མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
ལྷ་མོ་རྣམས་དང་རྒྱ་གར་གྱི་མཁའ་འགྲོ་མ་དག་གི་རྣམ་ཐར་སྐོར།
སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ། །ཏཱ་ར་ནཱ་ཐ།
༄༅། །སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། ན་མོ་གུ་རུ། སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །ཆོས་ཀུན་གདོད་ནས་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོས་དངོས་ཀུན་ཁྱབ་ལ་ཕྱག་འཚལ་ལོ། །མཐའ་དག་འགྲོ་བ་མཆོག་ཏུ་སྒྲོལ་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཡུམ་གྱུར་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་ལོ། །
འདིར་སྒྲོལ་མའི་རྒྱུད་གསུངས་པའི་ཐོག་མར་ལོ་རྒྱུས་གསུངས་པ་དག་བསྙད་ན། སྔོན་ཐོག་མ་མེད་པའི་དུས་ཤིག་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱུང་སྟེ། དེའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད་དེ། དེས་སངས་རྒྱས་དེ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་པ་དང་བཅས་པ་ལ་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་མཆོད་པར་བྱས་ཏེ། ཉི་མ་རེ་རེ་བཞིན་དུ་ཕྱོགས་བཅུ་དཔག་ཚད་བཅུ་གཉིས་ཐམས་ཅད་རིན་པོ་ཆེས་གོ་མཚམས་མེད་པར་བཀང་བའི་རིན་ཐང་གི་ཚད་དང་མཉམ་པའི་མཆོད་རྫས་དག་བཤམས་སོ། །དེའི་མཐར་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སེམས་དང་པོ་བསྐྱེད་པ་ཡིན་ནོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་ཁྱེད་དགེ་བའི་རྩ་བ་འདི་ཉིད་ཀྱིས་ལུས་འདི་ཉིད་ལ་སྐྱེས་པར་གྱུར་ཏེ། བསྟན་པ་ལ་བྱ་བ་བྱེད་པར་སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་བའི་ཕྱིར་དེ་ལྟར་རིགས་སོ་ཞེས་བསྐུལ་བ་ལས། དྲིན་ལན་མང་དུ་ཡོད་སྐད་པ་ལ། མཐར་རྒྱལ་བའི་བུ་མོས་སྨྲས་པ། འདི་ན་སྐྱེས་པ་མེད་ཅིང་བུད་མེད་མེད། །བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། །ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། །འཇིག་རྟེན་བློ་ངན་རྣམ་པར་འཁྲུལ་བར་གྱུར། །ཅེས་བྱ་བ་ལ་སོགས་པ་བརྗོད་དེ། སྐྱེས་པའི་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི །བུད་མེད་ཀྱི་ལུས་ཀྱིས་འགྲོ་བའི་དོན་སྤྱོད་པ་ནི་འགའ་ཡང་མེད་དོ། །དེ་བས་ན་འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ། །ཞེས་དམ་བཅས་སོ། །
དེ་ནས་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ། དེ་རྒྱལ་པོའི་ཕོ་བྲང་དུ་གནས་ཤིང་འདོད་པའི་ཡོན་ཏན་ལྔ་ལ་ཐབས་མཁས་པས་སྤྱོད་བཞིན་དུ་ཏིང་ངེ་འཛིན་བསྒོམས་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒྲུབས་སོ། །ཏིང་ངེ་འཛིན་གྲུབ་པ་དེའི་ནུས་པས། དེ་ནས་ཉིན་རེ་བཞིན་དུ་སྔ་དྲོའི་དུས་ཀྱི་ཚེ། སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ། བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་ཟ་བར་མི་བྱེད་དོ། །ཉི་མ་ཕྱི་དྲོའི་ཚེ་ཡང་དེ་ཙམ་རེ་འགོད་པར་བྱེད་དོ། །དེ་ནས་སྔར་གྱི་མིང་དེ་འགྱུར་ནས་སྒྲོལ་མ་ཞེས་བྱ་བར་གྱུར་ཏོ། །
དེ་ནས་དེ་བཞིན་གཤེགས་པ་རྔ་སྒྲས་ཀྱང་། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་པ་དེ་སྲིད་དུ། མིང་ལྷ་མོ་སྒྲོལ་མས་མཚན་པ་འབའ་ཞིག་ཏུ་འགྱུར་བར་ལུང་བསྟན་ཏོ། །དེ་ནས་བསྐལ་པ་བི་བུདྡྷ་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་དྲུང་དུ། ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་ཉེ་བར་འཚེ་བ་ཐམས་ཅད་བསྲུང་ཞིང་སྐྱོབ་པར་དམ་བཅས། བདུད་ཐམས་ཅད་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས་བསྐལ་པ་དགུ་བཅུ་རྩ་ལྔའི་བར་དུ་ཉིན་རེ་བཞིན་དུ་འགྲོ་བའི་གཙོ་བོ་བྱེ་བ་བརྒྱ་སྟོང་འབུམ་ཕྲག་རེ་བསམ་གཏན་ལ་ཡང་དག་པར་བཀོད། ནུབ་རེ་བཞིན་གཞན་འཕྲུལ་བདག་པོ་སྟེ་བདུད་བྱེ་བ་བརྒྱ་སྟོང་རེ་བཏུལ་བས་སྒྲོལ་མ། གདུང་མ། མྱུར་མ། དཔའ་མོ་ཞེས་མཚན་དུ་བཏགས་སོ། །
དེ་ནས་བསྐལ་པ་ཐོག་པ་མེད་པ་ཞེས་བྱ་བ་ལ་དགེ་སློང་དྲི་མ་མེད་པའི་འོད་ཀྱི་སྣང་བ་ཞེས་བྱ་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་འོད་ཟེར་གྱིས་མངོན་པར་དབང་བསྐུར་བས། དེ་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གྱུར་ལ། དེའི་ཚེ་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སླར་ཡང་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་འོད་ཟེར་ཆེན་པོའི་དབང་བསྐུར་བས། འོད་ཟེར་སྔ་ཕྱི་གཉིས་ཡབ་ཡུམ་དུ་གྱུར་པ་འདྲེས་པ་ལས་ལྷ་མོ་སྒྲོལ་མར་གྱུར་ཏེ་སྤྱན་རས་གཟིགས་ཀྱི་ཐུགས་ཀ་ནས་བྱུང་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྐངས་བ་དང་། སེམས་ཅན་རྣམས་འཇིགས་པ་ཆེན་པོ་བརྒྱད་དང་། བཅུ་དྲུག་ལས་སྐྱོབ་པར་མཛད་དོ། །དེ་ནས་བསྐལ་བ་བཟང་པོ་ཆེན་པོ་ཞེས་བྱ་བ་ལ་མི་གཡོ་དབུགས་འབྱུང་གི་སྐབས་ནས་འབྱུང་བ་ལྟར་བསྟན་ནོ། །དེ་ནས་བསྐལ་པ་ཨ་སངྐ་ཞེས་པ་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་གྱུར་ཏོ། །དེ་དག་ནི་སྔོན་ཐོག་མ་མེད་པའི་དུས་སོ། །དེ་ནས་བསྐལ་པ་འདི་ཉིད་ལ་རི་བོ་ཏ་ལར་སངས་རྒྱས་བྱང་ཆུབ་སེམས་དཔའ་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་གྲངས་མེད་ཅིང་། ཚད་མེད་པའི་དབུས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་གསུངས་སོ། །རྫོགས་ལྡན་གྱི་དུས་སུ་རིགས་དྲུག་གི་སེམས་ཅན་གྱི་དོན་དེ་ཀས་བྱེད་སྐད་གསུམ་ལྡན་གྱི་ཚེ་དེ་ནུབ་ནས་འབུམ་ཕྲག་དྲུག་པ་བྱུང་ངོ་། །གཉིས་ལྡན་གྱི་དུས་ན་དེ་ཡང་ནུབ་ནས་སྟོང་ཕྲག་བཅུ་གཉིས་པ་བྱུང་ངོ་། །དེ་ནས་རྩོད་ལྡན་གྱི་དུས་ན་སྒྲོལ་མ་འདུས་པ་ཤློ་ཀ་སྟོང་ཡོད་པ་འདི་བྱུང་ངོ་། །
འདིར་བླ་མའི་ཞལ་ནས། རྫོགས་ལྡན་ལ་སོགས་པ་དེ་རྣམས་སུ་རྒྱུད་ཀྱི་གླེགས་བམ་ནི་ཡོད་པ་མ་ཡིན་མོད། ལྷ་དང་རིག་འཛིན་རྣམས་ཀྱི་སར་རྒྱ་ཆེར་སྤྱོད་པས་འགྲོ་བ་གཞན་ཐམས་ཅད་ཀྱི་ཡང་དོན་ཆེན་པོར་གྱུར་པ་ལ་དགོངས་པ་ཡིན་ནོ། །ཞེས་གསུངས། འོན་ཀྱང་སྔགས་ཀྱི་གདུལ་བྱ་དུས་དེ་དག་ཏུ་ཡང་འབྱུང་བ་མི་འགལ་བའི་ཕྱིར། གླེགས་བམ་ཡང་འབྱུང་དུ་རུང་ལ། མཐའ་གཅིག་ཏུ་དེ་འདྲའི་ངེས་བཟུང་མི་དགོས་པར་མངོན་ནོ། །ཁྱད་པར་རྒྱུད་འདི་རྣམས་སླར་ཡང་འོ་སྐོལ་གྱི་སྟོན་པས་བཟློས་ཏེ་གསུངས་པའང་ཡིན་ཏེ། འདི་ཉིད་ཀྱི་བཤད་པའི་རྒྱུད་མཁའ་འགྲོ་མ་གསང་བའི་ཐིག་ལེ་ལས། གྲུ་འཛིན་རི་ཡི་རྩེ་མོར་ནི། །ཤཱཀྱ་སེངྒེས་གསུངས་པའི་རྒྱུད། །ཅེས་གསུངས་པས་སོ། །
འདིའི་གཏམ་རྒྱུད་ཞལ་སྔ་ནས་འབྱུང་བ་ནི་འདི་ཡིན་ཏེ། དེ་ཡང་སྟོན་པ་འདི་ཉིད་སངས་རྒྱས་པའི་མཛད་པ་སེམས་ཅན་ལ་སྟོན་པར་བཞེད་ནས། བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ཏེ། སྨིན་མཚམས་ཀྱི་འོད་ཟེར་གྱིས་བདུད་ཀྱི་གནས་ཐམས་ཅད་ཁྱབ་པར་མཛད་པ་ན། བདུད་ཀྱི་དམག་རྣམས་ལྷགས་པའི་ཚེ། སྒྲོལ་མས་བཞད་པ་བརྒྱད་ཀྱིས་བཞད་པས་དེ་ཐམས་ཅད་ས་ལ་འགྱེལ་ཞིང་བརྒྱལ་བར་གྱུར་སྐད། དེ་ནས་སྟོན་པ་ཉིད་ཁྲོ་བོ་མི་གཡོ་བར་གྱུར་ཏེ། བདུད་ཐམས་ཅད་འཐག་པར་བྱེད་པའི་ཏིང་ངེ་འཛིན་གྱིས་བདུད་བཅོམ་སྟེ། སླར་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་གཉིས་སུ་མེད་པར་གྱུར་པ་ལ་ལྷ་མོ་སྒྲོལ་མས་མཆོད་པར་བྱས་ཏེ། དེའི་སྔགས་རྒྱུད་རྒྱས་པར་གསུངས་སོ། །
དེ་བཞིན་དུ་རྒྱལ་བ་རིགས་དྲུག་གི་དཀྱིལ་འཁོར་རྒྱས་པར་བསྟན་ནས། ཇི་སྐད་དུ་བཤད་པའི་རྒྱུད་རྣམས་མི་ནུབ་པར་བྱ་བའི་ཕྱིར་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་སྟོན་པར་བཞེད་དེ། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ནས་རི་བོ་ཏ་ལར་གཤེགས་ཏེ། ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པ་གྲངས་མེད་ཅིང་ཚད་མེད་པའི་འགྲོ་བ་ལ་དབང་བསྐུར་ཏེ། སྔགས་ཀྱི་ཐེག་པ་བཤད་ནས་དངོས་གྲུབ་ལ་བཀོད་དོ། །མཐར་ཕྱག་ན་རྡོ་རྗེ་ལ་རྒྱུད་རྣམས་གཏད་དེ། ལྕང་ལོ་ཅན་ལ་སོགས་པའི་རིག་པ་འཛིན་པའི་གནས་རྣམས་སུ་སྤྱོད་ཅིང་། མིའི་འཇིག་རྟེན་དུ་རྒྱུད་ཐམས་ཅད་མི་ནུབ་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་བྱ་བར་གྱུར་ཏེ། རྒྱུད་མཐའ་དག་གླེགས་བམ་ལ་བྲིས་ནས་ཆོས་ཀྱི་མཛོད་ཅེས་བྱ་བར་སྦས་ནས། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཉམས་སུ་ལེན་པ་ཡིན་སྐད། སྤྱིར་སྔགས་ཀྱི་ཐེག་པ་དབུགས་དབྱུང་དྲུག་གི་བསྟན་པ་ལ། ད་ལྟ་ཧེ་རུ་ཀའི་བསྟན་པ་ཡིན་པར་གསུངས་སོ། །དབུགས་དབྱུང་དྲུག་གི་རྣམ་བཞག་རྒྱུད་ཉིད་ན་གསལ་ལོ། །ཁྱད་པར་བསྟན་པ་འདི་ཉིད་ལ་འཛམ་བུ་གླིང་དུ་སྒྲོལ་མའི་རྒྱུད་ཇི་ལྟར་བྱུང་བའི་ཚུལ་ནི། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལྷག་པ་ཙམ་ཉན་ཐོས་རྣམས་ཀྱིས་བཀའ་བསྡུ་བ་གསུམ་པ་ཟིན་པའི་དུས་གཞན་ཞིག་ན། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སྲིན་པོ་རྣམས་ཀྱི་གནས་ན་བཞུགས་པའི་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེ་བ་ཡང་རྒྱ་གར་གྱི་ཡུལ་ཐ་དད་པ་རྣམས་སུ་བྱོན། རང་བྱུང་གི་གླེགས་བམ་རྣམས་ཀྱང་བྱུང་ཞིང་ཅིག་ཅར་དར་བར་གྱུར་ལ། དེ་དག་སྟོན་པ་པོ་སྡོམ་བརྩོན་ཆོས་སྨྲ་བ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། བྱམས་པ་ལ་སོགས་པའི་ཞལ་མཐོང་བ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་དང་། ངོ་བོ་ཉིད་མེད་སྨྲ་བའི་བདག་ཉིད་ཆེན་པོ་བརྒྱད་ལ་སོགས་པ་བྱུང་ངོ་། །
དེ་དག་དང་དུས་མཉམ་པར་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་དང་། ཐེག་པ་བླ་ན་མེད་པའི་ཐབས་དང་། ཤེས་རབ་ཀྱི་རྒྱུད་ཅི་རིགས་པ་དང་བཅས་པ་ཡང་དར་ཞིང་། རྡོ་རྗེ་སེམས་དཔའ་དང་། གསང་བའི་བདག་པོའི་ཞལ་མཐོང་བ་རྣམས་ཀྱིས་སྐལ་བ་དང་ལྡན་པ་རྣམས་ལ་བསྟན་པས། དུས་དེའི་ཚེ་སྔགས་ཀྱི་ཐེག་པ་ཐོས་པ་ཐམས་ཅད་དངོས་གྲུབ་མ་ཐོབ་པ་གཅིག་ཀྱང་མེད་སྐད་དེ་ཤར་ཕྱོགས་བྷཾ་ག་ལར། རྒྱལ་པོ་ཧ་རི་ཙནྡྲ་འཁོར་སྟོང་དང་བཅས་པ་ཟུང་འཇུག་གི་སྐུ་འགྲུབ་པ་དང་། ཨོ་ཌི་བི་ཤར་རྒྱལ་པོ་མུཉྫ་ཞེས་བྱ་བ་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པའི་གནས་ཐོབ་པ་དང་། ནུབ་ཕྱོགས་མ་ལ་ཝར། རྒྱལ་པོ་བྷོ་ཛ་དེ་ཝ་ཞེས་བྱ་བ་འཁོར་སྟོང་དང་བཅས་པ་མི་སྣང་བར་གྱུར་པ་དང་། ལྷོ་ཕྱོགས་ཀོངྐུ་ནར་རྒྱལ་པོ་ཧ་རི་བྷ་དྲ་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ། རིལ་བུའི་དངོས་གྲུབ་འགྲུབ་པ་སོགས་ལོ་བརྒྱའམ་ཉིས་བརྒྱ་ཙམ་གྱི་བར་དུ་སྐྱེ་བོ་འབུམ་ཕྲག་ལྷག་ཅིག་གིས་དངོས་གྲུབ་ཐོབ། འོན་ཀྱང་རྟག་ཏུ་གསང་བ་བསྲུང་བའི་ཕྱིར་དངོས་གྲུབ་མ་ཐོབ་བར་དུ་གཞན་སུས་ཀྱང་སྔགས་ཀྱི་སྤྱད་པ་སྤྱོད་པ་ཡིན་པར་མི་ཤེས་སྐད། དེ་དག་གི་ཚེ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཉིད་ཀྱི་ཐུགས་རྗེས་མ་བསྒྲུབས་པར་ཡང་ཞལ་བསྟན་ཅིང་། རྗེས་སུ་བཟུང་བའི་ལོ་རྒྱུས་གསུང་བགྲོས་ལས་འབྱུང་བ་མདོ་ཙམ་ཞིག་བསྙད་ན།
དགྲའི་འཇིགས་པ་ལས་བསྐྱབས་པ་ནི། ཨོ་ཌི་བི་ཤར་རྒྱལ་རིགས་ཤིག་སྐྱེད་མོས་ཚལ་དུ་གཉིད་ཀྱིས་ལོག་པ་ན། དགྲའི་དམག་ཚོགས་གོ་མཚོན་ཐོགས་པ་སྟོང་ཙམ་གྱིས་བསྐོར་བས་སྐྱབས་གཞན་མེད་དེ། སྒྲོལ་མ་ཞེས་བྱ་བ་འཇིགས་པ་བཅུ་དྲུག་ལས་སྐྱོབས་པ་ཞིག་ཡོད་ཅེས་ཐོས་ཏེ། དེ་ཁོ་ན་ལ་སྐྱབས་སུ་འགྲོའོ་བསམ་པས་སྒྲོལ་མའི་མཚན་ནས་བོས་ཤིང་།སྐད་ཕྱུང་བས་སྐད་ཅིག་དེ་ཉིད་ལ་རྗེ་བཙུན་མ་མདུན་གྱི་ནམ་མཁར་བྱོན་ཏེ། ཞབས་ཀྱི་འོག་ནས་རླུང་དྲག་པོ་གཡོས་པས་དམག་རྣམས་ཕྱོགས་བཅུར་ཁྱེར་ནས་རང་གི་ཡུལ་དུ་སླེབས་སྐད།
སེང་གེའི་འཇིགས་པ་ལས་བསྐྱབས་པ་ནི། ཤིང་འཐུ་ཞིག་ནགས་ཚལ་དུ་སོང་བ་ལས། སེང་གེ་མོ་བཀྲེས་པ་དང་འཕྲད་ནས་ཟ་བར་བརྩམས་ཏེ་ཁར་ཐོགས་ནས་རང་གི་ཚང་དང་ཉེ་བར་སོང་། དེར་འཇིགས་ཤིང་སྐྲག་པས་སྒྲོལ་མ་ལ་གསོལ་བ་བཏབ་པས་མདུན་དུ་བུད་མེད་ཤིང་ལོའི་གོས་ཅན་ཞིག་བྱུང་ནས་སེང་གེ་མོའི་ཁ་ནས་དེ་བླངས་ཏེ། གྲོང་ཁྱེར་གྱི་ཚོང་འདུས་སུ་བཞག་གོ །
གླང་པོའི་འཇིགས་པ་ལས་བསྐྱབས་པ་ནི། ཡུལ་གྱི་བུ་མོ་ལོ་བཅུ་གཉིས་ལོན་པ་ཞིག་མེ་ཏོག་འཐུ་བར་ནགས་གསེབ་ཏུ་སོང་བ་ན། ཁུ་ནི་ཞེས་བྱ་བ་གླང་པོ་ཆེ་གཏུམ་པོ་དང་འཕྲད་དེ། དེས་སྣ་ཤལ་གྱིས་བཅིངས། མཆེ་བ་བསྣུན་པར་བརྩམས་པ་ན། སྒྲོལ་མའི་མཚན་དྲན་པར་བྱས་ཤིང་།
སྙིང་ཐག་པ་ནས་གསོལ་བ་བཏབ་པས་གླང་པོ་ཆེ་དབང་དུ་གྱུར་ཏེ། རྡོའི་སྟེགས་མཐོན་པོ་ལ་བཞག་སྟེ་སྣ་ཤལ་གྱིས་ཕྱག་བྱས་ཤིང་། ཡང་བླངས་ནས་གྲོང་ཁྱེར་གྱི་ཚོང་འདུས་ཀྱི་གནས་སུ་ཡང་དེ་བཞིན་དུ་བྱས་སོ། །དེ་ནས་འདུན་ཁང་དང་། ལྷ་ཁང་དང་། རྒྱལ་པོའི་ཕོ་བྲང་གི་སྒོར་ཡང་དེ་ལྟར་དུ་བྱས་པས། བུ་མོ་འདི་ནི་བསོད་ནམས་དང་ལྡན་པ་ཞིག་གོ་ཞེས་རྒྱལ་པོའི་བཙུན་མོར་གྱུར་ཏོ། །
མེའི་འཇིགས་པ་ལས་བསྐྱབས་པ་ནི། ཤ་འཁོན་ཆགས་པའི་ཁྱིམ་ཚང་གཅིག་ནུབ་མོ་ཁང་པ་ལ་དགྲ་ཡིས་མེ་བཏང་བས་འབྲོས་པར་བརྩམས་པ་ལས་མ་ཐར་བའི་ཚེ། ཀྱེ་སྒྲོལ་མ་ཀྱེ་མ་ཧོ་སྒྲོལ་མ་ཞེས་མཚན་ནས་བརྗོད་པས། ཁྱིམ་གྱི་སྟེང་དུ་སྤྲིན་ཤིན་ཏུ་སྔོ་ཞིང་མཛེས་པ་ཞིག་བྱུང་སྟེ། ཆར་གྱི་རྒྱུན་གཉའ་ཤིང་ཙམ་ཁྱིམ་ཁོ་ན་ལ་བབས་པས་མེ་ཞིའོ། །
དུག་སྦྲུལ་གྱི་འཇིགས་པ་ལས་བསྐྱབས་པ་ནི། གྲོང་ཁྱེར་གྱི་སྨད་འཚོང་མ་ཞིག །དུས་ལན་གཅིག་མུ་ཏིག་གི་དོ་ཤལ་ལྔ་བརྒྱ་སྦྱིན་པའི་ཚོང་དཔོན་ཞིག་རྙེད་དེ། ནམ་ཕྱེད་ཀྱི་དུས་ན་ཚོང་དཔོན་གྱི་ཁྱིམ་དུ་འགྲོ་བར་འདོད་པས་རང་གི་ཁྱིམ་ནས་སོང་སྟེ། ལམ་དུ་ཤིང་ཤི་རི་ཤའི་ཡལ་ག་ཞིག་ལ་འཇུས་པ་ན། ཤིང་ལ་འཁྲིལ་པའི་སྦྲུལ་གདུག་པས་ལུས་ལ་འཁྲིལ་ཞིང་ཟིན་པའི་ཚེ། རྗེ་བཙུན་མ་སྒྲོལ་མ་དྲན་པར་བྱས་པ་ཙམ་གྱིས་དུག་སྦྲུལ་དེ་ཉིད་མེ་ཏོག་གི་ཕྲེང་བར་གྱུར་ནས་ཞག་བདུན་གྱི་བར་དུ་ལུས་ལ་གནས་པར་གྱུར་ཏོ། །དེ་ནས་སྦྲུལ་དེ་ཉིད་དཀར་པོ་དུག་དང་བྲལ་བར་གྱུར་ནས་ཆུ་བོར་ཞུགས་སོ་ཞེས་གྲགས་སོ། །
ཆོམ་རྐུན་གྱི་འཇིགས་པ་ལས་བསྐྱབས་པ་ནི། གུ་ཛི་ར་ཐའི་ཡུལ་གྱི་ནང་ཚན་བྷ་རུ་ཀཙྪ་ཞེས་བྱ་བར་ཚོང་དཔོན་ཤིན་ཏུ་ལོངས་སྤྱོད་ཆེ་བ་ཞིག་ཡོད་པ། མ་རུའི་ཡུལ་དུ་རྔ་མོང་སྟོང་ཙམ་དང་། ཁྱུ་མཆོག་ལྔ་བརྒྱ་ཙམ་གྱིས་ཁལ་བཀལ་ཏེ་སོང་བ་ལས། ལམ་ཁར་ཆོམ་རྐུན་སྟོང་ཙམ་གནས་པའི་འབྲོག་དགོན་པར་ཕྱིན་པས། སྔོན་དུ་སོང་བའི་ཚོང་པ་ཐམས་ཅད་བསད་པའི་ཤ་ཁྲག་རུས་པས་ཕྱོགས་ཐམས་ཅད་ཁྱབ། ཚོང་པ་བརྒྱ་སྟོང་ནི་གསལ་ཤིང་ལ་བཙུགས། ཆོམ་རྐུན་དེ་རྣམས་མིའི་ཤ་ཡང་ཟ་བ་སྲིན་པོ་ལྟ་བུར་ཡོད་པས། ཚོང་དཔོན་དེ་ཤིན་ཏུ་འཇིགས་ནས། མགོན་སྐྱབས་གཞན་མེད་པས་སྒྲོལ་མ་ལ་གསོལ་བ་བཏབ་པ་ན། སྒྲོལ་མའི་སྤྲུལ་པ་དཔའ་བོ་གོ་མཚོན་ཐོགས་པའི་དམག་དཔག་ཏུ་མེད་པ་བྱུང་སྟེ། ཆོམ་རྐུན་དེ་རྣམས་རྒྱང་རིང་དུ་བསྐྲད་ཅིང་ཤི་བསད་ནི་མེད་དོ། །དེ་ལྟར་ཆོམ་རྐུན་རྣམས་བྱེར་བའི་ཤུལ་དུ་ཚོང་པ་དེ་ཉིད་བདེ་བར་ཕྱིན་ནས་སླར་ཡང་བྷ་རུ་ཀཙྪར་སླེབས་སོ། །
བཙོན་ར་ལས་བསྐྱབས་པ་ནི། རྐུན་པོའི་དཔོན་ཞིག་གིས་རྒྱལ་པོའི་བང་མཛོད་ཀྱི་ཁྱིམ་ཕུག་སྟེ་སོང་བ་ན།
ཆང་གི་བུམ་པ་ཞིག་རྙེད་དེ། དེ་འཐུང་བས་དེ་ཉིད་དུ་མྱོས་ཤིང་གཉིད་དུ་སོང་བ། རྒྱལ་པོའི་མི་རྣམས་ཀྱིས་རིག་སྟེ་བཟུང་ནས། བཙོན་དོང་དུ་བཅུག་ཞགས་པས་བཅིངས། སྡུག་བསྔལ་སྣ་ཚོགས་པ་མྱོང་བ་ན། གཞན་མགོན་སྐྱབས་མེད་དེ། སྒྲོལ་མ་ལ་གསོལ་བ་བཏབ་པས་འདབ་ཆགས་ཁ་དོག་སྣ་ལྔ་པ་ཞིག་ནམ་མཁའ་ནས་བབས་ཏེ་བྱུང་ནས་ཞགས་པ་རྣམས་བཀྲོལ། བཙོན་ཁང་གི་སྒོ་ཡང་རང་ཕྱེ་བར་གྱུར་ཏེ། ཅི་བདེར་ཐར་ནས་རང་ཡུལ་དུ་ཕྱིན་པ་ན། རྨི་ལམ་དུ་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱུང་སྟེ། གལ་ཏེ་ཁྱེད་ངའི་དྲིན་དྲན་ན་ཁྱེད་ཅག་འཁོར་དང་བཅས་པ་རྐུན་པོའི་ལས་སྤོངས་ཤིག །ཅེས་བྱུང་བས་རྐུན་པོ་དེ་ཉིད་འཁོར་ལྔ་བརྒྱ་དང་བཅས་ཆོམ་རྐུན་གྱི་ལས་སྤངས་ནས་དགེ་བ་རྒྱ་ཆེན་པོ་བྱེད་པ་བྱུང་ངོ་། །
རྒྱ་མཚོའི་རླབས་ཀྱི་འཇིགས་པ་ལས་བསྐྱབས་པ་ནི། ལྷོ་ཕྱོགས་ཀྱི་ལམ་དུ་ཞུགས་པའི་ཚོང་པ་ལྔ་སྟོང་ཙམ་ཞིག་གྲུ་བོ་ཆེ་གསུམ་བཟུང་སྟེ་གཟིངས་ཆེན་པོར་ཞུགས་ནས་རིན་པོ་ཆེའི་གླིང་དུ་ཕྱིན་ཏེ། གྲུ་གཅིག་ནི་རིན་པོ་ཆེས་ཁེངས་པར་བྱས་སོ། །ཡང་དེ་ནས་སོང་བ་ན་ཙན་དན་ས་མཆོག་གི་གླིང་དང་འཕྲད་དེ། གྲུ་གཉིས་པ་ཙནྡན་ས་མཆོག་གིས་གང་བར་བྱས་སོ། །དེ་ནས་ཡུལ་དུ་འོང་བར་འདོད་པ་ལ། རྒྱ་མཚོའི་ནོར་བདག་རྣམས་ཁྲོས་ཏེ་རླུང་ཆེན་པོ་བཏང་བས་ཐག་རིང་དུ་ཁྱེར་ཏེ། རྒྱ་མཚོ་ཁ་དོག་མི་གཅིག་པ་མང་པོ་བརྒལ་བའི་མཐར་རྦ་ཀློང་དྲག་ཏུ་འཁྲུགས་པ་ཞིག་ཏུ་སླེབས། དེ་གོང་དུ་ཚོང་པ་རྣམས་ཀྱིས། ཚངས་པ། ཁྱབ་འཇུག །དབང་ཕྱུག །ཟླ་བ། ཉི་མ། ཀུ་བེ་ར་ལ་སོགས་པ་རྣམས་ལ་ཉིན་མཚན་དུ་གསོལ་བ་བཏབ་ཀྱང་མ་ཕན་ལ། དེར་གྲུའི་ཐག་པ་ཆད་དེ། རིན་པོ་ཆེའི་དང་ཙནྡན་གྱི་གྲུ་ཡང་སྟོར། གྲུ་བོ་ཆེ་ཡང་ནུབ་ལ་ཁད་པ་ན། དེ་ན་སངས་རྒྱས་པའི་དགེ་བསྙེན་གཅིག་ཡོད་པས། སྒྲོལ་མ་དྲན་པས་ཡི་གེ་བཅུ་པའི་སྔགས་སྐད་གསངས་མཐོན་པོས་བཟླས་པས། དེ་མ་ཐག་ཏུ་མཐུན་པའི་རླུང་བྱུང་སྟེ། གྲུ་ཚུར་ལོག་ནས་ནུབ་གཅིག་ལ་འཛམ་བུ་གླིང་དུ་སླེབ་པ་ན་རིན་པོ་ཆེ་དང་ཙནྡན་གྱི་གྲུ་ཡང་རླུང་གིས་ཚུར་བདས་ཏེ་མཉམ་དུ་འཛོོམས་སོ། །
ཤ་ཟའི་འཇིགས་པ་ལས་བསྐྱབས་པ་ནི། ཤར་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ཏུ་ཉན་ཐོས་སེནྡྷ་པ་ཁོ་ན་གནས་པ་ཞིག་ཡིན་པ་ལས། དེར་དུས་ལན་ཅིག་ནུབ་མོར་རིས་ཀྱི་གཙུག་ལག་ཁང་གི་ཕྱི་རོལ་ས་ལ་འཆག་ཏུ་སོང་བས་དགེ་སློང་རེ་རེ་ཤི་ནས། གཙུག་ལག་ཁང་དེ་ཉིད་ཀྱི་ཚོགས་པ་འགྲིབ་པར་གྱུར་པ་ལས། ནུབ་ཅིག་དགེ་ཚུལ་ཞིག་འཆག་སར་སོང་བས་ཤ་ཟ་མདོག་ངམ་ནག་ཅིང་མི་སྡུག་པ་མཆེ་བ་གཙིགས་པ་གཅིག་བྱུང་ནས་མགོ་བོ་ནས་བཟུང་བ་ན། ཐེག་ཆེན་པ་རྣམས་ལ་སྒྲོལ་མ་ཞེས་བྱ་བ་འཇིགས་པ་བརྒྱད་ལས་སྐྱོབ་པ་ཞིག་ཡོད་ཅེས་ཟེར་གྱི། དེ་ལ་སྐྱབས་སུ་འགྲོའོ་སྙམ་ནས། སྒྲོལ་མ་ཞེས་མཚན་ནས་བོས་སོ། །དེར་ལྷ་མོ་ནག་མོ་རལ་གྲི་ཐོགས་པ་ཞིག་བྱུང་ནས་ཤ་ཟ་དེ་ལ་བསྡིགས་པ་ན་ཤ་ཟ་དེས་དགེ་ཚུལ་ལ་བཟོད་པར་གསོལ་ཏེ། ས་འོག་ནས་ལྕགས་ཀྱི་བུམ་པ་མུ་ཏིག་གིས་གང་བ་ཞིག་ཕྱུང་ནས་བྱིན་ནོ། །དེ་ཕྱིན་ཆད་གཙུག་ལག་ཁང་དེར་གནོད་པ་དེ་རྒྱུན་ཆད་དོ། །
མཛེ་ནད་ཀྱི་འཇིགས་པ་ལས་བསྐྱབས་པ་ནི། ཡུལ་ཀུ་མ་རཀྵེ་ཏྲར་ལས་ཀྱི་དབང་གིས་བྲམ་ཟེའི་སློབ་དཔོན་ཞིག་ལ་མཛེ་ནད་ཀྱིས་ཐེབས་ནས། དེར་ཕན་ཚུན་གཅིག་ལ་གཅིག་འགོས་ཏེ། བྲམ་ཟེ་ལྔ་བརྒྱ་མཛེ་ནད་དྲག་པོས་ཟིན་པར་གྱུར། ཉེ་དུ་དང་སྨན་པ་རྣམས་ཀྱིས་ཀྱང་བོར་ཞིང་། བྲམ་ཟེ་གཙང་སྦྲའི་ཆོས་ལས་ཉམས་ཏེ་ལྷག་མས་འཚོ་ཞིང་། སློང་མོར་སྤྱོད་པ་ལས། ལམ་ཁར་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་རྡོ་སྐུ་གཅིག་མཐོང་བས་དད་པ་སྐྱེས་ཏེ། བྲམ་ཟེ་ལྔ་བརྒྱ་པོ་རྣམས་ཀྱིས་གསོལ་བ་བཏབ་པས་སྒྲོལ་མའི་ཕྱག་ནས་རྩི་སྨན་གྱི་རྒྱུན་བྱུང་བ་ལ་ཁྲུས་བྱས་པ་ཙམ་གྱིས་མཛེ་ནད་དེ་ཉིད་དུ་ཞི། ལྷའི་ལུས་ལྟར་མཆོག་ཏུ་མཛེས་པའི་ལུས་སུ་གྱུར་སྐད།
དབང་པོའི་ཕོ་ཉ་བའི་འཚེ་བ་ལས་བསྐྱབས་པ་ནི། དེ་ལ་དབང་པོ་ནི་ཤར་ཕྱོགས་ཀྱི་ཕྱོགས་སྐྱོང་ཡིན་ལ། དེའི་ཕོ་ཉ་བ་ནི་དྲི་ཟའི་གདོན་ཡིན། ཤིན་ཏུ་རྩུབ་ཅིང་རྒྱུག་བླ་པ་ཆོས་ལ་བར་དུ་གཅོད་པ་ཆེ་བ་ཞིག་ཡིན་ནོ། །དེ་ལས་བསྐྱབས་པའི་གཏམ་ནི། ཡུལ་བཅོམ་བརླག་གི་ནགས་ཚལ་ཞིག་ན་ཉན་ཐོས་ཀྱི་དགེ་སློང་བསམ་གཏན་པ་ལྔ་བརྒྱ་ཡོད་དེ། དེ་རྣམས་དགེ་བའི་ཆོས་ལ་བརྩོན་པར་གནས་པ་ལས། དུས་ནམ་ཞིག་ན་དབང་པོའི་ཕོ་ཉ་བ་བྱུང་སྟེ། ཁ་ཅིག་ནི་བྲམ་ཟེ། ཁ་ཅིག་ནི་བུད་མེད། ཁ་ཅིག་ནི་དགེ་སློང་གི་གཟུགས་བརྙན་ཅན་དང་། རེས་འགའ་གནོད་སྦྱིན་གྱི་རྣམ་པ་དྲག་པོ་སེང་གེ་དང་གླང་པོ་དང་། ཤ་ར་བྷ་ལ་སོགས་པ་འཇིགས་སུ་རུང་བའི་གདོང་ཅན་མང་པོ་བྱུང་སྟེ། རེས་འགའ་ནི་བསྡིགས་པ་དང་། རེས་འགའ་ནི་བསྟོད་པ་ལ་སོགས་པས་འབྲིད་པར་བྱེད་པ་ན། དགེ་སློང་ཁ་ཅིག་ནི་དྲན་མེད་དུ་སོང་། ཁ་གཅིག་ནི་སྨྱོ། ཁ་ཅིག་ནི་ཡིད་གཞན་དུ་འགྱུར་ཏེ། གླུ་དང་གར་ཁོ་ནའི་དུས་འདའ་བར་བྱས་སོ། །དེར་དགེ་སློང་ཞིག་གིས་འབྱུང་པོའི་བར་ཆད་ཀྱིས་གཙེས་པར་ཤེས་ནས། ལྷ་མོ་སྒྲོལ་མ་ཞེས་བྱ་བ་འཇིགས་པ་ཐམས་ཅད་ལས་སྐྱོབ་བོ་ཞེས་གྲགས་པས། འདི་ལ་ཕན་པར་འགྱུར་རོ་སྙམ་སྟེ། ནགས་ཚལ་འདི་ནི་ལྷ་མོ་སྒྲོལ་མའི་ཡིན་ནོ་ཞེས་བྲིས་ནས་ཤིང་ལ་བཏགས་སོ། །དེ་ཙམ་གྱིས་འཇིགས་པ་དེ་ཉིད་རང་ཞི་བར་གྱུར་ཏེ། དེ་ཐམས་ཅད་ལྷ་མོ་སྒྲོལ་མ་ལ་མོས་པས་ཐེག་པ་ཆེན་པོ་ལ་ཞུགས་སོ། །
དབུལ་བའི་འཇིགས་པ་ལས་བསྐྱབས་པ་ནི། བྲམ་ཟེ་ཤིན་ཏུ་དབུལ་བ་ཞིག་ཉམ་ཐག་པས། ལམ་སྲང་ཞིག་ན་སྒྲོལ་མའི་རྡོ་སྐུ་ཞིག་འདུག་པ་ལ་རང་གི་སྡུག་བསྔལ་བྱུང་ཚུལ་གྱི་གཏམ་རྣམས་ཞུས་པས། མཆོད་རྟེན་ཞིག་དང་ཉེ་བའི་ས་ཕྱོགས་ཞིག་བསྟན་ཏེ། འདི་རྐོས་ལ་གཏེར་རྙེད་པར་འགྱུར་རོ་ཞེས་གསུངས་ལ། དེས་ཀྱང་བརྐོས་པས་གསེར་གྱི་བུམ་པ་མུ་ཏིག་གིས་གང་བ་དང་། དངུལ་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ལ་སོགས་པ་མང་དུ་རྙེད་ནས། བདུན་བརྒྱུད་ཀྱི་བར་དུ་དབུལ་བའི་སྡུག་བསྔལ་བསལ་སྐད། ཡང་ཞིང་པ་དབུལ་པོ་ཞིག་གིས། རྗེ་བཙུན་མ་སྒྲོལ་མའི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་པས། བུད་མེད་ཤིང་ལོའི་གོས་ཅན་བྱུང་ནས། ཤར་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན། དེས་ཀྱང་ཤར་ཕྱོགས་སུ་སོང་སྟེ། བྱེ་མའི་སྟེང་ཞིག་ཏུ་ཉལ་བ་ན། དྲིལ་བུའི་སྒྲ་གྲགས་པས་གཉིད་སད། དེར་རྟ་ལྗང་ཁུ་དྲིལ་བུའི་རྒྱན་ཅན་ཞིག་རྨིག་པས་བྱེ་མ་རྐོ་ཞིང་འདུག་གོ །དེ་ནས་རྟ་དེ་ཡུད་ཙམ་གྱིས་གཞན་ཞིག་ཏུ་སོང་བས་རྟའི་རྨིག་པའི་ཤུལ་དེས་བརྐོས་པས་དང་པོར་དངུལ་གྱི་སྒོ། དེ་ནས་གསེར་དང་། ཤེལ་དང་། བཻཌཱུརྱ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་སྒོ་རྣམས་བྱུང་བ་རིམ་པས་ཕྱེ་སྟེ་ས་འོག་གི་ཡུལ་ཞིག་ཏུ་ཀླུ་དང་ལྷ་མ་ཡིན་མང་པོའི་གཙོ་བོར་གྱུར་ནས་འདོད་ཡོན་གྱི་དགའ་བ་དུ་མ་ཉམས་སུ་མྱོང་སྟེ། ལན་ཅིག་སའི་བུ་གའི་སྒོ་ནས་རང་གི་ཡུལ་དུ་འོངས་པས་དེ་བར་དུ་རྒྱལ་པོ་རབས་གསུམ་འདས་འདུག་ཟེར་རོ། །
གཉེན་དང་བྲལ་བའི་འཇིགས་པ་ལས་བསྐྱབས་པ་ནི། བྲམ་ཟེ་ཞིག་གཉེན་མང་ཞིང་ནོར་ཆེ་བར་ཡོད་པ་ལས། ནམ་ཞིག་ན་མི་ངས་ཆེན་པོ་བྱུང་བས་བུ་དང་ཆུང་མ་དང་། སྤུན་ཟླ་སྐུད་པོ་ཞང་པོ་སོགས་ཐམས་ཅད་ཤི་སྟེ། ཡིད་མྱ་ངན་གྱིས་ནོན་ནས་ཝཱ་རཱ་ཎ་སཱིར་འོངས་སོ། །དེ་ནས་སངས་རྒྱས་པའི་དགེ་བསྙེན་རྣམས་སྒྲོལ་མའི་དུས་སྟོན་ཆེན་པོ་བྱེད་པའི་སར་ཕྱིན་པས་སྒྲོལ་མའི་ཆེ་བ་ཐོས་པས། མེ་ཏོག་སྙིམ་པ་གང་གཏོར་ཏེ་གསོལ་བ་བཏབ། ཕྱིར་འོངས་པ་ན། རྒྱལ་པོ་ཛ་ཡ་ཙནྡྲའི་བུ་མོ་བག་མར་ཐོབ་སྟེ་སའི་དབང་ཕྱུག་ཏུ་གྱུར། དེས་སྒྲོལ་མའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཤིང་། ཐམས་ཅད་དུ་སངས་རྒྱས་པའི་དུས་སྟོན་ཆེན་པོ་རེ་ཡང་བཙུགས་སོ། །
རྒྱལ་པོའི་ཆད་པའི་འཇིགས་པ་ལས་བསྐྱབས་པ་ནི། ཡུལ་ཨ་ཡོ་དྷྱ་ཞེས་པར་ཁྱིམ་བདག་དབང་ཐང་དང་ལོངས་སྤྱོད་ཆེ་བ་ཞིག་ཡོད་པ། དུས་ལན་ཅིག་རྐྱེན་འགའ་ཞིག་གིས་ཡུལ་གྱི་རྒྱལ་པོ་དེས་ཁྱིམ་བདག་དེ་ལ་མི་དགའ་བར་གྱུར་ཏེ། བསྙད་འཚོལ་བ་ལ་ཞུགས་པ་ན། དེས་ཀྱང་རྒྱལ་པོའི་མི་མང་པོ་བྲིད་ནས་ཁྲིད་དེ་ཏི་རཱ་ཧུ་ཏིར་སོང་ངོ་། །དུས་གཞན་ཞིག་ན། དེས་ཡུལ་ཙཾ་པཱརྞ་རུ་ཕྱིན་པས། ཨ་ཡོ་དྷྱ་ཡི་རྒྱལ་པོས་གྱད་མི་བཞི་བཏང་སྟེ། ཁྱིམ་བདག་དེ་བཅིངས་ནས་ཨ་ཡོ་དྷྱ་རུ་ཁྲིད་དོ། །དེས་རྗེ་བཙུན་མ་སྒྲོལ་མ་དྲན་བཞིན་དུ་གསོལ་བ་བཏབ་པས་ལྷའི་བྱིན་རླབས་ཀྱིས་ཁྱིམ་བདག་དེའི་རྐང་པ་སྒོ་ཐེམ་ལ་བཞག་པས་གསེར་དུ་གྱུར་པ་དང་། བཙོན་ཁང་དུ་བཅུག་པ་དེར་མུ་ཏིག་གི་དོ་ཤལ་གྱི་ཆར་བབས་པ་དང་། གསལ་ཤིང་ལ་བསྐྱོན་པར་གཟས་པ་ན། གསལ་ཤིང་དེ་ཨ་མྲའི་ཤིང་སྡོང་མེ་ཏོག་དང་འབྲས་བུས་བརྒྱན་པར་སོང་བས་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཡ་མཚན་སྐྱེས་ཏེ། འདི་ནི་ཆེས་བསོད་ནམས་དང་ལྡན་པ་ཞིག་ན། ཆད་པས་གཅད་པར་ག་ལ་འོས་ཞེས་བྱས་ནས་རྒྱལ་པོས་བློན་པོའི་ས་ལ་བཞག་གོ །
རྡོ་རྗེ་ལྷུང་བའི་འཇིགས་པ་ལས་བསྐྱབས་པ་ནི། བྷཾ་ག་ལའི་ཡུལ་ན་དགེ་བསྙེན་ཞིག་ཞིང་ལས་ཀྱི་མཐའ་ལ་བལྟ་ཞིང་སོང་བ་ལས་ལམ་ཁ་ན་གནོད་སྦྱིན་གྱི་ལྷ་རྟེན་ཞིག་ཡོད་པ་ལ། དགེ་བསྙེན་གྱིས་འགོམས་ནས་ཕྱིན་པས་གནོད་སྦྱིན་དེ་ཁྲོས་པར་གྱུར་ནས། ནུབ་མོ་དགེ་བསྙེན་དེ་རང་གི་ཁྱིམ་དུ་གནས་པ་ན། ནམ་མཁའ་ནས་གནམ་ལྕགས་འབར་བ་ཉི་ཤུ་རྩ་གཅིག་ལྷུང་སྟེ།
དེས་འཕགས་མ་སྒྲོལ་མ་དྲན་པ་ཙམ་གྱིས་གནམ་ལྕགས་ཀྱི་མེ་ལྕེ་ཐམས་ཅད་མེ་ཏོག་ཏུ་གྱུར། དགེ་བསྙེན་རང་ཉིད། བུ་དང་ཆུང་མ། ནོར་རྫས་སོགས་གང་ལ་ཡང་གནོད་པ་མེད། གནམ་ལྕགས་རྣམས་ཀྱང་ཁྱིམ་དུ་ལུས་ཏེ། དེ་ཐམས་ཅད་རིག་སྔགས་འཆང་བ་ལྔ་བརྒྱ་ཙམ་ལ་བྱིན་པས་དེ་རྣམས་ཀྱི་གྲུབ་པའི་རྫས་ལ་ཉེ་བར་མཁོ་བར་བྱུང་སྐད།
དོན་ཉམས་པའི་འཇིགས་པ་ལས་བསྐྱབས་པ་ནི། ཁྱིམ་བདག་ཅིིག་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་། རྒྱལ་པོ་ལས་ས་གཞི་བླང་བར་འདོད་དེ། རང་གི་ནོར་རྣམས་གྲོགས་ལ་བཅོལ། རང་ཉིད་རྒྱ་མཚོ་གྲུ་བོ་ཆེར་ཞུགས་སོ། །ལོ་མང་པོར་རྒྱ་མཚོའི་གླིང་རྣམས་སུ་ཕྱིན་པ་ལ་ལོངས་སྤྱོད་ཀྱི་ཁྱད་པར་གང་ཡང་མ་འགྲུབ་ཅིང་། ལན་ཅིག་སྟེས་དབང་གིས་གྲུ་རླུང་གིས་བདས་ཏེ་མ་ལ་ཁ་ཞེས་བྱ་བའི་གླིང་དེར་སླེབས་སོ། །གླིང་དེ་ན་བྱུ་རུ་དང་། ཙན་དན་ས་མཆོག་ཅི་བདེར་བླང་དུ་ཡོད་པས་མང་དུ་བླངས། གྲུ་གང་བར་བྱས་ནས་འོངས་སོ། །ལམ་དུ་མ་ག་ར་མཉྪི་ཞེས་བྱ་བའི་ཆུ་སྲིན་ཉའི་རིགས་ཅན་གྱི་སྣའི་ལྕགས་བསྣུན་པས་གྲུ་ཞིག །དེར་ཤིང་ལེབ་ལ་འཇུས་པས་རླབས་ཀྱིས་བདས་ཏེ་འཛམ་བུ་གླིང་དུ་སླེབས་སོ། །སླར་རང་གི་གྲོགས་པོ་རྩད་བཅད་པ་ན། དེ་ཡང་ལམ་དུ་སོང་བ་སྟག་གིས་ཟོས་ནས་ཤི་བར་ཤེས། དེར་དོན་གང་ཡང་མ་གྲུབ་པས་ངལ་བས་སྡུག་བསྔལ་ཞིང་ཡིད་མི་བདེ་བའི་ཚེ། གྲོགས་ཞིག་གིས་བསྐུལ་ནས་སྒྲོལ་མ་ལ་དད་པ་བསྐྱེད་དེ་གསོལ་བ་བཏབ་པ་ལས། རྨི་ལམ་དུ་ཁྱོད་ཆུ་བོ་སིནྡྷུའི་འགྲམ་དུ་སོང་ཞིག །འདོད་པའི་དོན་རྣམས་འགྲུབ་པར་འགྱུར་རོ། །ཞེས་བྱུང་བས་དེ་བཞིན་དུ་བྱས་པས། ཆུ་བོ་སིནྡྷུའི་ནང་ནས་སྔར་གྲུ་ནང་གི་ནོར་རྫས་རྒྱ་མཚོར་ནུབ་པ་ཐམས་ཅད་རྙེད། དེ་ནས་གྲོགས་ཤི་བའི་སར་ཕྱིན་ནས་ས་ཞིག་བརྐོས་པ་ལས་རང་གི་ནོར་རྫས་བཅོལ་བ་རྣམས་ཐོན། དེ་ནས་རང་ཡུལ་དུ་ཕྱིན་ཏེ། ཙན་དན་ས་མཆོག་གི་སྡོང་དུམ་ཞིག་རྒྱལ་པོ་ལ་སྐྱེས་སུ་ཕུལ་བས། རྒྱལ་པོས་ཀྱང་གྲོང་ཁྱེར་གྱི་མཆོག་ལྔ་བྱིན་ནོ། །
གཞན་ཡང་དུས་ཕྱིས་སློབ་དཔོན་ཀླུ་སྒྲུབ་སྒྲུབ་པ་ལ་བསྐུལ་བ་དང་། ཙནྡྲ་གོ་མི་ཆུའི་འཇིགས་པ་ལས་ལན་གཉིས་སུ་བསྐྱབས་པ་དང་། ཐམས་ཅད་མཁྱེན་པའི་བཤེས་གཉེན་མེའི་འཇིགས་པ་ལས་བསྐྱབས་པ་དང་། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་དུག་སྦྲུལ་གྱི་འཇིགས་པ་ལས་བསྐྱབས་པ་དང་། སློབ་དཔོན་བློ་གྲོས་བརྟན་པ་ལ་ཞལ་བསྟན་པ་སོགས་ཡ་མཚན་ཅན་གྱི་གཏམ་རྒྱུད་ཤིན་ཏུ་མང་ངོ་། །ཡང་རྡོ་རྗེ་གདན་དུ་གནས་པའི་ཉན་ཐོས་སེནྡྷ་པ་ཞིག །དབྱར་དུས་སྒྱུ་འཕྲུལ་ལ་ཕྱིན་པས་ཆུ་ཀླུང་ནེ་རཉྫ་ནའམ། ཕལ་སྐད་དུ་ཕལ་གུ་ཞེས་ཡོངས་སུ་གྲགས་པ་དེ་གསར་དུ་འབྲུ་བ་ལ་བརྒལ་བས་རབ་མ་ཚུགས་པར་ཆུས་ཁྱེར་རོ། །དེར་ཐེག་ཆེན་པ་རྣམས་ལ་སྒྲོལ་མ་ཞེས་བྱ་བ་ཆུའི་འཇིགས་པ་ལས་སྐྱོབ་པ་ཡོད་ཅེས་གྲགས་སོ་སྙམ་ནས་སྒྲོལ་མ་ཞེས་སྐད་ཕྱུང་བས། རྡོ་རྗེ་གདན་གྱི་ཕྱིའི་ཁྱམས་ཀྱི་སྒྲོལ་མའི་ཤིང་སྐུ་ཞིག་ཡོད་པ་དེ་དེར་དངོས་སུ་བྱོན་ནས། ཁྱོད་ནམ་ཡང་ང་མི་དྲན་པར་ད་ལྟར་རང་བོས་པས་ཅི་རུང་ཞེས་གསུངས། ཆུ་ནང་ནས་རང་ཐོན་ནོ། །སྐུ་བརྙན་དེ་ལ་ཡང་ཆུ་ཀླུང་སྒྲོལ་མ་ཞེས་གྲགས་སོ། །
ཡང་ལན་ཅིག་རྡོ་རྗེ་གདན་དུ་རྒན་མོ་ཞིག་གིས་སྒྲོལ་མའི་ལྷ་ཁང་ཞལ་ཕྱིར་བསྟན་ཞིག་བཞེངས་པ་ལས། བཞེངས་ཟིན་པ་ན། བྱང་ཆུབ་ཆེན་པོ་ལ་རྒྱབ་བསྟན་པ་འདི་མ་ལེགས་སྙམ་ནས་རྒན་མོ་འགྱོད་པ་ལས་སྐུ་བརྙན་ཉིད་ཀྱིས་གསུང་བྱོན་ཏེ། ཁྱོད་མི་དགའ་ན་བྱང་ཆུབ་ཆེན་པོ་ལ་བལྟ་བར་བྱའོ་གསུངས་ནས། ལྷ་ཁང་གི་སྒོ་དང་སྐུ་བརྙན་གཉིས་ཀ་བྱང་ཆུབ་ཆེན་པོ་ལ་ཕྱོགས་པར་གྱུར་པས་ཞལ་བསྒྱུར་སྒྲོལ་མ་ཞེས་གྲགས་སོ། །
ཡང་རྒྱལ་པོ་དྷརྨ་པཱ་ལའི་དུས་རྡོ་རྗེ་གདན་གྱི་བྱང་ཤར་དགེ་སློང་རྣམས་ཀྱི་ཆུ་ལེན་སའི་ཆུ་མིག་ཅིག་གི་དྲུང་ན། སྒྲོལ་མའི་རྡོ་སྐུ་ཞིག་བཞུགས་ལ། དེ་དུས་སིངྒྷ་ལ་པའི་ཉན་ཐོས་སེནྡྷ་པ་རྣམས་ཀྱིས་སྔགས་ཀྱི་རྒྱུད་མང་པོ་མེ་ལ་བསྲེགས། དངུལ་ལས་བསྒྲུབས་པའི་ཧེ་རུ་ཀའི་སྐུ་འདྲ་ཆེན་པོའང་རྙེད་པའི་ཕྱིར་བཤིག །སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཀྱི་ཆོས་འཁོར་ལ་ཡང་གནོད་པ་ཆེར་བྱས་པས་སིངྒྷ་གླིང་པའི་ཉན་ཐོས་རྣམས་ལ་རྒྱལ་པོའི་ཆད་པ་བྱུང་། སེནྡྷ་པའི་དགེ་སློང་ཞིག་གིས་སྒྲོལ་མའི་སྐུ་དེའི་དྲུང་དུ་ཕྱིན་ཏེ་བདག་རྒྱལ་པོའི་ཆད་པའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས། ཁྱོད་དལ་བའི་དུས་ང་མི་དྲན་པར་ད་ལྟར་དྲན་ནམ་གསུངས་ཏེ་ཡང་ཆུ་ཁུང་དེར་ཞུགས་ཤིག་གསུངས། ཆུ་འབབ་པའི་ཆུ་ཁུང་ཤིན་ཏུ་ཆུང་ངུ་དེར་ལུས་ཡོངས་སུ་རྫོགས་པར་ཤོང་སྟེ། རྒྱལ་པོའི་མི་རྣམས་ཀྱིས་བཙལ་བས་མ་རྙེད་དོ། །
དེ་ནས་མཚན་མོ་བྲོས་ཏེ་རྒྱ་གར་ཤར་ཕྱོགས་ཐག་རིང་པོར་སླེབ་པ་ན། དུས་སྟོན་གྱི་ཚེ་རྡོ་རྗེ་གདན་གྱི་སྟེང་ཁང་བྱ་འདབ་ཀྱི་འོག་གི་སྒོ་མ་ཕྱེ་སྟེ། སླར་ཡང་སིངྒྷ་ལའི་དགེ་སློང་དེ་ཉིད་བཀུག་སྟེ་ཕྱེ་བས་སྒོ་རང་ཕྱེ། དེ་ལ་རྒྱལ་པོ་ཡང་མགུ་སྟེ། ཡོ་བྱད་དུ་མ་ཡོངས་སུ་བསྟབས་སོ། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་སྔ་རོལ་དུ། སྒྲོལ་མའི་རིག་སྔགས་ལ་བརྟེན་ནས་དངོས་གྲུབ་ཐོབ་པ་ལྔ་སྟོང་ཙམ་བྱུང་སྟེ། ཀླུ་སྒྲུབ་ཀྱི་རིང་ལ་ཡང་ལྔ་སྟོང་ཙམ་བྱུང་ངོ་སྐད། བྱེ་བྲག་ཏུ་རྒྱུད་འདི་ཉིད་དང་འབྲེལ་བའི་ལོ་རྒྱུས་ནི། ཤར་ཕྱོགས་བྷཾ་ག་ལར་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་སྡེ་སྣོད་གསུམ་པ་ཧ་ཡ་པཱ་ལ་ཞེས་བྱ་བ་ཞིག་ཐེག་པ་ཆེན་པོ་ཐོག་མར་དར་བ་ལ་ཤིན་ཏུ་མོས་ཏེ། སློབ་དཔོན་རྣམས་ལས་ལེགས་པར་ཉན་ནས་མཁས་པར་ཤེས་སོ། །
དེ་ནས་ཕྱག་ན་རྡོ་རྗེ་ཞལ་མཐོང་བའི་བྲམ་ཟེ་གུ་ཧྱ་ཤཱི་ལ་སྟེ། གསང་བའི་ངང་ཚུལ་ཞེས་བྱ་བ་ཞིག་ལ་སྒྲོལ་མ་འབྱུང་བའི་དབང་བསྐུར་བ་ནོད་ཅིང། གདམས་པ་དང་། རྗེས་སུ་གདམས་པ་མཐའ་དག་ཐོབ་བོ། །དེ་སྐབས་རིག་སྔགས་འཆང་རྣམས་ཀྱི་ས་ན། རྒྱུད་འདིའི་དུམ་བུ་དུམ་བུ་སྙན་རྒྱུད་དུ་སྟོན་པ་ཞིག་ལས། རྒྱུད་ཚིག་ཡོངས་སུ་རྫོགས་པའང་མེད་ལ། ཡི་གེར་བཀོད་པའང་མེད་དོ། །
དེ་ནས་སློབ་དཔོན་དེས་རྩེ་གཅིག་ཏུ་བསྒོམས་པས་རྫུ་འཕྲུལ་ཐོབ་སྟེ། ཨོ་ཌི་ཡ་ན་རྡོ་རྗེའི་གནས་སུ་སོང་ནས། མཁའ་འགྲོ་མ་རྣམས་ལས་སྒྲོལ་མ་འབྱུང་བའི་རྩ་བཤད་ཀྱི་རྒྱུད་དང་། གཏུམ་པོ་ཁྲོ་བོའི་རྒྱུད་རྩ་བཤད་དང་། ལག་ན་རྡོ་རྗེ་མཆོག་ཏུ་གསང་བའི་རྒྱུད་དང་། ཧེ་རུ་ཀ་བསྐྱེད་པ་ཞེས་བྱ་བའི་རྒྱུད་སྤྱན་དྲངས་ཏེ། ཡུལ་ཏི་པུ་རར་ནགས་གསེབ་ཏུ་ལྷ་ཁང་བྱས་ནས་དེར་བཞུགས་ནས། ཐུན་མོང་གི་འགྲོ་བ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་དག་སྟོན་ཅིང་། སྒྲོལ་མའི་རིག་སྔགས་ལ་བརྟེན་ནས་ཤར་ཕྱོགས་ཀྱི་རྒྱལ་པོ་ལྔ་དབང་དུ་བསྡུས། ཐམས་ཅད་དཀོན་མཆོག་ལ་དད་པར་བྱས། ལྷ་མོ་ཨུ་མ་དང་། ལྷའི་རྒྱལ་པོ་རབ་ཏུ་དགའ་བ་ཞེས་བྱ་བ་དབང་དུ་བསྡུས་ཏེ་ཡོན་ཐམས་ཅད་དེས་སྦྱོར་བར་བྱེད་དོ། །
མི་གཡོ་བའི་རིག་སྔགས་ལ་བརྟེན་ནས་སྒྱུ་འཕྲུལ་འགྲུབ་སྟེ། དཔག་ཚད་བཅུ་གཉིས་ཁོར་ཡུག་ཏུ་རིན་པོ་ཆེའི་ལྗོན་ཤིང་དང་། རྭ་བ་དང་། ཁང་བཟང་དང་།
ལྷ་དང་། ལྷ་མོ་ལ་སོགས་པ་སྤྲུལ། ཕྱག་ན་རྡོ་རྗེའི་རིག་སྔགས་ལ་བརྟེན་ནས། བསྟན་པ་ལ་སྡང་བ་ལྔ་བརྒྱ་ཙམ་ཚར་བཅད། ལོ་མང་པོར་ཕ་རོལ་ཏུ་ཕྱིན་པའི་ཆོས་བསྟན་ནས། ཧེ་རུ་ཀའི་རིག་སྔགས་ཀྱི་མཐུ་ལས་ནམ་མཁའ་ལ་གྱ་གྱུར་གཤེགས་ཏེ།
ལྕང་ལོ་ཅན་དུ་ལུས་དེ་ཉིད་ཀྱིས་བཞུད་དོ། །དེས་གསང་སྔགས་བསྟན་པའི་སློབ་མ་ནི། སློབ་དཔོན་ཧ་ཡ་གྷོ་ཥ་གཅིག་པུ་ཡིན་ཏེ། འདི་ཡང་སློབ་དཔོན་སྔ་མ་དང་མཛད་པ་འདྲ་བ་ལས། འདི་ནི་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྲུབ་སྟེ། སྲིན་པོའི་འཇིག་རྟེན་དུ་ལུས་མ་སྤངས་པར་བཞུད་དོ། །སློབ་དཔོན་དེ་གཉིས་ནི་བྲམ་ཟེ་ས་ར་ཧ་དང་དུས་མཉམ་པ་ཙམ་ཡིན་ནོ། །སློབ་དཔོན་དེ་ལ་རྒྱུད་བཞི་པོ་དེ་རྣམས་འཕགས་པ་ཀླུ་སྒྲུབ་ཀྱིས་ཞུས་ཏེ། སློབ་དཔོན་འདིས་ནི་རིག་སྔགས་དེ་ཐམས་ཅད་གྲུབ་པ་ཡིན་ནོ། །དེས་ཨཱརྱ་དེ་ཝ་ལ་བཤད། དེས་སྒྲ་གཅན་འཛིན་བཟང་པོ་ཆུང་བ་ལ་གདམས་ཏེ། སློབ་དཔོན་འདི་ནི་དམངས་རིགས་ལས་རབ་ཏུ་བྱུང་བ། རིག་པའི་གནས་ལྔ་ལ་བྱང་ཞིང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་མཁྱེན་པ་ཞིག་ཡིན་ལ། འདིས་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་རྣམས་ལམ་གྱི་ལུས་གཅིག་ཏུ་འདྲིལ་ནས་བསྟན་པའི་བསྟན་བཅོས་ཨསྨ་གརྦྷ་ཞེས་བྱ་བ་བརྩམས་གསུངས། འདིས་རྩོད་པའི་སྒོ་ནས་མུ་སྟེགས་ཙཀྲ་ཝརྨ་ཞེས་བྱ་བ་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། ཉན་ཐོས་མང་པོ་རྩོད་པས་ཕམ་པར་བྱས་ཏེ་ཐེག་ཆེན་ལ་བཅུག །རང་ཉིད་ཀྱིས་སྒྲོལ་མའི་རིག་སྔགས་ལ་བརྟེན་ཏེ་གནོད་སྦྱིན་མོ་གྲུབ་ནས་ས་འོག་གི་གཏེར་ཕྱུང་ཞིང་། ནགས་ནང་སྟོང་པ་རྣམས་སུ་ཡང་དགེ་སློང་སྟོང་ཕྲག་རེའི་འཚོ་བ་སྦྱོར་ནུས་སྐད། མཐར་ཡུལ་དྷི་ང་ཀོ་ཊར་སྐུ་འདས་སོ། །དེ་ཡང་འགྲེལ་བ་ཚིག་གསལ་ལས། ཀླུ་སྒྲུབ་སྒྲ་གཅན་འཛིན་བཟང་པོའི་ཞལ་སྔ་ནས་དང་བཅས་འཕགས་པ་ལྷས་ཀྱང་རྗེས་སུ་བསྟན་པ་དང་ཞེས་གསུངས་པའི་སྒྲ་གཅན་འཛིན་བཟང་པོ་དེ་ཡང་འདི་ཁོ་ན་ཡིན་པས། བྲམ་ཟེ་ཆེན་པོར་འདོད་པ་ནི་མུན་སྤྲུལ་ལོ། །དེ་ཡན་ཆད་རྒྱུད་དེ་རྣམས་གླེགས་བམ་ཡང་གཅིག་པུ་ཁོ་ན་ཡིན་ལ། བརྒྱུད་པའང་གཉིས་སུ་གྱེས་པ་མེད་གསུངས་སོ། །དེས་སློབ་དཔོན་ཛྭ་ལ་ཤེཥྛ་ལ་གདམས། དེས་ཁ་ཆེ་དྷརྨ་བྷ་དྲ་པཱ་ལ་གདམས། དེས་ནཱ་ག་མི་ཏྲ་ལ་གདམས། དེ་རྣམས་ཀྱི་ལོ་རྒྱུས་མི་གསུང་། དེས་ཉི་མ་སྦས་པ་སོགས་ལ་གདམས། དེ་ལ་ཉི་མ་སྦས་པ་ནི། ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་སྐྱེ་བ་བདུན་དུ་སྒྲོལ་མའི་སྒྲུབ་པ་པོ་ཡིན་པར་གྲགས་ལ། སྐྱེ་བ་དེ་ཉིད་ལ་བློ་རྣོ་ཞིང་ཆུང་ངུ་ནས་རིག་པའི་གནས་མཐའ་དག་ལ་མཁས་པ་ཞིག་ཡོད་པ་ཡུལ་དབུས་སུ་སོང་སྟེ། རབ་ཏུ་བྱུང་བས་ཀླུ་སྒྲུབ་ཀྱི་རང་ལུགས་ལ་བརྟེན་ནས། ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་ལ་མཁས་པར་བྱས་སོ། །སློབ་དཔོན་ནཱ་ག་མི་ཏྲ་ལ་སྒྲོལ་མའི་དབང་བསྐུར་བ་ཞུས་ཏེ། སྤྱིར་སྒྲོལ་མའི་རྒྱུད་བརྒྱ་རྩ་བརྒྱད་མཁྱེན་པར་གྲགས། སློབ་དཔོན་འདིས་སྒྲོལ་མ་འབྱུང་བའི་རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་དང་། དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་གཞུང་བཅུ་གསུམ་ཙམ་མཛད་ཅེས་ཟེར་རོ། །སློབ་དཔོན་འདི་ནི་སློབ་དཔོན་བློ་བརྟན་གྱི་སློབ་མ་ཙནྡྲ་གོ་མི་དང་དུས་མཚུངས་པ་ཙམ་ཡིན་ནོ། །
དེས་ན་ད་ལྟར་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྟོད་པ་བྱིན་རླབས་ཅན་དུ་གྲགས་པ་འདི་ཡང་ཉི་མ་སྦས་པ་གཞན་ཞིག་གིས་ནི་ཡིན་དུ་རུང་མོད། སློབ་དཔོན་འདིས་མཛད་པ་མ་ཡིན་པར་ཤེས་པར་བྱའོ། །འདིའི་སློབ་མའི་གཙོ་བོ་ནི་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཡིན་ཏེ། གཞན་ཡང་སྒྲོལ་མའི་རིག་སྔགས་གྲུབ་པའི་སློབ་དཔོན་དཔག་ཏུ་མེད་པ་བྱུང་ངོ་། །ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་དྷ་ན་མི་ཏྲ་ལ་གདམས། དེས་ཏ་ཐཱ་ག་ཏ་མི་ཏྲ་ལ་གདམས། དེས་སིངྒྷ་ལ་གླིང་པ་དྷརྨ་མི་ཏྲ་ལ་གདམས། དེས་ཤཱི་ལ་རཀྵཾ་ཏ་ལ་གདམས་ཏེ། འདི་ནི་སྒེག་པའི་རྡོ་རྗེ་དང་དུས་མཚུངས་པ་སྟེ། དེ་ཡན་ཆད་དུ་བརྒྱུད་པ་མ་ཆད་པར་བྱུང་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱི་རབས་དང་། གཏམ་གྱི་ཚིགས་བཅད་ལས་འབྱུང་ཞེས་གསུངས་སོ། །དེ་དག་གི་སྐབས་སུ། སློབ་དཔོན་བརྒྱད་ལ་འཇིགས་པ་བརྒྱད་ལས་བསྐྱབས་པའི་ལོ་རྒྱུས་ནི། རྒྱ་གར་ལྷོ་ཕྱོགས་སུ་སློབ་དཔོན་དི་ཀ་ཝརྨ་ཞེས་བྱ་བ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ། གཤིན་རྗེ་གཤེད་དང་། སྒྲོལ་མ་འབྱུང་བའི་རྒྱུད་འདི་ཉིད་ལ་བརྟེན་པའི་རིག་སྔགས་གྲུབ་པ་ཞིག་སྟེ། དེས་ལྷོ་ཕྱོགས་བཻ་དརྦྷའི་ཡུལ་དུ་མུ་སྟེགས་ཀྱི་བྲམ་ཟེའི་སློབ་དཔོན་ག་པུ་རཱི་ལ་ཞེས་པ་དང་རྩོད་པ་བྱས་ཏེ་མུ་སྟེགས་ཕམ་པས་དེའི་སྤྱོད་ཡུལ་ཐམས་ཅད་སངས་རྒྱས་པས་བླངས་སོ། །
དེ་ནས་སློབ་དཔོན་དེ་གཙུག་ལག་ཁང་དུ་དགེ་སློང་རྣམས་དང་ལྷན་ཅིག་ཆོས་སྟོན་གསོལ་བའི་ཚེ། མུ་སྟེགས་རྣམས་ཀྱིས་གཙུག་ལག་ཁང་ལ་མེ་བཏང་བ་ན། སློབ་དཔོན་གྱིས་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་རྗེ་བཙུན་མ་ནམ་མཁའི་དབྱིངས་སུ་བྱོན་ཏེ། ནམ་མཁའ་ལས་ཆུ་བོའི་རྒྱུན་དངོས་སུ་བབས་ནས་མེ་ཞི་བར་གྱུར་ཏོ། །ཡང་སློབ་དཔོན་ཨ་མ་ར་སིང་ཧ་བྱ་བ། རྒྱལ་པོའི་ཡིག་མཁན་རབ་ཏུ་བྱུང་བ་ཐེག་པ་ཆེ་ཆུང་གི་མངོན་པ་སྨྲ་བ་ཞིག་སྒྲོལ་མ་འབྱུང་བའི་རྒྱུད་ལ་བརྟེན་ཏེ་འཕགས་མ་སྒྲོལ་མ་ལ་ཐུགས་དམ་དུ་མཛད་པ་ཞིག་ཡིན་ནོ། །
དེས་ནུབ་ཕྱོགས་མ་ལ་ཝའི་ཡུལ་དུ་གནས་གཞི་བྱས་ནས་བཞུགས་ཏེ། མངོན་པ་སློབ་པ་ལྔ་བརྒྱ་ཙམ་ལ་ཆོས་མངོན་པར་སྟོན་ཅིང་། ལོ་ཉི་ཤུ་རྩ་བཞིའི་བར་དུ་གནས་དེ་ཉིད་དུ་བཞུགས་སྐད། དེ་དག་ཐམས་ཅད་དུ་མངོན་པ་ལ་བློ་སྦྱོང་བ་ལྔ་བརྒྱ་ཙམ་གྱི་འཁོར་གྱིས་བསྐོར་ནས་ཡོད་པ་ལས། དུས་ལན་ཅིག་ཕྱོགས་དེ་ན་ནག་ཕྱོགས་ཀྱི་ཀླུའི་རྒྱལ་པོ་ལ་ལི་ཏ་ཞེས་བྱ་བ་ཡོད་དེ། དེས་གློ་བུར་དུ་ཆར་དྲག་པོ་མི་བཟད་པ་ཕབ་སྟེ། ཆར་ཆུ་ལས་ཆུ་བོའི་རྒྱུན་ཆུ་ཀླུང་ཡ་མུ་ན་ཙམ་བྱུང་སྟེ་སློབ་དཔོན་གྱི་གནས་གཞི་དང་། གྲོང་ཁྱེར་མང་པོ་ཁྱེར་ལ་ཁད་པ་ན། སློབ་དཔོན་གྱིས་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་བཏབ་པས་གནས་གཞི་གྲོང་ཁྱེར་ཨུ་ཏ་ཛ་ཡ་ན་དང་བཅས་པ་ལ་ཆུ་དེ་ཉིད་གཡས་བསྐོར་དུ་སྐོར་བ་མང་དུ་བྱས་ནས། མཐར་ཆུ་བོ་ཆེན་པོ་གཞན་ཞིག་ལ་བབས་པ་ན། ཀླུ་དེ་ཉིད་རང་གི་གནས་དང་། ཏུ་རུ་ཀའི་གྲོང་ཁྱེར་ཆུང་ངུ་ཞིག་ཁྱེར་རོ། །སློབ་དཔོན་དེ་ལ་སྒྲོལ་མས་མངོན་བརྗོད་ཀྱི་བསྟན་བཅོས་གྱིས་ཤིག་ཅེས་ལུང་བསྟན་པས་འཆི་མེད་མཛོད་བརྩམས། འདི་ད་ལྟའི་བར་དུ་ཡང་རྒྱ་གར་ན་ཕྱི་ནང་གཉིས་ཀ་ལ་ཤིན་ཏུ་དར་བར་ཡོད་དོ། །འདི་རྒྱལ་པོའི་ཡིག་མཁན་ཡིན་ཅེས་པའི་རྒྱལ་པོ་ནི་བི་པྲ་ཀརྨ་དེ་ཏ་ཡིན་པར་གྲགས། ཡང་སློབ་དཔོན་ལྷའི་སེང་གེ་ཞེས་བྱ་བ། རྟེན་དགེ་བསྙེན་དུ་བཞུགས་པ། ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། མངོན་པ་ལ་ཆེར་མཁས་པ། ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཧྲི་ཧེརྴ་དེ་བ་ཞེས་བྱ་བའི་བླ་མར་གྱུར་པ། ཆོས་སྨྲ་བ་ཞིག་ཡིན་ཏེ། དེ་ཁ་ཆེ། ལ་ཧོར། མ་རུ་རྣམས་སུ་རྒྱལ་པོ་དང་། ཁྱིམ་བདག་དང་བྲམ་ཟེ་སྣ་ཚོགས་པ་དད་པར་བྱས་ནས་སངས་རྒྱས་པའི་ལྷ་ཁང་ལྔ་བརྒྱ་ཙམ་བཞེངས་སོ། །
ཁ་ཆེ་དང་ཉེ་བའི་ཡུལ་ག་ཛ་ནི་ལ་སོགས་པར་ཆོས་མང་དུ་བཤད་པས། དུ་རུ་ཀ་སྟག་གཟིག་གི་ལུགས་ཕལ་ཆེར་ནུབ། སྟག་གཟིག་གི་རྒྱལ་པོ་ཞིག་གིས་སློབ་དཔོན་བཙོན་དུ་བཟུང་སྟེ། ཁྱོད་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་བཏང་སྟེ། ཀླ་ཀློའི་ལུགས་བྱེད་ན་ལེགས། མི་བྱེད་ན་གསོད་དོ་ཞེས་པ་ལས། སློབ་དཔོན་གྱིས་སྲོག་ལ་བབ་ཀྱང་དཀོན་མཆོག་ལས་གཞན་དུ་སྐྱབས་གནས་མེད་དོ་ཞེས་བརྗོད་པས། ལྕགས་སྒྲོག་བཅུག་སྟེ་བཙོན་དོང་མི་བཟད་པར་བོར་བས། སློབ་དཔོན་གྱིས་རང་གི་ཐུགས་དམ་གྱི་ལྷ་སྒྲོལ་མ་ལ་གསོལ་བ་བཏབ་པས་ལྕགས་སྒྲོག་དེ་མེ་ཏོག་གི་ལུ་གུ་རྒྱུད་དུ་སོང་། ལྷ་མོ་རྣམས་ཀྱིས་བཙོན་ཁང་དུ་མེ་ཏོག་དང་། ཙནྡན་གྱི་ཕྱེ་མའི་ཆར་ཆེན་པོ་ཕབ། རོལ་མོའི་སྒྲ་ཆེན་པོ་བསྒྲགས་པས། ཏུ་རུ་ཀའི་རྒྱལ་པོས་ལྟ་རུ་འོངས་པ་ན་ལྕགས་སྒྲོག་མེད་པར་མཐོང་སྟེ། ཡང་ལྕགས་སྒྲོག་གཞན་ཞིག་བཅུག་པས་དེ་ཡང་མེ་ཏོག་གི་ཕྲེང་བར་གྱུར། དེ་ལྟར་ལྕགས་སྒྲོག་བདུན་མེ་ཏོག་གི་ཕྲེང་བར་སོང་བས་རྒྱལ་པོ་ཡ་མཚན་སྐྱེས་ཏེ་མཆོད་གནས་སུ་བཟུང་ངོ་། །འོན་ཀྱང་དེར་དམ་པའི་ཆོས་དར་བར་མ་ནུས་པས་ཐུགས་འབྱུང་ནས་ཁ་ཆེར་བྱོན་ནོ། །ཡང་སངྒྷ་མི་ཏྲ་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་ཞིག་ལ་མནལ་ལམ་དུ། ཐུབ་པ་ཆེན་པོ་འཁོར་བཅས་ཀྱི་དྲུང་ན་ལྷ་མོ་སྔོན་མོ་ཞིག་འདུག་སྟེ། དེ་ན་རེ་ཁྱོད་ཐེག་པ་ཆེན་པོ་ལ་ལེགས་པར་སློབས་ཤིག་གསུངས། དེ་ནས་ཁ་ཆེར་བྱོན་ཏེ། ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལུགས་མང་དུ་ཉན། རྗེ་བཙུན་མ་སྒྲོལ་མ་ལ་ཡི་དམ་དུ་མཛད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་ཡུལ་མ་རྙེད་ནས་ཡུལ་དབུས་ན་སློབ་དཔོན་གྲོལ་སྡེ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ཡོད་ཅེས་ཐོས་ཏེ། ཡུལ་དབུས་སུ་ཆས་པ་ལས་ལམ་དུ་ཆོམ་རྐུན་གྱིས་བཟུང་སྟེ། ལྷ་མོ་དུརྒ་ལ་མི་བསད་པའི་ཁྲག་དྲོོན་མོས་མཆོད་དགོས་པས། དེའི་ཕྱིར་བཟུང་ངོ་ཞེས་ཟེར་རོ། །
དེར་ལྷ་མོ་དུརྒའི་གནས་དུར་ཁྲོད་ལྟ་བུ་དེར་སླེབ་པ་ན་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་བཏབ་པས་ལྷ་མོའི་རྟེན་དེ་དུམ་བུ་མང་པོ་རང་གས་སོ། །དེར་ཆོམ་རྐུན་རྣམས་ཀྱང་སྐྲག་ཅིང་བྲོས། སློབ་དཔོན་ཐར་རོ། །ཡང་སློབ་དཔོན་སུ་བྷ་ཥ་ཀིརྟི་ཞེས་བྱ་བ་འདུལ་བ་འཛིན་པ་ཆེན་པོ། ནང་དུ་སྒྲོལ་མ་འབྱུང་བའི་རྒྱུད་ལ་བརྟེན་ཏེ་ཐུགས་དམ་དུ་མཛད་པ་ཞིག་ཡིན་པ། ལན་ཅིག་ཡུལ་དབུས་ནས་ནུབ་ཕྱོགས་ཀྱི་རྒྱུད་ལྟར་སོང་བ་ལས། མཐར་རི་བོར་ཞིག་ཏུ་གཙུག་ལག་ཁང་བྱས་ཏེ། ཆོས་བསྟན་པས་དགེ་སློང་གི་སྡེ་ཡང་མང་དུ་ཚུགས་ཏེ། དེ་ན་གར་ལོག་གི་དཔོན་མང་དུ་ཡོད་པས་མགོ་བྲེག་གོས་དམར་ཅན་དེ་རྣམས་ཀྱིས་བདག་ཅག་ལ་གནོད་པར་འོང་གི །འདི་ཐམས་ཅད་བརླག་པར་བྱའོ་ཞེས་གླང་པོ་ཆེ་སུམ་བརྒྱ་ཙམ་གྱིས་དམག་འོངས་སོ། །དེར་སྒྲོལ་མ་ལ་གསོལ་བ་བཏབ་པས། དམག་འོང་བའི་ཕྱོགས་སུ་ཆུ་གཏོར་ཅིག་གསུངས། དེ་ལྟར་བྱས་པས་གླང་པོ་ཆེ་ཐམས་ཅད་ཤིན་ཏུ་འཇིགས་ཤིང་སྐྲག་པས་སུས་ཀྱང་ཁ་ལོ་མ་ནུས་པར་རང་གནས་སུ་ཁྱེར་རོ། །
ཡང་སློབ་དཔོན་བུདྡྷ་དཱ་ས་ཞེས་བྱ་བ་དྷ་ན་པུ་རིའི་མཁན་པོ་མཛད་པ་ཞིག་ཡོད་པ་རྒྱུ་འགྲུལ་ཞིག་ལ་བྱོན་པས་གྲོང་སྟོང་ཞིག་ན་སྟག་གི་ཚང་མང་དུ་ཡོད་དེ། སློབ་དཔོན་གྱིས་གཏམ་དྲིས་པ་ན། སྟག་རྣམས་ཀྱིས་ཉིན་རེ་བཞིན་གྲོང་ཁྱེར་གྱི་མི་མང་པོ་ཡང་ཟ་བར་བྱེད་ན། སྲོག་ཆགས་ཕྲ་མོ་གཞན་ལྟ་ཅི་སྨོས་ཞེས་ཐོས་པས་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ལམ་དུ་སོང་བ་ལས་སྟག་རྣམས་ཐམས་ཅད་སློབ་དཔོན་གྱི་ཐོག་ཏུ་བྱུང་བ། སྒྲོལ་མ་ལ་གསོལ་བ་བཏབ་ནས་སྔགས་བཟླས་པའི་ཆུ་གཏོར་བས་སྟག་དེ་རྣམས་ཞི་བའི་སེམས་དང་ལྡན་པར་གྱུར་ཏེ། ཕྱིན་ཆད་སྲོག་ཆགས་ལ་གནོད་པ་མི་བྱེད་པར་ཁ་ཟས་བཅད་དེ་དུས་ལས་འདས་པས་ལྷར་སྐྱེས་པའི་རྟགས་སུ་མེ་ཏོག་གི་ཆར་ཆེན་པོ་བབས་སོ། །ཡང་སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཞེས་བྱ་བ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མར་གྱུར་པ་ཞིག་ཡིན་ཏེ། དེས་ཤར་ཕྱོགས་ཨོ་ཌི་བི་ཤའི་ཡུལ་དུ་ཆོས་སྟོན་ཅིང་བཞུགས་པའི་ཚེ་ལན་ཅིག་རྒྱ་མཚོ་ཆེན་པོ་ནས་དུག་སྦྲུལ་སྦྲམ་ཆེན་ཞིག་བྱུང་ནས་མི་དང་གླང་པོ་ཆེ་མང་དུ་ཟོས། ཨུཏ་ཀ་ལའི་གྲོང་ཁྱེར་དང་ཉེ་བར་བྱུང་བ་ན་སྐྱེ་བོ་གྲངས་མེད་པ་ལ་གནོད་པ་འབྱུང་བར་གཟིགས་ཏེ་སྒྲོལ་མ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་། སྒྲོལ་མའི་སྔགས་བཟླས་པའི་ཡུངས་ཀར་གཏོར་ཏེ། ས་འདི་གདེངས་ཅན་དབང་ལགས་ཀྱང་། །གང་ལ་ཕན་པའི་ཐུགས་མངའ་བ། །དེ་ཡི་ཚིག་འདི་ཁྱོད་ལོངས་ལ། །ས་འོག་ཉམས་དགར་སོང་ཞིག་ཀྱེ། །ཞེས་བརྗོད་པའི་མོད་ལ་སྦྲུལ་དེ་ཉིད་ཕྱིར་ལྡོག་སྟེ། གང་གཱའི་ལམ་ལ་ཞུགས་ནས་རྒྱ་མཚོར་སོང་ངོ་། །ཡང་སློབ་དཔོན་ཡེ་ཤེས་ལྷ་ཞེས་བྱ་བ་ཞི་བ་ལྷའི་སློབ་མ་ཞིག་སྟེ། རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལའི་ཡུལ་དུ་ཉན་བཤད་ཀྱི་བྱ་བ་ཡུན་རིང་དུ་མཛད་དེ། མཐར་ང་ནི་རི་ཁ་བ་ཅན་དུ་བསྒོམ་པར་བྱའོ་ཞེས་བྱང་ཕྱོགས་སུ་བྱོན་ནས། ཏི་རཱ་ཧུ་ཏིའི་ཡུལ་དུ་འགྲོ་བའི་དོན་ཅི་རིགས་པ་མཛད། དེའི་ཚེ་ཡུལ་དེའི་ཕྱོགས་ཞིག་ན། ཐ་རུའི་རིགས་ཀྱི་གྲོང་ཁྱེར་ཆུང་ངུ་ཞིག་ཚངས་པའི་སྲིན་པོའི་གདོན་བྱུང་སྟེ་ཡུལ་གྱི་གྲོང་དཔོན་ནས། ཞིང་ལས་ཀྱི་བླ་མའི་བར་ཐམས་ཅད་དུས་གཅིག་ཏུ་ཤིའོ། །དེའི་ཉིན་མོ་སློབ་དཔོན་དེར་བྱོན་པས་རོ་ལངས་མི་བཟད་པ་ཞིག་རྒྱུག་ཅིང་བྱུང་བས་སྒྲོལ་མའི་སྔགས་བཟླས་པའི་ཕུར་བུ་འཕངས་པས་རོ་ལངས་ཀྱི་སྤྱི་བོར་ཐིམ་གྱིས་སོང་ཞིང་འགྱེལ། གྲོང་ཁྱེར་གྱི་ནང་དུ་བྱོན་ཏེ། སྒྲོལ་མ་ལ་གསོལ་བ་བཏབ་པས་འཆི་བ་གསོ་བར་ནུས་པའི་བདུད་རྩིའི་ཆར་ཆེན་པོ་བབས་ཏེ་གྲོང་ཁྱེར་གྱི་མི་ཤི་བ་ཕལ་ཆེ་བ་གསོས་སོ། །
ཡང་གྲུབ་པ་བརྒྱད་མ་བསྒྲུབས་པར་ཡང་འགྲུབ་པའི་གཏམ་རྒྱུད་ནི། སྒྲོལ་མ་ལ་ཡི་དམ་དུ་བྱེད་པའི་དགེ་སློང་ཞིག་གིས་གཙུག་ལག་ཁང་བཞེངས་བའི་དོན་དུ་སློང་མོ་ལ་ཕྱིན་ནོ། །བྲམ་ཟེ་ཞིག་གིས། གུ་ཧང་བྲེ་གང་བྱིན་པ་བླངས་ནས་སྒྲོལ་མའི་ལྷ་ཁང་ཞིག་ཏུ་དེ་རིལ་བུར་བྱས་སོ། །དེའི་ལྷག་མ་ཞིག་ཉི་མ་ལ་བཞག་པས་རླུང་གིས་གསེར་ཅིག་དང་། སྦྲང་མ་ལ་སོགས་པ་རིལ་བུའི་རྫས་རྣམས་ཀྱི་རྡུལ་ཁྱེར་ཏེ་དེ་ལ་བཏབ་བོ། །དེ་ལ་ཡང་རིལ་བུ་ཞིག་བྱས་ནས། སྔགས་ཐུན་བཟླ་ཡིན་ཡོད་པའི་ཚེ། རིལ་བུའི་དབུས་ནས་མེ་འབར་རོ། །དེ་ལུས་ལ་བཅངས་ནས་ཡོད་པ་ལས། ལན་ཅིག་སུམ་ཅུ་རྩ་གསུམ་ལྷའི་གྲོང་ཁྱེར་ཡིད་ལ་བསམ་པ་ན་སུམ་ཅུ་རྩ་གསུམ་དུ་ཕྱིན་ཏེ་མིའི་ལོ་བཅུ་གཉིས་ཀྱི་བར་དུ་དེར་འདུག་གོ །
ཡང་སྒྲོལ་མ་ལ་ཡི་དམ་དུ་བྱེད་པའི་ཞིང་པ་ཞིག་གིས་ཕུ་ཕུ་ཞེས་ས་བརྐོས་པས་ས་འོག་གི་སྒོ་ཕྱེ་སྟེ། ཀླུའི་གནས་སུ་སླེབ་ནས་བདུད་རྩི་བཏུང་པས་ལུས་འཇའ་ལུས་སུ་གྱུར་སྐད། རྣལ་འབྱོར་མ་ཞིག་གིས་དུར་ཁྲོད་དུ་ཉི་ཤུ་དགུའི་ནུབ་མོ་མི་རོ་མང་པོ་བསྲེག་ཅིང་སྒྲོལ་མའི་སྔགས་བཟླས་པས་མེ་དྲེག་ཆགས་པའི་དབུས་ནས་འོད་འཕྲོ་ཞིང་འདུག་གོ །དེ་མིག་ལ་བྱུགས་པས་གྲོགས་པོ་རྣམས་ཀྱི་དབུས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ཡང་སྒྲོལ་མ་ལ་ཡི་དམ་དུ་བྱེད་པའི་དགེ་བསྙེན་ཞིག་གྲོགས་དང་བཅས་ཏེ་དུར་ཁྲོད་དུ་སོང་བས། རོ་ལངས་འཇིགས་སུ་རུང་བ་ཁ་ནས་མེ་འབར་བ་ཞིག་བྱུང་ནས། གྲོགས་རྣམས་འཇིགས་ཤིང་བྲོས་པ་ལ་དགེ་བསྙེན་དེས་སྒྲོལ་མ་དྲན་པར་བྱས་ཤིང་དེའི་གཉའ་བར་ཞོན་པས་དེ་ཉིད་ལག་གསུམ་རྐང་གསུམ་མགོ་གསུམ་པར་གྱུར་ཏེ། རྐང་པ་དང་ལག་པ་གཅིག་གིས་རྒྱ་མཚོར་ཉུལ། གཅིག་ནི་རི་དང་སའི་ཁོངས་སུ་ཉུལ། གཅིག་ནི་ནམ་མཁའི་ཁོངས་སུ་ཉུལ་བའི་ཆོ་འཕྲུལ་བསྟན་ཏེ། གདོང་གསུམ་པོ་རེ་རེ་དཔའ་བོ་ཆེན་པོ་བདག་གིས་ཅི་བགྱིད། ནམ་མཁའི་ལམ་ནས་ལྷའི་གནས་སུ་འགྲོ་བར་བགྱིའོ། །ས་འོག་གི་ལམ་ནས་ལྷ་མིན་གྱི་གནས་སུ་འགྲོ་བར་བགྱིའོ། །རྒྱ་མཚོའི་ལམ་ནས་ཀླུའི་གནས་སུ་འགྲོ་བར་བགྱིའོ། །ཞེས་ཟེར་བ་ལ། དེ་དག་ལས་གང་འདོད་པ་ཞིག་སྨྲས་ན་འགྲུབ་པར་འགྱུར་བ་ལས། སྒྲུབ་པ་པོ་བློ་རྟུལ་ཏེ། དེ་དག་མི་འཚལ་གྱིས་བདག་ལ་རིན་པོ་ཆེའི་གཏེར་བྱིན་ཅིག་བྱས་པས། དེ་ན་རེ། འོ་ན་རི་བོ་སྔོན་པོར་གཤེགས་འཚལ་ཟེར་ནས་སྐད་ཅིག་གིས་དེར་སླེབ་སྟེ། རིན་པོ་ཆེའི་གཏེར་ཆེན་པོ་བསྟན་ནོ། །དེ་ཇི་སྲིད་འཚོའི་བར་དུ་རྒྱལ་པོ་ཆེན་པོ་ལས་ཀྱང་ལོངས་སྤྱོད་ཆེ་བར་གྱུར་སྐད། ཡང་སྒྲོལ་མ་སྒྲུབ་པ་པོ་ཞིག །ཤིང་བིམ་པ་ལའི་རྩ་བ་ཞིག་ཏུ་སྔགས་བཟླ་ཞིང་འདུག་པ། ལན་ཅིག་ཐོ་རངས་ཀྱི་དུས་ན་རང་གི་མདུན་དུ་སྔོན་མེད་པའི་ལམ་སྲང་ཞིག་མཐོང་ངོ་། །དེར་ཞུགས་ཏེ་ཕྱིན་པ་ལས། ནམ་ཞིག་ན་ནགས་ཚལ་ཡིད་དུ་འོང་བའི་དབུས་སུ། གསེར་གྱི་ཁང་པ་ཞིག་མཐོང་། དེར་ཞུགས་པས་གནོད་སྦྱིན་ན་ཌ་ཀུ་བ་རའི་གཡོག་མོ་གནོད་སྦྱིན་མོ་ནག་མོ་ཞེས་བྱ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལུས་ཁ་དོག་མ་ངེས་པ་ཞིག་འདུག་སྟེ། དེ་ན་རེ། སྒྲུབ་པ་པོ་ཚུར་བྱོན་བཅུད་ལེན་འདི་གསོལ་ཅིག་ཅེས་བུམ་པ་བཅུད་ཀྱིས་གང་བ་ཞིག་བྱིན་ནོ། །ཟླ་བ་གཅིག་ཏུ་དེ་བཏུང་པས་སྐྱེ་འཆི་མེད་པའི་ལུས་སུ་གྱུར་ཏོ། །
ཡང་དགེ་བསྙེན་དད་པ་ཅན་སྒྲོལ་མ་ལ་ཡི་དམ་དུ་བྱེད་པ་ཞིག་ལམ་དུ་ཕྱིན་པས་ཁབ་ལེན་གྱི་རལ་གྲི་ཞིག་རྙེད་དེ། སྒྲོལ་མའི་སྔགས་བཟླ་བཞིན་དུ་ཕྱིན་པས་རལ་གྲི་ལས་དུ་བ་འཐུལ་ལོ། །ཡང་བཟླས་པས་མེ་འབར་རོ། །དེ་ནས་དེ་ཡིད་ལ་ཇི་ལྟར་འདོད་པའི་གནས་སུ་འགྲོ་ནུས་པར་གྱུར་ཏེ། ཉིན་རེ་བཞིན་དུ་ལྷ་ཀླུ་མི་མ་ཡིན་ཐ་དད་པའི་གནས་སུ་སོང་སྟེ། དེ་དག་གི་ལོངས་སྤྱོད་ཀྱི་ཁྱད་པར་སྣ་རེ་བླངས་ནས་དགེ་འདུན་ལ་འབུལ་བ་ཞིག་ཡོད་ལ། ལོ་མང་པོ་ཞིག་ན་དེ་ཉིད་ཀྱང་རིག་པ་འཛིན་པའི་གནས་སུ་སོང་ངོ་། །
ཡང་དགེ་སློང་ཞིག་གིས་སྒྲོལ་མའི་ལྷ་ཁང་ཞིག་ལ་ལོ་གསུམ་སྐོར་བ་བྱས་པས་ཕྱག་གི་མཆོག་སྦྱིན་ལས་བཅུད་ལེན་འོ་མའི་རྒྱུན་ལྟ་བུ་བབས་སོ། །དེ་བཏུང་པས་རྒས་པ་མེད་པར་གྱུར་ཏེ། ལོ་སུམ་བརྒྱའི་བར་དུ་འཚོ་ཞིང་ལོ་བཅུ་དྲུག་ཙམ་གྱི་ན་ཚོད་ལ་གནས་སྐད། ཡང་དགེ་བསྙེན་ཞིག་གིས་སྒྲོལ་མའི་ལྷ་ཁང་ཞིག་ཏུ་གསོལ་བ་འདེབས་ཀྱིན་བསྡད་པས། ནངས་གཅིག་སྒྲོལ་མའི་སྐུ་བརྙན་གྱི་ཞབས་ལ་ཕྱག་བཙལ་བས་ཞབས་འོག་ནས་རྡོའི་བུམ་པ་ཞིག་བྱུང་ངོ་། །བུམ་པ་དེའི་ནང་ནས་ཇི་ལྟར་འདོད་པའི་ལོངས་སྤྱོད་ཟད་མེད་དུ་བྱུང་ནས། དགེ་སློང་ལྔ་བརྒྱ་རེའི་འཚོ་བ་ལོ་སུམ་ཅུའི་བར་དུ་བྱས་སོ། །འཕགས་པ་ཀླུ་སྒྲུབ་སྐུ་འདས་ནས། རྒྱལ་བོ་དྷརྨ་པཱ་ལ་བྱུང་གི་བར་དུ་ཡང་སྒྲོལ་མ་ལ་བརྟེན་ཏེ་དངོས་གྲུབ་ཐོབ་པ་ལྔ་སྟོང་ཙམ་བྱུང་སྟེ། འདི་སྐབས་ཀྱི་མི་རྣམས་སྒྲོལ་མ་འབྱུང་བའི་རྒྱུད་ལ་བརྟེན་ཏེ། གྲུབ་པ་ཐོབ་པ་ཁོ་ན་མང་གསུངས་སོ། །དེ་དག་སྒྲོལ་མའི་རྒྱུད་འདི་སྔོན་ཇི་ལྟར་དར་བའི་ཚུལ་ལོ། །བར་སྐབས་སུ་ཅུང་ཟད་ནུབ་པའི་ཚུལ་ནི། རྒྱལ་པོ་དྷརྨ་པཱ་ལའི་སྐུ་ཚེའི་སྨད། དགེ་སློང་སྡེ་སྣོད་འཛིན་པ་འགའ་ཞིག་གིས་བསྐུལ་ནས་ཡིན་ཡང་ཟེར། རྒྱལ་སར་འཁོད་མ་ཐག་པའི་སྐབས་ཡིན་ཡང་ཟེར་ཏེ། སངས་རྒྱས་ཡེ་ཤེས་སྐུ་འདས་ནས་ཡིན་པར་གསལ་བས་སྔ་མ་དག་གོ །གང་ལྟར་ཡང་ཉི་འོག་གི་རྒྱལ་ཁམས་ན་གསང་སྔགས་ཀྱི་གླེགས་བམ་དང་། ཉན་བཤད་ཡོད་པའི་ས་ཐམས་ཅད་དུ་བྱོན་ཏེ། ཤིན་ཏུ་ཞིབ་མོར་དཔྱད་ནས་རྒྱུད་ནས་མན་ངག་སོ་སོའི་བཞུགས་ཚུལ་ཐམས་ཅད་མཁྱེན་པ་ན། དུས་ཀྱི་ཁྱད་པར་གྱིས་སྔོན་བཞིན་དུ་གསང་སྔགས་གསང་སྟེ་སྤྱོད་པ་མི་འབྱུང་ཞིང་། རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ཉན་བཤད་སྒོམ་གསུམ་འཇིག་རྟེན་གྱི་མངོན་དུ་ཤིན་ཏུ་དར་བར་གྱུར་པས། འདུས་པ་ལ་སོགས་པ་རྡོ་རྗེའི་ཚིག་གིས་རྒྱས་བཏབ་པ་འདི་རྣམས་རྒྱ་ཆེར་ཤོད་ལ། ཤིན་ཏུ་གསང་བ་འགལ་བའི་ཚིག་ཡོད་པ་འདི་རྣམས་ཕྱིིན་ཆད་མ་ཤོད་ཅིག་ཅེས་དྲིལ་བསྒྲགས་ཏེ། དཔལ་ཧེ་རུ་ཀའི་རྒྱུད་འགའ་ཞིག་དང་། ནག་པོ་ཆེན་པོ་དང་། སྒྲོལ་མ་འབྱུང་བ་དང་། གཏུམ་པོ་ཁྲོ་བོ་དང་། གདན་བཞི་ལས་ཀྱི་ཕྲེང་བ་ལ་སོགས་པ་རྒྱུད་སྡེ་ཆེན་པོ་འགའ་ཤས་དང་། གྲུབ་ཐོབ་རྣམས་ཀྱིས་སྤྱན་དྲངས་པའི་རྒྱུད་ཀྱི་དུམ་བུ་ཆུང་ངུ་ལྔ་བརྒྱ་ཙམ་མམ་ཡང་ཟེར། སྟོང་ཙམ་མམ་ཡང་ཟེར་ཏེ། ཤིན་ཏུ་མང་པོ་ཡོད་པ་དེ་ཐམས་ཅད་ཀྱི་དཔེ་བརྩམས་བསྡུས་ནས་གསེར་གྱི་སྒྲོམ་ཆེན་པོ་བརྒྱད་དུ་བཅུག །དེ་རྣམས་དངུལ་གྱི་སྣོད་དུ་བཅུག་པ་སོགས་རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བཅུག་སྟེ། དུར་ཁྲོད་བསིལ་བ་ཚལ་དུ་སྦས་སོ། །
དེའི་ཚེ་རེ་ཞིག་རྒྱུད་འདིའི་ཉན་བཤད་ཀྱང་རྒྱུན་ཆད་སྐད། ཕྱིས་དར་བའི་ཚུལ་ནི་སློབ་དཔོན་ཏིལླི་པ་གྲུབ་པ་མ་བརྙེས་པའི་སྔོན་རོལ་ཞིག་ན། ཤར་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ཏུ་བཞུགས་པའི་ཚེ། ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་ཡོད་པའི་ཁྲིའི་འོག་ནས་ཡང་དང་ཡང་དུ་འོད་འབྱུང་ཞིང་། དུས་དུས་སུ་རོལ་མོའི་སྒྲ་འབྱུང་བ་གསན་ནོ། །དེས་ས་དྲུས་ཏེ་གཟིགས་པས་སྒྲོལ་མའི་རྒྱུད་འདི་བྱུང་ནས། དུས་དེའི་ཚེ་ཞུ་བའི་ཡུལ་མ་རྙེད་དོ། །ཕྱིས་དངོས་གྲུབ་བརྙེས་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གཤེགས་པ་ན། བུད་མེད་སྔོ་བསངས་མཁའ་འགྲོའི་རྟགས་དང་ལྡན་པ་ཞིག་འདུག་པ་ལ། རྒྱུད་ནས་བཤད་པའི་བརྡ་བསྟན་ཏེ་དེས་ཀྱང་བརྡའི་ལན་བྱས་སོ། །དེར་གསོལ་བ་བཏབ་པས། དེ་ཉིད་ལྷ་མོ་སྒྲོལ་མར་གྱུར་ཏེ་རྒྱུད་བྱིན་གྱིས་བརླབས་ཤིང་དབང་བསྐུར་རོ། །དེས་ནི་སློབ་དཔོན་ནཱ་རོ་པ་ལ་བཤད། དེས་ཌོམྦྷིི་པ་དང་། ཀན་ཀ་ཤྲཱི་དང་། ཀནྡྷ་པ་དང་། ཐཀྐི་ནགྣ་པ་རྣམས་ལ་བཤད། ཌོམྦྷི་པ་ལ་ཀུ་ས་ལ་ཆུང་བས་ཞུས། དེ་ལ་ཨ་སི་ཏ་གྷ་ནས་ཞུས། དེ་ལ་ཛྙཱ་ན་མི་ཏྲས་གསན། དེ་ལ་གྲུབ་ཆེན་ཞི་བ་སྦས་པས་གསན། དེ་ལ་བདག་གི་བླ་མ་གསུམ་གྱིས་གསན་ནོ། །ཡང་ཏིལླི་པ་ལ། ལཱི་ལ་བཛྲས་ཞུས། དེ་ལ་ར་ཧུ་ལ་གུཔྟས་ཞུས། དེ་ལ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་ཞུས། དེ་ལ་མ་མ་སིདྷས་ཞུས། དེ་ལ་ཏཱ་ར་ཤྲཱི་མི་ཏྲས་ཞུས། དེ་ནས་རིམ་པས་སངྒྷ་ཤྲཱི། རཏྣ་དྷཱ་ཛ། ན་ཡ་ཀ་ཤྲཱི། དྷརྨ་ཤྲཱི། ཤཱཀྱ་རཀྵ་ཏ། པུ་ཛཱ་ཏ། བུདྡྷ་ཤྲཱི་བྷ་དྲ། ཛྙཱ་ན་རཏྣ། ཛྙཱ་ན་སྱ་ན། རཱ་ཏེ་གུཔྟ། དེས་སློབ་དཔོན་ཆེན་པོ་ཞི་བ་སྦས་པ་ལའོ། །ཡང་ཀནྡྷ་བ། པྲྀ་ཀ་པ། དྷུ་པི་རཱ་ཛ། ཧ་ར་བྷཉྫ་པ། ཨ་སི་ཏ་གྷ་ན་རྣམས་ལས་རྒྱུད་ཀྱང་ཆོག །ཡང་ཀ་ན་ཀ་ཤྲཱི། ལོ་ཀ་པྲ་དྷ། ཆོས་འབྱུང་ཞི་བ་སོགས་ནས་རྒྱུད་པའང་ཡོད་གསུངས། ཐཀྐི་ནགྣ་པས་སློབ་དཔོན་མ་བྷི་ར་པཱ་ལ་བཤད། དེ་ལྟར་ན་བར་སྐབས་བརྒྱུད་པ་ཐ་དད་པ་མང་པོ་དར་ལ། ཕྱིས་ནི་གྲུབ་ཆེན་ཞི་བ་ཁོ་ན་ལ་བཞུགས་པས་ད་ལྟ་དེ་ལས་རྒྱ་ཆེར་འཕེལ་བའོ། །
དེ་དག་གི་ནང་ནས་ལོ་རྒྱུས་གཞན་དུ་བཀོད་ཟིན་པ་རྣམས་དེ་དང་དེ་དག་ཏུ་ཤེས་པར་བྱ་ལ། དེར་མ་འཁོད་པ་དག་བཤད་ན། ག་ན་ཀ་ཤྲཱི་འདི་ནི་བལ་བོ་ཀ་ཤྲཱི་མི་ན་མ་ག་དྷ་ཉིད་དུ་སྐུ་འཁྲུངས་ཤིང་། ཀུ་རུ་ཀུ་ལེའི་སྡེ་པ་ལས་རབ་ཏུ་བྱུང་བ། རྣམ་གནོན་ཚུལ་གྱི་དགོན་པར་མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པར་སྦྱངས་ཏེ། བྷཾ་ག་ལར་པཎྜི་ཏ་དྷརྨ་མི་ཏྲ་ཞེས་བྱ་བ་ཞིག་ལ་གསང་བ་འདུས་པའི་དབང་ནོས་ཏེ་ལོ་བདུན་དུ་སྒོམ་བཟླས་བྱས་ཀྱང་མཚན་མ་བཟང་པོ་ཙམ་ཡང་མ་བྱུང་སྟེ། སྒོམ་འཕྲོ་བཅད་ནས་ཅི་བདེར་བཞུགས་པས། ནུབ་ཅིག་རྨི་ལམ་དུ་བུད་མེད་ཅིག་གིས་དཔལ་ནཱ་རོ་པའི་དྲུང་དུ་སོང་ཞེས་ལུང་བསྟན། དེ་ནས་ནཱ་རོ་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་ཞུས་པ་ཙམ་གྱིས་ཏིང་ངེ་འཛིན་བཟང་པོར་རང་ཤུགས་སུ་སྐྱེས། ཟླ་བ་དྲུག་ཏུ་བསྒོམ་པའི་འཁོར་ལོ་སྡོམ་པའི་ཞལ་གཟིགས། སླར་ཡང་ནཱ་རོ་པ་ཆེན་པོ་ལོ་བདུན་གྱི་བར་དུ་བསྟེན་ཏེ། རྒྱུད་སྡེ་དཔག་ཏུ་མེད་པ་གསན། ཁྱད་པར་འཁོར་ལོ་བདེ་མཆོག་དང་། གདན་བཞི་དང་། སྒྲོལ་མ་འབྱུང་བའི་རྒྱུད་རྣམས་ལ་མཁས་པར་གྲགས།
མ་ག་དྷར་རྒྱལ་པོ་ནི་ཡ་པཱ་ལའི་སྐབས་དབང་ཕྱུག་གི་རྗེས་སུ་འབྲང་བ་ཁ་ས་མ་དེ་བ་ཞེས་པ་དང་ནུས་པ་འགྲན་པས་མུ་སྟེགས་ཀྱིས་འདོམ་གང་ཙམ་གྱི་ནམ་མཁའ་ལ་དཀྱིལ་འཁོར་བྲིས་ཤིང་བུམ་པ་བཞག་པ་ལ། སློབ་དཔོན་གྱིས་ཡུངས་ཀར་གཏོར་བས་དཀྱིལ་འཁོར་ཞིག་ཅིང་བུམ་པ་ལྷུང་། སློབ་དཔོན་གྱིས་སྒྲོལ་མའི་སྐུ་ཞིག་ཏ་ལ་གཅིག་ཙམ་གྱི་ནམ་མཁའ་ལ་བཞག་པ། སློབ་དཔོན་ཉིད་ཀྱིས་མ་བསྡུས་བར་དུ་མུ་སྟེགས་རྣམས་ཀྱི་སྔགས་དང་མེ་མདའ་ལ་སོགས་པ་ཐབས་གང་གིས་ཀྱང་ལྷུང་བར་མ་ནུས་པས་སློབ་དཔོན་རྒྱལ། རྒྱལ་པོས་བི་ཀྲ་མ་ལ་ཤཱི་ལར་མ་རྒྱུད་འཆད་པ་པོའི་སློབ་དཔོན་དུ་སྤྱན་དྲངས་སོ། །འདིས་སྒྲོལ་མའི་ཞལ་གཟིགས་ཤིང་། སྒྲོལ་མའི་རིག་སྔགས་ལ་བརྟེན་ནས་ཕན་ཚུན་དབང་དུ་བསྡུ་བའི་ལས་སྦྱོར་མཛད་དེ། འཁྲུག་པ་ཆེན་པོ་ལན་བརྒྱད་བསྡུམས་སྐད།
ཀནྡྷ་པ་ནི་སངས་རྒྱས་པའི་རྣལ་འབྱོར་པ་བློ་ཤིན་ཏུ་རྟུལ་བ་ལྟར་སྣང་བ་ཞིག་དང་པོ་ནཱ་རོ་པ་ལ་སྒྲོལ་མ་འབྱུང་བའི་དབང་དང་བྱིན་རླབས་རྣམས་ཞུས། རྒྱུད་འདི་ལས་འབྱུང་བའི་ཧེ་རུ་ཀ་ལྷ་དགུ་བསྒོམ་ཞིང་ལོ་བཅུ་གཉིས་བསྒྲུབས་པས་ཧེ་རུ་ཀ་དང་སྒྲོལ་མ་ཞལ་མཐོང་། དངོས་གྲུབ་ཐོབ་སྟེ། དཔག་ཚད་བརྒྱའི་ལམ་ཡང་ཡུད་ཙམ་གྱིས་ཆོད་པར་བྱེད། དེ་སྐབས་གྲོང་ཁྱེར་ཌི་ལིར་སོག་པོའི་རྒྱལ་པོ་ཞིག་ཡོད་པ་དེས་ཕོ་བྲང་ཆེན་པོ་གསར་དུ་བཅོས་པ་ན་སློབ་དཔོན་དེས་ཀྱང་བེམ་པོ་ཞིག་འཚོམ་གྱིན་དེ་དང་ཉེ་བར་བཞུགས་སོ། །ཕོ་བྲང་ཟིན་པ་ན་བེམ་པོ་དེ་དུམ་བུར་དྲལ་ཞིང་གཤགས་པ་ན། ཕོ་བྲང་དེ་ཡང་རྨངས་ནས་ཞིག་གོ །དེ་ལྟར་ལན་གསུམ་སོང་བས་རྒྱལ་པོ་དེས་ཀྱང་གཏམ་དེ་ཐོས་ཏེ། སློབ་དཔོན་སྤྱན་དྲངས་ཞབས་ལ་ཕྱག་བཙལ་སློབ་དཔོན་གྱི་གསུང་ལས་བྱུང་བའི་དམ་བཅའ་བཞི་བྱེད་པར་བྱས་ལ།
བཞི་ནི། སངས་རྒྱས་པའི་ལྷ་ཁང་ལ་གནོད་པ་མི་བྱེད་པ་དང་། ཕོ་བྲང་ནང་ན་གནས་པ་རྣམས་ཀྱི་སྲོག་གཅོད་སྤོང་བ་དང་། རབ་ཏུ་བྱུང་བ་རྣམས་ལ་མཆོད་པ་བྱེད་པ་དང་། ཉིན་རེ་བཞིན་དུ་སངས་རྒྱས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་རྣམས་ཡིན་སྐད། ཀནྡྷ་ནི་བེམ་པོའི་མིང་སྟེ། དེ་ཕྱིན་ཆད་གྲུབ་ཐོབ་ཀནྡྷ་པར་གྲགས། ཡུན་རིང་དུ་འགྲོ་དོན་མཛད། མཐར་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །ཡང་ཋཀ་ཀི་ནག་ན་པ་ནི་ཋཀ་ཀི་ཞེས་པ་གཡོ་སྒྱུའི་བྱ་བ་སྣ་ཚོགས་པས་འཚོ་བ་བསྒྲུབ་པའི་དོན་ཏེ། མཐའ་འཁོབ་ཀྱི་རིགས་ངན་གཅིག་ཡིན་གསུངས། ན་ཀ་ན་ནི་ཚན་ཆེ་བའམ་སྟོབས་ཆེ་བའི་དོན་ནོ། །ཋཀ་ཀའི་རིགས་སུ་ལུས་སྟོབས་ཤིན་ཏུ་ཆེ་བས་མཚན་ཡང་དེ་བཞིན་དུ་ཐོགས་པ་ཡིན་ནོ། །འདི་ཡང་རྣལ་འབྱོར་པ་བྱས་ཏེ། མི་ཐུབ་ཟླ་བའི་སློབ་མ་ཞིག་ལ་དགྱེས་རྡོར་ཞུས་ནས། ལྷོ་ཕྱོགས་ནཱི་ལ་བྱ་བའི་རི་ལ་ལོ་བཅོ་ལྔའི་བར་དུ་རྩེ་གཅིག་ཏུ་བསྒོམས་ཀྱང་རྟགས་གང་ཡང་མ་བྱུང་བས་སྐྱེ་བ་གཞན་དུ་འགྲུབ་པར་སྨོན་ལམ་བཏབ་སྟེ། གཡང་ས་ཆེན་པོ་ཞིག་ལ་མཆོངས་སོ། །དེར་ལུས་ཀྱང་མ་སྣད། ནམ་མཁའ་ལས་ཀྱང་སྒྲ་བྱུང་སྟེ། ཁྱོད་ནཱ་རོ་པས་རྗེས་སུ་འཛིན་པར་འགྱུར་རོ། །ཞེས་སོ། །དེ་ནས་ནཱ་རོ་པས་ཞབས་བསྟེན་ཏེ། དགྱེས་པ་རྡོ་རྗེའི་དབང་བསྐུར་བར་གསོལ་བ་བཏབ་པས་ཁྱོད་ཀྱི་དགྱེས་པ་རྡོ་རྗེ་མི་འགྲུབ། བདེ་མཆོག་འཁོར་ལོ་བསྒོམ་དགོས་པས་བདེ་མཆོག་གི་དབང་བསྐུར་དགོས་གསུངས།
ཇོ་བོ་ནཱ་རོ་པ་ལ་ནི། བདེ་མཆོག་འཁོར་ལོ་ཞུ་བ་ནི་ཤིན་ཏུ་དཀའ་སྟེ། དཀྱིལ་འཁོར་གཞན་རྣམས་ལས་བརྒྱད་འགྱུར་གྱི་ལྷག་པའི་ཡོ་བྱད་དགོས་པས། དེ་སྐབས་བདག་ལ་ཡོ་བྱད་ཀྱང་མེད་ཅིང་། བློ་གྲོས་རྟུལ་བས་རྒྱུད་རྒྱ་ཆེན་པོ་གསར་དུ་ཉན་པའི་ནུས་པ་མེད་ཞུས་པས། སྒྲོལ་མའི་དབང་བསྐུར་ཞིང་རྒྱུད་ཀྱང་གནང་ལ། བདེ་མཆོག་ཡབ་ཡུམ་གོ་ལྡོག་གི་གདམས་ངག་ཐམས་ཅད་རྫོགས་པར་གནང་བ་རྩེ་གཅིག་ཏུ་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ་སྟེ། ནཱ་རོ་པ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོའི་གྲལ་དབུ་ལ་བཞུགས་པའི་དྲུང་དུ། ཕྱག་འཚལ་དུ་འོངས་ཏེ། ལུས་ལས་མེ་འབར་བ་དང་། ས་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་དུ་མ་བསྟན་ཏེ་མི་སྣང་བར་གྱུར་ཏོ། །དེ་སྐབས་འགྲོ་དོན་མཛད་པ་མ་བྱུང་བས། ནཱ་རོ་པའི་སློབ་མ་གྲུབ་ཐོབ་བཞིའི་གྲངས་སུ་མ་བགྲངས་ལ། ཕྱིས་ཨ་བྷ་ཡཱ་ཀ་རའི་སློབ་མ་མནྡྷི་ར་པཱ་ལ་ཞེས་བྱ་བ་རྣལ་འབྱོར་པ་ཤིན་ཏུ་བཟང་བ་ཞིག་ཡོད་པ་ལ། ཟླ་གཅིག་ཙམ་དུ་སྐུ་དངོས་སུ་བསྟན་ནས། སྒྲོལ་མའི་དབང་བསྐུར་བ་དང་། རྒྱུད་བཤད་མན་ངག་རྣམས་ཀྱང་གནང་ནས། དེས་ཀྱང་བརྩོན་པར་བསྒོམས་པས་ཟླ་བ་དྲུག་ན་དངོས་གྲུབ་ཐོབ་སྟེ་མཐར་ཀླུའི་གནས་སུ་སོང་སྐད། དེ་ལ་ཡང་སློབ་མ་བཞི་ཙམ་ཡོད་ཅིང་། བརྒྱུད་པའང་གཉིས་གསུམ་དུ་རྒྱུད་འདི་ཉན་བཤད་སོགས་བྱུང་འདུག་ཀྱང་། ལོ་རྒྱུས་རྒྱས་པར་མ་ཐོས་གསུངས་སོ། །ལི་ལ་བཛྲ་ནི་རྒྱལ་རིགས་ཤིག་ཡིན་ལ། བྱ་བ་ཞིག་ལ་མ་ག་དྷར་ཕྱིན་ནས། ལམ་དུ་ཤིང་དྲུང་ཞིག་ན་རྣལ་འབྱོར་པ་ཞིག་འདུག་པ་མཐོང་བས་མཆོག་ཏུ་དད་དེ། ཞབས་ལ་ཕྱག་བྱས་སོ། །སླར་ཡང་ཡུལ་དུ་ལྡོག་པའི་ཚེ། རང་གི་བུད་མེད་དེ་མི་གཞན་འདྲེ་བ་སོགས་ཀྱིས་སེམས་ལ་གནོད་པར་གྱུར་ནས་ཡང་མ་ག་དྷར་ཆོས་ལ་འོངས་པས། ཤིང་དྲུང་དེར་སྔར་གྱི་གྲུབ་ཐོབ་དེ་ཉིད་དང་མཇལ་བ། གྲུབ་ཐོབ་དེ་ནི་ཏིལླི་པ་ཆེན་པོའོ། །དེར་ཏིལླི་པས་རྒྱུད་བྱིན་གྱིས་བརླབས་ནས་དབང་བསྐུར་ཞིང་གདམས་ངག་བསྟན་པས་རིང་པོར་མི་ཐོགས་པར་གྲུབ་པ་བརྙེས་ཏེ། གླིང་བུ་འབུད་ཅིང་སྨྱོན་པའི་སྤྱོད་པས་སེམས་ཅན་གྱི་དོན་བྱེད་པ་ཞིག་ཡོད་སྐད་འདིའི་ལོ་རྒྱུས་རྒྱས་པ་མི་གསུང་ངོ་། །དཱི་པཱངྐ་རའི་ལོ་རྒྱུས་ནི་གྲགས་ཆེ་བས་གཞན་དུ་ཤེས་སོ། །མ་དྷྱ་མ་སིངྷ་ནི། ཇོ་བོ་རྗེའི་སློབ་མ་ཞིག་སྟེ། སྒྲ་ཚད་དང་མདོ་ལུགས་ལ་མཁས། འདིས་གསང་སྔགས་གཞན་མི་མཁྱེན། སྒྲོལ་མའི་རྒྱུད་འདི་ཁོ་ན་ལ་མཁས། ནུས་པའང་ཐོབ་སྟེ། རྒྱ་གར་ཤར་ཕྱོགས་ཀྱི་ཆུ་བོ་གང་གཱ་ལ་གཤེགས་ཀྱང་ཐང་ལ་འགྲོ་བ་བཞིན་ཐོགས་པ་མེད་པ། དུག་སྦྲུལ་དང་སྟག་ལ་སོགས་པ་ལ་བཀའ་བསྒོ་བར་ནུས་པ་ཞིག་གོ །ཏཱ་ར་ཤྲཱི་ནི། རྩོད་པ་སྨྲ་བའི་ཁྱུ་མཆོག་སྟེ། མ་ག་ངྷར་མུ་སྟེགས་ཀྱི་རྩོད་པ་ལས་ལན་གསུམ་དུ་རྒྱལ། ལྷོ་ཕྱོགས་ཀྱི་ཡུལ་དུ་ཉན་ཐོས་རྣམས་ཀྱི་རྩོད་པ་བཟློག་པ་དང་། ཁ་ཆེའི་ཡུལ་དུ་ཕྱི་ནང་གི་པཎྜི་ཏ་ཐམས་ཅད་རྩོད་པས་ཟིལ་གྱིས་མནན་སྐད། ཁ་ཆེའི་རྒྱལ་པོའི་བླ་མར་གྱུར། ཡུལ་གརྫ་ནའི་རྒྱལ་པོ་སྒྲོལ་མའི་རིག་སྔགས་ཀྱིས་དབང་དུ་བསྡུས་ཏེ། སངས་རྒྱས་པ་ལ་བཅུག་གོ །སངྒྷ་ཤྲཱི་ནས་དྷརྨ་ཤྲཱིའི་བར་གྱི་ལོ་རྒྱུས་མི་གསུངས།
ཤཱཀྱ་རཀྵི་ཏ་ནི་སིངྒ་ལའི་ཡུལ་དུ་འཁྲུངས་ཤིང་། དང་པོ་ཉན་ཐོས་སེནྡྷ་པ་ཡིན་ཅིང་། དེའི་རང་ལུགས་ལ་ཤིན་ཏུ་མཁས་པ་ཞིག་སྟེ། ར་ཁང་གི་ཡུལ་གྲུའི་ཆར་གཏོགས་པ་ཧ་རི་པུཉྩ་གསེར་གྱི་གྲོང་སྟེ་དེར་སློབ་དཔོན་དྷརྨཱ་ཤཱི་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་དུ་དགྱེས་པ་རྡོ་རྗེ། བདེ་མཆོག་འཁོར་ལོ། སྒྲོལ་མ་འབྱུང་བ། ནག་པོ་ཆེན་པོའི་རྒྱུད་དེ། བཞི་པོ་དེ་དག་ཕལ་ཆེར་ལ་མཁས་པ། ཧེ་རུ་ཀའི་ཞལ་གཟིགས་ཤིང་། སྒྲོལ་མའི་རིག་སྔགས་ལ་བརྟེན་ནས་ནག་པོ་ཆེན་པོ་དབང་དུ་བསྡུས་ཏེ། དགེ་བསྙེན་ནག་པོའི་གཟུགས་ཀྱིས་ཇི་ལྟར་བཞེད་པའི་དངོས་པོ་རྣམས་དཔག་ཚད་བརྒྱའི་ཕ་རོལ་ནས་འགུགས་པ་ཞིག་ཡོད་སྐད། ཙཾ་ག་ལ་རཱ་ཛ་ཞེས་བྱ་བ་རྒྱལ་པོ་ཞིག་གིས་ཧ་རི་པུཉྩ་ར་གྲོང་ཁྱེར་དང་ལྷ་ཁང་རྣམས་འཇོམས་པའི་ཕྱིར་དམག་འདྲེན་པར་བརྩམས་པ་ན། ནག་པོ་ཆེན་པོའི་ཕྱག་མཚན་རྩེ་གསུམ་འཕངས་པ་ཟླ་བ་ཙམ་གྱིས་བགྲོད་དགོས་པའི་ཕ་རོལ་ཡིན་ནའང་། རྒྱལ་པོ་ཕོ་བྲང་གི་སྟེང་དུ་ཏྲི་ཤུ་ལ་སླེབ་སྟེ་ཕོ་བྲང་ཞིག་གོ །དེ་ལྟར་ནུས་མཐུ་དང་ལྡན་པར་གྲགས། པུ་ཛ་ཏ་ནི་ཡུལ་ཀོམྦ་ཛའི་གཙུག་ལག་ཁང་དཎྚ་པུ་རིའི་མཁན་པོ་སྟེ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་ནོ། །བུདྡྷ་ཤྲཱི་བྷ་དྲ་དང་། ཛྙཱ་ན་རཏྣ་གཉིས་ཀྱང་ཡུལ་དེ་ཉིད་དུ་བྱོན་པའོ། །ཛྙཱ་ན་སྱ་ན་ནི་ཡུལ་དེར་འཁྲུངས་ཤིང་། མཁན་པོ་ཛྙཱ་ན་རཏྣ་ལས་རབ་ཏུ་བྱུང་བ། གསང་སྔགས་ཕྱི་ནང་གི་རྒྱུད་མང་དུ་མཁྱེན་པ། ཁྱད་པར་སྒྲོལ་མའི་རྒྱུད་ལ་མཁས་ཤིང་ནུས་པ་བརྙེས་པ། སྐུ་ཚེའི་སྨད་ལ་བལ་པོའི་ཡུལ་དུ་བཞུགས་ཤིང་། རྣལ་འབྱོར་པའི་སྤྱོད་པ་མཛད་དེ། ཕྱག་རྒྱ་པདྨ་ཅན་ལས་དངོས་གྲུབ་ཐོབ་པ། འབྲས་བྲེ་གང་དང་ཆང་བུམ་པ་གཅིག་གིས་སྔགས་བཙུན་སྟོང་ཕྲག་གཉིས་ཙམ་ལ་འཁོར་ལོའི་མཆོད་པ་ཤིན་ཏུ་རྒྱས་པར་ལྡང་བ་སོགས་ངོ་མཚར་བའི་རྟགས་མང་པོ་ཅན་ཞིག་གོ །སློབ་དཔོན་རཱ་ཏི་གུཔྟས་སྒྲོལ་མའི་རྒྱུད་དང་། ནག་པོ་ཆེན་པོའི་རྒྱུད་དང་། བདེ་མཆོག་སྡོམ་པ་འབྱུང་བ་དང་། ཀུ་རུ་ཀུལླེའི་རྟོགས་པ་ལ་སོགས་པ་སྔགས་ཀྱི་རྒྱུད་སྡེ་འགའ་ཤས་ཀྱི་དབང་རྒྱུད་འཚོལ་བར་བལ་བོའི་ཡུལ་དུ་ཕེབས་ཏེ། ཛྙཱ་ན་སྱ་ན་དང་། ཛཱི་བ་སྱ་ན་དང་། ཤྲཱི་ཏ་ནུ་པཱ་ལ། གིཏྟི་པཱ་ལ་རྣམས་ལས་རྒྱུད་སྡེ་མང་དུ་གསན་པ་ལས་རྒྱུད་འདི་ནི་སློབ་དཔོན་ཛྙཱ་ན་སྱ་ན་ལ་གསན་པ་ཡིན་ནོ། །
ཡང་གྲུབ་ཐོབ་པྲི་ཀ་པ་ནི། གྲུབ་ཐོབ་ཀནྡྷ་པ་ལས་དབང་དང་མན་ངག་ཐམས་ཅད་ཐོབ་ནས་ཡུན་རིང་དུ་སྒྲུབ་པ་མཛད་ཅིང་། མཐར་སྤྲི་ཀའི་མེ་ཏོག་གི་ཚལ་ཞིག་ཏུ་དཀྱིལ་འཁོར་བཞེངས་ནས། སྒྲུབ་པ་བྱས་པས་མེ་ཏོག་གཅིག་ཟླ་བ་བཅུ་གཉིས་ཀྱི་བར་དུ་མི་རྙིང་ཞིང་། དེའི་མཐར་ནུབ་གཅིག་མེ་ཏོག་ལ་མེ་འབར་རོ། །དེ་གསོལ་བ་ཙམ་གྱིས་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ་ས་འོག་ལ་ཐོགས་མེད་དུ་བགྲོད་པ་ཞིག་གོ །དྷུ་པི་ར་ཛ་ནི། ཁྲུས་མཁན་གྱི་རིགས་ལས་གྲུབ་པ་ཐོབ་པ་ཞིག་ཡིན་གསུངས། ཧ་རི་བྷཉྫ་བའི་ལོ་རྒྱུས་མི་གསུང་། ལོ་ཀ་པྲ་དཱ་པ་ནི་རྒྱལ་རིགས་ཀྱི་པཎྜི་ཏ་ཞིག་སྟེ། ཀ་ན་ཀ་ཤྲཱི་ལ་རྩ་བའི་བླ་མར་མཛད། གསང་སྔགས་ཀྱི་ཆོས་ནི་སྒྲོལ་མ་འབྱུང་བའི་ཆོས་སྐོར་ཁོ་ན་ལ་ལེགས་པར་སྦྱངས་པ་ཞིག་ཡིན་ལ། ཡུལ་གུ་ཛི་ར་ཐར་སྐྱེད་ཚལ་སྟོང་པ་ཞིག་ཏུ་གནས་གཞི་བྱས་ནས་ལོ་དྲུག་ཙམ་དུ་སྔགས་འཆང་མོ་ཞིག་གིས་སྒྲུབ་གྲོགས་བྱས་ཏེ། སྒྲོལ་མའི་བསྐྱེད་རྫོགས་ཁོ་ན་བསྒོམས་པས། མཁའ་འགྲོ་མས་ལུང་བསྟན་པ་ཐོབ་ནས། རིག་མ་བཅུ་གཉིས་ལ་བརྟེན་ནས་རིག་པའི་བརྟུལ་ཞུགས་ཟླ་བ་དྲུག་བྱས་པས་འདོད་པའི་དངོས་གྲུབ་བརྙེས་ཏེ། གནས་དེ་ཉིད་དུ་བཞུགས་པ་ལས། ལན་གཅིག་ཡུལ་དེའི་རྒྱལ་པོ་གར་ལོག་གིས་རང་གི་ཡུལ་ལྗོངས་བལྟར་འོངས་པའི་ཚེ། སློབ་དཔོན་གྱི་གནས་དེ་ཉམས་དགའ་བར་མཐོང་ནས། འདི་ན་སུ་ཞིག་གནས་ཞེས་དྲིས་པ་ན། འདི་ན་སངས་རྒྱས་པའི་ཁྱིམ་བཙུན་ཞིག་ཡོད་དོ་ཞེས་རྒྱལ་པོའི་གཡོག་རྣམས་ཀྱིས་སྨྲས་སོ། །
དེ་ནས་རྒྱལ་པོའི་གནས་དེ་འཕྲོག་པར་བརྩམས་པ་ན། སྐད་ཅིག་ལ་དེའི་ཕྱི་ནང་ཐམས་ཅད་མེར་འབར་ཏེ། རྒྱལ་པོ་འཁོར་བཅས་ཀྱང་ཚིག་ལ་ཁད་པར་སོང་ངོ་། །དེར་སློབ་དཔོན་གྲུབ་པ་ཐོབ་པར་ཤེས་ནས་གསོལ་བ་བཏབ་པས་མེ་ཞིའོ། །དེ་ནས་སློབ་དཔོན་ན་རེ། རྒྱལ་པོ་ཁྱོད་ཀྱིས་སངས་རྒྱས་པ་མཆོད་པར་བྱེད་ན་ལེགས། མི་བྱེད་ན་ད་ལྟ་ཉིད་དུ་བརླག་པར་བྱའོ་གསུངས། རིགས་རྒྱུད་དང་བཅས་པ་སངས་རྒྱས་པ་མཆོད་པར་མནའ་བོར་རོ། །དེ་ཕྱིན་ནས་ད་ལྟའི་བར་དུ་ཡང་ཡུལ་འདིའི་རྒྱལ་པོ་ནི་རུས་གར་ལོག་ཡིན་ཡང་སངས་རྒྱས་པ་ལ་གཙོ་བོར་མཆོད་པར་བྱེད་པ་ཡིན་ནོ། །དེ་གོང་ཡུལ་དེ་ན་སངས་རྒྱས་པ་ཉུང་ངུ་ལས་མེད་པ་ལ། རྒྱལ་པོ་དེ་ཉིད་ཀྱིས་ཀྱང་གཙུག་ལག་ཁང་བརྒྱད་བཞེངས་སོ། །དེ་ནས་བརྩམས་ཏེ་རིམ་པས་ད་ལྟའི་བར་དུ་ཡང་སངས་རྒྱས་ཀྱི་བསྟན་པ་དར་བར་ཡོད་དོ། །དེར་རྒྱལ་པོ་དེས་སངས་རྒྱས་ལ་དད་པར་གྱུར་པའི་ཚེ། ཀླ་ཀློའི་སྟོན་པ་ཀཱ་ཛི་རྣམས་ཀྱིས་སློབ་དཔོན་གྱི་གནས་ལ་མེ་བཏང་བས། སློབ་དཔོན་གྱིས་ཀྱང་དེ་རྣམས་ཉིད་ལ་ལྟ་སྟངས་མཛད་པས་ཐམས་ཅད་རེངས་ཤིང་དྲན་མེད་དུ་གྱུར། ཞག་གསུམ་གྱི་བར་དུ་མ་གསོས་པ་ལས། དེ་རྣམས་ཀྱི་ཉེ་དུས་གསོལ་བ་བཏབ་པ་ལས་དྲིལ་བུ་འཁྲོལ་བའི་སྒྲས་སླར་གསོས། དེ་རྣམས་རྒྱལ་པོའི་ཆད་པས་འཇིགས་པས་རང་གི་ཡུལ་ནུབ་ཕྱོགས་ཐག་རིང་པོར་བྲོས་ཏེ་སོང་ངོ་། །ཀླ་ཀློའི་གནས་གཞི་མ་སི་ཏ་ཐམས་ཅད་སློབ་དཔོན་གྱིས་ཡུངས་ཀར་གཏོར་བ་ཁོ་ནས་ཞིག་སྟེ། དེ་དག་གི་ཤུལ་དུ་ཡང་སངས་རྒྱས་ཀྱི་མཆོད་རྟེན་རེ་བཞེངས། སྒྲོལ་མའི་ལྷ་ཁང་བརྒྱ་རྩ་བཞེངས་སོ། །
རྒྱལ་པོ་ལ་པདྨ་གར་དབང་དབུགས་དབྱུང་བའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གསང་སྔགས་ཀྱི་ལྷ་ཁང་ཞིག་ཀྱང་བཞེངས། སྔོན་རྒྱལ་པོ་དེའི་མངའ་འོག་ན་བྲམ་ཟེ་དང་མུ་སྟེགས་མང་ཞིང་རྒྱལ་པོའི་མཆོད་གནས་ཀྱི་གཙོ་བོ་གར་ལོག་ཀཱ་ཛི་རྣམས་ཀྱི་བྱེད་པས་ཀླ་ཀློའི་གྲུབ་མཐའ་འཛིན་པ་སྟོང་ཙམ་ཡོད། སངས་རྒྱས་པའི་རབ་ཏུ་བྱུང་བ་ཉི་ཤུ་ཙམ་ལས་མེད་པ་ལ་སློབ་དཔོན་དེ་ཉིད་ཀྱི་སྐུ་རིང་ཉིད་ལ་ཀླ་ཀློ་ཐམས་ཅད་ནུབ་ཅིང་རྒྱལ་པོས་སངས་རྒྱས་པའི་སློབ་དཔོན་མང་པོ་སྤྱན་དྲངས་པ་ལ་བརྟེན་ནས་དགེ་སློང་རང་ཡང་སྟོང་ཕྲག་གཉིས་ཙམ་འཕེལ་སྐད། ལན་གཅིག་ཡུལ་དེར་མུ་གེ་ཆེན་པོ་བྱུང་བ་ལ་སློབ་དཔོན་གྱིས་ས་འོག་ནས་འབྲུའི་གཏེར་ཆེན་པོ་ཕྱུང་ནས། ཡུལ་གྱི་མི་ཐམས་ཅད་ལ་འབྲུ་ཁལ་བརྒྱ་བརྒྱ་བྱིན་ཅིང་། ཀླུ་དང་གནོད་སྦྱིན་རྣམས་ལས་བླངས་ཏེ་དབུལ་ཕོངས་ཐམས་ཅད་ལ་མུ་ཏིག་གི་དོ་ཤལ་རེ་རེ་དང་། ཉིན་རེ་བཞིན་དུ་ཏེ་ལ་རེའི་རིན་ཐང་གི་ཁ་ཟས་སྦྱིན་པ་ལོ་གསུམ་གྱི་བར་དུ་མཛད། མཐར་འགྲོ་ལྡིང་དང་ཉེ་བའི་གླིང་ཞིག་ན། ཁྱེའུ་ཤི་བའི་ལུས་མཚན་དང་ལྡན་པ་ཞིག་ཡོད་པས་དེ་ལ་གྲོང་འཇུག་མཛད་དེ། སྐུ་ལུས་སྔ་མ་དེ་བྱིན་གྱིས་བརླབས་ནས་མི་རུལ་བར་མཆོད་རྟེན་སྒོ་ཅན་ཞིག་གི་ནང་དུ་བཞུགས་སོ། །འགྲོ་ལྡིང་དུ་ཡང་སྤྲོས་བཅས་ཀྱི་སྤྱོད་པ་མཛད་པ་ཞིག་བྱུང་ལ། སློབ་མ་བུད་མེད་བརྒྱད་རྒ་ཤི་མེད་པའི་ལུས་སུ་གྱུར་ཏེ། སྐུ་ལུས་སྔ་མ་དེ་ལ་མཆོད་པ་བྱེད་ཅིང་ཡོད་པ་ལས། ལོ་དྲུག་ཅུ་ནས་དེ་ཉིད་སླར་ཡང་སྐུ་ལུས་སྔ་མ་ཉིད་ལ་ཞུགས་ཏེ། དེར་ཡང་ལོ་བཅུ་ཙམ་དུ་སྐལ་ལྡན་གྱི་སེམས་ཅན་འགའ་ཞིག་གི་དོན་མཛད་དོ། །
སླར་ཡང་མི་ལོ་གསུམ་གསུམ་དུ་སྐུ་ལུས་ཕན་ཚུན་དུ་འཕོ་བ་ལན་དྲུག་ཙམ་མཛད་ནས། སྐུ་ལུས་གཉིས་རིག་མའི་འཁོར་ཚོགས་དང་བཅས་པ་མི་སྣང་བར་གྱུར་ཏོ། །སློབ་དཔོན་འདི་ལ་ཏཱ་ར་ཤྲཱི་མི་ཏྲ་དང་། ཆོས་འབྱུང་ཞི་བ་གཉིས་ཀྱིས་རྒྱུད་འདི་གསན། ཆོས་འབྱུང་ཞི་བ་ནི། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས་པ་ཞེས་ཉི་མ་དཔལ་གྱིས་བཤད་ཀྱང་། ལོ་རྒྱུས་མི་གསུང་། དེ་ལ་སངྒྷ་ཤྲཱིས་ཞུས་པར་བྱས་ཀྱང་ཆོག་གསུངས། གྲུབ་པའི་སློབ་དཔོན་ལོ་ཀ་པྲདྷས་སྒྲུབ་ཐབས་དང་། རྒྱུད་ཀྱི་བསྡུས་པའི་དོན་དང་། རྫོགས་རིམ་དང་། དབང་གི་ཆོ་ག་དང་། སྦྱིན་སྲེག་རྣམས་མཛད་ཅིང་། མིའི་ཉི་མའི་འགྲེལ་པ་ཡང་འདིའི་རྗེས་འབྲང་ངོ་། །
ཕྱིས་རྒྱུད་འདིའི་ཉན་བཤད་ཤིན་ཏུ་དཀོན་པ་ལ། གྲུབ་ཆེན་ཞི་བའི་ཞབས་ཀྱིས་རྒྱ་ཆེར་དར་བར་མཛད་དེ། ཁོ་བོས་ཀྱང་། ཞི་བའི་ཞབས་ཀྱི་མན་ངག་ཕྱིན་ཅི་མ་ལོག་པ་བླ་མའི་ཞལ་གྱི་གདམས་པ་ཁོ་ནར་གྱུར་པ་དང་། འགྲེལ་པ་གཉིས་གཞུང་ཕྲན་བརྒྱད་དང་བཅས་ལེགས་པར་མནོས་པས། ཁ་བ་ཅན་གྱི་ཕྱོགས་འདིར་སྔོན་ཆད་བདག་ཁོ་ནའི་བསོད་ནམས་ཀྱི་སྐལ་བར་ཐོབ་བོ། །མ་རྒྱུད་རྒྱལ་པོ་ཟབ་མོའི་མཐར་ཐུག་པ། །སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་འབྱུང་ཁུངས་རྣམས། །བླ་མའི་གསུངས་བཞིན་བཀོད་འདི་རྒྱལ་ཁམས་པ། །ཏཱ་ར་ནཱ་ཐ་ཞེས་བྱས་སྦྱར་བ་ཡིན། །
ཞེས་པ་རང་ལོ་སུམ་ཅུ་པ་ལ་ཆོས་གྲྭ་གསེར་མདོག་ཅན་དུ་སྨྲས་པའོ།། །།དགེ་ལེགས་འཕེལ། བཀྲ་ཤིས།
རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ། དགེ་སློང་བསྟན་པ་རྒྱ་མཚོ།
༄༅། །རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྱ་ཏཱ་རེ་སྭ་ར་སྭ་སྟི་ཡེ། རྒྱལ་ཀུན་གསང་གསུམ་གྲུ་ཆར་གྱིས་སྔོ་མཁྱེན་ཡངས་ཏཱ་མ་ལ་ཡི་ཀློང༌། །རྗེས་ཆགས་ཀློག་གི་རྩེ་དགའ་དང་འགྲོགས་ལེགས་བཤད་དབྱར་ལས་སྐྱེས་པའི་རྔས། །སྐལ་བཟང་རྨ་བྱའི་ན་ཆུང་སྙིང་ལ་རྣམ་གྲོལ་མངལ་ཁུར་སྦྱིན་མཁས་པ། །ཟླ་མེད་བླ་མ་དབྱར་སྐྱེས་དཔལ་མོས་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། །རྨད་བྱུང་ཚོགས་གཉིས་ཆུ་གཏེར་ལས་འོངས་སྟོབས་བཅུའི་ཆ་ཤས་ཡོངས་སུ་རྫོགས། །ལེགས་གསུང་འོད་དཀར་ག་བུར་ཟེགས་མས་སྐལ་ལྡན་སྙིང་གི་མུན་སེལ་ཞིང༌། །རྒྱལ་སྲས་རྒྱུ་སྐར་བྱེ་བའི་གཙུག་རྒྱན་ཐུབ་དབང་སྨྲ་བའི་ཟླ་བ་གང་། །ཇི་སྲིད་སྐྱེ་བའི་ཆུ་རྒྱུན་རྒྱུ་བ་དེ་སྲིད་དྭངས་སེམས་ཀློང་དུ་རོལ། །ཟབ་མོ་རྟེན་འབྱུང་གཏམ་གྱི་ལྷ་ཡི་རྔ། །ཁོར་ཡུག་སྲིད་དུ་བརྡུངས་བའི་སྒྲ་བོ་ཆེས། །འགྲོ་ཀུན་རྨོངས་པའི་གཉིད་ལས་སློང་མཁས་པ། །འཇམ་མགོན་ལྷག་པའི་ལྷ་དེས་བདག་སྐྱོངས་ཤིག །རབ་འབྱམས་རྒྱལ་ཀུན་གསུང་གསང་མཱ་ལི་ཀ །མཚར་སྡུག་ལང་ཚོའི་འདབ་བརྒྱད་གྲོལ་བའི་དཔྱིད། །ཚངས་པའི་ན་ཆུང་མེ་ཏོག་གསར་བའི་དཔལ། །བདག་ཡིད་དགའ་ཚལ་མཛེས་པའི་རྒྱན་དུ་རོལ། །རྒྱལ་ཀུན་ཕྲིན་ལས་མརྒད་ཞུན་མའི་ཁམས། །ངོ་མཚར་ཧཱུཾ་ཡིག་འོད་སྣང་འཕྲོ་འདུ་ལས། །མཛེས་སྡུག་ལྷ་མོའི་རྣམ་རོལ་སྒྱུ་མའི་གར། །ཏཱ་རེ་འཕགས་མས་བྱང་ཆུབ་བར་དུ་སྐྱོངས། །ཁྱོད་ནི་མ་ལུས་རྒྱལ་བ་བསྐྱེད་པའི་ཡུམ། །རྒྱལ་སྲས་དཔའ་བོ་ཡོངས་ཀྱི་མཛའ་ན་མོ། །འགྲོ་ཀུན་སྲིད་ལས་སྒྲོལ་བའི་མ་མ་སྟེ། །རྒྱལ་བའི་མཛད་ཕྲིན་ཁུར་ཀུན་ཁྱོད་ཀྱིས་བཟུང༌། །དེ་ལྟའི་བརྗོད་ལས་འདས་པ་བརྗོད་པའི་ཁུར། །དབྱངས་ཀྱི་ཡན་ལག་ཡོངས་རྫོགས་དབྱངས་ཅན་མས། །སྲིད་པ་ཇི་སྲིད་སྲིད་འདིར་རྫོགས་མིན་ན། །སྐལ་དམན་བདག་འདྲའི་སྐལ་བར་ག་ལ་འཐོབ། །འོན་ཀྱང་སྔོན་རབས་གཏམ་ཀྱི་མཁར་བ་ལ། །རྗེས་སུ་བརྟེན་པའི་བདག་བློ་རྒན་པོ་ཡིས། །ཚིག་གི་གོམ་པ་འདེགས་འཇོག་རེ་རེས་ཀྱང༌། །ངེས་ལེགས་གྲོང་དུ་ཉེ་སྙམ་སྤྲོ་བ་སྐྱེས། །འདི་ལྟར་ཐོས་སོ་སྔོན་རབས་འདས་པའི་དུས། །སྣ་ཚོགས་འོད་ཅེས་བྱ་བའི་འཇིག་རྟེན་དུ། །བདེ་གཤེགས་སྟོབས་བཅུ་མངའ་བ་རྔ་སྒྲ་ཞེས། །འགྲོ་བའི་སྒྲོན་མེ་སྲིད་པའི་མིག་གཅིག་བྱུང༌། །རྫོགས་ལྡན་བསྐལ་པ་ཡོངས་དར་དུས་སྐབས་དེར། །ས་སྐྱོང་བུ་མོ་ཡེ་ཤེས་ཟླ་བ་ཞེས། །བསོད་ནམས་རྐོང་བུ་རིན་ཆེན་སེམས་མཆོག་གི །རྩི་བཅུད་སྙིང་བོ་འཛིན་ནུས་སྐལ་ལྡནའང་བྱུང་། །དེ་ཡི་མཛེས་སྡུག་གཟུགས་ནི་ཚངས་སྲས་བཞིན། །མཁྱེན་པའི་ཐུགས་ནི་འཇམ་དབྱངས་གཞོན་ནུ་བཞིན། །སྐུ་ཐུགས་ཕན་ཚུན་གཅིག་ལས་གཅིག་ལྷག་པའི། །ཕྲ་ཞིབ་ངོ་མཚར་བརྗོད་པའི་ཡུལ་ལས་འདས། །དགའ་མ་དེ་ཡི་སྔོན་བསགས་ལེགས་བྱས་ཉི་འོད་སྣང་བའི་རྩེ་དགའ་ཅན། །ཁོ་ར་ཁོར་ཡུག་བཅུ་གཉིས་དཔག་ཚད་ལྷ་དབང་རྩེ་བའི་དོ་ར་རུ། །རིན་ཐང་བྲལ་བའི་ནོར་བུས་ཡོངས་གཏམས་འཛད་པ་མེད་པའི་མཆོད་སྦྱིན་གྱིས། །ཞག་གི་འཁོར་ལོ་རེ་རེ་བཞིན་ཡང་རྣམ་འདྲེན་རྔ་སྒྲ་འཁོར་བཅས་མཆོད། །རླུང་གིས་ཅུང་ཟད་གཡོ་བ་དང་བཅས་དྲས་ཤིང་དྲུབ་པའི་གླེགས་བུས་ཁེབས་པའི་ངུར་སྨྲིག་ཆོས་གོས་ཟླུམ་པོར་བགོས། །སིལ་སིལ་སྒྲ་ལྡན་མཁར་སིལ་དག་དང་སློང་བའི་སྣོད་ཐོགས་མཐོང་བས་ཐར་བའི་ས་བོན་བསྐྲུན་ནུས་ཞི་དུལ་ཅན། །ལི་ཁྲིའི་ཆུ་གཏེར་རྦ་ཀློང་གཡོ་འདྲའི་ཐེག་གསུམ་དགེ་འདུན་འདུ་བའི་དབུས་སུ་ཐུབ་པའི་དབང་པོའི་རྔ་སྒྲ་ཉིད། །གསེར་རིའི་དབུས་ན་ལྷུན་པོ་བཞིན་དུ་ལྷམ་མེ་ལྷན་ནེ་སྐལ་ལྡན་མ་དེར་དམ་པའི་ཆོས་ཀྱི་བདུད་རྩི་འགྱེད། །དེ་ཚེ་འགྲོ་ཀུན་སྲིད་པའི་རྒྱ་མཚོ་ལས། །སྒྲོལ་བའི་ཁུར་ཆེན་ཞུམ་མེད་རང་སྟེང་དུ། །ལེན་པའི་ལྷག་བསམ་སྟོབས་ཀྱིས་དྲངས་པ་ཡི། །རླབས་ཆེན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་གྱུར། །འཕགས་མ་ཁྱོད་ཀྱི་བསྐལ༵་བ་བསྐལ༵་བ་རུ། །བདག་ཅག་དོན༵་སླད་དོན༵་དུ་གང་གཉེར་བའི། །འབྲས་བུ་མཆོ༵ག་དེ་མཆོ༵ག་ཏུ་བརྙེས་ལགས་ན། །ད་ནི་མྱུར༵་བ་མྱུར༵་བར་རྗེས་འཛིན་མཛོད། །ཅེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་ཐོག་མར་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་དང་པོའོ།། །།
གང་མཚན་ཡིད་ལ་དྲན་པའི་འོད་དམར་རྡུལ། །རེག་ཚེ་སྲིད་ཞིའི་དགེ་མཚན་མ་ལུས་པ། །ཅིག་ཅར་དབང་དུ་བྱེད་པའི་དཔལ་ཡོན་ཅན། །འཕགས་མ་མྱུར་མ་དཔའ་མོས་ཕུན་ཚོགས་སྩོལ། །ཀུན་བཟང་དགེ་བའི་སྤྱོད་པ་མ་ལཱི་ཀའི། །གེ་སར་བསུང་ཞིམ་ངད་པ་ཕྱོགས་ཀྱི་གོས། །སྐལ་ལྡན་བུང་བའི་དཔྱིད་དུ་སྤྲོ་བ་ནི། །མ་སྨད་རྒྱལ་སྲས་འཁྲི་ཤིང་སྤྱི་ཡི་ལུགས། །རྨད་བྱུང་སེམས་མཆོག་མཁའ་ཐིག་འོད་སྣང་གིས། །རོལ་སྒེག་ཆོ་ག་རྫོགས་པའི་དོ་ར་ཆེ། །ཚོགས་གཉིས་བཻཌཱུ་ཁམས་ཀྱི་ཀུན་གསལ་མཐའ། །གྲངས་མེད་གསུམ་གྱི་དགུ་ཚིགས་རེ་ཁས་བཏབ། །དེ་ཚེ་རླབས་ཆེན་བསོད་ནམས་འདི་ཡིས་མཐུས། །རྟེན་འདི་ཉིད་ལ་སྐྱེས་པའི་ལུས་ཐོབ་ནས། །བསྟན་ལ་བྱ་བ་བྱེད་པར་སྨོན་རིགས་ཞེས། །བློ་ལྡན་དགེ་སློང་དག་གིས་དེ་ལ་སྨྲས། །དེ་ལ་དགའ་མའི་བློ་གྲོས་ཆུ་གཏེར་ལས། །ཟབ་མོའི་གཏམ་གྱི་རྦ་རླབས་གདེངས་ཀའི་ལྕེ། །བསྐྱོད་པས་ཆོས་ཉིད་ཀློང་དུ་ཁྱུར་མིད་ཀྱིས། །དོགས་པ་སྨྲ་མེད་རྒྱ་དང་ལྷན་ཅིག་བྱིན། །གཞན་ཡང་སྐྱེ་བའི་སྲིད་པ་ཉལ་འགྲོ་མ། །མྱང་འདས་རྟ་གདོང་རྒྱ་ཡི་འགོག་གི་བར། །བུད་མེད་རང་བཞིན་རླན་གཤེར་མཚན་ཉིད་ལས། །མི་འདའི་དམ་བཅའ་རྡོ་རྗེའི་ཁམས་སུ་བཟུང༌། །འདོད་པའི་ཡོན་ཏན་པད་ཚལ་དུ། །ཆགས་མེད་བུང་བའི་རོལ་རྩེད་ཀྱིས། །སྤྱོད་བཞིན་བྱེ་བ་བརྒྱ་སྟོང་ལོང༌། །ཏིང་འཛིན་སྦྲང་རྩིའི་བཅུད་དུ་རོལ། །ངན་འགྲོའི་སྲིད་པར་ཕྱི་ཕྱག་གིས། །མི་སྐྱེའི་ཆོས་ལ་བཟོད་ཐོབ་ཅིང༌། །འགྲོ་བ་ཐམས་ཅད་སྒྲོལ་ཞེས་པའི། །ཏིང་ངེ་འཛིན་ཀྱང་མངོན་དུ་གྱུར། །རྨད་བྱུང་ཏིང་འཛིན་དེ་ཡི་མཐུ་ལས་ཞག་གི་འཁོར་ལོ་རེ་རེར་ཡང༌། །སྔ་དྲོ་སེམས་ཅན་བྱེ་བ་བརྒྱ་སྟོང་ངན་འགྲོའི་སྲིད་ལས་སྒྲོལ་བྱེད་ཅིང༌། །ཕྱི་དྲོའི་ཆར་ཡང་དེ་སྙེད་འགྲོ་བ་བདེ་བ་མཆོག་དེར་བཀོད་བྱས་པས། །སྒྲོལ་མ་ཞེས་བྱའི་མཚན་གྱི་དབྱངས་སྙན་ཕྱོགས་ཀྱི་འཁོར་ལོར་ཁྱབ་པར་གྱུར། །བདེར་གཤེགས་སྟོབས་བཅུ་མངའ་བ་རྔ་སྒྲས་ཀྱང༌། །སློབ་དང་མི་སློབ་གནས་སྐབས་ཐམས་ཅད་དུ། །ཁྱོད་མཚན་འདི་ཀོ་འདོར་བར་མི་འགྱུར་ཞེས། །ལུང་བསྟན་བདེན་པའི་ཚིག་གཅིག་དབྱངས་སུ་བསྒྲགས། །རྣམ་པར་རྒྱལ་བ་ཞེས་བྱའི་བསྐལ་པ་ལ། །འཇིག་རྟེན་མགོན་པོ་དོན་ཡོད་གྲུབ་པའི་དྲུང༌། །ཕྱོགས་བཅུའི་འགྲོ་ཀུན་ཉེར་འཚེ་མ་ལུས་བདག་གིས་བསྲུང་ཞེས་གཡར་དམ་གཉིས་པའང་བཅས། །བདུད་ཀུན་རྣམ་པར་གཞོམ་པའི་ཏིང་འཛིན་མཐུས། །ཉིན་བཞིན་འགྲོ་ཁམས་བྱེ་བ་བརྒྱ་སྟོང་འབུམ། །མཚན་བཞིན་བདུད་ཀྱི་སྡེ་དཔོན་བྱེ་བ་ཕྲག །བཏུལ་བས་མྱུར་མ་དཔའ་མོ་ཞེས་ཀྱང་གྲགས། །རྒྱལ་སྲས་དཔའ་མོས་བུད་མེད་ལུས་ཀྱིས་ཀྱང༌། །བདུད་ཀྱི་གཙོ་བོ་དེ་སྙེད་ཕམ་བྱས་ན། །ནག་པོའི་རྩ་ལག་ཉ་ཡི་ཏོག་ཅན་གྱིས། །དཀར་ཕྱོགས་གཞོམ་པའི་ངལ་ཁུར་དེས་ཅི་བྱ། །གཤིས་ལུགས་རིག་པའི་མཉམ་བཞག་རིག་སྔགས་ཀྱིས། །ཚུགས་ཐུབ་བརླིང་པོའི་ཁམས་ཀུན་གཞིག་པའི་དབྱིངས། །རྗེས་ཐོབ་རྟེན་འབྱུང་སྣང་བ་འགོག་མེད་དུ། །ཤར་བས་ཚོགས་གཉིས་ཀུན་ལ་གོ་སྐབས་ཡངས། །རྒྱ་མཚོ་སྤྲིན་གྱི་བཀོད་པ་རབ་འབྱམས་དབྱིངས། །རིས་མེད་ཀུན་ཏུ་འཆར་བའི་ངོ་མཚར་འཕྲུལ། །སྒྱུ་མའི་རྣམ་ཐར་རྩལ་གྱི་རོལ་སྒེག་གར། །རབ་འབྱམས་རྒྱལ་ཀུན་དགྱེས་པའི་གཟིགས་མོར་སྨིན། །སྣ་ཚོགས་དུཿཁས་གདུང་བའི་མཐའ་ཀླས་འགྲོར། །རིས་མེད་ཁོར་ཡུག་འབབས་པ་ཐུགས་རྗེའི་ཆར། །སྤྲོ་མཛད་ཀུན་བཟང་སྤྱོད་པའི་ཏཱ་མ་ལ། །སྨོན་ལམ་གློག་འོད་རྩེ་དགའི་རོལ་པ་འཛིན། །མོས་སྤྱོད་ཏིང་འཛིན་རྩལ་རྫོགས་མིའུ་ཐུང༌། །རླབས་ཆེན་ཚོགས་གཉིས་གོམ་པའི་སྟབས་གཅིག་གིས། །འཕགས་ལམ་ཕ་མཐའ་ཡངས་པའི་ས་ཆེན་ཁྱོན། །མནན་ཚེ་སྒྲིབ་གཉིས་སྟོབས་ལྡན་ས་འོག་རྨོངས། །སྒྲིབ་གཉིས༵་གཉིས༵་སྣང་རྒྱ་ལས་མ་གྲོལ་ཀྱང༌། །འགྲོ་མང་མང་པོའི་འཇིགས་ལས་སྐྱབས་མཐོང་ན། །ད་ཀོ་གོ་འཕང་མཆོག་རབ་བརྙེས་ལགས་པས། །ཆེས་མྱུར་མྱུར་བར་བདག་ཅག་རྗེས་འཛིན་མཛོད། །ཅེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས། བར་དུ་རླབས་པོ་ཆེའི་ཚོགས་བསགས་ཤིང་སྒྲོལ་མ་ཞེས་མཚན་གསོལ་བའི་ཚུལ་གྱི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་གཉིས་པའོ།། །།
གང་གི་མཚན་སྙན་ནོར་བུ་ཀེ་ཏ་ཀ །ཐ་མལ་འགྲོ་བློའི་ཆུ་མཚོར་རེག་པའི་མོད། །སྡིག་ལྟུང་ཉེས་པའི་རྙོག་མ་ཀུན་སེལ་བ། །རྒྱལ་ཡུམ་ཞི་བ་ཆེན་མོས་ཤིས་པས་སྐྱོངས། །དེ་ནས་རྒུད་པའི་ཐོགས་རེག་དང༌། །བྲལ་བའི་སྐྱེ་དགུའི་བསོད་ནམས་མཁར། །ཐོགས་པ་མེད་པ་ཞེས་བྱ་བའི། །རྫོགས་ལྡན་བསྐལ་པའི་ཉི་མ་ཤར། །དེ་དུས་དྲི་མེད་བརྟུལ་ཞུགས་ཀྱི། །འོད་ཀྱི་སྣང་བ་སྡིག་ལྟུང་གི །མུན་པར་ལྷན་ཅིག་གནས་མིན་པ། །རྣམ་དག་ཁྲིམས་གཙང་དགེ་སློང་བྱུང༌། །རྒྱལ་བ་དྲང་སྲོང་མཆོག་དེ་ཡིས། །བསྐལ་པ་དུ་མར་ཡང་དང་ཡང༌། །ཚོགས་གཉིས་རིག་སྔགས་ཀྱིས་བསྒྲུབས་པའི། །གསང་གསུམ་ཨ་བྷི་ཥིཉྩའི་ཆུས། །ས་བཅུའི་རྒྱལ་སྲས་དཔའ་བོ་དགེ་སྦྱོང་དེར། །འོད་ཟེར་ཆེན་པོའི་དབང་མཆོག་སྒྲ་བོ་ཆེ། །བསྐུར་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ལ། །མངའ་གསོལ་སྤྱན་རས་གཟིགས་སུ་གྱུར་ཞེས་གྲགས། །སླར་ཡང་འོད་ཟེར་ཟུང་གིས་དབང་བསྐུར་བས། །ཕྱག་ན་པདྨོའི་ཐུགས་གསང་དཔལ་བེའུ་ལས། །གཉིས་མེད་གཉིས་སུ་སྣང་བའི་སྒྱུ་འཕྲུལ་གར། །རྒྱལ་སྲས་དཔའ་མོ་མཆོག་གི་རོལ་བར་ཤར། །དེ་ལྟར་བཤེས་གཉེན་དེད་དཔོན་མཆོག་གི་མགོན་ལ་བསྟེན་ཅིང་ཐབས་ཤེས་བ་དན་དཀར་པོ་བསྐྱོད་པའི་སྒྱུ་འཕྲུལ་ཅན། །ཚོགས་གཉིས་གསེར་གྱི་གྲུ་ཆེན་ལ་ཞུགས་སྡུག་བསྔལ་གསུམ་གྱི་ཀླུང་འཁོར་གཡོ་བའི་སྲིད་པའི་རྒྱ་མཚོ་ཆེན་པོ་ཡི། །ཕ་རོལ་བགྲོད་ནས་སྐུ་གསུམ་རིན་ཆེན་འགྲོ་ལ་སྦྱིན་སླད་བགྲང་དུ་ཡས་པའི་བསྐལ་བ་ཕྱེ་བ་དུ་མ་རུ། །རླབས་ཆེན་སྙིང་སྟོབས་ཆེན་པོའི་ཁེངས་ལྡན་རྒྱལ་སྲས་དཔའ་མོའི་ཁྱུ་མཆོག་གང་དེ་ཞིམ་པ་མེད་པར་སོང་བར་གྱུར། །ཐོག་མེད་ནས་བཟུང་ད་ལྟའི་བར། །སྡུག་ལ་སྦྱོར་བའི་དྭངས་མིའི་དགྲ། །གཏི་མུག་མུན་པའི་དཔུང་ཆེན་ལ། །རྒྱབ་འཆའ་སྒྲིབ་གཉིས་ཐིག་སྐར་ཕྲེང་། །གསང་གསུམ་འོད་ཀྱི་གདེངས་ཀ་ཅན། །ཟུང་འཇུག་ཉི་མའི་ཁ་ལོ་པ། །མཐོང་སྒོམ་སྐྱ་རེངས་རིམ་ཤར་ཚེ། །སྟོང་པའི་དབྱིངས་སུ་རིམ་གྱིས་བྲོས། །གཅིག་ཏུ་རང་བདེ་དོན་གཉེར་ལྕགས་སྒྲོག་གཞན་ཕན་སེམས་ཀྱི་ཐོ་བས་བཅོམ། །གཉིས་སུ་མཚན་འཛིན་སྤྲོས་པའི་དྲ་བ་མཁྱེན་པའི་ཡེ་ཤེས་རལ་གྲིས་བཅད། །གསུམ་དུ་ཀུན་རྟོག་རླུང་གི་གཡོ་བ་དྷི་ཏིའི་མཁའ་ལ་ཐིམ་གྱུར་པས། །བཞི་ལྡན་དག་པའི་རོལ་པ་འབྱམས་ཀླས་སྐུ་བཞིའི་རྒྱལ་སྲིད་མཆོག་དེ་འཁོད། །སྐུ་མཆོག་མཆོག་ཏུ་མཛེས་པ་མཚན་དཔེའི་སྐུ། །གསུང་དབྱངས་དབྱངས་སྙན་ཡན་ལག་དྲུག་ཅུའི་གསུང། །ཐུགས་རབ་རབ་གསལ་ཤེས་བྱ་ཀུན་མཁྱེན་ཐུགས། །རྒྱལ་ཡུམ་ཡུམ་མཆོག་སྲིད་ཞིའི་གཙུག་ན་རྒྱལ། །མཁྱེན་པའི་སྤྱན་གྱིས་རིགས་དང་མོས་པ་གཟིགས། །བརྩེ་ཆེན་སྙིང་རྗེས་ཉིན་མཚན་དུས་ཀུན་དགོངས། །གསང་གསུམ་ཆོ་འཕྲུལ་འབུམ་གྱིས་རྒྱུད་ངན་འདི། །ད་ལྟ་ཉིད་དུ་ཐུལ་ཅིག་བཅོམ་ལྡན་མ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་མཐར་བླ་མེད་བྱང་ཆུབ་བརྙེས་པའི་ཚུལ་གྱི་མེ་ཏོག་སྟེ་གསུམ་པའོ།། །།
གང་གསུང་རིགས་སྔགས་འཕྲུལ་གྱི་ལྡེ་མིག་གིས། །རྨུགས་འཛིན་མཛོད་གྱི་སྒོ་འཕར་ཡོངས་ཕྱེ་བས། །དབུལ་ཕོངས་སྡུག་བསྔལ་སེལ་བའི་ཆོ་ག་མཁན། །རྒྱལ་ཡུམ་གསེར་མདོག་ཅན་མས་བདག་སྐྱོངས་ཤིག །གསང་གསུམ་སྒྱུ་འཕྲུལ་རོལ་སྒེག་ཟླ་བའི་གཟུགས། །ཐ་དད་འགྲོ་བློའི་རྫིང་བུར་འཕོས་པའི་གཏམ། །བརྗོད་ལས་འདས་པ་རྒྱ་མཚོ་ཆུ་ཡི་རྡུལ། །སྐྲ་རྩེའི་ཐིགས་པ་འཐོར་བས་ཅི་ལྟར་རྫོགས། །འོན་ཀྱང་སྐོམ་པའི་གདུང་བ་མཚོ་འགྲམ་དུ། །སླེབས་ཚེ་ཆུ་ཀློང་རྫོགས་པར་མ་བཏུང་ཡང་། །ཇི་ཙམ་ནུས་པ་འཐུང་བས་གདུང་སེལ་ལྟར། །རང་བློའི་དཔག་ཚོད་འགའ་ཞིག་གཏམ་དུ་གླེང་། །བགྲང་བྱ་མང་པོ་འདས་པ་སྔོན་གྱི་དུས། །གླིང་བཞིའི་འཛིན་མའི་ཐིག་ལེའི་འཛམ་གླིང་ཡུལ། །མི་རིགས་རྣམ་བཞིའི་གྲོང་ཁྱེར་རྒྱ་གར་གྱི། །ཨོ་ཊི་བི་ཤ་གྲུབ་པའི་ཞིང་མཆོག་ཏུ། །མཛངས་ལྡན་མཉེས་གཤིན་ཕ་མས་ཆེར་བརྩེ་བས། །ལས་དོན་སྣ་མང་མ་མཐོང་གཅེས་པའི་བུ། །ས་སྐྱོང་རིགས་ཀྱི་མྱུ་གུ་གཞོན་ནུ་ཞིག །ནགས་ཁྲོད་དབེན་པར་བག་མེད་གཉིད་དུ་ལོག །དེ་ཚེ་ས་ཡི་བདག་པོའི་ཆབ་སྲིད་ལ། །ཆེས་ཆེར་རྔམས་པའི་བརྣབ་སེམས་རླུང་ཤུགས་ཀྱིས། །བསམ་སྦྱོར་ངན་པའི་མེ་དཔུང་དུས་གཅིག་ཏུ། །སྦར་བའི་མ་རུངས་དགྲ་ཚོགས་གནས་དེར་ལྷགས། །མཛེས་མའི་སྙིང་གི་ཀུ་མུད་རྒོད་བྱེད་བཞིན་རས་ཟླ་བ་གསར་བའི་ལང་ཚོ་ཞེ་སྡང་ཁྲག་གིས་དམར་པོར་བསྒྱུར། །ཁྱོ་ཤུག་ལག་བརྡ་ཕན་ཚུན་འཁྱུད་པའི་རྩེ་དགའི་མེ་ཏོག་རྒྱས་པའི་ཚལ་དེར་གདུག་པའི་མཚོན་གྱི་ཚེར་མ་གཟེངས། །སྡང་མིག་གློག་ཞགས་དམར་པོ་གཡོ་ལྡན་ཁྲོ་གཉེར་ཆར་སྤྲིན་བརྩེགས་མ་བརྩེགས་མ་དཔྲལ་བའི་དབྱིངས་སུ་སྟུག་པོར་བསྡུས། །རྩུབ་སེམས་དྲག་པོའི་དྲི་ལེན་གྱིས་བསྐྱོད་སྨིན་མའི་ནགས་ཀློང་འཁྱོགས་པོར་གཡོ་ཞིང་ཤ་ཟ་ལྟ་བུར་གར་གྱིས་རྒྱུག །འུར་འུར་རླུང་གིས་ལྷབ་ལྷབ་བསྐྱོད་ཅིང་རབ་ཏུ་གཡོ་བའི་རུ་དར་ཚོགས་ནི་དུམ་བུར་ཆད་པའི་ན་བུན་བཞིན། །བང་འགྲོས་རྩལ་ལྡན་བཞོན་པའི་རྨིག་པའི་རླུང་གིས་བསླང་བའི་རྡུལ་གྱི་འཚུབ་མ་ཁམ་ནག་དུད་སྤྲིན་འཁྲིགས་པ་བཞིན། །སོད་རྒྱོབ་ཀི་བསྭོ་ཅོ་དིར་ང་རོ་དིར་དིར་སྒྲོགས་པས་གནམ་ས་རལ་བ་ཁྱབ་འཇུག་ཁྲོས་པའི་སྒྲ་དབྱངས་བཞིན། །དཔའ་ཞིང་རྟུལ་ཕོད་ཡན་ལག་བཞི་ལྡན་བགྲང་ཡས་དམག་དཔུང་འཁྲུག་ཅིང་གཡོ་བ་རྒྱ་མཚོ་འཁྲུག་པའི་ཀློང་འཁོར་བཞིན། །དེ་ཚེ་ས་དབང་རྒྱལ་པོའི་བུ། །གློ་བུར་ཉིད་དུ་སད་པ་ལས། །དཔུང་གྲོགས་གཅིག་ཀྱང་མ་མཆིས་པར། །དགྲ་ཡི་ཚོགས་ཀྱིས་བསྐོར་བ་མཐོང་། །འཇིགས་ཤིང་སྐྲག་པའི་མེ་ལྕེ་ཡིས། །སྙིང་གི་ཆུ་གཏེར་ཁོལ་བའི་གདངས། །ཀྱེེེེེཻ་ཧོ་སྒྲོལ་མ་སྒྲོལ་མ་ཞེས། །འདར་ཞིང་བརྣང་བའི་ཡུས་ཀྱིས་གསོལ། །གྲངས་མེད་བསྐལ་བར་ཚོགས་གཉིས་ཀྱི། །རས་བལ་འཇམ་པོས་ཕྱི་བརྡར་ཅན། །འཕགས་མའི་ཐུགས་ཀྱི་མེ་ལོང་དུ། །དེ་ཡི་གཟུགས་བརྙན་འགོག་མེད་འཕོས། །འགྲོ་བ་སུ་དར་སུ་རྒུད་ཅེས། །དུས་ཀུན་གཟིགས་པའི་བྱ་ར་པ། །རྒྱལ་བ་རྣམས་ཀྱི་ཕྲིན་ལས་ནི། །དུས་ལས་ཡོལ་བ་སུ་ཡིས་དམིགས། །དེ་སླད་བུ་བུ་མ་འཇིགས་ཞེས། །བརྩེ་བའི་གསུང་གིས་དབུགས་འབྱིན་ཅིང་། །བྱམས་ལྡན་ཐུགས་ནི་དུང་ངེ་བ། །འཕགས་མའི་སྐུ་མཆོག་བསྟན་པར་གྱུར། །དེ་ཡི་གཡས་བརྐྱངས་ཞབས་ཀྱི་འོག་ལས་འཇིགས་པའི་རླུང་དམར་ཐོན་པ་ཡི། །བྱིའུའི་ཚོགས་རྣམས་ཁྲ་ཡིས་དེད་དམ་གླང་པོའི་ཁྱུ་ཚོགས་སེང་གེ་བཞིན། །མ་རུངས་དགྲ་སྡེ་སྦུར་མ་དག་ནི་སྐད་ཅིག་ཉིད་ལ་ཁྱེར་བ་ལས། །ས་སྐྱོང་རྒྱལ་བུ་རང་གི་ཁྱིམ་དུ་བདེ་བར་དབུགས་འབྱིན་སྐལ་བ་ཐོབ། །ཁྱོད་མཚན་རིགས་སྔགས་ལན་གཅིག་བཟླས་པས་ཀྱང་། །རྒུད་པའི་ཉེས་ཚོགས་གཞིལ་བ་དེ་ལྟ་ན། །བདག་གིས་ཅི་ཙམ་གསོལ་ཡང་མི་དགོངས་པ། །ཐུགས་རྗེ་ཕྱོགས་སུ་ལྷུང་བ་མ་ལགས་སམ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་དགྲའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཞི་པའོ།། །།
བྱིན་རླབས་བདུད་རྩིའི་ཐིག་ཕྲེང་རེ་རེས་ཀྱང༌། །འཆི་བ་ཡང་འབྱུང་མེད་པར་བཅོམ་པའི་བཅུད། །ཚེ་དཔལ་ལང་ཚོའི་དཔྱིད་དུ་བསྒྱུར་མཁས་པ། །བདེ་གཤེགས་གཙུག་ཏོར་རྣམ་རྒྱལ་ལྷ་མོས་སྐྱོངས། །སྟོང་པ་གདོད་ནས་དག་པའི་མེ་ལོང་དུ། །སྣང་བ་དཀར་ནག་ལས་འབྲས་སྒྱུ་མའི་གཟུགས། །འགོག་མེད་འཆར་བ་དངོས་པོའི་གཤིས་ཡིན་པས། །རྒྱལ་བས་རྟེན་འབྱུང་བསླུ་བ་མེད་ཅེས་གསུངས། །སྔོན་ཚེ་ཉུང་ངུའི་ཚོང་ཟོང་གིས། །མང་དུ་དབུལ་བ་གོ་བྱད་པ། །བཀྲེན་ཅིང་དབུལ་བའི་སྐྱེ་བོ་ཞིག །བུད་ཤིང་སླད་དུ་ནགས་སུ་སོང༌། །ཁ་ཟས་སྦྱོར་བ་འཚོལ་བ་ཡི། །སྐྱེ་བོ་དེ་ཉིད་ལས་དབང་གིས། །ཁ་ཟས་དངོས་གཞི་འཚོལ་བ་ཡི། །སེང་གེ་མོ་དང་ཐུག་པར་གྱུར། །གང་གིས་གང་ཞིག་ཐུབ་གྱུར་ན། །དེས་དེ་གཞོམ་པ་སྲིད་པའི་ལུགས། །ལྟོགས་པའི་སེང་གེས་ལྟོགས་པའི་མི། །མཐོང་ནས་དགའ་སྟེ་རངས་བར་བརྒྱུགས། །མཚམས་སྤྲིན་ཕུང་པོ་རླུང་གིས་བསྐྱོད་ལྟའི་དམར་སེར་རལ་བ་གཡོ་བཞིན་དུ། །རྣོ་ངར་སྡེར་མོ་བསྣུན་པས་མ་བཟོད་གསེར་ལྡན་བུ་མོ་འདར་བྱེད་ཅིང༌། །སྙིང་གི་བརྣབ་སེམས་གཟུགས་སུ་ཤར་བའི་ཁ་གདངས་མཆེ་བ་གཙིགས་བཞིན་དུ། །ཉམས་དམན་དེ་ཀོ་ཁ་རུ་ཐོགས་ནས་ནགས་སུ་ཡེར་ཡེར་ཁྱེར་བར་གྱུར། །སྡུག་བསྔལ་མུན་པའི་སྨག་ཀློང་དེར། །རྣམ་དཀར་ཕྲ་མོའི་གློག་འོད་ཀྱིས། །འཕགས་མ་དྲན་པའི་ཀུན་རྟོག་གི །རྒྱུ་བའི་སྣང་བརྙན་ཤར་པ་ལས། །སྲོག་ལ་རྔམས་པའི་གཤིན་རྗེ་དང༌། །ལུས་ལ་རྔམས་པའི་གཅན་གཟན་གཉིས། །ལྷན་ཅིག་ཚོགས་པའི་མཆེ་རྩེ་ནས། །འདར་ཞིང་བརྣང་བཞིན་འཕགས་མར་བོས། །སྒྲིབ་མེད་སྙན་གྱི་དབང་བོ་རུ། །གདུང་བའི་ང་རོ་དེ་སོན་པས། །མེ་ལྕེ་ཕོག་པའི་ཤའུ་བཞིན། །བླག་ཏུ་མེད་པའི་སྙིང་རྗེས་གདུང༌། །དེ་ཡི་མཐུ་ལས་རིང་པ་རིངས་པར་མརྒད་ལོ་མའི་གོས་གྱོན་ཅིང༌། །རྐང་མཐིལ་དམར་བའི་རྒྱ་སྐྱེགས་ཚོན་གྱིས་ནོར་འཛིན་གཞོན་ནུའི་འགྲམ་པ་ལ། །ལི་ཁྲིའི་ཐིག་ལེ་གསར་པ་འགོད་མཁས་གྲུབ་བདག་བུ་མོའི་གཟུགས་ཀྱིས་ནི། །མ་རུངས་དེ་ཡི་ཁ་ལས་བཏོན་ཏེ་ཚོང་འདུས་དབུས་སུ་བདེ་བར་བཞག །ཨེ་མ་སྔོན་རབས་གཏམ་གྱི་དབྱུག་གུ་ཡིས། །ངག་གི་འཁོར་ལོའི་རྔ་གསང་བསྐུལ་བ་ལས། །གསོལ་འདེབས་དབྱངས་སྙན་སྒྲོགས་པ་འདི་གསོན་ལ། །གཡེལ་མེད་བརྩེ་བས་གཟིགས་ཤིག་བཅོམ་ལྡན་མ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་སེང་གེའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་གྱི་མེ་ཏོག་སྟེ་ལྔ་པའོ།། །།
ཨུཏྤལ་འཕྲུལ་གྱི་ཞགས་པའི་རྩེ་དགའ་ཡིས། །སྙིང་གི་གདུང་སེལ་ཡིད་མཐུན་མཛའ་ན་མོ། །སྦུར་ལེན་རྡུལ་དང་འཕྲད་པའི་མཛའ་གཅུགས་བཞིན། །བསྒྱུར་མཛད་རྒྱལ་ཡུམ་ཧཱུྃ་སྒྲ་སྒྲོག་མས་སྐྱོངས། །དོན་མེད་འཚོལ་ལས་དོན་ཆེན་རྙེད་པ་ནི། །འཇིག་རྟེན་འདི་ན་ཅི་ཡང་སྲིད་པས་ན། །བདེན་པ་གསུངས་པས་བྱས་ཆུད་མི་ཟ་ཞིང༌། །མ་བྱས་པ་དང་འཕྲད་པ་མེད་ཅེས་གསུངས། །ཡང་ཅིག་ཐོས་སོ་སྔོན་གྱི་དུས། །བཅུ་གཉིས་བགྲང་བྱའི་གྲངས་རྫོགས་པས། །བདེ་བའི་གྲོགས་སུ་འོས་པ་མོ། །གྲོང་བའི་བུ་མོ་གཞོན་ནུ་ཞིག །ལང་ཚོའི་མེ་ཏོག་གསལ་བའི་ཆེད། །ནགས་ཀྱི་མེ་ཏོག་ཐུའོ་ཞེས། །རིམ་གྱིས་བས་མཐར་ཕྱིན་པ་ལས། །སྐྱེ་བོས་དབེན་པའི་ནགས་སུ་ཕྱིན། །མི་བསྲུན་གོམས་སྟབས་བརླང་པོར་བསྐྱོད་པས་གྲངས་མེད་སྲོག་ཆགས་བརྫིས་པའི་ཁྲག །མཚལ་གྱི་འདམ་ལ་བརྒལ་བ་བཞིན་དུ་སུག་པ་དག་ལ་བགོས་བྱས་ཤིང༌། །གླང་མོ་ཆང་གིས་ཀུན་ནས་མྱོས་པས་འོ་དོད་འབོད་ཅིང་རྒྱུག་པ་ཅན། །ཁུ་ནི་ཞེས་གྲགས་གདུག་པའི་གླང་པོ་གཏུམ་ཆེན་དེ་དང་འཕྲད་གྱུར་པས། །ཤ་རློན་མཐོང་བའི་ཅེ་སྤྱང་བཞིན། །ཚམ་ཚོམ་མེད་པར་ཐོག་ཏུ་རྒྱུག །ཧར་ཧར་དབུགས་ཀྱི་རྔམས་སྒྲ་ཅན། །སྣ་ཡི་ཞགས་པས་བཟུང་སྟེ་བཅིང༌། །བུ་མོ་ཚེ་ཡི་ཉི་མ་ནི། །འཆི་བའི་ནུབ་རིར་ཕྱོགས་པ་ལས། །དངངས་ཤིང་སྐྲག་པའི་གྲིབ་སོ་ནི། །སེམས་ཀྱི་ལ་ལུང་ཀུན་ནས་འདུས། །ཤིན་ཏུ་གཉོམ་ཆུང་སྐད་ཀྱིས་ནི། །རྒྱལ་ཡུམ་སྒྲོལ་མར་བོས་གྱུར་ཏེ། །གསེབ་ཏུ་བཅུག་པའི་བུང་བ་བཞིན། །ཟི་ཟིའི་སྒྲ་སྐད་ཕྲ་མོས་སོ། །བསྐལ་པ་བྱེ་བར་ཐོས་དཀའ་བའི། །གང་མཚན་རིག་སྔགས་ཆོ་ག་དེས། །གདུག་ཅིང་ཁེངས་བའི་སེམས་ཞི་སྟེ། །ལག་ལྡན་སྤ་བཀོང་དབང་དུ་བྱས། །སེམས་ཀྱི་རྒྱལ་པོ་དབང་བྱས་ན། །ལུས་དང་ངག་གཉིས་བྲན་ལགས་པས། །རྡོ་ཡི་སྟེགས་བུ་མཐོན་པོ་ལ། །བུ་མོ་བཞག་སྟེ་ཕྱག་ཀྱང་འཚལ། །དེ་བཞིན་ཚོང་འདུས་དབུས་དག་དང༌། །འདུན་ཁང་ལྷ་ཁང་རྒྱལ་པོ་ཡི། །ཕོ་བྲང་སྒོར་ཡང་བཞག་བྱས་ཏེ། །སྣ་ཡིས་ཕྱག་གི་སྟངས་ཀ་བྱས། །དེ་ལྟའི་ངོ་མཚར་དྲི་བཞོན་གྱིས་ནི་གྲགས་སྙན་དྲིལ་ཆུང་དྲྭ་བའི་ཕྲེང༌། །བགྲང་ཡས་སྐྱེ་བོའི་མགུལ་བའི་རྒྱན་དུ་ལྷན་སྐྱེས་གཤིས་སུ་འཁྲོལ་པ་ལས། །སྐས་ཀྱི་གདང་བུ་རིམ་གྱིས་མ་ཡིན་བསོད་ནམས་གོམས་པའི་སྟབས་གཅིག་གིས། །ས་དབང་རྒྱལ་པོའི་བཙུན་མོའི་རྒྱལ་སྲིད་གྲུ་བཞི་ལམ་གྱིས་མནན་པར་གྱུར། །འཕགས་མ་ཁྱོད་མཚན་ལྷ་དབང་གཙུག་གི་ནོར། །རེགས་པས་སྐུ་གསུམ་འཆི་མེད་གནས་འཐོབ་ན། །དུད་འགྲོ་ཕལ་བའི་ཕྱག་ལ་ངོ་མཚར་ཞེས། །ཅལ་སྒྲོགས་སྐྱེ་བོ་དེ་རྣམས་རི་བོང་སྤུན། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྗེ་བཙུན་མ། །མ་ལྟར་བརྩེ་བ་ཁྱོད་ཀྱིས་དུས་ཀུན་ཏུ། །དུ་མའི་འགྲོ་ལ་གཟིགས་པའི་ཐུགས་རྗེ་འདིས། །འདི་དང་ཕྱི་མར་བདག་ཀྱང་རྗེས་འཛིན་མཛོད། །ཅེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་གླང་པོའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་དྲུག་པའོ།། །།
དྲག་སྔགས་དབྱངས་སུ་བཞད་པའི་གདོང་ལྔའི་སྒྲས། །སྡིག་ཅན་བདུད་སྡེའི་གླང་པོ་སྟོང་གི་སྙིང༌། །དུས་གཅིག་ཨ་ཙ་ཀ་ཡི་དོགས་པ་ལྟར། །འགེམས་མཛད་འཇིག་རྟེན་གསུམ་རྒྱལ་འཕགས་མས་སྐྱོངས། །ཐུགས་རྗེ་ག་བུར་གཟེགས་མའི་ཐིག་ཕྲེང་གིས། །མནར་མེད་འཕྲང་ཡང་པད་མཚོ་ལྟར་བསྒྱུར་བའི། །མ་མཐོང་ལྐོག་གྱུར་གནས་དེར་ཐེ་ཚོམ་རྣམས། །མཐོང་བ་མངོན་གྱུར་ལོ་རྒྱུས་འདིར་ལྟོས་ཤིག །འཁོན་འཛིན་གདུག་པའི་སྦྲུལ་ཆེན་ནི། །གང་གི་སྙིང་ལ་རྟག་གནས་པ། །སྐྱེ་བོ་དེ་ཡིས་མི་རྩོམ་པའི། །ངན་པའི་བྱ་བ་ཅི་ཞིག་མཆིས། །ལན་ཅིག་ཤ་འཁོན་ཆགས་པ་ཡི། །གནས་གཞི་ལ་ནི་ཕ་རོལ་པོས། །མཚན་མོའི་ཐུན་ལ་གྲོགས་བཅོལ་ནས། །ཀུན་ནས་འཁོར་བར་མེ་ཆེན་སྦར། །དེ་ཚེ་དེ་ཡི་མི་དང་ནོར། །ཡོ་བྱད་བཅས་པ་རང་འབྲས་ཀྱི། །ཐལ་བའི་ཉེར་ལེན་ཐོགས་མེད་དུ། །འགྱུར་བ་ལ་ནི་ཕྱོགས་པར་གྱུར། །དྲག་ཅིང་རྩུབ་བའི་མེ་ལྕེ་གཡོ་བ་གདུག་པའི་བསམ་ངན་མཚོན་བྱེད་ཅིང༌། །འུར་འུར་ཙག་ཙག་མེ་སྟག་འཕྲོ་བས་མི་རྟག་ངང་ཚུལ་དབྱངས་སུ་ལེན། །གང་འཕྲད་དངོས་པོ་ཐལ་བར་བསྒྱུར་བས་འཁོར་བའི་གནས་ཚུལ་སྟོན་བྱེད་པའི། །མེ་ཡི་ཕུང་པོས་ཁོ་ར་ཁོར་ཡུག་ར་བ་ཀུན་ནས་བསྐོར་མཐོང་ནས། །བག་མེད་བྱིས་པས་ངང་སྤྱོད་ཀྱིས། །ཉེས་ཀྱང་མ་ལ་འབོད་པ་ལྟར། །རང་གི་ལས་ཀྱིས་རང་མནར་ཡང༌། །བྱམས་ལྡན་འཕགས་མར་འོ་དོད་བོས། །གློ་བུར་གློ་བུར་མཁའ་དབྱིངས་སུ། །སྔོན་པོ་སྔོན་པོའི་ཆུ་འཛིན་ཚོགས། །གསར་བ་གསར་བའི་ཕྲེང་འཁྲིགས་ཏེ། །མྱུར་བ་མྱུར་བར་ཆར་རྒྱུན་བབས། །གསང་གསུམ་རྒྱ་མཚོའི་ཀློང་འཁོར་ལས། །འོངས་པའི་སྙིང་རྗེའི་སྤྲིན་ཕུང་ཚོགས། །འཁྲིགས་ལས་བྱིན་རླབས་གྲུ་ཆར་དེས། །མེ་ཚོགས་ལྷག་མེད་གཞིལ་བར་གྱུར། །རྒྱལ་དང་རྒྱལ་སྲས་ཡུམ་གཅིག་བརྩེ་ལྡན་མས། །མ་ལྟར་མ་ལུས་འགྲོ་འདི་བསྐྱང་བའི་ཚུལ། །བསམ་བཞིན་བསམ་པ་ཐག་པས་གསོལ་འདེབས་ན། །བྱམས་ལྡན་བྱམས་པའི་ཐུགས་རྗེས་བདག་སྐྱོངས་ཤིག །ཅེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་མེའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བདུན་པའོ།། །།
རྨད་བྱུང་བྱིན་རླབས་མེ་ལྕེའི་པ་ཏྲ་རིས། །ཕ་རོལ་རྦོད་གཏོང་ངན་སྔགས་སྦུར་མའི་རྡུལ། །ལྷག་མེད་གཞོབ་ཏུ་བསྲེགས་པའི་འཕྲུལ་འཁོར་མཁན། །གཞན་མཐུ་འཇོམས་མཛད་སྒྲོལ་མས་བདག་སྲུངས་ཤིག །དྲན་ཤེས་ལྕགས་ཀྱུས་དབང་དུ་མ་བྱས་པའི། །ཆགས་ལྡན་སེམས་ཀྱི་གླང་པོ་མ་རུངས་པ། །འདོད་པའི་ཡུལ་ལ་རང་དགར་བརྒྱུགས་པ་ཡིས། །ཕུངས་ཁྲོལ་བྱ་བ་མི་འདྲེན་ཅི་ཞིག་མཆིས། །ཡང་ཅིག་སྔོན་དུ་འཕགས་ཡུལ་དུ། །རང་གི་བདེ་དང་གཞན་གྱི་ནོར། །ཕན་ཚུན་གཏོང་ལེན་གོམས་གྱུར་བའི། །སྨད་འཚོང་མཛེས་མ་བྱུང་ཞེས་ཐོས། །འཛུམ་དཀར་རླབས་ཕྲེང་རོལ་པ་ཅན། །དེ་གདོད་འོ་མའི་ཆུ་གཏེར་དབུས། །ཆགས་ལྡན་བུང་བའི་སྙིང་འབུགས་བའི། །ཟུམ་ཟུམ་མིག་གི་ཨུཏྤལ་གཡོ། །མཆུ་སྒྲོས་བུམ་པའི་མེ་ཏོག་འདབ། །འཛུམ་གྱིས་ཅུང་ཟད་གྲོལ་བའི་ངོགས། །ག་བུར་དྲི་ཡི་རྫི་ངད་ཅན། །སོ་ཕྲེང་མུ་ཏིག་གེ་སར་རྒོད། །དེ་ཚེ་འབྱོར་ལྡན་ཚོང་དཔོན་ཞིག །དེ་ཡི་ལང་ཚོས་ཡིད་དྲངས་ཏེ། །ཁེངས་དྲེགས་སེམས་ནི་ངོ་ཚ་དང༌། །ལྷན་ཅིག་ཉིད་དུ་དོར་བྱས་ནས། །མུཀྟྲ་ཀ་ཡི་དོ་ཤལ་ནི། །བརྒྱ་ཕྲག་ལྔ་ཡི་གྲངས་ཚང་བ། །ཕངས་པ་མེད་པར་དུས་གཅིག་ཏུ། །སྟེར་བའི་གཡར་དམ་ཕུལ་བར་གྱུར། །དེ་ནས་ནམ་གྱི་གུང་ཐུན་ལ། །སྲེད་ལྡན་དགའ་མ་མལ་ནས་ལངས། །འཇམ་མཉེན་དྲོད་དང་མཐུན་པ་ཡི། །གསར་བ་གསར་བའི་གོས་དག་བགོས། །ཟ་ཟིའི་བུང་བའི་གཤོག་རླུང་གིས། །གེ་སར་རྡུལ་འཚུབ་གཡོ་བ་ཅན། །མཱ་ལི་ཀ་ཡི་ཆུན་པོ་དག །གདེངས་ཀ་ཇི་བཞིན་ཐོད་དུ་བཅིང༌། །རྨ་བྱ་གཞོན་ནུའི་སྒེག་འགྲོས་ཀྱིས། །འོག་བག་སིལ་སིལ་བསྐྱོད་པའི་སྒྲས། །ཆགས་ལྡན་སྙིང་ནི་འདར་བྱེད་ཅིང༌། །ཚོང་དཔོན་གནས་པའི་ཕྱོགས་དེར་སོང༌། །ལམ་དུ་ངལ་བས་དུབ་གྱུར་ན། །སྒྱུ་རྩལ་འཕྲུལ་འཁོར་ཉམས་དོགས་ནས། །ཤིར་ཤིའི་ཤིང་གི་ཡལ་ག་ལ། །འཇུས་ནས་ཅུང་ཟད་ངལ་གསོ་བྱས། །འདོད་པའི་དངོས་པོ་མི་རྙེད་ཅིང༌། །མི་འདོད་རྙེད་པ་འཁོར་བའི་ལུགས། །འཁྲིལ་འདོད་གཞོན་ནུས་མ་འཁྲིལ་བར། །མི་འདོད་གདུག་པའི་སྦྲུལ་གྱིས་འཁྲིལ། །ལན་གཅིག་འཕྲད་པ་འདི་འདྲའི་ནོར། །ཡ་ང་མེད་པར་ལེན་ནུས་པའི། །བརྣབ་སེམས་ལྡན་པའི་གཡོ་ཅན་མ། །འདི་ལ་འདི་ནི་འོས་པ་ཉིད། །རླུང་གིས་བསྐྱོད་པའི་དར་ལྕེ་བཞིན། །འདུ་ཤེས་སེམས་ནི་གཞན་དབང་སྟེ། །ཆགས་པས་གདུང་བའི་སེམས་དེ་ནི། །གློ་བུར་འཇིགས་སྐྲག་སེམས་སུ་འཕོས། །ཨུཏྤལ་མཐིང་གའི་མིག་ཡངས་གཡོ་ལྡན་མཛེས་མ་རི་སྐྱེས་གཞོན་ནུ་མོ། །འདོད་ལྡན་ཟླ་གྲོགས་འཚོལ་ལ་རིངས་པས་བག་ཡངས་ཀུན་ཏུ་རྒྱུག་པ་ལས། །མཐོང་རེག་དུག་གི་རླངས་པ་གཡོ་ལྡན་བྲང་འགྲོའི་རྙི་ཡིས་ཟིན་གྱུར་པས། །ཆུ་སྐྱེས་གཞོན་ནུར་བུང་བ་ཞུགས་ལྟར་འདར་བཞིན་འདར་བཞིན་འཕགས་མར་བོས། །རྒྱལ་ཡུམ་ཁྱོད་མཚན་རིག་སྔགས་འཕྲུལ་བོ་ཆེས། །རེགས་པ་དེ་ཚེ་གདུག་ཅན་ལག་འགྲོ་ཡང༌། །གློ་བུར་མེ་ཏོག་དཀར་པོའི་དོ་ཤལ་དུ། །བསྒྱུར་བའི་ངོ་མཚར་སྒྱུ་མའི་འཕྲུལ་འཁོར་བསྟན། །གཞན་ཡང་མཛའ་བོའི་སེན་མོའི་རྗེས་ལྷུང་བའི། །འཇམ་མཉེན་ནུ་འབུར་རེགས་པས་ཡིད་དྲངས་ཏེ། །སྦྲུལ་གདུག་རང་གི་མེ་ཏོག་གཟུགས་བཟུང་ནས། །ཡུན་རིང་འཁྱུད་པར་འདོད་དམ་འཕྱང་མོ་ཉུགས། །འཕགས་མའི་ཐུགས་རྗེའི་ཟླ་ཤེལ་ཐིག་ཕྲེང་གིས། །སྦྲུལ་གྱི་དུག་དང་མཛེས་མའི་འཇིགས་པའི་སེམས། །ཆབས་ཅིག་དག་པས་ཞག་བདུན་འདས་པའི་མཐར། །དུག་བྲལ་སྦྲུལ་དཀར་གཟུགས་ཀྱིས་རྒྱ་མཚོར་སོང༌། །མ་ལུས་རྒྱལ་བ་བསྐྱེད་པའི་ཡུམ་གཅིག་མ། །མ་ལྟར་འགྲོ་ལ་བརྩེ་བའི་བྱམས་ལྡན་མ། །མ་རུངས་ཀུན་འདུལ་གསང་གསུམ་འཕྲུལ་ལྡན་མ། །མ་ཅིག་ཨཱརྱ་ཏཱ་རེ་ཡ་ན་མ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་དུག་སྦྲུལ་གྱི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བརྒྱད་པའོ།། །།
མི་བཟད་མཐུ་སྟོབས་གནམ་ལྕགས་འཕྲུལ་འཁོར་གྱིས། །སྡེ་དང་བཅས་པའི་བདུད་དགྲ་འབྱུང་པོའི་ཚོགས། །དུས་གཅིག་ཕྱེ་མར་བརླག་པའི་དྲག་ཤུལ་ཅན། །སྒྲོལ་མ་བདུད་དགྲ་འཇོམས་མས་བདག་སྲུངས་ཤིག །རླབས་ཆེན་བསོད་ནམས་ལྡན་པའི་སྐྱེ་བོ་ལ། །མི་འགྲུབ་བྱ་བ་ཅི་ཡང་སྲིད་མིན་ཏེ། །ཆུ་ལུད་དྲོད་གཤེར་ས་བོན་ཚོགས་པ་ཡིས། །རང་འབྲས་ཐོགས་མེད་འབྱིན་པའི་ངོ་མཚར་བཞིན། །སྔོན་ཚེ་བྷ་རུ་ཀཙྪ་རུ། །དཔག་མེད་ལོངས་སྤྱོད་ཡོ་ལང་གིས། །ས་དབང་རྣམ་ཐོས་སྲས་པོས་ཀྱང༌། །ཕྲག་དོག་འཛིན་པའི་ཚོང་དཔོན་ཞིག །ཁུར་གྱིས་ངལ་བའི་རྔུལ་ཆུ་ཡི། །ཐིགས་ཕྲེང་མི་ཉམས་པ་ཏྲ་རིས། །འཕྱང་ལྡན་རྔ་མོང་ཆིག་སྟོང་དང༌། །ཁྱུ་མཆོག་དེ་ཡི་ཕྱེད་དང་བཅས། །རྨིག་རླུང་རྡུལ་དམར་འཚུབ་མ་ཡིས། །བར་སྣང་དོགས་པོར་བྱེད་པ་བཞིན། །རྙེད་པས་རྙེད་པ་འཚོལ་བ་ཡི། །ཁེ་སྤོག་སླད་དུ་ཡུལ་གཞན་སོང༌། །དེ་དག་ལམ་བར་འབྲོག་དགོན་དུ། །ཆོམ་རྐུན་གྲོང་ཁྱེར་གནས་པ་སྟེ། །སྔ་རོལ་སོང་བའི་མགྲོན་པོ་དག །དེ་ཡིས་བཅོམ་ཞིང་བརླགས་པར་གྱུར། །འགྲོ་མང་བསད་པའི་ཤ་དང་རུས་པའི་ཚོགས་རྣམས་ཕུང་པོར་སྤུངས་ལ་བྱ་རྒོད་དག་ནི་གཤོག་སྡེབས་གར་གྱིས་རོལ། །ཤ་སྦྲང་ཟ་ཟིར་གཡོ་བ་དང་ལྡན་ནང་ཁྲོལ་རྒྱུ་རློན་ཐང་མར་བརྡལ་ལ་ཁྱི་སྤྱང་དག་གིས་དྲུད་ཅིང་ཟ། །འཇིགས་རུང་གཡུལ་ཆེན་རེགས་པ་མ་བཟོད་ནོར་འཛིན་བུ་མོ་རྔུལ་བའི་ཆུ་རྒྱུན་བསད་ཁྲག་དྲོན་མོའི་ཀློང་དུ་འབབ། །རྟུལ་ཕོད་གྲགས་ལྡན་རཱ་མ་ཎ་ཡང་ཁྲ་ཡིས་བདས་པའི་ཕུག་རོན་ལྟར་གྱུར་དུར་ཁྲོད་ཆེ་དེར་ཕྱིན་པ་ལས། །སྨིན་ལེགས་པདྨོའི་ཚལ་ལ་རྗེས་སོང་བའི། །སྤྲོ་བའི་སེམས་ཀྱི་བུང་བ་འཇིགས་སྐྲག་གི །རླུང་གིས་རྒྱང་རིང་བདས་པའི་ལུས་རྟེན་ཡང༌། །རྒྱ་མཚོའི་རླབས་ཀྱིས་གཡེང་བའི་གཟིངས་བཞིན་འདར། །གྲོགས་མོའི་སྙིང་གཏམ་ཉན་པའི་རྣ་བ་ཡང༌། །འོན་པ་བཞིན་དུ་ཡུལ་ལ་འཇུག་མ་གྱུར། །ཟླ་གདོང་བདུད་རྩི་འཐུང་བའི་མིག་དབང་ཡང༌། །རི་མོའི་མིག་བཞིན་ཅེ་རེ་ལོང་དུ་སྡོད། །ཚོགས་དྲུག་ཡུལ་སྣང་འགག་བའི་བར་སྐབས་དེར། །མྱོང་སྣང་གསལ་རིག་སེམས་ཀྱི་མེ་ལོང་དུ། །རྒྱལ་ཡུམ་སྒྲོལ་མ་དྲན་པའི་ཀུན་རྟོག་གི། །སྒྱུ་མའི་སྣང་བརྙན་རི་མོ་ཡོངས་སྨིན་པས། །སྤྲོས་དང་བྲལ་བ་གཉུག་མའི་ཀློང༌། །གཉིད་དུ་ཡུར་བའི་འཕགས་མའི་ཐུགས། །གསོལ་འདེབས་བདུད་རྩིའི་བསང་གཏོར་གྱིས། །གློ་བུར་ཉིད་དུ་བསླང་བ་ལས། །གཉིས་མེད་གཉིས་སུ་སྣང་བ་ཡི། །སྤྲུལ་པའི་དམག་དཔུང་མིག་འཕྲུལ་གྱིས། །སྒྱུ་མའི་སེང་གེས་གླང་པོའི་ཁྱུ། །བདས་པ་བཞིན་དུ་རྒྱང་རིང་བསྐྲད། །ཚོང་པ་དག་ཀྱང་འཇིགས་མེད་པར། །རང་ཡུལ་བདེ་བར་སླེབས་སོ་ཞེས། །གྲགས་སྙན་རྫ་རྔ་གསར་བ་དག །ད་དུང་ཕྱོགས་བྲལ་མཛེས་མས་བརྡུང༌། །ཆོས་ཉིད་སྤྲོས་བྲལ་ཡང་དག་མཐའ། །ཆོས་ཅན་སྣང་སྟོང་ཟུང་འཇུག་སྐུ། །ཆོས་ཀྱི་སྤྱན་ལྡན་རྗེ་བཙུན་མར། །ཆོས་ཀྱི་རྗེས་འབྲང་བློ་ཡིས་འདུད། །ཅེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་ཆོམ་རྐུན་གྱི་འཇིགས་པ་ལས་བསྐྱབས་པའི་མེ་ཏོག་སྟེ་དགུ་པའོ།། །།
སྐྱབས་གནས་ཀུན་མཚོན་ཕྱག་རྒྱའི་རི་མོའི་རིས། །ཐུགས་མཚན་དཔལ་བེའུ་ངོས་སུ་བཀོད་ཙམ་གྱིས། །ཕྱི་ནང་འཇིགས་ཆེན་ཀུན་སྐྱོབས་རྗེ་བཙུན་མ། །དཀོན་མཆོག་གསུམ་མཚོན་སྒྲོལ་མས་བདག་སྲུངས་ཤིག །མ་རིག་བདག་ཏུ་ལྟ་བའི་ལྟེ་བ་ལས། །ཐོན་པའི་སྲིད་པ་ཡན་ལག་བཅུ་གཉིས་རྩིབས། །བདེ་སྡུག་བླ་འོག་ཆད་མེད་བསྒྱུར་བ་ཡིས། །འཁོར་བའི་མཚན་དོན་བསྒྲུབས་པ་འདི་ལྟོས་ཤིག །རྨོངས་པ་འཕྲལ་གྱི་བདེ་ཙམ་དང༌། །ཕུགས་ཀྱི་གནོད་ཚབས་བརྗེ་བ་སྟེ། །སྔོན་དུས་གདུག་པའི་རྐུན་པོ་ཞིག །རྒྱལ་པོའི་མཛོད་ཁང་ཕུགས་དེར་སོང༌། །དེར་ནི་མཁོ་ཞིང་བླང་འོས་པའི། །ནོར་གྱི་རྣམ་པ་མང་མཆིས་ཀྱང༌། །དེ་ལ་ལས་ཀྱི་བྱིན་པ་ཡི། །ཆང་གིས་གང་བའི་བུམ་པ་རྙེད། །ཤིན་ཏུ་རྨོངས་པའི་གཏི་རྒན་དེས། །དེ་མ་ཐག་ཏུ་འཐུང་གྱུར་པས། །ར་རོས་མྱོས་ཏེ་གཉིད་ལོག་པ། །མེལ་ཚེ་པ་དག་མཐོང་སྟེ་བཟུང༌། །གཞན་གྱི་ཁང་བར་བརྐུར་ཞུགས་ནས། །རང་མལ་ལྟ་བུར་ཆང་འཐུང་བ། །དེ་ཀོ་ངེས་པར་བླུན་པོ་སྟེ། །ཡ་སོ་ལྡན་པའི་གླང་རྒན་ཉིད། །ས་བདག་ཚིག་གི་དྲི་ལན་གྱིས། །བསྐྱོད་པ་བྲན་གྱི་སྡང་པའི་མེས། །རྩུབ་སྦྱོར་དྲག་པོའི་ཚ་ཟེར་གྱིས། །དེ་ཡིས་ལུས་ནི་གདུངས་པར་བྱས། །ཞགས་པ་སེ་རལ་ཁར་ཐོགས་ཅིང༌། །ལྕགས་སྒྲོགས་བགྲང་ཕྲེང་འཛིན་པ་དེ། །ཁྲིམས་ཀྱིས་ཁང་བའི་ནགས་ཁྲོད་ན། །སྡུག་བསྔལ་བསམ་གཏན་བྱེད་ཅིང་སྡོད། །བཀྲེས་ཤིང་སྐོམ་པས་གདུངས་པ་ཡི། །བཞིན་པད་རྡུལ་གྱི་ཁེབས་པའི་ངོས། །ཁ་ལྕེ་གྱོང་པོའི་འདབ་རྩེ་ན། །ཆུ་ཐིགས་གཅིག་ཀྱང་དམིགས་མ་གྱུར། །སྲོག་དང་འབྲལ་དོགས་འཁྲུག་པ་ཅན། །དེ་ཡི་ཀུན་རྟོག་ཉལ་འགྲོ་མ། །རྣམ་དཀར་ལས་ཀྱི་ཡུར་ལམ་ལས། །འཕགས་མའི་ཆུ་གཏེར་ཕྱོགས་སུ་བཞོལ། །བདག་གི་རེ་བའི་ལག་པས་འཆེལ་ས་ནི། །འཕགས་མ་ཁྱོད་མཐུའི་མཁར་བ་གཅིག་པུ་སྟེ། །དེ་ཕྱིར་ཉམ་ཐག་བདག་ལ་ཇི་ལྟར་བགྱིད། །བྱམས་ལྡན་མ་ཁྱོད་མཁྱེན་ཞེས་ཡུས་ཀྱིས་གསོལ། །དེ་ཚེ་རྒྱལ་ཀུན་བསྐྱེད་པའི་ཡུམ་གཅིག་གསང་གསུམ་ངོ་མཚར་རོལ་སྒེག་གཟུགས། །ཁ་དོག་ལྔ་ལྡན་འདབ་མ་གཡོ་བའི་འདབ་ཆགས་གཟུགས་ཀྱིས་དེར་འོང་སྟེ། །ལྕགས་སྒྲོག་ཞགས་པའི་མདུད་པ་དམ་པོ་ཐུགས་རྗེའི་འཕྲུལ་གྱིས་བཀྲོལ་བྱས་ཏེ། །བཙོན་རྭའི་སྒོ་འཕར་རང་དགར་ཕྱེས་ཏེ་རང་ཡུལ་བདེ་བར་སླེབས་པར་བྱས། །ལུས་སེམས་ངལ་པས་དུབ་པ་དེ། །གཉེན་དང་འཕྲད་པའི་སིམ་ཚོར་གྱིས། །ལུས་སྐྱེས་སྤུ་ལོང་གཡོ་བཞིན་དུ། །བདེ་བའི་མལ་དུ་གཉིད་ལ་ཡུར། །དེ་ཚེ་སྔོན་མེད་གཞོན་ནུ་མ། །གསོང་བོར་སྨྲ་བའི་ངང་ཚུལ་ཅན། །ཡིད་དབང་གཡོ་མེད་འཛིན་པ་ཞིག །དེ་ཡི་རྨི་ལམ་ཆུ་མཚོར་ཤར། །དྲང་བོར་སྨྲ་བའི་དགའ་མ་དེས། །ཁྱེད་ཅག་ངེད་ཀྱི་དྲིན་དྲན་ན། །མ་རབས་ལས་འདི་སྤོངས་ཤིག་ཅེས། །རྣམ་དཀར་ལས་ལམ་བསྟན་པར་གྱུར། །དེ་ཉིད་གཉིད་ལས་སད་པ་ན། །བཀའ་དྲིན་དྲན་པའི་ཡིད་གཡོས་ཏེ། །རང་འཁོར་རྐུན་པོ་ལྔ་བརྒྱར་བཅས། །འཕགས་མའི་གདམས་པའི་རྗེས་སུ་ཞུགས། །ཀྱེ་ཧོ་བཤེས་གཉེན་དམ་པས་རྗེས་བཟུང་བ། །དགེ་ལེགས་ཀུན་གྱི་འཇུག་ངོགས་དང་པོ་སྟེ། །དབང་ཕྱོགས་ནམ་མཁའ་སྔོ་སྐྱར་གྱུར་པ་ལ། །སྐྱ་རེངས་དང་པོ་ཤར་ཞེས་མི་དག་གླེང༌། །དེ་ལྟར་སྔོན་རབས་གཏམ་གྱི་ཡི་གེ་ཡིས། །ངལ་བའི་ལས་འདིར་རང་འདོད་སྲེད་པས་ཏེ། །མཛའ་བའི་ཁྱོ་ཤུག་སྟོར་པའི་ངུར་བ་མོའི། །མགྲིན་དབྱངས་སོས་ཀའི་དུས་སྟོན་ཡིན་ནོ་ལོ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་བཙོན་རའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་པའོ།། །།
ཁྱོན་ཡངས་འགྲོ་བའི་ཁམས་ལ་རྗེས་སོང་བའི། །བརྩེ་ཆེན་ཟུར་མིག་གང་དུ་ལྷུང་བའི་མོད། །རང་དབང་གཏན་བྲལ་འགུག་པའི་ཆོ་ག་མཁན། །བདུད་འཇོམས་དབང་སྡུད་ལྷ་མོས་དགེ་ལེགས་སྩོལ། །རིགས་དྲུག་རང་སྣང་སྲིད་པའི་གྲོང་ཁྱེར་དུ། །འགྲོ་ཀུན་རང་རང་བདེ་སྡུག་བགོ་སྐལ་ལ། །མ་འདྲེས་སོ་སོར་སྤྱོད་པའི་ཚངས་པའི་ཐིག །དཀར་ནག་ལས་ཀྱི་སྲད་བུ་དྲང་པོར་གདབ། །སྔོན་ཚེ་འཕགས་ཡུལ་ལྷོ་ཕྱོགས་ཀྱི། །དོན་མཐུན་ཚོང་པ་ལྔ་སྟོང་ཙམ། །གྲུ་བོ་ཆེ་ནི་གསུམ་དང་བཅས། །ནོར་ཕྱིར་རྒྱ་མཚོར་ཞུགས་ཞེས་ཐོས། །ཁོར་ཡུག་མཐའ་ནི་མི་མངོན་པ། །མཁའ་ཡི་དབྱིངས་སུ་འདྲེས་པ་བཞིན། །རླངས་པ་འཐིབ་པའི་ཡོལ་བ་ཡིས། །ཕྱོགས་ཀྱི་འཁོར་ལོར་སྒྲིབ་པ་བཞིན། །རླབས་ཀྱི་ཕྲེང་བས་ཁེབས་པ་ནི། །བརྩེགས་མ་སྟུག་པོའི་ཆར་སྤྲིན་བཞིན། །དར་ཆེན་རླུང་གིས་བསྐྱོད་པ་ནི། །སྤྲིན་ཕུང་རྫི་ཕྱོགས་རྒྱུག་པ་བཞིན། །རླབས་ཀྱི་གཡེང་བའི་གྲུ་ཆེན་ནི། །འཕར་འགྲོའི་གོམ་སྟབས་སློབ་པ་བཞིན། །ཕྱི་དྲོ་ཉི་མའི་དཀྱིལ་འཁོར་ཡང༌། །རིམ་གྱིས་ཆུ་ལྷར་ནུབ་པ་བཞིན། །མཚན་མོ་ཟླ་སྐར་གཟུགས་ཤར་བས། །མཚོ་ཡང་ནམ་མཁའི་འཁོར་ལོ་བཞིན། །རིང་ནས་མཐོང་བའི་ཆུ་སྲིན་ནི། །གྲིབ་མས་ནོན་པའི་རི་བོ་བཞིན། །དེ་བཞིན་རིང་མཐོང་གྲུ་ཆེན་ཡང༌། །རྒྱང་ན་བྱིའུ་འོང་བ་བཞིན། །ཀྱེ་ཧོ་དེར་ཞུགས་སྐྱེ་བོ་རྣམས། །རྣམ་པར་རྟོག་པ་ཐ་དད་དེ། །ཚུ་རོལ་གཉེན་དང་ཕ་རོལ་གྱི། །ནོར་ལ་ཆགས་པའི་སེམས་ཀྱིས་སོ། །སྐྲ་ལོ་དཀར་པོའི་ཐོར་ཅོག་ཅན། །དེ་དག་ཕ་མ་རྒན་རྒོན་རྣམས། །བུ་དང་རིང་མིན་འཕྲད་ཤོག་ཅེས། །མཆི་མས་བརྣང་བཞིན་མལ་ན་ཉལ། །འགའ་ཞིག་སྲོག་གི་ཐག་པ་ཡིས། །རིང་ནས་སྦྲེལ་བའི་གྲོགས་མོ་དག །རྔེའུ་སྟོར་བའི་རྔ་མོང་བཞིན། །ཁྱོ་བྲལ་གདུངས་བ་དབྱངས་སུ་ལེན། །དེ་ལྟར་དེ་དག་རིམ་སོང་བས། །ནོར་གྱི་གང་བའི་གླིང་དུ་སླེབས། །རིན་ཆེན་ནོར་གྱི་དབྱིག་དག་གིས། །གྲུ་བོ་ཆེ་གཅིག་དགང་བར་བྱས། །སྐོམས་པས་ཚྭ་ཆུ་བཏུང་བ་བཞིན། །ངོམས་མེད་དེ་དག་ཡང་སོང་བས། །ཙནྡན་ས་མཆོག་གླིང་འཕྲད་པས། །དེས་ཀྱང་གྲུ་གཅིག་གང་བར་བྱས། །དེ་ལྟར་ཆུ་འཛིན་གཞོན་ནུས་འཁྱུད་པའི་དབྱར་སྐྱེས་དགའ་མ་འཁུན་བའི་སྒྲས། །ཆགས་ལྡན་རྨ་བྱ་བདེ་བས་རབ་མྱོས་སྒྲོ་གདུགས་སྤུ་ལོང་གཡོ་བ་བཞིན། །གང་གིས་གང་ཞིག་དོན་དུ་གཉེར་བའི་དཀའ་སྤྱད་འབྲས་བུ་གྲུབ་པ་ལས། །དགའ་བདེའི་ཚོར་བས་མིག་ཟུང་གཡོ་ལྡན་དེ་དག་རང་ཡུལ་ལྡོག་གྱུར་པས། །སེར་སྣའི་ཀུན་དཀྲིས་དམ་པོས་བཅིངས་པའི་རྒྱ་མཚོའི་ནོར་བདག་ཁྲོས་གྱུར་ཏེ། །མཆོག་རབ་རི་བོའང་འགྱེལ་བར་བྱེད་པའི་མི་བཟད་འཐོར་རླུང་བཏང་བ་ལས། །ཆུ་གཏེར་ཆེ་དེ་ཀུན་ནས་འཁྲུག་པའི་རྦ་རླབས་དྲག་པོས་བསྐྱོད་གྱུར་བས། །གྲུ་ཆེན་གསུམ་ཀའི་སྦྲེལ་ཐག་ཆད་དེ་ཕྱོགས་སུ་འཐོར་ཞིང་ཁྱེར་བར་གྱུར། །རྒྱ་ཡིས་ཟིན་པའི་རི་དྭགས་བཞིན། །འཆི་བས་སྐྲག་པ་དེ་དག་གི །ལྐོག་མར་འབྱིན་པའི་ཙིཏྟ་ནི། །མགྲིན་པའི་ཕུག་ན་ངར་སྒྲ་སྒྲོགས། །ཅུང་ཟད་སྙིང་སྟོབས་ལྡན་པ་འགའ། །ཚངས་དབང་ཁྱབ་འཇུག་ཉི་ཟླ་དང༌། །མཐུ་ཆེན་ཀུ་བེ་ར་སོགས་ལ། །སྐྱབས་སུ་གསོལ་ཅིང་འོ་དོད་འབོད། །ས་ཡིས་ཁ་དོག་གིས་བསྒྱུར་བའི། །མི་འདྲའི་མཚོ་མང་བརྒལ་བའི་མཐར། །རི་བོ་བླ་འོག་བསྒྱུར་བ་ལྟར། །དྲག་ཏུ་འཁྲུགས་པའི་རྒྱ་མཚོ་མཐོང༌། །དེར་ནི་ནང་བའི་དགེ་བསྙེན་ཞིག། ཏཱ་རེ་འཕགས་མ་དྲན་གྱུར་ཏེ། །ཡི་གེ་བཅུ་བའི་རིག་སྔགས་ནི། །སྐད་གཟེངས་མཐོན་པོས་བསྒྲགས་པར་བྱས། །མཐུ་ལྡན་འཕགས་མའི་བྱིན་རླབས་ཀྱིས། །མྱུར་བར་རླུང་ནི་ཕྱིར་ལོག་སྟེ། །དེ་ཡི་ནུབ་མོ་ཁོ་ན་ལ། །འཛམ་བུ་གླིང་མཐར་ཕྱིན་པར་གྱུར། །དེ་ནས་སྔོ་བསངས་གཡེམ་དགའ་མས། །མུན་པའི་སྨད་གོས་བརྫེས་པ་ན། །ཉི་མ་འཁྱུད་ལ་རིངས་པ་ཡིས། །སྐྱ་རེངས་ལག་པ་བརྐྱང་བར་གྱུར། །དེ་ཚེ་སྔ་སོར་སྟོར་བའི་གྲུ། །ནོར་རྫས་གཅིག་ཀྱང་མ་གོད་པར། །འཕགས་མའི་ཐུགས་རྗེའི་སོར་མོ་ཡིས། །དེར་ནི་ལྷན་ཅིག་བསྡུས་པར་བྱས། །བདེ་དགའི་སྙེ་མ་གང་ལ་རག་ལས་པ། །མཆོག་གསུམ་ཐུགས་རྗེའི་སྡོང་བུ་ཁོ་ན་སྟེ། །མཐུ་ཆེན་ཚངས་དབང་གིས་ཀྱང་ཕན་མིན་ན། །ཕལ་གཞན་རེ་ས་ཝ་སྐྱེས་བརྙན་མ་བཞིན། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་རྒྱ་མཚོའི་རླབས་ཀྱི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་གཅིག་པའོ།། །།
མི་ཟད་ནམ་མཁའི་མཛོད་ཀྱི་ཏིང་འཛིན་སྒོ། །མཐའ་ཀླས་འཁོར་ཡུག་ཡོངས་གྲོལ་དངོས་གྲུབ་ཆར། །ཕུན་ཚོགས་འདོད་དགུའི་དཔྱིད་དུ་འཇོ་བའི་གཉེན། །ཕོངས་པ་ཀུན་སེལ་སྒྲོལ་མས་བདག་སྐྱོངས་ཤིག །མཁའ་དབྱིངས་མཐོན་པོར་རྒྱུ་བའི་འོད་དཀར་ཅན། །དྭངས་བའི་མཚོ་ལ་འདོད་པས་འཇུག་མིན་ཀྱང༌། །རྟེན་འབྲེལ་གཤིས་ཀྱིས་འཆར་བ་འགོག་མིན་ན། །ཀུན་ཁྱབ་རྒྱལ་བའི་ཕྲིན་ལས་སུ་ཡིས་འགོག །སྔོན་ཚེ་འཕགས་ཡུལ་ཤར་ཕྱོགས་ཀྱི། །ཉན་ཐོས་དགོན་སྡེ་ཆེན་པོ་ཞིག །མཚན་རེ་བཞིན་དུ་དགེ་སློང་རེ། །གདུག་ཅན་ཤ་ཟས་ཟོས་པར་གྱུར། །ལན་ཅིག་བློ་ལྡན་དགེ་ཚུལ་ཞིག །ཕྱི་རོལ་འཆག་ཏུ་སོང་བ་ལས། །སྐྱེ་བོ་ཟ་ལ་གོམས་པ་ཅན། །མཚན་མོ་རྒྱུ་བ་དེ་ཀོ་མཐོང༌། །མི་བསྲུན་བསམ་ངན་རྗེས་སུ་དཔོག་པའི་མདོག་ནི་སོལ་བ་བཅག་ལྟར་ནག །གློ་བུར་ཉིད་དུ་ཡེ་འབྲོག་སློང་བྱེད་ཤུགས་སྒྲ་རྒོད་ཅིང་མཆེ་བ་གཙིགས། །སྐྱེ་འགྲོའི་དབུགས་སྲོག་དྲོན་མོ་སྡུད་ཕྱིར་འཇིགས་པའི་གར་གྱིས་རྒྱུག་པ་དེས། །རི་སྤྱང་སྔོན་མོ་རྭ་དང་འཕྲད་བཞིན་མགོ་བོ་ཉིད་ནས་བཟུང་བར་གྱུར། །སྔོན་མ་སྔོན་མའི་ཚེ་རབས་མང་པོར་འཕགས་མ་ཉིད་དང་འབྲེལ་བ་ཡི། །རྣམ་དཀར་ལག་པས་བྱི་དོར་བྱིན་པའི་གསལ་རིག་བཻཌཱུར་མེ་ལོང་དུ། །
བཅོམ་ལྡན་འདས་མ་རྗེས་སུ་དྲན་པའི་ཀུན་རྟོག་རི་མོ་སྨིན་པ་ལས། །བྷ་ག་བ་ཏི་ཏཱ་རེ་ཡུམ་ཞེས་སྐྱབས་སུ་གསོལ་ཞིང་འོ་དོད་བོས། །བསྐལ་བ་བྱེ་བ་བརྗོད་ལས་འདས་པར་ཚོགས་གཉིས་སྔགས་ཀྱིས་སྒྲུབ་པའི་འབྲས། །ཚངས་དབང་གིས་ཀྱང་སྲིད་འདིར་རྙེད་མིན་ཁྱོད་མཚན་སྒྱུ་མའི་ཆོ་ག་དེས། །རབ་གཏུམ་ཁྲོ་མོ་དྲག་ཤུལ་ཅན་ཞིག་ཁྲོས་པའི་གར་གྱིས་དེར་བྱོན་ཏེ། །འབར་བའི་རལ་གྲི་ཀླད་ལ་སྐོར་བཞིན་ཚམ་རྔམས་དྲག་པོས་བསྡིགས་པར་བྱས། །སྟོབས་བཅུའི་དབང་མོ་ཁྱོད་དྲུང་ན། །སྲིད་འདིར་ཅི་འདྲའི་སྟོབས་ལྡན་དག །རི་རབ་དྲུང་ན་ཡུངས་འབྲུའམ། །ཉི་མའི་དྲུང་ན་མེ་ཁྱེར་བཞིན། །དེ་སྐད་འབྱུང་པོ་དེ་སྐྲག་ནས། །མུ་ཏིག་གིས་བཀང་བུམ་པ་ཞིག །དགེ་སྦྱོང་གཞོན་ནུ་དེར་ཕུལ་ནས། །ཕྱིན་ཆད་གནོད་མེད་བྲོ་ཡང་བོར། །ཏ་ཐཱ་ག་ཏ་ཡོངས་ཀྱི་ཡུམ་གཅིག་པུ། །ཏཱ་རེ་འཕགས་མས་རྗེས་བཟུང་སྔོན་རབས་གཏམ། །ཏ་ལ་ལྟར་ཡངས་ངག་གི་འཁོར་ལོ་ལས། །ཏ་མ་ལ་དབུས་སྒྲ་བརྒྱ་ལྟ་བུ་སྒྲོགས། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་ཤ་ཟའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་གཉིས་པའོ།། །།
སྤངས་རྟོགས་ཆ་ཤས་ཡོངས་རྫོགས་ཟླ་བའི་བཞིན། །ཕྲིན་ལས་དར་དྲག་ལང་ཚོའི་འཛུམ་རླབས་ཀྱིས། །དགེ་བཅུའི་དཔལ་ཡོན་འགུག་པའི་རོ་སྒེག་ཡུམ། །བཀྲ་ཤིས་རྒྱས་མཛད་འཕགས་མས་ཤིས་པས་སྐྱོངས། །ཡང་ཅིག་འཕགས་མའི་གསང་གསུམ་སྒྱུ་འཕྲུལ་གཏམ། །གཏམ་གཞན་ཟིལ་གྱིས་གནོན་པའི་སྒྲ་བོ་ཆེ། །ཆེ་ལ་ཆེ་མཐོར་བརྗོད་པའི་རོལ་མོ་མཆོག །མཆོག་ཏུ་དགེ་བའི་སེམས་ཀྱིས་དབྱངས་སུ་ལེན། །སྔོན་ཚེ་བྱུང་བ་ཀུ་མ་ཀྵེ་ཏའི་ཡུལ། །སྲིད་སྲུང་སྙན་ངག་ལ་སོགས་ལས་དྲུག་ལ། །བསླབ་པ་མཐར་ཕྱིན་གཙང་སྦྲའི་བརྟུལ་ཞུགས་ཅན། །བྲམ་ཟེའི་སློབ་དཔོན་ཞིག་ལ་མཛེ་ཡིས་ཟིན། །དེ་ཡིས་དྲིས་ལོག་འགོས་ཤིང་མཆེད་གྱུར་ཏེ། །ལུད་ཀྱི་ཕུང་པོར་མེ་མདག་ཞུགས་པ་བཞིན། །རིམ་གྱིས་རིམ་གྱིས་དེ་རིགས་སྟོང་ཕྲག་ཕྱེད། །གདུག་པ་གདེངས་ཅན་ནད་ཀྱིས་ཐེབས་པར་གྱུར། །པགས་པའི་མདོག་ནི་དམར་ཞིང་སྔོ་ལ་ཤུ་ཐོར་ཁྲོ་གཟེར་བཏབ་པ་བཞིན། །རྣག་ཁྲག་དྲིས་བོས་སྦྲང་མ་འཁོར་ལྡན་སྒལ་བ་བསྣད་པའི་རྟ་བོང་བཞིན། །སྐྲ་དང་སྨིན་མ་ཀུན་ནས་འཕྱི་བ་ལག་འགྲོའི་ལྕེ་ཡིས་བལྡག་པ་བཞིན། །གདུག་པའི་བྲོ་ཡིས་མནར་བ་དེ་དག་རོ་ཡི་ལུས་ཅན་སྲོག་ལྡན་བཞིན། །བྲམ་ཟེའི་བརྟུལ་ཞུགས་གཙང་སྤྱོད་ཉམས་ཏེ་སློང་མོ་བྱེད་ཅིང་ལྷག་མས་འཚོ། །ཀྱེ་མ་བདག་གི་ངང་ཚུལ་གཟིགས་ཞེས་གདུང་བའི་སྐད་ཀྱིས་བོས་གྱུར་ཀྱང༌། །མཐོང་ཚད་མཐའ་དག་ལག་པས་རྣ་བཀབ་རིངས་པའི་སྟབས་ཀྱིས་བྲོས་གྱུར་ཏེ། །སྲིད་པའི་བདེ་སྡུག་རང་སྐལ་མ་གཏོགས་མྱོང་གྲོགས་བྱེད་མཁན་སུ་ཞིག་མཆིས། །འོན་ཀྱང་དེ་དག་རྣམ་དཀར་གྱི། །ས་བོན་ཅུང་ཟད་སྨིན་པ་སྟེ། །ཐ་ཀ་བ་དག་རྐང་བའི་སྟབས། །རེས་འཇོག་ཁོ་ན་བྱེད་དོ་ལོ། །དེ་དག་འགྲོ་བའི་ལམ་ཁ་རུ། །འཕགས་མའི་རྡོ་སྐུ་བཞུགས་པ་ལ། །བདག་ཅག་འདི་ལས་སྐྱོབས་ཤིག་ཅེས། །སྙིང་ནས་གསོལ་བ་འདི་ལྟར་བཏབ། །ཀྱེ་མ་མ་ལ་ཟླ་བའི་བཞིན་ལ་གུར་ཀུམ་རྡུལ་གྱིས་སྦག་བ་ཅན། །འཇམ་མཉེན་ལག་པའི་བསིལ་ཡབ་གཡོབ་པས་རྣ་གོང་མེ་ཏོག་འདར་བ་མོ། །སྐད་ཅིག་ཕྱེད་ཀྱང་འབྲལ་གླགས་མེད་པའི་གཞོན་གྲོགས་ན་ཆུང་མ་དག་ཀྱང༌། །ནད་ཀྱིས་དབྱེན་བྱས་ཁྱི་རོ་ལྟར་སྤངས་བདག་ཅག་ཁྱོད་ཀྱི་སྙིང་རྗེའི་གནས། །ཤིན་ཏུ་བརྩེ་བའི་གཉེན་གྱིས་ཀྱང་ནི་བཤང་གཅི་ལྟ་བུར་སྐྱུག་བྲོ་བྱེད། །ཤིན་ཏུ་དག་པའི་ཁང་བཟང་བོར་ཏེ་རྣག་དྲི་ཁ་བའི་མལ་དུ་ཉལ། །ཤིན་ཏུ་གཙང་མའི་བརྟུལ་ཞུགས་དོར་ཏེ་ཁྱི་ཕག་ལྟར་སྤྱོད་བདག་ཅག་ལ། །ཤིན་ཏུ་བརྩེ་བས་ཉེ་རིང་མི་མངའ་བཅོམ་ལྡན་མ་ཁྱོད་ཐུགས་རྗེས་གཟིགས། །དེ་ལྟར་གདུངས་པའི་དབུགས་རླུང་གིས། །གསོལ་འདེབས་གླིང་བུ་བསྒྱུར་བའི་སྒྲས། །བསྐུལ་བའི་འཕགས་མའི་ཕྱག་སོར་ལས། །ཟླ་གཞོན་ཞུ་འདྲའི་བདུད་རྩི་བྱུང༌། །རྨད་བྱུང་སྨན་གྱི་ཆུ་རྒྱུན་དེར། །བྲམ་ཟེ་དག་གིས་ཁྲུས་བྱས་པས། །རྭ་ཧུས་བཏང་བའི་ཟླ་བ་བཞིན། །དེ་དག་ན་ཚ་ལྷག་མེད་དྭངས། །ཏཱ་རེ་ཁྱོད་མཐུས་བདུད་རྩིའི་ཐིགས་རྒྱུན་གྱིས། །ཐོག་མེད་ལྷན་སྐྱེས་ཞུགས་པའི་སྒྲིབ་པའི་ནད། །དྲུང་འབྱིན་ནུས་ན་གློ་བུར་རྐྱེན་གྱི་ནད། །ལྷག་མེད་ཞི་དེར་ཡ་མཚན་ཅི་ཞིག་འཚལ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་མཛེ་ནད་ཀྱི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་གསུམ་པའོ།། །།
མི་བཟད་མཐུ་སྟོབས་ཞོ་འཐུང་རུས་པའི་མཚོན། །གང་དུ་གདེངས་པའི་མི་བསྲུན་ལྷ་མིན་མོའི། །གཅེས་པའི་སྲོག་དང་སྒྲིབ་གཉིས་འཆིང་བའི་མངལ། །ཅིག་ཅར་ལྷུང་མཛད་མེ་ལྟར་འབར་མས་བསྲུངས། །ཤར་ཕྱོགས་དབང་པོའི་ཕོ་ཉའི་འཚེ་བ་ལས། །ལྷོ་གླིང་འཛིན་མའི་འགྲོ་འདི་བསྐྱབས་པའི་གཏམ། །ནུབ་ཕྱོགས་བདེ་ལྡན་ཞིང་མགོན་གླུར་ལེན་ན། །བྱང་ཕྱོགས་ཁ་བ་ཅན་རྣམས་ཅིས་མི་སྒྲོགས། །བཅོམ་བརླག་ཡུལ་གྱི་ཚལ་ཞིག་ན། །ཉན་ཐོས་དགེ་སློང་སྟོང་ཕྲག་ཕྱེད། །བསམ་གཏན་བདེ་བའི་སྟེགས་བུ་ལ། །ཞི་ལྷག་རྣལ་འབྱོར་སྤྱོད་ཅིང་གནས། །དེ་དག་རྣམ་དཀར་བྱ་བ་དེ། །ནག་པོའི་ཕྱོགས་སྐྱོང་དབང་བོ་ཡི། །སྙིང་ལ་ཟུག་རྔུར་གྱུར་ནས་སུ། །མི་བསྲུན་ཕོ་ཉ་བཏང་ཞེས་གྲགས། །དེ་ལས་འགའ་ཞིག་བྲམ་ཟེའི་གཟུགས་དང་ཁ་ཅིག་རབ་བྱུང་གཞོན་ནུའི་གཟུགས། །ལ་ལ་རྨད་བྱུང་མཛེས་མའི་གཟུགས་དང་གླུ་གར་རོལ་མོ་མཁན་གྱི་གཟུགས། །དེ་དག་གིས་ནི་སྣ་ཚོགས་བསླུ་བྲིད་དུ་མ་དུ་མས་ཡིད་བསྒྱུར་བས། །དགེ་སློང་ཕལ་ཆེར་རྣམ་གཡེང་བྱ་བས་རྣལ་འབྱོར་སྤྱོད་ལས་ཉམས་པར་གྱུར། །གཞན་ཡང་འགའ་ཞིག་མེ་ཡི་རལ་བ་མཁའ་ལ་བསིགས་པའི་སེངྒེའི་གདོང༌། །འགའ་ཞིག་མི་བསྲུན་སྣ་ཞགས་རིང་བོས་རི་རབ་འཇིག་བྱེད་གླང་པོའི་གདོང༌། །ལ་ལ་ཤ་ཁྲག་དྲི་ལ་སྣོམས་ཤིང་མྱུར་མགྱོག་རྒྱུག་པའི་ཆུ་སྲིན་གདོང༌། །ལ་སོགས་མི་འདྲའི་མགོ་བརྙན་ཅན་དག་བསམ་གཏན་ལ་ནི་ཐོགས་རྒྱུག་བྱེད། །དེ་ཚེ་བློ་ལྡན་དགེ་སློང་ཞིག །ཐེག་ཆེན་པ་ལ་སྒྲོལ་མ་ཞེས། །འཇིགས་བརྒྱད་ལས་སྐྱོབས་ཡོད་སྐད་པས། །དེ་ལ་སྐྱབས་སུ་འགྲོའོ་སྙམ། །རྣམ་པར་དཀར་བའི་ཀུན་རྟོག་གི །ཁ་ལོ་བ་དེས་སེམས་ཀྱི་རྟ། །ལྷ་མོའི་ཕྱོགས་སུ་དྲངས་གྱུར་ཏེ། །སྔོན་བསགས་ལས་ཀྱི་འབྲེལ་བས་སོ། །དེ་ཡང་རབ་དཀར་ཤིང་གི་བྱང་བུ་ལ། །ཚལ་འདི་ལྷ་མོ་སྒྲོལ་མའི་ཡིན་ནོ་ཞེས། །ཡི་གེའི་གཟུགས་སུ་རྣམ་པར་བཀོད་བྱས་ཏེ། །མ་དཔེ་མི་གསལ་ལགས། མི་འོས་སྲོག་གི་ཁྲལ་ཡང་སྟེར་མཐོང་ན། །བགྲང་ཡས་བསྐལ་བར་ཚོགས་གཉིས་ཉེར་བསགས་པའི། །མཁའ་ཁྱབ་རྣམ་འདྲེན་ཀུན་གྱིས་མགྲིན་གཅིག་ཏུ། །མི་འཇིགས་རྒྱལ་སྲིད་མཆོག་ལ་དབང་བསྐུར་བ། །སྟོབས་བཅུ་དབང་མོའི་བཀའ་ལས་འདའ་ནུས་སུ། །མི་འཇིགས་རྣམ་བཞིའི་གསེར་གླེགས་གྲུ་བཞིའི་ངོར། །མ་སྨད་གསང་གསུམ་འཕྲུལ་གྱི་རི་མོ་ཅན། །འཕགས་མའི་བཀའ་རྟགས་ཕྱག་རྒྱས་བཏབ་པའི་མོད། །འབྱུང་པོའི་འཚེ་བ་རལ་གྲིས་བཅད་ལྟར་གྱུར། །ཁྱོད་མཐུ་གསར་བའི་ཚལ་ལ་རྗེས་ཆགས་པས། །ངུར་སྨིག་འདབ་ཡངས་གཡོ་བའི་ངང་བའི་ཁྱུ། །དམན་ལམ་ཉི་ཚེའི་ཁྲོན་པ་རིང་སྤངས་ཏེ། །དུས་གསུམ་རྒྱལ་སྲས་གཞུང་ལམ་ཆེ་དེར་འཕུར། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་དབང་པོའི་ཕོ་ཉའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་བཞི་བའོ།། །།
དྲག་པོའི་ཕྲིན་ལས་ཤུགས་དྲག་རྡོ་རྗེའི་མདའ། །དྲག་སྔགས་འཐེབ་ལོང་སྦྱོར་བའི་རོལ་རྩེད་ཀྱིས། །དྲག་པོའི་བདུད་སྡེ་གཟེར་བའི་འཕོང་སྐྱེན་མོ། །དྲག་མོ་ཁྲོ་གཉེར་ཅན་མས་བསྲུང་གྱུར་ཅིག །རྣམ་འདྲེན་ཀུན་ཡུམ་གསང་གསུམ་ཆུ་གཏེར་ངོགས། །རོལ་ལྡན་གྲགས་པ་གསར་བའི་བྱུ་རུའི་ནགས། །སྙན་ཚིག་དྲི་ལེན་གྱིས་བསྐྱོད་གདེངས་ཀའི་རིས། །འོག་མིན་རྒྱལ་རྣམས་གཟིགས་པའི་ལྟད་མོར་ཆེ། །སྲིད་པར་རིང་ནས་འདྲིས་པའི་བརྣབ་སེམས་ལྕེས། །ཕུན་ཚོགས་འབྱོར་པའི་དངོས་པོ་ཀུན་བལྡགས་པས། །བཀྲེན་ཅིང་དབུལ་བས་ཉམ་ཐག་སྐྱེ་བོ་ཞིག །ཟས་བྲལ་ལྟོགས་པས་འཆི་ལ་ཕྱོགས་པར་གྱུར། །སྲོག་ལ་སྲེད་པས་སྐྲག་ལྡན་ཅིང༌། །ཐབས་ཀྱིས་དབེན་པའི་སྐྱེ་བོ་དེས། །བཅོམ་ལྡན་འདས་མ་ཁོ་ན་ལ། །སྐྱབས་སུ་གསོལ་ཞིང་མཚན་ནས་བརྗོད། །རིང་ནས་སྙིང་རྗེས་འདྲིས་པ་ཡིས། །མཛའ་བ་གཏོང་མིན་ཁྱོད་ཀྱི་མཐུས། །ཤིང་ལོའི་གོས་གྱོན་བུ་མོ་ཞིག །འོང་ནས་ཤར་ཕྱོགས་སོང་ཞེས་སྨྲས། །བུ་མོའི་ངག་གིས་བསྐུལ་བ་ལས། །རིད་ཅིང་གོག་པའི་སྐྱེ་བོ་དེ། །ས་གཞི་འཇིག་ཏུ་དོགས་པ་བཞིན། །ནོར་ལ་འཇབ་བའི་འགྲོས་ཀྱིས་སོང༌། །འོན་ཀྱང་ལུས་ཀྱི་རྒྱལ་བོ་ལ། །ཟས་ཀྱི་དཔྱ་ཁྲལ་མ་ཕུལ་བས། །དེ་ཡི་གནང་བ་མ་ཐོབ་པར། །ཕྱེ་མའི་གཞི་ལ་ཉལ་ནས་བསྡད། །ཤིན་ཏུ་སྙན་པའི་དྲིལ་བུའི་སྐད། །ཚོར་ཏེ་ཕྱོགས་སུ་བལྟས་པ་ལས། །གསེར་གྱི་དྲིལ་བུས་བརྒྱན་པ་ཡི། །རྟ་ལྗང་ས་གཞི་བརྐོ་བ་མཐོང༌། །མིག་འཕྲུལ་བཞིན་ཏུ་རྟ་མཆོག་དེ། །གློ་བུར་སྣང་མེད་གྱུར་བ་ལས། །ཡ་མཚན་སྐྱེས་ཏེ་དེ་ཉིད་ཀྱི། །རྨིག་པས་དྲད་པའི་ས་དེ་བརྐོས། །དེ་ལས་རབ་དཀར་དངུལ་གྱི་སྒོ་དང་ཉི་མའི་འོད་འབར་གསེར་གྱི་སྒོ། །ཤིན་ཏུ་དག་པའི་ཤེལ་གྱི་སྒོ་སོགས་རིན་ཆེན་བདུན་གྱི་སྒོ་རིམ་བདུན། །རིམ་གྱིས་ཕྱེ་སྟེ་རིམ་གྱིས་སོང་བས་ཀླུ་དང་ལྷ་མིན་གྲོང་ཞིག་ཏུ། །མི་ཟད་གཏེར་གྱི་ཡོ་ལང་གིས་ཕྱུག་སྡེ་དཔོན་ཆེན་པོར་མངའ་གསོལ་གྱུར། །འཇམ་པོའི་རླུང་གིས་དལ་བུར་བསྐྱོད་པའི་སྔོ་ལྗང་སྤྲིན་གྱི་བརྩེགས་མ་བཞིན། །ལག་འགྲོའི་གདེངས་ཀ་གཡོ་བའི་རྩེ་མོར་བསམ་འཕེལ་ནོར་བུའི་འཛུམ་རླབས་ཅན། །ཀླུ་དབང་འཁོར་གྱིས་ཀུན་ནས་བསྐོར་ཏེ་རྨུགས་འཛིན་ཕོ་བྲང་སྤྱོད་འདི་ཀོ །ཚེ་འདིར་ཕྱི་མའི་སྲིད་བཟུང་གྲགས་པའི་རྫ་རྔ་བརྡུང་མིན་རང་དགར་འཁྲོལ། །སྒེག་འགྲོས་ཀྱིས་བསྐྱོད་གསེར་གྱི་གདུབ་ཀོར་སིལ་སིལ་འཁྲོལ་བའི་འཕྱོར་མོ་དག །ཆགས་བྲལ་བསམ་གཏན་མལ་ལས་སློང་བྱེད་པི་ཝང་བརྡུངས་ཤིང་གླིང་བུར་བསྒྱུར། །པད་གཞོན་འདབ་ཀྱང་རྩུབ་མོར་བྱེད་པའི་མཉེན་འཇམ་གོས་ཀྱི་ཀླུབ་པའི་མལ། །ལྷ་མིན་བུ་མོའི་གཞོན་ཤ་རེགས་པས་ལུས་སྐྱེས་གེ་སར་སྤུ་ལོང་གཡོ། །དེ་ལྟར་བགྲང་བྱའི་ཁོར་ཡུག་མང་པོའི་བར། །འདོད་ཡོན་དགའ་བ་ཉམས་སུ་མྱོང་བའི་མཐར། །ས་ཡི་ཕུག་པའི་སྒོ་ལས་རང་ཡུལ་དུ། །སླེབས་ཚེ་རྒྱལ་རབས་གསུམ་ཙམ་འདས་སོ་ལོ། །སྐད་ཅིག་བསྐལ་བ་རི་རབ་རྡུལ་ཕྲན་དུ། །བསྒྱུར་བྱེད་ངོ་མཚར་སྒྱུ་མའི་རོལ་མོ་དེ། །རྒྱལ་ཡུམ་ཁྱོད་མཐུ་ཁོ་ནས་མ་ལགས་ཏེ། །སྣང་སྟོང་རོ་མཉམ་རྟེན་འབྱུང་འཕྲུལ་གྱིས་སོ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་དབུལ་བའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅོ་ལྔ་པའོ།། །།
ཀུན་བཟང་བྱིན་རླབས་སྣང་བའི་མུ་ཁྱུད་ཀྱིས། །ཐོག་མེད་བསགས་པའི་སྡིག་ལྟུང་མུན་པའི་སྨག །ལྷག་མེད་དྲུང་ནས་གཞིལ་བའི་བཅུད་ལེན་གྱི། །གྲུབ་པའི་དཔའ་མོ་ཞི་བ་ཆེན་མོས་སྐྱོངས། །ཀུན་ཉོན་ཕྲ་མོའི་མེ་མདག་ཁམས་ཀྱི་རྡུལ། །སྲིད་པ་སྐྱེ་བའི་ཚལ་དུ་མཆེད་པའི་མེས། །དུས་རིང་དུཿཁས་གདུངས་སྟེར་འབར་བའི་རླབས། །ཁྱོད་མཚན་སྔགས་ཀྱིས་མ་བཅིལ་སྲིད་ན་གང༌། །གཉེན་བཤེས་རྩ་ལག་ཆེར་འཛིང་ཡལ་གའི་ངོས། །འབྱོར་བའི་མེ་ཏོག་རྒོད་ལྡན་བྲམ་ཟེ་ཞིག །བདེ་སྐྱིད་དགའ་བའི་དབྱངས་སྙན་བུང་བའི་གླུ། །ཕྱོགས་ཀྱི་འཁོར་ལོ་རྫོགས་པ་བྱུང་ཞེས་ཐོས། །འགྲོ་བའི་བདེ་སྐྱིད་ཟ་ལ་རིངས་པའི་ཁ། །ཆེར་གདངས་ལས་ངན་སྲིན་མོ་ཁྲོས་པ་ཡི། །ཁ་རླངས་དམར་ནག་རིམ་དུ་ཐིབས་གྱུར་བས། །དེ་ཡི་གཉེན་རྣམས་ལྷག་མེད་གཞོམས་པར་བྱས། །དེ་ཀོ་གཉེན་དང་མཛའ་བའི་འབྲེལ། །མཐར་བྱེད་རལ་གྲིས་བཅད་པ་ལས། །རང་གྲིབ་གྲོགས་དང་འགྲོགས་ནས་སུ། །རིམ་གྱིས་ཝ་ར་ན་སིར་སོང༌། །དེར་ནི་ནང་པའི་དགེ་བསྙེན་དག །ལྷ་མོ་སྒྲོལ་མ་མཆོད་པ་ཡི། །ཆོས་ཀྱི་དུས་སྟོན་ཆེན་པོ་ལ། །དུས་བཏབ་བཞིན་དུ་འཕྲད་པར་གྱུར། །དེར་ནི་འཕགས་མའི་སྔགས་པའི་དབྱངས། །དེ་ཡི་སྒྲ་འཛིན་ཨུཏྤལ་ལ། །མཛའ་བོ་གཞན་བཞིན་ཉེར་འཁྱུད་པས། །དད་པ་སྦྲང་རྩིའི་བཅུད་དུ་རྫོགས། །མེ་ཏོག་གསར་བ་སྙིམ་པ་གང༌། །གུས་པ་ཆེན་པོས་ཉེར་མཆོད་དེ། །བླུན་པོ་སྲིད་འདི་དོན་གཉེར་བས། །ནན་ཏན་བརྣག་སྟེ་གསོལ་བ་བཏབ། །དེ་ཡི་སྔོན་བསགས་བསོད་ནམས་མ་སྨད་རྣམ་པར་དཀར་བའི་ཁམས་ཀྱི་འབྲུ། །བཅོམ་ལྡན་འདས་མའི་རྨད་བྱུང་བྱིན་རླབས་དབྱར་གྱི་དཔལ་མོ་སྐྱུག་བའི་ཆུས། །ལེགས་པར་བྲན་ལས་ས་དབང་ཛ་ཡ་ཙནྟྲའི་བུ་མོ་གྲོགས་ཐོབ་པས། །སྡེ་བཞིའི་ཡལ་གའི་ཁྱོན་ཡངས་ཕྱོགས་རྫོགས་མི་ཡི་དབང་ཕྱུག་ཆེན་པོར་གྱུར། །བྱས་པ་དྲིན་དུ་གཟོ་བ་དེས། །རྨད་བྱུང་རྒྱུ་ལས་ཉེར་བསྒྲུབ་པའི། །འཕགས་མའི་ལྷ་ཁང་བརྒྱ་རྩ་ཡིས། །འཕགས་ཡུལ་ནོར་འཛིན་མཛེས་པར་བྱས། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་གཉེན་དང་བྲལ་བའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་དྲུག་པའོ།། །།
ཟབ་གསལ་རྣོ་མྱུར་རིགས་པའི་རལ་གྲིའི་རྩིབས། །སྒྲིབ་གཉིས་སྲོག་གི་གཤེད་དུ་བསྒྱུར་བའི་གཉེན། །རིག་པ་ཧཱུྃ་ལས་སྒྲོལ་མ་རྗེ་བཙུན་མས། །བློ་གྲོས་སྣང་བའི་མཛོད་བརྒྱ་བདག་ལ་སྩོལ། །སྣང་སྟོང་མཛའ་བོར་འཐམ་པ་ལྷོད་མེད་པའི། །སྤྲོས་བྲལ་དག་པའི་མལ་ན་དཀར་ནག་གི །ཡོ་ལང་ཅིང་ཡང་སྒྱུར་བའི་སྒྱུ་མའི་འཕྲུལ། །ཆོས་སྤྱན་དག་པའི་མིག་ལ་གཟིགས་མོར་ཆེ། །སྔོན་ཚེ་ཨ་ཡོ་དྷ་ཞེས་བྱ་བའི་ཡུལ། །ལེགས་བྱས་དབྱར་གྱི་མེ་ཏོག་བཞད་པའི་བཅུད། །བསོད་ནམས་སྟོན་གྱི་ལང་ཚོ་དར་བའི་འབྲས། །ཁྱིམ་བདག་འབྱོར་བའི་དཔལ་གྱིས་མཐོ་བ་བྱུང༌། །སྲིད་པའི་ཕྲེང་བར་ཡོངས་གོམས་བསོད་ནམས་བསུང༌། །ལྷན་སྐྱེས་གཤིས་སུ་རྫོགས་བའི་དྲི་བཟང་གིས། །བསུས་པའི་མངའ་ཐང་རྭ་ཡིག་གཉིས་པའི་ཁྱུ། །གྲགས་པའི་དབྱངས་སྙན་ཕྱོགས་ཀྱི་སྣོད་དུ་རྫོགས། །གང་དུ་བདེ་སྐྱིད་སྙེ་མ་གཡུར་ཟ་བ། །རྒུད་པའི་སེར་བ་འབོད་པའི་གཡབ་མོ་སྟེ། །ཡུལ་དེའི་ས་བདག་གདུག་པའི་ཕྲག་དོག་གིས། །ཁྱིམ་བདག་དེ་ལ་མི་མཐུན་སྙད་ཚོལ་གྱུར། །དེ་ཚེ་དེས་ཀྱང་རྒྱལ་བོའི་མི། །མང་པོ་ཁྲིད་ནས་ཡུལ་གྲུ་གཞན། །ཏེ་རྭ་ཧུ་ཏི་ཞེས་བྱ་བར། །རེ་ཞིག་བྲོས་ཏེ་ཕྱིན་པར་གྱུར། །སླར་ཡང་ལས་ཀྱིས་བཀུག་པ་བཞིན། །རྒྱལ་པོའི་ཡུལ་དེར་ཉེ་བའི་ཆར། །ཚོང་གི་སླད་དུ་ཕྱིན་གྱུར་པ། །གདུག་ཅན་ས་དབང་དེ་ཡིས་ཐོས། །ཁོང་ནས་འཁྲུགས་པའི་ཕྲག་དོག་གིས། །ཁ་སྒོ་འདར་ཞིང་སྨིན་མ་གཟེངས། །ད་ལྟ་བཟུང་ལ་ཁྲིད་ཤོག་ཅེས། །དམོད་པའི་བཀའ་ཆད་ཐོག་ལྟར་ཕབ། །མི་བདག་ཚིག་གིས་བསྐུལ་བ་ལས། །ཕོ་ཉ་རྣམས་ནི་རིངས་བཞིན་དུ། །འཇིགས་པའི་གར་གྱིས་རྒྱུགས་ནས་སུ། །སྐྱེ་བོ་དེ་ཉིད་བཅིང་སྟེ་ཁྲིད། །སྐྱེ་སྲིད་སྣང་བ་མ་འགག་པར། །ཕྱི་མའི་གྲོང་གི་ལྟད་མོ་ལ། །བལྟ་བའི་མེ་ལོང་གཉིས་པ་བཞིན། །རྩུབ་མོའི་ལས་ཀྱིས་གདུངས་པར་བྱས། །སྣ་ཚོགས་ཀུན་རྟོག་ཐོགས་རེག་དང༌། །བྲལ་བ་དངངས་སྐྲག་སེམས་ཀྱིས་མཁར། །བཅོམ་ལྡན་འདས་མར་སྐྱབས་གསོལ་བའི། །ཟླ་བ་གཅིག་པུར་ལྷང་ངེར་གཟུང་། །ཡོལ་མེད་འཕགས་མའི་ཕྲིན་ལས་དང༌། །གང་གི་དད་པའི་རྣམ་དཀར་ཁམས། །ལྷན་ཅིག་འཚོགས་བའི་རྟེན་འབྱུང་གིས། །བྱིན་རླབས་འཕྲུལ་གྱི་རི་མོ་ཤར། །དེ་ཡི་རྐང་བ་སྒོ་ཐེམ་ལ། །བཞག་པས་སྒོ་གླེགས་གསེར་དུ་གྱུར། །བཙོན་གྱི་ཁང་བར་བཅུག་པ་ལས། །མུ་ཏིག་གསར་བའི་ཆར་བ་བབས། །ཚེར་མ་གཟེངས་བའི་གསལ་ཤིང་ལ། །དེ་ཉིད་སྐྱོན་པར་གཟས་པའི་མོད། །ཁྲིམས་ཀྱི་ལས་ལ་འཕྱ་བ་བཞིན། །རྒོད་པའི་མེ་ཏོག་ཤིང་དུ་གྱུར། །རྒྱལ་བློན་དག་ཀྱང་ངོ་མཚར་བློས། །བསོད་ནམས་ཆེར་ལྡན་སྐྱེ་བོ་འདི། །ཁྲིམས་ཀྱིས་མནར་བར་འོས་མིན་ཞེས། །བློན་པོ་ཆེན་པོའི་ས་ལ་བཞག །ཀྱེ་ཧོ་འཁོར་འདས་ཡོངས་ཀྱི་དོ་ཀེར་རྩེར། །རོལ་ལྡན་མཆོག་གསུམ་བྱིན་རླབས་བསམ་འཕེལ་ནོར། །རེགས་པས་མཐོང་ཆོས་ཉིད་ལ་བདེར་གནས་པའི། །ངོ་མཚར་གཏམ་གྱི་གླེང་མོ་འདི་རྨད་བྱུང༌། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་རྒྱལ་པོའི་ཆད་པའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་བདུན་པའོ།། །།
གང་གསུང་རིག་སྔགས་ཞེས་པའི་འཕྲུལ་འཁོར་གྱིས། །ཕྱི་ནང་མི་མཐུན་བར་ཆད་དཔུང་གི་ཚོགས། །ཅིག་ཅར་འཆིང་མཛད་འཇིག་རྟེན་གསུམ་གཡོ་མས། །དམ་ཆོས་སྒྲུབ་པའི་བགེགས་ཀུན་འཆིང་བར་མཛོད། །སྲིད་པ་སྲིད་པར་འཕགས་མར་རྗེས་འབྲེལ་བའི། །ལེགས་བྱས་ཁྱོན་ཡངས་དག་ནི་ཅི་སྨོས་ཏེ། །སྐད་ཅིག་གཅིག་ཙམ་དད་པའི་གློག་ཕྲན་འོད། །འགྱུ་བ་དེ་ཡང་བསོད་ནམས་སྐལ་བ་སྦོམ། །སྔོན་ཚེ་འཕགས་ཡུལ་ཤར་ཕྱོགས་བྷང་ག་ལར། །བསླབ་པའི་གཞི་ལྔ་མནོས་པའི་དགེ་བསྙེན་ཞིག །ཞིང་ལས་མཐའ་ལ་བརྟགས་ཕྱིར་སོང་བ་ལས། །གནོད་སྦྱིན་ཞིག་གི་རྟེན་ལ་འགོམ་སྟེ་ཕྱིན། །ཕན་གནོད་ཅུང་ཟད་ཙམ་ལ་དགའ་ཁྲོའི་བཞིན། །དཀར་ནག་འགྱུར་བ་རྐྱེན་པའི་འཇིག་རྟེན་ལྷ། །དེ་ཀོ་དེ་ལ་གླགས་ལྟའི་འཁུ་སེམས་ཀྱིས། །གནོད་ལན་འཁོན་གྱིས་གླན་པའི་བརྟུལ་ཞུགས་བཟུང༌། །དེ་ཡི་ནུབ་མོ་དེ་ཉིད་ལ། །དགེ་བསྙེན་ཁྱིམ་གྱི་སྟེང་གི་མཁར། །གནོད་སྦྱིན་བསམ་ངན་གཟུགས་གཞན་བཞིན། །ཆར་སྤྲིན་ནག་པོ་གློ་བུར་འཁྲིགས། །མི་སྡུག་ཆུ་འཛིན་གླལ་བའི་ཁར། །གློག་ཞགས་དམར་པོའི་ལྕེ་གཡོ་ཞིང༌། །དྲག་པོའི་འབྲུག་སྒྲའི་གད་མོ་ཡིས། །ས་ཆེན་རྡུལ་དུ་གཞིག་པ་བཞིན། །རླུང་ནག་འཚུབ་མས་བསྡུས་པ་ཡི། །སེར་བའི་བུ་ཡུག་འཁོར་བ་ལས། །འུར་ཆེམ་མི་བཟད་གདུག་པའི་སྒྲ། །རྣ་བ་བགེམ་ལ་རིངས་པ་བཞིན། །དེ་ཡི་ཁྱིམ་དང་ཐོག་གི་ཚང༌། །གློག་གི་ཀ་བས་སྦྲེལ་བ་ལས། །མེ་ལྕེ་འཁྲུགས་པའི་ཁྲོ་ཞུན་གྱི། །གནམ་ལྕགས་འབར་བ་ཉེར་གཅིག་ལྷུང༌། །དེ་ཚེ་ཁྱིམ་གྱི་བདག་པོ་དེ། །སྐྲག་པའི་སེམས་ཀྱིས་ཐལ་སྦྱར་ནས། །རྒྱལ་ཡུམ་སྒྲོལ་མར་སྐྱབས་གསོལ་བའི། །གསོལ་འདེབས་ཚིག་གི་དབྱངས་སུ་བླངས། །དགེ་མིན་ཀུན་རྨོངས་ཁམས་ཀྱི་རྒྱ་དྲལ་བས། །ཆོས་དབྱིངས་ཟངས་ཐལ་འཁོར་འདས་ཁྱབ་བརྡལ་ཀློང༌། །ཅིར་ཡང་འགྱུ་བའི་ཡོལ་མེད་ཕྲིན་ལས་རླབས། །བྱིན་རླབས་སྒྱུ་མའི་རོལ་རྩེར་འཕྲུལ་དུ་སྨིན། །དེ་ལས་ཚ་ཞིང་རྩུབ་པའི་གནམ་ལྕགས་ཀྱང། །འཇམ་ཞིང་བསིལ་བའི་རེག་ལྡན་དྲི་བསུང་ཅན། །པདྨའི་མེ་ཏོག་ཆར་དུ་བསྒྱུར་བ་དང༌། །འབྱུང་པོ་རང་ལ་འཕྱ་བས་རྒོད་བཞིན་གྱུར། །མཐུ་ཆེ༵ན་མཐུ༵་ལྡན་རྒྱལ་ཡུམ་ཁྱོད་དྲུང་ན། །དྲེག༵ས་རྩལ་དྲེག༵ས་པས་སྙེམས་པའི་གནོད་སྦྱིན་མཐུ། །མེ༵་ཁྱེར་མེ༵་འོད་ཉི་མའི་དྲུང་ན་བཞིན། །སྣང༵་ཡང་སྣང༵་མེད་བཞིན་དུ་དོན་གྱིས་སྟོང༌། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་གནམ་ལྕགས་ཀྱི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅྭོ་བརྒྱད་པའོ།། །།
བྱིན་རླབས་རྩི་སྨན་ཐིགས་པ་རེ་རེས་ཀྱང༌། །བརྟན་གཡོའི་བི་ཥ་མ་ལུས་འཇོམས་པའི་གཉེན། །དུག་ནད་སེལ་མ་རྗེ་བཙུན་བཅོམ་ལྡན་མས། །ཕྱི་ནང་དུག་རིགས་ལྷག་མེད་གཞོམ་པར་མཛོད། །འདོད་ལྡན་སྐྱེ་བོས་གང་འདོད་རང་དབང་ཉིད། །མ་ཡིན་ལས་ཀྱིས་སྐལ་བ་གང་བྱིན་ཏེ། །མཐོ་རིས་འདོད་མིན་དམྱལ་བའི་གྲོང་འདོད་པའི། །སེམས་ལྡན་དེ་འདྲ་སྲིད་ཞི་གང་ལས་རྙེད། །ལག་ན་ཡོད་པའི་ཁ་ཤ་བོར་ནས་སུ། །རྒྱང་རིང་གནས་པའི་ཉ་ཤ་ལེན་འདོད་པས། །གཉིས་མེད་ཝ་མོའི་བརྟུལ་ཞུགས་བཟུང་བ་ཡི། །སྔོན་རབས་སྲེད་ལྡན་སྐྱེ་བོའི་བྱུང་བ་གླེང༌། །འཕགས་པའི་ཡུལ་གྱི་ཁྱིམ་བདག་ཞིག །རང་གི་ནོར་རྫས་གཞན་བཅོལ་ནས། །ད་དུང་ནོར་མང་བསོགས་པའི་སླད། །རྒྱ་མཚོར་གྲུ་ཡིས་ཞུགས་སོ་ལོ། །རླབས་ཀྱི་ཕྲེང་བའི་རོལ་རྩེད་ཅན། །ཆུ་གཏེར་དགའ་མའི་དབྱིངས་རིམ་ན། །བསེར་བུས་བདས་པའི་ཤིང་བལ་བཞིན། །བགྲང་བྱའི་འཁོར་ལོ་མང་ཞིག་འཁྱམས། །བར་སྐབས་ཞིག་ཏུ་སྟེས་དབང་གིས། །མ་ལ་ཁ་ཡི་གླིང་དུ་སླེབས། །ས་མཆོག་ཙནྡན་བྱུ་རུའི་ཤིང༌། །མང་པོས་གྲུ་ཆེན་བཀང་སྟེ་ལོག །ལེགས་བྱས་རང་རིག་མཛའ་མོའི་རུམ་ཞུགས་ནས། །ཁྱད་ནོར་མངར་བོའི་རེགས་པ་མྱོང་བའི་ཤུགས། །དགའ་བདེའི་མཛའ་བའི་རོ་ལ་རྗེས་ཆགས་པས། །ལུས་སྐྱེས་གེ་སར་གཡོ་བའི་རོལ་སྒེག་བཟུང༌། །འོན་ཀྱང་གང་ལ་རིན་ཐང་རྨད་བྱུང་བ། །དེ་ཡི་ཟླ་བོའི་གེགས་ཀྱང་རྨད་བྱུང་སྟེ། །ལམ་དུ་གདུག་པའི་ཆུ་སྲིན་དང་འཕྲད་པས། །གྲུ་ཡང་ཞིག་ཅིང་ནོར་ཡང་ཆུ་ལ་ནུབ། །ཁོ་རང་གཅིག་པུ་ཤིང་གི་བྱང་བུ་ལ། །འཇུས་ཏེ་རླབས་ཀྱིས་གཡེངས་པས་མཐའ་ལ་ཐོན། །སྔ་སོར་རང་ནོར་བཅོལ་བའི་གྲོགས་པོ་ཡང༌། །སྟག་གིས་ཟོས་པས་དེ་ཡང་རྙེད་མ་གྱུར། །འདོད་པའི་དངོས་པོ་བཙལ་ཀྱང་མི་རྙེད་ལ། །མི་འདོད་དབང་མེད་འབབས་པ་སྲིད་པའི་གཤིས། །བསླུ་མེད་བདེན་པར་སྨྲ་བས་གང་གསུངས་པ། །དེ་དེ་མངོན་སུམ་ཉིད་དུ་འདི་ན་སྣང༌། །དེ་ཚེ་རྣམ་དཔྱོད་ལྡན་པའི་གྲོགས་པོ་ཞིག །ཏཱ་རེ་འཕགས་མར་བསྔགས་པའི་དོན་ལྡན་ཚིག །དེ་ཡི་སྒྲ་འཛིན་མཛེས་པའི་རྣ་རྒྱན་དུ། །ཨུཏྤལ་གསར་བའི་ཕྲེང་བ་གཞན་བཞིན་འཁྱུད། །དེ་ལས་རྒྱལ་བ་ཀུན་ཡུམ་རྗེ་བཙུན་མར། །སྙིང་པོར་བརྣག་པའི་ཡུས་ཀྱིས་གསོལ་གཏབ་པས། །དགེ་མིན་རྒྱ་ཡིས་མ་བསྡམ་བག་ཡངས་མ། །བདེ་དགའི་ཚོར་བ་བྱིན་ལ་ཕྱོགས་པར་གྱུར། །ནམ་ཞིག་གཉིད་དུ་ཡུར་བའི་རྨི་ལམ་དུ། །ཆུ་བོ་སིནྡྷུའི་འགྲམ་དུ་སོང་ཞིག་ཅེས། །ལུང་དུ་བསྟན་པ་ཇི་བཞིན་དེར་སོང་བས། །རྒྱ་མཚོར་ནུབ་པའི་ནོར་ཀུན་ལྷག་མེད་རྙེད། །སྔར་གྱི་གྲོགས་པོ་ལྔ་བའི་ལམ་སོང་བའི། །གཞི་དེར་བརྐོས་པས་རང་ནོར་རྣམས་ཀྱང་ཐོན། །འདོད་པའི་དོན་ཀུན་མ་ལུས་གྲུབ་གྱུར་པའི། །གནའ་བོའི་གཏམ་འདི་ཕྱིས་འབྱུང་ཡིད་ཆེས་གནས། །སྔོན་བསགས་བསོད་ནམས་ལང་ཚོ་དར་བའི་གདོང༌། །འཕྲལ་རྐྱེན་ནག་ནོག་དྲི་མས་སྦག་པ་གང༌། །འཕགས་མའི་ཐུགས་རྗེ་དག་བྱེད་ཀྱིས་རེགས་པས། །རྨད་བྱུང་ཡིད་འཛིན་ཉམས་ཀྱི་ཆོ་ག་རྫོགས། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་དོན་ཉམས་པའི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་བཅུ་དགུ་བའོ།། །།
མི་བཟད་དུཿཁས་གདུང་བའི་ཉམ་ཐག་འགྲོར། །བརྩེ་ཆེན་ཟླ་བ་ཞུན་མའི་ཐིགས་པའི་རིས། །རེག་ཚེ་ལུས་སྐྱེས་ཉལ་སློང་བདེ་བའི་དཔྱིད། །འཕགས་མ་སྡུག་བསྔལ་སེལ་མས་བདག་བྱིན་རློབས། །མི་ཤིགས་སྲོག་གི་དྭངས་མ་ཐིག་ལེའི་ཁམས། །འོད་གསལ་བདེ་བའི་དབྱིངས་སུ་སྨིན་པའི་གར། །འགག་མེད་རྟག་བརྟན་རྡོ་རྗེའི་ལང་ཚོ་མ། །ཡིད་བཞིན་འཁོར་ལོའི་བྱུང་བ་མདོ་ཙམ་གླེང༌། །ཟླ་གཞོན་ལང་ཚོས་དྲེགས་པའི་འཛུམ་རླབས་ཀྱིས། །ཀུན་རྫོབ་སྤྲོས་པས་ཡོངས་དབེན་ཆོས་དབྱིངས་ཀློང༌། །རྒྱལ་ཀུན་གྲོགས་སུ་བསུས་ཏེ་གསང་བའི་གཏམ། །མཛའ་བའི་རོལ་རྩེད་རྒྱུད་ཀྱི་དབྱངས་སུ་བླང༌། །ངག་གི་དབང་ཕྱུག་ཞེས་གྲགས་པཎྜི་ཏ། །ལྔ་རིག་ཤ་ཚོད་དར་བའི་གཞོན་ནུའི་གྲོགས། །གང་ལ་རྗེས་ཆགས་རྒྱལ་ཡུམ་བག་ཡངས་མས། །མན་ངག་མཛའ་བའི་སྙིང་གཏམ་ལྷུག་པར་བྱིན། །དེ་ལས་གསེར་གླིང་བ་དང་ཇོ་བོ་སོགས། །འཕགས་ཡུལ་པཎ་ཆེན་གཤོད་བུར་བརྒྱུད་པའི་ཚིག །གངས་ཅན་སྐད་ཀྱི་ཡུར་ལམ་ནས་ཐོན་པ། །འབྲོམ་རྗེའི་ཐུགས་གསང་མུ་ཁྱུད་རི་བོས་བཟུང༌། །གཞན་ཕན་སེམས་ཀྱིས་གཏེར་གྱུར་སྤྱན་སྔ་བར། །འགྲོ་མང་ཕན་བདེའི་གཞི་རྩ་གཅེས་པའི་སྲོག །མི་ཤིགས་རྡོ་རྗེའི་ཁམས་སུ་སྒྲུབ་པའི་ཐབས། །རྒྱལ་བའི་འབྱུང་གནས་ཆུ་གཏེར་ཆེ་ལས་རྡོལ། །དེ་ཡི་སྲས་ཀྱི་ཐུ་བོ་སླེ་ནག་པ། །ལྷ་གཅིག་གདམས་པའི་བདུད་རྩིས་སྐྱོང་པའི་ཚེ། །ཉིན་ཕྱེད་ནུབ་ནས་ཤར་དུ་ལོག་པ་ཡི། །འཆི་བདག་བསུ་མ་རྨི་ལྟས་ཟོལ་གྱི་འོང། །ཚུལ་དེ་དགེ་བའི་བཤེས་ལ་ཞུས་པ་ལས། །བུ་བུ་མ་འཇིགས་དེ་ལ་ཐབས་ཡོད་ཅེས། །དབུགས་དབྱུང་སྤྲིན་རྔའི་དབྱངས་དང་ཆབས་ཅིག་པར། །གདམས་ངག་འཆི་མེད་གྲུ་ཆར་ཅིར་ཡང་ཕབས། །དེས་ཀྱང་དྭངས་སེམས་ཀ་ཤིའི་རས་དཀར་ལ། །ཏིང་འཛིན་པིར་གྱིས་འཕགས་པའི་གཟུགས་སྐུ་རིས། །ལོ་དྲུག་བྲི་བའི་དཀའ་ཐུབ་ལ་གནས་པས། །རྒྱལ་ཡུམ་དགྱེས་བའི་འཛུམ་ཞལ་མངོན་སུམ་མཇལ། །དགྱེས་ཞལ་ཟླ་བ་གསར་བའི་མེ་ལོང་ལས། །འཛག་པའི་འཆི་མེད་གདམས་ངག་ག་བུར་རྒྱུན། །ཀུན་བཟང་སེམས་ཀྱི་འོད་དཀར་ཟེགས་མའི་རྡུལ། །འཐོར་བཞིན་ཚེ་དཔལ་ཀུ་མུད་དཔྱིད་དུ་སྩལ། །ལྷ་གཅིག་གདམས་པའི་ཀླུ་དབང་གིས་བཟུང་བའི། །རྨད་བྱུང་ཀུན་བཟང་སེམས་མཆོག་མནྡྷ་རས། །རྒྱལ་གསུང་འོ་མའི་རྒྱ་མཚོའི་བསྲུབས་པའི་བཅུད། །བཀའ་གདམས་བཤེས་གཉེན་ཟླ་བ་རིམ་བྱོན་དང༌། །མཐའ་བྲལ་རྟེན་འབྱུང་རིག་པའི་སྣང་བའི་མཛོད། །རླབས་ཆེན་སྤྱོད་པའི་གཟི་འོད་གདེངས་ཀའི་རླབས། །ཟུང་འཇུག་འདབ་བརྒྱའི་དཔྱིད་དུ་སྤྲོ་བའི་གཉེན། །དགེ་ལྡན་མཁས་གྲུབ་ཉིན་བྱེད་ཕྲེང་བ་ཀུན། །ཚོགས་གཉིས་བདུད་རྩིའི་ཆུ་གཏེར་སྙིང་པོ་སྐྱེས། །ཏཱ་རེ་རིག་པའི་རྒྱལ་མོ་ཟླ་ཞལ་མས། །རྗེས་བཟུང་འཆི་མེད་ལང་ཚོ་རྫོགས་པའི་གཏམ། །དབྱངས་ཀྱི་མུ་ཁྱུད་ཕྱོགས་ཀྱི་འཁོར་ལོ་དྲིལ། །བཀའ་བབས་དགུ་ཡི་ཆུ་གཏེར་ཡོངས་འདུས་འཕགས་མའི་གདམས་ངག་གང་གཱ་མ། །འཆི་མེད་གྲུབ་པའི་ཟེགས་མ་འབུམ་འགྱེད་ལུང་རིགས་རླབས་ཀྱི་རོལ་རྩེད་ཅན། །དཀོན་མཆོག་རྒྱལ་བ་རྒྱ་མཚོའི་བདག་ཉིད་མཚན་ལྡན་དྲང་སྲོང་ཛ་ཧུ་ནུས། །མཁྱེན་རབ་ཧུབ་ཀྱིས་དུས་གཅིག་རྔུབ་པས་མི་ཤིགས་སྲོག་གི་ཆོ་ག་རྫོགས། །མཁས་གྲུབ་ཞལ་རླངས་དྲོན་མོ་མ་ཉམས་པར། །བརྩེ་ལྡན་དྲང་སྲོང་མཆོག་དེའི་ཞལ་སྒོ་ལས། །སྐྱུག་པའི་ཞལ་ལུང་མན་ངག་མངར་བའི་རོ། །མྱོང་བའི་སྐལ་བ་ལེགས་བྱས་ཟོང་གིས་སྒྲུབ། །འདི་ན་འབྱུང་པོས་སྨྲས་པའི་ཚིག་ཙམ་ཡང༌། །རྗེས་སུ་ཟློས་པས་ཉེར་འཚེ་སེལ་མཐོང་ན། །ཚོགས་གཉིས་རང་གདངས་རིག་སྔགས་བཟླས་པའི་མཐུས། །འཆི་མེད་བཅུད་ལེན་གྲུབ་པ་ཅི་ཞིག་སྨོས། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་ཡིད་བཞིན་འཁོར་ལོའི་ལོ་རྒྱུས་ཀྱི་མེ་ཏོག་སྟེ་ཉི་ཤུ་བའོ།། །།
ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡི་སྔགས། །མི་བཟད་རིམས་ནད་གཞོམ་པའི་བདུད་རྩིའི་རྒྱུན། །ལུས་ཅན་སྲོག་གི་ཟུངས་སུ་འབེབས་པའི་དཔྱིད། །རིམས་ནད་སེལ་མས་བདག་ཅག་བརྩེ་བས་སྐྱོངས། །ཀ་དག་གདོད་ནས་ཞི་བ་སེམས་ཀྱི་དབྱིངས། །ཨ་དོན་སྐྱེ་འགག་བྲལ་བའི་ཆོས་ཀྱི་སྐུར། །ཁ་དོག་མི་འདྲའི་སྤྲོས་པ་མ་དམིགས་ན། །ཧ་ལའི་དུག་ལྟའི་སྒྲིབ་པ་ག་ལ་མངའ། །ག་བུར་ལྟར་བསིལ་ཞི་བའི་གནས་ཐོབ་ཀྱང༌། །ས་ཆེན་ཁོར་ཡུག་སྤྱོད་པའི་སྲིད་པའི་མགྲོན། །ང་ཡིར་མཛད་པའི་བརྩེ་ལྡན་ཁྱོད་དྲུང་ན། །ཤ་རུས་ཀྱིས་འབྲེལ་མ་ཡང་འགྱུར་ལྡོག་སྐྱེན། །ཅ་ཅོས་དབེན་པ་ཁྱོད་གསུང་རེ་རེས་ཀྱང༌། །ལ་འུར་ཉེས་ཚོགས་གཞོམ་པའི་གྲོགས་འབར་ན། །ཆ་ཤས་རྫོགས་པའི་གདམས་པའི་རྗེས་འབྲང་དག །རྭ་ལྟར་གྱོང་པའི་སེམས་རྒྱུད་ཅིས་མི་ཐུལ། །ཇ་ཁ་རལ་བ་ཕྱེད་བཅིང་ཐོར་ལྕོག་རྩེར། །ཡ་མཚན་རང་རིག་བླ་མ་སྣང་མཐའ་ཡས། །ཉ་གང་ཟླ་བའི་གདན་ལ་བསྙེན་འདི་ཀོ །འ་ཅག་དམ་པ་བསྟེན་དགོས་བརྡ་ཐབས་ལགས། །ཏ་མ་ལ་དབུས་རྒོད་པ་དབྱར་སྐྱེས་སྒྲས། །ཟ་མ་མ་ཡིན་མདོངས་ལྡན་སྙིང་ལ་བཞིན། །ཐ་མལ་འགྲོ་བ་རྗེས་བཟུང་སྔོན་རབས་གཏམ། །ཞ་ཡིག་ལྟ་བུར་བདག་གི་སྙིང་ལ་འཁྱིལ། །ད་ལྟར་ཡང་ནི་གནའ་བོའི་རྗེས་ཞུགས་ཏེ། །ཛ་ཡ་ཀུན་ཡུམ་ཁྱོད་ལ་སྐྱབས་གསོལ་ན། །ན་རྒ་འཆི་སོགས་རྒུད་པ་མཐའ་དག་ལས། །ཝ་ལེར་སྐྱོབ་མིན་དོགས་པ་སུ་ཡིས་སློངས། །པ་སངས་ལྟར་དཀར་དགེ་བའི་ཁམས་གྱི་འབྲུ། །ཙ་ན་ཀ་ཙམ་ཡོངས་སུ་སྨིན་གྱུར་ཀྱང༌། །ཕ་རོལ་དགེ་བའི་སྙེ་མ་རྒྱས་འགྱུར་ཏེ། །ཚ་ཟེར་ཅན་ཕྲད་པད་གཞོན་གང་བ་བཞིན། །བ་ལང་ལྟར་བླུན་བདག་ཀྱང་དད་པའི་བློས། །མ་ལུས་རྒྱལ་བ་ཀུན་ཡུམ་ཁྱོད་བརྟེན་ན། །མ་ལྟར་བརྩེ་བའི་དཔུང་གིས་མི་བསྲུན་ཡིད། །བ་མོ་ཉི་ཤར་ཇི་བཞིན་འདུལ་བར་མཛོད། །གཅིག་ལས་དུ་མར་ཤར་བའི་རྒྱལ་བ་ཀུན། །གཉིས་མེད་བདེ་ཆེན་དབྱིངས་སུ་འདྲེས་པའི་སྐུ། །གསུམ་ལྡན་བླ་མ་མཆོག་དང་རྗེ་བཙུན་མ། །བཞི་ལྡན་དག་པའི་རོལ་གར་གཅིག་ཏུ་ངེས། །ལྔ་བདོའི་དུས་འདིར་སྔོན་རབས་ཆོས་ཀྱི་གཏམ། །དྲུག་ལྡན་དབྱངས་ཀྱིས་ང་རོས་གླུར་ལེན་ན། །བདུན་ཕྲག་གསུམ་གྱི་གྲངས་ལྡན་འཕགས་མ་ཡིས། །བརྒྱད་གཉིས་ལང་ཚོའི་དགྱེས་ཞལ་བདག་ལ་ངོམས། །དེ་ལྟར་ལྷག་བསམ་ཡངས་པའི་དོ་ར་རུ། །ལེགས་འཁྲུངས་རྟོགས་བརྗོད་སྙན་ངག་དཔག་བསམ་ཕྲེང༌། །ཉེར་གཅིག་སརྒའི་མེ་ཏོག་རྒོད་པ་འདི། །བླ་མ་སྒྲོལ་མཛད་ལྷ་མོ་མཉེས་ཕྱིར་འབུལ། །དེ་ལས་ཁྱོད་ཐུགས་དགྱེས་པའི་ཐུར་མ་བརྒྱས། །རྨད་བྱུང་གསང་གསུམ་གོས་བཟང་ཤམ་བུའི་རིས། །ཉེར་བཏེགས་བྱིན་རླབས་གདུགས་དཀར་གྲིབ་བསིལ་གྱིས། །འཁོར་ཡུག་འགྲོ་ཀུན་སྐྱོངས་ཤིག་བཅོམ་ལྡན་མ། །ཐུབ་དབང་གངས་ཀྱི་རི་བོ་ལས་འོངས་པའི། །རིས་མེད་ཆོས་ཚུལ་ཀླུང་བརྒྱ་འཁྱིལ་བའི་མཚོར། །མཁས་གྲུབ་གསེར་ཉ་བཤད་སྒྲུབ་རོལ་རྩེད་ཀྱི། །འཇོ་སྒེག་ཉམས་མེད་མཛོད་ཅིག་བཅོམ་ལྡན་མ། །ཁྱད་པར་སྲས་བཅས་རྒྱལ་བའི་གཅེས་ནོར་མཛོད། །འཇམ་མགོན་མཁྱེན་རབ་བུམ་པར་བསྡུས་པའི་གཏེར། །སྐྱེ་དགུའི་ཕན་བདེའི་གཞི་རྩ་དགེ་ལྡན་པའི། །རིང་ལུགས་དར་ཞིང་རྒྱས་མཛོད་བཅོམ་ལྡན་མ། །བློ་བཟང་རྒྱལ་ཀུན་གསང་གསུམ་བཅུད་རྫོགས་པའི། །ཐུབ་བསྟན་དགའ་ཚལ་མཛེས་རྒྱན་པདྨ་དཀར། །འཇིགས་མེད་མཁས་གྲུབ་སྦྲང་འཐུང་རྒྱ་མཚོ་ཡིས། །ཉེར་འཚེ་བསལ་བར་མཛོད་ཅིག་བཅོམ་ལྡན་མ། །ཟག་མེད་བདེ་ཆེན་དཔལ་བེའུ་དྲ་མིག་ཏུ། །ཤེས་བྱའི་འཁོར་ལོ་ཀུན་སྡོམ་ཧེ་རུ་ཀ །དྷརྨ་བཛྲ་མཆོག་སྤྲུལ་མཁས་གྲུབ་ཀྱི། །ཡོན་ཏན་ཕུང་པོར་མཛོད་ཅིག་བཅོམ་ལྡན་མ། །བགྲང་ཡས་འདུས་སྡེ་སྤྱི་དང་ཁྱད་པར་དུ། །ངོ་མཚར་ལུང་རིགས་བཀྲ་ཤིས་རི་མོའི་འཛུམ། །གཡས་འཁྱིལ་བྱམས་གླིང་བཤད་སྒྲུབ་ཆོས་དུང་དབྱངས། །ཡུལ་དུས་མཐའ་ཁྱབ་མཛོད་ཅིག་བཅོམ་ལྡན་མ། །མི་བསྲུན་འགྲོ་བའི་ལོག་སྤྱོད་ཀྱིས་བོས་པའི། །ཕྱོགས་ཀྱི་འཁོར་ལོ་བསྒྲིབས་པའི་སྙིགས་མའི་མུན། །རྣམ་དཀར་འོད་སྣང་ལྕེ་ཡིས་བལྡག་པ་ཡིས། །དགེ་ལེགས་རྒྱལ་མཚན་སྒྲེངས་མཛོད་བཅོམ་ལྡན་མ། །རྣམ་དཀར་བསོད་ནམས་གསེར་གྱི་འཁོར་ལོ་ཡིས། །ས་ཆེན་ཁྱོན་ལ་དབང་བསྒྱུར་མི་ཡི་ལྷ། །ཆབ་སྲིད་ཉི་མ་འབར་བའི་གདེངས་ཀའི་རྩེར། །མཆོག་གསུམ་ཞབས་རྡུལ་སྟེན་མཛོད་བཅོམ་ལྡན་མ། །ཡང་དགོས་རྩེ་གཅིག་ཡིད་ཀྱིས་རྗེ་བཙུན་མ། །ཁྱོད་ལ་རེ་ལྟོས་འཆའ་པའི་དགེ་སྦྱོང་བདག །རང་སེམས་དག་པའི་ནོར་བུའི་མེ་ལོང་དུ། །ཡོན་ཏན་རི་མོ་རྫོགས་མཛོད་བཅོམ་ལྡན་མ། །ཡོངས་འཛིན་ས་སྲུང་དབང་པོས་ཉེར་བྱིན་པའི། །ཐེག་གསུམ་ཆོས་ཀྱི་སྨན་མཆོག་གྷི་ཧཾ་གིས། །བདག་རྒྱུད་རིང་ནས་མནར་བའི་དུག་གསུམ་ནད། །ལྷག་མེད་དྲུངས་ནས་ཕྱུངས་ཤིག་བཅོམ་ལྡན་མ། །བགྲང་ཡས་གསུང་རབ་འོ་མའི་ཡང་སྙིང་ཁམས། །མཁྱེན་གཏེར་མཁྱེན་པའི་རྩི་ཡིས་བཀུག་པའི་ཞོ། །སྲིད་པའི་ཕྲེང་བར་བདག་སེམས་ཁྱེའུ་ཡིས། །སྤྱོད་པའི་སྐལ་བཟང་སྩོལ་ཅིག་བཅོམ་ལྡན་མ། །ཚེ་སྦྱིན་ལྷག་པའི་ལྷ་མོ་ཁྱོད་མཐུ་ཡི། །དྲོད་གཤེར་རྟེན་འབྲེལ་འཚོགས་པས་ཉེར་བསྐྱངས་པས། །ནམ་ཡང་གཞིག་མེད་ཚེ་སྲོག་དུར་བའི་རྩ། །རྡོ་རྗེའི་ཁམས་སུ་བྱིན་རློབས་བཅོམ་ལྡན་མ། །རྣམ་དཀར་རྒྱུ་འབྲས་ཁོར་ཡུག་ཆད་མེད་པའི། །རླབས་ཆེན་བསོད་ནམས་འཁྲི་ཤིང་གསར་བའི་རྩེར། །དོན་གཉིས་ལྷུན་གྱིས་གྲུབ་པའི་བིལ་པའི་འབྲས། །བྱང་ཆུབ་སྙིང་པོར་སྨིན་མཛོད་བཅོམ་ལྡན་མ། །ངག་གི་འཁོར་ལོ་གཡས་འཁྱིལ་དུང་གི་དབྱངས། །སྲིད་པའི་རིམས་ནད་འཕྲོག་ལ་རིངས་བའི་གདངས། །འཆད་རྩོད་རྩོམ་པའི་དབྱངས་བདུན་རྫོགས་པའི་སྒྲས། །ཀུན་ཁྱབ་ཞིང་ཀུན་འགེངས་མཛད་བཅོམ་ལྡན་མ། །བདེ་ཆེན་ལི་ཁྲིའི་ཐིག་ལེ་དགའ་འཁྱིལ་རིས། །ཆོས་དབྱིངས་མཛེས་མའི་དཔྲལ་བར་ཉེར་འཕོས་པས། །བདེ་སྟོང་མཛའ་གཅུགས་ལྷན་སྐྱེས་འགྱུར་མེད་ཀློང༌། །འཁོར་འདས་ཆོས་ཀུན་སྡོམས་ཤིག་བཅོམ་ལྡན་མ། །སྤྲོས་པའི་ཕུབ་མ་བྲལ་བ་རིག་པའི་འབྲུ། །ཆོས་དབྱིངས་སྙེ་མའི་ཁང་པར་ཡོངས་སྨིན་པའི། །འོད་གསལ་རིག་པའི་རྒྱལ་པོ་ཡུངས་དཀར་གྱིས། །ཕྱི་ནང་བགེགས་ཀུན་ཆོམས་ཤིག་བཅོམ་ལྡན་མ། །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །བླ་མ་རྗེ་བཙུན་སྒྲོལ་མའི་བརྩེ་ཆེན་གྱིས། །ཕྱག་གིས་འཛིན་པའི་སྐལ་བཟང་མི་ཉམས་པའི། །སྨོན་ལམ་དར་གྱི་སྲད་བུ་ཁྱོད་ལ་གཏད། །བཀྲ་ཤིས་གང་ཞིག་ཐོག་མར་དགེ་བ་ཚོགས་གཉིས་རྨད་བྱུང་རྒྱུ་ལས་འཁྲུངས། །བཀྲ་ཤིས་གང་ཞིག་བར་དུ་དགེ་བ་མི་འཇིགས་སྐུ་བཞིའི་གོ་འཕང་བརྙེས། །བཀྲ་ཤིས་གང་ཞིག་ཐ་མར་དགེ་བ་འགྲོ་ཀུན་གཏན་བདེ་མཆོག་ལ་འགོད། །བཀྲ་ཤིས་ཀུན་འབྱུང་རྒྱལ་ཡུམ་སྒྲོལ་མས་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། །ཞེས་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལས་མཇུག་བསྡུས་ཏེ་བསྟོད་ཅིང་འདོད་དོན་གསོལ་བའི་སྐབས་ཀྱི་མེ་ཏོག་སྟེ་ཉེར་གཅིག་པའོ།། །།
སྨྲས་པ། གང་ཞིག་རྒྱལ་བསྟན་དབྱར་གྱི་དཔལ་མོ་ལང་ཚོའི་བཞིན་རས་དར་བའི་དུས། །སྐལ་ལྡན་རྨ་བྱ་རྣམ་གྲོལ་མངལ་འཛིན་གཞུང་ཆེན་སྤྲིན་དབྱངས་ཕྱོགས་ཀུན་དགོད། །དེ་ལས་ཐུབ་བསྟན་སྟོན་དུས་ལ་བབས་ལྔ་རིག་བུང་བས་མགྲིན་རྔ་བརྡུངས། །ད་ནི་སྙིགས་མའི་དགུན་དུས་སླེབས་པས་ཆོས་ཚུལ་དབྱངས་ཀུན་རིང་ནས་ནུབ། །འོན་ཀྱང་སྔོན་རབས་རྟོགས་བརྗོད་འདབ་ཡངས་ཨུཏྤལ་ན་ཆུང་ལང་ཚོ་མ། །རྒྱ་བོད་མཁས་པས་སྙན་ངག་གཏམ་གྱི་མཛའ་གཅུགས་ཕྲེང་བར་བསྟར་བ་ལས། །རྒྱལ་ཡུམ་སྒྲོལ་མའི་ལྷ་ཆོས་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་འདི། །བདག་གི་སྐལ་བར་ངེས་པར་བཞག་སྙམ་རང་སྐལ་སྙན་ངག་གླུ་རུ་བླངས། །ཚེ་སྔོན་སྙན་ངག་ཤི་ལིའི་འཁྲི་ཤིང་ལ། །ཟོས་པའི་བློ་གྲོས་ལག་ལྡན་གླལ་བའི་ཁར། །ལྷན་སྐྱེས་གཤིས་སུ་འཐུལ་བའི་དྲི་བསུང་ངད། །འདི་ཀོ་ཕྱིས་འབྱུང་བློ་གསལ་དགའ་བའི་གསོས། །གཏམ་འདི་གནའ་བོའི་སྙན་ངག་ཉི་ཟླ་ཡི། །རྗེས་འགྲོར་སྨྲས་ན་སྙིང་ཁམས་ཆེ་མོད་ཀྱང༌། །གནམ་སྟོང་རྒྱུ་སྐར་ཁྲོད་ན་པ་སངས་གཟའ། །རང་འོད་དཀར་པོས་སྙེམས་པའི་དྲང་གཏམ་ལགས། །འོན་ཀྱང་དུག་གསུམ་ཆང་གིས་ཆེར་མྱོས་པས། །མ་དག་ཀུན་སློང་ངན་པས་སྦགས་པ་སོགས། །འཁྲུལ་བའི་ཚོགས་ཀུན་བླ་མ་རྗེ་བཙུན་མའི། །སྤྱན་སྔར་འཆགས་སོ་སྒྲིབ་མེད་མཛད་དུ་གསོལ། །འདིས་མཚོན་དགེ་བས་ཚེ་རབས་ཐམས་ཅད་དུ། །མཁའ་ཁྱབ་ཞིང་གི་རྒྱལ་བའི་དམ་ཆོས་ཀུན། །བཤད་དང་སྒྲུབ་པས་ཚུལ་བཞིན་འཛིན་པ་ལ། །མགོན་པོ་འཇམ་པའི་དབྱངས་དང་མཚུངས་པར་ཤོག །རྣམ་དཀར་གཟུ་བོའི་བློ་ཡིས་ལེགས་དཔྱད་ན། །ཞྭ་སེར་བསྟན་འདི་འཁྲུལ་མེད་ལགས་མོད་ཀྱང༌། །ཞྭ་དམར་བྱོན་ཚད་འཁྲུལ་བ་མ་ལགས་ཏེ། །སྔོ་ལྗང་གྱོན་ཚད་བུད་མེད་ག་ལ་ཡིན། །འོན་ཀྱང་རྒྱུ་འབྲས་ཐེག་པ་རང་རང་གི །སྙིང་པོ་འཁྲུལ་མེད་ཡུལ་དང་ཡུལ་ཅན་དུ། །ལེགས་སྦྱོར་ཆོས་ཕུང་ཀུན་གྱི་སྙིང་པོའི་བཅུད། །དགེ་ལྡན་རིང་ལུགས་ཕྱོགས་མཐར་རྒྱས་གྱུར་ཅིག །བསྡེབས་ལེགས་དྲང་པོའི་གཏམ་གྱི་དབྱུག་གུ་འདིས། །འཕགས་མའི་ལོ་རྒྱུས་ཆོས་ཀྱི་རྔ་བོ་ཆེ། །འགྲོ་ཀུན་རྣ་བར་ལྷན་སྐྱེས་བཞིན་བརྡུངས་བས། །ཀུན་སྐྱོང་སྒྲོལ་མཛད་ལྷ་མོས་རྗེས་འཛིན་ཤོག །ཏཱ་རེ་འཕགས་མ་རྒྱལ་བསྟན་བསྲུང་བའི་སླད། །གཏུམ་དྲག་ཁྲོ་མོའི་གར་བསྒྱུར་ཞང་ལྷ་བའི། །རིགས་ཀྱི་སྲུང་མ་འདོད་ཁམས་དབང་ཕྱུག་མས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །དེ་ཡང༌འཕགས་མ་ཉིད་ཀྱི་གསུང་ལས། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱོད་ཀྱི་རྗེས་འབྲང་ཁོ་མོས་སྐྱོང༌། །ཞེས་བཀའ་ལུང་རྡོ་རྗེའི་ཚིག་གིས་ཞལ་གྱིས་བཞེས་པ་ལྟར། ཇོ་བོ་བཀའ་གདམས་པའི་ལྷག་པའི་ལྷ་མོ་འདི་ཉིད་ཀྱི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བ། རྗེ་བཙུན་ཏཱ་ར་ན་ཐས་མཛད་པ་ལས་ཆ་ཤས་ཙམ་ཞིག་ཚིགས་བཅད་དུ་བསྡེབས་པ་གཡུ་ལོ་བཀོད་པའི་དགའ་ཚལ་ཅེས་བྱ་བ་འདི་ནི། དུས་གསུམ་རྒྱལ་བ་ཡོངས་ཀྱི་རིགས་བདག །གངས་ཅན་བསྟན་འགྲོ་ཀུན་གྱི་སྐྱབས་གནས། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་༧བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་དང༌། རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་གསུང་བ་པོ་དང་ཉན་པ་པོ་གཅིག་ཉིད་དུ་ཤར་བའི་སྒྱུ་འཕྲུལ་གྱི་རོལ་གར་གསང་བདག་ཟླ་བ་བཟང་པོའི་སྡེ་ཁྲི་རིན་པོ་ཆེ་༧འཇམ་དབྱངས་ཐུབ་བསྟན་ཉི་མའི་ཞལ་སྔ་ནས་དང་། རང་གཞན་གྱི་གྲུབ་བའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་པའི་རྒྱལ་བའི་རིང་ལུགས་པ་ཆེན་པོ་བཀའ་དྲིན་གསུམ་ལྡན་ཐུབ་དབང་རྡོ་རྗེ་འཆང་རྗེ་བཙུན་༧རཏྣ་དྷྭ་ཛའི་ཞབས་ལ་སོགས་པའི། སངས་རྒྱས་དངོས་ལྟ་བུའི་བཤེས་གཉེན་དམ་པ་དུ་མའི་ཞབས་པད་གུས་པས་བསྟེན་པའི་བཀའ་དྲིན་ལས། གྲུབ་ཆེན་ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་དབང་བཞི་ཡོངས་རྫོགས་དང༌། སྣར་ཐང་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། རིན་འབྱུང་སོགས་ནས་འབྱུང་བའི་སྒྲོལ་མའི་སྐུའི་རྣམ་འགྱུར་མི་འདྲ་བ་དུ་མ་དང༌། ཁྱབ་བདག་སྟག་ཕུ་བར་འཕགས་མ་ཉིད་ཀྱིས་དངོས་སུ་གནང་བའི་ཕྱི་དཀྱིལ་དང་ནང་དཀྱིལ་གྱི་བྱིན་རླབས་ཆོས་སྐོར་གྱི་ལུང་དང་བཅས་པ། ཇོ་བོའི་ལུགས་དང༌། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས། འཕགས་མའི་ཆོས་སྐོར་ཕལ་ཆེར་ལེགས་པར་ཐོབ་ཅིང༌། ལྷག་པའི་ལྷ་མོ་འདི་ལ་སྙིང་ནས་ཡིད་རྟོན་པ། བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གྲྭ་རིགས་རང་བཞིན་སྐྱེས་སྟོབས་ཀྱིས་སྙན་ངག་སྨྲ་བའི་དགེ་སློང་བསྟན་པ་རྒྱ་མཚོའམ། མིང་གཞན་ཞང་ལྷའི་དཀའ་བཅུ་ཐབས་མཁས་རྒྱ་མཚོར་འབོད་པས་བོད་ཆེན་པོ་མདོ་སྨད་ཀྱི་བཀའ་གདམས་བསྟན་པའི་ཆུ་མགོ་དགོན་ལུང་བྱམས་པ་གླིང༌གི་ཐུའུ་བཀན་བླ་བྲང་བཀྲ་ཤིས་འོད་འབར་གྱི་རང་གནས་འཆི་མེད་ཁང་གསར་དུ། དམར་སེར་ཅན་གྱི་ལོར་སྣྲོན་ཟླ་བའི་ཡར་ཚེས་དགེ་བར་མཇུག་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་ཆོས་ཚུལ་མཐའ་དག་བལྟ་བའི་བློ་གྲོས་ཀྱི་མིག་ཅན་སེམས་ཉིད་དཀའ་བཅུ་བློ་བཟང་ཤེས་རབ་ཀྱིས་བགྱིས་པ་འདིས་ཀྱང་མཁའ་ཁྱབ་རྒྱལ་བ་སྲས་དང་བཅས་པས་བསྟན་འགྲོར་སྨོན་པའི་བཞེད་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག །བཀྲ་ཤིས། །
རྗེ་བཙུན་འཕགས་མ་སྒྲོལ་མའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
སྒྲོལ་མ་འདིའི་ངོ་བོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་གཡོན་པ་ནས་སྤྲུལ་པ་ཡིན་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་སྤྲུལ་པ་གསལ་བ་ཐབས་ཀྱི་ཆ་ལས་སྤྱན་རས་གཟིགས་དང་སྟོང་པ་ཤེས་རབ་ཀྱི་ཆ་ལས་སྒྲོལ་མར་སྤྲུལ་པ་ཡིན་ཏེ། རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གིས་མགྲིན་གཅིག་ཏུ་བསྟོད་པ་ལས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །སྒྲོལ་མ་ཞེས་བྱའི་མཚན་གྲགས་མ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །
སྤྲུལ་པ་ཉེར་གཅིག་ཇི་ལྟར་འཁྲུངས་ཚུལ་ནི། འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་གཅིག་ཀྱང་མ་ལུས་པར་སྒྲོལ་བའི་དམ་བཅའ་ཆེན་པོ་མཛད་ནས། བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་ད་ཅི་འོང་བར་དགོངས་ནས་བལྟས་པས་སེམས་ཅན་ལ་མང་བའམ་ཉུང་བར་མ་མཐོང་ནས་ཐུགས་མུག་སྟེ་སྤྱན་ཆབ་བསིལ་བས་སྤྱན་ཆབ་གཉིས་ལས་མེ་ཏོག་པདྨ་གཉིས་བྱུང་སྟེ། དེ་ཁ་བྱེ་བའི་ནང་ནས་སྒྲོལ་མ་དང་། ཁྲོ་གཉེར་མ་གཉིས་བྱུང་སྟེ་གསུང་བསྒྲགས་པའི་ཐོག་མར། སྲིད་ན་སུ་ཞིག་འཇིགས་པས་འཇིགས་གྱུར་པ། །དེ་ཀུན་ངས་སྐྱོབ་མ་འཇིགས་མ་འཇིགས་ཤིག །ཅེས་དམ་བཅས་ནས་འཕགས་པ་སྤྱན་རས་གཟིགས་ཁྱེད་ཐུགས་མུག་པར་མ་མཛད་དང་ངེད་གཉིས་ཀྱིས་འགྲོ་དོན་གྱི་གྲོགས་བྱེད་དེ་སེམས་ཅན་དཔག་ཏུ་མེད་པའི་དོན་བྱའོ། །ཞེས་གསུངས་པས། དེའི་ཚེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་མཛད་ཅིང་། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལས་གསུངས་སོ། །
དེ་ནས་སྒྲོལ་མ་དཀར་སྔོན་གཉིས་དང་སྒྲོལ་མ་ཉི་ཤུ་རྩ་གཅིག་དང་སྒྲོལ་མ་བརྒྱ་རྩ་དང་། མདོར་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཇི་ཙམ་མཛད་པའི་གྲངས་དང་མཉམ་པའི་སྒྲོལ་མའི་སྤྲུལ་པ་ཡང་དེ་ཉིད་གཅིག་མཛད་ནས་ཕྲིན་ལས་ཀྱི་གྲོགས་མཛད། སེམས་ཅན་ཇི་སྙེད་པའི་གྲངས་དང་མཉམ་པའི་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་དང་། སློབ་དཔོན་རྟ་དབྱངས་ཀྱིས་སྒྲོལ་མ་ལ་བསྟོད་པ་ལས། འགྲོ་དོན་སྤྲུལ་མཛད་སྒྲོལ་མ་ཁྱོད་ཀྱི་སྐུ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ལ་སོགས་དང་། །དྲག་པོ་ཞི་བ་ཨུ་མ་ལ་སོགས་དང་། །བསྐུལ་བྱེད་ལུ་གུ་རྒྱུད་དང་ཁྲོ་གཉེར་ཅན། །མཱ་མ་ཀཱི་དང་སྒྲོལ་མ་གོས་དཀར་མོ། །འགྲོ་བ་གང་ལ་གང་འདུལ་དེར་སྟོན་པ། །ཞེས་གསུངས་པས་སྒྲོལ་མའི་རིགས་ཐམས་ཅད་ཐུགས་རྒྱུད་གཅིག་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིགས་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །བུད་མེད་གཟུགས་འཆང་ལྷ་མོ་ནི། །འགྲོ་བ་ཀུན་ཏུ་རྣམ་པར་རྒྱུ། །སྙིང་རྗེའི་བརླན་པའི་སེམས་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་དོན་དུ། །མི་མཇེད་འཇིག་རྟེན་ཁམས་གནས་ནས། །བུད་མེད་མིང་གིས་འཇུག་པར་བྱེད། །ས་བཅུ་ལ་ནི་རབ་གནས་ཐོབ། །བྱང་ཆུབ་སེམས་མ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦེད་པར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པ། །འདིས་ནི་ལྷ་མོ་བསྒྲུབ་པར་བྱ། །བྱང་ཆུབ་ཚོགས་ཀྱི་ཆེད་དུ་ནི། །སྐྱེས་པ་ཉིད་ནི་བརྩམ་པར་བྱ། །སྙིང་རྗེས་བརླན་པའི་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་འབྲང་བ། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་ཚོགས་ཀྱིས་བྱ་ཕྱིར་རོ། །རེ་བ་ཐམས་ཅད་དགའ་རྒྱས་ཕྱིར། །ཤར་གྱི་ཕྱོགས་སུ་གནས་པ་ཡིན། །བདག་ཉིད་རྣམ་པ་སྟོང་དང་ནི། །རྣམ་པ་མང་པོར་བྱས་ནས་ཀྱང་། །རྒྱ་མཚོ་བཞི་ཡི་མཐར་ཐུག་པ། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །ཞེས་དང་།དེ་ལྟར་སྤྲུལ་པ་མང་ཡང་སྐུ་དངོས་ནི་པོ་ཊ་ལ་ན་བཞུས་ཏེ། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཟད་པའི་ས་ལྔ་ན་སྔར་ཆོས་རྒྱལ་རྣམས་ཀྱིས་མི་རབས་དུ་མར་བཞེངས་པའི་གཙུག་ལག་ཁང་དཔག་ཏུ་མེད་པ་ཡོད།
དེའི་ཕ་རོལ་ན་སེང་ལྡེང་གི་ནགས་ཚལ་འཐུག་པོར་ཚེར་མ་མཐོ་རེ་ཙམ་སྐྱེས་པའི་གསེབ་ན་གླང་ཆེན་དང་སྤྲེའུ་མགོ་གསུམ་པ་དང་། སྟག་དང་སེང་གེ་དང་དུག་སྦྲུལ་རྣམས་གནས་པས་མི་རྒྱུ་བར་མི་ནུས་པ་ཡོད། དེ་ཡི་ཕ་རོལ་ན་རི་པོ་ཊ་ལ་ཙནྡན་གྱི་ནགས་ཚལ་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་འཇའི་གུར་ཕུབ་ཅིང་མེ་ཏོག་གི་ཆར་འབེབས་པ། བྱ་མ་སེར་ཞེས་པས་སྒྲོལ་མའི་སྔགས་འདོན་ཤེས་པ་སོགས་བྱ་རིགས་མང་པོས་སྐད་སྙན་པར་སྒྲོག་པ་ཡོད། རི་དེའི་རྩེ་ན་འཕགས་པ་སྤྱན་རས་གཟིགས་བཞུགས་ཤིང་། རི་དེའི་རྩ་བ་ན་རིན་པོ་ཆེའི་གཞལ་ཡས་ཁང་ན་རྗེ་བཙུན་སྒྲོལ་མ་ལ་གྲུབ་པའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་ཏེ་ཆོས་བསྟན་ཏོ། །
སྒྲོལ་མ་འདིའི་དབང་དང་བྱིན་རླབས་ཐོབ་ན་ནད་ཐམས་ཅད་ཀྱང་ཞི་སྟེ། སློབ་དཔོན་ཙནྡྲ་གོ་མས། ཕྱག་འཚལ་བྱིན་རླབས་སྨན་གྱུར་ནས། །འབྱུང་བ་འཁྲུག་དང་གདོན་གྱིས་བསྐྱེད་པ་ཡིས། །སྲོག་འཕྲོག་ནད་ཀྱི་བྱེ་བྲག་མ་ལུས་པ། །ཁྱོད་ལ་གསོལ་བཏབ་འདུལ་བ་སེལ་མཛད་མ། །ཞེས་གསུངས་སོ། །དཔལ་སཾ་བྷུ་ཊི་ལས། སྒྲོལ་མ་འཁོར་བ་ལས་སྒྲོལ་མ། །དེ་ལྟར་སྒོམ་པ་ཙམ་གྱིས་ནི། །སྒྲུབ་པོ་སངས་རྒྱས་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པས་ཐུགས་རྗེ་མྱུར་ཞིང་བྱིན་རླབས་ཆེ་བའོ།། །།
རྗེ་བཙུན་སྒྲོལ་མ་སྤྱིའི་ལོ་རྒྱུས། སྒྲུབ་ཐབས་རིན་འབྱུང་གི་ཁ་སྐོང་རིན་ཆེན་མཛོད་ཁང་ཚོགས་ཤུལ་ནོར་བསྟན་གྱི་གསུང་ལས་བཏུས།
སྔོན་བསྐལ་པ་བསམ་གྱིས་མི་ཁྱབ་པའི་གོང་དུ། འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་དུ་དེ་བཞིན་གཤེགས་པ་རྔ་སྒྲའི་སྤྱན་སྔར། རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་གྱུར་ཏེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱེད་པར་ཁས་བླངས་པ་ལྟར། ཉིན་རེ་བཞིན་དུ་སྔ་དྲོ་དང་ཕྱི་དྲོའི་དུས་ཀྱི་ཚེ། སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མཛད་པས་དེས་ན་འཕགས་མ་སྒྲོལ་མ་ཞེས་གྲགས་ལ། གང་གི་མཚན་དྲན་པ་ཙམ་གྱིས་ཀྱང་སྲིད་པ་དང་ཞི་བའི་གདུང་བ་མཐའ་དག་སེལ་བར་བྱིན་གྱིས་བརླབས།
དེ་ནས་སངས་རྒྱས་དོན་ཡོད་གྲུབ་པའི་སྤྱན་སྔར་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཉེར་འཚེ་མཐའ་དག་ལས་བསྲུང་ཞིང་སྐྱོབ་པར་དམ་བཅས། སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ལས་རྣམ་པར་འཕྲུལ་པའི་ཚུལ་བསྟན་ཏེ་འགྲོ་བ་སྒྲོལ་བའི་གྲོགས་མཛད་པའི་ཚུལ་ནི། འཕགས་པས་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་གྱི་དོན་བྱས་ནས། སེམས་ཅན་དཔག་ཏུ་མེད་པ་གྲོལ་བར་བྱས་པ་དང་། སེམས་ཅན་ཅི་ཙམ་ཉུང་བར་གྱུར་གཟིགས་པ་ན། འཕེལ་འགྲིབ་ཏུ་མ་གྱུར་པས་ཐུགས་མུག་ནས་སྤྱན་ཆབ་བྱུང་བ་ལ་པདྨ་སྐྱེས། དེའི་ནང་ནས་རྗེ་བཙུན་སྒྲོལ་མ་འཁྲུངས་ཏེ། དེའི་ཞལ་ནས་ཐུགས་མུག་པར་མི་བྱ་སྟེ། བདག་གིས་ཁྱོད་ཀྱི་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱ་སྟེ། སེམས་ཅན་དཔག་ཏུ་མེད་པ་བསྒྲལ་བར་བྱའོ་ཞེས་གསུངས་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་མཛད་པ་སོགས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ། རྫོགས་ལྡན་གྱི་དུས་སུ་འཕགས་ཡུལ་གྲུ་འཛིན་གྱི་རི་བོར་འཇིག་རྟེན་དབང་ཕྱུག་སྙིང་རྗེ་ཆེན་པོས་སྒྲོལ་མའི་སྔགས་རྒྱུད་འབུམ་ཕྲག་བརྒྱ་པ་གསུངས། དེ་ནས་སུམ་ལྡན་དང་། ཉིས་ལྡན་དང་། རྩོད་ལྡན་གྱི་དུས་རྣམས་སུ་གདུལ་བྱ་སོ་སོའི་དབང་པོ་དང་མཐུན་པར་རྒྱུད་འབྲིང་པོ་དང་བསྡུས་པ་སོགས་ཇི་སྙེད་གསུངས་པས་སྒྲོལ་མའི་རིག་སྔགས་གྲུབ་པ་མཐའ་ཡས་པ་བྱོན་ཞིང་། འཕགས་བོད་དུ་བྱོན་པའི་མཁས་གྲུབ་ཕལ་མོ་ཆེས་ཐུགས་དམ་དུ་མཛད་ཅིང་དངོས་གྲུབ་བརྙེས་པའི་ཕྱིར་སྒྲུབ་ཐབས་མན་ངག་དང་བཅས་པའི་བཀའ་སྲོལ་ཀྱང་མཐའ་ཡས་པར་བཞུགས་པ་ལགས།
སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་དབང་བསྐུར་བ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། བྱང་ཆུབ་སེམས་མ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦེད་པར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པ། །འདིས་ནི་ལྷ་མོ་སྒྲུབ་པར་བྱེད། །བྱང་ཆུབ་མཆོག་གི་ཆེད་དུ་ནི། །སྐྱེས་པ་ཉིད་ནས་བརྩམ་པར་བྱ། །སྙིང་རྗེས་བརླན་པའི་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་སུ་འབྲང་། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་མཆོག་ནི་བྱ་ཕྱིར་རོ། །ཞེས་དང་། ཁ་ཆེའི་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་མི་བདུན་བརྒྱས་བསྐོར་ནས་ཙནྡན་གྱི་མེར་སྲེག་པའི་ཚེ། ཉིད་ཀྱི་ཡི་དམ་གྱི་ལྷ་རྗེ་བཙུན་སྒྲོལ་མ་ལ་སྨྲེ་སྔགས་ཀྱིས་ཚིགས་སུ་བཅད་དེ་བསྟོད་པས། སྐད་ཅིག་ཡུད་ཙམ་ཉིད་ལ་འཕགས་མས་ཕྱག་བརྐྱང་པ་ལ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབ་སྟེ། མཚོ་ནང་གི་པདྨ་ལྟར་གྱུར་ཏོ། །
ཡང་སྔོན་མི་ཞིག་གིས་མཚན་མོ་དོན་གཉེར་འགྲོ་བ་ལ་ལམ་དུ་དགྲ་དང་འཕྲད་དེ་ཤིན་ཏུ་སྐྲག་ཅིང་འཇིགས་ནས་བསྔངས་ཏེ། སྒྲོལ་མ་དྲན་ཙམ་ནས་དགྲ་ཐམས་ཅད་བྲན་བཞིན་དབང་དུ་འདུས་སོ། །མི་གཅིག་ནགས་གསེབ་ཏུ་སོང་བས་གླང་ཆེན་ཁྲོས་ནས་མཆེ་བས་དམ་དུ་བཟུང་བས་ངུ་འབོད་ཀྱིས་སྒྲོལ་མ་ལ་བོས་པས། དེ་མ་ཐག་གླང་ཆེན་གྱི་འཇིགས་པ་ཞི་བ་དང་། མི་ཞིག་ཁྱིམ་དུ་ཉལ་ནས་གཉིད་པ་ལ་དགྲ་བོས་ཁྱིམ་ལ་མེ་བརྒྱབ་པས། སྐྲག་ཅིང་བསྔངས་ནས་སྒྲོལ་མ་ལ་བོས་པས། དེ་མ་ཐག་ཆར་ཆེན་པོས་མེ་ཞི། སྔོན་མི་ཞིག་པདྨ་འཚོང་དུ་ཕྱིན་ནས་ནགས་གསེབ་ཏུ་སོང་ནས་ཤིང་གི་ཡལ་ག་ལ་བཟུང་བས་ཤིང་རྩ་ནས་སྦྲུལ་ནག་ཁྲོས་པས་བཟུང་བ། སྒྲོལ་མ་དྲན་ཙམ་ནས་སྦྲུལ་གྱི་གདུག་པ་ཞི། སྔོན་ཚོང་དཔོན་ནོར་ལྡན་དོན་གཉེར་ལམ་དུ་འགྲོ་བ་ན་མི་རྒོད་དང་འཕྲད་ནས་སྐྲག་སྟེ། སྒྲོལ་མ་དྲན་པས་དགྲ་རྣམས་བྲན་བཞིན་དུ་དབང་དུ་འདུས་སོ། །
མི་ཞིག་རྒྱལ་པོའི་མཛོད་དུ་རྐུན་མ་ལ་སོང་ནས་བཟུང་བས་བཙོན་ཁང་ནང་དུ་ལྕགས་སུ་བཅུག་པས། སྒྲོལ་མ་དྲན་ཙམ་གྱིས་བཅིངས་པའི་སྡུག་བསྔལ་དང་བྲལ་ལོ། །དགེ་བཤེས་ཙནྡྲ་གོ་མ་རྒྱ་མཚོར་ཞུགས་པས་གྲུ་ཞིག་པས། སྒྲོལ་མ་ལ་ཐལ་མོ་སྦྱར་ནས་བསྟོད་པས། ཞལ་བསྟན་ནས་ཆུ་ནང་དུ་གླིང་ཆགས། རྒྱལ་པོ་གཅིག་ནུབ་མོ་འཆག་ཁང་དུ་བྱོན་པ་བགེགས་གདུག་པས་བཟུང་ནས་སྐྲག་ཅིང་བསྔངས་བས་སྒྲོལ་མ་དྲན་པས་འབྱུང་པོའི་འཇིགས་པ་དང་བྲལ་ལོ། །དེ་ལྟར་སྤྱིར་སྒྲོལ་མས་འཇིགས་པ་ཐམས་ཅད་སྐྱོབ་པར་བཤད་ལ། ཁྱད་པར་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་རྒྱུད་གཅིག་ཀྱང་འབྱུང་ངོ་། །ཞེས་གསུངས་སོ།། །།
ལྷ་མོ་ནོར་རྒྱུན་མའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
ལྷ་མོ་འདིའི་ངོ་བོ་ནི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་བཞེངས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པས་ནོར་རྒྱུན་མའི་མཚན་བརྒྱ་པ་ལས། ནོར་འཛིན་མ་སྟེ་ནོར་གྱི་རྒྱུན། །གཟུགས་བཟང་མ་ལ་གཟུགས་མཛེས་མ། །ཞི་བའི་གཟུགས་ཅན་མཆོག་གསོལ་མ། །ནོར་དཔལ་དཔལ་མཛད་མ་མཆོག་ལ། །ཆ་དང་གཟུགས་ནི་འཛིན་མཛད་མ། །ཀུན་ལ་བྱམས་ལ་སྐྱབས་འོས་མ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་རྣལ་འབྱོར་མ་བཞིའི་ནང་ནས་གཟུགས་ཅན་མ་ཞེས་བྱ་བ་ནི་འདི་ཉིད་ཡིན་ཏེ། སྣ་ཚོགས་གཟུགས་ཅན་གཞོན་ནུ་མ། །ཞེས་དང་། དགའ་བའི་གཟུགས་ཅན་གཟི་ཆེན་མ། །གསེར་མདོག་མ་ལ་འོད་འཕྲོ་མ། །ཞེས་དང་། སེམས་ཅན་དོན་ལ་བརྩོན་པ་མོ། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ། །ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཞེས་མཚན་བརྒྱ་རྩ་བརྒྱད་ལས་གསུངས་སོ། །
ལྷ་མོ་དེའི་རྒྱུད་གསུངས་ཚུལ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡུལ་ཀོའུ་ཤམ་བི་ཚེར་མ་ཅན་གྱི་ནགས་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབུལ་ཞིང་བཟའ་མི་མང་བ་ཞིག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་སྐོར་བ་འབུམ་ཐེར་བྱས་ནས་དབུལ་བའི་སྡུག་བསྔལ་དང་ནད་སེལ་བའི་ཐབས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། སྔོན་བསྐལ་པ་གྲངས་མེད་པའི་གོང་རོལ་དུ་སངས་རྒྱས་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ཞེས་བྱ་བ་ལ། ནོར་གྱི་རྒྱུན་མའི་རིག་སྔགས་འདི་ཐོས་ཀྱིས་ཁྱོད་ལ་བཤད་པར་བྱའོ་གསུངས་ནས། ནོར་རྒྱུན་མ་འདི་བཀའ་བསྩལ་པས། ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་དེ་སྐད་ཅིག་ལ་ནོར་དང་འབྲུ་སྣ་ཚོགས་ཀྱིས་གང་བར་གྱུར་ཏོ། །
གཞན་ཡང་ནོར་རྒྱུན་མའི་རྟོགས་པ་ཆེན་པོ་དང་། གསེར་འོད་དོན་གྲུབ་མ་ཞེས་བྱ་བ་ལས་ཞོར་བྱུང་དུ་གསུངས་པ་དང་། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་པོ་ལས། ནོར་གྱི་རྒྱུན་ཆར་དུ་འབེབས་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་ལྷ་མོ་འདི་ཞལ་གསུམ་ཕྱག་དྲུག་མ་འཁོར་གནོད་སྦྱིན་མའི་ཚོགས་ཀྱིས་བསྐོར་བའི་སྒྲུབ་ཐབས་གསུངས་པ་དང་། དཔའ་བོ་གཅིག་སྒྲུབ་རྒྱུད་ལས་ཀྱང་། ཛམ་ལྷའི་ཐུགས་ཀར་ནོར་རྒྱུན་མ་མཆེད་ལྔ་བསྒོམ་པའི་སྒྲུབ་ཐབས་གསུངས་པ་དང་། རྡོ་རྗེ་གུར་ལས་ནོར་རྒྱུན་མ་གཙོ་རྐྱང་ཕྱག་གཉིས་པ་གསུངས་པ་སོགས་རྒྱུད་སྡེ་དུ་མ་ནས་ལྷ་མོ་འདི་གསུངས། རྒྱས་པར་རྡོ་རྗེ་ཕྲེང་བ་ན་ནོར་རྒྱུན་མའི་དཀྱིལ་འཁོར་གྱི་དབང་དང་། བསྡུས་པ་དང་། འབྲིང་པོ་གཙོ་རྐྱང་དང་། ལྷ་ལྔ་སོགས་དུ་མ་འབྱུང་བ་ལས། ད་ལམ་ཆྒཻའི་དབང་ཡིན་ལ། འདིའི་ཕན་ཡོན་ནི། ནོར་རྒྱུན་མའི་གཟུངས་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི་བྱིན་རླབས་ཀྱིས་གནོད་བྱེད་དང་། སྲིན་པོ་དང་ཤ་ཟ་སོགས་གདོན་གྱི་རིགས་ཐམས་ཅད་ཀྱིས་གནོད་པར་མི་བྱེད། འདི་ཐོས་པ་ཙམ་གྱིས་ཀྱང་བདེ་བ་དང་ལོ་ལེགས་པར་གསུངས་སོ། །འདིས་མུ་གེ་དང་ནད་དང་འཆི་བ་འབྱུང་བར་མི་འགྱུར། འདི་ནི་སེམས་ཅན་དབུལ་པོ་དང་ནད་མང་བ་དང་། དགྲ་མང་བ་རྣམས་ལ་ཕན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའོ། །ཞེས་དང་། དཔལ་བོ་གཅིག་སྒྲུབ་རྒྱུད་ལས། ནོར་རྒྱུན་མཆེད་ལྔ་གསུངས་ནས། སྒྱུ་འཕྲུལ་དྲྭ་བ་ལས། རིན་ཆེན་ཆར་པ་འབེབས་པ་དང་། །ནོར་ཀུན་གྱི་ནི་ཆར་པ་དག །འབེབ་པར་བྱེད་པ་བསམ་པར་བྱ། །ནོར་གྱི་བློ་གྲོས་ཆེན་མོ་འདི། །དེ་ལྟར་སྔགས་པས་བསྒོམས་ན་དེས། །དཔག་ཚད་བདུན་ནི་རྒྱས་པར་ཡང་། །ནོར་གྱི་རྒྱུན་ནི་ཁྱབ་པར་མཛད། །ཅེས་དང་། རྡོ་རྗེ་གུར་ལས། ཛམ་བྷ་ལ་དང་ནོར་རྒྱུན་གཉིས། ནོར་བསྒྲུབ་པར་བཤད་པའོ། །ཞེས་དང་། གསེར་འོད་ནོར་བསྒྲུབ་འགྲུབ་མ་ལས། གསེར་འོད་འདི་འདོན་ཅིང་ནོར་ལྷའི་རྒྱལ་པོ་མཆོད་གྱུར་ན། ཚེ་རབས་ཐམས་ཅད་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བ་རྣམས་དང་། བྱ་དང་རི་དྭགས་ཀྱི་སྐྱེ་གནས་སུ་རྣ་ལམ་དུ་གྲག་པར་གྱུར་ན་ཡང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །
གལ་ཏེ་མིར་སྐྱེས་ན་ཡང་རྒྱལ་རིགས་སུ་སྐྱེ་བར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཤེས་རབ་ཆེ་བར་འགྱུར་རོ། །ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཟད་པ་མེད་པའི་ལོངས་སྤྱོད་ནི་ཚེ་རབས་ཐམས་ཅད་དུ་རྙེད་པར་འགྱུར་རོ། །ཁྱད་པར་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང་། དེ་བཞིན་དུ་ཨཱརྱ་ཛམ་བྷ་ལ་དང་། རྟ་བདག་ཀུ་བེ་ར་དང་། ཕྱུགས་བདག་ལྷ་མོ་ནོར་རྒྱུན་མ་དང་། ལུག་བདག་ནོར་བུ་བཟང་པོ་དང་། དེ་ལ་སོགས་པའི་ནོར་ལྷའི་ཚོགས་རྣམས་ཀྱིས་ཚེ་རབས་རྟག་ཏུ་གྲོགས་བྱེད་པར་འགྱུར་རོ། །ཞེས་དང་། ནོར་རྒྱུན་མའི་སྒྲུབ་ཐབས་ལས། འདི་ཡི་དམ་བྱས་ན་འབྲུ་དང་ལོ་ཐོག་བང་མཛོད་རིགས་རྒྱུད། རྐང་འགྲོས་མ་ཧེ་རྟ་ཕྱུགས་ཐམས་ཅད་འཕེལ། དུས་ཁྱད་པར་ཅན་ནམ་རྒྱུན་དུ་མཆོད་ན་ནོར་ཐམས་ཅད་འཕེལ། གཏོར་མ་བཀའ་བསྒོ་བྱས་ན་དགྲ་དང་ཆོམ་རྐུན་ཐམས་ཅད་ཀྱིས་མི་ཚུགས། ནོར་དང་ལོངས་སྤྱོད་ཐམས་ཅད་དང་ལྡན་ནོ། །གསོལ་བ་བཏབ་ན་ནོར་འབྱུང་། རིན་པོ་ཆེའི་ཆར་མངོན་སུམ་དུ་འབབ་པ་ཡང་ཡོད་སྐད་དོ། །ཞེས་གསུངས་སོ།། །།
ལྷ་མོ་ནོར་རྒྱུན་མ་སྤྱིའི་ལོ་རྒྱུས། སྒྲུབ་ཐབས་རིན་འབྱུང་གི་ཁ་སྐོང་རིན་ཆེན་མཛོད་ཁང་ཚོགས་ཤུལ་ནོར་བསྟན་གྱི་གསུང་ལས་བཏུས།
སྟོན་པ་བཅོམ་ལྡན་འདས་ཀོོ་ཤཾ་བྷི་ན་ཚེར་མ་ཅན་ཞེས་བྱ་བའི་ནགས་ཚལ་ཆེན་པོ་ན་བཞུགས་པའི་དུས་སུ། ཀོོ་ཤཾ་བྷིའི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབང་པོ་ཉེ་བར་ཞི་བ། ཡིད་ཉེ་བར་ཞི་བ། དད་ཅིང་ཆེར་དད་པ་ཞིག་གནས་པ་དེ་བཅོམ་ལྡན་འདས་ལ་ཕྱག་དང་སྐོར་བ་བྱས་ཏེ། དབུལ་བ་དང་ནད་མེད་པའི་ཐབས་ཞུས་པ་ལས། མཁྱེན་བཞིན་དུ་ཁྱོད་ཀྱིས་དབུལ་པོའི་དོན་དུ་ཅིའི་ཕྱིར་དྲི་ཞེས་གསུངས་པ་ལ། བདག་དབུལ་བ་དང་། གསོ་བ་མང་བ་དང་། བུ་དང་བུ་མོ་མང་བ་དང་། བཟའ་མི་མང་པོ་དང་ལྡན་པ་ལགས་པས་ན། དབུལ་བ་མེད་པ་དང་། ནོར་དང་རིན་པོ་ཆེ་དང་འབྲུ་དང་མཛོད་དང་། བང་མཛོད་མང་པོ་འབྱུང་བར་འགྱུར་བར་གསུང་བར་མཛད་པར་སླར་ཡང་གསོལ་བ་ན། བདག་གིས་སྔོན་བསྐལ་བ་དཔག་ཏུ་མེད་པ་འདས་པའི་དུས་སུ་སངས་རྒྱས་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ཞེས་བྱ་བ་ལས་ཐོས་པའི་ནོར་གྱི་རྒྱུན་ཞེས་པའི་གཟུངས་ཡོད་ཀྱིས་བཤད་དོ་གསུངས་ནས་གཟུངས་གནང་བ་བླངས་ཤིང་བཟླས་པ་ཙམ་གྱིས་དེའི་ཁྱིམ་དང་མཛོད་དང་། བང་མཛོད་ཐམས་ཅད་འབྲུ་དང་གོས་སོགས་ཡོ་བྱད་ཐམས་ཅད་ཀྱིས་གང་བར་གྱུར་ཏོ། །
དེ་ནས་འཁོར་དེ་ནས་ཁྱིམ་བདག་དེ་དང་ཀུན་དགའ་བོའང་ལྟར་བཏང་བས། དེ་བཞིན་དུ་བྱུང་བ་མཐོང་པའི་བྱིན་རླབས་ཅན་གྱི་གཟུངས་འདི་ལ་བརྟེན་ནས་གྲུབ་པའི་སློབ་དཔོན་ཆེན་པོ་ཨབྷྱཱ་ཀ་ར་སོགས་ཀྱིས་བཀྲལ་བ་ནས་བརྒྱུད་པ་སྟེ། དབྱངས་ཅན་མའི་ལོ་རྒྱུས་སུ་ལྷ་མོ་འདི་དང་དབྱངས་ཅན་མ་གཉིས་ཀ་དྲི་ཟ་དམ་བུ་རའི་ཆུང་མའི་ཚུལ་དུ་འཇིག་རྟེན་པའི་རྣམ་པར་ཡོད་པར་གསུངས་པ་ནི་གང་འདུལ་གྱི་བཀོད་པ་ཉིད་དེ། དོན་དུ་བསྐལ་པ་མང་པོའི་གོང་ནས་ཐུབ་པའི་དབང་པོ་དང་རྒྱུད་གཅིག་པའི་བྱང་སེམས་ཀྱིས་འདིའི་གཟུངས་གསན་པར་གསུངས་པ་འདིས། རྒྱལ་ཡུམ་འཕགས་མ་ཆེན་པོའི་ངོ་བོར་ངེས་པ་ལགས།
བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
སྔོན་གྱི་དུས་ན་རི་རབ་ཀྱི་རྩེར་རིན་པོ་ཆེའི་གཞལ་ཡས་ཁང་ན། སངས་རྒྱས་དཔག་ཏུ་མེད་པ་འདུས་ནས། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཏིང་ངེ་འཛིན་ལས་མི་གཡོ་བ་ལ་དབང་བསྐུར་ནས་ཆེར་གཟིགས་པས། དེ་ནས་བྱང་ཆུབ་སེམས་དཔའ་དེ་ཁྲོ་བོ་རྣམ་པར་སྣང་མཛད་དུ་སྤྲུལ་ནས་རྫུ་འཕྲུལ་ཆེན་པོ་བསྟན་ཏེ། སྤྲུལ་པ་བསྡུས་ནས་མི་འཁྲུགས་པས་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་ལ་བསྐུལ། དེར་སྨོན་ལམ་བཏབ་པས་དཔལ་ལྡན་ལྷ་མོ་དཔོན་གཡོག་ཏུ་གྱུར་པ། ལྷའི་བུ་རྣམས་སྐྲག་ནས་བསྔངས་སོ། །དེར་སྤྱན་རས་གཟིགས་ཀྱིས་འདི་ལ་མ་སྐྲག་མ་གཤེ་བར་མཆོད་བསྟོད་གྱིས་ཤིག་གསུངས་པས། ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད། ལྷ་མོ་འདི་ནི་མ་འོངས་པར་སངས་རྒྱས་དཔལ་ལྡན་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བ་ཡིན་པར་གསུངས་སོ། །
དེ་ནས་ལྷ་དང་ལྷ་མིན་འཁྲུག་པའི་ཚེ། ལྷ་མ་ཡིན་འདུལ་བའི་དོན་དུ། ལྷ་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཨུ་མའི་སྲས་མོར་འཁྲུངས་ནས་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །སྐུ་རི་རབ་ཙམ་དུ་སྤྲུལ་ནས་ལྟེ་བར་ལྷ་དམག་གིས་རྫོང་བཅས་པས། རྒྱལ་ཆེན་སྡེ་བཞིས་ཕྱག་འཚལ། ལྷ་མ་ཡིན་རྣམས་འོག་ཀླུ་ཡུལ་དུ་བྲོས་པས། རྒྱ་མཚོའི་དཀྱིལ་ནས་མེ་འབར་བའི་ཆོ་འཕྲུལ་བསྟན་ཏེ། ཀླུའི་རྒྱལ་པོས་ཕྱག་འཚལ་ནས་རྒྱ་མཚོ་མི་སྐམ་པར་ཞུས་པས། ལྷ་རྣམས་ཀྱིས་དཔག་བསམ་ཤིང་གི་བདག་མོར་བསྐོས། རྣམ་པར་རྒྱལ་བའི་ཁང་བཟང་དུ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཏེ། ལྷ་རྣམས་ཀྱིས་མཆོད་པ་བྱེད་དོ། །དེ་ནས་རི་ཁྲོད་མདངས་དགའ་བ་ན། ཤིང་ཤི་རི་ཞེས་བྱ་བའི་ལོ་མ་གྱོན་ན། འཕགས་པ་མི་ཕམ་པ་ཞེས་བྱ་བའི་གཟུངས་བཟླས་པས། རི་ཁྲོད་ལོ་མ་ཅན་པརྞ་ཤ་བ་རི་ཞེས་བྱ་བ་ཡིན་ཏེ། འདིའི་གཟུངས་རྒྱས་བསྡུས་ལས། འདི་བཟླས་ན་སྒྲིབ་པ་ཐམས་ཅད་དག་པ་དང་། བཀྲ་མི་ཤིས་པ་དང་། ཡམས་ནད་ཐམས་ཅད་དང་། རིམས་ཅན་ཐམས་ཅད་ཞི་ཚུལ་རྒྱ་ཆེར་གསུངས་ཤིང་། སམ་བྷུ་ཏྲི་ལས། གདུག་རྩུབ་ཐམས་ཅད་ཞི་བ་དང་། །ནད་རྣམས་ཐམས་ཅད་འཕྲོག་བྱེད་པ། །ཤ་བ་རི་ཞེས་བྱ་བ་འདི། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །བཅོམ་ལྡན་རྡོ་རྗེ་འཛིན་པས་གསུངས། །ཞེས་དང་། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། དེ་འདྲ་རྣལ་འབྱོར་ཅན་གྱིས་བསྒོམས་ན་མི་པས་ཐམས་ཅད་ཞི་བར་བྱེད། ནད་ཐམས་ཅད་ཞི་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་དང་།
དངོས་གྲུབ་བསྟན་གཟིགས་རྒྱུད་ལས། རིམས་ནད་འཇོམས་བྱེད་བཀྲ་ཤིས་ཤ་བ་རི། །ཞེས་གསུངས་པས། མདོར་ན་བཀའ་གསར་རྙིང་ཐམས་ཅད་ནས་ནད་རིམས་མི་ནད་ཕྱུགས་ནད་ཐམས་ཅད་ཞི་བའི་མཆོག་དམ་པ་ཡིན་པར་གསུངས་སོ།། །།
ལྷ་མོ་སྐུལ་བྱེད་མའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
འདི་ནི་རྣམ་པར་སྣང་མཛད་ཀྱི་ཡུམ་ལྷ་མོ་སངས་རྒྱས་སྤྱན་མ་ཡིན་པས། སངས་རྒྱས་བྱང་སེམས་མཐུ་སྟོབས་ཅན་རྣམས་ཀྱི་སྤྲུལ་པ་ཡིན་ཏེ། སེམས་ཅན་མཐའ་ཡས་པའི་དོན་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བར་གསུངས་ཏེ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེའི་སེམས་ཅན་གྱི་དོན་ལ་བསྐུལ་བ་དང་། སེམས་ཅན་རྣམས་དམ་པའི་ཆོས་ལ་བསྐུལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་བྱང་ཆུབ་ཀྱི་ལམ་ལ་བསྐུལ་བས་ན་བསྐུལ་བྱེད་མ་ཞེས་བྱ་སྟེ། འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་སོ། །ཁྱད་པར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ན་བཞུགས་པའི་ཚེ། ཕྱག་ན་རྡོ་རྗེས་སེམས་ཅན་དུག་གསུམ་གྱི་ནད་ཀྱིས་ཅན་པ་མནར་བ་ལ་བསྐྱབ་པའི་ཐབས་ཞུས་པས།
བཅོམ་ལྡན་འདས་ཀྱིས་ལྷ་མོ་བསྐུལ་བྱེད་མའི་རིག་སྔགས་འདི་གསུངས་མ་ཐག་ཏུ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས། བདུད་ཐམས་ཅད་བརྒྱལ་ཞིང་ཚིག་ནས་ཆོ་ངེས་འདེབས། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཏིང་ངེ་འཛིན་ལས་གཡོས། ས་འོག་གིས་ལྷ་མ་ཡིན་དང་ཀླུའི་བུ་མོ་དང་གསང་བ་པོ་རྣམས་ཀྱང་འཁྲུགས་ནས། ཐམས་ཅད་ཀྱིས་རྣམ་པར་སྣང་མཛད་རྗེས་སུ་དྲན་པར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་ལྷ་མོ་བསྐུལ་བྱེད་མའི་དངོས་གྲུབ་གསང་བའི་རྒྱུད་ལེའུ་གསུམ་པ་དང་། བསྐུལ་བྱེད་མའི་རྟོགས་པ་གསུངས་ཤིང་། གཞན་ཡང་ཟ་མ་ཏོག་གི་མདོ་དང་རྒྱུད་སྡེ་མང་པོ་ནས་ཀྱང་ལྷ་མོ་འདི་གསུངས་སོ། །དེ་ཡང་འདིའི་ཕན་ཡོན་རྟོགས་པ་ལས། རིམས་དང་གཟེར་ཐབས་སོ་དང་མིག །སྐེད་པ་ན་བའི་ད་རྒན་དང་། །ལུས་ཅན་རྣམས་ཀྱི་ནད་རྣམས་ནི། །ལུས་ལས་འབྱུང་བ་སྣ་ཚོགས་ཀྱང་། །གསང་སྔགས་མཐུ་ཆེན་དྲན་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་དག་འདི་ལ་ཆེར་དད་པ། །དེ་ནི་ངན་འགྲོ་རྩེད་ནས་འབྱིན། །སྦོས་བྱེད་སྐྱ་སྦབ་ནན་ལ་སོགས། །རྟག་པར་རབ་ཏུ་འཇིགས་པར་བྱེད། །གཟེར་ཐེབས་ནད་ནི་མི་བཟོད་དང་། །རྐང་པ་འབམ་པར་གྱུར་པ་དང་། །སྙིང་ནད་དང་ནི་མཁྲིས་པའི་ནད། །དེ་དག་ཐམས་ཅད་འབྱུང་མི་འགྱུར། །མདོར་ན་ལྷ་རྣམས་ཐམས་ཅད་ནི། །འདི་བཟླས་པས་ནི་དབང་དུ་འགྱུར། །ཀུན་གྱིས་ཅི་བགྱི་ཟེར་ཞིང་སྤྱོད། །ཅེས་དང་། ནད་ཐམས་ཅད་ཞི་བའི་མཆོག་ཏུ་གསུངས་ཤིང་། སྔགས་འདི་ཡིད་ལ་བཞག་ནས་སྤྱད་ན། བགེགས་དང་དགྲ་དང་སྡང་བ་དང་། གླན་ཀ་ཚོལ་བ་དང་རྐུན་མ་སོགས་འཇིགས་པ་ཀུན་ལས་གྲོལ། འདིས་མ་ཐོབ་པ་ཐོབ་བོ། །མི་ཆོམ་པ་ཆོམ། མ་རྒྱལ་བ་ལས་རྒྱལ། སངས་རྒྱས་ཀྱི་གོ་འཕང་ཡང་མྱུར་དུ་ཐོབ། འདི་དྲན་པ་ཙམ་གྱིས་སྲིན་པོ་དང་འབྱུང་པོ་དང་ཤ་ཟའི་གདོན་རྣམས་མི་འབྱུང་ངོ་། །གཟའ་དང་ལྷ་ཀླུ་གནོད་སྦྱིན་གྲུལ་བུམ་ལུས་སྲུལ་པོ། སྨྱོ་བྱེད་བརྗེད་བྱེད་དང་། གདོན་དྲག་པོ་ཐམས་ཅད་འདི་ཡིས་མིང་ཐོས་པ་ཙམ་གྱིས་ཕྱོགས་བཅུར་བྲོས། ལྷ་མོ་འདིའི་གཟི་བརྗིད་ནི་ས་བཅུའི་སེམས་དཔའ་རྣམས་ཀྱིས་བཟོད་པར་མི་ནུས་ན་གཞན་ལྟ་ཅི་སྨོས། འདི་བསྒྲུབ་ན་ལྷ་ཀླུ་ཐམས་ཅད་དགའ་ནས་སྲུང་བ་དང་སྔགས་པའི་ཉེས་པ་ཐམས་ཅད་བོར་བར་བྱེད་དོ། །ཚེ་རབས་བྱེ་བར་བསགས་པའི་སྡིག་པ་ཡང་བྱང་ཞིང་དག །ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་རྣམས་ཀྱང་དབང་དུ་འགྱུར་རོ། །གསང་སྔགས་བཟླས་པ་ཙམ་གྱིས་དངོས་གྲུབ་མྱུར་དུ་ཐོབ་ཅིང་། ཉིན་མཚན་རྟག་པར་ཙནྡཱ་མདུན་དུ་དྲན་པར་བྱས་ན། ཟླ་བ་ཕྱེད་དམ་ཞག་བདུན་ནམ་ཞག་གཅིག་གིས་ལྷ་ཐམས་ཅད་འཇིགས་ཤིང་སྐྲག་པར་འཁྲུག་ནས། ལྷ་རྣམས་དེར་འོང་ནས་འཇིགས་པ་མེད་པའི་དངོས་གྲུབ་སྟེར་རོ། །ཡེ་ཤེས་དང་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱིས་རང་རང་གི་ལུས་བསྟན་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ལྷ་མོ་འདི་ཟ་མ་ཏོག་ནས་བཤད་པ་ནི། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ཡིན་ལ། འདི་ཡི་རྒྱུད་དང་རྟོགས་པ་ནི་སྒྲོལ་མ་དང་ཕྱོགས་མཐུན་པས་རྣལ་འབྱོར་རྒྱུད་དང་མ་རྒྱུད་དུ་བཞེད་པ་ཡང་ཡོད་ད།ོ། །།
ལྷ་མོ་འོད་ཟེར་ཅན་གྱི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
ལྷ་འདི་ཡི་ངོ་བོ་ནི་ཞི་བ་ལྟར་ན་ལྷ་མོ་འོད་ཟེར་ཅན། དྲག་པོ་ལྟར་ན་གཤིན་རྗེའི་གཤེད་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ། ཆོས་སྐྱོང་ལྟར་བཞེངས་པ་ལྷ་མོ་རང་བྱུང་མ། དེ་རྣམས་ངོ་བོ་གཅིག་ཡིན་པར་བཤད། འདིའི་གཟུངས་དང་རྟོགས་པ་སོགས་ནི་བྱ་རྒྱུད་ཡིན་ལ། རྡོ་རྗེ་གུར་གྱི་རྒྱུད་ནས་གསུངས་པ་དང་། ལྷ་མོ་དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད་ལས་གསུངས་པ་ནི་བླ་མེད་ཡིན། བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ། མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད་པ་གཅིག་ཡོད་དེ། དེའི་མིང་ཤེས་པ་དེ་ཡང་བཟུང་བ་དང་བཅིངས་པ་དང་ཆད་པས་གཅོད་པ་དང་། མགོ་བྲེག་པ་དང་མེར་བསྲེག་ཏུ་མེད་དགྲའི་དབང་དུ་མི་འགྲོ་གསུངས། ལྷ་མོ་དངོས་གྲུབ་བསྟན་གཟིགས་རྒྱུད་ཕྱི་མ་ལས། རྟེན་འབྲེལ་ནུས་པས་ཉིན་མཚན་སྐབས་རྣམས་ལ། །
བཀྲ་ཤིས་དཔལ་ལྡན་དུད་འགྲོ་སྐྱོབ་པའི་ལྷ། །ཡི་གེ་བཅུ་གཅིག་གསང་སྔགས་བསྟན་པ་དགེ །མྱ་ངན་འདས་པའི་ལམ་དུ་བགྲོད་པ་ལ། །བར་དུ་གཅོད་པ་དངོས་གྲུབ་འཕྲོག་པའི་བདུད། །འཁོར་བའི་རྒྱབ་རྟེན་ལམ་ལྷ་མ་རི་རྩེ། །འཇིགས་ལས་སྒྲོལ་མཛད་ཆོས་ཀྱི་དབྱིངས་སུ་བསྐྱེལ། །མཆོག་དང་ཐུན་མོང་དུས་འདིར་སྟེར་མཛད་མ། །ཆོམ་རྐུན་ཟློག་བྱེད་མ་ལ་སྐྱབས་སུ་སོང་། །ཞེས་དང་། རྡོ་རྗེ་གུར་ལས། རྐུན་མ་མེད་བྱེད་འོད་ཟེར་ཅན། །ཞེས་དང་། འདིའི་གཟུངས་ལས། མཆོག་གི་སྙིང་པོ་འདིས་ངེས་པར་མཆོག་འགྲུབ་པར་འགྱུར་རོ། །རིམས་ནད་ཐམས་ཅད་མེད་པར་བྱེད་དོ། །ནད་ཐམས་ཅད་མེད་པར་བྱེད་དོ། །བཟླས་པ་དང་སྦྱིན་སྲེག་གིས་ཀྱང་འོད་ཟེར་ཅན་གྱིས་ནོར་འཕེལ་བར་བྱེད་དོ། །འདི་བསྒོམས་ཤིང་ཕྱག་རྒྱ་བཅིངས་ནས་སྔགས་རིང་འདི་བཟླས་ན་དགྲ་ཡི་ནང་དུ་སོང་ན་ཡང་བཟུང་བ་དང་བཅིངས་བ་དང་ཆད་པ་བཅད་པ་དང་། མགོ་བྲེག་པ་དང་མེའི་བསྲེག་ཏུ་མེད་ཅིང་དགྲའི་དབང་དུ་མི་འགྲོའོ། །ཞེས་གསུངས་སོ། །དེ་ལ་རྒྱ་གར་གྱི་ཡུལ་དུ་བ་གླང་འཚོ་བའི་རྫི་བོ་གཅིག་གིས་འོད་ཟེར་ཅན་བསྒྲུབས་པས་ཞལ་མཇལ་ནས་དངོས་གྲུབ་ཅི་འདོད་གསུངས་སོ། །ང་རྒྱལ་པོ་འདོད་ཞུས་པས། འོ་ན་ལྷོ་ཕྱོགས་སུ་སོང་ཞིག་གསུངས་ནས་མི་སྣང་བར་གྱུར་ཏོ། །
དེ་ནས་རྒྱ་གར་ལྷོ་ཕྱོགས་རྒྱང་རིང་དུ་སོང་བས་གྲོང་ཁྱེར་ཆེན་པོ་ཞིག་ན་རྒན་མོ་ཞིག་ངུ་ཞིང་བྲང་རྡུང་བ་དང་འཕྲད། ཁྱོད་ལ་ཅི་བྱུང་དྲིས་པས་སང་ཉིན་ངའི་བུ་ལ་རྒྱལ་པོའི་རེས་མོས་བབ། ངེད་ཚོའི་རྒྱལ་པོ་ལ་བགེགས་ཞུགས་ནས་རྒྱལ་པོ་ཐམས་ཅད་ཤི། བློན་པོ་སོགས་དྲག་རིམ་བསྐོས་ཚད་ཤི། རྒྱལ་པོ་མེད་ན་ནི་ཁྲིམས་ཞིག་པས་བདག་མེད་པས། དུད་ཐམས་ཅད་ལ་རྒྱལ་པོའི་རེས་མོས་བབ་པས་ཞག་གཅིག་ལས་སྡོད་ལོང་མེད་པར་རྒྱལ་པོ་འཆི་བ་ཡིན་ཟེར། འོ་ན་ཁྱོད་ཀྱི་བུ་ཚབ་ལ་ང་འགྲོ་ཆོག་གམ་བྱས་པས། རྒན་མོ་དགའ་ནས་དེ་ཆོག་ཟེར་ཏེ་བཟའ་བཏུང་ལེགས་པོ་བྱས་ཏེ་བཏང་བས། བློན་པོ་རྣམས་ཀྱིས་ཁྲུས་གསོལ། རིན་པོ་ཆེའི་པྲོག་ཞུ་དང་བེར་བསྐོན་ནས་ཁྲི་ལ་བཞག །བློན་པོ་རྣམས་ཀྱིས་ཕྱག་འཚལ་ཞིང་བསྙེན་བཀུར་ཆེན་པོ་བྱས་སོ། །དེར་ཁོང་གིས་འོད་ཟེར་ཅན་གྱི་སྒོམ་བཟླས་བྱེད་ཅིང་བཞུགས་པས། ནམ་ཕྱེད་ཙམ་ན་རྒྱལ་པོའི་བཙུན་མོ་དེ་ལྟ་བས་ཆོག་མི་ཤེས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་བྱུང་ངོ་། །དེར་ཁོང་གིས་འདི་བཙུན་མོ་ཡིན་ཤས་ཆུང་སྙམ་ནས། འོད་ཟེར་ཅན་གྱི་སྔགས་དང་ཏིང་ངེ་འཛིན་གྱིས་གཟིར་བས། བཙུན་མོ་དེ་དུག་སྦྲུལ་གཅིག་ཏུ་གྱུར་ནས་སོང་། ཁོང་སྐྲག་ནས་ལྷ་ལ་གསོལ་བ་བཏབ་པས། འོད་ཟེར་ཅན་ནམ་མཁར་བྱོན་ནས་ཞལ་གཡོན་ཕག་གི་ཞལ་དེས་དུག་སྦྲུལ་གསོལ་ནས་བཏུལ། ཕྱིར་ནངས་བློན་པོ་རྣམས་ཀྱིས་རྒྱལ་པོའི་གདུང་གདན་འདྲེན་ལ་རོལ་མོ་དང་ཆབ་གཅིག་བྱུང་། ངེད་ཀྱི་རྒྱལ་པོར་ཞག་རེའི་ཚེ་ལས་མེད་པ་ལ་ཁྱེད་མ་འདས་པ་ངོ་མཚར་ཆེ་ཟེར་ནས་ཕྱག་འཚལ་ལོ། །འདིར་སྔར་རྒྱལ་པོའི་བཙུན་མོ་ཞིག་ཀླུ་བདུད་དུ་སྐྱེས་ནས་རྒྱལ་པོ་རྣམས་ཀྱི་སྲོག་བཅད་པར་འདུག་པ་ངས་བཏུལ་ཡོད། ད་སུ་བསྡད་ཀྱང་སྐྱོན་མེད་ང་འགྲོ་གསུངས་པས་འདིར་སྡོད་མཁན་སུ་ཡང་མེད་ཁྱེད་བཞུགས་དགོས་ཟེར་ནས་རྒྱལ་པོ་བྱས་པས། མངའ་ཐང་ཡང་ཇེ་ཆེར་སོང་ནས་རྒྱ་གར་ཕལ་ཆེར་ལ་དབང་བསྐུར། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པས་ཆོས་རྒྱལ་དྷརྨཱ་པ་ལ་ཞེས་བྱ། དེའི་རྒྱལ་རྒྱུད་རྒྱལ་རབས་བདུན་ལ་རྒྱལ་པོ་བྱུང་བས་པཱ་ལ་བདུན་རྒྱུད་ཟེར། དེའི་དོན་གྱིས་རྒྱ་གར་གྱི་རྒྱལ་པོ་ཕལ་ཆེར་གྱིས་ལྷ་འདི་ལ་ཡི་དམ་མཛད་པས། འདི་ཡི་སྒྲུབ་ཐབས་ཤིན་ཏུ་མང་བས་དེ་རྣམས་ཀྱིས་དབང་རིམ་པ་བཞིན་དུ་བསྐུར་བ་ཡིན། དེ་ལ་མགྲོན་པོ་དང་གནས་སྐོར་སོགས་ཐག་རིང་དུ་འགྲོ་མཁན་རྣམས་ཀྱིས་འདི་ཡི་དབང་ཐོབ་ན་མགོ་ཐོན་པ་དང་། དགྲ་དང་ཁ་མཆུ་མང་བ་རྣམས་ཀྱིས་འདི་ཡི་དབང་ཐོབ་ན་ཤིན་ཏུ་ཕན་པ་ཡིན་པས་དེའི་ཕྱིར་དབང་ཞུ་བར་གྱིས་ཤིག །
འཕགས་མ་ལོ་མ་གྱོན་མའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
སྔོན་གྱི་དུས་རི་རབ་ཀྱི་རྩེར་རིན་པོ་ཆེའི་གཞལ་ཡས་ཁང་ན་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་འདུས་ནས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ཏིང་ངེ་འཛིན་མི་གཡོ་བར་སྣང་བ་ལ་དབང་བསྐུར་ནས་ཆེར་གཟིགས་པས་ཁྲོ་བོའི་རྒྱལ་པོ་རྣམ་པར་སྣང་མཛད་དུ་སྐུ་མདོག་ལྗང་གུ་དབུ་བཅུ་ཕྱག་སྟོང་ཞབས་སུམ་ཅུ་སོ་གཉིས་དང་ལྡན་པར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནམ་མཁའ་ཞབས་ཀྱིས་མནན་འོད་ཟེར་བཀྱེ་སྟེ་འཇིག་རྟེན་གྱི་ཁམས་དག་པར་བྱས། དེ་ནས་སྤྲུལ་པ་བསྡུ་སྟེ་བདག་ནི་སྡུག་པའི་གཟུགས་སུ་གྱུར་ནས་བསྟན་པ་བསྲུང་ཞིང་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ། དེ་མ་ཐག་ཏུ་དཔལ་ལྡན་ལྷ་མོ་དཔོན་གཡོག་གི་སྐུར་གྱུར་ནས་འཇིག་རྟེན་གྱི་ཁམས་སུ་རྒྱུའོ། །དེར་ལྷའི་བུ་ལ་ལ་ནི་འཇིགས་ཤིང་བསྔངས། ལ་ལས་ལྟ་ཞིང་དགོད། ལ་ལས་ལྟ་བར་མི་ནུས། ལ་ལས་སྐྱབས་སུ་འགྲོའོ། །དེར་སྤྱན་རས་གཟིགས་ཀྱིས་འདི་ལ་མ་འཇིགས་མ་གཤེ་བར་སྐྱབས་དང་གླིང་དུ་ཤེས་ཏེ་མཆོད་ཅིག་བསྟོད་ཅིག་གསུངས་པས། ལྷ་རྣམས་དང་སྡེ་བརྒྱད་རྣམས་ཀྱིས་བསྟོད་པ་རྒྱ་ཆེར་མཛད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གནས་རིན་པོ་ཆེའི་བརྒྱན་པ་ལྟ་བུར་གྱུར། དེ་ནས་ལྷ་མོ་ཉིད་ཏིང་ངེ་འཛིན་ལ་བཞུགས་ནས་ལྷ་མོ་ཉིད་ཀྱིས་ཞིང་ཁམས་རྣམ་པར་དག་ཚུལ་དང་། མ་འོངས་པའི་སངས་རྒྱས་དཔལ་ལྡན་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཉིད་ཡིན་པར་གསུངས། འགྲོ་བ་རིགས་དྲུག་གི་གནས་སུ་བྱོན་ནས་ཆོས་བསྟན་པས་རིགས་དྲུག་གི་སེམས་ཅན་རྣམས་དྲངས། གདུག་པ་ཅན་རྣམས་དམ་ལ་བཏགས་པས། དམྱལ་བ་སྟོངས་མཛད་མ། ཡི་དྭགས་ཚིམ་མཛད་མ། དུད་འགྲོའི་ལྷ་མོ་གཡང་ཤམ་མ་ཞེས་གྲགས། དེ་ནས་རི་རབ་ཀྱི་སྟེང་ཡོངས་འདུས་ཤིང་དུ་བྱོན་པས་ཕྱག་ན་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་བསྟན་འཛིན་མ་ལ་མཆོད་ཅིག་བསྟོད་ཅིག་གསུངས་པས། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་བསྟོད་པ་བྱས་སོ། །ཕྱག་ན་རྡོ་རྗེས་ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ། །ལྷ་མོས་ཀྱང་མི་དེ་སྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་རོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཀླུ་དུང་གི་མཛེར་པ་ཅན་ལ་ཁྱུང་གིས་འཚེ་བས་ལྷ་མོས་ཁྱུང་བཏུལ་ནས་ཀླུ་བསྐྱབས་པས་ལྷ་མོ་དུང་སྐྱོང་མ་ཞེས་གྲགས། དེ་ནས་རི་ཁྲོད་མདངས་དགའ་བ་ན་ཤིང་རི་ཁྲོད་ཅེས་བྱ་བའི་ལོ་མ་གྱོན་ནས། འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་རི་ཁྲོད་ལོ་མ་ཅན་པརྞ་ཤ་ཝ་རི་ཞེས་གྲགས་སོ། །འདི་ཡི་གཟུངས་ནི་བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་མོ་ཡིན། སྒྱུ་འཕྲུལ་དྲྭ་བ་སོགས་རྣལ་འབྱོར་རྒྱུད་དང་། སཾ་བྷུ་ཊི་དང་དངོས་གྲུབ་བསྟན་གཟིགས་སོགས་བླ་མེད་ནས་ཀྱང་གསུངས། དེ་ལ་དཔལ་སམྦྷུ་ཊི་ལས། གདུག་རྩུབ་ཐམས་ཅད་ཞི་བ་དང་། །ནད་རྣམས་ཐམས་ཅད་འཕྲོག་བྱེད་པ། །པརྞ་ཤ་ཝ་རི་ཞེས་བྱ། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །བཅོམ་ལྡན་རྡོ་རྗེ་འཛིན་པས་གསུངས། །ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ནད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མྱ་ངན་ཆེན་པོ་ཉེ་བར་ཞི་བར་བྱེད་པའི་རིག་སྔགས་རི་ཁྲོད་ཀྱི་ཤིང་ལོ་ཅན་འདི་གསུངས་སོ། །ཨོཾ་པི་ཤ་ཙི་པརྞ་ཤ་ཝ་རི་སརྦ་མ་རི་པྲ་ཤ་མ་ཎ་ཧཱུྃ་ཕཊ། དེ་ནས་རིག་སྔགས་ཆེར་གསུངས་པས། སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །གནོད་བྱེད་ནད་འགྲོ་སྲིན་པོ་དང་། །སྡང་བ་རྣམས་ཀྱི་སྙིང་ཡང་ཟག །ཅེས་དང་། དེ་ནས་དེ་འདྲ་རྣལ་འབྱོར་གྱིས་བསྒོམ་ན། མི་ངེས་ཐམས་ཅད་ཞི་བར་འགྱུར། ནད་ཐམས་ཅད་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་དང་། དངོས་གྲུབ་བསྟན་གཟིགས་ལས། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ཏིང་ངེ་འཛིན་གྱི། སྨོན་ལམ་གྱི་རྣམ་པར་འཕྲུལ་པ་བསྟན་པའི་ཕྱིར། བཀྲ་ཤིས་པའི་ལྷ་མོའི་གསང་སྔགས་བཅུ་གཅིག་པ་འདི་བྱིན་གྱིས་བརླབས་སོ། །ཨོཾ་པརྞ་ཤ་ཝ་རི་པི་ཤ་ཙི་སྭཱ་ཧཱ། བཀྲ་ཤིས་ཀུན་གྱི་བདག་མོ་སྟེ། །ལུས་ཅན་ཀུན་གྱི་སྐྱབས་སུ་འགྱུར། །སྲིད་པ་མ་སྟོངས་བར་དུ་ནི། །འཇིག་རྟེན་ཀུན་ལ་བར་ཆད་མེད། །ཕན་པར་མཛད་པའི་བརྩོན་འགྲུས་ཅན། །འདི་དག་ཡོངས་སུ་བསྟན་པར་བྱེད་པ་གང་དག་ལུས་དང་ངག་དང་ཡིད་རྣམ་པར་དག་པར་འགྱུར། བྱང་བར་འགྱུར། དག་པར་འགྱུར། ཡུལ་བདེ་བར་འགྱུར། གནོད་པ་ཐམས་ཅད་ཡང་དག་པར་སྦྱང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་རྒྱུད་སྡེ་ཐམས་ཅད་ནས་ཡམས་ནད་རིམས་ནད་ཞི་བའི་མཆོག་ཏུ་གསུངས་པའི་ཕྱིར། ཁྲོམ་སོགས་འདུ་བ་ལ་ཡང་ཐོག་མར་འདིའི་དབང་བསྐུར་སྲོལ་ཡོད། འདི་ལ་ཡང་རིགས་མང་དུ་ཡོད་ཅིང་། སྒྲུབ་ཐབས་ཀྱི་གཞུང་ལ་ཡང་སེར་མོ་ཞལ་གསུམ་ཕྱག་དྲུག་དང་། ཞལ་གསུམ་ཕྱག་བཞི་པ་གཉིས་ཡོད་པ་ཡང་གཅིག་ཏུ་བསྡུས། ལྗང་མོ་དང་སེར་མོའི་དབང་གཉིས་སོ་སོར་བསྐུར་བ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཕྱག་ལེན་ཡིན་ནོ། །
ལྷ་མོ་དབྱངས་ཅན་མའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
ཕྱི་ལྟར་དབྱངས་ཅན་མ་ནང་ལྟར་རྡོ་རྗེ་ཕག་མོ་གསང་བ་ལྟར་ལྷ་མོ་དུད་སོལ་མ་རྣམས་ངོ་བོ་གཅིག་པར་གསུངས། རྗེ་བཙུན་འཇམ་དབྱངས་ཀྱི་ཡུམ་ཡིན་པས་ཡེ་ཤེས་ཀྱི་ལྷ་མོ་མཆོག་ཏུ་གྱུར་ཅིང་གསེར་འོད་ལས་ཀྱང་དཀོན་མཆོག་གསུམ་ཀའི་ངོ་བོར་བཤད། དཀྱིལ་འཁོར་ཐམས་ཅད་ཀྱི་སྒེག་སོགས་ལྷ་མོ་བརྒྱད་ཀྱི་ནང་ནས་ལཱ་སྱེ་དཀར་མོ་དེ་ཡིན་ཀྱང་། རྣམ་པ་འཇིག་རྟེན་པའི་ཚུལ་གྱིས་རྒྱ་གར་ཆུ་བོ་གངྒཱ་ལ་གནས་པས་གངྒཱའི་ལྷ་མོ་སྟེ་གནོད་སྦྱིན་ཡང་དག་ཤེས་ཀྱི་ཡུམ་ཡིན་པས་ནོར་ལྷ་མོ་བརྒྱད་ཀྱི་གྲ་གཅིག་ཡིན། འདི་བསྒྲུབ་ན་སྒྲ་དང་སྙན་ངག་ལ་སོགས་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཡིན་པས། རྒྱ་གར་དུ་ཕྱི་པ་དང་ནང་པའི་པཎྜི་ཏ་ཕལ་ཆེར་གྱིས་ཡི་དམ་མཛད། བོད་དུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ཞག་བདུན་བསྒྲུབས་པས་ཞལ་གཟིགས་ནས་བརྩམ་ཆོས་བཀའ་འགྱུར་གཉིས་གསུམ་གྱི་སྡོམ་ཙམ་མཛད་སྐད། འདི་དྲག་མོར་སྒྲུབ་པ་ན་དམག་ཟོར་མ་ཡིན་པས་མངོན་རྒྱུག་ཏུ་འཁོར་ནས་བོ་དོང་ཨ་ཕྱི་ཞེས་གྲགས། རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་དབྱངས་ཅན་མའི་བླ་མཚོ་ཞིག་ཡོད། དེའི་ཆུའི་རི་མོ་ལ་ཡང་དབྱངས་གསལ་བྱེད་ཀྱི་ཡི་གེ་འཆར་ཞིང་ཆུ་སྒྲ་ཐམས་ཅད་ཀྱང་དབྱངས་གསལ་བྱེད་ཀྱི་སྒྲ་གྲག་པ་ཞིག་ཡོད། དེར་སྐེད་པ་མན་ཆད་མཚོ་ནང་དུ་འདུག་ནས་ཞག་བདུན་གཉིད་མ་ལོག་པར་དབྱངས་ཅན་མ་བསྒྲུབ་ན། ཞལ་གཟིགས་པ་ཡིན་སྐད། དུས་ཕྱིས་པཎྜི་ཏ་དབྱངས་ཅན་དགའ་བ་ཞེས་བྱ་བས་སྒྲ་ཡི་མཐའ་མ་ཆོད་ནས་མཚོ་ནང་དེར་དབྱངས་ཅན་མ་བསྒྲུབས་པས་ཞལ་གཟིགས། སྔར་གྱི་སྒྲ་ཡི་བསྟན་བཅོས་རྣམས་རྡོ་རྗེ་གདན་དུ་མེ་སྒྲ་བྱུང་དུས་ཚིག་ནས་མ་ཚང་བ་ཡིན་པར་འདུག། དབྱངས་ཅན་མའི་ཞལ་ནས་གསུངས་པ་ཡི་གེར་བྲིས་ཏེ་ཚང་བར་བྱས། པཎྜི་ཏ་དེ་བོད་དུ་ཕེབས་ནས་རྗེ་བཙུན་ཏ་ར་གྷ་རུ་དང་ལོ་ཆེན་སངས་རྒྱས་དཔལ་བཟང་སོགས་ཀྱིས་བསྒྱུར་ནས་ཡར་ཐང་མར་ཐང་སོགས་སུ་དར་བ་འདི་ཡི་ཡིན། ལྷ་མོ་འདིའི་བསྙེན་སྒྲུབ་བྱས་ན། ཤེས་རབ་བློ་ཁ་རལ་ནས་ཀྱང་། །ཐོས་འཛིན་ཐམས་ཅད་མཁྱེན་པར་འགྱུར། །ཞེས་གསུངས་པའི་ཕྱིར་ཡོན་ཏན་སློབ་པར་འདོད་པ་རྣམས་ཀྱིས་བསྙེན་སྒྲུབ་བྱས་ན་ཤིན་ཏུ་ཕན་ཡོན་ཆེ། ཁྱད་པར་དུ་གཟུགས་བཟང་བ་དང་དབྱངས་སྙན་པ་དང་ཟིན་ཐུན་ལོབ་སྐྱེན་པ་དང་སྒྲ་དང་སྙན་ངག་དང་རྩོམ་མཁས་པ་དང་། བགྲོ་གླེང་གིས་ཚེ་རྩོད་པ་ལས་རྒྱལ་བ་དང་ཤུགས་ཀྱིས་རིག་པའི་གནས་རྣམས་ལ་མཁས་པར་འགྱུར་བའི་ཕྱིར། རྒྱ་གར་དུ་ཡང་བྲམ་ཟེ་རྣམས་དང་མུ་སྟེགས་རྣམས་དང་། ནང་པའི་པཎྜི་ཏ་སོགས་འདི་ལ་ཐུགས་དམ་བྱེད་མཁན་ཤིན་ཏུ་མང་བ་ཡིན་སྐད། འདིའི་གཟུངས་ནི་བྱ་རྒྱུད་པདྨ་རིགས་ཀྱི་ཕོ་ཉ་མོ་ཡིན། གཤིན་རྗེའི་གཤེད་ཀྱི་རྒྱུད་ནས་བཤད་པ་ནི་བླ་མེད་ཡིན། པི་ཝང་དབྱངས་ཅན་མ་འདི་ནི་ཕྱི་ནང་ཐུན་མོང་ཡིན་པར་འདུག་གོ། །།
དབྱངས་ཅན་མའི་ལོ་རྒྱུས་བཞུགས། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་ལས་བཏུས།
ཡིད་འཕྲོག་པདྨ་དཀར་པོ་འཛུམ་པའི་ཞལ། །ལེགས་གསུང་འོད་ཟེར་སྟོང་གི་དྲྭ་བ་ཅན། །སྙིང་གི་མུན་སེལ་བློ་གྲོས་མཆོག་སྩོལ་བའི། །དབྱངས་ཅན་ངག་གི་དཔལ་མོས་དགེ་ལེགས་སྩོལ། །སྔོན་འཇིག་རྟེན་འདི་ཆགས་ནས་རིང་དུ་མ་ལོན་པའི་དུས་ཤིག་ན། ལྷོ་ཕྱོགས་ཡིད་ཀྱི་རྒྱ་མཚོ་ཞེས་བྱ་བ་བསྟན་གཡོའི་སྒྲ་དབྱངས་ཐམས་ཅད་འབྱུང་བ་དེར་འཇིག་རྟེན་གཙོ་བོ་ཚངས་པ་ཆེན་པོ་ཉིད། སྒྲ་དབྱངས་དེ་ལ་དགྱེས་པས་ལྷའི་ལོ་སྟོང་དུ་རྒྱ་མཚོ་དེར་གཟིགས་ཤིང་སྒྲ་དབྱངས་ཀྱི་དགའ་བ་ཉམས་སུ་མྱོང་བར་བྱས་པའི་ཚེ་གནས་དེར་ཚངས་པའི་གདོང་ཡབ་དང་རྒྱ་མཚོ་ཡུམ་གྱི་དོད་དུ་རྟེན་ཅིང་འབྲེལ་བ་ལས། སྲིད་པ་གསུམ་གྱི་བརྟན་གཡོའི་སྒྲ་དབྱངས་དང་དྭངས་བཅུད་འདུས་པ་ལས་ལྷ་མོ་དབྱངས་ཅན་མ་འཁྲུངས་པར་གྱུར་ཅིང་།
ལྷ་མོ་དེ་འཇིག་རྟེན་གསུམ་ན་མཚུངས་ཟླ་མེད་པའི་གཟུགས་དང་ལང་ཚོ་དང་ཤེས་རབ་དང་སྤོབས་པ་རྨད་དུ་བྱུང་བ་འཇིག་རྟེན་གསུམ་གྱི་མཆོད་འོས་སུ་གྱུར་པ་ནི། ངོ་མཚར་རྨད་དུ་བྱུང་བའི་ཆོས་བརྒྱད་ཀྱི་ནང་ཚན། རིག་བྱེད་ནང་ན་དབྱངས་ཅན་གཙོ། །ཞེས་མདོ་ལས་གསུངས་པ་ལྟར་རིག་བྱེད་ཀྱི་གཞུང་རྒྱ་མཚོ་ལྟ་བུའི་ནང་ན་མཆོག་ཏུ་བསྔགས་འོས་སུ་གྱུར་ཅིང་། གང་གི་ཚེ་འཇིག་རྟེན་འདིར་མི་འཚེ་བ་དང་། ཚངས་པར་སྤྱོད་པ་དང་བདེན་པར་སྨྲ་བ་སོགས་ཡོན་ཏན་གྱི་ཆོས་དང་ལྡན་པ་རྣམས་ལ་ལྷ་མོ་དགྱེས་ཤིང་མདུན་གྱིས་བལྟས་ནས་བཞུགས་པའི་དུས་སུ་བརྟན་གཡོ་ཀུན་ལས་ཡིད་དུ་འོང་བའི་སྒྲ་འབྱིན་ཞིང་། འཇིག་རྟེན་འདིར་སྐྱེ་བོ་གང་དག་བློ་གསལ་ཞིང་བརྗོད་པ་རྣམ་པར་དག་པས་དོན་རྣམས་གསལ་བར་བྱེད་པས་མཛེས་པར་འགྱུར་རོ། །འཚེ་བ་སོགས་སྤྱོད་པ་གོང་ལས་ཟློག་པ་རྣམས་ལ་མི་དགྱེས་པའི་རྣམ་པས་ཞལ་ཕྱིར་ཕྱོགས་ཏེ་བཞུགས་པའི་ཚེ་སྣོད་བཅུད་ཀྱི་སྒྲ་ཡིད་དུ་འོང་བ་ཉམས་ཤིང་མི་མཛེས་ལ། བློ་མིག་ལྡང་ཞིང་ལྡབ་ལྡིབ་སྨྲ་བའི་གང་བར་འགྱུར་ཞིང་གང་ཚེ་བདེན་སྨྲ་དང་ཚངས་སྤྱོད་མི་འཚེ་བའི་བརྟུལ་ཞུགས་ལ་གནས་པ་རྣམས་ཀྱི་ངག་ཡིད་ཁ་ཡི་སྒོར་ཞུགས་ཏེ། བློ་གྲོས་ཀྱི་སྣང་བ་རྒྱས་ཤིང་ངག་གི་དབང་ཕྱུག་གྲུབ་པའི་མཆོག་སྦྱིན་པར་བཤད་དོ། །
དེ་ལྟར་ཡང་དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱ་མཚོའི་ལྷ་མོ་སྒྲ་ལྡན་ཞེས་བྱ་བ། །སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་རྣམས་ཀྱི། །སྒྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་ཏེ། །རང་གི་སྐད་ཀྱིས་སྐད་ཀུན་ཚིམ་པར་བྱེད། །ཅེས་དང་། ཏམྦུ་ར་ཡི་ཆུང་མ་དབྱངས་ལྡན་མ། །ཚངས་པའི་བུ་མོ་ཡིད་ལས་བྱུང་བ་དེ། །བདེན་དང་དམ་བཅས་མི་འཚེ་དགའ་རྣམས་ཀྱི། །སེམས་དང་ཡིད་དང་ཁ་ཡི་སྒོར་འཇུག་སྟེ། །ཞེས་དང་། དཔལ་ལྷ་མོ་སྒྲ་དབྱངས་ལ་བསྟོད་པ་ལས། འདི་ལྟར་འཇིག་རྟེན་དག་ན་སྣང་བ་ཀུན། །སྒྲ་འཇོམས་ཁྱད་པར་ཚིག་གིས་དོན་མཚོན་ཏེ། །ཕན་ཚུན་ཤེས་ཤིང་ཡང་དག་བརྡ་སྤྲོད་པའང་། །དབྱངས་ཅན་ཁྱོད་ཀྱི་མཐུ་སྟེ་བསམ་མི་ཁྱབ། །གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་བརྙེས་པ། །དམ་ཚིག་བདེན་གྲུབ་དྲང་སྲོང་ཤེས་ཉེན་ཅན། །ལུས་སེམས་ངག་རྣམས་བྱིན་གྱིས་རློབ་པ་དང་། །ཡིད་འོང་སྒྲས་ཀྱང་འཇིག་རྟེན་ཚིམ་པར་བྱེད། །ཅེས་དང་། ཤེས་རབ་ཟབ་ཅིང་ཤེས་པའི་རྟེན་བྱེད་ཅིང་། །རིག་པའི་གནས་ལ་མངའ་བརྙེས་ཚིག་གི་བདག །འཇིག་རྟེན་ན་ཡང་ལྷ་ཡི་ལྷར་གྱུར་ལ། །སྡུག་བསྔལ་བསལ་བར་རབ་བརྩོན་གཉེན་མཆོག་པས། །ཞེས་དང་། དེ་ལ་ལྷ་དབང་ཚངས་སོགས་ཤིན་ཏུ་འདུད། །བྱམས་ཤིང་བཟོད་ལྡན་སྙིང་རྗེ་བསྐྱེད་པའི་མ། །ལྷ་མོའི་མཆོག་སྟེ་འགྲོ་ཀུན་སྐྱོང་བར་དགྱེས། །ཞེས་དང་། སེམས་ཅན་ཀུན་ལ་རྟག་ཏུ་ཕན་སེམས་པ། །མི་བསླུ་མཆོག་ཁྱོད་རྣམ་གྲོལ་ས་ལ་བཞུགས། །ཐུགས་དམ་བརྟན་བཅས་བསྐུལ་བ་རྣམས་ལ་ཡང་། །དཔལ་གྱིས་དགོངས་ཤིང་དོན་ཀུན་ཉེ་བར་སྐོང་། །ཞེས་གསུངས་པ་སོགས་ཀྱི་དོན་བཞིན།
འཇིག་རྟེན་པ་རྣམས་འདུལ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ཀྱི་མཆེ་བའི་རྩེ་ལས་མངོན་པར་སྤྲུལ་པའི་ལྷ་མོ་འདི་ནི་དྲི་ཟ་ཏམྦུ་རའི་ཆུང་མ་ལ་སོགས་པའི་ཚུལ་གྱིས་འདུལ་བའི་དབང་གིས་ཆགས་སྡང་དང་ལྡན་པའི་འཇིག་རྟེན་པའི་ཚུལ་དུའང་སྟོན་མོད། ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། དཀྱིལ་འཁོར་ཆེན་པོར་འཇམ་དཔལ་ཞི་ཁྲོའི་ཡུམ་དུ་གྱུར་ཅིང་། མཆོད་པའི་ལྷ་མོ་རྡོ་རྗེ་གླུ་དབྱངས་མ་དང་སྒྲ་རྡོ་རྗེ་མ་སོགས་རྣམ་པར་རོལ་པ་ཚད་མེད་པས་རྒྱལ་ཀུན་དགྱེས་པ་སྐྱེད་ཅིང་འཇིག་རྟེན་རྣམས་སྐྱོང་པར་མཛད་པ་སྟེ། ཕྱི་རོལ་པ་དག་གིས་བྱེད་པོ་ཉེར་བཞི་འདོད་པའི་ནང་ཚན་སྨྲ་བ་ངག་གི་བྱེད་པ་པོ་དབྱངས་ཅན་མ་ཞེས་འདོད་དེ།
ལྷ་མོ་དེ་ལ་དོན་གྱིས་འདུད་པ་སྟོན་པའི་ཤིས་བརྗོད་མཛད་པ་ཡིན་ལ། འདིར་ཚངས་པའི་གདོང་པད་ཚལ་གྱི་གཟུགས་སུ་བཀོད་པ་དེར། ངང་པའི་བུ་མོ་ནི་དབྱངས་ཅན་མའི་མཚན་དུའང་རུང་ཞིང་། སྒྲ་ཡི་སྒོ་ནས་པད་ཚལ་དུ་ངང་པ་གནས་པ་དང་སྦྱར་བ་ཡིན་ལ། ཐམས་ཅད་དཀར་ཞེས་པ་དང། དབྱངས་ཅན་ཞེས་པའང་དེ་གཉིས་ཀར་གོ་རུང་བའི་སྦྱར་རྒྱན་དང་། ཡིད་ལ་ཞེས་པ་དབྱངས་ཅན་མ་ལ་ཡིད་དང་ངང་པ་ལ་ལྷོ་ཕྱོགས་ཡིད་ཀྱི་མཚོ་དང་སྦྱར་བ་ཡང་ཡིན་ནོ། །དེ་ལྟར་རྡོ་རྗེ་སྒྲ་དབྱངས་ལྷ་མོ་དེ་ནི་འཆད་ཉན་གྱི་སྐབས་སུ་འཆད་ཉན་བྱེད་པ་པོའི་ཡིད་ལ་གནས་པར་སྨོན་པར་ཡང་འགྱུར་རོ།། །།
དབྱངས་ཅན་མ་དམར་མོའི་གསང་སྒྲུབ་ཀྱི་ལོ་རྒྱུས་མཚོན་ཙམ་ནི། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ཀྱི་དངོས་བསྟན་ཁ་ཆེའི་པཎྜི་ཏ་ཆེན་པོ་བིཀྵ་བ་ར་མ་སོགས་ནས་ཉེ་བར་བརྒྱུད་པའི་ཞལ་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པའི་བྱིན་རླབས་ཅན་ཤིན་ཏུ་ཟབ་པ་དབྱངས་ཅན་དམར་མོའི་གསང་སྒྲུབ་འདི། བར་སྐབས་སུ་རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཕྱ་བ་ཆོས་ཀྱི་སེང་གེས་ཐུགས་ཉམས་སུ་བཞེས་པས་མཁས་པར་གྱུར། དེ་ལ་རང་གི་སློབ་མ་སེང་ཆེན་བརྒྱད་དུ་གྲགས་པའི་ནང་ཚན་གཙང་ནག་པ་བརྩོན་འགྲུས་སེང་གེས་ཞུས་པས། ང་ལ་ནོར་འདི་ལས་ལྷག་པ་མེད་གསུངས་ནས་མ་གནང་། སླར་གཙང་ནག་པ་གྲྭ་སྐོར་ལ་བྱོན་གསེར་ཞོ་བདུན་དང་དར་ཡུག་བཅོ་ལྔ་ཡོད་པ་ཕུལ་ནས་ནན་དུ་གསོལ་བ་བཏབ་པས་རྩེག་གེ་བ་ཞིག་ལ་གནང་། ཁོང་གིས་བསྒྲུབས་པས་བློ་མཆོག་ཏུ་གྱུར་ཏེ་སུས་ཀྱང་བསྐྲུན་དུ་མེད་པའི་མཁས་པར་གྱུར་པ་ཡིན། དུས་ཕྱིས་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་། འཇམ་དབྱངས་བཞད་པའི་རྡོ་རྗེ་གོང་འོག་སོགས་ཀྱིས་ཀྱང་བསྒྲུབས་འཕྲལ་དུ་ཤེས་རབ་འཕེལ་བའི་ལོ་རྒྱུས་ཡོད། གསུང་རྒྱུན་ལས་ཀྱང་འདི་ཉིད་ཞག་བདུན་གྱི་བར་དུ་བསྒྲུབས་པར་བྱས་ནས་རྩོམ་བློ། གོ་བློ། བཤད་བློ། རྩོད་བློ། འཛིན་པའི་བློ་གྲོས་སོགས་ཐམས་ཅད་ལ་ཐོགས་པ་མི་མངའོ། །ཞེས་གསུངས་ཤིང་གངས་ཅན་མཁས་པ་ཀུན་གྱིས་ཆེས་ཆེར་བསྔགས་ཤིང་ཐུགས་དམ་མཛད་པ་ལགས། །
ལྷ་མོ་ཀུ་རུ་ཀུལླེའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
རྒྱ་གར་སྐད་དུ་ཀུ་རུ་ཀུལླེ། བོད་སྐད་དུ་རིག་བྱེད་མ་ཞེས་ཀྱང་བྱ། སྒྲོལ་མའི་རིགས་ཡིན་པས་དབང་བྱེད་སྒྲོལ་མ་ཞེས་ཀྱང་བྱ། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་གྱི་གཙོ་མོ་ཡང་ཡིན། འདི་དགྱེས་རྡོར་གྱི་རྒྱུད་ནས་བཤད་པའི་བླ་མེད་དང་། སྒྲོལ་མ་མངོན་རྟོགས་འབྱུང་དང་། ཀུ་རུ་ཀུལླེའི་རྟོགས་པ་རྣམས་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཞེད། སྔོན་གྱི་དུས་ན་སྒྲོལ་མ་འབྱུང་བ་རྣལ་འབྱོར་རྒྱ་མཚོའི་གཞུང་ནང་། རྟོགས་པ་བྱུང་ཡང་ནུབ་ནས་སྒྲོལ་མ་འབྱུང་བའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱུད་ཀྱི་གཙོ་བོ་འབྱུང་བ་ཡང་ནུབ་སྟེ།
དེ་ནས་ཀུ་རུ་ཀུལླེའི་རྟོགས་པ་འདི་ནི་རྒྱུད་རྒྱས་པ་རྣམས་ནས་བསྡུས་ཏེ་འཇིག་རྟེན་དབང་ཕྱུག་གིས་གསུངས་པ་ཡིན། གཞོན་ནུ་སྒྲ་གཅན་འཛིན་ལྷུང་བཟེད་བཀྲུ་ཕྱིར་རྫིང་བུ་རིང་མོར་ཞུགས་པ་ན། གྲགས་འཛིན་མའི་བུས་དགེ་སློང་དཀར་པོ་དང་འཁྲུལ་ཏེ་རྫིང་དྲངས་པས་སྒྲ་གཅན་འཛིན་གྱིས་སྔགས་འདི་བཟླས་པས་ཉེ་ཞོ་མེད་པར་ཐར་བ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བའི་ཕྱིར་ནག་པོ་ཆེན་པོ་ལ་ཉིད་ཀྱིས་ཆངས་བུའི་གསོས་པའི་སྲིན་མོ་འཕྲོག་མ་བྱིན་ཀྱང་ནག་པོའི་བརྩི་བར་མ་བྱས་སོ། །མོ་ཡིད་མུག་པ་ལ་ཀུ་རུ་ཀུལླེ་འདི་གསུངས་པས་བསྐལ་པ་བཟང་པོར་གྱུར་ཏེ། ནག་པོ་དབང་དུ་འདུས་སོ། །ཤིན་ཏུ་བཟང་བའི་བུ་སྣར་མ་བྱ་བ་གཟུགས་བཟང་སྟོབས་དང་ལྡན་ཡང་བློ་རྟུལ་བ་ལ་འདི་གསུངས་པས་བསྟན་བཅོས་དང་བཟོའི་གནས་ཐམས་ཅད་ལ་མཁས་སོ། །གསང་སྔགས་ལྡན་པ་བཅོམ་ལྡན་འདས་མ་གང་ཞིག་སྒོམ་བྱེད་པ། །དེ་ནི་སྣ་ཚོགས་གཏེར་དང་གསེར་དང་དངུལ་དང་རྣ་ཆ་དང་། །གོས་ལ་སོགས་པའི་ནོར་རྣམས་ཆེད་དུ་གང་བསམ་པ། །སེམས་ཀྱིས་ཐམས་ཅད་མ་ལུས་ལོངས་སྤྱོད་བྱེད། །རྒྱལ་པོའི་ལས་ནི་རྒྱལ་སྲིད་དབང་པོ་ཡི། །ཡུལ་འདས་པ་ཡིས་ཤིང་ལས་འབྲས་བུ་དང་། །ཀླུ་དང་ཆུ་ཀླུང་རྒྱ་མཚོ་རྣམ་པར་འགུགས། །སྔགས་དང་ལྡན་པས་འཐུང་ཞིང་ཟོས་པ་སྔགས་ཀྱིས་དག་པར་བྱེད། །ཅེས་དང་། ཡང་འདིའི་རྟོགས་པ་ལས། གསང་སྔགས་འདི་དང་རྟོགས་པ་འདི་ཙནྡན་གྱི་དཀྱིལ་འཁོར་བྱེད་ན་ཀློག་པར་བྱེད་པ་དེས་ལུས་ལ་དུག་གིས་གནོད་པ་མི་འབྱུང་། དུག་གིས་འཆི་བར་མི་འགྱུར། ཤུ་བས་འཇིགས་པ་མི་འབྱུང་། གཡེམ་པས་འཇིགས་པ་མི་འབྱུང་། མཛེ་ནད་ཀྱིས་འཇིགས་པ་མི་འབྱུང་། ནད་ཀྱིས་འཇིགས་པ་མི་འབྱུང་། ཀླུས་འཇིགས་པ་མི་འབྱུང་། སྦྲུལ་གྱིས་འཇིགས་པ་མི་འབྱུང་། སྟག་དང་གཅན་གཟན་གྱིས་འཇིགས་པ་མི་འབྱུང་། མཚོན་གྱིས་འཇིགས་པ་མི་འབྱུང་། དགྲས་འཇིགས་པ་མི་འབྱུང་། དབུལ་བས་འཇིགས་པ་མི་འབྱུང་། དུས་མ་ཡིན་པར་འཆི་བར་འབྱུང་བ་མི་འགྱུར་རོ། །བརྟག་གཉིས་ལས། ཀུ་རུ་ཀུལླེ་གསུངས་ནས། འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བ་ཕྲག་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་དང་། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །ཅེས་སོ། །རྒྱུད་དེ་དག་ལ་བརྟེན་པའི་སྒྲུབ་ཐབས་ནི། རྒྱ་གར་གྱི་ཡུལ་དུ་རྒྱལ་པོ་ཞིག་རྐྱེན་ཞིག་གིས་བསྐུལ་ནས་བཅོམ་ལྡན་འདས་མའི་སྤྲུལ་པ་མཁའ་འགྲོ་མ་སྨུག་མོ་ཞིག་དང་མཇལ། དེའི་དབང་བསྐུར་སྒྲུབ་ཐབས་གནང་བས་གྲུབ་པ་ཐོབ་ནས་རྒྱ་གར་གྱི་སྒྲུབ་ཆེན་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་གྲགས། དེས་སྒྲུབ་ཐབས་མཛད་པ་ནས་བཟུང་སྟེ་རྒྱ་གར་དུ་དར། བ་རི་ལོ་ཙཱ་བས་བོད་དུ་བསྒྱུར་ཏེ་ས་སྐྱའི་གསེར་ཆོས་བཅུ་གསུམ་ལས། བཀའ་རྒྱ་ཅན་ལྷ་དམར་པོ་རྣམ་གསུམ། དེའི་ནང་ནས་མཆོག་གི་དངོས་གྲུབ་དབང་དུ་བྱེད་པ་ལྷ་མོ་ཀུ་རུ་ཀུལླེ་ཞེས་བྱ་བ་ཟབ་ཆོས་བླ་ན་མེད་པར་བྱེད་པ་ཡིན། །
ལྷ་མོ་ཀུ་རུ་ཀུལླེའི་ལོ་རྒྱུས། སྒྲུབ་ཐབས་རིན་འབྱུང་གི་ཁ་སྐོང་རིན་ཆེན་མཛོད་ཁང་ཚོགས་ཤུལ་ནོར་བསྟན་གྱི་གསུང་ལས་བཏུས།
སྔོན་རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་བ་ཞེས་བྱ་བ་རྒྱལ་སྲིད་ཆེ་ཞིང་མཐོ་བ་ཞིག་ལ་འབངས་འཁོར་གཡོག་དང་བཙུན་མོ་མང་དུ་ཡོད་པ་ལས། བཙུན་མོ་གནང་ཆེན་མའི་གན་དུ་རྒྱལ་པོ་འཁོར་དུ་མ་འདོད་པ་ལ། བཙུན་མོ་དེས་གཡོག་མོ་ཞིག་ལ་རྒྱལ་པོ་དབང་དུ་བྱེད་པའི་རིག་པ་ཚོལ་ཤོག་ཅེས་བསྒོས་ནས་བཏང་བས། བྲན་མོ་དེས་ཚོང་འདུས་རྣམས་དང་། ཁྱད་པར་སྐུད་པ་འཚོང་བའི་ཚོང་འདུས་སུ་ཕྱིན་པས་བུད་མེད་དམར་སྨུག་ཤིན་ཏུ་མཛེས་པ་ཞིག་དང་འཕྲད་དེ། དེ་ལ་རྒྱལ་པོ་དབང་དུ་བྱེད་པའི་རིག་པ་ཡོད་དམ་ཞེས་དྲིས་པས། དེ་འདྲ་བ་ཡོད་སྲིད་ཟེར། དེར་དེ་ལ་གསོལ་བ་བཏབ་པས། གང་དམིགས་པ་དེ་ལ་སྦྱིན་ཅིག་གསུངས་ནས་བཟའ་རྒྱུའི་རིགས་ཤིག་བསྐུར་བ་བཙུན་མོ་ལ་གཏད་དེ་ལོ་རྒྱུས་བསྙད་པས།
བཙུན་མོའི་བསམ་པ་ལ་དེ་འདྲ་བ་རྒྱལ་པོ་ལ་དྲངས་ན་མ་ལེགས་པ་འབྱུང་བ་སྲིད་སྙམ་ནས། ཕོ་བྲང་གི་ཉེ་ལོགས་ན་མཚོ་ཞིག་ཡོད་པ་ལ་བསྐྱུར་བས། དེའི་ནུབ་མོ་ནས་ཀླུའི་རྒྱལ་པོ་བཙུན་མོའི་སར་འོངས་ནས་རྩེ་ཞིང་དགའ་མགུར་སྤྱད་པས་བཙུན་མོ་དེ་ལ་སེམས་ཅན་དང་ལྡན་པར་གྱུར་པ་ན། རྒྱལ་པོ་ན་རེ། བུ་མེད་དེས་རྩར་ང་མ་ཕྱིན་པས་དེ་ལ་ཆད་པ་ཆོད་ཅིག་ཅེས་བསྒོ་བ་ན། བཙུན་མོས་སྔར་གྱི་ལོ་རྒྱུས་ཞུས་པས། རྒྱལ་པོ་ན་རེ། རེ་ཞིག་བརྟག་པར་བྱ་ཡིས་ཟེར་ནས་སྔར་གྱི་བྲན་མོ་དེ་བུད་མེད་དེ་འཚོལ་དུ་བཏང་བས་རྙེད་དེ། ཕོ་བྲང་དུ་སྤྱན་དྲངས་འོང་བ་ན་རྒྱལ་པོས་བཅོན་ལྡན་འདས་མ་ཀུ་རུ་ཀུལླེ་ཡིན་པར་ཤེས་ཏེ་རྗེས་སུ་བཟུང་བར་ཞུས་པས། དེས་རྗེས་སུ་གདམས་ཤིང་བྱིན་གྱིས་བརླབས་ནས་མཆོག་གི་དངོས་གྲུབ་ཐོབ་སྟེ། སློབ་དཔོན་ཆེན་པོ་ལྷན་ཅིག་སྐྱེས་པའི་རོལ་བ་ཞེས་བྱ་བར་གྱུར། འདིའི་གདམས་སྐོར་ལ་སློབ་དཔོན་དེ་ནས་བརྒྱུད་པའི་ཕྱི་སྒྲུབ་གཙོ་བོ་རྐྱང་པ་དང་། ཀླུ་སྒྲུབ་ནས་བརྒྱུད་པའི་ནང་སྒྲུབ་ལྷ་ལྔ་རྗེས་གནང་མེད་པ་དང་། ཌོཾ་བི་ཧེ་རུ་ཀ་ནས་བརྒྱུད་པའི་གསང་སྒྲུབ་ལྷ་ལྔ་པ་རྣམས་ཡོད་ལགས། །
སོ་སོར་འབྲང་མ་སོགས་ལྷ་མོ་ལྔའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྡོ་རྗེ་ལྷུན་པོའི་ཟོམ་ན་འཁོར་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། མཛོད་སྤུ་ལས་འོད་ཟེར་ཆེན་པོ་རབ་ཏུ་སྐྱེས་ཏེ་བཀའ་སྩལ་པ། ཉེས་པ་ཀུན་དང་གནོད་པ་ཀུན། །རབ་འཇོམས་སོ་སོར་འབྲང་མ་ཡི། །གཟུངས་འདི་རབ་ཏུ་བཤད་པར་བྱ། །འདི་ནི་ཐོབ་པ་ཙམ་གྱིས་ཀྱང་། །སྡིག་པ་ཀུན་ནི་ཟད་པར་འགྱུར། །སེམས་ཅན་ཀུན་ལ་བདེ་བ་སྦྱིན། །ནད་དོ་ཅོག་ལས་གྲོལ་བར་བྱེད། །ཐུབ་པ་ཡིས་ནི་འདི་སྐད་གསུངས། །རྨི་ལམ་ངན་དང་མཚན་མ་ངན། །གང་ཡང་ནད་འགོས་མི་ཟད་རྣམས། །ནད་ཀྱིས་བཏབ་དང་ནད་ཆེན་གྱིས། །གང་དག་ཟིན་ནས་ཁྲག་སྐྱུག་དང་། །གཞན་ཡང་རྣམ་པ་མང་པོའི་ནད། །འབྲས་དང་ཤུ་བ་སྐེམ་པ་དང་། །གང་ཡང་གནོད་པ་མི་བཟད་པས། །མི་ཡི་སྐྱེ་དགུ་ཟིན་པ་དག །མི་རྣམས་མ་རུངས་བྱ་བའི་ཕྱིར། །མཆོག་ཏུ་མི་ཟད་གནོད་བྱེད་རྣམས། །སྲུང་བ་སྟོབས་ཆེན་ག་ལ་བར། །དེ་དག་ཐམས་ཅད་མི་འབྱུང་ངོ་། །འདི་ཡི་བསྲུངས་བ་བྱས་ནས་ནི། །བཅིངས་བ་དག་ཀྱང་གྲོལ་བར་འགྱུར། །ཞེས་དང་། བསྐྲད་པ་ཙམ་དང་རྡོ་རྗེས་བརྒྱབ་པ་ཙམ་གྱིས་དུས་མ་ཡིན་པར་འཆི་བ་དང་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །རྒྱུན་རིང་དུ་ན་བ་ལས་བྱབ་པ་ཙམ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ཞེས་དང་།
ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་ཚེ་ཐུང་བ་རྣམས་དང་། བསོད་ནམས་ཆུང་བ་རྣམས་དང་། ལོངས་སྤྱོད་ཆུང་བ་རྣམས་ལ་ཕན་པར་བལྟའོ། །ཞེས་གསུངས་ཤིང་། རྡོ་རྗེ་གུར་ལས་ཀྱང་། གཞོན་ནུ་ཡལ་བའི་བུད་མེད་ལ། །སོ་སོར་འབྲང་མ་རྟག་དྲན་བྱ། །ཞེས་གསུངས། བྱིས་སྦ་སྲུང་ཞིང་སྐྱོང་བའི་མཆོག་ཀྱང་ཡིན་ནོ། །དེ་ལྟར་སོ་སོར་འབྲང་མ་དང་། སྟོང་ཆེན་རབ་འཇོམས་དང་། རྨ་བྱ་ཆེན་མོ་དང་། བསིལ་བའི་ཚལ་མ་དང་། གསང་སྔགས་རྗེས་འཛིན་ཏེ་ལྷ་མོ་ལྔ་པོ་སོ་སོའི་ཕན་ཡོན་དང་ལོ་རྒྱུས་གཟུངས་གྲ་ལྔ་ནས་བཤད་པ་ཕལ་ཆེར་གྱིས་ཐུགས་ལ་མངའ་བ་ལྟར་ཡིན་ནོ།། །།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། རྡོ་རྗེའི་སྐུ་ནི་ཇི་སྲིད་སྲིད་ཐར་བཞུགས། །ཕག་མོའི་གསུང་གིས་སྣ་ཚོགས་ཆོས་འཁོར་བསྐོར། །རྣལ་མའི་དོན་ལ་དངོས་སུ་འབྱོར་མཛད་པའི། །ཡུམ་མཆོག་རྗེ་བཙུན་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣམ་ཐར་ཅུང་ཟད་ཅིག་བཤད་པར་བྱ་སྟེ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་བདེ་སྟོང་མཁའ་ཁྱབ་ཆོས་སྐུའི་ཡེ་ཤེས་དེ་ཉིད། ཁམས་གསུམ་གྱི་སེམས་ཅན་གྱི་དོན་ལ་དགོངས། གཟུགས་སྐུ་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་བཞེངས་ཏེ། བཀའ་མདོ་རྒྱུད་ཐམས་ཅད་རྒྱས་པར་གསུངས་པ་ལས། སྤྲུལ་བ་མཆོག་གི་མདོ་ཐམས་ཅད་ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་གསུམ་དུ་བསྡུས་ལ། རྡོ་རྗེ་འཆང་གི་སྐུ་དངོས་ཀྱིས་ཡབ་ཡུམ་ཞལ་སྦྱོར་བདུན་ལྡན་བདེ་བ་ཆེན་པོའི་ངང་ལ་བཞུགས་ཏེ། ཡབ་ཀྱི་ཞལ་ནས་ཀ་ལི་རང་བྱུང་གི་གདངས་རྣམས། ཕ་རྒྱུད་བྱེ་བ་ཕྲག་དྲུག་ཏུ་གསུངས། ཡུམ་གྱི་ཞལ་ནས་ཨ་ལི་རང་བྱུང་གི་གདངས་རྣམས་མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་ཏུ་གསུངས་ཏེ། སྡོམ་པ་འབྱུང་བ་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས།
གསང་བ་ཨེ་ཝཾ་གི་རང་གདངས་གཉིས་མེད་རྒྱུད་དུ་ཤར་བ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། ཨེ་ནི་སྟོང་པ་ཉིད་དུ་གསུངས། །དེ་བཞིན་ཝཾ་ནི་ཐུགས་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་སྦྱོར་བ་ཡི་སྨན་མཆོག་གོ །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དག །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །ཞེས་དང་། དེ་ཉིད་ལས། ཨེ་ནི་གསང་བ་མཁའ་དབྱིངས་དང་། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །ཅེས་གསུངས། དེ་དག་ཀྱང་དྲང་དོན། ངེས་དོན། དགོངས་པ་ཅན། དགོངས་པ་ཅན་མ་ཡིན་པ། སྒྲ་ཇི་བཞིན་པ། སྒྲ་ཇི་བཞིན་མ་ཡིན་པ་སྟེ་མཆའ་དྲུག་དང་། སྤྱི་དོན། སྦས་དོན། ཡིག་དོན། ངེས་པའི་དོན་ཏེ་ཚུལ་བཞི་དང་། སྤྱི་དོན། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ་དང་། སྦས་དོན་རྣལ་འབྱོར་བླ་མེད་ཀྱི་ཐེག་པར་གསུངས་ཤིང་། མདོར་ན་གདུལ་བྱ་དམན་མཆོག་ལ་དགོངས་ནས། རྩ་རྒྱུད། བཤད་རྒྱུད། ཆ་མཐུན་གྱི་རྒྱུད་དུ་བྱས་ཏེ་གསུངས། དེ་ཡང་སྟོན་པ་ཡབ་རྡོ་རྗེ་འཆང་དེ་ཉིད་དང་། དེའི་ཡུམ་བདེ་བ་ཆེན་པོ་རྡོ་རྗེ་རྣལ་འབྱོར་མ་ནི། རྡོ་རྗེ་འཆང་དང་སྤངས་རྟོགས་དབྱེར་མེད་ཀྱང་། ངེས་དོན་གྱི་བཀའ་འགའ་ཞིག་བརྒྱུད་ཕྱིར་འཁོར་མཆོག་གི་ཚུལ་བཟུང་ནས་སེམས་ཅན་གྱི་དོན་མཛད།
དེ་ཡང་སྤྱིར་དག་པའི་ཞིང་ཁམས་ཀུན་ལ་ཁྱབ་པར་བཞུགས། ཁྱད་པར་འཇིག་རྟེན་འདིའི་གདུལ་བྱ་རྣམས་ཀྱི་དོན་དུ། སོ་སྐྱེས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། སངས་རྒྱས་ཀྱི་ཐུགས་ཀྱི་ཡེ་ཤེས་རང་སྣང་ལ་གྲུབ་པའི་གཞལ་ཡས་ཁང་། གསང་སྔགས་ཀྱི་གཏེར་མཛོད་རྣམས་བཞུགས་པའི་ཨུ་རྒྱན་གྷན་དྷོ་ལའི་གཙུག་ལག་ཁང་ལྕགས་རི་རྡོ་རྗེའི་ར་བ་དང་། འོབས་རིམ་པ་དུ་མས་བསྐོར་བའི་ནང་ན་སྐུ་གསུམ་དུ་སྤྲུལ་ནས་བཞུགས་ཏེ། དེ་ཡང་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྒྱལ་མོའམ་གཙོ་མོའི་ཚུལ་དུ་བཞུགས་ནས་སྐལ་ལྡན་གྱི་དོན་མཛད། ལོངས་སྐུ་དམ་ཚིག་མཁའ་འགྲོ་མ་བློན་པོའི་ཚུལ་དུ་བཞུགས་ནས་སྐལ་ལྡན་རྗེས་སུ་འཛིན་ཅིང་། སྐལ་མེད་ཚར་གཅོད་པའི་ཕྲིན་ལས་མཛད། སྤྲུལ་སྐུ་ལས་ཀྱི་མཁའ་འགྲོ་མ་དམངས་ཕལ་བའི་ཚུལ་དུ་བཞུགས་ནས་ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་མཛད་པ་ཡིན་ནོ། །ཨྠྀི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རྣམ་ཐར་ཉུང་ངུ་འདི་རྡོ་རྗེ་འཆང་གི་རྣམ་ཐར་གྱི་ཞར་འབྱུང་དུ་བྱུང་བའོ།། །།སརྦ་མངྒ་ལཾ།
ཡུམ་རྡོ་རྗེ་རྣལ་འབྱོར་མའི་རྣམ་ཐར། སྒྲུབ་ཐབས་བརྒྱ་རྩའི་དབང་གི་ལོ་རྒྱུས་རཱ་ག་ཨ་སྱས་ཀྱི་གསུང་ལས་ཁོལ་དུ་ཕྱུང་།
སྤྱིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འདི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཡིན་པས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཡང་། ཁྱད་པར་དུ་ཡོན་ཏན་གསུམ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་གཅིག་ཡིན་གསུངས་སོ། །དེ་ལ་རྗེ་བཙུན་མའི་སྤྲུལ་པའི་སྐུ་དེ་གདུལ་བྱ་རྣམས་ཀྱི་སྣང་ངོ་ལ། ཕྱི་སྤྲུལ་སྐུ་ཟ་བྱེད་ལས་ཀྱི་མཁའ་འགྲོ་མ་ཞེས་གྲགས་ནས་ནུབ་ཕྱོགས་དཔལ་གྱི་དབུ་རྒྱན་གྷན་དྷོ་ལའི་སྒོ་མའི་ཚུལ་དུ་བཞུགས་ནས། ཤ་ཁྲག་ལ་རོལ་བའི་ཚུལ་གྱིས་མི་མ་ཡིན་ཚར་གཅོད་པའི་བྱ་བ་བྱེད་པའི་རྡོ་རྗེ་རྣལ་འབྱོར་མ་གཅིག་ཡིན་གསུངས། ལོངས་སྐུ་འཇིག་རྟེན་ལས་ཀྱི་མཁའ་འགྲོ་མ་ནུབ་ཕྱོགས་དཔལ་གྱི་དབུ་རྒྱན་གྷན་དྷོ་ལའི་གཙུག་ལག་ཁང་ན་དཀོར་མཛོད་རྣམ་པ་གསུམ་དུ་ཡིད་བཞིན་ནོར་བུ་རྣམ་པ་གསུམ་ནི་སྦས་ནས། མི་ཆོད་པའི་ལྕགས་གསུམ་ནི་བཅུག །རྒྱ་དང་འོབས་དང་ལྕགས་རིས་ནི་བསྐོར་ནས་གསང་སྔགས་ཀྱི་བདག་པོ་མཛད་པའི་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་གཅིག་ཡིན། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བརྗོད་དུ་མེད་པའི་གནས་ན་གཉིས་སུ་མེད་པའི་ཚུལ་དུ་བཞུགས་སུ་མེད་པས་བཞུགས། སེམས་ཅན་གྱི་དོན་མཛད་པའི་རྡོ་རྗེ་རྣལ་འབྱོར་མ་གཅིག་ཡིན་ནོ། །དེ་ཡང་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྒྱལ་མོ་ལྟ་བུ་ཡིན། ལོངས་སྐུ་འཇིག་རྟེན་གྱི་མཁའ་འགྲོ་མ་བློན་མོ་ལྟ་བུ་ཡིན། སྤྲུལ་སྐུ་ཟ་བྱེད་ཀྱི་མཁའ་འགྲོ་མ་དམངས་ལྟ་བུ་ཡིན་ནོ། །རྣལ་འབྱོར་མའི་ལོ་རྒྱུས་སོ། །ཨྠྀི།
རྣམ་རྒྱལ་མའི་ལོ་རྒྱུས། སྒྲུབ་ཐབས་རིན་འབྱུང་གི་ཁ་སྐོང་རིན་ཆེན་མཛོད་ཁང་ཚོགས་ཤུལ་ནོར་བསྟན་གྱི་གསུང་ལས་བཏུས།
བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ལས་རིགས་ཀྱི་གཙུག་ཏོར་དུ་གྱུར་པ་འཆི་མེད་ཚེ་ལྷའི་གཙོ་བོ་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་འདི་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། སྔོན་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ཆོས་བཟང་ལྷའི་འདུན་ས་ན། ལྷའི་བུ་ཤིན་ཏུ་བརྟན་པ་ཞེས་བྱ་བ་ཞིག་ལྷའི་གཞལ་མེད་ཁང་ན་ལྷའི་བུ་དང་བུ་མོ་མང་པོས་བསྐོར་ཏེ་གནས་པ་ལས། མཚན་མོའི་དུས་ཤིག་ཏུ་ནམ་མཁའ་ནས་སྒྲ་འདི་ལྟར་ཁྱོད་ད་ནས་ཞག་བདུན་ན་ཤི་སྟེ། འཛམ་བུའི་གླིང་དུ་འགྲོ་བ་བདུན་གྱི་ལུས་བླངས་ནས་དམྱལ་བར་ལྟུང་། དེ་ནས་བརྒྱ་ལ་ན་མིར་སྐྱེས་ཀྱང་དབུལ་པོ་དང་དམུས་ལོང་དུ་སྐྱེའོ། །ཞེས་ཐོས་པས་ཤིན་ཏུ་སྐྲག་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་ཕྱག་འཚལ་ཏེ་སྨྲེ་སྔགས་དང་བཅས་ཞིབ་ཏུ་གསོལ་ཞིང་དེ་ལ་ཇི་ལྟར་བགྱི་ཞུས་པས། འགྲོ་བ་བདུན་པོ་གང་ཡིན་བརྟགས་པ་ན། ཕག་དང་། ཁྱི་དང་། ཝ་དང་། སྤྲེའུ་དང་། སྦྲུལ་དང་། བྱ་རྒོད་དང་། ཁྭ་ཏ་སྟེ་བདུན་པོ་མི་གཙང་བ་མྱོང་བར་མཐོང་ནས། འདི་ལ་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་སྐྱབས་དང་མགོན་དང་དཔུང་གཉེན་འཇིག་རྟེན་ན་མེད་སྙམ་ནས། བརྒྱ་བྱིན་ཉིད་ཀྱིས་ལྷ་རྫས་ཀྱི་མཆོད་པ་ཁྱེར་ཏེ། བཅོམ་ལྡན་འདས་ལ་ཕྱག་དང་སྐོར་བ་དང་མཆོད་པ་བྱས་ཏེ་ལོ་རྒྱུས་ཞིབ་ཏུ་ཞུས་མ་ཐག །བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་འོད་ཟེར་སྣ་ཚོགས་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་སྣང་བར་བྱས་ཏེ་འོད་ཟེར་རྣམས་བཅོམ་ལྡན་འདས་ཀྱི་ཞལ་དུ་ཐིམ་པ་དང་། འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀློང་འབུམ་ཕྲག་བྱེ་བ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པ། འདི་ཐོས་པ་དང་བཟླས་པས་ཕྱིན་ཆད་ངན་སོང་དང་སྡུག་བསྔལ་དང་འཇིགས་པ་དང་། མངལ་དུ་མི་སྐྱེ་ཞིང་བདེ་བ་ཅན་སོགས་སུ་སྐྱེ་ཐམས་ཅད་དུ་རྫུས་ཏེ་སྐྱེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མི་འབྲལ་ཞིང་དེ་ཐམས་ཅད་ཀྱིས་དགོངས་ཤིང་བྱིན་གྱིས་བརླབས་པ་ཚེའང་རིང་པོར་བྱེད་པའི་གཟུངས་འདི་ལྷའི་བུ་ལ་སྟོན་ཅིག་གསུངས་པ་ལྟར་བསྟན་ནས་ཞག་བདུན་བསྒྲུབས་པས་སྡུག་བསྔལ་ཐམས་ཅད་ལས་ཐར་ཞིང་ཚེ་རིང་བར་གྱུར་ཏོ།། །།
ལྷ་མོ་དུད་སོལ་མའི་ལོ་རྒྱུས། སྒྲུབ་ཐབས་རིན་འབྱུང་གི་ཁ་སྐོང་རིན་ཆེན་མཛོད་ཁང་ཚོགས་ཤུལ་ནོར་བསྟན་གྱི་གསུང་ལས་བཏུས།
སྔོན་ལྷ་དང་ལྷ་མིན་འཁྲུག་པའི་དུས་སུ་ལྷ་མིན་ཕམ་པའི་ཆེད་དུ་དཔལ་ཕྱག་ན་རྡོ་རྗེའི་སྤྱན་དབུས་མའི་ནང་དུ་ལྕགས་ཀྱི་སྒོ་ང་མེ་འབར་བ་ཞིག་བྱུང་། དེ་རྡོལ་བའི་ནང་དུ་བུད་མེད་ལྕགས་ཀྱི་རལ་པ་ཅན་ཞིག་བྱུང་། དེ་ལ་དཔལ་ཕྱག་ན་རྡོ་རྗེས་སྨོན་ལམ་གསུངས་པ། ཁྱོད་ནི་གཤིན་རྗེ་བས་ཀྱང་རྔམ་པའི་བུ་མོ་སྲིད་པ་གསུམ་ན་དབང་ཆེ་བར་གྱུར་ཅིག །འཇིག་རྟེན་འདི་ན་མཐུ་ཆེ་ཞིང་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཅིག །ལྷ་དམག་བསྐུལ་ནས་ལྷ་མིན་ཕམ་པར་གྱུར་ཅིག་ཅེས་གསུངས་མ་ཐག་ཏུ་བུད་མེད་རྫུ་འཕྲུལ་སྣ་དགུ་དང་ལྡན་པ་ཞིག་ཏུ་གྱུར་ཏེ་ལྷ་དམག་དབྱིངས་ནས་བསྐུལ་པས་ལྷ་མིན་རྒྱ་མཚོའི་གཏིང་དུ་དེད། འཇིགས་སུ་རུང་བའི་བུད་མེད་དེས་སྲིད་པ་གསུམ་གྱི་སྲོག་ཕྲོག །འབྱུང་བའི་བཅུད་སྡུད། སྐྱེ་འགྲོ་ཡོངས་ཀྱི་ཤ་ལ་ཟ་བ་ཞིག་ཏུ་བྱུང་བས་དུར་ཁྲོད་བསིལ་བའི་ཚལ་དུ་ཤ་ཟ་མོ་འབུམ་གྱི་གཙོ་མོ་བྱེད། ཕྱོགས་བཅུ་དང་གླིང་བཞི་སྐད་ཅིག་ལ་ཉུལ་བས་མིང་ཡང་དུར་ཁྲོད་གནས་ཉུལ་མར་གྲགས། དེ་ཙམ་ན་དཔལ་རྡོ་རྗེ་གདན་མུ་སྟེགས་ཀྱིས་འཇོམས་པ་ལ། གསང་བདག་ཕྱག་ན་རྡོ་རྗེ་འདི་མཐུ་སྟོབས་དང་རྫུ་འཕྲུལ་ཆེ་བས་མུ་སྟེགས་འདུལ་བར་གཏོང་བར་དགོངས་ནས་འགུག་བྱེད་ཕྱག་རྒྱས་བཀུག་ནས་བཀའ་བསྒོས་རྡོ་རྗེ་གསོར་བས་མོ་སྐྲག་ཅིང་འདར་ནས། བཀའ་མི་བཅག་པར་ཞུས་པ་ལ། ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས། མུ་སྟེགས་ཐུལ། ཀྱེ་རྡོ་རྗེའི་སྒོ་སྲུངས། དེ་ལྟར་བྱས་ན་མཐར་གྱིས་སངས་རྒྱས་འཐོབ་པར་འགྱུར་རོ་ཞེས་གསུངས་ནས་དམ་ལ་བཏགས། དེ་ནས་ཙནྡན་དང་སེང་ལྡིང་གི་དཀྱིལ་འཁོར་གྲུ་གསུམ་བརྩིགས་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་སྨོན་ལམ་བཏབ་པ་ནི། ངས་བརྩིགས་པའི་དྲི་བཟང་གི་ཤིང་འདི་རྣམས་ལ་ཡེ་ཤེས་ཀྱི་མེ་ལྔ་རང་འབར་བྱས་ནས་ང་ཉིད་འབར་བར་གྱུར་ཅིག །ང་ཉིད་དབུགས་ཐལ་མ་ཐག་ཏུ་གཏུམ་རྔམ་དྲག་ཤུལ་འཇིགས་སུ་རུང་བའི་བུད་མེད་བཞིར་གྱུར་ནས་རྡོ་རྗེ་གདན་གྱི་མུ་སྟེགས་བཏུལ། ཀྱེ་རྡོ་རྗེ་དཀྱིལ་འཁོར་གྱི་སྒོ་བཞི་དང་བསྟན་པ་བསྲུངས་ནས། དྲེག་པ་ཅན་གྱི་སྲོག་དབུགས་ལེན་ཅིང་ཤ་ཟ་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མེ་ཁ་དོག་ལྔ་འབར་ནས་མོའི་ལུས་ཡལ་བར་བསྲེགས་སོ། །དེར་སྨོན་ལམ་བཀའ་བཙན་པས་སྤྲུལ་བའི་མེ་དེའི་མེ་དུད་སོལ་གསུམ་ཐལ་བ་བཞི་ལས། གཏུམ་རྔམ་དྲག་ཤུལ་འཇིགས་རུང་རྫུ་འཕྲུལ་དང་ལྡན་པའི་བུད་མེད་བཞིར་གྱུར་ཏེ། ཡུམ་ཨེ་ཀ་ཛ་ཊིའི་ལྟོ་བར་ཤེལ་བུམ་ཁྲག་གིས་གང་བའི་ནང་དུ་བུད་མེད་ཤ་སྔོ་ལ་རིད་པ་ལུས་སྐམ་ལ་སྐྲ་གཟེང་བ་མིག་རྩ་དམར་བ་ཀེང་རུས་ལ་གྲུབ་པ་ལྟ་བུ་ཡུམ་གྱི་ལྟེ་བའི་པདྨའི་སྦུབས་སུ་འཁྲུངས་པ། དེ་ལ་སོལ་མ་ནག་མོའི་རྒྱུད་དང་། དུ་བ་ལ་དུ་བ་སྔོན་མོའི་རྒྱུད་དང་། མེ་ལྕེ་ལ་མེ་ལྕེ་དམར་མོའི་རྒྱུད་དང་། ཐལ་བ་ལ་ཐལ་བ་སྐྱ་བོའི་རྒྱུད་བཞི་དང་། ལྷ་མོ་གཞན་གསུམ་དང་བཞི་བྱུང་སྟེ། མུ་སྟེགས་ཀྱི་གཉེན་པོར་དམ་ལ་གནས་པར་ཁས་བླངས། དམ་ཟན་དང་དམ་ཆུ་སྦྱིན་ནས་བཀའ་རྟགས་སུ་མི་བསྐྱོད་པས་དབུ་བརྒྱན། གསང་མཚན་རྡོ་རྗེ་ལྕམ་གཅིག་ལས་མཁན་མར་བཏགས་སོ། །ཨེ་ཀ་ཛ་ཊཱི་ལས་འཁྲུངས་པ་དེས་སྨོན་ལམ་གྱི་དབང་གིས་ལྷ་ཀླུ་མི་གསུམ་གྱི་ཡུལ་ཐམས་ཅད་སྐད་ཅིག་ལ་བསྐོར་ཅིང་སྐྱེ་འགྲོའི་སྲོག་དབུགས་ལེན་པ་ཤ་ཁྲག་ཟ་བ་མི་ལྤགས་གྱོན་པ་ཞིག་བྱུང་། དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟིགས་ནས་མདུན་དུ་བཀུག་སྟེ་བཀས་བསྡིགས་པས་མོ་འདར་ཞིང་བསྔངས་ནས། ཅི་གསུང་གི་བཀའ་སྒྲུབ་པར་ཁས་བླངས། སྲོག་གི་སྙིང་པོ་ཕུལ། བསྟན་པ་མ་རྫོགས་བར་དུ་སྲུང་བར་དམ་བཅས་པ་ལ། དཔྲལ་བར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་བཞག་ཅིང་དམ་ལ་བཏགས། དབུ་རྒྱན་དང་གསང་མཚན་གོང་ལྟར་གནང་། དེ་ནས་དུས་གསུམ་གྱི་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མིན་མི་དང་མི་མ་ཡིན་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་གྱིས་སྲུང་མ་དམ་པར་མངའ་གསོལ་ལོ། །འདི་ལ་མཚན་གྱི་རྣམ་གྲངས་ནི་ལྷ་མོ་དཔལ་འབར་མ། འདོད་ཁམས་དབང་ཕྱུག་མ། ཁམས་གསུམ་ཡུལ་རྒྱལ་མ། ལྷ་མོ་ཙཎྜི་ཀ །མེ་འབར་མཚོ་སྐེམ་མ། གཤིན་རྗེའི་བུ་མོ་སྙིང་འཕེལ་མ་རྣམས་སུ་གྲགས།
འདི་ཇི་ལྟར་བོད་དུ་དར་ཚུལ་ནི། གངས་ཅན་གྱི་ལྗོངས་སུ་བྱོན་ནོ་ཅོག་གི་ལོ་ཙཱ་བ་ཞིག་ལ་འགྲོ་དོན་དང་ཕྲིན་ལས་ལོ་ཙཱ་གཞན་སུས་ཀྱང་འགྲན་ཟླ་ཐམས་ཅད་དང་བྲལ་བ་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ། བཀའ་བརྒྱུད་སྟོང་གི་ཆུ་མགོ །མཁས་གྲུབ་བྱེ་བའི་འབྱུང་གནས། རྗེ་ལྷོ་བྲག་མར་པ་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ལན་གསུམ། བལ་པོར་ལན་བཞི་སྟེ། རྒྱ་གར་དང་བལ་བོའི་ཡུལ་དུ་ལན་བདུན་བྱོན། དཔལ་ནཱ་རོ་པ་ཆེན་པོས་ཐོག་དྲངས་པའི་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་བཅུ་གཉིས། བརྒྱུད་པ་འཛིན་པའི་བླ་མ་བརྒྱ་དང་ལྔ་བཅུ་རྩ་གསུམ། གཞན་རིག་མངོན་པར་ཤེས་པའི་བླ་མ་བཅུ་གསུམ། ཁྱད་པར་གྲུབ་ཐོབ་ཞེ་ལྔ། རྗེ་འགྲན་གྱི་དོ་མེད་ནཱ་རོ་དང་མི་ཏྲི་རྣམ་པ་གཉིས་ཀྱི་དྲུང་དུ། ལོ་ཧྲིལ་པོ་བཅུ་དགུའི་བར་དུ་བཞུགས། ཁྱད་པར་དུ་ཡང་དཔལ་ནཱ་རོ་ཆེན་པོ་ལོ་དྲུག་ཟླ་བ་བདུན་གྱི་བར་དུ་བླ་མའི་སྐུའི་གྲིབ་མ་ལྟར་འབྲལ་མེད་དུ་བསྟེན་ནས། ཡི་དམ་བདེ་དགྱེས་གསང་འདུས་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་བསམ་གྱིས་མི་ཁྱབ་པ་ཞུས་པའི་མཐར། རྗེ་མར་པའི་ཐུགས་དགོངས་ལ། ངའི་བླ་མ་འདི་ལ་བསྟན་སྲུང་བརྒྱ་རྩ་བརྒྱད་ཡོད་པའི་ནང་ནས་གཏོར་མ་དངོས་སུ་ལེན་པའི་ཆོས་སྐྱོང་འདོད་ཁམས་དབང་ཕྱུག་དུད་སོལ་ལྷ་མོ། གནོད་སྦྱིན་ཙ་མུནྟཱི། ཌཱཀི་མ་སེང་གེའི་གདོང་པ་ཅན་དང་གསུམ་འདུག་པས། འདི་གསུམ་པོ་ཞུ་དགོས་སྙམ་ནས། དེ་ལྟར་ཞུས་པས་ནཱ་རོ་པ་ཆེན་པོས་གསུངས་ནས་གསུམ་ཀ་མི་འོང་གང་རུང་ཞིག་འདོམས་གསུངས་བྱུང་བས། རྗེ་མར་པའི་ཐུགས་དགོངས་ལ། དུད་སོལ་ལྷ་མོ་འདི་ཀྱེ་རྡོ་རྗེའི་རྒྱུད་དང་། རྡོ་རྗེ་གདན་བཞིའི་བཀའ་སྲུང་དུ་འདུག་པ་དང་། ཁྱད་པར་བླ་མའི་ཆོས་སྐྱོང་གི་གཙོ་བོ་མཛད་ཀྱིན་འདུག་པས། འདི་ཞུ་ཞུས་པས། གཏོར་མ་དང་ཕྱག་སྤྱི་བོར་བཞག །བུ་འདམ་ཁ་མ་ནོར་འདམ་ཁ་ལེགས། །ཁྱད་པར་ཆོས་སྐྱོང་རྣམ་གསུམ་ལས། །དུད་སོལ་ལྷ་མོ་རྒྱུད་སྲུང་མཆོག །བུ་ཚ་བོ་ཡང་ཚའི་དོན་དུ་ནི། །ལོ་ཙཱ་བ་ཡིས་སྤྱན་དྲོངས་ལ། །དུས་གསུམ་པ་ལིཾ་མ་ཆགས་མཛོད། །མཆོག་ཐུན་མོང་གི་དངོས་གྲུབ་འདི་ལས་འབྱུང་། །ཆུ་བོ་གངྒ་ཕན་ཆད་ན། །ད་སྔ་མེད་པའི་ཆོས་སྐྱོང་ཡིན། །ལས་སླ་བར་མ་དགོངས་ཉམས་སུ་ལོངས། །ལོ་ཙཱ་བ་ཁྱོད་ཚེ་འདིར་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་སྲིད་པ་བར་དོར་མཆོག་གི་དངོས་གྲུབ་ཐོབ། མི་བརྒྱུད་ནམ་མཁའི་འཇའ་ཚོན་ལྟར་ཡལ་ཀྱང་། ཆོས་བརྒྱུད་ཆུ་བོའི་གཞུང་དང་འདྲ་བ་འབྱུང་བ་ཡིན། ཆོས་སྐྱོང་ལྷ་མོ་འདིའང་ཁྱོད་ཁོ་ནའི་རྗེས་སུ་འགྲོ་བར་འདུག་ཅིང་། ཁྱོད་ལ་སློབ་མ་བུ་ཆེན་བཞིའི་ནང་ནས་ཁྱད་པར་བཤད་རྒྱུད་འཛིན་པ་ཞིག་འོང་བས་དེ་ཉིད་བརྒྱུད་པ་དང་བཅས་པའི་སྲུང་མ་བྱེད་པར་འདུག །ཁྱོད་ནས་བརྒྱུད་པ་བདུན་ནམ་བཅུ་གསུམ་ཚུན་ཆད་ལ་རྡོ་རྗེ་དྲིལ་བུ་འཛིན་ཤེས་པས་ཆོག །བྱིན་གྱིས་རློབ་པ་ལ་ང་རང་སླེབ་འོང་ངོ་གསུངས་ནས་ལུང་བསྟན་མཛད། ཆོས་སྐྱོང་འདིའི་དབང་བརྒྱུད་གདམས་ངག་སོགས་པ་ཡོངས་སུ་རྫོགས་པར་གནང་ངོ་། །
ཡང་རྗེ་མར་པས་བལ་པོ་ཕམ་ཐིང་པའམ་སྤྱི་ཐེར་བར་གྲགས་པ་ལའང་ཞུས་པ་ཡིན་ཏེ། མགུར་ལས། ལོ་གསུམ་བལ་པོའི་མཐིལ་དུ་བསྡད། །རྗེ་བྱིན་རླབས་ཅན་གྱི་བལ་པོ་ལ། །རྒྱུད་གཉན་པོར་གྲགས་པའི་གདན་བཞི་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཞུས། །ཞེས་གསུངས་སོ། །རྗེ་མར་པའི་དྲུང་དུ་བླ་མ་ཆེན་པོ་རྡོག་གཞུང་པ་ཆོས་ཀྱི་རྡོ་རྗེ་དེ་ཉིད་ཀྱིས་ཕྱག་རྫས་ཀྱི་དངོས་པོ་ཅི་ཡོད་ཀྱི་འབུལ་མོ་ཆེ་ལན་གསུམ་མཛད་ནས་གསང་སྔགས་ཀྱི་རྒྱུད་གདམས་ངག་དང་བཅས་པ་གསན་པའི་རྗེས་སུ། བླ་མ་ལ་ཆོས་སྐྱོང་མང་དུ་བཞུགས་པའི་ནང་ནས་གཙོ་བོར་གྱུར་པ་དཔལ་ལྡན་ལྷ་མོ་དུད་སོལ་མ། ཌཱ་ཀི་མ་ཀཾ་ཀ་རྩལ། ཐོད་ཕྲེང་ཅན་དང་གསུམ་གདའ་བས། འདི་གསུམ་གནང་དགོས་ཞུས་པས། ཁྱོད་བྱས་པ་ཆུང་ལ་འདོད་པ་ཆེ་བ་ཞིག་འདུག །གསུམ་ཆར་མི་འོང་གང་རུང་ཞིག་འདོམས་གསུངས་པས། བླ་མ་རྔོག་གི་ཐུགས་དགོངས་ལ་ཆོས་སྐྱོང་གཞན་གཉིས་རྒྱུད་གང་གི་བཀའ་སྲུང་ཡིན་ངེས་པའང་མི་འདུག །ལྷ་མོ་དུད་སོལ་མ་འདི་ཀྱེེ་རྡོ་རྗེ་དང་། རྡོ་རྗེ་གདན་བཞིའི་རྒྱུད་ཀྱི་བཀའ་སྲུང་དུ་འདུག་ཅིང་། བླ་མ་མར་པ་གར་བཞུད་ཀྱང་དོ་ནུབ་ལྟ་བུའི་སྲོད་ལ་དུད་སོལ་གྱི་གཏོར་མ་རྒྱས་པ་རེ་མཛད་ནས། སང་ཉིན་བཞུད་པའི་ཕྱོགས་སུ་སྐྱེལ་གྱིན་འདུག་པ་དང་། རྟག་ཏུ་འདིའི་སྒོམ་བཟླས་མཛད་པ་སོགས་འདི་ཉིད་ཆོས་སྐྱོང་གི་གཙོ་བོ་ཡིན་དགོངས་ནས་འདི་ཉིད་ཞུས་པས། ཁྱོད་ཀྱི་བདམ་ཁ་མ་ལོག་རྟེན་འབྲེལ་ཤིན་ཏུ་ལེགས། ང་ལ་རྗེ་ནཱ་རོ་པ་ཆེན་པོའི་ཞལ་ནས། ཆོས་སྐྱོང་འདི་ཁྱོད་ལ་སློབ་མ་བུ་ཆེན་བཞི་འོང་བའི་ནང་ནས། ཁྱད་པར་བཤད་བརྒྱུད་འཛིན་པ་གཅིག་གི་སྲུང་མ་བྱེད་པར་འདུག་གསུངས་པས། འདི་ཁྱོད་ལ་སྦྱིན་དགོས་གསུངས་ནས་ཐོག་མར་འདིའི་རྗེས་གནང་རྣམས་མཛད། དེ་རྗེས་སུ་རྒྱུད་སྒྲུབ་ཐབས་ལས་ཚོགས་མན་ངག་ལས་ཁ་ཚར་དང་བཅས་པ། བླ་མ་མདོ་སྡེ་དང་ཡབ་སྲས་གཉིས་ལ་ལྷན་ཅིག་ཏུ་གནང་། བླ་མ་མདོ་སྡེས་དཔོན་པོ་གསུམ་དང་། བླ་མ་ཀུན་དགའ་རྡོ་རྗེ་སོགས་ལ་གནང་བ་ནས་བཟུང་རྔོག་གདུང་བརྒྱུད་རིམ་བཞིན་བརྒྱུད་ནས་རྔོག་གཞུང་པ་ལ་ལྷ་མོ་འདི་ཉིད་ཀྱི་བཀའ་བབས་པ་ཡིན་ནོ།། །།
ལྷ་མོའི་ལོ་རྒྱུས། སྒྲུབ་ཐབས་རིན་འབྱུང་གི་ཁ་སྐོང་རིན་ཆེན་མཛོད་ཁང་ཚོགས་ཤུལ་ནོར་བསྟན་གྱི་གསུང་ལས་བཏུས།
དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་འདི་ཉིད་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བར་གྱུར་ཏེ་དགེ་བཅུ་རྒྱ་ཆེར་སྤྱད། དེ་ནས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་ལྷ་མོ་ནམ་མཁའི་དཔལ་མོ་བཙན་ཞེས་བྱ་བར་གྱུར་ཏེ་ཞེ་སྡང་རང་དགར་སྤྱད། དེ་ནས་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ་ལྷ་མོ་ཛུཾ་ཞེས་བྱ་བར་གྱུར་ཏེ། བདག་ཅག་གི་སྟོན་པ་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྱུར་པ་ལ་མཆོད་གནས་བྱས་ཏེ་སྨོན་ལམ་བཏབ་སྟེ་སྤྱོད་པ་སྤྱོད་དོ། །དེ་ནས་དང་པོ་དགེ་བ་སྤྱོད་པས་མཐུས་ལྷ་ཆེན་མ་ཧཱ་དེ་བ་ཡབ་ཡུམ་གྱི་སྲས་མོ་སྐྱེས། བར་དུ་ཞེ་སྡང་སྤྱད་པས་མཐུས་སྲིན་པོའི་ཆུང་མར་གྱུར། ཐ་མར་སྨོན་ལམ་བཏབ་པས་མཐུས་འདོད་ཁམས་དབང་ཕྱུག་མར་གྱུར་ཏེ་སྟོན་པའི་བསྟན་པ་སྲུང་བ་ཡིན་ནོ། །འདིར་སྤྲོ་ན་གུར་མགོན་ལོ་རྒྱུས་ནས། དེའང་རི་རབ་ཀྱི་བྱང་ཤར་མཚམས་ནས་ཞེས་པ་ནས་ལྷ་དམག་ཆེས་ཆེར་རྒྱལ་ཞེས་པའི་བར་བརྗོད།
དེ་ལྟར་ལྷ་ཆེན་མ་ཧཱ་དེ་བ་ཡབ་ཡུམ་ལ་སྲས་དཔལ་ལྡན་མགོན་པོ་དང་། སྲས་མོ་ལྷ་མོ་མ་ཧཱ་ཀ་ལཱི་དང་གཉིས་འཁྲུངས་པའི། སྲས་མོས་ལྷ་དང་ལྷ་མ་ཡིན་འཐབ་པའི་དམག་དཔོན་བྱས་ནས་ལྷ་མ་ཡིན་གྱི་རྒྱལ་པོ་ཧ་ར་ཎ་པ་ཀྵུའི་མགོ་བོ་བཅད་དེ་དེའི་ཐོད་པས་ལྷ་མ་ཡིན་གྱི་ཁྲག་རོལ་པས། ལྷ་མ་ཡིན་གྱི་ཁྲག་ལས་བདུད་དམག་མང་དུ་འཕེལ་འགྲོ་བ་ཡོད་པའི་རྒྱུན་བཅད། དེ་ནས་དུར་ཁྲོད་ཆེན་པོ་མདངས་དགའ་ཤིང་གི་རི་ཁྲོད་ཅེས་བྱ་བར། ཤིང་ལོ་གྱོན་ནས་ལོ་བདུན་དུ་འཕགས་མ་མི་ཕམ་མའི་གཟུངས་བཟླས་པས། ལྷ་མོ་པརྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བར་གྲགས། དེའི་དུས་སུ་ཀླུ་དུང་གི་འཛེར་པ་ཅན་བྱ་ཁྱུང་གིས་གཙེས་པ་ལྷ་མོ་ལ་བསྐྱབས་པས། བྱ་ཁྱུང་བཏུལ་ཏེ་ཀླུ་བསྐྱབས་པས་ལྷ་མོ་དུང་སྐྱོང་མར་གྲགས།
དེ་ནས་ཡུལ་ལང་ག་པུ་རིར། སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ་ལྷས་སྐྱོན་ཕབ་སྟེ། སྲིན་པོ་དྷ་ཤ་གྲྀ་པ་དང་། དེའི་ལྕམ་སྲིང་མོ་སྣལ་རྩེ་ཙམ་ལས་མ་ལུས་པ་ལ། སྲིན་པོས་ལྷ་མི་འདུལ་བའི་ཕྱིར་དུ། སྲིང་མོ་མ་ཧཱ་དེ་ཝར་བཙུན་མོར་ཕུལ་པ་ལ་མངལ་ཆགས་པ་ཕས་བུ་དང་མས་བུ་མོར་སྨོན་ལམ་བཏབ་པ་ལས། བུ་མོ་བྱུང་བ་ཕ་ཁྲོས་ནས་ཐལ་ཕུང་དུ་བོར་བས་བུ་མོ་ཐལ་མདོག་མར་གྲགས། མས་ཨཱ་ཡུ་བྷཱུྃ་ཞེས་ཚེའི་སྙིང་པོ་བགྲངས་ནས་གསོས་ཏེ། མི་ཕམ་ཁྲོ་གཉེར་རོལ་དམར་མར་བཏགས། ཕྱག་ན་རྡོ་རྗེས་རེ་མ་ཏིར་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་སྨོན་ལམ་བཏབ། རང་གི་བུ་མོ་དུང་སྐྱོང་མས་སྲིན་མོ་དམར་ལྷབ་ཕུར་བའི་ལྷ་གསེར་ཅན་དུ་མིང་བཏགས།
དེ་ནས་སྲིན་པོ་དྷ་ཤ་གྲྀ་བས་ང་ལྕེབ་བོ་ཟེར་བ་ལ། སྣལ་རྩེས་ཅིའི་ཕྱིར་དྲིས་པས། ལྷ་མོ་དུང་སྐྱོང་མ་འདོད་ཟེར། དེ་ལ་ངའི་བུ་མོ་ཕུར་བའི་ལྷ་གཡོག་མོར་ཕུལ་ནས་བསླུའོ་ཞེས་སྨྲས་ནས་དེ་བཞིན་དུ་བྱས་ཏེ། དེའང་ལང་ག་བུ་རིར་སྤྲེའུ་འབབ་ལེ་དང་། མགྲིན་བཟང་འཐབ་པ་ལ་ལྷ་རྣམས་ལྟད་མོར་འགྲོ་བས། ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་དེ་རིང་ཁྱོད་ཀྱི་གན་དུ་སུ་འོང་བས་ཁྱོད་བསླུར་འོང་བས་དེ་ལ་མ་བལྟ་ཞིག་ཅེས་གསུངས་ཀྱང་། ཁོལ་མོས་ཞིང་པོ་བསྒྲན་ནས་སྲིན་པོ་དྷ་ཤ་གྲྀ་བས། སྲིན་གྱི་བོང་བུ་གྭ་དམར་ཞོན་ཏེ། ལྷའི་བུ་ཤིན་ཏུ་མཛེས་པའི་གཟུགས་སུ་སྤྲུལ་ནས་ལྷ་མོའི་དྲུང་དུ་ཕྱིན་ཅིང་། རོལ་མོ་དང་གླུ་བླངས་པས་ལྷ་མོ་འཛུམ་པ་ལ། རང་གི་ལྷམ་སྒྲོག་ཕུལ་བ་ལྷ་མོས་བཞེས་པ་ལྕགས་སྒྲོག་ཏུ་གྱུར། དེའི་སྔར་ལྷ་མོ་རང་གི་གཡོག་མོ་ལ་སྙིང་བརྩེ་བས་ཅི་ཞུས་བགྱིད་པར་ཁས་བླངས་བའི་ལྷའི་ངག་བདེན་པ་སོང་ཟིན་པས། ལྷའི་བུ་འདིའི་ཆུང་མ་བགྱིད་པར་ཞུས་པས། དེ་སུ་ཡིན་གང་དུ་གནས་གསུངས་པ་ལ་བདག་གི་ཞིང་དྷ་ཤ་གྲྀ་བ་སྲིན་པོ་ལང་ག་བུ་རི་ན་ཡོད་པ་ལགས་ཞུས་པས་མི་འདོད་བཞིན་དབང་མེད་པར་སྲིན་པོའི་ཆུང་མར་སོང་ངོ་། །
དེ་ནས་ལྷ་མོ་དཔོན་གཡོག་ལ། ཡུམ་ཨུ་མ་དེ་བས་མི་ཤ་ཟ་བ། མི་ལྤགས་གྱོན་པ། མི་ཐོད་ཐོགས་པ། བོང་བུ་ཞོན་པ། སྲིན་མོའི་གཟུགས་སུ་འགྱུར་པ་སོགས་སྲིན་པོའི་ཆུང་མར་སོང་བས་མ་དགའ་ནས་དམོད་པ་བཅུ་གཉིས་བོར་བས་དེ་བཞིན་དུ་གྱུར། དེ་ལ་སྲིན་ཕྲུག་སེང་གེ་ཟླ་བ་སོགས་ལྔ་བརྒྱ་བཙས་པ་ན་ཁྱོ་དྷ་ཤ་གྲྀ་བ་ཤི་བས་ཡུགས་སའི་ཆ་བྱད་བྱས་ཏེ་འདུན་སྐྲ་རལ་བའི་ལན་བུ་གཅིག་ཏུ་བསླས། བྲན་མོ་དམོད་པའི་དབང་གིས་སྲིན་གྱི་ཕག་རྫི་བྱེད་པ་ན་ཕག་རྫི་དུམ་བུ་སྲིན་གྱིས་སྤྱད་པས་མངལ་ཆགས། དེ་ནས་དཔོན་གཡོག་གཉིས་ཀས་སྲིན་ཕྲུག་ལྔ་བརྒྱ་པོ་བསད། སྲིན་པོའི་བོང་བུ་གྭ་དམར་དང་རལ་གྲི་སྡིག་པའི་ཡུ་བ་ཅན་བརྐུས་ཏེ་ལྕགས་སྒྲོག་བཅད། སྲིན་པོ་གླང་དམར་པོར་སྤྲུལ་ནས་འོང་བའི་སྐེ་བཅད་དེ། མ་མགལ་སྔ་རུ་དང་། ཡ་མགལ་ཕྱི་རུ་དང་། ལྤགས་པའི་སྒ་གཡོག་དང་། རྒྱུ་མའི་གོང་རྨེད་བྱས་པ་ཞོན། སྲིན་པོའི་ནོར་བུ་རིན་པོ་ཆེ་བརྐུས་པ་ནེའུ་ལེའི་རྐྱལ་པར་བཅུག་པ་ལག་པ་གཡོན་དང་རལ་གྲི་གཡས་སུ་ཐོགས་ཏེ་སྲིན་དམག་ལ་བྱ་ར་བྱེད་བཞིན་བྲོས་པའི་ལམ་དུ་སྐྱེས་པ་གཡུལ་དུ་ཤི་བའི་ཤ་རྡོ་སོལ་གྱི་མེ་ལ་བསྲེགས་པ་དང་། རྗེས་སུ་ཁྱི་དཀར་པོ་འབྲང་བ་དང་། ཁོལ་མོ་སྦྲུམ་པའི་བུ་བཙས་བསད་དེ་ཤ་ཟོས་ལྤགས་པ་གཉིས་ལ་རྒྱལ་མཚན་བྱས་ཏེ་རྒྱ་མཚོའི་ཁར་ཕྱིན་ཏེ། གཤིན་རྗེ་རླུང་གི་འཁོར་ལོ་ཅན་ཞག་བདུན་བསྒྲུབས་པས་གྲུབ་སྟེ། རླུང་འཚུབ་ནག་པོའི་རྣམ་པས་དྲུང་དུ་ཕྱིན། དེར་དཔོན་གཡོག་གཉིས་ཀས་སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་བོས་ནས། ཚེ་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་གྲུབ་པ་ཐོབ་ཅིང་། རྒྱལ་པོའི་ཞལ་མཐོང་སྟེ་བསྟན་པ་སྲུང་བ་དང་། འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་ཅིག་ཅེས་སོགས་སྨྲས་ཏེ་རྒྱ་མཚོ་བསྐོར་ཞིང་། བ་ཡ་བེ་ཞེ་རླུང་བོས་པས་འཚུབ་མ་བྱུང་ནས་མཚོ་ནང་དུ་འཕང་ངོ་། །
དེ་ནས་རྒྱ་མཚོའི་འགྲམ་དུར་ཁྲོད་ཆེན་པོའི་ཚལ་དུ། གཤིན་རྗེ་ལྷག་པའི་མཐུ་ཅན་གྱི་བུ་མོ་ཤིན་ཏུ་འཇིགས་པའི་གཟུགས་ཅན་དུ་སྐྱེས། གཤིན་རྗེ་མ་རུ་ཙེ་དང་འདུས་པའི་གུ་བདུད་ཁ་རལ་ནག་པོ་སྐྱེས། བོང་བུའང་མཇུག་མ་ལ་མིག་ཡོད་པ་ཞིག་ལ་ནོར་དུ་བྱེད། ཁོལ་མོའང་རྒྱ་མཚོའི་ནང་དུ་ལུས་ཕྱེད་སྐམ་པ་ཆུ་སྲིན་གྱི་མགོ་ཅན་དུ་སྐྱེས་ནས་ཀླུ་མོ་རེ་མ་ཏིར་གྲགས། དེ་ནས་ཚེ་འཕོས་ནས་དྲི་ཟའི་གྲོང་ཁྱེར་གསེར་ལྡིང་སྐྱེད་ཚལ་དུ་དུག་ཤིང་འགྱུར་མེད་ཀྱི་རྩར། བདུད་རི་ཏི་མགོ་ཉག་དང་། དྲན་པ་དབང་བྱེད་མའི་སྲས་མོར་སྐྱེས་ཏེ། ཕས་སྲིད་གསུམ་བློ་ཕྲོག་མ་དང་། མས་ཡ་མཚན་འཕྲུལ་གཤོག་ཅན་དུ་བཏགས་ཏེ། ཐོད་པ་དང་སྦྲུལ་དང་དར་དང་རིན་པོ་ཆེས་བརྒྱན་ཏེ། ཕྱི་རིན་པོ་ཆེ་དང་ནང་ཐོད་མཁར་བདུན་བརྩེགས་དུ་མི་རོ་འབུམ་གྱི་ཁྲི་ལ་བཞག་སྟེ་ཕྱི་ནས་འབྱུང་པོའི་དམག་གིས་བསྲུངས་བ་ལ། རྗེ་མོས་ཁོལ་མོ་དེར་སྐྱེས་པར་མཐོང་ནས་བྲན་དུ་བཀུག་འདོད་ནས་ཕྱག་ན་རྡོ་རྗེའི་སྔགས་བྱེ་བ་བཅོ་བརྒྱད་བཟླས་པས་གྲུབ་སྟེ། མཁའ་འགྲོ་ལག་ན་པདྨ་ཧེ་རུ་ཀའི་སྐུ་ཐོགས་པ་ཞིག་བྱུང་ནས་བྱིན་གྱིས་བརླབས་པས། བདུད་ཀྱི་རྒྱལ་བློན་འབངས་འཁོར་ཐམས་ཅད་དྲན་མེད་དུ་མྱོས་པ་ན། བདུད་ཀྱི་བུ་མོ་སྔོན་གྱི་རྗེ་མོའི་སྐྱེ་བ་གཤིན་རྗེའི་བུ་མོའི་དྲུང་དུ་འགྲོ་འདོད་དྲག་པོ་སྐྱེས་ཏེ། ཕའི་མཚོན་བདུད་ཀྱི་ཁྲམ་བམ་ནག་པོ་དང་། མའི་མཚོན་གྱི་གྲུ་གུ་སྔོ་དམར་གཉིས་བརྐུས་ནས་གཡས་གཡོན་གྱིས་ཐོགས་ཏེ། ནམ་ཕྱེད་གཅེར་བུར་བྲོས་ནས་ཁྱིམ་བདག་རབ་སྦྱིན་གསལ་གྱི་བ་ལང་རྫི་མོ། དམངས་རིགས་བྷྱ་ཧ་མོས་རེ་ལྡེ་ནག་པོ་གྱོན་ནས་འདུག་པ་དང་འཕྲད་དེ་བསད་ནས་ཤ་ཟོས་ལྤགས་པ་རྐེད་པར་དཀྲིས། རེ་ལྡེ་སྨད་གཡོག་ཏུ་གྱོན་ནས་འོང་བའི་ལམ་ན་སྲིན་པོ་བུམ་རྣ་ཤ་བའི་ཁྲག་གི་རྫིང་བུ་ཡོད་པ་འཐུངས་བས་ཁ་རླངས་ནད་དུ་སོང་ནས་གར་ཕོག་ལ་རིམས་ནད་བྱུང་། དེ་ལ་ངོ་མཚར་སྐྱེས་ཏེ། རྐེད་པའི་མི་ལྤགས་ཀྱི་ནང་ཁྲག་གི་རྫིང་བུས་བཀང་ནས་སྦྲུལ་གྱིས་བཅིངས་ཏེ་མཆན་དུ་སྦས་ཤིང་འོང་བ་ནས་བཙན་རྡོ་རྗེ་ཟླ་བ་དང་འཕྲད་དེ། ཤོ་ལྡེའུ་དཀར་ནག་གང་ལ་བོར་བ་ཕུང་བར་བྱེད་པ་བདུན་ཡོད་པ་རྔན་པར་སྦྱིན་ནས་ཆགས་པ་སྤྱད།
དེ་ནས་རྗེ་མོའི་དྲུང་དུ་འོང་ནས་དཔོན་གཡོག་གཉིས་འགྲོགས་ཏེ་སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོང་པར་བྱེད་པའི་དུས་ན། གཡོག་མོ་བོང་བུ་འཚོ་བའི་ངལ་བ་ན། རྗེ་མོ་བོང་བུ་ལ་ཕྲུ་གུ་བྱུང་ན་བཞོན་པར་སྦྱིན་པར་ཁས་བླངས། ནམ་ཞིག་ན་སྲིན་གྱི་བོང་བུ་གྭ་དམར་དེ། སྲིན་པོ་ན་ལ་རྩེའི་རྒོད་མ་ཟངས་ཀྱི་སོ་ཅན་དང་འཕྲད་པ་ལས། དྲེའུ་སྔོན་པོ་རླུང་གི་གཤོག་པ་ཅན་བྱུང་བ་ལ་རྒྱུ་མའི་མཐུར་དང་། ཟངས་ཀྱི་སྒ་བསྟད་དེ་བྲན་མོ་ལ་བྱིན་ནོ། །དེ་ནས་རྗེ་མོས་བོང་བུ་ཞོན། མི་ལྤགས་གྱོན། རལ་གྲི་དང་ཐོད་པ་ཐོགས། ཁོལ་མོས་དྲེའུ་ཞོན། རེ་ལྡེ་གྱོན། ཁྲམ་བམ་དང་། ཤོ་ལྡེ་ལ་ནད་རྐྱལ་ཐོགས་ནས་མཐུ་རྩལ་ཆེར་རྒྱས་ཏེ་སེམས་ཅན་ཟད་ཅིང་སྟོངས་པ་ཙམ་དུ་ཟོས། འཇིག་རྟེན་གྱི་མཁའ་འགྲོ་ལྷ་མོ་ཀླུ་མོ་བདུད་མོ་སྲིན་མོ་འདྲེ་མོ་བསམ་གྱིས་མི་ཁྱབ་པས་བྲན་གཡོག་བྱེད་པ་ན། རྗེ་མོ་ལ་ཁྱོ་གཟའ་ར་ཧུ་ལ། སྲིན་པོ་དགྲ་ལྡན། གཤིན་རྗེ་མ་རུ་ཙེ། བདུད་འཆར་ཁ་ནག་པོ། ཀླུ་ནཱ་ག་གུ་ཏ་ལིཾ་ལྔ་དང་། ཁོལ་མོ་ལ་བགེགས་རྒྱལ་བི་ན་ཡ་ཀ །གནོད་སྦྱིན་ཀཱ་ལ་ཡཀྴ། བཙན་སྐྱ་རྡོ་རྗེ་ཟླ་བ། རླུང་བ་ཡ་བེ་གདོང་དང་བཞི་སྟེ། དེ་ལྟར་ཁྱོ་དགུ་ཡོད་པ་ཉིན་མོ་མཆན་ཁུང་དུ་སྦེད་ཅིང་། མཚན་མོ་དུར་ཁྲོད་དུ་སྦྱོར་བ་ན་སྔོན་གྱི་དགེ་བ་དང་སྨོན་ལམ་གྱི་ཤུགས་ཀྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རང་རང་གི་སྲོག་གི་སྙིང་པོ་ཕུལ་ཏེ་བསྟན་པ་བསྲུང་བར་ཁས་བླངས། དེ་ནས་ཨ་སུ་རའི་བྲག་ཕུག་ཏུ་བྲམ་ཟེ་མཆོག་སྲེད་སྒྲུབ་པ་བྱེད་པ་ལ་ཅི་བྱེད་དྲིས་པས། སྔོན་ཡུལ་འདི་ན་དགེ་སློང་བརྟན་པའི་སྡེ་དང་། དགེ་སློང་མ་དྷརྨ་དཱི་བྱ་བ་འཁྲིག་པ་སྤྱད་པ། རྒྱལ་པོས་ཆད་པས་བསད་པ། བདུད་ལམ་གཞིད་གེ་རེ་དང་། བདུད་མོ་རོ་ཤ་ཁ་འདར་གཉིས་སུ་སྐྱེས་ཏེ། ཡུལ་མི་རྣམས་ཟད་པར་ཟོས་ནས་ང་ལ་ཟ་རེས་བབ་པས་དེ་འདུལ་བའི་དོན་དུ་ལྷ་མོ་ཨེ་ཀ་ཛ་ཊི་སྒྲུབས་སྨྲས་པས། ངེད་དཔོན་གཡོག་ཀྱང་བསྒྲུབ་ན་དངོས་གྲུབ་ཐོབ་བམ་ཟེར་བ་ལ། དངོས་གྲུབ་ཅི་འདོད་སྨྲས་པས། འདོད་ཁམས་དབང་ཕྱུག་མར་གྱུར་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་འདོད་བྱས་ཏེ་གསུམ་གསང་བསྒྲུབས་པས་རལ་གཅིག་མའི་ཞལ་མཐོང་ཞིང་། འདོད་ཁམས་འདུལ་བའི་མཐུ་མོ་ཆེར་དབང་བསྐུར། སྲོག་སྙིང་ཕུལ་ཞིང་བསྟན་པ་བསྲུང་བར་ཁས་བླངས། གཙོ་མོ་ལ་མ་ཧཱ་ཀཱ་ལཱི་དང་། ཁོལ་མོ་ལ་ཡཀྵ་རེ་མ་ཏི་ཞེས་མཚན་གསོལ། གོང་གི་བདུད་གཉིས་བསྒྲལ། སའི་ལྷ་མོ་བརྟན་མས་ནམ་གྲུ་མཆེད་བརྒྱད་འབངས་སུ་ཕུལ། སྲིན་ཡུལ་དུ་དམག་དྲངས་ནས་སྲིན་པོ་ཡཀྵ་ཁོ་དེ་བསྒྲལ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་བསྒྲུབས་པས་གྲུབ་སྟེ་ཞལ་མཐོང་། གསང་བའི་སྲུང་མར་བྱས། ཕྱག་རྒྱ་ཆེན་པོའི་དབང་བསྐུར། ལས་ཀྱི་ལྷར་བྱིན་གྱིས་བརླབས། རྗེ་ཁོལ་གཉིས་ལ་རིམ་བཞིན་དཔལ་ལྡན་ལྷ་མོ་དང་། རྡོ་རྗེ་གློག་མ་སྲིན་དུ་མིང་བཏགས། སྲོག་སྙིང་ཕུལ་ཞིང་བསྟན་པ་བསྲུང་པར་ཁས་བླངས། དེ་ནས་ཨུ་མ་དེ་ཝཱི་དང་། སྣ་ལ་རྩེ་གཉིས་ཀྱིས་ཀྱང་རང་རང་གི་བུ་མོར་གྱུར་པའི་སྐྱེ་བ་ཡིན་པར་བསམ་སྟེ་བོས་ཤིང་དམ་བསྒྲགས་དབང་བསྐུར་བསྟན་པའི་སྲུང་མར་བསྐོས།
དེ་ནས་གསང་བའི་གནས་དུར་ཁྲོད་ཐང་ནག་པོའི་དབུས་མ་རུ་ཙེའི་སྒོ་འགྲམ་དུ་ཕྱག་ན་རྡོ་རྗེ་བསྒྲུབས་པས་གྲུབ་སྟེ་ཞལ་མཐོང་། སངས་རྒྱས་ཀྱི་བསྟན་པ་སྲུང་བའི་གཉེར་གཏད་ཅིང་དབང་བསྐུར། དེ་ལྟར་ཁས་བླངས་ཤིང་སྲོག་སྙིང་ཕུལ་མིང་མ་ཧཱ་ཀ་ལཱི་དང་། གནོད་སྦྱིན་ཤན་པ་ནག་མོ་རེ་མ་ཏིར་བཏགས། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྱུར་ཏེ་ལྷ་དང་ལྷ་མ་ཡིན་ཐམས་ཅད་ཀྱིས་ཕྱག་དང་བཀུར་སྟི་བྱས། འདོད་པའི་ཁམས་ལ་དབང་བསྒྱུར་བའི་འདོད་ཁམས་དབང་ཕྱུག་མར་གྱུར་པ་དང་། ཚངས་པས་ཉི་མའི་རྒྱན་དང་། ཁྱབ་འཇུག་གིས་ཟླ་བའི་རྒྱན་དང་། རྣམ་ཐོས་སྲས་ཀྱིས་རྣ་བར་སེང་གེ་དང་། ནམ་མཁའི་ལྷ་ཕྲན་གྱིས་དྲིལ་བུའི་རྒྱན་དང་། སྲིན་མོ་དང་། ཤ་ཟ་མོ་རྣམས་ཀྱིས་ཐོད་པའི་ཕྲེང་བ་དང་། ཁྲག་དང་ཞག་གི་ཐིག་ལེ་དང་། ཀླུ་དགའ་བོས་སྦྲུལ་གྱི་རྒྱན་རྣམས་ཕུལ། ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་བྲན་དུ་བཀོལ་ཏེ་སྲིད་པ་གསུམ་ན་འགྲན་ཟླ་མེད་པར་བསྟན་པ་ནི་གདུལ་བྱ་འདུལ་བའི་དོན་དུ་བསྟན་པ་ཙམ་ཡིན་ཞིང་། དོན་དུ་ནི་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ་དང་། ལྷ་མོ་དབྱངས་ཅན་མ་དང་ངོ་བོ་དབྱེར་མེད་པ་ཡིན། རྣམ་འགྱུར་ཀྱང་ལྷ་མོ་དུད་སོལ་མ། དམག་ཟོར་མ། རི་ཏི་རང་བྱུང་རྒྱལ་མོ། ལྷ་མོ་དུང་སྐྱོང་མ། བདུད་མོ་རེ་མ་ཏི། ཀླུ་མོ་རེ་མ་ཏི། གནོད་སྦྱིན་རེ་མ་ཏི། རྡོ་རྗེ་གཤོག་རྒོད་མ། ལྷ་མོ་ནམ་མཁའི་གོས་ཅན་སོགས་སུ་གྲགས་ཤིང་། དེ་ཐམས་ཅད་ལ་རྗེས་གནང་དང་སྒྲུབ་ཐབས་ཀྱང་ཡོད་དོ། །
འདི་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ་ལྟར་བྲིས་པ་སྟེ། ལྷ་མོའི་རྒྱུད་མེ་ལྕེ་ཕྲེང་བ་དང་ཡང་མཐུན་པར་འདུག་གོ། །།
གསང་བ་ཡེ་ཤེས་ཀྱི་རྣམ་ཐར་བསྡུས་པ། དབང་སྡུད་གསོལ་འདེབས་ཀྱི་བསྡུས་འགྲེལ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད་པ་ལས་བཏུས།
དབང་གི་ལྷ་ཁྱད་པར་ཅན་འདི་ནི། ཟ་མ་མོ་རྣམས་འདུལ་བའི་ཆེད་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་ཆེད་དུ་སྤྲུལ་པར་ཉང་རལ་གཏེར་བྱོན་བ་མཁལ་གཏེར་གཞུང་སོགས་ལས་བཤད་ཅིང་། ཐུགས་རྗེ་ཆེན་པོའི་གསང་བའི་ཡུམ་ཡིན་པས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་བྱ། བྱིན་རླབས་ཀྱི་རྩ་བ་ཡིན་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཙུག་གི་རྒྱན་གཅིག་ཅེས་བྱ། ཐུགས་རྗེ་ཆེན་པོའི་བཀའ་སྲུང་མཛད་པས་རིགས་འདུས་ཀྱི་ཌཱ་ཀི་མ་ཞེས་བྱ། ལྷ་འདྲེ་མི་གསུམ་དབང་དུ་སྡུད་པས་མཁའ་འགྲོ་ཡེ་ཤེས་དབང་མོ་ཞེས་ཀྱང་བྱའོ། །ཐུགས་ཆེན་སྦ་ལྕག་མར་ལྷ་མོ་འདི་ཉིད་ཀྱི་ཡོན་ཏན་བརྗོད་པའི་སྐབས་སུ། ཨཱ་རལླི་དང་ཕེཾ་གྱི་སྒྲས་མ་མོ་མཁའ་འགྲོ་དང་སྣང་སྲིད་ཐམས་ཅད་དབང་དུ་སྡུད་པར་གསུངས་ཤིང་། ཨོ་རྒྱན་གཏེར་བདག་གླིང་པའི་གསང་བ་ཡེ་ཤེས་ཀྱི་རྒྱུན་ཁྱེར་དགའ་བ་འཁྱིལ་བ་ལས་ཀྱང་། ཆགས་མེད་བདེ་ཆེན་ཡེ་ཤེས་ཡུམ༔ གསང་བ་ཡེ་ཤེས་རྣལ་འབྱོར་མ༔ ཐུགས་རྗེ་ཆགས་པས་ཁམས་གསུམ་འགུགས༔ བདེ་ཆེན་དབྱིངས་སུ་འདྲེན་ལ་བསྟོད༔ ཅེས་གསུངས་སོ། །
སྐུའི་རྣམ་འགྱུར་དང་ཆ་ལུགས་ནི། གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་དང་གསང་བ་ཡེ་ཤེས་ཀྱི་རྒྱུན་གྱི་ཉམས་ལེན་དགའ་བ་འཁྱིལ་བ་གཉིས་ཚིག་མཐུན་པར། སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ༔ གཅེར་བུ་ཁྲོ་འཛུམ་ཆགས་པའི་ཉམས་རྒྱས་པ༔ ཐོད་པའི་ཅོད་པན་དང་དོ་ཤལ་ཅན༔ མེ་ཏོག་གི་ཕྲེང་བ་དང་དྲིལ་གཡེར་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ སྐྲ་གྲོལ་བ་ཐུར་ལ་འཕྱངས་པ༔ ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་པ༔ འོག་མ་གཉིས་ཀྱིས་རལ་གྲི་དང་ཁ་ཊྭཱྃ་ག་འཛིན་པ༔ སྐུ་འགྱིང་བག་ཅན༔ གཡོན་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མེའི་དབུས་ན་དྷཱ་ཀི་སྡེ་བཞིས་བསྐོར་ནས་བཞུགས་པ༔ ཞེས་གསུངས་པ་ལྟར་རོ།། །།
རྡོ་རྗེ་ཕག་མོའི་ལོ་རྒྱུས་བསྡུས་པ་བཞུགས། དབང་སྡུད་གསོལ་འདེབས་ཀྱི་བསྡུས་འགྲེལ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད་པ་ལས་བཏུས།
བཛྲ་ཝཱ་ར་ཧཱི་ནི། གནས་ཡུལ་གྱི་མཁའ་འགྲོ་རྒྱ་མཚོའི་སྤྲུལ་གཞི་མཁའ་སྤྱོད་ཌཱ་ཀིའི་གཙོ་མོ་བཛྲ་ཝཱ་ར་ཧཱི་སྟེ་རྡོ་རྗེ་ཕག་མོ་ཉིད་ཡིན་ལ། ཕྱི་ལྟར་ན་སངས་རྒྱས་མཁའ་འགྲོ། ནང་ལྟར་ན་ཁྲོས་མ་ནག་མོ། གསང་བ་ལྟར་ན་ཆོས་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་ཀྱང་བྱ་བར་གསུངས། ལེགས་སྦྱར་སྐད་ཀྱི་ཝཱ་ར་ཧཱི་ཞེས་པའི་སྒྲ་དོན་ནི་བོད་སྐད་ལ་ཕག་མོ་སྟེ། ཝཱ་ར་ཧའམ་བཱ་ར་ཧ་ནི་ཕག་དང་། དེ་ལ་མོ་རྟགས་ཨི་ཞུགས་ཤིང་ཨི་ཧི་རུ་བསྒྱུར་བས་ཕག་མོ་ཞེས་གྲུབ་པར་བདག་བསྐྱེད་དཀའ་འགྲེལ་ཉི་མའི་འོད་ཟེར་སོགས་ལས་བཤད་དོ། །
གསང་སྔགས་གསར་རྙིང་ཀུན་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདིའི་སྒྲུབ་ཐབས་མང་ཞིང་། ཕག་ནག་ཁྲོས་མ་ནག་མོ་ཕག་དཀར་ཤེས་རབ་གསལ་བྱེད། ཆགས་ལུགས་ཀྱི་ཕག་མོ་སེར་པོ། ས་ལུགས་ཀྱི་ཕག་མོ་རུས་སྦལ་ཞབས་ལུགས། རྭ་ལུགས་ཀྱི་ཕག་མོ་གནམ་ཞབས་མ། ཁྲོ་ལུགས་ཀྱི་ཕག་མོ་དབུ་བཅད་མ་སོགས་རིགས་མི་འདྲ་བ་དུ་མ་སྣང་བ་ལས། འདིར་དབང་གི་ལས་ལ་མཆོག་ཏུ་བསྔགས་པ་ཕག་མོ་དམར་མོ་ཉིད་གཙོ་ཆེར་གཟུང་དགོས་པར་སྣང་ལ། ཡེ་ཤེས་ཀྱི་ཌཱ་ཀི་མ་འདི་ཉིད་ཀྱི་སྐུའི་རྣམ་འགྱུར་ཆ་ལུགས་ནི། མཁའ་འགྲོ་གསང་བ་ཀུན་སྡུད་ཀྱི་རྡོ་རྗེ་ཕག་མོའི་དབང་སྡུད་ལས། དབང་མཛད་པདྨ་དྷཱ་ཀི་ནཱི༔ དམར་སེར་ཉི་གཞོན་འཆར་ཁའི་མདངས༔ ཞི་འཛུམ་ཤིན་ཏུ་ཆགས་པའི་ཉམས༔ དབུ་སྐྲ་སིལ་བུ་མེ་ཏོག་བརྒྱན༔ རྣ་ལྟག་བདེ་ཆེན་ཕག་གི་སྒྲས༔ ས་གསུམ་གཡོ་ཞིང་ཟིལ་གྱིས་གནོན༔ ཕྱག་གཡས་པདྨའི་གྲི་གུག་གིས༔ འཁོར་འདས་ཐམས་ཅད་དབང་དུ་སྡུད༔ གཡོན་པས་ཐོད་པ་ཁྲག་བཀང་གིས༔ རབ་འབྱམས་དབང་གི་དངོས་གྲུབ་སྩོལ༔ མཆན་ཁུང་གཡོན་ན་ཁ་ཊྭཱྃ་ག༔ པདྨ་ཁྲག་འཐུང་ངོ་བོར་འཁྱུད༔ སྤྱན་གསུམ་དམར་ཟླུམ་ཟུར་མིག་གིས༔ བརྟན་གཡོའི་དངོས་ཀུན་ཐོགས་མེད་འགུགས༔ འོད་ཟེར་དམར་པོ་འཁྲིགས་པའི་ཀློང་༔ བརྐྱངས་བསྐུམས་གར་གྱི་བདེ་བས་རོལ༔ ཅེས་གསུངས་པ་ལྟར་རོ། །ཕག་ཞལ་གྱི་མཚོན་དོན་ནི། ཕག་ལ་གཙང་རྨེ་མེད་པའི་དཔེས་བདག་ཏུ་འཛིན་པས་བསྐྱེད་པའི་གཙང་རྨེ་གཉིས་འཛིན་རྣམ་རྟོག་ཐམས་ཅད་ཡེ་ཤེས་ཐུགས་རྗེའི་བརྟུལ་ཞུགས་ཀྱིས་རྩད་ནས་འཇོམས་པ་སྟེ། ཉང་གཏེར་ཕག་མོའི་བསྟོད་པ་ལས། སྲིད་གསུམ་རྣམ་རྟོག་ཐམས་ཅད་འཇོམས་པའི་ཕྱིར༔ འཇིགས་བྱེད་ཆེན་པོ་ཕག་གི་གདོང་པ་ཅན༔ ཞེས་གསུངས་པ་ལྟར་ལ།
དེ་བཞིན་དུ་ཕག་སྐད་ཀྱི་མཚོན་དོན་དང་དགོས་པའང་དྲེགས་པ་ཅན་གྱི་བདུད་དང་དགྲ་བགེགས་ལ་སོགས་པ་འདུལ་ཞིང་བསྒོ་བའི་བཀའ་ལ་ཉན་ནས་ལས་ལ་འཁོལ་བར་བྱེད་པའི་དོན་ཡིན་པར་ཕག་མོ་རིགས་འདུས་མའི་སྒྲུབ་ཐབས་ལས་གསུངས་ཤིང་། འདིའི་ལས་ཚོགས་དག་གཏེར་ཁ་རྣམས་ལས་རྒྱས་པར་འབྱུང་ཞིང་། པདྨ་འོད་གསལ་མདོ་སྔགས་གླིང་པའི་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་རྡོ་རྗེ་ཕག་མོའི་དབང་སྡུད་སོགས་ལས། ཕྱི་འཇིག་རྟེན་དབང་དུ་བསྡུ་བ། ནང་རླུང་སེམས་དབང་དུ་བསྡུ་བ། གསང་བ་སྣང་སེམས་དབང་དུ་བསྡུ་བ་གསུམ་གྱི་ཁོངས་སུ་བསྡུས་ཏེ་འཆད་པར་མཛད་དོ།། །།
རིགས་བྱེད་མའི་ལོ་རྒྱུས་བཞུགས། དབང་སྡུད་གསོལ་འདེབས་ཀྱི་བསྡུས་འགྲེལ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད་པ་ལས་བཏུས།
མ་ལུས་སྐྱེ་དགུའི་ཡིད་འཕྲོག་རིགས་བྱེད་མ་ནི། འཇམ་མགོན་བླ་མ་ཉིད་ཀྱིས་མཛད་པའི་རིགས་བྱེད་དབང་མོའི་བསྟོད་གསོལ་ཙིནྟ་མ་ཎི་ལས། ཨུཏྤལ་མདའ་གཞུས་སྲིད་གསུམ་གྱི། །ཡིད་སྣང་བསྒུལ་ཞིང་དྭངས་བཅུད་དཔལ། །གཅིག་ཏུ་འཆང་བར་མཛད་ལ་འདུད། །སྣང་སྲིད་ཡོངས་ཀྱི་ཕུན་ཚོགས་དང་། །མཛེས་སྡུག་བདེ་བའི་ཉམས་འགྱུར་ཀུན། །གང་སྐུ་གཅིག་ལ་འཕྲོ་ཞིང་འདུ། །ཞེས་གསུངས་པ་བཞིན། མ་ལུས་ཤིང་ལུས་པ་མེད་པའི་མཐོང་ཐོས་དྲན་རེག་གི་སྐྱེ་དགུའི་ཡིད་སྣང་དབང་མེད་དུ་འཕྲོག་པར་བྱེད་པའི་བདག་ཉིད་ཅན་དུ་བཞུགས་པ་རིགས་བྱེད་མ་བྱ་བའི་༼ཀུ་རུ་ཀུལླེ་ཞེས་པའི་སྒྲ་ཌུ་ཀྲྀ་ཉྲ་བྱེད་པ་ལ་ཧི་དང་། ཀུ་ལ་ཚོགས་པ་ལ་གྷ་ཉྲ་སྦྱར་མཐར། ཨཱི་པྲ་བྱིན་པས་གྲུབ་པ་དང་། བོད་སྐད་དུ་ཆགས་བྱེད་མར་འགྱུར་ཚུལ་སོགས་སྣང་ཡང་དཔྱད་བྱའི་གནས་དང་། རྡོ་རྗེ་སྙིང་འགྲེལ་དུ་ངེས་ཚིག་གི་བཤད་པ་ཡོད་པ་ལྟར་ལེགས། ཞེས་དང་། ཀུ་རུ་ཀུལླེ་ཞེས་པ་སྔ་མ་རྣམས་ཀྱིས་རིགས་བྱེད་མར་བསྒྱུར། ཡིད་བཟང་རྩེ་པས། ས་སྒྲོག་རིགས་སུ་བསྒྱུར་བར་སྣང་ཞེས་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གསུངས། རིགས་བྱེད་མ་ཞེས་པ་ལ་ཡང་འཇུག་ས་མེད་པ་ཅན་འབྱུང་བ་ཤས་ཆེ་མོད། བ་རི་ལོ་ཙཱ་བའི་སྒྲུབ་ཐབས་བརྒྱ་རྩའི་ནང་གི་རིགས་བྱེད་མའི་ཆོས་སྐོར་རྣམས་དང་། པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་གཏེར་གཞུང་དང་། འཇམ་མགོན་བླ་མ་ཉིད་ཀྱིས་མཛད་པའི་རིགས་བྱེད་མའི་བསྙེན་ཡིག་དང་། རིགས་བྱེད་མའི་བསྟོད་གསོལ་དབང་གི་ལྕགས་ཀྱུ། རིགས་བྱེད་དཔལ་མོའི་བསྟོད་གསོལ་ཙིནྟ་མ་ཎི་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་བསང་མཆོད་པདྨའི་དྲྭ་བ་སོགས་སུ་ཡང་འཇུག་ས་ཡོད་པ་ཅན་ཤ་སྟག་འདུག་ཅིང་། སྒྲའི་བསྟན་བཅོས་རྣམས་སུའང་ཀུ་རུ་ཀུལླེའི་སྐད་དོད་ལ་རིག་ས་མཐའ་མེད་པ་འབྱུང་བ་དཀོན་ཞིང་། ཀུ་རུ་ཞེས་པ་བྱ་དང་བྱོས་མཛད་དང་མཛོད་སོགས་ཀྱི་དོན་ལ་འཇུག་པ་དང་། ཀུ་ལེ་དང་ཀུ་ལེེཿསོགས་ནི་རིགས་ཀྱི་དོན་ལ་འཇུག་པར་བཤད་པ་ཡོད་པར་མ་ཟད། འཇམ་མགོན་བླ་མ་མི་ཕམ་པ་ཉིད་ཀྱི་སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་ལས་ཀྱང་། ཀུ་རུ་ཀུལླེ། རིགས་བྱེད་མ་ཞེས་རིགས་ས་མཐའ་ཅན་བྱུང་བས་འདིར་ས་མཐའ་ཅན་དུ་བྱས་པའོ། །༽ལྷ་མོ་འདི་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་སོར་རྟོག་ཡེ་ཤེས་སྟོབས་སུ་ཤར་བའི་རང་གཟུགས་གོས་དཀར་མོ་སོགས་སུ་སྣང་ཞིང་། རྣམ་པ་རྗེ་བཙུན་འཕགས་མ་སྒྲོལ་མ་ཉིད་གཞན་དོན་ལ་རྗེས་སུ་ཆགས་པ་ལྷོ་ཕྱོགས་རིགས་བྱེད་ཕུག་ན་དབང་གི་ལྷ་མོའི་ཚུལ་སྟོན་ཞེས་པདྨ་འགྲོ་འདུལ་རྩལ་གྱི་དབང་གི་ལྷ་མོའི་དབང་སྐུར་བའི་ཆོ་ག་ཁྲིགས་སུ་བསྡེབས་པ་པདྨ་རཱ་གའི་བུམ་པ་ལས་གསུངས་ཤིང་། གཞན་དུ་ཡེ་ཤེས་མཁའ་འགྲོ་མ་འདི་ཉིད་འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་བཤད་པའང་སྣང་། མཆོག་གླིང་གཏེར་བྱོན་པདྨ་མཁའ་འགྲོའི་འབུལ་བསྟོད་འཕྲིན་བཅོལ་ལས། མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོ་རྗེ༔ གར་དབང་ཡུམ་མཆོག་གསང་བ་ཡེ་ཤེས་དང་༔ ཚེ་ལ་དབང་མཛད་ཡིད་བཞིན་འཁོར་ལོ་སོགས༔ ཅི་ཡང་གར་བསྒྱུར་རྣལ་འབྱོར་མ་ལ་བསྟོད༔ ཕྱི་པ་རྣམས་ལ་ལྷ་མོ་ཨུ་མར་སྤྲུལ༔ ནང་པ་རྣམས་ལ་ལྷ་མོ་རིག་བྱེད་མ༔ བསྟན་པ་སྲུང་མཛད་འདོད་ཁམས་དབང་མོར་སྣང་༔ གང་འདུལ་ཐབས་ཀྱིས་དབང་སྡུད་མ་ལ་བསྟོད༔ ཅེས་ཀྱང་གསུངས་སོ། །
དེ་ལྟར་གང་འདུལ་འདོད་དགུར་བསྒྱུར་བའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི་ལྷ་མོ་འདི་ཉིད་གང་དུ་བཞུགས་ན། པདྨ་འགྲོ་འདུལ་རྩལ་གྱི་དབང་སྐུར་བའི་ཆོ་ག་ཁྲིགས་སུ་བསྡེབས་པ་ལས། ལྷོ་ཕྱོགས་རིག་བྱེད་ཕུག་ན་དབང་གི་ལྷ་མོའི་ཚུལ་སྟོན། ཞེས་དང་། པདྨ་མཁའ་འགྲོའི་རྗེས་ཀྱི་ལས་རིམ་སྙིང་པོར་དྲིལ་བ་མཁའ་འགྲོ་དགྱེས་པའི་རོལ་མོ་དང་གཏེར་གསར་པདྨ་མཁའ་འགྲོ་བཀའ་སྲུང་དང་བཅས་པའི་སྐོང་བ་བདེ་ཆེན་རབ་དགྱེས་སོགས་ལས་ཀྱང་། མཁའ་སྤྱོད་ཀུ་རུ་ཀུལླེའི་བྲག་ཕུག་ནས་ཞེས་ཡང་ཡང་འབྱུང་བ་ལ་གཞིགས་ན། རྒྱུན་པར་ལྷོ་ཕྱོགས་རིགས་བྱེད་ཕུག་ཅེས་པ་ན་བཞུགས་པར་གསལ་ཞིང་། ཡང་སྐབས་འགར་མི་མོ་ཕལ་པའི་རྣམ་པར་བསྒྱུར་ནས་གནས་ངེས་མེད་དུ་བྱོན་ནས་སྐལ་ལྡན་རྣམས་རྗེས་སུ་འཛིན་པ་ཡིན་ཏེ། སྔོན་རྒྱལ་པོ་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་བྱ་བར་བཙུན་མོ་མང་དུ་མཆིས་པ་ལས། བཙུན་མོ་ཞིག་ཡོད་པའི་སར་རྒྱལ་པོ་འབྱོན་དུ་མི་འདོད་པ་ལ། བཙུན་མོ་དུས་རང་གི་ཞལ་ཏ་མ་རིག་པ་ཅན་ཞིག་ཡོད་པར་རྒྱལ་པོ་དབང་དུ་བྱ་བའི་རིག་པ་ཚོལ་ལ་ཤོག་ཅིག་ཅེས་བསྒོས་ཤིང་། དེ་རིག་པ་འཚོལ་བའི་ཕྱིར་སྐུད་པ་འཚོང་བའི་ཚོང་འདུས་ཤིག་ཏུ་ཕྱིན་སྐབས། བུད་མེད་དམར་སྨུག་ཤིན་ཏུ་མཛེས་ཤིང་སྣུམ་པ་ཞིག་དང་འཕྲད་དེ་ལོ་རྒྱུས་བསྙད་པས། གང་དམིགས་པའི་ཡུལ་དེ་ལ་འདི་སྦྱིན་ཅིག་ཅེས་བསྒོས་ནས་བཟའ་རྒྱུའི་རིགས་ཤིག་བསྐུར་བ་དེ་བཙུན་མོར་གཏད་ཅིང་རྒྱུ་མཚན་བཤད་པས། བཙུན་མོས་རྒྱལ་པོ་ལ་འདྲེན་མ་ནུས་པར་ཕོ་བྲང་ཉེ་ལོགས་ན་མཚོ་ཆུང་ཞིག་ཡོད་པའི་ནང་དུ་བསྐྱུར་ཏོ། དེར་མཚོ་དེར་གནས་པའི་ཀླུ་རྣམས་དབང་དུ་འདུས་ཤིང་། ཀླུ་ཞིག་རྒྱལ་པོར་བརྫུས་ནས་བཙུན་མོའི་སར་འོངས་ཏེ་དགའ་མགུར་སྤྱད་པ་ལས་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར། དེར་རྒྱལ་པོ་ཁྲོས་ཏེ་བཙུན་མོ་ལ་ཆད་པ་གཅོད་པར་བསྒོས་པ་ལ། བཙུན་མོས་སྔར་གྱི་རྒྱུ་མཚན་བསྙད་པས། རྒྱལ་པོས། འོ་ན་རེ་ཞིག་བརྟག་པར་བྱ་ཡིས་གསུངས་ནས། ཞལ་ཏ་མ་དེ་སྔར་གྱི་གནས་སུ་བུད་མེད་དམར་མོ་དེ་འཚོལ་དུ་བཏང་བས་རྙེད་དེ་ཕོ་བྲང་དུ་སྤྱན་དྲངས་ནས་འོངས་པ་ལ། རྒྱལ་པོས་དྲིས་ནས། བུད་མེད་དེ་བཅོན་ལྡན་རིགས་བྱེད་མ་ཡིན་པར་ཤེས་ནས་ཞབས་ལ་བཏུད་ཅིང་དེ་ཉིད་དུ་རྗེས་སུ་འཛིན་པར་ཞུ་ཞུས་པས། དེས་ཀྱང་རྗེས་སུ་གནང་སྟེ་བྱིན་གྱིས་བརླབས་ནས་གྲུབ་པ་ཐོབ་པར་གྱུར་ཏོ། །
སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པའི་རིགས་བྱེད་མའི་སྒྲུབ་ཐབས་སྐོར་རྣམས་རྡོ་རྗེ་གདན་པ་ཆུང་བ་དང་བ་རི་ལོ་ཙཱ་བ་ལས་བརྒྱུད་དེ་བོད་དུ་དར་ནས་དེང་སང་གི་བར་དུ་བཞུགས་སོ། །བརྟག་གཉིས་དང་རྡོ་རྗེ་གུར་སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བཅུ་དྲུག་པ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་སོགས་ལས་མངོན་རྟོགས་འདྲ་མིན་ཅི་རིགས་ཤིག་གསུངས་ལ། སྔ་འགྱུར་གཏེར་ཕྱོགས་ནས་ཀྱང་རིགས་བྱེད་མ་དཀར་མོ་སོགས་ཁ་དོག་སྣ་ཚོགས་པའི་རིགས་བྱེད་མ་མཆིས་པར་བཤད་མོད། ཕལ་མོ་ཆེར་དབང་གི་ལས་ལ་མཆོག་ཏུ་བསྔགས་པའི་དམར་མོ་ཕྱག་བཞི་མ་འདི་འོང་ཚན་ཆེ་བར་སྣང་། དབང་གི་ལྷ་མོའི་དབང་སྐུར་བའི་ཆོ་ག་ཁྲིགས་སུ་བསྡེབས་པ་པདྨ་རཱ་གའི་བུམ་པ་ལས། སོ་སོར་རྟོགས་པའི་རང་མདངས་དབང་བྱེད་པདྨ་མཁའ་འགྲོ་སིནྡྷི་རའི་ལྷུན་པོ་ལ་ཐུན་མཚམས་འོད་མདངས་ཀྱིས་འཁྱུད་པ་ལྟ་བུ༔ འཛུམ་ཞིང་ཆགས་པའི་མདངས་ཅན༔ ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་ལྕགས་ཀྱུ་དང་ཞགས་པ༔ འོག་མ་གཉིས་ཨུཏྤལ་དམར་པོའི་མདའ་གཞུ་འགེངས་པ༔ དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་བསྐྱངས་བསྐུམས་གར་སྟབས་ཀྱི་རོལ་པ་ཅན༔ ཞེས་གསུངས་པ་ལྟར་རམ། ཡང་ན། ཕྱག་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདའ་གཞུ་སྙན་གྱི་དྲུང་དུ་འགེངས་པས་འཁོར་འདས་ཀྱི་སྲོག་རྩ་དབང་མེད་དུ་འདྲེན་པ༔ གཡས་འོག་མས་ཐོད་པའི་ཌཱ་མ་རུ་འཁྲོལ་བའི་སྒྲས་ཁམས་གསུམ་ཐམས་ཅད་འདར་ཞིང་གཡོ་བ༔ གཡོན་འོག་མས་ཀཱ་པ་ལ་ཁྲག་གིས་གང་བ་སྟ་ཟུར་གཡོན་དུ་འཆང་བས་སྲིད་པ་གསུམ་གྱི་ཡིད་རང་དབང་མེད་པར་འཕྲོག་པ༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དབང་གི་ལྷ་མོ་འདི་ལ་རྒྱལ་མཆོག་ལྔ་པ་ཆེན་པོས། སྣང་མཛོད་འབུམ་གྱིས་དྲྭ་བས་འཁྱུད་པའི་བྱུ་རུའི་རྡུལ་བརྩེགས་ལ། །བརྟན་གཡོའི་དངོས་ཀུན་དབང་དུ་བྱེད་པའི་ཡོན་ཏན་ཡོངས་རྫོགས་པའི། །ཟུར་མིག་ཉག་ཕྲན་ཙམ་གྱིས་དགེ་བའི་གཟུགས་ཅན་འདུས་མ་བྱས། །འདར་མཛད་རིག་བྱེད་ལྷ་མོས་སྲིད་པ་གསུམ་ལ་མངའ་སྒྱུར་ཅིག །ཅེས་ཆེད་དུ་བསྔགས་པའི་མེ་ཏོག་གཏོར་ཏེ་དབང་གི་ཕྲིན་ལས་དང་འབྲེལ་བའི་འདོད་དོན་གསོལ་བར་མཛད་ཅིང་། གསོལ་འདེབས་འདི་མཛད་པ་པོ་ཀུན་མཁྱེམ་མི་ཕམ་པ་ཆེན་པོས་ཀྱང་ལྷ་མོ་འདི་ཉིད་མཁའ་འགྲོ་ཡོངས་ཀྱི་གཙོ་མོར་བསྟེན་པ་དང་བསྙེན་ཡིག་མཛད་ཚུལ་སོགས་རྗེ་བླ་མས་མཛད་པའི་རིགས་བྱེད་དབང་མོའི་སྒྲུབ་ཐབས་འདོད་དགུའི་དཔལ་སྟེར་གྱི་ལས་འགྲིག་ལས་གསུངས་སོ།། །།
མཁའ་འགྲོ་མ་སུ་ཁ་སིདྡྷིའམ་བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས། མཛད་པ་པོ་བྱམས་པ་རིན་ཆེན་བཟང་པོ།
རྒྱ་གར་སྐད་དུ། སུ་ཁ་སིདྡྷི། བོད་སྐད་དུ། བདེ་བའི་དངོས་གྲུབ་ཀྱི་ལོ་རྒྱུས་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དེ་ལ་རྒྱ་གར་ཁ་ཆེ་ན་གྲོང་ཁྱེར་ཆེན་པོ་འབུམ་ཚོ་སུམ་ཅུ་སོ་བརྒྱད་ཡོད་པ་ལས། འདི་ནུབ་བྱང་ཁ་ཆེའི་གྲོང་ཁྱེར་བ་ཡིན་ནོ། །དེ་ཡང་གྲོང་ཁྱེར་དེར་བཟའ་མི་གཉིས་ལ་བུ་གསུམ། བུ་མོ་གསུམ་དང་། ཁོ་རང་གཉིས་དང་བརྒྱད་ཡོད་པ་ལས། ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏེ། རྒྱགས་འབྲས་བུམ་པ་གང་ལས་མེད་པ་ལ་དེ་ཟ་མ་ནུས་པར་ཁ་བཅད་དེ་སྦས་ནས་བཞག་གོ །དེ་ནས་བུ་གསུམ་ལྷོ་ཕྱོགས་སུ་ཟས་འཚོལ་དུ་སོང་། བུ་མོ་གསུམ་བྱང་དུ་སོང་། ཕ་ནུབ་ཏུ་སོང་། དེ་ནས་མ་ལ་དུས་གཅིག་ན། ཤིན་ཏུ་ཕོངས་པ་གཅིག་ཟས་འཚོལ་དུ་བྱུང་ནས་འབྲས་ཀྱི་བུམ་པ་ཁ་ཕྱེ་སྟེ་བཙོས་ནས་བྱིན་ནོ། །
དེར་ཕས་ཟས་མ་རྙེད་པར་བཀྲེས་པས་ཉེན་པ་ད་ནི་ཁྱིམ་གྱི་འབྲས་བུམ་པ་གང་པོ་ཟོས་ལ། དེ་ནས་བཙལ་དགོས་སྙམ་ནས་ལོག་པ་དང་། བུ་མོ་གསུམ་གྱིས་ཀྱང་དེ་བཞིན་དུ་ལོག །བུ་གསུམ་ཡང་ལོག །དེར་ཁོང་རྣམས་གྲོས་བྱས་པ་བཞིན་དུ་དུས་གཅིག་ལ་ལོག་ནས། ད་ནི་མས་འབྲས་ཀྱི་བུམ་པ་ཁ་ཕྱེ་ལ་བྱིན་ཅིག །བཀྲེས་པས་ཉེན་ཅིང་ཉམ་ཐག་པར་གྱུར་ཏོ་ཞེས་ཟེར་བ་ལ།
མ་ཡིས་སྨྲས་པ། ཁྱེད་རྣམས་ཀྱིས་ཟས་རྙེད་དེ་འོང་སྙམ་ནས་ཤིན་ཏུ་དབུལ་ཞིང་ཉམ་ཐག་པ་ཞིག་ཟས་སློང་དུ་བྱུང་ནས། དེ་ལ་བྱིན་ནས་མེད་བྱས་པས་ཁྱོ་དང་བུ་གསུམ་པོ་མགྲིན་གཅིག་ཏུ་སྡེབས་ནས། མ་ལ་སྨྲས་པ། ཁྱོད་ཀྱིས་སྔར་ཡང་འདི་ཀ་བཞིན་བྱས་པས་ངེད་རྣམས་སྐྱིད་དུ་མ་སྟེར། ད་ཡང་ཁྱོད་ཀྱིས་ཟས་ཚོལ་བ་དང་མི་འོང་སྟེ། ངོས་ཀྱིས་བསགས་པ་རྣམས་ཀྱང་མེད་པར་བྱས་པས། འདི་ཕྱིར་ཐོན་ཅིག་ཟེར་ནས་ཁྱིམ་ནས་བཏོན་ནོ། །
དེ་ནས་རྒན་མོ་དེས་ཁ་ཆེའི་ཡུལ་ནས་ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་ཕྱིན་པ་དང་། ཨོ་རྒྱན་གྱི་མི་རྣམས་ནི། ཕོ་སྐྱེས་པ་ཐམས་ཅད་ནི་དཔའ་བོ། མོ་སྐྱེས་པ་ཐམས་ཅད་ནི་དཔའ་མོ་ཤ་སྟག་ཏུ་འདུག་པ། གནས་དེར་ཕྱིན་པ་ཙམ་གྱིས་རིག་པ་རང་བཞིན་གྱིས་དྭངས་པར་འདུག་སྐད། དུས་དེར་འབྲས་རྩ་བ་དང་འཛོམས་ནས་འབྲས་བསྒྲུབས་པས་ཁལ་གཅིག་རྙེད་དོ། །དེ་གྲོང་ཁྱེར་དུ་ཁྱེར་ནས་ཆང་ཚོང་མ་བྱས་སོ། །དེའི་དུས་སུ་ཨོ་རྒྱན་གྱི་ནགས་ཁྲོད་ན། སློབ་དཔོན་ནག་པོ་བིར་ཝ་པ་ཞེས་ཀྱང་བྱ། ཨ་ཝ་དྷཱུ་ཏི་པ་ཞེས་ཀྱང་བྱ་བ་དེས། ཕྱག་རྒྱ་མ་ཨ་ཝ་དྷུ་ཏི་མ་དང་གཉིས་གསང་གཅོད་མཛད་ཅིང་ཡོད་པ་ལས། རྣལ་འབྱོར་མ་དེས་རྟག་ཏུ་ཆང་ཉོར་ཕྱིན་ནོ། །དེ་ནས་རྒན་མོ་ཆང་ཚོང་མ་དེ་ལ་ཡང་སྐབས་སུ་ཆང་ཉོས་པས་ཆང་གཞན་པས་ཞིམ་པ་ཤ་སྟག་བཙོངས་སོ། །
དེར་རྒན་མོས་སྨྲས་པ། རྣལ་འབྱོར་མ་ཁྱོད་ཆང་ཉོས་ནས་སུ་ལ་འཁྱེར་བ་ཡིན་བྱས་པས། རྣལ་འབྱོར་མས་སྨྲས་པ། ནགས་ཁྲོད་ན་རྣལ་འབྱོར་པ་བཟང་པོ་ཞིག་བཞུགས་པས་དེ་ལ་འདྲེན་པ་ཡིན་ཟེར། རྒན་མོས་སྨྲས་པ། ད་ནི་ཁྱེད་ལ་ཆང་རིན་མི་འདོད་དོ་ཟེར་ནས་འབྲས་ཆང་ཉིང་བསྲིངས་བྱས་ཀྱིན་བསྐུར་རོ། །དེར་བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་རིན་མི་དགོས་པར་ཆང་ཞིམ་པོ་ཤ་སྟག་འབྱུང་བ་འདི་ཇི་ལྟར་བྱས་པ་ཡིན་གསུངས་པ་དང་། དེར་སྔར་གྱི་ཆང་ཚོང་མ་དང་མི་འདྲ་བའི་དད་པ་ཅན་ཞིག་འདུག་སྟེ། ངའི་བླ་མ་བཟང་པོ་ཞིག་ནགས་ཁྲོད་ན་བཞུགས་ཡོད་པས་དེ་ལ་འདྲེན་པ་ཡིན་བྱས་པས། ཆང་ཚོང་མ་དད་པ་སྐྱེས་ནས་བསྐུར་བ་ལགས་ཞུས་པས། བིར་ཝ་པའི་ཞལ་ནས། རྣལ་འབྱོར་མ་ཅི་ནས་ཀྱང་རྒན་མོ་དེ་ཁམས་གསུམ་ནས་འདྲེན་དགོས་པས་ཁྲིད་ལ་ཤོག་གསུངས་ནས་རྣལ་འབྱོར་མ་རྒན་མོའི་རྩར་ཕྱིན་ནོ། །
དེར་རྣལ་འབྱོར་མ་དེས་རྒན་མོ་ལ་སྨྲས་པ། ངའི་བླ་མ་བིར་ཝ་པའི་ཞལ་ནས། ཆང་ཚོང་མ་ཁྲིད་ལ་ཤོག་འཁོར་བ་ནས་འདྲེན་དགོས་གསུངས་པས། ཁྱོད་འདོངས་དང་བྱས་པས། རྒན་མོ་དེ་ཤིན་ཏུ་མོས་ཏེ། འབྲས་ཆང་བུམ་པ་གང་དང་བཅས་ཏེ་མཇལ་དུ་ཕྱིན་ནོ། །རྗེ་བཙུན་བིར་ཝ་པས་དུས་དེ་ཉིད་དུ་གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི་དབང་བཞི་རྫོགས་སུ་བསྐུར། བསྐྱེད་རྫོགས་ཆོས་དྲུག་དང་བཅས་པ་དབང་གི་ཕྲིན་ལས་འདུ་བ་རྣམ་གསུམ་དང་བཅས་པ་གསུངས་པས། དུས་དེ་ཉིད་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་ཏོ། །
དེ་ཡང་བུ་ཁྱོ་རྣམས་ཀྱིས་ཁ་ཆེའི་ཡུལ་ནས་བཏོན་པའི་དུས་སུ་ལོ་ལྔ་བཅུ་རྩ་བརྒྱད་ལོན། ཨོ་རྒྱན་གྱི་ཡུལ་དུ་ཕྱིན་ནས་ཆང་ཚོང་ཙ་ན་དྲུག་ཅུ་ཐམ་པ། བིར་ཝ་པ་དང་མཇལ་ནས་དབང་བསྐུར་བྱས་ཙ་ན་དྲུག་ཅུ་རྩ་གཅིག་ལོན་ནོ། །དེར་ནུབ་གཅིག་ལ་གྲུབ་པ་ཐོབ་པའི་སྟོབས་ཀྱིས་དྲུག་ཅུ་རྩ་གཅིག་ལོན་པའི་རྣམ་སྨིན་ལུས་དེ་རང་དག་ལ་སོང་སྟེ། འཇའ་ལུས་སུ་གྱུར་ནས་གཞོན་ཞིང་ལང་ཚོ་དར་ལ་བབ་པ། སྐུ་མདོག་ཤིན་ཏུ་དཀར་བ། དབུ་སྐྲ་སིལ་བུ་སྐུ་རྒྱབ་ནོན་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ལྟར་ལྟ་བས་ཆོག་མི་ཤེས་པ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་བཞུགས་པའི་ཡེ་ཤེས་མཁའ་འགྲོ་སུ་ཁ་སིདྡྷི་ཞེས་བྱ་བར་གྱུར་ཏོ། །དེ་ཡང་མཁའ་འགྲོ་མ་དེ་བཅོམ་ལྡན་འདས་བདག་མེད་མར་དངོས་སུ་གྱུར་ཏོ། །བིར་ཝ་པ་དང་དགྱེས་མཛད་ཐ་དད་མེད་པའི་གསང་ཡུམ་ཀྱང་མཛད། ད་ལྟར་ཡང་འདས་གྲོངས་མི་མངའ་བར་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱི་གཟིགས་པ་དུས་དྲུག་རྟག་ཏུ་འཇུག་གོ །དེ་བས་ཀྱང་ཁྱད་པར་སྣང་བ་དག་པ་རྣམས་ལ་ཆོས་གསུངས། གསང་སྒྲུབ་ཉམས་སུ་ལེན་པ་དང་། གསོལ་བ་འདེབས་པ་ཐམས་ཅད་ལ་དངོས་སུ་བྱིན་གྱིས་རློབ་ཅིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད་དོ། །
དེའི་ཕྱིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེའི་རྣམ་ཐར་དང་། མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་མོས་པར་གྱུར་ཏེ། བདག་དད་པའི་ས་བོན་གཏིང་ནས་གཡོས་ཏེ། བདག་ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་གྱི་ཕྱོགས་ཐམས་ཅད་དུ་ཕྱིན་པས། ཙནྡན་གྱི་སྡོང་པོའི་ནགས་ཀྱི་སྟེང་དུ། ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཇའ་འོད་འཁྱིལ་པའི་དབུས་ན། མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པ་རྒྱང་ནས་མཐོང་ངོ་། །
དེ་ནས་དྲུང་དུ་ཕྱིན་ཏེ་ཕྱག་བཙལ་བསྐོར་བ་བྱས་ནས་གསེར་སྲང་ལྔ་ཕུལ་ནས་ཡང་དག་པའི་གདམས་པ་ཞུས་པས། ཐུན་མོང་མ་ཡིན་པའི་དབང་བཞི་རྫོགས་པར་བསྐུར། གསང་སྒྲུབ་ཀྱི་བསྐྱེད་རྫོགས་ཆོས་དྲུག་འདུ་བ་གསུམ་ཞལ་གདམས་དང་བཅས་པ་དང་། ཁྱད་པར་དུ་ལོ་ཟླ་ཙམ་གྱིས་སངས་རྒྱ་བའི་གནད་ཁྱད་པར་དུ་འཕགས་པ་དང་། གསང་སྔགས་ཀྱི་གནད་མ་ལུས་པར་གནང་ངོ་། །བདག་གི་རྩ་བའི་བླ་མ་བཞི་ལ་ཁྱད་པར་དུ་དྲིན་ཆེ་བའི་བླ་མ་སུ་ཁ་སིདྡྷི་ཡིན་ནོ། །དེ་ཡང་དང་པོར་དྲིན་ཆེ་སྟེ་ལུང་མང་པོ་སྟོན། བར་དུ་དྲིན་ཆེ་སྟེ་གསང་ཡུམ་མཛད་དེ་དབང་ཐམས་ཅད་མ་ལུས་པར་ཐོབ། ཐ་མ་དྲིན་ཆེ་སྟེ་དབང་ལག་ལེན་ཞལ་གདམས་དང་བཅས་པ་ཐམས་ཅད་གནང་ངོ་། །
དེ་ཡང་བདག་ལ་རྒྱ་བོད་ཐམས་ཅད་དུ་འདུ་འབྲལ་མེད་པར་བྱིན་གྱིས་རློབ་ཅིང་དབང་བཞི་རྫོགས་རྟག་ཏུ་བསྐུར་རོ། །གསང་སྔགས་ཀྱི་གནད་རྣམས་རྒྱུན་ཆད་མེད་པར་གསུངས་པས་ཤིན་ཏུ་དྲིན་ཆེའོ། །ཕྱི་རབས་ཀྱི་བུ་སློབ་རྣམས་ཀྱིས་ཀྱང་གསང་ནས་གསང་སྒྲུབ་འདི་བསྒྲུབ་པར་བྱའོ། །བླ་མ་རྨོག་ལྕོག་པའི་ཞལ་ནས། སྡིང་མར་བསྒྲུབ་པ་བྱས་པའི་དུས་སུ་སུ་ཁ་སིདྡྷི་འདི་ཐོག་མར་ཞལ་མཐོང་། དེའི་དུས་སུ་དབང་བཞི་རྫོགས་སུ་བསྐུར། ཆོས་མང་དུ་གསུངས། དེ་ནས་རྨོག་ལྕོག་གི་བྲག་ལོགས་ལ་སྒྲུབ་པ་བྱེད་ཅིང་བསྡད་པའི་དུས་སུ། སུ་ཁ་སིདྡྷི་བྱོན་ནས་ལུང་བསྟན་མང་པོ་མཛད།
དེ་ནས་བཟུང་ནས་འདུ་འབྲལ་གཅིག་ཀྱང་མེད་གསུངས་སོ། །བླ་མ་སྐྱེར་སྒང་པའི་ཞལ་ནས། ངས་ལྷ་ས་འཕྲུལ་སྣང་དུ་ཕྱིན་པའི་དུས་སུ། སུ་ཁ་སིདྡྷི་འདིས་རྫོགས་རིམ་གྱི་ཆོས་མང་དུ་གསུངས། དུས་རྟག་ཏུ་དབང་བཞི་རྫོགས་སུ་བསྐུར། འདུ་འབྲལ་ནི་སྐད་ཅིག་ཀྱང་མེད་གསུངས་སོ། །སངས་རྒྱས་གཉན་སྟོན་གྱི་ཞལ་ནས། སྐྱེར་སྒང་དུ་གྲོ་ཐོན་ནས་བྲག་ཁ་ཞིག་ཏུ་བསྡད་པའི་དུས་སུ། སུ་ཁ་སིདྡྷིའི་ཞལ་མཐོང་། རིག་པ་རྟེན་མེད་དུ་ཞོག་དང་རྣལ་འབྱོར་པ་ཞེས་ལན་གསུམ་གསུངས། དེ་ནས་ད་ལྟ་ཡན་ཆོད་དུ་འདུ་འབྲལ་མེད། དབང་བཞི་ཁྱད་འཕགས་ཀྱི་གདམས་པ་མ་ལུས་པ་གནང་། ལུང་བསྟན་མང་པོ་མཛད་དོ། །ཁྱེད་བུ་སློབ་རྣམས་ལོ་ཟླ་ཙམ་གྱིས་སངས་རྒྱ་བར་འདོད་ན། གནས་དབེན་པར་བསྟེན་ལ་གསང་སྒྲུབ་འདི་གསང་ལ་སྒྲུབས་ཤིག་གསུངས་སོ། །
དེ་ནས་རིམ་པ་ལྟར། ཆོས་རྗེ་སྟོན་པ། མཁས་གྲུབ་ཤངས་སྟོན། མཁས་བཙུན་པ། ཁྱུང་པོ་ཚུལ་མགོན། རི་ཁྲོད་རས་ཆེན། ཤངས་པ་དཀར་པོ། སངས་རྒྱས་དཔལ་བཟང་། ནམ་མཁའི་མཚན་ཅན། སྐུ་སྐྱེ་རིན་པོ་ཆེ་སངས་རྒྱས་ཆོས་ཀྱི་ཀུན་དགའ་བཀྲ་ཤིས་ངག་དབང་རྒྱལ་མཚན་དཔལ་བཟང་པོ་ལ་བརྒྱུད་དེ། དམ་པ་དེས་བདག་བྱམས་པ་རིན་ཆེན་བཟང་པོ་ལ་བརྩེ་བས་གནང་ངོ་།། །།
ཡིད་འཕྲོག་མའི་ལོ་རྒྱུས་བཞུགས་སོ། །གཡུ་ཐོག་གསར་རྙིང་གི་རྣམ་ཐར་ལས་བཏུས།
དུས་ནམ་ཞིག་གི་ཚེ་བྲམ་ཟེ་ཁྲིམས་རོགས་དང་བཅས་དོན་གཉེར་བ་ལ་ཕྱིན་པས།
ལམ་བར་ཞིག་ཏུ་བུད་མེད་མཛེས་ཤིང་ཡིད་དུ་འོང་བ་ཞིག་དང་འཕྲད་པ་ལས། བྲམ་ཟེའི་ཡིད་འགྱུས་ཏེ་བུད་མེད་མཛེས་མ་འདི་ལྟ་བུ་ཆུང་མར་ཆོད་ན་དགའ་སྟེ་བསམ། བཟང་མོ་ཁྱོད་གང་འདོད་བྱས་པས། བདག་ཆང་འཚོང་མའི་བུ་མོ་སྐྱེས་པའི་ཡིད་འཕྲོག་མ་བྱ་བ་ཡིན་ཏེ། ཆང་ཉོ་མཁན་འདོད་བྱས་པས། བྲམ་ཟེ་ང་ལ་ཕུ་བོའི་ལག་ན་གསེར་བུམ་པ་གང་ཡོད། ཕྱིས་སུ་རིན་ལ་གསེར་འཇལ་བས་ཆང་འཚོང་ངམ་བྱས་པས་རུང་ཟེར་བས། ཡིད་འཕྲོག་མའི་རྗེས་ལ་ཕྱིན་ནོ། །རྒྱ་གར་ན་ཆང་འཚོང་མ་ལ་ཁང་པ་སྟེང་ཁང་སློང་པ་མེད་པས། འོག་ཁང་ཡངས་ལ་རྒྱ་ཆེ་བ་འོག་དོང་དང་བཅས་པ་ཞིག་འདུག་པའི་ནང་དུ་ཕྱིན་ནས་སྨྱོ་ཆུ་ལ་རོལ་ལོ། །
བྲམ་ཟེའི་བསམ་པ་ལ་ཡིད་འཕྲོག་མ་གང་དུ་ཉལ་ལམ་ང་དགའ་མགུར་སྤྱོད་པ་ལ་འགྲོ་དགོས་བསམ་པ་ཡོད་པའི་ཚེ། ཡིད་འཕྲོག་མས་ཁྲིམས་རོགས་པ་ཁང་པའི་སྦུག་ཐག་རིང་བ་ཞིག་ཏུ་བསྙལ་ཏེ། བྲམ་ཟེ་སྦུག་གཞན་ཞིག་ཏུ་བསྙལ། ཡིད་འཕྲོག་མ་རང་ཐབ་ཁའི་རྩར་ཉལ་སོང་ངོ་། །དེ་ནས་བྲམ་ཟེའི་ཁྲིམས་རོགས་པ་གཉིད་དུ་སོང་བ་ཙམ་ནས་ཡིད་འཕྲོག་མའི་རྩར་ཕྱིན་ནས་འདི་སྐད་སྨྲས་པ། ཡིད་འོང་ཡིད་མཛེས་ཡིད་འཕྲོག་མ། །ཤེས་རབ་ཆེ་ཞིང་བློ་གྲོས་ཆེ། །གཞོན་ཤ་ལྡན་ཞིང་མེ་དྲོད་ལྡན། །པད་ཞལ་དམ་ཞིང་འགྲོ་བདེ་མྱུར། །དགའ་བདེ་འཕེལ་ཞིང་དགའ་བྱེད་གྲོགས། །བདག་དོན་རེ་བ་ཁྱོད་ཀྱིས་སྐོངས་བྱས་པས་ཡིད་འཕྲོག་མ་ན་རེ། དགའ་བ་དགའ་བྱེད་འཕེལ་ལགས་ཀྱང་། །རྒྱལ་པོའི་ཆད་པས་བདག་འཇིགས་ཤིང་། །མི་ཁ་གླེང་གཞི་སེམས་ལ་གཟན། །ཁ་ཅང་ཅན་ལ་ཅི་བྱར་ཡོད། །ཆེད་དོན་དམ་བཅའ་མ་བླངས་པར། །དོན་མེད་འཇུག་པ་སྨྱོན་མའི་ལུགས། །ཞེས་ཡིད་འཕྲོག་མས་སྨྲས་པ། ཡང་བྲམ་ཟེས་སྨྲས་པ། གཞོན་ཤ་ལྡན་ཞིང་རྣམ་དཔྱོད་ལྡན། །མཚར་སྡུག་མཛེས་པའི་བུ་མོ་ལ། །ཞེ་སྡང་བྲལ་བའི་བྱམས་པས་སྐྱོངས། །བློ་ཡི་གཟུང་རོགས་མི་བྱེད་པར། །གཅིག་བློ་གཅིག་གིས་བསྲོ་བར་བྱ་བྱས་པས། མོ་ན་རེ། བློ་གྲོས་ལྡན་པའི་བྲམ་ཟེའི་བུ། །ཡིད་འོང་སྐྱེས་པའི་ཡིད་འཕྲོག་གི །གང་བསམ་ལས་འདི་ཁྱེད་སྒྲུབ་ན། །བདག་ལུས་ཁྱེད་ལ་དབུལ་བར་བགྱི་ཞེས་སྨྲས་ནས་དགའ་མགུར་སྤྱད་དོ། །
དེ་ནས་བྲམ་ཟེས་ཡིད་འཕྲོག་མ་ལ་སྨྲས་པ། ང་ལ་གསེར་བུམ་པ་གང་ཡོད་པ་ཕུ་བོས་ཕྲོགས་ནས་ཆེན་མ་གཉེར་ལ་བསྐོས་ཏེ་ནང་རེ་བཞིན་སྲང་ལ་འདེགས་པ་ཞིག་ཡོད་པ་དེ་བརྐུ་བའི་ཐབས་ཅི་ཡོད་བྱས་པས། ཡིད་འཕྲོག་མ་ན་རེ། ཆེན་མ་གྲོགས་སུ་ཆོད་ལ་སྲང་ཚད་བླང་ཤོག་བྱས་པས། དེ་ནས་བྲམ་ཟེ་ཆེན་མའི་རྩར་ཕྱིན་ནས་ཆེན་མ་གྲོགས་སུ་སྤྱད། སྲང་ཚད་བླང་ཡོང་བས། ཡིད་འཕྲོག་མ་ན་རེ། གསེར་བླུག་པའི་བུམ་པ་འདྲ་བ་ཞིག་འཆོས་ཤོག་ཟེར། བུམ་པ་འདྲ་བ་ཞིག་ཆེན་མ་ལ་ཡོད་པ་བསླངས་པས་བྱིན་དེ་ཡིད་འཕྲོག་མ་ལ་སྤྲད་པས། དེ་རྒྱ་མཚོའི་འགྲམ་ནས་ལྕགས་རྡོ་བླང་ཤོག་ཟེར་ནས་ལྕགས་རྡོ་བླངས་ནས་ཡིད་འཕྲོག་མ་ལ་གཏད་ཚེ། ཡིད་འཕྲོག་མ་ན་རེ། བྲམ་ཟེས་གསེར་བླང་བྱུང་ཟེར། ལྕགས་རྡོ་བུམ་པའི་ནང་དུ་བཅུག །སྲང་ཚད་ལྟར་གཞལ་ནས་ཁ་ཁྲོ་ཆུས་བསྡམས་ཏེ། བྲམ་ཟེ་ལ་སྤྲད་ནས་གསེར་ཚབ་ཏུ་འདི་ཆུགས། གསེར་བུམ་བླང་། ཆེན་མ་ཕུ་བོ་ལ་སློང་ཟེར་ནས། བྲམ་ཟེ་དང་ཆེན་མ་གྲོས་བྱས་གསེར་ཚབ་བཅུག་གསེར་བུམ་བླངས་ནས། བྲམ་ཟེས་ཕུ་བོའི་གམ་དུ་ཕྱིན་ཏེ། ངའི་གསེར་བུམ་པ་གང་པོའི་ཚབ་ལ་ཆེན་མ་བསླངས་བྱས་པས་རུང་ཟེར་ཆེན་མ་བྱིན་ནོ། །དེ་ནས་ཆེན་མ་དང་གསེར་བུམ་པ་གང་ཡིད་འཕྲོག་མ་ལ་སྤྲད་དེ། བྲམ་ཟེ་དགོན་པར་ལོག་གོ །དེ་ནས་དུས་ནམ་ཞིག་གི་ཚེ་ཡིད་འཕྲོག་མའི་ཡུལ་དང་ཉེ་ཙམ་ཞིག་ཏུ་དགེ་འདུན་མང་པོ་བསྙེན་བཀུར་ལ་གདན་དྲངས་པས། བྲམ་ཟེ་ཡང་ཕྱིན་པས་དགེ་འདུན་རྣམས་ལ་སྤྱི་འབུལ་ལ་གླང་ངུ་འདོང་པོ་ཞིག་ཕུལ་ལོ། །དེ་ནས་དགེ་འདུན་རྣམས་རང་གནས་སུ་མ་ཕེབས་པར་ཡིད་འཕྲོག་མའི་ཁང་པར་བཞུགས་སོ། །ཡིད་འཕྲོག་མས་དགེ་འདུན་རྣམས་ལ་ཕྱི་དྲོ་ལ་མི་གནོད་པའི་བསྙེན་བཀུར་རོ། །
དེ་ནས་བྲམ་ཟེ་དང་ཡིད་འཕྲོག་མ་དགའ་མགུར་སྤྱད་པས་འཁུན་བུ་རྩིས་སྐད་ཆེས་པས་དགེ་འདུན་རྣམས་ཀྱིས་ཚོར་རོ། །དེ་ནས་ཡིད་འཕྲོག་མ་ན་རེ། ད་དགེ་འདུན་སྤྱིའི་ཁྲིམས་ཡིན་པས་ང་ཆུ་ལ་སྐྱུར་ཅིང་ཁྱེད་ལ་གནས་དབྱུང་འཕོག་པ་ལས་འོས་མེད། ཁྱོད་རང་དགེ་འདུན་སྤྱི་ལ་གླང་ངུ་སློངས། གླང་ངུ་འདི་ལ་ཞག་རེ་ལ་གསེར་ཁལ་རེ་འཛག་པས། གསེར་རྣམས་ཚགས་བྱོས། ང་ནམ་སླེབས་བར་གླང་ངུ་ལ་གྲིབ་གསོལ་བྱོས། ཁ་དམ་པར་མཛོད་བྱས་པས། བྲམ་ཟེ་ན་རེ། ཁྱོད་ཆུ་ལ་སྐྱུར་ན་འཆིའམ་ཟེར། ང་མི་འཆི་བར་མྱུར་དུ་སླེབས་ཡོང་བས་སོ། །དེ་ནས་དགེ་འདུན་རྣམས་ལ་བྲམ་ཟེས་གླང་ངུ་བསླངས་པས་བྱིན་ནོ། །ཡིད་འཕྲོག་མ་སྒམ་དུ་བཅུག་ནས་རྒྱན་གོས་འབྲས་དཀར་ས་ལུ་ལ་སོགས་པའི་ཆས་གོས་དང་བཅས་རྒྱ་མཚོ་ལ་བསྐྱུར་རོ། །བྲམ་ཟེ་དང་ཆེན་མ་གཉིས་ཀྱིས་ཡིད་འཕྲོག་མའི་ཁང་པར་བསྡད། གླང་ངུ་ལ་གསོལ་བ་བཏབ་པའི་གསེར་རྣམས་ཚགས་བྱས་སོ། །ཡིད་འཕྲོག་མ་སྒམ་རླུང་གིས་བསྐྱོད་པས་མཚོ་གླིང་ཞིག་ཏུ་ཆགས་སོ། །མཚོ་གླིང་དེ་ན་དྲང་སྲོང་ཆེན་པོ་སྦ་མི་སྦ་བྱ་བ་བདེན་ཚིག་དང་སྨོན་པ་གྲུབ་པ་ཞིག་ཡོད་པས། རེས་ནགས་དང་རེས་མཚོ་འགྲམ་ལ་ཕེབས་པ་ཞིག་ཡོད་དོ། །ཉིན་གཅིག་མཚོ་འགྲམ་ལ་བྱོན་པས། མཚོའི་འགྲམ་ན་ཤིང་སྒམ་ཆེན་པོ་བར་ཁྲོ་ཆུས་བསྡམས་པ་ཞིག་འདུག་པས་ཁ་ཕྱེས་ཏེ་བལྟས་པས། སྒམ་གྱི་ནང་ན་བུ་མོ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་འདུག་པས། དྲང་སྲོང་ཆེན་པོས་བུ་མོ་ཁྱོད་ག་ནས་ཡིན། སྒམ་དུ་བཅུག་པ་ཅི་ཡིན་གསུངས་པས། ཡིད་འཕྲོག་མས་སྔར་གྱི་ལོ་རྒྱུས་རྣམས་ཞུས་པས། དྲང་སྲོང་ཆེན་པོའི་ཐུགས་ལ་སྙིང་རྗེ་ལྷང་པ་ཞིག་འཁྲུངས་ཀྱང་། དྲང་སྲོང་གི་དམ་ཚིག་ལ་ཉིན་བུད་མེད་དང་རྡོ་རྒྱང་དང་། མཚན་མདའ་རྒྱང་ལས་ཉེ་བར་འགྲོ་མི་རུང་བ་ལས། དྲང་སྲོང་གི་དམ་ཚིག་ཤོར་དགོངས་རྩྭའི་སྤྱིལ་པོར་བྱོན་ནོ། །
དེ་ནས་དུས་ནམ་ཞིག་གི་ཚེ་མཚོའི་དཀྱིལ་ནས་མི་དཀར་པོ་དཔྲལ་བའི་དཀྱིལ་ན་ཤེལ་གྱི་མིག་ཡོད་པ་ཞིག་བྱུང་ནས་ཡིད་འཕྲོག་མ་ལ་དགའ་མགུར་སྤྱད་དོ། །ཡིད་འཕྲོག་མས་ཉིད་སུ་བྱ་བ་ལགས་བྱས་པས། ང་ཀླུ་དུང་སྐྱོང་བྱ་བ་ཡིན། ཁྱོད་ངེད་རང་ཀླུ་རྣམས་ཀྱི་བླ་མ་ཡིན་པས་ཀླུ་དཀར་རྒྱལ་དང་མཇལ་བའི་གྲོགས་ངས་བྱའོ། །ཁྱོད་རང་དྲང་སྲོང་ཆེན་པོ་དང་ལུས་འབྲེལ་བར་གྱིས་ལ། བསྲུང་བ་བཟང་པོ་དང་འཁོར་ལོ་བཟང་པོ་གང་ཡོད་དང་། ཁྱད་པར་ཀླུ་དཀར་རྒྱལ་གྱིས་ཕུལ་བའི་ཙན་དན་དཀར་པོ་འདོམ་དོ་ཡོད་པ་ཞུས། གཞན་ཐབས་རྟེན་འབྲེལ་གང་ཡོད་ཞུས་ཟེར་མི་སྣང་བར་སོང་ངོ་། །དེ་ནས་ཡིད་འཕྲོག་མས་འབྲས་ཆང་ལྷའི་བདུད་རྩི་ལྟ་བུ་རོ་མཆོག་བརྒྱ་དང་ལྡན་པ་ཞིག་ཁྱེར་ནས་དྲང་སྲོང་ཆེན་པོས་བཞེས་པའི་རྡེའུ་ལ་ཁ་བཀྲུ་བཏབ་བོ། །དྲང་སྲོང་གི་རྡེའུ་གཅིག་ཞལ་དུ་བཞག་པས་རོ་མཆོག་བརྒྱ་དང་ལྡན་པ་ཞིག་བྱུང་བས། རྡེའུ་ཀུན་བཞེས་པས་དྲང་སྲོང་ར་རོ་བར་གྱུར། དེ་ནས་ཡིད་འཕྲོག་མས་ལུས་རྒྱན་གྱིས་བརྒྱན་ཅིང་འབྲས་ཆང་ལག་ཏུ་ཐོགས་ནས་དྲང་སྲོང་གི་དྲུང་དུ་ཕྱིན་པས། དྲང་སྲོང་གིས་ཡིད་འཕྲོག་མ་ལ་དགའ་མགུར་སྤྱད་དོ། །
དེ་ནས་དྲང་སྲོང་ཆེན་པོ་འབྲས་ཆང་གི་མྱོས་པ་སངས་པ་དང་སྔར་བྱས་ཀྱི་ལས་རྣམས་ལ་འགྱོད་ཀྱང་བྱ་ཐབས་མ་བྱུང་། དྲང་སྲོང་གི་ཐུགས་ལ། ད་ངའི་ལྟ་བ་དང་གནས་ལུགས་མ་ཤོར་འདུག་དམ་ཚིག་དང་ཐེག་ཆེན་གྱི་གནས་ལུགས་རྟོགས་པའི་གྲོགས་སུ་འགྲོ་བ་མ་གཏོགས་འགལ་རྐྱེན་དུ་མི་འགྲོ་བ་འདུགཐེག་དམན་གྱི་བསླབ་བྱ་དང་སྡོམ་པས་འཚང་རྒྱ་བའི་རྒྱུ་རུ་རུང་ཙམ་དུ་འདུགསངས་རྒྱས་ཐོབ་པར་བྱེད་པའི་དངོས་ཀྱི་ཉེར་ལེན་ནི་དབང་གསུམ་པ་ཁོ་ན་ཡིན། དབང་གསུམ་པའི་མཐིལ་ཐབས་ལམ་ཡིན་པས། ད་བྲམ་ཟེ་ཆེན་པོ་ཡན་ལག་མདའ་རིང་དང་། ཨ་ཙ་རའི་རྒྱལ་པོ་མཁའ་ལྡིང་ནག་པོ་ལ་ཡང་ཆགས་བྲལ་གྱི་རིག་མ་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་དང་ལྡན་པ་རྒྱལ་ཀུན་བསྐྱེད་པའི་ཡུམ་མཆོག་ཀུན་ཏུ་བཟང་མོ་དབུལ་བར་དགོངས་ནས། ཡིད་འཕྲོག་མ་ལ་འདི་སྐད་གསུངས་སོ། །རྒྱལ་བའི་ཡུམ་ཆེན་ཀུན་ཏུ་བཟང་། །ཆགས་བྲལ་རིག་མ་ཤེས་རབ་ལྡན། །བརྗོད་བྲལ་སྟོང་ཉིད་བསྐྱེད་པའི་ལྷ། །ཡིད་འཕྲོག་ལྷ་མོའི་ངང་ཚུལ་ཅན། །སྨན་གྱི་ལྷ་མོ་མཆེད་བརྒྱད་ཀྱི། །རྡོ་རྗེའི་གཙོ་མོར་རབ་གྲགས་མ། །བདུད་རྩི་མ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་ཞག་བདུན་གྱི་བར་ལ་སྟོང་ཉིད་བསྐྱེད་པའི་ཤེས་རབ་མ་མཛད་དོ། །དེ་ནས་ཡིད་འཕྲོག་མས་འདི་སྐད་ཞུས་སོ། །འཇིགས་ཤིང་རྔམ་འཇིགས་ཁྲོ་བོའི་སྐུར་སྟོན་པ། །གདུག་པ་འདུལ་མཛད་ཕྱག་གཡས་རྡོ་རྗེ་བསྣམས། །ཕྱག་གཡོན་སྦྲུལ་ཞགས་རིན་ཅན་སྦྲུལ་གྱིས་བརྒྱན། །དཔའ་བོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །བདག་ལ་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། དྲང་སྲོང་གི་ཞལ་ནས། ཡིད་འཕྲོག་མ་ཚོགས་འཁོར་ཤོམས་ཤིག་གསུངས་སོ། །
དེ་ནས་ཚོགས་འཁོར་བཤམས་པ་ལས། སྤྲོ་བ་སྐྱེད་ཅིག་གསུངས་ནས། མི་རྒོད་བསྲུང་བའི་སྒྲིབ་ཤིང་། རྒྱལ་པོ་བཅིངས་པའི་འཁོར་ལོ། བློན་པོ་བསྐྲད་པའི་འཁོར་ལོ། དམག་དཔོན་རེངས་པའི་འཁོར་ལོ། རྒྱལ་པོ་དབང་སྡུད་ཀྱི་འཁོར་ལོ། བློན་པོ་བཀའ་མནན་གྱི་འཁོར་ལོ། དམངས་ཆམ་འབེབས་ཀྱི་འཁོར་ལོ། སྐྱེས་པ་དཔལ་གྱི་འཁོར་ལོ། བཅིངས་དང་བརྡེག་པའི་འཁོར་ལོ། རྦོད་གཏོང་མནན་པའི་འཁོར་ལོ། སྔགས་དང་རྫས་སྲུང་སྣ་ཚོགས་ཀྱི་འཁོར་ལོ། དབང་དུ་འདུ་བའི་འཁོར་ལོ། སྐྱེས་པ་ཁྱི་ཁྲིད་ཀྱི་འཁོར་ལོ། ནག་མོ་ཡིད་འགུགས་ཀྱི་འཁོར་ལོ། ཙན་དན་དཀར་པོ་འདོམ་དོ་རྣམས་གནང་ངོ་། །དེ་ནས་ཡིད་འཕྲོག་མས་དགྲ་བགེགས་བཅིང་བའི་གདམས་པ་ཞུ་བྱས་པས། དྲང་སྲོང་ཆེན་པོའི་དབུ་སྐྲ་ལ་བཅོས་པའི་ཐག་པ་འདོམ་དགུ་དགུ་ཡོད་པ་གཉིས་དང་། རལ་བ་སྦོམ་ཕྲ་འུ་ལུ་ཙམ་གཉིས་གནང་ནས། འདི་སྐད་གསུངས་སོ། །འོ་རིགས་ལྡན་གྱི་བུ་མོ་ཡིད་ཆེས་པར་གྱིས་ལ་བྲམ་ཟེ་ཡན་ལག་མདའ་རིང་གི་དྲུང་དུ་སོང་ལ་གདམས་པ་ཞུས་གསུངས། དེ་ནས་ཡིད་འཕྲོག་མའི་ཆས་གོས་རྣམས་སྒམ་དུ་བཅུགཙན་དན་གྱི་འཁར་བས་ཀོ་སྐྱ་བྱས་ནས་མཚོ་གླིང་ཞིག་ཏུ་ཐོན་པས། བྲམ་ཟེ་ཆེན་པོ་བཙལ་བས་ཤིང་ལོའི་སྤྱིལ་བུ་གཅིག་ན་བྲམ་ཟེ་སྨིན་མ་སྨ་ར་སྐྲ་གསུམ་དམར་པོ་ཡོད་པ། གློ་ལ་རལ་གྲི་བཏགས་པ། ལག་ན་སྤུ་གྲི་ཐོགས་པ་ཅིག་འདུག་གོ །
བྲམ་ཟེ་ན་རེ། ཁྱོད་ག་ནས་ཡིན་ཟེར་བས། བདག་དྲང་སྲོང་ཆེན་པོ་སྦ་མི་སྦ་བའི་དྲུང་ནས་ཡིན་བྱས་ལོ་རྒྱུས་ཞིབ་པར་ཞུས་པས། བྲམ་ཟེ་ན་རེ། ཧ་ཧ།
དྲང་སྲོང་དེའི་དྲུང་སོ་སོའི་སྐྱེ་བོ་ཐ་མལ་པས་མི་བགྲོད། ཁྱོད་ལ་བརྟག་དཔྱད་ཅིག་བྱ་འཚལ་གསུངས། ཡིད་འཕྲོག་མས་ཁོག་པ་རལ་གྲིས་གཤགས་བྱུང་བས། ཁོག་པའི་ནང་ཐམས་ཅད་སྨན་བླའི་ཕོ་བྲང་ཁྲ་ལམ་མེ་ཡོད་པའི་ནང་ན།
སངས་རྒྱས་སྨན་བླ་རིག་འཛིན་དྲང་སྲོང་ལྷ་མོ་བརྒྱུད་པར་བཅས་པ། ལྷ་དང་དྲང་སྲོང་ཕྱི་ནང་གི་འཁོར་རྣམས་ལ་ཆོས་གསུངས་ཤིང་། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་མཆོད་པ་འབུལ་བ། རྒྱལ་ཆེན་སྡེ་བཞི། ཚངས་པ། བརྒྱ་བྱིན། གནོད་སྦྱིན་གྱི་ལས་བྱེད་དང་བསྒོ་བ་བྱེད་པ་གཟིགས་པས། བྲམ་ཟེ་ཆེན་པོས་འདི་སྐད་གསུངས་སོ། །ཆགས་བྲལ་ཡིད་འོང་མཛེས་ལྡན་མ། །སངས་རྒྱས་བསྐྱེད་པའི་རྒྱལ་ཡུམ་མཆོག །སྨན་པའི་རྒྱལ་པོའི་ཐུགས་སྤྲུལ་མ། །མདངས་ལྡན་མ་ལ་ཕྱག་འཚལ་ལོ་གསུངས་ནས་ལས་ཀྱི་ཕྱག་རྒྱ་མ་མཛད་དོ། །དེ་ནས་ཡིད་འཕྲོག་མས་འབྲས་ཆང་རོ་མཆོག་བརྒྱ་དང་ལྡན་པ་ཀ་པཱ་ལ་གང་མཆོད་པར་ཕུལ་ནས་འདི་སྐད་ཞུས་སོ། །མཚན་དཔེའི་གཟི་བརྗིད་ལྟ་བས་ཆོག་མི་ཤེས། །མ་རིག་གཅོད་སེལ་རལ་གྲི་པོ་ཏི་འཛིན། །མི་ཤེས་མུན་པ་སེལ་བའི་འོད་ཟེར་ཅན། །བདག་བློ་གོང་འཕེལ་མཁྱེན་བརྩེའི་ཡི་དམ་ལྷ། །བདག་ལ་གང་འདོད་དངོས་གྲུབ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། བྲམ་ཟེ་ཆེན་པོའི་ཞལ་ནས། ཡིད་འཕྲོག་མ་ཚོགས་འཁོར་ཤོམས་ལ་གསོལ་བ་ཐོབ་གསུངས། གསོལ་བ་བཏབ་པས། བྲམ་ཟེ་ཆེན་པོའི་ཡིད་འཕྲོག་མ་ལ། གཡུལ་ལས་རྒྱལ་བར་བྱེད་པའི་འཁོར་ལོ། གཡུལ་བསྲུང་བའི་འཁོར་ལོ། གཡུལ་བཟློག་པའི་འཁོར་ལོ། གཡུལ་བསྐྲད་པའི་འཁོར་ལོ། གཡུལ་དཀྲུག་པའི་འཁོར་ལོ། ཚ་བ་མེའི་འཁོར་ལོ། གཡོ་བ་རླུང་གི་འཁོར་ལོ། བསྐོར་བ་ཆུའི་འཁོར་ལོ། གཅོད་པ་ལྕགས་ཀྱི་འཁོར་ལོ། འགུགས་པ་ཤིང་གི་འཁོར་ལོ། བསྲེག་པ་ཧའི་འཁོར་ལོ་རྣམས་གནང་ནས། འདི་སྐད་གསུངས་སོ། །ཡིད་འཕྲོག་མ་ཉོན་ཅིག །ད་ཀླུའི་དུག་བསྲུང་བའི་འཁོར་ལོ་འདི་ལུས་ལ་ཆོངས་ལ། འོག་ཀླུའི་ཡུལ་ནས་བླ་མ་ཀླུ་དཀར་རྒྱལ་ལ་གདམས་པ་ཞུས་ཤོག་གསུངས།
དེ་ནས་ཡིད་འཕྲོག་མས། འཁོར་ལོ་ལ་སོགས་པའི་ཆས་གོས་རྣམས་བྲམ་ཟེ་ཆེན་པོའི་དྲུང་དུ་བཞག །རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ནས་ཀླུ་དུང་སྐྱོང་བོས་པས། དུང་སྐྱོང་ན་རེ། གུར་གུམ་འདིས་ཁྱེད་རང་གི་ལུས་མགོ་མཇུག་མེད་པ་ཁྲུས་ཤིག །ཁྱེད་མི་རྣམས་གྲིབ་ཆེ་བས། ངེད་ཀླུ་ལ་ནད་འོང་ཟེར། དེ་ནས་ཡིད་འཕྲོག་མས་ལུས་ཐམས་ཅད་གུར་གུམ་གྱི་ཆུས་བཀྲུས་ནས། ཀླུ་དུང་སྐྱོང་གི་རྒྱབ་ཏུ་ཁྱེར་ནས་ཀླུའི་ཡུལ་དུ་སླེབས་པས་ཀླུ་དུང་སྐྱོང་གིས་ཡིད་འཕྲོག་མ་ལ་ནོར་བུ་གཉིས་བྱིན་ནས་ཡིད་འཕྲོག་མ་ལ་འདི་སྐད་ཟེར་རོ། །ཀླུ་དཀར་རྒྱལ་གྱི་སྒོ་བ་ལ་ངའི་སྲིང་མོ་ཡིན་ཏེ་སྔགས་མོ་དཀར་མོ་ཞིག་ཡོད། དེ་ལ་ནོར་བུ་འདི་ངས་བསྐུར་བ་ཡིན་གྱིས་ལ་ཀླུ་དཀར་རྒྱལ་ལ་མཇལ་སྣ་ཚོལ་ཟེར་བས། དེ་ནས་ཡིད་འཕྲོག་མས་ཀླུའི་ཕོ་བྲང་ཆེན་པོ་ཞིག་གི་སྒོ་དྲུང་དུ་སླེབས་པས། དེ་ན་ཀླུའི་བུ་མོ་མཛེས་ཤིང་ཡིད་དུ་འོང་བ་མང་པོའི་དབུས་ན་སྔགས་མོ་དཀར་མོ་ཞིག་འདུག་པ་དེའི་རྩར་ཕྱིན་པས། ཀླུའི་བུ་མོ་རྣམས་ཀྱིས་བལྟས་པའི་ཚེ། ཡིད་འཕྲོག་མའི་སྐྱེ་སྒོ་དང་གཟུགས་བྱད་ཤིན་ཏུ་ལེགས་པས་ཀླུའི་བུ་མོ་རྣམས་ཟིལ་གྱིས་མནན་ནས། ཀླུའི་བུ་མོ་རྣམས་ཀྱི་མཛེས་སྡུག་མོག་མོག་པོར་གྱུར། དེའི་ཚེ་ཀླུའི་རྒྱལ་པོ་ཡིད་འཕྲོག་མ་ལ་ཡིད་ཆགས་པར་གྱུར་ཏོ། །
དེའི་ཚེ་ཀླུའི་བུ་མོ་རྣམས་ཀྱིས་མིག་སེར་བྱས་ནས་ཁ་རླངས་ཀྱི་དུག་བཏང་བས་རླངས་པ་ཉིན་ཞག་གཅིག་མ་ཡལ་བ་དུང་སྐྱོང་གིས་མཐོང་སྟེ། ཡིད་འཕྲོག་མ་ཀླུའི་བུ་མོའི་མིག་སེར་གྱིས་བསད་དམ་བསམ་ནས་ལྟར་ཕྱིན་པས། ཡིད་འཕྲོག་མ་ལ་དུག་གིས་མ་གནོད་པར་མདངས་ཡལ་ལེ་འདུག་གོ །དེ་ནས་ཀླུའི་བུ་མོ་རྣམས་ངོ་མཚར་བར་གྱུར་ནས་ཀླུ་དཀར་རྒྱལ་ལ་མཇལ་སྣ་ཞུས། དེ་ནས་ཡིད་འཕྲོག་མས་ནོར་བུ་ཕུལ་ནས་འདི་སྐད་ཞུས་སོ། །ཀྱེ་མ་སྐུ་མདོག་དཀར་ལ་འོད་ཟེར་འབར། །གཟུགས་དང་ལང་ཚོ་ཕུན་སུམ་ཚོགས། །གཞོན་ནུའི་ཚུལ་འཛིན་མཛེས་པའི་སྐུ། །གདམས་ངག་འཁོར་ལོའི་དངོས་གྲུབ་སྩོལ་ཞེས་པས། ཀླུ་དཀར་རྒྱལ་གྱི་ཞལ་ནས། མཛེས་ཤིང་ལྟ་སྡུག་ལྷ་མོའི་ངང་ཚུལ་ཅན། །དྲི་ཞིམ་ཡིད་འོང་གུར་གུམ་རྒྱང་ངད་ལྡན། །སྐྱེས་པའི་ཡིད་འཕྲོག་ལྷ་ཀླུའི་བུ་མོའི་བདུད། །ཁྱོད་ཀྱི་དགོངས་པ་གང་ཡོད་བསྐང་བར་བྱ་གསུངས། གང་བསམ་འགྲུབ་ཅིང་བསམ་པ་རྫོགས་པ་ཡིད་བསམ་སྐོར་གྱི་འཁོར་ལོ་གནང་ནས། ཡིད་འཕྲོག་བུ་མོ་བསྟན་པར་བྱ་གསུང་ཕྱག་རྒྱས་བཏབ་བོ། །དེ་ནས་ཡིད་འཕྲོག་མ་ལ་ཀླུའི་བུ་མོ་རྣམས་ཀྱིས་ནོར་བུ་སྟོང་ཚོ་གཅིག་ཕུལ་ལོ། །དུང་སྐྱོང་གི་ནོར་བུ་ཁྲི་ཚོ་གཅིག་ཕུལ་ནས། སླར་ཡང་བྲམ་ཟེ་ཆེན་པོའི་དྲུང་དུ་སླེབས་སོ། །དེ་ནས་ཡིད་འཕྲོག་མས་བྲམ་ཟེ་ལ་ནོར་བུ་ལྔ་བརྒྱ་ཕུལ་ནས་འདི་སྐད་ཅེས་ཞུས་སོ། །བྲམ་ཟེ་ཆེན་པོ་དགོངས་སུ་གསོལ། །ལས་ངན་བསགས་པས་ལུས་ངན་བླངས། །སྐྱེ་དམན་བུད་མེད་ལུས་སུ་སྐྱེས། །ཉོན་མོངས་དུག་ལྔ་ཤས་ཆེ་བས། །རང་ཉེས་རང་ལ་རང་སྡུག་བྱུང་། །ཀླུ་ཡི་བུ་མོའི་དུག་རླངས་ཕོག །སྲོག་དང་མ་བྲལ་བླ་མའི་དྲིན། །ད་དུང་སྐྱོངས་ཤིག་བླ་མ་རྗེ་ཞུས་པས། བྲམ་ཟེ་ཆེན་པོའི་ཞལ་ནས། འགྲོ་བ་སེམས་ཅན་གཅིག་གི་ཕྱིར་དུ་དགེ་བའི་ལས་བསགས་ན་ངན་སོང་མེད་མོད། ཁྱད་པར་འགྲོ་བ་ནད་པའི་དོན་དུ་གོམ་པ་གཅིག་དོར་ན་ངན་སོང་མེད་ཅིང་། སྐྱེ་བ་གཅིག་ཐོག་གི་སངས་རྒྱས་ཡིན། ཁྱོད་ཀྱི་དཀའ་ལས་བྱས་ཤིང་བསམ་པ་རྣམ་དག་གི་རྟེན་བྱས་པའི་གྲོགས་རྣམས་དང་ཁྱོད་རང་ལ་དོན་ཆེན་པོ་ཡོད་པ་དང་། ལས་འདི་རྣམས་སྒྲུབ་དགོས་པའི་རྒྱུ་མཚན་ཁྱོད་རང་དྲན་ལས་ཆེ་གསུངས་པས། བདག་མི་དྲན་ལགས་ཞུས་པས། བྲམ་ཟེ་ཆེན་པོའི་ཞལ་ནས། སང་ཉིན་ཨ་ཙ་རའི་རྒྱལ་པོ་མཁའ་ལྡིང་ནག་པོའི་དྲུང་དུ་ང་དང་དྲང་སྲོང་ཆེན་པོ་སྦ་མི་སྦ་ཚོགས་འཁོར་ལ་འབྱོན་པས་དྲང་སྲོང་ཆེན་པོ་ལ་ཞུས་པས་གོང་གི་དོན་གསལ་བར་གནང་ཡོང་། ཁྱོད་རང་དོ་ནུབ་ཨ་ཙ་རའི་དྲུང་དུ་སོང་ལ་གདམས་པ་ཞུས་གསུངས་པས། ཡིད་འཕྲོག་མས་གང་བསམ་འགྲུབ་པའི་འཁོར་ལོ་བསྐོར་བས་སྐད་ཅིག་དེ་ཉིད་ལ་ཨ་ཙ་རའི་དྲུང་དུ་སླེབས། ཨ་ཙ་རས་སྡིགས་མཛུབ་གཏད་དེ། ཨོཾ་མ་ཎི་པད་མེ་ཧཱུྃཿ སྡུག་བསྔལ་གྱིས་གཟིར་ཞིང་སྡིག་གསོག་པ་འདི་རྣམས་སྙིང་རེ་རྗེ། ཆོས་སྐུ་སྣང་བ་མཐའ་ཡས་མཁྱེན། ཁྱོད་སུ་བྱ་བ་ཡིན་གསུངས་བྱུང་བས། ཡིད་འཕྲོག་མས་སྔར་གྱི་ལོ་རྒྱུས་ཞུས་པས། ཁྱོད་ཀྱི་གཏམ་ལ་བརྟག་པ་བྱ་གསུངས། ནང་མཆོད་ཀ་པཱ་ལ་གང་གནང་བྱུང་བས་དྲང་སྲོང་ཆེན་པོ་ལ་འབུལ་ལོ། བྲམ་ཟེ་ཆེན་པོ་ལ་འབུལ་ལོ། ཨ་ཙ་ར་ཆེན་པོ་ལ་འབུལ་ལོ། ཀླུ་དཀར་རྒྱལ་ལ་འབུལ་ལོ་བྱས་ལྷག་མ་མ་ལུས་པར་བཏུང་བས། ཧ་ཧ་གསུངས་དབུ་གཏུམ་སོང་། དེ་ནས་ཡིད་འཕྲོག་མས་ཀ་པཱ་ལ་འབྲས་ཆང་གི་བཀང་ནས་ཞུས་པས། ཀྱེ་དཔལ་གསུངས་བྱུང་བས།
ཡིད་འཕྲོག་མས་མཁའ་འགྲོ་བྱས་པས་འབྲས་ཆང་ཕྱག་ཏུ་བཞེས་ནས་འདི་སྐད་དོ། །རིག་མ་ཆགས་བྲལ་སྟོང་པ་ཡིན། །ཐབས་ཤེས་བྲལ་ན་འཚང་མི་རྒྱ། །དཔེར་ན་ཐལ་མོ་ཡ་མེད་དམ། །གཤོག་མེད་མཁའ་ལ་འཕུར་བ་བཞིན། །སྔོན་གྱི་སྨོན་ལམ་མཐུ་སྟོབས་ཀྱིས། །འགྲོ་བའི་ནད་གསོ་དབུལ་ཕོངས་སེལ། །བདུད་རྩི་སྨན་གྱི་ལྷ་མོ་མཆོག །གཟི་བརྗིད་མ་ལ་ཕྱག་འཚལ་ལོ་གསུངས། འབྲས་ཆང་བཞེས་ཏེ་ཕྱག་རྒྱར་བསྟེན་ནོ། །དེ་ནས་ཡིད་འཕྲོག་མས་འདི་སྐད་ཞུས། སྣང་བ་མཐའ་ཡས་ཐུགས་ཀྱི་སྲས། །ཕྱག་མཚན་པདྨ་ཤེལ་འཕྲེང་འཛིན། །རིགས་དྲུག་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཁྱད་པར་ཁ་བ་ཅན་གྱི་ལྷ། །བདག་ལ་ཐུགས་རྗེའི་སྐྱབས་སུ་གསོལ་ཞུས་པས། ཡིད་འཕྲོག་མ་ཚོགས་འཁོར་ཤོམས་ཤིགའདོད་དོན་སྒྲུབ་བོ་གསུངས། དྲང་སྲོང་གི་དམོད་པ་བཟློག་པའི་འཁོར་ལོ། མུ་སྟེགས་ཀྱི་ངན་སྔགས་བཟློག་པའི་འཁོར་ལོ། སྨན་གྱི་ས་བོན་ཐེབས་པའི་འཁོར་ལོ། འབྲས་བུ་སྨིན་པའི་འཁོར་ལོ་རྣམས་གནང་ངོ་། །དེ་ནས་ཨ་ཙ་རས་ལྷོ་ཕྱོགས་སོགས་ཕྱོགས་བཞི་ལ་སྡིགས་མཛུབ་གཏད་པས། ཕྱོགས་བཞི་ནས་ཤ་ཆང་ལ་སོགས་པའི་ཟས་ཀྱི་བྱེ་བྲག་སྣ་ཚོགས་དང་། སྨན་དང་བདུད་རྩི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདུས་བྱུང་བས། ཨ་ཙ་རས་ཚོགས་བྱིན་རླབས་མཛད་པས། བདུད་རྩི་ཁ་དོག་ལྔ་ལྡན་དུ་གྱུར་སོང་ངོ་། །སང་ཉིན་དེ་ཌ་མ་རུའི་སྒྲ་དང་ཚིལ་ཆོམ་གྱི་སྒྲ་ཆེན་པོ་བྱུང་བས། ཨ་ཙ་རའི་ཞལ་ནས་ཡིད་འཕྲོག་མ་མཆོད་པ་ཤོམས་ཤིག་དྲང་སྲོང་ཆེན་པོ་དང་བྲམ་ཟེ་ཆེན་པོ་འབྱོན་པར་གདའ་གསུངས། ཡིད་འཕྲོག་མས་མཆོད་པ་གཤམས་ནས་གཟིགས་པས་ཁོང་གཉིས་མཁའ་ལ་བྱ་འཕུར་བ་བཞིན་ཕེབས་བྱུང་།
དེ་ནས་ཨ་ཙ་རས་ནོར་བུ་སྣ་ཚོགས་དང་རིན་ཆེན་སྣ་ཚོཊ་ཀྱི་ཁྲི་བཤམ་པ་ལ་ཁོང་གསུམ་བཞུགས། ཡིད་འཕྲོག་མས་ཚོགས་གཡོག་མཆོད་གཡོག་བྱས། ཚོགས་ལ་རོལ་བའི་གྲལ་དུ་ཡིད་འཕྲོག་མས་ཁོང་གསུམ་ལ་འབྲས་ཆང་གི་མཆོད་པ་དང་ནོར་བུ་གང་ཡོད་ཕུལ་ནས་འདི་སྐད་ཞུས་སོ། །སྙིང་རྗེ་ཆེ་མཆོག་དང་ལྡན་པའི། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །མ་རིག་མུན་སེལ་སྒྲོན་མའི་མཆོག །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །ཁྱད་པར་སྐྱེས་པའི་ཡིད་འཕྲོག་མ། །ཕྱི་རབས་སེམས་ཅན་དོན་ཕྱིར་དུ། །འགྲོ་དོན་ནུས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། དྲང་སྲོང་ཆེན་པོའི་ཞལ་ནས། ཡིད་འཕྲོག་མ་ཁྱོད་སྔོན་སངས་རྒྱས་གསེར་ཐུབ་ཆེན་པོས་ཡུམ་ཀུན་ཏུ་བཟང་མོར་བྱིན་གྱིས་བརླབས་ནས་དཔལ་ཆེན་ཧེ་རུ་ཀ་ལ་སྤྲད་པའི་ཚེ། ཁྱོད་ལ་རྒྱ་གར་ནག །བལ་ཡུལ། ལི་ཡུལ། བོད་ཡུལ་སོགས་སུ་ཕྱི་རབས་སེམས་ཅན་གྱི་དོན་དུ་སྨན་གྱི་རིགས་སྣ་ཚོགས་ཀྱི་ས་བོན་ཐོབ་ཅིག་ཅེས་བཀའ་བསྒོ་མཛད་ཅིང་། དེ་དག་གི་གྲོགས་ངེད་གསུམ་དང་། རྒྱལ་པོ་ཨུཏྤལའི་གདོང་དང་། བཙུན་མོ་བློ་གྲོས་བདེ་བྱེད་མ་དང་། པཎྜི་ཏ་ཁྲུས་ཀྱི་སྡོང་པོ་རྣམས་དང་། ཁྱད་པར་བློན་པོ་བློ་གྲོས་ཆེན་པོ་དང་། བློན་པོ་གསེར་ཆེན་པོས་གྲོགས་བྱས་ནས། གླང་ངུ་ཡིད་བཞིན་ནོར་བུས་ལུང་བསྟན་པ་ལྟར། གནས་རྡོ་རྗེ་གདན་ནས་བཟུང་གོང་དུ་སྨོས་པའི་གནས་རྣམས་སུ་སྨན་གྱི་ས་བོན་ཐོབ་ཅེས་ལུང་བསྟན་པ་དྲན་ནམ་གསུངས་པས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་དེ་མ་ཐག་ཏུ་དྲན་པར་གྱུར་ཏོ། །
དེ་ནས་ཡིད་འཕྲོག་མས་རིགས་གསུམ་མགོན་པོའི་དྲུང་དུ་སྨོན་ལམ་རླབས་པོ་ཆེ་བཏབ་ནས། གང་བསམ་འགྲུབ་པའི་འཁོར་ལོ་བསྐོར་བས། སྒམ་ཆས་གོས་དང་བཅས་པ་རང་གནས་སུ་སླེབས་ཏེ། བྲམ་ཟེ་ཤེས་རབ་ཀྱི་རལ་གྲི་དང་འཕྲད་དོ། །དེ་ནས་བྲམ་ཟེ་ཤེས་རབ་ཀྱི་རལ་གྲི་དགའ་མགུ་ཡི་རངས་ཏེ། འདི་སྐད་ཟེར་རོ། །རབ་མཛེས་ཡིད་འཕྲོག་ལྷ་ཡི་སྲས། །དྲི་ཞིམ་དབྱིབས་ལེགས་ཡིད་འོང་མ། །ལྟ་བའི་གདོང་ལ་ཆོག་ཤེས་མེད། །སྨན་གྱི་ལྷ་མོའི་སྤྲུལ་པ་ཡིན། །རིག་བྱེད་མ་ལ་ཕྱག་འཚལ་ལོ། །རྒྱ་མཚོའི་ཆུ་ཡིས་མ་འཇིགས་ཤིང་། །སྒྱུ་ལུས་ནད་ཀྱིས་མ་བཏབ་པར། །སེམས་མཐུན་གྲོགས་དང་འཕྲད་པ་འདི། །རྨི་ལམ་ཡིན་ནམ་མངོན་སུམ་ཡིན། །གླང་ངུ་དགོས་འདོད་ཀུན་འབྱུང་ལ། །མཆོད་པ་ཕུལ་ལ་གསོལ་བཏབ་པས། །ཞག་ལ་གསེར་ཕྱེ་ཁལ་རེ་བྱུང་། །གསེར་བང་རང་ལ་དམ་འབྱར་ཡོད་ཅེས་ཟེར་བས། དེ་ནས་ཡིད་འཕྲོག་མས་འདི་སྐད་བྱས་སོ། །བློ་ལྡན་དབང་རྣོ་བྲམ་ཟེའི་རིགས། །ཤེས་རབ་རྣམ་དཔྱོད་རྩལ་དང་ལྡན། །སྨན་པའི་རྒྱལ་པོའི་སྤྲུལ་པ་སྟེ། །ཡིད་འཕྲོག་ལྷ་མོའི་དཔལ་དུ་ཤར། །ཕྱི་རབས་སེམས་ཅན་དོན་ཆེད་དུ། །ལི་ཡུལ་བལ་ཡུལ་བོད་ཡུལ་དང་། །རྒྱ་གར་ཤར་ནུབ་རྒྱ་ནག་སོགས། །སྨན་གྱི་ས་བོན་འདེབས་དགོས་པའི། །ལུང་བསྟན་གསེར་ཐུབ་དག་ལས་ཐོས། །ཤར་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ། །ས་བོན་ལེན་ལ་བྲམ་ཟེ་ཕེབས་ཞེས་ཟེར་རོ། །དེ་ནས་བྲམ་ཟེ་ལ་གཡུལ་བསྲུང་བ་དང་གཡུལ་བཟློག་པའི་འཁོར་ལོ་བསྐུར་ཏེ་ཤར་ཕྱོགས་རྒྱ་མཚོའི་འགྲམ་དུ་བརྫངས་སོ། །དེ་ནས་བྲམ་ཟེ་ཤེས་རབ་རལ་གྲིས། ཤར་ཕྱོགས་ཀྱི་རྒྱལ་པོ་པདྨའི་གདོང་གི་དྲུང་དུ་ཕྱིན་ནས། གཡུལ་བསྲུང་བ་དང་བཟློག་པའི་འཁོར་ལོ་ཕུལ་ནས་ཙན་དན་སྦྲུལ་གྱི་སྙིང་པོ་དང་། སྨན་སྡོང་སྟོང་རྩ་གཅིག་གི་སྡོང་པོ་བླངས་སོ། །
དེ་ནས་བྲམ་ཟེས་ཡིད་འཕྲོག་མ་ལ་འདི་སྐད་བྱས་སོ། །མཛེས་ལྡན་བུ་མོ་ཡིད་འཕྲོག་མ། །དུག་གསུམ་ཟུག་རྔུ་འབྱིན་པའི་སྨན། །ཙན་དན་སྦྲུལ་གྱི་སྙིང་པོ་དང་། །སྨན་སྡོང་སྟོང་རྩ་འདི་བཞེས་ལ། །སྨན་གྱི་ས་བོན་མྱུར་དུ་ཐོབ་གསུངས་སོ། །དེ་ནས་བྲམ་ཟེ་དང་ཡིད་འཕྲོག་མའི་བར་དུ་བྲམ་ཟེ་དགའ་བའི་བློ་གྲོས་བྱ་བ་སྲས་སུ་འཁྲུངས་སོ། །དེ་ནས་ཡིད་འཕྲོག་མས་བྲམ་ཟེ་ལ་འདི་སྐད་བྱས་སོ། །བྲམ་ཟེ་ཁྱོད་ཀྱི་རྒྱ་གར་ཤར་ནུབ་ན་གསེར་སུ་མང་ལྟོས་ཤོག་བྱས་པས། བྲམ་ཟེས་ཡིད་འཕྲོག་མའི་ངག་ལྟར་བྱས་ནས་ལྟར་ཕྱིན་པས། ནགས་ཚལ་ཅན་གྱི་དགོན་པ་ན་ཕྱུག་པོ་གསེར་མང་པོ་བྱ་བ་འདུག་གོ་བྱས་པས། དེ་ལ་ཡིད་འཕྲོག་མས་སྐྱེས་པ་དབང་སྡུད་ཀྱི་འཁོར་ལོ་བཙུགས་པས། ཕྱུག་པོ་གསེར་མང་པོ་ཡིད་འཕྲོག་མའི་གམ་དུ་སླེབས་སོ། །གསེར་མང་པོ་ཡིད་འཕྲོག་མ་ལ་ཆགས་ཏེ་བཟའ་མིར་སོང་ངོ་། །ཡིད་འཕྲོག་མས་གང་བསམ་འགྲུབ་པའི་འཁོར་ལོ་བསྐོར་བས། གསེར་མང་པོའི་གསེར་ལ་སོགས་པའི་ཟས་ནོར་ཁང་ཁྱིམ་ལ་སོགས་པ་ཡིད་འཕྲོག་མའི་གམ་དུ་སླེབས་སོ། །དེ་ནས་ཡིད་འཕྲོག་མས་བྲམ་ཟེ་སྨན་གྱི་ས་བོན་འཚོལ་དུ་བཏང་། གསེར་མང་པོ་གསེར་འཚོལ་དུ་བཏང་བས། ས་བོན་དང་གསེར་མང་པོ་རྙེད་དོ། །དེ་ནས་སྐབས་ཤིག་གི་ཚེ་རྒྱལ་པོ་ཨུཏྤལའི་གདོང་གི་ཆུང་མ་བློ་གྲོས་བདེ་བྱེད་མའི་སྲས་མཛེས་ལྡན་ལ་མི་གཙང་བ་ཕོག་ནས་བཙུན་མོ་ཡུམ་སྲས་ཀྱི་ཁྲུས་ཀྱི་རྫིང་བུར་ཁྲུས་ལ་བྱོན་པས། བཙུན་མོ་ཡུམ་སྲས་མི་རྒོད་ཀྱིས་ཁྱེར། རྒྱལ་པོ་ཐུགས་ལས་ཀྱིས་ཤ་མིག་རུས་ལ་ཐིམ་པར་གྱུར་ཏོ། །
དེ་ནས་རྒྱལ་པོས་མི་རྒོད་འདུལ་བའི་ཐབས་བྱས་ཀྱང་མི་རྒོད་ལ་གླགས་ཡེ་མ་རྙེད་དོ། །དེའི་ཚེ་ཡིད་འཕྲོག་མས་བྲམ་ཟེ་ཤེས་རབ་རལ་གྲི་ལ་མི་རྒོད་བསྲུང་བའི་འཁོར་ལོ་དང་། མི་རྒོད་ཁ་འཆིངས། མི་རྒོད་བསྐྲད་པ། མི་རྒོད་ཀྱི་སྒྲིབ་ཤིང་རྣམས་བཏགས་ཏེ་རྒྱལ་བུ་མཛེས་ལྡན་རྐུར་བཏང་ངོ་། །དེ་ནས་བྲམ་ཟེ་མི་རྒོད་ཀྱི་ཡུལ་དུ་བྱོན་ནས། བཙུན་མོས་རྒྱལ་བུ་སྒམ་དུ་བཅུག་ནས་མི་རྒོད་དང་འདབ་བསྲེས་ནས་གཉིད་དུ་སོང་འདུག་པ། བྲམ་ཟེས་སྲས་བརྐུས་པས་བཙུན་མོ་གཉིད་སད་བྱུང་བས། ངའི་བུ་ངའི་བུ་ཟེར་ལག་པ་གཡབ་བྱུང་བ། མི་རྒོད་གཉིད་སད་དེ་མི་རྒོད་ན་རེ། བཙུན་མོ་ལ་གང་བྱུང་ཟེར་བས། བཙུན་མོ་ན་རེ། ངའི་བུ་ཁྱོད་ཀྱིས་བརྐུས་ཟེར་བས། མི་རྒོད་ན་རེ། ངས་བརྐུས་ན་ཙན་དན་དམར་པོའི་ཕུར་པ་དང་གསེར་གྱི་སྦལ་པ་མི་དབང་ཟེར་བས། བཙུན་མོ་ན་རེ། ཁྱེད་ཀྱི་ཕུར་པ་དང་སྦལ་པས་ངས་གང་བྱེད་ངའི་བུ་དགོས་ཟེར་བས། མི་རྒོད་ན་རེ། ཕུར་པ་དང་སྦལ་པ་མེད་ན་ང་འཆི་ཟེར་བས། བཙུན་མོ་ན་རེ། ངའི་བུ་མི་སྤྲོད་ན་ཁྱོད་ཀྱི་སྦལ་པ་གསོད་ཟེར་རོ། །མི་རྒོད་ན་རེ། ངའི་སྦལ་པ་ཁྱོད་ཀྱིས་བསད་མི་ནུས། ངའི་སྦལ་པ་གསོད་ན་ཚེར་མ་ཅན་གྱི་མེ་ལ་པཎྜི་ཏ་ནུས་པ་ཅན་གྱིས་སྦྱིན་སྲེག་བྱེད་དགོས། ཁྱོད་ཀྱི་བུ་འཚོལ་རོགས་ངས་བྱའོ་ཟེར། མི་རྒོད་ལངས་བྱུང་བས། བཙུན་མོ་ན་རེ། ངའི་བུ་ཁྱོད་མིན་པ་འགྲོ་ས་མེད། ངའི་བུ་མ་བྱུང་ན་རྒྱ་གར་ཆོས་ཀྱི་རྒྱལ་པོའི་དམག་བསྐུལ་ནས་ཁྱོད་བསད་དོ་ཟེར་བས། མི་རྒོད་ན་རེ། ཨ་ལུ་ལུ་མི་ཤ་ཟོས་པས་ཆོག་ཟེར། དེ་ནས་བྲམ་ཟེས་རྒྱལ་བུ་བརྐུས་ཏེ་ཡིད་འཕྲོག་མ་ལ་སྤྲད་དོ། །
དེ་ནས་ཡིད་འཕྲོག་མས་རྒྱལ་བུ་ལ་མ་མ་གསུམ་བསྐོས་ཏེ་གྲིབ་གསོལ་བྱས་སོ། །དེ་ནས་དུས་ནམ་ཞིག་གི་ཚེ་རྒྱལ་པོ་ཨུཏྤལའི་གདོང་གི་མནལ་ལམ་དུ་མི་དཀར་པོ་ཞིག་བྱུང་སྟེ། ཁྱོད་ཀྱི་བུ་རྐུ་ལ་ཤོར་རོ་ཟེར་བ་རྨིས། དེ་ནས་རྒྱལ་པོ་བཙུན་མོ་སྲས་དང་བཅས་པའི་ཐུགས་ལས་ཀྱི་རྐྱེན་བྱས་ངེས་འབྱུང་གི་བསམ་པ་འདི་སྐྱེས་ཏེ། ད་ངའི་བཙུན་མོ་དང་སྲས་མཛེས་ལྡན་ཁ་བྲལ་ཡོད་པ་འདུགཨ་ཙ་མ་འཁོར་བ་འདི་སྡུག་བསྔལ། ད་ང་དང་མ་བུ་གཉིས་ཚེ་འདིར་མ་འཕྲད་ཚེ་ཕྱི་མ་འཕྲད་པ་ཞིག་བླ་མ་དཀོན་མཆོག་མཁྱེན། ངའི་མ་བུ་མ་བུ་ཞེས་སྐད་བཏོན་ནས་ཤུམ་པས་དེ་མ་ཐག་བློན་པོའི་ཚོགས་དཔག་ཏུ་མེད་པ་འདུས་ཏེ། ཀྱེ་རྒྱལ་པོ་ཆེན་པོ་ཅི་ཉེས་ཞུས་པས། བཙུན་མོ་ཡུམ་སྲས་དང་རྨི་ལམ་བྱུང་ཚུལ་གསུངས་ནས། ཁྱེད་བློན་པོ་རྣམས་ཉོན་ཅིགསྤྱིར་འདུས་བྱས་མི་རྟག་འདུས་ནས་འབྲལ་བ་ཆོས་ཉིད་ཡིན། ང་རྒྱལ་སྲིད་སྤངས་ནས་ཆོས་བྱེད་པས། ཁྱེད་རང་བློན་པོ་དམག་དཔོན་འབངས་རྣམས་ཀྱི་དཀྱིལ་ན་ངའི་རྒྱལ་སྲིད་ཉོ་ཐུབ་མི་ཡོད་ན། རིན་ལ་རྒྱ་གར་བྲེ་བོ་ཆེའི་གསེར་ཁལ་འབུམ་ཚོ་བཅྭོ་བརྒྱད་བྱེད་དོ་གསུངས། རྒྱལ་སྲིད་བཙོང་ན་བློས་ཐོང་པ་ཡིན། ང་རང་ཡང་ནམ་འཆི་ཆ་མེད་ཆགས་ཞེན་ཅན་གྱི་ནོར་ད་ལྟ་རང་བློས་བཏང་བ་དགའ་གསུངས། བློན་པོ་རྣམས་ཀྱི་བཤོལ་ཅི་བཏབ་རུང་མ་ཐེབས་པར་རྒྱལ་སྲིད་འཚོང་བར་ཐག་ཆོད་ནས་སྤྲིངས་ཡིག་གོང་ལྟར་བསྲིངས་སོ། །དེའི་ཚེ་རྒྱལ་པོ་ཨུཏྤལའི་གདོང་གི་རྒྱལ་སྲིད་འཚོང་བར་ཐག་ཆོད་པ་ཡིད་འཕྲོག་མས་ཚོར་ཏེ། ཡིད་འཕྲོག་མའི་ལུས་རྒྱན་གྱིས་བརྒྱན་ཏེ་རྒྱལ་པོའི་དྲུང་དུ་བྱིན་ནོ། །
དེ་ནས་ཡིད་འཕྲོག་མས་བློན་པོའི་ཚོགས་བརྒྱུད་དེ། རྒྱལ་པོའི་རྒྱལ་སྲིད་འཚོང་ན་རྒྱ་གར་བྲེ་བོ་ཆེའི་གསེར་ཁལ་བྱེ་བ་བཅྭོ་བརྒྱད་འབུལ་ལོ་ཞུས་པས། རྒྱལ་པོས་ན་རེ། བློ་སྟོབས་ལྡན་པའི་བུད་མེད་དེ་གང་འདྲ་ཞིག་འདུག་གསུངས་པས། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་ཞུས་པ། གཟུགས་མཛེས་ལྟ་སྡུག་སྐྱེས་པའི་ཡིད་འཕྲོག་མ། །ངག་འཇམ་ཡིད་འོང་ལྟ་བས་ཆོག་ཤེས་མེད། །རྫས་ཕྱུག་བུ་ནོར་འཛོམ་པའི་དཔལ་མོ་ཆེ། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་བཙུན་མོར་རིགས། །དེ་ལ་ལོངས་སྤྱོད་དགའ་བདེ་རྒྱུན་མི་འཆད། །དེ་ཡོད་བསོད་ནམས་ལྡན་ཞིང་གྲགས་པ་ཐོབ། །རྒྱལ་པོའི་སྤྱན་གྱིས་གཟིགས་པ་རེ་རེ་ཙམ་ཞེས་པས། རྒྱལ་པོའི་ཞལ་ནས། ངའི་བློ་གྲོས་བདེ་བྱེད་མའི་བ་སྤུའི་བུ་ག་གཅིག་ཀྱང་མེད་དོ་གསུངས་པས། བློན་པོ་རྣམས་ཀྱིས་ཞུས་པ། ལྷ་ཀླུ་མི་ཡི་བུ་མོའི་མདངས་འཕྲོག་ཅིང་། །བདེ་བྱེད་མ་ནི་བརྒྱ་འགྱུར་སྟོང་འགྱུར་ཙམ་ཞེས་ནས། ཡིད་འཕྲོག་མ་རྒྱལ་པོའི་དྲུང་དུ་བོས་སོ། །དེ་ནས་རྒྱལ་པོ་ཡིད་འཕྲོག་མ་ལ་ཐུགས་སོང་ཀྱང་བཙུན་མོ་ཡུམ་སྲས་ཀྱི་ཐུགས་ལས་ཀྱིས་ནོན་ཏོ། །རྒྱལ་པོས་ཕོ་བྲང་གི་ཡང་རྩེར་གཟིམས། ཡིད་འཕྲོག་མས་ཕོ་བྲང་གི་བར་ཁང་དུ་གཟིམས་པ་ལས། དེ་ནས་ཡིད་འཕྲོག་མས་རྒྱལ་པོ་ཡིད་འགུགས་ཀྱི་འཁོར་ལོ་བསྐོར་བས། རྒྱལ་པོ་རང་དབང་མེད་པར་བྱོན་ཏེ། ཡིད་འཕྲོག་མ་ལ་དགའ་མགུར་སྤྱད་ནས་ཡིད་འཕྲོག་མ་བཙུན་མོར་ཞལ་གྱིས་བཞེས་སོ། །
དེ་ནས་ཡིད་འཕྲོག་མས་རྒྱལ་པོ་བློན་པོའི་ཚོགས་ལ་འདི་སྐད་ཞུས་སོ། །ཀུན་བཟང་རྣམ་འཕྲུལ་རྒྱལ་པོའི་ཆ་བྱད་ཅན། །འཁོར་རྣམས་ཐམས་ཅད་རྒྱལ་སྲས་སྤྲུལ་པ་སྟེ། །རྒྱལ་བུ་མཛེས་ལྡན་བདག་གིས་འབུལ་ལགས་ཀྱི། །གདུག་པ་ཅན་གྱི་མི་རྒོད་བདག་གིས་འདུལ། །ཡུན་དུ་མ་འགྱངས་བཙུན་མོའང་དབུལ་བར་བྱ། །བདག་གིས་ཞུ་བ་འབུལ་བའི་འདོད་ཚིག་གཅིག །རྒྱལ་པོའི་བཀའ་ཡི་ཐུགས་རྗེས་བསྐྱང་འཚལ་ཞིང་། །བློན་པོ་རྣམས་ཀྱིས་དགག་པར་མི་བྱ་འཚལ། །མཛེས་ལྡན་དང་ནི་དགའ་བའི་བློ་གྲོས་གཉིས། །ཉེ་རིང་མེད་པའི་མཆེད་ཟླ་བཞིན་དུ་སྐྱོངས། །རྒྱལ་བློན་རྣམས་ཀྱིས་འདི་ལ་བཀའ་གནང་འཚལ་ཞུས་པས། རྒྱལ་པོ་ཤིན་ཏུ་མཉེས་ཏེ། འདི་སྐད་གསུངས་སོ། །མཛེས་པའི་གཟུགས་དང་སྙན་པའི་སྐད། །འཇམ་པའི་ངག་དང་དུལ་བའི་སེམས། །དགོས་པའི་བློ་གྲོས་སྟོབས་རྒྱས་ཤིང་། །སྤྲུལ་པའི་ལྷ་མོ་འཛུམ་བག་ཅན། །སྨུག་ཟིལ་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་ཅན་གྱི་འདོད་དོན་སྒྲུབ་གསུངས་སོ། །
དེ་ནས་ཡིད་འཕྲོག་མས་གང་བསམ་འགྲུབ་པའི་འཁོར་ལོ་བསྐོར་བས། ཡིད་འཕྲོག་མ་རང་གི་ཟས་ནོར་ཁང་ཁྱིམ་གླང་ངུ་ཡིད་བཞིན་ནོར་བུ། རྒྱལ་བུ་མཛེས་ལྡན། བྲམ་ཟེ་ཤེས་རབ་ཀྱི་རལ་གྲི། བྲམ་ཟེ་དགའ་བའི་བློ་གྲོས་ཕྱུག་པོ་གསེར་མང་པོ་ལ་སོགས་པ་མི་ནོར་སྣ་དགུའི་ཟས་ལོངས་སྤྱོད་ཡོ་བྱད་ཀུན་གྱིས་རྒྱལ་པོའི་ཕོ་བྲང་བཀང་བས། རྒྱལ་བློན་འབངས་དང་བཅས་པ་ཡ་མཚན་པར་གྱུར་ཏོ། །ཁྱད་པར་རྒྱལ་བུ་མཛེས་ལྡན་སྔར་གྱི་ལོ་རྒྱུས་དང་བཅས་ཕུལ་བས། བྲམ་ཟེ་ཤེས་རབ་ཀྱི་རལ་གྲི་ཁྱོད་བློ་གྲོས་དང་ལྡན་ཞིང་། བློ་སྟོབས་དང་ལྡན་པ་ཞིག་འདུག་པས། ངེད་རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ་བློན་པོ་ཁྲི་དྲུག་སྟོང་ཡོད་པས་ཁྱོད་བློན་པོའི་གཙོ་བོར་བཀོད་དོ། །ཉི་མ་དེ་རིང་ཕན་བྲམ་ཟེ་ཤེས་རབ་ཀྱི་རལ་གྲི་བྱའོ། །
ད་ནི་རྒྱ་གར་ཆོས་ཀྱི་རྒྱལ་པོའི་བློན་པོ་བློ་གྲོས་ཆེན་པོར་མཚན་གསོལ་བས། ཁྱོད་བློན་པོ་འབངས་དང་བཅས་པ་ཡང་ཉོན་ཅིགབྲམ་ཟེ་དགའ་བའི་བློ་གྲོས་འདི་དང་། རྒྱལ་བུ་མཛེས་ལྡན་འདི་ཆོས་དང་འཇིག་རྟེན་སུ་ལ་བཀའ་བབ་ཁྱེད་མཚན་མཁན་རྣམས་ཀྱིས་མཚན་རྟོགས་ཤིག་གསུངས་པས། མཚན་མཁན་རྣམས་ན་རེ། བྲམ་ཟེ་འདི་ལ་གསོ་བ་རིག་པའི་བཀའ་བབ། རྒྱལ་བུ་མཛེས་ལྡན་ལ་ཆོས་སྤྱིར་བཏང་གི་བཀའ་བབས་ཞུས་པས།
རྒྱལ་པོ་ན་རེ། འོ་ན་ངའི་རྒྱལ་སྲིད་འདི་བུ་གཉིས་སུས་བསྐྱངས་ན་རྒྱལ་སྲིད་འཕེལ་གསུངས་པས། མཚན་མཁན་རྣམས་ན་རེ། དགའ་བའི་བློ་གྲོས་ཀྱིས་བསྐྱངས་ན་རྒྱལ་སྲིད་འཕེལ་ཞུས་པས། རྒྱལ་པོ་ཨུཏྤལའི་གདོང་གི་ཐུགས་ལ་བུ་མིན་བུ་རུ་རྫུ་བ་ཨ་ཙ་མ་བསམས་ནས། པཎྜི་ཏ་ཁྲུས་ཀྱི་སྡོང་པོ་ལ་ཡང་སྔར་ལྟར་ཞུས་པས། མཚན་མཁན་ལྟར་གསུངས་སོ། །དེ་ནས་རྒྱལ་པོ་ཡིད་ཆེས་ཏེ་མཛེས་ལྡན་ཆོས་ལ་བཅུག་དགའ་བའི་བློ་གྲོས་ལ་རྒྱལ་བུ་དགའ་བའི་གྲོས་སུ་མིང་བཏགས་ནས་རྒྱལ་སྲིད་གཏད་དོ། །དེ་ནས་རྒྱལ་པོས་ཡིད་འཕྲོག་མ་ལ། བློ་གྲོས་བདེ་བྱེད་མ་མི་རྒོད་ཀྱི་ལག་ནས་ཁུག་ལ། མི་རྒོད་ཐུལ་ཅིག་གསུངས་པས། ཡིད་འཕྲོག་མས་རྒྱལ་པོ་ལ་ཞུས་པ། རྒྱལ་པོ་ཆེན་པོ་ལགས། ཁྱུང་ཕྲུག་མི་ཤ་ཟ་བ་གཅིག་བཟུང་མཛོད། བདག་གིས་ཐབས་དང་རྟེན་འབྲེལ་སྒྲིག་གོ་ཞུས་སོ། །དེ་ནས་རྒྱལ་པོས་ཁྱུང་ཕྲུག་བཟུང་སྟེ་ཡིད་འཕྲོག་མ་ལ་སྤྲད་དོ། །ཡིད་འཕྲོག་མས་དུར་ཁྲོད་ནས་མི་ཤ་བླངས་ནས་ཁྱུང་ཕྲུག་གསོས་ནས་འདི་སྐད་སྨྲས་པ། མཁའ་ལྡིང་རྒྱལ་པོ་གཤོག་རྩལ་ཅན། །འདབ་གཤོག་ལྡེམ་སྒྲོ་རྒྱས་པའི་ཚེ། །མ་རུངས་མི་རྒོད་བས་མཐའ་ནས། །བཙུན་མོ་བློ་གྲོས་བདེ་བྱེད་དང་། །ཙན་དན་དམར་མོའི་ཕུར་པ་དང་། །གསེར་གྱི་སྦལ་པ་ཁྱེར་ནས་སུ། །རྒྱལ་པོའི་ཕོ་བྲང་སླར་ལོག་ཅིང་། །སྡེར་ལག་མཐུ་རྩལ་ངོམས་ཀྱིན་བྱོན་བྱས་པས། ཁྱུང་ཕྲུག་གིས་མགོ་གུག་པ་ལན་གསུམ་བྱས་སོ། །
དེ་ནས་ཡིད་འཕྲོག་མས་ཕྱུག་པོ་གསེར་མང་པོ་ལ་མི་རྒོད་ཀྱི་བསྲུང་བ་སྒྲིགས་ཤིང་ལ་སོགས་པ་བཏགས་ཏེ། བཙུན་མོ་ལ་འདི་སྐད་བསྲིངས་སོ། །མཛེས་ལྡན་ཡིད་འཕྲོག་དཔལ་མོ་ཆེ། །ཁྲུས་ཀྱི་རྫིང་བུར་བྱོན་པའི་ཚེ། །མི་སྲུན་མི་རྒོད་ལག་ཏུ་ཤོར། །རྒྱལ་བུ་མཛེས་ལྡན་མི་རྒོད་ཀྱིས། །ཟ་བར་མ་ནུས་བྲམ་ཟེས་བརྐུས། །མ་བུ་བྲལ་བའི་མྱ་ངན་གྱིས། །དམྱལ་བའི་སྡུག་བསྔལ་ལྟ་བུ་མྱོང་། །མཛེས་ལྡན་རྒྱལ་པོའི་ཕོ་བྲང་སླེབ། །དུས་ཚོད་ཚེས་གྲངས་འཛོམས་པ་ལ། །མཐུ་རྩལ་ཅན་གྱི་མཁའ་ལྡིང་ཞིག །བཙུན་མོ་བསུ་མིར་གཏོང་ལགས་པས། །དྲང་སྲོང་ཆེན་པོའི་དབུ་སྐྲ་ལ། །བཅོས་པའི་ཐག་པ་བསྒྲིལ་མ་འདི། །ཙན་དན་སྦལ་པ་མགོ་བསྡམ་ལ། །འདབ་གཤོག་ཅན་གྱི་ཁྱུང་ལ་བཀལ། །དེ་སྟེང་བཙུན་མོ་ཆིབས་བྱས་ལ། །ཐེ་ཚོམ་མ་ཟ་ཕོ་བྲང་བྱོན་ཅེས་པ་བསྐུར་ནས་གསེར་མང་པོ་བརྫངས་སོ། །དེ་ནས་ཕྱུག་པོ་གསེར་མང་པོས་བང་ཆེན་གོ་ཆོད་བྱུང་བས། རྒྱལ་པོས་བློན་པོ་གསེར་ཆེན་བྱ་བར་མངའ་གསོལ། དེ་ནས་ཡིད་འཕྲོག་མས་ཁྱུང་ཆེན་པོ་ལ་ཁ་ཏ་གོང་ལྟར་བྱས། བཙུན་མོ་བསུ་བ་ལ་བརྫངས་སོ། །བཙུན་མོས་ཀྱང་མི་རྒོད་མེད་ཤུལ་དུ་ཙན་དན་གྱི་ཕུར་པ་དང་གསེར་གྱི་སྦལ་པ་ཁྱུང་ལ་བཀལ་ཏེ་སྟེང་དུ་ཞོན་ནས་ཡོང་པས་མི་རྒོད་ཀྱིས་དེད་པས་ཁྱུང་གི་གྲིབ་མའི་རྗེས་ཀྱང་མ་ཟིན་ཏོ། །དེ་ནས་བཙུན་མོ་ཕོ་བྲང་ནང་དུ་ཕེབས་ནས་རྒྱལ་པོ་དང་མཇལ་ཡང་བཙུན་མོ་མི་རྒོད་དང་འགྲོགས་ཤིང་མི་ཤ་ཟོས་པས་ཅུང་ཟད་གཟུགས་བྱད་སོགས་འགྲིབ་པས་རྒྱལ་པོ་ཐུགས་ཡིད་མ་ཆེས་པས། པཎྜི་ཏ་ཁྲུས་ཀྱི་སྡོང་པོ་སྤྱན་དྲངས་ནས་ཁྲུས་འོག་ནས་བཏོན་པས། བཙུན་མོ་སྔར་ལྟར་མཛེས་ཤིང་ཡིད་དུ་འོང་བར་གྱུར་ཏོ། །
དེ་ནས་པཎྜི་ཏ་ཁྲུས་ཀྱི་སྡོང་པོས་ཚེར་མར་ཅན་གྱི་མེ་ལ་སྦལ་པ་བསྲེགས་པས། མི་རྒོད་གསོན་སྐམ་ལ་སོང་ངོ་། །དེ་ནས་བཙུན་མོ་ཡུམ་སྲས་ཕེབས་པ་དང་། མི་རྒོད་ཐུལ་བས་རྒྱལ་པོ་འཁོར་དང་བཅས་པ་དགའ་མགུ་ཡི་རང་ངོ་། །དེ་ནས་རྒྱལ་པོས་ཡིད་འཕྲོག་མ་ལ་འདི་སྐད་བྱས་སོ། །རབ་མཛེས་ཡིད་འཕྲོག་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གནོན་གསུང་སྒྲ་སྒྲོག །མ་ལུས་ཤེས་བྱ་ཀུན་མཁྱེན་ཇི་བཞིན་གཟིགས་པའི་ཐུགས། །སྨན་གྱི་ལྷ་མོ་དངོས་འདྲ་མ་ལ་གུས་པས་འདུད། །བདག་སོགས་འཁོར་བཅས་འགྲོ་བའི་རེ་བ་སྐོང་མཛད་མ། །སེམས་ཅན་དོན་དུ་བདུད་རྩི་སྨན་གྱི་ས་བོན་འདེབས་བྱེད་སྨིན་མཛད་མ། །བདག་གི་སྨན་སྡོང་བདེ་བ་སྐྱེད་བྱེད་འདི་འབུལ་གྱིས། །རིགས་དྲུག་སེམས་ཅན་ནད་ལས་ཐར་བྱེད་དངོས་གྲུབ་ཞུ་གསུངས་ནས། བདེ་བ་སྐྱེད་བྱེད་ཀྱི་སྨན་སྡོང་ཕུལ་ལོ། །དེ་ནས་བཙུན་མོ་བློ་གྲོས་བདེ་བྱེད་མས་ཡིད་འཕྲོག་མ་ལ་འདི་སྐད་བྱས་སོ། །ཡིད་འཕྲོག་ལྷ་མོ་མཛེས་ཤིང་ངོ་ཚའི་གོས་གྱོན་ཅིང་། །ཤེས་རབ་བློ་གྲོས་རྒྱན་བཏགས་དད་པའི་གདན་ལ་བཞུགས། །ཐེ་ཚོམ་སྒྲོ་འདོགས་གཅོད་པའི་མཚོན་ཆ་གློ་ལ་བཏགས། །ཁམས་གསུམ་ཟིལ་གནོན་སྲིད་གསུམ་འདྲེན་བྱེད་བསླབ་གསུམ་ནོར་གྱིས་ཕྱུག །སྨན་གྱི་ལྷ་མོ་སྨུག་ཟིལ་མ་ལ་བདག་ནི་སྒོ་གསུམ་གུས་པས་འདུད། །བདག་སོགས་ནད་ཀྱིས་གདུངས་པའི་འགྲོ་ཚོགས་དཔག་མེད་ལ། །ཁྱོད་ཀྱི་ཐུགས་རྗེས་བསྐྱབ་ཕྱིར་བཟང་མོ་བདག་གིས་ཀྱང་། །ཙན་དན་གོར་ཤིཪྵ་སྡོང་པོ་འདི་འབུལ་ལོ། །བཞེས་ནས་ཚ་གྲང་ནད་ཀྱི་དཔུང་འཇོམས་ནད་ལས་བསྐྱབ་ཏུ་གསོལ་སྨྲས་ནས་ཙན་དན་གོ་ཤིཪྵ་རྩ་བ་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་བཅས་པ་སྟེང་ལྷའི་ཡུལ་ནས་སྤྱན་དྲངས་པ་ཡིད་འཕྲོག་མ་ལ་འབུལ་ལོ། །
དེ་ནས་སྲིན་པོའི་རྒྱལ་པོ་མ་ཧཱ་ཏ་བྱ་བས་ཡིད་འཕྲོག་མའི་ཡོན་ཏན་ཚོར་བར་བརྟེན། ཡུལ་པདྨའི་སྙིང་པོ་ན་རྒྱལ་པོ་ཨུཏྤལའི་གདོང་བཙུན་མོ་དང་བློན་པོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་པའི་ཚེ། སྲིན་པོའི་དམག་བཅུག་གོ །དེ་ནས་ཡིད་འཕྲོག་མས་རྒྱལ་པོ་ལ་གཡུལ་ལས་རྒྱལ་བར་བྱེད་པའི་བསྲུང་བ་དང་འཁོར་ལོ་བཏགས། བློན་པོ་གཞན་རྣམས་ལ་གཡུལ་བཟློག་པ་དང་། གཡུལ་བསྲུང་བ་དང་། གཡུལ་བསྐྲད་པའི་འཁོར་ལོ་བཏགས། བློན་པོ་བློ་གྲོས་ཆེན་པོ་ལ་རྒྱལ་པོ་འཛིན་པ་དང་། རྒྱལ་པོ་བཅིངས་པའི་འཁོར་ལོ་དང་། དྲང་སྲོང་ཆེན་པོའི་དབུ་སྐྲ་གསུམ་སྒྲིལ་ལ་བཅོས་པའི་ཐག་པ་བསྐུར། བློན་པོ་གསེར་ཆེན་པོ་ལ་བློན་པོ་འཛིན་པ་དང་བཅིངས་པའི་འཁོར་ལོ། དྲང་སྲོང་ཆེན་པོའི་དབུ་སྐྲ་ལ་བཅོལ་པའི་ཐག་པ་རྣམས་བསྐུར་རོ། །རྒྱལ་བུ་དགའ་བའི་བློ་གྲོས་ལ་དམག་མི་བཅིངས་པ་དང་བསྐྲད་པའི་འཁོར་ལོ་བཏགས་ཏེ། ཡིད་འཕྲོག་མ་རང་གི་གང་བསམ་འགྲུབ་པའི་འཁོར་ལོ་བསྐོར་ནས། སྲིན་པོ་དང་གཡུལ་བཀྱེ་བས་སྲིན་པོ་རྣམས་ནི་མགོ་བོ་དང་ལག་པ་མང་པོ་འདུག་ཅིང་། སྲིན་པོའི་རྒྱལ་པོ་ལ་མགོ་བོ་ཉི་ཤུ་རྩ་གཅིག །ལག་པ་བཞི་བཅུ་ཞེ་གཉིས། ཕྱག་མཚན་མདའ་གཞུ་དང་། ཞགས་པ་དང་། སྟ་རེ། རལ་གྲི། མདུང་ལ་སོགས་པས་བརྒྱན་པ་འདུག་གོ །སྲིན་པོའི་བློན་པོ་ཁྱབ་པ་ལག་རིང་བྱ་བ་ལ་མགོ་བཅུ་གཅིག་ལག་པ་ཉི་ཤུ་རྩ་གཉིས་ཕྱག་མཚན་རྒྱལ་པོ་དང་འདྲ་བ་འདུག་གོ །རྒྱལ་པོ་ཨུཏྤལའི་གདོང་དང་རྒྱལ་བུ་དགའ་བའི་བློ་གྲོས་ཀྱིས་བཙན་ས་སྲིན་པོའི་གནོད་པ་མི་ཡོང་བ་ཞིག་ཏུ་ཡིད་འཕྲོག་མས་བསླབས་པའི་འཁོར་ལོ་བསྐོར་གྱིན་བཞུགས། བློན་པོ་བློ་གྲོས་ཆེན་པོ་དང་།
བློན་པོ་གསེར་ཆེན་པོས་དམག་དཔོན་བྱས་གཡུལ་བཀྱེ་བས། བློན་པོ་བློ་གྲོས་ཆེན་པོ་ལ་སྲིན་པོའི་རྒྱལ་པོས་མཚོན་ཆ་བསྐོར་བས། བློན་པོ་བློ་གྲོས་ཆེན་པོས་དྲང་སྲོང་ཆེན་པོའི་དབུ་སྐྲ་ལ་བཟོས་པའི་ཐག་པ་དབྱུགས་པས། སྲིན་པོའི་རྒྱལ་པོའི་མགོ་བོ་བཅུ་ཡར་བཞག་བཅུ་མར་བཞག་པའི་དབུས་ན་སེང་གེའི་མགོ་བོ་གཅིག་འདུག་པ་དེའི་གདོང་པའི་ཉག་ལ་ཐེབས་སོ། །བློན་པོ་གསེར་ཆེན་པོ་ལ་སྲིན་པོའི་བློན་པོས་མཚོན་ཆ་བསྐོར་བྱུང་བའི་ཚེ། གསེར་ཆེན་པོས་ཡང་དྲང་སྲོང་ཆེན་པོའི་དབུ་སྐྲ་ལ་བཅོས་པའི་ཐག་པ་དབྱུགས་པས། སྲིན་པོའི་བློན་པོའི་མགོ་བཅུ་གཅིག་ཡོད་པའི་ལྔ་ཡར་བཞག་ལྔ་མར་བཞག་པའི་དབུས་མ་སྤྲེའུའི་མགོ་གཅིག་འདུག་པའི་ཉག་ལ་ཐེབས་སོ། །དེ་ནས་སྲིན་པོ་གཡུལ་ཕམ་སྟེ་སྲིན་དམག་རྣམས་རང་ཡུལ་ལ་ལོག །སྲིན་པོའི་རྒྱལ་བློན་གཉིས་ཨུཏྤལའི་ཕོ་བྲང་དུ་ཁྲིད་དེ་ཡིད་འཕྲོག་མ་ལ་སྤྲད་དོ། །
དེ་ནས་ཡིད་འཕྲོག་མས་སྲིན་པོའི་རྒྱལ་བློན་གཉིས་ལ་སྨྲས་པ། དཔའ་རྩལ་ཅན་གྱི་སྟོབས་ཀྱི་རྒྱལ་བློན་གཉིས། །ཕྱི་མ་ཁྱད་བསད་བསོད་ནམས་འཇོམས་པའི་ལས། །བསམ་པ་ངན་པས་དམག་གི་ལས་ལ་དགའ། །རང་སྡུག་གཞན་གནོད་ལས་འདི་གང་ཕྱིར་སྒྲུབ་བྱས་པས། །སྲིན་པོའི་རྒྱལ་བློན་ན་རེ། མཛེས་ལྡན་ཡིད་འོང་སྐྱེས་པའི་ཡིད་འཕྲོག་མ། །གང་ནས་བལྟས་ཀྱང་སྐྱོན་མེད་ཡོན་ཏན་ཅན། །ཁྱོད་ཉིད་གྲོགས་འདོད་གཞན་འཕུང་རང་སྡུག་བྱས། །སྲིན་པོའི་རྒྱལ་བློན་སྲོག་གི་འཇིགས་ལས་སྐྱོབས་བྱས་པས། །བློན་པོ་བློ་གྲོས་ཆེན་པོ་དང་གསེར་ཆེན་པོས་དྲང་སྲོང་ཆེན་པོའི་དབུ་སྐྲ་མིན་པའི་རལ་པ་རེ་ཁྱེར་ནས་སྲིན་པོའི་རྒྱལ་བློན་གཉིས་ཉེས་པས། སྲིན་པོའི་རྒྱལ་བློན་གཉིས་ཀྱི་ལུས་ལ་མེ་འབར་བ་ཆུ་འཁྲུག་པའི་སྡུག་བསྔལ་བྱུང་ནས་སྐད་ངན་སྣ་ཚོགས་ཤོར་ཏེ།
ཡིད་འཕྲོག་མ་ལ་ཞུ་བ་འདི་ལྟར་ཕུལ་ལོ། །ཡིད་འཕྲོག་ལྷ་མོ་ཐབས་མཁས་ཐུགས་རྗེ་ཆེ། །ཟུག་རྔུ་ནད་ཀྱི་དུཿཁ་སེལ་བྱེད་པའི། །བཟང་དྲུག་སྨན་གྱི་སྡོང་པོ་ལོ་འདབ་བཅས། །སྨན་ཀུན་འབྱུང་བའི་སྡོང་པོ་ནུས་པར་ལྡན། །སྡོང་པོ་འདི་གཉིས་ཡིད་འཕྲོག་མ་ལ་འབུལ། །རྒྱ་གར་ཆོས་རྒྱལ་ཨུཏྤལ་ཡི་གདོང་། །སྲིན་པོའི་རྒྱལ་པོ་སྲིད་ཟླར་བཅུག་བྱས་ནས། །སྲིན་པོ་སྲོག་གི་འཇིགས་ལས་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། དེ་ནས་ཡིད་འཕྲོག་མས་རྒྱ་གར་རྒྱལ་བློན་རྣམས་དང་། སྲིན་པོའི་རྒྱལ་བློན་རྣམས་གྲོགས་སུ་བཅུག །རྒྱ་གར་བ་དང་སྲིན་པོ་གཉིས་སྲིད་ཟླ་བྱས་ནས། གཅིག་གྲོགས་གཅིག་གིས་བྱེད་པ་བྱས་སོ། །དེ་ནས་ཡིད་འཕྲོག་མའི་ཡོན་ཏན་མཐའི་རྒྱལ་པོ་སྒྲ་ཅན་འཛིན་གྱིས་ཐོས་ནས་ཡིད་འཕྲོག་མ་རྐུ་མི་ལ་མུ་སྟེགས་བྲམ་ཟེའི་གཟུགས་ཅན་གཉིས་བཏང་ངོ་། །དེ་ནས་ཡིད་འཕྲོག་མ་སྐྱོ་བསངས་ལ་བྱོན་པས། ཡིད་འཕྲོག་མ་བྲམ་ཟེ་གཉིས་ཀྱིས་བརྐུས་ཏེ། མཐའི་རྒྱལ་པོ་ལ་སྤྲད་དོ། །
དེ་ནས་མཐའི་རྒྱལ་པོ་ཡིད་འཕྲོག་མ་ལ་ཆགས་ཤིང་ཞེན་པར་གྱུར་ཏོ། །དེ་ནས་དུས་ནམ་ཞིག་གི་ཚེ་མཐའི་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་འཁོར་དང་བཅས་པ་ལ་བསྙེན་བཀུར་བྱེད་པས། ཡིད་འཕྲོག་མ་ཡང་བསྙེན་བཀུར་བྱེད་དམ་བྱས་པས། ཡིད་འཕྲོག་མས་འདི་སྐད་བྱས་སོ། །བདག་ཀྱང་བསྙེན་བཀུར་བྱེད་པས་ཡོ་བྱད་རྣམས་དགོས་བྱས་པས། མཐའི་རྒྱལ་པོས་ཡིད་འཕྲོག་མ་ལ་བསྙེན་བཀུར་གྱི་ཡོ་བྱད་རྣམས་ཕུལ་ལོ། །དེ་ནས་རྒྱལ་པོས་མུ་སྟེགས་ཀྱི་སྟོན་པ་རྣམས་ལ་བསྙེན་བཀུར་རོ། །
ཡིད་འཕྲོག་མས་སངས་རྒྱས་འཁོར་དང་བཅས་པ་བར་སྣང་དུ་སྤྱན་དྲངས་ནས་བསྙེན་བཀུར་བས། མུ་སྟེགས་རྣམས་ཁྲོས་པར་གྱུར་ཏོ། །དེ་ནས་མུ་སྟེགས་རྣམས་ཁྲོས་ཏེ་ཡིད་འཕྲོག་མ་ལ་མུ་སྟེགས་ཀྱི་ངན་སྔགས་བཙུགས་སོ། །ཡིད་འཕྲོག་མས་མུ་སྟེགས་ཀྱི་ངན་སྔགས་ཟློག་པའི་འཁོར་ལོ་བསྐོར་བས། དེ་ནས་དུས་ནམ་ཞིག་གི་ཚེ་རྒྱལ་པོ་དང་ཡིད་འཕྲོག་མ་འཁོར་དང་བཅས་པ་ཕོ་བྲང་གི་ཡང་རྩེར་བཞུགས་པ་ལས། ཡིད་འཕྲོག་མ་ལ་མུ་སྟེགས་ཀྱི་ངན་སྔགས་བྱུང་ནས། མདའ་རྡོ་མདུང་ལ་སོགས་པའི་མཚོན་ཆས་བར་སྣང་གང་སྟེ། ཡིད་འཕྲོག་མའི་ལུས་དུམ་བུར་གཏུབས་པ་ཙམ་བྱུང་ཡང་། ཡིད་འཕྲོག་མས་འཁོར་ལོ་བསྐོར་བས་ཡིད་འཕྲོག་མ་ལ་མ་གནོད་པས། རྒྱལ་པོ་ངོ་མཚར་བར་གྱུར་ནས། རྡོ་གཅིག་ལ་རྡོ་སྨན་ཀུན་འབྱུང་བ་དང་། ས་གཅིག་ལ་ས་སྨན་ཀུན་འབྱུང་བ། དེ་བཞིན་དུ་ཆུ་གཅིག་ལས་ཆུ་སྨན་ཀུན། མེ་གཅིག་ལ་མེ་སྨན། རླུང་གཅིག་ལ་རླུང་སྨན། ཤིང་གཅིག་ལ་ཤིང་སྨན། རྩི་གཅིག །ཐང་ཅིག །སྲོག་ཆགས་གཅིག་ལ་སྲོག་ཆགས་ཀྱི་སྨན་ཀུན་ཚང་བ་ལ་སོགས་པ་མདོར་ན་སྨན་གྱི་རིགས་སུ་གྱུར་པ་མ་ཚང་བ་མེད་པའི་སྨན་གྱི་སྡོང་པོ་ཡལ་ག་དང་ལོ་མ་མེ་ཏོག་འབྲས་བུ་དང་ལྡན་པ་ཞིག་ཡོད་པ་ཡིད་འཕྲོག་མ་ལ་ཕུལ་ནས་འདི་སྐད་བྱས་སོ། །
ཡིད་འཕྲོག་བུ་མོ་མཛེས་པའི་ངང་ཚུལ་ཅན། །སེམས་ཅན་དོན་དགོངས་ནད་རྣམས་སེལ་བ་ལ། །བདུད་རྩི་སྨན་གྱི་ས་བོན་འདེབས་དགོངས་པ། །སྨན་ཀུན་འབྱུང་བའི་སྨན་སྡོང་དམ་པ་འདི། །མུ་སྟེགས་ངན་སྔགས་མ་གནོད་སྐྱེས་སུ་འབུལ། །ཁྱེད་དགོངས་གྲུབ་ཅིང་ས་བོན་ཐེབས་པར་ཤོག །ཅེས་གསུངས་ནས་ཡིད་འཕྲོག་མས་མུ་སྟེགས་ཀྱི་བསྟན་པ་ཐེངས་གཅིག་བསྣུབས་པར་མཛད་དོ། །མུ་སྟེགས་རྣམས་ཀྱིས་ངན་སྔགས་མི་བྱེད་པའི་འཚམ་མཐའི་རྒྱལ་པོས་མཛད་དོ། །དེའི་ཚེ་རྒྱལ་པོ་ཨུཏྤལའི་གདོང་ཡིད་འཕྲོག་མ་དང་བྲལ་བའི་མྱ་ངན་གྱི་ཐུགས་མ་བདེ་བར་ཡོད་པའི་ཚེ། རྒྱལ་བུ་དགའ་བའི་བློ་གྲོས་ལ་སྨྲས་པ། ཡིད་འོང་གཞོན་ནུ་དགའ་བའི་བློ་གྲོས་ཁྱོད། །ཆུང་དྲིན་བསྐྱངས་པའི་ཡིད་འཕྲོག་ལྷ་མོ་དེ། །ཁྱོད་ཀྱི་སེམས་དང་སྐད་ཅིག་འབྲལ་ཐབས་མེད། །བསམ་བཞིན་བསམ་བཞིན་སྐྱེས་པའི་ཡིད་འཕྲོག་དྲན་གསུངས་པས། རྒྱལ་བུ་དགའ་བའི་བློ་གྲོས་ཀྱིས་འདི་སྐད་ཞུས་པ། ལུས་སེམས་བསྐྱེད་པའི་བརྩེ་གདུང་ཅན་མ་དེ། །མཚར་སྡུག་དགྲར་ལངས་མཐའ་ཡི་རྒྱལ་པོས་བརྐུས། །མ་མེད་བུ་ཚ་སྙིང་ཁོང་ཆུ་ལས་གྲང་། །སྐྱོབས་ཤིག་སྐྱོབས་ཤིག་སྐྱབས་ཆེན་དཀོན་ཅོག་གསུམ་གསུངས་པས། བཙུན་མོ་བློ་གྲོས་བདེ་བྱེད་མ་ན་རེ། རྒྱལ་པོ་རྣམ་གཉིས་ཐུགས་ཁྲལ་མི་དགོས་སོ་པཎྜི་ཏ་ཁྲུས་ཀྱི་སྡོང་པོ་ལ་ཞུས་པས་ཐབས་དང་རྟེན་འབྲེལ་གནང་ཡོང་གསུངས་སོ། །
དེ་ནས་པཎྜི་ཏ་ཁྲུས་ཀྱི་སྡོང་པོ་ལ་ཞུས་པས། པཎྜི་ཏའི་ཞལ་ནས། རྒྱ་གར་གྱི་མཐའི་མཚོ་གླིང་དྲང་སྲོང་སྦ་མི་སྦ་བྱ་བ་ཡོད། དེ་ལ་ངེད་ཀྱི་ཞལ་ཏ་ཞུས་ཡོང་གི་བྱས་ནས། པཎྜི་ཏ་ཆེན་པོས་དྲང་སྲོང་ཆེན་པོ་ལ་སྔར་གྱི་ལོ་རྒྱུས་ཞུས་པས། དྲང་སྲོང་ཆེན་པོས་ཡིད་འཕྲོག་མ་དང་མཐའི་རྒྱལ་པོ་བཞག །གཞན་མུ་སྟེགས་རྣམས་ལ་ཚ་བ་མེའི་འཁོར་ལོ་བསྐོར་ནས་བསྲེགས་སོ། །དེའི་ཚེ་མཐའི་རྒྱལ་པོས་ཀྱང་ཡིད་འཕྲོག་མ་རྒྱལ་པོ་ཨུཏྤལའི་དྲུང་དུ་ཁྲིད་ནས། མཐའི་རྒྱལ་པོ་འབངས་སུ་བཅུག །མུ་སྟེགས་རྣམས་ལ་ཡིད་འཕྲོག་མས་བདུད་རྩི་འཆི་གསོས་བསྐུར་ཏེ། མཐའི་རྒྱལ་པོས་རོ་ཀུན་ལ་བླུད་པས་ཤི་བ་ཀུན་གསོས་ནས་མུ་སྟེགས་ཀྱི་བསྟན་པ་ཐེངས་གཅིག་ཡིད་འཕྲོག་མས་བཙུགས་སོ། །དེ་ནས་ཡིད་འཕྲོག་མ་མཐའི་རྒྱལ་པོའི་ལག་ནས་ཁུགས་ཤིང་། མཐའི་རྒྱལ་པོ་འབངས་སུ་ཚུད་པས་རྒྱལ་པོ་འཁོར་བཅས་དགའ་ཞིང་མགུ་བར་གྱུར་རོ། །དེའི་ཚེ་པཎྜི་ཏ་ཁྲུས་ཀྱི་སྡོང་པོས་ཡིད་འཕྲོག་མ་ལ་འདི་སྐད་གསུངས་སོ། །མཛེས་ལྡན་བུ་མོ་མཛེས་པའི་ཡིད་འཕྲོག་མ། །རབ་མཛེས་ཡིད་འོང་ཐུགས་རྗེའི་འགྲོ་ཀུན་ཚིམ། །ནད་རྣམས་ཀུན་སེལ་ཆུ་བོ་བཞི་ལས་གྲོལ། །ལྷ་མོ་གྲུབ་པའི་བློ་གྲོས་དེ་ལ་འདུད། །བདག་དང་མར་གྱུར་འགྲོ་བ་སེམས་ཅན་རྣམས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །ཁྱེད་ཀྱིས་རྗེས་བཟུང་ཚེ་རིང་ནད་མེད་ཅིང་། །གསོ་རིག་བསྟན་པའི་བྱ་བ་བྱེད་པར་ཤོག་གསུངས་སོ། །དེ་ནས་དུས་ནམ་ཞིག་གི་ཚེ། གླང་ངུ་ཡིད་བཞིན་ནོར་བུ་ཚེའི་དུས་བྱེད་པར་བབ་སྟེ་གླང་ངུས་ཡིད་འཕྲོག་མ་ལ་འདི་སྐད་བྱས་སོ། །ཡིད་འཕྲོག་ལྷ་མོ་འགྲོ་ཀུན་དཔལ་དུ་ཤར། །སྨོན་ལམ་སྟོབས་ཀྱི་འགྲོ་བའི་ནད་ཀུན་སེལ། །ཐུགས་རྗེས་དབང་གི་སྨན་གྱི་ས་བོན་འདེབས། །སྨན་གྱི་ལྷ་མོ་འོད་ལྗང་མ་ལ་འདུད། །དཀའ་བ་དང་བླངས་ངལ་དུབ་ཁྱད་བསད་པའི། །ཕྱོགས་ཕྱོགས་བླངས་པའི་སྨན་གྱི་ས་བོན་རྣམས། །དྲང་སྲོང་༼སྦ་མི་སྦ་༽བྲམ་ཟེ་༼ཡན་ལག་མདའ་རིང་༽ཨ་ཙར་རྒྱལ་པོ་༼མཁའ་ལྡིང་ནག་པོ་༽དང་། །པཎྜི་ཏ་༼ཁྲུས་ཀྱི་སྡོང་པོ་༽དང་རྒྱལ་༼ཨུཏྤལའི་གདོང་༽བཙུན་༼བདེ་བྱེད་མ་༽བློན་པོ་གཉིས། །༼བློ་གྲོས་ཆེན་པོ་དང་གསེར་ཆེན་པོ།༽ རྒྱལ་བུ་༼དགའ་བའི་བློ་གྲོས་༽རྣམས་ནི་གྲོགས་ལ་སྦྲན་བྱས་ནས། །རྡོ་རྗེ་གདན་དུ་སྨན་གྱི་སྨོན་ལམ་ཐོབ། །ཁྱེད་རྣམས་མཐུན་པའི་སྨོན་ལམ་གང་བཏབ་པ། །འགྲུབ་པར་ངེས་སོ་སྨོན་འགྲུབ་སྨོན་ལམ་ཐོབ། །འདེབས་ས་སྨན་གྱི་རི་བོ་རྣམ་བཞི་དང་། །དེ་ཡི་བར་མཚམས་རྒྱ་གར་རྒྱ་ནག་དང་། །ལི་ཡུལ་བལ་ཡུལ་བོད་ཀྱི་ཡུལ་དུ་ཐོབ། །འདེབས་རྒྱུ་སྔོ་སྨན་རྩི་སྨན་ཤིང་སྨན་དང་། །རིན་ཆེན་ནོར་བུའི་སྨན་དང་ཐང་སྨན་དང་། །ས་རྡོ་འབྱུང་བཞིའི་སྨན་དང་སྲོག་ཆགས་སྨན། །གཉེན་པོ་ནད་བཞིའི་སྨན་སོགས་སྨན་གྱི་རིགས། །ཐུགས་རྗེའི་སྨོན་ལམ་ས་བོན་གཅིག་ཏུ་ཐོབ། །ཁྱད་པར་བདག་གི་ཤ་དང་རུས་པ་ཁྲག །རྩ་རྒྱུས་པགས་སོར་ཀླད་པ་སྤུ་དང་མཁྲིས། །རྭ་སོགས་ལུས་ཀྱི་བྱེ་བྲག་སྣ་ཚོགས་རྣམས། །ས་བོན་ཐོབ་ལ་སྨོན་ལམ་རྒྱ་ཡིས་ཐོབ། །འདེབས་ས་རྒྱ་གར་རྡོ་རྗེ་གདན་ནས་ཐོབ། །གནས་སྟོབས་གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །བསམ་པའི་སྟོབས་ཀྱི་ཐེབས་པར་ཐེ་ཚོམ་མེད་ཅེས་ཟེར་རོ། །དེ་ནས་ཡིད་འཕྲོག་མས་གླང་ངུ་ལ་འདི་སྐད་བྱས་སོ། །འདོད་རྒུའི་ལོངས་སྤྱོད་ཆར་ལྟར་འབབ་པའི་ལྷ། །གླང་ངུ་ནོར་བུ་དགོས་འདོད་ཀུན་འབྱུང་དེ། །ཚོགས་བདག་དཀར་པོ་གླང་སྣ་བ་ཞེས་བྱ། །ཁྱེད་གསུངས་དམ་པ་གསེར་གྱི་ལྷུན་འདྲ་དེ། །བདག་གི་སྙིང་གི་པདྨོ་ཁ་ཕྱེ་སྟེ། །རྟག་ཏུ་བཞུགས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་གསོལ་བ་བཏབ་བོ། །དེ་ནས་ཡིད་འཕྲོག་མས་གླང་ངུའི་གསུངས་ལྟར་རྒྱལ་པོ་འཁོར་བཅས་ལ་ཞུ་བ་འདི་སྐད་ཕུལ་ལོ། །ཚོགས་གཉིས་གསོག་པ་སྤྲུལ་པའི་རྒྱལ་བློན་མཆོག །སྐྱེས་པའི་ཡིད་འཕྲོག་མདངས་ལྡན་མཛེས་བྱེད་མ། །སྨན་རྣམས་སྐྱེད་བྱེད་ལྷ་མོར་མངའ་གསོལ་བའི། །ཀུན་ཏུ་བཟང་མོ་འགྲོ་བའི་དོན་བྱེད་དུ། །བདུད་རྩི་སྨན་གྱི་ས་བོན་འདེབས་པ་ལ། །གྲོགས་ཀྱི་དམ་པ་རྒྱལ་པོ་འཁོར་བཅས་མཛོད་བྱས་པས། རྒྱལ་པོས་གསུངས་པ། རྒྱལ་བ་བསྐྱེད་པའི་ཡུམ་ཆེན་མོ། །ཕྱི་རབས་སེམས་ཅན་དོན་ཆེད་དུ། །སྨན་གྱི་ས་བོན་འདེབས་བྱེད་པ། །སྤྲུལ་པའི་ལྷ་མོ་གང་དེ་རྒྱལ། །བདག་སོགས་དགའ་ཞིང་སྤྲོ་བཞིན་དུ། །ཆས་རྐྱེན་སྒྲུབ་ལ་ཐེ་ཚོམ་མེད། །ལྷ་མོ་ཆེན་མོས་བདག་རྒྱུད་རློབས་གསུངས་སོ། །དེ་ནས་ཡིད་འཕྲོག་མས་པཎྜི་ཏ་ཁྲུས་ཀྱི་སྡོང་པོ་ལ་འདི་སྐད་ཅེས་ཞུས་སོ། །ཕ་མེད་མ་མེད་དྲི་མེད་པད་མཚོར་པད་སྡོང་བརྫུས་ཏེ་འཁྲུངས། །དུས་གསུམ་རྒྱལ་བ་རིགས་ལྔ་རྒྱ་མཚོ་འདུས་པའི་སྐུ། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསུང་གི་སྤྲུལ་པ་པདྨ་འབྱུང་གནས་ཞེས་སུ་གྲགས། །ས་གསུམ་འགྲན་ཟླ་བྲལ་བའི་ཁྲུས་ཀྱི་སྡོང་པོ་དེ་ལ་འདུད། །བདག་སོགས་གདུལ་བྱར་གཏོགས་དང་ཕྱི་རབས་སེམས་ཅན་དོན་བྱེད་དུ། །ནད་སེལ་སྨན་གྱི་ས་བོན་སྨོན་ལམ་འདེབས་བྱེད་གང་། །ཁྱེད་ཀྱི་ཐུགས་རྗེའི་ནུས་པས་བདག་གི་གྲོགས་མཛོད་ཅིག་ཅེས་ཞུས་སོ། །དེ་ནས་པཎྜི་ཏ་ཆེན་པོ་དང་། རྒྱལ་པོ་བཙུན་མོ་བློན་པོའི་ཚོགས་དང་ཡིད་འཕྲོག་མ་འཁོར་དང་བཅས་པ་གནས་ཆེན་པོ་རྡོ་རྗེ་གདན་དུ་ཕེབས་སོ། །
དེ་ནས་ཡིད་འཕྲོག་མས་གསོལ་བ་འདི་ལྟར་བཏབ་པ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་སངས་རྒྱས་བྱང་སེམས་སྨན་བླ་དྲང་སྲོང་རིག་འཛིན་ལྷ་མོ་བརྒྱུད་བར་བཅས་པ་དང་དཔའ་བོ་མཁའ་འགྲོ་དམིགས་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་མངའ་བདག་དང་ལྡན་པ་ཁྱེད་རྣམས་དང་། ཁྱད་པར་དྲང་སྲོང་སྦ་མི་སྦ། བྲམ་ཟེ་ཡན་ལག་མདའ་རིང་། ཨ་ཙ་རའི་རྒྱལ་པོ་མཁའ་ལྡིང་ནག་པོ། པཎྜི་ཏ་ཆེན་པོ་ཁྲུས་ཀྱི་སྡོང་པོ། རྒྱལ་པོ་བཙུན་མོ་བློན་པོའི་ཚོགས་དང་། དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་ཁྱད་པར་ཅན་རྣམས་བདག་ཅག་ཕྱི་རབས་ཀྱི་དོན་དུ་སྨོན་ལམ་འདེབས་པའི་གྲོགས་ལ་བྱོན་ཅིག་བྱས། གསེར་སྲང་སྟོང་བར་སྣང་ལ་གཏོང་བས། དམིགས་ཡུལ་ཐམས་ཅད་ཀྱི་ཕྱག་ཏུ་བབས་སོ། །ཁྱད་པར་དྲང་སྲོང་བྲམ་ཟེ་ཨ་ཙ་ར་གསུམ་ཚོགས་འཁོར་མཛད་པའི་སྐུ་པང་དུ་གསེར་མང་པོ་བབས་སོ། །དེ་ནས་དྲང་སྲོང་ཆེན་པོའི་ཞལ་ནས་འདི་སྐད་གསུངས་སོ། །ཡིད་འཕྲོག་མས་ཕྱི་རབས་སེམས་ཅན་དོན་དུ་སྨོན་ལམ་རླབས་པོ་ཆེ་འདེབས་པའི་གྲོགས་ལ་དེངས་ཤིག་གསུངས་ནས། སྐྱེས་མཆོག་གསུམ་གྱིས་མཁའ་ལ་འཕུར་ཏེ་གནས་ཆེན་རྡོ་རྗེ་གདན་དུ་ཕེབས་སོ། །དེ་ནས་ཡིད་འཕྲོག་མས་གསོལ་བ་འདི་ལྟར་བཏབ་བོ། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། །སྨན་བླ་དྲང་སྲོང་རིག་འཛིན་ལྷ་མོ་བརྒྱུད་པར་བཅས། །རིགས་གསུམ་མགོན་པོ་ཁྲུས་ཀྱི་སྡོང་པོ་རྒྱལ་བློན་བཙུན་མོའི་ཚོགས། །སར་གནས་བྱང་སེམས་ལྷ་ཀླུ་ཁྱད་པར་ཅན་རྣམས་ཀྱིས། །ཚོགས་བདག་སྤྲུལ་པ་གླང་ངུ་ཡིད་བཞིན་ནོར་བུ་ཡིས། །ཕྱི་རབས་དོན་དུ་ལུང་བསྟན་གནང་བ་ཇི་ལྟ་བར། །ཡིད་འཕྲོག་ལྷ་མོའི་སྨོན་ལམ་འདེབས་པའི་གྲོགས་མཛོད་ཅིག །གསུངས་ནས་ཡང་གསེར་སྲང་སྟོང་ཕུལ་ལོ། །
དེ་ནས་ཡིད་འཕྲོག་མས་ཙན་དན་དམར་པོའི་ཕུར་པ་དང་། ཙན་དན་ས་མཆོག་གི་འཁར་བ་ཕྱེད་མར་བཏང་སྟེ། ཕྱེད་ཤིང་གཞོགས་སུ་བཏང་ནས་གོང་དུ་སྨོས་པའི་གནས་སྨན་གྱི་རི་བོ་བཞི་དང་། རྒྱ་གར་ལི་བལ་ལ་སོགས་པའི་ཡུལ་རྣམས་སུ་སྨན་གྱི་རིགས་སྣ་ཚོགས་པ་མ་ཚང་བ་མེད་པ་ཀུན་ཚང་བའི་སྨན་གྱི་ས་བོན་བཏབ་ནས་འདི་སྐད་བྱས་སོ། །ཡིད་འཕྲོག་ལྷ་མོ་མཛེས་ལྡན་རབ་མཛེས་མས། །གླང་ངུ་ཡིད་བཞིན་ནོར་བུའི་ལུང་བསྟན་བཞིན། །རྒྱ་གར་ཤར་ནུབ་རྒྱ་ནག་ཡུལ་ཁམས་དང་། །ལི་ཡུལ་བལ་ཡུལ་བོད་ཡུལ་ལ་སོགས་པའི། །ཡུལ་ཁམས་རྣམས་སུ་ཕྱི་རབས་སེམས་ཅན་དོན། །དུག་གསུམ་ནད་སེལ་སྨན་གྱི་ས་བོན་འདི། །ཅི་བཞིན་བཏབ་པ་དེ་བཞིན་ཐེབས་བྱས་ནས། །ལོ་འདབ་རྒྱས་ཤིང་འབྲས་བུ་སྨིན་པར་ཤོག །རིག་འཛིན་སྨན་པ་དྲང་སྲོང་ཆ་བྱད་རྣམས། །བསིལ་དྲོད་སྡེབ་མཁས་སྨན་བླའི་བརྒྱུད་འཛིན་སྲས། །སྨན་རྣམས་འབད་མེད་ལྷུན་གྱིས་གྲུབ་པ་དང་། །འགྲོ་བའི་ནད་སེལ་སངས་རྒྱས་མྱུར་ཐོབ་ཤོག །དེ་ནས་དྲང་སྲོང་བྲམ་ཟེ་ཨ་ཙ་ར་གསུམ་རང་གནས་སུ་གཤེགས་སོ། །པཎྜི་ཏ་ཁྲུས་ཀྱི་སྡོང་པོས་རྒྱ་གར་རྡོ་རྗེ་གདན་དུ་ཡིད་འཕྲོག་མས་སྨན་གྱི་ས་བོན་བཏབ་པ་ཐེབས་ཤིང་། སྨན་རྣམས་རྒྱས་ཤིང་སྨིན་པ་དང་། འགྲོ་བའི་ནད་ཀྱི་ཟུག་རྔུ་ཞི་བའི་སྨོན་ལམ་འདེབས་ཀྱིན་བཞུགས་སོ། །རྒྱལ་བློན་བཙུན་མོའི་ཚོགས་དང་བཅས་པ་རྣམས་རྒྱལ་པོའི་ཕོ་བྲང་དུ་ཕེབས་སོ། །དེ་ནས་དུས་ནམ་ཞིག་གི་ཚེ་ཡིད་འཕྲོག་མའི་བསམ་པ་ལ་ངས་ཕྱི་རབས་སེམས་ཅན་གྱི་དོན་དུ་སྨན་གྱི་ས་བོན་དང་སྨོན་ལམ་གཅིག་ཏུ་བཏབ་པ་སྨིན་ནས་ཐེབས་སམ་མ་ཐེབས་སྙམ་ཡོད་པའི་ཚེ། རྒྱལ་པོས་ཡིད་འཕྲོག་མ་ལ་འདི་སྐད་བྱས་སོ། །ཡིད་འཕྲོག་ཁྱོད་ཀྱི་ས་བོན་བཏབ་པ་ཐེབས་མ་ཐེབས་གཟིགས་པ་ལ་པཎྜི་ཏ་ཁྲུས་ཀྱི་སྡོང་པོ་ལ་གསོལ་བ་བཏབ་པར་བྱའོ་གསུངས་པས་ཡིད་འཕྲོག་མས་པཎྜི་ཏ་རྒྱ་གར་རྡོ་རྗེ་གདན་ནས་སྤྱན་དྲངས་ཏེ། གསོལ་བ་འདི་ལྟར་བཏབ་བོ། །དུས་གསུམ་གསལ་བར་མཁྱེན་པ་སྤྲུལ་པའི་སྐུ། །བདག་གི་ས་བོན་སྨོན་ལམ་བཏབ་པའི་དོན། །ཐེབས་སམ་མ་ཐེབས་མཁྱེན་པའི་སྤྱན་གྱིས་གཟིགས། །འགྲོ་བའི་དོན་དུ་ལུང་བསྟན་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། པཎྜི་ཏས་གསུངས་པ། ཚོགས་གཉིས་བསགས་པའི་རྒྱལ་བའི་ཡུམ་ཆེན་སྐུ། །དོན་གཉིས་མཐར་ཕྱིན་སྨན་གྱི་ལྷ་མོ་སྡེ། །མཁྱེན་བརྩེ་གཉིས་ལྡན་འགྲོ་བའི་ཟུག་རྔུ་སེལ། །བསམ་སྦྱོར་གཉིས་ལྡན་ས་བོན་སྨོན་ལམ་བཏབ། །ཐེབས་སམ་མ་ཐེབས་བདག་གི་ལྟ་བ་རིགས་གསུངས་ནས་པཎྜི་ཏ་ཆེན་པོས་རྫུ་འཕྲུལ་གྱིས་གོང་གི་གནས་རྣམས་སུ་བྱོན་ནས་གཟིགས་པས་ཡིད་འཕྲོག་མས་བཏབ་པས་སྨན་རྣམས་ཀྱི་ས་བོན་བཏབ་པ་ཐེབས་ལུགས་འདི་ལྟར་འདུག་གསུངས། ཡིད་འཕྲོག་མ་ལ་གསུངས་པ། ཡིད་འཕྲོག་ལྷ་མོའི་ངང་ཚུལ་བདུད་རྩི་མ། །ཁྱོད་ཀྱི་ཕྱི་རབས་སེམས་ཅན་དོན་ཕྱིར་དུ། །ས་བོན་སྨོན་ལམ་གཅིག་ཏུ་བཏབ་པའི་དོན། །སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་སྨིན། །སེམས་ཅན་སྤྱི་མཐུན་ལས་རྣམས་འགྲུབ་པའི་མཐུས། །ཁྱོད་ཀྱིས་སྨོན་ལམ་ཐེབས་ཚུལ་འདི་ལྟར་འདུག །ཤེས་པ་མ་ཡེངས་དྲན་པས་བཟུང་ལ་ཉོན། །བདུད་རྩི་སྨན་གྱི་སྐྱེ་གནས་འདི་ལྟར་འདུག །རྒྱ་གར་རྡོ་རྗེ་གདན་ནས་ནུབ་ཕྱོགས་སུ། །དཔག་ཚད་གཅིག་དང་རྒྱང་གྲགས་ཕྱེད་ཀྱི་ས། །སྨན་གྱི་རི་བོ་སྤོས་ངད་ལྡན་ཞེས་འདུག །དེ་ན་ཙན་དན་སྦྲུལ་སྙིང་འབའ་ཞིག་དང་། །དཔག་ཚད་བཅུ་ཚུན་སྤོས་ཀྱི་ངད་དང་ལྡན། །ཨ་རུའི་ནགས་ཚལ་ལ་སོགས་སྨན་གྱི་རིགས། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །ནད་ཀྱི་རིགས་སུ་གྱུར་པ་ཀུན་ལ་ཕན། །རིན་ཅན་ལས་གྲུབ་གཡང་རི་བྲག་རི་དང་། །སྤང་རི་ལ་སོགས་སྤྲུལ་པའི་རི་བོ་ཡིན། །ཙན་དན་ལས་གྲུབ་ཐུགས་སྤྲུལ་སྨན་གྱི་བླ། །སྐུ་མདོག་དཀར་པོ་མཚན་དཔེའི་གཟི་བརྗིད་ལྡན། །འཁོར་རྣམས་ཐམས་ཅད་རྒྱལ་སྲས་བྱང་སེམས་ཡིན། །ཐེག་དམན་སོ་སྐྱེས་བགྲོད་པའི་གནས་མིན་ཅིང་། །ཐེག་ཆེན་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཡིན། །དེ་ནས་ནུབ་ཕྱོགས་དཔག་ཚད་གཅིག་འདས་ནས། །རིན་ཅན་རཏྣ་ནོར་བུ་ལས་གྲུབ་པའི། །སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ། །མཛེས་ཤིང་བཀོད་ལེགས་ཡིད་འོང་གཞལ་མེད་ཁང་། །རིན་ཅན་ལས་གྲུབ་ཀ་བ་ཁྲི་དྲུག་སྟོང་། །རཏྣ་ལ་སོགས་གདུང་གི་མིག་མང་རིས། །སྒོ་བཞི་རྟ་བབ་བང་རིམ་བརྒྱད་དང་ལྡན། །རྩིག་པ་ལྔ་ལྡན་འདོད་ཡོན་ཕ་གུས་སྤྲས། །དྲ་བ་དྲ་ཕྱེད་རིན་ཅན་ཤམ་བུ་འཕྱང་། །མདའ་ཡབ་པུ་ཤུ་གཞལ་མེད་ཁང་གི་དབུས། །ནོར་བུ་བཻཌཱུརྱ་ཡི་གདན་སྟེང་ན། །སྤྲུལ་སྐུའི་སངས་རྒྱས་སྨན་པའི་རྒྱལ་པོ་བཞུགས། །མཚན་དང་དཔེ་བྱད་གཟི་བརྗིད་འོད་ཟེར་འབར། །ལྷ་དང་དྲང་སྲོང་ཕྱི་ནང་འཁོར་གྱིས་བསྐོར། །དྲང་སྲོང་ལྷ་མོ་རིག་འཛིན་བརྒྱུད་པར་བཅས། །སྟོན་པ་ཉི་ཟླ་གཉིས་དང་རིགས་གསུམ་མགོན། །ཀུན་དགའ་བོ་དང་འཚོ་བྱེད་གཞོན་ནུ་དང་། །དྲང་སྲོང་རིག་འཛིན་ཆ་བྱད་མང་པོས་བསྐོར། །འཁོར་རྣམས་ཐམས་ཅད་རྒྱལ་སྲས་ཞིང་བཀོད་པའི། །བྱ་དང་རི་དྭགས་ལ་སོགས་སྤྲུལ་པའི་རིགས། །གསེག་མ་གྱོ་མོག་མ་དག་རྫས་མེད་ཅིང་། །དག་པ་རབ་འབྱམས་མཆོག་གི་སྤྲུལ་པའི་གནས། །ཐེག་དམན་ཉན་རང་རྣམས་ཀྱིས་སྤྱོད་ཡུལ་མིན། །ཐེག་ཆེན་རིགས་སད་འཕགས་པའི་བཞུགས་གནས་ཡིན། །སྐུ་སྤྲུལ་སངས་རྒྱས་སྨན་བླའི་ཞལ་སྔ་ནས། །ཡིད་འཕྲོག་ལྷ་མོས་ས་བོན་བཏབ་པ་གང་། །ཁྲུས་ཀྱི་སྡོང་པོས་ཇི་ལྟར་བལྟས་པ་བཞིན། །ཐེབས་པར་འགྱུར་ལ་སྨིན་པར་གདོན་མི་ཟ། །འདི་ནས་ཤར་ཕྱོགས་དཔག་ཚད་གཅིག་འདས་ན། །སྨན་གྱི་རི་བོ་སྤོས་ངད་ལྡན་པ་ཡོད། །སྨན་གྱི་སྐྱེས་འཁྲུངས་རི་བོའི་ཡོན་ཏན་རྣམས། །ཁྱོད་རང་སྤྱན་གྱིས་གཟིགས་པ་ལྟར་ཡིན་པས། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །འདི་ནས་ལྷོ་ཕྱོགས་དཔག་ཚད་གཉིས་འདས་ན། །སྨན་གྱི་རི་བོ་འབིགས་བྱེད་བྱ་བ་ཡོད། །དེ་ན་ཙན་དན་དམར་པོའི་ནགས་ཚལ་ཡོད། །སེ་འབྲུ་པི་པི་ལིང་སོགས་གྲང་སེལ་སྨན། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །ཡོན་ཏན་ལྡན་པའི་རི་བོ་དེ་ཉིད་ན། །མེ་ཤེལ་ལས་གྲུབ་ཡོན་སྤྲུལ་སྨན་བླ་བཞུགས། །སྐུ་མདོག་ཕྱག་མཚན་རྒྱན་ལ་ངེས་པ་མེད། །མཚན་དཔེའི་གཟི་འབར་ཡོན་ཏན་སྨན་གྱི་བླ། །འཁོར་རྣམས་ཐམས་ཅད་སྤྲུལ་བའི་རང་བཞིན་ཏེ། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །འདི་ནས་ནུབ་ཕྱོགས་དཔག་ཚད་དྲུག་སྟོང་མཚམས། །སྨན་གྱི་རི་བོ་མ་ལ་ཡ་ཞེས་ཡོད། །དེ་ན་ཙན་དན་གོ་ཤིཪྵ་ནགས་ཚལ་དང་། །བཟང་དྲུག་སྡོང་པོ་སྨན་སྡོང་བདེ་བ་སྐྱེད། །གུར་གུམ་སྤང་རི་ཚྭ་སྣ་སྣ་ཚོགས་དང་། །ས་རྡོ་ལ་སོགས་འབྱུང་བའི་སྨན་གྱི་རིགས། །ནོར་བུ་རིན་ཅན་སྨན་དང་རྩི་སྨན་དང་། །ཤིང་སྨན་ཐང་སྨན་སྔོ་སྨན་སྲོག་ཆགས་སྨན། །མདོར་ན་སྨན་གྱི་རིགས་སུ་གྱུར་པ་ཀུན། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །དེ་ན་རིན་ཅན་ལས་གྲུབ་གསུང་སྤྲུལ་ནི། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་བཞུགས། །མཚན་དཔེའི་གཟི་འབར་འོད་ཟེར་ཕྱོགས་བཅུར་འཕྲོ། །འཁོར་རྣམས་ཐམས་ཅད་དཔའ་བོ་མཁའ་འགྲོས་བསྐོར། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །འདི་ནས་བྱང་ཕྱོགས་དཔག་ཚད་ལྔ་བརྒྱ་ན། །སྨན་གྱི་རི་བོ་གངས་ཅན་ཞེས་བྱ་ཡོད། །དེ་ན་ཙན་དན་ས་མཆོག་ནགས་ཚལ་དང་། །ཏིག་ཏ་ནིམ་པ་ཨ་ཀ་རུ་ལ་སོགས། །ཚ་བའི་ནད་རྣམས་སེལ་བའི་སྨན་གྱི་རིགས། །མ་འཁྲུངས་མ་ཚང་བ་ནི་གཅིག་ཀྱང་མེད། །དེ་ན་ཆུ་ཤེལ་ལས་གྲུབ་སྨན་བླ་ངའི། །འཕྲིན་ལས་སྤྲུལ་པ་སྨན་པའི་རྒྱལ་པོ་བཞུགས། །མཚན་དཔེ་ལྡན་ཞིང་འགྲོ་བའི་དོན་ལ་མཁས། །འཁོར་རྣམས་ཐམས་ཅད་ལྷ་དང་ལྷ་མོའི་ཚོགས། །ཡོན་ཏན་དྲན་པར་གྱིས་ལ་གསོལ་བ་ཐོབ། །རི་བོ་འབིགས་བྱེད་རི་བོ་གངས་ཅན་དང་། །རི་བོ་སྤོས་ངད་ལྡན་གྱི་བར་མཚམས་ན། །ཙན་དན་དམར་པོའི་ནགས་ཚལ་འཐུག་པོས་ཁྱབ། །སྨན་གྱི་རིགས་སུ་གྱུར་པ་ཚང་བར་འཁྲུངས། །རི་བོ་སྤོས་ངད་ལྡན་དང་འབིགས་བྱེད་དང་། །རི་བོ་མ་ལ་ཡ་ཡི་བར་མཚམས་ན། ཙན་དན་ས་མཆོག་ནགས་ཚལ་འཐུག་པོས་ཁྱབ། །སྨན་གྱི་རིགས་སུ་གྱུར་པ་ཚང་བར་འཁྲུངས། །རི་བོ་བཞི་ལ་བར་མཚམས་རི་ཐུང་ནི། །སྤོས་ངད་ལྡན་དང་འབིགས་བྱེད་བར་མཚམས་ན། །དཔག་ཚད་སུམ་བརྒྱ་རྒྱང་གྲགས་བརྒྱད་ཡོད་དེ། །འབིགས་བྱེད་མ་ལ་ཡ་ཡི་བར་མཚམས་ན། །དཔག་ཚད་ལྔ་བརྒྱ་རྒྱང་གྲགས་ཉི་ཤུ་ལྔ། །མ་ལ་ཡ་ནས་གངས་ཅན་བར་མཚམས་ན། །དཔག་ཚད་དྲུག་སྟོང་ལྔ་བརྒྱ་ཡོད་པར་གསུངས། །གངས་ཅན་སྤོས་ངད་ལྡན་གྱི་བར་མཚམས་ན། །དཔག་ཚད་ལྔ་སྟོང་དྲུག་བརྒྱ་རྒྱང་གྲགས་བཅུ། །རི་བོ་བཞི་ལ་རིན་ཅན་ལས་གྲུབ་གང་། །བྲག་གཡོག་ཆེན་པོ་སྟོང་སྟོང་ཡོད་པར་གྱུར། །གཞན་ཡང་རྒྱ་གར་རྒྱ་ནག་ཤར་ནུབ་ན། །ཙན་དན་དཀར་དམར་ལ་སོགས་སྨན་གྱི་རིགས། །ས་བོན་ཀུན་ཐེབས་སྨིན་པར་གྱུར་པ་ཡིན། །ལི་ཡུལ་བལ་ཡུལ་ལ་སོགས་ཆ་འདྲ་ཙམ། །བོད་ཀྱི་ཡུལ་ནའང་སྨན་གྱི་ས་བོན་ཐེབས། །ཁྱད་པར་ཡིད་འཕྲོག་མ་ཡི་ཐུགས་རྗེ་དང་། །སྨོན་ལམ་ས་བོན་ལྷན་ཅིག་བཏབ་པའི་མཐུས། །སེམས་ཅན་སྤྱི་མཐུན་ལས་ཀྱི་བྱེ་བྲག་གི །གཅིག་ན་མེད་པ་གཅིག་ཏུ་སྐྱེ་བ་ཡོད། །དུག་རྣམས་སྨན་དུ་བྱིན་གྱིས་ང་ཡིས་བརླབས། །ས་སྟེང་སྨན་མིན་གང་ཡང་ཡོད་མ་ཡིན། །ནད་གཞི་དང་ནི་གཉེན་པོའི་སྨན་དུ་འདུ། །ད་དུང་ཁྲུས་སྡོང་ཅན་ང་ཡིད་ལ་བཟུང་། །སྨན་གྱི་རི་བོ་རྣམ་བཞིའི་གནས་སུ་སོང་། །ཡིད་འཕྲོག་འདོད་དོན་འགྲུབ་པར་གྱིས་ཤིག་གསུངས། །བདག་གི་རི་བོ་བཞི་ཡི་གནས་སུ་ཕྱིན། །སྨན་པའི་རྒྱལ་པོའི་གསུང་ལ་འཁྲུལ་བ་མེད། །ཡོན་ཏན་དྲན་པས་དད་པ་གཏིང་ནས་གཡོས། །ཕྱི་རབས་སེམས་ཅན་ནད་ལས་གྲོལ་བར་ངེས། །ཡིད་འཕྲོག་འདོད་དོན་འགྲུབ་བོ་དགའ་བར་མཛོད་གསུངས་པས། དེ་ནས་ཡིད་འཕྲོག་མ་བསམ་པ་རྫོགས་ཏེ་དགའ་ཞིང་མགུ་ནས་པཎྜི་ཏ་ལ་གསེར་སྲང་སྟོང་ཕུལ་ནས་འདི་སྐད་ཞུས་སོ། །སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་ལྡན། །གྲོང་ཁྱེར་ལྟ་ན་སྡུག་དང་རི་བོ་བཞིའི། །ཡོན་ཏན་སྨན་གྱི་ས་བོན་ཐེབས་པ་གཟིགས། །ཁྱད་པར་སྨན་པའི་རྒྱལ་པོ་དངོས་དང་མཇལ། །གདམས་ངག་མ་འོང་ལུང་བསྟན་དངོས་སུ་ཐོབ། །བདག་སོགས་འདོད་པ་འགྲུབ་པའི་སྐྱེས་མཆོག་ལྷ། །ད་དུང་བདག་སོགས་མགོན་སྐྱབས་ཁྱེད་ལ་ཞུ། །ཞེས་གསོལ་བ་བཏབ་བོ། །དེ་ནས་བློན་པོ་གསེར་ཆེན་པོས་ཡིད་འཕྲོག་མ་ལ་འདི་སྐད་བྱས་སོ། །ཡིད་འཕྲོག་ལྷ་མོ་ངོ་མཚར་སྤྲུལ་པའི་སྐུ། །སངས་རྒྱས་པདྨ་རྒྱས་པའི་ཞལ་སྔ་མ། །ཕྱག་གཡས་པར་བུ་ཕྱག་གཡོན་གླིང་བུ་བསྣམས། །བདུད་རྩི་སྨན་རྐྱལ་ཕྲག་ལ་ཐོགས་པ་དེ། །དུག་གསུམ་ནད་སེལ་ལྷ་མོ་བདུད་རྩི་མ། །འགྲོ་བ་ནད་ཀྱིས་གདུངས་ལ་ཐུགས་རྗེས་གཟིགས། །འཆི་མེད་བདུད་རྩིའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་བོ། །དེ་ནས་རྒྱལ་པོས་ཡིད་འཕྲོག་མ་ལ་སྨན་གྱི་ལྷ་མོ་མཆེད་བརྒྱད་གང་ཡིན་གསུངས་པས།
ཡིད་འཕྲོག་མས་ཞུས་པ། བདུད་རྩི་ལྷ་མོ་གྲུབ་པའི་ལྷ་མོ་དང་། །གཟི་བརྗིད་འོད་ལྗང་སྨུག་སེལ་ངང་ཁ་མ། །མདངས་ལྡན་མ་དང་ལྷ་མོ་རིགས་བྱེད་མ། །བདག་ཅག་མཆེད་བརྒྱད་སྨན་གྱི་རིག་འཛིན་ལྷ་ཞུས་སོ། །རྒྱལ་པོ་དགའ་བའི་བློ་གྲོས་ཀྱིས་འདི་སྐད་ཡིད་འཕྲོག་མ་ལ་ཞུས་སོ། །བདག་གི་ལུས་སེམས་བསྐྱེད་པ་སྤྲུལ་པའི་ཡུམ། །སྨན་གྱི་ལྷ་མོ་བདུད་རྩིར་མངའ་གསོལ་མ། །བདུད་རྩི་སྨན་གྱི་ནུས་པ་བསྐྱེད་བྱེད་ལྷ། །འགྲོ་བ་ནད་ཀྱིས་གདུངས་པའི་སྐྱབས་གཅིག་མ། །བདག་རྒྱུད་གསོ་རིག་བསྟན་པའི་སྲོག་བཟུང་ནས། །གསོ་རིག་བསྟན་པ་འཛིན་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། ཡིད་འཕྲོག་མས་སྲས་ཀྱིས་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་སོ། །དེ་ནས་བཙུན་མོ་བདེ་བྱེད་མས་འདི་སྐད་བྱས་སོ། །དཔལ་ལྡན་འཛུམ་ཞལ་མཛེས་པའི་རྒྱན་གྱིས་སྤྲས། །རྒྱས་པའི་པདྨ་མཛེས་པའི་སྤྱན་དང་ལྡན། །ཐུགས་རྗེ་ཀུན་ལ་སྙོམས་པའི་ཐུགས་ལྡན་མ། །འགྲོ་བ་ནད་ཀྱིས་གཟིར་ལ་ཐུགས་རྗེས་གཟིགས། །སྨན་རྣམས་བདུད་རྩིར་བསྒྱུར་ལ་འགྲོ་རྣམས་སྐྱོབས། །དེ་ནས་བློན་པོ་བློ་གྲོས་ཆེན་པོས་ཡིད་འཕྲོག་མ་ལ་འདི་སྐད་བྱས་སོ། །སྐྱེས་པའི་ཡིད་འཕྲོག་ལྷ་མོ་བདུད་རྩི་མ། །དྲང་སྲོང་གསུམ་ནི་རིགས་གསུམ་མགོན་པོའི་དཔལ། །བདག་སོགས་གདུལ་བྱར་གྱུར་པ་ཐམས་ཅད་ལ། །ཁྱེད་ཀྱི་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། །ཁྱེད་དང་དབྱེར་མེད་གཅིག་ཏུ་འདྲེས་པར་ཤོག །ཅེས་གསོལ་བ་བཏབ་པས། བློན་པོ་དང་ཡིད་འཕྲོག་མ་འོད་དུ་མེར་ཞུ་ནས་སྨན་གྱི་བླ་མའི་ཐུགས་ཀར་ཐིམ་མོ།། །།
དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་བཞུགས་སོ། །མཛད་པ་པོ་མི་གསལ།
ན་མོ་ཨཱརྱ་ལོ་ཀེ་ཤྭ་ར་ཡ། དྲང་སྲོང་གི་བུ་མོ་གཟུགས་ཀྱི་ཉི་མའི་རྣམ་ཐར་འདི་ཉིད་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་སྟེ། དེ་དག་གི་དོན་འཆད་པ་ལ་བྱའི་སྒྲུང་དང་། རོའི་སྒྲུང་། སྤྲེའུ་ལྷ་ལོན་གྱི་སྒྲུང་། རྒྱལ་པོ་མ་ལྔའི་སྒྲུང་། ཡིད་འཕྲོག་མའི་སྒྲུང་། རྒྱལ་པོ་སྤྱི་ལ་དགའི་སྒྲུང་། ཉ་མོ་རྒད་པོའི་བསྟན་བཅོས། མགྲིན་བཟང་རྒྱའུའི་བསྟན་བཅོས། གཞན་ཡང་འདུལ་བ་དང་མདོ་སྡེ་དུ་མ་ནས་གཏམ་རྒྱུད་ཇི་སྙེད་ཅིག་གསུང་འདུག་པ་ལས། ད་ལན་གྱི་གཏམ་རྒྱུད། འདོད་སྲེད་ཅན་འཁོར་བ་ལ་ངེས་པར་འབྱུང་བའི་དྲན་སྐུལ། བྲམ་ཟེ་གཟུགས་ཀྱི་ཉི་མའི་བསྟན་བཅོས་འདི་ཉིད། སྔོན་བོད་དུ་ལོ་ཙཱ་བ་བཻ་རོ་ཙ་ན་དང་། ཤེའུ་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་པ་ལས། ཤེའུ་ལོ་ཙཱ་བའི་རྗེས་སུ་འབྲངས་ནས་དེ་ཡང་གཏམ་རྒྱུད་ཉན་པ་ལ་དམ་ཚིག་སྡོམ་པ་གསུམ་སྲུང་དགོས་ཏེ། ཤེས་ཀྱང་གོང་སྤྱོད་མི་བྱེད་པ་དང་གཅིག ། བར་དུ་མ་གཡེང་པར་ཉན་པ་དང་གཉིས། མཐའ་མ་འཆལ་བར་མི་གཏོང་བ་དང་གསུམ་ཐུགས་ལ་བཞག་ནས་གསན་པར་ཞུ། དེ་ཡང་གཏམ་རྒྱུད་འདི་ལ་ལེའུ་རྣམ་པ་བཞི་ཡོད་དེ། གཟུགས་ཀྱི་ཉི་མ་རྒྱལ་པོའི་བཙུན་མོར་མངའ་གསོལ་བའི་ལེའུ་དང་། ཡིད་མཐུན་པའི་བར་དུ་དབྱེན་བཅུག་ནས་ཕྲལ་བའི་ལེའུ་དང་། མ་ཉེས་པའི་ནམ་མཐའ་ནས་ལངས་པའི་ལེའུ་དང་། མཐའ་མ་དགའ་བདེའི་དཔལ་ལ་ལོངས་སྤྱོད་ཅིང་ཐར་པའི་ལམ་སྣ་ཟིན་པའི་ལེའུ་དང་བཞི་ཡོད་པ་ལས། དང་པོ་གཟུགས་ཀྱི་ཉི་མ་རྒྱལ་པོའི་ཕོ་བྲང་དུ་གདན་འདྲེན་པའི་ལེའུ་འཆད་པ་ལ། དེ་ཡང་རྒྱ་གར་གྱི་ཡུལ་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཞེས་བྱ་བ་ན། ཡབ་རྒྱལ་པོ། རྒྱ་གར་སྐད་དུ་ཙནྡྲ་སེདྣ། བོད་སྐད་དུ་ཟླ་བའི་དེད་དཔོན། ཡུམ་ལ་རྒྱ་གར་སྐད་དུ། དེ་ཝི་ཤྲི། བོད་སྐད་དུ་ལྷའི་དཔལ་མོ། སྲས་ཆེ་བར་རྒྱ་གར་སྐད་དུ། ཙནྡྲ་སེངྷྭ། བོད་སྐད་དུ་ཟླ་བའི་སེང་གེ །སྲས་ཆུང་བར་རྒྱ་གར་སྐད་དུ། ཙནྡྲ་ཀུ་མཱ་ར། བོད་སྐད་དུ་ཟླ་བའི་གཞོན་ནུ། ཁོང་དེ་རྣམས་ལ་མངའ་ཐང་གི་དབང་དུ་བྱས་ན། འབངས་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག །ནོར་བུ་རིན་པོ་ཆེའི་བང་མཛོད་སུམ་བརྒྱ་དྲུག་ཅུ། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། འདོད་དགུ་འབྱུང་བའི་བསམ་གཏན་གྱི་ལྷུང་བཟེད། རྟ་ངང་པ་འཕུར་ཤེས། གླང་པོ་ཆེ་རབ་བརྟན་སྣ་ལི་ཁྲི་ལྟར་དམར་བ། འདོད་འཇོའི་བ། མ་ཧེ་ཞོ་མོ་ཆེ། སྨྲ་མཁན་ནེ་ཙོ། ཕག་པ་ཕལ་ཀ །སྒོ་ཁྱི་འཛིན་ཤེས་གཏོང་མི་ཤེས། རྫུ་འཕྲུལ་གྱི་ཞགས་པ། འཕེལ་འགྲིབ་མེད་པའི་མེ་ཏོག་གི་ལྡུམ་ར། བློན་པོ་རིག་པ་ཅན་ཨ་བོ་ན་གེ །རིགས་ངན་རྔོན་པའི་བུ་ལ་སོགས་ཏེ། འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། དུས་རེ་ཞིག་གི་ཚེ། ཡབ་རྒྱལ་པོ་ཟླ་བའི་དེད་དཔོན་གྱིས། སྲས་ཆེ་བ་ཟླ་བའི་སེང་གེ་ལ། ཀྱེེ་རྒྱལ་བུ་འདབ་ཆགས་གཤོག་པ་ཆག་པ་དང་། སྟག་ལ་རི་མོ་མེད་པ་དང་། སེང་གེ་གངས་དང་བྲལ་བ་དང་། ཉ་མོ་མཚོ་ནས་ཐོན་པ་དང་། རྒྱལ་པོ་རྒྱལ་རིགས་མེད་པ་རྣམས། དཔེ་དོན་དེ་དང་འདྲ་བས་ན། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱི་མངའ་རིས་འདི་ཁྱོད་ལ་འབོག་རན་འདུག་པས། ང་རྒས་ལྷ་གཞོན། རྒྱལ་སྲིད་ཁྱོད་ཀྱིས་སྐྱོངས་ཞེས་གསུངས་པས། སྲས་ན་རེ། དང་པོ་རྒྱལ་སྲིད་མེས་ཁུ་གཉིས་ཀྱིས་བསྐྱངས། བར་དུ་རྒྱལ་སྲིད་ཕ་ཇོ་གཉིས་ཀྱིས་བསྐྱངས། ད་ནི་རྒྱལ་སྲིད་བདག་ལ་གཏོད་པ་ལ། རྒྱལ་སྲིད་འདི་ལ་འཛིན་ལུགས་རྣམ་པ་གཉིས། ཕྱི་ནང་གང་ཐད་ཡབ་ཡུམ་བཀའ་གྲོས་མཛོད་ཅེས་ཞུས་པས། ཡབ་ཀྱིས་གསུངས་པར། ཁྱོད་ཀྱིས་ཟེར་བ་བཞིན་དུ་རྒྱལ་སྲིད་སྐྱོང་བ་ལ་རྣམ་པ་གཉིས་ཡོད། ནང་པའི་ལུགས་དང་ཕྱི་རོལ་པའི་ལུགས་གཉིས་ཡོད་པ་ལས། ནང་པའི་ལུགས་བཞིན་བསྐྱང་ན་ཚེ་འདིར་བདེ་ཞིང་སྐྱིད་ལ་ཕྱི་མ་འབྲས་བུ་བཟང་། ཕྱི་པའི་ལུགས་བཞིན་བསྐྱང་ན་མཐུ་དང་རྫུ་འཕྲུལ་ཤིན་ཏུ་མྱུར། མངའ་ཐང་དཔུང་དང་ཡན་ལག་འཛོམས། ད་ལན་འོ་སྐོལ་སྙིགས་མའི་དུས་ཀྱི་འགྲོ་བ་འདི་རྣམས་ཞི་བས་འདུལ་བར་དཀའ་བས། དྲག་པོའི་ལས་ལ་བརྟེན་ནས་ལྷ་དབང་ཕྱུག་བསྒྲུབ་སྟེ། རེ་ཞིག་ཕྱི་པའི་རྗེས་སུ་འབྲང་བར་བྱའོ། །མཐར་ནང་པའི་ལུགས་བཞིན་སྐྱོང་བའི་སྨོན་ལམ་དང་རྟེན་འབྲེལ་སྒྲིགས་ཞེས་གསུངས་ནས་རྒྱལ་སྲིད་བུ་ལ་གཏད། དེ་ནས་རྒྱལ་པོ་ཟླ་བའི་སེང་གེ་དེ་ཉིད་ཀྱིས། གླང་པོ་ཆེ་རབ་བརྟན་སྣ་ལི་ཁྲི་ལྟར་དམར་བ་དེ་ཉིད་ཀྱིས་ཐོག་དྲངས་པའི་གླང་པོ་ཆེ་དང་། རྟ་དང་། མ་ཧེ་དང་། ཤིང་རྟ་སྣ་ཚོགས་དང་བཅས་པ་རྣམས་ལ། སྤུག་སོགས་ཆ་རྐྱེན་བསམ་གྱིས་མི་ཁྱབ་པ་བཀལ། གཞན་ཡང་ཤ་གསར་པ་དང་། ཁྲག་དྲོན་མོ། ལྤགས་པ་རློན་པ། ཤ་ཁྲག་གི་མཆོད་སྦྱིན་གཏོང་རྒྱུའི་སྲོག་ཆགས་སྟོང་ཕྲག་མང་པོ་དང་བཅས་ཏེ། རྒྱལ་པོ་རང་ཉིད་རྟ་ནག་པོ་སྤྲིན་གྱི་ཤུགས་ཅན་ལ་ཆིབས། ཨ་བོ་དང་རྔོན་པའི་བུ་ལ་སོགས་པའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་། ཁྱད་པར་རིག་པ་ཅན་ཨ་བོ་ན་གེས་རྟ་སྣ་ཁྲིད་དེ། གྲོང་ཁྱེར་གྱི་ཤར་ཕྱོགས་ན་ཤིན་ཏུ་འཇིགས་སུ་རུང་བའི་གནས་ཆེན། དུག་སྦྲུལ་འཁྲིགས་པའི་ནགས་ཚལ་ཞེས་བྱ་བ་ན། ཕྱི་རོལ་པའི་ལྷ་དབང་ཕྱུག་ཆེན་པོའི་སྐུ་རང་བྱོན་རྡོ་ལས་གྲུབ་པ་ཞིག་ས་ལ་མི་འབྲུལ་བར། བར་སྣང་ལ་གནས་པ་ཞིག་ཡོད་པ་དེ་ལ་མཆོད་པ་ཕུལ་ཏེ་དབང་དང་བྱིན་རླབས་ཞུ་བའི་ཕྱིར་ཆས་སོ། །དེར་བྱོན་པའི་ལམ་ཁ་ཞིག་ན། རིགས་ངན་གྱི་བུ་མོ་མཛེས་མས་སྐྲ་བཀྲུ་ཞིང་། རྒྱན་དུ་མས་བརྒྱན་ནས་མཛེས་པའི་གར་དང་། དགའ་བའི་བྲོ་དང་། སྙན་པའི་གླུ་ལེན་བཞིན་འདུག་པ་དེ་ཤིན་ཏུ་མཛེས་པ་ལྟ་བས་ཆོག་མི་ཤེས་པ། འཛུམ་བག་གི་གཞུ་མོ་ལ་ཟུར་མིག་གི་མདའ་མོ་བསྐྱོན་ནས། རྒྱལ་པོའི་རྣམ་ཤེས་རི་དྭགས་ཀྱི་ཕྲུ་གུ་གར་སོང་གར་འདེད་བྱུང་བ་ལ། རྒྱལ་པོས་ཨ་བོ་ན་གེ་ལ་སྨྲས་པ། ཨ་བོ་ན་གེ །བུ་མོ་དེའི་ཕའི་མིང་ལ་ཇི་སྐད་ཟེར། མའི་མིང་ལ་ཇི་སྐད་ཟེར། རང་གི་མིང་ལ་ཇི་ལྟར་བཏགས། རིགས་དང་ཚངས་རྒྱུད་ཅི་འདྲ་ཞིག །འཁོར་དང་ལོངས་སྤྱོད་ཅི་དང་ལྡན། ཞེས་གསུངས་ནས། ཨ་བོ་ན་གེའི་བསམ་པ་ལ་རྒྱལ་པོ་རིགས་ངན་གྱི་བུ་མོ་འདི་ལ་ཡིད་ཆགས་པར་གོ་ནས། ཨ་བོ་ན་གེས་འདི་སྐད་ཞུས་སོ། །བློ་བྲིད་མཁན་གྱི་མཛེས་མ་འདི། །ཕ་ཡི་མིང་ནི་མ་འཚལ་ལོ། །མ་ཡི་མིང་ནི་མ་འཚལ་ལོ། །རིགས་དང་རུས་ནི་དམངས་རིགས་ཡིན། །འཁོར་དང་ལོངས་སྤྱོད་དེ་ཡིས་མཚོན། །ཞེས་ཞུས་ནས། རྒྱལ་པོས་རྟ་མཐུར་ནས་འཐེན་ཏེ། དབང་ཕྱུག་ཆེན་པོའི་དྲུང་དུ་བཞུད་དོ། །
དེ་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དབང་ཕྱུག་ཆེན་པོ་ལ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཤམས་ཤིང་། ཁྱད་པར་སྲོག་ཆགས་སྣ་ཚོགས་ཀྱི་ཁྲག་དྲོན་མོས་ཁྲུས་གསོལ། ཤ་གསར་པས་དམར་རྒྱན་བྱས། མི་ལྤགས་ཀྱི་གཡང་གཞི་དང་། བླ་བྲེ་རྒྱུ་མའི་ཟ་ར་ཚགས་ལ་སོགས་པ་སྟེ། མདོར་ན་མཆོད་སྦྱིན་བསམ་གྱིས་མི་ཁྱབ་པས་མཉེས་པར་བྱས་པས། ཁྲུས་དང་གཙང་སྦྲ་ལ་འབད། དབང་དང་བྱིན་རླབས་དངོས་གྲུབ་བླངས་ཏེ་སླར་ལོག་བྱོན་པ་དང་། སླར་ཡང་སྔར་གྱི་བུ་མོ་དེ་རྣམས་ཀྱིས་རྒྱལ་པོའི་ལམ་གྱི་གདོང་བཀག་ནས། ལུས་ཀྱི་དྲི་མ་རྣམས་བཀྲུས། བཞིན་གྱི་འཛུམ་བག་སྟོན། གར་གྱི་མཆོད་པ་ངོམ་ཞིང་། ལྷག་པར་རྒྱལ་པོ་ཡིད་ཆགས་པའི་བུ་མོ་དེས། ལུས་ལ་ཙན་དན་གྱི་ཕྱེ་མ་བྱུགས། མཁུར་ཚོས་ལ་ཚོས་ཀྱི་མདངས་སྟོན། བཞིན་གྱི་དཀྱིལ་འཁོར་ལ་སོ་དཀར་གྱི་འཛུམ་གྱིས་བསུས་ཏེ། ལྷ་ལས་ཕུལ་དུ་བྱུང་བའི་རྒྱན་དཔག་ཏུ་མེད་པ་སྤྲས་ཤིང་། སྔར་བས་ཀྱང་བརྒྱ་འགྱུར་གྱི་མཛེས་པ་ཞིག་བྱས་ནས། རྒྱལ་པོའི་མདུན་དུ་བྱུང་བ་ལ། རྒྱལ་པོས་ཕྱག་གཡས་པས་བུ་མོ་དེ་ལ་བཟུང་ནས་འདི་སྐད་ཅེས་གསུངས་སོ། །བཞིན་རས་ཟླ་བ་རྒྱས་པའི་དཔལ་ཡོན་ཅན། །ཚེམས་དཀར་དྭངས་པའི་འཛུམ་གྱི་རི་བོང་འཛིན། །བསིལ་ཟེར་འོད་སྟོང་འཕྲོ་བའི་བུ་མོ་ཁྱོད། །ཁོ་བོའི་ལྡུམ་ར་ཀུ་མུད་དགའ་ཚལ་གྱི། །པད་སྡོང་འབྱེད་པའི་ལས་ལ་མི་སྤྲོ་འམ། །ཞེས་གསུངས་མ་ཐག་ཏུ། ཨ་བོ་ན་གེས་རྒྱལ་པོ་ལ་གསོལ་བ། ཀྱེེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ར་གན་སེར་པོ་མདོག་ལེགས་ཀྱང་། །རིན་ཆེན་གསེར་གྱི་དོ་ཟླ་མིན། །དོ་ལོ་སྔོན་པོ་མདོག་ལེགས་ཀྱང་། །སྔོན་པོ་གཡུ་ཡི་དོ་ཟླ་མིན། །རིགས་ངན་བུ་མོ་གཟུགས་མཛེས་ཀྱང་། །རྒྱལ་པོའི་བཙུན་མོ་འོས་མ་ལགས། །ཞེས་ཞུས་པས། རྒྱལ་པོས་ཨ་བོ་ན་གེར་གསུངས་པ། གངས་སྟོད་མཐོན་པོར་མ་ཕྱིན་པར། །སེང་གེ་དཀར་མོ་ག་ནས་མཐོང་། །ནགས་གསེབ་སྟུག་པོར་མ་ཕྱིན་པར། །སྟག་མོ་རི་བཀྲ་ག་ནས་མཐོང་། །རྒྱ་མཚོའི་གླིང་དུ་མ་ཕྱིན་པར། །ཡིད་བཞིན་ནོར་བུ་ག་ནས་རྙེད། །མི་ཁ་གཏམ་དང་གླེང་མོ་མ་འདྲེས་པར། །འདོད་པའི་གྲོགས་དང་ག་ནས་འཕྲད། །ཅེས་གསུངས་པས། ཨ་བོ་ན་གེས་སླར་ཡང་ཞུ་བ་གསོལ་བའི་ལོང་མེད་པར། རྒྱལ་པོ་རང་གིས་བུ་མོ་དེ་རྟའི་ཕོངས་སུ་བསྐྱོན་ནས། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཕྱོགས་ལ་བྱོན་ནོ། །དེ་ནས་ཨ་བོ་རྔོན་པའི་བུ་དེ། རྒྱལ་པོ་ཡབ་ཡུམ་རྗེ་འབངས་དང་བཅས་པ་རྣམས་ལ། བཀྲ་ཤིས་དགའ་སྟོན་གྱི་གྲབས་གྱིས་ཟེར་བའི་འཕྲིན་སྐྱེལ་བར་ཉིན་ལམ་གཉིས་ཀྱི་ས་ནས་སྔོན་འགྲོ་ལ་བརྫངས། དེར་ཨ་བོ་རྔོན་པའི་བུས། རྒྱལ་པོའི་བཀའ་གནང་བ་བཞིན་འཕྲིན་རྣམས་འཕྲོད་པར་བརྗོད་པས། རྒྱལ་པོ་ཡབ་ཡུམ་རྗེ་འབངས་དང་བཅས་པ་རྣམས་དགའ་མགུ་ཡི་རངས་ནས། ཐམས་ཅད་སྐྲ་བཀྲུས་རྒྱན་དུ་མས་བརྒྱན་ཅིང་ལུས་ལ་གོས་དྲི་མ་མེད་པ་རྣམས་གྱོན་ཏེ། གྲོང་ཁྱེར་གྱི་སུམ་མདོ་བཞི་མདོ་རྣམས་སུ་གླུ་གར་རྩེད་འཇོ་དང་བཅས་ཏེ་བསུ་བ་མཛད་ནས། རྒྱལ་པོ་བཙུན་མོ་དང་བཅས་པ་རྣམས་ཕོ་བྲང་དུ་སྤྱན་དྲངས་སོ། །
ཕོ་བྲང་ནང་དུ་ཕེབས་པ་དང་། ནེ་ཙོ་སྨྲ་མཁན་དེས་རྒྱལ་པོ་ཟླ་བའི་སེང་གེའི་གསེར་ཁྲིའི་དཔུང་ཟུར་ལ་སྡེར་མོས་བསྒྲད་དེ་ཤིན་ཏུ་ཡུས་དང་བཅས་པའི་སྒོ་ནས་འདི་སྐད་ཅེས་གསོལ་བ། ཀྱེེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ལྟ་ན་སྡུག་པའི་བཙུན་མོ་འདི། །རྒྱལ་པོ་སུ་དང་སུ་ཡི་སྲས། །ཡབ་ཡུམ་མིང་ལ་ཇི་སྐད་ཟེར། །རིགས་རུས་ཆོ་འབྲང་ཇི་ལྟར་ཡིན། །སྐྱེས་དང་རིན་དུ་ཇི་ལྟར་གནང་། །རྫོངས་དང་སྐལ་བ་ཅི་འདྲ་ཡོད། །ཡར་ལ་རྗེ་ཡི་ཞབས་ཏོག་དང་། །མར་ལ་འབངས་ཀྱི་སྐྱོང་གཞག་དང་། །བར་དུ་བུ་ནོར་སྤེལ་བ་སོགས། །བུད་མེད་ཡོན་ཏན་ཇི་ཙམ་ཡོད། །བཟའ་བཏུང་ལས་ཀྱི་གཡོས་སྣ་སོགས། །མཛངས་མའི་ལས་ཀ་ཇི་ལྟར་ཤེས། །ཞེས་ཞུས་པས། རྒྱལ་པོའི་ཞལ་སྐྱེངས་པའི་ཚུལ་གྱིས་ནེ་ཙོ་ལ་འདི་སྐད་གསུངས་པ། དེ་དག་ཁོ་བོས་མ་ཤེས་མོད། འོན་ཀྱང་མཛེས་ཤིང་ལྟ་ན་སྡུག་པ་དང་མཚར་ཞིང་ཡིད་དུ་འོང་བ་སོགས་ཀྱི་ཡོན་ཏན་འདུག་ཅིང་། ཁྱད་པར་ཁོ་བོ་ཡིད་ཆགས་པའི་རྒྱུ་མཚན་གྱིས་བཙུན་མོར་མངའ་གསོལ་བའོ། །ཞེས་གསུངས་པས། ནེ་ཙོ་སྨྲ་མཁན་དེ་ཅུང་ཡིད་མ་རངས་པར། སྐེ་སྐྱུང་སྐྱུང་ལན་གསུམ་བྱས་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་བ། ཧ་ཧ་རྒྱལ་པོ་རིན་པོ་ཆེ། །མཚར་མཚར་མོ་འདིའི་མཚར་གྱི་མདོག །སྡུག་སྡུག་མོ་འདིས་སྡུག་ལ་སྦྱོར། །མཛེས་མཛེས་མོ་འདིའི་མཛེས་ཀྱི་མདོག །རྒྱལ་པོ་འཁྲུལ་ལམ་ནེ་ཙོ་འཆལ། །ཞེས་སྨྲས་པས། རྒྱལ་པོས་ནེ་ཙོ་ལ་སྤྱན་ཁྲོ་ཚུགས་སུ་གཟིགས་ནས། འདི་སྐད་གསུངས་པ། ནེ་ཙོ་སྨྲ་བ་མ་མང་ཞིག ། སྨྲ་བ་མཁས་ཀྱང་ཅལ་ཅོལ་ཡོད། །ཤེས་རིག་མཁས་ཀྱང་གཏི་མུག་རིགས། །བློ་གྲོས་ལྡན་ཡང་དུད་འགྲོ་ཡིན། །ང་ནི་གཟུགས་མཛེས་དོན་དུ་གཉེར། །རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་ལོངས་སྤྱོད་ལྡན་པ་ཡི། །བཙུན་མོ་ལྔ་བརྒྱ་འདིར་ཚོགས་ཀྱང་། །འདི་ལ་འགྲན་པའི་གོ་སྐབས་མེད། །དེ་བས་ནེ་ཙོ་རང་གནས་བཞུད། །ཅེས་གསུངས་པས། ནེ་ཙོས་མིག་ཟུར་དུ་ལྟ་ཞིང་། སྐད་བཟང་མ་སྒྲོག་པར་ཞུམ་པའི་སྒོ་ནས་འདི་སྐད་ཅེས་གསོལ་བ། ཀྱེེ་རྒྱལ་པོ་རིན་པོ་ཆེ། །ལུས་ངན་གྱི་སྟ་གྲི་རྣོ་ཡང་སྡུག །རྒྱུ་ངན་གྱི་གཞུ་མོ་སྲ་ཡང་ཆག །རིགས་ངན་གྱི་བུ་མོ་མཛེས་ཀྱང་བསླུ། །ངས་ཀྱང་ཀུ་རེ་བྱས་པ་ཡིན། །ད་ལོ་མངོན་ཤེས་བཤད་པ་ཡིན། །སང་ཕོད་འགྱོད་པ་ཐལ་བ་ཡིན། །ནེ་ཙོས་ལན་ན་སོང་བས་ཆོག །ཅེས་ཟེར་ནས་ནེ་ཙོ་ཕོ་བྲང་གི་རྩེར་གསེར་གྱི་རྒྱལ་མཚན་གྱི་བྱ་འདབ་འོག་ཏུ་རང་མལ་དུ་སོང་ངོ་། །དེ་ནས་ཕྱོགས་མཚམས་ཀྱི་རྒྱལ་ཕྲན་རྣམས་ཀྱི་བུ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རིགས་ངན་གྱི་བུ་མོ་ཉིད་ཀྱང་བཙུན་མོར་མངའ་གསོལ་ཏེ། རྒྱལ་པོ་གསེར་གྱི་ཁྲི་དང་། རིགས་ངན་གྱི་བུ་མོ་གཡུ་ཡི་ཁྲི། བཙུན་མོ་གཞན་རྣམས་དངུལ་གྱི་ཁྲི་དང་ཟངས་དང་ལྕགས་དང་། འཁར་བ་ལ་སོགས་པའི་ཁྲི་ལ་འཁོད་ནས་འདོད་པའི་ལོངས་སྤྱོད་ལྔ་ལ་བག་མེད་སྤྱོད་ཅིང་། ཁྱད་པར་རིགས་ངན་གྱི་བུ་མོ་དང་འཛེམ་མེད་དུ་དགའ་མགུར་རོལ་ཞིང་ཡོད་པའི་དུས་ཤིག་ན། རྒྱལ་པོའི་མེ་ཏོག་གི་ལྡུམ་རར་ནམ་ཕར་ཕྱེད་ཚུར་ཕྱེད་ཙམ་ལ་རི་ཕག་གཅིག་འོངས་ཏེ། མེ་ཏོག་རྙིང་པ་རྣམས་ཟོས། གསར་པ་རྣམས་རྙོག་ཅིང་། ས་རྣམས་ཁུལ་བུར་སློག་ཕྱོགས་རྣམས་བྲུན་གྱིས་བཀང་བྱུང་བ་ལས། ལྡུམ་རའི་གཉེར་པ་ཨ་བོ་རྔོན་པའི་བུ་ཡིན་པས། རྔོན་པའི་བསམ་པ་ལ། སྔར་ཡིན་ན་ལྡུམ་ར་འདི་ལ་རི་དྭགས་དང་གཅན་གཟན་སོགས་གང་གིས་ཀྱང་གནོད་པ་བྱེད་མི་ནུས་པ་ལ། ད་ལན་རི་ཕག་འདི་ཡིས་འདི་འདྲའི་གནོད་པ་བྱེད་པར་བསམས་ཏེ། མདའ་གཞུ་ཐོགས་ནས་རི་ཕག་དེ་གར་སོང་བདས་པས། ནམ་ལངས་ཁར་ཉེ་བ་ན། རི་ཕག་ཟིན་ལ་ཁད་ཙམ་ན། དེ་བས་ཅུང་ཉེ་བའི་ནགས་གསེབ་གཅིག་ནས། གླ་བ་གཅིག་རྒྱང་སྟེ་ཐོན་བྱུང་བས། ཁོ་པའི་བསམ་པ་ལ་རི་ཕག་འདི་བསད་ན་ཤ་རྐྱང་ལས་མི་འདུག །དེ་བས་གླ་བ་འདི་བསད་ན་ཤ་དང་པགས་པ་གཉིས་ཀ་འོང་བར་འདུག་བསམས་ནས། རི་ཕག་ཐང་ཆད་པ་དེ་བཞག་སྟེ། གླ་བ་ཐང་མ་ཆད་པ་དེ་བདས་སོ། །ཞེ་སྡང་རྒྱས་པ་སེར་སྣར་སོང་། རྔོན་པས་ཕག་རྒོད་འདེད་པ་བཞིན་ཟེར་བའི་དཔེ་དེ་ནས་བྱུང་། དེ་ནས་རྔོན་པས་གླ་བ་དེ་ཉིན་ཕྱེད་བར་བདས་པས། ཡང་དེ་བས་ཉེ་བའི་ནགས་གསེབ་གཅིག་ནས་ཤྭ་བ་ཞིག་རྒྱང་ངེར་ཐོན་བྱུང་བས། རྔོན་པའི་བུའི་བསམ་པ་ལ་གླ་བ་འདི་བསད་ན་ཤ་ཡང་ཉུང་ཞིང་ཤ་དང་པགས་པ་གཉིས་ལས་མེད། དེ་བས་ཤྭ་བ་འདི་བསད་ན་ཤ་དང་པགས་པ་རྭ་ཅོ་གསུམ་གྱི་ཕན་ཐོགས་པ་འདུག་སྙམ་སྟེ། གླ་བ་ཐང་ཆད་པ་དེ་བཞག་ནས་ཤྭ་བ་ཐང་མ་ཆད་པ་དེ་བདས་སོང་། འདོད་པ་ཆེ་བའི་སྤྲང་པོའི་ལུས། རྔོན་པས་ཤྭ་བ་འདེད་པ་བཞིན་ཟེར་བའི་དཔེ་དེ་ནས་བྱུང་། ཤྭ་བ་དེ་ཉི་མ་མ་ནུབ་བར་བདས་སོ། །ཉི་མ་ནུབ་པ་དང་ཤྭ་བ་དེ་ནགས་ཆེན་པོ་མཐའ་མེད་གཅིག་གི་ནང་དུ་ཐལ་སོང་། དང་པོ་བརྩམས་པ་མཐར་མ་འཁྱོལ། །ཕྱི་མའི་བྱ་བ་འགྲུབ་མི་སྲིད། །སྔ་མ་མ་རྙེད་ཕྱི་མ་དོར། །ཞེས་པའི་དཔེ་དེ་ནས་བྱུང་། འདི་དག་ལ་བསམ་སྟེ་ཁྱིམ་བདག་རྣམས་རྗེ་དཔོན་གྱིས་དོར་ལེན་མང་པོ་བྱེད་པ་དང་། ཆོས་སྒོར་ཞུགས་པ་རྣམས་བླ་མ་ཡི་དམ་དོར་ལེན་མང་ན། རྔོན་པས་ཕག་རྒོད་འདེད་པ་དང་མཚུངས་སོ། །ཞེས་གདམས་ངག་དཔེའི་སྒོ་ནས་བསྟན་ཏོ། །
དེ་ནས་རྔོན་པའི་བུ་དེ་ནགས་སྟུག་པོའི་གསེབ་ཏུ་མགོ་འཐོམས་ནས་འགྲོ་ས་མ་རྙེད། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཕྱོགས་གང་ན་ཡོད་པ་མ་ཤེས་སྔར་ཕྱིན་པའི་ལམ་ནི་བོར། ད་ནི་འགྲོ་བའི་ལམ་མ་རྙེད། བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་གཟིར། གྲོགས་མེད་གཅིག་པུར་ལུས་པས། དེའི་ནུབ་མོ་ཤིང་གི་ལོ་མ་གདན་དུ་བཏིང་། འབྲས་བུ་ཟས་སུ་ཟོས་ནས། ཇག་རྐུན་གཅན་གཟན་ལ་སོགས་ཀྱི་འཇིགས་པ་འོང་གིས་དོགས་ཏེ། མདའ་གཞུ་སྔས་སུ་བཅུག་ནས་ཐང་ཤིང་སྡོང་པོ་གཅིག་གི་རྩར་ཉལ་ལོ། །སང་ཉིན་ནམ་ལངས་ནས་ཉི་མ་ཤར་བ་དང་། ཕྱོགས་གར་འགྲོ་མ་ཤེས། བཀྲེས་པས་ཤིང་ཐོག་འཐུ་རུ་སོང་བས། ཡན་ལག་བརྒྱད་དང་ལྡན་པའི་ཆུ་མིག་གྲུ་བཞི་པ་གཅིག་གི་སྟེང་ན། བུམ་པ་དང་ནལ་ཚེ་བཞག་པའི་རྗེས་གཅིག་འདུག་པས། རྔོན་པའི་བུའི་བསམ་པ་ལ། ཆུ་མིག་འདིའི་ཆ་ལུགས་ཀྱི་ནགས་ཚལ་འདིར་མི་གཅིག་ཡོད་པ་ཐག་ཆོད་སྙམ་ནས། དེར་སྒུག་ཅིང་སྡོད་པའི་ཚེ་ཡུན་རིང་མ་ལོན་པར། བུ་མོ་གཟུགས་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ། མཁུར་ཚོས་གཡས་པ་ལ་གསེར་གྱི་རྡོ་རྗེ་རིས། གཡོན་པ་ལ་དངུལ་གྱི་པདྨ་རིས། དཔྲལ་བ་ལ་ནོར་བུ་རིན་པོ་ཆེའི་གཟུགས། སྣ་རྩེ་ལ་མཚལ་གྱི་ཉི་མ་རིས། ཨོལ་སྐོ་ལ་ཤེལ་གྱི་ཟླ་བ་རིས། སོ་དུང་སོ་འཁོར་བ་ལ། ཞལ་ནས་ཙན་དན་གྱི་དྲི་བྲོ་བ། སྐུ་ཤ་དཀར་ལ་དམར་བའི་མདངས་དང་ལྡན་པ། མིའི་བུ་མོ་མི་འདྲ་བ་ལྷའི་སྲས་མོ་འདྲ་བ་གཅིག །ཕྱག་གཡས་ན་སྐྱོགས་དང་། གཡོན་ན་བུམ་པ་བསྣམས་པ་ཞིག་ཆུ་ལེན་དུ་བྱུང་བ་ལ། རྔོན་པའི་བུའི་བསམ་པར། བུ་མོ་འདི་རྒྱལ་པོའི་བཙུན་མོ་ལ་ཕུལ་ན་རྒྱལ་པོ་ཡང་མཉེས་ཤིང་། ང་ལ་ཡང་བྱ་དགའ་མཐོང་གཟོས་དཔག་ཏུ་མེད་པ་ཡོང་ངེས་སྙམ་ནས། བུ་མོ་ལ་འདི་སྐད་ཅེས་སྨྲས་པ། བུ་མོ་ཁྱོད་ཀྱི་ཕའི་མིང་ལ་ཇི་སྐད་ཟེར། མའི་མིང་ལ་ཇི་སྐད་ཟེར། ཁྱོད་རང་མིང་ལ་ཇི་ལྟར་ལགས། རིགས་དང་ཚངས་རྒྱུད་ཇི་ལྟར་ཡིན། འཁོར་དང་ལོངས་སྤྱོད་ཅི་དང་ལྡན། ང་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཕྱོགས་ནས་འོངས་པ་ཡིན། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ན། ཡབ་རྒྱལ་པོ་ཟླ་བའི་དེད་དཔོན་ལ། སྲས་ཆེ་བ་ཟླ་བའི་སེང་གེ་ཡོད། དེའི་བཙུན་མོ་བྱེད་པར་མི་འཐད་དམ། ཞེས་དྲིས་པས། བུ་མོ་དེས་གཏམ་ལན་ཡང་མི་འཇལ་ཞིང་མིག་ཀྱང་མི་ལྟ་བར། བུམ་པ་ཆུས་མྱུར་དུ་བཀང་སྟེ་རི་དྭགས་ཀྱིས་རྔོན་པ་མཐོང་བ་བཞིན་བྲོས་སོང་ངོ་། །ཁོའི་བསམ་པ་ལ་བུ་མོ་དེ་སང་ཉིན་ཡང་ཆུ་ལེན་དུ་ཡོང་ངེས་ཡིན། དེ་རིང་ངས་རྒྱལ་པོའི་འཁོར་དང་ལོངས་སྤྱོད་ཀྱི་ཡོན་ཏན་རྣམས་མ་བརྗོད་པ་ཡིན་སྙམ་ནས། དེའི་ནུབ་མོ་ཡང་ཤིང་ཏོག་ཟ་ཞིང་དེར་བསྡད། སང་ཉིན་ཡང་བུ་མོ་དེ་དེར་སྔར་བཞིན་བྱུང་བ་ལ། རྔོན་པའི་བུས་སླར་ཡང་བུ་མོ་ལ་འདི་སྐད་སྨྲས་པ། བུ་མོ་ཁྱོད་ལ་ཁྱིམ་བདག་ཡོད་དམ་མེད། མེད་ན་རྒྱལ་པོ་ཟླ་བའི་སེང་གེའི་བཙུན་མོ་བྱས་ན་མི་འགྲིག་གམ། རྒྱལ་པོ་ཟླ་བའི་སེང་གེ་ལ་མངའ་ཐང་དང་ལོངས་སྤྱོད་ཀྱི་དབང་དུ་བྱས་ན། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱིས་ཐོག་དྲངས་པའི་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་དང་། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། རྟ་ངང་པ་འཕུར་ཤེས། གླང་པོ་ཆེ་རབ་བརྟན་སྣ་ལི་ཁྲི་ལྟར་དམར་བ། འདོད་འཇོའི་བ། མ་ཧེ་ཞོ་མོ་ཆེ། བསམ་གཏན་གྱི་ལྷུང་བཟེད། རྫུ་འཕྲུལ་གྱི་ཞགས་པ། ཕག་པ་ཕལ་ཀ ། སྒོ་ཁྱི་འཛིན་ཤེས་གཏོང་མི་ཤེས། འཕེལ་འགྲིབ་མེད་པའི་མེ་ཏོག་གི་ལྡུམ་ར་སོགས་དཔག་ཏུ་མེད་པ་ཡོད་པས། རྒྱལ་པོ་དེ་ཡི་བཙུན་མོ་མི་བྱེད་དམ་ཟེར་བས། བུ་མོ་དེས་བུམ་པ་ཆུས་སྔར་བས་ཀྱང་མགྱོགས་པར་བཀང་སྟེ། མིག་ཀྱང་མི་ལྟ་བ་དང་གཏམ་ལན་ཡང་མ་འཇལ་བར། རི་དྭགས་ཀྱིས་རྔོན་པ་མཐོང་བ་བཞིན་བྱས་ནས་བྲོས་སོང་ངོ་། །
དེས་ན་ཁོའི་བསམ་པ་ལ་ད་ལོག་འགྲོ་བ་ལ་ནི་རང་གི་ཡུལ་ཕྱོགས་གང་ན་ཡོད་པའང་མ་ཤེས། ད་ནི་ཐབས་གཞན་མེད་པས་བུ་མོ་དེ་མིའམ་མི་མ་ཡིན་པ་ཞིག་གི་སྤྲུལ་པ་ཡིན། གང་ལྟར་བུ་མོ་དེར་རྒྱུས་ཡོད་པ་ཐག་ཆོག་སྙམ་ནས། དེའི་དུས་སུ་བུ་མོ་དེ་ལ་ཡུལ་ཕྱོགས་དང་ལམ་གང་དུ་ཕྱིན་ན་འཐད་འདྲི་དགོས་སྙམ་སྟེ། དེའི་ཉིན་པར་ཡང་ཤིང་ཏོག་ཟ་ཞིང་བསྡད་དོ། །སང་ཉིན་ཡང་བུ་མོ་དེ་སྔར་བཞིན་བྱུང་བ་ལ། རྔོན་པས་འདི་སྐད་སྨྲས་པ། བུ་མོ་ཁྱོད་ལ་ངས་ཉི་མ་འགའི་བར་དུ་གཏམ་ཞིབ་པར་དྲིས་ཀྱང་ལན་ཚིག་གཅིག་ཀྱང་འཇལ་མ་འདོད། ད་ཁྱོད་མིའམ་མི་མ་ཡིན་ནམ། གནོད་སྦྱིན་མོ་ཞིག་ཡིན་ནམ། ཡང་ན་ཡུལ་འདི་ལ་གནས་པའི་ཡུལ་བདག་མོ་ཞིག་ཡིན་ནམ། ཡང་ན་ཆོས་བྱེད་པའི་གང་ཟག་མོ་ཞིག་ཡིན་ནམ། གང་ལྟར་ནའང་ང་ནགས་སྟུག་པོ་འདིའི་གསེབ་ཏུ་མགོ་མཐོམས་ནས་ལམ་མ་རྙེད་པ་གཅིག་ཡིན་པས། ཁྱོད་ཀྱིས་ངའི་ཡུལ་ཕྱོགས་དང་ལམ་བསྟན་པའི་གྲོགས་ཤིག་གྱིས་དང་། ཁྱད་པར་ཇག་རྐུན་གཅན་གཟན་སོགས་མི་ཡོང་བའི་སྲུང་བ་ཟབ་མོ་འདྲ་ཞིག་ཡོད་དམ་ཞེས་དྲིས་པས། བུ་མོ་དེ་ཡིས་ལམ་དང་ཡུལ་ཕྱོགས་བསྟན། ཁྱད་པར་རྩྭ་ཀུ་ཤ་སྤར་མོ་གང་ལ་སྔགས་དང་བྱིན་རླབས་བྱས་ཏེ་རྔོན་པའི་ལག་ཏུ་གཏད་དེ། ནགས་ཀྱི་གསེབ་ན་བུ་མོ་འདི་འདྲ་ཞིག་འདུག་ཟེར་བའི་ཁ་སུ་ལ་ཡང་མ་བསྟན་ཅིག་ཟེར་བར། ཁོའི་བསམ་པ་ལ་ང་བཞིན་མི་སྡུག་ཅིང་མདོག་ནག་པས་སྟུག་པོ་ཧྲུལ་པོ་འདི་ལ་མི་དགའ་བ་ཡིན་ལས་ཆེ། ངས་རྒྱལ་པོ་གདན་དྲངས་ནས་འོང་ན། བུ་མོ་འདི་སྤྱན་དྲོངས་སྲིད་པས་དེའི་དུས་སུ་རྒྱལ་པོ་ལ་ཇག་རྐུན་གཅན་གཟན་ལ་སོགས་པས་མི་ཚུགས་པའི་སྲུང་བ་ཞིག་དགོས་སྙམ་ནས། སླར་ཡང་བུ་མོ་ལ་སྨྲས་པ། བུ་མོ་ཁྱོད་ཀྱིས་སྲུང་བ་གཅིག་པོ་འདི་ལས་མ་བྱིན་ན། འདི་ལམ་དུ་བོར་ན་ངའི་སྲོག་གི་བར་གཅོད་དུ་འགྲོ་ཉེན་ཆེ་བས། སྲུང་མ་ཐེབས་གཅིག་ཅིས་ཀྱང་ཞུ་ཞེས་ཞུས་པས། ཡང་བུ་མོས་རྩྭ་ཀུ་ཤ་སྤར་མོ་གང་བརྔས་ཏེ་དེ་ལ་སྔགས་དང་བྱིན་རླབས་མཛད་ནས་གནང་བྱུང་བས། སྲུང་བའི་བྱིན་རླབས་ཀྱིས་སྔར་ཉིན་ལམ་ཕྱེད་དང་གཉིས་ཡོད་པའི་ས་ཆ་དེ་སྐད་ཅིག་ལ་ཆོད་པས། དེ་ནས་རྔོན་པ་གྲོང་ཁྱེར་སེམས་ཀྱི་བློ་གྲོས་དེའི་ཕྱོགས་སུ་སླེབས་ལ་ཁད་ཙ་ན། ཁོའི་བུ་སྨད་རྣམས་ཀྱིས་ཉེ་བ་ཐམས་ཅད་སྦྲན་ཏེ། ངེད་ཀྱི་ཨ་ཕ་རི་དྭགས་བདས་པ་ལ་སོང་ནས་ཞག་ལྔ་ཙམ་སོང་བས། ཤ་དང་པགས་པ་མང་པོ་ཡོད་ལས་ཆེ། ཁྱེད་རྣམས་ལ་ཡང་སྟེར་ངེས་པས། ཤ་ལེན་པའི་གྲོགས་ཀྱིས་ཟེར་ཞིང་སྦྲན་ནས། ཁྱད་པར་ཁོ་རང་གི་གཡོག་མོས་ཐབ་ལ་ཟངས་ཆེན་པོ་གཅིག་བཀབ་སྟེ་སྦུད་པ་རྡེབ་ཕྱུར་བྱེད་ཅིང་འདུག་པས། རྔོན་པའི་བུའི་བསམ་པ་ལ་ངས་མིའི་ཟས་མ་མྱོང་བར་ཞག་ལྔ་ཙམ་སོང་། ད་ཁོང་རྣམས་ཀྱིས་ང་སླེབས་པའི་སྔོན་དུ་ལྟོ་གཡོས་ཡོད་པ་ཐག་ཆོད་བསམ་ནས་རྔམ་ཞིང་བརྒྱུགས་པས། ཁོང་བུ་སྨད་རྣམས་ཀྱི་བསམ་པ་ལ། ཨ་ཕས་རི་དྭགས་མང་པོ་བསད་ནས་ཤ་མ་ཐེག་པར་ངེད་རྣམས་འབོད་པར་འོང་བ་ཡིན་བསམ་ནས། ཁོའི་གདོང་བསུས་ཏེ་ཁྱིམ་དུ་སླེབས་པ་དང་། ཤ་ག་ཙམ་ཡོད་རང་རེ་བཟའ་ཚང་རྣམས་ཀྱིས་དྲོངས་སམ། འོན་ཏེ་ཉེ་བ་རྣམས་སྦྲན་ཨེ་དགོས། དེས་ཀྱང་མ་དྲོངས་ན་རྒྱལ་པོ་ལ་འུ་ལག་ཞུ་བ་ལས་འོས་མེད་ཅེས་སྨྲས་པས། རྔོན་པའི་བུ་ན་རེ། ཤ་ག་ལ་ཡོད། རྗེས་ཀྱང་མ་མཐོང་། ཁྱོད་རྣམས་སྙིང་རེ་རིངས། ང་ནི་ལྟོ་མ་མྱོང་བར་ཞག་ལྔ་སོང་། མཛར་བ་གཅིག་ཀྱང་སྐྱེལ་བའི་གྲབས་མི་བྱེད་པར་སྡོད་པ་ཨེ་ཡིན་ཟེར་སྨྲས་པ་དང་། རྔོན་པའི་བུ་སྨད་རྣམས་ཁྲོས་ཏེ་འཁྲུགས་པས། ཁྱོད་འདྲ་བའི་སྐྱེས་པ་འུ་ཐུག་པོ། མིའི་གཡོག་བྱས་ཀྱང་གླ་དང་ལྟོ་མྱོང་བ་ལ། ཁྱོད་རང་གཅིག་པོའི་ལྟོ་ཡང་མི་མྱོང་བར། ངེད་རྣམས་ལ་ལྟ་ཅི་སྨོས་ཟེར་ཐམས་ཅད་ཞེ་སྡང་འབར་ཏེ། ལ་ལས་ཐལ་བ་གཏོར་ཞིང་། ལ་ལས་ཤིང་མགལ་གྱིས་བརྡུངས་ཤིང་བདས་པས། དེའི་དུས་སུ་རྒད་པོས་རེ་བ་ཚ་བོས་རེ། རྒན་མོས་རེ་བ་ཁྱོས་མ་རེ་ཞེས་པའི་དཔེ་དེ་ནས་བྱུང་། རྔོན་པའི་བུའི་བསམ་པ་ལ། རྒྱལ་པོའི་དྲུང་དུ་ཕྱིན་ནས་སྔར་གྱི་ལོ་རྒྱུས་རྣམས་ཞུས་ན་རྒྱལ་པོའི་བྱ་དགའ་མཐོང་གཟོས་དང་། ལྷག་པར་ང་ལ་ལྟོ་གཅིག་གནང་ཡོང་ལས་ཆེ་སྙམ་ནས། རྒྱལ་པོའི་སྒོ་སྲུང་རིམ་པ་བདུན་ཡོད་པ་ལས། ཕྱི་མའི་དྲུང་དུ་ཕྱིན་ནས། སྒོ་ར་བར་ང་རྒྱལ་པོའི་དྲུང་དུ་ཐོངས་དང་། གཏམ་སྙན་གྱི་སྐྱེས་འབུལ་རྒྱུ་ཡོད་ཅེས་སྨྲས་པས། སྒོ་ར་བ་ན་རེ། རྔོན་པའི་བུ་ཁྱོད་འདྲ་བ་ལ་གཏམ་སྙན་བྱུང་དོགས་མེད། ཁྱད་པར་དུ་ཁྱོད་རིགས་ངན་ཞིང་གྲིབ་ཆེ་བས། ངེད་རྣམས་ལ་བཀའ་བཀྱོན་འོང་ཟེར་ཏེ་མ་བཏང་བས། དེའི་གཏམ་སྒོ་ར་བ་གཉིས་པས་ཚོར། གཉིས་ནས་གསུམ་པ་ལ་བཤད། མཐར་བདུན་པས་ཐོས་སོ། །དེ་དག་རྒྱལ་པོས་གསན་ནས། སྒོ་ར་བ་བདུན་པ་ལ་བཀའ་བསྩལ་པ། རྔོན་པའི་བུ་དེས་ཅི་ཟེར་ཞེས་གསུངས་པས། སྒོ་ར་བ་ན་རེ། རྒྱལ་པོའི་དྲུང་དུ་གཏམ་སྙན་ཞིག་འབུལ་རྒྱུ་ཡོད་ཟེར་འདུག་སྟེ། ཁོ་ལྟོགས་པས་བཟའ་བཏུང་བླང་དུ་ཡོང་བ་ཡིན་ལས་ཆེ། གཏམ་སྙན་རང་མེད་ལགས་སམ་ཞེས་ཞུས་པས། རྒྱལ་པོའི་ཞལ་ནས་ཁོ་རི་རྒྱུག་ཀླུང་རྒྱུག་བྱེད་མཁན་ལ་གཏམ་སྙན་མེད་ན། ཁྱོད་རྣམས་སྒོ་རྒྱབ་ཏུ་སྡོད་པ་ལ་གཏམ་སྙན་ཅི་ཡོད། རྔོན་པའི་བུ་དེ་ནང་དུ་ཐོངས་གསུངས་པས།
དེ་ནས་སྒོ་ར་བ་རྣམས་ཀྱིས་རྔོན་པའི་བུ་དེའི་ལུས་ཀྱི་དྲི་མ་རྣམས་ཆུས་དག་པར་བཀྲུས་ནས། ལུས་ལ་ཙན་དན་གྱི་ལྡེ་གུ་བྱུགས། གོས་དྲི་མ་མེད་པ་དག་བསྐོན་ཏེ་རྒྱལ་པོའི་དྲུང་དུ་བཏང་ངོ་། །རྒྱལ་པོས་ཁྱོད་ལ་གཏམ་སྙན་ཅི་ཞིག་ཡོད་གསུངས་པས། རྔོན་པའི་བུ་ན་རེ། གཏམ་སྙན་བཤད་པ་ལ། ཁ་ལ་བཟའ་བཏུང་གི་བཀྲ་ཤིས་མངའ་གསོལ་བྱེད་དགོས། ཞེས་ཞུས་པས་ཁོ་ལ་བུ་རམ་དང་འབྲས་ཆང་དཀར་གསུམ་དང་མངར་གསུམ་ལ་སོགས་པའི་བཟའ་བཏུང་གིས་ཚིམས་པར་བྱས་སོ། །དེ་ནས་རྒྱལ་པོ་རང་གསེར་གྱི་ཁྲི་དང་། རིགས་ངན་གྱི་བུ་མོ་གཡུ་ཡི་ཁྲི། གཞན་ཡང་བཙུན་མོ་ལྔ་བརྒྱ་པོ་རང་རང་གི་ཁྲི་སྟེང་དུ་འཁོད་ནས། ད་ནི་རྔོན་པའི་བུ་ལ་གཏམ་སྙན་བཤད་རྒྱུ་ཡོད་ན་ཤོད་ཅིག་ཅེས་གསུངས་པས། རྔོན་པའི་བུའི་བསམ་པ་ལ། གཏམ་སྙན་འདི་གསལ་བར་བཤད་ན། རིགས་ངན་གྱི་བུ་མོས་ཐོག་དྲངས་པའི་བཙུན་མོ་ལྔ་བརྒྱ་པོའི་སེམས་ལ་ཕོག་སྟེ། ང་ལ་ནག་ཁྲིམས་གཅོད་ཉེན་ཆེ་བས། དེ་བས་རྒྱལ་པོ་ལ་ཤིན་ཏུ་གབ་པའི་སྒོ་ནས་བརྡ་དོན་འཕེར་བ་ཞུ་དགོས་སྙམ་ནས་འདི་སྐད་ཅེས་གསོལ་ཏོ། །
ཀྱེེ། རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ཁོ་བོ་ནགས་ཚལ་སྟུག་པོར་ཕྱིན། །གཏམ་སྙན་ཚིག་དགུ་འདི་ལྟར་ཐོས། །རྒྱལ་པོའི་ཕོ་བྲང་ནང་ཤེད་ན། །ཡ་མཚན་ཆུ་མིག་སྟོང་ཕྲག་ལ། །གསེར་གྱི་ཉ་ཆུང་རྒྱུ་བ་འདུག །ཆུ་མིག་རེ་རེའི་ཟུར་ཕུད་ལ། །ཟངས་ཀྱི་བུ་ག་རེ་རེའི་དོང་། །དེ་ལ་ལྕགས་གཟེར་སྟོང་བཏབ་ན། །ཡིད་བཞིན་ནོར་བུ་བསམ་འཕེལ་དེ། །རྒྱལ་པོའི་ཕྱག་ཏུ་འབྱུང་བར་འགྱུར། །མི་དབང་སྐུ་ཚེ་བརྟན་པ་དང་། །རྒྱལ་སྲིད་དར་ཞིང་རྒྱས་པར་འགྱུར། །འཁོར་འབངས་རྣམས་ལ་བདེ་སྐྱིད་འབྱུང་། །ཐུགས་ལ་དགོངས་སམ་བློ་ལྡན་མཆོག །གཏམ་འདི་སྙན་ནམ་ལྷ་ཡི་སྲས། །ཞེས་ཞུས་པས། བཙུན་མོ་ལྔ་བརྒྱ་པོ་ཐུགས་ཤིན་ཏུ་དགྱེས་ཤིང་། ལ་ལས་ཟས་ཀྱི་འཕྲོ་དང་། ལ་ལས་སྐྱེམས་ཀྱི་འཕྲོ་དང་། ལ་ལས་ན་བཟའ་དང་རྒྱན་བཀྲོལ་ནས་བྱིན་ནོ། །གཏམ་སྤྱི་ལ་སྙན་པ་རྔོན་པའི་བུའི་གཏམ་དེ་ལས་སྙན་པ་ཟེར་ནས་གོ་བ་མ་རྙེད་པར་ཐམས་ཅད་དགའ་བའི་ཚུལ་གླེང་ངོ་། །རྒྱལ་པོ་རང་རེ་ཞིག་ཅི་ཡང་མི་གསུང་བར་དགོངས་པ་ལ་བཞུགས་སོ། །ཅུང་ཞིག་བཞུགས་ཏེ་རྒྱལ་པོའི་ཐུགས་དགོངས་ལ། ཁོའི་ཟེར་ལུགས་ལ་ངའི་ཕོ་བྲང་ནང་ན་ཆུ་མིག་སྟོང་ཕྲག་ཟེར་བ་འདི། བཙུན་མོ་ལྔ་བརྒྱ་པོའི་མིག་གཡས་གཡོན་ལ་ཟེར་བ་ཡིན་པར་འདུག །དེ་ལ་གསེར་གྱི་ཉ་ཆུང་རྒྱུག་ཟེར་བ་འདི། ཁོང་རྣམས་མིག་སེར་ཡོད་པར་གདའ། ཟངས་ཀྱི་བུ་ག་རེ་རེ་ཟེར་བ་འདི། བཙུན་མོ་ལྔ་བརྒྱ་པའི་རྣ་བ་དར་ལས་སྲབ་ཟེར་བ་ཡིན་པར་འདུག །དེ་ལ་ལྕགས་ཀྱིས་གཟེར་རྒྱོབ་ཟེར་བ་འདི། ཁོང་རྣམས་ཀྱིས་མ་ཐོས་པ་བྱེད་ཟེར་བ་ཡིན་པར་འདུག་དེ་ནས་ཡིད་བཞིན་ནོར་བུ་ངའི་ལག་ཏུ་འོང་ཟེར་བ་འདི། བཙུན་མོ་དམ་པ་ཞིག་འོང་བར་དགོངས་སོ། །
དེ་ནས་རྒྱལ་པོས་ཁོང་བཙུན་མོ་གཞན་རྣམས་ཀྱིས་མ་ཐོས་པར་བྱས་ནས། ཨ་བོ་རྔོན་པའི་བུ་ལ་གཏམ་ཞིབ་པར་འདྲི་དགོངས་སྙམ་ནས། ཐམས་ཅད་འདུས་པའི་དབུས་སུ། རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ད་ནི་ནོར་བུ་རིན་པོ་ཆེ་དེ་ལྟ་བུ་ཕོ་བྲང་དུ་ཡོང་ན། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཁྲུས་དང་གཙང་སྦྲ་ལ་འབད་པ་གལ་ཆེ་བས། ཁྱོད་བཙུན་མོ་ལྔ་བརྒྱ་ཡང་རང་རང་གི་ཁྲུས་ཀྱི་རྫིང་བུར་ཁྲུས་སྟེགས་བྱ་མ་བུམ་རྣམས་ཁྱེར་ཏེ་རང་སར་ཁྲུས་ལ་སོང་ཞིག །བདག་ཀྱང་ཁྲུས་ལ་འགྲོ། རྔོན་པའི་བུ་ཁྱོད་ཀྱིས་ངའི་ཁྲུས་རས་དང་། ཁྲུས་སྟེགས་བྱ་མ་བུམ་སོགས། ཡོ་བྱད་རྣམས་སྟ་གོན་གྱིས་ཤིག་ཅེས་བཀའ་བསྒོས་པ་དང་། དེ་མ་ཐག་བཙུན་མོ་རྣམས་ཀྱང་རང་རང་གི་ཡོ་བྱད་རྣམས་ཁྱེར་ཏེ་ཁྲུས་ལ་སོང་ངོ་། །རྒྱལ་པོ་ཡང་རྔོན་པའི་བུ་ལ་ཡོ་བྱད་རྣམས་བསྐུར་ཏེ་ཁྲུས་ཀྱི་རྫིང་བུའི་འགྲམ་དུ་བྱོན་ནས། རྔོན་པའི་བུ་ལ་རྒྱལ་པོས་གཏམ་བཤད་རྒྱུ་ཡོད་ན་ཤོད་ཅེས་གསུངས་པས། རྔོན་པའི་བུ་དེས་པུས་མོ་ས་ལ་བཙུགས། ལག་པ་ཐལ་མོ་སྦྱར་ཏེ། རྒྱལ་པོའི་མེ་ཏོག་གི་ལྡུམ་རར་རི་ཕག་འོངས་ནས་མེ་ཏོག་རྣམས་ཟོས་ཤིང་སྙོག་ལུགས་ནས་མཐར་ཁོ་རང་གི་བུ་སྨད་ཀྱིས་སྒོ་ཁར་ལྟོ་མ་བྱིན་པ་རྣམས་ཞིབ་པར་ཞུས་པ་དང་། ཁྱད་པར་ནགས་ཚལ་གྱི་ནང་བུ་མོ་གཟུགས་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ། མཁུར་ཚོས་གཡས་པ་ལ་གསེར་གྱི་རྡོ་རྗེ་རིས། གཡོན་པ་ལ་གཡུའི་པདྨ་རིས། དཔྲལ་བ་ལ་ནོར་བུ་རིན་པོ་ཆེའི་གཟུགས། སྣ་རྩེ་ལ་མཚལ་གྱི་ཉི་མ་རིས། ཨོལ་སྐོ་ལ་ཤེལ་གྱི་ཟླ་བ་རིས། སོ་དུང་སོ་འཁོར་བ། སྐུ་ཤ་དཀར་ལ་དམར་མདངས་ཆགས་པ། ཞལ་ནས་ཙན་དན་ཧ་རིའི་དྲི་བྲོ་བ། སྤྱོད་ལམ་ཞི་ཞིང་དུལ་བ། མིའི་བུ་མོ་མི་འདྲ་བ་ལྷའི་སྲས་མོ་ལྟ་བུ་གཅིག་འདུག་ལགས་པས། དེ་ཉིད་རྒྱལ་པོའི་བཙུན་མོར་མངའ་གསོལ་ན། ད་ལྟའི་བཙུན་མོ་འདི་རྣམས་ཀྱི་ཡོན་ཏན་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་ཀྱང་། དེའི་སྐུའི་ཆ་ཤས་ཙམ་ལ་ཡང་འགྲན་ཟླ་མི་ནུས་ཏེ། མཛེས་མའི་ཡོན་ཏན་ཡོངས་སུ་རྫོགས་པ་ལྟ་ཅི་སྨོས། དེ་ཉིད་རྒྱལ་པོའི་བཙུན་མོར་མངའ་གསོལ་ན་བདག་ཅག་འབངས་འཁོར་ཐམས་ཅད་ཡི་རངས་ལགས། ཞེས་ཞུས་པས། དེ་མ་ཐག་ཏུ་རྒྱལ་པོས་རྣམ་འགྱུར་དཔག་ཏུ་མེད་པ་སྟོན་ཅིང་བཞིན་འཛུམ་པའི་མདངས་ཕྱུང་ནས། རྔོན་པའི་བུ་ལ་འདི་སྐད་ཅེས་གསུངས་སོ། །ཨ་བོ་རིག་པ་ཅན་བུ་མོ་དེ་ལྟ་བུ་འདུག་ན། ད་ལྟ་ལ་འུར་འགྲོ་དགོས། མ་འགྲོ་ན་བུ་མོ་དེ་ལུང་ཕྱོགས་གཞན་དུ་བྲོས་པའམ། ཡང་ན་རྒྱལ་པོ་གཞན་གྱིས་བདག་ཏུ་འཛིན་ན་ཤིན་ཏུ་མི་ལེགས་པས། ད་ལྟ་ཉིད་དུ་འགྲོ་བར་བྱའོ། །ཞེས་གསུངས་པས། རྔོན་པའི་བུ་ན་རེ། ཀྱེེ་རྒྱལ་པོ་ངེད་རང་དཔོན་གཡོག་གཉིས། འདི་ལྟར་ཀྲོང་ཀྲོང་བྱོན་པས་ག་ལ་འཐུས། རྒྱལ་པོ་ཉིད་ཀྱང་རྒྱན་ཆ་བཞེས། རྔོན་པ་ང་ཡང་ལུས་ཆས་གྱོན། ལམ་བར་ཨར་ཇག་རྐུན་གསུམ་དང་། གཅན་གཟན་འཇིགས་པ་སྐྱོབ་པའི་སྲུང་བ་འདི། རྒྱལ་པོའི་མགུལ་དུ་ཐོགས་པར་ཞུ། ང་ཡིས་འཚོ་བའི་ཆས་ཁ་རྣམས། ཁྱེར་ཏེ་ཕྱིན་པ་མི་འཐད་དམ་ཞུས་པས། རྒྱལ་པོས་མི་མདོག་གོས་ཀྱིས་འགྱུར། བུད་མེད་རྒྱན་གྱིས་འགུགས། འཁོར་འབངས་ཟས་ཀྱིས་སྐྱོང་བྱ་བ་ཡིན་པས། དེ་བཞིན་བྱེད་གསུངས་ནས། ཀ་ཤི་ཀའི་རས་དྲི་མ་མེད་པའི་གོས། ཐུགས་ཀ་ནས་བཀྲ་ཤིས་པའི་དཔལ་བེའུ་སྤུངས་པ། ཁོག་སྟོད་ལ་ནོར་བུ་རིན་པོ་ཆེ་འབར་བ་ལ་བཀྲ་ཤིས་རྫས་བརྒྱད་ཀྱིས་བརྒྱན་པ། རེག་ན་འཇམ་ཞིང་གྱོན་ན་ཡང་བ། དགུན་གྱི་དུས་སུ་གྲང་ངར་ཐུབ་པ། དཔྱིད་ཀྱི་དུས་ན་ཚ་བའི་སྡུག་བསྔལ་སྐྱོབ་པ། འཛམ་བུའི་གླིང་ན་རིན་ཐང་འཇལ་མི་ནུས་པ་གཅིག་ཡོད་པ་དེ་སྐུ་ལ་གསོལ། མགུལ་ལ་ལྷའི་རིན་པོ་ཆེ་ཨིནྡྲ་ནཱི་ལ་དང་། མཐོན་ཀ་ཆེན་པོ་བཀོད་མཛེས་རྣམས་ཀྱིས་དོ་ཤལ་བྱས་ཤིང་། མིའི་རིན་པོ་ཆེ་དང་། གསེར། དངུལ། མུ་ཏིག། མུ་མེན། བྱུ་རུ་རྣམས་ཀྱིས་ཕྱག་གདུབ་སོར་གདུབ་བྱས་ཤིང་། མཛེས་རྒྱན་དཔག་ཏུ་མེད་པས་བརྒྱན་ཏེ། སྐད་ཅིག་དེ་ཉིད་ལ་རྔོན་པའི་བུ་ལ་རྒྱན་ཆས་རྣམས་བསྐུར་ཏེ་བྱོན་པས། རིང་པོར་མ་སོང་བར་ནགས་ཚལ་ཆེན་པོ་དེའི་ཆུ་མིག་གི་འགྲམ་དུ་ཕྱག་ཕེབས་སོ། །སྐད་ཅིག་ཉིད་ལ་དེར་ཕེབས་པ་སྲུང་བའི་བྱིན་རླབས་ཡིན་པར་དགོངས་སོ། །
དེའི་ནུབ་མོ་རྗེ་འབངས་གཉིས་ཆུ་མིག་གི་འགྲམ་དུ་ཉལ་ལོ། །ནངས་པར་ནམ་ལངས་ཏེ་ཉི་མ་ཤར་བ་དང་། ཨ་བོ་རྔོན་པའི་བུ་ན་རེ། བདག་གིས་ཤིང་ཐོག་འདྲ་འཐུ་རུ་འགྲོ་ཡི་རྒྱལ་པོ་རང་འདིར་བཞུགས་ཤིག །བུ་མོ་དེ་ཆུ་ལེན་དུ་འོང་བས་དེ་དུས་གསུང་གླེང་ཞིབ་པར་མཛད་པར་ཞུ་ཟེར་ནས་རྔོན་པའི་བུ་དེ་སོང་ངོ་། །དེ་ནས་རིང་པོར་མ་སོང་བར་ཤར་ལྷོའི་མཚམས་ཀྱི་ནགས་ཚལ་ནས། ཁོས་ཟེར་བ་བཞིན་བུ་མོ་མཛེས་མ་ལྟ་བས་ཆོག་མི་ཤེས་པ། མཁུར་ཚོས་གཡས་པ་ལ་གསེར་གྱི་རྡོ་རྗེ་རིས། གཡོན་པ་ལ་གཡུའི་པདྨ་རིས། དཔྲལ་བ་ལ་ནོར་བུ་རིན་པོ་ཆེའི་གཟུགས། སྣ་རྩེ་ལ་མཚར་གྱི་ཉི་མ་རིས། ཨོལ་སྐོ་ལ་ཤེལ་གྱི་ཟླ་བ་རིས། སོ་དུང་སོ་འཁོར་བ། སྐུ་ཤ་དཀར་ལ་དམར་བའི་མདངས་ཆགས་པ། ཁ་ནས་ཙན་དན་ཧ་རིའི་དྲི་བྲོ་བ། དེ་དག་ནི་བུ་མོའི་རང་བཞིན་གྱི་རྒྱན་ཡིན། གློ་བུར་གྱི་རྒྱན་ཆ། ཕྱག་གདུབ་ཞབས་གདུབ་ལ་སོགས་གང་གིས་ཀྱང་མ་བརྒྱན་ནའང་ལྟ་བས་ཆོག་མི་ཤེས་པ། གོམ་པ་དལ་གྱིས་འགྲོ་བ། སྤྱོད་པ་ཞི་ཞིང་དུལ་བ། བལྟས་ན་མིག་འཛིན་པ། བསྣམས་ན་སྣ་འཛིན་པ། ཉན་ན་རྣ་བ་འཛིན་པ། རེག་ན་ལུས་འཛིན་པ། ཕྱག་གཡས་ན་ནལ་ཚེ་དང་། གཡོན་ན་བུམ་པ་བསྣམས་པ་གཅིག་ཆུ་ལེན་དུ་བྱུང་བ་ལ། རྒྱལ་པོས་འདི་སྐད་གསུངས་པ། ན་ཆུང་གཟུགས་མཛེས་ཚུར་ཉོན་དང་། །ཤིང་ལེན་ཆུ་ལེན་དམན་པའི་ལས། །ཁ་ཏ་བཟའ་བཏུང་རྗེ་ཡི་ལས། །ང་ནི་སྲིད་སྐྱོང་རྒྱལ་པོ་ཡིན། །ལྕགས་ལེན་རྡོ་ཡི་ལྕགས་རྡུལ་བཞིན། །ཁོ་བོའི་ཕྱི་བཞིན་མི་འབྲང་ངམ། །ང་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱི་རྒྱལ་པོ་ཟླ་བའི་དེད་དཔོན་གྱི་སྲས་ཆེ་བ་ཟླ་བའི་སེང་གེ་ཡིན་པས། ངའི་བཙུན་མོ་མི་བྱེད་དམ། ང་ལ་མངའ་ཐང་གི་དབང་དུ་བྱས་ན། འབངས་ལ་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་ཡོད། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། རྟ་ངང་པ་འཕུར་ཤེས། གླང་པོ་ཆེ་རབ་བརྟན་སྣ་ལི་ཁྲི་ལྟར་དམར་བ། མ་ཧེ་ཞོ་མོ་ཆེ། འདོད་འཇོའི་བ། དགོས་འདོད་འབྱུང་བའི་བསམ་གཏན་གྱི་ལྷུང་བཟེད། རྫུ་འཕྲུལ་གྱི་ཞགས་པ། ཕག་པ་ཕལ་ཀ །སྒོ་ཁྱི་འཛིན་ཤེས་གཏོང་མི་ཤེས། འཕེལ་འགྲིབ་མེད་པའི་མེ་ཏོག་གི་ལྡུམ་ར་སོགས་དཔག་མེད་ཡོད། ཅེས་གསུངས་པས། བུ་མོ་དེས་རྒྱལ་པོ་ལ་མིག་ཀྱང་མི་བལྟ། གཏམ་ལན་ཡང་མི་འཇལ་བར་བུམ་པ་ཆུས་མྱུར་དུ་བཀང་སྟེ། རི་དྭགས་ཀྱིས་རྔོན་པ་མཐོང་བ་བཞིན་དུ་བྲོས་སོང་ངོ་། །
དེ་ནས་རྔོན་པའི་བུ་དེ་སླེབས་ནས། རྒྱལ་པོ་ཆེན་པོ། བུ་མོ་དེས་ཅི་ཟེར་ལགས་ཞུས་པས། རྒྱལ་པོས་ཁོ་བོས་གཏམ་ཇི་ཙམ་སྨྲས་ཀྱང་། ལན་ཚིག་གཅིག་ཀྱང་འཇལ་མི་བཏུབ། དེས་མི་ཚད་མིག་ཀྱང་མི་བལྟ་ཞེས་གསུངས་པས། རྔོན་པའི་བུའི་བསམ་པ་ལ། རྒྱལ་པོ་ལུང་སྟོང་འདིར་གདན་འདྲེན་མཁན་ང་ཡིན་པས། བཙུན་མོ་འདི་གདན་དྲངས་མ་ཚུགས་ན། ང་ཉིད་འབད་པ་དོན་མེད་དུ་འགྲོ་སྙམ་ནས། ཀྱེེ་རྒྱལ་པོ་རིན་པོ་ཆེ་ལ། ག་ལེར་བྱས་ན་གར་ཡང་སླེབས། །རན་པར་ཟོས་ན་སྒྱུ་ལུས་བདེ། །འཇམ་པོར་སྨྲས་ན་ཀུན་གྱིས་གོ །ཡུན་རིང་གནས་མལ་རྩད་ཀྱང་ཆོད། །བྱེ་འུའི་འགྲོས་ཀྱིས་ལ་རྩེར་སླེབས། །ཞེས་ཞུས་པས། རྒྱལ་པོས་དེ་བདེན། སང་ཉིན་ཡང་གཏམ་ལན་ཨེ་ཁུག་བལྟ། མ་ཁུག་ན་ལོག་འགྲོ་བ་ལས་འོས་མེད་གསུངས་ནས། དེའི་ནུབ་མོ་ཡང་དེར་ཉལ། སང་ཉིན་ཡང་བུ་མོ་སྔར་བཞིན་དུ་བྱུང་བས། རྒྱལ་པོས་བུ་མོ་འདིའི་ཡོན་ཏན་ཁ་སང་ལས་ཀྱང་བརྒྱ་འགྱུར་གྱི་ལྷག་པ་གཟིགས་ནས། བུ་མོ་དེ་ཉིད་མ་ཐོབ་ན་སྲོག་དང་བྲལ་ཡང་ལོག་མི་འགྲོ་བསམ་པའི་བློ་ཐག་ཆོད་པ་གཅིག་ཐུགས་ལ་བྱུང་ངོ་། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། ཁ་སང་ང་རང་གི་འཁོར་འབངས་མངའ་ཐང་ལ་སོགས་པའི་ཡོན་ཏན་བརྗོད་པར་མོ་མ་དགའ་བ་ཡིན་པས། ད་ལན་བུ་མོ་ལ་བསྟོད་ན་གཏམ་ལན་འདྲ་འཇལ་སྲིད་དམ་སྙམ་ནས་འདི་སྐད་གསུངས་པ། ལྷ་ཡི་དབང་པོ་ལྷ་མིན་མི་འམ་ཅི། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེན་པོ་སྟེ། །གཟུགས་བཟང་གཟུགས་ཀྱིས་འགྲན་པར་མི་ནུས་ཤིང་། །དབང་ཕྱུག་མ་དང་དཔལ་ལྡན་དཔལ་མོ་ཅན། །རིག་བྱེད་མ་དང་ལྷ་མོ་ཨུ་མ་སྟེ། །མཛེས་མཛེས་ཀུན་གྱི་མཛེས་པ་གཅིག་འདུས་ཁྱོད། །ལྷ་འམ་ཀླུ་འམ་དྲི་ཟའི་བུ་མོ་ཡིན། །མི་ཡི་ཡུལ་ན་ཁྱོད་ལ་འགྲན་ཟླ་མེད། །ང་ནི་ཁྱོད་ཀྱི་དབང་དུ་གྱུར་པས་ན། །ཁྱོད་ཀྱིས་ཁོ་བོ་དོར་བ་ཕོད་ལགས་སམ། །ཞེས་སྨྲས་པས། བུ་མོ་དེ་རྒྱལ་པོའི་བྱི་དོར་ལ་ཡིད་ཅུང་ཟད་མ་དགའ་ནས། སྔར་བས་ཀྱང་བུམ་པ་ཆུས་མགྱོགས་པར་བཀང་ནས་རི་དྭགས་ཀྱིས་རྔོན་པ་མཐོང་བ་བཞིན་བྲོས་སོང་ངོ་། །
ཡང་རྔོན་པའི་བུ་འོངས་ནས་དེ་རིང་ཅི་ཟེར་ལགས་ཞུས་པས། རྒྱལ་པོས་ཁ་སང་བཞིན་བྲོས་སོང་གསུངས་པས། རྔོན་པའི་བུ་ན་རེ། མ་བརྩམས་པ་དེ་མཆོག་ཡིན་ཏེ། །བརྩམས་ནས་བཟློགས་ན་དམ་པ་མིན། །རྡོ་ལ་རི་མོ་བྲིས་པ་བཞིན། །ཤི་ཡང་མི་དོར་དམ་པའི་ལས། །ཞེས་ཞུས་པས། རྒྱལ་པོས་ཅི་ཡང་མི་གསུངས་པར་བཞུགས་སོ། །སང་ཉིན་ཡང་སྔར་བཞིན་བྱུང་བ་ལས། རྒྱལ་པོས་ཐུགས་ལ། བུད་མེད་ཀྱི་རིགས་འདི། ཕར་ཆེར་འཁྲིག་ཚིག་གི་གཏམ་ལ་དགའ་བར་འདུག་པས། འདི་ལ་ཡང་ཁོ་བོས་འཁྲིག་ཚིག་གི་གཏམ་གཅིག་སྨྲས་ན། གཏམ་ལན་གཅིག་འཇལ་སྲིད་དམ་སྙམ་ནས་འདི་སྐད་གསུངས་པ། ཁྱོད་ཞལ་ཉི་མའི་དཀྱིལ་འཁོར་མཐོང་བའི་ཚེ། །བདག་ལུས་པདྨའི་ཚལ་རྣམས་རབ་ཏུ་གཡོས། །རྩ་མདུད་ཨུཏྤལ་སྔོན་པོ་རབ་ཏུ་ཕྱེ། །ཆགས་པའི་ཟེའུ་འབྲུ་ལྷག་པར་འཕེལ་བ་འདི། །ཁྱོད་ཀྱིས་བཅད་ནས་ཕྱག་ཏུ་བཟུང་ན་སྙམ། །ཞེས་གསུངས་པས། བུ་མོ་དེ་སྔར་བཞིན་མིག་ཀྱང་མི་བལྟ་ཞིང་གཏམ་ལན་ཡང་མི་འཇལ་བར་རི་དྭགས་ཀྱིས་རྔོན་པ་མཐོང་བ་བཞིན་བྲོས་སོང་ངོ་། །ཡང་རྔོན་པའི་བུ་སླེབས་ནས། དེ་རིང་ཅི་ཟེར་ལགས་ཞུས་པས། རྒྱལ་པོས་དེ་རིང་ཡང་ཅི་ཡང་མི་ཟེར་རོ། །རྔོན་པའི་བུའི་བསམ་པར། བུ་མོ་འདི་ཁུག་པར་དཀའ་ཞིང་། གལ་ཏེ་ཁུག་ན་ཡང་རྒྱལ་པོའི་བཙུན་མོར་མ་གཏོགས། དེ་ལ་དབང་རིས་གང་ཡང་མི་ཡོང་ན། འདི་འདྲའི་དཀའ་ལས་དོན་ཆུང་སྙམ་ནས། རྒྱལ་པོ་ལ་འདི་སྐད་གསོལ་བ། ཀྱེེ་རྒྱལ་པོ་སྙན་གསོན་དང་། །གངས་མེད་རི་བོ་མཐོ་གྱུར་ཀྱང་། །སེང་གེ་ཆགས་པའི་གནས་མ་ལགས། །སྐྱེར་ཚེར་ཕུང་པོ་སྟུག་ལགས་ཀྱང་། །རྒྱ་སྟག་འགྱིང་བའི་གནས་མ་ལགས། །ནོར་མེད་རྒྱ་མཚོ་གཏིང་ཟབ་ཀྱང་། །ཀླུ་རྒྱལ་ཆགས་པའི་གནས་མ་ལགས། །ནགས་ཁྲོད་དབེན་པ་སྐྱིད་ན་ཡང་། །རྒྱལ་པོ་བཞུགས་པའི་གནས་མ་ལགས། །མི་དབང་སྐྱོ་བར་མ་གྱུར་ཏམ། །ཞེས་ཞུས་པས། རྒྱལ་པོས་བུ་མོ་དེ་ལ་ཡིད་ཆགས་པ་མ་གཏོགས། རྔོན་པའི་བུས་ཞུས་པ་དེ་ལ་ལན་གཅིག་ཀྱང་མི་གསུང་བར་བཞུགས་སོ། །
ཡང་སང་ཉིན་བུ་མོ་དེ་སྔར་བཞིན་བྱུང་བ་ལ། རྒྱལ་པོའི་ཐུགས་དགོངས་ལ། ཁ་སང་ནས་ཞི་བའི་སྒོ་ནས་གཏམ་ཇི་ལྟར་སྨྲས་ཀྱང་ལན་འཇལ་མ་བཏུབ། ད་ལན་དྲག་པོའི་སྒོ་ནས་གཏམ་གཅིག་སྨྲས་ན། བུད་མེད་ཀྱི་རིགས་འདི་བླ་འདར་བས་གཏམ་ལན་གཅིག་འཇལ་སྲིད་དམ་སྙམ་ནས་འདི་སྐད་གསུངས་སོ། །ན་ཆུང་སྒེག་མོའི་ཚུལ་འཆོས་མཁན། །ལངས་ཚོ་རྒྱས་པའི་དྲེགས་ལྡན་མ། །ཞི་བའི་ལས་ལ་མི་འདོད་ཅིང་། །སྙན་པའི་གཏམ་ལ་མི་དགའ་ན། །ང་ནི་སྟོབས་ལྡན་དུས་མཐའི་རླུང་། །ཁྱོད་ནི་ཤེད་མེད་སྦྲང་མའི་བུ། །སྐད་ཅིག་ཉིད་ལ་བསྐྱོད་པར་ངེས། །འཇིགས་སམ་མི་འཇིགས་བུ་མོས་སོམས། །ཞེས་གསུངས་པས། བུ་མོ་དེས་བུམ་ཆུས་ཕྱེད་ཁེངས་ཙམ་ལ། སྲོག་གཅོད་གཤེད་མ་མཐོང་བ་བཞིན་བྱས་ནས་བྲོས་སོང་ངོ་། །དེ་ནས་རྔོན་པའི་བུ་སླེབས་ཏེ་དེ་རིང་ཅི་ཟེར་ལགས་ཞུས་པས། རྒྱལ་པོས་དེ་རིང་ཡང་ཅི་ཡང་མི་ཟེར་རོ། །ཞེས་གསུངས་པས། ཡང་རྔོན་པའི་བུས་འདི་སྐད་གསོལ་བ། །ཀྱེེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ཟས་ཀྱི་རོ་མཆོག་ལྕེ་ཡིས་མྱོང་། །ཆུ་བོའི་གཏིང་ཚད་ཉ་མོས་རྟོགས། །བུ་མོའི་ཕུ་ཐག་ཕྱིན་པས་ཆོད། །གར་སོང་རྗེས་བསྙེག་བདས་པ་དྲག །ཅེས་ཞུས་པས། རྒྱལ་པོས་དེ་བཞིན་འཐད་གསུངས་ཏེ་རྗེ་འབངས་གཉིས་བུ་མོ་གར་སོང་གི་རྟིང་བདས་སོ། །དེར་གཞུ་འདོམ་ལྔ་བརྒྱ་ཙམ་ཕྱིན་པའི་ས་ན། ས་གཞི་ཐམས་ཅད་ལག་མཐིལ་ལྟར་ཁོད་སྙོམས་པ། ཕྱོགས་མཚམས་རེ་རེའི་ཚད་ལ་དཔག་ཚད་རེ་རེ་ཡོད་པ། དེ་དག་གི་མཐའ་སྐོར་ལ་སྟར་ཁ་དང་། ལི་དང་། བལ་པོ་སེའུ་དང་། ཨ་མྲའི་སྡོང་པོ་དང་། ཤིང་ཏོག་བི་སྟི་པ་ལ་དང་། སྐྱུ་རུ་ར་དང་། གཡེར་ཤིང་སྡོང་པོ་དང་། རྒུན་འབྲུམ་དང་། ཨ་རུ་རའི་སྡོང་པོ་ལ་སོགས་ཏེ། ཟ་ཤིང་གི་ར་བ་རྣམས་ཀྱིས་ཁོ་ར་ཁོར་ཡུག་ཏུ་བསྐོར་བ། དེ་དག་གི་ནང་རོལ་ན་ཝ་དང་། ལྕེ་སྤྱང་། གཅན་གཟན་ཁྲོ་བོ་རྣམས་གདུག་པའི་སྐད་མི་སྒྲོག་ཅིང་། གླ་བ་དང་། ཤྭ་བ་དང་། རྒྱ་དང་། ཁ་ཤ་དང་། ར་རྒོད་དང་། དགོ་བ་དང་། རྣ་བ་ལ་སོགས་པའི་རི་དྭགས་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་གིས་རྩེད་ཅིང་། བག་ཕེབས་པའི་ཚུལ་དུ་གནས་པ། རྨ་བྱ་དང་། ཁུ་བྱུག་དང་། ཁྲུང་ཁྲུང་དང་། ངུར་པ་དང་། ཀ་ལ་པིང་ཀ་ལ་སོགས་པའི་བྱ་རྣམས་ཀྱིས་སྙན་པའི་སྒྲ་ཕུན་སུམ་ཚོགས་པ་སྒྲོག །ཨུཏྤལ་དང་། པདྨ་དང་། པདྨ་གེ་སར་ལ་སོགས་པའི་མེ་ཏོག་དཀར་པོ་དང་། དམར་པོ་དང་། སྔོན་པོ་དང་། སེར་པོ་དང་། ལེ་བརྒན་རྣམས་ཀྱིས་ནི་ས་གཞི་འབོལ་ནུབ་པ་ཙམ་གང་བ། མཚམས་བཞིར་ཨ་ཀ་རུ་དང་། སེང་ལྡེང་དང་། ཙན་དན་དཀར་དམར་ལ་སོགས་པའི་སྤོས་ཀྱིས་ལྗོན་ཤིང་རྣམས་ཕུན་སུམ་ཚོགས་པ་དང་ལྡན་པ། དེ་དག་གི་དབུས་ན་ས་གཞི་གཞུ་འདོམ་གང་ཙམ་གྱེན་དུ་འཕགས་པ་ན། ཡངས་པའི་རྡོ་ལེབ་ཟླ་བ་ལྟ་བུ་འདུག་པ་དེའི་ངོས་རེ་རེ་ལ་གཞུ་འདོམ་གཉིས་གཉིས་ཡོད་པ་དེའི་སྟེང་ན། འཇག་མའི་སྤྱིལ་བུ་གུར་ལྟར་ཕུབ་པ་ཕ་ཚད་ཚུན་ཆད་འདུག་པ་ལ། གཅིག་ན་བྲམ་ཟེ་སྒོམ་ཆེན་ཞིག་སྒྲུབ་པ་མཛད་ནས་བཞུགས། གཅིག་ན་བུ་མོ་དེ་སྒྲུབ་པ་མཛད་ཀྱིན་བཞུགས་པར། རྗེ་འབངས་གཉིས་སྤྱིལ་བུའི་སྒོ་མདུན་དུ་སླེབས་པ་དང་། སྒོམ་ཆེན་དང་བུ་མོ་གཉིས་ཡན་ལག་ལྔས་ཁྲུས་བྱས་ནས། འཇག་སྤྱིལ་གྱི་ནང་དུ་རྩྭ་ཀུ་ཤའི་གདན་ལ། ལུས་རྣམ་སྣང་གི་ཆོས་བདུན་ཚེས་བརྒྱད་ལྡན་པའི་སྒོ་ནས། ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ཨ་བོ་རྔོན་པའི་བུ་ན་རེ། ཀྱེེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ཞི་བའི་གཏམ་གྱིས་མི་གྲོལ་ན། །ཁོ་བོས་དྲག་པོའི་ལས་བྱས་ནས། །རྒྱ་ཁྲས་བྱེ་འུ་ཁྱེར་བ་ལྟར། །སྐད་ཅིག་ཉིད་ལ་ཁྱེར་གྱུར་ན། །དེ་རུང་ངམ་མི་རུང་ལྷ་ཡི་སྲས། །ཞེས་ཞུས་པས། རྒྱལ་པོས་ཨ་བོ་རྔོན་པའི་བུ་ལ། དེ་འདྲ་བསམ་དུ་ག་ལ་རུང་། གཅིག་ཏུ་ཆོས་བྱེད་པའི་གང་ཟག་ཡིན་པས་རྣམ་སྨིན་ཆེ། གཉིས་སུ་ཆོས་པ་དང་བན་བོན་ཡིན་པས་རྒྱལ་སྲིད་ལ་གནོད། གསུམ་དུ་དོན་ཆེན་འདོད་ན་ངང་རིང་གྱིས་ཟེར་བའི་དཔེ་བཞིན། ལྟོགས་ཀྱང་དམ་ཉམས་ཀྱི་ཟས་མི་ཟ། འཁྱགས་ཀྱང་རེ་བ་ནག་པོའི་གོས་མི་གྱོན་བྱ་བ་ཡིན་གསུངས། རྔོན་པའི་བུས་ཞུས་པ། ཀྱེེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ཆུ་བོའི་མཚན་ཉིད་ངས་མི་ལོན། །བ་གླང་བརྒལ་བས་རྒྱབ་མ་མཐོང་། །ངང་པས་བརྒལ་བས་སྡེར་མོ་ནུབ། །རྒྱལ་པོའི་མཚན་ཉིད་ངས་མི་ལོན། །ཕོ་བྲང་ནང་དུ་བཞུགས་ཙ་ན། །འཇམ་པོའི་གདན་ལ་རྩུབ་སྐྱོན་མཛད། །མངར་མོའི་གསོལ་ཟས་མི་བཞེས་པར། །ནགས་ཁྲོད་དབེན་པ་འདིར་བཞུགས་པས། །སྤྲེ་འུ་ཤིང་ལོའི་གདན་སྟེང་དུ། །ཤིང་ཏོག་འབྲས་བུའི་རོ་ལ་ཆགས། །ཇི་ལྟར་ཡིན་ལགས་ལྷ་ཡི་སྲས། །ཞེས་ཞུས་པས། རྒྱལ་པོ་ཅི་ཡང་མ་གསུངས་པར། དེ་ཡི་ནུབ་མོ་དེ་རུ་བཞུགས། སང་ཉི་མ་ཤར་བ་དང་། བུ་མོ་དེ་ཆུ་ལེན་དུ་འོངས། །རྒྱལ་པོས་བུ་མོ་དེ་བཟུང་ནས་འདི་སྐད་ཅེས་གསུངས་སོ། །བུ་མོ་གཟུགས་མཛེས་ཡིད་འོང་མ། །ཅི་ཙམ་གླེང་མོ་དྲིས་ན་ཡང་། །གཏམ་ལན་སྟེར་དུ་ཅི་མ་འཚལ། །མིག་ཟུར་གཅིག་ཀྱང་མ་བལྟས་པས། །ད་ནི་རང་སྲོག་རང་གིས་དོར། །ཆོས་པའི་ལུགས་སུ་ཅང་འགྲོ་འམ། །ཞེས་གསུངས་པས།
བུ་མོ་ལུས་འདར་ཞིང་དངངས་སྐྲག་ལང་བའི་སྒོ་ནས། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེེ་རྒྱལ་པོ་ངའི་དོན་དུ་ལྕེབས་པར་མ་ཐུག་སྟེ། ཁྱོད་ཀྱི་བཙུན་མོ་ང་ཡིས་མི་ཡོང་བས། དེ་ཡི་རྒྱུ་མཚན་སྒོམ་ཆེན་ཡབ་ལ་ཞུས། ད་ལྟ་ཉིད་དུ་ཡབ་ལ་ཤིང་ཐོག་འདྲེན་དུ་འགྲོ། དེ་དུས་རྒྱལ་པོ་རང་ཡང་ཤོག་ཅིག་ཟེར་ནས་སོང་། དར་གཅིག་ནས་ཤིང་ཐོག་འཁར་གཞོང་གང་ཁྱེར་ཏེ་སྒོམ་ཆེན་ལ་དྲངས་སོ། །དེ་དུས་རྒྱལ་པོས་ཀྱང་སྒོམ་ཆེན་ལ་ཕྱག་ལན་གསུམ་འཚལ་ཏེ། གསེར་གྱི་དོང་ཙེ་གཅིག་ཕུལ་ནས་མདུན་དུ་ཙོག་བུར་འདུག་པས། སྒོམ་ཆེན་གྱིས་ཤིང་ཐོག་འཁར་གཞོང་གང་པོ་དེ་ཆ་བཞིར་བགོས་ནས། ཆ་གཅིག་བླ་མ་དཀོན་མཆོག་ལ་བཛྲ་པཱུཙྪ་མེ་གྷ་ཞེས་ཟེར་ནས་ཕུལ། ཆ་གཅིག་ཨ་ལ་ལ་ཧོཿཟེར་ནས་ཁོ་རང་གསོལ། ཆ་གཅིག་ཨོཾ་ཨཱཿཧཱུཾ་ཟེར་ནས་ཐོ་ཕྱི་ན་ཡོད་པའི་བྱ་དང་རི་དྭགས་རྣམས་ལ་སྦྱིན། ཆ་གཅིག་པོ་ཐ་ར་ཐི་ཟེར་ནས་རྒྱལ་པོ་ལ་གནང་བྱུང་བས། རྒྱལ་པོ་ན་རེ། ཁྱོད་ལ་ཞུ་རྒྱུ་གཅིག་ཡོད་པས། དེ་བདག་ལ་གནང་ན་ཟ། མི་གནང་ན་མི་ཟ་ཞུས་པས། སྒོམ་ཆེན་ན་རེ། ངའི་སྲོག་གི་བར་གཅོད་དུ་མི་འགྲོ་ན་རུང་གསུངས་པས། རྒྱལ་པོ་ན་རེ། ང་ནི་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱི་རྒྱལ་པོ་ཟླ་བའི་དེད་དཔོན་གྱི་རྒྱལ་སྲས་ཆེ་བ་ཟླ་བའི་སེང་གེ་བྱ་བ་ཡིན། བདག་ལ་ཁྱོད་ཀྱི་བུ་མོ་དེ་སྟེར་དགོས་ཞེས་ཞུས་པས། སྒོམ་ཆེན་གྱིས་འདི་སྐད་གསུངས་སོ། །རྒྱལ་པོ་ཅི་ཟེར་རིགས་མཐོ་ཡང་། །ན་སོ་གཞོན་པའི་སྐྱོན་བྱུང་འདུག །འདི་ནི་བཙུན་མོ་འོས་མ་ཡིན། །རྒྱལ་རྒྱུད་མིན་པས་ཁུངས་ཀྱང་ངན། །ནགས་ཁྲོད་དབེན་པ་འདིར་བསྡད་ནས། །ཤིང་ཐོག་འཐུ་བ་མ་གཏོགས་པའི། །གཞན་ལས་གང་ཡང་བྱས་པ་མེད། །སྒྱིད་ངན་དུད་འགྲོ་ཤྭ་མོའི་བུ། །རིགས་ངན་བུ་མོ་འདི་ཡིས་ནི། །ཁྱོད་ཀྱི་རྒྱལ་སྲིད་ག་ལ་འཁྱོངས། །དེ་བས་རྒྱལ་པོ་རང་གནས་བཞུད། །ཅེས་གསུངས་པས། རྒྱལ་པོ་ན་རེ། སྒོམ་ཆེན་དེ་སྐད་མ་གསུང་གསན་མཛོད་དང་། ང་ནི་བུ་མོའི་བྱད་གཟུགས་མཛེས་པར་བལྟས། །རིགས་རུས་ཆོ་འབྲང་ལྡན་པའི་བཙུན་མོ་ཡང་། །ལྔ་བརྒྱ་ཡོད་ཀྱང་ཁོ་བོ་ཡིད་མ་ཚིམས། །ཁྱོད་ཀྱི་བུ་མོ་སློང་དུ་འོང་བ་ཡིན། །མི་སྟེར་གསུངས་ན་ང་ཉིད་ལྕེབས་ཏེ་ཤི །ང་ཉིད་ཤི་ན་ང་ཡི་ཡབ་ཡུམ་དང་། །གཅུང་པོ་ཟླ་བའི་གཞོན་ནུ་མྱ་ངན་འཆི། །དགེ་རྩར་སེམས་ཀྱི་བློ་གྲོས་ཐོག་དྲངས་པའི། །གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་གི །མི་ཕྱུགས་ཐམས་ཅད་དགེ་རྩར་འདུས་དགོས་པས། །ཁྱད་པར་བློན་པོ་ཨ་བོ་ན་གེ་དང་། །རྔོན་པའི་བུ་ལ་སོགས་པ་སྡུག་བསྔལ་མནར། །བསམ་མི་ཁྱབ་པའི་སྡུག་བསྔལ་ཡོད་པར་འདུག །སྡུག་བསྔལ་ཀུན་གྱི་སྡིག་པའི་རྩ་བ་དེ། །ཁྱོད་ཀྱི་བུ་མོའི་ལན་པ་མ་ལགས་སམ། །ཆོས་བྱེད་དམ་བཅའ་འགལ་དང་མི་འགལ་དགོངས། །ཞེས་ཞུས་པས། སྒོམ་ཆེན་གྱིས་དེ་ཙམ་ལ་ཐུག་ན་མ་བྱིན་ཀ་མེད་ཡིན་འདུག །ངའི་བུ་མོ་དེ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ནང་པའི་རྗེས་སུ་འབྲངས། ཁྱོད་ནི་ལྷ་དབང་ཕྱུག་ཉིད་ལ་སྐྱབས་སུ་སོང་བས་ཕྱི་རོལ་པའི་རྗེས་སུ་འབྲངས། ཁྱོད་གཉིས་སྐྱབས་ཡུལ་སོ་སོར་སོང་བས་མངའ་ཐང་ལ་དར་རྒྱས་དང་འཁོར་འབངས་ལ་བདེ་སྐྱིད་བྱུང་བ་ཤིན་ཏུ་དཀའ། རྒྱལ་པོ་ཉིད་ཀྱང་དཀོན་མཆོག་ལ་སྐྱབས་སུ་སོང་ནས། དགེ་བ་བཅུའི་ཁྲིམས་བཅའ་སྲུང་ནུས་སམ། དེ་བཞིན་ཁས་ལེན་ནུས་ན་བུ་མོ་སྟེར་ཟེར་ཞིང་ཞལ་གྱིས་བཞེས་པས། རྒྱལ་པོས་ཀྱང་དེ་བཞིན་བགྱི་ཞེས་ཁས་བླངས་ནས། སྒོམ་ཆེན་གྱི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསླབ་བྱ་དང་། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་ཞུས་སོ། །འདི་ནས་བཟུང་སྟེ་ཕྱི་རོལ་པའི་ལུགས་དེ་དོར་ནས་ནང་པའི་ལུགས་བཞིན་སྐྱོང་བ་ལགས་སོ། །
དེ་ནས་བུ་མོ་དེ་ཡང་སྒོམ་ཆེན་གྱི་དྲུང་དུ་ཤོག་གསུངས་པས། བུ་མོ་ཁྱོད་ང་ན་སོ་རྒས་པའི་ལུས་བརྟེན་སའི་འཁར་བ་མེད་ཐབས་མེད་པ་ཞིག་ལགས་ཀྱང་། རྒྱལ་པོ་འདིའི་བཙུན་མོར་མི་འགྲོ་ཀ་མེད་ཡིན་པས། མ་ཕྱིན་ན་རྒྱལ་པོ་འདི་ལྕེབས་ནས་ཤི་བར་ཐག་ཆོད་འདུག །རྒྱལ་པོ་འདི་གྲོངས་ན་དེའི་མྱ་ངན་གྱིས་རྒྱལ་པོ་ཡབ་ཡུམ་དང་ཉེ་འཁོར་ཐམས་ཅད་གྲོངས་པ་འདུག །དེ་རྣམས་ཀྱི་དགེ་རྩར་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱིས་ཐོག་དྲངས་པའི་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་གི་མི་ཕྱུགས་ཐམས་ཅད་འདུས་དགོས་པར་འདུག་པ་དང་། ཁྱད་པར་ཨ་བོ་ན་གེ་དང་རྔོན་པའི་བུ་གཉིས་མྱ་ངན་གྱིས་གཟིར་བ་ལ་སོགས་པའི་སྡིག་པ་ཐམས་ཅད་ཀྱི་རྩ་བར་ཁྱོད་འགྲོ་བས། ངེད་རང་ཆོས་པའི་འཛེམ་རྒྱུ་སྡིག་པ་ལས་མེད་པས་ཅིས་ཀྱང་འགྲོ་བར་གྱིས། ཆོས་བྱེད་པའི་དོན་སེམས་ཅན་ལ་ཕན་ཐོགས་དགོས་པ་ཡིན་པས། རྒྱལ་པོ་དེའི་བཙུན་མོར་སོང་ནས་འཁོར་འབངས་རྣམས་བུ་བཞིན་སྐྱོངས། ང་མི་རྒན་གྱི་ལུས་སྲོག་སེམས་ཅན་གྱི་དོན་དུ་བསྡོས་པ་ཡིན། ད་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་གྱིས་ཞེས་གསུངས་པས། བུ་མོ་དེ་ཉིད་དེ་མ་ཐག་ཏུ་དྲན་མེད་བརྒྱལ་སོང་ངོ་། །
དེ་ནས་ཡབ་ཀྱིས་བུ་མོའི་སྙིང་ཁར་ཙན་དན་གྱི་ཆུ་གཏོར་བས། བརྒྱལ་བ་ལས་སངས་པ་དང་། ལངས་ནས་ཡན་ལག་བདུན་པའི་ཕྱག་འཚལ་པུས་མོ་གཉིས་ས་ལ་བཙུགས། ལག་གཉིས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་ཞུས་སོ། །ཅི་འདྲ་ཅི་གསུངས་བླ་མ་རིན་པོ་ཆེ། །སེར་སྣ་མེད་པར་སྦྱིན་པ་ཐོངས་གསུངས་ནས། །རྒྱལ་པོའི་ནོར་གྱིས་སེར་སྣར་བཀོད་ལགས་སམ། །ངོ་ལྐོག་མེད་པར་ཚུལ་ཁྲིམས་བརྟེན་གསུངས་ནས། །འདོད་ཆགས་རྒྱལ་པོའི་ཆུང་མར་སྟེར་ལགས་སམ། །གནོད་པའི་ལན་དུ་བཟོད་པ་སྒོམས་གསུངས་ནས། །ཆགས་སྡང་ཁུང་བུར་ཁོང་ཁྲོ་སྤེལ་ལགས་སམ། །དགེ་བའི་ལས་ལ་བརྩོན་འགྲུས་བསྐྱེད་གསུངས་ནས། །སྒྱིད་ངན་ལེ་ལོའི་འདམ་དུ་སྐྱུར་ལགས་སམ། །གཡེང་བ་མེད་པར་བསམ་གཏན་སྒོམས་གསུངས་ནས། །མང་པོའི་ཁྲོད་དུ་རྣམ་གཡེང་སྤེལ་ལགས་སམ། །མ་རིག་མུན་སེལ་སྒྲོན་མེ་གཏོད་གསུངས་ནས། གཏི་མུག་མུན་པའི་ཁུང་བུར་བཅུག་ལགས་སམ། །ཁྱིམ་ལ་ཞེན་ན་ལྷ་ཆོས་མི་ཡོང་གསུངས། །ཕོ་བྲང་ནང་དུ་བཙོན་ལ་འཇུག་ལགས་སམ། །ངན་འགྲོའི་གནས་སུ་སྡུག་བསྔལ་མང་ཡོད་གསུངས། །དམྱལ་པའི་གཏིང་རྡོར་ཁོ་མོ་སྐྱུར་ལགས་སམ། །ཞེས་ཞུས་པས། ཡབ་སྒོམ་ཆེན་གྱིས་འདི་སྐད་ཅེས་གསུངས་སོ། །བློ་ཆུང་རིག་པ་ཅན་མ་ཚུར་ཉོན་དང་། །བསམ་ཆུང་ཤེས་རབ་ཅན་མ་ཚུར་ཉོན་དང་། །ཐོས་ཆུང་གོམས་འདྲིས་ཅན་མ་ཚུར་ཉོན་དང་། །དེ་དག་ཀུན་ལ་མི་རྒན་ང་རང་མཁས། །འབྱོར་ལྡན་རྒྱལ་པོའི་དཀོར་མཛོད་ནས། །སྦྱིན་པ་རང་གིས་བཏང་བས་ཆོག །ཚུལ་ཁྲིམས་སྤངས་པའི་རང་ལུས་ལ། །ཚུལ་ཁྲིམས་ཡིད་ཀྱིས་བསྲུངས་བས་ཆོག །སྒྱིད་ལུགས་ལས་ལ་ངན་ན་ཡང་། །དགེ་བའི་ཕྱོགས་སུ་སྤྲོ་བས་ཆོག །གཉེན་གྱི་བརྩེ་དུང་མ་བྱུང་ཡང་། །བཟོད་པ་དགྲ་ལ་བསྒོམས་པས་ཆོག །བསམ་གཏན་སྒོམ་པའི་གནས་མེད་ན། །སེམས་ལ་སེམས་ཀྱིས་བལྟས་པས་ཆོག །བལྟས་པས་མཐོང་བར་མ་གྱུར་ན། །མ་མཐོང་བར་དུ་བལྟས་པས་ཆོག །བལྟ་བྱ་ལྟ་བྱེད་བྲལ་བ་དེ། །སྒོམ་ཆེན་ང་ཡི་དགོངས་པ་ཡིན། །འདོད་པ་འདི་ལས་བདེ་གཤེགས་པད་སྡོང་འཁྲུངས། །ཕོ་བྲང་ནང་གི་འགྲོ་དྲུག་བུ་བཞིན་སྐྱོངས། །སྡུག་བསྔལ་སྣ་ཚོགས་ཐོག་ཏུ་བྱུང་བའི་ཚེ། །གཞན་གྱི་སྡུག་བསྔལ་འཁུར་དུ་ཁུར་བས་ཆོག །འཁུར་འོས་འཁུར་བའི་སྡུག་ཡུས་བྱས་པ་མེད། །དགེ་བ་ཅི་བྱས་རང་གཞན་དོན་དུ་བསྔོ། །ཞེས་གསུངས་པས། བུ་མོ་ན་རེ། ཡབ་ཀྱི་བཀའ་བཅག་པར་མི་རིགས་ཏེ། ཅིས་ཀྱང་འགྲོ་དགོས་ན། རྒྱལ་པོས་ང་ལོ་གསུམ་བར་དུ་ཡབ་ཀྱི་ཞབས་ཏོག་ལ་ཞོག་ཅེས་ཞུས་པས། རྒྱལ་པོས་ངས་ནི་ཞག་གཅིག་ཀྱང་ཞོག་རྒྱུ་མིན་ཟེར་བས། འོ་ན་ཟླ་བ་གསུམ་ཅིས་ཀྱང་ཞོག་ཅེས་ཞུས་པས། དེ་ཡང་མི་གནང་བས། ཡབ་སྒོམ་ཆེན་གྱིས་རྒྱལ་པོ་ལ་གསུངས་པ། བུ་མོའི་བསམ་པ་རྫོགས་པའི་ཕྱིར་ངའི་ངོ་ལ་བལྟས་ཏེ་ཞག་གསུམ་ཞོག །དེ་ནས་སོང་གསུངས་པས། རྒྱལ་པོས་དེ་བཞིན་གྱིས་ཟེར་ཞག་གསུམ་སྒོམ་ཆེན་གྱི་དྲུང་དུ་བསྡད་པས། རྒྱལ་པོ་ནི་ཞག་གསུམ་པོ་དེ་ལ་ལོ་གསུམ་ཙམ་གྱི་ཡུན་བྱུང་། མཚན་མོ་སྙིང་བྲ་བོ་བརྔོ་བ་བཞིན་བྱུང་། དེ་དུས་ཡབ་སྒོམ་ཆེན་གྱིས་བུ་མོ་ལ་དགེ་བ་བཅུ་དང་མི་དགེ་བ་བཅུའི་སྒོ་ནས་ཆོས་དང་འདྲེས་པའི་བསླབ་བྱ་དང་། སྐྱེ་བོ་འཇིག་རྟེན་པ་ལ་ཕན་པའི་བསླབ་བྱ་བསམ་གྱིས་མི་ཁྱབ་པ་གསུངས་ཤིང་། ཁྱད་པར་སྒོམ་ཆེན་རང་གི་ཐུགས་དམ་མུ་ཏིག་གི་ཕྲེང་བ་བརྒྱ་རྩ་གཅིག་ཡོད་པ་དེ་བུ་མོ་ལ་གནང་ནས་ན་རེ། བུ་མོ་སྙིགས་མའི་དུས་ཀྱི་མི་རྣམས་ནི་དབྱེན་དང་ཕྲ་མ་ལ་དགའ། ནག་པོའི་ཕྱོགས་ཀྱི་བདུད་དང་། འགོང་པོ་པེ་ཧར་རྣམས་ནི་མཐུ་རྩལ་ཆེ། ཁྱོད་བུད་མེད་ཀྱི་རིགས་ཁ་མང་ཞིང་། ཀླད་པ་ཆུང་བས་བར་ཆད་འབྱུང་ཉེན་ཡོད་པས། སྲུང་བ་འདི་དང་མ་བྲལ་བར་གྱིས། འདི་དང་མ་བྲལ་ན་མི་དང་མི་མ་ཡིན་པ་གང་གིས་ཀྱང་གླགས་རྙེད་པར་མི་འགྱུར་རོ། །འདི་སུ་ལའང་མ་སྟོན་ཅིག །སྙིང་ཉེ་བའི་རྒྱལ་པོ་ལའང་མ་སྟོན་ཅིག །ཤ་ཁྲག་ནས་ཆད་པའི་བུ་དང་བུ་མོ་ལའང་མ་སྟོན་ཅིག་གསུངས་ནས་དབང་དང་བྱིན་རླབས་མཛད་དེ་གནང་ངོ་། །
དེ་ནས་ཞག་གསུམ་སོང་བ་དང་། རྒྱལ་པོ་བཙུན་མོ་འཁོར་དང་བཅས་པ་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཕྱོགས་ལ་བྱོན་པས། ཡབ་སྒོམ་ཆེན་གྱིས་ཀྱང་སྐྱེལ་མར་གཞུ་འདོམ་ལྔ་བརྒྱ་ཙམ་གྱི་སར་བྱོན། བུ་མོས་ཀྱང་སྒོམ་ཆེན་ལ་གོམ་པ་བདུན་བདུན་ལ་ཕྱི་ཕྱག་བདུན་བདུན་བཙལ་ནས་བུ་མོས་ཡབ་ལ་འདི་སྐད་ཅེས་གསོལ་བ། ཀྱེེ་སྲིད་གསུམ་གྱི་འདྲེན་པ་དཀོན་མཆོག་གསུམ། །ཁམས་གསུམ་གྱི་མགོན་པོ་སྤྱན་རས་གཟིགས། །སྐུ་གསུམ་གྱི་མངའ་བདག་བླ་མ་ལ། །སྒོ་གསུམ་གྱི་སྒོ་ནས་གུས་པས་འདུད། །གནས་གསུམ་གྱི་འགྲོ་དྲུག་སེམས་ཅན་ལ། །དུག་གསུམ་གྱི་ནད་ཀྱིས་གདུང་བའི་ཚེ། །བསླབ་གསུམ་གྱི་སྨན་པ་མཛད་པ་དང་། །དུས་གསུམ་གྱི་དུས་སུ་བུ་མོ་ལ། །སྐྱབས་གསུམ་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མས་དེ་བཞིན་གྱིས་གསུངས་ནས་མེ་ཏོག་ཕུར་མ་སྙིམ་པ་གང་ཕྱག་ཏུ་བསྣམས་ནས། ཁོང་རྣམས་ལ་གཏོར་ཞིང་འདི་སྐད་ཅེས་གསུངས་སོ། །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །བདེ་གཤེགས་ཚོགས་གཉིས་རྫོགས་པའི་བདེན་པ་དང་། །ལས་འབྲས་བསླུ་བ་མེད་པའི་བདེན་པ་དང་། །ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། །དྲང་སྲོང་བདེན་པར་སྨྲ་བའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྒྱལ་པོས་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་དང་། །འཁོར་འབངས་རྣམས་ལ་བདེ་སྐྱིད་འབྱུང་བ་དང་། །བུ་མོའི་བསམ་པ་མཐའ་རུ་འཁྱོལ་བར་ཤོག །དགེ་བ་མཐའ་དག་ཡོངས་སུ་འགྲུབ་པ་དང་། །ཐར་པའི་ལམ་སྣ་ཟིན་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཆེན་པོའི་བཀྲ་ཤིས་འདི་ལ་སྩོལ། །འགྱུར་མེད་ཆོས་ཀྱི་བཀྲ་ཤིས་ཀུན་ཏུ་སྩོལ། །བསམ་པ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གསུངས་པས། ཁོང་རྣམས་ཀྱིས་སྒོམ་ཆེན་ལ་ཕྱག་འཚལ་ཞིང་ཞབས་སྤྱི་བོར་བླངས་ནས་གསུངས་པའི་ཞལ་གདམས་རྣམས་སེམས་ལ་བཅངས་ཏེ་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཕྱོགས་སུ་བཞུད་དོ། །བུ་མོའི་སྙིང་ནགས་ཚལ་དུ་ལུས་པ་ལྟར་ཡབ་ལ་སེམས་འཁྲེང་བའི་མོད་ནས་ཕྱི་ཕྱག་བདུན་བདུན་དང་བསྟོད་པ་ཤོ་ལོ་ཀ་རེ་རེ་མཛད་དེ་བྱོན་ནོ། །དེའི་དུས་སུ་སྒོམ་ཆེན་ཉིད་ཀྱང་བུ་མོ་སོང་བ་ནས་ཐུགས་འཁྲེང་སྟེ་ཤིང་སྡོང་སྐམ་པོ་གཅིག་གི་རྩེར་འཛེགས་ནས་ཁོང་རྣམས་ཀྱི་རྗེས་ལ་གཟིགས་པས། ཐུགས་འཁྲེང་བའི་ཤུགས་ཀྱིས་སྤྱན་ཆབ་མང་པོ་བསིལ་ཞིང་། ཁྱད་པར་སྐུ་ན་བགྲེས་པའི་སྟབས་ཀྱིས་རླུང་དང་ཐུགས་སྐྱོ་བ་གཉིས་བསྡོམས་ཏེ་ཤིང་རྩེ་ནས་ལྷུང་སྟེ་གྲོངས་སོ། །དེའི་དུས་ཕྱོགས་རྣམས་འཇའ་དང་འོད་ཀྱིས་ཁེངས། རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབས། ས་རྣམས་རབ་ཏུ་གཡོས། ཁྱད་པར་སྤུར་གདུང་ལ་སྐུ་དང་རིང་བསྲེལ་དཔག་ཏུ་མེད་པ་འཁྲུངས་སོ། །དེ་རྣམས་ཀྱི་ནང་ནས་ཐུགས་རྗེ་ཆེན་པོའི་སྐུ་ཚོན་གང་པ་གཅིག་དང་རིང་བསྲེལ་མ་གྷ་ཏའི་བྲེ་གང་འདུག་པ་ཕལ་ཆེར་ལྷ་ཡུལ་དུ་གདན་དྲངས་སོ། །
དེའི་དུས་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱི་རྒྱལ་པོ་ཟླ་བའི་དེད་དཔོན་རྗེ་འབངས་ཀུན། སྲས་ཆེ་བ་ཟླ་བའི་སེང་གེ་རྔོན་པའི་བུ་དང་བཅས་སྟོར་བའི་མྱ་ངན་གྱིས་ཕོ་བྲང་གི་སྟེང་དུ་བྱ་ཚང་ཆགས། འོག་ཏུ་བྱི་ཚང་ཆགས། མགོ་ལ་ཤིག་ཚང་ཆགས། འཚོ་བ་ཡང་མི་གསོལ་བར་གྲོངས་ལ་ཁད་དུ་ཐུག་སྟེ། ཨ་བོ་ན་གེས་ཐོག་དྲངས་པའི་བློན་པོ་རིག་པ་ཅན་བརྒྱ་ཕྲག་ལ། འཁོར་དམག་འབུམ་ཕྲག་དང་བཅས་ནས་ཕྱོགས་དང་ཕྱོགས་མཚམས་སུ་རྒྱལ་པོ་དཔོན་གཡོག་བཙལ་བས་རྙེད་པར་མ་གྱུར། གར་སོང་གི་རྗེས་ཀྱང་རྩད་མ་ཆོད། འདིར་འདུག་གི་གཏམ་ཡང་མ་ཐོས་པས་ཐམས་ཅད་མྱ་ངན་གྱི་ཁུང་བུར་ཚུད་དོ། །ཁྱད་པར་བློན་པོ་ཨ་བོ་ན་གེ་དེ་ཉིད་རྒྱལ་པོ་ལ་སེམས་བརྩེ་ཞིང་། རྒྱལ་པོས་ཀྱང་སྙིང་གི་ཟེའུ་འབྲུ་ལྟར་ཡོད་པས་ཁོ་བོ་རྒྱལ་པོ་དྲན་པའི་ཤུགས་ཀྱིས་བློན་པོ་གཞན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཀྱེ་ཧུད་སྐྱབས་གནས་དཀོན་མཆོག་གསུམ། །སྐྱབས་རྗེ་འགྲན་ཟླ་མེད་པ་ལྷ་ཡི་སྲས། །བདག་ཅག་འཁོར་འབངས་ཀུན་གྱི་སྐྱབས་གཅིག་པུ། །གླིང་བཞིའི་མུན་པ་སེལ་པའི་ཟླ་བ་ཁྱོད། །སྲིད་པ་དགུང་སྔོན་དབྱིངས་སུ་མི་བཞུགས་པར། །མི་རྟག་འཆི་བདག་བདུད་པོས་མ་ཁྱེར་རམ། །གངས་སྟོད་སྡེར་ཆགས་རྒྱལ་པོ་སེང་གེ་ཁྱོད། །བསིལ་བྱེད་གངས་སྟོད་མཐོན་པོར་མ་བཞུགས་པར། །གཡོན་ཅན་རི་བོང་ལག་རྡོ་མི་ཕོག་གམ། །ང་ནི་བསམ་ཞིང་བསམ་ཞིང་རྒྱལ་པོ་དྲན། །འདབ་ཆགས་སྒོ་ང་བཞིན་དུ་རྒྱལ་པོ་དྲན། །ཉ་མོ་ཆུ་བྲལ་བཞིན་དུ་རྒྱལ་པོ་དྲན། །རྔ་མོང་བེའུ་སྟོར་བཞིན་དུ་རྒྱལ་པོ་དྲན། །དྲན་པའི་མི་བཟོད་སྙིང་གི་ཟེའུ་འབྲུ་སྐྱོ། །ཤིན་ཏུ་སྐྱོ་བས་ཁོ་བོ་འགྲོ་མི་འདོད། །ཁྱེད་རྣམས་འཁོར་བཅས་རང་སར་ལོག་བྱོན་ནས། །རྗེ་ཡི་ཞབས་ཏོག་འབངས་ཀྱིས་སྐྱོངས་དར་མཛོད། །ཅེས་སྨྲས་པས་ཁོང་རྣམས་རང་སར་ལོག་གོ །དེ་ནས་ཨ་བོ་ན་གེ་གྲོགས་མེད་གཅིག་པུར་ནགས་སྟུག་པོ་ཞིག་གི་ནང་དུ། ངའི་རྒྱལ་པོ། ངའི་རྒྱལ་པོ་ཟེར་ཞིང་སྨྲེ་སྔགས་ཀྱི་སྐད་རྒྱང་བསྲིངས་པས། ལུས་སྟོབས་ཞན་པར་གྱུར་ནས་ཁ་སྣ་བསྐམས་ཤིང་། མིག་གི་དབང་པོ་ཉམས་ཏེ་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བྱུང་ནས། དེ་འདྲའི་སྡུག་བསྔལ་ཁུར་བ་ལས། ཚེའི་འདུ་བྱེད་བཏང་ན་ཅི་མ་རུང་སྙམ་ནས། ཤིང་སྡོང་སྐམ་པོ་གཅིག་གི་སྟེང་ལ་འཛེགས་ནས་ཐག་པ་སྐེ་ལ་བརྒྱབ་སྟེ་ལྕེབས་པའི་གྲབས་བྱེད་དུས། ནགས་གསེབ་ནས་མི་མེད་པའི་སྐད་སྒྲ་ཞིག་དི་རི་རི་ཐོས་པ་ནས། ཀྱི་ཧུད་ཀྱི་ཧུད་ཅེས་པའི་སྐད་ལན་གསུམ་བརྗོད་པས། དེ་མ་ཐག་ཏུ་རྔོན་པའི་བུ་མདུན་དུ་རྒྱུག་བྱུང་བས། ཁྱོད་ནི་ལྷའམ་ཀླུའམ་གནོད་སྦྱིན་མི་འམ་ཅི། །བདག་གི་ཡིད་འོང་རྒྱལ་པོ་མ་མཐོང་ངམ། །བདག་གི་ཡིད་འོང་རྒྱལ་པོ་མ་མཐོང་ན། །རང་སྲོག་དོར་བའི་བར་དུ་མ་འདུག་ཅིག །ཅེས་སྨྲས་པ་དང་། དེ་ནས་རྔོན་པའི་བུས་ལག་ནས་བཟུང་སྟེ། ཨ་བོ་ན་གེ་དེ་ལྟར་མ་བྱེད་ཅིག །རྒྱལ་པོ་བཙུན་མོ་དང་བཅས་པ་བྱོན་གྱིན་ཡོད་ཅེས་སྨྲས་པས། ཨ་བོ་ན་གེས་དགའ་དྲགས་ན་ངུ་འགྲོ་ཟེར་བ་ལྟར་ཤིང་རྩེ་ནས་བཞུད་དེ་ངུས་པས། མིག་ཁྲ་ཡལ་ལེར་ཏེ་དྲན་པ་གསོས་སོ། །དེ་ནས་ཨ་བོ་ན་གེས་རྔོན་པའི་བུ་ལ། ད་ཁྱོད་གྲོང་ཁྱེར་སེམས་ཀྱི་བློ་གྲོས་སུ་སོང་ལ་ཡབ་ཡུམ་རྗེ་འབངས་རྣམས་ཀྱི་མྱ་ངན་དང་སྡུག་བསྔལ་སེལ་ནས། བཀྲ་ཤིས་མངའ་གསོལ་དང་དགའ་སྟོན་གྱི་གྲབས་གྱིས་ཟེར་བའི་བརྡ་འབྱོར་བ་ལ་སོང་ཞིང་། ངས་རྒྱལ་པོ་དང་བཙུན་མོའི་ཞབས་ཕྱི་བྱེད་འོང་གིས་ཞེས་སྨྲས་སོ། །
དེ་ནས་རྔོན་པའི་བུས་ཀྱང་དེ་བཞིན་བྱེད་ཟེར་སོང་ནས་གྲོང་ཁྱེར་སུམ་མདོ་དང་། བཞི་མདོ་རྣམས་སུ་གདུགས་དང་རྒྱལ་མཚན་དང་། བ་དན་དང་། དར་དཔྱངས་ལྷབ་ལྷུབ། ལྡ་ལྡི། དར་པོ་ཆེ་དང་། ཕྱེ་མ་ཕུར་མ་ལ་སོགས་པ་རྣམས་ཀྱིས་ལེགས་པར་བརྒྱན་ཅིང་། ཨ་ག་རུ་དང་། སྤོས་དང་། ཙན་དན་སིང་ཧ་ལ་སོགས་པའི་ཆག་ཆག་ལེགས་པར་བཏབ། བུ་དང་བུ་མོ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱིས་གླུ་གར་དང་རོལ་མོའི་སྒྲ་དཔག་ཏུ་མེད་པས་རྩེ་ཞིང་འཕྱོ་བ། བཀྲ་ཤིས་རྫས་བརྒྱད་དང་རྒྱལ་སྲིད་སྣ་བདུན་ལ་སོགས་པ་རྣམས་ཀྱིས་བསུས་ཏེ། བྲམ་ཟེ་མ་གཟུགས་ཀྱི་ཉི་མ་རྒྱལ་པོ་ཟླ་བའི་སེང་གེའི་བཙུན་མོར་མངའ་གསོལ་ལོ། །དེ་མ་ཐག་ཏུ་འདབ་ཆགས་ཀ་ལ་པིང་ཀ་ལ་སོགས་པའི་བྱ་རྣམས་ཀྱང་སྐད་སྙན་པར་སྒྲོགས། ཤིང་ལྗོན་པ་རྣམས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་སྨིན། མེ་ཏོག་གསར་པ་རྣམས་དུས་གཅིག་ལ་ཁ་ཕྱེ། འབྲུ་རྣམས་ཀྱང་ཕལ་ཆེར་ས་བོན་མ་བཏབ་ཀྱང་སྨིན་པ་ལ་སོགས་པའི་ལྟས་ཕུན་སུམ་ཚོགས་པས་ཕྱོགས་ཐམས་ཅད་ཁྱབ་པར་གྱུར་ཏོ། །འཁོར་འབངས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པར་ལོངས་སྤྱོད་པར་གྱུར་ཏོ། །འདི་ཡན་ཆད་གཟུགས་ཀྱི་ཉི་མ་རྒྱལ་པོའི་ཕོ་བྲང་དུ་གདན་འདྲེན་པའི་ལེའུ་ལགས་སོ། །
ད་ཡིད་མཐུན་པའི་བར་དུ་དབྱེན་བཅུག་སྟེ་ཕྲལ་བའི་ལེའུ་འཆད་པ་ལ། དེ་ནས་རྒྱལ་པོ་ཟླ་བའི་སེང་གེས་དགེ་བ་བཅུ་ལ་བརྟེན་ནས་རྒྱལ་ཁྲིམས་འཆད་པའི་ཕྱིར། མངའ་འོག་གི་རྒྱལ་ཕྲན་རྣམས་ལ། ཕོ་ཉ་བཏང་ཞིང་ཁྲིམས་ཀྱི་རྔ་བོ་ཆེ་དེ་ས་གཞིའི་མཐིལ་ལ་བརྡུང་། ཁྲིམས་ཀྱི་དར་པོ་ཆེ་ནམ་མཁའི་མཐོངས་ལ་ཕྱར། ཁྲིམས་ཀྱི་དུང་པོ་ཆེ་དེ་བར་སྣང་གི་ཁམས་སུ་བུད་ནས། བཀའ་བློན་འབངས་འཁོར་རྣམས་འདུས་ཏེ་བཟའ་བཏུང་དང་རྒྱན་གོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པས་ཚིམས་པར་བྱས་ཏེ། དུས་འདི་ནས་བཟུང་སྟེ་རྒྱལ་ཁྲིམས་ནི་མངའ་འོག་གི་ཆར་གཏོགས་པ་རྣམས་ལ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་མ་བྱིན་པར་ལེན་པ། འདོད་པས་ལོག་པར་སྤྱོད་པ་རྣམས་སྤངས་ཏེ། རྟག་ཏུ་དཀོན་མཆོག་གསུམ་ལ་ཕྱག་དང་སྐོར་བ་བྱ་ཞིང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་དང་གཙུག་ལག་ཁང་བཞེངས་པ་ལ་འབད་པར་གྱིས། འདི་ལ་འགལ་བ་བྱུང་ན། མིག་བཏོན་པ་དང་། སྒྱིད་པ་བྲེགས་པའི་ཆད་པ་གཅོད་པས། དེ་བཞིན་དུ་གོ་བར་གྱིས། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ། ངག་འཁྱལ་བ་རྣམས་སྤངས་ཏེ། རྟག་ཏུ་གསུང་རབ་ཀློག་པ་དང་། ཁ་འདོན་ལ་འབད་ཅིང་ཁྱད་པར་ཡི་གེ་དྲུག་མ་བཟླ་བ་གལ་ཆེ། ཁྲིམས་འདི་ལས་འགལ་ན་ཁ་བྲེགས་པ་དང་ལྕེ་གཅོད་པ་དང་། མིག་འདོན་པ་ལ་སོགས་པའི་ནག་ཉེས་འབེབས་པས། དེ་བཞིན་དུ་གོ་བར་གྱིས། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་པའི་ལྟ་བ་རྣམས་སྤངས་ཏེ། རྟག་ཏུ་ཚད་མེད་བཞིའི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གྱིས། ཁྲིམས་འདི་ལས་འགལ་ན་སྲོག་གཅོད་པ་དང་། ཡུལ་མཐའ་མེད་དུ་སྤྱུགས་པ་དང་། བྱི་རྒྱུག་པ་ལ་སྣ་གཅོད་པ་དང་། རྐུན་མ་བྱས་ན་དོ་དང་བརྒྱད་འཇལ་བར་བྱེད་པ་དང་། མཛའ་བའི་བར་དུ་དབྱེན་བཅུག་ན། ཡན་ལག་བཅད་པ་ལ་སོགས་པའི་ཁྲིམས་ཆད་བརྒྱ་རྩ་གཅིག་གིས་སྒོ་ནས། མངའ་ཞབས་རྣམས་འཐབ་རྩོད་དང་། འཁྲུགས་སློང་མེད་པར་བྱས་ཏེ། བདེ་སྐྱིད་དཔལ་འབྱོར་གྱིས་ཁྱབ་པར་བྱས་སོ། །གཙུག་ལག་ཁང་དང་བདེ་གཤེགས་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་ཤིང་། དགེ་འདུན་ལ་ཞབས་ཏོག །ངན་སློང་ལ་སྦྱིན་གཏོང་སོགས་མཛད་པ་ཕུན་ཚོགས་པའི་སྒོ་ནས། སངས་རྒྱས་བསྟན་པའི་བྱ་བ་མང་རབ་མཛད་ནའང་། ཉོན་མོངས་པའི་བདུད་ཕམ་པར་མ་བྱས་པས། ཁྱད་པར་སྐུ་ཚེ་སྟོད་ལ་ཕྱི་རོལ་མུ་སྟེགས་པའི་ལྷ་དབང་ཕྱུག་ཉིད་ལ་སྐྱབས་སུ་སོང་བ་ནས། སྲོག་ཆགས་སྟོང་ཕྲག་མང་པོའི་ཤ་ཁྲག་གི་མཆོད་སྦྱིན་མཛད་པའི་ལས་ཀྱི་འབྲས་བུས་རྣམ་སྨིན་རྣམས་སྐུ་ཚེ་འདི་ལ་སྨིན་ཏེ། དེ་ཡང་འདི་ལྟར་རོ། །ཆོས་སྐྱོང་བའི་རྒྱལ་པོ་ཟླ་བའི་སེང་གེ་དང་བྲམ་ཟེ་གཟུགས་ཀྱི་ཉི་མ་གཉིས་གསེར་ཁྲི་དང་། གཡུ་ཁྲིའི་སྟེང་ན། ཕན་ཚུན་ཆོས་དང་འདྲེས་པའི་གསུང་གླེང་གནང་རེས་དང་། ཟག་མེད་བདེ་བ་བསྐྱེད་པའི་སྐྱེམས་ལ་གསོལ་རེས་མཛད་ཅིང་བཞུགས་པའི་དུས་སུ་ཕན་ཚུན་འོད་ཟེར་འཕྲོས་ཏེ། རྒྱལ་པོའི་མདངས་བཙུན་མོར་ཕོག །བཙུན་མོའི་མདངས་རྒྱལ་པོར་ཕོག་སྟེ། ཕོ་བྲང་ཡང་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཤེལ་གྱི་ཁང་པ་ལྟ་བུར་གྱུར་ཏོ། །དེའི་དུས་སུ་རྒྱལ་པོ་ཡང་གཟུགས་ཀྱི་ཉི་མ་ལ་ཡིད་ཆགས་པའི་དབང་གིས། རིགས་ངན་གྱི་བུ་མོས་ཐོག་དྲངས་པའི་བཙུན་མོ་ལྔ་བརྒྱ་པོ་སྤྱན་སྔར་འོངས་ཀྱང་སྤྱན་ཟུར་ཙམ་ཡང་མ་གཟིགས་པས། ཁོང་རྣམས་མྱ་ངན་གྱི་ཁུང་བུར་ཚུད་དོ། །ལྷག་པར་རིགས་ངན་གྱི་བུ་མོ་དེ་སྙིང་ཁྲས་ཁྱེར་བ་བཞིན་དུ་སོང་བས། རིགས་ངན་གྱི་བུ་མོ་དེར་གཟུགས་ཀྱི་ཉི་མའི་ཤ་རྗེན་པར་ཟོས་ཀྱང་ནུས་པས་གན་དྷེ་བཟང་མོ་ཟེར་བ་ཞིག་ཡོད་པ་མིག་འཕྲུལ་དང་སྒྱུ་མ་ཤེས་པ། མཐུ་དང་རྫུ་འཕྲུལ་ཆེ་བ། རྫས་ངན་དང་སྔགས་ལ་མཁས་པ། བསམ་རྒྱུ་མི་དགེ་བ་མིན་པ་མི་བྱེད་པ་དེ་འོངས་ནས།
ཀྱེེ། བཙུན་མོ་འཁོར་མེད་གཅིག་པུར་བཞུགས་པ། ཐུགས་ཕམ་པར་མ་གྱུར་ཏམ། འཕྲུལ་གྱི་འཕྲིན་ལས་དང་ཉེ་འཁོར་གྱི་ལས་རྣམས་བདག་གིས་བགྱི་ལགས་ཞུས་པས། རིགས་ངན་གྱི་བུ་མོ་ན་རེ། བདག་ཅག་རྒྱུ་སྐར་ཁྲོད་ཅིག་ན། །ཆ་ཤས་ཡོངས་རྫོགས་ཟླ་བ་དེ། །ལྔ་གསུམ་བར་དུ་འཕེལ་འཕེལ་ནས། །བཅུ་བཞིའི་མཐིལ་གྱི་ཐོ་རངས་ལ། །ཟླ་བ་ཉི་མས་བཟུང་བྱུང་ནས། །དྲང་སྲོང་ཆེན་པོ་ཁྱབ་འཇུག་ལ། །མགོན་སྐྱབས་བཅོལ་ན་ཅི་མ་རུང་། །དྲང་སྲོང་མཆོད་པ་སླད་ནས་སྦྱོར། །ཞེས་སྨྲས་པས། གན་དྷེ་བཟང་མོའི་བསམ་པ་ལ་མོའི་ཟེར་ལུགས་འདི་ངས་གོ །བདག་ཅག་རྒྱུ་སྐར་གྱི་ཁྲོད་ན་ཞེས་པ་འདི། ཁོང་རང་བཙུན་མོ་རྣམས་ལ་ཟེར་བར་འདུག །ཆ་ཤས་ཡོངས་རྫོགས་ཀྱི་ཟླ་བ་དེ། རྒྱལ་པོ་ཟླ་བའི་སེང་གེ་ལ་ཟེར་བར་འདུག །ལྔ་གསུམ་བར་དུ་འཕེལ་ཞེས་པ་འདི། ཟླ་བ་ཡར་ངོའི་ཚེས་བཅོ་ལྔ་ལ་ཟེར་བར་འདུག །བཅུ་བཞིའི་ཐོ་རངས་ཉི་མས་བཟུང་ཞེས་པ་དེ། དེའི་ཉི་མ་ནི་གཟུགས་ཀྱི་ཉི་མ་ལ་ཟེར་བ་ཡིན་པར་འདུག །ཁྱབ་འཇུག་ལ་མགོན་སྐྱབས་བཅོལ་ན་ཟེར་བ་དེ། ང་ལ་ཟེར་བ་ཡིན་པར་འདུག །མཆོད་པ་སླད་ནས་སྦྱོར་ཞེས་པ་འདི། གཟུགས་ཀྱི་ཉི་མ་མེད་པར་གཏོང་ནུས་ན། ང་ལ་བྱ་དགའ་མཐོང་གཟོས་བྱེད་དོ་ཟེར་བར་གོ་ནས་གན་དྷེ་བཟང་མོས་འདི་སྐད་ཅེས་སྨྲས་པ། བཙུན་མོ་ཁྱོད་ཀྱིས་གསུངས་པ་དེ་བདེན། སྔར་ཡིན་ན་ཁྱོད་ཀྱིས་ཐོག་དྲངས་པའི་བཙུན་མོ་ལྔ་བརྒྱ་པོ་ལ་རྒྱལ་པོའི་ཐུགས་བརྩེ་བ་ཆེན་པོ་ཡོད་པའི་ཁར། ལྷག་པར་བཙུན་མོ་ཁྱོད་རྒྱལ་པོའི་སྤྱན་དུ་བཙུད་ནའང་མི་ཚ་བ་ཡོད་པས། ད་རེས་གཟུགས་ཀྱི་ཉི་མ་དེ་སླེབས་ནས་ཁྱེད་རྣམས་རྒྱལ་པོའི་སྤྱན་སྔར་བྱོན་རྒྱུ་ག་ན་ཡོད། ཕོ་བྲང་ལ་འགྲིམ་པ་ཡང་མ་མཐོང་། ཁྱེད་རྣམས་ཤིན་ཏུ་བདེན། ད་ངས་མོ་མེད་པ་བྱེད་པར་ཚེགས་མེད་པས། ཁྱེད་རྣམས་ཐུགས་ཁྲལ་མི་མཛད་པར་བཞུགས་ཟེར་ནས། གན་དྷེ་བཟང་མོ་གླུ་གར་ལ་ཤིན་ཏུ་མཁས་པས། པི་ཝང་དང་གླིང་བུ་དང་། རྫ་རྔ་ལ་སོགས་པའི་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཁྱེར་ནས་རྒྱལ་པོའི་ཕོ་བྲང་གི་འགག་ཏུ་སྙན་པའི་རོལ་མོ་བརྡུངས་ཤིང་། བདེ་བའི་གར་བསྒྱུར། དགའ་བའི་བྲོ་འཁྲབ་པས། རྒྱལ་པོ་ཡང་ལས་ཀྱི་རྣམ་སྨིན་ལ་བརྟེན་ནས་བར་ཆད་ཀྱིས་མགོ་ཅུང་ཟད་འཁོར་ཏེ་རྒྱལ་པོས་གསུངས་པ། འོ་གན་དྷེ་བཟང་མོ་གླུ་གར་ལ་མཁས་པས། མོ་ནང་དུ་བོས་ནས་གཟུགས་ཀྱི་ཉི་མའི་སྐྱོ་རོགས་གྱིས་ཞེས་གསུངས་སོ། །
རྒྱལ་པོ་ཡབ་ཡུམ་ལ་གླུ་དང་གར་གྱི་མཆོད་པ་ཕུལ་ཏེ། གཟུགས་ཀྱི་ཉི་མའི་སྐྱོ་རོགས་བྱས་ནས། ཉི་མ་ནུབ་པ་དང་མྱོས་ཤིང་རྨུགས་པར་བྱེད་པའི་རྫས་ངན་སུམ་ཅུ་རྩ་གཉིས་རྒྱལ་པོ་འཁོར་དང་བཅས་པ་རྣམས་ལ་བཏབ་ནས། མོ་རིགས་ངན་གྱི་བུ་མོའི་ཁྱིམ་དུ་སོང་ནས་གཟུགས་ཀྱི་ཉི་མ་དོ་དགོང་ནམ་ཕྱེད་དཀྱིལ་ལ་མེད་པར་གཏོང་བ་ངས་བྱེད་འོང་། ང་ལའང་གང་ཅིའི་དྲིན་ལན་བཟང་པོ་ཁྱེད་ཀྱིས་གནང་དགོས་ཟེར། ཁོང་གཉིས་ཡིད་སྤྲོ་བའི་གཏམ་གླེང་བྱས། དེ་ནས་གན་དྷེ་བཟང་མོས་ནམ་ཕྱེད་ཙམ་ལ། ཞགས་པ་འདོམ་གསུམ་པ་གཅིག་དང་། གསེར་གྱི་གྲི་གུ་གཅིག་འདུག་པ་དེ་ཁྱེར་ནས། རྒྱལ་པོའི་ཕོ་བྲང་དུ་སོང་བས། རྒྱལ་པོ་འཁོར་དང་བཅས་པ་རྣམས་ནི་གཉིད་བྲ་བོ་བརྔོས་པའི་དུ་བ་ལྟར་ཡལ་ཏེ། ཆོས་དང་འདྲེས་པའི་གསུང་གླེང་དང་། གླུ་གར་གྱིས་མཚན་ཐུབ་ཐུབ་བྱེད་ཀྱིན་འདུག་པ་ལས། གན་དྷེ་བཟང་མོའི་བསམ་པ་ལ་སྔར་ཡིན་ན་ངས་མྱོས་ཤིང་རྨུགས་པར་བྱེད་པའི་རྫས་ངན་འདིའི་མདངས་དང་རླངས་པ་ཕོག་པ་ཙམ་གྱིས་ཐམས་ཅད་ཉིད་མཚན་གསུམ་སྦྲེལ་ཏེ་གཉིད་དུ་འགྲོ་བ་ལ་ད་ལན་དེ་ཙམ་ཞིག་གི་རྫས་ངན་བཏབ་ཀྱང་རྨུགས་པ་ལྟ་ཅི་སྨོས། གཉིད་མིག་གི་རྫི་མ་ལ་ཡང་མ་འཁོར་བར་འདུག་པས། འདི་གཟུགས་ཀྱི་ཉི་མའི་བྱིན་རླབས་སམ། ནུས་མཐུ་ཞིག་ཡིན་པ་འདྲ། འདི་ཡང་གྲུབ་ཐོབ་མ་ཞིག་ཡིན་ནམ། ཡང་ན་གནོད་སྦྱིན་མོ་ཞིག་ཡིན་ནམ། ཡང་ན་དེ་ཚངས་པའམ་དབང་ཕྱུག་གི་བུ་མོ་ཡིན་ནམ། འོན་ཏེ་འདི་ལ་སྲུང་བ་ཟབ་མོ་ཞིག་ཡོད་པ་ཡིན་ནམ། གང་ལྟར་ནའང་འདི་ལ་ལེགས་པར་བརྟག་དགོས་སྙམ་སྟེ། མོ་རིགས་ངན་བུ་མོའི་དྲུང་དུ་སོང་ནས། གན་དྷེ་བཟང་མོས་མདང་ནུབ་ཀྱི་རྒྱུ་མཚན་ཞིབ་པར་བརྗོད་དོ། །རིགས་ངན་གྱི་བུ་མོས་ད་ནི་མོ་པྲ་རྩིས་གསུམ་གྱི་ནང་དུ། གཟུགས་ཀྱི་ཉི་མ་འདི་ཇི་ཡིན་སྙམ་བརྟག་དཔྱད་ལེགས་པར་བྱའོ་ཟེར་ནས། མངོན་ཤེས་ཀྱི་གབ་རྩིས་གསལ་བའི་མེ་ལོང་ཞིག་ཡོད་པ་དེ་གདན་དུ་བཏིང་། རིག་པ་དངོས་འཛིན་གྱི་རྡེའུ་ཞིག་ཡོད་པ་དེ་སོ་སོར་བཀྲམས། གསལ་བ་ཐོར་གཙུག་གི་མདའ་མོ་ལ། མཐོང་བ་ཀུན་སྒྲོལ་དར་ཚོན་གྱི་སྤྲུལ་པ་ལག་ཏུ་ཁྱེར་ནས། ལོ་ཁྱིམ་དྲུག་ཅུའི་རྩིས་སྐོར་ལ་སོགས་ཏེ། རྒྱ་དཀར་ནག་གི་རྩིས་ཀྱི་སྒོ་ནས་གཏན་ལ་ཕབ་པ། གཞན་ཡང་འཕྲུལ་གྱི་ཇུ་ཐིག་དང་། མངོན་ཤེས་ཀྱི་པྲ་ལ་སོགས་པ་མང་པོ་བྱས་པ། ཐམས་ཅད་ཁ་མཐུན་པར་བྲམ་ཟེ་གཟུགས་ཀྱི་ཉི་མ་ལ་སྒྲིབ་ཤིང་སྲུང་བ་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་སྲུང་བ་ཟབ་མོ་གཅིག་ཡོད། དེ་དང་མ་བྲལ་ན་མཐའ་བཞིའི་དམག་དང་། བདུད་དང་བདུད་ཀྱི་རིགས་ཀྱིས་གླགས་མི་རྙེད་དོ་ཟེར་བ་བྱུང་། དེ་ནས་ཡང་སང་ཉིན་གན་དྷེ་བཟང་མོ་དང་གྲོས་བྱས་ནས་གླུ་གར་རྩེ་བའི་རོལ་མོའི་ཆས་རྣམས་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་ལས། རྒྱལ་པོས་གསུངས་པ། འོ་གན་དྷེ་བཟང་མོ་གླུ་གར་ལ་མཁས་པས། གཟུགས་ཀྱི་ཉི་མའི་དྲུང་དུ་གླུ་གར་རྩེད་ཅིག་གསུངས་པས། དེ་ནས་གན་དྷེ་བཟང་མོས་གླུ་གར་རྩེད་དོ། །རྩེད་ཟིན་པ་དང་གཟུགས་ཀྱི་ཉི་མའི་དྲུང་དུ་བསྡད་ནས་སྙིང་ཉེ་ཉེ་འདྲ་བའི་གཏམ་མང་པོ་སྨྲས། ལྷག་པར་གཟུགས་ཀྱི་ཉི་མ་ལ་འབངས་སྐྱོང་ལུགས་དང་། རྒྱལ་པོའི་ཞབས་ཏོག་ཞུ་ཚུལ། ཕྱི་ནང་གི་བློན་པོ་རྣམས་ལ་བཀའ་བསྒོས་ལུགས་ཀྱི་བསླབ་བྱ། སྙིང་ཞུ་ཞུ་འདྲ་བ་མང་པོ་ལབ་པར། གཟུགས་ཀྱི་ཉི་མ་ཡང་སྤྱིར་ན་སོ་གཞོན་པ་དང་། སྒོས་སྐྱེས་དམན་གྱི་རིགས་སུ་སོང་བས་མོའི་གཏམ་དེ་ཤིན་ཏུ་བདེན་སྙམ་ནས། དགའ་སྤྲོ་དང་བཅས་པའི་སྒོ་ནས་མོ་ལ་བག་ཕེབས་པའི་གཏམ་མང་པོ་གསུངས། སྦྲང་ཆང་བུར་སྐྱེམས་ཀྱང་གནང་། དེ་ནས་མོ་དགའ་སྟེ་རིགས་ངན་བུ་མོའི་ཁྱིམ་དུ་སོང་ངོ་། །སང་ཉིན་ཡང་སྔར་བཞིན་དུ་བྱུང་བ་ལས། རྒྱལ་པོས་གསུངས་པ། གན་དྷེ་བཟང་མོ་གཟུགས་ཀྱི་ཉི་མའི་སྐྱོ་རོགས་གྱིས་གསུངས་པས། གླུ་གར་རྩེད་མོ་སྔར་བཞིན་དུ་བྱས་པའི་རྗེས་ལ་གན་དྷེ་བཟང་མོ་ན་རེ། བཙུན་མོས་སྙིགས་མའི་དུས་ཀྱི་རྒྱལ་སྲིད་སྐྱོང་དཀའ་བས། སྙིང་གཏམ་བུ་ལ་མ་སྟོན། ཁ་འདོན་དགྲ་ལའང་མི་བྱ། ངོ་བསྟོད་གཉེན་ལ་མ་བྱེད། སྡུག་ཡུས་འབངས་ལ་མ་འཚོང་། ཁྱད་པར་དུ་ཁྱོད་འདིར་རྒྱལ་པོའི་ཐུགས་འཛིན་ཞིང་འཁོར་འབངས་རྣམས་འཁྱོངས་པ་འདི་ལ། གཞན་གྱིས་རྒྱལ་པོའི་དྲུང་དུ་ཕྲ་མས་དབྱེན་བཅུག་ཉེན་ཡོད་པས། སྐུ་ཉིད་རང་གི་སྐུ་གཟུགས་དེ་རང་གལ་ཆེ་བས་ཐུགས་ཅག་ཡང་དག་མཛད་པ་དང་། ལྷག་པར་དུ་ཁྱོད་འདིར་སླེབས་ནས་རིགས་ངན་གྱི་བུ་མོས་ཐོག་དྲངས་པའི་བཙུན་མོ་ལྔ་བརྒྱ་པོ་རྒྱལ་པོའི་སྤྱན་སྔར་སོང་བ་ག་ལ་ཡོད། ཕོ་བྲང་ནང་གི་ཐེམ་པ་ལའང་མི་འཛུལ། སྔར་ཡིན་ན་ཁོང་རྣམས་རྒྱལ་པོའི་སྤྱན་དུ་བཙུད་ཀྱང་མི་ཚ་བ་ཡོད་པས། ད་ནི་ཁོང་རྣམས་ཀྱི་སེམས་ཀྱིས་མི་བཟོད་པར་ཟས་ལ་དུག་བཏབ་པའམ། བློན་པོ་འགའ་ཞིག་ལ་རྔན་པ་སྦྱིན་ནས་སྐུང་གསོད་ལ་སོགས་པ་བྱུང་ཉེན་ཡོད་པས། ཟས་ལ་བརྟག་དཔྱད་ལེགས་པར་གནང་དགོས། ལྷག་པར་སྐུ་ཉིད་གཅིག་པུར་གྲོགས་མེད་དུ་མ་བཞུགས་པ་གལ་ཆེ། ངས་འདི་ལྟར་ཞུས་ཟེར། རྒྱལ་བློན་འཁོར་འབངས་གང་གི་རྣ་བར་ཡང་མ་གསུང་བ་ཞུ་ཞུས་པས། བྲམ་ཟེ་གཟུགས་ཀྱི་ཉི་མ་ན་རེ། ཡ་མ་གན་དྷེ་བཟང་མོ་ཁྱེད་ལས་བདེན་པ་མེད། ང་རང་གི་ལུས་སེམས་སྐྱེས་པའི་ཕ་མས་ཀྱང་འདི་འདྲ་བའི་ཤ་ཚའི་གཏམ་བསླབ་པ་ཤིན་ཏུ་དཀའ། ང་ལ་ལུས་སེམས་སྐྱེས་པའི་ཕ་མ་ལས་ཀྱང་འདི་དྲིན་ཆེ་བ་བྱུང་ཞེས་གསུངས་པས། གན་དྷེ་བཟང་མོའི་བསམ་པ་ལ་ཡུད་ཙམ་ཞིག་ལ་གླགས་རྙེད་པ་འདྲ་སྙམ་ནས་འདི་སྐད་ཅེས་ཞུས་སོ། །ང་ཡི་བཙུན་མོ་ཚུར་གསོན་དང་། །རིགས་ངན་བུ་མོས་ཐོག་དྲངས་པའི། །བཙུན་མོ་ལྔ་བརྒྱ་ཐམས་ཅད་ཀྱིས། །ཁྱེད་ནི་ཁོང་ཚོའི་མིག་རྡུལ་བཞིན། །སྙིང་ལ་མེ་ཚག་ཕོག་པ་འམ། །སྙིང་བཏོན་ལྟ་བུའི་སྡུག་བསྔལ་ཡོད། །ཁོང་ཚོས་སྔགས་བོན་བཀུག་ནས་ནི། །མནན་གཏད་འཕང་གསུམ་ལ་སོགས་པ། །གཏོང་ཉེན་ཡོད་པས་ཐུགས་ཅག་འཛོད། །ངེད་རང་བུད་མེད་རིགས་རྣམས་ནི། །བསམ་པ་ངན་ཞིང་མཐའ་སྟེང་ཆུང་། །དེ་དག་དགོངས་ནས་ཐུགས་ཟབ་མཛོད། །དེ་དག་རྣམས་ཀྱི་ཟློག་པ་ལ། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །བླ་མ་བཟང་པོར་དབང་ལུང་ཞུ། །བསོད་ནམས་དཔལ་བསྐྱེད་སྲུང་བ་དང་། །སྒྲིབ་ཤིང་སྲུང་བ་ལ་སོགས་འདོགས་པ་གལ་ཆེ་ལགས་ཞུས་པས། གཟུགས་ཀྱི་ཉི་མ་ན་རེ། གཞན་རྣམས་ཁྱོད་ཀྱིས་ཟེར་བ་བཞིན་བདེན་ཏེ། ངན་གྱི་ཆ་ལ་ང་རང་གི་ཡབ་སྒོམ་ཆེན་གྱིས་མི་དང་མི་མ་ཡིན་པ་གང་གིས་ཀྱང་གནོད་མི་ཚུགས་པའི་སྲུང་བ་ཟབ་མོ་ཞིག་གནང་ཡོད་པས་དེས་ཐུབ་བམ་ཞེས་གསུངས་པས། གན་དྷེ་བཟང་མོའི་བསམ་པ་ལ་ད་ནི་མོ་ངའི་དབང་དུ་འདུས་ཚུགས་པས་བསམ་པར་སྤྲོ་བ་སྐྱེས་ནས། ཕྱི་ལྟར་དུ་མོས་གུས་དཔག་མེད་ཡོད་ཚུལ་བྱས་ནས་གཟུགས་ཀྱི་ཉི་མ་ལ་འདི་སྐད་ཞུས་སོ། །ཁོ་མོ་མདང་གི་རྨི་ལམ་ཡང་བཟང་། དེ་རིང་གཏམ་འདི་ཐོས་པ་ལ་ལྟ་བར་འདུག །ང་ལ་ཡང་སྲུང་བ་དེའི་བྱིན་རླབས་ཤིག་ཞུ་བྱས་པས། གཟུགས་ཀྱི་ཉི་མ་ན་རེ། གཞན་ངས་ཁྱོད་ལ་སྟོན་ཏེ། ཡབ་སྒོམ་ཆེན་གྱིས་སྲུང་བ་ཁྱད་འཕགས་འདི་སུ་ལའང་མ་སྟོན་ཅིག །སྙིང་ཉེ་བའི་རྒྱལ་པོ་དང་ཤ་ཁྲག་ནས་ཆད་པའི་བུ་དང་བུ་མོ་ལའང་མ་སྟོན་ཟེར་བའི་དམ་བཅའ་ཡོད་པས་མི་དགའ་མ་སྐྱེ་གསུངས་པས། གན་དྷེ་བཟང་མོས་ཡབ་སྒོམ་ཆེན་དེ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཡབ་སྒོམ་ཆེན་དེ་ནི་བྱིན་རླབས་ཆེ་ཞིང་དགོངས་པ་མཐོ་བ་ཞིག་ཡིན་པར་འདུག །ལྷ་ཆོས་ཤེས་ན་མི་ཆོས་ཟུར་གྱིས་གོ་ཟེར་བ་དེ་ཡིན་པས་སྒོམ་ཆེན་གྱིས་གསུངས་པ་དེ་བདེན། རྒྱལ་པོ་ལ་བསྟན་ན་བཀའ་བློན་འབངས་འཁོར་ཐམས་ཅད་རྒྱལ་པོས་དབང་བ་མ་ཟད། ཁྱོད་རང་ཡང་རྒྱལ་པོས་དབང་བས་འཕྲོག་གིས་དོགས་པ་ཡིན་བུ་དང་བུ་མོ་ལ་བསྟན་ན་ཕ་མའི་ནོར་བུ་ཚས་ཐོབ་པས། བླངས་དོགས་པ་ཡིན། ངས་འཕྲོག་ནི་མི་ཚུགས། རྐུ་བས་ནི་མི་ཐོབ། བླངས་པས་ནི་མི་སྟེར། སུ་གང་ལའང་སྲུང་བ་འདིའི་རྒྱུ་མཚན་ནི་བཤད་མི་ནུས། ཅིས་ཀྱང་སྟོན་པར་ཞུ། བྱིན་རླབས་ཤིག་ཞུ་སྙིང་འདོད་པ་ཡིན་ལགས་ཞུས་པས། གཟུགས་ཀྱི་ཉི་མའི་བསམ་པ་ལ་བདེན་ཡང་བདེན་བསམས་ཏེ། གཞན་ལ་མི་ཤོད་པ་གལ་ཆེ་ཟེར་ནས་དམ་བཅའ་འགལ་ཏེ་བསྟན་ནས། མུ་ཏིག་ཕྲེང་བ་དེ་ལག་ཏུ་ཞུས་ནས་སྤྱི་བོར་བཅག་བཅག་ལན་གསུམ་བྱས་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །མགྲིན་པ་ལ་ལན་གསུམ་བྱས་གསུང་གི་སྒོ་ནས་བྱིན་གྱིས་རློབས་ཤིག །སྙིང་ཁར་ལན་གསུམ་བྱས་ཐུགས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །མཆན་ཁུང་དུ་ལན་གསུམ་བྱས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག་ཟེར་ཞིང་། སེམས་ཀྱི་ནང་ནས་སྐད་ཕྱིར་མི་འདོན་པར་ཁྱད་པར་ཁོ་མོའི་བསམ་པ་མཐའ་རུ་འཁྱོལ་བར་བྱིན་གྱིས་རློབས་ཤིག་ཟེར་དམོད་བོར་ཏེ། ཕྲེང་བའི་གྲངས་འཛིན་དང་ཁ་དོག་དང་དབྱིབས། ཆེ་ཆུང་གི་ཚད་སོགས་ཞིབ་པར་བལྟས་ནས། སླར་གཟུགས་ཀྱི་ཉི་མ་རང་གི་ཕྱག་ཏུ་ཕུལ་ཏེ་བཀའ་དྲིན་ཆེ་ཟེར་ནས་མོ་རིགས་ངན་བུ་མོའི་རྩར་སོང་ངོ་། །གཤེད་མ་བུ་རུ་བརྫུས་པ་ཡིས། །སྟོབས་ལྡན་དཔའ་བོ་འཇོམས་པར་འགྱུར། །གཡོ་ཅན་དྲང་པོར་སྨྲ་བ་ཡིས། །བློ་གྲོས་ལྡན་པ་དམངས་སུ་འབེབས། །ཞེས་པ་དེ་ནས་བྱུང་། དེ་ནས་གན་དྷེ་བཟང་མོས་རིགས་ངན་གྱི་བུ་མོ་ལ་ཁྱོད་རྒྱལ་པོའི་བང་མཛོད་དབང་བ་ཡིན་པས་མུ་ཏིག་གི་རིགས་རྣམས་ཁུར་ནས་ཤོག །གཟུགས་ཀྱི་ཉི་མ་ལ་མུ་ཏིག་ཕྲེང་བ་ཁྱད་འཕགས་བྱིན་རླབས་ཅན་ཞིག་འདུག །ཐོག་མར་དེ་བསླུ་དགོས་པར་འདུག་ཟེར་བས། དེ་མ་ཐག་རིགས་ངན་གྱི་བུ་མོ་དེ་མགོ་ལ་མེ་ཤོར་བ་ལྟར་སྐས་ཁ་རིང་བ་ནས་བཞུད། ཐུང་བ་ནས་མཆོངས་ཏེ་རྒྱལ་པོའི་རིན་པོ་ཆེའི་བང་མཛོད་ནས་མུ་ཏིག་འཁར་གཞོང་བདུན་ཁྱེར་ནས་འོངས་པས། མུ་ཏིག་གི་ཕྲེང་བ་དེ་རྣམས་ཀྱི་ནང་ནས་བཏོན་ཏེ་གཟུགས་ཀྱི་ཉི་མའི་ཕྲེང་བ་ཇི་ལྟ་བ་ཞིག་བཟོས་ནས་ཕྲེང་བ་དེ་མཆན་ཁུང་དུ་བཅུག་སྟེ་རིགས་ངན་གྱི་བུ་མོ་དེ་དང་གྲོས་ངན་མང་པོ་བྱས་སོ། །
ཡང་རྒྱལ་པོའི་ཕོ་བྲང་ནང་ལ་གན་དྷེ་བཟང་མོ་གླུ་གར་གྱི་ཆས་རྣམས་ཁྱེར་ནས་ཕྱིན་པས། རྒྱལ་པོས་ཁྱོད་གླུ་གར་ལ་མཁས་པས་གཟུགས་ཀྱི་ཉི་མའི་སྐྱོ་རོགས་བྱོས་ཤིག་གསུངས་པས། ཡང་གན་དྷེ་བཟང་མོས་སྔར་བཞིན་གླུ་གར་གྱི་མཆོད་པ་ཕུལ་ཏེ་གཟུགས་ཀྱི་ཉི་མའི་དྲུང་དུ་འཁོད་དོ། །ཐུགས་དགྱེས་པ་དང་བློ་བྲིད་པའི་གསུང་གླེང་མང་པོ་ཞུས་ཤིང་། ཁྱད་པར་ཁྱོད་ཀྱི་བླ་མ་དེ་བྱིན་རླབས་ཅན་གཅིག་ཡིན་པར་འདུག །ང་མདང་སུམ་རྨི་ལམ་ཡང་ཤིན་ཏུ་བཟང་། ཉི་ཟླ་ཁོང་དུ་ཤར་བ་རྨིས། རྒྱ་མཚོ་ཧུབ་ཀྱིས་བཏུངས་པ་རྨིས། རི་བོ་ཟས་སུ་ཟོས་པ་རྨིས། རྒྱུ་སྐར་ཕྲེང་ལ་བརྒྱུས་པ་རྨིས་ཞེས་ཞུས་པས། གཟུགས་ཀྱི་ཉི་མ་ཡང་བར་ཆད་ཀྱི་དབང་དུ་སོང་ནས། མོའི་རྨི་ལམ་དེ་རྟོག་དཔྱོད་སོགས་གང་ཡང་མཛད་པར་མ་བྱུང་། མོའི་རྨི་ལམ་དེ་འཆད་ཚུལ་རྫུན་མིན་པར་དྲང་པོ་ཡིན་པ་ཐུགས་ལ་དགོངས་སོ། །དེ་ནས་གཟུགས་ཀྱི་ཉི་མ་ན་རེ། ཁྱོད་ཀྱི་རྨི་ལམ་ཤིན་ཏུ་བཟང་བར་འདུག །ངའི་ཡབ་སྒོམ་ཆེན་དེ་ནི་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཐུགས་རྗེ་ཆེན་པོ་དངོས་ཡིན་ཟེར་ཡབ་ཀྱི་ཡོན་ཏན་མང་པོ་བརྗོད་པས། གན་དྷེ་བཟང་མོས་འོ་ལགས་སོ་སྐྱབས་སུ་མཆིའོ། །དེ་རིང་ཡང་བདག་ལ་བྱིན་རླབས་ཤིག་ཞུ། བདག་ཀྱང་ཁྱོད་ཀྱི་ཡབ་སྒོམ་ཆེན་དེ་ལ་མོས་གུས་ཚད་མེད་པ་སྐྱེ་ཞིང་དེ་དང་མཇལ་བའི་སྨོན་ལམ་ཞིག་ཀྱང་འདེབས་ལགས་ཞུས་པས། ཉི་མའི་བསམ་པ་ལ་གན་དྷེ་བཟང་མོ་འདི་ཆོས་ལ་གནག་ཟེར་བ་ཡིན་པས། ད་ལན་མོས་གུས་འདི་ལྟ་བུ་སྐྱེ་བ་འདི་དཀོན་མཆོག་གི་བྱིན་རླབས་འཇུག་པའི་རྟགས་ཡིན་ནམ་བསམས་པ་དང་། མོ་ཡང་ཆོས་ལ་དད་ན་ཅི་མ་རུང་སྙམ་སྟེ། མུ་ཏིག་གི་ཕྲེང་བ་འདི་མོ་ལ་གནང་ངོ་། །
དེ་ནས་མོ་ཤིན་ཏུ་དགའ་ནས་སྔར་བཞིན་སྤྱི་བོ། མགྲིན་པ་སྙིང་ཁ། མཆན་ཁུང་རྣམས་སུ་བྱིན་རླབས་ཞུ་ཚུལ་བྱས། རིགས་ངན་བུ་མོ་དང་གྲོས་ངན་བྱས་ནས་བཟོས་པའི་ཕྲེང་བ་དེ་དང་བརྗེས་ནས་གཟུགས་ཀྱི་ཉི་མ་ལ་ཕུལ་ལོ། །གཟུགས་ཀྱི་ཉི་མའི་ཕྲེང་བ་ཁྱད་འཕགས་དེ་མོའི་མཆན་འོག་ཏུ་བཅུག་ནས་འོ་བཙུན་མོ་ཁྱོད་ཀྱི་ཕྲེང་བ་མ་ཆད་མ་ཉམས་པར་ཕུལ་ཡོད་དོ། །ཁྱེད་རྗེ་དཔོན་གྱི་རིགས་བཀའ་གཉན་སྣང་ཆེ་བས། རྗེས་ནས་ང་ལ་ཁ་སང་ཁྱོད་ལ་བསྟན་པའི་དུས་སུ་མ་ཚང་བ་ཡིན་ཞེས་མ་གསུངས་ཤིག་ཟེར་དགའ་ནས་སྐས་ཁ་ནས་མཆོངས་བཞུད་བྱས་ཏེ་རིགས་ངན་བུ་མོའི་དྲུང་དུ་རྒྱུགས་སོང་ངོ་། །ཀྱེ་བློ་གྲོས་ལྡན་པ་འདི་ལྟ་བུས། །བླ་མའི་བཀའ་ལ་མི་གནས་པར། །བློ་སྙིང་དགྲ་ལ་སྟེར་བ་འདི། །བུད་མེད་རིགས་སུ་སྐྱེས་པས་ལན། །ཞེས་པ་འདི་ལྷ་ཡུལ་དུ་གྲགས་སོ། །གན་དྷེ་བཟང་མོའི་རྨི་ལམ་དེ་ལ་བརྟག་དཔྱད་ལེགས་པར་བྱས་ན། ཉི་ཟླ་ཁོང་དུ་ཆུད་པ་དེ་ནི། རྒྱལ་པོ་ཡབ་ཡུམ་ཁོང་དུ་ཆུད་པའི་རྟགས་ཡིན། རྒྱ་མཚོ་ཧུབ་ཀྱིས་བཏུངས་པ་དེ་ནི། འཁོར་འབངས་བདེ་སྐྱིད་ཉམས་པའི་རྟགས། རི་རབ་ཟས་སུ་ཟོས་པ་དེ་ནི། རྒྱལ་པོའི་བང་མཛོད་འཇོམས་པའི་རྟགས། རྒྱུ་སྐར་ཕྲེང་ལ་བརྒྱུས་པ་དེ་ནི། བློན་འབངས་སྡུག་ལ་སྦྱོར་བའི་རྟགས་ཡིན་ཞེས་པ་བྲམ་ཟེ་བརྟག་མཁན་རྣམས་ཀྱིས་རིག་ནས། ལུང་ཕྱོགས་མི་གཅིག་པའི་ཡུལ་གཞན་དུ་གླེང་ངོ་། །
དེ་ནས་གན་དྷེ་བཟང་མོས་རིགས་ངན་གྱི་བུ་མོ་དེ་ལ། ད་ནི་རང་རེའི་ལག་ཏུ་མོའི་སྲུང་བ་ཟབ་མོ་ཐོབ་ཡོད་པས། རིང་པོར་མ་ལོན་པར་ཁྱོད་ཀྱི་བསམ་པ་རྫོགས་པར་བྱའོ་ཞེས་ཟེར་དགའ་སྤྲོ་བྱིན་ནོ། །དེ་ནས་ཡང་མོས་གླུ་དང་གར་གྱི་ཆས་རྣམས་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏོ། །རྒྱལ་པོས་གན་དྷེ་བཟང་མོ་ཉི་མའི་སྐྱོ་རོགས་གྱིས་གསུངས་པས། ཡང་མོས་སྔར་ལྟར་གླུ་དང་གར་གྱི་རོལ་མོ་ཕུལ་ཏེ། གཟུགས་ཀྱི་ཉི་མ་ལ་ཐུགས་གང་དགྱེས་ཀྱི་གསུང་གླེང་མང་པོ་ཞུས་ཤིང་། ཉི་མ་ནུབ་པ་དང་རྒྱལ་པོ་འཁོར་བཅས་ལ་མྱོས་ཤིང་རྨུགས་པར་བྱེད་པའི་རྫས་ངན་སུམ་ཅུ་རྩ་གཉིས་བཏབ་སྟེ། རིགས་ངན་བུ་མོའི་དྲུང་དུ་སོང་ངོ་། །
དེ་ནས་ནམ་ཕྱེད་ལ་ཞགས་པ་དང་གྲི་གུ་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པས། རྒྱལ་པོ་འཁོར་བཅས་མིའི་རོ་ལྟ་བུ་གཡོ་འགུལ་མེད་པར་གཉིད་ཀྱིས་མྱོས་འདུག་པ་ལས། རྒྱལ་པོའི་གླང་པོ་ཆེ་རབ་བརྟན་སྣང་ལི་ཁྲི་ལྟར་དམར་བ་གསེར་གྱི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ་དེ་བསད་ནས། ཕོ་བྲང་དུ་ཁྱེར་ཏེ་ཁོག་སྟོད་ཉི་མའི་གཡས་སུ་བཞག །ཁོག་སྨད་ཉི་མའི་གཡོན་དུ་བཞག །ནང་ཁྲོལ་ཐམས་ཅད་སྔས་མགོར་སྤུངས། ཉི་མའི་ཁ་ནས་ཁྲག་འཛག་ཚུལ་བྱས་བཞག་སྟེ་རིགས་ངན་བུ་མོའི་དྲུང་དུ་སོང་ངོ་། །དེ་ནས་སང་ནམ་ལངས་རྒྱལ་པོ་གཉིད་སད། ཉི་མ་གཉིད་མ་སད་པར་རྒྱལ་པོ་ཉི་མའི་དྲུང་དུ་ཕྱིན་པས། མེད་ཐབས་མེད་པའི་གླང་པོ་དེ་བསད་ནས། སྲིན་པོའི་ཕོ་བྲང་ལྟ་བུར་བྱས་འདུག་པས། རྒྱལ་པོ་འཇིགས་ཤིང་བྲེད་ནས་སྔར་སྒོམ་ཆེན་གྱིས་ཀྱང་མིའི་བུ་མོ་མ་ཡིན་གསུངས་པ་ཡིན། འདི་གནོད་སྦྱིན་ནམ། སྲིན་པོའམ། ཤ་ཟ་མོ་ཞིག་ཡིན་པ་འདྲ། འདི་དང་འགྲོགས་ན་ངའི་རིགས་རྒྱུད་ལ་གནོད་ཅིང་། འཁོར་འབངས་རྣམས་སྟོངས་འགྲོ་བར་འདུག་སྙམ་སྟེ་གྲི་ཤུབས་ནས་ཕྱུང་སྟེ་གཟུགས་ཀྱི་ཉི་མའི་སྐེ་གཅོད་པར་བརྩམས་པའི་མོད་ལ། ནེ་ཙོ་སྨྲ་མཁན་དེ་གར་ཡོང་ཆ་མེད་པར་རྒྱལ་པོའི་མདུན་དུ་འོངས་ནས། རྒྱལ་པོ་ཆེན་པོ་སྙན་གསོན་དང་། །བྱ་བ་ཐམས་ཅད་བརྟག་ནས་བྱ། །མ་བརྟག་པ་ལ་བྱ་མི་རུང་། །གླང་རྫི་དང་ནི་བྱ་རོག་བཞིན། །ཞེས་ཞུས།
འོ་ན་བྱ་རོག་དང་གླང་རྫིའི་དཔེ་ཤོད་དང་གསུངས་པས། སྨྲ་མཁན་ནེ་ཙོ་དེ་ན་རེ། རྒྱལ་པོ་མ་བཞེངས་གདན་ལ་བཞུགས། རལ་གྲི་ཆེན་པོ་ཤུབས་སུ་ཆུག །དེ་ནས་བཤད་ཀྱིས་ཞུས་པ་དང་། རྒྱལ་པོས་དེ་བཞིན་བགྱི་ཟེར་བཞུགས། སྨྲ་མཁན་ནེ་ཙོས་འདི་སྐད་ཞུས། དང་པོ་བ་གླང་རྫི་བོ་གཅིག །བ་གླང་མང་པོ་འཚོལ་ཕྱིན་པས། །གླང་གཅིག་ཐོར་ནས་འཚོལ་དུ་སོང་། །གླང་ནི་མ་རྙེད་བཀྲེས་ཤིང་ལྟོགས། །འུ་ཐུག་ཐང་ཆད་གསུམ་འཛོམས་ནས། །རི་སུལ་གཅིག་ན་ཆུ་ཕྲན་ཞིག །བབས་ནས་ཏ་ལའི་འདབ་མའི་དཀྱིལ། །འཐུང་དགོས་བསམ་ནས་དེར་བསྡད་པས། །ཤིང་འདབ་གང་གི་ཆུ་བྱུང་བ། །བྱ་རོག་གར་འོངས་ཆ་མེད་པ། །གཅིག་འོངས་ཆུ་ནི་གཤོག་པས་གཏོར། །བསྐྱར་ནས་བསྐྱིལ་ཀྱང་སྔར་བཞིན་གཏོར། །ཁོ་བོ་འབར་ཏེ་དབྱུག་པ་བརྒྱབ། །བྱ་རོག་མགོ་ལ་ཕོག་སྟེ་ཤི །དེ་ནས་གླང་རྫིའི་བསམ་པ་ལ། །འདི་ནི་ཅི་ཡིན་མི་ཤེས་སྙམ། །ཆུ་ཐོར་ཕོག་པ་རྣམས་ལ་བལྟས། །སེམས་ཅན་ཐམས་ཅད་ཤི་འདུག་པས། །འདི་ནི་གང་ཡིན་མི་ཤེས་སྙམ། །ཆུ་ཡི་འབྱུང་ཁུངས་དཔྱད་པས་ན། །ལུང་པའི་ཕུ་ལ་ཙན་དན་གྱི། །སྡོང་པོ་ཆེན་པོ་གཅིག་ལ་ནི། །དུག་སྦྲུལ་འཁྲིལ་ནས་གཉིད་ལོག་སྟེ། །ཁ་ནས་ཆུ་དེ་འབབ་ཀྱིན་འདུག །འགྱོད་ཀྱང་ཐལ་བས་བྱ་ཐབས་མེད། །བཟང་ལན་ངན་གྱིས་འཇལ་བ་དེ་འདྲ་ཡོད་པ་ཡིན། དེ་ཡང་ཅི་ཡིན་མི་ཤེས་ཞེས་ཞུས་པས། རྒྱལ་པོས་དེ་ཡང་བདེན་གསུངས་ཏེ། གཟུགས་ཀྱི་ཉི་མའི་སྔས་མགོར་བྱོན་ཏེ་ཉི་མ་ཁྱོད་གཉིད་ཤིན་ཏུ་རང་ཆེ། རྨི་ལམ་འདྲ་མཐོང་ཡོད་ལས་ཆེ། ཡར་ལོངས་དང་ཟེར་ཕྱག་གཡས་པ་ནས་འཐེན་པས། ཉི་མ་གཉིད་སད་ནས། ཀྱེ་རྒྱལ་པོ་ཆེན་པོ་ལགས། གཉིད་ཀྱང་ཤིན་ཏུ་ཆེ། དྲན་པ་ཡང་མི་གསལ་ཞིང་། རྨི་ལམ་ཡང་མ་མཐོང་ལགས་ཞེས་ཞུས་སོ། །དེ་ནས་སང་ཉི་མ་ཕྱེད་ཙམ་ལ་གན་དྷེ་བཟང་མོས་གླུ་གར་གྱི་མཆོད་པ་འབུལ་དུ་བྱུང་བ་ལས། རྒྱལ་པོས་གན་དྷེ་བཟང་མོ་གླུ་གར་ལ་མཁས་པས་གཟུགས་ཀྱི་ཉི་མའི་སྐྱོ་རོགས་གྱིས་གསུངས་པས། མོས་དེ་བཞིན་དུ་བྱས་ནས། ཡང་ཉི་མ་ནུབ་པ་དང་མྱོས་ཤིང་རྨུགས་པར་བྱེད་པའི་རྫས་ངན་བཞི་བཅུ་རྩ་གཉིས་རྒྱལ་པོ་འཁོར་བཅས་རྣམས་ལ་བཏབ་ནས་མོ་རིགས་ངན་གྱི་བུ་མོའི་ཁྱིམ་དུ་སོང་ངོ་། །ཡང་ནམ་ཕྱེད་དུ་ཉེ་བ་ན། མོས་ཞགས་པ་དང་གྲི་གུ་ཁྱེར། དུར་ཁྲོད་ནས་མི་རོ་བམ་པོ་གཅིག་བླངས་ཏེ། རྒྱལ་པོའི་ཕོ་བྲང་དུ་ཕྱིན་པས། རྒྱལ་པོ་འཁོར་བཅས་རྣམས་ནི་རི་ཕག་སྦྲང་ཆང་གིས་བཟི་བ་ལྟར་ཁ་ནས་ཕུ་འདེབས་ཤིང་མགྲིན་པ་ནས་སྔུར་བའི་སྒྲ་སྒྲོག་གིན་འདུག་པ་ལ། མོས་མི་རོ་བམ་པོ་དེ་གཟུགས་ཀྱི་ཉི་མའི་སྔས་མགོར་ཁྱེར་ནས་གྲི་གུས་བསྒྲལ་ཏེ་ཁོག་སྟོད་ཉི་མའི་གཡས་སུ་བཞག་ཁོག་སྨད་ཉི་མའི་གཡོན་དུ་བཞག །ནང་ཁྲོལ་ཐམས་ཅད་སྔས་མགོར་སྤུངས། ཁ་ནས་མི་རོའི་ཁྲག་འཛག་ཚུལ་བྱས་བཞག་སྟེ། མོ་རིགས་ངན་གྱི་བུ་མོའི་རྩར་སོང་ངོ་། །སང་ཉི་མ་ཤར་བ་དང་རྒྱལ་པོའི་འཁོར་ཐམས་ཅད་གཉིད་མ་སད་པར་རྒྱལ་པོ་རང་གཉིད་སད་ནས། གཟུགས་ཀྱི་ཉི་མའི་མདུན་དུ་སོང་བས་མི་རོ་བམ་པོ་ཞིག་བཤས་ནས་ཁོག་སྟོད་ཉི་མའི་གཡས་སུ་བཞག །ཁོག་སྨད་ཉི་མའི་གཡོན་དུ་བཞག །ནང་ཁྲོད་ཐམས་ཅད་སྔས་མགོར་སྤུངས། ཁ་ནས་ཁྲག་འཛག་ཚུལ་བྱས་འདུག་པ་ལ།
རྒྱལ་པོ་ཐུགས་ཤིན་ཏུ་ཁྲོས་ཏེ་རལ་གྲི་ཤུབས་ནས་བཏོན་ཏེ་རྒྱག་པར་བརྩམས་པས། ནེ་ཙོ་གར་ཡོང་ཆ་མེད་པར་རྒྱལ་པོའི་དྲུང་དུ་འོངས་ནས། ཀྱེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། བྱ་བ་ཐམས་ཅད་བརྟག་ནས་བྱ། །མ་བརྟག་པ་ལ་བྱ་མི་རུང་། །བྲམ་ཟེ་དང་ནི་ནེའུ་ལེ་བཞིན། །ཞེས་སྨྲས་པས། རྒྱལ་པོས་ནེའུ་ལེ་དང་བྲམ་ཟེའི་དཔེ་ཡོད་ན་ཤོད་གསུངས་པས། ནེ་ཙོ་སྨྲ་མཁན་དེ་ན་རེ། འོ་ན་རྒྱལ་པོ་གདན་ལ་བཞུགས། རལ་གྲི་ཆེན་པོ་ཤུབས་སུ་ཆུག། རྒྱལ་པོས་དེ་བཞིན་བགྱི་ཟེར་ནས། རྒྱལ་པོ་གདན་ཁར་འཁོད་པ་དང་། སྨྲ་མཁན་ནེ་ཙོས་འདི་སྐད་ཞུས། དང་པོ་གྲོང་ཁྱེར་སེར་སྐྱ་ན། །བྲམ་ཟེ་འཐག་མཁན་མ་གཅིག་ལ། །དེ་ལ་བུ་གཅིག་ཡོད་པ་ལས། །མོ་རང་ཆུ་ལེན་འགྲོ་སྙམ་པས། །བུ་ཚ་ཉ་ར་བྱེད་མཁན་མེད། །སྔར་ཕན་མི་ལ་བཅོལ་འགྲོ་བས། །དེ་ཡི་ཚེ་ན་མི་མེད་པས། །ཕན་ཚུན་བརྒྱུགས་ནས་བལྟས་ཙ་ན། །རྒྱ་གར་སྐད་དུ་ནེ་འུ་ལེ། །བོད་ཀྱི་སྐད་དུ་དྲེད་མོང་སྟག་ཆུང་ཟེར། །གཅན་གཟན་དེ་ལས་མི་འདུག་པས། །གཅན་གཟན་དེ་ལ་འདི་སྐད་སྨྲས། །ཁོ་མོ་ཆུ་ལེན་མ་འཁོར་བར། །བུ་ཆུང་གཉེར་ཁ་ཁྱོད་ཀྱིས་གྱིས། །རྔན་པ་ཞིག་ཀྱང་སྟེར་རོ་ཟེར། །ཆུ་སྣོད་ཁྱེར་ནས་ཆུ་རྩར་ཕྱིན། །དེ་ནས་དྲེད་མོང་གིས་བུ་ཆུང་། །ཤིང་སྡོང་གཅིག་གི་རྩ་བར་བཞག །དྲེད་མོར་ཤིང་སྡོང་རྩེར་འཛེགས་ནས། །བྱ་ར་བྱེད་ཅིང་བསྡད་ཙ་ན། །དར་གཅིག་ཙམ་ནས་དུག་སྦྲུལ་གཉིས། །ཁ་ནས་མེ་འབར་ཚུར་འོངས་པས། །དྲེད་མོང་སྟག་ཆུང་བསམ་པ་ལ། །མི་ཡི་བུ་ཆུང་འདི་ཉིད་ནི། །ཤ་ནས་ཆད་པའི་དུམ་བུ་ཡིན། །དུད་འགྲོ་ང་འདྲར་བཅོལ་བ་སྟེ། །བུ་བཅོལ་མིན་ཏེ་སྙིང་བཅོལ་ཡིན། །བཅོལ་བའི་སྙིང་པོ་མགོ་ཐོན་ཞིག །བྱེད་དགོས་བསམས་ནས་དྲེད་མོང་གིས། །དུག་སྦྲུལ་སྟེང་ལ་མཆོངས་ནས་སུ། །དུག་སྦྲུལ་སྐེ་བཅད་དེར་བཀུམས་སོ། །དྲེད་མོང་བྲམ་ཟེའི་གདོང་བསུར་ཕྱིན། །བྲམ་ཟེ་མོ་ཡི་བསམ་པ་ལ། །དྲེད་མོང་ཁ་ལ་ཁྲག་ཀྱང་འདུག །གཅན་གཟན་འདི་ཡང་དམར་དད་ཆེ། །ང་ཡི་བུ་དེ་བསད་པ་ཡིན། །ཐག་ཆོད་བསམས་ནས་དྲེད་མོང་ལ། །ལྕགས་སྐྱོགས་བརྒྱབ་པས་མགོ་ལ་ཕོག །དེ་ནས་དྲེད་མོང་དེ་རུ་ཤི །དེ་ནས་ལོག་སྟེ་བལྟས་ཙ་ན། །བུ་ཆུང་མལ་དུ་ཉལ་བསྡད་འདུག །དུག་སྦྲུལ་ཁ་ལ་མེ་འབར་གཉིས། །བསད་དེ་རོ་ནི་དེར་བཞག་འདུག །འགྱོད་ཀྱང་ཐལ་ཏེ་བྱ་ཐབས་ཟད། །བཟང་ལན་ངན་གྱིས་འཇལ་བ་དེ་འདྲ་ཡོད་པ་ཡིན། ཞེས་ཞུས་པས། རྒྱལ་པོས་དེ་ཡང་བདེན་གསུངས་ནས། མཐའ་འཁོར་གྱི་བཙོག་པ་ཐམས་ཅད་ཕྱིར་སེལ་ཏེ། རྒྱལ་པོས་གཟུགས་ཀྱི་ཉི་མའི་སར་བྱོན་ནས། ཉི་མ་ཁྱོད་ནི་དེ་རིང་ཡང་གཉིད་ཤིན་ཏུ་ཆེ། རྨི་ལམ་བཟང་ངན་ཅི་ཡང་མ་བྱུང་ངམ། ཡར་ལོངས་ལ་དགའ་བའི་གླེང་མོ་རེ་དང་། ཞིམ་པའི་ཁ་ཟས་འདྲ་ཟོས་དང་ཟེར་གསུངས་པས། ཡང་གཟུགས་ཀྱི་ཉི་མས་འདི་སྐད་ཞུས་སོ། །ཀྱེ་རྒྱལ་པོ་ཆེན་པོ་ལགས། ཁོ་མོ་ནི་མདང་ཞག་གཉིད་ཀྱང་ཤིན་ཏུ་ཆེ། དེའི་དབང་གིས་རྨི་ལམ་ཡང་ཟང་ཟིང་སྣ་ཚོགས་རྨིས་ཏེ། དྲན་པ་ཡང་ཤིན་ཏུ་མི་གསལ་བས། དེའི་སྟབས་ཀྱིས་ཅི་ཡང་ཞུ་རྒྱུ་མ་མཆིས་ལགས། ཁྱད་པར་དུ་དེང་སང་ཁམས་ཀྱང་འགགས་པས། བཟའ་བཏུང་ལ་སོགས་པར་བྲོ་བ་ཡང་ཅང་མ་མཆིས། ཕལ་ཆེར་མི་གཙང་བའམ། གྲིབ་གཅིག་གིས་མནན་པ་འདྲ་ཞུས་པས། དེ་ནས་རྒྱལ་པོས་ཀྱང་རྐྱེན་ཅི་ཡིན་མ་ཤེས་པར་འདིའི་རྒྱུ་མཚན་གྱི་གླེང་མོ་བྱེད་ཅིང་བཞུགས་སོ། །
རིགས་ངན་གྱི་བུ་མོ་དང་གན་དྷེ་བཟང་མོ་གཉིས་ཀྱིས་སྔར་གླང་ཆེན་བསད་དེ་གཟུགས་ཀྱི་ཉི་མའི་སར་བསྐྱལ་ཚུལ་དང་། ད་རུང་མི་རོ་བམ་པོ་དེ་བཞིན་བྱེད་པར་རྒྱལ་པོས་གཟུགས་ཀྱི་ཉི་མ་ལ་ཅི་ཡང་མི་མཛད་པ་ཟེར་བའི་གླེང་མོ་བྱས་པས་རྗེས། གན་དྷེ་བཟང་མོས་དེ་རིང་སྔར་བས་ལྷག་པའི་འཕྲུལ་ཞིག་བྱེད་ཟེར་ཉི་དྲོས་ཙམ་ལ་གླུ་གར་གྱི་ཆས་རྣམས་ཁྱེར་ཏེ་ཕོ་བྲང་ལ་སོང་ངོ་། །རྒྱལ་པོས་གན་དྷེ་བཟང་མོ་ཁྱོད་མི་ཚེ་གླུ་གར་ལ་མཁས་པས་ཉི་མའི་བསུན་གྲོགས་གྱིས་གསུངས་སོ། །
དེ་ནས་གན་དྷེ་བཟང་མོ་གཟུགས་ཀྱི་ཉི་མའི་དྲུང་དུ་སོང་སྟེ། གླུ་གར་གྱི་མཆོད་པ་འབུལ་འདུག་པའི་དུས་སུ། ནེ་ཙོ་སྨྲ་མཁན་དེས་རྒྱལ་པོ་བློན་འབངས་འཁོར་བཅས་ཚོགས་པའི་མདུན་དུ་མཆོངས་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །རིན་ཆེན་ཟངས་ཀྱི་ཁ་མདོག་ལ། །དུང་དཀར་ཐེམ་པ་བཙུགས་པ་ཡི། །དམར་པོ་མཚལ་གྱི་སྒོ་མོ་ལ། །དར་ཟབ་ན་བཟའ་གསོལ་བ་ཡི། །ལྟད་མོ་གཟུགས་མེད་ཁྱི་ཆུང་ལ། །བཙུན་མོའི་ཟུར་ཕུད་སོང་སོང་ནས། །ཉི་ཟླ་ཐང་ལ་འབེབས་ཀྱིན་འདུག །རྒྱ་མཚོའི་ཀླུ་གཉན་འཁྱོམ་གྱིན་འདུག །རི་རབ་ཀླད་ལ་སྐོར་གྱིན་འདུག །ཅེས་ཞུས་པས། གན་དྷེ་བཟང་མོ་བསམ་པ་ལ། ནེ་ཙོ་དེས་བྱ་སྐྱེལ་ཉེན་འདུག་བསམས་ཏེ། དེ་མ་ཐག་ཏུ་སྣང་བ་དགུ་འགྱུར་གྱི་རོལ་མོ་རྒྱུད་བཅུ་གཉིས་མ་རྐང་པ་གཡས་པའི་བརླ་ལ་བཞག་སྟེ་གཡོན་པ་དང་བྲང་གིས་བརྟེན་ནས་སོར་མོ་རྣམས་ཀྱིས་དལ་པོར་དཀྲོལ་ཏེ་སྒེག་པའི་རྣམ་འགྱུར་དང་བཅས་ནས་སྙན་པའི་གླུ་དབྱངས་ལེན་ཞིང་། ཡང་དེ་ནས་ཡར་ལངས་ཏེ་པི་ཝང་གཏོང་བཞིན་གར་བྱས་པས། རྒྱལ་པོ་འཁོར་དང་བཅས་པ་རྣམས་ཐུགས་མཉེས་ཏེ། ནེ་ཙོ་ལ་གླུ་གར་ལྟད་མོ་དེ་འདྲ་མཐོང་མྱོང་ངམ་གསུངས་པས། ནེ་ཙོ་ན་རེ། ཀྱེ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ལྟད་མོ་འདི་ལས་ཆེ་བ་མཐོང་། །ཁ་ལ་སོ་མེད་མཆེ་བ་ཅན། །ལོ་ལྔར་ལོན་པའི་རྒས་མོ་གཅིག །མེ་ལྕེའི་དབལ་འདབ་འཐེན་འཐེན་ནས། །ཆུ་ཡི་སྐུད་པ་འཁལ་བ་མཐོང་། །ལྟད་མོ་ཆེ་ན་དེ་ཆེ་མོད། །ཅེས་ཞུས་པས། ཐམས་ཅད་ནེ་ཙོ་ལ་འབར་ཏེ། འདི་འདྲའི་རྫུན་ཆེ་ལ་གཏམ་དོན་མི་འགྲིག་པ། ཁ་ལ་སོ་མེད་མཆེ་བ་ག་ནས་ཡོད། །ལོ་ལྔའི་བུ་མོར་རྒས་མོ་ག་ནས་ཐོགས། །མེ་ལྕེའི་དབལ་འདབ་སུ་ཡིས་འཐེན་འཐེན་བྱེད། །ཆུ་ཡི་སྐུད་པ་འཁལ་བ་གང་གིས་མཐོང་། །འདི་འདྲའི་རྫུན་ཉན་པ་ལས། །གན་དྷེ་བཟང་མོའི་གླུ་གར་ལྟད་མོ་ཆེ་བས་གླུ་གར་གྱི་གཙོ་མོ་གྱིས་ཤིག་སྨྲས་པས། ནེ་ཙོ་ན་རེ། འོ་ན་ཐམས་ཅད་ཚུར་ཉོན་དང་། །ན་ནིང་མངོན་ཤེས་བཤད་པ་དེ། །ད་ལོ་ཐོག་ཏུ་འཁེལ་ནས་གདའ། །ལྟད་མོ་ཉིན་བཞིན་ཆེ་རུ་འགྲོ །ལྟ་དད་ཅན་རྣམས་མ་འགྱོད་ཅིག །ཟེར་ནས་ནེ་ཙོ་རང་གནས་སུ་སོང་ངོ་། །ཉི་ནུབ་ཚུན་གླུ་གར་གྱི་མཆོད་པ་ཕུལ་བའི་རྗེས། དེ་ནས་གན་དྷེ་བཟང་མོས་མྱོས་ཤིང་རྨུགས་པར་བྱེད་པའི་རྫས་ངན་དྲུག་ཅུ་རྩ་གཉིས་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ལ་བཏབ། ལྷག་པར་གཟུགས་ཀྱི་ཉི་མ་ལ་བཏབ་སྟེ། མོ་རིགས་ངན་བུ་མོའི་སར་སོང་ངོ་། །
དེ་ནས་གན་དྷེ་བཟང་མོས་རིགས་ངན་བུ་མོ་དེ་ལ། ཡ་གི་ནེ་ཙོ་སྨྲ་མཁན་དེས་ངེད་རང་གཉིས་པོའི་བྱ་བ་འདི། རྒྱལ་པོའི་དྲུང་དུ་བྱ་སྐྱེལ་ཉེན་འདུག །དོ་ནུབ་ལ་དོན་ཆོད་པ་བྱེད་དགོས་ཟེར་བའི་ཞིབ་གཏམ་མང་པོ་གླེང་བའི་མཐར། དོ་ནུབ་སྲས་ཆུང་བ་ཟླ་བའི་གཞོན་ནུ་ཡབ་རྒྱལ་པོའི་མཆན་ནས་བརྐུས་ཏེ། གཟུགས་ཀྱི་ཉི་མའི་སྔས་མགོར་ཁྱེར་ཏེ་ཁོག་སྟོད་སྨད་ཕྲལ་ཞིང་ནང་ཁྲོལ་བཏོན་ནས་མོས་བསད་ཚུལ་བྱས་བཞག་ན། གཟུགས་ཀྱི་ཉི་མ་རྒྱལ་པོ་འཁོར་བཅས་ཀྱིས་སྲོག་དང་ཕྲལ་བ་ཐག་ཆོད་པས། སྲས་ཆུང་བ་ཟླ་བའི་གཞོན་ནུ་བཀྲོངས་པ་ལ་ཁྱོད་འགྱོད་དམ་མི་འགྱོད་ཅེས་གན་དྷེ་བཟང་མོས་རིགས་ངན་བུ་མོ་ལ་དྲིས་པས། རིགས་ངན་བུ་མོ་ན་རེ་གཟུགས་ཀྱི་ཉི་མ་མེད་པར་གཏོང་ནུས་ན། ང་དང་ཁྱོད་དང་རྒྱལ་པོ་གསུམ་མ་གཏོགས་གཞན་སུ་ལའང་འཕངས་པ་མེད། དེ་བཞིན་བྱེད། གཟུགས་ཀྱི་ཉི་མ་མེད་པར་བྱས་འདུག་ན། ཁྱོད་ཀྱང་དབུལ་བ་བྲལ་བའི་ལོངས་སྤྱོད་དང་ལྡན་པ་ཞེས་སྨྲས་སོ། །དེ་ནས་གན་དྷེ་བཟང་མོས་ནམ་གྱི་གསུམ་ཆ་ཙམ་སོང་བ་དང་། རྒྱལ་པོའི་ཕོ་བྲང་དུ་སོང་བས་རྒྱལ་པོ་འཁོར་བཅས་ནི་རྫས་དེའི་ནུས་པས་གོས་ཕུད་ནས་གཅེར་བུར་ཉལ། ལ་ལ་མགོ་མཇུག་སྒྱུར་ཏེ་ཉལ། ལ་ལ་ཁ་བུབ་ནས་ཉལ། ལ་ལ་ཁ་ཆུ་སྣ་ཆུ་འཛག་ཅིང་སོ་སྒྲ་འདེབས་ཤིང་འདུག །མོས་ཡིད་གཉིས་ཐེ་ཚོམ་མེད་པར་ཡབ་རྒྱལ་པོ་ཟླ་བའི་དེད་དཔོན་གྱི་གཟིམ་ཁང་དུ་སོང་སྟེ་ཡབ་ཀྱི་མཆན་ནས་སྲས་ཟླ་བའི་གཞོན་ནུ་ལོ་དྲུག་ལོན་པ་སྐུ་ན་གཞོན་ཞིང་བཀྲག་མདངས་མཚར་བ་ཡིད་འོང་ལྷའི་སྲས་དང་མཚུངས་པ་དེ་ཉིད། སྐུ་ལུས་ཕྱེད་ཙམ་ཕྱིར་ཐོན་འདུག་པ། རྒྱལ་པོའི་མཆན་ནས་བརྐུས་ཏེ་གཟུགས་ཀྱི་ཉི་མའི་སར་ཁྱེར་ནས། གྲི་གུས་ཁོག་སྟོད་དང་ཁོག་སྨད་ཕྲལ་ཏེ་སྔར་བཞིན་ཁོག་སྟོད་ཉི་མའི་གཡས་སུ་བཞག་ཁོག་སྨད་ཉི་མའི་གཡོན་དུ་བཞག །ནང་ཁྲོལ་ཐམས་ཅད་སྔས་མགོར་སྤུངས། ཁྲག་རྣམས་གཟུགས་ཀྱི་ཉི་མའི་ཁ་ནས་འཛག་ཚུལ་བྱས་ཏེ་བཞག་ནས། སྐད་མ་དོན་པར་ཡིད་ལ་གན་དྷེ་བཟང་མོའི་བསམས་པ་སྒྲུབ་བོ་ཟེར་སྤྲོ་བ་དཔག་མེད་སྐྱེས་ནས་རིགས་ངན་བུ་མོའི་སར་སོང་ངོ་། །
དེ་ནས་ནམ་ལང་དུ་ཉེ་བ་ན། བུ་སྟོར་བ་སྙིང་གིས་ཚོར་ཟེར་བ་བདེན་པར་འདུག །ཡབ་རྒྱལ་པོ་ཟླ་བའི་དེད་དཔོན་གྱིས་སྲས་ཆུང་བ་ཟླ་བའི་གཞོན་ནུ་མཆན་ནས་སྟོར་བ་སེམས་ཀྱིས་ཚོར་ཏེ་མནལ་བཞེངས་ནས་གཟིགས་པས། གར་སོང་ཆ་མེད། གཟིམ་ཁང་ནང་མ་ཟད་ཕོ་བྲང་སྟེང་འོག་ཐམས་ཅད་ལ་བཙལ་བས་མ་རྙེད། དེ་ནས་ཡབ་ཀྱིས་སྲས་རྒྱལ་པོ་ཟླ་བའི་སེང་གེ་བོས་ཏེ་གཟུགས་ཀྱི་ཉི་མའི་རྩར་སོང་བས། ཟླ་བའི་གཞོན་ནུའི་ཁོག་སྟོད་ཉི་མའི་གཡས་སུ་བཞག །ཁོག་སྨད་ཉི་མའི་གཡོན་དུ་བཞག །ནང་ཁྲོལ་ཐམས་ཅད་སྔས་མགོར་སྤུངས། ཁ་ནས་ཁྲག་འཛགས་ཏེ་འདུག་པ་ལས། དེ་མ་ཐག་ཏུ་རྒྱལ་པོ་ཡབ་སྲས་གཉིས་ཞེ་སྡང་འབར་ནས། ཟླ་བའི་སེང་གེས་ཉི་མའི་སྐེ་གཅོད་པར་བརྩམས་པས། ནེ་ཙོ་སྨྲ་མཁན་གར་ཡོང་ཆ་མེད་པར་རྒྱལ་པོའི་དྲུང་དུ་འོངས་ནས་འདི་སྐད་ཞུས། ཀྱེེ། རྒྱལ་པོ་ཆེན་པོ་སྙན་གསོན་དང་། །བྱ་བ་ཐམས་ཅད་བརྟག་ནས་བྱ། །མ་བརྟག་པ་ལ་བྱ་མི་རུང་། །རྒྱལ་པོ་དང་ནི་ནེ་ཙོ་བཞིན། །ཞེས་ཞུས་པས། རྒྱལ་པོས་རྔོན་པའི་བུ་ཡིས་ང་རེ་བསླུས། །ཤ་ཟ་མཁའ་འགྲོ་འདི་ལྟ་བུས། །དགོས་པའི་གླང་ཆེན་དེ་རུ་བཀུམ། །དེ་འཕྲལ་སྲོག་དང་ཕྲལ་རྩིས་ལ། །ནེ་ཙོའི་ཁ་ལ་ཉན་པས་ཉེས། །བདེན་མེད་ནེ་ཙོའི་བློ་བྲིད་ཀྱིས། །ཕོ་བྲང་ཐམས་ཅད་མི་རོས་གང་། །དེ་འདྲའི་གཏམ་ལ་ཤོད་ལོས་མེད། །དེ་བས་ནེ་ཙོ་གཤིན་རྗེའི་གནས་སུ་བཞུད་གསུངས་ནས་རལ་གྲི་ནེ་ཙོའི་སྐེ་ལ་བརྒྱབ་སྟེ་ནེ་ཙོ་དེར་བཀུམ་མོ། །
དེ་ནས་གཟུགས་ཀྱི་ཉི་མའི་སྐེ་གཅོད་པར་བརྩམས་པ་དང་གཟུགས་ཀྱི་ཉི་མ་དེའི་ཞལ་རས་མཐོང་བས། ཤིན་ཏུ་མཚར་ཞིང་ཡིད་དུ་འོང་བ་ནས་རྒྱལ་པོ་རང་ཡང་སྙིང་བརྩེ་དྲགས་པའི་སྟབས་ཀྱིས་གསོད་མ་ནུས་པར། རལ་གྲི་ཡབ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས་བདག་ནི་ཡུན་རིང་འགྲོགས་པ་དང་། ཐག་རིང་ནས་དཀའ་ལས་ཀྱིས་བཀུག་པའི་བཙུན་མོར་སོང་བའི་སྟབས་ཀྱིས་གསོད་མི་ནུས་པར་གདའ་བས། ཡབ་ཀྱིས་བསྒྲལ་བར་ཞུ་ཞུས་པས། དེ་མ་ཐག་ཏུ་ཡབ་ཀྱིས་རལ་གྲི་ཁྱེར་ཏེ་གསོད་དུ་བྱོན་པས། རལ་གྲིས་སྐེ་བྲེག་པར་བརྩམ་པ་ན་གཟུགས་ཀྱི་ཉི་མའི་ཞལ་རས་མཐོང་བས། ཡིད་དུ་འོང་ཞིང་མཚར་དྲགས་པའི་སྟབས་ཀྱིས་སྐེ་གཅོད་མ་ནུས་པར་སླར་ལོག་བྱོན། དེ་ནས་རྒྱལ་པོ་ཡབ་སྲས་བཀའ་བློན་འབངས་བཅས་པ་རྣམས་བཀའ་གྲོས་མཛད་པས། ཁ་ཅིག་གིས་མོ་རང་ཡུལ་གཞན་དུ་སྤྱུགས་པ་དྲག་ཟེར། ཁ་ཅིག་གིས་མོ་རང་སྔར་ནས་འོངས་པའི་སར་སྐྱེལ་བ་དྲག་ཟེར། ཁ་ཅིག་གིས་ད་རུང་འདི་འདྲའི་བཙུན་མོ་རྙེད་པར་དཀའ་བས་ནག་རན་པ་གཅིག་ཕབ་སྟེ་བཞག་པ་དྲག་ཟེར་ཁ་མི་མཐུན་པ་མང་པོ་བྱུང་། དེ་ནས་བདུད་བློན་དུག་གི་རལ་པ་ཅན་ཞེས་བྱ་ཤིན་ཏུ་ཁྲོ་ཞིང་གཏུམ་པ། སྲོག་གཅོད་ཀྱི་ལས་ལ་ལྷག་པར་དགའ་བ་གཅིག་ཡོད་པ་དེས་གཙོས་སྡིག་བློན་རྣམས་ན་རེ། འདི་ལ་ཐོབ་མི་ཐོབ་ཀྱི་དབང་དུ་སོང་ན། གྲོང་ཁྱེར་གྱི་སུམ་མདོ་རྣམས་སུ་ཤ་ཁྲག་རྣམས་སིལ་བུར་བཏུབ་སྟེ་ཁྱི་དང་གཅན་གཟན་ལ་སོགས་པར་སྟེར་བར་རིགས་ཏེ། དེ་དག་རྒྱལ་པོ་ཡབ་སྲས་ཀྱིས་ཐུགས་མི་བཟོད་པ་འདུག་པས། ད་ནི་གཤེད་མ་མི་གསུམ་ལ་སྤྲད་ནས་ཤར་ལྷོའི་མཚམས་སུ་ཉི་མ་གསུམ་ཙམ་ཕྱིན་པའི་སར། དུར་ཁྲོད་ཆེན་པོ་ཁྲག་མཚོ་འཁོལ་བ་ཞེས་བྱ་བ་ན། ཤིན་ཏུ་འཇིགས་སུ་རུང་བ་དང་མི་མ་ཡིན་པའི་གདུག་པ་ཅན་དེ་དག་རྣམ་པར་རྒྱུ་ཞིང་། ཁྱད་པར་ཤ་བཟའི་ཚོགས་དང་། སྲིན་པོའི་ཚོགས་འཇིགས་པའི་གཟུགས་ཅན་རྣམས་ཀྱིས་གང་བ། ཉིན་པར་ཁྲག་དང་ཞག་གི་རྒྱ་མཚོ་འཁྱིལ་ཞིང་། མཚན་མོ་ས་ཕྱོགས་ཐམས་ཅད་གདུག་པའི་མེ་ལྕེ་རབ་ཏུ་འབར་བ། ཝ་དང་ལྕེ་སྤྱང་དང་འདྲེ་དང་མི་རྒོད་ལ་སོགས་པའི་གཅན་གཟན་རྣམས་ཀྱིས་ནི་མི་སྙན་པའི་སྒྲ་དུ་མ་སྒྲོག་པ། སྦྲུལ་སྦྲམ་འབྱིན་ལ་སོགས་པའི་དུག་སྦྲུལ་གདུག་པ་ཅན་རྣམས་ཀྱིས་ཁ་རླངས་སྤྲིན་ལྟར་འཐིབས་པ། སྐྱེ་འགྲོའི་སྲོག་དབུགས་ལེན་པར་བྱེད་པའི་འདྲེ་སྲིན་གདུག་པ་ཅན་རྣམས་ཀྱིས་དུས་རྒྱུན་ཆད་མེད་པར་གང་བ། ཀེང་རུས་དང་རོ་དང་རོ་དུམ་ལ་སོགས་རང་སར་འཁྲབ་ཅིང་། ཚེག་སྒྲ་སྒྲོག་པ་ཞིག་ཡོད་པ་དེར་བསྐྱལ་ཏེ་གཤེད་མ་གསུམ་པོ་ལ་ཤ་ཁྲག་གཏོར་དུ་འཇུག་དགོས། ཁོང་གསུམ་ལ་རྔན་པ་ཡང་རྒྱལ་པོའི་མངའ་རིས་ཀྱི་གསུམ་ཆ་སྟེར་བ་གནང་། དེ་བཞིན་མ་བྱས་ན་རྒྱལ་པོ་ཡབ་སྲས་ཀྱང་སྲོག་དང་འབྲལ་ཞིང་རྒྱལ་སྲིད་ཀྱང་སྟོངས་པར་འགྱུར་རོ་ཞེས་ཞུས་པས། ཐམས་ཅད་སྡིག་བློན་རྣམས་ཀྱིས་ཁ་ལ་ཉན་ཏེ། གཟུགས་ཀྱི་ཉི་མ་གཤེད་མ་གསུམ་གྱི་ལག་ཏུ་སྤྲད་ནས། ཁྱོད་གསུམ་གྱིས་འདི་དུར་ཁྲོད་ཁྲག་མཚོ་འཁོལ་བའི་གནས་སུ་ཁྲིད་དེ་སོད་ཅིག །དེ་ལྟར་བྱས་ན་ཁྱོད་གསུམ་ལ་རྔན་པ་རྒྱལ་པོའི་མངའ་རིས་གསུམ་ཆ་སྟེར་རོ་ཞེས་སྨྲས་པས། ཁོང་གཤེད་མ་གསུམ་པོས་དེ་མ་ཐག་ཏུ་གཟུགས་ཀྱི་ཉི་མའི་ཡན་ལག་རྣམས་ལྕགས་སྒྲོག་གིས་བསྡམས། སྐུ་ལུས་ཀྱི་ན་བཟའ་རྣམས་ཕུད། མཛེས་པའི་རྒྱན་རྣམས་བཀྲོལ་ནས་ཚེར་མའི་ལྕུག་གིས་བརྡུངས། རེ་བ་ནག་པོའི་གོས་ཀྱིས་སྐུ་སྨད་དཀྲིས། སྐེ་ལ་ཞགས་པ་ནག་པོ་བརྒྱབས་ནས་གཤེད་མ་རྣམས་ཀྱིས་སྔ་ཐག་ཕྱི་ཐག་བྱས་ཏེ་ཕོ་བྲང་གི་ཕྱིར་ཁྲིད་ཡོངས་བས། དེ་མ་ཐག་ཏུ་ས་རྣམས་ཁུལ་བུར་གཡོས་ཤིང་། ཉི་མ་དང་ཟླ་བའི་འོད་ཀྱང་མི་སྣང་ངོ་། །མྱ་ངན་མེད་པའི་ཚལ་ཞེས་བྱ་བ་དེ་ཡང་མྱ་ངན་གྱིས་ཁུང་བུར་ཚུད། མེ་ཏོག་པདྨ་དང་ཨུཏྤལ་ལ་སོགས་ཀྱང་རྙིད་ཅིང་སད་ཀྱིས་ཁྱེར། གསར་པ་མི་ཤར་བ་དང་། འབྲས་བུའི་ལྗོན་ཤིང་རྣམས་ཀྱང་ལོ་མ་དང་མེ་ཏོག་འབྲས་བུ་རང་སར་བསྐམས། ཡན་ལག་བརྒྱད་དང་ལྡན་པའི་ནེའུ་གསེང་དང་། རྫིང་བུ་ཡང་བསྐམས་པར་གྱུར། ཁྱད་པར་སྐད་སྙན་སྒྲོག་པའི་བྱ་ཀ་ལ་པིང་ཀ་ལ་སོགས་འདབ་ཆགས་རྣམས་ཀྱང་བྲང་ས་ལ་བརྡབས་ཏེ་ཁ་ནས་ཁུན་འདེབས་པ་སོགས་བྱེད། ཝ་དང་ལྕེ་སྤྱང་འཕར་བ་ལ་སོགས་པ་གདུག་པའི་གཅན་གཟན་རྣམས་ཀྱང་གདུག་པའི་སྐད་མི་སྙན་པ་སྒྲོག་ཅིང་གྲོང་ཁྱེར་གྱི་སུམ་མདོ་དང་བཞི་མདོ་རྣམས་སུ་མཆོངས་པ་ལ་སོགས་པའི་ལྟས་ངན་གྱིས་ཕྱོགས་ཐམས་ཅད་གང་བར་གྱུར་པས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་འདྲའི་ལྟས་ངན་ཆེ་བ་ཅི་ཞིག་ཡིན། རྒྱལ་པོ་ཡབ་ཡུམ་གྱི་སྐུ་ཚེ་ལ་བར་ཆད་ཡོང་བ་ནི་མིན་ཡིན་ཆེ། འདི་ཅི་ཡིན་མི་ཤེས་ཟེར་ནས་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་ལྟ་བར་དེངས་ཟེར་རྒྱལ་པོའི་ཕོ་བྲང་གི་སྒོ་ཁར་ཕྱིན་པས། མཚར་ཞིང་ཡིད་དུ་འོང་བའི་བཙུན་མོ་གཟུགས་ཀྱི་ཉི་མ་གཤེད་མ་གསུམ་གྱིས་སྔ་ཐག་ཕྱི་ཐག་བྱས་དྲུད་པ་དང་བརྡེགས་པ་བརྡུངས་པ་ལ་སོགས་མཐོང་བས། མི་རྣམས་ཀྱིས་བྲང་བརྡུངས་ཤིང་འདུག །ལ་ལ་ཁུ་ཚུར་སེན་མོས་བྲེད་ཅིང་འདུག །ལ་ལ་ལུས་ས་ལ་བརྡབས་ཤིང་འདུག །ལ་ལ་དྲན་མེད་དུ་འགྱེལ། ལ་ལ་ཁ་གདངས་མིག་གདངས་ནས་ཧ་ལས་ཏེ་ལུས་པ་ལ་སོགས་པས། གྲོང་ཁྱེར་གྱི་སྐྱེ་བོ་རྣམས་མྱ་ངན་གྱི་ཁུང་བུར་ཚུད་དེ་འདུག་པས། དེའི་དུས་སུ་གཟུགས་ཀྱི་ཉི་མ་ཡང་གཤེད་མ་མི་གསུམ་པོས་བརྡེགས་པ་དང་དྲུད་པ་དང་བརྡུངས་པ་ལ་སོགས་པའི་སྡུག་བསྔལ་མི་བཟོད་པར། འཁོར་འབངས་རྣམས་ལ་འདི་སྐད་ཅེས་གསུངས་སོ། །
ཀ་ཡེ་གསོན་དང་འདིར་ཚོགས་འཁོར་འབངས་ཀུན། །ཨ་ཕ་ཕ་ཡེ་ཟུག་གཟེར་འདི་འདྲ་ནི། །ཨ་ཀ་ཁ་ཡེ་བུ་མོ་ཅི་ཉེས་པ། །ཀྱེ་ཧུད་ཀྱེ་ཧུད་རྒྱལ་པོས་ཅི་བསམ་པ། །ཨ་ཙ་མ་ན་བཟོད་གླགས་མི་འདུག་པས། །ཀྱེ་མ་ཀྱི་ཧུད་ར་མདའ་གཞན་ན་མེད། །ལས་ངན་བསགས་པའི་རྣམ་སྨིན་ཡིན་ལས་ཆེ། །འདི་ལ་བསམས་ལས་མི་དགེ་བཅུ་ལ་འཛེམས། །ཞེས་སྨྲེ་སྔགས་ཀྱིས་གསུངས། འཁོར་འབངས་རྣམས་ཀྱི་ནང་ནས་བློ་གྲོས་ཆེ་ཞིང་། ཤེས་རིག་ལྡན་པ་རྣམས་ཀྱིས་བཙུན་མོ་གཟུགས་ཀྱི་ཉི་མ་ལ་འདི་ལྟར་ཞུས་སོ། །ཀྱེ་མ་ཡིད་འཕྲོག་རབ་མཛེས་ལྷ་གཅིག་བཙུན་མོ་ཁྱོད། །འཁོར་འབངས་ནང་ནས་གྲོགས་མེད་གཅིག་པུར་བྱོན། །མཛེས་པའི་རྒྱན་བཀྲོལ་འཇམ་པའི་གོས་ཕུད་ནས། །དགའ་བའི་གྲོགས་དང་བརྩེ་བའི་གཉེན་བོར་ཏེ། །རྔམས་ཤིང་འཇིགས་པའི་གཤིན་རྗེའི་གཤེད་མས་བཟུང་། །ཚངས་དབྱངས་མགུལ་ལ་བདུད་ཞགས་ནག་པོས་བཅིངས། །འཇམ་མཉེན་ཡན་ལག་ལ་སོགས་ལྕགས་སྒྲོག་བསྡམས། །ཅི་འདྲ་ཅི་ཉེས་འདི་འདྲ་ཕོད་ལགས་སམ། །ཆོས་རྒྱལ་ཆེན་པོ་གདོན་གྱིས་མ་བསླུས་སམ། །མ་ངུས་མིག་ནས་མཆི་མ་ལུས་ཀྱང་ཞོམ། །ངུས་པས་མིག་ནས་ཁྲག་གི་ཆར་པ་བབས། །དྲན་པ་བཟུང་ཡང་རྣམ་ཤེས་ཕྱ་མ་ཕྱོ། །ལུས་གཟུགས་བསྲངས་ཀྱང་གོམ་པ་འཁྱར་མ་ཁྱོར། །འདི་འདྲའི་འོ་བརྒྱལ་ཉེས་པ་ཅི་ཞིག་མཛད། །བདག་ཅག་འཁོར་འབངས་ལོངས་སྤྱོད་རྒྱན་ཕུལ་ནས། །ཉེས་ན་ཞུ་འབུལ་དྲང་པོར་གསུངས་ཞུས་པས། །གཟུགས་ཀྱི་ཉི་མས་འདི་སྐད་ཅེས་གསུངས་སོ། །ཀ་ཡེ་གསོན་དང་འདིར་ཚོགས་འཁོར་འབངས་ཀུན། །བུ་མོས་མ་ཉེས་ཉེས་ན་ཅི་སྨྲོས་མཆིས། །ཁོ་མོས་སྡུག་བསྔལ་འདི་འདྲ་མཐོང་ཙ་ན། །བྱ་རིན་ཆོག་པའི་དམ་ཆོས་མི་བྱེད་པར། །འཁོར་བའི་ཆོས་ལ་སྙིང་པོ་ཅི་ཞིག་འདུག །མི་རྟག་ཚེ་ལ་རང་དབང་ཅི་ཞིག་འདུག །བསགས་པའི་ནོར་ལ་སྙིང་པོ་ཅི་ཞིག་འདུག །མཛའ་བའི་གྲོགས་ལ་ཕྱི་ཐག་ཅི་ཞིག་འདུག །གསར་འགྲོགས་ཅན་ལ་ཁྲེལ་གཞུང་ཅི་ཞིག་འདུག །ངོ་བསྟོད་མཁན་ལ་བློ་གཏད་ཅི་ཞིག་འདུག །འགྲོ་འདུག་གནས་ཚུལ་འདི་ལྟར་ཡིན་པ་ལ། །འཁོར་བའི་ཆོས་སྤོངས་དགེ་བའི་ལས་ལ་འབུངས། །ཞེས་གསུངས་པས། དེའི་དུས་སུ་རྒྱལ་པོ་ཟླ་བའི་སེང་གེས་ཀྱང་འཁོར་འབངས་ཚོས་སྨྲེ་སྔགས་འདོན་ཞིང་ཉམ་ཐག་པའི་ཅ་ཅོའི་སྐད་སྒྲ་སྒྲོག་པ་དེ་གསན་ནས། ཐུགས་ཀྱིས་མ་བཟོད་པར་ཕོ་བྲང་གི་ཕྱིར་བྱོན་བྱུང་བས། འཁོར་འབངས་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་རང་ཅག་རྣམས་ཀྱི་ལྷ་གཅིག་ཚུར་གསོན་དང་། །རང་སྡུག་རང་གིས་མྱོང་བའི་འཁོར་བ་ལ། །རང་ཤ་རང་གིས་ཟ་བ་ཡི་དྭགས་རིགས། །རང་སྲོག་རང་གིས་གཅོད་པ་ཕྱེ་མ་ལེབ། །རང་སྙིང་རང་གིས་བཏོན་ནས་གཤེད་མ་ལ། །རང་ཤ་དྲོན་མོ་སྟེར་བ་ད་རེས་ཙམ། །རང་མགོ་རང་གིས་མ་སྨད་ལྷ་ཡི་སྲས། །ཞེས་ཞུས་པས། སྡིག་བློན་རྣམས་ཁྲོས་ཏེ་རྒྱལ་པོའི་དྲུང་དུ་ཕྱིན་ནས། ཀྱེེ་རྒྱལ་པོ་ཆེན་པོ་ལགས། རྒྱལ་པོ་དང་བུ་མོས་བྱ་བ་ལན་གཅིག་ཟེར། སྔོན་མའི་གཏམ་གྱི་རྗེས་ཕྱི་མས་གནོན་པ་ཡིན། ནག་ཅན་དཔོན་པོས་མི་སྐྱོང་། སྡིག་ཅན་བླ་མས་མི་འདྲེན་པའི་དཔེ། རྒྱལ་པོས་སྨྲ་བ་ལན་གཅིག་ཡིན་པར་ནག་ཅན་གྱི་ཁྲིམས་ས་འདིར་བཞུགས་ན། སྐུ་ལ་བཙོག་གྲིབ་ཕོག་ཉེན་ཡོད་པས། དེ་བས་ཕོ་བྲང་ནང་དུ་བཞུད་ཟེར་གདན་དྲངས་སོ། །
དེ་ནས་གཟུགས་ཀྱི་ཉི་མའི་བསམ་པ་ལ། ཁོ་མོ་ནག་ལས་མི་འགྲོལ་བའི་ཁར། ཁོང་འཁོར་འབངས་འདི་རྣམས་ཀྱིས་རྒྱལ་པོ་ལ་ཚིག་ངན་གྱི་སྐུར་བ་མང་རབ་ཅིག་བཏབ་སོང་བས། ཁོང་རྣམས་ལ་ནག་ཆད་སྤྱད་དོགས་ནས་འཁོར་འབངས་རྣམས་ལ་འདི་སྐད་ཅེས་གསུངས་སོ། །སྔོན་ཆད་གནས་འདི་མུ་སྟེགས་གདོལ་པའི་གླིང་། །དེང་སང་དུས་འདིར་ཆོས་ཀྱི་ལྡུམ་ར་བཞིན། །ལེགས་བཤད་སྦྲང་རྩི་བཏུང་མཁས་བུང་བའི་ཚོགས། །ཆོས་ཀྱི་སྒྲ་དབྱངས་སྙན་པའི་དྲིལ་ཁྲོལ་དུས། །བདུད་རིའི་སད་དང་ནག་པོའི་རླུང་ཤུགས་ཀྱིས། །པད་མའི་ཚལ་བཅོམ་བུང་བའི་ཚོགས་རྣམས་གཏོར། །རྒྱལ་པོ་ཟླ་བ་སྡིག་བློན་སྤྲིན་གྱིས་སྒྲིབ། །གཟུགས་ཀྱི་ཉི་མ་སྒྲ་གཅན་གཤེད་མས་བཟུང་། །མཐའ་མེད་གནས་སུ་ལུས་སྲོག་དོར་དགོས་པ། །རྒྱལ་པོས་མ་ལན་བུ་མོས་ཅི་ཉེས་པ། །ཚིག་ངན་མེ་ཏོག་རྗེ་ལ་མ་གཏོར་ཅིག །ཅེས་གསུངས་པས། འཁོར་འབངས་རྣམས་གདུང་ཤུགས་དྲག་པོས་མཆི་མ་ཁྲག་བཞིན་འཛག་པའི་ངང་ནས་འདི་སྐད་ཞུས། བདག་ཅག་མགོན་སྐྱབས་མེད་པ་རྣམས་ཀྱི་སྐྱབས། །ཕ་མ་མེད་པའི་དྭ་ཕྲུག་རྣམས་ཀྱི་མ། །དབུལ་ཕོངས་རྣམས་ལ་ཟས་ནོར་བདེ་སྟེར་མ། །བདེ་སྐྱིད་ཀུན་སྩལ་བསམ་འཕེལ་ནོར་བདག་མ། །ངེད་རྣམས་བོར་ནས་གང་དུ་གཤེགས་ལགས་སམ། །མ་རིག་མུན་སེལ་སྒྲོན་མེ་གང་དུ་གཤེགས། །ཕོངས་པ་ཀུན་གྲོལ་ཁྱེད་ཉིད་མི་བཞུགས་ན། །ཕ་མས་བོར་བའི་དྭ་ཕྲུག་ཇི་བཞིན་དུ། །བདག་ཅག་རྣམས་ཀྱི་རེ་ལྟོས་སུ་ལ་བཅོལ། །ཞེས་ཞུས་ཏེ་ཐམས་ཅད་ངུས་པས། གཟུགས་ཀྱི་ཉི་མས་ཡང་ཁོང་རྣམས་ཀྱི་གདོང་ལ་གཟིགས་ནས་སྤྱན་ཆབ་མང་པོ་ཤོར་ཞིང་། ཁོང་རྣམས་ལ་བྱམས་དང་སྙིང་རྗེ་དཔག་ཏུ་མེད་པ་ཐུགས་ལ་འཁྲུངས་ནས་འདི་སྐད་ཅེས་གསུངས་སོ། །
རེ་ས་གཞན་ན་མེད་དོ་དཀོན་མཆོག་གསུམ། །སྐྱབས་གནས་གཞན་ན་མེད་དོ་དཀོན་མཆོག་གསུམ། །དཀོན་མཆོག་རིན་ཆེན་གསུམ་གྱིས་བདག་ལ་དགོངས། །འགྲོ་བའི་སྐྱབས་མཆོག་བསླུ་མེད་དཀོན་མཆོག་གསུམ། །བདག་ལ་གདུང་བའི་འཁོར་འབངས་འདི་དག་ནི། །མིག་གི་བུམ་ཆུས་བྱད་ལ་ལྷ་ཁྲུས་གསོལ། །བཞིན་གྱི་དཀྱིལ་འཁོར་སོར་མོའི་ཐིག་ལེར་སྦྲན། །སྐྲ་ཡི་མེ་ཏོག་སྤར་མོའི་སྙིམ་པས་གཏོར། །ལག་པའི་དབྱུག་གུས་བྲང་ལ་རྔ་བརྡུངས་ཤིང་། །མགྲིན་པ་བཏེགས་ནས་ངུ་འབོད་གླུ་དབྱངས་ལེན། །ལུས་ཚུགས་མི་ཐུབ་རང་སར་གར་སྟབས་བསྒྱུར། །མྱ་ངན་ཐང་ལ་སྡུག་བསྔལ་བྲོ་འཁྲབ་པས། །སྐྱབས་མེད་མགོན་མེད་འགྲོ་བ་འདི་དག་ལ། །མཁྱེན་པས་དགོངས་ལ་བརྩེ་བས་གཟིགས་སུ་གསོལ། །རེ་བ་ལྟོས་ས་གཞན་ན་མི་གདའ་བས། །གཡེང་མེད་མགོན་མེད་ཐུགས་རྗེས་བསྐྱབས་སུ་གསོལ། །ཞེས་གསུངས་མ་ཐག་ཏུ་གཤེད་མ་མི་གསུམ་པོས་གཟུགས་ཀྱི་ཉི་མ་ཕྱོགས་ཀྱི་ཤིང་རྟ་འདེད་པ་ལྟར་སྐད་ཅིག་དེ་ཉིད་ལ་དུར་ཁྲོད་ཁྲག་མཚོ་འཁོལ་བའི་སར་ཁྲིད་པས། འཁོར་འབངས་རྣམས་ཀྱིས་ཀྱང་མཉམ་དུ་ཤི་ན་ཅི་མ་རུང་ཟེར་ཐམས་ཅད་དེའི་རྗེས་ལ་འབྲངས་པས། ལ་ལ་འདོད་སྲེད་ལོངས་སྤྱོད་ལ་ཆགས་ནས་ལུས། ལ་ལ་ངལ་ཞིང་དུབ་པས་ལུས། ལ་ལ་བཀྲེས་ཤིང་སྐོམ་སྟེ་ཐང་ཆད་དེ་ལུས། འོན་ཀྱང་ཕལ་ཆེར་ནི་ཉིན་ལམ་གཉིས་ཀྱི་སར་ཕྱིན་ནོ། །
དེ་ནས་གཤེད་མ་གསུམ་པོ་ཡང་ངལ་ཞིང་དུབ་ནས། དེ་ནུབ་དེར་ལུས་པས། འཁོར་འབངས་རྣམས་ཀྱང་གཟུགས་ཀྱི་ཉི་མའི་དྲུང་དུ་འཁོར་ནས་འདི་སྐད་ཅེས་གསོལ་བ། ཉིན་བྱེད་འོད་ཀྱིས་འཁྱིལ་བ་གངས་རིའི་སྐུ། །གསུང་དབྱངས་སྒྲ་ལས་མི་འགྱུར་ཆད་མེད་རྔ། །ཁྱེད་ཐུགས་ཆོས་རྣམས་ཀུན་གསལ་པད་མའི་གཉེན། །བདེ་སྐྱིད་ལོ་ཏོག་ཀུན་སྤེལ་རྒྱལ་མཚོའི་གོས། །བསམ་འཕེལ་རེ་བ་སྐོང་བ་ཡིད་བཞིན་ནོར། །ལྷ་གཅིག་བཙུན་མོའི་མཆོག་བདག་གསན་པར་ཞུ། །ཁྱེད་ལྟ་བུའི་སྐུ་ལུས་མཚར་ཞིང་ཡིད་དུ་འོང་བ། བལྟས་ན་མཛེས་ཤིང་རེག་ན་འཇམ་པ་ལྟ་བས་ཆོག་མི་ཤེས་པ་འདི་ལྟར་ལ། གཤེད་མ་རྣམས་ཀྱིས་ཤ་ཟའི་ཚོགས་རྣམས་ལ་ལུས་དུམ་བུར་གཏུབས་ཏེ་སྟེར་བར་ནུས་ན། བདག་ཅག་རྣམས་ལུས་མི་སྡུག་ཅིང་མདོག་ནག་པ་བལྟས་ན་མི་མཛེས་པ། མི་ལུས་ཀྱི་ཐ་མ་འདི་ལྟ་བུ་ཅིའི་ཕྱིར་སྟེར་བར་མི་ནུས། བདག་ཅག་རྣམས་ཀྱང་སྲོག་མཉམ་པོར་དོར། ཡང་ན་བདག་ཅག་རྣམས་ཀྱི་གོས་དང་རྒྱན་དང་ཟས་སྐལ་རྣམས་གཤེད་མ་གསུམ་ལ་བྱིན། ངེད་རང་རྣམས་རྒྱལ་རིགས་མི་གཅིག་པའི་སར་བྲོས་ཕྱིན་ན་ཅི་མ་རུང་ཞེས་ཞུས་པས། ཉི་མས་ཁྱེད་རྣམས་དེ་ལྟར་མ་ཟེར་ཅིག །ཁོ་མོ་ནི་རང་སྲོག་དབང་མེད་དུ་དོར་དགོས་པ་བྱུང་། ཁྱེད་རྣམས་གོང་དུ་དལ་འབྱོར་རྙེད་པར་དཀའ་བ་འདི་ཐོབ་དུས། དགོས་མེད་ཀྱིས་རང་སྲོག་དོར་ན། སྐྱེ་བ་ལྔ་བརྒྱའི་བར་དུ་སྲོག་དོར་དགོས་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡོད་པས་དེ་འདྲ་མ་སོམས་ཤིག །ཡང་གཤེད་མ་རྣམས་ལ་རྔན་པ་བྱིན་ཏེ་ཡུལ་ཕྱོགས་གཞན་དུ་འགྲོ་བ་མི་རིགས་ཏེ། གཅིག་ནས་གཤེད་མས་ཀྱང་མི་ཉན། ཁྱེད་རྣམས་ཀྱི་རྒྱན་གོས་ལས་རྒྱལ་པོའི་མངའ་རིས་གསུམ་ཆ་དགའ། གཉིས་ནས་ཁྲིམས་དང་འགལ་བས་རྒྱལ་པོའི་མངའ་རིས་བརླག་འགྲོ་ཞིང་གཤེད་མ་གསུམ་ལ་ནག་ཆད་ཕོག །དེ་འདྲའི་ལས་ངན་གསོག་དོན་ཆུང་། དེ་བས་ཁྱེད་རྣམས་རང་སར་ལོག་ལ་རྒྱལ་པོའི་ཞབས་ཏོག །ཉེ་འབྲེལ་གྱི་འགྲོ་ལམ། བུ་སྨད་ཀྱི་གསོ་སྐྱོང་སོགས་ཚུལ་དང་མཐུན་པའི་སྒོ་ནས་མི་དགེ་སྤོངས་ཤིང་རྒྱལ་ཁྲིམས་དང་མ་འགལ་བར་མཛོད། ཁོ་མོ་གཅིག་པོ་གུམ་པ་ལ་ཁྱེད་རྣམས་ཚ་གྲང་ཅི་མཆིས། ཁོ་མོ་ལ་སྙིང་གིས་མི་བཟོད་པ་ཡོད་ན་ཁོ་མོའི་དོན་དུ་ཡར་དཀོན་མཆོག་ལ་མཆོད་པ།
བར་དགེ་འདུན་ལ་བསྙེན་བཀུར། མར་ངན་སོང་ལ་སྦྱིན་གཏོང་སོགས་དགེ་རྩ་རྒྱ་ཆེན་བསྒྲུབ་པ་དང་། བླ་མ་དམ་པའི་དྲུང་དུ་ཚུལ་ཁྲིམས་བགོ་སྐལ་རེ་ལོངས་ལས་གཅེས་པར་སྲུངས་མཛོད། ཁོ་མོའི་བསམ་པ་དེ་ཡིས་རྫོགས་ཞེས་གསུངས་པས། འཁོར་འབངས་རྣམས་སྡུག་བསྔལ་གྱིས་ཉམ་ཐག་འོ་དོད་འབོད་པའི་ཁ་ནས་ཁྲག་རྒྱན་འཛག་ཅིང་། ལ་ལ་དྲན་མེད་དུ་འགྱེལ། ལ་ལ་ངུ་ཞིང་བྲང་བརྡུངས། དེ་ནས་ཡུད་ཙམ་ཞིག་ནས་ཁོང་རྣམས་ཀྱིས་བཙུན་མོ་དམ་པ་རིན་པོ་ཆེ་ངེད་རྣམས་ཕྱག་ཕྱིར་མ་ཁྲིད་ཐག་ཆོད་ཕྱིར་ལྡོག་འདོད་ན། ངེད་རྣམས་ཀྱི་སེམས་ལ་ཕན་པའི་གདམས་ངག་དང་། འཁོར་བ་ལས་བློ་ལྡོག་པའི་ཆོས་ཤིག་ཞུ། ཅི་གསུང་དང་དུ་ལོན་པ་ལས་འོས་མེད་ཅེས་ཞུས་པས། གཟུགས་ཀྱི་ཉི་མས་འདི་སྐད་ཅེས་གསུངས་སོ། །གདམས་ངག་ལོག་ནས་བཙལ་དགོས་པ་གདའ་ཡེ། །ཁོ་མོ་ཡི་སྣང་ཚུལ་འདི་ལ་གཟིགས་དང་། །འཁོར་བའི་ཆོས་ལ་སྙིང་པོ་གདའ་ཡེ། །འཆི་བདག་བདུད་པོའི་ཁར་ཚུད་པའི་དུས་འདིར། །གཉེན་དང་མཛའ་བཤེས་ཀྱི་ཕན་པ་གདའ་ཡེ། །ལུས་དང་ལོངས་སྤྱོད་ཀྱི་ཕན་པ་གདའ་ཡེ། །འཁོར་འབངས་མངའ་ཐང་གི་ཕན་པ་གདའ་ཡེ། །ཁྱིམ་བདག་བུ་སྨད་ཀྱི་ཕན་པ་གདའ་ཡེ། །མཁར་དང་ཡུལ་ཞིང་གི་ཕན་པ་གདའ་ཡེ། །འགྲོགས་པའི་སྐྱེས་པ་དེས་ཕན་པ་གདའ་ཡེ། །སྙིང་མེད་ཆུའི་ལྦུ་བ་འདི་རྣམས་མི་དགོས། །ཉེ་འབྲེལ་དང་མཛའ་བཤེས་ཀྱི་དགོས་པ་མེད། །ལུས་དང་ལོངས་སྤྱོད་རྣམས་ཀྱི་དགོས་པ་མེད། །འཁོར་འབངས་དང་མངའ་ཐང་གི་དགོས་པ་མེད། །ཁྱིམ་བདག་བུ་སྨད་སོགས་ཀྱི་དགོས་པ་མེད། །མཁར་དང་ཡུལ་ཞིང་རྣམས་ཀྱི་དགོས་པ་མེད། །གཅིག་ཀྱང་དགོས་མེད་ཚེ་ཐུང་རྨི་ལམ་ཙམ། །འདི་ལས་དམ་པའི་ཆོས་མི་དྲན་པ་རྣམས། །སྡིག་པའི་ལས་སོགས་ལ་ཁོམ་པར་གདའ་ཡེ། །ཀ་ཡེ་ད་རུང་གསོན་དང་འཁོར་འབངས་ཀུན། །ན་ལ་ལྟ་བུ་བུ་མོ་འཕྱོར་འདོད་ཀུན། །མོ་ཁྲོམ་ནང་དུ་སྟོད་ཁ་ལྡང་། །ཕོ་ཁྲོམ་ནང་དུ་སྨད་ཁ་ལྡང་། །ཁྲམ་དང་དབྱེན་གྱི་ཁྱོས་མ་ཁྱེར། །གྲོང་ཁྱེར་སྟོད་སྨད་ཁྱི་ལྟར་འཁྱམས། །ནོར་མཐོང་ཐམས་ཅད་རྒྱན་དུ་རེ། །མོ་མཐོང་ཐམས་ཅད་གྲོགས་སུ་རེ། །ཕོ་མཐོང་ཐམས་ཅད་ཁྱོ་རུ་རེ། །ཁྱིམ་བདག་བྱས་པའི་སྙིང་པོ་དེ། །བུ་མོ་ང་ཡི་སྟེང་དུ་བབས་པ་འདི་ལ་ལྟོས། །ཀ་ཡེ་ད་རུང་གསོན་དང་ཕོ་སྐྱེས་ཀུན། །ཁྱེད་རྣམས་ལ་ཡོན་ཏན་འདི་རྣམས་བཤད་ན། མཚང་འབྲུ་བའི་གཞི་ལས་མི་འདུག་སྟེ་དཔེ་ནི་རྒྱལ་པོ་ཟླ་བའི་སེང་གེར་ལྟོས། བུད་མེད་གཅིག་གི་མ་ཆོག་པར། ལྔ་བརྒྱ་ཙམ་ནི་གཉེར་ཚགས་བྱས། ཐ་མ་རང་གཞན་སྡུག་བསྔལ་ལ་སྦྱོར་བ་འདི་ལ་སོམས། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ནས་ནི། དམ་ཆོས་ཚུལ་བཞིན་བྱས་ན་ཅི་མ་རུང་། ཀ་ཡེ་གསོན་དང་འདིར་ཚོགས་འཁོར་འབངས་ཀུན། ལོང་མེད་འཆི་བ་འདི་ལ་གཟིགས་མཛོད་དང་། སྔར་རྡོ་རྗེའི་སྐུ་ལུས་བརྙེས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱང་སྐུ་མྱ་ངན་ལས་འདས། རང་སེམས་ལ་དབང་ཐོབ་པའི་སྒྲུབ་ཆེན་ཕོ་མོ་རྣམས་ཀྱང་མྱ་ངན་ལས་འདས་པས། ངེད་རང་རྣམས་ཡུལ་མི་ཁྱིམ་མཚེས་ན་ཟླ་ན་མཉམ་དགྲ་གཉེན་མ་ལུས་པ་ཐམས་ཅད་འཆི་བདག་གི་དྲུང་དུ་འགྲོ་བ་འདི་ལ་སོམས་དང་། ཁྱད་པར་བུ་མོ་གཟུགས་ཀྱི་ཉི་མ་ང་ཡང་ད་ལྟ་ཁྱེད་རྣམས་ཀྱི་ཁྲོད་ན་ཡོད། སང་ཉིན་ཡུད་ཙམ་གྱི་བར་དུ་སྙིང་རྗེ་མེད་པའི་གཤེད་མ་གསུམ་གྱིས་དུར་ཁྲོད་དུ་ཁྲིད་ནས་ཡན་ལག་སོ་སོར་ཕྲལ་ཞིང་། ཤ་ཁྲག་བསིལ་བུར་བགོས་ནས་བྱ་དང་གཅན་གཟན་ལ་སོགས་པར་བྱིན་པའི་རྗེས། རུས་པ་དུམ་བུ་ཐོར་རེ་བ་དང་། སྐྲའི་ཉག་མ་ནར་རེ་བ་མིན་པ་མི་ལུས། དེ་སྐབས་རྒྱལ་པོའི་བཙུན་མོ་གཟུགས་ཀྱི་ཉི་མ་ཡང་ཤི་འདུག་ཟེར་བའི་མིང་སྟོང་པ་ཙམ་མ་གཏོགས་མི་ཡོང་། འདི་དག་ཁྱེད་རང་རྣམས་ཀྱིས་སེམས་ལ་སྦྱོར་དང་། དམ་ཆོས་མིན་པ་གཞན་གྱིས་ཕན་པ་གདའ་ཡེ། འདི་དག་བསམས་ན་ཁྱེད་རྣམས་ད་ཐུག་ཐུབ་པ་དེ་ལེགས། ད་ནི་ཁྱེད་རང་རྣམས་ཀྱང་འཆི་བ་ནམ་ཡོང་ཆ་མེད། སང་ཕོད་ད་ཚུན་གྱི་བར་དུ་སྡོད་པའི་གདེང་སུ་ལ་ཡོད། ཁྱེད་རྣམས་ཀྱང་མལ་གྱི་ཐ་མ་ལ་ཉལ། ཟས་ཀྱི་ཐ་མ་གཅིག་ཟ། གཏམ་གྱི་ཐ་མ་གཅིག་སྨྲ། སྐྱེམས་ཀྱི་མཐའ་མ་གཅིག་འཐུང་། དབུགས་སྔ་ཕྱིའི་རིམ་པ་མི་སླེབས་པར་བརྩེགས། མིག་ཉེ་འབྲེལ་མཛའ་བཤེས་འཁོར་བཅས་ཀྱི་གདོང་ལ་ལྟ་ཞིང་སྐྱ་ལོག་ལོག །ཤེས་པ་ཚ་ལིང་ལིང་ནག་བུན་བུན། ཚེ་འདིའི་སྣང་བ་ནུབ། ཕྱི་མའི་སྣང་བ་ནི་ཤར། ལས་ཀྱི་གཤིན་རྗེས་བར་དོའི་འཕྲང་ལ་ཁྲིད་པའི་ཚེ། ཉེ་འབྲེལ་འདི་ཙམ་གྱི་ནང་ནས། རང་ཉིད་གཅིག་པོར་གྲོགས་མེད་པར་དེར་འཁྱམས་པའི་དུས། འཇིགས་སྐྲག་གི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དུས། བཟོད་དང་མི་བཟོད་སོམས་དང་། དེའི་དུས་སུ་བདག་ཏུ་འཛིན་པའི་ལུས་འདི་ཤུལ་དུ་ལུས། ལས་དང་རྣམ་པར་སྨིན་པ་ཡིད་ཀྱི་རྣམ་ཤེས་དེ། གར་འགྲོ་ཆ་མེད་དོ། །ཡ་ང་ཡེ་མིང་སྟོང་པ་གཅིག་ཏུ་མི་འགྲོ་སྟེ། ལས་དབང་གི་བག་ཆགས་ཀྱིས་ནི། རིགས་དྲུག་གནས་སུ་འཁྱམས་དགོས། དེ་དུས་ངན་སོང་གསུམ་དུ་སྐྱེ་བས། དེ་ཡང་དམྱལ་བར་སྐྱེ་ན། སྲེག་པ་དང་། བཙོ་བ་དང་། བཤའ་བ་དང་། པགས་པ་བཤུ་བ་ལ་སོགས་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡོད། དེ་བཟོད་དམ་མི་བཟོད། ཕོད་དམ་མི་ཕོད། ནུས་སམ་མི་ནུས། ཡང་ཡི་དྭགས་ཀྱི་གནས་སུ་སྐྱེ་ན་བཀྲེས་པ་དང་། སྐོམ་པ་དང་། དབུལ་ཞིང་ཕོངས་པའི་སྡུག་བསྔལ་བཟོད་གླགས་མེད་པ་ཡོད། དེ་དག་བཟོད་དམ། ཕོད་དམ། ནུས་སམ། ཡང་དུད་འགྲོའི་གནས་སུ་སྐྱེ་ན། གླེན་ལྐུགས་དང་། བཀོལ་སྤྱོད་དང་། ཤ་དང་པགས་པའི་ཕྱིར་དུ་འཆི་བའི་སྡུག་བསྔལ་བཟོད་གླགས་མེད་པ་ཡོད་པས། དེ་དག་བཟོད་དམ། ཕོད་དམ། ནུས་སམ། དེས་ན་འཁོར་བ་གང་ལ་སྐྱེས་ཀྱང་སྐྱིད་ཅིང་བདེ་བ་མེད་པར་སྡུག་བསྔལ་འབའ་ཞིག་ལས་མི་འདུག །འཁོར་བ་འདི་ལས་ཐར་ན་ཅི་མ་རུང་། ཀ་ཡེ་གསོན་དང་ཁྱེད་རྣམས་ཆོས་སྒོར་ཞུགས་ནས་ཆོས་ཇི་ཙམ་བྱས་འདུག །ཆོས་གཏམ་བཤད་པ་དང་ཁྱེད་རྣམས་ཀྱི་སྤྱོད་པ་དང་ཇི་ཙམ་མཐུན་འདུག །ཆོས་མིན་གྱི་བསམ་སྦྱོར་ངན་པ་ཇི་ཙམ་མི་དགོས་པ་ལེགས་པར་སོམས་དང་། ང་ནི་ཁྱོད་ཚོའི་སེམས་ཀྱིས་གདེང་འདི་ལ་ཞེ་རེ་ཁྲེལ། ཁོ་མོས་དམྱལ་བ་དང་། ཡི་དྭགས་བྱོལ་སོང་གི་ཡོང་ལུགས་རྣམས་ཞིབ་པར་བཤད་ཀྱང་། ཁྱེད་ཚོའི་སེམས་ལ་བདེན་བསམས་པ་ཞིག་མི་འདུག །རང་སྲོག་འདྲེ་འགོང་པོ་པེ་ཀར་བདུད་ཤ་ཟའི་ཚོགས་ཀྱིས་འཁྱེར་དོགས་པས་ཟོན་འདི་བྱེད་དོན་ཆུང་། ཁོ་མོས་འདུས་བྱས་མི་རྟག་པ་ཡིན་ཚུལ་ཞིབ་པར་བཤད་ཀྱང་། ཕུང་པོ་བདག་འཛིན་གྱི་བློ་ཇེ་ཆེར་འགྲོ་ལུགས་འདི། གློ་བུར་རྐྱེན་ངན་གྱིས་ཁྱེར་འགྲོ་རྒྱུར་ཞེ་ཟོན་འདི་བྱེད་དོན་ཆུང་། ཁོ་མོས་ནམ་འཆི་ངེས་མེད་ཀྱི་ཆོས་ཡང་ཡང་བཤད་ཀྱང་། འཆི་བ་ཡོང་སྙམ་པ་མི་འདུག་སྟེ། འཆི་བའི་ཚེ་ལྟོགས་པས་ཤི་དོགས་ཀྱི་ཞེ་ཟོན་འདི་བྱེད་དོན་ཆུང་། ད་དུང་ཁྱེད་རྣམས་ཉོན་དང་། དགེ་བ་མ་བསྒྲུབས་པར་བདེ་བ་འབྱུང་དུ་རེ། ཚོགས་གཉིས་མ་བསགས་པར་སངས་རྒྱས་ཐོབ་ཏུ་རེ། རྫུན་དང་ཟོལ་ཟོག་རང་གིས་རང་ལ་བྱེད་པའི་སྙིང་རུལ་པོ་རྣམས། གཏན་དུ་སྡུག་པའི་ལས་འགོ་མ་ཚུགས་ཤིག །ད་ནི་ཉིན་རྒྱུག་མཚན་རྒྱུག་བྱེད་པ་ལས་རབ་འཆི་ཁར་བྲོད་པ་ཞིག་ཨེ་ཡོང་ལྟོས། འབྲིང་འཆི་ཁར་མི་འཚེར་བ་ཞིག་ཨེ་ཡོང་ལྟོས། ཐ་མ་འཆི་ཁར་མི་འགྱོད་པ་ཞིག་ཨེ་ཡོང་ལྟོས། འཆི་ཁར་བྲོད་པ་དེ་རང་སེམས་སངས་རྒྱས་སུ་ངོ་འཕྲོད་པ་ཡིན། འཆི་ཁར་མི་འཚེར་བ་དེ་དགེ་སྦྱོར་སྙིང་ཁོང་ནས་ནོན་པ་ཡིན། འཆི་ཁར་མི་འགྱོད་པ་དེ་ཁས་བླངས་པའི་སྡོམ་པ་དམ་ཚིག་རྣམས་ཉེས་ལྟུང་གི་དྲི་མས་མ་གོས་པ་ཡིན། འདི་དག་བློས་གང་ལྕོགས་ཀྱི་ངོས་ནས་ཉམས་ལེན་རེ་ཅིས་ཀྱང་མཛད་པར་ཞུ། དེའི་དུས་སུ་སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མ་ཡིན་ནོ་བསམས་པའི་སྒོ་ནས་བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམས་ཏེ། སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་པ་གསུམ་གྱིས་བསྐྱབ་པར་བྱ། རང་རྒྱུད་སྨིན་པར་བྱེད་པ་ཕ་རོལ་ཕྱིན་པ་དྲུག་དང་། གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བ་བཞིའི་དངོས་པོ་བསྒྲུབས་ཏེ་ཀློག་པ་དང་། ཐོས་པ་དང་། བསམ་པའི་སྒོ་ནས་ཉམས་ལེན་རེ་མཛད་པར་ཞུ། ཁོ་མོས་ཀྱང་ཤི་རུང་གསོན་རུང་ཁ་ཆེམས་དེ་ལས་འཇོག་རྒྱུ་མེད་ཅེས་གསུངས་སོ། །འཁོར་འབངས་ཐམས་ཅད་ཀྱི་རྒྱུད་ལ་ཆོས་ཀྱི་གོ་བ་དཔག་ཏུ་མེད་པ་སྐྱེས་སོ། །འཁོར་འབངས་རྣམས་ཀྱིས་མོས་གུས་དྲག་པོའི་གདུང་ཤུགས་ཀྱིས་འདི་སྐད་ཅེས་ཞུས་སོ། །སེམས་ལ་ངེས་སོ་བཀའ་དྲིན་ཤིན་ཏུ་ཆེ། །བྱིན་རླབས་ཞུས་སོ་རྗེ་བཙུན་མཁྱེན་པའི་གཏེར། །གསུང་བཞིན་སྒྲུབ་བོ་འགྲོ་བའི་སྐྱབས་གཅིག་མ། །བྱིན་རླབས་ཞུས་སོ་འགྲོ་བའི་སྐྱབས་གཅིག་མ། །གང་དུ་གཤེགས་ཀྱང་ཐུགས་རྗེས་གཟིགས་སུ་གསོལ། །ཞེས་ཞུས་ཤིང་། འདི་ནང་ཚོགས་པའི་སྐྱེ་འགྲོ་ཕོ་མོ་རྒན་གཞོན་ཀུན་ན་རེ། འདི་འདྲ་བའི་ཆོས་ཟབ་ལ་རྒྱ་ཆེ་བ་མཁྱེན་པ་ལ། ཆོས་མཛད་ལོང་མེད་པར་ཤིན་ཏུ་འཇིགས་པའི་གཤེད་མ་རྣམས་ཀྱིས་སྐུ་མཚར་ལ་ཡིད་དུ་འོང་བ་ལྷའི་སྲས་མོ་འདྲ་བ་འདི་ལུས་དུམ་བུར་གཏུབས་ནས་དབང་མེད་དུ་བསྒྲལ་བ་དེ་ཤིན་ཏུ་འོ་བརྒྱལ་ཟེར་ནས་ཐམས་ཅད་ངུས་པས། གཟུགས་ཀྱི་ཉི་མས་ཁྱེད་རྣམས་དེ་ལ་འོ་བརྒྱལ་ཟེར་མི་དགོས། ཁོ་མོ་ད་ལྟ་འཆིའང་འགྱོད་པ་མེད། འགྱོད་མེད་གདེང་དང་ལྡན་པའི་གླུ་འདི་གསུངས་སོ། །བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འགྱོད་མེད་གདེང་ལྡན་བྲམ་ཟེའི་བུ་མོ་ང་། །བླ་མའི་དྲུང་དུ་ཐོས་བསམ་སྒོམ་གསུམ་བྱས། །རྒྱལ་སྲིད་དག་ཀྱང་དམ་པའི་ཆོས་ལ་བཀོད། །འཁོར་འབངས་རྣམས་ཀྱང་བྱམས་དང་སྙིང་རྗེས་བསྐྱངས། །ད་ལྟ་ཤི་ཡང་ཁོ་མོ་འགྱོད་པ་མེད། །མི་འགྱོད་ལས་རེ་ཁྱེད་རང་རྣམས་ཀྱང་མཛོད། །སྡུག་བསྔལ་དྲག་པོ་ཐོག་ཏུ་བབ་པའི་ཚེ། །གཞན་གྱི་སྡུག་བསྔལ་ཁུར་དུ་ཁྱེར་བ་ཡི། །བསམ་པ་མཐའ་རུ་ཕྱིན་པའི་དགའ་བ་སྒོམས། །ད་ལྟ་ཤི་ཡང་ཁོ་མོ་འགྱོད་པ་མེད། །འགྱོད་མེད་ལས་རེ་ཁྱེད་རང་རྣམས་ཀྱང་མཛོད། །གཏན་དུ་རང་དོན་སྐད་ཅིག་མ་བསམ་པར། །གཞན་དོན་འབའ་ཞིག་སྙིང་ལ་སྒོམས་པར་བྱོས། །འདི་ནི་བྱང་ཆུབ་སྒྲུབ་པའི་གཙོ་བོ་ཡིན། །ད་ལྟ་ཤི་ཡང་ཁོ་མོ་འགྱོད་པ་མེད། །མི་འགྱོད་ལས་རེ་ཁྱེད་རང་རྣམས་ཀྱང་མཛོད། །ཐམས་ཅད་ཉེར་འཚེའི་དགྲ་བོར་གྱུར་ལགས་ཀྱང་། །བྱམས་སེམས་དགའ་བའི་འཛུམ་གྱིས་སྔུན་བསུས་ཏེ། །བཟོད་པའི་གོས་དང་ནམ་ཡང་བྲལ་མ་མྱོང་། །ད་ལྟ་ཤི་ཡང་ཁོ་མོ་འགྱོད་པ་མེད། །མི་འགྱོད་ལས་རེ་ཁྱེད་རང་རྣམས་ཀྱང་མཛོད། །དྲིན་གྱིས་བསྐྱངས་པའི་སྐྱེ་བོ་མཐའ་དག་གིས། །ཞེ་སྡང་ཁྲོ་བོས་ཚིག་རྩུབ་ཚུར་སྨྲས་ཀྱང་། །དེ་དང་མ་ཁྲོས་དགའ་བའི་འཛུམ་གྱིས་བསུས། །ད་ལྟ་ཤི་ཡང་ཁོ་མོ་འགྱོད་པ་མེད། །མི་འགྱོད་ལས་རེ་ཁྱེད་རང་རྣམས་ཀྱང་མཛོད། །དངོས་འཛིན་འཁྲུལ་བས་གནས་ལུགས་མཐོང་ལ་སྒྲིབ། །འཁྲུལ་བའི་གསེབ་ནས་གནས་ལུགས་བཙལ་དུ་མེད། །འཁྲུལ་བའི་དཀྱིལ་ནས་ཁོ་མོས་གནས་ལུགས་རྙེད། །ད་ལྟ་ཤི་ཡང་ཁོ་མོ་འགྱོད་པ་མེད། །མི་འགྱོད་ལས་རེ་ཁྱེད་རང་རྣམས་ཀྱང་མཛོད། །ཀ་ཡེ་དེ་སྐད་བྱ་བ་ཅི་ལ་ཟེར། །ཆོས་རྣམས་ཐམས་ཅད་རྟོག་པས་བཏགས་པ་ཡིན། །ཡོད་པར་གྱུར་ན་འཛིན་མཁན་བརླག་པར་གྱིས། །མ་བརྟག་གྲགས་པར་མིང་ཡང་ཙམ་ཞིག་ལུས། །མེད་པར་འཛིན་མཁན་དེ་ཡང་སྲོག་རྩ་ཆོད། །དོན་དམ་ཆོས་སྐུའི་རང་ཚུགས་མི་ཐུབ་ན། །ཀུན་རྫོབ་སྒྱུ་ལུས་འཇིགས་ལ་ཡ་ང་མེད། །ད་ལྟ་ཤི་ཡང་ཁོ་མོ་འགྱོད་པ་མེད། །མི་འགྱོད་ལས་རེ་ཁྱེད་རང་རྣམས་ཀྱང་མཛོད། །ཅེས་གསུངས་པས། འཁོར་འབངས་རྣམས་བཙུན་མོ་ལ་མོས་གུས་དྲག་པོ་སྐྱེས་ཤིང་འཁོར་བའི་ཆོས་ལ་བློ་ལོག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཅིང་སྔར་བས་ཀྱང་ཆོས་ཟབ་ལ་རྒྱ་ཆེ་བ་མང་པོ་གནང་བས། བདག་ཅག་རྣམས་ཀྱི་སེམས་ལ་ཕན་ཞིང་སངས་རྒྱས་ཟེར་བ་དེ་རང་ཡིན་ནམ་སྙམ་པ་བྱུང་། ད་རུང་མ་འོངས་ཚེ་རབས་ཐམས་ཅད་དུ་ཁྱེད་ཀྱི་རྗེས་སུ་འཛིན་པའི་སྨོན་ལམ་ཞིག་སྩོལ་བར་ཞུ། བདག་ཅག་རྣམས་ཀྱང་སྐྱེ་བ་དང་། ཚེ་རབས་ཐམས་ཅད་དུ་ཁྱོད་ཀྱི་ཞབས་དྲུང་དུ་སྐྱེ་བའི་གསོལ་འདེབས་ཞེས་ཞུས་པས། གཟུགས་ཀྱི་ཉི་མས། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་འདུན་པ་དང་སྨོན་ལམ་ལ་རག་ལུས་པས་དེ་བཞིན་བགྱིད་གསུངས་སོ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས། །རྒྱལ་བ་སྲས་དང་རང་རྒྱལ་སློབ་མ་བཅས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་། །དཔའ་བོ་དཔའ་མོ་དྲང་སྲོང་སྨོན་ལམ་འགྲུབ། །བདག་གི་སྨོན་ལམ་འགྲུབ་པའི་དཔང་པོར་བྱོན། །དཀོན་མཆོག་གསུམ་གྱི་ཞབས་ཀྱི་པད་མོའི་དྲུང་། །སྒོ་གསུམ་གུས་པས་ཕྱག་འཚལ་བ། །མཆོད་པ་འབུལ་ཞིང་སྡིག་པ་སོ་སོར་བཤགས། །དགེ་བའི་རྩ་བར་རྗེས་སུ་ཡི་རངས་ཤིང་། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་སྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་གྱི་སྒོ་ནས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། ཤིན་ཏུ་འཇིགས་སུ་རུང་བའི་གཟུགས་ཅན་ཁ་དོག་ནག་ལ་བཞིན་མི་སྡུག་པའི་ཁྲོ་གཉེར་ཅན། སྲོག་གཅོད་ཀྱི་གཤེད་མ་གསུམ་པོ་འདི་དག་གིས་ཡན་ལག་དང་ཉིང་ལག་རྣམས་ལ་ལྕགས་སྒྲོག་དང་བདུད་ཞགས་ཀྱིས་བསྡམས་ཏེ། རལ་གྲི་དང་གྲི་གུས་བདག་གི་ལུས་བཤའ་བ་དེ་བཞིན་དུ། བདག་གིས་ཀྱང་མ་འོངས་པ་ན། བདེན་པ་གཉིས་ཀྱི་ཞལ་གདངས་ཤིང་། ཐབས་ཤེས་རབ་ཀྱི་མཆེ་བ་རྣོན་པོ་བརྩེགས་ནས། ཐོས་བསམ་སྒོམ་གསུམ་གྱི་རལ་གྲི་རྣོ་ངར་འཛོམས་པ་དེ་ཁྱེར་ནས། ཁོང་གཤེད་མ་གསུམ་གྱིས་བདག་འཛིན་གྱི་བློ་ངན་རྩད་ནས་གཅོད་པར་གྱུར། གཤེད་མ་རྣམས་ཀྱིས་ཁོ་མོའི་ཡན་ལག་དང་ཉིང་ལག་རྣམས་ལྕགས་སྒྲོག་གིས་བསྡམས་པ་འདི་བཞིན་དུ། མ་འོངས་པ་ན་ཁོ་མོས་ཀྱང་ཁོང་རྣམས་ཀྱི་དབང་པོའི་སྒོ་རྣམས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས། དྲན་པ་དང་ཤེས་བཞིན་གྱི་ལྕགས་སྒྲོག་གིས་བསྡམས་པར་གྱུར་ཅིག །ཡང་ཁོང་རྣམས་ཀྱིས་ཁོ་མོའི་ལུས་ལ་རེ་བའི་གོས་གཡོགས་ཤིང་། སྐེ་ལ་བདུད་ཞགས་བརྒྱབས་ནས་ཟུར་མེད་ཀྱི་འཕྲང་ལ་ཁྲིད་པ་འདི་བཞིན་དུ། བདག་གིས་ཀྱང་མ་འོངས་པ་ན་ཁོང་རྣམས་བག་ཡོད་ཤེས་བཞིན་གྱི་གོས་དག་བགོས་ནས། བྱམས་དང་སྙིང་རྗེའི་ཞགས་པས་མགུལ་ནས་ཁྲིད་དེ་ཟུར་མེད་ཀྱི་འཕྲང་ལ་ཚུད་པར་གྱུར་ཅིག །གཤེད་མ་འདི་དག་གིས་ཁོ་མོ་དུར་ཁྲོད་དུ་ཁྲིད་ནས་ཡན་ལག་དང་ཉིང་ལག་རྣམས་སོ་སོར་ཕྲལ་ནས་ཤ་ཁྲག་རྣམས་དུམ་བུར་བསིལ་བ་བཞིན་དུ། མ་འོངས་པ་ན་བདག་གིས་ཀྱང་ཁོང་རྣམས་ཀྱི་དུག་གསུམ་སོ་སོར་ཕྲལ་ཏེ། ཉེས་པ་དང་ལྟུང་བའི་སྡིག་སྒྲིབ་རྣམས་བསིལ་བུར་གཏོང་ནུས་པར་གྱུར་ཅིག །གཞན་ཡང་རྒྱལ་པོ་ཟླ་བའི་སེང་གེ་དང་ཁོ་མོའི་བར་དུ་དབྱེན་དང་ཕྲ་མས་གཡོ་སྒྱུ་བྱེད་པའི་སྡིག་བློན་རྣམས་ཀྱིས་ཐོག་དྲངས་པའི་སྐྱེ་བོ་དང་བུད་མེད་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད། མ་འོངས་པ་ན་ཁོ་མོས་འཁོར་བ་དང་ངན་སོང་གི་བར་དུ་ངེས་འབྱུང་ལས་ཀྱི་དབྱེན་བཅུག་སྟེ། འཁོར་བ་དང་ངན་སོང་རྟག་ཏུ་སྟོངས་ནུས་པར་གྱུར་ཅིག །གཞན་ཡང་ཁོ་མོ་ཕོ་བྲང་ནས་བཏོན་ཏེ་སྲོག་གཅོད་གཤེད་མ་རྣམས་ལ་གཏད་ནས་དུར་ཁྲོད་དུ་སྐྱེལ་བ་འདི་བཞིན་དུ། བདག་གིས་ཀྱང་རྒྱལ་པོ་འཁོར་དང་བཅས་པ་ཕོ་བྲང་ནས་བཏོན་ཏེ། ཡོངས་འཛིན་བཤེས་གཉེན་གྱི་ཕྱག་ཏུ་སྤྲད་ནས་ཐབས་ཤེས་ཀྱིས་ཐང་ལ་ཁྲིད་དེ། མྱ་ངན་ལས་འདས་པའི་ཐང་ལ་སྐྱེལ་ནུས་པར་གྱུར་ཅིག །མདོར་ན་ཁོ་མོའི་ཕྱིར་དུ་ཕྲག་དོག་དང་། འཁོན་འཛིན་དང་། ཞེ་སྡང་དང་། ང་རྒྱལ་གྱི་སྒོ་ནས་སྡིག་པ་བསགས་པའི་སྐྱེ་བོ་རྣམས་ཀྱིས་སྡིག་པའི་ལས་བསགས་པའི་འབྲས་བུ་སྡུག་བསྔལ་མྱོང་བས། ཁོ་མོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྒོ་གསུམ་གྱི་ལས་ཅི་བྱས་པ་ཐམས་ཅད་ལ་ཕན་པ་དང་དགའ་བ་སྒྲུབ་པར་དམ་བཅའ་བས། དམ་བཅའ་མཐར་ཕྱིན་ཞིང་ཁོ་མོས་སྐྱེ་འགྲོ་རྣམས་བསླུས་པར་གྱུར་ཅིག །དེ་ལྟར་དཀོན་མཆོག་གསུམ་གྱིས་ཁོ་མོ་བསླུས་པར་གྱུར་ཅིག །དེ་ནས་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། ཁོ་མོའི་ལྷག་བསམ་རྣམ་པར་དག་པའི་མཐུ་ལ་བརྟེན་ནས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པའི་ལས་བསགས་པའི་སྐྱེ་བོ་འདི་རྣམས་དེའི་འབྲས་བུ་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག །ཡང་བདག་གི་ཕྱིར་དུ་མ་བཟོད་པར་ངུ་ཞིང་སྨྲེ་སྔགས་འདོན་པའི་སྐྱེ་འགྲོ་ཕོ་མོ་ཕྱི་བཞིན་དུ་འབྲང་བ་འདི་དག་ཀྱང་། མ་འོངས་པའི་དུས་ན་ཁོ་མོས་ཆོས་ཀྱི་འབྲེལ་བ་བྱིན་ནས་བདེ་ཆེན་གྱི་ཐང་ལ་བདེ་སྟོང་གི་གླུ་གར་རོལ་ཅིང་། ཉམས་རྟོགས་ཀྱི་དགའ་བས་བྲོ་འཁྲབ་པར་གྱུར་ཅིག །མདོར་ན་ཁྱེད་རྣམས་ཇི་སྲིད་སངས་རྒྱས་མ་ཐོབ་པའི་བར་དུ། ཁོ་མོས་ཆོས་དང་ཟང་ཟིང་གི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་ལ་སོགས་ཏེ་བསྡུ་བ་བཞིའི་སྒོ་ནས་འཁོར་དུ་བསྡུས་ནས། ཚུལ་ཁྲིམས་རྣམ་པར་དག་པ་ཕོག་ནས་མདོར་བསྡུས་ཀྱི་ལམ་བསླབ་གསུམ་གྱི་རིམ་པ་ལ་འགོད་ནུས་པར་གྱུར་ཅིག །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །ཅེས་གསུངས་ཤིང་འཁོར་འབངས་ལ་ད་ནི་ཁོ་མོ་འགྲོ་བའི་དུས་ལ་བབ་པས། ཁྱེད་རྣམས་ཁོ་མོའི་བགེགས་མ་བྱེད་པར་རང་སར་ལོག་ལ་སྒོ་གསུམ་གྱི་སྒོ་ནས་ཆོས་དང་ཅི་མཐུན་བྱོས་ཤིག །ཁྱེད་རྣམས་ཁོ་མོའི་ཕྱི་བཞིན་འབྲངས་ན་འདི་ནས་རྒྱང་གྲགས་གཅིག་ཙམ་ཕྱིན་པའི་ས་ན། སྟག་དང་། གཟིག་དང་། དོམ་དང་། ལྕེ་སྤྱང་ལ་སོགས་ཀྱིས་ཤ་དྲོན་མོར་ཟ་བའི་འཇིགས་པ་ཡོད་དོ། །དེ་ནས་རྒྱང་གྲགས་གཅིག་སོང་བའི་ས་ན། བྱ་རོག་དང་། འུག་པ་དང་། དུར་བྱ་ནག་པོ་ལ་སོགས་པས་འགྲོ་བཞིན་དུ་མིག་འབྲུ་ཞིང་ཀླད་པ་འཐོགས་པ་ལ་སོགས་པའི་འཇིགས་པ་ཡོད་དོ། །དེ་ནས་རྒྱང་གྲགས་གཅིག་ཙམ་ཕྱིན་པ་ན་སྦྲུལ་སྦྲུམ་འབྱིན་གྱི་ཁ་རླངས་ན་བུན་ལྟར་འཐིབས་ནས་ལུས་ཚལ་པར་གས་པའི་འཇིགས་པ་ཡོད་དོ། །དེ་ནས་རྒྱང་གྲགས་གཅིག་ཙམ་ཕྱིན་ཙ་ན། ཤིན་ཏུ་འཇིགས་སུ་རུང་བའི་ཤ་ཟ་སྲིན་པོའི་ཚོགས་ཀྱིས་ལུས་བམ་རིལ་དུ་བར་སྣང་ལ་ཁྱེར་བའི་འཇིགས་པ་ཡོད་དོ། །
དེ་ནས་རྒྱང་གྲགས་གཅིག་ཙམ་ཕྱིན་པའི་ས་ན། དུར་ཁྲོད་ཆེན་པོ་ཁྲག་མཚོ་འཁོལ་མ་ཞེས་བྱ་བ། སྐྱེ་འགྲོ་ཐམས་ཅད་འདུ་བའི་ཞིང་། བདུད་དང་། སྲིན་པོ། བཙན་དང་། མ་མོ་ལ་སོགས་པ་འདུ་བའི་ཕོ་བྲང་། དཔའ་བོ་མཁའ་འགྲོ་ལ་སོགས་པ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་སྐོར་བའི་གནས་མཆོག་དེ་ཉིད་དུ་བྱ་དང་གཅན་གཟན་རི་དྭགས་མི་རྣམས་སྲོག་དོར་བའི་ས་ཞིག་ཡོད་པས། དེ་བས་ཁྱེད་རྣམས་རང་སར་ལོག་གཤེད་མ་འདི་གསུམ་ནི་དུར་ཁྲོད་བདག་པོའི་ཚོགས་ལ་ལྟོ་སྐྱེལ་མི་ཡིན་པས་གནོད་པ་མི་བྱེད་དོ། །ཞེས་གསུངས་པ་དང་གཤེད་མ་མི་གསུམ་པོས་གཟུགས་ཀྱི་ཉི་མ་བྱ་ཁྲས་ཁྱེར་བ་བཞིན་སྐད་ཅིག་ཉིད་ལ་དུར་ཁྲོད་ཁྲག་མཚོ་ཁོལ་མའི་སར་ཁྱེར་ཏོ། །
དེ་ནས་གཤེད་མ་གཞོན་པ་གཉིས་གྲོས་བྱས་པར། བཙུན་མོ་ཡིད་དུ་འོང་བ་འདི་ལྟ་བུ་ངེད་རང་གཉིས་ཀྱིས་གསོད་མི་ནུས་པ་འདུག །རྔན་པ་ཡང་རྒན་པ་རང་ལ་སྤྲོད། གསོད་ཀྱང་ཁོ་རང་ལ་གསོད་དུ་འཇུག་པ་དྲག་ཅེས་ཁ་འཆམས་ནས། གཤེད་མ་རྒན་པ་ལ་བཙུན་མོ་འདི་གསོད་ཀྱང་ཁྱོད་རང་གིས་སོད། རྔན་པ་ཡང་ཁྱོད་རང་ཁྱེར་ཟེར་བས། རྒན་པ་ན་རེ། འོ་དེ་བཞིན་བྱེད་དོ་རྔན་པའང་ང་རང་འཁྱེར་རོ། །ཟེར་རལ་གྲི་བཏོན་ནས། གཟུགས་ཀྱི་ཉི་མའི་སྐེ་དང་ཡན་ལག་རྣམས་གཅོད་པར་བརྩམས་པས། བཙུན་མོ་དེ་ཤིན་ཏུ་མཚར་ཞིང་མཛེས་དྲགས་པའི་སྟབས་ཀྱིས། ཁོས་ཀྱང་གསོད་མི་ནུས་པར་ཕྱིར་ལོག་སྟེ་གཞོན་པ་གཉིས་ལ་སྨྲས་པ། རྔན་པ་ཡང་ཁྱེད་རང་གཉིས་ཁྱེར། སྲོག་ཀྱང་ཁྱོད་རང་གཉིས་པོས་ཆོད་ཅིག །ངས་ནི་གསོད་མི་ནུས་པ་འདུག་གོ་ཞེས་སྨྲས་སོ། །ཁོ་གཉིས་ན་རེ། འོ་ན་དེ་བཞིན་མ་བྱས་པ་ལ་ཐབས་མེད་ཟེར་ནས་ཁོང་གཉིས་པོས་ཀྱང་གསོད་པར་བརྩམས་པས། སྐུ་ལུས་མཚར་དྲགས་པའི་སྟབས་ཀྱིས་ཁོང་གཉིས་པོས་ཀྱང་གསོད་མ་ནུས་པར་ཕྱིར་ལོག་སྟེ་གཤེད་མ་མི་གསུམ་པོ་གྲོས་བྱས་ནས། ད་ནི་ངེད་རང་གསུམ་གྱིས་ནི་གསོད་མི་ནུས་པ་འདུག །མ་བསད་པར་ཡུལ་དུ་ཕྱིན་ན་ནི། རྒྱལ་པོའི་རྔན་པ་ག་ལ་ཡོད། རང་ཅག་མི་རྒྱུད་རྩད་ནས་ཆོད་པའི་ནག་ཕོག །དེ་བས་དུར་ཁྲོད་ཀྱི་དབུས་སུ་དོ་ནུབ་བཞག་ན། ངེད་རང་གིས་གསོད་མ་དགོས་པར་གཅན་གཟན་ཤ་ཟའི་ཚོགས་ཀྱིས་ཤ་ཁྲག་རྗེན་པར་ཟ་ལས་ཆེ། དེ་བཞིན་འཐད་ཟེར་གཤེད་མ་རྒན་པ་དེས་སྨྲས་ནས། ཉི་མ་ནུབ་པ་དང་གཟུགས་ཀྱི་ཉི་མ་དུར་ཁྲོད་ཀྱི་དབུས་སུ་ཁྱེར་ནས་ལྕགས་སྒྲོག་རྣམས་བཀྲོལ། རེ་བའི་གོས་ཕུད་ནས་གཅེར་བུར་སྐྱེ་འགྲོ་ཐམས་ཅད་ཀྱི་ཤ་ཁྲག་འཇོག་སའི་གདན་རྡོ་ལེབ་ཆེན་པོ་ཁྲག་ཞག་ཁྲིལ་ཞེས་བྱ་བ་གཅིག་འདུག་པ་དེའི་སྟེང་དུ་གན་རྐྱལ་དུ་བཞག་ནས་ཕྱོགས་བཞི་འོད་མའི་ཕུར་པ་བཞི་ལ་བཅིངས་ཏེ། ཁོང་རང་གཤེད་མ་གསུམ་པོ་དེ་ནས་རྒྱང་གྲགས་གཉིས་ཙམ་གྱི་ས་ན་བྲག་བྱ་སྐྱིབས་ཚལ་ཞེས་བྱ་བ་དེར་བཞུད་དོ། །དེ་དུས་བཙུན་མོ་གཟུགས་ཀྱི་ཉི་མས་རོ་སྙོམས་ཀྱི་ངང་ནས་སྤྱོད་འཇུག་འདི་སྐད་ཅེས་གསུངས་སོ། །བཀའ་དྲིན་ཆེ་འོ་བསླུ་མེད་དཀོན་མཆོག་གསུམ། །བསམ་པ་ཐོག་ཏུ་ཁེལ་ནས་བྱུང་། །ཁོ་མོའི་ཚེ་སྲོག་དབང་རླུང་དང་། །འབྱུང་བཞི་འདུས་པའི་སྒྱུ་ལུས་ལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །དཔའ་བོ་ཆོས་སྐྱོང་སྲུང་མའི་ཚོགས། །དོ་ནུབ་མགོན་སྐྱབས་ཞུ་རེ་ཆེ། །དོ་ནུབ་ར་མདའ་སྦྲན་རེ་ཀན། །དོ་ནུབ་ལན་ཆགས་སྟོན་མོ་འཇལ། །དོ་ནུབ་འཁོར་འདས་ཤ་རུས་ཕྱེ། །དོ་ནུབ་ཤ་ཁྲག་སྟོན་མོ་འགྱེད། །ཡ་གི་སྲིད་པའི་རྩེ་མོ་ནས། །མ་གི་དམྱལ་ཁམས་བཅྭོ་བརྒྱད་ཡན། །མ་ཚང་མེད་པ་གནས་འདིར་འཁོད། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་ཚོགས། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་ཀླུ་གནོད་སྦྱིན་འབྱུང་བོ་དང་། །ཤ་ཟ་གྲུལ་བུམ་སྲིན་པོའི་ཚོགས། །ལྟོ་ཕྱེ་དབང་ཕྱུག་ཡི་དྭགས་རྣམས། །ཤ་བགོས་རོགས་ལ་སླེབས་པར་ཤོག །ཤ་ཡི་རི་ལ་ཧབ་ཞིམ་ཟོས། །ཁྲག་དཀྲུག་རོགས་ལ་སླེབས་པར་ཤོག །ཁྲག་གི་མཚོ་ལ་ཧུབ་སྐོར་གྱིས། །ཤ་བཤུ་རོགས་ལ་སླེབས་པར་གྱིས། །མི་ལྤགས་གཡང་གཞི་གོས་སུ་གོན། །རང་ཉིད་གཅེས་པར་འཛིན་པ་མཱ་ར་ཡ། །རང་འདོད་འགོང་པོའི་སྟེང་དུ་ཛ་ལ་རམ། །བདག་གི་འཛིན་པའི་སྟེང་དུ་ཧཱུཾ་ཧཱུཾ། །ང་བདག་རྒྱལ་པོའི་སྟེང་དུ་ཕཊ་ཕཊ། །ཆགས་མེད་ཞེན་མེད་སྟེང་དུ་སྭ་ཧྭ། །འདི་ལྟར་ཤ་ཁྲག་མཆོད་སྦྱིན་རྒྱ་མཚོ་འདི། །བདེ་གཤེགས་རྒྱལ་བ་སྲས་བཅས་མཉེས་པ་དང་། །འགྲོ་དྲུག་བཀྲེས་སྐོམ་དབུལ་ཕོངས་སེལ་བ་དང་། །ལན་ཆགས་བུ་ལོན་ཤ་འཁོན་ཁྱེར་གྱུར་ནས། །ཟག་མེད་བདེ་བས་འགྲོ་དྲུག་ཚིམས་པར་ཤོག །ཅེས་གསུངས་པའི་མོད་ལ་གཅན་གཟན་ཤ་ཟའི་ཚོགས་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་དད་ལྡན་གྱི་སློབ་མས་ཡོངས་འཛིན་གྱི་བཤེས་གཉེན་རྙེད་པ་ལྟར། ལ་ལས་ཕྱག་འཚལ། ལ་ལས་སྐོར་བ་བྱེད། ལ་ལས་མཆོད་པ་འབུལ། ལ་ལས་སྡིག་བཤགས་ཕུལ། ལ་ལས་བསྟོད་ཅིང་གསོལ་བ་འདེབས་པའི་རྣམ་འགྱུར་དུ་མ་དང་ལྡན་པའི་སྒོ་ནས། གུས་པའི་ཚུལ་གྱིས་ཐམས་ཅད་གཟུགས་ཀྱི་ཉི་མའི་དྲུང་ན་འཁོད་པར་གྱུར་ཏོ། །
དེ་ནས་ནམ་ལངས་པ་དང་གཤེད་མ་གསུམ་ལྟ་རུ་ཕྱིན་པས། ཤ་ཟ་སྲིན་པོའི་ཚོགས་དང་སྟག་གཟིག་དོམ་དྲེད་ལྕེ་སྤྱང་ལ་སོགས་པ་གཅན་གཟན་རྣམས་ཀྱིས། བཙུན་མོ་གཟུགས་ཀྱི་ཉི་མ་ལ་གནོད་པ་ག་ནས་བྱེད། གུས་པའི་ཚུལ་གྱིས་མོའི་ཞབས་ལ་བཏུད་དེ་རྣམ་འགྱུར་དུ་མ་བྱེད་ཅིང་འདུག་གོ །ཤ་ཟ་སྲིན་པོའི་ཚོགས་དང་གཅན་གཟན་དེ་དག་གིས་གཤེད་མ་མི་གསུམ་མཐོང་བ་དང་སྔར་ཡིན་ན་བག་ཕེབས་པའི་ཚུལ་གྱི་དགའ་བའི་རྣམ་འགྱུར་བསྟན་པ་ཡིན་ཀྱང་། དེང་དུས་དགྲ་མཐོང་བ་ལྟར་འཇིགས་པའི་སྐད་ཀྱི་ང་རོ་དང་མི་སྡུག་པའི་བཞིན་དག་གཉེར་ནས། དྲག་པོས་མཆེ་བ་གཙིགས་ཏེ་མཇུག་མ་གཡུགས་ཤིང་ས་ལ་བརྡབས་པས། དེ་དུས་གཤེད་མ་མི་གསུམ་པོས་ནི་བསད་མི་ནུས་པར་འདུག །གཅན་གཟན་སྲིན་པོའི་ཚོགས་ཀྱིས་ནི་མི་ཟ་བས་མི་ཆོག །དད་པ་དང་གུས་པའི་ཚུལ་གྱིས་ཞབས་ཏོག་བྱེད་ཅིང་འདུག །འདི་མ་བསད་པར་ངེད་རང་གསུམ་རང་ཡུལ་དུ་ཕྱིན་ན། རྒྱལ་པོའི་བྱ་དགའ་མཐོང་གཟོས་ག་ལ་ཡོད། ལུས་སྲོག་ལ་ནག་ཕོག་ཉེན་ཆེ། དེ་བས་ངེད་རང་གསུམ་ཡུལ་ལུང་མི་གཅིག་པའི་སར་བྲོས་འགྲོ། གཟུགས་ཀྱི་ཉི་མ་ཡང་སྔར་མོ་རང་ཡོང་བའི་སར་བཏང་ན་འཐད་ཟེར་ཁ་འཆམས་ནས། གཟུགས་ཀྱི་ཉི་མ་རྒྱང་ཕུར་བཞི་ལ་བཏགས་པ་ལས་བཀྲོལ་ཏེ། བཙུན་མོ་ལ་འདི་སྐད་ཞུས། ཁྱེད་རང་སྔར་ག་ནས་འོངས་པའི་སར་ལོག་བྱོན། ངེད་རང་རྣམས་ཁྱེད་གསོད་མི་ཕོད་པར་འདུག་པས། ཡུལ་ལུང་མི་གཅིག་པའི་སར་བྲོས་འགྲོ། ཁྱེད་ཀྱི་རྗེས་སུ་འཛིན་པའི་སྨོན་ལམ་ཞིག་ཞུ་ཞེས་ཞུས་པས། བཙུན་མོས་འདི་སྐད་ཅེས་གསུངས་སོ། །བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིས། །གཤེད་མ་མི་གསུམ་ཚེ་རབས་ཐམས་ཅད་དུ། །ཉོན་མོངས་དུག་ལྔའི་རྩ་བ་ཀུན་སྤངས་ནས། །ལུས་ངག་ཡིད་གསུམ་དགེ་ལ་སྤྱོད་པར་ཤོག །བདག་ཅག་མི་བཞི་ཁོ་མོའི་དགེ་རྩ་ཡིས། །བླང་དོར་བདེན་བཞིའི་གནས་ལ་མཁས་གྱུར་ནས། །འབྲས་བུ་སྐུ་བཞིའི་གོ་འཕང་འགྲུབ་པ་དང་། །བསྡུ་བ་རྣམ་བཞིའི་འགྲོ་དོན་འཕེལ་བར་ཤོག །མར་གྱུར་འགྲོ་ལྔའི་སྐྱེ་བོ་ཐམས་ཅད་ལ། །ཉོན་མོངས་དུག་ལྔ་འཇོམས་པའི་ཆོས་བསྟན་ནས། །ཐེག་མཆོག་ལམ་ལྔའི་ས་ལ་འཁོད་པ་དང་། །བདེ་གཤེགས་སྐུ་ལྔའི་གོ་འཕང་ཐོབ་པར་ཤོག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཁྱེད་ཅག་རྣམས་དང་ནམ་ཡང་མི་འབྲལ་ཞིང་། །གནོད་སེམས་ཁོང་ཁྲོ་གདུག་པའི་སེམས་བོར་ནས། །ཕན་ཚུན་ཐམས་ཅད་དགའ་ཞིང་མཐུན་པར་ཤོག །ཉོན་མོངས་དབང་གིས་སྲིད་པའི་གྲོང་ཁྱེར་དུ། །འགྲོ་དྲུག་འཁོར་བར་ལས་ཀྱིས་འཁྱམས་ན་ཡང་། །ཞེ་སྡང་ཁྲོ་བོའི་གཏམ་ཚིག་མི་ཐོས་པར། །མ་བུ་བཞིན་དུ་རྟག་ཏུ་མཐུན་པར་ཤོག །འདི་ནས་བཟུང་སྟེ་བདག་ཅག་སྐྱེ་འགྲོ་ཀུན། །ཐུགས་རྗེ་ཆེན་པོས་རྗེས་སུ་འཇུག་པའི་མཐུས། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ཕན་ཚུན་གཅིག་སེམས་གཅིག་གིས་འཛིན་པར་ཤོག །ཅེས་གསུངས་པ་དང་། ཡང་གཤེད་མ་ལ་ཁྱེད་རྣམས་ཀྱིས་ཁོ་མོ་དུར་ཁྲོད་ནས་བཏང་སྟེ་ཚེ་སྲོག་སྐྱབས་པ་དེ་བཞིན་དུ། བདག་གིས་ཀྱང་ཁྱོད་གསུམ་འཁོར་བའི་བཙོན་ར་ནས་བཏོན་ཏེ། ཐར་པའི་ལམ་སྣེ་ལ་བཅུག་སྟེ་མྱ་ངན་འདས་པའི་བདེ་བ་ལ་འགོད་པར་བྱའོ། །ཞེས་གསུངས་པས། གཤེད་མ་གསུམ་གྱིས་ཀྱང་ཁོ་རང་ཚོའི་རྒྱན་གོས་དང་མཚོན་ཆ་ལ་སོགས་པ་རྣམས་ཕུལ་ཏེ། མི་དགེ་བཅུ་སྤངས་པའི་སྡོམ་པ་བླངས་ནས། ད་ནི་ཕྱིན་ཆད་ནག་པོའི་ལས་འདི་ལྟ་བུ་མི་བགྱིས་པར། དཀར་པོ་དགེ་བའི་ལས་འབའ་ཞིག་བྱེད་དོ་ཟེར་ནས་ཡུལ་ལུང་ཕྱོགས་མི་གཅིག་པའི་སར་བྲོས་སོང་ངོ་། །བཙུན་མོ་གཟུགས་ཀྱི་ཉི་མ་ཡང་སྔར་སྐྱེས་པའི་ཡུལ་ཕྱོགས་སུ་ཡབ་སྒོམ་ཆེན་དང་མཇལ་སྙམ་ནས་ཐུགས་དགའ་སྤྲོ་དང་བཅས་བྱོན་ནོ། །འདི་ཡན་ཆད་ཡིད་མཐུན་པའི་བར་དུ་ཕྲ་མ་བཅུག་ནས་ཕྲལ་བའི་ལེའུའོ།། །།
ད་ནི་མ་ཉེས་པའི་ནམ་མཐའ་ནས་ལངས་པའི་ལེའུ་འཆད་པ་ལགས་སོ། །དེ་ནས་བཙུན་མོ་གཟུགས་ཀྱི་ཉི་མ་མོ་རང་གི་ཡབ་སྒོམ་ཆེན་བཞུགས་པའི་གནས་དབེན་པའི་ནགས་དེར་སླེབས་ཙ་ན། ལྗོན་ཤིང་གི་ལོ་འབྲས་རྣམས་རང་སར་བསྐམས་ཤིང་། མི་རོ་རེངས་པ་ལྟར་སོང་ནས་བྱ་ཀ་ལ་པིང་ཀ་ལ་སོགས་པའི་སྐད་སྙན་སྒྲོག་པའི་བྱ་རྣམས་ཀྱང་དེར་མི་གནས་པར་ཡུལ་གཞན་དུ་སོང་འདུག །ཡན་ལག་བརྒྱད་དང་ལྡན་པའི་མཚེའུ་དང་རྫིང་བུ་ལ་སོགས་ཀྱང་རང་སར་བསྐམས་ནས་ཀོ་དོང་དུ་ལྟུང་། མེ་ཏོག་ཨུཏྤལ་དང་པད་མ་གེ་སར་ལ་སོགས་པའི་མེ་ཏོག་རྣམས་ཀྱང་གསར་པ་མི་སྐྱེ། རྙིང་པ་རྣམས་ཀྱང་བསྐམས་སོང་ནས་མི་འདུག །རླུང་དམར་པོ་དང་སྐྱ་བ་དང་ནག་པོ་ལ་སོགས་པས་ས་གཞི་འགྲིབ་འགྲོ་བ་ཙམ་ཁེབས། འཇག་མའི་སྤྱིལ་བུ་གཉིས་ཀྱང་བྱ་ཚང་དབྱུག་པས་དཀྲུགས་པ་ལྟར་ཐོར་རེ་ལོང་ངེར་སོང་ཞིང་། དུད་འགྲོ་ཤྭ་མོ་གཅིག་མིན་པ་གཞན་གཅན་གཟན་དང་རི་དྭགས་ཀྱི་ཚོགས་གཅིག་ཀྱང་མི་གནས་ཤིང་། ཤྭ་བ་མོ་དེ་ཡང་བཟའ་བཏུང་ལ་སོགས་དོན་དུ་མི་གཉེར་བར་འཇག་མའི་སྤྱིལ་བུ་ཧྲུལ་པོ་དེ་ལ་སྔས་བྱས་ཏེ་ཉལ་འདུག་པ་ལ། གཟུགས་ཀྱི་ཉི་མའི་ཐུགས་ལ། ཡབ་སྒོམ་ཆེན་དེ་ཉིད་ཡུལ་གཞན་ཞིག་གི་རྒྱལ་པོའམ། ཁྱིམ་བདག་རྗེ་དཔོན་ནམ། ཡང་ན་རྗེ་དཔོན་གྱི་རིགས་ཤིག་ནས་མཆོད་གནས་ལ་གདན་དྲངས་པ་ཡིན་ནམ། ཡང་ན་འདི་བས་ཀྱང་དབེན་པའི་གཡའ་ཁྲོད་གངས་ཁྲོད་གཅིག་ཏུ་ཐུགས་དམ་ལ་གཤེགས་པ་ཡིན་ནམ་བསམས་ནས། འཇག་མའི་སྤྱིལ་བུ་དེའི་རྩར་ཕྱིན་པས། འཇག་སྤྱིལ་གོག་པོ་དེའི་ནང་ན་བླ་མའི་ཕྱག་དྲིལ་དང་ཅང་ཏེའུ་ལ་སོགས་པ་རྣམས་མ་ཉམས་འདུག་ཅིང་། ན་བཟའ་ཆོས་གོས་སྣམ་སྦྱར་དེ་ནི་ཕྱེད་ས་འོག་ཏུ་ནོན་ནས་རུལ་སོང་བའི་སྟེང་ན་ཟྭ་པོ་ལ་སོགས་པའི་སྔོ་སུད་སྐྱེས་ནས་འདུག །ཕྱག་དཔེའི་རིགས་རྣམས་འཇག་མ་བཞིན་ཐམས་ཅད་འཛིང་སོང་འདུག་པ་ལས་བུ་མོ་གཟུགས་ཀྱི་ཉི་མའི་ཐུགས་ལ། སྐུ་ཆས་འདི་རྣམས་ཡོད་ལུགས་ཀྱིས་ངའི་བླ་མ་དེ་ཡུལ་གཞན་དུ་རྒྱལ་པོ་དང་ཁྱིམ་བདག་རྗེ་དཔོན་གྱིས་གདན་མ་དྲངས་ཤིང་། གཡའ་ཁྲོད་གངས་ཁྲོད་ལ་མ་བྱོན་པར་ཐག་ཆོད། མྱ་ངན་ལས་འདས་པ་ཡིན་སྙམ་ནས་བླ་མའི་སྐུའི་སྤུར་གདུང་ལ་སོགས་པའི་དུམ་བུ་རེ་ཡོད་པར་སྙམ་ནས་བཙལ་བས་མ་རྙེད། འཇག་སྤྱིལ་གྱི་རྩར་བྱོན་ནས་གདུང་ཤུགས་དྲག་པོས་མཆི་མ་ཆར་པ་ལྟར་བབས་པའི་ངང་ནས་གསོལ་བ་འདི་ལྟར་བཏབ་བོ། །རྗེ་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ། །ཕ་འགྲན་ཟླ་བྲལ་བ་ཆོས་ཀྱི་སྐུ། །ཁྱོད་མི་འགྱུར་རྡོ་རྗེའི་སྐུ་བརྙེས་ཀྱང་། །བདག་བུ་མོའི་མདུན་དུ་མ་བཞུགས་པར། །གནས་འོག་མིན་མཁའ་སྤྱོད་དག་པའི་ཞིང་། །ཁྱེད་གང་ན་བཞུགས་ཀྱང་ཐུགས་རྗེས་ཟུང་། །བདག་བུ་མོའི་ངག་ལ་བྱིན་གྱིས་རློབས། །སྐུ་སྤྲུལ་སྐུའི་སྣང་བ་བསྟན་དུ་གསོལ། །ཞེས་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་བཏབ་པས། འཇའི་རྣམ་པའམ་འོད་ཀྱི་རྣམ་པ་འདྲ་ཞིག་འཇག་སྤྱིལ་གྱི་ནང་དུ་འོད་དམར་སྒོར་སྒོར་ཕྱུང་ནས་དུད་འགྲོ་ཤྭ་མོ་དེའི་སྤྱི་གཙུག་ཏུ་འཐིམ་སོང་ངོ་། །དེ་ནས་ཤྭ་མོ་ལངས་ཏེ་སྣ་ཁྲི་ཁྲི་བ་ལན་གསུམ་བྱས། སྤུ་རྩེའི་ཟིལ་པ་རྣམས་སྤྲུག །འཇག་སྤྱིལ་ལ་སྐོར་བ་ལན་གསུམ་བྱས་ཏེ་ཤར་ཕྱོགས་སུ་སོང་ངོ་། །
དེ་ནས་བུ་མོ་གཟུགས་ཀྱི་ཉི་མས་ཀྱང་ཤྭ་མོ་དེའི་རྟིང་བདས་པས། གཞུ་འདོམ་ལྔ་བརྒྱ་ཙམ་གྱི་ས་ན། འོད་ཀྱི་གོང་བུ་གུར་ཕུབ་པ་ལྟ་བུ་ཞིག་ལ། མི་མ་ཡིན་གྱིས་མཆོད་སྐོར་བྱེད་ཅིང་འདུག་པས། དེ་མ་ཐག་ཏུ་བུ་མོ་གཟུགས་ཀྱི་ཉི་མས་ཡན་ལག་བདུན་པའི་ཕྱག་དང་མཆོད་པ་ཕུལ་ནས། འོད་ཀྱི་གོང་བུའི་ནང་འཛུལ་དུས། རྗེ་རིན་པོ་ཆེ་བླ་མའི་སྐུ་གདུང་ནས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཚོན་གང་བ་གསལ་ཞིང་དྭངས་ལ་རྙོག་པ་མེད་པ་གཅིག་འཁྲུངས་འདུག་པ་དེ་དང་རིང་བསྲེལ་མ་གྷ་ཏའི་བྲེ་གང་ཙམ་རྙེད་དོ། །དེ་ནས་ཡང་འོད་ཀྱི་གོང་བུ་དེ་ཤྭ་མོ་ལ་འཐིམ། དེ་མ་ཐག་ཤྭ་མོ་ལངས་ནས་གཟིགས་ཀྱི་ཉི་མ་ལ་སྐོར་བ་ལན་གསུམ་བྱས་ཏེ་འཇག་སྤྱིལ་གྱི་ནང་དུ་སོང་ངོ་། །
དེ་ནས་བུ་མོ་གཟུགས་ཀྱི་ཉི་མས་ཀྱང་འཇག་སྤྱིལ་ནང་ནས་བླ་མའི་ན་བཟའ་ཉག་ཉིག་དུམ་བུ་རྣམས་བསྡུས་ནས་མོ་རང་གི་གོས་གཅིག་བཅོས། བླ་མའི་ཕྱག་དཔེ་རྣམས་བལྟས་པས་ཕྱེད་ཙམ་གོ་བར་གདའ། བླ་མའི་ཐུགས་དམ་གྱི་ཕྲེང་བ་ཤིང་ལས་བྱས་པ་དང་། ཤེལ་ལས་བྱས་པ་དང་། ཐོད་པ་ལས་གྲུབ་པ་རྣམས་ཐོར་སོང་འདུག་ཅིང་། དེ་རྣམས་བསྡུས་པས་སྣ་ཚོགས་ཕྲེང་བ་བརྒྱ་རྩ་གཅིག་བྱུང་བ་དེ་རྣམས་ཕྱག་མཆོད་ཀྱི་རྟེན་བྱས། ད་ནི་ཡུལ་གཞན་དུ་ཕྱིན་ནས་བླ་མ་བཟང་པོ་ནི་བཙལ་ན་ཡང་རྙེད་པར་དཀའ་བའི་སྟེང་དུ། རང་གཟུགས་འདི་སྐྱེ་དམན་ལ་ཐུག་སྟེ་ལུས་དགྲར་ལངས་ནས་ཆོས་ཀྱི་བར་ཆད་དུ་འགྱུར་ཉེན་ཆེ། དེ་བས་གནས་འདི་ཉིད་ལ་འདུག་ནས་བླ་མ་ལ་གསོལ་བ་བཏབ་སྟེ་ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་ཅིག་བསྒྲུབས་ནས་སེམས་ཅན་གྱི་དོན་བྱེད་ན་ཅི་མ་རུང་སྙམ་དེར་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་པས། དེའི་ཡོན་ཏན་གྱིས་ལྗོན་ཤིང་དང་། མེ་ཏོག་དང་། བྱ་ཀ་ལ་པིང་ཀ་ལ་སོགས་པའི་སྐད་སྙན་སྒྲོག་པའི་བྱ་རྣམས་ཀྱང་སྔར་བཞིན་བྱུང་བར་གྱུར་ཏོ། །
བུ་མོ་ལོ་བཅུ་གཉིས་ཀྱི་བར་དུ་བླ་མ་ལ་གསོལ་བ་བཏབ་ཅིང་། ཕྱག་རྒྱ་ཆེན་པོའི་བསྙེན་སྒྲུབ་ལ་ཇི་ལྟར་འབད་ཀྱང་། སྔར་བླ་མས་གསུངས་པའི་བཀའ་དང་འགལ་ཞིང་ཞལ་གདམས་རྣམས་ཉམས་སུ་མ་བླངས་པའི་ལས་དང་རྣམ་པར་སྨིན་པ་ལ་བརྟེན་ནས། ལོ་བཅུ་གཉིས་ཀྱི་བར་དུ་དཀའ་ཐུབ་ཇི་ཙམ་སྤྱད་ཀྱང་སྒོམ་གྱི་བོག་སྐྱེས་འཕེལ་བ་དང་། མནལ་ལམ་བཟང་པོ་དང་ལྟས་འདི་ཡིན་ཞིག་མ་བྱུང་བས། ཕྱིས་སུ་ནུབ་གཅིག་གི་རྨི་ལམ་ན་ཁྱེའུ་ཆུང་ཤེལ་ཕྲེང་ཐོགས་པ་གཅིག་བྱུང་བ་རྨིས་པས། མོའི་ཐུགས་ལ་འདི་ངའི་ཡི་དམ་གྱི་སྤྲུལ་པ་ཞིག་ཡིན་ངེས་སྙམ་ནས། དེ་མ་ཐག་མནལ་མ་བཞེངས་པར་རྨི་ལམ་གྱི་ངག་ནས་ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱི་སྒོ་ནས་གསོལ་བ་འདི་ལྟར་བཏབ་བོ། །འདྲེན་པ་མཉམ་མེད་རྒྱལ་བ་འོད་དཔག་མེད། །རྒྱལ་བས་དབང་བསྐུར་བྱམས་མགོན་ཐུགས་རྗེ་ཅན། །ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས། །འཕགས་མཆོག་ཁྱེད་ལ་ཐུགས་རྗེའི་སྙན་མངའ་ན། །ཉམ་ཐག་སྨྲེ་སྔགས་འདོན་པ་གསན་དུ་གསོལ། །སྔོན་ཚེ་མཐའ་མེད་སྡུག་བསྔལ་མང་པོས་གཟིར། །འཆིང་བྱེད་དམ་པོ་སྲིད་པའི་ཞགས་པས་བཅིངས། །མ་རིག་མུན་ནག་འཐིབས་པའི་གཅོང་རོང་དུ། །རང་དབང་མེད་པར་རང་ཉིད་ལྷུང་ལགས་ན། །མྱུར་བར་ཐུགས་རྗེའི་ལྕགས་ཀྱུས་དྲོང་དུ་གསོལ། །བདག་ཉིད་འཁོར་བ་ཐོག་མ་མེད་པ་ནས། །ད་དུང་ཚུན་ཆད་མཐའ་མེད་སྲིད་པར་འཁྱམས། །འཁྱམས་པས་མི་ཆོག་ཉོན་མོངས་ཆུ་རྒྱུན་འཕེལ། །ཉོན་མོངས་འཕེལ་ཚེ་སྡུག་བསྔལ་མང་པོས་གཟིར། །སྡུག་བསྔལ་དྲག་པོས་བདེ་བ་མ་ཐོབ་ཀྱང་། །འདོད་པ་དྲག་པོས་སླར་ཡང་འཁོར་བར་འཁྱམས། །ཇི་ལྟར་བྱས་ཀྱང་ཐར་པའི་སྐབས་མ་རྙེད། །རྙེད་པའི་དལ་འབྱོར་དོན་མེད་ཆུད་ཟོས་ནས། །ན་རྒས་འཆི་རྒུད་ཐོག་ཏུ་བབ་པའི་ཚེ། །སྐྱབས་མཆོག་ཁྱོད་ཀྱིས་མགོན་སྐྱོབ་མི་མཛད་དམ། །རླབས་ཆེན་སྤྱོད་པའི་དམ་བཅའ་ཁུར་ཁྱེར་ནས། །ཐོགས་མེད་དུས་ནས་འགྲོ་བ་སྒྲོལ་སྙམ་ན། །སྐལ་མེད་བདག་ནི་ད་དུང་འཁོར་བར་འཁྱམས། །བྱམས་མགོན་ཁྱེད་ཀྱིས་བཏང་སྙོམས་མི་མཛད་དམ། །ལས་དང་སྐལ་བ་ལྡན་པའི་གདུལ་བྱ་རྣམས། །ཐུགས་རྗེ་ཆེན་པོས་ཐུགས་རྗེའི་ལྕགས་ཀྱུས་དྲོངས། །ཕྱིན་ཅི་ལོག་པའི་གཡང་སར་ལྷུང་བ་བདག །སྐྱབས་མེད་མགོན་མེད་གཅིག་པུར་ལུས་ལགས་ན། །ཐུགས་རྗེ་ཆེན་པོས་ཉེ་རིང་མི་མཛད་དམ། །ཤེས་བྱ་ཀུན་ལ་མངོན་སུམ་གཟིགས་ལགས་ན། །གཟུང་འཛིན་རྣམ་རྟོག་འཁྲུལ་བའི་བཙོན་ར་འདིར། །ཁོ་མོ་གཅིག་པུ་འཁྱམས་པ་མ་གཟིགས་ན། །མཁྱེན་བཟང་ཁྱེད་ཀྱི་མཁྱེན་པ་ཕྱོགས་རེ་ཙམ། །ལས་ངན་དྲག་པོའི་དབང་དུ་མ་ཤོར་ན། །ཁྱོད་མིན་བདག་ནི་སྐྱབས་གཞན་མ་མཆིས་ཏེ། །སྐྱབས་གཞན་ཀུན་གྱི་མགོན་སྐྱབས་མི་མཛད་དམ། །རྣམ་གཡེང་ལེ་ལོའི་ངང་ནས་མགོན་ཁྱོད་ལ། །སྐད་ཅིག་དྲན་པས་གསོལ་བ་བཏབ་ན་ཡང་། །མྱུར་མགྱོགས་འཁོར་བའི་མཚོ་ལས་མ་བསྒྲལ་ན། །ཐུགས་རྗེ་ཆེན་པོའི་མཚན་གྱིས་ཅི་ཞིག་བྱ། །ཀྱེ་མ་གསོན་དང་བྱམས་མགོན་ཐུགས་རྗེ་ཅན། །ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས། །སྐལ་མེད་བདག་གི་ཤེས་སྤྱོད་འདི་འདྲ་ན། །ཐུགས་རྗེ་ཆེན་པོའི་ཐུགས་རྗེས་ཅི་བྱར་ཡོད། །བདག་ནི་སྔོན་གྱི་གོམས་འདྲིས་ཤས་ཆེ་བས། །ཉེས་བརྒྱའི་འབྱུང་གནས་སྲིད་པའི་མཚོ་ནང་བྱང་། །མ་རིག་མུན་ནག་ལྷུན་སྟུག་རི་བོས་མནན། །དུག་གསུམ་ལས་ཀྱི་ཆུ་སྲིན་ཁ་རུ་ཚུད། །ཉེས་ཚོགས་ཐམས་ཅད་རང་ཉིད་གཅིག་པུས་བྱས། །འོན་ཀྱང་མགོན་ཁྱོད་རྗེས་སུ་འདྲེན་པ་འདི། །བྱམས་མགོན་ཁྱེད་ཀྱི་འཕྲིན་ལས་མ་ཞུགས་ན། །སྐལ་མེད་བདག་ལ་འབད་པ་ཅི་བྱར་ཡོད། །ད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །བྱམས་མགོན་ཁྱེད་ཀྱི་རྗེས་སུ་བཟུང་གྱུར་ནས། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་མཆོག་སྦྱོངས་པ་ཉིད་གྱུར་ཅིག །མ་གྱུར་སེམས་ཅན་ཀུན་གྱི་ཕན་བདེ་རྣམས། །ཀུན་གྱི་གཞིར་གྱུར་རྒྱལ་བའི་བསྟན་པ་ཡང་། །ཕྱོགས་བཅུ་ཀུན་ཏུ་རྒྱས་པར་བྱེད་པ་ལ། །བློ་ཆེན་རྒྱལ་སྲས་ཀུན་དང་མཚུངས་པར་ཤོག །མདོ་རྒྱུད་བསྟན་བཅོས་ཀུན་གྱི་ཚིག་དོན་རྣམས། །རྒྱལ་དང་རྒྱལ་སྲས་ཀུན་གྱི་དགོངས་པ་བཞིན། །ཚུལ་བཞིན་རྟོགས་ནས་གཞན་ལ་བསྟན་པ་ལ། །མགོན་པོ་ཁྱོད་ཀྱིས་འཕྲིན་ལས་འཇུག་པར་ཤོག །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ཆེན་པོ་འདི། །ཇི་སྲིད་སྐམ་པར་མ་གྱུར་དེ་སྲིད་དུ། །ཁྱོད་བཞིན་བདག་ཀྱང་དམ་བཅའི་ཁུར་ཁྱེར་ནས། །འགྲོ་བ་ཀུན་གྱི་སྐྱབས་སུ་བདག་གྱུར་ཅིག །ཅེས་སྨྲེ་སྔགས་འདོན་ཞིང་གསོལ་བ་དེ་ལྟར་བཏབ་པས། །རྨི་ལམ་གྱི་ཁྱེའུ་དཀར་ཆུང་དེ་འོད་ཀྱི་གོང་བུར་བཞུས་ཏེ་མེར་མེར་བྱེད་པའི་ངང་ནས་འདི་སྐད་ཅེས་གསུངས་བྱུང་། བུ་མོ་ཁྱོད་བླ་མས་གང་གསུང་དམ་ཚིག་མི་བསྲུང་བར། བླ་མའི་བཀའ་དང་འགལ་བས་རྣམ་པར་སྨིན་པས། སྐྱེ་བ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད། དེ་བས་གྲོང་ཁྱེར་དང་གྲོང་བརྡལ་རྣམས་སུ་ཡི་གེ་དྲུག་མའི་ཆོས་རྒྱ་ཆེན་པོ་སྟོན་ནས་སེམས་ཅན་ཐམས་ཅད་བདེ་བར་བཀོད། བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་སྐོངས་ཤིག །ཁྱད་པར་སྐྱེ་བོ་མྱ་ངན་གྱིས་གདུང་བའི་སྡུག་བསྔལ་སེལ་ཅིག །དེ་བཞིན་བྱས་ན་བར་དོ་ན་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ཟེར་བའི་སྒྲ་ཐོས་མ་ཐག་འོད་ཀྱི་གོང་བུ་དེ་གཟུགས་ཀྱི་ཉི་མ་ལ་སྐོར་བ་ལན་གསུམ་བྱས་ནས་སྤྱི་གཙུག་ཏུ་འཐིམ་པ་རྨིས་སོ། །
དེ་ནས་གཉིད་སད་པ་དང་གཟུགས་ཀྱི་ཉི་མའི་ཐུགས་ལ། ངས་བླ་མའི་བཀའ་དང་འགལ་བའི་བྱ་བ་གཞན་ནི་མ་བྱས། བླ་མའི་ཐུགས་དམ་མུ་ཏིག་གི་ཕྲེང་བ་སུ་གང་ལའང་མ་སྟོན་གསུངས་པ་ཡིན་པར། གན་དྷེ་བཟང་མོ་ལ་བསྟན་པས་དེས་ལན་པ་ཡིན་འདུག་སྙམ་པ་ཐུགས་ལ་དགོངས་ནས། བླ་མའི་སྐུ་གསུང་ཐུགས་དང་འགལ་བའི་སྒྲིབ་པ་སྦྱོང་བའི་ཕྱིར་མཆོད་རྟེན་བརྒྱ་ཚར་བཞེངས། དེ་དག་གི་གཟུངས་བཞུགས་ལ་བླ་མའི་སྐུ་སྤུར་ནས་འཁྲུངས་པའི་རིང་བསྲེལ་དང་། ན་བཟའ། ཕྱག་དཔེ་རྣམས་བཅུག་སྟེ་རབ་གནས་དང་བཀྲ་ཤིས་ཀྱང་མོ་རང་གིས་མཛད་དོ། །
དེ་ནས་སྒྲིབ་པ་སྦྱོང་པའི་ཕྱིར་དུ་ལུང་བསྟན་བཞིན་ཡི་གེ་དྲུག་མ་བཟླས་བརྗོད་བྱ་ཞིང་། གཞན་ཡང་དེ་དག་བདེ་བ་ལ་བཀོད་པར་བྱའོ་སྙམ་ནས། ལུས་ལ་ཕྱ་ར་གྱོན་ལག་ཏུ་སློང་ཕོར་དང་དབྱུག་པ་ཁྱེར། བླ་མའི་ན་བཟའ་ཉག་ཉིག་རྣམས་ཀྱིས་སྟོད་གཡོགས་དག་གོན་ནས། འདི་ལྟར་ཕྱིན་ན་བཞིན་མཛེས་པ་འདིས་སྔོན་མ་ཡང་བདག་བསླུས་པ་ཡིན། ད་རུང་བསླུས་ཉེན་ཡོད་སྙམ་ནས་མཁུར་ཚོས་ལ་སྦྲང་རྩི་དང་ཕྲུ་ནག་སྦྱར་ཏེ་བྱུག་ནས། གྲོང་ཁྱེར་དང་གྲོང་བརྡལ་རྣམས་སུ་བྱོན་ཏེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ལ་བཀོད། མཚན་ཡང་རྣམ་འབྱོར་མ་ཐུབ་པ་ཆེན་མོ་ཞེས་གྲགས་སོ། །
དེའི་དུས་སུ་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ན། རྒྱལ་པོ་ཟླ་བའི་སེང་གེའི་གཙོས་འཁོར་འབངས་རྣམས། བཙུན་མོ་གཟུགས་ཀྱི་ཉི་མ་དང་བྲལ་བའི་མྱ་ངན་གྱི་ཁུང་བུར་ཚུད་དེ། ཁྱད་པར་རྒྱལ་པོ་ཟླ་བའི་སེང་གེ་དེ་ཉིད། བཙུན་མོ་གཞན་ལས་ཕུལ་དུ་ཕྱིན་པ་གཟུགས་ཀྱི་ཉི་མ་དང་བྲལ་པའི་མྱ་ངན་གྱིས། རིགས་ངན་བུ་མོས་ཐོག་དྲངས་པའི་བཙུན་མོ་ལྔ་བརྒྱ་པོ་ལ་དགའ་མགུར་སྤྱོད་པ་ག་ལ་ཡོད། སྤྱན་གྱིས་ཀྱང་མི་གཟིགས་པའི་ཁར། རྒྱལ་པོ་རང་ཟས་སྐོམ་ཡང་མི་དྲན་པར་མྱ་ངན་གྱིས་ནོན་ནས་ལུས་སྟོབས་ཀྱང་ཤོར་ཏེ། ཤིན་ཏུ་རིད་ཅིང་ཀེང་རུས་ཀྱི་ལུས་ལྟ་བུར་གྱུར་ཏོ། །ཡབ་རྒྱལ་པོས་སྲས་ཟླ་བའི་སེང་གེ་ལ་གཟིགས་ནས་ངའི་བུ་དེ་སྐུ་ལུས་འདི་ལྟ་བུར་སོང་བ་ཅི་ཡིན་ནམ་སྙམ་ནས་འདི་སྐད་ཅེས་གསུངས་སོ། །རིགས་བཟང་ལང་ཚོ་ལྡན་པ་ཚུར་ཉོན་དང་། །འབྱུང་བཞི་འཁྲུག་པའི་ནད་ཀྱིས་མ་བཏབ་པར། །ལང་ཚོ་རྒྱས་པའི་སྐུ་ལུས་རིད་པར་གྱུར། །ནད་དུ་མི་ཐེག་སེམས་གཅོང་ཅི་ཞིག་བྱུང་། །མངའ་ཐང་དཔལ་འབྱོར་ཆབ་སྲིད་མ་ཉམས་ན། །གང་ལའང་མི་དགའ་མི་དགོས་གསལ་པོར་སྨྲོས། །ཞེས་གསུངས་པས། རྒྱལ་པོ་ཟླ་བའི་སེང་གེས་ཡབ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་ཡི་དབང་པོ་ཡབ་གཅིག་ཚུར་གསོན་དང་། །ཡུན་རིང་བསྲིངས་ནས་འབད་དེ་བཙལ་བའི་གཉེན། །བདག་ལ་གདུང་བའི་གཟུགས་མཛེས་ཉི་མ་དེ། །ཉི་མ་ཉིན་ཕྱེད་སྒྲ་གཅན་གཤེད་མས་བཟུང་། །བདག་བློ་མྱ་ངན་མུན་ནག་ཁུང་བུར་ཚུད། །བླང་དོར་གསལ་བའི་སྣང་བ་མ་མཆིས་པས། །སེམས་ཀྱང་མི་དགའ་ལུས་ཀྱང་མི་བདེ་ཞིང་། །ཡབ་ཆེན་ཐུགས་རྗེ་ཅན་གྱིས་དགོངས་ལགས་སམ། །ཞེས་ཞུས་པས། ཡབ་ཀྱིས། གཞོན་ནུ་བློ་ལྡན་མཆོག་ཁྱོད་ཚུར་ཉོན་དང་། །ཉི་མ་དེ་ལ་བྱེད་ལུགས་རྣམ་པ་གཉིས། །བདེ་སྐྱིད་ལོ་ཐོག་བསྐྲུན་པའི་བྱ་བའང་ཡོད། །དཔལ་འབྱོར་རྒྱ་མཚོ་སྐེམ་པའི་ནུས་པའང་ཡོད། །འདི་འདྲ་ཅི་ཡིན་མི་ཤེས་བཏང་སྙོམས་ཞོག །ཉི་མ་འདི་ལ་ནུས་པ་རྣམ་པ་གཉིས། །རྒྱང་ན་འོད་གསལ་གྲང་བའི་སྡུག་བསྔལ་སྐྱོབ། །ཉེ་ན་མིག་ལོང་ལུས་རྣམས་ཐལ་བར་རློག །འདི་འདྲ་ཅི་ཡིན་མི་ཤེས་བཏང་སྙོམས་ཞོག །ཉི་མ་འདི་ལ་མཐུ་སྟོབས་རྣམ་པ་གཉིས། །མུན་པ་མུན་ནག་ཆེན་པོ་འདི་ཡིས་སེལ། །སྣོད་བཅུད་འཇིག་རྟེན་ཁམས་རྣམས་འདི་ཡིས་སྲེག །འདི་འདྲ་ཅི་ཡིན་མི་ཤེས་བཏང་སྙོམས་ཞོག །ཡིད་འཕྲོག་རབ་མཛེས་མཚན་དཔེའི་རྒྱན་གྱིས་བརྒྱན། །བཙུན་མོ་ལྔ་བརྒྱ་ཕོ་བྲང་ནང་ལ་ཡོད། །འདོད་ཡོན་ལྔ་ལ་དགའ་བདེ་ལོངས་སྤྱོད་ལ། །སེམས་འཁྲེང་མ་མཛོད་རང་སེམས་ལྷོད་ལ་ཞོག །ཅེས་གསུངས་པས། ཡང་རྒྱལ་བུས་འདི་སྐད་ཅེས་ཞུས་སོ། །རྒྱལ་པོ་རྒྱལ་སྲིད་ལྷ་ལམ་ཡངས་པ་རུ། །བཙུན་མོ་སྐར་མའི་ཚོགས་བཞིན་འདུས་ལགས་ཀྱང་། །རྒྱུ་སྐར་རྟ་བདུན་རྒྱལ་པོ་མི་བཞུགས་ན། །གཞན་རྣམས་འོད་དང་ལྡན་ཡང་མུན་མི་སེལ། །ཀྱེ་མ་ཡབ་ཅིག་རྒྱལ་པོ་ཚུར་གསོན་དང་། །བདག་གི་གཟུགས་མཛེས་ཉི་མ་དེ། །སྒོ་ང་ལ་ནི་བྱ་བརྩེ་བཞིན། །བདག་གིས་གཅེས་པར་བཟུང་བཟུང་ནས། །སྙིང་རྗེ་མེད་པའི་གཤེད་མའི་བུས། །དུར་ཁྲོད་གནས་སུ་ཁྲིད་ཁྲིད་ནས། །ད་ནི་སྲོག་དང་ཕྲལ་ལས་ཆེ། །གཤིན་རྗེ་སེང་གེ་མགོ་བོ་དང་། །གཤིན་རྗེ་སྟོབས་ལྡན་སྤྱང་ཀིའི་གདོང་། །གཤིན་རྗེ་ཁ་དམར་སྲིན་པོའི་གཟུགས། །དེ་ཚོས་གཙོ་བྱས་བཤས་ལས་ཆེ། །བདག་གིས་འབད་པ་དོན་མེད་སོང་། །ཞེས་ཞུས་པས། ཡང་ཡབ་ཀྱིས་འདི་སྐད་གསུངས་སོ། །ལྷ་གཅིག་ཟླ་བའི་སེང་གེ་ཚུར་ཉོན་དང་། །ཁྱོད་ཀྱི་གཅུང་པོ་ཟླ་བའི་གཞོན་ནུ་དང་། །མཁོ་བའི་གླང་ཆེན་རབ་བརྟན་གཉིས། །སྲོག་དང་བྲལ་བའི་གཤེད་མ་ལ། །ལྷ་མོར་མ་འཛིན་ཕ་ཡི་བུ། །ཞེས་གསུངས་པས། རྒྱལ་བུ་ཟླ་བའི་སེང་གེ་ན་རེ། སྟེང་དགའ་ལྡན་ལྷ་ཡི་ཞིང་ཁམས་ནས། །ལྷ་དབང་པོ་བརྒྱ་བྱིན་ཉིད་ཀྱི་སྲས། །འོག་ཀླུ་ཡུལ་གཙང་མའི་གནས་མཆོག་ནས། །ཀླུ་དགའ་བོ་འཇོག་པོའི་སྲས་ཡིན་ཀྱང་། །གཟུགས་མཛེས་ཡིད་འོང་འགྲན་གྱུར་ན། །དེ་ལ་འགྲན་པའི་གོ་སྐབས་ཡོད་མ་ཡིན། །བདག་བློ་མྱ་ངན་ཁུང་བུར་དེ་ཡིས་ཚུད། །མྱ་ངན་མྱུར་དུ་སེལ་ཅིག་བྲམ་ཟེ་མཆོག །ཅེས་ཟེར་ཞིང་གཟུགས་ཀྱི་ཉི་མ་དྲན་པའི་གདུང་ཤུགས་ཀྱིས་རྒྱལ་པོས་ཐོག་དྲངས་འཁོར་འབངས་རྣམས་ཀྱི་ལོངས་སྤྱོད་ཀྱི་གསུམ་ཆ་གཉིས་མོའི་དགེ་རྩར་སྦྱར་ཞིང་། ཡབ་དྲང་སྲོང་ཆེན་པོ་ལའང་བཙུན་མོ་གཟུགས་ཀྱི་ཉི་མ་ཡིད་ལ་དྲན་པའི་ངང་ནས་གསོལ་བ་ཉིན་མཚན་མེད་པར་བཏབ་པ་དེའི་མཐུ་དང་སྔོན་གྱི་སྨོན་ལམ་གྱིས་འབྲེལ་བ་ལ་བརྟེན། ཡི་དམ་གྱིས་ལུང་བསྟན་ནས། རྣལ་འབྱོར་མ་ཐུབ་པ་ཆེན་མོ་རྒྱལ་ཁམས་ཕྱོགས་མེད་སྐོར་བའི་རྟིང་ལ། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱི་ཕྱོགས་སུ་ཕྱག་ཕེབས་བྱུང་བས། དེས་ན་རྣལ་འབྱོར་མའི་ཐུགས་དགོངས་ལ། ཨ་ཁ་ཁ་ཡང་གྲོང་ཁྱེར་འདིར་སླེབས་འདུག །གྲོང་ཁྱེར་འདིར་བསྡད་ན་ད་རུང་བར་ཆད་བྱུང་ཉེན་ཡོད་བསམས་ནས། ལུང་ཕྱོགས་གཞན་དུ་འབྱོན་པར་ཆས་པས། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཆོས་ཀྱི་སྟོན་མོ་བྱེད་པར་གདན་འདྲེན་པ་དང་། ཆོས་ཀྱི་འབྲེལ་བ་ཞུ་བ་དང་། མ་ཎིའི་དབང་ལུང་ཞུ་མཁན་མང་པོ་བྱུང་ནས་ཞག་འགའ་དེར་ལུས་སོ། །
དེའི་དུས་སུ་གན་དྷེ་བཟང་མོ་ཡང་ཡོད་པ་ཡིན་འདུག་པས། མོའི་བསམ་པ་ལ་ངས་སྡིག་པ་མང་པོ་བསགས་ཡོད་པར། རྣལ་འབྱོར་མ་ཁྱད་འཕགས་ཅིག་ཡིན་འདུག །ང་ཡང་འདི་ལས་ཆོས་འབྲེལ་ཞིག་ཞུ་ཞིང་། ལྷག་པར་རྒྱལ་པོ་འཁོར་བཅས་མྱ་ངན་གྱི་ཁུང་བུར་ཚུད་པའི་སྡིག་པའི་རྩ་བ་ང་ཉིད་ཡིན་པས། སྡིག་བཤགས་གཅིག་ཀྱང་འབུལ་དགོས་བསམས་ནས། ཚེས་བཅོ་ལྔའི་ནུབ་མོ་སྣ་ཚོགས་པའི་མཆོད་པ་རྒྱ་ཆེར་བཤམས་པའི་དབུས་སུ། རིན་པོ་ཆེའི་ཁྲི་བརྩེགས་ཏེ་རྣལ་འབྱོར་མ་གདན་དྲངས་ནས་ཁྲི་ལ་བཞུགས་བཅུག་པ་དང་། གན་དྷེ་བཟང་མོས་བཟའ་ཚང་འཁོར་གཡོག་རྣམས་ལ་ཁྱེད་རྣམས་ཕྱིར་ཐོན། ང་ཉིད་རྣལ་འབྱོར་མ་འདི་ལས་ཆོས་ཟབ་མོ་ཞིག་ཞུ་རྩིས་ཡིན་ཟེར་ཐམས་ཅད་ཕྱིར་བཏོན་ནོ། །དེ་ནས་གན་དྷེ་བཟང་མོས་རྣལ་འབྱོར་མའི་སྤྱན་སྔར་པུས་མོ་གཉིས་ས་ལ་བཙུགས། ལག་པ་གཉིས་ཐལ་མོ་སྦྱར་ནས་བཤགས་པའི་ཚིག་འདི་བཞིན་བརྗོད་དོ། །བདག་སྡིག་མོ་ཆེ་ཡིན་པས་རྣལ་འབྱོར་མས་དགོངས་སུ་གསོལ། རྗེས་སུ་གཟུང་དུ་གསོལ་ཟེར་ནས། སྟོབས་བཞིའི་སྒོ་ནས་བཤགས་པ་འདི་ཕུལ་ལོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། སློབ་དཔོན་ཆེན་མོ་བདག་ལ་དགོངས་སུ་གསོལ། བདག་གན་དྷེ་བཟང་མོ་ཞེས་བྱ་བས་ཚེ་འཁོར་བ་ཐོག་མེད་ནས། ད་ལྟའི་བར་དུ་དུག་གསུམ་ཀུན་ནས་བླངས་ཏེ་སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་། བགྱིས་ལ་རྗེས་སུ་ཡི་རངས་པ་དང་། ཁྱད་པར་རིགས་ངན་གྱི་བུ་མོའི་ཁ་ལ་ཉན་ནས། རྒྱལ་པོའི་བང་མཛོད་ལ་དབང་བསྒྱུར་པའི་ཕྱིར། བཙུན་མོ་བྲམ་ཟེ་གཟུགས་ཀྱི་ཉི་མ་ཞེས་བྱ་བ་དེ་ཉིད་ལ། སྲུང་བ་མུ་ཏིག་གི་ཕྲེང་བ་བརྒྱ་རྩ་གཅིག་འདུག་པ་དེ། ཐབས་དུ་མའི་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་བསླུས་ཤིང་།
དེ་ནས་ཁོང་རྣམས་ལ་མྱོས་བྱེད་ཀྱི་རྫས་ངན་བཏབ་སྟེ་མྱོས་ཤིང་རྨུགས་པར་བྱས་པ་དང་། དེའི་རྗེས་སུ་རྒྱལ་པོའི་གླང་པོ་ཆེ་རབ་བརྟན་བདག་གིས་བསད་ནས། ཤ་ཁྲག་རྣམས་གཟུགས་ཀྱི་ཉི་མའི་སྔས་སུ་བོར་ནས་མོས་བསད་ཚུལ་བྱས་པའི་བློ་ངན་དང་། དེའི་རྗེས་དུར་ཁྲོད་ནས་མི་རོ་བམ་པོ་བླངས་ཏེ་ཉི་མའི་སྔས་སུ་བོར་བ་དང་། ཡང་དེའི་རྗེས་སུ་རྒྱལ་པོའི་སྲས་ཆུང་ཟླ་བའི་གཞོན་ནུ་བཀྲོངས་ནས་ཤ་ཁྲག་རྣམས་གཟུགས་ཀྱི་ཉི་མའི་སྔས་སུ་བོར་བ་དང་དེར་རྒྱལ་པོས་ནེ་ཙོ་སྐེ་བཅད་དེ་བསད་པ་དང་། དེའི་རྒྱུ་རྐྱེན་གྱིས་གཟུགས་ཀྱི་ཉི་མ་གཤེད་མ་མི་གསུམ་ལ་བསྐུར་ནས་དུར་ཁྲོད་དུ་བཤས་པ་ལ་སོགས་པའི་སྡིག་པ་ཐམས་ཅད་ཀྱི་རྩ་བ་བྱེད་པ་པོ་བདག་ལགས་པས། དེའི་སྡིག་པ་རྣམས་དང་། ཡང་རྒྱལ་པོ་ཟླ་བའི་སེང་གེ་བཙུན་མོ་གཟུགས་ཀྱི་ཉི་མ་དང་བྲལ་བའི་མྱ་ངན་གྱིས་གྲོངས་ལ་ཁད་དུ་ཐུག་པས། རྒྱལ་པོ་གྲོངས་ན་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱིས་ཐོག་དྲངས་པའི། གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་གི་མི་ཕྱུགས་ཐམས་ཅད་རྒྱལ་པོའི་དགེ་རྩ་ལ་འདུས་དགོས་པས། དེ་དག་ཐམས་ཅད་ཀྱི་སྡིག་པའི་རྩ་བ་ཁོ་མོ་ལ་འདུག་པས། སྡིག་པ་དེ་དག་ཐམས་ཅད་རྣལ་འབྱོར་མའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་པའི་བཤགས་པ་ལན་གསུམ་ཕུལ་བའི་རྗེས་སུ། སྔར་བསླུས་ཏེ་བརྗེས་པའི་མུ་ཏིག་གི་ཕྲེང་བས་ཐོག་དྲངས་རིན་པོ་ཆེ་རིགས་མང་པོའི་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ་ལོ། །
དེ་དུས་གཟུགས་ཀྱི་ཉི་མའི་ཐུགས་ལ་ང་དུར་ཁྲོད་དུ་སྤྱུགས་མཁན་འདི་ཉིད་ཡིན་པར་འདུག་སྟེ། ཨ་ཙ་མ་འདིའི་མགོ་བོའི་སྐྲ་ནས་བཟུང་སྟེ་རྨུར་ན་བསམ་པ་ལན་གཅིག་བྱུང་བས། འོན་ཀྱང་སེམས་ཅན་གྱི་ལས་ལ་ཅིའང་སྲིད་ཐུགས་ལ་དགོངས་ཏེ་བཟོད་པ་བསྒོམས་ནས་བཤགས་པ་བཞེས་སོ། །དེ་ནས་གན་དྷེ་བཟང་མོས་རྣལ་འབྱོར་མ་ལ་གསོལ་བ། ཟླ་བ་འདིའི་མར་ངོའི་གནམ་སྟོང་ལ་བཤགས་པ་འདི་འབུལ་རྩིས་ཡོད་པར། རྣལ་འབྱོར་མས་བདག་ལས་ངན་མ་ལ་ཐུགས་རྗེས་གཟུང་འཚལ་ལོ། །ཞེས་ཞུས་པས། རྣལ་འབྱོར་མས་ཀྱང་དེ་བཞིན་བགྱི་ཟེར་ཞལ་གྱིས་བཞེས་སོ། །བློན་པོ་རིག་པ་ཅན་ཨ་བོ་ན་གེ་ཟེར་བ་དེའི་བསམ་པ་ལ། རྣལ་འབྱོར་མ་ཁྱད་པར་ཅན་གཅིག་ཕེབས་འདུག་པས། དེ་ཉིད་ཕོ་བྲང་དུ་གདན་དྲངས་ནས་རྒྱལ་པོ་ཡབ་སྲས་མྱ་ངན་སེལ་བའི་ཕྱིར་ཆོས་ཤིག་ཞུས་ན་ཅི་མ་རུང་སྙམ་ནས། ཨ་བོ་ན་གེས་རྣལ་འབྱོར་མ་གདན་འདྲེན་དུ་ཕྱིན་པས། གྲོང་ཁྱེར་གྱི་སུམ་མདོ་མི་མེད་སྲང་བར་གཅིག་ལ་རྣལ་འབྱོར་མ་དང་མཇལ་ཏེ། ཨ་བོ་ན་གེས་ཕྱག་འཚལ་བྱིན་རླབས་ཞུས་ནས། ཁོང་རང་གི་སྟོད་གོས་དེ་རྣལ་འབྱོར་མ་ལ་ཕྱག་རྟེན་དུ་ཕུལ་ཏེ་འདི་སྐད་ཅེས་ཞུས་སོ། །རྣལ་འབྱོར་མ་ཁྱེད་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས། རྒྱལ་པོ་ཡབ་སྲས་མྱ་ངན་སེལ་བའི་ཆོས་ཤིག་གནང་ན་ཅི་མ་རུང་། ཁྱོད་བྱོན་པའི་ས་ཕྱོགས་གང་ལའང་སྔར་རྒྱལ་པོའི་བཙུན་མོ་གཟུགས་ཀྱི་ཉི་མ་ཟེར་བ་ཞིག་ཡོད་པ་དེ། ཇི་ལྟར་ཡིན་མ་ཤེས་པར་གཤེད་མ་མི་གསུམ་དང་བཅས་དུར་ཁྲོད་དུ་བཏང་བས། བསད་པའི་ཤུལ་ནི་མི་འདུག །གཤེད་མ་གསུམ་ཡང་ལོག་མ་བྱུང་བས། དེ་རྣམས་གར་འདུག་གི་གཏམ་མ་ཐོས་སམ། ཡང་ན་འདིར་འདུག་སྤྱན་གྱིས་གཟིགས་ལགས་སམ། ཞེས་ཞུས་པས། རྣལ་འབྱོར་མས་འདུག་ཟེར་བ་ནི་ཐོས། མིག་གིས་ནི་མ་མཐོང་གསུངས་ནས་ཞལ་འཛུམ་མཛད་པས། ཨ་བོ་ན་གེས་ཚེམས་དུང་སོ་འཁོར་བ་དེ་མཐོང་ནས། ཁོ་བློན་པོ་རིག་པ་ཅན་ཡིན་པའི་སྟབས་ཀྱིས་མོ་ཡིན་པར་རིག་སྟེ། རྣལ་འབྱོར་མ་ཁྱོད་རང་ཡིན་པ་འདྲ་ཞུས་པས། རྫུན་མི་བཤད་པའི་དམ་བཅའི་སྟབས་ཀྱིས་ཡིན་པའང་སྲིད་གསུངས་པས། ཨ་བོ་ན་གེས་འོ་རྣལ་འབྱོར་མ་ངོ་མཚར་ཆེ་ཟེར་ནས། ཕྱག་ནས་བཟུང་སྟེ་རྒྱལ་པོ་འཁོར་བཅས་མྱ་ངན་གྱིས་གཟིར་ལུགས་རྣམས་ཞིབ་པར་ཞུས་པས། རྣལ་འབྱོར་མས་ཁྱེད་རྣམས་བདེན། འདི་དག་བྱེད་མཁན་གན་དྷེ་བཟང་མོ་དང་རིགས་ངན་གྱི་བུ་མོ་དེ་གཉིས་ཡིན་པར་འདུག །དེའི་རྒྱུ་མཚན་མང་པོ་གནམ་སྟོང་ལ་མོས་བཤགས་པ་འབུལ་བར་ཡོད་པས། དེའི་དུས་སུ་ཉན་པར་ཤོག་གསུངས་པས། ཨ་བོ་ན་གེས་འདི་སྐད་གསོལ་ཏོ། །བདག་གི་གཟུགས་མཛེས་ཉི་མ་ཁྱོད། །དང་པོ་མཇལ་བའི་དུས་སུ་ནི། །སྟེང་ལྷའི་བུ་མོ་ཡིན་ནོ་སྙམ། །བར་དུ་གཤེད་མས་བཟུང་ཙ་ན། །དམྱལ་བར་སྐྱེ་བ་དག་དང་མཚུངས། །དེ་དུས་མ་བྲལ་སྡོད་པ་ལས། །ད་རེས་རྙེད་པ་དགའ་ཚོར་ཆེ། །བཀའ་དྲིན་ཆེ་སོང་བཙུན་མོ་ལགས། །ཅི་གསུང་དང་དུ་ལེན་ནོ། །གཞན་དུ་མ་བྱོན་པར་འདིར་བཞུགས། ཟེར་ནས་སྐད་ཅིག་ཉིད་ལ་ཨ་བོ་ན་གེ་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས། རྒྱལ་པོ་ཆེན་པོ་སྙན་གསོན་དང་། གཤེད་མ་མི་གསུམ་དང་བཙུན་མོ་གཟུགས་ཀྱི་ཉི་མ་རྒྱལ་ཁམས་ལ་ཡོད་པར་འདུག །མྱ་ངན་མ་མཛད་པར་སྐུ་ཁྲུས་གསོལ་བར་ཞུ་ཞུས་པས། རྒྱལ་པོ་ན་རེ། ཤི་བ་སླར་ལོག་ཟེར་བ་ཐོས་སམ། ཨ་བོ་ན་གེ་རྫུན་མ་ཤོད་གསུངས་པས། འོ་ལགས་སོ་རྫུན་མ་ཡིན་ཅིས་ཀྱང་བདེན་པར་ཐག་ཆོད་འདུག་པས། འདིའི་རྒྱུ་མཚན་གང་ཡིན་ཞེས་ཟེར་ན། རྫུན་སྤངས་པའི་རྣལ་འབྱོར་མ་གཅིག་གིས་གསུང་གིན་འདུག་ཞུས་པས། རྒྱལ་པོ་ཡང་ཐུགས་ཅུང་ཞིག་དགྱེས། བདེན་སྙམ་པ་ཞིག་བྱུང་ནས་མྱ་ངན་ལས་སངས་པའི་སྐུ་ཁྲུས་གསོལ་ལོ། །དེ་ནས་ཨ་བོ་ན་གེས་རྒྱལ་པོ་ཡབ་སྲས་གཉིས་གདན་དྲངས། རལ་གྲི་གློ་ལ་བཏགས་ཏེ། གན་དྷེ་བཟང་མོའི་འོག་ཁང་དུ་ཡིབ་བོ། །
དེ་ནས་གནམ་སྟོང་ཉིན་རྣལ་འབྱོར་མ་མོའི་ཁྱིམ་དུ་གདན་དྲངས་ཏེ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། ཉི་མ་ནུབ་པ་དང་། གཡོག་རྣམས་ཁྱིམ་གྱི་ཕྱིར་བཏོན་ནས། མཆོད་པའི་དབུས་སུ་རིན་པོ་ཆེའི་ཁྲི་ལ་རྣལ་འབྱོར་མ་བཞུགས་སུ་བཅུག་སྟེ། གན་དྷེ་བཟང་མོས་ཉེས་པ་ཅི་བྱས་པ་ཐམས་ཅད་བསྔོ་བགྲངས་བྱེད་པའི་དུས་སུ། རྒྱལ་པོ་ཡབ་སྲས་གཉིས་ནི་ཐུགས་མ་ནོན་པར་འཆོར་ལ་ཁད་པའི་དུས་ཨ་བོ་ན་གེས་བཤོལ་བཏབ། གན་དྷེ་བཟང་མོས་བཤགས་པ་ལན་གསུམ་ཕུལ་བའི་རྗེས་སུ་རྒྱལ་བློན་གསུམ་པོས་རལ་གྲི་འཕྱར་ནས་གན་དྷེ་བཟང་མོའི་སྟེང་དུ་རུབ་པས། རྣལ་འབྱོར་མས་མོ་བཀབ་སྟེ་རྒྱལ་པོ་རྗེ་བློན་གསུམ་ལ་འདི་སྐད་ཅེས་སྨྲས་སོ། །
ཀྱེེ་རྒྱལ་པོ་ཡབ་སྲས་རིན་པོ་ཆེ། །རྒྱལ་སྲིད་ཞི་བས་སྐྱོང་བར་བྱ། །འཁོར་འབངས་བྱམས་ཀྱིས་སྐྱོང་བར་བྱ། །སྡིག་ཅན་སྙིང་རྗེས་སྐྱོང་བར་བྱ། །ཐོས་པ་བསམ་བློས་བརྟག་པར་བྱ། །ནོར་ནི་བག་ཡོད་དུས་སུ་སྤྱོད། །འདི་ལ་སྙིང་དེ་ང་ན་སྟེ། །སྡིག་ཆེ་བསད་པའི་སྲོག་ལན་རང་ལ་ཡོང་ཞེས་ཞུས་པས། རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །བུད་མེད་གཏི་མུག་རང་བཞིན་ཏེ། །ཉི་མ་གསལ་སྒྲོན་མེ་དང་འདྲ། །བུད་མེད་ཞེ་སྡང་རང་བཞིན་ཏེ། །ཉི་མ་རྒྱ་མཚོའི་དར་བས་འཇམ། །བུད་མེད་འདོད་ཆགས་རང་བཞིན་ཏེ། །ཉི་མ་འདོད་འཇོའི་བ་དང་འདྲ། །ཅི་གསུངས་དང་དུ་ལེན་པར་ཞུ། །ཞེས་གསུངས་པས། རྣལ་འབྱོར་མས་རྒྱལ་པོའི་བྱི་དོར་དེ་ལ་ཡིད་ཅུང་ཞིག་མ་དགའ་བར་འདི་སྐད་ཅེས་གསུངས་སོ། །དང་པོར་གཟུགས་ཀྱི་ཉི་མ་ང་། །ཡབ་རྒན་དྲུང་དུ་བསྡད་ཙ་ན། །རྒྱལ་པོའི་བཀའ་ནན་མ་ཐེག་པར། །ཕོ་བྲང་ནང་དུ་སླེབས་ཙ་ན། །ལས་ངན་གཤེད་མའི་ལག་ཏུ་བསྐུར། །དུར་ཁྲོད་གནས་སུ་ཁྲིད་ཙ་ན། །དྲན་པ་ཐོར་བ་ལན་དགུ་མྱངས། །དབུགས་རྒྱུ་བ་ཆད་པ་ལན་གསུམ་བྱུང་། །ལར་དོ་ཤི་དོ་ཆད་ལན་ལྔ་བྱུང་། །ལུས་ཚ་གྲང་གི་སྡུག་བསྔལ་བསམ་མི་ཁྱབ། །རིན་ཆེན་སྲོག་དང་དོ་བྲལ་བྱུང་། །འོན་ཀྱང་སྲོག་དང་མ་བྲལ་ཙམ། །ཞེས་གསུངས་པས། རྒྱལ་པོས་འདི་སྐད་གསུངས་སོ། །དཀར་ལ་གསལ་པའི་ཟླ་བ་ལ། །ནག་པོ་རབ་རིབ་བྱུང་ཡང་སྲིད། །པད་མ་ལྟ་བུའི་འཇམ་པ་ལ། །གེ་སར་ཚེར་མ་རྣོ་ཡང་སྲིད། །ཤེལ་དཀར་དྭངས་པའི་མཆོད་རྟེན་ལ། །རྡུལ་གྱི་དྲི་མ་འགོས་ཀྱང་སྲིད། །གང་ཟག་མཁས་པ་ཕལ་ཆེར་ལ། །འཁྲུལ་པ་དུམ་རེ་བྱུང་ཡང་སྲིད། །བདག་ནི་མ་རིག་དབང་གིས་ཐལ། །ཉེས་པ་ཤོར་བར་བཟོད་པར་གསོལ། །ཞེས་ཞུས་པས། ཨ་བོ་ན་གེས་འདི་སྐད་ཅེས་ཞུས་སོ། །འཁོར་བ་གཏི་མུག་གི་རྒྱ་མཚོ་ལ། །རྒྱལ་པོ་དར་རྒྱས་ཀྱི་རི་བོ་འཁྲུངས། །འདོད་ཆགས་དམངས་རིགས་ཀྱི་གླིང་གིས་བསྐོར། །ཡ་རབས་རྣམས་ཞལ་ལྟ་ཐུར་ལ་གཏད། །མ་རབས་ཀྱི་རྟིང་པ་མགོ་ལ་བཀལ། །ད་ཉེས་པའི་རྩ་བ་འདི་རུ་འདུག །ཞུས་པས། དེ་མ་ཐག་བཀའ་བློན་རྣམས་བོས་ནས། བཀའ་གྲོས་བྱས་ཏེ་རིགས་ངན་བུ་མོས་མིག་སེར་བྱས་པའི་ལན་དུ། མོའི་མིག་གཉིས་ཀ་བཏོན་ནོ། །བསླུ་བྲིད་ཀྱི་བྲོ་དང་གླུ་གར་བསྒྱུར། སྒྱུ་འཕྲུལ་སྣ་ཚོགས་བྱས་ཤིང་རྫས་ངན་བཏབ་སྟེ་གཟུགས་ཀྱི་ཉི་མ་ལ་ཁ་གཡོགས་བཀལ་བར་བརྟེན་གན་དྷེ་བཟང་མོའི་ཁ་དབྲལ། མིག་བཏོན། སྣ་དང་རྣ་བ་བཅད། སྒྱིད་པ་བྲེགས་ནས་ཚོང་འདུས་ཀྱི་ལམ་འགག་ཏུ་བསྐྱལ་ལོ། །
དེ་ནས་གཟུགས་ཀྱི་ཉི་མའི་དགོངས་པ་ལ་ད་ནི་ཡི་དམ་གྱི་ལུང་བསྟན་བཞིན་རྒྱལ་ཁམས་ཕྱོགས་མེད་ཡི་གེ་དྲུག་མའི་སྐུལ་མ་ལ་འགྲོ་དགོས་སྙམ་ནས། སྐུ་ཆས་རྣམས་ཁྱེར་ཏེ་འབྱོན་པར་ཆས་པས། བློན་འབངས་ཀུན་གྱིས་རྒྱལ་པོ་དང་། བློན་པོ། འཁོར་འབངས་རྣམས་བཙུན་མོ་མེད་པའི་ཤུལ་དུ་མྱ་ངན་དང་སྡུག་བསྔལ་ཚ་གྲང་དཔག་མེད་དུ་མྱངས་པ་རྣམས་ཞིབ་པར་ཞུས། ད་དུང་ཕྱིན་ཆད་ཁྱེད་ཀྱིས་བཙུན་མོ་མ་བྱས་ན། རྒྱལ་པོ་ཟླ་བའི་སེང་གེ་ལ་སྡུག་བསྔལ་འཛད་མེད་ཡོང་བ་འདུག་པས། ཅིས་ཀྱང་རྗེས་སུ་འཛིན་པར་ཞུ། ཁྱེད་རང་གཅིག་པོ་ཞི་བདེ་དོན་དུ་གཉེར་ནས། བདག་ཅག་རྣམས་ཡལ་བར་དོར་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགོངས་པ་ཅི། རྒྱལ་པོའི་བཙུན་མོ་གཟུགས་ཀྱི་ཉི་མའི་ཐུགས་ལ། བློན་འབངས་ཀྱི་གཏམ་དེ་ཤིན་ཏུ་ལྕི་བར་བྱུང་། ཡི་དམ་ཐུགས་རྗེ་ཆེན་པོས་ལུང་བསྟན་ནས་ཡང་སེམས་ཅན་མྱ་ངན་གྱིས་གདུང་བ་རྣམས་ཀྱི་སྡུག་བསྔལ་སེལ་གསུངས་པ་ཐུགས་ལ་དགོངས་ཏེ་ཞལ་གྱིས་བཞེས་དགོས་པ་བྱུང་། དེ་མ་ཐག་ཏུ་ཨ་བོ་ན་གེས་ཐོག་དྲངས་པའི་བཀའ་བློན་རྣམས་དང་འཁོར་འབངས་སྐྱེ་བོའི་ཚོགས་རྣམས་ཀྱིས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དར་དཔྱངས་དང་། ལྡ་ལྡི་དང་། ཡོལ་བ་ལ་སོགས་པའི་རོལ་མོའི་ཚོགས་དང་། རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་དགེ་མཚན་དུ་མ་དང་བཅས་ཏེ། རྣལ་འབྱོར་མ་ཐུབ་པ་ཆེན་མོ་དེ་ཉིད་ཕོ་བྲང་དུ་གདན་དྲངས་ཏེ་སླར་རྒྱལ་པོའི་བཙུན་མོར་མངའ་གསོལ་ལོ། །འདི་ཡན་ཆད་མ་ཉེས་པའི་ནམ་མཐའ་ནས་ལངས་པའི་ལེའུའོ།། །།
ད་ནི་དགའ་བ་དང་བདེ་བའི་དཔལ་ལ་ལོངས་སྤྱོད་ཅིང་ཐར་པའི་ལམ་སྣ་ཟིན་པའི་ལེའུ་འཆད་པ་ལགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡ། དེ་ནས་སླར་བྲམ་ཟེ་གཟུགས་ཀྱི་ཉི་མ་དེ་ཉིད། རྒྱལ་པོའི་བཙུན་མོར་མངའ་གསོལ་བས། ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ། ས་ཡང་རྣམ་པ་དྲུག་ཏུ་གཡོས་པ་དང་། འདབ་ཆགས་ཀ་ལ་པིང་ཀ་ལ་སོགས་པའི་བྱ་རྣམས་ཀྱང་སྙན་པའི་སྒྲ་སྒྲོག་ཅིང་། ལྗོན་ཤིང་རྣམས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་སྨིན་པ་དང་། སྔར་བཙུན་མོར་མངའ་གསོལ་བ་བས་ཀྱང་དེང་སྐབས་བརྒྱ་འགྱུར་གྱི་ངོ་མཚར་བའི་ལྟས་ཆེ་བར་བྱུང་གྱུར་ཅིང་། རྒྱལ་པོའི་མེ་ཏོག་གི་ལྡུམ་ར་འཕེལ་འགྲིབ་མེད་པ་ཞེས་བྱ་བ་དེའི་པད་མའི་སྡོང་པོ་ཟེའུ་འབྲུའི་རྩ་བ་དེ་ལ། འཁོར་མེ་ཏོག་སྣ་ཚོགས་ཀྱིས་བསྐོར་ཏེ། ལོ་དང་ཟླ་བའི་བར་ཁ་མ་ཕྱེ་བར་སྡོད་པ་ཐམས་ཅད་ཐེ་ཚོམ་དུ་གྱུར་ཏོ། །ཐམས་ཅད་ཇི་ལྟར་ཡིན་མ་ཤེས་པར་སྡོད་དུས། དུས་བཟང་པོ་ཞིག་ལ་འོད་ཟེར་སྣ་ལྔ་འཕྲོས་ཏེ། མེ་ཏོག་གི་ལྡུམ་རར་ཟུག་འགྲོ་བ་གཅིག་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་བར་གྱུར་ཏོ། །
དེ་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་མེ་ཏོག་ལྡུམ་ར་དེར་ཉིན་རེ་བཞིན་དུ་བྱོན་ནས། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པ་བྱས་སོ། །དེ་ནས་གཟུགས་ཀྱི་ཉི་མའི་ཐུགས་ལ། མེ་ཏོག་པད་མ་འདིའི་ནང་ནས་སྐྱེས་བུ་དམ་པ་ཞིག་འབྱོན་པ་མངོན་པར་མཁྱེན་ནས། རྒྱལ་པོ་ལ་མཆོད་པའི་ཆ་རྐྱེན་དཔག་ཏུ་མེད་པའི་དངོས་པོ་དང་། བདག་ཏུ་མ་བཟུང་བའི་ཡོ་བྱད་དང་། བླ་ན་མེད་པའི་མཆོད་པ་དང་། བསྟོད་པའི་དབྱངས་དཔག་ཏུ་མེད་པ་དང་བཅས་པས་འདི་སྐད་ཅེས་གསོལ་བ། བདེ་གཤེགས་སྐུ་མངའ་གང་ལ་གང་འདུལ་བ། །འགྲོ་བ་འདྲེན་པ་པད་མའི་ཟེའུ་འབྲུ་ལ། །འདམ་རྫབ་མེད་པར་འདམ་གྱི་སྦུབ་ནས་བྱོན། །འཕྲིན་ལས་འདབ་སྟོང་ལྡན་པའི་ཁྱེའུ་ཁྱོད། །བདག་བློ་མ་རིག་སྒོ་ལྔའི་རྒྱུ་གསལ་ནས། །འགྲོ་བ་ཀུན་གྱི་མིག་གི་བདུད་རྩིར་བྱོན། །ཁོ་མོ་གཟུགས་ཀྱི་ཉི་མའི་འོད་ཟེར་གྱིས། །ལེགས་བཤད་པད་མའི་ཚལ་རབ་ཁ་ཕྱེ་ནས། །ཟག་མེད་བདེ་སྟེར་སྦྲང་རྩིས་བལྟམས་པའི་རོས། །འཁོར་འབངས་བུང་བའི་ཚོགས་རྣམས་ཚིམས་པར་མཛོད། །གཟུགས་ཀྱི་ཉི་མས་གསོལ་བ་དེ་བཏབ་པས། དབུས་ཀྱི་མེ་ཏོག་པད་མ་དེ་ཉིད་མ་གཏོགས། གཞན་རྣམས་དུས་གཅིག་ཏུ་ཁ་ཕྱེ་སྟེ། མེ་ཏོག་དང་། འདབ་མ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། དྲི་ཞིམ་པོས་དཔག་ཚད་བརྒྱར་ཁྱབ་པར་གྱུར་ཏོ། །མེ་ཏོག་གི་འདབ་མ་རེ་རེ་ལ། དཔག་ཚད་རེ་རེ་ཡོད་པ། དེ་ཡང་གཅིག་གིས་གཅིག་ལ་མི་གནོད་པ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བར་གྱུར། དུས་དེ་ནས་ཡུན་རིང་མ་ལོན་པར། ནུབ་ཕྱོགས་ངོས་ནས་འོད་དམར་པོ་སྐར་མདའ་ལྟ་བུ་གཅིག་དབུས་ཀྱི་པད་མའི་ཟེའུ་འབྲུ་དེ་ལ་ཕོག་པས། དེ་མ་ཐག་ཏུ་ས་ཡང་རྣམ་པ་དྲུག་ཏུ་གཡོས་ཤིང་། རོལ་མོའི་སྒྲ་རྣམས་རང་འཁྲོལ་དུ་ཁྲོལ་བར་གྱུར་ཏོ། །དེ་ནས་པད་མའི་སྙིང་པོ་དེ་ཉིད་ཀྱིས་གཏུམས་པའི་དབུས་ན། ཁྱེའུ་ཆུང་དཀར་པོ་ཟུར་ཕུད་ལྔ་པ། རི་དྭགས་ཨེ་ན་ཡའི་པགས་པ་ནུ་མ་གཡོན་པ་ལ་བཀབ་པ། ལྷ་རྫས་ཀྱི་ན་བཟའ་གསོལ་བ། ཕྱག་གཡས་ན་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ། གཡོན་ན་པད་མ་དཀར་པོ་སྙན་གྱི་ཐད་དུ་ཁ་ཕྱེ་བ་བསྣམས་པ་གཅིག་ཞལ་འཛུམ་པའི་མདངས་ཕྱུང་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ། །
རྒྱལ་པོ་ཁྱོད་ཚེ་སྟོད་ལ་ལྟ་བ་ལོག་སྟེ་ཕྱི་རོལ་མུ་སྟེགས་པའི་ལྷ་དབང་ཕྱུག་ལ་སྐྱབས་སུ་སོང་ནས། སྲོག་ཆགས་གྲངས་མེད་དཔག་ཏུ་མེད་པ་སྲོག་དང་ཕྲལ་ནས་སྡུག་བསྔལ་ལ་བཀོད་འདུག །དེའི་རྣམ་པར་སྨིན་པས་ཁྱོད་ཚེ་འདི་ལ་ཡང་སྡུག་བསྔལ་དཔག་མེད་མྱོང་ཞིང་། ཕྱི་མ་ཡང་དམྱལ་བ་མནར་མེད་ཀྱི་གནས་སུ། སྲོག་ཆགས་རེ་རེའི་ཕྱིར་ཡང་བསྐལ་པ་ཁྲི་ཕྲག་མང་པོར་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་པ་འདུག་ནའང་། ངའི་རྗེས་སུ་བཟུང་བའི་བྲམ་ཟེའི་བུ་མོ་འདི་ལ་ཡིད་ཆགས་པའི་སྒོ་ནས་དད་པ་དང་། གུས་པ་བསྐྱེད་ཅིང་བྲམ་ཟེ་སྒོམ་ཆེན་དེ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་བླངས་ཏེ། རྒྱལ་སྲིད་ཆོས་བཞིན་བསྐྱངས་པས་ན་ཕྲལ་གྱི་རྐྱེན་ངན་བཟློག་ཅིང་། མཐར་ང་ཉིད་དང་མཇལ་བའི་རྟེན་འབྲེལ་དེ་སྒྲིག །ད་ནི་ཁྱོད་ཀྱི་སྡིག་སྒྲིབ་སྦྱོང་བའི་ཕྱིར་དུ། སྐུ་གསུང་ཐུགས་ཀྱི་རྟེན་བྱེ་བ་རེ་རེ་དང་། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དེ་དག་ལ་དགེ་འདུན་ཁྲི་ཕྲག་རེ་རེ་བཞུགས་སུ་བཅུག་ནས་བསྙེན་བཀུར་ཞབས་ཏོག་བཀུར་སྟི་གང་དྲག་གྱིས། འཁོར་འབངས་རྣམས་ཀྱང་བྱམས་དང་སྙིང་རྗེས་སྐྱོངས་ལ། ཐར་བ་བྱང་ཆུབ་ཀྱི་ལམ་ལ་བཀོད། དེའི་རྗེས་རྒྱལ་སྲིད་དང་ལོངས་སྤྱོད་རྣམས་དོར་ལ། དབེན་པའི་གནས་སུ་རང་སེམས་ཐུལ་ལས་རིམ་གཉིས་ཀྱི་རྣལ་འབྱོར་སྒོམས། དེ་ལྟར་བྱས་ན་བར་དོར་མཆོག་གི་དངོས་གྲུབ་ཐོབ་བོ། །དེ་ལྟར་མ་བྱས་ན་ཚེ་འདི་འཕོས་པ་ན་བསྐལ་པ་བརྒྱ་ཁྲིའི་བར་དུ་དམྱལ་བ་མནར་མེད་དུ་སྐྱེས་ནས། སླར་ཡང་ཡི་དྭགས་དུད་འགྲོའི་གནས་སུ་འཁོར་བར་འགྱུར་རོ་ཞེས་ལུང་བསྟན་ནོ། །
དེ་ནས་རྒྱལ་པོས་འདི་སྐད་ཅེས་གསོལ་བ། གང་ལ་ཉེས་པ་མི་མངའ་ཞིང་། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱེ་འུ་པད་དཀར་ཤེལ་ཕྲེང་འཛིན། །ཐུགས་རྗེས་བདག་ལ་བསྐྱབ་ཏུ་གསོལ། །བདག་བློ་མ་རིག་ཐོག་མ་ནས། །ལས་འབྲས་བླང་དོར་མ་རྟོགས་པས། །མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ཡིས། །བདག་བློ་བཟུང་པ་ཨེ་མ་མཚར། །ཨེ་མ་བདག་ནི་སྐལ་བ་ལྡན། །མགོན་པོ་ཁྱོད་ཀྱི་ཞལ་ཡང་མཇལ། །བྲམ་ཟེའི་བུ་མོ་དག་དང་འཕྲད། །དེ་རྣམས་གསུང་བཞིན་ཉམས་སུ་ལེན། །ཁྱོད་ནི་གང་བྱོན་གང་དུ་བཞུགས། །གང་དུ་གནས་ཀྱང་ཐུགས་རྗེས་སྐྱོབས། །ཞེས་པ་ལ་སོགས་པའི་གསོལ་བ་བཏབ་པས། ཁྱེའུའི་ཞལ་ནས། ང་ལ་འགྲོ་འོང་གནས་པ་གཅིག་ཀྱང་མེད། །མ་སྐྱེས་སྐྱེ་མེད་ཆོས་དབྱིངས་ངང་ནས་འོངས། །མ་འགགས་མི་འགགས་སྤྲོས་བྲལ་དབྱིངས་སུ་གྲོལ། །མི་གནས་གནས་མེད་བདེ་སྟོང་དབྱིངས་སུ་ཡལ། །གསུངས་ནས་ཁྱེའུ་དེ་ཉིད་འཇའ་འམ་འོད་ཀྱི་རྣམ་པ་གཅིག་ཏུ་གྱུར་ནས་ནམ་མཁའ་ལ་ཡལ་སོང་ངོ་། །
དེ་ནས་རྒྱལ་པོ་ཡབ་ཡུམ་ཡི་དམ་གྱིས་ལུང་བསྟན་པ་བཞིན་དུ། ལོ་བདུན་གྱི་བར་ལ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཁྲི་ཕྲག་རེ་ལྷག་དང་བཅས་པ་དང་། ཕྱི་གན་དྷོ་ལ་ནང་གཙུག་ལག་ཁང་དུ་བྱས་པའི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱི་དབུས་སུ་རིན་ཆེན་སྣ་ལྔ་ལས་གྲུབ་པའི་གཙུག་ལག་ཁང་ཞེང་ལ་དཔག་ཚད་གཅིག་དང་། དཀྱུས་ལ་དཔག་ཚད་ཕྱེད་ཡོད་པ་དེའི་སྟེང་དུ། གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། ཕྱོགས་བཞི་དང་མཚམས་བཞིར་བཻཌཱུརྱའི་ཏོག་གིས་བརྒྱན་པའི་གསེར་གྱི་རྒྱལ་མཚན་རེ་རེ། དེ་དག་གི་བར་དུ་དྲིལ་བུ་དང་། གཡེར་ཁའི་སྒྲ་ཁྲོལ་བ་དང་། མདའ་ཡབ་རིན་པོ་ཆེ་དྲྭ་ཕྱེད་ཀྱིས་བརྒྱན་པ། གཞན་ཡང་དར་པོ་ཆེ་དང་དར་གྱི་ལྡ་ལྡི་ལ་སོགས་པས་མཛེས་པར་བརྒྱན་ཅིང་དེའི་ནང་དུ་གྱད་དང་། གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། ཤང་ཤང་དང་། སེང་གེས་བཏེགས་པའི་ཁྲི་སྟེང་དུ་ཆུ་ཤེལ་བཞུན་མ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་ལ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན། དེའི་མདུན་དུ་འདོད་དགུ་འབྱུང་བའི་བསམ་གཏན་གྱི་ལྷུང་བཟེད་ཀྱིས་ཐོག་དྲངས་པའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལྷ་ལས་ཀྱང་ཕུལ་དུ་ཕྱིན་པ་བྱས་ཤིང་། གཞན་ཡང་གཙུག་ལག་ཁང་དེ་རྣམས་སུ་དགེ་འདུན་ཁྲི་ཕྲག་རེ་སྤྱན་དྲངས་ནས། མཆོད་པའི་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་བྱས་ཏེ། དགེ་འདུན་དེ་རྣམས་ཀྱང་དཀོན་མཆོག་གི་དྲུང་དུ། ལ་ལས་ཕྱག་འཚལ། ལ་ལས་མཆོད་པ་འབུལ། ལ་ལས་སྡིག་པ་བཤགས། ལ་ལས་དགེ་བ་ལ་རྗེས་སུ་ཡི་རངས་པར་བྱེད། ལ་ལས་ཆོས་འཁོར་བསྐོར། ལ་ལས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས། ལ་ལས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་ལ་སོགས་པའི་དུས་འདའ་བར་བྱེད་དོ། །
དེའི་དུས་སུ་རྒྱལ་པོའི་མངའ་ཐང་སུམ་ཆ་གཉིས་ཀྱང་། དཀོན་མཆོག་དང་དགེ་འདུན་གྱི་དྲུང་དུ་ཞབས་ཏོག་ལ་ཕུལ་ཅིང་། འཁོར་འབངས་རྣམས་ཀྱང་རྟག་ཏུ་མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུའི་སྒོ་ནས་དུས་འདའ་བར་བྱེད་དོ། །ཡང་རྒྱལ་པོའི་བཙུན་མོ་གཟུགས་ཀྱི་ཉི་མ་ལ་སྲས་འགྲན་ཟླ་དང་བྲལ་བ། ལྟ་བས་ཆོག་མི་ཤེས་པ། བཞིན་འཛུམ་པའི་མདངས་དང་ལྡན་པ། སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ན་ཡིད་འཕྲོག་པ། ལྷ་མི་ཀུན་གྱི་མིག་གི་བདུད་རྩིར་གྱུར་པ་གཅིག་བཙས་སོ། །རྒྱལ་བུའི་མཚན་ཡང་ཡབ་ཡུམ་གྱི་མཚན་ནས་དྲས་ཏེ་ཉི་མ་སེང་གེ་ཞེས་བྱ་བ་བཏགས་སོ། །
དེའི་དུས་སུ་བྲམ་ཟེ་མཚན་ལྟས་མཁན་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་ལྟར་གླེང་ངོ་། །འགྲོ་བའི་མུན་སེལ་བདེ་སྐྱིད་ལོ་ཐོག་སྤེལ། །རྒྱལ་བུ་འདི་ནི་སྐྱོན་མེད་ཉི་མ་ཡིན། །རྒོལ་ངན་སྐྲག་ཅིང་སྡེར་ཆགས་ཀུན་གྱི་རྗེ། །རྒྱལ་བུ་འདི་ནི་རི་དྭགས་རྒྱལ་པོ་ཡིན། །ཁམས་གསུམ་མ་ལུས་དེ་ཡི་དབང་དུ་འདུ། །ཞེས་གླེང་ངོ་། །དེ་ནས་རྒྱལ་བུ་ཉི་མ་སེངྒེ་དགུང་ལོ་བརྒྱད་ཙམ་ལོན་པ་དང་། རྒྱལ་པོ་ཟླ་བའི་སེངྒེ་ལ་བཙུན་མོ་གཟུགས་ཀྱི་ཉི་མས་འདི་སྐད་ཅེས་ཞུས་སོ། །ནམ་འཆི་ངེས་མེད་ཚེ་ལ་རང་དབང་མེད། །ཡོད་དུ་སྣང་ཡང་འཁོར་བའི་བདེ་འབྲས་ལ། །སྙིང་པོ་མེད་པས་སྲིད་ལ་མ་ཆགས་པར། །དབེན་པའི་གནས་སུ་མགོན་པོས་ལུང་བསྟན་བཞིན། །ཐར་པ་ཆེན་པོ་བྱང་ཆུབ་ཚོལ་རེ་རན། །ཞེས་ཞུས་པས། རྒྱལ་པོ་ཉིད་ཀྱིས་གཟུགས་ཀྱི་ཉི་མའི་གསུང་བཅག་པ་ནི་མ་ནུས། རྒྱལ་སྲིད་དང་བདེ་བ་ལ་ནི་ཡིད་ཅུང་ཞིག་ཆགས། ཐུགས་ཐེ་ཚོམ་དུ་གྱུར་པ་ན། རྒྱལ་པོའི་ཕོ་བྲང་གི་སྒབ་ཏུ་དགེ་སློང་སྣམ་སྦྱར་ངུར་སྨྲིག་གྱོན་པ། ཕྱག་ན་ལྷུང་བཟེད་དང་འཁར་གསིལ་བྱ་མ་བུམ་བསྣམས་པ། ཐུགས་ཞི་ཞིང་དུལ་བ། གོམ་པ་དལ་གྱིས་འགྲོ་བ། མིག་གཉའ་ཤིང་གང་ཙམ་བལྟ་བ་ཞིག་འདུག་པ་ལ། རྒྱལ་པོས་འཕགས་པ་དགྲ་བཅོམ་པ་གང་ནས་བྱོན། གང་དུ་བྱོན་ཞུས་པས། དགེ་སློང་དེ་ན་རེ། ང་འཕགས་པ་མ་ཡིན། འཇིག་རྟེན་གྱི་ཁམས་གཞན་ཞིག་གི་གླིང་བཞི་ལ་དབང་སྒྱུར་པའི་རྒྱལ་པོ་གཅིག་ཡིན་ནའང་། རྒྱལ་སྲིད་ལ་སྙིང་པོ་མེད་པར་གོ་ནས། བདེ་བར་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་རྣམས་བལྟ་རུ་འོང་བ་ཡིན། ཁྱོད་རྒྱལ་སྲིད་པྲེ་ཏའི་གྲོང་ཁྱེར་ལྟ་བུའི་བདེ་བ་ཁབ་རྩེ་གང་ཙམ་འདི་ལ་ཞེན་ནས། རབ་ཏུ་མི་འབྱུང་བ་ཅི་ཞིག་ཡིན་ཞེས་གསུངས་པས། དགེ་སློང་གི་གསུང་དེ་ཉིད་རྒྱལ་པོའི་སྙིང་ལ་མདའ་ཕོག་པ་བཞིན་དུ་གྱུར་ནས། མྱུར་བར་སྲས་ཀྱི་དྲུང་དུ་བྱོན་ཏེ་འདི་སྐད་ཅེས་གསུངས་སོ། །
བློ་གྲོས་སྟོབས་ལྡན་རྫོགས་པ་ཚུར་ཉོན་དང་། །འཆི་བདག་དེ་ནི་མི་སྡོད་ཚུར་ཚུར་ཡོང་། །དེ་ལས་བྲོས་པའི་ཐབས་ནི་གཞན་མི་འདུག །ཐར་པ་བྱང་ཆུབ་འཚོལ་བར་འགྲོ་རེ་རན། །རྒྱལ་སྲིད་བུས་སྐྱོང་རྒན་རྒོན་གཉིས་པོ་ཆོས་ལ་རྫོངས། །ཞེས་གསུངས་པས། སྲས་ན་རེ། དུས་དགུན་གསུམ་དགུན་གྱི་ཡར་སྟོད་ལ། །གངས་དཀར་གྱི་སྟོད་ལ་གཅེར་ཉལ་བྱེད། །དེ་སེང་གེའི་གཡུ་རལ་མ་ལགས་པའི། །གཞན་སྡེར་ཆགས་རྣམས་ཀྱི་སྤྱོད་ཡུལ་མིན། །དཔྱིད་དུས་གསུམ་དཔྱིད་ཀྱི་མར་སྨད་ལ། །འཁྱག་རོམ་གྱི་འོག་ཏུ་བརྒྱུགས་ཤིང་འཕྱོ། །དེ་ཉ་མོ་གསེར་མིག་མ་ལགས་པའི། །གཞན་དུད་འགྲོ་ཡོངས་ཀྱི་སྤྱོད་ཡུལ་མིན། །དུས་དུས་གསུམ་སྙིགས་མ་ལྔ་བདོའི་དུས། །སྲིད་རྒྱལ་པོའི་མངའ་ཐང་སྐྱོང་བ་དེ། །རྗེ་ཟླ་བའི་སེང་གེ་མ་ལགས་པའི། །སྤྱིར་རྒྱལ་ཕྲན་ཡོངས་ཀྱི་སྤྱོད་ཡུལ་མིན། །སྒོས་ཁོད་ཆུང་བདག་གིས་ག་ལ་ནུས། །ཞེས་ཞུས་པས། ཡབ་ཀྱིས། གངས་ན་བུན་འཇིགས་པར་འཚེ་གྱུར་ན། །ཕ་སྡེར་ཆགས་རྒྱལ་པོའི་བུ་མིན་མཆིས། །ཆུ་འཁྱག་རོམ་འཇིགས་པར་འཚེ་གྱུར་ན། །ཉ་གསེར་མིག་རྒྱལ་མོའི་བུ་མིན་མཆིས། །སྲིད་འཁོར་འབངས་སྐྱོང་དར་མ་ཤེས་ན། །ང་ཟླ་བའི་སེང་གེའི་བུ་མིན་མཆིས། །དེ་སེམས་ལ་ཆོངས་ལས་རྒྱལ་སྲིད་སྐྱོངས། །ད་རྒན་རྒོན་གཉིས་པོ་ཆོས་ལ་བཞུད། །ཅེས་གསུངས་པས། སྲས་ཉི་མ་སེང་གེ་ན་རེ། འོ་ན་ཡབ་ཅིག་རྒྱལ་པོ་བདག་ལ་གསོན། །ཕ་རྗེས་བུ་ཡིས་འཛིན་པ་ལ། །མཆོད་གནས་གང་དང་སུ་ཡིས་བྱེད། །བློ་དང་གྲོས་ནི་སུ་ལ་འདྲི། །འཁོར་སྐྱོང་བཙུན་མོ་ཅི་འདྲ་ལགས། །ཞེས་ཞུས་པས། ཡབ་རྒྱལ་པོ་ཟླ་བའི་སེང་གེས་བུ་ལ་ཞལ་གདམས་འདི་གསུངས་སོ། །ཚུལ་ཁྲིམས་མིག་འབྲས་བཞིན་དུ་གཅེས་པར་སྲུངས། །བླང་དོར་བདེན་བཞིའི་གནས་ལ་བློ་གྲོས་རྒྱས། །འགྲོ་ལ་སྙིང་བརྩེ་བྱང་ཆུབ་སེམས་མཆོག་འབྱུང་། །མཆོད་གནས་དམ་པ་དགེ་འདུན་བརྒྱ་ཕྲག་སྟེན། །བློ་གྲོས་ལྡན་ཞིང་རིགས་རུས་ལང་ཚོ་རྒྱས། །དགེ་ལ་དཀར་ཞིང་གྲོས་ཆོད་ཟིན་པར་བྱ། །འབངས་ལ་བྱམས་ཤིང་རྗེ་ལ་བཀུར་སྟི་མཛོད། །བློན་པོ་དམ་པ་དྲུང་དུ་འབྲལ་མེད་བརྟེན། །ཆོ་རིགས་བཙུན་ཞིང་དམ་པའི་ཚུལ་བཟུང་བ། །འཁོར་ལ་བྱམས་ཤིང་གྲོགས་ལ་བཀུར་སྟི་ཆེ། །ཟས་སྐོམ་ཡངས་ཤིང་རང་གིས་བཀོལ་ཆོག་པའི། །བུ་ནོར་སྤེལ་བྱེད་བཙུན་མོ་དམ་པ་བརྟེན། །ཕྱི་ནང་ཡོངས་ཀྱི་བྱ་བ་གང་ལ་ཡང་། །ཀུན་ལ་གྲོས་དྲིས་གྲོས་ཐག་རང་གིས་ཆོད། །གང་ལའང་རང་ཤེས་མ་བྱེད་ཀུན་དང་སྟུན། །བསྟུན་པར་མཁས་ན་ཀུན་གྱི་གཙོ་བོར་འགྱུར། །ཕ་གཅིག་བུ་གཅིག་ཡིན་ནོ་སེམས་ལ་ཞོག །ཅེས་གསུངས་པས། དེའི་མོད་ལ་རྒྱལ་བུ་ཉི་མ་སེང་གེ་ཡུམ་གྱི་དྲུང་དུ་བྱོན་ནས་འདི་སྐད་ཅེས་ཞུས་སོ། །ཡབ་ཅིག་རྒྱལ་པོའི་བཀའ་ནི་བཅག་ཏུ་མེད། །ད་ནི་གླང་ཁལ་བེའུ་ལ་བཀལ་ནས་བྱུང་། །ཕྱི་ནང་ཡོངས་ཀྱི་བྱ་བྱེད་གང་ལ་ཡང་། །འགྲོ་ལུགས་ཇི་ལྟར་བྱེད་ལགས་སམ་ཞེས་ཞུས་པས། ཡུམ་གྱིས་ཞལ་གདམས་འདི་སྐད་ཅེས་གསུངས་སོ། །
དགྲ་ལ་ཟོན་འགྲོགས་གྱིས་དང་ནམ་མཇུག་མཛའ་ཡུན་རིང་། །ནོར་ལ་ཆགས་ཞེན་ཆུང་དང་ནམ་མཇུག་ཕྱུག་པོར་འགྱུར། །རྟག་ཏུ་དགེ་བ་སྒྲུབས་དང་ནམ་མཇུག་སངས་རྒྱས་ཐོབ། །ད་རུང་ལན་གཅིག་གསོན་དང་སྲས་པོ་ཀྱེ། །འཁོར་ངན་བྱ་བྱེད་སྤྱོད་པ་ཅི་མཐོང་ཡང་། །བློ་ཁོག་བསྐྱེད་ལས་ནང་དུ་བརྫུ་ལ་ལོངས། །ཡིན་མིན་མ་མང་ནང་གི་བློ་ལ་དྲིས། །རྟག་ཏུ་དཀོན་མཆོག་མཆོད་ལ་བློ་ཕུག་གཏོད། །མ་གཅིག་བུ་གཅིག་ཡིན་པས་སེམས་ལ་ཟུང་། །སྙིང་གཏམ་འདི་རྣམས་མ་བརྗེད་སེམས་ལ་ཆོངས། །ཕ་མ་གཉིས་པོ་དམ་པའི་ཆོས་ལ་འགྲོ། །ཞེས་གསུངས་པའི་རྗེས། ཨ་བོ་རྔོན་པའི་བུས་སྲས་ལ་འདི་སྐད་ཅེས་གསོལ་བ། བོང་བ་གྲམ་རྡོ་ཚུད་པ་མཁར་གྱི་བདུད། །བྲན་གཡོག་གོ་ལངས་ཤོར་བ་རྩམ་པའི་བདུད། །བུད་མེད་གྲོས་ཁྱེར་ཤོར་བ་འདུན་མའི་བདུད། །ངན་པ་གྲལ་འགོ་འགྲིམ་པ་གཙོ་བོའི་བདུད། །བདུད་བཞི་སྤོངས་ལ་རྒྱལ་ཁྲིམས་ཆོས་བཞིན་སྐྱོངས། །བདག་ཀྱང་ཆོས་དྲན་ཡབ་ཡུམ་ཕྱག་ཕྱིར་འགྲོ། །ཞེས་ཞུས་སོ། །
དེའི་དུས་སུ་བློན་པོ་ཨ་བོ་ན་གེའི་བསམ་པ་ལ། རྔོན་པའི་བུ་བདེན། ངས་ཀྱང་སྲས་ལ་སྙན་འབུལ་ཞིག་ཕུལ་ནས་ཆོས་ལ་འགྲོ་སྙམ་སྟེ་འདི་སྐད་ཅེས་ཞུས་སོ། །ཚིག་བཙུན་འགྲིམ་པར་བསྐྱིལ་དང་བཙུན་པ་ཡིན། །སྙིང་གཏམ་བུ་ལ་གསུངས་དང་བརྟན་པ་ཡིན། །ཟས་སྐོམ་ཕྱི་ལ་ངོམས་དང་རྒྱན་དུ་ཆེ། །ནོར་རྫས་ནང་དུ་སྦེད་དང་ཕྱུག་པོར་འགྲོ། །འཁོར་ལ་ཉེ་རིང་མེད་ན་བཀུར་སྟི་ཆེ། །རྟག་ཏུ་དགེ་བ་སྒྲུབས་དང་འབྲས་བུ་ཆེ། །སྙིང་གཏམ་ལེགས་པས་ཐུགས་ལ་འཇོག་པར་ཞུ། །བདག་ཀྱང་ཆོས་དྲན་ཆོས་ལ་གཏོང་བར་ཞུ། །ཞེས་ཞུས་པས། དེ་ནས་སྲས་རྒྱལ་བུ་ཉི་མ་སེང་གེས་ཡབ་ཡུམ་གྱི་གཙོས་པའི་རྒྱལ་ཕྲན་བློན་འབངས་འཁོར་བཅས་ལ་འདི་སྐད་ཅེས་ཞུས་སོ། །ཡབ་ཡུམ་བློན་འབངས་འཁོར་བཅས་བདག་གསོལ་ན། །ཁྱེད་ཀྱིས་བསྐྱངས་ནས་རྒྱལ་སྲིད་ནམ་མཁའ་ཙམ། །ཁོ་བོས་བསྐྱང་ན་རྒྱལ་སྲིད་མ་ཉམས་ཙམ། །ཅི་གསུངས་དང་ལེན་ཡབ་ཡུམ་བཀའ་མི་བཅག །ཅིས་ཀྱང་མི་བཞུགས་ཆོས་ལ་བྱོན་ཟེར་ན། །ཁོ་བོ་བདག་ཀྱང་རྗེས་སུ་བཟུང་བར་ཞུ། །ཉེར་མཁོའི་ཆ་རྐྱེན་བདག་གིས་བསྒྲུབས་ནས་འབུལ། །ཕྱི་མ་མཐོ་རིས་གནས་སུ་འདྲེན་པར་ཞུ། །ཞེས་ཞུས་པ་དང་། གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཀྱིས་ཐོག་དྲངས་པའི་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་དང་རྒྱལ་པོའི་མངའ་རིས་ཕྱི་ནང་བར་གསུམ་སྐྲ་ཤད་གཅིག་ཀྱང་ལྷག་ལུས་མེད་པར་སྲས་རྒྱལ་བུ་ཉི་མ་སེང་གེ་འདི་ཉིད་ལ་ཕུལ་ལོ། །དེ་ནས་རྒྱལ་པོ་ཡབ་ཡུམ་བློན་འབངས་འཁོར་དང་བཅས་པས་རབ་ཏུ་བྱུང་བའི་དབེན་པའི་གནས་བྱང་ཆུབ་སྒྲུབ་པའི་ནགས་ཚལ་དུ་ཕྱིན་ནས་ཐར་པ་ཆེན་པོ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཏོ། །
རྒྱལ་པོ་ཉི་མ་སེང་གེས་ཀྱང་རྒྱལ་ཁྲིམས་ཆོས་བཞིན་བསྐྱངས་ནས། བློན་འབངས་འཁོར་དང་བཅས་པ་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པའི་ངང་ལོངས་སྤྱོད་པར་གྱུར་ཏོ། །འདི་ཡན་མཐའ་མ་དགའ་བདེའི་དཔལ་ལ་ལོངས་སྤྱོད་ཅིང་ཐར་བའི་ལམ་སྣ་འདྲེན་པའི་ལེའུ་རྫོགས་སོ།། །།
མ་ཅིག་གྲུབ་པའི་རྒྱལ་མོའི་ལོ་རྒྱུས་ཅུང་ཟད་བརྗོད་པ་ངོ་མཚར་ཡིད་ཆེས་ཞེས་བྱ་བ་བཞུགས་སོ། །ཤཱཀྱ་རིན་ཆེན་དྲི་མེད་ལེགས་པའི་བློ་གྲོས།
ཀུན་ཁྱབ་ཀུན་གྱི་སྙིང་པོ་གདོད་མའི་གཤིས། །དྲི་བཅས་དྲི་མས་མ་ནོགས་ཡེ་ཤེས་སྐུ། །ཟག་མེད་མཆོག་གི་བདེ་སྟེར་མཁའ་འགྲོ་མ། །རྒྱལ་ཀུན་ཡུམ་གཅིག་དེ་ལ་ཕྱག་འཚལ་ལོ། །གང་གི་གསང་གསུམ་ཡེ་ཤེས་སྒྱུ་མའི་གར། །རྡུལ་སྙེད་རྒྱལ་བ་ཡིས་ཀྱང་གཞལ་དཀའ་མོད། །འོན་ཀྱང་འགྲོ་བློའི་རྗེས་མཐུན་ངོ་མཚར་གཏམ། །ཅུང་ཟད་གྲུབ་པའི་ཞལ་ལུང་ཇི་བཞིན་བཀོད། །
དེ་ཡང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ། རྡོ་རྗེ་ཕག་མོའི་ངོ་བོར་གྱུར་པ་མ་ཅིག་གྲུབ་པའི་རྒྱལ་མོ་ཞེས་འཇིག་རྟེན་གྱི་ཁམས་ཀུན་དང་། དག་པ་མཁའ་སྤྱོད་ཀྱི་ཞིང་རབ་འབྱམས་རྒྱ་མཚོ་རྣམས་སུ་ཉི་མ་ལྟར་གྲགས་པ་དེ་ཉིད་ཀྱི་ངོ་མཚར་བའི་ཚུལ་མཐའ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་ནས་གསུངས་ཀྱང་། བསྐལ་བའི་མཐའ་རྫོགས་པ་ཁོ་ན་ལས་དེའི་ངོ་མཚར་གྱི་ཚུལ་བརྗོད་པའི་མཐའ་རྫོགས་པ་ནི་རྣམ་པ་ཀུན་ཏུ་སྲིད་པ་མ་ཡིན་པའི་ཕྱིར། མ་རིག་པའི་གཞན་དབང་དུ་གྱུར་པའི་བྱིས་པའི་བློ་གྲོས་ཀྱིས་གཞལ་བར་བྱ་བ་ནི་ནམ་ཡང་རིགས་པ་མ་ཡིན་ལ། འོན་ཀྱང་གྲུབ་པའི་ཞལ་ལུང་ལས་ཅུང་ཟད་རྙེད་པ་དག་རང་གཞན་ཡིད་ཆེས་ཀྱི་དད་པ་གོང་དུ་སྤེལ་བའི་དམིགས་རྐྱེན་དུ་བསམ་ཅུང་ཟད་བཤད་པར་བྱ་སྟེ། མི་མཇེད་འཇིག་རྟེན་གྱི་ཁམས་ན་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ཡོད་པའི་དབུས་མ་འདིའི་སའི་ལྟེ་བ་ནི། བསྐལ་བ་བཟང་པོའི་སངས་རྒྱས་སྟོང་མངོན་པར་བྱང་ཆུབ་པའི་གནས་དབུས་འགྱུར་མ་ག་དྷ་རྡོ་རྗེ་གདན་ཡིན་ལ།
དེ་ནས་ནུབ་ཕྱོགས་སུ་དཔག་ཚད་དུ་མས་བགྲོད་པའི་ས་ན། ཨུ་རྒྱན་གྱི་ཡུལ་ཁམས་ཞེས་བྱ་བ་ཡོད་དེ། ས་གཞི་ལག་མཐིལ་ལྟར་མཉམ་ཞིང་། བྱང་ཆུབ་ཀྱི་ཤིང་ཨ་ཤྭ་ཏྠ་དང་། ཙན་དན་དང་། སེང་ལྡེང་ལ་སོགས་པའི་ཤིང་ལྗོན་པ་སྣ་ཚོགས་ཀྱི་ནགས་ཚལ་རབ་ཏུ་རྒྱས་པས་བརྒྱན་པ། ཨུ་དུམ་ཝ་ར་ལ་སོགས་པའི་མེ་ཏོག་གི་ཤིང་མང་པོའི་ཚལ་ཡོད་པ། རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་དང། ཆུ་ཕྲན་དང་། འབབ་ཆུ་དུ་མ་འབབ་པ། ལྡེང་ཀ་དང་། རྫིང་བུ་དང་། མཚོ་ལ་སོགས་པ་ཐམས་ཅད་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། རིན་པོ་ཆེའི་ཁ་དོག་ཏུ་སྣང་བའི་རི་བོ་རི་ཕྲན་དུ་མས་མཛེས་པ། མ་རྨོས་མ་བཏབ་པའི་ལོ་ཏོག་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་དེར། གང་དག་སྐྱེས་པའི་དབང་པོ་དང་ལྡན་པ་དེ་དག་ཐམས་ཅད་ནི་དཔའ་བོ་དང་། གང་དག་བུད་མེད་ཀྱི་དབང་པོ་དང་ལྡན་པ་ཐམས་ཅད་ནི་མཁའ་འགྲོ་མ་ཡིན་ནོ་ཞེས་གྲགས་སོ། །དེ་དག་གི་གོས་དང་། རྒྱན་དང་བཟའ་བ་དང་། བཏུང་བ་ལ་སོགས་པའི་འདོད་དགུ་ཐམས་ཅད་ནི། ཡིད་ལ་བསམ་པ་ཙམ་གྱིས་ལྷུན་གྱིས་གྲུབ་བོ། །དེ་ལྟ་བུའི་སྣོད་བཅུད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པའི་ཞིང་ཁམས་ཀྱི་དབུས་ན་མེ་ཏོག་བཀོད་པ་ཞེས་བྱ་བའི་གནས་ཡོད་དོ། །མེ་ཏོག་བཀོད་པའི་གནས་དེ་ན་མེ་ཏོག་གི་ནགས་ཚལ་ཕུན་སུམ་ཚོགས་པས་བརྒྱན་ཅིང་། ནོར་བུའི་སྤུ་མདངས་ཀྱིས་མཛེས་པའི་རི་དྭགས་ཡིད་དུ་འོང་བ་སྣ་ཚོགས་མེ་ཏོག་གི་ཚལ་དེ་དག་ན་རྩེ་བ་ཡོད་དོ། །དེའི་དབུས་ན་རང་བྱུང་གནྡྷོ་ལའི་གཞལ་ཡས་ཁང་ཞེས་བྱ་བ་རྒྱན་དང་བཀོད་པ་དཔག་མེད་པས་བརྒྱན་པ། སིལ་སྙན་དང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་པ་རང་བཞིན་གྱིས་སྒྲོག་པ་ཡོད་དོ། །གནྡྷོ་ལ་དེ་ལ་ཨུ་རྒྱན་གྱི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་དུས་རྟག་ཏུ་མཆོད་པ་བྱེད་དོ། །དུས་ལན་གཅིག་གི་ཚེ། གནྡྷོ་ལའི་གཞལ་ཡས་ཁང་དེའི་ཁྱིམ་དབུས་སུ་མེ་ཏོག་ཨུ་དུམ་ཝ་རའི་སྡོང་པོ་ཆེན་པོ་ཞིག་སྐྱེས་པར་གྱུར་ཏེ། པདྨའི་སྡོང་པོ་དེ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་མཛེས་ཤིང་ཡིད་དུ་འོང་བ་ཡལ་ག་དང་ལོ་མ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་གོ །དེ་ལ་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ངོ་མཚར་དུ་གྱུར་ཏེ། ཕྱག་འཚལ་ཞིང་སྐོར་བ་བྱེད་པ་དང་། མཆོད་པ་རྣམ་པ་སྣ་ཚོགས་དང་། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོད་པར་བྱེད་དོ། །
དུས་རེ་ཞིག་གི་ཚེ་ཨུ་དུམ་ཝ་རའི་སྡོང་པོ་དེ་ལ་མེ་ཏོག་པདྨ་ཆེན་པོ་ཞིག་ཁ་འབུས་པར་གྱུར་ཏེ། དེའི་འདབ་མ་རྣམས་ཆེར་རྒྱས་པའི་གེ་སར་གྱི་དབུས་ནས། མཚན་དང་དཔེ་བྱད་ཀྱི་ལང་ཚོས་མཛེས་པའི་བུ་མོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་འཇའ་ལུས་རྡོ་རྗེའི་སྐུ་ཅན། གཞོན་ནུ་ལོ་བརྒྱད་ཀྱི་ན་ཚོད་ཙམ་པ་ཞིག་འཁྲུངས་པར་གྱུར་ཏོ། །དེའི་ཚེ་ནམ་མཁའ་ནས་ལྷའི་བུ་དང་བུ་མོ་མང་པོས་མེ་ཏོག་གི་ཆར་མངོན་པར་ཕབ་ནས་མཆོད་པར་བྱེད་དོ། །ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །རོལ་མོའི་སྒྲ་སྣ་ཚོགས་ཀྱང་རང་བཞིན་གྱིས་བྱུང་ངོ་། །མཁའ་སྤྱོད་ཀྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་སྟེང་གི་བར་སྣང་ལ་ལྷགས་ཏེ། རྡོ་རྗེའི་གར་བསྒྱུར་ཞིང་རྡོ་རྗེའི་གླུ་ལེན་པར་བྱེད་དོ། །ས་སྟེང་ལ་སྤྱོད་པ་དང་། ས་འོག་ལ་སྤྱོད་པའི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་སྤྲིན་གཏིབས་པ་ལྟར་འདུས་ཏེ། བདེ་བ་ཆེན་པོའི་ཉམས་འབར་ཏེ། ཨ་ལ་ལ་ཧི་ཧི་ཞེས་པའི་སྒྲ་སྒྲོག་ཅིང་གར་བསྒྱུར་རོ། །
དཔའ་བོ་དང་རྣམ་འབྱོར་མའི་ཚོགས་དེ་དག་གར་བསྒྱུར་བས། རུས་པའི་རྒྱན་ཆ་དང་དྲིལ་བུ་གཡེར་ཁའི་སྒྲ་ཁྲལ་ཁྲོལ་དང་སལ་སིལ་དུ་འབྱིན་པར་གྱུར་ཏོ། །དེ་ནས་མེ་ཏོག་གི་དབུས་སུ་འཁྲུངས་བའི་བུ་མོ་དེ་ལ། གནས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་ཕྱག་དང་སྐོར་བ་བྱེད། དར་གྱི་ཅོད་པན་དང་། ན་བཟའ་དང་རུས་པའི་རྒྱན་ལ་སོགས་པ་ཕུལ་ཞིང་བརྒྱན་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོད་པར་བྱས་སོ། །དེའི་ཚེ་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་གསོལ་བ་བཏབ་ནས་གནྡྷོ་ལའི་གཞལ་ཡས་ཁང་གི་ནང་དུ་བྱོན་ཏེ། རིན་པོ་ཆེ་སྣ་ལྔའི་ཁྲི་ལ་བཞུགས་སོ། །
དེར་མཆོད་པའི་ཚོགས་དུ་མས་མཆོད་དེ། རྡོ་རྗེ་ཕག་མོ་སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་ལ་བྱོན་པ་དེ་ལ། གནས་གསུམ་གྱི་དཔའ་བོ་དང་ཌཱཀིའི་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་མ་གཅིག་གྲུབ་པའི་རྒྱལ་མོ་ཞེས་མཚན་གསོལ་ཏོ། །དེ་ནས་མ་ཅིག་གྲུབ་པའི་རྒྱལ་མོ་དེ་ཉིད་མཁའ་འགྲོ་ཐམས་ཅད་ཀྱི་ཚོགས་དཔོན་མཛད་ཅིང་། བཀོད་པ་ལུས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད་པ་ལ་མངའ་བརྙེས་པས། སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་རྣམས་སུ་བྱོན་ནས། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་མང་པོ་ལ་ཆོས་ཉན་པར་བྱེད་དེ། བདེ་ཆེན་པདྨ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་སུ་གཤེགས་ཏེ། བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་ལྷ་ཚོགས་མང་པོའི་ཞལ་གཟིགས་ཤིང་། ཚེའི་དབང་བསྐུར་བ་དང་ཚེ་ཁྲིད་མང་པོ་གསན་པར་མཛད་ནས། འཆི་མེད་ཚེའི་རིག་འཛིན་མངོན་དུ་མཛད་པའི་ཚུལ་བསྟན་ཏོ། །དེའི་ཚེ་མཚན་ཡང་གོས་དཀར་མོ་ཞེས་གྲགས་སོ། །
འཁོར་ནི་དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར་ཞིང་བསྟོད་བར་བྱེད་དོ། །འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་བར་གཤེགས་ཏེ། ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་དང་མཇལ། གསང་བ་བླ་ན་མེད་པའི་དབང་བཞི་ཡོངས་སུ་རྫོགས་པར་གསན་ཏེ། སྐུ་བཞིའི་གོ་འཕང་མངོན་དུ་བྱས་པའི་ཚུལ་བསྟན་ཏོ། །དེའི་ཚེ་མཚན་ཡང་རྡོ་རྗེ་ཕག་མོ་ཞེས་གྲགས་སོ། །འཁོར་ནི་རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ཞིང་བསྟོད་པར་བྱེད་དོ། །གནྡྷོ་ལ་ཤེལ་གྱི་གཞལ་ཡས་ཁང་དུ་གཤེགས་ཏེ། བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་དང་མཇལ། གསང་སྔགས་རྡོ་རྗེ་ཐེག་པ་མ་ལུས་པ་གསན་ནས་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏོ། །དེའི་ཚེ་མཚན་ཡང་རྡོ་རྗེ་མཁའ་འགྲོ་མ་ཞེས་གྲགས་སོ། །འཁོར་ནི་གནས་གསུམ་གྱི་དཔའ་བོ་དང་ཌཱཀི་ཐམས་ཅད་ཀྱིས་སྐོར་བར་བྱེད་དོ། །མེ་ཏོག་ཆེར་རྒྱས་ཞེས་བྱ་བའི་ཞིང་ཁམས་སུ་གཤེགས་ཏེ།
བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་དང་མཇལ། དུག་ལྔ་འདུལ་པའི་ཆོས་རྣམས་གསན་ཏེ། ཡེ་ཤེས་ལྔ་རུ་མངོན་པར་སངས་རྒྱས་པའི་ཚུལ་བསྟན་ཏོ། །
དེའི་ཚེ་མཚན་ཡང་རྣལ་འབྱོར་ཆེན་མོ་ཞེས་གྲགས་སོ། །འཁོར་ནི་མཁའ་འགྲོ་སྡེ་ལྔའི་འཁོར་གྱིས་བསྐོར་ཞིང་བསྟོད་པར་བྱེད་དོ། །རི་བོ་གྲུ་འཛིན་དུ་གཤེགས་ཏེ། བྱམས་མགོན་སྤྱན་རས་གཟིགས་དང་མཇལ། ཐེག་པ་ཆེན་པོའི་ཆོས་རྣམས་གསན་ཏེ། འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏོ། །
དེའི་ཚེ་མཚན་ཡང་འགྲོ་འདུལ་མཁའ་འགྲོ་ཞེས་གྲགས་སོ། །འཁོར་ནི་སེམས་དཔའ་སེམས་མ་མང་པོའི་འཁོར་གྱིས་བསྐོར་ཞིང་བསྟོད་པར་བྱེད་དོ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ་གཤེགས་ཏེ། སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དང་མཇལ། གསང་སྔགས་ཟབ་མོའི་ཆོས་རྣམས་གསན་ཏེ། གསང་ཡུམ་གསང་བའི་མཆོད་པ་ཕུལ་བས་དགའ་བཞི་བདེ་སྟོང་གི་ཉམས་མྱོང་རྒྱས་ཤིང་ཆོས་ཉིད་ཟབ་མོའི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏོ། །དེའི་ཚེ་མཚན་ཡང་གཙུག་གི་རྒྱན་གཅིག་མ་ཞེས་གྲགས་སོ། །འཁོར་ནི་མཁའ་འགྲོ་མང་པོའི་བསྐོར་ཞིང་བསྟོད་པར་བྱེད་དོ། །ཡུལ་ཉི་ཤུ་རྩ་བཞིར་གཤེགས་ཏེ། མཁའ་འགྲོ་སུམ་ཅུ་སོ་གཉིས་དང་མཇལ། མན་ངག་གནད་ཀྱི་གདམས་པ་གསན་ཏེ། གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏོ། །
དེའི་ཚེ་མཚན་ཡང་ནམ་མཁའི་དབྱིངས་ཕྱུག་མ་ཞེས་གྲགས་སོ། །འཁོར་ནི་ཌཱཀི་དཀར་མོ་འབུམ་གྱིས་བསྐོར་ཞིང་བསྟོད་པར་བྱེད་དོ། །དུར་ཁྲོད་བརྒྱད་ཀྱི་གནས་སུ་གཤེགས་ཏེ། མཁའ་འགྲོ་མ་སེང་གེའི་གདོང་ཅན་མ་དང་མཇལ། བདེ་ཆེན་གསང་བའི་ངོ་སྤྲོད་གསན་ཏེ། འཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏོ། །དེའི་ཚེ་མཚན་ཡང་དུར་ཁྲོད་རོ་ཟན་མ་ཞེས་གྲགས་སོ། །འཁོར་ནི་མཁའ་འགྲོ་སྤྲུལ་པའི་སྟག་གཟིག་དང། དོམ་དང་ལྕེ་སྤྱང་ལ་སོགས་པ་མང་པོས་བསྐོར་ཞིང་བསྟོད་པར་བྱེད་དོ། །རྒྱ་གར་གྱི་ཡུལ་ཆེན་རྣམས་སུ་གཤེགས་ཏེ་རྣལ་འབྱོར་གྲུབ་ཆེན་བརྒྱད་ཅུ་དང་མཇལ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསན་ཏེ། ཁམས་གསུམ་དབང་སྡུད་ཀྱི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏོ། །དེའི་ཚེ་མཚན་ཡང་མཁའ་འགྲོ་བདེ་བྱེད་ཅེས་གྲགས་སོ། །འཁོར་ནི་སྐལ་ལྡན་ལས་ཅན་མང་པོས་བསྐོར་ཞིང་བསྟོད་པར་བྱེད་དོ། །པདྨ་དབང་གི་གནས་སུ་གཤེགས་ཏེ། དཔའ་བོ་ཆེན་པོ་དབང་ཆེན་རྟ་མགྲིན་དང་མཇལ། རྒྱུད་སྡེ་སྟོང་ཕྲག་མང་པོ་གསན་ཏེ། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏོ། །
དེའི་ཚེ་མཚན་ཡང་གསང་བ་ཡེ་ཤེས་སུ་གྲགས་སོ། །འཁོར་ནི་ཌཱཀི་ནཱི་སྟོང་ཕྲག་མང་པོས་བསྐོར་ཞིང་བསྟོད་པར་བྱེད་དོ། །ཇི་སྐད་བཤད་པའི་མཚན་གྱི་རྣམ་གྲངས་བཅུའི་སྒོ་ནས་སངས་རྒྱས་ཀྱི་ཞིང་ཁམས་དེ་དག་ལ་སོགས་པར་གཤེགས་ཏེ་ཆོས་ཉན་པ་དང་། དངོས་གྲུབ་བརྙེས་པའི་ཚུལ་སྟོན་པ་ནི་མཚོན་པ་ཙམ་སྟེ། དུས་སྐད་ཅིག་མ་རེར་ཡང་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པས་ཅིག་ཅར་དུ་སངས་རྒྱས་ཀྱི་ཞིང་རབ་འབྱམས་རྒྱ་མཚོ་དཔག་ཏུ་མེད་པ་རྣམས་སུ། ལ་ལར་ནི་གཙོ་མོའི་ཚུལ། ལ་ལར་ནི་འཁོར་གྱི་ཚུལ། ལ་ལར་ནི་སྤྲུལ་པའི་ཚུལ་ལ་སོགས་ཏེ། དག་པ་དང་མ་དག་པའི་ཚུལ་སྣ་ཚོགས་སུ་སྟོན་པར་མཛད་པས་བསམ་གྱིས་མི་ཁྱབ་པའི་གནས་སོ། །ཞེས་པ་ནི་གྲུབ་ཆེན་ཏི་བུའི་གསུང་ལས་བྱུང་བ་གང་ཞིག་རས་ཆུང་ཞབས་ཀྱིས་ཐུགས་ཀྱི་བུམ་པར་བཟུང་པ་ནས་ཞལ་གྱི་བདུད་རྩིར་ཅུང་ཟད་འཛག་པ་གང་དག་སློབ་བུ་རྣམས་ཀྱིས་ཡི་གེའི་ལམ་དུ་འཁོད་སྣང་བ་བརྗོད་བདེ་བ་ཙམ་དུ་སྦྱར་བ་ཡིན་ནོ། །ཡང་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་རྩེ་ཐང་དུ་བཞུགས་དུས། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གཟིགས་པས། ནཱ་རོ་པའི་སྲིང་མོའི་ལུགས་ཞེས་གསུངས་པ་ལྟར། ཐམས་ཅད་མཁྱེན་པ་པདྨ་དཀར་པོའི་ཞབས་ཀྱང་བཞེད་ལ། དེ་ལྟར་ན་ལྕམ་ནི་གུ་མའམ། མཁའ་འགྲོ་མ་རུས་པའི་རྒྱན་ཅན་དུ་གྲགས་པ་དེ་ཡང་མ་གཅིག་གྲུབ་པའི་རྒྱལ་མོ་ཉིད་དུ་ངེས་ཤིང་། ཡང་པཎྜི་ཏ་ག་ཡ་དྷ་ར་དང་ལྕམ་སྲིང་དུ་འཁྲུངས་ཤིང་། གྲུབ་ཆེན་ཏི་བུའི་ཨ་ནེ་ཡིན་པར་ཡང་བཤད་སྣང་བས། དུས་གཅིག་ཏུ་སྐུའི་བཀོད་པ་སྣ་ཚོགས་སུ་སྣང་བའི་ཕྱིར་དེ་དག་ཐམས་ཅད་ཀྱང་བདེན་པ་ཁོ་ན་སྟེ་འགལ་བ་མ་ཡིན་ནོ། །ཞེས་པ་འདི་ཡང་ཤཱཀྱའི་དགེ་སློང་ཤཱཀྱ་རིན་ཆེན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་ཐུན་གསེང་གཅིག་ལ་སྦྱར་བའོ། །དགེའོ།། །།
དགེ་སློང་མ་དཔལ་མོའི་མཛད་རྣམ་ཤེལ་དཀར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །མཛད་པ་པོ་མི་གསལ།
ཨོཾ་སྭ་སྟི། དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་མ་ལུས་པ། །གཅིག་ཏུ་བསྡུས་ཏེ་སྙིགས་མའི་དུས་འདི་རུ། །འགྲོ་བའི་དཔལ་དུ་བྱོན་པའི་རྣལ་འབྱོར་མ། །དཔལ་ལྡན་དཔལ་མོ་མཆོག་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་མགོན་དང་། །གཉིས་མེད་གཉིས་སུ་སྣང་བའི་གྲུབ་པའི་དབང་། །དགེ་སློང་མ་ནི་དཔལ་མོ་ཞེས་པ་ཡི། །སྙན་གྲགས་བ་དན་ས་གསུམ་གཡོ་དེར་འདུད། །སེམས་ཅན་དོན་ལ་ཐུགས་རྗེས་ལེགས་གཟིགས་ནས། །འགྲོ་དོན་ཕྱོགས་མེད་ཕྱག་སྟོང་སྤྱན་སྟོང་སྤྲུལ། །སངས་རྒྱས་རབ་བདུན་བདེ་གཤེགས་བཅུ་གཅིག་ཞལ། །ཐུགས་རྗེ་ཆེན་པོ་ཉིད་ལ་ཕྱག་འཚལ་བསྟོད། །མཁྱེན་རབ་རལ་གྲི་རྣོན་པོ་ཡིས། །ལོག་རྟོག་ཡིད་གཉིས་དྲ་བ་ཀུན། །གཅོད་མཛད་དཔལ་ལྡན་བླ་མ་གང་། །རྣམ་པ་ཀུན་ཏུ་རྒྱལ་གྱུར་ཅིག །གང་ཞལ་གསེར་གྱི་བུམ་བཟང་ནས། །དོན་གཉེར་རེ་སྐོང་འདི་ན་སྨྲ། །དེ་ལྟ་བུའི་རྣལ་འབྱོར་མ་དེ་ཉིད་དུས་གསུམ་རྒྱལ་བའི་ཡུམ་མཆོག་རྡོ་རྗེ་ཕག་མོ་འགྲོ་བ་བུད་མེད་ཀྱི་ལུས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་པ་ཞིག་མཛད་པ་ལས་རྒྱུ་སྐར་གྱི་དབུས་ནས་ཉི་ཟླའི་ཟུར་ཙམ་སྟོན་པ་ལ།
སྲས་དང་སྲས་མོ་བལྟམས་པ། དེ་ཡང་རྒྱ་གར་གྱི་ཡུལ་ཁ་ཆེ་ཁྲི་བརྟན་ཅེས་བྱ་བ་ན། ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་། ཡུམ་ཡིད་འོང་བཟང་མོ་གཉིས་ལ་རྒྱལ་སྲིད་མངའ་ཐང་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། ནམ་ཞིག་གི་ཚེ་བཙུན་མོ་ལ་མཚན་ལྟས་བཟང་པོ་བྱུང་ནས་ཟླ་དགུ་ངོ་བཅུ་ལོན་པ་དང་སྲས་གཅིག་འཁྲུངས་སོ། །ཁྱེའུ་དེ་གཟུགས་མཛེས་ཤིང་ཤིན་ཏུ་སྡུག་པ་ཀུན་གྱིས་མཐོང་ན་ཡིད་དུ་འོང་བ་ཞིག་ཡོད་པ་ལ། མཚན་ཡང་དྷརྨ་པཱ་ལ་ཞེས་བཏགས་སོ། །དེ་ནས་སྲས་དེ་ལོ་དྲུག་ལོན་པ་དང་། ཡུམ་ཡིད་འོང་བཟང་མོ་ནུབ་མོ་ཉལ་བའི་རྨི་ལམ་ཤིན་ཏུ་བཟང་ནས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་དྲུང་དུ་ཕྱིན་ཏེ། འདི་སྐད་ཅེས་ཞུས་སོ། །
ཡབ་གཅིག་གསོན་དང་ཨིནྡྲ་བྷཱུ་ཏི་ལགས། །ཁྱད་པར་རྨི་ལམ་བཟང་པོ་འདི་ལྟར་བྱུང་། །བདག་གི་སྙིང་ནས་ཉི་ཟླ་གཉིས་ཤར་ཏེ། །གླིང་བཞི་གླིང་ཕྲན་ཐམས་ཅད་གསལ་བ་དང་། །དམ་པའི་ཆོས་ཀྱི་སྒྲ་ཆེན་སྒྲོག་པ་དང་། །འཇིག་རྟེན་མི་རྣམས་ཆོས་ལ་འཇུག་པ་མཐོང་། །ཞེས་ཞུས་པ་དང་། ཡབ་ཨིནྡྲ་བྷཱུ་ཏི་ཐུགས་ཤིན་ཏུ་མཉེས་ནས་ཡུམ་ཡིད་འོང་བཟང་མོ་ལ་འདི་སྐད་ཅེས་གསུངས་སོ། །ཡུམ་གཅིག་གསོན་དང་ཡིད་འོང་བཟང་མོ་ལགས། །རྒན་རྒོན་གཉིས་ཀྱི་འདོད་པའི་དོན་གྲུབ་བྱུང་། །ཁྱད་པར་རྨི་ལམ་བཟང་པོ་བྱུང་བ་དེ། །བྱང་ཆུབ་སེམས་དཔའི་སྤྲུལ་པ་འབྱོན་ལས་ཆེ། །ཞེས་གསུངས་པས་ཡུམ་ཡིད་འོང་བཟང་མོས་ཀྱང་ཡབ་ཀྱི་བཀའ་བཞིན་ཟས་ངན་སོགས་སྤངས་ནས་སྐུ་གཟུགས་ལ་ནན་ཏན་བགྱིས། དེ་ནས་ཟླ་བདུན་ལོན་པའི་རྗེས་ཡུམ་གྱི་ལྷུམས་སུ་ཡོད་པའི་བྱིས་པས་འདི་སྐད་ཅེས་སྨྲས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃཿ འགྲོ་བ་རིགས་དྲུག་གི་སྡུག་བསྔལ་འབྲལ་བར་ཤོག །ཅེས་སྨྲས་པས། ཡུམ་ཡིད་འོང་བཟང་མོ་སེམས་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་དྲུང་དུ་ཕེབས་ནས་འདི་སྐད་ཅེས་ཞུས་སོ། །ཡབ་གཅིག་གསོན་དང་ཨིནྡྲ་བྷཱུ་ཏི་ལགས། །བདག་གི་མངལ་དུ་ཡོད་པའི་བྱིས་པ་འདི། །ཟླ་བདུན་སོང་ནས་འདི་སྐད་སྨྲས་ནས་བྱུང་། །ཨོཾ་མ་ཎི་པདྨེ་ཧཱུྃཿ འགྲོ་བ་རིགས་དྲུག་གི་སྡུག་བསྔལ་འབྲལ་བར་ཤོག །ཅེས་སྨྲས་བྱུང་བས། བྱང་ཆུབ་སེམས་དཔའི་སྤྲུལ་པ་ག་ལ་ཡིན། །མགོན་པོ་ཕྱག་དྲུག་ཆོ་འཕྲུལ་ཡིན་ཉེན་འདུག །བྲག་རི་མཐོན་པོའི་རྩེ་ནས་མཆོང་དགོས་སམ། །ཆུ་བོ་ཆེན་པོའི་གཏིང་ལ་ལྕེབ་དགོས་སམ། །རང་སྲོག་རང་མཚོན་བརྒྱབས་ནས་འཆི་དགོས་སམ། །སྡུག་བསྔལ་ཅན་མ་བདག་ལ་བཀའ་གནང་ཞུ། །ཞེས་ཞུས་པས། ཡབ་ཀྱིས་འདི་སྐད་ཅེས་གསུངས་སོ། །
ཡུམ་གཅིག་གསོན་དང་ཡིད་འོང་བཟང་མོ་ལགས། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་པ་འདི། ཡི་དམ་ཐུགས་རྗེ་ཆེན་པོ་བཞུགས་པའི་རྟགས། །ཞལ་ནས་ཡི་གེ་དྲུག་མའི་ཆོས་སྒྲ་སྒྲོགས། །བུ་སྐྱེས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན། །བུ་མོ་སྐྱེས་ན་རྡོ་རྗེ་ཕག་མོ་ཡིན། །བྱང་ཆུབ་སེམས་དཔའི་སྤྲུལ་པ་འབྱོན་ལས་ཆེ། །བློ་ཕུགས་བསམ་པའི་དོན་ཆེན་འགྲུབ་ནས་འོང་། །ཞེས་གསུངས་སོ། །
དེ་ནས་ཟླ་བ་དགུ་རྫོགས་བཅུའི་ངོ་མཐོང་བའི་ཚེ། ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་བཙུན་མོར་སྲས་མོ་གཅིག་བལྟམས་པས། དེ་དུས་གཞན་ལྟས་བཟང་པོ་ཉི་ཟླ་གཉིས་མཉམ་དུ་ཤར་བ་དང་གླིང་བཞི་གླིང་ཕྲན་ཐམས་ཅད་འོད་ཀྱིས་ཁེངས་པ་དང་དབུས་ཀྱི་རི་བོའི་རྩེ་མོ་ནས་དམ་པའི་ཆོས་ཀྱི་སྒྲ་ཆེན་སྒྲོགས་པ་དང་། ལྷའི་བུ་དང་བུ་མོ་རྣམས་ཀྱིས་ཁྲུས་ཆབ་གསོལ་བ་དང་བཅས་ཡུམ་ཡིད་འོང་བཟང་མོའི་སྐུ་ལུས་ལ་སྙུང་ཟུག་ཅི་ཡང་མེད་པའི་ངང་ནས་སྲས་མོ་གཅིག་སྐུ་བལྟམས་སོ། །དེ་མ་ཐག་ཏུ་སྲས་མོ་དེས་ཕྱོགས་བཞིར་སྤྱན་ཆེས་ཆེར་གཟིགས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་གསུངས་སོ། །དེ་དུས་བར་སྣང་ཁམས་སུ་འཇའ་འོད་སྤྲིན་དཀར་གྱི་གུར་ཕུབ་པ་དང་། དེ་ཡང་ཡེ་ཤེས་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ལ། སྲས་མོ་དེའི་མཚན་ལ་ལཀྵམི་ཀ་རར་གྲགས་སོ། །
སྲས་མོ་ལཀྵམི་ཀ་རས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་འཛམ་བུ་གླིང་འདིར་རྣལ་འབྱོར་མ་དེ་ཉིད་དུས་གསུམ་རྒྱལ་བའི་ཡུམ་མཆོག་རྡོ་རྗེ་ཕག་མོ་འགྲོ་བ་བུད་མེད་ཀྱི་སྐུར་སྤྲུལ་ནས་སེམས་ཅན་གྱི་དོན་ལ་བསམ་གྱིས་མི་ཁྱབ་ལ་བརྗོད་ཀྱིས་མི་ལང་བ་མཛད་ཕྱིར་སྐུ་ན་ཆུང་ངུའི་དུས་སུ་གཞོན་ནུ་རོལ་རྩེད་སོགས་རྩལ་གཡེངས་ཀྱི་རིགས་རྣམས་མི་གཙང་བའི་རྫས་བཞིན་དུ་བོར་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་འགྲོ་བ་སེམས་ཅན་ཐམས་ཅད་ངན་འགྲོའི་སྡུག་བསྔལ་དང་བྲལ་ཏེ། བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་ཡུམ་ཡིད་འོང་བཟང་མོ། མིང་པོ་དྷརྨ་པཱ་ལ་དང་། གཡོག་མོ་རྣམས་སྲས་མོའི་མཛད་ཚུལ་དེ་ལ་གཟིགས་ནས་ཡ་མཚན་དུ་གྱུར་ཏོ། །
སྲས་མོ་ལཀྵམི་ཀ་ར་བག་མར་འདྲི་མཁན་འབྱོར་པ། དེ་ནས་སྲས་དྷརྨ་པཱ་ལ་དགུང་ལོ་བཅྭོ་བརྒྱད་ལོན་པ་དང་རྒྱལ་སྲིད་སྲས་ཀྱིས་འཛིན། སྲས་མོ་ལཀྵམི་ཀ་རའི་སྙན་གྲགས་ཉི་ཟླ་ལྟར་ཁྱབ་པ་ལས། ཕྱོགས་ཕྱོགས་ནས་ལྟ་བའི་མི་མང་པོ་བྱུང་། བུ་མོ་འདོད་མཁན་གྱི་རྒྱལ་པོ་ཡང་བཞི་བྱུང་། རྒྱ་གར་ཆོས་ཀྱི་རྒྱལ་པོ། རྒྱ་ནག་སྟོང་གི་རྒྱལ་པོ། གེ་སར་དམག་གི་རྒྱལ་པོ། སྟག་གཟིག་ནོར་གྱི་རྒྱལ་པོ་བཅས་ཀྱིས་རྟ་དང་གླང་པོ་ཆེ་སོགས་ལ་ནོར་བུའི་ཕྲེང་བ་དང་། གསེར་དངུལ་དང་གོས་དར་སོགས་ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་བཀལ་ནས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡི་དྲུང་དུ་ཕེབས་སོ། །དེ་ནས་བློན་པོ་ཤེས་རབ་ཀྱིས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་འདི་ལྟར་ཞུས། ཀྱེ་མ་གསོན་དང་རྒྱལ་པོ་རིན་པོ་ཆེ། །ཤར་ལྷོ་ནུབ་བྱང་རྒྱལ་པོ་ཕེབས་འདུག་པས། །ཁྱེད་ཀྱི་སྲས་མོ་བཙུན་མོར་ཞུ་དགོས་གསུངས། །རྒྱལ་བློན་འཁོར་བཅས་གཟིམ་ཆུང་ཕེབས་ཆོག་པ། །ཡབ་ཆེན་རྒྱལ་པོས་གནང་བ་བསྩལ་དུ་གསོལ། །ཞེས་ཞུས། དེ་ནས་རྒྱ་གར་ཆོས་རྒྱལ། རྒྱ་ནག་སྟོང་རྒྱལ། གེ་སར་དམག་རྒྱལ། སྟག་གཟིག་ནོར་རྒྱལ་བཅས་རྒྱལ་བློན་འཁོར་བཅས་ཆོས་རྒྱལ་ཨིནྡྲ་བྷཱུ་ཏིའི་གཟིམ་ཆུང་ནང་དུ་ཕེབས། ཡབ་རྒྱལ་པོ་ཡིས་ཕྱོགས་ཕྱོགས་ནས་ཕེབས་པའི་རྒྱལ་བློན་རྣམས་ལ་དགའ་བསུ་དཔག་མེད་ཞུས་སོ། །དེ་ནས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རྒྱལ་བློན་འཁོར་བཅས་ལ་འདི་ལྟར་གསུངས། ངའི་བུ་མོ་ལཀྵམི་ཀ་ར་ཁྱེད་རྒྱལ་པོ་རྣམས་ཀྱི་སྲས་ལ་བཙུན་མོར་འགྲོ་མི་འགྲོའི་བདམ་ཁ་བུ་མོ་རང་ལ་འདྲི་ཟེར་བ་ལས། ཕྱོགས་ཕྱོགས་ནས་ཕེབས་པའི་རྒྱལ་བློན་རྣམས་ཀྱིས་སྲས་མོ་ལཀྵམི་ཀ་ར་ལ་དྲིས་སོ། །
ཁྱིམ་ཐབ་སྤངས་ནས་ཆོས་ལ་གཤེགས་པ། དེ་ནས་སྲས་མོ་ལཀྵམི་ཀ་ར་ཡིས་བསམ་བློ་ཞིག་བཏང་ནས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་འདི་ལྟར་ཞུས། ཡབ་ཆེན་ཨིནྡྲ་བྷཱུ་ཏི་བདག་ལ་གསོན། །སྐྱེ་གཟུགས་ཕུན་སུམ་ཚོགས་པའི་བུ་མོ་ང་། །སྨོན་ལམ་བཟང་བས་ཡབ་ཡུམ་གཉིས་དང་མཇལ། །ད་ལྟ་ཅི་བྱེད་རང་དབང་ཡོད་དུས་སུ། །གཏན་འདུན་དམ་པའི་ལྷ་ཆོས་མ་བྱེད་ན། །རིན་ཆེན་གླིང་གི་ཚོང་པ་སྟོང་ལོག་འདྲ། །བུ་མོ་དམ་པའི་ཆོས་ལ་བཀའ་གནང་ཞུ། །ཞེས་གདུང་བའི་སྨྲེ་ངག་གིས་ཞུས་པ་ལས། ཡབ་ཀྱིས་བུ་མོ་ལ་སྤྱན་ཆེས་ཆེར་གྱིས་གཟིགས་ཏེ། སྤྱིར་བུད་མེད་རྣམས་ཀྱི་ཆོས་མགོ་མི་འཐོན་པའི་དཔེ་མང་པོ་གསུངས་ཤིང་། ཤིང་ཁྲུ་གང་གཅོད་པ་ལ་རྩ་བ་འདོམ་གང་བསལ་དགོས་ཟེར་བའི་དཔེ་ཡོད། བུ་མོ་ཆོས་མགོ་འཐོན་ན་དེ་ལས་ལེགས་པ་ཅི་ཡོད། ཚེ་ཐུང་འདི་ལ་ཆོས་ཤིག་མ་བསྒྲུབ་ན། །རིན་ཆེན་གླིང་གི་ཚོང་པ་སྟོང་ལོག་འདྲ། །བུ་མོ་ཆོས་ལ་དཀར་བ་དགའ་སྤྲོ་ཆེ། །ཡབ་ཡུམ་གཉིས་ཀྱི་འདོད་པའི་དོན་འགྲུབ་བྱུང་། །བུ་མོ་རང་ཆོས་མགོ་འཐོན་ན་གསེར་བྲེ་གང་ཁྱེར་ལ་ཡང་དག་པའི་བླ་མ་ཞིག་གི་དྲུང་དུ་སོང་ཞེས་གསུངས་སོ། །
དེ་ནས་བུ་མོ་ཆོས་བྱེད་པའི་དོན་དུ་ཡུམ་ཡིད་འོང་བཟང་མོ་ལ་འདི་ལྟར་ཞུས། ལུས་སྲོག་དྲིན་གྱིས་གསོས་པའི་ཡུམ་ཆེན་མ། །ཡུམ་ཆེན་ཕ་རོལ་ཕྱིན་མ་བདག་ལ་གསོན། །སྙིགས་དུས་མི་ཚེ་དགུན་ཁའི་ཉིན་དང་འདྲ། །མཐོ་རིས་མི་ཡི་བདེ་སྐྱིད་ཡད་ཡུད་ཙམ། །ལས་ངན་འཁོར་བའི་སྡུག་བསྔལ་མི་སེལ་བས། །བུ་མོ་དམ་པའི་ཆོས་ལ་འགྲོ་བར་ཞུ། །ཡུམ་ཡིད་འོང་བཟང་མོས་སྙིང་དང་འདྲ་བའི་བུ་མོ་ལཀྵམི་ཀ་ར་ཡི་ཞལ་རས་མེ་ཏོག་པདྨ་ཁ་ཕྱེ་བ་དང་འདྲ་བ་དེ་ལ་གཟིགས་ནས་སྤྱན་ཆབ་མང་དུ་བསིལ་ཞིང་འདི་སྐད་ཅེས་སྨྲས། ཨ་མའི་སྙིང་དང་འདྲ་བའི་ལཀྵམི་ཀ་ར་མ། །བུ་མོ་ཆོས་མགོ་འཐོན་ན་སྐལ་བ་བཟང་། །བུ་མོ་ཆོས་ལ་དཀར་བ་ངོ་མཚར་ཆེ། །བུ་མོའི་འདོད་པའི་དོན་རྣམས་འགྲུབ་པར་ཤོག །ཅེས་གསུངས་ནས། བུ་མོ་ཆོས་ལ་འགྲོ་ན་མིང་པོ་དྷརྨ་པ་ལཱ་ལ་དྲིས་གསུངས་སོ། །བུ་མོ་རང་ཆོས་མགོ་འཐོན་ན་གཡུ་བྲེ་གང་དང་གའུ་གྲུ་བཞི་ཅན་གཅིག་ཡོད་པའི་རིན་ཆེན་གསེར་གྱི་ས་གཞི་བྱས། དེའི་མགོ་ལ་གཡུ་ནོར་བུ་འདྲ་བ་དེ་དང་མཉམ་རིན་ཆེན་གསེར་གྱི་སོར་གདུབ་གཅིག་ཁྱེར་ལ་འཚོ་བའི་མཐུན་རྐྱེན་བྱས་ནས་རི་ཁྲོད་འགྲིམ་ལ་སོང་གསུངས་སོ། །དེ་ནས་ལཀྵམི་ཀ་ར་མིང་པོ་དྷརྨ་པཱ་ལའི་དྲུང་དུ་ཕེབས་ནས་འདི་སྐད་ཅེས་ཞུས། ས་སྐྱོང་རྒྱལ་པོ་ཐུགས་དགོངས་གཏོད་པར་ཞུ། །བརྩེ་བའི་ཐུགས་ཀྱིས་བཀའ་བཀྱོན་མི་གནང་འཚལ། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཀྱང་། །འཆི་བདག་འབྱུང་དུས་རང་དབང་མི་འདུག་པས། །སྲིང་མོ་དམ་པའི་ཆོས་ལ་བཀའ་གནང་ཞུ། །ཞེས་ཞུས་པ་དང་།
མིང་པོ་དྷརྨ་པཱ་ལ་ལ་ཐུགས་གཏུམ་པོའི་སྟབས་ཀྱིས་མར་ཁུ་ལ་ཆུ་བླུགས་པ་ལྟར་གྱུར་ནས། ཤེལ་གྱི་རལ་གྲི་ཤུབས་ནས་ཕྱུང་སྟེ་ཕྱག་གཡོན་པས་སྲིང་མོའི་སྤྱི་བོ་ནས་བཟུང་། ཕྱག་གཡས་པས་རལ་གྲི་མགོ་ཐོག་ཏུ་འཕྱར་བཞིན་འདི་ལྟར་གསུངས། སྲིང་མོ་ཉོན་དང་ལཀྵམི་ཀ་ར་མ། །ཐང་སྟོང་སྐམ་ལ་ཉ་མོ་མི་འབྱུང་བཞིན། །སྲིང་མོ་དམ་པའི་ཆོས་ནི་ཤིན་ཏུ་དཀའ། །དེ་བས་རལ་གྲིས་སྡང་བའི་དགྲ་བོ་བཏུལ། །སྲིང་མོ་འདོད་པའི་གཉེན་ལ་སྟེར་བ་ཡིན། །གང་དགའི་རྒྱལ་སྲིད་གདམ་ལ་འགྲོ་བ་ལེགས། །ཡང་ལཀྵམི་ཀ་རས་མིང་པོ་ལ་འདི་ལྟར་ཞུས། ཉོན་དང་བདག་གི་མིང་པོ་ཁྱེད་ཉིད་ཀྱང་། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ལས། །ཚེ་འདིར་སྟོབས་འབྱོར་ལྡན་པའི་རྒྱལ་པོར་སྐྱེས། །ཕྱི་མ་མིང་སྲིང་གར་འགྲོ་ངེས་པ་མེད། །རྒྱལ་པོའི་རྒྱལ་སྲིད་མདང་སུམ་རྨི་ལམ་ཙམ། །འདོད་ཡོན་ལོངས་སྤྱོད་རྩྭ་ཁའི་ཟིལ་པ་འདྲ། །བྱང་ཆུབ་སེམས་ལ་ཕོ་མོ་མ་མཆིས་པས། །བདག་ནི་དམ་ཆོས་མཐར་ཕྱིན་བྱུང་གྱུར་ནས། །ཕ་མ་གཉེན་དང་མིང་པོའི་དྲིན་ལན་འཇལ། །སྲིང་མོ་རྒྱལ་སྲས་གཅིག་ལ་བྱིན་ན་ཡང་། །གཉེན་འདེབས་གཅིག་ལ་དགྲ་བོ་གསུམ་དུ་སྤེལ། །ཕ་རོལ་དགྲ་ཡིས་མིང་པོ་བཟོད་མི་བདེ། །སླར་ནི་ཕུང་གི་རྩ་བ་བུད་མེད་ཡིན། །དེ་བས་མི་གཅིག་ཆོས་ཀྱི་རྒྱུ་ཡིན་པས། །སྲིང་མོ་དམ་པའི་ཆོས་ལ་བཀའ་གནང་ཞུ། །ཞེས་ཞུས་སོ། །
དེ་ནས་མིང་པོ་ཆོས་རྒྱལ་གྱིས་འདི་ལྟར་གསུངས། འོ་ན་ལཀྵམི་ཀ་ར་རང་ཆོས་མགོ་འཐོན་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་ཞིག་མཛད་ཐུབ་ན་ཧ་ཅང་གི་སྐལ་པ་བཟང་། དེ་ནས་ཁྱོད་ཆོས་བྱེད་པ་ལ་གར་འགྲོ་གསུངས། ལཀྵམི་ཀ་རས་མིང་པོ་ལ་འདི་ལྟར་ཞུས། ང་ཆོས་བྱེད་པར་བླ་མ་ཇོ་བོ་དཔལ་གྱི་དྲུང་དུ་འགྲོའོ་ཞུས་པས། མིང་པོ་དྷརྨ་པཱ་ལས་རྒྱལ་སྲས་གཅིག་ལ་སྲིང་མོ་གཉེན་འདེབས་ཕྱིར་སྟེར་དགོས་བསམ་ཀྱང་སྲིང་མོ་ཆོས་བྱེད་པ་ལ་འགྲོ་བར་ཐག་བཅད་ཟིན་པས་བྱེད་ཐབས་དང་བྲལ་ནས། ཕྱོགས་ཕྱོགས་ནས་ཕེབས་པའི་རྒྱལ་བློན་འཁོར་བཅས་དང་ཕོ་ཉ་བ་རྣམས་ལ་འདི་ལྟར་སྨྲས། ང་ཡི་སྲིང་མོ་ལཀྵམི་ཀ་ར་དེ་སང་སྔ་དྲོ་དམ་པའི་ཆོས་ལ་འགྲོ་བ་ཐག་ཆོད་པས། ད་ཁྱེད་རྒྱལ་བློན་འཁོར་བཅས་རྣམས་ཀྱང་རང་རང་སོ་སོས་འབུལ་བའི་ནོར་རྣམས་ཁྱེར་ནས་སླར་ཡང་རང་ཡུལ་དུ་འགྲོ་བ་འཐད་གསུངས་སོ། །
དེ་ནས་རྒྱལ་བློན་རྣམས་ན་རེ། བུ་མོ་ཆོས་མགོ་འཐོན་ན་སྐལ་པ་བཟང་།
བུ་མོ་ལ་རྒྱགས་ཀྱི་ཡོད་བྱད་ངེད་རྣམས་ཀྱིས་ཀྱང་འབུལ་ཆོག །དམ་པའི་ཆོས་ལས་ལེགས་པ་མེད་གསུང་བཞིན་ཕྱོགས་ཕྱོགས་ཀྱི་རྒྱལ་བློན་འཁོར་བཅས་རང་གནས་སུ་ལོག་ནས་ཕེབས་སོ། །དེ་ནས་བུ་མོ་ལཀྵམི་ཀ་རས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལས་གསེར་བྲེ་གང་ཞུས། ཡུམ་ཡིད་འོང་བཟང་མོ་ནས་གཡུ་བྲེ་གང་དང་རིན་ཆེན་གསེར་གྱི་གའུ་གཅིག་དང་གསེར་གྱི་སོར་གདུབ་གཅིག་ཞུས། མིང་པོ་དྷརྨ་པཱ་ལ་ནས་ཆོས་བྱེད་ཆོག་པའི་བཀའ་ཤོག་བཅས་ཞུས་སོ། །དེ་ནས་བུ་མོ་ལཀྵམི་ཀ་རས་བདག་ལ་གཡོག་མོ་ཞིག་ཀྱང་དགོས་ཞེས་ཞུས་པ་ན། མིང་པོ་དྷརྨ་པཱ་ལས་བུ་མོ་ཁྱེད་རང་ཆོས་རྣམ་དག་ཅིག་བསྒྲུབ་ཐུབ་ན་ཕྲན་གྱིས་ཀྱང་རྒྱལ་སྲིད་ཕྱེད་བགོས་ནས་སྟེར་ཆོག །སྲིང་མོ་ཁྱེད་རང་ལ་གཡོག་མོ་དགོས་ན་ཁྱེད་རང་གི་སེམས་དང་གང་མཐུན་པ་ཞིག་ཁྲིད་ཆོག་ཅེས་གསུངས་སོ། །
དེ་ནས་ལཀྵམི་ཀ་རས་ཆུང་གྲོགས་གཞོན་དུས་ནས་རྩེ་གྲོགས་བྱེད་ཅིང་ཐུགས་ལ་བཅངས་པའི་གཡོག་མོ་བསམ་འཕེལ་མ་ཁྲིད། བསམ་འཕེལ་མས་ཀྱང་བླ་མས་རྡོག་ཁྲེས་དང་འཚོ་བ་ཕྲན་བུ་ཁུར། དེ་ནས་དགུང་ལོ་བཅུ་གཉིས་ནས་འཇིག་རྟེན་འཁོར་བའི་ཁྱིམ་ཐབ་རྣམས་མི་གཙང་བའི་རྫས་བཞིན་དུ་དོར་ནས། ལཀྵམི་ཀ་རས་སྤྱི་གཙུག་ཏུ་ནོར་བུ་ཁུར་ཏེ་དམ་ཆོས་བུ་བཞིན་དུ་ལེན་ནས་བསམ་འཕེལ་མ་ཕྱག་ཕྱིར་ཁྲིད་དེ་ནགས་ཚལ་དྲ་བ་ཅན་གྱི་དགོན་པར་བླ་མ་ཇོ་བོ་དཔལ་གྱི་དྲུང་དུ་ཆོས་ཞུ་རུ་ཕྱིན་དུས་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི། ཡུམ་ཡིད་འོང་བཟང་མོ། མིང་པོ་དྷརྨ་པཱ་ལ་དང་བློན་གཡོག་འཁོར་བཅས་རྒྱང་གྲགས་གཅིག་གི་སར་གདན་སྐྱེལ་ལ་ཕེབས་སོ། །
དེ་ནས་རྒྱང་གྲགས་གཅིག་གི་སར་ཕེབས་ཟིན་པ་དང་། ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་སྤྱན་ཆབ་མང་དུ་བསིལ་བཞིན་འདི་སྐད་ཅེས་གསུངས་སོ། །དཀོན་མཆོག་རྣམ་གསུམ་མཁྱེན་ནོ། །བདེན་པའི་སྨོན་ལམ་གྲུབ་ཅིག །ང་ཡི་སྙིང་དང་འདྲ་བའི། །བུ་མོ་ལཀྵམི་ཀ་རར། །ཆོས་ལམ་ལ་འགྲོ་བར་ཤོག །ལམ་ལ་བར་ཆད་མེད་པར་ཤོག །ཅི་གསུངས་བཀའ་བཞིན་འགྲུབ་པར་ཤོག །ཅེས་གསུངས་སོ། །དེ་ནས་ཡུམ་ཡང་སྤྱན་ཆབ་མང་དུ་བསིལ་ཞིང་འདི་སྐད་ཅེས་གསུངས། ཨ་མའི་སྙིང་དང་འདྲ་བའི་བུ་མོ་ལགས། །ལས་ཀྱིས་ཤི་བྲལ་བྱུང་ན་བྱ་ཐབས་མེད། །རྒན་རྒོན་མ་ཤི་ཚེ་རིང་བྱུང་གྱུར་ན། །བུ་མོ་མྱུར་མགྱོགས་མཇལ་བའི་སྨོན་ལམ་ཡིན། །ཞེས་གསུངས་བཞིན་བུ་མོ་ལཀྵམི་ཀ་རའི་སྐེ་ལ་མེ་ཏོག་གི་ཕྲེང་བ་གཅིག་ཕུལ་ནས་བུ་མོ་ཕེབས་ཕེབས་གསུངས་སོ། །དེ་ནས་ཡབ་ཡུམ་སྲས་དང་བློན་གཡོག་རྣམས་སྤྱན་ཆབ་མང་དུ་བསིལ་ཞིང་ཕྱི་མིག་ལོག་བཞིན་ལོག་བཞིན་སྐུ་མཁར་ལ་ལོག་ནས་ཕེབས་སོ། །
དེ་ནས་བཟུང་ལཀྵམི་ཀ་ར་དང་གཡོག་མོ་བསམ་འཕེལ་མ་གཉིས་པོ་རྒྱ་གར་ཤར་ཕྱོགས་སུ་ནགས་ཚལ་དྲ་བ་ཅན་བྱ་བའི་ཡུལ་དུ་བླ་མ་ཇོ་བོ་དཔལ་གྱི་དྲུང་དུ་ཆོས་ཞུ་བ་ལ་ཕེབས་པའི་འགོ་འཛུགས་མཛད། ཁ་ཆེ་ཁྲི་བརྟན་བྱ་བའི་ཡུལ་ནས་ནགས་ཚལ་དྲ་བ་ཅན་བྱ་བའི་ཡུལ་དེའི་བར་ལ་ཧ་ལམ་ལོ་གཅིག་དང་ཟླ་བ་གསུམ་ལས་མང་ཙམ་འགོར། ཕེབས་ལམ་ལ་མི་མེད་ལུང་སྟོང་ནགས་ཚལ་དང་ཆུ་ཕྲན་དང་ལུང་འཕྲང་དང་ཚ་གྲང་མང་པོ་མྱོང་བཞིན་ཕེབས་པའི་ཟླ་བ་བཅུ་དང་ཕྱེད་ཙམ་ན་མཉམ་དུ་ཡོད་པའི་འཚོ་བ་རྣམས་རྫོགས། ལུང་པ་དེར་འབྲོག་དང་ཁ་ཟས་ཤིང་ཏོག་སོགས་གཅིག་ཀྱང་མེད་པས་ཟླ་བ་གཅིག་དང་ཉིན་བཅུའི་རིང་ལ་ཤིང་སྡོང་གི་ལོ་མ་རྣམས་བཙོས་ནས་བཞེས་བཞིན་ཕེབས་སོ། །དེ་ནས་ཉིན་ཁ་ཤས་ཀྱི་རྗེས་འཚོ་བ་དཀོན་རྐྱེན་གྱིས་ལཀྵམི་ཀ་ར་དང་བསམ་འཕེལ་མ་ལ་ཧ་ཅང་གི་དཀའ་ངལ་བྱུང་། དེ་ནས་ཉིན་བདུན་ཕེབས་པའི་རྗེས་ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་དེའི་རྟ་སྒོའི་གཞི་བདག་གིས་འཚོ་བ་ཕུལ། དེ་ནས་ཕེབས་པའི་ཉི་མ་བཅུ་གསུམ་གྱི་རྗེས་ལ་རྒྱང་གྲགས་གསུམ་ཙམ་ཞིག་ནས་ནགས་ཚལ་དྲ་བ་ཅན་གྱི་གསེབ་ཅིག་ན་བླ་མ་ཇོ་བོ་དཔལ་གྱི་འབིགས་ཤྲཱི་གཙུག་ལག་ཁང་དེ་མཇལ་པས་དཔོན་གཡོག་གཉིས་ཀྱི་སེམས་ལ་དགའ་བ་ཚད་མེད་བྱུང་ངོ་། །
ལཀྵམི་ཀ་ར་དང་གཡོག་མོ་བསམ་འཕེལ་མ་གཉིས་ཡུལ་དེར་བྱོན་སྐབས་ཉི་མ་ཤར་ཏེ་ཕོག་པ་དང་དུས་མཉམ་དུ་བྱུང་ཞིང་། སངས་རྒྱས་ཀྱི་བསྟན་པ་ལ་ཉི་མ་ཤར་བའི་སྣང་བ་བྱུང་། ཐུགས་སྤྲོ་བཞིན་པའི་ངང་ནས་རྟེན་འབྲེལ་ཡང་བཟང་པོ་བྱུང་། ནགས་ཚལ་གྱི་ཤིང་དང་ལོ་འདབ་རྣམས་སོ་སོར་བྲལ་བས་སྲིད་གསུམ་གྱི་སྡུག་བསྔལ་ལས་ཆད་པའི་སྣང་བ་བྱུང་། སྟག་གཟིག་དོམ་གསུམ་ལ་སོགས་པའི་གཅན་གཟན་རྣམས་ཀྱང་བླ་མ་ལ་དད་ཅིང་གུས་པའི་ཚུལ་གྱིས་མ་བུ་འཕྲད་པ་བཞིན་གྱི་སྣང་བ་བྱུང་། ནགས་ཚལ་དྲ་བ་ཅན་གྱི་གསེབ་ནས་ཕེབས་དུས་གཅན་གཟན་སྟག་གཟིག་དོམ་དྲེད་དུག་སྦྲུལ་རྣམས་ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པའི་སྣང་བ་བྱུང་། གཅན་གཟན་རྣམས་ཀྱི་སྐད་གདངས་ལས་དགེ་བའི་བཤེས་གཉེན་གྱིས་ལྐུགས་པར་སྨྲ་ལྕེ་གསར་དུ་སྩལ་པའི་སྣང་བ་བྱུང་ངོ་། །
དེ་ནས་ལཀྵམི་ཀ་རས་འབིགས་ཤྲཱི་གཙུག་ལག་ཁང་གི་ཆོས་ཁྲིམས་པ་ལ་བླ་མ་མཇལ་ཆོག་པའི་གནང་བ་ཞུས་པས། ཆོས་ཁྲིམས་པས་བླ་མ་ལས་གནང་བ་ཞུས། བླ་མའི་ཞལ་ནས་རྒྱལ་པོ་དྷརྨ་པཱ་ལ་དེ་ཐུགས་ཤིན་ཏུ་གཏུམ་པོའི་རྒྱལ་པོ་ཞིག་ཡིན་པས། བླ་མས་དེ་ལ་ཆོས་བྱེད་ཆོག་པའི་བཀའ་ཤོག་ཡོད་མེད་ལྟོས་ཤིག་གསུངས། ཆོས་ཁྲིམས་པས་ཆོས་བྱེད་ཆོག་པའི་བཀའ་ཤོག་མཉམ་དུ་འདུག་ལགས་ཞུས་པས། བླ་མས་འོ་ན་བཀའ་ཤོག་མཉམ་དུ་ཡོད་ན་ཁྲིད་ཤོག་གསུངས་སོ། །
དེ་ནས་ལཀྵམི་ཀ་ར་བླ་མའི་ཞབས་དྲུང་དུ་མཇལ་བ་དང་དད་པའི་སྤུ་ཉག་ཐམས་ཅད་གཡོ་ཞིང་ཕྱག་གསུམ་བཙལ་ནས་ཡབ་རྒྱལ་པོས་གནང་བའི་གསེར་བྲེ་གང་དེ་བླ་མ་ཇོ་བོ་དཔལ་ལ་དར་དཀར་སྣང་མཛོད་ཅིག་དང་བཅས་གུས་པས་ཕུལ། དེ་ནས་བླ་མས་མང་ཇ་གཅིག་ཕུལ་སྒྲིགས་གསུངས་པ་ལྟར་ལཀྵམི་ཀ་རས་བླ་མའི་སྐུ་མདུན་དུ་མང་ཇ་བསྐོལ་ནས་ཕུལ་རྗེས། བླ་མའི་ཞལ་ནས་བུ་མོ་ཁྱོད་འཇིག་རྟེན་སྤངས་ནས་ཆོས་བྱེད་པའི་དོན་ཅི་ཡིན་ཞེས་དྲིས་པ་དང་། དེར་བླ་མའི་གཡས་གཡོན་དང་མདུན་ན་ཡོད་པའི་གྲྭ་བཙུན་རྣམས་ཀྱིས་བུ་མོ་འདིས་གང་ཞུ་འོང་བསམས་ནས་ཉན་བཞིན་ཡོད་པ་ལ། བུ་མོས་བླ་མ་ལ་འདི་ལྟར་ཞུས། འདི་ཕྱིའི་སྐྱབས་གནས་བླ་མ་རིན་པོ་ཆེ། །མི་ཚེ་འདི་བས་ཕྱི་མ་ཤུལ་ཐག་རིང་། །འཁོར་བའི་སྡུག་བསྔལ་བཟོད་གླགས་མི་འདུག་པས། །ཆོས་དབྱིངས་ཐར་པའི་ལམ་བཟང་སྟོན་པར་ཞུ། །བུ་མོ་བདག་ནི་བློ་དམན་ཤེས་རབ་ཆུང་། །ཚིག་ཉུང་དོན་ཆེན་གདམས་ངག་ཟབ་མོ་ཞིག །བརྩེ་བའི་ཐུགས་ཀྱིས་བདག་ལ་གནང་བར་ཞུ། །ཞེས་ཞུས་པ་དང་། དེར་བཞུགས་པའི་གྲྭ་བཙུན་རྣམས་ཀྱང་ཧ་ལས་སོ། །
དེ་ནས་བུ་མོ་ལཀྵམི་ཀ་ར་དགུང་ལོ་བཅོ་ལྔ་ནས་ཆོས་སྒོར་བཞུགས་ཏེ་བླ་མ་ཇོ་བོ་དཔལ་གྱི་དྲུང་ནས་རིག་པའི་གནས་ལྔ་ལ་སྦྱངས་པར་མཛད་ནས་སློབ་མ་གཞན་དག་ལས་མཁས་པར་གྱུར། དེ་ནས་ཉིན་རེ་བཞིན་དུ་ལཀྵམི་ཀ་ར་ཡིས་ཉིན་མོར་བླ་མའི་དྲུང་ནས་ཆོས་ཞུས། མཚན་མོར་ཡུལ་དེར་སྤྱན་རས་གཟིགས་ཁ་སར་པ་ཎི་ཞེས་པའི་ལྷ་ཁང་ཞིག་ཡོད་པས་བསམ་འཕེལ་མ་དང་མཉམ་དུ་དེའི་ནང་དུ་བྱོན་ནས་མཚན་མོ་གཟིམ་དུས་ཡང་དག་པའི་བླ་མ་ཞིག་དང་མཇལ་བར་ཤོག་ཅིག་གསུངས་ནས་གསོལ་བ་བཏབ་སྟེ་མནལ་གཟིམ་པར་མཛད། ཉིན་གཅིག་ཐོ་རངས་ཀྱི་མནལ་ལམ་དུ་རང་གི་ཡབ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཡིན་ཟེར་བའི་ཁྱེའུ་ཆུང་ངུ་ཞིག་གིས་ཤེལ་དཀར་པོའི་བུམ་པ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཕྱག་ལ་བཞེས་ནས། ཁྱེའུ་དེ་ན་རེ། བུ་མོ་ཁྱེད་བླ་མ་འདི་དང་འཕྲད་པའི་སྐལ་ལྡན་ཡིན་པས་ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་དང་འདོད་པའི་དོན་རྣམས་འགྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །
དེ་ནས་ལཀྵམི་ཀ་ར་ཡིས་གཡོག་མོ་བསམ་འཕེལ་མ་ལ་རྨི་ལམ་འདི་འདྲ་མཐོང་གསུངས་ཤིང་། ཡུལ་འདིར་ཐུགས་རྗེ་ཆེན་པོའི་ཆོས་འཁོར་བསྐོར་བ་ལ་མཁས་པའི་བླ་མ་སུ་ཞིག་བཞུགས་ཞེས་ཡུལ་དེའི་མི་རྣམས་ལ་དྲིར་བྱོན་དུས་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་བཙུན་པ་ཞིག་དང་ཞལ་མཇལ་ནས། བཙུན་པ་དེ་ན་རེ། ཐུགས་རྗེ་ཆེན་པོའི་ཆོས་འཁོར་བསྐོར་བ་ལ་མཁས་པའི་བླ་མ་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་སྤྲུལ་བླ་མ་ཇོ་བོ་དཔལ་དངོས་གྲུབ་ཞེས་བྱ་བ་འདི་རང་ཡིན་པས། ད་བུ་མོ་ཁྱོད་བླ་མའི་དྲུང་ནས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་ཞུས་ཤིག་གསུངས་ནས་ལུང་བསྟན་ཏོ། །
དེ་ནས་ལཀྵམི་ཀ་རས་རང་གི་དྲིན་ཅན་རྩ་བའི་བླ་མ་ཇོ་བོ་དཔལ་དངོས་གྲུབ་ནི་སངས་རྒྱས་འོད་དཔག་མེད་དངོས་ཡིན་པར་ངོས་ཟིན་ནས་དད་པའི་ལུས་ཀྱི་བ་སྤུ་ཐམས་ཅད་གཡོ་ཞིང་དགུང་ལོ་ཉི་ཤུ་རྩ་གཉིས་ལ་ཕེབས་པ་དང་། བླ་མ་ཇོ་བོ་དཔལ་དངོས་གྲུབ་ཀྱི་དྲུང་ནས་རབ་ཏུ་བྱུང་བར་མཛད་ནས་བླ་མས་ལཀྵམི་ཀ་རའི་མཚན་ལ་དགེ་སློང་མ་དཔལ་མོ་ཞེས་མཚན་གསོལ་ཏོ། །
གཞན་དོན་དུ་སྙུང་མཛེ་བཞེས་པ། དེ་ནས་དགེ་སློང་མ་དཔལ་མོས་བླ་མའི་དྲུང་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་ཞུས་ཏེ། རང་གི་དྲིན་ཅན་རྩ་བའི་བླ་མ་ཇོ་བོ་དཔལ་དངོས་གྲུབ་ཀྱི་དྲུང་ནས་དགོངས་པ་ཞུས་ནས་རྒྱང་གྲགས་ཉི་ཤུ་རྩ་གཅིག་གི་རིང་ལ་ཕེབས་ནས་འཇག་མའི་སྤྱིལ་པོ་ཞིག་ཏུ་བཞུགས་ནས་ཐུགས་རྗེ་ཆེན་པོ་སྒྲུབ་པར་མཛད་ཅིང་ཟླ་བ་བདུན་ཙམ་གྱི་རྗེས་ལ། ཉིན་གཅིག་ཞབས་ཀྱི་མཐེ་བོང་གཅིག་གཡའ་བ་ཙམ་བྱུང་བས་འབྲུམ་ཆུང་ཞིག་བྱུང་། དེ་ནས་སྲིན་ཐོར་གཅིག་ཏུ་སོང་བས་དེའི་རྐྱེན་བྱས་ཞབས་ཀྱི་མཐིལ་ནས་སྤྱི་བོའི་གཙུག་བར་འབྲུམ་མཛེས་གང་ངོ་། །གློ་བུར་དུ་སྙུང་མཛེ་དྲག་པོ་དེ་བཞེས་པའི་དོན་ནི་ཕྲན་གྱི་ལུས་ལ་སྙུང་མཛེ་དྲག་པོ་དེ་མ་ལེན་ན་ཡུལ་དེའི་མི་རྣམས་ཧ་ཅང་གི་སྡུག་བསྔལ་ཞིག་མྱོང་དགོས་པ་འདུག་དགོངས་ནས་བྱང་སེམས་མའི་ཐུགས་ལ་འཁྲུངས་སོ། །
དེ་ནས་དགེ་སློང་མའི་སྙུང་མཛེ་དྲག་པོ་དེ་གཡོག་མོ་བསམ་འཕེལ་མས་མཐོང་བ་དང་ཁོ་ཧ་ཅང་གི་སེམས་སྐྱོ་ནས་ངུས། དེ་ནས་དགེ་སློང་མས་བསམ་འཕེལ་མ་བློ་ཕམ་བྱེད་མི་དགོས། ཕྲན་མ་རྒན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ན་བ་ཡིན་གསུངས་སོ། །དེའི་སྐབས་ལ་གཡོག་མོ་བསམ་འཕེལ་མས་དགེ་སློང་མ་ལ་ལུས་ཀྱི་སྒོ་ནས་ཅི་དྲག་གིས་ཞབས་ཏོག་དང་། ངག་གི་སྒོ་ནས་བསྔགས་བརྗོད་དང་། ཡིད་ཀྱི་སྒོ་ནས་དད་པའི་ཞབས་ཏོག་བཅས་ལུས་ངག་ཡིད་གསུམ་གྱིས་ཞབས་ཏོག་ཚད་མེད་ཞུས་སོ། །དགེ་སློང་མ་སྙུང་མཛེ་དྲག་པོ་ཞིག་གིས་ཟིན་ཏེ་བཞུགས་པའི་ཚེ་གཡོག་མོ་བསམ་འཕེལ་མར་དེ་ནས་བཟུང་སེམས་ལ་མདའ་ཕོག་པ་ལྟ་བུའི་སྡུག་བསྔལ་བྱུང་བས། ཞབས་ཏོག་གང་འདྲ་ཞིག་བྱས་ཀྱང་མ་ཕན།
དེ་ནས་དགེ་སློང་མ་དཔལ་མོའི་སྐུ་ལུས་ཀྱི་སྙུང་ཟུག་སྔར་ལས་ཀྱང་སྡུག་ཏུ་སོང་ནས་དཀའ་ངལ་ཆེ་ཡང་ད་དུང་ཡང་བྱང་སེམས་མས་ཐུགས་རྒྱུད་ལ་སེམས་ཤུགས་དང་བློ་སྟོབས་མ་ཆུང་བའི་ངང་ནས་སེམས་ཅན་གྱི་དོན་ལ་ཉིན་རེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་ཨོཾ་མ་ཎི་པདྨེ་ཧཱུྃ་སྒྲོང་བཞིན་བཞུགས་སོ། །ཟླ་བ་གཉིས་ཀྱི་རྗེས་ལ་སླར་ཡང་འབིགས་ཤྲཱི་གཙུག་ལག་ཁང་དུ་བཞུགས་པའི་རང་གི་རྩ་བའི་བླ་མ་ཇོ་བོ་དཔལ་གྱི་དྲུང་དུ་བྱོན། ཕྱག་གསུམ་འཚལ་ནས། བླ་མ་རིན་པོ་ཆེ་ལགས། བདག་གི་ལུས་ལ་བྱུང་བའི་མཛེ་ནད་འདི་ལ་ཕན་པའི་ཡི་དམ་གྱི་ལྷ་ཞིག་གནང་བར་ཞུ་ཞུས་པས། བླ་མའི་ཞལ་ནས་ཀླུ་དང་ས་བདག་འདུལ་བ་ལ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་འདི་ལས་ལྷག་པ་མེད་པས། ད་ཁྱོད་འདིར་མ་སྡོད་པར་འདི་ནས་རྒྱ་གར་ཤར་ཕྱོགས་སུ་ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་ཞིག་ཡོད་པས། དེ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཁ་སར་པ་ཎི་ཞེས་པ་ཞིག་ཡོད་པ་དེའི་དྲུང་དུ་སོང་ལ་འཕགས་པ་ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་ཅེས་ལུང་བསྟན་ཏོ། །དེ་ནས་དགེ་སློང་མ་དཔལ་མོས་བླ་མ་ལ་འདི་ལྟར་ཞུས། མི་འགྲོ་བྱས་ན་བླ་མའི་བཀའ་དང་འགལ། །འགྲོ་ན་རྐྱེན་བྱུང་ཟེར་ནས་ཞུས་པ་དང་། །བླ་མའི་ཞལ་ནས་འདི་ལྟར་གསུངས། རྐྱེན་བྱུང་ན་དགེ་བའི་བཤེས་གཉེན་ཡིན། །ལས་བྱུང་ན་སྡིག་པའི་ཕྱག་ཤིང་ཡིན། །ཞེས་གསུངས་སོ། །དགེ་སློང་མ་དཔལ་མོ་བླ་མ་དང་འབྲལ་མ་ཕོད་པར་སྙིང་ལ་མདའ་ཕོག་པ་ལྟ་བུའི་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་ནས་སྤྱན་ཆབ་མང་དུ་བསིལ་བཞིན་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་ཀྱེ་ཧུད་བླ་མ་རིན་པོ་ཆེ། །ཚེ་རབས་སྔོན་ནས་ད་ལྟ་ཚུན་ཆད་དུ། །ལས་དང་སྨོན་ལམ་དག་པས་ཞལ་མཇལ་པའི། །ང་ཡི་བློ་གཏད་བླ་མ་ཁྱེད་ལས་མེད། །ང་ལ་ཚེ་འདིར་ཁྱེད་རང་མ་གཏོགས་པ། །ནོར་དང་གྲོགས་ནི་བདག་ལ་དགོས་པ་མེད། །ལས་ཀྱིས་ཤི་འབྲལ་བྱུང་ན་བྱ་ཐབས་མེད། །མ་ཤི་གསོན་འབྲལ་བྱེད་པ་ག་ལ་ཕོད། །ཅེས་ཞུས་ནས་བླ་མའི་ཞབས་ལ་ཕྱག་འཐམས་ནས་འབྲལ་བ་མེད་པར་རྗེས་སུ་ཟུངས་ཤིག་ཅེས་སྨོན་ལམ་བཏབ་པས། བླ་མས། བླ་མ་དང་སློབ་མ་རྒྱང་ན་དགའ། ཁྱེད་ཀྱི་འདོད་པའི་དོན་རྣམས་འགྲུབ་པར་འགྱུར་རོ་ཞེས་གསུངས་སོ། །
དེ་ནས་དགེ་སློང་མ་དཔལ་མོ་བླ་མ་དང་བྲལ་མི་ཕོད་པ་ཡིན་ཀྱང་བླ་མའི་བཀའ་བཞིན་ཕེབས་དགོས་པའི་སྤྱན་ཆབ་མང་དུ་བསིལ་ཞིང་བླ་མར་ཕྱི་མིག་ལོག་བཞིན་ལོག་བཞིན་གཡོག་མོ་བསམ་འཕེལ་མ་དང་མཉམ་དུ་རྒྱ་གར་ཤར་ཕྱོགས་སུ་ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་ལ་ཕེབས་པའི་འགོ་འཛུགས་མཛད་དོ། །དེ་ནས་ཁོང་གཉིས་འབིགས་ཤྲཱི་གཙུག་ལག་ཁང་གི་ནགས་ཚལ་དུ་འབྱོར་ནས་དེར་སྒྲུབ་པ་ཉམས་ལེན་མཛད་ཀྱིན་བཞུགས་སྐབས་དེར་གཙུག་ལག་ཁང་དེའི་བླ་མ་དགོངས་པ་རྫོགས་ནས་ལོ་ལྔ་དྲུག་ཙམ་སོང་ཡང་ད་བར་ཡང་སྲིད་ལྟ་བུ་མ་འབྱོར་བར་ལུས། དེ་དུས་ཡུལ་དེའི་རྒྱལ་བློན་རྣམས་དང་དགེ་སློང་ཀུན་ལ་འབིགས་ཤྲཱིའི་ནགས་ཚལ་ན་དགེ་སློང་མ་མཁས་ཤིང་སྒྲུབ་པ་ལ་གཞོལ་བ་ཞིག་བཞུགས་ཡོད་པར་རྒྱུས་སོང་ནས་དེ་ཉིད་འབིགས་ཤྲཱིའི་གཙུག་ལག་ཁང་གི་མཁན་པོར་བསྐོ་དགོས་པའི་གྲབས་གྲོས་མཛད་ནས་དགེ་སྐོས་སོགས་ཁོང་མཇལ་དུ་ཕེབས་ཏེ་ཁོང་གི་གནས་ཚུལ་ཀུན་ཞུས་པས། དགེ་སློང་མས་གཅིག་ནི་ངེད་རང་བུད་མེད་ཅིག་ཡིན་པས་སྐྱེས་པ་གྲྭ་པའི་མཁན་པོ་བྱེད་པ་གང་ལ་འོས་གསུངས་ཏེ་ཞལ་གྱིས་མ་བཞེས་ཀྱང་། དེ་རྣམས་ཀྱིས་ཨུ་ཚུགས་བརྒྱབས་པས་ཞལ་གྱིས་བཞེས་ཏེ་དགུང་ལོ་ཉེར་གཅིག་ནས་འབིགས་ཤྲཱིའི་གཙུག་ལག་ཁང་དུ་ཕེབས། དེར་དགེ་འདུན་རྣམས་ཀྱིས་མཁན་པོའི་བཞུགས་ཁྲིར་མངའ་གསོལ་མཛད་པ་ལྟར་འདུས་སྡེར་དུས་རྒྱུན་ཇི་ལྟར་འཚམ་པའི་གསུང་ཆོས་ཟབ་མོ་བསྩལ་དང་སྩོལ་བཞིན་བཞུགས། འདུལ་བའི་བཅས་པ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་མིག་འབྲས་བཞིན་དུ་བསྲུངས། མ་ཟད་དགེ་འདུན་གྱི་སྡེ་ཡང་སྤྱིར་སྡེ་སྣོད་གསུམ་དང་ལྷག་པར་དུ་ཆོས་འདུལ་བ་ལ་བྱང་ཆུབ་པར་མཛད་ནས་གཞི་གསུམ་གྱི་ཉམས་ལེན་ལ་བརྩོན་པར་མཛད་པས། མི་སྐྱ་ཕོ་མོ་རྣམས་ཀྱིས་ཀྱང་འབིགས་ཤྲཱིའི་གཙུག་ལག་ཁང་གི་གྲྭ་པ་རྣམས་ལ་བསྔགས་བརྗོད་ཆེན་པོ་བྱས། དེ་ཡང་དགེ་སློང་མ་དཔལ་མོའི་སྐུ་དྲིན་ལས་དེ་ལྟར་བྱུང་བར་བརྗོད་དོ། །
དེ་ནས་དགུང་ལོ་ཉེར་ལྔ་ལོན་པའི་སྐབས་སྔར་གྱི་སྙུང་ཟུག་སྡུག་ཏུ་སོང་སྟེ་ཟླ་བ་གསུམ་ཙམ་གྱི་རྗེས་ལ་དགེ་སློང་མ་དཔལ་མོའི་ཞབས་ཀྱི་སོར་མཛུབ་བཅུ་ཆད། དེ་ནས་ཟླ་བ་ལྔ་ལོན་པ་དང་ཕྱག་མཛུབ་བཅུ་ཆད། དེའི་ཚེ་དཔོན་གཡོག་གཉིས་ཀའི་ཐུགས་ལ་སྡུག་བསྔལ་དྲག་པོ་བྱུང་བས། བསམ་འཕེལ་མས་བླ་མ་འཇག་མའི་སྤྱིལ་པོ་ཞིག་གི་འགྲམ་དུ་ཡོལ་བས་བསྐོར་ཏེ། སྐུ་ལུས་གཞན་གྱིས་མི་མཇལ་བ་ལྟར་བྱས་ནས་བཞག་པའི་དུས་སྐབས་དེར་ཀུན་གྱིས་རྣག་ཁྲག་གི་དྲི་ཚོར་ནས་གྲྭ་པ་གཞོན་པ་ཁ་ཤས་ཀྱིས་དགེ་སློང་མ་ཕྱི་ལ་ཐོན་ཞུས་པས། བསམ་འཕེལ་མས་འཐོན་རྒྱུ་མེད་ཟེར་བས། དེ་ནས་དགེ་སློང་མས་གསུངས། བསམ་འཕེལ་མ་ང་རང་རྫུན་ངེད་ཀྱང་མི་རྫུན་རང་གི་ལུས་པོ་དེ་རྫུན་གསུངས་སོ། །བསམ་འཕེལ་མས་བླ་མ་ཁུར་བ་ན་ཕྱག་ཞབས་མེད་པའི་སྟབས་ཀྱིས་དེར་སྟོན་ནས་ཁུར་ཅིག་གསུངས་སོ། །
དེ་ནས་བསམ་འཕེལ་མས་ཁུར་ནས་བྱོན་པས་ཞབས་ས་ལ་གཏུགས་པ་ལས། སྐུ་ལས་དེ་ཉིད་ཁུར་བོར་བ་ལྟར་བྱུང་བས། དགེ་སློང་མ་འོ་བརྒྱལ་ལན་གསུམ་བྱུང་ཞིང་འབག་པའི་ཏོག་ཏུ་གྱུར་ཏོ། །དེ་ནས་ནང་གི་མི་རྣམས་མ་དགའ་བས་ལམ་ཁའི་བྲག་ཕུག་གཅིག་ཏུ་ཟླ་བ་གསུམ་བཞུགས་པའི་ཚེ། དགེ་སློང་མ་ན་རེ། བསམ་འཕེལ་མ་གླེང་མོ་བྱེད་ཡར་ཤོག་གསུངས། དེ་ནས་དགེ་སློང་མ་དཔལ་མོས་བླ་མའི་བཀའ་བཞིན་རྒྱ་གར་ཤར་ཕྱོགས་ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་ལ་འགྲོ་ན་དགའ། གང་བྱེད་བདག་གི་མཛེ་ནད་དེ་སྔར་ལས་ཀྱང་ཇེ་ལོང་དུ་སོང་ན་འགྲོ་མི་ཐུབ་པས་བླ་མའི་བཀའ་དང་འགལ་ལོ་སྙམ་ནས། བསམ་འཕེལ་མ་ལ་འདི་ལྟར་གསུངས། ད་ཁྱོད་རང་ཁང་པ་ཤར་ལ་བསྟན་ནས་ཡོད་པའི་ཡུལ་ཕྱོགས་དེ་ལ། གནས་པོ་གནས་མོ་གཉིས་ཡོད་ས་དེར་སོང་ལ་གླང་གཉིས་ཁྲིད་ཤོག་གསུངས་པས། དགེ་སློང་མའི་བཀའ་བཞིན་བསམ་འཕེལ་མས་ཡུལ་དེར་ཕྱིན་ནས་གླང་གཉིས་དེད་ནས་འོངས་པས་དགེ་སློང་མ་དེ་ཉིད་ཕྱག་ཞབས་མེད་པས་ཆིབས་མ་ཐུབ། གླང་དེ་ཉིད་བྱོལ་སོང་དུད་འགྲོ་ཡིན་པའི་སྟབས་ཀྱིས་ལུས་སྒུར་མ་ཤེས། དེ་ནས་གླང་གི་རྐང་ལག་བཞི་སར་བསྐུམས་ནས་བཞག་པས། དགེ་སློང་མ་ཞོན་ཚུགས་པ་བྱུང་། བསམ་འཕེལ་མས་ཀྱང་བླ་མའི་རྡོག་ཁྲེས་དང་བཞེས་ཆས་སོགས་ཁུར་ཏེ་བླ་མའི་རྗེས་སུ་ཕྱིན། དེ་ནས་ཟླ་བ་གཅིག་ཙམ་ཕེབས་པའི་རྗེས་ལམ་ཁའི་བྲག་ཕུག་གཅིག་ཏུ་ཕྱིན་ནས་བཞུགས་པའི་ཚེ། དེའི་ལམ་དུ་ཚོང་པ་མི་ལྔ་འགྲོ་བ་གཟིགས་ནས་ཡར་ཤོག་གསུངས།
དེ་ནས་དགེ་སློང་མ་དཔལ་མོས་ཁྱེད་རང་རྣམས་ཡུལ་གང་ནས་ཡིན་གསུངས་པས། ཚོང་པ་རྣམས་ན་རེ། ཕྲན་རྣམས་ཁ་ཆེ་ཁྲི་བརྟན་ཟེར་བའི་ཡུལ་ནས་ཡིན་ལགས་ཞུས། ཁྱེད་ཅག་རྣམས་རྒྱལ་པོ་སུ་ཡི་ཞབས་འོག་ཡིན་གསུངས། ཕྲན་རྣམས་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཕྱག་ཞབས་ཡིན་ལགས་ཞུས། རྒྱལ་པོ་བཞུགས་ཡོད་དམ་གསུངས་པས། རྒྱལ་པོ་སྐུ་གཤེགས་སོང་ཞུས། ཡུམ་ཡིད་འོང་བཟང་མོ་བཞུགས་ཡོད་དམ་གསུངས་པས། ཡུམ་ཆེན་ཡང་སྐུ་གཤེགས་སོང་ཞུས། རྒྱལ་པོ་དྷརྨ་པཱ་ལ་བཞུགས་ཡོད་དམ་གསུངས་པས། རྒྱལ་པོ་དྷརྨ་པཱ་ལ་ནི་ནུབ་ཕྱོགས་རྣམ་དག་ཨོ་རྒྱན་གླིང་ལ་ཆོས་ཞུ་བར་ཕེབས་ཞུས། འབིགས་ཤྲཱི་ལྷ་ཁང་གི་བླ་མ་ཇོ་བོ་དཔལ་དངོས་གྲུབ་བཞུགས་འདུག་གམ་གསུངས་པས། བླ་མ་ཇོ་བོ་དཔལ་དངོས་གྲུབ་ཀྱང་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ཟླ་བ་ཁ་ཤས་སོང་འདུག་ཞུས་སོ། །དགེ་སློང་མ་དཔལ་མོའི་སྐུ་ལུས་ལ་མཛེ་ནད་དྲག་པོས་ཟིན་ཏེ་བཞུགས་པའི་ཁར་ཚོང་པ་རྣམས་ནས་ལོ་རྒྱུས་འདི་ལྟར་གསན་པས། དགེ་སློང་མ་ཐུགས་སྐྱོ་བ་ཚད་བཟུང་མེད་པའི་ངང་ནས་དེར་ངལ་གསོ་བའི་ཚོང་པ་ལྔ་པོ་དང་བསམ་འཕེལ་མ་ལ་འདི་ལྟར་གསུངས། ཀྱེ་མ་ཀྱེ་ཧུད་འདི་འདྲའི་སྡུག་བསྔལ་ལ། །སྐྱོ་བའི་ལུས་ལ་སྐམ་པའི་མཛེ་ཡིས་ཟིན། །ལུས་ནས་ཐོན་པའི་རྣག་ཁྲག་མཚོ་ལྟར་འཁྱིལ། །སྡོད་པའི་གནས་ན་བྲག་ཕུག་སྟོང་པའི་ནང་། །འཁོར་བའི་མི་ནི་སྦྲང་མ་ཙམ་ཡང་མེད། །ཡབ་ཆེན་ཆོས་ཀྱི་རྒྱལ་པོ་དགོང་ལ་གཤེགས། །ཡུམ་ཆེན་ཨ་མ་ཚེ་འདིའི་སྣང་བ་ནུབ། །བསམ་བློ་གཏད་པའི་མིང་པོ་ཆོས་ལ་བྲོས། །ཆོས་བསྐུར་སྤྲོས་པའི་བླ་མ་ཞིང་ལ་གཤེགས། །དམ་ཚིག་མེད་པའི་སློབ་མས་བླ་མ་བཏོན། །སེམས་ལ་སྐྱོ་བ་ཡོད་དོ་བསམ་འཕེལ་མ། །ལས་ཀྱིས་ཤི་འབྲལ་བྱུང་ན་བྱ་ཐབས་མེད། །མ་ཤི་གསོན་འབྲལ་མེད་དོ་བསམ་འཕེལ་མ། །ཞེས་གདུང་བའི་སྨྲེ་ངག་འདི་ལྟར་གསུངས་པ་དང་། འབིགས་ཤྲཱི་ལྷ་ཁང་གི་བྲིས་སྐུ་རྣམས་ཀྱང་ཞལ་དགེ་སློང་མ་བཞུགས་པའི་ཕྱོགས་ལ་གྱུ་སྟེ་བཞུགས་སོ། །
དེ་ནས་དགེ་སློང་མ་དཔལ་མོ་དང་བསམ་འཕེལ་མ་གཉིས་པོ་ཧ་ལམ་རྒྱང་གྲགས་གསུམ་ཙམ་ཕེབས་ནས་དེ་གར་རྩྭའི་སྤྱིལ་པོ་ཞིག་གི་ནང་དུ་བཞུགས་ནས་ཐུགས་རྗེ་ཆེན་པོ་སྒྲུབ་པར་མཛད་ཅིང་ཟླ་བ་གཉིས་ཙམ་བཞུགས་པ་ན། དགེ་སློང་མའི་སྙུང་ཟུག་སྔར་ལས་ཀྱང་སྡུག་ཏུ་སོང་བས་དགེ་སློང་མའི་ཞལ་ནས། བསམ་འཕེལ་མ་གནས་འདིར་མཚམས་ཁང་ཞིག་རྒྱོབས་གསུངས་པས། དེ་བཞིན་བསམ་འཕེལ་མས་དགེ་སློང་མའི་བཀའ་བཞིན་མཚམས་ཁང་འདོམ་གང་གྲུ་བཞི་མ་ཞིག་བརྒྱབས་པས། མཚམས་ཁང་དེ་བདུན་ཞག་གསུམ་གྱི་རིང་ལ་ལེགས་པར་བསྒྲུབས། དེ་ནས་དགེ་སློང་མས་བསམ་འཕེལ་མ་ད་འདི་རུ་བསྡད་ན་རྒན་པ་དང་མོ་མཉམ་དུ་རུལ་པའི་དཔེ་བཞིན་འདུག་པས་འདི་རུ་སྡོད་པ་བས་བསམ་འཕེལ་མ་རང་གླང་གཉིས་པོ་ཡང་བདས་ནས་སྤྲོད། སླར་རང་ཡུལ་ཁ་ཆེ་ཁྲི་བརྟན་ལ་ཡུམ་ཆེན་ཨ་མས་གནང་བའི་གཡུ་བྲེ་གང་དེ་ཡང་བསམ་འཕེལ་མ་རང་གིས་ཁྱེར་ནས་སོང་གསུངས་པས། བསམ་འཕེལ་མ་དེ་ཉིད་སེམས་ལ་སྐྱོ་ཤས་ངེས་འབྱུང་དྲག་པོའི་སྒོ་ནས་མིག་ནས་མཆི་མ་བྱུང་སྟེ་འདི་ལྟར་ཞུས། ཀྱེ་མ་ཀྱེ་ཧུད་སློབ་དཔོན་རིན་པོ་ཆེ། །སྨོན་ལམ་དབང་གིས་དཔོན་གཡོག་ལྷན་ཅིག་འཛོམས། །ཁྱེད་ཐུགས་བརྩེ་བའི་བུ་ཡང་ང་ཡིན་ཞིང་། །ང་ཡི་བློ་གཏད་ཕ་མ་ཁྱེད་ལགས་པས། །ཁྱོད་དང་བྲལ་ནས་གང་ཡང་བག་མི་ཆགས། །སྐད་ཅིག་ཙམ་ཡང་འབྲལ་བར་མ་མཆིས་པས། །ང་ལ་ཚེ་འདིར་ཁྱོད་རང་མ་གཏོགས་པ། །ནོར་དང་གྲོགས་ནི་བདག་ལ་དགོས་པ་མེད། །དགེ་འདུན་སློབ་མའི་དཀྱིལ་དུ་བཞུགས་དུས་ཀྱང་། །ཁྱེད་སྐུ་བར་ཆད་ནད་ཀྱིས་ཟིན་ན་ཡང་། །ང་ནི་ཁྱེད་དང་ཡུད་ཙམ་འབྲལ་མི་ཕོད། །ད་ནི་བྱེ་ཐང་དེ་ལ་སླེབས་པའི་དུས། །ལས་ཀྱིས་ཤི་བྲལ་བྱུང་ན་བྱ་ཐབས་མེད། །མ་ཤི་གསོན་བྲལ་བྱེད་པ་ག་ལ་ཕོད། །བདག་ནི་ཞབས་ཏོག་སྒྲུབ་བཞིན་སྡོད་པར་ཞུ། །ཞེས་ཞུས་པ་དང་། དགེ་སློང་མ་དཔལ་མོའི་ཕྱག་བསམ་འཕེལ་མའི་མགོ་ལ་བཞག་ནས་འདི་ལྟར་གསུངས། ཆུང་ནས་འགྲོགས་ཤིང་ཕན་སེམས་ཆེ་བའི་གྲོགས། །བརྩེ་གདུང་ཅན་གྱི་བུ་མོ་བསམ་འཕེལ་མ། །ད་ནི་ཁྱེད་ལ་ཕན་པའི་མཐའ་རྫོགས་པས། །སྤང་ལྗོངས་འདི་ནི་ང་ཡི་དུར་ས་ཡིན། །སེམས་ཅན་དོན་ལ་གྲུབ་པའི་ན་ཚ་འདི། །ཇི་ལྟར་བྱས་ཀྱང་ཕན་པ་མི་སྲིད་པས། །ད་ནི་མི་མིན་མཛེ་མའི་རོ་ཡིན་ནོ། །མཛེ་མའི་རོ་ལ་ཞེན་ཆགས་མ་བྱེད་པར། །བུ་མོ་གང་དགའི་ཡུལ་དུ་འགྲོ་ན་ལེགས། །ཞེས་གསུངས་པ་དང་། ཡང་བསམ་འཕེལ་མས་ཞུ་བ་འདི་ལྟར་ཕུལ། ཚེ་རབས་སྔོན་ནས་ད་ལྟ་ཚུན་ཆད་དུ། །ལས་དང་སྨོན་ལམ་དག་པས་ཞལ་མཇལ་པའི། །བློ་གཏད་སྐྱབས་མགོན་བྱེད་པའི་དགེ་སློང་མ། །ང་ཡིས་ཆུང་ནས་ཁྱོད་ཀྱི་ཞབས་ཏོག་ཞུས། །ལུས་ངག་ཡིད་གསུམ་ཞབས་ཏོག་ཅི་འགྲུབ་བྱས། །རང་དོན་བདེ་སྐྱིད་ཙམ་ཡང་བྱེད་མ་མྱོང་། །ཁྱོད་ཀྱི་ལུས་ལ་ཐེབས་པའི་ན་ཚ་དང་། །བདག་གི་སེམས་ལ་ཕོག་པའི་སྡུག་བསྔལ་གཉིས། །ཚ་གྲང་མཉམ་དུ་མྱོང་བ་མ་གཏོགས་པར། །རང་དོན་སྐད་ཅིག་ཙམ་ཡང་བྱེད་མ་མྱོང་། །ཁྱོད་ཀྱི་ཐུགས་ལ་འགྱོད་པ་མ་དགོངས་ན། །ང་ལ་སྐལ་པ་བཟང་པོ་ཡོད་གྱུར་ན། །དགེ་སློང་ཁྱོད་དང་ཚེ་འདིར་མཇལ་བར་ཤོག །གལ་ཏེ་ཚེ་འདིར་མཇལ་བར་མ་གྱུར་ན། །སྐྱེ་བ་འདི་ནས་ཕྱི་མར་གར་སྐྱེས་ཀྱང་། །ཁྱོད་ནི་ང་ཡི་སློབ་དཔོན་འགྱུར་བ་དང་། །ཁྱོད་ཐུགས་དགྱེས་པའི་ཞབས་ཏོག་སྒྲུབ་པར་ཤོག །ཕྱི་མ་བདེ་བ་ཅན་དང་མཁའ་སྤྱོད་དུ། །དཔོན་གཡོག་ལྷན་ཅིག་མཇལ་བའི་སྨོན་ལམ་ཡིན། །ཞེས་ཞུས།
དེ་ནས་བཟུང་མཚམས་ཁང་ནང་དུ་དགེ་སློང་མ་སྤྱོད་པའི་བསམ་གཏན་ལ་བཞུགས་པ་ལ་ངེས་པར་གྱུར། མཚམས་ཁང་གི་ཕྱོགས་བཞི་ལ་བུ་ག་སྟོན་ནས་མཚམས་ཤིང་རེ་རེ་བཀལ། མཚམས་རྡོ་ཐོ་ཡོར་གསུམ་གསུམ་རེ་བརྩིགས་སོ། །དེ་ནས་བསམ་འཕེལ་མ་བླ་མ་དང་འབྲལ་མ་ཕོད་ཀྱང་ཡུལ་གནས་ལ་བླ་མའི་བཀའ་བཞིན་སླར་འགྲོ་དགོས་བྱུང་། བླ་མས་གནང་བའི་གཡུ་དེ་ཁུར་ནས་གླང་གཉིས་པོ་མདུན་དུ་བཅུགས་ནས་ཤར་གྱི་བུ་ག་དེ་ནས་ཕར་ལ་འདི་ལྟར་ཞུས། འདི་ཕྱིའི་སྐྱབས་གནས་བླ་མ་རིན་པོ་ཆེ། ང་རང་ཡུལ་གནས་ལ་ཅི་ཙམ་བསྡད་དེ་ལོག་ཞུས་པས། བླ་མས། བསམ་འཕེལ་མ་ཁྱེད་རང་ཁ་ཆེ་ཁྲི་བརྟན་དུ་མི་ལོ་བཅུ་གསུམ་སྡོད་ལ་ལོག་ཤོག་གསུངས། དེ་ནས་བསམ་འཕེལ་མ་དེ་ཉིད་སེམས་ལ་སྐྱོ་ཤས་ངེས་འབྱུང་དྲག་པོའི་སྒོ་ནས་མིག་ཆུ་ཆར་ལྟར་འབབ་བཞིན་ལན་གཉིས་པ་ཞུས་པས། དེ་ནས་དགེ་སློང་མས་མི་ལོ་དགུ་ཟླ་བ་དགུ་དང་ཞག་དགུ་སྡོད་ལ་ལོག་ཤོག་གསུངས། བསམ་འཕེལ་མས་ཕྱག་མང་འཚལ་ཞིང་འདི་སྐད་ཞུས།
ཀྱེ་མ་ཀྱེ་ཧུད་ཐུགས་རྗེ་ཆུང་། །བདག་གི་བློ་གཏད་སུ་ལ་འཆའ། །ང་ལ་ཚེ་འདིར་ཁྱེད་རང་མ་གཏོགས་པ། །ཆོས་འབྲེལ་ཞུ་བའི་བླ་མ་བདག་ལ་མེད། །ལས་ཀྱིས་ཤི་བྲལ་བྱུང་ན་བྱ་ཐབས་མེད། །མ་ཤི་གསོན་བྲལ་བྱེད་པ་ག་ལ་ཕོད། །དགེ་སློང་མས་འོ་ན་མི་ལོ་བདུན་དང་ཞག་བདུན་སྡོད་ལ་ལོག་ཤོག་གསུངས་སོ། །དེ་ནས་བསམ་འཕེལ་མས་བླ་མ་དང་འབྲལ་མ་ཕོད་ཀྱང་བླ་མའི་བཀའ་བཞིན་བྱེད་ཐབས་དང་བྲལ་ནས། བསམ་འཕེལ་མས་ཕྱག་མང་དུ་འཚལ་ཞིང་བླ་མ་བཞུགས་པའི་ཤར་གྱི་བུ་ག་ནས་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་ནས་མྱུར་མགྱོགས་མཇལ་བའི་སྨོན་ལམ་བཏབ་སྟེ་མིག་ཆུ་འབྲལ་མེད་དུ་གཏོང་བཞིན་དབུགས་རིང་ཐོན་ནས་སྡུག་བསྔལ་བཟོད་གླགས་མེད་བཞིན་དུ་རྐང་པ་ཕྱི་འཐེན་བཅས་འགྲོའོ། །
བསམ་འཕེལ་མ་རང་ཡུལ་དུ་ལོག་པ། དགེ་སློང་མ་དཔལ་མོས་གཡོག་མོ་བསམ་འཕེལ་མ་སླར་འགྲོ་བའི་ཚེས་ནས་བཟུང་སྟེ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས། སྒལ་ཚིགས་མདའ་ལྟར་བསྲང་། རང་ལུས་འཕགས་པའི་དཀྱིལ་འཁོར། ངག་གིས་ཡི་གེ་དྲུག་མའི་དཀྱིལ་འཁོར། ཐུགས་གསལ་སྟོང་འཛིན་པ་མེད་པའི་དཀྱིལ་འཁོར། དཀྱིལ་འཁོར་གསུམ་གྱིས་སྒྲུབ་པ་ལ་བཞུགས་སོ། །དེ་ནས་བསམ་འཕེལ་མ་མཚམས་ཁང་ནང་དུ་བཞུགས་པའི་བླ་མ་དང་བྲལ་དུས་སུ་གནམ་ས་ལ་བརྡིབས་པ་ལྟར་སྡུག་བསྔལ་བཟོད་གླགས་མེད་བཞིན་དུ་གླང་གཉིས་མདུན་ལ་འདེད་ཀྱིན་མིག་ཆུ་མང་དུ་གཏོང་ཞིང་ཕྱི་མིག་ལོག་གིན་ལོག་གིན་ཁ་ཆེ་ཁྲི་བརྟན་གྱི་ཡུལ་ལ་ལོག་གོ །བསམ་འཕེལ་མ་ལམ་དུ་སྔར་གྱི་དཔོན་གཡོག་གཉིས་པོ་བཞུགས་པའི་བྲག་ཕུག་དེའི་ནང་ལ་སླེབས་པས། བླ་མ་དྲན་པའི་གདུང་ཤུགས་ཀྱིས་སྐྱོ་ཤས་དྲག་པོའི་སྒོ་ནས་མིག་ནས་མཆི་མ་ཕྱུང་སྟེ་སྡོད་པའི་ཚེ། སྤོས་དྲི་ངད་བཟང་པོའི་དྲི་ཚོར་བ་ལྟ་བུ་བྱུང་ངོ་། །དེར་བླ་མའི་སྐུ་ལུས་ལས་བབས་པའི་རྣག་ཁྲག་ཐམས་ཅད་རྡུལ་ཆགས་པ་དེ་རྣམས་བཞེས་ནས་སླར་ལམ་དུ་ཕྱིན་ཏོ། །
དེ་ནས་གླང་གཉིས་གནས་པོ་དེའི་ལག་ཏུ་སྤྲད། བསམ་འཕེལ་མ་མོ་རང་ཁ་ཆེ་ཁྲི་བརྟན་ཡུལ་རྒྱལ་ཁམས་དེ་ལ་སླེབས་པ་དང་། དེར་བླ་མའི་ཐུགས་རྗེས་རྒྱལ་པོ་དྷརྨ་པཱ་ལར་སྲས་ཆེ་བ་བྱང་ཆུབ་ནམ་མཁའ་དང་ཆུང་བ་བྱང་ཆུབ་ལེགས་པ་གཉིས་འཁྲུངས་ནས་འདུག །བསམ་འཕེལ་མ་རྒྱལ་པོའི་མཁར་དུ་སླེབས་པ་དང་རྒྱལ་པོ་དྷརྨ་པཱ་ལ་དེ་ཐུགས་ཤིན་ཏུ་གཏུམ་པོ་ཞིག་བཞུགས་ཡོད་པས་ལོ་མང་པོ་ཞིག་གི་སྔོན་ལ་ང་དང་མཉམ་དུ་ཕེབས་པའི་རྒྱལ་པོའི་སྲིང་མོ་ལཀྵམི་ཀ་ར་མི་མེད་ཐང་སྟོང་ཞིག་ཏུ་བཞུགས་ནས་ཡོད་པའི་གཏམ་རྣམས་རྒྱལ་པོ་ལ་ཞུ་མ་ཐུབ་པར་བསམ་འཕེལ་མ་ཡན་ལག་རྣམས་འདར་བཞིན་འདར་བཞིན་ཕྱིན་པ་དང་ཡབ་རྒྱལ་པོའི་གཟིམ་ཆུང་ཀ་བཞི་པའི་ནང་དུ་འབྱོར། དེར་སྔར་བཞུགས་པའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་། ཡུམ་ཡིད་འོང་བཟང་མོ་ཡང་ཞིང་ལ་གཤེགས་ནས་མེད་པ་དང་། རྒྱལ་པོ་དྷརྨ་པཱ་ལ་ཡང་ནུབ་ཕྱོགས་རྣམ་དག་ཨོ་རྒྱན་གྱི་ཡུལ་ལ་གསུང་ཆོས་ཞུ་བར་ཕེབས་ནས་བཞུགས་མེད་པ་དང་། སྔར་སྐྱོ་བའི་སྒྲ་ཐོས་པ་དེ་ལ་དངོས་མར་མཐོང་བ་དང་བསམ་འཕེལ་མ་ཤིན་ཏུ་བློ་ཕམ་ཆེ་བའི་ངང་དུ་ལུས། དེ་ནས་མོས་ཉིན་རེ་བཞིན་དུ་རང་གི་བླ་མ་དྲན་པའི་གདུང་ཤུགས་སྐྱོ་ཤས་དྲག་པོའི་སྒོ་ནས་སྡུག་བསྔལ་གྱི་ངང་ནས་ཉིན་རེ་ནས་མི་ལོ་བདུན་ནམ་ཞིག་རྫོགས་ཡོང་བསམ་ནས་རྩི་བཞིན་བསྡད་དོ། །
ལི་ཁ་ར་ཤིང་འཕེལ་དུ་བྱོན་པ། དེ་ནས་བཟུང་དགེ་སློང་མ་དཔལ་མོ་ལ་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཞལ་གཟིགས་མ་བྱུང་བར་དུ་དམིགས་བསལ་དུ་སྟོངས་གྲོགས་བྱེད་པའི་བཀའ་སྲུང་ལྷ་ཆེན་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་དེའི་རྟ་སྒོའི་གཞི་བདག་གིས་འཚོ་བ་ལེགས་པར་ཕུལ་པར་མཛད། དེར་ཟླ་བ་བདུན་དང་ཞག་བདུན་ལོན་པ་དང་། དགེ་སློང་མ་ལ་མནལ་དང་འོད་ཟེར་འདྲེས་པའི་ཉམས་སྣང་ཞིག་ལ། སྐུ་སྨད་ཀྱི་བཤང་ལམ་ཆུ་ལམ་ནས་སྦལ་ལྕོང་ཉ་སྦྲུལ་ལ་སོགས་པ་མང་པོ་ཐོན་ཏེ་ས་འོག་ལ་སོང་བར་མནལ་ལམ་དུ་གཟིགས་ཏེ། ཞལ་ནས་ཡི་གེ་དྲུག་མ་གཡེང་མེད་ཀྱི་ངང་ནས་འདོན་བཞིན་བཞུགས།
དེ་ནས་ལོ་གསུམ་ཟླ་བ་གསུམ་དང་ཞག་གསུམ་ལོན་པ་དང་དགེ་སློང་མས་སྔོན་བླ་མ་ཇོ་བོ་དཔལ་དངོས་གྲུབ་ཀྱི་བཀའ་བཞིན་རྒྱ་གར་ཤར་ཕྱོགས་སུ་ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཁ་སར་པ་ཎི་རུ་སོང་ནས་ཐུགས་རྗེ་ཆེན་པོ་བསྒྲུབ་དགོས་བསམ་ནས་ཐུགས་གསལ་ཏིང་ངེ་འཛིན་ལས་བཞེངས་ཏེ་མཚམས་སྒོ་ཕྱེ་བར་མཛད་དོ། །
དགེ་སློང་མ་དཔལ་མོ་རྒྱ་གར་ཤར་ཕྱོགས་སུ་ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་དུ་སྐུ་རྐྱང་ཕེབས་པར་མཛད་དུས་སྐུ་ལུས་ལ་བསྣམས་པའི་སྙུང་མཛེ་སྔར་ལས་ཀྱང་སྡུག་ཏུ་སོང་ནས་ཞབས་བཅགས་དུས་ཧ་ཅང་གི་དཀའ་ངལ་བྱུང་། ཡིན་ཀྱང་ཟླ་བ་གསུམ་དང་ཞག་གསུམ་ཕེབས་ནས་འཇག་མའི་སྤྱིལ་པོ་ཞིག་གི་འགྲམ་དུ་བཞུགས་ནས་ཉིན་རེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་སྒོམ་བཞིན་གཟུངས་སྔགས་ཡི་གེ་དྲུག་མ་ཨོཾ་མ་ཎི་པདྨེ་ཧཱུྃ་སྒྲོང་བཞིན་བཞུགས་སོ། །
དེ་ནས་དགེ་སློང་མ་དེར་འཇག་མའི་སྤྱིལ་པོའི་འགྲམ་དུ་ལོ་གཅིག་ཟླ་གཅིག་དང་ཞག་གཅིག་བཞུགས་ནས། ཡང་བསྐྱར་རྒྱ་གར་ཤར་ཕྱོགས་ལ་ཕེབས་པར་མཛད། ཡིན་ཀྱང་སྙུང་མཛེ་སྔར་ལས་ཀྱང་ཧ་ཅང་གི་སྡུག་ཏུ་སོང་ནས་ཕེབས་པ་ལ་དཀའ་ངལ་ཆེན་པོ་བྱུང་ངོ་། །དེ་ནས་དགེ་སློང་མའི་མཛེས་ཤིང་ཡིད་དུ་འོང་བའི་དབུ་སྐྲ་རྣམས་གར་སོང་ཆ་མེད་དུ་འཐོར་ནས་དགེ་སློང་མའི་དབུ་མར་སྐོགས་དང་ཁྱད་མེད་གྱུར། རེ་ཞིག་ལུས་ཀྱི་མདོག་ཀྱང་ཁམ་མདོག་ཏུ་གྱུར། སྤྱན་གྱི་ཟེའུ་འབྲུ་རྣམས་ཉམས་ནས་ཁ་དོག་འཛིན་མ་ཐུབ། སྤྱན་རིལ་རྣམས་མཐིལ་ལ་བབས་ནས་ཞལ་རས་སྟེང་དུ་ཆུ་དོང་འདྲར་གྱུར། ཞལ་ཆེམས་དཀར་པོ་རྣམས་སེར་པོར་གྱུར། ཕྱག་མཛུབ་དང་ཞབས་མཛུབ་རྣམས་མཁྲིག་མ་ནས་ཆད་དེ་རིལ་རིལ་གྱུར། གསུང་སྐད་ཀྱང་ཉམས་ནས་སྒྲ་མ་ཐོན། སྐུ་ལུས་ལ་ལྕགས་གཟེར་བཏབ་པ་བཞིན་དུ་སྡུག་བསྔལ་མཐའ་ཡས་པ་ཞིག་བྱུང་། དགེ་སློང་མའི་ལུས་ལ་གྱོན་པའི་ན་བཟའ་རྣམས་ཁྲག་དང་རྣག་གིས་ཚོན་མདོག་གྱུར། སྐུ་ལུས་ཀྱི་ཤ་ཁྲག་རྣམས་རུལ་ནས་སྡོད་པའི་གནས་ཀྱང་དྲི་ངན་གྱིས་ཁྱབ། མི་རྣམས་ཀྱང་ཉེ་འཁོར་དུ་འགྲོ་བ་ལ་འཛེམས། འདི་འདྲ་ཞིག་གི་སྡུག་བསྔལ་མྱོང་ཡང་སེམས་ཅན་གྱི་དོན་ལ་བསྣམས་པའི་མཛེ་ནད་དྲག་པོ་དེ་ལ་བྱང་སེམས་མའི་ཐུགས་བློ་སྤུ་ཉག་ཙམ་ཡང་མ་སྐྱོ། ད་དུང་ཡང་བྱང་ཆུབ་སེམས་མའི་ཐུགས་རྒྱུད་ལ་སེམས་ཤུགས་དང་བློ་སྟོབས་མ་ཆགས་པའི་ངང་ནས་སེམས་ཅན་གྱི་དོན་ལ་ཉིན་རེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་བགྲང་བཞིན་བཞུགས་སོ། །
དེ་ལྟར་བླ་མའི་ལུང་བསྟན་བཞིན་དགེ་སློང་མ་རྒྱ་གར་ཤར་ཕྱོགས་སུ་ཕེབས་པ་ལ་ཕྱག་ཞབས་གཉིས་མཁྲིག་མ་ལས་ཆད་ནས་མེད་པས་ཧ་ཅང་གི་དཀའ་ངལ་ཆེ་ཞིང་ཐབས་ཤེས་མཛད་ནས་སྐུ་ལུས་ས་ལ་རིལ་བཞིན་རིལ་བཞིན་ཉིན་རེ་བཞིན་དུ་བྱོན། ཉིན་ཞག་ཉེར་གཅིག་འདས་པའི་ནུབ་ཅིག་ལ་ཤིང་དྲུང་ཞིག་ཏུ་གཟིམ་པ་ན། དེ་ནས་ནུབ་ཕྱོགས་ཨོ་རྒྱན་གླིང་ནས་རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་འཕྲུལ་མཁའ་འགྲོ་མ་དམར་མོ་ཉེར་གཅིག་ནམ་མཁའ་ནས་འོད་ཟེར་དཔག་ཏུ་མེད་པར་འཕྲོ་ཞིང་རང་གི་མདུན་འཁོར་ལ་ཕེབས་པར་མཇལ།
དེ་ནས་དགེ་སློང་མ་ན་རེ། ཁྱེད་རྣམས་མཁའ་འགྲོ་མ་ཡིན་ན་བདག་འདི་ནས་ལི་ཁ་ར་ཤིང་འཕེལ་གྱི་ཡུལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཁ་སར་པ་ཎི་རུ་ད་ལྟ་རང་སླེབས་པའི་དངོས་གྲུབ་ཅིག་བསྩལ་དུ་གསོལ་ཞེས་ཞུས་པས། མཁའ་འགྲོ་མ་དེ་རྣམས་ཀྱིས་རྫུ་འཕྲུལ་གྱི་ངང་ནས་དགེ་སློང་མ་ལི་ཁ་ར་ཤིང་འཕེལ་གྱི་ཡུལ་དུ་བསྐྱལ་ནས་རས་ཀྱི་ན་བཟའ་དང་འབྲས་ཀྱི་འཚོ་བ་རྣམས་ཕུལ་ནས་ནམ་མཁར་ཡལ་ལོ། །དགེ་སློང་མ་དཔལ་མོས་ལི་ཁ་ར་ཤིང་འཕེལ་ཞེས་པའི་ཡུལ་དུ་ཁ་སར་པ་ཎིའི་གཙུག་ལག་ཁང་དེ་མཇལ་པ་དང་སེམས་ལ་དགའ་བ་ཚད་མེད་བྱུང་། དགེ་སློང་མ་གཙུག་ལག་ཁང་གི་ནང་དུ་བྱོན་སྐབས་ཉི་མ་ཤར་ཏེ་ཕོག་པ་དང་དུས་མཉམ་བྱུང་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་ཉི་མ་ཤར་བའི་སྣང་བ་བྱུང་། ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་དེ་ཡང་མཁའ་སྤྱོད་དག་པའི་སྣང་བ་བྱུང་། ཐུགས་སྤྲོ་ཟིང་པའི་ངང་ནས་དགེ་སློང་མ་ལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་མྱུར་མགྱོགས་འབྱུང་བའི་རྟེན་འབྲེལ་ཡང་ཧ་ཅང་བཟང་པོ་བྱུང་ངོ་། །དགེ་སློང་མ་དཔལ་མོ་ལྷ་ཁང་དེའི་ནང་དུ་བཞུགས་པར་འདོད་པས། ཁ་སར་པ་ཎིའི་ལྷ་ཁང་དེ་ལ་བདག་འཛིན་བྱེད་པའི་དཀོན་གཉེར་ཞིག་ཡོད་པས། དཀོན་གཉེར་དེ་ན་རེ། ཁྱེད་ལྷ་ཁང་འདི་རུ་སྡོད་པའི་འདོད་པ་ཡོད་ཀྱང་དང་པོ་སྐྱེ་བ་དམན་པའི་བུད་མེད་ཀྱི་སྐྱེ་བ་དང་། གཉིས་པ་མཛེ་ནད་དྲག་པོ་དེ་འབྱར་ནད་ཡིན་པས་ན། ཁྱེད་འདིར་སྡོད་དུ་མི་རུང་གི་ཕྱིར་སོང་ཞིག་བྱས་ནས་སྒོར་ཕྱིར་བཏོན་ནས་སྡོད་དུ་མ་བཅུག་གོ །དགེ་སློང་མ་ལྷ་ཁང་གི་རྒྱབ་ཕྱོགས་སུ་བྱོན་ཏེ་རྩྭའི་སྤྱིལ་པོ་ཞིག་གི་ནང་དུ་བཞུགས་ནས་ཉིན་གཅིག་བསྙེན་གནས་དང་ཉིན་གཅིག་སྨྱུང་གནས་ལ་རེས་མོ་བྱས་ཏེ་ལོ་གསུམ་དང་ཟླ་གསུམ་དང་ཞག་གསུམ་སྒྲུབ་པ་མཛད་དོ། །
དེ་ནས་ནུབ་གཅིག་ལ་རྩྭའི་སྤྱིལ་བུའི་ནང་དུ་འཇའ་འོད་སྣ་ཚོགས་ཀྱིས་འགེངས་པར་གཟིགས། རྗེ་བཙུན་འཇམ་དཔལ་དབྱངས་ཡིན་ཟེར་བའི་ཁྱེའུ་སེངྒེ་ལ་ཞོན་པ་ཞིག་བྱུང་བ་ལ། དེ་ལ་དགེ་སློང་མ་ན་རེ། ཁྱེའུ་ཁྱོད་འཇམ་དཔལ་དབྱངས་ཡིན་ན་ད་ལྟ་ཉིད་དུ་སངས་རྒྱས་པའི་དངོས་གྲུབ་བསྩལ་དུ་གསོལ་ཞུས་པས། ཁྱེའུ་དེའི་ཞལ་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དེ་རང་སྒྲུབས་དང་། ཁྱེད་ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདུག་གོ་ཞེས་གསུངས་ཤིང་། དགེ་སློང་མ་དཔལ་མོའི་ལྕེ་ཐོག་ཏུ་བདུད་རྩི་རིལ་བུ་ཞིག་བཞག་ནས་ཁྱེའུ་དེ་དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །རིལ་བུ་དེ་དགེ་སློང་མས་བཞེས་པའི་ཐབས་ཤེས་མཛད། དེ་ནས་དགེ་སློང་མ་དཔལ་མོའི་ལྕེ་ཐོག་ཏུ་ཡོད་པའི་བདུད་རྩི་རིལ་བུ་དེ་ཁོག་ནང་དུ་སོང་བའི་སྣང་བར་ཤར་རོ། །ཉིན་དེ་ནས་བཟུང་དགེ་སློང་མའི་མཛེ་ནད་དེ་སྔར་ལས་ཀྱང་སྙུང་གཞི་དྭངས་པའི་ངོ་ཤར། དེ་ནས་དགོང་ཞག་དྲུག་ཅུ་རེ་གཅིག་སོང་བའི་དུས་ན། དགེ་སློང་མ་རང་གི་མདུན་གྱི་ནམ་མཁའ་ལ་ལོ་བརྒྱད་གཉིས་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་ཕྱག་གཡས་ཤེལ་གྱི་འཕྲེང་བ་བརྒྱ་རྩ་བརྒྱད་བསྣམས། གཡོན་པས་ཆུ་སྐྱེས་ཀྱི་སྡོང་པོ་འཛིན་པ་ཞིག་གིས། དགེ་སློང་མ་དཔལ་མོ་ཚ་མོ་ཁྱོད་ལ་ཚེ་འདིར་མཆོག་ཐུན་མོང་གི་དངོས་གྲུབ་མི་འདོད་དམ། འདོད་ན་འདི་ནས་ཕར་ཟླ་བ་བདུན་དང་ཞག་གསུམ་བགྲོད་པའི་སར་ལིང་ཁར་ཤྲཱིའི་གཙུག་ལག་ཟེར་བའི་ལྷ་ཁང་ཞིག་ཡོད་པས། དེའི་ནང་ལ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སྐུ་དངོས་བཞུགས་ཡོད། དེར་མཇལ་བར་སོང་ཞིག་གསུངས་སོ། །
དེ་ནས་དགེ་སློང་མ་དཔལ་མོ་འཕགས་པའི་བཀའ་བསྒྲུབ་ཕྱིར་དཀའ་སྤྱད་དང་དུ་བླངས་ཏེ་བྱོན་པས། ཉིན་ཅིག་བྱོན་པ་དང་སྐུའི་སྙུང་གཞི་མཛེ་ཡིན་སྟབས་ཞབས་ཀྱིས་བྱོན་མ་ཐུབ། དེ་ནས་དགེ་སློང་མ་དཔྱི་བཤུད་བརྒྱབ་ཅིང་བྱོན་པས་དེང་སྐབས་སྐུ་གཟུགས་ལ་ཟུག་གཟེར་དྲག་པོས་ཕྱི་དབུགས་ཆད་ནང་དབུགས་མ་ཆད་ཙམ་ཞིག་གི་ངང་ནས་གློ་བ་དང་མཆིན་པ་མཐོང་བའི་ཁུང་བུ་ཐོན་ཏེ་སྡུག་བསྔལ་དང་དུ་བླངས་ཏེ་བཞུགས་སོ། །དེ་ནས་ཡང་ལོ་གཅིག་གི་རྗེས་ལ་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཁྱེའུ་ཞིག་མོ་རང་གི་མིང་པོ་དྷརྨ་པཱ་ལ་ཡིན་གསུང་བཞིན་ཕྱག་གཡས་ན་ཚེ་བུམ་བསྣམས། གཡོན་པས་ཐོད་པ་རྫས་ཀྱིས་བཀང་ནས་དགེ་སློང་མ་ལ་འདི་སྐད་ཅེས་གསུངས་སོ། །སྲིང་མོ་ཉོན་དང་ལཀྵམི་ཀ་ར་མ། །དེ་རིང་མིང་པོའི་སྐད་ལ་ཡར་གསོན་དང་། །ཕྱག་གཡས་ཚེ་ཡི་བུམ་པའི་ནང་ཤེད་ན། །མཛེ་རིགས་བཅོ་བརྒྱད་སེལ་བའི་ཁྲུས་ཆུ་ཡོད། །གཡོན་པ་ཐོད་པ་རྫས་ཀྱིས་བཀང་བ་འདི། །ཟག་མེད་བདེ་བའི་ཏིང་འཛིན་རྫས་མཆོག་ཡིན། །རིག་པའི་ངར་སྐྱེད་ད་ལྟ་ཡར་ལོངས་ཤིག །ཅེས་གསུངས་སོ། །
དེ་ནས་དགེ་སློང་མའི་ཐུགས་དགོངས་ལ་མིང་པོ་དྷརྨ་པཱ་ལའི་གསུང་ཡིན་པ་མཁྱེན་ནས་སྐུ་གཟུགས་ལ་དཀའ་ངལ་ཆེ་ཡང་ཡར་བཞེངས་པ་དང་། རང་གི་མདུན་ན་མི་སུ་ཡང་མི་འདུག་པས་དགེ་སློང་མ་རང་གི་བསམ་པ་ལ་ཆོས་སྔོན་དུ་བྱས་པ་ནི་ངེད་རང་ལགས། གྲུབ་པ་ཐོབ་པ་ནི་དྷརྨ་པཱ་ལ་ལགས་པས། སྐྱེས་པ་དང་སྐྱེ་དམན་གྱི་བར་ལ་སྐྱེ་རབས་དགུ་ཡོད་ཟེར་བ་དེ་བདེན་པར་འདུག་བསམ་ནས། དགེ་སློང་མ་དེ་ཉིད་གྲོགས་ཀྱང་མེད་པས་སྐུ་ལུས་འགུལ་མི་ཚུགས་ཀྱང་བརྩོན་འགྲུས་དྲག་པོའི་སྒོ་ནས་ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་ནས་གསོལ་བ་འདི་ལྟར་བཏབ། སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་པོ་ཆེ། །ཐུགས་རྗེ་མངའ་བའི་འཕགས་མཆོག་སྤྱན་རས་གཟིགས། །བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་དོན། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དགེ་སློང་མ་དཔལ་མོ་ལ་མིང་པོ་དྷརྨ་པཱ་ལས་གནང་བའི་མཛེ་རིགས་བཅོ་བརྒྱད་སེལ་བའི་ཁྲུས་ཆུ་དེ་ཁོག་ནང་དུ་འཐུང་བའི་སྣང་བ་ཤར། ཟག་མེད་བདེ་བའི་ཏིང་འཛིན་གྱི་ཟས་མཆོག་བྱིན་ཅན་དེ་ཡང་ལོངས་སྤྱོད་པའི་སྣང་བ་བྱུང་ངོ་། །
མཁའ་འགྲོ་སྡེ་ལྔ་གདན་འདྲེན་དུ་བྱོན་པ། དེ་ནས་བཟུང་དགེ་སློང་མའི་སྐུ་ལུས་ཀྱི་མཛེ་ནད་དེ་སྔར་ལས་བརྒྱ་ཕྱེད་དྭངས་པའི་ཕྱི་ནང་དུ་ཕེབས་པ་ལ་དཀའ་ངལ་དེ་ཙམ་མ་བྱུང་། དེ་ནས་དགེ་སློང་མ་དཔལ་མོའི་ཞལ་ནས་ཡི་གེ་དྲུག་པ་གཡེང་མེད་ཀྱི་ངང་ནས་སྒྲོང་བཞིན་བཞུགས་པའི་ཚེ་དགོང་ཞག་བདུན་གྱི་རྗེས་ཐོ་རངས་ཀྱི་དུས་ཤིག་ལ་དགེ་སློང་མའི་སྐུ་མདུན་ནས་ཚུར་དར་དཀར་དམར་སྔོ་སེར་ལྗང་དང་ལྡན་པའི་བུ་མོ་ལྔ་ཞལ་འཛུམ་དང་བཅས་ཏེ་དགེ་སློང་མ་ལ་ཅང་མི་སྨྲ་བར་བཞུགས་པ་དང་། དགེ་སློང་མའི་ཞལ་ནས་ཁྱེད་བུ་མོ་ལྔ་པོ་གང་ནས་བྱོན་ཟེར་ཞིང་འདི་ལྟར་ཞུས། མཚར་སྡུག་ལྡན་པའི་བུ་མོ་ཁྱེད་ལྔ་པོ། །ཤར་ལྷོ་ནུབ་བྱང་ས་ཕྱོགས་གང་ནས་བྱོན། །ས་སྟེང་ས་འོག་བར་སྣང་གང་ནས་བྱོན། །ཕ་མ་རིགས་བཟང་སུ་ཡི་སྲས་མོ་ལགས། །མཚར་སྡུག་འོད་དང་ལྡན་པས་བཤད་དུ་གསོལ། །ཅེས་གསུངས་སོ། །
དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་གར་འཆམ་བྱེད་བཞིན་རིམ་བཞིན་འོངས་ཏེ་ཕྱི་ནས་ཌཱ་དྲིལ་གྱི་སྒྲ་དང་བཅས་ལོ་རྒྱུས་འདི་ལྟར་ཞུས་སོ། །མོ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན། །མོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡིན། །མོ་པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །མོ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཡིན། །མོ་བུདྡྷ་རིགས་ཀྱི་མཁའ་འགྲོ་ཡིན། །རྒྱལ་བ་རིགས་ལྔའི་ཡུམ་མཆོག་ཡིན། །དཔལ་རི་པདྨ་བཀོད་པའི་ཕོ་བྲང་ནས། །གྲུབ་ཐོབ་ལྭ་ཝ་པ་ཡིས་བཏང་བ་ཡིན། །ངེད་ཀྱི་སྲིང་མོ་དགེ་སློང་མ་དཔལ་མོ། །མིང་ནས་འབོད་དེ་ལིང་ཁར་ཤྲཱི་བསྐྱེལ། །ཁྱོད་དགེ་སློང་མ་ཞུ་བའི་ཕོ་ཉ་ཡིན། །ཞེས་གསུངས་སོ། །དེ་ནས་མཁའ་འགྲོ་མ་ལྔ་པོ་རེ་རེ་ནས་དར་ཤར་གྱི་སྔོ། ལྷོའི་སེར། ནུབ་ཀྱི་དམར། བྱང་གི་ལྗང་། དབུས་ཀྱིས་དཀར་རེ་སྟོན་ནས་དགེ་སློང་མས་སྐུ་གཟུགས་ལ་བཅིངས་པར་མཛད། དེ་ནས་དགེ་སློང་མ་དེ་ཉིད་དགུང་དང་སྤྲིན་གྱི་མཚམས་ནས་ཕར་གདན་ཞུས་ཏེ་ལིང་ཁར་ཤྲཱིའི་གཙུག་ལག་ཁང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་པའི་ལྷ་ཁང་ནང་དུ་བསྐྱལ་ནས་ཁོང་རང་བུ་མོ་ལྔ་པོ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་ཡལ་ལོ། །དེ་ནས་དགེ་སློང་མ་ལིང་ཁར་ཤྲཱིའི་གཙུག་ལག་ཁང་གི་ནང་དུ་བྱོན་པ་དང་། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དངོས་སུ་མཇལ་པའི་སྣང་བ་བྱུང་བས་ལུས་ཀྱི་སྤུ་ཉག་ཐམས་ཅད་གཡོ་ཞིང་སྙིང་ཁོང་རུས་པའི་གཏིང་ནས་དད་པ་སྐྱེས་ནས་འདི་ལྟར་གསུངས། རིན་ཆེན་བརྒྱ་ལས་གྲུབ་པའི་ལིང་ཁར་ཡང་། །འཇའ་ཚོན་ལྟར་བཀྲ་འཆི་མེད་ལམ་ལྟར་ཡངས། །སྣ་ཚོགས་རྒྱན་གྱིས་མཛེས་པའི་གཞལ་ཡས་ཁང་། །བདེ་བ་ཅན་དང་མཚུངས་པའི་སྣང་བ་བྱུང་། །ཞེས་གསུངས་སོ། །
དེ་ནས་དགེ་སློང་མ་དཔལ་མོ་ཁོ་རང་འཕགས་པ་ཐུགས་རྗེ་ཆེན་པོ་ལ་མོས་གུས་གདུང་བ་དྲག་པོའི་སྒོ་ནས་ལིང་ཁར་ཤྲཱིའི་གཙུག་ལག་ཁང་དེའི་ནང་དུ་དཀྱིལ་འཁོར་གསུམ་གྱི་སྒྲུབ་པ་ལ་བཞུགས་པའི་ཚེ། སང་སྔ་དྲོ་ལྷ་ཁང་གི་དཀོན་གཉེར་དེ་མཆོད་པ་འབུལ་བར་འོངས་པ་དང་། དགེ་སློང་མ་སོར་མོ་མ་ཚང་བའི་སྟབས་ཀྱིས་དཀོན་གཉེར་དེས་མིག་ཧྲིག་ཧྲིག་བལྟས་ནས་ཞེ་སྡང་མེ་ལྟར་འབར་ཏེ། ལྡེ་མིག་གི་ཐག་པས་བརྡུངས། མཛེ་ཅན་སྤྲང་མོ་ཁྱོད་ངེད་ཀྱི་ལྷ་ཁང་ནང་འོངས་པ་དང་། ངས་ལྷ་ཁང་ནང་ལྷ་བསངས་ཁྲུས་གསོལ་བྱས་ཀྱང་སྡོད་མི་ཚུགས་པས། ལོ་ཏོག་ཉེས་པ་དང་སེར་བས་བརྡུང་བ་སོགས་བྱུང་ན་ངེད་རང་གི་མགོར་འོངས་ངེས་ཡིན་ཟེར་ནས། ལྡེ་མིག་གི་ཐག་པས་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་རྡུང་བཞིན་དགེ་སློང་མའི་ཞབས་ནས་འཐེན་ཏེ་ལྷ་ཁང་གི་རྒྱབ་ལ་བསྐྱལ་པས། དགེ་སློང་མའི་ཐུགས་དགོངས་ལ་སེམས་ཅན་གྱི་བློ་མ་རིག་པས་བསྒྲིབས་པ་ཡིན་སྙམ་བྱང་ཆུབ་ཏུ་ཐུགས་བསྐྱེད། གང་ལྟར་ཡིན་རུང་ཡི་དམ་ལ་རྒྱབ་མདུན་མེད་སྙམ་པའི་ཐུགས་བཞེད་བཟང་པོའི་སྒོ་ནས་ལིང་ཁར་ཤྲཱིའི་གཙུག་ལག་ཁང་གི་རྒྱབ་ལོགས་སུ་འཇག་མའི་སྤྱིལ་པོ་ཞིག་གི་འགྲམ་དུ་བཞུགས་ནས་སྔོན་ལྟར་ཉིན་གཅིག་བསྙེན་གནས་དང་ཉིན་གཅིག་སྨྱུང་གནས་ལ་རེས་མོ་བྱས་ཏེ་ཟླ་བ་གསུམ་དང་ཞག་གསུམ་ཐུགས་རྗེ་ཆེན་པོ་བསྒྲུབས་པར་མཛད་དོ། །
དེ་ནས་མི་ལོ་བདུན་རྫོགས་པའི་དུས་གཅིག་ལ་ཆོས་རྒྱལ་དྷརྨ་པཱ་ལ་ནུབ་ཕྱོགས་རྣམ་དག་གླིང་ནས་རང་ཡུལ་ཁ་ཆེ་ཁྲི་བརྟན་དུ་ཕྱིར་ལོག་ནས་ཕེབས་སོ། །བསམ་འཕེལ་མས་ལོ་བདུན་སྔོན་གྱི་སྐད་ཆ་རྣམས་རྒྱལ་པོ་དྷརྨ་པཱ་ལ་ལ་ཞུས་པས་ཆོས་རྒྱལ་སྐྱོ་བའི་སྒྲ་དེ་ལྟར་ཐོས་པ་ཙམ་གྱིས་རང་གི་སྲིང་མོ་ལཀྵམི་ཀ་ར་དྲན་ནས་དྲན་མེད་དུ་ས་ལ་བརྒྱལ་ལོ། །རྒྱལ་པོ་དུས་རིང་ཞིག་ནས་དྲན་གསོས་ནས་སྲིང་མོ་ལཀྵམི་ཀ་ར་མཇལ་ཕྱིར་རྒྱ་གར་ཤར་ཕྱོགས་སུ་མྱུར་མགྱོགས་ཕེབས་པའི་ཞལ་ཆད་མཛད། དེ་ནས་མི་ལོ་བདུན་རྫོགས་པའི་དུས་ཤིག་ལ་ཆོས་རྒྱལ་དྷརྨ་པཱ་ལ་ཁ་ཆེ་ཁྲི་བརྟན་གྱི་ཡུལ་ནས་རྒྱ་གར་ཤར་ཕྱོགས་སུ་ལིང་ཁར་ཤིང་འཕེལ་ཞེས་པའི་ཡུལ་དུ་རང་གི་སྲིང་མོ་ལཀྵམི་ཀ་ར་མཇལ་བར་འགྲོ་ཕྱིར་བློན་པོ་བདེ་ལེགས་བཟང་པོ་སོགས་བློན་པོ་ཉེར་གཅིག་དང་། གཡོག་མོ་བསམ་འཕེལ་མ་དང་། འབངས་འཁོར་གཡོག་སྟོང་ཕྲག་གཅིག་དང་། རྟ་གཅིག་སྟོང་གཅིག་བརྒྱ་དང་གཅིག་བཅས་ཞག་གསུམ་གྱི་རྗེས་སུ་རྒྱ་གར་ཤར་ཕྱོགས་ལ་འགྲོ་དགོས་པའི་བཀའ་གནང་ངོ་། །
དེ་ནས་བློན་པོ་བདེ་ལེགས་བཟང་པོས་བློན་པོ་རྣམས་དང་། གཡོག་མོ་བསམ་འཕེལ་མ་དང་འབངས་འཁོར་གཡོག་རྣམས་འདུས་ནས་ཉིན་གསུམ་གྱི་རིང་ལ་རྒྱ་གར་ཤར་ཕྱོགས་ལ་འགྲོ་ཕྱིར་རྟ་བརྒྱ་ཞིག་ལ་རྒྱལ་པོའི་བང་མཛོད་ནས་ནོར་བུ་དང་། འཚོ་བ་དང་སྔར་ལཀྵམི་ཀ་རའི་ན་བཟའ་རྣམས་དང་། དར་གོས་ཆེན་སོགས་བཀལ་ནས་འགྲོ་རྒྱུ་བྱས། ཆོས་རྒྱལ་དྷརྨ་པཱ་ལས་ཞག་བཟང་ཞིག་ལ་གཟིགས་ནས་སྔོན་ཕ་མེས་པོ་རྣམས་ཀྱིས་བཞེངས་པའི་ལྷ་ཁང་ནང་དུ་ཕེབས་ནས་གསོལ་བ་འདི་ལྟར་བཏབ། ཕྱོགས་བཅུར་བཞུགས་པའི་ཐུབ་དབང་རྒྱ་མཚོའི་ཚོགས། །རྒྱལ་སྲས་དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །མཐུ་ལྡན་སྲུང་མ་མགོན་པོ་ཕྱག་དྲུག་པ། །གཏེར་བདག་ནོར་ལྷ་གཟུགས་མེད་མཁའ་འགྲོའི་ཚོགས། །མ་ལུས་གསོན་ཅིག་བདག་ལ་དགོངས་སུ་གསོལ། །བདག་ནི་སྲིང་མོ་ལཀྵམི་ཀ་ར་འཕྲད་པར་འགྲོ། །ལོག་པར་མི་འགྱུར་ཐར་ལམ་འདྲེན་པར་ཤོག །ལ་ལུང་མང་པོ་མྱུར་དུ་བགྲོད་པའི་ཚེ། །ངལ་དུབ་སྡུག་བསྔལ་ཅུང་ཟད་མེད་པར་ཤོག །ཤིང་ཐོག་སིལ་མ་ལ་སོགས་ཟ་བའི་ཚེ། །རོ་མཆོག་བརྒྱ་ལྡན་བདུད་རྩིར་འགྱུར་བར་ཤོག། ཁ་སྐོམ་བཏུང་བ་ཆུ་ལ་བྱེད་པའི་ཚེ། །རྒྱུན་ཆད་མེད་པར་འོ་མའི་ཆུ་རྒྱུན་ཤོག། གཅན་གཟན་གདུག་པས་ངར་སྐད་འདོན་པའི་ཚེ། །ཐེག་ཆེན་ཆོས་ཀྱི་སྒྲ་རུ་འགྱུར་བར་ཤོག །ལུས་ཀྱི་ན་ཚ་ཐོག་ཏུ་བྱུང་བའི་ཚེ། །སྨན་དག་འཚོ་བྱེད་ལྷུན་གྱིས་འགྲུབ་པར་ཤོག །བདག་གིས་སྙིང་ནས་སྨྲས་པའི་བདེན་ཚིག་གིས། །མིང་སྲིང་མྱུར་དུ་མཇལ་བའི་སྨོན་ལམ་འདེབས། །ཞེས་གསུངས་ཤིང་ཕྱག་གསུམ་འཚལ་ནས་སྲུང་མ་ལ་དར་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་ཏེ་ཕྱིར་ལོག་ཕེབས། དེ་ནས་ཆོས་རྒྱལ་དྷརྨ་པཱ་ལ་དང་ནང་བློན་བདེ་ལེགས་བཟང་པོ་གཡོག་མོ་བསམ་འཕེལ་མ་དང་འབངས་འཁོར་གཡོག་ཐམས་ཅད་རྒྱ་གར་ཤར་ཕྱོགས་ལིང་ཁར་ཤིང་འཕེལ་དུ་བྱོན་པའི་ཚེ་ཆོས་རྒྱལ་དྷརྨ་པཱ་ལའི་ཤིང་རྟ་འདྲེན་པའི་རྟ་གཉིས། ཡང་བློན་འབངས་འཁོར་གཡོག་རྟ་དང་བཅས་པ་ཐམས་ཅད་ལམ་དུ་ཞུགས་སོ། །
དེ་ནས་དཔོན་གཡོག་འཁོར་བཅས་ལ་ལུང་ཕྲན་ཚ་གྲང་མི་མེད་ལུང་སྟོང་དང་གཅན་གཟན་གདུག་པ་ཅན་རྣམས་གོམ་བཞིན་གོམ་བཞིན་ཟླ་བ་གསུམ་ཕེབས་པའི་རྗེས། སྔོན་དགེ་སློང་མ་དཔལ་མོ་བཞུགས་པའི་མཚམས་ཁང་དེར་འབྱོར་པ་དང་། མཚམས་ཁང་དེའི་ནང་དུ་དགེ་སློང་མ་དཔལ་མོ་བཞུགས་མེད་པ་དང་། མཚམས་ཁང་དེ་ཡང་ཆར་ཆུས་བཤལ་ནས་ཁང་རལ་དུ་གྱུར་ཡོད་པ་དང་། དེའི་མཐའ་སྐོར་ནས་ཞབས་རྗེས་ཀྱང་མི་མངོན་པ་དང་། མཚམས་ཁང་དེ་བྱ་བྱ་ཚང་ནས་འཐོན་ནས་ནམ་མཁའ་ལ་འཕུར་པ་ལྟར་སྟོང་སངས་ངེར་ཡོད་པས། སྔོན་དགེ་སློང་མ་དཔལ་མོ་དང་གཡོག་མོ་བསམ་འཕེལ་མ་གཉིས་མཉམ་དུ་བཞུགས་པའི་དུས་རྣམས་དྲན་བཞིན་གཡོག་མོ་བསམ་འཕེལ་མ་སྐྱོ་ཤས་དྲག་པོའི་སྒོ་ནས་མིག་ཆུ་འབྲལ་མེད་དུ་གཏོང་བཞིན་སྡུག་བསྔལ་བཟོད་གླགས་མེད་པའི་ངང་ནས་མགོ་རྡོ་ལ་བརྒྱབས་པ་དང་དྲན་མེད་དུ་ས་ལ་བརྒྱལ། བློན་པོ་རྣམས་ཀྱིས་གཡོག་མོ་བསམ་འཕེལ་མའི་མགོ་ལ་ཆུ་གཏོར་བ་དང་དུས་རིང་ཞིག་ནས་དྲན་གསོས།
དེ་ནས་བསམ་འཕེལ་མ་དེ་ཉིད་སེམས་ལ་སྐྱོ་ཤས་དྲག་པོའི་སྒོ་ནས་དབུགས་རིང་འཐོན་བཞིན་འདི་ལྟར་ཞུས། ཀྱེ་མ་ཀྱེ་ཧུད་སློབ་དཔོན་རིན་པོ་ཆེ། །སྨོན་ལམ་དབང་གིས་དཔོན་གཡོག་ལྷན་ཅིག་འཛོམས། །ལོ་བདུན་ཟླ་བདུན་རྫོགས་ནས་བཀའ་བཞིན་འབྱོར། །སྐུ་བཞུགས་མེད་པར་བདག་ནི་བློ་ཕམ་ཆེ། །ཀྱེ་མ་ཀྱེ་ཧུད་སློབ་དཔོན་ཐུགས་རྗེ་ཆུང་། །ད་ནི་བདག་གི་བློ་གཏད་སུ་ལ་འཆའ། །ང་ཡིས་ཆུང་ནས་ཁྱེད་ཀྱི་ཞབས་ཏོག་ཞུས། །རང་དོན་བདེ་སྐྱིད་ཙམ་ཡང་བྱེད་མ་མྱོང་། །ཁྱེད་ཀྱི་ལུས་ལ་ཐེབས་པའི་ན་ཚ་དང་། བདག་གི་སེམས་ལ་འཕོག་པའི་སྡུག་བསྔལ་གཉིས། །ཚ་གྲང་མཉམ་དུ་མྱོང་བ་མ་གཏོགས་པར། །མ་ཤི་གསོན་འབྲལ་བྱེད་པ་ག་ལ་ཕོད། །ཅེས་སྨྲས་སོ། །
དེ་ནས་ཆོས་རྒྱལ་དྷརྨ་པཱ་ལས་སྤྱན་ཆབ་མང་དུ་བསིལ་བཞིན་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་ཕྱོགས་མཚམས་གང་དུ་བལྟས་གྱུར་ཀྱང་། །ལཀྵམི་ཀ་ར་འཕྲད་པ་མི་འདུག་ཅིང་། །མི་མེད་ལུང་སྟོང་འདི་ལ་སེམས་པ་སྐྱོ། །འདི་འདྲ་ཡོང་བསམ་བདག་གི་སེམས་ལ་མེད། །གསུངས་ནས་རྒྱལ་པོས་སྨོན་ལམ་འདི་ལྟར་བཏབ་བོ། །བླ་མ་ཡི་དམ་མཁའ་འགྲོ་ཐུགས་རྗེ་ཅན། །གཞི་བདག་ཡུལ་ལྷ་ནུས་མཐུ་ལྡན་པ་རྣམས། །བདག་གི་སྨོན་ལམ་འགྲུབ་པའི་གྲོགས་མཛོད་ཅིག །བདག་གི་སྲིང་མོ་ལཀྵམི་ཀ་ར་ལ། །གློ་བུར་ནད་ཀྱི་བར་ཆད་འབྱུང་ཡོད་ཀྱང་། །ལས་ཀྱི་ཚེ་འདས་ཡོད་ན་བྱ་ཐབས་མེད། །མ་འཆི་ཡོད་ཚེ་མྱུར་དུ་མཇལ་བར་ཤོག །ཅེས་གསུངས་པ་དང་། ལམ་དེ་ཡང་དཔག་ཚད་བདུན་གྱི་ཉེ་བར་གྱུར་ཏེ་རྒྱལ་བློན་འབངས་འཁོར་གཡོག་རྟ་དང་བཅས་པ་ཐམས་ཅད་ལིང་ཁར་ཤྲཱིའི་རྒྱལ་ཕྲན་དེར་འབྱོར་ཏོ། །དེ་ནས་བློན་པོ་བདེ་ལེགས་བཟང་པོ་དང་གཞན་བློན་པོ་བདུན་དང་བཅས་ཡུལ་དེའི་མི་རྣམས་ལ་ལུས་ལ་མཛེ་ནད་ཡོད་པའི་བུ་མོ་ཞིག་ཡོད་པ་མ་མཐོང་ངམ་ཟེར་བཞིན་འདྲིར་བྱོན་པའི་དུས། སངས་རྒྱས་འོད་དཔག་མེད་ཀྱི་སྤྲུལ་པ་བཙུན་པ་ཞིག་དང་ཞལ་མཇལ་ནས། བཙུན་པ་དེ་ན་རེ། འདི་ནས་རྒྱང་གྲགས་བདུན་གྱི་རྗེས་ལིང་ཁར་ཤྲཱིའི་གཙུག་ལག་ཁང་གི་རྒྱབ་ལོགས་སུ་འཇག་མའི་སྤྱིལ་པོ་ཞིག་གི་འགྲམ་དུ་འཕགས་པ་ཐུགས་རྗེ་ཆེན་པོ་སྒྲུབ་བཞིན་ཡོད་པས་དེར་སོང་ཞིག་ཅེས་ལུང་བསྟན་ཏོ། །
སྙན་པའི་སྒྲ་དེ་ཐོས་པ་དང་ཆོས་རྒྱལ་དྷརྨ་པཱ་ལ་དང་བློན་འབངས་རྣམས་གཅིག་རྗེས་གཅིག་གིས་མི་གནོན་བཞིན་ལཀྵམི་ཀ་ར་མཇལ་ཕྱིར་ལིང་ཁར་ཤྲཱིའི་གཙུག་ལག་ཁང་གི་ཕྱོགས་ལ་ཕེབས། དེར་གཙུག་ལག་ཁང་གི་རྒྱབ་ལོགས་སུ་དགེ་སློང་མ་དཔལ་མོས་སྐུ་ལུས་མཛེ་ནད་ཀྱིས་ཟིན་བཞིན་དུ་འཇག་མའི་སྤྱིལ་པོ་ཞིག་གི་འགྲམ་དུ་འཕགས་པ་ཐུགས་རྗེ་ཆེན་པོ་སྒྲུབ་བཞིན་དུ་བཞུགས་ཡོད་པས། དེར་དགེ་སློང་མའི་གསུང་སྐད་ཐོས་པ་དང་རྒྱལ་བློན་འཁོར་བཅས་དང་ཁྱད་པར་དུ་གཞོན་དུས་ནས་རྩེད་གྲོགས་བྱེད་ཅིང་ཐུགས་ལ་བཅངས་པའི་གཡོག་མོ་བསམ་འཕེལ་མ་ལ་ཤི་གསོན་འཕྲད་པ་ལྟར་སེམས་ལ་ཧ་ཅང་གི་དགའ་བ་ཚད་མེད་བྱུང་། དེ་ནས་མིང་པོ་དྷརྨ་པཱ་ལས་འདི་སྐད་ཅེས་གསུངས།
དྷརྨ་པཱ་ལ་ལཀྵམི་ཀ་ར་དང་ཞལ་འཕྲད། སྲིང་མོ་ཉོན་དང་ལཀྵམི་ཀ་ར་མ། །
དེ་རིང་མིང་པོའི་སྐད་ལ་ཡར་གསོན་དང་། །ཚད་ལྡན་བུམ་པ་འདི་ཡི་ནང་ཤེལ་ན། །མཛེ་རིགས་བཅོ་བརྒྱད་སེལ་བའི་ཁྲུས་ཆུ་ཡོད། །འཆི་མེད་བདུད་རྩིས་ཐོད་པ་བཀང་བ་འདི། །ཟག་མེད་བདེ་བའི་ཏིང་འཛིན་ཟས་མཆོག་ཡིན། །རིག་པའི་ངར་སྐྱེད་ད་ལྟ་ཡར་ལོངས་ཤིག །ཅེས་གསུངས་པས། དགེ་སློང་མའི་ཐུགས་དགོངས་ལ་མིང་པོ་དྷརྨ་པཱ་ལའི་གསུང་སྐད་ཡིན་པ་མཁྱེན་ནས་མཛེ་ནད་དེས་སྐུ་གཟུགས་ལ་དཀའ་ངལ་ཆེ་ཡང་ཡར་བཞེངས་པ་དང་ཕྱག་མཛུབ་དང་ཞབས་མཛུབ་རྣམས་མཁྲིག་མ་ལས་ཆད་ནས་མེད་པས་ཡར་བཞེངས་དུས་འོ་བརྒྱལ་ལན་གསུམ་བྱུང་ངོ་། །དེ་ནས་མིང་པོ་ཆོས་རྒྱལ་དྷརྨ་པཱ་ལས་ཕྱག་གསུམ་འཚལ་ནས་དགེ་སློང་མའི་ཞལ་དུ་མཛེ་རིགས་བཅོ་བརྒྱད་སེལ་བའི་ཁྲུས་ཆུ་དང་ཟག་མེད་བདེ་བའི་ཟས་མཆོག་ཕུལ་པར་མཛད། དགེ་སློང་མ་དཔལ་མོས་མིང་པོ་དྷརྨ་པཱ་ལས་གནང་པའི་མཛེ་རིགས་བཅོ་བརྒྱད་སེལ་བའི་ཁྲུས་ཆུ་དང་། ཟག་མེད་བདེ་བའི་ཟས་མཆོག་རྣམས་བཞེས་པ་དང་། སྐུ་ལུས་ཀྱི་མཛེ་ནད་དེ་སྔར་ལས་ཀྱང་ཧ་ཅང་གི་དྭངས་པའི་སྣང་བ་བྱུང་ངོ་། །
དེ་ནས་དགེ་སློང་མས་འདི་ལྟར་གསུངས། བྱམས་བརྩེ་བཀའ་དྲིན་བདག་ཉིད་མིང་པོ་དྷརྨ་པཱ་ལ་བདེ་བར་བྱོན་ལགས་སམ། མིང་པོས་ཡིན་ལགས་གསུངས། དེ་ནས་མིང་པོ་དྷརྨ་པཱ་ལས་སྙིང་དང་འདྲ་བའི་སྲིང་མོ་ལཀྵམི་ཀ་རའི་སྐུ་ལུས་ནས་འབབ་པའི་རྣག་དང་ཁྲག་ཐོན་པའི་མཛེ་ནད་དེའི་དཀའ་ངལ་ལ་གཟིགས་ནས་སྐྱོ་ཤས་དྲག་པོའི་སྒོ་ནས་སྤྱན་ཆབ་མང་དུ་བསིལ་བཞིན་འདི་སྐད་ཅེས་ཞུས། ཟླ་བ་ལྟ་བུར་རབ་མཛེས་སྲིང་གཅིག་མ། །གློ་བུར་མཛེ་ནད་སྤྲིན་ཚོགས་འདུས་པ་ཡིས། །བདག་གི་ལོ་ཏོག་མྱ་ངན་སེར་བས་བཅོམ། །འདི་འདྲ་འོངས་བསམ་བདག་གི་སེམས་ལ་མེད། །བླ་མ་ཡི་དམ་མཁའ་འགྲོ་མཐུ་རྩལ་ཅན། །གཞི་བདག་ཡུལ་ལྷ་ནུས་མཐུ་ལྡན་པ་རྣམས། །ལོ་མང་ཞིག་ནས་མཛེ་ནད་འདི་ཡིས་ཟིན། །མྱུར་དུ་གྲོལ་བར་མཛོད་ཅིག་མཐུ་ལྡན་རྣམས། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཀྱང་། །སྙིགས་དུས་མི་ཚེ་དགུན་ཁའི་ཉིན་དང་འདྲ། །འཆི་བདག་འབྱུང་དུས་རང་དབང་མི་འདུག་པས། །ཡབ་ཡུམ་བླ་མ་འཁོར་བཅས་ཞིང་ལ་གཤེགས། །མཐོ་རིས་མི་ཡི་བདེ་སྐྱིད་ཡད་ཡུད་ཙམ། །བསགས་པའི་ནོར་ལ་སྙིང་པོ་མི་འདུག་གོ །སྐད་ཅིག་ཙམ་ལ་མི་རྟག་འདི་འདྲ་བྱུང་། །ཕྱི་མ་གར་འགྲོ་རྟག་པ་མི་འདུག་གོ །བསགས་ནི་ཚེ་སྔོན་བསགས་པའི་འབྲས་བུ་ལས། །ཚེ་འདིར་སྟོབས་འབྱོར་ལྡན་པའི་རྒྱལ་པོར་སྐྱེས། །ཕྱི་མ་གར་འགྲོ་ང་ཡིས་མི་ཤེས་པས། །ད་ནི་བདག་ཀྱང་དམ་ཆོས་བསྒྲུབ་ངེས་ཡིན། །སྲིང་མོས་སེམས་ཅན་དོན་ལ་དམ་ཆོས་བསྒྲུབས། །དལ་འབྱོར་དོན་ཡོད་མཛད་པ་ངོ་མཚར་ཆེ། །ཆོས་ཀྱི་ཕྱིར་དུ་རང་སྲོག་གཏོང་ནུས་པའི། །སྲིང་མོ་གཏོང་ཕོད་ཅན་ལ་ཕྱག་འཚལ་ལོ། །ཆོས་དད་ཅན་གྱི་སྲིང་མོ་དཀར་ལྕམ་མ། །ཚེ་འདི་བློས་བཏང་ཕྱི་མའི་དོན་ཆེན་བསྒྲུབས། །འགྲོ་དོན་མཐར་ཕྱིན་མཛད་པ་ངོ་མཚར་ཆེ། །འཛམ་གླིང་འགྲན་ཟླ་མེད་པར་གནས་གྱུར་ཅིག །ཅེས་ཞུས་སོ། །
དེ་ནས་དགེ་སློང་མས་འདི་ལྟར་གསུངས། བརྩེ་གདུང་ཅན་གྱི་མིང་པོ་བདག་ལ་གསོན། །ཁྱོད་ཀྱིས་སྨྲས་པའི་གཏམ་དེ་ཤིན་ཏུ་བདེན། །ཚེ་འདི་མི་རྟག་ནམ་མཁའི་གློག་དང་འདྲ། །ཡུན་རིང་མི་སྡོད་འཆི་བ་མྱུར་དུ་འོངས། །སྐྱེ་གཟུགས་ཕུན་སུམ་ཚོགས་པའི་མིང་པོ་ཁྱོད། །སྨོན་ལམ་བཟང་བས་དམ་པའི་ཆོས་ལ་དཀར། །ད་ལྟ་ཅི་བྱེད་རང་དབང་ཡོད་དུས་སུ། །དལ་འབྱོར་དོན་ཡོད་མཛད་ན་ངོ་མཚར་ཆེ། །ཚེ་རབས་འཁོར་བ་ཐོག་མཐའ་མེད་པ་ནས། །ད་ལྟའི་མི་ལུས་འདི་ཡི་བར་དུ་ནི། །སྔར་བྱས་ཐམས་ཅད་དོན་མེད་ལས་སུ་སོང་། །ད་རེས་དོན་ཆེན་སྙིང་པོ་ལེན་པར་མཛོད། །སྤྱི་བོར་ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་བགྲོངས། །རྟག་ཏུ་རང་གི་སེམས་ལ་ཡང་ཡང་ལྟོས། །རྒྱུན་དུ་བྱམས་དང་སྙིང་རྗེ་སྒོམ་པར་མཛོད། །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །ལམ་སྟོན་བཤེས་གཉེན་དམ་པ་འབབ་པ་ཡིས། །བཀའ་བཞིན་བསྒྲུབས་པའི་མཆོད་པས་མཉེས་པར་བྱེད། །ཚེ་འདིར་བླ་མ་ཚུལ་བཞིན་བསྟེན་པར་མཛོད། །ཅེས་གསུངས་སོ། །
དེ་ནས་དགེ་སློང་མས་བསམ་འཕེལ་མ་ཁྱེད་བདེ་བར་འབྱོར་རམ་གསུངས། གཡོག་མོ་བསམ་འཕེལ་མས་རང་གི་བླ་མའི་སྐུ་ལུས་ལ་བསྣམས་པའི་མཛེ་ནད་ཀྱི་དཀའ་ངལ་དེ་མཇལ་པ་དང་། བསམ་འཕེལ་མ་སྐྱོ་ཤས་དྲག་པོས་སྒོ་ནས་མིག་ཆུ་ཆར་ལྟར་བབ་བཞིན་བླ་མ་ལ་ཕྱག་གསུམ་འཚལ་ནས་འདི་ལྟར་ཞུས། བླ་མ་ལྷ་དང་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་སྲས་དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་། །བློ་གཏད་སྐྱབས་མགོན་བྱེད་པའི་དགེ་སློང་མ། །མ་ལུས་གསན་ཅིང་བདག་ལ་དགོངས་སུ་གསོལ། །ཚེ་རབས་སྔོན་ནས་ད་ལྟ་ཚུན་ཆད་དུ། །ལས་དང་སྨོན་ལམ་དག་པའི་ཞལ་མཇལ་པའི། །ང་ཡིས་ཆུང་ནས་ཁྱོད་ཀྱི་ཞབས་ཏོག་ཞུས། །རང་དོན་བདེ་སྐྱིད་ཙམ་ཡང་བྱེད་མ་མྱོང་། །ཁྱོད་ཀྱི་ལུས་ལ་ཐེབས་པའི་ན་ཚ་དང་། །བདག་གི་སེམས་ལ་ཕོག་པའི་སྡུག་བསྔལ་གཉིས། །ཚ་གྲང་མཉམ་དུ་མྱོང་བ་མ་གཏོགས་པར། །རང་དོན་སྐད་ཅིག་ཙམ་ཡང་བྱེད་མ་མྱོང་། །ཁྱེད་ཐུགས་བརྩེ་བའི་བུ་ཡང་ང་ཡིན་ནོ། །ང་ཡི་བློ་གཏད་ཕ་མ་ཁྱེད་ལས་མེད། །བདག་ནི་ཡང་བསྐྱར་ཞབས་ཏོག་བསྒྲུབ་ཕྱིར་དུ། །བླ་མའི་བཀའ་བཞིན་ལོག་ནས་འོངས་པ་ཡིན། །ཞེས་ཞུས་སོ། །དེ་ནས་དགེ་སློང་མ་ན་རེ། ཡ་བསམ་འཕེལ་མ་གླེང་མོར་བྱེད་ཡར་ཤོག་གསུངས། དེ་ཉིན་བསམ་འཕེལ་མ་རང་གི་བླ་མ་ཡང་བསྐྱར་ཚེ་འདིར་དངོས་སུ་མཇལ་པ་དང་སེམས་ཤིན་ཏུ་དགའ་ཞིང་ལུས་ཀྱི་སྒོ་ནས་ཅི་དྲག་གིས་ཞབས་ཏོག་དང་། ངག་གི་སྒོ་ནས་སྙན་པའི་ཞབས་ཏོག་དང་། ཡིད་ཀྱི་སྒོ་ནས་དད་པའི་ཞབས་ཏོག་དང་། ལུས་ངག་ཡིད་གསུམ་གྱིས་ཞབས་ཏོག་ཚད་མེད་ཞུ་ཞིང་ལོ་གཅིག་གི་རྗེས་རང་གི་རྩ་བའི་བླ་མ་དགེ་སློང་དཔལ་མོའི་དྲུང་ནས་དགེ་ཚུལ་མའི་སྡོམ་པ་ཚུལ་བཞིན་བླངས་ནས་དགེ་ཚུལ་མའི་བསྲུང་བྱ་བླངས་འདས་སོ་དྲུག །ཕྱོགས་མཐུན་དང་བསྡམ་བྱའི་ཉེས་བྱས་སོགས་བསྲུང་ཞིང་མི་དགེ་བཅུ་སྤོང་དང་དགེ་བཅུ་དང་དུ་བླངས་ནས་མི་ཚེ་དོན་དང་ལྡན་པ་ཞིག་བྱས་སོ། །
དེ་ནས་རྒྱལ་པོ་དྷརྨ་པཱ་ལ་ཡི་སེམས་ཀྱང་ཡོངས་སུ་འདུལ་ནས་རྒྱལ་སྲིད་ཀྱི་བྱ་བ་དང་འཁོར་བའི་བདེ་བ་ལ་ཡིད་བརྟན་མེད་པར་མཁྱེན་ཏེ། མི་གཙང་བའི་རྫས་བཞིན་དུ་སྤངས་ནས་རྒྱལ་བློན་འཁོར་བཅས་རབ་ཏུ་བྱུང་ལ་ཐུགས་མོས་པར་གྱུར་ཏོ། །དེ་ནས་ལིང་ཁར་ཤྲཱིའི་གཙུག་ལག་ཁང་གི་མཁན་པོའི་དྲུང་ནས་དགེ་སློང་གི་སྡོམ་པ་ལེགས་པར་ཞུས་ནས། བསྲུང་བྱ་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལེགས་པར་བསྲུངས་པར་མཛད་དོ། །རྒྱལ་པོ་དྷརྨ་པཱ་ལ་རབ་བྱུང་མཛད་པའི་རྗེས་ཁ་ཆེ་ཁྲི་བརྟན་གྱི་རྒྱལ་སྲིད་སྲས་ཆེ་བ་བྱང་ཆུབ་ནམ་མཁས་འཛིན་ཏོ། །
༈ མཛེ་ནད་ཀྱི་སྙུང་ཟུག་ལས་གྲོལ་པ། དེ་ནས་དགེ་སློང་མ་དཔལ་མོ་ལིང་ཁར་ཤྲཱིའི་གཙུག་ལག་ཁང་གི་རྒྱབ་ཕྱོགས་སུ་རྩྭའི་སྤྱིལ་བུ་ཞིག་གི་ནང་དུ་བཞུགས་ནས་ཉིན་གཅིག་བསྙེན་གནས་དང་ཉིན་གཅིག་སྨྱུང་གནས་སྲུང་བཞིན་ལོ་གཅིག་འཕགས་པ་ཐུགས་རྗེ་ཆེན་པོ་སྒྲུབ་པར་མཛད། དེ་ནས་ནུབ་གཅིག་ལ་རྩྭའི་སྤྱིལ་པོའི་ནང་དུ་འཇའ་འོད་སྣ་ཚོགས་ཀྱིས་ཁྱབ་པར་གཟིགས། དེའི་ཚེ་མཛེ་ནད་དྭངས་པའི་བཀྲ་ཤིས་པའི་ལྟས་དཔག་ཏུ་མེད་པ་བྱུང་། དེའི་ཉིན་ཐོ་རངས་ཀྱི་དུས་སུ་སངས་རྒྱས་སྨན་གྱི་བླ་བཻཊཱརྱའི་འོད་ཀྱི་རྒྱལ་པོའི་སྤྲུལ་པ་གཞོན་ནུ་ལང་ཚོ་བཅུ་དྲུག་ལྡན་པའི་བཙུན་པ་ཕྱག་ལ་ཚེ་བུམ་བསྣམས་པ་ཞིག་མཇལ།
དེ་ནས་བཙུན་པ་དེ་ན་རེ། བུ་མོ་ཁྱོད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དེ་རང་སྒྲུབས་དང་། ཁྱོད་ལོ་གསུམ་ཟླ་གསུམ་དང་ཞག་གསུམ་ཙམ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདུག་གོ །ཞེས་གསུང་བཞིན་དགེ་སློང་མའི་ལྕེ་ཐོག་ཏུ་འཆི་མེད་ཚེའི་རིལ་བུ་ཞིག་བཞག་ནས་བཙུན་པ་དེ་དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །དགེ་སློང་མས་སངས་རྒྱས་སྨན་བླ་མཇལ་པ་དང་དད་པའི་ལུས་ཀྱི་སྤུ་ཉག་ཐམས་ཅད་གཡོ་བཞིན་འདི་ལྟར་ཞུས། ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་བསྟོད། །ཅེས་ཞུས་པས། དེ་མ་ཐག་ཏུ་དགེ་སློང་མ་དཔལ་མོའི་སྐུ་གཟུགས་ཀྱི་མཛེ་ནད་དེ་གཞི་མེད་དུ་དྭངས་ནས་ཕྱག་ཞབས་གཉིས་ཀྱང་སྔར་བཞིན་དུ་སོས་སོ། །
དགེ་སློང་མས་མེ་ཏོག་དྲི་ལྡན་ལས་ལེགས་པའི་ཚུལ་ཁྲིམས་ཀྱི་དྲི་མ་ཡུལ་ཕྱོགས་ཀུན་ལ་ཁྱབ་པས་སྐུ་ལུས་ཟླ་བ་ལྟ་བུ་མཛེས་པས་ཞལ་རས་མཛེས་ཤིང་ཡིད་དུ་འོང་བའི་དབུ་སྐྲ། མེ་ཏོག་ཆུ་སྐྱེས་ཟེའུ་འབྲུ་ལས་ལྷག་པའི་སྤྱན། དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་ལས་མཛེས་པའི་ཞལ་ཆེམས། དྲི་ཟའི་བུ་མོ་ལས་སྙན་པའི་གསུང་སྐད། མཚལ་ལྟར་དམར་བའི་མཆུ། ལྟ་བའི་མི་ངོམས་སྐུ་གཟུགས་མཛེས་ཤིང་ཡིད་དུ་འོང་བའི་གཞོན་ནུ་མ་ལང་ཚོ་བཅུ་དྲུག་ལྡན་པའི་བུ་མོ་སྔར་ལས་ཀྱང་ཤིན་ཏུ་མཛེས་མ་ཞིག་ཏུ་གྱུར་ཏོ། །
དེ་ནས་ཕྱོགས་བཅུ་སངས་རྒྱས་ཐམས་ཅད་དང་ཁྱད་པར་དུ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་དམིགས་བསལ་དུ་སྡོང་གྲོགས་བྱེད་པའི་བཀའ་སྲུང་ལྷ་ཆེན་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། དཀར་ཕྱོགས་སྐྱོང་མཛད་མཁའ་འགྲོ་ཆོས་སྲུང་རྣམས་དང་། ཀླུ་ཆེན་བརྒྱད་དང་། རྟ་སྒོའི་གཞི་བདག་དང་། གཞན་ཡང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་བཅས་པས་འཇིག་རྟེན་ཡི་རངས་ཏེ། དགེ་སློང་མ་དཔལ་མོའི་ཡང་དག་པའི་ཚུལ་ཁྲིམས་ཀྱི་དྲི་བཟང་དེ་ལ་མངོན་པར་བསྟོད་དོ། །
དེ་ནས་དགེ་སློང་མ་དཔལ་མོས་སྙིང་ཁོང་རུས་པའི་གཏིང་ནས་ལུས་ཀྱིས་ཕྱག་འཚལ་ཞིང་ངག་གིས། ཕྱག་སྟོང་འཁོར་ལོས་སྒྱུར་པའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་འདོན་ཞིང་། ཡིད་ཀྱིས་མོས་གུས་དྲག་པོས་སྐྱབས་སུ་འགྲོ་ཞིང་རྩྭའི་སྤྱིལ་བུ་ཞིག་ཏུ་བཞུགས་ནས་ཉིན་གཅིག་བསྙེན་གནས་དང་ཉིན་གཅིག་སྨྱུང་གནས་བཅས་སྲུང་བཞིན་ལོ་གསུམ་ཟླ་གསུམ་དང་ཞག་གསུམ་རྩེ་གཅིག་ཏུ་སྒྲུབ་པར་མཛད་དོ། །དགེ་སློང་མས་སྒྲུབ་པ་ཡུན་རིང་ཞིག་ནས་སྒྲུབ་པའི་དུས་ཤིག་ལ་རང་གི་དྲིན་ཅན་རྩ་བའི་བླ་མ་འཕགས་པ་སྤྱན་རས་གཟིགས་ལ་འདི་ལྟར་གསོལ་བ་འདེབས་པར་མཛད།
ན་མོ་གུ་རུ་ལོ་ཀི་ཤྭ་རཱ་ཡ། བླ་མ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
མགོན་པོ་སྙིང་རྗེས་ལྷན་ཅིག་སྐུ་གསུང་ཐུགས། །ཐུགས་རྗེས་གཟིགས་ཤིག་འཇིག་རྟེན་དབང་ཕྱུག་ཞབས། །མགོན་སྐྱབས་མཛོད་ཅིག་རྗེ་བཙུན་ཐུགས་རྗེའི་གཏེར། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །སྒྲོལ་བའི་དེད་དཔོན་མཛོད་ཅིག་སྤྱན་རས་གཟིགས། །མི་ཤེས་གཏི་མུག་མུན་པས་འཐིབ་ཙ་ན། །གསལ་བའི་སྒྲོན་མེ་མཛོད་ཅིག་སྤྱན་རས་གཟིགས། །དགྲ་ལ་ཞེ་སྡང་མེ་ལྟར་འབར་ཙ་ན། །འཇིག་པའི་ཆུ་རྒྱུན་མཛོད་ཅིག་སྤྱན་རས་གཟིགས། །གཉེན་ལ་འདོད་ཆགས་ཆུ་ལྟར་འཁྲུག་ཙ་ན། །གནས་ལུགས་རྟོགས་པར་མཛོད་ཅིག་སྤྱན་རས་གཟིགས། །ནོར་ལ་སེར་སྣའི་མདུད་པས་སྡོམ་ཙ་ན། །གཏོང་བའི་གཉེན་པོ་མཛོད་ཅིག་སྤྱན་རས་གཟིགས། །འཆི་ཁར་མཚེར་ཞིང་འཇིགས་པས་སྐྲག་ཙ་ན། །ཞལ་བསྟན་སེམས་གསོ་མཛོད་ཅིག་སྤྱན་རས་གཟིགས། །གཤིན་རྗེའི་ཕོ་ཉས་ལས་ཀྱིས་བསྐོར་ཙ་ན། །སྐྱབས་དང་སྐྱོར་མ་མཛོད་ཅིག་སྤྱན་རས་གཟིགས། །རྒྱུས་མེད་བར་དོའི་འཕྲང་ལ་འགྲིམས་ཙ་ན། །མཛའ་བོའི་གཉེན་བཤེས་མཛོད་ཅིག་སྤྱན་རས་གཟིགས། །མ་ངེས་སྐྱེ་གནས་འཚོལ་ཞིང་འཁྱམ་ཙ་ན། །དག་པའི་ཞིང་དུ་སྐྱོལ་ཅིག་སྤྱན་རས་གཟིགས། །མངལ་སྒོར་ལས་ཀྱིས་སྡུག་བསྔལ་མྱོང་ཙ་ན། །འོད་ཀྱི་གུར་ཁང་ཕུབ་ཅིག་སྤྱན་རས་གཟིགས། །མི་ཤེས་བྱིས་པའི་ལུས་སུ་གྱུར་ཙ་ན། །གྲོགས་མཆོག་བཤེས་གཉེན་མཛོད་ཅིག་སྤྱན་རས་གཟིགས། །རྟག་ཏུ་སྤྱི་བོར་སྒོམ་ཞིང་མཆོད་འདོད་ན། །རྩ་བའི་བླ་མ་མཛོད་ཅིག་སྤྱན་རས་གཟིགས། །སྙིང་གི་པད་མོར་སྒོམ་ཞིང་མཆོད་འདོད་ན། །ཡི་དམ་ལྷ་ཚོགས་མཛོད་ཅིག་སྤྱན་རས་གཟིགས། །ཕྱི་ནང་རྐྱེན་ངན་བར་ཆད་བྱུང་ཙ་ན། །ཞི་བའི་སྲུང་མ་མཛོད་ཅིག་སྤྱན་རས་གཟིགས། །བཀྲེས་སྐོམ་དབུལ་བའི་ནོར་གྱིས་སེམས་འདོད་ན། །ཅི་འདོད་དངོས་གྲུབ་སྩོལ་ཅིག་སྤྱན་རས་གཟིགས། །ལྷང་ལྷང་ཡི་གེ་དྲུག་མས་གསོལ་འདེབས་ན། །རྒྱུན་དུ་ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །དགེ་བ་འདི་ཡིས་འགྲོ་དྲུག་སེམས་ཅན་རྣམས། །ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་ཤོག །བླ་མ་སྤྱན་རས་གཟིགས་ཀྱི་བྱིན་རླབས་དང་། །སྙིང་པོ་ཡི་གེ་དྲུག་མའི་ནུས་མཐུ་ཡིས། །བདག་ཅག་འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །བྱམས་དང་སྙིང་རྗེའི་ས་ལ་བཀོད་པར་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་གཟིར་མྱུར་སྒྲོལ་ཤོག །ཅེས་བསྔོ་བ་དང་སྨོན་ལམ་བཏབ་ཅིང་འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡི་གེ་དྲུག་མ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་ཉིན་རེ་བཞིན་དུ་འབུམ་ཚར་རེ་འདོན་བཞིན་བཞུགས་སོ། །
དགེ་སློང་མ་དཔལ་མོ་ལ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ཉིན་རྗེ་བཙུན་འཕགས་མ་སྒྲོལ་མའི་ཞལ་གཟིགས་བྱུང་། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་ཞལ་གཟིགས་བྱུང་། ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་ཞལ་གཟིགས་མངོན་སུམ་དུ་བྱུང་ངོ་། །
དེའི་ཚེ་དགེ་སློང་མ་དཔལ་མོས་འཕགས་པ་སྤྱན་རས་གཟིགས་ལ་འདི་ལྟར་ཞུས། དེ་ཙམ་ཕོད་དམ་སངས་རྒྱས་ཐུགས་རྗེ་ཅན། བདག་གིས་ཡུན་རིང་པོ་དེ་ཙམ་དུ་བསྒྲུབས་ཀྱང་མངོན་སུམ་དུ་ཞལ་མི་སྟོན་པར་ཐུགས་རེ་ཆུང་ཞེས་ཞུས་པས། འཕགས་པ་ཐུགས་རྗེ་ཆེན་པོས་དགེ་སློང་མ་ལ་ཞལ་འཛུམ་མཛད་ནས་འདི་ལྟར་གསུངས། ང་དང་པོ་ནས་བཟུང་ཁྱོད་དང་མ་འབྲལ་བར་ཡོད་ཀྱང་ཁྱོད་ལུས་ཀྱི་སྒྲིབ་པ་མ་དག་པའི་དབང་གིས་ང་མ་མཐོང་བ་ཡིན། ད་ཁྱོད་ཀྱིས་ང་སྒོམ་བཞིན་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་མི་ལོ་བཅུ་གསུམ་བར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་བཟླས་པས་སྔོན་གྱི་ལས་ཀྱི་སྒྲིབ་པ་རྣམས་དག་ནས་ད་ལྟ་ང་མཐོང་བ་ཡིན་པས་ལྟོས་ཤིག་གསུངས།
དགེ་སློང་མ་དཔལ་མོས་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་མཇལ་པ་དང་སྔར་བསྙུངས་བའི་ཚེ་རང་གི་ལུས་ནས་ཐོན་པའི་ཁྲག་དང་རྣག་གི་འཐོར་མ་དང་ལུད་པ་རྣམས་གར་སོང་དུ་འཕངས་པས་དེ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ལུས་ཀྱི་ན་བཟའ་སོགས་ལ་ཕོག་ནས་མཇལ་པ་དང་། དགེ་སློང་མའི་ལུས་ཀྱི་སྤུ་ཉག་ཐམས་ཅད་གཡོ་ཞིང་ཤིན་ཏུ་ཡིད་ཆེས་ཀྱི་དད་པ་སྐྱེས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་གསུམ་འཚལ་ཏེ་མཐོལ་བཤགས་འདི་ལྟར་ཞུས། སེམས་ཅན་དོན་ལ་ཐུགས་རྗེས་གཟིགས་ཕྱིར་དུ། །འགྲོ་དོན་ཕྱོགས་མེད་ཕྱག་སྟོང་སྤྱན་སྟོང་སྤྲུལ། །སངས་རྒྱས་རབ་བདུན་བདེ་གཤེགས་བཅུ་གཅིག་ཞལ། །ཐུགས་རྗེ་ཆེན་པོ་ཉིད་ལ་མཐོལ་ལོ་བཤགས། །ཞུས་པས། དགེ་སློང་མ་ལ་འཕགས་པ་ཐུགས་རྗེ་ཆེན་པོ་དངོས་ཀྱིས་དབང་ལུང་མན་ངག་ཐམས་ཅད་གནང་བ་དང་དགེ་སློང་མ་ལ་མཆོག་གི་དངོས་གྲུབ་ཐོབ་སྟེ་དགོངས་པ་སངས་རྒྱས་དང་མཉམ་པར་གྱུར་ཏོ། །
དེ་ནས་ཁོང་གིས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ལ་བསྟོད་བསྔགས་འདི་ལྟར་བྱེད་བཞིན་རང་གི་མཐའ་སྐོར་ལ་མར་གྱུར་པའི་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱང་འཁོད་པར་མཛད་ཅིང་། ལུས་ཀྱིས་ཕྱག་འཚལ། ངག་གིས་པོ་བསྟོད་འདོན་པ་དང་། ཡིད་ཀྱིས་མོས་གུས་དྲག་པོས་སྐྱབས་སུ་འགྲོ་ཞིང་འདི་ལྟར་བསྟོད། འཕགས་པ་ཐུགས་རྗེ་ཆེན་པོ་ལ་པོ་བསྟོད་ཀྱི་སྒོ་ནས་བསྟོད་བསྔགས་མཛད་པ། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡང་བ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པ་ནུ་མ་གཡོན་ལ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡི་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདི་དག་ཅིག་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཟབ་ཅིང་རྒྱ་ཆེན་བླ་མེད་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཕྱག་བརྐྱངས་བདག་དང་འགྲོ་བ་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས། །བདེ་བ་ཅན་གྱི་ཞིང་དུ་དྲང་དུ་གསོལ། །འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་། །མྱུར་དུ་སངས་རྒྱས་ས་ལ་གཞག་ཏུ་གསོལ། །ཞེས་ལུས་ངག་ཡིད་གསུམ་གྱིས་གུས་པའི་ངང་ནས་གསོལ་བ་བཏབ་བོ། །ཞེས་དང་ཡང་དེ་ལས།
གྲུབ་ཐོབ་ལཀྵམི་ཀ་རས་རྫུ་འཕྲུལ་བསྟན་ཚུལ། དེ་ནས་དགེ་སློང་མ་དཔལ་མོ་ལོ་མང་ཞིག་གི་རྗེས་ལ་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་ལྷན་དུ་བཞུགས་ནས་དུར་ཁྲོད་བསིལ་བའི་ཚལ་དུ་ཟླ་བ་ཡར་ངོའི་ཚེས་བཅུ་དང་མར་ངོའི་ཚེས་ཉེར་ལྔ་རྣམས་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་ནཱ་རོ་མཁའ་སྤྱོད་མ་རྣམས་དང་དཔའ་བོ་དཔའ་མོ་བཅས་ལ་ཚོགས་འཁོར་རྒྱས་པ་འབུལ་བཞིན་བཞུགས། དེ་དུས་ཚོགས་ཀྱི་ཡོ་བྱད་བདུད་རྩི་ཤ་དང་ཆང་གཉིས་ཀྱང་ཕུལ། མ་ཟད་དགེ་སློང་མ་དཔལ་མོས་དེ་དག་ལ་ལོངས་ཡང་སྤྱད། དེ་ནས་ཡུལ་དེའི་མི་རྣམས་ཀྱིས་བདུད་རྩི་དམར་ནག་གཉིས་ལ་ལོངས་སྤྱོད་པར་མཐོང་ནས་དགེ་སློང་མ་དཔལ་མོ་ནི་མཛེ་ནད་དྲག་པོ་དེ་ལས་གྲོལ་ཀྱང་ཚུལ་ཁྲིམས་ཀྱི་བསླབ་པ་འཆལ་འདུག་ཟེར་ནས་ཧ་ཅང་གི་སྐུར་བ་བཏབ་བོ། །དེ་དུས་དགེ་སློང་མ་དཔལ་མོས་ཡུལ་མི་རྣམས་ལ་འདི་ལྟར་གསུངས། བདག་ཚུལ་ཁྲིམས་མ་ཉམས་པའི་དཔང་པོར་ནི་ཡི་དམ་གྱི་ལྷ་འཕགས་པ་སྤྱན་རས་གཟིགས་བཞུགས་ཡོད་གསུངས་ནས་ཁ་སར་པ་ཎིའི་དུས་མཆོད་ཀྱི་ཉིན་སྐྱེ་བོ་ཁྲི་ཕྲག་མང་པོ་ཚོགས་པའི་ཁྲོམ་གསེབ་ཏུ་རང་གི་དབུ་གྲི་གུག་གིས་བཅད་དེ་འཁར་སིལ་གྱི་རྩེ་ལ་བསྐྱོན་ཏེ་ནམ་མཁར་འཕངས་ནས་སྤྲིན་གྱི་གསེབ་ཏུ་ངོ་མཚར་བའི་གར་མང་པོ་མཛད། སླར་ས་ལ་བབས་ནས་བདག་ཚུལ་ཁྲིམས་ཉམས་ཡོད་ཚེ་སྐེ་ལ་སླར་མི་འབྱར་བར་གྱུར་ཅིག །གལ་ཏེ་མ་ཉམས་པར་ཡོད་ཚེ་སྐེ་ལ་ཡང་བསྐྱར་སྔར་བཞིན་འབྱར་བར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པས། དབུ་སྐད་ཅིག་ཉིད་ལ་རང་གི་མགྲིན་པ་ལ་སྔར་བཞིན་འབྱར་རོ། །
དེ་ནས་སྐྱེ་བོའི་ཚོགས་ཐམས་ཅད་དད་པ་སྐྱེས་ཏེ་རང་དབང་མེད་པར་མིག་ཆུ་འཐོན་ནས་དད་པའི་བ་སྤུ་ཐམས་ཅད་གཡོ་ཞིང་འདི་ལྟར་ཞུས། འདི་ཕྱིའི་སྐྱབས་གནས་བླ་མ་རིན་པོ་ཆེ་ལགས། བདག་ཅག་རྣམས་རྨོངས་པའི་དབང་གིས་མི་ཤེས་པའི་བླ་མ་ལ་སྐུར་བ་བཏབ་པའི་ལས་ངན་བསགས་པ་དེ་ལ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་མས་བདག་ཅག་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཤགས་པ་བཞེས་ནས། བདག་ཅག་རྣམས་ཀྱང་རྗེས་སུ་གཟུང་བར་མཛོད་ཅིག་ཅེས་གསོལ་བ་བཏབ་པས། དགེ་སློང་མ་དཔལ་མོས་འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས་ཡུལ་གྲུ་དེའི་མི་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་དྲངས་སོ། །
དེ་ནས་དགེ་སློང་མ་དཔལ་མོས་འདི་ལྟར་བསྟོད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ལམ་འདི་ཕྱོགས་དུས་ཀུན་ཏུ་སྤེལ་བ་ལ། །སྟོང་གྲོགས་བྱེད་པའི་བཀའ་སྲུང་ཕྱག་དྲུག་དང་། །ཀླུ་ཆེན་བརྒྱད་དང་རྟ་སྒོའི་གཞི་བདག་ལ། །བདག་གི་ལུས་ངག་ཡིད་གསུམ་གུས་པས་བསྟོད། །ཅེས་གསུངས་སོ། །དེ་ནས་དགེ་སློང་མ་དཔལ་མོ་དགུང་ལོ་དྲུག་ཅུ་རེ་བདུན་ཕེབས་པའི་ཚེ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཆུ་བོ་ནཻ་རཉྫ་ནའི་ཤར་ཕྱོགས་སུ་ལི་ཁ་ར་ཤིང་འཕེལ་བྱ་བའི་ཡུལ་དེ་རུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཁ་སར་པ་ཎི་ཞེས་བྱ་བ་ཞིག་ཡོད་པའི་གཙུག་ལག་ཁང་དེ་རུ་ཁོང་གིས་སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད་བཞིན་བཞུགས་པའི་ལོ་མང་ཞིག་གི་རྗེས་སུ་ལྷ་ཁང་དེའི་རྩེ་ལ་ཕེབས་མ་ཐག་ཏུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དགེ་སློང་མའི་སྐུ་ལུས་ཡལ་ལོ། །
དགེ་སློང་མའི་སྐུ་ལུས་ནམ་མཁའ་ལ་ཡལ་བའི་རྗེས་སུ་ཡུལ་གྲུ་དེའི་མི་ཐམས་ཅད་ནི་བྱི་ཕྲུག་ནམ་མཁའ་ལ་ཁ་གདངས་པ་ལྟར་ཁ་གདངས་ནས་བདག་ཅག་རྣམས་ཀྱང་རྗེས་སུ་ཟུངས་ཟེར་ནས་དབུགས་རིང་ཐོན་བཞིན་སྐད་ངན་བརྒྱབས། ལ་ལ་ནི་དྲན་མེད་དུ་ས་ལ་བརྒྱལ། ལ་ལས་ནི་མགོ་ས་ལ་བརྒྱབས། ལ་ལ་ནི་སྡུག་བསྔལ་གྱིས་མ་བཟོད་པར་ཡར་རྒྱུག་མར་རྒྱུག་བྱས། ལ་ལས་རང་སྲོག་རང་གིས་གཅོད་ཐབས་བྱས། ལ་ལ་ནི་བདེན་རྫུན་མགོ་མ་ཚོད་པར་མགོ་འཐོམས་ནས་ལུས། ལ་ལ་ནི་མིག་ཆུ་འབྲལ་མེད་དུ་འཐོན་ནས་ས་ཡང་ནག་པོར་མཐོང་། ལ་ལས་ནི་ཕར་འབོད་མར་འབོད་གཏོང་བཞིན་ལྷ་ཁང་དེའི་ཕྱི་ནང་རྒྱུག་བཞིན་རང་སེམས་འཐོར་ནས་ལུས། ལ་ལས་ནི་མ་རྒན་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བར་ཤོག་ཅིག་བྱས་ནས་སྨོན་ལམ་ཤུགས་ཆེན་བཏབ། ལ་ལས་ནི་བརྐྱངས་ཕྱག་མང་དུ་འབུལ་ཞིང་གསོལ་བ་བཏབ། ལ་ལས་ནི་འདི་སྐད་སྨྲས། ཀྱེ་མ་ཀྱེ་ཧུད་ཐུགས་རྗེ་ཆུང་། །བདག་ཅག་བློ་གཏད་སུ་ལ་འཆའ། །དམ་པའི་ཆོས་ནི་སུ་ལས་ཞུ། །འཆི་དུས་འཕོ་བ་སུ་ཡིས་འདེབས། །བར་དོའི་སྡུག་བསྔལ་སུ་ཡིས་སེལ། །སྒྲིབ་སྦྱོང་འཕྲིན་ལས་སུ་ཡིས་མཛད། །ཅེས་སོ། །
དེ་ནས་ཁ་སར་པ་ཎིའི་ལྷ་ཁང་དེ་ཡང་བྱ་ཚང་ནས་བྱ་ཐོན་པ་ལྟར་སྟོང་སངས་ངེར་ལུས་སོ། །ཡུལ་གྲུ་དེའི་མི་རྣམས་ཀྱི་སྡུག་བསྔལ་གང་བྱེད་ཀྱང་བྱ་ཐབས་དང་བྲལ། དེ་དུས་ཡུལ་གྲུ་དེའི་མི་རྣམས་ལ་ནམ་མཁའ་ནས་སྒྲ་འདི་ལྟར་བྱུང་། སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས། །མཛད་འཕྲིན་གྱིས་ཕྱོགས་བཅུར་ཁྱབ་ན་ཡང་། །སྐུ་མི་བཞུགས་མཚན་ཙམ་ཤུལ་དུ་ལུས། །དེ་ཀུན་ཀྱང་མི་རྟག་འཆི་བ་ཡིན། །སྔོན་ཡང་རང་སེམས་རྣམ་ཤེས་གཅིག་པུ་ཞིག །འཁྱམས་ཤིང་ལས་ལ་བརྟེན་ནས་འདིར་སྐྱེས་སོ། །ད་ཡང་མར་གྱི་དཀྱིལ་ནས་སྤུ་བཏོན་ལྟར། །ཐམས་ཅད་བཞག་ནས་རང་ཉིད་གཅིག་པུར་འགྲོ། །དེ་ནས་ཡུལ་གྲུ་དེའི་མི་རྣམས་ཀྱིས་སྒྲ་དེ་ལྟར་ཐོས་པ་དང་ཐམས་ཅད་ཀྱིས་མི་རྟག་པ་ཡིན་པར་ངོ་ཤེས་ནས་རང་གནས་སུ་ལོག་གོ །དེ་ནས་རྒྱལ་པོ་དྷརྨ་པཱ་ལས་ཀྱང་དགེ་སློང་གི་སྡོམ་པ་ཚུལ་བཞིན་དུ་བསྲུངས་ནས། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་རྣམས་ལ་བཅས་མཚམས་སྲོག་གི་ཕྱིར་ཡང་མི་གཏོང་བར་བསྲུང་བའི་དགེ་བ་ཆོས་སྡུད་དང་སེམས་ཅན་གྱི་དོན་སྒྲུབ་པ་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་རྫོགས་པའི་སྔོན་བསགས་སྡིག་ལྟུང་ཐམས་ཅད་མ་ལུས་པར་བྱང་ནས་རྒྱལ་བློན་འབངས་འཁོར་བཅས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ།། །།
དགེ་སློང་མ་དཔལ་མོའི་རྣམ་ཐར་བསྡུས་པ་བཞུགས་སོ། །
དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྗེས་སུ་བཟུང་བ་ནི་དགེ་སློང་མ་དཔལ་མོ་ཡིན་ཏེ། དེའི་རྣམ་པར་ཐར་པ་ནི། དེ་ཡང་དགེ་སློང་མ་དཔལ་མོ་ནི། རྒྱལ་པོ་ཨིནྡྲ་བྷོ་ཏི་ཆེ་བའི་སྲས་མོ། འབྲིང་པོའི་ལྕམ་སྲིང་ཡིན་ཞིང་། མིང་ཡང་ལེགས་སྨིན་འབྱུང་བ་བྱ་བ་ཡིན། བཟང་ཞིང་མཛེས་པ་ལྟ་ན་སྡུག་པ་གཅིག་ཡོད་པ་ལ། རྒྱ་གར་ཤར་ཕྱོགས་པས་ངའི་བུའི་བཙུན་མོ་བྱེད་དགོས་ཟེར་ཞིང་རིན་བསྐྱལ། དེ་བཞིན་དུ་ཁ་ཆེ་དང་། ཟ་ཧོར་དང་། ཨོ་རྒྱན་ལ་སོགས་པའི་རྒྱལ་པོ་ཐམས་ཅད་ཀྱིས་ང་ཡི་བུའི་བཙུན་མོ་བྱེད་ལ་སྟེར་དགོས་ཟེར་ཞིང་རིན་བསྐྱལ་ལོ། །དེ་དུས་ལྷ་གཅིག་རང་གིས་བསམ་པ་ལ། ཀྭ་ཡེ་བདག་ད་ལྟ་རིགས་བཟང་ཞིང་མཛེས་ལ་འབྱོར་པ་དང་ལྡན་པ་འདི་ཡང་། སྐྱེ་བ་སྔ་མ་བསོད་ནམས་བསགས་པ་ལས་བྱུང་བ་ཡིན་ནོ། །ད་རེས་དལ་འབྱོར་གྱི་མི་ལུས་འདི་ལ་བརྟེན་ནས་ཆོས་མ་བྱས་ན། སྐྱེ་བ་རྟིང་མ་ལ་མི་ཁོམ་པའི་གནས་བརྒྱད་དུ་ལྟུང་ནས་ཆོས་བྱེད་པའི་སྐལ་བ་མི་འོང་སྙམ་དུ་དགོངས་ནས། ལོ་བཅུ་གཉིས་ལ་ཆོས་སྒོར་ཞུགས་ནས་ཆོས་ཞུས་པས། ཆོས་མང་དུ་ཐོས་ཤིང་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏོ། །
དེ་ནས་སྔོན་གྱི་མི་དགེ་བའི་ལས་ངན་སྨིན་ནས། ལོ་བཅོ་ལྔ་ལ་མཛེ་ནད་བྱུང་ནས། ལུས་ཐམས་ཅད་ལ་ཤ་རོ་དང་། ཤ་བཀྲ་དང་། ཆུ་སེར་གྱིས་གང་། ཕྱག་གཉིས་མཁྲིག་མ་ནས་ཆད། ཞལ་ལ་ཁྲོ་ཡིས་འཛེར་བཏབ་པ་ལྟ་བུར་གྱུར། ལུས་ལ་ན་ཚ་དང་། སེམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་། དེར་བསམ་མནོ་བཏང་བས་འདི་ལྟ་བུའི་སྡུག་བསྔལ་འདི་དག་ཀྱང་ཚེ་རབས་སྔ་མའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པས་ཁུར་དགོས། སྡུག་བསྔལ་ལས་སྐྱོབ་ནུས་པའི་ལྷ་མ་ནོར་བ་ནི། ཐུགས་རྗེ་ཆེན་པོ་ཡིན་པས། དེ་ལ་གསོལ་བ་འདེབས་དགོས་དགོངས་ནས་ཆུ་བོ་ཆེན་པོ་གཅིག་གི་ཕར་ཁར། ཇོ་བོ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་བཞུགས་པའི་གཙུག་ལག་ཁང་གཅིག་ཡོད་པ་དེར་སོང་ནས་གསོལ་བ་འདེབས་དགོས་དགོངས་ནས། ཚེས་བཅོ་ལྔའི་དུས་སུ་མཆོད་པ་མང་དུ་ཁྱེར་ནས་ཆུ་དེ་ལ་བརྒལ་ནས། ཉ་དང་སྦལ་ལྕོང་མང་དུ་འདུག་པ་མཐོང་ནས་སྙིང་རྗེ་སྐྱེས་ཏེ། ཀཾ་ཀ་ནི་མང་དུ་རྣ་ལམ་དུ་བསྒྲགས་ཤིང་བྱོན་ནོ། །ཕར་ཁར་ཕྱིན་པ་དང་། ལྷམ་གྱོན་ནས་འགྲོ་བྱེད་དགོས་སྙམ་ཙ། ལྷ་ཁང་མཐོང་ནས་དགའ་དྲགས་ཤིང་དད་པ་སྐྱེས་ནས་བརྒྱུགས་ཤིང་ཕྱིན་པས། བཙུན་པ་ཆོས་གྲོ་ཚར་བ་ལ་སླེབས། དཀོར་གཉེར་གང་ཡིན་དྲིས་པས། བཙུན་པ་གཅིག་གིས་དཀོར་གཉེར་ང་ཡིན་ཟེར། ཁྱེད་ཅི་བྱེད་ཟེར་བ་ལ། ཁོ་མོ་ཐུགས་རྗེ་ཆེན་པོའི་ཞལ་ལྟ་འདོད་ཀྱིས་ལྷ་སྒོ་འབྱེད་པར་ཞུ་བྱས་པས། དཀོར་གཉེར་ན་རེ། ཁྱེད་སྐྱེ་བ་དམན་པའི་ཐོག་ཏུ་ཡང་མཛེ་མོར་འདུག་པས། སྒོ་རྒྱབ་ཏུ་འདུག་ལ་གསོལ་བ་ཐོབ་ཅིག་གསུངས།
དེ་ནས་སྒོ་རྒྱབ་ཏུ་བསྡད་ནས་གསོལ་བ་བཏབ་པས། ཇོ་བོ་སྤྱན་རས་གཟིགས་ཀྱི་སྐུ་དེ་གདན་ཁྲི་ལས་འཕགས་ནས་བྱུང་བས། དཀོར་གཉེར་ན་རེ་མཛེ་མོ་ཁྱོད་ནུས་པ་རེ་ཆེ་ཅི་ལྟ་བུ་ཞིག་ཡིན་ཟེར་བ་ལ། ལོ་རྒྱུས་བཤད་པས། ངོ་མཚར་ཆེ་ཟེར་ནས་ཕྱག་ཅིག་འཚལ། དེ་ནས་དཀོར་གཉེར་ན་རེ། ཁྱོད་ལ་མཛེ་བྱུང་ཡང་ཡོན་ཏན་ཅན་ཞིག་འདུག་པས། དོ་ནུབ་ལྷ་ཁང་ནང་དུ་བསྡད་པས་ཆོག་ཟེར། དེ་ནུབ་ལྷ་ཁང་ནང་དུ་བསྡད་ནས་སྲོད་ཀྱི་རིང་ལ། ན་མོ་བུདྡྷཱ་ཡཱ། ན་མོ་དྷརྨཱ་ཡཱ། ན་མོ་སང་གྷཱ་ཡཱ། ན་མོ་ལོ་ཀི་ཤྭ་ར་ཡཱ། ཞེས་གསོལ་བ་མང་དུ་བཏབ། ཉལ་ཁར་བདག་རྒྱལ་རིགས་སུ་སྐྱེས་ཞིང་ལོངས་སྤྱོད་དང་ལྡན་ཡང་། ནད་དྲག་པོ་འདི་འདྲ་ཞིག་གིས་ཐེབས་ཤིང་སྡུག་བསྔལ་དང་ལྡན་ནོ། །བདག་བསོད་ནམས་དང་ལྡན་པ་ཞིག་ཡིན་ན། དམ་པའི་ཆོས་ཚེགས་ཆུང་ལ་དོན་ཆེ་བ། བདག་གཞན་གྱི་དོན་འགྲུབ་པ་གཅིག་ལུང་སྟོན་དུ་གསོལ། ཞེས་ཇོ་བོ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་ཉལ་བའི་ཐོ་རངས་ཀྱི་ཆ་ལ་བབ་པ་ན། རྨི་ལམ་དུ་རང་གི་ཡབ་རྒྱལ་པོ་ཨིནྡྲ་ཟེར་བའི་ཁྱེའུ་ཆུང་མདོག་དཀར་བ་ཤེལ་གྱི་ཐོར་ཚུགས་དང་ལྡན་པ། རིན་པོ་ཆེའི་རྒྱན་མང་པོས་བརྒྱན་པ་གཅིག་གིས་ཤེལ་གྱི་བུམ་པ་ཅིག་བསྣམས་ནས། འདི་ཐུགས་རྗེ་ཆེན་པོ་ལ་ཞུས་པའི་ཁྲུས་ཆུ་ཡིན། ཁྱོད་ཀྱིས་ཁྲུས་གྱིས་ཤིག་ཟེར་ནས་སྤྱི་བོ་ནས་མར་བླུག་པས། ལུས་ངག་ཡིད་གསུམ་བདེ་ལྷོད་ཀྱིས་སོང་བ་སྙམ་བྱེད། སྐྱེས་བུ་དེའི་ཞལ་ནས། ལས་དང་སྐལ་བ་ལྡན་པའི་བུ་མོ་ཁྱོད། །དྲག་པོའི་མཛེ་ནད་འདི་ཡི་རྐྱེན་བྱས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཅིང་། །ཚེ་གཅིག་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །དུས་གསུམ་སངས་རྒྱས་ཐུགས་རྗེ་ཀུན་འདུས་པའི། །བཅུ་གཅིག་ཞལ་ལྡན་ཕྱག་སྟོང་སྤྱན་སྟོང་མངའ། །སྤྱན་རས་གཟིགས་དེ་དད་མོས་བསྒྲུབ་པར་གྱིས། །མྱུར་དུ་འགྲུབ་ཅིང་དངོས་གྲུབ་ཐོབ་པར་འགྱུར། །རིན་ཆེན་སྣ་དྲུག་སྒྲོན་མེ་འདི་ཐོགས་ཤིག །འགྲོ་དྲུག་འཁོར་བའི་མུན་པ་འདིས་སེལ་ལོ། །བདུད་རྩིས་བཀང་བའི་བུམ་བཟང་འདི་ཁྱེར་ཅིག །འགྲོ་དྲུག་དུག་ལྔའི་ནད་ཀུན་འདིས་ཞིའོ། །གཟུངས་སྔགས་ཆོས་ཀྱི་འབྲུག་སྒྲ་འདི་སྒྲོགས་ཤིག །སེམས་ཅན་མ་རིག་གཉིད་ལས་འདིར་བསླངས་སོ། །བསྐྱེད་རྫོགས་གསལ་བའི་མེ་ལོང་འདིར་ལྟོས་ཤིག །ཚེ་གཅིག་ཉིད་ལ་རྫོགས་སངས་རྒྱས་པར་འགྱུར། །ཞེས་གསུངས་པ་རྨིས་སོ། །དེ་ནས་ནམ་ལངས་ཁར་རྨི་ལམ་གྱི་དོན་སེམས་ཤིང་ཡོད་ཙ་ན། ནམ་མཁའ་ནས་གཟུགས་མེད་པའི་སྒྲ་གཅིག་གྲགས་པ་ལ་ཉན་པས་ན། ལས་དང་སྐལ་བ་ལྡན་པ་ཁྱོད། །འགྲོ་བ་དགེ་ལ་བཀོད་པའི་ཕྱིར། །འཕགས་པའི་སྤྲུལ་པ་དཔལ་ཞེས་བྱ། །དེ་ཉིད་ལུང་བསྟན་གདམས་ངག་ཞུས། །ཞེས་པའི་སྒྲ་གཅིག་གྲགས་སོ། །དེའི་ནངས་པར་དཀོར་གཉེར་ལ་ཡུལ་ཕྱོགས་འདི་ན། ཇོ་བོའི་ཆོས་ལ་མཁས། བསྒྲུབ་པ་ལ་བརྩོན་པ་ཅི་འདྲ་ཡོད་དྲིས་པས་ན། དཀོར་གཉེར་ན་རེ། སྔོན་གྱི་དུས་ན་ཏི་པམ་ཀ་ར་ཞེས་བྱ་བའི་གྲུབ་ཐོབ་གཅིག་ཡོད་པ་ནི་འདས། དེའི་སློབ་མ་བྷྲི་སིདྡྷི་བྱ་བའི་རྣལ་འབྱོར་པ། སྤྱན་རས་གཟིགས་ཀྱི་གྲུབ་ཐོབ་སྒྲུབ་པ་པོ་གཅིག་ཡོད་ཟེར། དེ་ལ་ཆོས་ཞུ་མི་མང་དུ་ཡོད་དམ་སྨྲས་པས། རྒྱ་གར་བ་ཆོས་ཞུ་མི་མང་པོ་མེད། བོད་ན་ཞུ་མི་འགའ་རེ་འོང་ཞིང་སྣང་། ད་ལྟ་ཕུག་པ་ཡ་ཀི་ན་བཞུགས་ནས་ཡོད་ཟེར།
དེ་ནས་ལུང་པ་དེའི་ཕུ་ན་ཡར་བྱོན་ཙ་ན། ལམ་ཁ་བྲག་པ་གཅིག་གི་སར་སྐྱེས་པ་སྟག་རལ་ཅན་ཞིག་གིས་ཞིང་རྨོ་ཞིང་སྣང་བའི་ཕྱི་ན་ཕར་ལ་བཙུན་པ་ཆོས་གོས་སྔོན་པོའི་སྟོད་གཡོག་ཅན་དར་དམར་སེར་གྱི་སྨད་གཡོགས་ཅན་གཅིག །ཕྱུག་གི་ཕྱི་དད་ལ་འགྲོ་ཞིང་། རོལ་ནང་ནས་འབུ་བྱུང་ཚད་ཐུ་ཞིང་ཟ་བ་མཐོང་ནས། འདི་ནི་རབ་བྱུང་གི་ཆ་ལུགས། སྡིག་པ་ལ་སྤྱོད་པ་གཅིག་འདུག་དགོངས་ནས། དད་ལོག་གཅིག་སྐྱེས་ནི་དེས་མཁྱེན་ནས་འདི་སྐད་ཅེས། བུ་མོ་ཁྱོད། ཁོ་བོ་ལ་དད་ལོག་མ་བྱེད། དག་སྣང་སྐྱེད་ཅིག་གསུང་པས། མོས་གུས་དུང་པ་གཅིག་བྱས་པའི་ཚེ། དེ་ཉིད་ཀྱི་ཞལ་ནས། ལས་དང་སྐལ་བཟང་བུ་མོ་ཁྱོད། །ལས་སྒྲིབ་སྣང་བ་བདེན་མ་འཛིན། །མ་འགགས་པ་ཡི་ཆོས་རྣམས་ལ། །བརྗོད་ཅེས་བྱ་བ་ག་ལ་ཡོད། །མ་སྐྱེས་པ་ཡི་སེམས་ཅན་ལ། །བསད་ཅེས་བྱ་བ་ག་ལ་ཡོད། །སྲིད་གསུམ་ཡེ་ནས་འོད་གསལ་ལ། །མ་རིག་ཉིད་ཀྱིས་སྒྲིབ་པ་མེད། །ཅེས་གསུངས་ཤིང་། ཞལ་ནས་ཧག་ཧག་ཅེས་གསུང་པའི་མོད་ལས། སྔར་གྱིས་འབུ་ཟོས་པ་རྣམས་གསོན་པོར་བྱུང་ནས། ནམ་མཁའ་ལ་འཕུར་ནས་སོང་ཙམ་ན། འཇའ་འོད་དུ་ཡལ་ནས་འགྲོ་བ་མཐོང་ངོ་། །
འདི་སྤྲུལ་པ་གཅིག་རེད་སྙམ་ནས་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་ནས། རང་གི་ལོ་རྒྱུས་རྣམས་བཤད་ཅིང་བདག་ལ་གདམས་པ་ཞིག་ཞུ་བྱས་པས། དེའི་ཞལ་ནས། བདག་ནི་ཕྱག་ན་རྡོ་རྗེ་ཡིན་མོད་ཀྱང་། །ཁྱོད་ཀྱིས་སྨོན་ལམ་འབྲེལ་པ་བདག་ལ་མེད། །དེ་ཕྱིར་ང་ཡི་གདམས་པས་ཁྱེད་མི་གྲོལ། །ཁྱོད་ཀྱི་བླ་མ་བདག་གིས་ལུང་བསྟན་ཏོ། །ཁྱོད་ནི་ཕུ་འདིར་སོང་ལ་ནགས་ཚལ་ན། །མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་དེའི། །མིང་ནི་དཔལ་གྱི་དངོས་གྲུབ་ཞེས་བྱ་ཡོད། །དེ་ལ་རིགས་རུས་ཕ་མ་ཡོད་མ་ཡིན། །ཁྱོད་ཀྱི་བླ་མ་དེ་འོས་གདམས་པ་ཞུས། །ཞེས་ལུང་བསྟན་ནོ། །དེ་ནས་ལྷ་ཅིག་གིས་ཕྱག་འཚལ་ནས། ཅི་འབྱོར་པས་མཆོད་ནས་ལན་གསུམ་སྐོར་བ་བྱས་ནས། ལུང་བསྟན་པ་དེའི་ནང་ནས་ཡར་སོང་ངོ་། །ལུང་པ་དེའི་ནང་ན་ཡུན་རིང་པོ་བཙལ་ཀྱང་མ་རྙེད་ནས་ལུང་པ་དེའི་ཕུ་ན་ཡར་ཕྱིན་པས། ནགས་ཚལ་རྒྱ་ཆེན་པོ་གཅིག་འདུག །ནགས་དེའི་ནང་དུ་ཚོལ་བ་ལ་སོང་ཙ་ན། འཇག་མའི་སྤྱིལ་པོ་ཞིག་གི་ནང་ན། རབ་ཏུ་བྱུང་བ་ཞིག་བཞུགས་ནས་སྣང་། ཉིད་ཀྱི་མིང་ཅི་ལགས་ཞུས་པས། བདག་གི་མིང་དཔལ་གྱི་དངོས་གྲུབ་བྱ་བ་ཡིན་གསུངས། དེ་ལ་ཕྱག་འཚལ་དངོས་དང་ཡིད་ཀྱི་མཆོད་པ་ཕུལ། ལན་གསུམ་སྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །ན་མོ། མི་ཚེ་འདི་ལས་ཕྱི་མ་རིང་། །བཟོད་དཀའ་འཁོར་བའི་སྡུག་བསྔལ་ལས། །ཐར་ཐབས་གདམས་ངག་བསྟན་པར་འཚལ། །བདག་ནི་བློ་དམན་ཤེས་རབ་ཆུང་། །ཚེགས་ཆུང་དོན་ཆེའི་གདམས་པ་ཞིག །ཇོ་བོས་བདག་ལ་བསྟན་དུ་གསོལ། །ཞེས་ཞུས་པས། ཇོ་བོས་རབ་ཏུ་བྱུང་བ་དེའི་ཞལ་ནས། ཕལ་ཆེར་བུད་མེད་ཁྱེད་ཅག་རྣམས། །དད་པ་ཆུང་ཞིང་སྙིང་རུས་མེད། །རྣམ་རྟོག་རགས་ཤིང་ཉོན་མོངས་ཆེ། །ཁྱོད་ཀྱིས་དམ་ཆོས་ཅུང་ཡོང་ངམ།།ཞེས་གསུངས་པ་ལས། ཞུས་པ། བདག་ནི་ཨོ་རྒྱན་རྒྱལ་པོའི་ལྕམ། །སྔོན་གྱི་ལས་ཀྱིས་ནད་ཀྱིས་ཐེབས། །རྒྱལ་རིགས་སྨྲ་བ་ལན་ཅིག་ཡིན། །བཀའ་བཞིན་བསྒྲུབ་བོ་གདམས་པ་ཞུ། །ཞེས་གསོལ་བས་ཡང་གསུངས་པ། བུ་མོ་སངས་རྒྱས་དོན་གཉེར་ན། །དེའི་རྟེན་ལ་རབ་བྱུང་དགོས། །ཁྱོད་ཀྱིས་ཡབ་ལ་བཀའ་གནང་ཞུས། །དེ་མིན་བདག་ལ་ཆད་པ་ཕོག །ཅེས་གསུངས། དེ་ནས་ཡབ་རྒྱལ་པོའི་དྲུང་དུ་སོང་ནས། རབ་ཏུ་བྱུང་བའི་གནང་བ་ཞུས་ཏེ། རྒྱལ་པོའི་བཀའ་གནང་ནས། བླ་མའི་དྲུང་དུ་སོང་ནས་རབ་ཏུ་བྱུང་བ་ཞུས་པས། བླ་མའི་རབ་བྱུང་མཛད། བླ་མས་མཚན་ལ་དྲངས་ནས་མིང་ཡང་དཔལ་མོ་བཏགས། དེ་ནས་བླ་མ་དེ་ལ་ཆོས་ཞུས་པས། ཇོ་བོ་སྤྱན་རས་གཟིགས་ཀྱི་དབང་བསྐུར། རྒྱུད་བཤད། གདམས་ངག་ཐམས་ཅད་ཚང་བར་གནང་སྟེ། འདི་སྐད་གསུངས། བུ་མོ་ཁྱོད་སྐྱེ་བ་སྔ་མའི་ལས་མི་དགེ་བའི་ལྷག་མ་མཛེ་ནད་འདིས་ཟིན་ཀྱང་སྐལ་ལྡན་མ་ཡིན་ཞིང་། ནད་འདི་ཡི་རྐྱེན་བྱས་ནས་མྱུར་དུ་དངོས་གྲུབ་ཐོབ་པར་གདའོ། །ཁྱོད་རང་མཚམས་ཆོད་ལ་རྩེ་གཅིག་ཏུ་སྤྱན་རས་གཟིགས་སྒྲུབས་ཤིག །
དེ་ནས་བླ་མའི་གནས་དང་ཉེ་བའི་ས་གཅིག་ན་འཁོར་རྣམས་ཀྱིས་རྩྭའི་སྤྱིལ་པོ་ཕུབས་ནས་བཞུགས་ཏེ། འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་ཤིང་ཉིན་མོ་ནི་ཡི་གེ་དྲུག་མ་འདོན། མཚན་མོ་ནི་བཅུ་གཅིག་ཞལ་གྱི་གཟུངས་རིང་བཏོན་པས། ལས་ངན་ཐམས་ཅད་བསླངས་ནས་སྐུ་ལུས་ཀྱི་ན་ཚ་གཟེར་ཟུག་ཐམས་ཅད་ཆེར་སོང་། རྣག་ཁྲག་མང་དུ་བབས། ཟས་ཀྱང་ཕྱག་གཉིས་མེད་པས་བཟུང་མ་ཤེས་ནས་ཁྱི་ཁྲུད་འཐུང་བ་ལྟར། ཟླ་བ་དྲུག་སོང་བའི་ནུབ་ཅིག་ཐུགས་དགོངས་ལ། བདག་ལ་བསྒྲུབ་སླ་ལ་དོན་ཆེ་བ། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ལྷ་ཅིག་དགོས་པར་ཡོད་པ་ལ། འདི་ལས་མི་སྣང་། དེ་དེ་ལྟ་བུའི་ལྷ་ཅིག་བླ་མ་ལ་ཞུ་རྒྱུ་བདོག་གམ་སྙམ་ནས། བླ་མ་ལ་བདག་ལ་ཚེགས་ཆུང་ལ་དོན་ཆེ་བའི་ཆོས་གཅིག་ཞུ། ཁྱད་པར་ནད་རིགས་འདི་ལ་ཕན་པའི་ལྷའི་སྒྲུབ་ཐབས་ཤིག་ཞུ་དགོས་ཞུས་པས།
བླ་མའི་ཞལ་ནས། གཤིན་རྗེ་དང་མ་མོ་འདུལ་དཔོན་འཕགས་པ་འཇམ་དཔལ་ཡིན། གནོད་སྦྱིན་དང་སྡེ་བརྒྱད་འདུལ་དཔོན་ཕྱག་ན་རྡོ་རྗེ་ཡིན། ཀླུ་དང་ས་བདག་འདུལ་བ་ལ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་འདི་བསྔགས་པ་ཡིན་པས། ད་ཁྱེད་འདིར་མ་འདུག་པར་ལི་ཁ་ར་ཤིང་འཕེལ་བྱ་བའི་གནས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཞལ་བཅུ་གཅིག་པ་བཞུགས་པའི་གཙུག་ལག་ཁང་ཡོད་པས་དེར་སོང་ལ་སྒྲུབས། ཡང་ན་དེའི་ཕར་ཁར་འདམ་བུ་རྒྱུ་བའི་ཚལ་བྱ་བ་ན། ཇོ་བོ་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ། བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡོད་པས། དེ་གཉིས་གང་འཐད་ཅིག་ཏུ་ཐུགས་རྗེ་ཆེན་པོ་སྒྲུབས། མཚན་མོ་གཟུངས་རིང་ཐོན། ཉིན་མོ་ཡི་གེ་འབྲུ་དྲུག་པ་དེ་ཟུངས་ལ་ཀློགས་ཤིག །འཆང་ཞིག །ཀུན་ཆུབ་པར་གྱིས། ཚེགས་ཆུང་ལ་དོན་ཆེ་བ་དེ་ཡིན། བསྙུང་གནས་དང་ལྡན་པས་བསྐྱེད་རྫོགས་ནན་ཏན་བསྒོམ་ཞིང་གསོལ་བ་ཐོབ་ཅིག་དང་ལོ་གཅིག་དང་ལོ་བཅུ་གཉིས་ནས་རྗེ་བཙུན་མ་སྒྲོལ་མ་དང་རྟོགས་པ་མཉམ་ཞིང་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ།
དེ་ནས་བླ་མའི་བཀའ་བཞིན་ལི་ཁ་ར་ཤིང་འཕེལ་དུ་བྱོན་པ་ན། ཉིན་ལམ་གསུམ་བསྒྲོད་པའི་ས་གཅིག་ན། ཤིང་ནེ་ཏྲོ་ཏའི་སྡོང་པོ་གཅིག་གི་ཞབས་སུ་ཞག་མལ་མཛད་ནས་བཞུགས་པས། དེ་ནུབ་གཅན་གཟན་གདུག་པ་ཅན་མང་པོའི་སྒྲ་སྐད་ཆེན་པོ་ཚོར་བས། འཇིགས་ཤིང་དུག་སྦྲུལ་འབྱུང་དོགས་པའི་འཇིགས་པ་ཆེན་པོ་བྱུང་བས། སྲོད་ལ་ཇོ་བོ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པས། སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབས་ཀྱི་ཞལ་གཟིགས་པས། བསྟོད་པ་ཡང་མཛད་དོ། །ཐོ་རངས་གཉིད་སད་པ་ན་ཐུགས་དགོངས་ལ། ད་ལི་ཁ་ར་ཤིང་འཕེལ་དུ་འགྲོ་བ་ལ། ད་དུང་ཟླ་བ་ཙམ་ཡོད་པར་འདུག །བདག་གི་ལུས་མ་བདེ་བ་དང་། ཡན་ལག་མ་ཚང་བ་འདིས་གཅན་གཟན་དང་སྦྲུལ་གྱིས་འཇིགས་པས་གཙེས་ན། གནས་དེར་བསྒྲོད་མི་ནུས་པ་འདྲ་སྙམ་ནས། ཐུགས་ཁྲལ་མཛད་ཅིང་ཡོད་པའི་སྐབས་སུ་འོད་དམར་པོ་དམར་ལམ་པ་ཞིག་བྱུང་། གཟིགས་པ་ན་བུ་མོ་དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེ་སྣ་ལྔའི་བརྒྱན་པ་མགོ་ལ་མེ་ཏོག་དམར་པོའི་ཐོད་བཅིངས་བ་ཉི་ཤུ་རྩ་གཅིག་བྱུང་བ་ལ། ཁྱེད་རྣམས་གང་ནས་འོང་ཅི་ལྟ་བུ་ཡིན་བྱས་པ་ལ། བདག་རྣམས་ཨོ་རྒྱན་ནས་འོང་། པདྨའི་རིགས་ཀྱི་མཁའ་འགྲོ་མ་ཡིན་ཟེར། དེར་དགེ་སློང་མ་དཔལ་མོས། དེ་ལྟ་ན་ལི་ཁ་ར་ཤིང་འཕེལ་ན་མྱུར་དུ་སླེབ་པའི་དངོས་གྲུབ་ཞུ་བྱས་པས། དེ་དག་གིས་རས་དཀར་པོ་ཡུག་གཅིག་ཁ་ཚར་དང་བཅས་པ། ནམ་མཁར་བརྐྱང་ལ་འདི་ལ་འཇུས་ཤིག་ཟེར། དེ་ལ་བཟུང་ཙམ་ན། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་གྱིས་ལི་ཁ་ར་ཤིང་འཕེལ་གྱི་གཙུག་ལག་ཁང་གི་སྒོ་དྲུང་ན་སླེབས་ནས་འདུག །ཁོང་རྣམས་ཀྱིས་རས་ཟུང་ཡུག་ལྔའི་སྟེང་དུ་འབྲས་དྲུས་མ་ཁལ་ལྔ་བླུགས་ནས་འདུག་སྟེ། ད་རས་འདི་ལ་ན་བཟའ་མཛོད། འབྲས་འདི་ལ་གསོལ་ཟས་མཛོད་ལ་ཇོ་བོ་སྒྲུབས་ཤིག །ལོ་བཅུ་གཉིས་ནས་རྡོ་རྗེ་ཕག་མོ་དང་རྟོགས་པ་མཉམ་ནས། ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱི་གཙོ་མོར་འགྱུར་རོ། །དེའི་ཚེ་བདག་ཅག་རྣམས་ཀྱང་ཉིད་ཀྱི་འཁོར་དུ་ཡོང་ཟེར། དེ་ལྟར་ཉིད་ཀྱི་ཐུགས་ཀྱིས་དགོངས་འཚལ་ཟེར་ནས་མི་སྣང་བར་གྱུར་ཏོ། །
དེ་ནས་ལི་ཁ་ར་ཤིང་འཕེལ་གྱི་ལྷ་ཁང་གི་སྒོ་རྩ་ན་བསྡད་ནས། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡོད་ཙ་ན། དཀོར་གཉེར་ན་རེ། ཁྱོད་སྐྱེ་བ་དམན་པའི་སྟེང་དུ་མཛེ་མོར་སྣང་། དེར་མ་འདུག་ལྷ་ཁང་གི་སྒོ་རྩ་དེར་སྲུལ་ནས་ངས་རྩྭའི་སྤྱིལ་པོ་རྒྱང་ལ་འཕེན་པ་ཡིན་ཟེར་ནས་སྡོད་མ་སྟེར། དེར་ཆུ་ཕར་ཁར་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་ལྷ་ཁང་དུ་སོང་ནས་ཟླ་བ་དྲུག་ལ་ཉིན་མོ་ཡི་གེ་དྲུག་པ་བཏོན། མཚན་མོ་གསོལ་བ་བཏབ་ཀྱང་ཁམས་སྐྱེད་ཆེན་པོ་མ་བྱུང་།
དེ་ནས་སླར་ཡང་ལི་ཁ་ར་ཤིང་འཕེལ་དུ་ལོག་ནས་སོང་སྟེ། ལྷ་ཁང་གི་རྒྱབ་ཕྱོགས་སུ་སོང་ནས་རྩྭའི་སྤྱིལ་པོ་ཕུབ་ནས་ད་བདག་གིས་མཆོག་གི་དངོས་གྲུབ་ཐོབ་ཀྱི་བར་དུ་གནས་གཞན་དུ་འགྲོ་རི་གསུངས་ནས་དབུ་བསྙུང་བཞེས། ཉིན་གཅིག་བསྙེན་གནས། ཉིན་ཅིག་བསྙུང་གནས་མཛད་ཅིང་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་བསྐྱེད་རྫོགས་བསྒོམ་ཞིང་གཟུངས་རིང་དང་ཡི་གེ་དྲུག་མ་ལ་ཐུགས་དམ་མཛད་པས། ལོ་གསུམ་སོང་ནས། ནུབ་ཅིག་ཐུགས་དགོངས་ལ། གཙང་སྦྲ་དང་བསྙུང་གནས་ལ་སོགས་དཀའ་བ་སྤྱད་མི་དགོས་པར། བསྒྲུབ་སླ་བའི་ལྷ་ཅིག་ཡིན་ན་དགའ་སྟེ་མི་སྣང་། ད་ཀུན་ནད་འདི་ཡི་རྐྱེན་བྱས་ནས་ཤི་ན་དགའ་བ་ལ་སྙམ་དུ་ཐུགས་དགོངས་འཕྲོ་ལ་གཉིད་དུ་སོང་སྣང་། ཐོ་རངས་གཉིད་སད་ནས་བལྟས་པ་ན། སྤྱིལ་པོའི་ནང་ཐམས་ཅད་འོད་ཀྱིས་གང་ནས་ཕར་བལྟས་པ་ན་ཁྱེའུ་སེངྒེ་ལ་ཞོན་པ་གཅིག་བྱུང་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སྒྲུབ་པ་བསྒྲུབ་སླ་ལ་དོན་ཆེ་བ་འདི་ཉིད་ཡིན། མྱུར་དུ་སྒྲོལ་མ་དང་རྟོགས་པ་མཉམ་པར་འགྱུར་རོ། །ཞེས་ལྕེ་ཐོག་ཏུ་བདུད་རྩིའི་རིལ་བུ་གཅིག་བཞག་གོ །དེ་ཉིད་རོ་བརྒྱ་བྲོ་བ་ཞིག་བྱུང་། ཉིད་སུ་ལགས་ཞུས་པས། འཇམ་དཔལ་གཞོན་ནུ་ཡིན་གསུངས།
དེས་ན་མཆོག་གི་དངོས་གྲུབ་ཞུ་ཞུས་པས། ད་ལྟའི་དེ་ག་ཡིན་མོད་གསུངས། ད་ཁྱེད་ཀྱིས་སངས་རྒྱས་ཉིད་ཀྱི་ཐུགས་རྗེ་འདུས་པའི་ངོ་བོ་སྤྱན་རས་གཟིགས་ཞལ་བཅུ་གཅིག་བསྐྱེད་རྫོགས་རྩེ་གཅིག་ཏུ་སྒོམས་ཤིག །ལོ་དགུ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་ཅིང་། ཆོ་འཕྲུལ་གསུམ་ལ་དབང་འབྱོར་བར་འགྱུར་རོ་གསུངས་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་ངོ་། །དེ་ནུབ་ནས་ལུས་སེམས་བདེ་བས་ཁྱབ། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་ལ་འཁྲུངས། ནམ་ལངས་བ་དང་ཞལ་བཅུ་གཅིག་པའི་ལྷ་ཁང་གི་སྒོ་དང་། ཇོ་བོའི་ཞལ་ཡང་དགེ་སློང་མ་དཔལ་མོ་ལ་བསྟན་ནས་འདུག །མཛེ་ནད་ཀྱང་སྦྲུལ་གྱི་ལྤགས་པ་ལྟར་སོང་ནས་ཕན། ཕྱག་གཉིས་སོར་ཆུད་ཅིང་སྔ་མའི་ཕྱག་ལྟ་བུར་གྱུར།
དེ་ནས་བཟའ་བཏུང་ཡིད་ལ་མི་བྱེད་པར་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་བསྐྱེད་རྫོགས་ལ་ཉིན་མཚན་འཁོར་ཡུག་ལ་ཐུགས་དམ་མཛད་པས། སྔར་ལོ་གསུམ་བསྙུང་ནད་ཕན་ནས་ལོ་དགུ་དང་། བཅུ་གཉིས་སོང་པའི་ས་ག་ཟླ་བའི་ཚེས་གཅིག་གི་ཉིན་མོར་སྒྲོལ་མ་དཀར་མོ་དང་། སྔོན་མོ་གཉིས་ཀྱི་ཞལ་གཟིགས། སྒྲོལ་མ་ཉིད་ཀྱི་ཞལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཁྱོད་ཀྱིས་བྱེད་པར་འགྱུར་རོ་ཞེས་གསུངས་པ་དང་པོའི་ཡོན་ཏན་རྒྱུད་ལ་སྐྱེས་སོ། །
ཚེས་བརྒྱད་ཀྱི་ཉིན་པར་དོན་ཡོད་ཞགས་པ་ལྷ་ལྔའི་ཞལ་གཟིགས། སྤྱན་རས་གཟིགས་ཀྱི་སྒོ་ནས་འགྲོ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པར་འགྱུར་རོ། །ཞེས་གསུངས་སོ། །ཚེས་བཅོ་ལྔའི་ཉིན་མོ་རི་ཨུ་ཤུ་རིའི་རྩེ་ནས་གསེར་གྱི་གདུགས་ཆེན་པོ་ནམ་མཁའ་ཙམ་ཞིག་འཁོར་གཟིགས་པས། ཡ་ཀི་ང་ལ་གནོད་པའི་སྟེང་ལྷའི་གདོན་ཡིན་ནམ་སྙམ་སྟེ། སྤྱན་རས་གཟིགས་ཀྱི་བསྐྱེད་རིམ་དང་ལྡན་པས་སྔས་མགོར་དམ་ཚིག་གི་རྡོ་རྗེ་ཞིག་ཡོད་པ་བླངས་ཏེ། ནམ་མཁར་གདེངས་པས་རྒྱུ་སྐར་ཐམས་ཅད་འདར་ཞིང་སྣང་ངོ་། །འོ་ན་འོག་ཀླུའི་གནོད་པ་གཅིག་ཡིན་ནམ་སྙམ་ནས། རྡོ་རྗེ་དེས་འོག་ས་ལ་བརྡེག་པས། ས་རྣམ་པ་དྲུག་ཏུ་གཡོས་སོ། །འདི་ཇོ་བོའི་སྤྲུལ་པ་གཅིག་ཡིན་ནམ་སྙམ་སྟེ། མིག་བཙུམས་ནས་རྩེ་གཅིག་ཏུ་གསོལ་བ་གདབ་ཅིང་མོས་གུས་དྲག་པོ་བྱས་པས། འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་ཕྱག་སྟོང་དང་ལྡན་པའི་ཞལ་གཟིགས། དེའི་སྐུ་ལུས་ཀྱི་ནང་དུ་གསང་སྔགས་ཀྱི་ལྷ་མང་པོ་དང་བ་སྤུ་རེ་རེའི་རྩ་བ་ན། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མང་པོའི་འཁོར་ཞིང་གི་བཀོད་པ་གཟིགས། ཕྱག་སྟོང་ལ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་སྤྲུལ་པ་དང་། སྤྱན་སྟོང་ལ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གི་སྤྲུལ་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བའི་ཞལ་གཟིགས།
གཞན་ཡང་ཕྱོགས་སྐྱོང་བཅུ་དང་། རྒྱལ་ཆེན་སྡེ་བཞི་དང་། ལྷ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། འཇིགས་བྱེད་དགུ། ཀླུ་ཆེན་བརྒྱད་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན། དྲི་ཟ་ལ་སོགས་དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས། ཞལ་བཅུ་གཅིག་པ་ལ་མཆོད་པར་བྱེད་ཅིང་དེ་དག་གིས་བདག་ཅག་རྣམས་ཕྱིན་ཆད་སྤྱན་རས་གཟིགས་ཀྱི་བཀའ་འབངས་སུ་བགྱི་ཞིང་ཆོས་སྒྲུབ་པ་ཐམས་ཅད་བསྲུང་ཞིང་སྐྱོབ་པར་བགྱིའོ་ཞེས་ཞལ་གྱིས་བཞེས་སོ། །ལྷ་ཡི་བུ་དང་བུ་མོ་རྣམས་ཀྱིས་སྟེང་གི་ནམ་མཁའ་ལ་མེ་ཏོག་གིས་ཆར་ཆེན་པོ་ཕབ། དེའི་ཚེ་དགེ་སློང་མ་དཔལ་མོས་ཇོ་བོ་ཞལ་བཅུ་གཅིག་པ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་བཅུ་གཉིས་ལོན་ནས་ཆོས་སྒོར་ཞུགས། །བཅོ་ལྔ་རབ་བྱུང་ཡི་དམ་ལྷ་གསུམ་མཇལ། །དེ་ནས་ལོ་བཅུ་གཉིས་བར་དུ་ཁྱེད་བསྒྲུབ་ཀྱང་། །འཕགས་པའི་ཞལ་ནི་ད་ལྟའི་བར་མ་མཐོང་། །ཐུགས་རྗེ་རེ་ཆུང་ཞུས་པས། ཇོ་བོ་སྤྱན་རས་གཟིགས་ཀྱི་ཞལ་ནས། ཇི་ལྟར་མུན་ལོང་དག་གི་ལག་པ་རུ། །ནོར་བུ་རིན་ཆེན་འོད་འབར་གནས་གྱུར་ཀྱང་། །དམུས་ལོང་དེ་མི་མཐོང་སྟེ་མིག་མེད་ཕྱིར། །དེ་ཉིད་ནོར་བུའི་སྐྱོན་ནི་མ་ཡིན་ནོ། །ཇི་ལྟར་མིག་དང་ལྡན་པའི་སྐྱེས་བུ་ལ། །འོད་ལྡན་ཉི་མའི་དཀྱིལ་འཁོར་མངོན་སུམ་མཐོང་། །སྒྲིབ་ཚོགས་སྤྲིན་བྲལ་དད་པའི་མིག་གིས་ནི། །འཕགས་པའི་ཉི་མ་ཤེས་བྱ་ཀུན་སྣང་མཛད། །གཞན་དུ་དགེ་སློང་མ་ཁྱོད་ཀྱིས་བདག་ལ་གསོལ་བ་འདེབས་ཤིང་སྒྲུབ་པ་ལ་མགོ་བརྩམས་པའི་ནུབ་མོ་ནས་ཁྱོད་རང་གི་མདུན་དུ་འབྲལ་མེད་དུ་གནས་ཡོད་ཀྱང་། ཁྱོད་རང་གི་ལུས་ཀྱི་སྒྲིབ་པས་བསྒྲིབས་ནས་མ་མཐོང་བ་ཡིན་ནོ། །
དེ་ནས་ཁྱོད་ཀྱིས་ལོ་བཅུ་གཉིས་ཀྱི་བསྐྱེད་རྫོགས་བསྒོམས་པས་སྒྲིབ་པ་ཐམས་ཅད་དག་ནས་ད་ལྟ་མངོན་སུམ་དུ་མཐོང་བ་ཡིན་ནོ། །ཞེས་གསུངས་པས། དགེ་སློང་མས་མིག་གིས་བལྟས་པ་ན། སྔོན་དུས་རྣག་ཁྲག་སྔས་མགོར་ཕྱིས་པ་དང་། ལུད་པ་བོར་བ་རྣམས་ཇོ་བོའི་སྐུ་ཡི་སྨད་གཡོགས་ལ་འགོས་རུང་འདུག་པ་མཐོང་སྟེ་ཡིད་ཆེས་སྐྱེས་སོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ནས། དགེ་སློང་མ་ཁྱེད་ཀྱིས་སྣ་ནས་ཧཱུྃ་ཞེས་རླུང་ལན་གསུམ་བུས་ཤིག་གསུངས། དེ་ལྟར་བྱས་པས་ཚེ། སྡིག་པ་ར་ཅོ་ཅན་སྣ་ནས་བྱུང་ནས་ནམ་མཁའི་མཐོངས་སུ་ཡལ་ནས་སོང་ངོ་། །
དེའི་དུས་ན་དགེ་སློང་མ་དཔལ་མོས་ལོ་ཉི་ཤུ་རྩ་བདུན་བཞེས་ཏེ། སྐུ་མདོག་ཀྱང་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ། །ལུས་དང་སྣང་བ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་སྐུ། འཇའ་ཚོན་ལྟ་བུས་ཁྱབ་པར་མཐོང་། དེ་དག་ཐམས་ཅད་ཀྱང་རང་དང་དབྱེར་མེད་པར་མཐོང་། བདུད་ཀྱི་ཚོགས་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ། ཕྱོགས་སྐྱོངས་བཅུ་དང་རྒྱལ་ཆེན་སྡེ་བཞི་དང་ཀླུ་ཆེན་པོ་བརྒྱད་ཀྱིས། སྤྱན་རས་གཟིགས་བཀའ་བསྲུང་དུ་ཁས་བླངས་ནས། སྒྲུབ་པའི་བར་ཆད་སེལ་བའི་ཆོས་སྐྱོང་དུ་དམ་བཅས་སོ། །ས་ག་ཟླ་བ་ནག་མཐོང་གི་ཟླ་བའི་ཚེས་བཅོ་ལྔ་ལ་བར་དུ་གཅོད་པའི་བདུད་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་བཀོད། ཉོན་མོངས་པའི་སྒྲིབ་པ་དག །ཤེས་བྱའི་སྒྲིབ་པ་ནི་དག །སྐད་ཅིག་དེ་ཉིད་ལ་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐོབ་སྟེ། ཆོས་ཉིད་དོན་དམ་པའི་བདེན་པ་ཅི་ལྟ་བ་བཞིན་མངོན་སུམ་དུ་མཐོང་། ས་བཅུའི་ཡོན་ཏན་གྱི་ཞིང་རྡུལ་གྱི་གྲངས་དང་མཉམ་པ་འབུམ་ཕྲག་བཅུ་གཅིག་ལ་དབང་བསྒྱུར་བར་གྱུར་ཏོ། །
དེའི་ཚེ་དགེ་སློང་མ་དཔལ་མོ་ཏ་ལ་བདུན་སྲིད་ཙམ་གྱིས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། འོད་ཟེར་སྟོང་ཕྲག་དྲུག་ཅུའི་རྩེར་སྤྲུལ་པའི་ལྷ་མོ་མང་པོས་འཕགས་པ་མཆོད་པའི་ཆོ་འཕྲུལ་མཛད་ཅིང་། ཇོ་བོ་ལ་བསྟོད་པ་བརྒྱ་རྩ་པ་དང་། ཉི་ཤུ་པ་དང་། པོ་བསྟོད་དང་། སྨོན་ལམ་ཉི་ཤུ་པ་རྣམས་ཀྱིས་བསྟོད་ཅིང་སྨོན་ལམ་ཡང་མང་པོ་མཛད་དོ། །དེ་ནས་ཀྱང་སེམས་ཅན་གྱི་དོན་དུ་བསྙུང་བར་གནས་པ་ཟླ་བ་གསུམ་གྱི་བར་དུ་མཛད་དོ། །དེ་ནས་ཡུལ་དབུས་སུ་བྱོན་ནས། དགེ་སློང་མ་ཉིད་ཀྱིས་བླ་མ་གྲུབ་ཐོབ་ཕག་ཚང་བ་དུར་ཁྲོད་དུ་སྤྱོད་པ་མཛད་པའི་དྲུང་དུ་སོང་ནས། དགེ་སློང་མས་ཀྱང་ཚོགས་མཆོད་གསོལ་ཞིང་། བདེ་སྟོང་གི་གར་མཛད་ཅིང་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཟག་པ་མེད་པ་མངོན་དུ་གྱུར་པས། ས་བཅུའི་ཡོན་ཏན་རྒྱུད་ལ་སྐྱེས་པར་མཛད་ཅིང་། གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པས། མི་རྣམས་ན་རེ། དགེ་སློང་མ་འདི་མཛེ་ནད་ལྟར་ཕན་ནས་སྣང་སྟེ། བསླབ་པ་གཡེལ་དུ་སོང་ནས་གདའ་ཟེར་ཞིང་སྐུར་པ་བཏབ། ཡབ་རྒྱལ་པོས་ཀྱང་ཁྱོད་ཚུལ་ཁྲིམས་འཆལ་ཞིང་ཕམ་པ་བྱུང་བས། ང་དང་གནས་གཅིག་ཏུ་འདུག་མི་རུང་གསུངས་པ་ལ། དགེ་སློང་མས་ཁོ་མོ་ཚུལ་ཁྲིམས་རྣམ་དག་པའི་དཔང་པོ་ལ་ཡི་དམ་གྱི་ལྷ་ཡོད་གསུངས་ཏེ། ཁ་སར་པ་ཎི་ཡི་མཆོད་པའི་ཁྲོམ་གསེབ་ཏུ་རང་གི་མགོ་གྲི་ཁུག་གིས་བཅད་ནས་མཁར་སིལ་གྱི་རྩེ་ལ་བསྐྱོན་ནས། སྟེང་གི་ནམ་མཁའ་ལ་འཕགས་ཏེ་སྤྲིན་གསེབ་ཏུ་གར་མཛད་དོ། །
སླར་ཡང་ས་ལ་བབ་སྟེ། ཁོ་མོ་ཚུལ་ཁྲིམས་འཆལ་ཞིང་ཕམ་པ་བྱུང་ན་མགོ་བོ་དང་ལུས་གཉིས་མི་འབྱར་བར་གྱུར་ཅིག །ཁོ་མོ་ཚུལ་ཁྲིམས་རྣམ་པར་དག་ན། མགོ་བོ་དང་ལུས་འབྱར་ནས་སྔ་མ་ལྟ་བུར་གྱུར་ཅིག །གསུངས་ནས་བདེན་སྟོབས་བརྗོད་ནས་དབུ་སྐེའི་སྟེང་དུ་བཞག་པ་ཙམ་གྱིས་སྔ་མ་ལྟ་བུར་གྱུར་ཅིང་འབྱར་རོ། །དེར་ཡུལ་དེའི་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་དང་། ཁྲོམ་ཚོགས་པ་དེ་དག་གིས་ཆོས་གསུང་བར་བསྐུལ་བས། སྐད་ཅིག་ཏུ་སྤྱན་རས་གཟིགས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས། གདམས་པ་གསུངས་པས་ཡུལ་གྲུ་དེའི་མི་ཐམས་ཅད་ནམ་མཁའ་ལ་གཤེགས་ཏེ། མཁའ་སྤྱོད་ཀྱི་སར་བཀོད་དོ། །དེའི་ཕྱིར་ནུབ་ཀྱང་རབ་ཏུ་བྱུང་བ་དང་། རྣལ་འབྱོར་པ་མང་དུ་འཚོགས་ནས། ཚོགས་མཆོད་བཤམས་ནས་གསོལ་བ་བཏབ་པས། དགེ་སློང་མས་བརྡ་བསྐུལ་ནས། གྲུབ་ཆེན་འབིར་བ་པ། ཏེ་ལོ་པ། ན་རོ་པ། ཕག་ཚང་བ། ཨིནྡྲ་བྷོ་དྷི་ལ་སོགས་པ། གྲུབ་ཆེན་བརྒྱད་ཅུ་བྱོན་པ་ལ་ཚོགས་ཀྱིས་མཆོད་ནས་སོ་སོའི་རྟོགས་པ་མགུར་དུ་གསུངས་སོ། །དགེ་སློང་མ་དཔལ་མོ་ལ་ཡང་། བླ་མ་ཕག་ཚང་བས་མགུར་གསུང་དུ་བསྐུལ་བས། བླ་མའི་བཀའ་བསྒྲུབ་པའི་དོན་དུ། འཕགས་པ་སྤྱན་རས་གཟིགས་བསྐྱེད་རྫོགས་མདོར་བསྡུས་ཀྱི་རྡོ་རྗེའི་མགུར་གསུངས་པ། འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །
ཨེ་མ་སྤྱན་རས་གཟིགས་ཀྱི་བྱིན་རླབས་རྣལ་འབྱོར་མས། །དལ་འབྱོར་རྙེད་དཀའ་བསམ་པས་རྙེད་ཚེ་སྙིང་པོ་བླངས། །འཆི་བ་རྗེས་སུ་དྲན་པས་ཚེ་འདི་བློ་ཡིས་བཏང་། །ལས་འབྲས་བསླུ་མེད་དོན་རྟོགས་སྡིག་སྤངས་དགེ་ཚོགས་བསྐྱེད། །འཁོར་བའི་ཉེས་དམིགས་རྗེས་དྲན་སྲིད་ལ་ཆགས་སེམས་བྲལ། །སྐྱབས་གནས་བསླུ་མེད་དོན་རྟོགས་བློ་གཏད་དཀོན་མཆོག་ཡིན། །གཞན་དོན་ཀུན་མཁྱེན་ཐོབ་ཕྱིར་བྱང་ཆུབ་སེམས་གཉིས་བསྐྱེད། །སྒྲིབ་གཉིས་བརྩོན་ལྡན་གང་གིས་རྨི་ལམ་ཚོགས་གཉིས་བསགས། །བླ་མ་སྤྱན་རས་གཟིགས་ལ་གསོལ་འདེབས་དབང་བཞི་ཞུས། །མངོན་བྱང་ལྔ་བསྐྱེད་གཟུགས་བརྙན་སྒྱུ་འདྲའི་བསྐྱེད་རིམ་འགྲུབ། །འདུན་གནས་ཟས་གོས་འགྲོ་འཆག་ཉལ་བའི་རྣལ་འབྱོར་ཡོད། །གསང་སྔགས་འདྲེན་ལུགས་གསུམ་གྱིས་ངག་གི་ནུས་པ་འགྲུབ། །བྱང་ཆུབ་སེམས་གཉིས་འབྱོངས་བའི་འཕགས་པའི་ཐུགས། །ལྷ་དང་རླུང་སེམས་མི་དམིགས་རྩེ་གཅིག་ཞི་གནས་གོམས། །རང་རིག་ཡེ་ཤེས་མིག་སྐྱེས་རྟེན་འབྲེལ་བདག་གཉིས་སྐྱེ་མེད་མཐོང་། །སེམས་གནས་འགྱུར་བའི་བར་ལག་དབྱིངས་རིག་དབྱེར་མེད་འདྲེས། །མཉམ་བཞག་འོད་གསལ་རྗེས་ཐོབ་སྒྱུ་མའི་ཏིང་འཛིན་བསྒོམས། །མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དོན་ཤེས་པས། །ཕྱི་ནང་གསང་གསུམ་སྦྱར་བས་དབུ་མའི་ལམ་སྦྱངས་ནས། །
རང་དང་ཉེ་བའི་འཆི་ལྟས་རླུང་རིམ་ལས་གོམས་པས། །རང་བྱུང་ཡེ་ཤེས་བདེ་ཆེན་ཚངས་པའི་མཁའ་སྤྱོད་འཕོ། །བསྲེ་བ་གསུམ་སྦྱོང་དེ་གོམས་རྣལ་འབྱོར་པ་ཡིས་ནི། །སྣང་ལུས་སེམས་ཉིད་སྐུ་གསུམ་ཉིད་དུ་རབ་བསྲེ་བས། །རྒྱལ་བའི་ཞིང་མཆོག་བདེ་བ་ཅན་དུ་ང་འགྲོ་ཞིང་། །
སླར་ཡང་སྤྲུལ་བས་གཞན་དོན་ལྷུན་གྱིས་འགྲུབ། །སྤྱན་རས་གཟིགས་ཀྱི་རྣལ་འབྱོར་མས་ནི་འདི་བསྒོམས་པས། །འཇིག་རྟེན་གསུམ་གྱི་མགོན་པོའི་གོ་འཕང་དེས་ཐོབ་བོ། །ཞེས་གསུངས་པས། ཡབ་རྒྱལ་པོ་ཨིནྡྲ་བྷོ་དྷིས་སྲས་མོ་གྲུབ་པ་ཐོབ་པ་ཁས་བླངས་པའི་མགུར་མར་འདུག་སྙམ་དུ་དགོངས་ནས། ཡབ་ཀྱི་ཚོགས་ཀྱི་འཁོར་ལོ་ལག་པ་སྟོང་དུ་སྤྲུལ་ནས་དྲངས་པ་ན། དགེ་སློང་མ་དཔལ་མོས་ཀྱང་ཁོ་རང་ཞལ་བཅུ་གཅིག་པ་ཕྱག་སྟོང་དང་ལྡན་པའི་ལུས་ལ་གསང་སྔགས་ཀྱི་ལྷ་ཚོགས་བཀོད་པས་རྫུ་འཕྲུལ་བསྟན་ནས་ཕྱག་སྟོང་གིས་ཚོགས་རྣམས་ལྷུང་བཟེད་བཀང་བ་སྟོང་བླངས་ནས་ཚོགས་འཁོར་མཛད་དོ། །དེ་ལྟ་བུའི་དགེ་སློང་མ་དཔལ་མོ་ནི། ཕྱི་ལྟར་ན་སྒྲོལ་མ། ནང་ལྟར་ན་རྡོ་རྗེ་ཕག་མོ། གསང་བ་ལྟར་ན་ཕག་མོ་དབུ་བཅད་མ་དངོས་ཡིན་ནོ། །
དགེ་སློང་མ་འདིས་སྤྱན་རས་གཟིགས་ཀྱི་རྒྱུད་རྣམས་ལ་བརྟེན་ནས། ཞལ་བཅུ་གཅིག་པའི་དབང་རྗེས་གནང་སྒྲུབ་ཐབས་དང་། བསྐྱེད་རྫོགས་ཁྲིད་ལ་སོགས་པའི་ཆོས་སྐོར་མང་དུ་མཛད་ནས། སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་སར་བཀོད་དོ། །དེ་དག་ནི་དགེ་སློང་མ་དཔལ་མོའི་ལོ་རྒྱུས་སོ།། །།
ཌཱ་ཀི་མ་སྐལ་བ་བཟང་མོའི་ལོ་རྒྱུས། འཇམ་དབྱངས་ཆོས་ཀྱི་བློ་གྲོས།
ཌཱ་ཀི་མ་སྐལ་བ་བཟང་མོ་ནི། སུ་མ་ཏི་ཞེས་པ་བློ་གྲོས་བཟང་མོའམ་དཔལ་གྱི་བློ་གྲོས་མ་ཞེས་པ་ལ་སོགས་མཚན་གྱི་རྣམ་གྲངས་སུ་འདོད་དེ། རྒྱལ་པོ་ཨིནྡྲ་བོ་དྷིའི་ལྕམ་མོ་ལེགས་སྨིན་ཀ་ར་ཞེས་བྱ་བ། མཚན་ཉིད་དང་བསྟན་པ་ལ་དད་པ་ཅན་ཞིག་ཡོད་པ་དེ་ལ་སྐུ་མཛེ་བྱུང་ནས་བསྟན་པ་ལ་ཞུགས། སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས་ནད་ལས་གྲོལ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ལ་སོགས་པའི་གྲུབ་པ་ཐོབ་པའི་བླ་མ་དང་། རྡོ་རྗེ་འཆང་ལ་སོགས་པའི་སངས་རྒྱས་བྱང་སེམས་མང་པོ་ལ་རྗེས་སུ་བསྟན་པ་ཐོབ། གསང་སྤྱོད་དུ་སྒྲུབ་པ་མཛད་པས་དངོས་གྲུབ་བརྙེས། དེའི་ཚེ་ཡུལ་ལངྐ་པུ་རི་རྒྱལ་པོ་ཛྭ་ལན་ཏྲ་ཞེས་བྱ་བའི་སྔོན་དུ་ལྷ་ལྕམ་བླངས་པ་ཞིག་ཡོད་པ་དེའི་སྒོ་དྲུང་དུ་སོང་ནས། སྨྱོན་མའི་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད། རྒྱལ་པོའི་ཕྱག་དར་བ་ཞིག་ལ་ཆོས་བསྟན། དེ་ཙ་ན་མི་ཀུན་གྱིས་ལ་ལས་སྨྱོན་མར་མཐོང་། ལ་ལས་ལུས་འོད་ཀྱིས་ཁྱབ་པ་ལ་ལྷའི་བུ་མོ་མང་པོས་བསྙེན་བཀུར་བྱེད་པ་མཐོང་། ལ་ལས་རྣལ་འབྱོར་མ་གསུམ་གཅིག་དང་དུ་མར་སྣང་བ་མཐོང་། ཐམས་ཅད་ཐེ་ཚོམ་དུ་གྱུར་པ་ལས། ལན་གཅིག་ཁྲོམ་དུ་གྲི་གུག་གིས་རང་གི་དབུ་བཅད་པ་ཐོད་པར་བཅུག །ཁ་ཊྭཱཾ་ག་ཕྲག་པ་ལ་བཀལ། གར་བྱས། མཐར་ཕྱག་དར་བ་དང་ཁ་སྦྱར་ཏེ་མཁའ་སྤྱོད་དུ་གཤེགས་སོ།། །།
ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མའི་རྣམ་ཐར་བཞུགས་སོ། །རྨོག་ལྕོག་རིན་ཆེན་བརྩོན་འགྲུས།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ལྟ་བུའི་རང་བཞིན་ལས། །གཟུགས་སྐུ་ཉི་ཟླ་ལྟ་བུའི་འོད་ཟེར་གྱིས། །གདུལ་བྱའི་བློ་ཡི་མུན་པ་སེལ་མཛད་པ། །བླ་མ་དམ་པའི་ཞབས་ལ་གུས་པས་འདུད། །དེ་ལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་རྣམ་ཐར་ཟུར་ཙམ་གཅིག་བརྗོད་ན། སྐུ་འཁྲུངས་པའི་ཡུལ་ནི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཅེས་བྱ་བ་ཁ་ཆེའི་ས་ན་ཡོད་པ་ཡིན། ཡུལ་དེ་ཡང་སྒྱུ་མ་མཁན་གྱིས་སྤྲུལ་པའི་གྲོང་ཁྱེར་ཡིན་ནོ། །ཇི་ལྟར་སྤྲུལ་ན་སྔོན་སངས་རྒྱས་འོད་སྲུང་བཞུགས་པའི་དུས་ན། དགྲ་བཅོམ་པ་ཉི་མའི་གུང་པ་ཞེས་བྱ་བ་ཡོད་པས། དུས་དེ་ཙམ་ན་ས་ཕྱོགས་ཐམས་ཅད་མཚོར་མེར་གྱིས་སོང་ཡོད་པ་ལས་དགྲ་བཅོམ་པ་དེས་ཡུལ་ཕྱོགས་དེར་གཙུག་ལག་ཁང་གཅིག་བཞེངས་བར་འདོད་པས། ཀླུའི་རྒྱལ་པོ་ལ་ས་བསླངས་པས་ཀླུ་རྣམས་ན་རེ། ཁྱེད་རང་གི་སྐྱིལ་ཀྲུང་གིས་ཁྱབ་པའི་ས་སྦྱིན་ནོ་ཞེས་ཁས་བླངས་སོ། །
དེར་དགྲ་བཅོམ་པ་དེས་སྐུ་ཤིན་ཏུ་ཆེ་བ་གཅིག་སྤྲུལ་ནས། ཁ་ཆེའི་ས་ཕྱོགས་དེ་ཁྱབ་པར་བྱས་ཏེ། དེར་ས་གཞི་བྱུང་ནས་བདུད་རྩི་གྷ་གྷའི་གཙུག་ལག་ཁང་ཞེས་བྱ་བ་ཞིག་བཞེངས་སོ། །དེར་མི་རྣམས་ངོ་མཚར་བསྐྱེད་པའི་ཕྱིར་སྒྱུ་མ་མཁན་གཅིག་བོས་ནས། སྒྱུ་མ་མཁན་དེས་གྲོང་ཁྱེར་ཆེན་པོ་དཔེ་མེད་པ་ཞེས་བྱ་བར་གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་པ་ལ་དཔེ་བླངས་ཏེ་སྤྲུལ་པས་སྒྱུ་མ་མ་བཤིགས་གོང་དུ་སྒྱུ་མ་མཁན་དེ་བསད་པས་དེ་ད་ལྟར་གྱི་བར་དུ་ཆགས་སོ། །གྲོང་ཁྱེར་དེ་ཡང་འཛམ་བུ་གླིང་ན་དེ་ལྟ་བུའི་དཔེ་མེད་ཟེར་བ་བྱུང་བས་དཔེ་མེད་དུ་གྲགས་སོ། །དེ་ན་ཆང་ཚོང་མ་རང་ཡང་གྲོང་ཁྱེར་འབུམ་ཚོ་སུམ་ཅུ་སོ་དྲུག་ཡོད་དོ། །དེའི་བྱེ་བྲག་ཏུ་པུ་ན་ཞེས་བྱ་བ་ཡིན་ནོ། །གྲོང་ཁྱེར་དེར་ཆེ་བའི་པཎྜི་ཏ་ནཱ་རོ་ཏ་པ་དང་། རིན་ཆེན་རྡོ་རྗེ་གཉིས་བཞུགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཡབ་ནི་བྲམ་ཟེ་ཆེན་པོ་ཞི་བའི་གོ་ཆ། ཡུམ་ནི་བྲམ་ཟེ་མོ་དཔལ་གྱི་བློ་གྲོས་གཉིས་ཀྱི་སྲས་མོར་འཁྲུངས། མཚན་གཞི་དཔལ་གྱི་ཡེ་ཤེས། ནཱ་རོ་པཎྜི་ཏའི་ལྕམ་མོ་ཡིན། རིགས་ནི་བྲམ་ཟེའོ། །བསྐལ་པ་གྲངས་མེད་པ་གསུམ་གྱི་སྔོན་རོལ་ནས། ལམ་སྦྱངས་པ་མངོན་དུ་གྱུར་པའི་རྒྱུན་ལམ་གྱི་སྐྱེ་བ་དེ་ཉིད་ལ་བླ་མ་གྲུབ་ཐོབ་འགའ་རེའི་གདམས་ངག་གསུང་སྒྲོས་རེ་ཙམ་ཐོས་པ་ལ་བརྟེན་ནས། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་། ཟག་བཅས་ཀྱི་སྒྱུ་ལུས་ཟག་མེད་ཀྱི་སྐུ་རུ་ཤར་ཏེ་དག་པ་ས་གསུམ་ལ་གནས་པ་རྡོ་རྗེ་འཆང་ཆེན་པོ་ཉིད་དང་ཞལ་མངོན་སུམ་དུ་མཇལ་ཏེ། ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་ནས། མདོ་རྒྱུད་མན་ངག་བསྟན་བཅོས་ལ་སོགས་པ་ཆོས་ཀྱི་སྒོ་ཐམས་ཅད་ལ་མཁྱེན་པའི་ཡེ་ཤེས་རྒྱས། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་མངོན་དུ་གྱུར་ཏེ། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་ཏེ། ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་གཅིག་ལས་སྤང་བྱ་མེད་པར་སངས་རྒྱས་དང་གཉིས་སུ་མེད་ཅིང་སྐུ་གསུམ་གྱི་བདག་ཉིད་ཅན། རང་དོན་སྤངས་རྟོགས་མཐར་ཕྱིན་ནས་གཞན་དོན་གཟུགས་སྐུ་གཉིས་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་གང་ལ་གང་འདུལ་གྱི་འགྲོ་དོན་མཛད་ཅིང་། ཁྱད་པར་བརྒྱུད་པ་འཛིན་པ་རྣམས་ལ་ཐུགས་རྗེ་ཉེ་རིང་མེད་པར་གཟིགས་ནས་བྱིན་གྱིས་བརླབ་ཅིང་ཕྲིན་ལས་མཐར་ཕྱིན་པར་ཐུགས་རྗེས་གཟིགས་པ་ཉིད་དོ། །ཡང་སྒོས་སུ་གྲུབ་ཐོབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ་དེ་ཉིད་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས། རྒྱུད་དང་མན་ངག་བསམ་གྱིས་མི་ཁྱབ་པའི་བཀའ་ལུང་གནང་ཞིང་། ཁྱད་པར་དུ་སྣོད་ལྡན་གྱི་གང་ཟག་རྣམས་ཚེ་གཅིག་ལུས་གཅིག་ལ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཀྱི་ས་ལ་བཀོད་པར་ནུས་པའི་གདམས་པའི་གནད་ཟབ་ལ་རྒྱ་ཆེ་བ་མང་པོ་གནང་སྟེ་མི་རབས་བདུན་དུ་ཆིག་བརྒྱུད་ལས་མི་སྤེལ་བར་བཀའ་རྒྱས་བཏབ་ཅིང་། སློབ་མ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་དག་པ་མཁའ་སྤྱོད་དུ་འགྲོ་བར་ལུང་བསྟན་པས་ན་བརྒྱུད་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་དོ། །ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དྲན་པ་བཞི་དང་ཡང་དག་སྤོངས་པ་བཞི། །རྫུ་འཕྲུལ་རྐང་བཞིའི་དོན་ལ་ལེགས་གནས་པ། །ཚོགས་གཉིས་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །མི་མཐུན་ཟིལ་གནོན་དད་སོགས་དབང་པོ་ལྔ། །ཤེས་རབ་ལ་སོགས་སྟོབས་མཆོག་ལྔ་ལྡན་པས། །གཟུང་འཛིན་དགྲ་ཡི་དཔུང་ལས་རྣམ་རྒྱལ་ཞིང་། །ཆོས་བརྒྱུད་ཏིང་འཛིན་སྐྱོང་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་ཀྱི་མཆོག་གི་རྗེས་ཐོག་ཏུ། །བྱང་ཆུབ་ཡན་ལག་བདུན་དུ་བསྟན་པའི་དོན། །ཆོས་ཀྱི་བློ་འདས་བརྗོད་དུ་མེད་པའི་དབྱིངས། །བདེན་པ་མངོན་སུམ་གཟིགས་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་དོན་ལས་མ་ཡེངས་པར། །རིམ་པ་དགུ་ཡི་བར་དུ་ཉམས་བསྟན་པས། །འདུ་ཤེས་གཉིས་ཀྱི་མི་གཡོ་བ་ཡི་དོན། །གོམས་པ་མངོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཁམས་གསུམ་ས་དགུའི་མི་མཐུན་པ་ཡི་ཕྱོགས། །མཐོང་སྤང་བརྒྱ་དང་བཅུ་གཉིས་གང་བསྟན་དང་། །སྒོམ་སྤང་བཞི་བརྒྱ་བཅུ་བཞི་ལ་སོགས་པའི། །ཉོན་མོངས་སྒྲིབ་པ་དག་ལ་ཕྱག་འཚལ་ལོ། །སྒྱུ་མ་ཙམ་དུ་འཛིན་པའི་སྒྲིབ་པ་འམ། །ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་ཀུན། །འོད་གསལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་དེ། །མངོན་དུ་གྱུར་པས་འཇོམས་ལ་ཕྱག་འཚལ་ལོ། །འཁོར་གསུམ་ཡོངས་དག་སྦྱིན་པའི་ཕ་རོལ་ཕྱིན། །ཆོས་དབྱིངས་ཀུན་འགྲོ་ཁྱབ་པའི་དོན་རྟོགས་པས། །སྙོམས་འཇུག་མཐོང་དང་བྱིན་རླབས་ལ་སོགས་པ། །བརྒྱ་ཕྲག་བཅུ་གཉིས་ཐོབ་ལ་ཕྱག་འཚལ་ལོ། །གདུང་བ་ཞི་བའི་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཆོས་དབྱིངས་རང་ཤར་མཆོག་གི་དོན་རྟོགས་པས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པ། །སྟོང་ཕྲག་བཅུ་གཉིས་ཐོབ་ལ་ཕྱག་འཚལ་ལོ། །ཁྲོ་བ་མི་མངའ་བཟོད་པའི་ཕ་རོལ་ཕྱིན། །ཆོས་ཀྱི་དབྱིངས་སུ་རྒྱུ་མཐུན་དོན་རྟོགས་པའི། །ཡོན་ཏན་ཏིང་འཛིན་བརྒྱ་སྟོང་ཕྲག་བཅུ་གཉིས། །མངོན་པར་ཐོབ་པ་དེ་ལ་ཕྱག་འཚལ་ལོ། །དགེ་བས་མི་ངོམས་བརྩོན་འགྲུས་ཕ་རོལ་ཕྱིན། །ཆོས་དབྱིངས་ཡོངས་སུ་འཛིན་མེད་དོན་རྟོགས་པས། །ཏིང་འཛིན་ཁྲག་ཁྲིག་ཁྲི་ཕྲག་དོན་གཉིས་པོ། །ཀུན་ནས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་གཡོ་མེད་བསམ་གཏན་ཕ་རོལ་ཕྱིན། །དབྱིངས་དང་རྒྱུད་གཞན་ཐ་དད་མེད་རྟོགས་པས། །ཁྲག་ཁྲིག་བརྒྱ་སྟོང་ཁྲག་ཁྲིག་བརྒྱ་སྟོང་གཉིས། །མངོན་དུ་གྱུར་པ་དེ་ལ་ཕྱག་འཚལ་ལོ། །མ་སྐྱེས་ཆོས་ཤེས་ཤེས་རབ་ཕ་རོལ་ཕྱིན། །དབྱིངས་དང་རྣམ་བྱང་ཉོན་མོངས་དབྱེར་མེད་རྟོགས། །ཁྲག་ཁྲིག་བརྒྱ་སྟོང་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བཅུ་གཉིས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་བསྒྲུབས་པས་ཐབས་ཀྱི་ཕ་རོལ་ཕྱིན། །དབྱིངས་དང་མཚན་ཉིད་ཐ་དད་མེད་པར་རྟོགས། །ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས། །ཀུན་ནས་བརྙེས་པ་དེ་ལ་ཕྱག་འཚལ་ལོ། །མཆོག་ལ་དམིགས་ནས་སྨོན་ལམ་ཕ་རོལ་ཕྱིན། །འཕེལ་འགྲིབ་མེད་དབྱིངས་དག་པའི་དོན་རྟོགས་པས། །སྟོང་གསུམ་བརྒྱ་ཕྲག་བཅུ་ཡི་རྡུལ་སྙེད་གཉིས། །སྙོམས་པར་འཇུག་སོགས་ཐོབ་ལ་ཕྱག་འཚལ་ལོ། །བདུད་དཔུང་གཞོམ་ཕྱིར་སྟོབས་ཀྱི་ཕ་རོལ་ཕྱིན། །སྤོབས་པ་དཔེ་མེད་ཡེ་ཤེས་དབང་དོན་རྟོགས། །སངས་རྒྱས་ཞིང་གྲངས་མེད་པའི་རྡུལ་སྙེད་ལ། །བརྒྱ་སྟོང་སྙོམས་འཇུག་ཐོབ་ལ་ཕྱག་འཚལ་ལོ། །ཇི་བཞིན་རྟོགས་པ་ཡེ་ཤེས་ཕ་རོལ་ཕྱིན། །ཆོས་དབྱིངས་སྒྲིབ་མེད་མཉམ་རྗེས་བློ་དང་བྲལ། །གང་སྟོང་འཕེལ་འགྲིབ་མེད་པའི་ངང་གནས་པའི། །དག་པའི་དོན་རྟོགས་དེ་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ས་བཅུའི་དབང་ཕྱུག་དེ་ཉིད་ནི། །སྟོང་གསུམ་མཁའ་ལ་སེངྒེའི་ཁྲི་སྟེང་བཞག །འོད་ཟེར་ཆེན་པོའི་དབང་བསྐུར་མཛད་པ་ཡིས། །ཤེས་བྱའི་སྒྲིབ་པ་དག་ལ་ཕྱག་འཚལ་ལོ། །ནང་ལྟར་འོག་མིན་བཙུན་མོའི་གཞལ་ཡས་སུ། །ཟག་མེད་བདེ་བ་ཆེན་པོའི་དབང་བསྐུར་བས། །སྐད་ཅིག་དེ་ལ་ཆོས་ཀྱི་སྣང་བ་ཡིས། །མཁྱེན་པ་ཕྱོགས་མེད་རྒྱས་ལ་ཕྱག་འཚལ་ལོ། །འདུས་མ་བྱས་པའི་དོན་དམ་ཆོས་དབྱིངས་དང་། །མཁྱེན་བརྩེའི་ཡེ་ཤེས་གཉིས་སུ་མེད་པ་ཡི། །རྟེན་དང་བསགས་དང་ཁྱབ་དང་རང་བཞིན་གྲུབ། །ཆོས་སྐུ་མངོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལ་བཞེངས་བཞུགས་མི་མངའ་ཡང་། །སྔོན་གྱི་བསོད་ནམས་སེམས་བསྐྱེད་ལ་སོགས་པ། །གཟུགས་སྐུ་རྣམ་གཉིས་རང་ཤར་བྱུང་ནས་ཀྱང་། །འཁོར་བ་སྟོང་པར་མཛད་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བདེ་བའི་སྐུ། །བདེ་གཤེགས་སྤྲུལ་བ་ཐུན་མོང་མཆོག་གི་བདག །ས་བཅུའི་དབང་ཕྱུག་འཁོར་བ་འདྲེན་པའི་དཔལ། །རུས་པའི་རྒྱན་ཅན་དེ་ལ་གསོལ་བ་འདེབས། །འཁོར་བ་དྲུག་གི་མ་རྒན་སེམས་ཅན་རྣམས། །གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་ནས། །ཟག་མེད་བདེ་བ་རྒྱས་པའི་ཞིང་ཁམས་སུ། །ཐུགས་རྗེ་དམིགས་མེད་ངང་ནས་དྲོང་དུ་གསོལ། །ལམ་དུ་ཞུགས་པའི་སྐལ་ལྡན་ཕོ་མོ་ཀུན། །འགལ་རྐྱེན་གེགས་དང་བར་ཆད་ཀུན་ཞི་སྟེ། །ཉམས་དང་རྟོགས་པ་གོང་དུ་འཕེལ་བ་དང་། །ལམ་ལྔ་ས་བཅུ་བགྲོད་པར་བྱིན་གྱིས་རློབས། །ཨནནྟ་ཡི་རྟོགས་པའི་ཀློང་དཀྱིལ་ནས། །དམིགས་མེད་སྙིང་རྗེ་ཕྱོགས་མེད་ཤར་བ་ཡི། །ཇི་སྲིད་འཁོར་བར་སེམས་ཅན་གནས་ཀྱི་བར། །འགྲོ་བའི་བྲན་བཞིན་བྱེད་པར་བྱིན་གྱིས་རློབས། །ཡེ་ཤེས་མཁའ་འགྲོའི་རྣམ་ཐར་ཟུར་ཙམ་འདི། །བརྒྱུད་འཛིན་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། །ཀུ་སུ་ལུ་པའི་སྤྲང་པོ་རྨོག་ལྕོག་རིན་ཆེན་བརྩོན་འགྲུས་པས། མཆན་དགྱེས་རྡོར་གྱེ་རེ་ཡང་དགོན་དཔལ་གྱི་དགོན་པར་སྦྱར། །དགེ་བ་དེ་ཡིས་བརྒྱུད་འཛིན་གང་ཟག་རྣམས། །བླ་མའི་རྣམ་ཐར་ཚུལ་བཞིན་སྐྱོང་བར་ཤོག །འདི་བྲིས་དགེ་བའི་རྣམ་དཀར་གྱིས། །བདག་དང་རྒྱུ་སྦྱོར་དཔོན་སློབ་ཀྱི། །གཙོ་མཛད་ཁམས་གསུམ་སེམས་ཅན་རྣམས། །བླ་མེད་སངས་རྒྱས་མྱུར་ཐོབ་ཤོག །