← Search

མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།

ཨོ་རྒྱན་འཇིགས་མེད་མི་འགྱུར་བསམ་གཏན་གླིང་པ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། ས་སྐྱ་བསོད་ནམས་རྒྱལ་མཚན།

བལ་ཡུལ་གྱི་མཁའ་འགྲོ་མ་དག་གི་རྣམ་ཐར་སྐོར།

ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་པར་ཐར་པ་གུ་རུ་པདྨའི་ཞལ་ལུང་རིན་ཆེན་ཕྲེང་བ། ཨོ་རྒྱན་འཇིགས་མེད་མི་འགྱུར་བསམ་གཏན་གླིང་པའི་གཏེར་མ།

གླེང་བསླངས་པའི་ལེའུ།

༁྆༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་པར་ཐར་པ་གུ་རུ་པདྨའི་ཞལ་ལུང་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔

ཨེ་ཝཾ༔ རྒྱ་གར་སྐད་དུ༔ དྷཱ་ལ་རཱ་ཛ་པུ་ཏྲ་དེ་ཝཱི་ཧི་ཏ་མནྡ་ར་བ་སྱ་བི་མོཀྵ་གུ་རུ་པདྨྨཱ་ཧ་སྱེ་པྲསྟཱི་རཏྣ་མཱ་ལ་ན་མ༔ བོད་སྐད་དུ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་པར་ཐར་པ་གུ་རུ་པདྨའི་ཞལ་ལུང་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ༔ མཁའ་འགྲོ་གསང་བའི་སྐད་དུ༔ ཧི་དྷ་དྷི་ནེ་མ་ས་ཨཀཱ་ར་ཨེ་ཝཾ༔ བོད་སྐད་དུ༔ མཁའ་འགྲོའི་གཙོ་མོ་གསང་སྔགས་འཛིན་མའི་བྱུང་ཁུངས༔ ཨུ་རྒྱན་སྐད་དུ༔ སི་ཏ་བྷ་དུ་ན་ཡ་ཀ་ནི༔ བོད་སྐད་དུ༔ དུང་སྨན་ཚེ་ཡི་ལྷ་མོའི་ལོ་རྒྱུས༔ ཟ་ཧོར་རང་སྐད་དུ༔ དྷཱཀྐ་དྷཱཀྐི་མཱ་ར་གཽ་ཏ་མ་བི་བྷུ་ཏ༔ བོད་སྐད་དུ༔ མཁའ་འགྲོ་འབུམ་གྱི་གཙོ་མོ་མཁའ་འགྲོ་དཔལ་ཕྲེང་མའི་རྣམ་པར་ཐར་པ་ཞེས་བྱ་བ༔ ན་མཿ ཤྲཱི་མ་ཧཱ་དེ་ཝཱི་དྷཱཀྐི་ཡེ༔ གདོད་ནས་རྣམ་དག་ཀུན་ཏུ་བཟང་མོ་མཁའ་དབྱིངས་ཡེ་ཤེས་ཀུན་བདག་ཆེ༔ རྣམ་པར་འཕྲུལ་བའི་རིགས་ལྔའི་ཞིང་མཆོག་དབང་ཕྱུག་དྷཀཱི་ཀུན་གྱི་གཙོ༔ དུས་གསུམ་རྒྱལ་ཡུམ་མ་ལུས་ཆོ་འཕྲུལ་གར་གྱི་དབང་མོ་རིག་འཛིན་མ༔ ཚེ་ཡི་ལམ་མཆོག་རྡོ་རྗེའི་རིགས་ཀུན་ལྷ་མོ་མནྡ་ར་བའི་ཞབས༔ རྒྱལ་ཡུམ་རྣལ་འབྱོར་མ་དཔལ་ཧེ་རུ་ཀ་དཔལ་ཞིང་ཁམས་རྒྱ་མཚོའི་ཁམས༔ ཇི་སྙེད་རྣམ་པར་རོལ་པ་བྱེ་བ་ཕྲག་བརྒྱའི་སྐུ་ཡི་བཀོད་པ་ནི༔ ཚད་བཟུང་རིས་སུ་བཅད་པའི་མཐའ་མེད་བསྐལ་པ་དུ་མར་ངོ་མཚར་བརྡ༔ འགྲོ་བ་གདུལ་བྱའི་སྣང་ངོར་མཐུན་པའི་རྣམ་རོལ་སོ་སོའི་མཛད་ཕྲིན་གར༔ ཟད་པ་མེད་པ་ཤེས་རབ་རང་བཞིན་ཟབ་རྒྱས་བཅུད་ཀྱི་སྨིན་གྲོལ་ལམ༔ སྟོན་པའི་རྣམ་དཀར་སྲིད་ཞིའི་ཁོངས་ན་རྒྱལ་ཡུམ་ཞེས་གྲགས་སངས་རྒྱས་སྲས༔ མ་ལུས་ལུས་པ་མེད་ཀུན་ཁྱོད་ཞལ་པདྨོར་བརྟེན་ནས་མངོན་བྱང་བརྙེས༔ ཡེ་ཤེས་མཁའ་འགྲོ་ཀུན་གྱི་འཆར་གཞི་ནམ་མཁའ་ལྟ་བུའི་དབྱིངས་ཕྱུག་ཡུམ༔ འཇིག་རྟེན་དྷཱཀི་དུས་གསུམ་སྟོན་གང་ཁྱོད་ཀྱིས་ཟེར་མ་ཁོ་ནའི་སྤྲིན༔ མི་བསྐྱོད་དཔའ་མོ་རྡོ་རྗེའི་མཚན་དཔེ་རབ་བཞད་སྟོང་ཉིད་ཀློང་ཡངས་ནས༔ སྤྲུལ་སྐུའི་ཞིང་མཆོག་འཛམ་གླིང་གདུལ་བྱའི་དོན་དུ་ལྔ་ལྔའི་རང་བཞིན་ཅན༔ བསམ་ཡས་སྒྱུ་འཕྲུལ་དྲ་བའི་བཀོད་པ་དུས་གཅིག་ཆར་བབས་བཞིན་དུ་བྱོན༔ རེ་རེའི་མཛད་པའི་ཆོ་འཕྲུལ་མཐའ་ལས་འདས་པར་སྟོན་མཛད་དྷཱཀྐི་མ༔ མནྡ་ར་ཞེས་སྲིད་གསུམ་ཞིང་ཀུན་སྙན་པའི་གྲགས་པས་ཁྱབ་པ་གང་༔ ངོ་བོ་ཉིད་ལས་མ་གཡོས་བྱང་ཆུབ་བར་དུ་སྙིང་གི་པདྨའི་དབུས༔ འབྲལ་མེད་བརྟན་པར་བཞུགས་ལ་གུས་པས་རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོའི་ཉི་འོད་འབར་བས་བདག་དང་འགྲོ་ཀུན་མ་རིག་དྲི༔ ལོག་རྟོག་སྒྲིབ་པའི་མུན་སྟུག་སྐད་ཅིག་ཉིད་ལ་བསལ་ནས་གཞི་ལམ་ཆོས༔ མངོན་པར་རྟོགས་ནས་ལམ་སྦྱང་མཐར་ཕྱིན་དོན་དམ་འབྲས་བུ་མཐར་ཕྱིན་ནས༔ ཀ་དག་ཀུན་ཏུ་བཟང་མོའི་གོ་འཕང་མཆོག་ལ་དབྱེར་མེད་སངས་རྒྱས་ཤོག༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཨེ་མ་ཧོཿ འོག་མིན་དབྱིངས་ཀྱི་ཞིང་ཁམས་སྟུག་པོ་བཀོད༔ སྣང་ཡུལ་ཤེས་རབ་བདེ་སྟོང་ཕོ་བྲང་དང་༔ གཉིས་མེད་རིགས་ལྔ་ཡུམ་ལྔའི་ཞིང་རྣམས་སུ༔ མཐར་ཕྱིན་འགགས་མེད་ཕྱོགས་དུས་རྒྱལ་དང་སྲས༔ ཐུགས་རྗེའི་རང་བཞིན་ཆོས་ལོངས་སྤྲུལ་སྐུ་ཡིས༔ གནས་ཡུལ་ཞིང་གི་བཀོད་པ་བསམ་མཐའ་ཡས༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་སྟོན་འཁོར་ཆོས༔ སོ་སོར་སྟོན་ལ་འཛམ་གླིང་ཡུལ་གླིང་འདིར༔ གནས་ཀྱི་བཀོད་པ་ཡ་མཚན་བསམ་མི་ཁྱབ༔ མཁའ་སྤྱོད་ས་སྤྱོད་ས་འོག་སྤྱོད་པའི་ཞིང་༔ གནས་དང་ཉེ་གནས་ཞིང་དང་ཉེ་ཞིང་དང་༔ ཚནྡྷོ་ཧ་སོགས་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ལྔ་ལས་དེར་སྣང་ལྔ་ལྔའི་ཚུལ༔ ལྗོངས་གསུམ་ལ་སོགས་ཡུལ་ཁམས་དུ་མ་ལས༔ སྲིན་པོ་གདོང་དམར་བོད་ཡུལ་དབུས་ཀྱི་མཐིལ༔ བྲག་དམར་དཔལ་གྱི་བསམ་ཡས་པཱ་ལོའི་གླིང་༔ ལུགས་གསུམ་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་༔ རྔ་ཡབ་པདྨ་འོད་དང་གཉིས་མེད་པར༔ བར་ཁང་གཡུ་ཞལ་ཅན་དུ་གུ་རུ་ཉིད༔ བཞུགས་པའི་གདན་འཁོད་ཆོས་རྒྱལ་རྗེ་འབངས་ཚོགས༔ བལ་མོ་ཤཱཀྱ་དེ་ཝ་ཉང་བཟའ་མཚོ༔ བཀྲ་ཤིས་ཁྱེའུ་འདྲེན་ཀ་ལ་སིདྡྷི་མ༔ ཁོ་མོ་མཁར་ཆེན་མཚོ་རྒྱལ་ལྕོག་རོ་བཟའ༔ སྐལ་ལྡན་སྟོང་ཕྲག་ཙམ་ཞིག་འདུས་པའི་ཚེ༔ བདེར་གཤེགས་ཡོངས་འདུས་བཀའ་བརྒྱད་དཀྱིལ་འཁོར་ཞལ༔ ཕྱེས་ཏེ་ཀུན་ལ་སྨིན་གྲོལ་གདམས་པ་གནང་༔ དེ་ཚེ་ལས་ཅན་བཀའ་བབས་རྣམ་དགུ་དང་༔ བདག་འདྲ་བུད་མེད་ལྔ་དང་མཚོ་རྒྱལ་ངས༔ གུས་པས་ཕྱག་འཚལ་རིན་ཆེན་སྣ་ཚོགས་དང་༔ ཁྱད་པར་ཅན་གྱི་ནོར་སྣ་ཕར་ཕྱིན་གྲངས༔ ཨིནྟྲ་ནཱི་ལ་ལོ་བརྒྱད་ཁུ་ཚུར་ཙམ༔ ཀླུ་རྒྱལ་དགའ་བོའི་གཏེར་ཟོག་དང་བཅས་པའི༔ མཎྜལ་ཕུལ་ནས་གསོལ་བ་འདི་ལྟར་བཏབ༔ ཨེ་མ་ཧོཿ འོག་མིན་པདྨ་བཀོད་དུ་ཚེ་སྣང་ཡས༔ པོ་ཏ་ལ་རུ་འཕགས་པ་སྤྱན་རས་གཟིགས༔ ཨོ་རྒྱན་ཡུལ་དུ་རྒྱལ་སྲས་སྤྲུལ་པའི་སྐུ༔ དྷ་ན་ཀོ་ཤར་མཚོ་སྐྱེས་རྡོ་རྗེར་གྲགས༔ མངལ་སྐྱེས་སྤངས་པའི་རྫུས་སྐྱེས་པདྨ་འབྱུང་༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཕྲིན་ལས་མངའ༔ ཨོ་རྒྱན་དྷཱཀི་འབུམ་གྱི་འཁོར་གྱིས་བསྐོར༔ གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ༔ བདག་ཅག་བོད་འབངས་ཡོངས་ཀྱི་མགོན་གཅིག་པུ༔ རིག་འཛིན་ཀུན་གྱི་གཙོ་བོ་གུ་རུ་རྗེ༔ སློབ་དཔོན་ཆེན་པོས་དགོངས་པར་མཛད་དུ་གསོལ༔ ཁྱོད་ཀྱི་མཛད་ཕྲིན་རྒྱ་བོད་གླིང་ཉི་ཤུ༔ ངོ་མཚར་ཕྲིན་ལས་གང་འདུལ་བསམ་མི་ཁྱབ༔ དེ་དག་ཀུན་ལ་ཟ་ཧོར་ཡུལ་གླིང་དུ༔ འགྲོ་དོན་མཛད་པའི་སྐལ་ལྡན་ཁྱད་འཕགས་པ༔ ཚེ་ཡི་ལྷ་མོ་མནྡ་ར་བ་ཞེས༔ སྲིད་གསུམ་ཁོངས་ནས་སྙན་པར་གྲགས་པའི་དཔལ༔ དེ་ཡི་མཛད་ཚུལ་རྣམ་པར་ཐར་པ་ཞིག༔ བདག་ཅག་མ་འོངས་སེམས་ཅན་རྣམས་ཀྱི་དོན༔ བཀའ་དྲིན་ཆེན་པོས་གསུང་པར་མཛད་དུ་གསོལ༔ དེ་སྐད་མགྲིན་གཅིག་ཞུས་ནས་གུས་པ་ཡིས༔ ཐལ་མོ་སྦྱར་ནས་འཁོད་པས་སློབ་དཔོན་ཉིད༔ དགྱེས་པའི་ཞལ་འཛུམ་རྡོ་རྗེའི་ཚངས་དབྱངས་ཀྱིས༔ ཀྱེ་ཧོཿ ཉོན་ཅིག་ལས་ཅན་དགུ་དང་རིགས་བཟང་རྣམས༔ དེ་ལྟར་ཞུ་བ་ལེགས་སོ་སྐལ་ལྡན་རྣམས༔ གུས་པས་གསོན་ལ་མ་བརྗེད་ཡིད་ལ་ཟུངས༔

ཨེ་མ་ཧོཿ ཡེ་ནས་རྣམ་དག་གདོད་མའི་ཞིང་ཁམས་དང་༔ གནས་ནི་ཡེ་ཤེས་རང་བྱུང་ལྷུན་གྲུབ་པ༔ འོག་མིན་ཞིང་དུ་ཆོས་སྐུ་ཀུན་ཏུ་བཟང་༔ ཐབས་མཆོག་བདེ་བའི་དབྱིངས་ཡུམ་ཀུན་བཟང་མོ༔ དུས་གསུམ་རྒྱལ་བ་སྲས་བཅས་བསྐྱེད་པའི་གཞི༔ མ་འགག་རིགས་ལྔའི་བདེ་གཤེགས་ཤེས་རབ་ཀྱི༔ ངོ་བོ་སྟོང་ཉིད་སྐུ་ལྔའི་རྣམ་པར་ཤར༔ ཁྱད་པར་ཅན་གྱི་ཞིང་མཆོག་བདེ་བ་ཅན༔ བཀོད་པའི་ཡོན་ཏན་བསམ་ལས་འདས་པ་རུ༔ རྒྱལ་བ་ཀུན་གྱི་གཙོ་བོ་འོད་དཔག་མེད༔ ལོངས་སྤྱོད་རྫོགས་སྐུ་ཚེ་སྣང་མཐའ་ཡས་ཞེས༔ སྤྲུལ་སྐུ་སངས་རྒྱས་སྟོང་གི་གདོད་མའི་ཡབ༔ དེ་བའི་ཤེས་རབ་ལྷ་མོ་གོས་དཀར་མོ༔ འཇིག་རྟེན་ཁམས་སུ་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ལྔ་ཡི་རྣམ་པར་གང་འདུལ་གྱི༔ བཀོད་པ་བསམ་གྱིས་མི་ཁྱབ་རྫུ་འཕྲུལ་སྟོན༔ ཐ་དད་སེམས་ཅན་དོན་དུ་མཛད་པའི་ཚུལ༔ བསྐལ་པར་བརྗོད་ཀྱང་ཟད་པའི་མཐའ་མེད་དེ༔ འོན་ཀྱང་ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་ཚུལ༔ འཛམ་བུ་གླིང་འདིར་དུས་གསུམ་དཔག་མེད་བྱོན༔ དེ་དག་རྣམས་ལ་པདྨ་རིགས་ཀྱི་གཙོ༔ གར་གྱི་དབང་མོ་ཚེ་ཡི་ཌཱཀྐི་མ༔ མི་ཡི་བུ་མོ་དོན་གྱི་རིག་འཛིན་ཡུམ༔ མནྡ་ར་བ་ཞེས་གྲགས་འཇིག་རྟེན་ན༔ འགྲན་ཟླ་མེད་པའི་སྲས་མོ་བྱོན་པའི་ཚུལ༔ རྒྱས་པ་ལྷ་ཡི་ཡུལ་ན་མངོན་པར་གྲགས༔ གསང་སྔགས་འཛིན་མའི་གཙོ་མོའི་དབང་སྡེ་དར༔ མཁའ་འགྲོའི་ཡུལ་ན་བྱུང་ཁུངས་རྣམ་བཤད་དར༔ ཨོ་རྒྱན་ཡུལ་དུ་དུང་སྨན་ཚེ་འཛིན་ཞེས༔ རྣམ་ཐར་ལེའུ་སྟོང་ཕྲག་བཅུ་ཕྲག་དར༔ ཟ་ཧོར་ཡུལ་དུ་ལེའུ་བརྒྱ་ཕྲག་དགུ༔ རྒྱ་གར་ཡུལ་དུ་དཔལ་འཕྲེང་མ་ཞེས་གྲགས༔ རྣམ་ཐར་ལེའུ་བམ་པོ་བརྒྱ་ཕྲག་དར༔ སྡེ་བརྒྱད་ཡུལ་དུ་བུདྡྷའི་གཙོ་མོར་གྲགས༔ རྣམ་ཐར་ལེའུ་ལྔ་བརྒྱ་ཕྲག་གཅིག་དར༔ མ་དྲོས་ཀླུ་ཡུལ་བྱམས་པ་དཔལ་གྱི་ལྷ༔ རྣམ་ཐར་གླེང་གཞི་ལེའུ་སྟོང་ཕྲག་དར༔ གཞན་ཡང་ཡུལ་གླིང་མ་རུ་སིང་ག་ལ༔ བཙོ་ཏི་བྷིག་བྱེད་ལརྐ་ཨོ་རྒྱན་རྒྱལ༔ བྷེ་ཏ་སོ་གད་ཤམ་བྷ་ལ་ཡི་ཡུལ༔ ཁ་ཆེ་རྔ་ཐུག་དུར་ཁྲོད་ཆེ་བརྒྱད་དུ༔ རྣམ་ཐར་བརྒྱ་ཕྲག་རེ་རེར་བཞུགས་པ་ཡིན༔ དེ་སྔོན་བོད་འདིར་མཚན་གྱི་རྣམ་པ་ལ༔ དོན་གྱི་ངོ་མཚར་རྣམ་ཐར་མ་བསྟན་པས༔ མདོ་རུ་བསྡུས་ཏེ་མ་འོངས་དོན་དུ་བསྟན༔ མཐོང་ཐོས་དྲན་རེག་བྱང་ཆུབ་ལམ་ལ་དགོད༔ དེ་ལ་ཞིང་ཁམས་བདུན་གྱི་རྣམ་ཐར་དང་༔ སེམས་ཅན་དོན་དུ་སྤྲུལ་པའི་ཚུལ་དང་ནི༔ གཟིགས་པ་ལྔ་ཡི་ལྷུམས་ཞུགས་བལྟམས་པའི་ཚུལ༔ འཁོར་བའི་གནས་ལ་ཐུགས་ཀྱི་སྐྱོ་ཚུལ་དང་༔ ཕར་ཕྱིན་ཆོས་ལ་ཞུགས་དང་ལམ་སྦྱང་དང་༔ གསང་སྔགས་ཉམས་བླངས་ཡོན་ཏན་ཐོབ་ཚུལ་དང་༔ ཚེ་ཡི་རིག་འཛིན་གྲུབ་དང་མངོན་སངས་རྒྱས༔ མྱ་ངན་འདས་ཚུལ་སྤྲུལ་པས་དོན་བྱེད་ཚུལ༔ རྣམ་གྲངས་བཅུ་གསུམ་ངེས་པས་མདོར་བསྟན་ནོ༔ ས་མ་ཡ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བ་ལས༔ གླེང་བསླངས་པའི་ལེའུ་སྟེ་དང་པོའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

རྒྱལ་པོ་དབང་ཕྱུག་ལྷ་ཡི་སྲས་སུ་འཁྲུངས་ཏེ་མངོན་པར་བྱང་ཆུབ་པའི་རིམ་པ།

དེ་ནས་རྒྱས་པར་བཤད་པའི་དང་པོ་ནི༔ སྔོན་ཚེ་བསྐལ་པ་ཁྲི་དང་ཞེ་གཉིས་སུ༔ བསྐལ་པ་སྣང་བྱེད་འོད་སྟོང་ཞེས་བྱའི་དུས༔ ཡུལ་གྱི་མིང་ནི་ཀོ་ཏ་མ་ཏི་ཞེས༔ ཕོ་བྲང་མིང་ནི་པཱ་ལ་པ་ཏྲ་ན༔ རྒྱལ་པོའི་མིང་ནི་དགྱེས་བྱེད་གཙུག་ཕུད་དཔལ༔ རིགས་ནི་བྲམ་ཟེ་ཚངས་པ་སྲེད་མེད་དེའི༔ ཡུམ་ནི་རིན་ཆེན་སྣང་བྱེད་སྒྲོན་མེ་འོད༔ སྲས་ནི་སྣང་བྱེད་དཔལ་ཞེས་བྱ་བར་འཁྲུངས༔ རིམ་པར་མཚན་དཔེའི་ལྡན་པའི་རྒྱལ་རྒྱུད་ནི༔ སྟོང་ཕྲག་མཐའ་མར་རྒྱལ་པོ་དབང་ཕྱུག་ལྷ༔ དེད་དཔོན་བུ་མོ་མཐའ་ཡས་མཛེས་སེ་མ༔ ཁབ་ཏུ་བཞེས་ནས་ཕོ་བྲང་གནས་པའི་ཚེ༔ ལན་གཅིག་དབང་ཕྱུག་ལྷ་ཡི་དགོངས་པ་ལ༔ ཉེ་བར་ཀླུ་ཡི་རྒྱལ་པོ་མཱ་ལ་ཤའི༔ ཕོ་བྲང་གཡུ་མཚོ་ཟབས་སུ་དཔག་ཚད་བརྒྱ༔ དཔངས་སུ་མུ་ཁྱུད་བདུན་སྟོང་ཡོད་པའི་མཐར༔ ལྗོན་བཟང་ཁྲུས་ཀྱི་རྫིང་བུ་ཉམས་དགའ་བར༔ རིན་ཆེན་ནོར་བུ་མང་པོ་ཕང་ཕུང་ལྷགས༔ མཚོ་ཕྲན་ཐང་བཟང་ཉམས་དགའ་པདྨོའི་ཚལ༔ ནེའུ་གསེང་བཀྲ་བ་བདུད་རྩིའི་ཆུ་ཀླུང་འབབས༔ ཆུ་བྱ་ལྷ་བྱའི་རིགས་རྣམས་མང་པོ་འཚོགས༔ དེ་དབུས་ན་མི་དོ་ཋ་ཞེས་བྱ་བ༔ ཤེལ་གྱི་རི་བོ་དབྱིབས་ནི་གྲུ་བཞི་པ༔ ཁ་དོག་ལྔ་ཡི་འཇའ་སྤྲིན་རྩེ་མོར་འཁྲིགས༔ རང་བྱུང་ལྷུན་གྲུབ་ཞིང་གི་བཀོད་པ་འདྲ༔ གནས་དེར་ལྟད་མོ་རྒྱལ་པོར་འབྱོན་པར་བཞེད༔ དེ་ཚེ་བཙུན་མོ་མཛེས་སེར་བཀའ་སྩལ་པ༔ ཉོན་ཅིག་དེད་དཔོན་བཞིན་ལེགས་དྷི་ཀ་རི༔ དྲང་པོར་གསོན་པའི་ཡོན་ཏན་ཀུན་ལྡན་པའི༔ བུ་མོ་མཐའ་ཡས་མཛེས་སེ་ཚུར་ཉོན་དང་༔ རྒྱལ་ཁབ་ཕོ་བྲང་འདི་ཡི་བྱང་ཤར་མཚམས༔ ཡུལ་ལྗོངས་བཀོད་པ་དུ་མའི་ལྗོངས་ཀྱི་དབུས༔ མཚོ་ཆེན་ཟབས་སུ་དཔག་ཚད་བརྒྱ་དང་ལྡན༔ དཔངས་སུ་མུ་ཁྱུད་བདུན་སྟོང་ཡོད་པ་ནི༔ ཀླུ་ཡི་རྒྱལ་པོ་མཱ་ལ་ཤི་ཡི་ཡུལ༔ མཚོ་མཐར་ལྡིང་ཀ་སྐྱེད་ཚལ་རྫིང་བུ་དང་༔ ནེའུ་གསེང་མེ་ཏོག་བདུད་རྩིའི་ཀླུང་ཡང་འབབ༔ ན་མི་དོ་ཋ་ཤེལ་གྱི་རི་བོ་ཞེས༔ ཁ་དོག་ལྔ་ལྡན་དབྱིབས་ནི་ཟུར་བཞི་པ༔ རྩེ་མོ་ཚངས་པའི་གནས་སུ་སླེབས་པ་འདྲ༔ ངོ་མཚར་བརྒྱ་ཕྲག་དུ་མས་མཚན་པ་ཡོད༔ གནས་དེར་བདག་ཅག་ལྟད་མོ་འགྲོ་དགོས་པའི༔ བློན་པོ་སྡེ་དཔུང་ལས་དམག་དཔུང་ཚོགས་བཅས༔ རྔ་བོ་ཆེ་ཡི་སྒྲ་ཡིས་བསྡུས་གྱིས་ལ༔ ལམ་གྱི་ཆས་རྣམས་སྒྲིགས་ཤིག་སྙིང་གི་གྲོགས༔ དེ་སྐད་བཀའ་བསྩལ་བཙུན་མོས་ཁྲིམས་རྔ་བསྐུལ༔ ཕྱི་ནང་བློན་པོ་དཔུང་ཚོགས་སྐད་ཅིག་ལྷགས༔ དེ་དག་ཐམས་ཅད་འཁོར་ས་བར་མར་འདུས༔ དེ་ནས་བློན་པོ་དྲ་དྲ་བྐྲི་མ་ཡིག་གཞན་ན་ཤྲཱི་ཞེས༔ ཤེས་རབ་བློ་ལྡན་དེ་ཡི་གུས་པར་བཅས༔ བཙུན་མོར་འདྲི་བའི་ཚིགས་བཅད་འདི་གསོལ་ཏོ༔ ཨེ་མ་དེད་དཔོན་སྲས་མོ་གཞོན་ནུ་མ༔ རྒྱལ་པོའི་བཙུན་མོ་མཚན་དཔེའི་ཞལ་རས་ལེགས༔ ལྟ་བས་མི་ངོམས་ལྷ་མིའི་ལྕམ་མོ་ལགས༔ ལྷ་ཡི་རྔ་ཆེན་ཚངས་པའི་འཕྲུལ་གྱིས་གྲུབ༔ ཞི་རྒྱས་དབང་དྲག་སྐད་ཀྱི་དབྱངས་ཆེན་ལྡིར༔ ངོ་མཚར་བླ་རྟེན་རྔ་བོ་ཆེ་བསྐུལ་བས༔ བདག་ཅག་འདིར་མཆིས་དོན་ནི་ཅི་ཞིག་འཚལ༔ བཀའ་གསུང་མགྲིན་པའི་དུང་སྒྲ་ལྡིར་བར་གསོལ༔ དེ་སྐད་སྨྲས་པས་བཙུན་མོས་ལན་བཏབ་པ༔ ཀྱེེ༔ བློ་ལྡན་བློན་པོ་ཏྲ་ཏྲ་བྐྲི་༼མ་ཡིག་གཞན་ན་ཤྲཱི་༽དང་༔ དཔུང་ཚོགས་འཁོར་བཅས་ང་ཡི་སྐད་ལ་གསོན༔ ཀོ་ཏ་མ་ཏིའི་ཡུལ་གླིང་ནོར་འཛིན་བུ༔ རྒྱལ་པོ་དབང་ཕྱུག་ལྷ་ཡི་མགྲིན་དབྱངས་སྩལ༔ རྒྱལ་ཁབ་ཕོ་བྲང་བྱང་ཤར་ཡུལ་ལྗོངས་དབུས༔ ཀླུ་རྒྱལ་མ་ལ་ཤི་ཡི་ཕོ་བྲང་ནི༔ མཚོ་ཆེན་ན་མ་༼མ་ཡིག་གཞན་ན་རུ་༽རྔུབ་ཅེས་བྱ་བ་ལ༔ ཉམས་དགའ་ལྷ་ཡི་ཡུལ་ལ་འགྲན་བཟོད་པ༔ དེ་ན་ན་མི་ཏོ་ཋའི་རི་བོ་ཡོད༔ ཁ་དོག་ལྔ་ལྡན་འོད་གསལ་ཆད་མེད་གཡོ༔ བདུད་རྩིའི་ཆུ་ཀླུང་མདངས་ལྡན་པདྨོའི་ཚལ༔ ངོ་མཚར་བསམ་ཡས་དེ་རུ་འབྱོན་པར་བཞེད༔ ཕྱི་ནང་བློན་པོ་དཔུང་ཚོགས་བརྒྱད་ལྡན་བཅས༔ རྔ་བོ་ཆེ་ཡིས་སྐད་ཀྱིས་སྡུས་ཤིག་གསུངས༔ རང་ཅག་རྒྱལ་པོའི་བཀའ་ལ་ཉན་པར་རིགས༔ དེ་སྐད་སྨྲས་པས་བཙུན་མོ་བློན་འཁོར་བཅས༔ རིན་ཆེན་མཎྜལ་དར་གོས་རབ་ཐོགས་ནས༔ གུས་པས་ཕྱག་འཚལ་རྒྱལ་པོའི་སྤྱན་སྔར་འཚོགས༔ དར་དང་རིན་ཆེན་ཕུལ་ནས་འདི་སྐད་གསོལ༔ ན་མོ༔ ལྷ་ཡི་དབང་ཕྱུག་མི་ཡི་མགོན་གཅིག་པུ༔ བདག་ཅག་བསོད་ནམས་རྒྱལ་པོ་དམངས་བཅས་གསོན༔ ཚངས་པའི་རྔ་བོ་ཆེ་ཡི་སྒྲ་སྐད་ཀྱིས༔ བདག་ཡུལ་གོ་མཆིས་སྡེ་དཔུང་འདིར་ལྷགས་པས༔ བཙུན་མོ་དམ་པའི་བཀའ་ལས་དོན་རྣམས་ཐོས༔ འབྱོན་བཞེད་སྟ་གོན་ཇི་ལྟར་བརྩོན་པར་འཚལ༔ དེ་སྐད་ཞུས་པས་རྒྱལ་པོའི་བཀའ་སྩལ་པ༔ ཚངས་པའི་རྒྱལ་རྒྱུད་དགྱེས་བྱེད་གཙུག་ཕུད་དཔལ༔ རྒྱལ་རྒྱུད་སྟོང་ཕྲག་བྱོན་རྣམས་ཀླུ་མཆོད་ལ༔ བྱོན་པའི་གཤེགས་ཤུལ་བཀའ་ཆེམས་གྲངས་མེད་འདུག༔ ད་ལྟ་བདག་ཀྱང་ཀླུ་དབང་མཆོད་ཕྱིར་འགྲོ༔ རྟ་མཆོག་གླང་པོ་ཆེ་དང་ཆས་གདན་བཟང་༔ ནོར་བུ་པ་ལ་ཤ་དང་རིན་ཆེན་རིགས༔ སྨན་གྱི་བྱེ་བྲག་རོལ་མོའི་རིགས་བྱེད་དང་༔ གླུ་མཁན་བྲོ་མཁན་གར་པ་རྔ་གཤང་དང་༔ གཏེར་བུམ་མ་རྨོས་འབྲུ་དང་དར་གདུགས་དང་༔ བླ་བྲེ་རྒྱལ་མཚན་ལྡ་ལྡི་ལ་སོགས་པ༔ ཡོ་བྱད་མ་ཚང་མེད་པར་ཁྱེར་བ་དང་༔ ཀུན་གྱིས་བཟང་གོས་གྱོན་དང་སྐྲ་རྒྱན་འདོགས༔ དེ་སྐད་བཀའ་བསྩལ་ཡོ་བྱད་མ་ལུས་བསྒྲུབས༔ ནམ་མཁའི་དབྱིངས་སུ་སྐར་མ་རྒྱལ་ཤར་ཞིང་༔ ས་ལ་སྐྱེད་ཚལ་རྒྱས་ཤིང་མཛེས་པའི་དུས༔ གླང་པོ་ཆེ་ལ་ནོར་བུས་རྒྱན་གྱིས་སྤྲས༔ རྒྱལ་པོས་ཆིབས་ཏེ་བཙུན་མོ་བློན་འཁོར་བཅས༔ རྟ་ཞོན་དར་ཕྱར་དུང་འབུད་རོལ་མོ་དཀྲོལ༔ དཔུང་ཚོགས་དགའ་མགུར་བརྩེ་བས་གནས་དེར་གཤེགས༔ གར་པས་གར་དང་བྲོ་བརྡུང་སྒྱུ་རྩལ་དྲངས༔ ཕོ་སྐྱེས་མགྱོགས་ཚད་མོ་སྨན་གླུ་དབྱངས་བླངས༔ ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ལྟད་མོར་ཕྱིན༔ དེ་དག་ཐམས་ཅད་སེམས་གཅིག་དགའ་མགུར་སྤྱད༔ ལོངས་སྤྱོད་དཔག་མེད་སྦྱིན་བཏང་རྒྱལ་པོས་མཛད༔ དེ་ཚེ་ཀླུ་རྣམས་དགྱེས་ཚུལ་གཟུགས་མང་བསྟན༔ མི་དང་ཀླུ་གཉིས་དགའ་བའི་རོ་ཡིས་མྱོས༔ དབྱེ་བ་མེད་པར་ཀུན་ཀྱང་འདྲེས་པར་གྱུར༔ དེ་ནུབ་རྒྱལ་པོ་ཡབ་ཡུམ་གཟིམ་པའི་ཚེ༔ སྲོད་ལ་ལྷ་ཡི་རོལ་མོ་བསྒྲགས་པ་ནི༔ རྒྱལ་བློན་བཙུན་མོ་ཀུན་གྱིས་ཐོས་པར་བྱུང་༔ མཚན་གུང་ཀླུ་སྲིན་མང་པོས་རྒོལ་བ་བརྩམས༔ དེ་ཚེ་རྒྱལ་པོས་ནོར་བུ་པཱ་ལ་ཤ༔ གཙུག་ཏུ་བླངས་ཏེ་སྨོན་ལམ་འདི་ལྟར་བཏབ༔ ཨེ་མ་ཡིད་བཞིན་འདོད་དགུ་ལྷུན་གྲུབ་པའི༔ གཙུག་ཕུད་དཔལ་གྱི་སྨོན་ལམ་ལས་གྲུབ་པ༔ ནོར་བུ་པཱ་ལ་ཤ་ཞེས་ཡིན་བགྱིད་ན༔ ཀླུ་སྲིན་མ་རུངས་རྒོལ་བ་གཞོམ་པ་དང་༔ དངོས་གྲུབ་དམ་པ་ད་ལྟ་བསྩལ་དུ་གསོལ༔ དེ་སྐད་གསོལ་བཏབ་ནོར་བུའི་འོད་ཟེར་ནི༔ མེ་སྟག་ཚུབ་ཚུབ་འཕྲོས་པས་ཀླུ་ལ་ཕོག༔ སྐད་ཅིག་གཞོབ་ཐུལ་སོང་ནས་མི་དམིགས་ཡལ༔ དེ་ནས་ཡབ་ཡུམ་མནལ་བའི་ཐོ་རངས་སུ༔ ཡབ་ཀྱི་རྨི་ལམ་ཡ་མཚན་བདུན་དུ་མཐོང་༔ ནོར་བུའི་ཕྲེང་བས་ཕྲེང་ཐག་རང་ལ་ཐིམ༔ སྤྱི་བོར་མཆོད་རྟེན་དཀར་པོ་སྐྱེས་པ་དང་༔ འཇའ་འོད་ཐིག་ལེ་དཀར་པོ་ནམ་མཁའ་ནས༔ བབས་ཏེ་རང་གི་སྙིང་ཁར་ཐིམ་པ་དང་༔ སོ་ལས་པདྨ་དཀར་པོར་སྐྱེས་པ་དང་༔ སྙིང་ཁར་གསེར་གྱི་རྡོ་རྗེ་འོད་ལྔ་འབར༔ མཚོ་ལས་སྐྱེས་བུའི་དར་གོས་ཕུལ་བ་དང་༔ ལག་མཐིལ་མེ་ཏོག་ཕྱོགས་བཅུར་རྒྱས་པ་རྨིས༔ མནལ་སད་བཙུན་མོར་སྨྲས་པས་བཙུན་མོས་ཀྱང་༔ རྒྱལ་པོ་ཆེན་པོ་བདག་གིས་འདི་ལྟར་རྨིས༔ ཁོང་པར་ཤེལ་གྱི་འོད་གུར་འཁྱིལ་བ་དང་༔ རྒྱལ་པོས་ཤེལ་བུམ་བདག་ལ་གཏད་པ་དང་༔ གཙུག་ཏུ་འོད་ཟེར་དམར་པོ་འཁྱིལ་བ་དང་༔ རྡོ་རྗེ་རྩེ་ལྔ་འཕྲག་པར་ཁུར་བ་དང་༔ ཁ་ཊྭཱཾ་ག་ནི་ལག་ཏུ་བླངས་པ་དང་༔ དེ་ལས་ཁ་ཊྭཱཾ་མང་པོ་ཆད་པ་ལ༔ བསྐལ་པ་མང་པོ་དེ་འདྲར་འོང་ཞེས་ཐོས༔ དེ་སྐད་གསོལ་པས་རྒྱལ་པོའི་ཞལ་ན་རེ༔ རང་ཅག་གཉིས་ནི་རྨི་ལམ་བཟང་པོར་འདུག༔ ད་རུང་བྲམ་ཟེའི་ངག་ལ་བརྟག་པར་བགྱིད༔ དེ་སྐད་བཀའ་བསྩལ་བློན་པོའི་ཚོགས་རྣམས་ཀྱིས༔ མཚོ་སྐོར་ཕྱིན་པས་རྒྱལ་པོའི་སྤྱན་སྔ་རུ༔ ཀླུ་ཡི་བུ་མོ་བདུན་བྱུང་ནོར་བུ་ནི༔ ཨིནྡྲ་སྙིལ་དང་ཀོ་ཤ་ཧ་ལ་དང་༔ ཀཽ་ཐ་བིད་དང་ཕ་རོལ་རྒོལ་བ་འཇོམས༔ སྲེད་མེ་སྟོབས་འཕྱང་མརྒད་ཁ་དོག་ལྡན༔ མཱུ་ལ་བརྒྱན་ཏེ་རྣམ་པ་བདུན་དུ་ཕུལ༔ ཀླུ་ཡི་བུ་མོ་རྣམས་ཀྱིས་འདི་སྐད་གསོལ༔ ཀྱེེཿ ལྷ་དབང་མི་ཡི་རྒྱལ་པོ་སྟོབས་ལྡན་བུ༔ ཡ་མཚན་ནོར་བུ་རིགས་བདུན་འདི་དག་ནི༔ བདག་ཅག་མིང་པོས་ཁྱེད་ལ་བསྐུར་བ་ལགས༔ དགྱེས་པར་མཛོད་ལ་ངེད་ཅག་མཆོད་པར་མཛོད༔ དེ་སྐད་གསོལ་པས་རྒྱལ་པོས་འདི་སྐད་གསུངས༔ ཀྱེེཿ ཀླུ་ཡི་བུ་མོ་འདྲ་བའི་སྨན་མོ་བདུན༔ ཁྱེད་ཅག་རིགས་རུས་ཕ་མ་ཡུལ་གང་ཡིན༔ ཟླ་གྲོགས་སུ་འཚལ་སྡེ་དཔུང་ཇི་ལྟར་ཡོད༔ གསོང་པོར་སྨྲོས་ལ་མཆོད་པ་ཅི་ལ་དགྱེས༔ དེ་སྐད་བཀའ་བསྩལ་ཀླུ་མོས་འདི་སྐད་སྨྲས༔ ཀྱཻ༔ མཐོང་ན་དགའ་བ་མི་ཡི་རྒྱལ་པོ་ཆེ༔ སྟོབས་དང་ལྡན་པ་ལྷན་ནེ་རྩལ་དང་འདྲ༔ བཞིན་རས་མཛེས་པ་ལྷ་ཡི་བུ་དང་འདྲ༔ ལང་ཚོ་ལོངས་སྤྱོད་རྣམ་ཐོས་བུ་དང་འདྲ༔ ཁྱེད་ལ་ལྟ་བས་མི་ངོམ་ངོ་མཚར་ཆེ༔ བདག་ཅག་རིགས་ནི་ཀླུ་ཡིན་ལོངས་སྤྱོད་ཆེ༔ རུས་ནི་རྒྱལ་རིགས་འཁོར་ནི་ཀླུ་སྡེ་བརྒྱད༔ ཡབ་ནི་རྒྱལ་པོ་གཙུག་ན་རིན་ཆེན་ཡིན༔ ཡུམ་ནི་ལྷ་མོ་འོད་ཟེར་ལྡན་མ་ཡིན༔ བུ་མོ་ངེད་བདུན་རྒྱལ་པོའི་སྲས་མོ་ཡིན༔ ཟླ་གྲོགས་ཚངས་པའི་བུ་དང་ལྷན་ཅིག་འགྲོགས༔ དཔུང་ནི་ཀླུ་མོ་བྱེ་བ་ཁྲག་ཁྲིག་ཡོད༔ མཆོད་པ་སྨན་འབྲུ་རིན་ཆེན་གཏེར་བུམ་དགྱེས༔ དེ་སྐད་གསོལ་པས་རྒྱལ་པོས་སྨན་སྣ་སྟོང་༔ འབྲུ་སྣ་ལྔ་དང་རིན་ཆེན་རིགས་ཀྱི་ཚོགས༔ མ་རྨོས་འབྲུ་དང་གཏེར་བུམ་རྣམས་ཀྱིས་མཆོད༔ བུ་མོ་བདུན་ཀྱང་རང་གི་གནས་སུ་གཤེགས༔ དེ་ནས་ནོར་བུས་ཚོགས་རྣམས་དར་གྱིས་བཀླུབས༔ ཤིང་རྟའི་ཁྲི་ལ་བཀོད་ནས་དར་གདུགས་དང་༔ རོལ་མོའི་བྱེ་བྲག་དང་བཅས་སྤྱན་དྲངས་ནས༔ རྒྱལ་པོ་འཁོར་བཅས་རང་གནས་ཕོ་བྲང་བཞུད༔ འཁོར་འབངས་རྣམས་དང་རྒྱལ་པོ་དེར་འདུས་ཀྱིས༔ དགའ་སྟོན་བྱས་ནས་ནོར་བུ་ཕུལ་བ་ཡི༔ སྙན་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར༔ ནོར་བུ་རྒྱལ་མཚན་རྩེ་མོར་བརྒྱན་བྱས་ཏེ༔ མཆོད་པ་ནངས་རེ་ཕུལ་ཞིང་བསྟོད་པ་མཛད༔ བཙུན་མོས་ཕྱག་དང་སྐོར་བ་རྟག་ཏུ་བྱས༔ དེ་ནས་ནུབ་ཅིག་རྒྱལ་པོ་ཡབ་ཡུམ་གཉིས༔ དགའ་བ་སྤྱད་པས་འོད་ནི་དམར་སྐྱ་ཞིག༔ ལྟ་མི་བཟོད་པ་བྱུང་བ་ཐིམ་པ་ལ༔ ཡུམ་གྱིས་ཡབ་ཀྱི་སྨིན་མཚམས་ཐིམ་པར་སྣང་༔ ཡབ་ཀྱིས་ཡུམ་གྱི་མགྲིན་པར་ཞུགས་པར་སྣང་༔ ཡབ་ཡུམ་གཉིས་ཀྱིས་སྣང་ཚུལ་སོ་སོར་བྱུང་༔ དེ་ནས་ཟླ་བ་གསུམ་ལས་ཡུམ་ལ་ནི༔ ལུས་མི་བདེ་བར་སྲས་ནི་ཡོད་སྙམ་ལ༔ རྒྱལ་པོས་ཡུམ་ལ་སྙུན་དྲི་མཛད་པའི་ཚེ༔ ཡུམ་གྱི་མངལ་ནས་སྙན་པའི་ཚིག་འདི་བྱུང་༔ ཨེ་མ་དྲིན་ཆེན་རྒྱལ་བའི་ཡབ༔ གསོན་དང་བུ་ཡི་ངག་ལ་གསོན༔ བདེའོ་བདེའོ་ང་རང་བདེ༔ ཨ་མའི་ལུས་ཀྱི་སྒྲོམ་བུ་འདི༔ དག་པ་རྒྱལ་བའི་གཞལ་ཡས་བདེ༔ ཡབ་ཡུམ་བྱང་སེམས་དཀར་དམར་དེ༔ ཟླ་ཉི་ཐབས་ཤེས་ངང་དུ་བདེ༔ འཕྲུ་མ་དར་དཀར་ན་བཟའ་འདི༔ རེག་བྱ་འཇམ་ལ་དྲོད་ཆེ་བདེ༔ མངལ་གྱི་ཆོས་འབྱུང་ཁུགས་དྲུག་འདི༔ རྒྱལ་ཀུན་སྐྱེད་པའི་གནས་སུ་བདེ༔ ཨ་མའི་རླུང་གི་རྒྱུ་བ་འདི༔ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདེ༔ ཨ་ཝ་དྷཱུ་ཏི་འཁོར་ལོ་ལྔ༔ རིགས་ལྔ་སྐུ་གསུམ་ཞིང་ཁམས་བདེ༔ ལུས་ཀྱི་ཡན་ལག་རིམ་རྫོགས་འདི༔ ལམ་ལྔ་ས་བཅུ་བགྲོད་པས་བདེ༔ མ་ཡི་སྒུལ་སྐྱོད་བྱ་བ་ལ༔ མཁའ་འགྲོའི་གར་དབྱངས་ལེན་པས་བདེ༔ ང་ནི་ཡུམ་ཆེན་གོས་དཀར་མོ༔ སེམས་ཅན་དོན་དུ་བྱོན་པས་བདེ༔ ངོ་བོ་མི་བསྐྱོད་ཡབ་ལས་བསྐྱེད༔ སྟོང་པ་པདྨ་ཅན་ལས་གྲོལ༔ རིགས་ནི་རྒྱལ་པོའི་སྲས་མོ་བདེ༔ རུས་ནི་རྡོ་རྗེའི་རང་བཞིན་བདེ༔ སྤྱོད་པ་འགྲོ་བའི་དོན་དུ་བདེ༔ དབང་པོ་ཤེས་རབ་ལྔ་ལྡན་བདེ༔ ཀུན་གྲོལ་རང་རིག་རང་གསལ་བདེ༔ བདེ་བ་གླུ་ཡི་མཆོད་པ་འདི༔ དྲིན་ཆེན་ཡབ་ལ་དགྱེས་ཕྱིར་འབུལ༔ ཞེས་གྲགས་ཡབ་ཡུམ་དགའ་ཞིང་བདེ་བར་བཞུགས༔ ཟླ་བ་བཅུ་ནས་ཡུམ་ལས་བཙས་པའི་ཚེ༔ ནམ་མཁའི་ཁམས་ནས་ལྷ་དང་ལྷ་མོ་ཡིས༔ ཁྲུས་དང་བཀྲ་ཤིས་མེ་ཏོག་ཆར་པ་ཕབས༔ རོལ་མོ་སྣ་ཚོགས་དཀྲོལ་ཞིང་གླུ་དབྱངས་ལྡིར༔ ཀླུ་ཡི་མཆོད་པས་མི་ཡི་རྒྱལ་བློན་སྟོན་མོ་བྱས༔ བཙས་པའི་དུས་ནས་མ་ནི་བདེ་བ་དང་༔ བུ་མོ་དེ་ཡང་དར་གོས་དང་བཅས་པ༔ ཙོག་པུར་ཡོད་ཅིང་ཞལ་ནས་འདི་སྐད་གསུངས༔

ཨ་ལ་ལ་ཧོཿ འགྱུར་མེད་བདེ་ཆེན་མཁའ་དབྱིངས་གཞལ་ཡས་སུ༔ འོད་གསལ་རྒྱན་གྱིས་བརྒྱན་པའི་ལྷ་མོ་དང་༔ ས་བཅུ་ལམ་ལྔ་ཡུམ་གྱི་མངལ་ནས་རྫོགས༔ ཀློང་ཆེན་བདེ་སྟོང་མཁའ་ལ་འགྲོ་དོན་དུ༔ བྱོན་པ་ཡིན་ནོ་དྲིན་ཆེན་ཡབ་ཡུམ་ལ༔ གུས་པས་འདུད་དོ་བཀའ་དྲིན་གསོབ་པར་ཤོག༔ ཅེས་གསུངས་ཡབ་ཡུམ་གཉིས་ལ་ཕྱག་འཚལ་མཛད༔ ཡབ་ཡུམ་དགྱེས་པས་དགྱེས་མཛད་ལྷ་མོར་བཏགས༔ གོས་བཅས་འཁྲུངས་པས་གོས་དཀར་མ་ཞེས་བཏགས༔ སྙན་གྲགས་ཀུན་ཁྱབ་གྲགས་པ་བཟང་མོར་བཏགས༔ དེ་ནས་བྲམ་ཟེའི་སྟོན་པ་སྤྱན་དྲངས་ཏེ༔ མཚན་མཁན་དགྱེས་པའི་བཀུར་སྟི་རྒྱ་ཆེར་བྱས༔ བྲམ་ཟེས་རྟེན་འབྲེལ་བརྟགས་ནས་རྒྱལ་པོ་ཡིས༔ ང་ཡི་བུ་མོ་འདི་ནི་ཇི་ལྟར་ལགས༔ འཁོར་ལོས་བསྒྱུར་བའི་བཙུན་མོར་མཆིས་འོས་སམ༔ ཞེས་དྲིས་བྲམ་ཟེའི་ཞལ་ནས་འདི་སྐད་སྨྲས༔ འདི་ནི་ཡེ་ཤེས་མཁའ་འགྲོ་དམ་པ་སྟེ༔ སྲིད་པ་ཀུན་སྒྲོལ་བདེ་ཆེན་བདེ་བའི་བདག༔ སངས་རྒྱས་སྲས་བཅས་ཡུམ་ནི་གོས་དཀར་མོ༔ འཁོར་ལོས་བསྒྱུར་རྒྱལ་བཙུན་མོར་སྨད་པ་ལགས༔ ཅི་ཕྱིར་སངས་རྒྱས་མཆོག་སྤྱོད་ཟག་མེད་སྐུ༔ འཁོར་བའི་གནས་ལ་མི་སྨོན་མཆོད་པར་འོས༔ ཞེས་ཞུས་རྒྱལ་པོ་འཁོར་བཅས་དགྱེས་པར་གྱུར༔ དེ་ནས་སྲས་མོ་མཛེས་སྡུག་ཡིད་དུ་འོང་༔ ལོ་སྐྱེད་ལས་ཀྱང་ཞག་སྐྱེད་ཆེ་བར་བྱུང་༔ བཅུ་གཅིག་བཞེས་ཚེ་རྒྱལ་བ་རིན་ཆེན་དཔལ༔ བཞུགས་པའི་དྲུང་དུ་སོང་ནས་དམ་ཆོས་ཞུས༔ ཁྱོད་ནི་རྡོ་རྗེའི་རིགས་ཡུམ་རིག་འཛིན་མ༔ ཚེ་ལོ་ཁྲི་བརྒྱད་དགུ་སྟོང་འོད་མི་འགྱུར༔ ཚེ་དཔག་མེད་དང་གཉིས་མེད་མངོན་སངས་རྒྱས༔ དེ་སྐད་ལུང་བསྟན་སྦྱང་པའི་ཆོས་ལ་ཞུགས༔ འཁོར་བ་སྤངས་ནས་ན་མི་ཏོ་ཋ་ལ༔ བཞུགས་པས་མངོན་ཤེས་རྫུ་འཕྲུལ་བསམ་ལས་འདས༔ རྒྱལ་ཁམས་སྐལ་ལྡན་ཁྲི་དང་དྲུག་སྟོང་ལ༔ དམ་པའི་ཆོས་ཀྱི་འཁོར་ལོ་དཔག་མེད་བསྐོར༔ དེ་ནས་བདེ་བ་ཅན་གྱི་ཞིང་ཁམས་ལ༔ དགེ་སློང་ཆོས་ཀྱི་འབྱུང་གནས་མངོན་སངས་རྒྱས༔ རྒྱལ་བ་འོད་དཔག་མེད་ཅེས་འཁོར་གྲངས་མེད༔ ཞིང་ཁམས་ཚད་མེད་ལོངས་སྐུའི་བཀོད་པ་ལྔ༔ ཚེ་ལོ་ཚད་མེད་བསྐལ་པ་གྲངས་མེད་གནས༔ དེ་རུ་གོས་དཀར་མོ་ནི་སངས་རྒྱས་ཏེ༔ མགོན་པོ་ཚེ་དཔག་མེད་དང་གཉིས་མེད་དུ༔ ཤེས་རབ་རྒྱལ་ཡུམ་མངའ་གསོལ་འཁོར་བ་ནི༔ དོང་ནས་སྤྲུགས་ཕྱིར་སྤྲུལ་བ་བསམ་མི་ཁྱབ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བ་ལས༔ རྒྱལ་པོ་དབང་ཕྱུག་ལྷ་ཡི་སྲས་སུ་འཁྲུངས་ཏེ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་ལེའུ་གཉིས་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

བྲམ་ཟེའི་སྲས་མོར་སྤྲུལ་ཏེ་རྒྱལ་པོ་ཉི་མའི་སྙིང་པོས་རྒྱལ་སྲིད་ཆོས་ཀྱིས་སྐྱོང་ཞིང་ཡུལ་ཁམས་མངོན་བྱང་ལ་བཀོད་པའི་རིམ་པ།

དེ་ནས་ལྷ་མོ་གོས་དཀར་ཞེས་གྲགས་པ༔ བདེ་བ་ཅན་དུ་མངོན་པར་སངས་རྒྱས་ནས༔ སྤྲུལ་པ་གང་འདུལ་བསྟན་པའི་ཚུལ་འདི་ནི༔ བསྐལ་པ་སྣང་བྱེད་འོད་སྟོང་འོག་རོལ་ན༔ བསྐལ་པ་རིན་ཆེན་བདལ་པ་ཞེས་བྱ་བ༔ རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོ་བྱོན༔ ཡུལ་གྱི་མིང་ནི་བདེ་ཚལ་ཞེས་བྱ་བ༔ ཕོ་བྲང་མིང་ནི་ཐ་མཱ་དྷུ་ཞེས་བྱ༔ རྒྱལ་པོའི་མིང་ནི་ཉི་མའི་སྙིང་པོ་ཞེས༔ ཡབ་ནི་བྲམ་ཟེའི་རྒྱལ་པོ་ཆུ་ལྷའི་སྡེ༔ ཡུམ་ནི་རྒྱལ་རིགས་ལྷ་མོ་དགའ་བའི་དཔལ༔ རུས་ནི་ཆོས་ཀྱི་ཆབ་སྲིད་སྐྱོང་བ་ལ༔ རེ་ཞིག་རྒྱལ་སྲས་ཉི་མའི་སྙིང་པོ་ལ༔ བཙུན་མོ་བསུ་བའི་དུས་ལ་བབས་ཞེས་གླེང་༔ རྒྱལ་བློན་བཀའ་བསྒྲོས་རྒྱལ་ཁམས་དུ་མ་ལ༔ སྲས་མོ་ཅི་འདུག་ཚོལ་བར་བྱ་བའི་ཕྱིར༔ བློན་པོ་རིན་ཆེན་དཔལ་ལེགས་ཉུལ་དུ་ཕྱིན༔ བཙུན་མོར་འོས་པ་གང་དུ་མ་རྙེད་པས༔ བྲམ་ཟེའི་ཡུལ་ལྗོངས་རྒྱལ་པོ་ཤུ་བྷ་ཞེས༔ བཙུན་མོ་རྒྱན་ལེགས་མ་ཞེས་བྱ་བ་ལ༔ སྲས་ནི་བདུན་དང་སྲས་མོ་གཅིག་ཡོད་པ༔ ཕོ་བྲང་པ་ལ་ཏོ་ཞེས་རྒྱན་བཀོད་ལེགས༔ ལོངས་སྤྱོད་འཁོར་འབངས་མངའ་ཐང་རྒྱས་པ་ལ༔ བློན་པོ་དེ་ཕྱིན་ཕོ་བྲང་རྩར་བལྟས་པས༔ ཕོ་བྲང་ཉེ་བར་མེ་ཏོག་ཐང་དགའ་བ༔ རྫིང་བུར་ཁྲུས་གསོལ་ལྟད་མོར་ཡབ་ཡུམ་དང་༔ སྲས་དང་སྲས་མོ་ལྷན་ཅིག་འཚོགས་པ་མཐོང་༔ སྲས་མོའི་རྒྱན་བསྟར་བློན་པོ་དཔལ་ལེགས་སར༔ ཉེ་བར་ཕྱིན་ཏེ་འདི་ལྟར་ཚིགས་སུ་བཅད༔ ཀྱེེཿ བློན་པོའི་ཆས་བཟང་དཔལ་ལེགས་བཞིན་བཟང་ལྡན༔ རྒྱལ་སྲིད་འདི་རུ་འོང་བའི་དོན་ཅི་འཚལ༔ ཕ་དང་མ་དང་རིགས་རུས་ཡུལ་གང་ཡིན༔ རྒྱལ་པོའི་མིང་ནི་ཇི་ལྟར་བྱ་བ་ལགས༔ སྲས་ལ་ཉི་མའི་སྙིང་པོ་ཡོད་དམ་ཅི༔ འཁོར་པ་སྡེ་ཚན་དཔུང་ཚོགས་ཇི་ལྟར་ཡོད༔ རིག་པའི་དམ་པ་ལེགས་པར་བཤད་པར་འཚལ༔ དེ་སྐད་མཛེས་འཛུམ་སྙན་པའི་ངག་གིས་སྨྲས༔ བློན་པོ་རིན་ཆེན་དཔལ་ལེགས་ལན་བཏབ་པ༔ ཀྱེེཿ རྒྱལ་པོ་ཆེན་པོའི་སྲས་མོ་ཚུར་གསོན་དང་༔ ཡུལ་ནི་བདེ་བའི་ཚལ་ཞེས་ཉམས་དགའ་ཡོད༔ རྒྱལ་པོའི་མིང་ནི་ཆུ་ལྷའི་སྡེ་ཞེས་པ༔ ཡུམ་གྱི་མིང་ནི་ལྷ་མོ་དགའ་བའི་དཔལ༔ སྲས་ཀྱི་མིང་ནི་ཉི་མའི་སྙིང་པོ་ཡོད༔ བུ་མོ་ཁྱོད་ཀྱིས་ཤེས་པ་དེ་ཀ་ཡོད༔ རིགས་རུས་ཆོས་སྐྱོང་མངའ་ཐང་སྡེ་དཔུང་ཆེ༔ ང་ནི་རྒྱལ་རིགས་ཕ་ནི་ལྷ་དབང་དཔལ༔ མ་ནི་མཛེས་པའི་དཔལ་མོ་གསལ་སྒྲོན་ཞེས༔ སྲིང་མོ་དགེ་བའི་ལྷ་མོ་ཞེས་བྱ་ཡོད༔ བདག་ནི་རྒྱལ་པོ་ཉི་མའི་སྙིང་པོའི་བློན༔ མིང་ནི་རིན་ཆེན་དཔལ་ལེགས་ཞེས་བྱ་བ༔ ད་ལྟ་འདི་རུ་བསྐྱོད་པའི་དོན་འདི་འདོགས༔ རྒྱལ་པོ་ཆུ་ལྷའི་སྡེ་ཡི་སྲས་པོ་ལ༔ རྒྱལ་སྲིད་ཕོག་པའི་དུས་ལ་བབས་གྱུར་པས༔ བཙུན་མོ་བཙལ་ཕྱིར་གནས་འདིར་འོངས་པ་ལགས༔ ཡབ་ཡུམ་མིང་པོས་དེ་ལྟར་བདོག་པར་འཚལ༔ དེ་སྐད་སྨྲས་པས་བཙུན་མོའི་སར་ཕྱིན་ནས༔ བུ་མོས་ཚིགས་སུ་བཅད་པ་འདི་སྐད་གསོལ༔ ཀྱེེཿ ལུས་འདི་བསྐྱེད་པའི་དྲིན་ཆེན་མ་མ་ལགས༔ གཅེས་པར་སྐྱོང་བའི་མ་གཅིག་སྒྲོམ་བུ་ལགས༔ རྒྱལ་པོ་ཉི་མའི་སྙིང་པོའི་བློན་པོ་ནི༔ རིན་ཆེན་དཔལ་ལེགས་ཞེས་བྱ་ཕྱིན་ནས་འདུག༔ རྒྱལ་སྲིད་ཕོག་པའི་བཙུན་མོ་ཚོལ་ཕྱིན་དུ༔ འོང་ཞེས་ཕྲིན་གདབ་ཡབ་ལ་གསོལ་བར་འཚལ༔ དེ་སྐད་ཞུས་ཏེ་བློན་པོའི་བསམ་པ་ལ༔ སྲས་མོ་བཞིན་ལེགས་མཛེས་པའི་ཕུལ་ཕྱིན་འདུག༔ ཉི་མའི་སྙིང་པོ་ཞེས་པ་ཇི་ལྟར་ཡིན༔ དེ་ནི་ངེས་པར་བཙུན་མོར་འོས་སོ་སྙམ༔

དེ་ནས་བཙུན་མོ་ཡབ་ཀྱི་སྤྱན་སྔར་ཕྱིན༔ ཚིགས་སུ་བཅད་པ་འདི་སྐད་གུས་པས་གསོལ༔ ཀྱེེཿ བྲམ་ཟེའི་རིགས་གྱུར་ཆོས་ཀྱི་རྒྱལ་པོ་ལགས༔ རྒྱལ་པོ་ཆུ་ལྷའི་སྡེ་ཡི་བློན་པོ་ནི༔ རིན་ཆེན་དཔལ་ལེགས་ཞེས་བྱ་རྒྱལ་སར་ཕྱིན༔ རྒྱལ་སྲས་ཉི་མའི་སྙིང་པོ་ཞེས་བྱ་བ༔ རྒྱལ་སྲིད་ཕོག་པའི་བཙུན་མོ་ཚོལ་དུ་ཕྱིན༔ རྒྱལ་པོའི་སྤྱན་སྔར་འདོང་དགོས་ཡོད་པའི་འཕྲིན༔ གདབ་པས་གནང་བར་འོས་སོ་ཇི་ལྟར་བདོག༔ དེ་སྐད་ཞུས་པས་རྒྱལ་པོའི་ཞལ་ན་རེ༔ བྲམ་ཟེའི་རྒྱལ་རྒྱུད་ནམ་མཁའ་འདྲ་བ་ལ༔ རྒྱལ་རྒྱུད་ཉི་ཟླ་ལྟ་བུར་ཁོ་ནར་འབྱུང་༔ སྲས་མོ་གཅིག་པུ་འཁོར་ལོས་བསྒྱུར་བ་ལས༔ གཞན་ལ་གཏོང་བ་ཕངས་སེམས་ཆེ་མོད་ཀྱང་༔ བློན་པོའི་ཕྲིན་ལ་ཇི་ལྟར་ལྟ་བ་འཐད༔ རྒྱལ་པོ་ཆུ་ལྷའི་སྡེ་ཞེས་ཆོས་རྒྱལ་ཆེ༔ འོས་ཙམ་ཡིན་ཀྱང་དོན་ལ་དཔྱད་ན་དགའ༔ ཞེས་གསུངས་བློན་པོ་རྒྱལ་པོའི་སྤྱན་སྔར་དྲངས༔ བློན་པོས་ཚིགས་སུ་བཅད་ནས་འདི་སྐད་གསོལ༔ ཀྱེེཿ བྲམ་ཟེའི་རྒྱལ་པོ་དགེ་བའི་ནོར་འཛིན་ལགས༔ གསོན་དང་འཕྲིན་གྱི་དམ་པ་བདོག་ལ་དགོངས༔ ཡུལ་ནི་བདེ་ཚལ་རྒྱལ་པོ་ཆུ་ལྷའི་སྡེ༔ སྲས་ལ་ཉི་མའི་སྙིང་པོ་ཞེས་བྱ་བ༔ ཆོས་ཀྱི་དགོངས་པ་བློ་ཆེར་རི་འདྲ་བ༔ མཛེས་པ་ལྟ་བས་མི་ངོམས་ཚངས་པ་ལྟར༔ ཚངས་དབྱངས་ལྟ་བུའི་གསུང་སྙན་དོན་དང་ལྡན༔ ལང་ཚོ་དར་བབས་རྒྱལ་སྲིད་ཕོག་པར་མཆིས༔ བཙུན་མོར་འོས་པའི་བུ་མོ་ལྟ་རུ་ཕྱིན༔ རིགས་རུས་ཆོ་འབྲང་མཛེས་པའི་སྲས་མོ་ཞིག༔ རྒྱལ་པོ་ཁྱེད་ལ་མངའ་བར་ཡོད་པ་ལ༔ ཇི་ལྟར་རྒྱལ་སྲས་མཛེས་མ་གནང་མཆི་གསོལ༔ དེ་སྐད་ཞུས་པས་རྒྱལ་པོའི་ཞལ་ན་རེ༔ ཀྱེེཿ རྒྱལ་པོ་ཆེན་པོ་ཆུ་ལྷའི་བློན་པོ་ལགས༔ ང་ཡི་བུ་མོ་གར་དབང་མ་ཞེས་པ༔ ལྟས་ཀྱི་ཁྱད་པར་ངོ་མཚར་བསམ་མི་ཁྱབ༔ བཞིན་ལེགས་ཡབ་ཡུམ་མིང་པོར་རྒྱུད་འཇམ་ཞིང་༔ ཤེས་པའི་དཔལ་མངའ་གཞན་ལ་སྟེར་བ་ཕངས༔ དེ་སྐད་གསུངས་པས་བློན་པོའི་བློ་བཅག་སྟེ༔ ཡུལ་ལ་ལོག་སྟེ་ཆུ་ལྷའི་སྡེ་དང་མཇལ༔ བཙུན་མོ་དང་བཅས་ཚིགས་བཅད་འདི་ལྟར་གསོལ༔ ཀྱེེཿ ལྷ་ཡི་ཡང་ལྷ་རྒྱལ་པོ་ཡབ་ཡུམ་ལགས༔ བདག་ནི་རྒྱལ་ཁམས་བཅུ་ཕྲག་མང་པོར་ཕྱིན༔ རྒྱལ་སྲིད་ཕོག་པའི་བཙུན་མོ་མ་རྙེད་པས༔ མཐར་ནི་བྲམ་ཟེའི་རྒྱལ་པོ་ཤུ་བྷའི་གནས༔ ཕོ་བྲང་པ་ལཱ་ཏོ་ཞེས་བྱ་བར་ཕྱིན༔ དེ་རུ་རྒྱལ་པོ་ཡུམ་སྲས་སྐུ་འཆག་ཕྱིན༔ ཉམས་དགའི་པད་ཚལ་ཁྲུས་གསོལ་བྱ་བ་མཐོང་༔ རྒྱལ་པོ་དེ་ལ་སྲས་བདུན་སྲས་མོ་གཅིག༔ ཡོད་པས་སྲས་མོས་རྒྱན་བསྟར་བདག་གདོང་བལྟས༔ ཚིགས་སུ་བཅད་དེ་འདྲི་བ་འདི་ལྟར་བགྱིས༔ ཀྱེཿ བློན་པོའི་ཆས་བཟང་དཔལ་ལེགས་བཞིན་བཟང་ལྡན༔ རྒྱལ་སྲིད་འདི་རུ་འོངས་པའི་དོན་ཅི་འཚལ༔ ཕ་མ་རིགས་རུས་ཡུལ་དང་རྒྱལ་པོ་དང་༔ ཉི་མའི་སྙིང་པོ་ཡོད་དམ་འདྲི་བར་བྱེད༔ དེ་ཚེ་བདག་གིས་ཞིབ་པར་སྨྲས་པས་དེངས༔ བཙུན་མོར་སྲས་མོས་ཚིག་བཤད་རྒྱལ་པོས་གསན༔ བདག་ཀྱང་རྒྱལ་པོའི་སྤྱན་སྔར་ལོ་རྒྱུས་སྨྲས༔ རྒྱལ་པོའི་སྲས་མོ་གནང་འོས་ཞུས་པ་ལ༔ འཕང་བའི་སེམས་དང་ཚིགས་བཅད་སྒྲོགས་སུ་བྱུང་༔ དེ་ལ་ཇི་ལྟར་དགོས་ཞེས་རྒྱལ་པོ་ལགས༔ དེ་སྐད་གསོལ་པས་རྒྱལ་བློན་བཀའ་བགྲོས་ནས༔ ཇི་ལྟར་བྱས་ཀྱང་སྲས་ལ་གདམས་ཞུ་བྱས༔ ཡབ་ཀྱི་རྒྱལ་པོ་སྲས་ལ་ཁ་གཏུག་སྟེ༔ འཇམ་པའི་ཚིག་གིས་འདི་སྐད་ཚིགས་སུ་བཅད༔ ཀྱེེཿ ཡབ་ཡུམ་དྲིན་འདོགས་ཆོས་སྐྱོང་ཉི་མའི་སྙིང་༔ ཡབ་ཀྱིས་གསོལ་བའི་དོན་ལ་སྙིང་པོ་ལོངས༔ བློན་པོ་རིན་ཆེན་དཔལ་ལེགས་བཏང་བ་ལ༔ རྒྱལ་ཁམས་བཅུ་ཕྲག་ཉུལ་བའི་མཐའ་མ་རུ༔ རྒྱལ་པོ་ཤུ་བྷའི་སྲས་མོ་གར་དབང་མོ༔ མཛེས་པའི་ཕུལ་ཕྱིན་ཡ་མཚན་གྲངས་མེད་འདུག༔ རྒྱལ་སྲིད་ཕོག་པའི་བཙུན་མོར་འོས་པར་ངེས༔ ཇི་ལྟར་བགྱིད་དམ་ཡབ་ལ་དྲང་པོར་སྨྲོས༔ དེ་སྐད་གསོལ་བས་བརྟག་ཅེས་དགོས་སོ་སྨྲ༔ དེ་ནས་ཟླ་བ་ཉ་བའི་དུས་ཤིག་ལ༔ མཆོད་པ་དཔག་མེད་བཤམས་ནས་དཀོན་མཆོག་ལ༔ ཡབ་སྲས་རྣམས་ཀྱིས་གསོལ་བ་བཏབ་ནས་ཉལ༔ ཉི་མའི་སྙིང་པོའི་རྨི་ལམ་བཟང་དུ་སོང་༔ འོད་ཟེར་དཀར་ལ་ཅུང་ཟད་དམར་བ་ཞིག༔ ཤར་ནས་བྱུང་སྟེ་བདག་ལ་ཕོག་པ་ཡིས༔ བདག་ཉིད་འོད་ཞུ་ཧཱུྃཿཡིག་གྱུར་པ་དང་༔ ཧཱུྃཿལས་ཧྲཱིཿཆད་སྟོང་གསུམ་གང་བ་ཡིས༔ སྣོད་བཅུད་འོད་ལྔས་མེར་གྱིས་ཁེངས་པ་དང་༔ ཀུན་ཀྱང་ཡིག་འབྲུ་གཉིས་པོ་ཁོ་ནར་གྱུར༔ འོད་ཟེར་དེ་ལས་འོད་ལྔས་སྟོང་གསུམ་ཁྱབ༔ འོད་དེས་རེག་ཚད་ཡིག་འབྲུ་གྱུར་པ་རྨིས༔ ཡབ་ཀྱི་ནངས་པར་མནལ་བའི་རྨི་ལམ་དུ༔ ཤེལ་གྱི་གོང་བུ་དར་དཀར་བརྒྱན་པ་ཞིག༔ ཤར་ནས་བྱུང་སྟེ་སྲས་ལ་གཏད་དེ་མཆིས༔ ཉི་མའི་སྙིང་པོའི་ལག་ཏུ་བབས་པ་དང་༔ དར་དཀར་གོས་དེ་ཉི་སྙིང་སྐུ་ལ་གསོལ༔ ཉི་མའི་སྙིང་པོ་ཤེལ་གོང་གྱུར་པའི་འོད༔ ཕྱོགས་མཚམས་ཀུན་ཏུ་ཁྱབ་ཅིང་གསལ་བར་རྨིས༔ ཕྱི་ནངས་ཡབ་སྲས་རྟགས་རྟེན་བཟང་བར་གོ༔ རིན་ཆེན་ནོར་བཟང་མང་པོའི་རྟེན་དང་བཅས༔ གསེར་གྱིས་བྲིས་པའི་ཡིག་འཕྲིན་འདི་ལྟར་བྱས༔ ཀྱེེཿ བྲམ་ཟེའི་རྒྱལ་པོ་ནོར་འཛིན་དགེ་བའི་དཔལ༔ ཁྱོད་ཀྱི་སྲས་མོ་མཛེས་པ་ལྟ་ན་སྡུག༔ གར་གྱི་དབང་མོ་བདེ་ཆེན་བཅུད་འཛིན་མ༔ བདག་གི་རྒྱལ་སྲིད་ཕོག་པའི་སྐྱོང་མ་ལ༔ གནང་བར་བསྩལ་ཕྱིན་རིན་ཆེན་ཆས་དགུ་བདོག༔ སྐལ་བཟང་བདག་གི་བུ་ལ་དགྱེས་དགོངས་ལ༔ འཚམ་པར་བསྩལ་ཞིང་བཀའ་དྲིན་བསྐྱང་དུ་གསོལ༔ ཞེས་པའི་འཕྲིན་ཡིག་དང་བཅས་བློན་པོ་བཏང་༔ རྒྱལ་སར་ཕྱིན་པས་སྡེ་སྐྱོང་རྒྱལ་པོ་དང་༔ ནོར་འཛིན་རྒྱལ་པོ་བཱ་ལ་ཨུ་དྷིའི་བུ༔ མཁའ་སྐྱོང་རྒྱལ་པོའི་བློན་པོ་ཧ་འཛིན་སོགས༔ རྒྱལ་ཁབ་བཅུ་གསུམ་ཙམ་གྱི་བང་མི་དང་༔ ཕྱི་བློན་ནང་བློན་ནོར་སྣ་གྲངས་མེད་བཅས༔ ཐམས་ཅད་འདུས་ནས་སྲས་མོ་སློང་དུ་ཕྱིན༔ དེ་ནས་བློན་པོ་རིན་ཆེན་དཔལ་ལེགས་ནི༔ བྲམ་ཟེའི་རྒྱལ་པོའི་སྤྱན་སྔར་ཕྱིན་ནས་བརྒྱུད༔ ནོར་སྣ་གསེར་ཡིག་རྒྱལ་པོའི་ཕྱག་ཏུ་ཕུལ༔ རྒྱལ་པོས་བཀའ་ཡིག་གཟིགས་ནས་ཕྱི་ནང་བློན༔ བཙུན་མོར་སྲས་དང་བཅས་པ་ཐུགས་བགྲོས་ཏེ༔ རྒྱལ་པོའི་ཞལ་ནས་འཁོར་ལ་བཀའ་བསྩལ་པ༔

ཀྱེཿ བདག་གི་བུ་མོ་མཛེས་པའི་ཕུལ་དམ་པ༔ ཕྱོགས་ཀྱི་རྒྱལ་པོ་དུ་མས་བདག་ཏུ་བཟུང་༔ གཅིག་ལ་བྱིན་ཀྱང་གཞན་ཀུན་མི་དགྱེས་པས༔ ཅི་བྱ་གཏོལ་མེད་རྒྱལ་སྲིད་གནོད་པར་དོགས༔ སུ་ལ་མི་སྦྱིན་བྱས་ན་ཅི་རུང་ངམ༔ ཅི་བྱེད་ཤེས་རབ་བློ་ལྡན་དཔྱད་པར་འོས༔ ཞེས་གསུངས་ཐམས་ཅད་ཅི་ཡང་སྨྲས་པ་ན༔ གྲོས་ཀྱི་མཐའ་ཆོད་སུས་ཀྱང་ལབ་ལ་རྨོངས༔ སྐབས་དེར་བཙུན་མོའི་ཞལ་ནས་འདི་ལྟར་གསུངས༔ རྒྱལ་པོ་བློན་འཁོར་བཅས་པ་ཚུར་གསོན་དང་༔ ང་ཡི་བུ་མོ་གར་གྱི་དབང་མོ་འདི༔ སྐྱེས་པའི་ཡ་མཚན་དཔག་མེད་བརྗོད་ལས་འདས༔ བཙས་དུས་ན་བཟའ་དཀར་པོ་དང་བཅས་བཙས༔ བཙས་མ་ཐག་ནས་གར་མཛད་བདག་ཉིད་ལ༔ ཕྱག་གིས་དབང་བསྐུར་གར་གྱི་དབང་མོ་བཏགས༔ ས་སྟེང་འགྲན་ཟླ་བྲལ་བའི་མཛེས་ཡུམ་མཆོག༔ ནམ་ཡང་སྙིང་དང་འདྲ་སྟེ་གཞན་གཏོང་ཕངས༔ མི་གཏོང་དབང་མེད་རྒྱལ་ཁབ་དུ་མས་སློང་༔ ཐབས་ནི་ཉེས་ན་རྒྱལ་སྲིད་སྟོང་ལ་ཉེ༔ ད་ནི་ལས་དབང་བཙན་པས་བདག་བཟུང་དཀའ༔ བུ་མོར་དྲིས་ནས་གང་དགར་བཏང་བ་ལེགས༔ སུས་ཐོབ་བྱས་ན་གཞན་གྱིས་འཕྲོག་པར་བརྩམས༔ མཛེས་མ་སྡུག་བསྔལ་དཔག་མེད་ཆར་མི་ཕོད༔ དེ་ལྟར་ཁོང་པའི་སྙིང་འདི་ཕངས་ངོ་ཅི༔ ཞེས་གསུངས་མཆི་མ་ཕྱུངས་ཤིང་ཡབ་ལ་ལྟ༔ དེ་ལྟར་ཀུན་གྱིས་འཐད་ཅེས་གྲོས་འཆམ་པས༔ ཡབ་ཡུམ་མིང་པོ་སྲས་མོའི་སྤྱན་སྔར་ཕྱིན༔ བྱམས་པའི་ངག་གིས་བུ་མོར་འདི་སྐད་སྨྲས༔ ཀྱེཿ བདག་ཅག་ཡབ་ཡུམ་སྙིང་དང་མིང་པོའི་མིག༔ གཅེས་པའི་བུ་མོ་མཛེས་མ་ཁྱོད་ཀྱིས་གསོན༔ ཕྱོགས་ཀྱི་རྒྱལ་པོ་རྒྱལ་ཕྲན་དུ་མ་ཡིས༔ སློང་བའི་ནོར་དང་གསེར་ཡིག་བྱ་མ་རྟ༔ རྒྱལ་ཁབ་ཕྱི་ནང་འཁོར་བཅས་གང་ན་འདུག༔ བདག་ཅག་ཆད་བཟུང་མ་མཆིས་ལས་དབང་བཙན༔ གཏོང་བར་ཕངས་ཀྱང་རྒྱལ་སྲིད་རྨས་མཆི་བར༔ བུ་མོ་ཁྱོད་ཉིད་གང་དགར་འདེམ་འོས་པས༔ ཅི་དགྱེས་ལྷ་ཡི་སྲས་མོས་བཀའ་སྩོལ་ཅིག༔ དེ་སྐད་སྨྲས་པས་གར་གྱི་དབང་མོ་ཡིས༔ ཡབ་ཡུམ་མིང་པོ་རྣམས་ལ་འདི་ལྟར་གནང་༔ ཀྱེ་ཧོཿ རྒྱུད་བཟང་ལྷ་ཡི་རྒྱལ་པོ་བུ་མོའི་ཡབ༔ ལུས་སྲོག་འཛིན་པའི་དྲིན་ཆེན་ཨ་མ་དང་༔ རིགས་གཅིག་གདུང་བས་བརྩེ་བའི་མིང་པོ་རྣམས༔ བདག་ལ་བྱམས་པའི་མིག་དང་སྙིང་རྗེའི་ངག༔ དགའ་གདུང་ཕངས་པས་འདྲི་བཤད་མཛད་པ་ལེགས༔ ང་ནི་རྒྱལ་སྲིད་འཁོར་བར་བདག་མི་འཛིན༔ བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་ནས་བསླངས༔ སྦྱོར་བ་ལས་ཀྱི་དབང་བཙན་བཅོས་སུ་མེད༔ སྐྱེ་བ་འདི་ཡི་གོང་དུ་བདེ་བ་ཅན༔ ཡུམ་མཆོག་ལྷ་མོ་གོས་དཀར་མ་ཉིད་ཡིན༔ ད་ལྟ་བྲམ་ཟེ་རྒྱལ་པོའི་བུ་མོར་སྤྲུལ༔ འགྲོ་བའི་དོན་ལས་གཞན་གྱི་བྱ་བ་མེད༔ སྨོན་ལམ་མཐུ་བཙན་ཉི་མའི་སྙིང་པོ་ནི༔ འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན༔ དེ་དང་ལྷན་ཅིག་བྱང་སེམས་མཛད་པ་སྐྱོངས༔ གཞན་གྱི་ངན་སོང་འགྲོ་ལ་ཐ་མལ་ལུས༔ དེ་དག་བདག་གི་ཟླ་བོར་ནམ་ཡང་མིན༔ རྒྱལ་སྲིད་ཁུར་ཐེག་ཕག་ནས་བདག་བྲོས་ནས༔ རྒྱལ་པོ་ཉི་མའི་སྙིང་པོའི་གམ་དུ་འགྲོ༔ ཡབ་ཡུམ་མིང་པོ་དམ་པའི་ཆོས་ལ་འབུངས༔ འཁོར་བ་འདི་ནི་མཐའ་མེད་སྡུག་བསྔལ་མྱོང་༔ འདི་ལས་ཅི་ཐར་མཛོད་ཅིག་གདམས་པ་ཡིན༔ ང་ནི་འཁོར་བར་ཆགས་པ་མ་ཡིན་ཏེ༔ ཐུགས་རྗེས་ཐབས་ཀྱིས་འགྲོ་དོན་རྒྱ་ཆེར་སྤྱོད༔ མགོན་པོ་འོད་དཔག་མེད་པའི་བཀའ་བསྒྲུབས་ནས༔ འཕགས་པའི་ས་ལ་ཁྱེད་ཅག་འདྲེན་པར་མཆིས༔ ཞེས་གསུངས་རྒྱལ་པོ་ཡབ་ཡུམ་མིང་པོ་བློན༔ ཐམས་ཅད་དད་གདུང་བུ་མོའི་བཀའ་ལ་ཉན༔ དེ་གར་ཐག་བཅད་བུ་མོས་གཡོག་མོར་སྦྲན༔ ཕག་ནས་བྲོས་པའི་ཐབས་བཙལ་ཞག་བདུན་སར༔ ཕྱིན་པས་གཡོག་མོ་ཚེ་ལས་འདས་པ་ལ༔ འཕོ་བ་བཏབ་ནས་འཕགས་པའི་ཞིང་དུ་བཀོད༔ དེ་ནས་ཞག་བདུན་ཉིན་མཚན་ཁོར་ཡུག་སོང་༔ ལན་ཅིག་རྒྱལ་པོ་ཉི་མའི་སྙིང་པོ་ཡིས༔ ཐོ་རངས་མནལ་སད་ཡར་ལ་བལྟས་པའི་ཚེ༔ མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས༔ འོད་ཟེར་འབུམ་ལྡན་ལྟ་མི་བཟོད་པར་མཇལ༔ འཕགས་པའི་ཞལ་ནས་བུ་ཁྱོད་ཡར་ལོངས་དང་༔ འདི་ནས་ཤར་ཕྱོགས་བྲམ་ཟེའི་བུ་མོ་ནི༔ གར་གྱི་དབང་མོ་བདེ་བ་ལྷ་ཡི་ཡུམ༔ རྒྱལ་སྲིད་མང་པོས་རྩོད་ཟླ་འགྲན་པའི་ཚེ༔ མངོན་པར་ཤེས་པས་ཁྱོད་རྩར་འོང་ལ་བྲོས༔ ལམ་ཤུལ་རིང་ནས་ད་ལྟ་བྱང་ཕྱོགས་ན༔ སླེབ་པས་ཚོལ་ལ་འགྲོ་དོན་ཆོས་སྐྱོངས་ཤིག༔ དེ་སྐད་ལུང་བསྟན་ནངས་པར་བློན་པོ་བསྡུས༔ བདག་ནི་བྱང་ཕྱོགས་ལྟད་མོར་འགྲོ་དགོས་པ༔ ཁྱོད་རྣམས་ཆས་རྒྱན་རྟེན་འབྲེལ་ལེགས་གྱིས་གསུངས༔ དེ་ལྟར་བགྱིས་ནས་དཔུང་ཚོགས་བརྒྱད་ལྡན་བཅས༔ ཀུན་ཀྱང་དར་གོས་རིན་ཆེན་རྒྱན་བསྟར་ནས༔ བྱང་ཕྱོགས་པདྨ་བརྩེགས་པའི་མཚོ་ཁར་ཕྱིན༔ ཐམས་ཅད་རྩེད་མོར་གནས་ནས་ཞག་བདུན་འདས༔ ཉི་ཤར་རྒྱལ་པོས་བློན་འཁོར་བཀའ་སྩལ་པ༔ བྲམ་ཟེའི་བུ་མོ་གར་དབང་ལྷ་མོ་ནི༔ རྒྱལ་སྲིད་དུ་མས་རྩོད་ཟླ་འགྲན་བརྩམས་པས༔ ཕག་ནས་བྲོས་པ་ད་ལྟར་སླེབ་རན་ཡིན༔ ང་དང་འགྲོགས་ཏེ་འགྲོ་དོན་སྤྱོད་དུ་འོངས༔ ཀུན་གྱི་བྲོ་འཁྲབ་གླུ་དབྱངས་རོལ་མོ་སྒྲོགས༔ ཆས་བཟང་དང་བཅས་བསུ་ནས་རྒྱལ་ཁབ་འགྲོ༔ ཞེས་གསུངས་ཐམས་ཅད་ཐང་མཚོར་བལྟས་པ་ལ༔ ཤར་ཕྱོགས་རི་རྩེར་འཇའ་འོད་སྣ་ལྔ་འཁྲིགས༔ མེ་ཏོག་ཆར་གྱིས་ནམ་མཁའ་བར་སྣང་ཁེངས༔ ལྷ་ཀླུ་མི་ཡི་མཆོད་པའི་སྤྲིན་ཚོགས་བཅས༔ གར་གྱི་དབང་མོ་འོད་དང་ལྡན་པར་བྱོན༔ རྒྱལ་བློན་རྣམས་ཀྱིས་བསུ་བ་རྒྱ་ཆེར་བྱས༔ དེ་ཚེ་རྒྱལ་པོ་གཞན་རྣམས་ཐམས་ཅད་ཀྱིས༔ རྒྱལ་པོའི་བུ་མོ་བོར་ལ་ཡིད་མ་ཆེས༔ ཐེ་ཚོམ་ཆོད་ཕྱིར་ཕོ་བྲང་ཕྱི་ནང་ཉུལ༔ ལ་ལས་དོང་དུ་སྦས་ཞེས་ས་རྣམས་བཙལ༔ ལ་ལས་སྣོད་དུ་ཡོད་ཅེས་མཛོད་ཁང་ཉུལ༔ ལ་ལས་རི་ལ་ཡིབ་ཅེས་རི་རྣམས་ཉུལ༔ ཇི་ལྟར་བྱས་ཀྱང་རྙེད་པའི་ཐབས་མ་བྱུང་༔ ཅི་བྱ་གཏོལ་མེད་ཀུན་ཀྱང་རང་གནས་སོང་༔ དེ་ནས་རྒྱལ་པོ་ཉི་མའི་སྙིང་པོ་ཡིས༔ བློན་པོ་མ་ཏི་རཏྣ་སྔོན་དུ་བཏང་༔ རྒྱལ་ཁབ་ཕོ་བྲང་ཡབ་ཡུམ་ལོ་རྒྱུས་ཞུས༔ མངའ་འོག་མི་རྣམས་ཁྲོམ་དུ་འདུས་པ་ལ༔ རྔ་པ་རོལ་མོའི་བྱེ་བྲག་ཇི་སྙེད་དང་༔ སྤོས་ཀྱིས་སྣ་དྲངས་སྲས་དང་བཙུན་མོར་བསུས༔ དགའ་བའི་སྟོན་མོ་ཟླ་གཅིག་ཙམ་དུ་བྱས༔ དཀོན་མཆོག་མཆོད་པ་ཟླ་བ་གཅིག་ཏུ་བྱས༔ རྩེད་མོའི་རིགས་ཀྱང་ཟླ་བ་གཅིག་ཏུ་བྱས༔ དེ་ནས་བློན་པོ་རིན་ཆེན་དཔལ་ལེགས་དང་༔ བྲམ་ཟེའི་སྲས་པོ་གུ་ཎ་ཨིནྡྲ་དང་༔ ལྷན་ཅིག་དཔུང་ཚོགས་ཕྱིན་ཏེ་དགའ་སྟོན་བྱས༔ ལོ་གསུམ་བར་དུ་རྒྱལ་ཁབ་ཡབ་ཀྱིས་བསྐྱངས༔ ཉིན་གཅིག་སྲས་དང་བཙུན་མོའི་བཀའ་བསྩལ་ཏེ༔ ཕྱི་ནང་བློན་པོ་སྡེ་དཔུང་ཐམས་ཅད་བསྡུས༔ དེ་ཚེ་རྒྱལ་སྲས་བཙུན་མོའི་དགའ་སྟོན་མཛད༔ དབུལ་ཕོངས་རྣམས་ལ་ཟས་གོས་དཔག་མེད་སྟེར༔ དེ་ནས་བཀའ་ཡི་ཁྲིམས་བཅས་ཆོས་སྲིད་བསྐྱངས༔ ཡབ་ཡུམ་གཉིས་ལ་མཆོད་ཅིང་བསྙེན་བཀུར་མཛད༔ སྐལ་ལྡན་ཀུན་ཀྱང་དམ་པའི་ཆོས་ལ་བཙུད༔ གར་གྱི་དབང་མོས་གྲོལ་སྡེ་གསང་སྔགས་བཤད༔ རྒྱལ་ཁམས་ཚོམ་བུ་འབུམ་སྡེ་མངོན་སངས་རྒྱས༔ ས་མ་ཡ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཆེན་ཕྲེང་བ་ལས༔ བྲམ་ཟེའི་སྲས་མོར་སྤྲུལ་ཏེ་རྒྱལ་པོ་ཉི་མའི་སྙིང་པོས་རྒྱལ་སྲིད་ཆོས་ཀྱིས་སྐྱོང་ཞིང་ཡུལ་ཁམས་མངོན་བྱང་ལ་བཀོད་པའི་རིམ་པ་སྟེ་ལེའུ་གསུམ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

འཛམ་བུ་གླིང་དུ་སྐུ་ཡི་སྤྲུལ་པ་དང་པོ་བཀྱེས་ནས་རྒྱ་གར་ཀཱ་ནི་ཀའི་ཡུལ་ཁམས་ཆོས་ལ་བཀོད་ནས་སངས་རྒྱས་སུ་གྲུབ་པའི་རིམ་པ།

དེ་ནས་གོས་དཀར་མོ་ཞེས་རྒྱལ་ཡུམ་ལ༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བཀའ་བགྲོས་ཏེ༔ དབང་བསྐུར་སྐུ་ལྔའི་སྤྲུལ་པ་བཀྱེ་བར་བསྐུལ༔ དེ་ཚེ་གོས་དཀར་དཔྲལ་བའི་སྨིན་མཚམས་ནས༔ ཧྲཱིཿཡིག་དཀར་པོ་འཛམ་གླིང་ཡུལ་དུ་སྤྲོས༔ མགྲིན་པའི་གནས་ལས་ཧྲཱིཿཡིག་དམར་པོ་ཞིག༔ ཤར་ཕྱོགས་པོ་ཊ་ལ་ཡི་གླིང་དུ་སྤྲོས༔ ཐུགས་ཀའི་གནས་ནས་ཧྲཱིཿཡིག་མཐིང་གསལ་ཞིག༔ སྟེང་ཕྱོགས་ལྷ་ཡི་གནས་སུ་སྤྲོས་པར་མཛད༔ ལྟེ་བའི་གནས་ནས་འོད་དང་ཧྲཱིཿཡིག་སེར༔ འོག་ཕྱོགས་ཀླུ་རྒྱལ་ཁང་བཟང་གནས་སུ་སྤྲོས༔ གསང་བའི་གནས་ནས་ཧྲཱིཿཡིག་ལྗང་གུ་ནི༔ ལྷ་མ་ཡིན་གྱི་རྒྱལ་པོའི་གནས་སུ་སྤྲོས༔ དེ་དག་སོ་སོར་སྤྲུལ་པ་རེ་རེ་ལས༔ བྱེ་བ་ཕྲག་བརྒྱ་སྤྲུལ་པའི་དགོངས་པ་གཏད༔ དེ་ཚེ་བསྐལ་པ་སྒྲོན་མེའི་དུས་འདི་རུ༔ རྫོགས་པའི་སངས་རྒྱས་སྟོང་ཕྲག་འབྱོན་པ་ལ༔ སངས་རྒྱས་གསེར་ཐུབ་བྱོན་པའི་བསྟན་པ་ལ༔ རྒྱ་གར་ཡུལ་གྱི་ཤར་ཕྱོགས་ཡུལ་ལྗོངས་ནི༔ ཀ་ནི་ཀཿཞེས་གྲོང་ཁྱེར་ཁྱབ་གསལ་དུ༔ རྒྱལ་པོ་ཀཱ་ལ་སིདྡྷི་ཞེས་བྱ་བ༔ བཙུན་མོ་དམ་པ་མེ་ཏོག་བརྒྱན་མ་གཉིས༔ ཆོས་ཀྱི་བསྟན་པ་ཅི་ཡང་མ་དར་བའི༔ དེ་དག་འདུལ་བའི་དུས་ལ་བབ་པར་དགོངས༔ འཁོར་འབངས་རྒྱལ་སྲིད་སྲོག་གཅོད་ཁྲིམས་རར་བཙུགས༔ རེ་ཞིག་རྒྱལ་པོ་ཀཱ་ལ་སིདྡྷི་འདས༔ བཙུན་མོ་མེ་ཏོག་བརྒྱན་མས་སྡུག་བསྔལ་ནས༔ རྒྱ་མཚོའི་འགྲམ་དུ་ཕྱིན་ནས་མཆོང་གྲབས་བྱས༔ དེ་ཚེ་མཚོ་ཁར་བུ་ནི་མཛེས་པར་བྱུང་༔ དགའ་བའི་ངང་ཚུལ་བཙུན་མོའི་རྩར་དུ་ཕྱིན༔ བུ་མོ་འདིར་འོང་ཅི་བྱེད་འདྲི་ནས་བྱུང་༔ དེ་ཚེ་མེ་ཏོག་བརྒྱན་མས་འདི་སྐད་སྨྲས༔ ང་ནི་མྱ་ངན་གདུང་བ་དྲག་པོས་ནོན༔ ཟླ་གྲོགས་རྒྱལ་པོ་ཀཱ་ལ་སིདྡྷི་ཞེས༔ མངའ་ཐང་འཛམ་བུའི་གླིང་ན་ཆེ་བ་ཡིན༔ བུ་མོ་ང་འདྲ་ཟེར་ནས་ཆོ་ངེ་འདེབས༔ དེ་ཚེ་ཁྱེའུ་དེ་ཡིས་འདི་ལྟར་སྨྲས༔ ཀཱ་ལ་སིདྡྷི་འདས་ཀྱང་ང་རང་ཡོད༔ ང་ནི་ཁྱོད་ཀྱི་ཟླ་བོར་མཆིས་པ་ལ༔ མྱ་ངན་བྱེད་པའི་སྡུག་བསྔལ་ཅི་ཞིག་ཡོད༔ བུ་མོ་འདིར་ཤོག་ངེད་གཉིས་རྒྱལ་ཁམས་འགྲོ༔ དེ་སྐད་སྨྲས་པས་མེ་ཏོག་བརྒྱན་མ་ཡིས༔ སེམས་པ་འགྱུར་ཏེ་ཁྱེའུའི་གཟུགས་ལ་ཆགས༔ མཉམ་པོར་འགྲོགས་ཏེ་རྒྱལ་སར་སོང་བ་ལ༔ ཀུན་གྱི་རྒྱལ་མོས་རྙེད་པའི་ཁྱེའུ་འདི༔ ལྷ་ཡི་བུ་འདྲ་རྒྱལ་པོའི་སྲས་ཡིན་ནམ༔ ཅི་ཡིན་ཟེར་ནས་ཐམས་ཅད་དགའ་བར་སྤྱོད༔ ལོངས་སྤྱོད་ཕུལ་ཞིང་རྒྱལ་སར་མངའ་གསོལ་བས༔ བུ་མོ་དེས་ནི་ཁྱེའུར་དགའ་མགུར་སྤྱད༔ ནུབ་ཅིག་མེ་ཏོག་བརྒྱན་མའི་བསམ་པ་ལ༔ ཅི་ཡིན་མེད་པའི་ཟླ་གྲོགས་མཛེས་པ་འདིར༔ ཕ་མ་རིགས་རུས་ཡུལ་ཡང་འདྲི་མ་ཤེས༔ སྐྱེ་གཟུགས་ལྷ་ཡི་བུ་དང་འགྲན་བཟོད་པས༔ འདྲི་བ་བྱེད་སྙམ་ཁྱེའུར་འདི་སྐད་སྨྲས༔ ཀྱེེཿཡ་མཚན་བུ་ཁྱོད་བདག་ལ་དགྱེས་པར་གསོན༔ བདག་ཉིད་མྱ་ངན་གདུང་བ་ཏཱ་ལ་ཡའི༔ མཚོ་ལ་མཆོང་དུ་ཕྱིན་པས་ཁྱེད་དང་འཕྲད༔ མྱ་ངན་མེད་པར་བདེ་བའི་ས་ལ་ཕྱིན༔ བདག་ནི་བསོད་ནམས་བཟང་སྙམ་དགའ་བ་སྐྱེས༔ ཁྱོད་ཀྱི་ཕ་མ་རིགས་རུས་ཡུལ་གང་ལགས༔ བརྩེ་བས་བདག་ལ་བཤད་པར་བཀའ་དྲིན་གསོལ༔ ཅེས་སྨྲས་ཁྱེའུ་དེ་ཡིས་ལན་བཏབ་པ༔ ཨེ་མ་ང་ཡི་ཡབ་ནི་ཀུན་ཏུ་བཟང་༔ ཡུམ་ནི་བདེ་ཆེན་སྟོང་ཉིད་ཡེ་ཤེས་མ༔ བུ་ནི་དབང་ཆེན་ཁྲོ་བོའི་སྤྲུལ་པ་ཡིན༔ ཡུལ་ནི་སོར་རྟོག་ཡེ་ཤེས་ཞིང་ཁམས་ཡིན༔ བུ་མོ་ཁྱོད་ནི་རྒྱལ་རིགས་མེ་ཏོག་བརྒྱན༔ ཁྱོད་ཉིད་སོམས་དང་སྐྱེ་འཆིའི་སྡུག་བསྔལ་འདི༔ ཀུན་ལ་མི་འོང་ཐབས་ནི་གང་ཡང་མེད༔ ལས་ཀྱི་རྦ་རླབས་སྲིད་པའི་མཚོ་ལས་གཡེངས༔ རྒྱལ་སྲིད་མེ་འོབས་ལྟ་བུར་གནས་པ་ལ༔ ཤུགས་དྲག་ངན་སོང་ཁྲིམས་རར་བཙུགས་པ་དེ༔ དམྱལ་བའི་ས་བོན་བསྐྱེད་པ་མ་ཡིན་ནམ༔ རྒྱལ་པོ་ཚེ་དུས་བྱས་པ་སྲིད་པའི་ཆོས༔ ཁྱོད་ཀྱིས་མི་དགེ་སྤྱོད་འདི་ཐར་མེད་ཡིན༔ བདག་ནི་རྒྱལ་སྲིད་འདི་ལ་སྐྱོ་བ་སྐྱེས༔ བྱང་ཆུབ་ལམ་དུ་གཤེགས་པར་བརྩམ་རེ་རན༔ ཅེས་གསུངས་བཙུན་མོས་ངུས་ཏེ་འདི་སྐད་སྨྲ༔ ཨེ་མ་བུ་ཁྱེད་གང་དུ་གཤེགས་མི་འཚལ༔ ངས་ནི་ཁྱོད་ཀྱི་ཅི་སྨྲས་བཞིན་དུ་བྱེད༔ དེ་སྐད་སྨྲས་ནས་ཉིན་མཚན་མེད་པར་བསྔལ༔ དུས་དེར་ཁྱེའུ་དེ་ཡིས་འདི་སྐད་སྨྲས༔ བུ་མོ་ང་ཉིད་མི་འགྲོ་གནས་གྱུར་ན༔ ཁྱོད་ཀྱིས་དམ་ཆོས་བཀའ་བཞིན་སྒྲུབ་པར་འཚལ༔ ཅེས་གསུངས་དེ་བཞིན་བགྱི་བར་ཁས་སུ་བླངས༔ དེ་ཚེ་དེ་བཞིན་གཤེགས་པ་གསེར་ཐུབ་ལྷ༔ བསོད་སྙོམས་ཕེབས་པས་བྱང་ཆུབ་སེམས་བསྐྱེད་ཞུས༔ དེ་ནས་བཙུན་མོས་ཆོས་ལ་བློ་སྦྱངས་ཏེ༔ གནས་ཚེ་ནུབ་གཅིག་ནམ་མཁའི་དབྱིངས་རུམ་ནས༔ ཧྲཱིཿཡིག་དཀར་པོ་འོད་ལྔ་ཁྱུག་ཁྱུག་ཞིག༔ བབ་སྟེ་གཉིས་གྱུར་གཅིག་དེ་ཁྱེའུར་ཐིམ༔ གཅིག་ནི་རང་གི་སྙིང་ཁར་ཐིམ་པར་སྣང་༔ ཕྱིར་ནངས་ཁྱེའུའི་ཞལ་ནས་འདི་སྐད་གསུངས༔ མེ་ཏོག་བརྒྱན་ཁྱོད་ཡར་ལངས་མཆོད་པ་གྱིས༔ ལས་འཕྲོ་ལྡན་པའི་བུ་མོ་བཙས་སོ་གསུངས༔ བཙུན་མོས་བདག་ལ་སུ་ཡང་མ་བཙས་ལགས༔ ཞུས་པ་ཁྱེའུས་མདང་གི་རྨི་ལམ་དེ༔ བཙས་པ་ཡིན་ཞེས་གསུངས་པའི་ཟླ་བཅུའི་བར༔ མ་ཡི་ཁོག་ནས་ཧྲཱིཿཡིག་སྒྲ་གྲགས་པས༔ བདག་གི་ཁོང་ནས་སྒྲ་སྐད་འདི་དག་ཅི༔ ང་ལ་བརྒྱུད་ཡོད་སྙམ་པའི་ན་ཚ་མེད༔ ཅི་ཡིན་སྙམ་ནས་ཁྱེའུ་ཉིད་ལ་དྲིས༔ དེ་སྐད་ཡིན་ཟེར་འཛུམ་པ་ཙམ་ཅིག་བྱས༔ ཟླ་བ་བཅུ་ནས་ཡུམ་ལ་སྲས་ཞིག་འཁྲུངས༔ ནམ་མཁར་འཇའ་འོད་བར་སྣང་མེ་ཏོག་ཆར༔ སྤྲིན་གསེབ་རྣམས་ལས་རོལ་མོའི་སྒྲ་གྲགས་པས༔ ཐམས་ཅད་རྒྱལ་པོའི་སྲས་འཁྲུངས་གླེང་ནས་འདུས༔ བཙས་སྟོན་ཟླ་གཅིག་བྱས་ནས་བུ་མོར་ཤེས༔ འཁྲུངས་མ་ཐག་ཏུ་ཙོག་པུར་ཧྲཱིཿཡིག་བགྲང་༔ ཀུན་གྱིས་རྟགས་དང་མཚན་མ་བཟང་བ་ལ༔ སྲས་མེད་སྲས་མོ་ཡིན་པས་ཡིད་མ་ཚིམ༔ ཡབ་ཀྱིས་བུ་མོ་དེ་ལ་མིང་ཡང་བཏགས༔ སྲས་མོ་འོད་ཟེར་སྣང་བརྒྱན་ཞེས་སུ་གྲགས༔ ཟླ་བ་བརྒྱད་ནས་བཅུ་དྲུག་ཚད་དུ་ཕྱིན༔ དམ་པའི་ཆོས་བསླབ་ཡབ་ཉིད་ལུགས་སུ་བྱས༔ ཉིན་གཅིག་ཡབ་ལ་གཟིགས་ནས་འདི་སྐད་གསུངས༔ ཨེ་མ་རྒྱལ་བའི་ཕྲིན་ལས་དབང་ཆེན་ཡབ༔ གཞི་ལ་ཐིམ་པས་གཞི་མེད་ཀ་ནས་དག༔ རྒྱལ་བའི་སྤྲུལ་པ་རྒྱུན་ཆད་མི་མངའ་བར༔ བདག་ཀྱང་འཕགས་པའི་ངོ་བོ་ལྷ་དང་བརྩེ༔ སྔོན་སྨོན་ཟབ་དང་རྒྱ་ཆེན་བུ་མོས་ཤེས༔ དེ་སྐད་གསུངས་པས་ཉིན་གཅིག་ཕོ་བྲང་རྩེར༔ འཇའ་དཀར་ཟུག་ནས་ཡབ་ཀྱང་འཇའ་ལ་འཛེག༔ བཤོལ་མ་ཐེབ་པར་ནམ་མཁའི་དབྱིངས་སུ་ཐིམ༔ དེ་ནས་བུ་མོས་མ་ཡི་སྡུག་བསྔལ་བསལ༔ རྒྱལ་སྲིད་བུ་མོ་ཉིད་ཀྱིས་སྲིད་ཁྲིམས་བཅས༔ མངའ་འབངས་ཐམས་ཅད་ཆོས་ཁྲིམས་ཟབ་མོས་བསྡུས༔ རེ་ཞིག་སྐྱོ་བསངས་བྱོན་ཏེ་བཙུན་མོ་ནི༔ ལྔ་བརྒྱ་དང་བཅས་པདྨའི་ཚལ་དུ་འདུས༔ པདྨའི་དཀྱིལ་འཁོར་འདབ་ཡང་མང་པོ་དབུས༔ པདྨ་རྣམ་པར་རྒྱས་པའི་རྩེ་མོ་ན༔ འོད་ཟེར་དཀར་པོ་མིག་མི་བཟོད་པར་ཤར༔ འཁོར་ཚོགས་དང་བཅས་མེ་ཏོག་ལྟ་རུ་ཕྱིན༔ པདྨ་དེ་ཡི་ཟེའུ་འབྲུ་དབུ་མའི་ནང་༔ ཁྱེའུ་ཆུང་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ འོད་ཟེར་ལམ་མེར་ཞི་འཛུམ་དགྱེས་ཉམས་འབར༔ ལྟ་བས་མི་ངོམས་མཚན་དཔེས་བརྒྱན་པར་བཞུགས༔ ཁྱེའུས་ཞལ་ནས་གསུང་དབྱངས་འདི་ལྟར་བྱུང་༔ ཨེ་མ་ཡ་མཚན་ལྷ་ཡི་བུ་མོ་ཆེ༔ འོད་ཟེར་སྣང་བརྒྱན་ཁྱོད་ཀྱི་འཁོར་ཚོགས་ནི༔ སྤྲུལ་པ་ལྔ་བརྒྱ་མཛད་ནས་འདིར་བྱོན་ལེགས༔ ཁྱོད་ཞལ་དུང་དཀར་སྨུག་རྩིས་བརྒྱན་པ་འདྲ༔ ཚེམས་ཕྲེང་པདྨ་དཀར་པོ་རྒྱས་པ་འདྲ༔ ལྗགས་ནི་ལེ་བརྒན་དམར་པོ་དར་ལྟར་ཡངས༔ མཆུ་སྒྲོས་པདྨས་བརྒྱན་པ་འཛུམ་བག་ཆགས༔ སྤྱན་ཡངས་སྨིན་མ་ཟབ་སྐུད་བརྒྱན་པ་འདྲ༔ ཡན་ལག་བཞི་ཡང་ཕྲ་སྦོམ་ཁོད་སྙོམས་པ༔ ཨེ་ན་ཡ་འདྲའི་བོལ་ལྟར་འཇམ་ཞིང་མཉེན༔ ཕྱག་ཞབས་མཐིལ་དུ་ཨུཏྤལ་འདབ་ལྟར་བཀྲ༔ ནུ་འབུར་བྷ་ག་རྒྱས་ཤིང་བཅུད་དང་ལྡན༔ དབུ་སྐྲ་མཐོན་མཐིང་དཔྲལ་བ་ཟླ་ཚེས་འདྲ༔ རྐེད་སྐབས་ཕྲ་ལ་སྒེག་ཉམས་བཅུ་དྲུག་ལྡན༔ ཁྱོད་ནི་རྒྱལ་བའི་ཡུམ་མཆོག་སྤྲུལ་པ་མོ༔ བདག་ཉིད་སྙིང་རྗེའི་དབང་ཕྱུག་སྤྲུལ་པ་ནི༔ ངོ་མཚར་དག་པ་པདྨར་བརྫུས་སུ་སྐྱེས༔ རྒྱལ་སྲིད་སྐྱོང་བའི་ལྷ་གཅིག་བུ་མོ་ཁྱོད༔ བདག་ཉིད་དྲུང་དུ་མཆི་བ་ལས་དབང་བཙན༔ རྒྱལ་སྲིད་ཆོས་ལ་སྦྱོར་ཅིག་དྷཀི་ལགས༔ ཞེས་གསུངས་བུ་མོ་འོད་ཟེར་སྣང་བརྒྱན་དང་༔ འཁོར་ཚོགས་ལྔ་བརྒྱ་བཅས་པས་འདི་སྐད་ཞུས༔ ཨེ་མ་ངོ་མཚར་པདྨའི་སྦུབས་ནས་འཁྲུངས༔ ཡ་མཚན་ཆེ་བའི་བུ་ཁྱོད་མཇལ་བ་སྤྲོ༔ བདག་ཅག་ཁྱོད་ཞལ་ལྟ་བར་སྐོམ་པ་ལ༔ ཐུགས་རྗེས་གཟིགས་ལ་རྒྱལ་པོའི་ཁབ་གཤེགས་འཚལ༔ ཇི་ལྟར་དཔྱད་ཀྱང་སངས་རྒྱས་སྤྲུལ་པ་ཉིད༔ ཞལ་རས་དུང་ལ་ཕོ་ཚོས་བསྐུས་པ་འདྲ༔ ཡན་ལག་མཐིལ་བཞི་པཱ་ལའི་འདབ་ལྟར་ཡངས༔ དབུ་སྐྲ་མཐོན་མཐིང་དར་དཀར་ལ་ཐོད་བརྒྱན༔ ཤངས་ནི་ཟབ་ལ་མཆུ་སྒྲོས་སྤྱན་དཀྱུས་རིང་༔ སྨིན་འཁྱོག་མ་བྲིས་འཇའ་འོད་ཟེར་དུ་འཁྲིགས༔ རིན་ཆེན་རྒྱན་ཆས་སྒེག་ཅིང་འཛུམ་མདངས་ཆགས༔ བཅུ་དྲུག་ཆ་རྫོགས་ལང་ཚོ་རབ་ཏུ་རྒྱས༔ ལྟ་བས་མི་ངོམས་མཚན་དཔེས་བརྒྱན་པའི་སྐུ༔ གསུང་དབྱངས་ཀ་ལ་པིངྐའི་སྒྲ་དང་ལྡན༔ སྐྱེས་བུ་དམ་པ་བདག་ཅག་མགོན་ལགས་པས༔ སྐུ་བཞེངས་འབྱོན་པར་མཛོད་ཅིག་དམ་པ་རྗེ༔ དེ་སྐད་ཞུས་པས་འོད་ཟེར་ལྷམ་མེར་བཞེངས༔ གོམ་པ་དུ་བོར་མེ་ཏོག་རེ་རེ་སྐྱེས༔ པདྨས་མཚན་པའི་སྐྱེས་བུ་ཞེས་ཀྱང་བྱ༔ འོད་སྣང་དཔག་མེད་ཞེས་ཀྱང་བྱ་བ་དང་༔ པདྨའི་གོམ་པོར་གཤེགས་པ་ཞེས་ཀྱང་བྱ༔ མཁའ་འགྲོའི་བདག་པོ་ཞེས་ཀྱང་བྱ་བ་སྟེ༔ རྒྱལ་ཁབ་བྱོན་ཏེ་ཆབ་སྲིད་ཆོས་ཀྱིས་བསྐྱངས༔ འོད་ཟེར་བརྒྱན་མ་གསང་སྔགས་དབང་བསྐུར་ཕོག༔ རིམ་པར་ཆོས་སྦྱང་སེམས་ཅན་སྨིན་གྲོལ་བཀོད༔ རྒྱལ་སྲས་དམ་པ་འོད་སྣང་དཔག་མེད་དང་༔ སྲས་མོ་འོད་ཟེར་སྣང་བརྒྱན་བུ་མོའི་ཚོགས༔ རྒྱལ་ཁབ་འགྲོ་ཀུན་ལྷག་མེད་འཇའ་ལུས་གྲོལ༔ འཇའ་སྐུར་སོང་བའི་གནས་ཞེས་ཡོངས་སུ་གྲགས༔ ས་མ་ཡ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ འཛམ་བུ་གླིང་དུ་སྐུ་ཡི་སྤྲུལ་པ་དང་པོ་བཀྱེས་ནས་རྒྱ་གར་ཀཱ་ནི་ཀའི་ཡུལ་ཁམས་ཆོས་ལ་བཀོད་ནས་སངས་རྒྱས་སུ་གྲུབ་པའི་རིམ་པ་སྟེ་ལེའུ་བཞི་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

གསུང་གི་སྤྲུལ་པ་པོ་ཏ་ལ་རུ་སྤྲུལ་ནས་ཌཱ་མ་རུ་ཡི་རྒྱལ་སྲིད་ཐབས་ཀྱིས་དབང་བསྒྱུར་བར་པདྨ་སྐྱེས་སུ་སྐུར་བསྟན་པའི་རིམ་པ།

དེ་ནས་མགྲིན་པའི་ཧྲཱིཿཡིག་འོད་དང་བཅས༔ ཤར་ཕྱོགས་པོ་ཊ་ལ་ཡི་ཞིང་དུ་སོང་༔ འོ་མའི་མཚོ་ཆེན་བདུད་རྩིའི་ཡན་ལག་བརྒྱད༔ མཚོ་དེའི་དབུས་སུ་ཡུལ་གླིང་བཅུ་དྲུག་ཚུལ༔ གླིང་རེར་ཞིང་གི་བཀོད་པ་བཅུ་དྲུག་ཡོད༔ ཤར་གྱི་གླིང་གཉིས་དྷ་ན་ཀོ་ཤ་དང་༔ མི་ཏྲ་རསྨི་ཞེས་བྱའི་མིང་དང་ལྡན༔ དེ་ན་འཕགས་པ་འགྲོ་བ་འདུལ་བ་དང་༔ སྐྱེ་འཕགས་བཟང་པོ་ཁ་སར་པཱ་ཎི་ཞེས༔ བྱམས་པའི་ཆོས་སྟོན་འཁོར་ཡང་གྲངས་མེད་ཡོད༔ ལྷོ་ཡི་གླིང་གཉིས་ཀ་ཏྲོ་ཀོ་པ་ལ༔ རིན་ཆེན་བཀོད་ཅེས་བྱ་བའི་ཞིང་མཆོག་དེར༔ སྟོན་པ་དོན་ཡོད་ཞགས་པ་རིན་ཆེན་རྒྱལ༔ སྙིང་པོའི་ཆོས་སྟོན་འཁོར་ཚོགས་གྲངས་མེད་ཡོད༔ ནུབ་ཕྱོགས་གླིང་གཉིས་སཱ་ར་དྷ་ར་དང་༔ པཱ་ལ་པ་ཏྲས་བརྒྱན་ཞེས་བྱ་བ་རུ༔ འཕགས་པ་པདྨ་གཙུག་ཏོར་རྣམ་པར་རྒྱལ༔ དགའ་བའི་ཆོས་སྟོན་འཁོར་ཡང་གྲངས་མེད་ཡོད༔ བྱང་གི་གླིང་གཉིས་རྡོ་རྗེ་བརྩེགས་པ་དང་༔ རྒྱལ་བའི་དཔལ་ཞེས་བྱ་བ་འཕགས་པའི་སྐུ༔ ལོ་ཀི་ཤྭ་ར་པདྨ་གར་གྱི་དབང་༔ བཏང་སྙོམས་ཆོས་སྟོན་འཁོར་ནི་གྲངས་མེད་ཡོད༔ ཤར་ལྷོའི་གླིང་གཉིས་མཻ་ཏྲི་མཛེས་པ་དང་༔ རཏྞས་བརྒྱན་ཞེས་བྱ་བར་འཕགས་པའི་སྐུ༔ མགྲིན་སྔོན་ཅན་དང་འོད་ཟེར་འབར་བའི་དབང་༔ བྱ་རྒྱུད་སྤྱོད་རྒྱུད་སྟོན་ཅིང་འཁོར་གྲངས་མེད༔ ལྷོ་ནུབ་གླིང་གཉིས་ལཱུ་ལ་ར་ས་དང་༔ ཨརྱ་ཀོ་ཊ་ཞེས་བྱར་འཕགས་པའི་སྐུ༔ ནམ་མཁའི་རྒྱལ་པོ་འཁོར་བ་དོང་སྤྲུགས་ལྷ༔ བླ་མེད་ཆོས་སྟོན་འཁོར་ཡང་གྲངས་མེད་ཡོད༔ ནུབ་བྱང་གླིང་གཉིས་དྷེ་ཝའི་ཚལ་ཆེན་དང་༔ པདྨ་སྤུངས་པ་ཞེས་བྱར་འཕགས་པའི་སྐུ༔ རིན་ཆེན་འོད་ཟེར་འཕགས་པ་རྣམ་པར་རོལ༔ ཐེག་གསུམ་ཆོས་སྟོན་འཁོར་ཡང་གྲངས་མེད་ཡོད༔ བྱང་ཤར་གླིང་གཉིས་པདྨ་རྣམ་རོལ་དང་༔ རྡོ་རྗེའི་ཕོ་བྲང་ཞེས་བྱར་འཕགས་པའི་སྐུ༔ དཔལ་བརྩེགས་རྒྱལ་པོ་ཀུན་ཏུ་འཆང་དབང་པོ༔ ཨ་ཏིའི་ཆོས་སྟོན་འཁོར་ཡང་གྲངས་མེད་ཡོད༔ དབུས་ཕྱོགས་ཞིང་ཁམས་དག་པ་པོ་ཊ་ལ༔ པདྨ་དབང་གི་དཀྱིལ་འཁོར་ཞེས་བྱ་བ༔ ཕྱག་སྟོང་སྤྱན་སྟོང་རྒྱལ་བ་རྒྱ་མཚོ་བཞུགས༔ རྒྱུན་ཆད་མེད་པར་དོན་རྫོགས་ཆོས་སྟོན་ཅིང་༔ འཁོར་ཡང་ས་བཅུའི་སེམས་དཔའ་དཔག་ཏུ་མེད༔ ཞིང་དེ་ཐམས་ཅད་མཛེས་ཤིང་འོད་ལྔ་འབར༔ གཡུ་ཡི་ནེའུ་གསེང་ཕྱོགས་སུ་རྫིང་བུ་དང་༔ པདྨོའི་ཚལ་དང་བདུད་རྩིའི་ཆུ་ཀླུང་འབབ༔ དཔག་བསམ་ལྗོན་ཤིང་ལོ་འདབ་དར་གོས་བསྐྱོད༔ འབྲས་བུ་རིན་ཆེན་ཕུང་པོ་ཆར་དུ་འབེབས༔ ལྷ་བྱའི་སྐད་སྙན་སྔགས་ཀྱི་སྒྲ་དབྱངས་ལྡིར༔ ལྷ་དང་ལྷ་མོས་གར་དང་དབྱངས་སྙན་སྒྲོག༔ མཆོད་པའི་སྤྲིན་ཚོགས་ཅི་འདོད་ལོངས་སྤྱོད་མང་༔ གཞལ་ཡས་ཐམས་ཅད་རིན་ཆེན་སྣ་ལྔར་གྲུབ༔ འཁོར་རྣམས་ཐམས་ཅད་ཤེལ་མདོག་འོད་ཟེར་འབར༔ ཉིན་དང་མཚན་མེད་ཡེ་ཤེས་རང་འོད་གསལ༔ ཟས་གོས་ལོངས་སྤྱོད་ཡིད་ལ་ཅི་འདོད་འབྱུང་༔ ཉོན་མོངས་མེད་ཅིང་ནད་དང་གདོན་བགེགས་བྲལ༔ སྡུག་བསྔལ་མིང་མེད་བདེ་བ་ཆེན་པོའི་ཞིང་༔ འཕགས་པའི་ཞིང་བཀོད་ཡོན་ཏན་བསམ་མི་ཁྱབ༔ ཞིང་དེའི་འོག་ཕྱོགས་བྱང་གི་ཕྱོགས་ཆ་རུ༔ ཡུལ་གླིང་ཌཱ་མ་རུ་ཞེས་འཁོར་བའི་གནས༔ ལོངས་སྤྱོད་ཤ་དང་ཁྲག་དང་རུས་པ་དང་༔ གཅོད་བྱེད་ཤན་པ་གླིང་བར་མི་དགེའི་མུན༔ སྙིང་རྗེ་མེད་ཅིང་འཕགས་པར་མི་དད་པ༔ རྒྱལ་བའི་གདུལ་བྱ་མེད་པའི་མུན་གླིང་ཡོད༔ མོ་རྣམས་ཐམས་ཅད་སྲོག་གཅོད་ལས་ལ་རྔམ༔ གདོང་དམར་སྲིན་མོ་ལྟ་བུའི་འཕྲུལ་རྩལ་ཆེ༔ ཕ་མ་གསོད་ཅིང་དམར་མཆོད་ཁོ་ནར་བྱེད༔ གླིང་དེའི་དབུས་སུ་ཀརྨ་རུས་པ་ཞེས༔ ཕོ་བྲང་ཆེན་པོ་འཁོར་པ་དཔག་ཚད་དགུར༔ དེ་ན་མི་དགེའི་རྒྱལ་པོ་ཤནྟི་ཞེས༔ ཉིན་རེ་བཞིན་དུ་བདུད་སྲིན་བློན་པོ་འདུ༔ སེམས་ཅན་ཁྲི་ཕྲག་གསོད་ནས་ཟ་བར་བྱེད༔ འཁོར་ཡང་འབུམ་ཕྲག་གསུམ་ཡོད་ཁྲིམས་ཀྱང་བཙན༔ དེ་དང་ཉེ་བར་རྔམ་པ་ཅན་གྱི་མཚོ༔ ཁྲག་གི་རྦ་རླབས་གཡོ་ཞིང་འཁྲུགས་པར་བྱེད༔ བདུད་རྗེ་ནག་པོ་ཡཀྴའི་ཕོ་བྲང་ཡིན༔ རྒྱ་ནི་དཔག་ཚད་སྟོང་དང་ཆིག་བརྒྱ་ཡོད༔ ཟབས་སུ་དཔག་ཚད་ལྔ་བཅུ་ཕྲག་གསུམ་ཡོད༔ གླིང་དེའི་མི་རྣམས་དེར་འདུས་ཉིན་རེ་བཞིན༔ སེམས་ཅན་མགོ་དང་དོན་སྙིང་ཤ་ཁྲག་གིས༔ བདུད་དེ་མཆོད་ཅིང་ཤི་ཚད་དེར་འཁོར་སྐྱེ༔ དམྱལ་བ་རལ་གྲིའི་འཁོར་ལོ་བར་མེད་འཁོར༔ སྡུག་བསྔལ་བཟོད་གླགས་མེད་པར་མྱོང་བ་ཡོད༔ ཞི་བས་མི་ཐུལ་གདུག་པའི་ཡུལ་གླིང་ཡོད༔ དེ་ཉིད་གདུལ་བྱའི་ཞིང་དུ་གྱུར་པར་གཟིགས༔ མཁའ་འགྲོ་ཆེན་མོ་ཧྲཱིཿཡིག་རྣམ་པ་རུ༔ འཕགས་པའི་སྤྱན་སྔར་འོད་ཟེར་ཕྲོམ་མེར་འབབ༔ འཕགས་པའི་བྱིན་རླབས་ལྷ་མོ་གཅིག་ཏུ་གྱུར༔ དེ་ཉིད་གླིང་འཁོར་བཅུ་དྲུག་འཕགས་པ་རྣམས༔ མཆོད་པས་ཐུགས་རྒྱུད་བསྐུལ་ཏེ་ཌཱ་མ་རུའི༔ ཡུལ་གྱི་སེམས་ཅན་འདུལ་བའི་དུས་ཡིན་པས༔ རྒྱལ་བ་ཁྱེད་རྣམས་མཐུ་རྩལ་བསྐྱེད་རེ་རན༔ བདག་ནི་རྒྱལ་པོའི་བུ་མོར་སྐྱེ་བ་ལ༔ ཁྱེད་རྣམས་མགོན་གྱིས་གྲོགས་པོས་ཚུལ་བགྱིད་ཚུལ༔ དེ་སྐད་ཞུས་ནས་རྒྱལ་རྣམས་ཐུགས་བགྲོས་པས༔ ཀུན་གྱིས་བྱིན་བརླབས་ཁྲོ་བོ་རྟ་མགྲིན་སྤྲུལ༔ དེ་ལས་སྤྲུལ་པ་ལྔ་ཡི་བདག་ཉིད་དུ༔ བློན་པོ་ལྔ་ཡི་རྣམ་ཤེས་མཁའ་ལ་སྤར༔ ཕུང་པོར་ཞུགས་ནས་འཁོར་རྣམས་དེ་བཞིན་མཛད༔ དེ་ནས་མཁའ་འགྲོ་ཉིད་ནི་ཧྲཱིཿདམར་པོ༔ གྱུར་ནས་རྔམ་པ་ཅན་གྱི་མཚོར་བབས་ཏེ༔ བདུད་རྗེ་ཡཀྴ་ནག་པོ་བསྒྲལ་འདྲེན་མཛད༔ མཚོ་ཡང་བདུད་རྩིའི་མཚོར་གྱུར་ཁ་དོག་དཀར༔ ཀླུ་རྒྱལ་རིན་ཆེན་འོད་ཀྱི་ཕོ་བྲང་བརྩེགས༔ འཇིག་རྟེན་ལྷ་ཀླུ་མི་གསུམ་གྲོགས་སུ་བཀུག༔ མཚོ་དེར་ཤ་ཁྲག་གཏོར་ཡང་མི་ལེན་པ༔ ཐོག་སེར་བུ་ཡུག་ལྟ་མི་བཟོད་པར་གྱུར༔ ཀུན་གྱི་མཚོ་འདིར་སྔར་ནས་དམར་མཆོད་ལེན༔ ཁྲག་གི་རང་བཞིན་དེ་ནི་དཀར་པོར་གྱུར༔ བདུད་ཀྱི་བསྟན་པ་ནུབ་པའི་སྔ་ལྟས་འདུག༔ གླིང་འདིར་དཀར་པོའི་ཆོས་ལ་འགྱུར་བར་ངེས༔ ཇི་ལྟར་ནག་པོའི་ཕྱོགས་འདིར་ནུབ་ལ་ཐོ༔ ཞེས་གླེང་ཡུལ་ཁམས་མི་དགེའི་རྣམ་འགྱུར་མང་༔ དུས་དེར་རྒྱལ་པོའི་བཀའ་ཡིས་བློན་པོ་བསྡུས༔ བདག་གི་རྒྱལ་རྒྱུད་མི་དགེའི་ལས་ལ་རྔམ༔ དཀར་པོའི་ཆོས་ལ་གནས་པར་མི་རུང་བས༔ བདུད་མཚོ་རྔམ་པ་ཅན་ལ་ངན་དགུ་བྱུང་༔ རྒྱལ་པོ་བདག་གིས་རྨི་ལྟས་ལོག་ནས་བྱུང་༔ བློན་པོའི་གཙུག་ནས་རྟ་མགོས་འཚེར་སྐད་བསྒྲགས༔ རྒྱ་མཚོའི་དབུས་སུ་ཆོས་རྔ་བརྡུང་བར་ཐོས༔ བདག་གི་བུ་མཆོག་ཡཀྴ་བདེ་སྐྱོང་འདི༔ བུད་མེད་དམར་མོ་ཞིག་གིས་ཟོས་པར་རྨིས༔ ཡུལ་ཁམས་ཁ་བ་དཀར་པོས་ཁྱབ་པར་རྨིས༔ བདག་གི་གོས་འདི་གཏོར་བརླགས་བྱས་པར་རྨིས༔ ཕོ་བྲང་རྩེ་མོར་པུཥྟི་བབས་པ་རྨིས༔ ང་ཡི་སྙིང་ལ་འོད་དཀར་ཟུག་པ་རྨིས༔ ཇི་ལྟར་བྱས་ཀྱང་རྟགས་འདི་ངན་པར་འདུག༔ ཁྱོད་རྣམས་ཕྱི་ནང་ཀུན་ཏུ་ཁྲིམས་རར་སྡོམས༔ ཆོས་བྱེད་བྱུང་ན་ཁྲམ་ལ་འདེབས་པར་གྱིས༔ ཡུལ་ཁམས་ཆོས་སྐད་ནམ་ཡང་སྒྲོགས་མ་བཅུག༔ བདུད་མཚོར་ནག་པོར་དམར་མཆོད་མ་བྱེད་ཞོག༔ དེ་སྐད་ཁྲིམས་བསྡམས་བློན་པོ་ཐམས་ཅད་ཀྱིས༔ རྒྱལ་པོ་ཆེན་པོའི་ཆབ་སྲིད་བདེ་བར་སྐྱོངས༔ རྨིས་ལྟས་ངན་པར་མི་འདྲ་བཟང་བར་གོ༔ བདག་ཅག་རྟ་མགོའི་འཚེར་སྐད་བདུད་ཀྱི་མགོན༔ རྒྱལ་པོའི་བླ་རྟགས་རྟ་ཡིན་བཀུར་བའི་ལྟས༔ རྒྱ་མཚོའི་རྔ་སྒྲ་སྲས་མོ་ཡ་མཚན་ཅན༔ འཁྲུངས་པར་ཡང་ན་ཀླུ་མོ་རྙེད་པའི་ལྟས༔ བུད་མེད་དམར་མོ་བཙན་གྱི་ཆབ་སྲིད་དར༔ ཡུལ་ཁམས་དཀར་པོ་ལོངས་སྤྱོད་འཕེལ་བའི་ལྟས༔ ན་བཟའ་གཏོར་བ་སྟོན་མོ་ཆེན་པོའི་ལྟས༔ པུཥྟིའི་ཆར་བབས་ལྷ་ཆེན་ལུང་བསྟན་ལྟས༔ སྙིང་ལ་འོད་ཟུག་རྒྱལ་པོ་བློ་བཟང་ལྟས༔ དེ་དག་བཟང་པོ་ཡིན་པར་བདག་ཅག་གོ༔ ཞེས་ཞུས་རྒྱལ་པོས་བདེན་པར་འཛིན་པར་གྱུར༔ ཕྱི་བློན་རྣམས་ཀྱིས་བློ་མ་བདེ་བར་བྱུང་༔ དེ་ནས་སྲས་ལ་རྒྱལ་སྲིད་ཕོག་དུས་བབས༔ ཟངས་གླིང་ལ་སོགས་རྒྱལ་ཆེན་བུ་མོ་གང་༔ སློང་བར་བགྲོས་པས་ཉིན་གཅིག་མཚོ་ཁ་རུ༔ སྔར་མེད་མེ་དཔུང་ཆེན་པོས་བསྐོར་ནས་འདུག༔ ཡུལ་མིས་མཐོང་བས་ཕྱི་ནང་བློན་པོར་སྨྲས༔ བློན་པོ་རྣམས་ཀྱིས་མཚོ་ཁར་ལྟད་མོར་ཕྱིན༔ མཚོ་དབུས་མེ་ཏོག་དམར་པོ་ཕུབ་འཁོར་ཙམ༔ སྐྱེས་པའི་པདྨ་ཁ་ཕྱེ་འདབ་མ་བཞད༔ དེ་དབུས་བུ་མོ་མཛེས་མ་ཞིག་སྐྱེས་ནས༔ བཅུ་དྲུག་ཚད་ཙམ་གར་སྟབས་ཁྱུག་ཁྱུག་འདུག༔ བློན་པོ་ཐམས་ཅད་ཡ་མཚན་ལོག་ནས་སོང་༔ རྒྱལ་པོའི་སྤྱན་སྔར་འཁོད་ནས་འདི་སྐད་གསོལ༔ ཀྱེེཿ ཌཱ་མ་རུ་ཡི་རྒྱལ་པོ་བསོད་ནམས་ཅན༔ སྔོན་གྱི་ལུང་བསྟན་བཞིན་དུ་མཚོ་ལ་འདུག༔ མཚོ་མཐའ་མེ་ཡི་ར་བས་ཁོར་ཡུག་བསྐོར༔ དབུས་སུ་མེ་ཏོག་དམར་པོ་ཕུབ་ཙམ་དབུས༔ བུད་མེད་དཀར་མོ་བཅུ་དྲུག་ན་ཚོད་ཅན༔ ཀླུ་མོ་ཡིན་ངེས་མཛེས་འཛུམ་ངོ་མཚར་འདུག༔ ཇི་ལྟར་ནག་པོ་ཀླུ་ཡི་སྡེ་ཚན་ལ༔ ལོངས་སྤྱོད་ཕྱུག་ཅིང་ནོར་བུའི་རིགས་བྱེད་མང་༔ རྒྱལ་སྲས་དམ་པའི་བཙུན་མོར་འཐད་པ་ལགས༔ ཞེས་གསོལ་རྒྱལ་པོས་ཆས་གོས་ཡོ་བྱད་བཅས༔ སྲས་ཡུམ་བློན་འཁོར་བཅས་པ་མཚོ་ཁར་ཕྱིན༔ རྒྱལ་པོ་དགའ་ནས་སྲས་བློན་འཁོར་བཅས་ལ༔ ང་ནི་བསོད་ནམས་ཆེ་ཞེས་སྨྲ་བ་མང་༔ དེ་ནས་སྲས་ཀྱི་བུ་མོར་མཐོང་ཙམ་གྱིས༔ སྣང་བ་ཤོར་ཏེ་བདེ་བ་གཡོས་པར་འདུག༔

བུ་མོ་དེ་ཡི་ངག་ནས་འདི་སྐད་སྨྲས༔ ཨུྃ༔ ཌཱ་མ་རུ་ཡི་རྒྱལ་པོ་ཤནྟི་པ༔ ཁྱོད་སྲས་དམ་པ་རྒྱལ་སྲིད་ཕོག་དུས་བབས༔ མི་ཡི་བུ་མོ་ཚོལ་བར་བགྲོས་པ་ལ༔ ང་ནི་བདུད་རྗེ་ཡཀྴའི་ཚ་མོ་ཡིན༔ ཀླུ་རྗེ་ནག་པོ་གོས་སྔོན་བུ་མོ་ཡིན༔ འོག་ཕྱོགས་ཀླུ་ལ་སྡེ་རིགས་བཅྭོ་བརྒྱད་ཡོད༔ སེམས་ཅན་སྲོག་གཅོད་བྱེད་པའི་སྡེ་དགུ་ཡོད༔ ནོར་བུའི་བཟའ་བཏུང་བྱེད་པའི་སྡེ་དགུ་ཡོད༔ ལོངས་སྤྱོད་ཀླུ་ཡི་ཆེ་བ་གཞན་མེད་པ༔ ད་ལྟ་ཀླུ་རྒྱལ་བཀའ་ཡིས་ང་མངག་པས༔ ཁྱོད་ཀྱི་སྲས་པོ་ཡཀྴ་བདེ་སྐྱོང་ལ༔ ལྟ་བས་སྙོམས་པས་བདག་ནི་བསྐྱོད་མི་བསྐྱོད༔ ཅི་བྱེད་རྒྱལ་བློན་འདུན་གྲོས་བསྡུར་ལ་གྱིས༔ དེ་སྐད་སྨྲས་ནས་རྒྱལ་པོ་སྲས་བློན་རྣམས༔ མགྲིན་གཅིག་ཚིགས་སུ་བཅད་པ་འདི་སྐད་སྨྲས༔ ཀྱེེཿ ཡཀྴ་ནག་པོའི་བླ་མཚོ་འཇིགས་རུམ་ཀླུང་༔ ངོ་མཚར་མེ་ཏོག་དམར་པོ་སྐྱེས་པའི་དབུས༔ ཀླུ་རྒྱལ་གོས་སྔོན་སྲས་མོ་ལང་ཚོ་ཅན༔ བདག་ཅག་བདུད་སྡེ་ནག་པོའི་རྒྱལ་པོ་ལ༔ ཁབས་སུ་བྱོན་པ་བདུད་ཀྱི་དབུ་འཕང་མཐོ༔ དགའ་བའི་ཀླུ་མོ་འདི་གར་བསྐྱོད་པར་སྤྲོ༔ ཞེས་སྨྲས་བུ་མོ་མཚོ་ལ་གོམ་བཏེགས་ནས༔ ཚུར་བྱོན་གོམ་པ་རེ་རེར་རྗེས་ཀྱང་དོད༔ རྒྱལ་པོ་འཁོར་བཅས་རིན་ཆེན་རྒྱན་ཆ་རྣམས༔ བུ་མོ་དེ་ལ་གསོལ་ནས་ཕོ་བྲང་བསུས༔ མངའ་འོག་སྡེ་རྣམས་འདུས་ཏེ་དགའ་སྟོན་བྱས༔ སྲས་དང་ལྷན་ཅིག་ཕོ་བྲང་རྩེ་མོར་གནས༔ ལན་ཅིག་བུ་མོ་དེ་ཡིས་འདི་སྐད་སྨྲས༔ ཡཀྴ་བདེ་སྐྱོང་དབང་པོ་ང་ལ་གསོན༔ ང་ནི་རྒྱལ་པོའི་ཕོ་བྲང་འདིར་མི་དགའ༔ ཁྱོད་ལ་བརྩེ་བར་སེམས་ཀྱང་ཡུལ་འདི་སྡུག༔ ཇི་ལྟར་བྱས་ཀྱང་མཚོ་ལ་སྙེགས་པར་འཚལ༔ ང་ཡི་ཡུལ་ནི་དཔག་ཚད་དཔག་མེད་སར༔ ཀླུ་རྒྱལ་ཕོ་བྲང་ཉམས་ནི་དགའ་བ་ཡོད༔ སྡིག་པ་མི་སྤྱོད་དགེ་བ་ངང་གིས་འཕེལ༔ བསོད་ནམས་འཛད་མེད་དམ་པའི་ཆོས་ལ་སྤྱོད༔ བློན་པོའི་ཚོགས་རྣམས་དཀར་པོའི་ཆོས་ཁྲིམས་སྐྱོང་༔ ཇི་ལྟར་དཔྱད་ཀྱང་སྡོད་པའི་ཡུལ་འདི་དམན༔ རྒྱལ་པོ་ཆེན་པོ་བདུད་ཀྱི་གོང་བ་བཟུང་༔ ཕྱི་ནང་བློན་པོ་བདུད་ཀྱི་སྒོ་སྲུང་ངན༔ མི་དགེའི་མུན་གཏིབས་ནག་པོ་ཁ་འབྱམས་ཡུལ༔ དགེ་བའི་མིང་མེད་ཤན་པའི་འདུན་ས་འདིར༔ ང་རང་མི་འདུག་བདེ་བའི་གླིང་དུ་འགྲོ༔ ཕ་མ་མིང་པོ་ནུ་མོ་མིག་མི་མཐོང་༔ དམ་ཆོས་ཤོ་ལོ་ཀ་གཅིག་མི་ཐོས་པས༔ སྐྱེ་བ་ཚད་མེད་སྐྱེས་སོ་གྲོགས་པོ་ཁྱོད༔ གཅེས་པའི་ལུས་འདི་ཕ་མའི་གནས་སུ་འདུག༔ བུ་མོ་པདྨ་སྐྱེས་ང་ཕ་ཡུལ་བསྐྱོད༔ ལན་གཅིག་འཕྲད་པ་སྔོན་གྱི་ལས་དབང་བཙན༔ ཡུན་དུ་གནས་མེད་མི་རྟག་ཆོས་ཅན་ཡིན༔ དེ་ཕྱིར་ཁྱོད་ཀྱང་མ་བསྔལ་རྒྱལ་སྲིད་སྐྱོངས༔ ཞེས་གསུངས་ཡཀྴ་བདེ་སྐྱོང་བསམ་པ་ལ༔ བུ་མོ་འདི་ནི་ཀླུ་མོ་ཡ་མཚན་ཅན༔ ས་སྟེང་མི་ལ་འདི་ཡི་ཆ་འདྲ་ཙམ༔ སྐྱེས་པར་མ་མཐོང་འདི་འདྲའི་བུད་མེད་ནི༔ གཞན་དུ་བཙལ་ཀྱང་རྙེད་པར་ག་ལ་མཆིས༔ དུས་འདིར་བུ་ཡང་མེད་པས་ཨ་རེ་སྡུག༔ བུ་ཡོད་གྱུར་ན་ཕངས་སེམས་གཅེས་པར་བཟུང་༔ འགྲོ་བར་མི་བཟོད་དེ་ལྟར་མ་གྱུར་པས༔ འདི་ལ་བཤོལ་འདེབས་ཅི་བྱེད་སྙམ་པ་ལ༔ རྒྱལ་པོའི་སྤྱན་སྔར་སོང་སྟེ་འདི་སྐད་སྨྲས༔ ཡབ་ཅིག་རྒྱལ་པོ་ཀླུ་མོ་པདྨ་སྐྱེས༔ ཡ་མཚན་མ་དེ་ཕ་ཡུལ་སྙེགས་པར་བརྩམས༔ བདུད་ཡུལ་འདི་ལ་མི་མོས་སྐྱོ་བ་སྐྱེས༔ ཇི་ལྟར་བྱས་ཀྱང་ངོ་མཚར་བུ་མོ་འདི༔ བོར་བར་དཀའ་འོ་ཐབས་ཀྱི་འཇུག་བློ་གནོངས༔ དེ་སྐད་ཞུས་པས་རྒྱལ་པོས་བློན་ཚོགས་བསྡུས༔ བཀའ་གྲོས་བཏབ་པས་ཐམས་ཅད་བློ་རྨོངས་གྱུར༔ སྐབས་དེར་རྟ་མགྲིན་སྤྲུལ་པའི་བློན་པོ་ལྔས༔ རྒྱལ་པོ་ཆེན་པོ་ཐུགས་བློ་མ་རྨོངས་དང་༔ ཀླུ་ཡི་བུ་མོ་ཡ་མཚན་པདྨ་སྐྱེས༔ སྲས་ཀྱི་རྒྱལ་སྲིད་དེ་སྔོན་མ་ཕོག་པས༔ བཏང་བར་མི་འཐད་སྲིད་ཁྲིམས་ཅི་དགར་ཆུག༔ བུ་མོའི་བཀའ་ལ་ཀུན་ཀྱང་འཐད་པར་བྱེད༔ ཅེས་ཟེར་རྒྱལ་པོ་ཡབ་སྲས་བདེན་པར་བཟུང་༔ བློན་པོ་རྒྱལ་སྲས་ལྷན་ཅིག་བུ་མོའི་སར༔ སོང་ནས་གུས་བཏུད་ཚིག་གིས་བཤོལ་འདི་བཏབ༔ ཨེ་མ་བུ་མོ་པདྨ་སྐྱེས༔ ཁྱོད་འདྲ་འཛམ་གླིང་བཙལ་ཀྱང་དཀོན༔ རྒྱལ་བུ་རིགས་ཀྱི་བུ་མཆོག་ལ༔ ལྟ་བར་མི་འདོད་གཤེགས་བརྩམས་པ༔ ཐུགས་ལ་ནོངས་པ་ཇི་ལྟར་འཚལ༔ ཆབ་སྲིད་བུ་མོ་ཁྱོད་ཀྱིས་ཟུངས༔ བཀའ་ཁྲིམས་འབངས་སུ་བདག་ཅག་བགྱིད༔ ཅི་གསུངས་ནམ་ཡང་མི་འདའ་ན༔ ཁྱོད་ཉིད་ཅིས་ཀྱང་བཞུགས་པར་ཞུ༔ དེ་སྐད་གསོལ་བས་བུ་མོའི་ཞལ་ན་རེ༔ ཆོས་བློན་བྱེད་དམ་སྡིག་བློན་བྱེད་དམ་ཅི༔ ཆོས་རྒྱལ་བྱེད་དམ་སྡིག་རྒྱལ་བྱེད་དམ་ཅི༔ ཆོས་སྡེ་བྱེད་དམ་སྡིག་སྡེ་བྱེད་དམ་ཅི༔ སྡིག་སྡེ་བྱེད་ན་བུ་མོ་རང་ཡུལ་འགྲོ༔ ཆོས་སྡེ་བྱེད་ན་བུ་མོས་རྒྱལ་སྲིད་བཟུང་༔ སྡིག་རྒྱལ་བྱེད་ན་བུ་མོ་ཆོས་ལ་འགྲོ༔ ཆོས་རྒྱལ་བྱེད་ན་སྲིད་ཁྲིམས་མཉམ་པོར་འཛིན༔ སྡིག་བློན་བྱེད་ན་འདུན་བགྲོས་ངས་མི་བྱེད༔ ཆོས་བློན་བྱེད་ན་བུ་མོས་གྲོས་ལ་དབང་༔ དཀར་པོའི་དགེ་ལ་བུ་མོ་ང་རང་དབང་༔ ནག་པོའི་ལས་ལ་རྒྱལ་བློན་མགོ་བོ་གཏད༔ རང་ཅག་ཇི་ལྟར་བསམ་པ་མཉམ་མི་ཐུབ༔ བསམ་མེད་ཡུལ་སྡེ་མུན་པའི་གླིང་ལ་འཚོགས༔ དཀར་པོའི་ཡོན་ཏན་བུ་མོའི་རྒྱུད་ལ་ཚང་༔ ཇི་ལྟར་བལྟས་ཀྱང་བསམ་སྤྱོད་སོ་སོར་འདུག༔ ཀླད་མེད་བྱ་ནག་རྒྱལ་པོས་ཀླད་ནས་བཅོམ༔ སྙིང་མེད་བདུད་བློན་འུག་པ་མུན་གླིང་གྲགས༔ མདོ་མེད་བདུད་སྡེ་མི་དགེའི་ལས་ལ་འཁོར༔ ཐར་མེད་འདི་འདྲ་སྤོངས་ན་ང་རང་འདུག༔ མ་སྤངས་རྒྱལ་ཁམས་སྟོང་པའི་སྨོན་ལམ་འདེབས༔ བུ་མོ་ཐར་པའི་ལམ་ལ་གཤེགས་གཤེགས་འདྲ༔ བློ་ཡངས་ཡོད་ན་ཤེས་པའི་བྱ་ར་ཐོངས༔ སྨྲ་མཁས་ཡོད་ན་དྲང་པོའི་འདུན་བགྲོས་གྱིས༔ བསམ་པ་ཡོད་ན་བུ་མོའི་བཀའ་ལ་ཉོན༔ དེ་སྐད་བཀའ་བསྩལ་བློན་པོ་རྒྱལ་སྲས་རྣམས༔ བཙུན་མོའི་བཀའ་བཞིན་སྒྲུབ་པར་ཁས་སུ་བླངས༔ བུ་མོ་ཉིད་ཀྱིས་རྒྱལ་ཁྲིམས་དབང་དུ་གྱུར༔ དེ་ནས་མངའ་འབངས་ཐམས་ཅད་འདུན་གྲོས་འཚོགས༔ བུ་མོའི་བཀའ་ལ་ཉན་པར་འཐད་ཅེས་གླེང་༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ གསུང་གི་སྤྲུལ་པ་པོ་ཏ་ལ་རུ་སྤྲུལ་ནས་ཌཱ་མ་རུ་ཡི་རྒྱལ་སྲིད་ཐབས་ཀྱིས་དབང་བསྒྱུར་བར་པདྨ་སྐྱེས་སུ་སྐུར་བསྟན་པའི་རིམ་པ་སྟེ་ལེའུ་ལྔ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཌཱ་མ་རུ་ཡི་རྒྱལ་ཁམས་ཆོས་ལ་བཀོད་ནས་སངས་རྒྱས་སུ་གྲུབ་པའི་ལེའུ།

དེ་ནས་བུ་མོ་པདྨ་སྐྱེས་ཉིད་ཀྱིས༔ དགོངས་པར་རྒྱལ་ཁམས་ཆོས་ཁྲིམས་བསྡམ་པའི་ཕྱིར༔ ནང་བློན་རྒྱལ་སྲས་རྣམས་ལ་བཀའ་འདི་བསྩལ༔ ཉོན་ཅིག་རྒྱལ་བློན་ཤེས་རབ་ལྡན་པ་ཀུན༔ བློ་ཡིས་དཔྱོད་ལ་བསམ་པ་རང་ལ་བསྐོར༔ ནག་པོའི་ཕྱོགས་ལ་ཞེན་པའི་བདུད་སྡེ་རྣམས༔ བསམ་པ་དཀར་པོའི་ཆོས་ལ་སྦྱོར་ན་བསམ༔ མྱ་ངན་ལས་ལྡོག་ཐར་ལམ་འདྲེན་ན་བསམ༔ ཅི་བྱས་ཆོས་ལ་སྤྱོད་པར་བྱེད་ན་བསམ༔ པདྨ་སྐྱེས་ཀྱི་བསམ་པ་རྒྱ་རེ་ཆེ༔ ད་ནི་འདུན་འགྲོ་མང་པོ་དགོས་པ་ཆུང་༔ བསམ་པའི་གནས་ལ་ཅི་སླེབ་སྒྲུབ་རེ་རན༔ མི་དགེའི་ས་བོན་སྤོངས་པའི་ཁྲིམས་འདི་བཅའ༔ འབངས་འཁོར་ཀུན་ལ་གོ་བའི་ཚིག་འདི་གྱིས༔ ཡར་ཚེས་བཟང་པོར་རྔམ་པ་ཅན་གྱི་མཚོར༔ རྒྱལ་ཁབ་མི་སྡེས་རིན་ཆེན་འབྲུ་སྣ་ལྔ༔ དཀར་མངར་དར་ཟབ་མཆོད་པ་འབུལ་ལ་འདུས༔ བཀའ་ཁྲིམས་བུ་མོ་པདྨ་སྐྱེས་ཀྱིས་བསྡམས༔ བཟང་པོ་ཆོས་བྱེད་བློན་པོའི་གོ་སར་འཛུད༔ མི་དགེའི་སྤྱོད་པ་འཛིན་རྣམས་སྲོག་ལ་འཛེར༔ ཉ་སྟོང་བརྒྱད་གསུམ་བུ་མོས་ཆོས་སྟོན་བཙུགས༔ ལས་ལ་ལེ་ལོ་མ་ཕྱེད་བཀའ་ལ་སོང་༔ ཞེས་གསུངས་རྒྱལ་བློན་ཁྲིམས་ཀྱིས་རྔ་ཆེན་བརྡུང་༔ རྔམ་པ་ཅན་གྱི་མཚོ་འབུལ་ཐམས་ཅད་འདུས༔ མཚོ་ལས་ཀླུ་རྣམས་དགྱེས་པའི་རོལ་མོ་ལྡིར༔ དྲི་བཟང་སྣ་ཚོགས་ཡུལ་ཁམས་ཀུན་ཏུ་ཁྱབ༔ མཚོ་ཡི་ཤར་ཕྱོགས་ཀུན་དགའ་ར་བ་བཞེངས༔ རབ་ཏུ་གནས་ནས་དེ་རུ་ཡབ་ཡུམ་བཞུགས༔ ཡཀྴ་བདེ་སྐྱོང་མདོ་ཆོས་སྦྱང་དུ་བཅུག༔ དེ་ནས་ཐང་ཡིག་ནག་པོ་མེ་ལ་བསྲེགས༔ ནག་པོའི་བསྟན་པ་མིང་ཡང་མེད་པར་བྱས༔ རྟ་མགྲིན་བྱིན་རླབས་བློན་པོ་རྣམ་པ་ལྔ༔ ཡུལ་ཁམས་ཀུན་ལ་ཆོས་ཀྱི་ཁྲིམས་བསྡམ་བཅུག༔ ནག་པོའི་རིགས་ཀུན་རྒྱལ་ཁྲིམས་འོག་ཏུ་བཅུག༔ པདྨ་སྐྱེས་ཀྱི་སྤྲུལ་པ་རྣམ་པ་ལྔ༔ སྐྱེས་མ་བདེ་མ་དགའ་མ་མཆོག་བཟང་མ༔ དབྱངས་ཅན་མར་སྤྲུལ་བློན་པོའི་ཟླ་གྲོགས་བཅོལ༔ གསང་སྔགས་ཆོས་འཁོར་ལན་དྲུག་བསྐོར་བར་མཛད༔ དགེ་མ་ལྔ་བརྒྱ་བསྡུས་ཏེ་རབ་ཏུ་བྱུང་༔ ཕྱི་བློན་ཇི་ཧ་ར་ཞེས་བདུད་སྤྲུལ་ཞིག༔ ཆོས་ལ་གནག་པས་རྒོལ་བ་ཚད་དུ་བྱུང་༔ འཁོར་ཡང་ལྔ་བརྒྱ་དཔུང་ཚོགས་ཆས་པ་ལ༔ པདྨ་སྐྱེས་ཀྱིས་དགོངས་པར་བཞུགས་པའི་ཚེ༔ དཔལ་ཆེན་རྟ་མགྲིན་མདུན་གྱི་ནམ་མཁར་བྱོན༔ ཞལ་ནས་པདྨ་སྐྱེས་ཁྱོད་དྲག་མོར་སྤྲུལ༔ བདག་གིས་གྲོགས་བྱ་བདུད་དཔུང་བསྒྲལ་བར་འོས༔ མ་བསྒྲལ་སངས་རྒྱས་བསྟན་པ་བརླག་གྱུར་པས༔ མ་གཡེལ་དུས་ལ་བབས་ཞེས་ལུང་དུ་བསྟན༔ དཔུང་ཚོགས་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཐོགས༔ པདྨ་སྐྱེས་ཀྱི་སྐུ་ལ་རྒོལ་དུ་བྱུང་༔ དེ་ཚེ་པདྨ་སྐྱེས་ཉིད་དྲག་མོར་བཞེངས༔ དཔལ་མགོན་དམ་ཅན་ཐམས་ཅད་བྲན་དུ་བཀོལ༔ ལ་ལས་མཚོན་ཐོགས་ལ་ལས་ཐོག་སེར་ཕབ༔ ལ་ལས་ཀུ་བསྭོ་ལ་ལས་ཧཱུྃ་སྒྲ་ལྡིར༔ ལ་ལས་ཕཊཿསྒྲ་ལ་ལས་བྷྱོ་སྒྲ་སྒྲོགས༔ བདུད་སྡེ་དཔུང་ཚོགས་བཅས་པ་དུས་གཅིག་བསྒྲལ༔ ཐམས་ཅད་པོ་ཏ་ལ་རུ་སྐད་ཅིག་བཀོད༔ དཀར་ཕྱོགས་རྒྱལ་བའི་སྙན་པའི་ཕྱོགས་བཅུར་འཁྲིགས༔ དཔལ་མོ་གཡུལ་ལས་རྒྱལ་མ་ཞེས་སུ་གྲགས༔ དེ་ནས་མངའ་འོག་མི་ཀུན་ཆོས་ལ་བསླབ༔ ཉིན་མཚན་མེད་པར་ཏིང་འཛིན་ངང་དུ་གནས༔ ཀུན་ལ་དམ་ཆོས་ཐེག་པ་རིམ་དགུ་བསྟན༔ ཐམས་ཅད་གྲོལ་ཏེ་ཚོམ་བུ་འབུམ་ཕྲག་བདུན༔ འཇའ་སྐུར་གྲོལ་ཏེ་འཕགས་པའི་ཞིང་དུ་བཀོད༔ དེ་ནས་ཡཀྴ་བདེ་སྐྱོང་ལམ་འབྱོངས་ཏེ༔ གསང་སྔགས་དབང་བསྐུར་ཉིན་མཚན་ཏིང་འཛིན་བསྒོམ༔ ལན་ཅིག་རྒྱལ་པོ་ཡབ་ཉིད་ཚེ་དུས་བྱས༔ པདྨ་སྐྱེས་ཀྱིས་ཕུང་པོ་ལྷག་མེད་སྦྱངས༔ དེ་ཚེ་ཡཀྴ་བདེ་སྐྱོང་འདི་སྐད་ཞུས༔ ཀྱེ་མ་མ་ཅིག་ཡེ་ཤེས་དྷཱཀི་མ༔ ལྷག་པའི་ལྷ་མོའི་ཐུགས་རྗེའི་ཉི་འོད་ཀྱིས༔ བདུད་སྡེ་ནག་ཕྱོགས་མུན་པ་ལྷག་མེད་བསལ༔ མ་ཁྱོད་བརྩེ་བས་ཟླ་ཟེར་ལྕགས་ཀྱུ་ཡིས༔ རང་ཅག་བདུད་སྡེ་ཐར་པའི་ལམ་དུ་བཟུང་༔ ཐུགས་བཅུད་གསང་སྔགས་ཐབས་མཆོག་བདུད་རྩིའི་བཅུད༔ ཡོངས་ལ་སྨིན་པས་ཟག་མེད་ཡེ་ཤེས་འགྲུབ༔ འཇིག་རྟེན་སྒྲོན་མེ་སྲིད་གསུམ་མིག་སྦྱིན་མ༔ སྐལ་ལྡན་ང་ཡི་མ་ཅིག་བཀའ་དྲིན་ཅན༔ ཁྱེད་ལ་འདུད་དོ་བཀའ་ཡི་གནང་བ་སྩོལ༔ བདག་གི་ཕ་རྗེ་རྒྱལ་པོ་ཤནྟི་འདས༔ ལུས་བསྐྱེད་མཱ་མ་ཀཱ་ལ་ཡཀྴི་གཉིས༔ གར་སྐྱེ་ཐར་པ་ཐོབ་པ་ནམ་འོང་ངམ༔ རིགས་དྲུག་ཁམས་སུ་སྡུག་བསྔལ་ནམ་ཟད་དམ༔ སྐྱེ་བ་འདི་འོག་ཡུལ་གླིང་གར་སྐྱེའམ༔ མངོན་ཤེས་ལྡན་མས་བདག་ལ་བཀའ་སྩལ་ཞུ༔ ཞེས་ཞུས་ཐལ་སྦྱར་གུས་པའི་ཚུལ་གྱིས་བཏུད༔ པདྨ་སྐྱེས་ཀྱི་ཞལ་ནས་འདི་སྐད་གསུངས༔ ཉོན་ཅིག་གྲོགས་པོ་ཡཀྴ་བདེ་སྐྱོང་ལགས༔ ང་ནི་བདེ་བ་ཅན་དུ་གོས་དཀར་ཡུམ༔ པོ་ཏ་ལ་རུ་དྷཱཀི་ཧྲཱིཿསྐྱེས་མ༔ ཌཱ་མ་རུ་འདིར་པདྨ་སྐྱེས་ཞེས་གྲགས༔ དོན་ལ་སྐྱེ་མེད་ཡེ་ཤེས་མཁའ་འགྲོ་ཡིན༔ དུས་གསུམ་ཀུན་ཏུ་སྤྲུལ་པ་རྒྱུན་ཆད་མེད༔ མངོན་ཤེས་ལྔ་བཅུ་རྩ་ལྔ་བདག་ལ་མངའ༔ ཞིབ་པར་བཤད་ལ་མ་བརྗེད་ཡིད་ལ་ཟུངས༔ ཁྱོད་ཀྱི་ཡབ་རྒྱལ་ཤནྟི་བུདྟོ་དེ༔ ཐོག་མ་མེད་ནས་ལུས་ངན་བསམ་མི་ཁྱབ༔ སྐྱེ་བ་འདི་ཡི་གོང་ནས་སྟོང་ཕྲག་གོང་༔ སངས་རྒྱས་དྲི་མེད་བསྟན་པའི་ཐ་མ་ལ༔ ཤན་པའི་བུ་མོ་རཱ་ག་མ་ཧཱ་ཞེས༔ མཛེས་སྡུག་སྐྱེས་པ་ཨུ་པ་ལ་ཞེས་པའི༔ རྒྱལ་པོའི་གཡོག་མོར་གྱུར་པས་སེམས་ཅན་ཀུན༔ འཚོ་སྐྱོང་བྱས་ནས་མྱ་ངན་དཔག་མེད་མྱོང་༔ ཉན་ཐོས་ལྔ་བརྒྱའི་སྤྱན་སྔར་སྨོན་ལམ་ལོག༔ ད་ལྟ་སྐྱོང་བའི་སྲོག་ཆགས་སེམས་ཅན་དང་༔ རྒྱལ་པོའི་བཙུན་མོ་འབངས་འཁོར་བཅས་པ་རྣམས༔ མ་འོངས་བདག་ནི་རྒྱལ་པོ་འདི་ལྟ་བུར༔ གྱུར་ཏེ་ཀུན་ཀྱང་སྡིག་ལ་སྤྱོད་པར་ཤོག༔ དེ་སྐད་བཏབ་པས་ཉན་ཐོས་ལྔ་བརྒྱ་ཡིས༔ དེ་དུས་འདུལ་བྱེད་སངས་རྒྱས་འབྱོན་པ་དང་༔ དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག༔ ཅེས་པའི་སྨོན་ལམ་བཏབ་པས་གཡོག་མོ་ནི༔ ངན་སོང་གསུམ་དུ་སྐྱེ་བ་དུ་མར་བླངས༔ མཐར་ནི་རྔ་ཡབ་ཤར་ཕྱོགས་གདུག་པ་སྲིན་པོའི་གླིང་༔ ཤ་ཁྲག་ཟས་ཟ་སྲིན་པོ་ཧ་ལིང་ཞེས༔ དེ་ཉིད་སྐྱེས་པའི་མ་ནི་ཀཱ་ལ་ཡིན༔ ད་ལྟ་འདི་རུ་རྒྱལ་པོའི་བཙུན་མོར་གྱུར༔ ཉན་ཐོས་སྨོན་ལམ་སྟོབས་ཀྱི་བདག་ཉིད་ཀྱིས༔ གདུལ་བྱར་གྱུར་ཅིང་སྐྱེ་བ་འདི་ཡི་འོག༔ གདོལ་བའི་བུ་མོ་རིགས་ངན་ཞིག་ཏུ་སྐྱེ༔ མ་ནི་རྒྱ་གར་གནྜི་གྲོང་ཁྱེར་དུ༔ སྨད་འཚོང་མ་ནི་བཟང་མོར་ཞེས་བྱར་འགྱུར༔ བདག་གིས་གདུལ་བྱར་གྱུར་ཞིང་ཆོས་ལ་ཞུགས༔ དེ་ནས་གཉིས་ཀ་ཚེ་འཕོས་ཟ་ཧོར་དུ༔ མིང་ནི་འོད་སྲེད་མ་དང་ཀུན་བྱེད་ཅེས༔ བཟོ་གནས་མིང་སྲིང་གྱུར་ནས་བདག་གིས་གྲོལ༔ འཇའ་ལུས་ཐོབ་ནས་རྔ་ཡབ་གླིང་དུ་འགྲོ༔ དེ་སྐད་གསུངས་ནས་ཡཀྴ་བདེ་སྐྱོང་གིས༔ དགའ་བོ་ཁྱེད་ཀྱི་རྗེས་སུ་ཞུགས་པས་སྤྲོ༔ རིང་པོར་མ་ལོན་ཡཀྴ་བདེ་སྐྱོང་འདས༔ ལྷག་མེད་གྱུར་ནས་པོ་ཊ་ལ་རུ་སྐྱེས༔ དེ་ནས་ཡུལ་དེར་གནས་ཀུན་སེམས་ཅན་དང་༔ པདྨ་སྐྱེས་ཀྱི་འཁོར་དང་བཅས་པ་རྣམས༔ ལྷག་མེད་འཇའ་སྐུར་གྲོལ་ནས་མངོན་སངས་རྒྱས༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཌཱ་མ་རུ་ཡི་རྒྱལ་ཁམས་ཆོས་ལ་བཀོད་ནས་སངས་རྒྱས་སུ་གྲུབ་པའི་ལེའུ་སྟེ་དྲུག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ལྷ་ཡི་ཡུལ་དུ་འགྲོ་བའི་དོན་མཛད་པའི་རིམ་པ།

དེ་ནས་མཁའ་འགྲོ་ཆེན་མོའི་སྤྲུལ་པའི་འོད་ཟེར་ནི༔ ཐུགས་ཀྱི་སྤྲུལ་པ་ཧྲཱིཿཡིག་མཐིང་གསལ་སྤྲོས༔ སྟེང་ཕྱོགས་ལྷ་ཁམས་གནས་སུ་བྱོན་པ་ལ༔ ལྷ་ཡི་དབང་པོ་བརྒྱ་བྱིན་གནས་སུ་སྤྲུལ༔ ཕ་ནི་ལྷ་དབང་རཏྣ་འཛིན་པ་དང་༔ མ་ནི་ལྷ་མོ་ཀུན་གཟིགས་འོད་སྣང་མ༔ དེ་གཉིས་བཤོས་པའི་སྲས་མོ་ཀཾ་ཀ་རི༔ མཛེས་གཟུགས་ཁྱད་འཕགས་ལྷ་གནས་སྙན་པས་ཁྱབ༔ གྲོགས་པོ་ཟླ་བའི་འོད་ཟེར་ཞེས་བྱ་བ༔ ཚངས་རིག་ལྷ་དབང་སངས་རྒྱས་སྤྲུལ་པར་གྲགས༔ ལྷན་ཅིག་རི་རབ་སྤོ་ལ་གནས་བཅས་ཚེ༔ འཕགས་པའི་སྐུ་སྤྲུལ་དམ་པ་ཏོག་དཀར་འཁྲུངས༔ ལྷ་མིན་གཡུལ་གྱིས་ལྷ་རྣམས་ཕམ་པ་ལ༔ ཀམ་ཀ་རི་ཡི་རྫུ་འཕྲུལ་དྲག་པོ་ཡིས༔ ལྷ་མིན་དཔུང་ཚོགས་བཅས་པ་དཔའ་བསྐོངས་ནས༔ གནོད་པའི་སེམས་སྤངས་ཀཾ་ཀ་རི་ལ་བཏུད༔ ལྷ་མོ་གཡུལ་འཇོམས་བདེ་མ་ཞེས་སུ་གྲགས༔ དབང་ཕྱུག་སྲེད་མེད་བུ་སོགས་སྟོབས་ཆེན་རིགས༔ ཀུན་གྱིས་བཏུད་ནས་ཟབ་མོའི་ཆོས་འཁོར་བསྐུལ༔ ཀུན་ཀྱང་འཕགས་ལམ་ཞི་བའི་གོ་འཕང་བརྙེས༔ དུས་གཅིག་སྲས་བུ་དམ་པ་ཏོག་དཀར་གྱིས༔ གུས་པས་ཡུམ་ལ་འདི་སྐད་ཅེས་གསོལ་ཏོ༔

ཀྱེ་མ་ལྷ་དབང་སྲས་མོ་ཀཾ་ཀ་རི༔ ལྷ་མིན་ཕམ་བྱེད་གཡུལ་འཇོམས་བདེ་མ་ཞེས༔ བདག་གི་མ་མ་ཟླ་བའི་འོད་ཟེར་འགྲོགས༔ མཛེས་པའི་དཔལ་མོ་དམ་ཆོས་འབྱུང་བའི་ཡུམ༔ ང་ནི་འཇིག་རྟེན་ལྷ་ཡི་འགྲོ་བ་ཀུན༔ འདྲེན་ཕྱིར་དགའ་ལྡན་གནས་སུ་འགྲོ་སྙམ་པས༔ མཁའ་འགྲོའི་ཆོས་འདི་གསང་སྔགས་ཟབ་མོ་སྟེ༔ འཁོར་བ་མི་སྤང་དམ་པའི་གནས་སུ་འགྲོ༔ ངོ་མཚར་ཁྱད་འཕགས་བདག་ལ་གནང་བར་མཛོད༔ བདག་ནི་ཉེ་ལམ་ཞུགས་ཀྱང་བདེན་པའི་ལམ༔ དགའ་ལྡན་གནས་སུ་ཕར་ཕྱིན་ཆོས་འཁོར་བསྐོར༔ ཞེས་གསུངས་ཀཾ་ཀ་རི་ཡིས་ལན་བཏབ་པ༔ ང་ནི་འཇིག་རྟེན་ཁམས་འདི་མ་སྟོངས་བར༔ ཞི་བར་མི་གནས་གང་འདུལ་འགྲོ་དོན་སྤྱོད༔ བུ་ཁྱོད་དགའ་ལྡན་གནས་སུ་བསྐྱོད་བྱོས་ལ༔ འཁོར་ལ་ཕན་ཕྱིར་བདེན་གཉིས་ཆོས་སྟོན་ཅིག༔ ཁྱོད་ཉིད་སྐྱེ་བ་འདི་འོག་རྒྱ་གར་ན༔ རྒྱལ་པོ་ཟས་གཙང་སྲས་ཞེས་མངོན་འཚང་རྒྱ༔ ང་ཡི་སྤྲུལ་པ་སྒྱུ་འཕྲུལ་བསྐྱེད་པའི་ཡུམ༔ སྐྱེད་པའི་ལས་ཡོད་ལྷ་ཀླུ་མི་ཡི་ཡུལ༔ སྙན་པར་གྲགས་ཏེ་ཤཱཀྱའི་གདུང་རིགས་འཛིན༔ བདུད་བཅོམ་ཐུབ་པ་ཞེས་སུ་གྲགས་པ་སྟེ༔ སྔོན་ཚེ་མར་མེ་མཛད་པའི་ལུང་བསྟན་བཞིན༔ ཁྱོད་ཀྱིས་སྐུ་ཡིས་བཀོད་པ་བསམ་མི་ཁྱབ༔ ང་ཡིས་ལྷ་ཡི་བུ་ཕོ་འབུམ་ཕྲག་ལྔ༔ ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་པའི་ཕྱིར༔ ཟབ་མོའི་ཆོས་འདི་ཡོངས་སུ་སྟོན་པར་བྱེད༔ དེ་སྐད་གསུངས་ཏེ་ཆོས་ཀུན་མ་ལུས་པ༔ སྲས་མཆོག་དམ་པ་ཏོག་དཀར་ལ་གནང་ནས༔ དགའ་ལྡན་གནས་སུ་འགྲོ་དོན་སྤྱོད་དུ་གཤེགས༔ ཀཾ་ཀ་རི་ཡིས་ལྷ་གནས་སུམ་ཅུ་ལ༔ སྐུ་ཡི་འོད་ཟེར་བསམ་ལས་འདས་པར་བཀྱེས༔ འོད་དེས་རེག་ཚད་མ་ཡི་གནས་སུ་འདུས༔ རྒྱུ་ཡི་ཆོས་ལ་བདེན་བཞི་ཕར་ཕྱིན་ལྟ༔ འབྲས་བུའི་ཚོགས་ལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷ་ཡི་བཙུན་མོ་ལྔ་བརྒྱ་བཅས་པ་ལ༔ རིམ་གཉིས་ཆོས་ཀྱིས་སྨིན་གྲོལ་ལམ་ལ་བཀོད༔ ཀུན་ཀྱང་མངོན་པར་བྱང་ཆུབ་བརྙེས་བྱས་ཏེ༔ ཟླ་བའི་འོད་ཟེར་ལྷ་མིན་རྒྱལ་པོར་སྤྲུལ༔ ཀཾ་ཀ་རི་ནི་ཧྲཱིཿཡིག་གྱུར་ནས་ཡལ༔ སྤྲུལ་པ་བརྒྱ་ཕྲག་ལྷ་ཡི་མགོན་དུ་བཞག༔ ལྷ་ཡི་འགྲོ་བ་ཀུན་ལ་ཆོས་འཁོར་བསྐོར༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ལྷ་ཡི་ཡུལ་དུ་འགྲོ་བའི་དོན་མཛད་པའི་རིམ་པ་སྟེ་ལེའུ་བདུན་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཡོན་ཏན་སྤྲུལ་པ་ཀླུ་གདོལ་པའི་ཡུལ་དུ་བྱོན་ནས་ཀླུ་རིགས་ཐར་པའི་ལམ་དུ་བཀོད་པའི་རིམ་པ།

དེ་ནས་ཡོན་ཏན་སྤྲུལ་པ་བཀྱེ་བ་ནི༔ འོག་ཕྱོགས་ཀླུ་ཡུལ་གླིང་ཁམས་སྟོང་ཕྲག་དགུ༔ དེ་ཡི་ཆ་ལས་ནག་པོ་གདོལ་བའི་རིགས༔ ཀླུ་ཡུལ་ནཱ་ག་ལ་རུ་ཞེས་བྱ་བ༔ རྒྱར་ནི་དཔག་ཚད་ཉི་ཁྲི་ཆིག་སྟོང་ཡོད༔ བྱེ་ཚན་ཆར་བབས་སྡུག་བསྔལ་བསམ་མི་ཁྱབ༔ འགྲོ་བ་དེ་ཀུན་གདོལ་པའི་རིགས་གྱུར་པས༔ སེམས་རྒྱུད་གདུག་པས་ཞེ་སྡང་མེ་ལྟར་འབར༔ གཅིག་གིས་གཅིག་ཟ་དམྱལ་བ་སྡུག་བསྔལ་ཆེ༔ དེ་ཡི་གཙོ་བོ་གདོལ་པ་ཀླུ་ཡི་རྗེ༔ ལྟ་མི་བཟོད་པ་ནག་པོ་མུན་པའི་མདངས༔ ལུས་ལ་ཐོར་བའི་རིགས་བྱེད་འབུམ་གྱིས་ཟིན༔ མགོ་ལ་ཡ་མ་ལ་སོགས་ནད་མང་ཟིན༔ དབྱིབས་ནི་ཁོག་སྟོད་མི་ལ་ཁོག་སྨད་སྦྲུལ༔ ཀླུ་སྲིན་མང་པོས་འདུ་བའི་སྨྲེ་ངག་འདོན༔ གདུག་པའི་ཁ་རླངས་འཇིག་རྟེན་ཡོངས་ལ་འབེབ༔ ཁྱབ་བྱེད་འབར་བ་ནག་པོ་ཀླུ་ཡི་བུ༔ དེ་ཡི་འཁོར་དུ་ཀླུ་བདུད་བསམ་མི་ཁྱབ༔ ཀུན་ཀྱང་མི་བདེ་ཀླུ་ནད་ཁོ་ནས་ཟིན༔ སྐྱབས་མགོན་དཔུང་གཉེན་གང་ཡང་མ་མཆིས་པས༔ ཡུལ་དེ་གདུལ་བྱའི་དུས་ལ་བབས་པར་དགོངས༔ ཧྲཱིཿཡིག་གསེར་མདོག་ཀླུ་ཡི་ཡུལ་དུ་སོང་༔ ཀླུ་ཡི་རི་བོ་ནོར་བུའི་རྩེ་མོར་བབས༔ འོད་ཀྱིས་ཀླུ་ཁམས་མ་ལུས་དབང་དུ་བསྡུས༔ ཀླུ་མོའི་ཆས་ཀྱིས་བརྒྱན་པ་གཅིག་ཏུ་སྤྲུལ༔ གདོལ་པ་ནག་པོའི་གནས་སུ་བྱོན་པ་ལ༔ འོད་ཟེར་དཀར་པོ་ཀླུ་རྣམས་ཕོག་པ་ལ༔ ནད་ཀུན་སྐད་ཅིག་སེལ་བའི་བྱིན་རླབས་མཛད༔ དེ་དུས་ཀླུ་རྣམས་དགའ་བ་དཔག་མེད་སྐྱེས༔ ནཱ་ག་ནཱ་གི་འཁོར་བཅས་ཡུམ་ལ་བཏུད༔ གུས་པས་སྨྲ་མ་བཏུབ་པར་འདི་སྐད་སྨྲས༔ ཨེ་མཿངོ་མཚར་རང་བྱུང་དྲི་མེད་དྷཱཀྐི་མ༔ བདག་ཅག་ཀླུ་གཉན་གདོལ་བ་ནག་པོའི་རིགས༔ བྱེ་ཚན་ཆར་དང་ཀླུ་ནད་སྣ་ཚོགས་མྱོང་༔ རྟག་ཏུ་སྡུག་བསྔལ་བསྐལ་པ་ཟད་མེད་དུ༔ ཁྱོད་ཀྱིས་འོད་ཟེར་ཕོག་ཙམ་ནད་ཀུན་ཞི༔ བདག་ཅག་ཀླུ་ཡི་མགོན་དུ་རྟག་བཞུགས་གསོལ༔ ཞེས་གསོལ་ཀླུ་རྣམས་དུག་གི་རང་བཞིན་ལ༔ འགའ་རེ་ས་ལ་བལྟ་ཞིང་འགའ་རེ་སྒྱེ༔ འགའ་རེ་རྒྱབ་བརྟན་འགའ་རེ་རིང་དུ་སྡོད༔ གུས་པའི་ཚུལ་ཡང་དཔག་ཏུ་མེད་པར་བྱེད༔ དེ་ཚེ་མཁའ་འགྲོའི་ཞལ་ནས་འདི་སྐད་ཅེས༔ བཀའ་ཡི་བསྒོ་བ་རྒྱལ་བློན་འཁོར་ལ་བཅས༔ ཀྱེེ་མཿ འོག་ཕྱོགས་ཀླུ་རིགས་ཐམས་ཅད་ཉོན༔ ང་ནི་ཡེ་ཤེས་མཁའ་འགྲོ་དྷ་མིནྟྲ༔ ཡབ་ནི་སངས་རྒྱས་འོད་དཔག་མེད་པ་ཡིན༔ ཡུམ་ནི་གོས་དཀར་ལྷ་མོ་ཚེ་ཡི་ཡུམ༔ ཡུལ་ནི་བདེ་བ་ཅན་གྱི་ཞིང་ཁམས་ཡིན༔ ཕོ་བྲང་མིང་ནི་པདྨ་བཀོད་པ་ཡིན༔ འཁོར་ནི་ས་བཅུའི་སེམས་དཔའ་དཔག་ཏུ་མེད༔ བུ་མོ་ང་ནི་ཁྱོད་ཅག་མགོན་དུ་འོངས༔ ཁྱོད་རྣམས་བསྐལ་པར་སྡུག་བསྔལ་མྱོང་བ་འདི༔ ལས་ཀྱི་འབྲས་བུ་སྨིན་ལ་ཡིད་ཆེས་གྱིས༔ མི་ཡི་ཡུལ་དུ་སངས་རྒྱས་གྲངས་མེད་བྱོན༔ ལྷ་ཡི་ཡུལ་དུ་ཐུབ་པ་རྣམ་རྒྱལ་བྱོན༔ ཀླུ་ཡི་ཡུལ་དུ་པདྨ་འགྲོ་འདུལ་བྱོན༔ དམྱལ་བའི་ཡུལ་དུ་ཆོས་ཀྱི་རྒྱལ་པོ་བྱོན༔ དུད་འགྲོའི་ཡུལ་དུ་རྣམ་པར་སྣང་བ་བྱོན༔ ཡི་དྭགས་ཡུལ་དུ་པདྨ་རྒྱལ་བ་བྱོན༔ ལྷ་མིན་ཡུལ་དུ་པདྨ་བརྩེགས་པ་བྱོན༔ དེ་དག་རྣམས་ལ་ཆོས་འཁོར་བསམ་མི་ཁྱབ༔ ཁྱོད་ཅག་ཡུལ་ནི་མུན་པ་ཅན་དུ་གྱུར༔ སངས་རྒྱས་སུས་ཀྱང་གདུལ་བྱར་མ་གྱུར་ཅིང་༔ སྔོན་གྱི་ཚུལ་ཁྲིམས་འཆལ་བའི་སྐལ་ངན་ཀུན༔ ད་ལྟ་གདོལ་པ་ཀླུ་རྫིང་འདི་རུ་སྐྱེས༔ སྔོན་གྱི་གདུག་རྩུབ་ཞེ་སྡང་བྱས་པའི་འབྲས༔ ད་ལྟ་བྱེ་ཚན་སྡུག་བསྔལ་བསམ་མི་ཁྱབ༔ སྔོན་དུ་མཆོད་ལ་སེར་སྣ་སྐྱེས་པའི་འབྲས༔ ད་ལྟ་ལྟོགས་སྐོམ་ཡི་དྭགས་འདྲ་བར་གྱུར༔ སྔོན་གྱི་ལུས་ལ་གཞན་རྣམས་སྡུག་བསྔལ་བཅུག༔ ད་ལྟ་ནད་ཀྱི་དུཿཁ་ཚན་ཆེར་མྱོང་༔ ལས་ལ་མ་བྱུང་སྡུག་བསྔལ་ཅི་ཡང་མེད༔ དེ་ཀུན་གཞན་གྱིས་མ་བྱས་རང་གིས་ལས༔ རྣམ་པར་སྨིན་འདི་ཅིས་ཀྱང་སེལ་བར་དཀའ༔ ང་ནི་མྱ་ངན་འདས་པ་ཡོངས་མེད་ཀྱང་༔ ཡུལ་ཁམས་གཞན་ལ་འགྲོ་དོན་སྤྱོད་ཕྱིར་འགྲོ༔ དེ་ཕྱིར་ཁྱོད་རྣམས་ད་ལྟ་ང་དང་མཇལ༔ ལས་ངན་སྒྲིབ་པ་མ་ལུས་བཤགས་སྦྱོང་གྱིས༔ ཁྱོད་རྣམས་དུག་གི་རང་བཞིན་ཡིན་པ་ལ༔ དེས་ནི་བདག་ལ་གནོད་པ་ག་ལ་ནུས༔ ཉོན་མོངས་དུག་གསུམ་དུག་ལྔ་ཞེས་བྱ་བ༔ འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ སེར་སྣ་ཕྲག་དོག་གིས་ནི་ཡུན་དུ་གནོད༔ གནོད་པར་བྱེད་པའི་རྒྱུ་ནི་དེ་ལྔ་སྟེ༔ དེ་དག་སྤོངས་ན་ཁྱོད་རྣམས་བདེ་བར་མཆིས༔ ཉོན་མོངས་འདི་དག་འཁོར་བའི་ས་བོན་ཡིན༔ འདི་ལས་ཐར་ན་གཏན་བདེ་འགྲུབ་སྟེ་མཆིས༔ ཞེས་པའི་གདམས་ངག་ཀླུ་ལ་བྱིན་པ་ན༔ ཀླུ་རྣམས་ཐམས་ཅད་ཆོས་ལ་མོས་པ་སྐྱེས༔ སྡིག་བཤགས་བྱས་ཤིང་ལས་ལ་འགྱོད་བཤགས་བྱས༔ སེམས་བསྐྱེད་ཞུས་པས་སྡོམ་པ་འབོག་པར་མཛོད༔ ཀུན་གྱི་སྡིག་ལྟུང་ལྷག་མ་མེད་པར་བྱང་༔ ཀླུ་ཡི་འགྲོ་བ་མ་ལུས་བྱང་ཆུབ་བཀོད༔ ཚོམ་བུ་གཅིག་ཏུ་དགའ་ལྡན་གནས་ཉིད་དུ༔ ལྷ་ཡི་དབང་ཐོབ་ཆོས་ལ་འགོད་པར་བྱས༔ དྷ་མེནྟྲ་ནི་གོས་དཀར་ལྷ་མོར་ཐིམ༔ ས་མ་ཡཱཿ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཡོན་ཏན་སྤྲུལ་པ་ཀླུ་གདོལ་པའི་ཡུལ་དུ་བྱོན་ནས་ཀླུ་རིགས་ཐར་པའི་ལམ་དུ་བཀོད་པའི་རིམ་པ་སྟེ་ལེའུ་བརྒྱད་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ལྷ་མིན་རྒྱལ་པོའི་སྲས་མོར་སྤྲུལ་ཏེ་ཡུལ་ཁམས་ཆོས་ལ་བཀོད་ནས་ལྷག་མེད་མངོན་བྱང་ཆུབ་པའི་རིམ་པ།

དེ་ནས་ལྷ་མིན་ཡུལ་དུ་ཧྲཱིཿཡིག་སྤྲོས༔ ལྷ་མིན་རྒྱལ་པོ་གོ་ཆ་བཟང་པོ་ཞེས༔ མངའ་ཐང་ཚད་ནི་ལྷ་དང་འགྲན་བཟོད་པ༔ ཡུལ་གླིང་བཅོ་བརྒྱད་ཉིན་མཚན་འཐབ་རྩོད་མྱོང་༔ སྡུག་བསྔལ་བསམ་གྱིས་མི་ཁྱབ་གྱུར་པ་ལ༔ ལྷ་ལས་ཕམ་སྟེ་ལྷ་མིན་གྲོས་བྱས་ཏེ༔ ལྷ་མིན་དཔུང་ཚོགས་ལྷ་ལས་ད་ལྟ་ཕམ༔ འཇིག་རྟེན་འབྱུང་པོ་བདུད་རྗེ་དགའ་རབ་སྦྲན༔ ཀླུ་ཡི་རྒྱལ་པོ་གདོལ་པ་གྲོགས་སུ་བཀུག༔ བདུད་དམག་ཀླུ་དམག་ལྷ་མིན་དམག་དཔུང་བསྡུ༔ ལྷ་ཡུལ་ཆས་ཏེ་རྒྱལ་བར་བྱེད་པར་གླེང་༔ དེ་ཚེ་ལྷ་མིན་ཡུལ་ལྗོངས་གོོ་མི་ཞེས༔ དཔུང་གི་ཚོགས་ཀུན་འདུས་པའི་གྲོང་ཁྱེར་དུ༔ རྒྱལ་པོ་རིན་ཆེན་དཔུང་པ་ཞེས་བྱ་བ༔ ལྷ་ཡི་བུ་ཕོ་ཟླ་བའི་འོད་ཟེར་སྤྲུལ༔ མངའ་ཐང་རྒྱས་པ་དཔུང་ཚོགས་འབུམ་གྱི་གཙོ༔ དེ་རུ་མཁའ་འགྲོ་ཆེན་མོ་ཀུན་བཟང་མར༔ སྤྲུལ་ཏེ་རྒྱལ་པོ་དེ་ཡི་དབང་པོ་བཀུག༔ གྲོགས་ཀྱི་ཚུལ་མཛད་རིན་ཆེན་དཔུང་པར་སྨྲས༔ ཀྱེ་མ་དབང་ཐང་ཆེ་བའི་རྒྱལ་པོ་རིན་ཆེན་དཔུང་༔ ཁྱོད་ཉིད་སྐྱེ་བ་འདི་ཡི་གོང་རོལ་དུ༔ ང་ཡི་ཟླ་བོ་ལྷ་ཡི་བུ་ཕོ་ནི༔ དམ་པ་ཏོག་དཀར་ཡབ་གྱུར་ཟླ་བའི་འོད༔ ད་ལྟ་ལྷ་མི་འདུལ་ཕྱིར་རྒྱལ་པོར་སྤྲུལ༔ ང་ནི་གཡུལ་འཇོམས་བདེ་མ་ཀཾ་ཀ་རི༔ ད་ལྟ་ཀུན་བཟང་མ་ཞེས་སྤྲུལ་ནས་འོངས༔ ལྷ་མིན་ཕམ་པའི་སྡུག་བསྔལ་ནོན་པ་ལ༔ གོ་ཆ་བཟང་པོའི་གྲོགས་དང་བཅས་པ་རྣམས༔ བསམ་ངན་ཀླུ་བདུད་གྲོགས་སུ་བཀུག་སྟེ་མཆི༔ ལྷ་ཡུལ་གནོད་པར་བརྩམས་ཞེས་དྲིལ་བསྒྲགས་པས༔ ད་ནི་འདུལ་བའི་དུས་ལ་བབས་ལགས་པས༔ ཁྱོད་ནི་ལྷ་མིན་འཁོར་ཚོགས་བསྡུས་ལ་གཤེགས༔ བདག་གིས་གོ་ཆ་བཟང་པོའི་སྲས་མོར་སྤྲུལ༔ ཀུན་ཀྱང་དབང་བསྡུས་ཆོས་ཀྱི་འཁོར་ལོ་བསྐོར༔ དེ་སྐད་གསུངས་ཏེ་གོ་ཆའི་སྲས་མོ་ནི༔ ཤིནྟ་མ་ཞེས་བྱ་བའི་རྣམ་ཤེས་སྤར༔ ཕུང་པོར་ཞུགས་ཏེ་བཞུགས་པས་རིན་ཆེན་དཔུང་༔ འཁོར་ཚོགས་དང་བཅས་བུ་མོ་བླངས་བར་བྱས༔ ལྷན་ཅིག་བཞུགས་ནས་ལྷ་མིན་དཔུང་གིས་ཚོགས༔ མཐོང་བའི་སྤྲུལ་དུ་ལྷ་ཡི་དམག་དཔུང་སྤྲུལ༔ འཐབ་པས་ཀླུ་བདུད་ལྷ་མིན་གཡུལ་རྣམས་བཅོམ༔ ཀུན་ཀྱང་ཐར་པའི་ལམ་དུ་སྐད་ཅིག་བཀོད༔ དེ་ནས་ནག་པོའི་བདུད་བསྟན་བསྣུབས་མཛད་ནས༔ དམ་པའི་ཆོས་ཀྱི་ཁྲིམས་བསྡམས་གོ་ཆ་བཟང་པོ་དང་༔ དགའ་རབ་ནག་པོ་ལ་སོགས་དཔུང་ཚོགས་རྣམས༔ བསྡུས་ཏེ་ལས་འབྲས་བསྟན་ཅིང་གསང་སྔགས་བཤད༔ ཐམས་ཅད་ཕྲག་དོག་ཞི་ནས་བསམ་གཏན་གནས༔ གྲོལ་བ་ཐོབ་སྟེ་ལྷ་མིན་ཡུལ་ཁམས་འགྲོ༔ ཀུན་ཀྱང་འཇའ་སྐུར་གྲོལ་ནས་སྟོངས་པར་གྱུར༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་པར་ཐར་པ་རིན་ཆེན་ཕྲེང་བ་ལས༔ ལྷ་མིན་རྒྱལ་པོའི་སྲས་མོར་སྤྲུལ་ཏེ་ཡུལ་ཁམས་ཆོས་ལ་བཀོད་ནས་ལྷག་མེད་མངོན་བྱང་ཆུབ་པའི་རིམ་པ་སྟེ་ལེའུ་དགུ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

རྒྱལ་རིགས་ཤྲཱི་སཱ་ག་རར་སྤྲུལ་ཏེ་འགྲོ་མང་སྨིན་གྲོལ་ལ་བཀོད་པའི་རིམ་པ།

དེ་ནས་ཚེ་ལོ་ཉིས་བརྒྱའི་གནས་སྐབས་སུ༔ རྫོགས་པའི་སངས་རྒྱས་འོད་སྲུང་འཇིག་རྟེན་བྱོན༔ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ ཡབ་ནི་རྒྱལ་པོ་བདེ་སྐྱོང་ཀུན་དགའ་བོ༔ ཡུམ་ནི་བྲམ་ཟེའི་བུ་མོ་དགེ་མཚོ་མ༔ རྒྱལ་བ་དེ་ལ་བསོད་སྙོམས་སྣ་ཚོགས་ཕུལ༔ དེ་ཚེ་ཡབ་ཡུམ་སྲས་ཀྱི་བསྐལ་པ་ཟད༔ སྟོན་པ་འོད་སྲུང་ཆེན་པོའི་སྤྱན་སྔ་རུ༔ རྒྱལ་པོ་བདེ་སྐྱོང་ཀུན་དགའ་ལེགས་བཏུད་ནས༔ ཤེལ་གྱི་བུམ་པ་འབྲུ་སྣས་བཀང་སྟེ་ཕུལ༔ ཐལ་སྦྱར་གསོལ་བ་འདི་ལྟར་བཏབ་བྱས་ནས༔ ཨེ་མ་ཧོཿ འཛམ་བུ་གླིང་དུ་བསྟན་པ་གསལ་བའི་ཉི༔ རྫོགས་པའི་སངས་རྒྱས་འགྲོ་བའི་མགོན་གཅིག་པུ༔ བདག་ནི་རྒྱལ་པོར་སྐྱེས་པའི་བསོད་ནམས་ལྡན༔ འཁོར་དང་ལོངས་སྤྱོད་བསམ་ལས་འདས་པར་ཡོད༔ སྲས་མེད་རྒྱལ་བ་ཁྱེད་ཀྱི་མཁྱེན་པས་དགོངས༔ ད་ལྟ་རྒྱལ་རབས་ཉིས་བརྒྱ་ལས་ལྷག་པས༔ བདག་ལ་རྒྱུད་མེད་འདི་ལ་བརྩེ་བས་གཟིགས༔ སྲིད་པ་ཁོ་ནའི་གནས་སུ་མི་སྨོན་ཏེ༔ རྒྱལ་རབས་བཟང་པོ་ཆད་དུ་ཉེ་བ་ལ༔ ཕོ་བྲང་གཟི་འོད་འཛིན་པ་སུ་ཞིག་མཆི༔ ལོངས་སྤྱོད་ནོར་མཆོག་འཁོར་འབངས་སུ་ཡིས་སྐྱོང་༔ བསྐལ་པ་འདི་འདྲར་བདག་འོས་མ་འཚལ་ཡང་༔ བཙུན་མོ་རྒྱུད་མེད་ཡིན་ནམ་ཅི་ལྟ་བུར༔ ལས་ཀྱི་འཕྲོ་མེད་ཡིན་ནམ་བཀའ་སྩལ་ཞུ༔ དེ་སྐད་ཞུས་པས་རྒྱལ་བའི་ཞལ་ནས་ནི༔ རྒྱལ་པོ་ཆེན་པོ་བདེ་སྐྱོང་ཀུན་དགའ་བོ༔ ནོངས་པ་མི་འཚལ་རྒྱལ་རྒྱུད་འོང་ལ་ཉེ༔ འཇིག་རྟེན་འདི་ནས་གྲངས་མེད་ཕ་རོལ་ན༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་ཡོད༔ དེ་ན་སངས་རྒྱས་ཚེ་འོད་དཔག་མེད་ཅེས༔ དེ་ཡི་ཡུམ་མཆོག་ལྷ་མོ་གོས་དཀར་མོ༔ འཇིག་རྟེན་ཁམས་སུ་སྤྲུལ་པ་རྒྱུན་མི་འཆད༔ ད་ལྟ་འཇིག་རྟེན་འདི་ཡི་འགྲོ་དོན་དུ༔ ཚངས་པའི་བུ་མོ་འདྲ་བ་ཁྱོད་ལས་འབྱུང་༔ དེ་ལས་མི་རིང་སྲས་མཆོག་བཟང་པོའི་སྡེ༔ འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་ལ་ཉེ༔ མ་འོངས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ༔ དེ་ཡི་ཡབ་མཆོག་ཟས་གཙང་རྒྱལ་པོར་འགྱུར༔ ཁྱོད་ནི་ལས་ཟད་མ་ཡིན་སྐལ་པར་ལྡན༔ བུ་མོ་དེ་ནི་ང་ཡི་རྗེས་སུ་འཇུག༔ བྱང་ཆུབ་སེམས་ཐོབ་འཁོར་ཡང་དུ་མ་སྐྱོང་༔ ཞེས་པའི་ལུང་བསྟན་ཞབས་ལ་མགོ་བོས་བཏུད༔

རང་གནས་དེངས་ལ་བཙུན་མོར་བཀའ་རྣམས་བསྒྲགས༔ རེ་ཞིག་རྒྱལ་པོ་བདེ་སྐྱོང་རྨི་ལམ་དུ༔ འོད་ནི་དམར་པོ་ཐིག་ལེ་ཧྲཱིཿདམར་མཚན༔ རང་གི་སྤྱི་བོར་བབས་ནས་ཁོང་དུ་སོང་༔ བཙུན་མོར་མི་སྣང་འཇའ་འོད་དམར་པོར་གྱུར༔ རང་གི་སྙིང་ལས་ཧྲཱིཿཡིག་འོད་དམར་འཕྲོས༔ བཙུན་མོར་ཐིམ་པས་ལྷ་ཚོགས་མང་པོ་བྱོན༔ དེ་དག་རྣམས་ཀྱི་ཕྱག་ན་ཚེ་བུམ་ཐོགས༔ ཡབ་ཡུམ་གཉིས་ལ་དབང་བསྐུར་བྱས་པ་རྨིས༔ ནངས་པར་མནལ་སད་སེམས་བདེ་ལུས་ཀྱང་བདེ༔ བཙུན་མོ་དམ་པར་རྨི་ལམ་བཤད་པ་ལ༔ བཙུན་མོས་ང་ཡི་རྨི་ལམ་བཟང་པོར་རྨིས༔ ཕོ་བྲང་དམར་པོར་ཕྱིན་ནས་སློབ་དཔོན་བཞུགས༔ དེ་ལ་ཕྱག་འཚལ་མགོ་བོས་བཏུད་པ་ཡིས༔ དེ་ཡི་གཡོན་དུ་ལྷ་མོ་དམར་སྐྱ་ཞིག༔ བཞུགས་པའི་ཐུགས་ལས་འོད་ཟེར་ཧྲཱིཿདམར་མཚན༔ བདག་ལ་ཐིམ་ནས་མནལ་སད་སེམས་ཀྱང་བདེ༔ ཇི་ལྟར་སྟོན་པའི་བཀའ་བཞིན་འབྱུང་བར་ངེས༔ དེ་ལྟར་ཐག་ཆོད་རེ་ཞིག་ཡུམ་ལ་སྲས༔ ཡོད་པར་ཚོར་བས་གཙང་སྦྲ་ལེགས་པར་བྱས༔ ཁོང་ནས་ཨ་མ་འཇིག་རྟེན་སྡུག་བསྔལ་བྲལ༔ ང་ནི་སངས་རྒྱས་ཡུམ་ཡིན་འདི་གར་ཡོད༔ ཅེས་སོགས་ཚིགས་སུ་བཅད་པ་མང་པོ་སྨྲ༔ ཟླ་བ་བཅུ་ལོན་ཕོ་བྲང་རྩེ་མོར་བཙས༔ དེ་ཚེ་ཡུམ་ལ་ན་ཚ་ཅི་ཡང་མེད༔ ནམ་མཁར་འཇའ་འོད་རོལ་མོའི་སྒྲ་ཡང་གྲགས༔ ས་གཞིར་སྔོན་མེད་མེ་ཏོག་གསར་དུ་མཛད༔ ཡུལ་ཁམས་ཐམས་ཅད་སྤོས་ཀྱིས་དྲི་ངད་བསྐུལ༔ འབངས་འཁོར་མངའ་འོག་རྒྱལ་སྲས་འཁྲུངས་ཞེས་གླེང་༔ བཙས་སྟོན་བྱས་ཏེ་དགའ་བའི་གླུ་བྲོ་བྱས༔ བཙས་མ་ཐག་ནས་བུ་མོ་ཙོག་པུར་བཞུགས༔ ངག་ནས་ང་ནི་དཔལ་གྱི་མཚོ་མོ་ཡིན༔ རྒྱལ་བའི་དྲུང་དུ་ཆོས་ཉན་འགྲོ་བ་སྐྱོང་༔ ཞེས་གསུངས་མཁའ་ལ་གར་སྟབས་ཁྱུགས་ཁྱུག་མཛད༔ དེ་ནས་སྙན་པས་འཛམ་གླིང་མ་ལུས་ཁྱབ༔ ལྷ་ཡི་ཁྲུས་གསོལ་ཕོ་བྲང་ཉེ་བ་རུ༔ སྔར་མེད་མཚོ་འཁྱིལ་ཡ་མཚན་ཆེ་བར་བྱུང་༔ མིང་ཡང་བྟྲི་དཔེ་གཅིག་ཏུ་ཤྲཱི་སཱ་ག་ར་ཞེས་གྲགས༔ བཅུ་གཅིག་བཞེས་ཚེ་རྒྱལ་པོ་མང་པོས་བསླངས༔ གོང་དུ་མ་གནང་རྒྱལ་བའི་སྤྱན་སྔར་འདོངས༔ བྱང་ཆུབ་སེམས་བསྐྱེད་ཚུལ་ཁྲིམས་བདེན་པ་ཞུས༔ ཏིང་འཛིན་བསྒོམས་པས་རང་དོན་མཐར་ཕྱིན་ནས༔ གཞན་དོན་མཛད་པའི་ཕྲིན་ལས་དཔག་ཏུ་མེད༔ ཡུལ་དེའི་བུད་མེད་འབུམ་ཕྲག་ཆོས་ལ་བཙུད༔ བདེན་བཞིའི་ལམ་བསྟན་ཀུན་ཀྱང་བཟོད་པ་ཐོབ༔ ཐམས་ཅད་བྱང་ཆུབ་སེམས་བསྐྱེད་མངོན་བྱང་ཆུབ༔ ཡབ་ཡུམ་འཁོར་ཚོགས་བྱིན་རླབས་རྒྱལ་ཁམས་ཀུན༔ ཕར་ཕྱིན་ཆོས་ཀྱིས་ཚིམ་ནས་དགྲ་བཅོམ་ཐོབ༔ ཀུན་ཀྱང་འཕགས་པའི་ལམ་དུ་གྲོལ་བར་མཛད༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ རྒྱལ་རིགས་བྟྲི་༼ཤྲཱི་༽སཱ་ག་རར་སྤྲུལ་ཏེ་འགྲོ་མང་སྨིན་གྲོལ་ལ་བཀོད་པའི་རིམ་པ་སྟེ་ལེའུ་བཅུ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

སྤྲུལ་པ་ཉེར་ལྔའི་རོལ་གར་བསྒྱུར་བའི་མཚན་བསྡོམས་པ།

ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡི༔ བསྟན་པ་འདི་ལ་འཛམ་བུའི་གླིང་འདི་རུ༔ སྤྲུལ་པའི་རོལ་པ་ཇི་ལྟར་བསྟན་པའི་ཚུལ༔ ཤཱཀྱའི་དྲུང་དུ་སྲིང་མོ་གང་གཱའི་ལྷ༔ བྷེ་ཏའི་ཡུལ་དུ་བཟང་མོ་བཀྲ་ཤིས་དགེ༔ གཞོན་ནུ་དཔལ་གྱི་སྲས་མོ་འོད་འཆང་མ༔ ཤཱཀྱ་དྷེ་ཝའི་བུ་མོ་སྐལ་བ་བཟང་༔ ཨོ་རྒྱན་སྲས་མོ་དཔལ་མོ་འོད་ཀྱིས་བརྒྱན༔ ཤཱཀྱའི་བུ་མོ་དགེ་མཚོ་ལྷ་མོ་ཡུམ༔ ཁ་ཆེའི་བུ་མོ་ཀུན་དགའ་བཟང་མོ་ཡུམ༔ བྲམ་ཟེ་མཆོག་སྲེད་བུ་མོ་ཚངས་བྱིན་མ༔ རྒྱལ་པོའི་ཁབ་ཏུ་ཤྲཱི་ལྡན་པ་ཞེས༔ ལངྐའི་ཡུལ་དུ་ཉི་མའི་དཔལ་ལྡན་མ༔ ཐོ་གར་ཡུལ་དུ་བི་ཏ་ན་ཧུ་ཏཱ༔ རུག་མའི་ཡུལ་དུ་སྨན་མོ་རིན་ཆེན་བཟང་༔ སྲིན་པོའི་ཡུལ་དུ་བདེ་མ་མཆོག་གི་ལྷ༔ རྒྱ་ཡི་ཡུལ་དུ་གང་བཟང་ཨུ་མུཾ་དཔེ་གཅིག་ཏུ་ཨུ་ཡུམ་ཏི༔ ཨོ་རྒྱན་ནུབ་ཕྱོགས་རྒྱལ་རིགས་དགེ་མ་དཔལ༔ རིགས་གསུམ་སྐྱེ་དགུའི་བདག་མོ་ཞེས་བྱ་བ༔ ཀོ་ཤའི་ཡུལ་དུ་དབང་ཆེན་པདྨ་སྐྱིད༔ བདེ་བྱེད་བརྩེགས་སུ་རོ་ཏི་ཀེེ་རི་མ༔ ཤམྦྷ་ལ་རུ་སྒྲོལ་མ་ཡེ་ཤེས་མ༔ ཀོ་ལིང་ཡུལ་དུ་ཀརྨ་བྷ་ཏྲི་ཧ༔ ཧ་ཤའི་ཡུལ་དུ་རིག་བྱེད་ཚངས་གནས་མ༔ བྲུ་ཤར་རྒྱལ་པོའི་སྲས་མོ་པྲསྟི་མ༔ རུག་མའི་ཡུལ་དུ་ཀརྐ་ཊ་མོ་ཧ༔ མ་ལ་ཡ་རུ་སྐལ་པ་བཟང་མོ་དང་༔ བྷིག་བྱེད་བརྟུལ་ཞུགས་སྤྱོད་མ་དབང་མོ་ཆེ༔ སྤྲུལ་པ་ཉི་ཤུ་རྩ་ལྔའི་རོལ་པ་བྱུང་༔ སོ་སོའི་འགྲོ་དོན་མཛད་ཚུལ་རྒྱ་ཆེ་ཡང་༔ དོན་དུ་བསྡུས་ན་རྒྱལ་སྲས་སྤྱོད་པ་དང་༔ གསང་སྔགས་ལམ་སྦྱོང་ཕལ་ཆེར་རིག་འཛིན་གྲུབ༔ རྒྱས་པར་སྣ་ནམ་པ་ལ་གནང་བ་ཡི༔ རྣམ་ཐར་མེ་ཏོག་མཛེས་ཕྲེང་ལེའུ་བརྒྱ༔ གཙང་རོང་རྡོ་རྗེ་བྲག་ལ་སྦས་ནས་ཡོད༔ འདི་རུ་རྩ་བའི་སྙིང་པོར་བསྟན་པ་ཡིན༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ སྤྲུལ་པ་ཉེར་ལྔའི་རོལ་གར་བསྒྱུར་བའི་མཚན་བསྡོམས་པ་སྟེ་ལེའུ་བཅུ་གཅིག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཟ་ཧོར་ཡུལ་དུ་ཇི་ལྟར་འཁྲུངས་ཚུལ།

དེ་ནས་མཁའ་འགྲོ་ཆེན་མོ་མནྡ་ར༔ ཟ་ཧོར་ཡུལ་དུ་ཇི་ལྟར་འཁྲུངས་ཚུལ་ནི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སངས་རྒྱས་འོད་དཔག་མེད་པའི་ཐུགས་ཀ་ནས༔ པདྨ་གོང་དུ་འཁོར་ཚོགས་གྲངས་ལས་འདས༔ འཕགས་པ་སྤྱན་རས་གཟིགས་ལས་འོད་ཟེར་སྤྲོས༔ འཕགས་པའི་ཐུགས་ལས་ཧྲཱིཿཡིག་གྲངས་མེད་ཆད༔ འཇིག་རྟེན་ཞིང་ཁམས་གྲངས་མེད་གནས་སུ་སྤྲོས༔ པོ་ཏ་ལ་ནི་བྱེ་བ་ཕྲག་བརྒྱ་རུ༔ འཕགས་པའི་རྣམ་སྤྲུལ་བྱེ་བ་ཕྲག་བརྒྱར་སྤྲུལ༔ རྒྱ་གར་ཡུལ་གླིང་བྱེ་བ་ཕྲག་བརྒྱ་རུ༔ ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱར་སྤྲུལ༔ ལོངས་སྐུའི་རྣམ་འཕྲུལ་ཞིང་ཁམས་བྱེ་བ་བརྒྱར༔ གངས་ཅན་མགོན་པོ་བྱེ་བ་ཕྲག་བརྒྱར་སྤྲུལ༔ སྤྲུལ་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ༔ གུ་རུ་པདྨ་བྱེ་བ་ཕྲག་བརྒྱར་སྤྲུལ༔ ཡོན་ཏན་བཀོད་པ་བྱེ་བ་ཕྲག་བརྒྱ་རུ༔ འཇམ་པའི་དབྱངས་ནི་བྱེ་བ་ཕྲག་བརྒྱར་སྤྲུལ༔ པདྨ་བཀོད་པ་བྱེ་བ་ཕྲག་བརྒྱ་རུ༔ པདྨ་གཙུག་ཏོར་བྱེ་བ་ཕྲག་བརྒྱར་སྤྲུལ༔ ལྷ་གནས་དམ་པ་བྱེ་བ་ཕྲག་བརྒྱ་རུ༔ འཁོར་ལོས་བསྒྱུར་རྒྱལ་བྱེ་བ་ཕྲག་བརྒྱར་སྤྲུལ༔ གངས་ཅན་ཡུལ་ལྗོངས་བྱེ་བ་ཕྲག་བརྒྱ་ན༔ སྲོང་བཙན་སྒམ་པོ་བྱེ་བ་ཕྲག་བརྒྱར་སྤྲུལ༔ ཀ་ལིངྒ་ནི་བྱེ་བ་ཕྲག་བརྒྱ་ན༔ དྲང་སྲོང་ཆེན་པོ་བྱེ་བ་ཕྲག་བརྒྱར་སྤྲུལ༔ དེ་ལྟར་སྤྲུལ་པ་དཔག་ཏུ་མེད་པར་མཛད༔ ཞིང་ཁམས་དེ་དག་སོ་སོར་མདོ་སྔགས་ཀྱི༔ སྟོན་པ་སོ་སོའི་བསྟན་པ་དེ་ལྟར་དར༔ འཁོར་ཡང་བསམ་མི་ཁྱབ་པར་ཆོས་འཁོར་བསྐོར༔ ཁྱད་པར་མི་མཇེད་འཛམ་བུའི་གླིང་འདི་རུ༔ མདོ་ཡི་སྟོན་པ་ཤཱཀྱ་ཐུབ་པ་ནི༔ བསྐལ་པ་སྒྲོན་མེ་ཚེ་ལོ་བརྒྱ་པའི་དུས༔ འཁོར་ཡང་ལྷ་ཀླུ་མི་དང་མིའམ་ཅི༔ ལྟོ་ཕྱེ་གྲུལ་བུམ་ལ་སོགས་ཉན་ཐོས་དང་༔ བྱང་སེམས་རིག་འཛིན་དཔག་ཏུ་མེད་པ་ལ༔ ཆོས་འཁོར་ཆེན་པོ་རིམ་པ་ལྔ་རུ་བསྐོར༔ ཐེག་པ་དགུ་ཡི་རྣམ་པར་ཕྱེས་ཏེ་བསྟན༔ དབང་པོ་ཐ་མའི་དོན་དུ་སྡེ་སྣོད་གསུམ༔ ཕྱི་ནང་ཆོས་ཀུན་མཚན་ཉིད་དབྱེ་བ་བསྟན༔ དབང་པོ་འབྲིང་ལ་ཕྱི་པ་ཐུབ་པའི་རྒྱུད༔ ཀྲི་ཡོག་སྡེ་གསུམ་ཕྱི་རྒྱུད་སྔགས་ཀྱི་སྒོ༔ དབང་པོ་རབ་ལ་ནང་པ་ཐབས་ཀྱི་རྒྱུད༔ བླ་མེད་རྒྱུད་དང་སྒྲུབ་སྡེའི་རིམ་པ་བསྟན༔ བསྟན་པ་ཕྲག་གསུམ་འབུམ་དང་ཉིས་སྟོང་གནས༔ མཐར་ནི་མྱ་ངན་འདའ་བའི་ཚུལ་དུ་བསྟན༔ དེ་ཚེ་ཉན་ཐོས་དབང་པོ་འོད་སྲུང་ལ༔ བསྟན་པ་གཏད་ཅིང་པདྨ་བདག་ཉིད་ནི༔ དྷ་ན་ཀོ་ཤར་འཁྲུངས་པར་ལུང་ཡང་བསྟན༔ དེ་ཚེ་རྒྱལ་བ་འོད་དཔག་མེད་པ་ཡིས༔ ཐུགས་ཀའི་འོད་ཟེར་འཕགས་པའི་ཐུགས་ལ་ཕོག༔ སྤྱན་རས་གཟིགས་ཀྱི་ཐུགས་ཀའི་འོད་ཟེར་གྱིས༔ རྒྱལ་བའི་ཞིང་ཁྱབ་སངས་རྒྱས་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་རླབས་ཀུན༔ བསྡུས་ཏེ་འཕགས་པའི་ཐུགས་ཀར་ཐིམ་པའི་མོད༔ པདྨ་བདག་ཉིད་ཧྲཱིཿཡིག་ཚུལ་དུ་སྤྲོས༔ བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ཀུན་ཏུ་ཁྱབ༔ དེ་ཉིད་དྷ་ན་ཀོ་ཤའི་མཚོ་ལ་ཐིམ༔ ཨུ་དུམ་ཝ་རའི་གེ་སར་རྒྱས་པའི་དབུས༔ སྤྲེལ་ཟླའི་ཚེས་བཅུར་གུ་རུ་ང་ཉིད་འཁྲུངས༔ རྒྱལ་པོ་ཨིནྟྲ་བོ་དྷིའི་སྲས་ཚུལ་བཟུང་༔ སྐུ་སྤྲུལ་འོད་འཆང་མ་ནི་ཁབ་ཏུ་བཞེས༔ རྡོ་རྗེ་སེམས་དཔས་བདག་ལ་ལུང་བསྟན་ནས༔ འཁོར་བ་སྤངས་ནས་སྦྱོད་པར་གཤེགས་པར་བྱ༔ དེ་ཚེ་གསང་སྔགས་དྷཱཀིའི་དཀྱིལ་འཁོར་ལ༔ བརྟེན་ནས་འགྲོ་བའི་དོན་ལ་སྤྱོད་པའི་ཕྱིར༔ རྒྱལ་བ་མ་ལུས་དགོངས་པ་གཅིག་ཏུ་བགྲོས༔ བདེར་གཤེགས་རྣམས་ཀྱི་བརྡ་ཡིས་ལྷ་རྣམས་བསྐུལ༔ དེ་ཚེ་ཚེ་ཡི་ལྷ་མོ་གོས་དཀར་མོ༔ འགྲོ་བའི་དོན་དུ་བྱོན་པར་ཐུགས་རྒྱུད་བསྐུལ༔ དུས་དེར་གོས་དཀར་ལྷ་མོའི་གནས་ལྔ་ནས༔ འོད་ཟེར་དཔག་ཏུ་མེད་པ་ཞིང་ཀུན་སྤྲོས༔ དཔྲལ་བའི་གནས་ནས་འོད་ཟེར་དཀར་པོ་འཕྲོས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་སོང་༔ རྒྱལ་བ་མི་བསྐྱོད་པ་ནི་ཡུམ་མཆོག་ནི༔ ལྷ་མོ་སངས་རྒྱས་སྤྱན་མའི་ཐུགས་ཀར་ཕོག༔ ཐུགས་ཀྱི་རྒྱུད་བསྐུལ་བྱིན་རླབས་ལཱཾ་ཡིག་ཚུལ༔ དཔག་མེད་བྱུང་སྟེ་གོས་དཀར་དཔྲལ་བར་ཐིམ༔ དེ་བཞིན་མགྲིན་པའི་གནས་ལས་འོད་དམར་འཕྲོས༔ བཀོད་པ་དཔག་མེད་སྟུག་པོ་བཀོད་དུ་སོང་༔ རྒྱལ་བ་ཀུན་ཏུ་བཟང་པོའི་ཡུམ་ལ་ཕོག༔ ཐུགས་རྒྱུད་བསྐུལ་བས་བྱིན་རླབས་མཱུཾ་ཡིག་ཚུལ༔ དཔག་མེད་བྱུང་སྟེ་གོས་དཀར་མགྲིན་པར་ཐིམ༔ ཐུགས་ཀའི་གནས་ནས་འོད་ཟེར་མཐིང་ག་འཕྲོས༔ དབུས་ཕྱོགས་རྣམ་པར་སྣང་མཛད་ཞིང་དུ་སོང་༔ ཡུམ་མཆོག་དབྱིངས་ཕྱུག་མ་ཡི་ཐུགས་ཀར་ཕོག༔ ཐུགས་རྒྱུད་བསྐུལ་བའི་བྱིན་རླབས་མཱཾ་ཡིག་ཚུལ༔ དཔག་མེད་བྱུང་སྟེ་ཐུགས་ཀའི་གནས་སུ་ཐིམ༔ ལྟེ་བའི་གནས་ལས་འོད་ཟེར་སེར་པོ་འཕྲོས༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་དུ་སོང་༔ རྒྱལ་བ་རིན་ཆེན་འོད་ཀྱི་ཡུམ་མཆོག་ནི༔ མཱ་མ་ཀི་ནི་ཐུགས་ཀའི་གནས་སུ་ཕོག༔ ཐུགས་རྒྱུད་བསྐུལ་བས་བྱིན་རླབས་པཱཾ་ཡིག་ཚུལ༔ དཔག་མེད་བྱུང་སྟེ་གོས་དཀར་ལྟེ་བར་ཐིམ༔ གསང་བའི་གནས་ལས་འོད་ཟེར་ལྗང་གུ་འཕྲོས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་དུ་སོང་༔ རྒྱལ་བ་དོན་ཡོད་གྲུབ་པའི་ཡུམ་མཆོག་ནི༔ དམ་ཚིག་སྒྲོལ་མའི་ཐུགས་ཀའི་གནས་སུ་ཐིམ༔ ཐུགས་རྒྱུད་བསྐུལ་བའི་བྱིན་རླབས་ཏཱྃ་ཡིག་ཚུལ༔ དཔག་མེད་བྱུང་སྟེ་གོས་དཀར་གསང་བར་ཐིམ༔ གོས་དཀར་སྤྱི་བོའི་གཙུག་ནས་འོད་དམར་འཕྲོས༔ དབང་དྲག་རོལ་པའི་དཀྱིལ་འཁོར་གནས་སུ་སོང་༔ རྟ་མགྲིན་ཡུམ་མཆོག་ཕག་མོའི་ཐུགས་ཀར་ཕོག༔ ཐུགས་རྒྱུད་བསྐུལ་བས་བྱིན་རླབས་ཧྲཱིཿཡིག་ཚུལ༔ དཔག་མེད་བྱུང་སྟེ་གོས་དཀར་སྤྱི་བོར་ཐིམ༔ གོས་དཀར་སྐུ་ལས་འོད་ཟེར་སྣ་ལྔ་འཕྲོས༔ ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཀུན་ཏུ་ཁྱབ༔ བདེར་གཤེགས་རྒྱལ་བའི་ཡུམ་མཆོག་ཐམས་ཅད་བསྐུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་རླབས་བཅུད༔ འོད་ཟེར་རྣམ་པར་བསྡུས་ཏེ་སྐུ་ལ་ཐིམ༔ ཕྱག་མཐིལ་གཉིས་ལས་འོད་ཟེར་ལྗང་གསལ་འཕྲོས༔ འོག་ཕྱོགས་ཞིང་ཁམས་དཔལ་ལྡན་གནས་སུ་སོང་༔ འཇམ་དབྱངས་ཡུམ་མཆོག་དབྱངས་ཅན་ཐུགས་རྒྱུད་བསྐུལ༔ བྱིན་རླབས་ཨཱཿདཀར་རྣམ་པར་སྐུ་ལ་ཐིམ༔ དེ་ནས་ཚེ་དཔག་ཡབ་ཡུམ་སྦྱོར་མཚམས་ནས༔ བདུད་རྩི་ཡི་གེ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ༔ ཨཱཿཡིག་རྣམ་པར་བྱུང་ནས་ཡིག་འབྲུ་ཀུན༔ གཅིག་ལ་གཅིག་ཐིམ་ཧྲིཿཡིག་དཀར་པོ་གྱུར༔ ཧྲཱིཿལས་ཧྲཱིཿཡིག་བྱེ་བ་ཕྲག་བརྒྱར་སྤྲུལ༔ འཇིག་རྟེན་ཀུན་ཏུ་ཆར་བབས་ཚུལ་དུ་བྱུང་༔ ཁྱད་པར་ཧྲཱིཿཡིག་ཐིག་ལེ་དཀར་དམར་ཅན༔ ཟ་ཧོར་ཡུལ་དུ་སྐར་མདའ་ཆད་བཞིན་བབས༔ རྒྱལ་པོ་གཙུག་ལག་འཛིན་གྱི་སྤྱི་བོར་བབས༔ བདེར་གཤེགས་སྲས་དང་བཅས་པས་བྱིན་གྱིས་བརླབས༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

འཁྲུངས་པའི་ཡུལ་ལ་གཟིགས་ཏེ་རྒྱལ་ཁམས་བྱིན་གྱིས་བརླབས་པ།

དེ་ནས་དང་པོ་ལྷུམས་སུ་ཞུགས་ཚུལ་ནི༔ གཟིགས་པ་རྣམ་པ་ལྔ་ཡིས་ཚུལ་དུ་བསྟན༔ དང་པོ་འཛམ་གླིང་ཡུལ་གླིང་གོ་བཞི་ལས༔ དབུས་ཀྱི་གླིང་ཁམས་སངས་རྒྱས་སྟོང་འབྱོན་གནས༔ རྒྱ་གར་རྡོ་རྗེ་གདན་གྱི་ཤར་གྱི་ཕྱོགས༔ ཟ་ཧོར་ཡུལ་ཞེས་འཁོར་བཅས་དཔག་ཚད་སྟོང་༔ རྒྱ་ཆེ་ཉམས་དགའ་ལྷ་ཡི་ཡུལ་གླིང་འདྲ༔ དབྱིབས་ནི་ཟ་འོག་ནོར་འཕྲེང་བྲིས་པ་འདྲ༔ དེ་ཡི་ཤར་ཕྱོགས་དཔག་ཚད་བཞི་བཅུ་ན༔ ཀ་མ་རུ་ཞེས་ཐང་དབྱིབས་འཁོར་ལོ་འདྲ༔ ཐང་གི་དཀྱིལ་དུ་ཡན་ལག་བརྒྱད་ལྡན་མཚོ༔ ཁ་དོག་དཀར་པོ་འོ་མའི་མདངས་འོད་འཚེར༔ དབྱིབས་ནི་ཟླུམ་པོ་གཏིང་ཟབ་ནོར་བུ་ཡོད༔ མིང་ནི་ཧ་ཤ་དྷ་རི་མཚོ་ཞེས་བྱ༔ དེ་ཡི་མཐའ་སྐོར་དཔག་ཚད་རེ་རེ་ན༔ ཀུན་དགའ་ར་བ་རྫིང་བུ་མེ་ཏོག་ཚལ༔ ཤིན་ཏུ་ཉམས་དགའ་ལྟད་མོ་བསམ་མི་ཁྱབ༔ ཆུ་བྱ་ངང་ངུར་མང་པོའི་སྒྲ་དབྱངས་སྒྲོགས༔ ཕྱོགས་སུ་བྱ་སྐྱིབས་གཡའ་རི་འོད་སྔོན་འཚེར༔ ཡུལ་དེར་གནས་ཚད་གཟུགས་མཛེས་ཡིད་དུ་འོང་༔ ཤར་ལྷོ་དཔག་ཚད་བཞི་བཅུ་འདས་པ་ན༔ མ་ཎི་ཀ་ཞེས་ཡུལ་གླིང་ལྗོངས་ཆེན་ཡོད༔ དེ་རུ་རི་བོ་ཐམས་ཅད་རྩེ་མོ་མཐོ༔ ས་གཞི་མེ་ཏོག་ལྗོན་བཟང་ཚང་ཚིང་འཁྲིགས༔ དབུས་སུ་པདྨ་ཅན་གྱི་ཕོ་བྲང་ཡོད༔ དེ་རུ་གནས་ཚད་དཔའ་གཏུམ་ལང་ཚོ་རྒྱས༔ ལྷོ་ཕྱོགས་དཔག་ཚད་བཞི་བཅུར་འདས་པ་ན༔ རོལ་པ་ཅན་གྱི་དུར་ཁྲོད་འཇིགས་རུང་ཡོད༔ མཁའ་འགྲོ་འབུམ་གྱིས་བཞེངས་བའི་མཆོད་རྟེན་བཞུགས༔ མིང་ནི་ཀོ་ཏ་ལ་ཡི་འབུམ་པ་ཟེར༔ ཉིན་མོ་མུན་གཏིབ་མཚན་མོ་མེ་འོད་འཁྲིགས༔ གཅན་སྤྱང་སྟག་གཟིག་རོ་ལངས་དུར་བྱ་ལྡིང་༔ ཤིང་ནི་དྷ་རུ་པ་ཞེས་བྱ་བ་ནི༔ ལོ་མ་མི་ཡི་གོས་ཙམ་ལྗང་ལ་མཐུག༔ འབྲས་བུ་དཔང་ཁྱུད་རོ་ནི་ཁ་བ་ཡོད༔ ཆུ་བོ་རྦ་རླབས་འཁྲུགས་ཤིང་རླུང་ཡང་བསིལ༔ བྱ་རྒོད་འདུ་ཞིང་མི་རོའི་བམ་བརྩེགས་ལ༔ དྲང་སྲོང་མེེ་ནི་ཏཱ་ཞེས་བྱ་བ་ཡོད༔ དུར་ཁྲོད་བསིལ་བ་ཚལ་དང་གཉིས་མེད་པ༔ མགོན་པོ་གིང་བཙན་དམར་པོ་བཞུགས་པའི་གནས༔ ལྷོ་ནུབ་དཔག་ཚད་བཞི་བཅུ་འདས་པ་ན༔ ཧ་ཏི་ཟངས་མཁར་དམར་པོ་ཞེས་བྱའི་ཡུལ༔ རི་བོ་དམར་ལ་ཐང་ཡང་དམར་པོ་ཡོད༔ དེ་དབུས་སི་ཏ་ན་ཞེས་ཆུ་རླུང་འབབས༔ ལྗོན་པའི་སྐྱེད་ཚལ་རྒྱས་ཤིང་ནོར་ཕྱུགས་མང་༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་ས་གཞི་ཡོད༔ ནུབ་ཕྱོགས་དཔག་ཚད་བཞི་བཅུར་འདས་པ་ན༔ དྷ་ཧི་ནཱ་ཞེས་ཡུལ་གླིང་ཆེན་པོ་ན༔ གྲོང་ཁྱེར་ཨ་མྲྀ་ཚལ་ཞེས་བྱ་བ་ཡོད༔ ནོར་དང་ལོངས་སྤྱོད་མང་པོའི་ཚོགས་འདུས་ཡོད༔ ཕྱོགས་ཀྱི་མི་རྣམས་དེ་རུ་འདུས་ཤིང་སྤྲོ༔ ནུབ་བྱང་དཔག་ཚད་བཞི་བཅུར་འདས་པ་ན༔ ཅ་ཏ་མ་ཞེས་ཡུལ་གླིང་དུ་མའི་དབུས༔ དེད་དཔོན་ཆེན་པོ་ལྷ་དབང་འཁོར་དང་བཅས༔ རྒྱ་མཚོའི་གླིང་ནས་ནོར་བུ་ལོན་པ་ཡོད༔ དེད་དཔོན་ཚོང་ཕྲུག་ལྔ་བརྒྱ་དང་བཅས་པས༔ ནོར་བུའི་ཚོང་དུས་འགྲིམ་པ་མང་པོ་འདུས༔ བྱང་ཕྱོགས་དཔག་ཚད་བཞི་བཅུར་འདས་པ་ན༔ ཏ་ལུ་མ་ཞེས་གྲོང་ཁྱེར་ཆེན་པོ་ཡོད༔ དེ་ན་གནས་པའི་སྲོག་ཆགས་སྐྱེ་འགྲོ་ཀུན༔ རྒྱན་མཛེས་འདོད་སེམས་ནོར་ལ་ཆོག་ཤེས་པ༔ ཆགས་སྡང་མེད་ཅིང་མཐུན་ལ་ཡ་རབས་ཡོད༔ བྱང་ཤར་རིན་ཆེན་ཡོངས་འདུས་ཚལ་ཞེས་པ༔ མ་རྨོས་ལོ་ཏོག་འབྲུ་རིགས་སྣ་ཚོགས་རྒྱས༔ ལྗོན་བཟང་མཐུག་ཅིང་དར་ཟབ་བཟོ་ལས་འཚོགས༔ དེ་ལྟར་ཞིང་རེར་གྲོང་དང་གྲོང་ཁྱེར་དང་༔ འཁོར་པ་རྒྱལ་ཕྲན་ཉི་ཤུ་ཉི་ཤུར་གནས༔ ཁྲིམས་སྲིད་བཙན་ཞིང་ཆོ་རིགས་བཟང་པར་མཆིས༔ གྲོང་རྣམས་དབུས་སུ་ཤན་པ་གདོལ་པ་སོགས༔ ནམ་ཡང་བགྲོད་པའི་ཡུལ་མེད་གཙང་སྦྲ་ལྡན༔ ཡུལ་གླིང་བརྒྱད་ཀྱི་ཕྱི་རོལ་ཡུལ་ཕྲན་ནི༔ ཀ་ལིདྐ་དང་ནིམ་པ་ནི་ཚལ་དང་༔ རི་མ་ཧ་ལ་སྦོད་བྱེད་ན་ཧུ་ཏེ༔ དེ་ཝ་ཏ་དང་གུ་མུད་བཞད་པའི་ཚལ༔ ཀོ་ཏ་ཆུང་བ་གཡམ་པ་དི་ཧུ་ཏ༔ ཌོམྦྷིའི་ཡུལ་དང་རྔམ་པ་པདྨ་ཅན༔ ལྟ་ན་སྡུག་དང་གདོལ་པ་ཤན་པའི་གྲོང་༔ ཀུ་ལུ་ཏ་སོགས་ཡུལ་གླིང་བཅོ་བརྒྱད་ཡོད༔ དེ་དག་ཐམས་ཅད་ཁྲིམས་གནས་ཡ་རབས་སྤྱོད༔ ཡུལ་ཆེན་ཡུལ་ཕྲན་ཀུན་གྱི་དབུས་སུ་ནི༔ བྷངྒ་ལ་ཞེས་ཡུལ་གླིང་ཆེ་བ་ནི༔ ཟ་ཧོར་རྒྱལ་ཁབ་ཆེན་པོ་དེ་ཉིད་ཡོད༔ འཁོར་པ་བདུན་དང་ཕོ་བྲང་རྩེ་མོ་དགུ༔ ཉམས་དགའ་རྣམ་པར་རྒྱལ་བའི་ཁང་བཟང་འདྲ༔ ཕོ་བྲང་ཐོག་དགུ་ཉེ་བར་རྫིང་བུ་བཞི༔ སྐྱེད་མོས་ཚལ་བཟང་ཆུ་བྱའི་རིགས་རྣམས་འདུ༔ ནེ་ཙོ་རྒྱ་བྱ་མི་སྐད་སྨྲ་ཤེས་རིགས༔ ལྷ་བྱའི་རིགས་ཀུན་དུ་མས་སྒྲ་སྐད་སྒྲོགས༔ ཕྱི་བློན་བརྒྱ་དང་ནང་བློན་ལྔ་བཅུ་ཡོད༔ སྡེ་འཁོར་ཤོག་འཛིན་ལྔ་བརྒྱ་ཕྲག་གཅིག་ཡོད༔ རྒྱ་གར་ཡུལ་གླིང་ཀུན་ལས་ཁྱད་པར་འཕགས༔ དེ་དག་གདུལ་བྱའི་འཁྲུངས་ཡུལ་ཁྱད་པར་འཕགས༔ དེ་ན་གཟིགས་ཏེ་ཡུལ་ཀུན་བྱིན་གྱིས་བརླབས༔ སྔོན་མེད་མེ་ཏོག་ལྗོན་ཤིང་ས་ལ་སྐྱེས༔ བྱ་རིགས་རྣམས་ཀྱང་ཁྱད་འཕགས་ཆོས་སྒྲ་ལྡིར༔ ཕོ་བྲང་སྟེང་དུ་འཇའ་སྤྲིན་སྣ་ཚོགས་འཁྲིགས༔ ཡུལ་མི་རྒྱལ་བློན་བཙུན་མོ་འབངས་འཁོར་བཅས༔ བཟང་པོའི་རྨིས་ལྟས་སྣ་ཚོགས་ལེགས་པར་འབྱུང་༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ འཁྲུངས་པའི་ཡུལ་ལ་གཟིགས་ཏེ་རྒྱལ་ཁམས་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅུ་གསུམ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

རིགས་ཀྱི་ཡབ་དང་ཡུམ་གཟིགས་ནས་བྱིན་གྱིས་བརླབས་པའི་རིམ་པ།

དེ་ནས་སྐྱེ་བའི་རིགས་དང་ཡུམ་ལ་གཟིགས༔ རྒྱ་གར་ཡུལ་གླིང་ཉི་ཤུ་རྩ་ལྔ་ལས༔ རྡོ་རྗེ་གདན་དང་ཨོ་རྒྱན་ལངྐའི་ཡུལ༔ ཟ་ཧོར་ཡུལ་གསུམ་ཀུན་ལས་ཁྱད་པར་འཕགས༔ རྒྱ་ཁྱོན་ཉམས་དགའ་ཡུལ་ལས་ཁྱད་དུ་འཕགས༔ ལོངས་སྤྱོད་ནོར་གྱིས་ཕྱུག་པས་ཁྱད་པར་འཕགས༔ ཁྲིམས་བཅས་དམ་པས་སྐྱོང་བ་ཁྱད་དུ་འཕགས༔ ཀུན་སྤྱོད་རྒྱན་ཆ་ལེགས་པས་ཁྱད་དུ་འཕགས༔ མི་རྣམས་གཟུགས་མཛེས་ལང་ཚོ་ཁྱད་དུ་འཕགས༔ མངའ་ཐང་རྒྱས་པའི་ཆབ་སྲིད་ཁྱད་དུ་འཕགས༔ ཁྱད་འཕགས་བདུན་ལྡན་ཟ་ཧོར་རྒྱལ་རིགས་ནི༔ སྔོན་ཚེ་དྲང་སྲོང་ཐུབ་འཛིན་ཞེས་བྱ་བ༔ སངས་རྒྱས་འོད་སྲུང་བསྟན་ལ་ལེགས་ཞུགས་ནས༔ བྱང་ཆུབ་སེམས་བསྐྱེད་རྒྱལ་བས་ལུང་བསྟན་ཞིང་༔ དྲང་སྲོང་དགེ་བསྙེན་སྡོམ་པ་གཅིག་ཞུས་ནས༔ སྣ་གཅིག་ཁས་བླངས་དཀའ་ཐུབ་ཉིད་ལ་ཞུགས༔ ཟ་ཧོར་ཡུལ་དབུས་རི་བོ་ཏངྐར་བཞུགས༔ ཟག་མེད་ཏིང་ངེ་འཛིན་ལ་མངའ་བརྙེས་པས༔ སྟོན་པའི་སྤྱར་སྔར་སོང་ནས་གདམས་པ་ཕོག༔ དབང་གིས་སྨིན་པས་གསང་སྔགས་ལམ་ཚོལ་ཕྱིར༔ སྟོན་པའི་ཞལ་ནས་འདི་སྐད་ཅེས་ལུང་བསྟན༔ ཀྱཻཿདྲང་སྲོང་བདེན་པ་གྲུབ་པའི་ཐུབ་འཛིན་ཁྱོད༔ མི་རིང་སེར་སྐྱའི་གནས་སུ་མྱུར་བར་གཤེགས༔ སྔོན་ཚེ་བསྐལ་པ་སྣང་བྱེད་འོད་སྟོང་དུས༔ ཡུལ་ནི་ཀོ་ཏ་མ་ཏིའི་ཞེས་བྱ་བར༔ སཱ་མ་པ་ཏྲ་ཞེས་བྱའི་ཕོ་བྲང་ན༔ རྒྱལ་བ་གཙུག་ཕུད་འཛིན་ཞེས་བྱ་བ་ལ༔ བཙུན་མོ་རིན་ཆེན་སྣང་བྱེད་སྒྲོན་མེ་འོད༔ སྲས་ཀྱི་མིང་ནི་སྣང་བྱེད་དཔལ་ཞེས་བྱུང་༔ རྒྱལ་རྒྱུད་སྟོང་ཕྲག་ཐ་མར་རྒྱལ་པོ་ནི༔ དབང་ཕྱུག་ལྷ་ཞེས་ཚངས་པའི་རྒྱལ་པོར་སྐྱེས༔ དེ་ཉིད་ཚེ་ཡི་དུས་བྱས་འདིར་འཕོས་པས༔ ད་ལྟ་དྲང་སྲོང་ཐུབ་འཛིན་དབང་པོ་ཡིན༔ དེད་དཔོན་བུ་མོ་མཐའ་ཡས་རྒྱལ་པོའི་ཡུམ༔ ད་ལྟ་སེར་སྐྱའི་གྲོང་ཁྱེར་ཤར་ཕྱོགས་ན༔ ཕ་ནི་རཏྞ་པཱ་ལ་ཞེས་བྱ་བ༔ མ་ནི་བཟང་སྐྱིད་ཅེས་བྱ་ཡབ་ཡུམ་གཉིས༔ རིགས་ནི་བྲམ་ཟེ་རུས་ནི་ཤཱཀྱ་ཡིན༔ སྲས་མོ་མཛེས་སྡུག་པདྨ་དཔལ་གྱི་མཚོ༔ དེ་ལ་གསང་སྔགས་དབང་གིས་སྨིན་གྱིས་ལ༔ ཁྱོད་ནི་རྒྱལ་རིགས་ཡིན་པས་སྲས་པོ་ཡིན༔ ཟླ་བའི་ཁྱེའུ་དྲི་མེད་ཅེས་བྱར་འབྱུང་༔ རིམ་པར་བྱང་སེམས་མང་པོ་འབྱུང་བར་འགྱུར༔ ཞེས་ལུང་བསྟན་པས་དྲང་སྲོང་ཐུབ་འཛིན་ནི༔ སེར་སྐྱའི་གྲོང་ཁྱེར་ཤར་ཕྱོགས་ཕྱིན་པ་ན༔ བུ་མོ་མཛེས་ཤིང་ལྟ་ན་སྡུག་པ་ཞིག༔ རིན་ཆེན་རྒྱན་ཆ་མང་པོས་ཕྲེང་བ་བཀོན༔ དཔོན་གཡོག་ལྔ་བཅས་སྐྱེད་མོས་ཚལ་དུ་ཕྱིན༔ བདག་ཉིད་མཐོང་བས་བུད་མེད་རྒྱན་ལྡན་དེས༔ བརྩེ་བའི་ཚུལ་གྱིས་འདི་སྐད་ཚིགས་སུ་བཅད༔ ཀྱེེཿརིགས་ནི་རྒྱལ་རིགས་འདྲ་སྟེ་ཆེ་ཞིང་མཛེས༔ གོམ་སྟབས་ངང་པའི་འགྲོས་ཀྱང་ཞི་ཞིང་དུལ༔ ཆ་ལུགས་དྲང་སྲོང་བྱད་གཟུགས་ལྟ་ན་སྡུག༔ མཛེས་ཁྱོད་ཕ་མ་རིགས་རུས་ཇི་ལྟར་མཆི༔ བག་ཡོད་བསྟེན་པ་སྟོན་པའི་སློབ་མ་འདྲ༔ འདིར་བསྐྱོད་དོན་ནི་ཅི་བདོག་བཀའ་སྩལ་ཞུ༔ དེ་སྐད་ཞུས་པས་དྲང་སྲོང་ཚིག་འདི་བསྒྲགས༔ ཀྱེེཿ ང་ནི་སྟོན་པའི་དགེ་བསྙེན་ཐུབ་འཛིན་ཡིན༔ ཡབ་ནི་རྒྱལ་རིགས་དྲ་མ་ཆེན་པོའི་རྒྱུད༔ ཡུམ་ནི་བྲམ་ཟེ་པདྨ་ཡིད་འོང་སྐྱིད༔ ཡུལ་ནི་ཟ་ཧོར་སི་ཏ་ན་གླིང་ཡིན༔ ཁྱོད་ཀྱི་ཕ་མ་རིགས་རུས་མིང་གང་ཡིན༔ དེ་སྐད་དྲིས་པས་བུ་མོས་འདི་སྐད་ཞུས༔ ཀྱེེཿ ཡུལ་འདིར་རྒྱ་གར་སེར་སྐྱའི་གྲོང་ཁྱེར་ཡིན༔ རིགས་ནི་བྲམ་ཟེ་རུས་ནི་ཤཱཀྱ་ཡིན༔ ཕ་ཡི་མིང་ནི་རཏྞ་པཱ་ལ་ཞེས༔ མ་ཡི་མིང་ནི་བཟང་མོ་སྐྱིད་ཅེས་བྱ༔ བུ་མོ་ང་ནི་པདྨ་དཔལ་གྱི་མཚོ༔ གྲོགས་མོ་འདི་དག་ང་ཡི་གཡོག་མོ་ཡིན༔ དེ་ཉིད་བསོད་སྙོམས་ནང་དུ་གཤེགས་པར་འཚལ༔ ཞེས་གསོལ་དྲང་སྲོང་བུ་མོའི་ཁྱིམ་དུ་བྱོན༔ བསྙེན་བཀུར་སྲི་ཞུ་དཔག་ཏུ་མེད་པ་བྱས༔ རཏྞ་པཱ་ལ་བཟང་མོ་སྐྱིད་གཉིས་ལ༔ ང་ནི་སྟོན་པའི་དགེ་བསྙེན་ཐུབ་འཛིན་ཡིན༔ སྲས་མོ་པདྨ་དཔལ་གྱི་མཚོ་མོ་འདི༔ རྒྱལ་བའི་ལུང་བསྟན་བདག་ཕྱིར་གཤེགས་པར་འཚལ༔ ཞེས་གསུངས་བུ་མོ་ཕུལ་ཏེ་དབང་བསྐུར་ཞིང་༔ ཟ་ཧོར་ཡུལ་དབུས་བྱོན་ནས་བཞུགས་པ་ལ༔ སྲས་ནི་ཟླ་བའི་ཁྱེའུ་དྲི་མེད་འཁྲུངས༔ སྒྱུ་རྩལ་འགྲན་པས་སུས་ཀྱང་ལན་མ་ཐེབས༔ ཟ་ཧོར་ཡུལ་གྱི་རྒྱལ་པོ་ཉིད་དུ་བསྐོས༔ དེ་ནས་རིམ་པར་རྒྱལ་རྒྱུད་སྟོང་རྩ་གཉིས༔ བྱོན་པའི་མཐའ་མར་རྒྱལ་པོ་དགེ་བའི་སྲས༔ གཙུག་ལག་འཛིན་ཞེས་རྒྱལ་པོ་མངའ་ཐང་རྒྱས༔ མངའ་འོག་ཆབ་སྲིད་རྒྱས་པར་མཆིས་པ་ལ༔ རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་དགའ་བྱེད་ཀྱི༔ སྲས་མོ་བདེ་བྱེད་མ་ནི་ཁབ་ཏུ་བཞེས༔ སྲས་ནི་དཔའ་བོའི་སྡེ་དང་ནོར་སྐྱོང་ལྷ༔ གཉིས་འཁྲུངས་སྔོན་ཚེ་རྒྱལ་བའི་ཡབ་གྱུར་པ༔ ཟས་གཙང་བ་ནི་གཙུག་ལག་འཛིན་པ་ཡིན༔ ལྷ་མོ་ཉེར་བཞིའི་གཙོ་མོ་རིན་ཆེན་སྒྲོན༔ བཙུན་མོ་བདེ་བྱེད་མ་ཞེས་མཁའ་འགྲོའི་རིགས༔ དེ་གཉིས་ཐབས་དང་ཤེས་རབ་འབྲེལ་བ་ལས༔ ཡབ་ཡུམ་རིགས་རུས་གདུལ་བྱར་གྱུར་པ་གཟིགས༔ ངོ་མཚར་བྱིན་གྱིས་བརླབས་ནས་རབ་ཏུ་གནས༔ ས་མ་ཡཱཿ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ རིགས་ཀྱི་ཡབ་དང་ཡུམ་གཟིགས་ནས་བྱིན་གྱིས་བརླབས་པའི་རིམ་པ་སྟེ་ལེའུ་བཅུ་བཞི་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

མངོན་བྱང་ལྔའི་རང་བཞིན་གྱི་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་ཡེ་ཤེས་རིགས་ལྔའི་དབང་བསྐུར་བའི་རིམ་པ།

དེ་ནས་རྟ་ཡི་ལོ་ནི་ཟླ་བ་ནི༔ བཅུ་ལ་རྒྱལ་པོ་ཡབ་ཡུམ་ཕོ་བྲང་རྩེར༔ ཉམས་དགའི་གདན་ལ་སྐྱོ་བསངས་བཞུགས་ནས་གཟིགས༔ ཕོ་བྲང་རྩ་བར་ཕྱི་བློན་ནང་བློན་དང་༔ འབངས་རྣམས་ཀུན་གྱིས་གླུ་དབྱངས་རོལ་མོ་བྱས༔ གར་དང་བྲོ་འཁྲབ་རྟ་རྒྱུག་སྒྱོགས་འཕྲུལ་སྐོར༔ ལྟད་མོ་མི་འདྲ་བཅོ་བརྒྱད་རྩེ་བར་བྱེད༔ དེ་ཉིད་ནམ་མཁའི་ཁམས་ཀུན་འཇའ་འོད་ཐིག་ལེ་འཁྲིགས༔ སྤྲིན་གྱི་གསེབ་ནས་རོལ་མོའི་སྒྲ་སྣ་ཚོགས༔ ཁོར་ཡུག་བསྒྲགས་པས་འབངས་རྣམས་ངོ་མཚར་སྐྱེས༔ ཡབ་ཡུམ་སྟེང་དུ་འཇའ་ཚོན་སྣ་ལྔ་ཟུག༔ བར་སྣང་ཨུཏྤལ་དམར་དང་ཙམ་པ་ཀ༔ གསེར་མདོག་ལྗང་གུ་ལ་སོགས་ཆར་ལྟར་བབས༔ ཐམས་ཅད་ལག་ཏུ་ལེན་དུ་ཆོག་པར་བྱུང་༔ འབངས་མི་བློན་པོ་རྣམས་ཀྱི་དེ་སྔོན་དུ༔ སྲས་ཆེན་དཔའ་བོའི་སྡེ་དང་ནོར་སྐྱོང་ལྷ༔ འདི་གཉིས་འཁྲུངས་ཀྱང་ཡ་མཚན་འདི་འདྲ་མེད༔ དེ་རིང་ཡར་ངོའི་ཚེས་བཅུར་ངོ་མཚར་འདི༔ རྒྱལ་པོ་ལ་ནི་སྲས་ཤིག་འཁྲུངས་པར་ངེས༔ ཡང་ན་རྫོགས་པའི་སངས་རྒྱས་འབྱོན་པའམ༔ ཡང་ན་འཁོར་ལོས་བསྒྱུར་རྒྱལ་འབྱུང་ངམ་གླེང་༔ དེ་ནུབ་ཕོ་བྲང་ཡབ་ཡུམ་མནལ་ལམ་དུ༔ ཡ་མཚན་ཆེ་བའི་ལྟས་ཀྱང་མང་པོ་རྨིས༔ རྒྱལ་པོ་རང་ཉིད་སྤྱི་བོར་ཤེལ་དཀར་གྱི༔ མཆོད་རྟེན་སྐྱེས་པའི་རྩེ་མོར་མཁའ་ལ་བསྙེགས༔ མཆོད་རྟེན་དེ་ཡི་བུམ་པར་མཁའ་འགྲོ་མ༔ དཔག་ཏུ་མེད་པས་བྲོ་གར་སྙན་གླུ་ལེན༔ བང་རིམ་རྣམས་སུ་དཔའ་བོ་དུ་མས་ཆོད༔ མཆོད་རྟེན་འོད་ཀྱིས་འཛམ་གླིང་ཁྱབ་པར་གྱུར༔ རྩེ་མོར་ཉི་མ་ཟླ་བས་མཚན་པ་ལས༔ འོད་ཟེར་དབྱིབས་གཟུགས་ཁ་དོག་མི་འདྲ་བ༔ སུམ་ཅུ་རྩ་བདུན་སྟོང་ཁམས་ཁྱབ་པར་རྨིས༔ ཡུམ་གྱི་རང་གི་སྤྱི་བོར་འཇའ་འོད་ཟུག༔ དེ་ཡི་རྒྱུད་དུ་ཐིག་ལེ་ཐིག་ཕྲན་གང་༔ རེ་རེའི་ནང་དུ་མཁའ་འགྲོ་དཀར་མོ་ནི༔ ལོ་བརྒྱད་རྣམ་པས་གར་སྟབས་ཁྱུགས་ཁྱུག་མཛད༔ དེ་དག་ཞལ་ནས་ཨོཾ་ཧཱུཾ་སྭཱ་ཨཱཿཧཱ༔ མུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཡིག་ཁ་དོག་ནི༔ ལྔ་ལྔར་གྱུར་པ་རང་སྒྲ་བཅས་པ་ནི༔ ཆར་བབས་བཞིན་དུ་རང་གི་གནས་ལྔ་རུ༔ སིབ་ཀྱིས་ཐིམ་པས་རང་ལུས་བདེ་བ་རྒྱས༔ ལུས་ཀྱི་ནང་ཀུན་ཁ་དོག་སྣ་ཚོགས་འཁྱིལ༔ སྒྲིབ་མེད་ཕྱི་གསལ་ནང་གསལ་ཁྱབ་པ་ལ༔ མཁའ་འགྲོ་རྣམས་ཀྱང་རང་གི་སྤྱི་བོར་ཐིམ༔ འོད་ཟེར་ལྔ་ནི་ཨཱཿདང་བཾཿཡིག་ནི༔ དཀར་སེར་དམར་ལྗང་མཐིང་གའི་རྣམ་པར་གྱུར༔ རང་ལ་ཐིམ་པས་རང་ལུས་ཡིག་འབྲུ་ཡིས༔ མེར་གྱིས་གང་བས་འོད་ཟེར་འབར་བར་རྨིས༔ ནངས་པར་ཐོ་རངས་ཡར་ལ་མནལ་སད་པས༔ ནམ་མཁར་དྲིལ་བུའི་སྒྲ་སྐད་སིལ་སིལ་སྒྲོགས༔ ཡར་བལྟས་ནམ་མཁར་མཁའ་འགྲོ་དཀར་མོ་ནི༔ བཅུ་དྲུག་ན་ཚོད་མཛེས་པ་དར་དཀར་དང་༔ རུས་པའི་རྒྱན་གསོལ་གར་སྟབས་ལྷང་ངེ་བ༔ བཅུ་དྲུག་འཁོར་གྱིས་བསྐོར་བ་དངོས་སུ་མཇལ༔ ཐལ་སྦྱར་གསོལ་བཏབ་གུས་པ་ཆེན་པོར་བྱས༔ དེ་ཚེ་གཙོ་མོའི་ཞལ་ནས་འདི་སྐད་གསུངས༔ ཀ་ཀེ་ཏ་ན་ཧཾ་ཨེ༔ ཁྱབ་བྱེད་རླུང་ལ་ཡོན་ཏན་ཀུན་བགྲོད་པ༔ མས་མིན་བུདྡྷའི་འཇུག་སྒོ་མཐའ་ཡས་ལས༔ གཡོ་བྱེད་རླུང་གི་དཀྱིལ་འཁོར་དམ་ཚིག་སྒྲོལ༔ མ་མ་ཁྱོད་ཁམས་ཡིན་པར་ཤེས་ལགས་སམ༔ དྲོད་ཆེན་མེ་ནི་ལྷ་མོ་གོས་དཀར་ཡུམ༔ མ་མ་ཁྱོད་ཁམས་ཡིན་པར་ཤེས་ལགས་སམ༔ དག་བྱེད་ཆུ་ཡི་དཀྱིལ་འཁོར་མཱ་མ་ཀི༔ མ་མ་ཁྱོད་ཁམས་ཡིན་པར་ཤེས་ལགས་སམ༔ བརྟན་བྱེད་ས་ཡི་དཀྱིལ་འཁོར་སངས་རྒྱས་སྤྱན༔ མ་མ་ཁྱོད་ཁམས་ཡིན་པར་ཤེས་ལགས་སམ༔ རྣམ་ཤེས་ནམ་མཁའི་དཀྱིལ་འཁོར་ཡངས་པ་ནི༔ དབྱིངས་ཕྱུག་མནྡ་ར་བ་ཤེས་ལགས་སམ༔ ཀུན་གཞི་དུས་གསུམ་རྒྱལ་བའི་ཡུམ་གཅིག་དེ༔ མ་མ་ཁྱོད་ལུས་གནས་པར་ཤེས་ལགས་སམ༔ ཡེ་ཤེས་ལྔ་ཡི་རང་བཞིན་འོད་ཟེར་ལྔ༔ མ་མ་ཁྱོད་བྱིན་རླབས་པར་ཤེས་ལགས་སམ༔ དབང་ལྔ་རིགས་ཀྱི་དཔའ་བོ་རོལ་པ་ལ༔ ཡུལ་ལྔའི་ཤེས་རབ་ཁྱོད་བཞུགས་ཤེས་ལགས་སམ༔ ཚོགས་བརྒྱད་རྣམ་དག་ཡེ་ཤེས་བྱང་ཆུབ་སེམས༔ ཡུལ་བརྒྱད་གནས་སུ་བཞུགས་པ་ཤེས་ལགས་སམ༔ མུ་བཞི་དག་པའི་མཁའ་ཀློང་ཡན་ལག་རྫོགས༔ ཚད་མེད་མཁའ་འགྲོ་བཞུགས་པ་ཤེས་ལགས་སམ༔ དཔའ་བོ་ཡབ་ཉིད་དུས་གསུམ་སངས་རྒྱས་ཏེ༔ མངོན་སུམ་བྱིན་རླབས་དགའ་བཞི་ཤེས་ལགས་སམ༔ འཁྲུལ་པ་མེད་པའི་ཉོན་མོངས་རང་གྲོལ་ལ༔ བདེ་ཆེན་ཡེ་ཤེས་ཞུགས་པ་ཤེས་ལགས་སམ༔ སྐུ་གསུམ་རྒྱལ་བའི་ཕོ་བྲང་མ་མ་ལ༔ སྐུ་ལྔ་ཡོངས་འདུས་བཞུགས་པ་ཤེས་ལགས་སམ༔ རྩ་ཁམས་དག་པའི་གཞལ་ཡས་བདེ་སྐྱོང་ན༔ རླུང་ཁམས་རྣམ་པར་དྷཱཀི་ཤེས་ལགས་སམ༔ རླུང་བཅུད་དག་པ་ཡེ་ཤེས་འོད་ལྔའི་ཀློང་༔ ཐིག་ལེ་དག་པའི་མཁའ་འགྲོ་ཤེས་ལགས་སམ༔ ཐིག་ལེ་བདེ་ཆེན་ཆོས་འབྱུང་ཕོ་བྲང་ན༔ རྒྱལ་ཡུམ་ལྷ་མོ་བཞུགས་པར་ཤེས་ལགས་སམ༔ ཤེས་རབ་རང་བཞིན་ཡེ་དག་མ་མ་ལ༔ དོན་དམ་བདེ་ཆེན་དཔའ་མོ་བཞུགས་པ་ཡིན༔ མཁའ་འགྲོ་མང་པོའི་དབང་བསྐུར་བྱེད་པ་ཡིན༔ བག་ཆགས་མེད་པར་གདམས་པས་སྨིན་པར་བྱེད༔ བསོད་ནམས་ཕུན་སུམ་ཚོགས་པའི་ཡབ་ཡུམ་ལ༔ སྐལ་པ་ཕུན་སུམ་ཚོགས་པའི་རྡོ་རྗེའི་རིགས༔ ཤེས་རབ་ཕུན་སུམ་ཚོགས་པའི་རྒྱལ་ཡུམ་མོ༔ ཐབས་ཤེས་ཕུན་སུམ་ཚོགས་པའི་མཚོ་སྐྱེས་རྗེ༔ འབྲལ་མེད་ཕུན་སུམ་ཚོགས་པའི་ཟླ་ཉིའི་འོད༔ ལོག་རྟོག་མུན་པའི་རྟོག་ཚོགས་རྒྱང་དུ་འདེད༔ འགྲོ་དོན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ ཅེས་པའི་ཚིགས་བཅད་མེ་ཏོག་འབྲུ་ཡི་ཆར༔ ལན་གསུམ་ཕབ་པའི་ལྟས་སྣང་གསལ་བར་བྱུང་༔ མཁའ་འགྲོ་རྣམས་ཀྱང་མི་དམིགས་ནམ་མཁར་ཡལ༔ ཕྱི་ནང་ཕོ་བྲང་སྟེང་འོག་བར་ཁྱམས་ཀུན༔ མེ་ཏོག་མཐོང་མ་མྱོང་བ་དུ་མ་དང་༔ འབྲུ་སྣ་རེག་མ་མྱོང་བས་ཁྱབ་པར་གང་༔ བཙུན་མོར་སྣང་བ་དང་ཞིང་ལུས་བདེ་འབར༔ ལོ་རྒྱུས་རྒྱལ་པོ་ཉིད་ལ་གསོལ་བ་དང་༔ རྒྱལ་པོ་ཉིད་ཀྱིས་རྨིས་ལྟས་བཙུན་མོར་བཤད༔ གཉིས་ཀ་སྤྲོ་བའི་ཉམས་དང་བདེ་བ་འབར༔ སྙོམས་པར་ཞུགས་པས་གཉིས་ཀའི་གཟིགས་སྣང་དུ༔ རིགས་ལྔ་ཡབ་ཡུམ་མདུན་གྱི་ནམ་མཁར་བྱོན༔ སྦྱོར་མཚམས་ནས་བྱུང་ཨོཾ་ཧཱུཾ་སྭཱ་ཨཱ་ཧཱ༔ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་དང་དབྱངས་གསལ་རྣམས༔ ཁ་དོག་དཀར་དམར་རྣམ་པར་ཤར་གྱིས་བྱུང་༔ གཉིས་ཀའི་སྤྱི་བོར་ཐིམ་ནས་རིགས་ལྔ་ཡང་༔ རྟེན་འབྲེལ་སྙིང་པོའི་རང་བཞིན་གྱུར་ནས་ནི༔ ཡབ་ཡུམ་གཉིས་ཀྱི་ལུས་ལ་ཐིམ་པར་སྣང་༔ དེ་ནས་ཟླ་བ་གཅིག་ནས་ཡུམ་ཉིད་ལ༔ དཔའ་བོ་མང་པོ་སྦྱོར་བའི་སྣང་བ་དང་༔ ལུས་ལ་དྲི་བཟང་ཁྱད་པར་བྲོ་བ་དང་༔ སྔར་ནས་ལྟ་ན་སྡུག་པ་ཞིག་ཏུ་གྱུར༔ ཀུན་གྱིས་རྒྱལ་པོའི་བཙུན་མོ་འདི་ལྟ་བུ༔ ལོ་ཟླ་རྒས་བཞིན་ལང་ཚོ་གཟི་འོད་འབར༔ མཁའ་འགྲོ་མ་ཞིག་ཡིན་པར་མཐོང་སྣང་གླེང་༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ མངོན་བྱང་ལྔའི་རང་བཞིན་གྱི་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་ཡེ་ཤེས་རིགས་ལྔའི་དབང་བསྐུར་བའི་རིམ་པ་སྟེ་ལེའུ་བཅོ་ལྔ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

སྐུ་བལྟམས་ནས་ཡབ་ཡུམ་ལ་དྲིན་ཕྱག་འཚལ་བའི་རིམ་པ།

དེ་ནས་ཟླ་བ་ལྔ་ནས་ཡུམ་ལ་ནི༔ སྔར་དང་མི་འདྲ་འོད་སྐོར་ལུས་ལ་ཟུག༔ མཚན་མོ་འོད་ཀྱི་རང་བཞིན་སུས་ཀྱང་མཐོང་༔ དེ་དུས་རྒྱལ་པོས་བཙུན་མོར་འདི་སྐད་གསུངས༔ ཁྱོད་ཀྱི་ལུས་ལ་འོད་ཀྱི་གུར་ཁང་འཁྱིལ༔ མཚན་མོ་མེ་འོད་ལྟ་བུ་ལྷང་ངེར་འདུག༔ ལུས་ལ་སྲས་ཡོད་སྙམ་པ་ལྟས་གང་ཡིན༔ གདམས་ངག་ཟབ་མོ་ཁྱོད་ཀྱི་ཐོབ་བམ་ཅི༔ དེ་སྐད་བཀའ་བསྩལ་བཙུན་མོས་འདི་སྐད་སྨྲས༔ བདག་གི་ལུས་འདི་ན་ཚ་ཅི་ཡང་མེད༔ བདེ་བར་འདུག་ཅིང་ནུ་མ་འཕྲོག་གྱུར་པས༔ ཀུན་སྤྱོད་རྩུབ་མོའི་རླུང་འདི་གཡོ་བ་འདྲ༔ རྨིས་ལྟས་བཟང་པོ་དག་ཀྱང་ཁོར་ཡུག་བྱུང་༔ གདམས་པ་གང་ཡང་མ་ཐོས་ལྷ་ཡི་རྗེ༔ སྲས་གཅིག་ཡོད་པའི་སྔ་ལྟས་ཡིན་ནམ་ཅི༔ སྔར་དང་མི་འདྲ་ཁོང་ནས་སྐབས་སྐབས་སུ༔ ཨཱ་ལི་ཀཱ་ལིའི་སྒྲ་ནི་ཚངས་པར་འབྱུང་༔ སྦྲུམ་མའི་རྟགས་ནི་མེད་པ་ཆ་མ་འཚལ༔ ཞེས་གསོལ་གཙང་སྦྲ་དག་པར་བགྱིས་པའི་ཚེ༔ ཟླ་བ་རེ་ལ་སྒྲ་སྐད་ཇེ་གསལ་སོང་༔ རྒྱལ་བློན་ནང་མ་ཐམས་ཅད་གླེང་བ་ལ༔ བཙུན་མོ་འདི་ལ་སྲས་ནི་ཡོད་པར་འདུག༔ ཁོང་ནས་ཨཱ་ལི་ཀཱ་ལི་གསལ་པོར་སྒྲོགས༔ ཉིན་མཚན་མེད་པར་འོད་ཀྱི་ཕུང་པོར་འདུག༔ འཁོར་ལོས་བསྒྱུར་རྒྱལ་འདྲ་བ་འཁྲུངས་སམ་ཅི༔ དེ་སྐད་གླེང་ཞིང་རིམ་འགྲོ་སྣ་ཚོགས་འབད༔ ཟླ་བ་དགུ་སོང་བཙས་རྟགས་གང་ཡང་མེད༔ ཐམས་ཅད་ཡིད་མ་ཆེས་པར་གྱུར་ནས་སོང་༔ ཟླ་བ་བཅུ་རྫོགས་ཤིང་ཕོ་རྟ་ཡི་ཟླ༔ ཚེས་བཅུར་ཐོ་རེངས་ནམ་མཁའི་དབྱིངས་ཐམས་ཅད༔ འཇའ་འོད་དཀར་པོ་དབྱིབས་ནི་ཟླུམ་པོ་དང་༔ སེར་པོ་གྲུ་བཞི་དམར་པོ་ཟླ་གམ་དབྱིབས༔ ལྗང་གུ་གྲུ་གསུམ་མཐིང་འོད་སྣ་ཚོགས་འཁྲིགས༔ ཕྱོགས་རྣམས་རོལ་མོའི་སྒྲ་ནི་སྣ་ཚོགས་པ༔ ཟ་ཧོར་རྒྱལ་ཁམས་ཐམས་ཅད་ཁྱབ་པར་སྒྲོགས༔ ཕོ་བྲང་རྩེ་མོར་འཇའ་སྤྲིན་དཔག་མེད་དཀྲིས༔ ས་གཞིར་མེ་ཏོག་དཀར་དང་དམར་པོ་དང་༔ སེར་གསལ་ཁ་དབུས་གསར་པ་སྣ་ཚོགས་འབྱུང་༔ མེ་ཏོག་ཁ་དོག་སྣ་ཚོགས་ཆར་པ་འབབ༔ རི་རྣམས་ཐམས་ཅད་དུད་སྤྲིན་སྣ་ཚོགས་འཁྲིགས༔ ས་རྣམས་དྲུག་ཏུ་གཡོ་ཞིང་བྱ་རྣམས་ཀྱང་༔ སྐད་སྙན་ཡིད་དུ་འོང་བ་ཅི་ཡང་འདོན༔ ཕོ་བྲང་ཕྱི་ནང་ལོངས་སྤྱོད་སྣ་ཚོགས་དང་༔ རང་བྱུང་ཉིད་དུ་དར་ཟབ་གོས་ཀྱི་རིགས༔ འབྲུ་དང་ཤིང་ཐོག་ཁ་ཟས་དཔག་མེད་སྤུངས༔ ལྟ་མི་བཟོད་པའི་ཡ་མཚན་དཔག་མེད་འཁྲིགས༔ ཉི་ཤར་དང་སྦྲགས་ཡུམ་ལ་ནད་མེད་པར༔ བདེ་བར་བཙས་པས་སྐུ་ལ་ན་བཟའ་དང་༔ དབུ་སྐྲ་མཐོན་མཐིང་སིལ་མས་སྐུ་སྟོད་ཁེབ༔ ཞལ་རས་གཟི་འོད་འབར་ཞིང་འཛུམ་པར་བཅས༔ ཞལ་ནས་ཨོཾ་ཨཱཿཧཱུཾ་དང་དབྱངས་གསལ་སྒྲོགས༔ བཞེངས་ནས་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ནས༔ སྙན་པའི་གླུ་ཡི་འཕྲེང་བས་ངོམ་པར་མཛད༔ ཨེ་མ་ཧོ༔ སྔོན་བསགས་རྒྱལ་པོ་ཨིནྟྲ་བྷུ་ཏི་ཞེས༔ ད་ལྟ་བདག་གི་ཡབ་གྱུར་ཟ་ཧོར་རིགས༔ གཙུག་ལག་དགེ་བ་འཛིན་པ་ཁྱེད་ཕྱག་འཚལ༔ ལྷ་ཡི་དབང་མོ་རྒྱལ་རིགས་བདག་གི་ཡུམ༔ མཁའ་ཀློང་བདེ་བའི་ཨ་མ་ཁྱོད་ཕྱག་འཚལ༔ བདག་གི་སྐྱེ་བ་ཟད་ཀྱང་སྐྱེ་བའི་ཚུལ༔ དྲིན་ཆེན་ཕ་མ་གཉིས་ཀྱི་སྐལ་པར་འོངས༔ སྲིད་པའི་ལས་དབང་ལུས་བླངས་མི་འཚལ་ཡང་༔ དཔལ་མོ་ང་ནི་སེམས་ཅན་དོན་དུ་འོངས༔ ཟ་ཧོར་རྒྱལ་ཁམས་བདེ་བར་བཀོད་དེ་མཆི༔ མངལ་གྱི་དྲི་མས་བདག་ལ་གོས་པ་མེད༔ སྐྱེ་བའི་འཇིགས་པ་བདག་ལ་ནམ་ཡང་མེད༔ ང་ནི་དུས་གསུམ་སངས་རྒྱས་མ་མ་ནི༔ གོས་དཀར་མ་ཞེས་བྱ་བའི་སྤྲུལ་པ་ཡིན༔ ང་ལྟར་བྱང་ཆུབ་སེམས་མ་བྱེ་བ་ཕྲག༔ འཇིག་རྟེན་ཀུན་ཏུ་ཆར་བབས་ཚུལ་དུ་ཡོད༔ འཁོར་བར་མི་གནས་ཐར་པའི་ལམ་ལ་སྦྱངས༔ མིང་ནི་མནྡ་ར་བ་ཞེས་གྲགས་ཡོང་༔ ཞེས་པའི་ཚིག་བཤད་ཀུན་གྱི་ཡ་མཚན་གྱུར༔ དེ་ཚེ་ནམ་མཁའི་ལྷ་རྣམས་དངོས་སུ་བྱོན༔ བདུད་རྩིའི་ཆུ་ཡིས་སྐུ་ཁྲུས་ལན་གསུམ་གསོལ༔ ཀླུ་རྣམས་ནོར་བུའི་རིགས་གྱུར་དུ་མ་ནི༔ ཕོ་བྲང་མཐའ་སྐོར་ཀུན་ཏུ་སྤུངས་པ་དང་༔ རིན་ཆེན་གཏེར་ཁ་མང་པོ་རང་བརྡོལ་བྱུང་༔

དེ་ཚེ་བཙུན་མོས་འདི་ལྟར་ཚིགས་སུ་བཅད༔ ཨེ་མ་ང་ནི་བསོད་ནམས་ལྡན་པ་མོ༔ ཡ་མཚན་ཆེ་བ་ལྷ་ཡི་སྲས་མོ་འཁྲུངས༔ བདག་ཅག་ཡབ་ཡུམ་གཉིས་ལ་དྲིན་ཕྱག་མཛད༔ དཔལ་མོ་མཛེས་པའི་ཡོན་ཏན་ཕུལ་བྱུང་མངའ༔ སྐྱེས་མ་ཐག་ནས་དབྱངས་ཀྱིས་ཚིམས་པར་མཛད༔ ང་ནི་མནྡ་ར་བ་ཞེས་གྲགས་གསུངས༔ ཁྱོད་ནི་ལུས་ལ་སྦྲུམ་ཚེ་བདག་ཉིད་བདེ༔ ངོ་མཚར་ཡེ་ཤེས་མཁའ་འགྲོ་དངོས་དང་མཇལ༔ བལྟམས་པའི་ཚེ་ན་སྐྱེས་པའི་སྡུག་བསྔལ་བྲལ༔ མ་ཡི་ལུས་ནི་བདེ་བ་ཁྱད་པར་མྱོང་༔ ཕྱི་ནང་ལོངས་སྤྱོད་རིན་ཆེན་གཏེར་ཁ་བརྡོལ༔ འཇའ་འོད་དྲི་བཟང་ཟ་ཧོར་ཡུལ་ཁམས་ཁེངས༔ ཡེ་ཤེས་ལྷ་ཡི་སྐུ་ཁྲུས་ལན་གསུམ་གསོལ༔ བུ་མོ་ཁྱོད་ཀྱིས་ཨ་མ་བདེ་བར་སྐྱོངས༔ དེ་སྐད་གསོལ་བས་ཞལ་ནི་འཛུམ་པ་བཅས༔ མ་ལ་ཡོན་ཏན་ལྡན་པའི་མགུར་འདི་གསུངས༔ ཨེ་མ༔ མ་ང་ནི་ཡེ་ཤེས་དྷཱ་ཀི་མ༔ དོན་བདེ་ཆེན་ཞིང་ན་གོས་དཀར་མོ༔ མཆོག་སྟོང་ཉིད་ཤེས་རབ་ངོ་བོ་ཉིད༔ ལྷ་ཚེ་དཔག་མེད་པའི་ཡུམ་མཆོག་ཡིན༔ གཞི་ཡོན་ཏན་ལྡན་པའི་བུ་མོ་ལགས༔ རྗེ་སངས་རྒྱས་སྟོང་གི་ཡབ་གཅིག་པུ༔ མགོན་སྤྱན་རས་གཟིགས་ཀྱིས་བྱིན་བརླབས་ནས༔ ལས་མ་ཟད་འགྲོ་བ་མ་ལུས་པ༔ བུ་བཞིན་དུ་བསྐྱངས་ནས་ཐར་ལམ་འདྲེན༔ ཞིང་རབ་འབྱམས་སྤྲུལ་པ་བསམ་མི་ཁྱབ༔ ཚུལ་གང་ལ་གང་འདུལ་དེར་སྣང་སྟོན༔ ལམ་སྣ་ཚོགས་ལྡན་པའི་བུ་མོ་ལགས༔ གཞི་མ་བཅོས་ཀ་དག་ཀུན་ཏུ་བཟང་༔ ཡར་བདེར་གཤེགས་རྒྱལ་བ་སྲས་དང་བཅས༔ མར་སེམས་ཅན་ཀུན་གྱི་ངོ་བོ་ཉིད༔ དོན་མཐོ་དམན་མེད་པར་ངོ་བོ་མཉམ༔ གདོད་ཆོས་སྐུ་བཟང་མོར་གཉིས་སུ་མེད༔ དེ་བུ་མོ་ང་ཡི་ཀུན་གཞི་ལགས༔ དབྱིངས་སྙིང་རྗེའི་ནམ་མཁའ་ཕྱོགས་མེད་བརྡལ༔ མ་འགྲོ་དྲུག་ཀུན་ལ་བྱམས་པས་བརྩེ༔ མཆོག་དགའ་བའི་ཉི་མ་ཀུན་ལ་གསལ༔ བུ་མ་ཡིས་སྐྱོང་བཞིན་བཏང་སྙོམས་བྱས༔ དེ་བུ་མོ་ང་ཡི་སེམས་བསྐྱེད་ལགས༔ གཞན་ཀུན་ལ་ནམ་ཡང་གནོད་པ་སྤངས༔ རྒྱུ་མི་དགེའི་སྡིག་པ་རྟག་ཏུ་སྤངས༔ ལུས་དགེ་བའི་ལམ་ལ་ཁྱད་དུ་སྦྲན༔ ལས་རྟེན་འབྲེལ་དག་པ་ཁོང་ནས་སད༔ དེ་བུ་མོ་ང་ཡི་སོ་ཐར་ལགས༔ རྗེ་བླ་མ་སྤྱི་བོར་འདུ་འབྲལ་མེད༔ དབང་བུམ་གསང་ཤེར་ཡེ་ཚིག་དབང་ཐོབ༔ ཕྱི་ལུས་སྣང་གདོས་པོར་མ་འཛིན་པར༔ དོན་མངོན་བྱང་ལྔ་ལྡན་ལྷ་རུ་བལྟས༔ དེ་བུ་མོ་ང་ཡི་བསྐྱེད་རིམ་ལགས༔ རྩ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ༔ རླུང་མཉམ་པ་ཕྲ་རགས་སྦུབས་སུ་བཙུད༔ འོད་གསལ་བྱེད་འབར་བའི་ཡེ་ཤེས་མེ༔ ཐབས་ཟླ་ཉིའི་ཕུང་ཁམས་བསྲེགས་གཏོར་སྦྱངས༔ དོན་བདེ་ཆེན་ལོངས་སྐུའི་ངོ་བོར་རྫོགས༔ དེ་བུ་མོ་ང་ཡི་རྫོགས་རིམ་ལགས༔ དབྱིངས་དག་པ་སྟོང་གསལ་ལུ་གུ་རྒྱུད༔ མདངས་ཡེ་ཤེས་ལྔ་ལྡན་འོད་ལྔ་འཁྱིལ༔ ཐབས་གནད་ཀྱི་སྒོ་ལ་ཤར་གྲོལ་རྫོགས༔ དོན་རང་སྣང་བཞི་པོ་ཆོས་སྐུར་ཟད༔ དེ་བུ་མོ་ང་ཡི་ལྟ་སྒོམ་ལགས༔ ཕྱི་ཟག་བཅས་ཕུང་པོ་འོད་སྐུར་གྲོལ༔ ནང་སེམས་ཉིད་སྐུ་ལྔའི་ངོ་བོར་རྫོགས༔ གསང་ཆོས་ཉིད་བུམ་སྐུར་འུབས་སུ་ཆུད༔ གཞི་ཉག་གཅིག་དབྱེར་མེད་གདེང་ཆེན་བརྙེས༔ དེ་བུ་མོ་ང་ཡི་འབྲས་བུ་ལགས༔ ཡེ་གདོད་མ་བྱང་ཆུབ་མཆོག་བརྙེས་པས༔ གར་རབ་འབྱམས་བསྒྱུར་བའི་ཆོ་འཕྲུལ་ལ༔ དབྱིངས་སྐུ་ལྔའི་རང་བཞིན་མ་རྫོགས་མེད༔ ཐབས་བདེ་ཆེན་སྟོང་ཉིད་ཡབ་ཡུམ་ལ༔ སྲིད་སྤྲུལ་པའི་གཟུགས་ཀྱི་མཚན་དཔེ་ཤར༔ དེ་བུ་མོ་ང་ཡི་སྤྲུལ་ཚུལ་ལགས༔ རྒྱུད་བཟང་ངན་རིས་མེད་སེམས་ཅན་ལ༔ ལས་གང་འདུལ་དེར་སྟོན་འབྲེལ་བ་འདེབས༔ གཡང་ངན་སོང་གནས་ལས་རབ་རྫོགས་ཏེ༔ མཆོག་ཐར་པའི་ས་ལ་ཁ་ལོ་བསྒྱུར༔ ཕྱིར་མི་ལྷུང་གཏན་བདེའི་ས་ལ་བཀོད༔ དེ་བུ་མོ་ང་ཡི་འགྲོ་དོན་ལགས༔ དབང་རྒྱལ་ཀུན་བྱིན་རླབས་མ་མ་ལགས༔ གནད་དམ་ཚིག་དག་དང་འབྲལ་བ་མེད༔ ཞིང་གང་འདོད་གནས་སུ་འགྲོ་བ་ལ༔ དོན་རང་སྣང་ཙམ་ལས་གཞན་མ་གྲུབ༔ ད་ཡལ་བར་མི་འདོར་བཙུན་མོ་ལགས༔ བརྡ་ཐིམ༔ ཞེས་གསུངས་མངའ་འོག་རྒྱལ་ཁམས་ཐམས་ཅད་དང་༔ ཕྱོགས་ཀྱི་རྒྱལ་ཕྲན་མང་པོ་ཀུན་འདུས་ནས༔ ནོར་སྣ་རིན་ཆེན་མང་པོས་བཙས་སྟོན་ནི༔ ཟླ་བ་གསུམ་དུ་བྱས་ནས་བུ་མོ་ཡི༔ ངོ་མཚར་སྙན་པས་རྒྱ་གར་ཡུལ་ཀུན་ཁེངས༔ ལྷ་ཀླུ་མི་མིན་སྡེ་བརྒྱད་ཐམས་ཅད་ཀྱིས༔ མི་ལྟར་ཡ་མཚན་ཞེས་པའི་གྲགས་པ་སྒྲོགས༔ བྲམ་ཟེ་མཚན་མཁན་རྟེན་འབྲེལ་བརྟགས་པ་བྱས༔ ཅིར་ཡང་སྨྲས་མ་ཐུབ་པར་ཡོད་པ་ལ༔ རྒྱལ་པོ་ཆེན་པོས་བཀའ་བསྩལ་འདི་ལྟར་བགྱིད༔ ཀྱེེཿ མངོན་ཤེས་མངའ་བའི་བྲམ་ཟེ་མཚན་མཁན་རྣམས༔ བདག་ཅག་གཉིས་ཀྱི་སྲས་མོ་འདི༔ བཟང་བའི་ཡོན་ཏན་རྟེན་འབྲེལ་ཅི་འདྲར་འདུག༔ ངན་པའི་ལ་ཡོག་ལས་དབང་གང་ལྟར་ལགས༔ མ་གསང་སླ་བོ་དྲང་པོར་བཀའ་གནང་འཚལ༔ དེ་སྐད་གསོལ་བས་བྲམ་ཟེས་ལན་བཏབ་པ༔ ཨེ་མཿ ཡབ་ཅིག་རྒྱལ་པོ་ལྷ་ཡི་དབང་༔ ཡབ་ཡུམ་གཉིས་ཀྱི་སྲས་མོ་མནྡ་ར༔ སྐུ་ཡི་མཚན་རྟགས་རྡོ་རྗེ་མཁའ་འགྲོའི་རིགས༔ གསུང་གི་མཚན་རྟགས་པདྨ་ཅན་གྱི་ཡུམ༔ ཐུགས་ཀྱི་མཚན་རྟགས་ཡེ་ཤེས་ལྔ་ལྡན་མ༔ ཡོན་ཏན་དབང་ཕྱུག་གར་གྱི་དབང་མོ་ཆེ༔ ཕྲིན་ལས་བསམ་མི་ཁྱབ་པར་འགྲོ་དོན་སྤྱོད༔ འཁོར་བར་མི་གནས་རྒྱལ་སྲས་བརྫུས་སྐྱེས་ཡུམ༔ ཡ་མ་ཟུང་གི་བཀོད་པ་ཅིར་ཡང་སྟོན༔ ཐབས་ལ་མཁས་ན་རྒྱལ་ཁྲིམས་མྱོང་བ་ལ༔ ཡབ་གཅིག་འགྱོད་པའི་དུས་ཤིག་འོང་ལས་ཆེ༔ ཐ་མ་ཀུན་ཀྱང་ལམ་ལ་བཀོད་པའི་ལྟས༔ ངོ་མཚར་པདྨ་སྐྱེས་པའི་ཕྲིན་ལས་མངའ༔ ཡོན་ཏན་བསྐལ་པ་མ་སྟོང་བར་དུ་སྒྲོགས༔ འཇིག་རྟེན་ཁམས་འདིར་སྐྱེས་པའི་ཁྲག་ཆགས་མངའ༔ ཡེ་ཤེས་མཁའ་འགྲོ་ཨུ་དུཾ་ཝ་ར་འདྲ༔ སུས་ཀྱང་ཚད་བཟུང་ནུས་པ་ཡོངས་མ་མཆིས༔

དེ་སྐད་གསོལ་བས་རྒྱལ་པོ་བཙུན་མོ་རྣམས༔ དགྱེས་ནས་ནོར་སྣ་ཚོགས་པའི་དགའ་སྟོན་བྱས༔ བྲམ་ཟེ་རྣམས་ཀྱང་དགྱེས་པར་རང་གནས་གཤེགས༔ ས་མ་ཡཱཿ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ སྐུ་བལྟམས་ནས་ཡབ་ཡུམ་ལ་དྲིན་ཕྱག་འཚལ་བའི་རིམ་པ་སྟེ་ལེའུ་བཅུ་དྲུག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

འཁོར་བའི་ལས་ལ་སྐྱོ་བ་སྐྱེས་ཏེ་ཡབ་ཡུམ་ལ་གནང་བ་ཞུས་པའི་སྐོར།

དེ་ནས་རིམ་པར་དཀར་གསུམ་མངར་གསུམ་དྲངས༔ ལུས་ཀྱི་སྐྱེད་བསྲིངས་རྒྱལ་ཁམས་བདེ་བར་བཞུགས༔ དགུང་ལོ་བརྒྱད་པའི་དུས་སུ་ཕོ་བྲང་རྩེར༔ བྱོན་ནས་ལྟད་མོ་གཟིགས་པས་འབངས་ཀུན་གྱིས༔ རྩེད་མོའི་རིགས་བྱེད་མང་པོ་རྩེ་བར་བྱེད༔ དེ་དུས་ཤར་གྱི་རྩེ་མོར་གཟིགས་པའི་ཚེ༔ ཕག་མོ་གཅིག་ལ་ཕག་ཕྲུག་བདུན་ཙམ་སྐྱེས༔ སྐྱེ་བའི་སྡུག་བསྔལ་འདི་འདྲ་སྡུག་བསྔལ་ན༔ ཁོ་མོ་འཁོར་བའི་སྐྱེ་སྲིད་འདི་དག་ལས༔ ཐར་བའི་ཐབས་ཤིག་བྱའོ་སྙམ་པར་དགོངས༔ དེ་ནས་བུད་མེད་ཅིག་གིས་ཆོ་ངེ་འདེབས༔ འདི་ཡིས་ཅི་ཟེར་སྡུག་བསྔལ་ཇི་ལྟ་བུ༔ གཡོག་མོ་གཅིག་ལ་དྲིས་པས་བུ་སྐྱེས་ཟེར༔ བུད་མེད་འདི་ནི་སྡུག་བསྔལ་འཁོར་བའི་གཞི༔ ལས་ལ་བསྐོས་པའི་བུ་དང་བུ་མོ་འདི༔ དྲིན་ལན་གསོབ་པ་བརྒྱ་ནང་རེས་འགའ་ཙམ༔ སྐྱེས་པའི་མ་ཡི་སྡུག་བསྔལ་འདི་ཙམ་ལ༔ ད་རུང་ཞེན་པ་ཞེ་རེ་ཅི་འདྲ་འཁྲུལ༔ དགོངས་ནས་སྨོན་ལམ་འདི་དག་རྩེ་གཅིག་བཏབ༔

ན་མོཿ སངས་རྒྱས་ཆོས་དང་དགེ་འདུན་དཀོན་ཅོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ༔ བདག་ལ་དགོངས་ནས་སྨོན་ལམ་འདི་འགྲུབ་མཛོད༔ བདག་དང་བདག་འབྲེལ་འགྲོ་བ་ལས་ངན་རྣམས༔ ངན་སོང་འཁོར་བའི་གནས་སུ་འཁྲུལ་པ་ཡི༔ སྐྱེ་བའི་སྡུག་བསྔལ་བཟོད་མེད་འདི་དག་ལས༔ མྱུར་དུ་ཐར་ནས་སྐྱེ་མེད་ས་ཐོབ་ཤོག༔ སྲིད་པའི་ལས་དབང་འདི་ལས་སྒྲོལ་དུ་གསོལ༔ ནམ་ཡང་དུཿཁ་མྱོང་བར་མ་གྱུར་ཅིག༔ དེ་སྐད་སྨོན་ལམ་མཛད་ནས་ལྷ་ཚོགས་གཟིགས༔ མི་རྒན་ཞིག་གིས་མཁར་བ་གཉིས་བཙུགས་ནས༔ པུས་ནུད་བྱས་ནས་ཟག་པ་འདོར་དུ་ཕྱིན༔ ལན་རེ་བསྐྱོད་ནས་ཧུ་ཤུ་ལན་རེ་བྱས༔ འདི་འདྲའི་སྡུག་བསྔལ་ཟེར་ནས་མཆི་མ་འདོན༔ གཞན་དག་བགད་ཅིང་དེ་ལ་ལྟ་བར་བྱེད༔ དེ་ཚེ་སྙིང་རྗེ་བཟོད་གླགས་མེད་པར་སྐྱེས༔ དཀོན་མཆོག་རྩ་གསུམ་ཐུགས་རྗེ་ཆེན་པོས་དགོངས༔ བདག་དང་ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ རྒས་པའི་ལང་ཚོ་རྒུད་ནས་ཐབས་འདི་སྡུག༔ གཡོག་མེད་ཡན་ལག་ཉམས་པའི་ལས་ངན་འདི༔ འདི་འདྲའི་སྡུག་བསྔལ་ནམ་ཡང་མི་མྱོང་ཤོག༔ ཅེས་པའི་སྨོན་ལམ་རྩེ་གཅིག་འདེབས་པར་མཛད༔ དེ་ནས་ཕོ་བྲང་ནུབ་ཀྱི་ཕྱོགས་ནས་གཟིགས༔ ཕོ་མོ་མང་པོ་ཙི་ཏི་ཛྭ་ལའི་ཐེབ༔ མྱ་ངན་གདུང་བས་འོ་དོད་འབོད་པར་ཐོས༔ ཕྱི་ཡི་པགས་པ་རྨ་དང་ཤུ་བས་གང་༔ ནང་གི་དོན་སྣོད་ཁྲག་རྣམས་ཕྱི་རུ་ལུད༔ རྩ་རྣམས་རྣག་ཏུ་གྱུར་པས་དྲི་ངན་ཁྱབ༔ མགོ་སྐྲ་མིག་སྤུ་བྱི་ནས་ཟངས་སྐྱོགས་འདྲ༔ རྐང་ལག་ཐམས་ཅད་ཞ་གྲུམ་གུམ་སྟེ་མཆི༔ ད་རུང་འཆི་བར་མི་ཐུབ་སོས་ལ་རེ༔ ནད་འདི་འདྲ་ལ་སྨན་ཅིག་ཚོལ་ལམ་སྨྲ༔ དེ་དག་གཟིགས་པས་སྨོན་ལམ་འདི་ལྟར་བཏབ༔ དཀོན་མཆོག་རྩ་གསུམ་འཕགས་པའི་བྱིན་རླབས་ཀྱིས༔ ལས་ངན་འགྲོ་བའི་ནད་འདི་སེལ་བར་མཛོད༔ ཐུགས་རྗེའི་སྨན་མཆོག་ཟབ་མོ་བསྩལ་དུ་གསོལ༔ བདག་དང་ཕ་མ་འགྲོ་བ་ཐམས་ཅད་ལ༔ སྐྱེ་བ་ཀུན་ཏུ་ནད་ཀྱིས་མི་འཇིགས་ཤིང་༔ ནད་མེད་ཐར་པའི་གནས་སུ་འགོད་པར་ཤོག༔ ཅེས་བཏབ་དེ་ནས་ཕོ་བྲང་བྱང་དུ་གཟིགས༔ ཁང་པ་དུད་པ་ལྷང་ལྷང་ཐོན་པ་ཞིག༔ དེ་ཡི་ཕྱི་ནང་ངུད་མོ་ལྡིར་ལྡིར་བྱེད༔ བར་ཁང་ནང་དེར་དོ་ལའི་ཁར་བཞག་པའི༔ མི་ཞིག་མིག་ལྡོག་ཁྱེད་རྣམས་མ་ངུ་ཞེས༔ ལྡབ་ལྡིབ་ཙམ་ལས་སྨྲ་བ་མི་ཐུབ་པར༔ རིམ་པར་དབུགས་སྡུད་རོ་རུ་གྱུར་པ་ན༔ ཀུན་ཀྱང་བྱེར་ཏེ་བདག་མེད་དེ་རུ་བསྐྱུར༔ དེ་ནས་དུར་ཁྲོད་གནས་སུ་བསྐྱལ་བར་གཟིགས༔ ཀྱེ་མ་སྐྱེས་ནས་འཆི་བའི་སྡུག་བསྔལ་འདི༔ མེད་ཐབས་མ་ཐོན་ལས་ངན་འཁོར་བའི་འབྲས༔ བདག་དང་ཕ་མ་མཁའ་མཉམ་འགྲོ་བ་རྣམས༔ འཆི་བའི་ལས་མེད་འཆི་མེད་བཙན་ས་ཟིན༔ ཟག་མེད་བདེ་བའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་བཏབ་དེ་ནས་ཐུགས་མི་བདེ་བའི་ངང་༔ ཕོ་བྲང་ནང་ཕེབས་མཆི་མ་འདོན་གྱིན་བཞུགས༔ བཙུན་མོས་སྙིང་འདྲའི་བུ་མོ་ཅི་ཉེས་སམ༔ ནའམ་གཡང་ལ་ལྷུང་ངམ་ལྟོགས་པའམ༔ ཅི་འདྲར་ཟེར་ནས་ཁ་གཏུག་མཆི་མ་ཕྱིས༔ དེ་ཚེ་མཁའ་འགྲོས་སྐྱོ་བའི་མགུར་འདི་གསུངས༔ ཀྱེ་མ་ཀྱེ་ཧུད་དྲིན་ཆེན་མ་མ་ལགས༔ བདག་ནི་ཕུང་ཁམས་མི་ན་སེམས་འདི་སྐྱོ༔ དེ་རིང་ཕོ་བྲང་རྩེ་མོར་ཕྱིན་པ་ན༔ འཇིག་རྟེན་སྡུག་བསྔལ་ལས་ངན་འགའ་རེ་མཐོང་༔ སྐྱེ་རྒ་ན་འཆིའི་ལས་ལ་བཟོད་ཐབས་བྲལ༔ ཀྱེ་མ་ཀྱི་ཧུད་ཨ་ཙ་མ་ན་ཨང་༔ འཁོར་བའི་བུད་མེད་སྡུག་བསྔལ་བཤལ་ཐག་ཅན༔ ལས་ལ་ཟད་མེད་ཆུ་བོའི་རྦ་རླབས་འདྲ༔ སྐྱེ་བའི་སྡུག་བསྔལ་དེ་འདྲ་མྱོང་བ་ལ༔ ད་རུང་སྲེད་པ་སྙིང་མེད་བླུན་པོའི་ཁྱུ༔ ལས་ངན་དེ་འདྲའི་གོ་སར་བདག་མི་སྡོད༔ ཇི་ལྟར་དཔྱད་ཀྱང་འཁོར་བར་ཐར་ན་བསམ༔ རྒས་པའི་ཚེ་ལ་བསྲིང་བསྟུང་མ་མཆིས་པས༔ ལང་ཚོ་རྒུད་པས་བྱ་ཐབས་ཅི་ཡང་སྡུག༔ བྱ་ཆེན་སྒྲོ་བྲལ་ཐང་ལ་ལྷུང་བ་འདྲ༔ གཡོག་མེད་བསོད་ནམས་དམན་ཅིང་ཡན་ལག་འཁུམ༔ ཇི་ལྟར་དཔྱད་ཀྱང་སྡུག་བསྔལ་བཟོད་ཐབས་བྲལ༔ དེ་ལས་ཅི་ཐར་བདག་གིས་བྱེད་ན་བསམ༔ སྔོན་ལས་དབང་གིས་ན་ཚས་གཟིར་བ་ན༔ མདུང་བརྒྱས་བསྣུན་པ་འདྲ་བའི་དུཿཁས་མྱོང་༔ རྣམ་སྨིན་མྱོང་ལ་ཡིད་ཆེས་མི་བརྟན་པ༔ བར་ཆད་འབྱུང་པོ་གཞན་ནས་འོང་བར་སེམས༔ དེ་འདྲའི་རྨོངས་ལས་བདག་ནི་ཐར་ན་བསམ༔ འཇིག་རྟེན་འདི་ན་སྐྱེས་པའི་སྐྱེ་འགྲོ་ཀུན༔ ལོ་ཟླ་ཞག་རེ་སོང་བཞིན་ཚེ་ནི་ཟད༔ འཆི་བས་གཏུག་ཚེ་སུས་ཀྱང་བཤོལ་མི་ཐེབས༔ གཉེན་འདུན་མང་པོས་མཐའ་ནི་བསྐོར་གྱུར་ཀྱང་༔ མར་གྱི་ནང་ནས་སྤུ་ཉག་བཏོན་པ་ལྟར༔ གཅིག་པུ་ཉིད་ལ་གཟེར་གྱིས་སྒྲིམ་པའི་ངང་༔ མར་མེ་སྣུམ་ཟད་ལྟ་བུར་ཚེ་དུས་བྱེད༔ ཕ་དང་མ་དང་མཛའ་གྲོགས་སུ་ཡིན་ཀྱང་༔ སྐྱོབས་པར་མི་ནུས་བར་དོའི་འཕྲང་ལ་འགྲིམ༔ ལས་མ་ཟད་པར་སྡུག་བསྔལ་བསམ་མི་ཁྱབ༔ དེ་འདྲའི་དུས་ན་འགྱོད་པའི་དུས་འཕྱི་ཡང་༔ དབང་ཆེན་གཤིན་རྗེའི་མདུན་སར་ངོ་གནོང་འགྱོད༔ དེ་འདྲའི་དུས་ཤིག་བདག་ལ་ནམ་འོང་བསམ༔ བཟོད་ཐབས་མེད་པའི་བུ་མོ་མཆི་མས་མནང་༔ ལོངས་སྐབས་མ་མཆིས་ཚེ་ནི་རླུང་བཞིན་འགྲོ༔ བཤོལ་ཐབས་མེད་པའི་དུས་ཤིག་ནམ་འོང་བསམ༔ མལ་དུ་མི་གནས་སྔངས་སྐྲག་ཚ་ཆུམ་འབར༔ མྱུར་བར་དམ་པའི་ཆོས་ལ་འགྲོ་བསམ་པས༔ དྲིན་ཆེན་ཕ་མ་ཡབ་ཡུམ་གནང་བར་ཞུ༔ དེ་སྐད་གསུངས་ནས་འཇིགས་སྐྲག་བཟོད་མེད་བསྔངས༔ བཙུན་མོས་ཁྱོད་ནི་བདག་གི་དབང་པོའི་མིག༔ ཁོང་པའི་སྙིང་འདྲ་གཞན་དུ་ཆོས་བཏང་དཀའ༔ ན་ཚོད་ཆུང་ཞིང་གཟུགས་མཛེས་ལྟ་ན་སྡུག༔ མ་རུངས་སྐྱེ་བོས་ཆོས་ལམ་ཐོབ་དཀའ་བས༔ ཕོ་བྲང་བཞུགས་ལ་སྒྲུབ་ལ་ཅིས་མི་དགའ༔ དེ་སྐད་ཞུས་པས་མ་མ་ཁྱོད་ཉོན་དང་༔ འཇིག་རྟེན་ཕལ་པའི་ཆོས་ལམ་ང་མི་མགུ༔ དགེ་བའི་བཤེས་གཉེན་བསྟེན་ནས་གདམས་པ་ཡིན༔ གྲོལ་བར་བྱེད་ནས་སྒྲུབ་ལ་དྲིལ་ན་བསམ༔ རྒྱལ་སྲིད་སྐྱེ་བའི་འདུ་འཛི་ཆེ་བ་ལ༔ མང་པོ་བསྒྲུབས་ཀྱང་གནད་དུ་འགྲོ་བ་དཀའ༔ འཁོར་བའི་ཆོས་འདིའི་བདེ་བས་བསླུ་བསླུ་འདྲ༔ སྐྱིད་རུང་སྡུག་རུང་གཅིག་པུར་འགྲོ་ན་སྙམ༔ ཡབ་ཡུམ་ཐུགས་རྗེས་གཟིགས་ནས་བློ་ཐོག་ཐོངས༔ དེ་སྐད་གསུངས་པས་བཙུན་མོ་རྒྱལ་པོའི་དྲུང་༔ སོང་ནས་སྔ་ཕྱིའི་ཚིགས་བཅད་ཡབ་ལ་ཞུས༔ ཡབ་ཀྱིས་བུད་མེད་བློ་མང་ཅི་ཡང་དྲན༔ ན་ཚོད་ཆུང་བས་ཆོས་ལ་གནས་པར་དཀའ༔ གཅིག་པུར་བཏང་བར་མི་ཕོད་སྙིང་མི་བཟོད༔ འཁོར་གཡོག་མང་པོར་བསྟེན་པས་དོན་ཡང་དཀའ༔ ཇི་ལྟར་བྱས་རུང་ཕོ་བྲང་ཆོས་བསྒྲུབ་བཅོལ༔ བུ་མོའི་གསར་བློ་ཕུགས་སུ་བརྟན་པ་དཀའ༔ ད་ལྟ་བློ་སྐྱེས་སྤྲིན་བར་ཉི་བཞུར་འདྲ༔ བརྩོན་འགྲུས་ལྕོང་མོ་མགོ་མཇུག་མཚུངས་ཡོང་བས༔ དྲང་སྲོང་བདེན་པའི་བཀའ་ལྟར་བགྱིད་འཚལ་ན༔ སློབ་དཔོན་བསྟེན་ནས་བསྒྲུབ་པའི་ཐབས་ལ་བཅུག༔ ཅེས་གསུངས་བཙུན་མོ་བུ་མོའི་རྩར་ཕྱིན་ནས༔ མ་ཡི་སྙིང་གཅིག་མནྡ་ར་བ་ཁྱོད༔ ཡབ་ཀྱིས་གསུང་ལ་ཉོན་དང་བདེ་བར་མཆི༔ ཕ་མས་མི་གཏོང་ས་རུ་གཏོང་མི་ཕོད༔ འགྱུར་མེད་བློ་ལ་ཕྱི་བཏང་མ་བགྱིད་པར༔ ཕོ་བྲང་གང་དགར་རྩེ་གཅིག་ཆོས་ལ་འབུངས༔ བུ་མོའི་བཀའ་གཡོག་མ་མ་བདག་གིས་བསྒྲུབ༔ དེ་སྐད་ཞུས་པས་ལུས་འདིར་ཕ་མ་གཉིས༔ དྲིན་ལ་བློ་བརྟན་དེ་ལྟར་བགྱིའོ་གསུངས༔ ས་མ་ཡཱཿ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ འཁོར་བའི་ལས་ལ་སྐྱོ་བ་སྐྱེས་ཏེ་ཡབ་ཡུམ་ལ་གནང་བ་ཞུས་པའི་སྐོར་ཏེ་ལེའུ་བཅུ་བདུན་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པ།

དེ་ནས་ཕོ་བྲང་རྩེ་མོར་བཞུགས་པར་བཅོལ༔ དྲང་སྲོང་བཙུན་པ་ཀ་མ་ལ་ཤྲཱི༔ བཀུག་སྟེ་ཡིག་རིགས་མ་ལུས་བསླབ་ཏུ་བཅུག༔ རྩ་བ་ལྔ་བཅུ་ཡན་ལག་བརྒྱ་ཕྲག་དང་༔ ཡང་སྐོར་ཡང་ཡིག་ཐོགས་མེད་མཁྱེན་པར་གྱུར༔ དེ་ནས་རྒྱ་གར་ཤར་ནུབ་ཨོ་རྒྱན་དང་༔ མ་རུ་ཏ་དང་བལ་སྐད་སྲིན་པོའི་སྐད༔ མཁའ་འགྲོའི་སྐད་དང་མཐའ་འཁོབ་ཡིག་རིགས་དང་༔ སིངྒ་ལ་དང་ཡངས་ཅན་དབུས་པ་དང་༔ འགྲོ་ལྡིང་ཤམྦྷ་ལ་ཡི་ཡི་གེ་སོགས༔ སྒྲ་སྐད་ཡིག་སྣ་ཀུན་ལ་ཚང་པར་སྦྱངས༔ པཎྜི་ཏ་ཡང་ཟིལ་གྱིས་གནོན་པར་འགྱུར༔ དེ་ནས་མུ་སྟེགས་སྟོན་པ་ཨ་ཏ་ཤེ༔ ནང་པའི་བསྟན་ལ་ཞུགས་པའི་བཤེས་གཉེན་གྱུར༔ དེ་ཉིད་བཀུག་ནས་སྡེབ་མ་སྙན་ངག་དང་༔ ཐར་སྐད་ལ་སོགས་མུ་སྟེགས་གཞུང་བཅུ་བསླབ༔ མདོ་ཡི་དགོངས་དོན་ཏིང་འཛིན་རྒྱལ་པོ་སོགས༔ བཀའ་རྣམས་ཡོངས་རྫོགས་ཐོས་དང་བསམ་པར་བྱས༔ དེ་ཡང་མདོ་དོན་ཉེར་ལྔའི་དགོངས་པ་ལོན༔ དབྱངས་ཀྱི་རིགས་རྣམས་དཔག་མེད་བསླབ་སྦྱངས་བྱས༔ ཉིན་གཅིག་ཕོ་བྲང་སྐར་ཁུང་ནང་ནས་གཟིགས༔ ལྷོ་ཕྱོགས་ར་བར་བུད་མེད་མང་པོ་འཚོགས༔ ཀུན་གྱིས་རྩེད་མོ་སྨྲ་ཞིང་དེ་དག་ལ༔ བུད་མེད་མཛེས་གཅིག་ཨ་རུ་ར་ཐོགས་ནས༔ འདི་ལ་ཡོན་ཏན་དུ་མ་ཡོད་དོ་ཟེར༔ བུད་མེད་གཅིག་གིས་ཤིང་ཐོག་ཨ་རུ་ར༔ དེ་ལ་ཁ་དང་སྐྱུར་བ་མ་གཏོགས་པ༔ ཡོན་ཏན་མང་པོ་ཅི་ཡང་ཡོད་པ་མེད༔ ཟེར་བས་བུད་མེད་མཛེས་མས་ལན་བཏབ་པ༔ ཨ་རུ་ར་འདི་སྐྱེ་བའི་ས་བོན་ནི༔ རིན་ཆེན་གསེར་ལྡན་སངས་རྒྱས་བྱིན་རླབས་པ༔ ཨ་ནི་བསྐྱེད་རིམ་རང་བཞིན་རྣམ་པར་དག༔ རུ་ནི་འགག་མེད་འགྲོ་བའི་ནད་ཀུན་སེལ༔ ར་ནི་ཐུགས་རྗེའི་འབྲས་བུ་སྨིན་པ་སྟེ༔ ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱད་དང་ལྡན༔ གཤོང་བརྒྱད་ཉོན་མོངས་མ་ལུས་འཁྲུད་པའི་བརྡ༔ རྩ་བ་ཕྲ་བས་སྲིད་པའི་ཆོས་ཀུན་སྐེམ༔ རྩེ་མོ་སྦོམ་པ་ཡོན་ཏན་རྒྱས་པའི་རྟེན༔ ཕྱི་ཡི་ཤུན་པ་ཁ་བའི་རོ་བཅུད་ལྡན༔ དུག་གི་རྣམ་པ་ཐམས་ཅད་གཞོམ་པར་བྱེད༔ བར་གྱི་ཤུན་པ་སྐྱུར་བའི་རོ་དང་ལྡན༔ ནད་ཀུན་སེལ་ཞིང་རྒྱལ་ཀུན་མཉེས་པའི་རྫས༔ ནང་གི་སྙིང་པོ་སྲ་ཞིང་ཁོང་སྟོང་ལྡན༔ ཀུན་རྫོབ་ཆོས་ཀུན་དོན་ལ་རྟོགས་པའི་བརྡ༔ སྡོང་པོ་སྦོམ་པ་ཤུན་པ་བརྩེགས་མར་གནས༔ འཁོར་བའི་ཆོས་ཀུན་རིམ་པར་སྤང་བྱའི་བརྡ༔ ལོ་མ་འདབ་ཡངས་ཤེས་རབ་ཆོས་ཀུན་བརྡ༔ འདི་ལ་ཡོན་ཏན་དེ་ལྟར་ལྡན་པ་ཡིན༔ གཞན་ཡང་སྨན་གྱི་རིགས་གྱུར་འགའ་རེ་ལ༔ ཡོན་ཏན་ཚངས་པའི་བསྔགས་བརྗོད་མང་དུ་སྨྲས༔ འདི་རྣམས་ཉོ་བའི་རིན་རྩ་ཨི་ཡོད་སྨྲས༔ རིན་ཐང་ཚོང་ན་གསེར་ཡོད་གཞན་དག་སྨྲས༔ རང་ལ་གསེར་འོད་ནོར་ལ་མི་འཆང་བ༔ སྙིང་མེད་ཡིན་འདྲ་བུད་མེད་ཀླད་པ་ཆུང་༔ ཟེར་ནས་བགད་ཅིང་ཁྲེལ་བདས་ལྟ་བུར་བྱས༔ དེ་ནས་སྨན་ལ་བསླབ་དགོས་བརྡ་རུ་གོ༔ དེ་ནས་སྨན་པ་འཚོ་བྱེད་རཏྞ་བཀུག༔ དང་པོ་རྒྱུད་ལ་ལེགས་པར་སྦྱངས་བྱས་ནས༔ དུས་བཞི་ཁམས་ལྔའི་རྒྱུ་བ་བཅུ་གཉིས་དང་༔ རླུང་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ༔ བརྟེན་ཏེ་རྟེན་འབྲེལ་རེག་པ་རྩ་རྒྱུད་བསྟན༔ མ་བུ་སྐོར་བཞི་ངོ་མཚར་རྩ་བདུན་སོགས༔ མདོར་བསྟན་རྒྱས་བཤད་བསྡུས་དང་འཚམ་པར་བསྟན༔ ཟེར་སྤྲིན་རླངས་པ་རྡུལ་དང་ཁ་དོག་དང་༔ རླབས་ལ་བརྟེན་ནས་ཆུ་ལ་སྦྱངས་ཁྲིད་བསྩལ༔ ནོར་པོ་རྣམ་བཞི་བསལ་བའི་ལག་ལེན་དང་༔ བཅོ་བརྒྱད་ཁ་གྲངས་ཕྱི་མའི་རྒྱུད་དང་ནི༔ ལུས་ཀྱི་སྐྱེད་ཚུལ་རྫོགས་སྨིན་རྒྱུ་དང་རྐྱེན༔ རིགས་ཀྱི་ཁྱད་སོགས་བཤད་པའི་རྒྱུད་རྣམས་བསླབ༔ ཀ་ཏེ་ཙ་སོགས་དོན་སྣོད་ཡན་ལག་གི༔ རྩ་རྒྱུད་ལེགས་པར་ཕྱེས་པའི་ལེའུ་བརྒྱ༔ ལག་ལེན་གཉེན་པོར་སྦྱོར་སོགས་མན་ངག་རྒྱུད༔ གཞན་ཡང་དྲང་སྲོང་ལེ་ལག་ལྔ་བརྒྱད་དང་༔ ཨ་ཛི་ཏ་ཡི་སྨན་བཅད་བམ་པོ་བརྒྱ༔ སྤང་པ་ལྔ་བསྡུས་གྲངས་ཀྱི་མདོར་བསྟན་སོགས༔ གསོ་བར་རིག་པའི་གནས་ལ་མཁས་པར་སྦྱངས༔ དེ་ནས་སྔ་དྲོ་ཕོ་བྲང་རྩེ་མོར་བྱོན༔ ནུབ་ཕྱོགས་སྐྱེད་ཚལ་མི་རིགས་མང་པོ་འདུས༔ དེ་རུ་དགེ་སྦྱོང་ཨརྣ་པ་ཡིན་ཟེར༔ གོས་ཧྲུལ་བེར་ཀ་ཐོགས་པ་ཞིག་བྱུང་ནས༔ ཐམས་ཅད་དེ་ལ་འདྲི་བ་མང་པོ་བྱེད༔ ལ་ལས་ཅི་ཟེར་ལ་ལས་ཅི་བྱེད་དམ༔ དོན་ལ་བརྟགས་པ་གང་ཡང་མ་མཆིས་པས༔ དེ་དག་ནང་ནས་བུད་མེད་གཞོན་ནུ་ཞིག༔ དགེ་སྦྱོང་ཁྱེད་ཀྱིས་ཡོན་ཏན་ཅི་བསླབ་དྲིས༔ ང་ནི་ཀུན་ལ་མ་སྦྱང་འགའ་ཡང་མེད༔ ཁྱད་པར་ཅན་གྱི་འདི་ཡི་དོན་ལ་སྦྱངས༔ ཞེས་སྨྲས་རྩིས་ཀྱི་ཤོག་ཁྲ་མང་པོ་ཀློག༔ རིག་གྲུང་བློ་གསལ་བུ་མོ་ཡིན་གྱུར་ན༔ འདི་འདྲ་བསླབ་པའང་དོན་ལ་ཅི་ཞིག་འདྲི༔ ཞེས་སྨྲས་བུ་མོས་ང་ཡི་ཤེས་པ་ཡིན༔ དབྱར་སྟོན་དཔྱིད་དགུན་དུས་བཞི་ཡིན་པར་ཤེས༔ ཟླ་བ་བཅུ་གཉིས་ཕོ་མོ་གཉིས་སུ་ཤེས༔ དུས་ཚོད་བཅུ་གཉིས་ཉིན་དང་མཚན་མོར་རྟོགས༔ ཆུ་ཚོད་ཐེག་རིམ་འདས་དུས་ད་ལྟར་རྩི༔ སྲང་ཚད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་རྫོགས༔ ཕོ་ཡི་ཟླ་བ་གསུམ་དཀར་གསུམ་ནག་འགྲོ༔ མོ་ཟླས་དབང་བསྒྱུར་ཆུ་ཚོད་ཉི་སྐར་ཕྲི༔ གཟའ་སྐར་གོ་ཡུལ་བསྣོན་ཕྲི་ལྷག་ཆད་འཛིན༔ དེ་སོགས་དཀར་ནག་རྩིས་ཀྱི་བཤད་པ་བཏང་༔ དགེ་སྦྱོང་ཁྲོས་ཏེ་བུད་མེད་སྐྱ་ལྷག་པོ༔ དྲང་ཐིག་རྩིས་ལ་བྱས་ན་རང་རྒྱུད་དྲངས༔ ཟེར་བ་མ་གོ་གྲོང་སྨན་ཁ་ཚོ་ཅན༔ རིག་པ་དེ་འདྲས་གར་ཡང་མི་ཕྱིན་སྨྲས༔ བུ་མོ་ཁྱོད་ཉིད་དྲང་ཐིག་མཁྱེན་པ་ན༔ རྩིས་ཀྱི་མན་ངག་ཡིད་བཞིན་གཏེར་མཛོད་འདྲ༔ གར་ཡང་མི་ཕྱིན་འགྲོ་བ་ཁྱེད་ལགས་སམ༔ བུ་མོའི་ཤེས་རབ་དབྱངས་ཅན་རིག་གཞུང་ལ༔ མན་ངག་རྩིས་ཀྱིས་ཀུན་རྫོབ་འབྲས་བུ་གསལ༔ འགྱུར་མེད་དོན་དམ་དུས་ཀྱི་འཁོར་ལོའི་གཞུང་༔ ལེགས་པར་སྨྲ་བའི་པི་ཝང་སྦྲེང་བ་ཡིས༔ འགྱུར་ཁུགས་རི་མོའི་གར་འདི་བསྒྱུར་བ་ལ༔ ལེགས་ཉེས་གསལ་བའི་ལེགས་བཤད་གྲག་སྟོང་སྒྲ༔ སྐལ་ལྡན་དབང་པོའི་རྒྱན་ཆ་ཅིས་མི་འོང་༔ མི་ཕྱིན་ཉོན་མོངས་གཅེར་བུ་མགོན་མེད་ལ༔ ལེགས་པའི་གཞུང་ལམ་དྲང་པོའི་གཞུང་གི་ནོར༔ རེག་པ་ཙམ་ནས་ཡེ་ཤེས་ཕ་རོལ་ཕྱིན༔ སྟོན་པའི་བསྟན་པ་གཙུག་ལག་འདི་མིན་ནམ༔ ཞེས་སྨྲས་དགེ་སྦྱོང་ཁྲོས་ནས་ཁྱོད་འདྲ་བའི༔ ལག་ཏུ་བསྟན་པ་གཏད་པ་སུ་ཞིག་གོ༔ སྨྲས་ཏེ་མགྱོགས་པར་ལམ་དུ་ཕྱིན་ནས་སོང་༔ དེ་ནས་མནྡ་ར་བས་བཙུན་མོར་ཞུས༔ ཕོ་བྲང་ནུབ་ཕྱོགས་སྐྱེད་ཚལ་མི་མང་འདུས༔ དེ་ཡི་ནང་དུ་བུ་མོ་གཞོན་ནུ་ཞིག༔ འདུག་པ་དེ་རྩར་བདག་ཉིད་བཏང་བར་ཞུས༔ བཙུན་མོས་གནང་ནས་བུ་མོའི་རྩར་བྱོན་ནས༔ ཁྱོད་ནི་ཤེས་རབ་ལྡན་པའི་བུ་མོར་འདུག༔ ཕ་མ་རིགས་རུས་ཅི་ཟེར་འདིར་ནམ་འོང་༔ ཞེས་དྲིས་ལྷ་ཡི་སྲས་མོ་མནྡ་ར༔ ང་ཡི་ཕ་ནི་རིག་བྱེད་ཟླ་བ་ཞེས༔ མ་ནི་ལྷ་མོ་གཡུ་སྐྱིད་ཅེས་བྱ་བ༔ རིགས་ནི་མང་པོ་ཟླ་བ་ལྷ་ཞེས་བྱ༔ ད་ལྟ་བཅུ་གསུམ་ལོན་པའི་ན་ཚོད་ཡིན༔ སྲིང་མོ་བདག་མིང་དཔལ་མོ་གཞོན་ནུ་ཟེར༔ བཅུ་བདུན་ན་ཚོད་གྱུར་པ་ཟ་ཧོར་ནུབ༔ གྲོང་ཁྱེར་ཨ་མྲྀ་ཚལ་གྱི་ཉེ་བར་ཡོད༔ དེ་སྐད་ཞུས་པས་ལྷ་ལྕམ་ཡང་འདྲི་མཛད༔ ཁྱོད་ཀྱིས་ཅི་ཤེས་ང་ལ་སློབ་དང་གསུངས༔ བུ་མོས་བདག་གིས་ཁྱེད་ལ་ཅི་བསླབ་ཡོད༔ ངས་ནི་ཆོས་སྦྱངས་མང་པོ་མི་ཤེས་པ༔ གཙུག་ལག་རྩིས་ཀྱི་གཞུང་དོན་ཕ་ཡིས་བསླབ༔ མཐའ་ཆོད་ཙམ་ལ་གཞན་ནི་ཅི་མི་ཤེས༔ ལྷ་མོ་ཁྱོད་ཀྱི་སློབ་དཔོན་བདག་མི་འོས༔ འོས་ན་བསླབ་པ་ཕུལ་ཞེས་གུས་འདུད་བྱས༔ དེ་ནས་ལྷ་ལྕམ་བཙུན་མོའི་རྩར་དུ་བྱོན༔ བཙུན་མོས་སྙིང་སྡུག་ཁྱོད་ནི་སུ་ལ་བབས༔ དྲིས་པས་ལྷ་ལྕམ་ཞལ་ནས་མ་མ་ལགས༔ རིག་བྱེད་ཟླ་བ་ལྷ་ཡི་བུ་མོར་འདུག༔ སྔོན་གྱི་དགེ་སྦྱོང་ཤག་འདེབས་ལོ་རྒྱུས་དང་༔ བུ་མོ་དཔལ་མོ་གཞོན་ནུ་ཟེར་བ་ལགས༔ ཡོན་ཏན་རྩིས་ལ་མ་རྨོངས་པ་གཅིག་འདུག༔ བདག་གིས་རྩིས་ཀྱི་སློབ་དཔོན་བྱ་འོས་གསུངས༔ བཙུན་མོས་དམངས་ལས་བསླབ་ན་ཡབ་ཀྱང་སུན༔ དེས་ན་རྩིས་མཁན་གཞན་ནས་གདན་འདྲེན་ཞུས༔ དེ་སྐད་སྨྲས་པས་ཕོ་སྐྱེ་ཁ་དྲག་བཙན༔ བསླབ་པ་སུན་པས་སྨན་རོག་བུ་མོ་ལྷག༔ ཅེས་གསུངས་བཙུན་མོས་ཡབ་ལ་དྲིས་སོ་སྨྲས༔ ལྷ་ལྕམ་ཡབ་ལ་བཏུད་ནས་ལོ་རྒྱུས་ཞུས༔ བུ་མོ་རྩིས་ཀྱི་སློབ་དཔོན་བྱ་སྙམ་པས༔ ཡབ་ཆེན་རྒྱལ་པོའི་དགོངས་པ་གནང་བར་འཚལ༔ དེ་སྐད་ཞུས་པས་བྲམ་ཟེར་འདྲིའོ་གསུངས༔

བྲམ་ཟེ་སྤྱན་དྲངས་དོན་རྣམས་རྒྱལ་པོས་ཞུས༔ ལེགས་ཉེས་བརྟགས་ནས་བྲམ་ཟེའི་ཞལ་ན་རེ༔ རིགས་བྱེད་འཕགས་པ་ཟླ་བ་ལྷ་ཡི་སྲས༔ བུ་མོ་དེ་ནི་མཁའ་འགྲོའི་སྤྲུལ་པ་སྟེ༔ ལྷ་ལྕམ་འཁོར་དུ་གཏན་བཞུགས་བྱ་བ་འོས༔ མཐར་ནི་མཁའ་འགྲོ་ཉིད་ཀྱིས་གདུལ་བྱ་ཡིན༔ དེ་སྐད་ལུང་བསྟན་དཔལ་མོ་གཞོན་ནུ་བཀུག༔ ལྷ་ལྕམ་འཁོར་དུ་བཞག་ནས་རྩིས་རྣམས་བསླབ༔ རེ་ཞིག་དཔལ་མོ་རབ་ཏུ་བྱུང་བ་དང་༔ ལྷ་ལྕམ་འཁོར་དུ་འཁྲུས་ཤིང་བསླབ་པར་གནས༔ དེ་ནས་རྒྱ་གར་མུ་སྟེགས་དཔུང་ཆེ་བས༔ ཚད་མའི་གཞུང་ལ་སློབ་ཅིག་ཡབ་ཀྱིས་བསྐུལ༔ སྔར་གྱི་སློབ་དཔོན་ཨ་ཏ་ཤེ་དང་ནི༔ དཔའ་མོའི་སྡེ་གཉིས་བཀུག་སྟེ་ཚད་མ་བསླབ༔ ཕྱི་ནང་སློབ་དཔོན་ལྔ་རིག་སྨྲ་བ་ཀུན༔ ཟིལ་གྱིས་གནོན་པའི་ཡོན་ཏན་རྩལ་ཆེན་བྱུང་༔ དེ་ནས་བཟོ་གནས་སྒྱུ་འཕྲུལ་ལ་སོགས་པ༔ རྒྱ་གར་ཡུལ་དུ་བསླབ་འོས་ཀུན་སྦྱངས་ནས༔ སུས་ཀྱང་འགྲན་མེད་པཎྜི་ཏ་རུ་གྱུར༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པའི་ལེའུ་སྟེ་བཅྭོ་བརྒྱད་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

མུ་སྟེགས་ཁྱབ་གསལ་ནག་པོའི་རྒོལ་བ་བཟློགས་ཏེ་བསྒྲལ་བའི་རིམ་པ།

དེ་ནས་རྒྱ་གར་གོོ་ཏ་ལ་ཡི་ཡུལ༔ མུ་སྟེགས་སྟོན་པ་ཆས་ནས་རྩོད་པ་བྱས༔ ནང་པའི་སློབ་དཔོན་སུས་ཀྱང་རྒོལ་མ་བཏུབ༔ རྒྱལ་པོ་ཆེན་པོ་འཆར་བྱེད་མྱ་ངན་གདུང་༔ དེ་ཚེ་སློབ་དཔོན་དྲི་མེད་ཡེ་ཤེས་ལ༔ རྡོ་རྗེ་ཕག་མོས་ལུང་བསྟན་འདི་ཉིད་གནང་༔ མུ་སྟེགས་སྟོན་པ་ཁྱབ་གསལ་ནག་པོ་འདི༔ སྔོན་སྨོན་ལོག་པ་བདུད་རྗེའི་སྤྲུལ་པ་ཡིན༔ རིག་པའི་རྩོད་ཟླ་གཞན་གྱིས་ཐུབ་པ་མིན༔ རྫུ་འཕྲུལ་སྟོབས་ཀྱང་སུས་ཀྱང་འགྲན་པར་དཀའ༔ འདི་ཡི་ཁ་གནོན་སྨོན་ལམ་བཏབ་པ་ནི༔ ད་ལྟ་ཤར་ཕྱོགས་བྷངྒ་ལ་ཡི་ཡུལ༔ ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་སྲས༔ ཡེ་ཤེས་མཁའ་འགྲོ་མནྡ་ར་བ་ཞེས༔ དགོང་ལོ་བཅུ་གསུམ་ལོན་ནས་རིག་པ་སྦྱངས༔ མངལ་གྱི་མ་གོས་རྫུ་འཕྲུལ་སྟོན་ནུས་པ༔ ང་ཡི་བྱིན་རླབས་ཡོད་པས་དེར་དྲོངས་ཤིག༔ ཅེས་པའི་ལུང་བསྟན་སློབ་དཔོན་རྒྱལ་པོ་རྣམས༔ བགྲོས་ཏེ་གསེར་ཡིག་ཟ་ཧོར་རྒྱལ་པོར་ཕུལ༔ རྒྱལ་པོས་གཟིགས་པས་ཡིག་དོན་འདི་ལྟར་འདུག༔ སྟོབས་འབྱོར་མངའ་ཐང་ཕྱུག་པ་ཟ་ཧོར་རྒྱལ༔ མུ་སྟེགས་ཁྱབ་གསལ་ནག་པོའི་དུག་གི་མེས༔ གོ་ཏ་ལ་ཡི་སློབ་དཔོན་རྣམ་ལྔའི་ཆོས༔ བསྲེགས་པའི་མེ་ཕུང་ཞི་བྱེད་བདུད་རྩིའི་རླན༔ ཁྱོད་སྲས་མནྡ་ར་བས་མཁའ་འགྲོས་བསྟན༔ མྱུར་བ་མྱུར་བར་གཤེགས་པ་བཀའ་དྲིན་གསོལ༔ ཞེས་འདུག་ཡབ་ཡུམ་རྒྱལ་བློན་འབངས་ཀུན་བསྡུས༔ ལྷ་ལྕམ་འབྱོན་པའི་གྲོས་བཏབ་དྷཱ་ཀིར་ཞུས༔ མནྡ་ར་བས་བདག་ནི་འགྲོའོ་གསུངས༔ དཔུང་གི་ཚོགས་བཅས་གོ་ཏའི་ཡུལ་དུ་བྱོན༔ ལྷ་ལྕམ་ཆས་སྤྲུགས་མཛད་ནས་རྩོད་གྲབས་མཛད༔ རྒྱལ་པོ་འཆར་བྱེད་ཡོན་མཆོད་ཐམས་ཅད་ཀྱིས༔ བཀུར་སྟི་རྒྱ་ཆེན་མཛད་ནས་མུ་སྟེགས་ལ༔ ཆེད་གཏམ་འདུས་ནས་སྟོན་པ་ལྔ་ལ་བརྩད༔ མུ་སྟེགས་ཕམ་ནས་ཚིག་གིས་རྒྱལ་ལོ་གསུངས༔ དེ་ནས་ཁྱབ་གསལ་ནག་པོ་གདོང་དུ་ལང་༔ གཞུང་དྲུག་ལྟ་ལོག་ཁས་བླངས་རྩོད་པ་ལ༔ ཁྱབ་གསལ་ཕམ་ནས་བུ་མོ་ཆས་བཅོས་ཅན༔ ཁ་འཆལ་ཁྱོད་འདྲ་རྫུ་འཕྲུལ་འགྲན་ནོ་ཟེར༔ འགྲན་པར་ཞལ་བཞེས་མུ་སྟེགས་མཁའ་ལ་འཕུར༔ མནྡ་ར་བའི་ཕྱག་གིས་སྡིགས་མཛུབ་མཛད༔ རྡོ་འཕང་བཞིན་དུ་སྟོན་པ་ས་ལ་འགྱེལ༔ དེ་ལྟ་མིན་ལ་ད་རུང་འགྲན་ནོ་ཟེར༔ ཐོག་སེར་ཕབ་པས་ཐོག་ཟོར་དགུ་ཙམ་བྱུང་༔ མཁའ་འགྲོའི་ཕྱག་རྒྱས་ཐོག་སེར་རང་ལོག་སོང་༔ ད་རུང་འགྲན་ཟེར་གང་གཱའི་སྟེང་དུ་ནི༔ བྱ་ལྟར་ལྡིང་བས་མཁའ་འགྲོའི་ཕྱག་བརྡབ་པས༔ རྡིལ་བུ་ཆུ་སྐྱུར་བཞིན་དུ་མེད་པར་སོང་༔ ཡང་ཅིག་ཆུ་ལས་དོན་ཏེ་འདི་ལྟར་སྨྲ༔ དེ་ནི་རྫུ་འཕྲུལ་ཡ་མ་ཟུང་ཙམ་ཡིན༔ ད་རུང་འགྲན་ཞེས་མུ་སྟེགས་སྟོན་པ་དྲུག༔ སོ་སོ་ཉིད་དུ་སེངྒེ་བརྒྱད་དུ་བྱུང་༔ ཁ་ནས་མེ་འབར་སྣ་ནས་རླུང་དམར་ལྡིར༔ འཇིགས་པའི་སྐད་ཅེས་འཕྲུལ་མོ་བརླག་ཅེས་ཟེར༔ མཆོང་སྟབས་མཁའ་འགྲོའི་གདོང་དུ་རྒོལ་ཏེ་བྱུང་༔ རྒྱལ་པོ་ཡོན་མཆོད་ཐུགས་སྐྲག་དངངས་བར་བྱུང་༔ དེ་ཚེ་མཁའ་འགྲོའི་ཧཱུྃཿསྒྲ་གཅིག་མཛད་པས༔ སེངྒེ་བརྒྱད་ཀྱང་ཁྱི་ལྤགས་ཁོ་ནར་གྱུར༔ སླར་ཡང་སྟོན་པ་དྲུག་གིས་ནམ་མཁའ་ལ༔ དུག་ཆར་བསྡུས་ཏེ་རྒྱལ་པོ་ཡོན་མཆོད་སྟེང་༔ སེར་རྒོད་བཞིན་དུ་བབས་པས་མཁའ་འགྲོ་ཡིས༔ རླུང་རོ་བསལ་བས་དུག་ཆར་རང་ལོག་སོང་༔ མུ་སྟེགས་ཡུལ་གླིང་གསུམ་ཙམ་ལྷག་མེད་སོང་༔ ད་རུང་སྟོན་པས་བུ་མོ་མིག་འཕྲུལ་མ༔ ཁྱོད་ཉིད་བསྡད་པས་མི་ཆོག་འཕུར་རྩལ་འགྲན༔ ཟེར་ནས་ཟོར་མདའ་ཁྱེར་ཏེ་འཕུར་དུ་བྱུང་༔ མདའ་ཆར་བཏང་བ་མཁའ་འགྲོས་ནམ་མཁའ་ལ༔ ཕྱག་གིས་བླངས་ཏེ་བྱིན་རླབས་སླར་འཕངས་པས༔ གཤེགས་སུ་བབས་ཏེ་སྟོན་པ་དྲུག་པོར་ཕོག༔ འོ་དོད་དང་བཅས་མཁའ་ནས་སྐད་ཅིག་ལྷུང་༔ ས་ལ་འགྱེལ་ཏེ་ཤི་བས་མུ་སྟེགས་ཕམ༔ འཁོར་ཚོགས་མུ་སྟེགས་ཀུན་ཀྱང་ནང་པར་བཙུད༔ དེ་ནས་མུ་སྟེགས་འདུལ་མཛད་དཔའ་མོར་གྲགས༔ རྒྱལ་པོ་ཡོན་མཆོད་མངའ་འབུལ་རྒྱ་ཆེར་མཛད༔ སློབ་དཔོན་དྲི་མེད་ཡེ་ཤེས་སྤྱན་སྔར་ལ༔ བདེན་པ་བཞི་དང་བྱང་ཆུབ་སེམས་བསྐྱེད་ཞུས༔ རིམ་པར་ཟ་ཧོར་ཡུལ་དུ་ཕྱག་ཕེབས་ནས༔ སྔར་བཞིན་ཡབ་ཡུམ་སྤྱན་སྔར་ཆོས་ལ་སྦྱངས༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ མུ་སྟེགས་ཁྱབ་གསལ་ནག་པོའི་རྒོལ་བ་བཟློགས་ཏེ་བསྒྲལ་བའི་རིམ་པ་སྟེ་ལེའུ་བཅུ་དགུ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

རིགས་ལྡན་བུ་མོ་སུམ་བརྒྱ་ཆོས་ལ་ཁྲིད་པའི་རིམ་པ།

དེ་ནས་ཡབ་གཅིག་རྒྱལ་པོ་ཉིན་མ་རེར༔ ཕོ་བྲང་རྩེ་མོར་ལྟད་མོ་ལན་རེ་འབྱོན༔ ལྟད་མོའི་རིགས་བྱེད་ཉི་མ་དུ་ཤར་དགོས༔ བཟང་ན་ཡོན་ཏན་བརྗོད་ཅིང་ངན་པ་ཕབ༔ གླིང་དཔེ་འབངས་ཀུན་བཅའ་ཁྲིམས་དམ་པོར་ཡོད༔ དེ་དུས་བཙུན་མོ་སྲས་བློན་ཐོ་ཕྱིར་བྱོན༔ མེ་ཏོག་རྒྱན་དང་ཁྲུས་གསོལ་ཆག་མེད་མཛད༔ སྐབས་ཤིག་བུ་མོ་མང་པོ་འདུས་པའི་ནང་༔ ལྷ་ལྕམ་ཉིད་ཀྱང་སྐྱོ་བསངས་ཉིད་ལ་ཕེབས༔ བུ་མོ་ཁྱོད་རྣམས་ང་ཕྱིར་འདོང་ངམ་གསུངས༔ འདོང་ཞུས་རིང་པོར་ལུང་བར་བྱོན་པ་ལ༔ ལྗོན་བཟང་ཚང་ཚིང་འཁྲིགས་པའི་རི་ཐང་མཚམས༔ རྒྱ་མཚོ་དྭངས་པའི་ཁ་ལ་བྲོ་མཛད་ནས༔ འཁོར་གྱི་བུ་མོ་རྣམས་ལ་བཀའ་སྩལ་པ༔ ཁྱོད་ཅག་བུ་མོ་འཁོར་བཅས་ཚུར་ཉོན་དང་༔ འཇིག་རྟེན་འདི་ན་དགའ་བའི་གནས་ག་རེ༔ ཅི་འདོད་སོམས་ལ་ང་ལ་ལེན་མོ་གྱིས༔ དེ་སྐད་གསུངས་པས་འཁོར་རྣམས་ཞུས་པ་ནི༔ ཅི་འདོད་བྱས་ན་ལྷ་མོ་ཁྱོད་འདྲར་འདོད༔ རིགས་རུས་ཡོ་བྱད་རྒྱལ་པོ་ལྟ་བུར་འདོད༔ ཟླ་གྲོགས་བྱས་ན་རྒྱལ་སྲིད་དམ་པར་འདོད༔ གནས་ཡུལ་དགའ་བ་ཕོ་བྲང་རྩེ་དགུ་འདོད༔ ཅེས་པ་ཞུས་པས་བདག་ལ་ཉོན་ཅིག་གསུངས༔ ཁྱེད་རྣམས་འདོད་པ་རང་བརླག་བྱེད་པར་སྙོགས༔ ཀླད་མེད་བུ་མོ་རང་སེམས་ཚུར་ལ་ཁུགས༔ རང་ཅག་བུད་མེད་འཁོར་བའི་ས་བོན་ཡིན༔ ཇི་ལྟར་མཛེས་ཀྱང་སྒྱུ་མའི་ལང་ཚོ་འདྲ༔ རྐྱེན་དབང་ཅུང་ཟད་ཙམ་གྱིས་དམན་དུ་འགྲོ༔ བློ་མིག་རྡུལ་བས་ཆོས་ལ་སྙིང་མི་གཏད༔ གྲོགས་པོ་དམྱལ་བའི་སྣ་འདྲེན་རྗེས་སུ་འབྲངས༔ ལུས་སྲོག་ཟླ་གྲོགས་དོན་དུ་སྟོར་ནུས་པ༔ ཡུན་ཙམ་སོང་རྗེས་ཁྲེལ་མེད་འཐབ་ཅིང་རྩོད༔ ལྷ་མིན་ཡུལ་འདྲའི་སྡུག་བསྔལ་ཆེས་ཆེར་འབར༔ སྐྱེ་འཆིའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ༔ ལས་དང་ལས་ཀྱི་རྣམ་པར་སྨིན་ལ་ལྟོས༔ འཇིག་རྟེན་ཁམས་འདིར་ལོངས་སྤྱོད་ནོར་རྫས་ཀུན༔ སྒྱུ་མ་རྨི་ལམ་འདྲ་སྟེ་བདེན་པ་མེད༔ བཀྲག་དང་ལོངས་སྤྱོད་ནམ་མཁའི་འཇའ་དང་འདྲ༔ སྐད་ཅིག་གསལ་ཀྱང་ཡུད་ཙམ་རྟག་པ་མེད༔ ཕོ་བྲང་རིན་ཆེན་ལྔ་ལྡན་རྩེ་དགུ་ཡང་༔ སྒྱུ་མའི་ཁང་པ་འདྲ་སྟེ་འཇིགས་པའི་རྒྱུ༔ ལང་ཚོ་རྒྱན་ཆ་དབྱར་གྱི་མེ་ཏོག་འདྲ༔ ཡུན་དུ་མི་གནས་རྒས་པའི་བ་མོས་འཇོམས༔ དར་གོས་རིན་ཐང་ཆེ་ཡང་ཟིལ་བ་འདྲ༔ ད་ལྟ་ཡོད་ཀྱང་རླུང་ཕོག་ཙམ་ནས་རྙིང་༔ འཁོར་འབངས་མཛའ་བཤེས་ཚོང་འདུས་མགྲོན་པོ་འདྲ༔ སྐད་ཅིག་འཛོམས་ཀྱང་སོ་སོར་འབྲལ་བར་འགྱུར༔ ཚེ་སྲོག་འདི་ནི་རླུང་གསེབ་མར་མེ་འདྲ༔ ནམ་འདའ་མི་ཤེས་ལོང་མེད་བྱ་ར་ཐོངས༔ མངའ་ཐང་སྙན་གྲགས་ནམ་མཁའི་འབྲུག་སྟོང་ལྟར༔ ད་ལྟ་སྙན་ཡང་རྗེས་མེད་བྲག་ཅར་མཚུངས༔ ཇི་ལྟར་དཔྱད་ཀྱང་སྙིང་པོ་ཏིལ་ཙམ་མེད༔ དོན་མེད་འཁྲུལ་སྣང་རང་སེམས་བརླག་པའི་རྒྱུ༔ འཇིག་རྟེན་འདི་ན་སྐྱེས་པའི་སྡུག་བསྔལ་ནི༔ ལྕགས་ཀྱི་དྲྭ་བར་འཛུད་པའི་མྱ་ངན་མྱོང་༔ རྣམ་པ་བཅོ་བརྒྱད་གྲངས་ཀྱི་ཆར་མི་ཕོད༔ རྒས་པའི་སྡུག་བསྔལ་བྱ་ཆེན་སྒྲོ་བྲལ་འདྲ༔ ལང་ཚོ་དབང་ཐང་སྟོབས་ཀྱང་རྒུད་པས་སྡུག༔ ན་བའི་སྡུག་བསྔལ་མེ་མུར་ལྷུང་བ་ལྟར༔ བདེ་བའི་སྐབས་མེད་ཤ་རུས་ཕྲལ་བ་འདྲ༔ འཆི་བའི་སྡུག་བསྔལ་གནམ་ལྕགས་ཐོག་ལྷུང་ལྟར༔ སུས་ཀྱང་ཕན་མེད་བཤོལ་བའི་ཐབས་དང་བྲལ༔ བར་དོའི་སྡུག་བསྔལ་དམག་ཆེན་བསྐོར་བ་ལྟར༔ དགེ་བ་མ་གཏོགས་ཅིས་ཀྱང་འཐབ་ཟླ་བྲལ༔ ཀྱེ་མ་ཀྱི་ཧུད་བུ་མོ་ཁྱོད་ཅག་སོམས༔ གནས་ཁང་ལོངས་སྤྱོད་བདུད་ཀྱི་བསླུ་བྲིད་ཡིན༔ མཛའ་གྲོགས་བཤེས་གཉེན་བདུད་ཀྱི་སུན་མ་ཡིན༔ ཞེན་ཆགས་འདི་ནི་འཁོར་བའི་ལྕགས་སྒྲོགས་ཡིན༔ གནས་སྐབས་བདེ་འབྱོར་གཤེད་མའི་དགའ་སྟོན་ཡིན༔ རང་ལུས་འདི་ཡང་མི་གཙང་རྐྱལ་བ་ཡིན༔ རྒྱལ་བ་མཆོད་ལ་བརྩོན་པ་མི་བྱེད་པར༔ མི་གཙང་ཆུ་ཡིས་བཀྲུ་བ་འཁྲུལ་པ་ཡིན༔ མི་གཙང་འཁྲུད་ཀྱང་མི་གཙང་ལས་གཞན་མེད༔ རང་ལུས་གཅེས་པར་འཛིན་པ་ང་བདག་ཡིན༔ བདག་པོ་བྱེད་པའི་ལུས་འདི་འཇིག་པར་འགྱུར༔ གང་ལ་དཔྱད་ཀྱང་ཐམས་ཅད་བདེན་པ་མེད༔ ཇི་ལྟར་བྱས་ཀྱང་ཀུན་ཀྱང་འཁྲུལ་བའི་རྒྱུ༔ དེ་ལ་བསམ་ན་དམ་པའི་ཆོས་ལ་གཤེགས༔ མ་འཁྲུལ་སྒོ་གསུམ་དོན་ལྡན་དགེ་ལ་འབུངས༔ ཕྱི་མ་བསམ་ན་བུ་མོ་མནྡ་རའི༔ ཆོས་ལུགས་འདི་ལ་ཞུགས་མཛོད་བུ་མོ་རྣམས༔ ཞེས་གསུངས་གདམས་པ་བསྩལ་བས་བུ་མོ་རྣམས༔ གྲོལ་ནས་ཀུན་གྱིས་བྱང་ཆུབ་སེམས་བསྐྱེད་ཞུས༔ ཐམས་ཅད་དགེ་ལ་འདུན་ཅེས་རྒྱལ་ཁབ་སྐྱོངས༔ དེ་ནས་རིམ་པར་ཀུན་དགའ་ར་བ་བཞེངས༔ ཆོས་ལམ་ཞུགས་ཤིང་སྡེ་སྣོད་རྣམ་གསུམ་བཤད༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ རིགས་ལྡན་བུ་མོ་སུམ་བརྒྱ་ཆོས་ལ་ཁྲིད་པའི་རིམ་པ་སྟེ་ལེའུ་ཉི་ཤུ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

སྲས་པོ་དཔལ་གྱི་སྡེ་མྱ་ངན་འདས་པ་ཡབ་ཡུམ་སྡུག་བསྔལ་ཆོས་ཀྱིས་བསལ་བ།

དེ་ནས་ལྷ་ལྕམ་མནྡ་ར་བ་ཉིད༔ གཞན་ཕན་བསྒྲུབ་པའི་ཐུགས་བསྐྱེད་འབའ་ཞིག་ལ༔ བརྟེན་ནས་ཉམ་ཐག་འགྲོ་བ་ཐམས་ཅད་ལ༔ ཕན་སེམས་ཁོ་ནས་མཁོ་བའི་ཡོ་བྱད་དང་༔ སྙན་པར་ཚིག་གིས་བསུ་དང་མཐུན་པར་སྤྱོད་པ་དང་༔ ཁ་ན་མ་ཐོའི་བྱ་བ་ཡོངས་མི་བྱེད༔ རྟག་ཏུ་བག་ཡོད་དུལ་ལ་ཞི་བ་དང་༔ དམན་པ་རྣམས་ལ་བརྩེ་ཞིང་བྱམས་པ་དང་༔ སྡིག་བྱེད་པ་རྣམས་གཟིགས་པས་སྙིང་རྗེ་བསྒོམ༔ བླ་མ་དགེ་བའི་བཤེས་ལ་འདུན་པ་དང་༔ དད་ཅིང་བསྙེན་བཀུར་ཕུ་དུད་རྒྱ་ཆེར་མཛད༔ ཡབ་དང་ཡུམ་ལ་སྲི་ཞུ་གུས་འདུད་བྱེད༔ བསོད་ནམས་བཟང་པོའི་གནས་ལ་བསྟོད་པ་དང་༔ ཡོན་ཏན་ཆུང་ངུ་ཙམ་ལ་ཐུགས་ཀྱིས་ཁུར༔ རིས་སུ་མ་ཆད་མཆོག་དང་དམན་པ་ལ༔ བཀའ་བློ་མི་བདེ་བ་ནི་ནམ་ཡང་སྤངས༔ མཆོད་འོས་མཆོད་ལ་དམན་པར་སྦྱིན་པ་བཏང་༔ དཔལ་དང་ཡོན་ཏན་འབྱོར་པས་ཕྱུག་པ་ལ༔ ནམ་ཡང་ཆགས་པའི་སེམས་ནི་རྣམ་པར་སྤངས༔ དགེ་བའི་ཡོན་ཏན་ཕྲ་བ་ཙམ་ལ་ཡང་༔ བསྔགས་བརྗོད་རྗེས་སུ་ཡི་རང་རྒྱ་ཆེར་རྨད༔ དོན་བློ་མངའ་ཞིང་སྐྱེ་བོར་མི་གནས་པ༔ ཡང་དག་ལམ་ལ་སློབ་པ་ཅི་ནུས་པར༔ བརྩོན་འགྲུས་གཡེལ་བ་མེད་པར་ཉམས་སུ་ལེན༔ དེ་ལྟར་ཡོན་ཏན་བསམ་ལས་འདས་པར་བསྐྱོད༔ སུས་ཀྱང་འགྲན་ཟླ་བྲལ་བའི་ངང་ཚུལ་ལྡན༔ དེ་ནས་སྐབས་ཤིག་ཡབ་རྗེ་རྒྱལ་པོ་ལ༔ བུ་མོས་གུས་བཏུད་སྙན་པའི་ཚིག་འདི་གསོལ༔ ཀྱེ་མ་ཡ་མཚན་མཆོག་གྱུར་དྲིན་ཆེན་ལགས༔ སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལགས༔ རྒྱལ་བའི་སྲས་ལ་ཞུགས་པའི་སྤྱོད་པ་ནི༔ སངས་རྒྱས་རྣམས་ཀྱིས་ལེགས་པར་བསྔགས་བརྗོད་གནང་༔ དེ་ལ་བསམ་ནས་དྲང་སྲོང་སྐྱོད་པར་མོས༔ བདག་ནི་ནམ་ཡང་འཁོར་བར་མི་གནས་པར༔ ངུར་སྨྲིག་གོས་ཟླུམ་བགོ་བའི་རྗེས་སུ་འབྲངས༔ ཀུན་སྤྱོད་བསྡམས་པའི་ཚུལ་ཁྲིམས་བསྲུང་བ་ཡི༔ ཆོས་སྒོར་ཞུགས་ནས་ཀུན་དགའ་ར་བ་སྐྱོངས༔ དེ་སྐད་གསོལ་བས་རྒྱལ་པོས་མ་གནང་ངོ་༔

དེ་ནས་ཉིན་མོ་མ་ཡི་བཀུར་སྟི་མཛད༔ ཅི་གསུངས་བཀའ་སྒྲུབ་གཡོག་གི་ཚུལ་དུ་མཛད༔ མཚན་མོ་གཉིད་མེད་དམ་ཆོས་བསྒྲུབ་ལ་བརྩོན༔ དེ་ཚེ་ཡབ་གཅིག་སྲས་ཆེན་དཔའ་བོའི་སྡེ༔ ཚེ་དུས་འདས་ནས་ཡབ་ཡུམ་སྡུག་བསྔལ་ཚེ༔ ཡབ་ཀྱིས་བུ་ཡི་རོ་ལ་མགོ་གཏུག་ནས༔ ཀྱེ་མ་ཀྱི་ཧུད་བུ་གཅིག་ཨ་ཙ་མ༔ ང་ནི་སྔོན་ཆད་རྒྱལ་པོ་བསོད་ནམས་ལྡན༔ ལོངས་སྤྱོད་ནོར་མང་མངའ་འོག་ཆབ་སྲིད་རྒྱས༔ སྲས་པོ་རིགས་བཟང་སྤུན་དང་སྲས་མོ་གསུམ༔ ཕ་མ་གཉིས་ཀྱི་ཁོང་པའི་སྙིང་དང་མིག༔ གཅེས་པའི་བུ་ལ་འདི་འདྲ་འོང་སྟེ་མཆི༔ སྲིད་པའི་ལས་ལ་བསྐོས་ཐང་རེ་རེ་ཡོད༔ དེ་ཡི་ཕ་མ་གཉིས་ཀྱིས་བསྐོས་ཐང་བབས༔ ཁོང་པའི་སྙིང་དེ་ཐང་ལ་ལྷུང་ཕྱིན་ནས༔ བེམ་སྒོག་རྩིབ་མའི་དྲ་བས་ཅི་ཞིག་བྱེད༔ དབང་པོའི་དྭངས་མ་མིག་འབྲས་ཐང་ལྷུང་ནས༔ ཡན་ལག་གཞན་ཀུན་ཚང་བས་ཅི་ཞིག་བྱེད༔ རྙོབ་བྱེད་ལག་པ་རལ་གྲིས་བཅད་གྱུར་པས༔ གཟུགས་ཕུང་གཞན་ཡོད་པས་ནི་ཅི་ཞིག་བྱ༔ རྐང་གཉིས་མེད་པས་གཟུགས་ཀྱི་ཅི་ཞིག་བྱ༔ ཕོ་བྲང་རྩེ་དགུ་གྱང་མཁར་བཀོད་མཛེས་ཡང་༔ ནང་ན་མི་མེད་གྱང་སྟོང་འདིས་ཅི་བྱ༔ ནོར་རྫས་འབྱོར་པ་བཟང་དགུ་འཛོམས་ལགས་ཀྱང་༔ བདག་པོ་མེད་པའི་ལོངས་སྤྱོད་སུ་ལ་བལྟ༔ མངའ་རིའི་འབངས་འཁོར་ཆབ་སྲིད་རྒྱས་གྱུར་ཀྱང་༔ སྐྱོང་མི་མེད་པའི་ཡུལ་སྡེའི་ཅི་ཞིག་བྱ༔ སྙིང་དང་འདྲ་བའི་བུ་སྡུག་འཆི་བས་ཐེབས༔ བུད་མེད་ཕ་མ་གཉིས་པོ་ཙམ་རང་བྱ༔ ཀྱེ་མ་ཀྱི་ཧུད་ཨ་ཙ་མ་ན་ཨང་༔ ཞེས་པ་བརྗོད་ཅིང་མཆི་མ་ཕྱུང་བར་བྱེད༔ བཙུན་མོའི་སྡུག་བསྔལ་ངག་ནས་འདི་སྐད་བྱེད༔ ཀྱེ་མ་ཀྱི་ཧུད་དྲིན་ཆེན་ཨ་ཙ་མ༔ ང་ཡི་ཁོང་པའི་སྙིང་ནི་གས་ལ་ཐུག༔ བསོད་ནམས་འདི་འདྲ་ཅི་ཡིན་རྣམ་སྨིན་ལགས༔ སྲས་བུ་དེ་འདྲ་སྙིང་རྗེའི་གནས་སུ་ལྷུང་༔ བུ་སྡུག་འདི་ལྟར་ཆོས་ཉིད་མྱོང་བ་འདི༔ ལས་ལ་ཡོད་དམ་འཕྲལ་རྐྱེན་གང་ཡིན་རུང་༔ མིག་འདྲའི་བུ་དེ་ནམ་མཁའི་འཇའ་ལྟར་ཡལ༔ བྱིས་སྦའི་སེམས་འདྲའི་མ་རྒན་ཤུལ་དུ་ལུས༔ སྙིང་གི་དྭངས་མ་སྲས་བུ་སྔོན་དུ་ཡལ༔ རྩིབ་ཁོག་སྟོང་པའི་མ་རྒན་ཤུལ་དུ་ལུས༔ ཇི་ལྟར་བྱས་རུང་སྲོག་འདི་མི་འཆད་དམ༔ ཞེས་པའི་སྨྲེ་ངག་བཏོན་ཞིང་བརྒྱལ་བར་གྱུར༔ དེ་ཚེ་མནྡ་ར་བས་བཙུན་མོ་ལ༔ ཞལ་ཕུས་བརྒྱལ་བསངས་ཡབ་ཡུམ་གཉིས་ལ་ཞུས༔ གསོན་ཅིག་རྒྱལ་པོ་ཡབ་ཡུམ་བུ་མོར་གསོན༔ འཇིག་རྟེན་ཁམས་འདིར་སྐྱེས་ཀུན་རྟག་པ་མེད༔ ཆགས་པའི་མཐའ་འཇིག་སྣོད་ཀྱི་བཀོད་པ་འཇིག༔ ནང་བཅུད་སྐྱེས་པའི་མཐའ་མ་འཆི་བར་བྱེད༔ འདུས་མཐའ་འབྲལ་དང་བསོགས་པའི་མཐའ་མ་འཛད༔ དར་མཐའ་གུད་དང་བརྩེགས་པའི་མཐའ་མ་ཞིག༔ སངས་རྒྱས་རྡོ་རྗེའི་སྐུ་ཡང་མྱང་འདས་སྟོན༔ རྒྱལ་པོ་བསོད་ནམས་ཆེ་ཡང་གཅིག་པུར་ཤི༔ ལས་ཀྱི་འབྲས་བུ་སྨིན་ལ་ཡིད་ཆེས་མཛོད༔ ཐམས་ཅད་དེ་འདྲའི་ཆོས་ལས་འདའ་མེད་པས༔ མྱ་ངན་གདུངས་བས་ཕན་པ་མེད་ལ་ལྟོས༔ སྒྱུ་མའི་ཆོས་ལ་སོམས་མཛོད་ཡབ་ཡུམ་གཉིས༔ མི་འཆི་སྡོད་སྐབས་མེད་པར་ཐག་ཆོད་འདུག༔ ཅིས་ཀྱང་སྡུག་བསྔལ་ཡུལ་ལས་འདས་པར་བཟོད༔ བུ་མོའི་ངག་ལ་གསོན་མཛོད་དྲིན་ཆེན་གཉིས༔ ཞེས་གསུངས་ཡབ་ཡུམ་ཅུང་ཟད་བློ་རྙེད་དེ༔ ལྷ་ལྕམ་ངག་ལ་བདེན་པར་འཐད་ཅེས་གསུངས༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ སྲས་པོ་དཔལ་གྱི་སྡེ་མྱ་ངན་འདས་པ་ཡབ་ཡུམ་སྡུག་བསྔལ་ཆོས་ཀྱིས་བསལ་བའི་ལེའུ་སྟེ་ཉེར་གཅིག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

གཡུལ་གྱིས་རྩོད་པ་བསྡུམས་ནས་མཁའ་འགྲོས་ལུང་བསྟན་པ་དང་བུད་མེད་ལྔ་བརྒྱ་ཆོས་ལ་བཀོད་པ།

དེ་ནས་རྒྱལ་པོའི་ཁབ་དེར་ལོ་གཅིག་ཏུ༔ ཆུ་བོ་རྒྱས་ཤིང་གྲུ་ཟམ་མ་ཚུགས་ཤིང་༔ ཆུ་གནས་རྣམས་ཀྱང་གནས་པའི་དུས་མ་མཆིས༔ དེ་ཚེ་ཇ་ཆུ་བཟང་པོ་དྭངས་མེད་ཅིང་༔ བ་ཚྭ་ཅན་ཀུན་རི་བོ་ས་གཞིར་ཐིམ༔ ཡུལ་ཁམས་མི་བདེ་ཐོག་དང་སེར་བ་རྒོད༔ རིམས་ཡམས་ནད་དང་དམག་གི་འཁྲུགས་པ་དར༔ དེ་ཚེ་བྷེ་ཏའི་རྒྱལ་པོ་ཨངྒ་དང་༔ ཟ་ཧོར་རྒྱལ་ཁབ་འཁྲུགས་པའི་གཞི་མར་གྱུར༔ ཀུན་གྱིས་དམག་གཡོས་ས་མཚམས་འཐབ་ར་བཅའ༔ སྒྱོགས་དང་མཚོན་ཆའི་བྱེ་བྲག་ཐམས་ཅད་ཐོགས༔ ལ་ལུང་མེད་པར་དམག་གིས་བུ་ཡུག་འཚུབས༔ དེ་ཚེ་གཅིག་ལ་གཅིག་གི་ཞེ་སྡང་རྔམས༔ གསོད་ལ་རྔམ་ཞིང་གཤེ་བའི་ཀུ་ཅོ་འདེབས༔ དུས་དེར་ལྷ་ལྕམ་མནྡ་ར་བ་ཡིས༔ ཡབ་ཀྱི་རྒྱལ་པོ་མཆོག་ལ་འདི་སྐད་ཞུས༔ ཀྱེེཿ མངའ་ཐང་ལོངས་སྤྱོད་རྒྱས་པའི་རྒྱལ་པོ་ལགས༔ ཁྱེད་ཉིད་ཆོས་རྒྱལ་སྲིད་པ་སྐྱོང་ལ་མཁས༔ མ་རབས་འདི་འདྲའི་འཁྲུགས་པ་བྱེད་པ་འདི༔ ཁྱེད་ཀྱི་བཀའ་ཡི་བློན་པོ་ཤེས་ཡིན་ནམ༔ ཚབས་ཆེན་ལས་འདི་སུ་ཡིས་ཕོད་པ་ལགས༔ སྲོག་གཅོད་རྣམ་སྨིན་སུ་ཡི་བཟོད་མིན་ལགས༔ མཚམས་མེད་ལས་ལ་སྤྱོད་འདི་ཨེ་རེ་འཁྲུལ༔ ཡང་ཡང་སྐྱེ་ཤིའི་ལས་ལ་བསམ་གཞིག་ཐོངས༔ ལས་འདི་བཟློག་པའི་ཐབས་ཤིག་རྒྱལ་པོས་མཛོད༔ བཀའ་གཡོག་བུ་མོ་བདག་གིས་བགྱིད་པ་ལགས༔ ཞེས་ཞུས་རྒྱལ་པོས་བྷེེ་ཏའི་རྒྱལ་པོ་ལ༔ སླ་བོ་ཐེངས་པའི་ཐབས་འདྲ་གྱིས་དང་གསུངས༔ དེ་ལྟར་བགྱིས་ཞུས་གསེར་ཡིག་ལྷ་ལྕམ་བྲིས༔ རྒྱལ་པོའི་ཁབ་ཀྱི་རྒྱལ་པོར་ཕྲེང་ཡིག་བཏང་༔ ཞུ་དོན་རིན་ཆེན་རྒྱན་དང་བཅས་ཏེ་ཕུལ༔ དེ་ཚེ་རྒྱལ་པོས་ཡི་གེ་ལ་གཟིགས་ནས༔ ཕུན་ཚོགས་ས་འཛིན་རྒྱལ་པོ་ཆེན་པོ་ལགས༔ བྷེེ་ཏའི་རྒྱལ་པོ་ཟ་ཧོར་རྒྱལ་ཁམས་གཉིས༔ འཁྲུགས་པའི་ལ་ཡོག་ངན་སོང་ལྟ་བུར་གྱུར༔ ཟླུམ་པའི་ཕྲིན་ལས་རིན་ཆེན་འོད་དཀར་གྱིས༔ ཞེ་སྡང་མུན་པའི་ཚོགས་འདི་མྱུར་བསལ་མཛོད༔ དེ་སྐད་འདུག་པས་རྒྱལ་པོས་གསེར་ཡིག་དང་༔ བློན་པོ་ཀཱ་རི་དཔོན་གཡོག་དང་བཅས་བརྫངས༔ གསེར་ཡིག་གཉིས་པོ་སོ་སོར་དམག་ལ་གཏད༔ སོ་སོའི་གསེར་ཡིག་རྣམས་ལ་འདི་ལྟར་འདུག༔ ཟ་ཧོར་རྒྱལ་བློན་དམག་སྡེ་བཅས་པ་ཀུན༔ བྱམས་པའི་ཚུལ་གྱིས་གཡུལ་ངོ་ལྡོག་པ་དང་༔ ཆོས་ཀྱི་རེ་བ་སྐོང་བའི་དགའ་སྟོན་སྦྱིན༔ སྟོབས་ཆེན་མཚོ་ཆ་བསྡུས་ལ་རང་གནས་གཤེགས༔ དྲི་མེད་བློ་ལ་རང་གཞན་མཉམ་པའི་དར༔ ཕྱར་བའི་བདེ་བ་ཡིན་ནོ་རྒྱལ་པོའི་བཀའ༔ ཞེས་པའི་འཕྲིན་འདུག་ཀུན་གྱིས་འཐད་པར་སེམས༔ བྷེེ་ཏའི་རྒྱལ་བློན་རྣམས་ཀྱིས་གསེར་ཡིག་བཀླག༔ གསེར་ཅན་ལྟོ་བ་ཡངས་པ་བྷེེ་ཏའི་རྒྱལ༔ འབངས་འཁོར་དབང་ཕྱུག་བདག་པོ་སྲེད་མེད་བུ༔ གཡུལ་གྱི་བཟོད་པ་དྲག་པོའི་བློ་ལ་བསྒྱུར༔ རབ་ཆེན་བློ་ཡངས་ཆོས་ཉིད་དཀར་པོའི་ཟེར༔ རིག་རལ་མཚོན་ཆ་བསྡུས་ལ་བདེ་བའི་ཉི༔ ཀུན་ལ་ཁྱབ་པར་མཛོད་ཀྱིན་རྒྱལ་པོའི་བཀའ༔ ཞེས་འདུག་བདེན་ཞེས་ཀུན་གྱིས་སྤྱི་བོར་ཁུར༔ དམག་རྣམས་རང་ཞི་བདེ་བའི་ངང་དུ་བསྡམས༔ བདེན་དོན་དྲང་པོའི་ལམ་ལ་ཕན་ཚུན་གནས༔ དེ་ལྟར་མཐུན་པའི་ཚིག་བཙུན་ལྷ་ལྕམ་ལ༔ ཞུས་པས་བདེ་བའི་གོ་སྐབས་ཡོད་དོ་གསུངས༔

དེ་ནས་ཉིན་བཞིན་སྲོག་བཅད་ལྡོག་པ་དང་༔ དེ་བཞིན་དགེ་བ་བཅུ་ཡི་ལས་ལམ་ལ༔ ཐམས་ཅད་འགོད་པའི་མཛད་པ་གྲངས་མེད་སྐྱོངས༔ ཉིན་གཅིག་ལྷ་ལྕམ་འཁོར་ཚོགས་དགེ་མ་བཅས༔ སྐྱེད་མོས་ཚལ་བྱོན་དེ་རུ་བཞུགས་པ་ལ༔ ལྷ་མོའི་གཟུགས་ཅན་ཡིད་དུ་འོང་བ་གཅིག༔ བྱོན་ནས་བུ་མོ་ཁྱེད་ཅག་སུ་ཡིན་འདྲི༔ དེ་ཚེ་མནྡ་ར་བས་འདི་སྐད་ཞུས༔ ཀྱེེཿ ལྷ་ཡི་བུ་མོ་མཛེས་འཛུམ་འོད་དུ་འཚེར༔ རིན་ཆེན་རྒྱན་སྤྲས་འོད་ཟེར་འབར་བར་བཞུགས༔ པདྨ་ལྟ་བུ་མདངས་འོད་དཀར་དམར་ཆགས༔ ཉི་ཟླ་ལྟ་བུའི་སྤྱན་ཟུང་ཟིམ་བུར་གཡོ༔ བཅུ་དྲུག་ལོན་པའི་ན་ཚོད་ནུ་མ་འབུར༔ ཕྱག་མཐིལ་ཨུཏྤལ་འདབ་མ་ལྟ་བུར་འཇམ༔ སྐུ་རྐེད་ཕྲ་ལ་སྒེག་པའི་ཉམས་དང་ལྡན༔ ཞབས་མཐིལ་པདྨ་འདབ་ལྟར་མཉེན་ལ་འཁྱུག༔ དྲི་མེད་རང་བྱུང་མཚན་དཔེའི་དཀྱིལ་འཁོར་བཞད༔ ངོ་མཚར་སྐུ་ཡི་དཀྱིལ་འཁོར་འདིར་ལྷག་ན༔ ཡབ་དང་ཡུམ་དང་རིགས་རུས་ཡུལ་གང་ཡིན༔ འདི་རུ་འབྱོན་པའི་དོན་ནི་ཅི་ཞིག་འཚལ༔ བཀའ་གསུང་བདུད་རྩིའི་ཆར་ཆེན་ཡོངས་འབབ་པས༔ བདག་ཅག་རེ་བ་གཉེན་པོ་བསྐང་དུ་གསོལ༔ ཞེས་གསོལ་ལན་ལ་མཁའ་འགྲོས་ལན་བཏབ་པ༔ ཨེ་མ་ཧོཿ མཁའ་འགྲོ་ཆེན་མོ་ཟ་ཧོར་རྒྱལ་པོའི་སྲས༔ རིགས་ཀྱི་མཆོག་གྱུར་མནྡ་ར་བ་གསོན༔ ང་ནི་ཡབ་མེད་པདྨ་ཀུན་ཏུ་འཆང་༔ ཡུམ་ནི་བདེ་བའི་བདག་པོ་དབྱིངས་ཕྱུག་མ༔ བུ་མོ་ང་ནི་ཡུམ་ཆེན་གོས་དཀར་མོ༔ ཡུལ་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་༔ རིགས་ནི་པདྨ་མཁའ་འགྲོའི་ངོ་བོ་སྟེ༔ རུས་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཡིན༔ བུ་མོ་ཁྱོད་ལ་གདམས་པ་བཤད་དུ་འོང་༔ ལུང་བསྟན་གསལ་བའི་ལྡེ་མིག་སྟོན་དུ་འོང་༔ ང་ནི་ཁྱོད་ཀྱི་སྤྲུལ་གཞི་དྷཱཀི་ཡིན༔ དོན་གྱི་ཆ་ནས་གཤེགས་བཞུད་མཚན་མ་བྲལ༔ ཞེས་གསུངས་མནྡ་ར་བས་ཕྱག་འཚལ་ནས༔ གུས་པའི་དབྱངས་ཀྱིས་གསོལ་བ་འདི་ལྟར་བཏབ༔ ཨེ་མ་ཧོཿ ཡེ་ཤེས་མཁའ་འགྲོ་བདག་ལ་དགོངས་སུ་གསོལ༔ བདག་ནི་ཁྲག་ཆགས་མངལ་གྱི་གནས་སུ་སྐྱེས༔ བསོད་ནམས་ཡེ་ཤེས་གང་ལ་བལྟས་ཀྱང་བཟང་༔ རིགས་ནི་རྒྱལ་རིགས་ཟ་ཧོར་ལྷ་ཡི་རྗེ༔ ཡུལ་ནི་བྷངྒ་ལ་ཡི་གནས་སུ་སྐྱེས༔ སྐྱེ་བ་དམན་པས་བུད་མེད་ལུས་སུ་གྱུར༔ དབང་མེད་འཁོར་བའི་གཤེད་མས་འདེད་འདེད་འདྲ༔ ཉོན་མོངས་འཁྲུལ་པའི་དབང་དུ་ཤོར་ཤོར་འདྲ༔ ཆོས་མེད་ལག་སྟོང་འཕྱན་པར་འགྲོ་འགྲོ་འདྲ༔ དུག་གསུམ་རྣམ་སྨིན་མང་པོ་ཉོ་ཉོ་འདྲ༔ ཡེ་ཤེས་མཁའ་འགྲོའི་ཐུགས་རྗེས་རྗེས་བཟུང་ནས༔ མགོན་མེད་མནྡ་ར་བ་བསྐྱབ་ཏུ་གསོལ༔ གསུང་གི་གདམས་པ་ལུང་བསྟན་བདག་ལ་སྩོལ༔ ལམ་ལོག་གཡང་ལས་ལྡོག་པར་མཛད་དུ་གསོལ༔ འཁོར་བ་བརྒལ་དཀའི་འདམ་ལས་མྱུར་ཐར་མཛོད༔ ཉོན་མོངས་གཤེད་མའི་དབང་དུ་མ་གྱུར་ཅིག༔ རྒྱལ་བ་སྲས་བཅས་རྗེས་སུ་དྲོངས་ཤིག་ལྷ༔ སྐྱབས་དང་དཔུང་གཉེན་གཞན་དུ་མ་མཆིས་པས༔ མནྡ་ར་བའི་བློ་སྣ་ཆོས་ལ་བསྒྱུར༔ ཕྱི་ནང་གསང་བའི་བར་ཆད་མ་ལུས་སོལ༔ མ་ཅིག་དམ་པའི་ཐུགས་རྗེས་རྟག་བཟུང་འཚལ༔ ཞེས་པའི་གསོལ་བཏབ་བུ་མོ་གཞན་དག་གིས༔ སྨྲ་བའི་གྲོགས་དན་བྱས་ནས་གུས་པས་བཏུད༔ མཁའ་འགྲོའི་ཞལ་ནས་གདམས་པའི་ཚངས་དབྱངས་སྒྲོགས༔ ཀྱེ་མ་ཧོཿ མི་ཡི་བུ་མོ་སྐལ་ལྡན་མནྡ་ར༔ བདག་གིས་ཁྱོད་ཀྱི་སྒོ་གསུམ་བྱིན་བརླབས་པས༔ བློ་སྣ་དམ་ཆོས་ཡང་དག་བརྩོན་པར་གྱུར༔ ཕྱོགས་བཞི་མཚམས་བརྒྱད་རྒྱལ་པོས་གཉེན་བསྐུལ་ཡང་༔ རང་ལ་བཟོད་པའི་གོ་ཆ་བརྟན་པོར་གྱིས༔ ཕ་དང་མ་ཡི་བསྐུལ་ལྕགས་འདེད་ན་ཡང་༔ འཁོར་བའི་ལས་ཀྱི་རང་མཚང་ཤོད་ལ་གཞིབ༔ ལས་འབྲས་བཤད་པས་དྲིན་གྱིས་འཚོ་བར་འོངས༔ མིང་པོ་གྲོགས་ཀྱི་བུ་མོ་འདི་དག་རྣམས༔ བདེན་པའི་ཆོས་ཀྱི་གྲོལ་ལམ་ས་རུ་སྙོགས༔ སངས་རྒྱས་གཉིས་པ་ཡེ་ཤེས་ཆོ་འཕྲུལ་ཆེ༔ རྗེས་སུ་བཟུང་བ་བསྔོ་སྨོན་མཐུ་ལ་ལྟོས༔ ལས་ངན་ལོག་ལྟའི་རླུང་དམར་གཡོ་བའི་ཚེ༔ རྒྱལ་བའི་སྐུ་ལ་དད་མོས་རྩེ་གཅིག་རེམ༔ བར་ཆད་བདུད་ཀྱི་གཡུལ་ངོ་སྐད་ཅིག་བཟློག༔ འཆི་མེད་དབང་ཐོབ་སྐྱེ་འཆིའི་འཇིགས་ལས་གྲོལ༔ རྒྱལ་ཁམས་བདུན་ཕྲག་འབྲེལ་པ་བཟང་པོས་ཐེབས༔ སངས་རྒྱས་སྲས་བཅས་ཡོན་ཏན་ཐམས་ཅད་ཐོབ༔ ལས་དབང་ཟད་པས་སྤྲུལ་པས་ཞིང་ཀུན་འདྲེན༔ མཐར་ཐུག་མ་ཡི་དབྱིངས་དང་གཉིས་མེད་འདྲེས༔ ས་མ་ཡཱ༔ ཞེས་གསུངས་ལྷ་མོ་ནམ་མཁའི་འཇའ་ལྟར་ཡལ༔ མནྡ་ར་བའི་ཐུགས་ཀྱི་དགོངས་པ་ལ༔ བདག་ནི་བསོད་ནམས་ལྡན་པའི་དྷཱཀི་མཇལ༔ དབང་པོ་དག་པས་ལུང་གི་གདམས་པ་ཐོབ༔ བདུད་ཀྱི་བར་ཆད་ཉོན་མོངས་གཤེད་མ་ཡིན༔ གདུངས་ཀྱང་ནམ་ཡང་མི་བྱེད་ཐུགས་དམ་བཅའ༔ སངས་རྒྱས་དངོས་ཤིག་མཇལ་གྱུར་དགའ་བར་སྙམ༔ ཚེ་གཅིག་སངས་རྒྱས་འགྲུབ་ན་དགོངས་པར་འབྱུང་༔ བུད་མེད་རྣམས་ལ་དམ་ཆོས་འདི་ཉིད་བསྩལ༔ ཀྱེེཿ གྲོགས་མོ་ཁྱོད་རྣམས་མ་ཡེངས་དགེ་ལ་འབུངས༔ འཇིག་རྟེན་ཁམས་འདིར་བདེ་བའི་གནས་སྐབས་དབེན༔ འཁོར་བའི་ལོངས་སྤྱོད་སྦྲང་རྩི་འདྲ་བ་ལ༔ ཞེན་ཆགས་སྦྲང་བུས་བཟུང་བས་སྲོག་རྩ་ཕུངས༔ འཁོར་བའི་འདོད་ཡོན་དུག་གི་རྒྱ་མཚོ་འདི༔ བསམ་མེད་ལོངས་སྤྱོད་རང་གིས་རང་ཉིད་ཕུངས༔ འཁོར་བའི་ལས་ངན་མེ་འོབས་དོང་ཆེན་འདི༔ བྱིས་སྦས་མ་མཐོང་འཇུག་པས་ལུས་ཕུང་འཐོར༔ འཁོར་བའི་གཡང་ས་མུན་ཁང་རྒྱ་མཐོངས་ལྟར༔ ཀླད་མེད་རྒྱུག་པས་ཐར་མེད་ནང་དུ་ལྷུང་༔ འཁོར་བའི་ལོངས་སྤྱོད་ངོམ་མེད་རྒྱ་མཚོ་ལ༔ ལས་ངན་དབང་གིས་འཇུག་པས་ལྦ་ལ་གཡེངས༔ འཁོར་བའི་བྱ་བ་སྤུ་གྲིའི་ཚལ་ཆེན་འདི༔ མིག་མེད་མཆོང་བས་ལུས་ཕུང་སྐད་ཅིག་བརླག༔ འཁོར་བའི་རྒྱུན་ཐག་ལྕགས་ཀྱི་གོང་ར་འདིར༔ སྙིང་མེད་སྨྱོན་པའི་ལད་མོས་རང་མགོ་འཁོར༔ འཁོར་བའི་སྲེད་པ་མཚོན་ཆའི་འཁོར་ལོ་འདི༔ མགོ་མེད་མདོ་ཤོར་ཀླད་ནས་མིག་བྲལ་སྡུག༔ དེ་འདྲའི་ལས་ལ་མངོན་སུམ་རྒྱུག་པ་འདི༔ མིག་མེད་དབང་པོ་དོད་ཀྱང་ཅི་ཞིག་བྱ༔ འདི་ལས་ཅི་ཐར་མཛོད་དང་བསམ་དོན་འགྲུབ༔ མཁའ་འགྲོའི་ལུང་བསྟན་གཞན་ལ་མ་འཆད་ཅིག༔ འཆད་ནས་བཀའ་ཡི་ཆད་པས་གཟིར་བར་ངེས༔ ཀླད་མེད་གྱོང་པོའི་ཕྱི་རྗེས་མ་འབྲང་བར༔ རང་དོན་གྱིས་ལ་དམ་ཆོས་ཁོ་ནར་གྱིས༔ མཐར་ཐུག་བདེ་བ་འཐོབ་བོ་གྲོགས་མོ་རྣམས༔ ཞེས་གསུངས་བུ་མོ་དེ་རྣམས་རྗེས་ཡི་རངས༔ ཆོས་ལ་གནས་པར་ཁས་བླངས་བསྒྲུབ་ལ་བཞུད༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ གཡུལ་གྱིས་རྩོད་པ་བསྡུམས་ནས་མཁའ་འགྲོས་ལུང་བསྟན་པ་དང་༔ བུད་མེད་ལྔ་བརྒྱ་ཆོས་ལ་བཀོད་པའི་ལེའུ་སྟེ་ཉེར་གཉིས་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ་རྙེད་ནས་མཆོད་པའི་རྟེན་དུ་བཞག་པའི་རིམ་པ།

དེ་ནས་མནྡ་ར་བའི་སྙན་པ་ནི༔ ཕྱོགས་བཞིའི་རྒྱལ་ཁམས་མ་ལུས་ཡོངས་སུ་ཁེངས༔ ཐམས་ཅད་དེ་ལ་སྨོན་ཅིང་འདུན་པར་སེམས༔ དེ་ཚེ་ཡབ་གཅིག་གཙུག་ལག་འཛིན་པ་ཡི༔ ཉིན་ཅིག་བུ་མོ་ལ་ནི་འདི་སྐད་ཞུས༔ ཀྱེེཿ ཡ་མཚན་མཆོག་གྱུར་མནྡ་ར་བ་འདི༔ བདག་ཉིད་ཕ་མར་ཤིན་ཏུ་བརྩེ་བ་ལ༔ འདི་འདྲའི་མཚན་ལེགས་གཟུགས་བྱད་མཛེས་པ་ནི༔ ལྟ་བས་མི་ངོམ་པ་ཞིག་ཡོད་པ་ལ༔ ཕྱོགས་བཅུའི་རྒྱལ་ཁབ་མང་པོས་སྙན་པ་གོ༔ སློང་ན་མ་སྟེར་རྒྱལ་ཁབ་གནོད་པར་དོགས༔ སྟེར་ན་བུ་མོའི་ཆོས་ཀྱི་བར་ཆད་འགྲོ༔ ཇི་ལྟར་བྱས་རུང་ཐབས་ནི་སྡུག་གྱུར་པས༔ བུ་མོ་བསྙེན་པར་རྫོགས་ན་ཅི་གཏོལ་ཨང་༔ ཞེས་གསུངས་བཙུན་མོས་བཀའ་ཡིས་ལན་བཏབ་པ༔ ཀྱེེཿ ལྷ་ཅིག་རྒྱལ་པོ་ཆེན་པོ་དེ་ལྟར་ལགས༔ བུ་མོའི་རྒྱུད་འདི་ཆོས་ལས་གཞན་མ་སེམས༔ བསམ་པ་བཟང་པོས་འགྲོར་ཕན་ལྷུར་བགྱིད་པ༔ ཐར་བའི་ལམ་ལ་སྙེགས་འདོད་གཡེལ་བ་མེད༔ ངས་ནི་བུ་མོའི་བཀའ་བཞིན་ཁས་བླངས་སོང་༔ ཕ་མའི་དྲུང་དུ་ཉེ་བར་འཁོད་ན་དགའ༔ ཞེས་སྨྲས་ཙམ་ལ་རྟག་ཏུ་བདེན་པར་གནས༔ ཇི་ལྟ་ན་ཡང་གཞན་གཏོང་ཡིད་ཀྱང་སྡུག༔ ཇི་ལྟར་དཔྱད་ཀྱང་ཆོས་ལ་གནས་པར་གྱུར༔ ཕྱོགས་ཀྱི་རྒྱལ་པོས་སློང་ན་ནོར་གྱིས་བསླུ༔ ངོ་མཉམ་གྱུར་ན་བུ་མོ་རང་དབང་ཆེ༔ མི་བཏང་ཆོག་འདུག་ལེ་ལགས་རྒྱལ་པོས་དགོངས༔ ཞེས་ཞུས་རྒྱལ་པོས་བདེན་ནོ་བཙུན་མོ་བདེན༔ དེ་ལྟ་ན་ཡང་ཆོས་ལ་གནས་མིན་ན༔ ལ་ཡོག་རང་ཅག་ཕ་མ་གཉིས་ལ་འོང་༔ རང་དགར་བསྐྱུར་ན་གཞན་དག་ཡིད་ཆེས་འགྱུར༔ ཞེས་གསུངས་དེ་གར་ཐག་བཅད་བློ་བདེར་གནས༔ ཉིན་གཅིག་རྒྱལ་པོའི་དྲོ་ཚོད་ཤ་ཆད་པས༔ དེ་ལོ་ཆུ་ཆེན་ཉ་ཤ་དཀོན་ཏེ་མཆིས༔ ཚོང་འདུས་རྣམས་སུ་འགྲིམ་ཀྱང་མང་པོ་མེད༔ བཙུན་མོས་མནྡ་ར་བ་ཤ་ཉོར་བཏང་༔ མནྡ་ར་བ་ཚོང་དུས་འགྲིམ་ནས་ཀྱང་༔ ཤ་ནི་མ་རྙེད་ཚུར་ལམ་སྒང་ཞིག་ཏུ༔ མི་རོ་ཆར་པས་དག་ནས་སྐྱ་སྒང་ཞིག༔ འདུག་པ་མཐོང་བས་ཡན་ལག་བཅད་ལ་ཁྱེར༔ བཙུན་མོས་ཤ་རྙེད་ཟེར་ནས་དགའ་སེམས་བསྐྱེད༔ ཚོས་ཁུ་མང་པོ་དོར་ནས་ཚོས་པར་བཙོས༔ སྤོད་ཀྱི་རིགས་བཏབ་རྒྱལ་པོར་དྲངས་པ་ལ༔ གསོལ་བས་ལྟོར་ཞུགས་ཙམ་ནས་སྐུ་ལུས་ལ༔ བདེ་བ་རྒྱས་ནས་ནམ་མཁར་འཕགས་སུ་བྱུང་༔

དེ་ཚེ་རྒྱལ་པོས་བཙུན་མོ་འདིར་ཤོག་གསུངས༔ བཙུན་མོ་རྒྱལ་པོའི་སྤྱན་སྔར་སོང་བ་ལ༔ རྒྱལ་པོ་ཁྲོས་ཏེ་བཙུན་མོའི་ཐོད་ཀར་བཟུང་༔ རྩེ་ཆུང་གྲི་གུ་ཚད་པས་བཙུན་མོ་བསྔངས༔ ཤ་འདི་གང་ཉོས་དྲང་པོར་གཏམ་ཚུལ་གྱིས༔ དུག་རིགས་བཏབ་བམ་ང་ལ་ངན་སྦྱོར་བྱས༔ བདག་ནི་གཞན་དང་མི་འདྲ་ལུས་འདི་འཕྱོ༔ བདེན་པར་མི་བཤད་ན་ནི་དམངས་པོར་སྦྱོར༔ དེ་སྐད་བཀའ་བསྩལ་བཙུན་མོས་འདི་སྐད་སྨྲས༔ ཤ་ཆད་གྱུར་པས་བུ་མོ་ཤ་ཉོར་བཏང་༔ ཇི་འདྲ་ཡིན་ནམ་ང་ཡིས་ཤེས་པ་མིན༔ བུ་མོས་ཤེས་ཟེར་བུ་མོ་ཁྲིད་ཤོག་གསུངས༔ མནྡ་ར་བ་རྒྱལ་པོའི་སྤྱན་སྔར་ཁྲིད༔ རྒྱལ་པོས་བུ་མོ་ཁྱོད་ཀྱིས་དུག་སྦྱོར་བྱས༔ ཡང་ན་ཤ་དེ་མི་གཙང་བ་ཞིག་འདུག༔ ང་ཡི་ལུས་འདི་མི་བདེ་བ་ཞིག་བྱུང་༔ ལེགས་པར་བཤད་དམ་ཟེར་ནས་བུ་མོ་བཟུང་༔ གྲི་གུ་བཏོན་ནས་བསྡིགས་པས་མནྡ་རས༔ དུག་སྦྱོར་མ་ཡིན་ཨ་མས་བདག་བཏང་ནས༔ ཚོང་འདུས་མང་ས་ཉོས་པའི་རིན་ཁུར་སོང་༔ ཆུ་བོ་ཆེས་པས་ཉ་ཤ་མི་རྙེད་འདུག༔ ཚུར་འོང་ལམ་ནས་ས་སྒང་མི་རོ་ནི༔ ཆར་བས་དག་པས་སྐྱ་སྒང་བ་ཞིག་རྙེད༔ ཡན་ལག་བཅད་ནས་ཚོད་པས་ཁུ་བ་བླངས༔ སྤོད་ཀྱི་རིགས་བཏབ་རྒྱལ་པོར་དྲངས་པ་ཡིན༔ ཅི་བསྙུངས་བུ་མོ་ངས་ཕུངས་ཟེར་ནས་ངུ་༔ དེ་ཚེ་རྒྱལ་པོས་སྐྱེ་བདུན་ངོ་ཤེས་ནས༔ ལྷག་མ་ཅི་འདུག་ད་ལྟ་ཁུར་ཤོག་གསུངས༔ མནྡ་ར་བ་སྐད་ཅིག་བྱོན་ནས་ནི༔ ཕུང་པོ་མ་ལུས་ནང་རོལ་བཅས་པ་བླངས༔ དར་རྩིས་ནང་དུ་ཁུར་ནས་བྱོན་པ་ལ༔ གཞན་དག་འགའ་ཡི་ལྷ་ལྕམ་ལ་སྨྲས་པ༔ ལྷ་ཡི་སྲས་མོ་འོ་བརྒྱལ་ཅི་མཛད་ཟེར༔ མནྡ་ར་བས་ཡབ་ཀྱི་དྲོ་ཚོད་ཡིན༔ ཚོང་དུས་ཉོ་བར་ཕྱིན་པ་ཡིན་ཅེས་གསུངས༔ དེ་ནས་རྒྱལ་པོའི་སྤྱན་སྔར་ཚང་མར་ཕུལ༔ བུ་མོ་མ་ཉེས་འདི་ཡི་ངོ་མཚར་ལ༔ བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཡིན་འདུག༔ ཞིབ་པར་སྐམ་ལ་དྲི་བཟང་སྤོས་ཆུས་བྱུགས༔ ཞེས་གསུངས་བུ་མོས་གཙང་མར་ཞིབ་པར་བརྡུང་༔ སྐམ་པར་དྲི་བཟང་ཆུ་ཡིས་སྦྲན་པ་དང་༔ རིན་ཆེན་བུམ་པར་བླུགས་ནས་མངའ་ཡང་གསོལ༔ ས་མ་ཡཱཿ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ་རྙེད་ནས་མཆོད་པའི་རྟེན་དུ་བཞག་པའི་རིམ་པ་སྟེ་ལེའུ་ཉེར་གསུམ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཉེ་བ་གཏམས་ནས་འཁོར་བར་མི་ཆགས་ཤིང་རྡོ་རྗེ་སེམས་དཔའི་ཞལ་མཇལ་ནས་དྲན་བསྐུལ་ལུང་བསྟན་པ།

དེ་ནས་ཟ་ཧོར་སྲས་མོ་ཚོལ་ཕྱིར་དུ༔ ཨོ་རྒྱན་ཡུལ་གྱི་རྒྱལ་པོ་དྷི་ཏོ་ཋ༔ ཁ་ཆེའི་རྒྱལ་པོ་ཏྲིག་ན་ཏྲིག་ཧ་ཏ༔ བྷེེ་ཏའི་རྒྱལ་པོ་ཤངྒ་ཀོ་ཏ་ལཱྀ༔ མུ་རུཾ་རྒྱལ་པོ་དྷརྨ་ཨ་བ་ཏ༔ འཆར་བྱེད་རྒྱལ་པོ་སངྷ་སུ་ཏིཥྛ༔ ཀུ་ལུ་ཏ་ཡི་རྒྱལ་པོ་ཨིནྡྲ་དེེ༔ ཡངས་པ་ཅན་གྱི་རྒྱལ་པོ་སུ་ཁ་ཧི༔ མངྒ་དྷ་ཡི་རྒྱལ་པོ་ཧ་ས་བིད༔ ཤམ་བྷ་ལ་ཡི་རྒྱལ་པོ་ཨུ་དུགྴི༔ ཐོ་གར་ཡུལ་གྱི་རྒྱལ་པོ་ག་ག་ན༔ རྔ་ཐུག་རྒྱལ་པོ་མུ་ཏྲ་བུདྡྷ་ནི༔ སྲིན་པོའི་རྒྱལ་པོ་བྷ་ཧི་མུ་ནེ་དང་༔ བལ་པོའི་རྒྱལ་པོ་པར་ཏ་སུམ་ཏི་བྷ༔ ཞང་ཞུང་ཡུལ་གྱི་རྒྱལ་པོ་བྷ་ཏ་ཐེ༔ སྟག་གཟིག་རྒྱལ་པོ་ཐཱཿལི་ཧང་ཏི་དང་༔ གེ་སར་ཡུལ་གྱི་རྒྱལ་པོ་འཕྲུ་ཞང་ལྡན༔ རྒྱ་ནག་ཡུལ་གྱི་རྒྱལ་པོ་ཀྱའུ་ཆིངས༔ རྒྱ་གར་རྒྱལ་པོ་དྷརྨ་གོ་པ་ལཱི༔ བོད་ཀྱི་རྒྱལ་པོ་ཞང་བཙན་རྨ་ཡེ་སོགས༔ རྒྱལ་ཁམས་སོ་སོའི་བློན་པོའི་དཔུང་ཚོགས་རྣམས༔ ནོར་སྣ་ཚོགས་པ་ཁྱེར་ནས་ཟ་ཧོར་འདུས༔ ཡུལ་རྣམས་ལུགས་ཀྱིས་ཆས་གོས་རྒྱན་གྱིས་མཛེས༔ ལྟ་བས་མི་ངོམས་ཁྲོམ་ཆེན་ཡུལ་ཁམས་ཁེངས༔ ཐམས་ཅད་ལྷ་ལྕམ་མནྡ་ར་བ་འདྲི༔ གསེར་ཡིག་རེ་རེ་རྒྱལ་པོའི་ཕྱག་ཏུ་ཕུལ༔ བུ་མོ་སློང་བའི་རིན་གྱི་ནོར་སྣ་མང་༔ དེ་དུས་རྒྱལ་པོས་བཙུན་མོ་བློན་འཁོར་བསྡུས༔ ང་ཡི་སྲས་མོ་མནྡ་ར་བ་འདི༔ ཆོས་བྱེད་ཀུན་གྱི་ནང་ནས་ཡང་རྩེ་ཡིན༔ འཇིག་རྟེན་བུད་མེད་ཀུན་གྱི་རྒྱན་མཆོག་ཡིན༔ རྩལ་དང་ནུས་པ་སུས་ཀྱང་འགྲན་ཟླ་བྲལ༔ ན་ཚོད་ཆུང་ཡང་མཁས་པའི་དེ་ཉིད་ཤེས༔ སྐྱེ་བའི་དུས་སུ་ངོ་མཚར་བརྗོད་ལས་འདས༔ ཕལ་བ་སུས་ཀྱང་དོ་ཟླ་མ་མཆིས་མོད༔ ཕ་མ་བཀུར་ཞིང་གཞན་དོན་སྐྱོ་དུབ་མེད༔ མཁའ་འགྲོ་འདྲ་བའི་ལང་ཚོ་རིགས་ཀྱང་བཟང་༔ འདི་ཡི་སྙན་པ་ཕྱོགས་བཅུ་ཀུན་ཏུ་ཁྱབ༔ ཐ་ན་སྤྲང་ལོང་ཡན་ཆད་ལྷ་ལྕམ་འདྲི༔ དེ་སྔོན་དཀར་པོར་གནས་པས་སྐྱོན་མ་གོས༔ རྒྱལ་པོས་གཅེས་པའི་བུ་མོ་བཏང་ན་ཕམ༔ བཙུན་མོའི་དབང་པོའི་མིག་འདྲ་བཏང་བར་འཕང་༔ རྒྱལ་སྲིད་མང་པོ་འདི་དག་ཁྲོམ་དུ་འཁྱིལ༔ གཅིག་ལ་བཏང་ཡང་ཀུན་ལ་མི་དགའ་འོང་༔ གསོབ་པོར་བཏང་བའི་བུད་མེད་གཞན་ཡང་དཀོན༔ ཇི་ལྟར་བྱས་རུང་ང་ནི་བློ་མ་བདེ༔ ཅི་དྲག་སེམས་ལ་གྱ་ཡང་ཐབས་འདི་སྡུག༔ མདུན་གྲོས་ལན་གསུམ་བློ་ཡི་སྒོ་ཕྱེས་དང་༔ ཁྱེད་རྣམས་བསམ་པའི་ལ་ཡོག་ཅི་སྟེ་མཆི༔ ཞེས་གསུངས་བཙུན་མོས་ཡབ་གཅིག་རྒྱལ་པོ་ལགས༔ གྲོས་མང་བཏབ་ན་བློ་སྣ་ཚིག་གིས་བསྐྱལ༔ མང་པོ་བསམ་པའི་དོན་མཐའ་རྨོངས་བར་འགྱུར༔ སྡུག་བཙིར་ཚིག་གིས་གྲོས་བསྡུར་ཁོད་མི་སྙོམས༔ ཁ་མང་མིག་མང་བློ་མང་རི་ལ་ཡིབ༔ དམངས་པོའི་གྲོས་འདྲར་རྩིས་པས་ཡེ་མི་ཐིག༔ དེས་ན་རྒྱལ་པོ་གཞན་ལ་གྲོས་འདི་གྱིས༔ མང་པོས་རིན་ལ་ཐེམ་པ་བུན་གཏོང་མེད༔ རྒྱལ་ཁམས་ལ་ཤག་བགྱིས་པའི་སོ་མི་ལེན༔ དམ་པོ་ཁྲིམས་ཀྱིས་བྱས་ན་སྐྱོན་རྣམས་སེལ༔ ཀུན་སྙོམས་ཡོན་ཏན་ཅན་ཚོས་རང་ཚོད་འཛིན༔ ཁས་བླངས་དམངས་ཀྱིས་མ་བྱེད་ལ་ཡོག་འོང་༔ དེ་ལྟར་གྱིས་ལ་དྲང་པོས་གཏམ་ཤག་ཐོབ༔ རིགས་བཟང་བུ་མོར་གྲོས་ཀྱི་འདུན་མ་བྱེད༔ འཁོར་བ་བྱེད་ན་མོ་རང་གང་དགར་བཏང་༔ དམ་ཆོས་བྱེད་ན་བཙུན་མའི་ཆོས་སུ་ཞུགས༔ ཡང་ན་གྲོས་ཕུག་ལྷ་ལ་བདེན་པར་འདྲི༔ དྲང་སྲོང་བཀའ་ལས་གང་བྱུང་དེ་ལྟར་བགྱིད༔ ཅེས་གསུངས་བློན་པོ་ཏྲིག་ན་འཛིན་པ་ཡི༔ རྒྱལ་ཁབ་གཞན་ལ་སླ་བོ་སྨྲས་པར་བྱེད༔ དེ་དག་དེ་ལྟར་བགྲོས་ནས་སོ་སོ་ཡིས༔ ཞུ་དོན་སྙིང་པོར་བསྡུས་ཏེ་ཕུལ་བ་ནི༔ ཨོ་རྒྱན་ཡུལ་གྱི་བློན་པོ་པྲཛྙ་ཧས༔ བདག་ནི་རྒྱལ་པོའི་བཀའ་བཞིན་འདི་གར་བསྐྱོད༔ ལྷ་ཡི་སྲས་མོའི་རིན་དུ་ནོར་མང་བསྡུས༔ རིན་ཆེན་མང་པོས་སྐྱེལ་ཕྱག་ཡིག་དོན་འབྱོར༔ ཅི་དགོས་རྒྱལ་པོ་བློན་པོའི་ཐུགས་ཀྱིས་དཔྱོད༔ ངེས་པར་བྱས་ན་སློང་སྟེ་ཀུན་ལ་མཆིས༔ ཡ་ག་མང་པོ་ཤག་འདེབས་ཁས་མི་ལེན༔ ཟ་ཧོར་རྒྱལ་བློན་བློ་ཡིས་དཔག་ན་དགའ༔ ཞེས་སྨྲས་དེ་ནས་རྒྱ་ནག་བློན་པོ་ཡིས༔ མང་པོ་སྨྲས་དོན་དགོངས་པ་རླུང་ལ་བསྐུར༔ ཅི་བྱེད་རྒྱལ་པོའི་ཡོན་ཏན་བརྗོད་མི་ལངས༔ བུ་མོ་མནྡ་ར་བ་སློང་སྟེར་ལ༔ ཕམ་པར་མི་བྱ་ཁྲིམས་འཛིན་ཁྱོད་ཅག་རག༔ ལར་ནི་འཛམ་གླིང་རྒྱལ་པོར་ཞུ་འོས་མཛོད༔ ཅེས་སྨྲས་བྷེེ་ཏའི་བློན་པོ་ཀརྴི་ཏས༔ ཆོས་ལ་དཀར་ན་ཁྱོད་དཔེ་གཞན་དུ་ཆོས་རང་རྒྱལ་པོ་ཟབ༔ སྲིད་པའི་གོས་གྱོན་རྒྱལ་སྲིད་རང་ལུགས་ལ༔ དཔང་པོར་བཞག་ལས་གཞན་ཟློས་རྗེས་མི་རང་༔ མནྡ་ར་བ་ཆོས་ཀྱི་བདེན་པ་ཡིན༔ ཞེས་སྨྲས་དེ་ནས་གེ་སར་རྒྱལ་པོ་ཡི༔ བློན་པོ་ཕ་ལ་སིདྡྷིས་འདི་སྐད་སྨྲས༔ ཟ་ཧོར་རྒྱལ་མོ་མནྡ་ར་བ་ལ༔ སྲིད་དུ་གནས་པའི་ཐ་སྙད་འགའ་རེ་འདུག༔ ནོར་སྣ་རིན་ཐང་བྲལ་བ་རིན་དུ་བརྫངས༔ དགོས་ཆེད་ཟ་ཧོར་རྒྱལ་པོའི་ངོ་སྲུང་མཆི༔ ཅི་སྟེ་བདག་ལ་སྟེར་འོས་ག་ལ་མིན༔ ཞེས་ཟེར་ཁ་ཆེའི་བློན་པོ་བཱི་ཛུ་ཡིས༔ སྐུ་མཚན་བཟང་པོ་མཆིས་པའི་རྒྱལ་པོ་ལ༔ བུ་མོ་རྒྱལ་སྲིད་བདག་པོར་བསྐོ་བ་ལ༔ རིན་དུ་བོར་བའི་ནོར་བཟང་ལན་མེད་དུ༔ བཏང་བར་འདོད་ན་མང་པོ་བརྗོད་ལན་ཆུང་༔ ཞེས་སྨྲས་སྟག་གཟིག་བློན་པོ་ཀརྚ་རིས༔ མཐུན་འདོད་རྒྱལ་པོ་ཡིན་པར་བློ་ཡིས་དཔྱོད༔ མི་མཐུན་དཔྱོད་འགྲོས་དཔུང་གིས་གོ་ཤོམས་ཤིག༔ རིགས་བཟང་ལོངས་སྤྱོད་འབྱོར་པ་ཕྱུག་པའི་རྒྱལ༔ སྟག་གཟིག་ཡུལ་ལ་སྟོང་ལོག་བདག་མི་བྱེད༔ ཅེས་སྨྲས་མ་རུའི་བློན་པོ་སིངྷ་ཡིས༔ དཔྱོད་བློ་མ་ཡིས་བྱས་ན་འདུན་མ་འཁྲུལ༔ ཤེས་བློ་རྒྱལ་པོས་བཏོན་ན་ཡེ་ཐུབ་ཡིན༔ ཅལ་ཀ་བུ་མོས་སྨྲས་ན་རང་འདོད་འགྲོ༔ ཡིད་དཔྱོད་དམངས་པོས་བྱས་ན་ཆས་ཕྱ་འཇིག༔ བཀའ་བློ་བདེ་བར་གྲོས་ཀྱིས་སློང་སྟེར་དགའ༔ ཞེས་སྨྲས་བོད་ཀྱི་བློན་པོ་ཡ་གན་ཐས༔ སྲིད་བློ་བུ་མོས་དབང་གྱུར་ཟ་ཧོར་ལ༔ མང་པོ་ཤོམ་པའི་ལ་ཡོག་རྒྱལ་སར་འོང་༔ གདོང་དམར་རྒྱལ་པོ་བཙན་པོའི་ཆས་སྲིད་ཆེ༔ སྐྱོང་བའི་ཡོན་ཏན་བུ་མོས་ཅི་འདོད་ལ༔ མི་བཏང་སྲོག་འཛིན་ཅི་བྱེད་ཁྱོད་རྣམས་ཤེས༔ ཞེས་ཟེར་ཡངས་པ་ཅན་གྱི་བློན་པོ་ཡིས༔ རང་རྐང་འཁོར་གྱི་མ་འདྲེན་གྲོས་ཕུག་རྗེ་ལ་གཏོད༔ བསམ་བློ་གཞན་གྱིས་མ་བྱེད་བུ་མོ་ཉིད་གདམས་ཆུག༔ བློན་པོ་ཁྱོད་ཀྱང་ཤེས་རབ་ལྡན་ན་གྲོས་བསྡུར་གྱིས༔ གཞན་ལ་དྲི་ལན་སྡུག་ན་བཙུན་མོས་དྲིས་བསྟུན་ཟབ༔ དེ་སོགས་རྒྱལ་ཁབ་སོ་སོའི་ཅི་ཡང་སྨྲ༔ དེ་དག་བློན་པོས་རྒྱལ་པོ་བཙུན་མོར་ཞུས༔ དེ་ཚེ་ཡབ་ཡུམ་བློན་པོ་ཀུན་དང་ནི༔ ཡུལ་གྱི་མི་ཆེན་ཀུན་གྱི་བཀའ་གྲོས་མཛད༔ རྒྱལ་པོའི་ཞལ་ནས་བཙུན་མོ་ཁྱོད་སོང་ལ༔ བུ་མོ་ཁྲིད་ཤོག་མོ་རང་ཉིད་ལ་དྲི༔ གང་ལ་མོས་པ་གཅིག་ལ་སྦྱིན་པར་བགྱིས༔ ཞེས་ཟེར་དེ་ཉིད་ཀུན་གྱིས་འཐད་པར་འཆམ༔ དེ་ནས་བུ་མོ་མདུན་དུ་བོས་ནས་ཀྱང་༔ དེ་གང་ལོ་རྒྱུས་ཞིབ་ཏུ་བཤད་པའི་རྗེས༔ བུ་མོ་ཁྱོད་རང་གང་དགའ་གཅིག་ལ་སྦྱིན༔ ནོར་དང་གྲོགས་ནི་གང་འདོད་ང་ཡི་རྫོངས༔ རྒྱ་གར་ཆོས་ཡོད་རྒྱ་ནག་ཅི་དགའ་ཡོད༔ གེ་སར་གྲོགས་བཟང་ཨོ་རྒྱན་གདུང་རྒྱུད་བཟང་༔ ཤམྦྷ་ལ་ནི་ནོར་ཕྱུགས་དམ་ཆོས་དར༔ བྷེེ་ཏ་བཙན་ཕྱུག་སྟག་གཟིག་ནོར་གྱིས་ཕྱུག༔ བོད་ཡུལ་འཕེན་བཟང་ཁ་ཆེ་གཟུགས་མཛེས་ཆེ༔ གང་དུ་འདོད་ན་ད་ལྟ་ཚིག་མ་ཐུང་༔ ཞེས་གསུངས་བུ་མོས་རེ་ཞིག་བསམ་བློ་བཏང་༔ ཁྱིམ་དུ་བྱས་ན་ཕྱི་མ་མི་འདུག་པས༔ ད་ལྟ་འདི་ཡང་སྔོན་གྱི་ལས་ལས་བྱུང་༔ ད་ནི་སྲོག་ལ་བབས་ཀྱང་ཆོས་བྱེད་བསམ༔ མཁའ་འགྲོའི་ལུང་བསྟན་དེ་ལ་ཡིད་ཀྱང་བརྟེན༔ ཡབ་ལ་མི་ཕོད་ཡུས་ཀྱིས་འདི་སྐད་ཞུས༔ ཀྱེ་མ་མི་དབང་ཡབ་གཅིག་རྒྱལ་པོ་གསོན༔ ང་ནི་རྒྱལ་པོ་གང་དང་གང་འདུག་ཀྱང་༔ གར་ཡང་མི་འགྲོ་དམ་པའི་ཆོས་ཤིག་བྱེད༔ བྱེད་དབང་མ་བྱུང་ལུས་འདི་སྤངས་ནས་སུ༔ ཆོས་བྱེད་ཡོད་པའི་ས་རུ་སྨོན་ལམ་འདེབས༔ ཞེས་ཞུས་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས༔ ཕྱོགས་ཀྱི་ཉེ་བས་སྒོ་ཁྱིམ་གང་ནས་འདུག༔ བུ་མོ་མི་འགྲོ་བ་ཡི་གནས་མེད་དེ༔ ཞག་གསུམ་བསམ་བློ་ཐོང་ལ་ལན་སྨྲོས་གསུངས༔ རྒྱལ་པོའི་བཀའ་ལ་ཞེད་ཀྱང་འདི་སྐད་ཞུས༔ ཅི་ལྟར་བསམ་ཀྱང་ཆོས་ལས་གཞན་མི་དྲན༔ ཚེ་སྔོན་བསོད་ནམས་རྒྱལ་པོ་ཁྱེད་སྲས་གྱུར༔ དབང་ཡོད་ད་ལྟ་དམ་ཆོས་མ་འགྲུབ་ན༔ འཁོར་བ་ཡང་བྲན་ཉིད་དུ་སྐྱེས་ན་འགྱོད༔ རྒྱ་གར་ཆོས་དར་ན་ཡང་ལོང་སྐབས་དབེན༔ རིགས་རྒྱུད་ཟླ་གྲོགས་གཤེད་མ་ངོས་མི་ཟིན༔ ཅིས་ཀྱང་ཁྱིམ་གནས་ངན་སོང་རྒྱུ་ཁོ་ན༔ རི་དྭགས་རྨས་མ་བཞིན་དུ་འཆི་སྙིང་འདོད༔ ཡབ་ལ་དེ་ཀ་རང་ཞུས་ནན་མཛད་པས༔ ནན་དུ་ཞུས་ཀྱང་ནན་དུ་བཀག་པ་དང་༔ ཕྱི་རུ་བྲོས་པར་བརྩམས་ཀྱང་མ་བཏང་ནས༔ ཁོལ་མོ་རྣམས་ལ་གདམས་པའི་ངག་ཀྱང་བཅུག༔ དེ་ནས་རེ་ཞིག་དུ་དུ་ལྷ་ལྕམ་གྱི༔ མཁའ་ལ་རྡོ་རྗེ་སེམས་དཔའ་དངོས་བྱོན་ནས༔ ཀྱེ་མ་བུ་མོ་སྐྱོན་གྱིས་མ་གོས་མནྡ་ར༔ འཁོར་བར་མ་ཆགས་མ་འཁོར་སྙིང་རུས་བསྐྱེད༔ དོན་ཆེན་གཉིས་འགྲུབ་བུ་མོ་ཡོན་ཏན་མཚོ༔ ཞེས་ཐོས་དམ་ཆོས་སྙིང་ནས་དྲན་པར་གྱུར༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཉེ་བ་གཏམས་ནས་འཁོར་བར་མི་ཆགས་ཤིང་རྡོ་རྗེ་སེམས་དཔའི་ཞལ་མཇལ་ནས་དྲན་བསྐུལ་ལུང་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཆོས་ལ་བྲོས་ཏེ་རབ་ཏུ་བྱུང་ནས་མདོ་ཆོས་ལ་སྦྱངས་པ་མཛད་པའི་རིམ་པ།

དེ་ནས་སྐབས་ཤིག་ཕོ་བྲང་ཕྱི་རོལ་དུ༔ བྲོས་ནས་ཕོ་ཚོས་ཚལ་དུ་སོང་ནས་བཞུགས༔ ཁོལ་མོའི་སེམས་གཤོང་མ་ཞེས་རྗེས་སླེབས་སོ༔ གཞན་རྣམས་ཕྱོགས་ཕྱོགས་ཀུན་ཏུ་ཉུལ་མ་མཛད༔ དེ་ནས་ལྷ་ལྕམ་མནྡ་ར་བ་ནི༔ རྒྱན་རྣམས་བཀྲོལ་ནས་ཐེ་ཚོམ་མེད་པར་གཏོར༔ དར་ཟབ་གྲིས་གཏུབ་དམོད་པའི་སྨོན་ལམ་བཏབ༔ དེ་ནས་སེམས་གཤོང་རྒྱལ་པོའི་དྲུང་དུ་ལོག༔ ལོ་རྒྱུས་ཞུས་པས་རྒྱལ་པོ་མ་དགྱེས་ཏེ༔ བུ་མོ་འདི་ཡིས་ང་ཡི་རྒྱལ་ཁྲིམས་ལ༔ གནོད་པ་འོངས་ནས་ཆོས་མགོ་ག་ལ་ཐོན༔ ཞེས་གསུངས་ཕྱོགས་ཀྱི་གཉེ་བོ་ཐམས་ཅད་ལ༔ ནོར་གྱིས་ནོམས་པར་ཚིམ་པར་བཏང་ནས་སུ༔ བུ་མོས་ཆོས་བྱེད་དམ་བཅས་སོ་སོར་བྱེར༔ བུ་མོ་ནངས་མོ་བོ་དྷི་ས་ཏྭ་ལ༔ རྩེ་གཅིག་དད་པས་གསོལ་བ་འདི་ལྟར་བཏབ༔ ཨེ་མ་རྒྱལ་བའི་རྒྱལ་ཚབ་བྱང་ཆུབ་སེམས༔ བདག་ནི་འཁོར་བར་མ་ཆགས་ཆོས་ལ་དད༔ ཕྱོགས་ཕྱོགས་རྒྱལ་ཁབ་གཉེ་བོ་མང་ཕྱིན་པས༔ ནོར་གྱིས་བསླུས་པས་ཡབ་ཅིག་རྒྱལ་པོ་ཡིས༔ ཆོས་ལ་མ་གནང་ཐབས་ཀྱིས་ཕྱིར་བྲོས་རྒྱབ༔ ཕོ་ཚོས་ཚལ་དུ་རྒྱན་ཆ་གོས་རྣམས་དོར༔ ཁོལ་མོས་མཐོང་བས་ཕྱིར་ལོག་རྒྱལ་པོར་ཞུས༔ ཕྱོགས་ཀྱི་གཉེ་བོ་ནོར་གྱིས་ཚིམས་ཞེས་ཐོས༔ བདག་མོ་རབ་ཏུ་བྱུང་བར་མཛད་པར་ཞུ༔ དེ་སྐད་གསོལ་བཏབ་བོ་དྷི་ས་ཏྭ་ཡིས༔ ལེགས་སོ་རྒྱལ་པོའི་སྲས་མོ་མནྡ་ར༔ བསམ་པ་བཟང་པོ་སྔོན་ལས་སད་པ་ཡིན༔ ཐུབ་པའི་དྲུང་དུ་ཁྱོད་ཀྱིས་དམ་ཆོས་ཉན༔ མིང་ནི་སྲིང་མོ་གང་གའི་ལྷ་མོ་ཡིན༔ དེ་ཚེ་ང་ནི་ཉན་ཐོས་ཉེ་བར་འཁོར༔ ཁྱོད་ནི་སོ་བདུན་ལོ་ནི་མཐའ་རུ་ཕྱིན༔ ད་ལྟ་ཟ་ཧོར་རྒྱལ་པོའི་སྲས་མོར་གྱུར༔ འཁོར་བར་མ་ཆགས་ཆོས་ལ་འདོང་བ་ལེགས༔ ཚུར་ཤོག་བདག་གིས་ཁྱོད་ཉིད་རབ་ཏུ་བྱུང་༔ སོ་ཐར་བྱང་སེམས་སྡོམ་པ་ཡང་དག་ལོངས༔ ཉེ་བར་སངས་རྒྱས་གཉིས་པའི་རྗེས་སུ་ཞུགས༔ ཁྱོད་ནི་བསོད་ནམས་འགྲོ་བའི་མགོན་ཅིག་ཡིན༔ ཅེས་ལུང་བསྟན་ནས་རབ་ཏུ་བྱུང་བ་ལ༔ མིང་ཡང་བྱང་སེམས་ཡེ་ཤེས་བཟང་མོར་བཏགས༔ དེ་ཚེ་ཡབ་གཅིག་རྒྱལ་པོས་བློན་པོ་ལ༔ བུ་མོས་ཅི་བྱེད་གར་འདུག་ཚོལ་ཅིག་གསུངས༔ དེ་བཞིན་བགྱིས་པས་རབ་ཏུ་བྱུང་བར་མཐོང་༔ མགྱོགས་པར་རྒྱལ་པོའི་སྤྱན་སྔར་བློན་པོ་ཡོང་༔ སྲས་མོ་མཁན་པོའི་སྤྱན་སྔར་རབ་བྱུང་ཞུས༔ ཞེས་གསོལ་རྒྱལ་པོས་མོ་རང་མཐར་སོན་དཀའ༔ གྲོགས་མང་ཡོད་ན་བསྲུང་བས་ཆོག་པ་ལ༔ ཁོལ་མོ་ལྔ་བརྒྱ་རབ་ཏུ་བྱུང་དགོས་པས༔ ཀུན་ལ་དེ་ལྟར་ཤོད་ཀྱི་མྱུར་དུ་ཆོག༔ དེ་སྐད་བཀའ་བསྩལ་བློན་པོས་ཁོལ་མོ་རྣམས༔ བསྡུས་ཏེ་མཁན་པོར་སོང་ལ་རབ་ཏུ་བྱུང་༔ ཉེས་པར་གྱུར་ན་རྒྱལ་ཁྲིམས་འབེབས་པར་ངེས༔ མནྡ་ར་བའི་ཁོལ་མོར་འཚོགས་ཤིག་བསྒོས༔ ཁོལ་མོ་ལྔ་བརྒྱ་མཁན་པོའི་དྲུང་དུ་སོང་༔ མགྲིན་གཅིག་དབྱངས་ཀྱིས་གསོལ་བ་འདི་ལྟར་བཏབ༔ ཨེ་མ་སངས་རྒྱས་གཉིས་པ་མཁན་ཆེན་ལགས༔ བདག་ཅག་མནྡ་ར་བའི་ཁོལ་མོ་ཡིན༔ རྒྱལ་པོའི་བཀའ་ཡིས་རབ་ཏུ་བྱུང་བསྐུལ་བས༔ དམ་པ་ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་ཞུས་ཁོལ་མོ་ལྔ་བརྒྱ་རབ་ཏུ་བྱུང་༔ ཀུན་ལ་ཆོས་ཀྱི་མིང་བཏགས་རྒྱལ་ཁབ་སོང་༔ དེ་ནས་རྒྱལ་པོའི་ཕོ་བྲང་དཔག་ཚད་སར༔ ལྷ་ལྕམ་བཞུགས་པའི་ཀུན་དགའ་ར་བ་ནི༔ ཉམས་དགའ་བརྩེགས་ནས་སངས་རྒྱས་སྐུ་ཡང་བཞེངས༔ བོ་དྷི་ས་ཏྭས་རབ་གནས་ལན་གསུམ་མཛད༔ ཕོ་བྲང་དེ་ཡང་ཕྱི་ནང་མུ་ཁྱུད་ལྔ༔ རེ་རེའི་ནང་དུ་ཁོལ་མོ་བརྒྱ་ཕྲག་བཞག༔ ཤར་ལྷོ་གཉིས་ལ་སྒོ་གཏོད་ཁྲིམས་ཀྱིས་བསྡམས༔ ཕྱི་མི་ནང་དུ་བགྲོད་པར་མི་ཆོག་ཅིང་༔ ནང་མི་ཕྱིར་འགྲོ་མེད་པར་སྲོལ་ཡང་བཙུགས༔ སྒོ་སྲུང་ཁོལ་མོ་ཉི་ཤུ་རེ་ཡང་བསྐོས༔ དེ་ནས་མནྡ་ར་བ་འཁོར་བཅས་ཀྱིས༔ ཉིན་རེ་བཞིན་དུ་རྒྱུན་ཆགས་སོ་ཐར་བཀླག༔ ཆོས་ཀྱི་རྒྱུན་བཙུགས་དགུན་གསུམ་ངག་མཚམས་བཅད༔ དཔྱིད་གསུམ་མདོ་ཡི་དོན་སྒོམ་བཤད་རྒྱུན་བཙུགས༔ དབྱར་གསུམ་གནས་ཏེ་ཏིང་འཛིན་མཉམ་པར་བཞག༔ སྟོན་གསུམ་བྱང་ཆུབ་སེམས་བསྐྱེད་ཆོ་ག་བཙུགས༔ ཉིན་མཚན་མེད་པར་དམ་ཆོས་ཁོ་ནར་བརྩོན༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཆོས་ལ་བྲོས་ཏེ་རབ་ཏུ་བྱུང་ནས་མདོ་ཆོས་ལ་སྦྱངས་པ་མཛད་པའི་རིམ་པ་སྟེ་ལེའུ་ཉེར་ལྔ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

སློབ་དཔོན་པདྨས་ལུང་བསྟན་ནས་དངོས་སུ་མཇལ་ནས་ཆོས་ཀྱི་གདམས་པ་ཐོབ་པའི་རིམ་པ།

དེ་ཚེ་སློབ་དཔོན་པདྨའི་དགོངས་པ་ལ༔ ལྷ་ལྕམ་མནྡ་ར་བ་འཁོར་དང་བཅས༔ ཟ་ཧོར་ཡུལ་གྱི་རྒྱལ་ཁམས་གདུལ་བྱར་གཟིགས༔ ཐུགས་ཀའི་འོད་ཀྱིས་ལྷ་ལྕམ་འཁོར་བཅས་ཀྱི༔ སྒོ་གསུམ་བྱིན་གྱིས་བརླབས་ནས་བསྐུལ་བ་ལ༔ མནྡ་ར་བའི་མནལ་ལམ་འདི་ལྟར་བྱུང་༔ མདུན་གྱི་ནམ་མཁར་འོད་ཟེར་སྣ་ལྔའི་ནང་༔ མེ་ཏོག་གསར་པ་ཟེའུ་འབྲུ་དམར་པོའི་སྟེང་༔ སངས་རྒྱས་སྤྲུལ་པའི་སྐུ་ཞིག་བཞུགས་པ་ལ༔ ཕྱག་འཚལ་གསོལ་བ་བཏབ་པས་འདི་སྐད་གསུངས༔ བུ་མོ་ཡོན་ཏན་ཀུན་ལྡན་མནྡ་ར༔ ང་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན༔ སང་ཉིན་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ༔ སྤང་རི་ཉམས་དགའ་ང་དང་མཇལ་ལ་བྱོན༔ ཚེ་གཅིག་སངས་རྒྱས་གདམས་ངག་ཞིབ་པར་འདོང་༔ ཞེས་གསུངས་ནམ་མཁར་ཐིམ་པས་མནལ་སད་པས༔ སེམས་དགའ་སྤྲུལ་སྐུ་དེ་འདྲ་མཇལ་ལ་མོས༔ ཕྱི་ནངས་ཉི་ཤར་སྐབས་སུ་ཆོས་རྒྱུན་ལ༔ ཁོལ་མོ་ལྔ་བརྒྱ་འདུས་ལ་བཀའ་སྩལ་པ༔ ཨེ་མ་ཡ་མཚན་ཅན་གྱི་མནལ་ལམ་བྱུང་༔ ཆོས་ཀྱི་གྲོགས་མོ་ལྔ་བརྒྱ་ངེད་ཅག་རྣམས༔ དེ་རིང་སྐྱོ་བསངས་ཞིག་ཏུ་འགྲོ་བར་འོས༔ ཚེ་གཅིག་སངས་རྒྱས་གདམས་པ་རྙེད་ལས་མཆི༔ ཞེས་གསུངས་ལྷ་ལྕམ་དཔོན་གཡོག་འཁོར་དང་བཅས༔ སྤང་རི་མེ་ཏོག་སྤོས་ཀྱིས་བརྒྱན་པའི་སར༔ སྐྱོ་བསངས་བྱོན་ནས་ཡོད་པའི་ས་དེ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ནི༔ ནམ་མཁའི་ཁམས་ནས་འཇའ་ཚོན་དང་བཅས་བྱོན༔ ལྷ་ལྕམ་དཔོན་གཡོག་འཁོར་དང་བཅས་པ་ནི༔ སློབ་དཔོན་མཐོང་བ་ཙམ་གྱིས་མི་ཕྱེད་ཐོབ༔ དེ་ནས་ལྷ་ལྕམ་མ་ཡིས་འདི་སྐད་ཞུས༔ ཨེ་མ་ཧོཿ དུས་གསུམ་སངས་རྒྱས་ཐུགས་སྲས་གཙུག་གི་ནོར༔ རང་དོན་རྫོགས་ཏེ་སངས་རྒྱས་གཞན་དོན་དུ༔ ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་ཡོངས་ལ་འཛིན༔ བྱམས་པའི་གསོ་དཔྱད་སེམས་ཅན་ཡོངས་ལ་མཛད༔ དགའ་བའི་ཚུལ་དུ་མདངས་ནི་བདག་ལ་སྟོན༔ བཏང་སྙོམས་གྲུ་ལ་བདག་གཞན་གཉིས་ཀ་སྒྲོལ༔ དམུས་ལོང་སེམས་ཅན་ཀུན་གྱི་གཏད་ས་ཁྱོད༔ ཕོ་བྲང་ནང་གཤེགས་ཆོས་གསུངས་བཞུགས་པར་ཞུ༔ ཞེས་ཞུས་གུ་རུའི་འབྱོན་པར་ཞལ་གྱིས་བཞེས༔ ལྷ་ལྕམ་དཔོན་གཡོག་ལ་ལས་བྱི་དོར་བྱས༔ ལ་ལས་གདན་བཤམས་ལ་ལས་བྱན་གཡོ་ཞིང་༔ ལ་ལས་སྤོས་དྲངས་དེ་ནས་ཕོ་བྲང་བྱོན༔ སྒོ་རྣམས་བསྡམས་ཏེ་སློབ་དཔོན་གདན་ལ་བཞུགས༔ རིན་ཆེན་ལྔ་སོགས་སྐམ་ཆས་སྣ་ཚོགས་དང་༔ འབྲས་ཆང་རྒུན་ཆང་ལ་སོགས་སྐོམ་དང་བཅས༔ སྤྱན་གཟིགས་མང་དྲངས་ལྷ་ལྕམ་མས་གསོལ་པ༔ ཨེ་མ་དུས་གསུམ་སངས་རྒྱས་ཞལ་དངོས་ཁྱེད་ལྟ་བུ༔ འཁྲུངས་ཡུལ་གང་ལགས་མཚན་ནི་ཇི་ལྟ་བུ༔ རིགས་ནི་གང་ལགས་ཡབ་ཡུམ་ཅི་ལྟ་བུ༔ བཀའ་མཆིད་དམ་པ་བདུད་རྩི་བསྩལ་དུ་གསོལ༔ ཞེས་ཞུས་གུ་རུའི་ཞལ་ནས་འདི་སྐད་གསུངས༔ ཨེ་མ་མཚར་སྡུག་ཡིད་ཆགས་བུ་མོ་མནྡ་ར༔ ང་ལ་སྐྱེ་བའི་ཡབ་མེད་ཆོས་ཉིད་སྟོང་པ་ཡིན༔ བལྟམས་པའི་ཡུམ་མེད་ཤེས་རབ་སྟོང་པ་ཡིན༔ དྷ་ནའི་མཚོ་ལས་མེ་ཏོག་ནང་ནས་འཁྲུངས༔ མི་ལ་མཆོག་སྩོལ་སྲིད་ཞི་སྒྲོལ་བའི་རིགས༔ ང་ནི་རང་བྱུང་བདེ་བའི་དངོས་གྲུབ་ཡིན༔ སེམས་ཅན་འདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སངས་རྒྱས་སྟོན་པ་རེ༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོར་ཏྭ་ལར་འཕགས་པ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚན་ཚུལ་ཙམ་ལས་དུས་གསུམ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་དུ་རྡོ་རྗེ་འཆང་ཆེན་སྟེ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་རུ༔ དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་བའི་དོན་དུ་བྱིན་རླབས་རྨད་པོ་ཆེ༔ བསྐྱེད་པའི་ཡབ་བརྒྱད་བལྟམས་པའི་ཡུམ་བརྒྱད་དང་༔ བྱོན་པའི་ཡུལ་བརྒྱད་བཞུགས་པའི་གནས་མཆོག་བརྒྱད༔ དེ་བཞིན་སྒྲུབ་པ་མཛད་པའི་དུར་ཁྲོད་བརྒྱད༔ གུ་རུ་མཚན་བརྒྱད་རྣམ་ཤེས་ཚོགས་བརྒྱད་དེ༔ རྡོ་རྗེ་སློབ་དཔོན་ཆས་བརྒྱད་སྤྲུལ་བ་བརྒྱད༔ དཔལ་གྱི་ཆས་བརྒྱད་སྒྲུབ་པ་བཀའ་བརྒྱད་དོ༔ སྦྱོར་སྒྲོལ་ཚད་དུ་ཕྱིན་པའི་གྲུབ་ཆེན་བརྒྱད༔ བསྙེན་པའི་རྒྱུད་བརྒྱད་མཛད་པའི་ཕྲིན་ལས་བརྒྱད༔ འདས་དང་མ་འོངས་ད་ལྟའི་མཚན་བརྒྱད་དེ༔ ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རབ་རྫོགས་སོ༔ སྲས་ཀྱི་མཆོག་གྱུར་སྤྲུལ་བ་བསམ་མི་ཁྱབ༔ འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་འཛུགས༔ ཞེས་གསུངས་ལྷ་ལྕམ་དཔོན་གཡོག་རབ་ཏུ་དགའ༔ གསང་སྔགས་ཆོས་ལ་ཉིན་མཚན་མེད་པར་སྦྱངས༔ ཕྱི་རྒྱུད་ཀྲི་ཡ་སྤྱོད་རྒྱུད་རྣལ་འབྱོར་རྒྱུད༔ བླ་མེད་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད༔ དེ་ལས་གྱེས་པའི་གསང་སྔགས་རྒྱུད་སྡེ་བརྒྱ༔ ནང་རྒྱུད་ལ་བརྟེན་མཚན་བཅས་བསྐྱེད་པའི་རིམ༔ རྩ་རླུང་ཐིག་ལེའི་རྒྱུད་ཆེན་སྟོང་ཕྲག་སོགས༔ གསང་སྔགས་ལམ་རིམ་རྩ་བ་དཔག་མེད་གནང་༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ སློབ་དཔོན་པདྨས་ལུང་བསྟན་ནས་དངོས་སུ་མཇལ་ནས་ཆོས་ཀྱི་གདམས་པ་ཐོབ་པའི་རིམ་པ་སྟེ་ལེའུ་ཉེར་དྲུག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

སློབ་དཔོན་པདྨ་འབྱུང་གནས་དང་མཇལ་ནས་དམ་ཆོས་ཞུས་པ་ལ་མི་ཡི་ཁེངས་ལོག་བསྟན་པས་རྫུ་འཕྲུལ་གྱིས་རྒྱལ་པོ་བརྟུལ་བའི་རིམ་པ།

དེ་ནས་སློབ་དཔོན་ལྷ་ལྕམ་འཁོར་བཅས་ཀྱིས༔ ཆོས་གསུངས་རྩེ་དགུའི་བྲོད་པ་མཛད་པའི་ཚེ༔ མཚན་ངན་བ་གླང་རྫི་བོ་དེ་ཡིས་རིག༔ དེ་ཉིད་ཁྱིམ་དུ་ལོག་པའི་ལམ་ཁ་རུ༔ ཟ་ཧོར་ཡུལ་གྱི་ཕོ་མོ་ཐམས་ཅད་ཀྱིས༔ མནྡ་ར་བ་འཁོར་བཅས་བསྟོད་བསྔགས་བརྗོད༔ དེ་ཚེ་བ་གླང་རྫི་བོ་དེ་ཡིས་ནི༔ ཁྱིམ་པོ་ཆེ་ཡི་སྒོ་དྲུང་ཀུན་འཚོགས་སར༔ དེ་གང་ལོ་རྒྱུས་སྐུར་འདེབས་སྣ་ཚོགས་བྱས༔ གཅིག་གི་གཅིག་གསན་གཙོ་བོ་རྣམས་ཀྱིས་ཚོར༔ གཙོ་བོས་ཕྱི་བློན་དེ་ནས་རིམ་བཞིན་དུ༔ ནང་བློན་དེད་པས་བཙུན་མོ་དག་ལ་བཤད༔ བཙུན་མོ་ཆུང་བ་སོང་ནས་རྒྱལ་པོར་གསོལ༔ ཁྱེད་ཀྱི་སྲས་མོ་མནྡ་ར་བ་ཡིས༔ མཐའ་མི་མགོ་ཟླུམ་བ་ཞིག་བཀོལ་འདུག་ཟེར༔ དེ་སྐད་ཞུས་པས་རྒྱལ་པོའི་ཐུགས་ཚིག་ནས༔ བཙུན་མོ་དེ་ལ་བཀའ་ཡིས་བཀྱོན་ནས་སུ༔ བུ་མོ་ཁྱོད་ཀྱིས་ཅི་ཟེར་སྨྱོ་འམ་གླན༔ བུད་མེད་ཁ་ནི་མི་དགེའི་བང་མཛོད་ཡིན༔ ཤབ་ཤུབ་མང་པོ་བུད་མེད་འདྲེ་དང་མཚུངས༔ ང་ཡི་བུ་མོ་མཁན་པོར་རབ་ཏུ་བྱུང་༔ རྒྱལ་ཁབ་རྣམས་ལ་ཆགས་པ་མི་བགྱིད་ན༔ མཐའ་མི་ཞིག་དང་བསྡོངས་པའི་བསམ་སྤྱོད་མེད༔ གར་སྲིད་ཡོད་ཀྱང་འཁོར་པ་མུ་ཁྱུད་ལྔ༔ ཁོལ་མོ་ལྔ་བརྒྱ་བརྒལ་ནས་སུ་ཞིག་འགྲོ༔ གཅིག་གསང་གྱུར་ཀྱང་མང་པོ་ཁ་མི་མཐུན༔ དང་པོ་གཏམ་དེ་སུས་ཟེར་ཁྲིད་ལ་ཤོག༔ ཅེས་གསུངས་བཙུན་མོས་ནང་བློན་མདུན་དུ་ཁྲིད༔ དེ་བཞིན་ནང་བློན་ཕྱི་བློན་རིམ་པ་རུ༔ གཙོ་བོ་རྣམས་ལས་རྩ་བ་རྩད་མ་ཆོད༔ གཙོ་བོ་བཟུང་ནས་རྒྱལ་པོའི་མདུན་དུ་གཏུགས༔ རྒྱལ་པོའི་གཙོ་བོ་རྣམས་ལ་བཀའ་བཀྱོན་པ༔ གཙོ་བོ་ཁྱེད་རྣམས་དྲན་ཚད་སྨྲ་རྒྱུ་མིན༔ གཏམ་དེ་ཁག་ཆེ་བུ་མོ་འདོད་མཁན་མང་༔ རྒྱལ་པོ་རྣམས་དང་ལབ་དགོས་སོ་མི་གསོད༔ དམ་པར་གྱིས་ལ་ཁྲི་མུན་ནང་དུ་ཆུག༔ ཅེས་གསུངས་གཙོ་བོ་རྣམས་ནི་ཁྲི་མུན་བཅུག༔ རྒྱལ་པོས་ཁོངས་རྣམས་བཅད་ཀྱང་མ་ཆོད་པས༔ ནོར་རྣམས་སྤུངས་ཏེ་ཟ་ཧོར་ཡུལ་རྣམས་བསྡུས༔ ཁྲོམ་ཆེན་དབུས་སུ་བློན་པོས་འདི་སྐད་སྨྲས༔ ཀྱེ་ཧོ་ཉོན་དང་ཟ་ཧོར་ཁྲོམ་པ་རྣམས༔ ལྷ་ལྕམ་ཁྱིམ་སྤངས་ལྷ་ཆོས་བྱེད་པ་ལ༔ གྲོགས་པོ་དགེ་སྦྱོང་གཞོན་ནུ་གཅིག་འདུག་ཟེར༔ སུས་མཐོང་སྨྲོས་དང་སྤུངས་བའི་ནོར་འདི་སྦྱིན༔ ཅེས་སྨྲས་བོས་ཀྱང་མཐོང་མཁན་སུ་མ་བྱུང་༔ དེ་དུས་ཕྱོགས་ལ་གཏམ་དེ་ཐོས་པར་གྱུར༔ གཉེན་ཡ་ཀུན་གྱི་ལྟ་ཉུལ་མང་པོ་བཏང་༔ དེ་དག་ཀུན་གྱིས་མནྡ་ར་བ་དྲིས༔ དེ་ནས་རང་རང་གནས་སུ་ལོག་པར་གྱུར༔ དེ་ནས་གཙོ་བོའི་ཆུང་མ་ཀུན་འདུས་ནས༔ བ་གླང་རྫི་བོ་བོས་ནས་ཟས་ནོར་བྱིན༔ རྫི་ཚབ་ངེད་ཚོས་བཏང་གིས་ཁྱོད་སོང་ལ༔ མཐོང་མཁན་ང་ཡིན་གྱིས་ལ་སྐད་གདངས་བོས༔ ཞེས་ཟེར་བ་གླང་རྫི་བོ་ཁྲོམ་དེར་སོང་༔ མི་སྡུག་དགུ་ཡིས་བརྒྱན་ཏེ་ལང་ནས་བོས༔ ཀྱེ་ཚོགས་པའི་ཁྲོམ་རྣམས་མ་ལུས་ང་ལ་ཉོན༔ སྤུངས་པའི་ནོར་རྣམས་ང་ལ་སྟེར་བ་ན༔ ལྷ་ལྕམ་ཁྱོ་པོ་མཐོང་མཁན་ང་ཡིན་ནོ༔ བདེན་རྫུན་ལེགས་པར་ལྟོས་དང་གསལ་བར་ཡོད༔ ཅེས་ཟེར་སྤུངས་བའི་ནོར་རྣམས་དེ་ཡིས་བསྡུས༔ དེ་ནས་རྒྱལ་པོས་བློན་པོ་བལྟར་སོང་གསུངས༔ ཡུམ་གྱིས་ང་འགྲོ་གསུངས་ནས་ཆས་པ་དང་༔ ནང་དུ་མ་བཏང་ཡུམ་ནི་དྲན་མེད་འགྱེལ༔ རྒྱལ་པོའི་སྙན་དུ་དེ་གང་ལོ་རྒྱུས་ཞུས༔ རྒྱལ་པོས་ཞལ་ནས་བཙུན་མོ་ཚུར་བསུས་ལ༔ མནྡའི་སྒོ་གསེས་ཁྱོ་དེ་འདིར་ཁྲིད་ཤོག༔ ཅེས་གསུངས་བློན་པོ་ཐམས་ཅད་དེ་རུ་སོང་༔ དགེ་སྦྱོང་དེ་ནི་རིན་ཆེན་ཁྲི་ལ་བཞུགས༔ སྐུ་ཟིལ་དང་བཅས་གཟི་བརྗིད་འོད་དུ་འབར༔ ལྷ་ལྕམ་འཁོར་བཅས་ཐལ་སྦྱར་མདུན་དུ་འཁོད༔ དེ་ཚེ་ཆོས་བློན་རྣམས་ཀྱིས་འཇུ་མ་སྤོབས༔ སླར་ལོག་རྒྱལ་པོའི་དྲུང་དུ་འདི་སྐད་ཞུས༔ ཀྱེ་མ་མཐའ་མི་དགེ་སྦྱོང་དེ་ནི་ཡ་མཚན་ཆེ༔ རྣམ་ཐོས་བུའམ་ཚངས་པའི་བུ་གཅིག་ཡིན༔ ཡང་ན་སངས་རྒྱས་མི་ཡུལ་བྱོན་པ་སྟེ༔ ལྷ་ལྕམ་བླ་མ་ཡིན་འདྲ་འཇུ་མ་སྤོབས༔ ད་རུང་རྟོགས་ཞིབ་མཛོད་ལ་བརྟགས་པ་གཅེས༔ འདི་ཕྱི་བཤགས་རྒྱུ་མེད་པའི་སྡིག་ལས་འགལ༔ ཞེས་ཞུས་རྒྱལ་པོ་གདན་ལས་འཕགས་ཏེ་ཁྲོས༔ ཁྱེད་ཚོས་འདི་འདྲ་བྱེད་པ་ཁྲིམས་དྲང་དགོས༔ མཐའ་མིས་ང་ཡི་བུ་མོ་ལུས་སྨ་ཕབ༔ རིགས་ཉམས་དགེ་སྦྱོང་དེ་ནི་དམ་པོར་ཆིངས༔ ཏ་ལའི་ཏིལ་བསྡུས་གསོན་བསྲེག་གྱིས་ལ་ཤོག༔ ལྷ་ལྕམ་ཁྱིམ་ལ་བཏང་དུས་མི་འགྲོ་བར༔ ད་ནི་མཐའ་མི་འཁྱམས་པོ་གཅིག་དང་བསྡེབས༔ ས་ལ་དོང་བྲུས་ཚེར་མའི་གདན་ཐོངས་ལ༔ མི་ལོ་ཉི་ཤུ་རྩ་ལྔའི་བར་དུ་ཞོག༔ ཐོག་ཕུབ་ནམ་མཁའ་མིག་གིས་མི་མཐོང་གྱིས༔ གཡོག་གཉིས་ཉི་མའི་ཟེར་གྱིས་མི་མཐོང་གྱིས༔ ཁོལ་མོ་ལྔ་བརྒྱ་ཐེམ་པའི་ཕྱིར་ལ་བཏང་༔ སྐྱེས་པའི་སྐད་མི་ཐོས་པའི་ས་རུ་ཆུག༔ ཅེས་གསུངས་སྔོན་གྱི་གཙོ་བོ་ཀུན་བཏོན་ནས༔ ཡུལ་གྱི་དམག་བསྡུས་ལྷ་ལྕམ་ཚང་ལ་རྒྱལ༔ སློབ་དཔོན་ཁྲི་ལས་ཕབ་སྟེ་དྲུད་པ་དང་༔ མི་རེས་སློབ་དཔོན་རེ་རེ་དྲུད་རྒྱུ་རྙེད༔ དམ་དུ་བཀྱིག་པ་ཐམས་ཅད་དེ་དང་མཚུངས༔ ཀུན་གྱིས་ཡིད་མ་ཆེས་ཏེ་མེ་ལ་བསྲེགས༔ ལྷ་ལྕམ་རྒྱལ་པོའི་བཀའ་བསྒྲགས་དོང་དུ་བཅུག༔ གཡོག་མོ་ཁོལ་མོ་དེ་བཞིན་གསུངས་ལྟར་བྱས༔ དེ་ཚེ་ལྷ་ལྕམ་ཁོལ་མོ་བཅས་པ་ཀུན༔ རང་ལུས་ལྟོས་མེད་བླ་མ་ཟེར་ནས་འབོད༔ བདུད་རྒྱལ་བློན་པོ་སྡིག་པའི་ལས་འདི་ཙམ༔ ཕོད་པ་ལ་ཡོག་དམྱལ་བ་བཟོད་ཕོད་དམ༔ ཞེས་པ་ལ་སོགས་ཆོ་ངེ་ལྷང་ལྷང་སོང་༔ དེ་ཚེ་སློབ་དཔོན་རྫུ་འཕྲུལ་བསྟན་པ་ནི༔ ནམ་མཁའི་ལྷ་རྣམས་ཀུན་གྱིས་ཆར་མང་ཕབ༔ མེ་ནི་མེ་ཏོག་ཏིལ་མར་མཚོ་རུ་བསྒྱུར༔ རབ་ནི་ལོ་འདབ་མེ་སྟག་མེ་ཏོག་ནི༔ ཕྲའུ་དཔག་མེད་དུད་པ་འཇའ་དང་སྤྲིན༔ རྒྱལ་བློན་ཡུལ་མིའི་དམོད་པ་ངན་བཏབ་ཀུན༔ བཀྲ་ཤིས་སེང་ཁྲོལ་ནམ་མཁའ་གང་བར་བྱུང་༔ པད་སྡོང་དབུས་སུ་སློབ་དཔོན་པདྨ་ནི༔ ལོ་བརྒྱད་ལོན་ཚུལ་ལོངས་སྤྱོད་རྫོགས་སྐུར་བཞུགས༔ མཚོ་ཡི་ཕྱི་རོལ་མེ་རི་ར་བས་བསྐོར༔ མེ་ཡི་སྙིང་པོ་པདྨའི་སྡོང་པོ་ཡིན༔ དེ་ཚེ་གཞན་བསྲེགས་ཞག་བདུན་དུད་པ་ཆད༔ འདི་ནི་ད་རུང་དུད་པ་མ་ཆད་ནས༔ འཇའ་དང་རོལ་མོ་དྲི་བཟང་ནམ་མཁར་ཁེངས༔ དགེ་སྦྱོང་དེ་ནི་སྤྲུལ་སྐུ་ཡིན་ལས་ཆེ༔ རྒྱལ་པོས་བློན་པོ་རྣམས་ལ་ངག་ཀྱང་བཅུག༔ བློན་པོ་ཆོས་འཛིན་གཙུག་ས་འོད་ལྡན་དེས༔ ལྟ་རུ་སོང་བས་ས་ཕྱོགས་མཚོ་རུ་གྱུར༔ མཚོ་ཡི་མཐའ་ལ་མེ་འོབས་དག་གིས་བསྐོར༔ མཚོ་དབུས་པད་སྡོང་དབུས་སུ་སློབ་དཔོན་ནི༔ ངོ་མཚར་མཆོག་ལྡན་འོད་དཔག་མེད་ལྟར་བཞུགས༔ མནྡ་ར་བ་འདྲ་བའི་བུ་མོ་ལྔས༔ མཆོད་པ་རྣམ་ལྔ་ཕུལ་ནས་བསྐོར་བ་མཐོང་༔ ངོ་མཚར་དད་ནས་གནོང་འགྱོད་བྱས་ནས་ལོག༔ རྒྱལ་པོ་དག་ལ་ལོ་རྒྱུས་ཞིབ་ཏུ་ཞུས༔ ཆོས་བློན་ཀུན་གྱིས་རྒྱལ་པོར་ལེ་ཡ་བསྡུས༔ རྒྱལ་པོ་འཁོར་བཅས་དེ་རུ་མྱུར་དུ་ཕྱིན༔ ཕྱོགས་བཞི་ཀུན་ནས་བལྟས་པས་དེ་ཀར་འདུག༔ རྒྱལ་པོས་དགོངས་པ་ཅི་འདྲ་ཡིན་ནམ་སྙམ༔ ཁྱེའུའི་ཞལ་ནས་རྒྱལ་པོ་ལ་གསུངས་པ༔ དུས་གསུམ་སངས་རྒྱས་ངོ་བོ་བླ་མ་ལ༔ གསོན་སྲེག་བྱེད་པའི་སྡིག་རྒྱལ་བྱོན་ལགས་སམ༔ འཇིག་རྟེན་བསླུ་བྱེད་ཆོས་ལ་རབ་ཆགས་ནས༔ དོན་མེད་ཁྲི་མུན་འཇུག་མཁན་བྱོན་ལགས་སམ༔ རང་ཉིད་ཆེ་བའི་ང་རྒྱལ་ཆེར་ཁེངས་ནས༔ བུ་མོ་གསོད་པའི་དམེ་རྒྱལ་བྱོན་ལགས་སམ༔ མ་རིག་རྩ་བ་ཉོན་མོངས་དུག་ལྔ་ལ༔ འཕྲལ་ཕུགས་གནས་པའི་སྡིག་རྒྱལ་བྱོན་ལགས་སམ༔ འདུན་མའི་རྩ་བ་སེམས་ཅན་འགྱུ་བྱེད་ལ༔ མི་དགེ་བྱས་པའི་རྒྱལ་བློན་བྱོན་ལགས་སམ༔ ཞེས་གསུངས་རྒྱལ་པོ་གནོང་ནས་ས་ལ་འགྱེལ༔ བདག་གིས་འདི་འདྲའི་ལས་བྱེད་དྲན་ན་ཨང་༔ སངས་རྒྱས་སྤྲུལ་སྐུ་བུ་མོས་རྙེད་མོད་ཀྱང་༔ ལོག་པར་མཐོང་ནས་ངན་པ་འདི་འདྲ་དྲན༔ ཀྱེ་མ་ཀྱི་ཧུད་ཟེར་ཞིང་ཕྱག་གཉིས་ཀྱིས༔ སྐྲ་འབལ་གདོང་བྲེད་བྲང་བརྡུང་འོ་དོད་བྱེད༔ ཞབས་གཉིས་ས་ལ་སྲེགས་སྲེགས་ཤད་ཤད་འདྲེས༔ གཙོ་བོ་རྣམས་ཀྱིས་འགྱོད་བགྲང་སྣ་ཚོགས་བྱས༔ ཆོས་བློན་རྣམས་ཀྱིས་རྒྱལ་པོ་ལ་གསོལ་པ༔ ཀྱེ་མ་རྒྱལ་པོ་གསོན་ཅིག་མི་ཡི་རྗེ༔ ངེད་ཚོས་བརྟགས་ནས་རིམ་གྱིས་བྱའོ་ཞུས༔ དེ་ཚེ་མ་ཕན་ད་ནི་ཅི་ལ་ཕན༔ བཤགས་པ་བྱ་ཞིང་མཆོད་གནས་གསོལ་བ་ཐོབ༔ ཅེས་སྨྲས་རྒྱལ་པོས་དེ་སྐད་བདེན་གསུངས་ནས༔ ཟ་ཧོར་ཡུལ་པ་ཐམས་ཅད་ངག་ཏུ་བཅུག༔ རྒས་གཞོན་མེད་པ་ཐམས་ཅད་དེ་རུ་བྱུང་༔ དཔག་ཚད་མང་པོའི་ས་ནས་མཇལ་དུ་བྱུང་༔ རྒྱལ་པོ་ལངས་ནས་བརྐྱང་ཕྱག་གྲངས་མེད་འཚལ༔ འགྱོད་པའི་ངག་གིས་འདི་སྐད་གསོལ་བ་བཏབ༔ ཀྱེ་མ་དུས་གསུམ་སངས་རྒྱས་ང་ལ་གསོན༔ མི་མཚམས་བྱས་པའི་འགྱོད་པ་རྟས་མ་སླེབ༔ རབ་ཏུ་ཚ་བའི་མེ་ཡིས་མི་ཚུགས་པར༔ མེ་འོབས་དཀྱིལ་ནས་ཏིལ་མར་རྒྱ་མཚོ་འཁྱིལ༔ རྒྱ་མཚོའི་དཀྱིལ་ན་པདྨའི་སྡོང་པོ་སྐྱེས༔ པད་སྡོང་དབུས་སུ་དུས་གསུམ་སངས་རྒྱས་བཞུགས༔ སྐྱོན་གྱིས་མ་གོས་འགྱུར་བ་མི་མངའ་བ༔ འཆི་མེད་པདྨ་འབྱུང་གནས་ཁྱེད་ལ་བསྟོད༔ བདག་གིས་བློ་ངན་སྐུ་ལ་བརྙས་བགྱིས་པ༔ མི་འཆབ་མི་སྦེད་མཐོལ་བཤགས་བཞེས་སུ་གསོལ༔ རྒྱལ་པོའི་ཆབ་སྲིད་ཕངས་མེད་འབུལ་གྱིས་བཞེས༔ རྒྱལ་པོའི་དབང་པོ་གཙུག་ལག་འཛིན་ང་ནི༔ ཁྱེད་ཀྱི་རྗེས་སུ་འཇུག་པའི་རྒྱལ་པོ་ལགས༔ སེམས་ཅན་མ་རིག་ཁམས་ཆེན་དགོངས་པར་མཛོད༔ རྗེ་ཉིད་ཕོ་བྲང་ནང་དུ་གཤེགས་པར་ཞུ༔ ཞེས་གསོལ་ལྷ་ཀླུ་ཀུན་དང་མཁའ་འགྲོ་དང་༔ པདྨ་གར་དབང་སྲིད་ཐུབ་འཛིན་རྣམས་ནི༔ འཇའ་སྤྲིན་གསེབ་ནས་ཀུན་གྱིས་མཐོང་བར་བྱས༔ པི་ཝང་སྒྲ་བཅུག་སྙན་པའི་དབྱངས་ཀྱིས་བསྟོད༔ ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའི༔ པདྨ་འབྱུང་གནས་སྐུ་ལ་བསྟོད༔ ཅེས་པ་ལ་སོགས་བསྟོད་དབྱངས་དུ་མར་བསྟོད༔ ཐམས་ཅད་མཁའ་ལ་ཐིམ་པས་དེར་འདུས་ཀྱི༔ ཁྲོམ་རྣམས་ཐམས་ཅད་ངོ་མཚར་དད་པར་གྱུར༔ དེ་ནས་སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ ཨེ་མ་ཧོཿ རྒྱལ་པོ་ཆེན་པོ་མ་ཡེངས་ང་ལ་ཉོན༔ ང་ནི་དུས་གསུམ་སངས་རྒྱས་ངོ་བོ་སྟེ༔ མངལ་གྱིས་མ་གོས་པདྨ་འབྱུང་གནས་ཏེ༔ ང་ཡི་བཀོད་པ་ནམ་མཁའི་རང་བཞིན་ལ༔ དགའ་དང་མི་དགའི་ཟུག་རྔུ་མ་མཆིས་སོ༔ ཟག་མེད་སྐུ་ལ་འབྱུང་བ་མེས་མི་ཚུགས༔ དགེ་དང་མི་དགེའི་འདུ་ཤེས་ཅུང་ཙམ་མེད༔ སེམས་ཅན་ཡིན་པས་ནོར་འཁྲུལ་འོང་ལས་ཆེ༔ རྒྱལ་པོ་ཡོན་ཏན་ཀུན་ལྡན་རི་རབ་འདྲ༔ སངས་རྒྱས་ལམ་ལ་སྐྱེ་དགུ་རབ་འཛུད་ཕྱིར༔ རྒྱལ་པོའི་ཞལ་ངོ་མི་སྐྱུངས་བདག་འགྲོའོ༔ ཞེས་གསུངས་རྒྱལ་པོ་དགའ་བ་ཚད་མེད་སྐྱེས༔ རྒྱལ་པོས་བློན་པོ་རྣམས་ལ་བཀའ་སྩལ་པ༔ བློན་པོ་ཁྱེད་རྣམས་མགྱོགས་པར་ཕོ་བྲང་སོང་༔ ཟ་འོག་གསར་པའི་བེར་མཛོད་སྒོ་ཕྱེས་ལ༔ ང་ཡི་ཞྭ་གོས་གསར་པ་ཁྱེར་ལ་ཤོག༔ ཤིང་རྟ་བདུན་དང་རྒྱལ་མཚན་ཕྱར་དར་རྣམས༔ མྱུར་དུ་ཁྱེར་ཤོག་གསུངས་པས་བློན་པོ་རྣམས༔ རྒྱལ་པོས་གསུངས་བཞིན་ཐམས་ཅད་ཁྱེར་ནས་སོང་༔

དེ་ནས་ཤིང་རྟའི་སྟེང་དུ་ཟ་འོག་གདན་བརྩེགས་ཏེ༔ སློབ་དཔོན་བཞུགས་གསོལ་དར་ཕྱར་རྒྱལ་མཚན་བསྒྲེངས༔ པདྨའི་སྐུ་ལ་ཟ་འོག་རིམ་བཞིན་གསོལ༔ དབུ་ལ་ཞྭ་གསོལ་ཞབས་ལ་ལྷམ་གསོལ་ནས༔ ཤིང་རྟའི་ཐག་པ་རྒྱལ་པོ་ཉིད་ཀྱིས་འཐེན༔ ཁྲོམ་རྣམས་སྔོན་རྒྱབ་གཡས་གཡོན་ས་གང་བསྐོར༔ ཕྱག་འཚལ་གསོལ་བཏབ་དད་མོས་བྱས་ནས་དེངས༔ དེ་ནས་ཕོ་བྲང་ནང་དུ་ཕྱགས་ཕེབས་ཏེ༔ རིན་ཆེན་སྣ་བདུན་ཁྲི་ལ་སློབ་དཔོན་བཞུགས༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ སློབ་དཔོན་པདྨ་འབྱུང་གནས་དང་མཇལ་ནས་དམ་ཆོས་ཞུས་པ་ལ༔ མི་ཡི་ཁེངས་ལོག་བསྟན་པས་རྫུ་འཕྲུལ་གྱིས་རྒྱལ་པོ་བརྟུལ་བའི་རིམ་པ་སྟེ་ལེའུ་ཉེར་དྲུག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ལྷ་ལྕམ་བཙོན་ལས་ཐར་ཏེ་སློབ་དཔོན་གྱིས་ཆོས་འཁོར་བསྐོར་ནས་ཟ་ཧོར་ཡུལ་ཁམས་ཆོས་ལ་བཀོད་ནས་གྲུབ་པ་ཐོབ་པའི་རིམ་པ།

དེ་ནས་རྒྱལ་པོས་ལྷ་ལྕམ་ཁྲིད་ཤོག་གསུངས༔ བློན་པོ་སོང་ནས་དོང་བཤུས་ལྷ་ལྕམ་ལ༔ སྔོན་གྱི་སློབ་དཔོན་ལོ་རྒྱུས་འགའ་བཤད་ནས༔ ཡབ་ཀྱིས་ཤོག་ཟེར་ལྷ་ལྕམ་ཕོ་བྲང་འབྱོན༔ ཡང་ཡང་ཞུས་ཀྱང་ལན་མེད་བཞུགས་པ་དང་༔ བློན་པོ་ལོག་ནས་རྒྱལ་པོར་ལོ་རྒྱུས་ཞུས༔ རྒྱལ་པོས་ཡུམ་སོང་ལྷ་ལྕམ་ཁྲིད་ཤོག་གསུངས༔ ཡུམ་གྱིས་གོས་ཁྱེར་བུ་མོའི་རྩ་བར་བྱོན༔ ལྷ་ལྕམ་གོས་གྱོན་ཕོ་བྲང་ནང་དུ་འདོངས༔ སྨྲས་པས་ལྷ་ལྕམ་མ་ཡིས་ལན་སྨྲས་པ༔ ང་ནི་མི་ལོ་ཉེར་ལྔའི་བར་དུ་ནི༔ ཇི་ལྟར་བྱུང་རུང་གར་ཡང་མི་འགྲོ་བར༔ ཡབ་ཀྱི་བཀའ་ནི་ནམ་ཡང་མི་ལྕོགས་ལགས༔ འོན་ཀྱང་ཡབ་ཡུམ་ཁྱེད་གཉིས་གཅིག་པུ་ལ༔ བུ་མོ་གཅིག་པུ་ང་ལས་མེད་པ་ལ༔ འདི་འདྲ་ཕོད་དམ་ང་ཡི་བླ་མ་ནི༔ དུས་གསུམ་སངས་རྒྱས་དངོས་ལ་དེ་འདྲ་བྱས༔ ཞེས་ཟེར་ངུས་པས་ཡུམ་ངུས་དེ་བཞིན་དུ༔ ཟ་ཧོར་ཡུལ་གྱི་བུད་མེད་འཚོགས་ཚད་ངུས༔ རྒྱལ་པོ་བྲེད་དེ་བུ་མོ་ཤི་བར་དགོངས༔ མྱུར་དུ་གཟིགས་བྱོན་བུ་མོ་མཐོང་བ་དང་༔ རྒྱལ་པོ་བཤུམ་ནས་འདི་སྐད་སྨྲས་པའོ༔ བུ་མོའི་ཆོས་གེགས་བྱེད་པ་ང་ཡིན་མོད༔ འགྱོད་པ་ཅན་གྱི་ཕ་ལ་བུ་མོས་སོམས༔ ང་ཡི་མཐོ་མཐོ་བྱས་པས་དམའ་དམའ་བྱུང་༔ དོན་མེད་བྱས་པས་སྙིང་ལ་ཅོང་ནད་ཟིན༔ ཅེས་གསུངས་བུ་མོའི་ལག་པ་ནས་བཟུང་སྟེ༔ རྒྱལ་པོས་ཁ་གཏུག་ན་བཟའ་ཡུམ་གྱིས་གསོལ༔ ཡབ་ཡུམ་གཉིས་ཀྱིས་ངུས་པས་བུ་མོ་ཡིས༔ བཟོད་དེ་ཕོ་བྲང་ནང་དུ་གཤེགས་པར་མཛད༔ སློབ་དཔོན་མཇལ་ནས་ཕྱག་འཚལ་མཆི་མ་ཕྱིས༔ དད་པའི་དབྱངས་ཀྱིས་ཚིགས་བཅད་འདི་ཡིས་བསྟོད༔ མི་དགེའི་གླིང་དུ་སངས་རྒྱས་སྤྲུལ་པ་བྱོན༔ མི་འཇིགས་སྟོབས་ལྡན་རེ་དོགས་མེད་པར་འཕྱོ༔ ཕྱག་ཞབས་རྫུ་འཕྲུལ་ཉམ་ང་མེད་པའི་སྐུ༔ རྫུ་འཕྲུལ་ཅིར་ཡང་གསལ་བའི་བཀྲ་ཤིས་ཤོག༔ པད་སྡོང་ལས་འཁྲུངས་སྐུ་མདོག་དཀར་དམར་མདངས༔ བཟང་པོའི་མཚན་གྱིས་སྐུ་ལ་བརྒྱན་པ་ནི༔ ལེགས་པའི་མཚན་བཟང་དཔེ་བྱད་བཤད་པ་ལས༔ དང་པོ་མཚན་བཟང་སུམ་ཅུ་སོ་གཉིས་ནི༔ དུས་གསུམ་པད་འབྱུང་ཡོན་ཏན་བསམ་མཐའ་ཡས༔ པད་འབྱུང་སྐུ་ལ་ཐ་དད་མོས་པས་འདུལ༔ མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས་པའི་སྐུ༔ རི་རབ་ལྟ་བུའི་སྐུ་ནི་ལྷུན་ལ་མཐོ༔ རི་རྒྱལ་བུམ་པ་ལྟ་བུར་དབུ་ནི་ཟླུམ༔ བུང་པའི་ཨུཏྤལ་ལྟ་བུར་དབུ་སྐྲ་མཛེས༔ ཤངས་ནི་ལེགས་ཤིང་ལྟ་ན་སྡུག་པའི་ཤངས༔ ཡ་མཆུ་མ་མཆུ་པདྨའི་ཟེའུ་འདྲ༔ ལྗགས་རིང་ཆེ་ཞིང་པདྨའི་མདོག་ལྟར་དམར༔ ཚེམས་དཀར་ཐགས་བཟང་དུང་དང་གངས་རི་འདྲ༔ ཚེམས་ནི་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེས༔ ཞི་བའི་ཞལ་མཐོང་ལྐོག་མ་ལྷང་ངེ་བ༔ ཀཱ་ལ་པིངྐ་ལྟ་བུའི་ཚངས་པའི་དབྱངས༔ ཞལ་ཚོམ་དོམ་ནག་དཀྱུས་པ་ལྟ་བུ་རིང་༔ སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔ མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགས༔ འདི་ཡི་སྐུ་སྟོད་སེང་གེ་འགྱིང་བ་འདྲ༔ དཔུང་པའི་མགོ་ཟླུམ་ཕྲག་པ་རྒྱས་པ་དང་༔ ཕྱག་ཞབས་སོར་རིང་དྲ་བས་འབྲེལ་བ་དང་༔ སེན་མོའི་མདོག་ནི་ཟངས་དམར་ཤེལ་མདོག་ལྟར༔ པདྨའི་སྦུ་གུ་ལྟ་བུ་ལྟེ་བ་མཛེས༔ ལྦ་བ་སྦུབས་སུ་རྟ་གླང་ལྟ་བུ་མཛེས༔ བྱིན་པ་ཨེ་ན་ཡ་འདྲའི་ཞབས་པད་འབུར༔ མཁའ་ལ་འཇའ་འཁྱུག་ལྟ་བུར་འཕུར་རྩལ་འགྲོ༔ གཞོན་ནུའི་རྩལ་འདྲ་སྐུ་ལུས་ཡན་ལག་རྒྱས༔ འཛུམ་ཞིང་ཤིན་ཏུ་མཛེས་པའི་དྲི་མེད་ཞལ༔ ལྟ་བས་མི་ངོམས་སྐྱེ་བོས་ལྟ་ན་སྡུག༔ འོད་ཟེར་དུ་མ་འབར་བས་འོད་འཁྱུལ་འདྲ༔ རོ་མཆོག་འཇམ་ཞིང་སོ་སོར་ཆ་མེད་འབྱུང་༔ མི་རྟོག་རྡོ་རྗེ་ལྟ་བུར་ཟག་པ་མེད༔ འདྲ་བ་འདི་དག་པད་འབྱུང་མཚན་བཟང་པོ༔ སུམ་ཅུ་རྩ་གཉིས་རྒྱལ་སྲས་སྐུ་ལ་བསྟོད༔ ཅེས་བསྟོད་གུས་པ་ཆེན་པོས་ཕྱག་འཚལ་བས༔

སློབ་དཔོན་དགྱེས་པར་མཛད་ནས་འདི་སྐད་གསུངས༔ ཨེ་མ་གཉེན་བྱམས་ད་ལྟའི་གཉེན་ལ་མི་ཟེར་ཏེ༔ གཉེན་བྱམས་མཚན་ལྡན་བླ་མ་དམ་པ་ཡིན༔ ཕན་པའི་ལམ་སྟོན་གནོད་པའི་ལམ་ལས་ལྡོག༔ ད་ལྟའི་གཉེན་བྱམས་ཤ་ཆང་བཞིན་དུ་བྱ༔ ཆོས་བཤོལ་གདུག་པ་གང་ཡིན་ཐམས་ཅད་སློབ༔ དཔེ་ངན་མང་པོ་བགྲངས་ཤིང་འཁོར་བ་ཡིན༔ མེད་པ་བཙལ་གྱིས་མི་རྙེད་སྡུག་བསྔལ་དེ༔ ནོར་དང་ལོངས་སྤྱོད་ཀུན་ལ་མི་ཟེར་ཏེ༔ ད་ལྟའི་ནོར་དང་ལོངས་སྤྱོད་བཙལ་ཀྱང་རྙེད༔ བཙལ་བས་མི་རྙེད་འཕགས་པའི་ནོར་བདུན་ཡིན༔ ཡོད་པ་སྐྱོང་གི་མི་ཐུབ་སྡུག་བསྔལ་དེ༔ ད་ལྟའི་འཁོར་འབངས་ནོར་ལ་ཟེར་བ་མིན༔ སངས་རྒྱས་རང་ལ་ཡོད་པ་ཡན་པར་ཤོར༔ ངོ་མ་འཕྲད་པས་ཡོད་ཀྱང་མ་བསྐྱངས་ཡིན༔ རྐྱེན་ངན་དངོས་གྲུབ་ཤེས་པ་དང་དུ་ལོངས༔ བར་ཆད་ཡོན་ཏན་དང་བཅས་ནང་དུ་སུབ༔ ཅེས་གསུངས་ལྷ་ལྕམ་མ་ནི་རང་གྲོལ་གྱུར༔ དེ་ནས་རྒྱལ་པོ་གཙུག་ལག་འཛིན་གྱིས་ནི༔ བུ་མོ་བྲམ་ཟེའི་ཤ་དང་ནོར་བུ་དང་༔ རྒྱལ་སྲིད་དཀོར་ནོར་བཅས་ཏེ་མ་ལུས་ཕུལ༔ ཇི་སྲིད་རྒྱལ་པོ་མ་འདས་བར་དུ་ནི༔ དེ་སྲིད་སློབ་དཔོན་བཞུགས་པར་གསོལ་བ་བཏབ༔ སློབ་དཔོན་ཟ་ཧོར་སྨིན་གྲོལ་མ་བྱུང་ན༔ བཞུགས་པར་ཞལ་བཞེས་བཀའ་འདུས་ཆོས་རྒྱ་མཚོ༔ དཀྱིལ་འཁོར་ཞལ་ཕྱེས་ལོ་གསུམ་བར་དུ་ནི༔ མི་གཡོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས༔ དེ་ཚེ་ཕྱོགས་ཀྱི་རྒྱལ་པོ་མ་ལུས་ཀྱིས༔ ལྷ་ལྕམ་སློབ་དཔོན་ཕུལ་བའི་ལོ་རྒྱུས་ནི༔ ཞིབ་ཏུ་ཐོས་པས་ཐམས་ཅད་དམག་ཆས་ནས༔ མཐའ་བཞིའི་དམག་རྣམས་ཟ་ཧོར་ཡུལ་དུ་གཡོས༔ དགྲ་དཔོན་མ་ཧཱ་ཕ་ལ་ཞེས་བཅས་ཏེ༔ ཟ་ཧོར་ཡུལ་གྱི་འཕྲང་དང་གཅན་བསྡམས་ཤིང་༔ འོབས་དང་རྫོངས་སར་མང་པོ་བཅོས་པ་དང་༔ སློབ་དཔོན་རྫུ་འཕྲུལ་བསྟན་ནས་དམག་རྣམས་བཟློག༔ ཁྱད་པར་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས༔ བཟློག་པས་དམག་རྣམས་མ་ལུས་རང་སར་དེངས༔ ཐམས་ཅད་བདེ་ནས་སློབ་དཔོན་ཆེན་པོ་ཡིས༔ རྒྱལ་པོའི་འབངས་ནི་སུམ་སྟོང་དྲུག་བརྒྱ་དང་༔ ལྷ་ལྕམ་ཁོལ་མོ་ལྔ་བརྒྱ་བཙུན་མོ་ལྔ༔ སློབ་དཔོན་ཉིད་ནས་བན་སར་བརྒྱ་རྩ་བརྒྱད༔

དེ་དག་ཀུན་ལ་ཆོས་འཁོར་བསྐོར་བ་ནི༔ བཀའ་སྐྱོང་དམ་པའི་ཆོས་ཚན་བམ་པོ་བརྒྱད༔ རྫོགས་ཆེན་བཀའ་འདུས་རྒྱུད་ལྔ་སྙིང་ཐིག་བཞི༔ མཚན་ལྔ་རྒྱུད་ནི་ཉི་ཤུ་མན་ངག་ཞེ་གཉིས་གདམས༔ ཐམས་ཅད་སྨིན་གྲོལ་གྲུབ་ཆེན་བཅུ་གཉིས་བྱུང་༔ མཁའ་སྤྱོད་སུམ་ཅུ་ས་སྤྱོད་བདུན་བྱུང་ངོ་༔ ཆུ་བྲག་མི་བྱིང་ལྔ་བཅུ་རྩ་གཉིས་ཏེ༔ འོད་དུ་ཡལ་བའི་མི་ནི་ཉེར་ལྔའོ༔ ཕྱིར་མི་ལྡོག་པའི་ས་ལ་ཐམས་ཅད་བཀོད༔ ཟ་ཧོར་ཡུལ་དུ་ཐུགས་རྗེ་ཆེན་པོ་དང་༔ ཟ་ཧོར་རྒྱལ་ཁམས་མ་ལུས་སྨིན་ཅིང་གྲོལ༔ རྒྱལ་པོ་ཉིད་ཀྱང་མི་རྟག་སུན་ཕྱུངས་ནས༔ སྲས་ནི་རྒྱལ་སར་འགོད་ཅིང་རྒྱལ་སྲིད་གཏད༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ལྷ་ལྕམ་བཙོན་ལས་ཐར་ཏེ་སློབ་དཔོན་གྱིས་ཆོས་འཁོར་བསྐོར་ནས་ཟ་ཧོར་ཡུལ་ཁམས་ཆོས་ལ་བཀོད་ནས་གྲུབ་པ་ཐོབ་པའི་རིམ་པ་སྟེ་ལེའུ་ཉེར་བདུན་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

སློབ་དཔོན་གདམས་པས་གྲོལ་ནས་འཁོར་བ་སྤངས་པའི་བརྡ་ཆོས་མཐོང་བའི་རིམ་པ།

དེ་ནས་སློབ་དཔོན་མཱ་ར་ཏི་ཀ་རུ༔ ཚེ་ཡི་སྒྲུབ་པར་གཤེགས་པར་གྲབས་པ་དང་༔ གཞན་གྱིས་ཇི་ལྟར་བཤོལ་ཀྱང་བཤོལ་མ་ཐེབས༔ ལྷ་ལྕམ་མ་ལ་རྡོ་རྗེའི་མགུར་འདི་གསུངས༔ ཨེ་མ་ཧོཿ ཡ་མཚན་བུ་མོ་མཚར་སྡུག་འོད་ཟེར་འབར༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུ་མཛེས་པའི་སྐུ༔ སྐྱོན་གྱིས་མ་གོས་མཛེས་མ་འཛུམ་མདངས་ཅན༔ པདྨའི་མདངས་ལྡན་རྡོ་རྗེ་ལྟ་བུའི་སྐུ༔ སེང་ངེ་ཡེ་རེ་དལ་ལུས་གཞོན་ཚུལ་ཅན༔ མཚན་ལྡན་བུ་མོ་མཐོང་བས་ཡིད་འཕྲོག་མ༔ དར་ཅིག་གསོན་དང་མེ་ཏོག་མནྡ་ར༔ མ་ཡེངས་དགོངས་དང་ལྷ་ལྕམ་མཚན་ལྡན་མ༔ སྲིད་པའི་རྒྱ་མཚོའི་སྡུག་བསྔལ་མཐའ་མེད་འདི༔ འཁོར་བ་འཁྱམས་པའི་སྔ་མ་དེ་ཙམ་ཡིན༔ ད་ནི་གཏན་གྱི་འདུན་མ་བསྒྲུབ་རེ་རན༔ ལྷ་ཆོས་མཛོད་དང་ལྷ་ལྕམ་གཞོན་ནུ་མ༔ འཇིག་རྟེན་བྱ་བའི་ལས་ལ་ཟིན་པ་མེད༔ བྲེལ་བ་དོན་མེད་སྔ་མ་དེ་ཙམ་ཡིན༔ ད་ནི་བྱ་བྲལ་དགོངས་པ་སྤྱོད་རེ་རན༔ རང་སེམས་ལྟོས་ཤིག་ལྷ་ལྕམ་གཞོན་ནུ་མ༔ ཞེ་སྡང་དབང་གིས་ཕ་རོལ་དགྲ་ལ་རྒོལ༔ རང་གཞན་གཉིས་ཕུངས་སྔ་མ་དེ་ཙམ་ཡིན༔ ད་ནི་རང་གི་ཉོན་མོངས་འདུལ་རེ་རན༔ ང་བདག་ཐུལ་ཅིག་ལྷ་ལྕམ་གཞོན་ནུ་མ༔ གཏི་མུག་དབང་གིས་ཐ་མ་འཁོར་བར་ལུས༔ ཁྲེལ་མེད་རོ་ཉལ་སྔ་མ་དེ་ཙམ་ཡིན༔ ད་ནི་ཡེངས་མེད་དགེ་སྦྱོར་བྱེད་རེ་རན༔ ཤེས་རབ་བསྐྱེད་དང་ལྷ་ལྕམ་གཞོན་ནུ་མ༔ ང་རྒྱལ་དབང་གིས་དཔོན་མོའི་ཚུལ་བཟུང་ནས༔ གཞན་ལ་བསླབ་བྱ་སྔ་མ་དེ་ཙམ་ཡིན༔ ད་ནི་རང་གྲོས་རང་ལ་འདེབས་རེ་རན༔ རང་སྐྱོན་རང་གིས་ཟུངས་ཤིག་གཞོན་ནུ་མ༔ ཕྲག་དོག་དབང་གིས་གཞན་ལ་ཁྱད་གསོད་བྱེད༔ འགྲན་ཟླ་བྱེད་པ་སྔ་མ་དེ་ཙམ་ཡིན༔ ད་ནི་རྒྱལ་བའི་རྗེས་སུ་འཇུག་རེ་རན༔ དག་སྣང་སྦྱོང་དང་ལྷ་ལྕམ་གཞོན་ནུ་མ༔ ལས་ངན་བསགས་པའི་འཁོར་བའི་རྒྱ་མཚོར་འཁྱིལ༔ ལུས་ངན་ལེན་པ་སྔ་མ་དེ་ཙམ་ཡིན༔ ད་ནི་གསལ་སྟོང་ལྷ་རུ་བསྒོམ་རེ་རན༔ བསྐྱེད་རིམ་མཛོད་ཅིག་ལྷ་ལྕམ་གཞོན་ནུ་མ༔ འཁྲུལ་བའི་ལོང་གཏམ་ཟག་པ་འཕེལ་བའི་རྒྱུ༔ ཟད་མེད་འཆལ་གཏམ་སྔ་མ་དེ་ཙམ་ཡིན༔ ད་ནི་གྲག་སྟོང་སྙིང་པོ་བཟླ་རེ་རན༔ ཡི་དམ་སྒྲུབས་ཤིག་ལྷ་ལྕམ་གཞོན་ནུ་མ༔ རྣམ་རྟོག་མང་པོས་ཉོན་མོངས་སྣ་ཚོགས་འཆར༔ འཁྲུལ་བའི་བསམ་བློ་སྔ་མ་དེ་ཙམ་ཡིན༔ ད་ནི་བདེ་སྟོང་བཙན་ས་བཟུང་རེ་རན༔ བསྐྱེད་རྫོགས་སྒོམས་དང་ལྷ་ལྕམ་གཞོན་ནུ་མ༔ ཟབ་མོའི་ཐབས་ལམ་རིག་འཛིན་གསེང་ལམ་ཡིན༔ ཚེ་འདིར་ཞུགས་པའི་སྐལ་པ་ཡོད་དམ་ཅི༔ ད་ནི་དག་སྣང་ཁྱབ་བརྡལ་བསྒོམ་རེ་རན༔ དད་པ་སྐྱེད་ཅིག་ལྷ་ལྕམ་གཞོན་ནུ་མ༔ ཞེས་གསུངས་ལྷ་ལྕམ་ངུས་ནས་ཡང་ཞུས་པ༔ ཨེ་མ་ཧོཿ མཚར་སྡུག་ཡིད་འོང་ཁྱེའུ་གཞོན་ནུའི་སྐུ༔ གསལ་འཚེར་ལྷུན་ཆགས་གཟི་བརྗིད་འབར་བའི་སྐུ༔ མཚན་དང་དཔེ་བྱད་ལྡན་པའི་སྐུ་མཆོག་ལ༔ གང་ནས་བལྟས་ཀྱང་ངོམས་པའི་དུས་མ་མཆིས༔ ཚངས་པའི་གསུང་སྙན་རྡོ་རྗེའི་གླུ་དབྱངས་ལ༔ ཇི་ལྟར་ཉན་ཀྱང་ཚིམ་པའི་དུས་མ་མཆིས༔ ཐུགས་རྗེ་རྒྱུན་ཆད་མེད་པའི་སྤྱན་སྔ་རུ༔ ཇི་ལྟར་བསྡད་ཀྱང་འབྲལ་བའི་སེམས་མི་ཕོད༔ འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ༔ རིགས་མཆོག་ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ༔ སུ་རབ་སུ་རིང་ཕ་ཡུལ་བཟང་ན་ཡང་༔ དར་ཙམ་ཡུད་ཙམ་དྲི་ཟའི་གྲོང་ཁྱེར་འདྲ༔ བུ་མོ་ཤི་བའི་ནངས་པར་ཕ་ཡུལ་མེད༔ གཏན་གྱི་ཕ་ཡུལ་ས་ཕྱོགས་གང་དུ་བཙལ༔ རིན་ཆེན་གཞལ་ཡས་ཁང་ཆེན་བཟང་ན་ཡང་༔ གཏན་དུ་མི་སྡོད་ཆུ་ཡི་ལྦུ་བ་འདྲ༔ བུ་མོ་ཤི་བའི་ཉིན་པར་ཁང་པ་མེད༔ གཏན་གྱི་ཁང་པ་ས་ཕྱོགས་གང་དུ་བཙལ༔ ཟ་ཧོར་རྒྱལ་པོ་ཕ་རུས་བཟང་ན་ཡང་༔ གཏན་དུ་མི་སྡོད་ནམ་མཁའི་སྤྲིན་དང་འདྲ༔ བུ་མོ་ཤི་བའི་ནངས་པར་ཕ་མིང་མེད༔ གཏན་གྱི་ཕ་མིང་ས་ཕྱོགས་གང་དུ་བཙལ༔ རྒྱལ་པོའི་བཙུན་མོ་མ་རུས་བཟང་ན་ཡང་༔ གཏན་དུ་མི་སྡོད་ངལ་གསོའི་སྟེགས་དང་འདྲ༔ བུ་མོ་ཤི་བའི་ནངས་པར་སྐྱོ་རོགས་མེད༔ གཏན་གྱི་སྐྱོ་རོགས་ས་ཕྱོགས་གང་དུ་བཙལ༔ ཡིད་བཞིན་ནོར་བུ་ནོར་དུ་བཟང་ན་ཡང་༔ གཏན་དུ་མི་འདུག་རྩྭ་ཁའི་ཟིལ་པ་འདྲ༔ བུ་མོ་ཤི་བའི་ནངས་པར་ཁྱེར་རྒྱུ་མེད༔ གཏན་གྱི་ནོར་སྐལ་ས་ཕྱོགས་གང་དུ་བཙལ༔ འཁོར་བའི་གནས་འདིར་འཇིག་རྟེན་བྱ་བས་གཡེངས༔ ཆགས་སྡང་དུག་ལྔའི་འདམ་དུ་བྱིང་གྱུར་ཅིང་༔ ལུས་ངན་བླངས་ནས་གཉེན་ལ་སྲིད་ཞེན་ཆེ༔ རྫུན་ཕྲ་ངག་འཆལ་བརྗོད་ཅིང་ཆོས་མི་དྲན༔ ལས་ངན་བདག་ལ་ཐུགས་རྗེས་བཟུང་དུ་གསོལ༔ རྒྱུན་དུ་འབྲལ་མེད་ཕྱག་ཕྱིར་ཁྲིད་ནས་ཀྱང་༔ རིག་འཛིན་གསེང་ལམ་ད་ལྟ་བསྟན་དུ་གསོལ༔ ཞེས་ཞུས་སློབ་དཔོན་ཞལ་ནས་ཡང་གསུངས་པ༔ བུ་མོ་ཁྱོད་ནི་སྐལ་པ་ཅན་ཡིན་ཀྱང་༔ རིག་འཛིན་གསེང་ལམ་ཞུ་བའི་དག་སྣང་དང་༔ སྙིང་རུས་སྲོག་ལ་བབ་ཀྱང་མི་བཏང་དགོས༔ ཕྱི་མའི་འདུན་མ་ད་ལྟ་སྒྲུབ་པ་ལ༔ ཤ་ཁྲག་ལུས་འདི་གཅེས་སྤྲས་དོར་བར་དགོས༔ ཞེས་གསུངས་བུ་མོས་སླར་ཡང་འདི་སྐད་ཞུས༔ བདག་ནི་དད་པ་དག་སྣང་མོས་གུས་ནི༔ རྒྱུན་ཆད་མེད་པར་ཡོད་པ་ཁྲིད་པར་ཞུ༔ ཟས་ནི་ས་རྡོ་ཟོས་ཀྱང་ངས་ནི་ཐུབ༔ ཅེེས་ཞུས་དེ་ནས་སློབ་དཔོན་ཞལ་ནས་ཀྱང་༔ འོཿ ང་ནི་འདི་ནས་ཤར་ཕྱོགས་འགྲོ་བ་ལ༔ བུ་མོ་རང་གི་ཤར་ཕྱོགས་ཁ་སྟོན་ལ༔ ད་ལྟའི་འཇག་ལུང་ནང་ནས་ང་དང་ནི༔ མ་འཕྲད་བར་དུ་འཇིགས་སྔངས་ཅི་བྱུང་ཡང༔ མ་ཞེད་དག་སྣང་སྙིང་རུས་གྱིས་ལ་ཤོག༔ ཅེས་གསུངས་སློབ་དཔོན་མཁའ་ལ་བཏེགས་ནས་བྱོན༔ མཁའ་སྤྱོད་དྷཱཀི་རྣམས་ཀྱིས་བསུས་ནས་བྱོན༔ ཟ་ཧོར་རྒྱལ་ཁམས་རྗེ་འབངས་འཁོར་བཅས་ཀྱིས༔ གསོལ་འདེབས་ཆོ་ངེ་འུར་ཏིང་ཁེངས་པར་གྱུར༔ རྒྱལ་པོ་འཁོར་བཅས་མྱ་ངན་དག་གིས་ནོན༔ དེ་ནས་ཕྱིར་ནངས་སྐྱ་རེངས་ཤར་བ་དང་༔ འཁོར་འབངས་ལོངས་སྤྱོད་ཀུན་ལ་མ་ཆགས་པར༔ མནྡ་ར་བ་ཀུན་གྱིས་མ་མཐོང་མཛད༔ འཇག་ལུང་ནང་ནས་ཞུགས་ཏེ་ཤད་ཀྱིས་བྱོན༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིས༔ ཐུགས་རྗེའི་འོད་ཀྱིས་བསྲུང་བའི་དྲ་བར་བཙུད༔ ལྷ་ལྕམ་ལུང་པ་གཅིག་བརྒལ་གཉིས་བརྒལ་སོང་༔ མི་མེད་ལུང་སྟོང་འཇིགས་ལ་ཡ་ང་བ༔ ཡུལ་ཞིག་ཆུ་རོང་བྲག་ཟབ་ནགས་ཚལ་སྲིབ༔ ཞག་གསུམ་ལམ་ལུས་ལྟོ་ལྟོགས་རྒྱབ་ཀྱང་གྲང་༔ གཅན་གཟན་སྣ་ཚོགས་བྱ་རིགས་མྱ་ངན་སྐད༔ ལ་ཆེ་ལུང་དོག་ཡ་ངའི་གནས་སུ་ཕྱིན༔ དེ་ཚེ་སྡུག་བསྔལ་ཁོང་སྟོང་སྙིང་རླུང་ལངས༔ སྐྱོ་ཤས་མོས་གུས་རང་ཤུགས་མེད་པ་གཅིག༔ བྱུང་བས་ངུས་ཤིང་སྨྲེ་ངག་འདི་སྐད་བཏོན༔ ཀྱེ་མ་ཀྱི་ཧུད་ཨོ་རྒྱན་ཆོས་ཀྱི་རྗེ༔ གུ་རུ་ཐར་པའི་ལམ་སྟོན་ལྕགས་ཀྱུ་ཅན༔ མཁྱེན་པའི་གཟིགས་ཤིག་བདག་ལ་དགོངས་སུ་གསོལ༔ ལུང་པ་བྱང་བལྟས་འདྲེ་ཡུལ་འདི་དང་གཅིག༔ གཅན་གཟན་རྒྱུ་བའི་ནགས་གསེབ་འདི་དང་གཉིས༔ བྲག་དང་ཆུ་འཐབ་འུར་སྒྲ་འདི་དང་གསུམ༔ འདྲེ་དང་སྲིན་པོའི་རྒྱལ་ཁམས་མ་ལགས་སམ༔ ཁྱེའུ་ཆུང་མཛེས་པའི་སྐུ་དེ་ག་ན་བཞུགས༔ དུས་འདིར་མི་མཇལ་ཤེས་པ་ཕྱ་མ་ཕྱོ༔ ཐང་སྟོང་འཇག་མའི་བཤུད་གླུ་འདི་དང་གཅིག༔ བྱ་རོག་ནག་མོའི་སྟོང་སྐད་འདི་དང་གཉིས༔ དགོང་མོ་ཉི་མའི་གྲིབ་སོ་འདི་དང་གསུམ༔ ཕ་རོལ་བརྒལ་བའི་བར་དོ་མ་ལགས་སམ༔ སྨྲ་མཁས་ཚངས་པའི་དབྱངས་དེ་གང་ན་བཞུགས༔ དུས་འདིར་མི་གཟིགས་སེམས་ནི་འཕྱོ་ཞིང་གྲང་༔ མི་མེད་ཡུལ་ཞིག་སྟོང་པ་འདི་དང་གཅིག༔ དུར་ཁྲོད་ལྟ་བུའི་གནས་ངན་འདི་དང་གཉིས༔ གཅན་གཟན་གདུག་པའི་ངར་སྐད་འདི་དང་གསུམ༔ འཆི་བདག་བདུད་ཀྱི་གྲོང་ཁྱེར་མ་ལགས་སམ༔ ཐུགས་རྗེའི་མྱུར་མགྱོགས་སྤྱན་གྱིས་མྱུར་དུ་གཟིགས༔ སྙིང་ནས་ཟུངས་ཤིག་མཚན་ལྡན་ཆོས་ཀྱི་རྗེ༔ ཞེས་སྨྲས་ངུས་པས་ས་ཚུགས་མེད་པར་བསྡད༔ པདྨས་མཁྱེན་ནས་བསུ་རུ་བྱོན་པ་དང་༔ བུ་མོས་མཇལ་ཏེ་དགའ་བའི་ཡུས་ཀྱིས་ངུས༔ ངོམས་ཤིང་ཚིམ་མེད་དམ་དུ་འཇུས་པ་དང་༔ གུ་རུའི་ཞལ་ནས་ཁྱོད་ལ་སྙིང་རུས་དང་༔ དག་སྣང་མེད་བྱས་ཡོད་ན་འདི་ཙམ་གྱིས༔ ཡ་ང་འཇིགས་པ་ཅི་དང་ཅི་ལ་འོངས༔ ཡ་ང་བག་ཚ་རྣལ་འབྱོར་པ་ཡི་གྲོགས༔ རྐྱེན་ངན་བྱུར་སྣ་རྣལ་འབྱོར་མ་རྙེད་ནོར༔ འདི་འདྲའི་གནས་མཆོག་དམ་ཆོས་གང་གིས་ཟབ༔ འཇིགས་པ་ཡ་ང་རྣམ་རྟོག་གཅོད་པའི་གྲི༔ དུར་ཁྲོད་གནས་ངན་རྟག་ལྟའི་རྫུན་ཁུང་སྡིབས༔ ལུང་སྟོང་ཡ་ང་སྒྱུ་མའི་དམ་ཆོས་ཡིན༔ གཅན་གཟན་གདུག་པ་བར་དོ་ངོ་སྤྲོད་ཡིན༔ སྐྱོ་ཤས་སྙིང་རླུང་བདེན་རྫུན་གཉིས་ཀ་ཡིན༔ ནུས་མེད་མོས་གུས་བླ་མའི་རྣལ་འབྱོར་ཡིན༔ འདི་ལས་འཇིགས་པ་བར་དོའི་གནས་སུ་ཡོད༔ འཇིགས་པའི་སྒྲ་སྐད་འབྲུག་སྟོང་ལྡིར་བ་འདྲ༔ གཤིན་རྗེའི་ལས་མཁན་ལག་དམར་ཤན་པ་འདྲ༔ མུན་ནག་ཚོགས་ནི་བསྐལ་པར་གསལ་ཁུང་བྲལ༔ མཚོན་ཆ་རལ་གྲི་ནགས་ཚལ་གཟེང་བ་འདྲ༔ འཇིགས་པའི་ཚོགས་བཞི་ཡ་ངའི་འཕྲང་བརྒྱད་སོགས༔ སྡུག་བསྔལ་བསམ་ལས་འདས་པ་བཟོད་མེད་ཡོད༔ ཅེས་གསུངས་ལྷ་ལྕམ་སྡིག་སྒྲིབ་སྐད་ཅིག་བྱང་༔ ལམ་གྱི་ཡོན་ཏན་ཐམས་ཅད་རྒྱུད་ལ་སྐྱེས༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ སློབ་དཔོན་གདམས་པས་གྲོལ་ནས་འཁོར་བ་སྤངས་པའི་བརྡ་ཆོས་མཐོང་བའི་རིམ་པ་སྟེ་ལེའུ་ཉེར་བརྒྱད་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

བྲག་ཕུག་མཱ་ར་ཏི་ཀར་ཚེའི་གདམས་པ་ཞུས་ཏེ་འཆི་མེད་རིག་འཛིན་བརྙེས་པའི་རིམ་པ།

དེ་ནས་བྲག་ཕུག་མཱ་ར་ཏི་ཀར་བྱོན༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ཚངས་པའི་གནས༔ ཡོན་ཏན་ཀུན་ལྡན་ཡིད་བཞིན་ནོར་བུ་ལྟར༔ རྒྱ་གར་ཡུལ་ནས་ཁྱད་འཕགས་བསྒྲུབ་གནས་དེར༔ ཡབ་ཡུམ་གཉིས་ཀྱི་ཚེ་ལྷའི་དཀྱིལ་འཁོར་བཞེངས༔ ལྷ་ལྕམ་ལ་ནི་སློབ་དཔོན་བཀའ་སྩལ་པ༔ རིག་འཛིན་གསེབ་ལམ་རྡོ་རྗེའི་དཀྱིལ་འཁོར་དུ༔ ཞུགས་པའི་སྐལ་ལྡན་ལུས་ཀྱི་མཎྜལ་ཕུལ༔ ཞེས་གསུངས་ལྷ་ལྕམ་ལུས་ཀྱིས་མཎྜལ་བཀོད༔ གསོལ་བ་བཏབ་པའི་དབྱངས་ནི་འདི་སྐད་བརྗོད༔ ཀྱེེཿརིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལགས༔ རིག་འཛིན་གསེང་ལམ་ཚེ་ཡི་དབང་བསྐུར་ནི༔ ཕྱི་ནང་གསང་བའི་དབང་གིས་སྨིན་པ་ཞིག༔ བཀའ་དྲིན་ཆེན་པོས་ཉེ་བར་བཟུང་དུ་གསོལ༔ ཞེས་གསོལ་བཏབ་པས་སློབ་དཔོན་ཆེན་པོ་ཡིས༔ རྩ་བ་ལྟ་བུར་དཔྲལ་བར་བུམ་དབང་བསྐུར༔ ཡོན་ཏན་བསྐྱེད་པ་གསང་བའི་ངག་དབང་བསྐུར༔ ཐིག་ལེ་བསྐྱེད་པ་ཤེར་དབང་ཡིད་ལ་བསྐུར༔ དེ་བཞིན་ཉིད་སྟོན་ཚིག་དབང་སེམས་ལ་བསྐུར༔ ལུས་རྩ་དག་པ་བདེ་བ་ཆེན་པོའི་དབང་༔ རླུང་བཅུད་དག་པ་བདུད་རྩི་སྟོང་སྦྱར་དབང་༔ ཕོ་ཉའི་ལམ་དབང་རྡོ་རྗེའི་དཀྱིལ་འཁོར་དབང་༔ ཁ་སྦྱོར་དག་པ་གསང་བ་ཆེན་པོའི་དབང་༔ ཉོན་མོངས་ཀུན་གྲོལ་ཡེ་ཤེས་ལྔ་ཡི་དབང་༔ མཐར་ཕྱིན་རིག་འཛིན་རྡོ་རྗེ་སློབ་དཔོན་དབང་༔ བསྐུར་ཐབས་བསྟན་པ་དག་པའི་ལམ་དབང་བསྐུར༔ རྒྱུད་ཀུན་སྨིན་ནས་བསྐྱེད་རྫོགས་ཡོན་ཏན་ཐོབ༔ ཟླ་བ་གསུམ་དུ་བསྒྲུབས་པས་ཚེ་དཔག་མེད༔ དངོས་སུ་ཞལ་མཇལ་ཚེ་ཡི་རིག་འཛིན་གྲུབ༔ བུ་མོ་ཁྱོད་ནི་རིགས་ཅན་ཡིན་ནོ་གསུངས༔ ངེད་ཅག་གཉིས་པོའི་བར་ཆད་ཐམས་ཅད་ཀུན༔ བཟློག་པའི་ཕྱིར་དུ་རྟ་མགྲིན་སྒྲུབ་པ་གཅེས༔ ཞེས་གསུངས་རྟ་མགྲིན་མེ་ཆར་བསྒྲུབས་པ་དང་༔ པདྨ་ཡང་སྙིང་རོལ་པ་ཆེན་པོའི་རྒྱུད༔ མན་ངག་སྟོན་མཛོད་རྟ་ཕག་ཟུང་འཇུག་སྐོར༔ བསྒྲུབས་པས་རྟ་མགྲིན་དངོས་སུ་མཇལ་བ་ལ༔ ཧཱུཾ་གིས་སྒྲ་སྒྲོགས་རྟ་སྐད་ཐེངས་གསུམ་བཏོན༔ གདོན་བགེགས་རྣམས་ཀྱི་གཡུལ་ལས་རྒྱལ་བར་གྱུར༔ ཚེ་ཡི་སྒྲུབ་ཐབས་རྒྱས་བསྡུས་སྟོང་ཕྲག་ལྷག༔ མན་ངག་མ་ལུས་ལྷ་ལྕམ་བསྡུ་བ་མཛད༔ བསྐལ་པ་ཆགས་ནས་མ་སྟོང་བར་དུ་ནི༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་དངོས་གྲུབ་བརྙེས༔ ཡབ་ཡུམ་ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེངས༔ དེ་ནས་གསང་བ་ཁ་སྦྱོར་སྒྲུབ་པ་མཛད༔ སློབ་དཔོན་བུདྡྷ་ཐོད་ཕྲེང་སྐུ་རུ་བཞེངས༔ ལྷ་ལྕམ་བདག་ཉིད་རྗེས་སུ་བཟུང་བར་མཛད༔ ཡེ་ཤེས་ཡོངས་དག་དཀྱིལ་འཁོར་གཞུག་པ་ཡིས༔ ཟག་པ་མེད་པའི་རྫུ་འཕྲུལ་ཡུམ་ལ་བརྙེས༔ འབྱུང་བ་ལྔ་ལས་ཐོགས་མེད་བགྲོད་པར་ནུས༔ རྫུ་འཕྲུལ་ཕྱག་ཞབས་འཇའ་འོད་འབྲེལ་བ་དང་༔ སྐུ་ལ་འཁྲིལ་སྦྱོར་ལྷ་ཡི་མེ་ཏོག་ཕབ༔ དེ་ཚེ་པདྨ་གསུང་གིས་བཀའ་སྲུང་མ་ལུས་བཀུག༔ དབང་བསྐུར་དམ་བཏགས་བདུད་རྩིའི་ཡལ་གམ་བླངས༔ ཚེ་སྒྲུབ་གསང་བའི་གཉེར་དུ་གཏད་པར་མཛད༔ དུས་དེར་ལྷ་ཀླུ་མི་ཡི་འགྲོ་བ་ཡི༔ ལྷ་འདྲེ་མ་ལུས་འདུས་ཏེ་སྲོག་སྙིང་ཕུལ༔ མཚན་ཡང་འཆི་མེད་པདྨ་འབྱུང་གནས་གྲགས༔ ཚེ་ཡི་རིག་འཛིན་མནྡ་ར་བ་ལ༔ དུང་སྨན་དཀར་མོ་ཞེས་གྲགས་འཆི་མེད་བརྙེས༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ བྲག་ཕུག་མཱ་ར་ཏི་ཀར་ཚེའི་གདམས་པ་ཞུས་ཏེ་འཆི་མེད་རིག་འཛིན་བརྙེས་པའི་རིམ་པ་སྟེ་ལེའུ་ཉེར་དགུ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཀོ་ཏ་ལ་ཡི་ཡུལ་ཁམས་ཆོས་ལ་བཀོད་ནས་མུ་སྟེགས་སྟོན་པ་བཏུལ་བའི་རིམ་པ།

དེ་ནས་ཀོ་ཏ་ལ་ཡི་ཡུལ་ཁམས་སུ༔ གདུལ་བྱར་གཟིགས་ནས་བྱོན་པས་རྒྱལ་པོ་ནི༔ རཏྣ་ཤྲཱི་ཞེས་པའི་ཁབ་ཏུ་བྱོན༔ དེ་ཚེ་རྒྱལ་པོ་དཔོན་གཡོག་ལྔ་ཙམ་ནི༔ ཕོ་བྲང་ཉེ་བར་སྐྱེད་མོས་ཚལ་ཆེན་དུ༔ སྐུ་འཆགས་ཕྱིན་ཅིང་རྩེད་མོ་རྩེ་བར་བྱེད༔ སློབ་དཔོན་ཆེན་པོས་ལྷ་ལྕམ་གླུ་གྱིས་གསུངས༔ དེ་ནས་མནྡ་ར་བས་མགུར་འདི་བྱས༔ ཨེ་མ་ཀོ་ཏ་ལ་ཡི་དབུས་ཚལ་དུ༔ བསོད་ནམས་ལྡན་པའི་རྒྱལ་བློན་དཔོན་གཡོག་ལྔ༔ ལེགས་པར་ཉོན་དང་ཁོ་མོས་གླུ་ཞིག་ལེན༔ སྔོན་བསགས་ལེགས་བྱས་དགེ་བས་རྒྱལ་པོར་སྐྱེས༔ ལོངས་སྤྱོད་ནོར་མང་ཕྱུག་པས་འབྱོར་པ་ལྡན༔ དབུལ་ཕོངས་ཉམ་ཐག་འཚོ་སྐྱོང་ཅི་འདྲ་མཛད༔ བཀའ་ཁྲིམས་བཙན་པོ་མངའ་ཐང་ཆེ་ལགས་པས༔ ལེགས་ཉེས་ཕྱེས་པའི་དྲང་ཐིག་ཇི་ལྟར་འདོགས༔ མངའ་འབངས་འཁོར་པ་རྒྱ་ཆེར་ལྡན་ལགས་པས༔ ཆོས་ལ་གནས་པའི་དགེ་བཅུ་ཅི་འདྲ་དར༔ དགའ་བའི་རོལ་རྩེད་ལྟད་མོར་གཟིགས་ལགས་ཀྱང་༔ ལས་འབྲས་ཤེས་པའི་བློ་རྒྱ་ཇི་ལྟར་ཡོད༔ ཉམས་དགའི་ཕོ་བྲང་རྩེ་མོ་མཐོ་ལགས་པས༔ མཆོད་གནས་བླ་མ་སློབ་དཔོན་སུ་འདྲ་བཞུགས༔ ཆབ་སྲིད་ཆུ་བོ་ཆེ་ལྟར་རྒྱས་ལགས་པས༔ སངས་རྒྱས་བསྟན་པའི་བསྙེན་བསྐུར་ཇི་ལྟར་དར༔ སངས་རྒྱས་གཉིས་པ་ཡུལ་འདིར་ཕེབས་པ་ལགས༔ རྒྱལ་བློན་དད་པའི་བསོད་ནམས་བསགས་ལགས་སམ༔ ཞེས་བླངས་རྒྱལ་པོ་འཁོར་བཅས་མཐོང་བ་ལ༔ སྔགས་པ་འདྲ་བ་འདུག་ཅེས་གླེང་བ་ལ༔ དེ་ཡི་ནང་ནས་བློན་པོ་ཆུང་བ་ཞིག༔ རྒྱང་དུ་ཆས་ཏེ་ཚིགས་སུ་བཅད་དེ་སྨྲས༔ ཀྱེ་མ་ཧོཿ སྤྲུལ་པའི་སྐུ་ཡི་ཡོན་ཏན་ཆས་ཀྱིས་བརྒྱན༔ གཟི་འོད་རབ་འབར་སྐུ་བྱད་ཤིན་ཏུ་མཛེས༔ སྔར་མ་མཐོང་བའི་བུད་མེད་ཆོས་འཆད་མཁན༔ ཁྱེད་ཉིད་ཡུལ་ཁམས་གང་ནས་འོང་བ་ལགས༔ ད་ཡང་ཡུལ་ཁམས་གང་དུ་གཤེགས་པ་ཡིན༔ རྒྱལ་ཁམས་འདི་རུ་བྱ་བ་ཅི་ལྟར་འདོག༔ དྲང་པོས་གཏམ་ལ་སྐད་གསང་ཤོད་པར་གྱིས༔ ཞེས་ཟེར་དེ་ལ་ལྷ་ལྕམ་ལན་བཏབ་པ༔ ཨེ་མ་ཧོཿ བླ་མ་ཆེན་པོ་དྷ་ནའི་མཚོ་ལས་འཁྲུངས༔ ངོ་མཚར་ཡོན་ཏན་ཀུན་ལྡན་སངས་རྒྱས་ཏེ༔ མཚན་ནི་པདྨ་འབྱུང་གནས་ཞེས་བྱ་བ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བདག་ནི་ཟ་ཧོར་བུ་མོ་མནྡ་ར༔ ད་ལྟ་མཱ་ར་ཏི་ཀའི་གནས་ནས་བྱོན༔ ད་ནི་གཡའ་རི་གངས་ཕུག་འབྱོན་པ་ལགས༔ ཞེས་སྨྲས་རྒྱལ་པོ་དཔོན་གཡོག་མགྱོགས་པར་སོང་༔ ཁྱིམ་ལ་བོས་ནས་འདི་སྐད་སྨྲ་བར་བྱེད༔ ཀྱེཿ དེ་ཉིན་ཟ་ཧོར་ཡུལ་དུ་བྱོན་པའི་གཤིས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས༔ འབྱུང་བ་བཞི་ཡིས་མ་ཚུགས་ཡོད་ཐོས་པ༔ དེ་རིང་རྒྱལ་ཁབ་འདི་རུ་ཕེབས་ནས་འདུག༔ ལྷ་ལྕམ་མནྡ་ར་བ་ལྷན་དུ་འདུག༔ གཡའ་རི་གངས་ཕུག་འབྱོན་པར་ཡིན་ནོ་སྐད༔ ད་ལྟ་གདན་དང་ཕོ་བྲང་ཡོ་བྱད་ཤོམས༔ དར་གདུགས་རོལ་མོ་ནམ་མཁའ་གང་པར་བརྒྱན༔ སྤོས་དང་རོལ་མོས་བསུ་བ་ལེགས་པར་བྱས༔ དེ་སྐད་སྨྲས་པས་ཕྱི་ནང་བློན་འཁོར་བཅས༔ ཀུན་གྱིས་དེ་ལྟར་བགྱིས་ནས་བསུ་བར་ཕྱིན༔ དེ་ཚེ་རྒྱལ་པོའི་ཕོ་བྲང་གདན་དྲངས་ནས༔ སློབ་དཔོན་སེངྒེའི་ཁྲི་ལ་བཞུགས་སུ་གསོལ༔ ལྷ་ལྕམ་དར་གྱི་གདན་ལ་བཞུགས་སུ་གསོལ༔ དེ་ནས་རྒྱལ་པོའི་མཆོད་གནས་བྲམ་ཟེ་ནི༔ ཀརྨ་དྷ་ནིས་ཨོ་རྒྱན་ལ་ཞུས་པ༔ ཀྱེེ་ཨོ་རྒྱན་མཁས་པ་པདྨ་འབྱུང་གནས་ཞེས༔ འབྱུང་བ་མེ་ཡིས་མ་ཚུགས་སྤྲུལ་བའི་སྐུ༔ ཁྱེད་ནི་ཆགས་བྲལ་སྤྲུལ་པའི་སྐུ་ཞེས་ཐོས༔ ལྷ་ལྕམ་གཡོག་མོར་འཁྲིད་པ་མི་འོས་པས༔ འདི་ནི་རྒྱལ་ཁབ་མང་པོས་སློང་བ་ལ༔ སུ་ལའང་མི་འགྲོ་ཆོས་ལ་དམ་བཅའ་ཟེར༔ ཁྱེད་ཀྱི་སྐུ་ལ་སེམས་པ་ཇི་ལྟར་ལགས༔ ད་ལྟ་རྒྱལ་ཁབ་འདི་རུ་གནང་ན་འཐད༔ དེ་མིན་མོ་རང་གཅིག་པུར་སོང་ན་དགའ༔ སྤྲུལ་སྐུ་ཁྱེད་ལ་ཐེ་ཚོམ་གཞི་གྱུར་བས༔ ཅིས་ཀྱང་སྤྲུལ་སྐུ་རྒྱལ་པོའི་མཆོད་གནས་མཛོད༔ བུ་མོ་བདག་ཡུལ་བསྐྱལ་ན་འཐད་ཅེས་ཞུས༔ དེ་སྐད་ཞུས་པས་གུ་རུས་བཀའ་སྩལ་པ༔ ཀྱེ་མ་བྲམ་ཟེའི་དགེ་སྦྱོང་ཀརྨ་དྷ༔ བདག་ནི་དུས་གསུམ་སངས་རྒྱས་ངོ་བོ་ལ༔ ནམ་མཁའི་བཀོད་པ་ཅི་ཡང་བསྒྱུར་བ་ལ༔ ཚད་བཟུང་བྱེད་པ་བྱིས་སྦའི་བློས་མི་ཐེག༔ ལྷ་ལྕམ་རྡོ་རྗེའི་རིགས་གྱུར་ཚེ་ཡི་བདག༔ རྒྱལ་ཁབ་ཇི་ལྟར་བཟང་ཡང་འཁོར་བའི་ཁྱིམ༔ དེ་ལ་ནམ་ཡང་མི་གནས་ཆོས་ལ་བྲོས༔ རྒྱལ་ཁམས་ཀུན་ཉུལ་གདུལ་བྱ་སྐྱོང་བ་ལ༔ འདི་ཞེས་སྒྲོ་སྐུར་བྱེད་པའི་གླེན་པ་འཁྲུལ༔ པདྨ་འབྱུང་གནས་སེངྒེ་ལྟ་བུ་ལ༔ གངས་རིའི་རྩེ་ལ་གནས་པ་མཚན་ཉིད་ལ༔ ནམ་ཡང་འཁྱག་པའི་དགྲ་ལ་ཉམ་མི་ང་༔ པདྨ་འབྱུང་གནས་རྨ་བྱ་ལྟ་བུ་ལ༔ ལྟོ་བ་དུག་གིས་གསོས་པས་བཀྲག་མདངས་འཚེར༔ དུག་རིགས་ལྟོ་ལ་གནོད་པའི་ཉམ་མི་ང་༔ པདྨ་འབྱུང་གནས་གཡུ་འབྲུག་ལྟ་བུ་ལ༔ འབྱུང་བཞིར་དབང་ཐོབ་ནམ་མཁར་གནས་པ་ལ༔ སྒྲ་ཆེན་ལྡིར་བས་མཐར་ལྷུང་ཉམ་མི་ང་༔ པདྨ་འབྱུང་གནས་རྒྱ་མཚོ་ལྟ་བུ་ལ༔ གཙང་དང་མི་གཙང་ཅི་འབྱུང་བཟོད་པ་ལ༔ སྒྲོ་སྐུར་བྲག་ཆ་ཙམ་ལ་ཉམ་མི་ང་༔ པདྨ་འབྱུང་གནས་ས་གཞི་ལྟ་བུ་ལ༔ བཟང་ངན་རིས་མེད་ཀུན་གྱི་ཐེག་པ་ལ༔ རྟོག་ཚོགས་དགྲར་སྡང་ཙམ་ལ་ཉམ་མི་ང་༔ པདྨ་འབྱུང་གནས་ཁྱུང་ཆེན་ལྟ་བུ་ལ༔ རྩལ་དྲུག་ཡེ་ནས་རྫོགས་པའི་རང་བཞིན་ལ༔ འདབ་ཆགས་གཤོག་རྩལ་འགྲན་ཡང་ཉམ་མི་ང་༔ པདྨ་འབྱུང་གནས་ནམ་མཁའི་རླུང་གི་ཁམས༔ བར་སྣང་ཁམས་ནས་ཀུན་ཏུ་གཡོ་བ་ལ༔ བློ་ཆུང་བཀག་འགོག་ཙམ་ལ་ཉམ་མི་ང་༔ པདྨ་འབྱུང་གནས་གསང་སྔགས་བདག་པོ་ལ༔ ཐབས་དང་ཤེས་རབ་འབྲེལ་བ་ཟུང་འཇུག་ལམ༔ ཐེག་དམན་བཀག་འགོག་ཙམ་ལ་ཉམ་མི་ང་༔ བུ་མོ་མནྡ་ར་བ་ཡེ་ཤེས་ཡུམ༔ སྐུ་ཡི་བཀོད་པ་གར་ཡང་བསྒྱུར་བ་ལ༔ ལོག་རྟོག་སྨྲ་བ་ཙམ་ལ་ཉམ་མི་ང་༔ ཁྱོད་ཀྱིས་ལོག་རྟོག་འཁྲུལ་པའི་ངག་འཁྱལ་ལ༔ པད་འབྱུང་མནྡ་ར་བ་མཚར་ཡང་མཚར༔ ཞེས་གསུངས་ཀརྨ་དྷ་ན་ཁོ་ཁྲོས་ཏེ༔ སླར་ལོག་རྒྱལ་པོ་བློན་པོའི་ཚོགས་ཀུན་ལ༔ ཀྱེ་མ་རྒྱལ་བློན་ཐུགས་བློ་ཉེས་སོ་འཚལ༔ པདྨ་འབྱུང་གནས་ཞེས་བྱ་མིག་འཕྲུལ་མཁན༔ སེམས་ཅན་མགོ་བོ་བསྐོར་བའི་གཡོ་སྒྱུ་ཅན༔ འདི་ལ་ཡོན་ཏན་མེད་ཟེར་ཟ་ཧོར་གྱིས༔ བུ་མོ་ཆོས་ལ་ཕེབས་ཏེ་ཟླ་བོར་ཁྲིད༔ འདི་ལ་རྒྱལ་སྲིད་བསྐྱབ་ན་བདག་མི་མཐུན༔ རང་གནས་ཡུལ་ལ་བཞུད་དོ་དགོངས་པར་གསོལ༔ དེ་སྐད་སྨྲས་པས་རྒྱལ་བློན་ཀུན་འགྱུར་ནས༔ ཐོ་ཅོ་མཁན་འདི་རྒྱལ་ཁམས་གཞན་དུ་བསྐྱལ༔ བྲམ་ཟེ་ཐུགས་སུན་གྱུར་ཀྱང་ད་གཟོད་གསོལ༔ ཡོན་མཆོད་མི་འབྲལ་སྔར་ལྟར་བཞུགས་པར་ཞུ༔ དེ་སྐད་བགྲོས་ཏེ་བྲམ་ཟེ་ཉིད་ལ་སྨྲས༔ དེ་ཚེ་སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ མནྡ་ར་བ་སྤྲུལ་བསྒྱུར་དུས་ལ་བབ༔ བྲམ་ཟེའི་ཁེངས་པས་བདག་གཉིས་མཐར་སྤྱུག་འདྲ༔ གཡའ་རིའི་ཕུག་པར་མྱུར་བར་བསྐྱོད་པ་ན༔ དེ་ནས་ཆེ་བའི་རྫུ་འཕྲུལ་སྣ་ཚོགས་ཀྱིས༔ རྒྱལ་ཁབ་བཏུལ་ནས་ཆོས་ལ་འཛུད་པར་བྱེད༔ ཅེས་གསུངས་བྲོས་ཚུལ་རྐང་མགྱོགས་ཅུང་ཟད་ཀྱིས༔ གཡའ་རིའི་གངས་ཕུག་བྱོན་ནས་བཞུགས་པར་མཛད༔ དེ་ཚེ་རྒྱལ་བློན་ཕོ་བྲང་སོང་བ་ལ༔ སློབ་དཔོན་ཡབ་ཡུམ་གར་ཡང་མ་བཞུགས་མཐོང་༔ དེ་ཚེ་ཕྱི་ནང་ཡུལ་མི་ཀུན་ལ་དྲིས༔ ཀུན་གྱིས་ཁ་འཆམ་གཡའ་རི་གངས་སོང་ཟེར༔ དེ་ཚེ་རྒྱལ་བློན་བྲམ་ཟེ་བཅས་པ་བགྲོས༔ ད་ནི་རྒྱལ་ཁམས་འདི་ཡི་དབུས་ཀྱི་ས༔ གཡའ་རི་གངས་ཕུག་རི་ཡི་གཙོ་བོ་ཡིན༔ དེ་རུ་མཐའ་མི་གནས་པར་མི་རུང་བས༔ དམག་དཔུང་བསྡུས་ཏེ་དཔའ་བསྐོང་སོང་ཞིག་བཟླ༔ ད་རུང་མི་འགྲོ་རྒྱལ་ཁྲིམས་ཕབ་པར་འཐད༔ དེ་སྐད་ཀུན་གྱིས་འཐད་ནས་དམག་དཔུང་བསྡུས༔ གཡའ་རི་གོང་དུ་ཉེ་བར་ཕྱིན་པ་ན༔ ལྷ་ལྕམ་སློབ་དཔོན་ཆེན་པོར་དམག་འདུག་ཞུས༔ དེ་ཚེ་བུ་མོས་རྫུ་འཕྲུལ་གཅིག་གྱིས་གསུངས༔ མནྡ་ར་བ་མ་མོ་མགོ་དགུར་སྤྲུལ༔ ཕྱག་ན་མཚོན་ཆ་མེ་ཡི་ཞགས་པ་བསྣམས༔ ཞབས་གཉིས་གཡས་གཡོན་རི་ཡི་རྩེ་ལ་བརྫིས༔ མེ་ཞགས་ལུང་པའི་ནང་ཀུན་འུར་འུར་བསྐྱོད༔ ཞལ་ནས་སངས་རྒྱས་སྐུ་ཡི་དགྲ་བོ་རྣམས༔ མནྡ་ར་བ་བདག་གིས་ཟ་འོ་གསུངས༔ དེ་ཚེ་དམག་དཔུང་ཐམས་ཅད་བསྔངས་ནས་བྲོས༔ རྒྱལ་བློན་རྣམས་ལ་ལོ་རྒྱུས་ཞུས་པ་ལ༔ རྒྱལ་པོ་ཁྲོས་ཏེ་དམག་ཆེན་ཞིབ་པར་བསྡུས༔ མུ་སྟེགས་དཔའ་བོས་ཐོག་སེར་དྲག་པོ་ཕོབས༔ སྒྱོགས་ཀྱིས་གཏོར་ལ་ཐལ་བར་རློག་ཅིག་ཟེར༔ དེ་བཞིན་དམག་བསྡུས་མུ་སྟེགས་ཀོ་ཏ་ཤི༔ དཔོན་གཡོག་དགུ་བཏང་ཐོག་སྒྲུབ་ཐོག་སེར་ཕབས༔ དམག་དཔུང་དང་བཅས་ཉེ་བར་སྒྱོགས་བཅས་པས༔ སློབ་དཔོན་སེངྒེ་སྒྲ་སྒྲོགས་སྐུ་རུ་བཞེངས༔ མནྡ་ར་བ་སེང་གདོང་དྲག་མོར་སྤྲུལ༔ མུ་སྟེགས་ཐོག་སེར་ཕབས་པ་ཕྱག་ཏུ་བསྒྲིལ༔ མཁའ་འགྲོས་སེང་གེའི་སྒྲ་སྐད་བཏོན་པ་ཡིས༔ སྒྱོགས་རྣམས་སོ་སོར་འཐོར་ཞིང་དམག་རྣམས་བརྒྱལ༔ དེ་ཚེ་མུ་སྟེགས་རྣམས་ཀྱིས་ངན་སྔགས་བཏབ༔ སྐར་མདའ་ཕབས་པས་མཁའ་འགྲོས་མེ་ཏོག་བསྒྱུར༔ ཅིར་ཡང་མ་ཐུབ་བྲམ་ཟེ་མུ་སྟེགས་བཅས༔ སློབ་དཔོན་ཉེ་བར་སོང་སྟེ་འདི་སྐད་སྨྲས༔ ངན་སྔགས་བདག་པོ་མུ་སྟེགས་མཐུ་ཆེན་ལ༔ རྩལ་ཆུང་འགྲན་པའི་ཕོ་མོ་ཁྱོད་ཉིད་འཁྲུལ༔ ད་ནི་ལེགས་པར་འགྲན་ལ་རྒྱལ་སྲིད་བཀུག༔ སུས་རྒྱལ་པ་ལ་མཆོད་གནས་འོས་པར་མཆི༔ དེ་སྐད་ཟེར་ནས་རྒྱལ་བློན་ཁས་དེ་བླངས༔ དེ་ཚེ་བྲམ་ཟེས་དམོད་བོར་མུ་སྟེགས་ཀྱིས༔ ཐོག་ཟོར་དགུ་ཕབས་རི་བོ་གཡས་གཡོན་བསྙིལ༔ དེ་ཚེ་སློབ་དཔོན་སྡིགས་མཛུབ་གཏད་པ་ཡིས༔ ཐོག་ཟོར་རྣམས་ལོག་མུ་སྟེགས་ལུས་ཕོག་ཤི༔ བྲམ་ཟེ་ཁྲག་སྐྱུག་གུམ་དུ་ཉེ་བ་ན༔ འོ་དོད་བོས་ནས་རྒྱལ་བློན་དབང་ཆེན་རྣམས༔ ང་ཡི་སྲོག་འཚོ་ཐབས་ཤིག་ཅི་དྲག་སྨྲས༔ མཁའ་འགྲོས་རི་རྣམས་སྔར་ལྟར་བརྟན་པར་མཛད༔

དེ་ཚེ་རྒྱལ་བློན་རྣམས་ཀྱིས་གྲོས་བཏབ་པས༔ བློན་པོ་ཆེན་པོ་ཨ་ཛི་བི་ཛཱ་ཡིས༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས༔ འབྱུང་བཞིའི་མ་ཚུགས་རྒྱལ་ཁམས་དུ་མ་ལ༔ དམ་པ་ཆོས་ཀྱི་སྒྲོན་མེ་འབར་བར་མཛད༔ དེ་ལ་འགྲན་དགོས་མ་ཡིན་དེ་སྔོན་ནས༔ རྒྱལ་ཁམས་ཕེབས་ཚེ་དད་གུས་བཏུད་སྙམ་པ༔ བྲམ་ཟེ་ཉིད་ཀྱིས་འདི་ཟློ་བགྱིད་འོས་ཞེས༔ རྒྱལ་ཁབ་ཧྲོལ་མེད་མུ་སྟེགས་མིང་མེད་གྱུར༔ ད་ཡང་འགྲན་འོས་སུ་འཚལ་སྐྱབས་བརྟེན་འོས༔ བྲམ་ཟེས་འོ་དོད་འབོད་པ་འཕྱི་མོད་ཀྱང་༔ སངས་རྒྱས་གཉིས་པའི་ཐུགས་རྗེས་མ་བཏང་ན༔ མ་ཤི་ཙམ་འོང་ཆ་མཆིས་དམ་ཚིག་གཉེན༔ གང་ཡོང་ཆ་མེད་རྒྱལ་སྲིད་སྐྱོབ་པར་འདུག༔ ཅེས་སྨྲས་རྒྱལ་བློན་ཐམས་ཅད་སེམས་ལ་འཐད༔ དེ་ཚེ་བློན་པོ་ཨ་ཛི་བི་ཛཱ་ལ༔ རྒྱལ་པོས་ཁྱེད་སོང་སློབ་དཔོན་ཡབ་ཡུམ་ལ༔ བཤགས་པ་ཕུལ་ལ་རྒྱལ་ཁམས་བསྐྱབ་ཏུ་གསོལ༔ བྲམ་ཟེ་སྲོག་ཐར་གནང་བ་གུས་ཞུས་ཕུལ༔ དེ་སྐད་སྨྲས་པས་བློན་པོས་གུས་པས་བཏུད༔

ཀྱེ་མ་ཧོ༔ རྫུ་འཕྲུལ་མངའ་བའི་སློབ་དཔོན་ཡབ་ཡུམ་གཉིས༔ མ་རིག་སེམས་ཅན་རྒྱལ་བློན་ཐུགས་རྗེས་ཟུངས༔ སྐྱབས་སུ་མཆིའོ་ལས་ངན་བཟོད་པར་གསོལ༔ དམ་ཆོས་རིན་ཆེན་བཀའ་མཆིད་སྩོལ་བར་གནོངས༔ མཆོད་གནས་བྲམ་ཟེ་ཚེ་ཡིས་མཐུད་ལ་འཚལ༔ ཞེས་ཞུས་སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ ཀྱེེ་ཉེས་མེད་པད་འབྱུང་ཡབ་ཡུམ་ལ༔ ཉེས་པར་བཙུད་པའི་རྒྱལ་བློན་རྣམས༔ ཅི་བྱས་འཁྲུལ་སྣང་ལས་ལ་འཁོར༔ བྲམ་ཟེ་དམ་མེད་སྡིག་ཅན་གྱིས༔ རྒྱལ་བློན་བསླུས་ནས་བདག་ལ་བདོས༔ ང་ཡི་ཉེས་ཆད་མ་ཕོག་ཀྱང་༔ ཁོ་ཡི་དམོད་བྱས་ཁོ་ལ་བསྡིགས༔ སྲོག་མཐུད་ཤེས་ཙམ་ཁོ་རང་དངོས༔ བདག་གི་རྒྱལ་ཁམས་ཆོས་ལ་བཀོད༔ སྡིག་བཤགས་རྒྱལ་བློན་རེམ་ལ་གྱིས༔ རྨོངས་པ་འཁྲུལ་པ་སྙིང་རེ་རྗེ༔ ཞེས་གསུངས་བློན་པོ་དགའ་ཞིང་སླར་ལོག་པས༔ བྲམ་ཟེ་ཚེ་དུས་བྱས་ནས་འདུག་པ་ལ༔ རྒྱལ་པོའི་སྙན་དུ་བློན་པོས་བཀའ་རྣམས་ལབ༔ ཐམས་ཅད་འདུས་ནས་སློབ་དཔོན་སྤྱན་སྔར་བཏུད༔ དེ་ཚེ་རྒྱུ་འབྲས་མཚན་ཉིད་ཆོས་རྣམས་ཀུན༔ མནྡ་ར་བས་གསུངས་ཤིང་རྒྱལ་བློན་གྲོལ༔ རྒྱལ་ཁབ་མོ་སྐྱེས་སྟོང་ཕྲག་རབ་ཏུ་བྱུང་༔ ཚོགས་དཔོན་མནྡ་ར་བ་ཉིད་ཀྱིས་མཛད༔ བུ་མོ་སྟོང་ཕྲག་ཉིན་མཚན་ཆོས་ལ་བརྩོན༔ རྒྱལ་བློན་རྣམས་ལ་སློབ་དཔོན་གསང་སྔགས་བཤད༔ སྲས་མོ་རིན་ཆེན་དཔལ་ཞེས་ལྷ་ལྕམ་མཛད༔ པདྨ་དབང་གི་དཀྱིལ་འཁོར་སློབ་ལ་བཅུག༔ ལོ་གསུམ་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ རྒྱལ་ཁམས་སངས་རྒྱས་ཐོབ་པ་བརྒྱ་ལྷག་ཙམ༔ གྲུབ་ཐོབ་ཕོ་མོ་སྟོང་ཕྲག་གསུམ་ཙམ་བྱུང་༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཀོ་ཏ་ལ་ཡི་ཡུལ་ཁམས་ཆོས་ལ་བཀོད་ནས་མུ་སྟེགས་སྟོན་པ་བཏུལ་བའི་རིམ་པ་སྟེ་ལེའུ་སུམ་ཅུ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

དུར་ཁྲོད་ཡོངས་འདུའི་ཚལ་དུ་སློབ་དཔོན་ལུང་བསྟན་པ་ལྟར་འབྱུང་པོ་བརྒྱད་བརྒྱ་ཕྲག་བདུན་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གཏེར་སྲུང་ལ་བཀོལ་བའི་རིམ་པ།

དེ་ནས་དུར་ཁྲོད་ཀ་ལིང་ཀ་པ་དང་༔ སེང་གེ་ཚལ་དུ་ཡབ་ཡུམ་ལྷན་ཅིག་བྱོན༔ མ་མོ་ཤྲི་ག་ནི་དང་པྲ་ཏི་མ༔ སུ་ཀ་མ་སོགས་ལྔ་བརྒྱ་ཕྲག་གཅིག་བསྡུས༔ ཉིན་མོ་མུན་པ་ཅན་གྱི་ཤིང་གྲིབ་བཞུགས༔ དུར་ཁྲོད་འདྲེ་མོ་རྣམས་ལ་སྦྱོར་བ་མཛད༔ མཚན་མོ་མེ་འབར་ཚལ་དུ་བཞུགས་ནས་ནི༔ མ་མོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར༔ དེ་ཚེ་མནྡ་ར་བས་དུར་ཁྲོད་བྱང་༔ ཡོངས་འདུའི་ཚལ་ཞེས་འབྱུང་པོ་རྔམ་སྒྲ་ཅན༔ བགེགས་ཆེན་འཁོར་ཚོགས་མང་པོ་འདུ་བའི་སར༔ བཞུགས་པས་འབྱུང་པོ་མང་པོས་ཆོ་འཕྲུལ་བསྟན༔ ལ་ལས་ཀི་འདེབས་ལ་ལས་བསྭོ་སྒྲ་སྒྲོགས༔ ལ་ལས་རོ་ཁུར་ལ་ལས་པགས་པ་བརྡེབས༔ ལ་ལ་ངུ་ཞིང་ལ་ལས་སྙན་སྒྲ་སྒྲོག༔ ལ་ལས་མཚོན་ཐོགས་ལ་ལས་སོད་སོད་ལྡིར༔ ལ་ལས་རི་བསྙིལ་ལ་ལས་རྒྱ་མཚོ་འདྲེན༔ ལ་ལས་མེ་སྦར་ལ་ལས་ཤིང་རྣམས་གཅོད༔ ལ་ལས་རྦབ་བསྙིལ་ལ་ལས་སྐུ་ལ་བརྒོལ༔ དེ་ལ་སོགས་པའི་ཆོ་འཕྲུལ་དུ་མ་བསྟན༔ དེ་ཚེ་མཁའ་འགྲོས་སློབ་དཔོན་ཉིད་ལ་བོས༔ གསོལ་བ་བཏབ་ནས་སློབ་དཔོན་སྐད་ཅིག་བྱོན༔ འབྱུང་པོ་འདི་ཀུན་ཁྱོད་ཀྱི་གདུལ་བྱ་ཡིན༔ སྔོན་ཚེ་ཌ་མ་རུ་ཡི་རྒྱལ་ཁམས་སུ༔ རྒྱལ་བློན་མ་དད་པ་ནི་མང་གྱུར་པས༔ དེ་ཚེ་ཁྱོད་ཉིད་པདྨ་སྐྱེས་སུ་སྤྲུལ༔ རྒྱལ་སྲས་གྲོགས་མོར་བགྱིས་ཏེ་དབང་དུ་བསྡུས༔ དེ་ཚེ་བདུད་བློན་འཁོར་ཚོགས་དུ་མ་ཡིས༔ སྨོན་ལམ་ལོག་པར་ད་ལྟ་འབྱུང་པོར་གྱུར༔ འདུལ་བའི་སྨོན་ལམ་བཏབ་པ་མཁའ་འགྲོ་ཉིད༔ ཡིན་པས་བྱམས་པས་སྦྱོར་སྒྲོལ་ཐབས་ཀྱིས་ཐུལ༔ ལོ་ལྔའི་བར་དུ་དམ་ཆོས་སྟོན་པར་གྱིས༔ བདག་གིས་དྷ་ཧི་བུ་སོགས་དབང་བསྡུ་སྟེ༔ གསང་སྔགས་སྨིན་གྲོལ་ལམ་ལ་བཀོད་པར་བགྱི༔ ཞེས་ལུང་བསྟན་ནས་སློབ་དཔོན་རང་གནས་བྱོན༔ དེ་ཚེ་མནྡ་ར་བའི་དགོངས་པ་ལ༔ ད་ནི་འབྱུང་པོ་འདི་ཀུན་ཆོས་ལ་བཙུད༔ བྱང་ཆུབ་ཐོབ་པའི་བྱ་བ་མཛད་དགོངས་ནས༔ ཧེ་མ་ཚལ་གྱི་བྲག་ཕུག་དེ་རུ་བྱོན༔ དེ་ཚེ་སྔར་ལས་ཆོ་འཕྲུལ་ཆེ་བར་བྱུང་༔ འབྱུང་པོ་རྣམས་ལ་མཁའ་འགྲོས་མགུར་འདི་མཛད༔ ཀྱེ་ཉོན་དང་འདིར་ཚོགས་འབྱུང་པོ་ཀུན༔ སྲིད་པའི་རྒྱ་མཚོ་ཆེན་པོ་ལས༔ བརྒལ་བའི་གྲུ་བོ་རབ་བརྟེན་ནས༔ ཕ་རོལ་ཕྱིན་པའི་བུ་མོ་ངས༔ ཁྱོད་འབྱུང་པོ་ཡོངས་ལ་དེ་བཞིན་སྟོན༔ ཉོན་མོངས་འཁྲུལ་པའི་ཐང་ཆེན་ལས༔ བརྒལ་བའི་བརྩོན་འགྲུས་རྟར་ཞོན་ནས༔ འཁྲུལ་མེད་སར་སླེབ་བུ་མོ་ངས༔ ཁྱོད་འབྱུང་པོ་ཡོངས་ལ་དེ་བཞིན་སྟོན༔ བག་ཆགས་འདམ་རྫབ་ཟད་མེད་ལས༔ བརྒལ་བའི་ཞེན་མེད་ཟམ་བཙུགས་ནས༔ ཆགས་མེད་བདེ་ཆེན་བུ་མོ་ངས༔ ཁྱོད་འབྱུང་པོ་ཡོངས་ལ་དེ་བཞིན་སྟོན༔ སྐྱེ་བའི་སྡུག་བསྔལ་གཅོང་རོང་ལས༔ བརྒལ་བའི་སྐྱེ་མེད་གྲོགས་དང་བཅས༔ སྤྲུལ་སྐུ་ཐོབ་པའི་བུ་མོ་ངས༔ ཁྱོད་འབྱུང་པོ་ཡོངས་ལ་དེ་བཞིན་སྟོན༔ འཆི་བའི་སྡུག་བསྔལ་བཙོན་དོང་ལས༔ བརྒལ་ཕྱིར་མྱང་འདས་ཐབས་བརྟེན་ནས༔ འཆི་མེད་གྲུབ་པའི་བུ་མོ་ངས༔ ཁྱེད་འབྱུང་པོ་ཡོངས་ལ་དེ་བཞིན་སྟོན༔ འཁོར་བའི་གནས་ངན་མེ་འོབས་ལས༔ བརྒལ་བའི་འདས་པའི་རྗེས་སུ་སློབ༔ སངས་རྒྱས་གྲུབ་པའི་བུ་མོ་ངས༔ འབྱུང་པོའི་འཁྲུལ་གཟུགས་སྙིང་རྗེའི་གནས༔ བརྒོལ་བ་བརྩམས་པས་བྱམས་པའི་ཡུལ༔ ཅིས་ཀྱང་ད་རུང་ཆོ་འཕྲུལ་སྟོན༔ ངོ་མཚར་བུ་མོའི་རྒྱན་དུ་བྱེད༔ ཅེས་གསུངས་འབྱུང་པོ་ཐམས་ཅད་འུར་འུར་ཁེངས༔ སྔར་ལས་ཆོ་འཕྲུལ་ཆེ་རུ་སྟོན་པར་བྱེད༔ དེ་ཚེ་འབྱུང་པོའི་གཙོ་བོ་དུ་མ་ཡིས༔ མཁའ་འགྲོའི་སྐུ་ལ་ལ་ལས་དྲུད་པ་དང་༔ ལ་ལས་བརྡུང་བརྡེག་ལ་ལས་སྦྱོར་བ་བརྩམས༔ ལ་ལས་བྷ་ག་མཉེ་ཞིང་ལ་ལས་བཤའ༔ ལ་ལས་མེ་སྦར་ལ་ལས་ཆུ་ལ་བསྐྱུར༔ དེ་ལ་སོགས་པའི་ཆོ་འཕྲུལ་དཔག་མེད་བསྟན༔ དེ་ཚེ་སྙིང་རྗེའི་ཏིང་འཛིན་ཁོ་ན་ལས༔ གཡོ་བ་མེད་པར་བཞུགས་ནས་བརྟན་པ་ལ༔ སླར་ཡང་འབྱུང་པོ་ཡོངས་ཀྱིས་ཐོག་ཕབས་པས༔ དེ་ཚེ་མཁའ་འགྲོ་ཁྲོས་པའི་ཏིང་འཛིན་གྱིས༔ དྲག་མོ་གཏུམ་དྲག་འབར་མའི་སྐུ་རུ་བཞེངས༔ ཐོག་སེར་ཐམས་ཅད་སོལ་དུམ་རེ་གྱུར་པས༔ ཞལ་ནས་ཧཱུཾ་དང་བྷྱོཿསྒྲས་བཀའ་འདི་བསྒྲགས༔ ཧཱུཾ་བྷྱོཿ ང་ནི་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ༔ འཁོར་འདས་མ་ལུས་བདག་གི་བྲན་དུ་བཀོལ༔ དྲག་མོ་གཏུམ་དྲག་འབར་མ་འབྱུང་པོའི་གཤེད༔ བྱམས་པས་མི་ཐུལ་འབྱུང་པོ་མ་ལུས་ཀུན༔ སྲོག་སྙིང་བརླག་པར་བྱེད་དམ་དམ་ལ་སྡོད༔ ཅེས་གསུངས་འབྱུང་པོ་ཐམས་ཅད་བྲེད་ཅིང་བསྔངས༔ བརྒྱལ་འབོག་གྱུར་ནས་ཅི་གསུངས་མི་འདའ་བའི༔ བྲོ་བོར་གྱུར་པས་མཁའ་འགྲོའི་འོད་ཟེར་གྱིས༔ འབྱུང་པོ་ཀུན་ཀྱང་བརྒྱལ་སད་དཀར་ཕྱོགས་གྱུར༔ དེ་ཚེ་ཀུན་ལ་གསང་བའི་དབང་བསྐུར་ནས༔ གསང་མཚན་ཀཱ་ལ་རཀྴ་བདུད་འདུལ་སོགས༔ རེ་རེར་མིང་བཏགས་ངག་ཏུ་དམ་ཆུ་བྱིན༔ མཁའ་འགྲོ་ཉིད་ཀྱི་སྤྲུལ་པ་དུ་མར་མཛད༔ ཐམས་ཅད་བྷ་གར་བཅུག་ནས་གསང་སྔགས་ཆོས༔ བསྟན་ནས་ས་བརྒྱད་དཔེ་གཞན་དུ་གསང་སྔགས་ཐོབ་པ་ཤ་སྟག་གྱུར༔ གསང་བའི་གཉེར་གཏད་བདུད་འདུལ་གཏུམ་དྲག་མའི༔ སྒྲུབ་སྐོར་ངན་སྔགས་བརྒྱན་པ་ལག་ཏུ་གཏད༔ མ་འོངས་བོད་ཡུལ་སྤྲུལ་པར་གཏོད་ཅིག་བརྩམས༔ འབྱུང་པོ་ཐམས་ཅད་སངས་རྒྱས་ལུང་དུ་བསྟན༔ ལོ་ལྔའི་བར་དུ་གསང་སྔགས་ཐེག་པ་བསྟན༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ དུར་ཁྲོད་ཡོངས་འདུའི་ཚལ་དུ་སློབ་དཔོན་ལུང་བསྟན་པ་ལྟར་འབྱུང་པོ་བརྒྱད་བརྒྱ་ཕྲག་བདུན་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གཏེར་སྲུང་ལ་བཀོལ་བའི་རིམ་པ་སྟེ་ལེའུ་སོ་གཅིག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཀོཽའུ་མཱ་རིའི་སྲིན་པོ་ཕོ་མོ་ཆོས་ལ་བསྒྱུར་ནས་འཇའ་ལུས་གྲུབ་སྟེ་ཡུལ་ཁམས་སྟོངས་པར་བསྒྱུར་བའི་རིམ་པ།

དེ་ནས་སློབ་དཔོན་ཆེན་པོས་བཀའ་སྩལ་པ༔ ཀྱེ་ཉོན་དང་ལྷ་ལྕམ་མནྡ་ར༔ ཟངས་གླིང་ཉེ་བར་ཀོོའུ་མཱ་རི་ཡུལ༔ ད་ལྟ་སྲིན་པོ་མི་ཟན་མང་པོ་ཡོད༔ དེ་ཡི་རྒྱལ་པོ་ཟ་ཁ་ཧ་ལིང་ཞེས༔ རྒྱལ་པོ་བྷུ་མ་ཧིང་ཞེས་བྱ་བ་ཡོད༔ དེ་ཉིད་ཁྱོད་ཀྱིས་འདུལ་བའི་དུས་ལ་བབ༔ རྐང་མགྱོགས་གྱིས་ལ་རྒྱལ་ཁམས་དེ་ཡི་དབུས༔ ཕོ་བྲང་ཧ་ཏ་ཀིན་ཞེས་བྱ་བའི་རྩར༔ སོང་ལ་བཙུན་མོས་ཁོང་དུ་མིད་ནས་འགྲོ༔ དེ་ཚེ་བཙུན་མོའི་རྣམ་ཤེས་སྤོར་གྱིས་ལ༔ ལུས་དོར་སྒྱུ་མའི་གཟུགས་སྟོན་རྒྱལ་པོ་ཉིད༔ དབང་དུ་བསྡུས་ལ་འཁོར་རྣམས་ཆོས་ལ་ཚུད༔ ལོ་གསུམ་བར་དུ་གསང་སྔགས་ཆོས་འཁོར་བསྐོར༔ དེ་ནས་པདྨ་བདག་ཉིད་རྒྱལ་ཁབ་གཞན༔ ཆོས་འཁོར་བསྐོར་ནས་ངེད་ཅག་ལྷན་ཅིག་ཏུ༔ ཨོ་རྒྱན་ཡུལ་ཁམས་ཆོས་ལ་བཀོད་དུ་འགྲོ༔ ཞེས་ལུང་བསྟན་པས་མཁའ་འགྲོས་རྐང་མགྱོགས་བསྒྲུབས༔ ཟླ་བ་གསུམ་ནས་ཀོོའུ་མཱ་རིར་སླེབ༔ རྒྱལ་ཁབ་ཕོ་བྲང་རྩ་བར་བྱོན་ནས་བཞུགས༔ དེ་ཚེ་བཙུན་མོ་དྷུ་མ་ཧིང་ཞེས་པ༔ བུད་མེད་དམར་མོ་རལ་པ་དམར་སེར་བ༔ མཆེ་བ་ནུ་མའི་རྩེ་རུ་སླེབ་པ་ལ༔ མི་ལྤགས་གོས་གྱོན་ཡ་ཐོད་གཉེར་མས་གང་༔ ངག་ནས་བཤུག་སྒྲ་འབྱིན་པ་ཞིག་གིས་མཐོང་༔ སྐད་ཅིག་དེར་བསྐྱོད་མཁའ་འགྲོ་ཁོང་དུ་མིད༔ དེ་ཚེ་མཁའ་འགྲོའི་ཕཊཿསྒྲས་སྤར་བའི་ཚེ༔ ས་ལ་ལུས་འགྱེལ་ཕུང་པོ་ཁྲོལ་གྱིས་གས༔ ཁོག་པ་ཤགས་ཀྱིས་རལ་ལས་ལྷ་ལྕམ་ཐོན༔ དེ་རུ་སྲིན་པོ་ཕོ་མོ་ཐམས་ཅད་འདུས༔ བཙུན་མོ་འགྱེལ་བའི་སྐད་ངན་དེ་འདྲ་ཟེར༔ ཕུང་པོ་དམར་མཆོད་བུ་མོ་འདི་འདྲ་བ༔ བཙུན་མོ་མེད་ཀྱང་བུ་མོ་འདི་རང་ཟེར༔ དེ་ཚེ་རྒྱལ་པོ་ཟ་ཁ་ཧ་ལིང་གིས༔ བུ་མོ་བདག་ལ་མ་རིག་གཞན་འདྲ་བ༔ བདག་གིས་བཙུན་མོར་བྱ་ཞེས་ཕོ་བྲང་ཁྲིད༔ དེ་ཚེ་རྒྱལ་པོ་གཟིམ་པར་མནལ་ལོག་ཚེ༔ རྣམ་ཤེས་སྤར་ཏེ་དག་པའི་ས་ལ་དྲངས༔ ལས་ཀྱི་དཔའ་བོ་མི་བསྐྱོད་རྡོ་རྗེ་ཡི༔ སྤྲུལ་པར་བསྟིམས་ནས་རྒྱལ་པོའི་གསོབ་ཏུ་ཞུགས༔ དེ་ནས་རྒྱལ་ཁམས་ཐམས་ཅད་དབང་བསྡུས་ནས༔ ཀུན་ཀྱང་ཆོས་ལ་བསླབ་ཅེས་བརྡ་སྦྱར་བས༔ སུ་ལ་མི་འཐད་བཙུན་མོ་འདི་གནོད་ཅེས༔ ཐམས་ཅད་གསོད་ཅེས་མཚོན་ཆ་ཆས་ཏེ་ཤོར༔ དེ་ཚེ་མནྡ་ར་བ་དྲག་མོ་ནི༔ སེང་གདོང་སྤྲུལ་ཞིང་མི་བསྐྱོད་ཡང་དག་སྤྲུལ༔ ཧཱུཾ་སྒྲས་སྲིན་པོ་ཐམས་ཅད་བསྔངས་ཤིང་བརྒྱལ༔ བྲེད་ཤ་ཐོན་ནས་སྨྲ་བ་མེད་པར་ལྐུགས༔ ལག་གིས་ཐལ་སྦྱར་གྱུར་ནས་རིམ་པར་སད༔ ཅི་གསུངས་སྒྲུབ་པའི་ཁས་བླངས་རིམ་པར་བསླབ༔ དཀར་པོར་གནས་ཀུན་གསང་སྔགས་གྲལ་དུ་བཙུགས༔ ནག་པོར་གྱུར་ཀུན་རྒྱལ་ཁྲིམས་དྲག་པོས་བསྒྲལ༔ སྨིན་བྱེད་དབང་གི་ཆུ་བོ་མཁའ་འགྲོས་བསྐུར༔ གྲོལ་བྱེད་གདམས་པའི་སློབ་དཔོན་རྒྱལ་པོས་མཛད༔ ཉིན་མཚན་མེད་པར་དམ་པའི་ཆོས་ལ་སྦྱངས༔ ཀུན་ཀྱང་རྟོགས་གྲོལ་དུས་མཉམ་ཁོ་ནར་བྱུང་༔ ལོ་གསུམ་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ ཀུན་ཀྱང་ལྷག་མེད་འོད་སྐུར་འགྲུབ་པར་བྱས༔ ཀོཽའུ་མཱ་རིའི་ཡུལ་གླིང་སྟོངས་པར་བསྒྱུར༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཀོཽའུ་མཱ་རིའི་སྲིན་པོ་ཕོ་མོ་ཆོས་ལ་བསྒྱུར་ནས་འཇའ་ལུས་གྲུབ་སྟེ་ཡུལ་ཁམས་སྟོངས་པར་བསྒྱུར་བའི་རིམ་པ་སྟེ་ལེའུ་སོ་གཉིས་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

གང་འདུལ་ཡུལ་ཁམས་བརྒྱད་དུ་རྫུ་འཕྲུལ་ཆེ་བརྒྱད་བསྟན་ནས་མི་དང་མི་མིན་ཆོས་ལ་བཀོད་པའི་རིམ་པ།

དེ་ནས་དུར་ཁྲོད་རྔམ་པ་ཚལ་ཆེན་དང་༔ ཀཱི་ལ་སྒྲོགས་སོགས་ཆེ་ཆུང་བརྒྱད་རྣམས་ལ༔ ཨོ་རྒྱན་ཡབ་ཡུམ་ལྷན་ཅིག་བཞུགས་པའི་ཚེ༔ སློབ་དཔོན་ཆེན་པོས་མ་མོ་མཁའ་འགྲོ་དང་༔ ལྷ་སྲིན་རྣམས་ལ་ཆོས་འཁོར་བསྐོར་ནས་བཞུགས༔ དེ་ཚེ་ལྷ་ལྕམ་མནྡ་ར་བ་ཡིས༔ སྐུ་ཡི་རྫུ་འཕྲུལ་ཆེ་བརྒྱད་བསྟན་པ་ནི༔ དང་པོ་དུར་ཁྲོད་རྔམ་པ་སྒྲ་སྒྲོགས་སུ༔ ཨ་མྲའི་ཚལ་དུ་བཞུགས་པའི་དུས་ཀྱི་ཚེ༔ མ་མོ་བརྒྱད་ཀྱིས་ཆོ་འཕྲུལ་བསྟན་པ་ལ༔ མནྡ་ར་བ་སྐུ་ལྔར་སྤྲུལ་ནས་ནི༔ ནམ་མཁའི་ཁམས་སུ་སྐྱིལ་ཀྲུང་བཅས་ནས་བཞུགས༔ ཕྱག་མཐིལ་རྣམས་ལས་བདུད་རྩིའི་རྒྱུན་ཕབ་པས༔ རྒྱ་མཚོ་ཆེན་པོ་བརྒྱད་ཀྱང་ཕྱོགས་ཕྱོགས་བསྐྱིལ༔ རྒྱ་མཚོའི་དབུས་སུ་པད་སྡོང་རེ་རེར་སྐྱེས༔ པད་སྡོང་དབུས་སུ་ལྷ་ལྕམ་རེ་རེར་བཞུགས༔ ལྷ་ལྕམ་རེ་རེར་རང་འདྲ་དུ་མས་བསྐོར༔ དེ་དག་རྣམས་ཀྱིས་ལ་ལས་མཆོད་པ་འབུལ༔ ལ་ལས་སྐོར་བ་ལ་ལས་པི་ཝང་སྒྲོགས༔ ལ་ལས་ཕྱག་འཚལ་ལ་ལས་བསྟོད་པ་བྱ༔ ལ་ལས་གླུ་ལེན་ལ་ལས་མེ་ཏོག་འཐོར༔ དེ་ཚེ་མ་མོ་ཐམས་ཅད་དད་ཅིང་བཏུད༔ ཀྱེ་མ་མི་ཡི་སྲས་མོ་མནྡ་ར༔ ངོ་མཚར་ཡོན་ཏན་ལྡན་པའི་ལྷ་ལྕམ་ཁྱེད༔ སངས་རྒྱས་གཉིས་པའི་ཡུམ་མཆོག་མཁའ་འགྲོའི་གཙོ༔ ཁྱེད་ནི་དམིགས་མེད་ཏིང་འཛིན་དགོངས་པ་ཐོབ༔ རྫུ་འཕྲུལ་སྐུ་ཡི་སྤྲུལ་པ་ལྔ་ལྔ་མཛད༔ ངོ་མཚར་པདྨ་སྟོང་ལྡན་བདུད་རྩི་བལྟམས༔ དྲི་མེད་ཡོན་ཏན་ལྔ་ཡི་མཁའ་འགྲོ་མ༔ རང་བྱུང་ཆོ་འཕྲུལ་བསམ་ལས་འདས་པར་སྤྲུལ༔ ངེད་ཅག་དུར་ཁྲོད་འདིར་གནས་མཁའ་འགྲོའི་འཁོར༔ མ་མོ་རྣམས་ལ་ཆོས་ཀྱིས་ཚིམ་པར་མཛད༔ ཅེས་ཞུས་ལྷ་ལྕམ་རྡོ་རྗེའི་གླུར་བཞེངས་པ༔ ན་མོ་གུ་རུ་པྲ་ཝ་ཀཱ་ར་ཡེ༔ གདོད་མའི་དབྱིངས་ལ་ཆོས་སྐུའི་ཁ་དོག་བཞད༔ ལོངས་སྐུའི་འཇའ་སྤྲིན་ཕྱོགས་ཀུན་ཁྱབ་པར་དཀྲིགས༔ གང་འདུལ་སྤྲུལ་སྐུའི་ཆར་ཆེན་ཡོངས་ལ་འབེབས༔ སྐྱེ་མེད་ས་འཛིན་འགགས་མེད་གདུལ་བྱའི་ཚལ༔ གནས་མེད་འཁྲུལ་པ་ཀུན་ཟད་ཡེ་ཤེས་ལྔ༔ དྲི་མེད་ལོ་ཐོག་ཐེག་པའི་བཅུད་ཀྱིས་སྨིན༔ འབྲས་བུ་མཁའ་ཁྱབ་བདེ་ཆེན་འདུས་མ་བྱས༔ དུས་གསུམ་ཀུན་ན་ཟླ་བྲལ་མཚུངས་མེད་རྗེ༔ ཨོ་རྒྱན་པདྨ་འབྱུང་གནས་བྱིན་རླབས་ལས༔ ཁོ་མོ་བདག་ལ་ཟག་མེད་སྐུ་མཆོག་ཐོབ༔ ཉོན་དང་སྣང་སྲིད་ལུགས་འབྱུང་རྟེན་འབྲེལ་ལས༔ ལུགས་ལྡོག་དག་པའི་སྣང་སྲིད་མཁའ་འགྲོ་ལ༔ མ་དག་འཇིག་རྟེན་དྲེགས་ཚུལ་མ་མོ་སྲིད༔ ཁྱོད་ཅག་ཡེ་ནས་མ་འཁྲུལ་ཀ་དག་ལ༔ གློ་བུར་འཁྲུལ་པའི་དྲི་མས་ནོངས་པ་ལ༔ ད་ལྟ་དྲེགས་པའི་ངར་འཛིན་གདུག་པས་མནར༔ དེ་ཕྱིར་སྡུག་བསྔལ་བསྐྱེད་འདི་རང་འཁྲུལ་ལན༔ ད་ནི་མ་འཁྲུལ་རང་སེམས་སངས་རྒྱས་ལ༔ འཁྲུལ་པའི་སྒྲོ་སྐུར་མ་འདེབས་མ་མོ་རྣམས༔ སྣ་ཚོགས་སྣང་བ་སྒྱུ་མའི་རོལ་པ་ལ༔ ཆེད་འཛིན་ཞེན་པས་མ་བཅིངས་མ་མོ་རྣམས༔ བློ་ཡི་ཡུལ་ལ་སྣང་བའི་ཞེན་པ་ཀུན༔ དེར་འཛིན་ཡིད་དཔྱོད་མ་བྱེད་མ་མོ་རྣམས༔ ཉོན་མོངས་གཟུགས་འཛིན་བག་ཆགས་འཁྲུལ་འཁོར་ལ༔ གཅེས་པར་མ་བྱེད་ཅིག་དང་མ་མོ་རྣམས༔ རང་བྱུང་རིག་པའི་ཡེ་ཤེས་རང་དག་ལ༔ ལྔ་ལྡན་ཐིག་ལེ་མཛོད་ཅིག་མ་མོ་རྣམས༔ འཁོར་བ་སྲིད་པའི་རྒྱ་མཚོ་ཟད་མེད་ལས༔ ཅི་ཐར་གཉེན་པོ་ཐོངས་ཤིག་མ་མོ་རྣམས༔ ཡེ་གདོད་སངས་རྒྱས་ཡིན་ལ་ཡིན་བཞིན་དུ༔ རང་སེམས་རང་ངོ་ལྟོས་ཤིག་མ་མོ་རྣམས༔ རང་ཞལ་མཐོང་མེད་ཆོས་སྐུ་རྗེན་པར་བུད༔ དོན་དམ་སྐུ་བཞི་འགྲུབ་བོ་མ་མོ་རྣམས༔ ཞེས་གསུངས་མ་མོ་ཐམས་ཅད་གྲོལ་བར་གྱུར༔ དེ་ནས་སྤྲུལ་པ་ཐམས་ཅད་ཐུགས་ཀར་བསྡུས༔ མ་མོ་ཐམས་ཅད་བྲན་དུ་བཀོལ་བྱས་ཏེ༔ གསང་བའི་སྙན་རྒྱུད་བརྒྱ་རྩ་བརྒྱད་རྣམས་བསྡུས༔ གསང་བའི་བརྡ་རུ་བསྡུས་ཏེ་གཏེར་ཁ་བྱས༔ དེ་ཚེ་མ་མོས་རཀྴའི་བསེ་སྒྲོམ་ཕུལ༔ གནོད་སྦྱིན་རྣམས་ཀྱིས་ཀྵ་ཡི་སྒྲོམ་བུ་ཕུལ༔ དྲེགས་པ་རྣམས་ཀྱིས་རྡོ་ཡི་སྒྲོམ་བུ་ཕུལ༔ དེ་དག་ནང་ནས་ཤོག་དྲིལ་དུམ་བུ་བཅུག༔ ཁ་རྣམས་ཐམས་ཅད་ཕྱག་ཐམ་རེ་རེར་གདབ༔ མ་མོ་རྣམས་ལ་གཉེར་གཏད་མཆོད་རྟེན་ནི༔ བིམ་པ་ཀ་ཡི་མཆོད་རྟེན་བུམ་པའི་ནང་དུ་སྦས༔ དེ་ནས་དུར་ཁྲོད་སེང་གེའི་ཚལ་གྱི་དབུས༔ ཏཱ་ལའི་ཤིང་གི་གྲིབ་བསིལ་ནང་དུ་བཞུགས༔ དེ་ཚེ་དྲེགས་པ་བདུན་ཅུ་རྩ་གཉིས་ཀྱིས༔ ཉམས་ཉུལ་ཚུལ་དུ་ཆོ་འཕྲུལ་རྣམ་པ་མང་༔ དེ་ཚེ་མནྡ་ར་བས་ཕྱག་སོར་ལས༔ འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་བཞི༔ ཕྱོགས་བཅུར་སྤྲོས་པས་ཁྲོ་མོ་བཅུ་གདན་དྲངས༔ ཐམས་ཅད་མནྡ་ར་བའི་སྐུ་ལ་ཐིམ༔ སྐུ་ལས་ཁྲོ་བཅུ་ཕྱག་བརྙན་མང་སྤྲོས་ནས༔ དྲེགས་པ་ཐམས་ཅད་དམ་ལ་གནས་བར་དུ༔ འོད་ཟེར་རྔམ་པའི་ཆོ་འཕྲུལ་དཔག་མེད་ཀྱིས༔ ཐམས་ཅད་བསྔངས་འཇིགས་སྲོག་གི་སྙིང་པོ་ཕུལ༔ དེ་ཚེ་དཔལ་མོ་རྣམས་ཀྱིས་མན་ངག་མཛད༔ རིན་ཆེན་སྒྲོམ་བུ་ཀ་ལ་རཀྴས་ཕུལ༔ དེ་ནང་བཅུག་ནས་ནམ་མཁའི་མཁའ་ལ་སྦས༔ དེ་ནས་དཔལ་མོ་རྣམས་ལ་གདམས་པ་གནང་༔ ཀུན་ཀྱང་བསྟན་སྲུང་དྲག་པོའི་གྲལ་དུ་བཞག༔ དེ་ནས་ཨོ་རྒྱན་མཇལ་བས་མནྡ་རས༔ ལོ་རྒྱུས་ཞུས་པས་ལེགས་པའི་གསུང་བཟང་བྱུང་༔ ད་ནི་མི་རིང་ཀོ་ཏ་བི་ར་རུ༔ བགེགས་ཆེན་རྡོ་རྗེ་ལ་སོགས་དམ་ལ་བཏགས༔ ཡོན་ཏན་ཀུན་གྱི་མཚན་ཉིད་ངོམ་རན་གསུངས༔ དེ་བཞིན་ཀོ་ཏ་བི་རར་ལྷ་ལྕམ་བྱོན༔ ཤིང་ནི་ཀཱ་མ་རུ་པའི་རྩ་བར་བྱོན༔ དེ་ཚེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས༔ ཕྱི་རིམ་དཀྱིལ་འཁོར་ཐེག་པ་རིམ་དགུས་མཚན༔ ནང་དབྱིངས་རྒྱུད་སྡེ་བཞི་དྲུག་བཀོད་པ་མཛད༔ གསང་བ་བདེ་ཆེན་དབྱིངས་ཀྱི་ཕོ་བྲང་བཞེངས༔ ཟླ་བ་བཅུ་བདུན་བསྒྲུབས་པས་ལྷ་ཚོགས་ཀུན༔ བཀྲ་གསལ་ལམ་མེར་ཞལ་མཇལ་གདམས་པ་བསྩལ༔ དེ་ཚེ་བགེགས་ཆེན་རྡོ་རྗེ་བི་ན་ཀས༔ གཙོ་བྱས་བགེགས་དཔུང་སྟོང་ཕྲག་བརྒྱད་ཅུ་ཡིས༔ ཐོ་འཚམས་སྒྲུབ་ལ་བར་ཆད་བརྩམས་པས་ན༔ ས་རྡོ་གསེག་མའི་ཆར་པ་སེར་ལྟར་འབེབས༔ ངུ་འབོད་མི་རུང་སྐད་ངན་སྣ་ཚོགས་བསྒྲགས༔ རླུང་དམར་གནམ་ས་གཡོ་བ་ཉིན་མཚན་འཚུབས༔ ཐོག་སེར་གློག་ཞགས་འབྲུག་སྒྲ་ཆེམ་ཆེམ་སྒྲོགས༔ མཚན་མོ་མེ་ལྕེ་རི་བྲག་དམར་འུད་འབར༔ ཉིན་མོ་དུད་སྤྲིན་ཉི་ཟླ་སྒྲིབ་པར་འཁྲིགས༔ སོད་སོད་རྒྱོབ་རྒྱོབ་གཤིན་རྗེའི་སྒྲ་ལྟར་གྲགས༔ གཟུགས་ནི་རྣམ་པ་སྣ་ཚོགས་མང་པོ་སྟོན༔ ལ་ལ་མཛེས་བའི་བུ་དང་བུ་མོར་སྟོན༔ ལ་ལ་ཤན་པའི་གཟུགས་ཅན་མཚོན་ཆར་འབེབས༔ ལ་ལ་རྒས་ཚུལ་ལ་ལ་ཁྲོ་བོའི་ཚུལ༔ མགོ་བརྙན་མི་འདྲ་མི་སྙན་སྐད་ངན་འདོན༔ སྟག་གཟིག་གཅན་སྤྱང་དྲེད་དང་དོམ་སྤྲེལ་ཞོན༔ དེ་དག་ཐམས་ཅད་ཁ་སྣར་མེ་དུད་འཕྲོ༔ གནམ་ས་རི་ལུང་ཐམས་ཅད་ཉིལ་ཉིལ་འཁྲུགས༔ མི་འཇིགས་པ་ཡི་སྒྲ་སྐད་སྣ་ཚོགས་འདོན༔ དེ་ཚེ་མནྡ་ར་བར་མཁའ་འགྲོ་ཡིས༔ ད་ནི་རྫུ་འཕྲུལ་ཤུགས་ཀྱིས་བསྐུལ་བ་ཡིས༔ གདོན་བགེགས་འབྱུང་པོ་དམ་ལ་ཐོགས་ཤིག་གསུངས༔ དེ་ལྟར་ལུང་བསྟན་མནྡ་ར་བ་ཉིད༔ མངོན་རྫོགས་རྒྱལ་མོ་དབུ་བརྒྱ་ཕྱག་སྟོང་མ༔ བ་སྤུ་མེ་འབར་ཕྱག་མཚན་མཚོན་ཆ་བསྣམས༔ དབུ་སྐྲ་ལྷ་གནས་གཡོ་ཞིང་དུར་ཁྲོད་བརྒྱན༔ ཞབས་བརྒྱ་བརྡབས་པས་འཇིག་རྟེན་གཡོ་བར་བྱེད༔ ཡེ་ཤེས་མེ་ཡི་དཀྱིལ་འཁོར་འབར་བར་བཞེངས༔ འཇིགས་མེད་བྷྱོ་ཡི་གླུ་དབྱངས་འདི་ལྟར་བླངས༔ ཧཱུཾ་ཧཱུཾ་བྷྱོ་བྷྱོ༔ སྲིད་པ་གསུམ་ན་འབར་བ་མཁའ་འགྲོ་ངས༔ གནོད་བྱེད་འབྱུང་པོ་སྟོབས་ཆེན་ཐམས་ཅད་ཀུན༔ རྡོ་རྗེ་འབར་བའི་མཚོན་གྱིས་དུམ་བུར་གཏུབས༔ འཇིག་རྟེན་འདི་ན་དབང་བྱེད་ནམ་མཁའ་འདྲ༔ གོས་སྔོན་རྒྱ་མཚོ་འབར་བའི་གོམ་སྟབས་བསྐྱོད༔ འཁོར་འདས་ཞི་བའི་ཚོགས་རྣམས་དབང་དུ་བྱེད༔ འཇིག་རྟེན་གསུམ་ཡང་ཐལ་མོའི་བར་དུ་བཙིར༔ གདོན་བགེགས་བརླགས་ལྟར་གྱུར་ཀུན་ད་ལྟ་བརླག༔ རུ་ལུ་རུ་ལུ་ཧཱུཾ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཞེས་གསུངས་རི་ཆེན་རི་ཕྲན་ཐམས་ཅད་ཀུན༔ ཞབས་ཀྱི་མཐེ་བོང་རྩེར་བླངས་ཉིལ་ཉིལ་འཁྲུགས༔ དེ་ཚེ་བགེགས་ཚོགས་ཐམས་ཅད་བརྒྱལ་བསྔངས་སྐྲག༔ དཔའ་ཞུམ་ངག་ནས་སྲོག་གི་སྙིང་པོ་ཕུལ༔ ཀྱེ་མ་ཡེ་ཤེས་མཁའ་འགྲོ་དགོངས་སུ་གསོལ༔ བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར༔ མ་རིག་ཉོན་མོངས་ལས་ཀྱིས་མནར་བའི་མཐུས༔ སེམས་ཅན་ཀུན་ལ་གནོད་ཅིང་འཚེ་བྱེད་པའི༔ རྒྱལ་བའི་ཡུམ་མཆོག་ཁྱོད་ལ་ཐོ་འཚམས་པ༔ ད་ལྟ་ཏིང་འཛིན་དག་པའི་སྐུར་བཞེངས་ཏེ༔ སྙིང་རྗེའི་ཁྲོས་པའི་སྐུ་ཡི་ཆོ་འཕྲུལ་གྱིས༔ བདག་ཅག་ལུས་སྲོག་དབང་པོ་འཇིགས་ལ་ཐུག༔ ཅེས་གསུངས་བཀའ་འཚལ་སྲོག་གི་སྙིང་པོ་ཕུལ༔ ཏྲི་ཏྲི་ཡོ་ན་མཱ་ར་ཀ་དུ་ན༔ ཞེས་པ་ལུས་ལས་དྲངས་པའི་སྲོག་སྙིང་གོ༔ རྣྲིར་ཡ་མ་བི་ན་ཡ་ཀ་དུན་ཛ༔ ཞེས་པ་ངག་ལས་དྲངས་པའི་སྲོག་སྔགས་ཡིན༔ ཏྲི་མུ་ཏ་ཡ་གུ་ཡི་ཧེ་དུན་ནིག༔ ཅེས་པ་ཡིད་ལས་དྲངས་པའི་ཐ་ཚིག་གོ༔ དེ་སྐད་ཕུལ་ནས་དམ་བཞག་གཉེར་དུ་གཏད༔ སེམས་ཅན་གཞན་གྱི་རང་རྒྱུད་མ་དག་ན༔ གནོད་འཚེ་བདག་ཅག་བྱས་དང་མ་བྱས་འདྲ༔ དེ་མིན་གང་དུའང་གནོད་སེམས་སྤང་བར་བྱ༔ ཞེས་པའི་དམ་བཅའ་ཕུལ་ནས་བྱང་སེམས་བསྒོམ༔

དེ་ཚེ་མཁའ་འགྲོས་སྤྲུལ་པ་ཞི་བར་མཛད༔ དམ་པའི་ཆོས་ཀྱི་སྦྱིན་པ་རླབས་ཆེན་དང་༔ བགེགས་འདུལ་མན་ངག་བརྒྱ་ཕྲག་བདུན་ཙམ་མཛད༔ དེ་དག་བརྡ་རུ་བསྡུས་ཏེ་དྲག་མོ་ལ༔ གཉེར་གཏད་བྱས་ནས་བསེ་ཡི་སྒྲོམ་བུར་བཅུག༔ དེ་ནས་མནྡ་ར་བས་ཨོ་རྒྱན་མཇལ༔ ལོ་རྒྱུས་ཞུས་པས་ཡང་ལན་མན་ངག་བརྒྱ༔ གནང་ནས་རི་བོ་གངས་ཅན་སྦོས་ཤིག་གསུངས༔ མནྡ་ར་བས་རྐང་མགྱོགས་ཞག་བདུན་གྱི༔ བོད་ཡུལ་ཏི་སེ་གངས་ལ་ཕེབས་པར་མཛད༔ དེ་ཚེ་ཀླུ་དང་མི་མིན་འབྱུང་པོ་ཡིས༔ ཆོ་འཕྲུལ་དཔག་ཏུ་མེད་པ་བསྟན་ནས་བྱུང་༔ དེ་ཚེ་མཁའ་འགྲོ་ཨུ་མ་དེ་ཝིར་སྤྲུལ༔ གངས་རིའི་བདག་པོ་ལྷ་ཆེན་སྦྱོར་བ་མཛད༔ གསང་བའི་དབང་བསྐུར་དེ་ལ་བཞག་ནས་སུ༔ གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་གཉེར་ཁ་གཏད༔ དེ་ནས་རིམ་པར་བལ་པོའི་ཡུལ་དུ་བྱོན༔ ཨ་སུ་ར་ཡི་བྲག་ཕུག་ཆེན་པོ་ན༔ ཞག་བདུན་བཞུགས་པས་བལ་པོ་བརྒྱད་དང་འཕྲད༔ དེ་ཡི་ནང་ནས་བལ་མོ་ཆུང་ཆུང་ཞིག༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས་པ་ཞིག༔ མཁའ་འགྲོར་གུས་བཏུད་སྔོན་མ་མཇལ་བ་ཡི༔ དྷཱཀི་ཁྱོད་ཉིད་གང་ནས་བྱོན་པ་ལགས༔ མཁའ་འགྲོ་ཡབ་ཡུམ་མིང་པོ་གང་ལྟར་ལགས༔ བསྟེན་པའི་སློབ་དཔོན་སུ་ལྟར་བྱ་བ་ལགས༔ ཡུལ་དང་རིགས་རུས་ཁྱོ་འབྲངས་ཅི་འདྲ་ཡོད༔ མ་ཁྱོད་འདི་ན་འབྱོན་པའི་དོན་ཅི་མཆིས༔ བདག་ལ་དགྱེས་པའི་བཀའ་སྩལ་གནང་བར་རིགས༔ དེ་སྐད་ཞུས་པས་མཁའ་འགྲོའི་དགོངས་པ་ལ༔ འདི་ནི་སྔོན་ནས་ཚོགས་ཆེན་བསགས་པ་ཞིག༔ པདྨ་རིགས་ཆགས་ལྷ་ཡི་ལྕམ་དང་འདྲ༔ ད་ལྟ་ཚེ་ཡི་འཕེན་པ་རྫོགས་གྱུར་ཀྱང་༔ མ་འོངས་མཁའ་འགྲོས་འགྲོ་དོན་བྱེད་དགོངས་ནས༔ ཚངས་པའི་དབྱངས་ཀྱིས་མགྲིན་གླུ་འདི་ལྟར་བླངས༔ ཀྱེེཿ བལ་པོའི་ཡུལ་གྱི་བུ་མོ་ལོ་རྒན་མ༔ བདག་གི་རུས་ནི་ཟ་ཧོར་རྒྱལ་པོའི་རིགས༔ ཡབ་ནི་རྒྱལ་པོ་གཙུག་ལག་འཛིན་ཞེས་བྱ༔ ཡུམ་ནི་དབང་མོ་འོད་ནི་དགེ་མ་ཞེས༔ བུ་མོ་ང་ནི་ལྷ་ལྕམ་མནྡ་ར༔ བསྟེན་པའི་སློབ་དཔོན་ཨོ་རྒྱན་པདྨ་འབྱུང་༔ གདམས་པའི་ཆོས་ནི་ཐེག་པ་རིམ་དགུའི་ལམ༔ ཡུལ་ནི་ངེས་མེད་གནས་ཡུལ་དུར་ཁྲོད་ཡིན༔ ཁྱོ་པོ་ཉོན་མོངས་གྲོགས་པོ་མི་འདོད་པས༔ ཡེ་ཤེས་བདེ་བ་ཆེན་པོའི་སྲས་པོ་ཡོད༔ གཡོག་དང་རྗེས་འབྲང་སྒྱུ་མའི་ལུས་ཅན་མེད༔ འཇིག་རྟེན་མ་མོ་མཁའ་འགྲོ་ཆོས་སྐྱོང་ཡོད༔ འདི་རུ་འོང་བའི་དོན་ནི་འདི་ལྟར་ལགས༔ གསང་སྔགས་གདམས་པའི་སློབ་དཔོན་མན་ངག་རྣམས༔ བརྡ་གསང་རིན་ཆེན་གཏེར་དུ་སྦས་ཏེ་སོང་༔ ད་ལྟ་གནས་འདིར་མཆོད་ཕྱིར་སླེབ་པ་ཡིན༔ བུ་མོ་ཁྱོད་ནི་ལོ་གསུམ་ཚེ་དུས་བྱེད༔ དེ་ཚེ་བལ་པོའི་རྒྱལ་པོའི་སྲས་མོ་ནི༔ ཤཱཀྱ་དེ་ཝ་ཞེས་བྱར་སྐྱེ་བ་ལེན༔ སློབ་དཔོན་པདྨ་འབྱུང་གནས་མཇལ་ནས་ནི༔ གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་ལྡན་འགྱུར༔ ཟབ་མོའི་གཏེར་ཁ་མང་པོ་དེ་དུས་སྦས༔ གདོང་དམར་ཡུལ་དུ་འགྲོ་བའི་དོན་ཆེན་བྱེད༔ ཅེས་ལུང་བསྟན་ནས་བུ་མོ་བལ་མོ་དང་༔ བསྡེབས་ཏེ་སོང་བས་ལྷ་ལྕམ་ལོ་རྒྱུས་བསྙད༔ དེ་ཚེ་བལ་ཡུལ་གྲོང་པའི་མི་ཀུན་འདུས༔ མཁའ་འགྲོའི་ཞལ་མཇལ་ཀུན་གྱིས་ཉམས་ཚད་བྱས༔ དེ་ཚེ་ཨ་ཙ་ར་ནི་རྒན་པ་ཞིག༔ བུ་མོ་ཁྱོད་འདྲ་སློབ་དཔོན་བསྟེན་པ་ན༔ ཟབ་པའི་གདམས་པ་ཇི་ལྟར་ཞུས་པ་ཡིན༔ གདམས་པ་ཉམས་སུ་ལེན་པའི་གྲུབ་པ་ནི༔ ཐོབ་པའི་དྲོད་རྟགས་ཇི་ལྟར་སྟོན་པར་ཡོད༔ འདི་རུ་འོང་ལ་ཁྱོ་པོ་རྙེད་དགོས་སམ༔ ཞེས་འདྲི་ཁོ་ནི་མིག་བགྲད་ཁྲོས་ཚུལ་བྱེད༔ དེ་ལ་མཁའ་འགྲོས་ལན་ནི་འདི་ལྟར་བཏབ༔ ཀྱེེཿ ཉོན་དང་བདག་ནི་རིག་འཛིན་མ༔ རིགས་རུས་སྐྱེས་པ་སློབ་དཔོན་དུ་མས་འཕགས༔ ཁྱོད་ལ་འགྲན་བསམ་འདི་རུ་འོང་མིན་ཡང་༔ ལོག་རྟོག་འདུལ་ཕྱིར་ང་ཡི་བཀོད་པ་སྟོན༔ ཞེས་གསུངས་ལྷ་ལྕམ་མཁའ་ལ་རྒྱངས་ཀྱིས་འཕགས༔ སྐུ་ཡི་འོད་ཟེར་ཉི་མ་ལྟ་བུར་འབར༔ ཞལ་གྱིས་དམ་པའི་ཆོས་ཀྱིས་སྒྲ་སྐད་འདོན༔ ཧཱུཾ་ཧྲཱིཿ མ་ཆགས་སྐྱོན་མེད་མཚོ་སྐྱེས་དྲིན་ཆེན་རྗེ༔ དུས་གསུམ་སངས་རྒྱས་གདུང་འཚོབ་པདྨ་འབྱུང་༔ ད་ལྟ་བུ་མོ་མནྡ་ར་ལ་གཟིགས༔ འཇིག་རྟེན་ལོག་རྟོག་སོལ་ལ་ཐུགས་རྗེས་ཟུངས༔ ང་ནི་ཐུགས་མཆོག་ཡེ་ཤེས་ཀ་དག་ལ༔ ཀུན་ཏུ་བཟང་མོའི་དགོངས་པ་མཁའ་ལྟར་ཡངས༔ དུས་གསུམ་ཀུན་ན་སྐྱེ་འཆིའི་འཇིགས་དང་བྲལ༔ བདེ་ཆེན་ལོངས་སྐུའི་གོ་འཕང་བརྙེས་ཟིན་པས༔ ཆགས་པས་མ་གོས་འཁོར་བར་གནས་པ་མེད༔ མ་འགགས་འགྲོ་བའི་དོན་ལ་ང་རང་འོང་༔ ཞེན་མེད་གང་འདུལ་ཆོས་ཀྱི་སྒོ་མོ་ཕྱེ༔ འཇིག་རྟེན་འདི་ན་ཆགས་འཛིན་འཁོར་བའི་འགྲོ༔ ཐར་འདོད་ཡོད་ན་རྗེས་སུ་སློབ་ཅིག་དང་༔ གཏན་བདེའི་གསང་སྔགས་རབ་འབྱམས་བདག་མོ་ཡིན༔ ཞེས་གསུངས་ཕྱག་གིས་སེ་གོལ་བརྡབས་པ་ཡིས༔ ཨ་ཙ་ར་ནི་གྱང་འགྱེལ་བཞིན་དུ་སོང་༔ དེ་ཚེ་བལ་པོའི་མི་ཀུན་དད་ཕྱག་འཚལ༔ གུས་པས་བཏུད་ནས་དམ་ཆོས་ཞུས་པ་ལ༔ བུ་མོས་འཁོར་བ་ཞེན་གཅོད་མགུར་འདི་གསུངས༔ ཀྱེ་ཉོན་དང་བལ་པོ་ཕོ་མོ་ཀུན༔ འཇིག་རྟེན་སྲིད་པའི་སྡུག་བསྔལ་ཟད་མེད་ལ༔ བདེ་བར་མཐོང་ན་སྦྲང་བུའི་སྦྲང་རྩི་འདྲ༔ འཁོར་བར་ཞེན་པ་དུག་གི་རང་བཞིན་ལ༔ མ་ཤེས་བཙན་དུག་ཟོས་པས་རང་ཉིད་ཕུངས༔ ལས་ཀྱི་བག་ཆགས་བཙོན་དོང་རིང་པོ་ལ༔ མིག་མེད་དོང་ལྷུང་བསྐལ་པར་ཐར་ཐབས་བྲལ༔ གནས་སྐབས་བདེ་འབྱོར་སྒྱུ་མའི་བསླུ་བྲིད་ལ༔ ཞེན་ན་སྐད་ཅིག་བྲལ་ཏེ་སྡུག་བསྔལ་མྱོང་༔ འཁོར་བའི་གྲོགས་པོ་གཤེད་མས་མགོ་བསྐོར་འདྲ༔ མཐར་ཐུག་ངན་སོང་ལམ་ལ་ཁྲིད་པར་བྱེད༔ ལོངས་སྤྱོད་ནོར་རྫས་ཡི་དྭགས་གཏེར་སྲུང་འདྲ༔ མྱོང་ན་རང་ཉིད་སྲོག་དང་འབྲལ་བར་བྱེད༔ འཇིག་རྟེན་བྱ་བ་འདུས་བྱས་བརྩོན་པ་ལ༔ དལ་བ་མེད་པས་རང་ཉིད་ལྕགས་སུ་བཅུག༔ ཁྱོད་རྣམས་འཁོར་བར་ཆགས་ན་འཆིང་བའི་རྒྱུ༔ རང་གིས་རང་མགོ་གཡོག་པ་ཨ་རེ་སྡུག༔ དེས་ན་ལམ་མཆོག་དཀོན་མཆོག་སྐྱབས་སུ་བརྟེན༔ དམ་པའི་ཆོས་ལ་གནས་ན་འདི་ཕྱི་སྐྱིད༔ ལྷ་ལྕམ་ང་ཡིས་དེ་ལྟར་ཉམས་སུ་བླངས༔ སྐལ་ལྡན་ཡིན་ན་དེ་ལྟར་བརྩོན་པར་གྱིས༔ ཞེས་གསུངས་ཐམས་ཅད་རྗེས་སུ་ཡི་རང་གྱུར༔ དེ་ནས་ལྷ་ལྕམ་མགྱོགས་པར་བྱོན་པས་ན༔ ཚང་ཚིང་དུར་ཁྲོད་འཇིགས་དང་ཉེ་བར་ཕུག༔ བྷྲ་མ་རི་ཡི་ནགས་ཚལ་ཞག་བདུན་བཞུགས༔ དེ་ཚེ་དུར་ཁྲོད་གནས་པའི་འབྱུང་པོ་ཀུན༔ གཟུགས་མི་སྡུག་པ་མང་པོ་སྤྲུལ་ནས་ནི༔ དྲོད་ཚད་ཉུལ་བའི་ཆོ་འཕྲུལ་མང་དུ་བསྟན༔ དེ་ཚེ་མཁའ་འགྲོ་དྲག་མོ་སེང་གདོང་སྤྲུལ༔ བདུད་དང་འབྱུང་པོ་མ་ལུས་དམ་ལ་བཞག༔ དེ་ནས་བྷེནྡྷའི་ཡུལ་དུ་བྱོན་པ་ན༔ པདྨའི་ཚལ་ཞེས་བྱ་བར་སླེབ་པ་ལ༔ ཤན་པའི་གྲོང་ཁྱེར་ཀུཾ་རི་བྱ་བ་ན༔ སྲོག་ཆགས་ཁྲི་ཕྲག་མང་བོ་གསོད་ནས་ཟ༔ དེ་ཚེ་མཁའ་འགྲོས་ཤན་པ་རྣམས་ཀྱི་ལམ༔ སྲང་མདོ་ཞིག་ཏུ་སྤྲང་ཚུལ་མཛད་ནས་བཞུགས༔ དེ་ཚེ་ཤན་པ་མང་པོ་དེར་འདུས་ནས༔ སྤྲང་མོ་མཛེས་མ་གཅིག་འདུག་གྲོགས་འོས་ཟེར༔ དུས་དེར་ལྷ་ལྕམ་ཞལ་ནས་འདི་སྐད་གསུངས༔ ང་ནི་འཇིག་རྟེན་འཁོར་མོ་མི་འདོད་ཅིང་༔ ཤན་པའི་གྲོང་འདིར་བསྡད་པས་ང་རེ་འཇིགས༔ འཇིག་རྟེན་འདི་ན་གཅེས་པ་སྲོག་འདི་ཡིན༔ སྲོག་གཅོད་བྱེད་པའི་བདུད་ཀྱི་གླིང་འདི་ན༔ ཤ་ཟན་གདུག་པ་ཁྱོད་འདྲའི་གྲོགས་མོ་བས༔ དུར་ཁྲོད་གནས་པའི་འབྱུང་པོའི་གྲོགས་དགའོ༔ ཞེས་གསུངས་ཚེ་ན་ཤ་ཟའི་མི་མང་གིས༔ བུ་མོ་སྡུག་ལེན་བཏབ་པ་གསོད་ན་ཟེར༔ ཅི་ཟེར་ཅང་ཟེར་ཀུན་གྱིས་གྲོས་བཏབ་པས༔ བུ་མོ་ཁ་གླེན་མ་ལ་འདོད་འཇུག་བྱེད༔ ཅིས་ཀྱང་མ་ཉན་རྐང་ལག་བྲེག་དོ་ཟེར༔ དེ་སྐད་སྨྲས་ནས་ཐམས་ཅད་ལྷ་ལྕམ་བཟུང་༔ དེ་ཚེ་ལྷ་ལྕམ་དྲག་བྱེད་མཁའ་འགྲོར་སྤྲུལ༔ དབུ་ནི་ནམ་མཁར་སླེབ་ཙམ་བྱས་པ་ཡིས༔ སྐུ་ལས་མཁའ་འགྲོ་དྲུག་སྤྲུལ་བསྭོ་སྒྲ་ལྡིར༔ ཤན་པ་འདི་དག་བསྒྲལ་བར་བྱའོ་གསུངས༔ དེ་ཚེ་ཡུལ་དེའི་མི་མིན་ཐམས་ཅད་འདུས༔ ཀུན་གྱིས་བཏུད་ནས་ཤན་པའི་གྲོང་ཁྱེར་དེར༔ གནས་པའི་ཕོ་མོ་མ་ལུས་མཁའ་འགྲོར་འདུད༔ ཁྱོད་ཀྱིས་ཅི་གསུངས་བྱ་ཞེས་ཁས་སུ་བླངས༔ དེ་ཚེ་སྲོག་གཅོད་སྤངས་དགོས་གསུངས་པ་ན༔ ཐམས་ཅད་སྡིག་སྤང་ཆོས་ལ་བསྐུལ་བ་ལ༔ མཁའ་འགྲོས་ཟླ་གསུམ་བར་དུ་ཆོས་འཁོར་བསྐོར༔ ཐམས་ཅད་གྲོལ་ནས་སངས་རྒྱས་ལམ་རྙེད་གྱུར༔ དེ་ནས་ཀ་ལིང་ཀ་ཡི་ཡུལ་དུ་བྱོན༔ སློབ་དཔོན་མཇལ་ནས་ཡང་གསང་ལྡེའུ་མིག་ཞུས༔ སློབ་དཔོན་ཆེན་པོས་མནྡ་ར་བ་ཁྱོད༔ འདི་ནས་ཤར་ཕྱོགས་ཟ་ཧོར་ཡུལ་དུ་བྱོན༔ ད་རུང་སྔར་མ་གྲོལ་བའི་སེམས་ཅན་ལ༔ དམ་པའི་ཆོས་ཀྱིས་ཚིམ་པར་བྱོས་ཤིག་གསུངས༔ དེ་ཚེ་མནྡ་ར་བ་བྷངྒ་ལར༔ བྱོན་པའི་ལམ་དུ་རྒྱལ་ཁབ་ཉེ་བ་ན༔ གྲོང་ཁྱེར་སི་ཏ་ན་ཞེས་བྱ་བར་བྱོན༔ དེ་རུ་བཟོ་བོ་རྒན་འཁོགས་གཉིས་པར་བཞུགས༔ དེ་ལ་བུ་ནི་ཀུན་བྱེད་ཅེས་པ་དང་༔ བུ་མོ་འོད་སྲེད་མ་ཞེས་བྱ་བར་འདུག༔ དེ་གཉིས་ལྷ་ལྕམ་ལ་ནི་ཡུན་དུ་བལྟས༔ རེ་ཞིག་ཁོང་གཉིས་ལྷ་ལྕམ་ཞབས་ལ་གཏུག༔ དེ་ཚེ་ཁོང་གཉིས་དེ་སྔོན་ཁྱེད་མ་མཇལ༔ ལས་བཟང་ད་རེས་མཇལ་བས་རྗེས་བཟུང་འཚལ༔ དེ་སྐད་ཞུས་པས་ལྷ་ལྕམ་འདི་སྐད་གསུངས༔ ཀུན་བྱེད་བུ་ཁྱོད་ཉོན་ཅིག་འདི་ལྟར་ཡིན༔ ང་ནི་སྔོན་ཚེ་ཌཱ་མ་རུ་ཞེས་པར༔ བཙུན་མོ་པདྨ་སྐྱེས་ཞེས་གྱུར་པའི་ཚེ༔ ཁྱོད་ནི་ཡཀྴ་བདེ་སྐྱོང་ཡབ་གྱུར་པ༔ ཤཱནྟི་བུངྡྷོ་ཞེས་བྱའི་རྒྱལ་པོར་གྱུར༔ དེ་ཚེ་སྲིན་པོ་མང་པོ་བསད་ཅིང་གཏུབས༔ དེ་ཡི་ལས་ཀྱིས་ལུས་ངན་འགའ་བླངས་ནས༔ ཟངས་མདོག་ཤར་ནས་ད་ལྟ་འདི་རུ་འཕོས༔ སྲིང་མོ་འོད་སྲེད་མ་ཞེས་བྱ་བ་ཁྱོད༔ ཌཱ་མ་རུ་ཡི་རྒྱལ་པོའི་བཙུན་མོ་ནི༔ ཀ་ལ་ཞེས་བྱར་གྱུར་པ་ཁྱོད་ཉིད་ཡིན༔ དེ་ཕྱིར་བདག་ལ་མོས་པ་དེ་ལྟར་ཡིན༔ ད་ནི་ཁྱོད་གཉིས་གསང་སྔགས་སྟོན་ནོ་གསུངས༔ གསང་སྔགས་ཆོས་དང་དབང་བསྐུར་ཐོབ་པས་གྲོལ༔ ཟླ་བ་གསུམ་ནས་འཇའ་སྐུར་འགྲུབ་ནས་སོང་༔ དེ་ནས་ཡབ་ཡུམ་མིང་པོ་མཇལ་དུ་བྱོན༔ དེ་རུ་ཕྱི་ནང་བློན་འཁོར་བཅས་པ་རྣམས༔ སྒོམ་ལ་ཞུགས་པས་སུས་ཀྱང་མ་ཚོར་བར༔ རེ་ཞིག་བཟོ་བའི་བུ་མོ་གཞོན་ནུར་འཕྲད༔ ལྷ་ལྕམ་བྱོན་ཞེས་ཞབས་ལ་འཇུས་ནས་ངུས༔ བསྐལ་པ་བཟང་ཟེར་ཀུན་ལ་བོས་པས་ན༔ གཅིག་འདུས་གཉིས་འདུས་རྒྱལ་ཁམས་མི་ཀུན་འདུས༔ ཡབ་ཡུམ་མིང་པོ་བློན་པོའི་ཚོགས་ཀུན་འདུས༔ ཐམས་ཅད་དགའ་ནས་བཙུན་མོ་ཡབ་གཉིས་ཀྱིས༔ མནྡ་ར་བའི་དྲུང་དུ་བྱོན་པ་ན༔ ལྷ་ལྕམ་ཕྱག་མཛད་ཡབ་ཡུམ་གཉིས་ཕྱག་འཚལ༔ དེ་ཚེ་མཁའ་འགྲོས་རྫུ་འཕྲུལ་འདི་ལྟར་བསྟན༔ ཐུགས་ཀྱི་དཀྱིལ་འཁོར་ལེགས་པ་ཕྱག་གིས་ཕྱེས༔ འཆི་མེད་ཚེ་ཡི་ལྷ་ཚོགས་གསལ་བར་བསྟན༔ དེ་ཚེ་ཀུན་གྱིས་ངོ་མཚར་གུས་པས་བཏུད༔ ལོ་གཅིག་ཆོས་ཀྱི་འཁོར་ལོ་དུ་མར་བསྐོར༔ དུས་དེར་རྒྱལ་པོ་ཡབ་ཡུམ་འཇའ་སྐུར་གྲོལ༔ བློན་པོ་གཙུག་པ་རྒྱལ་པོའི་ཐུགས་ཀར་ཐིམ༔ དེ་ནས་ཟ་ཧོར་རྒྱལ་ཁམས་མ་ལུས་གྲོལ༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ གང་འདུལ་ཡུལ་ཁམས་བརྒྱད་དུ་རྫུ་འཕྲུལ་ཆེ་བརྒྱད་བསྟན་ནས་མི་དང་མི་མིན་ཆོས་ལ་བཀོད་པའི་རིམ་པ་སྟེ་ལེའུ་སོ་གསུམ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཨོ་རྒྱན་ཡུལ་དུ་ཆོས་འཁོར་བསྐོར་ནས་ཡུལ་ཁམས་དོང་ནས་སྤྲུགས་པའི་རིམ་པ།

དེ་ནས་ལྷ་ལྕམ་རིམ་པར་བྱོན་པ་ལས༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པའི་དྲུང་༔ སློབ་དཔོན་ཆེན་པོ་པདྨ་བཞུགས་དང་མཇལ༔ དེ་རུ་འཆི་མེད་ཚེ་ཡི་དཀྱིལ་འཁོར་བཞེངས༔ སློབ་དཔོན་ཆེན་པོ་བརྒྱད་ལ་དབང་བསྐུར་འབོག༔ དེ་ནས་སློབ་དཔོན་ཡབ་ཡུམ་ལྷན་ཅིག་ཏུ༔ ཨོ་རྒྱན་ཡུལ་དུ་རིམ་པར་བྱོན་པ་ལ༔ ལྷ་ལྕམ་བྱི་ལའི་གདོང་ཅན་ཞིག་ཏུ་སྤྲུལ༔ དེ་ཚེ་ཨོ་རྒྱན་ཡུལ་ཁམས་མི་རྣམས་ཀྱིས༔ རྒྱལ་སྲས་བྱོན་ཅེས་ལ་ལས་དད་ཅིང་བཀུར༔ ལ་ལས་སྐུར་འདེབས་དེ་ཚེ་སློབ་དཔོན་ནི༔ པྲ་ཀ་ར་ཡིས་དཔུང་བསྡུས་རྒོལ་དུ་བྱུང་༔ རྒྱལ་པོ་ཡབ་ཡུམ་མ་ཚོར་གསོན་བསྲེགས་བྱས༔ དེ་ཚེ་འོད་འཆང་མ་ཡི་རུ་ང་ཡི༔ སྔོན་ཆད་བདག་པོར་མཐའ་ཡི་སྤྲང་མོ་ཞིག༔ རྙེད་པ་འདིར་སླེབ་སློབ་དཔོན་བསྲེགས་ཚར་ཞེས༔ རྒྱལ་པོ་ཡབ་ཡུམ་གཉིས་ལ་ཞུས་པ་ལ༔ རྒྱལ་པོ་ཡབ་ཡུམ་མ་བཟོད་རྒྱལ་སྲས་ལ༔ ལྟ་རུ་བྱོན་ནས་མཇལ་བས་མེས་མ་ཚིག༔ མེ་དཔུང་མཚོ་རུ་བསྒྱུར་བའི་རྫུ་འཕྲུལ་བསྟན༔ དེ་ཚེ་ཡབ་ཡུམ་འོད་འཆང་མ་དང་ནི༔ ཡུལ་ཁམས་ཐམས་ཅད་འདུས་ནས་དད་ཕྱག་འཚལ༔ དུས་དེར་ཡབ་ཅིག་ཨིནྟྲ་བྷུ་ཏི་ཡིས༔ གུས་པས་བཏུད་ནས་བསྟོད་པ་འདི་ལྟར་བྱས༔ ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ ཅེས་པ་ལ་སོགས་བསྟོད་ནས་རྒྱལ་པོ་ཡིས༔ སྤོས་ཀྱི་སྣ་དྲངས་ཐོར་ཅོག་དགུ་ལྡན་ཕེབས༔ ལྷ་ལྕམ་མ་ལ་རྒྱལ་པོ་ཡབ་ཡུམ་གྱིས༔ ཕྱག་འཚལ་ཁྲི་ལ་བཞུགས་སུ་གསོལ་བར་མཛད༔ དེ་ཚེ་གུ་རུའི་བཀའ་སྩལ་འདི་སྐད་གསུངས༔ ཀྱེེཿ དྲིན་ཆེན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཁྱོད༔ ད་ལྟ་དྲིན་ལན་གསོབ་ཕྱིར་ཆོས་སྐྱེལ་བྱ༔ བཙུན་མོ་འོད་འཆང་མ་ནི་སྡུག་བསྔལ་བསལ༔ མཁའ་འགྲོ་མནྡ་ར་བས་ཆོས་ཀྱིས་སྐྱོངས༔ བདག་ནི་དུར་ཁྲོད་བརྒྱད་དུ་སྒྲུབ་པ་བྱས༔ རྒྱལ་ཁམས་མང་པོར་དམ་པའི་ཆོས་ཀྱིས་འདུལ༔ ཚེ་ལམ་མཁའ་འགྲོར་ལྷན་ཅིག་ཚེ་བསྒྲུབས་བྱས༔ མཱ་ར་ཏི་ཀར་ཚེ་ཡི་རིག་འཛིན་འགྲུབ༔ དེ་ནས་ཀོ་ཏ་ལ་སོགས་རིམ་པར་འདུལ༔ ཉིས་སྟོང་བར་དུ་འགྲོ་དོན་ཁོ་ན་སྐྱོང་༔ ད་ལྟ་ཨོ་རྒྱན་ཡུལ་འདིར་གདུལ་བྱ་མང་༔ ཅིས་ཀྱང་གསང་སྔགས་ཆོས་ཀྱིས་གྲོལ་བར་བྱ༔ དེ་སྐད་གསུངས་ནས་རྒྱལ་པོ་ཡབ་ཡུམ་སོགས༔ འཁོར་འབངས་ཀུན་ལ་གསང་སྔགས་ཟབ་རྒྱས་བསྟན༔ དེ་ཚེ་འོད་འཆང་མ་ནི་ལྷ་ལྕམ་མཛད༔ ཟུང་འཇུག་གསང་བ་མཆོག་གི་དབང་མཆོག་བསྐུར༔ མནྡ་ར་བས་མོ་རིགས་ཀུན་བསྡུས་ཏེ༔ རྒྱུད་སྡེ་རྣམ་པ་དྲུག་བསྟན་ཉིན་མཚན་ཀུན༔ ཆོས་ཀྱི་ཁྲིམས་བསྡམས་ཐམས་ཅད་གྲོལ་བར་གྱུར༔ ཨིནྡྲ་བོ་དྷི་ལ་སོགས་འཁོར་ལྔ་བརྒྱ༔ འཇའ་ལུས་ལྷག་མེད་གྱུར་ནས་མངོན་སངས་རྒྱས༔ རིམ་པར་རྒྱལ་ཁམས་ཐམས་ཅད་འཇའ་སྐུར་གྲོལ༔ ཨོ་རྒྱན་ཡུལ་ཁམས་མ་ལུས་སྟོངས་པར་བསྒྱུར༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཨོ་རྒྱན་ཡུལ་དུ་ཆོས་འཁོར་བསྐོར་ནས་ཡུལ་ཁམས་དོང་ནས་སྤྲུགས་པའི་རིམ་པ་སྟེ་ལེའུ་སོ་བཞི་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཤམྦྷ་ལ་ཡི་ཡུལ་ཁམས་ཆེ་ཆུང་ཉེར་གཅིག་ཏུ་ཆོས་འཁོར་བསྐོར་ནས་སྐལ་ལྡན་འབུམ་ཕྲག་བཅུ་གསུམ་འཇའ་སྐུར་གྲོལ་བའི་རིམ་པ།

དེ་ནས་རིམ་པར་བདེ་བྱེད་ཡུལ་དུ་བྱོན༔ དེ་ཚེ་ལྷ་ལྕམ་མནྡ་ར་བ་ཡིས༔ ཨོ་རྒྱན་རྗེ་ལ་གུས་པས་འདི་སྐད་གསོལ༔ ཧྲིཿ དྲི་མེད་པདྨ་ལས་འཁྲུངས་སྤྲུལ་པའི་སྐུ༔ སངས་རྒྱས་ཆོས་སྐུའི་དབྱིངས་དང་དབྱེར་མེད་པ༔ ལོངས་སྤྱོད་རྫོགས་སྐུའི་རང་བཞིན་གཟུགས་ཀྱི་སྐུ༔ དྲིན་ཆེན་སློབ་དཔོན་ཆེན་པོའི་ཞབས་ལ་འདུད༔ བདག་ནི་རིགས་ཀྱི་མཆོག་གྱུར་ཟ་ཧོར་རིགས༔ སྔོན་ལས་བཟང་བས་འཁོར་པའི་འཇིགས་དང་བྲལ༔ ལས་འཕྲོ་བཙན་པས་དམ་པའི་ཆོས་དང་འཕྲད༔ སྨོན་ལམ་མཐུ་བཙན་བླ་མ་སྤྱི་བོར་བཀུར༔ སྐལ་པ་བཟང་པོའི་ཨོ་རྒྱན་རྗེ་དང་མཇལ༔ སྣོད་དང་ལྡན་པས་གསང་སྔགས་ཟབ་དགུ་ཐོབ༔ ཉམས་ལེན་བརྩོན་པས་གྲུབ་པ་རྣམ་གཉིས་ཐོབ༔ ད་ལྟ་ཟག་བཅས་བྲལ་ནས་སྤྲུལ་སྒྱུར་ནུས༔ ད་ནི་བལ་བོད་པད་འབྱུང་འདུལ་རན་ཉེ༔ བདག་ནི་ཟག་མེད་ཆོས་དབྱིངས་ཐིམ་ལ་ཉེ༔ གསང་སྔགས་སྤྱོད་ཕྱིར་སྤྲུལ་པ་འགྱེད་རེ་རན༔ ཅིས་ཀྱང་འོད་སྐུར་ཐིམ་པའི་དུས་ཡིན་འདྲ༔ དེ་སྐད་ཞུས་པས་གུ་རུས་བཀའ་སྩལ་པ༔ ཀྱེ་གསོན་དང་ཡེ་ཤེས་མཁའ་འགྲོ་མནྡ་ར༔ བདེ་བ་ཅན་ན་ཡུམ་ཆེན་གོས་དཀར་མོ༔ པོ་ཏ་ལ་རུ་རིགས་མཆོག་གར་དབང་མོ༔ རྔ་ཡབ་གླིང་དུ་དུང་སྨན་དཀར་མོར་གྲགས༔ རྒྱ་གར་ཡུལ་དུ་ལྷ་མོ་དཔལ་ཕྲེང་མ༔ ཟ་ཧོར་ཡུལ་དུ་ལྷ་ལྕམ་མནྡ་ར༔ ཁྱོད་འདྲའི་བྱང་ཆུབ་སེམས་མ་ཤིན་ཏུ་དཀོན༔ ད་རུང་ལན་གཅིག་འགྲོ་དོན་མ་རྫོགས་པས༔ ཤམྦྷ་ལ་ཡི་གདུལ་བྱ་འདུལ་དགོས་པས༔ མཐུ་སྟོབས་བསྐྱེད་ལ་བྱོན་ནས་རྫུ་འཕྲུལ་མཛོད༔ བཅོ་ལྔ་བར་དུ་ཆོས་ཀྱི་འཁོར་ལོ་སྐོར༔ ཅེས་གསུངས་ལྷ་ལྕམ་ཤམྦྷ་ལ་རུ་བྱོན༔ དེ་ཚེ་ཡུལ་དེར་གླིང་ཆེན་ཉེར་ལྔ་ཡོད༔ ཤར་ཕྱོགས་གླིང་ཁམས་བྷ་ཏ་ན་ཞེས་པར༔ རྒྱལ་པོ་བྷུ་ཏི་ན་ར་ཞེས་བྱ་བ༔ འཁོར་འབངས་བརྒྱ་ཕྲག་དང་བཅས་ལྟད་མོར་འབྱོན༔ དེ་ཚེ་མཁའ་འགྲོ་ཆུ་བོ་དྷི་ཏུ་སར༔ ཤིན་ཏུ་བརྒལ་བར་དཀའ་བའི་ཆུ་སྟེང་དུ༔ བྱ་བཞིན་མཁའ་ལ་ལྡིང་ནས་བྱོན་པ་མཐོང་༔ ཉེ་བར་རྒྱལ་པོ་འཁོར་བཅས་འདི་སྐད་སྨྲ༔ ཀྱེ་ལྷ་ཡི་སྲས་མོ་འདྲ་བའི་བུ་མོ་ཁྱེད༔ རྫུ་འཕྲུལ་ཐོགས་མེད་ཆུ་ལ་བྱ་ལྟར་ལྡིང་༔ མཛེས་གཟུགས་ལྟ་བས་མི་ངོམ་མཚན་བཟང་ལྡན༔ ཡབ་ཡུམ་རིགས་རུས་བྱོན་ཚུལ་ཅི་ལྟར་ཡོད༔ མ་གསང་དྲང་པོས་བཀའ་མཆིད་གནང་བར་འཚལ༔ ཅེས་ཞུས་མཁའ་འགྲོས་ལན་ནི་འདི་སྐད་བཏབ༔ ཀྱེ་གསོན་དང་རྒྱལ་པོ་འཁོར་བཅས་ལེགས་པར་གསོན༔ ང་ནི་ཡུལ་མཆོག་བྷངྒ་ལ་ཡི་ཡུལ༔ རིགས་ནི་པདྨ་མཁའ་འགྲོའི་ངོ་བོ་ཉིད༔ རུས་ནི་ཟ་ཧོར་རྒྱལ་པོའི་སྲས་མོ་ཡིན༔ མིང་ནི་ལྷ་ལྕམ་མནྡ་ར་བ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ལྕམ་ཅིག་ཡིན༔ འདི་རུ་གདུལ་བྱའི་དོན་དུ་འོང་བ་ཡིན༔ དད་པ་ལྡན་པའི་རྒྱལ་པོ་ཡིན་ལགས་སམ༔ སྣོད་དང་ལྡན་ན་དམ་ཆོས་བཤད་ལ་སྤྲོ༔ ཞེས་གསུངས་རྒྱལ་པོ་འཁོར་བཅས་དད་པ་སྐྱེས༔ གུས་པས་ཕྱག་འཚལ་གསོལ་བ་འདི་ལྟར་བཏབ༔ ཀྱེ་མཁའ་འགྲོ་ཆེན་མོ་བདག་ཅག་དགོངས་སུ་གསོལ༔ བདག་ཅག་སྲིད་པའི་ཆོས་ལ་ཞེན་ཅིང་ཆགས༔ འཇིག་རྟེན་འཁྲུལ་པའི་ལས་ལ་མི་ཚེ་ཟད༔ ཕྱི་མར་ཕན་པའི་དམ་ཆོས་དབེན་ལགས་པས༔ སྣོད་ལྡན་ཡིན་ནམ་མ་ཅིག་རྗེས་དགོངས་མ༔ དམ་པའི་ཆོས་ཀྱི་བདུད་རྩིས་ཚིམ་མཛད་གསོལ༔ དེ་སྐད་ཞུས་ནས་ཕོ་བྲང་ནང་དུ་བྱོན༔ རྒྱལ་ཁམས་ཀུན་ལ་ཆོས་ཁྲིམས་དམ་པར་བཅས༔ ཕོ་བྲང་རིན་ཆེན་དགུ་བརྩེགས་བཞེངས་པར་མཛད༔ དེ་རུ་གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར༔ རྒྱལ་བློན་འབངས་འཁོར་བཅས་པ་ལྷག་མེད་གྲོལ༔ དེ་ནས་རིམ་པར་ཤར་ལྷོའི་གླིང་དུ་བྱོན༔ གྲོང་ཁྱེར་མནྡྷ་ན་ཡི་སྒོ་དྲུང་བཞུགས༔ དེ་རུ་ཉེས་ཅན་མང་པོར་ཆད་པས་མནར༔ ཐམས་ཅད་བསྒྲལ་བའི་ལས་ལ་སྦྱོར་རན་འདུག༔ དེ་ཚེ་མཁའ་འགྲོས་མི་རོ་གཅིག་བླངས་ནས༔ ནམ་མཁར་འཕུར་ནས་རོ་ཡང་ཇེ་བཀྲག་སོང་༔ རིམ་པར་དབུགས་ཐོན་དེ་ནས་གསོན་པོར་གྱུར༔ དེ་ཚེ་ཐམས་ཅད་ངོ་མཚར་སྐྱེས་ནས་འདུད༔ གཅིག་ནས་གཅིག་གླེང་རྒྱལ་ཁམས་ཐམས་ཅད་ཁྱབ༔ ཀུན་འདུས་དེ་དག་ཐམས་ཅད་ཆོས་ལ་བཀོད༔ དེ་ནས་རིམ་པར་ལྷོ་གླིང་རྒྱལ་ཁབ་བྱོན༔ དེ་རུ་དམག་འཁྲུགས་མང་པོ་བྱེད་པ་ན༔ ལྷ་ལྕམ་ཞལ་ནས་ཧཱུཾ་ཕཊཿགླུ་བླངས་པས༔ བསད་པ་ཀུན་ཀྱང་ཕུང་པོ་འཇའ་འོད་བསྒྱུར༔ མཚོན་ཆ་ཐམས་ཅད་མེ་ཏོག་ཚལ་དུ་གྱུར༔ ཐམས་ཅད་དད་ནས་འཁྲུགས་པ་རང་སར་ཞི༔ ལོ་གསུམ་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ དེ་ནས་རིམ་པར་ལྷོ་ནུབ་གླིང་དུ་བྱོན༔ གོ་དྷི་པ་ཞེས་གྲོང་ཁྱེར་ཆེན་པོ་ཡོད༔ དེ་རུ་མི་རྣམས་ཙི་ཏ་ཛྭ་ལས་ཟིན༔ སྡུག་བསྔལ་བསམ་གྱིས་མི་ཁྱབ་མནར་བ་ལ༔ ལྷ་ལྕམ་ཀུན་ལ་གསང་ཆབ་ཁྲུས་བགྱིས་པས༔ དེ་མ་ཐག་ཏུ་ནད་ལས་གྲོལ་བར་གྱུར༔ དེ་ཚེ་ཐམས་ཅད་དད་ནས་རྒྱལ་ཁམས་ཀུན༔ ན་བ་ཐམས་ཅད་སྐད་ཅིག་ཉིད་ལ་ཞི༔ ནད་གྲོལ་མཁའ་འགྲོ་ཞེས་སུ་གྲགས་པ་བྱུང་༔ དེ་དག་རྣམས་ལ་ཆོས་ཀྱིས་ཚིམ་པར་མཛད༔ དེ་ནས་རིམ་པར་ནུབ་ཀྱི་གླིང་ཆེན་ནི༔ ཀ་ཏ་ན་ཞེས་རྒྱལ་ཁབ་དེ་རུ་བྱོན༔ ཀུན་གྱིས་མཁའ་འགྲོ་ལ་ནི་བསྙད་ཚོལ་ནས༔ བུད་མེད་ན་སོ་གཞོན་ནུ་འདི་འདྲ་ལ༔ ཁྱོ་ཕོ་དགོས་ཟེར་ཀུན་གྱིས་བསྐོར་བ་ལ༔ ལྷ་ལྕམ་སྐུ་ལས་མང་པོ་སྤྲུལ་པ་མཛད༔ དེར་ཡོད་ཀུན་ལ་སྦྱོར་བ་མཛད་ཙམ་གྱིས༔ གསང་བའི་དབང་བསྐུར་ཐམས་ཅད་འཇའ་སྐུར་གྲོལ༔ དེ་ནས་རྒྱལ་པོ་སྲས་དང་ཕོ་སྐྱེས་ཀུན༔ སྦྱོར་བ་ཁོ་ནས་གྲོལ་བས་ལམ་ལ་བཀོད༔ མོ་རིགས་ཀུན་ཀྱང་ཆོས་ཀྱི་ལམ་ལ་དྲངས༔ དེ་ནས་ནུབ་བྱང་གླིང་དུ་རིམ་པར་བྱོན༔ གྲོང་ཁྱེར་ཁེ་བ་ལཱྀ་ཞེས་རྒྱལ་ཁབ་ཏུ༔ ཉེ་བར་བྱོན་ཚེ་ཀུན་གྱིས་མཐོང་ཙ་ན༔ ལྷ་ལྕམ་ནམ་མཁར་འཕུར་ནས་མགུར་འདི་གསུངས༔ ཨེ་མཿ ང་འཇིག་རྟེན་ཁམས་འདིར་སྐུ་སྤྲུལ་པ༔ རིགས་མཆོག་གྱུར་ཉི་མ་ལྟ་བུ་ལ༔ ཡུམ་ཟླ་བ་འདྲ་བའི་བུ་མོ་ལགས༔ མཁའ་བགྲོད་པའི་གཡང་ལ་ཉམ་ང་མེད༔ ང་སངས་རྒྱས་སྤྲུལ་པའི་ལྷ་ལྕམ་ལ༔ ཡབ་བདེ་ཆེན་དཔའ་བོ་དགྱེས་པའི་སྐུར༔ ཡུམ་ཙནྜི་དཔའ་མོས་གར་གྱིས་འཁྱུད༔ བདུད་ཉོན་མོངས་ཆགས་པར་ཉམ་ང་མེད༔ ལྷ་དུས་གསུམ་ཡུམ་གཅིག་མནྡ་ར༔ དབྱིངས་གདོད་མའི་ཆོས་སྐུའི་རང་བཞིན་ལ༔ རྩལ་སྣ་ཚོགས་སྣང་བའི་རྫུ་འཕྲུལ་མངའ༔ དད་ཆོས་འཁོར་བསྐོར་ལ་ཉམ་ང་མེད༔ བྱང་ཤམྦྷ་ལ་ཡི་ཡུལ་གླིང་དུ༔ དབང་ཆེ་བའི་རྒྱལ་བློན་ཁས་དྲག་ལ༔ ངས་རྟོགས་གྲོལ་དུས་མཉམ་ཆོས་འཁོར་བསྐོར༔ སེམས་ལོག་ལྟས་གཟིར་ཡང་ཉམ་ང་མེད༔ ཅེས་གསུངས་ཐམས་ཅད་དད་གུས་ཆོས་འཁོར་བསྐོར༔ དེ་ནས་རིམ་པར་བྱང་ཕྱོགས་གླིང་དུ་བྱོན༔ ལྷ་ལྕམ་བྱོན་པ་རྒྱལ་པོས་མཐོང་ནས་སུ༔ བློན་པོ་རྣམས་ལ་རྒྱལ་པོས་བཀའ་འདི་བསྩལ༔ ཀྱེཿ བློན་པོ་ཁྱོད་རྣམས་མྱུར་སོང་ཕོ་བྲང་རྩར༔ སྔར་མ་མཐོང་བའི་བུ་མོ་གཅིག་སླེབས་འདུག༔ རྒྱལ་སྲིད་ཕོག་པའི་བཙུན་མོར་འོས་འདྲ་བས༔ ཕྱི་ནང་མཚན་ཉིད་ལྟོས་ལ་ཁྲིད་ཤོག་གསུངས༔ དེ་ཚེ་བློན་པོ་ལྔ་ཙམ་ལྷ་ལྕམ་རྩར༔ སོང་ནས་ལྷ་ལྕམ་ལ་ནི་འདི་སྐད་སྨྲ༔ བུ་མོ་ཁྱོད་ནི་གར་འོང་ཅི་བྱེད་དགོས༔ རྒྱལ་པོའི་བཙུན་མོར་བྱེད་པ་ཆོག་པར་ཡོད༔ ཅེས་སྨྲས་ལྷ་ལྕམ་ལན་ནི་འདི་ལྟར་བཏབ༔ ང་ནི་སྲིད་ལ་གནས་པའི་བུ་མོ་མིན༔ རྒྱལ་པོ་བཟང་ཡང་འཁོར་བའི་སྡིག་བསགས་མཁན༔ བློན་པོ་བཟང་ཡང་གཤིན་རྗེའི་ལས་མཁན་འདྲ༔ འབངས་འཁོར་མང་ཡང་བདུད་ཀྱི་འཁོར་ཚོགས་ཡིན༔ ལོངས་སྤྱོད་ཆེ་ཡང་ཡི་དྭགས་གཏེར་སྲུང་འདྲ༔ བཙུན་མོ་བྱེད་པར་མི་ཁོམ་ཆོས་ལ་འགྲོ༔ ཞེས་གསུངས་བློན་པོས་རྒྱལ་པོར་ལོ་རྒྱུས་ཞུས༔ རྒྱལ་པོར་ཁྲོས་ཏེ་ང་ལ་ངན་སྨྲས་བཏབ༔ བློན་པོ་ཁྱོད་སྨ་ཕབས་ནས་འབངས་རྣམས་སྨད༔ སྤྲང་མོ་དེ་ལ་གསོན་བསྲེགས་སྤྱོད་སྦྱོར་གྱིས༔ ཞེས་གསུངས་བློན་པོས་ལྷ་ལྕམ་འཛིན་ནས་ནི༔ སྲོ་མ་ར་ཙའི་ཐག་པས་སྐུ་ལ་བཅིངས༔ ཙན་དན་མེ་དང་ཏིལ་མར་མེ་ལ་བསྲེགས༔ དེ་ཚེ་ལྷ་ཡིས་ནམ་མཁར་ཁྲུས་ཆར་ཕབ༔ ལྷ་སྲིན་སྡེ་བརྒྱད་མེ་རྣམས་མཐའ་ལ་སྤུངས༔ མེ་ཡི་དཀྱིལ་དུ་བདུད་རྩིའི་མཚོ་ཆེན་བསྐྱིལ༔ མཚོ་ཡི་དབུས་སུ་པདྨའི་སྡོང་པོ་འཁྲུངས༔ པདྨའི་དཀྱིལ་དུ་ལྷ་ལྕམ་འོད་ཟེར་འབར༔ སྲོ་ཐག་རིན་པོ་ཆེ་ཡི་ཕྲེང་བར་གྱུར༔ དུད་སྤྲིན་ཐམས་ཅད་འཇའ་འོད་དྲི་བཟང་འཐུལ༔ ནམ་མཁའི་སྤྲིན་གསེབ་ལྷ་ཡི་རོལ་མོ་ལྡིར༔ ཤམྦྷ་ལ་ཡི་རྒྱལ་ཁམས་ཀུན་གྱིས་ཐོས༔ དེ་ཚེ་བློན་པོ་འཁོར་བཅས་ལྟད་མོར་ཕྱིན༔ ཡ་མཚན་མཐོང་བས་སྐྱེངས་ཏེ་བྲོས་ནས་སོང་༔ རྒྱལ་པོར་ཞུས་པས་རྒྱལ་བློན་དེར་ཕྱིན་པས༔ ལྷ་ལྕམ་ལ་ནི་ལྷ་ཀླུས་མཆོད་པ་འབུལ༔ དེ་ཚེ་རྒྱལ་པོ་བློན་འཁོར་འགྱོད་པ་སྐྱེས༔ དེ་ཚེ་ཀླུ་རྒྱལ་དགའ་བོས་འདི་ལྟར་བསྟོད༔ ཧྲཱིཿ བདེ་བ་ཅན་ནས་ཡུམ་ཆེན་གོས་དཀར་མོ༔ འཇིག་རྟེན་རྒྱལ་པོའི་སྲས་མོར་སྤྲུལ་པ་མོ༔ མནྡ་ར་བ་ཨོ་རྒྱན་རྗེ་ཡི་ལྕམ༔ བྱང་ཆུབ་སེམས་མའི་སྐུ་ལ་རབ་ཏུ་བསྟོད༔ ཅེས་བསྟོད་གྱུར་ནས་རྒྱལ་བློན་སྡིག་བཤགས་ཕུལ༔ དེ་ཚེ་མཁའ་འགྲོའི་སྐུ་ལ་ཤམྦྷ་ལའི༔ རྒྱལ་ཁབ་བཅུ་གསུམ་ཙམ་འདུས་ངོ་མཚར་སྐྱེས༔ ཐམས་ཅད་དད་ནས་གསོལ་བ་དུང་དུང་འདེབས༔

དེ་ནས་རྒྱལ་པོའི་ཕོ་བྲང་གདན་དྲངས་ནས༔ བསྙེན་བཀུར་ཕུལ་ནས་གསོལ་བ་འདི་ལྟར་བཏབ༔ ཀྱེེཿ ཡ་མཚན་ཡེ་ཤེས་མཁའ་འགྲོ་མ༔ སངས་རྒྱས་ཡུམ་གཅིག་བྱང་ཆུབ་སེམས༔ བདག་ཅག་མ་རིག་འདོད་པས་བསྒྲིབས༔ མ་ཚོར་བ་ཡི་ལས་ངན་བསགས༔ ཁྱེད་ཀྱི་སྐུ་ལ་དོ་བརྡོས་ནས༔ མེ་ལ་བསྲེགས་ནས་མ་ཚུགས་ཤིང་༔ ཡེ་ཤེས་མཁའ་འགྲོས་རྫུ་འཕྲུལ་བསྟན༔ རྒྱ་མཚོར་པདྨའི་དབུས་སུ་བཞུགས༔ ལྷ་ཀླུ་སྡེ་བརྒྱད་བསྟོད་པར་བྱས༔ ནོངས་པ་བཤགས་སོ་ཚངས་པར་སྩོལ༔ བདག་ཅག་འགྲོ་བ་འདི་དག་ལ༔ དམ་ཆོས་ཟབ་མོ་བསྩལ་དུ་གསོལ༔ ཞེས་གསོལ་ལྷ་ལྕམ་བཟོད་གསོལ་བཞེས་པ་ཡི༔ དབུགས་དབྱུང་བསྩལ་ཞིང་རྒྱལ་ཁམས་ཐམས་ཅད་འདུས༔ དེ་དག་ཀུན་ལ་ཆོས་ཀྱི་འཁོར་ལོ་བསྐོར༔ ལོ་ལྔའི་བར་དུ་ཐམས་ཅད་སྒྲུབ་ལ་བརྩོན༔ འབུམ་ཕྲག་བདུན་ཙམ་ལྷག་མེད་འཇའ་སྐུར་གྲོལ༔ དེ་ནས་ལྷ་ལྕམ་རིམ་པར་བྱོན་ནས་ནི༔ སངྒ་ལ་ཡུལ་ཨོ་རྒྱན་བཞུགས་པ་མཇལ༔ ས་མ་ཡཱཿ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ ཤམྦྷ་ལ་ཡི་ཡུལ་ཁམས་ཆེ་ཆུང་ཉེར་གཅིག་ཏུ་ཆོས་འཁོར་བསྐོར་ནས་སྐལ་ལྡན་འབུམ་ཕྲག་བཅུ་གསུམ་འཇའ་སྐུར་གྲོལ་བའི་རིམ་པ་སྟེ་ལེའུ་སོ་ལྔ་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

འགྲོ་དོན་རྫོགས་ནས་ལྷག་མེད་འཇའ་སྐུར་གྲོལ་ནས་བདེ་བ་ཅན་དུ་གསང་བ་ཡེ་ཤེས་ཀྱི་སྐུར་བཞེངས་པའི་རིམ་པ།

དེ་ནས་ལྷ་ལྕམ་མནྡ་ར་བ་ཡིས༔ གུས་པས་ཕྱག་འཚལ་ཨོ་རྒྱན་རྗེར་ཞུས་པ༔ ཀྱེཿབཀའ་དྲིན་མཚུངས་མེད་དུས་གསུམ་རྒྱལ་བའི་སྐུ༔ མངལ་གྱིས་མ་གོས་རང་བྱུང་མཚོ་སྐྱེས་རྗེ༔ མཛད་པ་དཔག་མེད་ནམ་མཁའི་མཐའ་དང་མཉམ༔ པདྨ་འབྱུང་གནས་ཁྱེད་ཀྱིས་ཐུགས་རྗེས་ཟུངས༔ སྐྱེ་དང་ཚེ་རབས་མི་འབྲལ་འགྲོགས་པར་ཤོག༔ ད་ནི་བདག་གིས་ཟག་མེད་ཆོས་སྐུར་ཐིམ༔ སྐུ་གསུམ་ངོ་བོར་འཆང་ཆེན་རྒྱལ་བ་ལ༔ མགོན་པོས་སྔོན་བསུ་རྒྱབ་སྐྱོར་མཛད་པར་ཞུ༔ ང་ནི་སྐྱེ་འཆིའི་སྡུག་བསྔལ་མི་འདུག་པས༔ སྐྱེ་བ་ཟད་པས་ལས་དབང་མི་འགྲོ་སྟེ༔ གདུལ་བྱའི་དོན་དུ་སྐྱེ་བའི་ཆོ་འཕྲུལ་སྟོན༔ སྨོན་ལམ་དབང་གིས་གང་འདུལ་ཕྲིན་ལས་མཛད༔ འཆི་བའི་གནད་གཅོད་མེད་པར་འོད་གསལ་གྲོལ༔ བར་དོ་མེད་པར་ཞིང་ཁམས་མཆོག་ཏུ་བགྲོད༔ ཅིས་ཀྱང་སངས་རྒྱས་མཛད་པ་མ་སྟོངས་པར༔ དེ་སྲིད་བདག་གིས་འགྲོ་དོན་རྒྱུན་མི་འཆད༔ ཅེས་གསུངས་གུ་རུ་པདྨས་བཀའ་སྩལ་པ༔ ཀྱེཿ མ་གཅིག་ཡེ་ཤེས་མཁའ་འགྲོ་མནྡ་ར༔ འཇིག་རྟེན་མིག་གཅིག་དྷཱཀྐིའི་གཙོ་མོ་ལགས༔ ཞིང་ཁམས་ལྔ་ཡི་རང་བཞིན་ཐུགས་ལ་རྫོགས༔ ཐུགས་མཆོག་ཆོས་ཀྱི་སྐུ་ལ་འདས་གྲོངས་མེད༔ ནམ་མཁའ་ལྟ་བུའི་ངོ་བོ་དྷཱཀི་ལ༔ འགྲོ་འོང་མེད་པ་མཐའ་དང་བྲལ་བ་ལ༔ སྐྱེལ་བསུའི་ཐ་སྙད་གང་ཡང་བརྗོད་པ་བྲལ༔ གསུང་དབྱངས་དྲུག་ཅུ་ལོངས་སྐུའི་རང་བཞིན་ལ༔ རྩོལ་མེད་བདེ་ཆེན་ཀློང་དུ་ཐིམ་པའི་གཟུགས༔ སྐྱེ་འགགས་གནས་གསུམ་བྲལ་བའི་དྷཱཀི་མ༔ སྐྱེ་འཆི་ནམ་ཡང་མེད་པ་སྤྲིན་དེངས་ལྟར༔ སྐུ་མཆོག་ཆུ་ཟླའི་ངོ་བོར་གར་བསྒྱུར་བའི༔ གཤེགས་བཞུད་འདས་པའི་མཚན་མ་མེད་པ་ལ༔ དུས་གསུམ་ཀུན་ཏུ་གང་འདུལ་འཕྲོ་བ་ལ༔ གནས་འཇིག་ཐ་སྙད་བྲལ་བ་སྤྲུལ་བའི་མ༔ རྒྱལ་བ་ཚེ་འོད་མཐའ་ཡས་ཡུམ་གཅིག་མ༔ འགྲོ་ཁམས་དབང་པོར་འཚམ་པའི་གར་མཛད་མ༔ ཡོན་ཏན་དཔག་མེད་ཕྲིན་ལས་སྟོན་མཛད་མ༔ ཁྱེད་ཀྱི་གཟུགས་སྐུའི་བཀོད་པ་གཞི་དབྱིངས་སུ༔ ཐིམ་པར་སྣང་ཚུལ་གདུལ་བྱའི་མཐུན་སྣང་ཙམ༔ སོ་སོར་སྤྲུལ་སྒྱུར་བྱེ་ཕྲག་ཅིར་ཡང་སྟོན༔ ཚད་བཟུང་སུས་ཀྱང་ནུས་པར་མི་འགྱུར་བ༔ བསྐལ་པ་མཐའ་ཡས་རྒྱུན་ཆད་མི་མངའ་བའི༔ མ་ཅིག་ཁྱོད་དང་འབྲལ་མེད་སྐྱོངས་བར་མཛོད༔ ཅེས་གསུངས་འབྲུག་གི་ཟླ་བའི་ཚེས་བཅུའི་ཉིན༔ རྒྱ་གར་བྷེད་བྱེད་གཡའ་རིའི་རྩེ་མོར་བྱོན༔ ཕྱོགས་དེར་གནས་པའི་སློབ་ཚོགས་གྲངས་མེད་འདུས༔ དེ་དག་རྣམས་ལ་ཆོས་ཀྱི་གདམས་པ་བསྩལ༔ ལྷ་ལྕམ་ཞལ་ནས་འཁོར་ལ་བཀའ་སྩལ་པ༔ ཀྱེ་གྲོགས་དག་འཇིག་རྟེན་སྒྱུ་མའི་རང་བཞིན་ལ༔ རྟག་པར་གནས་པ་སུ་ཡང་མི་འཚལ་བས༔ ཁྱེད་ཅག་ཐེ་ཚོམ་འདྲི་བ་ཅི་མངའ་འམ༔ བདག་གི་འགྲོ་དོན་གནས་སྐབས་རྫོགས་ལ་ཉེ༔ ཞེས་གསུངས་འཁོར་རྣམས་སོ་སོར་ཐེ་ཚོམ་འདྲི༔ དེ་དག་རྣམས་ལ་གདམས་པའི་མཐའ་རྫོགས་མཛད༔ དེ་ཡི་ཚེ་ན་ཟ་ཧོར་བུ་མོ་ནི༔ གཞོན་ནུ་མ་ཉིད་གུས་པས་བཏུད་དེ་ཞུས༔ ཨེ་མཿ ལྷ་ཡི་སྲས་མོ་འགྲོ་བ་འདྲེན་པ་མོ༔ གདུལ་བྱའི་མགོན་དུ་ད་ལྟ་མི་བཞུགས་ན༔ ཆོས་དབྱིངས་འབྱོན་པའི་དགོངས་པ་ཅི་ལྟར་བཞེད༔ བདག་ཅག་མགོན་མེད་གནས་སུ་བསྐྱུར་ཕོད་དམ༔ སྙིང་དང་འདྲ་བའི་ཡེ་ཤེས་དྷཱཀི་མ༔ བློན་འབངས་དམ་ཆོས་བཅོལ་ཕྱིར་མི་བཞུགས་ནས༔ མྱང་འདས་ས་ལ་འབྱོན་བཞེད་ཇི་ལྟར་ལགས༔ སྙིང་མེད་ལས་ངན་ཐུགས་རྗེས་འདོར་ཕོད་དམ༔ མ་ཅིག་མཁའ་འགྲོ་མནྡ་ར་བ་ཁྱེད༔ འགྲོ་བའི་ལམ་མཁན་ད་ལྟ་མ་བཞུགས་ནས༔ བདེ་ཆེན་གནས་སུ་འབྱོན་བཞེད་ཇི་ལྟར་ལགས༔ དམུས་ལོང་བདག་ཅག་མིག་བྲལ་འདོར་ཕོད་དམ༔ བདག་སོགས་གུ་རུ་ཨ་མ་གཅིག་པུ་ཉིད༔ བུ་འབངས་འདུས་པའི་མགོན་དུ་མི་བཞུགས་ནས༔ གཞི་དབྱིངས་ཀློང་དུ་ཐིམ་བཞེད་ཅི་ལྟར་ལགས༔ མ་མེད་བུ་འབངས་ཉམ་ངར་བསྐྱུར་ཕོད་དམ༔ བསྟན་པའི་སྒྲོན་མེ་ལྷ་ལྕམ་དྷཱཀི་མ༔ བཤད་སྒྲུབ་བསྟན་པའི་ཕྲིན་ལས་མི་སྐྱོང་ནས༔ དག་པའི་དབྱིངས་སུ་གཤེགས་བཞུད་ཇི་ལྟར་ལགས༔ མུན་གླིང་སེམས་ཅན་ལམ་སྣ་སུ་ཡིས་བྱེད༔ ཀྱེ་མ་ཀྱེ་ཧུད་ཨ་མ་བཞུགས་པར་ཞུ༔ ཞེས་ཞུས་ཀུན་ཀྱང་ཆོ་ངེ་འདེབས་པར་བྱས༔

དེ་ཚེ་མཁའ་འགྲོའི་ཞལ་ནས་འདི་སྐད་གསུངས༔ ཉོན་དང་དད་ཅན་འཁོར་འབངས་ཐམས་ཅད་ཀུན༔ འཇིག་རྟེན་ཁམས་འདིར་སུ་ཡང་རྟག་པ་མེད༔ ནམ་མཁའི་ཁམས་ན་འཇའ་ཚོན་བཀྲག་པ་ཡང་༔ སྐད་ཅིག་ཙམ་ལས་ཡུན་དུ་གནས་མི་འགྱུར༔ བུ་མོ་བདག་ཀྱང་ལང་ཚོ་རྒྱས་འདྲ་ཡང་༔ ད་ནི་སྡོད་པའི་དབང་མེད་གཞན་དོན་འགྲོ༔ དབྱར་གྱི་མེ་ཏོག་མདངས་བཀྲག་འཚེར་ན་ཡང་༔ ནམ་ཟླའི་མཐར་ཐུག་སྐད་ཅིག་ཡལ་ནས་འགྲོ༔ ཟ་ཧོར་བུ་མོ་མདངས་བཀྲག་རྒྱས་ན་ཡང་༔ ད་ནི་སྡོད་པའི་དབང་མེད་གཞན་དོན་འགྲོ༔ འཇིག་རྟེན་རྒྱལ་པོ་མངའ་ཐང་ཆེ་ན་ཡང་༔ གནས་སྐབས་ཙམ་ལས་ཡུན་དུ་རྟག་པ་མེད༔ ཟ་ཧོར་མནྡ་ར་བ་རིགས་མཐོ་ཡང་༔ གནས་སྐབས་འགྲོ་དོན་ཙམ་ལས་ཞིང་གཞན་འགྲོ༔ རྫོགས་པའི་སངས་རྒྱས་མཚན་དཔེ་རྡོ་རྗེའི་སྐུ༔ གདུལ་བྱའི་མགོན་དུ་བཞུགས་ཀྱང་མྱང་འདས་གཤེགས༔ ལྷ་ལྕམ་རྒྱལ་མོ་འགྲོ་དོན་མང་པོ་བྱས༔ ད་ནི་མི་སྡོད་རྒྱལ་ཁམས་གཞན་དོན་འགྲོ༔ ཁྱེད་ཅག་སོམས་དང་གདམས་པའི་ངག་ལ་ཉོན༔ ཅེས་གསུངས་ལྷ་ལྕམ་སྐུ་ནི་འོད་ཟེར་འཁྲིགས༔ ནམ་མཁའ་ཐམས་ཅད་འཇའ་འོད་ཆེམ་ཆེམ་གཡོ༔ ས་གཞི་རྣམ་པ་དྲུག་ཏུ་གཡོ་བར་བྱེད༔ སྤྲིན་གྱི་གསེབ་ནས་རོལ་མོ་མང་པོ་སྒྲོགས༔ མེ་ཏོག་ཁ་དོག་སྣ་ཚོགས་ཆར་པ་འབབས༔ ལྷ་སྲིན་སྡེ་བརྒྱད་ཀུན་ཀྱང་ཕྱག་འཚལ་ནས༔ སོ་སོའི་ཚིག་གིས་ཞུ་ལན་གྲངས་མང་བཏབ༔ དེ་ནས་སྐུ་ཡང་མདའ་རྒྱང་མཁའ་ལ་འཕགས༔ གསུང་གིས་གདམས་པ་འདི་ལྟར་གནང་བར་བྱས༔ ཉོན་དང་བདག་ལ་མོས་པའི་སློབ་འབངས་ཀུན༔ མ་ཡི་ཞལ་ཆེམས་སྩལ་ལོ་ཡིད་ལ་ཟུངས༔ དལ་འབྱོར་རིན་ཆེན་ཆུད་ཟོས་མ་བཏང་བར༔ བྱི་དོར་ཆོས་ཀྱི་གྱིས་དང་དགོས་འདོད་འབྱུང་༔ ལེ་ལོ་སྙོམས་ལས་རྟག་འཛིན་མ་ཆེ་བར༔ ལོང་མེད་རྒྱུད་ལ་ཆོངས་དང་དམ་ཆོས་འགྲུབ༔ ནམ་ཡང་བླང་དོར་དགེ་སྡིག་མ་ནོར་བར༔ འདུན་སྦྱོར་ཆོས་ལ་བརྩོན་དང་གཏན་དུ་བདེ༔ མེ་འོབས་བཙོན་དོང་ལྟ་བུའི་འཁོར་བ་ལས༔ རྟག་ཏུ་ཅི་ཐར་མཛོད་དང་ཐར་པ་ཐོབ༔ བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ བསླུ་མེད་སྐྱབས་སུ་བཟུང་དང་དོན་ཆེན་འགྲུབ༔ ཐོག་མེད་སྡིག་ལྟུང་དྲི་མ་ཅི་མཆིས་པ༔ བཤགས་སྡོམ་ཚུལ་བཞིན་མཛོད་དང་ལས་ངན་ཟད༔ ཚོགས་བསགས་རིན་ཆེན་དམ་པའི་གཞི་བཟུང་དང་༔ སངས་རྒྱས་ཡོན་ཏན་མྱུར་དུ་རྫོགས་པར་བྱེད༔ བཀའ་དྲིན་ཅན་གྱི་བླ་མ་སློབ་དཔོན་ཉིད༔ ཡི་དམ་ཟུངས་དང་མཆོག་ཐུན་ཚད་མེད་བརྙེས༔ འོད་གསལ་རང་བཞིན་ཁྲེགས་ཆོད་ངོ་བོ་སྐྱོངས༔ སྣང་སེམས་སྒྱུ་མར་རྟོགས་ནས་ས་ལམ་རྫོགས༔ སྟོང་ཉིད་སྙིང་རྗེ་རྒྱུན་ཆད་མེད་པར་སྒོམས༔ གཞན་དོན་ཕུན་སུམ་ཚོགས་པའི་དོན་ཆེན་འགྲུབ༔ ནམ་གཞག་གཏན་གྱི་འདུན་མ་མ་ནོར་ན༔ སངས་རྒྱས་ས་ལ་དཀའ་ཚེགས་མེད་པར་བགྲོད༔ མ་ཡི་གདམས་ངག་སྙིང་གི་ནོར་དུ་ཆོངས༔ དོན་གཉིས་ལྷུན་གྱིས་འགྲུབ་པར་ཐེ་ཚོམ་མེད༔ ཟ་ཧོར་རྒྱལ་མོ་མནྡ་ར་བ་ལ༔ སྐྱེ་འཆི་མེད་པ་ཟག་མེད་སྐུར་བརྙེས་པས༔ འཆི་བའི་སྡུག་བསྔལ་ཕྲ་བ་ཙམ་མི་མྱོང་༔ ཡེ་གདོད་སྟོང་ཆེན་ནམ་མཁའི་ཀློང་ཡངས་སུ༔ ལྷ་ལྕམ་སེམས་ཉིད་གདོད་མའི་རང་སར་བསྙེགས༔ སྐྱེ་མེད་ཆོས་སྐུ་ཀ་དག་གཞི་དབྱིངས་སུ༔ ལྷ་ལྕམ་དམིགས་མེད་ཟང་ཐལ་རྗེན་པར་ཐིམ༔ གདོད་མའི་མགོན་པོ་ཀུན་བཟང་ཁ་སྦྱོར་དབུས༔ ལྷ་ལྕམ་དགའ་བའི་བདེ་ཆེན་ཀློང་དུ་ཐིམ༔ ང་ཡི་བཀོད་པ་ནམ་མཁའི་རང་བཞིན་ལ༔ འགྲོ་འོང་རྟག་ཆད་སྐྱེ་འཆི་ཡེ་ནས་འདས༔ ཇི་སྙེད་འཇིག་རྟེན་འཁོར་བ་མ་སྟོང་བར༔ དེ་སྲིད་སྤྲུལ་པའི་ཕྲིན་ལས་བསམ་ལས་འདས༔ འགྲོ་ཀུན་སེམས་ཉིད་གསལ་སྟོང་རང་བཞིན་ཏེ༔ འབྲལ་མེད་ལྷ་ལྕམ་སྟོང་པའི་ངང་དུ་གནས༔ དག་པ་ཡེ་ཤེས་ལྔ་ཡི་སེམས་ཉིད་ལ༔ ཟུང་འཇུག་བདེ་ཆེན་ལྷ་ལྕམ་འདུ་འབྲལ་མེད༔ མོས་གུས་ལྡན་པའི་སྣང་སྲིད་སྣང་བའི་ངོ་༔ འགགས་མེད་ལྷ་ལྕམ་བླ་མའི་ངོ་བོར་བཞུགས༔ སྐུ་གསུམ་འགྱུར་མེད་ཐབས་ཀྱི་རོལ་པ་ལ༔ ལྷ་ལྕམ་ཤེས་རབ་འབྲལ་མེད་རྟག་བཞུགས་ཡིན༔ ཁྱེད་རྣམས་བཞུགས་པའི་ཏིང་འཛིན་རང་ངོ་ལ༔ ལྷ་ལྕམ་དཔེ་དང་བརྡ་ཡི་ཚུལ་དུ་འོང་༔ གསོལ་བ་ཐོབ་དང་རང་ཞལ་མཇལ་བ་མཆི༔ ཞེས་གསུངས་ཐུགས་ལས་ཨུཏྤལ་དཀར་དམར་གཉིས༔ བལ་བོད་གཉིས་སུ་འོད་ཀྱི་རྣམ་པར་སོང་༔ དེ་ནས་རིམ་པར་སྐུ་ནི་མི་དམིགས་པར༔ ནམ་མཁའི་ཁམས་སུ་ཐིག་ལེ་ཁྲ་ཤིག་གང་༔ འོག་མིན་པདྨོ་བཀོད་དུ་རབ་གཤེགས་ནས༔ ཡུམ་མཆོག་གསང་བ་ཡེ་ཤེས་སྐུ་རུ་གྱུར༔ དེ་ཚེ་སློབ་འབངས་རིག་འཛིན་དགུ་བརྒྱ་ནི༔ ལྷན་ཅིག་ལྷག་མེད་འཇའ་སྐུར་ཐིམ་པར་གྱུར༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ འགྲོ་དོན་རྫོགས་ནས་ལྷག་མེད་འཇའ་སྐུར་གྲོལ་ནས་བདེ་བ་ཅན་དུ་གསང་བ་ཡེ་ཤེས་ཀྱི་སྐུར་བཞེངས་པའི་རིམ་པ་ལེའུ་སོ་དྲུག་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

རྣམ་ཐར་གསོལ་འདེབས།

དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གུས་པའི་ཕྱག་དང་མཎྜལ་དཔག་མེད་ཕུལ༔ དེ་ཚེ་ཨོ་རྒྱན་རྗེ་ལ་འདི་སྐད་གསོལ༔ ཀྱེཿ ཨོ་རྒྱན་ཡུལ་དུ་རྒྱལ་སྲས་པདྨ་འབྱུང་༔ བསིལ་བ་ཚལ་སོགས་དུར་ཁྲོད་ཆེན་པོ་བརྒྱད༔ སྤྲུལ་པ་གུ་རུ་མཚན་བརྒྱད་བཀོད་པ་བསྟན༔ བོད་ཡུལ་དབུས་སུ་ད་ལྟ་ཆོས་འཁོར་བསྐོར༔ ཁྱད་པར་གསང་སྔགས་ཆོས་ཕུང་གྲངས་མེད་གསུངས༔ མཁའ་འགྲོའི་གཙོ་མཆོག་ཨོ་རྒྱན་རྗེ་ལ་འདུད༔ དྷཱཀིའི་གཙོ་མོ་མནྡ་ར་བ་ཡི༔ རྣམ་པར་ཐར་པ་ལེགས་གསུངས་བཀའ་དྲིན་ཆེ༔ ད་རུང་རྣམ་ཐར་དོན་བསྡུས་གསོལ་འདེབས་ཤིག༔ བདག་ཅག་འདིར་འདུས་མ་འོངས་སེམས་ཅན་རྣམས༔ བཀླག་པ་ཙམ་གྱིས་ངེས་ཤེས་སྐྱེད་པ་དང་༔ སྒྲིབ་ཀུན་འབྱངས་ནས་བྱིན་རླབས་དངོས་གྲུབ་ཐོབ༔ ཚིག་ཉུང་དོན་བསྡུས་ཟབ་དོན་དྲིལ་བ་ཞིག༔ བཀའ་དྲིན་ཆེན་པོས་གསུང་པར་མཛད་དུ་གསོལ༔ དེ་སྐད་ཞུས་པས་གུ་རུའི་དགྱེས་མདངས་ཕྱུངས༔ ཁྱོད་ཀྱིས་ཉོན་དང་བདག་གིས་ལེགས་པར་བསྟན༔ ས་མ་ཡ༔ ཐོ་རངས་ཙོག་པུར་འཁོད་ལ་ཐལ་མོ་སྦྱར༔ དད་མོས་གདུང་བ་དྲག་པོས་དབྱངས་ཀྱིས་འབོད༔ ཨེ་མ་ཧོ༔ སྔོན་ཚེ་བསྐལ་པ་སྣང་བྱེད་རྒྱལ་པོ་ནི༔ དབང་ཕྱུག་ལྷ་ཡི་སྲས་མོ་གོས་དཀར་མོ༔ ལམ་སྦྱངས་འཁོར་བ་སྤངས་ནས་མངོན་སངས་རྒྱས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་འོག་བསྐལ་པ་རིན་ཆེན་བརྡལ་པ་ན༔ བྲམ་ཟེ་རྒྱལ་རིགས་སྲས་མོ་གར་དབང་སྤྲུལ༔ ཉི་མའི་སྙིང་པོའི་རྒྱལ་སྲིད་ཆོས་ལ་བཀོད༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ བསྐལ་པ་སྒྲོན་མེར་གསེར་ཐུབ་བསྟན་པ་ལ༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་ནས༔ སྐུ་ལྔའི་རང་བཞིན་གདུལ་བྱའི་གླིང་ལྔར་སྤྲོས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ དབང་ཆེན་ཡབ་ཡུམ་སྲས་མོར་སྐུ་འཁྲུངས་ནས༔ འོད་ཟེར་སྣང་བརྒྱན་ཞེས་གྱུར་རྒྱ་གར་གྱི༔ ཀ་ཎི་ཀ་ཡི་ཡུལ་ཁམས་ཆོས་ལ་བཀོད༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ འཕགས་པས་བྱིན་རླབས་མུན་གླིང་ཌཱ་མ་རུར༔ པདྨ་སྐྱེས་སྤྲུལ་རྟ་མགྲིན་གྲོགས་སུ་བཀུག༔ ཞི་དང་དྲག་པོས་རྒྱལ་ཁམས་དཀར་པོར་བསྒྱུར༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ལྷ་ཡུལ་བརྒྱ་བྱིན་གནས་སུ་ཀཾ་ཀ་རི༔ དམ་པ་ཏོག་དཀར་མར་གྱུར་ལྷ་མིན་དཔུང་ཚོགས་བསྟུལ༔ གཡུལ་འཇོམས་ཞེས་གྲགས་ལྷ་ཁམས་སངས་རྒྱས་བསྒྱུར༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ འོག་ཕྱོགས་རི་བོའི་ནོར་བུའི་རྩེ་མོ་རུ༔ ཀླུ་མོར་སྤྲུལ་ཏེ་ཀླུ་ཡི་ནད་ཀུན་བསལ༔ དྷརྨིན་དྲ་ཞེས་ཀླུ་རྣམས་བྱང་ཆུབ་བཀོད༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ལྷ་མིན་སྲས་མོར་སྤྲུལ་པའི་དཔུང་ཚོགས་ཀུན༔ གདུག་པའི་ཕྲག་དོག་ཐུལ་བས་ཀུན་བཟང་མར༔ གྲགས་ཏེ་ལྷ་མིན་དཔུང་ཚོགས་སྨིན་གྲོལ་བཀོད༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ འོད་སྲུང་དྲུང་དུ་བྱང་ཆུབ་མཆོག་བརྙེས་པ༔ རྒྱལ་པོ་བདེ་སྐྱོང་སྲས་མོ་དཔལ་མཚོར་སྤྲུལ༔ དགེ་སློང་མ་ནི་འབུམ་ཕྲག་རྫོགས་བྱང་ཐོབ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཤཱཀ་ཐུབ་བསྟན་པར་སྤྲུལ་པ་ཉི་ཤུ་ལྔ༔ དེ་ལས་ཡང་སྤྲུལ་བསམ་མི་ཁྱབ་པར་མཛད༔ གསང་སྔགས་ཐེག་པའི་གྲོལ་ལམ་སྒོ་ཀུན་ཕྱེས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་ནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ གསང་སྔགས་སྟོན་པ་བྱེ་བ་ཕྲག་འབུམ་སྤྲུལ༔ དེ་དང་མཉམ་པའི་མཁའ་འགྲོའི་སྐུ་རེ་སྤྲུལ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཚེ་དཔག་ཡུམ་མཆོག་གོས་དཀར་གནས་ལྔའི་འོད༔ ཞིང་ཁམས་ཀུན་སྤྲོས་དབྱིངས་ཕྱུག་རིགས་ལྔའི་སྤྲུལ༔ བྱིན་རླབས་ཧྲཱིཿཡིག་ཟ་ཧོར་ཡུལ་དུ་འཕྲོས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཡབ་ཡུམ་གཟིགས་སྣང་རྨི་ལམ་ངོ་མཚར་བལྟས༔ བསམ་མི་ཁྱབ་པར་ཤིང་ཕོ་རྟ་ཟླ་ཡི༔ ཚེས་བཅུར་སྐུ་འཁྲུངས་ཞལ་ནས་དབྱངས་གསལ་སྒྲོགས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ འཁྲུངས་མ་ཐག་ནས་ཡབ་ཡུམ་དྲིན་ཕྱག་འཚལ༔ སྙན་པའི་གླུ་ཡིས་འཁོར་ཀུན་དགྱེས་པ་སྐྱེད༔ ལྷ་ཡི་ཁྲུས་གསོལ་སྙན་པས་འཇིག་རྟེན་ཁྱབ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་པ་ཡིས༔ སྐྱོ་ཤས་དྲག་པོས་འཁོར་བར་བློ་ལྡོག་སྟེ༔ དམ་ཆོས་རིག་པའི་གནས་ལྔར་མཁས་པར་སྦྱངས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ སློབ་དཔོན་དྲི་མེད་ཕག་མོས་ལུང་བསྟན་བཞིན༔ གོོ་ཏ་མ་ཡི་མུ་སྟེགས་ཁྱབ་གསལ་དུ༔ རྩོད་པས་འགྲན་པས་མུ་སྟེགས་རྒོལ་བ་བཅོམ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཟ་ཧོར་བུ་མོ་སུམ་བརྒྱ་ཆོས་ལ་བསྐུལ༔ དཔལ་སྡེ་ཚེ་འདས་ཡབ་ཡུམ་སྡུག་བསྔལ་བསལ༔ བྲམ་ཟེའི་ཤ་རྙེད་རྟེན་གྱི་གཙོ་བོར་བཟུང་༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ བྷེ་ཏ་ཟ་ཧོར་འཁྲུགས་པ་ཐབས་ཀྱིས་བསྡུམས༔ གོས་དཀར་ལུང་བསྟན་འཁོར་གཡོག་ཆོས་ལ་བཙུད༔ འཁོར་བར་སྐྱོ་བའི་ཐུགས་བསྐྱེད་སྨོན་ལམ་བཏབ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཕྱོགས་ཀྱི་གཉེ་བོས་སློང་སྟེ་ཡབ་དང་བགྲོས༔ འཁོར་བར་མི་ཆགས་རྡོར་སེམས་ལུང་བསྟན་ཐོབ༔ ཐབས་ཀྱིས་བྲོས་ཏེ་མཁན་པོར་རབ་ཏུ་བྱུང་༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ མདོ་ཆོས་ཀུན་སྦྱངས་ཁོལ་མོ་ལྔ་བརྒྱ་བཅས༔ ཀུན་དགའ་ར་བར་སྡེ་སྣོད་འཆད་སྤེལ་མཛད༔ པད་འབྱུང་སྤྲུལ་པས་བྱིན་རླབས་ལུང་བསྟན་ཐོབ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ སྐྱོ་བསངས་བྱོན་པས་ཨོ་རྒྱན་དངོས་དང་མཇལ༔ གདན་དྲངས་ཆོས་ཞུས་ཚེ་ན་བ་རྫིས་མཐོང་༔ སྐུར་འདེབས་ལ་ཡོག་རྒྱལ་པོས་ཆད་པ་ཕོག༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ པད་འབྱུང་གསོན་བསྲེགས་ཞུས་ཀྱང་རྫུ་འཕྲུལ་བསྟན༔ རྒྱལ་བློན་གནོང་འགྱོད་ཡབ་ཡུམ་ལྷན་ཅིག་བཞུགས༔ ཡབ་ཀྱིས་ཨོ་རྒྱན་ལྷ་ལྕམ་ཕུལ་བར་མཛད༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཟ་ཧོར་རྒྱལ་ཁམས་ཕོ་རྣམས་ཨོ་རྒྱན་བསྐོར༔ མོ་རྣམས་ལྷ་ལྕམ་ཆོས་བསྟན་ཐམས་ཅད་གྲོལ༔ སློབ་དཔོན་གདམས་པས་ལྷ་ལྕམ་རབ་ཏུ་སྨིན༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཆོས་བྲོས་བརྡ་ཆོས་མཐོང་ནས་པད་འབྱུང་དང་༔ ལྷན་ཅིག་བྲག་ཕུག་མཱ་ར་ཏི་ཀར་བྱོན༔ འཆི་མེད་ཚེ་ཡི་རིག་འཛིན་མངོན་དུ་གྲུབ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ཀོ་ཏ་ལ་ཡུལ་རྫུ་འཕྲུལ་ཐབས་ཀྱིས་བཏུལ༔ མུ་སྟེགས་སྟོན་པའི་མཐུ་ལས་རབ་ཏུ་རྒྱལ༔ ཡོངས་འདུའི་ཚལ་དུ་བགེགས་ཚོགས་དམ་ལ་བཞག༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ པད་འབྱུང་ལུང་བསྟན་ཀོཽའུ་མཱ་རིར་བྱོན༔ སྲིན་པོ་ཕོ་མོ་ཐམས་ཅད་ཆོས་ལ་བཀོད༔ འཇའ་ལུས་འགྲུབ་སྟེ་ཡུལ་ཁམས་སྟོངས་པར་བསྒྱུར༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ རྔམ་པ་ཚལ་ཆེན་ལ་སོགས་ཡུལ་ཆེན་བརྒྱད༔ ཀཱི་ལ་སྒྲོགས་སོགས་ཡུལ་ཆུང་བརྒྱད་རྣམས་སུ༔ སྐུ་ཡི་རྫུ་འཕྲུལ་ཆེ་བརྒྱད་ཆུང་བརྒྱད་བསྟན༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་ནས་པད་འབྱུང་ཡབ་ཡུམ་ལྷན་ཅིག་ཏུ༔ ཨོ་རྒྱན་ཡུལ་ཕྱོགས་ལོག་ལྟ་ཐབས་ཀྱིས་བསྣུབས༔ ཆོས་འཁོར་བསྐོར་བས་ལྷག་མེད་འཇའ་སྐུར་གྲོལ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ གུ་རུའི་ལུང་བསྟན་ཤམྦྷ་ལ་རུ་བྱོན༔ གླིང་ཆེན་ཉེར་ལྔ་རྫུ་འཕྲུལ་ཁོ་ནས་བཏུལ༔ སྐལ་ལྡན་འབུམ་ཕྲག་བཅུ་གསུམ་འཇའ་སྐུར་གྲོལ༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ དེ་ནས་བྷེད་བྱེད་གཡའ་རིའི་རྩེ་མོར་བྱོན༔ གདམས་པ་ལྷག་མ་མ་ལུས་རྫོགས་པར་གནང་༔ སྤྲུལ་པའི་ཨུཏྤལ་དཀར་དམར་བལ་བོད་སྤྲོས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ ལྷག་མེད་འཇའ་སྐུར་ནམ་མཁའི་ཀློང་དུ་ཡལ༔ འོག་མིན་པདྨོ་བཀོད་དུ་རབ་གཤེགས་ནས༔ ཡུམ་མཆོག་གསང་བ་ཡེ་ཤེས་སྐུ་རུ་གྱུར༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ སློབ་འབངས་རིག་འཛིན་དགུ་བརྒྱ་ལྷན་ཅིག་ཏུ༔ འཇའ་སྐུར་ཐིམ་ནས་སྤྲུལ་པས་དོན་བྱེད་གྱུར༔ གང་འདུལ་མཁའ་འགྲོའི་སྤྲུལ་པ་རྒྱུན་མི་འཆད༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ བདེ་བ་ཅན་དུ་གོས་དཀར་གསང་ཡེ་ཡུམ༔ མཁའ་སྤྱོད་གནས་སུ་གར་གྱི་དབང་མོར་གྲགས༔ ཟ་ཧོར་ཡུལ་དུ་དུང་སྨན་དཀར་མོ་ཞེས༔ མནྡ་ར་བའི་ཞབས་ལ་གསོལ་བ་འདེབས༔ བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ༔ ཡུམ་མཆོག་དྷཱཀི་ཁྱེད་དང་མི་འབྲལ་ཞིང་༔ གནས་སྐབས་མཐར་ཐུག་འཇིགས་པ་ཀུན་གྲོལ་ཏེ༔ རྣམ་ཐར་འགྲུབ་ནས་མངོན་སངས་རྒྱས་པར་མཛོད༔ མི་མཐུན་ཀུན་ཞི་བར་ཆད་མ་ལུས་ཞི༔ བསམ་དོན་མྱུར་འགྲུབ་གཞན་དོན་མཐར་ཕྱིན་ནས༔ འཁོར་བའི་གནས་སྟོངས་རྒྱལ་ཡུམ་གོ་འཕང་ལ༔ འགོད་པའི་མཐུ་ནུས་འགྲུབ་པར་བྱིན་གྱིས་རློབས༔ དེ་སྐད་མ་གཡེང་རྩེ་གཅིག་འབད་པ་ན༔ ཚེ་རབས་བསགས་པའི་སྡིག་ལྟུང་ལྷག་མེད་འབྱང་༔ ས་ལམ་ཡོན་ཏན་ཀུན་རྫོགས་མཁའ་འགྲོ་མཇལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ༔ སྔོན་ལས་ནད་གདོན་བར་ཆད་མ་ལུས་ཟློག༔ ཚེ་རིང་ནད་བྲལ་ལོངས་སྤྱོད་འབྱོར་བས་ཕྱུག༔ གང་བསམ་ལྷུན་གྲུབ་ཕྱི་མ་མ་ཡིས་འདྲེན༔ བདེ་བ་ཅན་དུ་སྐྱེ་བར་གདོན་མི་ཟ༔ དེ་ཕྱིར་མ་འོངས་སེམས་ཅན་བོད་འབངས་ཀུན༔ རྣམ་ཐར་འདི་ཉིད་འབྲི་དང་ཀློག་པ་དང་༔ ཕྱག་མཆོད་དད་གུས་གསོལ་བ་གང་བཏབ་པ༔ དེ་ཡི་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ༔ ནད་ཡམས་འཁྲུགས་རྩོད་ལོ་ཉེས་ཆར་དཀོན་ན༔ རྣམ་ཐར་འདི་ཉིད་དག་པར་ཀློག་འདོན་ན༔ ནད་ཡམས་རྒྱུན་ཆད་འཁྲུགས་ཞི་ལོ་ཏོག་ལེགས༔ བྱད་ཁ་སྦོད་གཏོང་དམོད་པ་བྱུང་གྱུར་ན༔ འདི་ཉིད་བཞེངས་དང་བཀླགས་པས་རང་སར་ཞི༔ དུས་མིན་འཆི་བས་གཙེས་པར་གྱུར་པ་ལ༔ འདི་ཉིད་བརྒྱ་ཀློག་ཚེ་ཡི་བར་ཆད་སེལ༔ དབུལ་ཕོངས་ཉམ་ཐག་རྐང་བཞི་གོད་བྱུང་ན༔ འདི་ཀློག་གོད་ཞི་ལོངས་སྤྱོད་དཔལ་འབྱོར་ཕྱུག༔ བུ་ཚ་འདོད་ན་འདི་བཀླགས་རིགས་རྒྱུད་འཕེལ༔ གཞན་ཡང་རྣམ་ཐར་འདི་ཉིད་སུས་འཆང་བ༔ དེ་ཡི་བསམ་དོན་ཐམས་ཅད་འབད་མེད་འགྲུབ༔ དགོན་པ་ཡུལ་འཁོར་གྲོང་དང་གྲོང་ཁྱེར་སོགས༔ གང་གི་ཁྱིམ་དུ་རྣམ་ཐར་འདི་བཞུགས་ན༔ འདྲེ་གདོན་འབྱུང་པོ་དཔག་ཚད་ཉེ་མི་ནུས༔ འབྲེལ་ཐོགས་ཚེ་འདས་དོན་དུ་བརྒྱ་ཚར་བཀླག༔ ངན་སོང་ལས་ཐར་མཐོ་རིས་མཁའ་སྤྱོད་བགྲོད༔ འདི་ཡི་ཕན་ཡོན་བསམ་འདས་བརྗོད་མི་ལངས༔ ལུས་ལ་འཆང་བས་གྲིབ་མ་ཕོག་ཀུན་གྲོལ༔ མཚོན་གྱིས་མི་འཇིགས་དུག་གིས་གནོད་མི་ནུས༔ ཤུ་བ་གཡེམ་པ་མཛེ་དང་ཕོལ་མིག་ཞི༔ ནད་གདོན་བགེགས་རིགས་ཉེ་བར་གནོད་མི་ནུས༔ ལམ་དུ་ཞུགས་ཁར་འདི་ཉིད་བཀླག་གྱུར་ན༔ དགྲ་ཇག་འཕྲང་དང་བར་ཆད་གནོད་པ་ཞི༔ རྟག་ཏུ་འདི་ལ་ཕྱག་སྐོར་མཆོད་བྱེད་པ༔ དེ་ནི་བདེ་བ་ཅན་དུ་ངེས་པར་འགྲོ༔ འདི་ལ་བརྩོན་ཅིག་མ་འོངས་འགྲོ་བ་རྣམས༔ ཞེས་གསུངས་སོ༔ ས་མ་ཡཱ༔ ཟ་ཧོར་རྒྱལ་པོའི་སྲས་མོ་ལྷ་ལྕམ་མནྡ་ར་བའི་རྣམ་ཐར་རིན་ཆེན་ཕྲེང་བ་ལས༔ རྣམ་ཐར་གསོལ་འདེབས་ཀྱི་ལེའུ་སྟེ་སོ་བདུན་པའོ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

ཡང་མཚོ་རྒྱལ་བདག་གིས་ཞུས་པ༔ ཀྱེ་མ་གུ་རུ་ཨོ་རྒྱན་པདྨ་འབྱུང་༔ འདི་ལྟ་བུ་ཡི་རྣམ་པར་ཐར་པ་འདི༔ བཀའ་མ་དར་རྒྱས་བྱེད་དམ་གཏེར་དུ་སྦ༔ འགྲོ་དོན་ནམ་འོང་སྤེལ་བའི་དུས་གང་ལགས༔ བཀའ་དྲིན་ཆེན་པོས་གནང་བ་བསྩལ་དུ་གསོལ༔ དེ་སྐད་ཞུས་པས་གུ་རུས་བཀའ་སྩལ་པ༔ ཉོན་ཅིག་ཇོ་མོ་ཡེ་ཤེས་མཚོ་རྒྱལ་ལགས༔ སྔོན་ཆད་མ་གྲག་དྷཱཀྐིའི་རྣམ་ཐར་འདི༔ དཔེ་གསུམ་བྲིས་ལ་ཟབ་མོའི་གཏེར་རྒྱས་ཐོབ༔ གཙང་རོང་མེ་འབར་བྲག་དང་ཚ་རོང་བྲག༔ གོ་བོ་དབང་རིར་ང་ཡི་བསྒྲུབ་ཕུག་ཡོད༔ དེ་གསུམ་གནས་སུ་བསེ་སྒྲོམ་ཆུག་ལ་སྦོས༔ གཏེར་བདག་བདུད་བཙན་ཀླུ་ལ་གཉེར་དུ་གཏོད༔ གོ་བོ་དབང་རིར་སྦས་པའི་རྣམ་ཐར་འདི༔ མ་འོངས་ཚེ་ལོ་སུམ་ཅུའི་མར་གཤམ་དང་༔ ཉི་ཤུའི་ཁ་དལ་ཉེ་བར་འགྲོ་དོན་འོངས༔ གཙང་རོང་སྦས་པའི་རྣམ་ཐར་འདོན་པའི་དུས༔ བཞི་བཅུའི་ཁ་དལ་སྐྱེས་བུ་ཀརྨའི་མིང་༔ ཡང་ན་རྡོ་རྗེའི་མིང་ཅན་ཞིག་གིས་འབྱིན༔ རྟེན་འབྲེལ་འཛོལ་ནས་ཤོག་སེར་མི་མངོན་ཡལ༔ ཚ་རོང་བྲག་ལ་སྦས་པའི་རྣམ་ཐར་འདི༔ ཉི་ཤུའི་སྙིགས་མར་རཏྣའི་མིང་ཅན་གྱིས༔ གཏེར་འབྱིན་མདོ་ཁམས་ཀུན་ལ་སྤེལ་ནས་འོངས༔ རྒྱས་པ་གཙང་རོང་འབྲིང་པོ་གོ་བོ་རི༔ བསྡུས་པ་ཚ་རོང་བྲག་སྟེ་གསུམ་དུ་སྦ༔ འབྲིང་པོ་འདི་ནི་སྐྱེས་བུ་བསམ་གཏན་མིང་༔ གླིང་པའི་མཐའ་ཅན་ལྕགས་ཁམས་ལུག་གི་ལོ༔ ངང་རྒྱུད་རིང་ཞིང་ཕྱོགས་མེད་དག་སྣང་ཅན༔ ཤེས་རབ་ཆེ་ཞིང་འགྲོ་བ་འགྲས་ཅན་གཤེ༔ ཡེ་ཤེས་གཟིགས་པས་ཆགས་ཐོགས་བྲལ་བའི་བུ༔ སྙིང་ཁར་ནུས་པའི་རྟགས་ལྡན་ཡི་གེ་ཧཱུཾ༔ མགྲིན་པར་བྷྲུཾ་དང་ཕྲག་པར་གཡུང་དྲུང་བཀྲ༔ བརླ་ལ་རུས་རྒྱན་རི་མོ་ལྟེ་བར་ཏྲྃ༔ ཡོན་ཏན་ཀུན་ལྡན་བདུད་འཇོམས་སྐྱེ་བའི་མཐའ༔ སྦས་ཚུལ་ཐབས་ཀྱི་ཟབ་མོའི་གཏེར་ལ་སྤྱོད༔ ང་ཡི་གསུང་གི་བྱིན་རླབས་འགྲོ་བ་འདྲེན༔ འབྲེལ་ཚད་ཕྱིར་མི་ལྡོག་པའི་ས་ལ་བཀོད༔ དེ་ཡིས་འདོན་ཅིང་ལོ་ནི་ཉི་ཤུའི་བར༔ གསང་རྒྱས་བསྡམས་ནས་རིག་ལྡན་དེ་ཝ་དང་༔ བསོད་ནམས་སམ་ནི་སྒྲོལ་མའི་མིང་ཅན་དང་༔ དྷརྨའི་མིང་ཅན་གསུམ་གྱི་གྲོགས་བྱེད་ནས༔ གཏན་ལ་འབེབས་པའི་ཆོས་བདག་འཕྲོད་པའི་ཚེ༔ རྟེན་འབྲེལ་མ་ལྔ་ཡན་ལག་དྲུག་ལྡན་གྱིས༔ རིམ་པར་སྤེལ་ནས་འགྲོ་དོན་མཐའ་རྒྱས་འོངས༔ ད་ལྟའི་སྣ་ནམ་རྣམ་ཐར་སྒོ་བརྒྱད་ནི༔ གཟེ་རྒྱལ་ཉེ་བར་མཁའ་འགྲོ་གསང་ཕུག་སྦས༔ རྟེན་འབྲེལ་གྲོགས་ནི་མཚོའམ་ཆོས་ཀྱི་མིང་༔ དེར་འཕྲད་ཐེ་ཚོམ་མེད་པར་རྙེད་དེ་འོང་༔ དེ་ནས་ཆོས་བདག་ལུང་བྱང་བཞིན་དུ་སྤྲོད༔ བོད་འབངས་བདེ་སྐྱིད་འཕེལ་བའི་ཆོས་གཏེར་ནི༔ བཅུ་གསུམ་འབྱིན་ནས་ཟབ་དོན་ལྡེའུ་མིག་སྟེར༔ དེ་བས་ཕྱི་རབས་ཐེ་ཚོམ་སྤངས་པར་རིགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་བཞིན་ཁོ་མོས་ཚར་གསུམ་བརྡ་རིས་གྲོ་ཤུན་ལ་བཏབ་སྟེ༔ གཙང་རོང་མེ་འབར་བྲག་ལ་པདྨ་སྤུངས་པའི་རྒྱུད་དང་མན་ངག་བཅས་སྦས༔ གོ་བོ་དབང་རིར་ཐུགས་དམ་ལྔ་ཚན་དང་༔ ཡང་བྱང་ཆེན་པོ་བཅས་སྦས༔ ཚ་རོང་བྲག་ནག་ལ་ཕུར་པ་མི་ཏྲའི་རྒྱུད་དང་ཁ་ཚར་བཅས་སྦས་ནས་གཏེར་བདག་ལ་གཉེར་དུ་གཏད༔ བཀྲ་ཤིས་སྨོན་ལམ་རབ་ཏུ་གནས་པར་བྱས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ བརྡ་ཐིམ༔ ཟབ་རྒྱ༔ t༔ ཞེས་ཁོ་བོ་དུས་མཐའི་སྔགས་པ་དཔལ་ཁྲག་འཐུང་ནག་པོ་ཨོ་རྒྱན་འཇིགས་མེད་མི་འགྱུར་བསམ་གཏན་གླིང་པ་ཕྲིན་ལས་འགྲོ་འདུལ་ལས་རབ་བདེ་བ་རྩལ་ཞེས་འབོད་པས་རང་ལོ་བཅུ་བཞི་ཤིང་ཕོ་སྤྲེལ་གྱི་ལོར་གོ་བོ་དབང་རི་པདྨའི་བསྒྲུབ་ཕུག་ནས་མཚོ་རྒྱལ་ཐུགས་དམ་ལྔ་ཚན་སྐོར་ཡོངས་རྫོགས་རྣམ་ཐར་དང་བཅས་པ་སྤྱན་དྲངས་ནས་རང་ལོ་སོ་བདུན་བར་དུ་གསང་རྒྱས་བཏབ༔ སླད་ནས་ལུང་བཞིན་ལང་ལབ་རྒྱལ་བ་བྱང་ཆུབ་ཀྱི་རྣམ་པར་འཕྲུལ་པ་རྡོར་ཤུལ་ཚེ་དབང་བསྟན་འཛིན་པདྨ་ཕྲིན་ལས་དང་མཇལ་ཞིང་རྟེན་འབྲེལ་རྣམ་པ་བདུན་ཤུགས་འབྱུང་དུ་འགྲིགས་ཤིང་འབེབས་གཞི་སོགས་ཀྱི་མཐུན་སྦྱོར་མཛད་པའི་ཚེ༔ གཟེ་རྒྱལ་མ་མོ་གངས་ཀྱི་འདབས་རོལ་སྒོ་ཆེན་རྒྱལ་བའི་རི་ཁྲོད་བདུད་འདུལ་སྔགས་གླིང་ནས་དབུ་འཛུགས་ནས་མ་ཡོ་གཏེར་སྒོ་ཨོ་རྒྱན་བསྒྲུབ་ཁང་དང་གངས་གཞུང་གཡང་འཁྱིལ་སྒར་དུ་རྫོགས་པར་གྲུབ་པར་གཏན་ལ་ཕབས་པའི་ཤོག་སེར་གྲོ་ཤུན་རྒྱར་སོར་དོ། །

དཀྱུས་སུ་སོར་གསུམ་ཡོད་པ་ལས་དག་པར་ཞལ་བཤུས་སོ། །དགེ་བས་སངས་རྒྱས་བསྟན་པ་དར་ཞིང་རྒྱས་ལ་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་བོད་འབངས་འགྲོ་བ་ཡོངས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་རྒྱུ་རུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

གོས་དཀར་མོ་བལ་འབངས་ཀཱ་ལ་སིདྡྷིའི་ལོ་རྒྱུས་བསྡུས་པ། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་རིན་ཆེན་བཻཌཱུརྱའི་ཕྲེང་བ་ལས་བཏུས།

གོས་དཀར་མོ་བལ་འབངས་ཀཱ་ལ་སིདྡྷི་ནི། རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ་གྲོང་ཁྱེར་བལ་བོད་འགྱུར་དུ་ཐག་མཁན་བཟའ་མི་གཉིས་ཀྱི་སྲས་མོར་སྐུ་བལྟམས། ཡུམ་འཕྲལ་དུ་གྲོངས་པ་ལ་བརྟེན་མའི་སྤུར་དང་ལྷན་ཅིག་དུར་ཁྲོད་དུ་བསྐྱལ། ལྷ་ལྕམ་མནྡ་ར་བས་སྟག་མོར་སྤྲུལ་ནས་གསོས། ནར་སོན་པ་ན་སློབ་དཔོན་ཆེན་པོས་དེ་ཉིད་གདུལ་བྱར་མཁྱེན་ཏེ་དགེ་སློང་སོ་སོ་ཁྱ་དེ་བ་སྟེ་ཕན་བདེའི་ལྷ་ཞེས་པར་སྤྲུལ་ནས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། ནགས་ཚལ་དྲྭ་བ་ཅན་དུ་ཡབ་ཡུམ་ལྷན་ཅིག་ཐབས་ལམ་ཟབ་མོའི་བརྟུལ་ཞུགས་སྤྱད་པའི་སྐབས་ཞིང་བ་རྔ་ཐུབ་ཅན་གྱི་ཁྱེའུ་རྗེས་སུ་བཟུང་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས། མཁའ་འགྲོ་འདི་ཉིད་བལ་ཡུལ་ཚུན་ཆད་དུ་བྱོན་པའི་ལོ་རྒྱུས་མ་མཐོང་ཞིང་། མཐར་ཟུང་འཇུག་གི་སྐུ་གྲུབ་པར་ངེས་སོ། །

དམ་ཚིག་སྒྲོལ་མ་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་གྱི་ལོ་རྒྱུས་བསྡུས་པ། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་རིན་ཆེན་བཻཌཱུརྱའི་ཕྲེང་བ་ལས་བཏུས།

དམ་ཚིག་སྒྲོལ་མ་མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་ནི། མོན་ཚ་འོག་ཏུ་འཁྲུངས། ཆུང་ངུ་ནས་ཆོས་ཀྱི་རིགས་སད་པ་དང་མནལ་ལམ་དུ་མཁའ་འགྲོའི་བརྡས་བསྐུལ་ནས་ལྷོ་བྲག་ཕྱོགས་སུ་བྱོན། ཐོག་མར་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་ཞིང་སྨིན་པར་མཛད།

སླར་ལ་ཡག་མོན་མཁར་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་མཇལ། ཟབ་མོའི་གདམས་པ་སྙིང་པོར་དྲིལ་ནས་གསུངས་པས་དངོས་གྲུབ་བརྙེས། འཕྲིན་ལས་ཀྱི་གཟུངས་མར་བཞེས། སྤ་གྲོ་སྟག་ཚང་དུ་སློབ་དཔོན་ཆེན་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་སྐབས་སྐུ་ལུས་འདོད་རྒུར་བསྒྱུར་བས་སྟག་མོའི་ཚུལ་དུ་སྤྲུལ་ནས་ཆིབས་ཀྱི་རྣམ་པར་མཛད། ཡབ་ཡུམ་གཉིས་ཀྱིས་བོད་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་སླར་ཡང་དམ་ལ་བཞག །ཟབ་གཏེར་མཐའ་ཡས་པ་སྦ་བར་མཛད་པ་སོགས་ཀྱི་བདག་པོའི་རྐྱེན་དུ་གྱུར་པས་མ་གཅིག་མཚོ་རྒྱལ་གྱི་རྗེས་ནས་བོད་ཁམས་འདིར་མཁའ་འགྲོ་འདི་བཀའ་དྲིན་ཆེ་བར་ཁུམས། མཐར་སྐུ་ལུས་མ་སྤངས་པར་ཟངས་མདོག་དཔལ་གྱི་རི་བོར་གཤེགས་ཏེ་ད་ལྟའང་བཞུགས་སོ། །

སྟག་ཤམ་གཏེར་མ་མཚོ་རྒྱལ་རྣམ་ཐར་ལས། མོན་གྱི་རྒྱལ་པོ་ཧམ་ར་བྱ་བའི་སྲས་མོ་ཁྲི་འདྲེན་བྱ་བས་མཚོ་རྒྱལ་ཉིད་མོན་ཁ་སེང་གེ་རྫོང་དུ་བཞུགས་པའི་ཚེ་ཐོག་མར་མཇལ་ནས་སྦྲང་རྩི་མང་པོ་ཕུལ། རིམ་གྱིས་གྲུབ་རྟགས་ལ་དད་པ་ཐོབ་ནས་ཅི་མཉེས་ཀྱི་ཞབས་ཏོག་བསྒྲུབས། མཐར་རྒྱལ་པོས་ཀྱང་དད་པ་ཐོབ་ནས་བུ་མོ་དེ་ཕུལ་བ་ལ་མཚན་བཀྲ་ཤིས་སྤྱི་འདྲེན་དུ་བཏགས་ནས་སྨིན་པར་མཛད། སླར་གུ་རུ་རིན་པོ་ཆེ་འོན་ཕུ་སྟག་ཚང་དུ་བཞུགས་པའི་སྐབས་རྡོ་རྗེ་ལས་མའི་མཚན་ཉིད་ཚང་བར་གཟིགས་ནས་བཀས་གནང་བ་བཞིན་ཕྱག་རྒྱར་ཕུལ་བས་ཕུར་པའི་སྒྲུབ་སྡེ་མོར་མཛད། གྲུབ་པའི་རྟགས་བསམ་གྱིས་མི་ཁྱབ་པ་བསྟན། ཁྱད་པར་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས། མཁའ་འགྲོ་མ་སྟག་མོའི་རྣམ་པར་མཛད་ནས་བོད་ཁམས་གླིང་དགུའི་ལྷ་འདྲེ་རྣམས་དམ་ལ་བཞག །མཐིང་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་སྤ་གྲོ་སྟག་ཚང་དུ་གཤེགས་ནས་མོན་བལ་རྒྱ་གར་མཐའ་འཁོབ་ཡང་འཁོབ་ཀྱི་ལྷ་འདྲེ་རྣམས་དང་། སྨུག་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་ཁམས་ཀྱི་སྟག་ཚང་དུ་བྱོན་ནས་མདོ་ཁམས་འཇང་རྒྱ་ནག་ཧོར་སོག་མཐའ་འཁོབ་ཚུན་གྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ཤིང་སྲོག་སྙིང་བླངས་པ་སོགས་གསུངས་པ་དང་།

མཚོ་རྒྱལ་བལ་ཡུལ་དུ་ལན་རྗེས་མར་བྱོན་པའི་སྐབས་སུ་ཡང་བལ་པོ་བྷ་དན་ན་དང་། ཡུམ་ནཱ་གི་ནི་བྱ་བའི་བུ་མོ་སྐུའི་ཌཱ་ཀིའི་རིགས་ཅན་ལོ་བཅུ་བཞི་ལོན་པ་ཞིག་འདུག་པ་དེ་རྗེས་སུ་བཟུང་ནས་མཚན་ཀཱ་ལ་སིདྡྷིར་བཏགས། བོད་དུ་ཕྱག་ཕྱིར་འབྲངས་ཏེ་ཕྱིས་གུ་རུའི་བཀའ་བཞིན་གཟུངས་མར་ཕུལ་ནས་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས། མཁའ་འགྲོ་འདིའི་རྐྱེན་ལ་བརྟེན་ཏེ་བོད་ཡུལ་དུ་གཏེར་ཁ་རྣམས་སྦས་པའི་བཅའ་བཞི་མཛད། སྟག་ཚང་གསུམ་སོགས་བོད་ཁམས་མཐའ་དབུས་མེད་པར་ཞབས་ཀྱིས་བཅགས་ནས་ས་འོག་ཐམས་ཅད་ཆོས་གཏེར་གྱིས་བཀང་། གུ་རུ་སྲིན་ཡུལ་དུ་གཤེགས་རྗེས་མཚོ་རྒྱལ་གྱིས་གཏེར་ཞབས་ཐམས་ཅད་བསྡམས་པ་དང་བུ་སློབ་མཐའ་ཡས་པ་བསྐྱངས་ཏེ་ཡོངས་དྲིལ་དགུང་ལོ་ཉིས་བརྒྱ་དང་བཅུ་གཅིག་གི་བར་བཞུགས། མཐར་ཤངས་ཟབ་བུ་ལུང་གི་རི་རྩེར་བྱ་ཟླ་བའི་ཚེས་བཅུ་ལ་རྔ་ཡབ་གླིང་ནས་དཔའ་བོ་མཁའ་འགྲོའི་བསུ་བ་དཔག་ཏུ་མེད་པ་སླེབ་པའི་ཚེ་བཀྲ་ཤིས་སྤྱི་འདྲེན་དང་ཀཱ་ལ་སིདྡྷི་གཉིས་ཐུགས་ཀའི་གཡས་གཡོན་འོད་དུ་བསྡུས་ནས་སྐུ་མ་སྤངས་པར་པདྨ་འོད་དུ་གཤེགས་པར་གསུངས་སོ།། །།

མ་མཱ་ཀི་བལ་མོ་ཤཱཀྱ་དེ་བཱིའི་ལོ་རྒྱུས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་རིན་ཆེན་བཻཌཱུརྱའི་ཕྲེང་བ་ལས་བཏུས།

མ་མཱ་ཀི་བལ་མོ་ཤཱཀྱ་དེ་བཱི་ནི། ནེ་པཱ་ལ་སྟེ་བལ་པོའི་རྒྱལ་པོ་དགེ་བ་འཛིན་གྱི་བཙུན་མོ་བུ་ནད་ཀྱིས་གྲོངས་པ། བུ་མོ་དང་བཅས་དུར་ཁྲོད་དུ་བསྐྱལ་བ་སྤྲེའུས་གསོས། ཅུང་ཟད་ནར་སོན་པ་ན་ཕྱག་ཞབས་ཀྱི་སོར་མོ་ངང་བ་བཞིན་དུ་དྲྭ་བར་འབྲེལ་བ་སོགས་ངོ་མཚར་སྐུའི་བཀོད་པ་ཅན་དེ་ཉིད་སློབ་དཔོན་ཆེན་པོས་མཚན་ལྡན་གྱི་གྲོགས་དམ་པར་གཟིགས་ནས་རྗེས་སུ་བཟུང་ཞིང་སྨིན་པར་མཛད། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་ལྷ་དགུའི་སྒྲུབ་པའི་གཟུངས་མར་གནང་སྟེ་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་རིག་འཛིན་གྲུབ་པའི་ཚུལ་བསྟན། ཡུམ་གྱིས་མ་མཱ་ཀིའི་དངོས་གྲུབ་ཐོབ་མཐའ་འཇའ་ལུས་རྡོ་རྗེའི་སྐུ་མངོན་དུ་མཛད། འདི་ལ་བརྟེན་ནས་ཨོ་རྒྱན་ཆེན་པོས་འཕྲུལ་མཚན་ཉི་ཤུའི་སྐུའི་མཚན་དང་རྣམ་འགྱུར་འདོད་རྒུར་སྒྱུར་ཞིང་ཁྱད་པར་གཏེར་རིགས་བཅྭོ་བརྒྱད་ཀྱི་བཀའ་ཡི་འགྲོ་བ་ཐོག་མར་མཛད་པའི་བདག་པོའི་རྐྱེན་དུ་གྱུར་པས་རྗེས་འཇུག་རྣམས་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་གྱུར་ཏོ།། །།

བལ་མོ་བཟའ་ཁྲི་བཙུན་གྱི་ལོ་རྒྱུས། རྒྱལ་རབས་གསལ་བའི་མེ་ལོང་ལས་བཏུས།

དེ་ནས་ཡང་སྤྲུལ་པའི་རྒྱལ་པོ་དེའི་ཐུགས་དགོངས་ལ། བདག་གིས་ཁ་བ་ཅན་གྱི་ཡུལ་འདིར། ཐེག་པ་ཆེན་པོའི་ཆོས་དར་བར་བྱེད་པ་ལ། བཅོམ་ལྡན་འདས་ཀྱི་སྐུ་གཅིག་རྒྱ་གར་ན་བཞུགས། གཅིག་བལ་ཡུལ་ན་བཞུགས། གཅིག་རྒྱ་ནག་ན་བཞུགས། སྐུ་དེ་གསུམ་གང་ན་བཞུགས་པའི་ཡུལ་དེར། ཐེག་པ་ཆེན་པོའི་ཆོས་དར་ཡོད་པས། སྐུ་དེ་གསུམ་གང་རུང་ཞིག་ཇི་ལྟར་བྱས་ལ་གདན་འདྲེན་དགོངས་ཏེ།

ཙནྡན་གྱི་སྐུ་རང་བྱོན་དེ་ལ་གསོལ་བ་བཏབ་པས་དེའི་ཐུགས་ཀ་ནས་འོད་ཟེར་གཉིས་འཕྲོས་ཏེ། གཅིག་ཤར་དུ་སོང་། གཅིག་ནུབ་ཏུ་སོང་། ནུབ་ཏུ་སོང་བ་དེ་ལ་བརྟེན་ནས་གཟིགས་པས། ནུབ་ཕྱོགས་བལ་པོའི་ཡུལ་ན་རྒྱལ་པོ་དེ་བ་ལྷ་ཞེས་པ་ལ། སྲས་མོ་ལྷ་གཅིག་ཁྲི་བཙུན་ཞེས་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་ནས་ཧ་རི་ཙནྡན་གྱི་དྲི་བྲོ་བ། རིགས་པའི་བསྟན་བཅོས་ཐམས་ཅད་ལ་མངའ་བརྙེས་པ་ཞིག་བཞུགས་པར་གཟིགས། དེ་སྤྱན་དྲངས་ན་བཅོམ་ལྡན་འདས་དགུང་ལོ་བརྒྱད་པའི་སྐུ་ཚད་དང་། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་བོད་དུ་གདན་དྲངས་པར་གཟིགས་སོ། །ཤར་དུ་སོང་བ་དེ་ལ་བརྟེན་ནས་གཟིགས་པས། ཤར་ཕྱོགས་རྒྱ་ནག་གི་ཡུལ་ན། རྒྱ་རྗེ་ཐའི་ཛུང་རྒྱལ་པོ་བྱ་བ་ལ། སྲས་མོ་ལྷ་གཅིག་ཀོང་ཇོ་བྱ་བ། སྐུ་མདོག་སྔོ་ལ་དམར་བའི་མདངས་ཆགས་པ། ཞལ་ནས་ཨུཏྤལ་སྔོན་པོའི་དྲི་བྲོ་བ། རིགས་པའི་བསྟན་བཅོས་ཐམས་ཅད་ལ་མངའ་བརྙེས་པ་ཞིག་བཞུགས་པར་གཟིགས་སོ། །དེ་སྤྱན་དྲངས་ན་བཅོམ་ལྡན་འདས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དང་། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་བོད་དུ་སྤྱན་དྲངས་པར་གཟིགས་སོ། །

དེ་ནས་རྒྱལ་པོ་དེ་འཇིག་རྟེན་ལས་ཁྱད་དུ་འཕགས་ཤིང་། ཐུགས་སྒོམ་པས་རྨི་ལམ་དུ་བྱུང་བ་ལྟར་མཛད་དེ། ནངས་པར་བློན་པོ་ཐམས་ཅད་རྒྱལ་པོའི་དྲུང་དུ་ཕྱག་བྱེད་དུ་བྱུང་སྟེ། བཙན་པོའི་སྐུ་ལ་བསྙུང་མི་མངའ་ལགས་སམ། སྐུ་ཟོ་མདོག་ལེགས་ལ་ཐུགས་བདེ་བ་དང་ལྡན་ལགས་སམ་ཞེས་མགྲིན་གཅིག་ཏུ་ཞུས་པས། ཤིན་ཏུའང་བདེ་བ་དང་ལྡན་ཏེ། མདང་ངའི་རྨི་ལམ་དུ་ནུབ་ཕྱོགས་ནས་བལ་རྗེའི་སྲས་མོ་བུ་མོ་མཛེས་མ་ཞིག་དང་། ཤར་ཕྱོགས་ནས་རྒྱ་རྗེའི་སྲས་མོ་བུ་མོ་མཛེས་མ་ཞིག་དང་། འདི་གཉིས་ངའི་ཁབ་ཏུ་བྱུང་བ་རྨིས་སོ་གསུངས་པས། བློན་པོ་མགར་ན་རེ། རྒྱལ་པོའི་མནལ་ལམ་དུ་བྱུང་བའི་ལྷ་གཅིག་དེ་གཉིས་ངེད་བློན་པོ་རྣམས་ཀྱིས་སྤྱན་ཅི་དྲངས་བྱེད་པས། མནལ་ལམ་དེ་གཞན་ལ་མི་གསུང་བར་ཞུ་ཞུས་སོ། །

དེ་ནས་བློན་པོ་མགར་ན་རེ། ངེད་རང་ཕྱི་ནང་བར་གསུམ་གྱི་བློན་པོ། གཙོ་བོ་མི་དྲུག་གིས་འཚོགས་རྟེན་གྱི་ཟས་ཆང་། ཤ་གཟུག་རེ་དང་བཅས་པ་ཁྱེར་ལ། སང་སྔ་བར་བྲག་ལྷའི་ནེའུ་ཐང་ལ། ལྗོན་ཤིང་སྟར་ག་སྡོང་པོའི་རྩ་རྒྱལ་པོའི་ཁྲིའི་དྲུང་དུ་འཚོགས་ཤིག་ཅེས་སྨྲས་སོ། །

དེའི་སང་བློན་པོ་གཙོ་བོ་དྲུག་པོ་ཚོགས་པས། ཚོགས་རྟེན་གྱི་ཤ་གཟུག་དྲུག་བྱུང་བ། གཉིས་ལ་རྐང་པ་རེ། གཉིས་ལ་ལག་པ་རེ། གཅིག་ལ་བྲང་ངོ་། །གཅིག་ལ་དལ་མོ་རྣམས་བྱུང་བ་བསྒྲིགས་པས། ཤ་ཁོག་མ་ཉམས་པ་ཞིག་བྱུང་བ་དང་། ཐོན་མི་ན་རེ། རྟེན་འབྲེལ་ལེགས། ད་ལན་གྱི་འདུན་གྲོས་འདི་ལ་གྲོས་མ་བྱས་པར་བློ་མཐུན་པར་བྱུང་བས། གང་བསམ་ཐམས་ཅད་འགྲུབ་པར་འདུག །འདུན་མ་རྒྱ་མ་ཆུང་ཞིག་ཟེར་རོ། །མགར་ན་རེ། འདུན་མ་རྒྱ་མི་ཆུང་བར་བྱེད་དོ། །ངེད་རང་ཚོའི་རྗེ་འདིས་དགུང་ལོ་བཅུ་དྲུག་བཞེས། གཞན་དུ་མི་རུང་བས་རྒྱལ་སྲིད་འཛིན་པ་ལ་བལ་ཡུལ་ན། བལ་རྗེ་སྲས་མོ་མཛེས་མ་ཞིག་ཡོད་པར་འདུག་པ་དེ་དང་། རྒྱ་ནག་གི་རྒྱལ་པོ་ལ་སྲས་མོ་མཛེས་མ་ཞིག་ཡོད་པ་དེ་གཉིས་འདིར་བཙུན་མོ་ལ་སྤྱན་འདྲེན་པ་ཡིན་ནོ་ཞེས་སྨྲས་པས། ཐམས་ཅད་ཀྱིས་ལེགས་སོ་ཞེས་ཁ་མཐུན་པར་བྱས་སོ། །

དེ་ནས་མགར་གྱིས་རྒྱལ་པོའི་དྲུང་དུ་ཕྱིན་ནས། སྔ་སོར་བལ་ཡུལ་གྱི་ལྷ་གཅིག་དེ་སྤྱན་འདྲེན་པས་བཀའ་གནང་བར་ཞུ་བྱས་པས། རྒྱལ་པོས་གསེར་གྱི་དོང་ཙེ་ལྔ་བསྐུར་ནས། འདིས་ཞུ་རྟེན་གྱིས་ཤིག་གསུངས་སོ། །རིན་པོ་ཆེ་བཻཌཱུརྱའི་རྨོག་ལ། པདྨ་རཱ་གའི་ཕྲ་བརྒྱབ་པ་ཞིག་བསྐུར་ནས། འདི་ལྷ་གཅིག་དེའི་རིན་དུ་ཕུལ་ཅིག་གསུངས་སོ། །རྒྱལ་པོ་དེས་བཀའ་ལུང་མི་འདྲ་བ་གསུམ་བཏུད་མར་གསུང་འོང་གིས། དེའི་དུས་སུ་འདི་གསུམ་མ་ནོར་བར་རེ་རེ་བཞིན་དུ་ཕུལ་ཅིག་གསུངས་ནས། བཀའ་ཤོག་གི་སྒྲོམ་བུ་གསུམ་བསྐུར། འཕྲལ་གྱི་ཟས་གོས་རྒྱན་ལ་སོགས་པ་བསྐུར་ཏེ། རྟ་དང་དྲེལ། རྔ་མོ་ལ་སོགས་ཀྱི་ཁལ་མང་པོ་བརྫངས་སོ། །

ལམ་འཕྲང་གང་དུའང་། ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་འདེབས་ཀྱིན་སོང་ཞིག་གསུངས་སོ། །དེ་ནས་བློན་པོ་མགར་གྱིས་རྗེ་ལ་ཕྱག་བྱས་ཏེ། རྫོང་དང་ཡོ་བྱད་རྣམས་ཁྱེར། ཁལ་རྣམས་དེད་ནས། བློན་པོ་རྟ་པ་བརྒྱ་ཐམ་པ་བལ་ཡུལ་དུ་ཆས་སོ། །

དེར་བལ་ཡུལ་རིན་པོ་ཆེའི་གླིང་། གྲོང་ཁྱེར་ཁོ་བོམ་ཀླུའི་ཕོ་བྲང་། རྒྱལ་པོ་དེ་བ་ལྷ་བཞུགས་པའི་སྒོ་དྲུང་དུ་སླེབས་སོ། །དེར་རྒྱལ་པོའི་དྲུང་དུ་ཞུ་བ་བཏང་སྟེ་མཇལ་བ་ལ། གསེར་གྱི་དོང་ཙེ་ལྔ་པོ་ཞུ་རྟེན་དུ་ཕུལ། རིན་པོ་ཆེ་བཻཌཱུརྱའི་རྨོག་ལ། པདྨ་རཱ་གའི་ཕྲ་བཏབ་པ་དེ་རྒྱལ་པོའི་དྲུང་དུ་བཞག་ནས། མགར་ན་རེ། རྒྱལ་པོ་ཆེན་པོ།

རིན་པོ་ཆེ་བཻཌཱུརྱའི་རྨོག་འདི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཏེ། མི་ནད་ཕྱུགས་ནད་བྱུང་བའི་དུས་སུ་རྨོག་འདི་གོན་ནས་གྲོང་ཁྱེར་གྱི་མཐའ་བསྐོར་ན་མི་ནད་ཕྱུགས་ནད་ཐམས་ཅད་ཆད། སད་སེར་བྱུང་དོགས་པའི་དུས་སུ་འདི་གོན་ནས་ཞིང་རྣམས་མཐའ་བསྐོར་ན་སད་དང་སེར་བ་ཐུབ། འཁྲུག་པ་བྱེད་པའི་དུས་སུ་འདི་གོན་ནས་འཐབ་ན་གཡུལ་ལས་རྒྱལ་བར་འགྱུར་རོ། །འཛམ་བུའི་གླིང་ན་རྨོག་འདི་ལས་ལྷག་པའི་ནོར་མེད་པས། གོང་ཐང་དཔྱད་ཀྱིས་མི་ཆོད། འདི་ལྷ་གཅིག་དེའི་རིན་དུ་འབུལ་ལོ། །ཁྱེད་ཀྱི་ལྷ་གཅིག་མཛངས་མ་དེ། ངེད་བོད་ཀྱི་རྒྱལ་པོའི་བཙུན་མོ་ལ་བཀའ་གནང་བར་ཞུ་བྱས་པས། རྒྱལ་པོའི་ཞལ་ནས། ཁྱེད་བོད་ཀྱི་རྒྱལ་པོ་དེ་སྙིང་གདོན་གྱིས་བསླུས་སམ། སེམས་འཁྲུལ་པ་ཞིག་འདུག །ང་ནི་སངས་རྒྱས་འོད་སྲུང་ནས་དེང་སང་ཕན་ཆོད་ལ་རྒྱལ་རྒྱུད་མ་ཆད་པ་ཡིན། ཁྱོད་དང་གཉེན་ཟླ་མིན་ཏེ།

འོན་ཀྱང་ཁྱོད་ས་ཐག་རིང་ནས་སླེབ་འདུག་པ། ཁྱོད་རང་གི་ཡུལ་དུ་ལོག་ལ། ཁྱོད་ཀྱི་རྒྱལ་པོ་དེ་ལ། ཆོས་དགེ་བ་བཅུ་དང་བསྟུན་པའི་རྒྱལ་ཁྲིམས་འཆའ་ནུས་སམ་མི་ནུས་དྲིས་ཤོག །དེ་ནུས་ན་ལྷ་གཅིག་སྟེར། མི་ནུས་ན་མི་སྟེར་གསུངས་སོ། །དེར་མགར་གྱིས་བཀའ་ཤོག་གི་སྒྲོམ་བུ་གསུམ་ཡོད་པའི་དང་པོ་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་བས། དེ་ཁ་ཕྱེས་ནས་གཟིགས་པས། མཐིང་ཤོག་ལ་གསེར་གྱིས་བྲིས་པ། བལ་པོའི་ཡི་གེ་འདུག་པ་འདི་ལྟར་རོ། །ཁྱེད་བལ་པོའི་རྒྱལ་པོ་ལ་དགེ་བ་བཅུའི་ཁྲིམས་ཡོད། ང་བོད་མཐའ་འཁོབ་ཀྱི་རྒྱལ་པོ་ལ་དེ་བཞིན་མེད་དེ། རྒྱལ་པོ་ཁྱོད་ཁྲིམས་ཡོད་པ་ལ་དགའ་ནས་བུ་མོ་སྟེར་ན། ངས་སྐུ་ལུས་ཀྱི་སྤྲུལ་པ་ལྔ་སྟོང་དུ་སྤྲུལ་ནས། དགེ་བ་བཅུ་དང་ལྡན་པའི་ཁྲིམས་སྔ་དྲོ་གཅིག་ལ་འཆའ་ནུས་པར་བྱེད་དོ། །

དེ་ངོ་མཚར་མི་ཆེའམ། དེ་ལྟར་བྱས་ཀྱང་བུ་མོ་མི་སྟེར་ན། ངས་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས། ཁྱོད་གསོད། ལྷ་གཅིག་འཕྲོག །གྲོང་ཁྱེར་ཐམས་ཅད་བཅོམ་ལ་བཞག་གོ་བྱ་བ་འདུག་པས། རྒྱལ་པོ་དེ་ཤིན་ཏུ་སྐྲག་པར་གྱུར་ཏོ། །རྒྱལ་པོ་དེ་སྐྲག་ཀྱང་མི་སྐྲག་པ་ལྟར་བྱས་ནས། ཁྱོད་ཀྱི་རྒྱལ་པོ་དེ་ཁ་ཚོད་ཤིན་ཏུ་ཆེ་བར་འདུག །

ཁྱོད་ཀྱི་ཡུལ་ན་གཙུག་ལག་ཁང་བརྩིག་པའི་ནུས་པ་ཡོད་དམ་མེད་དྲིས་ཤོག །དེ་ཡོད་ན་བུ་མོ་སྟེར། མེད་ན་མི་སྟེར་གསུངས་སོ། །

ཡང་མགར་གྱིས་བཀའ་ཤོག་གི་སྒྲོམ་བུ་བར་མ་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས། རྗེ་གཅིག་ལགས། འཕྲིན་རེ་ལ་བལ་བོད་ཀྱི་ལམ་ཐག་རིང་ལ་ཡར་འགྲོ་མར་འགྲོ་བྱས་ན། ལྷ་གཅིག་གདན་དྲངས་པའི་ཐབས་མེད། ཁྱེད་ཀྱི་གསུང་དེའི་ལན་དུ། བཀའ་ཤོག་འདི་ལགས་པ་གཟིགས་པར་ཞུ་བྱས་པས། དེར་རྒྱལ་པོས་གཟིགས་པས་འདི་ལྟར་རོ། །ཁྱེད་བལ་པོའི་རྒྱལ་པོ་ལ་གཙུག་ལག་ཁང་བརྩིག་པའི་ནུས་པ་ཡོད། ང་མཐའ་འཁོབ་ཀྱི་རྒྱལ་པོ་ལ་དེ་བཞིན་མེད་དེ། རྒྱལ་པོ་ཁྱོད་ལྷ་ཁང་བརྩིག་པ་ལ་དགའ་ནས་བུ་མོ་སྟེར་ན། ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས། ལྷ་ཁང་བརྒྱ་རྩ་བརྒྱད་དུ་བཞེངས་ཏེ། སྒོ་ཐམས་ཅད་ཁྱོད་ཀྱི་ཕྱོགས་སུ་བསྟན་ལ་བཞག་གོ །དེ་ངོ་མཚར་མི་ཆེའམ། དེ་ལྟར་བྱས་ཀྱང་བུ་མོ་མི་སྟེར་ན།

སྤྲུལ་པའི་དམག་ཁྲི་ཕྲག་ལྔ་དེར་བཏང་ནས། ཁྱོད་གསོད། ལྷ་གཅིག་འཕྲོག །གྲོང་ཁྱེར་ཐམས་ཅད་བཅོམ་ལ་བཞག་གོ་བྱ་བ་འདུག་པས། རྒྱལ་པོ་ཤིན་ཏུ་སྐྲག་པར་གྱུར་ཏོ། །

རྒྱལ་པོ་སྐྲག་ཀྱང་མི་སྐྲག་པ་ལྟར་བྱས་ནས། ཁྱོད་ཀྱི་རྒྱལ་པོ་དེ་ཁ་ཚོད་ཤིན་ཏུ་ཆེ་བ་ཞིག་འདུག་སྟེ། ཁྱོད་བོད་ཀྱི་ཡུལ་ན་འདོད་ཡོན་ལྔ་ལ་ལོངས་སྤྱོད་རྒྱུ་ཡོད་དམ་མེད། དེ་ཡོད་ན་བུ་མོ་སྟེར། མེད་ན་མི་སྟེར། ད་ལན་སོང་ལ་དྲིས་ལ་ཤོག་ཟེར་བས། ཡང་མགར་གྱིས་སྒྲོམ་བུ་ཐ་མ་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས། འཕྲིན་རེ་རེ་ལ་ཡུལ་དུ་ལོག་པ་མི་འོང་བས། རྒྱལ་པོ་ཁྱེད་ཀྱི་གསུང་དེའི་ལན་འདི་ལགས་པས་གཟིགས་པར་ཞུ་བྱས་པས། དེར་རྒྱལ་པོས་ཁ་ཕྱེས་ནས་གཟིགས་པས་འདི་ལྟར་རོ། །

ཁྱེད་བལ་པོའི་རྒྱལ་པོ་ལ་ལོངས་སྤྱོད་ཡོད། ང་བོད་མཐའ་འཁོབ་ཀྱི་རྒྱལ་པོ་ལ་དེ་བཞིན་མེད་དེ། རྒྱལ་པོ་ཁྱེད་ནོར་ལོངས་སྤྱོད་ཡོད་པ་ལ་དགའ་ནས་བུ་མོ་སྟེར་ན། ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས། རིན་པོ་ཆེ། གསེར། དངུལ། དར་ཟབ་གོས་དང་རྒྱན། བཟའ་བཏུང་ལ་སོགས་ལོངས་སྤྱོད་དཔག་ཏུ་མེད་པ་བྱེད་ཅིང་། ཁྱད་པར་ཕྱོགས་བཞི་ནས་ལས་སྒོ་ཕྱེ་སྟེ། མཐའི་ནོར་ཐམས་ཅད་ངའི་སྒོ་དྲུང་དུ་འོང་ཞིང་། ལོངས་སྤྱོད་དང་ལྡན་པར་བྱེད་དོ། །དེ་ངོ་མཚར་མི་ཆེའམ། དེ་ལྟར་བྱས་ཀྱང་བུ་མོ་མི་སྟེར་ན། སྤྲུལ་པའི་དམག་ཁྲི་ཕྲག་ལྔ་དེར་བཏང་ནས། ཁྱོད་གསོད། ལྷ་གཅིག་འཕྲོག །གྲོང་ཁྱེར་ཐམས་ཅད་བཅོམ་ལ་བཞག་གོ་བྱ་བ་འདུག་པས། རྒྱལ་པོ་དེའི་ཐུགས་ལ་རྒྱལ་པོ་སྨྲ་བ་ལན་གཅིག་ཡིན་པ། དེ་བཞིན་དུ་བདེན་སྲིད་སྙམ་ནས། ཤིན་ཏུ་ཐུགས་མ་བདེ་བར་ལྷ་གཅིག་བོད་ལ་བརྫངས་པར་དམ་བཅས་ཏེ། ཞལ་ངོ་ནག་པར་བཞུགས་པ་དང་། ལྷ་གཅིག་ན་རེ། ཡབ་ཅི་ཉེས་ཞུས་པ་དང་། ཡབ་རྒྱལ་པོའི་ཞལ་ནས། ཁྱོད་བོད་རྒྱལ་པོའི་བཙུན་མོ་ལ་འགྲོ་དགོས་པར་འདུག་གསུངས་པས། ལྷ་གཅིག་ན་རེ། ཡུལ་ངན་པ་ཆོས་དང་ལོངས་སྤྱོད་མེད་པ་ཕ་མིང་དང་མི་འཕྲད་པའི་ས་ཐག་རིང་ས་དེར་མི་འགྲོ་ཟེར་བས། ཡབ་རྒྱལ་པོའི་ཞལ་ནས། ཁྱོད་དེ་སྐད་མ་ཟེར་འགྲོ་དགོས། བོད་ཀྱི་རྒྱལ་པོ་དེ་སྤྲུལ་པའི་རྒྱལ་པོ་མངོན་ཤེས་རྫུ་འཕྲུལ་སྟོབས་དང་ལྡན་པ་ཞིག་ཡོད་པར་འདུག །ངས་ཇི་སྐད་སྨྲས་ཀྱང་། བློན་པོ་དེས་ཡུལ་དུ་མ་ཕྱིན་པར་ཡི་གེའི་ལན་ཡོད་ཀྱིན་འདུག་པ་ཁྱོད་མི་འགྲོ་བ་དེ་ཤེས་ནས། སྤྲུལ་པའི་དམག་ཁྲི་ཕྲག་ལྔ་འོང་སྟེ། ང་གསོད། ཁྱོད་འཕྲོག །ཡུལ་ཁམས་གྲོང་ཁྱེར་ཐམས་ཅད་འཇོམས་པར་འདུག་པས་འགྲོ་དགོས་གསུངས་སོ། །དེར་ལྷ་གཅིག་གིས་བསམ་པ་ལ། ང་རང་གི་ཡུལ་འདི་བཞག་ནས། བོད་མཐའ་འཁོབ་ཡུལ་ངན་པ། ཆོས་མེད་པ། ཕ་མིང་དང་མི་འཕྲད་པའི་ས་ཐག་རིང་པོ་དེར་འགྲོ་དགོས་པ། ཡབ་ཀྱི་བཀའ་ནི་བཅག་ཏུ་མེད་བསམས་ནས། ལྷ་གཅིག་གིས་མཆི་མ་བཏོན་ནས་ཡབ་ལ་འདི་སྐད་ཅེས་ཞུས་སོ། །

ཀྱེ་མ་ཡབ་གཅིག་རྒྱལ་པོ་ཆེན་པོ་ལགས། །ཁ་བ་ཅན་ནི་མཐའ་འཁོབ་ཀླ་ཀློའི་ཡུལ། །དམ་ཆོས་མ་དར་བོད་ཡུལ་མུན་པའི་གླིང་། །མི་ནི་རིགས་ངན་གདོལ་པ་ཤ་ཟའི་རིགས། །བཀྲེས་ཤིང་དབུལ་བ་ཡི་དྭགས་རྒྱལ་ཁམས་འདྲ། །དེ་འདྲའི་གནས་སུ་བུ་མོ་འགྲོ་དགོས་ན། །ཡབ་ཀྱི་མཆོད་གནས་དགོས་འདོད་འབྱུང་བའི་ལྷ། །མཐོང་ཐོས་དྲན་རེག་ཡོན་ཏན་བསམ་མི་ཁྱབ། །ཇོ་བོ་མི་བསྐྱོད་རྡོ་རྗེ་བདག་ལ་ཞུ། །ཐུབ་པའི་རྒྱལ་ཚབ་བྱམས་མགོན་རིན་པོ་ཆེ། །མཚན་དཔེས་རབ་བརྒྱན་ཕན་བདེ་འབྱུང་བའི་གཏེར། །བྱམས་པ་ཆོས་ཀྱི་འཁོར་ལོ་བདག་ལ་ཞུ། །ཙནྡན་ཇོ་མོ་སྒྲོལ་མ་ཐུགས་རྗེ་ཅན། །འགལ་རྐྱེན་བར་ཆད་སེལ་ཕྱིར་བདག་ལ་ཞུ། །རིན་ཆེན་སྟག་ཤ་དེ་དང་རཏྣ་དེ། །བོད་ཡུལ་དབུལ་བ་སེལ་ཕྱིར་བདག་ལ་ཞུ། །རིན་ཆེན་འདོད་དགུ་འབྱུང་བའི་ལོངས་སྤྱོད་དང་། །ཟས་སྐོམ་བདུད་རྩིའི་དཔལ་ལ་སྤྱོད་པའི་གཞི། །

བཻཌཱུརྱ་ཡི་ལྷུང་བཟེད་བདག་ལ་ཞུ། །ཁ་བ་ཅན་ནི་བཀྲེས་ཤིང་སྐོམ་པའི་གནས། །

རིན་ཆེན་བང་མཛོད་མང་པོ་བདག་ལ་ཞུ། །ཁ་བ་ཅན་ནི་བསིལ་ཞིང་གྲང་བའི་ཡུལ། །ཚེ་གཅིག་དྲོས་པའི་གོས་ཀྱང་བདག་ལ་ཞུ། །དེ་ལྟར་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་དེར། །བདག་གི་སྤྱོད་ལམ་བྱ་བ་ཇི་ལྟར་བྱ། །ཡབ་གཅིག་རྒྱལ་པོས་བདག་ལ་བཀའ་སྩོལ་ཅིག །ཅེས་གདུང་བའི་སྐད་ཀྱིས་མཆི་མ་ཕྱུངས་ནས་ཞུས་པས། ཡབ་ཀྱིས་ཐུགས་ཀྱི་དཀྱིལ་དུ་བརྩེ་བའི་ཚིག་ཕྱུངས་ནས་གསུངས་པ། ང་ཡི་སྙིང་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་། །ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། །ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་། །རྐང་བཞི་ཀུན་ཁྱབ་རྩི་ཐོག་མར་ལ་སྤྱོད། །རྒྱལ་པོ་ལྷ་ཡིན་འཁོར་རྣམས་བྱང་ཆུབ་སེམས། །

དམ་ཆོས་མེད་ཀྱང་རྒྱལ་པོའི་བཀའ་ཁྲིམས་ཡོད། །དེ་འདྲའི་གནས་སུ་བུ་མོ་ཁྱོད་སོང་ཞིག །བདག་གི་ཡི་དམ་མི་བསྐྱོད་རྡོ་རྗེ་དང་། །རྗེ་བཙུན་བྱམས་པ་ཆོས་ཀྱི་འཁོར་ལོ་འདི། །འཛམ་བུ་གླིང་པ་ཚེ་ལོ་ཉི་ཁྲིའི་དུས། །རྒྱ་གར་ཆོས་རྒྱལ་ཀྲྀ་ཀྲྀའི་ཐུགས་དམ་དུ། །རིན་ཆེན་སྣ་ཚོགས་འདུས་པའི་ཕུང་པོ་ལ། །སངས་རྒྱས་འོད་སྲུང་དག་གིས་རབ་གནས་མཛད། །སྤྲུལ་པའི་ལྷ་བཟོས་ལུགས་སུ་བླུགས་པ་ལས། །

ཐོག་མར་བྱམས་པ་ཆོས་ཀྱི་འཁོར་ལོ་བཞེངས། །དེ་ཡི་རྗེས་ལ་མི་བསྐྱོད་རྡོ་རྗེ་ནི། །

ངོ་མཚར་དཔག་མེད་མཚན་དཔེའི་རྒྱན་གྱིས་སྤྲས། །ཕན་བདེའི་འབྱུང་གནས་དད་ལྡན་རྟེན་དུ་བཞེངས། །མཐོང་ཐོས་དྲན་རེག་ཡོན་ཏན་བསམ་མི་ཁྱབ། །ས་སྟེང་འགྲན་ཟླ་ཀུན་དང་བྲལ་བ་འདི། །མ་འོངས་སེམས་ཅན་བསོད་ནམས་བསགས་པའི་ཕྱིར། །ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་དེའི། །དགུང་ལོ་བརྒྱད་པའི་ཚད་དུ་ལུང་བསྟན་མཛད། །དེ་ཡི་དུས་སུ་འོད་ཀྱིས་འཇིག་རྟེན་ཁྱབ། །ལྷ་རྣམས་ཀུན་གྱིས་མེ་ཏོག་ཆར་པ་ཕབ། །དེ་ལྟར་ཡོན་ཏན་ལྡན་པའི་རྟེན་མཆོག་འདི། །བདག་གིས་མིག་གི་འབྲས་ལྟར་གཅེས་ན་ཡང་། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །

རྗེ་བཙུན་བྱམས་པ་ཆོས་ཀྱི་འཁོར་ལོ་འདི། །འགྲོ་ཀུན་དགེ་ལ་བཀོད་ཕྱིར་བདག་གིས་བརྫངས། །ཙནྡན་ཇོ་མོ་སྒྲོལ་མ་རང་བྱོན་འདི། །འཇིགས་པ་བརྒྱད་སོགས་བར་དུ་གཅོད་པ་རྣམས། །ཉེ་བར་ཞི་ནས་དགེ་ལེགས་རྒྱས་པའི་ཕྱིར། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །རིན་ཆེན་སྟག་ཤ་དེ་དང་རཏྣ་དེ། །དབུལ་ཕོངས་སྡུག་བསྔལ་སེལ་ཕྱིར་ཁྱོད་ལ་བསྐུར། །རིན་ཆེན་དགོས་འདོད་འབྱུང་བའི་ལོངས་སྤྱོད་གཏེར། །བཻཌཱུརྱ་ཡི་ལྷུང་བཟེད་ཆེན་པོ་འདི། །ཟས་སྐོམ་བདུད་རྩིའི་ཆར་པ་འབེབས་པ་དང་། །བཀྲེས་སྐོམ་སྡུག་བསྔལ་སེལ་ཕྱིར་ཁྱོད་ལ་བསྐུར། །

རིན་ཆེན་གསེར་དངུལ་དར་ཟབ་རྒྱན་དང་བཅས། །གླང་ཆེན་རྔ་མོ་དྲེལ་དང་བཅས་པའི་ཁལ། །གཞན་ཡང་མཁོ་བའི་ཡོ་བྱད་ཟས་གོས་རྣམས། །གང་ལ་ཅི་འདོད་བུ་མོ་ཁྱོད་ལ་བསྐུར། །རིགས་བཟང་ཡིད་འོང་མཛེས་པའི་བུ་མོ་བཅུ། །ཁྱོད་ཀྱི་སྐྱོ་གྲོགས་བྱེད་པའི་འཁོར་དུ་བརྫངས། །ཨེ་མ་འབྲལ་བར་མི་ཕོད་བུ་མོ་ཁྱོད། །

གཏམ་གྱི་རྟིང་མ་ཡིན་ནོ་ཡིད་ལ་ཆོངས། །ཁ་བ་ཅན་གྱི་རྒྱལ་པོའི་ཕོ་བྲང་དེར། །

བློན་པོ་བོད་འབངས་རྣམས་དང་འགྲོགས་པའི་དུས། །ཁྱོད་ཀྱི་སྤྱོད་ལམ་བྱ་བ་འདི་བཞིན་གྱིས། །གསུངས་ཏེ་འཇིག་རྟེན་མི་ཆོས་ལ་དགོས་པའི་བསླབ་བྱ་དཔག་ཏུ་མེད་པ་མཛད་དོ། །

དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་གནང་སྦྱིན་དང་། དགའ་སྟོན་བསམ་གྱིས་མི་ཁྱབ་པ་མཛད་དོ། །ཇོ་བོ་དང་བྱམས་མགོན་གཉིས་ནི་ཤིང་རྟ་བྱས་ན་ལམ་བགྲོད་པར་དཀའ་བས། ཁལ་གྱི་སྟེང་དུ་བཞུགས་པར་འདོད་པ་ལ། གང་གིས་ཀྱང་མ་ཁྱག་ནས། སྤྲུལ་པའི་མཛོ་མོ་དཀར་མོ་གཉིས་ཀྱིས་ཁྱག་པར་གྱུར་ནས། ཇོ་བོ་དང་། བྱམས་མགོན་གཉིས་མཛོ་མོ་རེའི་སྟེང་དུ་བཞུགས། རིན་པོ་ཆེའི་ཁལ་དུ་མ་དང་བཅས། ལྷ་གཅིག་ཁྲི་བཙུན་ཀྱང་དྲེའུ་དཀར་མོ་ཞིག་ལ་ཆིབས། མཛེས་མའི་བུ་མོ་བཅུ། བོད་བློན་དང་བཅས་པས་བསྐོར་ཏེ་བོད་དུ་ཆས་སོ། །བལ་པོའི་བློན་པོ་འཁོར་གཡོག་རྣམས་ཀྱིས་མང་ཡུལ་གྱི་གྲོང་བར་དུ་སྐྱེལ་ཐུང་བྱས་སོ། །

བྲག་དང་ཆུ་འཐབ་པའི་འཕྲང་ལ་ཁལ་རྣམས་ཕོག །རིན་པོ་ཆེ་རྣམས་ཕྲེང་སྐྱེད་བྱས། ལྷ་རྣམས་ཞབས་ཐང་དུ་བྱོན་ཀྱང་ཟེར། དེ་ནས་དྲེལ་དང་། རྔ་མོ། གླང་པོ་ཆེ་སོགས་ལ་ཁལ་བཀལ། ལྷ་རྣམས་རང་རང་གི་ཁལ་ལ་ཆིབས་ནས་བྱོན་ཏེ། བོད་ཀྱི་ཡུལ་དུ་ཆག་ཕེབས་སོ། །དེར་བོད་བློན་དང་བོད་འབངས་རྣམས་ཀྱིས་རོལ་མོ་དུ་མ་ཐོགས་ཏེ་བསུ་བ་རྒྱ་ཆེན་པོ་བྱས་སོ། །

དེ་ནས་རྒྱལ་པོས་དགའ་སྟོན་གྱི་གདན་སར་བྱོན་ཏེ། ལྷ་གཅིག་ཁྲི་བཙུན་དང་མཇལ་བ་ལ་མཐོང་ལུགས་གསུམ་དུ་བྱུང་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྣང་བ་ལ། རྒྱལ་པོ་དང་བཙུན་མོ་གཉིས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པའི་སྣང་བ་བྱུང་ངོ་། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ལ། འཕགས་པ་སྤྱན་རས་གཟིགས་རྒྱལ་པོ་སྲོང་བཙན་སྒམ་པོར་སྐུ་སྤྲུལ། ཇོ་མོ་ཁྲོ་གཉེར་ཅན་བལ་མོ་བཟའ་ཁྲི་བཙུན་དུ་སྐུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའི་སྣང་བ་བྱུང་ངོ་། །མི་ནག་ཐ་མལ་པ་རྣམས་ཀྱི་སྣང་བ་ལ། རྒྱལ་པོ་དང་བཙུན་མོ་གཉིས་སྐྱེམས་ལ་གསོལ་རེས་བྱེད་པ་དང་། སྐུད་པ་འཁེལ་རེས་བྱེད་པའི་སྣང་བ་བྱུང་ངོ་། །

དེ་ནས་རྒྱལ་པོ་དང་བཙུན་མོ་གཉིས་བློན་པོའི་ཚོགས་དང་བཅས་པ་ཕོ་བྲང་དུ་བཞུགས་པ་ལ། རྒྱལ་པོ་ནི་ཡི་དམ་ལྷའི་དྲུང་ནས་ཕྱིར་མི་འབྱོན་པར་མཆོད་པ་འབུལ་ཞིང་སྨོན་ལམ་འདེབས་སོ། །དེར་ལྷ་གཅིག་ཁྲི་བཙུན་གྱི་ཐུགས་ཀྱི་དགོངས་པ་ལ། རྒྱལ་པོ་འདི་རིགས་གཟུགས་དཔལ་གྱིས་མཛེས་ཤིང་། ཡོན་ཏན་དུ་མ་དང་ལྡན་པ་ཞིག་འདུག་པ་ལ་ཕྱི་རོལ་དུ་ཡེ་མི་འབྱོན་པ་འདི་མཐའི་དམག་ལ་འཇིགས་པ་ཡིན་ཐག་ཆོད། དེ་ལ་མི་འཇིགས་པའི་ཐབས་ཤིག་བྱེད་དགོས། རིན་པོ་ཆེ་བཻཌཱུརྱའི་ལྷུང་བཟེད་ལ་གསོལ་བ་བཏབ་ན། ཟས་ཆང་དཔག་ཏུ་མེད་པ་འོང་བས་བོད་འབངས་རྣམས་ལ་བྱིན་ནས་ལས་ལ་བསྐུལ་ཏེ། མཁར་ལས་རྒྱ་ཆེན་པོ་ཞིག་བྱ་དགོས་བསམ་ཏེ། རྒྱལ་པོ་ལའང་ཞུས། ཕྱི་ནང་གི་བློན་པོ་བཀའ་ལ་གཏོགས་པ་ཐམས་ཅད་ལའང་གྲོས་བྱས་ཏེ། བཻཌཱུརྱའི་ལྷུང་བཟེད་ཟས་སྣ་མང་པོས་བཀང་། རིན་པོ་ཆེའི་ཁྲི་ལ་བཞག་ནས་གསོལ་བ་བཏབ་པས། ཟས་ཆང་ཅི་འདོད་པ་བྱུང་བ་དང་། བོད་འབངས་རྣམས་ལ་བྱིན་ནས་ཤིང་མོ་ལུག་གི་ལོ་ལ་མཁར་ལས་ཀྱི་རྨང་བཏིང་། མཐོ་དམན་གྱི་ཚད་ལ་གྱང་སྐོར་སུམ་ཅུ་བརྩེགས་པས་མཐོ་ཞིང་རྒྱ་ཆེ་སྟེ། ལོགས་རེ་ལ་རྒྱང་གྲགས་རེ་ཡོད་པ་སྒོ་མོ་ཆེ་ལྷོ་ཕྱོགས་སུ་བསྟན་པ། མཁར་དམར་པོ་དགུ་བརྒྱ། རྩེ་མོ་རྒྱལ་པོའི་སྐུ་མཁར་དང་སྟོང་ཐམ་པ། མཁར་ཐམས་ཅད་ཁ་བད་རིན་པོ་ཆེའི་རྒྱན། མདའ་ཡབ། པུ་ཤུ། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ། དེའི་བཀོད་པ་མཛེས་ཤིང་ལེགས་པའི་དབང་དུ་བྱས་ན། ལྷའི་དབང་པོའི་རྣམ་པར་རྒྱལ་པའི་ཁང་བཟང་དང་འདྲ་སྟེ། ལྟ་བས་ཆོག་མི་ཤེས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་ཏེ་ཡིད་དུ་འོང་བའོ། །འཇིགས་པའི་དབང་དུ་བྱས་ན་སྲིན་པོའི་གྲོང་ཁྱེར་ལངྐ་པུ་རི་དང་འདྲ་བར་མཁར་ཐམས་ཅད་ཀྱི་རྩེ་ལ་མཚོན་ཆ་དང་མདུང་དར་དམར་པོ་བཅུ་རེ་ཕྱར་ཏེ་དར་ཡུག་གིས་སྦྲེལ་བའོ། །

བཙན་པའི་དབང་དུ་བྱས་ན་མཐའི་དམག་དཔུང་བྱུང་ཡང་མི་ལྔས་བསྲུངས་པས་ཐུབ་པའོ། །གཞན་ཡང་ལྷོ་ཕྱོགས་ཀྱི་ལྕགས་རི་ལ། ཟབས་སུ་འདོམ་བཅུའི་དོང་བྲུས་ནས། དེའི་སྟེང་དུ་སྤང་ལེབ་བསྒྲིགས། དེའི་སྟེང་དུ་སོ་ཕག་བསྒྲིགས་པས་དེའི་སྟེང་དུ་རྟ་གཅིག་བརྒྱུགས་ཀྱང་རྟ་བཅུ་ལྷན་དུ་བརྒྱུགས་པ་ལྟ་བུའི་སྒྲ་འོང་བའོ། །ལྷོ་ཕྱོགས་སུ་སོ་ཕག་གི་མཁར་ལ་དཔེ་བླངས་ནས་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ།

ཁྲི་བཙུན་རང་གི་སྐུ་མཁར་དགུ་ཐོག་ཡོད་པ་ཞིག་བརྩིགས་ཏེ། ཐ་གྲུ་ཆེ་ཞིང་མཐོ་ལ་ལེགས་པ། བཀོད་པས་མཛེས་པ་ཞིག་བརྩིགས་སོ། །རྒྱལ་པོའི་སྐུ་མཁར་དང་།

བཙུན་མོའི་སྐུ་མཁར་གཉིས་ཀྱི་བར་ལྕགས་ཟམ་གྱིས་སྦྲེལ་ཏེ། དེའི་འོག་ན། དར་དང་། རྔ་ཡབ་དང་། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ། རྒྱལ་པོ་ཡབ་ཡུམ་ཕར་གཤེགས་ཚུར་གཤེགས་མཛད་པའོ། །དེ་ལྟ་བུའི་ཕོ་བྲང་འགྲན་ཟླ་དང་བྲལ་བ་ངོ་མཚར་ཆེ་ཞིང་མཛེས་པ་ཞིག་ལེགས་པར་ཚར་ནས་རྗེ་བློན་ཀུན་གྱིས་དགའ་སྟོན་རྒྱ་ཆེན་པོ་མཛད་དོ། །བལ་མོ་བཟའ་ཁྲི་བཙུན་གདན་དྲངས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །

Pecha page