← Search

མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།

སངས་རྒྱས་ཤཱཀྱ་ཐུབ་པ།

འདུལ་བའི་སྡེ་སྣོད་ལས་བཏུས་པའི་དགེ་སྦྱོང་མ་སོགས་ཀྱི་རྣམ་ཐར་སྐོར།

འཕགས་པ་ཤཱ་རིའི་བུ་ཤེས་རབ་ཆེ་བའི་མཆོག་ཏུ་གྱུར་པའི་རྒྱུ་མཚན་སྔོན་བྲམ་ཟེའི་བུ་མོར་གྱུར་ཚེ་ཇི་ལྟར་སྨོན་ལམ་བཏབ་ཚུལ། འདུལ་བ་ལུང་གཞི་ལས་བཏུས།

དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཤིག་ན་བྲམ་ཟེ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པ་དེའི་བུ་བྱུང་ནས་དེས་དེའི་མིང་ཞིབ་མ་ཞེས་བྱ་བར་བཏགས་སོ། །ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་མོ་ཞིག་བྱུང་ནས་དེས་དེའི་མིང་ཞིབ་མ་མོ་ཞེས་བྱ་བར་བཏགས་སོ། །ཇི་ཙམ་དུས་གཞན་ཞིག་ན་དེ་གཉིས་ཀྱི་ཕ་བྲམ་ཟེ་དེ་ཆུང་མ་དང་བཅས་ཏེ་དུས་ལ་བབ་བོ། །བྲམ་ཟེའི་ཁྱེའུ་ཞིབ་མ་དེ་ཡང་དབེན་པ་ལ་དགའ་བའི་ཕྱིར་སྲིང་མོ་ཁྲིད་ནས་དགོན་པའི་ནགས་སུ་སོང་སྟེ་འདུག་གོ །

གང་གི་ཚེ་བུ་མོ་ཞིབ་མ་མོ་ཆེན་མོར་གྱུར་པ་དེའི་ཚེ་ན་ཉོན་མོངས་པ་དག་གིས་གནོད་པར་གྱུར་ནས་དེས་སྨྲས་པ། མིང་པོ་བདག་ནི་དགོན་པའི་སྨན་དག་གིས་འཚོ་བར་མི་ནུས་ཀྱིས་བདག་ཅག་གྲོང་མཐར་འདོང་ངོ་། །དེས་སྲིང་མོ་ཁྲིད་དེ་གྲོང་མཐར་སོང་ནས་དེ་གཉིས་ཅིག་ཅར་ཁྱིམ་གཅིག་ཏུ་སློང་མོ་ལ་ཞུགས་པ་དང་བྲམ་ཟེ་ནང་ན་འདུག་པས་བུད་མེད་དང་སྐྱེས་པའི་ཚིག་བརྗོད་པ་ཐོས་སོ། །ཐོས་ནས་དེ་ཕྱིར་བྱུང་སྟེ་སྨྲས་པ། ཅི་དྲང་སྲོང་ཡང་ཆུང་མ་དང་ལྷན་ཅིག་ཡོངས་སུ་རྒྱུའམ། དེས་སྨྲས་པ། འདི་ནི་ཁོ་བོའི་ཆུང་མ་མ་ཡིན་གྱི། འདི་ནི་ཁོ་བོའི་སྲིང་མོ་ཡིན་ནོ། །ཅི་འགའ་ཞིག་ལ་བྱིན་ནམ། དེས་སྨྲས་པ། མ་བྱིན་ནོ། །གལ་ཏེ་མ་བྱིན་ན་འདི་ཁོ་བོའི་ཆུང་མར་བྱིན་ཅིག །དེས་སྨྲས་པ། འདིས་ནི་སྡིག་པ་ཅན་དམ་པ་མ་ཡིན་པའི་ཆོས་དེ་སྤངས་སོ། །ཞིབ་མ་མོས་སྨྲས་པ། མིང་པོ་བདག་ནི་དགོན་པའི་སྨན་དག་གིས་འཚོ་བར་མི་ནུས་ཀྱིས་བདག་ཅག་གྲོང་མཐར་འདོང་ངོ་ཞེས་སྨྲས་པ། དེ་ཇི་སྙམ་དུ་སེམས། འདི་ལྟར་བདག་ནི་ཉོན་མོངས་པ་དག་གིས་གནོད་པར་གྱུར་ཏོ། །གལ་ཏེ་དེ་ལྟ་ན་ཁྱོད་ཉིད་ཤེས་སོ། །བྲམ་ཟེ་དེས་དེ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་སོ། །ཞིབ་མ་མོས་སྨྲས་པ་མིང་པོ་ཚུར་ཤོག་དང་ལྷན་ཅིག་འཁོད་དོ། །

དེས་སྨྲས་པ། ཁོ་བོ་ནི་འདོད་པ་དག་དོན་དུ་མི་གཉེར་བས་ཁོ་བོ་དགོན་པར་འགྲོའོ། །མིང་པོ་གལ་ཏེ་དེ་ལྟ་ན་ཇི་སྟེ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་ཅུང་ཟད་ཐོབ་ན་བདག་ལ་རྗོད་ཅིག །ཞིབ་མ་མཐའ་གཅིག་ཏུ་སོང་སྟེ་མཁན་པོ་མེད་པ་དང་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བསྐྱེད་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེས་བསམས་པ། བདག་གིས་སྲིང་མོ་དེ་ལ་ཁས་བླངས་པས་སོང་སྟེ་ཉེ་བར་བསྟན་པར་བྱའོ་སྙམ་མོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་མི་སྟོན་པས་དེ་དེ་ལ་སྙིང་བརྩེ་བའི་ཕྱིར་དེས་ངང་པའི་རྒྱལ་པོ་འདབ་མ་བརྐྱང་པ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་ཞིབ་མ་མོས་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ་རང་སངས་རྒྱས་དེའི་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། འཕགས་པ་ཁྱོད་ཀྱིས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་བརྙེས་སམ། ཐོབ་བོ། །འཕགས་པ་ཁྱོད་ནི་བསོད་སྙོམས་བཞེས་པ་ལགས་ལ། བདག་ནི་བསོད་ནམས་འཚལ་བ་ལགས་པས་འདི་ཉིད་དུ་བཞུགས་ཤིག་དང་། བདག་གིས་ཁྱོད་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབ་པར་བགྱིའོ། །སྲིང་མོ་ཇེ་ཁྱིམ་ཐབ་ལ་དྲིས་ཤིག །དེ་ཁྱིམ་ཐབ་ཀྱི་གན་དུ་སོང་སྟེ་སྨྲས་པ། རྗེའི་སྲས་བདག་གི་མིང་པོ་རབ་ཏུ་བྱུང་བ་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་གྱིས་གནང་བར་མཛོད་ཅིག་དང་། བདག་གིས་དེ་ལ་བསོད་སྙོམས་ཀྱི་མཁོ་བ་བསྟབ་པར་བགྱིའོ། །

དེས་སྨྲས་པ། གལ་ཏེ་རབ་ཏུ་མ་བྱུང་ན་ཡང་མི་འདོད་བཞིན་དུ་སྦྱིན་པར་བྱ་བ་ཡིན་ན། རབ་ཏུ་བྱུང་བ་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོར་གྱུར་ན་ལྟ་སྨོས་ཀྱང་ཅི་དགོས་ཀྱིས་སོང་ལ་ཅི་བདེར་བསོད་སྙོམས་ཀྱི་མཁོ་བ་སྟོབས་ཤིག །དེས་རང་སངས་རྒྱས་དེ་ལ་ཟླ་བ་གསུམ་དུ་བསོད་སྙོམས་ཀྱི་མཁོ་བ་བསྟབས་ནས་རས་ཡུག་ཆེན་ཆེན་པོ་ལ་འོས་པ་བསྐོན་ཏེ་ཁབ་དང་། གྲི་དང་། སྐུད་པ་ཡང་ཕུལ་ལོ། །དེས་རས་ཡུག་ཆེན་དང་། གྲི་དང་། ཁབ་དང་། སྐུད་པ་དེ་བླངས་ཏེ། དེ་ཉིད་ཀྱི་མདུན་དུ་དྲ་བར་བརྩམས་པ་དང་གྲི་དེ་རྣོ་བ་རྣོ་བར་གཅོད་ནས་ཞིབ་མ་མོས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། ཇི་ལྟར་གྲི་འདི་རྣོ་བ་རྣོ་བར་གཅོད་པ་དེ་ལྟར་བདག་ཀྱང་དགེ་བའི་རྩ་བ་འདིས་ཤེས་རབ་རྣོ་བར་གྱུར་ཅིག་ཅེས་བཏབ་བོ། །རང་སངས་རྒྱས་དེས་ཁབ་ཀྱིས་དབུག་པར་བརྩམས་པ་དང་ཁབ་དེ་ཟབ་མོ་ཟབ་མོར་འབིགས་ནས་ཞིབ་མ་མོ་དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། ཇི་ལྟར་ཁབ་འདི་ཟབ་མོ་ཟབ་མོར་འབིགས་པ་དེ་ལྟར་བདག་ཀྱང་དགེ་བའི་རྩ་བ་འདིས་ཤེས་རབ་ཟབ་མོར་གྱུར་ཅིག་ཅེས་བཏབ་བོ། །རང་སངས་རྒྱས་དེས་སྐུད་པས་དྲུབ་པར་བརྩམས་པ་དང་སྐུད་པ་དེ་ཐལ་བྱུང་ཐལ་བྱུང་དུ་འགྲོ་ནས་ཞིབ་མ་མོ་དེས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་འདི་སྐད་ཅེས། ཇི་ལྟར་སྐུད་པ་འདི་ཐལ་བྱུང་ཐལ་བྱུང་དུ་འགྲོ་བ་དེ་ལྟར་བདག་ཀྱང་དགེ་བའི་རྩ་བ་འདིས་ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཅིག་ཅེས་བཏབ་བོ། །

དགེ་སློང་དག་དེ་ལ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་མོ་ཞིབ་མ་མོ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་ཤེས་རབ་རྣོ་བ་དང་། ཤེས་རབ་ཟབ་པ་དང་ངེས་པར་འབྱེད་པའི་ཤེས་རབ་ཅན་དུ་གྱུར་ཏོ།། །།

བུ་མོ་གོས་དཀར་མོ་ཞེས་བྱ་བའི་སྐྱེ་བ་སྔ་ཕྱིའི་སྐོར། རྟོགས་བརྒྱ་པ་ལས་བཏུས།

དཀར་མོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམ་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷཱའི་ཀུན་དགའ་ར་བ་ན་བཞུགས་སོ། །

དེའི་ཚེ་ཤཱཀྱ་རྣམས་ཀྱི་ནང་ན་ཤཱཀྱ་སྣར་མ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ༌ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས༌ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ༌མགུར་སྤྱད་ཀྱང་། བུ་ཡང་མེད་བུ་མོ་ཡང་མེད་དེ་ལག་པ༌ལ་རྐོམ་ཚུགས་བཅས་ནས་བསམས་པ་བདག༌གིས་ཁྱིམ་ནོར་དུ་མ་དང་ལྡན་དུ་ཟིན་ཀྱང་། བདག་ལ་བུ་ཡང་མེད། བུ་མོ་ཡང་མེད་པས་བདག་འདས་པའི་འོག་ཏུ་ནི་བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བར་འགྱུར་རོ་སྙམ་སྟེ་སེམས༌ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། ལྟས་མཁན་དང་། མཛའ་བོ་དང་། གཉེན་དང་། རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ཅེས་དེ་ལ་བསྒོའོ། །དེ་ནས་དེ་བུ་མེད་དེ་བུ་འདོད་པས་གུ་ལང་དང་། ཆུ་ལྷ་དང་། ཀུ་བེ་ར་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་དང་། ལྷའི་ཁྱད་པར་གཞན་དག་ལ་ཡང་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། ལམ་གྱི་བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས༌པ་དང་། ཆོས་མཐུན་པ་དང་། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལ་ཡང་གསོལ་བ་འདེབས་སོ། །

འཇིག་རྟེན་ན་ཡང་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་གཏམ་ཡོད་མོད་ཀྱི་དེ་ཡང་དེ་ལྟ་ནི་མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི་གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་འདོད་ཆགས་ལངས་ཏེ། ཕྲད་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་འོངས་པ་སྟེ་གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །དེ་ནས་དེ་ཡང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ། སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་འཕོས་ཏེ། དེའི་ཆུང་མའི་ལྟོར་ཞུགས་ནས་དེས་ཁྱིམ་ཐབ་ལ་སྦྲན་ཏོ། །དེ་ནས་ཁྱིམ་ཐབ་ཀྱིས་སྨྲས་པ། བཟང་མོ་གལ་ཏེ་བུ་ཁྱེའུ་ཞིག་བཙས་ན་ནི་ལེགས། དེ་མ་ཡིན་ཏེ་བུ་མོ་ཞིག་བཙས་ན་ནི་དེ་ཉིད་དང་བཅས་ཏེ་ཁྱོད་ཁྱིམ་ནས་བསྐྲད་དེ་གཏོང་ངོ་། །དེ་ནས་རེ་ཞིག་ན་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་མིའི་ཁ་དོག་ལས་ནི་འདས། ལྷའི་ཁ་དོག་ནི་མ་ཐོབ་པ་གོས་དཀར་པོ་གྱོན་པ་མངལ་གྱི་དྲི་མས་མ་གོས་པ་ཞིག་བཙས་སོ། །དེ་ནས་རེ་ཞིག་ན་ཤཱཀྱ་སྣར་མས་ཁྱོད་ཀྱི་ཆུང་མ་ལ་བུ་བྱུང་སྟེ་བུ་མོ་ཞིག་བཙས་སོ་ཞེས་ཐོས་པ་དང་དེ་ཁྲོས་ཏེ་ནང་དུ་སོང་ངོ་། །

དེ་ནས་དེའི་ཆུང་མས་ལྷའི་གོས་གྱོན་པའི་བུ་མོ་ཕུལ་ལོ། །དེ་ནས་ཤཱཀྱ་སྣར་མས་བུ་མོ་མཐོང་ནས་མཆོག་ཏུ་ཡ་མཚན་དུ་གྱུར༌ཏེ། དེ་བཙས་པའི་བཙས་སྟོན་བྱས་ནས་བུ༌མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་འདི་གོས་དཀར་པོ་གྱོན་བཞིན་དུ་བཙས་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་དཀར་མོར་གདགས་སོ་ཞེས་ཟེར་རོ། །

དེ་ནས་བུ་མོ་དཀར་མོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི༌ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །བུ་མོ་དཀར་མོ་ཇི་ཙམ་དུ་སྐྱེ་བ་དེ་ཙམ་དུ་གོས་དེ་དག་ཀྱང་སྐྱེ་སྟེ་དྲི་མ་ཅན་དུ་ཡང་མི་འགྱུར་ལ། དེའི་ལུས་ལ་ཡང་དྲི་མས་གོས་པར་མི་འགྱུར་རོ། །

དེ་ནས་གང་གི་ཚེ་བུ་མོ་དཀར་མོ་མཐར་གྱིས་ཆེན་མོར་གྱུར་པ་དེའི་ཚེ། རྒྱལ་པོའི་བུ་རྣམས་དང་། ཚོང་དཔོན་གྱི་བུ་མང་པོ་དག་དེ་སློང་དུ་འོང་ངོ་། །དེ་ནས་དེ་དག་གིས་གནོད་པར་གྱུར་ནས་དེའི་ཕ་ལག་པ་ལ༌རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས་སེམས༌ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་རེ་ཞིག་ན་བུ་མོ་དེས་ཕ་སེམས༌ཁོང་དུ་ཆུད་ཅིང་འདུག་པ་མཐོང་ནས། སྨྲས་པ། ཡབ་ཅི་ཞིག་གིས་སེམས༌ཁོང་དུ་ཆུད་ཅིང་བཞུགས། དེ་ནས་དེས་དེའི་དོན་རྒྱས་པར་བསྙད་དོ། །དེ་ནས་བུ་མོ་ན་རེ་ཡབ་ཐུགས་ངལ་མ་མཛད་ཅིག །བདག་ནི་འདོད་པ་ལ་དོན་དུ་གཉེར་བ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གིས། ཡབ་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། །དེ་ནས་རེ་ཞིག་ན་དེས་ཕ་མ་གཉིས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། གོས་གང་དག་གྱོན་ཏེ་བཙས་པ་དེ་དག་ཉིད་ཆོས་གོས་ལྔ་ཚང་བར་གྱུར་ཏོ། །

དེ་ནས་དེས་བརྩོན་པ་དང་། སྦྱོར་བ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། །ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དཀར་མོས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དང་གོས་དཀར་པོ་གྱོན་པ་དང་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དཀར་མོ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི༌ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། དཀར་མོ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ༌གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །

དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་ཆུང་མ་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང༌བ་ཞིག་འདུག་པ་དྲང་སྲོང་སྨྲ་བར༌དོན་ཞིག་ལ་སོང་ངོ་། །དེ་ནས་དེས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས་མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །

དེ་ནས་བཅོམ་ལྡན་འདས་འོད་སྲུང་གིས་དེ་ལ་ཆོས་བསྟན་ནས་དེས་དད་པ་རྙེད་དེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ནས། དགེ་སློང་གི་དགེ་འདུན་ལ་ཆོས་གོས་སྲ་བརྐྱང་ཕུལ་ལོ། །དེ་ནས་མཐར་གྱིས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་དཀར་མོ་འདི་ཡིན་ཏེ། དེས་དགེ་སློང་གི་དགེ་འདུན་ལ་ཆོས་གོས་སྲ་བརྐྱང་ཕུལ་བ་དེས་ན་གོས་དཀར་པོ་གྱོན་བཞིན་དུ་བཙས་སོ། །ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ཚེ་འདི་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །

དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །

དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།(མདོ་སྡེ་མཛངས་བླུན་དུ་ཡང་འདི་དང་དོན་མཚུངས་པའི་རྣམ་ཐར་བཤད་ཚུལ་ཅུང་ཟད་མི་འདྲ་བ་ལས་དོན་གཅིག་པ་ཞིག་ཡོད། )

གཟུགས་ཤིན་ཏུ་མི་སྡུག་པ་བུ་མོ་རྡོ་རྗེ་ཞེས་བྱ་བས་སངས་རྒྱས་ལ་གསོལ་བ་བཏབ་ནས་གཟུགས་མཛེས་པར་གྱུར་ཚུལ། མདོ་སྡེ་མཛངས་བླུན་ནས་བཏུས།

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །

དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ཆེན་པོ་འབར་ལི་ཞེས་བྱ་བ་ལ་བུ་མོ་ཞིག་བཙས་ནས། བུ་མོ་དེའི་མིང་ནི་རྡོ་རྗེ་ཞེས་བྱ་བ་བཏགས་སོ། །

བཞིན་རབ་ཏུ་མི་སྡུག་པ། ལུས་ཀྱི་ཤ་ཤིན་ཏུ་རྩུབ་པ་སྟག་ལྤགས་ལྟར་སྲ་བ། སྐྲ་ཡང་རྟ་རྔོག་ལྟར་བཤོར་བ་ཞིག་སྟེ། རྒྱལ་པོས་ཀྱང་བུ་མོ་དེ་མི་སྡུག་པས་མི་དགའ་ནས་ཕོ་བྲང་གི་ནང་དུ་སུས་ཀྱང་མ་མཐོང་བའི་གནས་ཞིག་ཏུ་བསྐྱེད་དོ། །བུ་མོ་དེ་དེ་ལྟར་བཞིན་དུ་མི་སྡུག་ཀྱང་། བཙུན་མོ་ཆེན་པོ་ལ་བཙས་པས་མི་སྡུག་བཞིན་དུ་སུས་ཀྱང་མི་མཐོང་བར་བསྐྱེད་དེ། ཕྱིས་ཆེར་སྐྱེས་ནས་བག་མར་བཏང་རན་པ་དང་། རྒྱལ་པོ་རབ་ཏུ་མི་དགའ་ནས། བློན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་ཆོ་རིགས་མཐོ་བས་རྗེའུ་རིགས་སུ་གཏོགས་པ་ལས་ད་འཁྱམས་ཏེ། ནོར་དང་ལོངས་སྤྱོད་མི་བདོག་པ་ཅིག་ཚོལ་ལ་ཁྲིད་དེ་ཤོག་ཅེས་བསྒོའོ། །

དེ་ནས་བློན་པོ་དེས་ཀྱང་ཆོ་རིགས་ཀྱིས་མཐོ་ཞིང་རྗེའུ་རིགས་ཀྱི་བུ་ལས་འཁྱམས་ནས་དབུལ་ཕོངས་པ་ཞིག་རྙེད་དེ། རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཀྱང་དེ་དང་མི་མེད་པར་དབེན་པའི་གནས་ཞིག་ཏུ་གསང་སྟེ། ང་ལ་བུ་མོ་བྱད་བཞིན་མི་སྡུག་པ་ཞིག་ཡོད་དེ། བག་མར་བཏང་རན་ན། གཉེན་ཟླ་མ་རྙེད་ཀྱིས་ཆོ་རིགས་ཆེ་ཞིང་མཐོ་བ་ཁྱོད་དབུལ་ཞིང་ཅི་ཡང་མེད་མོད་ཀྱི། ཁྱོད་ཀྱི་ཆུང་མར་སྦྱིན་གྱི་ལོངས་ཤིག་ཅེས་བཀའ་སྩལ་པ་དང་། དེ་ནས་ཁྱེའུ་དེས་པུས་མོ་ས་ལ་བཙུགས་ནས་རྒྱལ་པོའི་བཀའ་བཞིན་དུ་བགྱིའོ། །རྒྱལ་པོ་ཆེན་པོས་བདག་ལ་ཁྱི་མོ་ཞིག་སྩལ་ན་ཡང་བླང་བར་འཚལ་ན། རྒྱལ་པོའི་སྐུ་གདུང་ལ་གཏོགས་པ་སྲས་མོ་སྩལ་ན་ལྟ་ཅི་སྨོས་ཏེ། བཀའ་བཞིན་དུ་བླང་བར་འཚལ་ལོ་ཞེས་གསོལ་ཏོ། །

རྒྱལ་པོས་ཀྱང་སྲས་མོ་དེ་དབུལ་པོའི་ཆུང་མར་བྱིན་ཏེ། དེའི་གནས་ཁང་ལ་སོགས་པ་བྱས་ནས། སྒོ་རིམ་པ་བདུན་དུ་བྱས་ཏེ། དམག་པ་ལ་འདི་སྐད་ཅེས་བསྒོའོ། །ཁྱོད་གང་དུ་འགྲོ་བའི་ཚེ། ཁྱོད་ཉིད་ཀྱིས་སྒོ་ཆོད་ལ་ལྡེ་མིག་ཀྱང་ཁྱེར་ཅིག །ངའི་བུ་མོ་རབ་ཏུ་མི་སྡུག་པ་འདི་ནི་ཅི་ནས་ཀྱང་ཕྱི་མི་གཞན་གྱིས་མི་མཐོང་བར་སྒོ་རབ་ཏུ་སྡོམས་ཤིག་ཅེས་བསྒོ་ནས། ནོར་དང་ལོངས་སྤྱོད་ལ་སོགས་པ་ཡོ་བྱད་ཐམས་ཅད་ཅི་དགོས་པ་ཆོག་པར་བྱིན་ཏེ། བློན་པོར་བཅུག་གོ །དེ་ནོར་བུ་རིན་པོ་ཆེ་དང་ལོངས་སྤྱོད་མང་པོ་དང་ལྡན་པར་གྱུར་པས། དུས་ཕྱི་མ་ཞིག་ན་རིགས་ཆེ་ཞིང་མཐོ་བ་གཞན་དང་སྟོན་མོ་བྱ་བར་ཐམས་ཏེ། སྟོན་མོ་ལ་ཁྱོ་ཤུག་དང་། བུ་ཚ་ཡང་འདུས་ཏེ་རྩེ་བར་བྱས་པ་ལས། གཞན་ཀུན་ནི་ཆུང་མ་དང་འགྲོགས་ཏེ་འོངས་ན་བློན་པོ་དེ་འབའ་ཞིག་གི་ཆུང་མ་མ་འོངས་པས་གྲོགས་པོ་དག་ཐེ་ཚོམ་དུ་གྱུར་ཏེ། ཡང་ན་ནི་མི་འདིའི་ཆུང་མ་མངའ་བྱད་ཤིན་ཏུ་མཛེས་ཤིང་བཟང་མོ་ཞིག་གོ །ཡང་ན་ནི་ཤིན་ཏུ་མི་སྡུག་ཅིང་གཞན་གྱིས་མཐོང་དུ་མི་རུང་བ་ཞིག་ཡིན་པས། ཁྲིད་དེ་མ་འོངས་སོ་སྙམ་ནས་ཐེ་ཚོམ་ཟ་བས། དེ་དག་དེའི་ཆུང་མ་བལྟ་བར་བགྲོས་ནས། ཡིད་མཐུན་པར་གསང་སྟེ། མི་འདི་ཆང་གིས་ར་རོ་བར་བྱས་ཏེ་མི་དྲན་པའི་འོག་ཏུ་ལྡེ་མིག་བརྐུས་ཏེ། མི་ལྔ་ཙམ་ཞིག་དེའི་ཆུང་མར་བལྟ་བར་བཏང་ངོ་ཞེས་བགྲོས་སོ། །དེའི་ཚེ་ན་མི་དེའི་ཆུང་མས་སྔོན་བདག་གིས་སྡིག་པ་ཅི་བགྱིས་ན་ཁྱིམ་ཐབ་སྡང་སྟེ། འདི་འདྲའི་མུན་ཁུང་དུ་བཅུག་ནས་ཉི་མ་དང་ཟླ་བ་ཙམ་ཡང་བལྟར་མེད་དེ། མི་གཞན་ཡང་མི་མཐོང་སྙམ་སྟེ། ཤིན་ཏུ་མི་དགའ་ནས་ཡང་འདི་སྙམ་དུ་བསམས་སོ། །

སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་ཏེ། སེམས་ཅན་གང་སྡུག་བསྔལ་གྱིས་གདུངས་པ་དག་གི་མགོན་དང་སྐྱབས་མཛད་དེ་ཐར་བར་མཛད་དོ་ཞེ་ན། བཅོམ་ལྡན་འདས་ལ་བདག་རྒྱང་མ་ནས་ཕྱག་འཚལ་ལོ། །ཐུགས་བརྩེ་བར་དགོངས་ཏེ། བདག་གི་མདུན་དུ་མངོན་སུམ་དུ་གཤེགས་ཤིང་། བདག་ལ་ཅུང་ཟད་ཅིག་ཞལ་སྟོན་པར་གྱུར་ཀྱང་ཅི་མ་རུང་སྙམ་བསམས་སོ། །བུ་མོ་དེའི་བསམ་པ་ཤིན་ཏུ་དག་ཅིང་མོས་པར་མཁྱེན་ནས་བཅོམ་ལྡན་འདས་དེའི་ཁྱིམ་དུ་གཤེགས་ཏེ། བུ་མོ་དེའི་མདུན་དུ་སྔོན་གྱི་ལས་ཀྱིས་དབུ་མཐོན་མཐིང་གིས་མཚན་པ་མངོན་པར་བསྟན་པ་བུ་མོ་དེས་མཐོང་བར་མཛད་དོ། །

བུ་མོ་དེས་བཅོམ་ལྡན་འདས་ཀྱི་དབུ་མཐོན་མཐིང་མཐོང་ནས། ལྷག་པར་ཡང་དགའ་ཞིང་མགུ་རངས་ཏེ། བསམ་པ་ཤིན་ཏུ་དག་པར་གྱུར་ཏོ། །བསམ་པ་ཤིན་ཏུ་དག་པས་བུ་མོ་དེའི་སྐྲ་ཡང་ཤིན་ཏུ་འཇམ་ཞིང་མཐོན་མཐིང་གི་ཁ་དོག་ཏུ་གྱུར་ཏོ། །

བཅོམ་ལྡན་འདས་ཀྱིས་ཡང་ཞལ་མངོན་སུམ་དུ་བསྟན་པ་བུ་མོ་དེས་མཐོང་ནས། མཐོང་མ་ཐག་ཏུ་དགའ་མགུ་རངས་པས་བུ་མོ་དེ་བཞིན་ཡང་བཟང་ཞིང་མཛེས་པར་གྱུར་ཏེ། མི་སྡུག་པ་དང་རྩུབ་པ་ཡང་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་སྐུ་སྟ་ཟུར་ཡན་ཆད་མངོན་པར་བསྟན་ཏེ། གསེར་གྱི་མདོག་ལྟ་བུའི་འོད་ལྷམ་མེར་སྣང་བར་མཛད་པ་བུ་མོ་དེས་མཐོང་ནས། སངས་རྒྱས་ལ་ལྷག་པར་དགའ་ཞིང་དགའ་མགུ་རངས་པར་གྱུར་ཏོ། །དེ་ལྟར་དགའ་མགུ་རངས་པས་མི་སྡུག་པ་ཐམས་ཅད་མེད་པར་གྱུར་ཏེ། ཤིན་ཏུ་མཛེས་ཤིང་སྡུག་པ་ནི་ལྷའི་བུ་མོ་ལྟར་འཇིག་རྟེན་ན་དཔེ་ཟླ་མེད་པར་གྱུར་ཏོ། །

བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་ཐུགས་བརྩེ་བའི་ཕྱིར། སྐུ་རྫོགས་པར་བསྟན་པས། བུ་མོ་དེ་མིག་མི་འཛུམས་པར་བལྟ་ཞིང་སྔར་བས་ཀྱང་ལྷག་པར་དགའ་མགུ་རངས་ནས། ལུས་ཀྱི་མཚན་ཐམས་ཅད་འཇིག་རྟེན་ན་དཔེ་ཟླ་མེད་པར་ཤིན་ཏུ་བཟང་ཞིང་། མི་སྡུག་པའི་བག་ཆགས་ཀྱི་ལྷག་མ་ཅུང་ཟད་ཙམ་ཡང་མ་ལུས་སོ། །བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་བསྟན་ནས། སྡིག་པ་ཀུན་ཟད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་ཀྱང་སླར་གཤེགས་སོ། །

དེ་ནས་དེ་མ་ཐག་ཏུ་མི་ལྔ་པོས་ཀྱང་སྒོ་ཕྱེས་ཏེ། ནང་དུ་ལྷགས་ན་དེའི་ཆུང་མ་རབ་ཏུ་མཛེས་ཤིང་བཟང་བ་ཟླ་མེད་པར་མཐོང་ནས། གཅིག་ལ་གཅིག་འདི་སྐད་དུ་མི་འདིའི་ཆུང་མ་ནི་ཤིན་ཏུ་བཟང་ཞིང་མཛེས་པས་མི་ཁྲིད་དོ་ཞེས་སྨྲས་ཏེ། དེ་དག་གིས་དེའི་ཆུང་མ་མཐོང་ནས་ཕྱིར་ཡང་སྒོ་བཅད་དེ། དེ་དག་གང་ན་འདུག་པར་འོངས་ནས། མི་དེས་མ་ཚོར་བར་ལྡེ་མིག་ཀྱང་ཕྱིར་ལུས་ལ་བཏགས་སོ། །མི་དེ་ར་རོ་བ་ལས་སངས་ནས་ཀུན་གྱིས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང་། བདག་གི་ཆུང་མ་མངའ་བྱད་ཤིན་ཏུ་བཟང་ཞིང་མཛེས་ཏེ། མིའི་ནང་ནས་ཤིན་ཏུ་དཀོན་པར་གྱུར་པ་མཐོང་ནས་རབ་ཏུ་དགའ་སྟེ། ཆུང་མ་ལ་ཁྱོད་སུ་ཡིན་ཞེས་སྨྲས་པ་དང་། ཆུང་མས་ཀྱང་བདག་ནི་ཁྱེད་ཀྱི་ཆུང་མའོ་ཞེས་སྨྲས་སོ། །

ཁྱོས་སྨྲས་པ། ཁྱོད་ནི་རབ་ཏུ་ཡང་མི་སྡུག་པ་ཞིག་ན། ཅིའི་ཕྱིར་འདི་ལྟར་བཟང་ཞིང་མཛེས་པར་གྱུར་ཅེས་དྲིས་པ་དང་། ཆུང་མས་སྨྲས་པ། བདག་གིས་སངས་རྒྱས་མཐོང་བས་ལུས་འདི་ལྟར་གྱུར་ཏོ་ཞེས་གཏམ་ཞིབ་ཏུ་སྨྲས་སོ། །ཆུང་མས་ཡང་སྨྲས་པ། བདག་གི་ཡིད་ལ་ད་ནི་བདག་ཡབ་རྒྱལ་པོ་དང་འཕྲད་འདོད་ཀྱིས། རྒྱལ་པོ་ལ་བདག་འདི་སྐད་མཆིའོ་ཞེས་གསོལ་ཅིག །ཁྱོས་ཀྱང་རྒྱལ་པོ་ལ་དེ་བཞིན་དུ་གསོལ་བ་དང་། རྒྱལ་པོས་དམག་པ་ལ་དེ་སྐད་མ་ཟེར་བར་མྱུར་དུ་སོང་ལ་ཕྱིར་འབྱུང་དུ་མི་གནང་བར་སྡོམས་ཤིག་ཅེས་བཀའ་སྩལ་ཏོ། །དམག་པས་ཡང་གསོལ་བ། རྒྱལ་པོའི་སྲས་མོ་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་ལྷ་མོ་དང་འདྲ་བར་བཟང་ཞིང་མཛེས་མར་གྱུར་ཏོ། །

རྒྱལ་པོས་དམག་པ་ལ་བཀའ་སྩལ་པ། ཁྱོད་བདེན་པ་དེ་ལྟར་གྱུར་ན། མྱུར་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་ནས། ཤིང་རྟ་བརྒྱན་ཏེ་སྲས་མོ་ཕོ་བྲང་གི་ནང་དུ་བསུའོ། །རྒྱལ་པོས་བུ་མོ་དེ་དེ་ལྟར་བཟང་ཞིང་མཛེས་པར་གྱུར་པ་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ། རྒྱལ་པོ་དང་། བཙུན་མོ་དང་། མག་པ་དང་། བུ་མོར་བཅས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་པ་དང་། སངས་རྒྱས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བུ་མོ་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། རིགས་ཆེ་ཞིང་མཐོ་ལ་ལོངས་སྤྱོད་མང་པོ་ནོར་དབྱིག་དང་ལྡན་པའི་རིགས་སུ་སྐྱེས་ལ། སྡིག་པའི་ལས་ཅི་བགྱིས་ན། བྱད་གཟུགས་ཤིན་ཏུ་མི་སྡུག་ཅིང་པགས་པ་དང་སྐྲ་ཡང་དུད་འགྲོའི་ལྟ་བུར་གྱུར་ཅེས་གསོལ་བ་དང་།

དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོའི་སྲས་མོ་མངའ་བྱད་བཟང་ཞིང་མཛེས་པ་དང་། མི་སྡུག་པ་ལ་ཚེ་རབས་སྔ་མ་ལ་བསོད་ནམས་དང་། སྡིག་པའི་ལས་བྱས་པ་ལས་གྱུར་ཏོ། །སྔོན་འདས་པའི་དུས་ཡུན་རིང་པོ་ན། ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་དེའི་ཡུལ་མི་ཁྱིམ་བདག་རབ་ཏུ་ཕྱུག་པ་ནོར་དབྱིག་ཚད་མེད་པ་དང་ལྡན་པ་ཞིག་བྱུང་སྟེ། ཁྱིམ་བདག་དེས། ཁྱིམ་ན་ཅི་བདོག་པ་ཐམས་ཅད་རང་སངས་རྒྱས་ཤིག་ལ་མཆོད་ཅིང་འབུལ་ལོ། །རང་སངས་རྒྱས་དེའི་སྐུ་ཤིན་ཏུ་རྩུབ་ལ་ངན་པ་མི་སྡུག་པ་སྐེམས་པ་ཞིག་སྟེ། ཁྱིམ་བདག་དེ་ལ་བུ་མོ་ཆུང་ངུ་ཞིག་ཡོད་པ་དེས། ཉིན་གཅིག་བཞིན་དུ་རང་སངས་རྒྱས་དེ་གཤེགས་པ་མཐོང་བ་དང་། བུ་མོ་དེས་ཁ་ན་མ་ཐོ་བའི་སེམས་སྐྱེས་ཏེ། བརྙས་སྨད་དེ། འདི་སྐད་དུ་བྱད་བཞིན་མི་སྡུག་ལ་ལུས་ཀྱི་པགས་པ་རྩུབ་པ་འདི་རེ་མི་སྡུག་ཅེས་ཁ་ན་མ་ཐོ་བ་བྱས་སོ། །

རང་སངས་རྒྱས་དེ་རྟག་ཏུ་དེའི་ཁྱིམ་དུ་གཤེགས་ཤིང་མཆོད་པ་བཞེས་ནས་ཡུན་རིང་པོ་ཞིག་ལོན་པ་དང་། མྱ་ངན་ལས་འདའ་བར་བསམས་ཏེ། ཡོན་བདག་དེའི་ཕྱིར་སྟེང་གི་ནམ་མཁའ་ལ་འཕགས་ནས་སྐུ་ལ་མེ་འབར་བ་དང་། ཆུ་འབབ་པ་དང་། ཤར་ཕྱོགས་ནས་མི་སྣང་བར་གྱུར་ནས་ནུབ་ཕྱོགས་སུ་འབྱུང་བ་དང་། ནུབ་ཕྱོགས་ནས་མི་སྣང་ནས་ཤར་ཕྱོགས་སུ་འབྱུང་བ་དང་། ལྷོ་ཕྱོགས་ནས་མི་སྣང་ནས་བྱང་ཕྱོགས་སུ་འབྱུང་བ་དང་། བྱང་ཕྱོགས་ནས་མི་སྣང་ནས་ལྷོ་ཕྱོགས་སུ་འབྱུང་བ་དང་། ནམ་མཁའ་སྟོང་པ་ལ་ཉལ་བ་དང་འདུག་པ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ། ཁྱིམ་དེའི་མི་ཐམས་ཅད་ཀྱིས་ཆོ་འཕྲུལ་དེ་དག་མཐོང་བར་བྱས་ནས། ནམ་མཁའ་ལས་བབས་ཏེ། དེའི་ཁྱིམ་དུ་གཤེགས་སོ། །ཁྱིམ་བདག་དེ་ཡང་ལྷག་པར་དགའ་མགུ་རངས་པར་གྱུར་ཏོ། །

བུ་མོ་དེ་ཡང་ཤིན་ཏུ་འགྱོད་པ་སྐྱེས་ནས། རང་སངས་རྒྱས་དེ་ལ་འདི་སྐད་དུ། བདག་གིས་སྔར་ཁ་ན་མ་ཐོ་བའི་ཉེས་པ་ཡང་དང་ཡང་བགྱིས་པ་དེ་དག་བདག་གིས་དངོས་སྡིག་ཏུ་མི་འགྱུར་བར་འགྱོད་ཚངས་གསོལ་ནས། རང་སངས་རྒྱས་དེས་ཀྱང་འགྱོད་ཚངས་བྱེད་པར་གནང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། བུ་མོ་དེ་ནི་ད་ལྟར་རྒྱལ་པོའི་བུ་མོ་འདི་ཡིན་ཏེ། དེའི་ཚེ་མི་དགེ་བའི་སེམས་ཀྱིས། འཕགས་པ་རང་སངས་རྒྱས་ལ་སྨད་པའི་ངག་གི་ཉེས་པས། དེ་ཕྱིན་ཆད་རྟག་ཏུ་མི་སྡུག་པའི་ལུས་མྱོང་བར་གྱུར་ཏོ། །ཕྱིས་ཆོ་འཕྲུལ་མཐོང་ནས། འགྱོད་པས་ནི་ཕྱིས་མངའ་བྱད་ཤིན་ཏུ་བཟང་བ་དང་། བློ་དང་ལྡན་པར་གྱུར་ཏོ། །

རང་སངས་རྒྱས་ལ་མཆོད་པ་བྱས་པས་གང་ནས་གང་དུ་སྐྱེས་ཀྱང་རིགས་ཆེ་ཞིང་ལོངས་སྤྱོད་འབྱོར་པ་དང་། མཐར་ཡང་རྣམ་པར་གྲོལ་བར་གྱུར་ཏོ། །

དེ་བས་ན་རྒྱལ་པོ་ཆེན་པོ་ཇི་ཙམ་དུ་སེམས་ཅན་གྱི་རིགས་སུ་གཏོགས་པ་ཐམས་ཅད་ནི་ལུས་དང་ངག་གི་ཉེས་པ་ཤིན་ཏུ་བསྲུང་ཞིང་། གཞན་ལ་བརྙས་པ་དང་སྨད་པར་མི་བྱའོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་དང་། འཁོར་མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་བསྟན་པ་ཐོས་ནས། བསམ་པ་ཤིན་ཏུ་རྣམ་པར་དག་པའི་དད་པ་དང་ལྡན་པར་གྱུར་ཏོ། །དེ་ལྟར་བསམ་པ་ཤིན་ཏུ་རྣམ་པར་དག་པས། ལ་ལ་ནི་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །

ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ་སྟེ་བདུན་པའོ།། །།

བུ་མོ་གྲགས་ལྡན་མས་སངས་རྒྱས་ཀྱི་མཚན་དཔེའི་ཡོན་ཏན་ཐོབ་པར་འདོད་ནས་སྟོན་པ་ལ་གདུགས་ཚོད་ཕུལ་བས་མ་འོངས་པར་སངས་རྒྱས་རིན་ཆེན་ལྡན་དུ་འགྱུར་ཚུལ་ལུང་བསྟན་པ། རྟོགས་བརྒྱ་པ་ལས་བཏུས།

དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཡངས་པ་ཅན་དུ་བསོད་སྙོམས་ལ་གཤེགས་སོ། །ཡངས་པ་ཅན་དུ་མཐར་གྱིས་བསོད་སྙོམས་ལ་གཤེགས་ནས་དམག་དཔོན་སེང་གེའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །

དེ་ནས་དམག་དཔོན་སེང་གེའི་མནའ་མ་གྲགས་ལྡན་མ་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་པ་དེས་བཅོམ་ལྡན་འདས་སྐུ་མཚན་དང་དཔེ་བྱད་རྣམ་པ་སྣ་ཚོགས་འབར་བ་དང་ལྡན་པ་མཐོང་ནས་ཤིན་ཏུ་དགའ་བ་ཐོབ་པར་གྱུར་ཏོ། །

དེས་གྱོས་པོ་ལ་དྲིས་པ་བདག་ཀྱང་འདི་ལྟ་བུའི་ཡོན་ཏན་དང་ལྡན་པར་གྱུར་པའི་ཐབས་འགའ་ལྟ་མཆིས་སམ། དེ་ནས་དམག་དཔོན་སེང་གེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བུ་མོ་འདི་ནི་རྒྱ་ཆེན་པོ་ལ་མོས་པ་ཞིག་སྟེ། གལ་ཏེ་འདི་རྐྱེན་དང་ཕྲད་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པར་འགྱུར་རོ་སྙམ་དུ་རིག་ནས་སྨྲས་པ། བུ་མོ་གལ་ཏེ་རྒྱུ་ཡང་དག་པར་བླངས་ཏེ་འདུག་ན་ནི་ཁྱོད་ཀྱང་བཅོམ་ལྡན་འདས་ཅི་འདྲ་བ་དེ་ལྟ་བུར་འགྱུར་རོ། །

དེ་ནས་དམག་དཔོན་སེང་གེས་གྲགས་ལྡན་མའི་དད་པ་འཕེལ་བར་བྱ་བའི་ཕྱིར། དབྱིག་དང་། གསེར་དང་། རིན་པོ་ཆེ་མང་དུ་བྱིན་ནོ། །དེ་ནས་གྲགས་ལྡན་མས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཕྱི་དེ་ཉིན་ཁྱིམ་གྱི་ནང་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཕན་གདགས་པའི་ཕྱིར་གནང་ངོ་། །

དེ་ནས་བུ་མོ་གྲགས་ལྡན་མས་གསེར་དང་། དངུལ་དང་། རིན་པོ་ཆེའི་མེ་ཏོག་རྣམས་ཀྱང་བྱེད་དུ་བཅུག །སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་མང་པོ་དག་ཀྱང་བསགས། ཞལ་ཟས་རོ་བརྒྱ་དང་ལྡན་པ་ཡང་བཤམས་ནས་བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན་བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་དམག་དཔོན་སེང་གེའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །

དེ་ནས་བུ་མོ་གྲགས་ལྡན་མས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་གཏོར་ཏོ། །དེ་ནས་མེ་ཏོག་དེ་དག་འདི་ལྟ་སྟེ། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་ལྷ་རྣམས་ཀྱི་ལྷའི་མཐུས། བཅོམ་ལྡན་འདས་ཀྱི་སྟེང་དུ་རིན་པོ་ཆེའི་ཁང་པ་དང་ཁང་པ་བརྩེགས་པ་རིན་པོ་ཆེའི་རྒྱལ་མཚན་ཅན་མགར་བའམ། མགར་བའི་སློབ་མ་ལེགས་པར་ལོབས་པས་ཀྱང་བྱེད་མི་ནུས་པ་དེ་ལྟ་བུར་གྱུར་ཏེ་འདུག་གོ །

དེ་ནས་བུ་མོ་གྲགས་ལྡན་མས་ལྷ་དང་མི་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་དེ་མཐོང་ནས། སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་ལུས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་། སེམས་བསྐྱེད་པ་དང་། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས། བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར། སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་འགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་བྱས་སོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་གྲགས་ལྡན་མའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་མཁྱེན་ནས་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་དེའི་ཞལ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་།

དམར་པོ་དང་། དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི་སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་དང་། སོ་ཐམས་ཐམས་དང་། ཀྱི་ཧུད་ཟེར་དང་། ཨ་ཆུ་ཟེར་དང་། ཨུཏྤལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །

དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི་འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །

དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ཆེན་བཞིའི་རིས་རྣམས་དང་།

སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་རྣམས་དང་། མི་ཆེ་རྣམས་དང་། མི་གདུང་རྣམས་དང་། གྱ་ནོམ་སྣང་རྣམས་དང་། ཤིན་ཏུ་མཐོང་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་སྒྲ་སྒྲོགས་སོ། །ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས།། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །

དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་སྨིན་མཚམས་སུ་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་བ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པད་མའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོས་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་གྱིན་ད་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལས་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །

ཀུན་དགའ་བོ་བུ་མོ་གྲགས་ལྡན་མ་འདིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་གྲགས་ལྡན་མ་འདི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཡང་དག་པར་བསྒྲུབ་པར་བྱ་བའི་བྱང་ཆུབ་ཡང་དག་པར་བསྒྲུབས་ཏེ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ནས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ལྡན་ཞེས་བྱ་བར་འགྱུར་དེ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་གང་ང་ལ་སེམས་མངོན་པར་དགའ་བར་གྱུར་པ་འདི་ཡིན་ནོ། །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

བཙུན་མོ་དཔལ་གྱི་བློ་གྲོས་མས་སྟོན་པའི་དབུ་སྐྲའི་མཆོད་རྟེན་ལ་མར་མེ་ཕུལ་བས་མ་སྐྱེས་དགྲས་བསད་པ་ལྷར་སྐྱེས་ཚུལ། འདུལ་བ་ལུང་གཞུང་ལས་བཏུས།

དེ་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཇི་སྲིད་དགྱེས་པའི་བར་དུ་བཞུགས་ནས་རྒྱལ་པོའི་ཁབ་གང་ན་བ་དེར་གཞོངས་སྤྱད་པ་སྤྱོད་ཅིང་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་དབུས་འགྱུར་འཆང་ནས་གཞོངས་སྤྱད་པ་སྤྱོད་ཅིང་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་པར་ཐོས་ཏེ་ཐོས་ནས་རྒྱལ་པོའི་མཐུ་ཆེན་པོ་དང་། ཡོ་ལང་ཆེན་པོས་ནང་གི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། ནང་གི་སྐྱེ་བོ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །

བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་དེ་ལྟ་བུ་བཤད་དེ། དེ་ཐོས་པ་དང་རྒྱལ་པོ་གཟུགས་ཅན་སྙིང་པོས་ལྷ་སྟོང་ཕྲག་བརྒྱད་བཅུ་དང་ལྷན་ཅིག་ཏུ་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་ནས་ལྷ་སྟོང་ཕྲག་བརྒྱད་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་དུས་གསུམ་དུ་ལྟར་འདོང་ངོ་། །

དེས་དུས་ཕྱི་ཞིག་ན་དཔྱིད་ཀྱི་དུས་ལ་བབས་པས་ཤིང་རྩི་དག་ཀྱང་མེ་ཏོག་རྒྱས། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། སྐེག་དང་། ཀོ་ཀི་ལ་དང་། ཛི་བ་ཛི་བ་ཀ་ལ་སོགས་པ་ཡང་སྐད་འབྱིན་པར་བྱེད་པའི་ནགས་སྟུག་པོ་དེ་ན་ནང་གི་བཙུན་མོ་དག་གིས་བསྐོར་ཅིང་འདུག་འདུག་པ་ལས། དེ་ལ་ནང་གི་བཙུན་མོ་དག་གིས་གསོལ་བ། ལྷ་བདག་ཅག་གིས་ཉིན་རེ་རེ་ཞིང་བཅོམ་ལྡན་འདས་ཀྱི་ཞལ་ལྟ་ཞིང་མཆི་བར་མི་ནུས་ན་ལྷ་ནང་གི་བཙུན་མོ་དག་གི་དབུས་སུ་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ཞིག་བརྩིག་པར་མཛོད་ཅིག་དང་། དེ་ལ་བདག་ཅག་གིས་རིམ་གྲོ་བསྐྱེད་དེ་མེ་ཏོག་དང་། དྲི་དང་། བྱུག་པ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པར་བགྱིའོ་ཞེས་གསོལ་བ་དང་། དེས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་སྩོལ་ཅིག་དང་། བདག་ཅག་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནང་གི་བཙུན་མོ༌དག་གི་དབུས་སུ་བརྩིག་གོ་ཞེས་གསོལ་བ་དང་།

དེ་ནས་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང་སེན་མོ་སྩལ་ནས་དེས་བསྟི་སྟང་དང་རིམ་གྲོ་ཆེར་བྱས་ཏེ། ནང་གི་བཙུན་མོ་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ནང་གི་བཙུན་མོའི་དབུས་སུ་བརྩིགས་ནས། དེ་ལ་ནང་གི་བཙུན་མོ་དག་གིས་མར་མེ་དང་། སྤོས་དང་། མེ་ཏོག་དང་། དྲི་དང་། བྱུག་པ་དག་གིས་རབ་ཏུ་མཆོད་པ་བྱས་སོ། །གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་མི་དགེ་བའི་བཤེས༌གཉེན་ལྷ་སྦྱིན་གྱིས་སྦད་ནས་ཕ་ཆོས་ཅན་ཆོས་བཞིན་དུ་རྒྱལ་པོ་བྱེད་པ༌འཚོ་བ་དང་ཡོངས་སུ་ཕྲལ་ནས་བདག་ཉིད་རྒྱལ་པོར་ཞུགས་སོ། །

དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཆོས་ཀྱི་སྦྱིན་པ་ཐམས་ཅད་གཅད་པར་ཁྲིམས་བཅས་པས་སུས་ཀྱང་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་བྱ་བ་མི་བྱེད་དོ། །གང༌གི་ཚེ་བཅོ་ལྔའི་སྐབས་འབྱེད་པའི་དུས་ལ་བབ་པ་དེའི་ཚེ་ན་ཡང་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སུ་ཡང་ཕྱག་དར་དང་། མར་མེ་དང་། མེ་ཏོག་དག་གིས་མཆོད་པ་མི་བྱེད་དོ། །དེ་ནས་བཙུན་མོ་དག་གིས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་རྣམ་པ་དེ་ལྟ་བུ་མཐོང་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དྲན་ཏེ་དེ་དག་མི་དགའ་སྟེ། མྱ་ངན་བྱེད་ཅིང་ཀྱི་ཧུད་ཆོས་ཀྱི་རྒྱལ་པོ་དང་བྲལ་བར་གྱུར་ནས་བདག་ཅག་གི་བསོད་ནམས་ཀྱང་ཟད་པར་གྱུར་ཏོ་ཞེས་ཟེར་ཞིང་ངུ་བར་གྱུར་ཏོ། །

དེའི་ནང་ནས་བཙུན་མོ་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་ཞིག་གིས་འཚོ་བ་ལ་མ་བལྟས་པར་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱི་ཕྱག་དར་བྱས་ཏེ་མར་མེའི་ཕྲེང་བ་དག་ཕུལ་ལོ། །ཇི་ཙམ་ན་མ་སྐྱེས་དགྲ་ཁང་སྟེང་དུ་བྱུང་སྟེ་བལྟས་པ་དང་སྣང་བ་ཆེན་པོ་བྱུང་བ་མཐོང་ནས་མ་བི་ཅི་ཞིག་ཅེས་དྲིས་པ་དང་། གཞན་ཞིག་གིས་དཔལ་གྱི་བློ་གྲོས་མས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཞུགས་མར་གྱི་ཕྲེང་བ་ཕུལ་ལོ་ཞེས་སྨྲས་པ་དང་། དཔལ་གྱི་བློ་གྲོས་མ་བོས་ནས་ཅིའི་ཕྱིར་རྒྱལ་པོའི་ཁྲིམས་ལས་འགལ་བར་བྱ་ཞེས་སྨྲས་པ་དང་། བཙུན་མོས་ཁོ་མོས་རྒྱལ་པོའི་ཁྲིམས་དང་འགལ་མོད་ཀྱི། འོན་ཀྱང་ཁོ་མོས་ཆོས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁྲིམས་ལས་མ་འགལ་ལོ་ཞེས་སྨྲས་པ་དང་། དེ་ཁྲོས་ཏེ་འཁོར་ལོ་འཕངས་ནས་དེ་འཚོ་བ་དང་ཕྲལ་བ་དང་། དེ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་བཞིན་དུ་དུས་ལས་འདས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་བཟང་པོར་སྐྱེས་སོ། །

དེའི་ཚེ་ན་ལྷ་རྣམས་འདུན་སར་འདུས་སོ། །དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མ་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་སྣང་བའི་འོད་ཀྱིས་ལུས་བསྐོར་ནས་ལྷའི་འདུན་སར་སོང་ངོ་། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་རྒྱ་ཆེར་སྣང་བའི་འོད་མཐོང་ནས་དྲིས་པ། གསེར་གྱི་ལུས་ལ་སུ་ཡིས་བསྐུས། །

པད་མོ་ཨུཏྤལ་བཞིན་འདྲ་བ། །དཔལ་ལྡན་མི་མཚུངས་ཅི་ལས་བྱུང་། །ཁྱོད་ལས༌འདིར་ནི་འོད་བྱུང་བ། །ཅི་ཕྱིར་ཁྱོད་གདོང་པད་མོ༌ཁ་འབུས་འདྲ། །ཁྱོད་ནི་གསེར་གྱི་འོད་འདྲ་བ། །ཅི་ཡི་འབྲས་བུ་ལྷ་མོ་བདག་ལ་སྨྲོས། །གང་གི་ལས་ལ་བྱུང་བ་སྤྱོད། །

ལྷ་མོས་སྨྲས་པ། འཇིག་རྟེན་གསུམ་གྱི་མགོན་པོ་ནི། །སྐྱེ་བོ་རྣམས་ཀྱི་མར་མེ་སྟེ། །སངས་རྒྱས་མཆོག་གི་མཚན་མཐོང་བས། །མུན་སེལ་དེ་ལ་མར་མེ་ཕུལ། །ཉོན་མོངས་མུན་པ་སེལ་ལ་ཕུལ། །ཟླ༌བའི་འོད་ཟེར་འདྲ་བའི་འོད་མཐོང་ནས། །ཐུབ་པ་གསལ་བའི་དངོས་པོ་སྟེ། །སྟོན་པའི་འོད་མཐུ་མཐོང་བས་ན། །

གསུང་བ་མཆོག་ལ་ཕྱག་བྱས་པས། །དེ་ཡི་ལས་ཀྱིས་འདིར་སྐྱེས་ཏེ། །བདག་ལ་རབ་ཏུ་གསལ་ཞིང་མཛེས། །བདག་གདོང་ལྟ་ན་སྡུག་པ་ནི། །པད་མོ་ཟླ་བཞིན་རྣམ་པར་དག །བརྒྱ་བྱིན་གྱིས་སྨྲས་པ། ཨེ་མའོ་ཞིང་འདི་ཡོན་ཏན་ཅན། །ཉེས་པ་ཐམས་ཅད་རྣམ་སྤངས་ལ། །མཐོ་རིས་གང་དུ་སྐྱེ་བ་ཡི། །ཁྱོད་ཀྱིས་ས་བོན་དེར་བཏབ་བོ། །གསེར་བཞིན་སྤུངས་ལ་དཀར་བ་ཡི། །རྣམ་པ་མཆོག་ལ་སུས་མི་མཆོད། །སངས་རྒྱས་པད་མོ་ཁ་འབྱེས་བཞིན། །གང་དུ༌ལྷག་པས་བསྐྱེད་པ་པད་མོ་སྤྱན། །ཡན་ལག་མཆོག་རྣམས་འབར་བ་སྟེ། །སྤྱན་ནི༌མེ་ཏོག་ཀ་མ་ལ་དང་འདྲ། །ཆོས་ཉིད་ཀྱིས་ལྷའི་བུ་ཕོའམ་ལྷའི་བུ་མོ་ཡང་རུང་སྟེ། སུམ་ཅུ་རྩ་གསུམ་དུ་སྐྱེས་ནས་རིང་པོ་མ་ལོན་པར་གང་ནས་ཤི་འཕོས་པ་དང་། གང་དུ་སྐྱེས་པ་དང་། ལས་གང་ཡིན་པས༌སྐྱེས་པ་སྟེ། སེམས་འདི་གསུམ༌སྐྱེ་བར་འགྱུར་རོ། །

ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་བདག་གང་ནས་ཤི་འཕོས་ཞེས་བལྟས་ན་མི་ལས་སོ། །གང་དུ་སྙམ་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་ཁམས་བཟང་པོར་སྐྱེས་པར་མཐོང་ངོ་། །ལས་གང་ཡིན་ཞེ་ན། བཅོམ་ལྡན་འདས་ལ་སེམས་རབ་ཏུ་དད་པའོ་སྙམ་དུ་སེམས་ནས། དེ་ནས་དཔལ་གྱི་བློ་གྲོས་མས་འདི་སྙམ་དུ་བདག་གིས་ཞག་ལོན་ལ་བཅོམ་ལྡན་འདས་ཀྱི་ཞལ༌བལྟ་བར་མི་རིགས་ཀྱི་ཅི་ནས་བདག་གིས་ཞག་མ་ལོན་པར་བཅོམ་ལྡན་འདས༌ལ་བལྟ་བའི་ཕྱིར་འགྲོའོ་སྙམ་བསམས་ནས། དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་དྲི་མ་མེད་པའི་འཚེར་བའི་རྣ་ཆ་ནི་ཐོགས། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་ཏེ། ལྷའི་མེ་ཏོག་ཨུཏྤལ་དང་། པད་མོ་དང་། ཀུ་མུད་ད་དང་། པུཎྜ་རཱི་ཀ་དང་། མན་དཱ་ར་བ་ལ་སོགས་པའི་མེ་ཏོག་དག་གིས་པང་པ་བཀང་ནས་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་རྒྱ་ཆེན་པོས་ཐམས་ཅད་འོད་ཀྱིས་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ལ་མེ་ཏོག་གིས་མངོན་པར་གཏོར་ནས་ཆོས་ཉན་པའི་ཕྱིར༌སོང་བ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་ཇི་ལྟར་འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དེ་ཐོས་ནས། ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །

དེས་བདེན་པ་མཐོང་ནས་བརྗོད་པར་བྱ་བ་རྣམ་གསུམ་བརྗོད་དོ། །བཙུན་པ་བདག་ལ་འདི་ལྟར་ནི་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷས་ཀྱང་མ་བགྱིས། སྡུག་པས་ཀྱང་མ་བགྱིས། ཕུ་ནུ་དང་གཉེན་གྱིས་ཀྱང་མ་བགྱིས། ཚེ་སྔ་མ་ལ་མ་བགྱིས། བྲམ་ཟེ་དང་དགེ་སྦྱོང་གིས་ཀྱང་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་མཆི་མ་དང་ཁྲག་གི་རྒྱ་མཚོ་ནི་བསྐམས། རུས་པའི་རི་ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་ནི་ཕྱེ་སྟེ་བདག་ནི་ལྷ་དང་མིའི་གནས་སུ་གཞག་གོ་ཞེས་གསོལ་ཏོ། །སྨྲས་པ། ཁྱོད་ཀྱི་མཐུས་ནི་རབ་གསལ་བ། །ངན་སོང་ལམ་སྟེ་ཉེས་མང་པོ། །མཐོ་རིས་བསོད་ནམས་སྒོ་ཡང་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །ཁྱོད་ལ་བརྟེན་ནས་ཉེས་པ་རྣམས་ཀྱང་སྤངས། །བདག་གིས་རྟག་ཏུ་རྣམ་དག་མིག་ཀྱང་ཐོབ། །འཕགས་པ་དགའ་ཞིང་ཞི་བའི་ལམ་ཡང་ཐོབ། །སྡུག་བསྔལ་མཚོ་ལས་ཕ་རོལ་བདག་རྒལ་ནས། །འགྲོ་བ་ན་ཡང་ལྷ་མི་རྣམས་ཀྱིས་མཆོད། །སྐྱེ་རྒ་འཆི་བའི་ཉེས་པ་དང་བྲལ་བ། །སྲིད་པ་སྟོང་དུའང་རབ་ཏུ་མཐོང་བར་དཀའ། །དེ་རིང་ཐུབ་པའི་ཞལ་མཐོང་འབྲས་བུ་ཐོབ། །བཏུང་ནས་སེ་མོ་དོ་ཡང༌རབ་ཏུ་འཕྱང་། །ཞབས་གཉིས་ལ་ཡང་ཕྱག་བྱས་དགའ་བ་སྐྱེས། །རྒྱལ་ལ་གཡས་ཀྱི་ཕྱོགས་ནས་བསྐོར༌བྱས་ནས། །ལྷ་ཡི་འཇིག་རྟེན་ཁམས་སུ་མངོན་དུ་སོང་། །དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མ་ཚོང་པ་ཁེ་རྙེད་པ་བཞིན། ཞིང་པ་ལོ་ལེགས་པ་བཞིན། དཔའ་བོ་གཡུལ་ལས་རྒྱལ་བ་བཞིན། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན། ལོངས་སྤྱོད་གང་དང་ལྡན་པས་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་པའི་ལོངས་སྤྱོད་དེ་ཉིད་དང་བདག་གི་གནས་སུ་སོང་ངོ་། །

དགེ་སློང་དག་སྲོད་དང་ཐོ་རངས་མི་ཉལ་ཞིང་ཐུབ་པ་ལ་བརྩོན་ཞིང་འཁོད་པ་དང་། བཅོམ་ལྡན་འདས་ཀྱི་དེར་འོད་རྒྱ་ཆེར་སྣང་བ་མཐོང་ངོ་། །མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། ཅི་བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་ཞལ་ལྟ་བའི་ཕྱིར་ཚངས་པ་འཁོར་གྱི་བདག་པོའམ། བརྒྱ་བྱིན་ལྷའི་དབང་པོའམ། འཇིག་རྟེན་སྐྱོང་བ་བཞིའམ། གང་ཞིག་གིས་བཅོམ་ལྡན་འདས་ཀྱི་ཞལ་ལྟར་མཆིས་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཚངས་པ་འཁོར་གྱི་བདག་པོ་ཡང་མ་ཡིན། བརྒྱ་བྱིན་ལྷའི་དབང་པོ་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་ལྷགས་པའང་མ་ཡིན་མོད་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཆུང་མ་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་ཞིག་གིས་བདག་གི་འཚོ་བ་ལ་མ་བལྟས་ཏེ། དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་ཕུལ་བ་དང་། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་འཁོར་ལོ་འཕངས་ཏེ་འཚོ་བ་དང་ཕྲལ་ལོ། །དེ་ང་ལ་སེམས་མངོན་པར་དད་བཞིན་དུ་དུས་འདས་ནས་སུམ་ཅུ་རྩ་གསུམ་དུ་གནས་བཟང་པོའི་ལྷར་སྐྱེས་སོ། །

དེ་ནུབ་མོ་ངའི་དྲུང་དུ་འོངས་ཏེ་དེ་ལ་ངས་ཆོས་བཤད་ནས་དེས་བདེན་པ་མཐོང་སྟེ་བདག་གི་གནས་སུ་སོང་ངོ་། །དེ་ལྟ་བས་ན་དགེ་སློང་དག་བསོད་ནམས་ལ་འཇིགས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་ནི༌བདེ་བའི་ཚིག་བླ་དགས་སོ། །མོས་པ་དང་། སྡུག་པ་དང་། ཤིན་ཏུ་སྡུག་པ་དང་། ཡིད་དུ་འོང་བར་གྱུར་པ་ནི་འདི་ལྟ་སྟེ། བསོད་ནམས་སོ། །དགེ་སློང་དག་ཁྱེད་ཅག་གིས་བསོད་ནམས་མ་ཡིན་པ་ལ་འཇིགས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྡུག་བསྔལ་གྱི་ཚིག་བླ་དྭགས་སོ། །མ་མོས་པ་དང་། མི་སྡུག་པ་དང་། ཤིན་ཏུ་མི་སྡུག་པ་དང་། ཡིད་དུ་མི་འོང་བ་ནི་འདི་ལྟ་སྟེ། བསོད་ནམས་མ་ཡིན་པའོ། །ཞེས་གསུངས་སོ།། །།

འཛམ་བུ་ཆུ་གསེར་གྱི་མདོག་ཀྱང་ཟིལ་གྱིས་གནོན་པའི་སེར་སྐྱའི་བུ་མོ་བཟང་མོ་དང་ཉན་ཐོས་འོད་སྲུང་ཆེན་པོ་གཉིས་ལོ་བཅུ་གཉིས་ཀྱི་བར་དུ་མཉམ་དུ་བཞུགས་ཀྱང་འདོད་པའི་ཉེས་པས་མ་གོས་པར་དགྲ་བཅོམ་པའི་གོ་འཕང་ཐོབ་ཚུལ། འདུལ་བ་ལུང་རྣམ་འབྱེད་ལས་བཏུས།

བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ། ནྱ་གྲོ་དྷ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་སོ། །དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་བའི་གྲོང་སུམ་ཅུ་དང་། སྐྱེད་སྒྱུར་བའི་གྲོང་དྲུག་ཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག་ཅུ་དང་། གང་དག་གིས་རྒྱལ་པོ་པད་མ་ཆེན་པོ་ཐུབ་པའི་གསེར་གྱི་ནས་སྦྱང་བརྒྱད་ཅུ་ཡོད་དོ། །

དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་ཡང་མེད་བུ་མོ་ཡང་མེད་ནས། བུའི་ཕྱིར་ལྷ་བརྒྱ་སྟོང་དུ་མ་ལ་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ཁྱབ་འཇུག་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། སའི་ལྷ་དང་། ཀླུ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ་དང་། གང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལུས་ཀྱི་ལྷ་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་པ་དང་། རྟག་ཏུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ་སྟོང་དག་ལ་གསོལ་བ་འདེབས་པར་བྱེད་དོ། །

འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི་དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་དྲུག་པོ་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲུག་པོ་གང་དག་ཅེ་ན་ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་དག་ཡིན་ཏེ། བུས་ཀྱང་ཕ་དང་མ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་ཞིང་ཟླ་མཚན་དང་ལྡན་པ་ཡིན། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པའམ་ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ། །དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ལས་བུ་ཡང་མེད། བུ་མོ་ཡང་མེད་ནས་དེ་སྟེང་གི་ཁང༌བཟངས་ཀྱི་སྟེང་དུ་སོང་སྟེ་ལག་པ་ལ་འགྲམ་པ་གཏད་ནས། བདག་གི་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོ་འདི་ལྟ་བུ་ནི་བུ་མེད་པའི་ཕྱིར་བླར་བཞེས་པར་འོང་ངོ་ཞེས་སེམས༌ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་དེའི་དྲུང་དུ་ཉེ་དུ་རྣམས་ལྷགས་ཏེ་འདི་སྐད་ཅེས་སྨྲས་སོ། །ནྱ་གྲོ་དྷ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག །དེས་སྐབས་དེ་ཉེ་དུ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ལྷ་རྣམས་དང་། འཇུག་ངོགས་དག་ལ་སྟེན་ཅིག །

དེས་འདི་སྐད་ཅེས་སྨྲས་སོ། །སྔར་ལྷའམ་འཇུག་ངོགས་གང་ལ་མ་བསྟེན་པ་དེ་ཡང་མེད་ན། འོན་ཀྱང་བདག་ལ་བུའམ་བུ་མོ་ཡང་མེད་དོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ། །བུ་ནྱ་གྲོ་དྷ་ཁྱོད་ཇི་སྟེ་ཡིད་མི་བདེ། དེས་འདི་སྐད་ཅེས་སྨྲས་སོ། །ཡུམ་ཅི་བདག་གི་ཡིད་མི་བདེ་བ་ཆུང་ངམ། བདག་གི་ཁྱིམ་གྱི་ཡོ་བྱད་རྒྱ་ཆེན་པོ་འདི་ལྟ་བུ་བུ་མེད་པའི་ཕྱིར་བླར་བཞེས་པར་འགྱུར་རོ། །

བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་སྐྱེད་མོས་ཚལ་ན་ལྗོན་ཤིང་ནྱ་གྲོ་དྷ་ཆེན་པོ་ཡལ་ག་དང་མགོ་ལྕོགས་དང་། འདབ་མ་དང་། ལོ་མ་ཕུན་སུམ་ཚོགས་ཤིང་འདབ་མ་རྒྱ་ཆེ་ལ་ཡལ་ག་གཡུར་ཟ་བ་ཞིག་ཡོད་དེ། དེའི་མིང་གི་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ཞེས་བྱ་བར་ཤེས་སོ། །མས་དེ་ལ་སྨྲས་པ། བུ་ཁྱོད་ཀྱི་ཕ་ཡང་བུ་མེད་པར་གྱུར་ནས་དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་གསོལ་བ་བཏབ་བོ། །འོན་ཀྱང་དེ་ལ་བུ་ཡང་མེད་ཅིང་བུ་མོ་ཡང་མེད་པར་གྱུར་ཏོ། །དེ་ནས་དེས་ནྱ་གྲོ་དྷའི་དྲུང་དུ་སོང་སྟེ་ནྱ་གྲོ་དྷ་ལ་གསོལ་བ་བཏབ་པ་དང་དེ་ནས་ཁྱོད་བྱུང་ངོ་དེའི་ཕྱིར་ཁྱོད་ནྱ་གྲོ་དྷ་ཞེས་བཏགས་སོ། །ཁྱོད་ཀྱང་བུ་མེད་ན་དེ་ཁོ་ན་ལྟར་གྱིས་ཤིག །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ༌ཤིང་ནྱ་གྲོ་དྷ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཤིང་ནྱ་གྲོ་དྷའི་དྲུང་དུ་ཆག་ཆག༌དང་ཕྱག་དར་ལེགས་པར་བྱེད་དུ་བཅུག་སྟེ། སྤོས་དང་། མེ་ཏོག་དང་། བདུག་པས་བཀང་ནས། རྒྱལ་མཚན་དང་། བ་དན་བསྒྲེང་དུ་བཅུག་གོ །དེ་ནས་བྲམ་ཟེ་བརྒྱད་བརྒྱ༌ལ་ཟན་བྱིན་ཏེ། རས་ཡུག་ཆེན་བསྐོན་ནས། རྗེས་ལ་ཤིང་ལ་གནས་པའི་ལྷ་ལ་གསོལ་བ་བཏབ་པ། བདག་ལ་བུ་རྙེད་པར་སྤྲོ་བ་བསྐྱེད་དུ་གསོལ། གལ་ཏེ་བདག་ལ་བུ་མཆིས་ན་ལོ་གཅིག་བཞིན་འདི་འདྲ་བར་ཁྱོད་ལ་མཆོད་པ་དཔག་ཏུ་མེད་པ་བགྱིའོ། །

གལ་ཏེ་མ་མཆིས་ན་ལྗོན་ཤིང་འདི་པུ་ཤེལ་ཙིའི་རྩ་བ་ཙམ་གྱི་བར་ལུས་པ་ཡང་གཤེགས་ནས་དུམ་བུ་དུམ་བུར་བྱས་ལ་ཞོགས་མ་ཞོགས་མར་བཞོགས་ཏེ་རླུང་དང་ཉི་མ་གཉིས་ལ་བསྐམས་ནས་མེས་བསྲེག་བསྲེགས་ནས་ཐལ་བ་རླུང་ཆེན་པོ་ལ་ཕྱར་བའམ། ཆུ་ཀླུང་ཆེན་པོ་དྲག་པོར་གཏོར་རོ། །ལྷ་དེ་ཡང་དབང་ཆུང་བ་ཡིན་པས་གསོལ་བ་བཏབ་པ་ན་ནི་མགུ་བ་དང་། དགའ་བ་དང་། ཡིད་རབ་ཏུ་དགའ་བ་དང་། སྟོབས་དང་ལྡན་པ་ཡིན་ལ། བསྡིགས་པ་ན་ནི་བདག་གནས་ནས་བསྐྲད་པར་མི་འགྱུར་གྲང་ཞེས་འཇིགས་པར་གྱུར་ཏོ། །ལྷ་དེ་ཡང་རྒྱལ་པོ་ཆེན་པོ་བཞིས་ཀུན་ཏུ་ཟིན་པ་ཡིན་པས་དེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ་ཕྱིན་ནས་ཡུལ་འཁོར་སྲུང་ལ་སྨྲས་པ། ཉེ་དབང་བདག་གནས་ནས་བསྐྲད་པར་འགྱུར་དུ་མཆིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། དེ་འདི་སྙམ་དུ་སྔོན་གྱི་ལས་ཀྱི་རྒྱུའི་སྟོབས་བསྐྱེད་པས་བུ་དང་བུ་མོ་དག་ཡོད་པ་ཡིན་གྱི། འདི་ལ་བདག་ལ་ནི་དབང་མེད་དོ་སྙམ་དུ་བསམས་ནས་དེས་དེ་ལ་སྨྲས་པ། བདག་གིས་ནི་བུའམ་བུ་མོ་སྦྱིན་པར་མི་ནུས་སོ། །འོན་ཀྱང་ཚུར་ཤོག །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་དྲུང་དུ་འདོང་ངོ་། །དེ་གཉིས་འཕགས་སྐྱེས་པོའི་དྲུང་དུ་དོང་སྟེ་ཕྱིན་ནས་དོན་དེ་ཉིད་དེ་ལ་སྨྲས་སོ། །

དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་ཕྱིན་ནས་སྨྲས་ན། དེ་དག་གིས་ཀྱང་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་གི །འདི་ལ་བདག་ཅག་ལ་ནི་དབང་མེད་དོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ༌ཆེན་པོ་དེ་བཞི་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་དོང་སྟེ་སྨྲས་པ། ཀཽ་ཤི་ཀ་བདག་ཅག་གི་འཁོར་དུ་གཏོགས་པ་ཞིག་རང་གི་གནས་ནས་བསྐྲད་པར་འགྱུར་གྱིས་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ།

བརྒྱ་བྱིན་གྱིས་སྨྲས་པ། ཉེ་དབང་དག་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་གི བདག་གིས་ནི་སུ་ལ་ཡང་བུའམ་བུ་མོ་སྦྱིན་པར་མི་ནུས་སོ། །དེ་ནས་ལྷའི་འཁོར་དེར་སྣང་བ་རྒྱ་ཆེན་པོ་ཞིག་བྱུང་བ་དང་། དེ་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཉེ་དབང་དག་ཁྱེད་འདི་ནས་མ་འདོངས་ཤིག །ཇི་ལྟར་སྣང་བ་རྒྱ་ཆེན་པོ་ལས་གོར་མ་ཆག་པར་འཁོར་འདིར་ཚངས་པ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་བསྒོ་བ་དང་དེ་དག་འཁོད་དོ། །འཁོར་དེར་ཡང་ཚངས་པ་ཆེན་པོ་དར་ལ་བབ་པ། གཞོན་པ། གཞོན་ནུ་མ་གཙུག་ཕུད༌ལྔ་པ་བྱུང་ནས་དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་པང་དུ་འདུག་གོ །དེས་སྒྲུབ་པ་གང་ཡིན་པ་དེ་ཡང་བསྒྲུབས་སོ། །

དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚངས་པ་ཆེན་པོ་དེ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། ཚངས་པ་ཆེན་པོ་ཁྱོད་ཚངས་པ་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་དང་། གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། འཇིག་རྟེན་རྣམས་ཀྱི་ཕར་གྱུར་པ་ཁྱོད་ཀྱིས་འགྲོ་བ་ཕྱུང་བ་མ་ལགས་སམ། འོ་ན་བདག་ཅག་གི་འཁོར་དུ་གཏོགས་པ་ས་ལ་རྒྱུ་བ་ཞིག་མཆིས་ཏེ། དེ་ལྗོན་ཤིང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་བུ་རྙེད་པར་འགྱུར་བར་སྤྲོ༌བ་བསྐྱེད་དུ་གསོལ།

དེས་འདི་སྙམ་དུ་བདག་གིས་སུ་ལ་ཡང་བུའམ་བུ་མོ་སྦྱིན་པར་མི་ནུས་ན། གལ་ཏེ་བདག་གིས་བུ་དང་བུ་མོ་སྦྱིན་པར་མི་ནུས་སོ་ཞེས་སྨྲས་ན་ནི་བདག་གི་མིང་གང་ཚངས་པ་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུག་དང་། བྱེད་པ་པོ་དང་། འབྱིན་པ་པོ་དང་། སྤྲུལ་པ་པོ་ཞེས་བྱ་བའི་མིང་དེར་ཡང་མི་འགྱུར་རོ། །འོན་ཏེ་བུའམ་བུ་མོ་སྦྱིན་ནོ་ཞེས་སྨྲས་ན་ནི་གང་གི་ཚེ་བདག་ལ་དབང་མེད་ན་ཇི་ལྟར་སྦྱིན་པར་བྱ་སྙམ་དུ་དེ་ལྟར་བསམས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལ་གསང་སྟེ་སྨྲས་པ། ཀཽ་ཤི་ཀ་ཁོ་བོ་ནི་འཇིག་རྟེན་གྱིས་མ་ཕྱུང་ལ། ཁོ་བོས་ཀྱང་འཇིག་རྟེན་མ་ཕྱུང་ངོ་། །དེས་སྨྲས་པ། ཚངས་པ་ཆེན་པོ་གལ་ཏེ་དེ་ལྟ་ལགས་ན། འོན་ཀྱང་རང་གི་གནས་སུ་གཟིགས་ལ། གལ་ཏེ་འཆི་བའི་ཆོས་ཅན་འགའ་ཞིག་མཆིས་ན་དེ་བྲམ་ཟེ་ཤིང་སཱ་ལ་ཆེན་པོའི་ཁྱིམ་དེར་ཉིང་མཚམས་སྦྱོར་བ་ལེན་དུ་སྩོལ་ཅིག །ཚངས་པས་སྨྲས་པ། ཀཽ་ཤི་ཀ་ཅིའི་ཕྱིར་ཁྱོད་རང་གི་གནས་སུ་མི་ལྟ། བརྒྱ་བྱིན་གྱིས་སྨྲས་པ། གནས་འདི་ན་ནི་ལྷ་རྣམས་དབང་ཆུང་བར་གྲགས་པ་ལགས་ལ། བྲམ་ཟེ་དེ་ནི་དབང་ཆེ་བར་གྲགས་པ་ལགས་པས་དེར་དབང་ཆུང་བར་གྲགས་པ་ཉིད་ཀྱིས་ཉིང་མཚམས་སྦྱོར་བ་ལེན་པར་མི་བཟོད་དོ། །

དེ་ནས་ཚངས་པས་གནང་ནས་རང་གི་གནས་སུ་སོན་ན། དེ་ན་ཚངས་པ་ཞིག་ཚེ་ཟད་དེ་སྔ་ལྟས་བྱུང་བ་མཐོང་ནས་དེས་དེ་ལ་སྨྲས་པ། གྲོགས་པོ་གལ་ཏེ་ཁྱོད་སྡུག་པའི་གནས་ནས་འཆི་འཕོ་བར་བྱེད་ན་ཉིང་མཚམས་སྦྱོར་བར་འདྲས། དེའི་ཕྱིར་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དུ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་ལོངས་ཤིག་དང་ཁྱོད་ཡོ་བྱད་དག་གིས་མི་བྲེལ་བར་འགྱུར་རོ། །

དེ་སྙིང་མི་དགའ་ནས་སླར་སྨྲས་པ། ཚངས་པ་ཆེན་པོ་ཐོངས་ཤིག་ཐོངས་ཤིག །བརྩལ་བ་འདིས་ཅི་ཞིག་བྱ། བྲམ་ཟེ་ནི་ལོག་པར་ལྟ་བ་ཡིན་ལ། བྲམ་ཟེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་བྱེད་པ་ཡང་དཔེར་ན་མི་འགའ་ཞིག་གསེར་གྱི་སྒྲོག་ལ་ཆགས་པའི་ཕྱིར་རང་གི་རྐང་པ་སྒྲོག་ཏུ་འཇུག་པར་བྱེད་པ་དེ་དང་འདྲའོ། །ད་ལྟར་བྱང་ཆུབ་སེམས་དཔའ་འདོད་པ་ན་སྤྱོད་པའི་ལྷ་དྲུག་ལ་ལན་གསུམ་གྱི་བར་དུ་ཡོངས་སུ༌སྦྱང་བ་མཛད་ནས་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། མཚན་མོ་ནམ་ཕྱེད་ཀྱི༌དུས་ཀྱི་ཚེ་ས་སྲུང་གི་བུ་དང་འདྲ་བར་གླང་པོ་ཆེའི་ཕྲུག་གུ་དཀར་པོ་ཁ་བའི་མདོག་ཅན་མཆེ་བ་དྲུག་པ་ཡན་ལག་བདུན་ལེགས་པར་གནས་པ་ཅན་དུ་གྱུར་ཏེ། གངས་རིའི་ངོས་དང་ཉེ་བ་ཆུ་བོ་གང་གཱའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཤཱཀྱ་རྣམས་འཁོད་པ་དེ་ན་རྒྱལ་པོ་ཟས་གཙང་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་པ་དེའི་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་དེའི་ལྷུམས་སུ་ཉིང་མཚམས་སྦྱོར་བ་བླངས་ནས་ཟླ་བ་བཅུ་ཐམ་པ་འདས་པ་དང་བལྟམས་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་ཞིང་། དེས་ཆོས་ཀྱི་མཆོད་སྡོང་བསྒྲེང་བར་འགྱུར། ཆོས་ཀྱི་རྔ་བརྡུང་བར་འགྱུར། ཆོས་ཀྱི་མཆོད་སྦྱིན་སྦྱིན་པའི་བར་དུ་འགྱུར་བས་བདག་ཀྱང་གནས་འདི་ནས་འཆི་འཕོས་ནས་དབང་ཆུང་བར་གྲགས་པའི་ཁྱིམ་དུ་ཉིང་མཚམས་སྦྱོར་བ་བླངས་ཏེ་ངེས་པར་བྱུང་ནས་བསྟན་པ་ལ་རབ་ཏུ་བྱུང༌སྟེ་བདུད་རྩི་རྟོགས་པར་བྱ་དགོས་ལ། བྲམ་ཟེ་ཕྱུག་པོའི་ཁྱིམ་དུ་སྐྱེས་པ་ནི་བུ་གཅིག་པའི་ཕྱིར་དེ་དག་སུས་ཀྱང་རབ་ཏུ་འབྱུང་དུ་མི་སྟེར་རོ། །དེ་ལྟ་བུས་ན་བདག་ལ་བྲམ་ཟེའི་ཁྱིམ་དུ༌སྐྱེ་བ་དགོས་པ་མེད་དོ། །

ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དེ་ལྟ་ཡིན་ན་ཡང་འོན་ཀྱང་ངས་གསོལ་བ་བཏབ་པ་བཞིན་དེར་ཉིང་མཚམས་སྦྱོར་བ༌ལོངས་ཤིག་དང་།

དེའི་ཚེ་ངས་ཁྱོད་ཀྱི་ཕ་མ་གཉིས་ལ་དུས་དུས་སུ་བསྐུལ་བར་བྱའོ། །དེ་ནས་དེས་ཀྱང་གནང་ངོ་། །དེ་ནས་ལྷའི་བུ་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། སྲིད་པ་ཐ་མ་པ། སྤྱོད་པ་ཚོལ་བ། འཆིང་བ་ཉམ་སྨད་པ། ཐར་པའི་ཚོགས་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་། སྐྱེ་བ་དོན་དུ་མི་གཉེར་བ་ལུས་ཐ་མ་འཛིན་པ་དེ་ལྷའི་འཇིག་རྟེན་ནས་ཤི་འཕོས་ཏེ་ཆུང་མ་དེའི་མངལ་དུ་ཉིང་མཚམས་སྦྱོར་བ་བླངས་སོ་འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ༌ཤེས་པ་དང་གང་ལས་མངལ་དུ་ཞུགས་པ་དེ་ཡང་ཤེས་པ་དང་། ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ་གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །

བུད་མེད་དེས་ཀྱང་ཇི་ལྟར་བདག་གི་དཀུ་གཡས་རོལ་མི་བདེ་བས་ན་གོར་མ་ཆག་པར་བདག་གི་བུ་རྙེད་དོ་སྙམ་དུ་རིག་ནས་དེ་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་ཁྱོད་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ། །དེས་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ལྷ་དང་མིའི་གཏམ་སྙན༌པ་ཐོས་པར་གྱུར་ཅིག །གཏམ་སྙན་པ་ཇི་ལྟ་བུ་ཞིག་ཇི་ལྟར་བདག་གི་དཀུ་གཡས་རོལ་མི་བདེ་བས་ན་གོར་མ་བཀུམ་པར་བདག་གིས་བུ་རྙེད་དོ། །

དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ། བཞིན་པད་མ་རྒྱས་པ་ལྟ་བུས་དགའ་བའི་ཚིག་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཁྱོད་ཀྱི་བུ་བདེ་བཞིན་དུ་སྐྱེ་བར་ཤོག་ཅིག །ཁོ་བོས་ཀྱང་བུ་སྡུག་པའི་ངོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ་ཞིག་ནས་མངོན་པར་འདོད་པའི་བུ་ཡིད་ལ༌བསམས་པ་བཞིན་དུ་འགྲུབ་པ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པའི་ཕྱིར་གསོ་བ་དང་། ཁོ་བོའི་ནོར་རྫས་ལ་སྤྱོད་པ་དང་། ཁོ་བོའི་རིགས་རྒྱུད་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་གི་དབང་ཕྱུག་ཀྱང་ཉམས་པར་མི་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་ན་བདག་ཅག་གི་ཕྱིར་སྦྱིན་པ་ཆུང་ངམ། ཆེན་པོ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན་བསྔོ་བ་བྱེད་པར་ཤོག་ཅིག །དེ་ལ་སེམས་ཅན་ཞུགས་པར་རིག་ནས་སྟེང་གི་ཁང་བཟང་གི་གཞིར་གནོད་པ་མེད་པར་འདུག་ཏུ་བཅུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་བཏུང་བའི་བྱེ་བྲག་ཧ་ཅང་མི་བསིལ་བ། ཧ་ཅང་མི་དྲོ་བ། ཧ་ཅང་མི་ཁ་བ། ཧ་ཅང་མི་ཚ་བ། ཧ་ཅང་ལན་ཚྭ་མི་ཆེ་བ། ཧ་ཅང་མི་སྐྱུར་བ། ཧ་ཅང་མི་མངར་བ། ཧ་ཅང་མི་བསྐ་བ། ཧ་ཅང་མི་སྣུམ་པ། ཧ་ཅང་མི་རྩུབ་པ། ཁ་བ་དང་། ཚ་བ་དང་། ལན་ཚྭ་དང་། སྐྱུར་བ་དང་། མངར་བ་དང་། བསྐ་བ་དང་། སྣུམ་པ་དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་བཏུང་བ་དག་གིས་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ །

དེ་ནས་མངལ་ན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར་འདི་ལྟར་ཆུང་མ་དེ་གོས་ཚོན་སྣ་ཚོགས་སུ་སྤེལ་བ་ནི་བསྐོན། ལག་པ་ནི་གསེར་གྱི་གདུ་བུ་དང་། ནོར་བུ་དང་། མུ་ཏིག་གིས་གཏམས། དོ་ཤལ་དང་། སེ་མོ་དོ་རྣམ་པར་འཕྱང་བ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། བཞིན་ནི་དམར་རྩིའི་ཐིག་ལེས་མཛེས་པར་བྱས། སོ་ནི་མེ་ཏོག༌ཀུ་མུད་ད་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་ད་དང་། ཟླ་བ་དང་། ངང་པ་དང་། བའི་འོ་མ་དང་། དུང་དང་། པད་མའི་རྩ་བ་ལྟར་དྲི་མ་ནི་མེད། རྐེད་པ་ནི་གསེར་གྱི་འོག་པག་གིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས་ནས་གསེར་གྱི་མཆོད་སྡོང་མེ་ཏོག་གིས་བཀླུབས་པ་ལྟ་བུ་དེ་ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་གླུ་དང་རོལ་མོའི་སྒྲ་བྱེད་པའི་རོལ་མོ་མཁན་དང་། སྟེང་གི་ཁང་བཟང་གི་ཐོག་ཏུ་བཞག་ནས། ཁྲི་བོ་ཆེ་ལེགས་པར་བཙུགས་པའི་སྟེང་ན་ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱི་ས་གཞིར་མི་འབབ་ལ། དེ་ལ་འགའ་ཡང་སྒྲ་ཡིད་དུ་མི་འོང་བ་འབྱིན་པར་མི་བྱེད་དོ། །རེ་ཞིག་ན་ཁྱིམ་དེ་ནོར་དང་། འབྲུ་དང་། གསེར་དང་། དབྱིག་དང་། མཛོད་དང་། བང་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་པར་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན༌གཅིག་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ། །

དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ་གལ་ཏེ་བདག་ལ་བུ་ཞིག་ཡོད་ན། ཇི་དེས་ཇི་ལྟར་བྲམ་ཟེ་ཕལ་དག་ལྟར་ནས་ཐ་མལ་པ་ཐོགས་ནས་རྒྱལ་པོ་པད་མ་ཆེན་པོ་ལ་རྒྱལ་བ་སྤེལ་བ་བྱའམ། མ་ལ་བདག་གིས་དེའི་དོན་དུ་གསེར་གྱི་ནས་གཞན་བྱེད་དུ་གཞུག་གོ་སྙམ་དུ་བསམས་ནས་རེ་ཞིག་ན་གསེར་གྱི་ནས་བྱེད་དུ་བཅུག་གོ །དེ་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས༌པ་ལས་ཁྱེའུ་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ། པད་མའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྨིན་མ་བཟང་བ། ཐོང་ཁ་སེང་གེའི་འདྲ་བ། རོ་སྟོད༌སེང་གེའི་ལྟ་བུ། དཔུང་པ་རིང་བ་ཞིག་བཙས་སོ། །

དེ་བཙས་པའི་བཙས་སྟོན་བྱ་བར་བརྩམས་ཏེ། ཤིང་ནྱ་གྲོ་དྷ་ཅན་དེ་ཐམས་ཅད་རྡོ་དང་། གསེག་མ་དང་། གྱོ་མོ་དག་སེལ་དུ་བཅུག་ཅིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ། མེ་ཏོག་སྣ་ཚོགས་བཀྲམ། པོག་ཕོར་ནས་དྲི་དུ་མས་བདུགས། རྒྱལ་མཚན་དང་། བ་དན་བསྒྲེང་། དར་གྱི་ཆུན་པོ་དང་། ལྡ་ལྡི་ཡང་དཔྱངས། ཟོང་དགྲམ་པའི་ཚོང་སྲང་དག་ཀྱང་བྱེད་དུ་བཅུག་ནས་སྒོ་བཞི་དང་། བཞི་མདོའི་དབུས་སུ་སྦྱིན་པ་དག་ནི་སྦྱིན། བསོད་ནམས་དག་ནི་བྱེད་དེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས་འདོད་པ་རྣམས་ལ་ནི་གོས། ཕྲེང་བ་དང་། སྤོས་དང་། བྱུག་པ་འདོད་པ་རྣམས་ལ་ནི་ཕྲེང་བ་དང་། སྤོས་དང་། བྱུག་པ་རྣམས་སོ། །

ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་སྦྱིན་པ་རྣམ་པ་མང་པོ་དེ༌ལྟ་བུ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས་ཉེ་དུ་རྣམས་ཚོགས་ཤིང་འདུས་ཏེ། འདི་ལྟར་ཁྱེའུ་འདི་ལྗོན་ཤིང་ནྱ་གྲོ་དྷ་ལ་གསོལ་བ་བཏབ་སྟེ་རྙེད་པས་དེའི་ཕྱིར་ཁྱེའུའི་མིང་ནྱ་གྲོ་དྷ་སྐྱེས་ཞེས་གདགས་སོ་ཞེས་མིང་བཏགས་སོ། །བྲམ་ཟེ་རྣམས་ཀྱིས་ནི་འདི་སྐད་དུ། འདིའི་ཕ་ཡང་འོད་སྲུང་དང་རུས་གཅིག་པས་ཁྱེའུའི་མིང་འོད་སྲུང་དུ་གདགས་སོ་ཞེས་སྨྲས་སོ། །དེ་ལ་ཁ་ཅིག་གིས་ནི་འོད་སྲུང་ཞེས་བྱ་བར་ཤེས་སོ། །ཁ་ཅིག་གིས་ནི་ནྱ་གྲོ་དྷ་སྐྱེས་བྱ་བར་ཤེས་སོ། །དེ་ཡང་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་འགྲོགས་ཀྱི་མ་མ་གཉིས་ལ་གཏད་དེ་ལྕགས་ཀྱི་མདའ་ཐོགས་ཤིང་། བསྲུང་ཁུག་དང་། རྨ་བྱའི་མདོངས་མང་པོ་ཐོགས་ནས་འོ་མ་དང་། ཞོ་དང་མར་སར་པ་དང་། ཞུན་མར་དང་མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ། །

དེ་ཡང་རྫིང་ན་གནས་པའི་པད་མ་བཞིན་དུ་སྐྱེད་དྲག་པར་གྱུར་ཏོ། །དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་པ་ལས་དེ་ཉི་མ་ཉུང་ཤས་ཀྱིས་ཡི་གེའི་ཕ་རོལ་དུ་སོན་ཅིང་། དེའི་ཚེ་ན་བྲམ་ཟེའི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་བསྔགས་བྱ་བ་དང་། འཐོར་འཐུང་བྱ་བ་དང་། བཟླས་བརྗོད་བྱ་བ་དང་། ཡང་དག་པར་སྡོམ་པ་དང་། ངེས་པར་བྱ་བ་དང་། དུས་མཚམས་སུ་ཉེ་བར་སྤྱད་པར་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ལ་མཁས་པར་གྱུར་ཏོ། །

རིག་པའི་གནས་བཅོ་བརྒྱད་དག༌ལ་མཁས་པར་གྱུར་ཏེ། འདི་ལྟ་སྟེ། གསང་སྔགས་དང་། རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་ཀྱི་རིགས་པ་དང་།

རིག་བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། སྡེབ་སྦྱོར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུད་དྲུག་ཅུ་པ་དང་། ཁྱུར༌མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་། རིག་པའི་གནས་བཅོ་བརྒྱད་པོ་འདི་དག་ཐམས་ཅད་ལ་བློ་ཤིན་ཏུ་རྣོ་བར་གྱུར་ཏོ། །

རེ་ཞིག་ན་ཕས་དེ་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེ་གཙང་སྦྲ་ཅན་གྱིས་ཇི་སྙེད་ཐོས་པ་འདོན་པ་བྱེད་དུ་གཏད་པ་དང་། དེས་དེ་ལྟར་བགྱིའོ་ཞེས་པའི་ཚིག་མཉན་ནས་དེ་བཞིན་དུ་བྱས་སོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ་བདག་གི་རིགས་རྒྱུད་ནི་ཆེ། བདག་ནོར་རྒྱ་ཆེན་པོ་དང་ནི་ལྡན་པ་ཡིན་ཏེ། ཁྱིམ་འདི༌ལྟ་བུར་རྒྱུ་མེད་པར་བུ་དག་ཉིང་མཚམས་སྦྱོར་བ་མི་ལེན་ལ། བྲམ་ཟེ་རྣམས་ཀྱི་ལུགས་ནི་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་པར་སྤྱོད་པ་ཡོངས་སུ་བསྲུང༌བར་བྱས་ཏེ། རྒས་པའི་གནས་སྐབས་ན་ཆུང་མ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ཡིན་ན། བདག་གིས་ནི་ཐོག་མ་ཉིད་ནས་བུ་ལ་བག་མ་བླང་བར་བྱའོ། །སྙམ་དུ་བསམས་ནས། དེས་ནྱ་གྲོ་དྷ་སྐྱེས་དེ་ལ་སྨྲས་པ། བུ་འཇིག་རྟེན་ན་འདི་ནི་ཆོས་ཉིད་ཡིན་པས་རིགས་རྒྱུད་ཀྱི་ཕྱིར་བག་མ་བླང་བར་བྱའོ། །

དེས་སྨྲས་པ། ཡབ་བདག་ལ་མཆིས་བྲང་ཅིར་འཚལ་ཏེ། བདག་ནི་དཀའ་ཐུབ་ཀྱི་ནགས་སུ་གནས་པར་བགྱིའོ། །ཕ་དེས་དེ་ལ་རིགས་རྒྱུད་གཏན་པར་བྱ་མོད་ཅེས་ཡང་ནས་ཡང་དུ་བརྟུན་པ་དང་། དེ་འདི་སྙམ་དུ་སེམས་ཏེ། འོ་ན་གང་གིས་ན་བདག་གིས་ཡབ་ཡུམ་གྱི་བཀའ་ཡང་མ་བཅག་པར་འགྱུར་བ་དང་། བདག་ཀྱང་བུད་མེད་དང་བསྡུས་པར་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་དུ་དེ་ལྟར་བསམས་ནས་ཕ་ལ་སྨྲས་པ། ཡབ་བདག་ལ་འཛམ་བུའི་ཆུ་བོའི་གསེར་ཞིག་འཚལ་ལོ། །དེས་དཀོར་བའི་མི་བོས་ནས་འདི་སྐད་ཅེས་སྨྲས་སོ། །ནྱ་གྲོ་དྷ་སྐྱེས་འདི་ལ་འཛམ་བུའི་ཆུ་བོའི་གསེར་ཇི་སྙེད་དགོས་པ་དེ་སྙེད་བྱིན་ཅིག །དཀོར་བའི་མིས་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་བགྱིའོ། །

དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕ་ལས་ལྐོག་ཏུ་མགར་བ་ལེགས་པར་བསླབས་པ་བོས་ནས་འཛམ་བུའི་ཆུ་བོའི་གསེར་གྱི་བུད་མེད་ཀྱི་གཟུགས་བརྙན་བྱེད་དུ་བཅུག་ནས་དེས་དེ་ཕ་ལ་ཕུལ་ཏེ་སྨྲས་པ། ཡབ་འདི་ལྟ་བུའི་གཟུགས་དང་འདྲ་བའི་བུ་མོ་ཞིག་གལ་ཏེ་རྙེད་ན་དེ་བདག་གི་མཆིས་བྲང་ལགས་ཀྱི་དེ་ལས་གཞན་པ་ནི་བདག་གི་མཆིས་བྲང་དུ་དགོས་པ་མ་མཆིས་སོ། །

དེ་འདི་སྙམ་དུ་སེམས་ཏེ། བརྟགས་ན་བུ་འདིས་ནི་བདག་ཅག་ལ་མ་བསམས་པ་ལྟ་སྟེ། གསེར་ཐ་མལ་པའི་མདོག་ཅན་གྱི་བུ་མོ་ཡང་ག་ལ་ཡོད་ན། འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མཐོང་ནས་དེ་རྣམས་ཀྱིས་དེའི་དྲུང་དུ་དོང་སྟེ་དྲིས་པ། མཁན་པོ་ཅིའི་སླད་དུ་ཐུགས་ཁོང་དུ་ཆུད་ཅིང་བཞུགས། དེས་དེ་རྣམས་ལ་བུ་དེའི་བག་མ་བླང་བའི་སྦྱོར་བ་ཤིན་ཏུ་རྒྱ་ཆེར་སྨྲས་ནས་བརྟགས་ན་བུས་ནི་བདག་ལ་མ་བསམས་པ་ལྟ་སྟེ། རེ་ཞིག་གསེར་ཐ་མལ་པའི་མདོག་ཅན་གྱི་བུ་མོ་ཡང་རྙེད་པར་དཀའ་སྟེ་ག་ལ་ཡོད་ན་གཙོ་བོ་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པའི་གཟུགས་འདི་ལྟ་བུ༌ལྟ་སྨོས་ཀྱང་ཅི་དགོས་ཏེ། ག་ལས་འབྱུང་བར་འགྱུར། དེ་རྣམས་ཀྱིས་དེ་ལ་སྨྲས་པ། མཁན་པོ་མི་དགྱེས་པར་མ་མཛད་ཅིག །ཇི་ལྟ་བུའི་སྐྱེས་བུ་འབྱུང་བ་དེ་ལ་ནི་དེ་འདྲ་བ་ཁོ་ནའི་ཡོ་བྱད་ཕུན་སུམ་ཚོགས་པ་འབྱུང་བས་རེ་ཞིག་གཅིག་ནི་འདིས་བགྱི། གཟུགས་བརྙན་འདི་ལྟ་བུ་གཞན་གསུམ་ཞིག་བགྱིད་དུ་སྩོལ་ཅིག་དང་། བདག་ཅག་གིས་གང་གིས་ན་གདོན་མི་འཚལ་བར་བུ་མོ་རྙེད་པར་འགྱུར་བ་དེ་ལྟར་ཕྱོགས་བཞི་དག་ཏུ་ཡོངས་སུ་བཙལ་བར་བགྱིའོ། །

དེས་སློབ་མ་རྣམས་ཀྱི་ཚིག་མཉན་ནས་གཟུགས་བརྙན་གཞན་གསུམ་བྱེད་དུ་བཅུག་གོ །བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་གཟུགས་བརྙན་བཞི༌བླངས་ཏེ།

གྲོང་དང་གྲོང་རྡལ་དང་། གྲོང་ཁྱེར་དང་། ལྗོངས་དག་ཏུ༌རྒྱུ་བའི་ཕྱིར་རོལ་མོའི་སྒྲའི་ཆ་བྱད་ཀྱི་བར་དང་ཆས་ནས་ཕྱོགས་ཕྱོགས་སུ་བརྒྱ་བརྒྱ་ཆས་པར་གྱུར་པ་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་དེ་རྣམས་ལ་བསྒོ་བ། ཁྱོད་ཀྱིས་རིགས་སམ། རུས༌མི་དམའ་བར་གཟུགས་བརྙན་འདི་འདྲ་བའི་གཟུགས་འབའ་ཞིག་སྒྲུབས་ཤིག།།དེ་རྣམས་འདི་སྙམ་དུ་བདག་ཅག་གིས་ཁྱིམ་ནས་ཁྱིམ་ཀུན་ཏུ་རྒྱུ་བར་ག་ལ་ནུས་ཀྱིས་ཐབས་ཤིག་བསམ་པར་བྱའོ་སྙམ་མོ། །

དེ་རྣམས་ཀྱིས་ཐབས་འཕྲིག་ནས་དེ་རྣམས་ཀྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་གང་དུ་ཕྱིན་པར་དེར་ཞུགས་ནས་དབུས་སུ་གཟུགས་བརྙན་བཞག་སྟེ་སྤོས་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད་ཅིང་བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད་ན། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ལྡན་པར་འགྱུར་བ་སྦྱིན་པར་བྱེད་དོ་ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ། །ཚིག་དེ་ཐོས་ནས་བུ་མོའི་སྐྱེ་བོའི་ཚོགས་རྒན་མོ་དང་། གཞོན་ནུར་བཅས་པས་མཆོད་པ་དང་། བཀུར་སྟི་བྱེད་ཅིང་གསོལ་བ་འདེབས་པར་བྱེད་དོ། །རེ་ཞིག་ན་ཤར་དང་། ལྷོ་དང་། བྱང་གི་ཕྱོགས་རྣམས་སུ་དོང་བ་དེ་དག་བསམ་པ་མ་གྲུབ་པར་ལྷགས་སོ། །དེ་དག་མཐོང་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ནྱ་གྲོ་དྷ་ནི་སེམས་ཁོང་དུ་ཆུད་ཅིང་འདུག་གོ །བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ནི་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ། འདི་སྐད་དུ་གལ་ཏེ་མ་རྙེད་ན་ལེགས་སོ་ཞེས་སྨྲས་སོ། །

བྲམ་ཟེའི་ཁྱེའུ་གང་དག་བུ་མོའི་ལྷ་མོ་ཐོགས་ཏེ་ནུབ་ཕྱོགས་སུ་དོང་བ་དེ་རྣམས་ནི་མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་རྒྱུ་ཞིང་ཀ་པི་ལའི་ལྗོངས་ན་གྲོང་ཁྱེར་ཀ་པི་ལ་ཞེས་བྱ་བ་དེར་ཕྱིན་ནོ། །དེ་ན་ཡང་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དུས་གཞན་ཞིག་ན་དེའི་ཆུང་མ་དེ་ལ་སེམས་ཅན་ཞིག་ཞུགས་པར་གྱུར་ཏོ། །ཇི་ཙམ་ན་ཟླ་བ་བརྒྱད་དམ། དགུ་འདས་ཏེ་བཙས་པ་ལས། བུ་མོ་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་ཞིག་སྐྱེས་ནས་དེའི་ཉེ་དུ་རྣམས་ཚོགས་ཤིང་འདུས་ཏེ་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་སྦྱིན་པ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས་མིང་འདོགས་པར་བྱེད་དོ། །

ཡུལ་དབུས་ན་ཡང་ལུགས་ཀྱིས་གང་གཟུགས་བཟང་བ་དེ་ལ་བཟང་མོ་ཞེས་ཟེར་བས་འདི་སྐད་དུ་བུ་མོ་འདི་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་ཡིན་ལ། འདིའི་ཕ་ཡང་སེར་སྐྱ་ཞེས་བྱ་བ་ཡིན་པས། བུ་མོ་འདི་ཡང་སེར་སྐྱའི་བུ་མོ་བཟང་མོ་ཞེས་བྱ་བར་གདགས་སོ་ཞེས་མིང་བཏགས་སོ། །

དེ་ནས་སེར་སྐྱའི་བུ་མོ་བཟང་མོ་མ་མ་བརྒྱད་ལ་རྗེས་སུ་གཏད་དེ། བརྒྱད་པོ་གང་ཞེ་ན། པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་བསྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་འགྲོགས་ཀྱི་མ་མ་གཉིས་དང་། ལྕགས་ཀྱི་མདའ་ཐོགས་ཤིང་རྨ་བྱའི་མདོངས་མང་པོའི་བསྲུང་ཁུག་བཅངས་ནས། འོ་མ་དང་། ཞོ་དང་། མར་དང་ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ། །

དེ་ཡང་རྫིང་ན་གནས་པའི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏེ། ཇི་ཙམ་ན་ཆེན་མོར་གྱུར་ཏེ། དེ་རྣམས་སྲང་གི་དབུས་སུ་ཕྱིན་ནས་གཟུགས་བརྙན་བཞག་སྟེ། སྤོས་དང་མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད་ཅིང་། བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད་ན། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་བ་སྦྱིན་པར་བྱེད་དོ། །ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ། །དེ་ནས་གྲོང་ཁྱེར་ཀ་པི་ལ་ན་འཁོད་པའི་གཞོན་ནུ་མ་རྣམས་བུ་མོའི་ལྷ་མོའི་དྲུང་དུ་དོང་སྟེ། མཆོད་པ་དག་བྱེད་ཅིང་གསོལ་བ་དག་འདེབས་པར་བྱེད་དོ། །

དེ་ནས་བྲམ་ཟེ་སེར་སྐྱའི་ཆུང་མས་བུ་མོའི་ལྷ་མོ་དེ་ལྟ་བུ་འོངས་ཏེ་དམ་པ་ལྔ་སྦྱིན་པར་བྱེད་དོ་ཞེས་ཐོས་སོ། །དེས་གཏམ་དེ་ཐོས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་སོང་ལ་ཁྱོད་ཀྱང་བུ་མོའི་ལྷ་མོ་ལ་མཆོད་པ་བྱོས་ཤིག །དེས་སྨྲས་པ། བུ་མོའི་ལྷ་མོ་མཆོད་པས་དེ་ལས་ཅིར་འགྱུར། དེས་སྨྲས་པ། གསོལ་བ་བཏབ་ན་དམ་པ་ལྔ་སྦྱིན་པར་བྱེད་དེ། ལྔ་གང་ཞེ་ན། རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་རོ། །

དེ་ནས་སེར་སྐྱའི་བུ་མོ་བཟང་མོས་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་བདག་ནི་རིགས་མཐོན་པོར་སྐྱེས་ཤིང་གཟུགས་བཟང་བ་དང་། ལྟ་ན་སྡུག་པའི་བར་དུ་གྱུར་ཀྱང་འདོད་པ་རྣམས་ནི་བདག་དོན་དུ་མི་གཉེར་ན་བདག་ལ་དམ་པ་ཅི་ཞིག་འཚལ། དེ་ལ་མས་ཡང་དང་ཡང་བསྐུལ་བ་དང་། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་མའི་སེམས་བསྲུང་བའི་ཕྱིར་མེ་ཏོག་དང་། སྤོས་དང་། ཕྱེ་མ་དང་། གོས་ལ་སོགས་པ་ཁྱེར་ཏེ་བུ་མོའི་ལྷ་མོ་ག་ལ་བ་དེར་སོང་ངོ་། །ཇི་ལྟ་ཇི་ལྟར་གཟུགས་བརྙན་དེ་དང་ཉེ་བར་ཕྲད་དུ་བྱེད་པ་དེ་ལྟ་དེ་ལྟར་གཟུགས་བརྙན་དེ་ཇེ་སྔོ་ཇེ་སྔོར་གྱུར་ཏོ། །དེ་དང་ཉེ་བར་འཕྲད་པ་དང་། བུ་མོའི་ལྷ་མོ་དེ་ལྕགས་ལས་བྱས་པ་འདྲ་བར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་ཆོ་འཕྲུལ་བྱུང་བར་གྱུར་པ་འདི་ཅི་ཞིག་ཡིན། འདི་སུའི་མཐུ་ཡིན་སྙམ་དུ་བསམས་པ་ལས་དེ་རྣམས་ཀྱིས་སྣང་བ་འདི་ལྟ་བུ་འདི་ནི་བུ་མོ་འདིའི་ཡིན་ནོ་སྙམ་དུ་འཕྲིགས་ནས་དེ་རྣམས་ཀྱིས་བུ་མོ་དེ་ལ་དྲིས་པ། ཁྱོད་སུའི་བུ་མོ་ཡིན། དེས་སྨྲས་པ། བྲམ་ཟེ་སེར་སྐྱའི་བུ་མོ་བཟང་མོའོ། །

དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་བུ་མོ་དེ་ལས་ཐོས་ནས་བྲམ་ཟེ་སེར་སྐྱའི་ཁྱིམ་ག་ལ་བ་དེར་དོང་སྟེ། ཕྱིན་ནས་ཁྱིམ་གྱི་སྒོ་དྲུང་དུ་འཁོད་དེ་སྨྲས་པ། ཤེས་ལྡན་སློང་མོ་བྱིན་ཅིག །བྲམ་ཟེ་སེར་སྐྱས་སློང་མོ་ཞེས་ཐོས་པས་བྲམ་ཟེའི་ཁྱེའུ་སློང་མོ་དོན་དུ་གཉེར་བ་ཡིན་སྙམ་སྟེ། ནང་མི་ལ་བསྒོ་བ་བྲམ་ཟེའི་ཁྱེའུ་རྣམས་ལ་ཤིང་མ་ལུ་ཏའི་མེ་ཏོག་གི་མདོག་འདྲ་བའི་ཕྱེ་དང་། མར་དང་བུ་རམ་དང་། རྒུན་འབྲུམ་དང་། བལ་པོ་སེའུ་དང་། ཏིན་ཏི་ལི་ཀ་བྱིན་ཅིག །ཡུལ་དབུས་ན་ཡང་ལུགས་ཀྱིས་བུ་མོ་རྣམས་ཀྱིས་ཕའི་ཁྱིམ་ནས་སློང་མོ་སྦྱིན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕའི་ཁྱིམ་ནས་སློང་མོ་བྱིན་པས་སྙིང་པོ༌བླང་བ་བླངས་པར་འགྱུར་རོ། །

དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སློང་མོ་ཁྱེར་ཏེ་བྲམ་ཟེའི་ཁྱེའུ་སློང་མོ་པ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སློང་མོ་དེ་བྱིན་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས་སློང་མོ་ལེན་པར་མི་བྱེད་དོ། །ཇི་ཙམ་ན་བྲམ་ཟེ་སེར་སྐྱས་ཐོས་སོ། །དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཅི་འདོད་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བུ་མོའི་སློང་མོ་བདག་ལ་དགོས་ཀྱི། ཕྱེའི་སློང་མོ་ནི་མ་ཡིན་ནོ། །དེ་ནས་བྲམ་ཟེ་སེར་སྐྱ་ཁྲོས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ངས་ཁྱེད་ལ་བུ་མོའི་སློང་མོ་མི་སྦྱིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་རང་གི་དོན་དུ་བུ་མོའི་སློང་མོ་མི་ཚོལ་ལོ། །དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་དག་ཁོ་བོས་ནི་དོན་དེ་བརྡ་མ་འཕྲད་དོ། །

དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་བྲམ་ཟེ་སེར་སྐྱ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཅི་ཡུལ་མ་ག་དྷཱ་ན་གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ཞེས་བྱ་བ་དེ་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ༌གཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ལ་དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་པའི་གྲོང་སུམ་ཅུ་དང་། སྐྱེད་སྒྱུར་བའི་གྲོང་དྲུག་ཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག་ཅུ་དང་། གང་དག་གིས་རྒྱལ་པོ་པད་མ་ཆེན་པོ་ཐུབ་པའི་གསེར་གྱི་ནས་སྦྱང་བརྒྱད་ཅུ་བདོག་པ་ཞེས་བྱ་བའི་བར་ནས་དེ་ལ་བུ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ། གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ། བྲམ་ཟེའི་ལས་དྲུག་ལ་མཁས་པ། རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ། རིག་པའི་གནས་བཅྭོ་བརྒྱད་པོ་ཐམས་ཅད་ལ་ཤིན་ཏུ་བློ་རྣོ་བར་ཡོད་པར་ཐོས་སམ། བདག་ཅག་ནི་དེའི་ཆེད་དུ་བུ་མོའི་སློང་མོ་སློང་ངོ་། །

དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་རིགས་དང་། ཚུལ་ཁྲིམས་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་ཅི་འདྲ་བ་དང་ལྡན་པ་དེའི་ཡོན་ཏན་རྒྱ་ཆེར་ཐོས་ན། འོན་ཀྱང་ཡུལ་ཐག་རིང་པོ་ན་འདུག་པས་ཇི་ལྟར་དེ་དང་ལྷན་ཅིག་གཉེན་བྱ། དེ་དག་གིས་ཤེས་ལྡན། མེ་གང་ཡིན་དང་རླུང་གང་ཡིན། །ཁྲག་དང་ཕྲད་པའི་དུག་དང་ནི། །བྲམ་ཟེ་ངེས་པར་བྱས་པ་དང་། །རྟ་གང་ཡིན་པ་དེ་མི་ཐོགས། །ཞེས་བྱ་བའི་བར་དག་སྔོན་མ་ཐོས་སམ། བྲམ་ཟེ་དེ་ཡང་ཤིན་ཏུ་ཕྱུག་ཆེན་ཡིན་ལ། ཁྱོད་ཀྱང་དེ་ཁོ་ན་དང་འདྲ་བར་ཕྱུག་ཅིང་ནོར་ཆེ་བ་ཡིན་ཏེ། གང་གིས་དེ་དག་འགྲོ་བ་དང་འོང་བར་འགྱུར་བའི་བཞོན་པ་དང་མི་དག་ཀྱང་ཡོད་ལ། གཞན་ཡང་རིང་པོ་ན་འདུག་པ་ཁོ་ན་དང༌བཤེས་གཉེན་བྱ་བ་དེ་ནི་བརྟན་པ་ཡིན་ནོ། །

གང་གི་ཚེ་བྲམ་ཟེའི་ཁྱེའུ་དེ་དག་གིས་བྲམ་ཟེའི་ཤིང་སཱ་ལ་ཆེན་པོ་ལྟ་བུ་སེར་སྐྱ་ལ་སྙིང་སྡུད་པར་བྱེད་པའི་ཚིག་དག་གིས༌གོ་བར་བྱས་པ་དང་། དེའི་ཚེ་དེས་ཁྲུས་ཀྱི་ཡོ་བྱད་འདི་ལྟ་སྟེ། ཁྲུས་རས་དང་། སོ་ཕག་དང་། ཕྱེ་མ་དང་། འབྲུ་མར་དང་། སོ་མངས་ལ་སོགས་པ་དག་བྱིན་ནོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཁྲུས་ཀྱི་ཡོ་བྱད་དེ་དག་བླངས་ནས་གྲོང་ཁྱེར་ཀ་པི་ལའི་ཕྱི་རོལ་དུ༌ལྟེང་ཀ་དག་ཏུ་ཁྲུས་བྱ་བའི་ཕྱིར་དོང་ངོ་། །

དེ་ནས་བྲམ་ཟེ་སེར་སྐྱ་འདི་སྙམ་དུ་སེམས་ཏེ། ཇི་སྲིད་དུ་བྲམ་ཟེའི་ཁྱེའུ་རྣམས་ལྟེང་ཀར་ཁྲུས་ཀྱི་ཕྱིར་དོང་བ་དེ་སྲིད་དུ་བདག་ཀྱང་བཤེས་གཉེན་དང་། ཉེ་དུ་དང་། རྩ་ལག་རྣམས་དང་ལྷན་ཅིག་གྲོས་བྱའོ། །སྙམ་དུ་བསམས་ནས། བྲམ་ཟེ་སེར་སྐྱ་ཁྱིམ་གྱི་ནང་དུ་བཞུགས་ཏེ་ཆུང་མ་དང་། ཉེ་དུའི་ཚོགས་དང་ལྷན་ཅིག་འདུག་ནས་དེས་དེ་རྣམས་ལ་དོན་དེ་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། བྲམ་ཟེ་དེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་ཡིན་པས་གལ་ཏེ་མི་འདོད་ན་ཡང་དེའི་ཕྱིར་བདག་ཅག་གི་ཤིན་ཏུ་འབད་དེ་དེ་ལ་བུ་མོ་སྦྱིན་པར་བྱ་བ་ཡིན་ན། གང་གི་ཕྱིར་དེ་རང་ཉིད་དོན་དུ་གཉེར་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་བཀྱིག་པར་སྦྱིན་པར་བྱའོ། །དེ་དང་བདག་ཅག་ཏུ་གཉེན་བྱ་བ་ནི་ཐབ་ཟླར་བབ་ཅིང་རུང་བ་ཡིན་ལ་བུ་མོ་ཡང་བདེ་བར་འགྱུར་རོ། །

དེ་ནས་ཕྱིས་ཕ་མ་དེ་གཉིས་བུ་མོ་དེ་ཁྲུས་བྱས་ཏེ་གོས་དཀར་པོ་དག་བསྐོན་ནས་དགེ་མཚན་དང་། བཀྲ་ཤིས་དག་བྱས་ཤིང་བྲམ་ཟེ་རྣམས་ཀྱིས་དག་བྱེད་དུ་འགྱུར་བ་དག་བཀླགས་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་ཆུང་མ་བྱ་བའི་ཕྱིར་བྱིན་ནོ། །དེའི་འོག་ཏུ་བུ་མོ་དེའི་ཕ་མ་གཉིས་ལ་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། ཡུད་ཙམ་དག་བརྩིས་ཏེ་སྨྲས་པ། ཟླ་བ་ཆེ༌གེ་མོ་ཞིག་དང་། ཉི་མ་དང་རྒྱུ་སྐར་དང་། ཡུད་ཙམ་ཆེ་གེ་མོ་ཞིག་ན་ཁྱེའུ་དང་ཉེ་བར་གནས་པར་འགྱུར་རོ། །

དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བརྣག་པ་ཡོངས་སུ་རྫོགས་ནས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ག་ལ་བ་དེར་ཆས་ནས་མཐར་གྱིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་ཕྱིན་ཏོ། །དེ་རྣམས་ཐག་རིང་པོ་ན་འདུག་པ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་ཇི་ལྟར་བྲམ་ཟེའི་ཁྱེའུ་དེ་རྣམས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ་ལྷགས་པ་ལས་ན་གོར་མ་ཆག་པར་ཇི་ལྟར་བདག་གིས་བསམས་པ་བཞིན་རྙེད་དོ་སྙམ་དུ་སེམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བྲམ་ཟེ་ནྱ་གྲོ་དྷ་ལ་ཕྱག་བྱས་ནས་འཁོད་དོ། །དེས་ཀྱང་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་སོ་སོར་ཀུན་དགའ་བར་བྱས་སོ། །སོ་སོར་ཀུན་དགའ་བར་བྱས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེའི་ཁྱེའུ་རྣམས་ཅི་བདག་ཅག་གིས་ཇི་ལྟར་བསམས་པ་དང་། ཡིད་ལ་རེ་བ་བཞིན་ཡོངས་སུ་རྫོགས་སམ། དེ་རྣམས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མཁན་པོ་དགྱེས་པ་བསྐྱེད་དུ་གསོལ། མཁན་པོས་ཇི་ལྟར་དགོངས་པ་དེ་བས་ཆེས་ཁྱད་པར་དུ་འཕགས་པ་ཞིག་རྙེད་དོ། །

དེས་འདི་སྐད་ཅེས་སྨྲས་སོ། །དཔེར་ཇི་ལྟ་བུ་ཞིག་མཁན་པོས་རིགས་དང་།

རུས་དང་། རྒྱུད་ཀྱིས་ནི་བུ་མོ་མི་བརྟག་གི །འོན་ཀྱང་གཟུགས་བཟང་བ་ཁོ་ན་བརྟག་པར་བྱའོ། །ཞེས་མ་གསུངས་སམ། བདག་ཅག་གིས་ནི་གཟུགས་བཟང་བ་དང་། རིགས་དང་། རུས་དང་། རྒྱུད་དང་། ནོར་དང་ལྡན་པ་རྙེད་དོ། །དཔེར་ཇི་ལྟ་བུ་ཞིག་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་དྲིས་པ་རྣམས་ཐམས་ཅད་རྒྱ་ཆེར་བསྙད་དེ། ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། ཡུད་ཙམ་ཡང་བརྗོད་དེ། མཁན་པོ་བདག་ཅག་གིས་དེ་ལྟར་ངེས་པར་བགྱིས་ནས་མཆིས་ཀྱིས་མཁན་པོ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག །

དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ལོ་རྒྱུས་དེ་དག་ཐོས་ནས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་བཟའ་བ་དང་། བཅའ་བ་དང་། སྐོམ་དང་། གོས་དང་། བགོ་བ་དང་། རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས་མཆོད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བུ་མོ་དེ་གཟུགས་དང་ཁ་དོག་རྒྱས་པར་དེ་ལྟ་བུ་དེ་ཐོས་ནས་ཡི་ཆད་པར་གྱུར་ཏེ། གཟུགས་དེ་འདྲ་བར་སྡུག་པར་ཐོས་པ་ལས་ན། གོར་མ་ཆག་པར་དེ་འདོད་ཆགས་ཤས་ཆེ་བ་ཡིན་གྱིས་མ་ལ་བདག་སོང་སྟེ་ཆེས་སྔར་བརྟག་པར་བྱའོ། །

སྙམ་དུ་བསམས་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་ཆེས་སྔར་འཇུག་ངོགས་སུ་ཉེ་རེག་བགྱིའོ། །སླད་ཀྱིས་བག་མ་བླང་ངོ་། །དེ་ལ་དེ་གཉིས་གནང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་བྲམ་ཟེའི་ཁྱེའུ་གཅིག་ཅིག་དང་ལྷན་ཅིག་ཏུ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ནས་བྱུང་སྟེ། གྲོང་ཁྱེར་ཀ་པི་ལ་ག་ལ་བ་དེར་ཆས་ནས་མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་རྒྱུ་ཞིང་གྲོང་ཁྱེར་ཀ་པི་ལར་ཕྱིན་ནོ། །

དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལམ་གྱིས་དུབ་པ་ངལ་བསོས་ཏེ་ལོ་མའི་ཕུར་མ་ཐོགས་ནས་གྲོང་ཁྱེར་ཀ་པི་ལར་སློང་མོའི་ཕྱིར་ཞུགས་སོ། །དེ༌ཁྱིམ་ནས་ཁྱིམ་དུ་སློང་མོ་ལ་རྒྱུ་ཞིང་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་སེར་སྐྱའི་ཁྱིམ་གྱི་སྒོར་ཕྱིན་ཏོ། །

དེ་ནས་སེར་སྐྱའི་བུ་མོ་བཟང་མོ་སློང་མོ་ཐོགས་ནས་བྱུང་བ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་བུ་མོ་དེ་ནི་འདི་ཡིན་ནོ་སྙམ་དུ་བསམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སུའི་བུ་མོ་ཡིན། དེས་འདི་སྐད་ཅེས་སྨྲས་སོ། །སེར་སྐྱའི་ཡིན་ནོ། །ཁྱོད་གཞན་ལ་བྱིན་ནམ། དེས་འདི་སྐད་ཅེས་སྨྲས་སོ། །བདག་གིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ་གནས་པ་དེའི་ནྱ་གྲོ༌དྷ་སྐྱེས་ཞེས་བྱ་བ་དེ་ལ་བདག་ཕ་མ་གཉིས་ཀྱིས་བྱིན་པར་ཐོས་སོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཁྱོད་ལ་ཁྱིམ་ཐབ་དེ་འདྲ་བ་ཅིར་དགོས། གང་ལ་དེ་ཁྱིམ་ཐབ་ཏུ་གྱུར་པ་དེ་ནི་ཁྱིམ་ཐབ་མེད་པ་ཉིད་དུ་ཤེས་པར་གྱིས་ཤིག །དཔེར་ཇི་ལྟ་བུ་ཞིག །དེས་འདི་སྐད་ཅེས་སྨྲས་སོ། །དེ་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ན་ཁྱིམ་ཐབ་དེ་ལྟ་བུ་དེས་ཅི་ཞིག་བྱ། རྗེའི་སྲས་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་བདག་དབུགས་ཀུན་ཏུ་ཕྱུང་ངོ་། །ཁྱོད་ཀྱིས་ནི་བདག་ལ་བདུད་རྩི་ཁོ་ནས་དབང་བསྐུར་རོ་སྙམ་སེམས་སོ། །

དེས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་བྲམ་ཟེའི་ཁྱེའུ་བདག་ཀྱང་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ནོ། །འདི་སྐད་ཅེས་ཀྱང་སྨྲས་སོ། །ཕྱུག་པོ་དང་ནི་དབུལ་པོ་ལ། །འདྲ་བར་ཁྱོད་མཐོང་བདེ་བ་འདི། །སྙིང་དང་མཐུན་པའི་བྱུག་པ་སྟེ། །ཙན་དན་པུ་ཤེལ་ཙི་དག་མིན། །འོན་ཀྱང་བདག་ལ་དབང་མེད་དེ་ཕ་མ་གཉིས་ཀྱིས་བདག་ཁྱིམ་ཐབ་ལ་བྱིན་ན་ཇི་ལྟར་བྱ།

དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་བརྟན་པ་དང་སྤུངས་གྱིས་ཤིག །བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དེ་ཁོ་བོ་ཡིན་ནོ། །དེ་ནས་སེར་སྐྱའི་བུ༌མོ་བཟང་མོས་བྲམ་ཟེའི་ཁྱེའུ་དེ་ལས་ཚིག་དེ་ཐོས་ནས་རྒྱས་པར་ཆེས་དབུགས་ཀུན་ཏུ་བྱུང་བར་གྱུར་ཏེ། ནྱ་གྲོ་དྷ་སྐྱེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་བཞུད་ལ་དམ་བཅས་པ་བརྟན་པར་གྱིས་ཤིག །དམ་པ་རྣམས་ནི་དམ་བཅས་པ་བརྟན་པ་ལགས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་དང་ལྷན་ཅིག་གྲོས་བྱས་ནས་ཡང་སླར་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་ཕྱིན་ཏོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་ཇི་ལྟ་བུ་ཡིན་པ་དེ་བྱས་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཆུང་མ་བླངས་སོ། །གང་གི་ཚེ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་བཟང་མོ་བླངས་པ་དེའི་ཚེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕ་མ་གཉིས་ཀྱིས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དང་། སེར་སྐྱའི་བུ་མོ་བཟང་མོ་གནས་གཅིག་ཏུ་བཀོད་དོ། །དེ་གཉིས་ཀྱི་ཆེད་དུ་མལ་གཉིས་བཅས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་སྔོན་དམ་བཅས་པ་དྲན་པར་བྱོས་ཤིག །སེར་སྐྱའི་བུ་མོ་བཟང་མོས་ཀྱང་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་ཁྱོད་ཀྱང་དགོངས་ཤིག་ཅེས༌གཅིག་གིས་གཅིག་བསྐུལ་ཏེ། མ་དང་བུ་གཉིས་ཇི་ལྟ་བ་བཞིན་དུ་འཁོད་དོ། །

དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་བཅས་པས་དེ་གཉིས་ཀྱི་རིམ་གྲོ་མ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཆུང་མ་དང་ལྷན་ཅིག་ཇི་ལྟར་འདུག །དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །མ་དང་བུ་ལྷན་ཅིག་པའམ། བུ་དང༌མ་ལྷན་ཅིག་པ་བཞིན་ནོ། །དེ་སྐད་ཅེས་ཐོས་ནས་ཀྱང་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་ལྷན་ཅིག་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཁོ་ནའི་ཉེས་པ་ཡིན་གྱི། དེ་གཉིས་ཀྱི་ནི་མ་ཡིན་ཏེ། གང་གི་ཕྱིར་བདག་ཅག་གིས་དེ་གཉིས་ཀྱི་ཆེད་དུ་མལ་གཉིས་བཅས་པས་སོ་སྙམ་བསམས་ནས་མལ་དང་ཁྲིའུ་གཅིག་བཞག་གོ །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་ཀྱེ་མ་ཕ་མ་གཉིས་ཀྱིས་བདག་ཅག་ལ་དམ་པ་མ་ཡིན་པའི་ཆོས་ཀྱི་ཆེད་དུ་བརྩམ་པ་ཆེན་པོ་འདི་བླངས་སོ་སྙམ་དུ་སེམས་སོ། །སེར་སྐྱའི་བུ་མོ་བཟང་མོས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕ་མའི་དགོངས་པ་ཁོང་དུ་ཆུད་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་ཁྱོད་དང་བདག་གི་ཆེད་དུ་སྦྱོར་བ་འདི༌སྦྱར་ཏོ། །འོན་ཀྱང་སྔོན་གྱི་དམ་བཅས་པ་དགོངས་ཤིག །དེས་སྨྲས་པ། སྙིང་ལས་ཆུང་ངུར་གྱིས་ལ་བག་མ་ཚ༌ཞིག །

དེ་ན་ནམ་གྱི་ཆ་སྟོད་ལ་ནི་སེར་སྐྱའི་བུ་མོ་བཟང་མོ་མལ་དུ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ནི་ཁྲིའུ་ལ་གནས་ཤིང་འདུག །ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ་ལོ། །

བཟང་མོ་ནི་གནས་ཤིང་འདུག་གོ །ནམ་གྱི་ཆ་སྨད་ལ་ནི་ཡང་བཟང་མོ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ནི་ཁྲིའུ་ལ་འདུག་ཅིང་མི་ཉལ་ལོ། །དེ་བཞིན་དུ་ཁྲིའུའི་བར་ཡང་ཕྱུང་བ་དང་ཡང་སེར་སྐྱའི་བུ་མོ་བཟང་མོས་ནྱ་གྲོ་དྷ་སྐྱེས་ལ་སྨྲས་པ། རྗེའི་སྲས་འོ་སྐོལ་གྱི་ཆེད་དུ་སྦྱོར་བ་འདི་བརྩམས་ཀྱིས་སྔོན་གྱི་དམ་བཅས་པ་དགོངས་ཤིག །

དེས་སྨྲས་པ། རྟོག་པ་མེད་པ་དང་། དོགས་པ་མེད་པར་གྱིས་ལ་ཁྱོད་ཀྱང་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤིག །དེ་ནས་བཟང་མོ་ནི་ནམ་གྱི་ཆ་སྟོད་ལ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ནི་འཆག་གོ །ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ་ལོ། །སེར་སྐྱའི་བུ་མོ་བཟང་མོ་ནི་འཆག་གོ །ཡང་ནམ་གྱི་ཆ་སྨད་ལ་ནི་བཟང་མོ་ཉལ་ལོ། །ནྱ་གྲོ་དྷ་སྐྱེས་ནི་འཆག་སྟེ། དེ་དག་ཚུལ་འདིས་གནས་གཅིག་ན་མལ་གཅིག་ཏུ་ལོ་བཅུ་གཉིས་ཐལ་ཐལ་དུ་ལན་འགའ་ཡང་དེ་གཉིས༌གཅིག་ལ་གཅིག་འདོད་ཆགས་ཀྱི་སེམས་མ་བསྐྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་ཀྱེ་མ་འདོད་ཆགས་དང་བྲལ་བར་མ་གྱུར་བཞིན་དུ་འདོད་ཆགས་དང་བྲལ་བའི་ཚུལ་ཉམས་སུ་མྱོང་བར་བྱེད་པ་ནི་ངོ་མཚར་ཏེ་མ་ལ་བདག་གིས་འདི་གཉིས་བགམ་པར་བྱའོ་སྙམ་དུ་བསམས་ནས་བདག་ཉིད་སྦྲུལ་གྱི༌ཆ་བྱད་དུ་མངོན་པར་སྤྲུལ་ཏེ། དེ་གཉིས་ཀྱི་མལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྦྲུལ་ཆེན་པོ་བསྐྱིལ་བ་བྱས་ཏེ་མལ་གྱི་འོག་ཏུ་འདུག་པ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སྦྲུལ་ནག་པོ་གདུག་པ་དྲག་པོ་སོ་གདུག་པ་དེ་མལ་གྱི་འོག་ན་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་ཀྱེ་མ་གཟུགས་འདི་ལྟ་བུས་མ་རུངས་བར་བྱས་པར་འགྱུར་རོ་སྙམ་དུ་སེམས་སོ། །ཉལ་བ་དེའི་ལག་པ་ཡང་ཕྱི་རོལ་དུ་འཕྱང་ངོ་། །

དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཅི་བདག་གིས་ད་ཇི་ལྟར༌བྱ་སྙམ་དུ་བསམས་སོ། །དེ་ནས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་བཏེག་སྟེ་བཞག་གོ །

དེ་ནས་སེར་སྐྱའི་བུ་མོ༌བཟང་མོ་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པས་སད་པ་དང་། སྐྲག་ཅིང་ཡིད་མི་དགའ་ནས་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་རེག་པར་བྱེད་པ་འདི་ཅི་ཞིག་ལགས། ཁྱོད་ཀྱིས་བདག་ལ་འདོད་ཆགས་དང་བཅས་པའི་སེམས་ཀྱིས་མ་རེག་གམ།

དེས་སྨྲས་པ། བཟང་མོ་དེ་ལྟ་མ་ཡིན་ནོ། །འོན་ཀྱང་སྦྲུལ་གདུག་པ་འདིས་ཟིན་པར་གྱུར་ན་མི་རུང་ངོ་སྙམ་ནས་དེའི་ཕྱིར་ཁོ་བོས་ལག་པ་འཕྱང་བ་བཏེག་སྟེ་བཞག་གོ །ཇི་ལྟ་བུ་ཞིག་གིས། དེས་སྨྲས་པ། རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་བདག་ནི་སྦྲུལ་གདུག་པས་ཟིན་ཀྱང་བླའི་ཁྱོད་ཀྱིས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པ་ནི་མི་རུང་ངོ་། །ཅིའི་སླད་དུ་ཞེ་ན། མ་ལུ་ཏ་ཡི་འཁྲི་ཤིང་འཁྲིས་པས་ལྗོན་ཤིང་བཟང་པོ་ཉམས། །བུད་མེད་དག་ལ་རེག་པའི་རྒྱུ་ཡིས་འཇིག་རྟེན་ཕུང་བར་གྱུར། །དེ་ཡི་སླད་དུ་མགྱོགས་པར་འཆི་བའི་སྦྲུལ་གྱིས་ཟིན༌བླ་ཡི། །སྐྱེས་པའི་ལག་པས་བུད་མེད་མཆོག་ལ་རེག་པར་མི་རུང་ངོ་། །གཞན་ཡང་མི་དབང་བུ་མོའི་ལུས་ཀྱིས་རེག་པ་ཡིས། །དཀའ་ཐུབ་ཆེན་པོ་རྭ་ཅན་དཀའ་ཐུབ་ཉམས། །ལྷག་སྤྱོད་རླུང་གི་ལམ་ནས་མི་དབང་གི །ཁྱིམ་དུ་འོངས་ནས་ནགས་སུ་རྐང་པས་སོང་། །དེ་ནས་དེ་དག་དེ་ལྟར་འཁོད་འཁོད་པ་ལས་དུས་གཞན་ཞིག་ན་ཕ་མ་གཉིས་ཤིའོ། །

དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། གང༌གི་ཚེ་ཕ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་ཆུང་ངུར་འཁོད༌འཁོད་ན། ད་ནི་བདག་གི་ཕ་མ་གཉིས་ཤི་བས་དེའི་ཕྱིར་བདག་ཅག་གིས་རང་གི་ཁྱིམ་གྱི་འཚོ་ཚིས་བསྒྲུབ་པར་བྱ་བ་ཡིན་ནོ་སྙམ་དུ་བསམས་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་གང་གི་ཚེ་བདག་གི་ཕ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་ཆུང་ངུར་འཁོད་འཁོད་ན་ད་ནི་བདག་ཅག་གི་ཁྱིམ་གྱི་འཚོ་ཚིས་རྗེས་སུ་བསམས་དགོས་པས་བཟང་མོ་རེ་ཞིག་ཁྱོད་ཀྱིས་ནི་ཁྱིམ་གྱི་ལས་ཀྱི་མཐའ་ལ་ལྟོས་ཤིག །ང་ཡང་གྲོང་གི་ཞིང་ལས་དག་ལ་འགྲོའོ་ཞེས་སྨྲས་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཞིང་ལས་ལ་སོང་ངོ་། །

བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཕའི་ཞིང་ལས་ལ་བལྟས་ན་རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་རྨེད་ཅིང་དེ་ན་ཡང་སྲོག་ཆགས་ཕྲ་མོ་ཕྲ་མོ་དག་ཚུལ་མ་ཡིན་པས་ཉོན་མོངས་པར་འགྱུར་བ་དང་། གླང་རྣམས་ཀྱང་སྣ་ནི་ཕུག །གཤུལ་ནི་ཞོམ། ལྕག་གིས་རྐུབ་ཙོས་ནི་རྡོལ། མི་རྣམས་ཀྱང་སྐྲ་དང་ཁ་སྤུ་ནི་རིང་། ལག་པ་དང་། རྐང་པ་ནི་སེར་ག་བྱུང་། གསོ་རས་དག་ནི་གྱོན། ལུས་ནི་སའི་རྡུལ་གྱིས་ཡོག །སྡོང་དུམ་ཚིག་པ་ནི་འདྲ། འདྲེ་ལྟ་བུར་ནི་གྱུར་ཅིང་གཤོལ་དང་། ཐོང་ལྕགས་དང་། སྤྱད་དང་། གླང་ལྕག་གི་ཕྱིར༌གཅིག་ལ་གཅིག་ཁ་ཟེར་བ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་དེ་རྣམས་ཀྱི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་སུ་ཡིན། བདག་ཅག་ནི་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ལས་བྱེད་པ་ཡིན་ནོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱེད་སུས་བསྐོས། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་དེས་བསྐོས་པ་ནི་མེད་ན་འོན་ཀྱང་ཕས་དེའི་ཁྱིམ་གྱི་འཚོ་ཚིས་འདི་བྱེད་དུ་བཅུག་གོ །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཞིང་པ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །

ཤེས་ལྡན་དག་གལ་ཏེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕས་ཁྱིམ་གྱི་འཚོ་ཚིས་འདི་བྱེད་དུ་བཅུག་ན་ཤེས་ལྡན་དག་ཅིའི་ཕྱིར་ཁ་ཟེར་བ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད། ཤེས་ལྡན་དག་ཅིའི་ཕྱིར་འདི་ལྟ་བུའི་ལུས་དང་། ངག་གི་སྤྱོད་པ་ཀུན་ཏུ་རྩོམ་པར་བྱེད། ཁྱེད་དེའི་རྣམ་པར་སྨིན་པས་འཁོར་བར་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་རམ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་བདག་གིས་ནི་ལུས་ཀྱིས་ཀྱང་ཅུང་ཟད་ཀྱང་ཀུན་ཏུ་མི་སྤྱོད་ལ། ངག་གིས་ཀྱང་མ་ཡིན། ཡིད་ཀྱིས་ཀྱང་མ་ཡིན་བཞིན་དུ་འདི་ལས་བདག་ལ་ཡང་བསོད་ནམས་མ་ཡིན་པ་ཉེ་བར་སྐྱེའོ་སྙམ་དུ་སེམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་རང་གི་ཁྱིམ་དུ་སོང་སྟེ་སེར་སྐྱའི་བུ་མོ་བཟང་མོ་ལ་སྨྲས་པ། བཟང་མོ་བག་ཡོད་པས་ཁྱིམ་སྒྲུབས་ཤིག །སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་ཁྱོད་ཅི་མཛད། དེས་འདི་སྐད་ཅེས་སྨྲས་སོ། །དཀའ་ཐུབ་ཀྱི་ནགས་སུ་འགྲོའོ། །ཇི་ཙམ་ན་ཚིགས་སུ་བཅད་པ་སྨྲས་པ། དྲེའུ་ཆུང་གང༌གི་འབྲས་ཆན་རུང་། །མལ་གཅིག་གིས་ནི་བདེ་བ་སྐྱེད། །རས་བཅོས་ཟུང་གཅིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །རེ་ཞིག་ན་བཟང་མོས་ཀྱང་ཁྱིམ་ལ་བལྟ་བར་བརྩམས་སོ། །ཇི་ཙམ་ན་བྲན་མོ་རྣམས་ལག་པ་དང་། རྐང་པ་ནི་སེར་ག་བྱུང་། གསོ་རས་ནི་གྱོན། མགོ་ནི་ཡེགས། གཏུན་དང་། གཏུན་བུ་དང་། གླང་ཆེན་དང་། ཁྲི་དེ་ལ་སོགས་པའི་ཆེད་དུ༌གཅིག་ལ་གཅིག་ཁའི་མདུང་ཐུང་གིས་ནི་འདེབས་པ་མཐོང་ནས་སོང་སྟེ། དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་མ་དག་ཁྱེད་སུའི་ཡིན། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །སེར་སྐྱའི་བུ་མོ་བཟང་མོའི་ལགས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱེད་ཅག་སེར་སྐྱའི་བུ་མོ་བཟང་མོས་བསྐོས་སམ། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །

འདི་ལྟར་བདག་ཅག་ནི་སེར་སྐྱའི་བུ་མོ་བཟང་མོས་མ་བསྐོས་མོད་ཀྱི། འོན་ཀྱང་སྒྱུག་མོས་དེའི་ཁྱིམ་གྱི་འཚོ་ཚིས་བྱེད་པར་བསྐོས་སོ། །རེ་ཞིག་ན་དེ་ཡང་ཡིད་བྱུང་སྟེ་ཚིགས་སུ་བཅད་པ་སྨྲས་པ། དྲེའུ་ཆུང་གང༌གིས་འབྲས་ཆན་རུང་། །མལ་གཅིག་གིས་ནི་བདེ་བ་སྐྱེད། །རས་བཅོས་ཟུང་གཅིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །དུས་དེའི་བར་དུ་ཡང་སངས་རྒྱས་ད་དུང་དུ་མ་བྱུང་བར་གྱུར་ཏེ། དེ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དང་། ཀུན་ཏུ་འཚོ་བ་པ་དང་། ཐལ་བ་ཅན་ལ་སོགས་པ་རྣམས་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློང་མོ་པ་རྣམས་ལ་སྦྱིན་པ་བཏང་བ་བྱས་ནས་དབུལ་པོ་ནི་མི་དབུལ་བར་བྱས། བྲན་དང་། གླ་མི་དང་། མངག་གཞུག་པ་རྣམས་ནི་མི་བཀོལ་བར་བྱས། བཤེས་གཉེན་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ལ་ནི་རྫས་ཀུན་བགོས་ནས་ཁྱིམ་གྱི་ནང་དུ་ཞུགས་ཏེ། གོས་ཐ༌ཆད་འགའ་ཅི་ཡོད་བླང་ངོ་སྙམ་ནས་གོས་ཀྱི་རྫས་ཀྱི་མཛོད་དུ་བལྟས་པ་དང་། དེས་གོས་ཀྱི་ཕྱི་ཚས་རས་ཡུག་ཆེན་ཐ་ཆད་སྟོང་ཕྲག་བརྒྱ་རི་བ་ཞིག་ནི་བདག་གིས་ཁྱེར། དེ་འདྲ་བ་གཅིག་ནི་བཟང་མོ་ལ་བྱིན་ནོ། །ཁྱིམ་ནི་ཉེ་དུ་རྣམས་ལ་གཏད་དོ། །

དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་གང་དུ་འགྲོ་བར་འདོད། དེས་སྨྲས་པ། ཁྱོད་ཁོ་ན་དང་ལྷན་ཅིག༌ཏུ་དཀའ་ཐུབ་ཀྱི་ནགས་སུ་མཆིའོ། །དེས་སྨྲས་པ། གང་གི་ཕྱིར་བུད་མེད་དང་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་འདུག་པར་བྱ་བ་དེ་ནི་ཆ་མ་ཡིན་ནོ། །བཟང་མོས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག༌ཇེ་སྔར་ཁྱིམ་ནས་ཐོངས་ཤིག །ཅིའི་ཕྱིར། བཟང་མོས་འདི་སྐད་ཅེས་སྨྲས་སོ། །གང་གི་ཕྱིར་ཁྱོད་སྔར་ཇེ་བཞུད་ན་བུད་མེད་ནི་འབྲས་ཆན་ཚོས་པ་དང་འདྲ་བར་སྐྱེ་བོ་མང་པོས་དོན་དུ་གཉེར་བར་བགྱི་བ་ལགས་ཏེ། ཁྱོད་བཞུད་ན་བདག་ཁ་ཅིག་གིས་དོན་དུ་གཉེར་བར་གྱུར་ན་མི་རུང་བ་དེ་སྲིད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། བུ་མོ་འདི་ནི་མཁས་ཤིང་བློ་ཤིན་ཏུ་གཏན་ལ་བབ་པ་ཡིན་ནོ་སྙམ་དུ་བསམས་ཏེ། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཚུར་ཤོག །ཁྱིམ་ནས་ལྷན་ཅིག་ཁོ་ནར་འདོང་བར་བྱའོ། །དེ་དག་ཁྱིམ་ནས་ལྷན་ཅིག་ཁོ་ནར་དོང་ངོ་། །དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དང༌ཐེ་གི་ཙམ་གྱི་བར་དུ་ལྷན་ཅིག་ཁོ་ནར་དོང་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་སོང་ལ་སྤྱོད་པ་ཇི་ལྟར་འདོད་པ་ལ་གནས་པར་གྱིས་ཤིག །དེའི་ཚེ་ན་རྒྱལ་པོའི་ཁབ་ན་གཅེར་བུ་པ་རྫོགས་བྱེད་ཅེས་བྱ་བ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ་ཞིག་གནས་ཏེ། དེ་ཡང་གཅེར་བུ་པ་དང་། གཅེར་བུ་པའི་སློབ་མ་དུ་མས་ཡོངས་སུ་བསྐོར་ཏོ། །

དེ་ནས་སེར་སྐྱའི་བུ་མོ་བཟང་མོ་གཅེར་བུ་རྫོགས་བྱེད་ག་ལ༌བ་དེར་སོང་སྟེ་ཕྱིན་ནས་གཅེར་བུ་པ་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བདག་ཁྱོད་ལས་རབ་ཏུ་འབྱུང་བར་འཚལ་ལོ། །དེས་དེ་རབ་ཏུ་བྱུང་ནས་གཅེར་བུ་མ་རྣམས་ཀྱི་ནང་དུ་བཞག་གོ །དེ་ནས་གཅེར་བུ་པ་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ༌བཟང་མོ་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ། ཁ་དོག་རྒྱས་པ། མཆོག་དང་ལྡན་པ་མཐོང་ནས་གཅིག་ལ་གཅིག་སྨྲས་པ། བདག་ཅག་རབ་ཏུ་བྱུང་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་ཕྱིར་ཡིན་ལ། སེར་སྐྱའི་བུ་མོ་བཟང་མོ་འདི་ཡང་ལྷའི་བུད་མེད་འདྲ་ན་རེ་ཞིག་ལྷའི་འདོད་པའི་ཡོན་ཏན་རྣམས་རྙེད་དམ་མི་རྙེད་གཏོལ་མེད༌ཀྱིས། ཇེ་སེར་སྐྱའི་བུ་མོ་བཟང་མོ་འདི་ལ་ལོངས་སྤྱད་པར་བྱའོ་ཞེས་སྨྲས་ནས་གཅེར་བུ་པ་ལྔ་བརྒྱ་ཙམ་གཅེར་བུ་པ་རྫོགས་བྱེད་ག་ལ་བ་དེར་དོང་ངོ་། །རེ༌ཞིག་ན་སྐབས་དེ་རྒྱས་པར་སྨྲས་ནས་དེ་ནས་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ༌བཟང་མོ་བསླངས་པ་དང་། དེས་ཀྱང་སློབ་མ་ལ་བྱམས་པའི་ཕྱིར་གནང་ངོ་། །དེ་ནས་ལས་ཀྱི་རྣམ་པར་སྨིན་པའི་རྐྱེན་གྱིས་ཉི་མ་རེ་རེ་ཞིང་གཅེར་བུ་པ་ལྔ་བརྒྱ་པོ་རྣམས་ཀྱིས་དགའ་མགུར་སྤྱོད་པར་བྱེད་དོ། །ཇི་ཙམ༌ན་དེ་ཡིད་བྱུང་བས་རྫོགས་བྱེད་ལ་གསོལ་བ་དང་། དེས་སྨྲས་པ། གང་ལ་རྒྱ་ཕོག་པ་དེ་དང་ཕྲད་པར་གྱིས་ཤིག །ཞེས་དང་ཡང་དེ་ལས། དེ་ནས་བཅོམ་ལྡན་འདས་མཐར་གྱིས་ལྗོངས་རྒྱུ་བ་རྒྱུ་ཞིང་རྒྱལ་པོའི་ཁབ་ཏུ་གཤེགས་ནས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །

དེའི་ཚེ་རྒྱལ་པོའི་ཁབ་ན་རི་བོ་དང་། མཛེས་པ་ཕྲད་པའི་དུས་སྟོན་བྱེད་དོ། །དེར་མུ་སྟེགས་པ་ཐམས་ཅད་གདོན་མི་ཟ༌བར་འདུ་བ་ཡིན་པས་ན་རེ་ཞིག་ན་གཅེར་བུ་པ་རྣམས་ཀྱང་རྒྱལ་པོའི་ཁབ་ཏུ་དོང་ངོ་། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ་འདི་སྙམ་དུ་སུ་ཞིག་འདི་ལྟར་ཡུན་རིང་པོར་ཉོན་མོངས་པ་ཉམས་སུ་མྱོང་བར་བྱེད། རྒྱལ་པོའི་ཁབ་ཏུ་སློང་མོའི་ཕྱིར་འཇུག་པ་འདི་ནི་བདག་གི་དུས་ལ་བབ་བོ་སྙམ་དུ་སེམས་སོ། །དེ་ནས་དེ་ཉོན་མོངས་པས་ཡིད་བྱུང་བས་སྐབས་རྙེད་དེ་རྒྱལ་པོའི་ཁབ་ཏུ་སློང་མོ་ལ་སྙད་བཏགས་ཏེ་སོང་ངོ་། །

ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེས་སེར་སྐྱའི་བུ་མོ་བཟང་མོ་ཁ་དོག་རྒྱས་པ་དང་ལྡན་པ་མ་ཡིན་པ་དེ་འདྲ་བར་གྱུར་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཇི་ཡང་དག་པར་ཚངས་པར་སྤྱོད་པ་ལ་གནས་པ་ཡོངས་སུ་བསྐྱངས་སམ། དེས་འདི་སྐད་ཅེས་སྨྲས་སོ། །རྗེའི་སྲས་རང་གི་ཁྱིམ་ན་གནས་པ་དེ་ཁོ་ན་བདག་གི་ཚངས་པར་སྤྱོད་པར་གྱུར་གྱི། ད་ལྟར་ནི་མི་ཚངས་པར་སྤྱོད་པ་ཁོ་ནར་བས་ཏེ། ཚངས་པར་སྤྱོད་པ་མ་མཆིས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་ངམ། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །

རྗེའི་སྲས་ཁྱེད་ལ་ཡང་རྒྱས་གཏོད་པ་མེད་གྲང་། རེ་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགོངས་པར་བརྩམས་ན་ཉེས་པ་བཤད་པའི་ཆོས་ཅན། ཉེས༌པའི་ཆོས་ཅན་དེ་རྣམས་ཀྱིས་དམ་པ་མ་ཡིན་པའི་ཆོས་ལ་སྦྱར་བར་མཐོང་སྟེ། དེས་བྱུང་བ་དེ་ལྟ་བུ་རིག་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །

སྲིང་མོ་མ་འཇིགས་ཤིག །བཅོམ་ལྡན་འདས་ཀྱི་བསྟན་པ་ནི་དྲི་ང་བ་མེད་པ་དང་། །སྡིག་པ་མེད་པ་ཡིན་ནོ། །དེའི་ཉན་ཐོས་རྣམས་ནི་ལྷའི་འདོད་པ་རྣམས་ཀྱང་དོན་དུ་མི་གཉེར་ན་མི་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན་ནོ། །དེས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ཡོངས་སུ་གཏད་ནས་དེས་དེ་རབ་ཏུ་བྱུང་བསྙེན་པར་རྫོགས་པར་བྱས་སོ། །

དེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། གཡོན་ཅན་དང་། འཕྱོན་མ་དང་། ཟོལ་པ་དག་གཟུགས་འདི་ལྟ་བུར་སྡུག་པ་འདི་ཡོངས་སུ་ལོངས་སྤྱོད་པ་མེད་པར་དགའ་བར་བྱེད་དོ་ཞེས་ཁ་ཟེར་རོ། །དེ་ནས་དུས་གཞན་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་། ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །སེར་སྐྱའི་བུ་མོ་བཟང་མོ་ཡང་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཅི་ཁྱོད་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར༌དགའ་འམ། དེས་སྨྲས་པ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་སྟེ་མངོན་པར་མི་དགའ་བ་མ་མཆིས་སོ། །འོན་ཀྱང་བདག་ནི་ལུག་ཚོན་པོ་དང་འདྲ་བར་གཟུགས་འདིས་གནོད་པར་བྱུང་སྟེ། གང་དང་གང་དུ་མཆི་བ་དེ་དང་དེ་ནས་སྐྱེ་བོ་དག་བདག་ལ་གཡར་མཆིའོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། བསོད་སྙོམས་ཀྱི་ཕྱིར་ཉོན་མོངས་པར་མ་བྱེད་ཅིག །ངས་ཁྱོད་ལ་ཉི་མ་རེ་རེ་ཞིང་རང་གི་བསོད་སྙོམས་ལས་ཕྱེད་ཕྱེད་སྦྱིན་ནོ། །

དེ་བསོད་སྙོམས་ལ་བརྒྱུས་ཏེ་ཕྱེད་ནི་བདག་ཉིད་ཀྱིས་སྤྱད། ཕྱེད་ནི་དེ་ལ་བྱིན་ནོ། །དེ་དེ་ལྟར་ཞུགས་པ་ན་དྲུག་སྡེ་རྣམས་འོད་སྲུང་ཆེན་པོ་འདི་ཁྱིམ་པར་གྱུར་པ་ན་བཟང་མོ་འདི་དང་ལྷན་ཅིག་ཁྱིམ་གཅིག་ན་ལོ་བཅུ་གཉིས་འདུག་ཀྱང་ལན་འགའ་ཡང་ཀུན་ཏུ་ཆགས་པའི་སེམས་ཀྱང་མ་བསྐྱེད་དོ་ཞེས་ཐོས་ན་ད་ལྟར་ནི་དེ་ལ་བསོད་སྙོམས་ཕྱེད་སྦྱིན་པར་བྱེད་དོ་ཞེས་འཕྱ་བར་གྱུར་ཏོ། །

དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་ལ་ཡིད་ལ་བྱ་བ་བསྒོ་བ་དང་། དེས་བརྩོན་པ་དང་འབད་པ་དང་། བརྩལ་བ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །རེ་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དགེ་སློང་དག་འཕྱ་བར་ཐོས་སོ། །ཐོས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དགེ་བའི་བཤེས་གཉེན་གྱིས་བྱ་བ་གང་ཡིན་པ་དེ་ངས་བྱས་ཟིན་ལ་རི་དྭགས་ཀྱིས་རི་དྭགས་མི༌གསོས་ཀྱིས། ད་ནི་རང་གི་སྤྱོད་ཡུལ་སངས་རྒྱས་ཀྱིས་གནང་བ་ཕའི་ཡུལ་དུ་སྦྱངས་པའི་ཡོན་ཏན་བསོད་སྙོམས་རྗེས་སུ་སྤེལ་ཅིག་ཅེས་དེ་སྐད་རྗེས་སུ་བསྟན་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན༌པོས་བཏང་སྙོམས་སྒོམ་པར་བྱེད་དོ། །

དེའི་ཚེ་མ་སྐྱེས་དགྲས་མི་དགེ་བའི་གྲོགས་པོ༌ལྷས་བྱིན་ལ་བརྟེན་ནས་ཕ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་སྲོག་དང་ཕྲལ་ཏེ་ཕའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱ་བའི་ཕྱིར་འདུག་གོ །འདུག་མ་ཐག་ཏུ་ཡིད་ལ་གཅགས་པར་གྱུར་ནས་དེ་ཡང་མྱ་ངན་གྱི་ཁང་པར་ཞུགས་སོ། །དེའི་མྱ་ངན་ཐབས་དུ་མས་ཀྱང་བསང་བར་མ་ནུས་ནས་བློན་པོ་རྣམས༌ཀྱིས་བསམས་པ། གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་གར་མཁན་དང་། ཟློས་གར་མཁན་དང་། བཞད་གད་མཁན་དང་། ཤིང་འཛེགས་མཁན་དང་། རོལ་མོ་མཁན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་བསྡུ་བར་བྱའོ་སྙམ་ནས་དེ་རྣམས་ཀྱིས་དེ་བཞིན་བྱས་སོ། །

དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་མདུན་དུ་རོལ་མོ་མཁན་གྱི་ཁྱད་པར་དུ་མས་པི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། མཁར་རྔ་དང་། ལྕགས་ཀྱི་སིལ་ཁྲོལ་དང་།

སྒྲ་སྙན་ལ་སོགས་པ་རོལ་མོའི་སྒྲ་དག་བྱེད། གླུ་དག་ལེན། གར་དག་བྱེད། རྒྱུག་པར་བྱེད། མཆོང་བར་བྱེད་དོ། །དེ་ལྟར་བྱས་ཀྱང་རྒྱལ་པོ་མ་སྐྱེས་དགྲའི་མྱ་ངན་བསང་བར་མ་ནུས་སོ། །དེ་ནས་དུས་གཞན་ཞིག་ན་སེར་སྐྱའི་བུ་མོ་བཟང་མོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་སྤྱོད་ལམ་ཀུན་ནས་མཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ། །བློན་པོ་ངན་སེམས་ཅན་ཞིག་གིས་སེར་སྐྱའི་བུ་མོ་བཟང་མོ་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ། ལུས་གསེར་གྱི་ཁ་དོག་པས་ཀྱང་ལྷག་པར་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདིས་རྒྱལ་པོའི་མྱ་ངན་སེལ་བར་བྱེད་དོ་སྙམ་དུ་བསམས་ནས་བློན་པོ་དེས་སེར་སྐྱའི་བུ་མོ་བཟང་མོ་བཟུང་སྟེ་རྒྱལ་པོ་ལ་འོས་པའི་ཁྲུས་རྣམས་ཀྱིས་ཁྲུས་བྱས་ནས་རྒྱལ་པོ་ལ་འོས་པའི་སྤོས་དང་། མེ་ཏོག་ཕྲེང་བ་དང་། གོས་དང་། རྒྱན་གྱི་ཁྱད་པར་རྣམས་ཀྱིས་བརྒྱན་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་ལོ། །

དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བ་མྱོང་བར་འགྱུར་བར་ངེས་པ་འོད་པ་བཞིན་དུ་རྣམ་པར་གནས་ཏེ། དཔེར་ན་རི༌དག་གམ། རིའི་རྩེ་མོ་དག་གི་གྲིབ་མ་ས་ལ་བབས་ཤིང་མངོན་པར་བབས་པ་དེ་བཞིན་དུ་སེར་སྐྱའི་བུ་མོ་བཟང་མོ་ལ་ཡང་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་འབྱུང་བ། མྱོང་བར་འགྱུར་བར་ངེས་པ། འོད་པ་བཞིན་དུ་རྣམ་པར་གནས་པ་ཡིན་པས་རེ་ཞིག་ན་རྒྱལ་པོ་མ་སྐྱེས་དགྲས་སེར་སྐྱའི་བུ་མོ་མཐོང་མ་ཐག་ཏུ་ཆགས་ནས་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བར་བརྩམས་སོ། །

དེ་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དྲིས་ན་སེར་སྐྱའི་བུ་མོ་བཟང་མོ་ཚོགས་ཀྱི་ནང་ན་མི་སྣང་ངོ་། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་བསམས་ན་རེ་ཞིག་ན་སེར་སྐྱའི་བུ་མོ་སྐོབས་སུ་ཆུང་། ཉམ་ང་བར་གྱུར་པར་མཐོང་ངོ་། །སྐོབས་སུ༌ཆུང་བ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར་པར་རིག་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ༌མཱིས་ཨུཏྤ་ལའི་མདོག་ལ་སྨྲས་པ། ཕུ་ནུ་མོ་སེར་སྐྱའི་བུ་མོ་བཟང་མོ་ལ་སོམས་ཤིག །དེ་ནས་ཨུཏྤ་ལའི་མདོག་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་རྫུ་འཕྲུལ་གྱིས་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེ་ནས་ཨུཏྤ་ལའི་མདོག་སྐར་ཁུང་གི་བུ་ག་ནས་ཞུགས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་ཀྱིས་ཐོག་མ་མེད་པའི་དུས་ནས་གོམས་པ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་དྲལ། སྤངས། བསལ། ཡོངས་སུ་བཏང་ན་ཅིའི་ཕྱིར་ཁྱོད་ཀྱིས་རྫུ་འཕྲུལ་རོ་དང་འདྲ་བ་མུ་སྟེགས་པ་ཐམས་ཅད་དང་ཐུན་མོང་པ་འདི་མངོན་དུ་མ་བྱས། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས༌ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་རྫུ་འཕྲུལ་གྱི་ལམ་མི་ཤེས་སོ། །དེ་ནས་ཨུཏྤ་ལའི་མདོག་གིས་སེར་སྐྱའི་བུ་མོ་བཟང་མོ་ལ་རྫུ་འཕྲུལ་གྱི་ལམ་བསྟན་ཏོ། །

དེ་ནས་སེར་སྐྱའི་བུ་མོ་བཟང་མོས་འཇིག་རྟེན་པའི་ལམ་གྱིས་བསམ་གཏན་བཞི་ལ་བརྟེན་ཏེ་རྫུ་འཕྲུལ་མངོན་པར་བསྒྲུབས་སོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་ངོ་། །དགེ་སློང་མ་བཅུ་གཉིས་སྡེས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོང་ངོ་། །མཐོང་ནས་ཀྱང་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་མི་བགྱིད་དོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་སོང་ལ་རྒྱལ་པོའི་གན་དུ་སོང་སྟེ་གོས་དང་རྒྱན་སླར་བྱིན་ལ་རྒྱལ་པོས་གནང་བར་གྱིས་གོས་ངུར་སྨྲིག་གྱོན་ལ་སླར་བདག་ཅག་གི་དྲུང་དུ་ཤོག་ཅིག །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ཚིག་མཉན་ནས་རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་སད་ནས་སེར་སྐྱའི་བུ་མོ་བཟང་མོ་མཐོང་སྟེ་འཁྱུད་པར་བརྩམས་སོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོ༌སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་སོ། །

དེ་ནས་རྒྱལ་པོ་མ་སྐྱེས་དགྲས་སེར་སྐྱའི་བུ་མོ་བཟང་མོ་ངང་པའི་རྒྱལ་པོ་འདབ་མ༌བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་པར་མཐོང་ངོ་། །མཐོང་ནས་འཇིགས་ཤིང་སྐྲག་ལ་ཡིད་བྱུང་སྟེ་སྐྱི་བུང་ཞེས་བྱེད་ནས་བསམས་པ། ཅི་རེ་ཞིག་ལྷ་མོ་ཡིན་ནམ། འོན་ཏེ་ཀླུ་མོའམ། དྲི་ཟ་མོའམ། གནོད་སྦྱིན་མོའམ། སྲིན་མོ་ཡིན་སྙམ་དུ་སེམས་ཏེ། ཚིགས་སུ་བཅད་པ་ཡང་སྨྲས་པ། ཁྱོད་ཅི་ལྷ་མོའམ་ཀླུ་མོའམ། །གནོད་སྦྱིན་སྲིན་མོ་དྲི་ཟ་མོ། །བུད་མེད་འདྲེ་མོའམ་ཅི་ཡིན་པ། །དྲིས་པ་དེ་ནི་བདག་ལ་གསུངས། །དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་ལྷ་མོ་ཀླུ་མོ་མིན། །དྲི་ཟ་གནོད་སྦྱིན་སྲིན་མོ་མིན། །མི་དབང་བདག་ནི་བདེ་གཤེགས་ཀྱི། །བྱ་བ་བྱས་པའི་ཉན་ཐོས་མའོ། །

དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཚིག་དེ་ཐོས་ནས་རི་དྭགས་དང་འདྲ་བར་ཟུག་རྔུ་གཉིས་པས་གནད་དུ་བསྣུན་ནས་ཀྱི་ཧུད་ཀྱེ་མ་ཨ་ལ་ལ་སྡིག་པ་ཆེན་པོ་བྱས་སོ་སྙམ་ནས་ཚིགས་སུ་བཅད་པ་ཡང་སྨྲས་པ། བདག་ནི་རྒྱ་མཚོའི་ཕ་མཐའ་འདྲ་བ་ཡི། །སྡུག་བསྔལ་གཅིག་མཐར་རེ་ཞིག་མི་ཕྱིན་ན། །ད་ནི་གཉིས་པ་ཉེ་བར་གནས་གྱུར་ཏེ། །གླགས་ཡོད་པས་ན་བདག་ལ་གནོད་མང༌འབྱུང་། །དེ་དེ་ལྟར་སེམས་པ་ལས་བརྒྱལ་ནས་སའི་སྟེང་དུ་འགྱེལ་བ་ལས་རེ་ཞིག་ན་ཆུས་གཏོར་ནས་བསླང་ངོ་། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་རང་གི་སེམས་རྙེད་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཨ་ལ་ལ་བདག་ནི་སྨས་ཤིང༌སྣད་པས་འཁོར་བར་འཁོར་བ་ན་ཤིན་ཏུ་སྨས་པར་གྱུར་ན་མི་རུང་བས་འཕགས་མ་མར་གཤེགས་མར་གཤེགས། ཉེས་པར་སྤྱོད་པའི་འདམ་གྱི་ཆུ་བོར་བྱིང་བ་བདག་གི་སུག་པ་ནས་དྲང་དུ་གསོལ། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་དེ་རྗེས་སུ་གཟུང་བའི་ཕྱིར་བབས་སོ། །བབས་ནས་སྟན་བཤམས་པ་ལ་འདུག་གོ །

དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྗོན་ཤིང་རྩ་བ་ནས་བཅད་པ་བཞིན་དུ་སེར་སྐྱའི་བུ་མོ་བཟང་མོའི་རྐང་པ་གཉིས་ལ་གཏུགས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གདུལ་དཀའ་བ་རྣམས་ལ་བཟོད་པ་མཛད་དུ་གསོལ། སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་བཟོད་དོ། །རེ་ཞིག་ན་སེར་སྐྱའི་བུ་མོ་བཟང་མོས་གོས་དང་རྒྱན་རྣམས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་ཀྱང་གོས་ངུར་སྨྲིག་དག་སེར་སྐྱའི་བུ་མོ་བཟང་མོ་ལ་བྱིན་ནས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་ཀྱང་སྨྲས་སོ། །འཕགས་མ་ཁྱོད་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟབས་པར་བགྱིའོ། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཕལ་ཆེར་བདག༌གི་ལས་ཀྱི་ཉེས་པ་ལགས་ཀྱི། ཁྱོད་ཀྱི་ཉེས་པ་ནི་མ་ཡིན་ནོ། །ཅིའི་སླད་དུ་ཞེ་ན། ལྷ་བཅོམ་ལྡན་འདས་ཀྱིས། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ནའང་མེད་ཅེས་གསུངས་སོ། །ལྷ་གཞན་ཡང་། ཇི་ལྟར་གྲིབ་མ༌མི་ཡི་རྗེས་འབྲང་བ། །འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར། །དེ་བཞིན་དགེ་དང་མི་དགེ་གྲིབ་མ་ལྟར། །སངས་རྒྱས་སྨྲ་བའི་བླ་ན་མེད་པ་གསུང་། །དེ་ནས་སེར་སྐྱའི་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་ཚིག་སྙིང་སྡུད་པར་བྱེད་པ་དེ་ལྟ་བུའི་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟེང་གི་ནམ་མཁའ་ལ་མངོན་དུ་འཕགས་ཏེ་སླར་ཡང་དགེ་སློང་མའི་དབྱར་ཁང་དུ་སོང་ངོ་། །

ཞེས་དང་ཡང་དེ་ལས། ཡང་དགེ་སློང་རྣམས་ཐེ༌ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་སེར་སྐྱའི་བཟང་མོས་ལས་ཅི་ཞིག་བགྱིས་ཤིང་བསགས་ན་འདི་ལྟར་རྣམ་པར་སྨིན་པས་གཟུགས་བཟང་ཞིང་མཛེས༌ལ། ལྟ་ན་སྡུག་པར་གྱུར་ཅེས་བྱ་བའི་བར་དུའོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་ཞིག་ན༌རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་པ་ནས། ཚོང་དཔོན་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞེས་བྱ་བའི་བར་དུའོ། །དེ་ཡང་སྐྱེ་བོའི་ཚོགས་རྣམས་ལྟ་བ་ན་སེམས་ཅན་བརྒྱ་སྟོང་དུ་མ་རྐང་ལག་རྩུབ་པ། ལུས་སེར་ཀ་ཅན་མགོ་ཡེགས་པ། རྡུལ་གྱིས་ཡོག་པ། ཁ་མིག་ཉམས་པ། ཚ་བ་དང་ལྷགས་པས་ཉམ་ཐག་པ། སྡུག་བསྔལ་དང་ལྡན་པ་མཐོང་ངོ་། །གཞན་དག་ནི་ལུས་ལ་གོས་བཟང་པོ་དང་། རྒྱན་གྱི་ཁྱད་པར་གྱིས་བཀླུབས་པ། རྟ་དང་གླང་པོ་དང་མི་དང་། ཤིང་རྟའི་བཞོན་པ་ཅན། འབྱོར་པ་མཆོག་དང་ལྡན་པ་ཡང་མཐོང་ནས། དེ་འདི་སྙམ་དུ་སེམས་ཅན་སྡུག་བསྔལ་བ་འདི་རྣམས་ཀྱིས་འདི་ལྟར་སྦྱིན་པ་མ་བྱིན་པའི་ལས་དེས་རྣམ་པ་འདི་ལྟ་བུར་གྱུར་ལ། ད་ལྟར་ཡང་འདི་དག་གིས་རབ་ཏུ་སྦྱིན་མི་ནུས་པའི་ཕྱིར་འདི་ནས་ཤི་འཕོས་ནས་འགྲོ་བ་ཤིན་ཏུ་དམན་པ་གང་ཡང་རུང་བར་སྐྱེ་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་དག་ཡོད་དོ། །སྦྱིན་པ་ཁྱད་པར་ཅན་གྱིས་ནི་ལོངས་སྤྱོད་ཅན་འདི་དག་ཏུ་གྱུར་ཏོ། །བདག་གིས་ཀྱང་གདོན་མི་ཟ་བར་སྐྱེ༌བ་གཞན་ལ་སྦྱིན་པ་བྱིན་པ་དེས་ན་རྣམ་པ་འདི་ལྟ་བུའི་འབྱོར་པ་རྙེད་པར་གྱུར་ཏོ། །

ཡང་བདག་གིས་བྱིན་ལ་ཚེ་རབས་གཞན་དུ་སྡུག་བསྔལ་བར་མི་འགྱུར་བར་བྱའོ་སྙམ་དུ་བསམས་སོ། །དེས་དེ་ལྟར་བསམས་ནས་ཁྱིམ་དུ་སོང་སྟེ་རང་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་འཇིག་རྟེན་ཕ་རོལ་དུ་ནོར་བསགས་པ་རྣམས་ཁྱེར་ལ་འདོང་ངོ་། །དེས་སྨྲས་པ། དེ་ལྟར་བགྱི༌ཡིས་བཞོན་པ་རྟ་དང་།

རྔ་མོ་དང་། བོང་བུ་དག་སྟ་གོན་མཛོད་ཅིག །དེས་སྨྲས་པ། བཞོན་པ་འདི་དག་གིས་ཅི་ཞིག་བྱ། ཐུན་མོང་གི་ནོར་དག་འཇིག་རྟེན་ཕ་རོལ་དུ་བཀུར་མི་ནུས་པ་ཉིད་དོ། །འོན་ཀྱང་ཕོངས་པ་དང་། བཀྲེན་པ་དང་། ལོང་བ་དང་། ཚོང་པ་རྣམས་ཁྱིམ་དུ་འོངས་པ་རྣམས་ཀྱི་རེ་ཐག་མི་ཆད་པ་ཇི་ལྟ་བར་སྦྱིན་པ་བྱིན་ཅིག །དེས་སྨྲས་པ། དེ་བཞིན་དུ་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བས་རང་སངས་རྒྱས་རྐེ་ཞིང་ཉམ་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་ཞིག་རྒྱལ་པོའི་ཕོ་བྲང་འཁོར་དུ་བསོད་སྙོམས་ལ་ཞུགས་པ་ལས། དེ་ཚོང་དཔོན་དེའི་ཁྱིམ་སྒོ་ན་འདུག་པ་དང་། བྲན་དང་། བྲན་མོ་དག་ཆུ་བཅུ་བའི་ཕྱིར་ཁྱིམ་དེ་ནས་བྱུང་བ་དང་། དེ་དག་གིས་རྐེ་ཞིང་ཉམ་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་དེ་མཐོང་ནས། དེ་དག་གིས་འདི་སྙམ་དུ་སྡུག་བསྔལ་བ་གང་ཡིན་པ་དེ་ལ་གང་འདོད་པ་དེ་བྱིན་ཅིག་ཅེས་ཇོ་བོས་བསྒོ་བས་འཕགས་པ་སློང་མོ་པ་འདི་ལ་ཡང་དེ་བསྟན་པར་བྱའོ་སྙམ་དུ་བསམས་ནས། དེ་དག་གིས་བཙུན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་འདིར་བཞུད་ཅིག་དང་སློང་མོ་རྙེད་པར་འགྱུར་རོ། །

དེ་སོང་བ་དང་ཚོང་དཔོན་གྱི་ཆུང་མས་དེ་མཐོང་ན་རྐེ་ཞིང༌ཉམ་ཆུང་ལ་ཆོས་གོས་ཧྲུལ་པོ་ཅན་ཞིག་གོ་སྙམ་དུ་བསམས་ནས་སློང་མོ་མ་བྱིན་པ་དང་། དེ་དེ་ནས་ཕྱིར་བྱུང་ངོ་། །བྲན་མོ་དེ་དག་ཀྱང་བུམ་པ་ཆུས་བཀང་ནས་སླར་འོངས་པ་དང་། དེ་དག་གིས་ལྷུང་བཟེད་སྟོང་པར་མཐོང་ནས་དེ་དག་གིས༌དྲིས་པ། ཁྱོད་ཅི་ཁྱིམ་འདིར་མ་བྱོན་ནམ། དེས་སྨྲས་པ། འོངས་ཀྱང་སློང་མོ་མ་རྙེད་དོ། །དེ་དག་གིས་དེ་ཕྱིར་བཟློག་སྟེ་ཁྲིད་ནས་དེ་དག་གིས་ཇོ་མོ་ལ་སྨྲས་པ། ཅིའི་སླད་དུ་འདི་ལ་བསོད་སྙོམས་མ་སྩལ། དེས་སྨྲས་པ། འདི་ལ་ང་མ་དད་པས་སོ། །དེ་དག་གིས་སྨྲས་པ། ཅི་ཇོ་བོས་ཁ་དོག་བཟང་བ་དང་། དད་ན་བྱིན་ཅིག་ཅེས་ཁྱོད་ལ་བསྒོའམ། དེས་སྨྲས་པ། འདི་ལ་ང་མ་དད་ཕན་ཅད་མང་དུ་སྨྲས་ཀྱང་ཅི་ཕན། བྲན་མོས་འདི་སྙམ་དུ་བདག་གིས་དགེ་སློང་འདི་བཟུང་ནས་ལན་གཉིས་ཀྱི་བར་དུ་བཟློག་ན་ད་རེ་ཐག་བཅད་ནས་ཇི་ལྟར་གཏང་བར་བྱ་སྙམ་དུ་བསམས་ནས། དེས་ཇོ་མོ་ལ་སྨྲས་པ། བདག་གི་འཚལ་མ་ནར་མ་གང་ལགས་པ་དེ་བདག་ལ་སྩལ་དུ་གསོལ། དེས་ཀྱང་བྱིན་པ་དང་། བྲན་མོ་དེ་ཉིན་པར་གྱི་ཟན་ཕྱེ་དྲེའུ་ཆུང་གང་བླངས་ནས། དེ་ལ་ཕུལ་ཏེ་དེས་ཡང་འདི་སྙམ་དུ་འཕགས་པ་དེ་ནི་ཆོས་གོས་ཧྲུལ་པོར་འདུག་པས་ཁྱད་དུ་བསད་པ་ཡིན་གྱིས། བདག་གི་རས་ཡུག་དེ་ལ་འབུལ་ལོ་སྙམ་དུ་བསམས་ནས། དེས་དེ་ལ་རས་ཡུག་དཀར་པོ་ཡང་ཕུལ་ལོ། །རང་སངས་རྒྱས་དེས་ཀྱང༌འདི་སྙམ་དུ། བུ་མོ་འདིས་བསོད་ནམས་མང་པོ་བསྒྲུབས་པར་འགྱུར་བར་བྱའོ་སྙམ་དུ་བསམས་ནས། དེ་ཉིད་ཀྱི་དད་པ་བསྐྱེད་པའི་ཕྱིར་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ནམ་མཁའི་དཀྱིལ་དུ་འཕགས་སོ། །

དེས་དེ་མཐོང་མ་ཐག་ཏུ་སེམས་དད་པར་གྱུར་ནས་དགའ་བ་དང་། མགུ་བ་དང་། རངས་པའི་བསམ་པས་པུས་མོ་ས་ལ་བཙུགས་ཏེ། ཞབས་ལ་ཕྱག་འཚལ་ནས་ཇི་ལྟར་འཕགས་པ་འདི་ལ་ཅུང་ཟད་ཁྱད་དུ་བསད་པ་གང་ཡིན་པ་དེ་ཡང་ཁ་དོག་ངན་པ་ལས་གྱུར་ཏོ་སྙམ་ནས་སྨོན་ལམ་བཏབ་པ། ཨ་ལ་ལ་བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་གཟུགས་མཛེས༌ཤིང་མདོག་བཟང་བ་ཤིན་ཏུ་ལྟ་ན་སྡུག་པར་གྱུར་ཅིག །ནམ་དུ་ཡང་རྐེ་བ་དང་། ཁ་དོག་ངན་པར་མ་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་རྒྱལ་པོ་ཞིག་བློན་པོའི་ཚོགས་ཀྱིས་བསྐོར་ནས་སྐྱེས་བུ་བརྒྱ་སྟོང་དུ་མས་བསྐོར་ཅིང་འདུག་པ་དེའི་སྟེང་དུ་རང་སངས་རྒྱས་དེའི་གྲིབ་མ་བབ་པ་དང་། དེས་སྟེང་དུ་བལྟས་ན་རང་སངས་རྒྱས་ཆོས་གོས་བགོས་པ་རས་ཡུག་ཐོགས་པ་རིལ་བ་སྤྱི་བླུགས་པ་དང་། ལྷུང་བཟེད་ནག་པོ་ཐོགས་པ། གཅིག་ཏུ་སྤ་ཞིང་མཛེས་པ་ཞིག་ནམ་མཁའ་ལ་འགྲོ་བ་མཐོང་ནས། དེས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་བདག་ཉིད་ཆེན་པོ་ཡུལ་གྱི་བསོད་སྙོམས་སོ་སོར་ལེན་པ་གང་ཡིན་པ་དེ་ནི་བདག་དབང་ཐང་ཆེ་བ་དང་། ཕན་འདོགས་པ་དང་བཅས་པ་ཡིན་ནོ་སྙམ་དུ་བསམས་ནས་དེས་སྨྲས་པ། དེང་འདི་ལ་བསོད་སྙོམས་འབུལ་བར་བྱེད་པ་གང་ཡིན་པ་དེ་ལ་ནི་དེང་གྲོང་ཁྱེར་གྱི་མཆོག་སྦྱིན་པར་བྱའོ། །

ཚོང་དཔོན་དེ་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པས་དེས་འདི་སྙམ་དུ། བདག་གིས་བསོད་སྙོམས་པ་ཐམས་ཅད་ལ་སྦྱིན་པ་བྱིན་ཅིག་ཅེས་ཁྱིམ་དུ་བསྒོ་བས་གདོན་མི་ཟ་བར་བདག་གི་ཁྱིམ་ནས་བསོད་སྙོམས་ཕུལ་བ་ཡིན་གྱིས། སོང་ལ་བརྟག་པར་བྱའོ་སྙམ་དུ་བསམས་ནས་དེ་ལངས་ནས་རིངས་པར་ཁྱིམ་དུ་སོང་ངོ་། །ཆུང་མ་དེས་ཀྱང་དེའི་རྫུ་འཕྲུལ་མཐོང་སྟེ་སེམས་དད་པར་གྱུར་ནས། བྲན་མོ་ལ་སྨྲས་པ། བྲན་མོ་བསོད་ནམས་ནི་ང་ཡིར་བྱའོ། །ཁྱོད་ལ་ནི་ངས་ཁ་ཟས་མཆོག་ཏུ་བསོད་པ་དག་སྦྱིན་ནོ། །

དེས་དེ་ལ་སྨྲས་པ། ཁྱོད་ཇོ་མོ་ཡིན་པས་བདག་གི་སྲོག་ལ་དབང་གི བསོད་ནམས་ལ་ནི་མ་ཡིན་པས་མི་སྦྱིན་ནོ། །དེ་ཁྲོས་ཤིང༌འཁྲུགས་པས་ཀུན་ནས་དཀྲིས་ཤིང་འདུག་པས་ལག་པའི་མཁྲིག་མ་གདུ་བུ་དང་བཅས་པས་དེའི་མགོར་བརྒྱབ་པ་དང་། གདུ་བུས་ཕོག་པས་དེའི་མགོ་སྣད་ནས་ཁྲག་བྱུང་བར་གྱུར་པ་དང་། ཚོང་དཔོན་ཡང་འོངས་ཏེ་དེས་འདི་ཅི་ཉེས་ཞེས་དྲིས་སོ། །དེས་ཀྱང་ཇི་ལྟར་གྱུར་པ་དེ་ལ་རྒྱ་ཆེར་སྨྲས་པ་དང་། ཚོང་དཔོན་དེ་ཁྲོས་ནས་བྲན་མོ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཁྱིམ་བདག་ཏུ་བཅུག་ནས། དེས་ཀྱང་ཇི་ལྟར་གྱུར་པ་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོས་སྨྲས་པ། དེ་ནི་ཇོ་མོར་འོས་ཏེ། ཁྱོད་ཀྱིས་ལེགས་པ་ཞིག་བྱས་སོ། །གལ་ཏེ་ཁྱོད་ཀྱིས་དེ་ལྟར་མ་བྱས་སུ་ཟིན་ན་ངས་བྲན་མོ་མ་ཡིན་པར་བྱས་པར་འགྱུར་རོ། །འོན་ཀྱང་ངས་དེ་ལ་གྲོང་ཁྱེར་གྱི་མཆོག་སྦྱིན་ནོ། །དེ་དད་པ་ཐོབ་པ་དང་། རྐྱེན་རྙེད་པས་དགེ་སྦྱོང་དང་། བྲམ་ཟེ་དང་། ཚོང་པ་རྣམས་ལ་སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱས། ཚུལ་ཁྲིམས་ཀྱང་བསྲུངས་ནས་འཆི་བའི་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་གཟུགས་ཕུན་སུམ་ཚོགས་པ་འོད་དང་། གཟི་མདངས་དང་། སྣང་བ་རྒྱ་ཆེན་པོ་ཅན་དེ་ལྟ་བུར་གྱུར་པ་དང་། ལྷའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ཏོ། །ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡང་ཡ་ཡ་པོར་གྱུར་ཏེ། དེ་དག་ཕན་ཚུན་དུ་འདི་ནི་བདག་གི་ཡིན་ནོ། །འདི་ནི་བདག་གི་ཡིན་ནོ་ཞེས༌སྨྲ་བར་གྱུར་ཏོ། །

དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། བདག་ཅག་འདོད་ཆགས་ཀྱི་སྐྱོན་གྱིས་སེམས་ལྷག་པར་གདུངས་པས་ཚིགས་སུ་བཅད་པ་སྨྲ་བར་བྱེད་པ་གང་ཡིན་པ་དེའི་ཡིན་པར་འགྱུར་རོ། །དེ་དག་ལས་གཅིག་གིས་སྨྲས་པ། སློང་ཞིང་རབ་ཏུ་སློང་གྱུར་པས། །བདག་ལ་ཕྱོགས་ནི་སྣང་བ་མེད། །དེ་ལ་སེམས་ནི་གནས་གྱུར་པ། །དེ་ཕྱིར་གྲོགས་དག་འདི་འདོད་དོ། །གཉིས་པས་སྨྲས་པ། ཀྱེ་མའོ་ལྷ་དབང་གང་ཞིག་ནི། །ཚིགས་བཅད་སྨྲ་བ་དེ་རེ་བདེ། །གཡུལ་ངོའི༌སྣ་ལ་རྔ་བརྡུངས་པ། །དེ་ལྟར་བདག་ནི་འདོད་ཆགས་སྐྱེས། །གསུམ་པས་སྨྲས་པ། རྔ་ཆེན་བརྡུངས་པར་གྱུར་ཀྱང་ནི། །དེ་དང་དེར་ནི་ངལ་བསོར་ཡོད། །ཆུ་ཀླུང་ཆེན་པོ་མི་བཟད་ལྟར། །དེ་ལྟར་བདག་གི་འདོད་ཆགས་སྐྱེས། །བཞི་པས་སྨྲས་པ། མི༌བཟད་པ་ཡིས་ཁྱེར་གྱུར་ཀྱང་། །དེ་དང་དེར་ནི་ཐོགས་གྱུར་ཀྱང་། །ཕྱེ་མ་ལེབ་ལྟར་བདག་གི་མིག །རྟག་ཏུ་འཛུམས་པ་མེད་པར་གྱུར། །བརྒྱ་བྱིན་གྱིས་སྨྲས་པ། ཚིགས་བཅད་རབ་ཏུ༌སྨྲས་པའི་ཕྱིར། །ཁྱེད་ཅག་ཐམས་ཅད་བདེ་བ་ཡིན། །བདག་ནི་ཇི་ག་འཆི་འགྱུར་བའམ། །གསོན་པར་འགྱུར་བའང་མི་ཤེས་སོ། །དེ་དག་གིས་འདི་སྙམ་དུ་ཡུལ་འདི་ནི་བརྒྱ་བྱིན་འདོད་པས་གནས་འདི་ནས་ཤི་འཕོས་ན་མི་རུང་ངོ་སྙམ་དུ་བསམས་ནས། དེ་དག་གིས་བརྒྱ་བྱིན་ལ་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་བྲན་མོར་གྱུར་པ་གང་ཡིན་པ་དེ་ནི་སེར༌སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། རང་སངས་རྒྱས་དེ་ལ་བསོད་སྙོམས་རབ་ཏུ་ཕུལ་བ་དང་། རས་ཡུག་ཕུལ་བར་གྱུར་པ་ཞེས་བྱ་བའི་བར་ནས་རྒྱུ་དེས་གཟུགས་བཟང་བ་དང་མཛེས་པར་གྱུར་ཏོ། །ཞེས་གསུངས་སོ།། །།

རྒྱལ་པོ་ཀ་ཤིའི་བུ་མོ་མཛེས་ལྡན་མ་ཕྱོགས་ཀྱི་རྒྱལ་ཕྲན་དག་གི་བཙུན་མོར་མ་ཕེབས་པར་རབ་ཏུ་བྱུང་ནས་འབྲས་བུ་ཐོབ་སྟེ་སེམས་ཅན་འབུམ་ཕྲག་དུ་མ་ཆོས་ལ་བཀོད་ཚུལ། རྟོགས་བརྒྱ་པ་ལས་བཏུས།

མཛེས་ལྡན་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམ་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །

དེའི་ཚེ་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱིས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་བུ་མོ་འདི་ཀ་ཤིའི་རྒྱལ་པོའི་བུ་མོ་ཡིན་ལ་བྱད་གཟུགས་ཀྱང་བཟང་བས། དེའི་ཕྱིར་བུ་མོ་འདིའི་མིང་ཀ་ཤི་མཛེས་ལྡན་མ་ཞེས་གདགས་སོ་ཞེས་ཟེར་རོ། །

དེ་ནས་བུ་མོ་ཀ་ཤི་མཛེས་ལྡན་མ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ༌འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །

དེ་ནས་གང་གི་ཚེ་བུ་མོ་ཀ་ཤི་མཛེས་ལྡན་མ་ཆེན་མོར་གྱུར་པ་དེའི་ཚེ་ཉི་འོག་གི་རྒྱལ་པོ་དྲུག་གིས་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་བཙས་ཞེས་བདག་གིས་ཐོས་ཀྱིས་གཞན་ལ་མ་སྦྱིན་པར་བདག་གི་བུ་ལ་བྱིན་ཅིག་ཅེས་སྤྲིང་ངོ་། །དེ་ནས་རྒྱལ་པོ་ཚངས་པས་བྱིན་མྱ་ངན་གྱི་ཁང་བུར་ཞུགས་ནས་ལག་པ༌ལ་རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་ནི་བདག་གི་དགྲར་འགྱུར་རོ་སྙམ་ནས་སེམས༌ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་རེ་ཞིག་ན་བུ་མོ་ཀ་ཤི་མཛེས་ལྡན་མ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་ཕའི་ཐད་དུ་སོང་བ་དང་དེས་ཕ་མྱ་ངན་གྱིས་ནོན་པ་མཐོང་ནས་དྲིས་པ། ཡབ་ཅིའི་སླད་དུ་མྱ་ངན་མཛད། དེ་ནས་ཕས་ཀྱང་དེ་ལ་ཇི་ལྟར་གྱུར་པ༌བསྙད་དོ། །

དེ་ནས་བུ་མོ་ཀ་ཤི་མཛེས་ལྡན་མས་ཕ་ལ་སྨྲས་པ། ཡབ་ཉི་འོག་གི་རྒྱལ་པོ་རྣམས་ལ་ད་སྟེ་ཞག་བདུན་ན་བུ་མོ་ཀ་ཤི་མཛེས་ལྡན་མ་རང་ཉིད་ཀྱི་ཁྱིམ་ཐབ་འདམ་པར་ཆད༌ཀྱིས། ཁྱོད་ཀྱིས་བྱ་བ་གང་ཡིན་པ་དེ་གྱིས་ཤིག་ཅེས་ཕོ་ཉ་གཏང་དུ་གསོལ་ཞེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང་ཉི་འོག་གི་རྒྱལ་པོ་དྲུག༌པོ་དེ་རྣམས་འདུས་སོ། །

བུ་མོ་ཀ་ཤི་མཛེས་ལྡན་མ་ཡང་ཤིང་རྟ་ལ་ཞོན་ཏེ་ཆོས་གོས་ཚོན་ཅན་གྱི་བ་དན་བསྒྲེང་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལག་ན་ཐོགས་ཏེ་རྒྱལ་པོ་འདུས་པའི་ནང་དུ་སོང་ནས་སྨྲས་པ། ཀྱེ་ཉི་འོག་གི་རྒྱལ་པོ་རྣམས་གསོན་ཅིག །བདག་ནི་ཁྱེད་ཀྱི་གཟུགས་དང་། ལང་ཚོ་དང་། རིགས་དང་། ལོངས་སྤྱོད་དང་། དབང་ཕྱུག་ལ་མི་སེམས་ཀྱི་བདག་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་ཏེ། བདག་ནི་རས་འདི་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲིས་པ་གང་ཡིན་པ་དེའི་སློབ་མ་ལགས་ཏེ། དེའི་བསྟན་པ་ལ་རབ་ཏུ་འབྱུང་ངོ་ཞེས་བྱས་ནས་དྲང་སྲོང་སྨྲ་བར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དོ། །དེ་ནས་དེས་ཀྱང་དེ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེ་ནས་རྒྱལ་པོའི་བུ་དེ་དག་གིས་དེའི་གཟུགས་དང་། ལང་ཚོ་དང་། མཛེས་པ་རྗེས་སུ་དྲན་ནས་འདོད་ཆགས་ཀྱི་རྒྱགས་པས་མྱོས་ཏེ། རབ་ཏུ་བྱུང་བཞིན་དུ་ཡང་གསོལ་བ་འདེབས་སོ། །དེ་ནས་དེ་དག་གིས་གསོལ་བ་བཏབ་ནས། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ། དེ་ནས་རྒྱལ་པོའི་བུ་དེ་དག་གིས་ལྷ་དང་མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་ཤིན་ཏུ་རྨད་དུ་བྱུང་བ་མཐོང་ནས་སྤུ་ཟིང་ཞེས༌བྱེད་དེ། རྐང་པ་ལ་ཕྱག་འཚལ་ནས་བཟོད་པ་གསོལ་ཏེ། སྲུ་ཁྱོད་ཀྱིས་ཆོས་འདི་ལྟ་བུ་དག་མངོན་སུམ་དུ་བྱས་པ་ལས་ན། ཁྱོད་འདོད་པ་སྤྱོད་པ་འདི་ནི་མི་སྲིད་ཀྱིས་བཟོད་པར་མཛོད་ཅིག་ཅེས་བྱས་སོ། །

དེ་ནས་བུ་མོ་ཀ་ཤི་མཛེས་ལྡན་མ་ནམ་མཁའ་ལས་བབས་ཏེ། སྐྱེ་བོ་མང་པོའི་གུང་ལ་འདུག་ནས་ཆོས་དེ་ལྟ་བུ་དག་བསྟན་ཏེ། དེ་ཐོས་ནས་སྲོག་ཆགས་འབུམ་ཕྲག་དུ་མས་ཁྱད་པར་ཆེན་པོ་ཐོབ་བོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀ་ཤི་མཛེས་ལྡན་མས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དང་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀ་ཤི་མཛེས་ལྡན་མ་ཉིད༌ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཀ་ཤི་མཛེས་ལྡན་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང་། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད༌མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་སུམ་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ༌གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །

དེ་ནས་རེ་ཞིག་ན་རྒྱལ་པོའི་བུ་མོ་དེ་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་ཞིག་ཡོད་པ་དེས་གཙུག་ལག་ཁང་ཞིག་བརྩིག་ཏུ་བཅུག་སྟེ། ཡོ་བྱད་ཐམས་ཅད་ཀྱིས་གང་བར་བྱས་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་རིང་ལ་ཡང་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་བྱམས་པ་བསྒོམས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོའི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་ཀ་ཤི་མཛེས་ལྡན་མ་འདི་ཡིན་ཏེ། དེས་གཙུག་ལག་ཁང་ཕུལ་བ་དེས་ནི་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ། །བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་བྱམས་པ་བསྒོམས་པ་དེས་ནི། ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །

ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

ཚོང་དཔོན་རྒྱལ་བའི་བུ་མོ་མུ་ཏིག་རང་གི་ཁྱོ་ཕོ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་རབ་སྡུག་དང་མཉམ་དུ་རབ་ཏུ་བྱུང་ཚུལ། རྟོགས་བརྒྱ་པས་ལས་བཏུས།

མུ་ཏིག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ༌ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམ་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །

དེའི་ཚེ་མཉན་དུ་ཡོད་པ་ན་ཚོང་དཔོན་རྒྱལ་བ་ཞེས་བྱ་བ་ཕྱུག་ཅིང༌ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་མགོ་བོ་ལ་མུ་ཏིག་གི་ཕྲེང་བ་བཏགས་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་བུ་མོ་འདི་བཙས་མ་ཐག་ཏུ་མགོ་བོ་ལ་མུ་ཏིག༌གི་ཕྲེང་བ་བྱུང་བས་ན། དེའི་ཕྱིར་བུ་མོ་འདིའི་མིང་མུ་ཏིག་ཅེས་གདགས་སོ་ཞེས་ཟེར་རོ། །

དེ་ནས་བུ་མོ་མུ་ཏིག་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །

དེ་ནས་རེ་ཞིག་ན་བུ་མོ་མུ་ཏིག་མཐར་གྱིས་ཆེན་མོར་གྱུར་པ་དང་། དེའི་མུ་ཏིག་གི་ཕྲེང་བ་དེ་ཕོག་ན་ཕྱིར་ཞིང་བྱུང་བར་གྱུར་ཏོ། །དེ་ནས་བུ་མོ་དེས་བཀྲེན་པ་དང་ཕོངས་པ་རྣམས་མཐོང་ནས་ལོངས་སྤྱོད་ཀྱི་བགོ་བཤའ་བྱེད་དོ། །དེ་ནས་གང་གི་ཚེ་བག་མར་གཏང་རན་པར་གྱུར་པ་དང་། རྒྱལ་པོའི་བུ་རྣམས་དང་། བློན་པོའི་བུ་རྣམས་དང་། ཚོང་དཔོན་གྱི་བུ་མང་པོ་རྣམས་དེ་སློང་དུ་འོང་ངོ་། །དེ་ནས་དེའི་ཕ་མྱ་ངན་གྱི་ཁང་བུར་ཞུགས་ནས། ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ་གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས་སེམས༌ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་བུ་མོ་དེས་ཕ་ལ་གསོལ་བ་ཡབ་ཅིའི་སླད་དུ་ཐུགས་ངལ་མཛད། དེ་ནས་དེས་ཇི་ལྟར་གྱུར་པ་ཐམས་ཅད་བསྙད་དོ། །

དེ་ནས་བུ་མོས་སྨྲས་པ། ཡབ་བདག་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་འཚལ་ལོ། །དེ་ནས་ཡང་རེ་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ཐ་ཆུང་རབ་སྡུག་ཅེས་བྱ་བ་དེས་ཕ་ལ་གསོལ་བ། བདག་གི་མཆིས་བྲང་དུ་བུ་མོ་དེ་བསླང་བར་གསོལ་ཞེས་བྱས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚོང་དཔོན་རྒྱལ་བ་ལ་ཕོ་ཉ་བཏང་སྟེ། བུ་མོ་མུ་ཏིག་བདག་གི་བུ་ལ་བྱིན་ཅིག །དེ་ལྟར་བྱས་པ་དང་གཉེན་དུ་ཡང་འགྱུར་ལ་ཇི་སྲིད་འཚོའི་བར་དུ་ཡང་མཛའ་བོར་འགྱུར་རོ་ཞེས་བྱས་སོ། །

དེ་ནས་ཁྱིམ་བདག་རྒྱལ་གྱིས་བདག་གི་བུ་མོ་ལ་དོན་དེ་བསྙད་དོ། །དེས་སྨྲས་པ་གལ༌ཏེ་ཤེད་བྱེ་སྟེ་ཆེར་སྐྱེས་པ་ན་བདག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་དམ་བཅས་ན་ནི༌བདག་གི་ཁྱིམ་ཐབ་ཏུ་བགྱིའོ་ཞེས་བྱས་སོ། །དེ་ནས་དེས་དེ་ལྟར་བྱས་ནས་རེ་ཞིག་ན་སྐབས་ཤིག་ཏུ༌གཉིས་ཀ་ཁྱིམ་ནས་བྱུང་སྟེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །དེ་ནས་དེ་ཉིད་ཀྱིས་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི༌ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མུ་ཏིག་གིས་ལས་གང་དག་བགྱིས་ན། དེས་མུ་ཏིག་གི་ཕྲེང་བ་མགོ་བོ་ལ་ཐོགས་བཞིན་དུ་བཙས་ལ་རབ་ཏུ་བྱུང་ནས་ཀྱང་། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མུ་ཏིག་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་བྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། མུ་ཏིག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ༌གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས༌བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་དེ་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །

དེ་ནས་རེ་ཞིག་ན་དེད་དཔོན་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་པ་ལས་ཉེ་ཞོ་མེད་པར་གྲུའི་དོན་གྲུབ་སྟེ་ཕྱིར་འོངས་སོ། །དེ་ནས་དེས་མུ་ཏིག༌གི་ཕྲེང་བ་མཆོག་ཏུ་བཟང་བ་ཞིག་ཁྱེར་ཏེ་འོངས་སོ། །དེའི་ཆུང་མ་ཡང་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཞིག་སྟེ་དེས་དེའི་མགོ་བོ་ལ་བཏགས་སོ། །

དེ་ནས༌བཱ་རཱ་ཎ་སཱི་ན་ཁྱིམ་བདག་དད་པ་དང་ལྡན་པ། དགེ་ཞིང་བསམ་པ་བཟང་བ་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་ལ་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ་ཆོས་འདོད་པ་ཞིག་གནས་པ་དེའི་བློ་སྐྱེས་པ། མ་ལ་བདག་གིས་དད་པ་བསྡུས་ལ། བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ། ལོ་ལྔ་པའི་དུས་སྟོན་བྱ་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ༌ཀྲྀ་ཀཱི་ལ་གསོལ་ཏེ། བདག་གི་དད་པ་བསྡུས་ལ། བཅོམ་ལྡན་འདས༌ཀྱི་ལོ་ལྔ་པའི་དུས་སྟོན་བགྱི་བར་འཚལ་ལོ་ཞེས་བྱས་སོ། །རྒྱལ་པོས་ཀྱང་དེ་ལྟར་གྱིས་ཤིག་ཅེས་བསྒོའོ། །དེ་ནས་ཁྱིམ་བདག་དེ་གླང་པོ་ཆེ་ལ་ཞོན་ཏེ། གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་ལམ་པོ་ཆེ་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་སོང་ནས་དད་པ་སྡུད་པར་བྱེད་དོ། །དེ་ནས་རེ་ཞིག་ན་དེད་དཔོན་གྱི་ཆུང་མས་མུ་ཏིག་གི་ཕྲེང་བ་མགོ་བོ་ལས་ཕོག་ནས་དད་པ་སྡུད་པ་ལ་ཕུལ་ལོ། །དེ་ནས་རེ་ཞིག་ན་དེད་དཔོན་འོངས་པ་དང་མུ་ཏིག་གི་ཕྲེང་བ་མགོ༌བོ་ལས་ཕོག་པར་མཐོང་ནས། བཟང་མོ་མུ་ཏིག་གི་ཕྲེང་བ་ག་རེ་ཞེས་དྲིས་སོ། །དེ་ནས་དེས་སྨྲས་པ། ཇོ་བོ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་སྡུད་པ་ལ་ཕུལ་གྱིས་དགྱེས་པ་བསྐྱེད་དུ་གསོལ། དད་པ་བསྐྱེད་དུ་གསོལ་ཞེས་བྱས་སོ། །

དེ་ནས་རེ་ཞིག་ན་དེད་དཔོན་གྱིས་རིན་པོ་ཆེས་ཕྱིར་བླུས་ནས། ཆུང་མ་དེ་ཉིད་ལ་བྱིན་ན་དེ་ཕྱིར་ལེན་དུ་མ་བཏུབ་སྟེ། བདག་གིས་འདི་ཡོངས་སུ་བཏང་བ་ལགས་སོ་ཞེས་བྱས་སོ། །ཁྱིམ་ཐབ་ཀྱིས་སྨྲས་པ། བཟང་མོ༌ངས་འདི་གསེར་དངུལ་མང་པོས་ཉོས་ན་ཅིའི་ཕྱིར་མི་འདོད། དེ་ནས་བུ་མོ་དེས་དེ་བླངས་ནས་མེ་ཏོག་མང་པོ་བསགས་ཏེ། སྤོས་དང་མེ་ཏོག་ཕྲེང་ལ་སོགས་པ་ཡང་ཁྱེར་ནས་དྲང་སྲོང་སྨྲ་བར་སོང་ངོ་། །དེ་ནས་དྲིའི་གཙང་ཁང་སྤོས་ཀྱིས་བྱུགས་ནས། མེ་ཏོག་གིས་གཏོར་ཏེ། མུ་ཏིག་གི་ཕྲེང་བ་ནི་བཅོམ་ལྡན་འདས་ཀྱི་དབུ་ལ་བོར་ནས། བཅོམ་ལྡན་འདས་འོད་སྲུང་གི་དབུ་ལ་གནས་པར་གྱུར་ཏོ། །དེ་ནས་དད་པ་སྐྱེས་ཏེ་སྨོན་ལམ་བཏབ་པ། བདག་གིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་ཐོབ་པར་གྱུར་ཅིག །སྟོན་པ་འདི་ཁོ་ན་ལྟ་བུ་དག་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དེའི་དུས་ན། དེད་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་མུ་ཏིག་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་འོད་སྲུང་ལ་བཀུར་སྟི་བྱས་པ་དེས་ན། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དང་དེའི་མགོ་བོ་ལ་ཡང་མུ་ཏིག་གི་ཕྲེང་བ་བྱུང་བར་གྱུར་ཏོ། །རྒྱུ་དེ་ཉིད་ཀྱིས་ན། ད་ལྟར་ཡང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར༌གནག་པ་རྣམས་ནི། རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར༌གནག་པར་འགྱུར་རོ། །

ལས་གཅིག་ཏུ་ངེས་པར༌དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར༌དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང༌འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

བུ་མོ་ཞིག་གིས་རང་གི་གོས་ཕུད་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བསྐུར་ཏེ་སྟོན་པ་ལ་ཕུལ་ཚུལ། རྟོགས་བརྒྱ་པ་ལས་བཏུས།

དེ་ནས་རེ་ཞིག་ན་བུད་མེད་ཤིན་ཏུ་དབུལ་མོ་ཞིག་གིས་ཤ་ཐང་སྟེ། ཟླ་བ་གསུམ་གྱིས་རས་ཡུག་ཅིག་རྙེད་ནས་དེས་རས་དེ་གྱོན་ཏེ་སྲང་དུ་ཞུགས་པ་དང་། དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དུང་འབུད་ཅིང་རྔ་ཟླུམ་བརྡུང་བཞིན་དུ་རྒྱང་ནས་འོངས་པ་མཐོང་ནས་དེས་དགེ་བསྙེན་ཞིག་ལ་དྲིས་པ་ཇི་སྟེ། ཁྱིམ་བདག་འདི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། གཏེར་སའི་འོག་ཏུ་སྦས་པ་རྣམས་ཀྱང་མཐོང་ན། ཅིའི་ཕྱིར་འདི་གཞན་གྱི་ཁྱིམ་ནས་སློང་ཞིང་སྐོར་བར་བྱེད་ཅེས་བྱས་པ་དང་། དགེ་བསྙེན་དེ་ན་རེ་གཞན་ལ་ཕན་གདགས་པའི་ཕྱིར་ཏེ་གང་དག་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བཤོས་གསོལ་མི་ནུས་པ་དེ་དག་གི་དོན་དུ་ཕན་འདོགས་པར་བྱེད་དེ། ཅི་ནས་མང་པོ་བསྡོངས་ཏེ་བཅོམ་ལྡན་འདས་ལ་འབུལ་དུ་འཇུག་གོ་ཞེས་ཟེར་རོ། །

དེ་ནས་བུ་མོ་དེའི་བློ་སྐྱེས་པ། འོ་ན་བདག་ནི་བསོད་ནམས་མ་བྱས་པ་ཡིན་ལ། བདག་གཅིག་པུས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་གསོལ་བའི་མཐུ་བདག་ལ་མེད་ཀྱིས། བདག་གིས་འདི་ལ་ཅུང་ཟད་འབུལ་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་བདག་ཉིད་ལ་ཅི་བདོག་ཅེས་བལྟས་ན་རས་ཡུག་གཅིག་མ་གཏོགས་པ་གཞན་ཅི་ཡང་མ་མཐོང་སྟེ། དེས་བསམས་པ་གལ་ཏེ་བདག་འདི་ན་འདུག་བཞིན་དུ་རས་འདི་ཕུལ་ན་ནི་བདག་གཅེར་བུར་འབྱུང་གིས་བདག་ཁང་ཐོག་ཏུ་སོང་ལ་རས་དོར་རོ་སྙམ་མོ། །དེ་ནས་དེ་ཁང་ཐོག་ཏུ་སོང་ནས་རང་གི་ལུས་ལས་རས་ཕུད་དེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྟེང་དུ་བོར་བ་དང་། ཁྱིམ་བདག་དེས་ཀྱང་འཕྲིགས་ཏེ། འདིས་ཁང་ཐོག་ནས་བོར་བ་ལས་ན། འདི་ལ་ནོར་དེ་ལས་མེད་གོར་མ་ཆག་སྙམ་ནས་རང་གི་གཡོག་རྣམས་ལ་བསྒོ་བ། ཁྱེད་དོང་ལ་རས་འདི་སུས་བོར་བ་ལྟོས་ཤིག་ཅེས་བྱས་ནས། དེ་དག་གིས་བལྟས་པ་དང་རེ་ཞིག་ན་བུ་མོ་དེ་ཙོག་ཙོག་པོར་འདུག་པ་མཐོང་ངོ་། །

དེ་ནས་དེ་དག་གིས་དྲིས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཡོན་ཏན་བརྗོད་པ་བདག་གིས་ཐོས་ནས་དབུལ་བའི་འཇིགས་པས་སྐྲག་སྟེ་བདག་གིས་གོས་རྙེད་པ་དེ་དེ་བཞིན་གཤེགས་པ་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ་ཞེས་ཟེར་རོ། །དེ་ནས་དེ་དག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བྱས་སོ། །

དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཆོག་ཏུ་ངོ་མཚར་དུ་གྱུར་ནས། བུ་མོ་དེ་ལ་གོས་དང་རྒྱན་རྣམ་པ་སྣ་ཚོགས་བསྐོན་ཏོ། །

དེ་ནས་དེ་ཚེ་ཐུང་སྟེ་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ཏེ། སྐྱེས་མ་ཐག་ཏུ་ལྷའི་བུ་དང་ལྷའི་བུ་མོ་གཞན་སུ་ལ་ཡང་མེད་པ་དེ་ལྟ་བུའི་གོས་དག་དེ་ལ་བྱུང་ངོ་། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ནས་རིང་པོ་མ་ལོན་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང་བཅོམ་ལྡན་འདས་ལ་རས་ཕུལ་བར་དེས་མཐོང་ངོ་། །དེ་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོ་རྣ་ཆ་གདུབ་ཀོར་དག་ཅིང༌འགུལ་བ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲྀ་ཀ་ལ་སོགས་པས་བྱུགས་པ་དེས། དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་རྣམས་ཀྱིས་ཐུ་བ་བཀང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །

དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་དུ་བརྗོད་དེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི༌མའི་རྒྱ་མཚོ་བསྐམས་པ་དང་། རུས་པའི་ལ་བསྒྲལ་བ་དང་། ངན་སོང་གི་སྒོ་རྣམས་བཅད་པ་དང་། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་། བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱི་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག །ཤིན་ཏུ་རྣམ་དག་ཁྱོད་ལས་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ། །འཕགས་པ་དགྱེས་པ་ཞི་བའི་གོ་འཕང་ཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགའ་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་འཚལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང་། །ལྷ་ཡི་འཇིག་རྟེན་ཁ་བལྟས་ལྷ་ཡུལ་སོང་། །

དེ་ནས་སྔོན་རས་འབུལ་འབུལ་བའི་ལྷའི་བུ་མོ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང་། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང་། དཔའ་བོ་གཡུལ་ལས་རྒྱལ་བ་དང་།

ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན་དུ་འབྱོར་པ་གང་གིས། བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱིས་རང་གི་གནས་སུ་སོང་ངོ་། །དགེ་སློང་དག་ནི་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཏེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ་། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ༌ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཅི་ལགས་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ་འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། རས་འབུལ་འབུལ་བའི་བུད་མེད་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དད་པ་སྡུད་པར་བྱེད༌པ་ལ་རས་ཕུལ་ནས་ཤི་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་ནས། དེ་མདང་སུམ་ངའི་ཐད་དུ་འོངས་ཏེ་ངས་དེ་ལ་ཆོས་བསྟན་ནས། བདེན་པ་མཐོང་བར་གྱུར་ཏེ་རང་གི་གནས་སུ་སོང་ངོ་། །

དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་བཀུར་སྟི་བྱས་བཀུར་སྟི་མེད་པར་མི་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷཱ་བཟང་མོ་དང་བྲན་མོ་གཉིས་ཀྱིས་རྒྱང་རིང་པོ་ནས་སྟོན་པ་ལ་གསོལ་བ་བཏབ་པས་སངས་རྒྱས་འཁོར་བཅས་རྫུ་འཕྲུལ་གྱིས་བྱོན་ནས་ཆོས་བསྟན་ཚུལ། རྟོགས་བརྒྱ་པ་ལས་བཏུས།

རྒྱ་གར་སྐད་དུ། སུ་མ་ག་དྷཱ་ཨ་བ་དཱ་ན། བོད་སྐད་དུ། མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ།

དེ་ནས་དེའི་ཚེ་མཉན་ཡོད་ན་མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷཱ་བཟང་མོ་ཞེས་བྱ་བ༌དད་པ་དང་ལྡན་པ། རང་བཞིན་བཟང་བ། བསམ་པ་དགེ་བ། བདག་དང་གཞན་ལ་ཕན་པའི་ཕྱིར་ཞུགས་པ་ཞིག་གནས་སོ། །ཇི་ཙམ་ན་བུ་རམ་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་ན་ཚོང་དཔོན་གཞན་ཞིག་གནས་པ་ལ། དེའི་བུ་ཁྱུ་མཆོག་བྱིན་ཞེས་བྱའོ། །

དེ་ཡང་གཞན་མུ་སྟེགས་པ་བསྟེན་པས་གཅེར་བུ་པ་རྣམས་ལ་མངོན་པར་དད་པ་ཞིག་གནས་པ་དང་། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་རྣམ་པར་བསྟན་པ་དེའི་ཚེ་མུ་སྟེགས་པ་རྣམས་མཐའ་འཁོབ་ཏུ་ཀུན་ཏུ་གནས་ཏེ། ལ་ལ་ནི་གྲོང་ཁྱེར་བཟང་བྱེད་ཅེས་བྱ་བ་ནའོ། །ལ་ལ་ནི་མུད་གི་རི་ཀ་ཞེས་བྱ་བའི་ཡུལ་ནའོ། །ལ་ལ་ནི་བུ་རམ་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་ན་གནས་སོ། །དེའི་ཚེ་དེའི་དུས་ན་ཁྱུ་མཆོག་བྱིན་དེའི་བར་དུ་ཁྱིམ་མ་བྱས་པ་དང་། དེ་ལ་གཅེར་བུ་པ་རྣམས་ཀྱིས་སྨྲས་པ། མགོན་མེད་ཟས་སྦྱིན་གྱི་བུ་མོ་མ་ག་དྷཱ་བཟང་མོ་ཞེས་བྱ་བ་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ། སྐྱེ་བོ་དམ་པ་རྣམས་དང་འདྲ་བ་ཞིག་ཡོད་དོ། །ཇི་སྲིད་དེས་ཐོས་པ་དང་བདག་ཉིད་གཅེར་བུ་པའི་ཆ་བྱད་དུ་བྱས་ཏེ་མཉན་ཡོད་དུ་སོང་ངོ་། །ཇི་ཙམ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་སློང་བའི་ཕྱིར་ཞུགས་པ་དང་། དེས་བུ་མོ་དེ་མཐོང་ངོ་། །མཐོང་བའི་མོད་ཁོ་ན་ལ་བུ་མོ་དེ་ལ་ཀུན་ཏུ་ཆགས་པར་གྱུར་ལ། དེ་དེར་བསླངས་པའི༌ཚེ་ཞྭའི་ནང་དུ་བླངས་སོ། །

དེ་ནས་བུ་མོ་དེས་ལོག་པར་སྤྱོད་པ་དེ་མཐོང་བ་དང་། འདི་ནི་ཤེས་བཞིན་མེད་པར་སློངས་མོ་ལེན་ཏོ་ཞེས༌བགད་དོ། །དེ་ནས་ཁྱུ་མཆོག་བྱིན་དེ་ངོ་ཚ་བར་གྱུར་པ་དང་། བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་དུ་སོང་སྟེ་ཕ་ལ་སྨྲས་ནས་དེས་བུ་མོ་དེ་བླངས་སོ། །མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞན་དུ་ན་གང་གི་ཚེ་མ་ག་དྷཱ་བཟང་མོ་འདི་བུ་རམ་ཤིང་འཕེལ་དུ་སོང་ན་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་དང་། སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །

ཡང་ཇི་སྲིད་ཅིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཉེ་དུ་རྣམས་ལ་ཡང་གོ་བར་བྱས་ནས་བྱིན་པ་དང་བུ་རམ་ཤིང་འཕེལ་དུ་ཁྱེར་རོ། །ཇི་ཙམ་ན་དུས་གཞན་ཞིག་གི་ཚེ་ཁྱིམ་དེ་ན་གཅེར་བུ་པ་རྣམས་ཟན་ཟ་བ་དང་། དེ་ལ་སྒྱུག་མོས་སྨྲས་པ། དེ་རིང་བདག་ཅག་གི་ཁྱིམ་ན་མཆོད་གནས་རྣམས་བཤོས་གསོལ་གྱིས་ཚུར་ཤོག །མཆོད་གནས་རྣམས་ལ་ལྟོས་ཤིག །མ་ག་དྷཱ་བཟང་མོས་དེ་ཐོས་པ་དང་དགའ་བ་དང་། མགུ་བ་དང་། རངས་པ་དང་། ཡིད་བདེ་བ་སྐྱེས་ཏེ་བསམས་པ། ངེས་པར་བཙུན་པ་ཤཱ་རིའི་བུའམ། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་བྱོན་པར་གྱུར་ཏོ་སྙམ་ནས་དེ་ཡིད་རབ་ཏུ་དགའ་བ་དང་། འཇིགས་པ་མེད་པར་སོང་བ་དང་། གཅེར་བུ་ནགས་ཀྱི་མ་ཧེ་འདྲ་བ། སྐྲ་རྣམས་བཏོགས་པ། ཕུག་རོན་གྱི་ཕྲུ་གུ་འདྲ་བའི་གཅེར་བུ་པ་རྣམས་མཐོང་ངོ་། །

མཐོང་བ་དང་དེའི་མོད་ལ་མ་ག་དྷཱ་བཟང་མོ་ངོ་ཚ་སྟེ། དེ་གདོང་གཞན་དུ་བལྟས་པ་དང་། དེ་ལ་སྒྱུག་མོ་དེས་སྨྲས་པ། བུ་མོ་ཁྱོད་ཅིའི་ཕྱིར་ཡིད་མུག་པར་གྱུར། དེས་སྨྲས་པ། གང་འདི་ལྟ་བུ་མཆོད་གནས་ཡིན་ན༌མཆོད་གནས་མ་ཡིན་པ་གོ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར། དེ་ལ་དེས་སྨྲས་པ། བུ་མོ་ཁྱོད་ལ་འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་འགའ་ཞིག་ཡོད་དམ༌བུ་མོས་སྨྲས་པ་བདག་གི་ཕའི་གཙུག་ལག་ཁང་རྒྱལ་བྱེད་ཀྱི་ཚལ་ན་སངས་རྒྱས་ཞེས་བྱ་བའི་སྟོན་པ་བཞུགས་ཏེ། དེ་ནི་རྒྱུ་བ་དང་། མི་རྒྱུ་བའི་འཇིག་རྟེན་གྱི་མཆོད་གནས་ཡིན་ནོ། །

ཁྱོད་ཀྱི་སྟོན་པ་དེ་ཇི་འདྲ་བ་ཞིག །སྨྲས་པ། བདག་གི་སྟོན་པ༌བཙོ་མའི་ཚོགས་ལྟར་སེར། །བཙོ་མའི་གསེར་ལྟར་ཤིན་ཏུ་དྲི་མ་མེད། །ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །འཇིག་རྟེན་གསུམ་ན་མཉམ་མེད་འགྲོ་ལས་འཕགས། །དེ་ཐོས་མ་ཐག་ཏུ་སེམས་རབ་ཏུ་དགའ་བར་གྱུར་ནས་སྨྲས་པ། བུ་མོ་ངེད་ཅག་རྣམས་ལ་བཅོམ་ལྡན་འདས་དེ་སང་བསྟན་པར་ནུས་སམ།

མ་ག་དྷཱ་བཟང་མོས་སྨྲས་པ། བཤོས་གཙང་རྣམས་སྦྱོར་ཅིག་དང་། སང་བཅོམ་ལྡན་འདས་སྤྱན་དྲང་བར་བྱའོ། །ཇི་ཙམ་ན་དེ་རྣམས་ཀྱིས་སྨྲས་པ། བཤོས་གཙང་རྣམས་སྦྱར་གྱིས་ཁྱོད་ཀྱིས་བཅོམ་ལྡན་འདས་སང་སྤྱན་དྲོངས་ཤིག །དེ་ནས་མ་ག་དྷཱ་བཟང་མོས་ཁང་པའི་ཡང་ཏོག་གི་སྟེང་དུ་མངོན་པར་འཛེགས་ནས་ཕྱོགས་གང་ན་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་དེར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཡོན་ཏན་རྗེས་སུ་དྲན་ཏེ། མེ་ཏོག་རྣམས༌གཏོར་ཅིང་སྤོས་ཀྱང་བཏུལ་ནས་གསེར་གྱི་བུམ་པའི་ཆུས་བཅོམ་ལྡན་འདས་སྤྱན་དྲང་བའི་ཕྱིར་གསེར་གྱི་བུམ་པའི་ཆུ་ཡང་སྦྲེངས་སོ། །

སྙིང་རྗེ་བའི་ཚིག་འདི་སྐད་ཅེས་ཀྱང༌སྨྲ་སྟེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། བདག༌ནི་རི་དྭགས་དང་འདྲ་བར་གྱུར་ཅིང་མཐའ་འཁོབ་ན་མཆིས་ཏེ། དཀོན་མཆོག་གསུམ་དང་བྲལ་བར་གྱུར་པ་ལ་རྗེས་སུ་གཟུང་བར་མཛད་ཅིང་དགེ་སློང་གི་དགེ་འདུན་དང་བཅས་པ་འདིར་གཤེགས་པར་མཛད་དུ་གསོལ། ཡང་འདི་སྐད་ཅེས་ཀྱང་སྨྲས་ཏེ། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་གཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཇི་ཙམ་ན་མེ་ཏོག་དང་སྤོས་དང་གསེར་གྱི་བུམ་པའི་ཆུའང་ནམ་མཁའ་ལ་འཕགས་པར་གྱུར་ཏོ། །

བཅོམ་ལྡན་འདས་ཀྱང་དེའི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་རྣམ་བཞི་ལ་ཆོས་སྟོན་ཏོ། །གསེར་གྱི་བུམ་པའི་ཆུ་དེ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར༌བཻཌཱུརྱའི་སྡོང་བུ་བཞིན་དུ་རྣམ་པར་གནས་སོ། །མེ་ཏོག་དེ་བཅོམ་ལྡན་འདས་ཀྱི་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ་བཞིན་དུ་གནས་སོ། །དྲི་ངད་སྤོས་ཀྱང་སྤྲིན་བརྩེགས་པ་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་དེ་མཐོང་བ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་སྤྱན་འདྲེན་པ་འདི་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན། བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་ཡོད་པ་ནས་འོངས་སོ། །ཀུན་དགའ་བོ་གྲོང་ཁྱེར་དེ་ནི་མུ་སྟེགས་པ་རྣམས་ཀྱིས་བཟུང་བ་ཡིན་པས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་འགྲོ་བར་བྱའོ་ཞེས་དགེ་སློང་རྣམས་ལ་ཚུལ་ཤིང་བྲིམས་ཤིག །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་རྒན་པའི་གནས་མཐའ་ནས་བཟུང་ནས་ཚུལ་ཤིང་བྲིམས་ཏེ། འདི་སྐད་ཅེས༌ཀྱང་སྨྲས་སོ། །སང་བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་དུ་འགྲོ་བར་བྱ་སྟེ། གྲོང་ཁྱེར་དེ་ནི་མུ་སྟེགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བས་ཁྱོད་ཅག་རྣམས་ལས་གང་རྫུ་འཕྲུལ་ཐོབ་པ་དེས་ཚུལ་ཤིང་ལོངས་ཤིག །ཇི་སྲིད་ཅིག་ན་རྒན་པའི་མཐའ་ནས་ཚུལ་ཤིང་ལེན་པར་བརྩམས་སོ། །

ཡང་དེ་ན་གནས་བརྟན༌གང་པོ་ཞེས་བྱ་བ་ཡོད་དེ་དེ་ཡང་རྫུ་འཕྲུལ་མ་ཐོབ་པར་ལག་པ་བརྐྱང་སྟེ་ཚུལ་ཤིང་ལེན་པར་བརྩམས་པ་དང་། དེ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། གནས་བརྟན་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་འཇུག་པ་མ་ཡིན་གྱི། གཞན་དུ་དཔག་ཚད་བརྒྱ་དྲུག་ཅུ་རྩ་གསུམ་ན། བུ་རམ་ཤིང་འཕེལ་ཞེས་བྱ་བའི་གནས་ཡོད་དེ། དེར་འགྲོ་དགོས་སོ། །དེ་འདི་སྙམ་དུ་སེམས་ཏེ། ངས་ནི་ཐོག་མ་མེད་པའི་དུས་ནས་གོམས་པའི་ཉོན་མོངས་པ་ནི་སྤངས་ན། མུ་སྟེགས་པ་རྣམས་དང་ཐུན་མོང་དུ་གྱུར་པའི་རྫུ་འཕྲུལ་ལྟ་ཞིག་དཀའ་བ་ཇི་ཞིག་ཡོད་ནས་བསྐྱེད་པར་མི་བྱ་སྙམ་ནས་དེས་ཀྱང་དུས་དེ་ཉིད་དུ་རྫུ་འཕྲུལ་བསྐྱེད་པ་དང་། ཇི་སྲིད་དུ་ཚུལ་ཤིང་གཉིས་པ་མ་བྲིམས་པ་དེ་སྲིད་དུ་དེས་གླང་པོ་ཆེའི་སྣ་འདྲ་བའི་ལག་པ་བརྐྱང་སྟེ་ཚུལ་ཤིང་བླངས་སོ། །ཇི་ཙམ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་རྒན་པའི་མཐའ་ལོགས་སུ་འདུག་སྟེ་སྨྲས་པ། གང་གིས་རྫུ་འཕྲུལ་གང་ཐོབ་པ་དེས་བུ་རམ་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་དུ་འགྲོ་བར་བྱའོ། །

དེ་ནས་ཉི་མ་གཉིས་པ་ལ་ནམ་ནངས་ཏེ་དགེ་སློང་རྣམས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་ཡང་དག་པར་ཆས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ཡང་མཉན་ཡོད་གང་ན་བ་དེར་མངོན་པར༌བལྟ་བར་བརྩམས་སོ། །ཇི་ཙམ་ན་བར་སྐབས་དེར་ཀུན་ཤེས༌ཀཽཎྜི་ནྱ་ཞེས་བྱ་བ་རྟའི་ཤིང་རྟ་ལ་ཞོན་ཏེ་གློག་འགྱུ་བའི་སྣང་བ་སྟོན་ཅིང༌དལ་བུ་དལ་བུས་ཆར་རབ་ཏུ་འབེབས་ཏེ། དེ་ལྟ་བུའི་རང་གི་རྫུ་འཕྲུལ་རྣམ་པར་སྟོན་ཅིང་འོང་ངོ་། །དེ་ནས་མ་ག་དྷཱ་བཟང་མོའི་བདག་པོས་དེ་མཐོང་བ་དང་དྲིས་པ། མ་ག་དྷཱ་བཟང་མོ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་སྨྲས་པ། འདི་ནི་ཀུན་ཤེས༌ཀཽཎྜི་ནྱ་ཞེས་བྱ་བ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་ན། འདིས་ཐོག་མར་བདག་མེད་པ་མངོན་སུམ་དུ་བྱས་པ་དེ་ཐོག་མར་འོངས་པ་འདི་ཡིན་ནོ། །

བར་སྐབས་དེར་གནས་བརྟན་འོད་སྲུང་ཆེན་པོས་བྲག་གི་རི་ཆེན་པོ་ཤིང་སྣ་ཚོགས་པ་རྣམ་པ་བརྒྱས་ཁྱབ་པ་བྱ་རྣམ་པ་སྣ་ཚོགས་ཀྱིས་ཁྱབ་པ། མེ་ཏོག་སྣ་ཚོགས་པས་ཡང་དག་པར་ཁེབས་པ། གཡའ་ཆུ་སྣ་ཚོགས་ཀྱིས་ཉེ་བར་མཛེས་པར་བྱས་པ༌མངོན་པར་སྤྲུལ་ཏེ་སྟེང་གི་ནམ་མཁའ་ལས་འོང་ངོ་། །དེ་ནས་ཁྱིམ་བདག་དེས་དེ་མཐོང་ནས་སྨྲས་པ། མ་ག་དྷཱ་བཟང་མོ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་འོད་སྲུང་ཆེན་པོ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་ལ་གནས་པར་སྨྲ་བ་རྣམས་ཀྱི་མཆོག་ཏུ༌གསུངས་པ་སྟེ། འདིས་གཅིག་གིས་མ་ཚང་བའི་གླང་དོར་སྟོང་བོར་ཞིང་། སེར་སྐྱ་བཟང་མོ་སྐྱེ་བོ་དགེ་བ་རྣམས་དང་མཚུངས་པ་དང་། དབྱིག་དང་གསེར་མང་པོ་མཆིལ་མའི་ཐལ་བ་བཞིན་སྤངས་ནས་མངོན་པར་བྱུང་སྟེ་རབ་ཏུ་བྱུང་བ་དེ་ནི་འོང་བ་འདི་ཡིན་ནོ། །བར་སྐབས་དེར་ཚེ་དང་ལྡན་པ་ཤཱ་རིའི་བུས་སེང་གེའི་ཤིང་རྟ་མངོན་པར་སྤྲུལ་ཏེ། སྟེང་གི་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འོང་ངོ་། །

དེ་ནས་ཁྱིམ་བདག་དེས་དེ་མཐོང་བ་དང་དྲིས་པ། མ་ག་དྷཱ་བཟང་མོ་གང་སེང་གེའི་ཤིང་རྟས་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེ་ནས་དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང༌ཤཱ་རིའི་བུ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ཏེ། འདི་མའི་མངལ་དུ་ཞུགས་པ་ཙམ་གྱིས་འཛམ་བུའི་གླིང་ཐམས་ཅད་ཀྱི་རྩོད་པར་སྨྲ་བ་རྣམས་ལས་རྒྱལ་བར་གྱུར་ཏོ། །

འདི་ནི་སྟོན་པ་གཉིས་པ། མཆོག་གཉིས་པ། ཆོས་ཀྱི་སྡེ་དཔོན། ཆོས་ཀྱི་འཁོར་ལོ་རྗེས་སུ་སྐོར་བ་དེ་ནི་སེང་གེའི་ཤིང་རྟས་འོངས་པ་འདི་ཡིན་ནོ། །དེའི་རྗེས་ཐོགས་ཉིད་ལ་ཚེ་དང་ལྡན་པ༌མཽད་གལ་གྱི་བུ་ཆེན་པོས་གླང་པོ་ཆེ་ས་སྲུང་འདྲ་བའི་གླང་པོའི་རྒྱལ་པོ་མངོན་པར་སྤྲུལ་ཏེ། སྟེང་གི་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འོང་ངོ་། །དེ་ནས་ཁྱིམ་བདག་དེས་དེ་མཐོང་ནས། མ་ག་དྷཱ་བཟང་མོ་ལ་དྲིས་པ། གང་གླང༌པོའི་རྒྱལ་པོ་ས་སྲུང་འདྲ་བའི་གླང་པོས་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང༌མཽད་གལ་གྱི་བུ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་སྟེ། འདིའི་རྫུ་འཕྲུལ་གྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི་ཁང་བཟང་རྐང་པའི་མཐེ་བོས་ཀུན་ཏུ་སྒུལ་བ་དང་། འདིས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་བཏུལ་བ་དེ་གླང་པོའི་ཤིང་རྟས་འོང་བ་འདི་ཡིན་ནོ། །

བར་སྐབས་དེར་ཚེ་དང་ལྡན་པ་མ་འགགས་པས་ཤིང་རྟའི་འཕང་ལོ་ཙམ་གྱི་པད་མ་ཐམས་ཅད་གསེར་ལས་བྱས་པ། བཻཌཱུརྱའི་སྡོང་བུ་ཅན་དངུལ་གྱི༌གེ་སར་དང་ལྡན་པ་མངོན་པར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལས་འོང་ངོ་། །དེ་ནས་ཁྱིམ་བདག་དེས་དེ་མཐོང་བ་དང་དྲིས་པ། མ་ག་དྷཱ་བཟང་མོ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་མ་འགགས་པ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་སྟེ། འདི་ནི་བསོད་ནམས་ཀྱི་སྟོབས་ཀྱིས་ཡོངས་སུ་བཟུང་བས་སྣོད༌ཚོས་པས་གང་བ་ལྔ་བརྒྱ་སྒོ་ན་གནས་པ་དང་། ཅུང་ཟད་བསམས་པ་ཙམ་གྱིས་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་འབྱུང་བ་ལ་སྤྱོད་པ་དེ་པད་མའི་ཤིང་རྟས༌འོང་བ་འདི་ཡིན་ནོ། །བར་སྐབས་དེར་ཚེ་དང་ལྡན་པ་གང་པོས་ནམ་མཁའ་ལྡིང་གི་ཤིང་རྟ་མངོན་པར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་འོང་ངོ་། །

དེ་ནས་ཁྱིམ་བདག་དེས་དྲིས་པ་མ་ག་དྷཱ་བཟང་མོ་ནམ་མཁའ་ལྡིང་གི་ཤིང་རྟས་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་གང་པོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ནམ་མཁའ་ལྡིང་གི་ཤིང་རྟས་འོང་བ་འདི་ཡིན་ནོ། །བར་སྐབས་དེར་ཚེ་དང་ལྡན་པ་རྟ་ཐུལ་སྤྱོད་ལམ་རབ་ཏུ་ཞི་བས་འོང་ངོ་། །

དེ་ནས་ཁྱིམ་བདག་དེས་དེ་ལ་དྲིས་པ། མ་ག་དྷཱ་བཟང་མོ་གང་ལྷུང་བཟེད་ལག་ན་ཐོགས་ཏེ་སྤྱོད་ལམ་རབ་ཏུ་ཞི་བས་འོང་བ་དེ་ཁྱོད་ཀྱི་སྟོན་པ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་རྟ་ཐུལ་ཞེས་བྱ་བ་ཡིན་ཏེ། འདིའི་སྤྱོད་ལམ་རབ་ཏུ་ཞི་བས་གླང་པོ་ཆེ་སྨྱོན་པ་བཏུལ་བ་དང་། འདིའི་སྤྱོད་ལམ་རབ་ཏུ་ཞི༌བ་མཐོང་བས་འཕགས་པ་ཤཱ་རིའི་བུས་བདེན་པ་མཐོང་བར་གྱུར་ཏེ། དེ་མངོན་པར་བྱུང་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པ་དེ་སྤྱོད་ལམ་རབ་ཏུ་ཞི་བས་འོང་བ་འདི་ཡིན་ནོ། །

བར་སྐབས་དེར་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་གསེར་གྱི་ཏ་ལའི་ནགས་མངོན་པར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་འོང་ངོ་། །དེ་ནས་ཁྱིམ་བདག་དེས་དེ་ལ་དྲིས་པ། མ་ག་དྷཱ་བཟང་མོ་གང་གསེར་གྱི་ཏ་ལའི་ནགས་ལ་བརྟེན་ཅིང་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ།

དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་ཉེ་བར་འཁོར་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ཏེ། འདི་ལ་ཤཱཀྱ་ལྔ་བརྒྱ་ཙམ་རབ་ཏུ་བྱུང་བ་རྣམས་ཀྱིས་དོ་ཤལ་དང་། གདུ་བུ་དང་། དཔུང་རྒྱན་དང་། གསེར་གྱི་གདུགས་ལ་སོགས་པའི་རྒྱན་རྣམས་དང་། གོས་རྣམས་ཀྱི་ཕུང་པོ་ཆེན་པོ་མདུན་དུ་བཞག་པ་དང་། འདིས་དེ་མཐོང་བ་དང་སྐྱོ་བ་ཆེན་པོ་སྐྱེས་ཏེ། དེ་དག་ཐམས་ཅད་མི་རྟག་པར་ཤེས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེ་གསེར་གྱི་ཏ་ལའི་ནགས་ལ་བརྟེན་ནས་འོང་བ་འདི་ཡིན་ནོ། །

དེ་ནས་བར་སྐབས་དེར་ཚེ་དང་ལྡན་པ༌ཀཱ་ཏྱཱ་ཡ་ནའི་བུ་ཆེན་པོས་བཻཌཱུརྱའི་ཁང་པ་བརྩེགས་པ་མངོན་པར་སྤྲུལ་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལས་འོང་ངོ་། །དེ་ནས་ཁྱིམ་བདག་གིས་དྲིས་པ། མ་ག་དྷཱ་བཟང་མོ་བཻཌཱུརྱའི་ཁང་པ་བརྩེགས་པ་ན་འདུག་སྟེ་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང༌ཀཱ་ཏྱཱ་ཡ་ནའི་བུ་ཆེན་པོ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཻཌཱུརྱའི་ཁང་པ་བརྩེགས་པའི་ནང་དུ་འདུག་ནས་འོང་བ་འདི་ཡིན་ནོ། །

བར་སྐབས་དེར་ཚེ་དང་ལྡན་པ་གསུས་པོ་ཆེས་ཁྱུ་མཆོག་གི་ཤིང་རྟ་མངོན་པར་སྤྲུལ་ནས། རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་འོང་ངོ་། །དེ་ནས་ཁྱིམ་བདག་དེས་དྲིས་པ། མ་ག་དྷཱ་བཟང་མོ་གང་ཁྱུ་མཆོག་གི་ཤིང་རྟ་ལ་ཞོན་ཏེ་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་གསུས་པོ་ཆེ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་ཁྱུ་མཆོག་གི་ཤིང་རྟས་འོང་བ་འདི་ཡིན་ནོ། །

བར་སྐབས་དེར་ཚེ་དང་ལྡན་པ་སྲུང་དབང་གི་བུ་ངང་པའི་ཤིང་རྟས་སྟེང་གི་ནམ་མཁའ་ལས་རྫུ་འཕྲུལ་གྱིས་འོང་ངོ་། །དེ་ནས་ཁྱིམ་བདག་དེས་དྲིས་པ། མ་ག་དྷཱ་བཟང་མོ་གང་ངང་པའི་ཤིང་རྟས་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་སྲུང་དབང་གི་བུ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་འདི་ཡིན་ཏེ། འདི་ཆུ་བོ༌གང་གཱ་རྒལ་བར་འདོད་པ་ན་དམངས་མོ་འདུག་ཅིག་ཅེས་སྨྲས༌པ་དང་། ཚིག་དེའི་རྗེས་ཐོགས་ཉིད་ལ་རི་བོ་བརྩེགས་པ་བཞིན་དུ་གནས་ཏེ། རྣམ་པ་ཐམས་ཅད་དུ་མི་འབབ་པར་བྱེད་པ་དེ་ངང་པའི་ཤིང་རྟས་འོང་བ་འདི་ཡིན་ནོ། །བར་སྐབས་དེར་ཚེ་དང་ལྡན་པ་རྣ་བ་བྱེ་བ་ཉི་ཤུ་རི་ནགས་ཀྱི་ཚོགས་ལ་འཆག་ཅིང་འདུག་པ་དེ་འཆག་བཞིན་དུ་འོང་ངོ་། །

དེ་ནས་ཁྱིམ་བདག་དེས་དྲིས་པ། མ་ག་དྷཱ་བཟང་མོ་གང་ནགས་ཤིང་བརྒྱ་དག་གིས་ཁྱབ་པའི་ནགས་འདི་ལ་འཆག་ཅིང་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་དགེ་སློང་རྣ་ཅན་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་རྩོམ་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ཏེ། འདི་སྐྱེས་པ་ཙམ་གྱིས་རྣ་བ་བྱེ་བ་ཉི་ཤུ་རི་བ་དང་བཅས་པར་སྐྱེས་པ་དང་། གང་གི་རྐང་མཐིལ་གྱི་འོག་ནས་སོར་བཞི་ཙམ་གྱི་གསེར་གྱི་སྤུ་ཡང་དག་པར་སྐྱེས་པ་དང་། གང་འདི་དང་པོའི་ཟན་ལ༌ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཟད་པར་བྱས་པ་དང་། གང་བཅོམ་ལྡན་འདས་སྙུང་བ་དང་། མཽད་གལ་གྱི་བུ་ཆེན་པོས་བཤོས་གཙང་ཉེ་བར་བླངས་པ་དང་། གང་གི་དྲིས་འོད་མའི་ཚལ་ཐམས་ཅད་ཀུན་ཏུ་གང་བ་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་མནམས་ནས་མཆོག་ཏུ་ངོ་མཚར་སྐྱེས་ཏེ། གང་གི་རྐང་པ་གཉིས་བཞག་པ་ཙམ་གྱིས་ས་འདི་རབ་ཏུ་གཡོས་པ་དང་། གང་ཞིག་རབ་ཏུ་བྱུང་ནས༌འཆག་སར་འཆག་པ་ན་དེའི་རྐང་པ་གཉིས་ལས་ཁྲག་བྱུང་བ་ཟགས་པ་ཁྭ་རྣམས་འཐུང་བ་དེ་འཆག་ཅིང་འོང་བ་འདི་ཡིན་ནོ། །བར་སྐབས་དེར་ཚེ་དང་ལྡན་པ་སྒྲ་གཅན་འཛིན་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་མངོན་པར་སྤྲུལ་ཏེ་འོང་བ་དང་། དེ་ནས་ཁྱིམ་བདག་དེས་དྲིས་པ། མ་ག་དྷཱ་བཟང་མོ་གང་འཁོར་ལོས་སྒྱུར་བའི་ཆ་བྱད་ཀྱིས་འོང་བ་འདི་ཁྱོད་ཀྱི་སྟོན་པ་དེ་ཡིན་ནམ། དེས་དེ་ལ་སྨྲས་པ། འདི་ནི་བཅོམ་ལྡན་འདས་ཀྱི་སྲས་བཅོམ་ལྡན་འདས་ཀྱིས་བསླབ་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ཏེ། འདིས་ཡབ་ཀྱིས་སྤངས་པའི་དཔལ་སྟོན་པར་བྱེད་ཅིང་འཁོར་ལོས་སྒྱུར་བའི་ཆ་ལུགས་ཀྱིས་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བུ་སྟོང་གིས་ཡོངས་སུ་བསྐོར་ཏེ། གཟའ་དང་རྒྱུ་སྐར་དང་སྐར་མའི་ཚོགས་ཀྱིས་བསྐོར་བའི་ཟླ་བ་ལྟ་བུ་དང་། རྒྱལ་པོའི་ལམ་བཟུང་ནས་འགྲོ་བ་མིའི་བདག་པོ་ལྟ་བུ་དང་། ཆུ་བོ་སྟོང་ཕྲག་གི་ཆུ་འབབ་པས་ཀུན་ཏུ་འགེངས་པའི་རྒྱ་མཚོ་ལྟ་བུ་དང་། འཇིགས་པ་དང་ནད་དང་མྱ་ངན་སེལ་བའི་སྐྱེ་དགུ་སྐྱོང་བ་ཆེན་པོ་ལྟ་བུ་དང་། རི་དྭགས་ཀྱི་ནང་ན་སེང་གེ་ལྟ་བུ་དང་། བྱ་རྣམས་ཀྱི་ནང་ན་ནམ་མཁའ་ལྡིང་ལྟ་བུ་དང་། ཐམས་ཅད་སེལ་བའི་ཉི་མ་དང་། གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བ་དང་། ཆོས་བཟང་ན་མིག་སྟོང་ལྡན་པ་ཆོས་སྐྱོང་བ་ལྟ་བུར་འོང་བ་ཡིན་ནོ། །དེ་བཞིན་དུ་ལ་ལ་ནི་འབར་བར་བྱེད་པ་དང་། ལ་ལ་ནི་ཆར་འབེབས་པ་དང་། དེ་བཞིན་དུ་ཆོ་འཕྲུལ་སྣ་ཚོགས་པ་སྟོན་ཅིང་འོང་བ་ཡིན་ནོ། །

ལ་ལ་ས་ལས་འཕགས་པ་དང་། །ལ་ལ་ནམ་མཁའི་གཞི་ལ་གནས། །ལ་ལ་སྟན་ནི་སྤྲུལ་བྱེད་དེ། །རྫུ་འཕྲུལ་ལྡན་པའི་མཐུ་ལ་ལྟོས། །དེ་ལྟར་བཅོམ་ལྡན་འདས་ཀྱི་སློབ་མ་རྣམས་ཡང་དག་པར་སོང་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་གང་གིས་འཛམ་བུའི་གླིང་ཐམས་ཅད་གསེར་བཙོ་མའི་མདོག་འདྲ་བའི་འོད་ཀྱིས་གང་བ་དེ་ལྟ་བུའི་འོད་བཀྱེ་ཞིང་། མཉན་ཡོད་ནས་བརྩམས་ཏེ་བུ་རམ་ཤིང་འཕེལ་གྱི་བར་འདིར་འོད་ཀྱི་དཀྱིལ་འཁོར་ཆེན་པོ་བཀྱེ་བས་གང་དུའང་མིག་གིས་མི་མཐོང་བ་མེད་པས་ཐམས་ཅད་ཀྱིས་མཐོང་བར༌གྱུར་ཏོ། །

བཅོམ་ལྡན་འདས་ཀྱང་ནམ་མཁའ་ལ་གཤེགས་པ་དང་། ལག་ན་རྡོ་རྗེ་ནི་སྣམ་ལོགས་ནས་འགྲེང་ངོ་། །གནས་གཙང་མ་པ་རྣམས་ནི་སྟེང་ནས་སོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ནི་འོག་ནས་སོ། །གཡོན་ལོགས་ནས་ནི་བརྒྱ་བྱིན་ནོ། །གཡས་ནས་ནི་ཚངས་པའོ། །དེ་བཞིན་དུ་གཙུག་ཕུད་ལྔ་པ་དང་། ཤིན་ཏུ་དགའ་དང་མིག་སྦྱིན་ལ་སོགས་པ་དྲི་ཟ་རྣམས་པི་ཝང་དང་གླིང་བུ་དང་རྔ་དང་རྫ་རྔ་ལ་སོགས་པ་རོལ་མོའི་བྱེ་བྲག་སྙན་པ་རྣམས་རྡུང་ཞིང་། མེ་ཏོག་དང་། བདུག་པ་དང་།

དྲི་དང་། ཕྲེང་བ་རྣམས་ཀྱང་འཐོར་ཞིང་འབྱོར་པ་ཆེན་པོས་གཤེགས་ཏེ། བར་སྐབས་དེར་བཅོམ་ལྡན་འདས་ཀྱིས་སྲོག་ཆགས་སྟོང་ཕྲག་བདུན་ཅུ་རྩ་བདུན་བདེན་པ་ལ་ཐོག་མར་རབ་ཏུ་བཀོད་པར་མཛད་ནས་དེའི་འོག་ཏུ་བུ་རམ་ཤིང་འཕེལ་གྱི་གྲོང་ཁྱེར་དུ་གཤེགས་ཏེ། གྲོང་ཁྱེར་དེ་ན་ཡང་སྒོ་བཅྭོ་བརྒྱད་ཡོད་པ་དང་། དེར་བཅོམ་ལྡན་འདས་ཀྱིས་སངས་རྒྱས་བཅྭོ་བརྒྱད་སྤྲུལ་པར་མཛད་ནས་སྒོ་རེ་རེ་ཞིང༌སངས་རྒྱས་སྣང་བར་གྱུར་པ་ནས་བཅོམ་ལྡན་འདས་མ་ག་དྷཱ་བཟང་མོའི་ཁྱིམ་དུ་གཤེགས་སོ། །

དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མ་མཐོང་སྟེ། དེ་རྣམས་ཁྲོས་ནས་དེའི་ཁྱིམ་བཤིག་པར་བརྩམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་དེ་ཐམས་ཅད་ཤེལ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། གང་ཁྱིམ་ཐམས་ཅད་དུའང་སངས་རྒྱས་ཀྱི་སྐུ་བཞུགས་པར་མཐོང་བར་མཛད་དོ། །

ཇི་སྲིད་བུ་རམ་ཤིང་འཕེལ་དུ་མ་ག་དྷཱ་བཟང་མོ་ལ་སོགས་པའི་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མེ་ཏོག་དང་དྲི་དང་། ཕྲེང་བ་དང་།

སྤོས་རྣམས་ཀྱིས་མཆོད་པ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མ་ག་དྷཱ་བཟང་མོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཆེན་པོ་དེ་རྣམས་ལ་གང་ཞིག་ཐོས་ན་མ་ག་དྷཱ་བཟང་མོ་ལ་སོགས་པའི་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱིས་བདེན་པ༌མངོན་དུ་མཐོང་བ་ཐོབ་པར་གྱུར་པ་དེ་ལྟ་བུའི་ཆོས་བསྟན་པ་མཛད་ཅིང་། འཁོར་དེ་ཐམས་ཅད་ཀྱང་སངས་རྒྱས་ལ་གཞོལ་བ་དང་། ཆོས་ལ་བབ་པ་དང་། དགེ་འདུན་ལ་འབབ་པར་གྱུར་ཏོ། །

ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཇི་སྲིད་དུ་མ་ག་དྷཱ་བཟང་མོ་མཆིས་ནས་སྲོག་ཆགས་བརྒྱ་སྟོང་དུ་མ་མཐོ་རིས་དང་ཐར་པ་ལ་གཞོལ་བར་གྱུར་པ་དང་། འདིས་སངས་རྒྱས་ཀྱི་མཛད་པ་བགྱིས་པ་ནི་ངོ་མཚར་ཆེའོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟ་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ན་འདིས་སངས་རྒྱས་ཀྱི་བྱ་བ་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་སྟེ། ཡང་དུས་དེའི་ཚེ་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་རྒྱལ་པོ༌ཀྲྀ་ཀཱི་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་བུ་མོ་གསེར་གྱི་ཕྲེང་བ་དང་ལྡན་པ་ཞིག་བཙས་ཏེ། དེའི་མིང་ཡང་གསེར༌ཕྲེང་ཅན་ཞེས་བྱ་བར་བཏགས་སོ། །

ཇི་སྲིད་ཅིག་ན་བུ་མོ་དེ་ཆེར་སྐྱེས་པར་གྱུར་པ་དང་ན་ཟླ་གཞོན་ནུ་མ་ལྔ་བརྒྱ་ཐམས་ཅད་ཀྱང་གཞོན་ནུ་མས་བསྐོར་ཅིང༌ཐབས་ཅིག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱེད་དེ། དེ་ལ་དད་པ་ཡང་དག་པར་ཐོབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ལ་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང་། བསོད་སྙོམས་དང་གཟིམ་ཆ་དང་སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དོ། །

ཡང་དུས་དེའི་ཚེ་རྒྱལ་པོ༌ཀྲྀ་ཀཱིས་མཚན་གཅིག་ལ་རྨི་ལམ་བཅུ་རྨིས་ཏེ། དེས་སྨྲས་པ། གླང་པོ་ཆེའི་རྒྱལ་པོ་སྐར་ཁུང་ནས་བྱུང་བ་ན་མཇུག་མ་ཕྲ་མོ་ཐོགས་པ་དང་། སྐོམ་པས་ཕྱི་ནས་ཁྲོན་པ༌སྙེགས་པར་རྨིས་བ་དང་། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཚོང་བྱེད་པ་དང་། ཙན་དན་དང་ཤིང་རིན་མཉམ་པར་བྱེད་པ་དང་། ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པ་རྣམས་ཀྱིས་ཕྲོགས་པ་དང་། གླང་པོ་ཆེ་ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པ་དང་། སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པ་དང་། སྤྲེའུ་རྒྱལ་པོར་དབང་བསྐུར་བར་མཐོང་བ་དང་། རས་གཅིག་མི་བཅྭོ་བརྒྱད་ཀྱིས་དྲས་ཀྱང་མ་རལ་བ་དང་། སྐྱེ་བོའི་ཚོགས་ཆེན་པོ་གཅིག་ཏུ་འདུས་ནས་འཐབ་པ་དང་། རྩོད་པ་དང་གཡུལ་འགྱེད་པ་དང་མཚང་འབྲུ་བར་གྱུར་པས་འཇིགས་པ་མཐོང་ངོ་། །དེ་ནས་རྒྱལ་པོ་དེ་སད་པ་དང་འཇིགས་ཤིང་སྐྲག་ལ་སྐྱོ་བས་ངའི༌འཚོ་བའི་སྲོག་གི་བར་ཆད་དུ༌གྱུར་པའམ། རྒྱལ་སྲིད་ལས་ཉམས་པར་མི་འགྱུར་རམ་སྙམ་སྟེ། དེས་བྲམ་ཟེ་རྨི་ལྟས་ཀྱི་མཚན་མ་སྟོན་ཤེས་པ་རྣམས་བསྡུས་ནས་དེ་རྣམས་ལ་རྨི་ལམ་དེ་རྣམས་སྨྲས་སོ། །དེ་རྣམས་ཀྱང་གསེར་ཕྲེང་ཅན་ལ་ཞེ་སྡང་བ་ཡིན་པས་དེ་རྣམས་ཀྱིས་སྨྲས་པ། ལྷ་ཁྱེད་ལ་ཐམས་ཅད་ཀྱི་ནང་ན་ཐུགས་སུ་བྱོན་པ་དེའི་སྙིང་དང་མེ་ལ་སྦྱིན་སྲེག་གི་མཆོད་སྦྱིན་མཛོད་ཅིག །དེ་ནས་རྒྱལ་པོ་དེ་ཡི་མུག་པས་བསམས་པ། ཐམས་ཅད་ཀྱི་ནང་ན་ང་ལ་སྡུག་པ་ནི་ངའི་གསེར་ཕྲེང་ཅན་ཡིན་ནོ། །

གསེར་ཕྲེང་ཅན་གྱིས་དེ་ཐོས་པ་དང་། དེ་ཡང་མཁས་པ་ཡིན་པས་རྒྱལ་པོ་དེའི་གན་དུ་སོང་སྟེ་ཕྱིན་ནས་སྨྲས་པ། ལྷ་ཉི་མ་ཤར་ན་སྒྲོན་མ་མེའི་འོད་དགོས་པ་ཅི་མཆིས། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འདི་དྲང་སྲོང་སྨྲ་བ་རི་དྭགས་རྒྱུ་བ་ན་བཞུགས་ཏེ་དེར་གཤེགས་ལ་ཞུས་ཤིག་དང་། བཅོམ་ལྡན་འདས་དེས་ཁྱེད་ལ༌ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཁྱེད་ཀྱིས༌ཟུངས་ཤིག །

དེ་ནས་རྒྱལ་པོ༌ཀྲྀ་ཀཱིས་གྲོང་ཁྱེར༌བཱ་རཱ་ཎ་སཱིར་ང་དེང་བཅོམ་ལྡན་འདས་དེའི་དྲུང་དུ་འགྲོའོ་ཞེས་དྲིལ་ཆེན་པོ་བསྒྲགས་ནས་དེ་འཁོར་བརྒྱ་སྟོང་དུ་མ་དང་།

གསེར་ཕྲེང་ཅན་དེ་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག༌བྱས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །ཇི་སྲིད་ཅིག་ན་རྒྱལ་པོ༌ཀྲྀ་ཀཱི་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་འདིར༌དགོང་གཅིག་ལ་བདག་གིས་རྨི་ལམ་བཅུ་ཁུམས་པ། གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ན། དེའི་མཇུག་མ་ཐོགས་པ་ལ་སོགས་པ་སྔ་མ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་རྨི་ལམ་དེའི་འབྲས་བུ་འདིར་བདག་ལ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །ཁྱོད་ཀྱི་ཡུལ་འཁོར་ཉམས་པར་མི་འགྱུར་ལ། སྲོག་གི་བར་ཆད་དུ་ཡང་མི་འགྱུར་གྱིས། རྒྱལ་པོ་ཆེན་པོ་གཞན་དུ་ན་མ་འོངས་པའི་ཚེ་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་སྟེ། དེའི་ཕྱི་མའི་དུས་ན་ཉན་ཐོས་རྣམས་ལུས་མ་བསྡམས་པ། སེམས་མ་བསྡམས་པ། ཚུལ་ཁྲིམས་མ་བསྡམས་པ། ཤེས་རབ་མ་བསྡམས་པ་འབྱུང་བར་འགྱུར་ཏེ། དེ་རྣམས་གཉེན་གྱི་ཚོགས་སྤངས་ནས་རབ་ཏུ་འབྱུང་བར་འགྱུར་ཏེ། དེ་ནས་གཙུག་ལག་ཁང་རྣམས་སུ་ཁྱིམ་གྱི་འདུ་ཤེས་འཇོག་པས་ཆགས་པར་འགྱུར་ཏེ། གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ན་དེའི་མཇུག་མ་ཐོགས་པ་ནི་དེའི་སྔ་ལྟས་ཡིན་ནོ། །

རྒྱལ་པོ༌ཆེན་པོ་ཁྱོད་ཀྱིས་སྐོམ་པའི་ཕྱི་ནས་ཁྲོན་པ༌སྙེགས་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་རྣམས་གཙུག་ལག་ཁང་གི་ནང་ན་ལྷན་ཅིག་གནས་པ་རྣམས་ལ་ཆོས་སྟོན་པར་འགྱུར་ཡང་དེ་རྣམས་ཉན་པར་འདོད་པར་མི་བྱེད་ཅིང་ཡིད་ལ་མི་འཇོག་སྟེ། དེའི་སྔ་ལྟས་ནི་འདི་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་ཚོང་བྱེད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཉན་ཐོས་རྣམས་ཏེ། གང་བཟའ་བ་ཙམ་གྱི་དོན་དུ་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་རྣམས་ཡང་དག་པར་སྟོན་པར་འབྱུང་བར་འགྱུར་ཏེ་དེའི་སྔ་ལྟས་ནི་འདི་ཡིན་ནོ། །

རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཙན་དན་དང་ཤིང་མཉམ་པོར་ཚོང་བྱེད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་ཉན་ཐོས་རྣམས་མུ་སྟེགས་ཀྱི་ཚིག་གང་ཡིན་པ་རྣམས་བཟུང་ནས་སངས་རྒྱས་ཀྱི་བཀའ་དང༌སྙོམས་པ་འབྱུང་བར་འགྱུར་ཏེ་དེའི་སྔ་ལྟས་ནི་འདི་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀུན་དགའ་ར་བ༌འབྲས་བུ་ཕུན་སུམ་ཚོགས་པ་མ་བྱིན་པར་ལེན་པ་རྣམས་ཀྱིས་ཕྲོགས་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ༌དེ་ནི་དེ་ཉིད་ཀྱི་ཉན་ཐོས་ལུས་མ་བསྡམས་པ། སེམས་མ་བསྡམས་པ། ཚུལ་ཁྲིམས་མ་བསྡམས་པ། ཤེས་རབ་མ་བསྡམས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་རྣམས་དགེ་འདུན་རྣམས་ཀྱི་མེ་ཏོག་གི་མཆོག་དང་། འབྲས་བུའི་མཆོག་རྣམས་འཚོ་བའི་ཕྱིར་དགེ་འདུན་ལས་བཅད་ནས་ཁྱིམ་པ་རྣམས་ལ་སྟེར་བར་འགྱུར་ཏེ། དེའི་སྔ་ལྟས༌ནི་འདི་ཡིན་ནོ། །

རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གླང་པོ༌ཕྲུ་གུས་སྤོས་ཀྱི་གླང་པོ་འཇིགས་པར་བྱེད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་འདི་ནི་དེ་ཉིད་ཀྱི་ཉན་ཐོས་རྣམས་ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཅན་དེ་རྣམས་གང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་རྣམས་ཟིལ་གྱིས་གནོན་པར་བྱེད་པར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་མི་གཙང་བས་གོས་པས་གཞན་ལ་སྐུད་པར་རྨི་ལམ་དུ་མཐོང་བ་གང་ཡིན་པ་འདི་ནི་དེ་ཉིད་ཀྱི་ཉན་ཐོས་ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་ཅན་རྣམས་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱིས་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྐུར་པ་འདེབས་པར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་རྒྱལ་པོར་དབང་བསྐུར་བར་མཐོང་བ་གང་ཡིན་པ་དེ་ནི་དུས་དེའི་ཚེ་རྨོངས་པ་རྣམས་རྒྱལ་པོར་དབང་བསྐུར་བར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །

རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་རས་གཅིག་མི་བཅྭོ་བརྒྱད༌ཀྱིས་དྲས་ཀྱང་མ་རལ་བར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་བསྟན་པ་སྡེ་བཅྭོ་བརྒྱད་དུ་གྱེས་པར་གྱུར་ཀྱང་རྣམ་པར་གྲོལ་བའི་རས་ནི་ངལ་བར༌བྱ་བར་མི་ནུས་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ༌ཁྱོད་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་གཅིག་ཏུ་འདུས་ནས་འཐབ་པ་དང་རྩོད་པ་དང་གཡུལ་འགྱེད་པ་དང་། མཚང་འབྲུ་བར་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་བསྟན་པ་རྩོད་པས་ནུབ་པར་འགྱུར་ཏེ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་ལྟར་མི་བཟད་པ་རྣམས་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལའང་རྒྱལ་པོ༌ཀྲྀ་ཀཱི་དང་། གསེར་ཕྲེང་ཅན་གྱིས་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྣམས་བསྐྱེད་པ་ཡིན་ནོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། དེའི་ཚེ་ན་གསེར་ཕྲེང་ཅན་གང་ཡིན་པ་དེ་ནི་མ་ག་དྷཱ་བཟང་མོ་འདི་ཉིད་ཡིན་ཏེ། དེའི་ཚེ༌ཡང་འདིས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། ད་ལྟར་ཡང་འདི་འོངས་ནས་སངས་རྒྱས་ཀྱི་བྱ་བ་བྱས་སོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གསེར༌ཕྲེང་ཅན་གྱིས་ལས་ཅི་ཞིག་བགྱིས་ན་གསེར་གྱི་ཕྲེང་བ་བཏགས་པར་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་བྱས་པ་ཡོད་དེ། སྔོན་བྱུང་བ་ན་ཞིང་པ་གཞན་ཞིག་གི་ཆུང་མར་གྱུར་ཏེ། རང་སངས་རྒྱས་ཀྱི་མཆོད་རྟེན་ལ་ཁ་དོག་སྣ་ཚོགས་པའི་མེ་ཏོག་རྣམས་ཀྱི་ཕྲེང་བ་བྱས་ནས་བཏགས་ཏེ། ལས་དེའི་རྣམ་པར་སྨིན་པས་གསེར་གྱི་ཕྲེང་བ་བཏགས་པར་སྐྱེས་སོ། །

དེ་བས་ན་དགེ་སློང་དག་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་དཀར་བ་ཡིན་ཏེ། འདྲེན་མ་རྣམས་ཀྱི༌རྣམ་པར་སྨིན་པ་ནི་འདྲེན་མའོ། །

དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་མངོན་པར་བརྩོན་པར་བྱ་སྟེ། དགེ་སློང་དག་ཁྱེད་རྣམས་ཀྱིས་དེ་ལྟར་བསླབ་པར་བྱའོ། །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མ་ག་དྷཱ་བཟང་མོའི་རྟོགས་པ་བརྗོད་པ་རྫོགས་སོ།། །།

བུ་མོ་འོད་བཟང་མ་འབྲས་བུ་ཐོབ་སྟེ་རྫུ་འཕྲུལ་བསྟན་ནས་སེམས་ཅན་འབུམ་ཕྲག་དུ་མ་བདེན་པ་ལ་བཀོད་ཚུལ། རྟོགས་བརྒྱ་པ་ལས་བཏུས།

མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་དུ་ཡོད་པ་ན། ཚོང་དཔོན་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །

དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ལྷའི་རྒྱན་གྱིས་བཀླུབས་པ་ནོར་བུ་རིན་པོ་ཆེ་མགུལ་ན་ཐོགས་པ་ཞིག་བཙས་ཏེ། དེ་ལས་འོད་བྱུང་བ་དེས་མཉན་དུ་ཡོད་པ་ཐམས་ཅད་སྣང་བར་བྱས་སོ། །

དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་བུ་མོ་འདི་བཙས་མ་ཐག་ཏུ་ནོར་བུ་རིན་པོ་ཆེའི་འོད་ཀྱིས་མཉན་དུ་ཡོད་པ་ཐམས་ཅད་སྣང་བར་བྱས་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་འོད་བཟང་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་འོད་བཟང་མ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི༌ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །བུ་མོ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་ལ། བདག་ལ་ཕན་པ་དང་གཞན་ལ་ཕན་པ་ལ་ཞུགས་པ་ཞིག་སྟེ། དེ་ལ་སློང་བ་སུ་དང་སུ་འོངས་ཀྱང་རུང་བ་དེ་དང་དེ་དག་ལ་མགུལ་ནས་རྒྱན་བཀྲོལ་ཏེ་སྦྱིན་པར་བྱེད་དོ། །བྱིན་ནས་ཀྱང་ཡང་རྒྱན་འབྱུང་བར་འགྱུར་རོ། །

དེ་ནས་གང་གི་ཚེ་བུ་མོ་དེ་མཐར་གྱིས་ཆེན་མོར་གྱུར་པ་དེའི་ཚེ་རྒྱལ་པོའི་བུ་རྣམས་དང་། བློན་པོའི་བུ་རྣམས་དང་། ཚོང་དཔོན་གྱི་བུ་མང་པོ་དག་དེ་སློང་དུ་འོང་ངོ་། །དེ་ནས་དེ་དག་གིས་གནོང་པར་གྱུར་ནས། དེའི་ཕ་ལག་པ་ལ་རྐོམ་ཚུགས་བཅས་ཏེ་བསམས་པ། གལ་ཏེ་གཅིག་ལ་བྱིན་ན་ནི་གཞན་རྣམས་བདག་གི་དགྲར་འགྱུར་རོ་སྙམ་ནས། སེམས༌ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་རེ་ཞིག་ན་བུ་མོ་དེས་ཕ་སེམས༌ཁོང་དུ་ཆུད་པ་མཐོང་ནས། སྨྲས་པ། ཡབ་ཅི་ཞིག་གིས་སེམས༌ཁོང་དུ་ཆུད་ཅིང་བཞུགས། དེ་ནས་དེས་དེའི་དོན་རྒྱས་པར་བསྙད་དོ། །

དེ་ནས་བུ་མོ་དེ་ན་རེ། ཡབ་ཐུགས་ངལ་མ་མཛད་ཅིག་དང་། ད་སྟེ་ཞག་བདུན་ན་བདག་ཉིད་ཀྱིས་ཁྱིམ་ཐབ་འདམ་པར་འཚལ་ལོ་ཞེས་ཟེར་རོ། །དེ་ནས་ཚོང་དཔོན་དེས་རྒྱལ་པོ་གསལ་རྒྱལ་ལ་གསོལ་ནས་མཉན་དུ་ཡོད་པར་དྲིལ་བསྒྲགས་ཏེ། དེ་སྟེ་ཞག་བདུན་ན་བུ་མོ་འོད་བཟང་མ་རང་ཉིད་ཁྱིམ་ཐབ་འདམ་པར་ཆད༌ཀྱིས་ཁྱེད་ཀྱིས་བྱ་བ་གང་ཡིན་པ་དེ་གྱིས་ཤིག་ཅེས་བྱས་སོ། །དེ་ནས་ཞག་བདུན་ལོན་པ་དང་བུ་མོ་འོད་བཟང་མ་ཤིང་རྟ་ལ་ཞོན་ཏེ་ཆོས་གོས་ཚོན་ཅན་གྱི་རྒྱལ་མཚན་བསྒྲེང་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་རི་མོར་བྲིས་ཏེ་བསྟོད་པ་འདོན་ཅིང་སྲང་དུ་ཞུགས་སོ། །

དེ་ནས་དེར་རྒྱལ་པོའི་བུ་རྣམས་དང་། བློན་པོའི་བུ་རྣམས་དང་། ཚོང་དཔོན་གྱི་བུ་རྣམས་དེ་ལ་ཡིད་སྨོན་བྱེད་ཅིང་ལྟ་བ་དེ་དག་ལ་གཏམ་རྣམ་པ་སྣ་ཚོགས་ཀྱིས་ཤད་ཀྱིས་བྱང་བར་བཤད་དེ། བདག་གིས་ཁྱེད་ལ་གང་གི་སྒོ་ནས་ཀྱང་སྐུ་བརྙས་ནི་མི་འཚལ་ན་ཡོང་ཡེ་བདག་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་པ་ཁོ་ནར་བས་སོ། །བདག་ནི་སངས་རྒྱས་ལ་སྐྱབས་སུ་སོང་སྟེ། དེའི་ཐད་དུ་རབ་ཏུ་འབྱུང་ངོ་ཞེས་བྱས་ནས་དེ་དག་ཕྱིར་ལོག་གོ །

བུ་མོ་འོད་བཟང་མ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར༌འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ།

དེ་ཐོས་ནས་བུ་མོ་འོད་བཟང་མས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་མངོན་པར་ཤེས་པ་ཡང་བསྒྲུབས་སོ། །དེ་ནས་བུ་མོ་འོད་བཟང་མ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར༌སྤྱོད་པ་སྤྱད་པར་འཚལ་ལོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་ལ་གདུལ་བར་བྱ་བ་མང་པོ་དག་དེས་འདྲེན་པར་འགྱུར་བར་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་སོང་ལ་འཁོར་རྣམས་ཀྱང་ལྟོས་ཤིག །དེ་ནས་བུ་མོ་འོད་བཟང་མ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་བྱུང་སྟེ་མང་པོ་འདུས་པའི་ནང་དུ་སོང་བ་དང་། དེར་སོ་སོ་ནས་བསམས་པ། འདི་མཐུས་དབྲོག་པར་བྱའོ་སྙམ་སྟེ། དེ་དག་གིས༌དེ་བཟུང་བར་བྱས་སོ། །དེ་ནས་བུ་མོ་འོད་བཟང་མ་དེ་དག་གིས་བསྙགས་པ་དང་། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །སོ་སོའི་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ་དེ་ནས་དེ་དག་གིས་ལྷ་དང་མི་རྣམས་དད་པར་བྱེད་པའི་ཆོ་འཕྲུལ་དེ་མཐོང་ངོ་། །

མཐོང་ནས་ཀྱང་སྤུ་ཟིང་ཞེས་བྱས་ནས་སྡོང་པོ་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ནས་གསོལ་བ་བཏབ་པ། སྲུ་མར་སྤྱོན་མར་སྤྱོན་ཁྱོད་ཀྱིས་ཆོས་འདི་ལྟ་བུ་དག་མངོན་སུམ་དུ་བྱས་པ་ལས་ན། ཁྱོད་འདོད་པ་སྤྱོད་པ་འདི་ནི་མི་སྲིད་དོ་ཞེས་བྱས་སོ། །དེ་ནས་བུ་མོ་འོད་བཟང་མ་ནམ་མཁའ་ལས་བབས་ནས་སྐྱེ་བོ་ཕལ་པོ་ཆེའི་གུང་ལ་འདུག་སྟེ། གང་ཐོས་པས་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས༌ཀྱིས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དེ་དེས་དེ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་སོ། །

དེ་ནས་དེས་བརྩོན་པ་དང་། སྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི༌འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་འོད་བཟང་གིས་ལས་གང་དག་བགྱིས་ན། དེས་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དང་། མགུལ་པ་ནས་ཀྱང་ནོར་བུ་རིན་པོ་ཆེ་བྱུང་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འོད་བཟང་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར༌འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། འོད་བཟང་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ༌གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་རྟེན་ཅིང་བཞུགས་པ་ལས། རེ་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སངས་རྒྱས༌ཀྱི་ཕྲིན་ལས་ཐམས་ཅད་མཛད་ནས། ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས། བཅོམ་ལྡན་འདས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་བརྩིགས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཉེན་ཡོད་ཀྱི་བཙུན་མོ༌དམ་པ་རྒས་ནས་རྒྱན་རྣམ་པ་སྣ་ཚོགས་ལུས་ལས་བཀྲོལ་ཏེ་མཆོད་རྟེན་དེ་ལ་ཕུལ་ལོ། །

དེ་ནས་ཞབས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན་བདག་གིས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་གཉེན་ཡོད་ཀྱི་བཙུན་མོ་དམ་པར་གྱུར་པ་གང་ཡིན་པ་དེ་ནི་འོད་བཟང་མ་འདི་ཡིན་ཏེ།

དེས་བཅོམ་ལྡན་འདས་རྣམ་པར་གཟིགས་ཀྱི་མཆོད་རྟེན་ལ༌རྒྱན་རྣམ་པ་སྣ་ཚོགས༌བཏགས་པ་དེས་ན་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་གྱུར་ཏེ། སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་རབ་སྡུག་མའི་རྣམ་ཐར། རྟོགས་བརྒྱ་པ་ལས་བཏུས།

ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་། བུ་བྱུང་སྟེ་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཀྱི་སྙིང་དུ་རབ་ཏུ་སྡུག་པ་ཞིག་བཙས་སོ། །

དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཉེ་དུ་རྣམས་ན་རེ་བུ་མོ་འདི་སྐྱེ་བོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པས་ན་དེའི་ཕྱིར་བུ་མོ་འདིའི་མིང་རབ་སྡུག་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ཡང་ཚེ་རབས་དྲན་ཏེ། བཙས་མ་ཐག་ཏུ་ཚིགས་སུ་བཅད་པ་སྨྲས་པ། སྦྱིན་པ་བྱིན་པ་མང་ཉུང་ཅི་ཡང་རུང་། །ཞིང་གི་ཁྱད་པར་གཞི་ལས་འཕེལ་བར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་འཇིག་རྟེན་དུ། །དད་པས་ལྷ་མི་དབང་ཕྱུག་སངས་རྒྱས་སྦྱིན། །

དེ་ནས་དེའི་ཕ་མ་དང་གཞན་ཡང་ཁྱིམ་དེ་ན་གནས་པ་རྣམས་ཀྱིས་ཚིག་བརྗོད་པ་དེ་ཐོས་ནས་སྐྲག་ཅིང་དངངས་ཏེ་མི་དགའ་བར་གྱུར་ལ། སྐྱི་བུང་ཞིག་བྱས་ནས་སྨྲས་པ་ཀྱེ༌མ་བུ་མོ་འདི་ནི་ཤ་ཟ་མོ་ཞིག་གོ །དེས་སྨྲས་པ། ཡུམ་བདག་ནི་ཤ་ཟ་མོ་ཡང་མ་ལགས། སྲིན་མོ་ཡང་མ་ལགས་ཀྱི། བདག་ནི་བུ་མོ་ལགས་ཏེ་སྦྱིན་པ་དག་སྦྱིན་པར་འཚལ་ལོ། །དེ་ནས་དེའི་མས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བུ་མོ་དེ་འདི་སྐད་མཆིའོ། །ཞེས་བསྙད་དོ། །དེ་ནས་ཁྱིམ་བདག་དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཁྱིམ་གྱི་ནང་དུ་བཤོས་གསོལ་ཏེ། དེའི་ཕྱིར་སྦྱིན་པའི་རབས་གདོན་དུ་བཅུག་གོ །དེ་ནས་གང་གི་ཚེ་བུ་མོ་དེ་མཐར་གྱིས་ལོ་བདུན་ལོན་པ་དེའི་ཚེ་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེ་དགེ་སློང་མ་ཐམས་ཅད་ལ་སྡུག་པ་དང་། ཕོངས་པ་དང་། སྙིང་དུ་སྡུག་པ་དང་། ཡིད་དུ་འོང་བར་གྱུར་ཏོ། །རེ་ཞིག་ན་དེའི་ཚེ་མུ་གེའི་བར་གྱི་བསྐལ་པ་དང་འདྲ་བའི་མུ་གེ་ཆེན་པོ་བྱུང་ནས། དེར་སྲོག་ཆགས་འབུམ་ཕྲག་དུ་མ་བཟའ་བ་དང་བཏུང་བ་མེད་པས་ཤིའོ། །

དེ་ནས་དེར་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན༌དགའ་བོ་ལ་བཀའ་སྩལ་པ། ཀུན༌དགའ་བོ་ཁྱོད་སོང་ལ་རབ་སྡུག་མ་ལ་ང་ན་རེ་འཁོར་བཞི་པོ་རྣམས་ལ་ཁྱོད་ཀྱིས་ཟླ་བ་གསུམ་གྱི་བར་དུ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་ཕུལ་ཅིག་ཅེས་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན༌དགའ་བོ་རབ་སྡུག་མའི་ཐད་དུ་སོང་ནས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱོད་ཀྱིས་འཁོར་བཞི་པོ་རྣམས་ཟླ་བ་གསུམ་གྱི་བར་དུ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་གསོས་དང་། སྨན་ཟོང་རྣམས་ཕུལ་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་རབ་སྡུག་མས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་བཀའ་སྤྱི་བོས་མནོས་ནས་བཀའ་བཞིན་འཚལ་ཞེས་སྨྲས་སོ། །དེ་ནས་རབ་སྡུག་མ་སྤྱོད་ཡུལ་གྱི་གྲོང་བལྟ་བའི་ཕྱིར་མཉན་དུ་ཡོད་པར་ཆས་སོ། །དེ་ནས་རེ་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཏམ་དེ་ཐོས་ནས་ཤིན་ཏུ་རིངས་པར་རབ་སྡུག་མའི་མདུན་དུ་སོང་སྟེ་སྨྲས་པ། རབ་སྡུག་མ་གར་འགྲོ། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཟླ་བ་གསུམ་གྱི་བར་དུ་ཞལ་ཏ་བའི་ལས་བྱེད་པར་བསྐོས་སོ། །མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ཁྱོད་ཀྱི་དེ་དག་ཐམས་ཅད་བདག་གིས་སྦྱར་གྱིས་ཁྱོད་ཀྱིས་བྱ་མི་དགོས་སོ། །

རབ་སྡུག་མས་སྨྲས་པ། གལ་ཏེ་ཡབ་བདེན་པ་མཐོང་བ་ལགས་ལ་སའི་འོག༌ཐོག་དག་ཏུ་སྦས་པའི་གཏེར་རྣམས་ཀྱང་མངོན་དུ་གཟིགས་ན། སྦྱར་བ་འདི་ལ་ངོ་མཚར་ཆེ་བ་ཅི་མཆིས། འོན་ཀྱང་བདག་ནི་སྐྱེ་བོ་དབུལ་པོ་ལ་ཕན་གདགས་པའི་སླད་དུ་ཞལ་ཏ་བགྱིད་དོ། །

དེ་བཞིན་དུ་དགེ་བསྙེན་ལྔ་བརྒྱ་དང་། བཙུན་མོ་ཕྲེང་རྒྱུད་མ་དང་། རྒྱལ་རིགས་ཀྱི་བུ་མོ་དབྱར་ཚུལ་མ་དང་། བཙུན་མོ་འཁོར་གྱི་བླ་དྲང་སྲོང་སྦྱིན་དང་། གནའ་མི་དང་རི་དྭགས་འཛིན་གྱི་མ་ས་ག་དང་། རྒྱལ་པོ་གསལ་རྒྱལ་རྣམས་ཀྱིས་ཀྱང་སྐབས་ཕྱེ་སྟེ། ཁྱོད་ཀྱིས་བྱ་མི་དགོས་སོ་ཞེས་བྱས་སོ། །དེ་ནས་ནགས་ཁུང་དུ་སོང་ནས་དེར༌མི་མ་ཡིན་པ་མིའི་ཆ་ལུགས་ཅན་དག་གིས་ཀྱང་སྐབས་ཕྱེའོ། །དེ་ལྟར་སྐབས་ཕྱེ་ནས་ཀྱང་། དེས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང་། ཞལ་ཟས་དང་། གཟིམ་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་ཀྱིས་བསྙེན་བཀུར་བྱས་སོ། །དེས་ཟླ་བ་གསུམ་པོ་དེ་ཉིད་ཀྱི་སྐབས་སུ་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཕོལ་མིག་ལྔ་པའི༌འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེ་ནས་བཅོམ་ལྡན་འདས་ཟླ་བ་གསུམ་འདས་པ་དང་། ཆོས་གོས་མཛད་དེ་ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་ཆས་ཏེ་གཤེགས་སོ། །དེ་ནས་རབ་སྡུག་མས་བཅོམ་ལྡན་འདས་དང་ལམ་དུ་ཕྲད་ནས་འོ་བརྒྱལ་མི་འཚལ་ཞེས་གསོལ་ཏོ། །དེ་ནས་རེ་ཞིག་ན་ནགས་ཁུང་ཆུ་དང་ལྡན་པ་ཞིག་ཏུ་ཕྱིན་ནས་དྲོ་ལ་བབ་ན་རྒྱགས་ཀྱང་མེད་ནས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་པར་གསོལ་ཏོ། །དེ་ནས་ལྷུང་བཟེད་ལག་པ་གཡོན་པ་ལ་བཞག་སྟེ། ཚིག་ཏུ་སྨྲས་པ། གལ་ཏེ་བསོད་ནམས་དག་གི་རྣམ་པར་སྨིན་པ་ཡོད་ཅེ་ན། བདག་གི་ལྷུང་བཟེད་བཟའ་བ་དང་བཅའ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་གང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ལྷས་ལྷའི་བདུད་རྩིས་བཀང་ངོ་། །དེ་ནས་རབ་སྡུག་གིས་གྲལ༌རིམས་བཞིན་དུ་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་ལྷུང་བཟེད་རྣམས་ཞལ་ཟས་ཀྱིས་བཀང་ནས། དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་བསོད་ནམས་བྱས་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ་དགེ་སློང་མ་རབ་སྡུག་མ་འདི་ཡིན་ནོ། །

དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རབ་སྡུག་མས་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དང་། སྐྱེ་བོ་ཐམས་ཅད་ཀྱིས་བཀུར་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་བགྱིས་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རབ་སྡུག་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རབ་སྡུག་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ༌གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང༌བཞུགས་སོ། །

དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས༌ཞབས་འབྲིང་བྱས་ཏེ། མདུན་དུ་བདར་ནས༌བཱ་རཱ་ཎ་སཱིར་བསོད་སྙོམས་ལ་གཤེགས་པ་དང་། རེ་ཞིག་ན་ཚོང་དཔོན་ཞིག་གཡོག་འཁོར་དང་བཅས་ཏེ་སྐྱེད་མོས་ཚལ་དུ་སོང་ནས་བཟའ་བ་དང་བཅའ་བ་མང་པོ་དག་ཀྱང་ཁྱེར་རོ། །དེ་ནས་རེ་ཞིག་ན་དེའི་མངག་གཞུག་མ་བུ་མོ་ཞིག་འབྲས་ཆན་གྱི་གཟེབ་ཁྱེར་ཏེ་ཇོ་བོའི་ཕྱི་བཞིན་དུ་འགྲོ་བ་ལས་བུ་མོ་མངག་གཞུག་མ་དེས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལམ་ཁར་མཐོང་ནས་དེ་དགའ་བར་གྱུར་ཏེ་བློ་སྐྱེས་པ། བདག་ལ་ཇོ་བོས་ལན་གཉིས་སུ་བྲན་མོར་བྱར་ཅི་ཡོད་ཀྱིས་བདག་གིས་བཅོམ་ལྡན་འདས་བཤོས་གསོལ་གོར་མ་ཆག་སྙམ་མོ། །དེ་ནས་དེས་གསད་པ་དང་། བཅིང་བ་དང་བརྡེག་པ་དང་བསྡོས་ནས་འབྲས་ཆན་གྱི་གཟེབ་ཕྱེ་སྟེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཞལ་ཟས་སྣ་ཚོགས་ཀྱིས་ཚིམ་པར་བྱས་སོ། །དེ་ནས་ཚོང་དཔོན་གྱི་ཐད་དུ་སོང་བ་དང་། རེ་ཞིག་ན་ཚོང་དཔོན་གྱིས་བུ་མོ་འབྲས་ཆན་གྱི་གཟེབ་དེ་ག་རེ་ཞེས་དྲིས་སོ། །དེས་སྨྲས་པ་བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཞལ་ཟས་ཕུལ་ལོ་ཞེས་བྱས་པ་དང་། ཚོང་དཔོན་གྱིས་དེ་ཐོས་ནས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ནས་དེ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས་སྨྲས་པ་བུ་མོ་ཁྱོད་དེང༌ཕྱིན་ཆད་བྲན་མོ་ལས་ཕྱུང་གིས་སོང་ཞིག །ཁྱོད་ཀྱིས་བདག་གཉིད་ཀྱིས་ལོག་པ་ན་མེལ་ཚེ་བྱས་པ་ཡིན་ནོ་ཞེས་སྨྲས་སོ། །

དེ་ནས་དེས་ཐལ་མོ་སྦྱར་ཏེ་ཁྱིམ་བདག་ལ་གསོལ་བ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་ཅི་གནང་ཞེས་བྱས་སོ། །དེ་ནས་ཁྱིམ་བདག་དེས་ལྷུང་བཟེད་དང་ཆོས་གོས་ཀྱང་བྱིན་ནས། དེ་ཇོ་བོས་བྱིན་པའི་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་ལོ་དགུ་སྟོང༌གི་བར་དུ་ཞལ་ཏ་བའི་ལས་བྱས་ཏེ། འབྲས་ཆན་དང་། སྐྱོ་མ་དང་། ཐུག་པ་བཏུང་བ་དང་། རྟག་རེས་འཁོར་དང་། མགྲོན་དུ་བོད་པ་དང་། མར་མེའི་ཕྲེང་བ་དང་། ཆོས་གོས་སྲ་བརྐྱང་རྣམས་དང་། སྦྱིན་པ་དང་རབ་ཏུ་སྦྱིན་པ་རྣམས་ཀྱང་ཕུལ་ཏེ། སྨོན་ལམ་བཏབ་པ། བདག་གིས་དཀའ་བས་བསྒྲུབས་ཏེ། བཅོམ་ལྡན་འདས་འོད་སྲུང་ལ་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་ཕུལ་བའི་དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསུང་རབ་ལ་རབ་ཏུ་འབྱུང་བ་ཐོབ་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བུ་མོ་མངག་གཞུག་མར་གྱུར་པ་གང་ཡིན་པ་དེ་ནི་རབ་སྡུག་མ་འདི་ཡིན་ཏེ། དེས་བཅོམ་ལྡན་འདས་འོད་སྲུང་ལ་ཞལ་ཟས་ཕུལ་བ་དེས་ན་ཕྱུག་པོའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་དང་སྐྱེ་བོ་ཐམས་ཅད་ཀྱིས་བཀུར་བར་གྱུར་ཏོ། །

སྨོན་ལམ་བཏབ་པ༌དེས་ནི་དེ་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་། ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

བཙུན་མོ་བདེ་བས་བསྙེན་གནས་ཀྱི་སྡོམ་པ་བླངས་ནས་བཙོན་པ་ལ་ཟས་སྟེར་དུ་ཕྱིན་པའི་ལམ་བར་གྱི་སྲིན་མོའི་འཇིགས་པ་ལས་ཐར་ཏེ་ཕྱུག་པོར་གྱུར་ཚུལ། མདོ་སྡེ་མཛངས་བླུན་ལས་བཏུས།

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་དགེ་སློང་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་ཤིན་ཏུ་དབུལ་ཞིང་ཕོངས་པ་ཅི་ཡང་མི་བདོག་པ་ཞིག་ཡོད་དེ། བྲམ་ཟེ་ཕོངས་ཆེས་ནས་ཀུན་ལ་ཅི་ལྟར་བྱས་ན་ཚེ་འདི་ལ་ལོངས་སྤྱོད་དང་ལྡན་པར་འགྱུར་ཞེས་དྲིས་སོ། །དེ་ལ་མི་ཞིག་གིས་སྨྲས་པ། ཅི་ཁྱོད་མི་ཤེས་སམ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ད་ལྟར་འཇིག་རྟེན་དུ་གཤེགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་མཛད་དོ། །དེའི་ཉེ་གནས་འོད་སྲུང་ཆེན་པོ་དང་མཽད་གལ་ཡ་ན་དང་ཤཱ་རིའི་བུ་དང་། མ་འགགས་པ་ལ་སོགས་པ་འཕགས་པ་བཞི་ཡང་རྟག་ཏུ་དབུལ་ཕོངས་པ་ལ་ཕན་པའི་དོན་བྱེད་ཀྱིས། གལ་ཏེ་ཁྱོད་དད་པའི་སེམས་ཀྱིས་འཕགས་པ་དེ་དག་ལ་ཞལ་ཟས་ཀྱིས་མཆོད་ན། འཕགས་པ་དེ་དག་གིས་ཚེ་འདི་ཉིད་ལ་ཅི་དང་ཅི་འདོད་པ་དེ་དང་དེ་དག་དང་ལྡན་པར་མཛད་དོ་ཞེས་སྨྲས་སོ། །དེའི་ཚེ་ན་བྲམ་ཟེས་མི་དེས་སྨྲས་པ་ཐོས་ནས། རབ་ཏུ་དགའ་སྟེ་ཀུན་ཏུ་རྒྱུ་ཞིང་སློང་མོ་དང་། གླ་ཟོས་ནས་ནོར་ཅུང་ཟད་ཅིག་རྙེད་དེ་ཕྱིར་ཁྱིམ་དུ་འོངས་ནས་ཞལ་ཟས་སྦྱར་ཏེ། འཕགས༌པའི་དགེ་འདུན་རྣམས་སྤྱན་དྲངས་ནས། བཤོས་གསོལ་ཏེ་འཇིག་རྟེན་འདི་ཉིད་ལ་ཕན་པར་རེའོ། །དེའི་ཚེ་ན་བྲམ་ཟེ་དེའི་ཆུང་མ་བདེ་བ་ཞེས་བྱ་བ་དེས་དགེ་འདུན་ལ་བཤོས་གསོལ་ནས་ཉིན་ཞག་གཅིག་པའི་བསླབ་ཚིགས་མནོས་སོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ༌འཆག་ཏུ་སོང་བ་ལས། ཕྱིར༌འོང་བའི་ལམ་དུ་ཉེས༌པ་བྱས་པའི་བཙོན་ཞིག་ལམ་ཁ་ན་ཤིང་ལ་བཅིངས་ཤིང་འདུག་པ་མཐོང་ངོ་། །

བཙོན་དེས་རྒྱལ་པོ་གཤེགས་པ་མཐོང་ནས། ངུས་ཏེ་ཁ་ཟས་ཞིག་བསླངས་པ་དང་། རྒྱལ་པོས་ཀྱང་སྦྱིན་ནོ་ཞེས་བྱས་ནས། ཕྱིར་ཕོ་བྲང་དུ་གཤེགས་པ་དང་།

བརྗེད་པ་ལས་དེའི་ནུབ་མོ་ནམ་ཕྱེད་ཙམ་ན་བཙོན་ལ་ཁ་ཟས་སྦྱིན་པ་དྲན་ཏེ། ཁ་ཟས་བསྐྱལ་བར་བྱས་ནས། ཕོ་བྲང་ནང་གི་མི་ནི་གཅིག་ཀྱང་འགྲོ་ཕོད་པ་མེད་དེ། ནམ་ཕྱེད་ཙམ་ན་ཁ་ཟས་བསྐུར་དུ་ལམ་ན་འདྲེ་གདོན་དང་སྲིན་པོའི་འཇིགས་པས་སྲོག་དང་བསྡོས་ཏེ་འགྲོ་ནུས་པ་མེད་དོ། །དེའི་ཚེ་ན་རྒྱལ་པོས་མི་དེའི་སྡུག་བསྔལ་བ་དང་བཀྲེས་པས་ཉེན་པ་དྲན་ནས། དེ་ལ་ཤིན་ཏུ་སྙིང་བརྩེ་ནས། ངའི་ཡུལ་འདི་ནས་སུ་ཞིག་བཙོན་དེ་ལ་ཁ་ཟས༌བསྐྱལ་དུ་ནུས་ན། གསེར་སྲང་སྟོང་སྦྱིན་ནོ། །ཞེས་བསྒྲགས་ཀྱང་འགྲོ་ནུས་པ་མ་བྱུང་ངོ་། །

དེའི་ཚེ་ན་བྲམ༌ཟེ་དེའི་ཆུང་མ་བདེ་བ་དེས་གཏམ་དུ་ཐོས་ན། འཇིག་རྟེན་པ་སུ་ཡང་རུང་སྟེ་ཉིན་ཞག་གཅིག་པའི་བསླབ་ཚིགས་བརྒྱད་མནོས་ནས་འདྲེ་གདོན་ལ་སོགས་པས་མི་བརྫི་སྟེ། གདོན་ཐམས་ཅད་ཀྱིས་གནོད༌པ་བྱེད་མི་ནུས་སོ་ཞེས་ཐོས་ཀྱིས། བདག་ནི་རྒྱལ་པོས་གར་བཏང་བར༌ཁོ་མོ་འགྲོ་སྙམ་བསམས་ནས་མཆིས་སོ། །དེ་ནས་རྒྱལ་པོས་བདེ་བ་ལ་ཁྱོད་ཁ་ཟས་འདི་དག་ཁྱེར་ལ་ཆེ་གེ་མོ་ཞིག་ན་བཙོན་འདུག་པ་དེ་ལ་བྱིན་ཅིག་དང་། གསེར་སྲང་སྟོང༌སྦྱིན་ནོ་ཞེས་དམ་བཅས་སོ་དེ་ནས་བདེ་བ་རྒྱལ་པོའི་བཀའ་བཞིན་དུ་ཁ་ཟས་ཐོགས་ཏེ། ཚུལ་ཁྲིམས་དྲན་པར་བྱས་ནས། ལམ་དུ་ཞུགས་ཏེ་སོང་སོང་བ་ལས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྲིན་མོ་ལམ་པ་དང་ཕྲད་དོ། །དེའི་ཚེ་ན་སྲིན་མོ་དེའི་བུ་ལྔ་བརྒྱ་གསར་དུ་བཙས་པས་བཀྲེས་སྐོམ་གྱིས་ཉེན་ཏེ། བདེ་བ༌འོང་བ་མཐོང་ནས། བཟའ་བར་གཟས་ཏེ། དེའི་ཚེ༌ན་དགེ་བསྙེན་མ་ཚུལ་ཁྲིམས་མ་ཉམས་པས་སྲིན་མོས་མཐོང་ནས་སྐྲག་སྟེ། དགེ་བསྙེན་མ་ཁྱོད་ཁྱེར་བའི་ཁ་ཟས་ལས་ཅུང་ཟད་ཅིག་བསླང་ངོ་ཞེས་སྨྲས་པ་དང་། དགེ་བསྙེན་མས་ཀྱང་ཉུང་ངུ་ཞིག་བྱིན་ཏེ་བྱིན་པ་ཉུང་མོད་ཀྱི༌དགེ་བསྙེན་མའི་མཐུས་མང་དུ་སྤྲུལ་པས་སྲིན༌མོ་མ་སྨད་ཤིན་ཏུ་འགྲངས་པར་གྱུར་ཏོ། །

དེ་ནས་སྲིན་མོས་དགེ་བསྙེན་མ་ལ་ཁྱོད༌ཅི་མིང་ཞེས་དྲིས་པ་དང་། ཁོ་མོ་ནི་བདེ་བའོ་ཞེས་སྨྲས་སོ། །འོ་ན་ཁོ་མོ་མ་སྨད་ཀྱང་ལྟོགས་པ་ལས་ཁྱོད་ཀྱིས་གསོས་ཀྱིས། ཁོ་མོ་འདུག་པ་འདི་ན་གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཅིག །ཁྱོད་ཕར་འགྲོ་ན་ཁོ་མོའི་ནུ་མོ་ཨ་ལམ་པ་ཡང་ལམ་ཁ་ན་འདུག་སྟེ། ཁྱོད་དང་ཕྲད་ཀྱིས་ཁོ་མོའི་འཕྲིན་དུ་ཁྱོད་བདེའམ། ཁོ་མོ་ཡང་བུ་ལྔ་བརྒྱ་བདེ་བར་བཙས་སོ་ཞེས་གྱིས་ཤིག །དེ་ནས་དགེ་བསྙེན་མ་ལམ་དུ་ཞུགས་ཏེ། སོང་སོང་བ་ལས་རིང་པོར་མ་ལོན་པར་ཨ་ལམ་པ་དང་འཕྲད་དོ། །ཨ་ལམ་པ་ལ་ཕུ་མོའི་འཕྲིན་སྤྲིང་བ་དང་། བུ་ལྔ་བརྒྱ་བདེ་བར་བཙས་སོ་ཞེས་གཏམ་བྱས་ནས། ཨ་ལམ་པ་དགའ་སྟེ་དགེ་བསྙེན་མ་ཁྱོད་ཁོ་མོའི་ཕུ་མོའི་འཕྲིན་དང་གཏམ་སྙན་པ་བྱས་པ་ལེགས་ཀྱིས། ཁོ་མོ་འདུག་པའི་གནས་འདི་ན་གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཅིག །ཁོ་མོ་ཅག་གི་མིང་པོ་ཞིག་ཀྱང་ལམ་ཁ་ན་འདུག་གི །དེ་དང་ཕྲད་ན་ཁོ་མོ་ཅག་སྤུན་གཉིས་ཀྱི་འཕྲིན་དང་། བུ་ལྔ་བརྒྱ་བཙས་པའི་གཏམ་ཡང་གྱིས་ཤིག་ཅེས་བསྒོ་ནས་སོང་ངོ་། །དེ་ནས་ཡུན་རིང་པོར་མ་ཕྱིན་པར་སྲིང་མོ་གཉིས་ཀྱི་མིང་པོ༌དང་ཕྲད་དེ། དེ་ལ་བུ་མོ་གཉིས་ཀྱི་འཕྲིན་དང་། བུ་ལྔ་བརྒྱ་བདེ་བར་བཙས་པའི་གཏམ་བྱས་ནས་དེ་ཡང་རབ་ཏུ་དགའ་སྟེ། ཁྱོད་ཁོ་བོའི་སྲིང་མོ་གཉིས༌ཀྱི་གཏམ་དང་འཕྲིན་བྱས་པ་ལེགས་ཀྱིས། ཁོ་བོ་འདུག་པའི་གནས་འདིར། གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཤིག་ཅེས་བསྒོའོ། །

དེ་ནས་དགེ་བསྙེན་མ་ཆས་ཏེ་སོང་སོང་བ་ལས་བཙོན་དེའི་དྲུང་དུ་ཕྱིན་ཏེ། ཁ་ཟས་བསྙོད་ནས་ཕྱིར་ལོག་པའི་ལམ་དུ་གསེར་བུམ་པ་གསུམ་རྙེད་དོ། །རྒྱལ་པོས་ཀྱང་གསེར་སྲང་སྟོང་བྱ་དགར་བྱིན་པས། བྲམ་ཟེ་དབུལ་པོ་ཁྱོ་ཤུག་གཉིས་ཡུལ་དེ་ན་ཤིན་ཏུ་ཕྱུག་ཅིང༌ནོར་མང་བར་གྱུར་པས། ལྷག་པར་བསོད་ནམས་བྱེད་ཅིང་རིན་པོ་ཆེ་མང་བར་གྱུར་ཏོ། །རྒྱལ་པོས་ཀྱང་དེ་བསོད་ནམས་ལས་གྱུར་པར་ཤེས་ནས་བློན་པོར་བཅུག་སྟེ་ཤིན་ཏུ་ཕྱུག་པར་གྱུར་ཏེ། ལྷག་པར་བསོད་ནམས་བྱེད་པ་ལ་དད་པའི༌སེམས་བསྐྱེད་དེ། སངས་རྒྱས་དང་དགེ་འདུན་སྤྱན་དྲངས་ཏེ། མཆོད་པ་ཆེན་པོ་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཁོར་མང་པོ༌དེ་རྣམས་དང་ཀུན་དགའ་བོ་ལ་སོགས་པ་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ།། །།

རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རསྠ་ཞེས་བྱ་བ་གཟུགས་ཤིན་ཏུ་མི་སྡུག་པ་ལ་སངས་རྒྱས་ཀྱིས་ཐུགས་རྗེས་བཟུང་ནས་བྱད་གཟུགས་མཛེས་པར་གྱུར་ཅིང་འབྲས་བུ་ཐོབ་ཚུལ། རྟོགས་བརྒྱ་པ་ལས་བཏུས།

མི་སྡུག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམ་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ༌ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །

དེ་ནས་དེའི་ཚེ་མཉན་དུ་ཡོད་པ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་།

སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །

དེ་ནས་རེ་ཞིག་ན་རྒྱལ་པོ་དེ་བཙུན་མོ་ཞིག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་མི་སྡུག་པའི་སྣ་གྲངས་བཅྭོ་བརྒྱད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས། མིང་རསྠ་ཞེས་བཏགས་སོ། །དེ་ནས་གང་གི་ཚེ་མཐར་གྱིས་བག་མར་གཏང་རན་པར་གྱུར་པ་དེའི་ཚེ་སུ་ལ་བྱིན་ན་ཡང་དེ་མི་སྡུག་ཆེས་པས་སུས་ཀྱང་མ་བླངས་སོ། །དེ་ནས་རེ་ཞིག་ན་ལྷོ་ཕྱོགས་ནས་དེད་དཔོན་གང་ག་ཞེས་བྱ་བ་ཕྱུག་ཆེན་ཞིག་འོངས་སོ། །

དེ་ནས་རྒྱལ་པོ་གསལ་རྒྱལ་གྱི་བློ་སྐྱེས་པ། དེད་དཔོན་གང་ག་འདི་ནི་འདིའི་སྐྱོན་གྱི་རྒྱུས་མི་ཤེས་ཀྱིས་ངས་འདི་དེ་ལ་སྦྱིན་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོས་མཚན་མོ་མུན་སྲོས་པ་དང་གང་ག་ཕོ་ཉས་བཀུག་ནས་བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་ཆུང་མར་བྱིན་ནོ། །དེ་ནས་རསྠ་གང་ག་ལ་བྱིན་ནས་གང་ག་རསྠ༌གང་ག་རསྠ་ཞེས་བྱ་བའི་མིང་བྱུང་བར་གྱུར་ཏོ། །དེ་ནས་རེ་ཞིག་ནས་དེད་དཔོན་གང་གས་ཕྱི་དེ་ཉིན་པར་ནམ་ལངས་ཏེ་བུ་མོ་དེ་བལྟས་ན་མཆོག་ཏུ་མི་སྡུག་པར་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་པར་གྱུར་ནས་རྒྱལ་པོ་ལས་བསམས་ཏེ་འདོར་མ་ཕོད་ནས་བདག་གི་ཁྱིམ་འབའ་ཞིག་ཏུ་འཇོག་གོ །དེ་ནས་རེ་ཞིག་ན་དེད་དཔོན་གང་ག་དུས་སྟོན་ཞིག་ལ་ཆས་ཏེ་མཛའ་སྡེ་རྣམས་ཀྱི་ནང་དུ་སོང་ངོ་། །མཛའ་སྡེ་རྣམས་ཀྱིས་ཀྱང་ནང་ཁྲིམས་བཅས་ཏེ། སུ་ཆུང་མ་དང་བཅས་ཏེ་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་མ་སོང༌བ་དེ་མཛའ་སྡེ་རྣམས་ལ་ཆད་པར། ཀཱར་ཥཱ་པ་ཎ་ལྔ་བརྒྱ་སྦྱིན་དུ་གཞུག་གོ་ཞེས་བྱས་སོ། །

དེ་ནས་གང་ག་བདག་གི་ཁྱིམ་དུ་འོངས་ནས་མྱ་ངན་གྱི་ཁང་བུར་ཞུགས་ཏེ་ལག་པ་ལ་རྐོམ་ཚུགས་བཅས་ནས་སེམས༌ཁོང་དུ་ཆུད་ཅིང་འདུག་གོ །དེ་ནས་དེའི་བློ་སྐྱེས་པ། མ་ལ་བདག་གིས་ཆད་པ་འཇལ་བ་ནི་ཆེས་བླའི་བདག་གིས་འདི་དེ་དག་ལ་བསྟན་དུ་ནི་མི་རུང་སྟེ། མཐོང་མ་ཐག་ཏུ་གཏམ་ངན་པར་འགྱུར་དུ་འོང་ངོ་སྙམ་མོ། །དེ་ནས་གང་གས་སྒོ་བཅད་དེ་ཆད་པ༌ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཁྱེར་ནས་མཛའ་སྡེ་རྣམས་ཀྱི་ནང་དུ་སོང་ངོ་། །དེ་ནས་བུ་མོ་དེ་ཡིད་མི་བདེ་བ་ཆེན་པོ་སྐྱེས་ནས་བདག་འཚོ་བ་འདི་འདྲ་བས་འཚོ༌བ་ཅི་རུང་གསོན་ཞིང་འདུག་ན་ཁྱིམ་ཐབ་ཀྱང་སེམས་མི་བདེ་ལ་བདག་ཀྱང་སེམས་མི་བདེས། ད་ནི་བདག་གིས་བདག་གསད་པའི་དུས་ལ་བབ་བོ་སྙམ་མོ། །

དེ་ནས་ཐག༌པ་ཁྱེར་ཏེ་ཁང་ཕུགས་སུ༌འགག་ཏུ་སོང་ངོ་། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན༌འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས༌གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ་ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས༌པ་འཇུག་གོ །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །

དེ་ནས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པས་འོད་ཟེར་གསེར་གྱི་ཁ་དོག་ཅན་བཀྱེ་སྟེ། དེས་ཁྱིམ་དེ་ཉི་མ་སྟོང༌གི་འོད་ཤར་བ་བཞིན་དུ་སྣང་བར་བྱས་ནས་རྫུ་འཕྲུལ༌གྱིས་ཀྱང་དེར་གཤེགས་ཏེ་མགུལ་པ་ནས་འགག་ཐག་བཀྲོལ་ནས་བུ་མོ་དེ་དབུགས་ཕྱུང་ངོ་། །

འཇིག་རྟེན་དུ་ངོ་མཚར་རྨད་དུ་བྱུང་བའི་གནས་དྲུག་འབྱུང་བ་ཡོད་དེ། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་དང་། མིར་སྐྱེ་བ་དང་། འཕགས་པ་གནས་པར་སྐྱེ་བ་དང་། དབང་པོ་ཚང་བ་དང་། དགེ་བའི་ཆོས་ལ་འདུན་པ་དང་། ངོ་མཚར་རྨད་དུ་བྱུང་བ་འཇིག་རྟེན་དུ་འབྱུང་བ་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་བུ་མོ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་དད་པ་རྙེད་ནས་བཅོམ་ལྡན་འདས་བཤོས་གསོལ་ཏེ་ན་བཟའ་ཡང་ཕུལ་ལོ། །དེ་ནས་བུ་མོ་དེའི་མི་སྡུག་པ་མེད་པར་གྱུར་ཏེ། བཟང་མོར་གྱུར་ནས་ལྷའི་བུ་མོ་བཞིན་དུ་ཁང་ཕུག་འོད་ཀྱིས་སྣང་བར་བྱས་ཏེ་འདུག་གོ །བཅོམ་ལྡན་འདས་ཀྱང་སླར་གཤེགས་སོ། །དེ་ནས་མཛའ་སྡེ་བོ་རྣམས་ཀྱིས་བློ་སྐྱེས་པ། གོར་མ་ཆག་པར་འདིའི་ཆུང་མ་ནི་མཆོག་ཏུ་སྡུག་པ་ཞིག་ན་དེས་ཕྲག་དོག་གི་རང་བཞིན་གྱིས་ཆད་པ་འཇལ་བ་དང་བསྡོས་ཏེ་དེ་བསྟན༌པ་ནི་མི་འདོད་ཀྱིས། བདག་ཅག་གིས་འདི་ཆང་སྣ་མི་མཐུན་པས་ར་རོ་བར་བྱས་ལ་ལྡེ་མིག་རྣམས་བླངས་ཏེ་འདིའི་ཁྱིམ་དུ་སོང་ལ་ཆུང་མ་བལྟའོ་སྙམ་མོ། །

དེ་ནས་དེ་དག་གིས་དེ་ཆང་གར་པོ་སྣ་མི་མཐུན་པས་གཏུ་ལུམ་པར་བྱས་ནས་ལྡེ་མིག་རྣམས་ཁྱེར་ཏེ་ཁྱིམ་དུ་སོང་ནས་སྒོ་རྣམས་ཕྱེ་སྟེ་བུ་མོ་དེ་མཐོང་ངོ་། །མཐོང་ནས་ཀྱང་ཡ་མཚན་དུ་གྱུར་ཏེ་བསམས་པ། གང་གས་འདི་བདག་ཅག་ལ་མི་བསྟན་པ་ནི་ཡུས་སོ་སྙམ་མོ། །དེ་ནས་དེ་དག་ཕྱིར་ལོག་སྟེ་གང་ག་ཆང་གི་དབང་གིས་གཉིད་ལོག་ཅིང་འདུག༌པ་ལས་བསླང་ནས་སྨྲས་པ། གང་ག་ཁྱོད་ཀྱི་ཆུང་མ་དེ་ལྟར་སྡུག་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ་ཞེས་བྱས་སོ། །དེ་ནས་གང་ག་ལྷག་པར་ཡང་མི་དགའ་བར་གྱུར་ཏེ། ཆད་པ་ཡང་བདག་གིས་གཅད་ལ་བདག་ལ་གཏམ་ངན་པར་ཡང་གྱུར་ཏོ་སྙམ་མོ། །

དེ་ནས་མི་དགའ་བཞིན་དུ་བདག་གི་ཁྱིམ་དུ་འོངས་ནས་སྒོ་ཕྱེ་སྟེ་ཆུང་མ་ལ་བལྟས་ན་ནགས་ཚལ་མེ་ཏོག་རྒྱས་པའི་ནང་ན་ནགས་ཀྱི་ལྷ་མོ་འདུག་པ་བཞིན་དུ་ཤིན་ཏུ་མཛེས་པ་མཐོང་ནས་དྲིས་པ། བཟང་མོ་དེ་ཅི། ཅི་ཞིག་བྱས་ན་འདི་ལྟ་བུའི་གཟུགས་ཀྱི་ཁྱད་པར་ཅན་དུ་གྱུར་ཅེས་བྱས་སོ། །དེ་ནས་དེས་ཇི་ལྟར་གྱུར་པ་ཐམས་ཅད་ཁྱིམ་ཐབ་ལ་བསྙད་དེ། དེ་ཐོས་ནས་དེས་ཀྱང་བཅོམ་ལྡན་འདས་ལ་དད་པ་རྙེད་དོ། །དེ་ནས་རེ་ཞིག་ན་བུ་མོ་དེས་མཐར་ཀྱིས་ཁྱིམ་ཐབ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ༌བཞིན་དུ་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རསྠ་ལས་གང་དག་བགྱིས་ན་དེས་ཕྱུག་པོའི་རིགས་སུ་སྐྱེས་ལགས། ལས་གང་དག་བགྱིས་ན་དེས་མི་སྡུག་པར་གྱུར་ལ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རསྠ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། རསྠ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །

ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་ཚོང་དཔོན་གྱི་ཆུང་མ་གཏུམ་ཞིང་བརླང་ལ། གཟུ་ལུམས་ཅན་ཞིག་འདུག་གོ །སངས་རྒྱས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ། རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། དེ་ནས་རེ་ཞིག་ན་རང་སངས་རྒྱས་མི་སྡུག་པ་ཞིག་དེའི་ཁྱིམ་དུ་སོང་བ་དང་། དེས་མི་སྡུག་པ་འདི་ལྟ་བུ་ངའི་ཁྱིམ་དུ་ཅི་འདོད་ཅེས༌མང་དུ་སྤྱོས་བརྒྱབ་ནས་ཁྱིམ་ནས་བསྐྲད་དོ། །

དེ་ནས་རང་སངས་རྒྱས་དེས་དེ་ལ་ཕན་གདགས་པའི་ཕྱིར་ངང་པའི་རྒྱལ་པོ་འདབ་མ༌བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ནས་ཚོང་དཔོན་གྱི་ཆུང་མ་འགྱོད་པ་སྐྱེས་ནས་དེ་ལ༌བཟོད་པ་གསོལ་ཏེ་བཤོས་ཀྱང་ཕུལ་ནས་སྨོན་ལམ་བཏབ་པ། བདག་གིས་རང་སངས་རྒྱས་ལ་སྤྱོས་བརྒྱབ་པ་དེའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བར་མ་གྱུར་ཅིག །འདི་ལྟ་བུའི་ཆོས་དག་ཀྱང་ཐོབ་པར་གྱུར་ཅིག །འདི་བས་ཀྱང་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར༌བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས།

དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་རསྠ་འདི་ཡིན་ཏེ། དེས་རང་སངས་རྒྱས་ལ་བཤོས་ཕུལ་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི་རྒྱལ་པོ་ཕྱུག་པོའི་རིགས་སུ་སྐྱེས་སོ། །མི་སྡུག་པའི་ཚིག་སྨྲས་ཏེ་ཁྱིམ་ནས་བསྐྲད་པ་དེས་ནི་མི་སྡུག་པར་གྱུར་ཏོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་སྟེ། དེས་དེར་བསླབས་ཤིང་ཁ་དོན་དུ་བྱས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་དང་། ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །

དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་བདེ་བྱེད་མ་བག་མར་ཕེབ་མ་འདོད་ནས་སྟོན་པ་ལ་གསོལ་བ་བཏབ་པས་སངས་རྒྱས་རྫུ་འཕྲུལ་གྱིས་བྱོན་ནས་ཆོས་བསྟན་ནས་འབྲས་བུ་ཐོབ་ཚུལ། རྟོགས་བརྒྱ་པ་ལས་བཏུས།

བདེ་བྱེད་མ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམ་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ༌ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །

དེའི་ཚེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། རྒྱལ་པོ་ཚངས་པས་བྱིན་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེའི་ཡུལ་འདབ་ཏུ་སོང་ནས་ཕྲུ་མ་བཏབ་སྟེ་འདུག་གོ །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་དཔུང་ཡན་ལག་བཞི་པ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་བསྐོན་ནས་ཆུ་ཀླུང་ཞིག་གི་འགྲམ་དུ་ཕྲུ་མ་བཏབ་སྟེ་འདུག་གོ །

དེ་ནས་རེ་ཞིག་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་ཉིད་དུ་བཙུན་མོ་དམ་པ་ཁྲིད་དེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །རྒྱལ་པོ་ཚངས་པས་བྱིན་ཡང་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཉི་མ་གཅིག་ཏུ་ཀོ༌ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་ཡང་བཙས། རྒྱལ་པོ་ཚངས་པས་བྱིན་གྱི་བུ་ཕོ་ཡང་བཙས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་གཉིས་ཀའི་ཕོ་བྲང་འཁོར་ན་དགའ་བའི་རྔ་རྡུང་བར་བྱེད་དོ། །སློང་བ་རྣམས་ལ་ཡང་སྦྱིན་པ་དག་སྦྱིན་པར་བྱེད་དོ། །

དེ་ནས་རེ་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་མི་དག་ལ་དྲིས་ཏེ། ཚངས་པས་བྱིན་གྱི་ཕོ་བྲང་འཁོར་འདིར་ཅི་ཞིག་བྱུང་ན་འདི་ལྟར་དགའ་སྟོན་བྱེད་ཅེས་བྱས་ནས། དེ་དག་གིས་ཀྱང་རྒྱལ་པོ་ཚངས་པས་བྱིན་གྱི་བུ་ཕོ་བཙས་སོ་ཞེས་གསོལ་ཏོ། །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་དེ་བཞིན་དུ་དྲིས་ནས་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་བཙས་སོ་ཞེས་གསོལ་ཏོ། །

དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་བཙས་པའི་ཕྱིར་མཆོད་སྦྱིན་བྱེད་དོ་ཞེས་བདག་གིས་ཐོས་ལ། བདག་གི༌ཡང་བུ་ཕོ་བཙས་ཀྱིས། བུ་མོ་དེ་བདག་གི་བུ་ལ་བྱིན་ཅིག་དང་། དེ་ལྟར་བྱས་ན་གཉེན་དུ་ཡང་འགྱུར་ལ་ཇི་སྲིད་འཚོའི་བར་དུ་ཡང་འཁོན་མེད་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་དེ་ལྟར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དེ་གཉིས་ཕན་ཚུན་དུ་མཛའ་བོ་བྱས་ནས་བདེ་བར་གྱུར་ཏེ། རྒྱལ་པོ་ཚངས་པས་བྱིན་གྱིས་ཁྱེའུ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུའི་མིང་བདེ་བྱེད་ཅེས་བཏགས་སོ། །

ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་བུ་མོ་བཙས་པའི་བཙས་སྟོན་བྱས་ནས་བུ་མོའི་མིང་བདེ་བྱེད་མ་ཞེས་བཏགས་སོ། །དེ་ནས༌གཉིས་ཀ་ཡང་བསྐྱེད་བསྲིངས་ཏེ་རེ་ཞིག་ན་མཐར་གྱིས་ཆེར་སྐྱེས་སོ། །དེ་ནས་ཁྱེའུ་དེས་བུ༌མོ་དེ་ལ་དོ་ཤལ་དང་། སེ་མོ་དོ་དང་། ཕྲེང་བ་དང་། རྣ་ཆ་དང་། མགུལ་རྒྱན་རྣམས་བསྐུར་རོ། །དེ་ནས་གང་གི་ཚེ་བུ་མོ་དེ་ཆེན་མོར་གྱུར་པ་དེའི་ཚེ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། འདོད་པ་རྣམས་ལ་ཡང་ཉེས་པར་ལྟ་བར་གྱུར་ཏོ། །དེ་ནས་དེས་དེ་དག་ལ་དྲིས་པ། སྐྱེས་འདི་རྣམས་ག་ལས་འོངས་ཞེས་བྱས་པ་དང་། འཁོར་རྣམས་ཀྱིས་ཀྱང་གཏན་ཚིགས་དང་བཅས་ཏེ་རྒྱས་པར་བསྙད་དོ། །

དེ་ནས་དེ་ཐོས་ནས་ཡབ་ལ་གསོལ་བ། ཡབ་བདག་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་འཚལ་གྱིས་ཡབ་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། བུ་མོ་གང་གི་ཕྱིར་ཁྱོད་བཙས་པ་ན་ང་བདེ་བར་གྱུར་པས་ན་འདི་ནི་ངས་བཅོས་སུ་མེད་དོ། །དེ་ནས་ཀོ༌ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། བུ་མོ་འདི་ནི་རབ་ཏུ་འབྱུང་བར་འདོད་ཀྱིས་ཚུར་ཤོག་ལ་འདི་ལོང་ཤིག་ཅེས་བྱས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱིས་དུས་བཏབ་སྟེ། ད་སྟེ་ཞག་བདུན་ན་འོང་གིས་ཁྱོད་ཀྱིས་བྱ་བ་དང་བཤམ་པར་བྱ་བ་གང་ཡིན་པ་དེ་དག་གྱིས་ཤིག་ཅེས་བྱས་སོ། །

དེ་ནས་བུ་མོ་བདེ་བྱེད་མས་ཞག་བདུན་ན་བག་མར་ལེན་ནོ་ཞེས་ཟེར་བའི་གཏམ་དེ་ཐོས་སོ། །དེ་ནས་བདེ་བྱེད་མ་འཇིགས་ཤིང་སྐྲག་ལ་མི་དགའ་སྟེ་སྐྱི་བུང་ཞེས་བྱས་ནས་ཁང་ཐོག་ཏུ་སོང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཕྱོགས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །ཡང་སྨྲས་པ། དྲང་སྲོང་ཆེན་པོ་ཐུགས་བརྩེ་ཐུགས་རྗེ་གནས་པ་བསམ་གཏན་མཛད། །འདུལ་མཛད་ཞི་བའི་ཐུགས་ལྡན་རབ་ཞི་དུལ་བའི་ཆོ་ག་མཁྱེན། །བདག་ནི་མགོན་པོ་ཁྱོད་ལ་སྐྱབས་སུ་མཆིས་ཀྱིས་མགོན་ཁྱོད་ཀྱིས། །མགོན་མེད་བདག་ནི་ཚུལ་བཞིན་ངན་སོང་དག་ལས་དགྲོལ་དུ་གསོལ། །

དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་མི་མཁྱེན་པའམ། མི་གཟིགས་པའམ། མི་རྟོགས་པའམ། ཐུགས་སུ་མི་ཆུད་པ་ཅི་ཡང་མེད་ལ།

སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པ་དང་ལྡན་པ། གཅིག་ཏུ་དཔའ་བ། ཟླ་མེད་པ། གཉིས་སུ་མི༌གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་སྣང་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། འདུལ་བའི་གཞི་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ཤིན་ཏུ་བརྟན་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་འདྲིས་པར་བྱས་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་ཡང་དག་པའི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་གནས་པར་བྱ་བ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས༌གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་གྲགས་པས་ཀུན་ཏུ་རྒྱས་པ། བརྒྱ་ཕྲག་བཅུ་པ་ལ་དབང་བྱེད་པ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་རྣམས་ནི་ཆོས་ཉིད༌ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི་རྒུད། སུ་ནི་དར། སུ་ནི་ཕོངས་ཤིང་འདུག །སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་ལྡན། སུ༌ནི་ཕོངས་པ་དང་། ཉམ་ང་བ་དང་། གནོད་པ་དང་ལྡན། སུ་ནི་ངན་སོང་དུ་གཞོལ། སུ་ནི་ངན་སོང་དུ་འབབ། སུ་ནི་ངན་སོང་དུ་བབ། སུ་ནི་ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་། ཐར་པ་དང་། འབྲས་བུ་ལ་གཞག་པར་བྱ། སུ་ནི་འདོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་སྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ཡོངས་སུ་སྨིན་ཟིན་པ་ལས་རྣམ་པར་གྲོལ་བར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ །འདིར་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་བདེ་བྱེད་མ་གདུལ་བའི་དུས་ལ་བབ་པར་གཟིགས་ཏེ། རྫུ་འཕྲུལ་གྱིས་གཤེགས་ཏེ་བྱོན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་བདེ་བྱེད་མས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་སྟེ་མངོན་པར་ཤེས་པ་ཡང་བསྒྲུབས་སོ། །

དེ་ནས་བདེ་བྱེད་མ་འདོད་པའི་ཁམས་ནས་འདས་ཏེ་གཉེན་པོ་ཐོབ་ནས་འཇིགས་པ་མེད་པ་ལ་གནས་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་ཞག་བདུན་ལོན་ཏེ་བག་མ་ལེན་པའི་དུས་ལ་བབ་པ་ན། རྒྱལ་པོའི་བུ་སྐྱེ་བོ་བརྒྱ་ཕྲག་དུ་མ་དག་ལྷགས་ཏེ་མཆོད་སྦྱིན་གྱི་སྟེགས་བུའི་དྲུང་དུ་འོངས་ནས། བྲམ་ཟེ་མདུན་ན་འདོན་གྱིས་འབྲས་ཡོས་དང་། མར་དང་། ཡུངས་ཀར་མ་གྲུགས་པ་རྣམས་བྱིན་ནོ། །དེ་ནས་ཁྱེའུ་དང་བུ་མོ་གཉིས་ལག་པ་སྦྲེལ་བར་ཆད་པ་དང་། བདེ་བྱེད་མ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་དུ་ནམ་མཁའ་ལ་མངོན་པར་འཕགས་ནས་ཆོ་འཕྲུལ༌རྣམ་པ་སྣ་ཚོགས་སྟོན་པ་སྲོག་ཆགས་དུ་མས་མཐོང་ངོ་། །

དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། རྒྱལ་པོ་ཚངས་པས་བྱིན་དང་། རྒྱལ་པོའི་བུ་བདེ་བྱེད་དང་། གཞན་ཡང་སེམས་ཅན་ལྟད་མོ་ལ་ལྷགས་པ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ནས་རྐང་པ་ལ་ཕྱག་འཚལ་ཏེ་གསོལ་བ་བཏབ་པ། བུ་མོ་ཁྱོད་ཀྱིས་ཆོས་འདི་ལྟ་བུ་དག་མངོན་སུམ་དུ་བྱས་པ་ལས་ན། ཁྱོད་འདོད་པ་སྤྱོད་པ་འདི་ནི་མི་སྲིད་ཀྱིས་བཟོད་པ་མཛོད་ཅིག་ཅེས་བྱས་སོ། །དེ་ནས་བདེ་བྱེད་མ་ནམ་མཁའ་ལས་བབས་ནས་སྐྱེ་བོ་མང་པོའི་གུང་ལ་འདུག་སྟེ། ཆོས་གང་ཐོས་ན་སྲོག་ཆགས་འབུམ་ཕྲག་དུ་མས་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏོ། །དེ་ནས་བུ་མོ་བདེ་བྱེད་མས་ཕ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན༌པོ་ལ་གཏད་དོ། །

དེ་ནས་དེ་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་ཤེས་རབ་ཆེ་བ་དང་། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་བདེ་བྱེད་མ་འདི་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བདེ་བྱེད་མས་ལས་གང་དག་བགྱིས་ན་དེས་ཤེས་རབ་ཆེ་བ་དང་སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བདེ་བྱེད་མ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། བདེ་བྱེད་མ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །

ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་རྟེན་ཅིང་བཞུགས་སོ། །

དེ་ནས་རེ་ཞིག་ན་དེ་ན་ཚོང་དཔོན་གྱི་བུ་མོ་ཞིག་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་ཏེ་ལོ་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་བོ། །དེ་མཁན་མོ་གང་ལས་རབ་ཏུ་བྱུང་བ་དེ་ནི་བཅོམ་ལྡན་འདས་འོད་སྲུང་གིས་ཤེས་རབ་ཅན་གྱི་མཆོག་ཏུ་བསྟན་ཏོ། །

དེ་ནས་དེས་སྨོན་ལམ་བཏབ་པ། ཅི་ལྟར་བདག་གི་མཁན་མོ་ཤེས་རབ་ཅན་གྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་མ་འོངས་པའི་དུས་སུ་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གང་ཡིན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་བྱས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་མོར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་མ་བདེ་བྱེད་མ་འདི་ཡིན་ཏེ། དེས་སྦྱིན་པ་དང་རབ་ཏུ་སྦྱིན་པ་དག་བྱིན་པ་དེས་ན་རྒྱལ་པོ་ཕྱུག་པོའི་རིགས་སུ་སྐྱེས་སོ། །དེས་ལོ་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པའི་གནས་བསྲུངས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང་འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང༌ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།(གཏམ་རྒྱུད་འདི་དང་མིང་དོན་དང་རྒྱས་བསྡུས་སོགས་མཚུངས་པ་ཞིག་མདོ་སྡེ་ལས་བརྒྱ་བའི་ནང་དུའང་ཡོད། )

གདོལ་བའི་བུ་མོ་གཟུགས་བཟང་མ་ཞིག་ཀུན་དགའ་བོ་ལ་ཆགས་ཤིང་རྗེས་སུ་འབྲང་བའི་མཐར་སངས་རྒྱས་ཀྱིས་ཆོས་བསྟན་ཏེ་བདེན་པ་མཐོང་ཚུལ། སྟག་རྣའི་མདོ་ལས་བཏུས།

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་སུ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བསོད་སྙོམས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་ནས་ཆུ་མིག་གཞན་ཞིག་ཏུ་ཆུའི་ཕྱིར་ཕྱིན་ནོ། །དེར་ཕྱིན་པ་དང་། ཡང་དེའི་ཚེ་ཆུ་མིག་དེ་ལ་གདོལ་པའི་བུ་མོ་གཟུགས་བཟང་མོ་ཞེས་བྱ་བ་ཆུ་འཆུ་ཞིང་འདུག་གོ །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གདོལ་བའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་བདག་ལ་ཆུ་བྱིན་ཅིག །དེ་ནས་གདོལ་བའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བདག་ནི་གདོལ་པའི་བུ་མོ་ལགས་སོ། །སྲིང་མོ་རུས་དང་རིགས་འདྲི་བ་མ་ཡིན་གྱིས། འོན་ཀྱང་དེ་ནས་ཆུ་ཆུས་ལ་བྱིན་ཅིག་བཏུང་བར་བྱའོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཆུ་བྱིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཆུ་འཐུངས་ནས་སོང་ངོ་། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་ཚེ་དང་ལྡན་པ་ཀུན་དགའ་བོའི་བཞིན་དང་། ལུས་དང་། སྐད་གདངས་རྣམས་རབ་ཏུ་ལེགས་པར་མཚན་མར་བཟུང་སྟེ། ཚུལ་མ་ཡིན་པའི་ཡིད་ལ་བྱེད་པས་ཀུན་ཏུ་ཆགས་པ་སྐྱེས་པར་གྱུར་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཁོ་མོའི་འདོད་པ་སྐྱེས་ན། བདག་གི་མས་རིག་སྔགས་ཤེས་པས་དེའི་མཐུས། འཕགས་པ་ཀུན་དགའ་བོ་བཀུག་ལ་ཁྱོ་བྱའོ་སྙམ་དུ་བསམས་སོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཆུ་ཐོགས་ནས། གདོལ་པའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཆུ་བུམ་ཕྱོགས་གཅིག་ཏུ་བཞག་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཡུམ་མཁྱེན་པར་མཛོད་ཅིག །ཀུན་དགའ་བོ་ཞེས་བྱ་བའི་དགེ་སློང་དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་བསྙེན་བཀུར་བ་དེ་བདག་ཁྱོར་འཚལ་གྱིས་ཡུམ་ཁྱོད་ཀྱིས་དཔྱོད་ཀྱིས་དེ་འདིར་ཁུག་ཤིག །དེའི་མས་སྨྲས་པ། ངས་ཀུན་དགའ་བོ་ཞི་བ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་ན་དགུག་པར་ནུས་མོད་ཀྱི། འོན་ཀྱང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དགེ་སྦྱོང་གཽ་ཏ་མ་ལ་མཆོག་ཏུ་དད་པས༌བསྟེན་ཞིང་བསྙེན་བཀུར་བྱེད་པས། གལ་ཏེ་དེས་ཤེས༌ན་དེས་གདོལ་པའི་རིགས་རྣམས་བརླག་པར་འགྱུར་རོ། །

དགེ་སྦྱོང་གཽ་ཏ་མ་ནི་འདོད་ཆགས་དང་བྲལ་བ་ཐམས་ཅད་ཟིལ་གྱིས་གནོན་ཞེས་ཐོས་སོ། །དེ་སྐད་ཅེས་སྨྲས་པ་དང་། གདོལ་པའི་བུ་མོ་གཟུགས་བཟང་མོས་མ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་དགེ་སྦྱོང་གཽ་ཏ་མ་དེ་འདོད་ཆགས་དང་བྲལ་བ་ཡིན་ཡང་རུང་དེའི་ཉེ་གནས་དགེ་སློང་ཀུན་དགའ་བོ་དེ་མ་བཀུག་ན་བདག་ལྕེབ་བོ། །གལ་ཏེ་དེ་ཁུགས་ན་ནི་བདག་འཚོ་བར་འགྱུར་རོ། །མས་སྨྲས་པ། དགེ་སྦྱོང་ཀུན་དགའ་བོ་དགུག་གིས་སྲོག་མ་དོར་ཅིག །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོའི་མས་ཁང་པའི་དབུས་ལྕི་བས་བྱུགས་ནས་གྲུ་བཞིར་བྱས་ཏེ། དཱུར་བ་བརྔས་ནས་མེ་སྦར་ཞིང་མེ་ཏོག་དང་། ཨརྐ་བརྒྱ་རྩ་བརྒྱད་ལ་སྔགས་བཟླས་ནས་རེ་རེ་ནས༌མེར་བསྐྱུར་རོ། །དེ་ལ་རིག་སྔགས་ནི་འདི་ཡིན་ཏེ། ཨ་མ་ལེ་བི་མ་ལེ་ཀུ་ཀུ་སེ་མ་མ་ནེ་ཡེ་ན་བན་དྷོ་སྨི་བིན་དུ་ན་ཨི་ཙུ་ཡཱ་དེ་བོ་བིར་ཤ་ཥ་ཏི་བི་དྱོ༌ཏི་ཏ་གར་ཛ་ཏི་བི་སྨ་ཡ་པ་རཱ་ཛ་ཡ་མ་བྷི༌བརྡྷ་ཡི་དེ་ཏུཾ་བེ་བྷྱོ་མ་ནུ་ཥེ་བྷྱོ་གན་དྷར་བེ་བྷྱཿཤེ་ཀི་ཁི་གྲ་ཧ་དེ་བཱ་བི་ཤི༌ཀི་གྲ་ཧ་དོ་པ༌ཨཱ་ནན་དཱ་སྱ་ཨཱ་ག་མ་ནཱ་ཡ་ཀྲ་མ་ནེ་ཡ་ཛུ་ཧོ་མོ་སྭཱ་ཧཱ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སེམས་གཡོས་ཏེ། གཙུག་ལག་ཁང་དེ་ནས་ལངས་ནས་གདོལ་པའི་ཁྱིམ་གང་ན་བ་དེར་སོང་ངོ་། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་རིང་པོ་ནས་འོང་བ་གདོལ་པ་མོས་མཐོང་ངོ་། །མཐོང་ནས་ཀྱང་གཟུགས་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ། །བུ་འོང་བ༌འོ་ནི་ནི་དགེ་སྦྱོང་ཀུན་དགའ་བོ་ཡིན་གྱིས་ཤེས་པར་གྱིས་ཤིག །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་དགའ་ཞིང་མགུ་ལ༌ཡི་རངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོའི་མལ་བཤམས༌སོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་པའི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་ནས༌སྟེགས་བུ་ལ་བརྟེན་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ངུ་ཞིང་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཉམ་ང་བའི་གནས་སྐབས་འདི་ཐོབ་ན། ད་ལྟར་བཅོམ་ལྡན་འདས་བདག་ལ་མི་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དགོངས་པར་མཛད་དོ། །དགོངས་མ་ཐག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྔགས་ཀྱིས་གདོལ་པའི་སྔགས་ཉམས་པར་མཛད་དོ། །དེའི་སྔགས་ནི་འདི་ཡིན་ཏེ། སྠ་ཏི་ར་ཙུ་ཏི༌ར་ནི་སྭ་ཏི་སརྦ་པྲཱ་ཎི་བྷྱཿ སེ་ར་པྲ༌ས་ནཾ་ནི་རྡོ་ཥཾ་ཏཾ་སརྦ་ཏོ་པཱ་ཡཾ་ཨི་ཏ་ཡོ་ཡ་ཏྲ་ཤཱ༌སྱནྟ་པྟ་ཡཱ་ནི་ཙ་ལི་ཏཱ་ནི་ཙཱ་ཏཾ་བེ༌དེ་བཱ་ན་མཿཤྱཾ་ཏི་སརྦ་སིད་དྷ་ཙ་ཡོ༌གི་ན་ཨེ་ཏེ་ན་ས་ཏྱ་བཱ་ཀྱེ་ན༌སྭ་སྟྱ་ཨཱ་ནན་ད་ཡབིཀྵ་བེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གདོལ་པའི་རིག་སྔགས་བཀྲོལ་ནས་གདོལ་པའི་ཁྱིམ་ནས་བྱུང་ནས་རང་གི་གཙུག་ལག་ཁང་གང་ན་བ་དེར་འགྲོ་བར་བརྩམས་སོ། །གདོལ་པའི་བུ་མོ་གཟུགས་བཟང་མོས་མཐོང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བལྟས་ནས་རང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཡུམ་དགེ་སློང་ཀུན་དགའ་བོ་འདི་མཆི་ཞིང་གདའོ། །

དེའི་མས་སྨྲས་པ། བུ་ངེས་པར་དགེ་སྦྱོང༌གཽ་ཏ་མས་དྲན་པར་བྱས་པས་དེས་ན་བདག་གི་སྔགས་ཉམས་པར་གྱུར་ཏོ། །གཟུགས་བཟང་མོས་སྨྲས་པ། ཡང་ཅི་ཡུམ་དགེ༌སྦྱོང་གཽ་ཏ་མའི་སྔགས་ཁྱད་པར་དུ་སྟོབས་དང་ལྡན་ལ་བདག་ཅག་གི་དེ་ལྟ་མ་ཡིན་ནམ། དེ་ལ་མས་སླར་སྨྲས་པ། བུ་དགེ་སྦྱོང་གཽ་ཏ་མའི་སྔགས་ཁྱད་པར་དུ་སྟོབས་དང་ལྡན་པ་ཡིན་གྱི། བདག་ཅག་གི་དེ་ལྟ་མ་ཡིན་ནོ། །བུ་འཇིག་རྟེན་ན་སྔགས་མཐུ་དང་ལྡན་པའི་སྔགས་གང་ཡིན་པ་དེ་དག་ཐམས་ཅད་དགེ་སྦྱོང་གཽ་ཏ་མ་འདོད་ན་རབ་ཏུ་འཇོམས་པར་བྱེད་དོ། །ཡང་འཇིག་རྟེན་པའི་སྔགས་མཐུ་དང་ལྡན་པ་ཐམས་ཅད་ཀྱིས་དགེ་སྦྱོང་གཽ་ཏ་མའི་སྔགས་རབ་ཏུ་གཞོམ་པར་མི་ནུས་སོ། །དེ་ལྟ་བུས་ན་དགེ་སྦྱོང་གཽ་ཏ་མའི་སྔགས་ནི་ཆེས་སྟོབས་དང་ལྡན་པ་ཡིན་ནོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། རིམ་གྱིས་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་གནས་སྐབས་དེ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཡི་གེ་དྲུག་པའི་རིག་སྔགས་འདི་བསྟན་གྱིས་ཟུང་ལ་ཆོངས་ཤིག །ལྷོགས་ལ་ཀུན་ཏུ་བཟུང་ན་བདག་ཉིད་ལ་ཕན་པ་དང་བདེ་བར་འགྱུར་ཞིང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལ་ཕན་པ་དང་བདེ་བ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་གསུངས་ཤིང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ད་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ངས་ཀྱང་གསུངས་པ་ཡིན་གྱིས། དེ་ལྟ་བས་ན་ཁྱོད་ཀྱིས་ཟུངས་ཤིག །ཐོན་ཅིག །ཀུན་ཏུ་ལྷོགས་ཤིག །འདི་ལྟ་སྟེ། ཨཎ་ཌ་རེ་ཀེ་ཡུ་རེ་དྷི་ཧ་སྟེ་ས་ར་གེ་བེ་བནྟ་མ་ཏི་དྷ་རི་བི་ཥ་ཙི་ལི་མི་ལི་སཱ༌ཏ་ན་ཡུ་སྣ་ཐ་ཡ་སཾ་བྷ༌གཱི་ལཱ་གོ་ལ་པ་ཏི་ཀ་ཌཾ་ཙི་ལ། ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་འདི་ནི་ཡོངས་སུ་སྲུང་བ་དང་། བདག་ཉིད་བཀྲ་ཤིས་པར་བྱེད་པ་ཡིན༌ཏེ། བསད་པའི་ནི་ཆད་པས་གྲོལ་བར་འགྱུར་རོ། །ཆད་པས་བཅད་པ་ནི་བརྒྱད་པས་བྲལ་བར་འགྱུར་རོ། །

བརྒྱད་པར་འོས་པ་ནི་ཡང་དེ་བཞིན་དུ་སྨྲས་པས་བྲལ་བར་འགྱུར་རོ། །ཀུན་དགའ་བོ་ངས་ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་ན། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ཚོགས་དང་། ལྷ་དང་། མི་རྣམས་ལས་གང་ཞིག་ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་བྱས་ནས། བསྲུང་སྐུད་དཔུང་པ་ལ་བཏགས་ན་བཀྲ་ཤིས་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་གཞན་གྱིས་ཟིལ་གྱིས་གནོན་པར་ནུས་པ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །

དེ་ནས་གདོལ་བའི་བུ་མོ་གཟུགས་བཟང་མོས་དེ་ཉིད་ཀྱི་མཚན་མོ་ལུས་ཁྲུས་བྱས་གོས་གསར་པ་བགོས་ནས་མུ་ཏིག་དོ་ཤལ་གྱིས་བརྒྱན་ཏེ། གྲོང་ཁྱེར་མཉན་ཡོད་ག་ལ་བ་དེ་ནས་བྱུང་སྟེ་སོང་ནས་གྲོང་ཁྱེར་གྱི་སྒོ་དྲུང་དུ་བསྡད་དེ། ཚེ་དང་ལྡན་པ་ཀུན་དགའ་བོ་འོང་བ་ལ་སྡོད་ཅིང་ངེས་པར་འདིར་དགེ་སློང་ཀུན་དགའ་བོ་འོང་ངོ་ཞེས་སེམས་སོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོའི་དུས་སུ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །གདོལ་བའི་བུ་མོ་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་དུ་འབྲང་ངོ་། །འདུག་ན་འདུག་ཅིང་འགྲོ་ན་འགྲོ་བར་བྱེད་དོ། །ཁྱིམ་གང་དང་གང་དུ་བསོད་སྙོམས་ལ་ཞུགས་པ་དེ་དང་དེར་སྒོར་ཅང་མི་སྨྲ་བར་སྡོད་དོ། །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གདོལ་བའི་བུ་མོ་གཟུགས་བཟང་མོ་ཕྱི་བཞིན་དུ་འབྲང་བ་མཐོང་ངོ་། །མཐོང་ནས་ཀྱང་ངོ་ཚ་ཞིང་ཁྲེལ་གྱིས་དོགས་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བས་མྱུར་དུ་མཉན་ཡོད་ནས་བྱུང་ནས། རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དེར་སོང་ངོ་། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་དུ་རྗེས་སུ་འབྲང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །

དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདོལ་བའི་བུ་མོ་གཟུགས་བཟང་མོ་འདི་ཕྱི་བཞིན་དུ་རྗེས་སུ་འབྲང་ཞིང་མཆིས༌ལ་མཆི་ན། ཁྱིམ་གང་དང་གང་དུ་བསོད་སྙོམས་ལ་ཞུགས་པའི་ཁྱིམ་དེ་དང་དེའི་སྒོར་མཆིས་ནས་ཅང་མི་སྨྲ་བར་མཆིས་སོ། །བཅོམ་ལྡན་འདས་བདག་ལ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ལ་བསྐྱབ་ཏུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་འཇིགས་མ་འཇིགས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་པའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

ཅི་གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོ་ཁྱིམ་ཐབ་ཏུ་བྱ་བར་འདོད་དམ། བཙུན་པ་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་བཟང་མོ་ཕ་མས་དགེ་སློང་ཀུན་དགའ་བོ་ལ་རྗེས་སུ་འགྲོ་བར་གནང་ངམ། བཅོམ་ལྡན་འདས་གནང་ལགས་སོ། །བདེ་བར་གཤེགས་པ་གནང་ལགས་སོ། །བདག་གིས་སླར་ཡང་གོ་བར་བགྱིའོ། །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོས་བཅོམ་ལྡན་འདས་ལ་རབ་ཏུ་མཉན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སླར་སོང་སྟེ་གང་ན་རང་གི་ཕ་མ་ཡོད་པ་དེར་སོང་སྟེ་ཕྱིན་ནས། ཕ་མའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་སྟེ། རང་གི་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དགེ་སྦྱོང་གཽ་ཏ་མ་རང་གིས་དགེ་སློང་ཀུན་དགའ་བོ་སྩལ་ཏོ། །དེ་ནས་ཕ་མས་གདོལ་པའི་བུ་མོ་གཟུགས་བཟང་མོ་ཁྲིད་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །གདོལ་བའི་བུ་མོ་གཟུགས་བཟང་མོས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་གདོལ་བའི་བུ་མོ་གཟུགས་བཟང་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

འདི་གཉིས་ནི་བདག་གི་ཕ་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་བའི་བུ་མོ་གཟུགས་བཟང་མོའི་ཕ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོ་ལ་སྟེར་རམ། དེ་གཉིས་ཀྱིས་གསོལ་བ། བཅོམ་ལྡན་འདས་སྩལ་ལོ། །བདེ་བར་གཤེགས་པ་སྩལ་ལོ། །དེ་ལྟ་ན་ཁྱེད་གཉིས་རང་གི་ཁྱིམ་དུ་སླར་སོང་ཤིག །དེ་ནས་གདོལ་པའི་བུ་མོ་གཟུགས་བཟང་མོའི་ཕ་མས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །

དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་བའི་བུ་མོ་གཟུགས་བཟང་མོའི་ཕ་མ་སོང་ནས་རིང་པོ་མ་ལོན་པར་ཐུགས་སུ་ཆུད་ནས། གདོལ་བའི་བུ་མོ་གཟུགས༌བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་བཟང་མོ་དགེ་སློང་ཀུན་དགའ་བོ་དོན་དུ་གཉེར་རམ། བཅོམ་ལྡན་འདས་དོན་དུ་གཉེར་ལགས་སོ། །བདེ་བར་གཤེགས་པ་དོན་དུ་གཉེར་ལགས་སོ། །དེ་ལྟ་ཡིན་ན་གཟུགས༌བཟང་མོ་དགེ་སློང་ཀུན་དགའ་བོའི་ཆ་བྱད་དུ་གྱིས་ཤིག །བཅོམ་ལྡན་འདས་གཟུང་བར་བགྱིའོ། །བདེ་བར་གཤེགས་པ་གཟུང་ལགས་སོ། །བཅོམ་ལྡན་འདས་རབ་ཏུ་འབྱུང་དུ་གསོལ། བདེ་བར་གཤེགས་པ་བདག་རབ་ཏུ་དབྱུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་བའི་བུ་མོ་གཟུགས་བཟང་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་མ་འདིར་ལེགས་པར་ཚངས་པར་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། གདོལ་བའི་བུ་མོ་གཟུགས་བཟང་མོ་སྐྲ་བྱི་ཞིང་སྣམ་སྦྱར་བགོས་པར་གྱུར་ཏོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་གདོལ་བའི་བུ་མོ་གཟུགས་བཟང་མོ་དེ་ལྟར་དགེ་སློང་མར་གྱུར་ཞིང་རབ་ཏུ་བྱུང་བ་ལ་ཆོས་ཀྱི་གཏམ་ཡང་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར༌གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། གང་ཞིག་འདི་ལྟར་ཡུན་རིང་པོར་འཁོར་བར་བྱུང་བའི་སེམས་ཅན་རྣམས་ཀྱི་གཉེན་པོར་གྱུར༌པ་མཉན་པར་བྱ་བ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པའི་རོ་མྱང་བར་བྱ་བ་མ་ཡིན་ཞིང་སྨད་པའི་གཏམ་དང་། ངེས་པར་འབྱུང་བའི་གཏམ་དང་། འཇིགས་པ་དང་། ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དགེ་སློང་མ་དེ་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན་པས། དེ་ནས་དགེ་སློང་མ་གཟུགས་བཟང་མོ་དེ་ལ། བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར༌གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད། སེམས་དགའ་བ་ལས་སུ་རུང་བ་དང་། རབ་ཏུ་དགའ་བའི་སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། ཐ་བ་མེད་པའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་གང་ཡིན་པ་ཤེས་ནས་དགེ་སློང་མ་གཟུགས་བཟང་མོ་དགའ་བའི་བསམ་པ་དང་། ལས་སུ་རུང་བའི་སེམས་དང་། རབ་ཏུ་དགའ་བའི་སེམས་དང་། སྒྲིབ་པ་མེད་པའི་སེམས་དང་། ཐ་བ་མེད་པའི་སེམས་ཀྱིས་བསྒོམས་པའི་སྟོབས་རབ་ཏུ་ལྡན་པ་ཡང་དག་པར་གསལ་བར་བྱེད་པའི་ཆོས་བསྟན་པ་ཀུན་ཏུ་ཤེས་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀུན་གསལ་བར་བྱེད་པའི་ཆོས་བསྟན་པ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གཟུགས་བཟང་མོ་ལ་རྒྱ་ཆེར་བསྟན་པས། དེ་ནས་དགེ་སློང་མ་གཟུགས་བཟང་མོ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མངོན་པར་རྟོགས་པར་གྱུར་ཏེ། འདི་ལྟ་སྟེ། གོས་བཀྲུས་པ་དྲི་མ་མེད་པ་ཚོན་གྱིས་བསྒྱུར་ན་ཚོན་ཡང་དག་པར་ལེན་པ་བཞིན་དུ། དགེ་སློང་མ་གཟུགས་བཟང་མོ་སྟན་དེ་ཉིད་དུ་འདུག་ནས་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་མངོན་པར་རྟོགས་པར་གྱུར་ཏོ། །

དེ་ནས་དགེ་སློང་མ་གཟུགས་བཟང་མོས་ཆོས་མཐོང་ཞིང་ཆོས་ཐོབ་ལ་ཆོས་རྟོགས་ཤིང་ཆོས་མཐར་ཐུག་པར་ཁོང་དུ་ཆུད་ནས། ཐེ༌ཚོམ་ལས་བརྒལ་ཞིང་སོམ་ཉི་སྤངས། ཐ་སྙད་རྣམས་དང་བྲལ་ཞིང་དྲི་མ༌མེད་པ་ཐོབ་པས་གཞན་གྱི་རྐྱེན་གྱིས་མི་བཀྲི་བར་སྟོན་པའི་བསྟན་པ་ལ་ཆོས་ཀྱི་རྗེས་སུ་འབྲང་བས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནི་ནོངས་ལགས༌སོ། །བདེ་བར་གཤེགས་པ་བདག་གིས་ནོངས་ལགས་ཏེ། འདི་ལྟར་བྱས་པ། འདི་ལྟར་རྨོངས་པ། འདི་ལྟར་མི་གསལ་བ། འདི་ལྟར་མི་དགེ་བ། བདག་ནི་ཤེས་རབ་འཆལ་པའི་རང་བཞིན་ཅན་ལགས་ཏེ། གང་བདག་གིས་དགེ་སློང་ཀུན་དགའ་བོ་ཁྱིམ་ཐབ་ཏུ་འཚལ་བ་ཀུན་ནས་ཚུལ་མ་ལགས་སོ། །

དེ་ལྟ་བས་ན་བཙུན་པ་བདག་གིས་ནོངས་པ་ལ་ནོངས་པར་ཁུམས་ཤིང་། ཡང་ནོངས་པ་ལ་མཆོག་ཏུ་ནོངས་པར་ཁུམས་ནས་ནོངས་པ་དེ་བཤགས་པར༌བགྱིའོ། །སླན་ཆད་ཀྱང་ནོངས་པ་བསྡམ་པར་བགྱིའོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ནོངས་པར་བཟུང་ནས་ནོངས་པ་བསྡམ་པར་བགྱིའོ། །གཟུགས་བཟང་མོ་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་ཤེས་ནས། འདི་ལྟར་བྱས་པ། འདི་ལྟར་རྨོངས་པ། འདི་ལྟར་མི་གསལ་བ། འདི་ལྟར་མི་དགེ་བ། ཤེས་རབ་འཆལ་པའི་རང་བཞིན་གྱིས་གང་ཁྱོད་ཀྱིས་དགེ་སློང་ཀུན་དགའ་བོ་ལ་ཁྱིམ་ཐབ་ཏུ་འཛིན་ཞིང་ཚུལ་བཞིན་མ་ཡིན་པ་བྱས་པ་ལ་ཆོས་འདུལ་བ་རྟོགས་ནས་གང་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་ཡང་དག་པར༌ལྟ་ཞིང་། ཉེས་པ་ལ་ཉེས་པར་ཡང་དག་པར་མཐོང་ནས་དེ་བཞིན་དུ་ཉེས་པ་འཆགས་ཤིང་ཕྱིན་ཅད་སྡོམ་པ་ནི་ངས་ཀྱང་ཁྱོད་ཀྱི་ཉེས་པ་ལ་ཉེས་པར་གཟུང་བར་བྱའོ། །ཕྱིན༌ཅད་སྡོམ་ལ་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་བསྒྲུབ་པར་བྱའི་ཉམས་པར་ནི་མི་བྱའོ། །དེ་ནས་དགེ་སློང་མ་གཟུགས་བཟང་མོ་ལ་བཅོམ་ལྡན་འདས་ཀྱིས་བསྟན་ཞིང་ཁྱད་པར་དུ་རྗེས་སུ་གདམས་པས༌གཅིག་པུ་དབེན་པར་གནས་ཤིང་བག་ཡོད་པས་བསྡམས་ཤིང་དྲན་པ་དང་ཤེས་བཞིན་རབ་ཏུ་ཉམས་པ་མེད་པས་བདག་ཉིད་གནས་ཏེ། གཅིག་པུ་དབེན་པར་བག་ཡོད་པས་བསྡམས་ཤིང་དྲན་པ་དང་ཤེས་བཞིན་ཉམས་པ་མེད་པས་བདག་ཉིད་གནས་པས་གང་གི་དོན་དུ་རིགས་ཀྱི་བུ་མོ་སྐྲ་བྲེགས་ནས་ཆོས་གོས་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པའི་ཚངས་པར་སྤྱོད་པ་ལ་ཀུན་ཏུ་གནས་པ་ནི་མཐོང་བའི་ཆོས་ཉིད་ལ་རང་གིས་མངོན་པར་ཤེས་པ་མངོན་དུ་བྱས་ཤིང་བསྐྱེད་ནས་ལུང་སྟོན་པར་བྱེད་པ་ཡིན་པས་དེས་ཚངས་པར་སྤྱད་པས་བྱ་བ་བྱས་ཤིང་སྐྱེ་བ་ཟད་དེ་སྲིད་པར་སྐྱེ་བ་གཞན་མི་ལེན་པར་གྱུར་ཏོ།། །།

ཡུམ་སྒྱུ་འཕྲུལ་ཆེན་མོའི་ཞབས་རིམས་པ་སྐྲ་ལྡན་མ་རབ་ཏུ་བྱུང་ནས་བརྩོན་འགྲུས་ཅན་རྣམས་ཀྱི་མཆོག་ཏུ་གྱུར་ཚུལ། མདོ་སྡེ་ལས་བརྒྱ་པ་ལས་བཏུས།

སྐྲ་ལྡན་མ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་ཙམ་ན་ཡུལ་སེར་སྐྱའི་གནས་ན་རྒྱལ་པོ་སེང་གེའི་འགྲམ་རྒྱལ་པོ་བྱེད་དེ། དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་སྔ་ཕྱིར་བུ་ཕོ་བཞི་དང་བུ་མོ་བཞི་བཙས་ཏེ་ཟས་གཙང་དང་ཟས་དཀར་དང་བྲེ་བོ་ཟས་དང་བདུད་རྩི་ཟས་དང་གཙང་མ་དང་དཀར་མོ་དང་བྲེ་བོ་མ་དང་བདུད་རྩི་མ་རྣམས་སོ། །དེའི་ཚེ་ཡུལ་སྤོང་བྱེད་ན་རྒྱལ་པོ་ཤཱཀྱ་རབ་སད་གནས་ཏེ། དེའི་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལ་བུ་མོ་གཉིས་བཙས་ཏེ། གཅིག་གི་མིང་ནི་སྒྱུ་འཕྲུལ་ཞེས་བཏགས་སོ། །གཅིག་གི་མིང་ནི་སྒྱུ་འཕྲུལ་ཆེན་མོ་ཞེས་བཏགས་སོ། །དེ་ནས་དེ་གཉིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །

དེ་ནས་དེ་གཉིས་ལ་མཚན་མཁན་རྣམས་ཀྱིས་བལྟས་ནས། བུ་མོ་སྒྱུ་འཕྲུལ་ལས་ནི་བུ་མཚན་ཕུན་སུམ་ཚོགས་པ་ཞིག་བཙའ་བར་འགྱུར་ལ། སྒྱུ་འཕྲུལ་ཆེན་མོ་ལས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཙའ་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། དེ་གཉིས་ཀྱི་སྐྲ་ཏིལ་མར་གྱི་ཐིགས་པ་ཆུར་བླུགས་པ་བཞིན་དུ་རྒྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་སེང་གེ་འགྲམ་གྱིས་ཐོས་ནས། རྒྱལ་པོ་རབ་སད་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་དེ་གཉིས་བདག་གི་བུའི་ཆུང་མར་བྱིན་ཅིག །འདི་ན་ཤཱཀྱ་རྣམས་ཀྱིས་ནི་སུས་ཀྱང་ཐབས་ཟླར་བབ་པའི་ཆུང་མ་གཉིས་མི་བླང་བའི་ནང་ཁྲིམས་དེ་ལྟ་བུ་བཅས་མོད་ཀྱི། གལ་ཏེ་བདག་གིས་ཤཱཀྱ་རྣམས་ཀྱིས་དད་པ་གནང་བར་བྱེད་ནུས་ན་ཕྱིས་གཉིས་ཀ་བླང་ངོ་ཞེས་སྤྲིང་ནས། སེང་གེ་འགྲམ་གྱིས་ཤཱཀྱ་རྣམས་ལ་གསོལ་བ་བཏབ་ནས། དེའི་བུ་མོ་གཉིས་ཀ་ཁྱིམ་ན་གནས་པ་རྣམས་ཀྱི་ཁྱིམ་པའི་ཆོས་བཞིན་དུ་བྱས་ཏེ་ཟས་གཙང་གི་བཙུན་མོར་བླངས་སོ། །

དེར་རྒྱལ་པོ་རབ་སད་ཀྱིས་དེ་གཉིས་ལ་བུ་མོ་སྐྲ་ལྡན་མ་ཞེས་བྱ་བ་སྐྲ་མཁན་དུ་བྱིན་ནོ། །དེ་ནས་གང་གི་ཚེ་བྱང་ཆུང་སེམས་དཔའ་བཙས་པ་ན། དེ་བཙས་ནས་ཞག་བདུན་ལོན་པའི་འོག་ཏུ་སྒྱུ་འཕྲུལ་ཆེན་མོ་ཤི་ནས་དེ་ཤི་བའི་འོག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་སྐྱེས་སོ། །བུ་མོ་སྐྲ་ལྡན་མ་ནི་དེ་དང་བྲལ་བས་སྒྱུ་འཕྲུལ་ཆེན་མོའི་སྐྲ་ལ་འཇུས་ནས། ཤིན་ཏུ་མྱ་ངན་བྱེད་ཅིང་འབུབ་འདྲིལ་ལ་སྨྲེ་སྔགས་འདོན་ཅིང་བྲང་རྡུང་སྟེ། སུས་ཀྱང་དེའི་མྱ་ངན་བསང་མ་ནུས་སོ། །

དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྐུ་ཆེར་འཁྲུངས་བ་དེའི་ཚེ། དེས་རྒན་པོ་དང་ནད་པ་དང་ཤི་བ་གཟིགས་ནས་ནགས་ཀྱི་ནང་དུ་རྟེན་བཅས་ཏེ། ལོ་དྲུག་གི་བར་དུ་དཀའ་བ་སྤྱད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཏེ། མཐར་གྱིས་འདུལ་བའི་དོན་མཛད་ཅིང་ཡུལ་སེར་སྐྱའི་གནས་སུ་གཤེགས་སོ། །དེ་དེར་གཤེགས་ནས་ཤཱཀྱ་རྣམས་རབ་ཏུ་བྱུང་ངོ་། །སྐྱེ་དགུའི་བདག་མོ་ཆེན་མོ་གོོ་ཏ་མཱི་ཡང་རབ་ཏུ་བྱུང་ངོ་། །སྐྲ་ལྡན་མ་ཡང་རབ་ཏུ་བྱུང་སྟེ། དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྐྲ་ལྡན་མས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཤཱཀྱའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་དེས་བྲན་མོ་གཞན་གྱི་མངག་གཞུག་བགྱིད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །

འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་མ་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གྲོང་ཁྱེར་གཉེན་ལྡན་དུ་གཤེགས་ཏེ། དེ་ལྕམ་གཉིས་ཀྱིས་བཤོས་གསོལ་བ་ན། དེར་གཅིག་གིས་སྨོན་ལམ་བཏབ་པ། བདག་ལས་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་བཙས་ཏེ། དེ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །བུ་མོ་ཅིག་ཤོས་ཀྱིས་སྨོན་ལམ་བཏབ་པ། བདག་ཀྱང་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཁྱོད་དང་སྤུན་དུ་གྱུར་ཅིག །བདག་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་དེ་འཚོ་བར་གྱུར་ཅིག་ཅེས་བྱས་སོ། །དེ་སྤུན་གཉིས་ཀྱི་སྐྲ་མཁན་བྱེད་པའི་བུ་མོ་དེ་ཡང་དེ་ན་འདུག་པར་གྱུར་ཏེ། བུ་མོ་དེས་ཀྱང་དེ་གཉིས་ཀྱི་སྨོན་ལམ་དེ་ལྟ་བུ་དེ་བཏབ་པ་ཐོས་ནས། ཐོས་མ་ཐག་ཏུ་དེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་བཀུར་སྟི་བྱས་ཏེ། སྨོན་ལམ་བཏབ་པ་ཀྱེ་མ་བདག་ཀྱང་དགེ་བའི་རྩ་བ་འདིས། འདི་གཉིས་གང་དང་གང་དུ་སྐྱེས་པ་དེ་དང་དེར་བདག་འདི་གཉིས་ཀྱི་སྐྲ་མཁན་མ་བསྙེན་བཀུར་བྱེད་པར་གྱུར་ནས། འདི་གཉིས་ཀྱི་བུ་རིན་པོ་ཆེ་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་ཏེ་དེར་འདིས་སྨོན་ལམ་འདི་ལྟ་བུ་བཏབ་བོ། བཙུན་པ་ལས་ཅི་བགྱིས་ན། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས། བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་ཡང་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་སྟེ། གང་ལས་རབ་ཏུ་བྱུང་བའི་མཁན་མོ་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །

དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་ཚངས་པར་སྤྱོད་པ་སྤྱད་ཀྱང། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གིས་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་དེས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་མ་གང་ཡིན་པ་དེ་ནི་སྐྲ་ལྡན་མ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གི་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོ་དེས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པར་གྱུར་ཅིག་ཅེས་བྱས་སོ། །

དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དེ་ལྟར་ངས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །།

ཀུན་དགའ་བོས་མཛེ་མོ་ཞིག་ལ་སྟོན་པའི་མཆོད་རྟེན་ལ་མཆོད་པ་འབུལ་དུ་བཅུག་པས་བུ་མོ་གསེར་མདོག་མ་ཉིད་དུ་སྐྱེ་བ་བླངས་ཚུལ། མདོ་སྡེ་ལས་བརྒྱ་པ་ལས་བཏུས།

གསེར་མདོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་དེའི་ཚེ་མཉན་ཏུ་ཡོད་པ་ན། རིགས་ངན་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལ་ཆུང་མ་བླངས་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུ་འམ་བཅུ་ལོན་པ་དང་བུ་མོ་མི་སྡུག་པ་མཆོག་ཏུ་མི་སྡུག་ལ་མི་སྡུག་པའི་སྣ་གྲངས་བཅྭོ་བརྒྱད་དང་ལྡན་པ་ཞིག་བཙས་ནས་དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་ཤིན་ཏུ་མི་དགའ་བར་གྱུར་ཏེ། བདག་ཅག་གཉིས་ལ་བུ་མོ་འདི་འདྲ་བ་མི་དགོས་ཀྱིས་ནམ་སྲོས་པ་དང་ཕྱིར་ལ་ཕྱུང་ལ་ཁྱི་རྣམས་ལ་སྦྱིན་ནོ་ཞེས་ཟེར་རོ། །

དེ་ནས་ཆུང་མ་ན་རེ་ཇོ་བོ་དེ་སྐད་མ་གསུང་ཞིག །འཇིག་རྟེན་ན་མི་གསོད་པ་ནི་རྣམ་པར་སྨད་པ་ལགས་ཀྱིས། འདི་འདི་ཁོ་ན་ལྟར་མི་སྡུག་པའི་རྣམ་གྲངས་བཅྭོ་བརྒྱད་དང་ལྡན་དུ་ལགས་ཀྱིས་ཀྱང་། འདི་བདག་ཅག་གཉིས་ཀྱི་བུ་མོ་ལགས་པས་ན། འདི་བཙས་མ་ཐག་ཏུ་བདག་ཅག་གིས་དོར་མི་ནུས་ཀྱིས་ནམ་ཆེར་སྐྱེས་པ་ན་བསྐྲད་པར་བགྱིའོ། །འོན་ཀྱང་འདི་དེའི་ཚེ་ཅིས་ཀྱང་འཚོ་བ་ཚོལ་ནུས་པར་འགྱུར་རོ་ཞེས་བྱས་སོ། །དེ་ནས་འོ་ན་དེ་ལྟར་བྱའོ་ཞེས་སྨྲས་ནས། དེ་ཕ་མ་གཉིས་ཀྱིས་ལྐོག་ཏུ་གསོས་ཏེ། ཅི་ནས་སུས་ཀྱང་མི་ཤེས་པར་བྱས་སོ། །དེ་ནས་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་དེ་མི་སྡུག་ཆེས་ནས། ཕ་མ་གཉིས་ཀྱིས་ཁྱིམ་ནས་བསྐྲད་དེ་བཏང་ངོ་། །དེ་ནས་དེ་སློངས་མོ་བྱེད་ཅིང་སྲང་དེ་ཡན་མན་ན་གནས་པ་ལས། དེས་ས་སྒྲེན་པོ་ལ་གནས་པ་དང་ཁ་ཟས་ངན་པ་ཟ་ཟ་བས་ལུས་ལ་མཛེ་ནད་དང་རྨ་བྱུང་བར་གྱུར་ཏེ། དེ་ཕྱི་ཞིག་ན་ནད་བུ་ཅན་དུ་གྱུར་ནས་སྲང་དེ་ན་འགྱེལ་ཞིང་འདུག་སྟེ། ཤི་ལ་ཐུག་པ་དང་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་སྟེ། མཐོང་མ་ཐག་ཏུ་ཚེ་དང་ལྡན་པ་ཀུན་དགའ་བོ་སྙིང་རྗེ་སྐྱེས་ནས་དེ་དེའི་ཐད་དུ་སོང་སྟེ་སྨྲས་པ། ཆེ་གེ་ཅི་ཉེས་དེས་སྨྲས་པ། བཙུན་པ་ཀུན་དགའ་བོ་བདག་གིས་སྔོན་བསོད་ནམས་དག་མ་བགྱིས་པས་ན། དེས་བདག་འདི་ཁོ་ན་ལྟ་བུར་གྱུར་པ་ལགས་ཀྱིས། བཙུན་པ་ཀུན་དགའ་བོ་ཅི་ནས་བདག་གི་མི་དགེ་བའི་ལས་འདི་ཡོངས་སུ་ཟད་པར་འགྱུར་བར་མཛད་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཆེ་གེ་སྙིང་མ་ཆུང་བར་སྤྲོ་བ་སྐྱེད་ཅིག་དང་། བདག་གིས་ཁྱོད་ཀྱི་མི་དགེ་བའི་ལས་འདི་བསལ་བར་བྱའོ། །

དེ་སྐད་ཅེས་སྨྲས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་དོན་དུ་ཏིལ་མར་དང་སྤོས་བཙལ་ནས་བུ་མོ་དེ་ག་ལ་བར་སོང་སྟེ་ཕྱིན་ནས་སྨྲས་པ། ཆེ་གེ་ལོངས་ལ་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་སྤོས་ཀྱིས་བྱུགས་ཤིག །དེ་ནས་དེ་ཐོས་མ་ཐག་ཏུ་བུ་མོ་དེ་དགའ་བ་སྐྱེས་ནས་ལངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་སོང་ནས། ཀུན་དགའ་བོས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཏིལ་མར་གྱི་བྱུག་པ་དང་། སྦྱར་བའི་སྤོས་ཀྱི་བྱུག་པ་དང་། གུར་གུམ་གྱི་བྱུག་པ་འབུལ་དུ་བཅུག་གོ །ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་ས་ཕྱོགས་དེར་འོང་ཏེ། དེས་ཚེ་དང་ལྡན་པ་ཀུན་དགའ་བོ་མཐོང་ནས་བཙུན་པ་ཀུན་དགའ་བོ་ཅི་མཛད་ཅེས་དྲིས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བུ་མོ་འདིའི་དབུལ་བ་ཡོངས་སུ་གཅད་པར་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་བུ་མོ་དེ་སྒྲེན་མོར་འདུག་པ་མཐོང་ནས་གོས་བྱིན་ནོ། །

བཅོམ་ལྡན་འདས་ཀྱང་བུ་མོ་དེ་ཁོ་ན་ལ་ཐུགས་བརྩེ་བའི་ཕྱིར་ས་ཕྱོགས་དེར་གཤེགས་ནས་བུ་མོ་དེས་སངས་རྒྱས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་ལ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་བ་དང་རྣམ་པར་ཞི་བ་དང་ལྡན་པ་གསེར་གྱི་མཆོད་སྡོང་ལྟར་དཔལ་འབར་བ་མཐོང་ངོ་། །མཐོང་ནས་ཀྱང་བུ་མོ་དེ་ཡང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བསམས་པ། འདིའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་བཀུར་སྟི་བྱས་ན་ཡང་འབྲས་བུ་ཆེན་པོར་འགྱུར་ན། འདི་ཉིད་ལ་བྱས་པ་ལྟ་ཅི་སྨོས་ཏེ། འབྲས་བུ་ཆེན་པོར་ཇི་སྟེ་མི་འགྱུར་སྙམ་ནས། དགའ་བ་སྐྱེས་ཏེ། གོས་དེ་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་གོས་དེ་ཕུལ་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་རྟོག་ཅིང་འདུག་གོ །

དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་མཉན་དུ་ཡོད་པ་དེ་ཉིད་དུ་ཚོང་དཔོན་ཞིག་གི་ཁྱིམ་དུ་ཆུང་མ་ཆེན་མའི་ལྟོར་ཉིང་མཚམས་སྦྱར་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་བུ་མོ་གསེར་གྱི་མདོག་ཅན་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་ཏེ། གསེར་གྱི་མདོག་ཅན་ཡིན་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་གསེར་གྱི་མདོག་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་གསེར་གྱི་མདོག་ཅན་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་བཙས་ནས། ལོ་བདུན་ལོན་པ་དེའི་ཚེ། དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ། །དེ་ནས་དེ་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ་བདག་གང་ནས་ཤི་འཕོས་ཏེ། འདིར་སྐྱེས་སྙམ་པ་དང་དེས་མཉན་དུ་ཡོད་པ་དེ་ཉིད་དུ་རིགས་ངན་གྱི་བུ་མོ་མི་སྡུག་པའི་སྣ་གྲངས་བཅྭོ་བརྒྱད་དང་ལྡན་པར་གྱུར་པ་ལས། དེར་བདག་གིས་འཕགས་པ་ཀུན་དགའ་བོ་ལ་བརྟེན་ནས་རིགས་ངན་གྱི་སྐྱེ་གནས་སྤངས་ཏེ། དེར་སྐྱེས་པ་མཐོང་ནས་དེའི་བློ་སྐྱེས་པ་འཕགས་པ་ཀུན་དགའ་བོ་ནི་བདག་ལ་དཀའ་བ་བྱེད་བྱེད་པ་ཡིན་ནོ་སྙམ་དུ་རིག་ནས། དེར་རྟག་ཏུ་འགྲོ་ཞིང་བཀུར་སྟི་བྱེད་དོ། །

དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གསེར་མདོག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གསེར་གྱི་མདོག་ཅན་དུ་གྱུར་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཉན་དུ་ཡོད་པ་འདི་ཉིད་ནས་ས་ཕྱོགས་ག་གེ་མོ་ཞིག་ན། རིགས་ངན་གྱི་བུ་མོ་མི་སྡུག་པའི་སྣ་གྲངས་བཅྭོ་བརྒྱད་དང་ལྡན་པ་ཞིག་འདུག་པ་ཁྱོད་ཀྱིས་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དེ་དེ་ནས་ཤི་འཕོས་ནས་འདིར་སྐྱེས་ཏེ། དེས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཏིལ་མར་གྱི་བྱུག་པ་དང་། སྦྱར་བའི་སྤོས་ཀྱི་བྱུག་པ་དང་། གུར་གུམ་གྱི་བྱུག་པ་དང་། སྤོས་ཀྱི་བྱུག་པ་ཕུལ་ནས་ང་ལ་གོས་ཕུལ་ཏེ་ང་ལ་སེམས་དགའ་བ་བསྐྱེད་ནས་ཤི་བའི་འོག་ཏུ་ལས་དེའི་རྣམ་པར་སྨིན་པས། འདི་ད་ལྟར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་གསེར་གྱི་མདོག་ཅན་དུ་གྱུར་ཏོ། །

བཙུན་པ་བུ་མོ་འདིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། རིགས་ངན་གྱི་རིགས་སུ་སྐྱེས་ཏེ། མི་སྡུག་པའི་སྣ་གྲངས་བཅྭོ་བརྒྱད་དང་ལྡན་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་རྣམས་བྱས་ཤིང་བསགས་ཏེ་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིན་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུ་འམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་མཐུན་པའི་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། དེས་ཕ་མ་ལ་གསོལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། དེ་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏོ། །

དེས་བྱད་གཟུགས་དང་ལང་ཚོ་དང་དབང་ཕྱུག་དང་ཆོ་རིགས་ཀྱི་རྒྱགས་པས་དྲེགས་ནས་སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་བྱད་གཟུགས་མི་སྡུག་པའི་ལུས་དང་ངག་གི་ལས་རྣམས་ཀྱིས་དཔྱས་ཏེ། རིགས་ངན་ཞེས་བྱ་བའི་ཚིག་ཀྱང་སྨྲས་པ་ལས། ཕྱིས་དེ་འགྱོད་པ་སྐྱེས་སོ། །

དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས། སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་དག་སྤྱད་ཀྱང་། ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་སྡིག་པའི་ལས་དེའི་འབྲས་བུ་བདག་ལ་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི། མི་སྡུག་པ་འདི་ཉིད་ཡིན་ཏེ། དེས་དེར་བྱད་གཟུགས་དང་ལང་ཚོ་དང་དབང་ཕྱུག་དང་ཆོ་རིགས་ཀྱི་རྒྱགས་པས་དྲེགས་ནས་དགེ་སློང་མ་མང་པོ་ཞིག་ལ་མི་སྡུག་པའི་ཚུལ་གྱིས། ལུས་ཀྱི་ལས་ཀྱིས་འཕྱས་པ་དང་། རིགས་ངན་ཞེས་བྱ་བའི་ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་རིགས་ངན་གྱི་རིགས་སུ་སྐྱེས་ཏེ། མི་སྡུག་པའི་སྣ་གྲངས་བཅྭོ་བརྒྱད་དང་ཡང་ལྡན་པར་གྱུར་ཏོ། །

དེ་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།

སངས་རྒྱས་ལ་མི་དད་པའི་བ་ལང་རྫི་མོ་ཞིག་གིས་སྟོན་པའི་ཞལ་མཇལ་བ་ཙམ་གྱིས་སེམས་ལ་དགའ་བདེ་ཚད་མེད་པ་སྐྱེས་ཤིང་ལམ་ཉམས་སུ་བླངས་ནས་འབྲས་བུ་ཐོབ་བའི་ཚུལ། མདོ་སྡེ་ལས་བརྒྱ་པ་ལས་བཏུས།

གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་འདབ་ཏུ་བ་ལང་དང་མ་ཧེའི་ལྷས་བཅས་ཏེ། དགེ་སློང་རྣམ་པའི་དར་བ་དང་མ་ཧེའི་དར་བས་ལོངས་སྤྱོད་པར་བྱེད་དོ། །

དེས་ཟླ་བ་གསུམ་གྱི་བར་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས། མཇུག་ཏུ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ཏེ། བཅོམ་ལྡན་འདས་ལ་འབུམ་རེ་བའི་ན་བཟའ་ཕུལ་ལོ། །དགེ་སློང་གཞན་དག་ལ་ཡང་རེ་རེ་ལ་ཡོ་བྱད་ཐམས་ཅད་ཕུལ་ཏེ། བ་ལང་རྫི་དང་མ་ཧེ་རྫི་ཐམས་ཅད་རང་རང་གི་གནས་སུ་སོ་སོར་བཀྱེ་ནས་རྒྱལ་པོ་སོང་ངོ་། །

དེ་ནས་བ་ལང་རྫི་རྣམས་ཀྱིས་བསམས་པ། རྒྱལ་པོ་འདི་སའི་མངའ་བདག་དབང་ཕྱུག་གི་མཐར་ཕྱིན་པ་ཡིན་མོད་ཀྱི་འདི་ཡང་ད་དུང་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་ལ། བདག་ཅག་ནི་གཞན་གྱི་ཁོལ་པོ་གཞན་གྱི་ངོར་བལྟ་བ་གཞན་གྱི་ཚལ་ཟ་བྱེད་ཅིང་འཚོ་བ་ཡིན་ཏེ། འདིས་འདི་ལྟ་བུའི་གནས་ཐོབ་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པའི་ལས་རྣམ་པ་གསུམ་གྱི་འབྲས་བུ་ཡིན་གྱིས། མ་ལ་བདག་ཅག་གིས་ཀྱང་དགེ་བའི་ཆོས་ཅུང་ཟད་ཙམ་ཡང་དག་པར་བླངས་ཏེ་གནས་པར་བྱ་གོར་མ་ཆག་སྙམ་དུ་བསམས་ནས། བ་ལང་རྫི་ལྔ་བརྒྱས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ། བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ནས་ནངས་པར་སྔར་ལངས་ཏེ་ཆུ་ར་བཀང་ནས་བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ་བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །

དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། བ་ལང་རྫི་དེ་དག་གི་བ་ལང་གི་ལྷས་དང་སྐོས་སའི་འདབ་ཏུ་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བ་ལང་རྫི་དེ་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས། རིང་གི་ལག་ནས་བཟའ་བ་དང་འཅའ་བ་གཙང་མ་བཟང་པོ་མང་པོ་དང་། བའི་དར་བ་དང་མ་ཧེའི་དར་བས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཤོས་གསོལ་ཟིན་ཏེ་གསང་སྡེར་ནི་གྱུ། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་དམའ་བ་དག་ཁྱེར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བ་ལང་རྫི་ལྔ་བརྒྱ་པོ་དེ་དག་གི་བསམས་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས། དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་བ་ལང་རྫི་ལྔ་བརྒྱ་པོ་དེ་དག་འཁོར་དང་བཅས་པས་སྟན་དེ་ཁོ་ན་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་ཀྱང་བདེན་པ་མཐོང་ནས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ཁྱིམ་ན་གནས་པ་ལས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ། ཆུ་བོ་རྣམས་ལས་བརྒལ་བར་བགྱི་བ་དང་། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བགྱི་བའི་སླད་དུ་བརྩོན་པར་བགྱི་བསྒྲུབ་པར་བགྱི་འབད་པར་བགྱི་བར་འཚལ་ལོ་ཞེས་གསོལ་ནས། རྒྱལ་པོ་གསལ་རྒྱལ་ལ་གསོལ་ཏེ། བ་ལང་གི་ཁྱུ་དེ་རྣམས་བ་ལང་རྫི་གཞན་དག་ལ་གཏད་ནས་ཁྱིམ་གྱི་འཁོར་བཏང་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་དག་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བཀའ་སྩལ་ཏེ། དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། དེ་ཐོས་མ་ཐག་ཏུ་སྐྲ་ནི་བྱིས་བར་གྱུར་ལུས་ལ་ནི་སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར་སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པ། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ལུང་ཕོག་ནས། དེ་དག་གིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ཏེ། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

དེ་དག་གིས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམས་པ། བདག་ཅག་གིས་འདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ་སྙམ་པ་དང་དེ་དག་གིས་ཉེ་དུ་དེ་དག་ཉིད་འདུལ་བར་འགྱུར་བར་མཐོང་ངོ་། །མཐོང་ནས་ཀྱང་དེ་དག་གི་ཐད་དུ་དོང་སྟེ་ཆོས་བསྟན་ནས་དད་པ་ཕུན་སུམ་ཚོགས་པ་ལ་ནི་བཀོད། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་ནི་བཙུད་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱ་བ་ལ་ནི་ཡང་དག་པར་འཛིན་དུ་བཅུག་གོ །དེ་དག་གི་ནང་ནས་བ་ལང་རྫི་མོ་གཅིག་ནི་མ་དད་དེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོར་མི་བཏུབ་ནས་བ་ལང་རྫི་དེ་དག་གིས་དེ་ནན་གྱིས་བཟུང་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་ཁྲིད་ནས། བ་ལང་རྫི་མོ་དེ་ས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ་མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ་མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་པའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལ་ཡང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །

དེ་ལྟར་མཐོང་ནས་ཀྱང་དགའ་བ་སྐྱེས་ཏེ་ཕན་ཚུན་དུ་བལྟས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་ན། བདག་གིས་མེ་ཏོག་ག་ལས་བླང་བ་སྙམ་པ་དང་དེ་ཐག་མི་རིང་བ་ཞིག་ན་ཀོ་ཤ་ཏ་ཀའི་མེ་ཏོག་དག་ཅིག་མཐིང་ནས་དེས་དེ་དག་བླངས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ན། བུ་མོ་འདི་ཚེ་ཐུང་སྟེ་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ་སྙམ་དུ་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཀྱིས་དེ་དང་འཚམ་པའི་ཆོས་བསྟན་ཏོ། །དེ་ནས་དེས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་མཆིད་ཀྱི་མཇུག་རྫོགས་པར་རིག་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་སོང་ནས་རིང་པོར་མ་ལོན་པར་འབྱུང་བ་ཆེན་པོ་མ་སྙོམས་པར་གྱུར་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷ་ཡུལ་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས་གང་དུ་སྐྱེས་ལས་གང་གིས་སྐྱེས་སྙམ་མོ། །

དེ་ནས་བཅོམ་ལྡན་འདས་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་གཏོར་ཏེ་དེ་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ནས་བསམས་པ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱིས་བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བ་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན་ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་། སྦྲྀ་ཀ་ལ་སོགས་པས་བྱུགས་པ། ཁ་དོག་འཕགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་ཀུ་མུད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་རྣམས་ཀྱིས་ཐུ་བཀང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུད་པ་ལ་དང་པད་མ་དང་ཀུ་མུད་དང་པད་མ་དཀར་པོ་དང་མན་དཱ་ར་བ་རྣམས་ཀྱིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་། རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས། དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ལྷ་མོ་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །

དེ་ནས་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་པ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་མཐོང་ནས་བསམས་པ། ཅི་མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་སམ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་མང་པོ་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བགྱིད་པ་ལ་གནས་པ་རྣམས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་མཐོང་ལགས་ན་བཙུན་པ་ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། དགེ་སློང་དག་མདངས་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ་ལྷའི་དབང་པོ་བརྒྱ་བྱིན་ནམ་རྒྱལ་པོ་ཆེན་པོ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ཏེ། བ་ལང་རྫི་མོ་གང་གིས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་ང་ལ་མཆོད་དེ་ངའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ང་ལས་ཆོས་ཐོས་ཏེ་སོང་བ་གང་ཡིན་པ་དེ་ཁྱོད་ཀྱིས་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དེ་ནི་སོང་ནས་རིང་པོར་མ་ལོན་པར་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ། དུས་ལས་འདས་ནས་ལྷ་ཡུལ་དུ་སྐྱེས་ཏེ་ལྷ་མོར་གྱུར་ནས་ངའི་ཐད་དུ་འོངས་པ་དེ་ལ་ངས་ཆོས་བསྟན་ཏེ། དེས་ང་ལས་ཆོས་ཐོས་ནས་བདེན་པ་མཐོང་སྟེ་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ་། །

བཙུན་པ་བ་ལང་རྫི་མོ་དེས་ལས་ཅི་བགྱིས་ན་ལས་དེས་བ་ལང་རྫི་དབུལ་པོའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་འདི་ནས་ཤི་འཕོས་ཏེ་ལྷའི་ཡུལ་དུ་སྐྱེས་ལགས། ལས་གང་གིས་ནི་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་དོ། །ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དོ། །འདས་པའི་ལས་ཅི་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་སྟེ། དགེ་སློང་མར་གྱུར་པ་ན་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏེ་ཁྲོས་ནས། དགེ་སློང་མ་མང་པོ་ཞིག་ལ་བ་ལང་རྫི་མོ་ཞེས་བྱ་བའི་ཚིག་སྨྲས་ནས། དེ་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་འགྱོད་པ་སྐྱེས་ཏེ་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱིས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །བདག་གིས་དགེ་སློང་མ་རྣམས་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་འབྲས་བུ་བདག་ལ་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །

དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི་བ་ལང་རྫི་མོ་དེ་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤུན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་པ་འདི་ནི་འདས་པའི་ལས་ཡིན་ནོ། ད་ལྟར་བྱུང་བའི་ལས་གང་ཞེ་ན། བ་ལང་རྫི་མོར་གྱུར་པ་དེས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་ང་ལ་མཆོད་པ་བྱས་པ་དང་ང་ལ་སེམས་དགའ་བར་གྱུར་པ་དེས་ནི་ལྷ་ཡུལ་དུ་སྐྱེས་ཏེ། དགེ་སློང་དག་འདི་ནི་ད་ལྟར་བྱུང་བའི་ལས་ཡིན་ནོ། །བཙུན་པ་བ་ལང་རྫི་འདི་རྣམས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བ་ལང་རྫི་དབུལ་པོའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་ལས་དེས་འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དགེ་སློང་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ནས། དེར་དེ་དག་ཁྲོས་ནས་དགེ་སློང་མང་པོ་ཞིག་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་སྨྲས་ལ། དེར་དེ་དག་གིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག །བདག་ཅག་གིས་དགེ་སློང་མང་པོ་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་སྨྲས་པའི་ལས་དེའི་འབྲས་བུ་བདག་ཅག་ལ་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །

དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི་བ་ལང་རྫི་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོ་འདི་རྣམས་ཡིན་ཏེ། དེ་དག་གིས་དེར་རབ་ཏུ་བྱུང་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག །དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་བདག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །

དེར་དེ་དག་ཁྲོས་པས་དགེ་སློང་མང་པོ་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་སྨྲས་པ་དང་སྦྱིན་པ་ཡང་མ་བྱིན་པ་དེས་ནི་བ་ལང་རྫི་དབུལ་པོ་གཞན་གྱི་ཚལ་ཟ་བར་བྱེད་པས་འཚོ་བར་གྱུར་ཏོ།། །།

སྐྱེ་དགུའི་བདག་མོ་གཽ་ཏ་མཱི་སོགས་ཤཱཀྱ་མོ་ལྔ་བརྒྱ་བཅས་རབ་ཏུ་བྱུང་ཚུལ་གྱི་ལོ་རྒྱུས། འདུལ་བ་ལུང་ཕྲན་ཚེགས་ལས་བཏུས།

སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ཤཱཀྱ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས༌གང་ན་བ་དེར་དོང་སྟེ་ཕྱིན༌པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ༌མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །

ཕྱོགས་གཅིག་ཏུ་འཁོད་ནས། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར༌གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་སོ། །རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ་ཅང་མི་གསུང་བ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས༌གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོ་སྤྱོད་ཅིང་བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཁྱོད་འདི་ལྟར་ཁྱིམ་མི་མོའི་གོས་དཀར་པོ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་པ་ལ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་སྤྱོད་ཅིང་བུད་མེད་རྣམས་བཅོམ་ལྡན་འདས་ཀྱི༌དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ༌གསོལ་ཞེས་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཽ་ཏ་མཱི་ཁྱོད་འདི་ལྟར་ཁྱིམ་མི་མོའི་གོས་དཀར་པོ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་པ་ལ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བར༌ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །ཞེས་བཀའ་སྩལ་པ་དང་།

དེ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་མ་གནང་བ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ༌མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་གནས་ན་ཇི་སྲིད་དགྱེས་ཀྱི་བར་དུ་བཞུགས་ནས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། ཡུལ་ན་དི་ཀ་གང་ན་བ་དེར་རྒྱུ་ཞིང་གཤེགས་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཇི་སྲིད༌དགྱེས་ཀྱི་བར་དུ་བཞུགས་ནས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། ཡུལ་ན་དི་ཀ་གང་ན་བ་དེར་རྒྱུ་ཞིང་གཤེགས་པར་ཐོས་སོ། །དེ་ལྟར་ཐོས་པ་དང་ཤཱཀྱ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རང་གིས་མགོ་བྲེགས་ཏེ་ཆོས་གོས༌བགོས་སོ། །མགོ་བྲེགས་ཤིང་སྦྱར་མ་གྱོན་ཏེ་བཅོམ་ལྡན་འདས་ཀྱི་དགོངས་མལ་དུ་རྗེས་བཞིན་འབྲང་ཞིང་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་ཡུལ༌བྲྀ་ཛི་ནས་ལྗོངས་རྒྱུ་ཞིང་ན་དི་ཀར་བྱོན་ཏེ་ན་དི་ཀའི༌གུ་ཇིའི་གནས་ན་བཞུགས་སོ། །

དེ་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལུས་ངལ། ལུས་ཆད། ལུས་དུབ་སྟེ།

རྡུལ་གྱིས་ལུས་ལ་ཕོག་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ༌མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ། རྣམ་གྲངས་དུ་མར་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ཏེ་ཅང་མི་གསུང་བར་བཞུགས་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོ་སྤྱོད་ཅིང་བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཽ་ཏ་མཱི་ཁྱོད་འདི་ལྟར་འདི་བཞིན་དུ་ནམ་འཚོའི་བར་དུ་མགོ་བྲེགས་ཏེ་སྦྱར་མ་གྱོན་ལ༌ནམ་འཚོའི་བར་དུ་དེ་འབའ་ཞིག་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་ལན་གཉིས་ལན་གསུམ་དུ་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་དེ་སྟེ་བུད་མེད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་སྤྱོད་ཅིང་། བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་དུ་གསོལ། ཞེས་དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཽ་ཏ་མཱི་ཁྱོད་ཀྱིས་འདི་ལྟར་འདི་བཞིན་དུ་ནམ་འཚོའི་བར་དུ་མགོ་བྲེགས་ཏེ་སྦྱར་མ་གྱོན་ལ་དེ་འབའ་ཞིག་ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་ཚངས་པར་སྤྱད་པ་སྤྱོད་ཅིག་དང་། ཁྱོད་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །གཽ་ཏ་མཱི་སྐྱེ་དགུའི་བདག་མོ༌ཆེན་མོ་ལ་ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ཀྱིས་མ་གནང་བ་དང་ཕྱི་རོལ་གྱི་སྒོ་ཁང་གི་ཕྱོགས་གཅིག་ཏུ་འདུག་སྟེ་ངུ་ཞིང་མཆི་མ་འབྱིན་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ཕྱི་རོལ་གྱི་སྒོ་ཁང་གི་ཕྱོགས་གཅིག་ཏུ་འདུག་ནས་ངུ་ཞིང་མཆི་མ་བྱུང་བ་མཐོང་ངོ་། །དེ་ལྟར་མཐོང་བ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཽ་ཏ་མཱི་ཁྱོད་ཅིའི་ཕྱིར་ན་ཕྱི་རོལ་གྱི་སྒོ་ཁང་གི་ཕྱོགས་གཅིག་ཏུ་འདུག་ལ་ངུ་ཞིང་མཆི་མ་འབྱིན་ཅེས་སྨྲས་པ་དང་། བཙུན་པ་ཀུན་དགའ་བོ་འདི་ལྟར་བུད་མེད་ཀྱིས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་མ་གནང་ངོ་། །གཽ་ཏ་མཱི་དེ་ལྟ་ན་སྡོད་ཅིག་དང་ངས་བཅོམ་ལྡན་འདས་ལ་གསོལ་ལོ། །

དེ་ནས་ཚེ་དང༌ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ༌མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་བཙུན་པ་དེ་སྟེ་བུད་མེད་དགེ་སྦྱོང་གི་འབྲས་བུ་བཞི་འཐོབ་པའི་སྐབས་མཆིས་ན་བུད་མེད་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་སྤྱོད་ཅིང་། བཅོམ་ལྡན་འདས་ཀྱི་དྲུང་ན་བུད་མེད་རྣམས་ཚངས་པར་སྤྱད་པ་སྤྱོད་དུ་གསོལ་ཞེས༌དེ་སྐད་གསོལ་པ་དང་། ཀུན་དགའ་བོ་ཁྱོད་བུད་མེད་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་མ་གསོལ་ཅིག །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ༌ལེགས་པར་བཤད་པའི་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་དེ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །དེ་འདི་ལྟ་སྟེ་ཀུན་དགའ་བོ་དཔེར་ན་ཁྱིམ་གང་ན་བུད་མེད་མང་ཞིང་སྐྱེས་པ་ཉུང་བ་དེ་ན་རྐུན་པོ་དང་མི་ལ་རྐུ་བ་རྣམས་ཀྱིས་ཆོམས་པར་འགྱུར་ཞིང་རབ་ཏུ་ཆོམས་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་དེ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །

འདི་ལྟ་སྟེ། ཀུན་དགའ་བོ་དཔེར་ན། འབྲས་སཱ་ལུ་ཕུན་སུམ་ཚོགས་པའི་ཞིང་ལ་སེར་བའི་འཁོར་ལོ་མི་བཟད་པ་བབས་ན། འབྲས་སཱ་ལུ་དེ་ཉིད་ཉམས་པར་འགྱུར། རྣམ་པར་ཉམས་པར་འགྱུར། ཚུལ་མ་ཡིན་པས་མ༌རུང་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན། ཆོས་འདུལ་བ་འདི་ཡུན་རིང་དུ་མི་གནས་པར་འགྱུར་རོ། །འདི་ལྟ་སྟེ་ཀུན་དགའ་བོ༌ཞིང་རྨེད་པའི་ཁྱིམ་བདག་བུ་རམ་ཤིང་ཕུན་སུམ་ཚོགས་པ་ལ་བཙའི་ནད་བྱུང་ན་བུ་རམ་ཤིང་དག་མ༌རུང་བར་འགྱུར། ཆུད་ཟོས་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་ཆོས་འདུལ་བ་ལ་བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་འདི་ཡུན་རིང་དུ་གནས་པར་མི་འགྱུར་རོ། །

འོན་ཀྱང་ཀུན་དགའ་བོ་ངས་བུད་མེད་རྣམས་ལ་དགག༌ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་བཅས་པ་ལ་བུད་མེད་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །དེ་འདི་ལྟ་སྟེ་ཀུན་དགའ་བོ་ཁྱིམ་བདག་ཞིང་པས་དབྱར་འདས་ཏེ་སྟོན་གྱི་དུས་ན་ཆུ་བོའམ་ཡུར་བ་ཡང་རུང་ཆུ་བཅད་ན་ཆུ་དེ་བགགས་པས་འདའ་བར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ་བུད་མེད་རྣམས༌ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་བླ་མའི་ཆོས་བརྒྱད་བཅའ་བར་བྱའོ། །དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་གྱིས་ཤིག །བརྒྱད་གང་ཞེ་ན། ཀུན་དགའ་བོ་དགེ་སློང་རྣམས་ལས་བུད་མེད་རྣམས་ཀྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་བ་རབ་ཏུ་རྟོགས་པར་བྱའོ། །ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དང་པོར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མ་དག་གིས་དགེ་སློང་ཕ་རྣམས་ལ་ཟླ་བ་ཕྱེད་ཕྱེད་ཅིང་སྟོན་པའི་ལུང་རྗེས་སུ་བསྟན་པ་བཙལ་བར་བྱའོ། །

ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གཉིས་སུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ༌སློང་མ་དག་གིས་དགེ་སློང་ཕ་མེད་པའི་གནས་སུ་དབྱར་ཚུལ་དུ་མི་འཇུག་པར་བྱ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གསུམ་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མ་དབྱར་ཚུལ་དུ་ཞུགས་པས་དགེ་འདུན་གཉིས་ཀ་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་དུ་སྐབས་དབྱེ་བར་བྱ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བཞིར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཕ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བར་མི་བྱ་དྲན་པར་མི་བྱ་སྟེ། ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཕ་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་རྣམས་གླེང་བ་དང་། དྲན་པར་བྱེད་པ་དག་མི་གནང་ངོ་། །དགེ་སློང་དག་གིས་ནི་དགེ་སློང་མ་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བ་དང་། དྲན་པར་བྱེད་པ་ལ་དགག་པ་མེད་དེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི༌ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་ལྔར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །

ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཕ་ལ་ཚིག་ངན་པ་མི་སྨྲ། ཁྲོ་བར་མི་བྱ། བསྡིགས་པར་མི་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ལ་ཚིག་ངན་པ་སྨྲ་བ་དང་། ཁྲོ་བ་དང་། བསྡིགས་པ་རྣམས་མི་གནང་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དྲུག་པར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་བླ་མའི་ཆོས་ཉམས་ན་དགེ་སློང་མས་དགེ་འདུན༌གཉིས་ཀ་ལ་ཟླ་བ་ཕྱེད་ཀྱི་བར་དུ་མཉེས་པར་བྱ་བ་སྤྱོད་ཅིག །ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བདུན་དུ་བཅས་ཏེ། དེ་ལ་ཀུན་དགའ་བོ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ཀུན་དགའ་བོ་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ད་གཟོད་བསྙེན་པར་རྫོགས་པའི་དགེ་སློང་ལ་ཚིག་སྙན་པ་དང་། བསྟོད་པ་དང་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། ཕྱག་བྱ༌བ་བྱ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་དུ་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །

ཀུན་དགའ་བོ་དེ་སྟེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བླ་མའི་ཆོས་འདི་བརྒྱད་ལ་ཡང་དག་པར་བཟུང་ཞིང་ནན་ཏན་དུ་བྱས་ན་འདི་ཉིད་དེ་ལ་རབ་ཏུ་བྱུང་བའོ། །དེ་ཉིད་བསྙེན་པར་རྫོགས་པའོ། །དེ་ཉིད༌ཉེས་པའི་དངོས་པོ་ཞེས་བཀའ་སྩལ་པ་དང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ༌མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །

གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མཱི་བུད་མེད་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་ནི་གནང་མོད་ཀྱི་འོན་ཀྱང་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །ནན་ཏན་དུ་བྱའོ། །བཙུན་པ་ཀུན༌དགའ་བོ་བཀའ་སྩལ་པ་དེ༌ཉན་ཀྱིས་གསུངས་ཤིག །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ནི་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་ལས་བུད་མེད་རྣམས་ཀྱིས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་རབ་ཏུ་རྟོགས་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བཅས་པ་དང་པོ་སྟེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །

གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་རྣམས་ཀྱི་དྲུང་ན་དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་སྟོན་པའི་ལུང་རྗེས་སུ་བསྟན༌པ་བཙལ་བར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་གཉིས་སུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་ཚུལ་དུ་མ་འཇུག་ཅིག །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར༌བླ་མའི་ཆོས་གསུམ་དུ་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །

གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དབྱར་ཚུལ་དུ་ཞུགས་པའི་དགེ་སློང་མས་དགེ་འདུན་གཉིས་ཀ་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་དུ་སྐབས་དབྱེ་བར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བཞིར་བཅས་ཏེ། འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །

གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང༌འདི་སྐད་གསུངས་སོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས༌པ་ལ་གླེང་བར་མི་བྱ། དྲན་པར་མི་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བར་བྱ་བ་དང་། དྲན་པར་བྱ་བ་མི་གནང་ངོ་། །ཀུན་དགའ་བོ་དགེ་སློང་གིས་ནི་དགེ་སློང་མ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་ལ་གླེང་བར་བྱེད། དྲན་པར་བྱེད་པ་ལ་མི་གནང་བ་མེད་དོ། །

གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་ལྔ་པར་བཅས་ཏེ་འདི་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མས་དགེ་སློང་ལ་ཚིག་ངན་པ་སྨྲ་བར་མི་བྱའོ། །ཁྲོ་བར་མི་བྱ། བསྡིགས་པར་མི་བྱའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ལ་ཚིག་ངན་པ་སྨྲ་བ་དང་། ཁྲོ་བ་དང་། བསྡིགས་པ་རྣམས་མི་གནང་སྟེ། གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་དྲུག་པར་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །གཽ་ཏ་མཱི་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བླ་མའི་ཆོས་བྱུང་བའི་དགེ་སློང་མས་དགེ་འདུན་སྡེ་གཉིས་ལ་ཟླ་བ་ཕྱེད་ཕྱེད་ཀྱི་བར་དུ་མཉེས་པར་སྤྱོད་དོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བདུན་དུ་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །

གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་ད་གཟོད་བསྙེན་པར་རྫོགས་པའི་དགེ་སློང་ལ་ཚིག་སྙན་པ་དང་། བསྟོད་པ་དང༌ལྡང་བ་དང་། ཐལ་མོ་སྦྱར་བ་དང་། ཕྱག་བྱ་བར་བྱའོ། །གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་འདི་ནི་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་དུ་བཅས་ཏེ། དེ་ལ༌བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་དེ་སྟེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་བླ་མའི་ཆོས་འདི་བརྒྱད་ཡང་དག་པར་བཟུང་ཞིང་ནན་ཏན་བྱས་ན་དེ་ལ་འདི་ཉིད་དེའི་རབ་ཏུ་བྱུང་བའོ། །འདི་ནི་བསྙེན་པར་རྫོགས་པའོ། །

འདི་ནི་དགེ་སློང་མའི་དངོས་པོ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་འདི་རྣམས་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བགྱི་བ་འདི་ནི་བདག་གིས་ངག་དང་། ཡིད་དང་། སྤྱི་བོས་ཀྱང་མནོད་དོ། །བཙུན་པ་ཀུན་དགའ་བོ་དེ་འདི་ལྟ་སྟེ། རྒྱལ་རིགས་ཀྱི་བུ་མོའམ། བྲམ་ཟེའི་བུ་མོའམ། རྗེའུ་རིགས་ཀྱི་བུ་མོའམ། དམངས་རིགས་ཀྱི་བུ་མོ་ཡང་རུང་རབ་ཏུ་བཀྲུས་པ། རབ་ཏུ་བྱུགས་པ། སྐྲ་དང་སེན་མོ་བྱད་བྱས་པ། གོས་དཀར་པོ་བགོས་པ་ལ་ཁ་ཅིག་གིས་མེ་ཏོག་ཨུཏྤ་ལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བ་དང་། བ་རི་ཤི་ཀའི་ཕྲེང་བ་དང་། ཨ་ཏི་མུག་ཏིའི་ཕྲེང་བ་ཡང་། རུང་བ་བྱིན་ན་དེས་དེ་ལ་ཡིད་དགའ་རངས་ཏེ་ལག་པ་གཉིས་ཀྱིས་བླངས་ནས་ཡན་ལག་གི་མཆོག་མགོ་བོ་ལ་འཇོག་གོ །

བཙུན་པ་ཀུན་དགའ་བོ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བླ་མའི་ཆོས་བརྒྱད་པོ་འདི་རྣམས་བཅས་ཏེ། དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བགྱི་བ་འདི་དག་ནི་བདག་གིས་ངག་དང་། ཡིད་དང་། སྤྱི་བོས་ཀྱང་མནོད་དེ། བཅོམ་ལྡན་འདས་ཀྱིས་ནམ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བླ་མའི་ཆོས་རྣམས་ཉམས་སུ་བླངས་པས་ན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་མའི་དངོས་པོར་གནང་བ་དེ་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་དེ་སྟེ་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོས་བླ་མའི་ཆོས་བརྒྱད་ཡང་དག་པར་བཟུང་ནས་ནན་ཏན་བྱས་ན་དེ་ལ་འདི་ཉིད་རབ་ཏུ་བྱུང་བའོ། །འདི་ཉིད་བསྙེན་པར་རྫོགས་པའོ། །འདི་ཉིད་དགེ་སློང་མའི་དངོས་པོའོ་ཞེས་བཀའ་སྩལ་ན། བཙུན་པ་དེ་ལས་གཞན་པའི་བུད་མེད་རྣམས་ཇི་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་བུད་མེད་གཞན་ནི་རིམ་བཞིན་དུ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བུད་མེད་གཞན་ནི་རིམ་བཞིན་དུ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་བྱོས་ཤིག་ཅེས་བཀའ་སྩལ་ན་དགེ་སློང་དག་གིས་ཇི་ལྟ༌བུ་རིམ་བཞིན་དུ་བྱ་བ་མི་ཤེས་ནས་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏ་མཱི་སྐྱེ་དགུའི་བདག་མོ༌ཆེན་མོ་ལ་སོགས་པ་ཤཱཀྱ་མོ་ལྔ་བརྒྱ་རྣམས་ནི་བླ་མའི་ཆོས་རྣམས་ཁས་བླངས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་གྱུར་ཏོ།། །།

སྐྱེ་དགུའི་བདག་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་ལྷན་དུ་ངོ་མཚར་བའི་རྟགས་དང་བཅས་ཏེ་མྱ་ངན་ལས་འདས་པའི་ཚུལ། འདུལ་བ་ལུང་ཕྲན་ཚེགས་ལས་བཏུས།

སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ༌གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སྐྱེ་དགུའི་བདག་མོ༌ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་ཆོས་དང་མཐུན་པའི་གཏམ་གྱིས་ཞེས་བྱ་བ་ནས། བཅོམ་ལྡན་འདས་སྦྲིད་པ་བྱུང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །

དེ་ནས་སྐྱེ་དགུའི་བདག་མོ༌ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་སྒྲ་ཐོས་ནས། དགེ་སློང་མ་ལྔ་བརྒྱ་པོ་དག་གིས་ཀྱང་དེ་ཁོ་ན་སྐད་དུ་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག་ཅེས་སྨྲས་སོ། །དགེ་སློང་མ་ལྔ་བརྒྱ་པོ༌དག་གི་སྒྲ་ས་བླ་པའི་གནོད་སྦྱིན་དག་གིས་ཐོས་ནས་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག་ཅེས་སྒྲ་འབྱིན་ཅིང༌དབྱངས་སྒྲོགས་པར་བྱེད་དོ། །ས་བླ་པའི་གནོད་སྦྱིན་གྱི་སྒྲ་ནམ་མཁའ་ལ་གནས་པའི་གནོད་སྦྱིན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་ཐོས་ནས། སྐད་ཅིག་དེ་དང། ཐང་ཅིག་དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་པར་གྱུར་ནས། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཡུན་རིང་དུ་འཚོ་ཞིང་ཐུབ་པ་ཆེན་པོ་བསྐལ་པར་བཞུགས་པར་གྱུར་ཅིག་ཅེས་སྒྲ་འབྱིན་ཅིང་དབྱངས་སྒྲོགས་པར་བྱེད་དོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་ཁྱོད་ཀྱིས་སེམས་ཅན་མང་པོའི་བར་ཆད་བྱས་ཏེ། གཽ་ཏ་མཱི་ཁྱོད་ཀྱི་སྒྲ་དགེ་སློང་མ་ལྔ་བརྒྱ་པོ་དག་གིས་ཐོས་ནས་དེ་བཞིན་དུ་སྒྲ་སྒྲོགས་པར་བྱེད་ཅིང་། དགེ་སློང་མ་ལྔ་བརྒྱ་པོ་དག་གིས་སྒྲ་ས་བླ་པའི་གནོད་སྦྱིན་དང་ནམ་མཁའ་ལ་གནས་པའི་གནོད་སྦྱིན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་།

འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་ཐོས་ནས། སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་དང་། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་གྱི་བར་སྒྲས་ཁྱབ་པར་གྱུར་ཅིང་། ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་སྒྲ་ཕྱུང་མོད་ཀྱི། གཽ་ཏ་མཱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་དེ་ལྟར་ཕྱག་མི་བྱ་སྟེ། དེ་ལྟར་ཕྱག་བྱས་པ་ནི་ལེགས་པར་ཕྱག་བྱས་པ་མ་ཡིན་ནོ། །བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་ཇི་ལྟར་བགྱི། ཕྱག་ཇི་ལྟར་བགྱིས་ན་ལེགས་པར་ཕྱག་བགྱིས་པར་འགྱུར། གཽ་ཏ་མཱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་འདི་ལྟར་ཕྱག་བྱ་སྟེ། བདག་གི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་མཐུན་ཀུན་ཏུ་དགའ། མི་རྩོད་རྩེ་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བ་མཐོང་བར་གྱུར་ཅིག་ཅེས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་བྱ་སྟེ། དེ་ལྟར་ཕྱག་བྱས་ན་ལེགས་པར་ཕྱག་བྱས་པར་ཡང་འགྱུར་རོ། །

དེའི་ཚེ་དགེ་སློང་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེ་དགུའི་བདག་ཆེན་གཽ་ཏ་མཱིས། །སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ། །བདག་གི་བཅོམ་ལྡན་རིང་དུ་བཞུགས། །ཐུབ་ཆེན་བསྐལ་པར་བཞུགས་གྱུར་ཅིག །དེ་ཡིས་སྟོན་ལ་དེ་སྐད་གསོལ། །སྲུ་ལ་འདི་སྐད་བཀའ་སྩལ་ཏེ། །གཽ་ཏམ་ཇི་ལྟར་ཕྱག་བྱས་པ། །དེ་བཞིན་གཤེགས་ལ་ཕྱག་བྱས་མིན། །ཤེས་རབ་ལྡན་པ་ཇི་ལྟར་དུ། །དེ་བཞིན་གཤེགས་ལ་ཕྱག་བགྱིས་ན། །ཇི་ལྟར་ལེགས་པར་ཕྱག་བགྱིས་འགྱུར། །ཞུས་པ་བདག་ལ་བསྟན་དུ་གསོལ། །བརྩོན་འགྲུས་བརྩམས་པ་བདག་ཉིད་བརྩོན། །རྟག་ཏུ་ཕ་རོལ་གནོན་བརྟན་པའི། །ཉན་ཐོས་མཐུན་པ་ལྟ་ཕྱེད་པ། །དེ་ནི་སངས་རྒྱས་ཕྱག་འཚལ་ཡིན། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བསམས་པ། བཅོམ་ལྡན་འདས་ནི་དགེ་འདུན་མཐུན་པའི༌བསྔགས་པ་བརྗོད་པར་མཛད་དེ། དེའི་ཕྱིར་ཇི་སྲིད་བཅོམ་ལྡན་འདས་བཞུགས་ཤིང་དགེ་སློང་གི་དགེ་འདུན་མཐུན་པ་དེའི་ཚེ་བདག་ཡོངས་སུ་མྱ་ངན་ལས༌འདའ་བར་བྱའོ་སྙམ་དུ་རིག་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ལ་ལན་གཉིས་ལན་གསུམ་དུ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །བཅོམ་ལྡན་འདས་ལན་གཉིས་ལན་གསུམ་དུ་ཅང་མི་གསུང་བར་བཞུགས་ནས།

སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མཱི་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བདེ་བར་གཤེགས་པ་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་ཁྱོད་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་ན། གཽ་ཏ་མཱི་འདུས་བྱས་ཐམས་ཅད་ནི་དེ་ལྟ་བུའི་ཆོས་ཅན་ཡིན་ན་ངས་སྨྲ་ཅི་དགོས། དགེ་སློང་མ་ལྔ་བརྒྱ་པོ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ཀྱང་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཽ་ཏ་མཱི་དག་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་དག་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བདེ་བར་གཤེགས་པ་མྱ་ངན་ལས་འདའ་བའི་སླད་དུའོ། །

གཽ་ཏ༌མཱི་དག་ཁྱེད་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་ན་འདུས་བྱས་ཐམས་ཅད་ནི་དེ་ལྟ་བུའི་ཆོས་ཅན་ཡིན་པས་ངས་སྨྲ་ཅི་དགོས། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །

ཚེ་དང་ལྡན་པ་དགའ་བོ་དང་། མ་འགགས་པ་དང་། སྒྲ་གཅན་ཟིན་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་བདག་ཅག་བསམས་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ། །གཽ་ཏ་མཱི་དག་ཁྱེད་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཙུན་པ་ཀུན་དགའ་བོ་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་དག་མྱ་ངན་ལས་འདའ་བའི་ཕྱིར་སྨྲའམ། བཙུན་པ་ཀུན་དགའ་བོ་མྱ་ངན་ལས་འདའ་བའི་སླད་དུའོ། །གཽ་ཏ་མཱི་དག་ཁྱེད་མྱ་ངན་ལས་འདའ་བའི་ཕྱིར་སྨྲ་ན་སྲིང་མོ་དག་འདུས་བྱས་རྣམས་ནི་དེ་ལྟ་བུའི་ཆོས་ཅན་ཡིན་པས་ངེད་ཀྱིས་སྨྲ་ཅི་དགོས། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། འཁོར་དགེ་སློང་མ་ལྔ་བརྒྱ་དགེ་སློང་གནས་བརྟན་གནས་བརྟན་དག་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་དབྱར་ཁང་དུ་སོང་ངོ་། །དེར་འཁོར་གསུམ་པོ་དག་གི་རྣམ་པ་ལ་བརྟགས་ནས་ཉིན་ཞག་བདུན་དུ་གང་ཐོས་ནས་སེམས་ཅན་མང་པོས་ཁྱད་པར་ཆེན་པོ་ཐོབ༌པ་དེ་ལྟ་བུའི་ཆོས་བསྟན་ཏོ། །

དེ་ནས་ས་ཕྱོགས་བར་སྐབས་ཡངས་པ་ཞིག་ཏུ་དགེ་སློང་མའི་དགེ་འདུན་གྱི་གུང་ལ༌སྐྱིལ་མོ་ཀྲུང་ཕྱེད་བཅས་ནས་འདུག་གོ །དགེ་སློང་མ་དེ་དག་ཀྱང་དེ་བཞིན་དུ་འདུག་གོ །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཏིང་ངེ་འཛིན་འདི་ལྟ་བུ་ལ་སྙོམས་པར་ཞུགས་ཏེ། གང་ལ་སེམས་མཉམ་པར་བཞག་ན་རང་གི་སྟན་ལས་མི་སྣང་བར་གྱུར་ཅིང་། ཤར་ཕྱོགས་ཀྱི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་སྤྱོད་ལམ་རྣམ་པ་བཞི་པོ་འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དག་སྟོན་པར་བྱེད་ཅིང་མེའི་ཁམས་ལ་ཡང་སྙོམས་པར་ཞུགས་སོ། །

མེའི་ཁམས་ལ་སྙོམས་པར་ཞུགས་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ལུས་ལས་འོད་ཟེར་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་།

དམར་པོ་དང་། དཀར་པོ་དང་། བཙོད་ཁ་དང་། ཤེལ་གྱི༌ཁ་དོག་ལྟ་བུ་དག་སྟོན་པར་བྱེད་ཅིང་ཆོ་འཕྲུལ་ཟུང་དག་ཀྱང་སྟོན་པར་བྱེད་དེ། ལུས་ཀྱི་སྨད་ནས་མེ་འབར་ལ། ལུས་ཀྱི་སྟོད་ནས་ཆུ་གྲང་མོའི་རྒྱུན་འབྱུང་བ་དང་། ལུས་ཀྱི་སྟོད་ནས་མེ་འབར་ལ། ལུས་ཀྱི་སྨད་ནས་ཆུ་གྲང་མོའི་རྒྱུན་འབྱུང་བར་བྱེད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་ཡང་དེ་བཞིན་བྱེད་དེ། འདི་ལྟར་ཕྱོགས་བཞིར་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་བཞི་པོ་དག་སྟོན་པར་བྱེད་ཅིང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །དགེ་སློང༌མ་ལྔ་བརྒྱ་པོ་དེ་དག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ལ། གཉིས་པ་ལས༌བསམ་གཏན་གསུམ་པ་ལ། གསུམ་པ་ལས་བསམ་གཏན་བཞི་པ་ལ། བཞི་པ་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ལ། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། ཡང་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་སོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་བསམ་གཏན་བཞི་པ་ལ། བཞི་པ་ལས་གསུམ་པ་ལ། གསུམ་པ་ལས་གཉིས་པ་ལ། གཉིས་པ་ལས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །

དེ་ནས་བསམ་གཏན་དང་པོ་ཉིད་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་མ་ལྔ་བརྒྱ་པོ་དེ་དག་ཀྱང་དེ་བཞིན་དུ་ལུགས་དང་མཐུན་པ་དང་། ལུགས་ལས་ལྡོག་པར་སྙོམས་པར་ཞུགས་ནས་བསམ་གཏན་དང་པོ་ཉིད་ལ༌བརྟེན་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་མྱ་ངན་ལས་འདས་མ་ཐག་ཏུ་ས་ཆེན་པོ་གཡོས་པར་གྱུར་ཅིང་། སྐར་མདའ་ལྟུང་བ་དང་། ཕྱོགས་དམར་པོ་དང་། བར་སྣང་ལ་ལྷའི་རོལ་མོའི་སྒྲ་དག་བྱུང་ངོ་། །དེ་ནས་དགེ་སློང་གང་རི་རབ་ཀྱི་བང་རིམ་དང་། གཞན་ཡང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། དབེན་པའི་གནས་མལ་དག་ན་བསམ་གཏན་བྱེད་པ་དེ་དག་གིས་ས་ཆེན་པོ་གཡོས་པར་རིག་ནས་ས་ཆེན་པོ་འདི་ཅིའི་ཕྱིར་གཡོས་ཞེས་བསམ་པ་ལ་ཞུགས་ན། ཇི་ཙམ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ནས། དེ་དག་འདི་སྙམ་དུ་སེམས་ཏེ། སངས་རྒྱས༌ཀྱི་སྲུ་ཡོངས་སུ་མྱ་ངན་ལས་འདས་ན། དེའི་ལུས་ལ་མཆོད་པ་ལྷག་པར་བྱ་བ་ལ་བརྩོན་པར་བྱས་འདོང་ངོ་སྙམ་ནས། དེ་དག་ཤིང་དྲི་ཞིམ་པོ་དག་ཁྱེར་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་དབྱར་ཁང་དུ་དོང་ངོ་། །

བཅོམ་ལྡན་འདས་ཀྱང་ཉན་ཐོས༌ཆེན་པོ་ཀུན་ཤེས་ཀཽཎྜི་ནྱ་དང་། འོད་སྲུང་ཆེན་པོ་དང་། རླངས་པ་དང་། མིང་ཆེན་དང་། མ༌འགགས་པ་དང་། ཤཱ་རིའི་བུ་དང་། མཽ་འགལ་གྱི་བུ་ལ་སོགས་པ་དང་། གཞན་ཡང་དགེ་སློང་གི་དགེ་འདུན་ཆེན་པོ་དག་དང་ཐབས་ཅིག་ཏུ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་དབྱར་ཁང་དུ་གཤེགས་སོ། །

དེ་བཞིན་དུ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་གྱི་མི་རྣམས་ཀྱི་འཁོར་གྱིས་ཡོངས་སུ་བསྐོར་བ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་གྱིས་ཡོངས་སུ་བསྐོར་བ་དང་། རི་དྭགས་འཛིན་གྱི་མ་ས་ག་དང་། བླ་མཁྱེན་དྲང་སྲོང་བྱིན་དང་།

རྙིད་པ་དང་། གཞན་ཡང་ཡུལ་སྣ་ཚོགས་ནས་ལྷགས་པའི་སྐྱེ་བོའི་ཚོགས་དག་ཀྱང་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་དབྱར་ཁང་དུ་སོང་ངོ་། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རིན་པོ་ཆེ་དང་། གོས་སྣ་ཚོགས་ཀྱིས་བརྒྱན་པའི་ཁྱོགས་ལྔ་བརྒྱ་དང་། དྲི་དང་། བདུག་སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་དག་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་དང་། མ་འགགས་པ་དང་། ཀུན་དགའ་བོ་དང་། སྒྲ་གཅན་ཟིན་གྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ཁྱོགས་བཏེག་གོ །བཅོམ་ལྡན་འདས་ཀྱིས་ཀྱང་ཕྱག་གཡས་པས་བཟུང་ངོ་། །དགེ་སློང་ལྷག་མ་རྣམས་ཀྱིས་ཀྱང་དགེ་སློང་མ་ལྷག་མ་རྣམས་ཀྱི་ཁྱོགས་བཏེག་གོ །

དེ་ནས་མཆོད་པ་ཆེན་པོ་བྱས་ཏེ་ཁྱེར་ནས་ས་ཕྱོགས་བར་སྐབས་དབེན་པར་ཁྱོགས་རྣམས་བཞག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ༌གཽ་ཏ་མཱི་དང་། དགེ་སློང་མ་ལྔ་བརྒྱ་པོ་དག་གི་ལུས་ལས་བླ་གོས་ཕུད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྐྱེ་དགུའི་བདག་མོ་ཆེན་མོ༌གཽ་ཏ་མཱི་དང་། དགེ་སློང་མ་ལྔ་བརྒྱ་པོ་འདི་དག་ལོ་བརྒྱ་ཉི་ཤུ་ལོན་ཡང་ལུས་ལ་གཉེར་མ་དང་། སྐྲ་དཀར་མེད་ཅིང་བུ་མོ་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལ་ལྟོས། དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཙུན་མོའི་ཚོགས་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་དང་བཅས་པས་དྲི་སྣ་ཚོགས་ཀྱི་ཤིང་གི་ཕུང་པོ་སྤུངས་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་བསྲེགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མི་རྟག་པ་དང་ལྡན་པའི་ཆོས་དག་བཤད་ནས་གཙུག་ལག་ཁང་དུ་གཤེགས་སོ། །གཤེགས་ནས་ཀྱང་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ལྟར་སྦྲིད་པ་བྱུང་བ་ལ་སོས་ཞེས་ཟེར་བ་ལ་ཉེས་དམིགས་འདི་ལྟ་བུ་དང་། གཞན་དག་ཀྱང་ཡོད་པས་དེ་ལྟ་བས་ན་དགེ་སློང་གིས་སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་མི་བྱའོ། །བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །

དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་གིས་ལས་ཅི་ཞིག་བགྱིས་ན། དེས་འདི་དག་སྐྱེས་ནས་དགུང་ལོ་བརྒྱ་ཉི་ཤུ་ལགས་ཀྱང་ལུས་ལ་གཉེར་མ་དང་། སྐྲ་དཀར་མ་མཆིས་ཤིང་བུ་མོ་དགུང་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་མྱོང་བར་འགྱུར་བ་དག་བྱས་ཤིང་བསགས་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་དག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། བསྐལ་པ་བརྒྱ་ཕྲག་རྣམས་སུ་ཡང་། །ལས་རྣམས་ཆུད་ཟར་མི་འགྱུར་ཏེ། །ཚོགས་ཤིང་དུས་ལ་བབ་པ་ན། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་ཞེས་བྱ་བ་ནས། དེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་གནས་ན་རྟེན་ཅིང་བཞུགས་སོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །

གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་རྒྱལ་པོ༌ཀྲྀ་ཀཱི་ཞེས་བྱ་བས་དེའི་སྐུ་ལ་སྐུའི་མཆོད་པ་བྱས་ནས། ལམ་པོ་ཆེའི་བཞི་མདོར་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ་གནམ་འཕང་དུ་དཔག་ཚད་ཕྱེད་པ་བྱས་སོ། །

རྒྱལ༌པོ་ཀྲྀ་ཀཱིའི་བཙུན་མོ་དམ་པ་ལ་སོགས་པ་བུད་མེད་ལྔ་བརྒྱ་པོ་དེ་དག་རྒས་པའི་གནས་སྐབས་ན་ལུས་ལ་གཉེར་མ་དང་སྐྲ་དཀར་བྱུང་ནས་རྒྱལ་པོས་སྤངས་པ་དང་། དེ་དག་ཕན་ཚུན་སྨྲ་བར་བརྩམས་པ། གྲོགས་མོ་དག༌ལྷས་ད་བདག་ཅག་ཅིའི་ཕྱིར་སྤངས། དེ་དག་ལས་ཁ་ཅིག་གིས་སྨྲས་པ། འདི་ལ་དཔྱད་དུ་ཅི་ཡོད་བདག་ཅག་ད་ལུས་གཉེར་མ་དང་སྐྲ་དཀར་ཅན་དུ་གྱུར་པས་དེའི་ཕྱིར་བདག་ཅག༌སྤངས་མོད། གཞན་དག་གིས་སྨྲས་པ། དེ་ནི་དེ་ལྟ་ཡིན་ཏེ། ད་བདག་ཅག་ལྷ་ལ་ཇི་ཞིག་བྱ། བུད་མེད་གཟུགས་དང་ན་ཚོད་དང་ལྡན་པ་གཞན་དག་ཡོད་པ་དེ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་གྲང་། དེའི་ཕྱིར་བཅོམ་ལྡན་འདས་འོད་སྲུང་གི་མཆོད་རྟེན་གྱི་དྲུང་དུ་དོང་ནས་མཆོད་པ་བྱས་ལ༌དེས་ན་བདག་ཅག་ཕྱིན་ཆད་འཁོར་བར་ལུས་གཉེར་མ་དང་སྐྲ་དཀར་ཅན་དུ་མ་གྱུར་ཅིག་ཅེས་སྨོན་ལམ་གདབ་པར་བྱའོ། །དེ་དག་གིས་སྨྲས་པ། ལེགས་ཀྱིས་དེ་བཞིན་བྱའོ་ཞེས་དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་དྲི་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པ་བྱས་ནས་མེ་ཏོག་རྣམ་པ་སྣ་ཚོགས་དྲི་ཞིམ་ཞིང་མ་རྙིས་པའི་ཆུན་པོ་དང་། ཕྲེང་བ་ཡིད་དུ་འོང་བ་དག་བཏགས་ནས། བདག་ཅག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་མཆོད་པ་བགྱིས་པའི་དགེ་བའི་རྩ་བ་གང་ལགས་པ་འདིས་བདག་ཅག་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་ཡང་ལུས་ལ་གཉེར་མ་དང་སྐྲ་དཀར་མཆིས་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །

དགེ་སློང་དག་ཇི་སྙམ་དུ་སེམས། རྒྱལ༌པོ་ཀྲྀ་ཀཱིའི་བཙུན་མོ་དམ་པ་ལ་སོགས་པ་བུད་མེད་ལྔ་བརྒྱ་པོ་གང་དག་ཡིན་པ་དེ་དག་ནི་སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། འདི་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་མཆོད་པ་བྱས་ཤིང་སྨོན་ལམ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ད་ལྟར་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་ཡང་ལུས་ལ་གཉེར་མ་དང་སྐྲ་དཀར་མེད་ཅིང་བུ་མོ་ལོ་བཅུ་དྲུག་ལོན་པའི་གཟུགས་ལྟ་བུར་གྱུར་ཏོ།། །།

སྐྱེ་དགུའི་བདག་མོ་གོོ་ཏ་མཱིས་སངས་རྒྱས་ཀྱིས་བུད་མེད་རྣམས་ལ་ཆོས་ཀྱི་སྒོ་མོ་ཇི་ལྟར་ཕྱེས་ཚུལ་གསུངས་པའི་ལོ་རྒྱུས། དྲིན་ལན་བསབ་མདོ་ལས་བཏུས།

དེའི་ཚེ་ན་སངས་རྒྱས་ཀྱི་ཡུམ་སྲུ་དགེ་སློང་མ་གཽ་ཏ་མཱིས་དགེ་སློང་མ་དང་། བར་ཁྲིམས་མ་དང་། དགེ་སྦྱོང་མ་དང་། དགེ་བསྙེན་མ་ལ་སོགས་ཏེ་བུད་མེད་ཐམས་ཅད་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀྱི་ཆོས་ནི་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བའི་ཡོན་ཏན་དང་ལྡན་ཏེ། འབྲས་བུ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་རྒྱ་མཚོར་འཇུག་པ་ལ་སེམས་ཅན་ཐམས་ཅད་ཐོབ་པའི་སྐལ་བ་ཡོད་མོད་ཀྱི་བདག་ཅག་བུད་མེད་ཐམས་ཅད་ལ་ནི་མ་གནང་ངོ་། །

དེ་ཡང་བུད་མེད་ཐམས་ཅད་ལ་བསྒྲིབས་པ་མང་ཞིང་གཏོང་མི་ཕོད་པ་ཆགས་ཤིང་ཞེན་པ་དང་། ཀུན་ནས་ཉོན་མོངས་པའི་ལས་གྲངས་མེད་པས་གླགས་པ་དང་།

ཤེས་པ་ཆུང་ཞིང་ཞེན་པ་དང་། ལེ་ལོ་བྱེད་ཅིང་ང་རྒྱལ་ཆེ་བ་དང་། ལུས་འདི་ཉིད་ཀྱིས་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཞིང་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་མི་རུང་བ་དང་། འཁོར་བར་འཁོར་བ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འབྲས་བུའི་མཆོག་དགེ་བ་བཅུའི་ཆོས་ཀྱིས་འགྲོ་བ་མང་པོ་སྡུད་མི་ནུས་པ་དང་། ཚངས་པའི་རྒྱལ་པོའི་ཐབས་བླ་ན་མེད་པ་མི་འཐོབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་པའི་དོན་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མི་ནུས་བའི་ཕྱིར་དེ་བས་ན་དེ་བཞིན་གཤེགས་པས་བུད་མེད་རྣམས་ཆོས་ལ་འཇུག་པའི་སློབ་མར་མ་གནང་ངོ་། །ལྷའི་བདུད་དམ་ངན་པར་ལྟ་བ་དང་། མུ་སྟེགས་ཅན་ཐམས་ཅད་རྟག་ཏུ་ངན་པར་ལྟ་བ་ལ་ཆགས་ཤིང་ཞེན་ཏེ་དམ་པའི་ཆོས་མེད་པར་བྱ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་བཤིག་པར་འདོད་པ་དང་འདྲ་བར་དེ་བཞིན་གཤེགས་པས་བུད་མེད་རྣམས་སངས་རྒྱས་ཀྱི་ཆོས་ལ་མོས་ཀྱང་འཇུག་ཏུ་མ་གནང་སྟེ། ཁོ་མོས་བུད་མེད་ཐམས་ཅད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་ལན་གསུམ་གྱི་བར་དུ་སངས་རྒྱས་ཀྱི་ཆོས་ལ་འཇུག་པར་གསོལ་ནམ་གནང་ངོ་། །

དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་ཀྱང་མ་གནང་ནས་བསམས་པ་བཞིན་མ་གྱུར་ནས་ཁོ་མོ་མི་དགའ་བའི་མྱ་ངན་གྱིས་ནོན་ཏེ། མིག་མཆི་མས་གང་སྟེ་ཕྱིར་བྱུང་སྟེ་སོང་སོང་བ་ལས་ལམ་དུ་ཀུན་དགའ་བོ་དང་ཕྲད་ནས་ཀུན་དགའ་བོས་ཁོ་མོ་ལ་ཡུམ་ཅིའི་ཕྱིར་འདི་ལྟར་མི་དགའ་ཞིང་མྱ་ངན་བྱེད་ཅེས་དྲིས་སོ། །ཁོ་མོ་དེའི་ཚེ་ན་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་སངས་རྒྱས་ཀྱི་ཆོས་ལ་དད་ཅིང་མོས་ཏེ་ལན་གསུམ་གྱི་བར་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་ལས་མ་གནང་བས་དེའི་ཕྱིར་བདག་མི་དགའ་ཞིང་མྱ་ངན་བྱེད་དོ་ཞེས་སྨྲས་པ་དང་། དེའི་ཚེ་ཀུན་དགའ་བོས་བདག་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་མི་དགའ་བ་མ་བྱེད་ཅིག །བདག་གིས་དེ་བཞིན་གཤེགས་པ་ལ་གསོལ་ཏེ་ཡུམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱའོ་ཞེས་སྨྲས་སོ། །དེ་ནས་བདག་མོད་ལ་དགའ་བར་གྱུར་ཏོ། །

དེ་ནས་ཀུན་དགའ་བོས་སངས་རྒྱས་གང་ན་བ་དེར་སོང་ནས་ཕྱིན་པ་དང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཞུ་ཞིང་གསོལ་བའི་སྐབས་དབྱེ་བར་གནང་ན་བཅོམ་ལྡན་འདས་ལ་ཞུའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཅི་དང་ཅི་འདོད་པ་དྲིས་ཤིག་བར་བཀའ་སྩལ་ཏོ། །

དེ་ནས་བཅོམ་ལྡན་འདས་ལ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །ཡུལ་གཽ་ཏ་མཱི་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་གསོ་ཞིང་བསྐྱེད་བསྐྱེད་དེ། ད་མངོན་པར་སངས་རྒྱས་པའང་ཡུམ་གྱི་རྐྱེན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ལགས་ཏེ། ཡུམ་ནི་དེ་བཞིན་གཤེགས་པ་ལ་དྲིན་ཆེ་བ་ལགས་ན་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཏུ་གནང་ན་ཡུམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་སྨྲས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ལ་ཡུམ་དྲིན་ཆེ་བར་དེ་བཞིན་གཤེགས་པས་མི་མཁྱེན་པ་མ་ཡིན་ན། བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མ་གནང་ངོ་། །གལ་ཏེ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་བསྟན་པ་ལ་བུད་མེད་འཇུག་ཏུ་གནང་བར་གྱུར་ན་དམ་པའི་ཆོས་ལོ་ལྔ་བརྒྱས་སྔར་ནུབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མི་དགྱེས་སོ། །

དེ་ནས་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བ་བཏུད་དེ། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་མངོན་དུ་དྲན་པ་འདས་པའི་སངས་རྒྱས་ཐམས་ཅད་འཁོར་བཞི་དང་ལྡན་ན་སངས་རྒྱས་ཤཱཀྱ་ཐུབ་པ་འབའ་ཞིག་འཁོར་བཞི་དང་ལྡན་པ་མ་ལགས་སམ། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་ལྟར་གཽ་ཏ་མཱི་སངས་རྒྱས་ཀྱི་ཆོས་ལ་དད་ན་བརྩོན་འགྲུས་ཆེན་པོ་བསྐྱེད་དེ། བཙུན་པར་བྱ་བའི་ཆོས་རྣམ་པ་བརྒྱད་ཡོངས་སུ་དག་པར་སྤྱོད་ན་སངས་རྒྱས་ཀྱི་ཆོས་ལ་འཇུག་ཏུ་གནང་ངོ་། །དེ་ནས་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་སྐོར་བ་བྱས་ནས་ཕྱིར་སོང་སྟེ་ཡུམ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་དེ་བཞིན་གཤེགས་པ་ལ་ནན་གྱིས་གསོལ་ནས་ཡུམ་ཆོས་ལ་འཇུག་ཏུ་གནང་ངོ་། །ཤིན་ཏུ་ལེགས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་དུ་གསོལ་ཏེ་ཡུམ་བསམ་པ་ལྟར་གྱུར་པ་ལེགས་སོ། །

ཡུམ་གྱིས་ཀུན་དགའ་བོ་ལ་དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་ཏུ་གནང་བ་ཐོས་ནས་རབ་ཏུ་དགའ་ནས་བདག་གི་ལུས་མི་རྟག་པ་འདིས་དེང་འདིར་རྟག་པའི་རིན་པོ་ཆེའི་ལུས་སུ་གྱུར་ཏོ། །བདག་གི་སྲོག་འདི་ཡང་སྐད་ཅིག་སྐད་ཅིག་ཅིང་འགྱུར་ཞིང་འཕོ་བ་ལས་དེང་འདིར་རིན་པོ་ཆེའི་སྲོག་ཏུ་གྱུར་ཏོ། །ད་ལྟར་བདག་གི་ལུས་དང་། སྲོག་དང་། ནོར་ཡང་རྐྱེན་འདུས་པ་ལས་ཡོད་པར་ཟད་དེ། ད་ནི་རིན་པོ་ཆེའི་ནོར་རྙེད་པར་གྱུར་ཏོ། །དེ་ལྟར་བདག་གིས་ཕན་པ་དང་བདེ་བའི་ཡོན་ཏན་ཆེན་པོ་མཐོང་བས་ཀུན་དགའ་བོ་ལ་ལྷག་པར་བཀུར་སྟི་བྱ་བ་དང་རིམ་གྲོ་བྱ་བའི་སེམས་སྐྱེས་ཏེ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཐེ་ཚོམ་མ་ཟ་ཞིག །དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་རྗེས་སུ་སྤྱོད་ཅིང་ལུས་དང་སྲོག་ཡལ་ཡང་ཉམས་པར་མི་བགྱིད་དོ། །དེ་ནས་དེ་བཞིན་གཤེགས་པས་བཙུན་པར་བྱ་བའི་ཆོས་རྣམ་པ་བརྒྱད་ཉམས་པར་མི་བྱ་བ་ཡང་ཞིབ་ཏུ་བསྟན་ཏོ། །དེའི་ཚེ་ཡུམ་གོོ་ཏ་མཱི་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་མ་འོངས་པའི་བུད་མེད་ཐམས་ཅད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཆོས་ལ་དད་ཅིང་མོས་པ་ཞིག་མཆིས་ན་དེ་ཡང་བསྟན་པ་ལ་འཇུག་པར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །བུད་མེད་གང་སངས་རྒྱས་ཀྱི་ཆོས་སྲུང་ཞིང་འཛིན་ལ་མཐར་གྱིས་ཚུལ་ཁྲིམས་དང་། སྦྱིན་པ་དང་། མང་དུ་ཐོས་པ་དང་། དགེ་བའི་ཆོས་རྣམས་ཉམས་སུ་ལེན་ན་རབ་ཏུ་འབྱུང་བ་དང་། ཁྱིམ་པར་འདུག་ཀྱང་སྐྱབས་སུ་འགྲོ་བ་གསུམ་དང་། གཏན་ཁྲིམས་ལྔ་དང་། ཁྲིམས་རྫོགས་པའི་བར་དུ་ནོད་ཅིང་རྣམ་པར་ཐར་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཀྱི་བར་ཏུ་འཇུག་ཏུ་གནང་ངོ་། །

དེ་ལ་ནན་ཏན་བྱས་ན་འབྲས་བུ་རྣམ་པ་གསུམ་ཡང་འཐོབ་ཅིང་ལྷ་དང་མིའི་མྱ་ངན་ལས་འདའ་བའི་བར་དུ་ཐོབ་པར་འགྱུར་རོ། །གོོ་ཏ་མཱིས་དེ་སྐད་གསུངས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་དགའ་བའི་སེམས་སུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་འབྲས་བུ་ཐོབ་པར་གྱུར་པ་ཡང་སངས་རྒྱས་ཀྱི་བཀའ་དྲིན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྐད་མ་ཟེར་ཅིག །དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་དྲིན་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་དྲིན་ཡོད་ཅེའམ། དྲིན་མེད་ཅེས་མི་དགོངས་སོ། །གལ་ཏེ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་དྲིན་བགྲང་ན་མཉམ་སྙོམས་པའི་ཐུགས་ཉམས་པར་འགྱུར་ཏེ། གོོ་ཏ་མཱི་དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་དྲིན་ཡོད་ཅེའམ་མེད་ཅེས་དགོངས་ན་མཉམ་སྙོམས་པ་ཡང་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་གིས་སངས་རྒྱས་ལ་གནོད་པ་ཞིག་བྱས་ན་ཡང་དེ་ལ་ཞེ་སྡང་བ་ཡང་མེད། སེམས་ཅན་གང་སྤོས་ཙན་དན་གྱི་འདེ་གུས་དེ་བཞིན་གཤེགས་པའི་སྐུ་ལ་བསྐུས་ན་ཡང་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་དགོངས་སོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་མཉམ་སྙོམས་པར་གཟིགས་ཏེ། འདི་ནི་ཀུན་དགའ་བོའི་དྲིན་ཡིན་གྱི་དེ་བཞིན་གཤེགས་པའི་དྲིན་མ་ཡིན་ན། ཀུན་དགའ་བོའི་རྐྱེན་གྱིས་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་གྱུར་ཏོ། །གོོ་ཏ་མཱི་མ་འོངས་པའི་དུས་ན་དགེ་སློང་མ་དང་། དགེ་བསྙེན་མ་དང་། བུད་མེད་རྣམས་རྟག་པར་སེམས་རྩེ་གཅིག་ཏུ་ཀུན་དགའ་བོ་ལ་སོམས་ཤིག །བཀུར་སྟི་དང་རིམ་གྲོ་ཆེར་བྱས་ཏེ་མིང་ནས་ཡང་བརྗོད་ལ་རྒྱུན་དུ་དྲིན་དྲན་པར་བྱའོ། །དེ་མ་ཡིན་ན་ཉིན་མཚན་དུས་དྲུག་ཏུ་ཡང་མི་བརྗེད་པར་བྱའོ། །དྲན་པར་བྱའོ། །དེ་ནས་གོོ་ཏ་མཱིས་དགེ་སློང་མ་རྣམས་དང་། བུད་མེད་རྣམས་ལ་འདི་སྐད་ཅེས་བསྒོའོ། །བདག་ཅག་རྣམས་ཀྱིས་སྟོན་པ་ཀུན་དགའ་བོ་ལ་སྐྱབས་སུ་གསོལ་ཏེ་སྲོག་ཕྱོགས་སོ། །བུད་མེད་གང་ཞིག་རྟག་ཏུ་བདེ་སྐྱིད་པ་དང་། བཀྲ་ཤིས་པ་དང་། འབྲས་བུ་ཐོབ་པར་འདོད་ན་རྟག་ཏུ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་དང་། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་གོས་སར་པ་གཙང་མ་བགོས་ཏེ། སེམས་རྩེ་གཅིག་ཏུ་ཉིན་ཞག་གཅིག་ཁྲིམས་བརྒྱད་མནོས་ལ་དུས་དྲུག་ཏུ་བརྩོན་འགྲུས་བསྐྱེད་དེ་མཆོད་པ་བྱས་ན་ཀུན་དགའ་བོས་རྫུ་འཕྲུལ་གྱི་མཐུས་སྐྱོ་བ་བསལ་ཅིང་བསམས་པ་བཞིན་དུ་གྲུབ་པར་བྱེད་དོ། །འཁོར་མང་པོ་རྣམས་ཆོས་ཐོས་པས་རབ་ཏུ་དགའ་ནས་བསྐོར་བ་བྱས་ནས་ཕྱིར་དོང་ངོ་།། །།

བུ་མོ་ཨུཏྤ་ལའི་མདོག་ཅན་མོོ་འགལ་བུ་ལ་ཆགས་པ་དང་མཐར་རབ་ཏུ་བྱུང་ནས་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་ཚུལ། འདུལ་བ་ལུང་རྣམ་འབྱེད་ལས་བཏུས།

སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །རྡོ་འཇོག་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཅས་པ་ལས་བུ་མོ་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ། མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་བ་ཞིག་བྱུང་ངོ་། །

དེའི་ཉེ་དུ་དག་འདུས་ཤིང་ལྷགས་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོ་འདིའི་མིང་ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་དོ། །ཉེ་དུ་དག་གིས་སྨྲས་པ། གང་གི་ཕྱིར་བུ་མོ་འདི་མིག་ཨུཏྤ་ལ་དང་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེ་འབྲུའི་མདོག་འདྲ་བ་དེའི་ཕྱིར་བུ་མོ་འདིའི་མིང་ཨུཏྤ་ལའི་མདོག་ཅེས་བྱ་བར་གདགས་སོ་ཞེས་དེའི་མིང་ཨུཏྤ་ལའི་མདོག་ཅེས་བྱ་བར་བཏགས་སོ། །དེ་བསྲིངས་ཤིང་བསྐྱེད་ནས་ཆེན་མོར་གྱུར་ཏོ། །དེའི་ཕ་ལ་བུ་མེད་ནས་དེས་བསམས་པ། བདག་གིས་བུ་མོ་འདི་སུ་ལ་ཡང་རིགས་ཀྱི་ཕྱིར་ཡང་མི་སྦྱིན། ནོར་གྱིས་ཕྱིར་ཡང་མི་སྦྱིན། གཟུགས་ཀྱི་ཕྱིར་ཡང་མི་སྦྱིན་གྱི། འདི་ལྟར་གང་བདག་གི་ཁྱིམ་ན་འདུག་པའི་མག་པར་འདུག་པ་དེ་ལ་བདག་གིས་སྦྱིན་པར་བྱའོ་སྙམ་མོ། །རྡོ་འཇོག་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་ཆུང་མ་ལ་དུས་གཞན་ཞིག་ན་སེམས་ཅན་ཞུགས་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེ་ཡང་རིགས་དང་མཐུན་པའི་མིང་བཏགས་ནས་དེས་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ཏོ། །

དུས་གཞན་ཞིག་ན་དེའི་ཕ་མ་གཉིས་དུས་ལ་བབ་ནས། དེ་ཕན་ཚུན་འཁྱམ་པ་ན་སྟེས་དབང་གིས་ཁྱིམ་བདག་དེའི་ཁྱིམ་དུ་ཕྱིན་པ་དང་། ཁྱིམ་བདག་དེས་སྨྲས་པ། བུ་ཁྱོད་སུའི། ཁྱིམ་བདག་ཆེ་གེ་མོ་ཞིག་གིའོ། །བུ་ཁྱོད་ཀྱི་ཕ་ག་རེ། དུས་ལ་བབ་བོ། །བུ་ཁྱོད་ཀྱི་མ་ག་རེ། དེ་ཡང་དུས་ལ་བབ་བོ། །བུ་གལ་ཏེ་དེ་ལྟ་ན་ཁོ་བོས་ཁྱོད་ལ་བུ་མོ་སྦྱིན་གྱིས། ཁྱོད་ཁོ་བོའི་ཁྱིམ་ན་འདུག་པའི་མག་པ་གྱིས་ཤིག །ཡབ་མ་ནོངས་ཏེ་བདག་ཀྱང་ཕ་མ་གཉིས་དང་བྲལ་ནས་ཕན་ཚུན་འཁྱམ་ཞིང་ཡི་ཆད་པར་གྱུར་ན། ཁྱོད་དེ་སྐད་གསུང་པ་མ་ནོངས་ཀྱིས་དེ་བཞིན་བགྱིའོ། ཁྱིམ་བདག་དེས་དེ་ལ་ཨུཏྤ་ལའི་མདོག་བྱིན་ནས་ཉི་མ་དང་། ཚེས་གྲངས་དང་། ཡུན་ཙམ་གྱི་སྦྱོར་བས་བག་མར་བཏང་ནས་ཁྱེའུ་དེས་ཀྱང་ཁྱིམ་དེར་འདུག་པར་བརྩམས་སོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཨུཏྤ་ལའི་མདོག་གི་ཕ་དུས་ལ་བབ་ནས་དེའི་མ་ཅི་དགའ་མགུར་གནས་པ་དང་། རྒྱུ་བའི་སྦྱོར་བས་ཟས་དང་གོས་བཟང་པོ་དག་གིས་བརྟས་པས་ཉོན་མོངས་པ་དག་གིས་གནོད་པར་བརྩམས་པ་དང་། དེས་བསམས་པ། གལ་ཏེ་བདག་གིས་འདིར་སྐྱེས་པ་གཞན་བཀུག་ན་བདག་གི་མག་པ་འདིས་ཤེས་པར་འགྱུར་གྱིས། བདག་འདི་ཉིད་དང་ལྷན་ཅིག་རྩེ་བར་བྱ་བ་དང་། དགའ་བ་དང་། དགའ་མགུར་སྤྱད་པ་ཉམས་སུ་མྱང་བར་བྱའོ་སྙམ་ནས་དེས་དེ་ལ་མཚན་མ་བསྟན་ཏོ། །བུ་མེད་ཀྱི་ཡུལ་ནི་དབང་པོ་དག་འཕྲོག་ཅིང་དོན་དུ་གཉེར་འདོད་པར་འགྱུར་བ་ཡིན་པས་དེས་དེ་ལ་བརྟགས་པར་གྱུར་ཏོ། །ཡང་དེས་དེ་ལ་མཚན་མ་བསྟན་པ་དང་། དེ་དེ་དང་ལྷན་ཅིག་སྟེན་པར་གྱུར་ཏོ། །

དེའི་ཚེ་ན་ཨུཏྤ་ལའི་མདོག་ལ་སེམས་ཅན་ཞུགས་པར་གྱུར་ཅིང་། དེ་བཙའ་བའི་དུས་ལ་བབ་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་སོང་ལ་ཡུམ་བོས་ཤིག །དེ་སོང་བ་དང་ཇི་ཙམ་མ་ན་དེ་མག་པ་དང་ལྷན་ཅིག་དབེན་པ་ན་འདུག་པ་མཐོང་ནས་དེས་ཡུད་ཙམ་ཞིག་རྟོག་ཅིང་དེར་བསྡད་པ་དང་། ཇི་ཙམ་ན་དེ་ཕྱིར་བྱུང་ནས་དེས་སྨྲས་པ། ཨུཏྤ་ལའི་མདོག་ཁྱོད་ལ་འབོད་ཀྱིས་བཞུད་དོ། །དེ་དེར་སོང་བ་དང་། ཇི་ཙམ་ན་བུ་མོ་ཞིག་བཙས་ནས་ཨུཏྤ་ལའི་མདོག་གིས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཁྱོད་ཅི་ཐོགས། དེས་སྨྲས་པ། ཁྱོད་ཀྱི་ཡུམ་དང་ཁྱིམ་ཐབ་ནད་མེད་པར་གྱུར་ཅིག །དེས་སྨྲས་པ། དེས་ཅི་ཉེས། དེས་ཇི་ལྟར་གྱུར་པ་བརྗོད་པ་དང་། དེས་སྨྲས་པ་བུ་མོ་ཁྱོད་ཁོ་མོའི་མ་དང་ཁྱིམ་ཐབ་ལ་སྐུར་པ་འདེབས་སམ། དེས་སྨྲས་པ། ཇོ་མོ་ཁྱོད་ཐུགས་མི་ཆེས་ན། བདག་གིས་ཁྱོད་ཀྱི་མངོན་སུམ་དུ་འགྱུར་བར་བགྱིའོ་ཞེས་དེ་དེ་གཉིས་ཀྱི་སྐབས་བཙལ་བ་དེ་ལྷུར་ལེན་ཅིང་འདུག་པ་དང་། ཇི་ཙམ་ན་དེ་གཉིས་དབེན་པར་འདུག་པར་གྱུར་ནས་དེས་མྱུར་བ་མྱུར་བར་སོང་སྟེ། ཨུཏྤ་ལའི་མདོག་ལ་སྨྲས་པ། ཚུར་སྤྱོན་ད་གཟིགས་ཤིག །དེ་ཡང་མྱུར་བ་མྱུར་བར་སོང་སྟེ་བལྟས་པ་དང་། དེ་གཉིས་སྟེན་པར་མཐོང་ནས། ཨུཏྤ་ལའི་མདོག་གིས་བསམས་པ། སྐལ་ཆད་མ་འདིས་རྡོ་འཇོག་ན་སྐྱེས་པ་གཞན་མ་མཐོང་ངམ་ཅི་ན། གང་གི་ཕྱིར་མག་པ་དང་ལྷན་ཅིག་སྟེན་པར་བྱེད། སྐལ་ཆད་པ་འདིས་ཀྱང་རྡོ་འཇོག་ན་བུད་མེད་གཞན་མ་མཐོང་ངམ་ཅི་ན། གང་གི་ཕྱིར་སྒྱུག་མོ་དང་ལྷན་ཅིག་སྟེ་པར་བྱེད་སྙམ་དུ་རིག་ནས་མི་བཟོད་པ་སྐྱེས་ནས་དེས་ཁྱིམ་ཐབ་ལ་སྐལ་ཆད་པ་ཁྱོད་ད་ཕྱིན་ཆད་འདི་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིག་ཅེས་བུ་མོ་དེ་ཕའི་གན་དུ་འཕངས་པ་དང་། དེ་ཕའི་ལུས་ལས་འདྲིལ་ནས་སྒོའི་ཐེམ་པར་ལྟུང་སྟེ་ཀླད་པ་ཞོམ་མོ། །

ཨུཏྤ་ལའི་མདོག་མགོ་གཡོགས་ཏེ་ཁྱིམ་ནས་བྱུང་བ་དང་། ཇི་ཙམ་ན་དོན་མཐུན་བཅོམ་བརླག་ཏུ་འཕགས་པ་མཐོང་ནས། དེ་དེ་དང་ལྷན་ཅིག་འཕགས་པ་དང་། དེད་དཔོན་གྱིས་མཐོང་ནས། དེ་དེའི་གཟུགས་དང་ལང་ཚོ་མཛེས་པ་ལ་ཆགས་ནས། དེས་སྨྲས་པ། སྲུ་ཁྱོད་སུའི། དེད་དཔོན་ཁོ་མོ་གང་ཁོ་མོ་ལ་ཟས་དང་གོས་སྦྱིན་པ་དེའི་འོ། །དེད་དཔོན་དེས་དེ་ཆུང་མར་བྱས་ནས་དོན་མཐུན་མཐར་གྱིས་བཅོམ་བརླག་ཏུ་ཕྱིན་པ་དང་། དེས་དེ་ཉིད་དུ་བཞག་གོ །དེ་དེ་ནས་དེད་དཔོན་དེས་ཟོང་བསྒྱུར་ནས་ཟོང་གི་རིན་ཁྱེད་ཏེ་ཕྱིར་རྡོ་འཇོག་ཏུ་འོངས་པ་དང་། དེ་ན་ཚོང་པ་དེ་དག་ཕན་ཚུན་ཁྱིམ་གཞན་དུ་མགྲོན་དུ་བོས་ཏེ་སྟོན་མོ་བྱེད་པ་ན། དེད་དཔོན་དེས་འགའ་ཡང་ཟན་མ་བྱིན་ནས་ཚོང་བདག་གིས་སྨྲས་པ། དེད་དཔོན་ཁྱོད་ཀྱིས་འགའ་ཡང་གཡར་དྲངས་ཏེ་འཚལ་མ་མ་སྩལ་ཏོ། །

དེས་སྨྲས་པ། ཁྱེད་ཅག་ནི་ཁྱིམ་མི་མོ་དག་བདོག་པས་དེས་ན་སྟོན་མོ་བྱེད་མོད། ཁོ་བོ་ལ་ནི་གང་བསྙེན་བཀུར་བྱེད་པ་འགའ་ཡང་མེད་པས་ཁོ་བོས་ཇི་ལྟར་ཟན་སྦྱིན། དེ་དག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་ཅིའི་སླད་དུ་བུ་མོ་མི་ཚོལ། དེས་སྨྲས་པ། ཁོ་བོའི་ཆུང་མ་དང་འདྲ་བའི་བུ་མོ་འགའ་ཞིག་ཡོད་ན་དེ་བག་མར་བླང་ངོ་། །དེ་དག་གིས་སྨྲས་པ། ཇེ་ཁྱོད་ཀྱི་བཙུན་མོ་ཅི་འདྲ་བལྟས་གསུངས་ཤིག །དེས་ཨུཏྤ་ལའི་མདོག་གི་གཟུགས་དང་། ལང་ཚོ་མཛེས་པ་བརྗོད་པ་དང་། དེ་དག་གིས་སྨྲས་པ། དེད་དཔོན་དེ་ནི་བུད་མེད་རིན་པོ་ཆེ་ཞིག་སྟེ། འོན་ཀྱང་དེ་ལྟ་བུ་གཞན་འགའ་མཆིས་ཀྱང་གནས་བཙལ་ལོ་ཞེས་དེ་དག་གིས་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་ཨུཏྤ་ལའི་མདོག་ཉིད་ཀྱི་བུ་མོ་དེ་དེ་འདྲ་བར་མཐོང་ནས་དེ་དག་གིས་བུ་མོ་སློང་ངོ་ཞེས་དེ་བསླངས་པ་དང་། དེ་དག་གིས་སྨྲས་པ། སུའི་ཕྱིར། དེད་དཔོན་ཆེ་གེ་མོ་ཞིག་ཡོད་པ་དེའི་ཕྱིར་རོ། །

ཤེས་ལྡན་དག་བདག་ཅག་གིས་ནི་སྦྱིན་ལ་རག་ན། འདི་ལྟར་ཁྱོད་ལ་སྐྱོན་ཡོད་དེ་ཁྱེད་ཀྱིས་བག་མ་བླངས་ནས་བོར་ཏེ་འདོང་ངོ་། །མི་དོར་རོ། །གལ་ཏེ་དེ་ལྟ་ན་སྦྱིན་ནོ་དེ་དག་གིས་དེ་བསླངས་ནས་དེད་དཔོན་གྱིས་བག་མར་བླངས་སོ། །དེ་ནས་ཚོང་པ་དེ་དག་གིས་ཟོང་བསྒྱུར་ཏེ་ཟོང་རིན་ཁྱེར་ནས་ཡང་བཅོམ་བརླག་ཏུ་འཕགས་པ་དང་། ཇི་ཙམ་ན་མཐར་གྱིས་བཅོམ་བརླག་དང་ཧ་ཅང་མི་རིང་བ་ན་རི་བྲག་ཅིག་ཡོད་པ་དེར་ཕྱིན་ཏོ། །དེད་དཔོན་དེས་ཟོང་དེ་དང་བུ་མོ་དེ་རི་བྲག་དེར་བཞག་ནས་ཉུང་ཤས་ཤིག་དང་བཅོམ་བརླག་ཏུ་སོང་བ་དང་། ཨུཏྤ་ལའི་མདོག་གིས་བྱོན་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཀུན་ཏུ་སྤྱད་དེ་སྨྲས་པ། དེད་དཔོན་བདེ་བར་བྱོན་ཏམ། ངེས་སྨྲས་པ། བཟང་མོ་ག་ལ་བདེ་བར་འོངས། ཁོ་བོ་བཅོམ་མོ། །རྗེའི་སྲས་ཁྱོད་གསོན་པོར་བྱོན་པ་དགྱེས་མོད། ནོར་ལྟ་སླད་ཀྱིས་ཀྱང་མཆིས་པར་འགྱུར་རོ། །

དེ་དུས་ཅུང་ཟད་ཅིག་འདུག་ནས་སྨྲས་པ། བཟང་མོ་ཁོ་བོ་བཅོམ་པའི་རྫས་ཚོལ་དུ་འགྲོའོ། །དེས་སྨྲས་པ། མ་ནོངས་ཀྱིས་བཞུད་ཅིག །དེ་སོང་མ་ཐག་ཁོ་ནར་དེའི་ཤེད་མཐུན་འོངས་ཏེ། ཨུཏྤ་ལའི་མདོག་ལ་དྲིས་པ། དེད་དཔོན་གར་སོང་དེས་སྨྲས་པ་བཅོམ་པའི་རྫས་ཚོལ་དུ་སོང་ངོ་། །དེ་གང་དུ་སུས་བཅོམ། བདག་ཀྱང་མི་ཤེས་ཏེ་དེ་ན་རེ་ཁོ་བོ་བཅོམ་གྱིས། བཅོམ་པའི་རྫས་ཚོལ་དུ་འགྲོའོ་ཞེས་ཟེར་རོ། །དེས་སྨྲས་པ། དེ་ད་ལྟར་ཇི་ལྟར་ཕུན་སུམ་ཚོགས་ཤིང་འོངས་པ་དེ་ལྟར་སྔོན་ལན་འགའ་ཡང་ཕུན་སུམ་ཚོགས་ཤིང་མ་འོངས་པས་དེས་ཁྱོད་བྲིད་དོ། །

ཤེད་མཐུན་གཏམ་བྱོས་ཤིག །གཏམ་གཞན་ཅི་ཞིག་བྱ། དེས་རྡོ་འཇིག་ནས་ས་འཛིན་མ་འདི་ལྟ་བུ་ཞིག་ཁྲིད་དེ་འོངས་པས་ཁྱོད་དེའི་རྐང་པ་གཉིས་འཁྲུ་བར་ཡང་མི་རུང་ངོ་། །ཤེད་མཐུན་དེ་བདེན་ནམ། བདེན་ནོ། །དེས་སྡོད་ཅིག་ཅེས་བྱས་ཏེ་ཅང་མི་སྨྲ་བར་འདུག་གོ །ཇི་ཙམ་ན་དེད་དཔོན་དེ་འོངས་ནས་དེས་བརྙས་ཐབས་སྔོན་དུ་བཏང་སྟེ་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་བཅོམ་པའི་རྫས་བཙལ་ཏམ། བཟང་མོ་བཙལ་ཏོ། །རྗེའི་སྲས་ཁྱོད་ཀྱིས་ཁོ་མོ་བྲིད་དེ། ཁྱོད་གང་དུ་སུས་ཀྱང་མ་བཅོམ་གྱི། ཁོ་མོ་ཇི་ལྟར་ཁྱོད་ཀྱིས་རྡོ་འཇོག་ནས་ས་འཛིན་མ་ཞིག་ཁྲིད་དེ་འོངས་ཞེས་ཐོས་ཀྱིས་དེ་འདི་ཉིད་དུ་ཁྲིད་དེ་སྦྱིན་ཅིག །གང་གི་གནས་གཉིས་སུ་འགོད་པར་འགྱུར་བ་དེའི་ལོངས་སྤྱོད་དག་ནི་སྲབས་པ་ཉིད་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་མཐར་ཐུག་པར་འགྱུར་རོ། །བཟང་མོ་གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་ཁྱོད་ཀྱིས་གང་གི་ཁྱིམ་ན་ཆུང་མ་གཉིས་ཡོད་པ་དེས་ལན་འགའ་ཡང་སྐྱོམ་གྲང་མོ་མི་འཐུངས་ཤིང་ཐབ་མོ་དང་། འཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པར་འགྱུར་རོ་ཞེས་བྱ་བ་མ་ཐོས་སམ། རྗེའི་སྲས་དེ་ཞི་བར་གྱུར་ཅིག །དེ་ལྟར་མི་འགྱུར་གྱིས་དེ་ཁྲིད་དེ་སྤྱོན་ཅིག །གལ་ཏེ་ནུ་མོ་ཙམ་ཞིག་ན་ནུ་མོའི་འདུ་ཤེས་ཉེ་བར་གཞག་པར་བགྱིའོ། །གལ་ཏེ་བུ་མོ་ཙམ་ཞིག་ན་བུ་མོའི་འདུ་ཤེས་ཉེ་བར་གཞག་པར་བགྱིའོ། །དེས་སྨྲས་པ། བཟང་མོ་གལ་ཏེ་དེ་ལྟ་ན་མ་ཉེས་ཀྱིས་ཁྲིད་དེ་འོང་ངོ་ཞེས་དེས་དེ་ཁྲིད་དེ་འོངས་པ་དང་། དེས་དེ་མཐོང་ནས་རྗེས་སུ་ཆགས་པ་སྐྱེས་སོ། །

དུས་གཞན་ཞིག་ན་ཨུཏྤ་ལའི་མདོག་གིས་བུ་མོ་དེའི་སྐྲ་བྱ་བར་བརྩམས་པ་དང་། མགོ་ལ་སྒྲོས་ཡོད་པ་མཐོང་ངོ་། །མཐོང་ནས་ཀྱང་དྲིས་པ་བུ་མོ་འདི་ཅི་ཉེས། དེས་སྨྲས་པ། བདག་གིས་ཀྱང་མ་འཚལ་ཏེ། བདག་གི་ཕྱི་མོའི་མཆིད་ནས་ཁྱོད་ཀྱི་མ་ཕ་ལ་ཁྲོས་པས་ཁྱོད་འཕངས་པས་སྒོའི་ཐེམ་པར་ལྷུང་སྟེ། དེར་སྒྲོས་འདི་བྱུང་ངོ་ཞེས་མཆིའོ། །ཁྱོད་ཀྱི་ཕྱི་མོ་ཅི་མོང་། ཆེ་གེ་མོ་ཞིག་གོ །ཁྱོད་ཀྱི་མ་ཅི་མིང་། ཨུཏྤ་ལའི་མདོག་གོ །དེས་བསམས་པ་བདག་དེར་ནི་མ་དང་ཆེན་ཆུང་དུ་གྱུར་ལ། འདིར་ནི་བུ་མོ་དང་ཆེན་ཆུང་དུ་གྱུར་གྱིས་རྣམ་པ་ཐམས་ཅད་དུ་འགྲོ་བར་བྱའོ་སྙམ་ནས། དེ་མགོ་གཡོགས་ཏེ་ཁྱིམ་ནས་བྱུང་བ་དང་། ཇི་ཙམ་ན་དོན་མཐུན་ཡུལ་ཡངས་པ་ཅན་དུ་འཕགས་པ་མཐོང་ནས་དེ་ཡང་དེ་དང་ལྷན་ཅིག་འཕགས་པ་དང་དེ་ཚོང་པ་དག་དང་ལྷན་ཅིག་དགའ་མགུར་སྤྱོད་ཅིང་ཡངས་པ་ཅན་དུ་སོང་ངོ་། །ཡངས་པ་ཅན་ན་གནས་པའི་ཚོགས་ཅན་མ་དག་གིས་སྨྲས་པ། བཅོམ་བརླག་པའི་ཚོང་པ་འདི་དག་བདག་ཅག་དང་ལྷན་ཅིག་རྩེད་མོ་དང་། དགའ་བ་དང་དགའ་མགུར་སྤྱོད་པ་ཉམས་སུ་མྱོང་བར་མི་བྱེད་དོ། །

དེ་ན་ཚོགས་ཅན་མ་གཅིག་གིས་སྨྲས་པ། དེ་དག་གིས་ས་འཛིན་མ་འདི་ལྟ་བུ་ཞིག་ཁྲིད་དེ་འོངས་པས་བདག་ཅག་དེའི་རྐང་པ་གཉིས་འཁྲུ་བར་ཡང་མི་རུང་བས་ཅིའི་ཕྱིར་དེ་དག་བདག་ཅག་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་དགའ་མགུར་སྤྱོད་པ་ཉམས་སུ་མྱོང་བར་བྱེད། ཚོགས་ཅན་མ་དེ་དག་འདུས་ཏེ་ཨུཏྤ་ལའི་མདོག་གི་གན་དུ་དོང་ནས་སྨྲས་པ། ས་འཛིན་མ་ཁྱོད་ཁོ་མོ་ཅག་གི་འཚོ་བར་བྱེད་ན་ཅིའི་ཕྱིར་ཁོ་མོ་ཅག་གི་ནང་དུ་མི་འཇུག །དེས་མགོ་གཡོགས་པ་བཤུས་ཏེ་སྨྲས་པ། བདག་དེང་ཕྱིན་ཆད་ཁྱེད་ཅག་གི་ནང་དུ་འཇུག་གོ་ཞེས་དེ་དེ་གི་ནང་དུ་ཞུགས་སོ། །

ཇི་ཙམ་དུས་གཞན་ཞིག་ན་ཚོགས་ཅན་མ་དེ་དག་ཆང་གྲལ་དུ་ཚོགས་ཤིང་གཏམ་ཟེར་བ་ན་སྨྲས་པ། བདག་ཅག་ལས་གང་གིས་ཚོང་པ་གང་ནོར་ཇི་ཙམ་དང་བྲལ་བར་བྱས། དེ་ན་གཅིག་གིས་སྨྲས་པ་ཁོ་མོས་ནི་ཚོང་པ་ཆེ་གེ་མོ་ཞིག་ནོར་འདི་ཙམ་དང་བྲལ་བར་བྱས་སོ། །གཞན་དག་གིས་སྨྲས་པ། ཁོ་མོ་ཅག་གིས་ནི་ཚོང་པ་ཆེ་གེ་མོ་དག་ནོར་འདི་ཙམ་དང་བྲལ་བར་བྱས་སོ། །ཡང་གཞན་དག་གིས་སྨྲས་པ། ཁོ་མོ་ཅག་གིས་ཀྱང་ཚོང་པ་ཆེ་གེ་མོ་དག་ནོར་འདི་ཙམ་དང་བྲལ་བར་བྱས་སོ། །ཡངས་པ་ཅན་ན་སྤོས་འཚོང་གི་ཁྱེའུ་མི་སྡུག་པ་ཐོབ་པ་ཞིག་འདུག་པ་དེ་ཚོགས་ཅན་མ་འགས་ཀྱང་རྗེས་སུ་འཇུག་པར་མ་བྱས་ནས་ཚོགས་ཅན་མ་དེ་དག་གིས་སྨྲས་པ། བདག་ཅག་ལས་གང་གིས་སྤོས་འཚོང་གི་ཁྱེའུ་ཆེ་གེ་མོ་ཞིག་རྗེས་སུ་འཇུག་བར་བྱེད་ནུས་པའི་བུད་མེད་དེ་ནི་བུད་མེད་ཀྱི་ཡོན་ཏན་དང་ལྡན་པར་བདག་ཅག་སྨྲའོ། །ཨུཏྤ་ལའི་མདོག་གིས་སྨྲས་པ། ཅི་དེ་སྐྱེས་པའི་དབང་པོ་དང་ལྡན་པ་ཡིན་ནམ། འོན་ཏེ་མ་ཡིན་དེ་དག་གིས་སྨྲས་པ། དེ་སྐྱེས་པ་སྐྱེས་པའི་དབང་པོ་དང་ལྡན་པ་ཡིན་ནོ། །

གལ་ཏེ་ཁོ་མོས་དེ་རྗེས་སུ་འཇུག་པར་བྱས་ན་ཁྱེད་ཀྱི་ཁོ་མོ་ཐུ་མོའི་གནས་སུ་གཞག་གམ། གཞག་གོ །གལ་ཏེ་ཁྱོད་ཀྱིས་དེ་རྗེས་སུ་འཇུག་པར་མ་ནུས་ན་ཁྱོད་ཇི་ལྟར་བྱ། ཁོ་མོས་ཁྱེད་ལ་ཀཱརྵཱ་པ་ཎ་དྲུག་ཅུ་གཞལ་ལོ། །མ་ཉེས་ཀྱིས་དེ་ལྟར་གྱིས་ཤིག །ཨུཏྤ་ལའི་མདོག་གི་ཁྱིམ་བདག་སྤོས་འཚོང་གི་ཁྱེའུ་དེའི་དྲུང་དུ་གླས་བླངས་པས་དེས་བུ་མོ་མངག་གཞུགས་མ་སློབ་ཏུ་བཅུག་སྟེ། བུ་མོ་ཁྱོད་ཀྱིས་སྤོས་འཚོང་གི་ཁྱེའུ་ཆེ་གེ་མོ་ཞིག་ལས་ཉི་མ་རེ་རེ་ཞིང་སྤོས་ཉོ་བར་བྱའོ། །གལ་ཏེ་སུའི་གན་དུ་ཁྱེར་ཞེས་ཟེར་ན། ཨུཏྤ་ལའི་མདོག་གི་གན་དུ་རིགས་ཀྱི་བུ་ཞིག་འོངས་པ་དེའི་གན་དུ་ཁྱེར་རོ་ཞེས་བརྗོད་པར་བྱའོ། །

བུ་མོ་མངག་གཞུག་མ་དེ་སྤོས་འཚོང་གི་ཁྱེའུ་དེ་ལས་ཉི་མ་རེ་རེ་ཞིང་སྤོས་ཉོ་བར་བྱེད་དོ། །དེས་དེ་ལ་སྨྲས་པ། བུ་མོ་ཁྱོད་ཉི་མ་རེ་རེ་ཞིང་སུའི་གན་དུ་སྤོས་ཁྱེར་བར་བྱེད། དེས་སྨྲས་པ། ཨུཏྤ་ལའི་མདོག་གི་གན་དུ་རིགས་ཀྱི་བུ་ཞིག་འོངས་པ་དེའི་གན་དུ་ཁྱེར་རོ། །ཡང་ཨུཏྤ་ལའི་མདོག་གིས་བུ་མོ་མངག་གཞུག་མ་དེ་ལ་སྨྲས་པ། བུ་མོ་སྤོས་འཚོང་གི་ཁྱེའུ་དེ་ལས་སྨན་བསྐ་བ་དང་། ཁ་བ་དང་། ཚ་བ་དག་ཉོ་བར་བྱའོ། །གལ་ཏེ་སུའི་གན་དུ་ཁྱེར་ཞེས་ཟེར་ན་རིགས་ཀྱི་བུ་དེ་ན་བས་དེའི་སྨན་གྱི་ཕྱིར་ཁྱེར་རོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དབྱིག་སུའི་ཡིན་ཞེས་ཟེར་ན། ཨུཏྤ་ལའི་མདོག་གི་ཡིན་ནོ་ཞེས་བརྗོད་བར་བྱའོ། །བུ་མོ་མངག་གཞུག་མ་དེས་ཀཱརྵཱ་པ་ཎ་དག་ཁྱེར་ཏེ་སྤོས་འཚོང་གི་ཁྱེའུ་དེའི་གན་དུ་སོང་ནས་སྨྲས་པ། སྨན་བསྐ་བ་དང་། ཁ་བ་དང་། ཚ་བ་དག་བྱིན་ཅིག །དེས་སྨྲས་པ། སུའི་གན་དུ་ཁྱེར། དེས་སྨྲས་པ། རིགས་ཀྱི་བུ་དེ་ན་བས་ན་དེའི་སྨན་གྱི་ཕྱིར་ཁྱེར་རོ། །

དེས་སྨྲས་པ། དབྱིག་སུའི་ཡིན། དེས་སྨྲས་པ། ཨུཏྤ་ལའི་མདོག་གིའོ། །དེས་བསམས་པ། དེ་ནི་ན་ཅུང་ཆེན་མོ་ཞིག་སྟེ། རང་གི་སྨན་གྱིས་བསྙེན་བཀུར་བྱེད་དོ། །སྙམ་ནས་དེ་དེ་ལ་རྗེས་སུ་ཆགས་པ་སྐྱེས་ནས། དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་ཨུཏྤ་ལའི་མདོག་ལ་སྤོས་འཚོང་གི་ཁྱེའུ་དེ་ཁྱོད་ལྟ་བར་འདོད་དོ་ཞེས་གྱིས་ཤིག །བུ་མོ་དེས་ཨུཏྤ་ལའི་མདོག་ལ་བརྗོད་པ་དང་། དེས་སྨྲས་པ། བུ་མོ་སོང་ལ་འདི་སྐད་ཅེས། ད་དུང་རིགས་ཀྱི་བུ་དེ་མ་སོས་སོ་ཞེས་གྱིས་ཤིག །དེ་སོང་སྟེ་དེ་ལ་དེ་སྐད་བརྗོད་པ་དང་། དེ་ཡང་དང་ཡང་དུ་བུ་མོ་དེ་ལ་ཉི་མ་གང་ལ་འོང་བར་བྱ་ཞེས་འདིའོ། །དེས་ཨུཏྤ་ལའི་མདོག་ལ་བརྗོད་པ་དང་། དེས་བསམས་པ། དེ་ལྷག་པར་ཆགས་པར་གྱུར་གྱིས་ཐབས་ཀྱི་རྣམ་པ་ལེགས་པ་ཞིག་བྱའོ་སྙམ་ནས་དེ་རྩ་མི་ཞིག་བྱས་ཏེ། ཁྲིའི་སྟེང་དུ་བཞག་ནས་དུར་ཁྲོད་དུ་ཁྱེར་ཏེ་བསྲེགས་ནས་དེའི་འོག་ཏུ་སྐྲ་བཤིག་ཅིང་ངུ་བའི་བཞིན་གྱིས་སྤོས་འཚོང་གི་ཁྱེའུ་དེའི་ཚོང་ཁང་དང་ཧ་ཅང་ཐག་མི་རིང་བ་ནས་འགྲོ་བར་བརྩམས་པ་དང་། སྤོས་འཚོང་གི་ཁྱེའུ་དེས་དེ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱིས་སྐྱེས་པ་རྣམ་པ་བརྒྱད་ཀྱིས་འཆིང་བར་བྱེད་དེ། གར་དང་། གླུ་དང་། རོལ་མོ་དང་། གད་མོ་དང་། ངུ་བ་དང་། ལྟ་བ་དང་། རེག་པ་དང་། རྨ་འབྱེད་པས་སོ་ཞེས་གསུངས་པས་སྤོས་འཚོང་གི་ཁྱེའུ་དེ་དེ་ལ་ཤིན་ཏུ་ཆགས་པར་གྱུར་ནས་བུ་མོ་དེ་ལ་ཡང་སྨྲས་པ། བུ་མོ་ང་འོང་ངོ་། །དེས་ཨུཏྤ་ལའི་མདོག་ལ་བརྗོད་པ་དང་།

དེས་སྨྲས་པ། བུ་མོ་སོང་ལ་འདི་སྐད་ཅེས་རིགས་ཀྱི་བུ་དེ་དེར་དུས་ལ་བབ་སྟེ། ད་དུང་མྱ་ངན་མ་སངས་པས་མཐོང་བར་ག་ལ་འགྱུར་ཞེས་བྱོས་ཤིག །ཨུཏྤ་ལའི་མདོག་གིས་ཇི་ལྟ་ཇི་ལྟར་བསྐྱངས་པ་དེ་ལྟ་དེ་ལྟར་སྤོས་འཚོང་གི་ཁྱེའུ་དེ་ཆགས་པ་དང་བཅས་པས་མཐོང་འདོད་པར་གྱུར་ནས། ཨུཏྤ་ལའི་མདོག་གིས་དེ་ལ་སྡུམ་པར་མ་བྱོན་པར་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་སྤྱོན་ཅིག་ཅེས་ཕྲིན་སྤྲིང་བ་དང་། སྤོས་འཚོང་གི་ཁྱེའུ་དེ་བཟའ་བ་དང་། བཏུང་བ་དང་གོས་དང་། ཕྲེང་བ་རྒྱུ་མང་པོ་ཐོགས་ཏེ་སྐྱེད་མོས་ཚལ་དེར་འོངས་ནས། དེས་ཨུཏྤ་ལའི་མདོག་དང་ལྷན་ཅིག་རེ་ཞིག་ཟོས་ཤིང་འཐུངས་པ་དང་། ཇི་ཙམ་ན་དེ་ར་རོ་ཞིང་ཆང་གི་དབང་གིས་བདག་ཉིད་མི་དྲན་པར་གྱུར་ནས་ཨུཏྤ་ལའི་མདོག་གིས་བསམས་པ། དེ་ནི་འདི་སྐྱེ་བོ་མང་པོས་ཚོར་བར་བྱའོ་སྙམ་ནས། དེས་དེའི་མགོ་ལ་ཕྲེང་བ་བཏགས་ཏེ་གཉའ་བ་བསྒྲིལ་ནས་ཁྱིམ་དུ་ཁྲིད་པ་དང་། ཚོགས་ཅན་མ་དེ་དག་གིས་དེ་མཐོང་ནས་དེ་དག་མཆོག་ཏུ་ངོ་མཚར་སྐྱེས་ཏེ་སྨྲས་པ། ས་འཛིན་མ་འདིས་སྤོས་འཚོང་གི་ཁྱེའུ་མི་སྡུག་པ་ཐོབ་པ་རྗེས་སུ་འཇུག་པར་བྱས་པ་ལེགས་སོ་ཞེས་དེ་དག་གིས་དེ་ཐུ་མོའི་གནས་སུ་བཞག་གོ །དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཇི་ཙམ་དུས་གཞན་ཞིག་ན་དེ་ལ་སེམས་ཅན་ཞུགས་བར་གྱུར་ཏོ། །ཡངས་པ་ཅན་ན་སྒོ་བ་གཉིས་ཡོད་དེ། ཤར་གྱི་དང་། ནུབ་ཀྱིའོ། །དེ་གཉིས་ཕན་ཚུན་བཤེས་པར་གྱུར་ནས་དེ་ན་གཅིག་གིས་སྨྲས་པ། ཤེད་མཐུན་གང་གིས་བདག་ཅག་གཉིས་ཤི་ཞིང་དུས་ལ་བབ་ཀྱང་བཤེས་པའི་རྒྱུན་མི་ཆད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད། ཅིག་ཤོས་ཀྱིས་སྨྲས་པ། ཤེད་མཐུན་བདག་ཅག་གཉིས་ཀྱི་བུ་མོ་ཕན་ཚུན་ཤ་གླག་བྱ་སྟེ། གལ་ཏེ་ཁོ་བོ་ལ་བུ་ཡོད་ལ་ཁྱོད་ལ་བུ་མོ་ཡོད་ན་ཁྱོད་ཀྱི་བུ་མོ་ཁོ་བོའི་བུ་ལ་སྦྱིན་པར་བྱའོ། གལ་ཏེ་ཁྱོད་ལ་བུ་ཡོད་ལ། ཁོ་བོ་ལ་བུ་མོ་ཡོད་ན་ཁོ་བོས་བུ་མོ་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱ་སྟེ། དེས་ན་བདག་ཅག་གཉིས་ཤི་ཞིང་དུས་ལ་བབ་ན་ཡང་བཤེས་པའི་རྒྱུན་མི་འཆད་པར་འགྱུར་རོ། །

མ་ཉེས་ཀྱིས་དེ་ལྟར་བྱའོ། །ཨུཏྤ་ལའི་མདོག་ཟླ་བ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་ཞིག་བྱུང་ནས་དེས་བསམས་པ། བུད་མེད་གང་ལ་བུ་ཆུང་དུ་ཡོད་པ་དེ་སྐྱེས་པ་དག་གིས་འདི་ཡོངས་སུ་སྤང་ངོ་། །ཞེས་ཡོངས་སུ་སྤོང་བར་རིག་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་ཁྱེའུ་འདི་དང་མར་མེ་ཁྱེར་ལ་ལམ་པོ་ཆེར་སོང་སྟེ་དེར་གནས་གཅིག་ཏུ་ཁྱེའུ་ཞོག་སྟེ། མར་མེ་ཚུགས་ལ་འགའ་ཞིག་གིས་བླངས་ཀྱི་བར་དུ་མཐའ་གཅིག་ཏུ་སྡོད་ཅིག །དེས་དེ་ཁྱེར་ཏེ་ཤར་གྱི་སྒོ་བ་དང་ཧ་ཅང་ཐག་མི་རིང་བའི་གནས་ཤིག་ཏུ་བཞག་སྟེ། མར་མེ་བཙུགས་ནས་མཐའ་གཅིག་ཏུ་བསྡད་པ་དང་། ཤར་གྱི་སྒོ་བ་དེས་མར་མེ་མཐོང་ནས་ཐེ་ཚོམ་ཟ་ཞིང་དེར་སོང་བ་དང་། ཇི་ཙམ་ན་ཁྱེའུ་དེ་མཐོང་ནས་དེས་དེ་བླངས་ཏེ་ཆུང་མའི་གན་དུ་སོང་ནས་སྨྲས་པ། བཟང་མོ་ཁྱོད་ཀྱི་བུ་འདི་རེ། དེ་རབ་ཏུ་དགའ་བས་བླངས་སོ། །དེ་ནས་མཚན་མོ་ནམ་ནངས་པ་དང་ཀུན་དགའ་བར་འགྱུར་བ་བྱས་སོ། །ཁྱིམ་ཚེས་ཀྱི་སྐྱེ་བོ་དག་གིས་ཕན་ཚུན་སྨྲས་པ། ཤེས་ལྡན་དག་ཤར་གྱི་སྒོ་བ་འདིའི་ཁྱིམ་ན་ཅི་ཞིག་གིས་ཀུན་དགའ་བར་འགྱུར་བ་བྱུང་། དེ་ན་ཁ་ཅིག་གིས་སྨྲས་པ། འདིའི་བུ་བྱུང་ངོ་། །ཁ་ཅིག་གིས་སྨྲས་པ། འདིའི་ཆུང་མ་མི་སྦྲུམ་ན་འདིའི་བུ་ག་ལས་བྱུང་། ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་བུད་མེད་ཁ་ཅིག་གི་མངལ་ན་གནས་པ་མི་མངོན་པ་ཡང་ཡོད་དོ། །ནུབ་ཀྱི་སྒོ་བས་ཐོས་ནས་དེས་བསམས་པ། དེའི་བུ་བྱུང་བས་གལ་ཏེ་བདག་ལ་བུ་མོ་ཡོད་པར་གྱུར་ན་དེ་བདག་གི་མག་པར་འགྱུར་རོ་སྙམ་ནས་དེས་དེ་ལ་གོས་དང་རྒྱན་དག་བསྐུར་རོ། །

དེ་བསྲིངས་ཤིང་བསྐྱེད་དེ་ཆེན་པོར་གྱུར་ནས་ཇི་ཙམ་ན་དེ་དགེ་འདུན་གྱི་ནང་ཞུགས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡང་ཨུཏྤ་ལའི་མདོག་ལ་སེམས་ཅན་ཞུགས་པར་གྱུར་ནས་དེ་ཟླ་བ་དགུ་འདས་ཏེ་བཙའ་བ་ལས་བུ་མོ་ཞིག་བྱུང་ནས་དེས་ཡང་བསམས་པ། བུད་མེད་གང་ལ་བུ་མོ་ཆུང་ངུ་ཡོད་པ་དེ་སྐྱེས་པ་དག་གིས་འདི་ཡོངས་སུ་སྤང་ངོ་ཞེས་ཡོངས་སུ་སྤོང་བར་རིག་ནས་དེས་བུ་མོ་མངག་གཞུག་མ་ལ་སྨྲས་པ། བུ་མོ་བུ་མོ་འདི་དང་མར་མེ་ཁྱེར་ལ་ལམ་པོ་ཆེར་སོང་སྟེ། དེར་གནས་གཅིག་ཏུ་བུ་མོ་ཞོག་སྟེ། མར་མེ་ཚགས་ལ་འགའ་ཞིག་གིས་བྲངས་ཀྱི་པར་དུ་མཐའ་གཅིག་ན་སྡོད་ཅིག །དེས་དེ་ཁྱེར་ཏེ་ནུབ་ཀྱི་སྒོ་བ་དང་ཧ་ཅང་ཐག་མི་རིང་བའི་གནས་ཤིག་ཏུ་བཞག་སྟེ། མར་མེ་བཙུགས་ནས་མཐའ་གཅིག་ཏུ་བསྡད་པ་དང་། ནུབ་ཀྱི་སྒོ་བ་དེས་མར་མེ་མཐོང་ནས་ཐེ་ཚོམ་ཟ་ཞིང་དེར་སོང་བ་དང་། ཇི་ཙམ་ན་བུ་མོ་དེ་མཐོང་ནས་དེས་དེ་བླངས་ཏེ་ཆུང་མའི་གན་དུ་སོང་ནས་སྨྲས་པ། བཟང་མོ་ཁྱོད་ཀྱི་བུ་མོ་འདིར། དེ་རབ་ཏུ་དགའ་བས་བླངས་སོ། །དེ་ནས་མཚན་མོ་ནམ་ནངས་པ་དང་། ཀུན་དགའ་བར་འགྱུར་བར་བྱས་སོ། །ཁྱིམ་ཚེས་ཀྱི་སྐྱེ་བོ་དག་གིས་ཕན་ཚུན་སྨྲས་པ། ཤེས་ལྡན་དག་ནུབ་ཀྱི་སྒོ་བ་འདིའི་ཁྱིམ་ན་ཅི་ཞིག་གིས་ཀུན་དགའ་བར་འགྱུར་བ་བྱུང་། དེ་ན་ཁ་ཅིག་གིས་སྨྲས་པ། འདིའི་བུ་མོ་བྱུང་ངོ་། །ཁ་ཅིག་གིས་སྨྲས་པ། འདིའི་ཆུང་མ་མི་སྦྲུམ་ན་འདིའི་བུ་མོ་ག་ལས་བྱུང་། ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་བུ་མེད་ཁ་ཅིག་གི་མངལ་ན་གནས་པ་མི་མངོན་པ་ཡང་ཡོད་དོ། །ཤར་གྱི་སྒོ་བས་ཐོས་ནས་དེས་བསམས་པ། དེའི་བུ་མོ་བྱུང་བས་དེ་བདག་གི་མནའ་མར་འགྱུར་རོ་སྙམ་ནས་དེས་དེ་ལ་གོས་དང་རྒྱན་དག་བསྐུར་རོ། །དེ་བསྲིངས་ཤིང་བསྐྱེད་དེ་ཆེན་མོར་གྱུར་ནས་ཇི་ཙམ་ན་དེ་ཡང་དགེ་འདུན་མའི་ནང་དུ་ཞུགས་སོ། །

ཇི་ཙམ་དུས་གཞན་ཞིག་ན་དགེ་འདུན་ལྔ་བརྒྱ་སྐྱེད་མོས་ཚལ་དུ་འཕགས་པ་དང་དེ་དག་གིས་གྲོས་བྱ་བར་བརྩམས་པ། བདག་ཅག་གྱི་ན་དེ་བཞིན་དུ་སྐྱེད་མོས་ཚལ་དུ་དོང་སྟེ་ཅིར་རུང་། འཇུད་མཐུན་མ་འགའ་ཞིག་བཀྲིའོ། །དེ་ལྟར་བྱའོ། །གང་བཀྲི། ས་འཛིན་མའོ། །མཉེས་ཏེ་འདི་ལྟར་ཁྲིམས་སུ་བྱ་བ་བཅའ་སྟེ། བདག་ཅིག་ལས་གང་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་བྱེད་པ་དེ་ལ་དགེ་འདུན་དག་གིས་ཀཱརྵཱ་པ་ཎ་དྲུག་ཅུ་དབབ་བོ། །དེ་དག་གིས་ས་འཛིན་མ་ཨུཏྤ་ལའི་མདོག་ཀཱརྵཱ་པ་ཎ་ལྔ་བརྒྱས་གླས་ཏེ་སྐྱེད་མོས་ཚལ་དུ་ཁྲིད་ནས་དགེ་འདུན་དེ་དག་ཐམས་ཅད་ཀྱིས་རེས་ཀྱིས་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་དོ། །ཤར་གྱི་སྒོ་བའི་བུ་དེ་དགའ་མགུར་སྤྱོད་པར་མི་འདོད་ནས་ཨུཏྤ་ལའི་མདོག་གིས་དེ་ལ་སྨྲས་པ། རྗེའི་སྲས་དགའ་མགུར་སྤྱོད་ཅིག །གཞན་དུ་ན་འདི་དག་གིས་ཁྱོད་ལ་ཀཱརྵཱ་པ་ཎ་དྲུག་ཅུ་ཕབ་པར་འགྱུར་རོ། །དེས་ཆད་པས་འཇིགས་པས་དགའ་མགུར་སྤྱད་པ་དང་། དེ་ཨུཏྤ་ལའི་མདོག་ལ་རྗེས་སུ་ཆགས་པ་སྐྱེས་ནས་དེས་དེ་གཅིག་པུས་ཆུང་མ་ཁུད་པར་བྱས་སོ། །ལི་ཙྪ་བཱི་དག་ཁྲོས་ནས་ཤར་གྱི་སྒོས་བའི་བུ་དེས་ཚོགས་ཀྱིས་སྤྱད་པར་བྱ་བའི་བུད་མེད་དེ་གཅིག་པུས་ཆུང་མ་ཁུད་པར་བྱས་ཀྱིས་དེ་གསོད་དུ་འདོད་དོ་ཞེས་ཟེར་རོ། །

འཇིག་རྟེན་ནི་མཛའ་བཤེས་དང་དགྲ་བོ་དང་ཐ་མལ་པ་ཡིན་པས་གཞན་ཞིག་ཤར་གྱི་སྒོ་བ་དེའི་གན་དུ་སོང་སྟེ་ཇི་ལྟར་གྱུར་པ་སྨྲས་པ་དང་། ཤར་གྱི་སྒོ་བ་དེ་སྐྲག་ནས་ལི་ཙྪ་བཱི་རྣམས་ཀྱི་གན་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། བུའི་སློང་མོ་སྩོལ་ཅིག །དེ་དག་གིས་སྨྲས་པ། ཀྭའི་ནང་རྗེ་དེ་ཅི་ཉེས། དེས་དེ་དག་ལ་རྒྱས་པར་བརྗོད་པ་དང་། དེ་ནས་ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་ཤར་གྱི་སྒོ་བ་འདི་བདག་ཅག་ལ་ཡུན་རིང་པོ་ནས་ཕན་པ་བྱེད་བྱེད་པ་ཡིན་གྱིས། གལ་ཏེ་འདིའི་བུ་ཚོགས་ཅན་མ་འདོད་ན་སྦྱིན་ནོ། །གཞན་དག་གིས་སྨྲས་པ། མ་ཉེས་ཀྱིས་དེ་བཞིན་བྱའོ་ཞེས་དེ་དག་གིས་དེ་ལ་ཨུཏྤ་ལའི་མདོག་བྱིན་ནོ། །

ཤར་གྱི་སྒོ་བའི་བུ་དེ་ཚོགས་ལས་ཐོབ་པས་བག་ཚ་བ་མེད་པར་ཨུཏྤ་ལའི་མདོག་ཆུང་མར་བླངས་སོ། །དེ་ནས་དེའི་ཕས་ནུབ་ཀྱི་སྒོ་བ་ལ་སྨྲས་པ། ཤེད་མཐུན་ཁྱེའུ་ལ་བུ་མོ་བག་མར་ཐོང་ཤིག །དེས་སྨྲས་པ། ཤེད་མཐུན་ཁྱོད་ཀྱི་བུས་ཆུང་མ་བླངས་ཟིན་ན་བག་མ་གཞན་གྱིས་ཅི་བྱ། དེས་སྨྲས་པ། ཤེད་མཐུན་སྔར་འཐམས་ཟིན་གྱིས་ད་བྱིན་ཅིག་དང་། གལ་ཏེ་ཁོ་བོ་ལ་འབྱོར་པ་ཡོད་པར་གྱུར་ན་ཁོ་བོའི་བུའི་ཆུང་མའི་འཁོར་རྣམ་པར་འཇོག་པར་བྱེད་དོ། །ནུབ་ཀྱི་སྒོ་བས་སྔར་འཐམས་པའི་ཕྱིར་ཤར་གྱི་སྒོ་བའི་བུ་ལ་བུ་མོ་བྱིན་ནོ། །ཤར་གྱི་སྒོ་བའི་བུ་དེས་ཀྱང་ཉི་མ་དང་། ཚེས་གྲངས་དང་། ཡུད་ཙམ་གྱི་སྦྱོར་བས་དེ་བག་མར་བླངས་སོ། །

དེའི་ཚེ་ན་ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོ་ཤར་གྱི་སྒོ་བ་དེའི་ཁྱིམ་དུ་འགྲོ་བས་དེས་བུ་མོ་དེ་ལ་སྨྲས་པ། བུ་མོ་ཁྱོད་ཀྱི་ཆེན་མ་གང་ཡིན་པ་དེ་ནི་ཁྱོད་ཀྱི་མའོ། །ཁྱོད་ཀྱི་ཁྱིམ་ཐབ་གང་ཡིན་པ་འདི་ནི་ཁྱོད་ཀྱི་མིང་པོ་ཡིན་གྱིས། མ་ལ་རབ་ཏུ་སྡང་བའི་སེམས་མ་སྐྱེད་ཅིག །སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་བར་མ་བྱེད་ཅིག །ཨུཏྤ་ལའི་མདོག་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་བྱུང་ནས་བུ་མོ་དེས་ཁྱེའུ་དེ་སྒོ་ཁང་གི་ཕྱི་རོལ་དུ་རྩེར་གཞུག་པར་བརྩམས་པ་དང་། ཇི་ཙམ་ན་བྲམ་ཟེ་ཞིག་ལམ་དེ་ནས་འགྲོ་བ་དེས་མཐོང་ནས་དེས་ཚིགས་སུ་བཅད་པ་སྨྲས་པ། མི་རྣམས་ནང་ན་མཆོག་གི་རབ་ཀྱི་མཆོག །མཚུངས་མེད་རྒྱལ་བ་སྐྱོབ་པའི་ཉན་ཐོས་མ། །མེ་ཏོག་མན་དཱ་ར་ཀ་རབ་འདྲ་བ། །སྲིང་མོ་ཁྱེའུ་འདི་ཁྱོད་ཀྱི་ཅི་ཞིག་ཡིན། །དེས་ཀྱང་ཚིགས་སུ་བཅད་པ་སྨྲས་པ། །བྲམ་ཟེ་འདི་ན་བདག་གི་མིང་པོ་དང་། །མིང་པོའི་བུ་དང་བུ་དང་སྐུད་པོ་ཡིན། །འདི་ཡི་ཕ་དེ་བདག་གི་ཕ་ཡིན་ཏེ། །མིང་པོར་གྱུར་ནས་ད་ལྟར་ཁྱོ་འདི་ཡིན། །ཨུཏྤ་ལའི་མདོག་གིས་ཐོས་ནས་དེས་བུ་མོ་མངག་གཞུགས་མ་ལ་སྨྲས་པ། བུ་མོ་འདི་གཉིས་ཅི་ཟེར། དེས་སྨྲས་པ། འདི་གཉིས་མད་པ་མཆིའོ། །ཤོ་བེ་མི་མཆིའོ། །འདི་ལ་ཅི་བདེན། ཁྱོད་ཀྱི་བུ་བདག་གིས་ཤར་སྒོར་བོར་བ་གང་ལགས་པ་དེ་ནི་ད་ལྟར་ཁྱོད་ཀྱི་ཁྱིམ་ཐབ་འདི་ལགས་སོ། །ཁྱོད་ཀྱི་བུ་མོ་བདག་གིས་ནུབ་སྒོར་བོར་བ་གང་ལགས་པ་དེ་ནི་ད་ལྟར་ཁྱོད་ཀྱི་ཆུན་མ་འདི་ལགས་སོ། །ཨུཏྤ་ལའི་མདོག་གིས་བསམས་པ། སྔོན་ནི་བདག་མ་དང་ཆེན་ཆུང་དུ་གྱུར་ནས་ཡང་བུ་མོ་དང་ཆེན་ཆུང་དུ་གྱུར། ད་ཡང་བདག་བུ་མོ་དང་ཆེན་ཆུང་དུ་གྱུར་ཅིང་བུ་ཁྱིམ་ཐབ་ཏུ་གྱུར་གྱིས། རྣམ་པ་ཐམས་ཅད་དུ་འགྲོ་བར་བྱའོ་སྙམ་ནས། དེ་མགོ་གཡོགས་ཏེ་ཁྱིམ་ནས་བྱུང་པ་དང་། ཇི་ཙམ་ན་དོན་མཐུན་རྒྱལ་པོའི་ཁབ་ཏུ་འཕགས་པ་མཐོང་ནས་དེ་དེ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་སོང་ངོ་། །དེར་ཡང་འཇུད་མཐུན་མའི་འཚོ་བས་འཚོ་བར་བྱེད་དོ། །

ཇི་ཙམ་ན་དགེ་འདུན་ལྔ་བརྒྱ་སྐྱེད་མོས་ཚལ་དུ་འཕགས་ནས་དེ་དག་གིས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་བདག་ཅག་གྱི་ན་དེ་བཞིན་དུ་སྐྱེད་མོས་ཚལ་དུ་དོང་སྟེ་ཅི་རུང་། འཇུད་མཐུན་མ་འགའ་ཞིག་བཀྲིའོ། །དེ་ལྟར་བྱའོ། །གང་བཀྲི། ས་འཛིན་མའོ། །མ་ཉེས་སོ་ཞེས་དེ་དག་གིས་ས་འཛིན་མ་ཨུཏྤ་ལའི་མདོག་ཀཱརྵཱ་པ་ཎ་ལྔ་བརྒྱས་གླས་ཏེ་སྐྱེད་མོས་ཚལ་དུ་ཁྲིད་དོ། །

དེ་དག་ཟོས་ཤིང་འཐུངས་ནས་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོས་ཨུཏྤ་ལའི་མདོག་གདུལ་བའི་དུས་ཤེས་ནས་དེ་དག་དང་ཧ་ཅང་ཐག་མི་རིང་བ་ན་ཤིང་ལྗོན་པ་ཞིག་གི་དྲུང་ན་འཆག་ཅིང་འདུག་གོ །དེ་ན་དགེ་འདུན་གཅིག་གིས་སྨྲས་པ། འཕགས་པ་མོོད་གལ་གྱི་བུ་ཆེན་པོ་འདི་ནི་ཉོན་མོངས་པའི་འཆིང་བ་འདི་ལྟ་བུ་ལས་གྲོལ་བ་ཡིན་གྱི་བདག་ཅག་ནི་འདོད་པའི་འདམ་དུ་བྱིང་བ་ཡིན་ནོ། །ཨུཏྤ་ལའི་མདོག་གིས་སྨྲས་པ། བདག་གིས་ཡངས་པ་ཅན་དུ་སྤོས་འཚོང་གི་ཁྱེའུ་མི་སྡུག་པ་ཐོབ་པ་རྗེས་སུ་འཇུག་པར་བྱས་སོ། །དགེ་འདུན་དེས་སྨྲས་པ། སྨྲས་པ་དེའི་དོན་ཅི་འདི་ཡང་རྗེས་སུ་འཇུག་པར་བྱེད་འདོད་དམ། དེས་སྨྲས་པ། ཅི་འདི་སྐྱེས་པ་སྐྱེས་པའི་དབང་པོ་དང་ལྡན་པ་ཡིན་ནམ། འདི་སྐྱེས་པ་སྐྱེས་པའི་དབང་པོ་དང་ལྡན་པ་ཡིན་ནོ། །ཁོ་མོས་གལ་ཏེ་འདི་རྗེས་སུ་འཇུག་པར་བྱན་ཁྱེད་ལ་ཅི་དབབ། ཀཱརྵཱ་པ་ཎ་ལྔ་བརྒྱའོ། །གལ་ཏེ་ཁྱོད་ཀྱིས་འདི་རྗེས་སུ་འཇུག་པར་མ་ནུས་ན་ཁྱོད་ལ་ཅི་དབབ། ཁྱོད་གཅིག་པུའི་ཆུང་མ་ཁུད་པའོ། མ་ཉེས་ཀྱིས་དེ་ལྟར་གྱིས་ཤིག །ཨུཏྤ་ལའི་མདོག་གིས་ཁས་བླངས་ནས་དེ་ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བུད་མེད་ཀྱི་གཡོ་དག་དང་། བུད་མེད་ཀྱི་གྱ་གྱུ་དག་དང་། བུད་མེད་ཀྱི་ཡ་ཡོ་དག་དང་། བུད་མེད་ཀྱི་སྒྱུ་གང་དག་ཡིན་པ་དེ་དག་ཉེ་བར་བསྟན་པར་བརྩམས་པ་དང་། ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོ་དབང་པོ་དག་ཕབ་སྟེ་འདུག་གོ །

དེས་བསམས་པ། བུད་མེད་ཀྱི་ཡུལ་གྱི་རིག་པ་ནི་དུག་ཡིན་པས་བདག་གིས་འཁྱུད་ན་འདི་བདག་གི་དབང་དུ་འགྱུར་རོ་སྙམ་ནས། དེས་འཁྱུད་པར་བརྩམས་པ་དང་། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་ཚིགས་སུ་བཅད་པ་དག་སྨྲས་པ། རུས་པའི་འཁྲུལ་འཁོར་སྤྱིལ་བུ་ལ། །ཆུ་བས་ཡོངས་སུ་དཀྲིས་གྱུར་ཅིང་། །མི་གཙང་རུལ་བ་དྲི་ང་བ། །གཞན་ལ་སྟེན་ཅིང་བདག་གིར་བྱེད། །བཙོག་པས་གང་བའི་རྐྱལ་པ་ཁྱོད། །གསོང་ལྡོང་ཕོལ་མིག་ངལ་སྐྱེན་ལྡན། །རྒྱུན་ལམ་དགུ་ནས་རྟག་ཏུ་ནི། །མི་གཙང་རབ་ཏུ་འཛག་པ་ཡིན། །ཇི་ལྟར་ཁོ་བོས་ཁྱོད་ཤེས་ལྟར། །སྐྱེ་བོས་ཁྱོད་ནི་ཤེས་གྱུར་ན། །དབྱར་དུས་ཕྱི་སའི་གནས་གཞིན་དུ། །ཐག་རིང་རྣམ་བར་སྤོང་བར་འགྱུར། །གང་ཕྱིར་བྱིས་པ་གཏི་མུག་གིས། །མུན་པས་བསྒྲིབས་པས་མི་ཤེས་པ། །དེ་ཕྱིར་རྫབ་ལ་གླང་རྒན་བཞིན། །དེ་དག་ཁྱོད་ལ་ཆགས་པར་བྱེད། །ཨུཏྤ་ལའི་མདོག་གིས་ཀྱང་ཚིགས་སུ་བཅད་པ་དག་སྨྲས་པ། བསྐལ་པ་ཆེན་པོ་དེ་ལྟ་ལགས། །འཕགས་པས་ཇི་སྐད་གསུངས་པ་བཞིན། །རུས་པའི་འཁྲུལ་འཁོར་སྤྱིལ་བུ་ལ། །ཆུ་བས་ཡོངས་སུ་དཀྲིས་གྱུར་ཅིང་། །མི་གཙང་རུས་པ་དྲི་ང་བ། །གཞན་ལ་སྟེན་ཅིང་བདག་གིར་བགྱིད། །བཙིག་པས་བལྟམ་པའི་རྐྱལ་པ་བདག །གསོང་ལྡོང་ཕོལ་མིག་ངལ་སྐྱེན་ལྡན། །རྒྱུན་ལམ་དགུ་ནས་རྟག་ཏུ་ནི། །མི་གཙང་རབ་ཏུ་འཛག་པ་ལགས། །ཇི་ལྟར་འཕགས་པས་བདག་མཁྱེན་ལྟར། །སྐྱེ་བོས་བདག་ནི་འཚལ་གྱུར་ན། །དབྱར་དུས་སླད་སའི་གནས་བཞིན་དུ། །ཐག་རིང་རྣམ་པར་སྤོང་བར་འགྱུར། །གང་ཕྱིར་བྱིས་པ་གཏི་མུག་གི །མུན་པས་བསྒྲིབས་པས་མ་འཚལ་བ། །དེ་ཕྱིར་རྫབ་ལ་གླང་རྒན་བཞིན། །དེ་དག་བདག་ལ་ཆགས་པར་བགྱིད། །སྐལ་པ་ཆེན་པོ་མར་གཤེགས་ཏེ། །འཕགས་པ་ཆོས་ནི་བསྟན་དུ་གསོལ། །ཤེས་རབ་མཆོག་གི་བསྟན་པ་ལ། །བདག་གིས་ཁྱོད་ཀྱི་ཉན་ཐོས་བགྱི། །

དེ་ནས་ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོ་སྟེང་གི་ནམ་མཁའི་དཀྱིལ་ནས་བབས་ནས་དེས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས། འདི་ལྟར་ཨུཏྤ་ལའི་མདོག་གིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་བྱས་སོ། །དེས་བདེན་པ་མཐོང་ནས་སྨྲས་པ། འཕགས་པ་བདག་གིས་དགེ་བའི་བཤེས་གཉེན་འཕགས་པ་ལ་བརྟེན་ནས་འཕགས་པས་བདག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་མཛའ་བཤེས་དང་རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། །ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། །རུས་པའི་རི་དག་ལས་ནི་བསྒྲལ། །ངན་སོང་གི་སྒོ་དག་ནི་བཀུམ། །མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། །སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་ནས་ནི་རྐང་བ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། འཕགས་པ་བདག་ནི་མངོན་པར་ཞུགས་པ་ལགས་སོ། །

འཕགས་པ་བདག་ནི་མངོན་པར་ཞུགས་པ་ལགས་ཏེ། འཕགས་པ་བདག་བཅོམ་ལྡན་འདས་དང་། ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། བདག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ནས་ཇི་སྲིད་དུ་འཚོའི་བར་དུ་གློ་བ་ཐག་པ་ནས་རབ་ཏུ་དང་བས་སྐྱབས་སུ་མཆིའོ། །དེ་ནས་རིགས་ཀྱི་བུ་མོ་ཨུཏྤ་ལའི་མདོག་གིས་ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། བཙུན་པ་མོོད་གལ་གྱི་བུ་ཆེན་པོ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བརྙེན་པ་དགེ་སློང་མའི་དངོས་པོ་འཐོབ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱད་པ་སྤྱོད་དོ། །དེས་སྨྲས་པ། སྲིང་མོ་སོང་ལ་ཁྱིམ་ཐབ་དག་ལ་གསོལ་ཅིག །དེ་དེ་དག་གི་གན་དུ་སོང་སྟེ་སྨྲས་པ། རྗེའི་སྲས་དག་བདག་རབ་ཏུ་འབྱུང་བར་ཅི་གནང་། དེ་དག་གིས་སྨྲས་པ། ས་འཛིན་མ་ཅིའི་ཕྱིར་ཁོ་བོ་ཅག་ལ་ཅོ་འདྲི་བར་བྱེད། དེས་སྨྲས་པ། མད་པར་རབ་ཏུ་འབྱུང་སྟེ་ཅོ་འདྲི་བར་མི་བགྱིད་དོ། །དེ་དག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་རབ་ཏུ་བྱུང་ཤིག །དེ་དེ་དག་གིས་གནང་ནས་ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོ་ག་ལ་བ་དེར་སོང་བ་དང་། དེས་དེ་ཁྲིད་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོོད་གལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཨུཏྤ་ལའི་མདོག་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་མའི་དངོས་པོ་འཚལ་ལོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཉེས་ཀྱིས་རབ་ཏུ་འབྱུང་བ་ལེགས་སོ་ཞེས་བཀའ་སྩལ་ནས། རང་ཉིད་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ཕྲིན་ཡིག་བྲི་བར་བརྩམས་སོ། །བཅོམ་ལྡན་འདས་ཕྲིན་ཡིག་མཛད་པ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་འོངས་ཏེ་གསོལ་པ། བཅོམ་ལྡན་འདས་འཇུད་མཐུན་མ་འདི་ཅིའི་སླད་དུ་འདིར་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་སྐད་མ་ཟེར་ཅིག །ཁྱོད་ཀྱི་ཆོས་ཀྱི་སྲིང་མོ་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་མའི་དངོས་པོ་འདོད་དོ། །བཅོམ་ལྡན་འདས་གང་དུ་ཕྲིན་ཡིག་མཛད། རྒྱལ་པོ་ཆེན་པོ་མཉན་ཡོད་དུ་སྐྱེ་དགུའི་བདག་མོ་ཆེན་མོ་ལའོ། །

བཅོམ་ལྡན་འདས་བདག་གིས་ཀྱང་འདི་ལ་བསེལ་བ་སྩལ་བར་བགྱིའོ། །རྒྱལ་པོ་ཆེན་པོ་མ་ཉེས་སོ། རྒྱལ་པོས་དེའི་བསིལ་བ་བསྐོས་སོ། །ཨུཏྤ་ལའི་མདོག་གིས་ཕྲིན་ཡིག་མནོས་ཏེ་མཉན་ཡོད་དུ་སོང་བ་དང་། སྐྱེ་དགུའི་བདག་མོ་ཆེན་མོ་གོོ་ཏ་མཱིས་དེ་རབ་ཏུ་བྱུང་རྫོགས་པར་བསྙེན་པར་བྱས་ཏེ། གདམས་ངག་བྱིན་ནས་དེ་གཅིག་ཏུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ། བདག་ཉིད་བཏང་བར་གནས་པ་ན་འཁོར་བའི་འཁོར་ལོ་ཆ་ལྔ་པ་གཡོ་བ་དང་མི་གཡོ་བ་འདི་ཉིད་རིག་སྟེ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་རིགས་ཀྱི་བུ་མོ་དག་གང་གི་ཕྱིར་སྐྲ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །

ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་དགྲ་བཅོམ་པ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙནྡན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། དགེ་སློང་མ་ཨུཏྤ་ལའི་མདོག་འདི་མཆོག་ཡིན་ནོ། །

དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཨུཏྤ་ལའི་མདོག་གིས་ལས་ཅི་ཞིག་བགྱིས་ན་དེས་མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེའུ་འབྲུའི་མདོག་འདྲ་བར་གྱུར། ལས་ཅི་ཞིག་བགྱིས་ན་དེས་སྐྱེས་པ་དག་གིས་ཕོངས་པ་མ་མཆིས་པར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས། ལས་ཅི་ཞིག་བགྱིས་ན་དེ་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཨུཏྤ་ལའི་མདོག་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་ཨུཏྤ་ལའི་མདོག་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དག་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། ཆུད་མི་ཟ་བའང་ཚོགས་དང་དུས། རྙེད་ན་ལུས་ཅན་རྣམས་ལ་ནི། འབྲས་བུ་དག་ཏུ་འགྱུར་བ་ཉིད། དགེ་སློང་དག་སྔོན་བྱུང་བ་རི་བྲག་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་ངོ་། །

དེའི་ཆུང་མ་གོས་དང་ཟས་བཟང་བས་ཉོན་མོངས་པ་དག་གིས་གནོད་པར་གྱུར་ནས་དེ་དང་ཧ་ཅང་ཐག་མི་རིང་བ་ན་འཇུད་མཐུན་མའི་ཁྱིམ་ཞིག་འདུག་པ་དེར་སྐྱེས་པ་གཞན་དག་ཅིང་གཞན་དག་འབྱུང་བ་མཐོང་ནས་དེས་བསམས་པ། བུད་མེད་འདི་ནི་བསོད་ནམས་བྱས་པ་ཡིན་པས་འདི་སྐྱེས་པ་དག་གིས་ཕོངས་པ་མེད་པ་ཡིན་ན། བདག་ཀྱང་གང་གིས་སྐྱེས་པ་དག་གིས་ཕོངས་པ་མེད་པར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད་སྙམ་ནས་དེ་དེ་ལྟར་སེམས་པ་ན། དེར་གཅེར་བུ་པའི་ཉན་ཐོས་མ་ཞིག་འོངས་ནས་དེས་དེ་ལ་སྨྲས་པ། ཕུ་ནུ་མོ་གང་གིས་གང་སེམས་པ་དང་གང་སྒྲུབ་པ་དེ་ཐམས་ཅད་འགྲུབ་པར་འགྱུར་བ་དེ་ལྟ་བུའི་ཐབས་ཅི་ཡོད། དེས་སྨྲས་པ། ཕུ་ནུ་མོ་ཁོ་མོའི་མིང་པོ་རབ་ཏུ་བྱུང་བ་བརྟུལ་ཞུགས་གྲུབ་པ་བདག་ཉིད་ཆེན་པོ་ཞིག་ཡོད་པ་དེ་ལ་ཟན་བྱིན་ལ་སྨོན་ལམ་ཐོབ་ཅིག་དང་། ཁྱོད་གང་སེམས་པ་དང་གང་གྲུབ་པ་དེ་ཐམས་ཅད་གྲུབ་པར་འགྱུར་རོ། །དེས་སྨྲས་པ། ཕུ་ནུ་མོ་གལ་ཏེ་དེ་ལྟ་ན་སོང་ལ་བདག་ཉིད་ཆེན་པོ་དེ་ཁོ་མོའི་ཁྱིམ་དུ་ཟན་ལ་བོས་ཤིག །དེས་དེ་ཟན་ལ་བོས་སོ། །ཁྱིམ་བདག་གི་ཆུང་མ་དེས་ཀྱང་ཟན་སྦྱར་ཅིང་། ཨུཏྤ་ལ་དག་གིས་ལག་པ་སྟ་གོན་བྱས་སོ། །གཅེར་བུ་པ་དག་ནི་དུས་སུ་ཡང་ཟན་ཟ་ལ། དུས་མ་ཡིན་པར་ཡང་ཟ་བས་དེ་ཡུན་རིང་ཞིག་ཐོགས་སོ། །སངས་རྒྱས་རྣམས་འབྱུང་བ་མེད་པའི་ཚེ། རང་སངས་རྒྱས་དམན་པ་དང་བཀྲེན་པ་ལ་རྗེས་སུ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། བསེ་རུ་ལྟ་བུ་གཅིག་པུ་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་དག་འཇིག་རྟེན་དུ་བྱུང་ངོ་། །

ཇི་ཙམ་ན་རང་སངས་རྒྱས་ཤིག་ལྗོངས་རྒྱུ་བ་ན་རི་བྲག་དེར་ཕྱིན་ནས་དེ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་པ་དང་། ཁྱིམ་བདག་གི་ཆུང་མ་དེས་ལུས་མཛེས་པ། སེམས་མཛེས་པ་དེ་མཐོང་ནས་དེས་བསམས་པ། འདི་ནི་བརྟུལ་ཞུགས་གྲུབ་པ། བདག་ཉིད་ཆེན་པོ་དེ་ཡིན་གྱིས་ཟན་སྦྱིན་ནོ་སྙམ་ནས། དེས་དེ་ཟས་བསོད་པས་ཚིམ་པར་བྱས་ཤིང་དེ་ལ་ཨུཏྤ་ལ་དག་གིས་ཀྱང་མཆོད་པ་བྱས་སོ། །བདག་ཉིད་ཆེན་པོ་དེ་དག་ནི་ལུས་ཀྱིས་ཆོས་སྟོན་གྱི་ཚིག་གིས་ཆོས་མི་སྟོན་པས་རང་སངས་རྒྱས་དེ་ཟས་ཀྱི་བྱ་བ་བྱས་ནས། དེ་ལ་སྙིང་བརྩེ་བའི་ཕྱིར་ངང་པའི་རྒྱས་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱ་བར་བརྩམས་སོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་ལ་མྱུར་དུ་སེམས་གཏོད་པར་བྱེད་པ་ཡིན་པས་ཁྱིམ་བདག་གི་ཆུང་མ་དེས་གུས་པར་བསྒྲིམ་པ་དང་བཅས་པས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་སྐྱེས་པ་དག་གིས་ཕོངས་པ་མེད་པར་འགྱུར་ཞིང་འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །

དགེ་སློང་དག་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་ནི་ཨུཏྤ་ལའི་མདོག་འདི་ཡིན་ཏེ། འདིས་རང་སངས་རྒྱས་ལ་ཟན་བྱིན་ཏེ་ཨུཏྤ་ལ་དག་གིས་མཆོད་པ་བྱས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་ནི་ད་ལྟར་མིག་ཨུཏྤ་ལ་འདྲ་བ། ཨུཏྤ་ལའི་དྲི་དང་ལྡན་པ། ཨུཏྤ་ལའི་ཟེའུ་འབྲུའི་མདོག་འདྲ་བར་གྱུར་ཏོ། །བདག་གིས་ཡོན་གནས་ཡང་དག་པར་གྱུར་པ་འདི་ལྟ་བུ་ལ་མཆོད་པ་བྱས་པ་གང་ཡིན་པའི་དགེ་བའི་རྩ་བ་འདིས་བདག་སྐྱེས་པ་དག་གིས་ཕོངས་པ་མེད་པར་འགྱུར་ཞིང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་ཐུགས་བྱུང་བར་མི་བྱེད་པའི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེས་ནི་སྐྱེས་པ་དག་གིས་ཕོངས་པ་མེད་པར་གྱུར་ཅིང་། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཤིང་། འདིས་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་གང་ཡིན་པ་དེ་ནི་སྨོན་ལམ་གྱི་དབང་གིས་ཏེ་གང་དུ་སྨོན་ལམ་བཏབ་ཅེ་ན། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་ཆེན་པོ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེ་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེའི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་མ་གང་གིས་དེ་རབ་ཏུ་བྱུང་བའི་དགེ་སློང་མ་དེ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །

དེ་ན་འདིས་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ནས། དེའི་འོག་ཏུ་འཆི་བའི་ཚེ་སྨོན་ལམ་འདི་སྐད་ཅེས་བདག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་གནས་བླ་ན་མེད་པ་འོད་སྲུང་ལ་ཚེ་ཇི་སྲིད་པར་ཚངས་པར་སྤྱོད་པ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་སྟེ། བདག་གིས་ཚེ་ཇི་སྲིད་བར་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་ཅིང་ཇི་ལྟར་མཁན་མོ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་ཉན་ཐོས་མ་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །།

སྟོན་པས་རྫུ་འཕྲུལ་གྱིས་བུ་མོ་ཨུད་པ་ལའི་ལང་ཚོའི་ཁེངས་པ་བཅོམ་ནས་ཐར་ལམ་ལ་བཀོད་ཚུལ། རྟོགས་བརྒྱ་པ་ལས་བཏུས།

ཨུད་པ་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམ་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་རྟེན་ཅིང་བཞུགས་སོ། །

དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཀླུའི་རྒྱལ་པོ་རི་བོ་དང་ཡིད་འོང་གཉིས་ཕྲད་པ་ཞེས་བྱ་བའི་དུས་སྟོན་བྱུང་སྟེ། དེར་གྲོང་ཁྱེར་ཆེན་པོ་དྲུག་པོ་ཐམས་ཅད་ནས་སྐྱེ་བོ་མང་པོ་འདུའོ། །དེ་ནས་རེ་ཞིག་ན་ལྷོ་ཕྱོགས་ནས། ཟློས་གར་མཁན་གྱི་སློབ་དཔོན་ཞིག་འོངས་པ་དེའི་བུ་མོ་ཨུད་པ་ལ་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ལང་ཚོ་དང་ནད་མེད་པའི་རྒྱགས་པས་དྲེགས་པ་ཞིག་ཡོད་དེ། དེ་གང་གི་ཚེ་ལྟད༌མོ་བའི་ནང་དུ༌འོང་བ་དེའི་ཚེ། ལྟད་མོ་བ་ཐམས་ཅད་ཀྱིས་ཡིད་སྨོན་བྱེད་ཅིང་ལྟ་བར་བྱེད་དེ། གང་སོ་སོར་རྟོག་པའི་ཤས་ཆུང་བ་དེ་དག་གིའང་ཡིད་འཕྲོག་པར་བྱེད་དོ། །དེར་གང་གི་ཚེ་དུས་སྟོན་བྱུང་བ་དེའི་ཚེ་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་ཀྱང་འོང་ངོ་། །དེ་ནས་བུ་མོ་ཨུད་པ་ལས་སྐྱེ་བོ་མང་པོ་ལ་སྨྲས་པ། ཀྱེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་མིར་གྱུར་པའི་ནང་ན་བདག་དང་བྱད་གཟུགས་ཀྱིས་མཉམ་པའམ། ཁྱད་པར་དུ་འཕགས་པ་དེ་ལྟ༌བུ་འགའ་ལྟ་ཡོད་དམ། སྐྱེ་བོ་མང་པོས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་འཁོར་དང་བཅས་པ་ཡོད་དོ། །ཨུད་པ་ལས་སྨྲས་པ། ཅི་དེ་མི་ཡིན་ནམ་འོན་ཏེ་ལྷ་ཡིན། སྐྱེ་བོ་མང་པོས་སྨྲས་པ། མི་ནི་ཡིན་མོད་ཀྱི། དེ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ། །

དེ་ནས་ཚིག་དེ་ཐོས་ནས་ཨུད་པ་ལ་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་། །སོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། གར་བྱེད་ཅིང་གླུ་ལེན་ལ་རོལ་མོ་བྱེད་དོ། །བུད་མེད་ཀྱི་མཚན་མ་རྣམས་དང་། བུད་མེད་ཀྱི་རྟགས་རྣམས་དང་། བུད་མེད་ཀྱི་བརྡ་རྣམས་དང་། བུད་མེད་ཀྱི་རྩེད་མོ་རྣམས་ཀྱང་སྟོན་པར་བྱེད་དོ། །དེར་དགེ་སློང་འདོད་ཆགས་དང་མ་བྲལ་བ་གང་ཡིན་པ་དེ་དག་ནི་དེས་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་འདོད་ཆགས་ཀྱི་ཤས་ཆེ༌བའི་རྣམས་གདུལ་བ་དང་ཨུད་པ་ལའི་བྱད་གཟུགས་དང་ལང་ཚོས་རྒྱགས་པ་བསལ་བའི་ཕྱིར་རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་གིས་ཨུད་པ་ལ་རྒས་ཤིང་འཁོགས་པ་ལ་མགོ་སྐྱ་བ་དང་སོ་སྟོ་ཞིང་ཕྱམ་དགུ་བོ་ལྟར་སྒུར་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །དེ་ནས་དེ་ལྟར་སྤྲུལ་པའི་མོད་ལ་ཨུད་པ་ལས་བདག་ཉིད་མི་སྡུག་པར་མཐོང་ནས་བྱད་གཟུགས་དང་ལང་ཚོས་རྒྱགས་པ་དེ་མེད་པར་གྱུར་ཏོ། །དགེ་སློང་འདོད་ཆགས་ཀྱི་ཤས་ཆེ་བ་རྣམས་ཀྱང་སྐྱོ་བར་གྱུར་ཏོ། །

དེ་ནས་ཨུད་པ་ལ་རྒྱགས་པ་མེད་པར་གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག༌འཚལ་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀྱིས་བདག་ཅི་ནས་རྣག་ཅན་གྱི་ལུས་འདི་ལས་ཚེགས་ཆུང་ངུས་ཡོངས་སུ་གྲོལ་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཨུད་པ་ལ་དང་དགེ་སློང་འདོད་ཆགས་དང་མ་བྲལ་བ་དེ་དག་གི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས། འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁ་ཅིག་གིས་ནི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །

ཨུད་པ་ལ་ཡང་དད་པ་རྙེད་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ༌མཉམ་པའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ༌སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ་དང་། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད༌ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །

ཟློས་གར་མཁན་དེ་དག་གིས་ཀྱང་སྐྱོ་བར་གྱུར་པ་དེ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཟློས་གར་མཁན་གྱི་བུ་མོ་ཨུད་པ་ལ་བྱད་གཟུགས་དང་ལང་ཚོས་རྒྱགས་པ་ལས་རྒ་བས་སྐྱོ་བར་མཛད་ནས། གཞའ་གསང་གི་མཐར་ཐུག་པ་མྱ་ངན་ལས་འདས་པའི་བར་དག་ཏུ་བཞག་པ་ནི་ངོ་མཚར་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཡེ་ཤེས་དང་ཤེས་བྱ་ཐམས་ཅད་ལ་དབང་ཐོབ་ཟིན་པའི་ཚེ། བུ་མོ་ཨུད་པ་ལ་བྱད་གཟུགས་དང་། ལང་ཚོའི་རྒྱགས་པས་དྲེགས་པ་ལས་རྒ་བས་སྐྱོ་བར་བྱས་ནས། གཞའ་གསང་གི་མཐར་ཐུག་པ་མྱ་ངན་ལས་འདས་པའི་བར་དུ་བཞག་པ་འདི་ལྟ་ལ་ངོ་མཚར་ཆེ་བ་ཅི་ཡོད་དེ། འདས་པའི་དུས་ན་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བ་ན་ཡང་ངས་བུ་མོ་ཨུད་པ་ལ་རྒ་བས་སྐྱོ་བར་བྱས་ནས། བརྟུལ་ཞུགས་ཀྱི་གནས་ལྔ་ལ་བཞག་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །

དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར༌བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་རྐུན་དང་། མུ་གེ་དང་། ནད་རྣམས་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེ་ནས་རེ་ཞིག་ན་རྒྱལ་པོ་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་བཙུན་མོ་ལ་བུ་ཆགས་ནས། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་མདོག་བཟང་བ། གསེར་གྱི་ཁ་དོག་ཅན་མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་ནས་དེ་བཙས་པའི་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་ཉེ་དུ་རྣམས་ན་རེ་འདིའི་ཡབ་ཡུལ་ཀ་ཤིའི་རྒྱལ་པོ་ཡིན་ལ། འདི་ཡང་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ཀ་ཤི་མཛེས་ལྡན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་ཀ་ཤི་མཛེས་ལྡན༌པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་།

དྲི་མ༌འཁྲུ་བའི་མ་མ་གཉིས་དང་། རྩེ་བའི་མ་མ་གཉིས་ཏེ། མ་མ་བརྒྱད་ལ་གཏད་ནས། དེ་མ་མ་བརྒྱད་ཀྱིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་།

མར་གྱི་ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་ཁྱད་པར་བཟང་ངོ་ཅོག་གིས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པད་མ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །

དེ་ནས་གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་རྒྱལ་ཚབ་ཏུ་དབང་བསྐུར་ཏོ། །དེ་ནས་དེས་རྒྱལ་པོ་བྱེད་པ་ན། ཉེས་པ་དུ་མ་དང་ལྡན་ཞིང་གནོད་པ་དུ་མའི་རྩ་བ་ཡིན་པར་རིག་ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ་། །དེ་ཡང་གངས་ཀྱི་སུལ་ཞིག་ན་གནས་ཏེ། འབྲས་བུ་དང་། རྩ་བ་དང་། ཆུས་འཚོ་ཞིང་རི་དྭགས་ཀྱི་གཡང་གཞི་དང་ཤིང་ཤུན་གྱོན་ལ་མེའི་སྦྱིན་སྲེག་བྱེད་དོ། །ཕྱིས་རེ་ཞིག་ན་འབྲས་བུ་དང་རྩ་བའི་ཕྱིར་རིའི་སུལ་ཞིག་ཏུ་སོང་བ་དང་། རེ་ཞིག་ན་དེར་མི་འམ་ཅིའི་བུ་མོ་ཞིག་གིས་དྲང་སྲོང་གཞོན་ནུ་དེ་མཐོང་ནས་ཆགས་པར་གྱུར་ཏེ། གར་བྱེད་ཅིང་གླུ་ལེན་ལ་རོལ་མོ་བྱེད་དོ། །བུད་མེད་ཀྱི་མཚན་མ་རྣམས་དང་། བུད་མེད་ཀྱི་རྟགས་རྣམས་དང་། བུད་མེད་ཀྱི་བརྡ་རྣམས་དང་། བུད་མེད་ཀྱི་རྩེད་མོ་རྣམས་ཀྱང་སྟོན་པར་བྱེད་དོ། །

དེ་ནས་རེ་ཞིག་ན་དྲང་སྲོང་ཀ་ཤི་མཛེས་ལྡན་གྱིས་བུ་མོ་དེ་ལ་ཆོས་བཤད་དེ་ཆེ་ཞེ་ཁྱོད་རྒས་ཏེ། ཁྱོད་ཀྱི་ང་རོ་དང་པོ་ནི་སྙན་ཅིང་མཉེན་ལ༌མཇུག་ནི་ར་ར་པོར་གྱུར་ཏོ་ཞེས་བྱས་སོ། །དེ་ནས་དེས་ཆོས་དེ་ལྟ་བུ་བསྟན་ཏེ། དེ་ཐོས་ནས་མི་འམ་ཅིའི་བུ་མོའི་བྱད་གཟུགས་ཀྱིས་རྒྱགས་པ་མེད་པར་གྱུར་ཏོ། །དེ་ནས་དེ་དད་པ་སྐྱེས་ནས་སྨོན་ལམ་བཏབ་པ། གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། བདག་ཁྱོད་ཀྱི་སློབ་མར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་གཞོན་ནུར་གྱུར་པ་གང་ཡིན་པ་དེ་ནི་ང་ཡིན་ནོ། །མི་འམ་ཅིའི་བུ་མོ་དེ་ནི་ཨུད་པ་ལ་འདི་ཉིད་ཡིན་ནོ། །

དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ་བཙུན་པ་ཨུད་པ་ལས་ལས་གང་དག་བགྱིས་ན་དེས་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པར་གྱུར་ལགས། ལས་གང་དག་བགྱིས་ན་དེས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཨུད་པ་ལ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་བྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཨུད་པ་ལ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ༌རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་ལས་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །

ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ༌གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་རྒྱལ་པོའི་ཕོ་བྲང་མཛེས་ལྡན་ན་རྟེན་ཅིང་བཞུགས་སོ། །

དེ་ནས་རེ་ཞིག་ན་ལྷོ་ཕྱོགས་ནས་ཟློས་གར་མཁན་གྱི་སློབ་དཔོན་ཞིག་འོངས་སོ། །དེར་གང་གི་ཚེ་རྒྱལ་པོ་མཛེས་པ། བཅོམ་ལྡན་འདས་ཀྱིས་བདེན་པ་མཐོང་བར་མཛད་པ་དེའི་ཚེ། ཟློས་གར་མཁན་གྱི་སློབ་དཔོན་ལ་བསྒོ་བ། ངའི་མདུན་དུ་སངས་རྒྱས་ཀྱི་ཟློས་གར་གྱི་གར་ཐབས་གྱིས་ཤིག་ཅེས་བྱས་ནས། དེ་དག་གིས་རྒྱལ༌པོ་དེའི་བཀའ་སྤྱི་བོས་མནོས་ཏེ། ལྷ་བཀའ་བཞིན་འཚལ་ལོ་ཞེས་བྱས་སོ། །དེ་ནས་སངས་རྒྱས་ཀྱི་ཟློས་གར་སྦྱར་ཏེ་ལེགས་པར་སྦྱངས་ནས།

རྒྱལ་པོའི་བློན་པོའི་ཚོགས་དང་བཅས་པའི་མདུན་དུ་ཟློས་གར་གྱི་གར་ཐབས་བྱས་སོ། །

དེ་ནས་དེར་ཟློས་གར་མཁན་གྱི༌གར་གྱི་སློབ་དཔོན་ཉིད་ནི། སངས་རྒྱས་ཀྱི་ཆ་ལུགས་ཀྱིས་ནང་དུ་འོངས་སོ། །ཟློས་གར་མཁན་གཞན་རྣམས་ནི་དགེ་སློང་གི་ཆ་ལུགས་ཀྱིས་ནང་དུ་འོངས་སོ། །དེ་ནས་རྒྱལ་པོ་དགའ་ཞིང་མགུ་ལ་རབ་ཏུ་དགའ་ནས། ཟློས་གར་མཁན་གྱི་སློབ་དཔོན་ལ་སོགས་པ་ཟློས་གར་མཁན་གྱི་ཚོགས་རྣམས་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནོ། །དེ་ནས་དེ་དག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས། སྦྱིན་པ་དང་། རབ་ཏུ་སྦྱིན་པ་དག་བྱིན་ནས་ཡང་དག་པའི་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་དང་སེམས་བསྐྱེད་པ་དང་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་ན། བདག་ཅག་ཀྱང་མ་འོངས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཟློས་གར་མཁན་གང་ཡིན་པ་དེ་དག་ནི་ཨུད་པ་ལ་ལ་སོགས་པ་འདི་དག་ཡིན་ཏེ། འདི་དག་གིས་དེར་སྨོན་ལམ་བཏབ་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །

དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་ངེས་པར་གནག་པ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་གནག་པར་འགྱུར་རོ། །ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་ངེས་པར་དཀར་བར་འགྱུར་རོ། །ལས་འདྲེན་མ་རྣམས་ནི་རྣམ་པར་སྨིན་པ་ཡང༌འདྲེན་མར་འགྱུར་རོ། །དགེ་སློང་དག་དེ་བས་ན། ལས་གཅིག་ཏུ་ངེས་པར་གནག་པ་རྣམས་དང་ལས་འདྲེན་མ་རྣམས་སྤངས་ལ། ལས་གཅིག་ཏུ་ངེས་པར་དཀར་བ་རྣམས་འབའ་ཞིག་ལ་གཏད་པར་བྱ་སྟེ། དགེ་སློང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

དགེ་སློང་མ་ཨུད་པ་ལའི་མདོག་ཅན་གྱིས་རང་གི་ལོ་རྒྱུས་དང་སྦྱར་ནས་ཁྱིམ་ན་གནས་པའི་སྡུག་བསྔལ་རྒྱ་ཆེར་བསྟན་ཏེ་བུད་མེད་ལྔ་བརྒྱ་འབྲས་བུ་ལ་བཀོད་ཚུལ། དྲིན་ལན་བསབ་མདོ་ལས་བཏུས།

དེའི་ཚེ་རྒྱལ་པོ་བཻཌཱུརྱས་ཡུལ་སེར་སྐྱ་ཕབ་ནས་ཤཱཀ་རིགས་ཀྱི་བུ་རྣམས་མེད་པར་བྱས་པའི་འོག་ཏུ་ཤཱཀ་རིགས་ཀྱི་བུ་མོ་བཟང་མོ་ཅི་ལ་ཡང་མཁས་པ་གཞན་བས་ལྷག་པ་ལྔ་བརྒྱ་ཞིག་གདམས་ནས་བུ་མོ་ལྔ་བརྒྱས་བསྐོར་ཏེ། རོལ་མོ་བྱས་ནས་ཕྱིར་བདག་གི་ཡུལ་དུ་འོངས་ཏེ། བཙུན་མོ་དང་སླས་རྣམས་བཅས་སུ་ཕོ་བྲང་དུ་འདུས་ཚོགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །གདན་ལ་འདུག་ནས་བདག་སྐྱིད་དོ་ལེགས་སོ་ཞེས་སྨྲས་སོ། །དེ་ནས་ཤཱཀ་རིགས་ཀྱི་བུ་མོ་རྣམས་ཀྱིས་རྒྱལ་པོ་བཻཌཱུརྱ་ལ་ཁྱོད་ཅིས་སྐྱིད་ཅེས་སྨྲས་སོ། །

རྒྱལ་པོས་སྨྲས་པ། ཁོ་བོ་དགྲ་ལས་རྒྱལ་བས་སྐྱིད་དོ། །བུ་མོ་རྣམས་ཀྱིས་སྨྲས་པ། ཁྱོད་རྒྱལ་བ་མ་ཡིན་ནོ། །ཇི་སྟེ་རྒྱལ་པོའི་དམག་རྣམ་བཞི་ཀུན་ལོག་ན་ཡང་ཤཱཀ་རིགས་ཀྱི་བུ་གཅིག་ལས་མི་ཐུབ་བོ། བདག་ཅག་ཤཱཀ་རིགས་ཀྱི་མི་རྣམས་སངས་རྒྱས་ཀྱི་སློབ་མར་གྱུར་ཏེ། ཅི་ལ་ཡང་བརྟོད་པ་མེད་རྒྱལ་པོ་རྒྱལ་བར་ཟད་དོ། །གལ་ཏེ་ངན་སེམས་བསྐྱེད་ནས་ཁྱོད་སྔ་ཕྱི་ལན་གསུམ་བཞིའི་བར་དུ་ཡུལ་སེར་སྐྱར་དམག་རྣམ་བཞི་དྲངས་པ་ན་རྟག་ཏུ་ཕམ་པར་བྱས་པ་མ་ཡིན་ནམ། ཁྱོད་ཐོག་མ་དམག་དྲངས་པའི་ཚེ་ཤཱཀ་རིགས་ཀྱི་བུ་རྣམས་འདི་སྐད་ཟེར་རོ། །རྒྱལ་པོ་བཻཌཱུརྱ་ཁྲེལ་མེད་པ་དྲིན་མི་ཤེས་པར་གནོད་པ་བྱེད་དུ་འོང་བ་དེ་དང་འགྱེད་པར་གྱུར་ན་མཛངས་ངན་གྱི་བྱེ་བྲག་གང་ཡང་མེད་དཀར་ནག་ཀྱང་མི་མངོན་གྱིས། བདག་ཅག་གིས་སྐྲག་པ་ཙམ་བྱས་ཏེ་ཕྱིར་བཟློག་པའི་ཕྱིར་ཐམས་ཅད་ཀྱིས་འདི་སྐད་ཅེས་དམ་བཅས་སོ། །བདག་ཅག་གིས་མདའ་ཅིག་ཅར་འཕངས་ལ་ཕ་རོལ་ལ་སྨྲས་ཤིང་གནོད་པར་མི་བྱའོ་ཞེས་དམག་རྣམ་བཞི་བཤམས་ནས་རྒྱང་གྲགས་བཞི་བཅུའི་མདུན་དུ་ཁྱོད་ཀྱི་དམག་བསུ་ནས་ཀུན་གྱིས་མདའ་འཕངས་ན་མདའི་རྒྱུན་མ་ཆད་དེ། རྒྱལ་པོ་ཁྱེད་སྐྲག་ནས་ཕྱིར་མ་ལོག་གམ། དེ་ནས་ཡང་ཞག་དགུ་བཅུ་ལོན་པའི་འོག་ཏུ་ཕྱིར་དམག་རྣམ་བཞི་དྲངས་ནས་ཤཱཀ་རིགས་ལ་དྲངས་ཏེ་བརྒལ་བ་ན། དེའི་ཚེ་ཤཱཀ་རིགས་ཀྱི་བུ་རྣམས་འདི་སྐད་ཅེས་བགྲོས་སོ། །

རྒྱལ་པོ་བཻཌཱུརྱ་སྡིག་པ་ཅན་ཁྲེལ་དང་ངོ་ཚ་མི་ཤེས་པ་ད་ཡང་བདག་ཅག་ལ་གནོད་པ་བྱེད་དུ་འོངས་པས་བདག་ཅག་ཤཱཀ་རིགས་རྣམས་ཀྱིས་འདི་ལྟར་དམ་བཅའོ། །དགྲ་དེ་དག་ལ་བདག་གིས་ཅིག་ཅར་མདའ་འཕངས་ལ་དེ་དག་གི་ལུས་ལ་གནོད་པར་མི་འགྱུར་བར་དེའི་ཡ་ལད་ཀྱི་རྒྱུན་ཀུན་བཅད་དེ། ཁྲབ་ཀྱི་ས་ལ་ལྷགས་པར་བྱའོ་ཞེས་དམ་བཅའ་ནས་ཤཱཀ་རིགས་ཀུན་གྱིས་མདའ་འཕངས་ནས་ཁྲབ་ཀྱི་རྒྱུན་ཀུན་བཅད་དེ་སྒྲེན་མོར་བཞག་གོ །

དེ་ནས་རྒྱལ་བུ་ཁྱོད་སྐྲག་ནས་དེ་ནི་བདག་ཅག་གི་སྲོག་ལ་བབ་ན་ཇི་ལྟར་བྱ་ཞེས་བགྲོས་པ་ལས་བློན་པོ་གཅིག་གིས་འདི་སྐད་ཅེས་གྲོས་མ་བཏབ་བམ། ཤཱཀ་རིགས་རྣམས་ནི་སངས་རྒྱས་ཀྱི་སློབ་མ་ཡིན་པས་སྲོག་མི་གཅོད་པའི་ཁྲིམས་བསྲུངས་ཏེ་སྙིང་རྗེ་ཆེ་བས་བདག་ཅག་ལ་གནོད་པ་མ་བྱས་ཀྱི་དེ་ལྟ་མ་ཡིན་ན་བདག་ཅག་གི་ལུས་དང་སྲོག་མེད་པར་འགྱུར་རོ་ཞེས་སྨྲས་ནས་དེ་ལྟར་བདེན་ན་ད་དུང་དུ་བརྒལ་ལོ་ཞེས་སྨྲས་ཏེ། དེའི་ཚེ་ན་ཤཱཀ་རིགས་ཀྱི་བུ་རྣམས་ནི་ལག་པ་མི་འགུལ་བར་སྡོད་དོ། །རྒྱལ་པོ་བཻཌཱུརྱའི་དམག་རྣམ་བཞི་དྲུང་དུ་བསྙེན་ཀྱང་ཤཱཀ་རིགས་ཀྱི་བུ་རྣམས་མི་རྒོལ་བར་སྡོད་དོ། །

དེ་ནས་བྲམ་ཟེ་ཞིག་འདུག་པས་ཤཱཀ་རིགས་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ད་མི་བདེ་བ་བྱུང་བཞིན་དུ་ཅིའི་ཕྱིར་མི་རྒོལ་བར་སྡོད་ཅེས་སྨྲས་པ་དང་། ཤཱཀ་རིགས་རྣམས་ཀྱིས་སྨྲས་པ། བདག་ཅག་ནི་ཅི་ལ་ཡང་བརྟོད་པ་མེད་དེ། གལ་ཏེ་འདི་དང་བརྟོད་པར་གྱུར་ན་སངས་རྒྱས་ཀྱི་སློབ་མར་མི་རུང་ངོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་དེ་དག་གིས་སྨྲས་པ་ལ་མ་རངས་ཏེ། གཅིག་པུ་ཤཱཀ་རིགས་ཀྱི་མདུན་དུ་འཕགས་ནས་རྒྱལ་པོ་བཻཌཱུརྱའི་དམག་ལ་བརྒལ་ཏེ་མདའ་གཅིག་འཕངས་པས་མི་བདུན་བདུན་རྨས་པར་བྱས་པས་རིང་པོ་མི་ཐོགས་པར་རྨས་པ་དང་ཤི་བ་མང་བར་གྱུར་ཏེ། རྒྱལ་བོ་ཁྱོད་དམག་རྣམ་བཞི་དང་ཕྱིར་མ་ལོག་གམ། དམག་ཕྱིར་ལོག་པའི་འོག་ཏུ་ཤཱཀ་རིགས་རྣམས་འདི་སྙམ་དུ་སེམས་པར་གྱུར་ཏོ། །

བདག་ཅག་རྣམས་བྲམ་ཟེ་འདི་དང་ལྷན་ཅིག་འདུག་ཅིང་འགྲོགས་པའི་མི་རིགས་སོ་སྙམ་བསམས་ནས་ཤཱཀ་རིགས་རྣམས་འདུས་ནས་བྲམ་ཟེ་ཡུལ་དེ་ནས་བསྐྲད་དོ། །བྲམ་ཟེ་དེ་བསྐྲད་པའི་འོག་ཏུ་ཡང་རྒྱལ་པོས་དམག་རྣམ་བཞི་དྲངས་ནས་ཡུལ་སེར་སྐྱ་ཕབ་ནས་རྒྱལ་བར་བྱས་པ་ཡིན་ནོ། །དེ་ནས་རྒྱལ་པོ་བཻཌཱུརྱ་སྐྱེངས་ཏེ་ངོ་ཚ་བར་གྱུར་ཏོ། །དེ་ནས་རིགས་ངན་པའི་ཤན་པ་བཀུག་ན། ཤཱཀ་རིགས་ཀྱི་བུ་མོ་རྣམས་རྐང་པ་དང་ལག་པ་གཏུབས་ལ་སྣ་དང་རྣ་བ་བཅད་དེ་ཤིང་རྟས་བསྐྱས་ནས་དུར་ཁྲོད་དུ་བོར་རོ། །དེའི་ཚེ་ཤཱཀ་རིགས་ཀྱི་བུ་མོ་རྣམས་རྐང་ལག་བཅས་ནས་ས་ལ་འགྲེ་ཞིང་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ནས་སྲོག་ལ་བབ་བོ། །དེའི་ཚེ་ཤཱཀ་རིགས་ཀྱི་བུ་མོ་རྣམས་སྡུག་བསྔལ་གྱིས་གདུངས་པས་ལ་ལ་ནི་ཕ་མ་དང་མིང་པོ་དང་ཕུ་ནུ་མོའི་མིང་ནས་འབོད། ལ་ལ་ནི་གནམ་འབོད། ལ་ལ་ནི་ས་འབོད། ལ་ལ་ནི་རབ་དུ་སྡུག་བསྔལ་བར་འབོད་པར་གྱུར་ཏོ། །

དེའི་ནང་ན་ཤཱཀ་རིགས་ཀྱི་བུ་མོ་མཆོག་ཏུ་གྱུར་པ་གཅིག་གིས་བུ་མོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་འདི་ལྟར་རིག་པར་གྱིས་ཤིག །བདག་གིས་སྔོན་སངས་རྒྱས་ལས་འདི་ལྟར་ཐོས་སོ། །གང་ཞིག་ཕོངས་ཤིང་ཉམ་ཐག་པར་གྱུར་པ་ན་སེམས་རྩེ་གཅིག་ཏུ་སངས་རྒྱས་ཡིད་ལ་བྱས་ཏེ་མཚན་ནས་བརྗོད་ལ་སྲོག་ཕྱོགས་ན་བསམ་པ་བཞིན་དུ་འགྲུབ་ཅིང་བདེ་བར་འགྱུར་རོ་ཞེས་ཐོས་སོ། །དེ་ནས་ཤཱཀ་རིགས་ཀྱི་བུ་མོ་ལྔ་བརྒྱ་རྣམས་སེམས་རྩེ་གཅིག་ཏུ་བཏུད་ནས་མཐུན་པར་སངས་རྒྱས་ཤཱཀྱ་ཐུབ་པ་དགྲ་བཅོམ་པ་ཡང་དག་པར་རྗོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དེ། ཀྱེ་ཧུད་ཀྱེ་ཧུད། ཨེ་མ་རེ་སྡུག །ཨེ་མ་རེ་སྡུག །བཅོམ་ལྡན་འདས་བདེ་བར་གཤེགས་པ་ཞེས་བོས་སོ། །

དེ་སྐད་སྨྲས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་སྟེང་གི་ནམ་མཁའ་ལ་སྙིང་རྗེ་ཆེན་པོའི་སྤྲིན་ཆགས་ཏེ། སྙིང་རྗེ་ཆེན་པོའི་སྤྲིན་ལས་ཆར་པ་བབ་ནས་ཆར་པའི་ཐིགས་པས་བུ་མོའི་ལུས་ལ་ཕོག་གོ །ཆར་པས་ཕོག་མ་ཐག་ཏུ་བུ་མོ་དེ་དག་གི་ལག་པ་དང་། རྐང་པ་ལ་སོགས་པ་ཡན་ལག་ཐམས་ཅད་སྔ་མཁོ་བཞིན་དུ་སོས་པར་གྱུར་ཏོ། །དེའི་ཚེ་ཤཱཀ་རིགས་ཀྱི་བུ་མོ་རྣམས་རབ་ཏུ་དགའ་བར་གྱུར་ནས་ཐམས་ཅད་ཚིག་མཐུན་པར་དེ་བཞིན་གཤེགས་པ་བྱམས་པའི་ཕ་མ་དང་། བླ་ན་མེད་པ་བཅོམ་ལྡན་འདས་ནི་འཇིག་རྟེན་གྱི་སྨན་དམ་པའོ། །འཇིག་རྟེན་གྱི་སྣང་བའི་སྤྱན་ནོ། །ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་བར་མཛད་པའོ། །ཤིན་ཏུ་བདེ་བ་སྦྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་སྡུག་བསྔལ་གྱིས་གདུངས་བ་ལས་ཐར་བར་གྱུར་པས་བདག་ཅག་གིས་སངས་རྒྱས་ཀྱི་བཀའ་དྲིན་དྲན་པར་བྱ་བའི་ཕྱིར་ད་སངས་རྒྱས་ཀྱི་བཀའ་དྲིན་བསབ་པར་བྱ་ན་ཐབས་ཇི་ལྟ་བུ་ཞིག་གིས་བཀའ་དྲིན་བསབ་པར་བྱ། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེའི་སྐུ། རྟག་ཏུ་གནས་པའི་སྐུ། བཀྲེས་པ་དང་སྐོམ་པ་མེད་པའི་སྐུ། གཟུགས་དམ་པའི་སྐུ། བསམ་གཏན་དང་། ཏིང་ངེ་འཛིན་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་བསམ་གྱིས་མི་ཁྱབ་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་ཤིང་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ། །

དགྲ་དང་གཉེན་ལ་ཡང་མཉམ་པར་གཟིགས་ཏེ་ལན་མི་རེ་བ་ཡིན་ན། ད་བདག་ཅག་གིས་སངས་རྒྱས་ཀྱི་བཀའ་དྲིན་བསབ་པར་བྱ་ན། བདག་ཅག་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་བསྲུངས་ལ་དམ་པའི་ཆོས་གཟུང་ངོ་སྙམ་བསམས་ནས། ཆོས་གོས་དང་ལྷུང་བཟེད་བཙལ་ཏེ། དགེ་སློང་མའི་གཙུག་ལག་ཁང་དུ་སོང་ནས་རབ་ཏུ་འབྱུང་བར་གསོལ་ཏེ་དགེ་སློང་མའི་གནས་སུ་ཕྱིན་ནས་དགེ་སློང་མ་དྲུག་སྡེ་དང་སྔར་ཕྲད་པར་གྱུར་ཏེ། དགེ་སློང་མ་དྲུག་སྡེས་བདག་ཅག་ལ་འདི་སྐད་ཅེས་བསྒོའོ། །བུ་མོ་ཁྱོད་རྣམས་གཞོན་ཞིང་ལང་ཚོའི་དུས་ལ་བབ་ལ་བྱད་བཞིན་བཟང་ལ་སྡུག་ན་ཅིའི་ཕྱིར་འདི་ལྟ་བུ་གཏང་དཀའ་བ་གཏོང་བར་སེམས་ཤིང་རབ་ཏུ་འབྱུང་བར་སེམས། དེ་བས་ན་འཇིག་རྟེན་གྱི་འདོད་པ་ལྔ་ལས་ལོངས་སྤྱད་ན་མི་སྐྱིད་དམ། སྐྱིད་པ་མྱོང་ནས་ཚེ་ནར་ཕྱིན་ཏེ་རབ་ཏུ་བྱུང་ན་མི་སླེབས་སམ་ཞེས་བསྒོའོ། །དྲུག་སྡེ་མ་རྣམས་ཀྱི་བསམས་པ། འདི་དག་རབ་ཏུ་མ་བྱུང་ན་གདོད་མི་ཟ་བར་བདག་ཅག་གི་ཆོས་གོས་དང་། ལྷུང་བཟེད་དང་། འདོད་པ་ཐམས་ཅད་དབུལ་བར་འགྱུར་རོ་བསམས་ནས་ཤཱཀ་རིགས་ཀྱི་བུ་མོ་རྣམས་རབ་ཏུ་འབྱུང་བའི་བགེགས་བྱས་སོ། །བུ་མོ་རྣམས་ཀྱིས་ཚིག་དེ་ཐོས་ནས་ལྷག་པར་མི་དགའ་ཞིང་མྱ་ངན་གྱིས་ནོན་པར་གྱུར་ཏེ། ཅིའི་ཕྱིར་ད་དུང་ཡང་འདི་ལྟ་བུའི་འཇིགས་པ་ཆེན་པོ་དང་ཕྲད་པར་འགྱུར། ཁ་ཟས་བཟང་མོའི་ནང་ན་དུག་མ་རུངས་པ་ཡོད་པ་ལྟར་དགེ་སློང་མ་དེ་དག་ཀྱང་དེ་དག་འདྲ་སྟེ། འཇིག་རྟེན་གྱི་འདོད་པ་ལྔ་ནི་འཇིགས་པའི་སྐྱོན་མང་བར་བདག་ཅག་གིས་ཀྱང་ཤེས་ན། ཅིའི་ཕྱིར་འདི་དག་དེ་ལ་ཡོན་ཏན་དུ་ལྟ་སྙམ་བསམས་ནས་སྐད་ཕྱུང་སྟེ་ངུས་སོ། །

དེ་ནས་ཕྱིར་བྱུང་སྟེ་སོང་སོང་བ་ལས་དགེ་སློང་མ་ཨུད་པ་ལའི་མདོག་དང་ཕྲད་དེ། བདག་ཅག་ལ་ཅིའི་ཕྱིར་དུ་ཞེས་དྲིས་སོ། །བདག་ཅག་གིས་དགེ་སློང་མ་ལ་བསམས་པ་ལྟར་མ་གྱུར་པས་ངུ་བ་ཡིན་ནོ་ཞེས་སྨྲས་སོ། །ཨུད་པ་ལའི་མདོག་གིས་སྨྲས་པ། ཁྱེད་ཅིར་བསམས་ན་མ་གྲུབ་པར་གྱུར། བདག་ཅག་གིས་རབ་ཏུ་དབྱུང་བར་གསོལ་བ་ལས་རབ་ཏུ་འབྱུང་དུ་མ་གནང་ངོ་། །ཨུད་པ་ལའི་མདོག་གིས་སྨྲས་པ། ཁྱེད་རབ་ཏུ་འབྱུང་བར་དགའ་ན་ཁོ་བོས་རབ་ཏུ་དབྱུང་ངོ་། །ཤཱཀ་རིགས་ཀྱི་བུ་མོ་རྣམས་རབ་ཏུ་དགའ་ནས་ཨུད་པ་ལའི་མདོག་གི་སློབ་མར་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་ནས་ཐམས་ཅད་འདུས་ཏེ་འདི་སྐད་ཅེས་གཏམ་བྱས་སོ། །བདག་ཅག་རྣམས་རབ་ཏུ་མ་བྱུང་ན་སྡུག་བསྔལ་འགའ་ཙམ་མྱོང་བར་མ་ཟད་དེ། ཕ་མ་དང་གཉེན་བཤེས་ཀྱང་དགྲས་བསད། བདག་ཅག་ཀྱང་སྣ་དང་། རྣ་བ་དང་། རྐང་ལག་ཀུན་བཅད་གཏུབ་ཏེ་སྡུག་བསྔལ་མི་ཟད་མི་སྲིད་པ་མྱོང་ངོ་། །ཨུད་པ་ལའི་མདོག་གིས་སྨྲས་པ། ཁྱོད་ཀྱིས་སྡུག་བསྔལ་དེ་ཙམ་མྱོང་བ་ལ་གཏམ་ཡང་བྱར་ཅི་ཡོད། ཁོ་མོ་རབ་ཏུ་མ་བྱུང་བ་ཙམ་ན་སྡུག་བསྔལ་མྱོང་བའི་གཏམ་དེ་མི་གཏོལ་ཏོ། །ཤཱཀ་རིགས་ཀྱི་བུ་མོ་རྣམས་ཀྱིས་ཐལ་མོ་སྦྱར་ནས་སློབ་དཔོན་མ་ལ་རབ་ཏུ་མ་བྱུང་བའི་ཚེ། སྡུག་བསྔལ་ཇི་ལྟ་བུ་མྱོང་བ་བསྟན་དུ་གསོལ་ཞེས་སྨྲས་སོ། །

དེ་ནས་དགེ་སློང་མ་ཨུད་པ་ལའི་མདོག་ཏིང་ངེ་འཛིན་དུ་ཞུགས་ནས་མངོན་པར་ཤེས་པའི་མཐུས་འོད་ཟེར་ཆེན་པོ་བཀྱེ་སྟེ་འཛམ་བུའི་གླིང་སྣང་བར་བྱས་ནས་ལས་དང་རྒྱུ་མཐུན་པས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་བསྡུས་ནས་འཁོར་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་རབ་ཏུ་མ་བྱུང་བ་ན་ཡུལ་མཉན་དུ་ཡོད་པ་ཅན་ན་འདུག་པ་ན་ཁོ་མོའི་ཕ་མས་བྱང་ཕྱོགས་ན་གནས་པའི་མི་དེ་ལ་བག་མར་བཏང་ངོ་། །བྱང་ཕྱོགས་ཀྱི་མི་དེ་དག་གི་ཡུལ་ཆོས་ཀྱིས་བུ་བཙའ་ཀར་ཕྱིར་ཕ་མའི་ཡུལ་དུ་བཙར་བཏང་སྟེ། དེ་བཞིན་དུ་ལོ་དུ་མར་དེ་ལྟར་སྔ་ཕྱིར་བུ་བཙའ་ནས་ཕྱིས་བུ་ཞིག་བཙའ་བའི་ཚེ་ཁྱིམ་ཐབ་དང་འགྲོགས་ཏེ་བཞོན་པ་རྟ་དང་ཐེག་པར་བཅས་ཏེ་ཕ་མའི་ཡུལ་དུ་སོང་བ་ལས། ལམ་ཕྱེད་དུ་ཕྱིན་པ་ལས་ཆུ་ཀླུང་ཡོད་པ་ཆུ་བྲུག་སྟེ་མ་ཐར་ནས་དེའི་ནུབ་མོ་འབྲོག་དགོན་པའི་ཆུ་འགྲམ་དེར་ཉལ་ལོ། །དེའི་ནུབ་མོ་བུ་བཙས་པ་དང་རྩྭའི་ནང་ནས་སྦྲུལ་གདུག་པ་ཡོད་པ་ཁྲག་གི་དྲི་ཚོར་ནས་བདག་བུ་བཙས་པའི་ཕྱོགས་སུ་འོངས་སོ། །བདག་གི་དྲུང་དུ་མ་ཕྱིན་པར་བདག་གི་ཁྱིམ་ཐབ་དང་བྲན་ཉལ་བའི་སྟེང་དུ་འོངས་ནས་བཙུགས་ཏེ་སྔར་བྲན་བསད་དོ། །དེ་ནས་ཁྱིམ་ཐབ་ཀྱི་ཐོག་ཏུ་འོངས་ནས་བདག་གིས་སྦྲུལ་འོངས་སོ། །སྦྲུལ་འོངས་སོ་ཞེས་ཁྱིམ་ཐབ་ལ་བོས་ན་མ་ཚོར་ཏེ་ཁྱིམ་ཐབ་ཀྱང་བསད་དོ། །དེ་ནས་རྟ་དང་། བ་ལང་དང་། བཞོན་པ་ཀུན་བསད་དོ། །ཁོ་མོ་འབའ་ཞིག་ཐར་ཏེ་ཕྱི་དེ་ཉིན་ནམ་ལངས་ནས་བལྟས་ན་ཁྱིམ་ཐབ་ཀྱི་རོ་ཡང་བམ་ཞིང་། ས་ལ་ཁྲག་བཙོག་བཙོག་ལྟར་འདུག་པ་མཐོང་ནས་ཁོ་མོ་སྐྲག་ལ་འཁུམས་ནས་ས་ལ་འགྱེལ་ལོ། །

དེ་ནས་སྐད་ཆེན་པོ་ཕྱུང་སྟེ་ངུས་ནས་ཁུ་ཚུར་གྱིས་བྲང་བརྡུང་། སྐྲ་ཡང་བལ་ནས་རོའི་སྟེང་དུ་འགྱེལ་ལོ། །དེ་བཞིན་དུ་ཞག་དུ་མར་ཆུ་ལས་མ་ཐར་ཏེ། ཆུ་འགྲམ་ན་འདུག་འདུག་པ་ལས་ཕྱིས་ཆུ་བྲུག་པ་བྲི་ནས་བུ་ཆེན་པོ་ཚུ་རོལ་དུ་བཞག །བུ་འབྲིང་པོ་ཁུར་དུ་ཁྱེར། བུ་ཆུང་ངུ་ཐུ་བའི་ནང་དུ་བཅུག །ཐུ་བ་སོས་བཟུང་སྟེ་ཆུ་འབོགས་པ་ལས་ཆུ་ཕྱེད་དུ་ཕྱིན་པ་དང་། ཕྱིར་བུ་ལ་བལྟས་ན་བུ་ཆེན་པོ་སྟག་གཅིག་འོངས་ནས་བཟུང་བ་མཐོང་བ་དང་། ཁ་གདངས་ཏེ་ཁུས་བཏབ་པ་ལས་ཐུ་ཤོར་བ་དང་བུ་ཆུང་ངུ་ཆུར་ལྷུང་ངོ་། །བུ་ཆུང་ངུ་བསྙབས་པ་ལས་རྒྱབ་ན་མོའི་བུ་ཡང་ཤོར་ནས་བུ་ཀུན་ཤིའོ། །དེ་ལྟར་བུ་གཅིག་སྟག་གིས་ཟོས། གཞན་ཆུར་ཤི་བས་བདག་ཕ་རོལ་ཏུ་ཕྱིན་ཏེ་སྙིང་གས་པ་ཙམ་དུ་སྡུག་བསྔལ་གྱིས་གདུངས་ནས་ཁ་ནས་ཁྲག་སྐྱུགས་ཏེ། ཀྱི་ཧུད་ཀྱི་ཧུད་ཅེས་ཆོ་ངེས་བཏབ་ནས་ནང་གཅིག་ཏུ་འདི་འདྲ་བའི་སྡུག་བསྔལ་མྱོང་བར་འགྱུར་བར་མཐོང་བར་གྱུར་ཏོ་ཞེས་ངུ་ཞིང་འདུག་འདུག་པ་ལས། རིང་པོ་མ་ཐོགས་པར་མགྲོན་པོ་མང་པོ་ཞིག་དེར་ལྷགས་སོ། །དེའི་ཚེ་ན་མགྲོན་པོ་དེ་དག་གི་ནང་ན་ཁྱིམ་བདག་གཅིག་ཅིག་ཁོ་མོའི་ཕ་མ་དང་མཛའ་ཞིང་བཤེས་པ་ཞིག་སྟེ། ཁོ་མོ་དེའི་གན་དུ་སོང་སྟེ་ཕ་མའི་གཏམ་དྲིས་སོ། །དེ་ལ་ཁྱིམ་བདག་དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཕ་མ་དང་ཁྱིམ་དུ་མེ་ཐར་ཏེ་ཁྱིམ་ཡང་ཚིག་གོ །ཁྱོད་ཀྱི་ཕ་མ་ཡང་ཚིག་གོ །བདག་གིས་ཚིག་དེ་ཐོས་ནས་བརྒྱལ་ཏེ་ས་ལ་འགྱེལ་ལོ། །དེ་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་ཏེ་སོང་སོང་བ་ལས་གྲོགས་པོ་རྣམས་མི་རྒོད་ལྔ་བརྒྱ་དང་ཕྲད་དེ་བཅོམ་མོ། །

དེའི་ཚེ་མི་རྒོད་ཀྱི་དཔོན་པོས་བདག་ཆུང་མར་བླངས་ནས་རྟག་ཏུ་སྒོ་སྲུང་དུ་བཅུག་གོ །སྒོ་སྲུང་དུ་བཅུག་པ་ན་རིངས་དྲག་ཅིག་བྱུང་བ་ན་ཚོར་སང་ཆེར་བྱོས་ལ་ནང་དུ་སྦྲོན་ཅིག་ཅེས་བསྒོའོ། །དེ་ནས་དུས་གཞན་ཞིག་ན་ཁྱིམ་ཐབ་དེའི་མི་རྒོད་རྣམས་དང་འཕྲོག་ཅིང་འཇོམས་སུ་སོང་སོང་བ་ལས་རྒྱལ་པོའི་གྲོང་ཁྱེར་གྱི་མི་རྣམས་ཀྱིས་བདས་ནས་ཉམ་ཐག་སྟེ་ཕྱིར་གནས་སུ་བྲོས་པ་ལས་དེའི་ཐད་ཀར་ཁོ་མོ་བུ་བཙའ་བའི་ཐད་ཀར་བབ་སྟེ། ཁྱིམ་ཐབ་སྒོ་ན་འབོད་པ་ཐོས་ཀྱང་སྒོ་འབྱེད་མ་ནུས་པས། དེའི་ཚེ་ཁྱིམ་ཐབ་དེ་འདི་སྙམ་དུ་སེམས་པར་གྱུར་ཏོ། །

བདག་གི་ཆུང་མ་འདི་ནི་ང་ལ་གནོད་པ་བྱེད་པར་སེམས་པ་ལྟ། སྒོ་འབྱེད་དུ་ཡང་མ་བཏུབ་བོ་སྙམ་བསམས་ནས་རྩིག་པ་ལ་རྒལ་ནས་ནང་དུ་འོངས་སོ། །དེས་ཆུང་མ་ལ་ཅིའི་ཕྱིར་སྒོ་མི་འབྱེད་ཅེས་བྱས་སོ། །ཆུང་མས་སྨྲས་པ། བདག་བུ་བཙའ་ཞིང་འདུག་པས་སྒོ་འབྱེད་མ་ནུས་སོ། །དེའི་ཚེ་ན་ཁྱིམ་ཐབ་དེ་ཁྲོས་ནས་ཇི་ཙམ་དུ་ལུས་ཡོད་ན་བུ་ཡོད་བར་འགྱུར་ཏེ། ཁྱོད་ང་ལ་གནོད་པ་བྱས་པས་བུ་དེ་བདོག་ན་ཡང་ཅི་རུ་རུང་མྱུར་དུ་སོང་ཞིག་ཅེས་བསྒོའོ། །དེའི་ཚེ་བདག་བུ་ལ་བྱམས་ཆེས་པས་གསོད་མ་ཕོད་དོ། །དེ་ནས་བདག་གི་ཁྱིམ་ཐབ་ཀྱིས་རལ་གྲི་ཕྱུང་ནས་བུའི་རྐང་ལག་བཅད་དེ་ཤ་འདི་ཟོ་ཤིག །མ་ཟོས་ན་མགོ་གཅད་དོ་ཞེས་སྨྲས་སོ། །དེ་ནས་བདག་སྐྲག་ནས་བུའི་ཤ་ཟོས་སོ། །དེ་ལྟར་བུའི་ཤ་ཟོས་ནས་ཁྲོ་བ་ཡང་ཞི་བར་གྱུར་ཏོ། །དེ་ནས་ཡང་དུས་གཞན་ཞིག་ན་རྐུ་ཞིང་འཕྲོག་ཏུ་སོང་སོང་བ་ལས་རྒྱལ་པོས་ཟིན་ཏེ་ཁྲིམས་དང་སྦྱར་ནས་སྲོག་བཅད་དོ། །

དེའི་ཚེ་ན་རྒྱལ་པོ་དེའི་ཡུལ་ཆོས་ཀྱིས་རྐུན་པོ་བསད་ནས་རྐུན་པོའི་རོ་དང་ཆུང་མ་གསོན་པོར་དུར་དུ་བཅུག་གོ །ཁོ་པོ་རྒྱན་དང་བཅས་སུ་དུར་དུ་བཅུག་པར་གཞན་གྱིས་མཐོང་ནས་དེ་ནས་མོད་ལ་གཞན་གྱིས་བདག་གི་རྒྱན་འདོད་པའི་ཕྱིར་མཚན་མོ་དུར་བྲུས་ནས་བདག་ཀྱང་ཁྲིད་དེ་ཆུང་མར་བླངས་ནས་དུར་རྐུན་དེ་ཡང་རིང་པོ་མ་ལོན་པར་ཡང་རྒྱལ་པོས་ཟིན་ནས་ཁྲིམས་དང་སྦྱར་ནས་བསད་དོ། །ཡུལ་ཆོས་ཀྱིས་རྐུན་པོའི་ཆུང་མ་ཡང་གསོན་པོར་རོ་དང་དུར་དུ་བཅུག་གོ །

དེ་ནས་རིང་པོ་མ་ལོན་པར་སྤྱང་གི་ལྟོགས་པས་རོ་ཟོས་ནས་ཕྱིར་བྱུང་ནས་བདག་ཀྱང་དེ་ནས་ཐར་ཏེ་མྱོས་བཞིན་དུ་འཐོམ་ཞིང་སོང་སོང་བ་ལས་མི་མང་པོ་ཞིག་དང་ཕྲད་དེ། མི་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཤིན་ཏུ་སྡུག་བསྔལ་མང་པོས་ཡོང་སུ་གཟིར་བར་གྱུར་པས་ད་མྱ་ངན་མེད་པའི་བདེ་བའི་གནས་ཤིག་འདོད་དོ། །དེ་ནས་ཁྱིམ་བདག་བྲམ་ཟེ་ཞིག་བདག་ལ་སྙིང་བརྩེ་བའི་ཕྱིར་བདག་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་ཞུགས་ན་ཉོན་མོངས་པའི་རྐྱེན་མེད་དེ་རབ་ཏུ་བདེའོ། །ཞེས་ཐོས་སོ། །བདག་གིས་ཚིག་དེ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གྲགས་འཛིན་མ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་མཐར་གྱིས་བསྒོམས་ནས་འབྲས་བུ་ཐོབ་པར་གྱུར་ཏེ། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཁོ་མོ་རབ་ཏུ་མ་བྱུང་བའི་ཚེ་དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་ངོ་། །མྱོང་ནས་དེའི་རྐྱེན་གྱིས་རབ་ཏུ་བྱུང་ནས་འབྲས་བུ་ཡང་ཐོབ་པར་གྱུར་ཏོ། །

དེའི་ཚེ་ཤཱཀ་རིགས་ཀྱིས་བུ་མོ་རྣམས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །

ཆོས་ཉན་པའི་འཁོར་རྣམས་ཀྱང་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་དགའ་བས་ཕྱིར་དོང་ངོ་། །དེའི་ཚེ་ན་སངས་རྒྱས་ཀྱི་ཡུམ་སྲུ་དགེ་སློང་མ་གོོ་ཏ་མཱིས་དགེ་སློང་མ་དང་། བར་ཁྲིམས་མ་དང་། དགེ་སྦྱོང་མ་དང་། དགེ་བསྙེན་མ་ལ་སོགས་ཏེ་བུད་མེད་ཐམས་ཅད་འདི་སྐད་ཅེས་སྨྲས་སོ། །

སངས་རྒྱས་ཀྱི་ཆོས་ནི་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བའི་ཡོན་ཏན་དང་ལྡན་ཏེ། འབྲས་བུ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་རྒྱ་མཚོར་འཇུག་པ་ལ་སེམས་ཅན་ཐམས་ཅད་ཐོབ་པའི་སྐལ་བ་ཡོད་མོད་ཀྱི་བདག་ཅག་བུད་མེད་ཐམས་ཅད་ལ་ནི་མ་གནང་ངོ་། །དེ་ཡང་བུད་མེད་ཐམས་ཅད་ལ་བསྒྲིབས་པ་མང་ཞིང་གཏོང་མི་ཕོད་པ་ཆགས་ཤིང་ཞེན་པ་དང་། ཀུན་ནས་ཉོན་མོངས་པའི་ལས་གྲངས་མེད་པས་གླགས་པ་དང་། ཤེས་པ་ཆུང་ཞིང་ཞེན་པ་དང་། ལེ་ལོ་བྱེད་ཅིང་ང་རྒྱལ་ཆེ་བ་དང་། ལུས་འདི་ཉིད་ཀྱིས་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་ཞིང་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་མི་རུང་བ་དང་། འཁོར་བར་འཁོར་བ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འབྲས་བུའི་མཆོག་དགེ་བ་བཅུའི་ཆོས་ཀྱིས་འགྲོ་བ་མང་པོ་སྡུད་མི་ནུས་པ་དང་། ཚངས་པའི་རྒྱལ་པོའི་ཐབས་བླ་ན་མེད་པ་མི་འཐོབ་ཅིང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མི་ནུས་པའི་ཕྱིར་དེ་བས་ན་དེ་བཞིན་གཤེགས་པས་བུད་མེད་རྣམས་ཆོས་ལ་འཇུག་པའི་སློབ་མར་མ་གནང་ངོ་། །

ལྷའི་བདུད་དམ་ངན་པར་ལྟ་བ་དང་། མུ་སྟེགས་ཅན་ཐམས་ཅད་རྟག་ཏུ་ངན་པར་ལྟ་བ་ལ་ཆགས་ཤིང་ཞེན་ཏེ་དམ་པའི་ཆོས་མེད་པར་བྱ་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་བཤིག་པར་འདོད་པ་དང་འདྲ་བར་དེ་བཞིན་གཤེགས་པས་བུད་མེད་རྣམས་སངས་རྒྱས་ཀྱི་ཆོས་ལ་མོས་ཀྱང་འཇུག་ཏུ་མ་གནང་སྟེ། ཁོ་མོས་བུད་མེད་ཐམས་ཅད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་ལན་གསུམ་གྱི་བར་དུ་སངས་རྒྱས་ཀྱི་ཆོས་ལ་འཇུག་པར་གསོལ་ན་མ་གནང་ངོ་། །དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་ཀྱང་མ་གནང་ནས་བསམས་པ་བཞིན་མ་གྱུར་ནས་ཁོ་མོ་མི་དགའ་བའི་མྱ་ངན་གྱིས་ནོན་ཏེ། མིག་མཆི་མས་གང་སྟེ་ཕྱིར་བྱུང་སྟེ་སོང་སོང་བ་ལས་ལམ་དུ་ཀུན་དགའ་བོ་དང་ཕྲད་ནས་ཀུན་དགའ་བོས་ཁོ་མོ་ལ་ཡུམ་ཅིའི་ཕྱིར་འདི་ལྟར་མི་དགའ་ཞིང་མྱ་ངན་བྱེད་ཅེས་སྨྲས་སོ། །

ཁོ་མོས་དེའི་ཚེ་ན་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་སངས་རྒྱས་ཀྱི་ཆོས་ལ་དད་ཅུང་མོས་ཏེ་ལན་གསུམ་གྱི་བར་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་ལས་མ་གནང་བས་དེའི་ཕྱིར་བདག་མི་དགའ་ཞིང་མྱ་ངན་བྱེད་དོ་ཞེས་སྨྲས་པ་དང་། དེའི་ཚེ་ཀུན་དགའ་བོས་བདག་ལ་འདི་སྐད་ཅེས་སྨྲས་སོ། །ཡུམ་མི་དགའ་བ་མ་བྱེད་ཅིག །བདག་གིས་དེ་བཞིན་གཤེགས་པ་ལ་གསོལ་ཏེ་ཡུམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་བྱའོ་ཞེས་སྨྲས་སོ། །དེ་ནས་བདག་མོད་ལ་དགའ་བར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་སངས་རྒྱས་གང་ན་བ་དེར་སོང་ནས་ཕྱིན་པ་དང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཞུ་ཞིང་གསོལ་བའི་སྐབས་དབྱེ་བར་གནང་ན་བཅོམ་ལྡན་འདས་ལ་ཞུའོ་ཞེས་གསོལ་པ་དང་།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་དང་ཅི་འདོད་པ་དྲིས་ཤིག་པར་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །ཡུམ་གཽ་ཏ་མཱི་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་གསོལ་ཞིང་བསྐྱེད་བསྐྱེད་དེ། ད་མངོན་པར་སངས་རྒྱས་པའང་ཡུམ་གྱི་རྐྱེན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ལགས་ཏེ། ཡུམ་ནི་དེ་བཞིན་གཤེགས་པ་ལ་དྲིན་ཆེ་བ་ལགས་ན་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཏུ་གནང་ན་ཡུམ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱེད་སྨྲས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ལ་ཡུམ་དྲིན་ཆེ་བར་དེ་བཞིན་གཤེགས་པས་མི་མཁྱེན་པ་མ་ཡིན་ན། བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མ་གནང་ངོ་། །

གལ་ཏེ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་བསྟན་པ་ལ་བུད་མེད་འཇུག་ཏུ་གནང་བར་གྱུར་ན་དམ་པའི་ཆོས་ལོ་ལྔ་བརྒྱས་སྔར་ནུབ་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མི་དགྱེས་སོ། །དེ་ནས་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བ་བཏུད་དེ། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་མངོན་དུ་དྲན་པ་འདས་པའི་སངས་རྒྱས་ཐམས་ཅད་འཁོར་བཞི་དང་ལྡན་ན་སངས་རྒྱས་ཤཱཀྱ་ཐུབ་པ་འབའ་ཞིག་འཁོར་བཞི་དང་ལྡན་པ་མ་ལགས་སམ། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེ་ལྟར་གཽ་ཏ་མཱི་སངས་རྒྱས་ཀྱི་ཆོས་ལ་དད་ན་བརྩོན་འགྲུས་ཆེན་པོ་བསྐྱེད་དེ། བཙུན་པར་བྱ་བའི་ཆོས་རྣམ་པ་བརྒྱད་ཡོངས་སུ་དག་པར་སྤྱོད་ན་སངས་རྒྱས་ཀྱི་ཆོས་ལ་འཇུག་ཏུ་གནང་ངོ་། །

དེ་ནས་ཀུན་དགའ་བོས་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱིར་སོང་སྟེ་ཡུམ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་དེ་བཞིན་གཤེགས་པ་ལ་ནན་གྱིས་གསོལ་ནས་ཡུམ་ཆོས་ལ་འཇུག་ཏུ་གནང་ངོ་། །ཤིན་ཏུ་ལེགས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་ཡང་དང་ཡང་དུ་གསོལ་ཏེ་ཡུམ་བསམ་པ་ལྟར་གྱུར་པ་ལེགས་སོ། །

ཡུམ་གྱིས་ཀུན་དགའ་བོ་ལ་དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་ཏུ་གནང་བ་ཐོས་ནས་རབ་ཏུ་དགའ་ནས་བདག་གི་ལུས་མི་རྟག་པ་འདིས་དེང་འདིར་རྟག་པའི་རིན་པོ་ཆེའི་ལུས་སུ་གྱུར་ཏོ། །བདག་གི་སྲོག་འདི་ཡང་སྐད་ཅིག་སྐད་ཅིག་ཅིང་འགྱུར་ཞིང་འཕོ་བ་ལས་དེང་འདིར་རིན་པོ་ཆེའི་སྲོག་ཏུ་གྱུར་ཏོ། །ད་ལྟར་བདག་གི་ལུས་དང་། སྲོག་དང་། ནོར་ཡང་རྐྱེན་འདུས་པ་ལས་ཡོད་པར་ཟ་དེ། ད་ནི་རིན་པོ་ཆེའི་ནོར་རྙེད་པར་གྱུར་ཏོ། །དེ་ལྟར་བདག་གིས་ཕན་པ་དང་བདེ་བའི་ཡོན་ཏན་ཆེན་པོ་མཐོང་བས་ཀུན་དགའ་བོ་ལ་ལྷག་པར་བཀུར་སྟི་བྱ་བ་དང་རིམ་གྲོ་བྱ་བའི་སེམས་སྐྱེས་ཏེ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཐེ་ཚོམ་མ་ཟ་ཞིག །དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་རྗེས་སུ་སྤྱོད་ཅིང་ལུས་དང་སྲོག་ཡལ་ཡང་ཉམས་པར་མི་བགྱིད་དོ། །དེ་ནས་དེ་བཞིན་གཤེགས་པས་བཙུན་པར་བྱ་བའི་ཆོས་རྣམ་པ་བརྒྱད་ཉམས་པར་མི་བྱ་བ་ཡང་ཞིབ་ཏུ་བསྟན་ཏོ། །

དེའི་ཚེ་ཡུམ་གོོ་ཏ་མཱི་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་མ་འོངས་པའི་བུད་མེད་ཐམས་ཅད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཆོས་ལ་དད་ཅིང་མོས་པ་ཞིག་མཆིས་ན་དེ་ཡང་བསྟན་པ་ལ་འཇུག་པར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། བུད་མེད་གང་སངས་རྒྱས་ཀྱི་ཆོས་སྲུང་ཞིང་འཛིན་ལ་མཐར་གྱིས་ཚུལ་ཁྲིམས་དང་། སྦྱིན་པ་དང་། མང་དུ་ཐོས་པ་དང་། དགེ་བའི་ཆོས་རྣམས་ཉམས་སུ་ལེན་ན་རབ་ཏུ་འབྱུང་བ་དང་། ཁྱིམ་པར་འདུག་ཀྱང་སྐྱབས་སུ་འགྲོ་བ་གསུམ་དང་། གཏམ་ཁྲིམས་ལྔ་དང་། ཁྲིམས་རྫོགས་པའི་བར་དུ་ནོད་ཅིང་རྣམ་པར་ཐར་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཆོས་ཀྱི་བར་དུ་འཇུག་ཏུ་གནང་ངོ་། །

དེ་ལ་ནན་ཏན་བྱས་ན་འབྲས་བུ་རྣམ་པ་གསུམ་ཡང་འཐོབ་ཅིང་ལྷ་དང་མིའི་མྱ་ངན་ལས་འདའ་བའི་བར་དུ་ཐོབ་པར་འགྱུར་རོ། །གོོ་ཏ་མཱིས་དེ་སྐད་གསུངས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་དགའ་བའི་སེམས་སུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་འབྲས་བུ་ཐོབ་པར་གྱུར་པ་ཡང་སངས་རྒྱས་ཀྱི་བཀའ་དྲིན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྐད་མ་ཟེར་ཅིག །དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་དྲིན་ཡོད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་དྲིན་ཡོད་ཅེའམ། དྲིན་མེད་ཅེས་མི་དགོས་སོ། །གལ་ཏེ་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་དྲིན་བགྲང་ན་མཉམ་སྙོམས་པའི་ཐུགས་ཉམས་པར་འགྱུར་ཏེ། གོོ་ཏ་མཱི་དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་དྲིན་ཡོད་ཅེ་འམ་མེད་ཅེས་དགོངས་ན་མཉམ་སྙོམས་པ་ཡང་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་གིས་སངས་རྒྱས་ལ་གནོད་པ་ཞིག་བྱས་ན་ཡང་དེ་ལ་ཞེ་སྡང་བ་ཡང་མེད། སེམས་ཅན་གང་སྤོས་ཙན་དན་གྱི་འདེ་གུས་དེ་བཞིན་གཤེགས་པའི་སྐུ་ལ་བསྐུས་ན་ཡང་དེ་ལ་དེ་བཞིན་གཤེགས་པ་དགྱེས་པར་མི་དགོངས་སོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་མཉམ་སྙོམས་པར་གཟིགས་ཏེ། འདི་ནི་ཀུན་དགའ་བོའི་དྲིན་ཡིན་གྱི་དེ་བཞིན་གཤེགས་པའི་དྲིན་མ་ཡིན་ན། ཀུན་དགའ་བོའི་རྐྱེན་གྱིས་བུད་མེད་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་གྱུར་ཏོ། །

གོོ་ཏ་མཱི་མ་འོངས་པའི་དུས་ན་དགེ་སློང་མ་དང་། དགེ་བསྙེན་མ་དང་། བུད་མེད་རྣམས་རྟག་པར་སེམས་རྩེ་གཅིག་ཏུ་ཀུན་དགའ་བོ་ལ་སོམས་ཤིག །བཀུར་སྟི་དང་རིམ་གྲོ་ཆེར་བྱས་ཏེ་མིང་ནས་ཡང་བརྗོད་ལ་རྒྱུན་དུ་དྲིན་དྲན་པར་བྱའོ། །དེ་མ་ཡིན་ན་ཉིན་མཚན་དུས་དྲུག་ཏུ་ཡང་མི་བརྗེད་པར་བྱའོ། །དྲན་པར་བྱའོ། །དེ་ནས་གོོ་ཏ་མཱིས་དགེ་སློང་མ་རྣམས་དང་། བུད་མེད་རྣམས་ལ་འདི་སྐད་ཅེས་བསྒོའོ། །བདག་ཅག་རྣམས་ཀྱིས་སྟོན་པ་ཀུན་དགའ་བོ་ལ་སྐྱབས་སུ་གསོལ་ཏེ་སྲོག་ཕྱོགས་སོ། །བུད་མེད་གང་ཞིག་རྟག་ཏུ་བདེ་སྐྱིད་པ་དང་། བཀྲ་ཤིས་པ་དང་། འབྲས་བུ་ཐོབ་པར་འདོད་ན་རྟག་ཏུ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་དང་། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་གོས་སར་པ་གཙང་མ་བགོས་ཏེ། སེམས་རྩེ་གཅིག་ཏུ་ཉིན་ཞག་གཅིག་ཁྲིམས་བརྒྱད་མནོས་ལ་དུས་དྲུག་ཏུ་བརྩོན་འགྲུས་བསྐྱེད་དེ་མཆོད་པ་བྱས་ན་ཀུན་དགའ་བོས་རྫུ་འཕྲུལ་གྱི་མཐུས་སྐྱོབ་ཅིང་བསམས་པ་བཞིན་དུ་གྲུབ་པར་བྱེད་དོ། །

འཁོར་མང་རྣམས་ཆོས་ཐོས་པས་རབ་ཏུ་དགའ་ནས་བསྐོར་བ་བྱས་ནས་ཕྱིར་དོང་ངོ་། །ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས་སྙིང་རྗེའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།(གཏམ་རྒྱུད་འདི་དང་བཤད་ཚུལ་ཅུང་ཟད་མི་འདྲ་བ་ཙམ་ལས་དོན་གཅིག་པ་ཞིག་མདོ་སྡེ་མཛངས་བླུན་དུའང་བཞུགས།)

དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་འཁོར་བསྒྱུར་དུ་སྤྲུལ་ནས་རྫུ་འཕྲུལ་བསྟན་པའི་ལོ་རྒྱུས། འདུལ་བ་ལུང་ཕྲན་ཚེགས་ལས་བཏུས།

དེ་ནས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་འདི་ལྟར་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་འཛམ་བུའི་གླིང་དུ་བབས་ན་དེ་ལ་ཐབས་ཅི་ཞིག་གིས་བདག་གིས་བཅོམ་ལྡན་འདས་ལ་ཐོག་མར་ཕྱག་བྱ། དེ་སྟེ་འདི་བཞིན་དུ་སོང་ན་ནི་དགེ་སྦྱོང་མ་མགོ་རེག་མའོ་ཞེས་ཟེར་ནས་ཆེ་ཞིང་ཆེ་བའི་ལྷ་དང་མིས་བཅོམ་ལྡན་འདས་བསྐོར་བས་ནང་དུ་འགྲོར་ཡང་མི་སྟེར་གྱིས་ཅི་ནས་བདག་ནི་རྫུ་འཕྲུལ་གྱིས་འགྲོའོ་སྙམ་དུ་བསམས་ཏེ།

དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་བདག་ཉིད་མངོན་དུ་སྤྲུལ་ཏེ་རིན་པོ་ཆེ་སྣ་བདུན་གྱིས་ཐོག་མར་དྲངས། བློན་པོ་སྟོབས་ཀྱི་མཆོག་ས་ཡ་ཕྲག་བདུན་བཅུ་རྩ་དགུས་ནི་བསྐོར། རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པའི་བུ་སྟོང་གིས་ཀྱང་ཟླ་བ་ཁམ་པ་བཞིན་དུ་བསྐོར། མུ་སྟེགས་ཅན་དང་། བྲམ་ཟེ་དང་། ཕོངས་པ་དང་། དམན་པ་དང་། མིའི་མཆོག་སྟོང་གིས་ནི་རྗེས་སུ་འབྲང་། རྩིབས་མ་བརྒྱ་པའི་གདུགས་སྤྱི་བོར་འཛིན། ཉི་མའི་འོད་ཟེར་སྟོང་ཤར་ཅིང་འཕྲོ་བ་དང་། ཟླ་བ་དང་། སྐར་མ་དང་། གཞལ་མེད་ཁང་མཛེས་པར་བཅས་པ་ཟིལ་གྱིས་གནོན་ཅིང་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་དང་། འཁོར་དེ་དག་གིས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་རྒྱང་མ་ནས་མཐོང་ངོ་། །མཐོང་ནས་ཡ་མཚན་དུ་གྱུར་ཏེ་མིག་ཚུགས་ཀྱིས་ལྟ་ཞིང་རྟོག་པ་སྣ་ཚོགས་སུ་གྱུར་ཏོ། །ཁ་ཅིག་ནི་ཀྱེ་རྒྱལ་པོ་འདི་ལྟ་བུ་གང་ནས་འོངས་ཞེས་སྨྲ། ཁ་ཅིག་གིས་ནི་འདི་རྒྱལ་པོའི་སའི་སྟེང་ན་འདི་ལྟ་བུ་དམག་ཕུན་སུམ་ཚོགས་པ་ནི་ག་ལ་ཡོད་ཀྱི་འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་གཞན་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་ཡང་དག་ཅེས་ཟེར་རོ། །དེ་དག་གིས་འཁོར་ལོས་སྒྱུར་བ་དེའི་ལོངས་སྤྱོད་དེ་ལྟ་བུ་མཐོང་ནས་ཨེ་མའོ་བདག་ཅག་ཀྱང་འདི་ལྟ་བུའི་དངོས་པོར་མངོན་པར་སྒྲུབས་ཤིག་ཅེས་ཆགས་པ་སྐྱེས་ཏེ། དེ་དག་གིས་གོ་ཡང་ཕྱེའོ། །

དེའི་དུས་ན་ཚེ་དང་ལྡན་པ་འཆར་ཀ་འཁོར་འདུས་པ་དེའི་ནང་ན་འདུག་སྟེ། དེས་སྨྲས་པ། ཀྱེ་འདི་ནི་འཁོར་ལོས་སྒྱུར་བ་མ་ཡིན་གྱི་འདི་ནི་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་སྟེ། རྫུ་འཕྲུལ་གྱིས་བཅོམ་ལྡན་འདས་བལྟ་བའི་ཕྱིར་འོངས་སོ། །དེ་དག་གིས་སྨྲས་པ། འཕགས་པ་འདི་དགེ་སློང་མ་ཨུཏྤ་ལའི་ཁ་དོག་ཡིན་པར་ཁྱོད་ཀྱིས་ཇི་ལྟར་ཤེས་དེ་སྨྲས་པ། ཀྱེ་ཨུཏྤ་ལའི་དྲི་ཤིན་ཏུ་མནམ་པས་ན་འདི་ནི་ཨུཏྤ་ལའི་ཁ་དོག་མ་སྟེ། རྫུ་འཕྲུལ་གྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་སོ། །དེ་ནས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་རྫུ་འཕྲུལ་མངོན་པར་འདུས་བྱས་པ་སླར་བསྡུས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །

དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་མ་སོང་ཞིག་ངའི་མདུན་དུ་མ་འདུག་ཅིག །དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བྱེད་པ་ནི་མི་རིགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐྲད་པ་དང་ཕྱོགས་གཅིག་ཏུ་སོང་སྟེ་འདུག་གོ །བཅོམ་ལྡན་འདས་ཀྱིས་དགོངས་པ། གང་སུ་ཞིག་དགེ་སློང་མ་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་བསྟན་ན་ཉེས་པའི་དམིགས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་མི་བྱ་བར་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་སྟོན་པར་མི་རིགས་ཏེ།

དེ་ལྟ་བས་ན་དགེ་སློང་མས་སྟོན་པའི་སྤྱན་སྔར་རྫུ་འཕྲུལ་མ་སྟོན་ཅིག །དགེ་སློང་མས་སྟོན་པའི་སྤྱན་སྔར་སྟོན་ན་འདས་པ་དང་བཅས་པར་འགྱུར་རོ། །དེ་ལ་ཁ་ཅིག་གིས་ནི་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མའི་འཁོར་ལོས་སྒྱུར་བའི་ལོངས་སྤྱོད་དུ་མཐོང་ནས་མིར་ཆགས་པ་སྐྱེས་སོ། །ཁ་ཅིག་ནི་ལྷ་རྣམས་ཀྱི་རྫུ་འཕྲུལ་གྱི་ལོངས་སྤྱོད་དུ་མཐོང་ནས་ལྷ་རྣམས་སུ་ཆགས་པ་སྐྱེས་སོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་དང་མིར་སྐྱེ་བ་ལས་བཟློག་པའི་ཕྱིར་འཁོར་དེ་དག་ལ་འདི་ལྟ་བུའི་ཆོས་བཤད་དེ་གང་གིས་དེ་ཐོས་པས་ན་ཁ་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཕྱིར་མི་ལྡོག་པའི་འབྲས་བུ། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་པའི་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་རང་བྱང་ཆུབ་ཏུ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་དྲོད་དུ་གྱུར་པའི་དགེ་བའི་རྩ་བ་རྣམས་བསྐྱེད་དོ། །ཁ་ཅིག་གིས་ནི་སྤྱི་བོ། །ཁ་ཅིག་གིས་ནི་བཟོད་པ་ཆུང་ངུ་དང་འབྲིང་པོར་བསྐྱེད་དོ། །འཁོར་དེ་དག་ལས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་རབ་ཏུ་བབ་པར་བཀོད་དོ།། །།

དགེ་སློང་མ་ཨུ་པཱ་ལའི་མདོག་ཅན་ལ་ཆོམ་རྐུན་པ་དག་དད་པ་སྐྱེས་ནས་བསོད་སྙོམས་དང་རས་ཡུག་ཕུལ་བའི་ལོ་རྒྱུས། འདུལ་བ་ལུང་རྣམ་འབྱེད་ལས་བཏུས།

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང༌མ་རྣམས་ཀྱིས་དགོན་པར་གནས་པ་མ་བཀག་པ་དེའི་ཚེ་ན་དགེ་སློང༌མ་རྣམས་ཀྱང་དགོན་པའི་གནས་སུ་དོང་སྟེ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བྱེད་དོ། །དེ་ནས་དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལྔ་བརྒྱ་དང་ནགས་མུན་པ་ཅན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཤིང་ལྗོན་པའི་དྲུང་ཞིག་ཏུ་བརྟེན་ཏེ༌སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་བྱེད་དོ། །དགེ་སློང་མ་དེ་དག་ཕྱེ༌མ་རེད་མཉན་ཡོད་དུ་འཇུག་འདོད་ནས་སྨྲས་པ། འཕགས་མ་ཨུཏྤ་ལའི་མདོག་བསླང་བར་བྱའོ། །

ཁ་ཅིག་གིས་སྨྲས་པ། འཕགས་མ་ཨུཏྤ་ལའི་མདོག་ནི་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་ཡིན་པས༌དང་པོ་ཁོ་ནར་དབྱར་ཁང་དུ་འགྲོ་བར་འགྱུར་བའི་གནས་ཀྱང་ཡོད་དོ་ཞེས་ཟེར་ནས་དེ་དག་གིས་དེ་མ་བསླང་བ་ཁོ་ནར་དོང་ངོ་། །ཨུཏྤ་ལའི་མདོག་ཀྱང་ཕྱེ་མ་རེད་ལངས་ནས་དགེ་སློང་མ་དེ་དག་ཐམས་ཅད་དོང་བར་མཐོང་བ་དང་། དེས་བསམས་པ། ཅི་ད་འགྲོའམ། འོན་ཏེ་འདི་ཉིད་དུ་འདུག་སྙམ་ནས་དེ་དེ་ཉིད་དུ་འགོག་པ་ལ་སྙོམས་པར་ཞུགས་སོ། །གཡོན་ཅན་ལྔ་བརྒྱ་ཙམ་གྱིས་ལས་དག་བྱས་ནས་ནགས་མུན་པ་ཅན་དུ་ལྷགས་ཏེ། དེ་དག་གིས་སྨྲས་པ། བདག་ཅག་ལས་ཉིས་བརྒྱ་ལྔ་བཅུས་ནི་སྐལ་བ་དག་བགོ་བར་བྱའོ། །ཉིས་བརྒྱ་ལྔ་བཅུས་ནི་ནགས་བྱུལ་བར་བྱའོ་ཞེས་དེ་དག་ལས་ཉིས་བརྒྱ་ལྔ་བཅུས་ནི་སྐལ་བ་དག་བགོ་བར་བརྩམས། ཉིས་བརྒྱ་ལྔ་བཅུས་ནི་ནགས་བྱུལ་བར་བརྩམས་པ་དང་། དེ་དག་གིས་ཨུཏྤ་ལའི་མདོག་འདུག་པ་མཐོང་ངོ་། །དེ་ན་ཁ་ཅིག་ན་རེ་ཤེས་ལྡན་དག་འདི་ནི་ཐོ་ཡོར་ཞིག་ཡིན་ནོ་ཞེས་ཟེར། ཁ་ཅིག་ན་རེ་འདི་ནི་མི་ཞིག་ཡིན་ནོ་ཞེས་ཟེར། ཁ་ཅིག་ན་རེ་འདི་ནི་དགེ་སློང་ཞིག་ཡིན་ནོ་ཞེས་ཟེར་རོ། །

དེ་ན་དགེ་སློང་གི་རྒྱུས་ཤེས་པ་ཞིག་འདུག་པ་དེས་སྨྲས་པ། འདི་ནི་དགེ་སློང་མ་ཞིག་ཡིན་གྱི་དགེ་སློང་ནི་མ་ཡིན་ནོ། །ཇི་ལྟར་ཤེས། དགེ་སློང་དག་ནི༌སྐྱིལ་མོ་ཀྲུང་གིས་འདུག་ལ། དགེ་སློང་མ་རྣམས་ནི༌སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་གོ །དེ་དག༌ངོ་མཚར་སྐྱེས་ནས་ཤེས་ལྡན་དག་འདི་ལྟ་བུའི་ནགས་འཇིགས་སུ་རུང་བའི་ནང་ན་དགེ་སློང་མ་གཅིག་པུ་མཚན་མོ་གནས་པར་ཁས་བླངས་པ་ལྟོས་ཞེས་ཟེར་རོ། །དེ་དག་དམག་དཔོན་གྱི་གན་དུ་སོང་བ་དང་། དམག་དཔོན་གྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཁྱེད་ཀྱི་ནགས་མུན་པ་ཅན་འདི་ན་ངོ་མཚར་ཅུང་ཟད་མཐོང་བ་ཡོད་དམ་མཆིས་ཏེ། འདི་ལྟ་བུའི་ནགས་འཇིགས་སུ་རུང་བའི་ནང་ན། དགེ་སློང་མ་གཅིག་པུ་མཚན་མོ་གནས་པར་ཁས་བླངས་པ་མཆིས་སོ། །དེ་བལྟས་འདོང་ངོ་ཞེས་དེ་དག་དེའི་དྲུང་དུ་དོང་བ་དང་། དམག་དཔོན་གྱིས་དགེ་སློང་མ་ཨུཏྤ་ལའི་མདོག་གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་མཐོང་ངོ་། །མཐོང་ནས་ཀྱང་མངོན་པར་དད་པར་གྱུར་ནས་དེ་མངོན་པར་དད་པ་སྐྱེས་པས་སྨྲས་པ། ཀྱེ་མ་དགེ་སློང་མ་འདི་ནི༌གཉིས་ཀ་ནས་བཟང་བ་ཡིན་ཏེ། མཚན་མོ་ཟླ་ཉི་མོ་ལྟར་འདུག་པ་གང་ཡིན་པ་དང་། གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་གང་ཡིན་པས་སོ་ཞེས་དེ་བསླང་བར་བརྩམས་པ་དང་། དེ་དག་གིས་སྨྲས་པ། ཅིའི་ཕྱིར་འདི་སློང་བར་བྱེད། ཟས་སྦྱིན་པར་བྱའོ། །དགེ་སློང་གི་རྒྱུས་ཤེས་པ་གཅིག་གིས་སྨྲས་པ། འདི་ནི་དུས་མ་ཡིན་པར་མི་ཟའོ། །དམག་དཔོན་གྱིས་སྨྲས་པ། ཅིའི་ཕྱིར། དེས་སྨྲས་པ། འདི་ནི་དུས་མ་ཡིན་པའི་ཟས་སྤངས་པ་ཡིན་ནོ། །དམག་དཔོན་གྱིས་སྨྲས་པ། ཀྱེ་མ་དགེ་སློང་མ་འདི་ནི༌གཉིས་ཀ་ནས་བཟང་བ་ཡིན་ཏེ། གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་གང་ཡིན་པ་དང་། དུས་མ་ཡིན་པའི་ཟས་སྤངས་པ་གང་ཡིན་པས་སོ། །ཡང་སྨྲས་པ། འདི༌ལ་ཆང་བླུད་པར་བྱའོ། །

དགེ་སློང་གི་རྒྱུས་ཤེས་པ་དེས་སྨྲས་པ། འདི་ནི་མྱོས་པར་འགྱུར་བའི་བཏུང་བ་སྤངས་པ་ཡིན་ནོ། །དམག་དཔོན་གྱིས་སྨྲས་པ། ཀྱེ་མ་དགེ་སློང་མ་འདི་ནི་གཉིས་ཀ་ནས་བཟང་བ་ཡིན༌ཏེ། གཟུགས་བཟང་བ། ལྟ་ན་སྡུག་པ། མཛེས་པ་གང་ཡིན་པ་དང་། མྱོས་པར་འགྱུར་བའི་བཏུང་བ་སྤངས་པ་གང་ཡིན་པས་སོ། །ཡང་སྨྲས་པ། ཁོ་བོས་ཡོན་གནས་ཀྱི་ཞིང་འདི་ལྟ་བུ་ལ་བསོད་སྙོམས་ཀྱིས་བསྒྲུབ་པར་མ་ནུས་སོ་ཞེས་དེས་རས་ཡུག་ཆེན་པོ་ལ་འོས་པ་གཅིག་དང་། བསོད་སྙོམས་ཀྱི་ཕུད་ཅིག་ཕུལ་ནས་ཤིང་ལྗོན་པའི་ཡལ་ག་ལ་བཏགས་ཏེ་བཞག་ནས་སྨྲས་པ། འཕགས་མ་འདི་ལྟར་ཁྱོད་ལ་མི་མཁྱེན་པ་དང་། མི་གཟིགས་པ་དང་། མི་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བས་བདག་གིས་ཁྱོད་ལ་བསོད་སྙོམས་དང་ན་བཟའ་འདི་འབུལ་ལོ་ཞེས་སྨྲས་ཏེ་སོང་ངོ་། །ཨུཏྤ་ལའི་མདོག་ནངས་པར་སྔར་ལངས་པས༌སྐྱེ་བོ་ཕལ་པོ་ཆེའི་རྗེས་ཤུལ་མཐོང་ནས་དེས་བསམས་པ་དང་། གཡོན་ཅན་ལྔ་བརྒྱ་ཉེ་བར་འོངས་པར་མཐོང་ནས་མི་མཛེས་པ་འགའ་ཞིག་རིག་པར་མ་བྱས་སམ་སྙམ་ན་འགའ་ཡང་མ་བྱས་པར་མཐོང་ངོ་། །

ཤིང་ལྗོན་པའི་ཡལ་ག་ལ་རས་ཡུག་ཆེན་དང་། བསོད་སྙོམས་བཏགས་ཏེ་བཞག་པ་མཐོང་ནས་དེས་བསམས་པ། འདི་ནི་དད་པར་གྱུར་པ་རྣམས་ཀྱིས་དད་པའི་དབང་དུ་བྱས་པ་ཡིན་ནོ་སྙམ་ནས་དེས་བསམས་པ། གལ་ཏེ༌བྱིན་ལེན་སྟོབས་པ་ལ་བསྡད་ན་བྱའམ། སྤྲེའུས་ཆུད་གཟན་པར་འགྱུར་བས་བདག་ནི་དགེ་འདུན་ལ་བསོད་སྙོམས་ཀྱི་ཕུད་འབུལ་བ་ཡིན་ལ་འདི་ལྟར་དགེ་སློང་རྣམས་ལ་མི་རུང་བ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ལ་རུང་བ་ཡིན་ལ། དགེ་སློང་མ་རྣམས་ལ་མི་རུང་བ་གང་ཡིན་པ་དེ་ནི་དགེ་སློང་རྣམས་ལ་རུང་བ་ཡིན་པས་བདག་རང་ཉིད་ཀྱིས་འདི་ཁྱེར་ཏེ། དགེ་འདུན་ལ་བསོད་སྙོམས་ཀྱི་ཕུད་འབུལ་དུ་འགྲོའོ་སྙམ་ནས་དེས་དེ་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ་། །

དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་འཆག་ཅིང་འདུག་པ་དེས་ཨུཏྤ་ལའི་མདོག་མཐོང་ནས་སྨྲས་པ། སྲིང་མོ་ཅིའི་ཕྱིར་ནངས་པར་སྔར་མཉན་ཡོད་ཀྱི་སྒོ་དག་ཕྱེ་སྟེ་འོངས། དེས་སྨྲས་པ།བདག་མཉན་ཡོད་དུ་མ་མཆིས་ཀྱི། བདག་མདང་སུམ་ནགས་མུན་པ་ཅན་དུ་མཆིས་པར་ཁས་བླངས་སོ། །

ཉེ་དགས་སྨྲས་པ། ཉེ་དགའ་ནི་ཉིན་མོ་ཉིད་ནགས་མུན་པ་ཅན་དུ་ཞུགས་ན་ཡང་སྤུ་དག་གྱེན་དུ་འགྲེང་བར་འགྱུར་རོ། །སྲིང་མོ་ཁྱེར་བ་འདི་ཅི་ཡིན། དེས་སྨྲས་པ། ཆོམ་རྐུན་པ་ལྔ་བརྒྱ་ཙམ་དེར་མཆིས་ནས་དེ་དག་དད་པར་གྱུར་པས་བདག་ལ་དད་པའི་དབང་དུ་བགྱིས་པ་སྩལ་ཏོ། །སྲིང་མོ་ཁྱོད་ནི་ཆོམ་རྐུན་པས་ཀྱང་དད་པར་བྱ་བ་ཡིན་གྱི། གལ་ཏེ་ཉེ་དགའ་དེ་དག་གིས་མཐོང་དུ་ཟིན་ན་ལྕག་རྒོད་མང་པོས༌བརྡབས་ཏེ་ཁུར་ཙ་བར༌ཁྲིད་པར་འགྱུར་རོ། །འདི་ལྟར་གང་ལ་རས་ཡུག་ཆེན་འདི་ལྟ་བུ་ཡོད་པ་དེ་ནི་གོས་སར་པ་ལས་སྣམ་སྦྱར་ཉི་རིམ་བྱས་ཏེ་སེམས་ལས་ཆུང་ངུས༌དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་འགྱུར་རོ། །

འཕགས་པ་ཁྱོད་རས་ཡུག་ཆེན་འདི་བཞེད་དམ། ལྷའི་གནས་ཀྱི་ལྷག་མ་བཞིན་དུའོ། །འཕགས་པ་བདག་གིས་དགེ་འདུན་ལ་བསོད་སྙོམས་ཀྱི་ཕུད་ཕུལ་ཏེ་སླར་མཆིས་པའི་བར་དུ་གཞེས་ཤིག་དང་། དེའི་འོག་ཏུ་ཁྱོད་ལ་རས་ཡུག་ཆེན་གསོལ་ལོ། །ཉེ་དགས་བསམས་པ། ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་འདི་ལ་བསླངས་པ་དང་དེ་ལ་བྱིན་པར་འགྱུར་རོ་སྙམ་ནས། སྲིང་མོ་བདག་གིས་བསོད་སྙོམས་ཀྱི་ཕུད་ལེན་པ་དག་ཁྲིད་དེ་འོང་གིས་དེའི་བར་དུ་འདི་ཉིད་དུ་སྡོད་ཅིག །ཉེ་དགའ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་པ་དང་། དེས་དགེ་སློང་བསོད་སྙོམས་ཀྱི་ཕུད་ལེན་པ་དག་སྙིང་ལས་ཆུང་ངུར་འཁོད་པ་མཐོང་ནས་དེས་སྨྲས་པ། ཚེ་དང་ལྡན་པ་དག་སྦྱིན་བདག་དག་ནི་ཁུར་གྱིས་ངལ་ཞིང་སྡོད་ལ། ཁྱེད་ཅག༌ནི་འདི་ན་སྙིང་ལས་ཆུང་ངུར་འཁོད་ན་ཚུར་ཤོག་བསོད་སྙོམས་ཀྱི་ཕུད༌ལོངས་ཤིག །དེ་དག་གིས་གཞོང་བུ་ཐོགས་ཏེ་དོང་བ་དང་། ཨུཏྤ་ལའི་མདོག་གིས་དེ་དག་ལ་བསོད་སྙོམས་ཀྱི་ཕུད་ཕུལ་ནས་རས་ཡུག་ཆེན་སྤྲུགས་ནས་ཉེ་དགའ་ལ་ཕུལ་ལོ། །ཉེ་དགས་ཁྱོད་སྦྱིན་པ་འདིས་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་དང་། ལྷ་དང་མི་རྣམས་ཀྱི་གོས་དག་ཐོབ་པར་གྱུར་ཅིག་ཅེས་སྨྲས་སོ། །ཨུཏྤ་ལའི་མདོག་གིས་བསམས་པ། ང་དབྱར་ཁང་དུ་སོང་སྟེ་ཅི་རུང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་འགྲོ་བར་བྱའོ་སྙམ་ནས། དེ་ནས་ཨུཏྤ་ལའི་མདོག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ །

དེའི་ཚེ་ན་ཨུཏྤ་ལའི་མདོག་གིས་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་རྙིངས་པར་གྱུར་ནས། དེ་ན་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་རྣམས་ཀྱིས་དབྱར་གྱི་གོས་ཀྱི་རྙེད་པ་མ་གྲུབ་བམ། བཙུན་པ་གྲུབ་བོ། །འོ་ན་ཅིའི་ཕྱིར་དགེ་སློང་མ་ཨུཏྤ་ལའི་མདོག་གི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་རྙིངས་པར་གྱུར། བཙུན་པ་སྲིང་མོ་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ༌དགེ་བའི་བསམ་པ་ཅན་ལགས་ཏེ། འདིས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། དགེ་སློང་ཡིད་དུ་འཐད་པ་དག་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། འདིས་དེང་ཡང་རས་ཡུག་ཆེན་རྙེད་ནས་དེ་ཡང་འདིས་བཙུན་པ་ཉེ་དགའ་ལ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་ལྷག་པ་ལེན་ཏམ། བཙུན་པ་ལེན་ཏོ། །ཀུན་དགའ་བོ༌དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འདི་སྙམ་དུ་འདིའི་ཆོས་གོས་ལྔ་ཚང་ངམ། འོན་ཏེ་མ་ཚང་སྙམ་དུ་མི་སེམས་པར་འདི་ལྟར་ཐོབ་བོ་ཅོག་ལེན་པར་བྱེད་ཀྱི། ཉེ་དུ་ལ་ནི་བྱིན་ཡང་ལེན་པར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་ཨུཏྤ་ལའི་མདོག་ལ་གཙུག་ལག་ཁང་ཆེན་པོ་ནས་ཆོས་གོས་ལྔ་བྱིན་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་མ་ཨུཏྤ་ལའི་མདོག་ལ་གཙུག་ལག་ཁང་ཆེན་པོ་ནས་ཆོས་གོས་ལྔ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །

ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་གོས་ལེན་ན་སྤང་བའི་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ།། །།

དགེ་སློང་མ་ཤེས་རབ་ཅན་དག་གིས་དགེ་སློང་དགའ་བྱེད་ལ་ཆོས་ཀྱི་དོན་རྒྱ་ཆེར་དྲིས་པ་དང་དགེ་སློང་མ་ཨུཏྤ་ལས་རྫུ་འཕྲུལ་བསྟན་ཚུལ། འདུལ་བ་ལུང་རྣམ་འབྱེད་ལས་བཏུས།

ཨུཏྤ་ལའི་མདོག་གིས་བསམས་པ། མི་མཛེས་པ་འགའ་ཞིག་རིག་པར་མི་འགྱུར་རམ་སྙམ་ན། ཇི་ཙམ་ན་འཇོམས་པར་འདོད་པའི་གཡོན་ཅན་ལྔ་བརྒྱ་ཙམ་པོ་དེ་དག་མཐོང་ནས་དེས་འཕགས་སྐྱེས་པོའི་དཔུང་སྤྲུལ་ཏེ་རྔ་པཊ་ཧ་བརྡུངས་པ་དང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་འཕགས་སྐྱེས་པོའི་དཔུང་གིས་བསྐོར་ཏེ་བདག་ཅག་ཟིན་པར་གྱུར་ན་མི་རུང་གིས་འབྲོས་བར་བྱའོ་ཞེས་དེ་ལྟར་རིག་ནས་དེ་དག་བྲོས་སོ། །

ཨུཏྤ་ལའི་མདོག་གིས་དགེ་སློང་མ་དེ་དག་ལ་སྨྲས་པ། ཕུ་ནུ་མོ་དག་གཡོན་ཅན་འཇོམས་པར་འདོད་པ་ལྔ་བརྒྱ་ཙམ་འདིར་ལྷགས་ནས་ཁོ་མོས་དེ་དག་བསྡིགས་ནས་བྲོས་ཀྱིས། ཁད་ཀྱི་དལ་བུ་དལ་བུས་ལག་བརྔས་སྒོ་ཕྱེ་ཤིག །དེ་དག་ནངས་པར་སྔར་ལངས་ཏེ་མཉན་ཡོད་དུ་ཞུགས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱིས་ཆོས་འདྲེ་བ་དང་། ལྷག་པར་འདྲེ་ཞིང་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་བཟང་ངོ་། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྡམ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་སྨྲས་པ། དགའ་བྱེད་ཁྱོད་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བརྩོན་པ་དང་མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་བརྩོན་པ་དང་། སྦྱོར་བ་དང་བརྟགས་ཏེ་སྤྱོད་པའི་བསགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། །།

ཨུཏྤ་ལའི་མདོག་ཅན་གྱིས་སྨད་འཚོང་མ་བྱེད་སྐབས་བྲམ་ཟེའི་ཁྱེའུ་ཀར་ཥ་པ་ཎ་འཚོལ་དུ་ཕྱིན་པའི་བར་ནས་དགྲ་བཅོམ་མར་གྱུར་ཚུལ། འདུལ་བ་ལུང་རྣམ་འབྱེད་ལས་བཏུས།

སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་ཨུཏྤ་ལའི་མདོག་གྲོང་ཁྱེར་ཆེན་པོ་དྲུག་ན་སྨད་འཚོང་མ་བྱེད་པར་གྱུར་པ་དེའི་ཚེ་བྲམ་ཟེ་ཞིག་དེ་ལ་སེམས་ལྷག་པར་ཆགས་པར་གྱུར་ནས་དེར་སོང་སྟེ། མེ་ཏོག་དང་། འབྲས་བུ་དང་། སོ་ཤིང་རྣམས་ཀྱིས་བསྙེན་བཀུར་བྱེད་པར་གྱུར་ཏོ། །དེ་ནས་ཨུཏྤ་ལའི་མདོག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་རིགས་མཐོ་བ་ཡིན་ལ། བདག་ནི་རིགས་དམའ་བ་ཡིན་ན། ཅིའི་ཕྱིར་འདིར་འོངས། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཁྱོད་དང་ལྷན་ཅིག་འཕྲད་འདོད་པའི་ཕྱིར་རོ། །དེས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱོད་ལ་ཀཱར་ཥཱ་པ་ཎ་དག་ཡོད་ན་ཕྱི་ནས་ལྷན་ཅིག་འཕྲད་པར་བྱའོ། །དེ་ནས་བྲམ་ཟེ་དེས་ཨུཏྤ་ལའི་མདོག་ལས་ཚིག་དེ་ཐོས་ནས་ཀཱར་ཥཱ་པ་ཎའི་དོན་དུ་ལྗོངས་དག་ཏུ་སོང་ངོ་། །དེ་ནས་ཨུཏྤ་ལའི་མདོག་དུས་གཞན་ཞིག་ན། དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ༌མཽ་འགལ་གྱི་བུ་ཆེན་པོ་ལ་བརྟེན་ནས་སྨད་པའི་ལས་རྣམས་སྤངས་ཏེ་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་གྱུར་ཏོ། །དེ་ཡང་ཉིན་པར་ནགས་ཚལ་ཐིབས་པོར་འདུག་པ་ལ་གོམས་པ་ཡིན་པས་དེ་ནས་ཨུཏྤ་ལའི་མདོག་ནགས་ཚལ་ཐིབས་པོར་ཉིན་པར་འདུག་ཏུ་སོང་ངོ་། །བྲམ་ཟེ་དེ་ཡང་ཀཱར་ཥཱ་པ་ཎ་ཁྱེར་ཏེ། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ནས་འདྲི་ཞིང༌འདྲི་ཞིང་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་བྲམ་ཟེ་དེ་ཨུཏྤ་ལའི་མདོག་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཨུཏྤ་ལའི་མདོག་ལ་རྒྱལ་བ་སྤེལ་བ་བྱས་ཏེ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀཱར་ཥཱ་པ་ཎ་དག་བཞེས་ཤིག་དེས་ཀྱང་བསམས་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་བདག་གིས་ནི་དམ་པའི་ཆོས་མ་ཡིན་པ་དེ་སྤངས་སོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱོད་ཀྱིས་སྤངས་ཀྱང་བདག་གིས་ནི་མ་སྤངས་སོ། །

དེ་ནས་ཨུཏྤ་ལའི་མདོག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁྱོད་བདག་གི༌ཡན་ལག་གི་ཆ་གང་ལ་སེམས་ལྷག་པར་ཆགས་པར་གྱུར། དེས་འདི་སྐད་ཅེས་སྨྲས་ཏེ། མིག་ལའོ། །དེས་མིག་དེ་རྫུ་འཕྲུལ་གྱིས་ལག་མཐིལ་དུ་བཞག་སྟེ། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་གལ་ཏེ་འདོད་ན་ལོངས༌ཤིག །དེ་ནས་བྲམ་ཟེས་མིག་དེ་མཐོང་བ་དང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། དགེ་སློང་མ་ཨུཏྤ་ལའི་མདོག་གི་ཀླད་དུ་ཁུ་ཚུར་གཅིག་བསྣུན་ནས་སོང་ངོ་། །དེ་ནས་ཨུཏྤ་ལའི་མདོག་གིས་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་སོ། །དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་མཐུ་སྟོབས་ཆུང་བ། གཡོན་ཅན་དང་། འཕྱོན་མ་དང་། ཟོལ་པ་ལ་སོགས་པས་འདོད་པར་བྱ་བ་ཡིན་པས་དེའི་ཕྱིར་དེང་ཕྱིན་ཆད་དགེ་སློང་མས་དགོན་པར་གནས་པར་མི་བྱའོ། །ཞེས་གསུངས་སོ།། །།

སྐེམ་མོ་གོ་ཏ་མི་འཁོར་བའི་སྡུག་བསྔལ་གྱིས་སེམས་མྱོས་ཏེ་སངས་རྒྱས་དང་འཕྲད་ནས་འདུལ་འཛིན་གྱི་མཆོག་ཏུ་ལུང་བསྟན་པ་དང་དེའི་རྒྱུ་རྐྱེན་བཅས་གསུངས་ཚུལ། འདུལ་བ་ལུང་ཕྲན་ཚེགས་ལས་བཏུས།

སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་ན་ཡུལ་འཁོར་མོ་འཇིག་ན་ཁྱིམ་བདག་གཽ་ཏ་མ་ཞེས་བྱ་བ་ཞིག་འདུག་པ་ཕྱུག་ལ་ནོར་མང་ལ་ལོངས་སྤྱོད་ཆེན་པོ་ཞིག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ནས་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དུས་ཕྱི་ཞིག་ན་ཟོང་ཁྱེར་ནས་ཡུལ་རྡོ་འཇོག་ཏུ་སོང་སྟེ་ཁྱིམ་བདག་གཞན་ཞིག་གི་ཁྱིམ་དུ་ཕྱིན་པ་དང་། དེས་དེ་ལ་བདེ་བར་འོངས་སམ་ཞེས་བྱ་བའི་ཚིག་གིས་སྙན་པ་བརྗོད་ནས་ངལ་བསོས་ཏེ། གཅིག་ལ་གཅིག་བྱམས་པ་ལས་ཁྱིམ་བདག་གཽ་ཏ་མ་དེ་དང་ལྷན་ཅིག་མཛའ་བོར་གྱུར་ཏོ། །ཁྱིམ་བདག་གཽ་ཏ་མས་ཟོང་རྣམས་བཙོངས་ཏེ་སླར་གྱི་ཟོང་རྣམས་ཁྱེར་ནས་གྲོང་ཁྱེར་འཁོར་མོ་འཇིག་ཏུ་སོང་ངོ་། །

ཡུལ་རྡོ་འཇོག་གི་ཁྱིམ་བདག་ཀྱང་དུས་ཕྱི་ཞིག་ན་ཟོང་ཁྱེར་ནས་འཁོར་མོ་འཇིག་ཏུ་འོངས་ཏེ། དེ་ཡང་ཁྱིམ་བདག་གཽ་ཏ་མ་ཁྱིམ་དུ་ཕྱིན་པ་དང་། དེས་ཀྱང་དེ་ལ་རི་མོ་དང་མཛའ་བའི་ཚིག་གིས་བདེ་བར་འོངས་སམ་ཞེས་སྨྲས་ནས་ངལ་བསོས་སོ། །དེ་གཉིས་གཅིག་ལ་གཅིག་མཛའ་བ་རབ་ཏུ་སྐྱེས་པར་གྱུར་ཏོ། །ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་གིས་ཁྱིམ་བདག་གཽ་ཏ་མ་ལ་གྲོགས་པོ་བདག་ཅག་གཉིས་དུས་ལས་འདས་པའི་འོག་ཏུ་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚ་དག་མཛའ་བའི་རྒྱུན་མི་འཆད་པར་བྱ་བའི་ཐབས་ཅི་ཡོད་ཅེས་སྨྲས་པ་དང་། གཽ་ཏ་མས་སྨྲས་པ། གྲོགས་པོ་ལེགས་ཏེ། བདག་གིས་ཀྱང་དེ་སྙམ་བསམས་སོ། །དེ་བས་ན་ཚུར་ཤོག་བུ་མ་བྱུང་བ་ནས་གཉེན་དུ་བྱས་ཏེ། དེ་སྟེ་བདག་ལས་བུ་ཕོ་ཞིག་བྱུང་ལ་ཁྱོད་ལས་བུ་མོ་ཞིག་བྱུང་ན་ཁྱོད་ཀྱིས་བདག་གི་བུ་ལ་བྱིན་ཅིག །འོན་ཏེ་ཁྱོད་ལ་བུ་ཕོ་ཞིག་སྟེ། བདག་ལ་བུ་མོ་ཞིག་ན་བདག་གིས་ཁྱོད་ཀྱི་བུ་ལ་སྦྱིན་ནོ། །དེས་སྨྲས་པ། གྲོགས་པོ་ལེགས་ཀྱིས་དེ་བཞིན་བྱའོ་ཞེས་ཟེར་ནས་ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་དང་། ཁྱིམ་བདག་གཽ་ཏ་མ་གཉིས་ལྷན་ཅིག་ཏུ་བུ་མ་བྱུང་བ་ནས་གཉེན་དུ་འཐམས་ནས་དེས་ཟོང་བཙོངས་ཏེ་སླར་གྱིས་ཟོང་ཁྱེར་ནས་ཡུལ་རྡོ་འཇོག་ཏུ་སོང་ངོ་། །

དེས་དེ་ན་ཆུང་མ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་བཙས་ན་བུ་ཕོ་ཞིག་བྱུང་ངོ་། །དེ་ཞག་བདུན་གསུམ་ཉི་ཤུ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱས་པར་བྱས་ཏེ། དེ་རིགས་དང་མཐུན་པའི་མིང་ཞིག་བཏགས་སོ། །འཁོར་མོ་འཇིག་གི་ཁྱིམ་བདག་གིས་ཡུལ་རྡོ་འཇོག་གི་ཁྱིམ་བདག་ལས་བུ་ཕོ་ཞིག་བཙས་པར་ཐོས་ནས། དེས་བདག་གི་གྲོགས་པོ་ལ་བུ་ཕོ་ཞིག་བཙས་ཏེ་ཁྱེའུ་དེ་ནི་བདག་གི་མག་པར་འགྱུར་ཡང་སྲིད་ཀྱིས་དེའི་གོས་དང་རྒྱན་རྣམས་བསྐུར་རོ་སྙམ་བསམས་ནས། དེས་དེ་ལ་གོས་དང་རྒྱན་རྣམས་བསྐུར་ཏེ། ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་དེ་ལ་གྲོགས་པོ་ཁྱོད་ལ་བུ་ཕོ་ཞིག་བཙས་སོ་ཞེས་ཐོས་ནས་གྲོགས་པོ་ལས་བུ་བཙས་པ་བདག་ཤིན་ཏུ་དགའ་སྟེ་ཁྱེའུའི་ཕྱིར་གོས་དང་རྒྱན་ཞིག་བསྐུར་གྱིས་ལོངས་ཤིག་ཅེས་ཡི་གེ་སྤྲིང་ངོ་། །དེས་སྤྲིང་ཡིག་བཀླགས་ཏེ་སླར་གྱི་ལན་སྤྲིང་བ་དང་། ཁྱིམ་བདག་གཽ་ཏ་མས་དེ་བཀླགས་ནས་བུ་མོ་ཞིག་འབྱུང་དུ་སྨོན་ཏེ་ཆུང་མ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །

དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་དགུ་འདས་པ་དང་བཙས་ན་བུ་མོ་ཞིག་བྱུང་སྟེ། གཟུགས་ལེགས་ཤིང་ལྟ་ན་སྡུག་པ་དང་། བཟང་མོ་ཞིག་ན་ཅུང་ཟད་དུ་རིད་ཅིང་ཉམ་ཆུང་བ་ཞིག་ནས་དེ་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱས་པར་བྱས་ནས་མིང་འདོགས་པ་ལ་ཞུགས་ཏེ། བུ་མོ་འདི་མིང་ཅིར་གདགས་ཞེས་བགྲོས་པ་དང་། གཉེན་དག་གིས་སྨྲས་པ། བུ་མོ་འདི་རིད་ཅིང་ཉམ་ཆུང་ཁྱིམ་བདག་གཽ་ཏ་མའི་བུ་མོ་སྟེ། དེ་བས་ན་བུ་མོ་འདིའི་མིང་ནི་སྐེམ་མོ་གཽ་ཏ་མ་ཞེས་མིང་དུ་བཏགས་སོ། །

ཡུལ་རྡོ་འཇོག་ན་གནས་པའི་ཁྱིམ་བདག་གིས་འདི་ལྟར་འཁོར་མོ་འཇིག་གི་ཁྱིམ་བདག་གཽ་ཏ་མ་ལ་བུ་མོ་ཞིག་བཙས་སོ། །ཞེས་ཐོས་ནས་དེས་བདག་གི་གྲོགས་ལས་བུ་མོ་ཞིག་བཙས་ཏེ་བུ་མོ་དེ་ནི་བདག་གི་མནའ་མར་འགྱུར་བར་ངེས་ཀྱིས་དེ་ལ་གོས་དང་རྒྱན་རྣམས་བསྐུར་བར་རིགས་སྙམ་བསམས་ཏེ། ཁྱིམ་བདག་གཽ་ཏ་མ་ལ་གྲོགས་པོ་བདག་གིས་ནི་ཁྱོད་ལས་བུ་མོ་ཞིག་བཙས་སོ་ཞེས་ཐོས་ནས་བདག་ཤིན་ཏུ་དགའ་སྟེ་གྲོགས་པོའི་བུ་མོ་ལ་གོས་དང་རྒྱན་རྣམས་བསྐུར་གྱིས་ལོངས་ཤིག་ཅེས་དེས་སྤྲིང་ངོ་། །དེས་ཡི་གེ་བཀླགས་ཏེ་སླར་གྲོགས་པོ་མཛའ་བོས་བྱས་པ་དེ་ནི་ལེགས་ཏེ། བདག་དང་གཉེན་བྱས་ཏེ་བུ་མོ་སྐྱེས་ནས་བླང་བར་བྱའོ་ཞེས་ལན་སྤྲིང་ངོ་། །ཁྱིམ་བདག་གཽ་ཏ་མས་ཡི་གེ་བཀླགས་ནས་བུ་མོ་དེ་བུད་མེད་ཀྱིས་བསླབ་པ་རྣམས་སློབ་ཏུ་བཅུག་གོ །ཞེས་དང་ཡང་དེ་ལས། དེ་ནས་དེད་དཔོན་དེས་བུ་མོ་སྐེམ་མོ་གཽ་ཏ་མཱི་དཔལ་ཆེན་པོ་དང་སྦྱར་ཏེ་བག་མར་བླངས་སོ། །

ཁྱིམ་བདག་གཽ་ཏ་མ་རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཞིང་རྨེད་དེ། དེས་མག་པ་དེ་ལ་སྨྲས་པ། བུ་ཁྱོད་ཀྱིས་ཆུང་མ་འདི་ཁྲིད་ལ་རི་བྲགས་ཀྱི་གྲོང་འདི་ཞེས་བྱ་བར་འདུག་ཅིག །དེས་དེ་ལ་རི་བྲགས་གྲོང་གི་ཞིང་ཐམས་ཅད་བྱིན་ནས་དེས་སྐེམ་མོ་གཽ་ཏ་མཱི་ཤིང་རྟ་ལ་ཞོན་ཏེ་དེར་སོང་ནས་འདུག་གོ །དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་དུས་ཕྱི་ཞིག་ན་སྐེམ་མོ་གཽ་ཏ་མཱི་སེམས་ཅན་དང་ལྡན་པར་གྱུར་ནས་དེ་བུ་འབྱུང་བའི་དུས་ལ་བབ་པ་དང་། ཇོ་བོ་བདག་བུ་བཙར་ཉེས་བདག་གཉེན་གྱི་ཁྱིམ་དུ་མཆིའོ། །དེར་བདག་ལ་བདག་གི་མ་གཡོག་བགྱིད་དོ་ཞེས་སྨྲས་པ་དང་། དེས་ཀྱང་ལེགས་སོ་ཞེས་སྨྲས་ནས་དེས་བུ་མོ་གཉེན་གྱི་ཁྱིམ་དུ་བསྐྱལ་བ་དང་། དེ་ལ་དེར་བཙས་ན་བུ་ཁྱེའུ་ཞིག་བྱུང་ནས་ཞག་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱས་པར་བྱས་ཏེ་རིགས་དང་མཐུན་པའི་མིང་བཏགས་ནས། དེས་ཁྱེའུ་དེ་ཁྱེར་ཏེ་སླར་རི་བྲགས་ཀྱི་གྲོང་ཉིད་དུ་འོངས་སོ། །

དེ་ཕྱིས་ཡང་སེམས་ཅན་དང་ལྡན་པར་གྱུར་ནས་བུ་འབྱུང་བའི་དུས་སུ་བབ་པ་དང་། ཇོ་བོ་བུ་འབྱུང་བའི་དུས་ལ་བབ་ཀྱིས་གཉེན་གྱི་ཁྱིམ་དུ་མཆིའོ། །དེར་བདག་ལ་མ་བདག་གི་གཡོག་བགྱིད་དོ་ཞེས་སྨྲས་པ་དང་། དེས་ཀྱང་བཟང་མོ་ལེགས་ཀྱིས་འདོང་བར་བྱའོ་ཞེས་སྨྲས་པ་དང་། དེས་མ་དང་བུར་བཅས་ཏེ་ཤིང་རྟ་ལ་བསྐྱོན་ནས་དོང་བ་དང་། དེ་ལམ་གྱི་ཕྱེད་དུ་བུ་བཙས་པར་གྱུར་ཏོ། །དེས་བུ་བཙས་པར་མཐོང་ནས་ཤིང་རྟ་ལས་བབས་ཏེ་ཤིང་གཞན་ཞིག་གི་དྲུང་དུ་འདུག་པ་དང་དེ་ཉིད་དུ་གཉིད་ཀྱིས་ལོག་གོ །དེ་གཉིད་ཀྱིས་ཆེར་ལོག་པ་དང་སྦྲུལ་གདུག་པས་ཟིན་ནས་དུས་ལས་འདས་སོ། །

མོ་ཡང་ཤིང་རྟའི་སྟེང་ཉིད་དུ་བུ་ཁྱེའུ་ཞིག་བཙས་ཏེ་དེ་ཤིང་རྟ་ལས་བབས་ནས་ཤིང་དྲུང་དུ་སོང་སྟེ། ཇོ་བོ་ཁྱོད་ཀྱི་བུ་ཁྱེའུ་ཞིག་བཙས་ཀྱིས་དགྱེས་པ་སྐྱེད་ཅིག་ཅེས་སྨྲས་པ་དང་། དེ་སེམས་མེད་པས་ལན་མ་གླན་ནོ། །དེས་ལག་པས་བསྒུལ་ཏེ་བརྟགས་ན་དུས་ལས་འདས་པ་མཐོང་ངོ་། །མོ་དེ་ན་ངུ་བར་གྱུར་པ་དང་། བ་ལང་ཡང་མ་བྱིན་པར་ལེན་པས་ཕྲོགས་སོ། །དེ་ནས་དེ་རིང་ཞིག་ཏུ་ངུས་ནས་མི་དགའ་བ་སྐྱེས་ཏེ་ཕྱོགས་བཞིར་བལྟས་ཏེ་དེས་བུ་ད་གཟོད་བཙས་པ་ནི་པང་དུ་ཐོགས་སྔ་མ་ནི་ལག་པ་ནས་བཟུང་སྟེ་སོང་བ་དང་། དེ་ན་དུས་མ་ཡིན་པའི་སྤྲིན་ཆེན་པོ་ལངས་ཏེ་དེས་མཚོ་དང་། ལྟེང་ཀ་དང་། ཁྲོན་པ་དག་ཆུས་གང་ནས་དེའི་ལམ་ཀ་ན་ཆུ་བོ་བརྒལ་དགོས་པར་གྱུར་ནས། དེས་བསམས་པ་དེ་སྟེ་ཁྱེའུ་དང་ལྷན་དུ་བརྒལ་ན་ནི་བདག་ཀྱང་མེད་ཁྱེའུ་ཡང་མེད་པར་འགྱུར་ན་རེ་ཞིག་ཁྱེའུ་ཇེ་བསྒྲལ་ལོ། །ཕུ་བོ་དེ་ཆུ་བོའི་འགྲམ་དུ་བཞག་སྟེ་ཆུང་ངུ་ཁྱེར་ཏེ་བརྒལ་ལོ། །

དེ་ནས་དེ་ཡང་འགྲམ་དུ་བཞག་སྟེ་ཕུ་བོའི་ཕྱིར་ཡང་བརྒལ་ཏེ་ཆུ་བོ་ཕྱེད་དུ་ཕྱིན་པ་དང་ཁྱེའུ་ཆུང་ངུ་དེ་ཝས་ཁྱེར་རོ། །དེ་ནས་མོས་ཆུ་བོའི་དབུས་སུ་འདུག་སྟེ་ལག་པ་གཡབས་ནས་ཀུ་ཀུ་ཞེས་བོས་པ་དང་། ཁྱེའུ་ཕུ་བོ་དེ་མ་བདག་ལ་འབོད་དོ་སྙམ་བསམས་ནས་དེ་ཆུའི་ནང་དུ་མཆོངས་པ་དང་། ཆུ་འགྲམ་ཡང་གད་པ་ཆད་པ་ཞིག་སྟེ་ལྷུང་མ་ཐག་ཏུ་དུས་ལས་འདས་ནས་དེ་ནས་མོ་རིངས་ཤིང་མྱུར་བར་བྱུང་སྟེ། ཝ་དེའི་རྗེས་བཞིན་དུ་བསྙགས་པ་དང་དེས་དེ་བོར་ཏེ་སོང་ནས་དེ་ལ་བལྟས་ན་དུས་ལས་འདས་པར་མཐོང་བ་དང་མོ་ངུས་ནས་དེ་ཆུར་བོར་ཏེ། དེ་ནས་བུ་ཆེན་པོ་དེ་ཡང་ཆུས་ཁྱེར་བར་མཐོང་ནས་དེ་མི་དགའ་བ་ཆེར་གྱུར་ཏེ་ངུ་ཞིང་བརྒྱུགས་པ་དང་དེ་ཡང་དུས་ལས་འདས་པར་མཐོང་ངོ་། །དེ་ཁྱོ་དང་བུ་ལས་བྲལ་བས་ཡི་ཆད་པར་གྱུར་ནས་གཅིག་པུ་གོས་གཅིག་གི་སྨད་གཡོགས་ཏེ་ཆུ་བོའི་འགྲམ་ན་རླུང་དང་ནགས་ཆེན་པོ་དང་། ཆུ་བོ་རྣམས་ཀྱི་སྒྲ་དང་བྱའི་སྒྲ་དུ་མ་རྣམས་མཉན་ཅིང་ཐོས་ནས་ཀྱི་ཧུད་ཀྱི་ཧུད་ཁྱོ། ཀྱི་ཧུད་བུ་ཆེན་པོ། ཀྱི་ཧུད་བུ་ཆུང་ངུ་མ་ཞེས་སྙིང་རྗེ་ཞིང་བརྩེ་བས་མཆི་མས་བརྣངས་བཞིན་དུ་ངུ་སྟེ་ས་ལ་ཕན་ཚུན་འགྲེ་ཞིང་འདུག་པ་དང་། ལས་ཀུན་རྒྱས་ཤིང་རྫོགས་པར་ངེས་པ་གདོན་མི་ཟ་བར་རྣམ་པར་སྨིན་པར་འགྱུར་ཏེ། དེ་མ་ཐག་ཏུ་འདི་ཕ་དང་མ་དང་ཁྱིམ་གྱི་སྐྱེ་བོ་མང་པོ་དག་གནམ་ལྕགས་ཀྱིས་ཕོག་སྟེ་ཤིའོ། །

དེའི་ནང་ནས་སྐྱེས་པ་གཅིག་ཅིག་ཐར་ཏེ། སྙིང་རྗེ་ཞིང་བརྩེ་བས་མཆི་མས་བརྣངས་བཞིན་དུ་མྱུར་བར་འགྲོ་ཞིང་དེའི་མདུན་ལོགས་སུ་འོངས་པ་དང་། མོས་དེ་སྐྲག་པ་ལྟ་བུར་མཐོང་ནས་ཀྱེ་སྐྱེས་བུ་ཅིའི་ཕྱིར་རིངས་པར་རྒྱུག་ཅེས་དྲིས་པ་དང་། དེས་དེའི་མདུན་དུ་རང་གི་ལུས་བརྡབས་ནས་ངུ་ཞིང་མཆི་མས་བརྣངས་བཞིན་དུ་སྨྲས་པ། ཁྱོད་ཀྱི་ཕ་དང་མ་དང་ཁྱིམ་གྱི་སྐྱེ་བོ་མང་པོ་ཀུན་གནམ་ལྕགས་བབ་པས་ཕོག་སྟེ་བདག་གཅིག་པུ་ནི་ལས་ཀྱིས་ཐར་རོ། །དེ་ཐོས་ནས་ཕྱི་ཕྱིར་མྱ་ངན་སློས་ཤིང་ངུས་པར་གྱུར་པ་བདག་གིས་སྔོན་གྱི་ཚེ་རབས་སུ་སྡིག་ཅི་ཞིག་བྱས་ན་དུས་གཅིག་ཏུ་ཁྱོ་དང་བུ་ལ་སོགས་པ་གཉེན་བཤེས་དང་བྲལ། དེ་བས་ཁྱིམ་ན་གནས་པས་ཅི་ཞིག་བྱས། །སྐལ་བ་མེད་པས་གང་དུ་ཅི་སྙེད་པ། །ཁྱོ་དང་གཉེན་བཤེས་དང་ཡང་བདག་བྲལ་བ། །བདག་འགྲོ་ཁྱིམ་ན་གནས་པར་མི་རིགས་ཏེ། །དགོན་པ་རྣམ་པར་དབེན་པ་དེ་དག་དང་། །ཁྱིམ་སྟོང་དེ་དག་ཏུ་ནི་གནས་པར་བླ། །ཁྱིམ་ན་གནས་པ་སྡིག་སྟེ་ཅིར་མི་རུང་། །མྱ་ངན་སྡུག་བསྔལ་རྣམ་པར་འཕེལ་བར་གྱུར། །དེར་ཕྱོགས་གཅིག་ཏུ་ཞུགས་ཏེ་སོང་ནས་ཕན་ཚུན་དུ་འཁྱམ་འཁྱམ་པ་ལས་རི་བྲགས་ཀྱི་གྲོང་གཞན་ཞིག་ཏུ་ཕྱིན་ནས། དེ་ན་བུད་མེད་རྒན་མོ་གཞན་ཞིག་རས་འཁལ་བ་ཞིག་འདུག་སྟེ་དེ་དེའི་དྲུང་དུ་སོང་བ་དང་། དེས་དེ་ལ་ངལ་བསོས་ནས་དེ་དང་ལྷན་ཅིག་ཏུ་རས་འཁལ་བ་ལ་ཞུགས་སོ། །

དེ་ན་ཐ་ག་པ་ཁྱེའུ་གཞོན་ནུ་གཞན་ཞིག་རང་གི་བཟོས་འཚོ་བ་ལ་ཞུགས་ཏེ། དེ་ལ་བུད་མེད་རྒན་མོ་དེ་དུས་དུས་སུ་རས་ཀྱི་སྐུད་པ་དེ་ལ་འཚོང་ངོ་། །དེ་ནས་གཞན་ཞིག་ཏུ་དེས་སྐུད་པ་ཕྲ་མོ་ཞིག་ཁྱེར་ཏེ་དེའི་དྲུང་དུ་སོང་བ་དང་། དེས་མ་མ་ཁྱོད་ཀྱིས་སྔོན་ནི་སྦོམ་པོར་འཁོལ་ན་ད་འདི་ལྟ་བུ་གང་ནས་འོངས་ཞེས་དྲིས་པ་དང་། དེས་བུ་འདི་ནི་བདག་གིས་མ་བཀལ་ལོ། །མ་མ་འོ་ན་སུས་བཀལ། བུ་བདག་གི་ཁྱིམ་ན་བུད་མེད་གཅིག་ཅིག་འདུག་སྟེ། དེས་བཀལ་བ་འདི་ཡིན་ནོ་ཞེས་སྨྲས་པ་དང་། དེས་མ་མ་ཁྱོད་ཀྱིས་ཅིའི་ཕྱིར་ན་བདག་ལ་དེ་མི་སྦྱིན་བདག་ལ་ཡང་ཆུང་མ་མེད་དོ། །བདག་གིས་དེའི་བཟའ་བ་དང་བགོ་བ་དང་འཚོ་བའི་ཡོ་བྱད་དག་སྦྱར་རོ་ཞེས་སྨྲས་པ་དང་། མོས་བུ་རེ་ཞིག་དེ་ལ་གསོལ་བར་བྱ་སྟེ་ཅི་ཟེར་བ་ལས་ལན་ཕྱིས་སྦྱིན་ནོ་ཞེས་སྨྲས་པ་དང་། དེས་དེའི་སྐུད་པའི་རིན་རྒྱལ་བར་བྱིན། ཟན་ཀྱང་བྱིན་ནས་དེ་ནས་དྲི་དང་མེ་ཏོག་གིས་བརྒྱན་ཏེ་བཏང་བ་དང་སྐེམ་མོ་གཽ་ཏ་མཱིས་སྨྲས་པ། མ་མ་སྐུད་པ་སུ་ལ་བཙོངས་ན་རིན་རྒྱལ་ཞིང་ལེགས་ཏེ་ཁྱོད་ཀྱང་དྲི་དང་མེ་ཏོག་གིས་སུས་བརྒྱན། དེས་བུ་མོ་དྲི་དང་མེ་ཏོག་གིས་བརྒྱན་པ་འབའ་ཞིག་མ་ཡིན་གྱི་ཟན་ཀྱང་བྱིན་ན་ཞེས་སྨྲས་པ་དང་། དེའི་ཕྱིར་འདི་ལྟ་བུ་ག་ལས་བྱུང་ཞེས་འདྲིའོ། །དེས་ཀྱང་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་ནས་ཁྱེའུ་ཐ་ག་པའི་ཡོན་ཏན་གྱི་ཁྱད་པར་སྙན་པར་བརྗོད་དེ་སྨྲས་པ། བུ་མོ་ཁྱེའུ་ཐ་ག་པ་དེ་ཁྱོད་སློང་སྟེ། དེའི་ཆུང་མ་མེད་ཀྱིས་ཁས་ལོངས་ཤིག་དང་བདེ་བར་འགྱུར་རོ། །དེས་མ་མཆོག་གིས་ཕྱིན་ཆད་འདི་སྐད་མ་སྨྲ་ཞིག །བདག་ནི་ཁྱིམ་ན་གནས་པས་སྐྱོས་ཇི་ལྟ་བུར་ཡང་རུང་དེ་ལྟ་བུའི་འཚོ་བ་མི་བྱའོ་ཞེས་སྨྲས་པ་དང་། དེས་སྨྲས་པ། བུ་མོ་བུད་མེད་རྟེན་མེད་པ་ནི་སྡུག་བསྔལ་བའི་གནས་ན་འདུག་སྟེ་ཕྱི་རོལ་གྱི་སྐྱེས་པ་དག་གླགས་ལྟ་བར་ཡང་འགྱུར་གྱིས་གནས་སུ་སོམས་ལ་ཁས་ལོང་སྟེ་འདུག་ཅིག །དེས་ཁས་མ་བླངས་ནས། དེས་དེ་ལ་ཉེས་པའི་དམིགས་སུ་འགྱུར་བར་སྨྲས་པ་དང་། གདོད་དེས་ཁས་བླངས་སོ། །དེ་ནས་ཁྱེའུ་ཐ་ག་པས་དེ་ཉི་མ་དང་ཚེས་གྲངས་དང་སྐར་མའི་རིམ་དང་སྦྱར་ཏེ་ཁྱིམ་དུ་བླངས་སོ། །

དེ་ཡང་མི་སྲུན་ཅིང་སྨྱོ་ལ་ཁྲོ་བས་རྟག་ཏུ་དེ་ལ་དབྱིག་པ་དང་ཐལ་མོས་རྡེག་སྟེ། དེས་བུད་མེད་རྒན་མོ་དེ་ལ་སྨྲས་པ། མ་མ་ཁྱོད་ཀྱིས་བདག་སྲིན་པོ་ལ་ཕུལ་ཏེ། དེས་བདག་ལ་ཉིན་གཅིག་བཞིན་དུ་དབྱུག་པ་དང་། ཐལ་མོས་རྡེག་ན་ཇི་ལྟར་བྱ་མ་ཤེས་སོ། །བུ་མོ་ནམ་ཁྱོད་ལ་བུ་མ་བྱུང་གི་བར་དུ་ཁྱོད་ལ་ཁོ་རྡེག་གོ །ཁྱོད་ཀྱང་བུ་མཐུར་གྱུར་པ་དང་། ཁྱིམ་དེ་ཡང་ཁྱོད་ཉིད་དབང་བྱེད་ཀྱིས་མི་དགའ་བར་མ་བྱེད་ཅིག །དེ་དུས་ཕྱི་ཞིག་ན་དེ་སེམས་ཅན་དང་ལྡན་པར་གྱུར་ནས་ཁྱེའུ་ཐ་ག་པ་དེ་མོ་ལ་བྱམས་པར་གྱུར་ཏོ། །མོ་ཡང་དེ་ལ་བརྙས་པར་བྱེད་དོ། །དེས་ཀྱང་སྡོད་ཅིག་ཅེས་བྱས་ནས་མནགས་སོ། །དེ་ནས་དུས་ཕྱི་ཞིག་ན་ཁྱེའུ་དེ་ཐ་ག་པའི་གྲོགས་པོ་རྣམས་ཀྱིས་ཆང་མང་དུ་བླུད་པས་ར་རོ་ནས་སྨྱོ་ཞིང་ཁྱིམ་དུ་འོངས་སོ། །དེ་ཡང་སྒོ་བཅད་དེ་བུ་འབྱུང་ཞིང་འདུག་པའི་ཚེ་དེས་སྒོ་ཕྱེ་ཞེས་བྱས་ན་དེ་བུ་འབྱུང་བའི་སྡུག་བསྔལ་གྱིས་ཀུན་ཏུ་གཟེར་བས་སྒོ་མ་ཕྱེ་བ་དང་། དེ་རབ་ཏུ་ཁྲོ་བ་སྐྱེས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདུག་གོ །དེས་བུ་བྱུང་ནས་སྒོ་ཕྱེ་བ་དང་དེ་ནང་དུ་འོངས་པ་ལ་དེས་གུས་པར་བྱས་ཏེ་སྨྲས་པ། ཇོ་བོ་དགྱེས་པར་མཛོད་ཅིག །ཁྱོད་ཀྱི་བུ་ཕོ་ཞིག་བཙས་སོ། །

དེས་དེ་ལ་ཁྲོ་བས་ཀུན་ཁེབས་པ་དང་ནི་མ་བྲལ་གྱི་གནོད་སེམས་ཀྱིས་ཀུན་ཏུ་ཁེབས་པར་གྱུར་ཏེ། དེས་འདི་བུ་མ་བྱུང་བས་ཀྱང་བདག་ལ་བརྙས་པར་བྱེད་ན། གང་གི་ཚེ་འདིའི་བུ་སྐྱེས་པར་གྱུར་ན་འདི་དང་བུས་བསྡོངས་ནས་བདག་ལ་གདོན་མི་ཟ་བར་གསོད་པར་བྱེད་དོ་སྙམ་དུ་བསམས་ནས་དེས་སྨྲས་པ། བཟང་མོ་ཐབ་ཏུ་མེ་བུས་ལ་ཟངས་ཚུགས་ཤིག །དེས་ཐབ་ཏུ་མེ་བུས་ཏེ་ཟངས་བཙུགས་པ་དང་སྨྲས་པ། ཡུངས་མར་ལུགས་ལ་སྐོལ་ཅིག །དེས་ཡུངས་མར་བླུགས་ཏེ་བསྐོལ་བ་དང་། དེས་བུ་ཆུང་འདིར་ཆུག་ལ་སྐོལ་ཅིག་ཅེས་སྨྲས་པ་དང་མོས་ཇོ་བོ་འདི་ནི་ཁྱོད་ཉིད་ཀྱི་བུ་ཡིན་ན་འདིར་ཅི་ཞིག་ཉེས་གཞོན་ནུར་མ་བསད་ཅེས་སྨྲས་པ་དང་། དེས་དེ་ལ་དབྱིག་པས་བརྡེགས་སོ། །བདག་ལས་སྡུག་པ་མེད་པས་དེས་སྐྲག་སྟེ། དེ་ཡུངས་མར་ཁོལ་བའི་ནང་དུ་བཅུག་པ་དང་དུས་ལས་འདས་སོ། །ནམ་དེ་ཚོས་པར་གྱུར་པ་ན་དེས་སྨྲས་པ། ད་ཕྱུང་ཞེས་བསྒོ་བ་དང་། དེས་དེ་ཕྱུང་བ་དང་། སྨྲས་པ། ཟོ་ཞིག་ཅེས་བསྒོའོ། །དེས་སྨྲས་པ། ཇོ་བོ་བུའི་ཤ་ཇི་ལྟར་བཟའ་ཞེས་སྨྲས་པ་དང་། དེས་དེ་ཉིད་ཀྱི་ལུས་ཐམས་ཅད་དུ་བརྡེགས་རབ་ཏུ་བརྡེགས་པ་དང་། དེ་དེས་བརྡེགས་པས་བུའི་ཤ་ཡང་ཟོས་སོ། །

བཅོམ་ལྡན་འདས་ཀྱིས་གསུངས་པ། འདོད་ཆགས་ནི་ཁ་ན་མ་ཐོ་བ་ཆུང་མོད་ཀྱི་འབྲལ་བ་ནི་དཀའོ། །ཞེ་སྡང་ནི་ཁ་ན་མ་ཐོ་བ་ཆེ་ལ་འབྲལ་བ་སླ་བས་ཐ་ག་པའི་ཁྱེའུ་དེ་ཕྱིས་འགྱོད་པའི་མེས་གདུངས་ཏེ་རིང་ཞིག་ཏུ་མ་ལོག་པས་ན་གཉིད་ཀྱིས་མྱོས་ཏེ་དེ་ཤིན་ཏུ་ལོག་པར་གཽ་ཏ་མཱིས་རིག་ནས་བསམས་པ། འདིས་བུ་བསད་ནས་བདག་ལ་ཡང་བུའི་ཤ་ཟར་བཅུག་སྟེ། མི་འདི་ནི་སྲིན་པོ་ཡིན་གྱིས་འབྲོས་སྙམ་ནས་རྒྱགས་ཅི་ཐེག་ཅིག་ཁྱེར་དེ་བྲོས་པ་དང་། བྱང་ཕྱོགས་ཀྱི་ལམ་གྲོགས་དག་ཅིག་ཡུལ་འཁོར་མོ་འཇིག་ཏུ་ཟོང་རྣམས་བཙོངས་ཏེ་སླར་གྱིས་ཟོང་རྣམས་ཁྱེར་ནས་བྱང་ཕྱོགས་ཀྱི་ལམ་དུ་ཞུགས་ཏེ་འདོང་བ་དང་། དེ་དག་དང་མོ་ལྷན་ཅིག་ཏུ་སོང་ངོ་། །ཇི་ཙམ་ན་དེད་དཔོན་གྱིས་དེའི་གཟུགས་མཛེས་པར་མཐོང་ངོ་། །

མཐོང་ནས་དེ་ལ་ཆགས་ཏེ་དེས་ཁྱོད་སུའི་ད་གང་དུ་འགྲོ་ཞེས་དྲིས་པ་དང་། མོས་སྨྲས་པ། དེད་དཔོན་བདག་གི་ཁྱོ་ནི་སྦྲུལ་གདུག་པས་ཟོས་སོ། །བུ་གཉིས་ལས་གཅིག་ནི་ཝས་སོ། །གཅིག་ནི་ཆུ་བོའི་ནང་དུ་དུས་ལས་འདས་སོ། །མ་དང་ཕ་ནི་གནམ་ལྕགས་ཀྱིས་བསད་དོ། །བདག་ནི་མགོན་མེད་པས་གར་དགའ་བར་འགྲོ་སྟེ་འགྲོན་པ་མང་པོ་དེ་དག་གར་འདོང་བ་དེར་མཆིའོ། །དེས་བསམས་པ། རིང་དུ་གར་སོང་ཡང་འདི་འདྲ་བའི་བུད་མེད་དང་ལྷན་ཅིག་ཡོངས་སུ་སྤྱོད་དོ། །སྙམ་ནས་དེས་དེ་ཆུང་མ་བྱས་ཏེ། ཇི་ཙམ་ཞིག་ན་འགྲོན་པ་མང་པོ་དེ་དག་མི་རྒོད་ཀྱིས་བཅོམ་སྟེ། དེད་དཔོན་དེ་ཡང་འཐབ་པ་ལས་བསད་དོ། །སྐེམ་མོ་གཽ་ཏ་མཱི་ནི་མི་རྒོད་ཀྱི་དཔོན་གྱི་ཆུང་མར་བྱས་པ་དང་། མི་རྒོད་ཀྱི་སྡེ་དཔོན་དེ་ཡང་ཕྱོགས་ཀྱི་རྒྱལ་པོས་བསད་དོ། །

སྐེམ་མོ་གཽ་ཏ་མཱི་ནི་རྒྱལ་པོའི་བཙུན་མོ་ཆེན་མོར་གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་དེ་ཡང་དུས་ལས་འདས་ནས་བཙུན་མོ་དང་། གཞོན་ནུ་དང་བློན་པོ་དང་། སྐྱེ་བོ་མང་པོ་དག་གི་དེ་སྐེམ་མོ་གཽ་ཏ་མཱི་དང་ལྷན་ཅིག་ཏུ་བཀུར་སྟི་ཆེར་བྱས་ཏེ་མཆད་པའི་ནང་དུ་བཅུག་གོ །བྱང་ཕྱོགས་ཀྱི་མི་རྣམས་དུར་རྐུ་སྟེ། དེ་དག་གི་མཆད་པ་བྲུས་པ་དང་། སྐེམ་མོ་གཽ་ཏ་མཱི་སྣར་རྡུལ་སོང་ནས་དེས་སྦྲིད་པ་བྱུང་བ་དང་། དུར་རྐུ་བའི་མི་རྣམས་སྐྲག་སྟེ་རོ་ལངས་སོ་སྙམ་ནས་དེ་དག་བྲོས་པ་དང་། སྐེམ་མོ་གཽ་ཏ་མཱི་ཁུང་བུ་བྲུས་ནས་བྱུང་ངོ་། །

དེས་སྡུག་བསྔལ་རྣམ་པ་དུ་མར་བརྟགས་པས་རླུང་རབ་ཏུ་ལངས་ཤིང་ཁ་ཟས་མེད་པའི་རྐྱེན་གྱིས་སྨྱོན་མར་གྱུར་ནས་དེས་སྨད་གཡོགས་བོར་ཏེ་ལག་པ་དང་རྐང་པ་གས་ཤིང་རྩུབ་སྐྲ་རིང་ཞིང་སྐྱ་མོ་བསིང་བསིང་མོར་གྱུར་ཏེ། ཕན་ཚུན་འཁྱམ་འཁྱམ་པ་ལས་མཉན་དུ་ཡོད་པར་ཕྱིན་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ། །དེས་སྔོན་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་གྱུར་ནས་སྔོན་གྱི་ལས་ཀྱིས་ཛེ་ཏའི་ཚལ་དུ་ཕྱིན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་བརྒྱ་སྟོང་དུ་མའི་མདུན་དུ་ཆོས་འཆད་ཅིང་བཞུགས་པ་སྐེམ་མོ་གཽ་ཏ་མཱིའི་རྒྱང་མ་ནས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ནི་ཡང་དག་པར་བརྒྱན། དཔེ་བྱད་བཟང་པོ་བརྒྱད་བཅུས་ནི་སྐུ་ལ་རྣམ་པར་སྤྲས། འོད་ཀྱི་དཀྱིལ་འཁོར་ཉི་མ་སྟོང་ལས་འདས་པའི་འོད་འདོམ་གང་བ་རིན་པོ་ཆེའི་རི་འགྲོ་བ་བཞིན་པ་ཁོ་ར་ཁོར་ཡུག་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་བདག་གི་སེམས་དྲན་པ་སླར་ཐོབ་སྟེ་དེ་ངོ་ཚ་བའི་ཚུལ་དུ་གྱུར་ནས་ཕྱོགས་གཅིག་ཏུ་ཙོག་པུར་འདུག་གོ །

དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་མཁྱེན་པའམ། མི་གཟིགས་པའམ། མི་རིག་པའམ། རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་འཇིག་རྟེན་ལ་ཕན་འདོགས་པར་གྱུར་པ། སྲུང་བ་གཅིག་པུ་དཔའ་བོ་གཅིག་པ། གཉིས་སུ་མེད་པ་གཉིས་སུ་མི་སྨྲ་བ། ཞི་གནས་དང་། ལྷག་མཐོང་ལ་གནས་པ། དུལ་བའི་དངོས་པོ་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་མཐིལ་རབ་ཏུ་བརྟན་པ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཡན་ལག་ལྔ་རྣམ་པར་སྤངས་པ། འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། གནས་དྲུག་ལ་རྟག་ཏུ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་བརྒྱན་པ། ལམ་གྱི་ཡན་ལག་བརྒྱད་འཆང་བ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པར་གྲགས་པ་རྣམས་བརྒྱ་ཕྲག་བཅུའི་དབང་དུ་གྱུར་པ་ལས་རབ་ཏུ་ངེས་པ་ནི་མཚན་ལན་གསུམ་ཉིན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས་ཡེ་ཤེས་ཀྱི་གཟིགས་པ་འབྱུང་སྟེ། གང་ལ་ཉམས། གང་ལ་འཕེལ་བར་གྱུར། གང་ལ་སྡུག་བསྔལ་བར་གྱུར། གང་དོག་པར་གྱུར། གང་གནོད་པར་གྱུར། གང་སྡུག་བསྔལ་དང་དོག་པ་དང་གནོད་པར་གྱུར། གང་ངན་སོང་ལ་གཞོལ། གང་ངན་སོང་ལ་འབབ། གང་ངན་སོང་ལ་རབ་ཏུ་འབབས། ངས་གང་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་ལ་གཞག་པར་བྱ། གང་དགེ་བའི་རྩ་བ་དུ་མ་སྐྱེས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་བྱ། གང་བསྐྱེད་པ་རྣམས་ལ་ཡོངས་སུ་སྨིན་པར་བྱ། གང་སྨིན་པ་རྣམས་ལ་རྣམ་པར་གྲོལ་བར་བྱ། ཡང་གསུངས་པ། རྒྱ་མཚོ་ཆུ་སྲིན་གནས་དེ་ཡང་། །གལ་ཏེ་དུས་ལས་ཡོལ་ཡང་སྲིད། །གདུལ་བར་གྱུར་པའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་འདའ་མི་འགྱུར། །

དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེད་དཔོན་གྱི་ཆུང་མ་སྐེམ་མོ་གཽ་ཏ་མཱི་ལ་བླ་གོས་བྱིན་ཅིག་དང་འདི་ལ་ཆོས་བཤད་པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་དེད་དཔོན་གྱི་ཆུང་མ་གཽ་ཏ་མཱི་ལ་བླ་གོས་བྱིན་ནོ། །དེ་ནས་དེད་དཔོན་གྱི་ཆུང་མ་སྐེམ་མོ་གཽ་ཏ་མཱི་གོས་གྱོན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་རྣམས་མཁྱེན་ནས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དོ། །གང་ཐོས་པས་དེད་དཔོན་གྱི་ཆུང་མ་སྐེམ་མོ་གཽ་ཏ་མཱིས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གྱེན་དུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཙུན་པ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོར་གྱུར་ཅིང་། བཅོམ་ལྡན་འདས་ཀྱི་དྲུང་དུ་བདག་ཚངས་པར་སྤྱད་པ་སྤྱོད་དུ་གནང་ངམ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་ནས་དེས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་འདུལ་བ་བསླབས་ཏེ་ལུང་བསྒོ་བ་བྱིན་ནས་དེ་བརྩོན་པ་བྱས། ནན་ཏན་དུ་བྱས། བསྒྲུབས་པར་བྱས་པས་ན་འཁོར་བའི་འཁོར་ལོ་འདི་གཡོ་བ་དང་མི་གཡོ་བ་ཤེས་ཏེ་འདུས་བྱས་ཀྱི་རྒྱུད་ཐམས་ཅད་ཞིག་པ་དང་། ལྷུང་བ་དང་། རྣམ་པར་འགྱེས་པ་རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་རབ་ཏུ་བཅོམ་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་དུ་བྱས་ཏེ་དགྲ་བཅོམ་པར་གྱུར་ཏོ། །ཁམས་གསུམ་གྱི་འདོད་ཆགས་དང་བྲལ། བོང་བ་དང་གསེར་དུ་འདྲ། ནམ་མཁའ་ལ་ལག་མཐིལ་ཆགས་པ་མེད་པ་བཞིན་དུ་སེམས་མཉམ་པ། སྟེའུ་དང་ཙན་དན་དུ་འདྲ་བ། རིག་པས་སྒོ་ངའི་མཛོད་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་ཡང་དག་པར་སོ་སོར་རིག་པ་ནི་ཐོབ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་ཏེ། དབང་པོ་དང་ཉེ་དབང་པོ་དང་། ལྷར་བཅས་པ་རྣམས་ཀྱིས་མཆོད་ཅིང་ཕྱག་བྱ་བ་དང་ཚིག་སྙན་པས་བརྗོད་པར་གྱུར་ཏོ། །དེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་སོང་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་མའི་དགེ་སློང་མ་འདུལ་བ་འཛིན་པའི་ནང་ན་འདི་ལྟ་སྟེ་མཆོག་ནི་དགེ་སློང་མ་སྐེམ་མོ་གཽ་ཏ་མཱིའོ། །ནམ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གཽ་ཏ་མཱི་འདུལ་བ་འཛིན་པའི་ནང་ན་མཆོག་གོ་ཞེས་གསུངས་པ་དང་། དེའི་ཚེ་དེའི་དྲུང་དུ་དགེ་སློང་མ་རྣམས་འདོང་ངོ་། །དེས་འོངས་པ་དེ་དག་སྐྱོ་བ་བསྐྱེད་པའི་ཕྱིར་ལས་ཀྱི་རྒྱུད་རྣམས་བརྗོད་དོ། །དགེ་སློང་མ་དག་གིས་ཀྱང་དགེ་སློང་དག་ལ་དེ་ལྟ་བུར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་སྐེམ་མོ་གཽ་ཏ་མཱི་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་ཕྱིར་སོང་བ་དང་། དགེ་སློང་དག་གིས་མཐོང་ནས་གཅིག་ལ་གཅིག་དེའི་ལས་ཀྱི་རྒྱུད་རྣམས་འཛེར་ཏོ། །

དེ་ནས་སྐེམ་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །མཁྱེན་བཞིན་དུ་འདྲི་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཅིའི་ཕྱིར་ཀུན་དགའ་བོ་དགེ་སློང་རྣམས་ཕན་ཚུན་དུ་རྣ་བར་བཅུག་ཅེས་སྨྲས་པ་དང་། དེས་ཞིབ་ཏུ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སེམས་ཅན་རྣམས་ཀྱི་རྒྱུད་དང་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་བོ། །འཇིག་རྟེན་པའི་རྣམས་ནི་རང་གི་ལས་སོ། །ལས་ནི་སྐྱེ་གནས་སོ། །ལས་ནི་ཉིང་མཚམས་སོ། །ལས་ནི་རྗེས་སུ་འཇུག་པ་སྟེ། གང་གིས་ཇི་ལྟར་ལས་བྱས་པ་དེ་རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་རོ། །དགེ་སློང་དག་ཐེ་ཚོམ་སྐྱེས་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་མ་སྐེམ་མོ་གཽ་ཏ་མཱིས་ལས་ཅི་བགྱིས་ན་དེའི་ཕྱིར་འདིའི་ཁྱོ་སྦྲུལ་གྱིས་ཟོས་ཏེ་དུས་ལས་འདས། བུ་གཅིག་ཝས་བཀུམ། གཉིས་པ་ནི་ཆུ་བོས་འཚལ་ཏེ་དུས་ལས་འདས། ཕ་མ་གཉིས་ནི་གནམ་ལྕགས་བབས་པས་བཀུམ་པར་གྱུར། བུའི་ཤ་ཡང་འཚལ་ནས་སྨྱོས་ཤིང་གཡེང་བའི་སེམས་ཀྱིས་དེ་ངང་དེ་དག་ཏུ་འཁྱམ་འཁྱམ་པ་ལས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བགྱིས། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བ་འཛིན་མའི་ནང་ན་མཆོག་གོ་ཞེས་ཅིའི་སླད་དུ་བཀའ་སྩལ་ཅེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་དགེ་སློང་མ་སྐེམ་མོ་གཽ་ཏ་མཱི་ཉིད་ཀྱིས་ལས་བྱས་ཤིང་ཚོགས་པས་རྙེད་ཅིང་རྐྱེན་སྨིན་པ་ནི་ཆུ་བོ་བཞིན་མངོན་དུ་འབྱུང་སྟེ་ངེས་པར་འགྱུར་རོ། །

སྐེམ་མོ་གཽ་ཏ་མཱིས་ལས་བྱས་ཤིང་བསགས་པའི་གཞན་གྱིས་མྱོང་བར་མི་འགྱུར་རོ། །དགེ་སློང་རྣམས་ལས་བྱས་ཤིང་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་མི་སྨིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདི་ཉིད་ལ་དགེ་བ་དང་མི་དགེ་བའི་ལས་བྱས་པ་རྣམ་པར་སྨིན་ཏོ། །ལས་རྣམས་སྟོར་པར་མི་འགྱུར་བ། །བསྐལ་པ་དག་ནི་བརྒྱ་ལོན་ཀྱང་། །དུས་དང་འཕྲོད་ནས་འཐོབ་པ་ནི། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་ནི་རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཁྱིམ་བདག་ཅིག་འདུག་སྟེ། ཕྱུག་ལ་ནོར་མང་ཞིང་ལོངས་སྤྱོད་ཆེ་གནས་ཡངས་ཤིང་རྒྱ་ཆེ་བ་ནི་ངལ་བསོས་པོའི་ནོར་དང་འདྲ་སྟེ། ངལ་བསོས་པའི་ནོར་ལ་སྔོ་བ་ཞིག་ནས་རིགས་དང་མཉམ་པ་ཞིག་ལས་ཆུང་མ་ཞིག་བླངས་ཏེ། དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །

དེས་རྩེ་དགའ་ཡོངས་སུ་སྤྱད་ཀྱང་བུ་ཕོ་ཡང་མེད། བུ་མོ་ཡང་མེད་དེ། བདག་གི་ཁྱིམ་དུ་ནོར་དུ་མ་ཞིག་འདུས་ན་དེ་ལ་བུ་ཕོ་ཡང་མེད་བུ་མོ་ཡང་མེད་དེ། བདག་འདས་པ་དང་བདག་གི་དབང་བ་ཐམས་ཅད་བུ་མེད་པའོ་ཞེས་ཟེར་ཏེ་རྒྱལ་པོའི་དཀོར་དུ་འགྱུར་རོ་ཞེས་དེ་འགྲམ་པ་ལག་པ་ལ་གཏད་དེ་རབ་ཏུ་སེམས་ཤིང་འདུག་པ་དེའི་ཆུང་མས་མཐོང་ནས། ཇོ་བོ་ཁྱོད་ཅིའི་ཕྱིར་ལག་པས་འགྲམ་པར་གཏད་དེ་རབ་ཏུ་སེམས་ཤིང་འདུག་ཅེས་སྨྲས་པ་དང་། དེས་སྨྲས་པ། བཟང་མོ་བདག་གི་ཁྱིམ་ན་ནོར་དུ་མ་ཞིག་འདུས་ཀྱང་བུ་ཕོ་ཡང་མེད་བུ་མོ་ཡང་མེད་པས་བདག་འདས་པ་དང་བདག་གི་དབང་བ་ཐམས་ཅད་བུ་མེད་པའོ། །ཞེས་ཟེར་ཏེ་རྒྱལ་པོའི་དཀོར་དུ་འགྱུར་ན་ཅིའི་ཕྱིར་རབ་ཏུ་སེམས་ཤིང་མི་འདུག །དེས་བསམས་པ། ཅི་འདིའི་སྐལ་བ་ཆུང་ངམ། བུ་ཕོ་ཡང་མེད་བུ་མོ་ཡང་མེད་ན། ཅི་བདག་གི་སྐལ་བ་ཆུང་ངམ་འདི་ནི་གཞན་མ་ཡིན་གྱི་བདག་ལ་ཉེས་པའི་སྐྱོན་བཏགས་ཏེ་ཆུང་མ་གཞན་ལེན་པར་འདོད་དོ། །

དེའི་ཕྱིར་བདག་གི་མདུན་དུ་འགྲམ་པ་ལག་པར་གཏད་དེ་རབ་ཏུ་སེམས་ཤིང་འདུག་ལ་འདི་སྐད་དུ་བདག་གི་ཁྱིམ་ན་ནོར་དུ་མ་འདུས་ཀྱང་བུ་ཕོ་དང་བུ་མོ་མེད་པས་བདག་འདས་པ་དང་བདག་གི་དབང་བ་ཐམས་ཅད་བུ་མེད་པའོ་ཞེས་ཟེར་ཏེ་རྒྱལ་པོའི་དཀོར་དུ་འགྱུར་རོ་ཞེས་ཟེར་གྱིས་དེ་བས་ན་བདག་ཉིད་ཐམ་པར་བྱའོ་ཞེས་བསམས་ནས་སྨྲས་པ། ཇོ་བོ་འདི་ལྟར་བདག་སྐལ་བ་ཆུང་བས་ཁྱོད་ཀྱི་བུ་ཕོ་དང་བུ་མོ་མེད་ཀྱིས་ཆུང་མ་གཞན་ཞིག་ལོངས་ཤིག་དང་། དེ་ལས་བུ་ཕོ་དང་བུ་མོ་ཡང་འབྱུང་བར་འགྱུར་རོ། །

དེས་སྨྲས་པ། བཟང་མོ་ཁྱོད་ཀྱིས་སྐྱེས་བུ་གང་ལ་ཆུང་མ་གཉིས་ཡོད་ན། དེ་ནི་ནམ་ཡང་ཆུ་གྲང་མོའི་སྐྱོ་མ་མི་འཐུང་སྟེ་རྟག་ཏུ་དེའི་ཁྱིམ་ན་འཐབ་པ་དང་འཁྲུག་པ་དང་མི་འདུམ་པ་དང་རྩོད་པས་ནང་གི་སྐྱེ་བོ་རྣམས་དཀྲུགས་པར་བྱས་ཏེ་རང་གི་ལས་ལ་བརྩོན་པར་མི་འགྱུར་རོ་ཞེས་མ་ཐོས་སམ། མོས་སྨྲས་པ། ཇོ་བོ་རེ་ཞིག་ལོངས་ཤིག་དང་དེ་སྟེ་ཕུ་ནུ་མོ་ཙམ་དུ་གྱུར་ན་ནི་ཕུ་ནུ་མོར་འདུ་ཤེས་ཀྱིས་བསྐྱང་བར་བྱའོ། །འོན་ཏེ་བུ་མོ་ཙམ་ཞིག་ན་ནི་བུ་མོར་འདུ་ཤེས་ཀྱིས་བསྐྱང་བར་བྱའོ། །དེས་དེ་ལ་གཡོ་བྱས་ཏེ་སྨྲས་པས་དེ་ཡང་བུ་མོ་ཚོལ་བ་ལ་ཞུགས་སོ། །དེ་ནས་རི་བྲགས་ཀྱི་གྲོང་གཞན་ཞིག་ན་ཁྱིམ་བདག་ཅིག་གི་བུ་མོ་ཞིག་བཙས་ནས་སྐྱེས་པ་དང་། ཕ་མ་གཉིས་དུས་ལས་འདས་པ་ཞིག་སྟེ། དེས་དེ་ལ་དེའི་མིང་པོ་ལས་དེ་བསླངས་ནས་དཔལ་ཆེན་པོ་དང་སྦྱར་ཏེ་བག་མར་བླངས་སོ། །

ཐམས་ཅད་ཀྱང་ཆོས་ཉིད་ཀྱིས་སར་པས་རྙིང་པ་ཟིལ་གྱིས་གནོན་པས་དེས་དེ་ལ་ཤིན་ཏུ་བྱམས་ཤིང་སེམས་ཞུགས་པར་གྱུར་ཏོ། །དེ་ནས་དེའི་ཆུང་མ་རྙིང་པ་དེ་རང་བཞིན་གྱིས་ཕྲག་དོག་གིས་མངལ་གྱི་གནས་དག་པར་གྱུར་ཏེ། སེམས་ཅན་དང་ལྡན་པར་གྱུར་ནས་དེ་དགའ་བ་སྐྱེས་ཏེ་དེ་ལ་སྨྲས་པ། ཇོ་བོ་དགའ་བ་སྐྱེད་ཅིག་བདག་ནི་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེས་སྨྲས་པ། བཟང་མོ་ལེགས་སོ། །དེ་སྟེ་བུ་ཕོ་ཞིག་བཙས་ན་ནི་བདག་འདས་པ་དང་ཁྱིམ་གྱི་བདག་པོར་འགྱུར་རོ། །མོས་སྨྲས་པ། ཇོ་བོ་ཁྱོད་ཀྱི་ཆུང་མས་མངལ་ནས་ལྷུང་བའི་ཆོ་ག་ཞིག་སྦྱར་ཏེ་ལྷུང་བར་མ་བྱས་ན་ནི་ཁྱིམ་གྱི་བདག་པོར་འགྱུར་རོ། །དེས་སྨྲས་པ། བཟང་མོ་སྔོན་ཡང་བདག་གིས་འདི་ལྟ་བུའི་ཕྱིར་སྨྲས་ན། ད་དུང་བུ་ཅུང་ཟད་ཀྱང་མེད་པར་ཁྱོད་ཀྱིས་བརྩམ་མམ། དེ་ལན་མེད་དེ་ཅང་མི་ཟེར་བར་འདུག་གོ །དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་ཁྱེའུ་ཞིག་བཙས་སོ། །དེ་བཙས་པའི་བཙས་སྟོན་ཆེར་བྱས་ཏེ་རིགས་དང་མཐུན་པ་ལས་མིང་བཏགས་སོ། །

དེས་སྔོན་ལས་ཀྱིས་འདི་བཙས་ན་སེམས་ཅན་འདི་མ་ཡར་མོ་འདིས་འདི་མི་གསོད་པ་ལ་ཕན་གྱིས་དེ་བས་ན་འདི་ཉིད་ལ་གཞར་རོ་ཞེས་བསམས་ནས་དེས་དེ་ལ་སྨྲས་པ། ཆེ་ཞེ་ཁྱེའུ་འདི་ཁྱོད་དང་བདག་གི་ཡིན་གྱིས་བདག་ཅག་གཉིས་ཀས་བསྐྱེད་དོ། །དེས་ལེགས་ཀྱིས་འདི་བཞིན་བགྱིའོ་ཞེས་སྨྲས་ནས་དེ་སྐྱེད་པ་ལ་ཞུགས་སོ། །དེས་དེ་བསྐྱེད་ན་ལོག་པར་རྟོག་པ་སྐྱེས་ཏེ་གང་གི་བུ་ཡིན་པ་དེའི་ཁྱིམ་སྟེ། དེ་བས་ན་འདི་བསྐྱེད་ཀྱང་འདི་ལྟར་ཁྱིམ་གྱི་བདག་པོར་གྱུར་པ་དང་། བདག་ནི་བྲན་མོར་འགྱུར་གྱིས་འདི་ནི་གསད་དོ་སྙམ་ནས་དེ་ལོག་པར་རྟོག་པས་བསྐྱོད་པས་ཁྱེའུ་དེའི་ཁར་སྨིག་མའི་ཐུར་མ་ཞིག་བཙུགས་པ་དང་། དེ་སྡུག་བསྔལ་གྱིས་གཟིར་བས་ངུ་བར་གྱུར་ནས་དེས་སྨྲས་པ། ཁྱེའུ་འདི་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེས་སྨྲས་པ། ཆེ་ཞེ་ཅིའི་ཕྱིར་ངུ་མ་འཚལ་ཏོ། །དེས་དེ་བླངས་ཏེ་དགའ་བར་བྱ་བར་བརྩམས་ཏེ་ལག་པས་འཁྱུད་དེ་འོ་བྱས་ནས་པང་པར་བླངས་ཀྱང་མི་བཏུབ་ནས། དེས་དེ་ལ་ནུ་མ་བླུད་ནས་ཇི་ཙམ་ན་བལྟས་པ་དང་སྨྱིག་མའི་ཐུར་མ་ཞིག་ཁར་བཙུགས་པར་མཐོང་ནས། དེས་མྱུར་དུ་ཁ་ཕྱེ་སྟེ་ལག་པས་དྲངས་པ་དང་ཁྱེའུ་དེ་དབུགས་མེད་དེ་དུས་ལས་འདས་ནས་དེས་བྲང་བརྡུངས་ཏེ་ངུ་ཞིང་ས་ལ་སྒྱེལ་བ་དང་ཁྱིམ་གྱི་སྐྱེ་བོ་དག་བརྒྱུགས་ནས་འདི་ཅི་ཉེས་ཞེས་དྲིས་པ་དང་། དེས་སྙིང་རྗེ་ཞིང་བརྩེ་བས་མཆི་མས་བརྣངས་བཞིན་དུ་སྨྲས་པ། ཀྱེ་མ་མ་ཡར་མོ་སྡིག་པའི་ཆོས་སྤྱོད་པ་འདི་ཕྲག་དོག་གིས་ཁྲོས་ནས་བདག་གི་བུའི་ཁར་སྨིག་མའི་ཐུར་མ་བཙུགས་ཏེ་བསད་དོ། །

དེ་དག་ཀྱང་ངུ་བར་གྱུར་ནས་འཁོར་གྱི་ཁྱིམ་མཚེས་དག་གིས་ཐོས་ནས་དེ་དག་གིས་ཀྱང་བརྒྱུགས་ཏེ་སྨྲས་པ། ཨེ་མའོ་འདི་ནི་གློ་བུར་ཞིག་བྱས་ཏེ་བྱིས་པ་འདི་ཉེས་པ་མེད་ཅིང་གནོད་པ་མེད་པར་བསད་དོ་ཞེས་ཟེར་ནས། དེ་དེ་ལ་སྐྱེ་བོ་མང་པོ་དག་གིས་ཨེ་མའོ་ཞེས་ཟེར་ཞིང་ཀུན་ཏུ་བསྐོར་ཏོ། །དེ་ནི་བྲང་བརྡུང་ཞིང་ངུ་སྟེ་མནའ་བོར་བ་དེ་སྟེ་བདག་གིས་ཁྱོད་ཀྱི་བུ་བསད་པར་གྱུར་ན་བདག་གི་ཁྱོ་སྦྲུལ་གྱིས་ཟོས་ཏེ་དུས་བྱེད་པར་ཤོག་ཅིག །བུ་གཅིག་ནི་ཝས་ཟོས་པར་ཤོག་ཅིག །

གཉིས་པ་ནི་ཆུ་བོར་ལྷུང་སྟེ་དུས་བྱེད་པར་ཤོག་ཅིག །ཕ་མ་གནམ་ལྕགས་ཀྱིས་གསོད་པར་ཤོག་ཅིག །བུའི་ཤ་ཡང་ཟོས་ལ་སྨྱོས་ཤིང་འཕྱར་བའི་སེམས་ཀྱིས་ཕན་ཚུན་འཁྱམ་པར་ཤོག་ཅིག་ཅེས་མནའ་བོར་རོ། །

དགེ་སློང་དག་ཇི་སྙམ་དུ་སེམས། ཁྱིམ་བདག་དེའི་ཆུང་མ་གཉིས་པ་ནི་འདི་ལྟར་འདི་བཞིན་དགེ་སློང་མ་སྐེམ་མོ་གཽ་ཏ་མཱི་འདིའོ། །འདི་ཤིན་ཏུ་ཉོན་མོངས་པས་ཀུན་ཏུ་ཁེབས་པས་ན་ཁྱེའུ་བསད་ན་ཡང་རྫུན་དུ་སྨྲ་ཞིང་མནའ་བོར་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་འདིའི་ཁྱོ་སྦྲུལ་གྱིས་ཟོས་ཏེ་དུས་ལས་འདས་སོ། །བུ་གཅིག་ནི་ཝས་བསད་དོ། །གཅིག་ནི་ཆུ་བོར་ལྷུང་སྟེ་དུས་ལས་འདས་སོ། །ཕ་མ་ནི་གནམ་ལྕགས་ལྷུང་བས་དོག་གོ །བུའི་ཤ་ཟོས་ཏེ་སྒྲེན་མོར་སྨྱོས་ཤིང་ཡན་མན་དུ་གཡེངས་པའི་སེམས་ཀྱིས་ཕན་ཚུན་དུ་འཁྱམ་མོ། །གཞན་ཡང་བཅོམ་ལྡན་འདས་འོད་སྲུང་ལས་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་མང་པོ་གང་ཡང་མ་ཆུད་དོ། །གང་ལ་རབ་ཏུ་བྱུང་བའི་མཁན་མོ་དེ་བཅོམ་ལྡན་འདས་འོད་སྲུང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་སོ། །

དེ་ན་འདིས་འཆི་བའི་ཚེ་སྨོན་ལམ་བཏབ་པ། གང་བདག་གིས་བཅོམ་ལྡན་འདས་འོད་སྲུང་བླ་ན་མེད་པ་ཡོན་གནས་ཀྱི་དྲུང་དུ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་མང་པོ་ཞིག་ཀྱང་མ་ཆུད་དེ་བདག་དགེ་བའི་རྩ་བ་འདིས་ན་གང་བཅོམ་ལྡན་འདས་འོད་སྲུང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྲམ་ཟེའི་བུ་བླ་མ་ལ་བྲམ་ཟེའི་བུ་ཁྱོད་སྐྱེ་བོའི་ཚེ་ལོ་བརྒྱ་ཐུབ་པ་ན་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་ནས། ཇི་ལྟར་བདག་གི་མཁན་མོ་འདི་ལ་བཅོམ་ལྡན་འདས་འོད་སྲུང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོ་དེས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་པར་ཤོག་ཅིག །འདིས་དེ་ན་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པས་ན་དེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་དུ་བྱས་སོ། །གང་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་ཤོག་ཅིག་ཅེས་སྨོན་ལམ་བཏབ་སྟེ། སྨོན་ལམ་དེའི་མཐུས་ན་ད་ལྟར་དེ་བཞིན་གཤེགས་པས་འདུལ་བ་འཛིན་པའི་ནང་ན་མཆོག་ཏུ་གསུངས་སོ།། །།

ཤཱཀྱ་མ་ལྔ་བརྒྱ་རབ་ཏུ་བྱུང་ནས་སླར་ཁྱིམ་དུ་འབབ་ཏུ་ཉེ་བ་ན་སྐེམ་མོ་གོ་ཏ་མི་ལ་བསྟེན་ནས་དེ་རྣམས་འབྲས་བུ་ཐོབ་ཚུལ། འདུལ་བ་ལུང་ཕྲན་ཚེགས་ལས་བཏུས།

གླེང་གཞི་མཉན་དུ་ཡོད་པ་ན་སྟེ། ནམ་སྐྱེས་བུ་གླེན་པ་འཕགས་སྐྱེས་པོས་ཤཱཀྱ་རྣམས་ལ་ཉེས་པ་མེད་ཅིང་གནོད་པ་མེད་པར་བསད་པ་དང་ཤཱཀྱའི་ཆུང་མ་རྣམས་ཀྱི་མིང་པོ་དང་། ཁྱོ་དང་། ཕ་རྣམས་ལས་བྲལ་བར་གྱུར་ནས་སྡུག་བསྔལ་གྱིས་ཉོན་མོངས་ཏེ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། །

སྡུག་བསྔལ་ནི་དྲིལ་གྱི་སྒྲ་དང་འདྲ་སྟེ། ནམ་དེ་དག་མྱ་ངན་གྱི་བྲལ་བ་དང་དེའི་ཚེ་འདོད་ཆགས་རབ་ཏུ་ཆེ་བའི་ཉོན་མོངས་པས་གཟིར་ཏེ་བཟོད་པར་བྱ་བ་མ་ནུས་སོ། །

བཅོམ་ལྡན་འདས་ཀྱིས་གསུངས་པ། སྦྲུལ་ནག་པོ་ལ་ཉེས་པའི་དམིགས་ལྔ་སྟེ། ལྔ་གང་ཞེ་ན། ཁྲོ་བ་ཅན་དང་། ཁོན་དུ་འཛིན་པ་ཅན་དང་། སྙིང་རིང་བ་དང་།

བྱས་པ་མི་གཟོ་བ་དང་། དུག་རྣོ་བའོ། །དེ་ལྟར་དེ་བཞིན་དུ་བུད་མེད་ཁ་ཅིག་ལ་ཡང་ཉེས་དམིགས་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ཁྲོ་བ་ཅན་དང་། ཁོན་དུ་འཛིན་པ་ཅན་དང་། སྙིང་རིང་བ་དང་། བྱས་པ་མི་གཟོ་བ་དང་། དུག་རྣོ་བའོ། །དེ་ལ་བུད་མེད་ཀྱི་དུག་རྣོ་བ་གང་ཞེ་ན། བུད་མེད་ནི་ཕལ་ཆེར་འདོད་ཆགས་ཆེའོ། །

དེ་དག་གཅིག་ལ་གཅིག་གྲོས་བྱས་ནས་དགེ་སློང་མ་སྦོམ་དགའ་མོ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་སྦོམ་དགའ་མོའི་རྐང་པ་ལ་ཕྱག་བྱས་ཏེ་མདུན་དུ་འཁོད་ནས་འཕགས་མ་ཉོན་མོངས་པ་རྣམས་ནི་གཟུང་བར་དཀའ་སྟེ། བུད་མེད་རྣམས་ལ་བསླུ་བར་བགྱིད་ན་ཇི་ལྟར་བདག་ཅག་གིས་བཟློག་པར་བགྱི་བ་བཤད་དུ་གསོལ། དེས་སྨྲས་པ། ནུ་མོ་དག་དེ་ལ་ཤེས་པར་བྱ་བ་ཅི་ཞིག་ཡོད་ཁྱེད་ཅག་ནི་ན་ཆུང་དར་ལ་བབ་པ་ཡིན་གྱིས་ངེད་ལ་ཁྲིམས་ཕུལ་ཏེ་ནོར་ཅན་དང་། ཚོང་དཔོན་དང་། དེད་དཔོན་དང་། གཞན་ཡང་ནལ་གྱི་བུ་དང་། སུའི་བུ་གཏོལ་མེད་པ་རྣམས་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་ཅིག །དེ་སྟེ་ང་ཡང་གཞོན་ན་ནི་ཁྱེད་ཅག་དང་ལྷན་ཅིག་ཏུ་འགྲོའོ། །

དེས་དེ་དག་བསླུས་པ་དང་རྐང་པ་ལ་ཕྱག་འཚལ་ཏེ་དོང་ནས་སྨྲས་པ། ཆེ་ཞེ་འཕགས་མ་སྦོམ་དགའ་མོ་ན་རེ་འདི་ལ་ཤེས་པར་བྱ་བ་ཅི་ཞིག་ཡོད་ཅེས་ཟེར་རོ། །དེ་དག་ལས་ཁ་ཅིག་གིས་ཆེ་ཞེ་དེས་སྨྲས་པ་ལེགས་ཀྱིས་འདོད་ལ་ཡོངས་སུ་སྤྱོད་དོ་ཞེས་སྨྲས་པ་དང་། ཁ་ཅིག་གིས་སྨྲས་པ། ནུ་མོ་བུད་མེད་རྣམས་ཀྱིས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ནི་རྙེད་པར་དཀའ་ན་སྐད་ཅིག་འཕགས་མ་སྐེམ་མོ་གཽ་ཏ་མཱི་ལ་ཡང་དྲིའོ། །

དེ་དག་གིས་ཆེ་ཞེ་ལེགས་ཀྱིས་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ཏེ། དེ་དག་སྐེམ་མོ་གཽ་ཏ་མཱིའི་དྲུང་དུ་དོང་སྟེ་རྐང་པ་ལ་ཕྱག་བྱས་ནས་འཕགས་མ་ཉོན་མོངས་པ་ནི་གཟུང་བར་དཀའ་སྟེ། བུད་མེད་རྣམས་སླུ་བར་བགྱིད་ན་བདག་ཅག་གིས་ཇི་ལྟར་བཟློག་པར་བགྱི་བ་བཤད་དུ་གསོལ། དེས་སྨྲས་པ། ཆེ་ཞེ་དག་འདོད་པ་རྣམས་ཀྱི་མིང་ཡང་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། འདོད་པ་ནི་བདེ་བ་ཆུང་ལ་སྡུག་བསྔལ་ཆེ། ཉེས་པའི་དམིགས་མང་ངོ་། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཉེས་པའི་དམིགས་ལྔ་ཡང་དག་པར་མཐོང་ཞིང་མཁས་པས་ནི་འདོད་པ་ལ་བསྟེན་པའི་མི་རིགས་སོ། །

ལྔ་གང་ཞེ་ན། འདོད་པ་ནི་དགའ་བ་ཆུང་ཞིང་སྡུག་བསྔལ་ཆེ་ལ་ཉེས་པའི་དམིགས་མང་པོར་ཡང་དག་པར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ལ་བསྟེན་པས་སྦྱོར་བའི་རྣམ་པར་འཕེལ་བར་འགྱུར་བར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ལ་བསྟེན་ན་གཏོང་བ་དང་། ངོམས་པ་དང་། ཆོག་པ་མེད་པར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ལ་བསྟེན་པ་ནི་སྡིག་པའི་ལས་མི་བྱེད་པ་ནི་ཅུང་ཟད་ཀྱང་མེད་པར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །འདོད་པ་ནི་རྣམ་གྲངས་དུ་མ་ལས་ཀྱང་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་དང་། མཁས་པ་དང་། ཡང་དག་པར་སོང་བའི་སྐྱེས་བུ་དམ་པ་དག་གིས་སྨད་པར་མཐོང་བའི་མཁས་པས་འདོད་པ་ལ་བསྟེན་པར་མི་རིགས་སོ། །ཡོན་ཏན་ལྔ་མཐོང་བའི་མཁས་པ་ནི་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །

ལྔ་གང་ཞེ་ན། རང་གི་དོན་མ་འདྲེས་པ་མཐོང་བའི་མཁས་པས་རབ་ཏུ་བྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །བདག་གང་བྲན་མོ་དང་། མངག་གཞུག་མ་དང་།

སྐྱོ་བ་དང་། དབང་བྱེད་པ་དང་། གར་དགར་འགྲོར་མེད་པ་ལས་དེ་དག་གིས་མཆོད་པ་དང་། བསྔགས་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །བླ་ན་མེད་པའི་རྣལ་འབྱོར་བདེ་བ་དང་། མྱ་ངན་ལས་འདའ་བ་འཐོབ་པར་འགྱུར་བ་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །བདག་བླ་ན་མེད་པའི་རྣལ་འབྱོར་བདེ་བ་དང་། མྱ་ངན་ལས་འདའ་བ་འཐོབ་པ་དག་མ་ཐོབ་ན་ཡང་ལྷར་སྐྱེ་བར་འགྱུར་རོ། །

ཞེས་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །རྣམ་གྲངས་དུ་མ་ལས་ཀྱང་རབ་ཏུ་འབྱུང་བ་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་དང་། མཁས་པ་དང་། ཡང་དག་པར་སོང་བ་དང་། སྐྱེས་བུ་དམ་པ་དག་གིས་བསྟོད་པར་མཐོང་བའི་མཁས་པས་རབ་ཏུ་འབྱུང་བ་ལ་མོས་པར་བྱ་བའི་རིགས་སོ། །

ཅི་བདག་གིས་ཚེ་གཞན་དུ་འདོད་པའི་ཕྱིར་སྡུག་བསྔལ་མྱོང་བར་དེ་མཉན་པར་འདོད་དམ། འོན་ཏེ་ཚེ་འདི་ལ་མྱོང་བ་རྣམས་མཉན་པར་འདོད། དེ་དག་གིས་འཕགས་མ་ཁྱོད་ཀྱིས་ཚེ་གཞན་དུ་འདོད་པའི་ཕྱིར་སྡུག་བསྔལ་མྱོང་བ་ནི་རེ་ཞིག་ཞོག་ལ་གང་ཚེ་འདི་ལ་མྱོང་བ་རྣམས་གསུངས་ཤིག་ཅེས་སྨྲས་པ་དང་། དེས་དེ་དག་ལ་མ་དང་། ཕ་དང་། ཁྱོ་དང་། བུ་རྣམས་ལས་བྲལ་བའི་སྡུག་བསྔལ་དང་། བུའི་ཤ་ཟོས་པའི་སྡུག་བསྔལ་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་པ་དང་། དེ་དག་སྐྱོ་ནས་བ་སྤུ་ཀུན་ཁུང་ནས་གཡོས་ཏེ་རྣ་བ་བྱོ་ནས་སྐེམ་མོ་གཽ་ཏ་མཱིའི་གདོང་དུ་བལྟས་པ་དང་། དེས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་རྣམས་ཤེས་ནས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དོ། །དེ་ཐོས་པ་ནས་དེ་དག་གིས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གྱེན་དུ་བྱུང་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ།། །།

བུ་མོ་ཆོས་སྦྱིན་མ་རབ་ཏུ་བྱུང་ནས་ཆོས་དྲུག་གི་བསླབ་བྱ་བསླབ་སྟེ་ལུས་གཞོན་ནུར་གྱུར་པས་ཕས་བག་མར་བྱིན་ཀྱང་སྟོན་པ་དང་འཕྲད་ནས་འབྲས་བུ་ཐོབ་ཚུལ། འདུལ་བ་ལུང་ཕྲན་ཚེགས་ལས་བཏུས།

དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་བཅོམ་ལྡན་འདས་ལ་བཙུན་པ་ཁྱིམ་བདག་བྱིན་པ་ཞེས་བྱ་བའི་བུ་མོ་ཆོས་སྦྱིན་ཞེས་བགྱི་བ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོར་འཚལ་ན། དེ་ཁྱིམ་བདག་རི་དྭགས་སྒྲའི་བུ་ས་ག་ཞེས་བགྱི་བ་ལ་སྩལ་ནས། ཁྱིམ་བདག་བྱིན་པ་དེས་མ་གནང་བའི་སྟེང་དུ་རྟག་ཏུ་བསྲུངས་ཤིང་སླད་རོལ་དུ་འབྱུང་དུ་མ་སྟེར་ཏོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་མ་དག་ལ་འདི་སྐད་སྨྲོས་ཤིག །ཁྱིམ་བདག་བྱིན་པའི་བུ་མོ་ཆོས་སྦྱིན་མ་ཞེས་བྱ་བ་ཁྱིམ་དེ་ཉིད་དུ་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་གཏང་གིས་སྐྱབས་སུ་འགྲོ་བ་གསུམ་དང་། བསླབ་པའི་གཞི་ལྔ་བྱིན་ལ་གནས་དེ་ཉིད་དུ་རབ་ཏུ་དབྱུང་བར་ངས་གནང་ངོ་། །

བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་མ་རྣམས་ལ་བསྒོའོ། །དགེ་སློང་མའི་དགེ་འདུན་མས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ལ་བསྒོ་སྟེ་ཕྲིན་པར་གཏང་ངོ་། །དེ་དེར་སོང་ནས་བུ་མོ་བཅོམ་ལྡན་འདས་ཀྱིས་ཀྱང་གནང་བར་བཀའ་སྩལ་ཏོ། །དགེ་སློང་མའི་དགེ་འདུན་གྱིས་ཀྱང་སྐྱབས་སུ་འགྲོ་བ་གསུམ་དང་། དགེ་བསྙེན་མའི་བསླབ་པའི་གཞི་ལྔ་ཡང་བྱིན་ནོ། །

ཁྱོད་རབ་ཏུ་བྱུང་སྟེ་བསླབ་པ་བཅུའི་གཞི་ཡང་བྱིན་གྱིས་འདི་དང་འདི་དག་ནི་འདི་ལྟར་བསླབ་པའི་གནས་ནས་འབྱུང་བ་བཞིན་དུ་ཟུང་ལ་བསྡམ་པར་གྱིས་ཤིག་ཅེས་སྨྲས་པ་དང་། དེ་རབ་ཏུ་དགའ་བ་སྐྱེས་སོ། །དེ་ནས་རབ་ཏུ་དགའ་བ་སྐྱེས་པ་དང་། དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བ་དེ་ལྟ་བུ་བཤད་ནས་ཆོས་སྦྱིན་མས་ཐོས་མ་ཐག་ཏུ་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གྱེན་དུ་བྱུང་བ་རྡོ་རྗེ་ཡེ་ཤེས་ཀྱིས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །

དེ་ནས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་སོང་སྟེ། དགེ་སློང་མ་དག་ལ་འདི་སྐད་ཅེས་བསྒོས་ཤིག །ཆོས་སྦྱིན་མ་གནས་དེ་ཉིད་དུ་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་ལ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་བྱིན་ཅིག་ཅེས་བཀའ་སྩལ་པ་དང་། བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་མ་རྣམས་ལ་བསྒོའོ། །དགེ་སློང་མའི་དགེ་འདུན་གྱིས་ཨུཏྤ་ལའི་ཁ་དོག་མ་བསྒོས་ཏེ་ཕྲིན་པར་གཏང་ངོ་། །དེ་དེར་སོང་ནས་བུ་མོ་དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་བསླབ་པའི་སྡོམ་པ་བྱིན་ཏེ། ཁྱོད་ནི་དགེ་སློང་མར་གྱུར་གྱིས་འདི་དང་འདི་ནི་ཁྱོད་ཀྱིས་བྱོས་ཤིག །ཇི་ལྟར་བསླབ་པའི་གཞི་བཅས་པ་བཞིན་དུ་བསྡམ་པར་གྱིས་ཤིག །དེ་ནས་དེ་ལྟ་བུའི་ཆོས་བཤད་པ་ཐོས་པ་དང་། ཆོས་སྦྱིན་མས་ལན་གཅིག་ཕྱིར་ལྡོག་པའི་འབྲས་བུ་མངོན་དུ་བྱས་སོ། །

དེ་ལྟར་ཆོས་སྦྱིན་མས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་དག་བསླབས་པ་དེ་ན་དེ་གཞོན་ནུ་མར་གྱུར་ཏོ། །དེ་གཟུགས་གཞོན་ཞིང་བཟང་མོ་ལ་ནང་གི་སྐྱེ་བོ་ཐམས་ཅད་ཀྱིས་ཡིད་དགའ་ཞིང་ཕྱི་ཕྱིར་ཞིང་ལྟའོ། །དེ་ནས་ཁྱིམ་བདག་རི་དྭགས་སྒྲས་བུ་མོ་ཆོས་སྦྱིན་དེ་གཞོན་ནུར་གྱུར་པ་ཐོས་པ་དང་། དེས་ཁྱིམ་བདག་བྱིན་པ་ལ་མཛའ་བོ་ཁྱེའུ་ཡང་གཞོན་ནུར་གྱུར་བུ་མོ་ཡང་གཞོན་ནུར་ན་ཉི་མ་ནམ་བཟང་བ་བརྟགས་ནས་ཁྱེའུ་ཡི་ཆུང་མར་བླང་ངོ་ཞེས་སྤྲིང་བ་དང་། དེས་མཛའ་བོ་ལེགས་ཀྱིས་དེ་ལྟར་བྱའོ་ཞེས་ལན་སྤྲིང་ངོ་། །ཁྱིམ་བདག་བྱིན་པས་ལྟས་མཁན་དག་བསོགས་ཏེ། ཀྱེ་བུ་མོ་འདི་ནམ་བག་མར་བཏང་ན་རུང་བ་རྟོགས་ཤིག་ཅེས་བྱས་པ་དང་། དེ་དག་གིས་ཡིད་མཐུན་པར་བརྩིས་ཏེ་བག་མར་གཏང་བའི་ཉི་མ་བསྟན་ཏོ། །དེ་བཞིན་དུ་ཁྱིམ་བདག་རི་དྭགས་སྒྲས་ཀྱང་བག་མ་བླང་བའི་ཞག་བསྟན་ཏོ། །

དེ་ནས་ཁྱིམ་བདག་བྱིན་པས་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་གི་གནས་སུ་དུས་འདི་ཙམ་ན་བུ་མོ་ཆོས་སྦྱིན་མ་བག་མར་གཏང་བར་བྱ་སྟེ། ཕུ་ནུ་དང་གཉེན་འཁོར་དང་ཆས་ཏེ་གྲོགས་བྱེད་པའི་ཕྱིར་ཤོག་ཅིག་ཅེས་ཡི་གེ་སྤྲིང་ངོ་། །དེ་ནས་ཁྱིམ་བདག་རི་དྭགས་སྒྲས་ཀྱང་མཛའ་བོ་དང་ཕུ་ནུ་དང་། གཉེན་རྣམས་ལ་དེ་བཞིན་དུ་ཡི་གེ་སྤྲིང་ངོ་། །ཁྱིམ་བདག་དེ་གཉིས་ཀྱི་སྐྱེ་བོ་དང་། འཁོར་དག་རྒྱ་ཆེར་གནས་ནས་མཛའ་བོ་དང་། ཕུ་ནུ་དང་། གཉེན་རྣམས་ལྷགས་པས་མཉན་དུ་ཡོད་པའི་ནང་ཐམས་ཅད་གང་ངོ་། །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ནང་གི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། སྐྱེ་བོ་མང་པོ་དང་། ལྗོངས་དག་གི་མིས་ཁྱིམ་བདག་བྱིན་པའི་བུ་མོ་རི་དྭགས་སྒྲ་ལ་བྱིན་ཏེ། དེ་བག་མར་ལེན་པར་བྱེད་ཅིང་དེ་དག་གི་གནས་ནས་མཛའ་བོ་དང་། ཕུ་ནུ་དང་། གཉེན་རྣམས་དང་། སྐྱེ་བོ་མང་པོ་དག་ལྷགས་སོ་ཞེས་ཐོས་སོ། །དེས་བློན་པོ་ལ་ཀྱེ་ཁྱེད་ཀྱིས་ཀྱང་དེ་གཉིས་ཀྱི་གྲོགས་གྱིས་ཤིག་པར་བསྒོའོ། །

དེ་དག་གིས་ཀྱང་གནས་གནས་ཀྱི་དབང་པོ་རྣམས་དང་། རྒྱལ་པོའི་རིགས་སུ་གཏོགས་པ་རྣམས་ལ་སོ་སོར་གང་གི་ཡུལ་ན་ཡོ་བྱད་ཅི་ཡོད་པ་རྣམས་དེང་བདག་གིས་ཁྱེར་ཏེ་འདུས། འདི་ན་ཀུན་ཕྱིན་པར་འདུས་ཤིག་ཅེས་ཡི་གེ་སྤྲིང་ངོ་། །དེ་དག་གིས་ཀྱང་དེ་ལྟར་ཐོས་མ་ཐག་ཏུ་བདག་གིས་འབྱོར་བ་རྣམས་སྦྱར་ཏེ་མཉན་དུ་ཡོད་པར་ལྷགས་སོ། །

དེ་ནས་སེམས་ཅན་མང་པོ་བརྒྱ་སྟོང་ཡང་འདུས་ཏེ། དེ་ནས་བློན་པོ་རྣམས་ཀྱིས་མཉན་དུ་ཡོད་པའི་སྐྱེད་མོས་ཚལ་དང་། ཉེ་བའི་ཚལ་དང་། དེའི་འཁོར་དུ་བཅས་པ་ཐམས་ཅད་ཕྱི་བདར་བྱས། རྡོ་དང་། གྱོ་མོ་དང་བོང་བ་དག་ཕྱགས་ནས་མེད་པར་བྱས་སོ། །ཙན་དན་གྱི་ཆུས་ནི་ཆག་ཆག་བཏབ། བདུག་སྤོས་ཞིམ་པོའི་པོག་ཕོར་ད་སྦྱངས་ཏེ། གཡས་གཡོན་དུ་བཞག །འཕན་དང་རྒྱལ་མཚན་བསྒྲེངས་ནས། དར་གྱི་ལྡ་ལྡི་དཔྱངས། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་བཀྲམ། ཡིད་དུ་འོང་བའི་ལྷ་རྣམས་ཀྱི་དགའ་བའི་ཚལ་དང་། སྐྱེད་མོས་ཚལ་བཞིན་ནོ། །

དེ་ནས་ཆོས་སྦྱིན་མས་ཡོ་བྱད་སྦྱར་བ་རྣམས་མཐོང་ནས་ནང་གི་སྐྱེ་བོ་དག་ལ་ཀྱེ་དུས་མ་ཡིན་པའི་དུས་སྟོན་འདི་ཅི་ཞིག་ཡིན་ཞེས་སྨྲས་པ་དང་། དེ་དག་གིས་ཁྱོད་ཀྱིས་སྔོན་གྱི་ལེགས་པའི་ཚོགས་རྣམ་པར་བསགས་པའི་མཐུས་ན་དུས་ལ་མ་བབ་པའི་དུས་སྟོན་ཆེན་པོ་བྱས་ཏེ། ཁྱོད་བག་མར་གཏང་བའི་ཕྱིར་དུས་ལ་མ་བབ་པའི་དུས་སྟོན་ཆེན་པོ་བྱས་ཏེ། དེ་དག་ཉེ་བར་འོངས་སོ་ཞེས་སྨྲས་པ་དང་། དེས་ཐོས་ནས་སྐྲག་སྟེ་ཕའི་རྐང་པ་ལ་ཕྱག་འཚལ་ཏེ། ཡབ་བདག་འདོད་པ་འཚལ་བ་ནི་མ་ལགས་ན་རྒྱལ་པོའི་ཀུན་དགའ་ར་བ་ཞེས་བགྱི་བ་དགེ་སློང་མའི་དབྱར་མོ་ཁང་དུ་མཆིར་ཅི་གནང་ཞེས་སྨྲས་པ་དང་།

དེས་སྨྲས་པ། བུ་མོ་ཁྱོད་མ་སྐྱེས་པར་ཁྱིམ་བདག་རི་དྭགས་སྒྲའི་བུ་ས་ག་ལ་བྱིན་པས། ད་ནི་ང་ལ་དབང་མེད་དོ། །ཁྱོད་ཀྱི་ཁྱིམ་ཐབ་དེ་ཡིན་ཏེ། དེ་ལྟ་བུར་ནི་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། ནང་གི་བཙུན་མོ་དང་གཞོན་ནུ་དང་། བྲན་ཕོ་དང་། བྲན་མོ་དང་། སྐྱེ་བོ་མང་པོ་དང་། ཡུལ་སོ་སོ་ནས་ལྷགས་པའི་སྐྱེ་བོ་མང་པོ་དག་ཀྱང་ཤེས་ན་ངས་ཁྱོད་ད་ཇི་ལྟར་གནང་བར་བྱ། ཅི་བདག་མཛའ་བོ་དང་། ཕུ་ནུ་དང་། གཉེན་རྣམས་བཙོན་རར་བཅུག་སྟེ་འཆི་བར་འདོད་དམ། ཁྱོད་ནི་སང་བག་མར་འགྲོ་བ་ལྟར་གྱིས་ཤིག །མཛའ་བོ་དང་། བདག་གི་མི་དང་། གཉེན་དང་། སྐྱེ་བོ་མང་པོ་དག་ཀྱང་འདིར་འདུས་ན། དེ་སྐད་མ་ཟེར་ཅིག །ཁྱོད་རབ་ཏུ་གཞོན་པས་མ་རྟོགས་ཏེ། ཚངས་པར་སྤྱོད་པ་སྤྱད་པ་ཐོངས་ཤིག་ཅེས་བསྒོ་བ་དང་། དེ་བརྩོན་པས་ལམ་ཡིད་ལ་བྱེད་པ་སྒོམ་པ་ལ་ཞུགས་ན་འདོད་པ་དང་བྲལ་བར་བྱ་བའི་ཐབས་མ་རྙེད་དོ། །

དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་མི་མཁྱེན་པའམ། མི་གཟིགས་པའམ། མ་རིག་པའམ། རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་རྗེ་ཆེན་པོ་ཅན་འཇིག་རྟེན་པ་ལ་ཕན་འདོགས་པར་འདུག་པ། སྲུང་བ་གཅིག་པུ་དཔའ་བོ་གཅིག་པུ། གཉིས་སུ་མེད་པ་གཉིས་སུ་མ་ཡིན་པར་གསུང་བ་ཞི་གནས་དང་ལྷག་མཐོང་གིས་གནས་པ། འདུལ་བའི་དངོས་པོ་གསུམ་ལ་མཁས་པ་ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ལ་རབ་ཏུ་རྟག་པ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཡན་ལག་ལྔ་རྣམ་པར་སྤངས་པ། སྐྱེ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། སྤྱད་པ་དྲུག་ལ་རྟག་ཏུ་སྤྱོད་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་བརྒྱན་པ། ལམ་ཡན་ལག་བརྒྱད་འཆང་བ། དགུ་མཐར་གྱིས་སྙོམས་པར་འཇུག་པ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པ་རྒྱས་པར་གྲགས་པ། བརྒྱ་ཕྲག་བཅུ་ལས་དབང་སྒྱུར་བ་ཁྱད་ཞུགས་པ། མཚན་ལན་གསུམ་ཉིན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས་ཡེ་ཤེས་ཀྱི་མཐོང་བ་ལ་འཇུག་སྟེ། གང་འགྲིབ། གང་འཕེལ། གང་སྡུག་བསྔལ་བར་གྱུར། གང་དོག་པར་གྱུར། གང་གནོད་པར་གྱུར། གང་དཀའ་བ་དང་། དོག་པ་དང་། གནོད་པར་གྱུར། གང་ངན་སོང་ལ་གཞོལ། གང་ངན་སོང་ལ་འབབ། གང་ངན་སོང་ལ་རབ་ཏུ་བབ། གང་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་ལ་རབ་ཏུ་གཞག་པར་བྱ། གང་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་དགེ་བའི་རྩ་བ་བསྐྱེད་པར་བྱ། གང་སྐྱེས་པ་རྣམས་ཡོངས་སུ་སྨིན་པར་བྱ། གང་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་སྙམ་དུ་གཟིགས་སོ། །ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་གནས་དེ་ནི། །དུས་ལས་གལ་ཏེ་ཡོལ་ཀྱང་སྲིད། །འདུལ་བ་ཡི་ནི་བུ་རྣམས་ལ། །སངས་རྒྱས་དུས་ལ་འདའ་མི་མཛད། །

དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་པ་དང་། ཆོས་ཉིད་ཀྱིས་ནམ་གྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེར་འཛུམ་པ་མཛད་པ་དེའི་ཚེ། ཞལ་ནས་འོད་ཟེར་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཕྱུང་སྟེ།

ཁ་ཅིག་ནི་འོག་ཏུ་དོང་། ཁ་ཅིག་ནི་སྟེང་དུ་དོང་ངོ་། །གང་འོག་ཏུ་དོང་བ་དེ་དག་གིས་ནི་ཡང་སོས་དང་། ཐིག་ནག་པོ་དང་། འཇོམས་པ་དང་། འོ་དོད་འབོད་པ་དང་།

འོ་དོད་ཆེར་འབོད་པ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཤིན་ཏུ་ཆུ་བུར་ཅན་དང་། ཨ་ཧ་ཧ་དང་། ཧ་ཧ་བ་དང་། ཧུ་ཧུ་བ་དང་། ཨུཏྤལ་ལྟ་བུ་དང་། པད་མོ་ལྟ་བུ་དང་། པད་མོ་ཆེན་པོ་ལྟ་བུ་དག་གི་སེམས་ཅན་དམྱལ་བར་སོང་ནས་གང་ཚ་བའི་སེམས་ཅན་དམྱལ་བ་དེར་བབ་ན་ནི་བསིལ་བར་གྱུར། གང་གྲང་བའི་སེམས་ཅན་དམྱལ་བ་དེར་བབ་ན་ནི་དྲོ་བར་གྱུར་ཏེ། དེས་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་སླར་བདེ་བར་གྱུར་པས་དེ་དག་འདི་སྙམ་དུ་སེམས་སོ། །ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་ཞིག་ཏུ་སྐྱེས་སྙམ་མོ། །དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྲུལ་པ་དེར་བཏང་ངོ་། །དེ་དག་སྤྲུལ་པ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་སོ། །ཀྱེ་བདག་ཅག་ནི་ཚེ་འདི་ལས་འཆི་འཕོས་པའམ། གཞན་དུ་སྐྱེས་པ་ནི་མ་ཡིན་མོད་ཀྱི་སྔོན་ཆད་མ་མཐོང་བའི་སེམས་ཅན་འདིའི་མཐུས་ན་བདག་ཅག་གི་སྡུག་བསྔལ་གྱི་ཁྱད་པར་བདེ་བར་གྱུར་ཏོ། །སྙམ་ནས། དེ་དག་སྤྲུལ་པ་ལ་མངོན་པར་སེམས་དད་པ་ལས་དེ་དག་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ལས་ཟད་ནས་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་འགྱུར་བ་དེར་ལྷ་དང་མིའི་ཕྱིར་གྱི་མཚམས་ལེན་ཏོ། །

གང་སྟེང་གི་ཕྱོགས་སུ་དོང་བ་དེས་ནི་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མའི་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་སྣང་དང་། དགེ་ཆུང་གནས་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་དང་། མི་ཆེ་དང་། མི་གདུང་དང་། ཤིན་ཏུ་སྣང་དང་། གྱ་ནོམ་མཐོང་དང་། འོག་མིན་གནམ་གྱི་ལྷ་དག་གི་དྲུང་དུ་སོང་ནས། མི་རྟག་པ་དང་། སྡུག་བསྔལ་དང་། སྟོང་པ་དང་། བདག་མེད་པའོ་ཞེས་སྒྲ་འབྱིན་ཅིང་ཚིགས་སུ་བཅད་པ་གཉིས་ཀྱང་བརྗོད་དོ། །

འབྱུང་བ་ལ་ནི་བཙལ་བར་བྱོས། །སངས་རྒྱས་བསྟན་ལ་ནན་ཏན་གྱིས། །འཆི་བདག་སྡེ་རྣམས་གཞོམ་པ་ནི། །བ་གླང་དག་གིས་རྩྭ་ཁྱིམ་བཞིན། །ཆོས་ཀྱི་འདུལ་བ་འདི་ལ་གང་། །བག་ཡོད་པ་རུ་སུ་སྤྱོད་པ། །སྐྱེ་བ་འཁོར་བ་སྟོང་པ་སྟེ། །སྡུག་བསྔལ་བ་ཡི་མཐར་བྱེད་འགྱུར། །དེ་ནས་འོད་ཟེར་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་སྣམ་གྱི་ཕྱི་བཞིན་འབྲང་ཞིང་འོང་ངོ་། །དེ་སྟེ་བཅོམ་ལྡན་འདས་ཀྱིས་འདས་པ་ལ་ལུང་བསྟན་པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་དུ་མི་སྣང་བར་འགྱུར་རོ། །

མ་འོངས་པ་ལ་ལུང་བསྟན་པར་བཞེད་ན་ནི་མདུན་དུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །བྱོལ་སོང་དུ་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །

སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པར་བཞེད་ན་ནི་ཞལ་གྱི་ནང་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པར་བཞེད་ན་ནི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བཞེད་ན་ནི་གཙུག་ཏོར་གྱི་ནང་དུ་མི་སྣང་བར་འགྱུར་རོ། །

དེ་ནས་འོད་དེ་དག་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། རྣམ་པ་སྣ་ཚོགས་ཁ་དོག་སྟོང་གིས་བརྒྱན། །ཞལ་གྱི་ནང་ནས་མང་པོ་འབྱུང་བ་དག །ཐམས་ཅད་ཕྱོགས་སུ་གང་གིས་སྣང་མཛད་པ། །སྣང་བྱེད་ཤར་བས་ཇི་ལྟར་དེ་བཞིན་ནོ། །

ཡང་ཚིགས་སུ་བཅད་དེ་སྨྲས་པ། འཕྱར་བ་མེད་ཅིང་མི་དགའ་དྲེགས་སྤངས་པ། །སངས་རྒྱས་སྐྱེ་བོ་མཆོག་གི་རྒྱུར་གྱུར་ཏེ། །རྒྱུ་མ་མཆིས་པར་དུང་དཀར་པད་མའི་རྩ། །མགོན་པོ་བརྟན་པ་རྒྱ་མཚོ་རི་བོ་བཞིན། །རྒྱུ་མེད་པར་ནི་སངས་རྒྱས་བཞད་མི་མཛད། །འཛུམ་པ་མི་སྟོན་རྒྱལ་བ་དགྲ་ཕམ་མཛད། །དེ་ཚེ་ཉིད་ཀྱིས་རྟོགས་ཤིང་བསྟན་པའི་བློ། །ཉན་པ་རྒྱལ་དབང་ལས་ནི་ཐོས་པར་འཚལ། །ཐུབ་པ་ཁྱུ་མཆོག་བརྟན་ཚིག་དམ་པས་ནི། །ཐེ་ཚོམ་སྐྱེས་པ་མཆོག་གིས་བསལ་བར་མཛོད། །བརྟན་པས་གང་གིས་ཕྱིར་ནི་འཛུམ་བསྟན་པ། །སྐྱེ་བོ་མང་པོ་འདི་དག་ཐོས་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ནོ། །ཀུན་དགའ་བོ་རྒྱུ་མེད་རྐྱེན་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་འཛུམ་པ་མི་མཛད་དོ། །

ཀུན་དགའ་བོ་ཁྱོད་ཀྱིས་བུ་མོ་ཆོས་སྦྱིན་མ་ལ་དགེ་སློང་མའི་དགེ་འདུན་དང་ངའི་བཀས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་བཏང་སྟེ། སྐྱབས་སུ་འགྲོ་བ་གསུམ་ནས་རིམ་བཞིན་དུ་རབ་ཏུ་བྱུང་ལ་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་ཡང་བྱིན་ནོ། །དེ་ནི་སང་བག་མར་གཏོང་སྟེ། དེའི་ཕྱིར་སྐྱེ་བོ་མང་པོ་འདུས་པ་རྣམས་མཐོང་ངམ། བཙུན་པ་མཐོང་ངོ་། །ཀུན་དགའ་བོ་བུ་མོ་དེ་སླར་ཁྱིམ་དུ་མི་མོར་གནས་པའི་སྐབས་མ་ཡིན། གནས་མ་ཡིན་ཏེ། དགའ་བར་བྱ་བའི་ཕྱིར་འདོད་པའི་ལོངས་སྤྱོད་ལ་ཡོངས་སུ་སྤྱད་པའི་གནས་སུ་འདི་མི་འགྱུར་གྱི་འདི་ནི་ད་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་སྟེ་དགྲ་བཅོམ་པ་མངོན་དུ་བྱེད་པར་འགྱུར་རོ། །

ཀུན་དགའ་བོ་སོང་སྟེ་དགེ་སློང་མ་རྣམས་འདི་ལྟར་ཆོས་སྦྱིན་མས་ནི་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་བསླབས་ཟིན་གྱིས་དེ་ད་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་ལ་དེ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་བྱིན་ཅིག་པར་བསྒོས་ཤིག །བཙུན་པ་དེ་བཞིན་དུ་འཚལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་མ་དག་ལ་བསྒོ་བ་དང་། དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་བསྒོས་ཏེ་བཏང་ངོ་། །དེ་སོང་ནས་བུ་མོ་ཁྱོད་ནི་དགེ་སློང་མའི་དགེ་འདུན་གྱིས་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་གནང་གིས་ད་ནི་ཁྱོད་བསྙེན་པར་རྫོགས་པར་བྱའོ། །ཅི་ནས་འདི་ལྟ་བུའི་ཆོས་བཤད་པ་དེས་ཐོས་མ་ཐག་ཏུ་སླར་མི་ལྡོག་པའི་འབྲས་བུ་མངོན་དུ་བྱས་ནས་རྫུ་འཕྲུལ་བསྒྲུབས་སོ། །

ཨུཏྤ་ལའི་ཁ་དོག་མ་སོང་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་སྟེ། དགེ་སློང་མ་དག་ལ་འདི་ལྟར་ངས་གནང་གིས་དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་སྟེ། བུ་མོ་ཆོས་སྦྱིན་མ་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་བསྒོས་ཤིག །བཙུན་པ་དེ་ལྟར་འཚལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་མ་དག་ལ་བསྒོའོ། །དགེ་སློང་མའི་དགེ་འདུན་གྱིས་དགེ་འདུན་སྡེ་གཉིས་ཀ་བསྡུས་ཏེ་ཆོས་སྦྱིན་མ་ཁྱིམ་དེ་ན་འདུག་བཞིན་དུ་ཨུཏྤ་ལའི་ཁ་དོག་མ་ལས་ཕྲིན་གྱིས་བསྙེན་པར་རྫོགས་པར་བྱས་ཏེ་ཨུཏྤ་ལའི་ཁ་དོག་མ་སོང་སྟེ། དེ་ལ་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་གནང་སྟེ། དགེ་འདུན་སྡེ་གཉིས་ཀྱིས་བསྙེན་པར་རྫོགས་པར་བྱས་སོ་ཞེས་བསྒོའོ། །

འདི་ལྟ་བུའི་ཆོས་ཀྱང་བཤད་དེ་དེ་ཐོས་པས་ན་དགེ་སློང་མ་ཆོས་སྦྱིན་མས་འཁོར་བའི་འཁོར་ལོ་དུམ་བུ་ལྔ་པོ་འདི་གཡོ་བ་དང་མི་གཡོ་བར་ཤེས་ཏེ། འདུས་བྱས་ཀྱི་ངོ་བོ་ཐམས་ཅད་འཇིག་པ། ལྟུང་བ་རྣམ་པར་འགྱེས་པ། རྣམ་པར་ཞིག་པའི་ཆོས་ཉིད་ཀྱིས་རབ་ཏུ་བཅོམ་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་མངོན་དུ་བྱས་ནས་དགྲ་བཅོམ་པར་གྱུར་ཏེ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། གསེར་དང་བོང་བ་འདྲ་བ། ནམ་མཁའ་ལ་ལག་མཐིལ་ཆགས་པ་མེད་པ་དེ་བཞིན་དུ་མཉམ་པའི་སེམས་སྟེའུ་དང་ཙན་དན་དུ་འདྲ་བ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོར་རིག་པ་རྣམས་ཐོབ་པ་སྲིད་པའི་འདོད་པ་ལ་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས། དབང་པོ་དང་ཉེ་དབང་པོ་དང་ལྷར་བཅས་པ་རྣམས་ཀྱིས་མཆོད་པ་དང་། ཕྱག་བྱ་བ་དང་། ཚིག་གིས་སྙན་པ་བརྗོད་པར་གྱུར་ཏོ། །

དགྲ་བཅོམ་པའི་དགེ་སློང་མ་ཟག་པ་ཟད་པ་ཁྱིམ་པར་ཁྱིམ་ན་གནས་པའི་སྐབས་མ་ཡིན་གནས་མ་ཡིན་ཏེ། དགའ་བར་བྱ་བའི་ཕྱིར་འདོད་པའི་ལོངས་སྤྱད་པ་ཡོངས་སུ་སྤྱོད་པའི་གནས་མ་ཡིན་ནོ། །ནམ་ཆོས་སྦྱིན་མ་དགྲ་བཅོམ་པ་མངོན་དུ་བྱས་པ་དང་དེའི་ཚེ་ཕ་མ་ལ་ཡབ་དང་ཡུམ་བདག་གིས་ནི་དགྲ་བཅོམ་པ་མངོན་དུ་བགྱིས་ཀྱིས་རྒྱལ་པོའི་ཀུན་དགར་དགེ་སློང་མའི་དབྱར་མོ་ཁང་དུ་མཆི་ན་གནང་བར་མཛོད་ཅིག་ཅེས་སྨྲས་པ་དང་། ཁྱིམ་བདག་བྱིན་པ་དང་། ཆུང་མ་དང་གཉིས་གྲོས་བྱས་ནས་བུ་མོ་དེ་ལྟར་ན་བདག་ཅག་ལ་རྒྱལ་པོས་གྱོད་རྨས་པར་མི་འགྱུར་རམ། དེ་ལ་རིམ་བཞིན་དུ་བྱས་ཏེ་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་སོང་ཞིག་ཅེས་སྨྲས་པ་དང་། དེས་སྨྲས་པ་ལེགས་ཀྱིས་དེ་ལྟར་བགྱིའོ། །

དེ་ནས་ཁྱིམ་བདག་བྱིན་པས་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་ཏེ་དགེ་སློང་གི་དགེ་འདུན་དག་ཁྱིམ་དུ་སྤྱན་དྲངས་ཏེ། ཁྱིམ་བདག་རི་དྭགས་སྒྲ་ལ་མཛའ་བོ་བུ་མོ་ཆོས་སྦྱིན་མ་ནི་ཁྱིམ་དུ་གནས་སུ་མི་བཏུབ་སྟེ། རབ་ཏུ་འབྱུང་དུ་གདོན་མི་ཟས་ཚུར་ཤོག་ལ། དེ་ནན་གྱིས་བླང་བར་གྱིས་ཤིག་ཅེས་སྤྲིང་ངོ་། །ཁྱིམ་བདག་རི་དྭགས་སྒྲས་ཀྱང་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་གསོལ་ནས། མཛའ་བོ་དང་། ཕུ་ནུ་དང་། གཉེན་དང་། སྐྱེ་བོ་མང་པོ་དག་སྡུད་པ་ལ་ཞུགས་སོ། །ཁྱིམ་བདག་བྱིན་པས་དེའི་ནུབ་མོ་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་སྦྱར་ནས། ནངས་པར་སྔར་ལངས་ཏེ་གདན་བཏིང་ཆུ་བུམ་པ་བཀང་སྟེ་བཞག །བཅོམ་ལྡན་འདས་ལ་སྤྱན་འདྲེན་པས་བཙུན་པ་བཤོས་ཀྱང་ལགས་གདུགས་ཚོད་ལ་ཡང་བབ་ན་བཅོམ་ལྡན་འདས་ད་དུས་ལ་བབ་པར་དགོངས་ཤིག་ཅེས་དུས་གསོལ་པ་དང་།

དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ན་ཤམ་ཐབས་གསོལ་ལྷུང་བཟེད་དང་། ཆོས་གོས་བསྣམས་ཏེ། དགེ་སློང་མང་པོ་དག་གིས་བསྐོར། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བྱས་ནས་ཁྱིམ་བདག་བྱིན་པའི་ཁྱིམ་གང་ན་བ་དེར་གཤེགས་སོ། །དེར་ཕྱིན་པ་དང་། དགེ་སློང་གི་དགེ་འདུན་གྱི་མདུན་དུ་སྟན་བཏིང་བ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་བྱིན་པས་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་གིས་བསྐོར་ཏེ། སངས་རྒྱས་དང་། དགེ་སློང་གི་དགེ་འདུན་དག་བདེ་བར་བཞུགས་པར་ཤེས་ནས་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་བདག་ཉིད་ཀྱི་ལག་གིས་དར་ཏེ་ཚིམ་པ་དང་། ཡང་དག་པར་བསྟབས་སོ། །དེའི་སྐབས་སུ་ཁྱིམ་བདག་རི་དྭགས་སྒྲས་མཛའ་བོ་དང་། ཕུ་ནུ་དང་། གཉེན་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་པ་དང་། ལྗོངས་ཀྱི་སྐྱེ་བོ་མང་པོ་དང་།

ལྷན་ཅིག་བུ་ས་ག་བསྲུང་བ་དང་། བཀྲ་ཤིས་དང་ཞི་བ་དག་བྱས་ཏེ་བག་མ་ལེན་པར་ཆས་ཏེ་ཁྱིམ་བདག་བྱིན་པའི་སྒོ་དྲུང་ཉིད་ལ་འཁོད་དོ། །

ཁྱིམ་བདག་བྱིན་པས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་ལ་བདག་ཉིད་ཀྱི་ལག་ནས་དར་ཏེ་ཚིམ་པར་བྱས། ཡང་དག་པར་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ནས། ཕྱག་བཅབས་ལྷུང་བཟེད་བླངས་པར་ཤེས་ནས་སྟན་དམའ་བ་ཞིག་བཏིང་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པའི་ཕྱིར་མཛའ་བོ་དང་། ཕུ་ནུ་དང་། གཉེན་དུ་བཅས་ཏེ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བྱིན་པ་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་མགུ་བར་བྱས་སོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མར་ཡང་དག་པར་བསྟན། ཡང་དག་པར་གཟེངས་བསྟོད། མགུ་བར་བྱས་ཏེ་གདན་ལས་བཞེངས་ནས་བཞུད་དོ། །དགེ་སློང་མ་ཆོས་སྦྱིན་མ་ཡང་ཁམས་གསུམ་གྱི་གཉེན་པོ་ཐོབ། མི་འཇིགས་པ་ཐོབ་བོ། །དེ་དག་བག་མར་བླང་བའི་དུས་ལ་བབ་ནས་ཁྱིམ་བདག་རི་དྭགས་སྒྲའི་བུ་ས་གས་ཀྱང་མཛའ་བོ་དང་། ཕུ་ནུ་དང་། གཉེན་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་པ་དང་། ལྗོངས་ཀྱི་སྐྱེ་བོ་མང་པོ་དང་ལྷན་ཅིག་ཏུ་དེར་སིལ་སྙན་རྣམ་པ་སྣ་ཚོགས་པ་གསོལ་ཏོ། །

ཆོས་སྦྱིན་མ་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྱུང་བར་འདོད་པ་དང་། དེ་ནས་ཁྱིམ་བདག་རི་དྭགས་སྒྲའི་བུ་ས་གས་འཕྲལ་ལ་དཔུང་པ་བརྐྱང་ནས་ཆོས་སྦྱིན་གྱི་ལག་པ་ནས་གཟུང་བར་བཤམས་པ་དང་། ཆོས་སྦྱིན་མ་སེམས་ཅན་གྲངས་མེད་པ་བརྒྱ་སྟོང་གིས་མཐོང་བཞིན་དུ་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་བཞིན་ནམ་མཁའ་ལ་འཕུར་ཏེ་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་བསྟན་པ་དང་། དེ་ནས་ཁྱིམ་བདག་རི་དྭགས་སྒྲའི་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་དང་། གཞོན་ནུ་དང་། བློན་པོ་དང་གྲོང་ཁྱེར་པ་དང་། ལྗོངས་ཀྱི་སྐྱེ་བོ་མང་པོ་དང་། ཁྱིམ་བདག་རི་དྭགས་སྒྲའི་བུ་ས་ག་དང་། གཞན་ཡང་ལྟད་མོ་ལ་ལྷགས་པའི་སེམས་ཅན་དག་ངོ་མཚར་ཆེར་གྱུར་ནས་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ནས། སྲིང་མོ་འདི་འདྲ་བའི་ཡོན་ཏན་མང་པོ་འཐོབ་ན་ཁྱོད་འདོད་ཆགས་ལ་སྤྱོད་པའི་སྐབས་མ་ཡིན་གནས་མ་ཡིན་ཏེ། བཟོད་པར་གསོལ་ལོ་ཞེས་སྨྲས་པ་དང་།

དེ་ནས་ཆོས་སྦྱིན་མ་ནམ་མཁའ་ལས་བབས་ཏེ། སྐྱེ་བོ་མང་པོ་དག་གི་མདུན་དུ་འདུག་ནས་འདི་ལྟ་བུའི་ཆོས་བཤད་དེ་སེམས་ཅན་མང་པོ་བརྒྱ་སྟོང་གིས་ཐོས་ནས་ཁྱད་པར་ཆེར་རྟོགས་ཏེ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །

ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །འཁོར་དེ་དག་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་ལ། ཆོས་ལ་འབབ་དགེ་འདུན་ལ་རབ་ཏུ་བབ་པར་བཀོད་དོ། །དེ་ནས་དགེ་སློང་མ་ཆོས་སྦྱིན་གྱིས་ཐོབ་པ་དང་། ཕུན་སུམ་ཚོགས་པ་རྙེད་སེམས་ཅན་གྱི་དོན་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །

དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། འདི་ལྟར་ངའི་བཀའ་ཐོབ་སྟེ་བསྙེན་པར་རྫོགས་པའི་ངའི་དགེ་སློང་མ་ཉན་ཐོས་མ་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་དགེ་སློང་མ་ཆོས་སྦྱིན་མ་འདི་ནི་མཆོག་ཡིན་ནོ། །དགེ་སློང་ཕ་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ། བཙུན་པ་དགེ་སློང་མ་ཆོས་སྦྱིན་མས་ལས་ཅི་ཞིག་བགྱིས་ན་དེ་ཁྱིམ་ན་མཆིས་བཞིན་དུ་ཕྲིན་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོ་ཐོབ་ནས་དེ་ཉིད་དུ་དགྲ་བཅོམ་པ་མངོན་དུ་བགྱིས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་གསུངས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་ཆོས་སྦྱིན་མས་ལས་བྱས་ཤིང་བསགས་པས་ཚོགས་རྙེད་པ་དང་། རྐྱེན་སྦྱིན་པ་ནི་ཆུ་བོ་བཞིན་དུ་ཉེ་བར་གནས་ཏེ་གདོན་མི་ཟའོ། །ཆོས་སྦྱིན་གྱིས་ལས་བྱས་ཤིང་བསགས་པ་ནི་གཞན་གྱིས་མྱོང་བར་མི་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་མི་སྨིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདི་ཉིད་ལ་དགེ་བ་དང་། མི་དགེ་བའི་ལས་བྱས་པ་རྣམ་པར་སྨིན་པར་འགྱུར་རོ། །ལས་རྣམས་སྟོར་བར་མི་འགྱུར་བ། །བསྐལ་པ་དག་ནི་བརྒྱ་ལོན་ཀྱང་། །དུས་དང་འཕྲོད་ནས་ཐོབ་པ་ནི། །ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་ན་བསྐལ་པ་བཟང་པོ་འདིའི་ཚེ་སྐྱེ་དགུའི་ཚེ་ལོ་སྟོང་ཕྲག་ཉི་ཤུ་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་ན་བཞུགས་ཤིང་དྲང་སྲོང་གནས་ཀྱི་རི་དྭགས་ཀྱི་ཚལ་ན་བཞུགས་སོ། །

དེའི་དུས་ན་ཡུལ་འཁོར་མོ་འཇིག་ན་ཁྱིམ་བདག་གཞན་ཞིག་གནས་པ་དེས་རིགས་དང་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱད་པ་དང་། དེ་དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་། དེ་ལས་བུ་མོ་ཞིག་བྱུང་སྟེ་དེ་ཞག་བདུན་གསུམ་ཉི་ཤུ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱ་ཆེར་བྱས་ཏེ། རིགས་དང་མཐུན་པའི་མིང་བཏགས་ནས། དེ་ནས་ལུས་ཆེར་གྱུར་པ་དེ་ན་རབ་ཏུ་འབྱུང་བར་འདོད་པས་དེའི་ཕ་མ་དག་གིས་རབ་ཏུ་འབྱུང་དུ་མི་སྟེར་རོ། །ཁྱིམ་དེ་ནི་དགེ་སློང་མ་རྒན་མོ་གཞན་ཞིག་རིགས་ལ་སྟོན་པར་བྱེད་ཅིང་། དེའི་ཁྱིམ་དུ་དུས་དུས་སུ་འོང་ངོ་། །

བུ་མོ་དེས་དགེ་སློང་མ་རྒན་མོ་དེ་ལ་འཕགས་མ་བདག་ནི་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འཚལ་ན། བདག་གི་ཕ་མས་མི་གནང་ཞིང་ཁྱིམ་ལས་ཕྱིར་འབྱུང་དུ་ཡང་མི་སྟེར་ན། གནས་འདི་ཉིད་དུ་རབ་ཏུ་འབྱུང་བར་ནུས་སམ་ཞེས་སྨྲས་པ་དང་།

དེས་བུ་མོ་བཅོམ་ལྡན་འདས་ལ་ཞུས་ཏེ་བྱའོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཞུས་པ་དང་། དེ་ཉིད་ཕྲིན་པར་བཏང་སྟེ། ཁྱིམ་ན་འདུག་བཞིན་དུ་རབ་ཏུ་བྱུང་ནས་དགེ་སློང་མའི་སྡོམ་པ་གནང་ནས་དགེ་འདུན་སྡེ་གཉིས་ཀྱིས་བསྙེན་པར་རྫོགས་པར་བྱས་ཏེ། དགེ་སློང་མ་རྒན་མོ་དེས་དེ་ལ་ཆོས་བཤད་པ་དང་། དེ་ཁྱིམ་ན་འདུག་བཞིན་དུ་དགྲ་བཅོམ་པ་མངོན་དུ་བྱས་སོ། །

དེ་ནས་དགེ་སློང་མ་རྒན་མོས་བསམས་པ། བུ་མོ་འདིས་ཁྱིམ་ན་འདུག་བཞིན་དུ་ཕྲིན་གྱིས་རབ་ཏུ་བྱུང་སྟེ་སློབ་པའི་སྡོམ་པ་དང་བསྙེན་པར་རྫོགས་པ་ཐོབ། ཁྱིམ་ན་འདུག་བཞིན་དུ་དགྲ་བཅོམ་པ་མངོན་དུ་བྱས་པ་དེ་ཐམས་ཅད་ཀྱང་བདག་ལས་གྱུར་ཏེ། བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཚེ་ཚངས་པར་སྤྱད་པའི་དགེ་བའི་རྩ་བས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་བུ་ཁྱོད་སྐྱེ་དགུ་ལོ་བརྒྱ་ཐུབ་པའི་ཚེ་དེ་བཞིན་གཤེགས་པ་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་འདི་ལྟར་བདག་ཁྱིམ་ན་འདུག་བཞིན་དུ་ཕྲིན་གྱིས་རབ་ཏུ་བྱུང་། བསླབ་པའི་སྡོམ་པ་དང་། དགེ་སློང་མའི་དངོས་པོ་ཐོབ་ཅིང་ཁྱིམ་ན་འདུག་བཞིན་དུ་དགྲ་བཅོམ་པ་མངོན་དུ་བྱེད་པ་དང་། ཇི་ལྟར་བདག་གི་མཁན་མོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་བསྔགས་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་བསྔགས་པར་ཤོག་ཅིག་ཅེས་སྨྲས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་མ་རྒན་མོ་དེ་ནི་ད་ལྟར་གྱི་དགེ་སློང་མ་ཆོས་སྦྱིན་མ་འདི་ཉིད་ཡིན་ནོ། །

བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དྲུང་ན་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། སྨོན་ལམ་གྱི་མཐུས་ན་ཁྱིམ་ན་འདུག་བཞིན་དུ་ཕྲིན་པས་རབ་ཏུ་བྱུང་། བསླབ་པའི་སྡོམ་པ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་ཡང་འཐོབ། ཁྱིམ་ན་འདུག་བཞིན་དུ་དེས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས། དེ་བཞིན་གཤེགས་པས་ཀྱང་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་བསྔགས་སོ། །དེ་ལྟ་བས་ན་དགེ་སློང་དག་ལས་གཅིག་ཏུ་གནག་པ་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་དཀར་བ་ནི་གཅིག་ཏུ་དཀར་རོ། །འདྲེས་པ་ནི་གཅིག་ཏུ་འདྲེས་པའོ། །དེ་ལྟ་བས་ན་དགེ་སློང་དག་གཅིག་ཏུ་གནག་པ་དང་། འདྲེས་པའི་ལས་སྤོངས་ལ་གཅིག་ཏུ་དཀར་བའི་ལས་ཉིད་ལ་བསྒྲུབ་པར་བྱ་སྟེ། དགེ་སློང་དག་དེ་ལྟ་བུར་བསླབ་པར་བྱོས་ཤིག །

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་ཡི་རངས་ཏེ་མངོན་པར་དགའོ།། །།

སངས་རྒྱས་ལ་བུའི་འདུ་ཤེས་མངའ་བའི་བྲན་མོ་ཀ་ཙང་གའི་སྐྱེ་བ་སྔ་ཕྱིའི་སྐོར། རྟོགས་བརྒྱ་པ་ལས་བཏུས།

ཀ་ཙང་ག་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཡུལ་ཀ་ཙང་ག་ལ་ན་ཀ་ཙང་ག་ལའི་ནགས་ཁྲོད་ན་བཞུགས་སོ། །

དེའི་ཚེ་ཡུལ་ཀ་ཙང་ག་ལ་དེ་ན་རྒན་མོ་ཀ་ཙང་ག་ལ་ཞེས་བྱ་བ་ཞིག་གནས་པ་དེས་བུམ་པ་ཐོགས་ཏེ་ཁྲོན་པའི་དྲུང་དུ༌ཆུ་འཆུར་སོང་བ་དང་། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན༌དགའ་བོ་ལ་བཀའ་སྩལ་པ། ཀུན༌དགའ་བོ་ཁྱོད་སོང་ལ་རྒན་མོ་དེ་ལ་བཅོམ་ལྡན་འདས་སྐྱེམས་ཀྱིས་ཆུ་ཕུལ་ཅིག་ཅེས་གྱིས་ཤིག །དེ་ནས་ཀུན་དགའ་བོས་བསྒོས་ནས། དེ་ན་རེ་འཕགས་པ་བདག་ཉིད་ཀྱིས་འཚལ་ཏེ་མཆིའོ་ཞེས་ཟེར་རོ། །དེ་ནས་རེ་ཞིག་ན་ཀ་ཙང་ག་ལས་བུམ་པ་ཆུས་བཀང་སྟེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་དང་། ཀ་ཙང་ག་ལས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས༌ལེགས་པར་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་མངའ་བ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟ་བུ་ཀུན་ནས་བཟང་བ་མཐོང་ནས། མཐོང་མ་ཐག་ཏུ་དེ་བུ་ལ་བྱམས་པའི་སེམས་སྐྱེས་ཏེ། ནུ་མ་གཉིས་ལས་ཀྱང་འོ་མའི་རྒྱུན་བབ་ནས་དེས་བུ་བུ་ཞེས་སྨྲས་ཏེ། བཅོམ་ལྡན་འདས་ལ་འཁྱུད་པར་བྱེད་དོ། །

དེ་ནས་དགེ་སློང་རྣམས་ཀྱིས་དེ་བཀག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱོད་ཀྱིས་རྒན་མོ་འདི་མ་དགག་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཚེ་རབས་ལྔ་བརྒྱའི་བར། །རྒྱུན་དུ༌ང་ཡི་མར་གྱུར་ཏེ། །ང་ལ༌བུ་ཡི་བྱམས་པ་ཡིས། །འདི་ནི་ལུས་ལ་འཁྱུད་པར་བྱེད། །ང་ཡི་ལུས་ལ་འཁྱུད་པ་ལས། །

གལ་ཏེ་འདི་ནི་བཀག་གྱུར་ན། །འདི་ནི་དེའུ་རེ་འཕྲལ་ཉིད་དུ། །ཁ་ནས་ཁྲག་དྲོན་སྐྱུག་པར་འགྱུར། །བུ་ལ་བྱམས་པ་འདི་མཐོང་ནས། །དྲིན་དུ་གཟོ་བ་དྲན་གྱུར་ཏེ། །སྙིང་ཡང་རྗེ་ཞིང་སྙིང་བརྩེ་བས། །ལུས་ལ་ཡང་ནི་འཁྱུད་དུ་གཞུག །དེ་ནས་རེ་ཞིག་ན་དེ་བུ་ལ་བྱམས༌པ་རྩེ་ཞིལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །

དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་ཀ་ཙང་ག་ལས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། དཀའ་བ་བྱེད་པའི་མ་ལ་ནི། །བུ༌བཟངས་ཀྱིས་ནི་གང་བྱ་བ། །སེམས་ནི་གྲོལ་བར་འགྲོ་འགྱུར་བ། །དེ་ནི་ཁྱོད་ཀྱིས་བདག་ལ་བྱས། །བདག་ནི་ཁྱོད་ཀྱིས་རབ་བསྒྲིམས་ཏེ། །ངན་འགྲོ་དག་ལས་ཕྱུང་ནས་ཀྱང་། །མཐོ་རིས་ཐར་པ་དག་ལ་བཞག །ཁྱད་པར་ཤིན་ཏུ་ཆེན་པོར་སྤགས། །དེ་ནས་རེ་ཞིག་ན་དེས་ཇོ་བོ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་མདོར་ལུང་དབོག་པ་མཛད་ནས་ནང་དུ་ཡང་དག་འཇོག༌ལས་གཤེགས་པ་དེའི་ཚེ་ཀ་ཙང་ག་ལས་དགེ་སློང་མ་རྣམས་ལ་བརྡ་སྤྲོད་པར་བྱེད་དོ། །

དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་མདོ་སྡེ་རྣམ་པར་འབྱེད༌པར་བྱེད་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། དགེ་སློང་མ་ཀ་ཙང་ག་ལ་ཡིན་ནོ། །དེ་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཀ་ཙང་ག་ལས་ལས་གང་དག་བགྱིས་ན་དེས་རྒས་ནས་གདོད་རབ་ཏུ་བྱུང་ལགས། ལས་གང་བགྱིས་ན་དེས་བྲན་མོར་གྱུར་ལགས་ལས་གང་བགྱིས་ན་དེས་བཅོམ་ལྡན་འདས་མངལ་ན་གནས་པ་ཐ་མར་འཛིན་པར་མ་གྱུར་ལགས། དེ་ཅིའི་སླད་དུ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཏེ་མདོ་སྡེ་རྣམ་པར་འབྱེད་པར་བགྱིད་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀ་ཙང་ག་ལ་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ་དབའ་རྒལ་བཞིན་དུ་འབྱུང་ལ། གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་བསགས་པས་ན། ཀ་ཙང་ག་ལ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཚེ་རབས་ལྔ་བརྒྱར་རྒྱུན་ཆགས་པར་འདི་ངའི་མར་གྱུར་ཏེ། གང་གི་ཚེ་ང་རབ་ཏུ་འབྱུང་བར་འདོད་པ་དེའི་ཚེ་འདིས་ངའི་བགེགས་བྱས་ཏེ། ལས་དེའི་རྣམ་པར་སྨིན་པས་ནི་རྒས་ནས་གདོད་རབ་ཏུ་བྱུང་ངོ་། །ང་སྦྱིན་པ་བྱེད་པ་ན་འདིས་ངའི་སྦྱིན་པའི་བར་ཆད་བྱས་པ་དེས་ནི་དབུལ་མོར་གྱུར་ཏོ། །འདིས་སྒྱུ་འཕྲུལ་ཆེན་མོ་ལྟ་བུའི་ཆེ་བར་གྲགས་པར་འགྱུར་བའི་ལས་དེ་ལྟ་བུ་མ་བྱས་པ་དེས་ནི་ང་མངལ་ན་གནས་པ་ཐ་མའི་ཚེ་འདིས་མ་བཟུང་ངོ་། །

གཞན་ཡང་བཅོམ་ལྡན་འདས་འོད་སྲུང་གི་རིང་ལ་རབ་ཏུ་བྱུང་ནས་དེས་སློབ་པ་དང་མི་སློབ་པའི་དགེ་སློང་མ་རྣམས་ལ་བྲན་མོ་ཞེས་བྱ་བའི་ཚིག་སྨྲས་ཏེ་དེས་ན་བྲན་མོར་གྱུར་ཏོ། །དེས་དེར་བསླབས་ཤིང་ཁ་དོན་བྱས་པ་དང་། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པ་དེས་ནི་ད་ལྟར་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས༌ཏེ་མདོ་སྡེ་རྣམ་པར་འབྱེད༌པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །ཞེས་གསུངས་སོ། །(མདོ་སྡེ་ལས་བརྒྱ་པ་དང་འདུལ་བ་གཞུང་ནང་དུ་ཡང་འདི་དང་མིང་དོན་གཅིག་པའི་རྣམ་ཐར་གཉིས་ཡོད།)

དགེ་སློང་འཆར་ཀ་སྔོན་གྱི་ཆུང་མ་དགེ་སློང་མ་སྦེད་མ་ལ་ཇི་ལྟར་ཆགས་ཚུལ་དང་སྦེད་མ་སྦྲུམ་མར་གྱུར་པའི་ཚུལ། འདུལ་བ་ལུང་རྣམ་འབྱེད་ལས་བཏུས།

དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། མཐར་གྱིས་མཉན་ཡོད་ན་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ་། །

ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་བྲང་བརྡུངས་ཏེ་སྨྲས་པ། འཆར་ཀ་ཅིའི་སླད་དུ་ཁྱོད་ཀྱིས་བདག་སྤངས་ཏེ་རབ་ཏུ་བྱུང་། འཆར་ཀས་སྨྲས་པ། བྱང་ཆུབ་སེམས་དཔས་བཙུན་མོ་གྲགས་འཛིན་མ་དང་། ས་འཚོ་མ་དང་། རི་དྭགས་སྐྱེས་ལ་སོགས་པ་བུད་མེད་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བ་ནི་ཤིན་ཏུ་དཀའ་བ་ཡིན་གྱི་རྡུལ་གྱི་རྫབ་འདྲ་བ་ཁྱོད་ལ་མི་བྲ་བ་ཅི་ཡོད། འཆར་ཀ་བདག་ཀྱང་རབ་ཏུ་འབྱུང་ངོ་། །དེ་ལྟར་གྱིས་ཤིག །ཁྱིམ་གྱི་བྱ་བ་ལེགས་པར་བསྡུ་བར་བགྱིའོ། །འཆར་ཀ་དེ༌དེར་དུས་དང་མཐུན་པའི་དུས་སུ་འོང་ཞིང་སྨྲས་པ། སྦེད་མ་རབ་ཏུ་མི་འབྱུང་ངམ། སྦེད་མས་སྨྲས་པ། ད་དུང་ཁྱིམ་གྱི་བྱ་བ་ལེགས་པར་མ་བསྡུས་སོ། །སྦེད་མ་དུས་དེ་ཙམ་གྱིས་ཀོ་ས་ལར་བྱུང་བའི་ཁྱིམ་གྱི་བྱ་བ་ཡང་ལེགས་པར་བསྡུས་པར་འགྱུར་རོ། །འཆར་ཀ་དེང་ལེགས་པར་བསྡུས་ཏེ་སང་རབ་ཏུ་འབྱུང་ངོ་། །འཆར་ཀ་འདི་སྙམ་དུ་སྔོན་ཡང་བདག་ལྷུང་བཟེད་ནག་པོ་ཅན་རྣམས་ཀྱིས་ཟིལ་གྱིས་མནན་པར་གྱུར་པས་གལ་ཏེ་བདག་གིས་དགེ་སློང་མ་རབ་ཏུ་བྱུང་བར་གྱུར་ན་དྲུག་སྡེ་དག་གིས་དགེ་སློང་མ་རབ་ཏུ་བྱུང་ངོ་ཞེས་རྒྱ་ཆེར་ཟིལ་གྱིས་གནོན་པར་འགྱུར་རོ་སྙམ་དུ་འགྱོད་པ་སྐྱེས་ནས། དེ་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྒྱལ་པོའི་ཁབ་ག་ལ་བ་དེར་རྒྱུ་ཞིང་སོང་ནས་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེ་རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་ཁས་བླངས་ཏེ་འདུག་གོ །

སྦེད་མ་ཡང་ཕྱི་དེ་ཉིན་པར་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་ནས་དེ་དགེ་སློང་རྣམས་ཀྱི་གན་དུ་སོང་སྟེ་དྲིས་པ། འཕགས་པ་དག་དེ་གར་མཆིས། དེ་སུ་ཡིན། འཕགས་པ་འཆར་ཀའོ། །དེ་རྒྱལ་པོའི་ཁབ་ཏུ་སོང་ངོ་། །སྦེད་མས་ངུ་བར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་སྨྲས་པ། སྦེད་མ་ཅིའི་ཕྱིར་ངུ་། འཕགས་པ་འཆར་ཀའི་མཆིད་ནས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ལ་མཆི་ཤིག་དང་། བདག་གིས་རབ་ཏུ་དབྱུང་ངོ་ཞེས་མཆི་ནས་བདག་གིས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་མཆིས་ན་དེ་རྒྱལ་པོའི་ཁབ་ཏུ་མཆིས་པས་ད་ནི་བདག་ཁྱིམ་ན་གནས་པ་ཡང་མ་ལགས་ལ། རབ་ཏུ་བྱུང་བ་ཡང་མ་ལགས་སོ། །དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། སྦེད་མ་འཆར་ཀ་སྤུ་གྲིའི་ཕྱིར་རྒྱལ་པོའི་ཁབ་ཏུ་སོང་བས་སྤུ་གྲི་སར་པས་ཁྱོད་ཀྱི་སྐྲ་འབྲེག་པར་འགྱུར་རོ། །

དགེ་སློང་མ་གསོ་སྦྱོང་འབུལ་བ་དག་རྒྱལ་བྱེད་ཀྱི་ཚལ་དུ་ལྷགས་ནས་དེ་དག་གིས་སྦེད་མ་ངུ་བ་མཐོང་ནས་སྨྲས་པ། སྦེད་མ་ཅིའི་ཕྱིར་ངུ་། འཕགས་པ་འཆར་ཀའི་མཆིད་ནས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ལ་མཆི་ཤིག་དང་། བདག་གིས་རབ་ཏུ་དབྱུང་ངོ་ཞེས་མཆི་ནས་བདག་གིས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་མཆིས་ན། དེ་རྒྱལ་པོའི་ཁབ་ཏུ་མཆིས་པས་ད་ནི་བདག་ཁྱིམ་ན་གནས་པ་ཡང་མ་ལགས་ལ་རབ་ཏུ་བྱུང་བ་ཡང་མ་ལགས་སོ། །གཡེངས་མ་དགེ་སློང་དག་སུ་ཞིག་དགེ་སློང་མ་རབ་ཏུ་འབྱིན་པར་བྱེད། འདི་ལྟར་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་རབ་ཏུ་འབྱིན་པར་བྱེད༌ཀྱིས་ཚུར་ཤོག །འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོ༌གཽ་ཏ་མཱིས་ཁྱོད་རབ་ཏུ་འབྱིན་པར་འགྱུར་རོ། །དེ་དག་གིས་དེ་སྐྱེ་དགུའི་བདག་མོ་ཆེན་མོ༌གཽ་ཏ་མཱིའི་གན་དུ་ཁྲིད་ནས་སྨྲས་པ། འཕགས་མ་ཁྱིམ་བདག༌གི་མཆིས་འབྲང་སྦེད་མ་འདི་རབ་ཏུ་འབྱུང་བར་འཚལ་ལོ། །སྐྱེ་དགུའི་བདག་མོ་ཆེན་མོ༌གཽ་ཏ་མཱིས་དེ་རབ་ཏུ་བྱུང་རྫོགས་པར་བསྙེན་པར་བྱས་སོ། །

འཆར་ཀ་འདི་སྙམ་དུ་བདག་གིས་ལྷུང་བཟེད་ནག་པོ་ཅན་རྣམས་རྗེས་སུ་སྲུང་བས་ཁྱིམ་བདག་གི་ཆུང་མ༌སྦེད་མ་རབ་ཏུ་མ་ཕྱུང་བས་རྒྱ་ཅང་དང་། ལྕག་པོད་དང་། ཤུར་བུ་དང་། ཤུར་བུ་ཕྲེའུ་དག་གི་བར་ཆད་ཀྱང་བྱས་ལ། དེ་ཡང་ལྷུང་བཟེད་ནག་པོ་ཅན་འགའ་ཞིག་གིས་རབ་ཏུ་བྱུང་བར་གྱུར་ན་དེ་དང་ཕྲད་དུ་ཡང་མི་སྟེར་རོ་སྙམ་དུ་འགྱོད་པ་སྐྱེས་ནས་དེ་མི་དགའ་བཞིན་དུ་དབྱར་གནས་པར་ཁས་བླངས་སོ། །མཉན་ཡོད་ན་རྒན་ཞུགས་ཤིག་མི་དགའ་བཞིན་དུ་དབྱར་གནས་པར་ཁས་བླངས་པ་དེས་ལྷུང་བཟེད་དང་ཆོས་གོས་མཆན་ཁུང་དུ་བཅུག་སྟེ་དགག་དབྱེ་བྱས་པ་ན་དགག་དབྱེ་ལེགས་པར་བྱས་སོ། །དགག་དབྱེ་ཤིན་ཏུ་བྱས་སོ་ཞེས་དེ་རྒྱལ་པོའི་ཁབ་ག་ལ་བ་དེར་སོང་སྟེ། མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་པ་འཆར་ཀ་གཙུག་ལག་ཁང་གི་སྒོ་ན་ལམ་ལ་རྣམ་པར་ལྟ་ཞིང་འདུག་པ་དེས་ཐག་རིང་པོ་ཁོ་ན་ནས་རྒན་ཞུགས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ། སྨིན་མ་འཕྱང་བ་ཞིག་འོང་བ་དེ་མཐོང་ནས་འཆར་ཀས་བསམས་པ། དགེ་སློང་འོང་བ་འདི་གནས་བརྟན་གང་ཡིན༌པ་སུའོ་སྙམ་ནས། དེས་སྨྲས་པ། གནས་བརྟན་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་ཕྱག་འཚལ་ལོ། །དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །འཆར་ཀས་འདི་ནི་རྒན་ཞུགས་ཤིག་སྟེ། སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་པ་ཞིག་གོ་སྙམ་དུ་ཤེས་ནས་འཆར་ཀས་དེ་གཙུག་ལག་ཁང་དུ༌འཇུག་ཏུ་བཅུག་སྟེ་སྨྲས་པ། རྒན་ཞུགས་ཁྱོད་ག་ལས་འོངས།

དེས་སྨྲས་པ། མཉན་ཡོད་ནས་སོ། །འཆར་ཀས་བསམས་པ། གལ་ཏེ་དང་པོ་ཁོ་ནར་སྦེད་མའི་གཏམ་དྲིས་ན་འཕྱ་བར་འགྱུར་བས་འདི་ལྟར་སྔ་ཕྱིར་བྱས་ཏེ་དྲི་བར་བྱའོ་སྙམ་ནས་སྨྲས་པ། ཚེ་དང་ལྡན་པ་ཇི་ལྟ་བཅོམ་ལྡན་འདས་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། སྙུན་མི་མངའ་བ་དང་། སྟོབས་དང་ལྡན་པར་མཉན་ཡོད་དུ་དབྱར་གནས་པར་ཞལ་གྱིས་བཞེས་སམ། བཙུན་པ་འཆར་ཀ་དེ་བཞིན་ཏེ། བཅོམ་ལྡན་འདས་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། སྙུན་མི་མངའ་བ་དང་། སྟོབས་དང་ལྡན་པར་མཉན་ཡོད་དུ་དབྱར་གནས་པར་ཞལ་གྱིས་བཞེས་སོ། །ཚེ་དང་ལྡན་པ་ཇི་ལྟ་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་སམ། སྟོན་པ་ལ་ལྟ་བར་འདོད་དམ། དམ་པའི་ཆོས་ཉན་པར་འདོད་དམ། བཙུན་པ་འཆར་ཀ་དེ་བཞིན་ཏེ། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་གྱི་འཁོར་དང་། དགེ་བསྙེན་མའི་འཁོར་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་ཤིང་། སྟོན་པ་ལ་བལྟ་བར་འདོད་པ་དང་། དམ་པའི་ཆོས་ཉན་པར་འདོད་དོ། །

ཚེ་དང་ལྡན་པ་ཇི་ལྟ་གནས་བརྟན་ཀུན་ཤེས༌ཀཽ་ཎྜི་ནྱ་དང་། གནས་བརྟན་འོད་སྲུང་ཆེན་པོ་དང་། གནས་བརྟན་ཤཱ་རིའི་བུ་དང་། གནས་བརྟན༌མཽ་འགལ་གྱི་བུ་ཆེན་པོ་དང་། གཞན་ཡང་དགེ་སློང་གནས་བརྟན་གནས་བརྟན་དག་གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་སམ། བཙུན་པ་འཆར་ཀ་དེ་བཞིན་ཏེ། གནོད་པ་ཆུང་བ་དང་། ཉམ་ང་བ་ཆུང་བ་དང་། བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་མཉན་ཡོད་ན་གནས་སོ། །

ཚེ་དང་ལྡན་པ་ཇི༌ལྟ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་དང་། བླ་མཁྱེན་དྲང་སྲོང་བྱིན་དང་། རྙིང་པ་དང་། ཁྱིམ་བདག་གི་ཆུང་མ་རི་དྭགས་འཛིན་གྱི་མ་ས་ག་དང་། ལེགས་སྐྱེས་དག་ཤེས་སམ། བཙུན་པ་འཆར་ཀ་དེ་བཞིན་ཏེ་ཤེས་སོ། །ཚེ་དང་ལྡན་པ་འོ་ན་ཁྱོད་ཀྱིས་ཁྱིམ་བདག་གི་ཆུང་མ་སྦེད་མ་ཤེས་སམ། བཙུན་པ་འཆར་ཀ་ཤེས་ཏེ་དེ་ནི་བཙུན་པ་འཆར་ཀའི་སྔོན་གྱི་ཆུང་མ་ཡིན་ནོ། །རྒན་ཞུགས་གཏམ་ཤེས་སོ། །དེ་ད་དུང་ཡང་ཁྱོད་ཀྱི་ཁྱིམ་བདག་གི་ཆུང་མ་ཡིན་སྙམ་མམ། དེ་ནི་རབ་ཏུ་བྱུང་ངོ་། །སུས་རབ་ཏུ་བྱུང་། སྐྱེ་དགུའི་བདག་མོ་ཆེན་མོ༌གཽ་ཏ་མཱིས་སོ། །འཆར་ཀས་བསམས་པ། ད་དུང་སྤྱོད་ཡུལ་ལྷག་མ་དང་བཅས་པ་ཡིན་ནོ་སྙམ་ནས་སྨྲས་པ། རྒན་ཞུགས་ཚུར་ཤོག །རྐང་པ་དག་ཁྲུས་ཤིག་ཅེས་དེས་དེ་ལ་རྐང་པ་བསྐུ་བ་དང་། ལག་པ་བསྐུ་བ་མང་པོ་བྱིན་ནས་དེས་དེའི་ལྷུང་བཟེད་དང་ཆོས་གོས་ཡ་གད༌བཙུགས་ཏེ་ཟུང་མཐོན་པོ་ལ་བཞག་ནས་སྨྲས་པ། རྒན་ཞུགས་གཙུག་ལག་ཁང་འདི་ནི་ཟས་དང་བཅས་པ། རྙེད་པ་དང་བཅས་པ་ཡིན་གྱིས་གཙུག་ལག་ཁང་འདིར་མངོན་པར་དགའ་བར་གྱིས་ཤིག །དེས་སྨྲས་པ། བཙུན་པ་འཆར་ཀ་བདག་ནི་མཆོད་རྟེན་ལ་ཕྱག་འཚལ་དུ་འོངས་ཏེ་འགྲོ་བ་ཡིན་པས་བདག་གནས་འདི་མི་འདོད་དོ། །

འཆར་ཀས་དེའི་མདུན་དུ་སྒོ་ལྕགས་དང་ལྡེ་མིག་ཀྱོག་པོ་དག་བཞག་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཙུག་ལག་ཁང་གནས་པ་དང་བཅས་པར་བྱའི་མི་གནས་པར་མི་བྱའོ༌ཞེས་བཀའ་སྩལ་ཏོ་ཞེས་སྨྲས་ནས་མིག་ལམ་དུ་མི་སྣང་བར་སོང་སྟེ། དེ་མཐར་གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ནས་འཆར་ཀས་རང་གི་གཙུག་ལག་ཁང་ཆག་ཆག་བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་པས་བྱུགས་ཏེ་སྒོ་བཅད་ནས་ཁྲིའི་སྟེང་ན་ཕྱི་གན་དུ་ཉལ་ཞིང་སྐད་ཀྱི་གདངས་ཀྱིས་ཁ་ཏོན་བྱེད་ཅིང་འདུག་དགེ་སློང་མ་འདུན་པ་འབུལ་བ་དག་ལྷགས་ནས་དེ་དག་གིས་དེའི་སྐད་ཀྱི་གདངས་ཐོས་ནས་དེ་དག་གིས་དེ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་འཆར་ཀ་ཁྱོད་གར་བཞུད་བཞུད། འཆར་ཀས་སྨྲས་པ། རྒྱལ་པོའི་ཁབ་ཏུའོ། །དེ་དག་དབྱར་ཁང་དུ་དོང་ནས་སྦེད་མ་ལ་སྨྲས་པ། སྦེད་མ་དགའ་བ་སྐྱེད་ཅིག །ཁྱོད་ཀྱི་སློབ་དཔོན་འོངས་སོ། །ཁོ་མོའི་སློབ་དཔོན་གང་། འཆར་ཀའོ། །དེ་ཇི་ལྟར་ཁོ་མོའི་སློབ་དཔོན། ཅི་ཁོ་མོས་དེའི་གན་ནས༌བཀླགས་སམ། གཡེངས་མ་ཁྱོད་ཀྱིས་མི་ཤེས་ཀྱིས་དགེ་སློང་མ་རྣམས་ནི་དགེ་སློང་ལ་རག་མང་དུ་ལས་ཀྱིས་ཁྱོད་སོང་ལ་ལྟོས་ཤིག །སྦེད་མས་ནས་ཀྱི་ངར་ཕྱེ་དང་ཁྲུས་ཀྱི་ཆལ་དང་། འབྲུ་མར་ཐོགས་ཏེ་འཆར་ཀའི་གཙུག་ལག་ཁང་དུ་སོང་ནས་སྦེད་མས་འཆར་ཀའི་གཙུག་ལག་ཁང་གི་སྒོ་བརྡུངས་པ་དང་། འཆར་ཀས་སྨྲས་པ། དེ་སུ་ཡིན།

སྦེད་མས་སྨྲས་པ། བདག་སྦེད་མའོ། །ཁྱིམ་བདག་གི་ཆུང་མ་སྦེད་མ་འོངས་པ་ལེགས་སོ། །བདག་ད་དུང་ཡང་ཁྱོད་ཀྱི་ཁྱིམ་བདག་གི་ཆུང་མ་ལགས་སམ། འོ་ན་ཅི་ཡིན། བདག་རབ་ཏུ་བྱུང་ངོ་། །ཁྱོད་སུས་རབ་ཏུ་བྱུང་། འཕགས་མ་སྐྱེ་དགུའི་བདག་མོ་ཆེན་མོ༌གཽ་ཏ་མཱིས་སོ། །ཁོ་བོ་རེ་ཞིག་བྱ་བ་དེ་ལྟ་བུ་ཞིག་བྱུང་ནས་དེའི་ཕྱིར་ཁོ་བོ་རྒྱལ་པོའི་ཁབ་ཏུ་སོང་ན་ཁྱོད་ལ་བརྟད་པ་ཅི་བྱུང་ན་དེའི་ཕྱིར་ཁྱོད་རབ་ཏུ་བྱུང་། ཁྱོད་ཀྱི་ཞལ་ནས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ལ་ཤོག་ཅིག་དང་། ཁོ་བོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་གསུངས་ནས། བདག་གིས་ཁྱིམ་གྱི་བྱ་བ་ལེགས་པར་བསྡུས་ཏེ་མཆིས་ན་ཁྱོད་རྒྱལ་པོའི་ཁབ་ཏུ་བཞུད་དེ། གལ་ཏེ་བདག་འཕགས་མས་རབ་ཏུ་མ་ཕྱུང་དུ་ལགས་ན་བདག་ཁྱིམ་ན་གནས་པ་ཡང་མ་ལགས་ལ་རབ་ཏུ་བྱུང་བ་ཡང་མ་ལགས་པར་འགྱུར་རོ། །

འཆར་ཀས་སྨྲས་པ། སྦེད་མས་ཅི་ཁོ་བོ་བདག་ཉིད་ཀྱི་ལག་ངར་ལ་སོས་འདེབས་པར་བྱེད་དམ། སྐྱེ་དགུའི་བདག་མོ༌ཆེན་མོ་གཽ་ཏ་མཱིས་རབ་ཏུ་བྱུང་ཡང་རུང་།

ཁོ་བོས་རབ་ཏུ་བྱུང་ཡང་རུང་སྟེ་ལེགས་ཀྱིས་ནང་དུ་ཞུགས་ཤིག་དང་ཆོས་བསྟན་པར་བྱའོ། །སྦེད་མས་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ །དེས་དེ་ལ་ཆོས་བསྟན་པར་བརྩམས་ཏེ། དེས་དེ་ལ་ཇི་ཙམ་པ་དེ་ཙམ་དུ་ཆོས་བསྟན་ནས་སྔོན་གྱི་བགད་པ་དང་། དགའ་བར་བྱས་པ་དང་། རྩེས་པ་དང་། དགའ་མགུར་སྤྱད་པ་དྲན་པར་བྱ་བར་བརྩམས་ཏེ། སྦེད་མ་བདག་ཅག་གཉིས་ཀྱིས་སྐྱེད་མོས་ཚལ་དང་། འདུན་ས་དང་། ལྷའི་གནས་ག་གེ་མོ་ཞིག་ཏུ་ཟས་འདི་དང་འདི་ལྟ་བུ་ཟོས་པ་དང་། བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང་། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་གང་ཡིན་པ་དེ་དྲན་ནམ་ཞེས་སྨྲས་པ་དང་འཆར་ཀ་ཀུན་ཏུ་ཆགས་པར་གྱུར་ཏོ། །ཇི་ལྟ་ཇི་ལྟར་ཆགས་པར་གྱུར་པ་དེ་ལྟ་དེ་ལྟར་དྲལ་ཏོ། །བུད་མེད་ཀྱི་ཡུལ་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ།

ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་བརྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར༌བརྟེན་ཅིང་འདུག་པའོ། །

སྦེད་མ་དེས་འཆར་ཀ་དེ་ཆགས་སོ་སྙམ་དུ་ཤེས་ནས་སྦེད་མས་སྨྲས་པ། སླད་རོལ་དུ༌མཆིས་ཏེ་སླར་མཆིའོ། །འཆར་ཀས་བསམས་པ། འདི་བཤང་བ་བྱེད་འདོད་དམ། གཅི་བ་བྱེད་འདོད་གོར་མ་ཆག་སྙམ་ནས་དེས་སྨྲས་པ། སོང་ཞིག །སྦེད་མ་ཕྱིར་བྱུང་ནས༌ཤི་ང་དཔུང་བཅད་བརྫེས་ཏེ་རྒྱུག་པར་བརྩམས་པ་དང་། འཆར་ཀ་དེ་སྒྲ་ལ་མཁས་པ་ཡིན་པས་དེས་དེའི་སྒྲ་ཐོས་ནས་དེས་དེའི་ཕྱི་བཞིན་དུ་བྱུང་སྟེ། དགེ་སྦྱོང་མ་མགོ་རེག་མོ་གར་འབྲོས་ཞེས་དེ་དེའི་ཕྱི་བཞིན་རྒྱུག་པར་བརྩམས་པ་དང་། དེ་ལ་བརླའི་རེག་པས་ཁུ་བ་བྱུང་ནས་དེ་ཀུན་ནས་དཀྲིས་པ་དང་བྲལ་ཏེ་གླང་པོ་ཆེ་ཆགས་པ་དང་བྲལ་བ་བཞིན་དུ༌གཞི་དེ་དག་ཉིད་ན་འདུག་གོ །

སྦེད་མས༌དེ་ཀུན་ནས་དཀྲིས་པ་དང་བྲལ་ཞིང་ཕྱིར་ལོག་པ་མཐོང་ནས་འདི་ཀུན་ནས་དཀྲིས་པ་དང་བྲལ་ལོ་སྙམ་དུ་རིག་ནས་དྲུང་དུ་སོང་སྟེ་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་གལ་ཏེ་བདག་གིས་དང་དུ་བླངས་པར་གྱུར་ན་བདག་ཀྱང་དགེ་སློང་མར་མི་རུང་བ་ཉིད་དུ་འགྱུར་ལ། ཁྱོད་ཀྱང་དགེ་སློང་དུ་མི་རུང་བ་ཉིད་དུ་འགྱུར་རོ། །

སྲིང་མོ་བཅོམ་ལྡན་འདས་ཀྱིས་ཀྱང་བདག་ཉིད་སྲུང་ན་གཞན་སྲུང་བར་བྱེད་ལ། གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་དོ་ཞེས་ལེགས་པར་གསུངས་སོ། །ཇི་ལྟར་བདག་ཉིད་སྲུང༌ན་གཞན་སྲུང་བར་བྱེད་ཅེ་ན། སྟེན་པར་བྱེད་པ་དང་། གོམས་པར་བྱེད་པ་དང་། ལན་མང་དུ་བྱེད་པ་དང་། རྗེས་སུ་སྲུང་བར་བྱེད་པ་དང་། རེག་པར་བྱེད་པ་དང་། མངོན་སུམ་དུ་བྱེད་པ་སྟེ། དེ་ལྟར་བདག་ཉིད་སྲུང་ན་གཞན་སྲུང་བར་བྱེད་དོ། །ཇི་ལྟར་གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་ཅེ་ན། ཐོ་མི་འཚམས་པ་དང་། མི་གཤེ་བ་དང་། མི་འཚེ་བ་དང་། རྗེས་སུ་བརྩེ་བ་དང་། རྗེས་སུ་སྙིང་བརྩེ་བ་དང་། བྱམས་པའི་སེམས་ཀྱིས་ཏེ། དེ་ལྟར་གཞན་སྲུང་ན་བདག་ཉིད་སྲུང་བར་བྱེད་དོ། །འཕགས་པ་ཤམ་ཐབས་འདི་ཚུར་སྩོལ་བཀྲུ་བར་བགྱིའོ། །འཆར་ཀས་ཤམ་ཐབས་དེ་སྦེད་མ་ལ་བྱིན་ནོ། །སྦེད་མས་ཁུ་བ་དེ་མཐོང་ནས་འགྱོད་པ་སྐྱེས་ཏེ། བདག་གི་ལུས་ཀྱི་ཕྱོགས་བཙུན་པ་འཆར་ཀས་སྔོན་མ་མཐོང་བའམ་སྔོན་མ་མནམས་པའམ། སྔོན་མ་བྱུགས་པ་ཅི་ཞིག་ཡོད་ན་བདག་གིས་དང་དུ་མ་བླངས་པ་ནི་མ་ལེགས་པ་ཞིག་བྱས་སོ་སྙམ་དུ་འགྱོད་པ་སྐྱེས་སོ། །སྦེད་མ་དེ་ལྟར་རྣམ་པར་རྟོག་པ་ན་དེ་ཀུན་ཏུ་ཆགས་ཤིང་དྲལ་བར་གྱུར་པའི་སེམས་ཀྱིས་ཁུ་བ་དེ་རང་གི་མངལ་གྱི་སྒོར་བླུགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་དེ་ལ་སེམས་ཅན་ཞུགས་པར་གྱུར་ཏོ། །

དེ་དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། སྦེད་མ་ཁོ་མོ་ཅག་གོ་ཁྱོད་ཆོས་བཟང་པོའི་ཆོས་ཀྱིས་འཕགས་པ་འཆར་ཀའི་གན་དུ་འགྲོ་བར་སེམས་ཀྱི་ཁོ་མོ་ཅག་གིས་དེས་ཁྱོད་གནས་སྐབས་འདི་ལྟ་བུར་བྱས་པར་མི་སེམས་སོ། །སྦེད་མས་སྨྲས་པ། ཕུ་ནུ་མོ་དག་དགེ་སློང་དེ་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། གང་ཚུན་ཆད་རབ་ཏུ་བྱུང་ནས་དེས་ཁོ་མོ༌ལ་སྔོན་ཆད་ལན་འགའ་ཡང་ལག་གིས་ཀྱང་མ་བྱུགས་སོ། །

དེ་དག་གིས་སྨྲས་པ། མ་བྱུགས་ན་ཡང་དེས་ཁྱོད་གནས་སྐབས་འདི་འདྲ་བར་བྱས་ན། གལ་ཏེ་བྱུགས་ན་དེས་ཁྱོད་གནས་སྐབས་ཇི༌ལྟ་བུར་བྱས་པར་འགྱུར་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་དེ་ནི་ཕམ་པར་མ་གྱུར་གྱིས་འདི་ལྟར་ཕྱོགས་དབེན་པར་བཞག་སྟེ་བསོད་སྙོམས་ཀྱིས་བྲེལ་བ་མེད་པ་གྱིས་ཤིག་དང་།

བུ་གཞོན་ནུ་འོད་སྲུང་ཞེས་བྱ་བ་བཙའ་བར་འགྱུར་ཞིང་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ཏེ་འདི་ལྟ་སྟེ། དགེ་སློང་གཞོན་ནུ་འོད་སྲུང་དེ་ནི་ངའི་གཏམ་སྣ་ཚོགས་དང་། གཏམ་སྙན་པ་དང་། སྤོབས་པ་དགེ་བ་ཅན་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །ཞེས་གསུངས་སོ།། །།

Pecha page