མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
མོ་རྒྱུད་ཀྱི་ཆོས་སྐྱོང་དང་རྒྱ་ནག་གི་མཁའ་འགྲོ་མ་དག་གི་རྣམ་ཐར་སྐོར།
སྔགས་སྲུང་མའི་སྐྱེ་རྒྱུད། ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས་བཏུས།
སུམ་ཅུ་རྩ་གསུམ་ལྷ་གནས་ན། ལྷ་ཆེན་མ་ཧཱ་དེ་བ་དང་། ལྷ་མོ་ཨུ་མ་དེ་ཝཱི་གཉིས། མ་མཇལ་ཡིད་ཀྱིས་སྦྱོར་བ་མཛད་པ་ལས། ཡབ་ཡུམ་གཉིས་སུ་མེད་པའི་མདངས་ལས་ལྷ་མོ་ཨུ་མའི་དཔྲལ་བར་ལྕགས་ཀྱི་མཛེར་པ་གཅིག་སྐྱེས་པ་ལས། ཡབ་ཀྱིས་ཁྱེའུར་སྨོན་ལམ་བཏབ། ཡུམ་གྱིས་བུ་མོར་སྨོན་ལམ་བཏབ། ཡུམ་གྱི་སྨོན་ལམ་མཐུ་བཙན་ནས། བུ་མོ་བཟང་སྡུག་ལ་འོད་ཆགས་པ་གཅིག་སྐྱེས་སོ། །མིང་ཡང་ལྷ་མོ་མདངས་ལྡན་མར་བཏགས་སོ། །
བུ་མོ་དེ་ཟས་སུ་ནི་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་ཟ། གོས་སུ་ནི་ལྷ་ཡི་ན་བཟའ་པཉྩ་ལི་ཀ་གོན་པ་ལ། བདུད་ཐོད་པའི་ཕྲེང་བ་ཅན་དང་བདུད་མོ་བརྒྱ་བྱིན་ཀུན་དགའ་མོའི་བུ་བདུད་བྲང་རྐུན་ནག་པོ་བྱ་བའི་ཆུང་མར་ཕྱིན་ཏེ། ཕ་མ་གཉིས་ཀྱིས་དམོད་པ་བོར་རོ། །ཁྱོད་ལྷ་ཞིག་ལ་བག་མ་སོང་ན་ཡང་གལ་མེད་པ་ལ། ཁྱོད་ལྷའི་བུ་མོ་གསོས་པས་བདུད་ལ་སོང་བ་ལས། ཁྱོད་ལུས་མཐིང་ལས་གནག་པར་སོང་ཞིག །ཟས་སུ་མི་ཤ་རྟ་ཤ་ཟ་བ་གཅིག་ཏུ་སོང་ཞིག །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང་བ་གཅིག་ཏུ་སོང་ཞིག །གོས་སུ་མི་ལྤགས་གོན་པ་གཅིག་ཏུ་སོང་ཞིག །ཅེས་དམོད་པ་བོར་བས། ཡུམ་གྱི་དམོད་པ་བཙན་པར་གྱུར་ཏེ། མོད་དེ་ཉིད་ལ་དེ་བཞིན་ཉིད་དུ་གྱུར་ཏེ། དམེ་ཤ་གསུམ་ལ་རྐན་ཕབ་པས། ལྷའི་ཞལ་ཟས་ཟོས་པས་ཤིན་ཏུ་རོ་རྒྱས་པ། གོས་སུ་མི་ལྤགས་གོན་པས་ཤིན་ཏུ་བརྗིད་ཆེ། རལ་པ་ནག་པོ་ས་གཞི་ཁྱབ་པ་གཅིག་ཏུ་གྱུར་ཏེ། ཡབ་ཡུམ་ལྷ་ཡིན་པའི་རྟགས་སུ། སྤྱི་བོའི་གཙུག་ཏུ་མཐིང་གི་རལ་པ་འོད་དུ་འཕྲོ་བ་གཅིག་མ་གྱུར་བར་གནས་པ་ལས། མཚན་ཡང་རལ་པ་གཅིག་མར་མངའ་གསོལ་ལོ། །
དེ་ནས་རྒྱ་མཚོའི་གཏིང་དུ་ཡུམ་མཚོ་སྨན་རྒྱལ་མོའི་དངོས་གྲུབ་བརྙེས་ཏེ།
བྲག་དམར་ཆོལ་ཟངས་འདྲ་བ་ལ་ཉིན་གྱི་གནས་བཅས། མཚན་ཡང་མེ་ཟ་བྲག་གྱོན་མར་གསོལ་ལོ། །དེ་ནས་དུར་ཁྲོད་གནས་ཀུན་ཉུལ་བས། མཚན་ཡང་དུར་ཁྲོད་སློང་དགུ་མ། །གྲུ་གསུམ་དཔལ་གྱི་ཕོ་བྲང་དུ། །དཔལ་ཆེན་ཁྲག་འཐུང་དབང་ཐོབ་པས། །མཚན་ཡང་དཔལ་གྱི་གཟུངས་གཅིག་མ། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་དུ། །ཡ་མཱན་ཏ་ཀའི་ཡུམ་མཛད་པས། །མཚན་ཡང་སྒེག་མོ་རལ་གཅིག་མ། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ། །རྡོ་རྗེ་གཞོན་ནུའི་ཡུམ་མཛད་པས། །མཚན་ཡང་འཁོར་ལོ་རྒྱས་འདེབས་མ། །རི་བོ་མ་ལ་ཡ་ཡི་རྩེར། །ཕྱག་ན་རྡོ་རྗེ་ཞབས་དྲུང་དུ། །གསང་སྔགས་སྲུང་མར་དབང་བསྐུར་བས། །མཚན་ཡང་སྔགས་སྲུང་ནག་མོ་བྱ། །ཐམས་ཅད་གསོད་པའི་ལས་བྱེད་པས། །སྲིན་མོ་རལ་གཅིག་ཤ་ཟ་མ། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱེད་པས། །མཚན་ཡང་དགྲ་འདུལ་ནད་ཚོང་མ། །དེ་ཡང་ཚ་བའི་ནད་གཏོང་བས། །མཚན་ཡང་བལ་མོ་ཀུན་སྡུག་མ། །ཁྲག་རིམས་ཡམས་ནད་གཏོང་བྱེད་པས། །མཚན་ཡང་ནག་མོ་ཁྲག་འཛག་མ། །ལྟས་ངན་ཆོ་འཕྲུལ་གཏོང་བས་ན། །མཚན་ཡང་མོན་མོ་ནག་མོ་བྱ། །དེ་བཞིན་མཚན་གྱི་རྣམ་གྲངས་ཀྱང་། །བརྗོད་ཀྱིས་མི་ལང་བསམ་ཡས་ཏེ། །ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུ། །དེ་ཉིད་སྤྲུལ་པ་བསྟན་པ་བས། །ཞེས་གསུངས་སོ།། །།
ཨེ་ཀ་ཛ་ཊིའམ་མ་མོ་ཐལ་མདོག་མའི་གཏམ་རྒྱུད། ཨེ་ཀ་ཛ་ཊི་ཐུགས་ཀྱི་གསང་བ་ས་ཏི་ནག་པོའི་རྒྱུད་ལས་བཏུས།
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ལྕང་ལོ་ཅན་གྱི་ཕོ་བྲང་ནས། ཀུན་བཟང་ལྷའི་རྒྱལ་པོ་ཡིས། བྱང་ཕྱོགས་རི་མ་ལ་ཡ་ཡི་བྲག་ཕུག་ཏུ། ཡང་དག་གི་ཐུགས་ཀྱི་སྒྲུབ་ཐབས། རྟག་ཏུ་གསང་བའི་སྙིང་པོ་བསྒྲགས་པ། ཨེ་ཀ་ཛ་ཊིའི་ལས་རྣམས་འགྲུབ། ཅེས་གསུངས་སོ། །དེ་ནས་བཛྲ་པཱ་ཎི་ཡིས། དྲག་པོ་དགུ་དང་བཅུ་བདུན་སྔགས། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལས། །ཐམས་ཅད་བསྒྲུབ་ཕྱིར་ལས་བདུན་དྲག་པོ་བསྟན། །དགྲ་བགེགས་ཐམས་ཅད་རྩད་ནས་གཅད་པ་ཡི། །ཡེ་ཤེས་ལྔ་ཡིས་དུག་ལྔ་གནས་སུ་བསྲེགས། །རྟགས་པའི་སྔགས་དང་ལས་རྣམས་རིམ་པར་ཤེས། །ཐམས་ཅད་མ་ལུས་འགྲུབ་པའི་ལུང་དུ་བསྟན། །འདོད་པའི་དྲག་སྔགས་ཐམས་ཅད་མ་ལུས་འབྱུང་། །གསོ་བསྲུངས་ལས་མཛད་བསྐོང་བཟློག་ཅི་འདོད་སྒྲོལ། །དབྱིངས་ལས་སྐུའི་ཕྱག་རྒྱ་ཆོ་འཕྲུལ་རྣམ་བཞི་འབྱུང་། །ཕྱག་རྒྱ་རྣམ་གཉིས་བསྒྲུབ་པར་བྱའོ། །དེ་ནས་ཨེ་ཀ་ཛ་ཊི་ལ། །དབྱིངས་ལས་བསྐྱེད་དང་ཤེས་རབ་སྟེ། །ལས་ཀྱི་རལ་གཅིག་བྱུང་ཚུལ་ལོ། །དང་པོར་བདུད་ཐོད་པའི་འཕྲེང་བ་ཅན་ཞེས་ཀྱང་བྱ་སྟེ། བདུན་མི་ཟན་སྤ་རོག་ཅེས་ཀྱང་བྱ་སྟེ། སེམས་ཅན་གྱི་བདུད་དུ་ཆེ་བ་དང་། བདུད་མོ་ཀུན་དགའ་མོ་གཉིས་དང་ལུས་སེམས་མཐུན་པས། ཐམས་ཅད་ལ་འདུད་དེ་ནས་ལུས་མཐུན་ཏེ། ནམ་ཤོབ་ལས་ཆགས་ཏེ། ཕ་ཡིས་སྨོན་ལམ་བཏབ་པས་ཁྱེའུ་རུ་སྐྱེས་ཤིག་པར་སྨོན་ལམ་བཏབ་བོ། །མས་སྨོན་ལམ་བཏབ། བུ་མོར་སྐྱེས་ཤིག་པར་སྨོན་ལམ་བཏབ་པ་ལས། མའི་སྨོན་ལམ་བཙན་ནས། བུ་མོར་སྐྱེས་སོ། །སྐྱེས་མ་ཐག་བྱ་བ་མང་བ་ལས། ཕ་མཐུ་ཆུང་པ་མ་དགའ་ནས། མ་གཉིད་ལོག་པའི་བར་དུ་བུ་མོའི་ལག་པ་ནས་བཟུང་ནས། ཐལ་ཁུང་དུ་བསྐྱུར་ཏེ། གཏང་བ་ལས། མ་གཉིད་སད་ནས་བུ་མོ་མེད་དེ་བཙལ་བས། ཐལ་ཁུང་ན་སྦས་འདུག་སྟེ། མས་ངུས་ནས་བུ་མོ་ཤུག་སྒྲོལ་མ་དྲུག་དང་། བུ་མོ་སྒྲོལ་བགྱིད་མ་དྲུག་ལ་ལས་བཅོལ་ནས། ཨཱ་ཡུ་ཚེ་ཡུ་བྲུཾ་གིས་བརྗོད་པས་བུ་མོ་ལ་ལྕགས་ཀྱུ་བྱུང་སྟེ། ཕ་ཡིས་ཐལ་ཁུང་དུ་མ་བསྐྱུར་ན་དབང་དུ་མི་འདུས་སོ། །ཕས་མ་སྨ་ཕབ་པས་སྲིད་པ་གསུམ་ལ་དབང་བྱེད་དོ། །ཕས་ནི་མིང་བཏགས་པ་བདུད་མོ་ཡ་ནག་མོ་ཞེས་བྱ། མས་ནི་མིང་བཏགས་པ་སྦས་པའི་མ་མོ་ཐལ་མདོག་མ་ཞེས་བྱའོ། །སྦས་པའི་མ་མོ་རོ་ལངས་མ་ཞེས་ཀྱང་བྱའོ། །ཨེ་ཀ་ཛ་ཊི་རལ་གཅིག་མ་ཞེས་ཀྱང་བྱའོ། །
གནས་ནི་ཉིན་མོ་བྲག་དམར་པོ་སུལ་མངས་འདྲ་བ་ལ་གནས་སོ། །ས་ཞག་ལ་འབྲི་ཁམ་མ་བརྒྱའི་འོ་མས་མཁར་བརྩིགས་ནས། ཕྱི་ལྟས་ནི་སྤེལ་ལེ་མཁར་རོ། །ནང་ལྟས་ནི་བཅུད་རེ་གསལ་ལོ། །དབྱར་ནི་ཆར་པས་མི་ཚུགས་སོ། །དགུན་ནི་ལྷགས་པས་མི་ཚུགས་སོ། །དེའི་ནང་དུ་ཐོད་པས་བརྩིགས་པ། ཀ་གདུང་ནི་མཆོང་ལས་བྱས་པ། དྲལ་ཕྱམ་ནི་མུ་ཏིག་ལས་བྱས་པ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པའི་ནང་ན། ཨེ་ཀ་ཛ་ཊི་བཞུགས་ཏེ། མགོ་ལ་རལ་གཅིག་མ། དཔྲལ་ན་མིག་གཅིག་མ།ཁ་ན་སོ་གཅིག་མ། བྲང་ན་ནུ་གཅིག་མས་རྣལ་འབྱོར་གྱི་སྲིའུ་གསོའོ། །ཕྱག་ན་ལྕགས་ཀྱུ་རྩེ་དགུ་སོགས་བསྣམས་པའོ། །ཞབས་ལ་རྐང་གཅིག་གི་མི་རོ་རྟ་རོའི་ཁྲི་ལ་བཞུགས་པ། ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས་པ། མགོ་ལ་རལ་གཅིག་མ་ཡིས་བསྐལ་པའི་མུན་ལྟར་གཏིབས་པ། དཔྲལ་ན་མིག་གཅིག་གིས་ཁམས་གསུམ་ཡོངས་ལ་ས་ལེ་ལྟའོ། །ཁ་ནས་སོ་གཅིག་གིས་སྐྱེ་ཤི་གཉིས་ཀྱི་རྩ་བ་གཅོད་པའོ། །ཕྱག་ན་ལྕགས་ཀྱུ་དགུ་བརྩེགས་ཐོགས་པའོ། །དམ་ཉམས་དགྲའི་སྙིང་ནས་འདྲེན་པའོ། །མི་རོ་རྟ་རོའི་ཁྲི་ལ་བཞུགས་པ་ནི། །མ་མོ་ཀུན་གྱི་རྒྱལ་མོའོ། །རཀ་ཏའི་རྒྱ་མཚོའི་རྦ་ཀློང་ཁྱི་ལི་ལི། །ཆིབས་སུ་དྲེའུ་བཅིབས་སྐད་ཅིག་ཙེ་རེ་རེ། །གཡུ་མཚོ་སྔོན་མོ་ཁྱི་ལི་ལི། །འཁོར་དུ་མ་མོ་འབུམ་གྱིས་བསྐོར། །མཁར་ལ་སྲིན་བྱ་ཉིན་ཀྱང་ཁུ་འདེབས་པ། །འབྲོག་ལྕོགས་མཚན་ཀྱང་འགྱུར་བ་བྱ་སྣ་ཚོགས་ལྟས་ངན་པའི་སྐད་སྒྲོགས་པ། བྱང་མཚོ་འབྲོག་མཚོ་ཕྱང་ངེ་ཕྱང་། ཞེས་གསུངས་སོ།། །།
དཔལ་ལྡན་ལྷ་མོ་ནག་མོ་དང་ལོ་གྱོན་མ་དང་ལྷ་མོ་ཙུན་དྷ་དང་ལྷ་མོ་སྟག་གདོང་མ་སོགས་ཀྱི་བྱུང་རབས། དུར་ཁྲོད་ལྷ་མོའི་རྒྱུད་ལས་བཏུས།
དཔལ་ལྡན་ལྷ་མོ་ནག་མོ་དེ། །དང་པོ་འདོད་ཁམས་ལྷ་ཡུལ་དུ། །ལྷ་དང་ལྷ་མིན་རྩོད་པའི་ཚེ། །ལྷ་ཆེན་མདངས་ལས་སྤྲུལ་པ་ཡི། །ལེགས་ལྡན་དཀའ་ཐུབ་བཟློག་པ་ཡིས། །ལྷ་མོར་སྐྱེས་ཏེ་མདངས་མས་བྱས། །དེ་ནས་བདེར་སོགས་མར་གྱུར་ཏེ། །འདོད་ལྷ་ཀུན་གྱི་འདོད་ཚིམ་བྱེད། །དེ་འོག་ལྷ་མོ་མ་རུ་རྩེ། །མེ་ཏོག་ཚོགས་ལ་རོལ་པ་སྟེ། །ལག་ན་མེ་ཏོག་མདའ་འཕེན་མ། །དེ་ནས་དུར་ཁྲོད་ལྷ་མོ་ནི། །འོད་ཟེར་ཅན་ཏེ་རི་ཁྲོད་ཀྱི། །ལོ་མ་སྔོན་པོ་གོས་སུ་གྱོན། །ལག་ན་ཤིང་ཐོག་བི་ཛ་པུ་ར་བསྣམས། །དེ་འོག་ལྷ་མོ་ཙུན་དྷ་སྟེ། །དར་དཀར་གོས་སུ་རྒྱན་མཛེས་ཤིང་། །བདུད་རྩི་བུམ་པའི་ནད་རྣམས་གསོ། །དེ་འོག་ལྷ་མོ་སྟག་གདོང་མ། །བསེ་གོས་གྱོན་ཞིང་རྔ་དཀར་ཐོགས། །མུ་སྟེགས་ལྟ་བ་ཞེ་སྡང་ཆེ། །དེ་ནས་ལྷ་མོ་མེ་ལོང་གདོང་། །མེ་ལོང་རྒྱ་གྲམ་སྙིང་ཁར་འཛིན། །ཏ་ལའི་ལོ་མས་བརྒྱན་པ་ནི། །སྲོག་སྐལ་ཆུ་ལ་ཞེ་སྡང་རན། །དེ་ནས་ལྷ་མོ་དོན་གྲུབ་དེ། །འོད་ཅན་མདངས་ལྡན་དུར་ཁྲོད་གནས། །ལྷ་བྲན་མང་པོ་ཆགས་པའི་ཡུལ། །དེ་ནས་དམུ་ཡི་བུ་མོ་དེ། །མ་ཟད་དན་ཏིང་ཤགས་སུ་སྐྱེས། །རླུང་ནག་འཚུབ་མའི་ནང་ན་གནས། །དེ་འོག་མ་མོ་ཀུན་སྒྲོལ་གྱིས། །ཆགས་པའི་མདངས་ལ་ལས་སྐྱེས་པ། །ཀུན་གྲགས་ཞེས་བྱ་ནག་ལ་འཚིག །དན་ཏིང་ཤགས་ཞེས་ཀྱང་ནི་བྱ། །མིང་པོ་མཛོད་དང་མཛོད་བསྲུངས་ཡིན། །འདོད་པ་བྱེད་ནས་རིགས་ངན་ནི། །ཏ་ལི་ཏ་ཡིས་ཆུང་མར་ཕྱིན། །ཆེན་མོ་ཡ་ཏ་ཡས་ནིས་བསྐྲད། །ལུང་བོང་ཞོན་ཏེ་འཁྱམས་པ་ལས། །གདོལ་པ་ཕག་རྫི་དུམ་བུ་དང་། །སྲིན་རྡོའི་བར་དུ་འཚོས་པའི་བུ། །ཟླ་བ་ཚང་ནས་ངོ་ཚ་སྟེ། །ཤ་ཟོས་པགས་པ་རྐེད་ལ་བཅིངས། །ཏྲ་ལི་ཏྲ་ཡི་རལ་གྲི་ཡང་བརྐུས་ཏེ། །མཚལ་ཐིག་ཅན་གྱི་ཚེམ་ཚེམ་ཡང་། །རྙེད་ནས་བོང་བུའི་འཕོངས་ལ་བཀལ། །རྨ་བྱའི་སྒྲོ་རྙེད་མགོ་ལ་བཙུགས། །རྒྱ་མཚོ་འགྲམ་གྱི་ཤིང་པྲིག་ཤའི། །ལོ་མ་རླུང་གིས་བཙུབ་པ་ཡང་། །བར་སྣང་ལ་ནི་གནས་པ་དེ། །རལ་གྲི་གུང་འཐེབ་ཀྱིས་བླངས་ཏེ། །མཚལ་ཏིག་རྡོག་སོལ་སྦྱར་བ་ཡིས། །ཤི་བ་ཏྲ་ལི་ཏྲ་ཡི་གཟུགས། །བྲིས་ན་སླར་ཡང་སེམས་བཀུག་སྟེ། །ཆགས་པ་སྤྱད་ནས་དབང་དུ་བྱས། །སྐྲ་བཤིག་ཕྱིན་ཕྱོགས་བལྟས་ནས་སུ། །རལ་གྲིས་བོང་བུ་བསྡིགས་འགྲོ་ལས། །རྒྱ་མཚོའི་གཏིང་དུ་འཚུབ་མས་སྐྱུར། །དེར་ནི་རལ་གཅིག་གྲུབ་པས་ནི། །མཐུ་རྩལ་ཀུན་གྱི་བདག་མོར་གྲགས། །དེ་ནས་གཤིན་རྗེའི་ཆུང་མ་སྟེ། །བྲག་དམར་ཆོལ་ཟངས་འདྲ་ལ་གནས། །གསོད་གཅོད་ལས་ལ་དབང་ཐོབ་སྟེ། །ཏྲ་ལི་ཏྲ་ཡི་ཡུལ་དུ་ཕྱིན། །ཁྱོ་དང་ཆུང་མ་གཉིས་ཀ་བསད། །འགྲོ་བའི་ཚེ་སྲོག་ཀུན་དབང་བྱེད། །དྲི་དང་རླངས་ཀྱིས་སེམས་ཉམས་བྱེད། །ནམ་གུང་ཉུལ་ལེན་ཕྱིན་པའི་ཚེ། །སྟོན་པ་དཔལ་ཆེན་སྐུར་བསྟན་ནས། །མ་རུ་རྩེ་ཡི་སྒོར་གནན་ཏེ། །དྲག་པོ་བསྒྲུབ་པར་གཟས་པ་ལས། །དམ་ཚིག་བླངས་ཏེ་ངོ་སྦྱར་ནས། །དབང་དྲག་འབར་བའི་དཀྱིལ་འཁོར་དུ། །དམ་ཚིག་བྱིན་ནས་གསང་མིང་བཏགས། །སྲོག་ཟའི་ཕྱིར་ན་ཟ་བྱེད་མ། །སྦྱོར་བ་ཡིས་ན་དཔལ་ཆེན་མ། །ཕྱི་དུས་དམ་བཅས་དུང་སྐྱོང་མ། །ཕོ་ཉ་འབར་མ་གློག་འགྱུར་མ། །གུང་རྒྱུག་ནག་མོ་རེ་མ་ཏི། །ཛ་ཊི་གྲུབ་པས་རལ་གཅིག་མ། །དེ་ལ་སོགས་ཏེ་མཚན་སྟོང་བཏགས། །ཞེས་གསུངས་སོ།། །།
དཔལ་ལྡན་ལྷ་མོ་ནག་མོའི་སྐྱེ་རྒྱུད། གསེར་གྱི་སྦྲམ་བུ་ཞེས་པའི་རྒྱུད་ལས་བཏུས།
དེ་ནས་ཡང་དག་བཤད་བྱ་བ། །བྷ་ག་ཝན་ཕྱག་ན་རྡོ་རྗེ་ནི། །རྡོ་རྗེ་རབ་ཅེས་བྱ་བ་ཡིས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྙིང་པོ་འདི་ནི་བཀའ་སྩལ་ཏོ། །ཏྲག་རག་ཤ་མ་ཧི་དུན་བྷྱོ། །མ་ཧཱ་ཡག་ཤ་ཏིག་སྣ་ནག་པོ་དུན་བྷྱོ། །དེ་སྐད་གསུངས་མ་ཐག་ཏུ་ནི། །བྱང་ཤར་མཚམས་ཀྱི་ཕ་མཐའ་ན། །དཔལ་ལྡན་ལྷ་མོ་ནག་མོ་ནི། །དུས་བཞིའི་རྒྱལ་མོ་ལ་སོགས་པ། །འཁོར་གྱི་མ་མོ་འབུམ་སྟོང་དང་། །སྐད་ཅིག་དེ་ལ་འདུས་པར་གྱུར། །དེ་ཚེ་དཔལ་ལྡན་ནག་པོ་ཆེས། །དཔལ་ལྡན་ལྷ་མོ་ནག་མོ་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ཉོན་ཅིག་ལྷ་མོ་ནག་མོ་ནི། །སྐྱེ་བདུད་ལ་སོགས་ཡེ་ཤེས་བཤད། །སྔོན་གྱི་ཡར་འདས་བསྐལ་པ་ལ། །འདོད་ཁམས་ལྷ་དང་ལྷ་མིན་འཁྲུགས། །ལྷ་རྣམས་ཕམ་སྟེ་ལྷ་མིན་རྒྱལ། །དེ་ཚེ་ལྷ་རྣམས་མདངས་ལས་སུ། །སྤྲུལ་པའི་ལྷ་མོ་མདངས་ལྡན་མ། །དེ་ཡི་ལྟེ་བའི་རྫོངས་ལ་ནི། །ལྷ་རྣམས་ཀུན་གྱི་དམག་དཔུང་བཅས། །ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །སྐྱེ་བ་དེ་ཡི་ཕྱི་མ་ལ། །ལྷ་མོ་བདེ་ཚོགས་མར་གྱུར་ཏེ། །ལྷ་རྣམས་ཀུན་གྱི་འདོད་པ་བསྐངས། །སྐྱེ་བ་དེ་ཡི་ཕྱི་མ་ལ། །མེ་ཏོག་དག་གི་སྦྱིན་པ་བཏང་། །ལྷ་མོ་འོད་ཟེར་ཅན་དུ་གྱུར། །དེ་ལ་སོགས་པའི་སྐྱེ་བ་ནི། །བརྒྱ་དང་རྩ་བརྒྱད་བཟླས་པ་ན། །བྱང་ཕྱོགས་མྱ་ངན་རྣམ་དུ་རུ། །ཏྲ་ལི་ཏྲ་འི་ཆུང་མ་བྱས། །ལས་ཀྱི་ཕག་རྫི་ནག་མོ་ནི། །དུམ་བུ་བྱིན་གྱི་བྱི་འུ་ཆགས། །དེ་ཡིས་ཡི་ཆད་བྲང་བཀབ་ནས། །བོང་བུ་ཞོན་ནས་རལ་གྲི་ཁྱེར། །རྒྱ་མཚོའི་ནང་དུ་མཆོངས་པ་ལས། །ཨེ་ཀ་ཛ་ཊི་སིདྡྷི་ཐོབ། །སྐྱེ་བ་སྔ་མ་རྗེས་སུ་དྲན། །ལས་ལ་ཡིད་ཆེས་བདེན་པ་མཐོང་། །ཤཱཀྱ་ཐུབ་པའི་ཞབས་དྲུང་དུ། །སེམས་བསྐྱེད་སྡོམ་པ་རབ་བླངས་ཏེ། །སྲོག་གི་སྙིང་པོ་ཕུལ་ནས་སུ། །སངས་རྒྱས་བསྟན་པ་བསྲུང་པ་དང་། །དཀར་པོའི་ཕྱོགས་ཀྱི་མགོན་བགྱིད་ཅིང་། །བདུད་དང་མུ་སྟེགས་འདུལ་བས་སུ། །ལྷ་མོ་ཉིད་ཀྱིས་ཁས་བླངས་སོ། །
ཞེས་གསུངས་སོ།། །།
དུར་ཁྲོད་ལྷ་མོ་འོད་ཟེར་ཅན་ནམ་ཤིང་ལྷ་མོ་འོད་འཆང་མའི་གཏམ་རྒྱུད། རྒྱུད་ལས་བྱུང་བའི་ཆོས་སྐྱོང་སྲུང་མའི་གཏམ་རྒྱུད་ཕྱོགས་བསྡུས་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་ལས་བཏུས།
དེ་ལ་འདི་ནི་སྔོན་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། དང་པོ་ཁོ་ན་ལྷ་དང་ལྷ་མ་ཡིན་གཉིས་དཔག་བསམ་གྱི་ཤིང་གི་འབྲས་བུ་ལ་མ་འཆམ་སྟེ་འཐབ་པ་ལས། ལྷ་ཐམས་ཅད་ཀྱི་མདངས་ལྷ་མོ་རྨ་བྱ་བྱ་བ་སྤྲུལ་ཏེ་ལྷ་མོ་དེས་སྲིད་པ་གསུམ་གྱི་བཅུད་བསྡུས་ཏེ་བསྲུངས་པས། དེ་དག་ལ་གསེར་གྱི་ཙོ་ཏྲའི་གཟུགས་སུ་འདུག་པ་དག་བྱུང་ངོ་། །དེ་ཁད་ཀྱི་རྟས་ཏེ་སྲ་བར་རེད་པ་དང་། ལྷའི་དམག་ཁོ་རང་ལ་ཡོད་པ་བྱེ་བ་དུང་ཕྱུར་བྱུང་སྟེ། ལྷ་མིན་དེ་ཕམ་པར་བྱས་ཏེ། ལྷ་རྒྱལ་བར་བྱས་ཏེ་དུས་དེང་ནི་ལྷའི་དོན་བྱས་འགྲོ་བ་བདེ་བ་ལ་བཀོད་དོ། །
སྐྱེ་བ་དེའི་ཕྱི་མ་ལ། ཤིང་པ་བཅུ་སྟ་ཤག་ཅེས་བྱ་བའི་དྲུང་དུ། སྔོན་དྲང་སྲོང་ཞིག་གིས་བདེ་བ་འདོད་པའི་ཕྱིར། རང་གི་ལུས་བསྲོས་པས། ཕོ་མཚན་ལ་སྦྲང་བུ་འདུས་པ་ལས་གཡའ་བ་སྐྱེས་ཏེ། ལག་པས་བྱུགས་པས་ཕོ་མཚན་ཤེད་རྙེད་ནས། བསྒུལ་བསྐྱོད་བྱས་པས། དྲང་སྲོང་གི་ས་བོན་བབས་ཏེ། ས་བོན་དེ་རླན་གྱི་གཞི་བྱས་ནས་ཉི་མས་བསྲོས། རླུང་གིས་བསྐྱོད་པས་གཟུགས་སུ་རེད་པ་ལ། དེ་ལ་ལྷ་མོ་འོད་དང་ལྡན་པ་ཞིག་བྱུང་ནས། འགྲོ་བའི་དོན་བྱས་ཏེ། མིང་ཡང་ཤིང་གི་ལྷ་མོ་འོད་འཆང་མར་བཏགས་སོ། །
སྐྱེ་བ་དེའི་ཕྱི་མ་ལ་དུར་ཁྲོད་སོ་ཤ་དུར་པ་པྲ་ལི་ཞེས་བྱ་བར། དམངས་རིགས་ཙནྟྲ་ཁད་ཏ་ཞེས་བྱ་བ་ཤི་ནས། རོ་བོར་ཏེ་བཏང་ནས། དེ་གཅན་གཟན་གྱིས་ཟོས་པས། དེ་ཕོ་མཚན་འབའ་ཞིག་ལས་གཞན་མ་ལུས་སོ། །དེ་ནས་རིགས་ངན་ཞིག་གི་བུ་མོ་ཤི་བ་དེར་བསྐྱལ་བས་སྐྱེལ་མ་ཁྱིམ་དུ་ཕྱིན་ཙ་ན། རོ་ལ་དབུགས་བྱུང་བས་དྲན་པ་རྙེད་མིག་ཕྱེ་ཙ་ན་ནར་ནར་པོར་ཞིག་འདུག་ནས་བླངས་པས། དེ་ལུན་བུ་ཞིག་སྣང་། མོ་མཚན་དུ་བཅུག་སྟེ། སྨོན་ལམ་བཏབ་སྟེ། བདག་མི་བདེ་བའི་སྡུག་བསྔལ་བ་འདི་ལས་ཐར་ནས། འདི་ཤེད་ཅན་དུ་གྱུར་ལ་ས་བོན་དང་ལྡན་ན། བདག་ལ་བུ་མོ་ངོ་མཚར་བ་གཅིག་བསྐྱེད་ལ། མི་བདེ་བ་སེལ་བར་གྱུར་ཅིག །དེ་ལས་མི་ཐར་ན་སྔ་མ་ཁོ་ནར་གྱུར་པར་སྨོད་དམོད་བོར་བས། ཤེད་ཅན་དུ་གྱུར་ཏེ་ས་བོན་བབས་པས། དེ་ལ་སྐད་ཅིག་ཡུད་ཙམ་ལ། བུ་མོ་འོད་ཆགས་པ་གཅིག་ཏུ་གྱུར་ཏེ། མོའི་མི་བདེ་བ་སོས་པར་གྱུར་ཏོ། །དེའི་མིང་དུར་ཁྲོད་ལྷ་མོ་འོད་ཟེར་ཅན་ཞེས་བཏགས་སོ། །
སྐྱེ་བ་དེའི་ཕྱི་མ་ལ། རིགས་ནི་དམངས་རིགས། ཕའི་མིང་ནི་བྱ་ལེན། མའི་མིང་ནི་ཙི་མུན་ཏྲ། མིང་བོའི་མིང་ནི་མཛོད་བདག་དང་། མཛོད་སྲུངས་བྱ་བ་གཉིས་ཡོད་པ། མོ་རང་གི་མིང་ནི་དན་ཏིང་ཤགས་ཞེས་བྱའོ། །དན་ཏིང་ཤགས་ཤེས་བྱ་བ། ཁྱོ་བྱ་ཧིན་བྱ་བ་ལ་བག་མར་བཏང་བས། ཁྱོ་དང་ཆེན་མས་མ་གནང་བས། ཡུལ་དེའི་བྱ་ཏ་ཀྲོ་ཏ་ཞེས་བྱ་བ་ཕག་རྫི་གཅིག་དང་ཉལ་ལོ། །དེ་ནས་དན་ཏིང་ཤགས་ལ་ནལ་བུ་ཆེ་བར་གྲགས་སོ། །གྲགས་པས་ཁྱོས་ནི་ནོར་སྐལ་དུ་བོང་བུ་བྱིན། ཆེན་མས་བུད་མེད་སྲིད་ཀྱི་བག་ཏུ་སོང་བས་ཕྲག་དོག་སྐྱེས་ཏེ། དེ་ལ་མ་དགའ་ནས་རལ་གྲི་གདོག་པ་ཅན་བྱས་ནས། བོང་བུ་ལ་ཕྱིན་ཕྱོགས་སུ་ཞོན་ལྕེབས་བྱས་པས། མོས་ཀྱང་དེ་ལྟར་བྱའི་མ་འགྱོད་ཅིག་ཟེར་ནས། རྒྱ་མཚོའི་འགྲམ་དུ་སྡིག་པ་ཅན་གྱི་རལ་གྲིས་ཕོ་བ་གཤགས་ཏེ་བུ་ཕྱུང་ནས་ཟོས། ནམ་མཁའ་ལ་ཤིང་ལོ་ཞིག་རླུང་གིས་ཁྱེར་ནས་སླེབ་བྱུང་བ་བཟུང་ནས། སྔོན་ན་རྡོ་སོལ་གཅིག་འདུག་པ་བླངས་ཏེ།ཁྱོ་དང་ཆེན་མའི་མིང་བྲིས་ནས། རྒྱ་མཚོའི་གཏིང་དུ་ཨེ་ཀ་ཛ་ཏི་བསྒྲུབས་པས་གྲུབ་ནས། སྣ་ལ་ཁྱོ་དང་ཆེན་མ་ཕུང་བར་བྱས་སོ། །དེ་ནས་སྲིད་པ་གསུམ་ཡང་ཕུང་ལ་ཆ་བར་བས་ལ། དཔལ་ཆེན་པོས་བཏུལ་ཏེ། མིང་ནི་ལྷ་མོ་ནག་མོའམ། རེ་མ་ཏི་རུ་བཏགས། གསང་མཚན་ནི་རྡོ་རྗེ་སྐལ་ལྡན་མར་བཏགས་པ་འདི་ཆེད་དུ་བརྗོད་དོ། །
སྔོན་ལྷ་མོ་ནག་མོ་ཞེས་བྱ་བ་རབ་ཏུ་མི་སྲུན་པ་ཁྲོ་བར་གནས་པ་སྟེ། དཔལ་ཆེན་པོས་ཆོས་ཀྱི་སྐུ་ལ་བཞེངས་ནས། སྤྲུལ་པའི་སྐུ་ལྟ་བུར་ཕྱུང་སྟེ། དབུ་དགུ་ཕྱག་བཅོ་བརྒྱད་པ་ལྟ་བུར་སྤྲུལ་ནས་བཏུལ་ཏེ། བཏུལ་བའི་ཚུལ་ཀྱང་། དཔལ་ཆེན་པོ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཁྱད་པར་ལས། ཁྲོ་བོ་བཛྲ་ཧེ་རུ་ཀ་དཔལ་ཆེན་པོ་ཉིད་ཅི་འདྲ་བ་གཅིག་ཕྱུང་ནས། ཞལ་ནས་ཀྱང་ཧ་ཧ་དང་། ཕཊ་ཕཊ་དང་། གཏོགས་ཤིག་དང་། ཆོད་ཅིག་དང་། སྲེགས་ཤིག་པའི་དགྲ་ཕྱུང་བས། འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་ཡང་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་ཏུ་ཡང་རབ་ཏུ་འགུལ་ལོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །འུར་འུར་། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །ཏོར་ཏོར། རབ་ཏུ་ཏོར་ཏོར་རོ། །ཀུན་ཏུ་རབ་ཏུ་གཏོར་ནས། སྟེང་མཐོ་ན་འོག་དམའ། འོག་མཐོ་ན་སྟེང་དམའ། ཤར་མཐོ་ན་ནུབ་དམའ། ནུབ་མཐོ་ན་ཤར་དམའ། བྱང་མཐོ་ན་ལྷོ་དམའ། ལྷོ་མཐོ་ན་བྱང་དམའ་སྟེ། འཇིག་རྟེན་ཁམས་ན་མཐུ་ཆེ་བ་དང་། དབང་ཆེ་བ་དང་། རྫུ་འཕྲུལ་ཆེ་བ་ཐམས་ཅད་བརྒྱལ་བར་གྱུར་ཏོ། །བརྒྱལ་བར་གྱུར་པས་ལྷ་མོ་ནག་མོའི་འཁོར་ན་གནས་པའི་ཚོགས་རླག་པར་མཛད། ལྷ་མོ་ཉིད་ནི་བརྒྱལ་བར་གྱུར་ཏོ། །
དེ་ནས་དུས་དེར་འཁོད་བའི་འཁོར་དེ་དག་གིས་འདི་སྐད་ཚིག་ཕྱུང་ངོ་། །ཨེ་མ་ཧོ། ཨེ་མ་ཧོ། ཤིན་ཏུ་ཁྲོ་དྲག་འདི་ལྟ་བུ། །རབ་ཏུ་འདུལ་བར་མཛད་མ་མཐོང་། །འདི་ནི་སྔ་རབས་འདས་པས་ཀྱང། །འདུལ་བར་ཞལ་གྱིས་མ་བཞེས་སོ། །སླད་ཀྱིས་འབྱོར་པའི་སངས་རྒྱས་ཀྱང་། །འདུལ་བ་ཞལ་གྱིས་མི་བཞེས་སོ། །ད་ལྟར་བཞུགས་པའི་དུས་ལ་བབ། །འདུལ་བར་མཛད་པ་ངོ་མཚར་ཆེ། །ཆེ་བཙན་དྲགས་པ་དབང་ཕྱུག་བདག་པོས་ཏེ། །རབ་ཏུ་ངོ་མཚར་འབྱུང་བ་ཁྱོད། །ཆོས་སྐུ་སྐྱེ་བ་མེད་པ་ལས། །གཟུགས་སྐུར་བྱུང་བ་ངོ་མཚར་ཆེ། །ཞེས་གསོལ་ཏོ། །ཞེས་སོ།། །།
ནག་མོ་རེ་མ་ཏི་གཅེར་བུ་བོང་ཞོན་མའི་གཏམ་རྒྱུད། གནོད་སྦྱིན་ནག་མོ་རེ་མ་ཏི་གཅེར་བུ་བོང་ཞོན་མ་རྩ་བའི་རྒྱུད་ལས་བཏུས།
གནོད་སྦྱིན་ནག་མོ་རེ་མ་ཏི་གཅེར་བུ་བོང་ཞོན་མ་རྩ་བའི་རྒྱུད་ལས་བཏུས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་རིའི་རྩེ་མོ་ལྷ་དང་། ལྷ་མ་ཡིན་གཉིས་གཡུལ་འགྱེད་པའི་གནས་ནས་འཁོར་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། སྣོད་བཅུད་ལ་དབང་བའི་མ་མོ་དྲུག་དང་། ཡེ་ཤེས་ཀྱི་མ་མོ་དང་། སྨན་མོའི་ཚོགས་དང་། འདོད་པ་ཁམས་ཀྱི་མ་མོ་ཤ་ཁྲག་ལ་ལོངས་སྤྱོད་པ་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ། །
དེའི་དུས་ན་གནོད་སྦྱིན་མ་རུ་རྩེ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། སྨན་མོའི་ཚོགས་སུ་གྱུར་པ་ཡི། །དབང་བྱེད་གནོད་སྦྱིན་རེ་མ་ཏི། །དང་པོ་རྩ་རྒྱུད་ཇི་ལྟ་བུ། །འཚལ་བའི་སྐལ་བ་གང་ལ་བགྱི། །མཛད་པའི་འཕྲིན་ལས་གང་དུ་བསྐོས། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། གནོད་སྦྱིན་མ་རུ་རྩེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་གནོད་སྦྱིན་མ་རུ་རྩེ། །སྔོན་བྱུང་འདོད་ཁམས་འདི་ཉིད་ན། །ལྷ་ཡི་དབང་པོ་དེ་ཝ་དང་། །ཨུ་མ་དེ་ཝ་གཉིས་བཤོས་ལས། །བུ་ཚ་མིང་སྲིང་གཉིས་སྲིད་པས། །མིང་པོ་གཤིན་རྗེ་དམར་པོ་ཡིན། །སྲིན་མོ་དུང་སྐྱོང་མ་གཉིས་སྲིད། །རྣམ་པར་རྒྱལ་བའི་ཁང་བཟང་ན། །ལྷ་བྲན་མང་པོས་བསྐོར་ཏེ་གནས། །དེ་ནས་ལྷ་མོ་དུང་སྐྱོང་མས། །ལང་ཀ་པུ་རངས་སྲིན་པོ་ཡི། །དྷ་ཤ་གྷི་བའི་བཙུན་མོ་བྱས། །སྲིན་པོའི་ཆུང་མ་བྱས་པ་ལ། །མས་སུ་གདུག་པའི་དམོད་མོ་སྨོས། །ལྷ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །བོར་ནས་སྲིན་གྱི་ཆུང་མར་སོང་། །ད་ཡང་སྲིན་དང་རྟ་འགྲོགས་ཤིང་། །མི་ཤ་ཟ་ཞིང་མི་ཁྲག་འཐུང་། །མི་ལྤགས་གྱོན་ཞིང་མི་མགོ་སྤྱོད། །གཅེར་བུར་བྱུང་ནས་བོང་བུ་ཞོན། །ལྷ་ཡི་ཁ་དོག་ཉམས་གྱུར་ལ། །སྲིན་གྱི་ཁ་དོག་ནག་ལ་འཇིགས། །མི་སྡུག་པ་རུ་ཁྱོད་སོང་ཞིག །དེ་སྐད་དམོད་པ་བོར་ནས་སུ། །ལྷ་ཡི་ཁ་དོག་རབ་ཉམས་ཤིང་། །མི་ཤ་ཟ་ཞིང་མི་ཁྲག་འཐུང་། །མི་ལྤགས་གྱོན་ཞིང་མི་མགོ་སྤྱོད། །མི་སྡུག་པ་རུ་རབ་གྱུར་ཏོ། །བུ་ཡང་སྲིན་ཕྲུག་ལྔ་བརྒྱ་བྱུང་། །སེམས་ཅན་ཐམས་ཅད་སྲོག་གཅོད་ཅིང་། །འཇིག་རྟེན་སརྦ་ཕུང་བར་བྱེད། །དེ་ལྟ་བུར་ནི་རབ་གྱུར་ནས། །སྲིན་ཡང་ཤི་སྟེ་རལ་བ་བྱས། །སྲིན་པོའི་བོང་བུ་གྭ་བ་བརྐུས། །སྲིན་གྱི་རལ་གྲི་གཡས་སུ་ཐོགས། །ནོར་བུ་རིན་ཆེན་གཡོན་དུ་ཐོགས། །སོང་སྟེ་དུར་ཁྲོད་གནས་ཕྱིན་ནས། །དུར་ཁྲོད་ཤ་ཁྲག་རབ་ཟོས་ཏེ། །རྒྱ་མཚོའི་འགྲམ་དུ་ཕྱིན་པ་ལས། །རླུང་དམར་འཚུབ་མས་རྒྱ་མཚོར་བསྐྱུར། །སྐྱེ་བ་འཕོས་ཏེ་དུང་སྐྱོང་མ། །མི་ཤ་ཟ་ཞིང་བྱིན་བརླབས་ཀྱིས། །ད་ལྟ་གནོད་སྦྱིན་མོ་རུ་གྱུར། །དེ་ལྟར་ཁྱེད་ཀྱིས་ཤེས་པར་གྱིས། །འཚལ་བའི་ལོངས་སྤྱོད་དུར་ཁྲོད་རྫས། །མཛད་པའི་འཕྲིན་ལས་བསྟན་པ་ཡིས། །འཇིགས་པའི་སྐྱེ་བོ་རབ་ཏུ་སྒྲོལ། །ཞེས་གསུངས་སོ།། །།
མ་མོ་བཅུ་བཞིའི་རབས་རྒྱུད་དང་ཕོ་རྒྱུད་མོ་རྒྱུད་ཀྱི་གཏམ་རྒྱུད། མ་མོ་སྲིད་པའི་རྫོང་ལུང་ངམ་ཡུམ་གཟུངས་མའི་དངོས་གྲུབ་ཆེན་མོའི་རྒྱུད་ལས་བཏུས།
གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །བཅུ་བཞི་ཞེས་བགྱི་རྗེ་དང་ཁོལ། །རབས་རྒྱུད་རྩ་བ་ཇི་ལྟར་ལགས། །འགུགས་དང་འདྲེན་པའི་སྔགས་རྣམས་གང་། །རྣལ་འབྱོར་མཆོག་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །རྣལ་འབྱོར་མཆོག་གིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །བཅུ་བཞི་ལ་སོགས་རྗེ་ཁོལ་གྱི། །རབས་རྒྱུད་འགུགས་འདྲེན་སྔགས་རྣམས་ཀུན། །གཏན་ཚིགས་རྩ་བ་སྦས་པ་རྣམས། །གཏན་ཚིགས་རྩ་བ་གཏན་ལ་དབབ། །དེ་ལ་རི་རབ་གླིང་བཞི་ནི་གང་དུ་ཆགས་པ་རང་ལུགས་སུ་ཡོད། ཉི་མ་དགུ་བརྒྱ་རྩ་གཅིག་དང་། །ཟླ་བ་དགུ་བརྒྱ་རྩ་གཅིག་སྟེ། །ཉི་ཟླ་སྟོང་དང་རྩ་གཉིས་ཀྱིས། །རི་རབ་ཀྱི་ཕྱི་རོལ་གང་ན་གནས་པའི་སྣང་སྲིད་ཐམས་ཅད་རིལ་ཚིག་ནས་ཅི་ཡང་མི་སྣང་བ་ལས། རི་རབ་ཀྱི་ནང་རིང་ཐུང་དུ་དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་ཡོད་པ་ལས། ཤིང་གི་རྩེ་མོ་རི་རབ་ཀྱི་བུམ་པའི་ནང་ན། ཡུམ་ཆེན་མོ་སྲིད་པ་བདེ་འགྲོ་ཁམས་གསུམ་ཡུམ་མཆོག་མ་ཞེས་བྱ་བ་སྐུ་མདོག་མཐིང་གར་བཞུགས་ཤིང་། དབུ་དང་ཕྱག་དང་སྤྱན་ཅིར་ཡང་སྟོན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ཀྱི་རལ་པ་ཞེས་ཀྱང་བྱུང་ཅན། སྦས་པའི་སྤྱན་གཉིས་ལ། གཡས་ནས་ནི་ཁྲག་གི་མཆི་མ། གཡོན་ནས་བདུད་རྩིའི་མཆི་མ། སྦས་པའི་ཞལ་ནས་འབྲས་བུ་རྣམ་པ་ལྔའི་བཅུད་འཛག་པ། སྦས་པའི་ཕྱག་གཉིས་ལ་གཡས་པས་སྲིད་པ་ཐམས་ཅད་ཀྱི་རྩེ་ནས་འཛིན་པ། གཡོན་པས་འོག་གི་རྡོ་རྗེའི་གདན་འཛིན་པ། སྦས་པའི་ཞབས་གཉིས་ཀྱིས། གཡས་པས་འཇིག་རྟེན་གྱི་དབང་པོ་ཆེ་ཐམས་ཅད་ཀྱི་སྙིང་བརྫིས་པ། གཡོན་པས་འཇིག་རྟེན་གྱི་དབང་མོ་ཆེ་ཐམས་ཅད་ཀྱི་སྙིང་རྩ་མནན་པ། གསང་བའི་མཁའ་གེ་སར་གྱི་དཀྱིལ་ནས། སྣང་སྲིད་ཐམས་ཅད་ཀྱི་འཕེལ་འགྲིབ་མཛད་པ། ཡེ་ཤེས་ཀྱི་གནས་རང་ལས་ཤར་བ་ལས་མ་གཏོགས་པ་ཀུན་ནམ་མཁའི་གཏིང་ཁུང་དུ་སྡུད་པ། སྤྱི་བོའི་གཙུག་ན་ཁྲག་གི་རལ་བ་གཅིག་གིས། སྲིད་པའི་མ་མོ་ཐམས་ཅད་དབང་དུ་སྡུད་པ། རི་རབ་ཀྱི་རྩེ་བུམ་པའི་ནང་ན་བཞུགས་སོ། །དེའི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། སྲིད་པ་ཆ་སྙོམས་མ་གཉིས་ཤིང་གི་སྐེད་པར་གནས་སོ། །ཡུམ་ཆེན་མོའི་འཁོལ་པོ་སྲིད་པ་ཞིག་འཛིན་དང་། སྲིད་པ་བྱན་བྱེད་གཉིས། ཤིང་གི་རྩ་བ་ན་གནས་ཏེ། རི་རབ་ཀྱི་ཕྱི་རོལ་ན་སྣང་ཞིང་སྲིད་པ་རིལ་ཚིག་ནས་མི་སྣང་བ་ལ། སྲིད་པ་བདེ་འགྲོ་མས་ཉི་ཟླ་དབང་དུ་སྡུད་པའི་ཕྱིར་འབྱུང་བ་ལྔའི་དྲོད་ལས་སྤྲུལ་པའི་བུ་མོ་མདོག་དཀར་ལ་གཡུའི་རལ་པ་ཅན་དཔྲལ་བའི་དབྱེས་ན་མིག་ཟུར་གསུམ་པ་གཅིག་ཡོད་པ། ལྕགས་དང་ཟངས་ཀྱི་གྲི་ཞགས་ལ་སྙིང་བརྒྱུས་པའི་ཞགས་པ་འཕེན་པ་ཞིག་སྐྱེས་པས། དེས་ཉི་ཟླ་སྟོང་ཐོད་དང་ཕྲེང་བར་བཅིངས་ནས། ཉི་ཟླ་ཟུང་གཅིག་བཏང་བ་ལས། གཟོད་སྲིད་པ་ཆ་སྙོམས་སོ། །
དེ་ནས་ཡུམ་བདེ་འགྲོ་མས་ཕྱི་རོལ་གྱི་སྣང་སྲིད་ཐམས་ཅད་ཕྱུང་ངོ་། །དེ་ནས་དཀར་མོ་ཉི་ཟླའི་ཐོད་ཕྲེང་ཅན་དེ་ང་ཉིད་ནི་གསང་བར་བཟུང་། རབ་ཏུ་གསང་ཞིང་སྦས་པ་ལས། མུ་སྟེགས་ཀཱ་ལ་ཆེན་པོ་ཞེས་བྱ་བ་རི་རབ་ཀྱི་འོག་རྒྱ་མཚོའི་གཏིང་ན་གནས་པས་མཐོང་སྟེ། བྱི་བའི་ལོ་ལ་ཡིད་ཀྱི་སྦྱོར་བ་གཅིག་བྱས་པ་ལས། གླང་གི་ལོ་ལ་བུ་མོ་སྤུན་བཞི་སྐྱེས་པ་དང་། ཁོལ་མོ་སྲིད་པ་ཆ་སྙོམས་མས་ལྟེ་བ་བཅད་དེ། བུ་མོ་སྤུན་བཞིའི་མིང་ཡང་མས་བཏགས་ཏེ། དབྱིངས་ཕྱུགས་མ་དང་།རྒྱན་གྱི་རྒྱལ་མོ་དང་། བདག་ཉིད་མ་དང་། གཅིག་པུ་མ་དང་བཞིར་བཏགས་སོ། །མིང་ཡང་ཆེས་ཏེ་དེ་བཞིས་སྲིད་པ་ཕུང་པ་དང་འདྲ་བ་ལན་ཅིག་བྱས་སོ། །དེ་ནས་ང་ཉིད་ཡེ་ཤེས་སྤྲུལ་པ་དང་། །སྲིད་པ་བདེ་འགྲོ་རྣམ་གཉིས་ཀྱིས། །ཡིད་ཀྱི་སྤྲུལ་པ་བཀྱེ་ནས་སུ། །འཇིག་རྟེན་ཕུང་བྱེད་དེ་བཞི་ཡི། །མངལ་ལ་སོགས་པ་དབང་དུ་བསྡུས། །ཧཱུྃ་ལས་སྤྲུལ་པའི་མ་མོ་བཞི། །དེ་བཞི་ལས་ཀྱིས་ནི་ཞེས་ཀྱང་བྱུང་བསྐྱེད་བྱས་སོ། །དེ་བཞིའི་མ་སྲིད་པ་ཆགས་བྱེད་མས་བྱས་སོ། །ཕྱི་མོ་དང་མས་མིང་བཏགས་ཏེ། རྡོ་རྗེ་ཉི་མ་ཁྲོས་པའི་དབང་མོ་ཆེ་དང་།རྡོ་རྗེ་པདྨ་ཁྲག་འཐུང་ཁྲོས་པའི་དབང་མོ་ཆེ་དང་། སྲིད་པ་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ་དང་། རྡོ་རྗེ་ཁམས་གསུམ་ཚོགས་བྱེད་ཁྲོས་པའི་དབང་མོ་ཆེ་དང་། བཞིར་བཏགས་སོ། །མིང་ལེགས་ནས་བུ་མོ་དེ་བཞི་ལས་མ་བཞི་དབང་དུ་བསྡུས་སོ། །དེ་ནས་སྲིད་པ་བདེ་བ་ལ་བཀོད་དོ། །སྤྲུལ་པའི་བུ་མོ་དེ་བཞི་དང་། །རིགས་ཀྱི་འབྱུང་བ་བཞི་པོ་རུ། །དཔག་བསམ་ཤིང་གི་ཡལ་ག་ལ། །འབྲུག་གི་ལོ་ལ་རྩེད་འཇོ་བ། །མུ་སྟེགས་ཀཱ་ལས་ཚོར་ནས་སུ། །སྡིག་ཆེན་དམོད་པའི་མཚོན་ཆ་ཡིས། །མཛའ་ནས་རྒྱུག་པ་ཁྱེད་ཅག་རྣམས། །ནལ་བུ་ལྟོ་རུ་ཆུད་ནས་སུ། །ངོ་ཚའི་བུ་ཡང་སྦེད་པར་ཤོག །ཅེས་དམོས་པ་དང་། དམོད་པ་སྡིགས་ཏེ། སྦྲུལ་གྱི་ལོ་ལ་བུ་མོ་སྤུན་བཞི་སྐྱེས་པ་དང་།ཡང་ཁོལ་མོ་སྲིད་པ་ཆགས་བྱེད་མས་ལྟེ་བ་བཅད་དོ། །དེ་ནས་མ་བཞི་ངོ་ཚ་ནས། རི་རབ་ཀྱི་ངོས་བཞིར་བསྐུངས་ཏེ་བཞག་པ་ལས། རྟའི་ལོ་ལ་བལྟ་བས་མི་བྲ་བའི་བུད་མེད་རྫུ་འཕྲུལ་ཆེ་ཞིང་མཚན་དང་ལྡན་པ་བཞི་དཔལ་ཆེན་པོས་གཟིགས་ནས། ཐུགས་ཀྱི་དགྱེས་སྡེ་གསང་བའི་ཡང་ཕྱི་མོར་བཟུང་ངོ་། །དཀར་མོ་མིག་གཅིག་རྒྱས་འདེབས་མ་དང་། ནག་མོ་རལ་ཆེན་རྨོངས་བྱེད་མ་དང་། དམར་མོ་དབང་སྒྱུར་ཟ་བྱེད་མ་དང་། སེར་མོ་ལས་མཁན་ཚེ་འཕེལ་མ། ཞེས་ཐུགས་ལས་མཚན་ཡང་བཏགས་སོ། །
དེ་ནས་དེ་རྣམས་ཀྱི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཁོལ་པོ་སྲིད་པ་ཞིག་འཛིན་གཉིས། ཁྱིའི་ལོ་ལ་དཔྱིད་ཟླ་ར་བའི་ཉ་ལ་ཁྱོ་ཤུག་ཏུ་འདུས་པ་དང་། ཕག་གི་ལོའི་དཔྱིད་ཟླ་ར་བའི་ཉ་ལ་བུ་ཁྱེའུ་གཅིག་སྐྱེས་ཏེ། ཇོ་མོ་ཉི་ཟླའི་ཐོད་ཕྲེང་གིས་སྐོས་རྗེ་དྲང་དཀར་དུ་མིང་བཏགས་ཏེ། བློན་པོར་བསྐོས་སོ། །དེ་ནས་དྲང་དཀར་དང་སྲིད་པ་ཆ་སྙོམས་མ་སྲུ་མཚན་གཉིས་ཁྱོ་ཤུག་ཏུ་འདུས་ཏེ། སྲིད་པ་ཆ་སྙོམས་སོ། །དེ་གཉིས་ལས་བུ་མོ་སྤུན་དྲུག་སྐྱེས་ཏེ། བཞི་ནི་ཁྲོས་པའི་དབང་མོ་ཆེ་བཞིའི་བློན་པོ་རྒྱལ་པོ་ཆེན་པོ་བཞིའི་ཆུང་མར་བླངས་ཏེ། རྗེ་མོས་རི་རབ་ཀྱི་གྲུ་བཞི་ནས་འདེགས་སུ་བཅུག་སྟེ། གྲུ་འདེགས་ཆེན་མོ་བཞིར་མིང་བཏགས་སོ། །
བུ་མོ་ཆུང་བ་སྤུན་གཉིས་ལ་གཅིག་ནི་སྲིད་པ་བྱན་མཁན་གྱིས་ཆུང་མར་བླངས་སོ། །ཇོ་མོ་ཉི་ཟླའི་ཐོད་ཕྲེང་གིས་ཧེ་རུ་ཀ་མིང་བཏགས་ནས། སྲིད་པའི་ཕྱ་མཁན་མོ་བྱན་བྱེད་དུ་བཅུག་གོ །དེའི་ནུ་མོ་ཐ་ཆུང་ཨེ་ཀ་ཙ་ར་ནི། དབྱིངས་ཕྱུག་མ་སྤུན་བཞི་ཡི་འཁོར་ན་གནས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལས་བུ་མོ་སྤུན་བཞི་སྐྱེས་ཏེ། དཀར་མོ་མཆེ་བ་ཅན། ནག་མོ་ཁ་ཡལ་མ། དམར་མོ་ཆུ་མཆུ་འཇིབ་མ།སེར་མོ་རྐང་ལྡག་མ་བཞི་སྐྱེས་ཏེ། དེ་བཞི་ཐུགས་ཀྱི་དགྱེས་སྡེ་མེ་བཞིའི་ཁོལ་མོར་ཐོབ་སྟེ། དམག་གི་རྒྱལ་མོར་བསྐོས་སོ། །དེ་ནས་ཁྲོས་པའི་དབང་མོ་ཆེ་བཞིའི་ཁོལ་མོ་ཨེ་ཀ་ཙ་ཏི་ཤུགས་ཀྱི་བློན་པོ། ལྷ་ཆེན་མོ་བདུན་གྱི་མ་ཆུང་མ་དང་སྲིན་མོ། ཞེས་ཀྱང་བྱུང་། སྲིང་མོ་ཆེན་མོ་བདུན་གྱིས་འཇིག་རྟེན་དུ་རབ་ཏུ་གནོད་པ་ལས། ཡུམ་ཆེན་མོའི་ཐུགས་ལས་སྤྲུལ་པ། དབྱིངས་ལས་ཤར་བའི་མ་མོ་གསུམ་དང་། མཁའ་ལ་རྒྱུ་བའི་མ་མོ་གསུམ་དང་། གསང་བ་བསྡུས་བའི་མ་མོ་གཅིག་སྟེ་ཐུགས་ཀྱི་སྤྲུལ་པའི་མ་མོ་བདུན་གྱིས། སྲིན་མོ་བདུན་བཏུལ་ལོ། །
དེ་ནས་གཙོ་མོ་བཅུ་བཞི་ལས། རྒྱན་གྱི་རྒྱལ་མོ་འོད་ཅན་སྤུན་བཞི་བྱ་བ་མངགས་ནས། བུ་མོས་མའི་དབང་ཕྲོགས་ཏེ། དབང་ཡང་མེད་མཐུ་ཡང་ཆུང་སྟེ། ཞེ་ངན་ཤ་སྟག་བྱེད་དོ། །དེ་ནས་རྒྱན་གྱི་རྒྱལ་མོ་དང་། ཁོལ་པོ་རྒྱ་ཕྱྭ་ལ་ཡ་བདུད་གཉིས། བྱི་བའི་ལོ་ལ་བྱི་བྱས་པའི་བུ། གླང་གི་ལོ་ལ་ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་།འདོད་པ་ཁམས་ཀྱི་གཙོ་མོ་གཉིས་མཚེ་མར་སྐྱེས་སོ། །དེ་ནས་ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་། ཇོ་མོ་ན་ཡང་ཇོ་མོ། སྲུ་མོ་ན་ཡང་སྲུ་མོ། བདག་ཉིད་མ་ཞེས་བྱ་བ་གཉིས། ཤིང་ན་བྱི་ས་ལའི་རྩེ་མོར། རྟའི་ལོ་ལ་ཚེས་བཅོ་ལྔ་ལ་མཛའ་ན་རྒྱུག་སྟེ། ནངས་པར་སོ་སོར་གྱེས་ནས་ཕྱིན་པས་སྲུ་མོའི་རྟིང་པ་ལ་ཁྲག་ཐིག་གཅིག་འདུག་པ་མཐོང་སྟེ། མི་གཙང་བའི་སེམས་སྐྱེས་ནས། མཆིལ་མ་གཅིག་བསྐྱུར་བ་དང་། ཁྲག་གི་སྟེང་དུ་སོང་སྟེ། ཁྲག་དང་མཆིལ་མ་འདྲེས་པས་བུ་ཚ་མིང་སྲིང་གཉིས་མཚེ་མར་སྐྱེས་ཏེ། ལུག་གི་ལོའི་ཚེས་བཅུ་བཞི་ལ་གནམ་གྱིང་གྱི་ལྷ་འང་སྣང་དཀར་པོ་སྐྱེས། ཚེས་བཅོ་ལྔ་ལ་ས་བདག་པདྨ་ཕྲེང་སྐྱེས། དེ་ནས་ཡང་དབྱིངས་ཕྱུག་མ་དང་།ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་གཉིས་སྤྲེའུ་ལོ་ལ་བྱི་བགྱིས་པའི་བུ། བྱའི་ལོ་ལ་མིང་སྲིང་གཉིས་མཚེ་མར་སྐྱེས་ཏེ། མིང་པོ་ནི་ཤར་ཕྱོགས་ཀྱི་ཤེལ་སེང་གེ །སྲིང་མོ་ནི་པདྨ་གར་གྱི་དབང་ཕྱུག་མ་ཡིན་ནོ། །དེ་ནས་ཡ་ཡང་བདུད་དང་། ཨེ་ཀ་ཙ་ཏི་ཁྱོ་ཤུག་གཉིས་ལས། བུ་མོ་སྤུན་གཉིས་སྐྱེས་ཏེ། ཆེ་བ་ནི་འཇིག་རྟེན་སྲིད་འདེགས་ཞེས་བྱ་བ་ནམ་མཁའི་རྒྱལ་མོའོ། །ཆུང་ངུ་ནི་གླིང་བཞི་སྤྱི་ཕུད་མ་ཞེས་བྱ་སྟེ། འཇིག་རྟེན་དབང་སྡུད་མའོ། །སྲིད་པ་ཆ་སྙོམས་མ་ནི་ཧེ་རུ་ཀ་སྣིར་ཞེས་བྱ། སྲིད་པ་ཆགས་བྱེད་མ་ནི་ལྷ་མོ་ཚོགས་ཀྱི་རྗེ་མོ་ཞེས་བྱ། ཨེ་ཀ་ཙ་ཏི་ནི་མི་ཡོངས་ཀྱི་བདག་མོ་ཆེ་ཞེས་བྱ། གྲུ་འདེགས་མ་ཆེན་མོ་བཞི་ནི། ཧར་ཏིང་དཀར་མོ་དང་། དུན་ཏིང་ནག་མོ་དང་། ཤན་ཏིང་དམར་མོ་དང་། གྲུབ་ཏིང་སེར་མོ་དང་བཞིའོ། །མ་མོའི་དཀྱིལ་འཁོར་ཆེན་མོ་བརྒྱད་ལ། ཡུམ་སྲིད་པ་བདེ་འགྲོ་མ་ནི། ཡོངས་སུ་རྫོགས་པ་གྲུབ་ལྡན་མཆོག་གི་དཀྱིལ་འཁོར་ཞེས་བྱའོ། །དཀར་མོ་མིག་གཅིག་མ་ནི་ཉི་ཟླ་སྟོང་གི་དཀྱིལ་འཁོར་ཞེས་བྱའོ། །
ཁྲོས་པའི་དབང་མོ་ཆེ་བཞི་ནི། སྙིང་རྗེ་བྱམས་མའི་དཀྱིལ་འཁོར་རོ། །དཀར་མོ་མིག་གཅིག་མ་ལ་སོགས་པ་བཞི་ནི། གསང་དགྱེས་པའི་དཀྱིལ་འཁོར་རོ། །དབྱིངས་ཕྱུག་མ་བཞི་ནི། ཕུང་བྱེད་སྦས་པའི་དཀྱིལ་འཁོར་རོ། །ཡང་རྣམ་པ་གཅིག་ཏུ་ཡུམ་ཆེན་མོ་བཞི་དང་ཉི་ཟླ་ཐོད་ཕྲེང་ཅན་ནི་ཡོངས་སུ་རྫོགས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དཔལ་ཆེན་པོ་དང་གཉིས་སུ་མེད་དོ། །ཁྲོས་པའི་དབང་མོ་ཆེ་བཞི་ནི། སྐྱེ་འགྲོ་ཡོངས་སུ་སྐྱོང་བའི་དཀྱིལ་འཁོར་ཏེ། བདུད་རྩི་བུམ་པ་གང་དང་འདྲའོ། །ཐུགས་ཀྱི་དགྱེས་སྡེ་ཆེན་མོ་བཞི་ནི། གེ་སར་ཡོངས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། གསང་བའི་དྲོད་ཆགས་འཛིན་ཀུན་གྱི་བདག་མོ་ཡིན་ནོ། །དེ་རྣམས་ཀྱི་ཁོལ་མོ་མ་ཚོགས་བརྒྱད་དེ། སྲིད་པ་ཆགས་བྱེད་མ་ནི། ཆགས་འཛིན་མའི་ཚོགས་སོ། །སྲིད་པ་ཆ་སྙོམས་མ་ནི། སྙོམས་བྱེད་ཆེན་མོའི་ཚོགས་སོ། །སྲིད་པ་གྲུ་འདེགས་མ་ནི་གླིང་བཞི་སྤྱི་འགྲོ་མའི་ཚོགས་སོ། །ཨེ་ཀ་ཙ་ཏི་ནི་ཕོ་ཉ་ཀུན་གྱི་ཚོགས་སོ། །དམག་གི་རྒྱལ་མོ་བཞི་ནི་དྲི་ཟ་ལ་སོགས་པ་རིགས་སོ་སོ་ཡོངས་ཀྱི་ཚོགས་སོ། །ཨེ་ཀ་ཙ་ཏི་དང་། འདོད་ཁམས་ལྷའི་གཙོ་མོ་ནི། བུད་མེད་ནག་མོའི་ཚོགས་སོ། །རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། པདྨ་གར་གྱི་དབང་ཕྱུག་མ་གཉིས་ནི། ཉུལ་བྱེད་ཆེན་མོའི་ཚོགས་སོ། །རིན་ཆེན་སྲིད་འདེགས་མ་དང་། གླིང་བཞི་སྤྱི་ཕུད་མ་གཉིས་ནི། སྨན་ཕྲན་ཀུན་གྱི་ཚོགས་སོ། །
དེ་ནས་ཨེ་ཀ་ཙ་ཏིའི་ནུ་མོ་ཨེ་ཀ་ཙ་རས་བསམ་པས། ཇོ་མོའི་ནང་ན་ཡང་བདག་གི་ཇོ་མོ་གུད་སང་དབང་ཆུང་སྟེ་བདག་ཀྱང་ཁོལ་མོའི་ནང་ན་གུད་པར་དབང་ཆུང་བས། ངན་ཐབས་ཤིག་བྱའོ་སྙམ་པ་ལས། ཇོ་མོ་གཅིག་པུ་མས་བྱི་སྣ་བྱས་ཏེ། རྒྱ་མཚོའི་གཏིང་ནས་ཆུ་སྲིན་གྱི་རྒྱལ་པོ་ཀུམྦྷི་ར་མ་ཀ་ར་ཞེས་བྱ་བ་བཀུག་ནས། དུག་ཤིང་གདུག་པ་ཅན་ཞིག་གི་ཕག་ཏུ། སྟག་གི་ལོ་ལ་ཉལ་བོ་བྱེད་དུ་བཅུག་པའི་བུ། ཡོས་བུའི་ལོ་ལ་མིང་སྲིང་གཉིས་སྐྱེས་ཏེ། མིང་པོ་དཀར་པོ་མིག་གཅིག་པ་སྐྱེས། སྲིང་མོ་ནག་མོ་ཁྲག་འཛག་མ་སྐྱེས་ནས། ནད་གཏོང་བར་གྱུར་ཏོ། །དེ་ནས་མིང་པོས་མའི་གཟི་མདངས་འཕྲོགས། འཇིག་རྟེན་ཡོངས་ཀྱི་མཐུ་ཡང་རྐུ་བར་བྱེད་པ་ལས། སྲུ་མོ་ཨེ་ཀ་ཙ་ཏིས་ཚོར་ཏེ། ཇོ་མོ་ཁྲོས་པའི་དབང་མོ་ཆེ་བཞི་ལ་ཞུས་ནས། རྗེ་འབངས་ལྔས་བསྒྲལ་བ་ལས། ལུས་གཅིག་གི་ནང་ནས་ཙིཏྟ་བཅུ་ཕྱུང་པ་ལས། གཅིག་ནི་སྙིང་གི་བདག་མོ་ལ་ཕུལ། དགུ་ལས་གསུམ་རྒྱལ་ཐེའུ་ཁྲ་བོ་དང་ཏྲི་ཤ་ཁ་དང་། རྐན་ཐོབ་ཏོ་གསུམ་སྟེ་རྒྱལ་པོའི་སྲིད་ལ་གནོད། གསུམ་བར་ཐེའུ་སྨུག་པོ་དང་། ལེགས་ཐེའུ་ཁྲ་བོ་དང་། ས་ཐེའུ་ནག་པོ་དང་གསུམ་གྱིས་མི་ཡོངས་ལ་གནོད་དོ། །གསུམ་ཕྱོགས་ཕྱོགས་སུ་གྱུར་ཏེ། བྲག་སྲིན་དང་། ཤིང་སྲིན་དང་། ཆུ་སྲིན་དང་གསུམ་དུ་གྱུར། དགུ་ཀའི་རྐང་པ་ཡ་རེ་བཅག་ནས། གནམ་ཁྱི་དཀར་པོ་ཁོལ་དུ་བཅུག་གོ །དེ་ནས་འབྲུག་གི་ལོ་ལ། ཨེ་ཀ་ཙ་ར་མ་མངལ་མི་བདེ་བས་མཉེར་བཙིར་བ་ལས། གདོང་སོག་པོ་ལ། མིག་ལོང་བ། ལུས་སྤྱང་ཀི་ལ་ཁོག་པ་ལ་སྙིང་གསུམ་ཡོད་པ་གཅིག་སྐྱེས་པ་ལས། འདི་ནི་སུ་ལ་ཡང་ཆ་མེད་པས་དགྲའི་སྙིང་འབྱིན་པ། བྱམས་པའི་ལན་ལྡོན་པར་འོངས་ཏེ་ལས་སུ་རུང་ངོ་སྙམ་ནས། དགའ་ཞིང་འདུག་པ་ལས། གཙོ་མོ་ཉི་མ་ཐོད་ཕྲེང་ཅན་གྱིས་ཚོར་ཏེ། སྙིང་གཉིས་ཁར་བཅུག་སྟེ་ཤེལ་གེ་ལ་ཁོལ་པོར་བྱིན་ཏེ་བཏང་ངོ་། །ཞེས་གསུངས་སོ།། །།
མ་མོའི་རབས་རྒྱུད། བདུད་མོ་བཀོལ་བྱུང་ནམ་མཁའི་རྒྱུད་ལས་བཏུས།
ཧཱུྃཿ རི་རབ་གླིང་བཞི་ནི་རྒྱན་གསལ་བ། །དབུས་ནས་དཔག་བསམ་ཤིང་གཅིག་འཁྲུངས། །དཔག་བསམ་ཤིང་གི་རྩ་བ་ན། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཁྱི་ལི་ལི། །དཔག་བསམ་ཤིང་གི་ཤུན་པ་ལ། །ཞེ་སྡེང་མེ་འབར་ལམས་སེ་ལམ། །དཔག་བསམ་ཤིང་གི་ལོ་མ་ལ། །གཏི་མུག་མུན་པ་ཐིབས་སེ་ཐིབ། །དཔག་བསམ་ཤིང་གི་ཁོང་སྲོག་ལ། །ང་རྒྱལ་ཁྲག་ཆེན་ཐབས་སེ་ཐབ། །དཔག་བསམ་ཤིང་གི་རྩེ་མོ་ན། །ཕྲག་དོག་ཚུབ་ནག་ཁྱི་ལི་ལི། །ཆགས་སྡང་རྣམ་ལྔ་ཚང་བའི་ཤིང་གཅིག་གདའ། །དཔག་བསམ་ཤིང་གི་རྩེ་མོ་ན། །ཕྲག་དོག་ཚུབ་མའི་ནང་ཤེད་ན། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོ་ཞེས་ཀྱང་བྱ། །སྐོས་རྗེ་བྲང་དཀར་ཞེས་ཀྱང་བྱ། །སྲིད་པའི་སྐོས་མཁན་ཞེས་ཀྱང་བྱ། །དཔག་བསམ་ཤིང་གི་རྩེ་ལ་བཞུགས། །དཔག་བསམ་ཤིང་གི་རྩ་བ་ན། །འདོད་ཆགས་ཁྲག་གི་མཚོའི་དཀྱིལ་ཤེད་ན། །མ་ཕྱ་སངས་འབུམ་གྱི་རྒྱལ་མོ་བཞུགས། །བདུད་མོ་བརྒྱ་བྱིན་ཀུན་དགའ་མོས་ཀྱང་བྱ། །སྲིད་པའི་སྐོས་འདིང་རྒྱལ་མོ་བཞུགས། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོ་དེས། །ཐུགས་ཀྱི་ཡིག་འཕྲིན་རྒྱ་མཚོའི་གཏིང་དུ་བསྐྱལ། །མ་ཕྱ་སངས་འབུམ་གྱི་རྒྱལ་མོ་དེས། །ཐུགས་ཀྱི་ཡིག་འཕྲིན་རི་རབ་རྩེ་ལ་བསྐྱལ། །འདོད་ཆགས་སྲིད་ལེའི་བྱ་རུ་ལྟས། །བར་སྣང་ཁམས་ལ་སྦྱོར་བ་མཛད་པ་ལས། །ཡིད་ཀྱི་སྟོང་ཐལ་གྱི་སྐྱེས། །དཔག་བསམ་ཤར་ཕྱོགས་ཡལ་ག་ལ། །དུང་སྒོང་དཀར་པོའི་ཚང་ཞིག་བཅས། །ཕྱི་ཡི་སྒོ་ང་ཡང་ནི་བཅས། །བར་གྱི་བདར་བཅད་ནང་གི་པྲི་བརྟོལ་བས། །དུང་གི་གུར་གཅིག་ཁྱི་ལི་ལི། །དར་དཀར་ཡོལ་བྲེས་མེ་རེ་རེ། །དུང་གི་ཕྱིང་དཀར་ཁྲིགས་སེ་ཁྲིག །བསེ་ཡི་ནང་མཁར་ཀྲོངས་སེ་ཀྲོང་། །དུང་འདྲ་གུར་ཡོལ་ནང་ཤེད་ན། །བུད་མེད་དཀར་མོ་དུང་གི་རལ་པ་ཅན། །ཕྱག་ན་དུང་གི་ག་འུ་བསྣམས། །སེམས་ཅན་ཀུན་ལ་འཚེ་བར་བྱེད། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པ། །མཁའ་ལ་འགྲོ་ཞིང་སེམས་ཅན་རུས་བདག་མཛད། །མཁའ་འགྲོ་རྣམ་སྣང་སེམས་ཅན་རུས་ཀྱི་བདག །དེ་ཕྱིར་རྣམ་སྣང་རུས་བདག་ཆེན་པོས་བྱའོ། །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་པ། །སྣང་སྲིད་འབྱུང་བ་ས་ཡི་བདག་མོས་བྱའོ། །འབྱུང་བ་ས་ལ་དབང་སྒྱུར་ཞིང་། །སྐྱེ་འགྲོ་མ་རུང་བ་ལ་མངའ་མཛད་མ། །ལས་སུ་རུས་ནད་ཆེན་མོ་གཏོང་། །རུས་བདག་ཆེན་མོའི་ཐུགས་དམ་བསྐང་། །ལྷོ་ཕྱོགས་དཔག་བསམ་ཡལ་ག་ལ། །གཡུ་སྒོང་སྔོན་པོའི་ཚང་ཞིག་བཅས། །ཕྱི་ཡི་སྒོ་ང་ཡ་ནི་བཅག །བར་གྱི་བདར་བཅད་ནང་གི་པྲི་བརྟོལ་བས། །གཡུ་ཡི་གུར་ཅིག་སྐོངས་སེ་སྐོང་། །བྱུ་རུའི་བྱིང་དཀར་ཁྲིགས་སེ་ཁྲིག །དེ་འདྲའི་གུར་ཡོལ་ནང་ཤེད་ན། །བུད་མེད་སྔོན་མོ་གཡུ་ཡི་རལ་པ་ཅན། །ཕྱག་ན་གཡུ་ཡི་ག་འུ་བསྣམས། །སེམས་ཅན་ཀུན་ལ་འཚེ་བར་བྱེད། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པ། །མཁའ་ལ་འགྲོ་ཞིང་སེམས་ཅན་དྲོད་ཀྱི་བདག །ཕྱིར་འོད་གསལ་སེམས་ཅན་དྲོད་ཀྱི་བདག །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་པ། །སྣང་སྲིད་འབྱུང་བ་མེ་ཡི་མངའ་བདག་མོ། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །སྐྱེ་འགྲོའི་དྲོད་ལ་མངའ་མཛད་མ། །ལས་སུ་རིམས་ནད་རྣམ་ལྔ་གཏོང་། །དྲོད་བདག་ཆེན་མོའི་ཐུགས་དམ་བསྐང་། །ནུབ་ཕྱོགས་དཔག་བསམ་ཡལ་ག་ལ། །ཟངས་སྒོང་དམར་པོའི་ཚང་ཞིག་བཅས། །ཕྱི་ཡི་སྒོ་ང་བཅག་བར་གྱི་བདར་བཅད། ནང་གི་སྲི་ཡང་བརྟོལ། ཟངས་གུར་ཅིག་སྐངས་སེ་སྐང་། དར་དམར་ཡོལ་བྲེས་མེ་རེ་རེ། །གཡུ་ཡི་ནད་འཁོར་ཁྲིགས་སེ་ཁྲིག །སྲེ་ཡི་ཕྱིང་དཀར་ཟངས་སེ་ཟང་། །དེ་འདྲའི་གུར་ཡོལ་ནང་ཤེད་ན། །བུད་མེད་དམར་མོ་བྱུ་རུའི་རལ་པ་ཅན། །ཕྱག་ན་ཟངས་ཀྱི་ག་འུ་བསྣམས། །ནང་ན་སེམས་ཅན་མངལ་ཁྲག་བླུགས། །སེམས་ཅན་ཀུན་ལ་འཚེ་བར་མཛད། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པས། །མཁའ་ལ་འགྲོ་ཞིང་སེམས་ཅན་ཁྲག་བདག་མཛད། །དེ་ཕྱིར་མཁའ་འགྲོ་གཉེན་བསལ་མ་ཡིས་བྱས། །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་པས། །སྣང་སྲིད་འབྱུང་བ་ཆུ་ལ་མངའ་མཛད་མ། །སྐྱེ་འགྲོའི་ཁྲག་ལ་མངའ་མཛད་མ། །ལས་སུ་ཁྲག་ནད་ཆེན་མོ་གཏོང་། །ཁྲག་བདག་ཆེན་པོའི་ཐུགས་དམ་བསྐང་། །བྱང་ཕྱོགས་དཔག་བསམ་ཡལ་ག་ལ། །ཕྲ་སྟོང་ཁྲག་པའི་ཚང་བཅས་ནས། །ཕྱི་ཡི་སྒོང་བཅག་བར་གྱི་སྲི་བརྟོལ་བས། །འཕྲ་གུར་ཁྲ་བོ་སྐོངས་སེ་སྐོང་། །འཕྲ་ཡོལ་ཁྲ་བོ་ཁྱུད་དེ་ཁྱུད། །ཟངས་ཀྱི་ནམ་མཁའ་ཁྲིགས་སེ་ཁྲིག །དུང་གི་ཕྱིང་དཀར་ཁྲིགས་སེ་ཁྲིག །དེ་འདྲའི་གུར་ཡོལ་གྱི་ནང་ཤེད་ན། །བུད་མེད་ཕྲ་མོ་བསེ་ཡི་རལ་པ་ཅན། །ཕྱག་ན་བསེ་ཡི་ག་འུ་བསྣམས། །སེམས་ཅན་ཀུན་ལ་འཚེ་བར་བྱེད། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པ། །མཁའ་ལ་འགྲོ་ཞིང་སེམས་ཅན་དབུགས་མཛད་མ། །དེ་ཕྱིར་མཁའ་འགྲོ་ཡང་གསལ་གཡོས། །མ་ཕྱ་སངས་འབུམ་གྱིས་མིང་བཏགས་པས། །སྣང་སྲིད་འབྱུང་བ་རླུང་གི་མངའ་བདག་མོ། །འབྱུང་བ་རླུང་ལ་མངའ་མཛད་མ། །སྐྱེ་འགྲོའི་དབུགས་ལ་མངའ་མཛད་མ། །ལས་སུ་རླུང་ནད་སྐྱ་ལྒངས་གཏོང་། །དབུགས་བདག་ཆེན་མོའི་ཐུགས་དམ་བསྐང་། །དཔག་བསམ་ཤིང་གི་རྩེ་མོ་ན། །ལྕགས་སྒོང་ནག་པོའི་ཚང་ཞིག་བཅས། །ཕྱི་ཡི་སྒོང་བཅག་བར་གྱི་བདར་བཅད། །ནང་གི་པྲི་བརྟོལ་བས། །ལྕགས་ཀྱི་གུར་ཅིག་སྐོངས་སེ་སྐོང་། །མཐིང་ནག་ཡོལ་བྲེས་མེ་རེ་རེ། །རིན་ཆེན་སྣང་ལྔའི་བྱིང་དཀར་ཁྲིགས་སེ་ཁྲིག །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པས། །མཁའ་ལ་འགྲོ་ཞིང་སེམས་ཅན་བཀྲག་བདག་མཛད། །དེ་ཕྱིར་མཁའ་འགྲོ་བཀྲག་གསལ་མ། །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་པ། །སྣང་སྲིད་འབྱུང་བ་ནམ་མཁའི་མངའ་བདག་མོ། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །སྐྱེ་འགྲོའི་བཀྲག་ལ་མངའ་མཛད་མ། །ལས་སུ་ཡམས་ནད་སྣ་ལྔ་གཏོང་། །བཀྲག་བདག་ཆེན་མོའི་ཐུགས་དམ་བསྐང་། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོ་དང་། །མ་ཕྱ་སངས་འབུམ་གྱི་རྒྱལ་མོ་གཉིས། །རི་རབ་བུམ་བའི་ནང་དུ་སྦྱོར་བ་མཛད་པ་ལས། །རྫུ་འཕྲུལ་མངའ་བའི་མི་མོ་ཅིག་ཏུ་བྱུང་། །མཐིང་ནག་འབར་བའི་གཞལ་ཡས་ནས། །མི་ནད་སྣ་ཚོགས་འབེབས། །དབུ་དང་སྤྱན་ནི་ཇི་ལྟར་སྟོན། །དབུ་ལ་རིན་ཆེན་རལ་པ་ཅན། །གཡས་ཀྱི་ཕྱག་ན་ཁྲག་འཐོར་མ། །མི་ནད་ཕྱུགས་ནད་སྣ་ཚོགས་འབེབས། །གཡོན་ནས་བདུད་རྩིའི་མཆིལ་མ་འཐོར། །ནད་རྣམས་ཐམས་ཅན་བསིལ་བར་མཛད། །ཞལ་ནས་འབྲས་བུའི་བཅུད་འཛག་པས། །སྐྱེ་འགྲོ་ཀུན་གྱི་གསོས་མཛད་མ། །གཡས་ཀྱི་ཕྱག་གིས་སྲིད་རྩེ་བཟུང་། །སྲིད་པ་གསུམ་ཡང་ཐལ་བར་རློག །གཡོན་པས་འོག་གི་ས་གཞི་བཟུང་། །ཀླུ་རྣམས་ཀུན་ཀྱང་བྲེད་ཅིང་སྔངས། །ཁྱོད་ཀྱི་གསང་བའི་ལྷ་གང་ལས། །སྣང་སྲིད་ཐམས་ཅད་འཕེལ་འགྲིབ་མཛད། །རིན་ཆེན་རལ་པའི་གསེབ་ནས་ནི། །ཁྲག་གི་འོད་ཟེར་འཕྲོས་པ་ལས། །སྲིད་པའི་བུད་མེད་དབང་དུ་སྡུད། །ནད་དང་རིམས་ནད་ཐམས་ཅད་བདག །རི་རབ་བུམ་པའི་ནང་ན་བཞུགས། །སྣང་སྲིད་བདག་མོའི་ཐུགས་དམ་བསྐང་། །ཕ་དགུ་ཁྲི་སྟོང་གིས་མིང་བཏགས་པ། །སྣང་སྲིད་ཀུན་ལ་དབང་མཛད་མ། །དེ་ཕྱིར་དབང་བྱེད་རྒྱལ་མོས་བྱའོ། །མ་ཕྱ་སངས་འབུམ་གྱིས་མིང་བཏགས་པ། །ཐོག་མེད་སྲིད་པ་གསུམ་དུ་མཆི་མཛད་མ། །སྲིད་པ་བདེ་འགྲོ་མ་ཞེས་མིང་ཡང་བཏགས། །བདེ་འགྲོ་མ་ཡི་ཐུགས་དམ་བསྐང་། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོ་དང་། །ཕྱ་སང་འབུམ་གྱི་རྒྱལ་མོ་གཉིས། །ཆགས་པ་གཡོས་ནས་བར་སྣང་མཁའ་ལ་སྦྱོར་བ་མཛད་པ་ལས། །འབྱུང་བ་མེ་ལས་སྤྲུལ་པའི་བུད་མེད་གཅིག །དཀར་མོ་དུང་མདོག་གཡུ་ཡི་རལ་པ་ཅན་གཅིག་འཁྲུངས། །དཔྲལ་ན་མིག་གཅིག་སྣང་སྲིད་ལྟ། །གཡས་ན་ལྕགས་ཟངས་དྲིལ་ཞགས་འཕེན། །སྣང་སྲིད་ཐམས་ཅད་དབང་དུ་སྡུད། །གཡོན་པའི་སྙིང་གི་ཞགས་པ་བཀྲ། །ཙིཏྟ་ཀུན་གྱི་བདག་མོ་ནི། །ཉི་མ་སྟོང་གི་དབུ་རྒྱན་ཅན། །སྣང་སྲིད་ཐམས་ཅད་བདེ་ལ་བཀོད། །ཕ་ཡིས་མིང་བཏགས་སྲོག་གཅོད་འཁོར་ལོ་བསྒྱུར་བས་ན། སྲོག་གི་བདག་མོ་ཞེས་ཀྱང་བྱ། མ་ཡིས་མིང་བཏགས་པ། དཀར་མོ་ཉི་ཟླ་སྟོང་གི་ཐོད་དུ་བཅིངས་པས་ན། །དེ་ཕྱིར་ཉི་ཟླ་སྟོང་གི་ཐོད་འཕྲེང་ཅན་ཞེས་བྱ། །འཚེ་བའི་ནད་ཀྱི་དབང་བདག་མོ་བསྐང་། །ཡུམ་ཆེན་ཉི་ཟླའི་ཐོད་འཕྲེང་ཅན། །མུ་སྟེགས་ཀ་ལ་ནག་པོ་གཉིས། །ཡིད་ཀྱིས་སྦྱོར་བ་མཛད་པ་ལས། །གདུག་པའི་བུ་མོ་སྤུན་བཞི་མཆིས། །ཀ་ལ་ནག་པོས་མིང་བཏགས་པ། །སྲིད་པ་ཕུང་པར་བྱེད་པའི་ནག་མོ་གཉིས། །ཡིད་ཀྱི་འབུམ་གྱིས་མིང་བཏགས་པ། །དཀར་མོ་ཐོད་བཟང་མངའ་དབང་། །དེ་ཕྱིར་དབྱིངས་ཕྱུག་ཆེན་མོ་བྱའོ། །ནག་མོ་མི་བཟད་པ་ཡི་རྒྱན། །མདོག་བཟང་ནད་རྣམས་སྣ་ཚོགས་གཏོང་། །དེ་ཕྱིར་རྒྱན་གྱི་རྒྱལ་མོས་བྱའོ། །དམར་མོ་བཟང་བཞིན་མི་སྡུག །ལྐུག་པའི་ནད་རྣམས་འབེབས་པར་བྱེད། །དེ་ཕྱིར་བདག་ཉིད་མ་ཞེས་བྱའོ། །ལྗང་ནག་སྟོད་ཁམས་བརྒྱད་པར་མཛད། །འབྲས་ནད་ཐམས་ཅད་སྟོང་བར་བྱེད། །དེ་ཕྱིར་གཅིག་དགྲར་བཏགས། །གཡས་པ་ཁྲག་འཐོར་གཡོན་པ་སྙིང་ཡང་འབྱིན། །ནད་གཏོང་མི་ཟད་གདུག་པའི་བུད་མེད་བཞི། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཕུང་བྱེད་ནག་མོ་སྦས་པའི་མ་བཞི་དང་། །ནག་མོ་མི་ཟད་སྦྱོར་བ་བྱས་པ་ལས། །དབང་བྱེད་ལས་མཁན་མ་མོ་བཞི་ཞིག་འཁྲུངས། །ཕ་ཡིས་མིང་བཏགས་ཁྲོས་པའི་དབང་མོ་ཅན་བཞི་ཞེས། །མ་ཡིས་མིང་བཏགས་ནད་གཏོང་གདུག་པའི་ཚ་བ་འབེབས་མཛད་མ། །ཁྲོས་ཤིང་དབང་དུ་སྡུད་ཉི་མས་བརྒྱན། །དེ་ཕྱིར་ཉི་མ་འཁྲོས་པའི་དབང་མོ་ཆེ། །མངའ་ཁྲག་མངའ་མཛད་ནད་སྣ་ཚོགས་འབེབས། །པདྨོ་སྟོང་གིས་སྐུ་ལ་ལེགས་པར་བརྒྱན། །ཁྲོས་ནས་དབང་དུ་མ་ཡང་སྡུད། །དེ་ཕྱིར་བདེ་སྦྱོར་ཁྲོས་པའི་དབང་མོ་ཆེ། །སྲོག་ལ་མངའ་མཛད་བདུད་རྩི་སྦྱོར། །ཕྱག་ན་ག་འུ་བསྣམས་ཤིང་སྟོང་གསུམ་གསོས་མཛད་མ། །ཁྲོས་ནས་ཡང་དབང་དུ་སྡུད། །དེ་ཕྱིར་བདུད་སྦྱོར་ཁྲོས་པའི་དབང་མོ་ཆེ། །བྷ་ག་ཡོངས་ཀྱི་མཁའ་ལ་མངའ་མཛད་ཅིང་། །སྐྱེ་བའི་རྒྱུད་རྣམས་རྩད་ནས་གཅོད་པར་མཛད། །ཁྲོས་ནས་མ་ཡང་དབང་དུ་སྡུད། །དེ་ཕྱིར་བྷ་ག་ཁྲོས་པའི་དབང་མོར་བཏགས། །ཁྲོས་པའི་དབང་ཅན་གཡང་གཞི་ཁྲག་འཐོར་ཞིང་། །བདེ་བ་ཀུན་ལམ་ཐམས་ཅད་རྫོགས་མཛད་མ། །ཁྲོས་པའི་དབང་ཆེན་བཞི་ཡི་ཐུགས་དམ་བསྐང་། །ཁྲོས་པའི་དབང་ཆེན་མ་མོ་བཞི་རྣམས་དང་། །འབྱུང་བ་བཞི་ཡི་བདག་མོ་རྩེས་པ་ལས། །མུ་སྟེགས་ཀ་ལ་ནག་པོས་ཚོར། །མུ་སྟེགས་གདུག་བས་དམོད་པ་བོར་བ་ལས། །མཚའ་སྣ་བྱེད་པའི་བུད་མེད་ཁྱེད་རྣམས་ཀྱི། །ནལ་བུ་ལྟོ་རུ་བསྲེལ་ནས་ཀྱང་། །ངོ་ཚ་བུ་ཡང་སྦེད་པར་ཤོག །གདུག་པའི་དམོད་པ་དེ་བཙན་ནས། །བུ་མོ་སྤུན་བཞི་སྐྱེས་པ་ལས། །ཨ་མ་བཞི་ཡི་ངོ་ཚ་ནས། །རི་རབ་གླིང་བཞིར་བསྐུས་ནས་བཞག །བུད་མེད་བཟང་སྡུག་ལ་འདོད་ཆགས་པ་བཞི་འཁྲུངས། །ཕ་ཡིས་མིང་བཏགས་པ། །གླིང་བཞིའི་རྒྱལ་མོ་བྱའོ། །ཨ་མ་ཉི་མ་ཁྲོས་པས་མིང་བཏགས་པ། །དཀར་མོ་མིག་གཅིག་བྱ་རྒོད་ཐུལ་པ་ཅན། །ཚེ་ལ་དབང་བྱེད་སེམས་ཅན་དབང་སྡུད་མ། །དེ་ཕྱིར་དཀར་མོ་སྟོང་ཁམས་རྒྱས་འདེབས་མ་རུ་བཏགས། །ཨ་མ་པདྨ་ཁྲོས་པས་མིང་བཏགས་པ། །ནག་མོ་རལ་པ་ཅན་ཞིང་གི་གཡང་གཞི་གསོལ། །དབང་པོ་ཀུན་ལ་དབང་བྱེད་པས། །དེ་ཕྱིར་ནག་མོ་སྣང་སྲིད་རྨོངས་བྱེད་མར་བཏགས། །ཨ་མ་བདེ་སྦྱོར་ཁྲོས་པའི་མིང་བཏགས་པ། །དམར་མོ་མི་ཟད་ཆུ་སྲིན་གཡང་གཞི་གསོལ། །ཤ་ཁྲག་ཀུན་ལ་དབང་བྱེད་པས། །དེ་ཕྱིར་དམར་མོ་སྣང་སྲིད་ཟ་བྱེད་མ་རུ་བཏགས། །ཨ་མ་ཅ་ག་ཁྲོས་པའི་མིང་བཏགས་པ། །སེར་མོ་ལས་མཁན་རྨ་བྱའི་ཐུལ་པ་ཅན། །ཚེ་དབང་སྡུད་ཅིང་སྣང་སྲིད་འཕེལ་མཛད་མ། །དེ་ཕྱིར་སེར་མོ་ལས་མཁན་མ་རུ་བཏགས། །གཡས་པ་ཁྲག་འཐོར་བལ་ནད་འབེབས། །གཡོན་པ་གབ་འཐོར་མ་མོ་འབོད། །གླིང་བཞིའི་ངོས་ལ་དབང་གནས་པས། །སྒྲས་བདག་གླིང་གི་བདག་མོས་བྱའོ། །སྲིད་པ་སྐོས་རྗེ་བྲང་དཀར་ཡང་། །རི་རབ་ཁ་ལ་གནས་བཅས་ནས། །དཔག་བསམ་ཤིང་བུ་སྐྱེས་པ་ནས། །སྲིད་པ་ཆ་བྱེད་ཆ་སྙོམས་བཞུགས། །དེ་གཉིས་སྦྱོར་བ་མཛད་པ་ལས། །གདུག་པའི་མ་མོ་སྤུན་དྲུག་སྐྱེས། །ཕ་ཡིས་མིང་བཏགས་པས། །ཕུང་བྱེད་ནག་མོ་རལ་བ་ཅན་དྲུག་ཅེས་མིང་བཏགས་པ། །ཨ་མ་སྲིད་པ་ཆ་བྱེད་མ་ཡིས་མིང་བཏགས་པ། །རི་རབ་བྱང་ཤར་མཚམས་ལ་དབང་བྱེད་མ། །ན་བཟའ་སྤྲིན་དཀར་རྒྱན་གསོལ་མ། །ཨེ་ཀ་ཛ་ཏི་མ་རུ་མིང་ཡང་བཏགས། །དེ་ཡི་ནུ་མོ་ཐ་ཆུང་ནི། །ནུ་ངེས་སྟེངས་ཀྱི་ནང་ཤེད་ན། །ནག་མོ་མི་བཟད་མི་ཐོད་ཅན། །གཡས་ན་བདུད་ཀྱི་ཁྲམ་བམ་བསྣམས། །སེམས་ཅན་ཐམས་ཅད་ཁྲམ་ལ་འདེབས། །ཁྲམ་བདག་ཀུན་གྱི་ཁད་དཔོན་མ། །གཡོན་ན་ཤྭ་རྡེ་དཀར་ནག་འགྲེམས། །སེམས་ཅན་ཐམས་ཅད་ཤྭ་ལ་འདེབས། །ཤྭ་ལ་འདེབས་པའི་ཁད་དབོན་མཛད། །མཚན་ནི་ནད་ཀྱི་རྐྱལ་བ་འདེབས། །ནད་དང་རིམས་ཀྱི་བདག་མོ་ལགས། །བུ་མོ་ཡིན་ཏེ་དབང་ཡང་ཆེ། །མ་བདུད་མོ་ཡི་དབང་བྱས་ནས། །ཕུང་བྱེད་ནད་དང་དལ་འདེབས་མ། །ཡ་བདུད་ནག་མོ་དབང་བྱས་ནས། །ཡ་བདུད་གནམ་ནས་འདེབས་པར་བྱེད། །མཐིང་གི་གུར་ནག་ནང་ན་བཞུགས། །ནག་མོ་འདོད་ཁམས་གཙོ་རུ་བཏགས། །བཞི་ནི་རི་རབ་ཟུང་བཞིར་བཞག །རི་རབ་གྲུ་ཡང་འདེགས་སུ་བཅུག །རྒྱལ་ཆེན་བཞི་ཡི་ཆུང་མར་བྱིན། །སྲིད་པའི་གྲུ་འདེགས་ཆེན་མོ་སྟེ། །ཤན་ཏིང་དཀར་མོ་ཆེན་མོ་དང་། །དུན་ཏིང་ནག་མོ་ཆེན་མོ་དང་། །ཧར་ཏིང་དམར་མོ་ཆེན་མོ་དང་། །གྲུ་ཏིང་སེར་ལྗང་ཞེས་སུ་བཏགས། །བུ་མོ་ཡིན་ཏེ་དབང་ཡང་ཆུང་། །དེ་ཕྱིར་རི་རབ་གྲུ་ཡང་འདེགས་པར་བྱེད། །སྲིད་པའི་གྲུ་འདེགས་རྣམ་བཞི་དང་། །རྒྱལ་ཆེན་བཞི་རྣམས་དང་འཚོགས་པའི་སྲས། །མི་མོ་བཞི་རྣམས་སྐྱེས་པ་ལས། །ཕ་ཡུལ་འཁོར་སྲུང་གིས་མིང་བཏགས་པ། །ལག་ན་དར་དཀར་བ་དན་བསྣམས། །ཁྲག་འཐུང་ཀུན་ལ་དབང་སྒྱུར་མས། །དམག་གི་རྒྱལ་མོར་མིང་ཡང་བཏགས། །ཨ་མ་ཤན་ཏིང་དཀར་མོས་མིང་བཏགས་པ། །སྣང་སྲིད་སྐྱེ་འགྲོ་ཐམས་ཅད་ཀྱི། །ཡན་ལག་དབང་སྡུད་མཆེ་བ་གཙིགས། །དེ་ཕྱིར་དཀར་མོ་མཆེ་གཙིགས་མ་རུ་མིང་ཡང་བཏགས། །ཕ་འཕགས་སྐྱེས་པོ་ཡིས་མིང་བཏགས་པ། །གཤིན་རྗེ་ཁམས་ཀྱི་དབང་སྡུད་བཏགས། །དེ་ཕྱིར་དམག་གི་རྒྱལ་མོར་བཏགས། །ཨ་མ་དུན་ཏིང་ནག་མོས་མིང་བཏགས་པ། །སྣང་སྲིད་འབུམ་ལ་རཀྟའི་བདག །ནག་མོ་ཁ་རླན་ནད་འབེབས་མ། །དེ་ཕྱིར་ནག་མོ་ཁ་གཡལ་མ། །ཕ་མིག་མི་བཟང་གིས་མིང་བཏགས་པ། །ཀླུ་ཡི་དབང་སྡུད་ཕྱག་ན་དར་དམར་བ་དན་བསྣམས། །དེ་ཕྱིར་དམག་གི་རྒྱལ་མོར་བཏགས། །ཨ་མ་ཤན་ཏིང་དམར་མོས་མིང་བཏགས་པ། །དམར་མོ་ཀླུ་ནད་རྣམ་པ་སྣ་ཚོགས་འབེབས། །རྩ་ནད་འཆིང་ཞིང་ཞ་གྲུམ་ནད་འཆིང་མ། །དེ་ཕྱིར་དམར་མོ་མཆུ་འཇིབ་མ་རུ་བཏགས། །ཕ་རྣམ་ཐོས་སྲས་ཀྱིས་མིང་བཏགས་པ། །གནོད་སྦྱིན་དབང་སྡུད་དར་སེར་ཕྱག་ན་བསྣམས། །དེ་ཕྱིར་དམག་གི་རྒྱལ་མོ་ཞེས་ཀྱང་བྱ། །ཨ་མ་གྲུབ་ཏིང་སེར་ལྗང་མིང་བཏགས་པ། །སེར་མོ་སྣང་སྲིད་དབུགས་ལ་མངའ་མཛད་མ། །རྐང་དང་བཅུད་ལེན་ཟ་བྱེད་ཆེན་མོ་སྟེ། །དེ་ཕྱིར་སེར་མོ་རྐང་ལྡག་མ་ཞེས་བཏགས། །དམུ་དང་སྲིན་པོར་འཚོགས་པའི་སྲས། །མི་བཟད་རལ་ཅན་བདུན་འཁྲུངས་ཏེ། །ནགས་ཀྱི་བུ་མོ་ཆེན་མོ་ནི། །ལྷ་ཆེན་ཚོགས་ཀྱིས་བདག་ལ་བྱིན། །ནག་མོ་རྒྱལ་མཚོ་གཏིང་སྐེམས་མ། །སེམས་ཅན་ཁྲག་འཐུང་དབང་མོ་ཆེ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །ནག་མོ་དབང་སྡུད་ཅེས་སུ་བཏགས། །ཨ་མ་སྲིན་མོ་མགོ་འཕྱངས་མ་ཡིས་མིང་བཏགས་པ། །དབང་ཆེན་སེམས་ཅན་ཀུན་བསྒྲལ་བས། །དེ་ཕྱིར་དཔལ་ལྡན་ཤུགས་སྒྲོལ་མ་ཞེས་བྱ་བ། །དེ་འོག་དགའ་བྱེད་ཆུང་མ་ཡིན། །མཛེས་པའི་ཆ་བྱད་བཟུང་ནས་ནི། །འཆི་བདག་ཀུན་གྱི་གཟི་འཕྲོག་མ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །གཟི་འཕྲོག་བདག་མོ་ཆེན་མོས་བྱའོ། །མ་སྲིན་མོའི་རྒྱལ་མོས་མིང་བཏགས་པ། །རྒྱན་བཟང་སྲིད་པ་དབང་སྡུད་མ། །དཀར་མོ་ཀུན་བཟང་ཞེས་སུ་བཏགས། །དེ་འོག་བྱེད་སྣུའི་ཆུང་མ་ཡིན། །ནམ་མཁའི་དཀྱིལ་ནས་ནད་གཏོང་མ། །སྲིད་གསུམ་རྩེ་ལ་དབང་མཛད་མ། །དྲེགས་པ་ཀུན་གྱི་ཁ་ལོ་བསྒྱུར། །ཨ་ཕ་དམུ་ཡིས་མིང་བཏགས་པས། །ཚེ་བདག་ཆེན་མོར་མིང་ཡང་བཏགས། །ཨ་མ་སྲིན་མོའི་རྒྱལ་མོས་མིང་བཏགས་པས། །དཀར་མོ་ཟ་བྱེད་ཀུན་གྲགས་མ་ཞེས་བཏགས། །དེ་འོག་ཁྱབ་འཇུག་ཆུང་མ་ཡིན། །རྣལ་འབྱོར་དམ་ཚིག་ཉུལ་བྱེད་མ། །དེ་ཕྱིར་ཡེ་ཤེས་ཆེན་མོར་མིང་བཏགས་པ། །དེ་འོག་བྷྲིང་གི་རི་རབ་སྟིང་ཆུང་མ་ཡིན། །ཁྲག་གི་རྒྱལ་མོའི་ནང་ན་བཞུགས། །ནད་ཀྱི་དྲ་བ་མིག་དགུ་ཐོགས། །ཁ་རླངས་ནད་གཏོང་ཟ་བྱེད་མ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །ལག་རིངས་དགུག་པ་ཞེས་སུ་བཏགས། །ཨ་མ་སྲིན་མོའི་རྒྱལ་མོས་མིང་གཏགས་པ། །རྡོ་རྗེ་འོད་ཆགས་ཞེས་སུ་བཏགས། །དེ་འོག་མ་ཧཱ་ཀཱ་ལའི་ཆུང་མ་ཡིན། །དམར་མོ་སྒེག་མ་ལག་ན་ཞགས་པ་ཐོགས། །ཁམས་གསུམ་མ་ལུས་འཆིང་ཞིང་སྒྲོལ་བར་བྱེད། །ཨ་ཕ་དམུ་ཡིས་མིང་བཏགས་པ། །སྲིད་པ་ཐམས་ཅད་འཆིང་བྱེད་མ། །མ་སྲིན་མོའི་རྒྱལ་མོས་མིང་བཏགས་པ། །འཇིག་རྟེན་མེ་ཡིས་འགེངས་ཞིང་གསལ་མཛད་མ། །རྡོ་རྗེ་གསལ་འཕྲོས་ཞེས་སུ་བཏགས། །ཐ་ཆུང་གཞོན་ནུའི་ཆུང་མ་ཡིན། །མཐིང་ནག་འབར་བའི་རལ་བ་ཅན། །ལྕགས་ཀྱུ་ཐོགས་ཤིང་དབང་དུ་སྡུད་། །དམ་ལས་འདས་པའི་སྙིང་འབྱིན་མ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །འདྲེན་བྱེད་ཆེན་མོའི་མིང་ཡང་བཏགས། །ཨ་མ་སྲིན་མོས་མིང་བཏགས་པ། །དབུ་ལ་གཡུ་ཡི་རལ་བ་ཅན། །རལ་པའི་གསེབ་ནས་སྤྲུལ་བ་འགྱེད། །འགྱེད་བྱེད་གཡུ་ཡི་སྒྲོལ་མར་བཏགས། །ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ། །རི་རབ་བྱང་ཤར་མཚམས་ན་གནས། །བདག་ཉིད་མ་ཞེས་བྱ་བ་ནི། །ནུབ་ཀྱི་ཕྱོགས་ན་གནས་པ་ལས། །དེ་གཉིས་ཡིད་ཀྱིས་འཚོགས་པ་ལས། །དབུ་མངས་རལ་བ་འབར་བས་གཟིགས། །སྤྱན་མིག་སྣང་སྲིད་བྱ་ར་བྱེད། །གདུག་པའི་ལས་མཁན་ཆེན་མོ་སྟེ། །ཨ་ཕ་སྐྱེས་ཏོ་རེ་ཡིས་མིང་བཏགས་པ། །སྤྲུལ་བས་འཇིག་རྟེན་བསྒྲལ་བར་མཛད། །མ་བདག་ཉིད་མ་ཉིད་མ་ཡིས་མིང་བཏགས་པ། །རྫུ་འཕྲུལ་ཆེ་ཞིང་ལས་ལ་བརྩོན། །དེ་ཕྱིར་གར་གྱི་རྒྱལ་མོར་བཏགས། །ཡར་ལ་ཤོད་ཀྱི་སྐྱེས་ཏོ་དང་། །དབྱིངས་ཕྱུག་མ་ཞེས་བྱ་བ་ནི། །ཡིད་ཀྱིས་སྦྱོར་བ་བྱས་པ་ལས། །ནད་གཏོང་ཆེན་མོ་འཁྲུགས་པ་ལས། །དམར་ནག་འཇིགས་བྱེད་རལ་བ་ཅན། །ལག་ན་ཐོད་པ་ཁྲག་གིས་བཀང་། །གྲོང་ལ་འཐོར་ཞིང་ནད་འབེབས་ན། །ཕ་ཡིས་མིང་བཏགས་ནད་གཏོང་ཡིན། །མ་དབྱིངས་ཕྱུག་མ་ཡིས་མིང་བཏགས་པ། །ཁྲག་འཐོར་ཀླུ་རྣམས་དབང་བྱེད་པ། །ས་བདག་པདྨ་འཕྲེང་དུ་བཏགས། །རི་རབ་ཁ་ཁྱེར་ཤར་ཕྱོགས་ནས། །བདུད་ནག་གསོད་བྱེད་ཆེན་མོ་གནས། །རི་རབ་བང་རིམ་ཤར་ཕྱོགས་ན། །ཨེ་ཀ་ཛཱ་ཏི་གནས་པ་ལས། །དེ་གཉིས་སྦྱོར་བ་བྱས་པའི་བུ། །ཟ་བྱེད་བུད་མེད་གཉིས་ཅིག་འཁྲུངས། །ཨ་ཕ་བདུད་ཀྱིས་མིང་བཏགས་པ། །ཕུང་བྱེད་ནམ་མཁའི་རྒྱལ་མོས་བྱའོ། །ཨེ་ཀ་ཛཱ་ཏིས་མིང་བཏགས་པ། །སྔོན་མོ་རལ་གཅིག་གསེར་ཤྭ་བཅིབས། །ལག་ན་ཚེ་ཡི་བུམ་པ་བསྣམས། །ཚེ་དང་གཡང་གི་བདག་མོ་ཡིན། །རིན་ཆེན་སྲིད་འདེབས་མ་ཞེས་བཏགས། །དཀར་མོ་གཡུ་ཡི་གོ་ཅོག་ཅན། །ཆིབས་སུ་དུང་ཤྭ་གཡུ་ཆུང་ཆིབས། །ལག་ན་གསེར་གྱི་ལྕགས་ཀྱུ་བསྣམས། །ཁམས་གསུམ་ཐམས་ཅད་ཐལ་བར་རློག །གླིང་བཞི་ཀུན་ལ་དབང་བསྒྱུར་མ། །དེ་ཕྱིར་འཇིག་རྟེན་དབང་ཕྱུག་མ་རུ་བཏགས། །ལྷ་ཆེན་རྒྱལ་པོ་གྲགས་མཆོག་དང་། །དཀར་མོ་མིག་གཅིག་འཚོགས་པའི་སྲས། །ལས་ལ་མཁས་པའི་བུད་མེད་འཁྲུངས། །གླིང་བཞི་སྒྲུབ་ཅིང་ལས་ལ་བརྩོན། །བརྒྱ་བྱིན་མི་ཟད་སྲིན་མོ་ཡིན། །དེ་ཕྱིར་གླིང་བཞི་རྒྱལ་མོ་ལྷ་ཡི་སྲིང་། །གཤིན་རྗེ་ནག་པོ་ཆེན་པོ་དང་། །ནག་པོ་རལ་ཅན་ཚོགས་པའི་སྲས། །མི་ཡི་ལུས་ལ་གཅན་གཟན་སྡེར། །གདུག་པའི་བརྗིད་མེད་ནག་མོ་འཁྲུངས། །མཁའ་ལ་རྒྱུག་ཅིང་སྲོག་འཕྲོག་ཅིང་། །དེ་ཕྱིར་མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྙིང། །ཀླུ་ཡི་རྒྱལ་མོ་ཨ་ལྡན་དང་། །དམར་མོ་དབང་སྡུད་འཚོགས་པའི་སྲས། །གདུག་བྱེད་བུད་མེད་ལུས་པོ་ལ། །དབུ་ཡང་འཕྲ་མེན་དབུ་ཅན་འཁྲུངས། །དམར་ཆེན་ཁྲག་ལ་རོལ་མཛད་ཅིང་། །ཀླུ་ཡི་ལས་རྣམས་ཀུན་ལ་མཁས། །ཀླུ་ཡི་ཁམས་ལས་ཀུན་ལས་བསྐུལ། །དགའ་བོ་འཇོག་པོའི་སྲིང་མོ་ཡིན། །དེ་ཕྱིར་དཀར་མོ་གཡག་ཐོད་ཀླུ་ཡི་སྲིང་། །གནོད་སྦྱིན་རག་ཤ་བྱེད་དང་། །སོར་མོ་ལས་མ་འཚོགས་པའི་སྲས། །ནག་མོ་སྡེར་ཅན་གནོད་སྦྱིན་སྲིང་། །གནོད་སྦྱིན་དཀར་མོའི་སྲིང་མོ་ཡིན། །གླིང་བཞིར་རྒྱུག་ཅིང་ལས་ལ་བརྩོན། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །འཇིག་རྟེན་རྣམས་ཀྱི་སྲིང་མོ་སྟེ། །གདུག་བྱེད་ནད་གཏོང་འཕྲ་མེན་བུ། །ལག་ན་གློ་སྙིང་ནང་ཁྲོལ་ཐོགས། །མཁལ་མ་ཁྲག་གླང་སྙིམ་པར་འདེབས། །ཞེས་གསུངས་སོ།། །།
འདོད་ཁམས་བདག་མོའི་གཏམ་རྒྱུད། དངོས་གྲུབ་བརྟན་པར་གཟིགས་པའི་རྒྱུད་ལས་བཏུས།
སྔོན་འདས་པའི་དུས་མ་འོངས་པའི་སྔོན་རོལ་ན། སྲིད་པ་ཐམས་ཅད་ཡུམ་གྱི་བྷ་གར་ཤར་བར་མཁྱེན་ནས། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཔལ་ཧེ་རུ་ཀས། ཆོས་ཐམས་ཅད་ཐིག་ལེ་ཆེན་པོའི་ཚུལ་དུ་ཡེ་ནས་སངས་རྒྱས་ཤིང་། རང་རིག་པའི་ཡེ་ཤེས་ཆེན་པོ་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་དུ་མཉམ་ཞིང་དབྱེར་མི་ཕྱེད་དེ། ཐམས་ཅད་སོ་སོ་མ་ཡིན་རང་བཞིན་མེད་པ་ཡུམ་གྱི་བྷ་ག་ལས་ཕྱིན་ཅི་ལོག་ཏུ་རྣམ་པར་ཞེན་ཅིང་ལོག་པར་རྟོག་པས། བརྟགས་པའི་དབང་གིས་སྲིད་པ་ཐམས་ཅད་ཡུམ་གྱི་བྷ་གར་ཤར་བར་མཁྱེན་ནས། གསང་སྔགས་ལོག་པར་སྤྱད་པ་ཡིས། །སྲིད་པ་གསུམ་པོ་ཐམས་ཅད་ལ། །དྲེགས་པས་རིམ་པ་དབང་སྒྱུར་བ། །དགེ་བ་བྱེད་པ་བར་ཆད་བདུད། །ང་རྒྱལ་ཁེངས་པའི་གཤིན་རྗེ་དང་། །ཞེ་སྡང་དྲེགས་པའི་རཱུ་ཏྲ་དང་། །གཏི་མུག་མྱོས་པའི་སྲིན་པོ་རྣམས། །སེམས་ཅན་ཀུན་ལ་དབང་ཆེ་སྟེ། །སྲིད་གསུམ་མ་ལུས་རིམ་གྱིས་འདུས། །ང་རྒྱལ་དྲེགས་པའི་གཟུགས་འཆང་བ། །གཟུགས་ཕུང་ཆེ་ལ་གདོས་པ་རགས། །ང་རོ་ཆེ་ཞིང་གཏུམ་བག་ཅན། །སྲིན་པོ་ཤིན་ཏུ་མི་བསྒྲུངས་ལྡན། །ཕྱིན་ཅི་ལོག་ལ་ཡིད་ཆེས་པས། །མཚན་མའི་ཆོས་ལ་བློ་རྟས་ཏེ། །རང་བཞིན་མེད་པའི་དོན་དང་བྲལ། །བདག་རྟོག་ལོག་པར་རྟོག་པ་ཡིས། །སྲིད་པའི་ས་བོན་རྩུབ་མོས་འཕགས། །དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་། །བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར། །གལ་ཏེ་དེ་ལས་ཐར་ནས་ཀྱང་། །སླར་ཡང་སྲིད་པའི་ལུས་བླངས་ནས། །སྲིན་མོ་ཆེན་མོ་དེ་ལ་སྤྱོད། །སྲིན་མོ་དེ་ཡི་མཚན་ཉིད་ཀྱང་། །ཞེ་སྡང་འབར་བའི་དངོས་ཉིད་མཚུངས། །ཞེན་པ་མེ་ཡིས་རབ་ཏུ་ཚིག །མ་མོ་མཁའ་འགྲོ་ལ་སོགས་ཏེ། །ཆ་ལུགས་དུ་མས་བསྒྱུར་བྱས་ཤིང་། །སྲིད་གསུམ་དུག་ཅན་དབང་དུ་སྡུད། །ཤིན་ཏུ་རྔམས་པའི་འཁོར་དང་བཅས། །གསོད་པའི་ལས་ལ་དཔའ་ཞིང་གྲིམས། །ཤ་དང་ཁྲག་ལ་སོགས་བཅད་དེ། །དེ་ལྟ་བུའི་སེམས་དང་ལྡན་པའི་སྲིན་པོ་དང་སྲིན་མོ་ཆེན་མོ་གདུལ་བའི་གནས་སུ་མཁྱེན་ནས། ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ནས་ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ཏེ། ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག་པ་ཕྱག་བཞི་བཅུ་རྩ་གཉིས་པར་སྤྲུལ་ཏེ། དྲག་པོ་ང་རོ་ཧཱུྃ་ཞེས་བརྗོད་དེ། སྤྲུལ་པས་འཇིག་རྟེན་ཁམས་བཀང་ནས་སྲིན་པོ་འཁོར་དང་བཅས་པ་ཐུལ་བར་གྱུར་ཀྱང་། སྲིན་མོ་ཐུལ་བར་མ་གྱུར་ཏེ། ཡབ་མངོན་རྫོགས་རྒྱལ་པོས་ཧཱུྃ་ཞེས་བརྗོད་པས། སྲིད་པའི་དམན་མོའི་ཚོགས་ཐམས་ཅད་རང་བཞིན་གྱི་ཕོ་རྣམས་ཀྱི་སྟེང་དུ་འཕྲད་པས་བརྒྱལ་བར་གྱུར་ཏེ། འཁོར་ཐམས་ཅད་བརྒྱལ་བར་མཁྱེན་ནས། སྲིན་མོ་ཉིད་དབང་དུ་བསྡུ་བའི་ཕྱིར། ཧཱུྃ་རཾ་ཧཱུྃ་ལ་ནི་ཡོ་ག་ནི་སྟམ་པ་ནན། ཞེས་བརྗོད་པས། རང་བཞིན་གྲུབ་པ་མོའི་ཚོགས་དང་། ཡེ་ཤེས་པ་རྒྱལ་ཏེ་ཨ་ཀ་ཤ་སྟན་ནས་བཏིང་ངོ་། །དེ་ལྟར་བཏིང་ཡང་མ་ཐུལ་བར་མཁྱེན་ནས། པཉྩ་ཡོ་ག་ནི་ས་མ་ཡ་ཕཊ། ཅེས་པས། ཇོ་མོ་རྣམས་ཀྱང་འབྱུང་བ་ལྔའི་རྒྱལ་མོས་མནན་པ་དང་། དེ་ཡི་རྗེས་སུ་སྲིན་པོ་ཀྲོ་དྷི་ཤྭ་རི་དེ་ཉིད་སྤུ་ལངས་ཏེ་བྲེད་པར་གྱུར་ཏོ། །དེ་ལྟར་མཁྱེན་ནས་དེ་བཞིན་ཉིད་དུ་མུ་ཁ་ལེ་བྷ་ག་བདེ་ཀློང་ས་མ་ཡ་ཧཱུྃ་ཞེས་པས། འབྱུང་བ་ལྔ་ཡི་བདག་མོ་ཡང་ཡུམ་ཆེན་མོ་མུ་ཁ་ལེས་བརྫིས་པར་གྱུར་ཏོ། །དེ་ནས་སྲིན་མོ་ཀྲོ་དྷི་ཤྭ་རིས་དེ་མཐོང་བ་དང་། ཤིན་ཏུ་བསྔངས་ནས་བྲོས་ཏེ་འདོད་པའི་ཁམས་ལ་དབང་སྒྱུར་བའི་སྲིན་པོ་དང་། སྲིན་མོ་གཞན་དང་གནོད་སྦྱིན་མོ་ལ་ཐུག་པའི་བར་དུ་དབང་དུ་བསྡུས་ཏེ་གནས་སོ། །དེ་ནས་ཡབ་མངོན་རྫོགས་རྒྱལ་པོས་མཁྱེན་བཞིན་དུ། དེ་བཞིན་ཉིད་མུ་ཁ་ལེ་ས་མ་ཡ་སྟཾ་ཞེས་པས། ཡུམ་ཆེན་མོའི་ཞལ་ལྔ་ནས་ཧེ་རུ་ཀ་ལྔ་འཐོན་པར་གྱུར་ཏེ། བྷ་ག་ལྔའི་སྙོམས་པར་འཇུག་པའི་བྱང་ཆུབ་སེམས་ཀྱི་རྒྱུད་ལས། སྤྲུལ་པ་ཐ་དད་ཀྱིས་འཁོར་ཐ་དད་དབང་དུ་བསྡུས་པ་ཇི་ལྟ་བ་བཞིན་དུ། དཔལ་ཡཀྵ་ཧེ་རུ་ཀ་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ་སྤྲུལ་ཏེ་བཏུལ་བས། འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པ་བརྒྱལ་བར་གྱུར་ཏོ། །
དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་གསང་བའི་བདག་པོ་ལག་ན་རྡོ་རྗེ་སྤྲུལ་ཏེ། དུར་ཁྲོད་ཚོགས་ཀྱི་བདག་པོ་དང་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བཏུལ་ཏེ་འཁོར་དེ་ཉིད་ན་གནས་སོ། །དེའི་ཚེ་ལྷ་གནོད་འདུལ་འཁོར་དེ་ན་གནས་པ་སྟན་ལས་ལངས་ཏེ། མགྲིན་པ་བཏེག་གནས་གདོང་དྲང་བོར་བལྟས་ཏེ་ཐལ་མོ་སྦྱར་ཏེ། ཡབ་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྤྲུལ་བ་དང་བཅས་པ། གནས་ཐ་དད་ནས་འཁོར་ཐ་དད་པ་དང་བཅས་ཏེ་འདུས་པར་གྱུར་བ་འདི། ཐུགས་རྗེ་བསྐྱེད་དུ་གསོལ་ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུམ་གྱི་མཁའ་ལ་ཡིད་བྱེད་པ་པོ་ཉིད་སྙོམས་པར་ཞུགས་པ་ལས། བྱང་ཆུབ་སེམས་ཀྱི་འོད་ཟེར་རྒྱུན་མ་ཆད་པར་བཀྱེ་བ་ལས། ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྒྲིབ་པ་དག་པར་གྱུར་ནས། འཁོར་ཐམས་ཅད་ཀྱང་དྲན་པ་རྙེད་དེ་བདེ་བས་ཚིམ་པར་གྱུར་ཏོ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་ཉིད་སྤྲུལ་པ་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་ཏེ་འདི་སྐད་ཅེས་གསོལ་ཏོ། །དེ་རིང་ཕན་ཆད་ཁྱེད་ཀྱི་འབངས། །སྔགས་ཀྱི་བདག་པོར་བདག་ཅག་གཉིས། །མཐུ་དབང་བྱིན་གྱིས་བརླབ་ཏུ་གསོལ། །ཇི་ལྟར་འདི་དང་ཕྱི་མ་གཉིས། །བཀའ་རྣམས་འགྲོ་བའི་དོན་བསྒྲུབ་ཕྱིར། །གསུངས་པ་བཞིན་དུ་བདག་ཅག་བགྱིད། །གལ་ཏེ་དེ་ལྟར་མ་བགྱིས་ན། །མགོ་ལུས་སྙིང་ཡང་འགས་གྱུར་ཅིག །དུར་ཁྲོད་ཚོགས་ཀྱི་བདག་པོ་དང་། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ཕྱི་དུས་རྣལ་འབྱོར་ཕན་གདགས་ཕྱིར། །སྔོན་བྱུང་སྤྲུལ་པའི་ཚུལ་དང་ནི། །ཕྱིས་འབྱུང་སྤྲུལ་པའི་ཚུལ་སྨོས་ལ། །ཁྱེད་གཉིས་སྲོག་དང་མོན་མོ་རྣམས། །མ་ལུས་པར་ནི་དུས་འདི་སྨོས། །དེ་སྐད་བཀའ་སྩལ་ཐོས་པ་དང་། །འདོད་ཁམས་ལྕམ་དྲལ་འཁོར་བཅས་ཀྱིས། །སྟོན་པའི་བཀའ་ནི་གུས་པར་བླངས། །དཔལ་ཆེན་འབར་བའི་ཐུགས་རྗེ་ཡིས། །ཕྱག་རྒྱ་བཞི་ཡིས་དབང་དུ་བསྡུས། །ཐབས་དང་ཤེས་རབ་གཅིག་པ་ལས། །བྱང་ཆུབ་སེམས་ཀྱི་བྱིན་བརླབས་ཀྱིས། །སྐད་ཅིག་དེ་ལ་འཇིག་རྟེན་འདས། །ཞེས་གསུངས་སོ།། །།
འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྤུན་གསུམ་གྱི་གཏམ་རྒྱུད། རྒྱུད་ལས་བྱུང་བའི་ཆོས་སྐྱོང་སྲུང་མའི་གཏམ་རྒྱུད་ཕྱོགས་བསྡུས་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་ལས་བཏུས།
འཛམ་གླིང་བྱ་རྒོད་ཕུང་པོའི་གཡས། །ཟོར་ཐང་སྐྱ་མོའི་དཀྱིལ་ཉིད་ན། །བྲག་དམར་གཡེན་ཚའི་ཡང་ཐོག་ན། །ཨེ་ཀ་ཛ་ཏི་འདོད་རྒྱལ་གནས། །རྒྱ་སྐྱེགས་འདྲ་བའི་བྲག་ཕུག་ལ། །ཡབ་ཅིག་གཤིན་རྗེ་འདོད་རྒྱལ་གནས། །གཤིན་རྗེ་རལ་གཅིག་གསིགས་པ་དང་། །རལ་གཅིག་དེ་ལ་བཀའ་བསྒོ་བ། །ཕོ་མོར་གྱུར་པ་འུ་ཅག་གཉིས། །འདོད་ཆགས་སྤྱད་པའི་དུས་ལ་བབ། །རལ་གཅིག་འདོད་པའི་རྒྱལ་མོས་གསོལ། །མི་སྨན་འུ་བུ་ཅག་གཉིས་ལས་ནི། །སྲིན་གསུམ་ཕུང་བྱེད་གདུག་བྱེད་མ། །འཁྲུངས་ཕྱིར་དེ་སྐད་མ་གསུང་ཞིག །དེ་སྐད་ཞུས་པས་མ་གནང་སྟེ། །ཆགས་པའི་རྒྱུད་ཅིག་སྤྱད་པའི་ཚེ། །ཕྱི་དུས་བསྟན་པ་བསྲུང་པའི་ཆེད། །བདག་ཀྱང་དེ་རུ་སྤྲུལ་ཕྱིར་བཞུགས། །ཟླ་བ་བདུན་གྱི་ནམ་ཕྱེད་ན། །མ་ཡི་ལྷུམས་ནས་འཐོན་པ་ནི། །ཁ་མེད་མིག་མེད་བུང་བུང་པོ། །མ་ཉིད་ཡི་ཆད་འཕོངས་སུ་བོར། །གཉིད་ལོག་རྨི་ནས་སྔངས་ཏེ་སད། །བདག་གི་མཚན་ཉིད་མས་མཐོང་བ། །མིག་ནི་ཉི་མའི་ཟེར་བས་ཚ། །མཆེ་བ་ཟླ་ཚེས་འདྲ་བས་གཏམས། །ལག་ན་གསོད་པའི་མཚོན་ཆ་ཐོགས། །དེ་ཚེ་བདག་གིས་མ་ལ་བརྗོད། །ཀྱེ། བདག་ནི་ཚེ་སྲོག་བདག་མོ་ལགས། །མ་མ་ཟས་སྐོམ་ཅི་ལ་བགྱི། །མ་ཡིས་ལན་བླན་འཆིས་པ་ཡིས། །ཁ་ནས་ངན་སྔགས་ཆར་དུ་སྒྲོགས། །གཟུགས་མེད་སོད་ཆོད་ཟེར་བ་ཡི། །སེམས་ཅན་ཞོན་པ་ཅིག་ཏུ་མཐོང་། །བྲེད་ནས་མ་ཡིས་བདག་ལ་སྨྲས། །བུ་ཡི་ལས་སུ་སྲོག་གཅོད་གྱིས། །བུ་ཡི་ཟས་སུ་དམ་ཉམས་སྒྲོལ། །བུ་ཡི་སྐོམ་དུ་སྲིད་ཁྲག་འཐུང་། །དེ་སྐད་ཟེར་བ་འཁུམས་པའི་ཚེ། །བདག་གིས་སླར་ལ་གསོལ་བ་ནི། །ནུབ་རེ་སྲོད་དང་ནམ་གུང་ལ། །དམ་ཉམས་བརྒྱ་ཡི་ཤ་ཁྲག་བཟའོ། །བདག་གི་ཆ་ལུགས་མཐོང་བ་ཡིས། །རོགས་མོ་བྲེད་ནས་སྲོག་ཀྱང་སྨྲས། །བདུད་སྤྲུལ་བྲེད་ནས་སྲོག་སྨྲས་པ། །ཕྱི་དུས་རྣལ་འབྱོར་དོན་ཆེད་དུ། །མངོན་རྫོགས་ཡབ་ལ་དེ་རྣམས་དབུལ། །རུ་རུ་ཤད་ཤད་ཁཾ་ཁཾ། མ་མ་ཏྲུཾ་ཏྲུཾ། ཤ་ཤ་མ་མ་ཁ་ཐཾ། ཙིཏྟ་ཙིཏྟ་རྦད་རྦད། རིལ་རིལ་ཐུཾ་རི་ལི་ལི་སོད་སོད། དུ་ན་ཤག་པ་ཙི་ཁྲག་ནད་དུ་དྲིལ། ནི་རི་ཏི་དུ་ན་ཡ་ཚར་བུ་གསེར། ཆུ་དྲིལ་ཐུཾ་བྷྱོ། ཤ་ཐུན་ཁ་ཁ། ཁ་ཐུན་མུགས། སྲོག་ཐུན་རྦད། ཙ་ཐུན་རག་ཐུན་ཨ་ཤུག་ཡཾ། རཀྨོ་རཀྨོ་རུ་རུ་ཧཱུྃ། ཏིཥྚ་རྦད་ཡཾ། ཤཾ་ཤཾ་བདུད་ཕྲུག་སྲོག་ལུས་ཕྲོལ། ཛ་ཧཱུྃ་བཾ་ཧོ་རཾ་རཾ་ཛ་ཐུན་རག་ཐུན་ཨ་ཤུག་ཡཾ། རཀྨོ་རུ་རུ་ཧཱུྃ། ཏི་སྟ་རྦད་ཡཾ། ཤཾ་ཤཾ་ནག་མོ་སྲོག་ལུས་ཁྲོལ། དུད་ཐུན་མ་དང་བྷྱོ་ཀུན་མ་བྷྱོ། ར་མ་བུ་བྷྱོ། ཤཾ་ཤཾ་མ་བྷྱོ། མཱ་མ་ཁྲག་དུ་མཱ་མ་ཁྲག་ཏུ། ནི་ཤ་ཡཾ། མི་ཁྲག་ཐུན། ཤི་མཱ་ར་ཡ་བྷྱོ། ཁ་རག་རཀྨོ་རུ་ཁྲག་ཉོག །པ་ཙ་ཤིག་པ་ཙ་པ་ཙ་ཤིག །ཆིངས་སྡོམས་ས་མ་ཡ། ཐུཾ་ཐུཾ་རིལ་ཁུག་དཾ་དཾ་རིག་དུ་ཐུཾ་རིལ་མ་མ་རིག་དུ་ཐུཾ་རིལ། ཡང་ཅིག་བདག་གི་སྤྲུལ་པ་ནི། །འཛམ་གླིང་པ་ར་གཡུ་ལུང་ན། །ནལ་གྱི་སྡོང་ཆེན་བྱ་བའི་ཤིང་། །རྩ་བ་འདོད་ཆགས་མཚོ་རུ་ཁོལ། །རྩེ་མོ་ཞེ་སྡང་མེ་རུ་འབར། །ལོ་མ་གཏི་མུག་མུན་པ་གཏིབས། །ཤུན་པ་ང་རྒྱལ་བྲག་ཏུ་བཏགས། །ཁོང་ན་ཕྲག་དོག་ཚུབ་མར་འཚུབ། །ནག་པོ་བཀྲག་མེད་ཞེ་སྡང་ཅན། །ཁ་འདར་མགོ་དགུ་འདོད་ཆགས་མཚོ། །གནས་པ་ཞེ་སྡང་ཅན་གྱིས་མཐོང་། །ཆགས་སྐྱེས་འདོད་ཆགས་ཅན་ལ་སྨྲས། །བསྐལ་པ་བརྒྱ་རུ་འདོད་པས་ཕྲད། །ཆགས་པ་སྤྱད་པའི་དུས་ལ་བབ། །ཞེ་སྡང་བདག་ལ་སླར་སྨྲས་པ། །ཁ་ར་ནག་པོ་ཅི་ཟེར་ན། །འདོད་ཆགས་ཞེ་སྡང་འདུལ་བ་ལས། །སྲིད་གསུམ་ཕུང་བྱེད་བུ་འོང་ན། །འཛེར་ལ་ཁྲོས་ཆགས་ཡིད་ཀྱིས་སྦྱར། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དེ་དུས་སྤྲུལ་ཕྱིར་བདག་ཀྱང་བཞུགས། །ཉོན་མོངས་འདུས་པའི་བུ་སྤུན་གསུམ། །ཟླ་བ་གསུམ་ན་ངེས་པར་སྐྱེ། །སོལ་བའི་སྒོ་ང་ཆགས་མེད་དང་། །ཁྲག་གི་གྲོད་པ་ཁ་མེད་དང་། །དུག་གི་རྐྱལ་པ་སྲུབས་མེད་གསུམ། །རང་བཞིན་གཅིག་པའི་སྤུན་གསུམ་ཡིན། །སྲིད་གསུམ་དབང་དུ་སྡུད་པའི་ཕྱིར། །སོལ་བའི་སྒོ་ང་གནམ་དུ་སྤར། །དུག་གི་རྐྱལ་བ་ས་ལ་འཛུལ། །ཁྲག་དང་གྲོད་པ་བར་སྣང་འཕྱོ། །ཕ་དང་མ་ཡང་བཟང་བ་དང་། །བཙའ་བའི་སྐབས་ཀྱང་མ་རྙེད་དེ། །སྟེང་འོག་བར་སྣང་གསུམ་དུ་ཕུང་། །ཕ་མ་གཉིས་ཀྱང་ཟོས་ལ་ཁད། །ཕ་མ་གཉིས་ཀྱིས་དམོད་པ་བོར། །བུ་སྐྱེས་དགྲ་རུ་སོང་བ་འདི། །གཟུང་དུ་མ་བཏུབ་བཙར་མ་བཏུབ། །མཐུ་ཆེ་དབང་ནི་བཙན་པ་གཅིག །བར་སྣང་མཁའ་ནས་ཡས་ཤོག་ལ། །འདི་གསུམ་གཉེན་པོར་ངེས་པར་ཤོག །སྔོན་དུ་ཐུགས་ཀྱིས་དམ་སྩལ་བའི། །མངོན་རྫོགས་ཡབ་ནི་ཁྱོད་ཉིད་གཤེགས། །འདུལ་བའི་དབང་དུ་དགོངས་ནས་ཀྱང་། །སྣོད་གསུམ་རྡོལ་བས་སྤུན་གསུམ་བྱུང་། །ཕོ་མོ་སོལ་བའི་བུད་མེད་ནི། །ནག་མོ་མགོ་དགུ་སོལ་སྦྲུལ་གྱིས། །རྐང་ལག་སོལ་བའི་གཤོག་པ་ཅན། །ཡབ་ཀྱི་བནྡྷ་གཡོན་པ་ནས། །བདུད་རྩི་གཡང་དུ་བླུགས་ནས་ཀྱང་། །སུག་པ་གཡས་པར་རྡོ་རྗེ་གནང་། །གསང་སྔགས་སྨོད་པའི་སེམས་ཅན་ལ། །གནམ་གྱི་ཡེ་བདུད་དབང་ཡང་བསྐུར། །མིང་དབང་གནས་ཀྱི་ཡེ་བདར་མོ། །འབྲིང་མ་འདོད་ཆགས་ཁྲག་གི་མི། །ཁྲག་གི་རལ་པ་གཏིང་ཟབ་ཅན། །ཟངས་ཀྱི་ཀྱེ་ལེའུ་གདོང་དྲུག་ཞོན། །དེ་ལ་དབང་གསུམ་བསྐུར་ནས་ཀྱང་། །གྱིང་དབང་བར་སྣང་གློག་མ་སྲིན། །ཐ་ཆུང་དུག་གི་བུད་མེད་ལ། །དུག་སྦྲུལ་མགོ་བདུན་གཤོག་པ་ཅན། །སྡེར་མོ་ལྕགས་ཀྱི་སྡེར་མོ་ལ། །ཁ་ནས་དུག་གི་སྐྱུགས་པ་སྐྱུག །ལྕགས་ཀྱི་རྐང་ཀ་མགོ་འཕྱངས་ཞོན། །དབང་གསུམ་བསྐུར་ནས་མིང་བཏགས་པ། །ས་ཡི་ཕུང་བྱེད་མ་ཞེས་བཏགས། །ཞེས་སོ།། །།
འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མའམ་ལྷ་མོ་མདངས་ལྡན་མའི་གཏམ་རྒྱུད། འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མ་ཞེས་བྱ་བའི་རྒྱུད་ལས་བཏུས།
སྟེང་ལྷ་ཡུལ་དུ་ལྷ་མིན་གྱི་རྒྱལ་པོ་ཐགས་ཟངས་རིས་ལ་སོགས་པའི་དམག་དཔོན་ནི། མན་དྷ་ཨ་སུ་ར་བྱ་བ། ལོང་བ་མགོ་གསུམ་པ། ལག་པ་བཞི་པ་གཅིག་གིས་སྣ་དྲངས་ནས་འོང་ངོ་། །
ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་དམག་དཔོན་ནི། བ་སུ་ཏ་བྱ་བ་གཅིག་གིས་སྣ་དྲངས་ནས་འོངས། མིའི་རིགས་ཐམས་ཅད་ཀྱིས་ལྷའི་གྲོགས་བྱས། སྲིན་གྱི་རིགས་ཐམས་ཅད་ཀྱིས་ལྷ་མ་ཡིན་གྱི་གྲོགས་བྱས་ཏེ། ལྷ་མ་སྲིན་ཐམས་ཅད་དཔག་བསམ་གྱི་ཤིང་ལ་མ་འཆམས་ཏེ། རྩོད་པ་ཆེན་པོ་བྱས་པས། ལྷ་ཕམ་ལྷ་མ་ཡིན་རྒྱལ་ཏེ། དེའི་དུས་སུ་ལྷ་ཐམས་ཅད་ཀྱིས་མདངས་དང་དྲོད་ལ་སོགས་པའི་བཅུད་ལ་བདག་གི་སྲོག་ཞུགས་པར་གྱུར་ཏེ། ལྷ་མོ་མདངས་ལྡན་མར་གྱུར་ཏེ། གནས་ནི་ཤིང་ཆེན་པོ་ཡོངས་འདུ་ཞེས་བྱ་བ་ལ་གནས་བཅས་ནས། དེའི་དུས་སུ་མདངས་དང་དྲོད་ལས་སྤྲུལ་པའི་གནོད་སྦྱིན་མོ་གཉིས་ལས་ཀྱིས་བསྟུན་ཏེ། གཡོག་ཏུ་བྱུང་ནས། ལྷ་མ་ཡིན་གྱི་རིས་ཐམས་ཅད་ལ་དམོད་པ་དམོས་པ་ནི་འདི་ལགས་ཏེ། རུ་རུ་ནག་མོ་སོགས།
༈ དེས་ནི་ཐགས་ཟངས་རིས་ཀྱི་རིགས་ཐམས་ཅད་བརླགས་པར་བྱས་སོ། །དེ་ནས་ལྷ་ཐམས་ཅད་ཕྲག་དོག་གི་དབང་གིས། བདག་དང་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་ཉལ་པོ་བྱས་པ། ལྷ་བྲན་ཐམས་ཅད་ཀྱིས་དཔྱས་པས། ལྷ་བྲན་ཐམས་ཅད་ལ་དམོད་པ་འདི་དམོས་པའོ། །ཨེ་ར་ཙ་ར་སོགས།
༈ དེས་ནི་ལྷའི་ཚོགས་ཐམས་ཅད་བརླགས་པར་བྱས་སོ། །རྒྱལ་ཆེན་བཞི་ལ་དོ་བརྡོས་ཏེ། རྐང་པ་རྒྱ་མཚོའི་གཏིང་དུ་བརྐྱངས། སྤྱི་བོ་རི་རབ་རྩེ་དང་མཉམ་པས་རྒྱལ་ཆེན་བཞིའི་འཁོར་ཐམས་ཅད་ཞེ་སྡང་སྐྱེས་ནས། དམག་དང་བཅས་ནས་རྒོལ་དུ་བྱུང་བ་ལ། དམོད་པ་དམོས་པ་འདིའོ། །ད་ནི་དུན་ཏིངས་སོགས།
༈ དེས་ནི་རྒྱལ་ཆེན་རིགས་བཞིའི་འཁོར་ཚོགས་བརླགས་པར་བྱས་སོ། །དེ་ནས་ཡང་ལྷ་མ་སྲིན་གྱི་རྒྱལ་པོ་ཧེ་རུ་ན་ཀེ་ཤུ་བྱ་བས། བདག་ཅག་ལ་མཚོན་གྱིས་ཆར་ཕབ་པས། མཚོན་ཐམས་ཅད་ཀྱང་རྣལ་བར་གྱུར་ཏེ། ཡང་དམོད་པ་དམོས་པ་ནི་འདིའོ། །དུ་རུ་ཙ་ལ་སོགས། དེས་ནི་ཧེ་རུ་ན་ཀེའུ་ཤུ་བརླགས་པར་བྱས་སོ། །དེ་ནས་ཡང་ཧེ་རུ་ན་ཀེའུ་ཤུའི་ཆུང་མ་ཕག་གི་སྣ་ཅན་མས་ཁྱོ་ཤི་བའི་དུས་སུ་དམོད་པ་དམོས་པས། བདག་ཅག་ལ་ནི་མ་ཚུགས་ཏེ་དམོས་པའི་ལན་བཏབ་པ་འདིའོ། །དུ་མ་ཧཱ་ར་སོགས།
༈ དེས་ནི་ཕག་གི་སྣ་ཅན་མ་བརླགས་པར་བྱས་སོ། །དེ་ནས་སྟེང་ལྷ་ཡུལ་དུ་མ་ཆགས་ནས། འོག་ཀླུ་ཡུལ་དུ་འོངས་པས་ཀླུ་རིགས་བཞིས་འདུག་ཏུ་མ་སྟེར་ཏེ། རྒྱལ་རིགས་ནི་ཕྲག་དོག་སྐྱེས། རྗེ་རིགས་ནི་འདོད་ཆགས་སྤྱད་པར་མཐོང་། བྲམ་ཟེའི་རིགས་ནི་བསྡོ་བར་མཐོང་། རིགས་ངན་ནི་ཤིན་ཏུ་སྐྲག་ནས་འདུག་ཏུ་མ་སྟེར་ཏེ། ཡང་དམོས་པ་འདིའོ། །
༈ ནཱ་ག་ནཱ་ག་སོགས། དེས་ནི་ཀླུ་རིགས་བཞིའི་ཚོགས་ཐམས་ཅད་ཕུང་བར་བྱས་སོ། །དེ་ནས་འཛམ་བུ་གླིང་གི་བྱང་ཕྱོགས་སུ། མྱ་ངན་གྱི་སྣམ་བུ་ལ། མཁའ་འགྲོ་མའི་ཚོགས། མཁར་རྨང་བཞི་ནི་ལྕགས། ལོགས་བཞི་ནི་བསེ། ཟུར་བཞི་ནི་མཆོང་། ཁ་བད་གཡུ། པུ་ཤུ་ཤེལ། སྒོ་ནི་དུང་། མཐའ་མ་ནི་ལྕགས་རི། ནང་ནི་འབར་བའི་ཐོད་དགུ། མི་རོ་རྟ་རོའི་ཁྲི། དེ་ན་མཆིས་ཤིང་། མཚན་མོ་དུར་ཁྲོད་དུ་ཉུལ་ཏེ། ཟས་སུ་མི་ཤ་ཟ་ཞིང་ཁྲག་འཐུང་སྟེ་གནས་པ་ལ། ལས་ཀྱི་འཕྲོ་ཟད་ནས་ཚེའི་དུས་བྱས་ནས་ཤི་བར་གྱུར་ཏོ། །དེ་ནས་ཕ་ནི་དམུ། མ་ནི་ཀུན་འགྲོ་མ། དེ་གཉིས་ཀྱི་བུ་མོ་བདག་རང་དམུ་ཟང་ན་ཏིང་ཤག་བྱ་བར་སྐྱེས་ཏེ། ཁྱོ་ཏྲ་ལི་ཏ་བྱ་བ་ལ་ཕྱིན་པས། ཁྱོ་གམ་དུ་འོང་དུ་མ་འདོད་དོ། །ཕག་རྫི་དང་འཚོས་པས། ནལ་བུ་བཙས་པར་གྱུར་ཏེ། རྒྱ་མཚོར་ལྕེབ་ཏུ་ཕྱིན་པས། རྒྱ་མཚོའི་ནང་དུ་ཨེ་ཀ་ཙ་ཏི་མའི་ཞལ་མཐོང་། དེ་ནས་ཨེ་ཀ་ཙ་ཏི་ལ་དབང་ནོས་ཏེ། ཨེ་ཀ་ཙ་ཏིས་ཚེ་རབས་སྔ་མའི་གནས་བསྟན། བྱང་མྱ་ངན་གྱི་སྣམ་བུར་ཕྱིན་ཏེ། ཁྱོ་དང་ཆེན་མ་ལ་དམོད་པ་དམོས་པ་ནི་འདི་ཡིན་ཏེ། རུ་རུ་ངག་མོ་སོགས། ༈ ཙེ་ཙེ་ན་མ་ར་ཏིག །ཅེས་ལྷ་དང་ལྷ་མ་ཡིན་དང་། ཀླུ་ལ་སོགས་པའི་དམོད་པ་དང་སྦྲགས་ཏེ། དེ་ཡང་མིའི་རིགས་ལ་རྒྱུད་གཅིག་ལ་ཡང་ལྷ་ལྟ་བུ་དལ་ཞིང་འཇམ་པ་ཡང་ཡོད། །ལྷ་མ་ཡིན་ལྟ་བུ་ཁྲོ་བའི་སེམས་ཀྱང་ཡོད། རྒྱལ་བོ་ལྟ་བུ་བསོད་ནམས་ཆེ་ཞིང་དབང་ཐང་ཆེ་བའི་ཞད་ཀྱང་ཡོད། ཀླུ་ལྟ་བུ་གདུག་པའི་སེམས་ཀྱི་རྒྱུད་ལ་སོགས་པ་ཡོད་པས། དམོད་པ་དེ་དག་དང་སྦྱར་བ་ལགས། དེས་ཏྲ་ལི་ཏ་དང་། ཆེན་མ་ཀུན་བརླགས་པར་བྱས་སོ། །
དེས་ནི་ཁད་ཀྱིས་གླིང་བཞི་ཕུང་པར་བྱས་ཏེ་དམོད་པས་བསད་ཅིང་ཟོས་པ་ལགས། བདག་སྒྲུབ་པའི་རྣལ་འབྱོར་པའི་གནས་ནི། བདག་ཉིད་མོ་བྲག་དམར་པོ་ཆོལ་ཟངས་འདྲ་བ་ན་གནས། མཚན་མོ་ནི་དུར་ཁྲོད་ལ་སོགས་པ་ཉུལ་བས་རྣལ་འབྱོར་པས་ཀྱང་གནས་དེ་ལྟ་བུར་བྱ། ཞེས་གསུངས་སོ།། །།
ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེ་མཁའ་བཞིའི་ལོ་རྒྱུས་དང་མ་མོ་བཅུ་བཞིའི་ལོ་རྒྱུས། མ་མོ་སྲིད་པའི་རྫོངས་ལུང་ཆེན་མོའི་ཡུམ་གཟུངས་མའི་དངོས་གྲུབ་ཆེན་མོའི་རྒྱུད་ལས་བཏུས།
དེ་ལ་ད་ནི་མ་མོ་བཅུ་བཞིའི་རྗེ་མོ་བཤད་པར་བྱ་སྟེ། ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེ་ཞེས་བྱ་བ་སྐུའི་ཁྱོན་ད་ལྟར་གྱི་རི་རབ་གླིང་བཞི་ཙམ་ཡོད་པ། དབུ་གཅིག་ལ་ཞལ་རྣམ་པ་ལྔར་སྣང་བ། ཕྱག་བཞི་དང་ཞབས་རྣམ་པ་བརྒྱད་དུ་བསྟན་པ། ཙིཏྟ་རྩ་བ་གཅིག་ལ་རྩེ་མོ་རྣམ་པ་ལྔར་འབར་བ། ཤར་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན་གསང་བའི་མཁའ་གྲང་ལ་འདྲེད་པ། ཤེལ་གྱི་བྷ་ག་ལ་རྡོ་རྗེའི་གེ་སར་ཅན་ནོ། །
ལྷོ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན། གསང་བའི་མཁའ་དྲོ་ལ་འཇམ་པ། ཀེ་ཀེ་རུའི་བྷ་ག་ལ་རིན་པོ་ཆེའི་གེ་སར་ཅན་ནོ། །ནུབ་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན། གསང་བའི་མཁའ་གཤེར་ལ་རླན་པ། པདྨའི་བྷ་ག་ལ་བྱེ་རུའི་གེ་སར་ཅན་ནོ། །བྱང་ཕྱོགས་ཀྱི་ཞབས་གཉིས་ཀྱི་བར་ན། གསང་བའི་མཁའ་རྩུབ་ལ་གྲང་བ་སྟེ། གེ་སར་གྱི་དཔལ་ཅན་ནོ། །དེ་ལྟར་མཁའ་བཞིས་སྐུ་ལ་བརྒྱན་པ། མཁའ་བཞིས་ཀློང་སྐུ་གཏིང་ཁུང་དུ་སྡུད་པ་ནི། གཡུའི་བདེ་ཀློང་ལ་ཆགས་པའི་གེ་སར་ཅན་ནོ། །ཟངས་ཀྱི་པདྨ་འདབ་མ་སྟོང་དང་ལྡན་པ་གཅིག་ཡོད་དེ། དེ་ལ་ཞལ་རྣམ་པ་ལྔ་ལ། ཤར་ཕྱོགས་ཀྱི་ཞལ་དཀར་ལ་འཚེར་བ། མཆེ་བ་གཙིགས་པའི་ནང་ནས། ཤེལ་གྱི་རྡོ་རྗེ་རྩེ་དགུ་འཛིན་པས། འབྱུང་བ་སར་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་རིགས་སུ་གྱུར་ཏོ། །ལྷོ་ཕྱོགས་ཀྱི་ཞལ་སྔོ་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས་ཀེ་ཀེ་རུ་འབར་བ་དགུ་འཛིན་པས། འབྱུང་པ་མེར་བྱིན་གྱིས་བརླབས་ཏེ། རིན་པོ་ཆེའི་རིགས་སུ་གྱུར་ཏོ། །ནུབ་ཕྱོགས་ཀྱི་ཞལ་དམར་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས། པདྨ་དགུ་བརྩེགས་བཟུང་བས། འབྱུང་བ་ཆུར་བྱིན་གྱིས་བརླབས་པ་པདྨའི་རིགས་སུ་གྱུར་ཏོ། །བྱང་ཕྱོགས་ཞལ་ལྗང་ལ་གདངས་པ། མཆེ་བ་གཙིགས་པའི་ནང་ནས། རྡོ་རྗེ་རྒྱ་གྲམ་དགུ་བརྩེགས་བཟུང་བས། འབྱུང་བ་རླུང་དུ་བྱིན་གྱིས་བརླབས་ཏེ། ལས་ཀྱི་རིགས་སུ་གྱུར་ཏོ། །དཀྱིལ་གྱི་ཞལ་ཅིར་ཡང་འགྱུར་བ། མཆེ་བ་གཙིགས་པའི་ནང་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བཟུང་བས། ནམ་མཁར་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེགས་པའི་རིགས་སུ་གྱུར་ཏོ། །
འབྱུང་བ་ལྔ་ཡང་དེ་ལྟར་བསྐྱེད་དོ། །རིགས་ལྔའི་སངས་རྒྱས་དེར་བྱུང་ངོ་། །ཞལ་སོ་སོ་ཡིན་པས་ན་རལ་པ་སོ་སོའི་རིགས་དང་ལྡན་པར་སྣང་ངོ་། །ཙིཏྟ་གཅིག་ལ་རྩེ་མོ་ལྔར་སྣང་བ་ཡང་། རྩེ་མོ་ལྔ་ལས་རིགས་ལྔའི་ཡེ་ཤེས་ལྔ་ཡང་དེ་ལས་ཤར་རོ། །རྩ་བ་གཅིག་ལ་ཆོས་སྐྱེ་བ་མེད་པའི་དབྱིངས་ཀྱང་དེ་ལས་འདུས་ཏེ། མི་ནུབ་པའི་རྒྱལ་མཚན་ཞེས་ཀྱང་གྲགས་སོ། །རྩེ་མོ་ལྔར་འབར་བ་ལས་སྲོག་གིས་བསྡུས་བའི་ཀུན་གཞི་ལ་སོགས་པའི་དྲན་པ་ཐམས་ཅད་ཀྱང་དེ་ལས་བྱུང་བའོ། །རྩ་བ་གཅིག་ལས་སེམས་ཅན་གྱི་སེམས་རྟག་པ་ཆེན་པོ་ཡང་དེ་ལས་བྱུང་ངོ་། །དེ་ལ་མཁའ་བཞི་ལས་ཤར་ཕྱོགས་ཀྱི་གསང་བའི་མཁའ་གྲང་ལ་འདྲེད་བས། དགུན་དུ་བྱིན་གྱིས་བརླབས་སོ། །བྱང་ཕྱོགས་ཀྱི་གསང་བའི་མཁའ་རྩུབ་ལ་གྲང་བས། དཔྱིད་དུ་བྱིན་གྱིས་བརླབས་སོ། །ནུབ་ཕྱོགས་ཀྱི་གསང་བའི་མཁའ་གཤེར་ལ་རླན་པས་དབྱར་དུ་བྱིན་གྱིས་བརླབས་སོ། །ལྷོ་ཕྱོགས་ཀྱི་གསང་བའི་མཁའ་དྲོ་ལ་འཇམ་པ་ནི། སྟོན་དུ་བྱིན་གྱིས་བརླབས་སོ། །དུས་བཞི་ཡང་དེ་ལྟར་ཆ་བསྙམས་སོ། །སྐུ་སྟོད་ཀྱི་ཞལ་ནས་འབྱུང་བ་རིགས་ལྔའི་སངས་རྒྱས་རྣམས། སྐུ་སྨད་གསང་བའི་བྷ་ག་ལ། སྦྱོར་བའི་ཚུལ་དུ་སྐུ་ཕྱེད་ནུབ་ཙམ་དུ་བཞུགས་པས། སྐྱེ་བ་རིགས་སོ་སོ་ཡང་དེར་འདུས་སོ། །ཕྱག་བཞི་ལ་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་ཁོལ་མོ་བཅུ་བཞིའི་གཙོ་མོ་སྲིད་པ་བདེ་འགྲོ་མ་དང་། ཉི་ཟླ་ཐོད་ཕྲེང་མ་གཉིས་ཀྱི་ཙིཏྟ་བཟུང་བ། གཡས་གཡོན་ཐ་མ་གཉིས་ཀྱིས་ཁྲོས་པའི་དབང་མོ་ཆེ་བཞིའི་སྙིང་ནས་བཟུང་བ། སྦས་བའི་ཕྱག་གཉིས་ཀྱིས་བདུད་རྩི་རྣམ་པ་ལྔ་ལ་ལོངས་སྤྱོད་མངོན་དུ་མཛད་པ། ཞབས་བརྒྱད་ཀྱིས་དབྱིངས་ཕྱུག་མ་བཞི་དང་། ཐུགས་ཀྱི་དགྱེས་སྡེ་ཆེན་མོ་བཞིའི་སྙིང་ག་ནས་བརྫིས་པ། དབུས་ཀྱི་ཞལ་དཔྲལ་བའི་དབྱེས་ནས། མིག་ཟུར་གསུམ་པ་གཅིག་གིས་བལྟས་པས། མ་མོ་བཅུ་བཞིའི་ཁོལ་མོ་སྲིད་པ་ཆགས་བྱེད་མ་དང་། ཤན་ཤན་ནེའུ་དང་། ཨེ་ཀ་ཙ་ཏི་ལ་སོགས་པ་འདར་ལྕུག་ལྕུག་བྱེད་པ། དཀྱིལ་གྱི་ཞལ་ནས་རྐན་སྒྲ་བརྡབས་པས། ཧེ་རུ་ཀ་སྨི་ལ་སོགས་པ་སྟེ། སྲིད་པའི་དམན་མོ་ལ་སོགས་པའི་སྙིང་རྩར་གྱིས་འབྱིན་པ་སྟེ་མ་མོ་དབང་དུ་ཡང་དེས་སྡུད་དོ། །དབུས་ཀྱི་ཞལ་གྱི་ནི་མཁའ་ཡེལ་ཡེལ་བར་རྫོགས་པས། སྲིད་པ་གསུམ་གྱི་གཙོ་མོ་ཡང་དེར་རྫོགས་སོ། །སྐུ་གསང་བའི་བྷ་ག་ལ། ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ཞེས་བྱའོ། །སྐུ་རྟག་པ་ཆེན་པོ་གཡུང་དྲུང་དུ་བཞུགས་པས། སྐྱེ་ཤི་ལས་འདས་པ་ཞེས་ཀྱང་དེ་ལ་བྱའོ། །དེ་ལ་སྡུག་བསྔལ་མི་འབྱུང་བས་མྱ་ངན་ལས་འདས་པ་ཞེས་ཀྱང་དེ་ལ་བྱའོ། །དེ་ལ་བླང་དོར་མེད་པས་ཀུན་ཏུ་བཟང་མོ་ཞེས་བྱའོ། །རྣམ་པར་ཤེས་པ་ཐམས་ཅད་ཀྱི་བཅུད་ལེན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་བྱའོ། །འབྱུང་བ་ལྔ་སྐུ་ལ་རྫོགས་པས། འབྱུང་བའི་རྒྱལ་མོ་ཞེས་ཀྱང་བྱའོ། །དུས་བཞི་དབྱིངས་ལས་ཤར་བས་དུས་བཞི་ཆ་སྙོམ་མ་ཞེས་ཀྱང་དེ་ལ་བྱའོ། །སྐུ་སྟོད་ནས་འབྱུང་བ་རིགས་ཀྱི་སངས་རྒྱས་རྣམས། སྐུ་སྨད་གསང་བའི་བྷ་ག་ལ་རྔུབས་བཞུགས་པས། རིགས་ཀྱི་ཡུམ་ཞེས་ཀྱང་བྱའོ། །སྦས་པའི་ཕྱག་གཉིས་ནས་བདུད་རྩི་རྣམ་པ་ལྔའི་བཅུད་འཛག་པ་མངོན་སུམ་དུ་མཛད་པས། བདུད་རྩིའི་རྒྱལ་མོ་ཞེས་ཀྱང་བྱའོ། །སྣང་སྲིད་ཐམས་ཅད་གཏན་པར་ཆོམ་ལ་འབེབས་པས། སྲིད་པའི་རྒྱལ་མོ་ཞེས་ཀྱང་བྱའོ། །སྐུ་ལུས་གཅིག་ལ་མཚན་དགུ་མ་ཞེས་བྱའོ། །དེ་ལ་ཐུགས་ལས་དྲངས་པའི་སྙིང་པོ་ནི། ཉིད་བཞི་མུ་ཁ་ལེ། ཀྲོ་དྷཱི་ཤྭ་རི། བྷ་ག་པདྨ་རྒྱ། བདེ་ཀློང་འདུས་འདུས་ན་སྙིང་ཛ་ཤ་ཡུ་ཏི་ཧཱུྃ་བྷྱོ། ཞེས་བྱའོ། །དེ་ལྟར་བདག་ཉིད་བསྒོམ་པ་ནི། དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གསལ་བར་བསྒོམ་ལ་ཐུགས་ཀ་ནས་ཡི་གེ་ཨོཾ་དཀར་པོ་གཅིག་ལ། ཡེ་ཤེས་ལྔའི་གཞལ་མེད་ཁང་། ཆོས་ཀྱི་དབྱིངས་ལྟར་ཁྱབ་བརྡལ་བའི་དབྱིངས་སུ། བདག་ཉིད་བླ་ན་མེད་པའི་ཏིང་ངེ་འཛིན་དུ་ཞུགས་ལ། སྙིང་གར་མུ་ཁ་ལེ་ལས། ཡེ་ཤེས་ཚོགས་ཀྱི་རྗེ་མོ་བསྒོམ་མིག་གཡས་པར་ཧ་ལས་མཁའ་འགྲོ་མ་རྣམ་སྣང་གསལ་བསྒོམ། མིག་གཡོན་པར་ཧ་ལས་མཁའ་འགྲོ་མ་འོད་གསལ་འབར་བསྒོམ། རྣ་བ་གཡས་པ་ལ་ཧ་ལས་མཁའ་འགྲོ་གཉེན་གསལ་འབར་མ་བསྒོམ། རྣ་བ་གཡོན་པ་ཧ་ལས་མཁའ་འགྲོ་མ་ཡང་གསལ་གཡོས་བསྒོམ། སྣ་ལ་ཧ་ལས་མཁའ་འགྲོ་མ་བཀྲག་གསལ་མཉམ་བསྒོམ། སྐུ་མདོག་ཕྱག་མཚན་ནི་འོག་གི་ཚིག་བཤད་དང་སྦྱར་རོ། །ཡང་མ་མོ་ཞེས་བྱ་བ་ནི། མ་ནི་རྒྱལ་བ་ཀུན་གྱི་ཡབ། །མོ་ནི་སྣང་སྲིད་ཀུན་གྱི་མ། །མ་ནི་སྐྱེ་བ་མེད་པའི་དབྱིངས། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་མཆོག་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །དེ་ལྟ་བུ་ཡི་ཡུམ་ཆེན་མོ། །སྐུ་སྟོད་ཞལ་ནས་འབྱུང་བའི་སངས་རྒྱས་དང་། །སྐུ་སྨད་ཀྱི་བྷ་ག་སྦྱོར་བ་མཛད་པའི་བུ་མོ་ལྔ་ཡོད་དེ། གཅིག་ནི་རྟག་པའི་རྒྱལ་མོ་རྣམ་སྣང་གསལ་ཞེས་བྱ་སྟེ། མདོག་དཀར་མོ་ལ་ཤེལ་གྱི་རལ་པ་ཅན། གསང་བའི་མཁའ་ཤེལ་གྱི་གའུར་འཁྱིལ་བ། མ་ཆགས་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་འོད་གསལ་འབར་ཞེས་བྱ་སྟེ། སྐུ་མདོག་སྔོན་པོ་ལ་རིན་པོ་ཆེའི་རལ་པ་ཅན་ནོ། །གསང་བའི་མཁའ་ལ་རིན་པོ་ཆེའི་གའུར་འཁྱིལ་པ། མི་ལེན་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་གཉེན་གསལ་མ་ཞེས་བྱ་སྟེ། སྐུ་མདོག་དམར་པོ་བྱེ་རུའི་ལེན་ཕྲན་ཅན། གསང་བའི་མཁའ་བྱེ་རུའི་གའུར་བསྐྱིལ་བ། གཉིས་སུ་མེད་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཞེས་བྱ་སྟེ། སྐུ་མདོག་ལྗང་གུ་ལ་རྡོ་རྗེའི་ལེན་ཕྲན་ཅན་ནོ། །གསང་བའི་མཁའ་རྡོ་རྗེའི་གའུར་བསྐྱིལ་བ། གྲུབ་པའི་ཐབས་ལ་རོལ་པའོ། །གཅིག་ནི་རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་ཞེས་བྱ་སྟེ། སྐུ་མདོག་ཅིར་ཡང་འགྱུར་པ་ལ་གཡུའི་རལ་པ་ཅན་ནོ། །གསང་བའི་མཁའ་གཡུའི་གའུར་བསྐྱིལ་བ། གཉིས་མེད་བརྟེན་པའི་ཐབས་ལ་རོལ་པའོ། །འདི་ལྔ་ནི་མཁའ་བཞི་དབྱིངས་དང་ལྔ་ཞེས་བྱ་སྟེ། རིགས་ཀྱི་ཡུམ་ལྔ་ཞེས་བྱ་བ་འདི་ལྔ་ཡིན། སེམས་ཅན་དུས་ཆེན་པོ་ལ་བབ་པ་ཡང་འདི་ལྔས་དབང་བྱེད་དེ། ཚེའི་བདག་མོ་ཆེན་མོ་ཡང་འདི་ལྔ་ཡིན་ནོ། །ཞེས་སོ།། །།
རེ་མ་ཏི་ཕ་མ་མིང་སྲིང་གཡོག་དང་བཅས་པའི་གཏམ་རྒྱུད། འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོ་ངའི་རྒྱུད་ལས་བཏུས།
འདི་སྐད་བཤད་པའི་དུས་ན་བྱོན་པའི་སྔོན་རོལ་དུ། རི་རབ་ཀྱི་རྩེ་བྱང་ཤར་མཚམས་ཡོངས་འདུ་ཤིང་གི་གནས་མཆོག་ཏུ། ཏི་ར་ཡོངས་ཀྱི་འདོད་ཁམས་ཀྱི་ས་རུ་འཁོར་མ་མོ་ཤས་པ་མ་མོ་དང་། རོ་ཟན་མོ་དང་། ནག་མོ་གསོད་བྱེད་མ་དང་། གཏུམ་མོ་རེ་མ་ཏི་དང་། བྱི་ཤུགས་གློག་མ་སྲིན་དང་། གློག་བྱེད་ནག་མོ་དང་། ཛ་ཏི་ཕ་ལ་དང་། རྨུ་ལོངས་མ་ལ་སོགས་པ་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །
དེ་ནས་འདོད་ཁམས་ཀྱི་འཁོར་གཏུམ་མོ་རེ་མ་ཏིས། མངོན་པར་རྫོགས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ཀྱི་ཟས་དང་སྐལ། །ལས་སུ་བྱ་བ་བཀའ་སྩོལ་ཅིག །ཉོན་ཅིག་གནག་གྲོགས་གསུམ་མོ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །མུ་སྟེགས་རྡུལ་དུ་བརླག་པར་གྱིས། །དེ་ནས་འདོད་ཁམས་སྟོང་གི་དུས་ན་སངས་རྒྱས་མར་མེ་མཛད་ཅེས་བྱ་བར་འགྲོ་བའི་དོན་བྱེད་པ་ལ། ཡབ་དཔལ་ཧེ་རུ་ཀ་དང་། ཡུམ་ཨེ་ཀ་ཛ་ཊི་ས་བརྒྱད་པའི་བྱང་ཆུབ་སེམས་མ་གཉིས་བགྲོས་ནས། ཡུམ་ནག་མོ་གསོད་བྱེད། མ་རེ་མ་ཏི་ལས་བྱེད་དུ་བཅུག་སྟེ།རྨུ་ལུངས་མ་གཡོག་མོ་བྱེད་དུ་གཅུག །དེ་ནས་རེ་མ་ཏི་ཕ་ནི་བྱ་ཧ་ན་བྱས་ཏེ་རླུང་ཡིན། མ་ནི་ཀུན་གྲོལ་ལ་མ་བྱས་ཏེ། གནས་ནི་མྱ་ངན་གྱི་རྣལ་བུ་བྱ་བ་ན་ཡོད་དེ། མིང་པོ་མཛོད་དང་མཛོད་སྲུང་གཉིས། སྲིང་མོ་ནག་མོ་རེ་མ་ཏི་ཞེས་ཀྱང་བྱ་སྟེ་ཞལ་གསུམ་མ་ཞེས་ཀྱང་བྱ་སྟེ། དེ་ནས་སྨན་རིགས་གསུམ་ལ་ཏྲ་ལ་ཆུན་མར་བཏང་བས། ཁོ་འོང་དུ་མ་འདོད་ནས་ཕག་རྫི་དང་གཉིས་བྱི་བྱས་པས་ནལ་བུ་ཆེ་བར་གྱུར་ཏེ། ཁོ་བོའི་རལ་གྲི་བརྐུས་ནས་བོང་བུ་ལ་ཞོན་ནས། རྒྱ་མཚོར་ལྕེབ་ཏུ་ཕྱིན་པས། རྒྱ་མཚོའི་ནང་དུ་ཨེ་ཀ་ཛ་ཊིའི་ཞལ་མཐོང་ནས། གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ།བཀའ་དང་དམ་ལ་བཏགས་ནས་སྲོག་སྙིང་ཕུལ་བ། ཨོཾ་རུ་རུ་ཨ་ཤུག་མེ་ཙ་པ་ལ་ཨ་ཤུག་མེ་ཛ། ཨོཾ་རུ་ཏྲི་ཏྲག་རག་ཤ་དྲག་མོ་སྙིང་རུ་ལུ་ཁ་ཐམ་དུན་བྷྱོ། ཞེས་ཕུལ་ནས་དམ་བཅས་སོ། །དེ་ནས་རྨུན་ལུང་མ་ཡང་བྲན་དུ་བྱས་སོ། །ཞེས་གསུངས་སོ།། །།
རེ་མ་ཏི་མཆེད་བཞིའི་ཕ་མའི་ཁུངས་དང་བྱུང་རབས། དཔལ་ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་སྲོག་རྩ་མངོན་དུ་དབྱུང་བའི་རྒྱུད་ལས་བཏུས།
དེ་ནས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀས། སྲིན་མོ་ཆེན་མོ་གདུག་བྱེད་མ་བཞི་ལ་འདི་སྐད་ཅེས་གསུངས་སོ། །ཁྱེད་བཞིའི་ཕ་གང་ཡིན། མ་གང་ཡིན། མིང་ཇི་སྐད་འབོད། མཚན་ཇི་སྐད་འབོད། མཎྜལ་ནི་དུ་ཡོད། གནས་གང་ན་གནས། གཞལ་ཡས་ཁང་ནི་ཇི་ལྟ་བུ་ཞིག་ན། ཤུལ་གང་དུ་དབྱུང་ཞེས་གསུངས་པས། རེ་མ་ཏི་ན་རེ། ངའི་ཕ་བདུད་གཤིན་རྗེ་བྲང་དཀར་ཡིན། མ་བདུད་མོ་སྲོག་ལེན་ཧབ་ཤམ་མ་བྱ་བ་ཡིན། རེ་མ་ཏིའི་ཕ་བདུད་པདྨ་གར་གྱི་དབང་ཕྱུག་ཡིན། མ་བདུད་མོ་བརྒྱ་བྱིན་ཀུན་དགའ་མ་ཡིན། རེ་མ་ཛའི་ཕ་བདུད་ཐོད་པའི་འཕྲེང་བ་ཅན་བྱ་བ་ཡིན། མ་བདུད་མོ་ཨེ་ཀ་ཛ་ཊི་མ་ཡིན། རེ་མ་ཛུའི་ཕ་སྲིན་པོ་མ་ཊ་རཱུ་ཏྲ་ཡིན། མ་གླིང་བཞི་ཀུན་འབྱམས་མ་ཡིན་ནོ། །
ངེད་ཀྱི་ཕ་མ་དེ་རྣམས་ལ། ངེད་དུ་མ་ཟད་དེ་བུ་ཕོ་འབུམ་བུ་མོ་འབུམ་ཡོད་དོ། །ངེད་ཀྱི་མིང་དུ་ཤེས་པ་སྟེ། འབོད་པ་རྣམས་ཀྱི་དགུར་ཤེས་སོ། །ངེད་ཀྱི་མཚན་ནི་བརྒྱའམ་སྟོང་ངོ་། །དཀྱིལ་འཁོར་ནི་གཉིས་སོ། །གནས་ནི་བྱང་ཤར་མཚམས་དྲང་བོར་བྱིང་བྱེད་མུ་ལེ་ཏིང་གི་མཚོ་བྱ་བ་ན་གནས་སོ། །གཞལ་ཡས་ཁང་ནི་རིན་པོ་ཆེའི་གཞལ་ཡས་ཁང་དུར་ཁྲོད་ཀྱི་རྒྱན་གྱིས་སྤྲས་པ་སྟེ། དུར་ཁྲོད་ལ་ལོངས་སྤྱོད་པའི་གནས་ཞིག་ན་གནས་སོ། །ཤུལ་ནི་རླུང་ཚུབ་ཆེན་པོ་དང་། ཆུ་གཞུང་དང་། རི་རྩིབས་དང་། བར་སྣང་ལ་རྒྱུའོ། །ཞེས་གསུངས་སོ།། །།
རྒྱལ་མོ་བཅུ་གསུམ་གྱི་གཏམ་རྒྱུད་དང་མདོས་ཀྱི་བྱུང་རབས།
མ་མོ་སྲིད་པའི་བེམ་ཞེས་བྱ་བའི་རྒྱུད་ལས་བཏུས།
དེ་ཡང་རྒྱལ་མོ་ཞེས་བྱ་བ་ནི། དཔེར་ན་ས་བདག་རྒྱལ་པོས་འབངས་མངའ་འོག་བསྡུས་ནས་བཀའ་བསྒོ་བ་ཉན་པ་བཞིན། སྲིད་པ་ཆམ་ལ་འབེབས་པའི་གཙོ་མོ་སྲིད་པའི་རྒྱལ་མོས་དབྱིངས་ཀྱི་ཡུམ་དྲུག་ཆམ་ལ་ཕབ་ནས་འཁོལ་ཏེ། དེ་ཡི་ནང་ནས་ཆགས་བྱེད་རྒྱལ་མོ་དང་། རིན་ཆེན་འབར་མ་འོད་ཀྱི་རྒྱལ་མོ་དང་། དགའ་བ་ཏིང་འཛིན་ཉུལ་བྱེད་ཀྱི་རྒྱལ་མོ་དང་གསུམ་གྱིས་རྟག་པའི་རྒྱལ་མོ་འཁོལ། སྲིད་པའི་བདེ་འགྲོ་རྟག་པའི་རྒྱལ་མོ་དང་། མཁའ་འགྲོའི་རྒྱལ་མོ་ནམ་མཁའི་དབྱིངས་ཕྱུག་མ་དང་། མཁའ་འགྲོ་བཀྲག་གསལ་འོད་འབར་རྒྱལ་མོ་དང་། དེ་ཚོས་རྣལ་འབྱོར་མ་མོ་བཅུ་བཞི་འཁོལ། འདོད་པའི་རྒྱལ་མོ་ཕྲ་མེན་ཐུགས་ཀྱི་གཟེར་ཆེན་མ་དང་། འདོད་པའི་རྒྱལ་མོ་བདུད་ཀྱི་གཙོ་མོ་ཁམ་ཐོགས་མ་དང་། འདོད་པའི་རྒྱལ་མོ་རྡོ་རྗེ་ཁྲོས་མས་ནི་སྲིད་པའི་སྨན་མོ་རྣམས་འཁོལ་ཏེ། དེ་ཡི་ནང་ནས་འདོད་པའི་རྒྱལ་མོ་ནག་མོ་ཁ་རླན་མཆེ་བ་ཅན་དང་། འདོད་པའི་རྒྱལ་མོ་བདུད་འདུལ་རལ་གཅིག་མ་དང་། འདོད་པའི་རྒྱལ་མོ་དཀར་མོ་གཡག་ཐོད་མ་སྟེ། དེ་ལྟར་རྒྱལ་མོ་བཅུ་གསུམ་པོ་དེས་ནི་མ་མོའི་རིགས་སྟོང་རྩ་བརྒྱད་འཁོལ་ལོ། །སྲིད་པའི་རྒྱལ་མོས་མི་འཁོལ་བ་ནི་མེད་དོ། །
༈ ཀྱེ་འདོད་ཁམས་རྒྱལ་མོ་ཚུར་གསོན་ཅིག །ཁྱོད་ཀྱི་མིང་དང་མཚན་གསོལ་བ། །རྡོ་རྗེ་གར་གྱི་དབང་ཕྱུག་མ། །པདྨ་གར་གྱི་ལེགས་ལྡན་གཉིས། །དཔྱིད་ཟླ་ར་བའི་ཉ་ཤེད་ལ། །གཉིས་མེད་སྦྱོར་བ་བྱས་པ་ལས། །ཟླ་དགུ་དང་ནི་ངོ་བཅུ་ལ། །བུ་ཚ་མིང་སྲིང་དགུ་ཞིག་བཙས། །སྲིང་མོ་ཆེན་མོ་མཐུ་ཆེ་རྩལ་དྲག་ནས། །ས་རིམ་པ་དགུའི་འོག་ཏུ་སྦས། །མིང་པོ་སྐོས་ཀྱི་བདག་པོ་བརྒྱད། །གླིང་བཞི་ཡི་ནི་བདག་མོར་བསྐོས། །མིང་སྲིང་དེ་ནི་དགུ་རུ་སྲིད། །ས་དགུའི་སྟེང་དུ་སྦས་པ་དེ། །རོ་ལངས་སྐུ་གཅིག་འགུལ་འགུལ་བྱུང་། །འཛམ་བུའི་གླིང་ཡང་འགུལ་འགུལ་འགུལ། །
༈ སྔོན་གྱི་བསྐལ་བ་དང་པོ་ལ། །སངས་རྒྱས་མ་བྱུང་སྔོན་རོལ་དུ། །མངའ་མཛད་རྒྱལ་མོ་བཅུ་གསུམ་བྱུང་། །ཆགས་བྱེད་མ་དང་རིན་ཆེན་འོད་འབར་མ། །དགའ་མ་ཏིང་འཛིན་ཉུལ་བྱེད་མ། །སྲིད་པའི་བདེ་འགྲོ་ནམ་མཁའི་དབྱིངས་ཕྱུག་མ། །བཀྲ་གསལ་འོད་འབར་གསུམ། །ཕྲ་མེན་ཐུགས་ཀྱི་གཟེར་ཅན་དང་། །བདུད་ཀྱི་གཙོ་མོ་ཁྲམ་ཐོགས་རྒྱལ་མོ་དང་། །འདོད་པའི་རྒྱལ་མོ་རྡོ་རྗེ་ཁྲོས་མ་དང་། །གཙོ་མོ་ལ་སོགས་བཅུ་གསུམ་མོ། །འཛམ་བུ་གླིང་ལ་དབང་སྒྱུར་མ། །འཇིག་རྟེན་མཐུ་དང་དཔལ་མཛད་མ། །དོ་ནུབ་མདོས་ལ་སྤྱན་འདྲེན་ནོ། །
༈ དེ་ནས་ཁུངས་བྱུང་ཚུལ་ནས་འདི་སྐད་ཅེས་བརྗོད་དོ། །སྔོན་གྱི་བསྐལ་པ་དང་པོ་ལ། །མདོས་བྱུང་དེ་ནི་ཇི་ལྟར་བྱུང་། །གླུད་བྱུང་དེ་ནི་གང་ནས་བྱུང་། །རྒྱ་གར་གྱི་ཡུལ་ཤེད་དུ། །མི་ནད་ནི་ཆུ་ལྟར་འཁྲུགས། །ཕྱུགས་ནད་ནི་རླུང་ལྟར་འཚུབས། །ཅི་བགྱིས་ལ་ཅི་མ་ཕན། །པཎྜི་ཏ་མཆེད་གསུམ་གྱིས། །ཐུགས་ཀྱིས་ནི་སྨོན་ལམ་བཏབ། །སེ་ནའི་པྲ་སྐོར་ནས། །གསང་བ་འབུམ་སྡེའི་ནང་ཤེད་ནས། །སྲིད་པའི་མདོའི་ལེའུ་ཆེན་པོ་བཏུས། །ཕོ་དང་ནི་མོའི་མདོས་ལ། །ཉིན་གསུམ་ནི་ཚོགས་སུ་བསགས། །མཚན་གསུམ་ནི་གྱེར་དུ་བགྱེར། །ཆ་གཅིག་ནི་རི་རབ་རྩེ་རུ་བསྐྱལ། །ཆ་གཅིག་ནི་ལུང་གསུམ་མདོ་རུ་བསྐྱལ། །ཆ་གཅིག་ནི་ཆབ་ཀྱི་གཞུང་ལ་བསྐྱལ། །དེ་ནས་མདོས་བྱུང་ནི་གང་ནས་བྱུང་། །གླུད་བྱུང་ནི་གང་ནས་བྱུང་། །བལ་བོའི་ཡུལ་དུ་བྱུང་། །བལ་བོ་ནི་ཧཱུྃ་མཛད་ཀྱིས། །བལ་བོ་རྒྱལ་པོའི་དོན་དུ་མཛད། །རྒྱལ་པོ་བཅུ་གསུམ་གྱི་གླུད་དུ་ཕུལ། །རྒྱལ་པོའི་སྙུན་ནད་ཀྱང་དེར་སངས་སོ། །དེ་ནས་མདོས་བྱུང་གང་ནས་བྱུང་། །ཞང་ཞུང་ཡུལ་ཤེད་དུ། །ཞང་ཞུང་གི་རྒྱལ་པོ་ལ། །མཁྲིས་པ་ནི་ཤཀྵ་ཡས་ཟིན། །ཅི་བགྱིད་ནི་ཅིས་མ་སྨན། །མུན་དུན་ཤགས་ཀྱི་པྲ་ཕབ་ལས། །ཧོར་ཏ་ལྕམ་མོ་བཅུ་གསུམ་ལ། །གླུད་དང་ནི་ཐབས་ཤིག་ཕུལ། །རྒྱལ་པོའི་སྙུན་ནད་དེར་སངས་སོ། །ཞང་ཞུང་བོན་པོ་ཁྲི་མུན་སྟོང་གིས་ནི། །དཀའ་དགུ་ནི་བསོགས་བསོགས་ནས། །མཐུན་དགུ་ནི་སྡེབས་ནས་སུ། །རྒྱལ་པོ་བཅུ་གསུམ་ལ་གླུད་དུ་ཕུལ། །སྙུན་ནད་ཀྱང་དེར་སངས་སོ། །དེ་ནས་མདོས་བྱུང་ནི་གང་ནས་བྱུང་། །གླུད་བྱུང་ནི་གང་ནས་བྱུང་། །བོད་ཡུལ་གྱི་དབུས་སུ་བྱུང་། །སྤུ་རྒྱལ་བཙན་པོ་ནི་སྙུན་གྱིས་ཟིན། །ཅི་བགྱིས་ནི་ཅིས་མ་སྨན། །རྒྱ་གར་གྱི་ཡུལ་ནས་སུ། །གྲོང་ཁྱེར་ནི་གསལ་ལྡན་ནས། །ཛ་ཡ་སེ་ན་སྤྱན་དྲངས་ནས། །པྲ་ཕབ་ནི་ཕྱ་བསྐོང་བས། །མ་བདུད་རྒྱལ་མོའི་བཀྱོན་ནོ་སྐད། །རྒྱ་བོད་མཁས་པ་ནི་མང་པོས་བསྐོར། །ཉིན་གསུམ་ནི་བསོགས་སུ་བསག །མཚན་གསུམ་ནི་གྱེར་དུ་བགྱེར། །ཆ་གཅིག་རི་གསུམ་རྩེ་ལ་བསྐྱལ། །ཆ་གཅིག་ལུང་གསུམ་གྱི་མདོ་རུ་བསྐྱལ། །ཆ་གཅིག་གཙང་ཆབས་ཀྱི་གཞུང་ལ་བསྐྱལ། །རྒྱལ་པོ་སྙུན་ལས་དེར་ཐར་རོ། །ཞེས་སོ།། །།
ལས་ཀྱི་མ་མོའི་སྐྱེ་རྒྱུད། བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས་བཏུས།
གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མོ་མོའི་སྐྱེ་རྒྱུད་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །མ་མོའི་སྐྱེ་རྒྱུད་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དང་པོ་སྣོད་ཀྱི་འཇིག་རྟེན་ཆགས། །འཇིག་རྟེན་བདེ་བས་དགེས་པ་ལས། །བར་དེར་ཤིན་ཏུ་མི་བདེ་སྟེ། །སེམས་ཅན་རྣམས་ལ་གནོད་པ་བྱུང་། །ལས་དང་རྐྱེན་ནི་དྲག་པོ་ལས། །སྐྱེས་པའི་ལས་ཀྱི་མ་མོ་གཅིག །མུ་ཁ་ལེ་ནག་མོ་བྱ་བ་བྱུང་། །ལུས་ནི་རི་རབ་གླིང་བཞི་ཙམ། །གདོང་ལྔ་ཞལ་ལྔ་ཕྱག་དྲུག་ལ། །རྫུ་འཕྲུལ་བརྒྱད་ཀྱི་ཞབས་དང་ལྡན། །སེམས་ཅན་ཀུན་ལ་གནོད་ཅིང་འཚེ། །ལས་ཀྱི་མ་མོ་ཁ་ལེ་དང་། །དབང་ཕྱུག་མ་ཧཱའི་མདངས་ལས་ནི། །ལས་ཀྱི་སྲིན་མོ་ལྔ་སྐྱེས་ཏེ། །རྣམ་སྣང་གསལ་དང་འོད་གསལ་མ། །གཉེན་གསལ་མ་དང་ཡང་གསལ་མ། །བཀྲག་གསལ་མ་དང་སྲིན་མོ་ལྔས། །བདུད་ནི་དགུ་ཁྲིའི་རྒྱལ་པོ་དང་། །སྲིན་མོ་ཕྱ་སངས་རྒྱལ་མོ་གཉིས། །རི་རབ་བུམ་པར་སྲིད་པ་ལས། །སྲིད་པ་བདེ་འགྲོ་ཆེན་མོ་སྐྱེས། །དེ་བཞིན་དགུ་ཁྲིའི་རྒྱལ་པོ་དང་། །ཕྱ་སངས་རྒྱལ་མོ་དེ་གཉིས་ནི། །བར་སྣང་མཁའ་ལ་སྲིད་པ་ལས། །ཡུམ་ཆེན་ཉི་ཟླའི་ཐོད་འཕྲེང་བྱུང་། །ཡུམ་ཆེན་ཉི་ཟླའི་ཐོད་འཕྲེང་དང་། །མུ་སྟེགས་ཀ་ལ་ནག་པོ་གཉིས། །ཡིད་ཀྱི་སྦྱོར་བ་བྱས་པ་ལས། །བུད་མེད་ནག་མོ་བཞི་སྐྱེས་ཏེ། །དབྱིངས་ཕྱུག་མ་དང་རྒྱན་གྱི་རྒྱལ་མོ་དང་། །བདག་ཉིད་མ་དང་གཅིག་པུ་ཆེན་མོ་བཞི། །དེ་བཞིན་ཕུང་བྱེད་སྦས་པའི་མ་བཞི་དང་། །ནག་པོ་མི་བཟད་སྦྱོར་བ་བྱས་པ་ལས། །ཁྲོས་པའི་དབང་ཅན་བུ་མོ་སྤུན་བཞི་བྱུང་། །རྡོ་རྗེ་ཉི་མ་ཁྲོས་པ་དང་། །སྲིད་པ་བདེ་སྦྱོར་ཁྲོས་པ་དང་། །རྡོ་རྗེ་བདུད་རྩི་ཁྲོས་པ་དང་། །ཁམས་གསུམ་འཚེ་བྱེད་ཁྲོས་པའོ། །ཁྲོས་པའི་བུ་མོ་སྤུན་བཞི་དང་། །རིགས་ཀྱི་འབྱུང་བ་བཞི་པོར་བཤོས། །བུ་མོ་སྤུན་བཞི་སྐྱེས་པ་ནི། །དཀར་མོ་མིག་གཅིག་མ་དང་ནག་མོ་མཆེ་བ་ཅན། །དམར་མོ་མཆུ་འཇིབ་མ་དང་སེར་མོ་ལས་མཁན་ནོ། །སྲིད་པ་སྐོས་རྗེ་བྲང་དཀར་དང་། །སྲིད་པ་ཆགས་བྱེད་སྲིད་པ་ལས། །བུད་མེད་རལ་ཅན་སྤུན་དྲུག་སྐྱེས། །སྲིད་པའི་གྲུ་འདེགས་མ་བཞི་དང་། །རྒྱལ་ཆེན་བཞི་རྣམས་སྲིད་པ་ལས། །མ་མོ་དམག་དཔོན་བཞི་རྣམས་སྐྱེས། །དམུ་དང་སྲིན་མོར་མཚོས་པ་ལས། །ཕུང་བྱེད་ཁྲོས་མ་སྤུན་བདུན་སྐྱེས། །ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་། །བདག་ཉིད་མ་གཉིས་སྲིད་པ་ལས། །འདོད་ཁམས་གཙོ་མོ་སྤུན་གཉིས་སྐྱེས། །བདུད་ནག་གསོད་བྱེད་ཆེན་པོ་དང་། །ཨེ་ཀ་ཛཱ་ཊི་སྲིད་པ་ལས། །ནམ་མཁའི་རྒྱལ་མོ་ནེ་མཚན་སྐྱེས། །ལྷ་དང་གཤིན་རྗེ་ཀླུ་དང་གནོད་སྦྱིན་བཞི། །དེ་བཞིན་སྲིན་མོ་བཞི་རུ་སྲིད་པ་ལས། །ལས་ཀྱི་སྲིང་བཞིར་སྐྱེས་སོ། །ཞེས་གསུངས་སོ།། །།
ལྷ་མོ་དུང་སྐྱོང་མ་དང་ནག་མོ་རེ་མ་ཏི་དཔོན་གཡོག་གི་སྐྱེ་རྒྱུད། དཔལ་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས་བཏུས།
སྔོན་འདོད་པའི་ཁམས་འདི་ཉིད་ན། རི་རབ་ཀྱི་རྩེ་བྱང་ཤར་གྱི་མཚམས་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། རྩེ་མོ་ན་བྱ་ཁྱུང་ག་རུ་ཎ་གནས་པ། ལོ་མ་ལ་འདོད་པའི་ཡོན་ཏན་ལྔ་རང་འབྱུང་བ། འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཏོག་ལྟར་སྨིན་པ། ཡལ་གའི་རྩེ་གཡུའི་ཟེ་བའི་བར་བར་ན། ལྷ་དང་ལྷ་མོ་དང་། གཟའ་དང་སྐར་མ་དང་། ཉི་མ་དང་ཟླ་བའི་ཚོགས་ཀྱི་བརྒྱན་པ། རྩ་བའི་ངོས་ལ་ཁྲུས་ཀྱི་རྫིང་བུ་བདུན་ལ། རེ་རེ་ལ་ཤིང་རྟ་རེ་རེ། ཤིང་རྟ་རེ་རེ་ལ་བུ་མོ་བདུན་བདུན། བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་རྨ་བྱ་བདུན་བདུན་ཡོད་དོ། །ཤིང་དེའི་ས་ཕྱོགས་ན། སྨན་གྱི་རིགས་རྣམ་པ་སྣ་ཚོགས་དང་། ལོ་ཏོག་གི་རིགས་ཁྲི་ཕྲག་བཞི་རང་སྐྱེ་བ། ཙནྡན་དང་། ག་བུར་དང་། གོ་ཤིར་ཥ་དང་། སྦྲུལ་གྱི་སྙིང་པོ་རྫིང་བུ་ལྔ་བརྒྱས་བསྐོར་ཏེ། དེ་ལྟ་བུའི་ཤིང་དེ་ཐུན་མོང་གི་བསོད་ནམས་ཀྱིས་སྐྱེས་སོ། །དེའི་དུས་ལ་འདོད་པའི་ཤིང་དེ་ནི་ལྷ་རྣམས་ཀྱིས་དབང་བྱེད་པའི་ཚེ། རི་རབ་ཀྱི་རྩ་བ་ན་འོད་མི་སྣང་བ་ཞེས་བྱ་བའི་གནས་ན། ལྷ་མ་ཡིན་གྱི་རྒྱལ་པོ་སུམ་བརྩེགས་དང་། ཐགས་བཟང་རིས་དང་། ཧེ་རནྣ་ཀེ་ཤུན་དང་། རྣམ་པར་སྣང་བྱེད་དང་། རབ་སིམ། སྒྲ་གཅན་འཛིན་ལ་སོགས་པ་བྱེ་བ་དུང་ཕྱུར་ཙམ། ཤིན་ཏུ་མི་སྡུག་པའི་ཆ་བྱད་དུ་བྱས་ནས། རབ་ཏུ་རྔམ་པའི་ང་རོ་དང་། འཇིགས་ཤིང་སྐྲག་པའི་མཚོན་ཆ་ཐོགས་ནས། རི་རབ་ཀྱི་ཁ་ཆོས་བཟངས་ཞེས་བྱ་བར་ལྷགས་སོ། །
དེ་ནས་རི་རབ་ཀྱི་ཁ་ལ་ལྷ་བ་སུ་དེ་བ་དང་། ལྷ་མ་ཧཱ་དེ་བ་དང་། བརྒྱ་བྱིན་ཉིད་ལ་སོགས་པ། ལྷ་བྱེ་བ་དུང་ཕྱུར་ལ་ལྷ་མ་ཡིན་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །རི་རབ་རྩེ་གནས་སུམ་ཅུ་རྩ་གསུམ་ལྷ། །ཤིང་འདི་ལྷ་དང་ལྷ་མིན་ཐུན་མོང་ལས། །ད་ལྟ་འདོད་པའི་ཁྱེད་ཅག་ལྷ་དབང་ན། །ད་ནི་ངེད་ཅག་ལྷ་མིན་བདུད་ལ་བླང་། །ཞེས་སྨྲས་པ་དང་། ལྷ་རྣམས་ཀྱིས་སླར་སྨྲས་པ། དཔག་བསམ་ཤིང་ལ་འདོད་ཡོན་བསམ་ཡས་ཀྱང་། །བསོད་ནམས་དབང་གིས་ལྷ་ལ་ཡོངས་སུ་གྲུབ། །གཞན་ལ་ཡོད་ན་སྐམས་ཤིང་མེད་པར་འགྱུར། །དེ་བས་ཁྱེད་ལ་ལྗོན་ཤིང་ངེད་མི་སྟེར། །ཞེས་སྨྲས་པ་དང་། སླར་ལྷ་ལ་སྨྲས་པ། ཐུན་མོང་ལས་གྲུབ་བདེ་ལྡན་ལྗོན་པའི་ཤིང་། །ལྷ་ཡི་དབང་བྱས་ངེད་ལ་མི་སྟེར་ན། །འཇིག་རྟེན་སྲེག་པའི་མཚོན་གྱིས་ཆར་ཕབ་ལ། །ལྷ་དང་ལྷ་མིན་གཡུལ་ཆེན་འགྱེད་ཅེས་ཟེར། །ཞེས་སྨྲས་ཏེ། སླར་ཡང་སོང་ནས་ལྷ་མ་ཡིན་གྱིས་དམག་དྲངས་སོ། །གླང་པོ་ཆེ་ས་སྲུང་གི་མགོ་སུམ་ཅུ་རྩ་གཉིས་ལ་གནོད་སྦྱིན་སུམ་ཅུ་རྩ་གཉིས་ཞོན་ཏེ། དབུས་ཀྱི་མགོ་ལ་དབང་པོ་ཐགས་བཟང་རིས་ཞོན་ཏེ། གླང་པོ་ཆེའི་སྣ་ལ་ཀ་མ་ལ་ནག་པོ་བཏགས་ཏེ། ལྷ་མ་ཡིན་གྱི་དམག་བྱེ་བ་དུང་ཕྱུར་གྱིས་སྐོར་ཏེ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་མཚོན་གྱི་ཆར་ཆེན་པོ་མེ་ལྕེ་འབར་བ་འདྲ་བའི་ཆར་འབེབས་ཏེ་དམག་དྲངས་སོ། །
དེ་ནས་ཆོས་བཟངས་ཞེས་བྱ་བའི་གདན་སར་ལྷ་རྣམས་ཚོགས་ཏེ། འཐབ་པར་བརྩམས་པ་དང་། དང་པོ་ལྷ་རྣམས་ཀྱིས་ཁྲོ་མ་ཤེས་ནས་རྩུབ་འགྱུར་གྱི་ཁང་པ་ན་ཁྲོ་བོ་ལངྐ་ནག་པོ་ཁྲོས་པའི་ཁ་ཆུ་ཁྲོ་ཆུའི་རྫིང་བུ་བདུན་འཁྱིལ་བ་ལས་འཐུངས་སོ། །དེར་ལྷ་རྣམས་ཞེ་སྡང་སྐྱེས་ཏེ་ཤིན་ཏུ་ཁྲོ་བར་གྱུར་ནས། བཟོའི་ལྷ་བི་ཤོ་ཀར་མས་ནུབ་གཅིག་ལ་གསེར་ཁྲབ་བྱེ་བ་ཕྲག་དགུ་འབུམ་རང་བརྡུངས་སོ། །ལྷ་མ་ཧཱ་ཀྲོ་དྷས་ནུབ་གཅིག་ལ་མཚོན་རལ་གྲི་དང་། འཁོར་ལོ་དང་། ཐོད་པ་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། མདུང་རྩེ་གསུམ་པ་བྱེ་བ་ཕྲག་དགུ་ཁྲི་དགུ་འབུམ་རང་བརྡུངས་སོ། །དུས་དེ་ཙམ་ན་ལྷ་རྣམས་གོ་མཚོན་ཐོགས་ཏེ། གླང་པོ་ཆེ་རབ་ཏུ་བརྟན་པའི་མགོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་ཞོན། དབུས་ཀྱི་མགོ་བོ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན། ལྷ་དམག་བྱེ་བ་དུང་ཕྱུར་གྱིས་མཐའ་བརྟེན་ཏེ། གླང་པོ་ཆེའི་སྣ་ལ་རལ་གྲི་བཏགས་ནས་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་བཀྱེའོ། །དུས་དེ་ཙམ་ན་ལྷས་མཚོན་བརྒྱབ་པ་རྣམས་ནི། ཁྲག་གར་ཕོག་པ་ལ་བདུད་ཀྱི་དམག་མི་ཁྲི་ཁྲི་ཙམ་དུ་འཕེལ་ལོ། །ལྷ་མ་ཡིན་གྱིས་མཚོན་བརྒྱབ་པ་ལ་ནི་ཁྲག་ལ་དམག་མ་འཕེལ་བར་ཤིའོ། །དེར་ལྷ་ཐམས་ཅད་གཏིང་ཕམ་སྟེ། ལྷ་མ་ཡིན་རབ་ཏུ་རྒྱལ་བའི་དུས་སུ། ཕྱག་ན་རྡོ་རྗེ་ཉིད་ཀྱིས་ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར། དཔལ་བེའུ་དབུས་ནས་ཧཱུྃ་མཐིང་ནག་འབར་བ་གཅིག་སྤྲུལ་ཏེ། ལྷ་བིཥྞུ་རཱ་ཛའི་དཔྲལ་བའི་དབྱིངས་སུ་ལྕགས་ཀྱི་མཛེར་པ་གཅིག་ཏུ་གྱུར་ཏོ། །མཛེར་པ་བརྟོལ་བའི་ནང་ནས་བུད་མེད་སྔོན་མོ་དབུ་སྐྲ་བཻཌཱུརྱའི་ཆུན་འཕྱངས་ཅན། མིག་ཨུཏྤ་ལའི་འདབ་མ་འདྲ་བ། མཚན་དང་དཔེ་བྱད་ལྡན་པ་ཞིག་བྱུང་ངོ་། །
དེ་ལ་ལྷ་རྣམས་ཀྱིས་མིང་བཏགས་པ། ལྷ་མོ་ཨུ་མ་དེ་བ་བྱ་བར་བཏགས། ལྷའི་བུ་མོ་དེ་ཀུན་གྱི་ཆུང་མར་འདོད་པ་ལ། ནམ་མཁའ་ལ་ཕྱག་ན་རྡོ་རྗེ་སྤྲུལ་བའི་ཚིགས་བཅད་འདི་བསྒྲགས་སོ། །ལྷ་ཡི་རྒྱལ་སྲིད་མཐོ་ཞིང་བརྟན་པ་དང་། །རིགས་དྲུག་སེམས་ཅན་དགེ་ལ་འགོད་པ་དང་། །ལྷ་མིན་བདུད་ཀྱི་གཡུལ་ཆེན་བཟློག་པའི་ཕྱིར། །དབང་ཕྱུག་ལྷ་ལ་ཨུ་མ་ཆུང་མར་བྱིན། །ཞེས་བསྒྲགས་སོ། །དུས་དེའི་ཚེ་ན་འཛམ་བུའི་གླིང་གི་ནུབ་བྱང་མཚམས། ཡཀྵ་ཀ་མ་ལ་འབར་བའི་དུར་ཁྲོད་ན། ལྷ་མ་ཧཱ་དེ་བ་དགེ་སློང་གི་ཆ་ལུགས་སུ་འགོག་པའི་བརྟུལ་ཞུགས་དྲག་པོ་ལ་ཞུགས་པའི་དྲུང་དུ་ཨུ་མ་དེ་བ་ཁྲིད་ནས་ཞག་བདུན་ཕྲག་བདུན་དྲོད་ལ་བཙས་པས། འདོད་པའི་འཁྲིག་པ་སྤྱད་དོ། །འཁྲིག་པ་སྤྱད་པའི་དབང་གིས་བར་སྣང་ལ་གཟའ་དང་སྐར་མ་བྱུང་ངོ་། །དེར་ལྷ་མོ་ཨུ་མ་དེ་བ་ལ་བུ་ཚ་མིང་སྲིང་གཉིས་སྐྱེས་སོ། །མིང་པོ་ནི་གཤིན་རྗེ་མ་ཧཱ་ཀཱ་ལ་ཞེས་གྲགས་སོ། །སྲིང་མོ་ནི་ལྷ་མོ་དམར་མོ་ཙ་མུཎྜི་ཞེས་བྱ་བར་གྲགས་སོ། །གཤིན་རྗེ་མིང་སྲིང་དེ་གཉིས་ཆོས་བཟངས་ལྷའི་མདུན་སར་ཁྲིད་ནས་ཕྱིན་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་ཉིད་ཀྱིས། གཤིན་རྗེའི་མིང་སྲིང་ལ། མ་ཧཱ་ཡཀྵ་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ཏེ། སྔར་བཞིན་དུ་ལྷ་དང་ལྷ་མ་ཡིན་གཉིས་གཡུལ་ཆེན་པོ་བཀྱེའོ། །དེ་ནས་གཤིན་རྗེ་མ་ཧཱ་ཀཱ་ལས། ལག་ན་གསལ་ཤིང་རི་རབ་ཙམ་གཅིག་གིས། ལྷ་མ་ཡིན་གྱི་གཡུལ་ངོར་དྲིལ་བས་གཡུལ་བཟློག །ཙ་མུཎྜིའི་རལ་གྲི་མེ་ལྕེ་ཕྲེང་བ་ཞེས་བྱ་བས། ལྷ་མ་ཡིན་ཧེ་ར་ཎ་ཀེ་ཤུའི་མགོ་བཅད་དོ། །དེ་ནས་ལྷ་དམག་མང་པོས་ཀྱང་ལྷ་མ་ཡིན་ལ་མཚོན་ཆའི་ཆར་ཕབ་ནས། ཁྲག་རྣམས་དམག་མིར་སྤྲུལ་པ་འདྲ་སྟེ། ལྷ་མོ་ཙ་མུཎྜིས་ཧེ་ར་ཎ་ཀེ་ཤུའི་ཐོད་པས། ཁྲག་བཅུས་ཤིང་རོལ་བས་འཕེལ་མ་ནུས་པར་བྱེད་ཀྱིན་མཚོན་གྱི་ཆར་ཕབ་ནས་ཙ་མུཎྜིའི་ལྟེ་བ་ལ་ལྷ་བྱེ་བ་དུང་ཕྱུར་རྣམས་ཀྱི་རྫོངས་བྱས་པས་འཐབ་བོ། །ལྷ་དམག་དཀར་པོ་རྒྱལ་བར་བྱས་ཤིང་དཔག་བསམ་ཤིང་གི་མངའ་བདག་ཏུ་གྱུར་ཏེ། རྣམ་པར་རྒྱལ་བའི་ཁང་བཟངས་ཀྱང་རང་བྱུང་དུ་ཡོད་དོ། །ལྷ་མ་ཡིན་ཕམ་པར་གྱུར་ཏོ། །བརྒྱ་བྱིན་ཉོན་ཅིག །དེ་ནས་ལྷའི་བུ་མོ་ཙ་མུཎྜི་དེས། རི་ཁྲོད་ཆེན་པོ་མདངས་དགའ་ཞེས་བྱ་བར། ཤིང་རི་ཁྲོད་ཞེས་བྱ་བའི་ལོ་མ་གྱོན་ནས། ལོ་བདུན་དུ་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་པརྞྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བར་གྱུར་ཏོ། །
དེ་ནས་ལྷ་མོ་དེས་ཀླུ་དུང་གི་མཛེར་བ་ཅན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེ་བྱ་ཁྱུང་ཀ་རུ་ཎ་ཞེས་བྱ་བས་འཚེ་བ་ལ། ལྷ་མོ་པརྞྞ་ཤ་བ་རི་དེས་བྱ་ཁྱུང་བཏུལ་བས་ཀླུ་བསྐྱངས་ཏེ། ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་བྱ་བར་གྱུར་ཏོ། །ལྷ་མོ་དུང་སྐྱོང་མ་དེ་ནི་རི་རབ་རྩེ་མོ་རྣམ་པར་རྒྱལ་བའི་ཁང་བཟང་རྩ། བྱང་ཤར་གྱི་མཚམས་བྱང་ཆུབ་ཀྱི་ཤིང་དྲུང་ན། རིན་པོ་ཆེའི་ཁང་པ་བདུན་བརྩེགས་ཀྱི་གཞལ་ཡས་ཀྱི་ཁང་ན། རིན་པོ་ཆེའི་ཁྲི་སྟེང་ན། གསེར་དངུལ་བཻཌཱུརྱའི་དབུ་རྒྱན་དང་མགུར་ཆུས་བརྒྱན་ཏེ། ལུས་འགྱིང་བག་ཏུ་བཞུགས་སོ། །
ལྷའི་བུ་དང་བུ་མོ་མང་པོས་ཀྱང་ལོངས་སྤྱོད་དང་། གླུ་དང་དབྱངས་དང་། རོལ་མོ་བསམ་གྱིས་མི་ཁྱབ་པའི་མཆོད་པ་བྱེད་དོ། །བརྒྱ་བྱིན་ཉོན་ཅིག །དེ་ནས་ཡུལ་ལངྐ་པུ་རི་རུ་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ། ལྷ་རྣམས་ཀྱིས་སྐྱོན་ཕབ་སྟེ། སྲིན་པོ་ད་ཤ་གྲཱི་བ་དང་། དེའི་སྲིང་མོ་རྣ་ལ་རྩེ་གཉིས་ལུས་སོ། །དེ་ནས་སྲིན་པོ་ད་ཤ་གྲཱི་བས། ལྷ་དང་མི་འདུལ་འདོད་པའི་དོན་ཆེད་དུ། སྲིང་མོ་ལྷ་མ་ཧཱ་དེ་བ་ལ་བཙུན་མོར་ཕུལ་ལོ། །དེ་ནས་ལྷ་དབང་ཕྱུག་མ་ཧཱ་དེ་བ་དང་། སྲིང་མོ་རྣ་ལ་རྩེ་གཉིས་ཚོགས་པ་ལས། ཕས་ནི་ཁྱེའུར་སྨོན་ལམ་བཏབ། མས་ནི་བུ་མོར་སྨོན་ལམ་བཏབ། མའི་སྨོན་ལམ་མཐུ་བཙན་པས། ཡ་མཚན་ཅན་གྱི་བུ་མོ་གཅིག་བྱུང་། ཕ་ཁྲོས་པས་ཐལ་ཁུང་དུ་བོར་རོ། །མས་སླར་བླངས་ནས་ལུས་ཀྱི་དྲོད་ལ་བཙས་ནས། ཨཱ་ཡུ་བྷྲཱུྃ་ཞེས་ཚེ་དྲངས་གསོས་ཏེ། ཕས་མིང་བཏགས་པ་སྦས་པའི་ཐལ་མདོག་མར་མིང་བཏགས། མས་མིང་མི་ཕམ་ཁྲོ་གཉེར་རོ་ལངས་མར་མིང་བཏགས། གནོད་སྦྱིན་ལག་ན་རྡོ་རྗེས་དམོད་བཙུགས་ནས་མིང་བཏགས་པ། དུས་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས་པར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ནུས་མཐུ་དང་ལྡན་པར་གྱུར་ཅིག་ཅེས་མིང་དུ་བཏགས་པའི་ཚེ། བར་སྣང་གི་ལྷ་མ་སྲིན་སྡེ་བརྒྱད་པོ་ཡོངས་ཀྱི་ཀྱང་དེ་ལྟར་གྱུར་ཅིག་ཅེས་བཟླས་སོ། །དེ་ནས་སྐྱེ་བ་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྲགས་སོ། །
ལྷ་མོ་དུང་སྐྱོང་མས་མིང་བཏགས་པ་ནི། སྲིན་མོ་དམར་འདབ་ཕུར་བའི་ལྷ་གསེར་ཅན་ཞེས་བྱ་བར་མིང་བཏགས་སོ། །དུས་དེར་སྲིན་པོ་ད་ཤ་གྲཱི་བ་དེས། ང་ནི་ལྕེབ་བོ་ལྕེབ་བོའི་སྒྲས་འཇིག་རྟེན་དུ་གྲགས་སོ། །སྲིང་མོ་དང་རྣ་ལ་རྩེ་གཉིས་ཀྱིས་མིང་པོ་མ་ལྕེབ་པར་ཅི་འདོད་ང་ལ་སྨྲོས་ཤིག་ཅེས་གསོལ་ཏོ། །ད་ཤ་གྲཱི་བས་གསོལ་པ། ང་ནི་ལྷ་མོ་དུང་སྐྱོང་འདོད་དོ་ཞེས་གསོལ་ཏོ། །སྲིང་མོས་སྨྲས་པ། ངའི་བུ་མོ་ཕུར་བའི་ལྷ་མོ་འདི་ནི་ལྷ་མོ་དུང་སྐྱོང་གི་ཁོལ་མོ་བྱེད་དུ་གསོལ་ཏེ། དེ་ནས་གདོད་བསླུའོ་ཞེས་སྨྲས་སོ། །དེ་ནས་རྣ་ལ་རྩེ་ཡིས་བུ་མོ་ཁྲིད་ནས་དཀར་མོ་དུང་སྐྱོང་གི་གཡོག་ཏུ་ཕུལ་ལོ། །དེ་ནས་རེ་མ་ཏིས་དཀར་མོ་དུང་སྐྱོང་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ། །བདག་ཉིད་ཆེན་མོ་ག་གར་མ། །དབུ་བཟང་རིན་ཆེན་ཐོར་ཚུགས་ལ། །བཻཌཱུར་སྔོན་མོ་འོད་ལམ་ལམ། །ཞལ་བཟང་པདྨའི་དཀྱིལ་འཁོར་དུ། །ཉི་ཟླ་ཕྲུགས་གཅིག་རྒྱན་བཀོད་དེ། །ཚེམས་བཟང་དུང་ལ་ལྗགས་བཟང་མེ། །ཁྱོད་འདྲ་འཇིག་རྟེན་ཁམས་ན་མེད། །བདག་ནི་ཁྱོད་ཀྱི་གཏན་འབངས་བགྱི། །ཁྱོད་ཀྱིས་བདག་ལ་ཐུགས་བརྩེར་དགོངས། །བདག་ཀྱང་གློ་བ་ཉེ་བར་བགྱི། །ཞེས་གསོལ་ཏོ། །དེ་ནས་ལྷ་མོའི་གཡོག་མོ་བྱས་ནས་གློ་བ་ཉེ་བར་བྱས་ཏེ་ལྷ་མོའི་ཡིད་ལ་ཅི་འདོད་པ་དགོས་པ་བྱས་སོ། །དེ་ནས་ལྷ་མོ་ཡང་ཁོལ་མོ་དེ་ལ་དགྱེས་ནས་གཅེས་པར་བྱེད་དེ། དེའི་ཚེ་དེའི་དུས་ན་ཡུལ་ལང་ཀ་པུ་རི་རུ། སྤྲེའུ་འབལ་ལེ་དང་མགྲིན་བཟང་འཐབ་པ་ལ་ལྷ་ཐམས་ཅད་ལྟད་མོ་ལ་འགྲོ་བས། ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས་སྨྲས་སོ། །དེ་རིང་ཁྱོད་ཀྱི་གན་དུ་སུ་འོང་བས་ཁྱོད་བསླུ་སྟེ་འོང་བས། དེ་ལ་མ་ལྟ་ཞིག་ཅེས་བསྟན་ཙམ་ན། ཁོལ་མོས་སྐབས་དེར་ད་ཤ་གྲྭི་བ་ལ་སྦྲན་ནོ། །དེར་སྲིན་པོ་ད་ཤ་གྲཱི་བས་སྲིན་གྱི་བོང་བུ་དམར་གྭ་ལ་ཞོན་ནས། ལྷ་མོའི་ཕོ་བྲང་སྒོར་ཕྱིན་ཏེ་སྲིན་པོ་ཁོ་བདག་ནི་མིའི་ཆ་བྱད་ལ་ཤིན་ཏུ་གཟུགས་བཟང་ལ་མཛེས་པ་ཞིག་ཏུ་སྤྲུལ་བོང་བུ་ནི་རི་དྭགས་གྭ་དོར་སྨུག་པོ་གཅིག་ཏུ་སྤྲུལ་ཏེ། ལྷ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ནས། རོལ་མོའི་སིལ་སྙན་དང་གླུ་དབྱངས་སྣ་ཚོགས་བྱས་པས་བསླུས་སོ། །ལྷ་མོ་རོལ་མོ་ལ་དགའ་བས་འཛུམ་ཞིག་ཤོར་རོ། །
དེ་ནས་སྲིན་པོས་གླགས་རྙེད་དེ། ལྕགས་ཀྱི་ལྷམ་སྒྲོག་སྔོན་པོ་བཀྲོལ་ནས་བཟུང་སྟེ་གླུ་འདི་སྐད་བླངས་སོ། །ཀྱེ་ཡོངས་འདུས་ཤིང་གི་གནས་མཆོག་ན། །རིན་ཆེན་མཛེས་པའི་ཕོ་བྲང་ནས། །བདེ་ལྡན་འཕྲུལ་གྱི་ལྡིང་ཁང་ན། །འགྱིང་བག་ཚུལ་དུ་གར་མཛད་པ། །དབང་ཕྱུག་སྲས་མོ་མ་ལགས་སམ། །དགའ་བྱེད་དུང་སྐྱོང་མ་ལགས་སམ། །ལྷ་མོ་མང་པོའི་ཚོགས་དང་རོལ། །དབུ་ཡི་སྙན་ཆ་གདུབ་འཁོར་ནི། །རིན་ཆེན་མཛེས་པས་ཀུན་ནས་སྤྲས། །སྤྱན་ནི་ཨུཏྤལ་འདབ་མ་འདྲ། །ཤངས་ནི་བིལ་བའི་འབྲས་བུ་འདྲ། །ཞལ་ནས་ཨུཏྤལ་ངད་ཀྱང་བྲོ། །སྐུ་ནི་འཁྲིལ་ལྡེམ་གཞོན་ཚུལ་འདྲ། །གསུང་ནི་ཚངས་པའི་དབྱངས་སྙན་མཆོག །ནུ་འབུར་སྟོད་སྨད་ཕྱེད་པས་འགྱིང་། །ཁྱེད་འདྲའི་སྐུ་ནི་གཞན་ལ་དཀོན། །ལྷ་ཡི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང་། །ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་བཞེས། །ཅི་མཛད་ཅི་སྡུག་ཅི་ཡང་གསུང་བ་སྙན། །ཁམས་གསུམ་དག་ན་ཁྱོད་འདྲ་ཤིན་ཏུ་དཀོན། །སེམས་ཅན་ཀུན་གྱིས་ལྟ་བས་མི་ངོམས་ཁྱོད། །བདག་གིས་དབུལ་འདི་བཞེས་པར་གནང་བར་མཛོད། །ཅེས་ཕུལ་བ་ལ། ལྷ་མོས་ལྕགས་སྒྲོག་བླངས་སོ། །དེ་ནས་རང་གི་རྐང་པ་གཡས་པ་ལ་དཀྲིས་ཏེ་རྒྱན་བྱས་སོ། །དེ་ནས་ཁོལ་མོ་དེས། ཇོ་མོ་དུང་སྐྱོང་མ་ལ་ཞུས་པ། ཀྱེ་ཇོ་མོ་བདེ་མཆོག་དུང་སྐྱོང་མ། བདག་ཞུ་བ་གཅིག་མཆིས་ན་གནང་ངམ་བྱས་པ་ལ།
ཇོ་མོ་ན་རེ། ཁྱོད་གློ་བ་ཉེ་བས་ཅི་ཞུས་པ་གནང་ངོ་ཟེར་རོ། །ལྷ་ནི་ངག་བདེན་པའི་སྡོམ་པ་ཡོད་པས་ཇི་སྐད་སྨྲས་པ་ལྟར་བྱེད་པ་ཡིན་ནོ། །དེ་ནས་ཁོལ་མོས་གསོལ་བ། ཀྱེ་བདག་གི་ཡུམ་གྱི་རྗེར་གྱུར་དུང་སྐྱོང་མ། །ཁྱོད་འདྲ་འཇིག་རྟེན་གཞན་ན་མེད། །འགྲོགས་པས་ཟླ་མེད་སྐར་མ་གཅིག་ཤར་འདྲ། །དེང་འདིར་མཆིས་པས་ལྕགས་སྒྲོག་འབུལ་མཁན་དེ། །གཏན་གྱི་གྲོགས་ཟླར་མཛད་པར་ཞུ་བ་འབུལ། །བདག་ཀྱང་རྟག་ཏུ་ཁྱོད་ཀྱི་བྲན་མོ་བྱེད། །ཅེས་ཞུས་པ་ལ། ལྷ་མོ་དེས་སྔར་ཁས་བླངས་པ་དེས་མི་བྱ་བའི་དབང་མེད་ནས། ལྷ་མོ་ན་རེ་ཁྱོར་བྱའི་མི་དེ་གང་ན་འདུག །སུ་ཡིན་བྱས་པ་ལ། ཁོལ་མོས་སྨྲས་པ། དེ་ནི་བདག་གི་ཞང་པོ་སྲིན་པོ་ད་ཤ་གྲཱི་བ་ཡིན། ཡུལ་ལངྐ་པུ་རུ་ན་འདུག་ཅེས་སྨྲས་པ་དང་། དེ་ནས་དུང་སྐྱོང་མ་དབང་མེད་དུ་སྲིན་པོའི་ཆུང་མར་སོང་ངོ་། །
དེ་ནས་ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་དམོད་པ་བོར་བ་ངའི་བུ་མོ་རབ་ཏུ་གཅེས་པར་བྱས་ཏེ། ལྷའི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང་། །ང་ལ་གསང་ལ་སྲིན་པོའི་ཆུང་མར་སོང་། །ཕྱིན་ཆད་བུ་མོ་ཁྱོད་ཀྱང་སྲིན་དང་འགྲོགས། །མི་ཤ་ཟ་ཡི་མི་ལྤགས་གྱོན་པར་གྱུར། །སྲོག་གཅོད་བྱེད་ཅིང་མི་ཡི་ཐོད་ཁྲག་ཐོགས། །བོང་བུ་ཞོན་ལ་ལྷ་ཡི་ཁ་དོག་ཉམས། །སྲིན་གྱི་ཁ་དོག་ནག་ལ་འཇིགས་པར་ཤོག །དེ་ཡི་ཁོལ་མོ་རེ་མ་ཏི་ཁྱོད་ཀྱང་། །ང་ཡི་བུ་མོ་བསླུས་ཏེ་སྲིན་ལ་བྱིན། །ཁྱོད་ཀྱང་མི་སྡུག་འཇིགས་པའི་གདོང་དུ་གྱུར། །ཚེ་རབས་ཀུན་ཏུ་ཁྱོ་དང་མ་འཕྲད་ཅིག །ཅེས་དམོད་པ་བཅུ་གཉིས་པ་བོར་རོ། །
དེ་ནས་བུ་མོ་ལ་མའི་དམོད་པས་བསྡིགས་ནས་ལྷའི་ཁ་དོག་དཀར་པོ་ཉམས་ཏེ་མཐིང་ནག་ཏུ་གྱུར། མི་ཤ་ཟ་མི་ཁྲག་འཐུང་། མི་ལྤགས་གྱོན་བོང་བུ་ཞོན། གཅེར་བུར་བུད་ནས་འདུག་གོ །བུ་ནི་སྲིན་པོ་ཕྲུ་གུ་སེང་གེ་ཟླ་དང་། མེ་ཏོག་ཅོད་པན་དང་། གངས་ཅན་དང་། མཆེ་བ་བདུན་ལ་སོགས་པ་ལྔ་བརྒྱ་སྐྱེས་ཙམ་ན། ཁྱོ་སྲིན་པོ་ད་ཤ་གྲཱི་བ་ཤིའོ། །དེ་ནས་བུ་མོ་དུང་སྐྱོང་མ་ཡང་ཡུགས་སའི་ཆ་ལུགས་བྱས་ཏེ། སྐྲ་མདུན་སྐྲ་ལན་བུ་གཅིག་ལ་བླས་སོ། །བྲན་མོ་ཕུར་བའི་ལྷ་ཡང་དམོད་པས་བསྡིགས་པས། སྲིན་གྱི་ཕག་རྫི་བྱེད་ཙམ་ན། ཕག་རྫི་དུན་བུ་སྲིན་བྱ་བས་མོ་ལ་དབང་མེད་དུ་ཆགས་པ་སྤྱད་དོ། །དེ་ནས་ཕུར་པ་ལྷ་ཡང་ནལ་བུ་སྦྲུམ་མོ། །དེ་ནས་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་བརྐུས་པ་ཞོན་ནས། ད་ཤ་གྲྭི་བའི་རལ་གྲི་སྡིག་པ་ཅན་བརྐུས་པ་གཡས་ན་ཐོགས། སྲིན་པོའི་ནོར་བུ་རིན་པོ་ཆེ་བརྐུས་ནས་ནེའུ་ལེའི་རྐྱལ་བུར་སྦས་ནས། ལག་པ་གཡོན་དུ་ཐོགས་ནས་བྲོས་སོ། །ཕྱི་ནས་སྲིན་པོའི་དམག་གིས་བསད་ཀྱི་དོགས་ནས། བོང་བུ་བསྐྱོན་ནས་ཁ་ཕྱིར་བསྟན་ཏེ། ཕྱི་ན་སྲིན་པོ་བྱ་ར་བྱེད་ཅིང་ཕྱིན་ནོ། །ཐ་མར་དུར་ཁྲོད་གཅིག་ཏུ་ཕྱིན་ནས་སྐྱེས་པ་གཡུལ་དུ་བསད་པའི་རོ་གཅིག་དང་འཕྲད་དོ། །
དེ་ནས་ཁོ་གཉིས་ཤ་དེ་བསྲེགས་ནས་ཟ་འདོད་པ་ལ་གཙུབ་ཤིང་མེད་ནས། རྒྱ་མཚོའི་འགྲམ་ན་རྡོ་སོལ་གྱི་རི་ལ་ཆར་བབ་ནས་མེ་འབར་བ་མཐོང་ནས་རྡོ་སོལ་མེ་བླངས་ནས་ཤ་བསྲེགས་ནས་ཟོས་སོ། །ཕྱི་ན་ཁྱི་དཀར་པོ་གཅིག་འབྲངས་བ་ཡང་བསད་ནས་ཟོས་སོ། །པགས་པ་ལ་རྒྱལ་མཚན་བྱས་སོ། །དེ་ནས་ཁོལ་མོ་རེ་མ་ཏི་ལ་ནལ་ཕྲུག་སྐྱེས་སོ། །ཁོང་གཉིས་ཀྱིས་ནལ་ཕྲུག་གི་ཤ་ཡང་ཟོས་སོ། །དེ་ནས་ཇོ་མོས་བོང་བུ་ལ་ཞོན་ཁོལ་མོས་ཁ་ཁྲིད་བྱས་ནས་རྒྱ་མཚོའི་ཁར་ཕྱིན་ནས། གཤིན་རྗེ་རླུང་གི་འཁོར་ལོ་ཅན་ཞག་བདུན་བསྒོམས་པས། རླུང་ནག་འཚུབ་མ་ནག་པོ་གཅིག་དྲུང་དེར་གྲུབ་བོ། །དེ་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས། སྣང་སྲིད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་བོས་ནས་སྨོན་ལམ་བཏབ་པ། ང་ཡང་ཚེ་འདི་འཕོས་མ་ཐག་ཏུ་གསང་སྔགས་ཀྱི་གྲུབ་པ་ཐོབ་ནས་རྒྱལ་བའི་ཞལ་མཐོང་སྟེ། འདོད་པའི་ཁམས་ཀྱི་དབང་ཕྱུག་མར་ཤོག་ཅིག །ངའི་བྲན་མོ་ཕུར་བའི་ལྷ་འདི་ཡང་དུས་ཐམས་ཅད་དུ་ངའི་འབངས་ཀ་མ་ལར་ཤོག་ཅིག །ནོར་དུ་མི་མགོ་ལ་ལོངས་སྤྱོད་པར་ཤོག་ཅིག །ཞོན་པ་བོང་བུ་ལ་བྱེད་ལ། ལག་ཆ་རལ་གྲི་ལ་བྱེད་པར་ཤོག་ཅིག་ཅེས་སྨྲས་སོ། །རྒྱ་མཚོ་བསྐོར་ཞིང་རླུང་འཚུབ་མ་ལ་བཱ་ཡ་བེ་བཱ་ཡ་བེ་ཞེས་བོས་ཙམ་ན། ཚུབ་མ་བྱུང་བས་དཔོན་གཡོག་གཉིས་ཀ་རྒྱ་མཚོའི་ནང་དུ་བསྐྱུར་ཏེ་བཏང་ངོ་། །དེ་ནས་ལྷ་མོ་དུང་སྐྱོང་མ་དེས་མི་ཤ་ཟོས་པའི་མཐུ་དང་། རང་གི་སྨོན་ལམ་གྱི་དབང་གིས། རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་ཞེས་བྱ་བར། གཤིན་རྗེའི་ལྷ་མཐུ་ཅན་གྱི་བུ་མོར་སྐྱེས་ཏེ། གནོད་སྦྱིན་མ་ཆེན་མོ་ལ་ཁ་དོག་མཐིང་ནག་ལ་རབ་ཏུ་འཇིགས་པ། མིག་རྩ་དམར་བ་མཆེ་བ་ཟང་ཡག་ལ་རལ་པ་ཏིང་ཟ་པང་དུ་འདུག་པ་ཞིག་ཏུ་གྱུར་ཏེ། གཤིན་རྗེ་མ་རུ་རྩེ་དང་སྦྱོར་བ་བྱས་པ་ལ་བུ་བདུད་ཁྲམ་ནག་པོ་བྱ་བ་བྱུང་། བོང་བུ་ཡང་དམར་གྭ་ལ་གཡུའི་རྣ་བ་ཅན་རླུང་གི་གཤོག་པ་ཅན། མིག་མཇུག་མར་ཡོད་པ་ཞིག་ཏུ་བྱུང་ནས་ནོར་སྐལ་བྱེད་དོ། །
དེ་ནས་ཁོལ་མོ་རེ་མ་ཏི་རོ་ལངས་མ་འདི་ནི་སྐྱེ་བ་གང་བླངས་ཤེ་ན། རྒྱ་མཚོའི་ནང་དུ་བུད་མེད་ལུས་པོ་ཕྱེད་སྐམས་ལ་ཆུ་སྲིན་གྱི་མགོ་ཅན་གཅིག་ཏུ་སྐྱེས་ཏེ། མིང་ཡང་ཀླུ་མོ་གཞོགས་སྐམས་ཆུ་སྲིན་མགོ་ཀླུ་མོ་རེ་མ་ཏི་ཞེས་བྱ་བར་བཏགས་ནས། ཞག་དགུ་བཅུ་ན་ཚེ་འཕོས་ནས། སྐྱེ་བ་བླངས་པ་ནི་ཡུལ་དྲི་ཟའི་གྲོང་ཁྱེར་གསེར་སྡིངས་སྐྱེད་མོས་ཚལ་ཞེས་བྱ་བ་ན། དུག་ཤིང་ནག་པོ་འགྱུར་མེད་ཀྱི་རྩ་བ་ན་བདུད་རི་ཏི་འགོང་ཉག་དང་། དྲན་པ་དབང་བྱེད་གཉིས་བྱི་བྱས་པ་ལ་ཞག་དྲུག་ཅུ་རྩ་གཅིག་ན་བུ་མོ་གཅིག་སྐྱེས་ཏེ། ཕས་ནི་སྲིད་པ་གསུམ་གྱི་བློ་འཕྲོག་མར་བཏགས། མས་མིང་བཏགས་པ་ནི་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། བདུད་ཕོ་མོ་གཉིས་ཀྱིས་རང་གི་བུ་མོ་ལ་སྐྲ་ཉག་རེ་ལ་གསེར་དང་། བཻཌཱུརྱའི་ཆུན་འཕྱང་དང་། རིན་པོ་ཆེའི་དབུ་རྒྱན་དང་། ཉི་ཟླའི་ཐོད་གདེངས་དང་། ཐོད་པའི་མགུར་ཆུ་དང་། སྦྲུལ་གྱི་གདུ་བུས་བརྒྱན་ཏེ། བྱི་བྱས་པའི་ནལ་ཕྲུག་ཡིན་པས། བདུད་ཀྱི་རིན་པོ་ཆེ་སྣ་ལྔའི་ཁང་པའི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བྱས། ཐོད་པའི་ནང་དུ་ཡང་ཐོད་འཕྲུལ་གྱི་ལྡིང་ཁང་གྲུབ། དེའི་ནང་དུ་ཁང་པ་བདུན་བརྩེགས་ཀྱི་བདུན་ཚོགས་ཀྱི་ནང་དུ། མི་རོ་འབུམ་གྱི་ཁྲི་སྟེང་དུ་བུ་མོ་དེ་སུས་མ་མཐོང་སུས་ཀྱང་མ་ཚོར་བར་སྦས་ཏེ། སྒོ་སྨྲ་བོ་ལག་རིང་དང་། ནམ་གྲུ་ཁྲབ་ཐོགས་ཀྱི་བཅད་དོ། །
བདུད་ཀྱི་དམག་གི་རྒྱལ་མོ་དང་། གླིང་བཞིའི་རྒྱལ་མོ་དང་། ས་བདག་གི་རྒྱལ་མོ་དང་། དེ་རྣམས་ཀྱི་ཁང་པ་དེ་རབ་ཏུ་སྲུང་ཞིང་འཁོད་དོ། །བརྒྱ་བྱིན་ཉོན་ཅིག །དེའི་ཚེ་ན་ལྷ་མོ་དུང་སྐྱོང་མ་ནི། སྔོན་གྱི་ཁོལ་མོ་རེ་མ་ཏི་རོ་ལངས་མ་བདུད་ཀྱི་བུ་མོར་སྐྱེས་པ་བཀུག་ནས་ཁོལ་འདོད་པ་ལས། ཕྱག་ན་རྡོ་རྗེ་ངའི་གསང་སྔགས་བྱེ་བ་ཕྲག་བཅྭོ་བརྒྱད་བཟླས་པས། གསང་སྔགས་དེའི་བྱིན་གྱིས་བརླབས་ལས། མཁའ་འགྲོའི་ཏིང་ངེ་འཛིན་གྲུབ་པ་མོ། ལག་ན་པདྨ་ཧེ་རུ་ཀ་ཐོགས་པ་གཅིག་རང་བྱུང་བས། མ་བདུད་ཀྱི་ཡུལ་དང་ཕོ་བྲང་ཀུན་བྱིན་གྱིས་བརླབས་པའི་ཚེ་ན། བདུད་ཀྱི་རྒྱལ་པོ་དང་། བློན་པོ་དང་། འཁོར་རྣམས་དྲན་པ་མེད་པར་མྱོས་པར་གྱུར་ཏོ། །བདུད་ཀྱི་བུ་མོ་རེ་མ་ཏི་དེས་སྔོན་གྱི་ཇོ་མོ་ལྷ་མོ་དུང་སྐྱོང་མ་དྲན་པས། ཡིད་ཕྱོགས་ཏེ་དུང་སྐྱོང་མའི་སྤྱན་སྔར་འགྲོ་འདོད་པའི་བསམ་པ་དྲག་པོ་བྱུང་ནས། བདུད་རི་ཏི་འགོང་ཉག་གི་མཚོན་བདུད་ཀྱི་ཁྲམ་བམ་ནག་པོ་དེ། བུ་མོ་རེ་མ་ཏིས་བརྐུས་ནས། ལག་པ་གཡས་སུ་ཐོགས། མའི་ཚོན་གྱི་གྲུ་གུ་སྔོན་དམར་དེ་བརྐུས་ནས་ལག་པ་གཡོན་ན་ཐོགས་ནས། ནམ་ཕར་ཕྱེད་ཚུར་ཕྱེད་ན་ཇོ་མོ་དུང་སྐྱོང་མའི་གན་དུ་བྲོས་ཏེ་ཕྱིན་ནས། ལུས་གཅེར་བུར་འདུག་པ་ལ། ཁྱིམ་བདག་རབ་སྦྱིན་གསལ་གྱི་བ་རྫི་མོ་དམངས་རིགས་མོ་བྱ་ཧ་མུ་ཞེས་བྱ་བ་དེ་རེ་ལྡེ་ནག་པོ་གྱོན་ནས་འདུག་པ་དང་འཕྲད། མོས་དམངས་རིགས་མོ་བསད་ནས་ཤ་ཟོས། པགས་པ་རྐེད་ལ་དཀྲིས། དེའི་གོས་རེ་ལྡེ་བཤུས་ནས་བདུད་མོ་ཉིད་གྱོན་ནས་ཕྱིན་ཙམ་ན། ལམ་ཁར་སྲིན་མོ་པུརྣ་ཤི་བའི་གསུར་ཁྲག །ནད་ཀྱི་རྫིང་བུ་ཅིག་ཡོད་པའི་ཁར་ཕྱིན་པ་ལས། བདུད་མོ་རེ་མ་ཏིས་སྐོམ་ནས་ཏོག་ཅིག་འཐུང་ཙམ་ན། ཁ་རླངས་ལས་ནད་དུ་སོང་བས། མོའི་ཁ་རླངས་གར་ཕོག་པས་རིམས་ནད་བྱུང་ངོ་། །དེར་མོ་རང་ཡང་ངོ་མཚར་སྐྱེས་ནས། སྔར་གྱི་དམངས་རིགས་མོ་བསད་པའི་རླུད་བུ་རྐེད་ལས་བཀྲོལ་ཏེ། ནང་ནད་ཀྱི་རྫིང་བུས་བཀང་ནས། ཁ་སྦྲུལ་གྱིས་བཅིངས་ཏེ། མཆན་ཁུང་དུ་སྦས་ནས། སེམས་ཅན་ལ་གདུག་པར་བྱ་བར་བསམ་ཏེ། ཕྱིན་ཙམ་ན། བཙན་སྐྱ་རྡོ་རྗེ་ཟླ་བ་དང་འཕྲད་པ་ན་རེ་བདུད་མོ་ཆེན་མོ་ཆགས་པ་སྤྱད་དགོས། རྔན་པ་ཡང་སྦྱིན་ཟེར་ནས། མོ་བཟུང་ནས་ཆགས་པ་སྤྱད་པའི་ཁུ་བ་ཐིག་པ་གཅིག་འཛམ་བུའི་གླིང་དུ་བོར་བ་ནི་ཅོང་ཞི་དཀར་པོར་སོང་། དེར་བཙན་སྐྱ་རྡོ་རྗེ་ཟླ་བའི་ལག་ན་ཤོ་རྡེའུ་དཀར་ནག་གང་ལ་བོར་བ་ཕུང་བར་བྱེད་པ་བདུན་ཡོད་པ་ལ། མོ་ལ་བྱི་རྔན་དུ་བྱིན་པ་དེ་བླངས་ཏེ། ལག་པ་གཡོན་དུ་བཟུང་ནས། གྲོང་ཁྱེར་སྦྲང་ལྡན་ཞེས་བྱ་བར་ཕྱིན་ཙམ་ནས། རྒྱལ་པོ་སེང་གེ་རྩལ་ལ་བསོད་སྙོམས་བྱས་ཏེ། སྦྲང་རྩི་ལྷུང་བཟེད་གང་ཕུལ་ནས། སྦྲང་རྩི་ལག་ཏུ་ལེན་ཁར་ཕྱག་ཚང་བས་ཧུབ་བྱས་ནས་མོ་ལ་སྦྱིན། མོས་བླངས་ཙམ་ན། བར་སྣང་གི་ལྷ་རྣམས་ཀྱིས་བདུད་མོ། རྒྱལ་པོའི་ཁོལ་མོའི་ལྷག་མ་དང་ཁ་འཕྲོ་འཐུང་ངམ། ཆེ་བ་ཉམས་སོ་ཞེས་ཟེར་ཙམ་ན། བདུད་མོ་རེ་མ་ཏི་ཁྲོས་པས་ཡིད་འཁྲུགས་ཏེ། རྒྱལ་རིགས་ལ་དེར་རིམས་ནད་བཏང་ངོ་། །དེར་རྒྱལ་པོའི་དཀོར་ཟངས་ཀྱི་དྲ་བ་དགུ་ཕུལ་ནས་རིམས་བཅད་དོ། །
དེ་ནས་ནག་མོ་རེ་མ་ཏི་དེས། རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་དུ་སྔོན་གྱི་ཇོ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏོ། །དེ་ནས་དཔོན་གཡོག་གཉིས་འགྲོགས་ནས། སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོང་པར་བྱེད་པའི་དུས་དེ་ཙམ་ན། ཇོ་མོ་དུང་སྐྱོང་མའི་ཞོན་པ་སྲིན་གྱི་བོང་བུ་དམར་གྭ་དང་། སྲིན་མོ་རྣ་ལ་དུན་རྩེའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཆགས་པ་སྤྱད་པ་ལས། དྲེའུ་མོ་སྔོན་མོ་རླུང་གི་གཤོག་པ་ཅན་གཅིག་བྱུང་བ་དེ། རྒྱུ་མའི་མཐུར་ལ་ཟངས་ཀྱི་སྒ་བསྟད་ནས། ལྷ་མོ་དུང་སྐྱོང་མས་ཁོལ་མོ་རེ་མ་ཏི་ལ་ཞོན་པར་བྱིན། དེར་ཇོ་མོ་ནི་བོང་བུ་དམར་གྭ་ལ་ཞོན། ཁོལ་མོས་དྲེའུ་སྔོན་མོ་ལ་ཞོན། རྗེ་མོས་མི་པགས་གོན་ཐོད་པ་དང་རལ་གྲི་ལག་ན་ཐོགས། ཁོལ་མོས་རེ་ལྡེ་ནག་པོ་གྱོན། ལག་ན་ཁྲམ་བམ་དང་། ཤྭོ་རྡེའུ་ཐོགས། དེ་ནས་ཤིན་ཏུ་མཐུ་རྩལ་ཆེ་སྟེ་སྐྱེ་བ་རྣམ་བཞིའི་སེམས་ཅན་ཡོངས་ཟད་ཅིང་སྟོང་པ་ཙམ་དུ་ཟོས་སོ། །འཇིག་རྟེན་གྱི་མཁའ་འགྲོ་མ། དཀར་མོའི་ཚོགས་དང་། སྔོན་མོ་དང་དམར་མོ་དང་། སེར་མོའི་ཚོགས་དང་། ལྷ་མོ་དང་། བདུད་མོ་དང་། སྲིན་མོ་དང་། བསམ་གྱིས་མི་ཁྱབ་པ་མང་པོ་ཡང་ལྷ་མོ་རྗེ་ཁོལ་གྱི་འབངས་བགྱི་ཟེར་ཞིང་བྲན་དུ་འོངས་སོ། །བརྒྱ་བྱིན་ཉོན་ཅིག །དུས་དེ་ཙམ་ན་ལྷ་མོ་དཔོན་གཡོག་གཉིས། བུད་མེད་ཀྱི་རང་བཞིན་དུ་གྱུར་པ་ཉིད་ཀྱིས། རྟག་པར་འདོད་པའི་འཁྲིག་པ་སྤྱད་པའི་ཆེད་དུ་ཁྱོ་དགུ་དང་སྦྱོར་བ་བྱེད་དེ། ཇོ་མོ་ལ་ཁྱོ་ལྔ་ཁོལ་མོ་ལ་ཁྱོ་བཞི་ཡོད་དེ། རྗེ་མོའི་ཁྱོ་ལྔ་ནི་གཟའ་རྭ་ཧུ་ལ། སྲིན་པོ་སྒྲ་ལྡན། གཤིན་རྗེ་མཱ་རུ་རྩེ། བདུད་ཆར་ཀ་ནག་པོ། ཀླུ་ཀུནྡཱ་ལ་དང་ལྔ། ཁོལ་མོའི་ཁྱོ་བཞི་ནི། འབྱུང་བོ་དགེ་བ་དང་། བགེགས་བཱི་ན་ཡ་ཀ་དང་། གནོད་སྦྱིན་ཡཀྴ་ཀ་པ་ལ་དང་། རླུང་བཱ་ཡ་བེ་དང་བཞིའོ། །དེ་ལྟར་དཔོན་གཡོག་གཉིས་ཀྱི་ཁྱོ་དགུ་ནི། ཉིན་པར་ནི་མཆན་ཁུང་གཡོན་དུ་བསྐུངས་ཤིང་སྦེད་ལ། མཚན་མོ་དུར་ཁྲོད་དུ་བསྐུང་ཞིང་སྦྱོར་བ་བྱེད་དོ། །བརྒྱ་བྱིན་ཉོན་ཅིག །དེ་ནས་ལྷའི་བུ་མོ་ལ་སྔོན་གྱི་ལས་འཕྲོས་འབྲེལ་ཞིང་དགེ་བ་སྤྱད་པའི་ཤུགས་ཀྱིས། བྱང་ཆུབ་ཀྱི་ཤིང་དྲུང་ན། བཅོམ་ལྡན་འདས་བཞུགས་པའི་སྤྱན་སྔར་ཕྱིན་ནས། ལྷ་མོ་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་རང་གི་སྙིང་པོ་འདི་ཕུལ་ལོ། །
དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལྷ་མོ་དཔོག་གཡོག་གཉིས་ཀྱིས་ཨ་སུ་རའི་བྲག་ཕུག་ཏུ་ཕྱིན་པ་ལས་བྲམ་ཟེ་མཆོག་སྲེད་སྒྲུབ་པ་བྱེད་པ་དང་འཕྲད་དོ། །ལྷ་མོས་ཁྱོད་འདི་ན་ཅི་བྱེད་བྱས་པ་ལ། བྲམ་ཟེ་མཆོག་སྲེད་ཀྱིས་སྨྲས་པ། སྔོན་འདོད་ཁམས་འདི་ཉིད་ན་དགེ་སློང་བརྟན་པའི་སྡེ་དང་། དགེ་སློང་མ་དར་རི་སྡེ་གཉིས་ཁྲིམས་ཉམས་ཏེ་རྒྱལ་པོའི་ཆད་པས་བསད་དོ། །དེ་སྐྱེ་བ་འཕོས་པ་ནི། བདུད་ལཾ་ང་འགེའུ་རི་དང་། རོ་ཤ་ཁ་འདར་གཉིས་སུ་གྱུར་ཏེ། ཡུལ་མི་ཅི་ཡོད་ཟད་པར་ཟོས་ནས། དེ་ནས་ང་ལ་ཟ་རེས་བབ་པས། ང་ནི་བདུད་འདུལ་བའི་ཕྱིར། ཡུམ་ཨེ་ཀ་ཛ་ཊི་རལ་གཅིག་མ། བསྒྲུབ་བོ་ཞེས་ཟེར་རོ། །དུང་སྐྱོང་མ་ན་རེ། འོ་ན་ངེད་དཔོན་གཡོག་ཀྱང་བསྒྲུབ་པར་བྱ་ན། ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་པ་ན། བྲམ་ཟེ་ན་རེ་ཁྱོད་གཉིས་དངོས་གྲུབ་ཅི་འདོད་པ་ཡིན། ལྷ་མོ་ན་རེ་ངེད་གཉིས་འདོད་པའི་ཁམས་ཀྱི་དབང་མོ་ཆེར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་གྲུབ་པ་འདོད་བྱས་པ་ལ། འོ་ན་གྲུབ་པར་བྱའོ་ཞེས་ཟེར་ནས། བྲམ་ཟེ་དང་ལྷ་མོ་དཔོན་གཡོག་བསྒྲུབ་པ་བྱས་པས་ཡུམ་ཨེ་ཀ་ཛ་ཊི་ཞལ་མཐོང་ནས་གྲུབ་པ་ཐོབ་བོ། །ཡུམ་ཨེ་ཀ་ཛ་ཊིས། ལྷ་མོ་དུང་སྐྱོང་མའི་མིང་ནི། དཔལ་ལྷ་མོ་ནག་མོ་མ་ཧཱ་ཀཱ་ལི་ཞེས་བཏགས་སོ། །
ཁོལ་མོའི་མིང་ནི་ཡཀྴ་རེ་མ་ཏི་ཞེས་བྱ་བར་བཏགས་སོ། །འདོད་ཁམས་འདུལ་བའི་དབང་མོ་ཆེར་དབང་བསྐུར་རོ། །མ་ཧཱ་ཀཱ་ལིས་ཀྱང་ཆོས་བསྐྱང་ཞིང་བསྟན་པ་བསྲུང་བར་ཁས་བླངས་སོ། །བདུད་ལཾ་ང་འགེའུ་རི་དང་རོ་ཤ་ཁ་འདར་བསྒྲལ་ལོ། །དེ་ནས་སའི་ལྷ་མོ་བརྟན་མས་ཀྱང་ནམ་གྲུ་མཆེད་བརྒྱད་ཀྱང་འབངས་སུ་ཕུལ་ལོ། །སྲིན་ཡུལ་དུ་དམག་དྲངས་པས། སྲིན་པོ་ཡཀྴ་ཀོ་རེ་བསྒྲལ་ལོ། །བརྒྱ་བྱིན་ཉོན་ཅིག །དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས། དཔལ་རྟ་མགྲིན་དུ་སྤྲུལ་པའི་བསྒྲུབ་པ་བྱས་ཏེ། རྟ་མགྲིན་གྱི་ཞལ་མཐོང་ཞིང་གསང་བའི་གཟུངས་མ་བྱས་ཏེ། རྗེ་མོའི་མིང་དཔལ་ལྷ་མོ་ནག་མོར་བཏགས་སོ། །ཁོལ་མོའི་མིང་ནི་རྡོ་རྗེ་གློག་མ་སྲིན་དུ་མིང་བཏགས་སོ། །
དེས་ཕྱག་རྒྱ་ཆེན་པོའི་དབང་བསྐུར་རོ། །ལས་ཀྱི་ལྷར་བྱིན་གྱིས་བརླབས་སོ། །དེའི་ཚེ་ན་དཔལ་ལྷ་མོ་ནག་མོས། དཔལ་རྟ་མགྲིན་ལ་སྙིང་པོ་མདོངས་གསོལ་དུ་ཕུལ་ལོ། །བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་སྔོན་གྱི་ཨུ་མ་དེ་བ་དང་རྣ་ལ་རྩེ་གཉིས་ཀྱང་། སྔོན་གྱི་བུ་མོ་གཉིས་ལ་སྲིན་ལག་རྩེ་ལ་ནུ་ཞོ་བླུགས་པས་བྲོས་ནས། དྲེད་མོའི་རལ་པས་གཡབ་མོས་འབོད་དེ། བུ་མོ་གཉིས་མའི་དྲུང་དུ་ཕྱིན་ཙམ་ན། དབང་བསྐུར་ཞིང་དམ་བསྒྲགས། བསྟན་པ་བསྲུང་བར་དབང་བྱིན་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་རང་གི་རྩ་དང་ཁྲག་དང་ཁུ་བའི་མཆོད་པ་བྱས་ནས། ལྷ་དང་མིའི་རྒྱལ་སྲིད་ཕུལ་ནས། རྨ་བྱ་རིན་པོ་ཆེའི་གཤོག་པ་ཅན་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ། ཇོ་མོ་ལ་ནོར་སྐལ་དུ་བྱིན་ནོ། །བྱ་དེ་མོ་ནག་མོ་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ་ཞིག་ཏུ་ཁོལ་མོ་ལ་ནོར་སྐལ་དུ་བྱིན་ནས་ལྷ་མོ་རྗེ་ཁོལ་གཉིས་འཁོར་ལོས་སྒྱུར་བའི་རྒྱལ་པོས་བྱིན་པའི་རྨ་བྱ་དང་། དེ་མོ་ནག་མོ་གཉིས་གཏན་གྱི་ནོར་སྐལ་བྱེད་ཅིང་ཆགས། དེ་ནས་དཔལ་ལྷ་མོ་ནི་གསང་བའི་གནས་དུར་ཁྲོད་རོ་ཁང་ནག་པོའི་དབུས་མཱ་རུ་རྩེའི་སྒོ་འགྲམ་དུ། དཔལ་ཕྱག་ན་རྡོ་རྗེའི་ཧེ་རུ་ཀའི་དངོས་གྲུབ་སྒྲུབ་པའི་ཚེ། དཔལ་ཕྱག་ན་རྡོ་རྗེའི་དངོས་གྲུབ་གྲུབ་སྟེ། དཔལ་ཕྱག་ན་རྡོ་རྗེས་ལྷ་མོ་དཔོན་གཡོག་ལ་སྤྱི་བོ་གཙུག་ཏུ་དཔལ་རྟ་མགྲིན་གསང་བའི་དབང་བསྐུར། ལུས་ངག་ཡིད་གསུམ་ལ་ཁྲག་འཐུང་ཧེ་རུ་ཀའི་དབང་བསྐུར། ཐུགས་ཀྱི་དཔལ་བེའུ་རིགས་ལྔ་སངས་རྒྱས་ཀྱི་དབང་བསྐུར། སྐུ་སྟོད་ཀྱི་རྒྱན་དུ་ཕྲ་མེན་མ་བཅུ་དྲུག་གི་དབང་བསྐུར། ལྗགས་ཀྱི་དཀར་དམར་ལ་ལྕགས་ཀྱུ་གསང་བའི་དབང་བསྐུར་རོ། །གནད་མདོ་ཆེན་དྲུག་ཏུ་ཚོམ་བུ་གསང་བའི་དབང་བསྐུར་རོ། །གསང་བ་པདྨ་ལ་ཐིག་ལེ་ཡེ་ཤེས་ཤར་བའི་དབང་བསྐུར། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་འཁོར་དུ་དབང་བསྐུར། པདྨ་གར་གྱི་དབང་ཕྱུག་ནི་སྤྲུལ་པ་དང་ཡང་སྤྲུལ་དུ་དབང་བསྐུར། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་ཇོ་མོའི་མིང་ནི་དཔལ་མ་ཧཱ་ཀཱ་ལི་ཞེས་བཏགས་སོ། །ཁོལ་མོའི་མིང་ནི་གནོད་སྦྱིན་ཤན་པ་དམར་མོ་རེ་མ་ཏི་ཞེས་བཏགས་སོ། །སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གཉེར་གཏད་དོ། །
དེ་ནས་དཔལ་ཕྱག་ན་རྡོ་རྗེ་ཉིད་ལ། དཔལ་ལྷ་མོས་རང་གི་སྙིང་པོ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་དུས་རྟག་ཏུ་བསྲུང་བར་ཁས་བླངས་སོ། །དེ་ནས་དཔལ་ལྷ་མོ་དེ་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་གྱུར་ཏོ། །འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པའི་ཚེ། ལྷ་ཚངས་པས་ཉི་མའི་རྒྱན་ཕུལ་ཁྱབ་འཇུག་གིས་ཟླ་བའི་རྒྱན་ཕུལ། རྣམ་ཐོས་སྲས་ཀྱིས་སེངྒེའི་རྣ་ཆ་ཕུལ། ནམ་མཁའི་ལྷ་བྲན་རྣམས་ཀྱིས་གསེར་གྱི་དྲིལ་བུའི་རྒྱན་ཕུལ། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་ཕྲེང་དང་ཁྲག་དང་ཞག་གི་ཐིག་ལེ་ཕུལ་ལོ། །ཀླུ་དགའ་བོས་སྦྲུལ་གྱི་གདེངས་ཀ་ཕུལ། ལྷ་མོ་དེ་སྲིད་པ་གསུམ་ན་འགྲན་པའི་ཟླ་མེད་པར་གྱུར་ཏོ། །དེ་ནས་བརྒྱ་བྱིན་གྱིས་གསོལ་བ། ཀྱེ་བཅོམ་ལྡན་འདས་གསང་བའི་བདག་པོ། འདོད་པའི་ཁམས་ཀྱི་དབང་ཕྱུག་མ་འདི། དང་པོར་ལྷའི་བུ་མོར་གྱུར་པ་དང་། བར་དུ་སྲིན་པོའི་ཆུང་མར་གྱུར་པ་དང་། ད་ལྟར་འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་འདི་སྔོན་གྱི་རྐྱེན་ཅི་ལས་གྲུབ་པ་ལགས་ཞེས་གསོལ་བ་དང་། གསང་བའི་བདག་པོས་བཀའ་སྩལ་པ། བརྒྱ་བྱིན་ཉོན་ཅིག །ད་ལྟར་ལྷ་མོ་ནག་མོ་འདི་སྔོན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་ལྷ་མོ་འོད་ཟེར་ཅན་དུ་གྱུར་ཏེ་དགེ་བ་བཅུ་ཤ་སྟག་སྤྱད་དོ། །
དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་ལྷ་མོ་དཔལ་བརྟན་མ་ཞེས་བྱ་བར་གྱུར་ཏེ་ཞེ་སྡང་རང་ཁ་མར་སྤྱད་དོ། །དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ལྷ་མོ་མཉྫུ་ཞེས་བྱ་བར་གྱུར་ཏེ། དུས་དེ་ཙམ་ན་ཤཱཀྱ་ཐུབ་པ་ནི་དགེ་སློང་དབང་ཕྱུག་དཔའ་ཞེས་བྱ་བར་གྲགས་སོ། །དགེ་སློང་དེ་ལ་ལྷ་མོ་མཉྫུས་མཆོད་གནས་བྱས་ཤིང་སྨོན་ལམ་གཅིག་ཏུ་བཏབ་བོ། །བརྒྱ་བྱིན་ཉོན་ཅིག །དེ་ད་ལྟ་ན་ནི་ལྷ་མོ་འདི་ལ་སངས་རྒྱས་གསུམ་གྱི་རིང་གི་རྣམ་པར་སྨིན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་དུས་གཅིག་ཏུ་སྨིན་ནོ། །ལྷ་མོ་འདི་དང་པོར་མ་ཧཱ་དེ་བའི་བུ་མོར་སྐྱེས་པ་ནི། དང་པོར་དགེ་བ་སྤྱད་པའི་མཐུའོ། །བར་དུ་སྲིན་པོའི་ཆུང་མར་གྱུར་ནས་རང་ལྕེབ་པ་ནི་ཞེ་སྡང་སྤྱད་པའི་མཐུའོ། །ཐ་མར་ད་ལྟར་འདོད་པའི་ཁམས་ཀྱི་དབང་ཕྱུག་མར་གྱུར་པ་ནི། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས་ཤཱཀྱ་ཐུབ་པའི་བསྟན་པ་སྲུང་བ་ནི་སྔོན་ཤཱཀྱ་ཐུབ་པ་ལ་སྡིག་བཤགས་བྱས་ཀྱི་སྨོན་ལམ་བཏབ་བོ། །ཞེས་སོ།། །།
ལྷ་མོ་ནག་མོའི་གཏམ་རྒྱུད། འཕགས་པ་ལྷ་མོ་སྐུ་གཅིག་མ་རོ་ག་ནག་མོའི་རྒྱུད་ལས་བཏུས།
སྔོན་བྱུང་འདས་པའི་དུས་ཚེ་ན། །སེམས་ཅན་ཀུན་ལ་གནོད་བྱེད་པ། །གནོད་སྦྱིན་རྒྱལ་པོ་ནོར་སྐྱོང་བ། །མཐུ་དང་རྫུ་འཕྲུལ་ཆེར་གྲགས་པ། །འཛམ་གླིང་ཀུན་རྡའི་རི་ལ་གནས། །སྙིང་རྗེ་མེད་ཅིང་ཤ་ཁྲག་རློན་པར་ཟ། །གནོད་སྦྱིན་སྲིན་པོའི་ཚོགས་ཀྱིས་བསྐོར། །འཇིག་རྟེན་ཁམས་ན་གནས་པ་ཡིས། །མཐུ་དང་རྫུ་འཕྲུལ་ཆེར་གྲགས་པ། །ལྷ་ཆེན་རྣམས་ཀྱི་མཐུ་བ་སྟེ། །རི་རབ་ཆེན་པོའི་ལྷོ་ངོས་སུ། །མ་ཧཱ་དེ་བ་ལ་སྩོགས་པས། །ལྷ་རྣམས་མང་པོ་གདན་ཚོགས་ཏེ། །བཀའ་གྲོས་ཆེན་པོ་མཛད་པ་ལས། །དབང་ཕྱུག་མ་ཧཱ་དེ་བ་དང། །ཨུ་མ་དེ་བ་རོལ་པའི་ཚེ། །དྲང་སྲོང་ཆེན་པོས་ཞལ་བསྟན་ཏེ། །ལྷ་མོ་ངོ་མཚར་མཆོག་སྐྱེས་ནས། །གནོད་སྦྱིན་ཐུལ་བར་གསོལ་བར་གདབ། །སྲོག་གི་སྙིང་པོ་གཉེར་གཏད་དེ། །དྲང་སྲོང་ཆེན་པོ་ཨ་ཀ་གཉིས། །སྲོག་སྙིང་བུམ་པར་སྩལ་ནས་ནི། །ཟླ་བ་དྲུག་ཏུ་དགོངས་པ་ལས། །མ་ནུའི་གཟུགས་ཅན་མགོ་གསུམ་པས། །ལག་དྲུག་རྐང་བཞི་རྐང་གཉིས་པ། །ལུས་པོ་ཆེ་ལ་འཇིགས་པའི་གཟུགས། །སྤྲུལ་སྐུ་ལྷ་མོ་ནག་མོར་སྐྱེས། །རི་རབ་རྩེ་ལ་གནས་བཅས་ནས། །བར་སྣང་ཁམས་ཀྱི་ལྷ་བྲན་ཀྱང་། །འཇིགས་ཤིང་སྐྲག་སྟེ་ངོ་མཚར་སྐྱེས། །དེ་ནས་ལྷ་རྣམས་ཀུན་འདུས་ནས། །དྲང་སྲོང་ཆེ་ལ་ལེགས་བསྟོད་པ། །སྙན་པ་བརྗོད་ཅིང་གུས་ཕྱག་འཚལ། །རྗེས་སུ་ཡི་རངས་སྨོན་ལམ་གདབ། །དེ་ནས་འཇིག་རྟེན་ལྷ་རྣམས་ཀྱིས། །དཔལ་ལྡན་ལྷ་མོ་ཆེན་མོ་ལ། །ན་བཟའ་རྒྱན་དང་ཆ་ལུགས་དང་། །ཕྱག་མཚན་ཕུལ་ཏེ་རིམ་པས་དབང་ཡང་བསྐུར། །མ་ཧཱ་དེ་བ་ལྷ་ཆེན་གྱིས། །ཏྲི་ཤུལ་རྩེ་གསུམ་ཕུལ་ནས་ནི། །དབང་བསྐུར་དབང་ཕྱུག་སྲས་མོར་བཏགས། །ཁྱབ་འཇུག་ཆེན་པོས་འཁོར་ལོ་ཕུལ། །བརྒྱ་བྱིན་གྱིས་ནི་རྡོ་རྗེ་ཕུལ། །རྒན་བྱེད་ཀྱིས་ནི་མདའ་གཞུ་ཕུལ། །བྷྲིང་གི་རི་སྟིས་ཅང་ཏེའུ་ཕུལ། །འགའ་ན་པ་ཏིས་རལ་གྲི་ཕུལ། །ལེགས་ལྡན་ནག་པོས་དྲེའུ་རྟ་ཕུལ། །ས་བདག་རྒྱལ་པོ་པ་ཏ་ལིས། །དེ་བཞིན་སྟག་གི་ཤམ་ཐབས་ཕུལ། །ནག་མོ་འཁྲུག་བྱེད་ཆེན་མོར་བཏགས། །ཚངས་པས་རིན་ཆེན་དབུ་རྒྱན་ཕུལ། །དཔལ་ལྡན་ཆེན་མོ་མཚན་བདག་མོ། །དྲང་སྲོང་སྲས་མོ་ཀུན་གྲགས་མ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དོན་གྱིས་མཚན་གསོལ་སྨོན་ལམ་གདབ། །དེ་ནས་དཔལ་ལྡན་ལྷ་མོ་ནག་མོ་ཆེ། །ཀུན་དའི་རི་ལ་གཤེགས་ནས་ནི། །གདུལ་བྱའི་གནོད་སྦྱིན་རྒྱལ་པོ་དང་། །གླང་ཆེན་དྲེའུ་གཉིས་གང་མགྱོགས་བ། །སྔོན་ཆད་བསྒྲལ་བར་དམ་བཅས་པ། །རི་རབ་གཡས་བསྐོར་གཡོན་བསྐོར་བས། །དཔལ་ལྡན་ཆེན་མོའི་གླང་ཆེན་མགྱོགས། །མོལ་ཆད་བཞིན་དུ་གནོད་སྦྱིན་བསྒྲལ། །ལྷག་བཅས་ཕུང་པོ་དཔལ་འབར་འཁོར་ལ་ཕུལ། །བསྟན་པ་སྲུང་པར་དམ་ཡང་བཅས། །སྙིང་པོ་བྱང་ཆུབ་ཤིང་དྲུང་དུ། །རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །ལྷ་མོ་རྡོ་རྗེ་དབང་ཕྱུག་མར། །དོན་གྱིས་མཚན་གསོལ་སྡོམ་པ་ཕོག །དཀར་མོ་དགེ་ཚོགས་འཕེལ་སྤྱོད་ཅིང་། །མཐུ་དང་རྫུ་འཕྲུལ་ལྡན་པར་གནང་། །དེ་ནས་རི་རབ་བྱང་ཤར་དུ། །མ་རུ་རྩེ་ཡི་སྒོ་འགྲམ་དུ། །དྲི་ཟ་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་གདུག་པ་མ་ལུས་བཏུལ། །དེ་ནས་གདུག་པའི་ཚོགས་རྣམས་ཀྱིས། །སྐྱོང་མ་རྣམ་བཞི་འབངས་སུ་ཕུལ། །ཞེས་གསུངས་སོ།། །།
སྲིན་མོ་སྨུག་ནག་གམ་འདོད་ཁམས་དབང་ཕྱུག་མ་ཇི་ལྟར་བཏུལ་ཚུལ་གྱི་གཏམ་རྒྱུད། འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས་བཏུས།
སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། རི་རབ་ཀྱི་རྩེ་གཡུང་དྲུང་གི་གནས་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཔལ་ཧེ་རུ་ཀ་ཡིས། ཆོས་ཐམས་ཅད་ཐིག་ལེ་ཆེན་པོའི་ཚུལ་དུ་ཡེ་ནས་སངས་རྒྱས་པའི་རང་གི་ཡེ་ཤེས་ཆེན་པོ། རང་བཞིན་གྱིས་རྣམ་པར་དག་པའི་ཐིག་ལེ་ཆེན་པོའི་ཚུལ་དུ་ཡེ་ནས་མཉམ་ཞིང་དབྱེར་མེད་དེ། ཐམས་ཅད་སོ་སོ་མ་ཡིན་པའི་རང་བཞིན། རང་བཞིན་མེད་པའི་ཡུམ་གྱི་བྷ་ག་ལས། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་ཅིང་ལོག་པར་རྟོག་པས་བརྟགས་པའི་དབང་གིས། སྲིད་པ་ཐམས་ཅད་ཡུམ་གྱི་བྷ་ག་ལས་ཤར་བར་མཁྱེན་པ་དང་། གསང་སྔགས་ལོག་པར་སྤྱད་པ་ཡིས། །སྲིད་པ་གསུམ་པོ་ཐམས་ཅད་ལ། །དྲེགས་པས་རིམ་པར་དབང་སྒྱུར་བར། །དགེ་བ་བྱེད་པའི་བར་ཆད་བདུད། །ང་རྒྱལ་ཁེངས་པའི་གཤིན་རྗེ་དང་། །ཞེ་སྡང་དྲག་པོའི་རུ་དྲ་དང་། །གཏི་མུག་མྱོས་པའི་སྲིན་པོ་རྣམས། །སེམས་ཅན་ཀུན་ལ་དབང་ཆེ་སྟེ། །སྲིད་གསུམ་མ་ལུས་རིམ་གྱིས་བསྡུས། །ང་རྒྱལ་དྲེགས་པའི་གཟུགས་འཆང་བའི། །གཟུགས་ཕུང་ཆེ་ལ་འདོད་པ་རགས། །ང་རོ་ཆེ་ལ་གཏུམ་བག་ཅན། །སྲིན་པོ་ཤིན་ཏུ་མི་བསྒྲུངས་ལྡན། །ལོག་པའི་ལམ་དུ་གོལ་བ་ཡིས། །ཕྱིན་ཅི་ལོག་ལ་ཡིད་ཆེས་པས། །མཚན་མའི་ཆོས་ལ་བློ་བརྟགས་པས། །རང་བཞིན་མེད་པའི་དོན་དང་བྲལ། །བདག་རྟོག་ལོག་པར་རྟོག་པའི་ས། །སྲིད་པའི་ས་བོན་རྩུབ་མོས་འཕངས། །དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་། །བསྐལ་པ་བརྒྱད་ཁྲི་བཞི་སྟོང་འཁོར། །གལ་ཏེ་དེ་ལས་འཕར་ནས་ཀྱང་། །སླར་ཡང་སྲིན་པོའི་ལུས་བླངས་ནས། །སྲིང་མོ་ཆེན་མོ་དེ་ལ་སྤྱོད། །སྲིན་མོ་དེ་ཡི་མཚན་ཉིད་ཀྱང་། །ཞེ་སྡང་འབར་བར་དངོས་ཉིད་མཚུངས། །ཞེན་པའི་མེ་ཡིས་རབ་ཏུ་ཚིག །མ་མོ་མཁའ་འགྲོ་ལ་སོགས་ཏེ། །ཆ་ལུགས་དུ་མར་བསྒྱུར་བྱས་ཤིང་། །སྲིང་གསུམ་དུག་ཅན་དབང་དུ་སྡུད། །ཤིན་ཏུ་རྔམ་པའི་འཁོར་དང་བཅས། །གསོད་པའི་ལས་ལ་འབའ་ཞིག་སྒྲིམ། །ཤ་དང་ཁྲག་དང་དྲོད་ལ་སྤྱོད། །དེ་ལྟ་བུའི་སྲིན་བུ་དང་ལྡན་པའི་སྲིན་མོ་ཆེན་མོ་དེ་འདུལ་བའི་གནས་སུ་མཁྱེན་ནས། ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ནས་ཐིག་ལེ་ཆེན་པོའི་ཚུལ་དུ་བཞེངས་ཏེ། ཆེ་མཆོག་ཧེ་རུ་ཀ་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པར་སྤྲུལ་ཏེ། དྲག་པོའི་ང་རོ་ཧཱུྃ་ཞེས་བརྗོད་དོ། །སྤྲུལ་པས་འཇིག་རྟེན་གྱི་ཁམས་བཀང་ནས། སྲིན་པོ་འཁོར་དང་བཅས་པ་ཐུལ་པར་གྱུར་ཀྱང་། སྲིན་མོ་ཐུལ་བར་མ་གྱུར་ནས། ཡབ་མངོན་རྫོགས་རྒྱལ་པོས་ཧཱུྃ་ཞེས་བརྗོད་པས། སྲིད་པའི་མ་མོའི་ཚོགས་ཐམས་ཅད་རང་བཞིན་གྱིས་ཕོ་རྣམས་ཀྱི་སྟེང་དུ་སྤྲད་པས་འགྱེལ་བར་གྱུར་ཏེ་བརྒྱལ་ལོ། །འཁོར་ཐམས་ཅད་བརྒྱལ་བར་མཁྱེན་པ་དང་། སྲིན་མོ་ཉིད་དུ་སྡུད་པའི་ཕྱིར། ཧཱུྃ་པཉྩ་ར་ཧཱུ་ལ་ནི་ཡོ་ཀི་ནི་སྟམ་པ་ནན། ཞེས་བརྗོད་པས་རང་བཞིན་གྱིས་གྲུབ་པ་མ་ཇོ་མོའི་ཚོགས་དང་ཡེ་ཤེས་ཅན་རྒྱལ་ཏེ། ཨ་ཀ་ཤ་སྟན་ནས་གཏིང་ངོ་། །དེ་ལྟར་གཏིང་ནས་མ་ཐུལ་བར་མཁྱེན་ནས། པཉྩ་ཡོ་གི་ནི་ས་མ་ཡ་ཕཊ། ཅེས་བརྗོད་པས། རྗེ་མོ་རྣམས་ཀྱང་འབྱུང་བ་ལྔ་ཡི་རྒྱལ་མོས་མནན་པ་དང་། དེའི་རྗེས་སུ་སྲིན་མོ་ཀྲོ་དྷི་ཤྭ་རི་དེ་ཉིད་བ་སྤུ་ལངས་ཏེ་བྲེད་པར་གྱུར་ཏོ། །དེ་ལྟར་མཁྱེན་ནས་ཉིད་གཞི་མུ་ཁ་ལེ་བྷ་ག་བདེ་ཀློང་ས་མ་ཧཱུྃ། ཞེས་བརྗོད་པས་འབྱུང་བ་ལྔའི་རྒྱལ་མོ་ཡབ་ཡུམ་ཆེན་མོས་བརྫིས་པར་གྱུར་ཏོ། །དེ་ནས་སྲིན་མོ་ཀྲོ་དྷཱི་ཤྭ་རིས་དེ་མཐོང་བ་དང་། ཤིན་ཏུ་སྔངས་ནས་བྲོས་ཏེ། འདོད་པའི་ཁམས་ལ་དབང་སྒྱུར་ཞིང་། སྲིན་པོ་དང་སྲིན་མོ་གཞན་དང་། གནོད་སྦྱིན་མོ་ལ་ཐུག་པའི་བར་དུ་དབང་དུ་བསྡུས་ཏེ་གནས་སོ། །དེ་ནས་ཡབ་མངོན་རྫོགས་ཀྱི་རྒྱལ་པོས་མཁྱེན་བཞིན་དུ། ཉིད་གཞི་མུ་ཁ་ལེ་ས་མ་ཡ་སྟྭཾ། ཞེས་བརྗོད་པས། ཡུམ་ཆེན་མོའི་ཞལ་ལྔ་ནས་ཧེ་རུ་ཀ་ལྔ་འཐོན་པར་གྱུར་ཏེ་བྷ་ག་ལྔ་ལ་སྙོམས་པར་འཇུག་པའི་བྱང་ཆུབ་སེམས་ཀྱི་རྒྱུད་ལས། སྤྲུལ་པ་ཐ་དད་དཀྱིལ་འཁོར་ཐ་དད་དབང་དུ་བསྡུས་པ་ཇི་ལྟར་འདུལ་བ་བཞིན་དུ་དཔལ་ཡཀྴ་ཧེ་རུ་ཀ་ལ་སོགས་པའི་ཚོགས་དཔག་ཏུ་མེད་པར་སྤྲུལ་ཏེ་བཏུལ་བས། འདོད་པ་ཁམས་ཀྱི་དབང་ཕྱུག་མ་འཁོར་དང་བཅས་པ་བརྒྱལ་བར་གྱུར་ཏོ། །
དེའི་ཚེ་ལྷ་གནོད་འདུལ་འཁོར་དེ་ཉིད་ན་གནས་པ་སྟན་ལས་ལངས་ཏེ། མགྲིན་པ་བཏེག་ནས་གདོང་དྲང་པོར་བལྟས་ཏེ་ཐལ་མོ་སྦྱར་ཏེ། ཡབ་མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། འདོད་པ་ཁམས་ཀྱི་དབང་ཕྱུག་མ་སྤྲུལ་པ་དང་བཅས་པས་གནས་ཐ་དད་ནས་འཁོར་ཐ་དད་པ་དང་བཅས་ཏེ་འདུལ་བར་གྱུར་པ་འདི་ཐུགས་རྗེ་བསྐྱབ་ཏུ་གསོལ། ཞེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཡུམ་གྱི་གནས་ཞལ་གྱི་སྟེང་དུ་བྱེད་པ་པོ་ཉིད་སྙོམས་པར་འཇུག་པ་ལས། བྱང་ཆུབ་སེམས་ཀྱི་འོད་ཟེར་རྒྱུན་མི་ཆད་པར་བཀྱེ་བའི། ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་སྒྲིབ་པ་དག་པར་གྱུར་ནས། འཁོར་ཐམས་ཅད་དྲན་པ་རྙེད་ཅིང་བདེ་བའི་ཚིམ་པར་གྱུར་ཏེ། འདོད་པ་ཁམས་ཀྱི་དབང་ཕྱུག་མ་ཉིད་སྤྲུལ་པ་དང་འཁོར་དུ་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཞལ་སྔར་འདས་ནས་འདི་སྐད་ཅེས་གསོལ་ཏོ། །
དེ་རིང་ཕན་ཆོད་ཁྱོད་ཀྱི་འབངས། །ཐུགས་རྗེ་ཆེན་པོ་རབ་བསྐྱེད་ལ། །གསང་བའི་ཡུམ་དུ་བདག་ལ་སྦྱོར། །ཇི་ལྟར་འདི་དང་ཕྱི་མ་ཡི། །བཀའ་རྣམས་དགོས་པ་སྒྲུབ་པའི་ཕྱིར། །གསུངས་པ་བཞིན་དུ་བདག་ཅག་བགྱིད། །གལ་ཏེ་དེ་ལྟར་མ་གྱུར་ན། །མགོ་ལུས་སྙིང་ཡང་འགས་གྱུར་ཅིག །སྲིན་པོའི་ཆུང་མ་སྲིན་མོ་གཏམ། །སྨུག་ནག་ཀྲོ་དྷི་ཤྭ་རི་ཁྱོད། །སྒྲིབ་པ་མ་ལུས་སྦྱང་བའི་ཕྱིར། །ངའི་གཟུངས་མར་རབ་ཏུ་བྱའོ། །ཕྱི་དུས་རྣལ་འབྱོར་ཕན་གདགས་ཕྱིར། །སྔོན་དང་སྤྲུལ་བའི་ཚུལ་དང་ནི། །ཕྱིས་འབྱུང་སྤྲུལ་པའི་ཚུལ་སྨོས་ལ། །རང་གི་སྲོག་དང་དམོད་མོ་རྣམས། །མ་ལུས་པ་རུ་དུས་འདིར་སྨོས། །དེ་སྐད་བཀའ་གསལ་ཐོས་པ་དང་། །སྲིན་མོ་སྨུག་ནག་འཁོར་དང་བཅས་པས། །སྟོན་པའི་བཀའ་བཞིན་གུས་པས་བླངས། །དཔལ་ཆེན་འབར་བའི་ཐུགས་རྗེ་ཡིས། །ཕྱག་རྒྱ་བཞི་ཡིས་དབང་དུ་བསྡུས། །ཐབས་དང་ཤེས་རབ་རོལ་པ་ལས། །བྱང་ཆུབ་སེམས་ཀྱི་བྱིན་རླབས་ཀྱིས། །སྐད་ཅིག་དེ་ལ་འཇིག་རྟེན་འདས། །ཞེས་གསུངས་སོ།། །།
དུས་མཚན་ལྷ་མོ་འོད་ཆེན་འབར་མའི་ལོ་རྒྱུས། སླེ་ལུང་བཞད་པའི་རྡོ་རྗེའི་དམ་ཅན་བསྟན་སྲུང་གི་རྣམ་ཐར་ལས་བཏུས།
དཔལ་ལྡན་ལྷ་མོ་དུས་མཚན་འོད་ཆེན་འབར་མ་ནི། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ན་ཡབ་གཤིན་རྗེའི་སྡེ་དཔོན་ལོང་བའི་རྒྱལ་པོ་ཞེས་བྱ་བ་དང་། ཡུམ་བདུད་མོ་ཁ་ལ་མེ་འབར་མ་གཉིས་ལ་སྲས་མོ་གསུམ་དང་སྲས་གཅིག་འཁྲུངས་པའི་ཐ་ཆུང་དུ་གྱུར་ཆེ་ཞེ་དང་པོ་ལྷ་དང་། གཉིས་པ་ཀླུས་འཕྲོགས། གསུམ་པ་སྲས་གཤིན་རྗེ་འཇིགས་སུ་རུང་བ་ཞིག་འཁྲུངས་པར། ཀཱ་ལ་རུ་པའམ་འཆི་བདག་ཆོས་ཀྱི་རྒྱལ་པོར་ཐོགས། བཞི་པར་དུས་མཚན་ལྷ་མོ་འོད་ཆེན་འབར་མ་ཞེས་པར་མཚན་གསོལ། འཁྲུངས་མ་ཐག་ཏུ་ཆེ་ཞེ་གཉིས་ལྷ་ཀླུའི་ལག་ནས་འཕྲོག་པར་བཞེད་པ་ལ་ཡབ་ཀྱིས་ཐོད་དབྱུག་དང་ཞགས་པ། ཡུམ་གྱིས་ནད་རྐྱལ་དང་ཁྲམ་ཤིང་ཕུལ་བ་བསྣམས། མིང་པོ་གཤིན་རྗེ་དང་བསྡོངས་ནས། ལྷ་ཀླུ་གཉིས་ཚར་བཅད། ཆེ་ཞེ་གཉིས་འཕྲོགས། སྲིད་པ་གསུམ་ལ་དབང་བསྒྱུར་པ་ལ། དཔལ་ཧེ་རུ་ཀས་མིང་སྲིང་གཉིས་དམ་ལ་བཏགས་སྲོག་སྙིང་བཞེས། ཡབ་ཡུམ་དུ་དབང་བསྐུར་གསང་མཚན་བཏགས། ཡབ་ནི་འཆི་བདག་ལས་ཀྱི་གཤིན་རྗེ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་བདག །དགེ་སྡིག་གི་ཤན་འབྱེད། ལེགས་ཉེས་ཀྱི་སྟངས་འཛིན་དུ་མངའ་གསོལ། ཡུམ་ནི་སྲིད་གསུམ་གྱི་དབང་ཕྱུག་ཆེན་མོར་བྱིན་གྱིས་བརླབས། ཡ་བ་ཏི། ཆོས་རྒྱལ། ཏེལ་པ། གླང་མགོ་ཅན། རལ་པ་ཚར་དགུ། རྨིགས་པ། ཕྱ་སངས། མིག་དམར་ཏེ་གཤིན་རྗེ་ཕོ་བརྒྱད། ཕོ་ཉ་མོ། མཆེ་བ་མོ། བེ་ཅོན་མོ། དུས་མཚན་མོ། ལྕགས་ཀྱུ་མ། ཞགས་པ་མོ། ལུ་གུ་རྒྱུད། འབེབས་མ་སྟེ་མོ་བརྒྱད། སྐུ་གསུང་ཐུགས་ལས་སྤྲུལ་པའི་དུས་མཚན་གནོད་སྦྱིན། དུས་མཚན་སྲིན་མོ། དུས་མཚན་མ་མོ་སྟེ་ཡུམ་གསུམ་དང་། དེ་དག་གི་སྦྱོར་ཡབ་ཞང་བློན་རྡོ་རྗེ་བདུད་འདུལ། དཔལ་མགོན་ལེགས་ལྡན་ནག་པོ། གནོད་སྦྱིན་རྡོ་རྗེ་གོས་སྔོན། གཞན་ཡང་འཕྲིན་ལས་བཞིའི་ལྷ་མོ། དུས་བཞིའི་ལྷ་མོ། ཚེ་རིང་མཆེད་ལྔ། བསྟན་མ་བཅུ་གཉིས་སོགས་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ལྕགས་མཁར་སྒོ་མེད་ཀྱི་ནང་དུ་བཞུགས་པར་གསུངས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད་པའི་འོད་ཆེན་འབར་མའི་གཏོར་ཆོག་བདུད་ལས་རྣམ་རྒྱལ་ལས། དེ་ཡང་འདིའི་ལོ་རྒྱུས་དང་། བྱོན་ཚུལ་ཅུང་ཟད་བརྗོད་ན། སྔོན་བསྐལ་པ་དང་པོའི་ཚེ་ས་འོག་རིམ་པ་བདུན་གྱི་འོག་ན། གཤིན་རྗེའི་སྡེ་དཔོན་ལོང་བའི་རྒྱལ་པོ་དང་། བདུད་ཀྱི་རྒྱལ་པོ་མེ་འབར་མ་ཞེས་བྱ་བ་གཉིས་ལ་སྲས་མོ་གཉིས་སྔོན་དུ་བྱུང་བའི་སྲས་མོ་ཆེ་བ་གཅིག་ལྷའི་དབང་པོས་ཁྱེར། དེའི་འོག་མ་ཀླུའི་རྒྱལ་པོས་ཁྱེར།
དེ་ནས་སྲས་མིང་སྲིང་གཉིས་བྱུང་བ་ན། བུ་མོ་ན་རེ། ང་ལ་མཆེད་ཡོད་པ་གར་སོང་ཟེར་བ་ན། ཡབ་ཀྱི་ཞལ་ནས། ཁྱེད་ཀྱི་མཆེད་སྔོན་མ་གཉིས་ལྷ་ཀླུས་ཁྱེར་ཟེར། དེ་གཉིས་མི་འགུགས་སམ་བྱས་པས། མ་ན་རེ། ལྷ་ཀླུ་དེ་གཉིས་འཇིག་རྟེན་ན་དབང་ཆེ་བས་ཐུབ་པར་དཀའ་ཟེར། དེའི་ཚེ་བུ་མོ་ན་རེ། ངས་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་བརྒྱ་བླངས་པ་ལ། ད་ལྟའི་སྐྱེ་བ་འདི་བས་མཐུ་ཆེ་བ་མེད། ང་ལ་འགྲན་ནུས་པ་འཇིག་རྟེན་ན་སུ་ཡང་མེད་པས། ངས་ལྷ་ཀླུ་གཉིས་ཚར་བཅད་ནས་མཆེད་གཉིས་འཕྲོག་པ་ཡིན་པས། ང་ལ་ཕྱག་མཚན་བསྐུར་ཟེར་བ་ན། ཡབ་ཀྱིས་དབྱུག་པ་དང་ཞགས་པ་བྱིན། ཡུམ་གྱིས་ཁྲམ་ཤིང་དང་ནད་རྐྱལ་བྱིན་པ་དེ་ཁྱེར་ནས། མིང་པོ་གཤིན་རྗེའི་རྒྱལ་པོ་དང་གཉིས་ཀྱི་སྟེང་དུ་སོང་ནས། ལྷ་དབང་ཚར་བཅད། དེ་ཡི་ལག་ནས་རང་གི་ཨ་ཅེ་ཁྲིད། ཡང་ཀླུ་ཡུལ་དུ་ཕྱིན། ཀླུ་རྒྱལ་ཚར་བཅད། དེའི་ལག་ནས་ཨ་ཅེ་ཁྲིད་དེ་མིང་སྲིང་བཞི་པོ་ཡབ་ཡུམ་གྱི་སར་སླེབས་པས་ཡབ་ཡུམ་དགའ་སྟེ། ད་ནི་འཇིག་རྟེན་ན་ངེད་རང་བཟའ་མི་ལས་དབང་དང་མཐུ་ཆེ་བ་མེད་པ་ཡིན། ཨ་ཅེ་གཉིས་ཀྱི་ལྷ་དང་ཀླུ་ཡུལ་ལ་དབང་བསྒྱུར། སྲིང་མོ་ནི་མཐུ་ཆེ་བས་ཁམས་གསུམ་ག་ལ་དབང་བསྒྱུར། མིང་པོ་གཤིན་རྗེ་ནི་སྐྱེ་འགྲོའི་དབུགས་ཀྱི་བདག་པོ་གྱིས་ལ་ལེགས་ཉེས་ཀྱི་ཆད་པ་གཅོད། སྲིང་མོ་ཁྱོད་ཀྱི་མིང་ནི་གཤིན་རྗེའི་ལྕམ་མོ་དང་། བདུད་ཀྱི་ཡུམ་དང་དུས་མཚན་ནག་མོ་ཞེས་བྱ་བ་ཡིན་ནོ་ཞེས་མཚན་གསོལ། ཞག་རེ་རེ་ལ་སྲོག་ཆགས་ལྔ་བརྒྱའི་སྲོག་དབུགས་དང་། ཤ་ཁྲག་ལ་ལོངས་སྤྱོད་ཅིང་། འཇིག་རྟེན་གྱི་མ་མོ་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔོན་དུ་མངའ་གསོལ་ནས་ཡོད་པ་ལ། དཔལ་ཁྲག་འཐུང་རྒྱལ་པོས་དམ་ལ་བཏགས་ཏེ། སྲོག་སྙིང་ཕུལ་ནས་ཞག་བདུན་བདུན་ལ་བསྟན་པའི་དགྲ་བོ་རེ་རེ་ཟས་སྐལ་དུ་བྱིན་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བཀའ་བསྒོས། ཁྱད་པར་མིང་པོ་གཤིན་རྗེ་དང་། ལྕམ་སྲིང་གཉིས་རིགས་དྲུག་གི་དཀར་ནག་གི་ལས་ཀྱི་ཆད་པ་གཅོད་པར་བྱིན་གྱིས་བརླབས་ནས། མིང་གཤིན་རྗེ་དབྱུག་པ་ཆེན་མོ་དང་། མ་མོ་ཆེན་མོ་ཙ་མུནྟྲི་དང་། ཨེ་ཀ་ཙ་ཏི་དང་། དམག་དཔོན་རྒྱལ་མོ་ཞེས་བྱ་བར་ཡང་མཚན་བཏགས་ནས། ལྷོ་ཕྱོགས་ལྕགས་མཁར་བཅུ་དྲུག་གི་བདག་པོར་བཞག་གོ །ཡང་དེ་ལྟ་བུའི་བཀའ་སྲུང་དེ་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད། བར་དུ་ཚོགས་གཉིས་ལ་བསླབས་པའི་བྱང་ཆུབ་སེམས་དཔའི་ས་བརྒྱད་ལ་གནས་པས་དེ་ཉིད་བསྟན་པ་བསྲུང་བའི་ཕྱིར། ཤིན་ཏུ་འཇིགས་པའི་ལྷ་མོའི་རྣམ་པར་བསྟན་པ་ཡིན། མ་མོ་ཁྲོས་པའི་རྒྱུད་དང་། གཤིན་རྗེའི་རྟོག་པ་དང་། མེ་ལྕེ་འབར་མའི་རྒྱུད་དང་། བཤན་པ་ནག་མོའི་རྒྱུད་དང་། ལོ་རྒྱུས་རྣམས་ལས་གསལ་བར་བྱུང་སྟེ། རེ་མ་ཏི་མཆེད་བཞི་དང་། བལ་མོ་མཆེད་བཞི་དང་། དུས་མཚན་མ་མཆེད་བཞི་བྱ་བ་རྣམས་འདི་ཡི་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སྒྲུབ་པའི་སྐུའི་སྟོན་ཚུལ་དུ་གསུངས་པས། མདོར་ན་མ་མོ་ཐམས་ཅད་ཀྱི་རྩ་བ་ཨེ་ཀ་ཙ་ཏི་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་འཛིན་ཚུལ་གདུལ་བྱའི་རིགས་སྣ་ཚོགས་སུ་སྤྲུལ་པ་ཡིན་ནོ། །
དེ་ཉིད་རྒྱ་གར་ནས་བྱོན་ཚུལ་ནི། རྒྱལ་བ་རྡོ་རྗེ་འཆང་གིས་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་གནང་། དེས་སྒྲུབ་སྐོར་ལས་ཚོགས་མཛད་དོ། །དེ་ནས་རིམ་པར་བརྒྱུད་དེ་བོད་ཡུལ་དུ་ཕ་དམ་པ་སངས་རྒྱས་ཀྱིས་སྤྱན་དྲངས་ནས། དེའི་ཆོས་སྐོར་དར་བར་བྱུང་། ཁྱད་པར་ཁ་ཆེ་བྷཉྩའི་དུར་ཁྲོད་དུ་བཞུགས་པའི་ཚེ། སློབ་དཔོན་བྷནྡྷི་ནག་པོའི་བཀའ་བསྲུང་མཛད་པས། དེས་མཛད་པའི་སྒྲུབ་སྐོར་སོགས་ཀྱང་ཡོད། དེ་ནས་རིམ་པར་བརྒྱུད་པ་ལ། ཁྲོ་ཕུ་ལོ་ཙཱའི་ཡབ་བླ་མ་ནག་པོ་རོ་སོལ་གྱིས་ནག་པོ་ཇོ་འཕན་ཡང་ཟེར་ཞལ་གཟིགས་ནས་མངོན་སྤྱོད་ཀྱི་ལས་དྲག་པོའི་སྦྱོར་བ་མང་པོ་མཛད། བླ་མ་དེས། བླ་མ་བྲ་ག་མཐའ་བྲལ་ལ་ཆོས་སྐྱོང་དུ་དངོས་སུ་བཀའ་བསྒོས་ནས་གནང་། དེ་ནས་རིམ་པར་བརྒྱུད་པ་ལས། བདག་རྣམས་ཀྱི་རིགས་བརྒྱུད་ལ་སྲུང་ཞིང་སྐྱོབ་པའི་བཀའ་སྲུང་སྒྲུབ་ཐག་ཉེ་ལ་མཐུ་རྩལ་ཆེ་ཞིང་། ཐུགས་རྗེ་དང་བྱིན་རླབས་མྱུར་བའི་ལྷ་མོ་འོད་ཆེན་འབར་མ་ཞེས་གྲགས་པ་དེ་ཉིད་ནི་ཡབ་འོད་དེ་འོད་པོ་ཆེ་དང་། ཡུམ་ལྷ་བཟང་ལ་ལར་ལྷ་ས་བ་མོ་ལྕམ་ཞེས་བཤད་ཨ་མོ་ལྕམ་གཉིས་ཡུལ་གངས་དཀར་གྱི་སྟོངས་སུ་བཤོས་པ་ལས་སྲས་ལྕམ་སྲིང་བརྒྱད་འཁྲུངས་པའི་དང་པོ་བསེ་ཡི་མདུང་དམར་ཅན་ཏེ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོ། །གཉིས་པ་ནི་བཤན་པ་ར་མགོ་ཅན་ཏེ་དམག་དཔོན། མིག་དམར་ཆེན་པོ་ཞེས་གྲགས་ཤིང་ད་ལྟ་སྤྱན་གཡས་ཀྱི་གནས་སྲུང་གི་གཙོ་བོར་བཞུགས་པའི་དགེ་བསྙེན་ཆེན་པོ་འདི་ཡིན་ནོ། །དབང་ཕྱུག་གི་ལོ་རྒྱུས་ཀྱི་སྐབས་གསང་བ་སྙིང་པོའི་ལུང་ཁུངས་སུ་དྲངས་ནས་བཤད་པའི་ནང་གི་དྲེགས་ལྡན་གྱི་གཙོ་བོ་ར་གདོང་ཅན་ཞེས་བྱ་བ་དཔལ་ཆེན་པོས་བཏུལ་བ་དེ་ཡང་འདི་ཡིན་ནོ། །དེ་འོག་མི་རྟེང་སྐྱེས་གཅིག་ཏུ་གྲགས་ཏེ་པེ་ཧར་གྱི་རྣམ་འགྱུར་གཅིག་གོ །དེ་འོག་བདུད་ཟུ་ར་སྐྱེས་ཏེ་བདུད་པོ་མཆེད་གསུམ་གྱི་ནང་ཚན་དེ་ཉིད་ཡིན་ནོ། །
དེ་འོག་སྲིང་མོ་བཞིའི་དང་པོ་ལྷ་མོ་ངན་ནེ་མ། གཉིས་པ་ཀླུ་མོ་ངན་ནེ་མ། གསུམ་པ་གནོད་སྦྱིན་ངན་ནེ་མ། བཞི་པ་འདྲེ་མོ་ངན་ནེ་མར་འདི་ཉིད་འཁྲུངས། གསང་བའི་བདག་པོས། ནོར་ལ་ངན་པས་ངན་ནེ་མ༔ ཀུན་ལ་གནོད་པས་འདྲེ་མོ་འདྲ༔ ནོར་རྫས་བཟང་བའི་བསེ་སྒྲོམ་འཛིན༔ བསེ་སྒྲོམ་མ་ཁྱོད་ཅི་བྱེད་གསུངས༔ དེའི་ཕྱིར་དུར་ཁྲོད་ཀྱི་མ་མོ་བསེ་སྒྲོམ་མ་ཞེས་གྲགས་སོ། །དུར་ཁྲོད་ཆེན་པོ་བརྒྱད་དུ་ནོར་སྲུང་གི་མ་མོ་ཆེན་མོ་བརྒྱད་བཞུགས་པ་ལས། མ་མོ་འདིས་བསིལ་བ་ཚལ་གྱི་ནོར་སྲུང་མཛད། ཕལ་ཆེར་སྐུ་མདོག་སྨུག་ནག་གཡས་དམ་ཉམས་ཀྱི་ཙིཏྟ་ཟ་ཞིང་གཡོན་ནལ་བུའི་རྐང་པ་གཉིས་ནས་བཟུང་སྟེ་སྤྲུགས་པའི་གཅན་གཟན་བཞི་ཕོ་ཉར་འགྱེད། འདི་ཉིད་ནི། གཤིན་རྗེ་ཆོས་རྒྱལ་གྱི་ཡུམ་ཙ་མུནྟྲིའི་སྒོས་སྒྲུབ་ཏུ་བྱ་བ་ཡིན་ནོ། །ཞེས་གསུངས་ཤིང་། སྤྱན་འདྲེན། མཆོད་འབུལ། བསྟོད་པ་རྣམས་རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་དམག་ཟོར་མའི་བསྐང་བའི་སྐབས་ལྟར་གསུངས་པས། འདིར་བསྟན་གྱི་བཀོད་པ་གདུལ་བྱ་འགའ་ཞིག་གི་སྣང་ཚུལ་གཅིག་ཡིན་ལ། རྒྱས་པའི་ཁུངས་ནི་མོ་རྒྱུད་སྤྱིའི་ཁུངས་མེ་ལྕེ་འབར་མ་ལ་སོགས་པ་ནས་གསུངས་པ་ལྟར་གྱི་ཨུ་མའི་སྲས་མོ་ཙ་མུནྟྲིར་འཁྲུངས་པར་བསྟན་པ། དཔལ་ལྡན་ལྷ་མོའི་རྟོག་པ་དང་བྱུང་བ་བརྗོད་པའི་སྐབས་སུ་གསུངས་པ་བཞིན་དུ་ཤེས་པར་བྱའོ། །
དཔལ་ལྡན་ལྷ་མོ་འདིའི་གདམས་པའི་བཀའ་སྲོལ་རྣམས་འཕགས་སྡེ་ལོ་ཙཱ་བ་དགེ་འདུན་བཀྲ་ཤིས་པ་ནས་བརྒྱུད་དེ། རྗེ་དྲུང་བསྟན་པ་རྒྱ་མཚོ། དགེ་འདུན་ཆོས་རྒྱལ་དབང་ཕྱུག་ལ་སོགས་པ་རྗེ་དྲུང་རིན་པོ་ཆེ་རིམ་བྱོན་གྱི་བར་དུ་བརྒྱུད་པ་བར་མི་ཆད་དུ་བཞུགས་ཤིང་ཐུན་མོང་མ་ཡིན་པའི་སྲུང་མའི་གཙོ་བོར་མཛད། དེ་ནས་ཤངས་པ་རབ་འབྱམས་པ་བློ་བཟང་དོན་གྲུབ་ལ་ཆུ་བུམ་པ་གང་བྱོའི་ཚུལ་དུ་གནང་བ་བདག་ན་ཕྲ་མོའི་དུས་སུ་བཞུགས་ཡོད་པར་སྣང་ཡང་དངོས་སུ་མ་མཇལ་ཞིང་ཆོས་རྒྱུན་རྣམས་ཞུ་མ་ཐུབ་པའི་གོང་ལ་གཞན་དོན་གཤེགས་པས་རྒྱུན་ཆད་པར་སྣང་། ཕྱིས་གཞན་དུ་འབད་པས་ཁུངས་ཙམ་ཡང་མ་རྙེད་དོ། །དེང་སང་ནི་གངས་རིའི་ཁྲོད་དུ་ལྷ་མོ་འདིའི་སྔོན་གྱི་གདམས་པའི་བཀའ་སྲོལ་རྒྱུན་མ་ཉམས་པ་ཞིག་མེད་པར་སྣང་ངོ་། །ལྷ་མོ་འདི་ཉིད་ནོར་བདག་གི་རྣམ་པར་བཞེངས་པ་འདྲེ་མོ་ངན་ནེ་མའམ་ཞིང་སྐྱོང་དུར་ཁྲོད་བདག་མོ་ཞེས་གྲགས་ཤིང་ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་ལྷོ་ཕྱོགས་དེ་བི་ཀོ་ཊིར་ཞིང་སྐྱོང་མ་ལངྐའི་དབང་ཕྱུག་མ། གནམ་ལྕགས་དང་ཐོག་སེར་རླུང་དམར་དུ་འཚུབ་པ། སྟེང་གཟའ་དང་རྒྱུ་སྐར། འོག་ཀླུ་དང་ས་བདག །བར་སྣང་སྲིད་ལྷ་འདྲེ་ཐམས་ཅད་དབང་མེད་དུ་བཀོལ་བ། དྲེད་མོ་ནག་མོ་ལ་ཞོན་ནས་རྒྱུག་པ། ཕྱི་ལྟར་དུ་ལྷ་མོ་སྐུ་འོད་ཅན། ནང་ལྟར་དུ་དཀོར་སྲུང་ནག་མོ། གསང་བ་ལྟར་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ། ནོར་སྣ་གཅིག་གི་རྗེས་གཅོད། རྩ་ཆག་གང་གི་ཤས་སྙེག་དཀོར་བདག་ཐམས་ཅད་ཀྱི་ནང་ན་འགྲན་ཟླ་མེད་པའི་མཐུ་མོ་ཆེ་ཞིག་ཏུ་གྱུར་ཏོ། །
དེའི་ཚེ་མེ་རི་འབར་བའི་དུར་ཁྲོད་དུ་གསང་བའི་བདག་པོས་དབང་བསྐུར། བསིལ་བ་ཚལ་གྱི་དུར་ཁྲོད་དུ་རྡོ་རྗེ་རྣལ་འབྱོར་མས་དམ་ལ་བཏགས། དུར་ཁྲོད་ཆེན་པོ་གསང་ལུང་དུ་སློབ་དཔོན་ཆེན་པོ་པདྨས་དམ་ལ་བཞག །སོ་ས་གླིང་གི་དུར་ཁྲོད་དུ་མ་མོ་འདིའི་དགོས་རྒྱུད་རྣམས་གསུངས། ནང་དུ་སྙིང་ཉེ་ལ་བཀྲ་ཤིས། ཕྱི་རུ་རྣོ་མྱུར་ཚན་ཆེ། ཁྱད་པར་དུ་ཡང་ཆོས་རྒྱལ་གཏེར་བདག་གླིང་པ་ཡབ་སྲས་རྣམས་ཀྱི་སྲུང་མའི་གཙོ་བོ་ཐུན་མོང་མ་ཡིན་པ་འགྲན་ཟླ་དང་བྲལ་བའོ། །འདི་ལ་གཏེར་སྟོན་སོ་སོའི་སྤྱན་དྲངས་པའི་སྒྲུབ་ཐབས་དུ་མ་ཞིག་ཡོད་པར་སྣང་བ་ལས། མངའ་བདག་ཉང་རལ་པ་ཅན་གྱིས་བསམ་ཡས་མཆོད་རྟེན་ནག་པོ་ནས་སྤྱན་དྲངས་པའི་སྒྲུབ་སྐོར་དང་འབྲེལ་བའི་སྲོག་དབང་དང་། གསང་བ་གཅིག་རྒྱུད། སྒྲུབ་རྒྱུད་ལས་ཕྲན་ལ་སོགས་པ་རྣམས། ཆོས་རྒྱལ་གཏེར་བདག་གླིང་པ་ལས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་སྤྱན་སྔར་ལེགས་པར་ཐོབ་བོ།། །།
བརྟན་མ་བཅུ་གཉིས། སླེ་ལུང་བཞད་པའི་རྡོ་རྗེའི་དམ་ཅན་བསྟན་སྲུང་གི་རྣམ་ཐར་ལས་བཏུས།
བདུད་མོ་བཞི། བདུད་མོ་མཆེད་བཞིའི་དང་པོ། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ་ནི། ཡུལ་བྱང་ཡུལ་གཙང་སྟོད་དང་། མ་ཧཱ་དེ་ཝའམ་མནྡྷ་དེ་ཝ། ལྷ་ཡུལ་གུང་ཐང་དང་། ལྷོ་ཡུལ་ཆེན་མོ་དང་། གནམ་མཚོ་ཕྱུག་མོ་རྣམས་སུ། བདག་ཉིད་ཆེན་མོ་བཀྲ་ཤིས་ཚེ་རིང་ངམ་རྡོ་རྗེ་ཀུན་གྲགས་མ། ཏིང་ཏིང་གངས་ཀྱི་དཀར་མོ་ཤག །སྐྱི་མཐིང་གངས་ཀྱི་ལ་རོ་སྨན་སོགས་གསང་མཚན་དུ་མར་གྲགས། སྐུ་མདོག་མཐིང་ནག་ཆུ་སྲིན་གྱི་རྒྱལ་མཚན་དང་མེ་ལོང་བསྣམས་པ་འབྲུག་ལ་ཆིབས་པ།རེས་འགའ་སྦྲུལ་ནག་སྟོང་གི་སློག་པ་དང་། གཡག་ལྤགས་རློན་པའི་ཤམ་ཐབས་ཅན། ཕྱག་ན་བྱ་རྒོད་ཀྱི་ཕུར་བུ་འདྲིལ་བ། གཡུ་འབྲུག་སྔོན་མོ་ལ་ཆིབས་པ། རེས་འགའ་བེར་ནག་གྱོན་ནས་ཁྲམ་ཤིང་ཐོགས་ཤིང་བདུད་ཤ་བ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་མོ་ན་བཟའ་འཇའ་རིས་གསེར་གཡུའི་ཐོད་གདེངས་ཅན་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་དམར་རལ་གྲི་དང་ཐོད་ཁྲག་འཛིན་པ་ཆུ་གླང་སྔོན་པོ་ལ་ཆིབས་པ། རེས་འགའ་སྐུ་མདོག་མཐིང་ནག་རང་མདོག་གི་བེར་དང་ཁྲམ་ཤིང་ནད་སྐྱལ་འཛིན་པ། ཤ་བ་ནག་པོ་ལ་ཞོན་པ། རེས་འགའ་བྱ་རྒོད་ཀྱི་ཐུལ་པ་གསོལ་ཞིང་ནག་མོ་མིག་གཅིག་དུང་གི་ཐོར་ཚུགས་འཆང་བ། ལྕགས་ཀྱི་ལན་ཕྲན་དུང་གི་མཆེ་བ་གཙིགས་པ། འཁོར་དུ་ཆུ་སྨན་འབུམ་གྱིས་བསྐོར་བར་སྟོན་ཏེ། ཁྱབ་བདག་མཁྱེན་བརྩེའི་དབང་ཕྱུག་གིས། བརྟན་མའི་སྲོག་གཏད་དུ་གཏེར་གཞུང་གི་ཚིག་དྲངས་པར། ཡུལ་ནི་བྱང་ཡུལ་གཙང་སྟོད་ན༔ ཏིང་ཏིང་གངས་ཀྱི་ལ་རོ་སྨན༔ སྦྲུལ་ནག་སྟོང་གི་ན་བཟའ་ལ༔ གཡག་ལྤགས་རློན་པའི་ཤམ་ཐབས་ཅན༔ ཕྱག་ན་བྱ་རྒོད་ཕུར་བུ་འདྲིལ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ བཀའ་ཉན་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་གི་གཞུང་ལས༔ གནམ་མཚོ་ཕྱུག་མོར་གསང་བའི་མཚན་གསོལ་པ༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་གྱིས་སྤྲས༔ ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་བསྣམས༔ འབྲུག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་། བསྟན་མ་ལས་རྒྱ་མཚོའི་རྒྱུད་ལས། བདག་ཉིད་ཆེན་མོ་བཀྲ་ཤིས་ཚེ་རིང་མ༔ བེར་ནག་གྱོན་ནས་ཕྱག་ན་ཁྲམ་བམ་ཐོགས༔ བདུད་ཤ་ཞོན་ནས་བདུད་དཔུང་བཟློག་པའི་ཕྱིར༔ དོན་མཐིང་ཉ་ལམ་སྒང་ནས་གཤེགས་སུ་གསོལ༔ ཞེས་པ་དང་། གཏེར་སྟོན་སྟག་ཤམ་པའི་གཏེར་བྱོན༔ བསྟན་མདོས་འཛམ་གླིང་བདེ་བྱེད་ལས༔ ལྷོ་ཡུལ་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་དཀར་དམར་ཆུ་གླང་སྔོན་པོ་ཆིབས༔ རལ་གྲི་དང་ནི་ཐོད་པ་ཁྲག་བསྐང་བསྣམས༔ ཞེས་དང་། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་ཤ་བ་ནག་པོ་ཞོན༔ བེར་ནག་གྱོན་ནས་ཁྲམ་བམ་ནད་རྐྱལ་ཐོགས༔ ཞེས་དང་། གཏེར་བྱོན་གཞན་དག་ལས། ཡུལ་གཅིག་མ་ཧཱ་དེ་ཝ་ན༔ གནམ་སྨན་རྡོ་རྗེ་ཀུན་གྲགས་མ༔ དཀར་གསལ་གངས་རིར་ཉི་ཤར་འདྲ༔ ན་བཟའ་འཇའ་ཚོན་སྤེལ་ལེགས་འདྲ༔ གསེར་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས༔ ཞེས་པ་དང་། གཏེར་བྱོན་བསྟན་མདོས་ལས། ཏིང་ཏིང་གངས་ཀྱི་དཀར་མོ་ཤག༔ གསང་མཚན་རྡོ་རྗེ་ཀུན་གྲགས་མ༔ ན་བཟའ་བྱ་རྒོད་ཐུལ་པ་གསོལ༔ ནག་མོ་མིག་གཅིག་དུང་གི་ཐོར་ཚུགས་ཅན༔ ལྕགས་ཀྱི་ལན་ཕྲན་མཆེ་བ་ཅན༔ འཁོར་དུ་ཆུ་སྨན་འབུམ་གྱིས་བསྐོར༔ ཞེས་པ་དང་། ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་བསྟན་མདོས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། བྱང་གི་གནམ་མཚོ་ཕྱུག་མོ་རུ༔ ཏིང་ཏིང་གངས་ཀྱི་དཀར་མོ་ཤག །བདག་ཉིད་ཆེན་མོ་ཁྱོད་མཚན་དུ། །རྡོ་རྗེ་ཀུན་གྲགས་མ་རུ་བཏགས། །ཞེས་གསུངས། ཤོ་རྒྱལ་སྲས་ལེགས་པས་ཟུར་མཁར་རྡོའི་མཆོད་རྟེན་ནས་སྤྱན་དྲངས་པའི་བརྒྱགས་བརྔན་ལས། ཡུལ་གཅིག་མནྡྷ་དེ་བ་ན༔ སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ༔ ཞེས་བཤད་གཏེར་ཁ་འོག་མའི་བླ་མ་སྤྲུལ་སྐུར་བསྒྲུབ་པའི་ལས་ཚོགས་མཁའ་འགྲོ་བསུ་བཟློག་ལས། སྐྱི་མཐིང་གངས་ཀྱི་ར་མོ་སྨན༔ ཤ་ཟ་རོ་ཡི་བསུན་མ་བཟློག༔ ཅེས་ཀུན་གྲགས་མའི་མཚན་ལ། སྐྱི་མཐིང་གངས་ཀྱི་ར་མོ་ཞེས་པར་གསུངས། བདུད་མོ་གཉིས་པ་དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་ནི། ཡུལ་ལྷོ་ཡུལ་དེ་ཉིད་དང་། མོན་ཡུལ་ཇོ་མོ་ལྷ་རི། ཕག་རི་གནས་ཀྱི་གངས། གླན་ཡུལ་མོན་ཁ། མོན་ཡུལ་སྤ་གྲོ་རྣམས་སུ་གླན་ཐང་དམུ་བཙན་གྱི་ལྕམ་མོར་འཁྲུངས། གདུང་རུས་གླན་བཟའ་མོ། གསང་མཚན་རྡོ་རྗེ་གཡུ་བུན་མའམ་གངས་སྨན་དཀར་མོ་དང་། རྡོ་རྗེ་ཀུན་གྲགས་མར་གྲགས། སྐུ་མདོག་སྔོ་ནག་ཤང་ལང་དང་རྡོ་རྗེ་ཞགས་པ་ཐོགས་ཏེ་རྐྱང་ལ་ཆིབས་པ། རེས་འགའ་གཡག་ལྤགས་རློན་པའི་སློག་པ་དང་། ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན་དྲེལ་རྟ་རྐང་གསུམ་ལ་ཆིབས་པ། ཕྱག་ན་ཟངས་ཀྱི་ཕུར་བུ་འདྲིལ་བ། ཉི་འོད་མ་བདུན་གྱི་འཁོར་གྱིས་བསྐོར་བ། རེས་འགའ་སྐུ་མདོག་དཀར་སེར་བུམ་པ་དང་འཐིང་གི་ཞགས་པ་ཅན་ཤ་བ་ཡུ་མོར་ཆིབས་པ། རེས་འགའ་སྐུ་མདོག་སེར་པོ་རང་མདོག་གི་བེར་གྱོན་ཏེ་ཞགས་པ་དགྲ་ལ་འདེབས་པ། རྟ་མཆོག་ངང་པ་ལ་ཆིབས་པ། རེས་འགའ་སྐུ་མདོག་སེར་ནག་སྤྲིན་དཀར་སྤུངས་པའི་ཐུལ་པ་གསོལ་པ། ཤེལ་དང་གཡུ་ཡི་ཐོད་གདེངས་ཅན་ཆིབས་སུ་ཤ་བ་དཀར་པོར་ཆིབས་པ། རེས་འགའ་སེར་ཤ་ཡུ་མོར་ཆིབས་པ་སྟོན་ཏེ། མཁྱེན་བརྩེའི་སྲོག་གཏད་ལས། ཡུལ་ནི་གླན་ཡུལ་མོན་ཁ་ན༔ གླང་ཐང་དམུ་བཙན་ལྕམ་མོ་ནི༔ གདུང་རུས་གཉན་ཏེ་གླན་བཟའ་མོ༔ ལྷོ་ཡི་སྐྱི་མཐིང་གཡའ་མ་སྐྱོང་༔ གཡག་ལྤགས་རློན་པའི་ན་བཟའ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ ཕྱག་ན་ཟངས་ཀྱི་ཕུར་བུ་འདྲིལ༔ ཉི་འོད་མ་བདུན་འཁོར་དང་བཅས༔ ཞེས་དང་། ཉང་གཏེར་གཡུལ་བཟློག་ལས། མོན་ཡུལ་ཇོ་མོ་ལྷ་རི་གསང་བའི་མཚན༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ སྐུ་མདོག་སྔོ་ནག་རིན་ཆེན་རུས་པས་བརྒྱན༔ རྣོ་བའི་ཤང་ལང་རྡོ་རྗེ་ཞགས་པ་བསྣམས༔ རྐྱང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། ལས་རྒྱ་མཚོའི་རྒྱུད་ལས། དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ བེར་སེར་གྱོན་ནས་ཕྱག་ན་ཞགས་པ་འཛིན༔ གསེར་གྱི་མདོག་ཅན་རྟ་མཆོག་སེར་པོར་ཆིབས༔ གཟའ་བདུད་ནག་པོའི་གནོད་པ་བཟློག་པའི་ཕྱིར༔ ཕག་རི་གནས་ཀྱི་གངས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། ལྷོ་ཡུལ་དེ་སྙིང་སྲིན་གཅིག་གཡའ་མ་སྐྱོང་༔ སྐུ་མདོག་དཀར་སེར་ཤ་བ་ཡུ་མོར་ཆིབས༔ བུམ་པ་དང་ནི་མཐིང་གི་ཞགས་པ་བསྣམས༔ ཞེས་པ་དང་༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ སྐུ་མདོག་སེར་པོ་རྟ་མཆོག་ངང་པར་ཆིབས༔ དར་སེར་བེར་གྱོན་ཞགས་པ་དགྲ་ལ་འདེབས༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་ཅིག་མོན་ཡུལ་སྤ་གྲོ་ན༔ སྐྱི་མཐིང་རྡོ་རྗེ་གཡའ་མ་སྐྱོང་༔ སེར་ནག་མཛེས་པའི་འོད་འཕྲོ་མ༔ སྤྲིན་དཀར་སྤུང་པའི་ཐུལ་པ་གསོལ༔ ཤེལ་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་ཤ་བ་དཀར་པོར་ཆིབས༔ ཞེས་དང་།གཏེར་བྱོན་བསྟན་མདོས་ལས། ལྷོ་ཡི་སྐྱི་མཐིང་གཡའ་མ་སྐྱོང་༔ གསང་མཚན་རྡོ་རྗེ་ཀུན་གྲགས་མ༔ ན་བཟའ་སྤྲིན་དཀར་མཛེས་པ་གསོལ༔ ཤེལ་གྱི་ཐོད་ལྡེམ་ཐོར་ཚུགས་ཅན༔ ཆིབས་སུ་རྐྱང་པ་ཁ་དཀར་ཆིབས༔ འཁོར་དུ་གླན་གཟའ་མང་པོས་བསྐོར༔ ཞེས་གསུངས། བརྒྱགས་བརྔན་ལས། ཡུལ་ཅིག་ལྷོ་ཡུལ་དེ་ཉིད་ན༔ སྲིང་གཅིག་སྐྱི་མཐིང་གཡའ་མ་སྐྱོང་༔ ཆིབས་སུ་སེར་ཤ་ཡུ་མོར་ཆིབས༔ ཞེས་བཤད། ཀུན་མཁྱེན་ལྔ་པས། མོན་ཡུལ་ཇོ་མོ་ལྷ་རི་རུ༔ རྡོ་རྗེ་གཡུ་བུན་གངས་སྨན་དཀར༔ སྐྱི་མཐིང་ཁྱོད་ཀྱི་གསང་བའི་མཚན༔ རྡོ་རྗེ་གཡའ་མ་སྐྱོང་ཞེས་བཏགས༔ ཞེས་གསུངས༔
བདུད་མོ་གསུམ་པ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མར་གྲགས་པ་ནི། ཡུལ་བྲིན་གྱི་ལ་ཕྱི་ཆུ་དབར། ན་ལེན་ཤེལ་གོང་། གཡང་འཕྱོ་ཁ་ཡས་རྣམས་སུ། གདུང་རུས་ཤ་ཟ་དགྲ་ལྷའི་རྒྱལ་པོའི་སྨན་གཅིག་མར་འཁྲུངས། གསང་མཚན་གསེར་མཐིང་གཡུ་བུན་མ་དང། གསེར་ཐང་ཀུན་བཟང་མ་དང་། བཀྲ་ཤིས་ཚེ་རིང་དང་། རྡོ་རྗེ་གཡུ་བུན་མ་དང་། རྡོ་རྗེ་བོད་ཁམས་སྐྱོང་སོགས་སུ་གྲགས་ཤིང་། སྐུ་མདོག་མཐིང་ནག་རྡོ་རྗེ་དང་ཚེ་བུམ་འཛིན་པ་སེང་གེར་ཆིབས་པ། རེས་འགའ་སེང་གེ་དཀར་མོའི་གཡང་གཞི་གསོལ་ཞིང་རྡོ་རྗེ་རྩེ་ལྔ་པ་བསྣམས་ཏེ་སེངྒེ་དཀར་མོར་ཆིབས་པ། རེས་འགའ་སྐུ་མདོག་དམར་སྨུག་བོང་བུ་གྭ་དམར་ཆིབས་པ། བེར་ནག་གྱོན་ཞིང་ཐོད་ཁྲག་དང་ཞགས་པ་བསྣམས་པ། རེས་འགའ་ན་བཟའ་གསེར་མདོག་རིན་ཆེན་བརྩེགས་པའི་ཐོད་ཅན་ལྷ་འབྲི་དཀར་མོ་ལ་ཆིབས་པ། རེས་འགའ་སྐུ་མདོག་དམར་མོ་གངས་དཀར་སྤུངས་པའི་ན་བཟའ་གསེར་གཡུའི་ཐོད་ཅན་སྟག་མོ་རི་བཀྲ་ལ་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་སྲོག་གཏད་ལས། ཡུལ་ནི་གཡང་འཕྱོ་ལ་གཡས་ན༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ གདུང་རུས་གཉེན་དེ་ཤ་ཟ་མོ༔ དགྲ་ལྷའི་རྒྱལ་པོའི་སྨན་གཅིག་མ༔ སེངྒེ་དཀར་མོའི་གཡང་གཞི་གསོལ༔ ཆིབས་སུ་སེངྒེ་དཀར་མོར་ཆིབས༔ ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་༔ ཉང་གཏེར་གཡུལ་བཟློག་ལས། བྲིན་གྱི་བཀྲ་ཤིས་ཚེ་རིང་གསང་བའི་མཚན༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་གྱིས་མཛེས༔ གསེར་གྱི་རྡོ་རྗེ་ཚེ་ཡི་བུམ་པ་བསྣམས༔ སེངྒེ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་སྟག་ཤམ་གཏེར་བྱོན་ལས༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ སྐུ་མདོག་དམར་སྨུག་བོང་བུ་གྭ་དམར་ཆིབས༔ བེར་དམར་གྱོན་ནས་ཐོད་ཁྲག་ཞགས་པ་བསྣམས༔ ཞེས་པ་དང་། གཏེར་བྱོན་གྱི་བསྟན་མདོས་གཞན་ལས།ལེགས་སྦྱོར་ཡི་གེའི་གསེར་ཐང་མོ༔ གསང་མཚན་རྡོ་རྗེ་ཀུན་ཏུ་བཟང་༔ ན་བཟའ་གསེར་གྱི་མདོ་ལོ་རིས༔ རིན་ཆེན་བརྩེགས་པའི་ཐོད་ལྡེམ་ཅན༔ ཆིབས་སུ་ལྷ་འབྲི་དཀར་མོར་ཆིབས༔ ཞེས་པ་དང་༔ ལས་རྒྱ་མཚོའི་རྒྱུད་ལས། གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ བེར་དམར་གྱོན་ནས་ཕྱག་ན་ཐོད་ཁྲག་འཛིན༔ བོང་བུ་གྭ་པ་ཆིབས་ནས་སྟོང་ཁམས་མྱུལ༔ བཙན་ཐོགས་འདུལ་ཕྱིར་ལ་ཕྱིའི་གངས་ནས་གཤེགས༔ ཞེས་པ་དང་། ཀུན་མཁྱེན་ལྔ་པས། བྲིན་གྱི་ལ་ཕྱི་ཆུ་དབར་དུ། །དཔལ་ལྡན་བཀྲ་ཤིས་ཚེ་རིང་མ། །གསེར་ཐང་མ་ཁྱོད་གསང་མཚན་དུ། །རྡོ་རྗེ་ཀུན་ཏུ་བཟང་མོར་བཏགས། །ཞེས་གསུངས། གཏེར་གཞུང་གཞན་དག་ཏུ། གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ གསང་མཚན་རྡོ་རྗེ་འོད་འབར་མ༔ ན་བཟའ་སྤྲིན་དཀར་ལུས་ལ་གྱོན༔ མཆོང་གི་གོ་ལྕོག་དབུ་ལ་གྱོན༔ འཁོར་ནི་ནགས་རྒྱལ་བཙུན་མོས་བསྐོར༔ ཆིབས་སུ་རླུང་ནག་འཚུབ་མར་ཆིབས༔ ཞེས་དང་། ཡུལ་ཅིག་ན་ལེན་ཤེ་གོང་ན༔ ཡུམ་ཆེན་རྡོ་རྗེ་གཡུ་བུན་མ༔ དམར་གསལ་པདྨ་ར་གའི་མདོག༔ ན་བཟའ་གངས་དཀའ་སྤུངས་པ་གསོལ༔ གསེར་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ ཞེས་དང་། བསུ་བཟློག་ལས། བྱང་གི་གསེར་མཐིང་གཡུ་བུན་མ༔ གཤིན་རྗེའི་རྒྱལ་པོའི་བསུན་མ་བཟློག༔ ཅེས་བདག་ཉིད་ཆེན་མོ་ལ་གཡུ་བུན་མར་བཤད། སྟག་ཤམ་གཏེར་བྱོན་ལས། ཀོང་པོའི་ཀོང་བཙུན་དེ་མ་གཡུ་བུན་མ༔ སྐུ་མདོག་དཀར་མོ་སྟག་མོ་རི་བཀྲ་ཆིབས༔ ཞེས་པ་དང་། བརྒྱགས་བརྔན་ལས། ཡུལ་ཅིག་ཀོང་ཡུལ་ཀོང་ཕུག་ན༔ སྲིན་གཅིག་གངས་ཀྱི་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ ཞེས་དེ་མོར་ཡང་གཡུ་བུན་མར་བཤད་ན་འགལ་ལམ་མི་འགལ་ཞེ་ན་མི་འགལ་ཏེ། དོན་དུ་བརྟན་མ་བཅུ་གཉིས་ངོ་བོ་གཅིག་པའི་དབང་གིས་གང་དུ་ཁས་བླངས་ཀྱང་ཆོག་ལ༔ འོན་ཀྱང་སྐབས་སོ་སོའི་རྣམ་དབྱེ་ཤེས་དགོས་པ་ནི། དཔེར་ན་སྐབས་འགར་བརྟན་མ་བཅུ་གཉིས་བདུད་མོ་ཤ་སྟག་ཏུ་བཤད་པའང་ཡོད་དེ། གཏེར་བྱོན་རྡོར་ལེགས་པའི་གསོལ་ཁར། མ་བདུད་བརྟན་མ་བཅུ་གཉིས་སོ༔ ཞེས་འབྱུང་། འགའ་ཞིག་ཏུ་ཐམས་ཅད་སྨན་མོར་བཤད། འགའ་ཞིག་ཏུ་བདུད། གནོད་སྦྱིན། སྨན་མོ་གསུམ་དུ་ཕྱེ་ནས་གསུངས། དེའི་ཚེ་ཡང་བཞི་ཚན་དུ་འབྱེད་མི་འདྲ་བ་མང་ཞིང་། ཡོངས་གྲགས་གཙོ་ཆེ་བ་ལྟར་ན། རྡོ་རྗེ་ཀུན་བཟང་དང་། དེ་མོ་ངོ་བོ་གཅིག་ཀྱང་། རྡོ་རྗེ་ཀུན་བཟང་མ་བདུད་མོ་དང་། དེ་མོ་སྨན་མོའི་གྲས་སུ་འཇོག་གོ །བརྟན་གསོལ་རྡོ་རྗེ་བྲག་དམར་མའི་ཡུལ་གཅིག་བལ་ཡུལ་གསེར་ཕུག་ན༔ ཨེ་ཀ་ཛ་ཏི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་མོར་ཆིབས༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། བལ་ཡུལ་གསེར་ཕུག་ཨེ་ཀ་ཙ་ཏི་མ༔ སྐུ་མདོག་སྨུག་ནག་གཡུ་འབྲུག་སྔོན་མོར་ཆིབས༔ བུམ་པ་དང་ནི་ཆུ་གྲི་ཤང་ལང་བསྣམས༔ ཞེས་གསུངས་པ་ནི་ཡོངས་གྲགས་བཞི་ཚན་གསུམ་དུ་ཕྱེ་བའི་ནང་ཚན་གྱི་རྡོ་རྗེ་ཀུན་བཟང་མར་འཇོག་དགོས་སོ། །
བདུད་མོ་བཞི་པ་འབྲོག་ཆེན་འཁོར་འདུལ་ནི། ཡུལ་ཡར་འབྲོག་གཡུ་མཚོ། བྱང་འབྲོག་སྣ་བརྒྱད། ཡར་འབྲོག་དར་གོང་། འབྲོག་སྨན་ལུང་གི་མཚོ་རྣམས་སུ་འབྲོག་རྗེ་ལྷའི་ལྕམ་མོར་འཁྲུངས། གདུང་རུས་འབྲོག་བཟའ། སྐུ་མདོག་ནག་མོ་མུན་པའི་གོས་ཅན་རུ་མཚོན་རྩེ་ལྔ་དང་ཞགས་པ་བསྣམས་པ། དྲེའུ་ལ་ཆིབས་པ། རེས་འགའ་གླང་ནག་སྟོང་གི་སློག་པ་དང་། ཁྱུང་གཤོག་སྟོང་གི་ཤམ་ཐབས་གསོལ་བ། ཕྱག་ན་ལྕགས་ཕུར་བསྣམས་ཤིང་གསེར་ཤ་ཡུ་མོར་ཆིབས་པ། ས་བདག་མ་བདུན་གྱི་འཁོར་གྱིས་བསྐོར་བ། རེས་འགའ་བེར་ལྗང་གྱོན་ནས་བེ་ཅོན་དང་ཞགས་པ་འཛིན་པ། ཁམས་ཀྱི་རྔ་མོ་ལ་ཞོན་པ། རེ་འགའ་སྐུ་མདོག་དམར་སྨུག་ན་བཟའ་དཀར་མཛེས་གཡུའི་མཐའ་ཅན་གསོལ་ཞིང་གསེར་གཡུའི་ཐོད་ཅན་འབྲོང་འགྱིང་ཆིབས་པ། སྨན་མོ་འབུམ་གྱིས་བསྐོར་བ། རེས་འགའ་གཡག་ལྤགས་རློན་པའི་ན་བཟའ་གསོལ་ཞིང་། ལྕགས་ཀྱི་ཐོར་ཚུགས་ཅན། འབྲོང་བུ་ཁ་དཀར་ལ་ཆིབས་པ། འཁོར་འབྲོག་ཆེན་མང་པོས་བསྐོར་བར་སྟོན་ཏེ། མཁྱེན་བརྩེའི་སྲོག་གཏད་ལས། ཡུལ་ནི་བྱང་འབྲོག་སྣ་བརྒྱད་ན༔ འབྲོག་རྗེ་ལྷ་ཡི་ལྕམ་མོ་ནི༔ གདུང་རུས་གཉན་དེ་འབྲོག་བཟའ་མོ༔ བྱང་གི་འབྲོག་སྲིན་འཁོར་འདུལ་མ༔ གླང་སྟག་སྟོང་གི་སློག་པ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་གསེར་ཤ་ཡུ་མོར་ཆིབས༔ ཕྱག་ན་ལྕགས་ཀྱི་ཕུར་པ་བསྣམས༔ ས་བདག་མ་བདུན་འཁོར་དང་བཅས༔ ཞེས་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་ཡར་འབྲོག་དར་གོང་ན༔ འབྲོག་ཆེན་རྡོ་རྗེ་བགེགས་ཀྱི་གཙོ༔ དམར་སྨུག་མཛེས་པའི་འོད་འཕྲོ་མ༔ དཀར་མཛེས་གཡུ་ཡི་མཐའ་ཅན་གསོལ༔ གསེར་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་འབྲོང་ཆེན་འགྱིང་བར་ཆིབས༔ འཁོར་དུ་སྨན་མོ་འབུམ་གྱིས་བསྐོར༔ ཞེས་དང་། ལས་རྒྱ་མཚོའི་རྒྱུད་ལས། འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བེར་ལྗང་གྱོན་ནས་བེ་ཅོན་ཞགས་པ་འཛིན༔ ཁམས་ཀྱི་རྔ་མོ་ཞོན་ནས་འཇིག་རྟེན་གཡོ༔ གནོད་བྱེད་བགེགས་ཀྱི་བར་ཆད་བཟློག་པའི་ཕྱིར༔ འབྲོག་སྨན་ལུང་གི་མཚོ་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། འབྲོག་ཆེན་བགེགས་འདུལ་རྡོ་རྗེ་འབྲོག་གནས་མ༔ སྐུ་མདོག་ལྗང་སེར་རྔ་མོང་གྭ་པར་ཆིབས༔ ལྗང་དང་བེར་གྱོན་བེ་ཅོན་ཐོག་སེར་འགྱེད༔ ཅེས་དང་། གཏེར་བྱོན་གྱི་བསྟན་མདོས་ལས། བྱང་གི་འབྲོག་ཆེན་གཡའ་མ་སྐྱོང་༔ གསང་མཚན་རྡོ་རྗེ་དྲིལ་བུ་མ༔ ན་བཟའ་གཡག་ལྤགས་རློན་པ་གསོལ༔ ལྕགས་ཀྱི་ཐོད་ལྡེམ་ཐོར་ཚུགས་ཅན༔ ཆིབས་སུ་འབྲོང་ཕོ་ཁ་དཀར་ཆིབས༔ འཁོར་དུ་བྱང་གི་འབྲོག་ཚན་མང་པོས་བསྐོར༔ ཞེས་གསུངས། གཏེར་བྱོན་བསུན་བཟློག་ལས། བྱང་གི་བྱང་ཐང་ཏིང་མོ་སྨན༔ འབྲོག་སྲིན་རྒྱལ་མོའི་བསུན་མ་བཟློག༔ ཅེས་འབྲོག་ཆེན་འཁོར་འདུལ་མར་བྱང་ཐང་ཏིང་མོ་སྨན༔ ཞེས་གསུངས་པ་ཡང་སྔར་བཤད་པ་དང་གནད་གཅིག་སྟེ། འབྲོག་ཆེན་འཁོར་འདུལ་དང་། མ་ཏིང་རི་ངོ་བོ་གཅིག །བྱང་ཐང་རིང་མོ་སྨན་དང་། མ་དང་རིང་མོ་དང་། ཏིང་རིང་ཏིང་མོ་བཙུན་རྣམས་གཅིག་པར་བརྟན་མར་བཞི་མཚན་གསུམ་དུ་འབྱེད་དུས་གནོད་སྦྱིན་མོ་བཞི་པ་རྡོ་རྗེ་དྲག་རྒྱལ་མར་འདྲེན་དགོས་སོ། །བརྒྱགས་བརྔན་ལས། ཡུལ་ནི་མང་ཡུལ་མང་རིང་ན༔ ཆེ་ཞེས་གཙུག་གི་འོད་འཆང་མ༔ ཆིབས་སུ་འབྲོང་བུ་དར་མར་ཆིབས༔ ཞེས་པ་དང་། སྟག་ཤམ་པའི་བརྟན་མདོས་ལས། མང་ཡུལ་ཆེ་ཞེ་གཙུག་གི་འོད་འཆང་མ༔ སྐུ་མདོག་མཐིང་ནག་འབྲོང་བུ་དར་མར་ཆིབས༔ མེ་ལོང་དང་ནི་ནོར་བུ་འོད་འབར་བསྣམས༔ ཞེས་གསུངས་པས། བཞི་མཚན་གསུམ་དུ་འབྱེད་དུས་བདུད་མོ་བཞི་པ་རྡོ་རྗེ་བགེགས་ཀྱི་གཙོ་མོར་འཇོག་དགོས་སོ། །ཀུན་མཁྱེན་ལྔ་པས། ཡར་འབྲོག་གཡུ་མཚོ་ཕྱུག་མོ་རུ༔ འབྲོག་ཆེན་ལྷ་ལྕམ་རྡོར་དྲིལ་མ། །གཡའ་མ་སྐྱོང་ཁྱོད་གསང་མཚན་ལ། །འཁོར་འདུས་རྡོ་རྗེ་བགེགས་གཙོར་བཏགས། །ཞེས་གསུངས།
༈ གནོད་སྦྱིན་བཞི། གནོད་སྦྱིན་མོ་བཞིའི་དང་པོ། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ་ནི། ཡུལ་ལྷ་ཕུ་གངས་དཀར། རྡོ་རྗེ་བྲག་དམར། ཤེའུ་ཤེ་སྟོད་དམ། གངས་དཀར་ལྗོང་གི་ཤེ་སྟོད། གྱ་བ་ཕུ་ཡི་གངས་ཟུར། གཙང་འགྲམ་རྫ་རི་གངས་དཀར་རྣམས་སུ་དུང་རུ་དཀར་པོའི་ལྕམ་མོར་འཁྲུངས། གདུང་རུས་ཤ་ཟ་སྐུ་མདོག་དཀར་མོ་དར་གྱི་བཟའ་ཅན་ཟོར་བ་དང་གཏེར་བུམ་འཛིན་པ། ཤ་བ་ཡུ་མོར་ཆིབས་པ་རེས་འགའ་དུང་གི་ཁུ་ཕང་གི་ན་བཟའ། གཡུའི་སྐ་རགས་ཅན་ཁྲག་གི་རྐྱལ་པ་བསྣམས་ཏེ་དུང་ཤ་དཀར་མོ་ལ་ཆིབས་པ་གངས་སྨན་མ་བདུན་གྱིས་བསྐོར་བ། རེས་འགའ་བེར་དཀར་གྱོན་ཞིང་ཐོག་དང་རལ་གྲི་བཟུང་སྟེ་སེངྒེ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་སྔོན། རལ་གྲི་སྐར་མདའ་གློག་ཞགས་གཟུང་སྟེ་རྒྱ་སྟག་ཁྲ་བོ་ལ་ཆིབས་པར་སྟོན་ཏེ༔ མཁྱེན་བརྩེའི་སྲོག་གཏད་ལས། ཡུལ་ནི་ཤེའུ་ཤེ་སྟོད་ན༔ གངས་དཀར་ལྗོངས་ཀྱི་ཤེ་སྟོད་ན༔ གདུང་རུས་གཉན་དེ་ཤ་བཟའ་མོ༔ ཤ་མེད་གངས་དཀར་རྡོ་རྗེ་སྨན༔ དུང་གི་ཁུ་འཕངས་སྐུ་ལ་གསོལ༔ གཡུ་ཡི་སྐ་རགས་ཐམས་སེ་ཐམ༔ ཆིབས་སུ་དུང་ཤ་དཀར་མོར་ཆིབས༔ ཕྱག་ན་ཁྲག་གི་རྐྱལ་པ་བསྣམས༔ གངས་སྨན་མ་བདུན་འཁོར་དང་བཅས༔ ཞེས་དང་། ལས་རྒྱ་མཚོའི་རྒྱུད་ལས། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ བེར་དཀར་གྱོན་ལ་ཐོག་དང་རལ་གྲི་འཛིན༔ སེངྒེར་ཞོན་ནས་དགྲ་བགེགས་འགུགས་པར་བྱེད༔ གྱ་བ་ཕུ་ཡི་གངས་ཟུར་གནས་ནས་གཤེགས༔ ཞེས་པ་དང་། སྟག་ཤམ་པའི་བརྟན་མདོས་ལས། རྡོ་རྗེ་བྲག་དམར་གངས་དཀར་ཤ་མེད་མ༔ སྐུ་མདོག་དཀར་མོ་དྲེལ་རྟ་རྐང་གསུམ་ཆིབས༔ རལ་གྲི་དང་ནི་ནད་ཀྱི་རྐྱལ་པ་ཐོགས༔ ཞེས་དང་། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ སྐུ་མདོག་དཀར་སྔོན་རྒྱ་སྟག་ཁྲ་བོར་ཆིབས༔ རལ་གྲི་འབར་བ་སྐར་མདའ་གློག་ཞགས་བསྣམས༔ ཞེས་དང་། བརྒྱགས་བརྔན་ལས། ཡུལ་གཅིག་རྡོ་རྗེ་བྲག་དམར་ན༔ སྲིང་གཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ ཞེས་གསུངས། གཙང་འགྲམ་རྫ་རི་གངས་དཀར་ན༔ ཤ་མེད་རྡོ་རྗེ་ཀུན་ཏུ་བཟང་༔ དཀར་སེང་ཤེལ་གྱི་ཁ་དོག་འདྲ༔ དར་དཀར་གཡུ་མི་མཐའ་ཅན་གསོལ༔ གསེར་གཡུ་མུ་ཏིག་ཐོད་གདེངས་ཅན༔ ཆིབས་སུ་སྨན་ཤ་དཀར་པོར་ཆིབས༔ འཁོར་དུ་སྨན་མོ་སྟོང་གིས་བསྐོར༔ ཞེས་རྡོ་རྗེ་ཀུན་བཟང་མ་ཡིན་པར་གསུངས་པ་དང་། བྱང་གཏེར་བརྟན་མིའི་ལོ་རྒྱུས་ལས། གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ༔ ཞེས་པ་དང་། ཀུན་མཁྱེན་ལྔ་པས། ལྷ་ཕོ་གངས་རི་དཀར་པོ་རུ། །གངས་ཀྱི་ཡུམ་ཆེན་འོད་འབར་མ། །ཤ་མེད་ཁྱོད་ཀྱི་གསང་བའི་མཚན། །རྡོ་རྗེ་གཡུ་བུན་མ་རུ་བཏགས། །ཞེས་རྡོ་རྗེ་གཡུ་བུན་མར་གསུངས་པ་ཡང་སྔར་བཤད་པ་དང་གནད་འདྲའོ། །
གནོད་སྦྱིན་མོ་གཉིས་པ། ཁ་རག་ཁྱུང་བཙུན་ནི། ཡུལ་རུ་མཚམས་ཇོ་མོ་ཁ་རག་དང་རྨ་ཆེན་སྦོམ་རའི་མགུལ་དུ། འདར་བུ་སྟོང་ཐང་རྗེའི་ལྕམ་མོར་འཁྲུངས་གདུང་རུས་ཁྱུང་བཟའ་སྐུ་མདོག་དཀར་མོ་རྨ་བྱའི་ཐུལ་པ་གསོལ་ཞིང་ཌ་མ་རུ་དང་མེ་ལོང་བསྣམས་པ་མེ་ཁྱུང་ལ་ཆིབས་པ། རེས་འགའ་ན་བཟའ་མི་ལྤགས་ཀྱི་སློག་པ་དང་མི་སྙིང་གི་ཤམ་ཐབས་གསོལ་བ། དུག་མདའ་ལྟོང་ནག་བསྣམས་པ། སེར་མོ་མ་བདུན་གྱིས་འཁོར་དང་བཅས་ཏེ་བཞུགས་པར་གསུངས། དེ་ལྟར་ཡང་གཡུལ་བཟློག་ལས། རུ་མཚམས་ཇོ་མོ་ཁ་རག་གསང་བའི་ཡུམ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དཀར་མོ་རྨ་བྱའི་ཐུལ་པ་གསོལ༔ ཌ་མ་རུ་དང་གསལ་བའི་མེ་ལོང་བསྣམས༔ མེ་ཁྱུང་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་ཁ་རག་སུལ་ཡུལ་ན༔ འདར་བུ་སྟོང་ཐང་རྗེ་ཡི་ལྕམ༔ གདུང་རུས་གཉན་དེ་ཁྱུང་བཟའ་མོ༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ ན་བཟའ་མི་ལྤགས་སློག་པ་གསོལ༔ མི་སྙིང་ཕུག་པའི་ཤམ་ཐབས་ཅན༔ ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས། ཕྱག་ན་དུག་མདའ་ལྟོང་ནག་བསྣམས༔ སེར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཀུན་མཁྱེན་ལྔ་པས། རུ་མཚམས་ཇོ་མོ་ཁ་རག་ཏུ། །སྟོང་ཐང་རྗེ་ལྕམ་ཁྱུང་བཟའ་མོ། །ཁྱུང་བཙུན་ཁྱོད་ཀྱི་གསང་བའི་མཚན། །རྡོ་རྗེ་དཔལ་གྱི་ཡུམ་དུ་བཏགས། །ཞེས་གསུངས། རེས་འགའ་བེར་སེར་གྱོན་ནས་དགྲ་སྟ་འཛིན་པ་དང་། རེས་འགའ་སྐུ་མདོག་དམར་མོ་རལ་གྲི་དང་མཚོན་གྱི་དྲུ་གུ་ཐོགས་ཏེ་གྱི་ལིང་ཁ་དཀར་ལ་ཆིབས། རེས་འགའ་སྐུ་མདོག་སེར་དམར་དགྲ་སྟ་དང་། ཞགས་ཁྲ་ཐོགས་ཏེ་སྟག་བེར་གྱོན་ནས་ཁྱུང་ལ་ཆིབས་པ་དང་། རེས་འགའ་སྐུ་མདོག་མཐིང་ནག་རྔམས་པའི་ཚུལ་ཅན་མུ་མན་གྱི་ན་བཟའ་དང་བྲག་ནག་སྤུངས་པའི་ཐོད་གདེངས་ཅན་དྲེལ་ནག་རྟིང་དཀར་ལ་ཆིབས་པར་སྟོན་ཏེ། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ བེར་སེར་གྱོན་ནས་ཕྱག་ན་དགྲ་སྟ་འཛིན༔ ཁྱུང་ལ་ཞོན་ནས་མི་མངོན་དབྱིངས་ན་བཞུགས༔ གཤིན་རྗེའི་གདོན་དང་དགྲ་དཔུང་འཇོམས་པའི་ཕྱིར༔ ཁ་རག་ཤར་གྱི་གནས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། སྤོམ་རའི་དྲུང་ན་ཁ་རག་ཁྱུང་བཙུན་མ༔ སྐུ་མདོག་དམར་མོ་གྱི་ལིང་ཁ་དཀར་ཆིབས༔ རལ་གྲི་དང་ནི་ཚོན་གྱི་དྲུ་གུ་བསྣམས༔ ཞེས་པ་དང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་སེར་དམར་མཁའ་ལྡིང་ཁྱུང་ལ་ཆིབས༔ སྟག་བེར་གྱོན་ནས་དགྲ་སྟ་ཞགས་ཁྲ་བསྣམས༔ ཞེས་པ་དང་། བརྒྱགས་བརྔན་ལས། ཡུལ་ནི་རྨ་ཆེན་སྤོམ་ར་ན༔ སྲིང་གཅིག་ཁ་རག་ཁྱུང་བཙུན་མ༔ ཆིབས་སུ་གྱི་ལིང་ཁ་དཀར་ཆིབས༔ ཞེས་དང་། གཏེར་བྱོན་བསྟན་མདོས་གཞན་ལས། ཡུལ་གཅིག་སྙེ་མ་དག་ཡུལ་ན༔ ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ མཐིང་ནག་གདུག་པའི་རྔམས་ཚུལ་ཅན༔ ན་བཟའ་མུ་མེན་མཛེས་པ་གསོལ༔ བྲག་ནག་སྤུངས་པའི་ཐོད་གདེངས་ཅན༔ ཆིབས་སུ་དྲེལ་ནག་རྟིང་དཀར་ཆིབས༔ འཁོར་དུ་སྨན་མོ་སྟོང་གིས་བསྐོར༔ ཞེས་པ་དང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསང་མཚན་རྡོ་རྗེ་ཁྱུང་བཙུན་དཔལ་གྱི་ཡུམ༔ ན་བཟའ་འཇའ་ཚོན་སྣ་ལྔ་ལུས་ལ་གྱོན༔ བྲག་ནག་སྤུངས་པའི་ཐོད་གདེངས་ཅན༔ ཆིབས་སུ་ངང་དཀར་ཕུར་པོར་ཆིབས༔ འཁོར་ནི་སྲིན་མོ་སྟོང་གིས་བསྐོར༔ ཞེས་གསུངས།
གནོད་སྦྱིན་མོ་གསུམ་པ་གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི། ཡུལ་རྡ་ཡུལ་ཐང་བཀྲ་དང་བྱང་སྟོད་དམར་གྱི་མཚོ་འགྲམ། སྲད་ཡུལ་པ་ཏྲ། བསྣུབས་ཡུལ་རྒྱ་མཚམས་སམ། བསྣུབས་ཡུལ་ཀ་ཚལ་དང་། ནུབ་ཡུལ་དགའ་ཚལ་ཞེས་ཀྱང་གྲགས་པར། རྡ་ལྷ་གར་པའི་ལྕམ་མོར་འཁྲུངས་གདུང་རུས་རྡ་བཟའ་སྐུ་མདོག་དཀར་དམར་སྦྲུལ་ཞགས་དང་རིན་པོ་ཆེའི་པར་པུ་བསྣམས་པ་རྟ་མཆོག་ལ་ཆིབས་པ། རེས་འགའ་དཀར་མོ་མིག་གཅིག་མཆེ་བ་གཙིགས་པ། མི་མགོ་བརྩེགས་པའི་ཐུལ་པ་གསོལ་ཞིང་ཞིང་དབྱུག་བསྣམས་ཏེ་ཕག་ནག་ལ་ཆིབས་པ། དཀར་མོ་མ་བདུན་གྱི་འཁོར་གྱིས་བསྐོར་བ། རེས་འགའ་མཐིང་ནག་རྔམས་པའི་ཞལ་ཅན་རྨ་བྱའི་ཐུལ་པ་གསོལ་བ། གསེར་གཡུའི་ཐོད་ཅན་འོལ་མོ་ཁ་ཁྲལ་ཆིབས་པ། རེས་འགའ་སྐུ་མདོག་སྔོ་སྐྱ་དོམ་བུ་མདོང་དཀར་རམ་སྙིང་དཀར་ལ་ཆིབས་པ། མེ་ལོང་དང་དྲིལ་བུ་གཡེལ་ཁ་བསྣམས་པ། རེས་འགའ་སྐུ་མདོག་སྔོ་ནག་དོམ་ནག་དང་རི་ཁྱི་ཆིབས་པ་བེར་དམར་གྱོན་ནས་ལྕགས་ཀྱུ་དང་ནེའུ་ལེ་ཐོགས་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་གཅིག་རྡ་ཡུལ་ཐང་བཀྲ་ན༔ རྡ་ལྷ་གར་སིའི་ལྕམ་མོ་ནི༔ གདུང་རུས་གཉན་དེ་རྡ་བཟའ་མོ༔ དཀར་མོ་མིག་གཅིག་མཆེ་བ་ཅན༔ རྡ་ལ་བཙན་མོ་སྨན་གཅིག་མ༔ མི་མགོ་བརྩེགས་པའི་ཐུལ་པ་ཅན༔ ཆིབས་སུ་ཕག་རྒོད་ནག་པོར་ཆིབས༔ ཕྱག་ན་ཞིང་གི་དབྱུག་པ་བསྣམས༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་སྲད་ཡུལ་པ་ཏྲ་ན༔ བཙན་མོ་རྡོ་རྗེ་ཡེ་ཤེས་མཆོག༔ མཐིང་ནག་དྲག་ཤུལ་རྔམས་པའི་ཞལ༔ རྨ་བྱ་མཛེས་པའི་ཐུལ་པ་གསོལ༔ གསེར་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་འོལ་མོ་ཁ་ཁྲ་ཆིབས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། བྱང་སྟོད་རོ་དམར་མཚོ་བདག་གསང་བའི་མཚན༔ སེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི༔ སྐུ་མདོག་དཀར་དམར་དར་དང་རིན་ཆེན་བརྒྱན༔ སྦྲུལ་ཞགས་དང་ནི་རིན་ཆེན་པར་པུ་བསྣམས༔ རྟ་མཆོག་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་། སྟག་ཤམ་གཏེར་བྱོན་ལས། བསྣབས་ཡུལ་རྒྱ་མཚམས་གདུག་པའི་བཙན་པོ་འདུལ༔ སྐུ་མདོག་སྔོ་སྐྱ་དོམ་བུ་མདོངས་དཀར་ཆིབས༔ མེ་ལོང་དང་ནི་དྲིལ་བུ་གཡེལ་ཁ་བསྣམས༔ ཞེས་པ་དང་། གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་རྒྱལ༔ སྐུ་མདོག་སྔོ་ནག་དོམ་ནག་རི་ཁྱི་ཆིབས༔ བེར་དམར་གྱོན་ནས་ལྕགས་ཀྱུ་ནེའུ་ལེ་བསྣམས༔ ཞེས་པ་དང་།
བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི༔ བེར་དམར་གྱོན་ནས་ཕྱག་ན་ལྕགས་ཀྱུ་འཛིན༔ དོམ་ནག་ཞོན་ནས་ལྷོ་མོན་དབྱིངས་ནས་གཤེགས༔ རྨི་ལྟས་མཚན་མ་ངན་པ་བཟློག་པའི་ཕྱིར༔ ཇོ་མོ་ནགས་རྒྱལ་གནས་ནས་གཤེགས་སུ་གསོལ༔ ཞེས་གསུངས། འདིས་ནི་ཇོ་མོ་ནགས་རྒྱལ། ཨུག་ཆོས་གཡར་མོ་རྒྱལ། རྡོ་རྗེ་གཡའ་མོ་གསིལ། རྡོ་རྗེ་གྲགས་རྒྱལ་མ་སོགས་གཅིག་པར་སྟོན་ཏེ། གཏེར་བྱོན་གྱི་བརྟན་མདོས་ལས། མོ་བཙུན་ཨུག་ཆོས་གཡར་མོ་གསིལ༔ གསང་མཚན་རྡོ་རྗེ་དྲག་མོ་རྒྱལ༔ ཞེས་པ་དང་། ཀུན་མཁྱེན་ལྔ་པས། གཙང་གི་ཇོ་མོ་ནགས་རྒྱལ་དུ། །སྨན་བཙུན་ཨུག་ཆོས་གཡར་མོ་རྒྱལ། །གཡར་བཟའ་མོ་ཁྱོད་གསང་བའི་མཚན། །རྡོ་རྗེ་གཡར་མོ་གསིལ་དུ་བཏགས། །ཞེས་གསུངས། ནམ་མཁའི་རྒྱལ་མོ་ཧོང་རིག་ཤག་གམ། རྡོ་རྗེ་དཔལ་འབར་ཤག་དང་རྡོ་རྗེ་ཡེ་ཤེས་སམ། རྡོ་རྗེ་ཁོང་ཏིང་ཞེས་པ་ཡང་འདི་ཉིད་ཡིན་ཏེ། གཏེར་བྱོན་བརྟན་མདོས་ལས། ནམ་མཁའི་རྒྱལ་མོ་ཧོང་ཏིང་ཤག༔ གསང་མཚན་རྡོ་རྗེ་དཔལ་འབར་ཤག༔ ན་བཟའ་བྱ་རྒོད་ཐུལ་བ་གསོལ༔ རིན་ཆེན་མཛེས་པའི་ཐོད་ལྡེམ་ཅན༔ ཆིབས་སུ་སྨན་ཤ་ཡུ་མོར་ཆིབས༔ འཁོར་དུ་གནམ་སྨན་སྟོང་གིས་བསྐོར༔ ཞེས་པ་དང་། ཀུན་མཁྱེན་ལྔ་པས། བྱང་སྟོད་དམར་གྱི་མཚོ་འགྲམ་དུ། །བཙན་མོ་རྡོ་རྗེ་ཡེ་ཤེས་མཆོག །ཁོང་ཏིང་ཁྱོད་ཀྱི་གསང་བའི་མཚན། །མཁའ་ལྡིང་རྡོ་རྗེ་ཀླུ་མོར་བཏགས། །ཞེས་གསུངས། བརྒྱགས་བརྔན་ལས། ཡུལ་ནི་བསྣུབས་ཡུལ་དགའ་ཚལ་ན༔ བརྡལ་ལྷ་བཙན་མོ་གདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་དཀར་ཆིབས༔ ཞེས་པ་ཡང་འདི་ཉིད་དོ། །གནོད་སྦྱིན་མོ་བཞི་པ། རྡོ་རྗེ་དྲག་རྒྱལ་མ་ནི། ཡུལ་རྨ་ཡུལ་ཐང་བརྒྱད་དང་དབུ་རུ་སྙིང་པོ་དང་། སྤོམ་རའི་མགུལ་དུ་སྤོམ་རའི་སྲིང་མོར་འཁྲུངས་གདུང་རུས་རྨ་བཟའ། སྐུ་མདོག་དཀར་མོ་བེ་ཅོན་དང་རིན་པོ་ཆེའི་གཞོང་པ་འཛིན་པ་འཕར་བ་ཆིབས་པ་དང་། རེས་འགའ་གཡག་ལྤགས་སྟོང་གི་སློག་པ་དང་། ཁྱུང་གཤོག་སྟོང་གི་ཤམ་ཐབས་གསོལ་ཞིང་མཆོང་གི་ཕུར་བུ་བསྣམས་ཏེ། འབྲོང་བུ་ར་གུག་ལ་ཆིབས་པ། ཕྱག་ན་མཆོང་གི་ཕུར་བུ་བསྣམས་པ་ཉི་འོད་མ་བདུན་གྱི་འཁོར་དང་བཅས་པ། རེས་འགའ་དབུ་རུ་དང་སྙེ་མའི་མཚམས་སུ་སྐུ་མདོག་དཀར་མོ་གསེར་གཡུའི་ཐོད་གདེངས་ཅན་ན་བཟའ་སྨུག་ནག་གསོལ་བ། རེས་འགའ་མུ་ཏིག་གི་ཐོར་ཚུགས་སྤྲས་ཏེ་སྨན་ཤ་ཡུ་མོར་ཆིབས་པ། ཤ་ཟ་འབུམ་གྱིས་བསྐོར་བ། རེས་འགའ་སྐུ་མདོག་ལྗང་ཁུ་མེ་ལོང་དང་ཏིང་ཤག་བསྣམས་ཏེ་འབྲོང་གཡག་ལ་ཆིབས་པ། རེས་འགའ་སྐུ་མདོག་ལྗང་སེར་རང་མདོག་གི་བེར་ཅན་མི་སྙིང་དང་གཡང་གི་གཞོང་པ་ཐོགས་ཏེ་མི་དྲེད་ནག་པོ་ལ་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་རྨ་ཡུལ་ཐང་བརྒྱད་ན༔ རྨ་ཆེན་སྤོམ་རའི་སྲིང་གཅིག་མོ༔ གདུང་རུས་གཉན་དེ་རྨ་བཟའ་མོ༔ བྱང་གི་ཏིང་ཏིང་ཏིང་མོ་བཙུན༔ གཡག་ལྤགས་སྟོང་གི་སློག་པ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་འབྲོང་བུ་ར་གུག་ཆིབས༔ ཕྱག་ན་མཆོང་གི་ཕུར་བུ་བསྣམས༔ ཉི་འོད་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། རྨ་ཆེན་སྤོམ་རའི་སྲིང་གཅིག་གསང་བའི་མཚན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་དཀར་གསལ་རིན་ཆེན་དར་ཟབ་མཛེས༔ བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན༔ འཕར་བར་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། ལས་རྒྱ་མཚོའི་རྒྱུད་ལས། རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ བེར་ལྗང་གྱོན་ནས་ཕྱག་ན་ཙིཏྟ་བསྣམས༔ མི་དྲེད་ནག་མོར་ཞོན་ནས་དམ་ཉམས་འགུགས༔ གློ་བུར་སེམས་ཀྱི་ཡེ་འབྲོག་ཞི་བའི་ཕྱིར༔ རྨ་ཆེན་སྤོམ་རའི་གནས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། དབུས་ཀྱི་སྙིང་པོར་མ་རིང་ཏིང་མོ་བཙུན༔ སྐུ་མདོག་ལྗང་སྔོན་འབྲོང་ཆེན་གཡག་ལ་ཆིབས༔ མེ་ལོང་དང་ནི་ཏིང་ཤག་རོལ་མོ་བསྣམས༔ ཞེས་དང་། རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་ལྗང་སེར་མི་དྲེད་ནག་པོར་ཆིབས༔ ལྗང་སེར་བེར་གྱོན་མི་སྙིང་གཡང་གཞོང་ཐོགས༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་ཅིག་དབུ་རུ་སྙེ་མཚམས་ན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ དཀར་མོ་གསེར་གཡུའི་ཐོད་གདེངས་ཅན༔ ན་བཟའ་སྨུག་ནག་འབར་བ་གསོལ༔ ཞེས་པ་དང་། གཏེར་བྱོན་མདོས་ཆོག་ལས། གསང་མཚན་རྡོ་རྗེ་དྲག་མོ་རྒྱལ༔ ན་བཟའ་ཅིར་ཡང་མ་ངེས་ཏེ༔ མུ་ཏིག་དཀར་མོའི་ཐོད་ལྡེམ་ཅན༔ འཁོར་ནི་ཤ་ཟ་འབུམ་གྱིས་བསྐོར༔ ཆིབས་སུ་སྨན་ཤ་ཡུ་མོར་ཆིབས༔ ཞེས་དང་། ཀུན་མཁྱེན་ལྔ་པས། ཁམས་ཀྱི་རྨ་ཆེན་སྤོམ་རའི་མགུལ། །བྱང་གི་ཏིང་ཏིང་ཏིང་མོ་བཙུན། །སེར་མོ་ལས་མཁན་གསང་མཚན་དུ། །རྡོ་རྗེ་དྲག་མོ་རྒྱལ་ཞེས་བཏགས། །ཞེས་གསུངས། བརྒྱགས་བརྔན་ལས། ཡུལ་གཅིག་དབུ་རུ་སྙིང་པོ་ཡི༔ བྱང་གི་མ་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲོང་འགྱིང་གྭ་པར་ཆིབས༔ ཞེས་པ་ཡང་འདི་ཉིད་དོ། །
༈ སྨན་མོ་བཞི། སྨན་མོ་བཞིའི་དང་པོ་ཀོང་བཙུན་དེ་མོ་ནི་ཡུལ་ཀོང་ཡུལ་བྲེ་དང་། ཀོང་ཡུལ་ཀོང་ཕུག་ཏུ་ཀོང་རྗེ་དཀར་མོའི་ལྕམ་མོར་འཁྲུངས། གདུང་རུས་ཤ་བཟའ། སྐུ་མདོག་སྨུག་ནག །དར་དང་ཞིང་ལྤགས་གསོལ་བ༔ མདའ་དར་དང་རིན་པོ་ཆེའི་ཟ་མ་ཏོག་བསྣམས་ཏེ་སྤྲིན་པའི་གསེབ་ཏུ་རླུང་ལ་ཆིབས་པ། རེས་འགའ་སེང་ལྤགས་སྟོང་གི་སློག་པ་དང་སྦྲུལ་ནག་སྟོང་གི་ཤམ་ཐབས་ཅན། ཆིབས་སུ་ཀོང་རྟ་དཀར་པོ་ལ་ཆིབས་ཏེ་ཁྲག་གི་བུམ་པ་བསྣམས་པ། རེས་འགའ་སྐུ་མདོག་འཇའ་ཚོན་འདྲ་བ་ན་བཟའ་སྨུག་ནག་གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན། རྟ་ནག་རྟིང་དཀར་ལ་ཆིབས་པ། རེས་འགའ་བེར་དཀར་གསོལ་ཞིང་ཤ་བ་རྭ་བཅུ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་མོ་མེ་ལོང་དང་རྡོ་རྗེ་རྩེ་དགུ་པ་ཐོགས་ཏེ་སྟག་མོ་རི་བཀྲ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་མོ་རང་མདོག་གི་བེར་གྱོན་ཞིང་ཞགས་པ་དང་ནོར་བུ་བསྣམས་ནས་ཀོང་རྟ་སྔོན་མོ་ལ་ཆིབས་པ། རེས་འགའ་གསེར་གྱི་ཐོར་ཚུགས་བཅིངས་ཏེ་སྤྲིན་དཀར་ངང་པ་ལ་ཆིབས་པ་འཁོར་མ་བདུན་གྱིས་བསྐོར་བ། གསང་མཚན་རྡོ་རྗེ་གཉིས་མེད་འོད་འབར་མ་ཞེས་པར་གྲགས་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་གཅིག་ཀོང་ཡུལ་བྲེ་སྣ་ན༔ ཀོང་རྗེ་དཀར་པོའི་ལྕམ་མོ་ནི༔ གདུང་རུས་གཉན་དེ་ཤ་བཟའ་མོ༔ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་༔ སེང་ལྤགས་སྟོང་གི་སློག་པ་ལ༔ སྦྲུལ་ནག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་ཀོང་རྟ་དཀར་པོར་ཆིབས༔ ཕྱག་ན་ཁྲག་གི་བུམ་པ་བསྣམས༔ ནག་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། ཀོང་པོའི་ཀོང་བཙུན་དེ་མོ་གསང་བའི་མཚན༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ སྨུག་ནག་དར་དང་ཞིང་ལྤགས་རློན་པ་གྱོན༔ མདའ་དར་དང་ནི་རིན་ཆེན་ཟ་མ་ཏོག༔ སྤྲིན་གསེབ་རླུང་བསྐྱོད་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བེར་དཀར་གྱོན་ནས་འཆིང་བྱེད་ཞགས་པ་འཛིན༔ རྭ་བཅུ་ཤ་མོར་ཞོན་ནས་བདུད་དཔུང་འཇོམས༔ ས་བདག་ཀླུ་ཡི་ནད་གདོན་ཞི་བའི་ཕྱིར༔ ཀོང་བུ་ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། ཀོང་ཡུལ་ཀོང་བཙུན་དེ་མོ་གཡུ་བུན་མ༔ སྐུ་མདོག་དཀར་མོ་སྟག་མོ་རི་བཀྲར་ཆིབས༔ མེ་ལོང་དང་ནི་རྡོ་རྗེ་རྩེ་དགུ་བསྣམས༔ ཞེས་པ་དང་། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ སྐུ་མདོག་དཀར་མོ་ཀོང་རྟ་སྔོན་མོར་ཆིབས༔ བེར་དཀར་གྱོན་ནས་ཞགས་པ་ནོར་བུ་བསྣམས༔ ཞེས་པ་དང་། གཏེར་བྱོན་བརྟན་མདོས་ལས། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ གསང་མཚན་རྡོ་རྗེ་གཉིས་མེད་འོད་འབར་མ༔ ན་བཟའ་མུན་ནག་གཏིབས་པ་ལ༔ འཇིགས་སུ་རུང་བའི་མེ་སྟག་འཕྲོ༔ གསེར་གྱི་ཐོད་ལྡེམ་ཐོར་ཚུགས་ཅན༔ ཆིབས་སུ་སྤྲིན་དཀར་ངང་པ་ཆིབས༔ འཁོར་ནི་མ་བདུད་མང་པོས་བསྐོར༔ ཞེས་དང་། གཏེར་བྱོན་གཞན་ལས། ཡུལ་ཅིག་ཀོང་ཡུལ་བྲེ་སྣ་ན༔ ཀོང་བཙུན་རྡོ་རྗེ་བོད་ཁམས་སྐྱོང་༔ སྐུ་མདོག་འཇའ་ཚོན་སྤེལ་ལེགས་འདྲ༔ སྨུག་ནག་མེ་སྟག་འདྲ་བ་གསོལ༔ གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས༔ ཞེས་པ་དང་། ཀུན་མཁྱེན་ལྔ་པས། ཤར་ཕྱོགས་ཀོང་ཡུལ་བྲེ་སྣ་རུ། །ཀོང་བཙུན་དེ་མོ་འོད་འབར་མ། །ཀོང་བཟའ་ཁྱོད་ཀྱི་གསང་བའི་མཚན། །རྡོ་རྗེ་བོད་ཁམས་སྐྱོང་དུ་བཏགས། །ཞེས་གསུངས། སྨན་མོ་གཉིས་པ་བཙན་ལ་ལོ་རོའི་ར་རོ་རྡོ་རྗེ་སྨན་གཅིག་མ་ནི། ཡུལ་མང་ཡུལ་ལ་སྟོད་དང་། ན་ལེན་བྲེ་ལེན་ནམ། ན་ལན་ཤིང་ལན། བསམ་སྡིང་རྒྱབ་རེ། ཨེ་ཉལ་ལོ་རོ་རྣམས་སུ་གནོད་སྦྱིན་སྙིང་འཕྲོག་གི་ལྕམ་མོར་འཁྲུངས། གདུང་རུས་ཤ་བཟའ། སྐུ་མདོག་དམར་ལྗང་རིན་ཆེན་བརྒྱན་པ། དར་དང་དངོས་གྲུབ་ཀྱི་འབྲང་རྒྱས་བསྣམས་པ། རེས་འགའ་གྱི་ལིང་དཀར་མོའི་སྟོད་གཡོགས་དང་སྟག་ལྤགས་སྟོང་གི་ཤམ་ཐབས་གསོལ་བ། དྲེལ་ནག་ཁ་སེར་ལ་ཆིབས་ཏེ་བསེའི་ཕུར་བུ་འདྲིལ་བ། དམར་མོ་མ་བདུན་གྱིས་བསྐོར་བ། རེས་འགའ་སྐུ་མདོག་སྔོ་ནག་སྤྲིན་ནག་སྤུངས་པའི་ཐུལ་པ་གསོལ་བ། རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ་ཞིང་རྐྱང་བུ་ཁ་དཀར་ལ་ཆིབས་པ། རེས་འགའ་བེར་སེར་གྱོན་ཞིང་། དྲིལ་བུ་བསྣམས་ཏེ་གཙོད་ལ་ཞོན་པ། རེས་འགའ་སྐུ་མདོག་དམར་སྐྱ་བུམ་པ་དང་སྤུ་གྲི་ནད་རྐྱལ་རྣམས་ཐོགས་ཏེ་དྲེལ་རྟ་རྐང་གསུམ་ལ་ཆིབས་པ། རེས་འགའ་སྐུ་མདོག་མཐིང་ནག་རང་མདོག་གི་བེར་གྱོན་ཏེ་དྲིལ་བུ་དང་བཙན་ཞགས་ཐོགས་ནས་གཙོད་ལ་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་མང་ཡུལ་ལ་སྟོད་ན༔ གནོད་སྦྱིན་སྙིང་འཕྲོག་ལྕམ་མོ་ནི༔ གདུང་རུས་གཉན་དེ་ཤ་བཟའ་མོ༔ བཙན་ལ་ལ་རོག་སྨན་གཅིག་མ༔ གྱི་ལིང་དཀར་པོའི་སྟོད་གཡོགས་ལ༔ སྟག་ལྤགས་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་དྲེལ་ནག་ཁ་སེར་ཆིབས༔ ཕྱག་ན་བསེ་ཡི་ཕུར་བུ་འདྲིལ༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། ཨེ་ཉལ་ལོ་རོ་སྤ་བདག་གསང་བའི་མཚན༔ བཙན་ལ་ར་རོ་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་དམར་ལྗང་རིན་ཆེན་སྣ་ལྔས་བརྒྱན༔ ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས༔ མཛོ་མོར་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ༔ བེར་སེར་གྱོན་ནས་ཕྱག་ན་དྲིལ་བུ་འཛིན༔ མདངས་ཆེན་གཙོད་ལ་ཞོན་ནས་གཏད་བཟློག་མ༔ གནོད་སྦྱིན་གདུག་པའི་ནད་གདོན་ཞི་བའི་ཕྱིར༔ བསམ་སྡིངས་རྒྱབ་རིའི་གནས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་ན་ལེན་བྲེ་ལེན་ན༔ ན་རོ་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་སྔོ་ནག་ནམ་མཁའ་ལྟར༔ སྤྲིན་ནག་སྤུངས་པའི་ཐུལ་པ་གསོལ༔ རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ༔ ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། ན་ལན་ཤིང་ལན་བཙན་རོལ་སྨན་གཅིག་མ༔ སྐུ་མདོག་དམར་སྐྱ་དྲེལ་རྟ་རྐང་གསུམ་ཆིབས༔ བུམ་པ་དང་ནི་སྤུ་གྲི་ནད་རྐྱལ་བསྣམས༔ ཞེས་དང་། བཙན་ལ་རོལ་སྨན་རྡོ་རྗེ་བཙན་གྲགས་མ༔ སྐུ་མདོག་མཐིང་ནག་མདངས་ཅན་གཙོད་ལ་ཆིབས༔ མཐིང་བེར་གྱོན་ནས་དྲིལ་བུ་བཙན་ཞགས་ཐོགས༔ ཞེས་གསུངས། བརྒྱགས་བརྔན་ལས། ཡུལ་ཅིག་ན་ལེནྡྷ་ར་ན༔ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ ཞེས་བཤད།གསང་མཚན་གངས་ཀྱི་རམ་ཤག་དང་། རྡོ་རྗེ་རྩལ་མོ་ཀུན་གྲགས་མ་ཡང་ཟེར་ཏེ། གཏེར་བྱོན་བརྟན་མདོས་ལས། གངས་ཀྱི་རམ་ཤག་ལ་རོ་སྨན་གཅིག་མ༔ གངས་མཚན་རྡོ་རྗེ་རྩལ་མོ་ཀུན་གྲགས་མ༔ ན་བཟའ་བྱ་རྒོད་ཐུལ་པ་གསོལ༔ ཐ་མ་ཆུ་བདུད་མང་པོའི་འཁོར་གྱིས་བསྐོར༔ ཞེས་པ་དང་། ཀུན་མཁྱེན་ལྔ་པས། ཨེ་གཉལ་ལོ་རོའི་གནས་མཆོག་ཏུ། །གངས་ཀྱི་རམ་ཤག་ལ་རོ་སྨན། །བཙན་མོ་གྲགས་ཁྱོད་གསང་མཚན་དུ། །རྡོ་རྗེ་སྨན་གཅིག་མ་རུ་བཏགས། །ཞེས་གསུངས། སྨན་མོ་གསུམ་པ་རྡོ་རྗེ་གཡར་མོ་གསིལ་ནི། ཡུལ་གཡར་ཐང་གཡར་སྟོད་དང་། དར་ཚོ་གསེར་སྡིངས། རྟ་ནག་ཚ་ཚ་མོ། ཁམས་ཀྱི་གཡར་མོ་ཐང་། སྔ་ཕྱི་དེ་གྲོང་རྣམས་སུ་གཡར་ཐང་གཙུག་གི་ལྕམ་མོར་འཁྲུངས། གདུང་རུས་གཡའ་བཟའ་མོ་སྐུ་མདོག་དམར་མོ་རིན་པོ་ཆེ་དང་ཏིང་ཤག་འཛིན་པ་ཤ་བ་ཡུ་མོར་ཆིབས་པ། རེས་འགའ་སྦྲུལ་ནག་གཏམས་པའི་གཡང་གཞི་གསོལ་ཞིང་། རྣར་བུ་ཤད་ལ་ཆིབས་པ། སེང་ལྡེང་གི་ཕུར་བུ་བསྣམས་པ། དམར་ནག་མ་བདུན་གྱི་འཁོར་དང་བཅས་པ། རེས་འགའ་བེར་དམར་གྱོན་ནས་ཚོན་གྱི་དྲུ་གུ་བསྣམས་པ། འབྲི་ལ་ཆིབས་པ། རེས་འགའ་སྐུ་མདོག་སེར་མོ་རུས་སྦལ་མགོ་དགུར་ཆིབས་པ། བུམ་པ་དང་ནོར་བུ་བསྣམས་པ། རེས་འགའ་སྐུ་མདོག་དམར་མོ་རང་མདོག་གི་བེར་ཅན་ཚོན་དྲུ་དང་ནད་རྐྱལ་བསྣམས་ཏེ་འབྲི་ལ་ཞོན་པ། རེས་འགའ་ན་བཟའ་གཡུ་ཡི་སྟོང་ཞོལ་གསེར་གཡུ་སྤུངས་པའི་ཐོད་གདེངས་དང་བཅས་ཏེ་ཆུ་རྟ་སྔོན་པོར་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་གཡར་ཐང་གཡར་སྟོད་ནས༔ གཡར་ཐང་གཙུག་གི་ལྕམ་མོ་ནི༔ གདུང་རུས་གཉན་དེ་གཡར་བཟའ་མོ༔ མོ་བཙུན་ཨུག་ཆོས་གཡར་མོ་བསིལ༔ སྦྲུལ་ནག་གཏམས་པའི་གཡང་གཞི་གསོལ༔ ཆིབས་སུ་རྣར་བུ་བཤད་ལ་ཆིབས༔ ཕྱག་ན་སེང་ལྡེང་ཕུར་པ་བསྣམས༔ དམར་ནག་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། གཙང་གི་ཇོ་མོ་ནགས་རྒྱལ་གསང་བའི་མཚན༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ སྐུ་མདོག་དམར་མོ་རིན་ཆེན་རྒྱན་གྱིས་སྤྲས༔ རིན་ཆེན་འབར་བ་སྒྲ་སྙན་ཏིང་ཏིང་ཤག༔ ཤ་ཡུ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། ལས་རྒྱ་མཚོའི་རྒྱུད་ལས། སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ བེར་ནག་གྱོན་ནས་དམ་ཉམས་སྲོག་རྩ་གཅོད༔ ཕྱག་ན་ཚོན་སྣ་ལྔ་ཡི་དྲུ་གུ་འཛིན༔ འབྲི་ལ་ཞོན་ནས་དམ་ཉམས་ནད་ལ་འདེབས༔ རྟ་ནག་ཚ་ཚ་མོ་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། སྔ་ཕྱི་དེ་གྲོང་ཨུག་ཆོས་གཡར་མོ་གསིལ༔ སྐུ་མདོག་སེར་མོ་རུས་སྦལ་མགོ་དགུར་ཆིབས༔ བུམ་པ་དང་ནི་ནོར་བུ་འབར་བ་བསྣམས༔ ཞེས་དང་། སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ སྐུ་མདོག་དམར་མོ་འབྲོང་མོ་འབྲི་ལ་ཞོན༔ བེར་ནག་གྱོན་ནས་ཚོན་དྲུ་ནད་རྐྱལ་བསྣམས༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་ཅིག་དར་མཚོ་གསེར་སྡིངས་ན༔ ཁུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ སྐུ་མདོག་གཟི་འོད་འབར་བ་ལ༔ ན་བཟའ་གཡུ་ཡི་སྟོང་ཞོལ་གསོལ༔ གསེར་གཡུ་སྤུངས་པའི་ཐོད་གདེངས་ཅན༔ ཆིབས་སུ་ཆུ་རྟ་སྔོན་པོར་ཆིབས༔ ཞེས་གསུངས། བརྒྱགས་བརྔན་ལས། ཡུལ་ཅིག་དཔེ་མེད་ལྟེ་བ་ན༔ སྲིན་གཅིག་ཨུག་ཆོས་གཡར་མོ་གསིལ༔ ཆིབས་སུ་རུས་སྦལ་མགོ་དགུར་ཆིབས༔ ཞེས་གསུངས།
སྨན་མོ་བཞི་པ་གཡུའི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ་ནི། ཡུལ་ཡར་ཀླུང་སྤང་ཕུ་དང་བྱང་གི་གནམ་མཚོ་ཕྱུག་མོ། བདུད་ཀྱི་ཇོ་མོ་གཡུ་རི། བོད་ཀྱི་དབུས་རིའི་གནས། དབུ་རུ་ཀ་ཚལ་ལམ་དབུ་རུ་སྙིང་ཚལ་རྣམས་སུ་བཞུགས། ཡར་ལྷ་ཤམ་པོའི་ལྕམ་མོར་འཁྲུངས། གདུང་རུས་ཤེ་བཟའ། སྐུ་མདོག་དམར་སེར་དྲིལ་བུ་དང་རིན་པོ་ཆེའི་པདྨ་བསྣམས་པ། སྟག་ལ་ཆིབས་པ། རེས་འགའ་སྐུ་ལ་སྤྱང་ཀིའི་སློག་པ་དང་། མིའི་རྩིབས་རུས་ཀྱི་ཤམ་ཐབས་གསོལ་བ། ཆིབས་སུ་གཡུའི་སེངྒེ་ཆིབས་ཤིང་། ཕྱག་ན་གཡུའི་དྲིལ་བུ་བསྣམས་པ། རེས་འགའ་བེར་ནག་གྱོན་ནས་ལྕགས་ཀྱུ་འཛིན་ཞིང་རྐྱང་ལ་ཞོན་པ། རེས་འགའ་སྐུ་མདོག་སྔོན་མོ་རལ་གྲི་དང་མེ་ལོང་བསྣམས་ཏེ་ཆུ་རྟ་སྔོན་པོར་ཆིབས་པ། རེས་འགའ་སྐུ་མདོག་ནག་མོ་བེར་སྨུག་གསོལ་ཞིང་ལྕགས་ཀྱུ་དང་ཞགས་ནག་ཐོགས་ནས་རྐྱང་བུ་ཁ་དཀར་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་གསལ་ན་བཟའ་སེར་ཁྲ་དང་གསེར་གཡུ་སྤེལ་མའི་ཐོད་གདེངས་ཅན་ཆུ་གླང་ཟལ་པོ་ལ་ཆིབས་པ། རེས་འགའ་གཙོད་ཀྱི་ཐུལ་པ་གསོལ་ཞིང་གཙོད་ཕོ་ཁ་དཀར་ལ་ཆིབས་པ། གངས་སྨན་འབུམ་གྱིས་བསྐོར་བར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་ཡར་ཀླུང་སྤང་ཕུ་ན༔ ཡར་ལྷ་ཤམ་བྷོའི་ལྕམ་མོ་ནི༔ གདུང་རུས་གཉན་དེ་ཤེ་བཟའ་མོ༔ གཡུ་ཡི་དྲིལ་བུ་སིལ་ལི་མ༔ སྐུ་ལ་སྤྱང་ཀིའི་སློག་པ་གསོལ༔ མི་རྩིབས་རུས་པའི་ཤམ་ཐབས་ཅན༔ ཆིབས་སུ་གཡུ་ཡི་སེངྒེར་ཆིབས༔ ཕྱག་ན་གཡུ་ཡི་དྲིལ་བུ་བསྣམས༔ སྔོན་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། བདུད་ཀྱི་ཇོ་མོ་གཡུ་རི་གསང་བའི་མཚན༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྐུ་མདོག་དམར་སེར་རིན་ཆེན་རྒྱན་གྱིས་སྤྲས༔ སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས༔ སྟག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་། ལས་རྒྱ་མཚོའི་རྒྱུད་ལས། གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ བེར་ནག་གྱོན་ནས་འགུགས་བྱེད་ལྕགས་ཀྱུ་འཛིན༔ རྐྱང་ལ་ཞོན་ནས་སྟོང་གསུམ་ཉུལ་བར་བྱེད༔ འཕུང་བྱེད་ནག་མོའི་གདོན་རྣམས་བཟློག་པའི་ཕྱིར༔ བོད་ཀྱི་དབུས་རིའི་གནས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན༔ སྐུ་མདོག་ནག་མོ་རྐྱང་བུ་ཁ་དཀར་ཆིབས༔ བེར་སྨུག་གྱོན་ནས་ལྕགས་ཀྱུ་ཞགས་ནག་ཐོགས༔ ཞེས་པ་དང་། དབུ་རུ་སྙིང་ཚལ་རྡོ་རྗེ་གཡུ་སྒྲོན་མ༔ སྐུ་མདོག་སྔོན་མོ་ཆུ་རྟ་སྔོན་མོར་ཆིབས༔ རལ་གྲི་དང་ནི་མེ་ལོང་གསལ་བྱེད་བསྣམས༔ ཞེས་དང་། བརྒྱགས་བརྔན་ལས། ཡུལ་ཅིག་དབུ་རུའི་ཀ་ཚལ་ན༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་པོར་ཆིབས༔ ཞེས་གསུངས། སྤྱིར་བརྟན་མ་ཐམས་ཅད་ཐུགས་རྒྱུད་གཅིག་པ་རྒྱས་པར་བཤད་གྲུབ་མོད། ནང་གསེས་བརྒྱགས་བརྔན་གྱི་ཡུལ་ནི་རྡོ་རྗེ་བྲག་དམར་མའི་སྐབས་ཀྱི་གཡུ་སྒྲོན་མ་དང་། སྟག་ཤམ་པའི་བརྟན་མདོས་འཛམ་གླིང་བདེ་བྱེད་དུ་གསུངས་པའི་བསྟན་མ་བཅུ་གཉིས་ཀྱི་གཡུ་སྒྲོན་མ་གཡུའི་དྲིལ་བུར་ཤིན་ཏུ་འཐད་དེ། ཡུལ་ཅིག་གནམ་མཚོ་ཕྱུག་མོ་ན༔ གཡུ་ཡི་དྲིལ་བུ་གསུང་སྙན་མ༔ དཀར་མོ་མདངས་ལྡན་འོད་འཕྲོ་མ༔ ན་བཟའ་སེར་ཁྲ་འབར་བ་གསོལ༔ གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན༔ ཆིབས་སུ་ཆུ་གླང་ཟལ་པོར་ཆིབས༔ ཞེས་གཏེར་བྱོན་ཁུངས་མ་ནས་གསུངས་ཤིང་། གནམ་མཚོ་ཕྱུག་མོའི་མཚོ་སྨན་ནི་ཐང་ལྷའི་གསང་ཡུམ་རྡོ་རྗེ་གཡུ་སྒྲོན་མ་ཡིན་པར་ཁུངས་མང་པོ་ནས་བཤད་པས་ཤིན་ཏུ་འབྲེལ་བ་ཡིན་ནོ། །
གཏེར་བྱོན་མདོས་ཆོག་ལས། གཡུ་ཡི་དྲེལ་རྟ་ཟུར་ལེ་མོ༔ གསང་མཚན་རྡོ་རྗེ་ཡེ་ཤེས་མཆོག༔ ན་བཟའ་བཙོད་ཀྱི་ཐུལ་པ་གསོལ༔ གཡུ་ཡི་དྲིལ་བུ་སིལ་ལི་མ༔ ཆིབས་སུ་གཙོད་ཕོ་ཁ་དཀར་ཆིབས༔ འཁོར་དུ་བྱང་སྨན་འབུམ་གྱིས་བསྐོར༔ ཞེས་པ་དང་། བསུ་བཟློག་ལས། བ་སྤུའི་བུ་མོ་སིལ་ལི་མ༔ གངས་ཀྱི་རྒྱལ་མོའི་བསུན་མ་བཟློག༔ ཅེས་ཀྱང་བཤད། ཀུན་མཁྱེན་ལྔ་པས། བདུད་ཀྱི་ཇོ་མོ་གཡུ་རི་མ། །རྡོ་རྗེ་ཡེ་ཤེས་གཡུ་དྲིལ་མ། །ཤོ་བཟའ་མ་ཁྱོད་གསང་མཚན་དུ། །རྡོ་རྗེ་གཟུགས་ལེགས་མ་ཞེས་བཏགས། །ཞེས་གསུངས། འདིར་བརྟན་མ་བཞི་ཚན་གསུམ་དུ་འབྱེད་ཚུལ་ནི། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་ཁྱེད་བཞི་ཡང་༔ ཞེས་པ་དང་། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་༔ ཞེས་པ་དང་། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བཙན་ལ་ར་རོ་རྡོ་རྗེ་སྨན་གཅིག་མ༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྨན་མོ་ཆེན་མོ་ཁྱེད་བཞི་ཡང་༔ ཞེས་པ་དང་མཐུན་པར་བཤད་པ་ཡིན་ནོ། །སྟག་ཤམ་གཏེར་བྱོན་ལས། ཤ་མེད། ཁྱུང་བཙུན། གཡུ་སྒྲོན། ཀུན་གྲགས་མ་སྟེ་བདུད་མོ་བཞི། གཡའ་མ་སྐྱོང་། གཡར་མོ་གསིལ། ཨེ་ཀ་ཙ་ཏི། རྡོ་རྗེ་སྨན་གཅིག་སྟེ་གནོད་སྦྱིན་བཞི། དེ་མོ་གཙུག་གི་འོད་འཆང་མ། མ་ཏིང་ཏིང་མོ། རྡལ་ལྷ་བཙན་མོ་སྟེ་སྨན་མོ་བཞིར་གསུངས། ཇི་ལྟར་ཡང་ཡབ་གནམ་གྱི་རྗེ་རྐན་དང་། ཡུམ་བདུད་མོ་བཞིན་མི་སྡུག་ལ་བདུད་མོ་བཞི་འཁྲུངས། ཡབ་གནམ་གྱི་གློག་ཆེན་དང་། ཡུམ་གནོད་སྦྱིན་མོ་ཁྲོ་གཉེར་ཅན་ལ་གནོད་སྦྱིན་བཞི། ཡབ་གནམ་གྱི་སྐྱ་འོད་དང་། ཡུམ་སྨན་མོ་བཞིན་བཟང་མར་སྨན་མོ་བཞི་འཁྲུངས། དེ་དག་ཐམས་ཅད་མ་དག་པའི་གནས་སྐབས་སུ་དུས་སྦྱོར་གྱི་རླུང་བཅུ་གཉིས་དང་། དམར་ཆ་འབབ་པའི་ཆ་བཅུ་གཉིས་ལས་ཤར་བའི་ལས་སྣང་ལས་རྟེན་འབྲེལ་བཅུ་གཉིས། ཁྱིམ་བཅུ་གཉིས། ལོ་སྐོར་བཅུ་གཉིས། དུས་ཚོད་བཅུ་གཉིས། སྲིད་པའི་མ་མོ་བཅུ་གཉིས་སོགས་འཁྲུལ་ངོའི་སྡེ་ཚན་བཅུ་གཉིས་སུ་ཤར་ནས་རྟག་ཏུ་འཁྲུལ་ཞིང་མནར་བར་བྱེད། དག་པའི་གནས་སྐབས་སུ་སེམས་མ་བཅུ་གཉིས་ཀྱི་རྣམ་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་བདེན་དོན་རྣམ་པ་བཅུ་གཉིས་སུ་དག་པའི་རང་གཟུགས་ལས་མཁའ་འགྲོ། ལཱ་མ། དུམ་སྐྱེས་མ། གཟུགས་ཅན་མ་བཞི་དང་།ཁྭ་གདོང་མ། འུག་གདོང་མ། ཕག་གདོང་མ། ཁྱི་གདོང་མ་བཞི་དང་། གཤིན་རྗེ་བརྟན་མ། ཕོ་ཉ་མ། མཆེ་བ་མ། འཇོམས་མ་སྟེ་ཡེ་ཤེས་ཀྱི་ཡུམ་བཅུ་གཉིས་སུ་ཤར་ནས་འགྲོ་བའི་དོན་མཛད་པར་གྱུར། དེ་ལྟར་ཡང་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་གཏེར་གཞུང་ལས། ཕ་ནི་གནམ་གྱི་རྗི་རྐན་ལ༔ མ་ནི་ནག་མོ་བཞིན་མི་སྡུག༔ བུ་མོ་བདུད་མོ་ཆེན་མོ་བཞི༔ ཡེ་ཤེས་བཞི་ལས་སྤྲུལ་པ་མོ༔ མཁའ་འགྲོ་ལཱ་མ་དུམ་སྐྱེས་མ༔ གཟུགས་ཅན་ལ་སོགས་མ་རིག་པ༔ འདུ་བྱེད་མིང་གཟུགས་དག་པ་མོ༔ འདི་ཡང་ཡེ་ཤེས་ཆེན་མོའི་རྩལ༔ མཆོད་སྦྱིན་འདི་བཞེས་འཕྲིན་ལས་མཛད༔ ཧཱུཾ། ཕ་ནི་གནམ་གྱི་གློག་ཆེན་ལ༔ མ་ནི་དམར་མོ་གནོད་སྦྱིན་ཆེ༔ བུ་མོ་གནོད་སྦྱིན་ཆེན་མོ་བཞི༔ དགའ་བ་བཞི་ལས་སྤྲུལ་པ་མོ༔ ཁྭ་ཏ་འུག་པ་ཁྱི་ཕག་གདོང་༔ སྐྱེ་མཆེད་དྲུག་དང་རེག་པ་དང་༔ ཚོར་བ་སྲེད་པ་དག་པ་མོ༔ འདི་ཡང་ཡེ་ཤེས་ཆེན་མོའི་རྩལ༔ མཆོད་སྦྱིན་འདི་བཞེས་འཕྲིན་ལས་མཛད༔ ཧཱུཾ།ཕ་ནི་གནམ་གྱི་སྐྱ་འོད་ལ༔ མ་ནི་དཀར་མོ་བཞིན་བཟང་མ༔ བུ་མོ་སྨན་བཙུན་ཆེན་མོ་བཞི༔ ཚད་མེད་བཞི་ལས་སྤྲུལ་པ་མོ༔ གཤིན་རྗེ་བརྟན་མ་ཕོ་ཉ་མོ༔ ཆེ་བ་མ་དང་འཇོམས་པ་མོ༔ ལེན་དང་སྲེད་པ་རྒ་ཤིས་དག༔ འདི་ཡང་ཡེ་ཤེས་ཆེན་མོའི་རྩལ༔ མཆོད་སྦྱིན་འདི་བཞེས་འཕྲིན་ལས་མཛད༔ ཅེས་གསུངས། དེ་ལྟར་བརྟན་མ་བཅུ་གཉིས་པོ་ཐམས་ཅད་ནང་གི་རྡོ་རྗེ་ཕག་མོ་ཙཎྜ་ལིའི་ངོ་བོར་འདུས་ཤིང་། རང་རིག་གཅིག་པུའི་ཆོ་འཕྲུལ་དུ་རྫོགས་པ་དང་འདོད་ཁམས་དག་པ་སྐུ་རྡོ་རྗེའི་སྨན་མོ་བཞི་སྤྲུལ་སྐུའི་ཕོ་ཉར་ངེས་པའི་སྒོ་ནས་གནས་པ་རྩ་སྦྱོང་ཞིང་དབང་དུ་སྡུད་པ་དང་། ལུས་ཀྱི་སྨན་ཀྱི་ཆའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོར་བའི་རྣལ་འབྱོར་དང་། གཟུགས་ཁམས་དག་པ་གསུང་རྡོ་རྗེའི་ངོ་བོ་བདུད་མོ་ཆེན་མོ་བཞི་ལོངས་སྐུའི་ཕོ་ཉ་མོར་ངེས་པའི་སྒོ་ནས་གཡོ་བ་རླུང་རྣམས་སྦྱོང་ཞིང་དབང་དུ་སྡུད་པ་དང་། ལུས་ཀྱི་སྐེད་པའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོང་བའི་རྣལ་འབྱོར་དང་། གཟུགས་མེད་དག་པ་ཐུགས་རྡོ་རྗེའི་ངོ་བོ་བདུད་མོ་ཆེན་མོ་བཞི་ཆོས་སྐུའི་ཕོ་ཉ་མོར་ངེས་པའི་སྒོ་ནས་བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་སྦྱོང་ཞིང་དབང་དུ་སྡུད་པ་དང་། ལུས་ཀྱི་སྟོད་ཀྱི་ཆའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོང་བའི་རྣལ་འབྱོར་ལ་སློབ་པ་དང་། བཞི་ཚན་གསུམ་པོས་རིམ་པ་བཞིན་དུ། སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་འཁོར་ལོར་རྒྱས་འདེབས་པའི་བསྐྱེད་རྫོགས་ཀྱི་ལམ་ལ་བརྩོན་པར་བགྱིས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག །བདེན་དོན་བཅུ་གཉིས་རྟོགས། ཡེ་ཤེས་ཀྱི་མ་མོ་བཅུ་གཉིས་བདེ་ཆེན་གྱི་དབྱིངས་སུ་རྫོགས་པའི་གོ་འཕང་ཁྱད་པར་ཅན་ཐོབ་པར་གསུངས་ཏེ། བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་ནི༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཞེས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་སམ་ཡོན་ཏན་གྱི་སྤྲུལ་པར་གསུངས་པའི་མངའ་རིས་པཎ་ཆེན་གྱིས་བོད་ཁམས་པ་སངས་རྒྱས་སྙིང་པོར་གནང་བའི་བརྟན་མ་བཅུ་གཉིས་ཀྱི་གནད་ཡིག་ཤིན་ཏུ་གསང་བའི་མན་ངག་ལས། ཡང་གསང་བླ་རྡོ་ཁམས་ཀྱི་རྩ་བ་བསྡམས། །མི་རྟག་རྒྱུད་བསྐུལ་སྐྱབས་འགྲོ་སེམས་བསྐྱེད་བྱ། །ལྷ་སྒོམ་སྔགས་བཟླ་བཞི་བཟུང་རིག་བརྟན་རྟེན། །ལྟ་བ་བསྐྱང་ཞིང་འཁོར་འདས་གཅིག་ཏུ་བསྲེ། །གཉིས་མེད་དོན་རྟོགས་སྲིད་གསུམ་དབང་དུ་འདུས། །དེ་ལྟར་འདོད་ཁམས་དག་པ་སྨན་མོ་བཞི། །སྤྲུལ་སྐུའི་ཕོ་ཉ་ལུས་ཀྱི་སྨད་ཀྱི་ཆ། །རྩ་རྣམས་དབང་དུ་སྡུད་ལ་ནན་ཏན་གཅེས། །གཟུགས་ཁམས་དག་པ་གནོད་སྦྱིན་ཆེན་མོ་བཞི། །ལུས་ཀྱི་རྐེད་པ་ལོངས་སྐུའི་ཕོ་ཉ་མོ། །རླུང་རྣམས་དབང་དུ་སྡུད་ལ་ནན་ཏན་གཅེས། །གཟུགས་མེད་དག་པ་བདུད་མོ་ཆེན་མོ་བཞི། །སྟོད་ཀྱི་ཆ་རྫོགས་ཆོས་སྐུའི་ཕོ་ཉ་མོ། །ཐིག་ལེའི་དབང་དུ་སྡུད་ལ་ནན་ཏན་གཅེས། །རྩ་རླུང་ཐིག་ལེ་བླ་རྡོ་གསུམ་བཅངས་པས། །སྐུ་གསུམ་ལྷུན་གྲུབ་འདུ་འབྲལ་མེད་པའི་དཔལ། །བདེ་གསལ་མི་རྟོག་ཡེ་ཤེས་དབང་དུ་འདུ། །ཟད་པར་ཟིལ་གནོན་རྟེན་འབྲེལ་བཅུ་གཉིས་རྫོགས། །མ་རིག་བདག་འཛིན་རིག་པ་ཡེ་ཤེས་ཏེ། །གཞན་གྱིས་མ་ཡིན་རང་གྲོལ་རང་ལས་རྙེད། །འདི་དང་མི་ལྡན་རང་རྒྱུད་སུས་བཟུང་ཡང་། །གནས་སྐབས་ཙམ་ལས་མཐར་ཐུག་འགྲུབ་པ་དཀའ། །དེ་ཕྱིར་དཔལ་གྱི་རྡོ་རྗེའི་ཧཱུཾ་ཡིག་གིས། །ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་དང་། །ཧོ་ཧོ་ཧཾ་ཧཾ་རླུང་རྣམས་དགུག་པར་བྱ། །ཡན་ལག་བཅུ་གཉིས་སྲིད་རྩ་དག་པར་གྱུར། །རྟེན་འབྲེལ་བཅུ་གཉིས་བདེན་དོན་རྟོགས་པ་དང་། །བདེ་གཤེགས་བཅུ་གཉིས་གོ་འཕང་ཐོབ་པ་དང་། །མ་མོ་བཅུ་གཉིས་བདེ་ཆེན་དབྱིངས་སུ་རྫོགས། །སྐྱེ་དང་མཆེད་པ་བཅུ་གཉིས་ཡོན་ཏན་འཆར། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་འཕྲིན་ལས་སྒྲུབ། །སློབ་དང་མི་སློབ་རྣམ་པ་བཅུ་གཉིས་པ། །བཅུ་གསུམ་རྡོ་རྗེ་འཆང་གི་ས་མཐར་འཁྱོལ། །འདི་ཉིད་ཡིན་ནོ་བདེན་བཞིའི་རྣམ་པ་ཅན། །འབྱུང་བཞི་རིགས་བཞི་དབང་བཞི་ལམ་བཞི་དང་། །དུས་བཞི་རྣམ་བཞི་སྐྱེ་བ་རྣམ་བཞི་གྲོལ། །བཞི་གསུམ་བཅུ་གཉིས་བཅུ་དྲུག་ངོ་བོར་རྫོགས། །འདི་ཉིད་གྲུབ་པའི་དབང་ཕྱུག་གསུང་གི་རྒྱུན། །རྟག་ཏུ་མ་ཉམས་སྐྱོང་བའི་པཎྜི་ཏ། །མངའ་རིས་པདྨ་དབང་རྒྱལ་རྡོ་རྗེ་ཞེས། །བོད་ཁམས་མཁས་པ་སངས་རྒྱས་སྙིང་པོ་ཡིས། །ཡང་ཡང་བསྐུལ་ནས་སྦུས་རི་ནག་པོར་སྦྱར། །ཞེས་གསུངས། ཐང་ཡིག་ལས། དེ་ནས་མང་ཡུལ་སྟོན་ལ་མཁར་དུ་བྱོན༔ ཞང་ཞུང་དགྲ་ལྷ་ཛ་མུན་ཞེས་ལ་ལར་མཉྩ་མེད་ཅེས་འབྱུང་བྱ་བས༔ སློབ་དཔོན་རི་བྲག་གཉིས་ཀྱི་བར་དུ་བཅར། །བར་སྣང་བྱོན་པས་མོ་སྐྱེངས་སྲོག་སྙིང་ཕུལ༔ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔ གཏེར་ཁ་ཆེན་པོ་ཞིག་གི་གཉེར་ཀ་གཏད༔ དེ་ནས་གནམ་ཐང་མཁར་ནག་ལ་ཁར་བྱོན༔ གངས་དཀར་གནམ་སྨན་དཀར་མོས་ཐོག་ཕབ་སྟེ༔ སློབ་དཔོན་ཕྱག་འཛུབ་ལ་དཀྲིས་མཚོར་དོར་བས༔ མོ་བྲེད་དཔལ་མོ་དཔལ་ཐང་མཚོ་ནང་བྲོས༔ མཚོ་ཁོལ་ཤ་རུས་ཕྱེ་སྟེ་བྲལ་བ་ལས༔ སློབ་དཔོན་རྡོ་རྗེས་བརྒྱབ་པས་མིག་གཡས་བཅར༔ མཚོ་ཁར་ཡེར་བྱུང་ཞུ་བ་གསོལ་བ་ནི༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ བར་ཆད་མི་བགྱིད་ཐུགས་དམ་དགོངས་པ་ཀློད༔ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ ཞེས་ཟེར་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གངས་མཚན་ཤ་མེད་རྡོ་རྗེ་གཡུའི་སྒྲོན་མ༔ གཏེར་ཁ་ཆེན་པོ་ཞིག་གི་གཉེར་བྱང་གཏད༔ དེ་ནས་འོ་ཡུག་བྲེ་མོ་ལ་ཁར་བྱོན༔ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབ༔ རི་ཡི་བར་དུ་བཙིར་བར་བྱས་པ་ལ༔ སོལ་དུམ་རེར་གྱུར་སྟོབས་ཟད་བྱིན་གྱིས་བརླབས༔ བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་༔ ཡང་མ་བཅུ་གཉིས་སྲོག་གི་སྙིང་པོ་ཕུལ༔ དམ་ལ་བཏགས་ནས་གཏེར་རེའི་གཉེར་ཀ་གཏད༔ ཅེས་དང་། བྱང་གི་རིང་ཏིང་ཏིང་ལོ་སྨན་གདོང་གིས༔ བྱང་ཕུག་རྣམས་ཀྱི་ལྷགས་པ་དུས་གཅིག་བསྡུས༔ སློབ་དཔོན་འཁོར་དང་བཅས་ལ་བརྒྱབ་པ་ཡི༔ འཁོར་རྣམས་སྦྲེབས་ཤིང་སློབ་དཔོན་བསིལ་ལ་ཁད༔ མེ་རླུང་མནན་པས་མར་ལ་ཉི་སོང་བཞིན༔ ཏིང་ལོ་སྨན་གཅིག་གཞུ་ནས་དམ་ལ་བཏགས༔ སྲོག་སྙིང་ཕུས་ནས་གཏེར་གྱི་གཉེར་བྱང་གཏད༔ ཅེས་པ་དང་། ལྷ་འདྲེ་བཀའ་ཐང་ལས། དེ་ནས་ཁ་ལ་ལ་ཅན་བྱོན་ཙ་ན༔ ཞང་ཞུང་དགྲ་མུ་ཙ་མེད་སྐུངས་སུ་ཚུད༔ སློབ་དཔོན་གདན་འདྲེན་བང་ཆེན་མི་གསུམ་དང་༔ སློབ་དཔོན་དཔོན་གཡོག་རི་གཉིས་བར་དུ་བཅར༔ སློབ་དཔོན་གསད་པར་བརྩམས་པ་ལས། སློབ་དཔོན་རི་ཡི་མཁའ་ལ་བྱོན༔ གཡས་གཡོན་ཕྱག་འཁར་བཙུགས་ནས་ལམ་གཏོད་དེ༔ སྦས་སྨངས་པོ་རྗེ་གསལ་སྣང་དང་༔ སེང་མགོ་ལྷ་ལུང་དང་༔ ཀླུ་གཟི་གསུམ་གྱིས་ལམ་གཏོད་ཤུལ་ལ་འོངས༔ ལམ་ཕྱེད་པས་ནི་དངངས་སྐྲག་སྐྱེས༔ མོ་ནི་རབ་ཏུ་བྲེད་པར་གྱུར༔ ཐུགས་རྗེ་མི་ཆུང་པདྨ་འབྱུང་གནས་ལ༔ སྲོག་གི་སྙིང་པོ་འདི་འབུལ་ལོ༔ ལ་ལས་པཉྩ༔ སྲུང་མར་ཁས་བླངས་དམ་བཅས་གཏེར་གཅིག་གཏད༔ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔ དེ་ནས་བུ་ཡུག་བྲེ་མོ་སྣ་རུ་བྱོན༔ བོད་ཁམས་བསྟན་མ་བཅུ་གཉིས་བར་གཅོད་བྱས༔ རི་གཉིས་བར་དུ་བཅར་བར་བྱས་པ་ལ༔ སློབ་དཔོན་བར་སྣང་མཁའ་ལ་བྱོན༔ པདྨའི་སྡོང་པོ་སྐྱེས་པས་ངོ་མཚར་ནས༔ ངེད་ཅག་བར་ཆོད་མི་ཚུགས་བཀའ་དྲིན་ཞུ༔ སྐུ་ལ་མི་བསྡོ་ཞབས་ལ་སྐྱབས་སུ་མཆི༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་གཅིག་གཏད་གཉེར་བྱང་བཅིལ༔ དེ་ནས་མཁར་ལ་ལ་ཁར་བྱོན་ཙ་ན༔ གངས་དཀར་མོ་ཡི་སྐུངས་ཐོག་འཐུམས༔ ཐོག་མདའ་དགུ་ནི་དུས་གཅིག་ཕབ༔ སློབ་དཔོན་ཕྱག་འཛུབ་དཀྲིས་ནས་ཆུ་ནང་བསྐྱུར༔ མོ་བྲེད་དཔལ་མོ་དཔལ་མཚོའི་ནང་དུ་བྲོས༔ མཚོ་ཁར་རྡོ་རྗེ་བཞག་པས་མཚོ་ཁོལ་ལོ༔ མོ་ཡི་ཤ་རུས་བྱེ་བས་ཀེང་རུས་དཀར་སང་སོང་༔ མཚོ་ནག་གྱོད་མཚོ་འདི་ཡི་སྒོ་ཆོད་དམ༔ དེ་སྐད་ཟེར་ཞིང་མཚོ་ཁར་བྲོས་ནས་བྱུང་༔ སློབ་དཔོན་རྡོ་རྗེ་འཕངས་པས་མིག་ཞར་རོ༔ བར་གཅོད་བྱེད་ན་དེ་ཁྱེར་དེ་ལ་འགོམ༔ ཞེས་གསུངས་པས། སློབ་དཔོན་སྤྱན་སྔར་འདི་སྐད་ཞུས༔ ཀྱེ༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔ བར་གཅོད་མི་བགྱིད་ཐུགས་དམ་དགོངས་པ་གློད༔ སྒྱུ་མའི་ཕུང་པོ་ཉོན་མོངས་སྙིང་རེ་རྗེ༔ འབྲས་བུ་སེམས་འདིའི་ཞལ་མ་འཚོ་བས་ཉམས༔ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གསང་མཚན་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔ གཏེར་ཁ་གཅིག་གི་གཉེར་གཏད་བཅོལ༔ དེ་ནས་འུ་ཡུག་ནང་གོང་བྱོན་ཙ་ན༔ ཡང་མ་བཅུ་གཉིས་ཐོག་མདའ་བཅུ་གཉིས་ཕབ༔ པདྨ་འབྱུང་གནས་ལོག་པ་ཅན༔ མཁོ་བའི་ས་རུ་ཅི་ལ་འོང་༔ ཀླུ་དང་ཐིབ་ཟླ་ཅི་ལ་བྱེད༔ ལྷ་ལྕམ་ཁྱོད་ཀྱིས་ལོག་པར་ཁྲིད༔ མཐོ་རིས་དྲངས་ཟེར་རྫུན་པོ་ཆེ༔ ངོ་ཚ་མེད་པའི་ཁྲེལ་མེད་པོ༔ བུད་མེད་ཁྲོམ་ཚོགས་མང་པོས་ཆོ་ངེ་བཏབ༔ སློབ་དཔོན་ཐོག་ལ་ཕྱག་མཛུབ་གཏད༔ ཐོག་མདའ་སྲན་མ་ཙམ་དུ་ཞུ་ནས་སོང་༔ ཡང་མ་བཅུ་གཉིས་སོལ་དུམ་བཅུ་གཉིས་སོང་༔ སྲོག་སྙིང་ཕུལ་ནས་འདི་སྐད་དོ༔ ཨེ་ཨེ་མིང་པོ་རྡོ་རྗེ་གྲོ་བོ་ལོད༔ དབང་ཆེན་རྔམས་པས་ལྷ་འདྲེ་དབང་དུ་སྡུད༔ ཡེ་ཤེས་རྔམས་པས་ལོག་ལྟ་གནས་སུ་སྒྲོལ༔ འཕྲིན་ལས་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་གཅིག་གི་གཉེར་གཏད་བཅོལ༔ ཞེས་གསུངས་པ་ལྟར། ཞང་ཞུང་གི་བརྟན་མ་མུན་ཛ་མེད་ཀྱི་རི་གཉིས་སུ་བརྫུས་ནས་དེའི་བར་དུ་དཔོན་སློབ་ཀུན་བཙིར་བ་ན། ཁ་ཊྭཱཾ་ཀའི་ཡུ་བས་གཅིག་ཕར་བསྒྱེལ། གཅིག་ཚུར་བསྒྱེལ་ནས་སྡིགས་མཛུབ་ཅིག་མཛད་པས་དངངས་ཤིང་བྲེད་ནས་སྲོག་སྔགས་ཕུལ་ཏེ་སྲུང་མར་ཞལ་གྱིས་བཞེས་པས་གསང་མཚན་གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མར་བཏགས་སོ། །
དེ་ནས་བྱང་གནམ་ཐང་ལ་བྱོན་པས། གནམ་སྨན་དཀར་མོས་ཐོག་ཕབ་པ་ལ། སློབ་དཔོན་གྱིས་ཕྱག་གི་མཐིལ་དུ་ཆུ་མེ་ལོང་གང་རྣམ་པར་བབས་པ། ཁྲག་སྲན་མའི་གའུ་ཙམ་བདུན་དུ་སོང་བས་ངོ་མཚར་སྐྱེས་ཏེ་ཕྱག་འཚལ་ནས་དཔལ་མོ་དཔལ་མཚོར་བྲོས་པ་ལ། སློབ་དཔོན་གྱི་རྡོ་རྗེ་གཅིག་བརྒྱབ་པས་མཚོ་ཁོལ་ཞིང་མིག་ཡ་གཅིག་ཞར་ནས་ཤ་རུས་ཕྱེ་སྟེ་ཀེང་རུས་ཀྱི་རྣམ་པར་བྱས་ནས། བཟོད་པར་གསོལ་ཏེ་སྲོག་སྙིང་ཕུལ་པས། མཚན་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ། །དེ་ནས་འོ་ཡུག་ན་མར་བྱོན་དུས་བོད་ཀྱི་བརྟན་མ་བཅུ་གཉིས་ཀྱིས་རིའི་བར་དུ་བཅར་བའི་རྫུ་འཕྲུལ་བསྟན་པས། ཕྱག་འཁར་གྱིས་སོ་སོར་བོར་ཏེ། གཡའ་རི། གངས་རི། སྨན་རི་ལ་སོགས་པ་བརྟན་མའི་གནས་ཕལ་ཆེར་བཤིག །ཁ་རག་ཚལ་པ་གཉིས་སུ་མཛད་པས། ཤིན་ཏུ་བྲེད་དེ་སྲོག་སྙིང་ཕུལ་ནས་བཀའི་སྲུང་མ་དང་བོད་དུ་མུ་སྟེགས་མི་འཇུག་པའི་དམ་ཚིག་ཞལ་གྱིས་བཞེས་སོ། །སློབ་དཔོན་ཆེན་པོའི་གསང་བའི་གཟུང་མ་ཐམས་ཅད་ཀྱི་གཙོ་མོ་མཛད། བཀའ་གཏེར་རབ་འབྱམས་དུ་མའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་ཆེས་ཆེར་བསྔགས་ཤིང་སྒྲུབ་པ་པོ་ལ་ལྷག་པར་བརྩེ་བས་བཞུགས་པ་ཡིན་ནོ། །དེ་ལྟར་དཔལ་སྔགས་སྲུང་མ་མོའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། མཁའ་འགྲོ་སྙིང་ཐིག་ཆེན་མོའི་གདམས་པ་དང་འབྲེལ་ཆགས་སུ་བྱོན་པ་ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པའི་ཕྱག་བཞེས་མ་ཉམས་པའི་སྲོག་གཏད་དང་། དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོར་སློབ་དཔོན་པདྨས་མཛད་པའི་མ་མོའི་སྲོག་སྒྲུབ་རྩ་བ་དང་། ལས་མེད་ཟོར་གྱི་སྒྲུབ་པ། ཡང་སྙིང་གནུབས་ཀྱི་མན་ངག་སོགས་གཏེར་མ་དང་། ཕུར་སྲུང་བདག་ཉིད་མ་རེ་ཏིའི་སྒྲུབ་ཐབས་ལང་ལབ་སོགས་བཀའ་མ་སྟེ་མ་མོ་མ་ལྟར་བསྟེན་པ། སྲིང་ལྟར་བསྟེན་པ། མཛའ་མོ་ལྟར་བསྟེན་པ། བྲན་མོ་ལྟར་བསྟེན་པའི་ཚུལ་གྱིས་བསྙེན་སྒྲུབ་ལས་སྦྱོར་སོགས་མན་ངག་ཟབ་ཅིང་རྣོ་བ་ཇི་སྙེད་ཅིག་བཞུགས་པའི་ནང་ཚན་ལས་བཀའ་གཏེར་གྱི་ཆུ་བོ་ཀུན་འདུས་པའི་སྲོག་གཏད་ཀྱི་རིམ་པ་དང་། ཉང་གཏེར་རྡོ་རྗེ་རབ་བརྟན་མའམ་རྡོ་རྗེ་གཤོག་རྒོད་མའི་སྲོག་གཏད། མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུངས་བཤན་པ་སྲོག་སྒྲུབ་ནག་མོའི་སྲོག་གཏད། པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན། དཔལ་ལྷ་མོ་དམག་ཟོར་རྒྱལ་མོའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་པཎྜི་ཏ་གསང་བ་ཤེས་རབ་ནས་བརྒྱུད་པ་དང་། ཀུན་མཁྱེན་ཆེན་པོ་ཟ་ཧོར་བཞད་པ་རྩལ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མངོན་སུམ་དུ་བསྩལ་བའི་ཡང་གསང་རྒྱ་ཅན་གྱི་ནང་ཚན་དཔལ་ལྡན་དམག་ཟོར་རྒྱལ་མོ་ལས་བཞི་སྤྱི་དྲིལ་དུ་བསྒྲུབ་པ། ལས་བཞི་བྱེ་བྲག་ཏུ་བསྒྲུབ་པ། ཡང་གསང་དྲག་མོར་བསྒྲུབ་པ། དུང་སྐྱོང་འཆི་མེད་ལྷ་མོར་བསྒྲུབ་པ་རྣམས་ཀྱིས་སྲོག་གཏད་ལུང་མན་ངག་དང་བཅས་པ། ཉང་གཏེར་བསྟན་སྐྱོང་ཆེན་མོ་བཅུ་གཉིས་ཀྱི་སྲོག་གཏད་སྒྲུབ་ཐབས་ཀྱི་མན་ངག་དང་བཅས་པ། འཇའ་ཚོན་ལས་འཕྲོ་གླིང་པའི་གཏེར་བྱོན་ཀོང་བཙུན་དེ་མོའི་སྲོག་གཏད་དང་སྒྲུབ་ཐབས་ནམ་ངག་གི་ལུང་ལག་ལེན། བསྟན་མ་ལས་རྒྱ་མཚོའི་རྒྱུད་ལ་སོགས་པ་བརྟན་མའི་སྐོར་གྱི་བེ་བུམ་གྱི་ལུང་སོགས་ཕལ་ཆེར་ཆོས་རྒྱལ་གཏེར་བདག་གླིང་པ་ནས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་དང་། གར་དབང་དང་པོའི་སངས་རྒྱས་དྷརྨའི་མཚན་ཅན་གྱི་སྤྱན་སྔར་ཐོབ་ཅིང་པཎ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་པ་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱི་སྤྱན་སྔར་དམག་ཟོར་མའི་རྗེས་གནང་ཐུན་མོང་བ་ཙམ་བཀའ་དྲིན་དུ་ཐོབ། རྗེ་བཙུན་བཞད་པ་རྡོ་རྗེ་ནས་བརྒྱུད་པའི་ཚེ་རིང་མཆེད་ལྔའི་ཚེ་དབང་ཐུན་མོང་མ་ཡིན་པ་རྗེ་བཙུན་ཀུན་དགའ་སྙིང་པོའི་ཡི་གེའི་སྟེང་ནས་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱིས་སྤྱན་སྔར་ཐོབ་པ་ཡིན་ནོ།། །།
དཔལ་ལྡན་ལྷ་མོ། སླེ་ལུང་བཞད་པའི་རྡོ་རྗེའི་དམ་ཅན་བསྟན་སྲུང་གི་རྣམ་ཐར་ལས་བཏུས།
དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། རྡོ་རྗེ་ཕག་མོ་དང་། གསང་བའི་ཡེ་ཤེས་དང་། རྗེ་བཙུན་མ་སྒྲོལ་མ་དང་། དབྱངས་ཅན་མ་ལ་སོགས་ཏེ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་སྡུད་པའི་བྱེད་པོ་དམ་པར་གྱུར་པ་དཔལ་ལྡན་ལྷ་མོ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་དབྱིངས་ཀྱི་ཡུམ་ཆེན་ཞེས་ཡེ་ཤེས་ཀྱི་མ་མོའི་ཆ་དང་། འདོད་ཁམས་དབང་ཕྱུག་དུད་སོལ་མ་དང་། དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི་དང་། སྨུག་ནག་ཁྲོས་མ་ར་ཀ་གདོང་། མ་མོ་སྲིད་པའི་རྒྱལ་མོ། ཉི་ཟླ་སྟོང་འཕྲེང་ཅན། དུང་སྐྱོང་རྒྱལ་མོ། འབར་བ་ཙཎྚི་ཀ་མ། ཙ་ཊིའི་དབང་ཕྱུག །མ་མོ་ཙ་མུན་ཏྲི། དུས་མཚན་འོད་ཆེན་འབར་མ། པརྞ་ཤ་ཝ་རུ་སོགས་རྗེ་མོའི་རྣམ་པ་དང་། མ་གཅིག་དམག་གི་རྒྱལ་མོ་རེ་མ་ཏི་དང་། གནོད་སྦྱིན་ཡཀྴ་ནག་མོ་རེ་མ་ཏི་དང་། སྦས་པ་ཐལ་མདོག །མི་ཕམ་ཁྲོ་གཉེར། གཤིན་རྗེ་དམར་འདབ་ཕུར་པའི་ལྷ་མོ། ཁོལ་མོ་རེ་མ་ཏི། ཡ་མཚན་འཕྲུལ་གྱི་གཤོག་པ། སྲིད་གསུམ་བློ་ཕྲོག་ལ་སོགས་པ་ཁོལ་མོའི་རྣམ་པ་སྟེ། ལས་ཀྱི་མ་མོའི་ཚུལ་བཟུང་སྟེ། མིང་བརྒྱ་མཚན་སྟོང་དུ་གྲགས་པ་སྲིད་གསུམ་གྱི་བདག་མོར་གྱུར་པ་འདི་ནི་མདོ་རྒྱུད་ཐམས་ཅད་ལས་གསུངས་པའི་ཁུངས་ཤིན་ཏུ་མང་བ་མཐའ་དག་བྲིར་མ་ལང་མོད། འདིར་གོ་སླ་ཞིང་ཁུངས་བཙུན་པའི་དབང་དུ་བགྱིས་ཏེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མེ་ལྕེ་འབར་མའི་རྒྱུད་ལ་སོགས་པ་ཡིད་ཆེས་ཀྱི་ཁུངས་རྣམས་ནས་བཏུས་ཏེ་མཛད་པའི་དཔལ་ལྡན་ལྷ་མོའི་ལོ་རྒྱུས་ལས་གསུངས་པ་བཅོས་མེད་དུ་བཀོད་པ་འདི་ལྟར། དཔལ་ལྡན་ལྷ་མོ་འདིའི་ལོ་རྒྱུས་ནི། སྔོན་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་ལྷ་མོ་འོད་ཟེར་ཅན་དུ་གྱུར་ཏེ་སེམས་བསྐྱེད་ནས་དགེ་བ་བཅུ་ཤ་སྟག་སྤྱད། དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་ལྷ་མོ་དཔལ་ལྡན་མ་ཞེས་བྱ་བར་གྱུར་ཏེ་ཞེ་སྡང་རང་ག་མར་སྤྱད། དེ་ནས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་ལྷ་མོ་མཉྫ་ཞེས་བྱ་བར་གྱུར་ཏེ། དུས་དེ་ཙ་ན་སྟོན་པ་ཤཱཀྱ་ཐུབ་པ་ནི་དགེ་སློང་དབང་ཕྱུག་དཔའ་བོ་ཞེས་བྱ་བར་གྲགས་པའི་ཚེ། དགེ་སློང་དེ་ལ་ལྷ་མོ་མཉྫས་མཆོད་པ་བྱས་ཤིང་སྨོན་ལམ་གཅིག་ཏུ་བཏབ་པ་ལས། ད་ལྟ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ནི་ལྷ་མོ་འདི་ལ་སྔོན་སངས་རྒྱས་གསུམ་གྱི་བསྟན་པར་རང་གིས་ཅི་སྤྱད་པའི་ལས་ཀྱི་འབྲས་བུ་དུས་གཅིག་ཏུ་རྣམ་པར་སྨིན་པ་ཡིན་ཏེ། དང་པོར་དགེ་བ་བཅུ་ཤ་སྟག་སྤྱད་པའི་མཐུས་ལྷའི་གཙོ་བོ་མ་ཧཱ་དེ་ཝའི་སྲས་མོར་འཁྲུངས་ལ་བར་དུ་ཞེ་སྡང་རང་ག་མར་སྤྱད་པས་སྲིན་པོའི་ཆུང་མར་གྱུར་ནས་རང་ལྕེབས་ཤིང་མཐར་དགེ་སློང་དབང་ཕྱུག་དཔའ་བོ་ལ་མཆོད་པ་བྱས་ནས་སྡིག་པ་བཤགས་ཤིང་སྨོན་ལམ་ལྷན་ཅིག་ཏུ་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་ནས་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བ་ལ་འགྲན་ཟླ་མེད་པར་གྱུར་པ་ཡིན་ནོ། །དེའི་ཚུལ་ཡང་། སྔོན་འདོད་པའི་ཁམས་འདིར་རི་རབ་ལྷུན་པོའི་སྟེང་གི་བྱང་ཤར་གྱི་མཚམས་ན། དཔག་བསམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། ལོ་མ་ལས་འདོད་པའི་ཡོན་ཏན་ལྔ་རང་བྱུང་བ། འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཐོག་ལྟར་སྨིན་པ། ཡལ་གའི་རྩེ་གཡུའི་ཟེར་བའི་བར་བར་ན་ལྷ་དང་། ལྷ་མོ་དང་། གཟའ་དང་། སྐར་མ་དང་། ཉི་མ་དང་ཟླ་བའི་ཚོགས་ཀྱིས་བརྒྱན་པ། རྩེ་མོ་ན་བྱ་ཁྱུང་ག་རུ་ཎ་གནས་པ། རྩ་བ་ན་ཁྲུས་ཀྱི་རྫིང་བུ་བདུན་ཡོད་པ། རྫིང་བུ་རེ་ལ་ཤིང་རྟ་བདུན་བདུན། ཤིང་རྟ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། བུ་མོ་རེ་ལ་གཡོག་མོ་བདུན་བདུན། གཡོག་རེ་ལ་རྨ་བྱ་བདུན་བདུན་ཡོད། གཞན་ཡང་སྨན་རྣམ་པ་སྣ་ཚོགས་དང་། ལོ་ཐོག་གི་རིགས་ཁྲག་ཁྲིག་མང་པོ་མ་བཏབ་པར་རང་སྐྱེ་བ། ཙནྡན་དང་། ག་བུར་དང་། གོར་ཤི་ཤ་དང་། སྤྲུལ་གྱི་སྙིང་པོའི་རྫིང་བུ་ལྔ་བརྒྱས་བསྐོར་བ་ཡོད་དེ། དེ་ལྟ་བུའི་ཤིང་དེ་ཐུན་མོང་གི་བསོད་ནམས་ལས་སྐྱེས་པ་ཡིན་ཡང་ལྷ་རྣམས་ཀྱིས་དབང་དུ་བྱེད་པ་ལ། རི་རབ་ཀྱི་རྩ་བ་འོད་མི་སྣང་བའི་གནས་ན་ལྷ་མ་ཡིན་གྱི་རྒྱལ་པོ་གསུམ་བརྩེགས་དང་། ཐགས་བཟང་རིས་དང་། ཧེ་རན་ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ལས་ཧེ་རན་ཀོའུ་ཤུ་ཞེས་བཤད་ན་དགེ་ཤུན་དང་། རྣམ་པར་སྣང་བྱེད་དང་། རབ་སིམ་དང་། སྒྲ་གཅན་འཛིན་ལ་སོགས་པ་བྱེ་བ་དུང་ཕྱུར་ཡོད་པ་རྣམས་ཁྲོས་ཏེ་ཤིན་ཏུ་མི་སྡུག་པའི་ཆ་བྱད་དུ་བྱས་ནས་གོ་ཆ་དང་མཚོན་ཆ་སྣ་ཚོགས་ཐོགས་ཏེ་རབ་ཏུ་རྔམ་པའི་ང་རོ་འཇིགས་སུ་རུང་བ་སྒྲོག་ཅིང་། རི་རབ་ཀྱི་སྟེང་གི་ཆོས་བཟང་ཞེས་བྱ་བ་ལྷའི་མདུན་སར་ལྷགས་སོ། །
དེ་ནས་རི་རབ་ཀྱི་སྟེང་ན་ལྷ་བ་སུ་དེ་ཝ་དང་། མ་ཧཱ་དེ་ཝ་དང་། ལྷའི་དབང་པོ་བརྒྱ་བྱིན་ཉིད་ལ་སོགས་པ་ལྷ་བྱེ་བ་དུང་ཕྱུར་གནས་པ་ལ་ལྷ་མ་ཡིན་རྣམས་ཀྱིས་འདི་སྐད་ཅེས། རི་རབ་རྩེར་གནས་སུམ་ཅུ་རྩ་གསུམ་ལྷ། །ཤིང་དེ་ལྷ་དང་ལྷ་མིན་ཐུན་མོང་ལས། །ད་ལྟ་ཁྱེད་ཅག་འདོད་པའི་ལྷ་དབང་ན། །དེ་ནི་ངེད་ཅག་ལྷ་མིན་བདུད་ལ་བསླང་། །ཟེར་བ་ལ། ལྷ་རྣམས་ཀྱི་ལན་དུ། དཔག་བསམ་ཤིང་ལ་འདོད་ཡོན་བསམ་ཡས་ཀྱང་། །བསོད་ནམས་དབང་གིས་ལྷ་ལ་ཡོངས་སུ་གྲུབ། །གཞན་ལ་ཡོད་ན་བསྐམས་ཤིང་མེད་པར་འགྱུར། །དེ་བས་ཁྱེད་ལ་ལྗོན་ཤིང་ངེད་མི་སྟེར། །ཞེས་སྨྲས་པ་དང་། ལྷ་མིན་རྣམས་ན་རེ། ཐུན་མོང་ལས་གྲུབ་བདེ་ལྡན་ལྗོན་པའི་ཤིང་། །ལྷ་ཡི་དབང་བྱས་ངེད་ལ་མི་སྟེར་ན། །འཇིག་རྟེན་བསྲེག་པའི་མཚོན་ཆའི་ཆར་ཕབ་ལ། །ལྷ་དང་ལྷ་མིན་གཡུལ་ཆེན་འགྱེད་པར་བྱ། །ཞེས་ཟེར་ནས་ལྷ་མ་ཡིན་གྱིས་དམག་དྲངས་ཏེ། དེ་ཡང་གླང་པོ་ཆེ་སུམ་ཅུ་རྩ་གསུམ་པའི་མགོ་དབུས་མ་ལ་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཞོན། མགོ་ལྷག་མ་སུམ་ཅུ་རྩ་གཉིས་ལ་གནོད་སྦྱིན་སུམ་ཅུ་རྩ་གཉིས་ཞོན། གཞན་ཡང་ལྷ་མ་ཡིན་གྱི་དམག་དཔོན་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མཚོན་ཆའི་ཚོགས་མེ་ལྕེ་འབར་བ་ལྟ་བུའི་ཆར་ཆེན་པོ་འབེབས་ཤིང་ལྷགས་སོ། །
དེ་ནས་ལྷ་རྣམས་ཆོས་བཟང་གི་མདུན་སར་ཚོགས་ཏེ་འཐབ་པར་བརྩམས་པ་ལས། ལྷ་རྣམས་ཀྱིས་ཁྲོ་མ་ཤེས་ནས་རྩུབ་འགྱུར་གྱི་ཚལ་དུ་ཕྱིན་པ་དང་། དེ་ན་ཁྲོ་བོ་ལང་ཀ་ནག་པོ་ཁྲོས་པའི་ཁ་ཆུ་ཁྲོ་ཆུའི་རྫིང་བུ་བདུན་འཁྱིལ་བ་རྣམས་འཐུང་པས། ལྷ་རྣམས་ཞེ་སྡང་སྐྱེས་ཏེ་ཤིན་ཏུ་ཁྲོས་པར་གྱུར་པ་དང་། ལྷའི་བཟོ་བོ་བི་ཤྭ་ཀརྨས་ནུབ་གཅིག་ལ་གསེར་གྱི་ཁྲབ་བྱེ་བ་ཕྲག་དགུ་ཁྲི་དགུ་འབུམ་བརྡུངས། ལྷ་མ་ཧཱ་ཀྲོ་དྷས་ནུབ་གཅིག་ལ་རལ་གྲི་དང་། འཁོར་ལོ་དང་། ཐོ་བ་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། མདུང་རྩེ་གསུམ་ལ་སོགས་པའི་མཚོན་ཆ་བྱེ་བ་ཕྲག་དགུ་ཁྲི་དགུ་འབུམ་བརྡུངས། དེ་ནས་ལྷ་རྣམས་གོ་མཚོན་ཐོགས་ཏེ། གླང་པོ་ཆེ་མགོ་སུམ་ཅུ་རྩ་གསུམ་པའི་མགོ་དབུས་མ་ལ་ལྷའི་དབང་པོ་བརྒྱ་བྱིན་ཆིབས། མགོ་གཞན་མ་རྣམས་ལ་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཞོན། ལྷ་དམག་བྱེ་བ་དུང་ཕྱུར་གྱིས་མཐའ་བསྐོར་ཞིང་། གླང་པོ་ཆེའི་སྣ་ལ་རལ་གྲིའི་འཁོར་ལོ་བཏགས་ནས་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་གཡུལ་བཀྱེ་བས་ལྷ་མ་ཡིན་རྨས་པའི་ཁྲག་འཐོར་བ་ལས་སྐད་ཅིག་གིས་ལྷ་མ་ཡིན་གཏུམ་པོ་གོ་ཆ་དང་མཚོན་ཆ་ཐོགས་པའི་དམག་ཁྲི་ཚོ་རེ་ཙམ་འཕེལ་ཞིང་། ལྷ་རྨས་པའི་ཁྲག་ལས་དམག་མ་འཕེལ་བར་ཤི་བས་ལྷ་རྣམས་ནི་ཤིན་ཏུ་ཕམ། ལྷ་མ་ཡིན་རྣམས་ནི་རབ་ཏུ་རྒྱལ་བར་གྱུར་པ་དང་། དཔལ་ཕྱག་ན་རྡོ་རྗེ་ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར་ཐུགས་དཔལ་བེའུའི་དབུས་ནས་ཧཱུཾ་མཐིང་ནག་འབར་བ་ཞིག་སྤྲོས་ཏེ། བྱི་ནུ་ར་ཙའམ། ལྷ་ཁྱབ་འཇུག་ཆེན་པོའི་དཔྲལ་བའི་དབྱིངས་སུ་ཐིམ་པ་ལས་ལྕགས་ཀྱི་འཛེར་པ་གཅིག་བྱུང་བ་དེ་བརྡོལ་བའི་ནང་ནས་བུད་མེད་སྔོན་མོ་དབུ་སྐྲ་བཻཌཱུརྱའི་ཆུན་འཕྱང་ཅན། མིག་ཨུད་པ་ལའི་འདབ་མ་འདྲ་བ། མཚན་དང་དཔེ་བྱད་དུ་མ་ལྡན་པ་ཞིག་བྱུང་བ་དེ་ལ་ལྷ་རྣམས་ཀྱིས་མིང་ལྷ་མོ་ཨུ་མ་དེ་ཝི་བྱ་བར་བཏགས། དེའི་ཚེ་ལྷ་ཆེན་པོ་ཀུན་ཀྱང་ལྷ་མོ་དེ་ཆུང་མར་འདོད་པ་ལ། ནམ་མཁའ་ལས་ཕྱག་ན་རྡོ་རྗེས་སྤྲུལ་པའི་སྒྲ་ལས་འདི་སྐད་ཅེས། ལྷ་རྒྱལ་མཐོ་ཞིང་བརྟན་པར་འདོད་པ་དང་། །རིགས་དྲུག་སེམས་ཅན་བདེ་ལ་འགོད་པ་དང་། །ལྷ་མིན་བདུད་ཀྱི་གཡུལ་ཆེན་བཟློག་པའི་ཕྱིར། །དབང་ཕྱུག་ལྷ་ལ་ཨུ་མ་ཆུང་མར་བྱིན། །ཞེས་གྲགས། དེའི་ཚེ་ན་ལྷ་དབང་ཕྱུག་ཆེན་པོ་དགེ་སློང་གི་ཆ་ལུགས་ཀྱིས་ཡཀྴ་ཀ་ལ་འབར་བའི་དུར་ཁྲོད་ན་འགོག་པའི་བརྟུལ་ཞུགས་དྲག་པོ་ལ་བཞུགས་པའི་དྲུང་དུ་ལྷ་རྣམས་ཀྱིས་ལྷ་མོ་ཨུ་མ་དེ་ཝཱི་ཁྲིད་ནས་ཕུལ། དེས་ཞག་བདུན་ཕྲག་བདུན་དྲོད་ལ་བཙས་པས་འདོད་པ་སྐྱེས་ཏེ། དེ་གཉིས་ཡབ་ཡུམ་དུ་འདུས་པ་ལས་བར་སྣང་ལ་གཟའ་དང་སྐར་མ་བྱུང་ཞིང་། ལྷ་མོ་ཨུ་མ་ལ་བུ་ཚ་མིང་སྲིང་གཉིས་སྐྱེས་ཏེ་མིང་པོ་ནི་གཤིན་རྗེ་མ་ཧཱ་ཀ་ལ་ཞེས་གྲགས་ལ། སྲིང་མོ་ནི་ལྷ་མོ་དམར་མོ་ཙ་མུནྟྲི་ཞེས་གྲགས། དེ་ནས་དཔལ་ཕྱག་ན་རྡོ་རྗེས། གཤིན་རྗེ་མིང་སྲིང་ལ་མ་ཧཱ་ཡཀྴ་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ནས། སྔར་བཞིན་ལྷ་དང་ལྷ་མིན་རྣམས་གཡུལ་བཀྱེ་བའི་ཚེ། གཤིན་རྗེ་མ་ཧཱ་ཀ་ལས་ལྕགས་སྒྲོག་ཀྱི་གསལ་ཤིང་རི་རབ་ཙམ་ཞིག །ལྷ་མ་ཡིན་གྱི་གཡུལ་ངོར་བསྒྲིལ་བས་གཡུལ་ངོ་བཟློག་ཅིང་། ལྷ་དམག་རྣམས་ཀྱིས་ཀྱང་མཚོན་ཆའི་ཆར་ཕབ་ནས། ལྷ་མ་ཡིན་མང་པོ་བཅོམ་པའི་ཁྲག་ལས་སྤྲུལ་པའི་དམག་འཕེལ་བའི་ཚུལ་སྔར་བཞིན་བྱུང་བ་དང་། ལྷ་མོ་ཙ་མུནྟྲིས་རལ་གྲི་མེ་ལྕེའི་ཕྲེང་བ་ཞེས་བྱ་བས། ལྷ་མ་ཡིན་ཧེར་ན་ཀེ་ཤུའི་མགོ་བཅད་པའི་ཐོད་པས་ཁྲག་བཅུས་ཏེ་ཞལ་དུ་རོལ་བས་འཕེལ་ཁ་ཆད། དེ་ནས་ལྷ་མོ་ཙ་མུནྟྲིའི་ལྟེ་བ་ལ་ལྷ་དམག་བྱེ་བ་དུང་ཕྱུར་གྱི་མཁར་རྫོང་བཅས་ནས་འཐབས་པས། ལྷ་མིན་ནག་པོའི་ཕྱོགས་རྣམས་ཕམ་པར་བྱས་ཤིང་། ལྷ་དམག་དཀར་པོའི་ཚོགས་རྣམས་གཡུལ་ལས་རྣམ་པར་རྒྱལ་ཏེ་དཔག་བསམ་ཤིང་གི་མངའ་བདག་ཏུ་གྱུར་པའི་ཚེ། རྣམ་པར་རྒྱལ་བའི་ཁང་བཟང་ཡང་རང་བྱུང་དུ་ལྷུན་གྱིས་གྲུབ་པར་གྱུར། དེའི་ཚེ་ལྷ་མོ་ཙ་མུན་ཏྲིའི་མིང་ཡང་དུང་མཁར་རྫོང་མར་གྲགས། དེ་ནས་ལྷའི་བུ་མོ་ཙ་མུནྟྲི་དེས། ཆེན་པོ་མདངས་དགའ་ཞེས་བྱ་བར་ཤིང་རི་ཁྲོད་ཅེས་བྱ་བའི་ལོ་མ་གྱོན་ནས། ལོ་བདུན་དུ་འཕགས་པ་མི་ཕམ་པའི་གཟུངས་བཟླས་པས་ལྷ་མོ་པརྞ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བར་ཡང་གྲགས། དེ་ནས་རེ་ཞིག་ཀླུ་དུང་གི་འཛེར་པ་ཅན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་བྱ་ཁྱུང་ག་རུ་ཎས་གཙེས་པ་ན། ལྷ་མོ་རི་ཁྲོད་ཀྱི་ལོ་མ་གྱོན་མ་དེས་བྱ་ཁྱུང་བཏུལ་ནས་ཀླུ་བསྐྱངས་པས། ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་ཀྱང་བྱ་སྟེ། ལྷ་མོ་དུང་སྐྱོང་མ་དེ་ནི་རི་རབ་ཀྱི་སྟེང་རྣམ་པར་རྒྱལ་བའི་ཁང་བཟང་གི་རྩེ་ལས་བྱང་ཤར་གྱི་མཚམས་སུ་བྱང་ཆུབ་ཀྱི་ཤིང་དྲུང་ན་རིན་པོ་ཆེའི་ཁང་པ་བདུན་བརྩེགས་ཀྱི་གཞལ་ཡས་ཁང་དུ་རིན་པོ་ཆེའི་ཁྲི་སྟེང་ན། གསེར་དངུལ་བཻཌཱུརྱའི་དབུ་རྒྱན་དང་མགུལ་ཆུན་བརྒྱན་ཏེ་ལུས་འགྱིང་བག་ཏུ་བཞུགས་པ་ལ། ལྷའི་བུ་དང་བུ་མོ་མང་པོས་གླུ་དབྱངས་དང་རོལ་མོའི་བྱེ་བྲག་སོགས་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་མཆོད་པ་བྱེད་དོ། །ཡང་དེའི་ཚེ། ཡུལ་ལངྐ་པཱུ་རི་ན་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ་ལྷ་རྣམས་ཀྱིས་སྐྱོན་ཕབ། དེ་ནས་སྲིན་པོའི་དྷ་ཤ་གྷྲི་བ་དང་། དེའི་སྲིང་མོ་ན་ལ་རྩེ་གཉིས་འདུས་པ་ལས། སྲིན་པོ་དེས་ལྷ་དང་ལྷ་མིན་རྣམས་འདུལ་བའི་ཆེད་དུ། སྲིང་མོ་ན་ལ་རྩེ། མ་ཧཱ་དེ་ཝ་ལ་བཙུན་མོར་ཕུལ་ནས། ལྷ་དབང་ཕྱུག་ཆེན་པོ་དང་། སྲིང་མོ་ན་ལ་རྩེ་གཉིས་འདུས་པའི་ཚེ། ཕས་ཁྱེའུ་སྐྱེ་བར་སྨོན་ལས་བཏབ་ཤིང་། མས་བུ་མོ་སྐྱེ་བར་སྨོན་ལམ་བཏབ་པས། མའི་སྨོན་ལམ་མཐུ་བཙན་པར་གྱུར་ཏེ་བུ་མོ་མཚན་ལྡན་ཞིག་བྱུང་བ་དང་། ཕ་ཁྲོས་ནས་ཐལ་ཁུང་དུ་བོར་ཏེ། མིང་སྦས་པ་ཐལ་མདོག་མར་བཏགས། མས་བླངས་ཏེ་ལུས་ཀྱི་དྲོད་ལ་བཙས་ནས། ཨཱ་ཡུབྷྲུཾ། ཞེས་བཟླས་ཤིང་གསོལ་ཏེ། མི་ཕམ་ཁྲོ་གཉེར་རོ་ལངས་མར་མིང་བཏགས། དཔལ་ཕྱག་ན་རྡོ་རྗེས་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ནུས་མཐུ་དང་ལྡན་པ་གནོད་སྦྱིན་ཤན་པ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྱུར་ཅིག་ཅེས་དམོད་གཙུགས་ནས་མིང་བཏགས་པས། བར་སྣང་ནས་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱིས་ཀྱང་དེ་ལྟར་གྱུར་ཅིག །ཅེས་བརྗོད་པ་བཞིན་དུས་དེ་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་གྲགས་སོ། །ལྷ་མོ་དུང་སྐྱོང་མས་བཏགས་པའི་མིང་ནི་སྲིན་མོ་དམར་འདབ་ཕུར་པའི་ལྷ་གསེར་ཅན་ཞེས་བྱའོ། །དུས་དེར་སྲིན་པོ་དྷ་ཤ་གྷྲཱི་བས་ང་ནི་ལྕེབ་པོ་ཞེས་སྒྲ་བསྒྲགས་པ་དང་། སྲིང་མོ་ན་ལ་རྩེས་འདི་སྐད་ཅེས། མིང་པོ་མ་ལྕེབ་པར་ཅི་འདོད་པ་ང་ལ་སྨོས་ཤིག་བྱས་པས། མིང་པོ་ན་རེ། ང་ནི་ལྷ་མོ་དུང་སྐྱོང་མ་འདོད་དོ། །ཞེས་ཟེར་བ་དང་། སྲིང་མོ་ན་རེ་ངའི་བུ་མོ་ཕུར་བའི་ལྷ་མོ་འདི། ལྷ་མོ་དུང་སྐྱོང་གི་ཁོལ་མོ་བྱེད་དུ་བཏང་སྟེ་དེ་ནས་གདོད་བསླུའོ་ཞེས་སྨྲས་ནས། ན་ལ་རྩེས་བུ་མོ་ཁྲིད་དེ་དཀར་མོ་དུང་སྐྱོང་གི་གཡོག་ཏུ་ཕུལ་བའི་དུས་སུ། བུ་མོ་རེ་མ་ཏིས། དཀར་མོ་དུང་སྐྱོང་མར་འདི་སྐད་ཅེས་བསྟོད་དོ། །ཀྱེ་ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ། །བདག་ཉིད་ཆེན་མོ་ག་གར་མ། །དབུ་བཟང་རིན་ཆེན་ཐོར་ཚུགས་ལ། །བཻཌཱུར་སྔོན་པོ་འོད་ལམ་ལམ། །ཞལ་བཟང་པདྨའི་དཀྱིལ་འཁོར་དུ། །ཉི་ཟླ་ཕྲུགས་གཅིག་བརྒྱན་བཀོད་དེ། །ཚེམས་བཟང་དུང་ལ་ལྗགས་བཟང་མེ། །ཁྱོད་འདྲ་འཇིག་རྟེན་གསུམ་ན་མེད། །བདག་ནི་ཁྱོད་ཀྱི་གཏན་འབངས་བགྱི། །ཁྱོད་ཀྱི་བདག་ལ་ཐུགས་བརྩེར་དགོངས། །བདག་ཀྱང་བློ་བ་ཉེ་བར་བགྱི། །ཞེས་གསོལ་ཏེ། དེ་ནས་རྟག་ཏུ་ལྷ་མོའི་གཡོག་མོ་བྱས་ནས་བློ་ཉེ་བས་ལྷ་མོའི་ཡིད་ལ་ཅི་འདོད་པའི་དགོས་པ་ཐམས་ཅད་བྱས། ལྷ་མོ་ཡང་ཁོལ་མོ་དེ་ལ་དགྱེས་ཏེ་གཅེས་པར་འཛིན། དེའི་དུས་སུ་ཡུལ་ལངྐ་པུ་རིར། སྤྲེའུའི་རྒྱལ་པོ་བྷ་ལེན་དང་མགྲིན་བཟང་གཉིས་རྒྱལ་ས་སུས་བྱེད་ལ་མ་འཆམས་པར་འཐབས་པ་ལ། ལྷ་ཐམས་ཅད་ལྟད་མོ་ལ་འགྲོ་ཁར་ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས། དེ་རིང་ཁྱོད་ཀྱི་གན་དུ་བསླུ་བྱེད་འོང་བས་སུ་བྱུང་ཡང་དེ་ལ་མ་ལྟ་ཞིག་ཅེས་བསྟན། སྐབས་དེར་ཁོལ་མོ་རེ་མ་ཏིས་སྲིན་པོ་དྷ་ཤ་གྷྲཱི་ཝ་ལ་སྦྲན་པས་སྲིན་པོ་དེ་ཁོ་རང་མིའི་ཆ་བྱད་གཟུགས་བཟང་ལ་མཛེས་པ་ཞིག་ཏུ་སྤྲུལ། བཞོན་པའི་བོང་བུ་གྭ་དམར་དེ་རི་དྭགས་གོ་དོར་སྨུག་པོར་སྤྲུལ་ནས། ལྷ་མོ་དུང་སྐྱོང་མའི་ཕོ་བྲང་གི་སྒོར་ཕྱིན་ཏེ་སིལ་སྙན་རོལ་མོའི་བྱེ་བྲག་དང་གླུ་དབྱངས་སྣ་ཚོགས་བྱས་ནས་བསླུས། ལྷ་མོ་ཡང་རོལ་མོ་ལ་དགའ་བས་འཛུམ་གཅིག་ཤོར་བ་དང་སྲིན་པོས་གླགས་རྙེད་དེ། ལྕགས་ཀྱི་ལྷམ་སྒྲོག་གཅིག་དཀྲོལ་ཏེ་ཕུལ། གླུ་འདི་སྐད་དུ་བླངས་སོ། །ཀྱེ། ཡོངས་འདུ་ཤིང་གི་རྩ་བ་ན། །རིན་ཆེན་མཛེས་པའི་ཕོ་བྲང་ཆེ། །བདེ་ལྡན་འཕྲུལ་གྱི་ལྡིང་ཁང་ན། །འགྱིང་བག་ཚུལ་གྱིས་གར་མཛད་མ། །དབང་ཕྱུག་སྲས་མོ་མ་ལགས་སམ། །དགའ་བྱེད་དུང་སྐྱོང་མ་ལགས་སམ། །ལྷ་མོ་མང་པོའི་ཚོགས་དང་རོལ། །དབུ་ཡི་སྙན་ཆ་གདུབ་བཀོར་ནི། །རིན་ཆེན་མཛེས་པས་ཀུན་ནས་སྤྲས། །སྤྱན་ནི་ཨུཏྤལ་འདབ་མ་འདྲ། །ཤངས་ནི་བེལ་བའི་འབྲས་བུ་འདྲ། །ཞལ་ནས་ཨུཏྤལ་ངད་ཀྱང་བྲོ། །སྐུ་ནི་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསུང་ནི་ཚངས་པའི་དབྱངས་སྙན་མཆོག །ནུ་འབུར་སྟོད་སྨད་ཕྱེད་པས་འགྱིང་། །ཁྱོད་འདྲའི་སྐུ་ནི་གཞན་དུ་དཀོན། །ལྷ་ཡི་ལོངས་སྤྱོད་མོད་པས་མི་བྲེལ་ཡང་། །ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་བཞེས། །ཅི་མཛད་སྙིང་སྡུག་ཅི་གསུང་བ་ཡང་སྙན། །ཁམས་གསུམ་ཀུན་ན་ཁྱོད་འདྲ་ཤིན་དུ་དཀོན། །སེམས་ཅན་ཀུན་ཀྱིས་བལྟ་བས་མི་ངོམས་ཁྱོད། །བདག་གིས་འབུལ་འདི་བཞེས་པར་གནང་བ་མཛོད། །ཅེས་ལྕགས་སྒྲོག་དེ་ཕུལ་བ་ལྷ་མོས་བླངས་ནས་རང་གིས་རྐང་པ་གཡས་པ་ལ་དཀྲིས་ཏེ་རྒྱན་བྱས། དེའི་ཚེ་ཁོལ་མོ་རེ་མ་ཏིས། ཇོ་མོ་དུང་སྐྱོང་མ་ལ་འདི་སྐད་དུ། ཀྱེ། ཇོ་མོ་བདེ་མཆོག་དུང་སྐྱོང་མ། །བདག་ལ་ཞུ་བ་ཞིག་མཆིས་ན། །དེ་གནང་ངམ་ཞུས་པས། ཇོ་མོ་ན་རེ། ཁྱོད་བློ་ལ་ཉེ་བས་ཅི་ཞུས་པ་གནང་ངོ་ཟེར། དེ་ནས་ཁོལ་མོས་གསོལ་པ། ཀྱེ།བདག་གི་ཡུམ་གྱི་རྗེ་གྱུར་དུང་སྐྱོང་མ། །ཁྱོད་འདྲ་འཇིག་རྟེན་འདི་ལས་གཞན་དུ་མེད། །འགྲོགས་པའི་ཟླ་མེད་སྐར་མ་གཅིག་ཤར་འདྲ། །དེང་འདིར་མཆིས་པའི་ལྕགས་སྒྲོགས་འབུལ་མཁན་དེ། །གཏན་གྱི་གྲོགས་ཟླ་མཛད་པར་ཞུ་བ་འབུལ། །བདག་ཀྱང་རྟག་ཏུ་ཁྱེད་ཀྱི་བྲན་མོ་བྱེད། །ཅེས་ཞུས་པ་ན། སྤྱིར་ལྷ་རྣམས་ལ་ངག་བདེན་པའི་སྡོམ་པ་ཡོད་པས་ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པ་ཡིན་ལ། ཁྱད་པར་དུ་ཡང་ལྷ་མོ་དེས་སྔར་ཁོལ་མོ་ལ་ཁས་བླངས་ཟིན་པས་མི་བྱ་བའི་དབང་མེད་པར་གྱུར་པ་དང་། ཇོ་མོ་ན་རེ། ཁྱོད་ཟེར་བ་བཞིན་བྱ་ཡི། མི་དེ་གང་ན་འདུག །སུ་འདྲ་ཞིག་ཡིན་གསུངས་བ་ལ། ཁོལ་མོས་གསོལ་པ། དེ་ནི་བདག་གི་ཞང་པོ་ཡིན་ཏེ། ཡུལ་ནི་ལངྐ་པུ་རི་ན་འདུག །མིང་ནི་སྲིན་པོ་དྷ་ཤ་གྷྲཱི་བ་ཞེས་བྱ་བ་ལགས། ཞེས་ཞུས་པ་དང་། ལྷ་མོ་དུང་སྐྱོང་མ་རང་དབང་མེད་པར་སྲིན་པོའི་ཆུང་མར་སོང་བ་ལ། ཡུམ་ལྷ་མོ་ཨུ་མ་ཐུགས་ཁྲོས་ཏེ། སྲས་མོ་དུང་སྐྱོང་མ་ལ་དམོད་པ་འདི་བོར་ལ། ང་ཡི་བུ་མོ་གཅེས་པར་བྱ་བ་དེ། །ལྷ་ཡི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང་། །ང་ལ་མ་བསམས་སྲིན་པོའི་ཆུང་མར་སོང་། །ཕྱིན་ཆད་བུ་མོ་ཁྱོད་ཀྱང་སྲིན་གྲོགས་བཞིན། །མི་ཤ་ཟ་ཞིང་མི་ལྤགས་གོན་པར་གྱུར། །སྲོག་གཅོད་བྱེད་ཅིང་མི་ཡི་ཐོད་ཁྲག་ཐོགས། །བོང་བུ་ཞོན་ནས་ལྷ་ཡི་ཁ་དོག་ཉམས། །སྲིན་པོའི་ཁ་དོག་ནག་ལ་འཇིགས་པར་ཤོག །དེ་ཡི་ཁོལ་མོ་རེ་མ་ཏི་ཁྱོད་ཀྱིས། །ང་ཡི་བུ་མོ་བསླུས་ནས་སྲིན་ལ་བྱིན། །ཁྱོད་ཀྱང་མི་སྡུག་འཇིགས་པའི་གདོང་གྱུར་ཏེ། །ཚེ་རབས་ཀུན་ཏུ་ཁྱོ་དང་མ་ཕྲད་ཅིག །ཅེས་དམོད་མོ་བཅུ་གཉིས་དོར་བ་དང་། བུ་མོ་ལ་མའི་དམོད་མོ་ཟུག་སྟེ། ལྷ་ཡི་ཁ་དོག་དཀར་པོ་ཉམས་ནས་མཐིང་ནག་ཏུ་གྱུར་ཏེ། མི་ཤ་ཟ་ཞིང་མི་ཁྲག་འཐུང་། གཅེར་བུ་མི་ལྤགས་གྱོན་ནས་བོང་བུ་ཞོན་པར་གྱུར། དེ་ནས་སྲིན་པོའི་ཕྲུ་གུ་སེངྒེ་ཟླ་བ་དང་། མེ་ཏོག་ཅོད་པན་དང་། གངས་ཅན་དང་། མཆེ་བ་བདུན་པ་ལ་སོགས་པའི་བུ་ལྔ་བརྒྱ་སྐྱེ་ཙམ་ན། ཁྱོ་སྲིན་པོ་དྷ་ཤ་གྷྲཱི་བ་ཚེ་འཕོས་པས། དུང་སྐྱོང་མ་ཡང་ཡུགས་སའི་ཆས་སུ་ཞུགས་ཏེ། སྐྲ་ཐམས་ཅད་ལན་བུ་གཅིག་ཏུ་བསླས། བྲན་མོ་ཕུར་པའི་ལྷ་ཡང་དམོན་མོ་ཟུག་པས། སྲིན་གྱི་ཕག་རྫི་བྱེད་ཙ་ན། སྲིན་པོའི་ཕག་རྫི་དུམ་བུ་སྲིན་བྱ་བས་དབང་མེད་དུ་ཆགས་པ་སྤྱད། དེ་ནས་ཕུར་པའི་ལྷ་ཡང་སྦྲུམ་མར་གྱུར་པ་དང་། ལྷ་མོ་དཔོན་གཡོག་གཉིས་ཀྱིས་སྲིན་པོའི་བོང་བུ་ལ་ཞོན། སྲིན་པོ་དྷ་ཤ་གྷཱི་བའི་རལ་གྲི་སྡིག་པ་ཅན་ལག་པ་གཡས་སུ་ཐོགས། སྲིན་པོའི་ནོར་བུ་རིན་པོ་ཆེ་ནེའུ་ལེ་རྐྱལ་པར་བཅུག་སྟེ་ལག་པ་གཡོན་དུ་བསྐུངས་ནས་བྲོས་པའི་ཕྱི་ནས་སྲིན་པོའི་དམག་གིས་དེད་པ་ལ། བོང་བུ་ཁ་ཕྱིར་ལྟ་བས་བྱ་ར་བྱེད་ཅིང་ཕྱིན་པས་དུར་ཁྲོད་གཅིག་ཏུ་སླེབས་པ་དང་། སྐྱེས་པ་གཡུལ་དུ་ཤི་བའི་རོ་བསྐྱེལ་བ་ཞིག་བྱུང་བས་ཤ་དེ་བསྲེགས་ནས་ཟ་འདོད་ཀྱང་མེ་མེད་པ་ལ། རྒྱ་མཚོའི་འགྲམ་ན་རྡོ་སོལ་གྱི་རི་ལ་མེ་འབར་བ་མཐོང་སྟེ། རྡོ་སོལ་གྱི་མེ་ལ་ཤ་བསྲེགས་ནས་ཟོས། ཕྱི་ནས་ཁྱི་དཀར་པོ་གཅིག་འབྲེངས་པ་ཡང་བསད་ནས་ཟོས་ཏེ། ལྤགས་པ་ལ་རྒྱལ་མཚན་བྱས། དེ་ནས་ཁོལ་མོ་རེ་མ་ཏི་ལ་ནལ་བུ་སྐྱེས་པ་ཡང་། ཁོང་གཉིས་ཀྱིས་ཟོས་ནས། ཇོ་མོ་བོང་བུ་ལ་ཞོན། ཁོལ་མོས་སྣ་ཁྲིད་བྱས་ཏེ། རྒྱ་མཚོའི་འགྲམ་དུ་ཕྱིན་ནས་གཤིན་རྗེ་རླུང་གི་འཁོར་ལོ་ཅན་ཞག་བདུན་བསྒོམས་པས། ཁོང་གཉིས་ཀྱི་དྲུང་དུ་རླུང་ནག་འཚུབས་མ་རེ་གྲུབ། དེ་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས། སྣང་སྲིད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་ཐམས་ཅད་བོས་ནས་སྨོན་ལམ་བཏབ་པ་ནི། ང་ཡང་ཚེ་འཕོས་མ་ཐག་ཏུ། གསང་སྔགས་ཀྱི་གྲུབ་པ་ཐོབ་ནས། རྒྱལ་བའི་ཞལ་མཐོང་སྟེ། འདོད་པ་ཁམས་ཀྱི་དབང་ཕྱུག་མར་ཤོག་ཅིག །ངའི་བྲན་མོ་ཕུར་པའི་ལྷ་འདི་ཡང་དུས་ཐམས་ཅད་དུ་ངའི་འབངས་བྱེད་པར་ཤོག་ཅིག །ནོར་བུ་མིའི་མ་གོ་ལ་ལོངས་སྤྱོད་པར་ཤོག་ཅིག །བཞོན་པ་བོང་བུ་ལ་བྱེད་ལ། ལག་ཆ་རལ་གྲི་ལ་བྱེད་པར་ཤོག་ཅིག །ཅེས་བརྗོད་ནས་རྒྱ་མཚོ་བསྐོར་ཞིང་། བཱ་ཡ་བེེ། བཱ་ཡ་བེེ་ཞེས་བོས་པ་དང་། རླུང་ནག་འཚུབས་མ་གཉིས་བྱུང་ནས་དཔོན་གཡོག་གཉིས་ཀ་རྒྱ་མཚོའི་ནང་དུ་བསྐྱུར། དེ་ནས་ལྷ་མོ་དུང་སྐྱོང་མ་ནི་མི་ཤ་ཟོས་པའི་མཐུ་དང་། རང་གི་སྨོན་ལམ་གྱི་དབང་གིས་རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་ཞེས་བྱ་བར་གཤིན་རྗེའི་ལྷ་མཐུ་ཅན་གྱི་བུ་མོར་སྐྱེས་ཏེ། དེ་ཡང་ཁ་དོག་མཐིང་ནག་རབ་ཏུ་འཇིགས་ཤིང་མིག་རྩ་དམར་བ། མཆེ་བ་ཟང་ཡག་ཏུ་གཙིགས་ཤིང་རལ་པ་རྟིང་པར་སླེབས་པ་གཅིག་ཏུ་གྱུར་པ་ལ། གཤིན་རྗེ་མ་རུ་ཙེས་སྦྱོར་བ་བྱས་པས། བུ་བདུད་ཁྲམ་ནག་པོ་བྱ་བ་བྱུང་། བོང་བུ་ཡང་གྭ་དམར་ལ་གཡུའི་རྣ་བ་དང་རླུང་གི་གཤོག་པ་ཅན། མིག་མཇུག་མ་ན་ཡོད་པ་ཞིག་བྱུང་བ་དེ་ལ་ནོར་སྐལ་བྱེད་དོ། །
ཁོལ་མོ་རེ་མ་ཏི་རོ་ལངས་མ་ནི་རྒྱ་མཚོའི་ནང་དུ་བུད་མེད་ལུས་པོ་ཕྱེད་བསྐམས་པ་ཆུ་སྲིན་གྱི་མགོ་ཅན་ཞིག་ཏུ་སྐྱེས། མིང་ཡང་ཀླུ་མོ་གཞོགས་བསྐམས་ཆུ་སྲིན་མགོའམ། ཀླུ་མོ་རེ་མ་ཏི་ཞེས་གྲགས་ཏེ་ཞག་དགུ་བཅུ་ལོན་པ་རང་ཚེ་འཕོས་ནས་ཡུལ་དྲི་ཟའི་གྲོང་ཁྱེར་གསེར་སྡིངས་སྐྱེད་མོས་ཚལ་ཞེས་བྱ་བར་དུག་ཤིང་ནག་པོ་འགྱུར་མེད་ཀྱི་དྲུང་དུ། བདུད་རེ་ལྡེ་འགོང་གཡག་རེ་ཏི་འགོ་པ་ཉག་ཅེས་པའང་འདུག་པས་སླར་བརྟག་དང་། བདུད་མོ་དྲན་པ་དབང་བྱེད་གཉིས་འདུས་པ་ལས། ཞག་དྲུག་ཅུ་རྩ་གཉིས་རྩ་གཅིག་ན་ཞེས་པ་ཡང་འདུག་ན་བུ་མོ་གཅིག་སྐྱེས་པ་དེ་ལ་ཕས་ནི། སྲིད་པ་གསུམ་གྱི་བློ་འཕྲོག་མ་ཞེས་མིང་དུ་བཏགས། མས་ནི་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། བདུད་ཕ་མ་གཉིས་ཀྱིས་རང་གི་བུ་མོ་དེའི་སྐྲ་ཉག་རེ་རེ་ལ་རིན་པོ་ཆེའི་གསེར་དང་། བཻཌཱུརྱའི་ཆུན་འཕྱང་བ། རིན་པོ་ཆེའི་དབུ་རྒྱན་དང་། ཉི་ཟླའི་ཐོད་གདེངས་དང་། ཐོད་པའི་མགུར་ཆུ་དང་། སྤྲུལ་གྱི་གདུ་བུས་བརྒྱན་ཅིང་། བདུད་ཀྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁང་བཟང་གི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བྱས། དེའི་ནང་དུ་ཡང་ཐོད་པ་འཕྲུལ་གྱི་ལྡིང་ཁང་ཕུབ་པའི་དབུས་སུ་ཁང་པ་བཟང་པོ་བདུན་བརྩེགས་ཀྱི་ནང་དུ། མི་རོ་འབུམ་གྱི་ཁྲི་ལ་བུ་མོ་བཞག་སྟེ། བྱི་བྱས་པའི་ཕྲུ་གུ་ཡིན་པས་སུས་ཀྱང་མ་མཐོང་ཞིང་མ་ཚོར་བར་སྦས་སྨྲ་བོ་ལག་རིང་དང་། ནམ་གྲུ་ཁྲམ་ཐོགས་གཉིས་ཀྱིས་སྒོ་བཅད། བདུད་ཀྱི་རྒྱལ་མོ་དང་། གླིང་བཞིའི་རྒྱལ་མོ་དང་། ས་བདག་གི་རྒྱལ་མོ་རྣམས་ཀྱིས་སྐུ་མཁར་དེ་བསྲུང་ཞིང་འཁོད་དོ། །
དེའི་ཚེ་ལྷ་མོ་དུང་སྐྱོང་མ་ནི་སྔོན་གྱི་ཁོལ་མོ་རེ་མ་ཏི་བདུད་ཀྱི་བུ་མོར་སྐྱེས་པ་དེ་བཀུག་ནས་བྲན་དུ་འཁོལ་འདོད་པས། ཕྱག་ན་རྡོ་རྗེའི་གསང་སྔགས་བྱེ་བ་ཕྲག་བཅོ་བརྒྱད་བཟླས་པས། གསང་སྔགས་དེའི་བྱིན་རླབས་ལས་གྲུབ་པའི་མཁའ་འགྲོ་མ་ཏིང་ངེ་འཛིན་གྲུབ་པ་མོ་ལག་ན་པདྨ་ཧེ་རུ་ཀ་ཐོགས་པ་གཅིག་རང་བྱུང་བ་དེས་བདུད་ཀྱི་ཡུལ་འཁོར་དང་ཕོ་བྲང་ཀུན་བྱིན་གྱིས་བརླབས་པས། བདུད་ཀྱི་རྒྱལ་པོ་ཡབ་ཡུམ་བློན་པོ་འཁོར་དང་བཅས་པ་རྣམས་དྲན་པ་ཉམས་པར་གྱུར་པ་དང་། བདུད་ཀྱི་བུ་མོ་རེ་མ་ཏི་དེས་ཀྱང་། སྔོན་གྱི་ཇོ་མོ་དུང་སྐྱོང་མ་དྲན་ནས་དེའི་དྲུང་དུ་འགྲོ་འདོད་པའི་བསམ་པ་དྲག་པོ་སྐྱེས་ཏེ། ཕ་བདུད་རེ་ལྡེ་འགོང་གཡག་རེ་ཏི་འགོང་ཉག་ཅེས་པའང་འདུག་པས་དཔྱད་གི་ལག་ཆ་བདུད་ཀྱི་ཁྲམ་བམ་ནག་པོ་དེ་ལག་པ་གཡས་སུ་ཐོགས། མ་བདུད་མོ་དྲན་པ་དབང་བྱེད་ཀྱི་མཚོན་གྱི་དྲུ་གུ་སྔོ་དམར་དེ་ལག་པ་གཡོན་དུ་ཐོགས་ནས་ནམ་ཕར་ཕྱེད་ཚུར་ཕྱེད་ཙམ་ན་བྲོས་ཕྱིན་པས། ཁྱིམ་བདག་རབ་སྦྱིན་གསལ་གྱི་བ་རྫི་མོ་དམངས་རིགས་བྱཱ་ཧ་མུ་ཞེས་བྱ་བ། རེ་ལྡེ་ནག་པོ་གྱོན་པ་དང་འཕྲད། གཅེར་མོ་རེ་མ་ཏིས་དམངས་རིགས་མོའི་ཤ་ཟོས། ལྤགས་པ་རྐེད་ལ་དཀྲིས། མོའི་གོས་རེ་ལྡེ་ནག་པོ་དེ་གྱོན་ནས་ཕྱིན་ཙ་ན། ལམ་ཁར་སྲིན་པོ་བུམ་སྣ་ཤི་བའི་ཁྲག་ནད་ཀྱི་རྫིང་བུ་གཅིག་ཡོད་པའི་ཁར་ཕྱིན་པའི་ཚེ། རེ་མ་ཏི་སྐོམ་ནས་ཐིག་པ་གཅིག་འཐུངས་པ་ཙམ་གྱིས་ཁ་རླངས་ནད་དུ་སོང་བས། དེའི་ཁ་རླངས་གར་ཕོག་ཏུ་རིམས་ནད་བྱུང་། དེར་ངོ་མཚར་སྐྱེས་ནས་སྔར་གྱི་བ་རྫི་མོའི་རླིད་བུ་སྐེད་པ་ནས་བཀྲོལ་ཏེ། ནད་ཀྱི་རྫིང་བུས་བཀང་ནས་སྦྲུལ་གྱི་ཁ་བཅིངས་ཏེ་མཆན་ཁུང་དུ་སྦས་ནས་སེམས་ཅན་ལ་གནོད་པ་བྱ་བར་བརྩམས། དེ་ནས་བཙན་སྐྱ་རྡོ་རྗེ་ཟླ་བ་དང་འཕྲད་དེ། དེས་ཤོ་དྷེ་དཀར་ནག་གང་ལ་བོར་བ་འཕུང་བར་བྱེད་པ་བདུན་ཡོད་པ་དེ་བརྔན་པར་བྱིན་ནས་དེ་དང་འདུས་པའི་ཁུ་བ་ཐིག་པ་གཅིག་འཛམ་བུའི་གླིང་དུ་བོར་བ་ཅོང་ཞི་དཀར་པོར་སོང་། དེ་ནས་ཤོ་རྡོ་དཀར་ནག་དེ་ལག་པ་གཡོན་དུ་བཟུང་སྟེ་གྲོང་ཁྱེར་སྦྲང་ལྡན་དུ་ཕྱིན་ནས། རྒྱལ་པོ་སེངྒེ་རྩལ་ལ་བསོད་སྙོམས་བྱས་པས། སྦྲང་རྩི་ལྷུང་བཟེད་གང་ཕུལ་བ་ལག་ཏུ་ལེན་ཁར། ཕྱག་ཚངས་པས་ཧུབ་བྱས་ནས་ཕུལ་བ་དེ། རེ་མ་ཏི་བླངས་ཙ་ན། བར་སྣང་གི་ལྷ་རྣམས་ཀྱིས་འདི་སྐད་ཅེས་བདུད་མོ་ཆེན་མོ། རྒྱལ་པོ་བྲན་ཁོལ་གྱི་ལྷག་མ་ཁ་འཕྲོ་འཐུང་ངམ། ཆེ་བ་ཉམས་སོ་ཟེར་ཙ་ན། བདུད་མོ་རེ་མ་ཏི་ཁྲོས་པས་ཡིད་འཁྲུགས་ཏེ། རྒྱལ་པོ་དེའི་ཡུལ་དུ་རིམས་ནད་བཏང་བས། རྒྱལ་པོས་དཀོར་ནོར་ཟངས་ཀྱི་དྲ་བ་དགུ་ཕུལ་ནས་རིམས་ནད་བཅད། དེ་ནས་ནག་མོ་རེ་མ་ཏིས་རྒྱ་མཚོའི་འགྲམ་དུར་ཁྲོད་ཆེན་པོ་རོའི་ཚལ་དུ་སྔོན་གྱི་ཇོ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏེ། དཔོན་གཡོག་གཉིས་འགྲོགས་ནས་སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོངས་པར་བྱེད་པའི་དུས་ཙ་ན། ཇོ་མོ་དུང་སྐྱོང་མའི་བཞོན་པ་སྲིན་གྱི་བོང་བུ་དམར་གྭ་དང་། སྲིན་མོ་ན་ལ་དུན་ཙའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཕྲད་པ། དྲེའུ་སྔོན་མོ་རླུང་གི་གཤོག་པ་ཅན་གཅིག་བྱུང་བ་ལ་རྒྱུ་མའི་མཐུར་དང་ཟངས་ཀྱི་སྒ་བསྟད་ནས་དེ་ཇོ་མོས་ཁོལ་མོ་ལ་ཞོན་པར་བྱིན། དེ་ནས་ཇོ་མོ་ནི་བོང་བུ་དམར་གྭ་ལ་ཞོན། མི་ལྤགས་གྱོན་ཞིང་ཐོད་པ་དང་རལ་གྲི་ཐོགས། ཁོལ་མོ་ནི་དྲེའུ་སྔོན་མོ་ལ་ཞོན་རེ་ལྡེ་ནག་པོ་གྱོན་ཞིང་། ལག་ན་ཁྲམ་བམ་དང་ཤོ་རྡེ་ཐོགས། གཉིས་ཀ་མཐུ་རྩལ་ཆེ་སྟེ་སྐྱེ་གནས་རྣམ་བཞིའི་སེམས་ཅན་ཟད་ཅིང་སྟོངས་པ་ཙམ་དུ་ཟོས། འཇིག་རྟེན་གྱི་མཁའ་འགྲོ་མ་དཀར་མོ། སྔོན་མོ། དམར་མོ། སེར་མོའི་ཚོགས་དང་། ལྷ་མོ་དང་། བདུད་མོ་དང་། སྲིན་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མང་པོ་ཡང་། ལྷ་མོ་རྗེ་ཁོལ་གྱི་འབངས་སུ་མཆིའོ་ཟེར་ནས་བྲན་དུ་འོངས། དུས་དེ་ཙ་ན་ལྷ་མོ་དཔོན་གཡོག་གཉིས་ལ་ཁྱོ་དགུ་ཡོད་དེ། དེ་ལ་ཇོ་མོའི་ཁྱོ་ནི་གཟའ་རཱ་ཧུ་ལ། སྲིན་པོ་སྒྲ་ལྡན། གཤིན་རྗེ་མ་རུ་རྩེ། བདུད་འཆར་ཀ་ནག་པོ། ཀླུ་ཀུན་དྷ་ལ་དང་ལྔ་དང་། ཁོལ་མོའི་ཁྱོ་བཞི་ནི། འབྱུང་པོ་དགེ་བ། བགེགས་བཱི་ན་ཡ་ཀ །གནོད་སྦྱིན་ཡཀྵ་ཀཱ་ལ། རླུང་བཱ་ཡུ་བེེ་དང་བཞིའོ། །དཔོན་གཡོག་གཉིས་ཀྱི་ཁྱོ་དགུ་པོ་དེ་དག་ཉིན་པར་ནི། མཆན་ཁུང་གཡོན་དུ་སྐུངས་ཤིང་སྦེད་ལ། མཚན་མོ་ནི་དུར་ཁྲོད་དུ་སྦྱོར་བ་བྱེད་དོ། །དེ་ནས་ལྷ་མོ་དུང་སྐྱོང་མ་དེས་སྔོན་དགེ་བ་སྤྱད་པའི་ལས་འཕྲོ་དང་སྨོན་ལམ་གཅིག་པའི་དབང་གིས། བྱང་ཆུབ་ཀྱི་ཤིང་དྲུང་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་སྤྱན་སྔར་ཕྱིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་རང་གི་སྲོག་གི་སྙིང་པོ་ཕུལ་ཞིང་། ཁོལ་མོ་རེ་མ་ཏིས་ཀྱང་སྲོག་གི་སྙིང་པོ་ཕུལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། གཉིས་ཀ་ཨ་སུ་རའི་བྲག་ཕུག་ཏུ་ཕྱིན་པས་དེར་བྲམ་ཟེ་མཆོག་སྲེད་སྒྲུབ་པ་བྱེད་པ་དང་འཕྲད། དེ་ལ་ལྷ་མོས་ཁྱོད་འདི་ན་ཅི་བྱེད་བྱས་པས།
བྲམ་ཟེ་ན་རེ། སྔོན་འདོད་ཁམས་འདི་ན་དགེ་སློང་བསྟན་པའི་སྡེ་དང་། དགེ་སློང་མ་ད་རི་སྡེ་བྱ་བ་གཉིས་སྡོམ་ཁྲིམས་ཉམས་ནས་རྒྱལ་པོའི་ཆད་པས་བསད། དེ་གཉིས་སྐྱེ་བ་འཕོས་ནས་བདུད་ལམ་ང་དགེའུ་རི་དང་། བདུད་མོ་རོ་ཤ་ཁ་བདར་འདར་ཅེས་པའང་སྣང་བྱ་བ་གཉིས་སུ་གྱུར་ཏེ། ཡུལ་མི་རྣམས་ཟད་པར་ཟོས། དེ་ནས་ང་ལ་ཟ་རེས་བབ་པས་ང་ནི་བདུད་འདུལ་བའི་ཕྱིར། ཡུམ་ཨེ་ཀ་ཛ་ཏི་རལ་གཅིག་མ་བསྒྲུབ་པ་ཡིན་ཟེར། ལྷ་མོ་དུང་སྐྱོང་མ་ན་རེ། འོ་ན་ངེད་དཔོན་གཡོག་གཉིས་ཀྱང་བསྒྲུབ་པར་བྱ་ན། ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་པས། བྲམ་ཟེ་ན་རེ། ཁྱོད་གཉིས་དངོས་གྲུབ་ཅི་འདོད་པ་ཡིན་ཟེར་བ་ལ། ངེད་གཉིས་འདོད་པའི་ཁམས་ཀྱི་དབང་མོ་ཆེར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་མཐུ་བསྒྲུབ་པ་གཅིག་འདོད་བྱས་པས། འོ་ན་བསྒྲུབ་པར་བྱའོ་ཟེར་ནས། བྲམ་ཟེ་ཆེན་པོ་དེ་དང་ལྷ་མོ་དཔོན་གཡོག་གིས་བསྒྲུབས་པས། ཡུམ་ཨེ་ཀ་ཛ་ཏིའི་ཞལ་མཐོང་སྟེ་དེས་དུང་སྐྱོང་མའི་མཚན་ནི་དཔལ་ལྡན་ལྷ་མོ་ནག་མོ་མ་ཧཱ་ཀཱ་ལི་ཞེས་བྱ་བར་བཏགས། ཁོལ་མོའི་མིང་ནི་ཡཀྵ་རེ་མ་ཏི་བྱ་བ་བཏགས་ཏེ་གཉིས་ཀའང་། འདོད་ཁམས་འདུལ་བའི་དབང་མོ་ཆེར་དབང་བསྐུར། དཔལ་ལྷ་མོ་མ་ཧཱ་ཀཱ་ལིས་ཀྱང་རང་གི་སྙིང་པོ་ཕུལ་ནས་ཆོས་སྐྱོང་ཞིང་བསྟན་པ་བསྲུང་བར་ཁས་བླངས། བདུད་ལམ་ང་དགེའུ་རི་དང་། རོ་ཤ་ཁ་བདར་མ་གཉིས་བསྒྲལ། དེའི་ཚེ་སའི་ལྷ་མོ་བརྟན་མས་ནམ་གྲུ་མཆེད་བརྒྱད་འབངས་སུ་ཕུལ། དེ་ནས་སྲིན་ཡུལ་དུ་དམག་དྲངས་ཏེ་སྲིན་པོ་ཡཀྵ་གོ་ར་བསྒྲལ། རེ་ཞིག་ན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་ཁྲོ་བོ་དཔལ་རྟ་མགྲིན་བསྒྲུབས་པས་འགྲུབ་སྟེ། ཞལ་མཐོང་ཞིང་གསང་བའི་གཟུང་མ་བྱས། རྗེ་མོའི་མིང་ནི་དཔལ་ལྡན་ལྷ་མོ་ནག་མོར་བཏགས། ཁོལ་མོའི་མིང་ནི་རྡོ་རྗེ་གློག་མ་སྤྲིན་དུ་བཏགས་ཏེ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ནས་ལས་ཀྱི་ལྷར་བྱིན་གྱིས་བརླབས། དཔལ་ལྷ་མོ་ནག་མོས་ཀྱང་། དཔལ་རྟ་མགྲིན་ལ་རང་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས།
དེའི་ཚེ་སྔོན་གྱི་ཡུམ་ཨུ་མ་དེ་ཝི་དང་། ནཱ་ལ་ཙེ་གཉིས་ཀྱང་རང་རང་གི་སྔོན་གྱི་བུ་མོ་གཉིས་དྲན་ནས། སྲིན་ལག་གི་རྩེ་ལ་ནུ་ཞོ་བླུགས་ནས་དྲེད་མོའི་རལ་པས་གཡབ་མོས་གཡོག་གཡོབ་ཅིང་བོས་སོ། །བུ་མོ་རྗེ་ཁོལ་གཉིས་ཀྱིས་ཀྱང་མ་གཉིས་ཀྱི་དྲུང་དུ་ཕྱིན་པས་དབང་བསྐུར་ཞིང་དམ་བསྒྲགས། བསྟན་པ་བསྲུང་བར་དབང་བྱིན་ནོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོས་ཀྱང་རང་གི་རྩ་དང་ཁྲག་དང་ཁུ་བའི་མཆོད་པ་བྱས་ནས་ལྷ་དང་མིའི་རྒྱལ་སྲིད་ཕུལ་ཞིང་། ཁྱད་པར་རྨ་བྱ་རིན་པོ་ཆེའི་གཤོག་པ་ཅན་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ་གཅིག་ཇོ་མོའི་ནོར་སྐལ་དུ་བྱིན། བྱ་དེ་མོ་ནག་མོ་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ་གཅིག་ཁོལ་མོ་ལ་ནོར་སྐལ་དུ་བྱིན་ནས། རྗེ་ཁོལ་གཉིས་ཀྱང་དེ་གཉིས་ལ་གཏན་གྱི་ནོར་སྐལ་དུ་བྱེད་ཅིང་ཆགས། དེ་ནས་ལྷ་མོ་གཉིས་ཀྱིས་གསང་བའི་གནས་དུར་ཁྲོད་རོ་ཁང་ནག་པོའི་དབུས། མ་རུ་རྩེའི་སྒོ་འགྲམ་དུ། དཔལ་ཕྱག་ན་རྡོ་རྗེའི་དངོས་གྲུབ་བསྒྲུབས་པས་འགྲུབ་སྟེ། དཔལ་ཕྱག་ན་རྡོ་རྗེས་དངོས་སུ་ཞལ་བསྟན་ནས། ལྷ་མོ་དཔོན་གཡོག་གཉིས་ཀྱི་སྤྱི་གཙུག་ཏུ་དཔལ་རྟ་མགྲིན་གསང་བ་འདུས་པའི་དབང་བསྐུར། ལུས་ངག་ཡིད་གསུམ་ལ་ཁྲག་འཐུང་ཧེ་རུ་ཀའི་དབང་བསྐུར། ཐུགས་དཔལ་གྱི་བེའུར་རིགས་ལྔའི་སངས་རྒྱས་ཀྱི་དབང་བསྐུར། སྐུ་སྟོད་ཀྱི་རྒྱན་དུ་ཕྲ་མན་བཅུ་དྲུག་གི་དབང་བསྐུར། ལྗགས་ཀྱི་པདྨ་ལ་ལྕགས་ཀྱུ་གསང་བའི་དབང་བསྐུར། གནད་མདོ་ཆེན་པོ་དྲུག་ཏུ་ཚོམ་བུ་གསང་བའི་དབང་བསྐུར། གསང་བའི་པདྨ་ལ་ཐིག་ལེ་ཡེ་ཤེས་ཤར་བའི་དབང་བསྐུར། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་འཁོར་དུ་དབང་བསྐུར། པདྨ་གར་གྱི་དབང་ཕྱུག་གི་སྤྲུལ་པ་དང་ཡང་སྤྲུལ་དུ་དབང་བསྐུར། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། དེ་ནས་དཔལ་ཕྱག་ན་རྡོ་རྗེས་ཇོ་མོའི་མིང་ནི་དཔལ་མ་ཧཱ་ཀཱ་ལཱི་ཞེས་བྱ་བར་བཏགས། ཁོལ་མོའི་མིང་ནི་གནོད་སྦྱིན་ཤན་པ་ནག་མོ་རེ་མ་ཏི་ཞེས་བཏགས་ཏེ། གཉིས་ཀ་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་གཉེར་གཏད། ལྷ་མོས་ཀྱང་དཔལ་ཕྱག་ན་རྡོ་རྗེ་ལ་རང་གི་སྙིང་པོ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས། དེ་ནས་དཔལ་ལྷ་མོ་དེ་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་པའི་ཚེ། ལྷ་ཚངས་པས་ཉི་མའི་རྒྱལ་མཚན་ཕུལ། ཁྱབ་འཇུག་གིས་ཟླ་བའི་རྒྱལ་མཚན་ཕུལ། རྣམ་ཐོས་ཀྱིས་སེངྒེའི་རྣ་ཆ་ཕུལ། ནམ་མཁའི་ལྷ་ཕྲན་རྣམས་ཀྱིས་དྲིལ་བུའི་རྒྱན་ཕུལ། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་འཕྲེང་དང་ཁྲག་ཞག་གི་ཐིག་ལེ་ཕུལ། ཀླུ་དགའ་བོས་སྦྲུལ་གྱི་གདེངས་ཀ་ཕུལ་ཏེ་སྲིད་པ་གསུམ་གྱི་མཆོད་ཅིང་བཀུར་བའི་གནས་སུ་གྱུར་པ་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་བའི་འཁོར་འདུས་པ་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པས། ལྷ་མོ་ཆེན་མོ་དེ་ལ་སྲིད་པ་གསུམ་ན་འགྲན་པའི་ཟླ་མེད་པར་གྱུར་པ་ཡིན་ལ། ཁོལ་མོ་རེ་མ་ཏི་ནི། ཇོ་མོའི་སྔགས་ཀྱི་བསོད་ནམས་ལས་གྲུབ་པ་ཡིན་ཏེ། དེ་ལ་ཡང་དེའི་ཚེ་འཁོར་འདུས་པའི་ནང་ནས་བདུད་རེ་ལྡེ་འགོང་གཡོག་གིས་སྐྱེ་བ་རྣམ་བཞིའི་འདུལ་ཐབས་ཀྱི་སྒོ་ནས་བསྟོད་ཅིང་བསྔགས་སོ། །
དེ་ནས་དཔལ་ཕྱག་ན་རྡོ་རྗེས་ལྷ་མོ་དཔོན་གཡོག་ལུང་བསྟན་པ་ནི། མཁའ་འགྲོ་ལྷ་མོ་ནག་མོ་ནི། །བསྐལ་པ་མང་པོའི་སྔོན་རོལ་ནས། །དུས་གསུམ་རྒྱལ་བའི་ཞལ་མཐོང་ཞིང་། །དམན་པའི་ཞིང་འདིར་སྤྲུལ་སྐུ་ཡིས། །ལྷ་མོའི་ཚུལ་དུ་སྐུ་བསྟན་ནས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཉོན་མོངས་སྒྲིབ་པ་རབ་ཏུ་སྤངས། །ད་ལྟ་ཤེས་བྱའི་སྒྲིབ་པ་སྦྱོང་། །དེ་ཡི་ཁོལ་མོ་རེ་མ་ཏི། །སྨོན་ལམ་དབང་གིས་འགྲོ་དོན་བྱེད། །སྒོམ་པའི་ལམ་ལ་རབ་གནས་ནས། །ད་ལྟ་ཉོན་མོངས་སྒྲིབ་པ་སྦྱོང་། །འདི་ནས་དུས་ནི་ཕྱི་མའི་ཚེ། །མཁའ་འགྲོ་ལྷ་མོ་ནག་པོ་འདི། །བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས། །པདྨོ་རྣམ་པར་རོལ་པ་དེར། །པདྨའི་མཚན་ཞེས་བྱ་བར་ནི། །ཡང་དག་རྫོགས་པའི་སངས་རྒྱས་སུ། །ངས་ནི་ལྷ་མོ་ལུང་བསྟན་ཏེ། །དེ་ཡི་གཡོག་མོ་རེ་མ་ཏི། །པདྨོ་ཅན་གྱི་ཞིང་ཁམས་དེར། །བདེ་བའི་བྱང་ཆུབ་སེམས་དཔའ་ནི། །བློ་གྲོས་བཤེས་གཉེན་བྱ་བར་ནི། །དེང་འདིར་ངས་ནི་ལུང་བསྟན་ཏེ། །ཞེས་གསུངས་ཏེ། དེ་ལྟར་སྐྱེ་རབས་ཀྱི་ཕྲེང་བ་རབ་ཏུ་བསྟན་པ་དེ་དག་ཀྱང་གདུལ་བྱའི་དབང་གིས་འགྲོ་བའི་འདུལ་ཐབས་སུ་གྲུབ་པའི་སྐུས་ཚུལ་དེ་ལྟར་བསྟན་པ་ཡིན་གྱི། ཡང་དག་པར་ནི་དཔལ་ལྡན་ལྷ་མོ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་རང་གི་བསྟན་པ་བསྲུང་བའི་ཆེད་དུ་ཁྲོ་བོའི་སྐུར་སྤྲུལ་པ་ཡིན་ཏེ། མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་ཀྱི་ལྟ་བ་བསྟན་པའི་ལེའུ་ལས། སྙིང་རྗེའི་དབང་གིས་འགྲོ་དོན་བྱེད་པ་ནི། །མདོར་ན་སངས་རྒྱས་སྤྲུལ་པ་ཡིན་པ་སྟེ། །ཁོལ་མོ་བྱང་ཆུབ་སེམས་དཔའི་སྤྲུལ་པའོ། །མཚན་མའི་སྲིན་མོ་བདུད་མོར་ལྟ་མི་བྱ། །ཞེས་གསུངས་པ་ལྟར་རོ། །གསེར་འོད་དམ་པའི་དབྱངས་ཅན་ལེའུ་ལས་ཀྱང་། ཕྱག་འཚལ་བཅོམ་ལྡན་དབྱངས་ཅན་མཆོག །ཅེས་དོན་ལ་རྟོན་པའི་དབང་དུ་བྱས་ནས་གསུངས་ལ། ཡང་གོང་དུ་བཤད་པའི་གཏམ་རྒྱུད་དེ་དག་དང་མཐུན་པའི་དབང་དུ་བྱས་ནས་མདོ་དེ་ཉིད་ནས། གཡུལ་གྱི་གནས་ལ་རྟག་ཏུ་རྒྱལ། །སྙིང་རྗེ་བཟོད་དང་དུལ་བས་སྐྱེས། །གཤིན་རྗེའི་སྲིང་མོར་ལུས་སྟོན་ཅིང་། །རྟག་ཏུ་དར་གོས་སྔོན་པོ་བསྣམས། །མཛེས་དང་མི་མཛེས་ཀུན་སྟོན་ཅིང་། །སྤྱན་མིག་སུས་མཐོང་སྡངས་པ་བསྐྱེད། །སྤྱོད་པ་ཚད་མེད་འཇིག་རྟེན་འདས། །སྐྱབས་སུ་སུ་འོངས་རྗེས་སུ་འཛིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །
དེས་ན་དཔལ་ལྡན་ལྷ་མོ་འདི་ནི་ཡུན་རིང་པོ་ནས་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་གྱིས་ཐམས་ཅད་མཁྱེན་པ་ཉིད་བརྙེད་དུ་ཟིན་ཀྱང་། ཇི་སྲིད་སེམས་ཅན་གྱི་ཁམས་ཐམས་ཅད་མ་དུལ་གྱི་བར་དུ་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་མི་གཡོ་བར་བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་བ་ལ་ཟླ་མེད་པའི་འཕྲིན་ལས་ཀྱི་དབང་ཕྱུག །ཐར་པ་འདོད་པ་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པར་བཞུགས་པ་ཡིན་ནོ། །
དེ་ཡང་དཔལ་ལྡན་ལྷ་མོ་དཔོན་གཡོག་འདི་གཉིས་ནི། མ་མོ་རྦོད་གཏོང་གི་ལྷ་ཚོགས་ཐམས་ཅན་འདུས་པའི་བདག་ཉིད་ཆེན་མོ། ལས་དང་ཡེ་ཤེས་ལས་གྲུབ་པའི་མཁའ་འགྲོ་མ་ཐམས་ཅན་ཀྱི་རྩ་བ་ཡིན་ཏེ་སྲིད་པའི་བེམས་ལས། ཇི་སྐད་དུ། མ་མོ་འབུམ་ཕྲག་བསམ་ཡས་ཀྱང་། །ལས་དང་ཡེ་ཤེས་གཉིས་སུ་འདུས། །ཞེས་འབྱུང་བ་བཞིན་ནོ། །ཞེས་པ་དང་། འདི་ལྟ་བུའི་ཆོས་སྐྱོང་བཟང་པོ་ལ་རྟེན་དུ་ཡོད་པ་ནི་ཆོས་བྱེད་རྣམས་སྐལ་བ་ཤིན་ཏུ་བཟང་བ་ཡིན། དེ་ཡང་རྣལ་འབྱོར་པ་རང་གི་ལུས་ངག་ཡིད་གསུམ་མ་མོའི་དཀྱིལ་འཁོར་དུ་ཤེས་པར་བྱས་པ་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་མ་མོར་མ་གྱུར་པ་གང་ཡང་མེད་དེ། མ་མོ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་རྨད་དུ་བྱུང་བའི་ལྟ་བ་དོན་དང་སྦྱར་བའི་གྲོལ་ལམ་བླ་ན་མེད་པ་ཡིན་ཏེ། མ་མོ་རྦོད་གཏོང་གི་ལྟ་བ་བསྟན་པ་ལས། ཇི་སྐད་དུ། མ་ནི་ཀུན་གཞི་བདེ་ཆེན་དབྱིངས་མཁའ། །མོ་ནི་རྣམ་ཤེས་ཧཱུཾ་ཆེན་འབར། །མཁའ་ཀློང་གཉིས་སུ་བདག་བསྒོམ་ན། །སྣོད་ཀྱི་འཇིག་རྟེན་ཀུན་བཟང་ཀློང་། །བཅུད་ཀྱི་འཇིག་རྟེན་སངས་རྒྱས་རྒྱུད། །ཕྱི་ནང་སྣོད་བཅུད་རྣམ་པར་དག །མ་དང་མོ་ཡི་ངང་ཉིད་དུ། །ཐམས་ཅད་མ་ལུས་སངས་རྒྱས་སོ། །ཞེས་འབྱུང་བ་ལྟར་ཡིན་ནོ། །ཞེས་གསུངས། ཨུ་མར་འཁྲུངས་པའི་ལྷ་མོ་ཙ་མུནྟྲི་ནི་ཙཎྜི་ཀ་རང་གི་བེ་བུམ་ནས་འབྱུང་ཞིང་དཔལ་ལྡན་ལྷ་མོ་དུད་སོལ་མ་ཡང་འདི་ཡིན། མདོ་དབང་གི་སྐབས་སུ། སྲིན་པོའི་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་མིའི་སྲིན་མོ། །སྐུ་མདོག་དམར་ནག་ཐོད་རློན་འཆང་། །དེ་ཉིད་ལས་ནི་གནས་འགྱུར་བ། །དམར་སེར་ཏྲི་ཤུལ་ཞིང་ཆེན་གཡོགས། །ཞེས་པའི་དོན་འཆད་པའི་ཚེ། མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲིས། མིའི་སྲིན་མོ་འདི་སྲིན་པོ་དྷ་ཤ་གྷྲི་བའི་ཆུང་མ་བྱེད་པའི་དུས་སུ་སྲིན་མོ་དམར་ནག་ཐོད་རློན་འཛིན་པ་ཞིག་ཡོད་པ་དེ་ཕྱིས་མ་ཏྲཾ་རཱུ་ཏྲས་སྲིན་པོའི་གམ་ནས་འཕྲོག་ཏེ་ཁོའི་ཆུང་མ་བྱས། དེར་ཁོ་མགོ་བརྙན་ལ་དགའ་བས་སྲིན་མོའི་སྲིན་ཞལ་གཡག་གདོང་དུ་བསྒྱུར་བས་མི་སྲུན་གཡག་མགོ། ཐོད་རློན་འཆང་ཞེས་པ་དེ་ཡང་ལྷ་མོ་འདི་ཉིད་དོ། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས། དམག་ཟོར་མའི་བསྟོད་པར། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི། །གཙོ་མོ་མཛད་པ་དེ་ཡི་ཚེ། །མི་སྲིན་གཡག་མགོ་ཐོད་རློན་འཆང་། །དེ་ཡང་བྱང་ཤར་རེ་མ་ཏི། །ཞེས་གསུངས། འབར་མ་བརྒྱད་ཀྱི་ནང་ཚན། མེ་ཁྱེར་གློག་འཕྲེང་འཛིན་ཡང་འདི་ཉིད་དེ། ཐམས་ཅད་མཁྱེན་པས་མཛད་པའི་བསྟོད་པ་ལས། རི་རབ་ཟོམ་ན་བཞུགས་པའི་ཚེ། །འབར་མ་མེ་ཁྱེར་གློག་ཕྲེང་འཛིན། །ལྷ་སྲིན་དགུ་བརྒྱའི་ལིངས་པ་མོ། །ཞེས་གསུངས། དབང་གི་མ་བདུན་གྱི་རྡོ་རྗེ་ཀུན་གྲགས་མ་དང་། རྡོ་རྗེ་གཡུ་སྒྲོན་མ་ཡང་འདི་ཉིད་དེ། བསྟན་མའི་གཙོ་མོ་མཛད་པའི་ཚེ། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ། །ཞེས་གསུངས་ཤིང་། རྒྱས་པར་བསྟན་མ་བཅུ་གཉིས་ཀྱི་སྐབས་སུ་འཆད་པར་བྱའོ། །ཁོལ་མོ་རེ་མ་དུ་ནི། དཔལ་ལྡན་དམར་ཟོར་རྒྱལ་མོ་ཡིན་ལ། དེ་ཡང་ཞིབ་ཏུ་ཕྱེ་ན། རྗེ་མོ་ཨུ་མའི་སྲས་མོ་དུང་སྐྱོང་མའི་སྐུ་ཐོག་ལ་ཙཎྚི་ཀའི་མཚན་ཐོགས་ཤིང་། དེའི་སྐུ་སྐྱེ་བ་རྗེས་མར་མ་ཧཱ་ཀཱ་ལིའི་དཔལ་ལྡན་ལྷ་མོ་ནག་མོ་ཞེས་གྲགས་ཤིང་། རྡོ་རྗེ་ནམ་གྲུ་མ་དང་། གསེར་གྱི་སྤུ་གྲི་མ་དང་། རྡོ་རྗེ་གཤོག་རྒོད་མ་སོགས་ཀྱི་མཚན་ཐོགས། ན་ལ་རྩེར་འཁྲུངས་པའི་སྦལ་པ་ཐལ་མདོག་མའམ། མི་ཕམ་ཁྲོ་གཉེར་མའམ། དམར་འདབ་ཕུར་པའི་ལྷ་ཞེས་གྲགས་པ་དེའི་སྐུ་སྐྱེ་བ་ཕྱི་མར། གནོད་སྦྱིན་ཤན་པ་ནག་པོ་རེ་མ་ཏིའམ་ཡཀྵ་ནག་མོ་རེ་མ་ཏིའམ་རྡོ་རྗེ་གློག་མ་སྤྲིན་དང་དཔལ་ལྡན་དམག་ཟོར་རྒྱལ་མོ་ཞེས་གྲགས་ཤིང་། འགྲོ་བའི་སྣང་ངོར་སྐུ་སྔ་ཕྱི་འཕོས་པའི་ཚུལ་འཛིན་པ་དང་། ད་ལྟ་སྐུ་སྔ་ཕྱིའི་བཀོད་པ་ཐམས་ཅད་ཡོད་པའི་ཚུལ་བཟུང་སྟེ་འགྲོ་བའི་དོན་མཛད་པའི་ཚུལ་སོགས་སོ་སོར་སྟོན་པ་ནི་གདུལ་བྱའི་ཁམས་དང་འཚམ་པར་བསྟན་པ་ཡིན་པས་མི་འགལ་ལོ། །འོ་ན་གོང་དུ་ཨེ་ཀ་ཛ་ཊིས། ལྷ་མོ་རྗེ་ཁོལ་གཉིས་བཏུལ་བར་བཤད་ན། ཨེ་ཀ་ཛ་ཊི་དང་མི་གཅིག་གམ་སྙམ་ན། ངོ་བོ་གཅིག་ཀྱང་ཨུ་མར་འཁྲུངས་པའི་ལྷ་མོ་དུང་སྐྱོང་མ་ཉིད་འགའ་ཞིག་གི་སྣང་ངོར་སྐུ་དེ་ཉིད་ལ་རྡོ་རྗེ་གཞོན་ནུའི་སྦྱོར་ཡུམ་མཛད་དེ་ཡུམ་འཁོར་ལོ་རྒྱས་འདེབས་མར་གྲགས་པ་དང་། ཕྱག་ན་རྡོ་རྗེའི་སྦྱོར་ཡུམ་མཛད་པས་མ་མོ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊིར་གྲགས་པ་དང་། རང་བྱུང་རྒྱལ་མོ་ཞེས་གྲགས་ཤིང་། འགའ་ཞིག་གི་སྣང་ངོར། དེའི་ཚེ་ཨེ་ཀ་ཛ་ཊིར་གྲགས་པ་དེ་ལྷ་མོ་མ་ཧཱ་ཀ་ལི་དང་མི་གཅིག་པ་ལྟ་བུར་བསྟན་ཏེ། གདུལ་བྱ་དང་། འདུལ་བྱེད་ཀྱི་རྣམ་པ་གཉིས་སུ་བསྟན་པ་ཡིན་ཏེ། ཁྲོས་མ་གསང་རྒྱུད་ལས། རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ ཉོན་ཅིག་ལྷ་མོ་བདེ་བྱེད་མ༔ སུམ་ཅུ་རྩ་གསུམ་ལྷ་གནས་ན༔ མ་ཧཱ་དེ་ཝ་ཨུ་མ་གཉིས༔ མ་མཇལ་ཡིད་ཀྱིས་སྦྱོར་མཛད་པ༔ ཡབ་ཡུམ་གཉིས་སུ་མེད་པའི་དྭངས་མ་ལས༔ ལྷ་མོ་ཨུ་མ་དེ་ཝའི་དཔྲལ་བར་ལྕགས་ཀྱི་འཛེར་པ་གཅིག་སྐྱེས་ཏེ་ཡབ་ཀྱི་ཁྱེའུར་སྨོན་ལམ་བཏབ། ཡུམ་གྱི་བུ་མོར་སྨོན་ལམ་བཏབ། ཡུམ་གྱི་སྨོན་ལམ་མཐུ་བཙན་ནས། བུ་མོ་བཟང་སྡུག་ལ་འོད་ཆགས་པ་གཅིག་སྐྱེས་སོ། །མིང་ཡང་ལྷ་མོ་མདངས་ལྡན་མར་གསོལ་ཏོ། །
བུ་མོ་དེ་ཟས་སུ་ལྷ་ཡི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་གཅིག་ཟ། གོས་ནི་ལྷའི་པཉྩ་ལི་ཀ་གྱོན་པ་ལས། བདུད་ཐོད་པའི་འཕྲེང་བ་ཅན་དང་། བདུད་མོ་བརྒྱ་བྱིན་ཀུན་དགའ་བོའི་བུ། བདུད་བྲང་ཀུན་ནག་པོ་བྱ་བའི་ཆུང་མར་ཕྱིན་ཏེ། ཕ་མ་གཉིས་ཀྱི་དམོད་པ་བོར་རོ། །ཁྱེའུ་ལྷའི་བུ་གསོས་པས་བདུད་དུ་སོང་པས་ཁྱོད་ལུས་མཐིང་ག་ནག་པོར་སོང་ཞིག །ཟས་སུ་མི་ཤ་རྟ་ཤ་ཟ་བར་སོང་ཞིག །ཁྱོད་གོས་སུ་མི་ལྤགས་གྱོན་པ་ཞིག་ཏུ་སོང་ཞིག །ཅེས་དམོད་པ་བོར་རོ། །ཡུམ་གྱི་དམོད་པ་བཙན་པར་གྱུར་ཏེ། མོད་ཉིད་ལ་བཞིན་འགྱུར་ཏེ། རྨེ་ཤ་གསུམ་ལ་རྐན་ཕབས་ཏེ། ལྷའི་ཞལ་ཟས་བས་རོ་རྒྱས་གོས་སུ་ཞིང་ལྤགས་གྱོན་པ་བརྗིད་ཆེ། རལ་པ་ནག་པོས་ས་གཞི་ཁེབས་པ་གཅིག་ཏུ་གྱུར་ཏོ། །ཡུམ་ལྷ་ཡིན་པའི་རྟགས་སུ་སྤྱི་བོའི་གཙུག་ཏུ་མཐིང་གི་རལ་པ་འོད་དུ་འཕྲོ་བ་གཅིག་མར་གྱུར་པ་ལས། མཚན་ཀྱང་རལ་གཅིག་མར་གསོལ་ལོ། །
དེ་ནས་རྒྱ་མཚོའི་གཏིང་དུ་ཡུམ་མཚོ་སྨན་རྒྱལ་མོའི་དངོས་གྲུབ་བརྙེས་ཏེ། བྲག་ཆོས་བཟང་འདྲ་བ་ལ་ཉིན་ཀྱི་གནས་བཅས། མཚན་ཀྱང་མེ་གཟའ་བྲག་གོན་མར་གསོལ་ཏེ། དེ་ནས་གྲུ་གསུམ་ཀློང་དགུ་མ། །གྲུ་གསུམ་ཤེལ་གྱི་ཕོ་བྲང་དུ། །རྡོ་རྗེ་གཞོན་ནུའི་ཡུམ་མཛད་པས། །མཚན་ཡང་འཁོར་ལོ་རྒྱས་འདེབས་མ། །རི་བོ་མ་ལ་ཡ་ཡི་རྩེར། །ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ། །གསང་སྔགས་སྲུང་མར་དབང་ཡང་བསྐུར། །མཚན་ཡང་སྔགས་སྲུང་ནག་མོ་བྱ། །ཐམས་ཅད་གསོད་པའི་ལས་བྱེད་མ། །སྲིན་མོ་རལ་གཅིག་ཤ་ཟ་མ། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱེད་པས། །མཚན་ཡང་དགྲ་འདུལ་ནད་འཚོང་མ། །དེ་ནས་ཚ་བའི་ནད་གཏོང་བ། །མཚན་ཡང་བལ་མོ་ཀུན་གདུག་ཞང་བློན་གྱི་ཡུམ་དེ་ཡིན་ནོ་མ། །ཁྲག་རིམས་ཡམས་ནད་གཏོང་བྱེད་པས། །མཚན་ཡང་ནག་མོ་ཁྲག་འཛག་མ། །ལྟས་ངན་ཆོ་འཕྲུལ་གཏོང་བྱེད་པས། །མཚན་ཡང་མོན་མོ་ནག་མོ་བྱ། །དེ་སོགས་མཚན་གྱི་རྣམ་གྲངས་ཀྱང་། །བརྗོད་ཀྱིས་མི་ལང་བསམ་ཡས་ཏེ། །ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུས། །ཉིད་ཀྱི་སྤྲུལ་པ་བསྟན་པར་བསམ། །ཞེས་གསུངས། དེ་ལྟ་བུའི་དཔལ་ལྡན་ལྷ་མོ་སྔགས་ཀྱི་སྲུང་མ་དེས། རང་བཞིན་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཆེན་པོར་བཞུགས་པའི་སྐབས་སུ། རང་གི་སྤྲུལ་པ་མཁའ་འགྲོ་མ་རྡོ་རྗེ་བདེ་བྱེད་མས་བསྐུལ་ཏེ་ཁྲོས་མ་གསང་རྒྱུད་ལ་སོགས་པ་གསུངས་པ་ཡིན་ཏེ། ཁྲོས་མ་ནག་མོའི་གསང་རྒྱུད་ལས། དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ དཔལ་ལྡན་རང་བྱུང་རྒྱལ་མོའི་གནས༔ རང་བཞིན་ལྷུན་གྱིས་རྫོགས་པ་ཡི༔ བྷནྡྷ་འབར་བའི་གཞལ་ཡས་ཁང་༔ དཀར་དང་སེར་དང་དམར་ནག་པའི༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ཞི་བས་དཔའ་བཀོང་རྒྱས་པས་ཟིལ་གནོན་པ༔ དབང་གིས་དབང་སྡུད་དྲག་པོས་སྒྲོལ་བར་བྱེད༔ ཁམས་གསུམ་དབང་སྡུད་དྲག་པོའི་གཞལ་ཡས་ནི༔ དྲི་ཟ་ལ་སོགས་ཕྱོགས་སྐྱོང་བཅུ་ཡི་མགོས༔ ཤར་ལ་སོགས་པ་དེ་བཞིན་རབ་ཏུ་མཛེས༔ བྷནྡྷའི་གཞལ་ཡས་ལྷུན་གྱིས་གྲུབ་པ་ལས༔ གནམ་ལྕགས་འབར་བའི་གཟེར་ཆེན་རབ་ཏུ་བཏབ༔ ཡེ་ཤེས་ལྔ་ལྡན་ཁ་དོག་རབ་ཏུ་འཕྲོ༔ ལྷ་བརྒྱད་ཀ་བ་ཀླུ་བརྒྱད་གདུང་དུ་བྲེས༔ གཟའ་བརྒྱད་འཁྱམས་བྲེས་རྒྱུ་སྐར་དྲལ་ལྕམ་གྱིས༔ རུ་དྲ་དཀར་པོ་སེར་པོ་དམར་པོ་དང་༔ ལྗང་ཁུ་ལ་སོགས་པ་ཡི་ཐོག་ཀྱང་ཕུབ༔ ཡེ་ཤེས་བཞི་ལྡན་སྒོ་བཞིར་གནས་པ་ནི༔ སྒོ་སྐྱེས་གཡས་གཡོན་ཆུ་སྲིན་འགྲམ་པ་ལ༔ བཟས་པ་ཕོ་མོའི་ཡ་ཐེམ་མ་ཐེམ་བྱས༔ ཆུ་སྲིན་ཐོད་པའི་རྟ་བབས་རབ་ཏུ་མཛེས༔ བྷནྡྷ་སུམ་ཅུ་རྩ་གཉིས་རབ་ཏུ་གཏིབས༔ ཆོས་ཀྱི་འཁོར་ལོ་རབ་ཏུ་ཉམས་ནི་དགའ༔ འོད་ཟེར་དམར་ནག་འཕྲོ་འདུ་རྒྱུན་མི་ཆད༔ ཆོས་ཀྱི་འཁོར་ལོར་སྨུག་ནག་གདུགས་ཕུབ་ནས༔ གཡས་གཡོན་ཆུ་སྲིན་ཕྲུ་གུ་བལྟ་ཞིང་ཕྱོགས༔ སེངྒེ་སྟག་དང་ཆུ་སྲིན་དོམ་གྱི་མགོས༔ བྷནྡྷ་འབར་བའི་གཞལ་ཡས་བར་བགྱིས་ཏེ༔ ཐོད་པའི་དྲྭ་བ་ཚལ་བུའི་དྲྭ་ཕྱེད་པ༔ ཞེ་སྡང་སྦྲུལ་ནག་ཆེན་པོའི་ཐག་པས་བརྒྱུས༔ གསེར་གྱི་དྲིལ་འཁྲོལ་རིན་ཆེན་འོད་ཟེར་འབར༔ སྦྲུལ་ནག་གདུག་པའི་ཆུན་པོ་ཉི་ལི་ལི༔ ཐབས་དང་ཤེས་རབ་ཉི་ཟླ་གསལ་རྒྱས་ཏེ༔ གཞལ་ཡས་ཕྱི་ནང་མེད་པར་འོད་ཟེར་འབར༔ ཐོད་པ་ཁྲག་འཛག་དར་བུ་ཁད་དུ་ལྡན༔ སྤྲུལ་པའི་ལྷ་མོ་འདོད་ཡོན་མཆོད་པའི་སྟོབས༔ རྒྱལ་མཚན་ཆེན་པོ་བཞི་ཡང་གནས་པ་ཡི༔ བྱང་ཤར་སྤྲུལ་པའི་རྡོ་རྗེ་རྒྱལ་མཚན་དང་༔ ཤར་ལྷོ་འདུ་བྱེད་ལྕགས་ཀྱི་རྒྱལ་མཚན་དང་༔ ལྷོ་ནུབ་ལྷ་སྲིན་དར་གྱི་རྒྱལ་མཚན་དང་༔ ནུབ་བྱང་དམར་ནག་ཁྲག་གི་རྒྱལ་མཚན་དང་༔ རྒྱལ་མཚན་ཆེན་པོ་བཞི་ཡང་དེ་བཞིན་གནས༔ དེ་ལྟར་གནས་པའི་གཞལ་ཡས་ཆེན་པོ་དེ༔ དཔལ་ལྡན་རང་བྱུང་རྒྱལ་མོ་བཞུགས་པའི་གནས༔ གཞལ་ཡང་ནང་རིམ་ཁྲག་གི་རྒྱ་མཚོར་གནས༔ སྤྲུལ་པའི་མ་མོ་མཁའ་འགྲོ་བཞུགས་པའི་གནས༔ ཕྱི་རིམ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནི༔ བདུད་དང་སྲིན་པོ་གཤིན་རྗེ་བཞུགས་པའི་གནས༔ ཐ་མ་ལྕགས་རི་ནག་པོས་བསྐོར་བའི་ནང་༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའོ༔ དུར་ཁྲོད་ནག་པོ་ཕྱོགས་སྐྱོང་མགོན་པོ་དང་༔ རོ་ནི་སྣ་ཚོགས་རྣམ་པར་བམ་པ་དང་༔ རུལ་དང་མྱག་དང་རྣམ་པར་བམ་པ་དང་༔ སྟག་དང་གཟིག་དང་གཅན་གཟན་སྣ་ཚོགས་དང་༔ དུར་བྱ་ཀངྐ་འདབ་ཆགས་སྣ་ཚོགས་དང་༔ ཤིང་ལ་སོགས་པ་འང་ནི་དེ་བཞིན་གནས༔ ཤ་ཟ་ཁྲག་འཐུང་ལས་ཀྱི་མཁའ་འགྲོ་དང་༔ གིང་དང་ལངྒ་གནོད་སྦྱིན་ཕོ་མོའི་གནས༔ གཞན་ཡང་དུར་ཁྲོད་མ་མོ་མཁའ་འགྲོའི་ཚོགས༔ དཔལ་ཆེན་ཀ་ལ་གཏོགས་པ་བསམ་མི་ཁྱབ༔ དེ་དག་ཐམས་ཅད་འཁོར་དང་ཐབས་ཅིག་བཞུགས༔ དུར་ཁྲོད་གཞལ་ཡས་དེ་ཡི་ཕྱི་རིམ་ན༔ དུར་ཁྲོད་མེ་དཔུང་འབར་བས་བསྐོར་ཏེ་གནས༔ ཆོས་ཉིད་ཀློང་དུ་མི་འགྱུར་མི་ཤིགས་རྟགས༔ རྡོ་རྗེ་ར་བ་ཡོངས་སུ་རྒྱ་མ་ཆད༔ དེ་ལྟ་བུ་ཡི་གཞལ་ཡས་འབར་བ་དེ༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་གནས༔ ཕོ་བྲང་གྲུ་གསུམ་མཁའ་དབྱིངས་བདེ་ཆེན་གནས༔ དུར་ཁྲོད་རོ་ཡི་གདན་ལ་འགྱིང་བའི་ཚུལ༔ བུད་མེད་ནག་པོ་མཛེས་པའི་ཆ་བྱད་ཅན༔ དཀར་མོ་ནག་མོ་སེར་མོ་དམར་མོའི་ཚོགས༔ ཉིད་ལས་མི་གཞན་འཁོར་གྱིས་བསྐོར་ཏེ་གནས༔ ཉིད་ཀྱི་ཐེ་ཚོམ་རྒྱས་པར་བཅད་པའི་ཕྱིར༔ ཕྱག་རྡོར་སྤྲུལ་པ་ལྷ་མོ་བདེ་བྱེད་མ༔ ཉིད་ལས་མི་གཞན་དམོད་པའི་མཚོན་ཆ་ཅན༔ རང་ལས་སྤྲུལ་པའི་ནག་མོ་འབུམ་དང་བཅས༔ རང་བྱུང་རྒྱལ་མོ་ཉིད་ལ་འདི་སྐད་གསོལ༔
ཨེ་མ་ཧོ༔ རང་བྱུང་རྒྱལ་མོ་ཉིད༔ བདག་ནི་རྟག་ཏུ་ཁྱོད་ལ་འདུད༔ ཁྱོད་ཀྱི་བྱིན་རླབས་ཐུགས་རྗེ་གང་༔ རྒྱ་ཆེར་བདག་ལ་བཤད་དུ་གསོལ༔ ཞེས་གསོལ་པས༔ དེའི་དུས་དེའི་ཚེ༔ དཔལ་རང་བྱུང་གི་རྒྱལ་མོ་ཞེས་བྱ་བ་ཡང་སྐུ་མཐིང་ནག་འབར་བ་ལ་མཆེ་བ་གཙིགས་པ༔ རལ་པས་ས་གཞི་ཁེབས་པ་ལས༔ སྤྱི་བོའི་གཙུག་ན་གཡུ་ཡི་རལ་པ་མཐིང་ག་འབར་བ་གཅིག་གནས་པ༔ ཞབས་གྱད་ཀྱི་འདོར་སྟབས་སུ་བཞུགས་པ༔ གཡས་ན་བཾ་ཆེན་པོའི་ཙིཏྟ་སྲོག་རྩ་དང་བཅས་ནས་བཟུང་པ༔ གཡོན་ན་གཡུའི་སྤྱང་མོ་བཀྱེ་ནས་ཁྲ་ཐབས་སུ་བསྣམས་པ་སྟེ༔ ཏི་ར་དང་རོ་ཡི་གདན་ལ༔ ཏྲག་རཀྴ་ཞེས་བྱ་བའི་སྔགས་བརྗོད་ནས༔ ཉིད་ཀྱི་སྐུ་ལས་སྤྲུལ་པའི་མ་མོ་བཀྱེ་སྟེ༔ སྐུའི་སྤྲུལ་པ་ལས་བལ་མོ་ནག་མོ་དང་༔ གསུང་གི་སྤྲུལ་པ་ལས་མ་མོ་སྲིན་མོའི་ཚོགས་དང་༔ ཐུགས་ཀྱི་སྤྲུལ་པ་མ་མོ་མོན་མོའི་ཚོགས་དང་། གཞན་ཡང་སྦྱོར་གིང་དང་༔ སྒྲོལ་གིང་ལ་སོགས་པ་ཁྲམ་ཐོགས་ཀྱི་བདུད་དང་༔ སྲོག་གཅོད་ཀྱི་གིང་པོ་དང་བཅས་ཏེ་སྤྲུལ་པ་མང་པོ་ཉིད་ལས་བཀྱེ་བས༔ སྣང་སྲིད་ཐམས་ཅད་དུས་གཅིག་ལ་གཡོས་པར་གྱུར་ཏོ༔ ནད་ཀྱི་རླངས་པ་དང་༔ མཚོན་གྱི་བསྐལ་པ་དང་༔ བསྐལ་པ་ཕྲ་མོ་དང་༔ དུག་སྦལ་ཡམས་ནད་དང་༔ གནམ་ལྕགས་སེར་བ་ལ་སོགས་པ་དུས་གཅིག་འཁྲུག་པར་གྱུར་ཏེ༔ སླར་ཡང་བདུད་ཕོ་མོ་དེ་དག་རང་ལ་རྫོགས་པར་གྱུར་ཏོ༔ སྣང་སྲིད་ཐམས་ཅད་དུས་གཅིག་ཏུ་བདེ་བ་ལ་བཀོད་དོ༔ དུག་སྦལ་དང་ཡམས་ནད་ལ་སོགས་པ་ཀུན་ཀྱང་བདུད་རྩི་ཆེན་པོར་གྱུར་ཏེ༔ ཐམས་ཅད་ཐུགས་རྗེ་ཆེན་པོའི་བདེ་བ་ལ་བཀོད་དོ༔ ཁྲོས་ནག་གསང་བའི་རྒྱུད་ལས༔ གླེང་གཞིའི་སྐབས་ཏེ་དང་པོའོ། །
ཞེས་གསུངས། མདོར་བསྡུ་ན་དམག་གི་རྒྱལ་མོ་ལྔ། ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་སྲིད་པ་མ་མོའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རང་བྱུང་རྒྱལ་མོའི་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊིའམ་ཨེ་ཀ་ཛ་ཏི་རང་གི་རྣམ་སྤྲུལ་འབའ་ཞིག་སྟེ་ཁྲོས་མ་གསང་རྒྱུད་ལས། རང་བྱུང་རྒྱལ་མོས་འདི་སྐད་ཅེས་གསུངས་སོ། །ང་ནི་དུས་གསུམ་ཐམས་ཅད་དུ། །ང་ཡི་ཐུགས་རྗེ་རྒྱུན་མི་ཆད། །ང་ནི་བདེ་གཤེགས་སྦྱོར་བདེ་མོ། །ང་ནི་རྣལ་འབྱོར་སྦྱོར་བདེ་མོ། །ང་ནི་རྣལ་འབྱོར་སྒྲུབ་བདེ་མོ། །དམ་ཚིག་ཅན་གྱི་དགྲ་ལྷ་མོ། །དམ་ཚིག་ཉམས་པའི་སྲོག་གཅོད་མ། །ང་ནི་རང་བྱུང་རྒྱལ་མོ་སྟེ། །ང་ནི་ང་ལས་བྱུང་བ་ཡིན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན། །དཀར་མོ་སྐུ་ཡི་སྤྲུལ་པ་ཡིན། །སྨུག་མོ་གསུང་གི་སྤྲུལ་པ་ཡིན། །ནག་མོ་ཐུགས་ཀྱི་སྤྲུལ་པ་ཡིན། །སེར་མོ་ཡོན་ཏན་སྤྲུལ་པ་ཡིན། །དམར་མོ་འཕྲིན་ལས་སྤྲུལ་པ་ཡིན། །དེ་དག་ཐམས་ཅད་ང་ཡིན་པས། །ང་ཡི་སྤྲུལ་པ་བསམ་མི་ཁྱབ། །ང་ཡི་མིང་ནི་ཅིར་ཡང་གྲགས། །ང་ནི་འཕྲིན་ལས་ཐམས་ཅད་བྱེད། །ཀུན་གྱི་འཕྲིན་ལས་འཆོལ་འདོད་ན། །ཐམས་ཅད་ང་ཡིན་ང་ལ་ལྟོས། །ང་ཉིད་ཡོངས་སུ་བཟུང་བར་གྱིས། །ཞེས་གསུངས། ཁྲོས་མ་ནག་མོ་གསང་བ་སྙིང་གི་རྒྱུད་ལས། ཁྲོས་མ་ནག་མོས་འཇིག་རྟེན་གྱི་མེས་པོ་ཤྲཱི་རལ་པ་ཅན། ཚངས་པ་གདོང་བཞི་པར་སྤྲུལ་ཏེ་རྩ་ཞལ་ལས་བྲམ་ཟེའི་སྟོན་པ་ཚངས་པ་བྱུང་སྟེ་བདག་རྟག་པའི་ཆོས་བསྟན། གཡོན་ཞལ་ནས་ཨེ་རའི་སྟོན་པ་ཁྱབ་འཇུག་བྱུང་ནས་བདག་ཁྱབ་པའི་ཆོས་བསྟན། རྒྱབ་ཞལ་ནས་ལེགས་ལྡན་གྱི་བུ་དབང་ཕྱུག་ཆེན་པོ་བྱུང་ནས་བདག་བདེ་བའི་ཆོས་བསྟན། གཡས་ཞལ་ལས་གྲངས་ཅན་གྱི་སྟོན་པ་འཇིག་བྱེད་བྱུང་ནས་བདག་གཙང་བའི་ཆོས་བསྟན། སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་བོ་ཉི་ཁྲི་ཆིག་སྟོང་སྤྲུལ་ནས་ངན་སྔགས་ཀྱི་རྒྱུད་རྣམས་གསུངས་པར་བཤད། ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ལས། གོང་དུ་བཤད་པ་ལྟར་གྱི། ལྷ་དང་ལྷ་མ་ཡིན་གཡུལ་བཀྱེ་བའི་གླེང་གཞི་ལ་བརྟེན་ནས། ལྷ་མ་ཡིན་རྣམས་བཏུལ་བ་དང་། རྒྱལ་ཆེན་བཞི། ལྷ་མ་ཡིན་གྱི་རྒྱལ་པོ་ཧེ་ར་ནི་ཀིའུ་ཤུ། དེའི་ཆུང་མ་ཕག་སྣ་མ། ཀླུ་རིགས་བཞི་ལ་སོགས་པ་བཏུལ་ཚུལ་རྒྱས་པར་གསུངས། དཔལ་ལྡན་ལྷ་མོ་ནག་མོ་ཆེན་མོ་གསང་བའི་རྒྱུད་ལས། བཅོམ་ལྡན་འདས་ཀྱི་དཔལ་ལྡན་ལྷ་མོ་སྒྲོལ་གིང་དུ་དབང་བསྐུར། དྲག་པོ་འདུལ་བའི་ནུས་པ་དང་ལྡན་པར་བྱ་ཕྱིར་ཞིང་ཆེན་གྱི་གཡང་གཞིའི་དབང་བསྐུར། བདུད་དང་སྲིན་པོ་ལས་རྒྱལ་བར་བྱ་ཕྱིར། གཡུལ་དུ་བསད་པའི་མགོ་འཕྲེང་དང་། ཐམས་ཅད་བསད་ཅིང་བསྒྲལ་ཀྱང་བག་ཆགས་ཀྱིས་མི་གོས་པར་བྱ་བའི་ཕྱིར། རེ་ལྡེ་ནག་པོའི་གོས་དང་། སྨན་མོ་རྣམས་ཟིལ་གྱིས་གནོན་པའི་ཕྱིར་སྙན་གཡས་ལ་སེངྒེ་དང་། ཀླུ་གནད་ལ་དབབ་པའི་ཕྱིར་སྙན་གཡོན་ལ་སྦྲུལ་གྱིས་གདེངས་ཀ །ཁམས་གསུམ་གྱི་སེམས་ཅན་གྱི་ཚེ་སྲོག་ལ་དབང་བསྒྱུར་བའི་ཕྱིར་དུ་རྩེ་གསུམ་དང་ནད་རྐྱལ། འཇིག་རྟེན་ལ་དབང་བའི་ཕྱིར་དུ་ཐོད་ཁྲག །དམ་ཚིག་ལ་བྱ་ར་མཛད་པའི་ཕྱིར་དུ་འཕྲུལ་གྱི་མེ་ལོང་། མཁའ་འགྲོ་རྣམས་དམ་ལ་བསྡུ་བའི་ཕྱིར་དུག་སེར་གྱི་རྡེའུ་ཆུང་རྣམས་ཀྱི་དབང་བསྐུར། ཨཱརྱ་རེ་མ་ཏཱི་ཞེས་བྱ་བར་མཚན་གསོལ་དེའི་ཚེ་བརྒྱ་བྱིན་ལ་སོགས་པའི་འཁོར་ཐམས་ཅད་རབ་ཏུ་སྐྲག་སྟེ། བརྒྱ་བྱིན་གྱིས་རྡོ་རྗེ། ཚངས་པས་རྨ་བྱའི་རྒྱལ་མཚན། ཁྱབ་འཇུག་གིས་ཉི་ཟླའི་རྒྱལ་མཚན། རྣམ་སྲས་ཀྱིས་སེངྒེའི་རྒྱལ་མཚན་གསོལ། ནམ་མཁའི་ལྷ་བྲན་གྱིས་དྲིལ་བུ། ཀླུའི་རྒྱལ་པོ་རྣམས་ཀྱིས་སྦྲུལ་གྱི་གདེངས་ཀ །ས་བདག་པ་ཏ་ལས་སྟག་གི་རྒྱལ་མཚན། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་པའི་ཕྲེང་བ་དང་ཞག་གི་སོར་རིས། དཔལ་ནག་པོ་ཆེན་པོས་མདུང་ཐུང་། འཁོར་གཞན་རྣམས་ཀྱིས་རང་རང་གི་ཡོ་བྱད་དང་། ལག་ཆ་ཕུལ་ཏེ་མངོན་པར་བསྟོད་པས་སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བའི་མཐུ་རྩལ་ཅན་དུ་གྱུར་པར་གསུངས། མ་མོ་འབུམ་རྒྱུད་ལས། དཔལ་ཆེན་པོ་མངོན་རྫོགས་རྒྱལ་པོའི་ཐུགས་ཀྱི་རྩ་བཞི་ལས། ཤར་དར་དཀར་གྱི་སྐུད་པ་ནས་སྲིད་པའི་མ་མོ་སྐུ་མདོག་དཀར་མོ་གཡས་ན་སྙིང་ཁྲག་དང་། གཡོན་ན་མདའ་གཞུ་ཐོགས་པ། ཉི་མ་འབུམ་དང་ཟླ་བ་སྟོང་གིས་བརྒྱན་པ་སྤྲུལ་ཏེ་སྲིན་མོ་དཀར་མོ་དུང་ལོ་ཅན་ཞེས་བྱ་བར་གྲགས། ཉི་ཟླ་ཐམས་ཅད་འཕྲེང་ཅན་ནམ། ཉི་ཟླ་སྟོང་འཕྲེང་ཅན་ཡང་འདི་ཉིད་དོ། །ལྷ་མོ་བཻཌཱུརྱ་འདྲ་བའི་རྩའི་སྒོ་ནས་སྲིད་པའི་མ་མོ་སྐུ་མདོག་སྔོན་མོ་གཡས་ལྕགས་ཀྱི་བསྲེ་གབ་ཆེན་པོ་དང་། གཡོན་འཕྲུལ་གྱི་མེ་ལོང་བསྣམས་པ་རྨ་བྱའི་ཐུལ་པ་གསོལ་བ་དང་། ནུབ་ལེ་བརྒན་དང་འདྲ་བའི་རྩ་ནས་སྲིད་པའི་མ་མོ་དམར་མོ་ཟངས་ཀྱི་དྲེལ་རྟ་སྨུག་པོ་ཞོན་པ། ཕྱག་མཚན་དུང་གི་གའུ་བསྣམས་པ་དང་། བྱང་ཕྱོགས་ཀྱི་རྩ་ནས་མ་མོ་སྐུ་མདོག་ལྗང་སེར་ལྕགས་ཀྱི་དྲེའུ་རྟ་ཞོན་པ། གཡས་སུ་སྤུ་གྲི་དང་། གཡོན་ཐོད་ཁྲག་ཐོགས་པ་ཞིག་སྤྲུལ། དེའི་ཚེ་རྡོ་རྗེ་དབྱིངས་ཀྱི་ཡུམ་མཆོག་མ་དང་། རྡོ་རྗེ་བདེ་མཆོག་མ་དང་། རྡོ་རྗེ་འོད་གསལ་མ་དང་། རྡོ་རྗེ་བདེ་སྐྱོང་མ་དང་། རྡོ་རྗེ་བདུད་རྩི་རྒྱལ་མོ་དང་། རྡོ་རྗེ་བདེ་འགེབ་མ་དང་། རྡོ་རྗེ་བདེ་སྒྲུབ་མ་དང་། རྡོ་རྗེ་གསང་བའི་གཟུགས་འཛིན་མ་དང་། རྡོ་རྗེ་བདེ་སྐྱོང་མ་དང་། རྡོ་རྗེ་གཟུགས་འཛིན་མ་དང་། རྡོ་རྗེ་དཔལ་གྱི་ཡུམ་གཅིག་མ་དང་། རྡོ་རྗེ་འཁོར་སྐྱོང་མ་དང་། རྡོ་རྗེ་དབྱིངས་ཀྱིས་གཏེར་ལྡན་མ་དང་། རྡོ་རྗེ་བདེ་འབྱམས་དཔལ་མཆོག་མ་དང་། རྡོ་རྗེ་བདེ་བ་རྒྱས་འདེབས་མ་དང་། རྡོ་རྗེ་བདེ་བ་ཟ་བྱེད་མ་དང་། རྡོ་རྗེ་བདེ་བ་རྨོངས་བྱེད་མ་དང་། རྡོ་རྗེ་བདེ་བ་ཚེ་འཕེལ་མ་དང་།རྡོ་རྗེ་གསང་བའི་གཟུང་གཅིག་མ་དང་། རྡོ་རྗེ་བདེ་སྐྱོང་མ་དང་། རྡོ་རྗེ་ཡུམ་གཅིག་མ་དང་། རྡོ་རྗེ་འཛུབ་གཅིག་མ་དང་། རྡོ་རྗེ་གྲགས་མ་དང་། རྡོ་རྗེ་རྒྱན་གཅིག་མ་དང་། རྡོ་རྗེ་མེ་ཏོག་གཟུང་གཅིག་མ་དང་། རྡོ་རྗེ་གསང་བའི་དབྱིངས་ཕྱུག་མ་དང་། རྡོ་རྗེ་ཐོགས་མེད་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་ནམ་མཁའི་དབྱིངས་ཕྱུག་མ་དང་། རྡོ་རྗེ་ཀུན་ཏུ་བཟང་མོ་དང་། རྡོ་རྗེ་ཀུན་ཏུ་གྲགས་མ་དང་། རྡོ་རྗེ་ཀུན་གསལ་མ་དང་། རྡོ་རྗེ་གསལ་འཕྲོ་མ་དང་། རྡོ་རྗེ་གསལ་མ་དང་། རྡོ་རྗེ་གྲུབ་མ་དང་། རྡོ་རྗེ་འཛིན་མ་དང་། རྡོ་རྗེ་བདེ་ཀློང་མ་དང་། རྡོ་རྗེ་གྲགས་འཛིན་མ་དང་། རྡོ་རྗེ་ཆགས་བྱེད་མ་དང་། རྡོ་རྗེ་བདེ་མ་དང་། རྡོ་རྗེ་རླུང་སྡུད་མ་དང་། རྡོ་རྗེ་དབྱིངས་བདེ་མ་དང་། རྡོ་རྗེ་གསལ་བདེ་མ་དང་། རྡོ་རྗེ་ཆགས་མ་དང་། རྡོ་རྗེ་སྡེར་མོ་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེ་འཇིག་རྟེན་དབང་སྡུད་མ་དང་། གསང་བ་རྡོ་རྗེའི་ཡུམ་དང་། རྡོ་རྗེ་གཟུགས་འཛིན་མ་དང་། རྡོ་རྗེ་གྲགས་རྒྱལ་མ་དང་། རྡོ་རྗེ་གཡུ་སྒྲོན་མ་དང་། རྡོ་རྗེ་དཔལ་གྲུབ་མ་དང་། རྡོ་རྗེ་ལས་བྱེད་མ་དང་། རྡོ་རྗེ་གློག་འགྱུ་མ་དང་། རྡོ་རྗེ་དཔལ་འབར་མ་དང་། རྡོ་རྗེ་རཏྣ་མ་དང་། རྡོ་རྗེ་ཡེ་ཤེས་འོད་འཕྲོ་མ་དང་། རྡོ་རྗེ་ཀུན་གྲུབ་མ་དང་། རྡོ་རྗེ་བསམ་འཕེལ་ཞེས་བྱ་བ་ལ་སོགས་པའི་གསང་བའི་མཚན་གསོལ་བར་གསུངས། ཨོ་དཀར་བྲག་གི་གཏེར་གསང་སྔགས་སྲུངས་མའི་བསྐང་བ་ལས། སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡིས༔ གཉིས་འཛིན་རཱུ་ཏྲ་བསྒྲལ་བའི་ཕྱིར༔ མ་མོ་ཁྱོད་དུ་སྤྲུལ་བར་མཛད༔ ཡང་དག་ཉིད་དུ་རྒྱལ་ཀུན་ཡུམ༔ རྣམ་པ་རག་གདོང་ཁྲོ་མོའི་གཟུགས༔ ཞེས་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཀུན་ཏུ་བཟང་མོ་ཉིད་ཡིན་པར་གསུངས་སོ། །
མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་རྫོགས་པ་སྟེ། གང་སྣང་གི་སྣང་བ་ཐམས་ཅད་རང་སེམས་ལས་ལོགས་སུ་མེད་ཅིང་། རང་སེམས་ཀྱི་ངོ་བོ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་ཡེ་ནས་ལྷུན་རྫོགས་སུ་མཆིས་པས། དེའི་ཕྱིར་ན་དེ་ལྟར་ཡིན་པ་ལ་ཡིན་པར་ངོ་ཤེས་པའི་སྒོ་ནས་རིག་སྟོང་ཁྱབ་གདལ་ཆེན་པོས་མཉམ་པར་འཇོག་པ་ནི་མ་མོའི་ལྟ་བ། རང་རིག་པའི་ཡེ་ཤེས་ཀྱི་རྩ་སྣང་སྤྱད་བྱ་སྤྱོད་བྱེད་དང་བྲལ་བའི་ངང་དུ་སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་སུ་རྒྱས་འདེབས་ཤིང་རིག་པའི་སྒོ་ནས་འཕྲིན་ལས་རྣམ་པ་བཞི་སྐབས་དང་འཚམས་པར་སྤྱོད་པ་ནི་མ་མོའི་སྤྱོད་པ། གང་སྣང་གི་སྣང་བའི་ངོ་བོ་སྤྲོས་པ་དང་བྲལ་བ་མ་མོའི་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པས་གདོད་ནས་ཡེ་སངས་རྒྱས་པ་དང་། ཐམས་ཅད་ཀྱང་ཐབས་ཤེས་གཉིས་སུ་མེད་པའི་བདག་ཉིད་དེ་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་རྫོགས་པ་ལ་གསལ་འགྲིབ་མེད་པར་འཇོག་པ་མ་མོའི་བསྒོམ་པ། དེ་ལྟར་རིག་པའི་སྒོ་ནས་སྣང་སྲིད་མ་མོའི་དཀྱིལ་འཁོར་དུ་བསྒྲུབས་པ་ནི་མ་མོའི་བསྒྲུབ་པ། རང་རིག་དང་ཡེ་ཤེས་སེམས་དང་སེམས་ཉིད། ཐབས་དང་ཤེས་རབ། སངས་རྒྱས་དང་སེམས་ཅན། འཁོར་བ་དང་མྱང་འདས། ཕྱི་ནང་དང་སྣོད་བཅུད། ཡུལ་དང་དབང་པོ་ཐམས་ཅད་གཉིས་མེད་དུ་སྦྱོར་བ་ནི་མ་མོའི་སྦྱོར་བ། ཁམས་གསུམ་རང་སེམས་སུ་ཤེས་པས་སྲིད་གསུམ་རྡོ་རྗེ་གསུམ་དང་། འཁོར་བ་མྱང་འདས་སྣང་སྲིད་ཐམས་ཅད་མ་མོའི་རང་བཞིན་དུ་སྒྲོལ་བ་ནི་མ་མོའི་སྒྲོལ་བ། སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གསོ། ཕྱི་ནང་སྣོད་བཅུད་བྱང་ཆུབ་ཀྱི་སེམས་སུ་གསོ། ཉོན་མོངས་དང་འདུ་བའི་ནད་ཀྱིས་ཟིན་པ་རྣམས་བདུད་རྩིའི་སྨན་གྱིས་གསོ་བ་ནི་མ་མོའི་གསོ་བ། དུག་ལྔ་ཡེ་ཤེས་ལྔ་དང་། དུག་གསུམ་སྐུ་གསུང་ཐུགས་སོགས་སུ་བསད་དེ་སྣང་སྲིད་ཐམས་ཅད་གསད་བྱ་གསོད་བྱེད་དང་བྲལ་བའི་ངང་དུ་བསད་པ་ནི་མ་མོའི་བསད་པ་སྟེ། གསང་རྒྱུད་ལས། སྣང་སྲིད་འདི་ལྟར་སྣང་བའི་ཆོས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ མ་མོ་ཉིད་ལས་གཞན་མ་ཡིན༔ མ་ནི་ཀུན་གཞི་དབྱིངས་ཀྱི་ཀློང་༔ མོ་ནི་བྱང་སེམས་ཡེ་ཤེས་དང་༔ དབྱིངས་དང་ཡེ་ཤེས་རྟོགས་དོན་པ༔ མ་དང་མ་ཡི་དོན་རྟོགས་ཡིན༔ མ་མོ་དེ་ལྟར་རྟོགས་པ་ནི༔ རྟོགས་པ་མངོན་གྱུར་ལྟ་བ་ཡིན༔ དེ་ལྟར་གཉིས་མེད་དོན་རྟོགས་ན༔ བགྲོད་པ་མེད་པའི་ས་ཆེན་ནོན༔ ཡང་ན་མ་མོའི་ལྟ་བ་ནི༔ མ་མོ་སྙིང་པོ་བྱང་ཆུབ་སེམས༔ སྙིང་པོ་ཉིད་ལས་གཞན་མ་ཡིན༔ སྙིང་པོ་བྱང་ཆུབ་ཡེ་སངས་རྒྱས༔ ཐམས་ཅད་དག་པས་སངས་རྒྱས་ཡིན༔ ལྷུན་གྱིས་གྲུབ་པས་མ་མོ་ཡིན༔ གཉིས་སུ་མེད་པས་མ་མོ་ཡིན༔ རང་ལས་བྱུང་བས་མ་མོ་ཡིན༔ ཡོངས་ལ་ཁྱབ་པས་མ་མོ་ཡིན༔ ཅིར་ཡང་སྣང་བས་མ་མོ་ཡིན༔ གང་ཡང་འཆར་བས་མ་མོ་ཡིན༔ ཁྱབ་པར་གདལ་བས་མ་མོ་ཡིན༔ མི་འགྱུར་མི་ཤིགས་མ་མོ་ཡིན༔ གཅིག་ལས་མེད་པས་མ་མོ་ཡིན༔ ཐ་དད་སྣང་བས་མ་མོ་ཡིན༔ མ་མོ་བསྒྲུབས་ཀྱང་བསྒྲུབ་ཏུ་མེད༔ མ་མོ་བསྒོམས་ཤིང་བསྒྲུབ་ན་འགྲུབ༔ བགྲོད་དུ་མེད་པས་གར་ཡང་ཕྱིན༔ བཙལ་དུ་མེད་པས་གར་ཡང་འགྲུབ༔ འདོགས་སུ་མེད་པས་ཐམས་ཅད་ཡིན༔ ཐ་དད་སྣང་བ་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་མ་མོ་ཡིན༔ མ་ནི་སྙིང་པོ་བྱང་ཆུབ་སེམས༔ མོ་ནི་རང་བྱུང་ཡེ་ཤེས་ཡིན༔ སྙིང་པོ་བྱང་ཆུབ་སེམས་ལས་ནི༔ མ་མོ་གཞན་ནས་བཙལ་མི་རྙེད༔ རང་བྱུང་ཡེ་ཤེས་དེ་བཞིན་ཉིད༔ ཡེ་ནས་རྣམ་དག་སྙིང་པོ་ཉིད༔ ཡེ་ནས་ལྷུན་གྱིས་རྫོགས་པར་གནས༔ ཁྱུང་ཆེན་ནམ་མཁའ་ལྡིང་བ་ཡང་༔ སྣང་སྲིད་ཕྱི་རྒྱ་རླབས་ཀྱིས་ཆོད༔ སྙིང་པོ་བྱང་ཆུབ་ཉིད་ལས་ནི༔ མ་མོ་ཞེས་ནི་བདག་ཏུ་མེད༔ སྙིང་པོ་བྱང་ཆུབ་སེམས་ལས་ནི༔ མ་མོ་གཞན་ནས་བཙལ་མི་རྙེད༔ སེམས་ལས་ཀུན་བྱུང་ཐམས་ཅད་སེམས༔ མ་མོ་བྱང་ཆུབ་སེམས་ཀྱི་རྒྱན༔ དེ་ལྟར་གཉིས་མེད་རྟོགས་པ་ན༔ མ་མོ་བསྒོམས་ཤིང་སྒྲུབ་མི་དགོས༔ མ་མོ་ལུས་དང་གྲིབ་མ་འདྲ༔ ཞེས་གསུངས་སོ༔ ཁྲོས་མའི་གསང་རྒྱུད་ལས། ལྟ་བ་བསྟན་པའི་སྐབས་སྟེ་གཉིས་པའོ། །
དེ་ནས་སྤྱོད་པ་བཀའ་སྩལ་པ༔ གཟུགས་སུ་སྣང་བ་ཐམས་ཅད་ཀུན༔ མ་མོའི་སྐུའི་བདག་ཉིད་ཡིན༔ སྒྲ་རུ་གྲགས་པ་ཐམས་ཅད་ཀུན༔ མ་མོའི་གསུང་གི་བདག་ཉིད་ཡིན༔ སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན༔ མ་མོའི་ཐུགས་ཀྱི་བདག་ཉིད་ཡིན༔ རང་བྱུང་ཡེ་ཤེས་ཐམས་ཅད་ཀུན༔ མ་མོའི་ཡོན་ཏན་བདག་ཉིད་ཡིན༔ ཐམས་ཅད་རང་ལས་བྱུང་བས་ན༔ འཕྲིན་ལས་རྣམ་བཞི་ཅི་སྤྱད་ཀྱང་༔ མ་མོ་འཕྲིན་ལས་བདག་ཉིད་ཡིན༔ དེ་ལྟར་སྤྱད་ལུགས་ཅི་སྤྱད་ཀྱང༔ ཐམས་ཅད་གཉིས་སུ་མེད་པར་སྤྱད༔ ཐམས་ཅད་མ་ལུས་མ་མོར་སྤྱད༔ མ་མོའི་སྙིང་པོ་སེམས་སུ་སྤྱད༔ ཅེས་གསུངས་སོ། །ཁྲོས་མ་ནག་མོ་གསང་བའི་རྒྱུད་ལས། སྤྱོད་པ་བསྟན་པའི་སྐབས་ཏེ་གསུམ་པའོ༔ ཞེས་པ་དང་། རང་བྱུང་རྒྱལ་མོས་བཀའ་བསྩལ་པ༔ སྣང་སྲིད་ཐམས་ཅད་མ་མོར་སྒོམས༔ མ་མོ་བྱང་ཆུབ་སེམས་སུ་སྒོམས༔ སེམས་ཉིད་ཡེ་སངས་རྒྱས་པར་སྒོམས༔ ཐམས་ཅད་འབྱུང་བ་ལྔ་རུ་སྒོམས༔ འབྱུང་བ་ལྔ་ཉིད་ནམ་མཁར་སྒོམས༔ ཕྱི་ནང་སྣོད་བཅུད་ཆོས་རྣམས་ཀུན༔ ཆོས་ཉིད་བྱང་ཆུབ་སེམས་སུ་སྒོམས༔ དབྱིངས་དང་ཡེ་ཤེས་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ཐབས་དང་ཤེས་རབ་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ འཁོར་བ་མྱང་འདས་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ སེམས་ཅན་སངས་རྒྱས་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ བདེ་དང་སྡུག་བསྔལ་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ཤེས་རབ་ཏིང་འཛིན་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ལྟ་བ་སྤྱོད་པ་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ཕྱི་ནང་སྣོད་བཅུད་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ ཡུལ་དང་དབང་པོ་གཉིས་མེད་ན༔ དེ་ཡང་མ་མོ་སྒོམ་པ་ཡིན༔ མ་མོ་སེམས་སུ་གཉིས་མེད་ན༔ བསྒོམ་པ་མེད་པའི་སྒོམ་པ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོ་གསང་བའི་རྒྱུད་ལས། སྒོམ་པ་བསྟན་པའི་སྐབས་ཏེ་བཞི་པའོ། །
དེ་ནས་མ་མོ་བསྒྲུབ་པ་ནི༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ ཐམས་ཅད་མ་མོར་བསྒྲུབ་པར་བྱ༔ མ་མོ་རང་བྱུང་སེམས་སུ་བསྒྲུབ༔ སེམས་ཉིད་ཡེ་སྒྲུབ་ཆེན་པོ་ཡིན༔ སྣང་མེད་ཀུན་ཏུ་སྣང་བའི་གདོས་པ་ཅན༔ བྱ་བ་བྱེད་ཅིང་མཚན་ཉིད་ཅི་དགར་འགྱུར༔ ནོར་བུ་རིན་ཆེན་ལྟ་བུའི་སེམས་ཉིད་དེ༔ མ་མོ་འགྲོ་བ་སེམས་ཅན་ཡོངས་ལ་འཕྲོ༔ དེ་ཉིད་མ་སྤངས་མ་མོའི་སྒྲུབ་པ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས། སྒྲུབ་པ་བསྟན་པའི་སྐབས་ཏེ་ལྔ་པའོ། །
ལྷ་མོ་བདེ་བྱེད་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ སྒོམ་སྒྲུབ་གཉིས་ནི་བདག་གོ་ན༔ ཉིད་ཀྱི་སྦྱོར་སྒྲོལ་ཇི་ལྟར་ལགས༔ རང་བྱུང་རྒྱལ་མོས་བཤད་དུ་གསོལ༔ དེ་སྐད་གསོལ་བ་གསན་ནས་ཀྱང་༔ རང་བྱུང་རྒྱལ་མོས་བཀའ་བསྩལ་པ༔ བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལས༔ རང་རིག་ཡེ་ཤེས་བློ་ཡིས་སྦྱར༔ ཐམས་ཅད་ཆོས་ཀྱི་ཆོས་ཉིད་ལ༔ སེམས་ཀྱི་སེམས་ཉིད་གཉིས་མེད་སྦྱོར༔ ཐབས་དང་ཤེས་རབ་གཉིས་མེད་སྦྱོར༔ སངས་རྒྱས་སེམས་ཅན་གཉིས་མེད་སྦྱོར༔ འཁོར་བ་མྱང་འདས་གཉིས་མེད་སྦྱོར༔ ཕྱི་ནང་སྣོད་བཅུད་གཉིས་མེད་སྦྱོར༔ ཡུལ་དང་དབང་པོ་གཉིས་མེད་སྦྱོར༔ སྣང་སྲིད་ཐམས་ཅད་མ་མོར་སྦྱོར༔ མ་མོ་སྙིང་པོའི་སེམས་སུ་སྦྱོར༔ སེམས་ཉིད་ཡེ་སྦྱོར་ཆེན་པོ་ཡིན༔ དེ་ལྟར་གཉིས་མེད་སྦྱོར་བ་ན༔ དེ་ནི་མ་མོའི་སྦྱོར་བ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ སྦྱོར་བ་བསྟན་པའི་སྐབས་ཏེ་དྲུག་པའོ། །
དེ་ནས་སྒྲོལ་བ་བསྟན་པ་ནི༔ ཁམས་གསུམ་ཐམས་ཅད་རང་གི་སེམས་ཡིན་པས༔ ཡེ་སངས་རྒྱས་པས་ཁམས་གསུམ་ཡོངས་སྒྲོལ་ལོ༔ སྣང་སྲིད་ཐམས་ཅད་རང་གི་སེམས་ཡིན་པས༔ ཡེ་སངས་རྒྱས་པས་བྱ་བྱེད་འབད་རྩོལ་བྲལ༔ སྲིད་གསུམ་དག་པའི་ཞིང་དུ་ཡེ་གྲོལ་ཡིན༔ སེམས་ཅན་རྒྱུ་དྲུག་ཕུང་པོར་སྣང་བ་ཡང་༔ རང་གི་སེམས་ཉིད་ཡིན་ཏེ་ཡེ་སངས་རྒྱས༔ རྒྱུད་དྲུག་རྩད་བཅད་དག་པའི་ཞིང་དུ་སྒྲོལ༔ རྒྱུ་ལྔ་ལས་ཀྱི་སྒོ་ཡང་རང་གི་སེམས༔ སེམས་ཉིད་སངས་རྒྱས་ངན་སོང་ལམ་ཡང་མེད༔ ཡེ་ནས་དག་པས་དག་པའི་ཞིང་དུ་སྒྲོལ༔ སྣང་སྲིད་ཐམས་ཅད་མ་མོའི་ངང་དུ་བསྒྲལ༔ མ་མོ་མཁའ་འགྲོའི་བྱང་ཆུབ་སེམས་སུ་བསྒྲལ༔ སེམས་ཉིད་སངས་རྒྱས་ཡེ་གྲོལ་ཆེན་པོ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ སྒྲོལ་བ་བསྟན་པའི་སྐབས་ཏེ་བདུན་པའོ༔
ལྷ་མོ་བདེ་བྱེད་ཡང་གསོལ་པ༔ སྦྱོར་སྒྲོལ་གཉིས་ནི་བདག་གོ་ན༔ ཉིད་ཀྱི་གསོ་བསད་ཇི་ལྟར་ལགས༔ སྦྱོར་སྒྲོལ་བདག་མོ་བཤད་དུ་གསོལ༔ དེ་སྐད་གསོལ་པ་གསན་ནས་ཀྱང་༔ རང་བྱུང་རྒྱལ་མོས་བཀའ་བསྩལ་པ༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ བདེ་ཆེན་ཆོས་ཀྱི་དབྱིངས་སུ་གསོ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ སྙིང་པོ་བྱང་ཆུབ་སེམས་སུ་བསམ༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ ཁམས་གསུམ་སེམས་ཅན་ཉོན་མོངས་གསོ༔ འདུ་བའི་ནད་ཀྱིས་ཟིན་པ་རྣམས༔ བདུད་རྩི་ཆེན་པོའི་སྨན་གྱིས་གསོ༔ ཐུགས་རྗེས་རྒྱུན་ཐག་ཆད་པ་རྣམས༔ རང་བྱུང་ཡེ་ཤེས་ཐུགས་རྗེས་གསོ༔ དམ་ཚིག་རྒྱུན་ཐག་ཆད་པ་རྣམས༔ མི་བརྗེད་གཟུངས་ཀྱི་ཐུགས་རྗེས་གསོ༔ ཤེས་རབ་མི་རྟག་ཤི་བ་རྣམས༔ ཏིང་འཛིན་མ་ཡེངས་བརྟན་པོས་གསོ༔ ཤེས་རབ་མེ་ལྕེ་ཆད་པ་རྣམས༔ རྟོགས་པ་ཁྱད་པར་བརྟན་པོས་གསོ༔ རང་བྱུང་ཡེ་ཤེས་རྒྱུན་ཆད་པ༔ སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ༔ སེམས་ཀྱི་དེ་ཉིད་མ་རྟོགས་པ༔ ཤེས་རབ་ཏིང་འཛིན་བརྟན་པོས་གསོ༔ མ་མོ་མཁའ་འགྲོའི་གདུག་གཏུམ་པ༔ སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ གསོ་བ་བསྟན་པའི་སྐབས་ཏེ་བརྒྱད་པའོ། །
བསད་པའི་སྦྱོར་བ་བསྟན་པ་ནི༔ དུག་ལྔ་ཡེ་ཤེས་ལྔ་རུ་བསད༔ དུག་གསུམ་སྐུ་གསུང་ཐུགས་སུ་བསད༔ སྡུག་བསྔལ་བདེ་བ་ཆེན་པོར་བསད༔ འཁོར་བ་མྱ་ངན་འདས་པར་བསད༔ ཤེས་རབ་མེ་ལྕེ་འབར་བ་ཡིས༔ གཟུང་འཛིན་རླུང་དམར་འཁྲུག་དམར་བསད༔ ཤེས་རབ་མི་རྟག་ཚན་པོ་ཆེ༔ རྣམ་རྟོག་གྲུ་ཆར་འབབ་པར་བསད༔ རྣམ་པ་རྟོག་པའི་ཁྱད་པར་གྱིས༔ མ་རྟོགས་རྨོངས་པའི་གཏི་མུག་བསད༔ ཡེ་ཤེས་ཉི་མ་འོད་གསལ་བས༔ གཏི་མུག་མུན་པ་འཐིབ་པར་བསད༔ སྣང་སྲིད་ཆོས་རྣམས་སེམས་སུ་བསད༔ མ་མོ་མཁའ་འགྲོའི་དབྱིངས་སུ་བསད༔ ཤི་བ་མེད་པར་ཡེ་བསད་ཡིན༔ སེམས་ཅན་ཐམས་ཅད་སེམས་སུ་བསད༔ རྟོགས་པ་མངོན་དུ་གྱུར་པ་དང་༔ ཏིང་འཛིན་ལས་སུ་རུང་བ་ན༔ སྣང་སྲིད་ཐམས་ཅད་བསད་པར་བྱ༔ བསད་དུ་མེད་དེ་ཡེ་བསད་ཡིན༔ ཞེས་གསུངས་སོ༔ དེ་ལྟ་བུའི་བཤད་ཚུལ་ནི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ལས༔ སྣང་སྲིད་ཆོས་ཀུན་གདོད་མ་ནས༔ རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྲུབ༔ ཅེས་པ་གསུངས་པ་དང་ཡང་ཤིན་ཏུ་འབྱོར་ཞིང་སྤྲོ་བར་བྱ་བ་མང་སྟེ་རེ་ཞིག་དེ་ཙམ་མོ།། །།
བཀའ་སྲུང་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་འཁྲུངས་རབས་རྣམ་ཐར་བཞུགས་སོ། །ཉག་སྤྲུལ་འཇམ་དབྱངས་དབང་རྒྱལ།
ན་མོ་གུ་རུ་དྷེ་ཝཱ་ཌཱ་ཀི་ནི་ཡེ། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །རྒྱལ་བ་འབྲི་གུང་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ། ཨ་ཕྱི་སྣ་ནི་བཟའ་དབང་ཕྱུག་ཆོས་ཀྱི་སྒྲོལ་མ་ཞེས་མཐུ་སྟོབས་དང་། རྫུ་འཕྲུལ་དཔག་ཏུ་མེད་ཅིང་། བསྟན་པ་སྤྱི་དང་བྱེ་བྲག་མ་ལུས་པ་བསྲུང་ཞིང་སྐྱོབ་པ་ལ་ཡོལ་བ་མི་མངའ་བའི་ཐུགས་རྗེ་ཅན། རྣལ་འབྱོར་པ་གང་གིས་བསྒྲུབ་ནའང་བྱིན་རླབས་མྱུར་ཞིང་། མཆོག་ཏུ་བཀྲ་ཤིས་པ་དང་། ཕུན་སུམ་ཚོགས་པ་སྩོལ་བའི་བདག་ཉིད་ཅན། བདེ་སྟོང་གི་ལམ་དུ་འཇུག་པར་བྱེད་པ་ལ་ཡིད་ཆེས་ཤིང་ཁུངས་བཙུན་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་ལ་ཡང་རིགས་གར་གཏོགས་པ། སྐུ་སྐྱེ་བ་འདི་ཉིད་ཀྱི་རྣམ་པར་ཐར་པའོ། །དང་པོ་ནི་རང་རེ་ཐམས་ཅད་ཀྱི་གནས་སྐབས་དང་། མཐར་ཐུག་གི་ཕན་བདེ་མ་ལུས་པའི་འབྱུང་གནས་འཇིག་རྟེན་གསུམ་གྱི་བླ་བ་རྒྱལ་བའི་མདོ་བརྒྱུད་དུ་མ་ནས་ལུང་བསྟན་པའི་མཚན་མཆོག་རཏྣ་ཤྲི་ཞེས་ཡོངས་སུ་གྲགས་པའི་འགྲན་ཟླ་ཐམས་ཅད་དང་བྲལ་བ་དེ་ཉིད་ཀྱིས་མཛད་པའི་སྐད་ཡིག་ནོར་བུའི་འཕྲེང་བ་ལས། རྡོ་རྗེ་མཁའ་འགྲོ་གསང་བ་ཡང་སྤྲུལ་མ། ཨོ་རྒྱན་གནས་བྱོན་ཨ་ཕྱི་ཆོས་ཀྱི་སྒྲོན། ཞེས་གསུངས་ཏེ། དེ་ཡང་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ཐུགས་སྐྱེ་འགགས་མེད་པའི་དབྱིངས་ཀྱི་གདངས་འགགས་པ་མེད་པའི་རང་རྩལ་ལས་འདུལ་བྱ་རྣམས་ཀྱི་དག་པའི་སྣང་ངོར། གསང་སྔགས་ཀྱི་འདུལ་བྱ་རྣམས་ལ་འདྲེན་པའི་སྟོན་པ། རིགས་ལྔ་ཡབ་ཡུམ། དཔའ་བོ་ཡབ་ལྔ། མཁའ་འགྲོ་ཡུམ་ལྔ་སོགས་སུ་སྣང་བ་ནི་བཀའ་གསར་རྙིང་གི་རྒྱུད་སྡེ་དུ་མ་ལས་གསུངས་སོ། །དེ་དག་སོ་སོར་དབྱེ་ན་རིགས་རེ་རེ་ཡང་ལྔ་ལྔའི་བདག་ཉིད་དུ་ཞུགས་སོ། །བྱེ་བྲག་བཀའ་བསྲུང་མ་འདི་ཉིད་ཀྱི་རིགས་ནི།རྡོ་རྗེའི་རིགས་ཀྱི་མཁའ་འགྲོའི་རིགས་སུ་གཏོགས་པར་གོང་གི་ལུང་གིས་གསལ་ལོ། །དེའང་སྤྲུལ་པ་དངོས་སམ། ཡང་སྤྲུལ་གང་ཡིན་ན་འདི་ཡང་སྤྲུལ་ཏེ། སྤྱིར་གནས་ཆེན་རྣམས་སུ་ཡེ་ཤེས་དང་ལས་ཀྱི་ཌཱ་ཀི་སྣ་ཚོགས་པའི་སྐུར་སྣང་བས།ཞིང་སྐྱོང་བ་ལ་ནི་ཞིང་སྐྱོང་གི་མཁའ་འགྲོ་ཞེས་ཀྱང་ཟེར་ཏེ།འདི་དག་ནི་གཞོ་སྟོད་ཏི་སྒྲོའི་གནས་སུ་ལས་ཀྱི་མ་མོ་བདུན་འདུ་བར་བདེ་མཆོག་རྒྱུད་ཆུང་སོགས་ནས་བཤད་པར་གསལ་བ།དེ་དག་གི་ཡ་གྱལ་གཅིག་སྟེ། དེ་ནི་སྤྲུལ་པ། དེ་ལས་སླར་བཀའ་སྲུང་མ་ཉིད་བསམ་བཞིན་དུ་སྲིད་པར་ཉིང་མཚམས་སྦྱར་ཏེ་སྐུར་བཞེངས་པ་ནི་ཡང་སྤྲུལ་ལོ། །དེའང་ཉིད་ཀྱི་ཞལ་ནས། གཏེར་སྒྲོམ་པདྨའི་ཀརྨ་མུ་དྲ་བྱས། །ལས་ཀྱི་བྱེད་པའི་འདན་སྟོད་གཙུག་ངུར་ཕྱིན། །ཞེས་གསུངས་སོ། །གཉིས་པ། སྐུ་སྐྱེ་བ་འདི་ཉིད་ཀྱི་ལོ་རྒྱུས་ཟུར་ཙམ་ནི། ཡུལ་གཞོ་སྟོད་འབྲི་གུང་གི་ཕྱོགས་ཉིད་ལས་ཡབ་སྙ་ནམ་པ་ཇོ་བོ་དཔལ་ཞེས་བྱ་བ། གསང་སྔགས་རྙིང་མའི་སྦྱོར་སྒྲོལ་གྱི་མཐུ་ཕུལ་དུ་ཕྱིན་པའི་སྟོབས་དང་ལྡན་པས། དཔལ་ལྷ་མོ་རེ་མ་ཏི་དངོས་སུ་ལས་ལ་བསྐུལ་བར་ནུས་པ། མཁས་ཤིང་གྲུབ་པའི་སྐྱེས་ཆེན་དམ་པ་དེ་ཉིད་དང་། ཡུམ་བྲེ་བཟའ་དར་འཇམ་ཞེས་བྱ་བའི་སྲས་སུ། དགེ་ལེགས་ཀྱི་ལྟས་དུ་མ་དང་བཅས་པས་འཁྲུངས་ཤིང་འཁྲུངས་མ་ཁད་ནས། ཁོ་མོ་སྐྱེས་པ་ཐམས་ཅད་དུ་གྲགས་པ་ཞིག་འབྱུང་ངོ་ཞེས་གསུངས་འབྱོན་ནས་ཡུལ་གྲུ་དེ་ལ་སྐྱེས་གྲགས་སུ་ཆགས་ཏེ། ཕྱིས་ནི་ཏི་གྲྭ་ཞེས་མིང་འཆོལ་བའོ། །མཚན་ཀྱང་ཆོས་ཀྱི་སྒྲོལ་མར་གསོལ་ལོ། །དེ་ཉིད་ནི་ཤིན་ཏུ་སྐྱེས་གྲགས་པར་འགྱུར་ཏེ། དགུང་ལོ་བདུན་དུ་ཉེ་བ་ན། ཡབ་ཡུམ་ལ་ཁོ་མོ་ནི་ས་ཕྱོགས་འདིར་སྡོད་པའི་ཡུལ་མ་ཡིན་ཏེ། ཁམས་ཀྱི་ཕྱོགས་སུ་སྨོན་ལམ་གྱི་འབྲེལ་པ་ཡོད། ཡུལ་དང་གྲོང་ཁྱེར་འདི་ལྟ་བུ་ཡོད་པས། དེར་འགྲོ་རྒྱུ་ཡིན་ཞེས་ཡང་ཡང་གསུངས་ཤིང་། ལ་པའི་འགྲུལ་ཞིག་དང་བསྡོངས་ནས་བྲོས་སྟབས་སུ་བྱོན་པས་འདན་ཡུལ་དང་ཉེ་བར་སླེབ་པ་ན། མགྲོན་པོ་རྣམས་ལ་ཁོ་མོ་ནི་འདིར་སྡོད་པའི་ཡུལ་མིན་པས་འགྲོ་བར་བྱའོ་ཞེས་གསུངས་ཏེ་བྱོན་ནས་ལྡན་སྟོད་ཀྱི་གྲོང་ཁྱེར་ཙུ་ངུར་ལྷ་བབས་འགྲུ་རྒྱལ་སྐུ་རའི་གདུང་རིགས་དྲི་མ་མེད་པ་ལ་འཁྲུངས། འཇིག་རྟེན་གྱི་རིགས་བྱེད་དང་སྒྱུ་རྩལ་དུ་མའི་ཕ་རོལ་དུ་སོན་པ། ཚུལ་ཁྲིམས་རྒྱ་མཚོ་ཞེས་བྱ་བའི་ཡབ་ཏུ་བྱོན་ནས། དབུས་ནས་བྱོན་པའི་ལོ་རྒྱུས་གསུངས་པས། ཨ་མེས་ཞེས་ནས་ཁོ་བོ་ནས་འཇིག་རྟེན་གྱི་ཞེན་པའང་མེད་ཅིང་། དཔལ་འབྱོར་ལོངས་སྤྱོད་ཀྱང་ཆུང་བས་ཁྱིམ་ཐབ་ཀྱི་མདུན་པ་ཡང་མ་མཆིས་ཤིང་། ཁྱད་པར་དུ་གཉེན་སྟོན་དང་སྣ་བོན་ལ་སོགས་པའི་ཡོ་བྱད་མི་ཤོམས་པས། ཁྱེད་རང་གཞན་གར་འདོད་དུ་བྱོན་ན་ལེགས་གསུངས་པས། ཡང་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་ཞལ་ནས། ཁོ་མོ་ཡང་འཇིག་རྟེན་གྱི་ཞེན་པ་ཆེ་བ་ཞིག་མ་ཡིན་ཏེ། ངེད་རང་གཉིས་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱེད་པའི་སྐྱེས་ཆེན་དུ་མ་འབྱུང་བའི་རྟེན་འབྲེལ་ཡོད་པས། འདིར་མཆིས་པས། དཔལ་འབྱོར་ལོངས་སྤྱོད་ཀྱི་འགོངས་པའི་དཔའ་ཞུམ་པར་མི་འཚལ་ཏེ། ཁོ་མོས་བསྒྲུབ་པར་བགྱིའོ། །ཞེས་གསུངས་ཏེ། དེའི་ནུབ་མོ་ནས་སྣ་བོན་པ་ཡང་བོས། ཕྱི་ཉིན་ནས་ཆོས་ཀྱི་སྒྲོལ་མའི་ཞལ་ནས། བདག་གི་ཕ་མིང་ཡོད་པ་རྣམས་ནི་བོད་ན་ཡོད་པས་ས་ཐག་རིང་། འདིར་ཡོད་པའི་ལ་པའི་མགྲོན་པོ་རྣམས་ཡིན་གསུངས་ནས།
མགྲོན་པོ་ཐམས་ཅད་ལ་བརྡ་སྦྱར་བ་ན། ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་འཁོར་བཅས་ནི་ཤིན་ཏུ་སྐྲག་སྟེ། བདག་ཅག་རྣམས་ལ་ནི་རང་འཚོ་ཙམ་ལས་མ་མཆིས་ན་མགྲོན་རྣམས་ལ་ཇི་ལྟར་བྱ་ཞེས། ཅི་བྱ་གཏོལ་མེད་པར་གྱུར་པའི་ཚེ། ཆོས་ཀྱི་སྒྲོལ་མའི་ཞལ་ནས་ཕཊ་གསུངས་ཤིང་། སྣམས་ཕྲག་གཡོན་ནས་ཀ་པཱ་ལ་གཅིག་བྱུང་། ཡང་ཕཊ་གསུངས་པས། སྣམས་ཕྲག་གཡས་ནས་ཌཱ་མ་རུ་གཅིག་བྱུང་། ད་ནི་ཚོགས་འཁོར་གྱི་ཡོ་བྱད་ཅི་ཡོད་འདིར་སྩོལ་ཅིག་ཅེས་གསུངས་ཏེ། ཀ་པཱ་ལ་བཟེད་པ་ལ། ལུག་ཤ་ལག་པ་གཡས་པ་གཅིག་ཡོད་པ་དེ་ཕུལ་བས། ཞལ་ནས་འོ་རྟེན་འབྲེལ་ཤིན་ཏུ་བཟང་། ང་ལ་བུ་བཞི་འབྱུང་སྟེ། དེ་དག་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པའི་སྐྱེས་ཆེན་དུ་མ་འབྱུང་བར་འགྱུར་རོ་གསུངས་ཏེ། ཌཱ་མ་རུ་དཀྲོལ་བས། བཟའ་བ་དང་བཏུང་བའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཆར་བཞིན་དུ་བབས་པས། མགྲོན་རྣམས་ལའང་གྱ་ནོམ་པའི་བཟའ་བཏུང་གིས་ཚིམ་པར་བགྱིས་ཤིང་། སྣ་བོན་ལའང་གཟི་ཆུང་མིག་བཅུ་གཉིས་མ་ཞིག་སྦྱིན་ཏེ། གོང་བཞིན་དུ་ལུང་བསྟན་མཛད་དོ། །དེ་ལྟར་འཇིག་རྟེན་བྱ་བ་དང་མཐུན་པའི་ཚུལ་གྱིས་ཁབ་ཏུ་བཞུགས་པའི་ཚེ། སྲས་བཞི་འཁྲུངས་པ་ལ། ནམ་མཁའ་དབང་ཕྱུག །དཔེ་ཁ་དབང་རྒྱལ། ནམ་འགགས་པ་བསོད་ནམས་དཔལ། དཀར་ཐུང་གུ་བཞི་སྟེ་སྲས་བཞི་འཁྲུངས་སོ། །དེ་དག་ཀྱང་སྐྱེད་བསྲིངས་ཏེ་ཆེར་ལོན་པ་ན། རང་བཞིན་གྱིས་དབང་པོ་གསལ་ཞིང་། སྐྱེས་བུའི་ཡོན་ཏན་དུ་མ་དང་ལྡན་པ་ཤ་སྟག་བྱུང་ངོ་། །དེའི་དུས་སུ་ཨ་ཕྱི་ཉིད་ནས་རང་གི་སྒྲུབ་ཐབས་རྣམས་མཛད་དེ། ཞལ་ནས་ཁོ་མོ་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བའི་ཚུལ་བཟུང་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པ་དང་། བསྲུང་བའི་ཕྱིར་སྨོན་ལམ་གྱི་འབྲེལ་པས་འདིར་མཆིས་པ་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་སྦྱིན་པར་བྱའོ་ཞེས་གསུངས་ཏེ། ཕྱི་བཞིན་འབྲང་བའི་མི་རྣམས་ཕུག་པ་གཏིང་རིང་བར་ཁྲིད་ནས་དུར་ཁྲོད་ནས་བམ་རོ་ཚང་མ་མཚན་ལྡན་ཞིག་བླངས་པ་ཚོགས་འཁོར་དུ་རོལ་ནུས་པ་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པ་མང་དུ་འབྱུང་ཞིང་། སྐལ་པ་དམན་ཞིང་བསགས་པ་ཆུང་བ་རྣམས་ནི་ལོག་རྟོག་གིས་སྒྲིབ་ཏེ། ཚོགས་ལ་ལོངས་སྤྱོད་མ་ནུས་པ་དག་ལ་དངོས་གྲུབ་ཀྱིས་དབེན་པར་གྱུར་ཏོ། །
མཐར་གྱི་ཚེ་ན་ཁོ་མོའི་ལུས་ཀྱི་བྱ་བ་ཐམས་ཅད་གྲུབ་ཟིན་ནས། ད་ནི་བདག་གི་བུ་རྒྱུད་འདིར་བསྟན་པ་སྤྱི་དང་། ལས་ཁྱད་པར་དུ་འཕགས་པའི་སྙིང་པོའི་བསྟན་པ་ཞིག་འབྱུང་བས། དེ་དག་གི་བཀའ་བསྲུང་བགྱིད་ཅིང་། ད་ལྟར་བདག་སྒྲུབ་ཐབས་བགྱིས་པ་འདི་རྣམས་ཀྱང་ཉམས་སུ་ལེན་པའི་མི་རབས་བཅོ་ལྔའི་བར་དུ་ང་རང་གིས་བསྲུང་སྐྱོབས་བགྱིས་པས། དོ་གལ་ང་སྦྲོན་སོགས་ཀྱི་གསུང་གི་ཐ་མ་བཞག་སྟེ། མཁའ་སྤྱོད་དུ་གཤེགས་སོ། །སྲས་པོ་ཀ་དབང་རྒྱལ་ལ་སྲས་བཞི་འཁྲུངས་པའི། ཆུང་ཤོས་རྣལ་འབྱོར་པ་རྡོ་རྗེ་ནི། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་ཡབ་སྟེ་སྐྱོབ་པའི་ཡབ་ནས་མར་ལ་རྩིས་པའི་ཕྱི་མོར་གྱུར་པས་ན་ཨ་ཕྱི་ཞེས་སོ། །གཞན་ཡང་འདི་ཉིད་ཀྱི་བརྒྱུད་རིམ་མང་པོ་ནི་སྒྲུབ་ཐབས་ལྟར་ཡིན་ཞིང་། གདམས་པ་ནི་ཟུར་དུ་གསལ་བར་ཡོད་དོ། །བཀྲ་ཤིས། མངྒ་ལམ། དགེའོ། །
ཨ་ཆོས་སྐུ་སྐྱེ་བ་མེད་པ་ཕྱི་འགགས་པ་མེད་པའི་དོན་དེ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའོ་ཞེས་རྗེ་བླ་མ་ཉག་སྤྲུལ་འཇམ་དབྱངས་དབང་རྒྱལ་རིན་པོ་ཆེ་ནས་གསུངས་སོ། །རང་འདོད་ཀྱིས་ཆན་བུའོ།། །།
ཚེ་རིང་མཆེད་ལྔ། སླེ་ལུང་བཞད་པའི་རྡོ་རྗེའི་དམ་ཅན་བསྟན་སྲུང་གི་རྣམ་ཐར་ལས་བཏུས།
ཇོ་མོ་བཀྲ་ཤིས་ཚེ་རིང་མ་སོགས་མཆེད་ལྔ་ནི་བརྟན་མ་བཅུ་གཉིས་ཀྱི་ཁོངས་སུ་མ་འདུས་པ་མེད་ཀྱང་། ཡབ་ལྷོ་ལྷ་འཐེང་པོ་དང་། ཡུམ་འབྲང་ཡུམ་སྨན་གཅིག་མར་མིང་པོ་བདུན་དང་། སྲིང་མོ་ལྔ་འཁྲུངས་པའི་སྲིང་མོའི་དང་པོ་བཀྲ་ཤིས་ཚེ་རིང་། གཉིས་པ་མཐིང་གི་ཞལ་བཟང་། གསུམ་པ་མི་གཡོ་གླང་བཟང་། མི་གཡོ་བློ་བཟང་དུ་ཡང་གྲགས། བཞི་པ་ཅོད་པན་མགྲིན་བཟང་། ལྔ་པ་གཏལ་དཀར་འགྲོ་བཟང་སྟེ། དང་པོས་ཚེ་སྩོལ། གཉིས་པས་པྲ་སྟོན། གསུམ་པས་ཟས། བཞི་པས་ནོར། ལྔ་པས་རྐང་བཞི་དངོས་གྲུབ་སྩོལ་བར་མཛད་དོ། །རྡོ་རྗེ་གདན་གྱི་བྱང་ཕྱོགས། བལ་བོད་ཀྱི་རུ་མཚམས། གངས་མཐོན་མཐིང་རྒྱལ་མོའི་གནས་སུ་བཞུགས་ཏེ་མི་ལ་བཞད་པའི་རྡོ་རྗེ་མཛད་པའི་གཏོར་ཚོགས་ལས། རྡོ་རྗེ་གདན་སོགས་སོ། །ཞེས་པ་དང་། ཁྱོད་ཀྱི་ཆོ་དང་འབྲང་སྨོས་ན། །ཡབ་ནི་ལྷོ་ལྷ་འཐེང་པོ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཞེས་གསུངས། རྡོ་རྗེ་གཡུ་སྒྲོན་མ་ནི། མཆེད་ལྔའི་ནང་ཚན་མཐིང་གི་ཞལ་བཟང་མར་བཤད། འདི་ལ་ཕྱི་སྨན་བཙུན་མཆེད་ལྔ། ནང་ཚངས་པའི་སྲས་མོ་མཆེད་ལྔ། གསང་བ་མཁའ་འགྲོ་སྡེ་དང་། ཕྱི་རྡོ་རྗེ་གཡུ་སྒྲོན། ནང་གནོད་སྦྱིན་ཕག་གདོང་མ། གསང་བ་འབར་མ་ཆེན་མོ་ཙཎྚི་ཀ་དང་། ཡང་གསང་སྤྱང་ཞོན་ནག་མོ་ཞེས་བཤད་དེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པའི་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ལས། ཕྱི་ལྟར་སྨན་བཙུན་མཆེད་ལྔ་ལ། །ནང་ལྟར་ཡིད་འོང་ལྷ་མོ་ལྔ། །གསང་བ་མཁའ་འགྲོ་ལྔ་ཡིན་པས། །སྐུ་གསུང་ཐུགས་ཡིན་དེ་ལྟར་སྒྲུབས། །ཞེས་དང་། དེའི་ནང་སྒྲུབ་འཆད་པའི་སྐབས་སུ། ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་ཏོག་མནྡ་ར། །ཞེས་གསུངས། གཏེར་སྟོན་སྟག་ཤམ་པ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་གྱི་གཡུ་སྒྲོན་མའི་སྒྲུབ་སྐོར་ལས། ཕྱི་གཡུ་སྒྲོན་མར་བསྒྲུབ་པ་གསུངས་པའི་རྗེས་སུ། གཏེར་བདག་རྡོ་རྗེ་གཡུ་སྒྲོན་མ༔ གནོད་སྦྱིན་མ་ཡི་སྒྲུབ་ཐབས་བསྟན༔ ཞེས་བཤད་ནས། གནོད་སྦྱིན་ཆེན་མོ་ཕག་མོའི་དབུ༔ གསེར་གྱི་མདོག་འདྲ་གཡས་གྲི་གུག༔ གཡོན་པ་ཐོད་ཁྲག་ཐུགས་ཀར་བསྣམས༔ ཞེས་པ་དང་། གསང་སྒྲུབ་ཀྱི་སྐབས་སུ། ལྷ་མོ་འབར་བའི་གདོང་པ་ཅན༔ བཙན་མོ་ནག་མོ་ཙཎྚི་ཀ༔ ཀླུ་མོ་ཙིཏྟ་དུག་ཐུར་མ༔ བརྟན་མ་རྡོ་རྗེ་གཡུ་སྒྲོན་མ༔ ཞེས་པ་དང་། མ་མོ་ཁྱོད་ཀྱི་ཆ་ལུགས་ནི༔ སྐུ་མདོག་དམར་མོ་ར་གའི་མདོག༔ ཅེས་པ་དང་། ཆིབས་སུ་དྲེ་རྟ་དམར་པོ་ཆིབས༔ ཕྱག་གཉིས་རལ་གྲི་ཐོད་ཁྲག་བསྣམས༔ ཞེས་གསུངས། ཡང་གསང་སྤྱང་ཞོན་མའི་སྐབས་སུ། མ་མོ་རྡོ་རྗེ་གཡུ་སྒྲོན་མ༔ ཐུགས་ཁྲོས་གསང་བའི་མཁའ་འགྲོ་མ༔ སྤྱང་ཞོན་ནག་མོའི་སྒྲུབ་ཐབས་བསྟན༔ ཞེས་མ་མོ་ནག་མོ་གྲི་ཐོད་འཛིན་པ་ལྕགས་སྤྱང་མགོ་དགུར་ཆིབས་པ་འཁོར་ཚེ་འཕྲོག་མ་དམར་མོ་སྟག་མོ་མགོ་དགུ་དང་། དབུགས་འཕྲོག་མ་སྔོན་མོ་ཟང་འཕར་མགོ་དགུར་ཞོན་པར་གསུངས། གཏེར་ཁ་འདིའི་གཡུ་སྒྲོན་མའི་ལས་བྱང་ལས། མ་མོ་ཆེན་མོ་དྲག་མོར་ཁྲོས་པའི་ཚེ༔ མ་མོ་འབར་གདོང་དམར་མོ་ཙཎྚི་ཀ༔ ཞེས་པ་དང་། གསུང་ལས་སྤྲུལ་པའི་མ་མོ་དུར་ཕག་གདོང་། །ཞེས་པ་དང་། མ་མོའི་ཐུགས་སྤྲུལ་ཁྲོས་ནས་སྤྱང་ཞོན་མ། །ཞེས་པ་དང་། སྤྲུལ་པའི་ཕྱག་བརྙན་སྨན་མོ་མཆེད་ལྔ་ནི༔ གནམ་སྨན་ཆེན་མོ་གཡུ་འབྲུག་སྔོན་མོ་ཆིབས༔ གངས་སྨན་རྩེ་རེ་སེངྒེ་དཀར་མོ་ཆིབས༔ གཡའ་སྨན་སི་ལེ་ཤ་བ་ཡུ་མོ་ཆིབས༔ མཚོ་སྨན་མེ་རེ་ཆུ་གླང་སྔོན་མོ་ཆིབས༔ སྤང་སྨན་ལྡེམ་མེ་རི་རྐྱང་གྭ་པ་ཆིབས༔ ཞེས་པ་དང་། རྒྱལ་བའི་ཡུམ་གྱུར་རྡོ་རྗེ་གཡུ་སྒྲོན་མ༔ སྤྲུལ་སྐུ་ཆེན་པོ་བརྟན་མ་ཁྱོད་ལ་བསྟོད༔ ཅེས་གསུངས། གཏེར་ཁ་འདིའི་གཡུ་སྒྲོན་མའི་བསྐང་མདོས་ལས། ཡབ་ནི་ལྷ་རྒྱལ་སྟག་ཞུ་ཅན༔ ཡུམ་ནི་གངས་སྨན་རྒྱལ་མོ་སྟེ༔ སྲས་མོ་རྡོ་རྗེ་གཡུ་སྒྲོན་མ༔ ཞེས་ཡབ་ལྷ་རྒྱལ་སྟག་ཞུ་དང་། ཡུམ་གངས་སྨན་རྒྱལ་མོ་ལས་འཁྲུངས་པར་བཤད། ཀོང་བཙུན་དེ་མོ་ནི། རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་མོ་མཁའ་འགྲོ་བརྟན་མ་ལ་སོགས་དམ་ལ་བཏགས་པའི་དུས་སུ༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་བ་དེ་ཡིས༔ མོ་རང་གི་སྒྲུབ་ཐབས་སྲོག་སྙིང་ཕུལ་ནས་ལོ་རྒྱུས་བརྗོད་པ་ནི༔ སྔོན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ༔ སྲིང་མོ་ལྔ་ཡོད་པ་ལ༔ ཆེ་བ་ལྷ་ལྕམ་ལེགས་སྨིན་ཀ་ར་ཞེས་བྱ་བས༔ མིང་པོའི་ལས་རྒྱ་མཛད་པ་ལས༔ ཡབ་རྒྱལ་པོའི་བཀའ་ཆད་དྲག་པོ་བྱུང་༔ དེ་ལ་མོ་ན་རེ་ཡབ་ཀྱི་ཆད་པ་གཅོད་མི་དགོས༔ ང་རང་གི་ཁྲིམས་ང་རང་གིས་གཅོད་ཆོག་ཟེར་ནས༔ གསེར་གྱི་སྤུ་གྲིས་མོ་རང་གི་སྐེ་བཅད་པ་ལ་ཁྲག་དཀར་པོ་བབས༔ སླར་ཡང་གྲོང་ཁྱེར་ལ་ལན་བདུན་བསྐོར་བ་བྱས་པས་ཀུན་གྱིས་ཡ་མཚན་དུ་མཐོང་༔ མིང་ཡང་འཕགས་མ་དབུ་བཅད་མ་ཆེན་པོར་གྲགས་སོ༔
བུ་མོ་དེའི་འོག་མ་ལྷ་ལྕམ་དཀར་རྒྱན་ཞེས་བྱ་བ་དང་༔ དེའི་འོག་མ་ལྕམ་ལེགས་གྲུབ་དང་༔ ཆུང་ཤོས་ལྷ་ལྕམ་ལྡན་ཁྲི་ཟེར་བ་ལས་ཚེ་འཕོས་ཏེ༔ རྒྱ་གར་གྱི་རྒྱལ་པོ་ཁྲི་ལྡེ་གཙུག་གི་བུ་མོར་སྐྱེས༔ མིང་ཡང་ཏིང་ཏིང་ཞང་གི་སྨན་གཅིག་ཏུ་གྲགས༔ དེ་ནས་ཚེ་འཕོས་ཏེ་བོད་དུ་སྐྱེས༔ ཡབ་ལྷ་རྗེ་འབྲོམ་དང་ཡུམ་ལྷ་སྨན་རྒྱལ་མོ་གཉིས་ལ༔ སྲས་པོ་གསུམ་དང་སྲས་མོ་གསུམ་དྲུག་བྱུང་༔ བུ་ཆེ་བ་ཀོང་ལྷ་དཀར་པོ༔ འབྲིང་པོ་གངས་ལྡེམ་རྒྱལ་པོ༔ ཆུང་བ་དེ་ལྡེམ་རྒྱལ་པོ༔ སྲིང་མོ་ཆེ་བ་ཀོང་བཙུན་དེ་མོ༔ འབྲིང་མ་བཅུད་བློན་རྒྱལ་མོ༔ ཆུང་བ་བུ་མོ་གཡུ་མོ་དང་གསུམ་མོ༔ དེ་ལ་ཀོང་བཙུན་དེ་མོ་ནི་རྒྱན་དང་ཆ་ལུགས་ཕུན་སུམ་ཚོགས་པ་མཛེས་ཤིང་འདོད་དུ་ཆགས་པ༔ གཟི་བརྗིད་ཀྱིས་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུས་པ་ཞིག་བྱུང་༔ ཁྱད་པར་ཀོང་རལ་གསུམ་གྱི་ལྷ་འདྲེ་མི་གསུམ་དབང་དུ་སྡུད་ཅིང་འཁོར་དང་ལོངས་སྤྱོད་རྒྱས་ཏེ། རྒྱ་བོད་མཚམས་སུ་ཕྱིན་པས༔ སློབ་དཔོན་ཆེན་པོ་པདྨ་བཛྲ་དང་མཇལ་དམ་ཚིག་གིས་རྡོ་རྗེས་གཟིར་བས༔ རང་གཟུགས་ཁྱིམ་བྱ་དེ་མོའི་གཟུགས་སུ་བྱུང་༔ སྔོན་གྱི་སྨོན་ལམ་གྱི་མཐུས་ལྷ་སྲིན་གདུག་པ་ཅན་རྣམས་འདུལ་དོན་དུ་ལས་ཀྱི་ཕྱག་རྒྱ་མཛད༔ སྲོག་སྙིང་ཕུལ༔ མ་འོངས་པའི་དུས་སུ་ཆོས་མཛད་སྐྱེས་བུ་དམ་པ་རྣམས་སྐྱོང་བར་ཞལ་གྱིས་བཞེས་ནས༔ དམ་བཅའ་དང་ཁས་བླངས་པ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཞེས་གསུངས། དེ་མོ་འདི་ལ་ཕྱི་བདུད་མོ་ལྟར་བསྒྲུབ་པ། ནང་གནོད་སྦྱིན་མོར་བསྒྲུབ་པ། གསང་བ་མཁའ་འགྲོ་མར་བསྒྲུབ་པ་གསུམ་གསུངས་ནས། ཀོང་པོར་ཀོང་བཙུན་དེ་མོ། རྒྱ་གར་དུ་ཏིང་ཏིང་ཤག །བོད་ཡུལ་དུ་འཕྲུལ་རིང་ཞང་། གུ་རུའི་དྲུང་དུ་རྡོ་རྗེ་བོད་ཁམས་སྐྱོང་། ཉི་མའི་འོད་འབྱེད་དཔལ་འབར། ལྷ་མོ་དཔལ། འོད་འབར་མ། གཡུ་སྒྲོན་མ། རྡོ་རྗེ་དཔལ་འཕྲེང་། ནག་མོ་ཚེ་འཕྲོག །སྲོག་གི་བཤན་མོ་ཞེས་པ་རྣམས་མཚན་གྱི་རྣམ་གྲངས་སུ་གསུངས་ཏེ། གསོལ་ཀ་ལས། སྲིང་གཅིག་ཀོང་བཙུན་དེ་མོ་ནི། །རྒྱ་གར་ཡུལ་དུ་ཏིང་ཏིང་ཤག །གཡུང་དྲུང་བོན་གྱི་འཕྲུལ་རིང་ཞིང་། །ཀོང་ཡུལ་མཐིལ་དུ་དེ་མོ་ཞེས། །གུ་རུའི་དྲུང་དུ་བོད་སྐྱོང་མ། །ཉི་མའི་འོད་འབྱེད་དཔལ་འབར་དང་། །ལྷ་མོ་དཔལ་དང་འོད་འབར་མ། །གཡུ་སྒྲོན་རྡོ་རྗེ་དཔལ་འཕྲེང་དང་། །ནག་མོ་ཚེ་འཕྲོག་སྲོག་བཤན་མོ། །གནམ་ས་ཕྱེད་ཀྱི་བདག་མོ་མཛད། །ཅེས་གསུངས། རིག་འཛིན་རྒོད་ལྡེམ་གྱིས་ཤར་དུང་མཛོད་དཀར་མོ་ནས་སྤྱན་དྲངས་བའི་བརྟན་མོའི་ལོ་རྒྱུས་ལས། འོག་མིན་ཆོས་ཀྱི་དབྱིངས་ནས་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པ་འགྱེད་པའི་དུས་ལ་བབ་པའི་ཚེ༔ གསང་བའི་བདག་པོས་ཞེས་པ༔ ཀྱེ༔ ཡེ་ཤེས་ཆེན་པོ་ཐུགས་རྗེའི་བདག༔ མི་མཇེད་འཇིག་རྟེན་འདུལ་བ་ཡི༔ ཐུབ་པ་སྤྲུལ་སྐུ་མྱ་ངན་འདས༔ སངས་རྒྱས་བསྟན་པ་མི་གནས་པས༔ རྒྱལ་ཚབ་སྤྲུལ་སྐུ་གཤེགས་སུ་གསོལ༔ ཞེས་ཞུས་པས། བདེ་བར་གཤེགས་པ་རྣམ་པར་སྣང་མཛད་སྐུའི་རིགས་ཐམས་ཅད་ཀྱིས་ཐིག་ལེ་དཀར་པོ་ཨོཾ་གྱི་ས་བོན་དང་བཅས་པ་ཐམས་ཅད་སྤྲོས༔ གསུང་གི་རིགས་འོད་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱིས༔ ཐིག་ལེ་དམར་པོ་ཧྲཱིཿཡིག་གི་ས་བོན་དང་བཅས་པ་སྤྲོས༔ ཐུགས་ཁྲག་འཐུང་ཧེ་རུ་ཀའི་ལྷ་ཚོགས་ཀྱིས༔ ཐིག་ལེ་མཐིང་ག་ཧཱུཾ་གི་ས་བོན་དང་བཅས་པ་སྤྲོས་པས༔ ཡི་གེ་འབྲུ་གསུམ་འོད་ལྔའི་ཐིག་ལེ་དང་བཅས་པ་འཇིག་རྟེན་གྱི་ཁམས་སུ་བབ་པ་ལས༔ ཞག་སུམ་ཅུ་རྩ་གསུམ་ན་སྤྲུལ་པའི་སྐུ་བྱོན་ཏེ༔ འཁོར་ལོ་སྒྱུར་བའི་རྒྱལ་རིགས་ཨིནྡྲ་བོ་དྷི་དང་མཇལ་ནས་སྤྱན་དྲངས༔ དེ་ལ་མཚན་གསུམ་བཏགས་ཏེ༔ སྐུའི་སྤྲུལ་པ་ཡིན་ཏེ་རྒྱལ་པོ་ཐོར་ཅོག་ཅན་ཞེས་བྱའོ༔ གསུང་གི་སྤྲུལ་པ་པདྨ་འབྱུང་གནས་ཞེས་བྱ༔ ཐུགས་ཀྱི་སྤྲུལ་པ་མཚོ་སྐྱེས་རྡོ་རྗེ་ཞེས་བྱ༔ དེ་ལྟར་སྤྲུལ་སྐུ་ཆེན་པོ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཐུགས་རྗེས་བཏུལ་ཏེ༔ སྙིང་གི་གཟའ་ཐམས་ཅད་དམ་ལ་བཏགས༔ བར་སྣང་གི་གློག་མ་སྲིན་ཐམས་ཅད་དམ་ལ་བཏགས༔ ས་སྟེང་གི་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས༔ ས་འོག་གི་ཀླུ་གཉན་ཐམས་ཅད་དམ་ལ་བཏགས༔ དེ་ནས་སློབ་དཔོན་ཆེན་པོས་རྒྱ་གར་དང་བལ་པོའི་མཚམས་སུ་བྱོན་ཏེ༔ ཨ་སུ་རའི་བྲག་ཕུག་ཏུ་ལྷ་སྲིན་དབང་དུ་བསྡུ་བའི་སྒྲུབ་པ་མཛད་པས༔ དེའི་ཚེ་བོད་ཁ་བ་ཅན་གྱི་བརྟན་མ་བཅུ་གཉིས་ཀྱིས་སྲོག་གི་སྙིང་པོ་འབུལ་དུ་འོངས་སོ༔ དེའི་ཚེ་སློབ་དཔོན་ཉིད་ཀྱིས་མཁྱེན་བཞིན་དུ་གསུངས་པ༔ ཁྱེད་ལྷ་སྲིན་མོ་འདི་རྣམས་ཀྱིས་ལས་ཅི་ནུས༔ སྲོག་སྙིང་གང་ཡིན་གསུངས་པས༔ བརྟན་མ་རྣམས་ཀྱིས་ཞུས་པ། ཀྱེ༔ དཔལ་ཆེན་སྤྲུལ་པའི་སྐུ༔ བདག་ཅག་རྣམས་ཀྱིས་བོད་ཁ་བ་ཅན་གྱི་ས་མཚམས་བསྲུང་ནུས༔ སྲོག་གི་སྙིང་པོ་སོ་སོར་མཆིས་ཏེ་སློབ་དཔོན་ཉིད་ལ་འབུལ་ཟེར་རོ༔ བཛྲ་ཏིང་ཏིང་ཧ༔ བཛྲ་ལི་ལི་ཧཱུཾ༔ བཛྲ་མ་མ་བྷྱ༔ བཛྲ་ཏིང་ཏིང་ཧཱུཾ༔ ཞེས་བདུད་མོ་བཞིས་ཕུལ་ལོ༔ བཛྲ་མ་ལི་ཧཱུཾ༔ བཛྲ་ཡི་ཧ་ཧཱུཾ༔ བཛྲ་ཏིང་ཏིང་ཧོ། ཞེས་གནོད་སྦྱིན་མ་བཞིས་ཕུལ་ལོ། །བཛྲ་ཀི་ལི་ཧཱུཾ། བཛྲ་པྲ་ཏི་ཧཱུཾ་ཧཱུཾ། བཛྲ་ཀི་ལིང་ཧཱུཾ། བཛྲ་སིངྐ་ལི་ཧཱུཾ། ཞེས་སྨན་མོ་བཞིས་ཕུལ་ལོ། །དེར་སྲོག་སྙིང་རྣམས་བྱིན་གྱིས་བརླབས་ཏེ། འདི་སྐད་གསུངས་སོ། །ཧཱུཾ། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ༔ མཐོ་གཙང་གངས་རིའི་ཁྲོད་འདི་རུ༔ གནས་ཤིང་བསྟན་པ་སྲུང་མཛད་པའི༔ དམ་ཅན་བསྟན་མ་བཅུ་གཉིས་པོ༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ ཨེ་ཨ་ར་ལི་ཧྲིང་ཧྲིང་༔ བདུད་མོ་ཆེན་མོ་བཞིན་མི་སྡུག་གི་སྲས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དམ་ཅན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་ཁྱེད་བཞི་ཡང་༔ སྔོན་གྱི་རང་དམ་དྲན་པར་གྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ གནོད་སྦྱིན་དམར་མོ་ཁྲོ་གཉེར་ཅན་གྱི་སྲས༔ གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་གླང་མོ་ཆེ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་༔ སྔོན་གྱི་རང་དམ་དྲན་པར་གྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ སྨན་བཙུན་དཀར་མོ་བཞིན་བཟང་མ་ཡི་སྲས༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བཙན་ལ་ལ་རོག་རྡོ་རྗེ་སྨན་གཅིག་མ༔ ལེགས་སྦྱོར་གསེར་ཐང་རྡོ་རྗེ་ཡུ་གེ་སྨན༔ སྨན་མོ་ཆེན་མོ་ཁྱེད་བཞི་ཡང་༔ སྔོན་གྱི་རང་དམ་དྲན་པར་གྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་རྒྱུད་སྤེལ་དང་གཏེར་དུ་སྦས༔ ཆོས་རྣམས་ཀུན་ཀྱི་སྲུང་མ་གྱིས༔ བོད་ཀྱི་ཆོས་བྱེད་ཐམས་ཅད་དང་༔ གུང་ཐང་རྒྱལ་པོ་ལྷ་ཡི་རྒྱུད༔ གསང་སྔགས་སྤྱོད་པའི་སྦྱོར་བ་ཡིས༔ བསམ་པ་ཡིད་བཞིན་འགྲུབ་པ་དང་༔ ནད་རིམས་དམག་འཁྲུག་ཐམས་ཅད་སྲུངས༔ འབྲུ་བཅུད་ལོ་ཏོག་ཐམས་ཅད་འཕེལ་བར་གྱིས༔ ཞེས་གསུངས་སོ༔
དེའི་ཚེ་ཇོ་མོ་སྐྱིན་ཐང་མ་ལ་འདི་སྐད་ཅེས་གསུངས་སོ༔ རྡོ་རྗེ་གཡུ་སྒྲོན་མ་ཉོན་ཅིག༔ བྱང་ཟང་ཟང་གི་བྲག་ལ་མ་འོངས་པའི་དོན་དུ༔ གུང་ཐང་སྟོད་དུ་ཆོས་ཀྱི་རྒྱལ་པོའི་གདུང་རྒྱུད་འབྱུང་༔ དེའི་བསྟན་པ་བསྲུང་བའི་ཕྱིར༔ ཟབ་མོའི་གཏེར་མཛོད་བཞི་སྦེད་པས༔ དེའི་སྲུང་མ་བརྟན་མ་རྣམས་ཀྱིས་གྱིས་ཤིག༔ ལྷ་རི་གངས་སྨན་ཁྱོད་ཐ་ཚིག་ཆེ་བར་འདུག་པས་ཁྱོད་རང་གི་སྲོག་སྙིང་དང་སྒྲུབ་ཐབས་གཏེར་དེ་ཉིད་དུ་སྦ་ཡིས༔ ཕྱི་མའི་དུས་ན་གཏེར་དེ་ཉིད་འདོན་པའི་ལས་ཅན་གྱི་མི་དང་༔ གུང་ཐང་རྒྱལ་པོས་ཁྱེད་བསྒྲུབ་ཅིང་མཆོད་པའི་ཚེ༔ བརྟན་མ་ཐམས་ཅད་གྲོགས་སུ་བོས་ལ་ཅི་བཅོལ་བའི་ལས་གྱིས་ཤིག །བཛྲ་ལི་ལི་ས་མ་ཡ་ན་ར་ཀན། ཞེས་གསུངས། མ་མོའི་རྒྱུད་སྐོར་གཞན་དག་ལས། བརྟན་མ་བཅུ་གཉིས་པོ་ཐམས་ཅད་དཔལ་ཆེན་པོའི་ཐུགས་ཀ་ནས་ཕྱུང་ནས་སྤྲོས་པར་གསུངས་པའང་ཡོད། ཉང་གཏེར་བསྟན་མའི་སྒྲུབ་ཐབས་ལས།
ཧོ༔ ནག་མོ་བཞིན་གྱི་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་༔ དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་ཆེན་མོ་བཞི་དང་། དཀར་བཟང་བཞིན་བཟང་བའི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་དང་༔ ཞེས་སོགས་ཀྱི་ཡུམ་བདུད་མོ་བཞིན་མི་སྡུག་ལ་རྡོ་རྗེ་ཀུན་གྲགས་མ་ལ་སོགས་པའི་བདུད་མོ་བཞི་འཁྲུངས༔ ཡུམ་གནོད་སྦྱིན་མོ་ཁྲོ་གཉེར་ཅན་ལ་རྡོ་རྗེ་སྤྱན་གཅིག་མ་ལ་སོགས་པའི་གནོད་སྦྱིན་མོ་བཞི་འཁྲུངས༔ ཡུམ་སྨན་མོ་བཞིན་བཟང་མ་ལ་ཀོང་བཙུན་དེ་མོ་ལ་སོགས་པའི་སྨན་མོ་བཞི་འཁྲུངས་པར་བཤད༔ གུ་རུ་པདྨའི་གསུང་ཆོས་དབང་རིན་པོ་ཆེའི་ཕུར་པ་སྤུ་གྲིའི་སྨད་ལས་ཀྱི་བསྐུལ་བའི་སྐབས། ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ༔ ལྕགས་ཀྱི་མི་མོ་བཟང་མོ་ཞོན༔ ཟངས་ཀྱི་འཕར་བ་ལྕེ་བརྒྱད་ལ༔ ཟངས་ཀྱི་མི་མོ་བཟང་མོ་ཞོན༔ གཡུ་ཡི་ཝ་མོ་རྐང་གསུམ་ལ༔ གཡུ་ཡི་མི་མོ་བཟང་མོ་ཞོན༔ དུང་གི་ཁྱི་མོ་རྐང་གསུམ་ལ༔ དུང་གི་མི་མོ་བཟང་མོ་ཞོན༔ གཡས་པ་རྡོ་རྗེ་ཐོད་ཕྲེང་འདྲེན༔ གཡོན་པ་རིན་ཆེན་ཕུར་བུ་བསྣམ༔ མུ་ཁ་མཆེད་བཞིའི་དུས་ལ་བབས༔ ཞེས་ཤྭ་ན་མ་མཆེད་བཞི་གསུངས་པ་དང་། རེ་མ་ཛ་རེ་མ་ཛུ། རེ་མ་ཏ། རེ་མ་ཏི་སྟེ། འདོད་ཁམས་མ་སྤུན་བཞི་ནི། བདག་ཉིད་མ་མཆེད་བཞིའོ། །ཡ་བྱིན། དེ་བྱིན། བསེ་བྱིན། ཕག་བྱིན་བཞི་ནི་བདུད་གཤིན་རྗེ་བཙན་ཀླུ་རྣམས་ཀྱི་བུ་མོ་སྟེ། མར་ཁུ། ཞག་ཁྲག་འོ་མའི་མཚོ་བཞི་ལ་གནས་ཤིང་། རྟ་ནག་གླང་། རྟ་དམར། རྟ་སྔོན། ཞོན་པ་སྟེ་ས་བདག་ཆེན་མོ་བཞི་ཞེས་བྱའོ། བཅུ་གཉིས་པོ་འདིར། ཕུར་སྲུང་བཅུ་གཉིས་ཟེར་ཏེ། འདི་ཡང་དོན་དུ་བརྟན་མ་བཅུ་གཉིས་ཡིན་ནོ། །བཀའ་མ་ལ་ལར། གིང་གསུམ་པོ། བདུད་བཙན་གཤིན་རྗེའི་བུ་མོ་གསུམ་གྱི་མིང་པོར་བཤད། དེ་ལ་འཛིན་གིང་ཨ་ཏྲི་སེམས་དཔའ་འམ་པེ་ཧར་དུང་ཁྲབ་ཅན་རྟ་དཀར་ལ་ཞོན་པ། སྦྱོར་གིང་། རྡོ་རྗེ་ལེགས་པ་བསེ་ཁྲབ་ཅན་རྟ་དམར་ཞོན་པ། སྒྲོལ་གིང་བདུད་ཡབ་ཤེར་ནག་པོའམ། སྐྲག་མེད་ཉི་ཤར་རྟ་ནག་ལྕགས་ཁྲབ་ཅན་གསུམ་ཀའང་ཕུར་བུ་ཐོགས་པའོ། །ཕུར་བ་ལང་ལབ་མའི་བསྐུལ་དུ། ཉི་མ་ཤར་ཕྱོགས་ཕ་གི་ན༔ གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ན༔ འཛིན་གིང་དཀར་པོ་དེ་ན་བཞུགས༔ ཨ་ཏྲི་སེམས་དཔའ་ད་ཚུར་བྱོན༔ ཞེས་དང་། ཉི་མ་ནུབ་ཕྱོགས་ཕ་གི་ན༔ གསང་བ་བྲག་དམར་ཡང་རྫོང་ནི༔ སྦྱོར་གིང་དམར་པོ་དེ་ན་བཞུགས༔ རྡོ་རྗེ་ལེགས་པ་ད་ཚུར་བྱོན༔ ཞེས་པ་དང་། ཉི་མ་བྱང་ཤར་ཕ་གི་ན༔ ལྕགས་མཁར་ནག་པོ་སྒོ་མེད་ན༔ སྒྲོལ་གིང་ནག་པོ་དེ་ན་བཞུགས༔ ཡབ་རྗེ་ནག་པོ་ད་ཚུར་བྱོན༔ ཞེས་བཤད༔ ཚད་མར་གྱུར་པའི་དམ་པ་འགའ་ཞིག་གིས་གསུང་ལ། གིང་གསུམ་པོ་ཕུར་སྲུང་བཅུ་གཉིས་པོ་ཐམས་ཅད་ཀྱི་མིང་པོར་བཤད་པའང་ཡོད། སློབ་དཔོན་ཆེན་པོ་བལ་ཡུལ་ཡང་ལེ་ཤོད་དུ་བཞུགས་དུས། ཕུར་སྲུང་བཅུ་གཉིས་པོ་དམ་ལ་བཏགས་ནས་གསང་མཚན་གསོལ། རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར་ཏེ། ལྷ་འདྲེ་བཀའ་ཐང་ལས། སྲོད་དུས་སྐུ་ཉམས་སྦུངས་པ་གཅིག་བྱུང་ནས། ཕྱག་གིས་བཟུང་ནས་དབུ་ཞྭའི་ནང་དུ་གཏུམས། ཕྱག་རྒྱས་དེ་བསྡམས་ནང་པར་གཟིགས་ཙ་ན༔ སྦུངས་བ་མི་ཡི་བུ་མོ་མི་འདྲ་བ༔ ལྷ་ཡི་སྲས་མོ་འདྲ་བ་ཞིག་བྱུང་ནས༔ སློབ་དཔོན་ཁྱེད་རྣམས་སུ་ཡིན་བཀའ་བསྩལ་པ༔ བདག་ཅག་མི་ཡི་བུ་མོ་མ་ཡིན་ཞིང་༔ ས་བདག་མཚོ་ཆེན་བཞི་ཞེས་བྱ་བ་ཡིན༔ སྔར་ཡང་མི་ཕྱུག་མང་པོའི་སྲོག་ལ་དབང་༔ ད་ཡང་དེ་ལྟར་དབང་བྱེད་དབང་བསྐུར་གསོལ༔ སློབ་དཔོན་ཞུས་པ་བཞིན་དུ་མ་གནང་སྟེ༔ བསེ་ཡི་ལྷ་མོ་མཆེད་བཞི་དང་༔ དཀར་ཤམ་མ་བཞི་མ་མོ་འདྲེ་ཉ་བཞི༔ མཚན་གསོལ་མིང་བཏགས་ལག་ཏུ་རྡོ་རྗེ་བྱིན༔ རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར་རོ༔
མ་མོ་རྣམས་ཀྱིས་མགྲིན་གཅིག་བསྟོད་པ་ནི༔ ཨེ་མ་ཧོ༔ སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་དོན༔ དུས་གསུམ་འགྱུར་མེད་ནམ་མཁའ་ལྟ་བུའི་སྐུ༔ འགྲོ་འདུལ་གསུང་དབྱངས་མཁའ་ལ་འབྲུག་སྒྲ་སྒྲོག༔ བྱིན་རླབས་ཆར་གྱིས་སེམས་ཅན་སྨིན་མཛད་པའི༔ རྒྱལ་སྲས་པད་འབྱུང་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཁས་བླངས་དམ་བཅས་སོ༔ ཞེས་གསུངས༔ རིག་འཛིན་ཆེན་པོ་འཕྲོང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གཏེར་བྱོན་རྡོ་རྗེ་གཤོག་རྒོད་མའི་བསྟོད་པ་ལས། རྡོ་རྗེ་གཡུ་སྒྲོན་མ་དང་། རྡོ་རྗེ་གཤོག་རྒོད་མ། རྡོ་རྗེ་རྣ་གཡོན་མའམ་གནས་གཡོན་མ། གར་དབང་མ། འབྲོག་གཟའ་ལྷ་རྒྱལ་མ། རྡོ་རྗེ་ཆེ་མཆོག་མ། དཔལ་ལྡན་ལྷ་མོ་ནག་མོ་རྣམས། གཅིག་པར་གསུངས་ཏེ། དངོས་གྲུབ་སྟེར་བའི་བྱིན་ཆགས་མ༔ འདོད་འཕྲོ་རྨོངས་སྤངས་འོད་ཟེར་འཕྲོ༔ དགེ་འདུན་སྐྱོང་བའི་དཔལ་ལྷ་མོ༔ གཙུག་ལག་སྲུང་མ་ཁྱོད་ལ་བསྟོད༔ ཅེས་པ་དང་། རྡོ་རྗེ་གཡུ་སྒྲོན་མ་ལ་བསྟོད༔ གར་གྱི་དབང་ཕྱུག་མ་ལ་བསྟོད༔ འབྲོག་གཟའ་ལྷ་རྒྱལ་མ་ལ་བསྟོད༔ ཅེས་པ་དང་། སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་ནས་གཤེགས་པའི་ཚེ༔ རྡོ་རྗེ་གནས་གཡོན་མཐུ་མོ་ཆེ༔ ཞེས་པ་དང་བར་གྱི་བསྐལ་པ་དབུས་མ་ལ༔ ཐོ་གར་ཡུལ་ནས་གཤེགས་པའི་ཚེ༔ རྡོ་རྗེ་ཆེ་མཆོག་འཕྲུལ་མོ་ཆེ༔ ཞེས་པ་དང་། ཕྱི་ཡི་བསྐལ་པ་ཐ་མ་ལ༔ མཐོན་མཐིང་གཙུག་ལག་ཁང་ནང་བཞུགས་པའི་ཚེ༔ ཆིབས་སུ་བོང་བུ་ནག་པོ་ཆིབས༔ སྐུ་ལ་དར་ནག་གོ་ཟུ་གསོལ༔ ཞེས་པ་དང་། ད་ལྟ་དུས་ངན་ཐ་མའི་ཚེ༔ བོད་ཡུལ་དབུས་ན་བཞུགས་པའི་ཚེ༔ ཆིབས་སུ་དྲེལ་ནག་ཁ་དཀར་ཆིབས༔ ཞེས་པ་དང་། ཨོ་རྒྱན་ཡུལ་དུ་ཆོས་དབྱིངས་མཁའ་འགྲོའི་གཙོ༔ རྡོ་རྗེ་གདན་སོགས་གཙུག་ལག་ཁང་སྐྱོང་མ༔ བོད་ཁམས་སྐྱོང་མཛད་བརྟན་མ་ཡོངས་ཀྱི་གཙོ༔ དཔལ་ལྡན་རྡོ་རྗེ་གཡུ་སྒྲོན་ཁྱོད་ལ་བསྟོད༔ ཅེས་གསུངས། ཀླུ་རྗེ་ཐོད་དཀར་རམ། ཀླུ་རྗེ་འབར་བ་མིང་པོ་དང་། གཤོག་རྒོད་མ་སྲིང་མོར་གསུངས་ཏེ། ཀྱེ། རྒྱ་མཚོ་ཆེན་པོའི་ནང་ཞིག་ན༔ མིང་པོའི་ཚུལ་གྱི་སྲིང་མོའི་ལས་བྱེད་ཅིང་༔ འཇིགས་བྱེད་ཀླུ་རྒྱལ་ནག་པོ་རྔམས་པའི་སྐུ༔ ཞེས་གསུངས། ཀླུ་འདི་དང་སྙེ་མདོའི་རྗེ་ཀླུ༔ མལ་དྲོའི་གཟི་ཅན་རྣམས་གཅིག་གོ །གཡུ་སྒྲོན་མ་དང་སྐྱི་མཐིང་གཡའ་མ་སྐྱོང་ཡང་གཅིག་སྟེ༔ སྐྱི་མཐིང་གངས་སྨན་དཀར་མོའི་སྒྲུབ་ཐབས་ལས༔ ལྷོ་བཙུན་སྐྱི་མཐིང་གཡའ་མ་སྐྱོང་། སྔོན་ཚེ་གླང་འབྲུག་སི་ལི་མ༔ དེ་ནས་རྒྱ་གཟའི་གཡོ་ཕྱག་མ༔ དེ་ནས་བྲག་དཀར་སྨན་གཅིག་མ༔ དེ་ནས་ལྷ་སྨན་བཟང་མོ་བཙུན༔ དེ་ནས་ལྷོ་ཁའི་བེ་རྫི་མོ༔ གསང་མཚན་རྡོ་རྗེ་གཡུ་སྒྲོན་མ༔ ཕ་མཚན་རྡོ་རྗེའི་འོད་འབར་མ༔ ཆིབས་སུ་སྨན་ཤ་ཡུ་ཆུང་ཆིབས༔ ཞེས་གསུངས།
རྒྱ་ནག་ཡུལ་གྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་གཅེས་བཏུས་ཀྱི་སྐོར།
རྒྱ་མོ་བཟའ་ཀོང་ཇོ་གདན་དྲངས་པའི་སྐོར། རྒྱལ་རབས་གསལ་བའི་མེ་ལོང་ལས་བཏུས།
དེ་ནས་ཡང་བློན་པོ་མགར་གྱིས། རྒྱལ་པོའི་དྲུང་དུ་ཕྱིན་ཏེ་རྒྱ་ནག་གི་ལྷ་གཅིག་དེའང་གདན་འདྲེན་པའི་བཀའ་གནང་བར་ཞུ་ཞེས་ཞུས་སོ། །ཡང་རྒྱལ་པོས་གསེར་གྱི་དོང་རྩེ་བདུན་བསྐུར་ནས་འདི་ལ་ཞུ་རྟེན་གྱིས་ཤིག་གསུངས་སོ། །རིན་པོ་ཆེའི་ཁྲབ་ལ་པདྨ་རཱ་གའི་ཕྲ་བརྒྱབ་པ་གཅིག་བསྐུར་ནས། འདི་ལྷ་གཅིག་དེའི་རིན་དུ་ཕུལ་ཅིག་གསུངས་སོ། །གསེར་ཕྱེ་བྲེ་གང་བསྐུར་ནས་འདི་གར་དགོས་སུ་ཐོངས་ཤིག་གསུངས་སོ། །རྒྱལ་པོ་དེ་བཀའ་ལུང་མི་འདྲ་བ་ལན་གསུམ་བཏུད་མར་གསུང་དུ་འོང་གིས། དེའི་དུས་སུ་འདི་གསུམ་རེ་རེ་བཞིན་གཏོད་ཅིག་གསུངས་ནས་བཀའ་ཤོག་གི་ཤོག་དྲིལ་གསུམ་བསྐུར་རོ། །འཕྲལ་གྱི་ཡོ་བྱད་གོས་དང་རྒྱན་ལ་སོགས་པ། རྔ་མོ་དང་། དྲེལ་ལ་སོགས་པ་ལ་བཀལ་བའི་ཁལ་མང་པོ་བརྫངས་སོ། །ཉིན་མཚན་དང་ལམ་འཕྲང་གང་དུའང་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་འདེབས་ཀྱིན་སོང་ཞིག་གསུངས་སོ། །དེ་ནས་མགར་གྱིས་རྒྱལ་པོས་བསྐུར་བ་ཐམས་ཅད་ཁྱེར་ཁལ་རྣམས་དེད། བློན་པོ་རྟ་པ་བརྒྱ་དང་ལྷན་དུ་མེ་ཕོ་སྤྲེའུའི་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་སྐར་མ་རྒྱལ་དང་འཛོམས་པར་རྒྱ་ནག་ཏུ་ཆས་སོ། །དེར་རྒྱ་ནག་ཟིམ་ཤིང་། བཀྲ་ཤིས་ཁྲི་སྒོ། རྒྱ་རྗེ་ཐའི་ཛུང་བཞུགས་པའི་ཕོ་བྲང་གི་སྒོ་དྲུང་དུ་སླེབས་སོ། །དེ་ན་ནི་མི་ཁྱིམ་འབུམ་ཚོ་ཙམ་ཡོད་པ། ལོགས་རེ་ལ་ཉིན་ལམ་རེ་ཡོད་པ་སྒོ་མོ་ཆེ་བཞི་ཡོད་པ། མཐོང་བ་ཙམ་གྱིས་སྔངས་ཤིང་འཇིགས་པ་ཞིག་འདུག་གོ །དེར་རྒྱ་གར་ཆོས་ཀྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་ཐམ་པ་རྒྱ་མོ་ཀོང་ཇོ་འདོད་པ་ལ་སླེབས་སོ། །གེ་སར་དམག་གི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་ཀོང་ཇོ་འདོད་པ་ལ་སླེབས་སོ། །སྟག་གཟིག་ནོར་གྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་ཡང་ཀོང་ཇོ་འདོད་པ་ལ་སླེབས་སོ། །བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ་རྟ་པ་བརྒྱ་ཡང་ཀོང་ཇོ་འདོད་པ་ལ་སླེབས་སོ། །མི་རིགས་མི་འདྲ་བའི་གཉེ་བོ་རྟ་པ་ལྔ་བརྒྱ་རྒྱ་རྗེའི་དྲུང་དུ་དུས་གཅིག་ལ་སླེབས་སོ། །དེར་རྒྱ་གར་པ་རྣམས་ཤར་སྒོ་ན་ཡོད། གེ་སར་པ་རྣམས་ལྷོ་སྒོ་ན་ཡོད། སྟག་གཟིག་པ་རྣམས་ནུབ་སྒོ་ན་ཡོད། ཧོར་རྣམས་བྱང་སྒོ་ན་ཡོད། བོད་བློན་རྣམས་བྱང་ཤར་མཚམས་སུ་བསྡད་དོ། །དེར་བློན་པོ་གཞན་མ་རྣམས་ཀྱིས་ཞུ་རྟེན་ཕུལ་ཏེ་མཇལ་འཕྲད་བྱས་སོ། །བོད་བློན་རྣམས་ཀྱིས་མཇལ་བར་ཞུས་པས་སྒུག་ཏུ་བཅུག །ཞག་བདུན་སོང་བ་དང་། རྒྱལ་པོ་འཁོར་དང་བཅས་པ་ཕོ་བྲང་གི་ཕྱི་རོལ་དུ་བྱོན་པ་ལ། མགར་གྱིས་གསེར་གྱི་དོང་ཙེ་བདུན་པོ་དེ་ཞུ་རྟེན་དུ་ཕུལ། རིན་པོ་ཆེ་བཻཌཱུརྱའི་ཁྲབ་ལ་པདྨ་རཱ་གའི་ཕྲ་བརྒྱབ་པ་རྒྱལ་པོའི་དྲུང་དུ་བཞག་སྟེ། མགར་ན་རེ། རྒྱལ་པོ་ཆེན་པོ་རིན་པོ་ཆེ་བཻཌཱུརྱའི་ཁྲབ་འདི་ཡོན་ཏན་དུ་མ་དང་ལྡན་ཏེ། མི་ནད་ཕྱུགས་ནད་བྱུང་བའི་ཚེ་ཁྲབ་འདི་གོན་ནས་གྲོང་ཁྱེར་ལ་སྐོར་བ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར། སད་དང་སེར་བ་བྱུང་བའི་ཚེ་འདི་གོན་ནས་ཞིང་བསྐོར་ན། སད་དང་སེར་བ་ཐུབ། འཁྲུག་པ་བྱེད་པའི་ཚེ་འདི་གོན་ན་གཡུལ་ལས་རྒྱལ་བར་འགྱུར་རོ། །
འཛམ་བུའི་གླིང་ན་ཁྲབ་འདི་ལ་གོང་ཐང་དཔྱད་པས་མི་ཆོད། འདི་ལྷ་གཅིག་དེའི་རིན་དུ་འབུལ་ལོ། །ཁྱེད་ཀྱི་ལྷ་གཅིག་མཛངས་མ་དེ། ངེད་བོད་ཀྱི་རྒྱལ་པོའི་བཙུན་མོ་ལ་གནང་བར་ཞུ་བྱས་པས། རྒྱལ་པོ་དེས་མགར་ལ་མིག་ཕུར་ཚུགས་སུ་གཟིགས་ནས་རྒྱལ་པོ་འཁོར་བཅས་ཀྱིས་མི་འོས་པའི་ཁྲེལ་བགད་ཆེན་པོས་བགད་དོ། །རྒྱལ་པོ་དེའི་ཞལ་ནས་མི་སྲིད་པའི་གཏམ་ཤིན་ཏུ་མཚར་ཆེ། ང་ནི་རྒྱ་ནག་སྤྱི་བོ་རྒྱལ་པོ་ནས་དེང་སང་ཕན་རྒྱལ་རྒྱུད་མ་ཆད་པ་ཞིག་ཡིན། ཁྱོད་བོད་ཀྱི་རྒྱལ་པོས་ངའི་སྟོབས་དང་མངའ་ཐང་གི་དོད་མི་ཕེར་ཏེ། འོན་ཀྱང་ཁྱེད་རྣམས་ཐག་རིང་ནས་ཕེབས་འདུག །ད་ལན་ཕྱིར་ལོག་ལ། ཁྱོད་རང་གི་རྒྱལ་པོ་དེ་ལ་དགེ་བ་བཅུ་དང་ལྡན་པའི་རྒྱལ་ཁྲིམས་འཆའ་ཨེ་ནུས་དྲིས་ལ་ཤོག །དེ་ནུས་ན་བུ་མོ་སྟེར། མི་ནུས་ན་མི་སྟེར་གསུངས་པས། བློན་པོ་མགར་ན་རེ། འཕྲིན་རེ་རེ་ལ་རྒྱ་བོད་ཀྱི་བར་ལ་ཕར་འགྲོ་ཚུར་འགྲོ་བྱས་ན་ལྷ་གཅིག་སྤྱན་དྲངས་པའི་ཐབས་མེད། ཁྱེད་ཀྱི་གསུང་དེའི་ལན་དུ། ངེད་བོད་ཀྱི་རྒྱལ་པོས་འདི་བསྐུར་བ་ལགས་ཟེར་ནས་ཤོག་དྲིལ་དང་པོ་དེ་རྒྱལ་པོ་ལ་ཕུལ་བས་རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས། མཐིང་ཤོག་ལ་གསེར་གྱིས་བྲིས་པ། རྒྱ་ནག་གི་ཡི་གེ་འདུག་སྟེ། ཁྱེད་རྒྱ་ནག་གི་རྒྱལ་པོ་ལ་ཁྲིམས་ཡོད། ང་བོད་ཀྱི་རྒྱལ་པོ་ལ་ཆོས་ཁྲིམས་མེད་དེ། རྒྱལ་པོ་ཁྱེད་དགེ་བ་བཅུའི་རྒྱལ་ཁྲིམས་ཡོད་པ་ལ་དགྱེས་ནས་བུ་མོ་སྟེར་ན་ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་དགེ་བ་བཅུའི་ཁྲིམས་ཉི་མ་གཅིག་ལ་འཆའ་ནུས་པ་བྱེད་དོ། །དེ་ངོ་མཚར་མི་ཆེའམ། དེ་ལྟར་བྱས་ཀྱང་བུ་མོ་མི་སྟེར་ན། ངས་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་ཁྱེད་གསོད། ལྷ་གཅིག་འཕྲོག །ཡུལ་ཁམས་ཐམས་ཅད་བཅོམ་ལ་བཞག་གོ་ཞེས་བྱ་བ་འདུག་པས། རྒྱལ་པོ་དེ་ཤིན་ཏུ་སྐྲག་པར་གྱུར་ཏེ། སྐྲག་ཀྱང་མི་སྐྲག་པ་ལྟར་བྱས་ནས་ཁྱེད་བོད་ཀྱི་རྒྱལ་པོ་དེ་ཁ་ཚོ་ཤིན་ཏུ་ཆེ་བར་འདུག །ཁྱེད་བོད་ཀྱི་ཡུལ་ན་གཙུག་ལག་ཁང་བརྩིགས་པའི་ནུས་པའི་སྟོབས་ཡོད་དམ་མེད། དེ་བཞིན་ཡོད་ན་བུ་མོ་སྟེར། མེད་ན་མི་སྟེར། ད་ལན་སོང་ལ་དྲིས་ལ་ཤོག་གསུངས་པས། ཡང་མགར་གྱིས་བཀའ་ཤོག་གི་ཤོག་དྲིལ་བར་པ་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས། འཕྲིན་རེ་རེ་ལ་བོད་དུ་འགྲོ་བ་མི་འོང་བས་རྒྱལ་པོ་ཁྱེད་ཀྱི་གསུང་དེའི་ལན་འདི་ལགས་པས་གཟིགས་པར་ཞུ་བྱས་པ་དང་། རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས་འདི་ལྟར་རོ། །ཁྱེད་རྒྱ་ནག་གི་ཡུལ་ན་ཆོས་དར། གཙུག་ལག་ཁང་བརྩིགས་པའི་སྟོབས་ཡོད། ང་བོད་ཀྱི་རྒྱལ་པོ་ལ་གཙུག་ལག་ཁང་བརྩིགས་པའི་ནུས་པ་མེད་དེ། རྒྱལ་པོ་ཁྱེད་གཙུག་ལག་ཁང་བརྩིགས་པ་ལ་དགྱེས་ནས་ལྷ་གཅིག་སྟེར་ན། ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་ལ། སྒོ་ཐམས་ཅད་ཁྱེད་ཀྱི་ཕྱོགས་སུ་བསྟན་ནོ། །དེ་ངོ་མཚར་མི་ཆེའམ། དེ་ལྟར་བྱས་ཀྱང་བུ་མོ་མི་སྟེར་ན། ངས་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་ཁྱེད་གསོད། ལྷ་གཅིག་འཕྲོག །ཡུལ་ཁམས་ཐམས་ཅད་བཅོམ་ལ་བཞག་གི་ཟེར་བ་འདུག་པས་རྒྱལ་པོ་དེ་ཤིན་ཏུ་སྐྲག་པར་གྱུར་ཏོ། །དེར་སྐྲག་ཀྱང་མི་སྐྲག་པ་ཁད་བྱས་ནས་ཁྱོད་ཀྱི་རྒྱལ་པོ་དེ་ཁ་ཚོ་ཤིན་ཏུ་ཆེ་བར་འདུག །ཁྱོད་ཀྱི་ཡུལ་ན་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཡོད་དམ་མེད། དེ་ཡོད་ན་བུ་མོ་སྟེར། མེད་ན་མི་སྟེར། ད་ལན་སོང་ལ་དྲིས་ལ་ཤོག་ཟེར་བས། ཡང་མགར་གྱིས་ཤོག་དྲིལ་ཐ་མ་དེ་རྒྱལ་པོའི་ཕྱག་ཏུ་ཕུལ་ནས་འཕྲིན་རེ་ལ་རྒྱ་བོད་བར་ལ་འགྲོ་བ་མི་འོང་། རྒྱལ་པོ་ཁྱེད་ཀྱི་གསུང་དེའི་ལན་འདི་ལགས་པས་གཟིགས་པར་ཞུ་ཞེས་ཞུས་པས། དེར་རྒྱལ་པོས་ཁ་ཕྱེས་ནས་གཟིགས་པས་འདི་ལྟར་རོ། །ཁྱེད་རྒྱ་ནག་གི་རྒྱལ་པོ་ནོར་ལོངས་སྤྱོད་ཡོད། ང་བོད་ཀྱི་རྒྱལ་པོ་ལ་ལོངས་སྤྱོད་དེ་བཞིན་མེད་དེ། རྒྱལ་པོ་ཁྱེད་ནོར་ལོངས་སྤྱོད་ཡོད་པ་ལ་དགྱེས་ནས་བུ་མོ་སྟེར་ན་ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་གསེར་དངུལ་གྱི་ལོངས་སྤྱོད། འབྲུ་དང་། དར་ཟབ་དང་། གོས་དང་། རྒྱན་དང་། ཟས་ཀྱི་ལོངས་སྤྱོད་རྣམས་ལྷའི་ལོངས་སྤྱོད་ལ་འགྲན་ནུས་པ་ཙམ་བྱེད་ལ། གཞན་ཡང་ཕྱོགས་བཞི་ནས་ལས་སྒོ་རེ་ཕྱེས་ནས། ཁྱེད་མཐའི་ནོར་རྫས་ཐམས་ཅད་ཀྱང་དབང་མེད་དུ་ངའི་སྒོ་དྲུང་དུ་འདུ་ཞིང་། ལོངས་སྤྱོད་དང་ལྡན་པར་བྱེད་དོ། །དེ་ངོ་མཚར་མི་ཆེའམ། དེ་ལྟར་བྱས་ཀྱང་ལྷ་གཅིག་མི་སྟེར་ན། ངས་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་ཁྱོད་གསོད། ལྷ་གཅིག་འཕྲོག །ཡུལ་ཁམས་ཐམས་ཅད་བཅོམ་ལ་བཞག་གི་བྱ་བ་འདུག་པས་རྒྱལ་པོ་དེ་སྔར་བས་ཀྱང་སྐྲག་པར་གྱུར་ཏོ། །རྒྱལ་པོ་དེའི་ཐུགས་ལ་ངའི་བུ་མོ་འདི་འདོད་མཁན་མང་ཡང་། ཕུགས་སུ་བོད་ཀྱི་རྒྱལ་པོ་འདི་ལ་སྟེར་དགོས་པ་འདྲ་བསམ་ཞིང་། ཐུགས་མ་བདེ་བར་ཕོ་བྲང་དུ་བྱོན་ནོ། །དེ་ནས་ཡབ་རྒྱལ་པོ་དང་། ཡུམ་བཙུན་མོ་དང་། སྲས་རྒྱལ་བུ་དང་། ལྷ་གཅིག་རྣམས་གྲོས་བྱས་པས། ཡབ་ན་རེ། ཆོས་རྒྱ་གར་ནས་བྱུང་བ་ཡིན། ཁོང་དྲིན་ཆེ་བས་རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ་སྟེར་གསུངས་སོ། །ཡུམ་སེར་སྣ་ཆེ་བས་སྟག་གཟིག་ནོར་གྱི་རྒྱལ་པོ་ལ་སྟེར་ཟེར་རོ། །རྒྱལ་བུ་ལུས་རྩལ་བཟང་བ་ལ་དགའ་བས་ཧོར་ལ་སྟེར་ཟེར་རོ། །ལྷ་གཅིག་རང་སྐྱེ་གཟུགས་ལེགས་པ་ལ་དགའ་བས་མི་ཚེ་ཧྲིལ་པོར་འགྲོགས་པའི་རྟེན་གྲོགས་གལ་ཆེ་ཟེར་ནས་གེ་སར་དམག་གི་རྒྱལ་པོ་ལ་མོས་པ་བྱུང་ངོ་། །དེར་བོད་ལ་དགའ་བ་གཅིག་ཀྱང་མ་བྱུང་ངོ་། །དེར་རྒྱལ་པོའི་ཞལ་ནས། ཁྱེད་གཉེ་བོ་རྣམས་ལ་ཉེ་རིང་མེད། རིག་པ་གང་རྣོ་བ་ཞིག་ལ་སྟེར་བས་རིག་པ་འགྲན་ཟེར་རོ། །རྒྱལ་པོ་དེའི་བླ་གཡུ་བཞག་སྒོར་མོ་བྱ་བ། ཆེ་ཆུང་ནི་ཕུབ་ཆུང་ཚད་ཙམ་པ། བཀྲག་ཆེ་བ། མིག་གཅིག་མཐའ་ན་ཡོད་པ། མིག་གཅིག་དཀྱིལ་ན་ཡོད་པ། ནང་གི་མིག་ཀྱང་ཕུག་གི་སྤ་རིམ་ལྟ་བུར་ཡོད་པ་དེ་དང་། དར་ཡུག་གཅིག་བློན་པོ་ཚན་ལྔ་པོ་ལ་གཏད་ནས། གཡུ་འདིའི་མིག་ཏུ་དར་ཡུག་འདི་སུས་ཚུད་པ་ལ་ལྷ་གཅིག་སྟེར་ཟེར་རོ། །དེར་བློན་པོ་གཞན་རྣམས་དབང་ཆེ་བས་སྔོན་ལ་ཁོང་ཚོས་གཡུ་ཁྱེར་ཏེ། ཐབས་སྣ་ཚོགས་བྱས་ནས་ཉི་མ་མང་པོ་ལག་འགྲིམ་གྱིས་བརྒྱུས་པས་སུས་ཀྱང་མ་ཚུད་ནས་བློན་པོ་མགར་ལ་གཏད་དེ། ངེད་རྣམས་ཀྱིས་ནི་ཇི་ལྟར་བྱས་ཀྱང་མ་ཚུད། ཁྱེད་རང་ཨེ་ཚུད་ལྟོས་ཤིག་ཟེར་ནས་གཡུ་དར་ཡུག་དང་བཅས་པ་གཏད་དོ། །དེར་མགར་རིག་པ་ཅན་དེས། སྔར་ནས་རྒྱའི་གྲོག་མ་གཅིག་ཟན་དང་འོ་མས་གསོས་ཏེ་མཐེབ་མོ་ཙམ་དུ་སོང་བ་དང་། དེའི་སྐེད་པ་ལ་དར་སྐུད་བཏགས་ཏེ། དར་ཡུག་གི་སྤྱི་བོ་བསྡུས་ནས་བཙིམ་སྟེ་གྲོག་མ་དེ་གཡུ་མིག་ཏུ་བཙུད་དོ། །དར་ཡུག་དེ་ལག་ཏུ་བླངས་ནས་ཕུ་བཏབ་པས་རླུང་གིས་དེད་ནས་མཐའི་མིག་ཏུ་ཐོན་བྱུང་ངོ་། །དེ་ནས་གྲོག་མའི་རྐེད་པ་ནས་དར་སྐུད་དཀྲོལ་ཏེ། ནུར་གྱིས་འཐེན་པས་གཡུ་མིག་ཏུ་དར་ཡུག་ཚུད་དོ། །ངེད་ཀྱིས་འདི་བཞིན་བྱུང་ཡོད་པས་ལྷ་གཅིག་ཞུ་བྱས་པས། ད་རུང་རིག་པ་འགྲན་ནོ་ཟེར་ནས་བོད་ལ་བརྙས་པ་བྱས་མ་བྱིན་ནོ། །ཡང་དེའི་སང་ལུག་ལྔ་བརྒྱ་གཏད་ནས། འདི་རྣམས་སང་གི་ཉི་མ་ལ་བསད་ཟིན་པ། བཤས་ཟིན་པ། ཤ་ཟོས་ཟིན་པ། པགས་པ་མཉེས་ཟིན་པ་ལ་ལྷ་གཅིག་སྟེར་ཟེར་རོ། །དེར་བོད་བློན་རྣམས་ཀྱིས་མི་རེས་ལུག་རེ་བསད། སོ་སོར་བཤས། ཤ་ལོགས་ཤིག་ཏུ་སྤུངས། པགས་པ་ལོགས་ཤིག་ཏུ་སྤོངས་ཏེ། ཤ་ལྕུང་མོ་ཙམ་རེ་ཚ་ལ་བསྒྲེས་ཤིང་སྒྲིན་ལ་སྐྱུར་ཏེ། ཟར་བཅུག་པས་ཟོས་ཟིན་ཏོ། །པགས་པ་རྣམས་གྲལ་མགོ་ནས་ཕུར་བ་རེ་བྱས་བཏང་བས་གྲལ་གཞུག་ཏུ་སྣུམ་འཇུག་རན་པར་བྱུང་། ཡང་འོག་མ་དེས་སྣུམ་བྱུག་སྟེ་ཕུར་བ་རེ་བྱས་པས་གྲལ་འགོར་ཐུལ་ལོ། །གཞན་མ་རྣམས་ལ་བལྟས་པས་གང་ཡང་མ་ཟིན་པར་འདུག་གོ །ངེད་ཀྱིས་འདི་བཞིན་བྱུང་ཡོད། གཞན་གྱིས་མ་བྱུང་བར་འདུག་པ་ལྷ་གཅིག་ཞུའོ་བྱས་པས། ད་རུང་རིག་པ་འགྲན་ཟེར་ནས་མ་བྱིན་ནོ། །ཡང་ཆང་བེམ་བརྒྱ་གཏད་ནས། འདི་རྣམས་སང་གི་ཉི་མ་ཕྱེད་ཚུན་ལ་འཐུང་ཟིན་པ། མ་བོ་བ། མ་བཟི་བ་སུ་བྱུང་བ་ལ་ལྷ་གཅིག་སྟེར་ཟེར་རོ། །ཡང་མགར་གྱིས་བོད་བློན་རྣམས་ལ་སྣོད་ཆུང་ཆུང་རེ་བཙུགས། ཉུང་རེ་དྲངས་ཏེ། ཐོག་མར་ཧུབ་རེ་འཐུང་ཞིག་བྱས་པས་འཐུང་ཟིན་པ། མ་བོ་བ། མ་བཟི་བ་བྱུང་ནས། གཞན་རྣམས་ལ་བལྟས་པས་ཕོར་པ་ཆེན་པོ་ཆང་གིས་བཀང་སྟེ། འཐུང་མ་ཟིན་དོགས་ནས་ཁྲོག་བརྒྱབས་པས་བཟི་ཞིང་སྐྱུགས་ཏེ་བོ་འདུག་གོ །ཡང་ངེད་ཀྱིས་འདི་བཞིན་བྱུང་ཡོད། གཞན་གྱིས་མ་བྱུང་བར་འདུག་པས་ལྷ་གཅིག་ཞུའོ་བྱས་པས། ད་རུང་རིག་པ་འགྲན་ཟེར་ནས་བོད་ལ་བརྙས་པ་བྱས་མ་བྱིན་ནོ། །ཡང་རྟ་མ་བརྒྱ་བུ་བརྒྱ་གཏད་ནས་འདི་ཚོ་མ་བུ་ཕྱོགས་གཅིག་ཏུ་ངོ་ཤེས་པ་ལ་ལྷ་གཅིག་སྟེར་ཟེར་རོ། །ཡང་གཞན་གྱིས་མ་ཤེས། མགར་གྱིས་རྟ་མ་བུ་རྣམས་ཕྱོགས་གཅིག་ཏུ་བཟུང་ནས་ཞག་གཅིག་ཏུ་རྩྭ་བྱིན་ཅིང་ཆུ་མ་བྱིན་ནོ། །དེའི་སང་རྟེའུ་རྣམས་ཀྱི་ཁྲོད་དུ་བཏང་བས་རང་རང་གི་མ་གང་འདུག་རྩ་ནས་འོ་མ་འཐུངས་སོ། །དེར་ངོ་ཤེས། ངེད་ཀྱིས་ངོ་ཤེས། གཞན་རྣམས་ཀྱིས་མ་ཤེས་པས་ལྷ་གཅིག་ཞུའོ་བྱས་པས། ད་རུང་རིག་པ་འགྲན་ཟེར་ནས་མ་བྱིན་ནོ། །ཡང་དེའི་སང་བྱ་མ་བརྒྱ་བུ་བརྒྱ་གཏད་ནས་འདི་རྣམས་མ་བུ་ཕྱོགས་གཅིག་ཏུ་སུས་ངོ་ཤེས་པ་ལ་ལྷ་གཅིག་སྟེར་ཟེར་རོ། །ཡང་གཞན་གྱིས་མ་ཤེས། མགར་གྱིས་ཐང་ཡངས་ཤིག་ལ། སྦང་མ་གཏོར་ནས་བཞག་སྟེ། དེར་བྱ་རྣམས་ཁ་གཏད་དོ། །དེ་གཉིས་གཉིས་ལྷན་དུ་ཟོས་སོ། །སྐེའི་འོག་ནས་ཟ་ཞིང་སྤྱོད་པ་འཚུབ་པ་འདི་རྣམས་བུ་ཡིན། དེ་མིན་རྣམས་མ་ཡིན་ནོ་བྱས་པས་ངོ་ཤེས། ངེད་ཀྱིས་ངོ་ཤེས། གཞན་གྱིས་མ་ཤེས་པས་ལྷ་གཅིག་ཞུའོ་བྱས་པས། ད་རུང་རིག་པ་འགྲན་ཟེར་ནས་མ་བྱིན་ནོ། །ཡང་གསམ་གྱི་ཤིང་ལྡུམ་པོ་བརྒྱ་གཏད་ནས་འདི་རྣམས་ཀྱི་མགོ་གཞུག་སུས་ཤེས་པ་ལ་སྟེར་ཟེར་རོ། །ཡང་གཞན་གྱིས་མ་ཤེས་སོ། །མགར་གྱིས་ཤིང་དེ་རྣམས་ཆུ་འགྲམ་དུ་ཁྱེར་ནས་ཆུ་ལ་བསྐྱུར་བས་རྩ་བ་ལྗིད་བས་ཐུར་དུ་སོང་། རྩེ་མོ་ཡང་བས་གྱེན་དུ་ལུས་སོ། །ངེད་ཀྱིས་ངོ་ཤེས། གཞན་གྱིས་མ་ཤེས་པས་ལྷ་གཅིག་ཞུ་བྱས་པས། ད་རུང་རིག་པ་འགྲན་ཟེར་ནས་མ་བྱིན་ནོ། །དེར་དགོང་ཅིག་ཕོ་བྲང་ནས་རྔ་བོ་ཆེ་བརྡུང་བ་དང་། བློན་པོ་གཞན་རྣམས་ཕོ་བྲང་དུ་སོང་། བོད་བློན་རྣམས་ཀྱི་གནས་མོ་དེ་ན་རེ། བློན་པོ་གཞན་རྣམས་ཕོ་བྲང་དུ་སོང་། ཁྱེད་ཅག་ཚོ་ཡང་མི་འགྲོའམ། ཕྱིན་པ་ལེགས་སོ་ཟེར་བས། མགར་ན་རེ། ངེད་ལ་ཤོག་ཀྱང་མི་ཟེར། རྔ་དེ་ཅི་ཡིན་ཆ་མེད་བྱས་པས། གནས་མོ་ན་རེ། བློན་པོ་གཞན་རྣམས་སོང་བ་ན་ཁྱེད་ལ་ཤོག་མི་ཟེར་ཀྱང་འགྲོ་བ་ཡིན་མོད་ཟེར་རོ། །དེར་བློན་པོས་རྔ་དེ་ལ་སྐྱོན་ཅན་དུ་གོ་ནས་བློན་པོ་རྣམས་ཁྲིད། སྒོ་རེ་རེ་བཞིན་འདྲེན་གིན། སྒོ་ལ་རམས་དང་ཚོས་ཀྱི་ཁུ་བས་མཚན་མ་འདེབས་ཀྱིན་ཕོ་བྲང་དུ་ཕྱིན་ནོ། །ཕོ་བྲང་ན་བློན་པོ་གཞན་རྣམས་འཚོགས་འདུག་གོ །དེར་རྒྱལ་པོས། དེ་དགོང་བློན་པོ་ཐམས་ཅད་ལ་སྟོན་མོ་ཞིག་བྱས་ནས་སྲོད་ཀྱི་མུན་ནག་ལ། རྒྱལ་པོའི་ཞལ་ནས། ཁྱེད་རང་བློན་པོ་ཐམས་ཅད་ཕྱིར་སོང་ལ། རང་རང་གི་ཁང་པ་རྙེད་པར་གྱིས་ཤིག །དེ་སུས་རྙེད་པ་ལ་བུ་མོ་སྟེར་གསུངས་སོ། །དེར་མགར་གྱིས་ཕོ་བྲང་ནས་མར་མེ་གཡར་ཏེ། སྒོ་རེ་རེ་བཞིན་དྲེན་གིན། སྔར་གྱི་མཚན་མ་རྣམས་བལྟས་ཕྱིན་པས་རང་གི་ཁང་པ་རྙེད་དོ། །སང་ནམ་ལངས་པ་དང་། བློན་པོ་གཞན་རྣམས་བལྟར་ཕྱིན་པས། ལ་ལ་གཞན་གྱི་ཁྱིམ་དུ་ཚུད། ལ་ལས་སྒོ་མ་རྙེད་ནས་རྒྱ་སྲང་ན་ཉལ་འདུག་གོ །ཡང་མགར་གྱིས་ངེད་ཀྱི་ཁང་པ་རྙེད། གཞན་རྣམས་ཀྱིས་མ་རྙེད་པར་འདུག །ལྷ་གཅིག་ཞུའོ་བྱས་པས། རྒྱལ་པོའི་ཞལ་ནས་ད་ནི་ཞག་གསུམ་གྱི་ཉིན་ཤར་སྒོའི་ཐང་ལ། བུ་མོ་མཚར་སྡུག་དང་ལྡན་པ་སུམ་བརྒྱ་རྒྱན་གྱིས་བརྒྱན་ནས་གྲལ་བྱེད། དེའི་ཁྲོད་དུ་ལྷ་གཅིག་འཇོག་པས། དེ་ངོ་སུས་ཤེས་པ་ལ་བསྐུར་བ་ཡིན་གསུངས་སོ། །
དེ་ནས་མགར་གྱིས་གནས་མོ་དེ་དང་ལུས་འབྲེལ་ཤིང་མཐུན་པར་བྱས། ཟས་ཆང་གིས་མགོ་བསྐོར་ཏེ་དགའ་བའི་གཏམ་སྨྲས་ནས། ངེད་བློན་པོ་རྣམས་ཀྱིས་རྒྱ་ནག་ཏུ་སླེབས་ནས་ལོ་གཅིག་འགྲོ། རིག་པ་དེ་ངེད་རྣོ། ལྷ་གཅིག་འདི་ངེད་ཀྱིས་ཐོབ་པ་ལ་བརྙས་པ་བྱས་མ་བྱིན། ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་འདི་མ་མཐོང་བ་ལ་སྒྲ་ཆེ་བ་གཡུ་འབྲུག་སྔོན་མོ་དང་འདྲ་བ་ཞིག་འདུག །ལྷ་གཅིག་དེ་དང་ཁྱོད་གཉིས་ཤིན་ཏུ་མཐུན་པར་ཡོད་འདུག་པས། ཁྱོད་ཀྱིས་ཅི་འདྲ་ཞིག་ལེགས་པར་སྟོན་དགོས། ད་ནི་ཤིན་ཏུ་གལ་ཆེ་བར་ཡོད་དོ། །ད་ནི་ཞག་གསུམ་གྱི་ཉིན་ཀོང་ཇོ་བུ་མོ་སུམ་བརྒྱའི་དཀྱིལ་དུ་གྲལ་བསྒྲིགས་ནས་ཤར་སྒོའི་ཐང་ལ་འཇོག་པས་སུར་ཐོབ་པ་ལ་སྟེར་བ་ཡིན་གསུངས་ཏེ། བློན་པོ་གཞན་རྣམས་དབང་ཆེ་བས་སྔོན་ལ་ཁོང་ཚོས་འདོམ་དུ་འོང་། ཁོང་ཚོ་གང་རུང་གིས་ངོ་ཤེས་ནས་ཁྱེར་ལས་ཆེ། ངེད་ལ་ཐོབ་པར་དཀའ། གལ་ཏེ་ཁོང་ཚོས་ངོ་མ་ཤེས་པར་འདུག་ནས་ངེད་ཀྱིས་ངོ་ཤེས་ནའང་བརྙས་པ་བྱས་མི་བསྐུར་ལས་ཆེ། གཞན་ཡང་ལས་ཀྱི་དབང་གིས་ཐོབ་ཀྱང་། ཅི་འདྲ་ཞིག་ཡོད་མ་ཤེས་པས་ཁྱོད་ཀྱིས་ལེགས་པར་སྟོན་དགོས། ངས་ཁྱོད་རང་གི་ཁྱོ་བྱས་ལ་འདིར་སྡོད། ལྷ་གཅིག་བློན་པོ་གཞན་མ་རྣམས་ལ་བསྐུར་བས་ཆོག་བྱས་ནས་གསེར་ཕྱེ་བྲེ་གང་པོ་དེ་བརྔན་པ་ལ་བྱིན་ནོ། །དེར་གནས་མོ་ན་རེ། ཁྱེད་བོད་བློན་རྣམས་བདེན། རྒྱལ་པོ་ཉེ་རིང་ཆེ། རྒྱལ་པོ་གཅིག་པོ་མིན་ཏེ། ཁྱེད་བོད་ལ་དགའ་བ་མི་གཅིག་ཀྱང་མི་འདུག །བོད་ཡི་དྭགས་ཀྱི་རྒྱལ་ཁམས་ཡིན་ཟེར་གྱི་འདུག །ལྷ་གཅིག་འདི་བློན་པོ་གཞན་རྣམས་ཀྱིས་ཐོབ་ཏུ་རེ་འདུག་ཅིང་། ཁོང་ཚོ་རིག་པ་ལན་གཅིག་རྣོ་ཡང་སྟེར་བར་འདུག །ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་འདི། ངའི་དཔོན་མོ་ཡིན་པས་རྒྱུས་ང་ཆེ་སྟེ། རྒྱ་ནག་རྩིས་ལ་མཁས་པས་རྩིས་ཀྱིས་ངོ་ཤེས་ན་ང་གསོད་འོང་བས་ངས་འཆད་མི་ནུས་ཟེར་རོ། །དེར་མགར་ན་རེ། རྩིས་ཀྱིས་ངོ་མི་ཤེས་པའི་ཐབས་ང་ལ་ཡོད་ཟེར་ནས་ཁྱིམ་གྱི་ནང་དུ་སྒོ་བསྡམས་ཏེ། སྒྱེད་པུ་ཆེན་པོ་གསུམ་བཙུགས། དེའི་སྟེང་དུ་ཟངས་ཆེན་པོ་ཆུས་བཀང་བ་གཅིག་བཞག །ཆུ་དེའི་སྟེང་དུ་བྱ་སྣ་ཚོགས་ཀྱི་སྤུ་གཏོར། ཕུབ་དམར་པོ་ཅིག་གིས་ཁ་བཅད། དེའི་སྟེང་དུ་གནས་མོ་བཞག །གནས་མོའི་མགོ་ལ་རྫ་མས་གཡོགས། རྫ་མའི་མགོ་ལ་དྲ་བས་གཡོགས། རྫ་མ་ལ་བུག་པ་ཕུག །བུག་པ་དང་དྲ་མིག་གི་ནང་དུ་ཟངས་དུང་བཅུག་ནས། འདི་ནས་ཚུར་བཤད་པས་རྩིས་ཀྱིས་ཟིན་ཀྱང་ཡིད་ཆེས་མི་འབྱུང་བས་ཁྱོད་ཀྱིས་ལེགས་པར་ཤོད་ཅིག་བྱས་སོ། །དེར་གནས་མོ་ན་རེ། བློན་པོ་ཆེན་པོ་ལེགས་པར་ཡིད་ལ་ཟུངས་ཤིག། ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་དེ། །བུ་མོ་གཞན་པས་ཆེ་རྒྱུ་མེད། །སྐྱེ་གཟུགས་གཞན་པས་ལེགས་རྒྱུ་མེད། །རྒྱན་གོས་གཞན་པས་བཟང་རྒྱུ་མེད། །དེ་ལ་མོ་ཡི་ཁྱད་ཆོས་ནི། །སྐུ་མདོག་སྔོ་ལ་དམར་བའི་མདངས་ཆགས་པ་ཞིག་ཡོད། ཞལ་ནས་ཨུཏྤལ་སྔོན་པོའི་དྲི་བྲོ་བ། ལུས་དྲི་ཞིམ་པས་གཡུའི་སྦྲང་མ་གཅིག་འཁོར་གྱིན་ཡོད། མཁུར་ཚོས་གཡས་པའི་སྟེང་ན་ཆོ་ལོ་རིས། གཡོན་པའི་སྟེང་ན་པདྨ་རིས། དཔྲལ་བའི་དཀྱིལ་ན་སིནྡྷི་རའི་ཐིག་ལེའི་སྟེང་ན། ཨཱརྱ་ཏཱ་རེ་ནས་ཙམ་ཞིག་ཡོད། སོ་ལ་སོ་ཞོ་ཡོད། ཨོག་མ་ལ་ཨོག་ཞོ་ཡོད། ལྷ་གཅིག་ཀོང་ཇོ་དེ། བུ་མོ་སུམ་བརྒྱ་བསྒྲིགས་པའི་ཐ་མར་ཡང་མི་འོང་། དཀྱིལ་དུ་ཡང་མི་འོང་། གཡོན་གྲལ་ནས་བསྒྲིགས་པའི་དྲུག་གི་གོང་དུ་འོང་། ལྷ་གཅིག་དེ་ལུས་དང་གོས་ལ་གྱ་བསྲུང་སྟེ། ལུས་དང་གོས་ལ་རེག་ས་མེད་པས། མདའ་གསར་པ་ཞིག་ལ་དར་ལེ་བརྒན་ཁ་གང་ཐོགས་ལ། ལྷ་གཅིག་གི་རྩར་སླེབ་པ་དང་། མོས་དར་གོས་ཤམ་བུ་ལྔ་བརྩེགས་སྟེང་ན་དྲི་མ་ལྕམ་མེ་བ་ཞིག་གོན་ཡོད་པས། དེའི་གོང་བ་ནས་མདའི་ལྟོང་གིས་ཟུངས་ལ་འཐེན་ཅིག་ཟེར་རོ། །དེར་མགར་གྱིས། ཆས་དེ་རྣམས་བཤིག། ལུས་སེམས་དགའ་བདེས་ཁྱབ་པར་གྱུར་ནས། ངེད་བོད་བློན་རྣམས་སྔོན་ཆད་ཀྱང་མགོ་ཐོན། ད་རུང་མགོ་ཐོན་པ་ཞིག་དགོས་སོ། །ངེད་ཚོ་རྒྱ་ནག་ཏུ་ཚོང་ལ་འོངས་པ་ཡང་མིན་ནོ། །བཤེས་གཉེན་སྐྱོང་དུ་འོང་བ་ཡང་མིན་ནོ། །ལྷ་གཅིག་འདི་སྤྱན་དྲོངས་ན། ངེད་རྣམས་མགོ་ཐོན་པ་ཡིན་པས་བརྟག་པ་ལེགས་པོ་བྱེད་དགོས་སོ། །ད་ནི་ཞག་གསུམ་གྱི་ཉིན་བུ་མོ་སུམ་བརྒྱའི་དཀྱིལ་ནས། སུས་ངོ་ཤེས་པ་ལ་སྟེར་བར་ཐག་ཆོད་འདུག་པས་སྤྱང་གླེན་མ་ནོར་བ་ཞིག་བྱེད་དགོས་ཟེར་རོ། །དེ་ནས་ཞག་གསུམ་གྱི་ཉིན་པར་བུ་མོ་རྒྱན་གྱིས་བརྒྱན་པ་སུམ་བརྒྱ་ཤར་སྒོའི་ཐང་ལ་བསྒྲིགས་སོ། །རྒྱ་ནག་གི་མི་ཐམས་ཅད་ལྟད་མོ་ལ་འཚོགས། དེར་རྒྱལ་པོའི་ཞལ་ནས། བློན་པོ་རྣམས་སྔར་གྱི་གོ་རིམ་བཞིན་བདོམས་ཤིག་གསུངས་སོ། །དེར་རྒྱ་གར་ཆོས་ཀྱི་རྒྱལ་པོའི་བློན་པོ་རྣམས་བྱུང་སྟེ། གྲལ་གྱི་དཀྱིལ་ནས་བུ་མོ་ཆས་བཟང་ཞིང་མཛེས་པ་གཉིས་ཁྲིད་ནས་གཅིག་མིན་ཀྱང་གཅིག་ཡིན་ཏེ་འོང་ཟེར་ནས་འུར་སྒྲ་དང་བསོ་སྒྲ་འདེབས་ཀྱིན་སོང་ངོ་། །དེའི་རྗེས་ལ་སྟག་གཟིག་ནོར་གྱི་རྒྱལ་པོའི་བློན་པོ་རྣམས་བྱུང་སྟེ། བུ་མོ་མཛེས་མ་གཉིས་ཁྲིད་ནས་སྔར་ལྟར་བྱས་ནས་སོང་ངོ་། །དེའི་རྗེས་ལ་གེ་སར་དམག་གི་རྒྱལ་པོའི་བློན་པོ་རྣམས་བྱུང་སྟེ། བུ་མོ་མཛེས་མ་གཉིས་ཁྲིད་ནས་སྔ་མ་ལྟར་བྱས་ནས་སོང་ངོ་། །དེའི་རྗེས་ལ་བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ་རྣམས་བྱུང་སྟེ། བུ་མོ་མཛེས་མ་གཉིས་ཁྲིད་ནས་སྔ་མ་ལྟར་བྱས་ནས་སོང་ངོ་། །དེར་བློན་པོ་མགར་གྱིས་བལྟས་པས། དེ་རྣམས་ཐམས་ཅད་མིན་པར་ཤེས་ཏེ། རབ་ཏུ་དགའ་ནས་འཛུམ་མུལ་གྱིས་ཤོར་རོ། །དེར་མགར་གྱིས་མདའ་དེ་ལག་ཏུ་ཁྱེར། བོད་བློན་རྣམས་ཁྲིད་དེ། གཡོན་གྲལ་དུ་གཏད་ཕྱིན་ནས་གྲལ་གྱི་མཐའ་མའི་བུ་མོ་དེ་ལ། མགར་ན་རེ། འདི་ནི་བཤན་པའི་བུ་མོ་འདྲ། །ལག་པ་འདི་ཡི་དམར་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །རྫ་མཁན་ཅིག་གི་བུ་མོ་འདྲ། །ལག་པའི་སེར་ཁ་མང་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །ཤིང་མཁན་ཅིག་གི་བུ་མོ་འདྲ། །གོས་ལོག་འདི་ཡི་སྐྱ་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །ཁྲབ་མཁན་ཅིག་གི་བུ་མོ་འདྲ། །སྟེང་གོས་འདི་ཡི་སྣུམ་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །ཕྱིས་མཁན་ཅིག་གི་བུ་མོ་འདྲ། །འབྲེང་བུ་འདི་ཡི་མང་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །མགར་བ་ཞིག་གི་བུ་མོ་འདྲ། །གོས་ཀྱི་ཐུ་བའི་ནག་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །དར་འཐག་བུ་མོ་ཡིན་པ་འདྲ། །དར་ཟབ་ལུས་ལ་གོན་ལུགས་སམ། །དེ་ཡི་གོང་ན་འདུག་པ་དེ། །ལྷ་གཅིག་ཀོང་ཇོ་ཡིན་པ་འདྲ། །སྐུ་མདོག་སྔོ་ལ་དམར་མདངས་ཆགས། །ཞལ་ནས་ཨུཏྤལ་སྔོན་པོ་མནམ། །དྲི་ཞིམ་གཡུ་ཡི་སྦྲང་མ་འཁོར། །མཁུར་ཚོས་ཆོ་ལོ་པདྨ་རིས། །དཔྲལ་བ་རྗེ་བཙུན་སྒྲོལ་མས་མཚན། །སོ་ཚགས་དམ་ཞིམ་སོ་ཞོ་ཅན། །འཕྲུལ་ཆེན་བུ་མོ་གཞན་བས་མཛེས། ཞེས་པ་ལ་སོགས་པའི་ཡོན་ཏན་བརྗོད་ནས། ལྷ་གཅིག་གི་གོས་ཀྱི་གོང་བ་ནས། མདའི་ལྟོང་གིས་བཟུང་ནས་འཐེན་པས་ལྷ་གཅིག་ངུ་ཞིང་བློན་པོའི་ཕྱིར་འབྲངས་སོ། །དེར་ལྷ་གཅིག་བཤུམ་པ་ལ། བློན་པོ་མགར་གྱིས་སྤྲོ་བ་བསྐྱེད་པའི་གླུ་བླངས་ཏེ། ཐོན་མི་སམྦྷོཊ་དང་། འབྲི་སེ་རུ་གོང་སྟོན་གཉིས་ཀྱིས་རམ་བུ་བཏགས་ནས་འདི་སྐད་དོ། །ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་ཁྱེད། །བདག་གི་ཚིག་ལ་གསོན། །བཀྲ་ཤིས་ཉམས་སུ་དགའ། །བོད་ཀྱི་རྒྱལ་ཁམས་ན། །རིན་ཆེན་ལྔ་ལས་གྲུབ། །རྒྱལ་པོའི་ཕོ་བྲང་ན། །མི་རྗེ་ལྷ་ཡིས་མཛད། སྲོང་བཙན་སྒམ་པོ་དེ། །རིགས་གཟུགས་དཔལ་གྱིས་བརྗིད། །མཐོང་ན་སེམས་ཡིད་འཕྲོག །ཐུགས་རྗེ་ཆེན་པོ་ལགས། །རྒྱལ་སྲིད་ཆོས་བཞིན་བསྐྱངས། །འབངས་རྣམས་བཀའ་ལ་ཉན། །རྒྱལ་བློན་འཁོར་འབངས་རྣམས། །དགའ་སྐྱིད་གླུ་རུ་ལེན། །ཆོས་ཀྱི་ཉི་མ་ཤར། །དཔལ་གྱི་སྒྲོན་མེ་བཏེག །རི་ལ་ཤིང་སྣ་ཚང་། །ས་གཞི་ཡངས་པ་ལ། །འབྲུ་སྣ་ལྔ་ཡི་ཚོགས། །གོ་མཚམས་མེད་པར་སྐྱེས། །གསེར་དངུལ་ཟངས་ལྕགས་སོགས། །རིན་ཆེན་དུ་མ་ཡོད། །གནག་རྟ་ལུགས་གསུམ་རྒྱས། །དགའ་སྐྱིད་དེ་ལྟར་ཡོད། །ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་གསོན། །ཞེས་གླུ་བླངས་པས། ལྷ་གཅིག་གི་བསམ་པ་ལ། དེ་ལྟར་བདེན་ན་ང་རང་གི་ཡུལ་དང་འདྲ་བར་འདུག་བསམ་ནས་མཆི་མ་ཕྱིས་ཏེ། བློན་པོའི་ཕྱིར་འབྲངས་སོ། །བློན་པོས་རྟ་ལ་བསྐྱོན་ཏེ། ཁྲོམ་བསྐོར་ནས་རྒྱ་ཧོར་གཉིས་ལས་ལྷག་པ་ངེད་བོད་ཡིན། ལྷ་གཅིག་ངེད་ཀྱིས་སྤྱན་འདྲེན་པ་ཡིན་པས་ཐམས་ཅད་ཁར་མཛུབ་མོ་ཆུགས་ལ་སྡོད་བྱས་སོ། །དེར་རྒྱ་ནག་གི་མི་རྣམས་ཀྱིས་སྨྲེ་སྔགས་བཏོན་ཏེ། ངེད་ཀྱི་ལྷ་གཅིག་མཛངས་མ་དེ་བོད་ངན་པས་ཁྱེར་ཟེར་རོ། །དེར་རྒྱལ་པོའི་ཞལ་ནས་བློན་པོ་གཞན་རྣམས་ལའང་། ཁྱེད་རྣམས་ཀྱང་ངེད་རྒྱ་ནག་པའི་གཉེན་ཟླ་ཡིས་པས་ཁྱེད་རང་ཚོས་འདོམས་པའི་བུ་མོ་རྣམས་ཁྲིད་ལ་སོ་སོའི་ཡུལ་ལ་སོང་ཞིག་གསུངས་སོ། །
དེར་བློན་པོ་མགར་གྱིས་ལྷ་གཅིག་ལ། ད་ནི་བོད་དུ་འགྲོ་ཐབས་གྱིས་ཤིག་བྱས་ནས་བཏང་ངོ་། །དེར་ལྷ་གཅིག་གིས་ཕོ་བྲང་དུ་ཕྱིན་པས། ཡབ་རྒྱལ་པོའི་ཞལ་ནས། ཁྱོད་བོད་ཀྱི་རྒྱལ་པོའི་བཙུན་མོར་འགྲོ་དགོས་གསུངས་པས། ལྷ་གཅིག་ན་རེ། ཆོས་མེད་པ། ཡུལ་ངན་པ། ཕ་མིང་དང་མི་འཕྲད་པའི་ས་ཐག་རིང་དེར་ང་མི་འགྲོ་ཟེར། ཡབ་ཀྱི་ཞལ་ནས། ཁྱོད་དེ་སྐད་མ་ཟེར་འགྲོ་དགོས། བོད་ཀྱི་རྒྱལ་པོ་དེ་མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་དང་ལྡན་པ་ཞིག་ཡོད་པར་འདུག །ངས་ཇི་སྐད་སྨྲས་ཀྱང་། ཁོས་བོད་ཡུལ་དུ་མ་ཕྱིན་པར་ལན་ཡི་གེའི་ནང་དུ་འོང་གྱིན་འདུག་ཁྱོད་མི་འགྲོ་བ་ཁོང་གིས་ཤེས་ནས། དམག་ཁྲི་ཕྲག་ལྔ་ཙམ་འདིར་བྱུང་ནས་ང་བསད། ཁྱོད་ཁྱེར་ཡུལ་མཁར་ཐམས་ཅད་བཅོམ་ན་ཅིི་ཙུག་བྱེད། བློན་པོ་དེའི་བྱེད་ལུགས་ལ་ལྟོས་དང་། དེ་བས་ཕྱིན་པ་ལེགས་སོ་གསུངས་པས། དེར་ལྷ་གཅིག་གིས་ཡབ་ལ་ཕྱག་འཚལ་ཏེ་གསོལ་བ། ཡབ་གཅིག་རྒྱལ་པོས་བཀའ་གནང་ངམ། །ཨ་མ་ཡུམ་གྱིས་གནང་ལགས་སམ། །ཇོ་ཇོ་མིང་པོས་ཚིག་ཤོར་རམ། །ཨེ་མ་མི་སྲིད་ངོ་མཚར་ཆེ། །བོད་ཀྱི་ཡུལ་དེར་བདག་གཏོང་ན། །ཁ་བ་ཅན་གྱི་ཡུལ་ཕྱོགས་དེར། །བསིལ་ཞིང་གྲང་ལ་ས་རོང་རྩུབ། །ལྷ་ཀླུ་འདྲེ་སྲིན་གདུག་པ་མང་། །གངས་རི་གཅན་གཟན་མཆེ་བ་འདྲ། །བྲག་རི་འབྲོང་གི་རྭ་དང་འདྲ། །ཉམས་མི་དགའ་ཞིང་བློ་མི་བདེ། །འབྲུ་སྣ་མི་འཁྲུངས་མུ་གེའི་གནས། །གདོལ་པ་ཤ་ཟན་སྲིན་པོའི་རིགས། །སྤྱོད་པ་རྩིང་བ་ཀླ་ཀློའི་མི། །མཐའ་འཁོབ་སངས་རྒྱས་ཞབས་མ་བཅགས། །ཆོས་མེད་མ་རིག་མུན་པའི་གླིང་། །མཆོད་པའི་རྟེན་དང་གནས་མེད་ཅིང་། །བསོད་ནམས་བསོག་པའི་རྟེན་མེད་པས། །དེ་འདྲའི་ཡུལ་དུ་འགྲོ་དགོས་ན། །ཡབ་ཀྱི་མཆོད་གནས་ཡི་དམ་ལྷ། །ཤཱཀྱ་མུ་ནེ་བདག་ལ་ཞུ། །ཁ་བ་ཅན་ནི་བཀྲེས་པའི་ཡུལ། །རིན་ཆེན་བང་མཛོད་བདག་ལ་ཞུ། །ཁ་བ་ཅན་ནི་བསིལ་ལ་གྲང་། །ཚེ་གཅིག་དྲོས་པའི་གོས་ཤིག་ཞུ། །བོད་ནི་གདོལ་བ་གཙང་བཙོག་མེད། །གཡོག་མོའི་སྐྱོ་གྲོགས་བདག་ལ་ཞུ། །དེ་ལྟར་མཐའ་འཁོབ་ཡུལ་ཕྱོགས་དེར། །བོད་ཀྱི་མི་དང་འགྲོགས་པའི་དུས། །བདག་གིས་སྤྱོད་ལམ་ཇི་ལྟར་བྱ། །ཞེས་མཆི་མ་ཕྱིས་ནས་ཞུས་པས། ཡབ་ཀྱིས་ཐུགས་བརྩེ་བའི་བཀའ་གནང་བ། ང་ཡི་མིག་དང་འདྲ་བའི་བུ་མོ་ཁྱོད། །བོད་ཅེས་བྱ་བ་ཁ་བ་ཅན་གྱི་ཡུལ། །ཡུལ་ལས་ཁྱད་པར་འཕགས་པ་དེ་ཡིན་ཏེ། །གངས་རི་རང་བཞིན་མཆོད་རྟེན་གྲུབ་པའི་གནས། །མཚོ་བཞི་གཡུ་ཡི་མཎྜལ་བཀྲམ་པ་འདྲ། །ཡ་མཚན་གསེར་གྱི་མེ་ཏོག་རྒྱས་པའི་གླིང་། །བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་། །ཆུ་བོ་བཞི་འབབས་ཤིང་རྩི་ནགས་ཀྱིས་མཛེས། །འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་། །རྐང་བཞིས་ཀུན་ཁྱབ་རྩི་ཐོག་མར་ལ་སྤྱོད། །དེ་ལྟར་ངོ་མཚར་ཆེ་བའི་གནས་མཆོག་དེར། །རིན་ཆེན་རྒྱན་གྱིས་མཛེས་པའི་ཕོ་བྲང་ན། །མི་རྗེ་ལྷ་ཡིས་མཛད་པའི་རྒྱལ་པོ་དེ། །འཕགས་པ་ཐུགས་རྗེ་ཆེན་པོ་དངོས་སུ་འདུག །ཐབས་མཁས་ཐུགས་རྗེ་ལྡན་པའི་རྒྱལ་པོ་ཡིན། །མི་དགེ་བཅུ་སྤངས་དགེ་བཅུའི་ཁྲིམས་ལ་གནས། །མངའ་ཐང་དཔལ་འབྱོར་འདོད་དགུའི་དཔལ་ལ་སྤྱོད། །ཡོན་ཏན་མཐའ་ཡས་རྒྱལ་པོ་ལྷ་ཡི་སྲས། །དཔའ་མཛངས་ཀུན་འཛོམས་འཁོར་རྣམས་བྱང་ཆུབ་སེམས། །དེ་འདྲའི་གནས་སུ་བུ་མོ་ཁྱོད་སོང་ཞིག །མཛེས་མ་ཁྱོད་ཀྱི་བསོད་ནམས་བསགས་པའི་རྟེན། །བདག་གི་མཆོད་གནས་སྟོན་པའི་སྐུ་གཟུགས་འདི། །ཡོན་བདག་ལྷ་དབང་བརྒྱ་བྱིན་ཁོང་གིས་མཛད། །རྒྱུ་ནི་རིན་ཆེན་རྣམ་པ་བཅུ་ལས་གྲུབ། །འདི་ཡི་བཟོ་བོ་བི་ཤྭ་ཀརྨས་མཛད། །རབ་གནས་སངས་རྒྱས་ཉིད་ཀྱིས་མཛད་པ་ལགས། །དེ་ལྟར་འགྲན་མེད་རྒྱལ་པའི་སྐུ་གཟུགས་འདི། །མཐོང་ཐོས་དྲན་རེག་གསོལ་བ་བཏབ་གྱུར་པས། །སངས་རྒྱས་མྱུར་དུ་ཐོབ་པར་རྒྱལ་བས་གསུངས། །དེ་ལྟར་ཕན་བདེ་འབྱུང་བའི་ཇོ་བོ་འདི། །བདག་གི་སྙིང་དང་འདྲ་བར་ཕོངས་ན་ཡང་། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །རིན་ཆེན་བང་མཛོད་མང་པོ་ནོར་གྱི་གཏེར། །བདག་ལ་གཅེས་པའི་རིན་ཆེན་མང་པོ་ཡང་། །མཛེས་མའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །གསེར་གཡུ་བརྩེགས་པའི་ཡིག་ཚང་ཆེན་མོ་དང་། གཙུག་ལག་ཡི་གེ་སུམ་བརྒྱ་དྲུག་ཅུ་དང་། །གསེར་གཡུ་རྒྱན་གྱི་རྣམ་པ་མང་པོ་ཡང་། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །གཡོས་སྣ་ཟས་ཀྱི་རྣམ་པ་མང་པོ་དང་། །བཏུང་བ་སྐོམ་གྱི་སྦྱོར་ཐབས་མང་པོ་དང་། །གསེར་སྒ་གཡུ་ཡི་ཀ་ལེབ་ཅན་ལ་སོགས། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །ཟ་འོག་སྟན་ཐུལ་སེང་གེ་བྱ་བརྒྱད་མ། །ལྗོན་ཤིང་ཆོ་ལོ་ནོར་བུ་རིས་སུ་བྲིས། །རྒྱལ་པོ་ངོ་མཚར་སྐྱེ་ཕྱིར་ཁྱོད་ལ་བརྫངས། །རྒྱ་ཡི་གབ་ཙེ་གཙུག་ལག་སུམ་བརྒྱ་པོ། །ལེགས་ཉེས་སྟོན་པའི་ལས་ཀྱི་མེ་ལོང་ཡང་། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །བཀོད་པའི་རིག་བྱེད་མཛེས་པར་བྱེད་པ་ཡི། །ཡིད་འོང་རྒྱན་གྱི་ཁྱད་པར་འཕགས་པ་དང་། །བཟོ་ཡི་རིག་བྱེད་དྲུག་ཅུ་ཐམ་པ་ཡང་། །མཛེས་པའི་བུ་མོ་ཁྱོད་ལ་བདག་གིས་བརྫངས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་འཇོམས་པའི་སྨན། །བརྟག་ཐབས་བརྒྱ་དང་དཔྱད་ལྔ་སྤྱད་དྲུག་དང་། །སྦྱོར་སྡེ་བཞི་ལ་སོགས་པ་བདག་གིས་བསྐུར། །ཚེ་གཅིག་དྲོས་པའི་དར་གོས་ཟ་འོག་སོགས། །ཁ་དོག་སྣ་ཚོགས་ལྡན་པའི་རྒྱན་གོས་ཀྱང་། །སྟོང་ཕྲག་ཉི་ཤུ་བུ་མོ་ཁྱོད་ལ་བརྫངས། །རིགས་གཟུགས་ལྟ་ན་སྡུག་ཅིང་མཛེས་པ་ཡི། །སེམས་མཐུན་སྐྱོ་གྲོགས་བྱེད་པའི་བུ་མོ་ཡང་། །ཉི་ཤུ་རྩ་ལྔ་ཁྱོད་ཀྱི་འཁོར་དུ་བརྫངས། །ཨེ་མ་འབྲལ་བར་མི་ཕོད་བུ་མོ་ཁྱོད། །བརྩེ་བའི་སྙིང་གཏམ་ཡིན་པས་སེམས་ལ་ཞོགས། །ཁ་བ་ཅན་གྱི་མི་རྣམས་འདུལ་དོན་དུ། །ཁྱོད་ཀྱིས་བྱ་བ་སྤྱོད་ལམ་འདི་བཞིན་གྱིས། །ལྟ་བ་ཡངས་ཤིང་སྤྱོད་ལམ་ཞིབ་པར་མཛོད། །ཕྱི་ནང་བྱ་བ་ཀུན་ལ་མཁས་པར་མཛོད། །ངག་འཇམ་སྨྲ་མཁས་གཞི་མ་ལེགས་པར་མཛོད། །རྗེ་ལ་གུས་ཤིང་འཁོར་ལ་བྱམས་པར་མཛོད། །ཁྲེལ་ཡོད་ངོ་ཚ་བག་དང་ལྡན་པར་མཛོད། །ཅེས་པ་ལ་སོགས་པ་འཇིག་རྟེན་མི་ཆོས་ལ་དགོས་པའི་བསླབ་བྱ་དཔག་ཏུ་མེད་པ་མཛད་དོ། །ཡབ་ཀྱིས་ཕྱག་ནས་འཇུས་ཤིང་འབྲལ་མི་ཕོད་པ་ལྟར་ཡོད་ན་ཡང་། བོད་དུ་འགྲོ་དགོས་པར་དགོངས་ཏེ། ལྷ་གཅིག་ལ་རྫོངས་བསམ་གྱིས་མི་ཁྱབ་པ་མཛད་དོ། །དེ་ནས་ལྷ་གཅིག་གཡོག་མོ་དེ་དང་འགྲོགས་ཏེ། བློན་པོ་མགར་གྱི་རྩར་བྱུང་ནས་བློན་པོ་ཆེན་པོ་ཁྱེད་ཀྱི་ཡུལ་དུ་ཇོ་བོ་ཤཱཀྱ་ཡང་གདན་འདྲེན། ནོར་དཔག་ཏུ་མེད་པའང་ཁྱེར་ནས་ཁྱེད་ཀྱི་ཡུལ་དུ་འགྲོ། ཁྱེད་ཀྱི་ཡུལ་ན་ས་ཁམ་པ་ཡོད་དམ། རྡོ་སྲིན་ཟན་ཡོད་དམ། ཤིང་སེ་བ་ཡོད་དམ། རྩ་དྲེད་མ་ཡོད་དམ། ཡུང་མ་ཡོད་དམ། ཟེར་བ་ལ། མགར་ན་རེ། གཞན་རྣམས་ཡོད། ཡུང་མ་མེད་བྱས་ནས། ལ་ཉུང་གི་ས་བོན་ཁྱེར། དེ་ནས་ཤིང་རྟའི་འཁོར་ལོ་བྱས། དེའི་སྟེང་དུ་ཇོ་བོ་ཤཱཀྱ་བཞུགས། འཁོར་ལོ་དེ་རྒྱ་ནག་ན་སྟོབས་ཆེ་བའི་གྱད་ལྷ་དགའ་དང་། ཀླུ་དགའ་གཉིས་ལ་འདྲེན་དུ་བཅུག་གོ །གཞན་ཡང་རིན་པོ་ཆེ་དང་།དར་དང་། གོས་དང་། རྒྱན་དང་། འཕྲལ་གྱི་ཡོ་བྱད་རྣམས་བཀལ་བའི་རྟ་དང་། དྲེའུ་རྔ་མོ་ལ་སོགས་པ་མང་པོ་བརྫངས་སོ། །བོད་བློན་རྣམས་ལའང་སྟོན་མོ་གནང་སྦྱིན་དཔག་ཏུ་མེད་པ་མཛད་དོ། །
དེར་ལྷ་གཅིག་ཀོང་ཇོ་ཡང་རིན་པོ་ཆེའི་རྒྱན་མང་པོས་བརྒྱན་ནས། མཛེས་པའི་བུ་མོ་ཉི་ཤུ་རྩ་ལྔའི་འཁོར་དང་བཅས་པ་རང་རང་གི་རྟ་ལ་ཆིབས་ནས། ཡབ་ཡུམ་བློན་པོའི་ཚོགས་དང་བཅས་པས་སྐྱེལ་ཐུང་བྱས། ཡབ་ཡུམ་གཉིས་ཀྱི་ཐུགས་ལ་འཕྲེང་བཞིན་དུ། འཇིག་རྟེན་མི་ཆོས་ལ་ཕན་པའི་བསླབ་བྱ་གལ་ཆེ་བ་དཔག་ཏུ་མེད་པ་མཛད་ནས་བོད་དུ་ཆས་སོ། །དེར་སྐྱེལ་ཐུང་ལ་བྱོན་པའི་གྲལ་ལ། བློན་པོ་འབྲི་སེ་རུ་གོང་སྟོན་ཟེར་བ་དེས། བློན་པོ་མགར་ལ་ཕྲག་དོག་བྱས་ནས། འདིར་ལྷ་གཅིག་གི་ཚབ་ཏུ་བློན་པོ་རིག་པ་ཅན་ཅིག་བསྡད་ན། རྒྱ་བོད་གཉིས་མཐུན་འོང་ཟེར་ནས་བློན་པོ་མགར་ལ་མིག་ཅེར་ཏེ་བལྟས་པ་དང་། རྒྱལ་པོའི་ཞལ་ནས་ངའི་ལྷ་གཅིག་མཛངས་མ་དེ། ཁྱེད་བོད་ཀྱིས་ཐོབ་པས་ང་ལ་མི་ཚབ་ཏུ་མགར་སྡོད་དགོས་གསུངས་སོ། །དེར་བློན་པོ་མགར་གྱིས་ཀྱང་། སེ་རུ་གོང་སྟོན་གྱིས་ཕྲག་དོག་བྱས་པར་གོ་ནས་རྒྱ་བོད་གཉིས་མཐུན་པ་ངས་བྱེད་དོ་ཟེར་ནས་སྡོད་པར་བྱས་སོ། །དེར་མགར་གྱིས་ཐོན་མི་དང་ཉང་གཉིས་ཟུར་དུ་ཁྲིད་ནས་ང་རྒྱ་ནག་ཏུ་ཟླ་བ་ལྔ་ལས་མི་སྡོད། དེའི་བར་ངན་འཁྱོལ་ཚད་སྐྱེལ། ཁྱེད་རྣམས་ཀྱིས་རྫུས་མའི་སྤྲང་པོ་ཞིག་ངའི་རྩར་ཐོང་བྱས་སོ། །དེར་བློན་པོ་ཐམས་ཅད་ཇོ་བོ་དང་ལྷ་གཅིག་ལ་བསྐོར་ཏེ་བོད་དུ་སོང་ངོ་། །
དེར་རྒྱ་ནག་ཏུ་མགར་གཅིག་པུར་ལུས་ཏེ། རྒྱལ་པོས་མགར་ལ་བུད་མེད་ཅིག་བླངས། གཞི་མ་རབ་ཅིག་ཕོག་ནས་བཞག་གོ །དེ་ནས་མགར་ཡང་ཤིན་ཏུ་སྐྱོ་ཞིང་། བློ་མ་བདེ་བར་གྱུར་ནས་བུད་མེད་དེའི་རྩར་མ་ཕྱིན། ལྟོ་ཡང་མ་ཟོས་ཏེ། ལུས་སྔོ་ལ་རིད་པར་བྱས། མལ་འོག་ཏུ་ཀོ་བ་རུལ་པ་བཞག་ནས་ལུས་ལ་དྲི་མི་ཞིམ་པ་ཡོད་པ་བྱས། འགྲམ་པ་གཡས་སུ་མཚལ་བཅུག །གཡོན་དུ་རམས་བཅུག་ནས་མལ་གྱི་ཕྱི་རོལ་རྣག་ཁྲག་གི་ལུད་པས་བཀང་སྟེ་བཞག་གོ །དེར་ཆུང་མ་རྒྱ་མོ་དེ་ན་རེ། བློན་པོ་ཆེན་པོ་ཁྱེད་ཀྱི་ལུས་ལ་དྲི་མི་ཞིམ་པ་ཡང་སྣོམ་གྱིན་འདུག །མདོག་ཀྱང་སྔོ་བར་འདུག་པ་ཅི་ཉེས་ཟེར་རོ། །བློན་པོ་ན་རེ། ང་ལ་ཚད་པའི་ནད་བྱུང་བ་ཁྱོད་ཀྱིས་མ་ཚོར་རམ་ཟེར་བས། དེར་མོས་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་ཡང་ཐུགས་མ་བདེ་བར། བློན་པོའི་རྩར་བྱོན་ཏེ། བློན་པོ་ཆེན་པོ་ཅི་བྱུང་གསུངས་པས། བློན་པོ་ན་རེ། བདག་ཚད་པའི་ནད་ཀྱིས་ཐེབས་གདའ་ལགས་ཟེར་ནས་ལུད་པ་ཞིག་བསྐྱུར་བས་རྣག་ཁྲག་གི་མདོག་ཏུ་འདུག །ལུས་ཀྱི་དྲི་མི་ཞིམ་པ་ཡང་ཚོར་ཏེ། རྒྱལ་པོའི་ཞལ་ནས། སང་སྨན་པ་མཁས་པ་ཞིག་ཡོད་པ་ཁྲིད་ལ་འོང་ཞིག་གསུངས་ནས་བཞུད་དོ། །དེར་ཆུང་མ་རྒྱ་མོ་དེ་ལ། བློན་པོ་ན་རེ། ཁྱོད་བུད་མེད་གྲིབ་ཆེ། སང་སྨན་པ་བྱུང་ཙ་ན། ངའི་རྩ་མི་རྟོགས་པས། ཁྱེད་རང་ཁྱིམ་མཚེས་ཀྱི་གན་དུ་ཉལ་བར་སོང་ཞིག་བྱས་ནས་བཏང་ངོ་། །དེའི་ཤུལ་དུ། བློན་པོས་སོ་ཕག་གི་ཁྲི་མཐོན་པོ་ཞིག་བརྩིགས་ནས་གདུང་མ་ལ་ཐི་གུ་བཏགས། ཕོ་མཚན་ཐི་གུས་བཅིངས་ཏེ། སྤྱི་བོ་ས་ལ་བཙུགས་ནས་རྩ་ཐམས་ཅད་འཁྲུག་ཏུ་བཅུག་གོ །དེའི་སང་རྒྱལ་པོས་སྨན་པ་ཁྲིད་བྱུང་སྟེ། སྨན་པ་མཁས་པ་དེས་རྩ་བལྟས་པས། སྨན་པ་ན་རེ། ལུས་ཀྱི་རྩ་ཐམས་ཅད་འཁྲུགས་པར་གྱུར་པས་ན་བརྟག་པར་དཀའ་སྟེ། རླུང་ལས་གྱུར་པ་ཡང་མ་ཡིན། མཁྲིས་པ་ལས་གྱུར་པ་ཡང་མ་ཡིན། བད་ཀན་ཡང་མ་ཡིན། འདུས་པའང་མིན་ཏེ། བྱིས་པའི་གདོན་ཆེན་བཅོ་བརྒྱད་ཀྱི་ནད་ཀྱང་མ་ཡིན། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ནད་ཀྱང་མ་ཡིན། འབྱུང་པོའི་གདོན་གྱི་ནད་ཀྱང་མ་ཡིན། སེམས་མ་བདེ་བ་སྙིང་གི་དཀྱིལ་དུ་ཕོག་པའི་གཅོང་ཞིག་འདྲ་སྟེ། སྨན་དཔྱད་རིམ་གྲོ་གང་གིས་ཀྱང་ཕན་པར་དཀའ་ཟེར་རོ། །
དེར་རྒྱལ་པོའི་ཞལ་ནས། སྨན་པ་དེ་ལ་སང་གནངས་ལན་རེ་ཤོག་ལ་ལྟོས་ཤིག་གསུངས་སོ། །ཡང་སང་སྨན་པ་བྱུང་དུས། བློན་པོས་མཆན་དུ་ཞིམ་བུ་བཅུག། དེའི་ལག་པ་ལ་ཐི་གུ་བཏགས། ཐིག་སྣ་ལ་རྩ་བལྟར་བཅུག་པས། གཅན་གཟན་ཐ་མ་ཞིག་གི་རྩ་ལས་མི་འདུག་ཟེར་ཏེ་སོང་ངོ་། །ཡང་བློན་པོས། དེའི་སང་བྱ་ཕོ་ཞིག་མཆན་དུ་བཅུག་ནས། དེའི་ལག་པ་ལ་ཐི་གུ་བཏགས། ཐིག་སྣ་ལ་རྩ་བལྟར་བཅུག་པས། འདབ་ཆགས་ཐ་མ་ཞིག་གི་རྩ་ལས་མི་འདུག་ཟེར་རོ། །དེ་ནས་རྒྱལ་པོ་ཡང་ཐུགས་ཤིན་ཏུ་མ་བདེ་བར། བློན་པོ་ཆེན་པོ་ཁྱེད་རང་རིག་པ་ཅན་ཡིན་པས་ཐབས་ཨེ་ཡོད། དེའི་ཐབས་གང་འགྲུབ་བྱེད་གསུངས་པས། བློན་པོའི་བསམ་པ་ལ། ད་ནི་གླགས་རྙེད་པར་འདུག་བསམ་ནས། རྒྱལ་པོ་ཆེན་པོ་ངའི་ནད་འདི་ཁྱེད་ཀྱིས་ང་བཟུང་བས་བོད་ཀྱི་ལྷ་སྲུང་མ་དགའ་བ་ཡིན། ང་བོད་ཀྱི་རི་མཐོང་བའི་རི་མཐོ་བ་ཞིག་གི་ཁར་ཕྱིན་ནས་ལྷ་གསོལ་ན་ཕན། དེའི་རྫས་ལ། དར་ཟབ་བསྲེགས་པའི་ཐལ་བ་རྐྱལ་པ་གང་། ལུག་བསད་པའི་མཚེར་པའི་ཁྲག་གྲོད་པ་གང་། སོལ་བའི་མདུང་ཤིང་གས་ཆག་མེད་པ་འདོམ་གསུམ། རྟ་མོག་རོ་མགོ་དམར་ཞིག་རྣམས་དགོས། དེ་རྣམས་ནི་རྙེད་པར་དཀའ་སྟེ་མི་འཛོམ། རྒྱལ་པོ་ཡང་གསན་པར་དཀའ། ལར་དེང་ང་འཆི་ལས་ཆེ། ཤི་བས་མི་ཆོག་པར་ངའི་རྗེས་སུ་ལྟས་ངན་པ་བཅོ་བརྒྱད་འོང་། རྒྱ་བོད་གཉིས་འབྲེལ་ཆད། བོད་ཀྱི་རྒྱལ་པོ་ལ་མངོན་ཤེས་ཡོད་པས་ང་ཤི་བ་མཁྱེན་ནས། དམག་བཏང་ནས་རྒྱ་ཡུལ་ཐམས་ཅད་ཕུང་བར་འོང་། ས་ཐག་རིང་ས་འདིར་སླེབ། གྲོགས་བློན་པོ་རྣམས་ཀྱིས་བསྐྱུར། ལུས་ལ་ནད་ཀྱིས་ཐེབས། ང་རང་གི་རྒྱལ་པོ་དང་། ཉེ་དུ་མཛའ་བཤེས་རྣམས་ཡིད་ལ་དྲན་ཀྱང་བྱ་ཐབས་མེད་པར་སོང་། རང་གའི་ནོར་རྫས་བཟའ་བཏུང་ལོངས་སྤྱོད་ཀྱིས་ཕན་པར་དཀའ་སྟེ། ཚེ་འདི་ཡང་རྨི་ལམ་ལྟ་བུར་འདུག་གོ་ཟེར་ནས་མགོ་ཧྲིལ་གྱིས་བཏུམ་ནས་ཉལ་སོང་ངོ་། །དེར་རྒྱལ་པོ་ཡང་ཤིན་ཏུ་སྐྲག་པར་གྱུར་ནས། ཁྱེད་ལ་ཕན་པའི་ཐབས་གང་འགྲུབ་བྱེད། ལྷོད་དེ་ཉོལ་ཅིག་གསུངས་ནས་བཞུད་དོ། །དེར་རྒྱལ་པོས་ནགས་ཐམས་ཅད་ལ་མེ་བརྒྱབ་པས། སོལ་བའི་མདུང་ཤིང་ཡང་མ་བྱུང་། དར་ཟབ་ཐམས་ཅད་བསྲེགས་པས་ཐལ་བ་རྐྱལ་བ་ཕྱེད་ཀྱང་མ་བྱུང་། ལུག་ཐམས་ཅད་བསད་པས་མཚེར་ཁྲག་ཕོར་པ་ཕྱེད་ཀྱང་མ་བྱུང་། རྟ་མོག་རོ་མགོ་དམར་དེ་རྙེད་དོ། །དེར་རྒྱལ་པོའི་ཞལ་ནས། རྫས་གཞན་རྣམས་ནི་མ་རྙེད། རྟ་མོག་རོ་མགོ་དམར་དེ་རྙེད་ཡོད་དོ་གསུངས་པས། བློན་པོ་ན་རེ། རྫས་གཞན་རྣམས་མ་རྙེད་ན་ཐབས་ཟད། རྟ་མོག་རོ་མགོ་དམར་ལ་ངའི་རོ་རྟ་གྱིས་ལ་ང་བསྐྱོན། རྒྱ་ཡུལ་ན་བཟང་བའི་རྟ་ཞིག་ལ་ངའི་རོ་ཟས་དང་། རོ་གོས་བཀལ་ནས་བོད་ཀྱི་རི་མཐོང་བའི་སར་ལྷ་གསོལ་དུ་འགྲོའོ་ཟེར་རོ། །
དེར་ལྷ་གསོལ་བར་འགྲོ་བའི་གྲབས་བྱེད་ཀྱིིན་ཡོད་ཙ་ན། རྒྱལ་པོའི་ཞལ་ནས། བློན་པོ་ཆེན་པོ་ནམ་ཟླ་དཔྱིད་ཀར་སོང་། སོ་ནམ་བྱེད་རན་པས་ཇི་ལྟར་བྱས་ན་ལེགས། ཁྱོད་རིག་པ་ཅན་ཡིན་པས་སྟོན་ཅིག་གསུངས་སོ། །དེར་བློན་པོ་ན་རེ། ངའི་བོད་ཡུལ་ན་ས་བོན་ཐམས་ཅད་སླང་ངའི་ནང་དུ་སེར་ཙམ་བརྔོས་ནས་བཏབ་པས། ལོ་ཚན་ཆེ་བ། གཟུགས་རིང་བ། ཟླ་བ་གསུམ་སོང་དུས་སྨིན་འོང་ཟེར་བས། དེར་རྒྱལ་པོའི་ཞལ་ནས། བོད་ཀྱི་ལུགས་སུ་གྱིས་ཤིག་གསུངས་ནས། ཁྲིམས་ཀྱི་རྔ་བོ་ཆེ་བརྡུངས་ཏེ། ཐམས་ཅད་ཀྱིས་ནས་བརྔོས་ནས་ཡོས་ཞིང་ལ་བཏབ་བོ། །
དེར་བློན་པོས་རང་གི་ལུས་གུད་པ་དེ་སོས། ལྷ་གསོལ་བར་འགྲོ་བའི་གྲབས་བྱེད་ཀྱིན་ཡོད་དུས། བོད་བློན་རྣམས་ཀྱིས་རྫུས་མའི་སྤྲང་པོ་ཞིག་བཏང་བྱུང་ངོ་། །
དེར་བློན་པོས་ལོག་པའི་སྐད་བྱས་ཏེ། ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མི་བྱའོ། །ཁ་རོག་སྡོད་ལ་ཀུ་ཅོ་ཐོང་། །ནག་མོ་ལྕགས་མཁར་ཐུག་ནས་ཡོད། །ལུང་པ་ཕུ་བརྡུག་མདའ་བརྡུགས་སུ། །ཐུ་རུ་ཅོ་བྲག་ཁོང་ལ་ཞོག །དར་དཀར་དྲིལ་ལ་དར་ནག་བསྐྱོད། །ཟླ་བས་ཉི་མའི་རྩ་རུ་སླེབས། །ཟེར་ནས་དེར་སྤྲང་པོ་དེ་ལོག་གོ །སྤྲང་པོ་དེས་ཁོང་རྣམས་ལ་བཤད་པས་མ་གོ་བར་རྒྱ་མོ་ཀོང་ཇོས་གོ་ནས་འདི་སྐད་ཟེར་ཏེ། བློན་པོ་དེས་རྒྱ་ནག་ཏུ་ངན་ཆེན་པོ་བྱས་ཡོད་པར་འདུག །ཐག་རིང་གི་ར་ཕོ་རྒྱ་བོ་ལ་ངོ་ཤེས་མ་བྱེད་ཟེར་བ་དེ། ཁོང་རང་རྒྱ་བོ་སྨ་ར་ཅན་ལ་ལབ་མ་ཤོད་བྱ་བ་ཡིན། ད་ལེན་ཁ་རོག་སྡོད་ལ། བོད་བློན་རྣམས་ལ་ཤོད་བྱ་བ་ཡིན། ནག་མོ་ལྕགས་མཁར་ཐུག་ནས་ཡོད་ཟེར་བ་དེ། ས་བོན་ཡོས་སུ་བརྔོས་ནས་འདེབས་བཅུག་བྱ་བ་ཡིན། ལུང་པ་ཕུ་བརྡུགས་མདའ་བརྡུགས་སུ། ཐུ་རུ་ཅོ་བྲགས་ཁོང་ལ་ཞོག་བྱ་བ་དེ། དོང་པར་མདའ་མང་པོ་ཆུག་བྱ་བ་ཡིན། དར་དཀར་དྲིལ་ལ་དར་ནག་བསྐྱོད་བྱ་བ་དེ། ཉིན་མོ་བསྡད་ཀྱིན་མཚན་མོ་འོང་ཟེར་བ་ཡིན། ཟླ་བས་ཉི་མའི་རྩར་སླེབ་ཟེར་བ་དེ། ངས་ཁྱེད་རྣམས་ཀྱི་རྩར་མགྱོགས་པར་སླེབ་བྱ་བ་ཡིན་ཟེར་རོ། །དེར་བློན་པོ་མགར་བོད་ཀྱི་རི་མགོ་མཐོང་བའི་སར་ལྷ་གསོལ་དུ་འགྲོ་བའི་ཆས་ལ་རྟ་མོག་རོ་མགོ་དམར་ལ་ཞོན། རྟ་གཞན་ཞིག་ལ་རྒྱགས་དང་གོས་བཀལ། ཤ་སྐམ་ལ་ཚྭ་ཆུ་བྱུགས་པ་མང་པོ་ཁྱེར། རྒྱལ་པོས་བློན་པོ་བོད་དུ་བྲོས་དོགས་ནས། གྱད་མི་བཞི་བསྲུང་དུ་བཏང་ངོ་། །དེར་མགར་མེད་པའི་ཤུལ་དུ། རྒྱལ་པོ་ན་རེ། ངའི་ལྷ་གཅིག་དེ་སྟོན་མཁན་ཞིག་ཡོད་ཐག་ཆོད་པས། རྩིས་གྱིས་ཤིག་གསུངས་སོ། །དེར་རྩིས་བྱས་པས་འདི་སྐད་ཟེར། རི་གསུམ་གྱི་སྟེང་ན་མཚོ་ཆེན་པོ་ཞིག་འདུག །མཚོ་དེའི་ནང་ན་བྱ་སྣ་ཚོགས་འདུག །དེའི་སྟེང་ན་ཐང་དམར་ཅེམ་མེ་བ་ཞིག་གི་ཁ་ན། བུད་མེད་ཡིན་པ་ལ་མགོ་དང་ལུས་མཉམ་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ཟངས་ཀྱི་མཆུ་ཡོད་པ་ཞིག་གིས་བསྟན་འདུག་ཟེར་བས་རྒྱལ་པོ་ཐུགས་ཡིད་མ་ཆེས་པར་རྩིས་ཡིག་ཐམས་ཅད་མེ་ལ་བསྲེགས། སྤོར་ཐང་བརྒྱད་ཅུ་སྐོར་ནི་བོད་དུ་བསྐུར་ནས་མེད་དོ། །དེར་བློན་པོ་བོད་ཀྱི་རི་མཐོང་བའི་ས་རུ་སླེབ། ལྐོག་ཏུ་ཆང་མང་པོ་ཉོས་ནས་སྦས། ཤ་སྐམ་ཀྱང་ཞིམ་པོ་བྱིན་ནས་ངའི་ནད་ལ་ཕན་པ་ཡིན་པས་ཟོ་ཞིག་བྱས་ཏེ། ལྷ་གསོལ་ལོ། །དེ་ནས་གྱད་བཞི་པོས་ཁ་སྐམ་ནས་བཟོད་ཐབས་མེད་པར་བྱུང་བ་དང་། ཆང་མང་པོ་བྱིན་པས། ཁོང་རྣམས་ར་རོ་སྟེ་དབང་པོ་མེད་པར་གྱུར་པ་དང་། བློན་པོས་ཁོང་བཞི་པོའི་རྟའི་སུག་པ་བྲེགས། མཚོན་ཆ་བཅག །ཁོང་རང་རྟ་མོག་རོ་མགོ་དམར་ལ་ཞོན། རྟ་གཞན་དེ་ཁྲིད་ནས་འདི་སྐད་ཟེར་རོ། །དར་ཟབ་མེ་ལ་བསྲེགས་པའི་ཐལ་བ་དེ། །རྒྱལ་པོ་ཉེ་རིང་ཅན་དེའི་ན་བཟའ་མཛོད། །སྙེ་མ་འབྲུ་མེད་ཐལ་བ་ནག་པོ་དེ། །བཙུན་མོ་སེར་སྣ་ཅན་དེའི་རྒྱགས་ཕྱེ་མཛོད། །ནགས་ལ་མེ་བརྒྱབ་སོལ་བའི་མདུང་ཤིང་དེ། །རྒྱལ་བུ་ལུས་རྩལ་ཅན་དེའི་མདུང་ཤིང་མཛོད། །ལུག་ལ་མཚེར་ཁྲག་མེད་པར་བསད་པ་དེ། །ལྷ་ཡི་དྲུང་དུ་སྡིག་བཤགས་སྨོན་ལམ་བྱ། །ལུས་ལ་ནད་མེད་མལ་དུ་ཉལ་བ་ལ། །སྔས་མགོར་སྨན་པ་བོས་ནས་ཅི་ཞིག་བྱ། །ཁོ་བོ་མི་སྡོད་རང་གི་ཡུལ་དུ་འགྲོ། །ཟེར་ཏེ་རྟ་ལ་ལྕགས་བརྒྱབ་སྟེ་སོང་ངོ་། །དེར་རྒྱ་ཡུལ་དུ་སྙེ་ནག་མོ་ཤར་བ་དང་། རྒྱ་རྣམས་ན་རེ། སྙེ་མའི་ནང་ན་འབྲུ་མི་འདུག །བློན་པོ་ངན་པ་དེས། དར་ཟབ་ཐམས་ཅད་བསྲེག་ཏུ་བཅུག །ལུག་ཐམས་ཅད་གསོད་བཅུག །ནགས་ཐམས་ཅད་ལ་མེ་བརྒྱབ། ས་བོན་ཐམས་ཅད་བརྔོས་སུ་བཅུག་ནས་བཏབ་པས་ད་ནི་འབྲུ་མི་འདུག། ལྷ་གཅིག་མཛངས་མ་དེ་བོད་ཀྱིས་ཁྱེར། ཇོ་བོ་ཤཱཀྱ་ནི་བོད་ཀྱིས་གདན་དྲངས། ངན་འདི་ཙམ་ཞིག་བྱས། ཀྱེ་མ་ཀྱེ་ཧུད་ད་ནི་ཇི་ལྟར་བྱ། ད་ཁོ་འདིར་འོང་བ་མི་སྲིད་དོ། །བོད་དུ་བྲོས་པ་སྲིད་ཟེར་བའི་གཏམ་རྒྱལ་པོའི་སྙན་དུ་ཐོས་སོ། །དེ་བདེན་པར་ངེས་སམ་སྙམ་ནས་རྒྱའི་རྟ་པ་རྩལ་ཆེ་བ་བརྒྱ་ཐམ་པ་འཛིན་དུ་བཏང་ངོ་། །དེར་གྱད་བཞི་པོ་ཡང་བཟི་སངས་ཏེ་འདི་སྙམ་དུ་བསམ་མོ། །རྟ་ཞོན་རྒྱུ་མེད། མཚོན་ཆ་ཡང་མི་འདུག །ཡུལ་དུ་ལོག་ན་ངོ་ཚ་ལ། རྒྱལ་པོའི་ཆད་པ་ཡང་བྱུང་དོགས་ནས་བློན་པོའི་ཕྱིར་འབྲངས་སོ། །དེར་རྒྱ་ཆུ་ཁུག་པའི་རྩར་སླེབ་དུས། རྒྱ་ནག་གི་འདེད་མི་རྣམས་ཀྱིས་ཀྱང་ཉེ་བར་སླེབས་སོ། །དེར་བློན་པོས་གྱད་བཞི་པོ་བྲན་དུ་བསྐུལ་ནས་རྒྱ་ཆུ་ཁུག་པའི་འགྲམ་དུ་རྟའི་སྦངས་དང་། རྟ་རྗེས་ཀྱིས་བཀང་། གནའ་བའི་རྭ་མེ་ལ་བསོས་ནས། གཞུ་བཅོས། གྱད་བཞི་པོ་མདའ་རྒྱག་བཅུག་པས། མདའ་སྒྲོ་མཚམས་བར་ཕུད་བཞག་གོ །དེ་རྣམས་འདེད་མིས་མཐོང་ནས་འདི་སྐད་ཟེར་ཏེ། ཁོ་ལ་བསུ་བའི་རྟ་པ་མང་ལ་རྩལ་ཆེ་བ་བྱུང་འདུག །ངེད་རང་རྣམས་ཀྱིས་མི་ཐུབ། ལོག་པ་འཐད་ཟེར་ཏེ་དེ་ནས་ལོག་གོ །
དེའི་བར་ལ་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ཀྱིས་ལྡན་མ་བྲག་རྩར་ཕེབས་ནས། བྲག་ལ་བྱམས་པ་ཁྲུ་བདུན་པ་ཞིག་དང་། བཟང་སྤྱོད་གཉིས་བརྐོས་མར་བཞེངས། དེར་ཟླ་བ་གཅིག་བསྒུགས་དེར་ཡང་བློན་པོ་མ་བྱོན། ཕུང་པོ་རི་ལ་ཆག་ཕེབས། ལ་ལ་འཕྲེད་ལམ་བཅོས། རི་དྭགས་བཟུང་ནས་འོ་མ་བཞོས། དེར་ཡང་བློན་པོ་མ་བྱོན། ཁམས་ཀྱི་པདྨ་ཤང་དུ་ཆག་ཕེབས། ཞིང་བཏབ། རང་འཐག་ཆུ་བསྐོར་བཙུགས། དེར་ཟླ་བ་གཉིས་བསྒུགས། དེར་ཡང་བློན་པོ་མ་བྱོན། དེ་ནས་སྒོ་དོང་སྒོ་མོའི་རྩར་ཕེབས། རྒྱ་ནག་གི་ཕྱ་གཡང་ཉམས་པས། རྒྱ་ནག་གི་ལྷ་སྲུང་རྣམས་ཀྱི་མཐུས་སྒོ་མོ་འགགས་པས་དེར་ཟླ་བ་གཉིས་ལུས། དེར་བློན་པོ་སླེབས་སོ། །དེ་ནས་སྒོ་དོང་སྒོ་མོ་འགགས་པ་དེ། རྒྱ་ནག་གི་ལྷ་སྲུང་མ་དགའ་བས་ལན་པར་ཤེས་ནས་ཤིང་སྣའི་དུད་པ་ཆེན་པོ་བཏང་། ཟས་ཆང་གི་ཕུད་གཏོར་ནས་འདི་ལྟར་བྱས་སོ། །གསོལ་ལོ་གསོལ་ལོ་ལྷ་ལ་གསོལ། །རྒྱ་ནག་རྒྱལ་པོའི་ལྷ་ལ་གསོལ། །གྲོང་ཁྱེར་ཟིམ་ཤིའི་ལྷ་ལ་གསོལ། །རྒྱ་རྗེ་བཙན་པོའི་ལྷ་ལ་གསོལ། །བཀྲ་ཤིས་ཁྲི་སྒོའི་ལྷ་ལ་གསོལ། །ནགས་མ་གྱེན་ལ་ལང་དུ་གསོལ། །བོད་བློན་རྣམས་ཀྱི་ལྷ་ལ་གསོལ། །ཁ་བ་ཅན་པའི་ལྷ་ལ་གསོལ། །རྒྱ་མོ་ཀོང་ཇོ་བསུ་རུ་ཤོག། ཅེས་གསོལ་མཆོད་དི་རི་རི་བྱས་པའི་ནུབ་མོ་ནགས་ཐམས་ཅད་གྱེན་ལ་ལངས་ཏེ་འགྲོ་ཐུབ་པ་བྱུང་ངོ་། །དེ་ནས་བྱེ་མའི་ལ་དགུ་འཁྱགས་ཁ་བསྐོར། མུན་པའི་རུམ་དུ་མར་མེ་བཏེག །སེང་ལྡེང་གི་ནགས་མ་གཡས་སུ་ལོངས། གླ་བའི་ནགས་མ་གཡོན་དུ་ལོངས། བོད་དུ་གེགས་མེད་པར་སླེབ་བྱུང་ངོ་། །
དེ་ནས་རྒྱལ་པོའི་དྲུང་དུ་བང་ཆེན་བཏང་སྟེ། འདི་ལྟར་ངེད་བློན་པོ་རྣམས་ཀྱིས་ཇོ་བོ་ཤཱཀྱ་དང་། ལྷ་གཅིག་ཀོང་ཇོ་ལ་སོགས་པ་གདན་དྲངས་ནས་སླེབ་ཀྱིིན་ཡོད་པས། བསུ་བ་དགའ་སྟོན་རྒྱ་ཆེན་པོ་ཞུ་ཞུས་སོ། །དེར་རྒྱལ་པོའི་ཞལ་ནས། འཕགས་པ་སྒྲོལ་མའི་སྤྲུལ་པ་ལྷ་གཅིག་དེ་ཡིན་པར་འདུག་པས་འཕྲུལ་ཆེ་བས། ཕྱོགས་གང་ནས་འོང་ངོ་མི་ཤེས་པས་བསུ་བ་ལེགས་པོ་གྱིས་ཤིག་གསུངས་སོ། །དེར་ཕྱོགས་བཞི་ཁ་རུ་མཐོང་སྣང་གི་སྤྲུལ་པར་བྱུང་སྟེ། ཤར་ཕྱོགས་པ་རྣམས་ན་རེ། ལྷ་གཅིག་ནི་ཤར་ཕྱོགས་ནས་བྱོན། དེའི་རྒྱུ་རྐྱེན། རབ་ཀྱི་མིང་ཡང་རྒྱ་མོ་རབ་བྱ་བ་ཡོད་ཟེར། ལྷོ་ཕྱོགས་པ་རྣམས་ན་རེ། ལྷ་གཅིག་ནི་ལྷོ་ཕྱོགས་ནས་བྱོན་ཏེ། གྲིབ་ཀྱི་ཕུའི་འཁྱག་རོམ་ལ། དུང་དཀར་གཡས་སུ་འཁྱིལ་བ་འདྲ་ཟེར་བ་དེ་དུས་བྱུང་ཟེར། ནུབ་ཕྱོགས་པ་རྣམས་ན་རེ། ལྷ་གཅིག་ནི་ནུབ་ཕྱོགས་ནས་བྱོན་ཏེ། སྦལ་པ་ཚལ་གྱི་བྲག་ལ་ཕག་པའི་སྣ་འདྲ་བའི་མགོན་པོ་ཞིག་བཞེངས་ཟེར་བ་དེ་དུས་ཡིན་ཟེར། བྱང་ཕྱོགས་པ་རྣམས་ན་རེ། ལྷ་གཅིག་ནི་བྱང་ཕྱོགས་ནས་བྱོན་ཏེ། ལྷ་གཅིག་དང་ཇོ་བོ་ལ་བསུ་བ་བྱས་པས་གྲོང་གི་མིང་ཡང་ལྷ་བསུ་བྱ་བ་ཡོད་ཟེར། དོན་དམ་པར་བྱང་ཕྱོགས་སྒོ་ལ་ནས་བྱོན་ནས་ར་མོ་ཆེའི་ཐང་ལ་ཕེབས་སོ། །དེར་ར་མོ་ཆེར་ཤིང་རྟ་བྱེ་མ་ལ་བྱིང་ནས་གྱད་ལྷ་དགའ་དང་ཀླུ་དགས་མ་དྲོངས་པར་ལུས་སོ། །དེར་ཇོ་བོའི་ཕྱོགས་བཞིར་ཀ་བ་བཞི་བཙུགས། དར་དཀར་གྱི་ཡོལ་བས་བྲེས་ནས་མཆོད་པ་བྱས་སོ། །དེའི་སང་ཉིན་ལྷ་གཅིག་ཀོང་ཇོ་དར་སྣ་ཚོགས་ཀྱི་གོས་གོན། གསེར་གཡུའི་རྒྱན་དུ་མས་བརྒྱན་ནས་མཛེས་མའི་བུ་མོ་ཉི་ཤུ་རྩ་ལྔ་ཡང་དར་ཟབ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན། པི་ཝང་རོལ་མོ་དང་བཅས་ཏེ། བྲག་ལྷའི་ནེའུ་ཐང་ལ་གཟིགས་མོ་ལ་ཕེབས་སོ། །དེར་བློན་པོ་བོད་འབངས་ཐམས་ཅད་ལྟད་མོ་ལ་འཚོགས་ནས་གླུ་གར་རྩེད་མོ་བསམ་གྱིས་མི་ཁྱབ་པ་བྱས་སོ། །
དེར་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་རྩེ་ནས་བལ་མོ་བཟས་གཟིགས་པས། རྒྱ་མོ་བཟའ་དཔོན་གཡོག་རྣམས་རྒྱན་དུ་མས་བརྒྱན་པ། བྲག་ལྷའི་ནེའུ་ཐང་ལ་འདུག་པ་མཐོང་། ཆགས་སྡང་གི་ཕྲག་དོག་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས་ནས་འདི་སྐད་ཟེར་རོ། །ཀྱེ་མ་རྒྱ་མོ་ཀོང་ཇོ་ཁྱོད། །དེ་ན་གཡོག་འཁོར་བཅས་ཏེ་འདུག །དཀའ་ལས་བྱས་ཏེ་སྙེ་བོས་བཀུག །ས་ཐག་རིང་ཡང་བོད་དུ་སླེབས། །རྒྱ་རྗེའི་སྲས་མོ་ཡིན་ལགས་ཀྱང་། །ང་དང་ཁྱོད་གཉིས་ཁྱད་པར་ཆེ། །ང་ནི་ཐེམ་པ་སྔ་བརྒལ་ཡིན། །བལ་རྗེའི་སྲས་མོ་ང་ཡང་ཡིན། །རྗེ་ཡི་སྐུ་མཐོང་ང་སྔ་བས། །ཆེན་མ་ཆེ་རྒྱུ་བཙུན་རྒྱུ་ཡིན། །ཆེན་མ་མི་ཆེ་མི་བཙུན་ན། །འཇིག་རྟེན་ཆོས་ལུགས་མི་བདེན་རྫུན། །ཆེན་མ་རྒྱལ་པོའི་བཙུན་མོ་ཡིན། །ཆུན་མ་བཙུན་མོའི་གཡོག་མོ་ཡིན། །འོན་ཀྱང་རྗེ་ལ་བསམ་ནས་འོངས། །ཆེན་ཆུན་གཉིས་པོ་འགྲན་ནོ་ཨང་། །དཀོན་མཆོག་དབུ་འཕང་བསྟོད་པར་འགྲན། །ཆོས་དང་དཀོན་མཆོག་བཞུགས་པའི་གཞི། །གཙུག་ལག་ཁང་རྣམས་བཞེངས་པར་འགྲན། །ཡར་ལ་རྗེ་ཡི་ཞབས་ཏོག་འགྲན། །མར་ལ་ངན་ལོང་སྐྱོང་བ་དང་། །དད་པས་དམ་ཆོས་བྱེད་པར་འགྲན། །ཐད་ཀར་སྐལ་ནོར་བསོག་པ་དང་། ཞིང་ལ་སོ་ནམ་བྱེད་པར་འགྲན། །ཡུལ་གྱི་ཕ་མིང་ཆེ་ཆུང་དང་། །རང་ལ་སྐལ་བརྫངས་ཅི་ཡོད་འགྲན། །དེ་རྣམས་འགྲན་པར་མ་ནུས་ན། །ཁྱོད་ཀྱང་རྗེ་ལ་མ་རེ་ཞིག །བཙུན་མོའི་རང་མཐོང་མ་ཆེ་ཞིག །ཆེན་མ་ཆེ་རྒྱུའི་ལྷ་ཁང་ནི། །བྲེ་ཚད་ཙམ་ཞིག་མ་བརྩིགས་པར། །ཆུན་མ་ཆུང་རྒྱུའི་ལྷ་ཁང་ནི། །ཕུལ་ཚད་ཙམ་ཡང་མ་བརྩིགས་ཤིག །ཟེར་བ་དང་། རྒྱ་མོ་བཟའི་བསམ་པ་ལ། ལར་སྐྱོན་ཆེ། རང་གི་ཕ་མིང་དཔལ་འབྱོར་ལོངས་སྤྱོད་རྣམས་རྒྱབ་ཏུ་བསྐྱུར། ཡུལ་ཐག་རིང་ནས་འོངས། སླེབ་མ་ཐག་ཡིན་པ། སྡོད་པའི་གནས་མ་རྙེད། བསྟེན་པའི་ས་མ་རྙེད། རྒྱལ་པོའི་ཞལ་མ་མཐོང་། བཙུན་མོའི་མིང་མ་ཐོབ། ཕྱི་ནང་གི་བློན་པོ་རྣམས་དང་མ་འདྲིས་པའི་གོང་འདིར། ཕྲག་དོག་གི་འགྲན་ཚིག་འདི་བཞིན་བྱེད་པ་འདྲ་མོ་མིན། ངེད་རང་གཉིས་ཀ་ས་ཐག་རིང་ནས་རྒྱལ་པོའི་བཙུན་མོ་ལ་འདིར་ལྷན་དུ་འཛོམས། གཅིག་སྙིང་གཅིག་ལ་གཏད་སྐྱིད་སྡུག་བསྲེས་ནས་བློ་སེམས་གཅིག་ཏུ་དྲིལ་ཏེ་རྗེའི་ཞབས་ཏོག །འབངས་ཀྱི་སྐྱོང་བྲན། ཆེན་ཆུན་གྱི་འགྲོགས་ལུགས། ཕྱི་ནང་གི་བྱ་བ་ཀུན་ལ་ཐོབ་རིམ་བཞིན་བྱས་ན། ཚེ་འདིའི་སྤུན་དང་འདྲ་སྟེ། དེ་བཞིན་མེད་པར་སླེབ་མ་ཁད་ཕྲག་དོག་གི་འགྲན་ཚིག་འདི་བཞིན་ཡིན་ན། ངེད་རང་གཉིས་ཕ་མིང་། སྐལ་བརྫངས་རང་སྒོ། འཇིག་རྟེན་གྱི་བྱ་བ། གང་དང་སྤྱི་རྣམས་ཅིའི་ཕྱིར་མི་མཉམ་བསམ་སྟེ། ལན་སྨྲས་པ། ཨེ་མ་ངོ་མཚར་ཆེ་སྟེ་དགོད་རེ་བྲོ། །ཁོ་མོས་སྡོད་པའི་གནས་ཀྱང་མ་རྙེད་ཅིང་། །རྐང་པ་གཉིས་ཀྱི་ཐེམ་པ་མ་བརྒལ་བར། །རྗེ་ཡི་ཞལ་ཡང་མིག་གིས་མ་མཐོང་བར། །བཙུན་མོ་ཁྱེད་ཀྱིས་འགྲན་ཚིག་སྔས་པ་ཡིན། །འདབ་ཆགས་མཁའ་ལ་ལྡིང་བའི་རྩེ་སྒྲོ་དང་། །རླན་དྲོད་ས་ལ་སྐྱེས་པའི་སྨྱུག་མ་གཉིས། །རང་ཆ་དགོས་པའི་གོ་གནས་མཉམ་ལགས་ཀྱང་། །ལས་ཀྱི་དབང་གིས་མདའ་མཁན་རྩ་རུ་འཛོམ། །སྟེང་འོག་བྱུང་བ་མིང་གི་ཁྱད་པར་ཡིན། །ཕུ་གསུམ་སྤང་ལ་སྐྱེས་པའི་མེ་ཏོག་དང་། །མདའ་གསུམ་ལྡུམ་རར་སྐྱེས་པའི་ཧ་ལོ་གཉིས། །མཚར་སྡུག་བལྟ་བའི་ཆ་ནས་མཉམ་ལགས་ཀྱང་། །རྟེན་འབྲེལ་དབང་གིས་ལྷ་ཡི་དྲུང་དུ་འཛོམས། །སྔ་རྟིང་བྱུང་ཡང་མིང་གི་ཁྱད་པར་ཡིན། །བལ་ཡུལ་མཐིལ་ནས་བྱུང་བའི་ཁྲི་བཙུན་དང་། །བུ་མོ་རྒྱ་ནས་ལོང་བའི་ཀོང་ཇོ་གཉིས། །ཕ་མིང་སྐལ་བརྫངས་ཐམས་ཅད་མཉམ་ལགས་ཀྱང་། །སྨོན་ལམ་དབང་གིས་རྒྱལ་པོའི་དྲུང་འདིར་འཛོམས། །ཆེན་ཆུན་བྱུང་བ་མིང་གི་ཁྱད་པར་ཡིན། །སྙན་དན་ཚག་པ་མོ་དང་ཆེན་ཆུན་སོགས། །མཐུན་པོར་འགྲོགས་ན་ཚེ་འདིའི་སྤུན་ལས་ལྷག །ཆགས་སྡང་བྱེད་ན་རང་མགོ་སུ་དྲུང་ཡིན། །རྒྱ་དང་བལ་ཡུལ་ས་ཐག་རིང་བ་ན། །ཡབ་གཅིག་རྒྱལ་པོ་གཉིས་ནི་སོ་སོར་བཞུགས། །ཡུལ་གྱི་ཕ་མིང་ངོམ་ནའང་འགྲན་པས་ཆོག །ཕན་བདེའི་དགེ་ལེགས་ཐམས་ཅད་འབྱུང་བའི་གཞི། །མཐོང་ཐོས་དྲན་རེག་ཡོན་ཏན་བསམ་མི་ཁྱབ། །ཇོ་བོ་རྣམ་གཉིས་ངོམ་ནའང་འགྲན་པས་ཆོག །རིན་ཆེན་གསེར་དངུལ་དར་ཟབ་སྣ་ཚོགས་དང་། །རྟ་དང་རྔ་མོ་དྲེལ་ལ་སོགས་པ་ཡིན། །རང་གི་སྐལ་བརྫངས་ངོམ་ནའང་འགྲན་པས་ཆོག །འཇིག་རྟེན་བྱ་བ་བཟོ་ཡི་རྣམ་འགྱུར་དང་། །རྒྱན་གྱི་བཀོད་པ་ཟས་ཀྱི་གཡོས་སྣ་དང་། །ཕྱི་ཡི་སོ་ནམ་བཀལ་ཐག་ཡོན་ཏན་སོགས། །མཛངས་མའི་ལག་རྗེས་ངོམ་ནའང་འགྲན་པས་ཆོག །ཅེས་ཟེར་རོ། །
དེར་བློན་པོ་མགར་གྱིས་ཀྱང་། རྒྱ་ནག་རྒྱལ་པོས་ཉེ་རིང་བྱས་པ། ལྷ་གཅིག་ཀོང་ཇོས་བོད་ལ་ལོག་ལྟ་བྱས་པ། རྒྱ་ཡུལ་དུ་དཀའ་ལས་ཆེན་པོ་བྱུང་བ་རྣམས་ཡིད་ལ་དྲན་ཏེ། ཟླ་བ་གཅིག་མ་ལོན་བར་དུ། ཀོང་ཇོ་དཔོན་གཡོག་རྣམས་ལ་འཁོར་མཁན་མི་གཅིག་ཀྱང་མེད་པ་བྱས་སོ། །དེར་རྒྱ་མོའི་འཁོར་རྣམས་ན་རེ། བོད་ཡི་དྭགས་ཀྱི་རྒྱལ་ཁམས་ཡིན་ཟེར་བ་བདེན་པར་འདུག །བཟའ་བཏུང་ལོངས་སྤྱོད་ནི་མི་འོང་བར་འདུག་ཟེར་རོ། །དེ་ཐོས་པ་དང་། རྒྱ་མོ་བཟའ་ཡང་སེམས་ལ་བཟོད་ཐབས་མ་བྱུང་བར་བློན་པོ་མགར་བོས། བློན་པོ་ཆེན་པོ་ཁྱེད་རང་ཇི་ལྟར་གསུངས་པ་ལ་བརྟེན་ནས་འོང་བ་ཡིན་པ། ཁྱི་བོས་ནས་མ་བརྡུང་། ཁྲེལ་མེད་གདོང་ཆུང་མི་བྱེད་པར། ངེད་དཔོན་གཡོག་རྣམས་ལ་བརྒྱགས་དང་གོས་སྐྱོལ། ངེད་རྣམས་ས་ཐག་རིང་ནས་སླེབ་པ་ཡིན་པས་ཉོན་མོངས་པར་ཡོད་པར་བྱས་པས། མགར་ན་རེ། ང་ལ་ཟས་སྐོམ་སྐྱེལ་བའི་དབང་ཡང་མེད། རྒྱལ་པོ་དང་མཇལ་བའི་དབང་ཡང་མེད། ཅི་བྱེད་བལ་མོ་བཟའ་དབང་ཆེ་བ་ཡིན། ཁྱེད་རང་མོ་ལ་དེ་སྐད་གྱིས་ཟེར་ཏེ། ཁོ་ལོག་སོང་ངོ་། །དེར་རྒྱ་མོ་བཟའ་ཡང་ཡི་ཆད། ཡུལ་གྱི་ཕ་མིང་དང་ལོངས་སྤྱོད་རྣམས་ཡིད་ལ་དྲན་ཏེ། འགྱོད་ཀྱང་བྱ་ཐབས་མེད་པར་སོང་ནས་པི་ཝང་ལ་རམ་འདེགས་བཅོལ་ནས་གླུ་བླངས་སོ། །བུ་མོ་མི་སྡོད་ཡུལ་ལ་འགྲོ། །ཇོ་བོ་ཤཱཀྱ་རྫོངས་སུ་བྱོན། །གཙུག་ལག་རྩིས་ཀྱང་རྫོངས་སུ་བྱོན། །རིན་ཆེན་དར་ཟབ་རྫོངས་སུ་ཁྱེར། །འོ་མ་ཞོ་རུ་བསྒྱུར་གྱིན་འོང་། །ཞོ་ལ་མར་དུ་འདོན་གྱིན་འོང་། །ད་ར་ཐུད་དུ་བསྒྱུར་གྱིན་འོང་། །སེ་བ་ཞིབ་པར་འཐག་གྱིན་འོང་། །གྲེས་མ་ཐག་པར་འཆོས་ཀྱིན་འོང་། །ཁམ་པ་རྫ་རུ་བསྒྱུར་གྱིན་འོང་། །རང་འཐག་ཆུ་བསྐོར་འཛུགས་ཀྱིན་འོང་། ཉུང་མའི་ས་བོན་ཁྱེར་ནས་འོང་། །རྒྱ་ནག་ཡུལ་དུ་ཕྱྭ་གཡང་ཉམས། །བོད་དུ་བདེ་སྐྱིད་ཕུན་སུམ་ཚོགས། །བུ་མོ་ཨ་མའི་གོ་ན་མཛངས། །གོ་རྒས་སེམས་ཀྱི་ནད་དུ་ཆེ། །བོད་ཀྱི་ཡུལ་དུ་ཁྱིམ་ལ་འོང་། །ཁྱི་མོ་ནང་དུ་བོས་ནས་བརྡུངས། །བོད་ལ་ཁྲེལ་གདོང་མི་འདུག་གོ །གྲི་ཆུང་ཡུ་བའི་རྩ་ན་རྣོ། །གླུ་ཆུང་རང་འཐག་གོ་ན་སྙན། །བུ་མོ་ཨ་མའི་གོ་ན་མཛངས། །རྗེ་ཁ་བློན་པོས་བསྒྱུར་གྱིན་གདའ། །སྐྱེས་ཁ་མོ་ཡིས་བསྒྱུར་གྱིན་གདའ། །ཐག་ཁ་སྤུན་གྱིས་བསྒྱུར་གྱིན་གདའ། །ཞིང་ངན་རམ་པས་བསྒྱུར་གྱིན་གདའ། །བུ་མོ་ང་ལ་སྡོད་ཐབས་མེད། །བློན་པོ་མགར་གྱིས་ཁྲེལ་མེད་བྱས། །ཞེས་ཟེར་ཏེ། ཇོ་བོ་ཤིང་རྟའི་སྟེང་དུ་བཞུགས། རྟ་དང་དྲེལ་རྔ་མོ་ལ་སོགས་ལ་ཁལ་བཀལ། བོད་ངན་པའི་བྱ་བ་མཐོང་བས་ཤེས་ཟེར་ཏེ། འགྲོ་བའི་གྲབས་བྱས་དུས་བློན་པོ་མགར་བྱུང་ནས། ཁྱེད་ཁྱིམ་ནས་ཕ་མིང་གི་ཡུལ་དུ་ལོག་པ་མི་འཐད། ངོ་ཡང་ཚ། རྒྱ་ཡུལ་དུ་འགྲོ་བའི་ལམ་ཡང་མི་ཤོག །བོད་དུ་འོང་དུས་ཀྱང་ང་མེད་པར་ལམ་དུ་ལུས་འདུག་ནས་ལམ་མ་ཤོག་པར་འདུག་པ། ད་ངས་བལ་མོ་བཟའ་ལའང་གྲོས་འདེབས། རྒྱལ་པོ་ལའང་ཞུ་ཤིག་ཟེར་ཏེ། ཁོས་མཇལ་བར་ཞུས་ནས། རྒྱལ་པོ་དགའ་སྟོན་གྱི་གདན་སར་བྱོན་ཏེ། རྒྱ་མོ་བཟའ་ཀོང་ཇོ་དང་མཇལ་ལོ། །དེར་ཡང་མཐོང་ལུགས་རྣམ་པ་གསུམ་དུ་བྱུང་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྣང་བ་ལ། རྒྱལ་པོ་དང་བཙུན་མོ་གཉིས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་བྱེད་པའི་སྣང་བ་བྱུང་ངོ་། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་ལ། འཕགས་པ་སྤྱན་རས་གཟིགས་རྒྱལ་པོ་སྲོང་བཙན་སྒམ་པོར་སྐུར་སྤྲུལ། རྗེ་བཙུན་མ་སྒྲོལ་མ་རྒྱ་མོ་བཟའ་ཀོང་ཇོ་རུ་སྐུར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའི་སྣང་བ་བྱུང་ངོ་། །
མི་ནག་ཐ་མལ་པ་རྣམས་ཀྱི་སྣང་བ་ལ། རྒྱལ་པོ་དང་བཙུན་མོ་གཉིས་སྐྱེམས་ལ་གསོལ་རེས་བྱེད་པ་དང་། སྐུད་པ་འཁེལ་རེས་བྱེད་པའི་སྣང་བ་བྱུང་ངོ་། །དེ་ནས་རྒྱལ་པོ་ཡང་ཀོང་ཇོ་དང་ཟླ་བ་གཅིག་གི་བར་ལ་མ་མཇལ་བ་དེས། ཐུགས་ཤིན་ཏུ་འགྱོད་པར་གྱུར་ནས་ཀོང་ཇོའི་སེམས་གསོ་བའི་ཕྱིར། ཀོང་ཇོ་ཁྱོད་འོ་མ་བརྒྱལ་ལམ། ཉོན་མ་མོངས་སམ། བར་ཆད་མེད་པར་བོད་དུ་སླེབས་པ་ངོ་མཚར་ཆེ། ཇོ་བོ་ཇི་ལྟར་བྱས་ལ་གདན་དྲངས། ལ་འཕྲང་ཆུ་གསུམ་ལ་ཇི་ལྟར་བྱས་གསུངས།
ལྷ་གཅིག་ཀོང་ཇོ་ན་རེ། ཇོ་བོ་ཤཱཀྱ་ཤིང་རྟའི་སྟེང་དུ་བཞུགས། གྱད་ལྷ་དགའ་དང་། ཀླུ་དགས་འཁོར་ལོས་དྲངས། བརྒྱ་ཆུ་ཁུག་པ་གྲུ་ཡིས་བཅད། ལམ་ས་ཐག་རིང་ཡང་ཐབས་ཀྱིས་བྱོན། བྱེ་མའི་ལ་དགུ་འཁྱགས་ཁ་བསྐོར་ནས་འོང་། མུན་པའི་རུམ་དུ་མར་མེ་བཏེག་ནས་འོང་། སེང་ལྡེང་གི་ནགས་མ་གཡས་སུ་བསྒྱེལ་ནས་འོང་། གླ་བའི་ནགས་མ་གཡོན་དུ་བསྒྱེལ་ནས་འོང་། རྒྱ་ནག་ཡུལ་དུ་ཕྱྭ་གཡང་ཉམས། བོད་དུ་བདེ་སྐྱིད་ཕུན་སུམ་ཚོགས། བོད་ལ་ཁྲེལ་གདོང་མི་འདུག་གོ །ཟེར་ཏེ་བཤུམས་སོ། །དེར་ཡང་བློན་པོ་ཚོས་སླེབ་ཙ་ན། ཤགས་ཆེ། ཡུས་ཆེ་བ་བྱས་ཏེ། བློན་པོ་མགར་ན་རེ། སྤྱིར་རྒྱ་ནག་གི་མི་ཐམས་ཅད་ཀྱིས་བརྙས་པ་བྱས། གནས་མོ་རྒྱ་མོ་གཅིག་མིན་པ་སེམས་མཁན་མི་གཅིག་ཀྱང་མ་བྱུང་། སྒོས་སུ་རྒྱ་ནག་རྒྱལ་པོས་ཉེ་རིང་ཆེན་པོ་བྱས། ལྷ་གཅིག་ཀོང་ཇོ་ཁྱེད་རང་ཡིན་ཀྱང་བོད་ལ་མི་དགའ་བ་ཇི་ཙམ་བྱས་ཟེར་བས་དེར་རྒྱ་མོ་བཟའ་སྐྱེངས་ཏེ་སྨྲ་རྒྱུ་མ་བྱུང་ངོ་། །རྒྱ་མོ་བཟའ་ཀོང་ཇོ་གདན་དྲངས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།
༈ ཐུགས་དམ་གྱི་ལྷ་ཁང་བཞེངས་པའི་སྐོར། སྲོང་བཙན་མ་ཎི་བཀའ་འབུམ་ལས་བཏུས།
དེ་ནས་ཡང་བལ་མོ་བཟའ་རང་གི་རྩེ་མཁར་དུ་སྔོན་ལ་ཟད་ཕྱིན་ནས། རྒྱལ་པོ་བཞུགས་པ་ལ་གྲོས་དྲིས་པས། ཁོ་མོ་ལྷ་ཁང་ཞིག་བརྩིགས་པར་འདོད་པས་རྒྱལ་པོ་ས་ལ་དབང་བ་ཡིན་པས་ལྷ་ཁང་བརྩིགས་པའི་ས་ཞིག་ཞུ་བྱས་པས། རྒྱལ་པོའི་ཞལ་ནས་ཁྱོད་རང་གང་ལེགས་པ་གཅིག་ཏུ་རྩིགས་གསུངས་སོ། །ཁྲི་བཙུན་འཁོར་རྟ་པ་མང་པོས་བསྐོར། གནོད་སྦྱིན་ཕོ་མོའི་འཁོར་དུ་མས་བསྐོར། དེ་ནས་སྔོན་ལ་ཡར་ཀླུངས་ལ་སོགས་པའི་ཡུལ་བཟང་ཐམས་ཅད་དུ། ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བས། ལྷ་ཁང་ཉིན་མོ་མིས་བརྩིགས་པ་ནུབ་མོ་ལྷ་འདྲེས་བཤིག་ནས་ལྷ་ཁང་བརྒྱ་རྩ་བརྒྱད་རྩིག་ཏུ་མ་བཏུབ་བོ། །དེ་ནས་ད་རེས་ནི་ལྷ་གཅིག་ཀོང་ཇོ་ལ་དྲི་དགོས། མོ་རྒྱ་ནག་པོ་སའི་བརྟག་པ་ལ་མཁས་པ་ཡིན་སྙམ་ནས། གཡོག་མོ་དམ་པ་གཅིག་ལ་གསེར་ཕྱེ་བྲེ་གང་བསྐུར་ནས། ལྷ་ས་བྱེ་མའི་གླིང་ནེ་ཆུང་བྱེ་མའི་ཆུ་མིག་གི་ཁ་ན་དར་ཀྱི་ཡོལ་བའི་ནང་ན། ཇོ་བོ་ཤཱཀྱའི་དྲུང་དུ་རྒྱ་མོ་ཀོང་ཇོས་མཆོད་པ་འབུལ་གྱིན་ཡོད་ཀྱིས། དེ་ལ་གསེར་འདི་ཕུལ་ལ་ཁ་རིང་གི་དེ་སྐད་མ་ཟེར་བར་ད་རེས་ང་ལ་ལྷ་ཁང་བརྩིག་པའི་ས་ལེགས་པ་ཞིག་སྟོན་ཅིག །ངས་ལྷ་ཁང་བཞེངས་པ་དང་། ཁྱོད་རང་ཡང་ལྷ་ཁང་རྩིག་ཏུ་བཅུག་གིས་བྱ་བ་སྤྲིངས་པ་གཡོག་མོས་ཀྱང་དེ་སྐད་ཞུས་པ་དང་། ལྷ་གཅིག་ཀོང་ཇོས་ཀྱང་སྤོར་ཐང་ཁྲ་བོ་བཏིང་ནས་སའི་དཔྱད་བྱས་པས། ག་རེ་བྱས་ན་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་གཙུག་ལག་ཁང་གི་ས་བཙལ་ན། སྤྱིར་སའི་དབྱེ་བཅུ་གསུམ། ནོར་ར་རེ་བཅུ་གཉིས། ས་ངོས་བཟུང་བ་དགུ་རུ་ཤེས་སོ། །དེ་དག་ཐམས་ཅད་བསྡུ་ན། སྐྱེ་བོ་མང་པོ་འདུ་བའི་ས། ས་བདག་རྒྱལ་པོའི་ས་དང་གཅིག །དགེ་འདུན་འདུ་བའི་ས་གཙུག་ལག་ཁང་གི་ས་དང་གཉིས། རེ་ཞིག་བདེ་བ་སྤྱད་པའི་ས་སྐྱེ་བོའི་ས་དང་གསུམ། ཅུང་ཞིག་གནས་པ་དགོན་པའི་ས་དང་བཞིར་གཏན་ལ་ཕབ། ད་རེས་འདིའི་དབང་དུ་བྱས་ན། ཡོན་ཏན་བརྒྱད་དང་ལྡན་པའི་ས་ཡིན། དེའི་མགོ་གནོན་པ་ལ་སྐྱོན་ལྔ་བཟློག་དགོས། ལྷ་ས་འཕྲུལ་སྣང་གི་མཐིལ་སྲིན་མོའི་སྙིང་ཆུ་རུ་ཤེས། ལྷ་ས་ར་མོ་ཆེ་ཀླུའི་ཕོ་བྲང་དུ་ཤེས། བྲག་ལྷ་ན་མ་མོའི་ཉལ་ས་ཡོད། གྲིབ་ཕུ་ནས་ཉ་རན་ཕུ་ན་མར་ལ་ཀླུ་བཙན་གྱི་རྒྱུ་སྲང་ཡོད། གླ་བའི་ཚལ་ན་འདྲེ་དང་ཐེའུ་རང་གི་འདུན་ས་ཡོད། ལྷ་ས་འཕྲུལ་སྣང་གི་ཤར་ན་ཆུ་སྲིན་ལངས་པ་འདྲ་བའི་ས་དགྲ་ཡོད། ཤུན་གྱི་བྲག་ལ་ཏེའུ་རྩེ་ན་ཡང་ཡོད། བྱང་ན་གླང་པོ་ཆེ་གཡུལ་དུ་འཇུག་པ་འདྲ་བའི་ས་དགྲ་ཡོད། ཉ་བྲན་དང་དོར་ཏིའི་རི་ཡོད། ཡང་ཤར་ན་སྲིན་མོ་འདོམས་བཟེད་པ་འདྲ་བའི་ས་དགྲ་ཡོད་པས་དེ་ལ་དབང་ཕྱུག་ཆེན་པོའི་ལིངྒ་ཚུགས། ནུབ་ཏུ་སྦལ་བ་ནག་པོ་དང་། བདུད་ནག་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། དེ་ལ་མཆོད་རྟེན་སེ་རུའི་རྩིགས་གསུངས། སའི་ཡོན་ཏན་བརྒྱད་ལ་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག །ས་པདྨ་འདབ་བརྒྱད་ཀྱི་སྟེང་། བར་བཀྲ་ཤིས་རྟགས་བརྒྱད་ཡོད་བྱ་བ་རྣམས་ཇི་ལྟར་གནས་པ་གཡོག་མོ་ལ་ལེགས་པར་བཤད། དེ་ལ་དང་པོ་སའི་དཔྱད་དང་བཅོས་ཀ་བྱེད་དགོས། འདྲེའི་འདུན་ཕུངས་ཤིག །བཙན་གྱི་རྒྱུ་སྲང་དུ་མཆོད་རྟེན་དཀར་པོ་ཞིག་རྩིགས། མ་མོའི་ཉལ་ས་ཕྲོགས། ཀླུའི་ཕོ་བྲང་ཇོ་བོ་ཤཱཀྱས་མནན་ནས་ཡོད། གཞན་ཡང་ཆུ་སྲིན་ལངས་པ་འདྲ་བའི་ས་དགྲ་ལ་དུང་ཁ་སྟོན། བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ལ་བར་ཆུའི་ཁ་རུ་མཆོད་རྟེན་རྩིགས། གླང་པོ་ཆེ་གཡུལ་དུ་འཇུག་པ་འདྲ་བའི་ས་དགྲ་ལ་སེང་གེ་སྟོན། བཅོས་ཀ་ཚོ་སྔོན་ལ་གྱིས་ལ། དེ་ནས་མཚོ་ལ་ས་སྐྱོས་མཚོ་སུབས། དེའི་སྟེང་དུ་ལྷ་ཁང་རྩིགས། ངས་སྔར་ཡང་ལེགས་པར་བསྟན་པ་ཡིན་ཏེ། ཁྱེད་རང་གིས་ལོག་རྟོག་ཏུ་གོ་འདུག་པས་ད་རུང་ཡང་དེ་ལྟར་དུ་མཛོད་ཅེས་གསུངས་སོ། །
དེ་ནས་གཡོག་མོས་ཕྲིན་གོང་འོག་ནོར་ནས་དང་པོ་འོ་ཐང་གི་མཚོ་ལ་རས་ས་སྐྱོས་ལ་སུབས་ཅེས་ཕྲིན་འཆོལ་བར་སྨྲས། དེར་ཁྲི་བཙུན་གྱི་སེམས་ལ་དེ་ཀ་འོང་སྙམ་ནས། ནགས་ལ་ར་མིན་པས་མི་ཐར་བས། རས་ས་བསྐྱལ་གྱིན་མཚོ་ལ་བླུགས་པས་རྙོག་པ་ལང་ལོང་དུ་སོང་ནས་སུབ་ཏུ་མ་འདོད། དེར་ཁྲི་བཙུན་གྱི་སེམས་ལ་ཀོང་ཇོས་ང་ལ་ཉེས་པ་ཞིག་བསླབ་འདུག་སྙམ་ནས། ད་རེས་ནི་རྒྱལ་པོ་ལ་དྲི་དགོས་སྙམ་ནས་རྩེ་མཁར་དུ་ཕྱིན་ཏེ། རྒྱལ་པོ་ཆེན་པོ་ལགས་ངས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བས་ཀྱང་ཉིན་མོ་བརྩིགས་པ་ནུབ་མོ་ཞིག་ན་ད་ཇི་ལྟར་བགྱི་ཞུས་པས། རྒྱལ་པོའི་ཞལ་ནས་ཀོང་ཇོ་ལ་དྲིས་རྒྱ་ནག་པོ་མཁས་པ་ཡིན། དེར་མོས་ལེགས་པར་མི་སྟོན་པར་གདའ་ཞུས་པས། རྒྱལ་པོའི་ཞལ་ནས་སློབ་ངེས་ཀྱིས་གསུངས། ཡང་ཁྲི་བཙུན་གྱིས་གཡོག་མོ་སྔར་གྱི་མིན་པ་གཅིག་ལ་གསེར་ཕྱེ་བྲེ་གང་བསྐུར་ནས། ཀོང་ཇོ་ཁྱོད་སྔར་བཞིན་མིན་པར་ད་རེས་སྟོན་ཅིག་ཅེས་སྨྲས་སོ། །གཡོག་མོས་དེ་ལྟར་སྨྲས་པས། ཡང་ཀོང་ཇོ་ན་རེ། ངས་སྨྲས་པ་དེ་རྣམས་ལོག་པ་མ་ཡིན་ཏེ། ཁྱེད་རང་ལོག་པར་མ་ལྟ། སྔ་མ་བཞིན་གྱིས་ཟེར་རོ། །ཡང་ཁྲི་བཙུན་ལ་ཀོང་ཇོ་ན་ར། ངས་ངག་ལེགས་པ་བསྟན་པ་ཡིན་ཏེ་སྔ་མ་ཁོ་ན་མཛོད། དེ་ལྟར་བྱས་ན་དབུས་འོ་ཐང་གི་མཚོ་གཏིང་ནས་སུབས་ལ་གྱིས། སའི་བཅོས་ཀ་རྣམས་དང་ལ་གྱིས། དེ་ལྟར་ལྷ་ཁང་བྱས་ན། ལྷོའི་གཡུ་འབྲུག་སྔོན་མོ་དང་། ནུབ་བྱ་ཕུའི་བྱ་དམར་པོ་དང་། བྱང་རྡོ་རྗེ་རུས་སྦལ་ནག་པོ་དང་། ཤར་བྱེ་མ་རིའི་སྟག་སྐྱ་བོ་དང་། དེའི་བཅོས་ཀ་གྱིས། དེ་ནས་ལྷ་ཁང་བརྩིག་པའི་ནུས་པ་ལྔ་གཟོད་འབྱུང་བ་ཡིན། སྒོ་ཕུའི་ལྕགས་དང་། རཱ་ཁའི་ཟངས་དང་། ལྷོ་སྟེང་གི་དངུལ་དང་། ལྕགས་ཁ་རིའི་གསེར་གཡུ་འབྱུང་བ་ཡིན། ཁྱོད་ཀྱི་ལྷ་ཁང་ཡང་གཟོད་རྩིག་ཏུ་བཏུབ་པ་ཡིན། ཁ་བ་ཅན་གྱི་རྒྱལ་ཁམས་སུ་ལེགས་སོ་ཅོག་ནི་འབྱུང་། ཉེས་སོ་ཅོག་ནི་འགྲིབ་པར་འགྱུར་གྱི་བྱ་བའི་ལེན་བསྐུར་བས་གཡོག་མོས་དེ་སྐད་སྨྲས་པས། ཁྲི་བཙན་འདི་སྙམ་སྟེ། ཀོང་ཇོ་ད་རེས་ཀྱང་ལེགས་པར་མ་བསླབ་སྙམ་ནས་ཡང་གསེར་ཕྱེ་སྡེར་མ་གང་ཁྱེར་ཏེ། ད་རུང་རྒྱལ་པོ་རང་ལ་ཞུ་སྙམ་ནས་རྩེ་མཁར་དུ་ཕྱིན་ཏེ། གསེར་ཕྱེ་རྒྱལ་པོ་ལ་ཕུལ་ནས། རྒྱལ་པོ་ཆེན་པོ་ལགས་ཁོ་མོའི་ལྷ་ཁང་གི་རྨང་བརྒྱ་རྩ་བརྒྱད་བཏིང་བས་བོད་ཀྱི་མི་མ་ཡིན་གྱིས་བཤིག །ཀོང་ཇོ་ལ་དྲིས་པས་ཀྱང་ལེགས་པར་མ་བསྟན། ད་ལྷ་ཁང་གང་དུ་བགྱི་ཞུས་པ་དང་། རྒྱལ་པོའི་ཞལ་ནས། ད་འོ་ན་ང་ལ་དྲི་ས་ཡོད་གསུངས་ནས་རྒྱལ་པོས་ཀྱང་བུ་མོ་བཅུ་དྲུག་པོ་མཆོད་གཡོག་ཏུ་བསྐོས་པ་རྣམས་ཐུགས་རྗེ་ཆེན་པོ་ལ་མཆོད་པ་བྱེད་དུ་བཅུག་ནས་གསོལ་བ་བཏབ་པའི་རྗེས་ལ། ཙནྡན་གྱི་སྐུའི་ཞལ་ནས་འོད་ཟེར་ཅིག་བྱུང་ནས། འོ་ཐང་གི་མཚོ་ལ་ཕོག་པས་མཚོ་འོད་ཀྱིས་ཁེངས་སོ། །སང་ནངས་པར་ནངས་མ་རེ་རེ་རྒྱལ་པོའི་ཆིབས་འཆག་པའི་ས་ཤར་ཕྱོགས་ཀྱི་གྲུ་དེའི་བར་ན་མར་ལ་ཆིབས་ས་ཡོད་པའི་ས་རུ་རྒྱལ་པོས་རྟ་གཅིག་ཆིབས་ནས་རྒྱུག་པ་དང་། སིལ་སིལ་ཁྲོལ་ཁྲོལ་འུར་འུར་ལན་གསུམ་འོང་བ་དང་། ཡང་རྒྱལ་པོས་རྟ་གཅིག་བརྒྱུག་པ་དང་རྟ་གསུམ་བརྒྱུག་པའི་སྒྲ་འོང་།
ཡང་རྒྱལ་པོས་ལན་བཅུ་རྒྱུགས་ན། རྟ་པ་སུམ་བརྒྱ་དུས་གཅིག་ལ་རྒྱུགས་པའི་སྐད་འོང་བ་ཐོས་པ་དང་། གྲོང་ཁྱེར་པ་རྣམས་རྟ་འཆག་པ་ལ་ལྟད་མོ་བྱེད་དུ་འོང་བ་ལ། ལས་དག་པ་ལ་ལས་རྒྱལ་པོ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དུ་མཐོང་། ལ་ལས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་མཐོང་། ལ་ལས་ཡི་གེ་དྲུག་མར་མཐོང་། ལ་ལས་རྒྱལ་པོའི་དབུ་ལ་རིགས་ལྔས་བརྒྱན་པར་མཐོང་། ལ་ལས་རྒྱལ་པོའི་དབུ་ལ་སངས་རྒྱས་ཨ་མི་དེ་བ་བཞུགས་པ་མཐོང་། ལ་ལས་རྒྱལ་པོའི་དབུ་ལ་དར་གྱི་ཐོད་དམར་པོ་ཕྱུར་རེ་བ་ཕོ་བྲང་དུ་གཤེགས་པ་མཐོང་ངོ་། །ཡང་ལས་མ་དག་པ་རྣམས་ཀྱིས་དེའི་དུས་སུ་འུར་འུར་སིལ་སིལ་ཁྲོ་ལོ་ལོ་ཟེར་བ་ལས་གཞན་མི་མཐོང་། དེར་རྒྱལ་པོའི་ཞལ་ནས་ནངས་པར་ལྷ་གཅིག་ཁྲི་བཙུན་གྱི་རྟ་འཆག་ས་རུ་བཅག་གོ་གསུངས་ནས། ཁྲི་བཙུན་ལ་རྟ་བཏོད་ལ་ཤོག་གསུངས། དེ་ནས་ཕོ་བྲང་གི་ལྷོ་ངོས་ཀྱི་སྒོ་ནས་འོ་ཐང་གི་འགྲམ་ན་མ་ལ་ཞེང་དུ་འདོམ་གསུམ་ཡོད་པ། དཀྱུས་སུ་འདོམ་སུམ་བརྒྱ་ཡོད་པ། ཟབས་སུ་འདོམ་དོ་ཡོད་པ། ནང་རྒྱ་རྫ་དང་། སོ་ཕག་དང་། སྤང་ལེབ་ལ་སོགས་པ་རྒྱལ་པོའི་ཆིབས་འཆག་ས་དང་འདྲ་བ་ཞིག་ཡོད་པའི་ནང་ན་མར་ཁྲི་བཙུན་གྱིས་སྣ་དྲངས་ནས་ཡབ་ཡུམ་གཉིས་བྱོན་པ་དང་། འོ་ཐང་གི་མཚོ་འགྲམ་དུ་སླེབས་ནས་རྒྱལ་པོའི་ཞལ་ནས་རྟ་འཐེན་གྱིས་དང་གསུངས་ནས། ཁྲི་བཙུན་ལ་ངའི་གསེར་གྱི་སོར་གདུབ་འདི་གང་དུ་སོང་བ་ལ་ཁྱོད་ཀྱིས་ལྷ་ཁང་རྩིགས་ཤིག་གསུངས། རྒྱལ་པོའི་སོར་གདུབ་ནམ་མཁའ་ལ་འཕངས་པས། ཁྲི་བཙུན་གྱི་རྟ་སྒའི་ཕྱི་རུ་ལ་ཕོག་ནས་ཡར་བས་འོ་ཐང་གི་མཚོའི་ནང་དུ་སོང་ནས་ཁྲི་བཙུན་གྱི་ཐུགས་ལ་རྒྱལ་པོས་ཀྱང་ཀོང་ཇོ་ལ་དྲིས་འདུག་སྙམ་ནས་མིག་མཆི་མས་གང་བས། རྒྱལ་པོ་ན་རེ། དེ་ཅི་ཉེས་གསུངས་པས་ངས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བ་ཡང་ཞིག །ཀོང་ཇོ་ལ་རྩིག་ས་དྲིས་པས་ཉེས་པར་བསླབས། རྒྱལ་པོས་ཀྱང་ཀོང་ཇོ་ལ་དྲིས་འདུག་ངའི་ཡོ་བྱད་རྣམས་ཀྱང་ཟད་བྱས་པས། རྒྱལ་པོའི་ཞལ་ནས་མཆི་མ་ཕྱིས་དང་། འོད་ཟེར་འདི་མཐོང་ངམ་གསུངས་པས། དེ་ད་འཁུམས་ལགས་སོ་གསུངས་པས།
དེར་རྒྱལ་པོས་ཀྱང་རྩིག་རོགས་བྱ་བར་ཞལ་གྱིས་བཞེས་སོ། །དེ་ལ་ཁྲི་བཙུན་རབ་ཏུ་དགའ་ནས་བཀའ་བསྒོ་བ་བཞིན་ཉན་ནོ། །དེ་ནས་རྒྱལ་པོའི་ཞལ་ནས་ངའི་ཕོ་བྲང་ཞིག་འོ་ཐང་གི་མཚོ་འདི་སུབ་ལ་བརྩིག་གོ་གསུངས། འོ་ཐང་དུ་ཕོ་བྲང་སུམ་ཐོག་མ་ཞིག་བརྩིགས་པའི་ནང་དུ་མཆོད་གནས་བཅུ་སྤྱན་དྲངས་ཏེ། ཁྲི་བཙུན་གྱིས་བློང་རྡོ་སྒྱུལ་འདལ་ལ་སོགས་པ་ཟུས་ཕུག་སྐྱང་ནུ་ཚལ་གྱི་ཀླུ་ལ་ཆོས་སྐྱོང་དུ་བཅོལ། ཆུ་སྐར་ཆུང་གི་ལྦུ་བ་གདོང་ལ་བསྒྱུར་ནས། དེ་ནས་མཚོ་ཤིང་བླངས་ནས་ཕུབ་པས་དཀྱིལ་དུ་ཤིང་གིས་མ་སླེབས། ཡང་ཁྲི་བཙུན་གྱིས་རྒྱལ་པོ་ལ་གྲོས་ཞུས་པས་རྒྱལ་པོའི་ཞལ་ནས་ང་ལ་དྲི་ས་ཡོད་གསུངས་ནས། ཡང་ལྷ་ལ་མཆོད་པ་ཞིག་བྱས་ནས་གསོལ་བ་བཏབ་པས། ལྷ་སྐུའི་མཛོད་སྤུ་དང་རྩ་བའི་ཞལ་ནས་འོད་ཟེར་ཅིག་བྱུང་ནས། འོ་ཐང་གི་མཚོའི་ཐད་ཀར་འོད་ཟེར་གྱི་དྲ་བའི་སྤྲིན་འཁྲིགས་ནས་འོད་ཟེར་ཆར་ལྟར་དུ་བབས་སོ། །དེ་ལ་ཁྲི་བཙུན་གྱིས་བལྟས་པས་འོད་ཟེར་དཀར་པོ་ཁྲི་འཕང་ལྔ་པ་མཚོའི་ནང་ན་དཀར་པོ་རིམ་པ་སུམ་བརྩེགས་ཡོད་པ་མཆོད་རྟེན་འདྲ་བ་ཞིག་གཟིགས་སོ། །
དེ་ནས་བལ་པོའི་རྡོ་བཟོ་པ་རྣམས་ཀྱིས་གསང་ཕུ་ནས་རྡོ་བཟོ་བྱས་འོད་ཟེར་ལ་བཀལ། རྡོ་རྫོགས་པ་དང་འོད་ཟེར་ཀྱང་ཟད་དེ་མཚོའི་དཀྱིལ་ན་མཁར་ལྟ་བུ་ཞིག་བྱུང་དེ་ལ་ཤིང་སྣ་གཏད་ནས་མཚོ་ཕུབ། དེ་ནས་ཀླུའི་ཡུལ་ནས་རྡོ་རྗེའི་འདག་པ་རྡོ་རྗེ་ཕ་ལམ་ལྟ་བུ་མེས་མི་འཚིག །ཆུས་མི་རུལ་བ་བླངས་ནས་མི་ཕྱེད་པ་རྡོ་རྗེ་ལྟ་བུས་གླ་བའི་གདུང་ལ་བྱུགས། དེ་སྟེང་དུ་ཁྲོ་ཆུའི་ཕ་གུ་བསྒྲིགས། སྲུབས་ཚོ་འཁར་བའི་ཆུས་བསྡམས། དེའི་སྟེང་དུ་སོ་ཕག་དང་། ཕ་གུ་དང་། སྤང་ལེབ་དང་། རྡོ་ལེབ་དང་། ས་བཟང་བ་དང་བྱེ་མ་རྣམས་རིམ་པར་བཏིང་བའི་ཁར། དེའི་སྟེང་དུ་རྒྱའི་ལྡེམ་མཁར་ལ་དཔེ་བྱས་ཏེ་གཟིངས་འབྲིང་བའི་ཚད། སྐྱེ་བོ་དང་མཐུན་པར་རྨང་གྲུ་བཞིར་བཏིང་། རབ་ཏུ་བྱུང་བ་བཙུན་པ་དང་མཐུན་པར་གཙང་ཁང་དྲ་མིག་ཏུ་རྨང་བཏིང་། བོན་པོ་དང་མཐུན་པར་ས་གཞི་གཡུང་དྲུང་རིས་སུ་རྨང་བཏིང་། དེ་ཡང་ཉིན་བརྩིགས་པ་ནུབ་མོ་ཞིག་པས། ཡང་ཁྲི་བཙུན་གྱིས་རྒྱལ་པོ་ལ་གྲོས་ཞུས་པས། རྒྱལ་པོའི་ཞལ་ནས་གཙུག་ལག་ཁང་འདི་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་ཡིན་པ་ལ་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག །ས་པདྨ་འདབ་བརྒྱད་ཀྱི་སྟེང་། བར་བཀྲ་ཤིས་རྟགས་བརྒྱད་ཡོད་པ་སྟེ། དེ་ངོས་བཟུང་ན། ཤར་འཕེན་གྱི་རི་ལ་གདུགས་འདྲ་བའི་རི་ཡོད། དེའི་བྱང་ཤར་ན་རྒྱལ་མཚན་འདྲ་བའི་རི་ཡོད། ཤར་བྲག་དཀར་ནའི་བྲག་ལ་སྤྱན་ཉ་འདྲ་བ་ཡོད། རྫོང་བཙན་བྲག་ལ་བུམ་པ་འདྲ་བ་ཡོད། རིན་ཆེན་ཟ་ན་ཐུགས་དཔལ་བེའུ་འདྲ་བ་ཡོད། དོ་རིའི་ཕུགས་ན་ལྗགས་པདྨ་འདྲ་བ་ཡོད། འཕན་དར་རི་ལ་གསུང་དུང་འདྲ་བ་ཡོད། ར་གའི་བྲག་ལ་ཟངས་ཡོད། ལ་སྟོད་ལ་དངུལ་ཡོད། ལྕགས་མཁར་རི་ལ་གསེར་ཡོད། འོ་ཐང་གི་རི་ལ་ཤར་ན་སྟག་སྐྱ་བོ་ཡོད། ལྷོ་ན་འབྲུག་སྔོན་པོ་ཡོད། ནུབ་ན་བྱ་དམར་པོ་ཡོད། བྱང་ན་རུས་སྦལ་ནག་པོ་ཡོད། དེ་ནི་གཙུག་ལག་ཁང་གི་ལྷའི་གཞིའོ། །དེའི་ཡོན་ཏན་གྱི་མགོ་འདོན་པར་བྱ་བའི་ཕྱིར། སྐྱོན་ལྔ་སྔོན་ལ་ཟློག་པར་བྱེད་དགོས་ཏེ། ཤར་ན་སྲོས་པའི་རི་ལ་སྲིན་མོ་འདོམས་བཟེད་པ་འདྲ་བའི་རི་ཡོད། དེ་ལ་དབང་ཕྱུག་ཆེན་པོའི་ལིངྒས་བཟློག་དགོས། ལྷོའི་གྲིབ་ཁ་སེར་ན་རུས་སྦལ་གཟན་ཟ་བ་འདྲ་བའི་རི་ཡོད། དེ་ལ་བྱ་ཁྱུང་གིས་བཟློག་དགོས། ནུབ་ན་ཤུན་གྱི་རི་ལ་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་རི་ཡོད། དེ་ལ་མཆོད་རྟེན་སེ་རུས་བཟློག་དགོས། བྱང་ན་ཉ་བྲན་དང་དོར་ཏིའི་བར་ན་གླང་པོ་ཆེའི་མགོ་བོ་འདྲ་བ་ཡོད། དེ་སེང་གེས་བཟློག་དགོས། དགའ་ལྡན་གྱི་ཚལ་འགྲམ་ན་བཙན་གྱི་རྒྱུ་སྲང་ཡོད། དེ་མཆོད་རྟེན་སེ་རུས་བཟློག་དགོས། ལྷོ་ནུབ་གླ་བའི་ཚལ་ན་འདྲེའི་འདུན་ས་ཡོད། ནུབ་བྱང་མཚམས་ན་ལྕགས་མཁར་རི་ལ་མ་མོའི་ཉལ་ས་ཡོད། དེ་ལ་མགོན་པོས་བཟློག་དགོས། ལྷ་ས་ར་མོ་ཆེ་ན་ཀླུའི་ཕོ་བྲང་ཡོད། དེ་ཇོ་བོ་ཤཱཀྱས་མནན་པས་ཐུབ་བོ། །དེ་ནས་འདྲེའི་འདུན་ཕུང་བཟློག་པའི་ཕྱིར། ཙནྡན་གྱི་སྐུ་ལ་གསོལ་བ་བཏབ་པས་ནམ་མཁའི་ཁམས་ནས་ཉི་མ་ཤར་བ་འདྲ་བའི་འོད་ཟེར་ཅིག་གིས་བྱང་ཕྱོགས་ཁ་བ་ཅན་ཡོངས་ལ་ཁྱབ་པར་མཛད་ནས། སླར་ཡང་ཁོ་བོའི་སྟེང་དུ་བྱུང་ཙ་ན་སྒྲ་སྐད་ཅིག་ན་རེ། ཨེ་མ་ཧོ། སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ཡི། །ཐུགས་རྗེས་མངགས་པའི་ཆོས་སྐྱོང་རྒྱལ་པོ་ཁྱེད། །སྔོན་གྱི་སྨོན་ལམ་མཐར་ཕྱིན་རླབས་ཆེན་གྱིས། །གདུལ་དཀའི་སེམས་ཅན་རྣམས་ནི་སྨིན་པར་མཛོད། །ཅེས་པའི་སྒྲ་ཞིག་བྱུང་བས། རྒྱལ་པོའི་ཐུགས་ལ་ད་ནི་གཙུག་ལག་ཁང་བརྩིག་ཏུ་འདོད་པར་དགོངས་ནས། རྒྱལ་པོའི་ཞལ་ནས། བོད་མུན་པའི་སྨག་རུམ་ལྟ་བུ་གདོང་དམར་སྲིན་པོའི་ཡུལ་འདིར། ལྷ་འདྲེ་མཐུ་བོ་ཆེས་རི་ཀླུང་ས་རྡོ་བདག་ཏུ་བཟུང་། ཁ་ཆར་དང་མུ་གེ་རྟག་ཏུ་མོད། བཙའ་དང་སེར་བ་ལོ་ཐོག་ལ་གཟན། ཕོ་ཞེ་སྡང་ཆེ། མོ་འདོད་ཆགས་ཆེ། ས་བདག་ཕྲག་དོག་ཆེ། མི་ཕྱུགས་ཚེ་ཐུང་། འདུན་མ་ནང་ནས་འཇིག །རྗེ་ཟེར་བ་ལ་འབངས་མི་ཉན། ཕ་ཟེར་བ་ལ་བུས་མི་ཉན། ཁྱོ་ཟེར་བ་ལ་ཆུང་མས་མི་ཉན། ལེགས་པར་སློབ་པ་ལ་དགྲ་རུ་ལྟ། ཉེས་པ་སློབ་པ་ལ་ངོ་བསྟོད་དེ་མདུན་ནས་བསུ། འདི་འདྲ་བའི་ས་ཕྱོགས་ཡ་ང་བ་གདའོ། །བདག་ནི་ཐུགས་རྗེ་ཆེན་པོ་ལ་རེ། ཁྱེད་ངའི་རྗེས་སུ་འཇུག་པ་ཀུན་དར་ཅིག་གསོན། ཨ་སཾ་ཞེས་གསུངས་པས། བལ་མོ་ཁྲི་བཙུན་གྱི་ཞལ་ནས། ཀྱེ་ཧོ། ལྷ་ཐུགས་རྗེ་ཆེན་པོ་ཁྱེད་རང་མ་ལགས་སམ། ཐུགས་རྗེ་ཆེན་པོ་སེམས་ཅན་གྱི་དོན་ལ་ཅང་སུན་ནམ། གདུལ་བྱའི་ཞིང་ཁ་བ་ཅན་པ་དྲོངས། །མུན་པའི་གླིང་དུ་དམ་ཆོས་སྒྲོན་མེ་སྦོར། །བོད་འབངས་མོས་པའི་རྟེན་དུ་ལྷ་ཁང་བཞེངས། །བདག་ཀྱང་སེམས་ཅན་དོན་ལ་གཡེལ་བ་མེད། །ཅེས་གསུངས་སོ། །ལྷ་གཅིག་ཀོང་ཇོའི་ཞལ་ནས། ཀྱེ་ཧོ། ལྷ་ཐུགས་རྗེ་ཆེན་པོ་ཁྱེད་རང་ལགས་མོད། །ཐུགས་རྗེ་ཆེན་པོའི་དོན་དང་མི་འགལ་བར། །ཕྲིན་ལས་མ་གཡེལ་བོད་འབངས་བདེ་ལ་ཁོད། །ཐུགས་རྗེའི་བྱིན་ཕོབ་འོད་ཟེར་མྱུར་དུ་ཁྱེ། །བདག་ཀྱང་ཁྱེད་ཀྱི་ཕྲིན་ལས་གང་དགོས་སྒྲུབ། །ཅེས་གསུངས་སོ། །དེ་ནས་རྒྱལ་པོས་བོད་ཁ་བ་ཅན་ཁྱབ་པའི་འོད་ཟེར་རབ་ཏུ་བཀྱེ་བས་གནམ་ནས་ཆར་བབས། ས་ལ་རྩི་ཐོག་སྨིན། མེ་ཏོག་སྣ་ཚོགས་ཁ་བྱེ། རྩི་ཤིང་ནགས་ཚལ་དུས་སུ་སྐྱེས། ན་དང་ཆུ་ཕྲན་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་རྙེད་དོ། །དེ་ནས་རྒྱལ་པོས་སྐུ་ལས་སྤྲུལ་པ་ཉིས་སྟོང་སྤྲུལ་ནས། སྤྲུལ་པ་སྟོང་གིས་ལྷ་ཁང་བརྩིག་པར་མཛད་དོ། །དེ་ནས་སྲིན་མོས་རྐང་ལག་གཡབ་པར་ཤེས་ནས། སྲིན་མོའི་དཔུང་བ་གཡོན་པ་ལ་གཡུ་རུ་ཁྲ་འབྲུག། དཔུང་པ་གཡས་པ་ལ་དབུ་རུ་ཀ་ཚལ། དཔྱི་གཡས་པ་ལ་གཡས་རུ་གཙང་འཕྲང་། དཔྱི་གཡོན་པ་ལ་རུ་ལག་གི་གྲོམ་པ་རྒྱང་བརྩིགས་ཏེ། རུ་གནོན་ཆེན་པོ་བཞིའོ། །གྲུ་མོ་གཡས་པ་ལ་ཀོང་བུ་ཆུ། གཡོན་དུ་ལྷོ་བྲག་ཁོ་མཐིང་། པུས་མོ་གཡོན་དུ་མོན་བུམ་ཐང་། གཡས་སུ་བྱང་སྤྲ་དུམ་བརྩིགས་ཏེ་མཐའ་འདུལ་བཞིའོ། །ལག་མཐིལ་གཡས་སུ་མདོ་ཁམས་ཀློང་ཐང་སྒྲོན་མ། ལག་མཐིལ་གཡོན་དུ་བྱང་ཚངས་པ་ཀླུང་གནོན། རྐང་མཐིལ་གཡས་སུ་མང་ཡུལ་བྱམས་སྤྲིན། རྐང་མཐིལ་གཡོན་དུ་སྤ་གྲོ་སྐྱེར་ཆུང་ལྷ་ཁང་སྟེ། ཡང་འདུལ་གྱི་གཙུག་ལག་ཁང་བཞིའོ། །དེ་དག་ཀྱང་ཉིན་ཞག་རེ་རེ་ལ་བརྩིགས་སོ། །
དེའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བོད་ཡུལ་དུ་ཆོས་ཀྱི་ཕོ་བྲང་བཏབ་ནས་ཁ་བ་ཅན་པའི་དོན་མཛད་པར་གཟིགས་སོ། །བོད་རུ་བཞི་མཐའ་བཞིའི་མི་རྣམས་ཀྱིས། རྒྱལ་པོ་སྲོང་བཙན་སྒམ་པོ་རེ་རེ་བྱོན་ནས་བཀའ་བསྩལ་ཏེ། ཡུལ་ཁམས་སོ་སོར་ལྷ་ཁང་རེ་བརྩིགས་པར་མཐོང་ངོ་། །རྒྱལ་པོ་ཉིད་ཀྱི་ཕྱི་འཁོར་ནང་འཁོར་རྣམས་ཀྱིས་ལྷ་གཅིག་ཁྲི་བཙུན་གྱི་ཐུགས་དམ་གྱི་ལྷ་ཁང་བརྩིག་ཏུ་མ་སྟེར་ནས། ས་དགྲ་གནོན་པ་ལ་ཡུལ་ཕྱོགས་གཞན་དུ་ལྷ་ཁང་བརྩིགས་པར་མཐོང་ངོ་། །རུ་བཞི་དང་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་རྣམས་བརྩིགས་པའི་མཛད་པའོ། །སླར་ཡང་བར་ཆད་ཡོད་མེད་གཟིགས་པས། ལྷོ་ནུབ་གླ་བའི་ཚལ་ན་ཡོད་པའི་འདྲེའི་འདུན་ས་མ་ཞིག་པར་གཟིགས་ནས། རང་བྱུང་གི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས། ཁྲོ་ཞལ་ནས་འོད་ཟེར་འཕྲོས་པའི་སྣ་ལ་རྟ་མགྲིན་དང་། བདུད་རྩི་འཁྱིལ་བ་གཉིས་བྱུང་སྟེ། འདྲེའི་འདུན་ས་བཤིག་ནས་འདྲེ་རྣམས་བྲོས་སོ། །གླ་བའི་ཚལ་གྱི་བྲག་ལོགས་ལ་ཁ་སརྤ་ཎི་གཙོ་འཁོར་ལྔ་འོད་ཀྱི་རང་བཞིན་དུ་གཟིགས་པ་ལ། ཇི་ལྟར་གཟིགས་པ་ལྟར་བྲག་ལ་བརྐོས་ཏེ། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ་། །ཉོན་མོངས་མ་གོས་པདྨ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་པ། །སེམས་ཅན་ཉམ་ཐག་ཕོངས་པ་ཡིས། །དྲན་ན་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །དེ་ནས་ལྷ་གཅིག་ཁྲི་བཙུན་གྱིས་ཐུགས་དམ་གྱི་ལྷ་ཁང་གི་རྨང་འདིང་བར་མཛད་དེ། དེ་ཡང་ཁྱིམ་པ་དང་བསྟུན་ནས་གྲུ་བཞི། རབ་བྱུང་དང་བསྟུན་ནས་རེ་མིག །སྔགས་པ་དང་བསྟུན་ནས་དཀྱིལ་འཁོར། བོན་པོ་དང་བསྟུན་ནས་གཡུང་དྲུང་རིས་སུ་རྨང་བཏིང་སྟེ། གཟིངས་འབྲིང་གི་ཚད་དུ་བཞེངས་སོ། །སྤྲུལ་པ་ལ་ལས་ཤིང་བཞོག །ལ་ལས་འབྲེག །ལ་ལས་འབུར་དུ་འདོན་པ་ལས། ཁྲི་བཙུན་གྱི་གཡོག་མོས་བཟའ་བཏུང་འདྲེན་དུ་ཕྱིན་པས། ཐམས་ཅད་འདྲ་འདྲ་བོར་གྱུར་ནས་གང་ལ་འདྲེན་ངོ་མ་ཤེས་སོ། །ཁྲི་བཙུན་གྱིས་བྱོན་ཏེ་དྲངས་པའི་རྗེས་ལ་གཡོག་མོས་ཀྱང་བལྟར་ཕྱིན་ནས་བལྟས་པས་ཐམས་ཅད་སྤྲུལ་པར་ཤེས་ཏེ། ཧེ་ཧེ་སྨྲས་པས། རྒྱལ་པོ་དེ་ལ་སྤྱན་ཡེངས་ཏེ་སྟེའུ་དང་སོག་ལེ་དང་གཟོང་གི་ཁ་ཐལ་ནས། སེང་གེ་བརྒྱའི་སྣ་བཅད། ཀ་བ་བརྒྱའི་ཟུར་ཉམས། བུ་ག་བརྒྱ་ཕུག་སྟེ་ཟིན་པ་དང་སྤྲུལ་པ་ཞིག་གོ །དེའི་ཚེ་ཆར་མུན་གྱིས་འཐིབས་པར་མཛད་དེ། ཆར་མུན་གྱི་ནང་ནས་ལ་ལས་འཇིམ་པ་དང་། ལ་ལས་རྡོ་དང་། ལ་ལས་ཤིང་བཏང་སྟེ། ཁང་མིག་ཆེ་བ་ཆེ་བར་མཉམ། ཆུང་བ་ཆུང་བར་མཉམ་སྟེ་ཞག་བདུན་ནས་ཚར་བར་བྱས་སོ། །
དེ་ནས་ལྷ་ཁང་དུ་བྱོན་པ་དང་། གཙང་ཁང་དབུས་ན་མི་འཁྲུགས་པ་གཙོ་འཁོར་དགུ་དང་། གཡས་ན་སྣང་བ་མཐའ་ཡས་གཙོ་འཁོར་དགུ་དང་། གཡོན་ན་བྱམས་པ་གཙོ་འཁོར་དགུ་རྣམས་འོད་ཀྱི་རང་བཞིན་དུ་བཞུགས་ནས་ཐེག་པ་ཆེན་པོའི་ཆོས་གསུང་བར་གཟིགས་སོ། །གཟིགས་པ་ཇི་ལྟ་བ་བཞིན་དུ་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་མངོན་སུམ་དུ་བཞེངས་སོ། །སྒོ་ཁང་གི་ལྷོ་ནས་ཀླུའི་རྒྱལ་པོ་གསུམ་དང་། བྱང་ནས་སྲིན་པོ་ལང་ཀ་མགྲིན་བཅུ་དང་། གནོད་སྦྱིན་ན་ག་ཀུ་བེ་ར་དང་། དྲི་ཟ་ཟུར་ཕུད་ལྔ་པ་དང་། ཤར་ལྷོའི་ལྕོག་ནས། དཔལ་ལྷ་མོ་རྣམས་ཀྱིས་ཕྱག་བྱས་ནས་རིམ་པ་བཞིན། སྟོང་གསུམ་གྱི་བར་དུ་མི་དང་མི་མ་ཡིན་པ་དང་། མེ་དང་ཆུ་རྣམས་ཀྱི་གནོད་པ་བསྲུང་བར་ཁས་བླངས་པས་གནས་དེ་རྣམས་སུ་དེ་དག་གི་གཟུགས་རེ་རེ་བཞེངས་སོ། །རི་མོ་ལ་ཞིང་ཁམས་དང་རྒྱུད་རིས་གཉིས་ལས། ཞིང་ཁམས་ལ་ཕྱོགས་བཞི་མཚམས་བཞི་སྟེ་བརྒྱད་དུ། ཐུགས་རྗེ་ཆེན་པོ་འཇིགས་པ་བརྒྱད་སྐྱོབ་དང་། ཁ་སརྤ་ཎི་ལྷ་ལྔ་དང་། དོན་ཡོད་ཞགས་པ་དང་། རྒྱ་ཆེར་རོལ་པ་ལ་སོགས་པ་བྲིས་སོ། །རྒྱུད་རིས་ལ་ཚུལ་ཁྲིམས་ཀྱི་བསླབ་པ་གོ་བར་བྱ་བའི་ཆེད་དུ་འདུལ་བ་དང་། བྱང་སེམས་ཀྱི་བསླབ་པ་གོ་བར་བྱ་བའི་ཆེད་དུ་མདོ་སྡེ་དང་། ཤེས་རབ་ཀྱི་བསླབ་པ་གོ་བྱ་བའི་ཆེད་དུ་མངོན་པ་ལ་བསླབ་པའི་རྒྱུད་རིས་རྣམས་བྲིས་སོ། །གཙང་ཁང་བྱང་མ་ན་ལྷ་མི་བཞུགས་པར་མཁྱེན་ནས། རང་བྱོན་ཐུགས་རྗེ་ཆེན་པོ་སྤྱན་དྲངས་ལ་བཞུགས་སུ་གསོལ་དགོས་སྙམ་པ་དང་། དམར་པོ་རི་ནས་བྱང་ཕྱོགས་ཀྱི་གཙང་ཁང་དུ་ལྷ་ཞབས་ཐང་གིས་གཤེགས་ནས་བཞུགས་འདུག་པ་གཟིགས་ནས་ངོ་མཚར་སྐྱེས་ཏེ། ཕྱག་སྟོང་སྤྱན་སྟོང་གི་རྒྱབ་ཡོལ་གསོལ་ནས་འཁོར་སེམས་དཔའ་གཉིས་དང་། ལྷ་མོ་བཞི་དང་། ཁྲོ་བོ་གཉིས་བཞེངས་ཏེ་གཙོ་འཁོར་དགུ་མཛད་དོ། །དེའི་ཚེ་ལྷ་གཅིག་ཁྲི་བཙུན་གྱིས་འོག་ཁང་ལ་དཔེ་བྱས་ནས་སྟེང་ཁང་བཞེངས་པ་དང་། རྒྱལ་པོས་གཟིགས་པས་སྤྲུལ་པའི་བཟོ་བོས་བྱས་པ་བཞིན་དུ། མིའི་བཟོ་བོ་བྱས་པས་ཀྱང་འདྲ་འདྲ་བོར་ཐོན་པ་འདི་ནི་འཕྲུལ་དུ་སྣང་ངོ་ཞེས་གསུངས་པས་འཕྲུལ་སྣང་དུ་གྲགས་སོ། །ཡང་དེའི་ཚེ་ལྷ་གཅིག་ཀོང་ཇོས་ལྷ་ཤཱཀྱ་མུ་ནེ་བཞུགས་པའི་ལྷ་ཁང་ཤིན་ཏུ་བཀྲ་བ་རྒྱའི་སྟག་འདྲ་བ་གཅིག་བཞེངས་སོ། །མོང་བཟའ་ཁྲི་ལྕམ་གྱིས་བྲག་རྩ་ལྷ་ཁང་དང་། ཞང་ཞུང་བཟས་བྲག་ལྷ་ཀླུ་ཕུག་དང་། རུ་ཡོང་བཟས་ཁྲིམ་བུ་སྐོལ་བ་རྣམས་བཞེངས་སོ།། །།
ལྷོ་མཚོའི་སྤྱན་རས་གཟིགས་ཀྱི་རྣམ་ཐར།
བརྒྱུད་གསུམ་བླ་མའི་བྱིན་རླབས་བདུད་རྩི་ཡི་མཚོ་མོ། །ཡོངས་རྫོགས་ཐུགས་སུ་འཁྱིལ་བ་རྗེ་བཙུན་གྱི་བླ་མ། །སྐྱབས་གཅིག་འཁོར་ལོའི་མགོན་པོ་ཡིད་བཞིན་གྱི་ནོར་བུ། །གང་འདོད་བྱིན་རླབས་དངོས་གྲུབ་ཆར་བཞིན་དུ་སྙིལ་མཛོད། །སྙིང་རྗེ་དྲག་པོས་འཁོར་བའི་སྐྱོན་ཀུན་མ་བཟོད་ནས། །སྲོག་ལ་མ་འཛེམས་རྒྱལ་སྲིད་མཆི་མའི་རྡུལ་བཞིན་དོར། །དཀའ་བ་ཆེར་སྤྱད་དམ་ཆོས་སྒྲུབ་པ་མཐའ་རུ་ཕྱིན། །བྱམས་བརྩེའི་བདག་ཉིད་འཕགས་མ་མཱ་ཧྲན་ཕྱག་གིས་མཆོད། །ལེའུ་དང་པོ། མ་ཀྲང་རྒྱལ་པོར་ཡུན་རིང་དུ། །བུ་མ་སྐྱེ་བའི་སྐྱོ་བས་གདུང་། །བཙུན་མོའི་བློ་བཞིན་དགོན་པར་བསྐྱབས། །བུ་མོ་དམ་པ་མཱ་ཧྲན་འཁྲུངས། །དེ་ཡང་སྔོན་རྒྱལ་པོ་ཀྲང་གི་རྒྱུད་དུ་སྐྱེས་པའི་མི་ཞིག་གི་མིང་ལ་པཱོ་ཅ་ཟེར་བ་དང་། མི་དེ་ལོ་བཅུ་བདུན་ལ་སླེབས་ཚེ་དམག་ལས་ལ་ཞུགས། ལོ་ཉི་ཤུ་ལ་སོན་སྐབས་རྒྱལ་ཐབས་བཟུང་།མིང་ལ་ཀྲང་རྒྱལ་པོར་གྲགས་ཤིང་རྒྱལ་ཕྲན་སོ་དྲུག་ལ་མངའ་དབང་བསྒྱུར་ཏོ། །རྒྱལ་པོ་དེས་རྒྱལ་ཐབས་བཟུང་ནས་ཡུན་རིང་པོ་འདས་ཤིང་། རྒྱལ་མོ་ཡང་ལོ་ན་བཞི་བཅུ་ལ་སླེབས་ཀྱང་སྲས་རྒྱལ་བུ་གཅིག་ཀྱང་མ་སྐྱེས། གཞན་པའི་བཙུན་མོ་ཡང་མང་པོ་མཆིས་ཀྱང་དེ་དག་ལ་ཡང་རྒྱལ་བུ་གཅིག་ཀྱང་མ་བྱུང་བས་རྒྱལ་པོ་ཤིན་ཏུ་སྡུག་བསྔལ་བར་གྱུར། ཚུལ་དེ་རྒྱལ་མོ་ལ་ཇི་བཞིན་བཤད་ཚེ། རྒྱལ་མོས་རྒྱལ་པོ་ལ། བདག་གིས་ཐོས་ཚུལ་ལྟར་ན་ནུབ་ཕྱོགས་ཡོ་ཧ་རི་བོ་ན། ལྷ་ཁང་ཞིག་ཏུ་ལྷ་ཞིག་ཡོད་པར་ཐོས་ལ་དེའི་མདུན་དུ་གསོལ་བ་བཏབ་ན་བསམ་པ་ཀུན་འགྲུབ་ཟེར་བས། དེ་ལྟར་བྱས་ན་བུ་འབྱུང་སྲིད་པས་དེར་སོང་ནས་ཉིན་བདུན་མཚན་བདུན་ལ་སྔོན་གྱི་སྡིག་པ་ལ་བཤགས་པ་དང། གསོལ་འདེབས་བྱས་ན་ཅི་འདྲ་རེད་ཅེས་ཞུས་པ་ན། རྒྱལ་པོ་རབ་ཏུ་དགའ་ནས་དེ་བཞིན་བྱེད་རྒྱུ་ཐག་བཅད་དོ། །དེ་ནས་ཀྲང་རྒྱལ་པོས་ལོ་གསུམ་གྱི་ཡུན་ལ་ཉིན་མཚན་མེད་པར་བུ་སྐྱེ་བར་རེ་ནས་དུས་འདས་པར་བྱས་རྗེས། བཙུན་མོའི་གྲས་ཀྱི་རིགས་རུས་ཅུང་ཙམ་དམའ་བ་ཞིག་ལ་གདུང་རྒྱུད་བུ་མོ་ཞིག་སྐྱེས། མིང་ལ་མཱ་ཆན་ཞེས་བཏགས། ལོ་གཅིག་འདས་པ་ན་བཙུན་མོ་དེ་ལ་ཡང་བུ་མོ་ཞིག་སྐྱེས་ཚེ་རྒྱལ་པོ་ཐུགས་ཁྲོས་ནས་ཆུ་ལ་སྐུར་ཅིག་ཅེས་བཀའ་ཕབ་ཀྱང་། བློན་པོ་རྣམས་ཀྱིས་ཞུ་བ་ཡང་ཡང་ཕུལ་བས་ཆུ་ལ་མ་བསྐུར་བར་མིང་ལ་ཀོང་ཇོ་མཱ་ཆེན་ཞེས་བཏགས། ཡང་ལོ་གཅིག་འདས་པ་ན་རྒྱལ་མོ་ལ་མངལ་ཆགས་པར་གྱུར།
དེའི་ཚེ་རྒྱལ་པོའི་སེམས་ལ་ད་ཐེངས་བུ་ཞིག་ངེས་པར་དུ་སྐྱེ་བར་འགྱུར་རོ་བསམ་ཡང་། ཡང་ཀོང་ཇོ་ཞིག་སྐྱེས། ཚུལ་དེས་རྒྱལ་པོ་ཡིད་རབ་ཏུ་སྐྱོ་སྟེ་བློན་པོ་ཀྲ་ཤ་ལ། བདག་ནི་ད་ལྟ་ལོ་ན་ལྔ་བཅུ་ལ་སོན་འདུག་ཀྱང་ཀོང་ཇོ་གསུམ་ལས་བུ་གཅིག་ཀྱང་མེད་ཕྱིར། ད་ནི་བདག་གིས་ལོ་ན་ཆུང་དུས་དཀའ་བ་ཆེན་པོ་སྤྱད་དེ་ཐོབ་པའི་རྒྱལ་སྲིད་འདི་གཞན་ལ་ཤོར་ཉེན་ཆེ། དེ་ལྟར་ན་བདག་ཤི་ཡང་མིག་བཙུམ་མི་ནུས་སོ་ཞེས་སྨྲས། བློན་པོ་ཀྲ་ཤས་རྒྱལ་པོ་ལ་ཀོང་ཇོ་ཡིན་ཡང་དམག་པ་བསུས་ན་བུ་དང་འདྲ་བས་སྐྱོ་བ་མ་མཛད་པར། སྐུ་ལུས་ལ་བདག་སྐྱོང་ཡག་པོ་མཛོད་ཅེས་ཞུས་པ་ན། རྒྱལ་པོ་ཡང་བློན་པོའི་གཏམ་དེས་བློ་ཅུང་ཙམ་བདེ་བར་གྱུར་ནས་ཀོང་ཇོ་ཆུང་བའི་མིང་ལ་མཱ་ཧྲན་བཏགས། ཀོང་ཇོ་མཱ་ཧྲན་ནི་ཆུང་བའི་དུས་ནས་བཟུང་བློ་སེམས་དཀར་ཞིང་། དགེ་སེམས་ཆེ་བ། དཀར་ཟས་གསོལ་བ་དང་། དམ་ཆོས་སྒོམ་སྒྲུབ་ཁོ་ནས་ངང་འཚར་ལོངས་བྱུང་། ཉིན་ཞིག་ཀོང་ཇོ་མཱ་ཧྲན་གྱིས་མེ་ཏོག་ལྡུམ་རའི་ནང་དུ་རྩེད་མོར་རོལ་བའི་སྐབས། གཅེན་མོ་མཱ་ཆེན་འོངས་ནས་ནུ་མོ་ཁྱོད་ལ་ད་ལྟ་ཕ་མའི་བཀའ་དྲིན་གྱིས་བདེ་སྐྱིད་ལོངས་སྤྱོད་ལྡན་ཚེ། འདི་ལྟར་རྩེད་མོ་ལ་གཡེང་ན་ཕྱི་ནས་ཇི་ལྟར་འགྱུར་རམ་ཞེས་བརྗོད་ཀྱང་། ཀོང་ཇོ་མཱ་ཧྲན་བགད་པ་ཙམ་ལས་ལན་ཅི་ཡང་མ་བཏབ། གཅེན་མོས་ཁྱོད་ཅི་ལ་བགད་ཅེས་དྲིས་བའི་ལན་ལ།
མཱ་ཧྲན་གྱིས་བདག་གིས་བསམ་ན། འཇིག་རྟེན་མི་ཡི་བདེ་སྐྱིད་ལོངས་སྤྱོད་ནི་དཔྱིད་དུས་ཀྱི་སྨིག་རྒྱུ་དང་། རྩྭ་རྩེའི་ཆར་ཆུའི་ཟིལ་བ་ལྟར་མིག་རྡེབ་ཙམ་གྱི་ཡུན་ལ་འཇིག་པར་འགྱུར་བ་ཡིན་པས། མཐོ་རྒྱལ་པོ་ཡང་ཤི་ངེས་ན། ཡུན་རིང་ལ་གནས་པའི་ཐབས་ཡོད་དམ། དར་རྒུད་དང་སྐྱེ་ཤི་སོགས་སུ་ཞིག་གིས་བཟློག་ནུས། ཀུན་ཀྱང་མི་རྟག་པ་ཡིན་པས་ངེད་སྤུན་གསུམ་གྱིས་རྗེས་རབས་ལ་རྒྱལ་སྲིད་རྒྱུན་སྤེལ་ཐུབ་མིན་དང་གནས་ཐུབ་མིན་སུས་ཤེས། ཕ་མ་དང་། བཟའ་ཟླ། སྤུན་མཆེད་སོགས་འཆི་བའི་དུས་ལ་བབས་ཚེ་སུས་སུ་སྐྱོབ། ངེད་ཅག་ཆགས་ཤིང་ཞེན་ཡུལ་གྱི་རྒྱལ་སྲིད་དང་། ཞིང་ས། ཁྱིམ་གཞིས། རྒྱུ་ནོར་ཐམས་ཅད་མི་རྟག་པ་ཡིན་པས་སུས་བསྲུང་ནུས། བུ་མོ་བདག་ནི་བདེ་སྐྱིད་ལོངས་སྤྱོད་ལ་ཆགས་ཞེན་མེད། བདག་གིས་གནས་ཡུལ་བྱིན་ཅན་ཞིག་བཙལ་ཏེ། བློ་སེམས་རྩེ་གཅིག་ཏུ་དམ་ཆོས་ཉམས་ལེན་ལ་འབད་པ་བྱ་དགོས། གལ་ཏེ་གྲུབ་པ་ཐོབ་ན། རྡོག་པས་སྤྲིན་ལ་བརྫི། མིག་གིས་ནུབ་ཕྱོགས་འཚོ། ཕ་མ་ཐར་ལམ་ལ་འགོད། སེམས་ཅན་གྱི་སྡུག་བསྔལ་བསལ། འདྲེ་སྲིན་གྱི་མགོ་བོ་གནོན་པར་བྱེད་རྒྱུ་ཡིན་པས། གཅེན་མོ་གཉིས་ཀྱིས་བདག་ལ་དེ་མིན་གཞན་པའི་རེ་བ་མ་བྱེད་ཅེས་དམ་བཅའ་བར་མཛད་དོ། །
ལེའུ་གཉིས་པ། བུ་མོ་དམ་པ་མཱ་ཧྲན་མཆོག །ལང་ཚོའི་ཁོ་ལག་ཡོངས་སུ་རྫོགས། །རྒྱལ་པོས་བུ་མོ་ཁྱིམ་ཐབ་ལ། །ཡང་ཡང་བསྐུལ་ཀྱང་བུ་མོ་མཆོག །ངེས་འབྱུང་བློ་ལས་བཟློག་ཐབས་བྲལ། །རྒྱལ་པོ་ཁྲོས་ནས་ཕྱི་རུ་ཕུད། །དེར་རྒྱལ་པོ་ཀྲང་གིས་རང་གི་ཀོང་ཇོ་ཆེ་བ་མཱ་ཆེན་ལ་མག་པ་ཀྲ་ཁཱོ་ཞེས་པ་གཟུགས་བྱད་ལེགས་ཤིང་། རིག་པའི་གནས་ལ་མཁས་པ་ཞིག་བཞག་པ་དང་། ཀོང་ཇོ་འབྲིང་བ་མཱ་ཡེན་ལ་ཤར་ཕྱོགས་ཀྱི་ཕོ་རྒོད་མིང་ལ་ཧོ་ཧྥོང་ཟེར་བ་དྲག་རྩལ་ལ་ཕུལ་དུ་བྱུང་བ་ཞིག་བཞག་སྟེ་སྟོན་མོ་ཡང་རྒྱ་ཆེན་པོ་བྱས་སོ། །
ལོ་དེའི་རྒྱལ་པོའི་འཁྲུངས་སྐར་གྱི་དུས་ལ་ཐོན་སྐབས། ཀོང་ཇོ་ཆེ་བ་གཉིས་དང་མག་པ་གཉིས་བཅས་ཀྱིས་ལྷན་ཅིག་ཏུ་རྒྱལ་པོའི་འཁྲུངས་སྐར་ལ་རོལ། རྒྱལ་པོས་ཆང་མང་པོ་འཐུང་སྟེ་ར་བཟི་བར་གྱུར་ནས་འགྱེལ་ཡང་། ཀོང་ཇོ་དང་མག་པ་ཚོས་བདག་པོ་མ་བྱས་པར་རང་རང་གི་ཁྱིམ་དུ་ལོག །རྒྱལ་པོ་བཟི་བ་ལས་སད་སྐབས་དྲུང་དུ་ཀོང་ཇོ་དང་མག་པ་སོགས་མི་སུ་ཡང་མེད་པ་མཐོང་ནས་སེམས་ཤིན་ཏུ་སྐྱོ་བ་དང་། མག་པ་འདི་གཉིས་ཀྱིས་བདག་འདི་ལྟར་མིག་ནང་དུ་མི་འཇོག་པས། རྗེས་མ་རྒྱལ་སྲིད་གཏད་ན་ང་ལ་དེ་བས་ཀྱང་བརྙས་བཅོས་བྱེད་ངེས། དེ་བས་ད་ནི་ཀོང་ཇོ་ཆུང་བ་ལ་མག་པ་བཟང་པོ་བུ་ལྟར་བྱམས་པ་ཞིག་འཇོག་དགོས་སྙམ་ནས་ཀོང་ཇོ་ཆུང་བ་མཱ་ཧྲན་མདུན་དུ་བོས་ཏེ། ང་ལ་བུ་མེད་པས། ད་ནི་ཁྱོད་ལ་མག་པ་བཟང་པོ་ཞིག་བཞག་ནས་རྒྱལ་སྲིད་དེ་ལ་གཏོད་དགོས་ཕྱིར། ཁྱོད་རང་མག་པ་ཞི་ཚུལ་ཅན་ལ་དགའ་འམ། དྲག་ཚུལ་ཅན་ལ་དགའ་ཞེས་དྲིས་པ་ན། ཀོང་ཇོས་བདག་གིས་ཡབ་རྒྱལ་པོའི་བཀའ་བཟློག་དཀའ་ཡང་། ཀོང་ཇོ་ང་ནི་ཁྱིམ་ཐབ་འཛིན་པ་ལ་གཏན་ནས་མི་དགའ་བར་དམ་ཆོས་བསྒྲུབ་པ་ཁོ་ན་ལ་དགའ། གལ་ཏེ་བྱང་ཆུབ་ཐོབ་པར་གྱུར་ན། ཕ་མའི་དྲིན་འཇལ་ངེས་ཡིན་ཞེས་ལན་བཏབ་པ་ན། རྒྱལ་པོ་ཐུགས་ཁྲོས་ནས་ཀོང་ཇོ་ལ། བདག་ནི་རྒྱལ་ཁབ་གཅིག་གི་རྒྱལ་པོ་ཡིན། འབངས་མི་ཡོངས་ཀྱིས་བདག་གི་བཀའ་བརྩི་བ་ལས། ཁྱོད་འདྲ་བ་སུ་ཡོད། རྒྱལ་པོའི་རྒྱལ་ཐབས་མི་འཛིན་པར་ཇོ་མོ་མགོ་རིལ་མ་ཞིག་བྱེད་པར་ཅི་དགའ་ཞེས་བཀའ་བཀྱོན་དྲག་པོ་མཛད། ཀོང་ཇོ་མཱ་ཧྲན་གྱིས་ཡང་བསྐྱར། གནམ་འོག་འདི་ནས་རྒྱལ་སྲིད་ཀྱི་བདེ་སྐྱིད་ལ་སུ་ཞིག་མི་དགའ། ཕོ་མོའི་བརྩེ་བ་ལ་སུ་ཞིག་མི་ཞེན། འོན་ཀྱང་ཀོང་ཇོ་བདག་ནི་སེམས་གཏིང་ནས་དམ་ཆོས་ཁོ་ན་ལ་དགའ། རྒྱལ་སྲིད་ཀྱི་བདེ་དགའ་དང་ཀོང་ཇོ་བདག་གི་སེམས་རྒྱུད་གཉིས་མེ་ཆུ་བཞིན་དུ་ལྷན་ཅིག་ཏུ་གནས་ཐབས་ཡེ་ནས་མེད་པས་ཡབ་རྒྱལ་པོས་དགོངས་གནང་ཡོད་པར་མཁྱེན་ཞེས་གུས་ཕྱགས་བཅས་ཞུ་བ་ནན་གྱིས་བྱས་ཏེ་སྡོད་ཙ་ན། རྒྱལ་པོ་རབ་ཏུ་ཁྲོས་ཏེ་ཀོང་ཇོ་ལ་རྡུང་རྡེག་དྲག་པོ་བྱས་སྐབས། ཀོང་ཇོ་ཐབས་ཟད་དེ། འོ་ན་སྨན་པ་ཞིག་ཡིན་ན་ཅུང་དྲག་ཅེས་ཞུ་བ་ཤོར་བ་ལ། རྒྱལ་པོས་གནམ་འོག་ན་མི་བྱད་ལེགས་དང་། མི་བཟང་པོ་ཤིན་ཏུ་མང་ན་སྨན་པ་ཞིག་ལ་ཅི་དགའ་ཟེར་བར། ཀོང་ཇོས་སྨན་པ་ཞིག་ཡིན་ན། སྨན་བྱེད་སའི་མི་དེ་ཚོ་ལ་དབུལ་ཕྱུག་མཐོ་དམན་དང་། དྲག་ཞན། རྒན་གཞོན། ཕོ་མོ། བཟང་ངན་སོགས་ཀྱི་དབྱེ་བ་གང་ཡང་མེད་པར་སྨན་བྱེད་ལ། སྨན་བྱེད་པའི་སྐབས་སུ་ཡང་དྲོ་གྲང་དང་། བཀྲེས་སྐོམ་སོགས་དཀའ་བ་ཁྱད་དུ་བསད་ནས་གཞན་ཕན་ཁོ་ན་སྒྲུབ་དགོས་ཕྱིར། བདག་གིས་བྱང་ཆུབ་བསྒྲུབ་པའི་གྲོགས་སུ་འགྱུར་སྲིད་པས་མག་པ་ཞིག་ངེས་པར་འཇོག་དགོས་ཚེ་སྨན་པ་ཞིག་ཡིན་ན་ཅུང་དྲག་ཅེས་ཞུས་པ་ཡིན་ཞུས་ཚེ། རྒྱལ་པོ་ལྷག་ཏུ་ཁྲོས་ནས་ཀོང་ཇོ་ལ་རྡུང་སྡིགས་དྲག་པོ་དང་བཅས་སྒོ་ཕྱི་ལ་ཕུད་དེ། ཀོང་ཇོ་འདི་འཁྱག་གྲིར་འཆི་བའམ། ཡང་ན་ལྟོགས་གྲིར་ཤི་ཡང་སུས་ཀྱང་མོ་ལ་བདག་པོ་བྱེད་མི་ཆོག་ཅེས་བཀའ་བཙན་པོ་ཕབ་ནས་རྒྱབ་ཀྱི་ར་བའི་ནང་དུ་གོས་ཧྲུལ་བསྐོན་ཏེ་ཕུད་དོ། །
ལེའུ་གསུམ་པ། ཀོང་ཇོ་མཱ་ཧྲན་རྒྱབ་རའི་ནང་། །གོས་ཧྲལ་ཟས་ངན་བརྟེན་ཏེ་གནས། །ཆོག་ཤེས་ལོངས་སུ་སྤྱོད་བཞིན་དུ། །ཉམས་གླུ་དབྱངས་སུ་གྱེར་བར་མཛད། །ཀོང་ཇོ་མཱ་ཧྲན་གྱིས་རྒྱབ་ཀྱི་ར་བའི་ནང་ནས་གོས་ཧྲུལ་བོ་གྱོན་ཞིང་ཟས་ངན་ཟོས། ཉི་ཟླ་གྲོགས་སུ་བཀུག་ཅིང་དྭངས་བསིལ་གྱི་རླུང་བུའི་ཁྲོད་དུ་ཆོག་ཤེས་བག་ཡངས་དང་། བློ་བདེའི་ངང་ཉིན་མཚན་ཀུན་ཏུ་སྒོ་གསུམ་དགེ་ལ་གཞོལ་ནས་གནས་ཤིང་མཚམས་རེར་ཐུགས་ཡིད་སྤྲོ་ཉམས་དང་བཅས་མགུར་བླངས་པ། རྒྱལ་ཁང་གསེར་ཁྲིའི་འབོར་གདན་བཟང་ཡང་། །བདག་ལ་མཚོན་ན་རྡོ་དང་ལྕགས་རེད། །བདག་ནི་ལོ་ངོ་བཅུ་དགུར་སླེབས་སོང་། །ཕ་མས་གནས་ལ་སྦྱིན་པར་འདོད་ཀྱང་། །ཀོང་ཇོས་དེ་ལ་དམྱལ་བར་མཐོང་འདུག །འཇིག་རྟེན་གྲོགས་ལ་མོས་པ་མ་བྱུང་། །འཁོར་བར་ཞེན་ལོག་སྐྱེས་པའི་ཀོང་ཇོ། །དར་གོས་རྒྱན་ཆར་སྤྲོ་བ་ཡེ་མེད། །ལུས་གཙང་སེམས་གཙང་སྤྲོ་བ་ཆེ་བས། །རྒྱལ་ཁང་ཕྱི་རོལ་གོམ་གཅིག་འདོར་སྐབས། །གུ་ཡངས་བློ་བདེ་སྤྲོ་སེམས་སྐྱེས་ཡོད། །བསིལ་རླུང་ཉི་ཟླ་གྲོགས་སུ་བཀུག་ཡོད། །ཤིང་ཤུན་ལོ་མས་ལུས་པོ་ཁེབས་ཡོད། །རྩི་ཐོག་ཤིང་འབྲས་ཟས་ལ་རོལ་ཡོད། །བློ་བདེ་སེམས་སྐྱིད་ངང་དུ་གནས་ཡོད། །ཚེ་གཅིག་ཐར་ལམ་ཆེད་དུ་འབད་དགོས། །གྲུབ་པའི་འབྲས་བུ་གཡུར་དུ་ཟ་ཚེ། །གསེར་གྱི་ལུས་མཆོག་འགྲོ་ལ་མངོན་དགོས། །ཞེས་སྙན་ལྷང་ལྷང་ལེན་བཞིན་གནས་སོ། །
ལེའུ་བཞི་པ། ཕ་མའི་སེམས་ཀྱིས་མ་བཟོད་དེ། །མཱ་ཧྲན་ཁྱིམ་དུ་ཡང་ཡང་བོས། །ཀོང་ཇོ་བློ་སེམས་བྲག་ལས་བརྟན། །ཁྱིམ་དུ་བྱོན་པར་མ་མཛད་དོ། །རྒྱལ་མོ་རྒྱལ་པོ་གཉིས་ཀྱིས་སེམས་ཀྱིས་མ་བཟོད་དེ་ཀོང་ཇོ་མཱ་ཧྲན་ཕྱིར་ཁྱིམ་དུ་ཡང་ཡང་བོས་ན་ཡང་། ཀོང་ཇོ་བློ་སེམས་བརྟན་པས་ཐབས་བཀོད་མ་བྱུང་བ། དེ་ཚེ་རྒྱལ་མོས་ཀོང་ཇོ་ཆེ་བ་གཉིས་བདེ་དགའ་ལོངས་སུ་སྤྱོད་པ་མཐོང་བས། རང་གི་བུ་མོ་མཱ་ཧྲན་དྲན་ཏེ་མིག་ནས་མཆི་མ་མང་དུ་གཏོར་བར་བྱས། རྗེས་སུ་ཇ་ཧོང་ཟེར་བའི་བྲན་མོ་ཞིག་མཱ་ཧྲན་གྱི་དྲུང་དུ་མངགས་ཏེ། བུ་མོ་ཁྱེད་ཨ་མས་ཉིན་མཚན་མེད་པར་དྲན་བཞིན་ཡོད། ཁྱོད་ཀྱིས་ཡབ་རྒྱལ་པོའི་བཀའ་ལ་མ་ཉན་པས་རྒྱལ་པོས་ཕྱི་རོལ་ཏུ་ཕུད་ཀྱང་། ད་ནི་ཅིས་ཀྱང་བཀའ་ལ་ཉན་རོགས་ཞུ། ཨ་མ་བདག་གིས་ཡབ་རྒྱལ་པོ་ལ་ཞུ་བ་ཕུལ་ཆོག་ཅེས་འཕྲིན་བསྐུར། རྒྱལ་པོ་ཡང་ཕྱི་རོལ་ཏུ་སོང་ནས་ཕྱིར་རྒྱལ་ཁང་དུ་ཕེབས་སྐབས་ངོ་གདོང་སྡུག་གིས་གང་ནས་འདུག །དེར་རྒྱལ་མོས་རྒྱལ་པོ་ལ་གུས་ཕྱག་བཅས་ཞུ་བ་ཕུལ་བ། ཁྱེད་ཕྱིར་ལ་ཕེབས་པ་གློ་བ་དགའ་ཡང་། རྒྱལ་པོ་ཆེན་པོའི་ཐུགས་ཡིད་མི་དགའ་དོན་ཅི་ཡིན་ཞེས་ཞུས་པ་ན། རྒྱལ་པོས་ཀོང་ཇོ་མཱ་ཧྲན་གྱིས་བདག་གི་བཀའ་ལ་མི་ཉན་པས། ཕྱིར་ཕུད་བྱས་པས་ད་ལྟ་མོས་དཀའ་ངལ་མང་དུ་མྱོང་བཞིན་ཡོད་ངེས་བསམ་ཞིང་བསམ་ན། ང་རང་གི་ཤ་ལས་ཆད་པའི་བུ་མོ་ཡིན། རྒྱ་སྟག་ངར་མ་ཡིན་ཡང་རང་གི་བུ་སྲུང་། དུག་སྦྲུལ་ནག་པོ་ཡིན་ཡང་རང་གི་བུ་ལ་བྱམས་ཞེས་ཟེར་བ་ན། རྒྱལ་མོས་འོ་ན་ངེད་གཉིས་མོ་ལ་ཁ་ཏ་བྱེད་དུ་འགྲོ་ན་ཅི་འདྲ་རེད་ཅེས་ཞུས་པས། རྒྱལ་པོའི་བློ་ལ་བབས་ནས་ཡབ་ཡུམ་གཉིས་དལ་བུར་རྒྱབ་ཀྱི་ར་བའི་ནང་དུ་ཕེབས་ནས་བལྟས་ཚེ། ཀོང་ཇོ་མཱ་ཧྲན་རྡོ་སྟེང་དུ་ལུས་རྣམ་སྣང་ཆོས་བདུན་གྱི་ངང་དུ་འདོན་པ་འདོན་བཞིན་ཡོད་ཀྱང་། མོས་ཡབ་ཡུམ་ཕེབས་པ་མཐོང་ཚེ་ཡར་བཞེངས་ཏེ་གུས་ཕྱག་ཕུལ། དེར་རྒྱལ་པོ་རྒྱལ་མོ་གཉིས་ཀྱིས་ཁ་འདོར་ལེན་བྱས་ཏེ་ཀོང་ཇོ་ལ་རྒྱལ་ཁང་དུ་ཕེབས་ཤིང་། མག་པ་བཞག་ནས་རྒྱལ་སྲིད་བཟུང་ན་ཁེ་བཟང་ཆེ་ཚུལ་དང་། འདི་ལྟར་དམ་ཆོས་བསྒྲུབས་ཏེ་བསྡད་ན་གྱོང་ཕམ་ཆེ་ཞེས་མང་དུ་བཤད་ན་ཡང་། ཀོང་ཇོས་བློ་སེམས་བརྟན་པོ་རེ་རེ་བཞིན། ཚེ་འདིའི་བདེ་སྐྱིད་མི་རྟག་པ་དང་། སྙིང་པོ་མེད་ཚུལ། ཕན་པ་མི་འདུག་པའི་སྐོར་དང་། དམ་པའི་ཆོས་ཀྱི་ཕན་ཡོན་མང་དུ་བརྗོད་དེ་ཡབ་ཡུམ་དང་བློ་སེམས་ཡེ་ནས་མ་མཐུན་པར་རྒྱལ་ཁང་དུ་འགྲོ་བ་གཏན་ནས་ཁས་མ་བླངས་པས། རྒྱལ་པོ་དང་རྒྱལ་མོ་གཉིས་ཀྱང་བཀོད་པ་གཞན་ཟད་ནས་ཕྱིར་རྒྱལ་ཁང་དུ་མི་ལོག་ཐབས་མེད་བྱུང་། ཀོང་ཇོ་ཡང་སྔར་ལྟར་རྡོ་ཐོག་ཏུ་སླར་ལོག་ནས། མི་མེད་རྒྱབ་རིའི་དབེན་ཁྲོད་དུ། །དམ་ཆོས་ཁ་ཏོན་བྱེད་པ་སྐྱིད། །བསིལ་རླུང་ཟླ་བ་དྭངས་ཤིང་གཙང་། །རྒྱལ་ཁྲིམས་བཙན་ཡང་སྐྱོ་བ་མེད། །ཅེས་ཚིགས་སུ་བཅད་པ་དབྱངས་སུ་གྱེར་བཞིན་སྤྲོ་བའི་ངང་དུ་གནས་སོ། །
ལེའུ་ལྔ་པ། རྒྱལ་པོའི་ཐབས་དང་བཀོད་པ་མང་པོ་ཡིས། །ཀོང་ཇོ་མཱ་ཧྲན་རྒྱལ་ཁང་ནང་དུ་བཀུག །འོན་ཀྱང་ཀོང་ཇོས་ཐུགས་བློ་དམ་ཆོས་ལ། །གཏད་དེ་པེ་ཆཱོ་དགོན་དུ་བྲོས་ཏེ་ཤོར། །ཡང་རྒྱལ་པོས་ཀོང་ཇོ་ཆེ་བ་གཉིས་སོགས་མི་མང་པོ་ཀོང་ཇོ་མཱ་ཧྲན་གྱི་མདུན་དུ་མངགས་ཏེ། ཐབས་སྣ་ཚོགས་ཀྱིས་ཀོང་ཇོ་རྒྱལ་ཁང་དུ་བོས་ཀྱང་མཱ་ཧྲན་གྱིས་ཁས་མ་བླངས། ཉིན་ཞིག་རྒྱལ་པོས་ཀོང་ཇོ་མཱ་ཧྲན་ལ་མགོ་སྐོར་གཏོང་རྒྱུ་དྲན་ཏེ་ཡང་བྲན་མོ་ཇ་ཧོང་མངགས་ནས། ཀོང་ཇོ་ཁྱེད་རྒྱལ་ཁང་ལ་ཕེབས་དང་། བདག་གིས་ཁྱེད་པེ་ཆཱོ་དགོན་དུ་ཆོས་བསྒྲུབ་ཏུ་གཏོང་ཆོག་ཅེས་པའི་འཕྲིན་བསྐུར། ཀོང་ཇོ་མཱ་ཧྲན་གྱིས་འཕྲིན་དེ་ཐོས་ཚེ་དགའ་སྤྲོ་བཅས་རྒྱལ་ཁང་དུ་ཕེབས་ནས་རྒྱལ་པོ་ལ་གུས་ཕྱག་བཅས། ཡབ་རྒྱལ་པོ་ལགས། ཀོང་ཇོ་པེ་ཆཱོ་དགོན་དུ་འགྲོ་ཁར་ཡབ་ཁྱེད་ལ་མཇལ་བར་འོང་བ་ཡིན། ཀོང་ཇོ་ལ་བཀའ་གནང་སྩལ་བ་ཐུགས་རྗེ་ཆེ་ཞེས་ཞུས་པ་ན། རྒྱལ་པོས་ཀོང་ཇོ་གླེན་མ། ཕ་རྒན་བདག་ཁྱོད་ཀྱི་ཆེད་དུ་མཚན་མོར་གཉིད་མི་འོང་། ཉིན་མོར་ཟས་ལ་ཡི་ག་ཆད་བཞིན་ཡོད་པས། ཀོང་ཇོ་ཁྱོད་རྒྱལ་ཁང་དུ་ལེགས་པོར་སྡོད་ལ་ཕ་མའི་བཀའ་སྒྲུབས་དང་དགེ་བ་དེ་ཡིན་ཟེར་སྐབས། ཀོང་ཇོས་རྒྱལ་པོ་རིན་པོ་ཆེ། །རྒྱལ་པོས་སྨྲས་པ་ལན་གཅིག་ཡིན། །དགེ་སློང་ཚིག་ལ་འགྱུར་བ་མེད། །ཟེར་བ་ལྟར་ཡབ་རྒྱལ་པོ་ནི་གནམ་འོག་གི་མི་ཀུན་གྱིས་ཡིད་ཆེས་བྱེད་ས་ཡིན་པས། དེ་ལྟར་ག་ལ་གསུངས་ཞེས་ཞུས། དེ་ཚེ་རྒྱལ་པོ་ཡང་ཁྲོས་ནས་བཀའ་བཅོམ་ཚིག་ངན་སྣ་ཚོགས་སྨྲས། ཀོང་ཇོས་ཕ་ཁྱེད་ཁྲོ་བར་བྱས་པ་ཀོང་ཇོ་ལན། འོན་ཀྱང་ངེས་པར་དུ་འགྲོ་དགོས། སོང་ནས་གྲུབ་པ་ཐོབ་དུས་ཕ་མའི་དྲིན་ལན་འཇལ་ངེས་ཡིན་ཞེས་ཞུས་འཕྲལ་ཡབ་རྒྱལ་པོ་ལ་གྱེས་ཕྱག་འཚལ་ནས་རྒྱལ་ཁང་གི་ཕྱི་རོལ་ཏུ་བྱོན་ནོ། །དེར་ཀོང་ཇོ་མཱ་ཧྲན་གྱིས་ལམ་བར་ནས་དཀའ་བ་དཔག་མེད་སྤྱད་དེ་པེ་ཆཱོ་དགོན་པའི་ཉེ་འདབས་སུ་ཐོན་སྐབས། རྒྱལ་པོའི་བང་ཆེན་ཡང་པེ་ཆཱོ་དགོན་དུ་འབྱོར་ནས་དགོན་བདག་མ་ཡེས་ཡོས་ལ་བདག་གི་ཀོང་ཇོ་མཱ་ཧྲན་ཞེས་པར་རྒྱལ་པོ་རང་ཉིད་ཀྱི་བཀའ་ཆད་ཕོག་ནས་པེ་ཆཱོ་དགོན་ནང་དུ་ཕུད་ཡོད། ཁྱེད་ཚོས་མོ་ལ་སློབ་གསོ་ལེགས་པོ་གྱིས་ལ་མྱུར་བར་ཕྱིར་རྒྱལ་ཁང་དུ་འབྱོར་བར་གྱིས། གལ་ཏེ་ཁྱེད་ཚོས་དེ་ལྟར་མ་ནུས་ན་དགོན་པ་མེ་ལ་བསྲེག་ངེས་ཞེས་པའི་བཀའ་འཕྲིན་ཐོན་པས། ཀོང་ཇོ་མཱ་ཧྲན་དགོན་པའི་སྒོ་འགྲམ་དུ་སླེབས་མ་ཐག །དགོན་བདག་མ་ཡེས་ཡོས་སློབ་མ་གཉིས་དང་བཅས་ཕེབས་ནས་བསུ་བ་བྱས། ཀོང་ཇོ་མཱ་ཧྲན་གྱིས་དེ་མ་ཐག་གུས་ཕྱག་མཛད་སྐབས། དགོན་བདག་མ་ཡེས་ཡོས་ཀྱིས་ཕྱག་མ་མཛད། ཁྱེད་ནི་རྒྱལ་པོ་ཆེན་པོའི་ཀོང་ཇོ་གསེར་གྱི་སྡོང་བོ་དང་། གཡང་ཊིའི་ལོ་མ་ཡིན། དགོན་པ་འདི་ནི་རི་སྟོང་ནང་གི་བུད་མེད་ཐ་ཤལ་བ་རྣམས་འོང་སའི་གནས་ཡིན་པ་དང་། བདག་འདྲ་བས་ཀོང་ཇོ་ཁྱེད་ཀྱི་ཕྱག་ལན་མི་ནུས་སོ་ཞེས་གསུངས། དེར་ཀོང་ཇོ་མཱ་ཧྲན་གྱིས་བདག་ཆོས་ལ་སློབ་འདོད་ནས་འོང་ན་མི་ལ་བཟང་ངན་ག་ལ་ཡོད། བླ་མ་ལ་ཕྱག་མི་འཚལ་བར་རབ་ཏུ་ཇི་ལྟར་བྱུང་ཞེས་ཞུ་བ་ཕུལ་ཚེ། དགོན་བདག་མས་ཁྱེད་ཀྱིས་ཡབ་རྒྱལ་པོའི་བཀའ་ལ་མ་ཉན་པར་འདིར་འོངང་ནས་རབ་བྱུང་རྫུན་མ་བྱས་ན་སངས་རྒྱས་དང་ཆོས་ལ་མཐོང་ཆུང་བྱས་པ་མིན་ནམ། དེ་བས་རྒྱལ་པོའི་རྒྱལ་ཁང་དུ་མག་པ་བསུས་ནས་རྒྱལ་སྲིད་ཚུལ་བཞིན་དུ་བཟུང་ན་ལེགས། འདིར་འོངས་ནས་ཟས་ངན་ངོན་དང་གོས་ཧྲུལ་བོ་གྱོན་དགོས་དོན་མི་འདུག་གོ་ཞེས་ཚིག་ངན་པ་མང་པོ་སྨྲས། དེ་ཚེ་ཀོང་ཇོ་མཱ་ཧྲན་གྱིས་དགོན་བདག་ལགས། ཁྱེད་ཀྱིས་གསུང་གི་དོན་ཅུང་ཙམ་མི་ལེགས་འདུག །འདིར་བཞུགས་པའི་དགེ་འདུན་བཙུན་མ་ལྔ་བརྒྱས་དཀར་ཟས་ལ་རོལ་བས་སེམས་ཁམས་དྭངས་ཤིང་། གནས་དབེན་རི་བསྟེན་པས་ཉིན་མཚན་ཀུན་ཏུ་བདེ་ཞིང་དགེ་སེམས་འཕེལ། ཐམས་ཅད་སྐྱེ་གཟུགས་བཟང་ཞིང་མཛད་སྤྱོད་ལེགས། ཁྱེད་ཀྱིས་འདི་དག་ཚང་མ་རབ་ཏུ་བྱུང་བར་མཛད་པ་མིན་ནམ། བདག་དེ་རིང་རབ་ཏུ་བྱུང་བ་ལ་ཁྱེད་ཀྱིས་དགའ་བསུ་མེད་པར་མ་ཟད། ཕྱིར་རྒྱལ་ཁང་དུ་འགྲོ་བར་བསྐུལ་དོན་ཅི་རེད་ཅེས་དྲིས་ཚེ། ཡེས་ཡོས་ཀྱིས། བདག་ལ་རྒྱལ་པོས་ཀོང་ཇོ་ཁྱོད་ལ་སློབ་གསོ་ལེགས་པོ་གྱིས་ལ་ཕྱིར་རྒྱལ་ཁང་ལ་མངག་དགོས། གལ་ཏེ་མངག་མ་ནུས་ན་དགོན་པ་མེ་ལ་བསྲེག་ངེས་ཟེར་བའི་བཀའ་འཕྲིན་འབྱོར་སོང་། ཞེས་སྨྲས་ཚེ། མཱ་ཧྲན་གྱིས་ཁྱེད་ཅག་གིས་དཀའ་བ་ལ་མི་འཛེམས་པར་ལམ་ལ་སློབ་པ་མིན་ནམ། རྒྱལ་པོ་ཁོ་རང་གིས་དགོན་པ་མེ་ལ་བསྲེག་ན་བསྲེག །དེ་ལ་སྐྲག་ན་ལམ་ཇི་ལྟར་བསླབ་ཅེས་ཞུས། དགོན་བདག་ཡེས་ཡོས་ཀྱིས་དེ་ནི་བདག་གཅིག་པུའི་དོན་ག་ལ་ཡིན། བཙུན་མ་ལྔ་བརྒྱ་སྡུག་ལ་སྦྱར་མི་ཕོད་པ་ཡིན། བདག་གིས་དགོན་བདག་བྱས་ནས་ལོ་སུམ་ཅུའི་རིང་ལ་མི་འོས་པའི་ལས་བྱས་པ་མེད། ཀོང་ཇོ་དང་རྒྱལ་པོ་མ་མཐུན་ཡང་། བདག་ལ་གནོད་པ་བྱེད་དོན་མེད་ཅེས་སོགས་ཟེར་བ་ན། ཡང་ཀོང་ཇོ་མཱ་ཧྲན་གྱིས་བདག་ནི་སྙིང་ཐག་པ་ནས་ཆོས་ལ་མོས་ནས་རབ་ཏུ་བྱུང་འདོད་པ་ཡིན། གནའ་སྔ་མོ་ནས་ད་ལྟའི་བར་ཆོས་ཀྱི་ཆེད་དུ་རང་ལུས་སྟག་ལ་སྟེར་བ་དང་། མེ་མཆོད་མཛད་པ། རྐང་ལག་བཅད་ནས་གཞན་ལ་ཕུལ་བ་སོགས་དཀའ་བ་ལ་མ་འཛེམས་པར་བྱམས་དང་སྙིང་རྗེས་གཞན་དོན་མཛད་པ་མང་ན། ཁྱེད་དེ་ལྟར་རང་ལུས་ལ་ཆགས་ནས་རྒྱལ་པོས་མེ་ལ་བསྲེག་ཅེས་པའི་བཀའ་ཙམ་ལས་མ་བསྲེགས་ན་སྔོན་ནས་ཅི་ལ་སྐྲག་ཅེས་སྨྲས་པ་སོགས། ཀོང་ཇོ་མཱ་ཧྲན་དང་བཙུན་མ་ལྔ་བརྒྱ་རྩོད་པ་བྱས་ཀྱང་མཱ་ཧྲན་ཕྱིར་ཕུད་ཐབས་མ་ལྡན། དེ་ནས་དགོན་པའི་འགན་འཁུར་བ་ཀྲེན་ཀྲེན་ཁྲང་དང་། ཝེན་ཧྥ་ཧེ་སོགས་ལ་གྲོས་བྱས་ཏེ་མོ་ལ་རྩོད་པ་བྱས་པས་མི་ཐུབ་ཀྱང་། མོ་སྡུག་ལ་སྦྱར་དང་མི་ཐུབ་པ་མི་སྲིད་ཅེས་གྲོས་ཐག་བཅད་དེ། ཁོ་ཚོས་ཀོང་ཇོ་མཱ་ཧྲན་ལ། འོ་ན་ཁྱེད་ཀྱིས་མི་ལ་མཐོ་དམན་མེད་པ་དང་བཟང་ངན་མེད་ཟེར་ན། ཟས་ཁང་དུ་སོང་ལ་བཙུན་མ་ལྔ་བརྒྱར་ཟས་གཡོས། དེ་ནས་ཆུ་བསྐོལ་བ་དང་། ཆུ་ཚན་བརྗེ་བར་གྱིས་ལ་བཙུན་མ་ལྔ་བརྒྱ་ལ་ཁྲུས་གྱིས། ད་དུང་འདོན་འཚོགས་ཀུན་ལ་ཡང་མ་ཆད་པར་བྱེད་དགོས། གལ་སྲིད་དེ་ལྟར་མ་ནུས་ན་ངེད་ཅག་གིས་ཚེར་མའི་ལྕག་གིས་བྲབ་སྟེ་སྒོ་རུ་འཕུད་ངེས། ཁྱོད་ཀྱིས་ནུས་སམ། ནུས་ན་དེ་ལྟར་གྱིས། མི་ནུས་ཚེ་སོང་ན་བཟང་ཞེས་བཤད་སྐབས། ཀོང་ཇོ་མཱ་ཧྲན་གྱིས་སེམས་དགའ་བའི་ཉམས་དང་བཅས། བདག་གིས་རྣ་བས་ཐོས་ལ་སེམས་ཀྱིས་རྟོགས་སོང་བར་མ་ཟད། དེ་དག་དང་དུ་བླངས་ནས་བཀའ་བཞིན་བསྒྲུབ་ངེས་ཡིན། དེ་ལྟར་བསྒྲུབ་མ་ནུས་ན་བདག་འགྲོའོ་ཞེས་དམ་བཅས། དེར་དགོན་བདག་ཡེས་ཡོས་ཀྱིས་འོ་ན་ཁྱེད་ལ་སྐྱབས་འགྲོ་གནང་ཞེས་གསུངས་ཏེ། མཱ་ཧྲན་ལ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གདམས་པ་སྦྱིན་སྐབས། མཱ་ཧྲན་གྱིས་སངས་རྒྱས་ལ་ཕྱག་འཚལ་ནས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་རབ་ཏུ་བྱུང་ན་སངས་རྒྱས་ཀྱིས་བདག་ལ་ཐུགས་རྗེས་གཟིགས། འཇིག་རྟེན་འདི་འཁྲུལ་བའི་རང་བཞིན་ཡིན་པས་བདག་གཏན་དུ་དེ་ལ་མི་ཆགས་པར་གྱུར་ཅིག །ཡང་དག་པའི་ཆོས་ལ་སྐྱབས་སུ་མཆིའོ། །བདག་གི་ལུས་ཆགས་རྡུལ་གྱིས་མ་གོས་པར་སྟོང་བའི་ཆོས་ཉིད་སེམས་ལ་སྐྱེས་ནས་ཡང་དག་པའི་ལམ་ལ་འཇུག་པ་ལས། རྒྱལ་པོའི་ལམ་ལ་མི་ཆགས་པར་གྱུར་ཅིག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་གིས་དགེ་འདུན་རྣམས་ལ་ཞབས་ཏོག་ཞུ། ལས་ཀུན་ལ་མགོ་ནས་མཇུག་པར་བྱ། དེ་ལ་སྐྱོ་བ་དང་ཐེ་ཚོམ་མེད་པར་གྱུར་ཅིག་ཅེས་ཁས་བླངས་སོ། །དེ་ལྟ་བུའི་སྙིང་སྟོབས་ལ་ལྷ་རྣམས་དགྱེས་ཏེ། ལྷ་སྲིན་སྡེ་བརྒྱད་ས་ཡི་བདག་པོ་སོགས་དཀར་ཕྱོགས་སྐྱོང་བ་རྣམས་ཀྱིས་མོ་ལ་བསྲུང་བར་མཛད། ཤར་ཕྱོགས་ཀྱི་ཀླུས་ཇ་ཁང་དུ་ཆུ་རྡོལ་བར་བྱས། རྒྱ་སྟག་ངར་མས་འབུད་ཤིང་བསྐྱལ། བྱ་རྣམས་ཀྱིས་ཚོད་མ་བསྐྱལ་བ་སོགས་ཀྱི་ཁ་འཛིན་སྡོང་གྲོགས་མཛད་པར་བརྟེན་ཀོང་ཇོ་མཱ་ཧྲན་གྱི་ལས་ཀ་ཀུན་མ་གྲུབ་པ་མེད་པར་གྱུར། དེར་བཙུན་མ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། དགོན་བདག་མ་ཡེས་ཡོས་ཀྱིས་སློབ་མ་ཀྲེན་ཀྲེན་ཁྲང་སོགས་ལ་གྲོས་བྱས་ནས། ཀོང་ཇོ་འདི་ལ་ལྷ་ཆོས་སྐྱོང་གིས་རོགས་མཛད་དེ་དགོན་པ་ནས་ཕྱིར་ཕུད་མི་ནུས་ཚུལ་མྱུར་དུ་རྒྱལ་པོ་ལ་མ་ཞུས་ན། རྒྱལ་པོས་དགོན་པ་མེ་ལ་བསྲེག་ངེས་ཡིན་པས་མྱུར་དུ་ཞུ་བ་ཕུལ་ཞེས་སྨྲས། སློབ་བུ་ཀྲེན་ཀྲེན་ཁྲང་གིས་རྒྱལ་པོ་ལ་གནས་ཚུལ་ཇི་བཞིན་ཞུས་ཚེ། རྒྱལ་པོ་ཐུགས་རབ་ཏུ་ཁྲོས་ཏེ་བདག་སང་ཉིན་ཀོང་ཇོ་ཁྲིད་དུ་འོང་ངེས། ཁྱོད་རང་ཕྱིར་ལ་སོང་སྨྲས་སོ། །ཕྱིའི་ཉིན་རྒྱལ་པོས་དམག་དཔོན་ལ་དམག་ལྔ་སྟོང་ཁྲིད་ནས་པེ་ཆཱོ་དགོན་མི་གཅིག་ཀྱང་མ་གཏོང་བར་མེ་ལ་སྲེགས་ཤིག་ཅེས་བཀའ་ཕབ། དམག་དཔོན་གྱིས་རྒྱལ་པོའི་བཀའ་བཞིན་དམག་ལྔ་སྟོང་ཁྲིད་ཏེ་དགོན་པ་ལ་དཀྲིས་གསུམ་བརྒྱབ་ནས་མེ་ལ་བསྲེགས་སྐབས། ཀོང་ཇོ་མཱ་ཧྲན་གྱིས་ལྷ་ཆོས་སྐྱོང་དཀར་ཕྱོགས་པ་རྣམས་ལ་འཕྲིན་བཅོལ་བྱས་པས་བར་སྣང་སྟོང་བ་ནས་ཆར་ཆེན་གློ་བུར་དུ་བབས་ཏེ་མེ་བསད་ནས། ཆག་འཇིག་ཆེན་པོ་མ་བྱུང་། བཙུན་མ་རྣམས་ཀྱིས་ཀོང་ཇོ་མཱ་ཧྲན་ལ་བཀའ་དྲིན་ཞུས། ཀྲང་རྒྱལ་པོས་ཀོང་ཇོ་མཱ་ཧྲན་བཙན་གྱིས་ཁྲིད་དེ་བཙོན་ལ་བཅུག་ནས་ཡུན་རིང་བཞག་མཐར། ཡང་རྒྱལ་པོས་སེམས་ནས་མ་བཟོད་པར་ཀོང་ཇོའི་མདུན་དུ་སོང་སྟེ་ཀོང་ཇོ་ལ་ཁ་ཏ་མང་དུ་བྱས་ཀྱང་། ཀོང་ཇོའི་ཆོས་སེམས་རབ་ཏུ་བརྟན་ཕྱིར་དམ་བཅའ་ལ་གཡོ་འགུལ་བཟོ་མི་ཐུབ་པ་མཐོང་བས། རྒྱལ་པོ་ཡང་བསྐྱར་དྲག་ཏུ་ཁྲོས་ནས་ཕ་མའི་བཀའ་ལ་མི་བརྩི་བའི་ཆད་པར་སང་ཉིན་མགོ་བོ་ཆོད་ལ་སོད་ཅིག་ཅེས་བཀའ་བབས། ཕྱིའི་ཉིན་མོ་ཀོང་ཇོ་ཁྲིམས་རའི་ནང་དུ་ཁྲིད་ནས། བཤན་པས་རལ་གྲིས་མགུལ་ལ་བཏབ་ཚེ་རལ་གྲིས་མ་ཆོད། དེར་མདའ་ཡིས་བསྣུན་ཀྱང་མ་ཕུག་པ་ན། རྒྱལ་པོས་ཐག་པས་སྐེ་སྡོམས་ལ་སོད་ཅིག་ཅེས་སྨྲས། གཤེད་མས་དེ་ལྟར་བྱས་ནས་ཀོང་ཇོ་མཱ་ཧྲན་བཀྲོངས་ཚེ། གློ་བུར་དུ་གནམ་ས་བར་སྣང་ཀུན་འོད་དམར་པོས་ཡོངས་སུ་གང་བར་གྱུར་པ་དང་། གློ་བུར་དུ་རྒྱ་སྟག་འཇིགས་སུ་རུང་བ་ཞིག་ཐོན་པས་དམག་རྣམས་ཕྱོགས་ཕྱོགས་སུ་བྲོས་བར་བྱས། སྟག་དེས་ཀོང་ཇོ་མཱ་ཧྲན་གྱི་བེམ་རོ་ཁྱེར་ནས་ནགས་སུ་མཆོང་སོང་། རྒྱལ་པོ་སོགས་ཀྱིས་ཀོང་ཇོས་ཕ་མ་ལ་བཀུར་སྟི་མ་བྱས་པ་མིའི་ལུགས་དང་འགལ་ཡོད་པའི་རྟགས་སུ་སྟག་གིས་ཁྱེར་སོང་བ་རེད་ཅེས་བློ་བདེ་བདེའི་ངང་གནས་སོ། །
ལེའུ་དྲུག་པ། ཀོང་ཇོ་ཚེ་འདས་བར་རྡོའི་ཡུལ་ཏུ་འཁྱམ། །བྱིས་པས་ཁྲིད་དེ་དམྱལ་ཁམས་ལྟད་མོར་ཕེབས། །ལས་འབྲས་དངོས་སུ་མཐོང་སྟེ་ཐུགས་རྗེ་ཡིས། །དམྱལ་ཁམས་ཐམས་ཅད་སུམ་རྩེན་གནས་སུ་བསྒྱུར། །དེ་ནས་སྟག་དེས་ཀོང་ཇོ་མཱ་ཧྲན་གྱི་སྐུ་ལུས་ལ་གནོད་སྐྱོན་མེད་པར་ནགས་ཚལ་དུ་ཁྱེར་ཏེ་བཞག །ཀོང་ཇོའི་རྣམ་ཤེས་སྐད་ཅིག་ལ་སྲིད་པ་བར་དོར་འཁྱམས། སྐབས་དེར་ཀོང་ཇོའི་ཞེ་ལ་བདག་ཡབ་རྒྱལ་པོས་བསད་པ་ནས་ཅི་ཡིན་འདི་ཡིན་མ་གོ་བར་འདི་རུ་ཐོན། ས་ཆ་འདི་ན་རི་ཆུ་དང་། ཉི་ཟླ་སྐར་གསུམ། མི་དང་ཁང་བ་སོགས་ཅི་ཡང་མེད་ལ། ཐ་ན་བྱ་སྐད་དང་ཁྱི་སྐད་ཙམ་ཡང་ཐོས་རྒྱུ་མེད་པས་ད་ཅི་བྱ་སྙམ་ནས་ཅུང་ཙམ་འཇིགས་སྣང་ཤར་ཚེ། གློ་བུར་དུ་བྱིས་པ་གོས་སྔོན་ཅན་འོད་དང་འོད་ཟེར་ལྡན་པ་ཞིག་མདུན་དུ་ཐོན་ཏེ། ཀོང་ཇོ་ལ། ཁྱོད་མ་སྐྲག །མ་འཇིགས། ཁྱོད་མི་ཡུལ་དུ་ཡོད་སྐབས་དམ་པའི་ཆོས་ལ་དད་པ་ཆེ་བ་དང་། བརྩོན་འགྲུས་ཆེ་བ། བྱམས་དང་སྙིང་རྗེ་ཚད་མེད་པ་ལྡན་པས་གཤིན་རྗེ་ལས་མཁན་རྣམས་ཐུགས་དགྱེས་ནས་ང་ཁྱོད་བསུ་བར་མངགས་པར་མ་ཟད། ད་དུང་དམྱལ་བའི་ཡུལ་ཁམས་སུ་ལྟད་མོར་ཁྲིད་ཅེས་པའི་བཀའ་ཡང་བསྩལ་སོང་། ད་ལྟ་བདག་གི་རྗེས་སུ་ཕེབས་ཟེར་ནས་ལམ་ཁྲིད་བྱས་ཏེ་སོང་། དང་པོ་ཤི་གསོན་གཉིས་བར་གྱི་སྒོ་ཆེན་དུ་ཐོན་སྐབས། སེམས་ཅན་ཤིན་ཏུ་མང་པོས་སྡུག་བསྔལ་མ་བཟོད་པའི་སྒྲ་མང་པོ་ཐོས། ནང་དུ་སོང་ཚེ་སེམས་ཅན་གྲངས་ཀྱིས་མི་ཆོད་པ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བཞིན་ཡོད་པ་མཐོང་། དེར་དམྱལ་སྲུང་རྟ་མགོ་ཅན་དང་གཡག་མགོ་ཅན་གཉིས་ཀྱིས་ཁོ་གཉིས་ནང་དུ་ཁྲིད་ནས་སྒོ་ཆེན་བརྒྱབ། ཀོང་ཇོས་སེམས་ཅན་གྲངས་ཀྱིས་མི་ཆོད་པས་སྡུག་བསྔལ་བཟོད་དུ་མེད་པ་མྱོང་བ་འདི་ཚོ་ལས་ངན་ཅི་བྱས་པའི་རྣམ་སྨིན་རེད་ཅེས་བྱིས་པ་ལ་དྲིས་པ་ན། བྱིས་པས་འདི་དག་ནི་ཕ་མའི་བཀའ་ལ་མ་ཉན་པ་དང་། མི་དྲིན་ཅན་ལ་དྲིན་ལོག་འཇལ་བྱས་པ་རྣམས་ལྤགས་བཤུ་བ་དང་། ཤ་རུས་ཀུན་འཐག་ནས་ཐལ་སྐྱར་གྱུར་བའི་སྡུག་བསྔལ་མྱོང་བ་རེད། ལོག་གཡེམ་དང་སེམས་ཅན་བསད་པ་རྣམས་རལ་གྲིའི་རི་ལ་འདེད་པ་དང་། ནགས་ཚལ་གྱི་ཡལ་ག་ལོ་མ་ཐམས་ཅད་མཚོན་ཆ་འབའ་ཞིག་ཏུ་གྱུར་ནས་ལུས་བཅད་གཏུབ་བྱེད་པའི་སྡུག་བསྔལ་མྱོང་། འབྲས་རིགས་སྣ་ལྔ་དོན་མེད་དུ་གཏོར་བརླགས་བྱས་པ་དང་དངོས་རྫས་ཆུད་གཟོན་བྱས་པའི་རྣམ་སྨིན་ལ་ཐོ་བས་བརྡུངས་ནས་མཆིག་བར་དུ་འཐག་པའི་སྡུག་བསྔལ་ཡོད། མི་མཐོན་པོས་ཞན་པ་ལ་ཐུབ་ཚོད་བྱས་པ་རྣམས་ལྕགས་སྲེག་གི་མལ་ཁྲི་རུ་ཉལ་དགོས་པ་དང་ཟངས་སྲེག་གི་ཀ་བ་ལ་བཅིངས་པའི་སྡུག་བསྔལ་ཡོད། ཆུ་དང་སྐམ་ལ་གནས་པའི་སྲོག་ཆགས་ཡོད་ཚད་འཛེམ་དོགས་མེད་པར་ཟོས་པ་རྣམས་ལ་ཁྲོ་ཆུ་དང་སྣུམ་སྲེག་གི་ནང་དུ་འཚེད་པའི་སྡུག་བསྔལ་ཡོད། ཡང་ཁ་བདེ་ལྕེ་བདེ་དང་། མངོན་ལྐོག་མི་མཚུངས་པ། གཡོ་སྒྱུས་མགོ་སྐོར་བྱེད་མཁན་རྣམས་ལ་མིག་འབྱིན་པ་དང་། ལྕེ་གཅོད་པ། རྒྱུ་མ་འཐེན་པ། ཕོ་ཁ་ཕྱེ་བ་སོགས་ཀྱི་སྡུག་བསྔལ་མྱོང་བ་ཡོད། དེ་བཞིན་དུ་མི་གཞན་ཆུ་ནང་དུ་འཕེན་པ། མི་གཞན་དམའ་སར་གཅོད་པ་རྣམས་ཆུ་བོ་རབ་མེད་དུ་ལྷུང་ནས་སྡུག་བསྔལ་ལོ། །རང་གི་བུ་རྒྱུད་ཆུ་སོགས་སུ་འཕེན་པ་རྣམས་ཁྲག་མཚོའི་ནང་དུ་ལྷུང་བའི་སྡུག་བསྔལ་བ་ཡིན། མཐོན་པོ་ལ་ངོ་དགའ། དམན་བ་ལ་བརྙས་བཅོས། ཆེན་པོས་ཆུང་ཆུང་གནོན་པ། ཕྱུག་པོས་དབུལ་བོ་བཅོམ་པ་རྣམས་ཀྱིས་རྡོ་ཆེན་པོ་བསྲེགས་པའི་བར་དུ་གནུར་བའི་སྡུག་བསྔལ་མྱོང་ངོ་། །ཡང་ཉ་མོ་ལྕགས་ཀྱུས་བཟུང་བ་དང་། འདབ་ཆགས་ལ་མདའ་མོས་བསྣུན་པ། གོ་སྐབས་གཡར་ནས་མི་མགོ་སྐོར་བ་རྣམས་ཀྱིས་ལྕགས་ཀྱི་བྱ་དང་། ལྕགས་ཀྱི་ཁྱི། དུག་སྦྲུལ། སྟག་ངར་མ་རྣམས་ཀྱིས་ཟ་བའི་སྡུག་བསྔལ་མྱོང་བ་སོགས་ལས་ངན་རྣམ་པ་སྣ་ཚོགས་བསགས་པའི་རྣམ་སྨིན་གྱི་སྡུག་བསྔལ་མྱོང་སྟངས་ཀྱང་རྣམ་པ་སྣ་ཚོགས་གྲངས་ཀྱིས་མི་ཆོད་དོ། །ཞེས་ལན་འདེབས་བཞིན་དང་ལྟ་བཞིན་སོང་ངོ་། །ཡང་གློ་བུར་དུ་ཇོ་མོ་འགས་ལམ་བཀག་ནས་ང་ཚོ་ལ་ཐུགས་རྗེས་གཟིགས་པར་ཞུ་ཟེར་ནས་འདུག །ཀོང་ཇོས་ཁྱེད་ཚོ་སུ་ཡིན་དྲིས་པ་ན། ང་ཚོ་ནི་པེ་ཆཱོ་དགོན་དུ་མེ་འབར་སྐབས་ཤི་བ་ཡིན་ཟེར་བ་ལ་ཆོས་བཏོན་ནས་ཞིང་ཁམས་སུ་བཀོད། གཞན་འབྲེལ་ཐོགས་པའི་སེམས་ཅན་འགའ་ཡང་དག་ཞིང་དུ་དྲངས་པ་སོགས་ཀོང་ཇོ་མཱ་ཧྲན་གྱི་སྙིང་རྗེ་ཆེན་པོའི་དགེ་འབྲས་ཀྱིས་དམྱལ་ཁམས་ཀྱི་ཕྱིའི་ཡུལ་རྣམས་སུ་མེ་ཏོག་པདྨ་མང་པོ་སྐྱེས་ནས་ལྷ་ཡུལ་ལྟ་བུར་གྱུར་པ་དང་། ནང་སེམས་ཅན་རྣམས་ལ་ཡང་སྡུག་བསྔལ་ཀུན་རྨི་ལམ་སད་པ་བཞིན་དུ་ཞི་ནས་བདེ་སྐྱིད་ལྷ་ལ་འགྲན་བཟོད་པ་ཐོབ་པར་གྱུར། དེ་ནས་ཀོང་ཇོ་གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་ཐོན། གཤིན་རྗེ་ཆོས་རྒྱལ་གྱིས་ཀོང་ཇོ་ལ་ཁྱེད་ཀྱིས་དམྱལ་ཁམས་ཀྱི་འགྲོ་དོན་རེ་ཞིག་རྫོགས་པ་ཡིན་པས་སླར་མི་ཡུལ་དུ་ཕྱིར་བྱོན་ཞེས་བཀའ་སྩལ་བ་ན། ཀོང་ཇོ་མཱ་ཧྲན་སླར་ཡང་བྱིས་པ་དེས་ཁྲིད་ནས་ཕྱིར་མི་ཡུལ་དུ་ལོག་གོ །
ལེའུ་བདུན་པ། ཀོང་ཇོ་མཱ་ཧྲན་མི་ཡི་ཡུལ་ཏུ་ལོག །སྟོན་པ་ཤཱཀྱ་ཐུབ་པའི་ལུང་བསྟན་བཞིན། །དཀའ་བ་བརྒྱ་ཕྲག་དུ་མ་སྤྱད་མཛད་དེ། གནས་མཆོག་དྲི་འཛིན་རི་བོར་མ་འགྱང་འབྱོར། །དེར་ཀོང་ཇོ་མཱ་ཧྲན་གྱི་རྣམ་ཤེས་བྱིས་པ་དེས་ཁྲིད་ནས་སྔར་སྐུ་ལུས་བཞག་ཡོད་སའི་ནགས་ཁྲོད་དེར་བསྐྱལ། མཱ་ཧྲན་གྱི་རྣམ་ཤེས་སྐུ་ལུས་ལ་སླར་ཞུགས་ཤིང་། མི་མེད་ནགས་ཁྲོད་དེ་ནས་སྔར་གྱི་གནས་ཚུལ་མང་པོ་རྨི་ལམ་སད་པ་ལྟར་དྲན་པས་སེམས་ལ་སྐྱོ་བ་ཚད་མེད་པ་སྐྱེས་ནས། ད་ཅི་བྱ་སྙམ་པའི་སྐབས་སྟོན་པ་ཤཱཀྱ་ཐུབ་པས་ཀོང་ཇོ་ལ་ལུང་སྟོན་མཛད་ཕྱིར། ཕོ་སར་ཞིག་ཏུ་སྤྲུལ་ནས་ཀོང་ཇོ་མཱ་ཧྲན་གྱི་དྲུང་དུ་བྱོན་ཏེ། བུ་མོ་ཁྱོད་ཀྱིས་མི་མེད་པའི་རི་ལུང་སྟོང་བ་འདི་ནས་ཅི་བྱེད་བཞིན་ཡོད་ཅེས་དྲི་བ་མཛད་ཚེ། ཀོང་ཇོས་ཀྱང་རང་གི་གནས་ཚུལ་ལོ་རྒྱུས་ཡོངས་སུ་རྫོགས་པ་ཞིབ་པར་བཤད། སྐབས་དེར་སངས་རྒྱས་ཀྱི་སྤྲུལ་བའི་ཕོ་སར་དེས་ཀོང་ཇོའི་བསམ་པ་བརྟག་ཕྱིར། བུ་མོ་ལགས། འོ་ན་ང་ཡང་མི་ཁེར་རྐྱང་ཞིག་ཡིན་པས་ངེད་གཉིས་ཀྱིས་ཁྱིམ་ཐབ་བཟུང་ན་ཅི་འདྲ་འདུག་ཅེས་དྲི་བ་མཛད་པའི་ཚུལ་གནང་བ་ན། ཀོང་ཇོས་ལན་དུ། བདག་དམྱལ་ཁམས་སུ་དངོས་སུ་སོང་། འཁོར་བའི་སྡུག་བསྔལ་གསལ་བོར་ཤེས་པས། དམ་པའི་ཆོས་མ་གཏོགས་འཇིག་རྟེན་མཐུན་འཇུག་གི་གཏམ་དེ་རིགས་ལ་སྙིང་པོ་མི་འདུག་པའི་སྐོར་བཤད་ཚེ། སྟོན་པ་མཆོག་གིས་ཀོང་ཇོ་ལ་སྐུ་གཟུགས་དངོས་སུ་བསྟན་ནས། ལེགས་སོ་ལེགས་སོ་བདག་ཤཱཀྱ་ཐུབ་པ་ཡིན། གནས་འདི་ཀོང་ཇོ་ཁྱོད་བཞུགས་པའི་གནས་མིན། ཁྱོད་རང་རི་བོ་གྲུ་འཛིན་དུ་སོང་ནས་བསྒྲུབ་པ་མཛོད་ཅེས་ལུང་བསྟན་སྐབས། ཀོང་ཇོས་བདག་གི་ཤ་ཡི་མིག་གིས་ཁྱེད་མ་མཐོང་བས་བཟོད་པར་གསོལ། རི་བོ་གྲུ་འཛིན་ས་ཕྱོགས་གང་ན་ཡོད། འདི་ནས་ག་ཚོད་ཙམ་ན་ཡོད། ཉིད་ཀྱིས་གསལ་བོར་གསུངས་པར་ཞུ་ཞེས་ཞུས་པ་ན། སྟོན་མཆོག་གིས་རི་བོ་གྲུ་འཛིན་ཞེས་པ་ནི་ཡེ་ཤེས་ཀྱི་ལྷ་རྣམས་བཞུགས་པའི་གནས་རི་ཆེན་པོ་ཞིག་ཡིན་པས་དེ་རུ་སྒྲུབ་པ་མཛད་ན་དངོས་གྲུབ་མྱུར། གནས་དེ་ནི་འདི་ནས་ལེའུ་བར་སུམ་སྟོང་ཙམ་ཡོད་པའི་ལྷོ་མཚོའི་དབུས་སུ་ཡོད། ཅེས་གསུངས། ཀོང་ཇོས་ཡང་བསྐྱར་བདག་ལ་ད་ལྟ་ཁ་ཟས་མེད་པས་ལུས་སྟོབས་ཉམས་ནས་འགྲོ་བའི་ནུས་པ་མེད་པ་འདྲ་ཞེས་ཞུས་ཚེ། སྟོན་པས་ཁམ་བུ་ཞིག་གནང་སྟེ། ཁམ་བུ་འདི་འཇིག་རྟེན་འདིའི་འབྲས་བུ་མིན་པར་ཁམས་གོང་མའི་ཁམ་འབྲས་ཡིན་ཕྱིར། འདི་ལ་ནམ་ཡང་རྙེད་པ་མེད་པས་ཟོས་ན་དུས་ནམ་ཡང་བགྲེས་རྒུད་མེད་ལ་བཀྲེས་སྐོམ་ཡང་མེད་གསུངས། ཀོང་ཇོས་ཁམ་བུ་བླངས་ཏེ་སྟོན་པ་མཆོག་ལ་གྱེས་ཕྱག་མཛད་ནས་བྱོན་ནོ། །དེར་ཀོང་ཇོས་དཀའ་སྤྱད་ཆེན་པོས་ཉིད་མཚན་མེད་པར་སོང་བས་ལུས་ངན་ནས་འགྲོ་བར་མ་ནུས་པའི་སྐབས་ཤིག་ལ། སྐར་མ་རི་བྱིས་ཀྱིས་མཱ་ཧྲན་གྱི་གནས་ཚུལ་མཐོང་སྟེ། རི་བོ་གྲུ་འཛིན་གྱི་གནས་བདག་ལ་བཀའ་བབས་ནས་ཀོང་ཇོ་བསུ་བར་མངགས། ས་བདག་དེ་སྟག་ཅིག་ཏུ་སྤྲུལ་ནས་ཀོང་ཇོ་མཱ་ཧྲན་རི་བོ་གྲུ་འཛིན་དུ་བསྐྱལ་ལོ། །
ལེའུ་བརྒྱད་པ། གནས་མཆོག་དྲི་འཛིན་རི་བོ་རུ། །རྩེ་གཅིག་ཏིང་འཛིན་སྒོམ་སྟོབས་ཀྱིས། །མཆོག་གི་དངོས་གྲུབ་བརྙེས་གྱུར་ཏེ། །ལས་ལྡན་བུ་སློབ་རྗེས་སུ་བཟུང་། །འཕགས་པའི་གནས་མཆོག་རི་བོ་གྲུ་འཛིན་གྱི་གནས་དེ་ནི། སྒྲུབ་པ་ཉམས་ལེན་བྱེད་མཁན་ལ་དངོས་གྲུབ་མྱུར་ས། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་གིས་མགོན་སྐྱབས་མཛད་ས། ལྷ་འདྲེས་ཞབས་ཏོག་ཕུལ་ས། སྤྲེའུས་ཤིང་ཏོག་སྐྱེལ་ས། རྨ་བྱས་མེ་ཏོག་མཆོད་ས། གཡུ་འབྲུག་གི་འཁྱུག་འགྲོས་མངོན་ས། གླང་ཆེན་འགྱིང་འགྲོས་བྱེད་ས། སྟག་མོས་ངར་སྒྲ་སྒྲོག་ས། སྤྲིན་དཀར་གྱི་བང་རིམ་བརྩེགས་ས། སྨུག་རླངས་ཀྱིས་རི་སྐེད་བཅིངས་ས་དེ་ནས་ཀོང་ཇོ་མཱ་ཧྲན་གྱིས་ནངས་སྔ་ལང་དང་དགོང་ཕྱི་ཉལ་གྱིས་བརྩོན་པ་ཆེན་པོ་བསྐྱེད་དེ་ལོ་ངོ་དགུར་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པ་མཛད་རྗེས། ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན་མོ་ཞིག་གི་སྔ་ཐུན་སྐབས་ཀོང་ཇོ་མཱ་ཧྲན་ལ་མཆོག་གི་དངོས་གྲུབ་ཐོབ་སྟེ། ཏིང་ངེ་འཛིན་གྱི་སྒོ་བསམ་མི་ཁྱབ་པ་ལ་མངའ་དབང་འབྱོར་བ་དང་། མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པར་འགྱུར་རོ། །ཚུལ་དེ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོས་མཁྱེན་ནས་རི་བོ་གྲུ་འཛིན་གྱི་གནས་བདག་ལ་འདི་སྐད་དུ་གསུངས། ཀོང་ཇོ་མཱ་ཧྲན་གྱིས་སྒྲུབ་པ་མཛད་དེ་འབྲས་བུ་མཆོག་ཐོབ་ཡོད། ད་ནི་མོ་རང་སྟོང་གསུམ་འཇིག་རྟེན་གྱི་མགོན་དུ་གྱུར་པས་ཁྲི་ལ་བཀོད་ནས་འགྲོ་བ་སྐྱོབ་པར་གསོལ་བ་འདེབས་པའི་དུས་ལ་བབ་འདུག་ཅེས་གསུངས་ཚེ། གནས་ཀྱི་ས་བདག་དང་། མཚོ་ཆེན་བཞིའི་ཀླུ་རྒྱལ། ལྷ་དབང་ལྔ། གཟའ་སྐར་བརྒྱ་དང་ཉི་ཤུ། ལྷ་ཡི་དམག་དཔོན་སུམ་ཅུ་སོ་དྲུག །ཆར་ལྷ་དང་རླུང་ལྷ། ཐོག་ལྷ་དང་དྲང་སྲོང་བརྒྱད། རྒྱལ་པོ་བརྒྱད་ལ་སོགས་ལྷ་ཀླུ་མི་ཀུན་གྱིས་པདྨའི་བཞུགས་ཁྲི་ཆེན་པོ་ཞིག་བཤམས་ཏེ། འགྲོ་བ་ལྷ་དང་བཅས་པས་ཀོང་ཇོ་མཱ་ཧྲན་འཇིག་རྟེན་གྱི་མགོན་པོར་མངའ་གསོལ་ལོ། །སྐབས་དེར་ས་བདག་གིས་བུ་ཆུང་གཞོན་ནུ་ནོར་བཟང་ཞེས་ཆུང་བའི་དུས་ནས་ཕ་མ་དང་བྲལ་བ་ཞིག་རི་ལ་འདུག་ནས་དམ་ཆོས་སྒྲུབ་པ་ལ། ཀོང་ཇོ་མཱ་ཧྲན་གྱི་རྣམ་ཐར་བཤད། གཞོན་ནུ་ནོར་བཟང་མཱ་ཧྲན་ལ་དད་པ་སྐྱེས་ཤིང་མདུན་དྲུང་དུ་འོང་སྟེ་འདི་སྐད་ཞུས། བདག་གི་མིང་ལ་ནོར་བཟང་ཟེར། །ཁྱིམ་ནི་ལོ་སཱང་སྡེ་བའི་ཡིན། །ཕ་མ་གཉེན་སོགས་ཅི་ཡང་མེད། །ཆུང་ནས་ཁྱིམ་མེད་རབ་བྱུང་ཡིན། །ཁྱེད་ནི་འགྲོ་བའི་སྐྱབས་ཡིན་པས། །བདག་ཉིད་ཐུགས་རྗེས་རྗེས་འཛིན་གསོལ། །ཞེས་ཞུ་བ་ཕུལ། འཕགས་མ་མཱ་ཧྲན་གྱིས་གཞོན་ནུ་ལ་ཚོད་བགམ་པ་སྣ་ཚོགས་ཀྱིས་རྒྱུད་ཚོད་བརྟགས་པའི་ཚུལ་མཛད་དེ་མཚན་ཉིད་ལྡན་པའི་སློབ་བུར་རྗེས་སུ་བཟུང་ནས་ཆོས་བསྟན་ཏོ། །ཡང་ཉིན་ཞིག་མཱ་ཧྲན་གྱི་མངོན་པར་ཤེས་པའི་སྤྱན་གྱིས་གཟིགས་ཚེ། ཤར་མཚོའི་ཀླུ་རྒྱལ་ཚང་གི་བུ་གསུམ་པ་མཚོ་འགྲམ་དུ་ལྟ་སྐོར་ལ་འགྲོ་སྐབས། མི་ཞིག་གིས་དྲྭ་རྒྱས་བཟུང་ནས་ཡོད་པ་མཐོང་བས། དེ་མ་ཐག་ཚོང་བ་ཞིག་ཏུ་སྤྲུལ་ནས་ཀླུ་བུ་བླུས་ཏེ་སྲོག་ཐར་མཛད། ཀླུའི་བུ་ཀླུ་ཡུལ་དུ་ལོག་ནས་དྲིན་ཆེན་མཱ་ཧྲན་ལ་བཀའ་དྲིན་ཞུ་ཕྱིར་མཆོད་དགོས་ཞེས་ཀླུའི་རྒྱལ་པོ་ལ་ནོར་བུའི་སྒྲོན་མེ་ཞིག་བསླངས། ཀླུ་རྒྱལ་གྱིས་ཀྱང་དེ་བཞིན་བགྱིའོ་ཞེས་ནོར་བུ་གནང་། དོན་དེ་ཀླུ་རྒྱལ་གྱི་ཀོང་ཇོ་དམ་པའི་ཆོས་ལ་དད་པ་ཆེ་བ་ཞིག་ཡོད་པ་དེས་ཐོས་ཏེ། འཕགས་མ་མཱ་ཧྲན་ལ་དད་པ་ཆེར་སྐྱེས་ནས་ནོར་བུ་དེ་སྐྱེལ་བར་བདག་འགྲོ་བར་བྱའོ་ཞེས། ནོར་བུའི་སྒྲོན་མེ་དེ་ཁྱེར་ནས་འཕགས་མ་མཱ་ཧྲན་གྱི་ག་ལ་བར་བསྐྱོད་དེ་ལོ་རྒྱུས་ཞུས་ཤིང་ནོར་བུ་ཕུལ་བར་མ་ཟད། བདག་ཀླུ་ཡུལ་དུ་མི་འགྲོ་བར་འཕགས་མ་ཁྱེད་དང་མཉམ་དུ་ཆོས་བསྒྲུབ་པར་འདོད་ན། ཁྱེད་ཀྱིས་རྗེས་སུ་འཛིན་དུ་གསོལ་ཞེས་ཞུ་བ་ཕུལ། འཕགས་མ་མཱ་ཧྲན་གྱིས་སློབ་མའི་མཚན་ཉིད་བརྟག་པའི་བྱ་བ་སྔོན་དུ་འགྲོ་བར་བྱས་ཤིང་རྗེས་སུ་བཟུང་། དེ་ནས་བཟུང་སློབ་མ་གཉིས་ཀྱིས་འཕགས་མ་མཱ་ཧྲན་གྱི་བཀའ་གསུང་བཞིན་དམ་ཆོས་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པར་བྱས་སོ། །
ལེའུ་དགུ་པ། སྡིག་སྤྱོད་རྒྱལ་པོར་ལྷ་ཡི་ཆད་པ་ཕོག །བཟོད་པར་དཀའ་བའི་ནད་ཀྱིས་བར་མེད་མནར། །འཕགས་མ་མཱ་ཧྲན་ལྷ་རྗེར་སྤྲུལ་ཏེ་བྱོན། །ཕྱག་ལག་བཅད་དེ་སྨན་གྱི་རྫས་སུ་ཕུལ། །འདིའི་དུས་སུ་ཡབ་མ་ཀྲང་རྒྱལ་པོས་རྒྱལ་ཁང་དུ་སྡིག་པ་སྣ་ཚོགས་ལ་སྤྱོད་ནས་བག་མེད་དུ་གནས་པ། ལྷ་བརྒྱ་བྱིན་གྱིས་གཟིགས་ནས་ཤིན་ཏུ་མ་དགའ་སྟེ། ནད་བདག་ལ། མི་ཡུལ་གྱི་རྒྱལ་པོ་སྡིག་སྤྱོད་ཅན་མཱ་ཀྲང་གིས་དགོན་པ་མེས་བསྲེགས། རང་གི་ཀོང་ཇོའི་སྲོག་བཅད། ད་དུང་སྡིག་ལས་མང་དུ་བྱེད་བཞིན་འདུག་པས་ཁོ་ལ་ནད་ཆད་དྲག་པོ་ཆོད་ཅིག་ཅེས་བཀའ་ཕབ་པ་ན། ནད་བདག་གིས་ལྷ་དབང་གི་བཀའ་བཞིན་བྱས་པས། ཀྲང་རྒྱལ་པོ་གློ་བུར་དུ་ལུས་ཕུང་ལྕི་བར་གྱུར་ཅིང་། ཟས་ལ་ཡི་ག་ཆད། རིམ་བཞིན་ལུས་ཀུན་རྨ་ངན་གྱིས་ཁྱབ་སྟེ་ཤ་ཀུན་རུལ་ཅིང་བཟོད་ཐབས་མེད་པའི་ཟུག་གཟེར་གྱིས་མནར་བར་གྱུར། གནས་ཚུལ་དེ་འཕགས་མ་མཱ་ཧྲན་གྱིས་སྒྲིབ་མེད་དུ་གཟིགས་ནས་ཡབ་མཱ་ཀྲང་རྒྱལ་པོ་ནད་ཀྱིས་གདུང་བ་ལ་སྙིང་རྗེ་དྲག་པོ་མཛད་དེ། སློབ་བུ་གཉིས་ལ་བདག་གི་ཡབ་རྒྱལ་པོ་ནད་ཀྱིས་དྲག་ཏུ་གཟིར་བཞིན་འདུག །ད་ནི་བདག་ལ་ལུས་བསྐྱེད་ཅིང་གསོས་པའི་བཀའ་དྲིན་གསོ་ཕྱིར་བདག་ཡབ་རྒྱལ་པོ་ལ་ཞབས་ཏོག་ཞུ་རུ་འགྲོ་ན། ཁྱེད་གཉིས་ཀྱིས་དམ་པའི་ཆོས་ལ་བརྩོན་པ་མ་ལྷོད་ཅིག་ཅེས་གསུངས་ཤིང་། དེ་མ་ཐག་སྨན་པ་ཞིག་ཏུ་སྤྲུལ་ནས་ཡབ་ཀྱི་རྒྱལ་ཁང་གི་ཕྱོགས་སུ་བྱ་ལྟར་འཕུར་རོ། །འདིའི་དུས་ཀྲང་རྒྱལ་པོས་རང་གི་ཀོང་ཇོ་གཉིས་དང་། མག་པ་གཉིས་པོར་རང་ཉིད་ལ་ནད་གཡོག་མཛོད་ཅེས་བཀའ་ཕབ་ཀྱང་། ནད་གཡོག་ལྟ་ཅི་མིག་གི་མཐོང་སར་རྒྱུ་བ་ཙམ་ཡང་མ་བྱས་པས། རྒྱལ་པོའི་ཞབས་ཏོག་རྒྱལ་མོ་གཅིག་པུས་ཉིན་མཚན་མེད་པར་མཛད་དགོས་ཐུག །རྒྱལ་པོས་རང་གི་ཀོང་ཇོ་དང་མག་པ་རྣམས་ཀྱི་ངང་ཚུལ་ལ་ཡིད་རབ་ཏུ་ཕམ་ནས། རྒྱལ་མོ་ལ་རང་གི་ཀོང་ཇོ་ཆུང་བ་བདག་གིས་བསད་པར་ད་ནི་འགྱོད་དོ། །ཅི་བྱ་ཞེས་ཡབ་ཡུམ་གཉིས་མཉམ་གཅིག་ཏུ་ངུ་བར་བྱས། དེ་ནས་རྒྱལ་པོའི་བློན་ཆེན་ལ་བདག་གི་ནད་འདི་བཅོས་ཐུབ་མཁན་ཞིག་ཡོད་ན་བྱ་དགའ་ཆེན་པོ་སྟེར་ཞེས་ཕྱི་རོལ་ཏུ་ཡི་གེ་སྦྱོར་ཞེས་བཀའ་ཕབ། བློན་པོས་ཀྱང་བཀའ་བཞིན་ཀྲང་རྒྱལ་པོའི་སྙུན་གསོ་ཐུབ་མཁན་གྱི་མི་ཡོད་ན་རྒྱལ་ཁང་ནས་བྱ་དགའ་ཆེན་པོ་སྟེར་རོ་ཞེས་སྦྱར་ཡིག་བཀོད་པ་ན། འཕགས་མ་མཱ་ཧྲན་གྱི་སྤྲུལ་བའི་སྨན་པ་དེས་ཡི་གེ་ཕྱག་ཏུ་བླངས་ནས་བློན་པོ་དང་ལྷན་ཅིག་ཏུ་རྒྱལ་ཁང་ནང་ཕེབས། རྒྱལ་པོས་ཁྱོད་སུ་ཡིན། མིང་ལ་ཅི་ཟེར། གང་ནས་འོང་བ་སོགས་དྲིས། སྤྲུལ་བའི་སྨན་པས་བདག་གི་མིང་ལ་ཝེ་ཀང་མན་ཟེར། ཡཱན་ཐོང་གི་སློབ་མ་ཡིན། ཡཱོ་ཧྲི་སྨན་བླ་དང་ཡཱོ་ཙང་ས་སྙིང་གཉིས་ཀྱི་མཆེད་གྲོགས་ཡིན་ཞེས་སྨྲས། དེ་ནས་རྒྱལ་པོའི་ནང་མིས་འོ་ན་རྒྱལ་པོའི་ནད་ཇི་ལྟར་གྲོལ། ནད་འདི་གྲོལ་ཐབས་ཤིག་ཡོད་ན་བྱ་དགའ་ཆེན་པོ་སྟེར་ཞེས་སྨྲས། དེར་སྨན་པས་རྒྱལ་པོའི་ནད་ལ་བརྟག་སྟེ། དྲང་སྲོང་གི་མིག་དང་ལག་པས་བཅོས་ནུས་པར་དགོངས་ནས། རྒྱལ་པོ་ལ་ཁྱོད་ཀྱི་ནད་འདི་ཁྱད་པར་བའི་ནད་ཅིག་རེད་འདུག །འདི་ལ་སྨན་རྫས་ནི་དྲང་སྲོང་ཞིག་གི་ལག་པ་དང་མིག་རྙེད་ན་བཅོས་ནུས་ཞེས་སྨྲས། རྒྱལ་པོའི་ཞེ་ལ། སུ་ཞིག་གིས་རང་གི་ལག་པ་དང་མིག་གཞན་ལ་སྟེར་ཐུབ། དེ་ནི་དཔེ་མི་སྲིད་པ་ཞིག་རེད་ཅེས་སྨྲས་ཏེ་ཡིད་རབ་ཏུ་ཕམ་སྐབས། སྨན་པས་གནས་མཆོག་རི་བོ་གྲུ་འཛིན་ན་དྲང་སྲོང་ཞིག་འདུག །དེ་ནི་བྱམས་སེམས་ཀྱི་བདག་ཉིད་ཅན་ཞིག་ཡིན་པས་དེ་ལ་བསླངས་ན་སྟེར་ནུས། འོན་ཀྱང་འདི་ནས་ལམ་ཐག་ལ་ས་ལེའུ་བར་སུམ་སྟོང་ཡོད་པས་ཉིན་མཚན་མང་པོར་འགྲོ་དགོས་ཞེས་བཤད། དེ་ནི་མཱ་ཧྲན་གྱི་ལུས་པོའམ་སྤྲུལ་གཞི་དེ་རི་བོ་གྲུ་འཛིན་དུ་ཡོད་པས་སོ། །རྒྱལ་པོས་འོ་ན་ལག་པ་ལ་རིན་ཅི་དགོས་སམ་ཞེས་དྲིས་ཚེ། སྨན་པས་རིན་ལ་ནི་བདུག་སྤོས་སྒམ་ཆུང་གང་ལས་ཅི་ཡང་མི་དགོས་འདུག་སྨྲས། དེར་རྒྱལ་ཁང་ནས་བདུག་སྤོས་ཆེས་ཡག་པོ་ཞིག་སྟ་གོན་བྱས་ཏེ་བློན་པོ་ཙཱ་ཀྲིན་གྱི་ལག་ལ་བཞག་ནས་བློན་པོ་ཉོས་ཆཱན་ཟེར་བ་དང་ལྷན་དུ་དྲང་སྲོང་གི་ལག་པ་དང་མིག་སློང་དུ་མངགས་སོ། །སྐབས་འདིར་ཀྲང་ཚང་གི་མག་པ་གཉིས་ཀྱིས་བསམ་པར་གལ་ཏེ་རྒྱལ་པོའི་ནད་དྲག་སོང་ན། ཡུན་རིང་བོར་རྒྱལ་སྲིད་རང་རེའི་ལག་ཏུ་ཐོབ་མི་ཐུབ་པར་མ་ཟད། ཡང་གཅིག་བསམ་ན་རྒྱལ་སྲིད་སྨན་པ་དེ་ལ་ཤོར་ཉེན་ཡང་ཆེ་སྙམ་ནས། ལག་འོག་གི་མི་མངགས་ཏེ་རྒྱལ་པོ་ལ་དུག་དྲོངས་ཤིག་ཅེས་བསྒོས་པ་དང་། ཡང་མི་གཞན་ཞིག་ལ་སྨན་པ་དེ་སོད་ཅིག་ཅེས་མངགས་བཅོལ་བྱས། གནས་ཚུལ་དེ་རིགས་འཕགས་མ་མཱ་ཧྲན་གྱི་སྤྲུལ་བའི་སྨན་པས་མཁྱེན་ཏེ། ཡུལ་ཉུལ་བའི་ལྷ་ལ་ཁྱོད་ཀྱིས་མི་དེ་གཉིས་ཀྱི་བྱ་སྤྱོད་ངན་པ་བཟློག་ཐུབ་པར་གྱིས་ཞེས་འཕྲིན་ལས་བཅོལ། དེར་ཀྲང་ཚང་གི་མག་པ་གཉིས་ཀྱི་མངག་གཞུག་པའི་མིས་དུག་ཁྱེར་ཏེ་རྒྱལ་པོ་ལ་དྲངས་པའི་དུས། ཡུལ་ཉུལ་བའི་ལྷས་བླངས་ཏེ་མི་རྣམས་ཀྱི་མཐོང་ལམ་དུ་ཕོར་བ་ལག་ནས་ཤོར་སོང་བ་ལྟར་བྱས་ཏེ་ཕོས་པས། དུག་རླངས་ཀྱིས་གཡོག་མོ་རྣམས་བརྒྱལ་དགོས་པ་ཞིག་བྱུང་། ཡང་མངག་གཞུག་པ་མི་གཞན་པ་དེས་མཚན་མོ་རལ་གྲིས་སྨན་པ་གསོད་རྩིས་སྐབས། ཡུལ་ཉུལ་བའི་ལྷས་ཁོའི་རྐང་སྣེ་ས་ལ་ཐོགས་ནས་འགྱེལ་བ་ལྟར་བྱས་ཏེ་ཡར་ལྡང་བའི་ནུས་པ་གཏན་མེད་པར་བྱས། གནས་ཚུལ་དེ་དག་རྒྱལ་པོས་ཧ་གོ་རྗེས་ཕ་རོལ་བོས་མངག་གཞུག་པ་མི་གཉིས་པོར་འདྲི་གཅོད་ནན་མོ་བྱས་པས། མག་པ་གཉིས་པོའི་བསམ་སྤྱོད་ངན་པའི་མཚང་བརྡོལ་ཏེ། མག་པ་ཀྲ་ཁཱོ་དང་ཧོ་ཧྥོང་གཉིས་པོར་སྲོག་གི་ཆད་པ་བཅད། ཀོང་ཇོ་གཉིས་པོ་གྲང་བའི་ཕོ་བྲང་དུ་བཞག་གོ། འདིའི་སྐབས་བློན་པོ་ཙཱ་ཀྲིན་དང་ཉོས་ཆཱན་གཉིས་པོས་ལམ་བར་གྱི་མི་རྣམས་ལ་དྲང་སྲོང་དེ་འདྲ་ཞིག་གང་དུ་བཞུགས་དྲི་བཞིན་སོང་མཐར། འཕགས་མ་མཱ་ཧྲན་གྱི་མདུན་དུ་སོན་ཏེ། ཁོ་རང་གཉིས་འོང་དོན་ལོ་རྒྱུས་རྒྱུ་མཚན་སོགས་ཞིབ་པར་ཞུས་པ་ན། འཕགས་མས་བྱང་ཆུབ་ཆེན་པོའི་དགོངས་སྤྱོད་དང་དུ་བླངས་ཏེ། ཐུགས་ཞུམ་མེད་དཔའ་བ་ཆེན་པོས་དེ་དེ་བཞིན་དུ་བྱའོ། །ཁྱེད་གཉིས་ཀྱིས་བདག་གི་མིག་དང་ལག་པ་མྱུར་དུ་ཁྱེར་ལ་ཀྲང་རྒྱལ་པོའི་ཟུག་རྔུ་སེལ་བར་མཛོད་ཅེས་ཕྱག་ལག་གཡོན་པ་བརྐྱངས་ཚེ། བློན་པོ་ཉོས་ཆཱན་གྱིས་རལ་གྲིའི་རྩེས་མིག་གཡོན་པ་བྲུས་ཤིང་ལག་པ་བཅད་དེ་ཧ་ལས་བཞིན་བཀའ་དྲིན་དང་གྱེས་ཕྱག་ཞུས་ཏེ་ཕྱིར་རྒྱལ་ཁང་དུ་མགྱོགས་པར་ཕྱིན་ཏེ་འཕགས་མའི་སྤྱན་དང་ཕྱག་ལག་རྒྱལ་པོ་ལ་ཕུལ། རྒྱལ་པོ་ཡ་མཚན་སྐྱེས་བཞིན་ཞིབ་པར་བལྟས་ཚེ། ལག་པ་དེའི་སྟེང་དུ་སྨེ་བ་ཞིག་ཡོད་པ་དེ་རང་གི་ཀོང་ཇོ་མཱ་ཧྲན་གྱི་ལག་པའི་སྟེང་གི་སྨེ་བ་ཡིན་པ་ངོ་ཤེས་ནས། མིག་ཆུ་ཤམ་ཤམ་གཏོང་བཞིན་རང་གི་ཀོང་ཇོ་མ་ཡིན་པ་སུ་ཞིག་གིས་བདག་གི་ཆེད་དུ་མིག་དང་ལག་པ་བཅད་ནས་སྟེར་ཐུབ་ཅེས་སྨྲས། དེ་ཚེ་བློན་པོས་རྒྱལ་པོ་ལགས། ཁྱེད་ཀྱིས་ནོར་བ་འདྲ། སྨན་པས་བཤད་པ་ལྟར་ན། དྲང་སྲོང་དེ་རི་བོ་ཤང་ཧྲན་ནས་མི་ལོ་ཉིས་བརྒྱ་ལ་བཞུགས་པ་ཞིག་ཡིན་འདུག་པས་ཐུགས་བདེ་བར་མཛོད་ཅེས་སྨྲས་པས་རྒྱལ་པོའི་སེམས་ཀྱང་ཅུང་ལྷོད་པར་གྱུར། དེ་ནས་སྤྲུལ་བའི་སྨན་པ་དེས་འཕགས་མ་མཱ་ཧྲན་གྱི་མིག་དང་ཕྱག་ལག་གཡོན་པ་སྨན་དུ་བསྡེབས་ནས་རྒྱལ་པོའི་ལུས་ལ་བྱུག་མ་ཐག་རྒྱལ་པོའི་ལུས་པོའི་གཡོན་ཕྱོགས་ཀྱི་ནད་རྣམས་ཤ་གསེང་གི་ཚེར་མ་བླངས་པ་ལྟར་འཕྲལ་དུ་དྲག་པར་གྱུར། འོན་ཀྱང་གཡས་ཕྱོགས་ཀྱི་ཟུག་རྔུ་ནི་སྔར་ལྟར་འགྱུར་ལྡོག་ཅུང་ཙམ་ཡང་མ་བྱུང་བ་ན། སྨན་པས་དྲང་སྲོང་གི་ཕྱག་གཡོན་པས་རྒྱལ་པོ་ཁྱེད་ཀྱི་ལུས་གཡོན་ཕྱོགས་ཀྱི་ནད་མ་གཏོགས་གཡས་ཕྱོགས་ལ། དྲང་སྲོང་གི་མིག་དང་ཕྱག་གཡས་པ་མེད་ན་ཕན་མི་ཐོག་པར་འདུག་ཅེས་སྨྲས་པ་ན། རྒྱལ་པོས་འོ་ན། ཡང་དྲང་སྲོང་གི་ཕྱག་སློང་ཟེར་ནས་འཛེམ་བག་མེད་པར་གོང་གི་བློན་པོ་གཉིས་ལ་བཀའ་བབས་ཏེ་དྲང་སྲོང་གི་སར་ཕྱག་གཡས་པ་སློང་དུ་མངགས། བློན་པོ་གཉིས་སྔར་ལྟར་གནས་མཆོག་གྲུ་འཛིན་དུ་ཕྱིན་ནས་འཕགས་མ་ལ་རྒྱུ་མཚན་ཞུས་ཚེ། འཕགས་མས་སྔར་ལས་ཀྱང་ཐུགས་དགྱེས་དགྱེས་མཛད་དེ། སྐུ་ལུས་ཀྱི་ན་ཟུག་སོགས་ལ་ཅི་མི་སྙམ་པར་གཞན་ཕན་བྱང་ཆུབ་ཆེན་པོའི་ཏིང་འཛིན་གྱི་ངང་ནས། སྨོན་ལམ་བཟང་པོ་དང་བཅས་བློན་པོ་གཉིས་ལ་སྤྱན་དང་ཕྱག་ལག་གཡས་པ་ཡང་གཅོད་བྲུས་བྱེད་དུ་བཅུག་ཏེ་ཕྱིར་མགྱོགས་པོར་ཕེབས་ཞེས་མངགས་སོ། །བློན་པོ་གཉིས་པོས་སེམས་ཀྱིས་མི་བཟོད་བཞིན་སྔར་ལྟར་ཕྱག་དང་སྤྱན་བླངས་ནས་ཕྱིར་འབྱོར་མ་ཐག་སྨན་པས་སྔར་ལྟར་དྲང་སྲོང་གི་སྤྱན་དང་ཕྱག་གཡས་པས་སྨན་བསྡེབས་ཏེ་རྒྱལ་པོ་ལ་སྨན་བཅོས་མཛད་ཚེ། རྒྱལ་པོའི་ལུས་ཀྱི་ན་ཟུག་ཡོངས་སུ་རྫོགས་པ་གློ་བུར་དུ་ཞི་ནས་རྨི་ལམ་ལས་སད་པ་ལྟར་བདེ་ཐང་དུ་འགྱུར་རོ། །
ལེའུ་བཅུ་བ། ཡབ་ཆེན་རྒྱལ་པོས་དྲིན་གསོའི་ཆེད། །རྒྱལ་སྲིད་སྤྲུལ་བའི་སྨན་པར་ཕུལ། །སྨན་པས་རྒྱལ་སྲིད་མ་བཞེས་པར། །ནམ་མཁའི་སྤྲིན་ལ་བཅིབས་ཏེ་འཕུར། །དེར་ཀྲང་རྒྱལ་པོ་ནད་ལས་ཡོངས་སུ་གྲོལ་ཕྱིར། སེམས་ལ་དགའ་བ་བརྗོད་དུ་མེད་པ་སྐྱེས་ཏེ། འཁོར་འབངས་ཐམས་ཅད་ལ་རྒྱལ་ཁང་དུ་ཁྲི་གདུགས་དང་ཟས་སྟོན་གྱི་སྟ་གོན་རྒྱ་ཆེན་བྱེད་དུ་བཅུག་རྗེས། རྒྱལ་པོས་སྨན་པ་དྲིན་ཆེན་མདུན་དུ་བསུས་ནས་འདི་སྟར་སྨྲས། རྒྱལ་པོ་བདག་ནི་ནད་ཀྱི་འདམ་དུ་ལྷུང་། །རབ་ཏུ་གཟིར་ཏེ་ཉིན་མཚན་ཆོད་པར་དཀའ། །ཤི་ལ་ཉེ་ཚེ་སྨན་པ་ཁྱེད་ཉིད་ཕེབས། །བྱམས་ཆེན་སྨན་པས་འཆི་བའི་འཇིགས་ལས་བསྐྱབས། །སྐྱེ་བ་གཉིས་པ་གསར་དུ་ཐོབ་པར་བྱས། །ཁྱེད་ནི་བདག་གི་ཕ་དང་མ་ཡིན་པས། །བདག་ལ་ཡོད་པ་རྒྱལ་པོའི་རྒྱལ་སྲིད་ཡིན། །བཀའ་དྲིན་གཟོ་ཕྱིར་སྨན་པ་ཁྱེད་ལ་འབུལ། །ཆེ་མཐོ་འབྲུག་ཁྲི་ཆོས་ཀྱི་ཁྲི་མཛོད་ཅིག །ཅེས་སྙིང་ནས་ཕུལ་ཞིང་། གནས་ཚུལ་རྒྱལ་ཁབ་ཡོངས་ལ་སྤྱི་བསྒྲགས་བྱེད་དུ་བཅུག་ཚེ། སྨན་པས་ལན་སྨྲས་པ། བདག་ནི་ཆགས་བྲལ་ཐུབ་པའི་རབ་བྱུང་ཡིན། །ཆོག་ཤེས་ཞེན་བྲལ་འཚོ་བ་རོལ་བ་ལས། །རྒྱལ་པོའི་སྲིད་ཀྱི་བདག་ལ་དགོས་པ་མེད། །དགོས་པའི་ནོར་ནི་དམ་པའི་ལྷ་ཆོས་ཡིན། །རྒྱལ་པོས་བདག་ལ་བཀའ་དྲིན་གཟོ་འདོད་ན། །དེང་ནས་བྱམས་དང་སྙིང་རྗེས་འབངས་སྡེ་སྐྱོངས། །སྲོག་གི་ཆད་པ་སུ་ལ་མ་གཅོད་པར། །དམ་པའི་ལྷ་ཆོས་བསྒྲུབ་ལ་འབད་པར་མཛོད། །ཅེས་རྒྱལ་པོ་ལ་གྱེས་ཕྱག་འཚལ་བཞིན་ཕྱི་སྒོ་ལ་བུད་མ་ཐག་ལག་པས་ནམ་མཁའ་ལ་གཡོབ་ཙམ་བྱས་ཚེ། ནམ་མཁའ་ནས་སྤྲིན་དཀར་པོ་དུམ་བུ་ཞིག་རིམ་གྱིས་སར་བབས་པ་ན། སྨན་པས་སྤྲིན་དཀར་ལ་རྡོག་པས་བརྫིས་ཏེ་ཇེ་མཐོར་ཇེ་མཐོར་འགྲོ་བཞིན་ཕྱིར་ཡུལ་མི་རྣམས་ལ། ང་ནི་ནུབ་ཀྱི་སངས་རྒྱས་ཡིན། །རྒྱལ་པོ་ནད་ལས་སྐྱོབ་ཕྱིར་འོང་། །ད་ནས་ལམ་ལ་ལོག་ལམ་མེད། །འཇིག་རྟེན་རྡུལ་གྱིས་གོས་དོན་ཅི། །ཞེས་ནུབ་ཕྱོགས་སུ་བྱོན་ནོ། །བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨན་པ་ནི་སངས་རྒྱས་ཤིག་ཡིན་ཚུལ་གསུང་བཞིན་ནམ་མཁར་ཕེབས་ལུགས་སོགས་ཞུས་ཚེ། རྒྱལ་པོས་བསམ་བློ་མང་དུ་བཏང་མཐར་བློན་པོ་རྣམས་ལ། ཅིའི་ཕྱིར་སངས་རྒྱས་བྱོན་ནས་བདག་ལ་སྨན་པ་མཛད། ཅི་ཞིག་ལ་དྲང་སྲོང་གིས་ཕྱག་ལག་དང་མིག་བདག་ལ་གནང་བ་ཡིན་ནམ། བདག་ལ་ཕྱག་ལག་གནང་མཁན་གྱི་དྲང་སྲོང་དེ་ཅི་འདྲ་ཞིག་འདུག་སོགས་དྲིས། དེར་བློན་པོ་ཙཱ་ཀྲིན་གྱིས་དྲང་སྲོང་དེ་ནི་བུད་མེད་ཅིག་རེད། བྱད་གཟུགས་ནི་ཀོང་ཇོ་གསུམ་པ་དང་ཧ་ཅང་འདྲ་ཞེས་བཤད། ཡང་རྒྱལ་པོས་མོ་ལག་པ་གཅོད་པར་སྐྲག་གམ་སྨྲས། བློན་པོས་ཕྲན་གཉིས་ཀྱིས་ཁོང་གི་ཕྱག་རལ་གྲིས་གཅོད་སྐབས། ཁྲག་ནི་བཞུར་ཚབས་ཆེ་ལ་ལུས་ཡོངས་རྫོགས་དམར་པོར་སོང་ཡང་ཁོ་མོས་ནི་ངོ་གདོང་ཙམ་ཡང་མི་འགྱུར་བར། ཐུགས་དགའ་ཡ་ལེར་སྨོན་ལམ་བཟང་པོ་སོགས་བྱེད་བཞིན་འདུག་ཅེས་སྨྲས་སོ། །
ལེའུ་བཅུ་གཅིག་པ། རྒྱལ་པོ་དང་ནི་ཀོང་ཇོ་གཉིས། །བྲན་མོ་གཉིས་བཅས་འདྲེ་ཡིས་ཁྱེར། །མཱ་ཧྲན་འཁོར་དང་བཅས་པ་ཡིས། །འདྲེ་བཏུལ་ཡབ་ཡུམ་འཁོར་བཅས་འཛོམས། །དེ་ཡང་ཀྲང་ཚང་གི་མག་པ་བསམ་སྤྱོད་ངན་པ་ཅན་གཉིས་ལ་སྲོག་ཁྲིམས་བཅད་པ་ནས་བཟུང་། ཀོང་ཇོ་མཱ་ཡེན་མཱ་ཆེན་གཉིས་པོས་གྲང་བའི་ཕོ་བྲང་དུ་དཀོན་མཆོག་སྐྱབས་སུ་བསྟེན། འདོན་ཡོན་ལ་ཞེན་པ་སྤངས་ནས་ཉིན་བཞིན་ཁ་ཏོན་ལ་བརྩོན་བཞིན་གནས། འདིའི་སྐབས་སུ་ལྷའི་ཡུལ་གྱི་སྒོ་སྲུང་བའི་སེང་གེ་སྔོན་པོ་དང་། གླང་ཆེན་དཀར་པོ་གཉིས་ཡོད་པ་དེ་གཉིས་ཀྱིས་ལྷ་རྣམས་ཨ་ནེ་གོང་མ་རྒྱལ་མོའི་སྐྱེས་སྐར་ལ་ཁམ་བུ་ཕུལ་བར་སོང་བའི་གོ་སྐབས་དང་བསྟུན་ནས། རང་དབང་གང་འདོད་ཀྱི་འཚོ་བ་ཞིག་ལ་རོལ་ཞེས་གྲོས་བྱས་ནས་མི་ཡུལ་དུ་ཕོ་སར་གཉིས་ལ་བརྫུས་ནས་འོང་། དེར་ཁོ་རང་གཉིས་ཀྱིས་མི་ཡུལ་ནས་བག་མེད་པར་ཆང་མང་པོ་འཐུང་ཞིང་། བུད་མེད་ཡིད་ལ་བྱས་ཏེ་གང་སར་ཉུལ་རྗེས། རྒྱལ་པོའི་ཕོ་བྲང་དུ་བུ་མོ་མཛེས་མ་གཉིས་ཡོད་པ་མཐོང་། དེ་གཉིས་ལ་ཚུལ་མིན་གྱིས་འདོད་པ་སྤྱོད་པའི་ཐབས་བཙལ་མང་དུ་བཙལ་ཡང་གོ་སྐབས་མ་རྙེད་པས། རི་ཕུག་ཅིག་ཏུ་འདྲེ་སྲིན་ཞིག་ཡོད་པའི་སར་ཕྱིན་ནས་ཐབས་དྲིས་ཚེ། འདྲེ་སྲིན་དེས་བུ་མོ་དེ་གཉིས་ནི་ཀྲང་ཚང་གི་ཀོང་ཇོ་གཉིས་ཡིན་ཚུལ་སོགས་ལོ་རྒྱུས་རྒྱས་པར་བཤད་པ་ན། ལྷའི་སྒོ་སྲུང་ཕོ་སར་དུ་བརྫུས་པ་གཉིས་ཀྱི་གོ་སྐབས་རྙེད་དེ། སེང་གེ་སྔོན་པོ་ཀོང་ཇོ་མཱ་ཧྲན་དུ་བརྫུས། གླང་ཆེན་དཀར་པོ་མཱ་ཧྲན་གྱི་བྲན་དུ་བརྫུས་ནས་གྲང་བའི་ཕོ་བྲང་གི་ཕྱོགས་སུ་སོང་བ་ན། ཀོང་ཇོ་གཉིས་ཀྱིས་ནུ་མོ་མཱ་ཧྲན་འོང་བ་མཐོང་ནས་ཧ་ལས་ཏེ་སྨྲས་པ། ནུ་མོ་ལགས། ཁྱེད་རང་སྔར་ནས་ཤི་ཟིན་པས་འདིར་ཅི་ལ་འོང་ཞེས་དྲིས་ཚེ། མཱ་ཧྲན་བརྫུས་མས་གཅེན་མོ་གཉིས་ལགས། བདག་ཡབ་རྒྱལ་པོས་བསད་མ་ཐག་ལྷ་རྣམས་ཀྱིས་སྤྲུལ་བའི་སྟག་ཅིག་མངགས་ནས་བདག་ལྷ་ཡུལ་དུ་ཁྱེར་ཏེ། ད་ལྟ་ལྷའི་ཡུལ་དུ་བདེ་སྐྱིད་ཕུན་སུམ་ཚོགས་པར་ལོངས་སུ་སྤྱད་ནས་བསྡད་ཡོད་མོད། བདག་གིས་ཁྱེད་གཉིས་སྡུག་བསྔལ་བར་གྱུར་བའི་གནས་ཚུལ་མཐོང་ནས་བསུ་རུ་འོང་བ་ཡིན་ཞེས་བཤད། གཅེན་མོ་གཉིས་ནུ་མོ་མཱ་ཧྲན་བརྫུས་མ་ལ་འཐམས་ནས་རབ་ཏུ་ངུས། དེར་མཱ་ཧྲན་གྱིས་ད་ནི་འུ་ཅག་འདིར་ཡུན་རིང་དུ་སྡོད་པའི་གནས་མ་ཡིན་པས་མྱུར་དུ་ལམ་ལ་ཆས་ཞེས་སྨྲས་པ་ན། ཀོང་ཇོ་གཉིས་ཀྱིས་ནུ་མོ་ཁྱོད་ལ་རྫུ་འཕྲུལ་ཐོབ་ཡོད་ཕྱིར་འཕུར་ཐུབ་ན་ཡང་། ངེད་གཉིས་འཕུར་ནི་མི་ནུས་པས་ཅི་བྱ་ཞེས་དྲིས་པ་ལ། མཱ་ཧྲན་གྱིས་ཁྱེད་གཉིས་ཀྱིས་མིག་མ་ཕྱེ་བར་སྡོད་དང་བདག་ལ་ཐབས་ཡོད་ཅེས་བཤད། ཀོང་ཇོ་གཉིས་ཀྱིས་མོའི་ངག་བཞིན་བྱས་པ་ན། སེང་གླང་གཉིས་ཀྱིས་ཀོང་ཇོ་གཉིས་རི་བོ་དྭངས་བསིལ་ཅན་གྱི་ཡང་རྩེ་ཞིག་ཏུ་ཁྱེར་ཏེ་སོང་། ཀོང་ཇོ་གཉིས་ཀྱིས་མིག་ཕྱེས་དུས་མཱ་ཧྲན་ནི་མི་འདུག་ལ་འགྲམ་དུ་གོས་དཀར་སྔོན་གྱོན་པའི་ཕོ་སར་གཉིས་ཡོད་པ་མཐོང་། སྐབས་དེར་གོས་སྔོན་ཅན་གྱིས་ངེད་གཉིས་ནི་ལྷ་དབང་བརྒྱ་བྱིན་གྱི་ཚ་བོ་ཡིན། ངེད་གཉིས་ཀྱིས་ཁྱེད་གཉིས་འདྲེ་སྲིན་གཉིས་ཀྱིས་ཁྱེར་ནས་འགྲོ་བ་མཐོང་ནས་སྲོག་སྐྱབས་པ་ཡིན། དེ་ནི་ངེད་ཅག་ལས་དབང་གིས་འཕྲད་པ་ཡིན་པས། ཁྱེད་གཉིས་ཀྱིས་ངེད་གཉིས་ཀྱི་བཟའ་ཟླ་གྱིས་དང་། ངེད་ཅག་གིས་ལྷ་ཡུལ་གྱི་བདེ་སྐྱིད་ལ་ལོངས་སུ་སྤྱད་ནས་འདུག་ཆོག་ཅེས་སྨྲས་ཚེ། མཱ་ཆེན་གྱིས་མཱ་ཡེན་ལ། འདི་གཉིས་ལྷ་ཞིག་ག་ལ་ཡིན། དེ་ལས་ཀྱང་ངེད་གཉིས་ལ་སྙིང་རྗེ་བ་ནི་གཏན་ནས་ཡིན་མི་སྲིད་ཅེས་བཤད་དེ། སྤུན་གཉིས་མཉམ་གཅིག་ཏུ། ངེད་གཉིས་ནི་ཀྲང་རྒྱལ་པོའི་ཀོང་ཇོ་ཡིན། ཁྱོ་ག་གཉིས་པོས་ཚུལ་མིན་གྱི་ལས་བྱས་པས་ཡབ་རྒྱལ་པོས་སྲོག་ཁྲིམས་བཅད། ངེད་གཉིས་ཀྱིས་གྲང་བའི་ཕོ་བྲང་དུ་དམ་པའི་ཆོས་བསྒྲུབས་པ་ཡིན་པས། འཆི་བ་ལ་ནི་ཅི་ཡང་མི་སྐྲག །ཁྱེད་གཉིས་ས་ཕྱོགས་གང་གི་འདྲེ་ཡིན། འདིར་འོངས་ནས་ངེད་གཉིས་ལ་གནོད་པ་བྱེད་ཕོད་དམ་ཅེས་བཤད་པ་ན། གོས་སྔོན་ཅན་གྱིས་ཆོས་བསྒྲུབ་པས་ཅི་ཕན། ཁྱེད་གཉིས་ཀྱི་ནུ་མོས་ཆོས་བསྒྲུབས་ཀྱང་སྟག་གིས་ཟོས་པ་མིན་ནམ། མི་ལུས་ཐོབ་ན་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་དགོས་པ་རེད། ཁྱེད་གཉིས་ཀྱིས་དེ་ཙམ་ཡང་མི་ཤེས་སམ་ཞེས་བཤད་བཞིན། ཁོ་རང་གཉིས་པོས་ཀོང་ཇོ་གཉིས་ལ་འཁྱུད་རྩིས་བྱེད་སྐབས། ཀོང་ཇོ་གཉིས་པོས་ཐེ་ཚོམ་མེད་པར་ཤི་བའི་གྲབས་བྱས་པ་ན། སེང་གླང་གཉིས་ཀྱི་བསམ་པར་ངེད་གཉིས་ཀྱིས་དཀའ་བ་ཆེན་པོ་སྤྱད་དེ་འདི་གཉིས་ལོན་པ་ཡིན་པས། ཁོ་མོ་གཉིས་འདི་ལྟར་ཤི་བར་གྱུར་ན་དོན་མེད་རེད་སྙམ་ནས། ཀོང་ཇོ་གཉིས་ལ་བརྒྱལ་བྱེད་ཀྱི་སྨན་བླུད་དེ་བརྒྱལ་བར་བཟོས་ནས། མེ་ཏོག་སྟོང་ལུང་ནང་གི་ཤིང་ལྔའི་བྲག་ཕུག་ཟེར་སར་ཁྱེར་ནས་བཞག་པ་དང་། ཁོ་རང་གཉིས་ཉིན་བཞིན་བྲག་ཕུག་དེར་འོངས་ནས་ཀོང་ཇོ་གཉིས་ལ་བརྙས་ཐབས་སྣ་ཚོགས་བྱས་ཀྱང་ཀོང་ཇོ་གཉིས་ཀྱིས་གཏན་ནས་ཁས་ལེན་མ་བྱས། དེར་སེང་གླང་གཉིས་ཀྱིས་མི་ཡུལ་ནས་ཀྲང་རྒྱལ་པོས་བུ་མོ་གཉིས་མེད་པ་ཤེས་ཏེ་ཕྱོགས་ཀུན་ཏུ་འཚོལ་བའི་གནས་ཚུལ་དང་། བྲན་མོ་ཇ་ཧོང་དང་ཚཱེ་ཧོང་གཉིས་ལོ་ན་ཆུང་ཞིང་སྐྱེ་གཟུགས་མཛེས་པ་མཐོང་སྟེ། སེང་གླང་གཉིས་ཀྱི་འདོད་པ་མེ་ལྟར་འབར་ནས་སྔར་ཀོང་ཇོ་གཉིས་པོ་བསླུས་པ་བཞིན་མགོ་བསྐོར་ཏེ་ཤིང་ལྔའི་བྲག་ཕུག་ཏུ་ཁྱེར་བས་མ་ཚད། བྲན་མོ་གཉིས་ལ་ཤི་དབང་ཡང་མ་བྱིན་པར་བཙན་གྱིས་འདོད་པ་སྤྱད། འདི་དུས་རྒྱལ་པོ་ཚང་གིས་ཀོང་ཇོ་གཉིས་བོར་བའི་ཁར་བྲན་མོ་གཉིས་ཀྱང་བོར་བས་ཉི་མ་མང་པོར་ཕྱོགས་ཀུན་ཏུ་བཙལ་ཀྱང་མ་རྙེད་པ་ན། རྒྱལ་མོ་དམ་པས་རྒྱལ་པོ་ལ། རི་བོ་ཤང་ཧྲན་དུ་དྲང་སྲོང་མངོན་ཤེས་ཅན་ཞིག་བཞུགས་པ་དེ་ལ་དྲིས་ན་རྙེད་ཐབས་སྲིད་ཤས་ཆེ་བས། དེར་ཞུ་རུ་འགྲོ་འམ་ཞུས། དོན་དེ་ལ་རྒྱལ་པོ་ཡང་ཤིན་ཏུ་དགའ་སྣང་སྐྱེས། རྒྱལ་པོའི་ཞེ་ལ་དྲང་སྲོང་དེའི་རྩར་སོང་ན། གཅིག་ཀོང་ཇོ་གཉིས་དང་བྲན་མོ་རྣམས་རྙེད་ཐབས་དང་། གཉིས་དྲང་སྲོང་དེ་ཀོང་ཇོ་མཱ་ཧྲན་ཡིན་མིན་ཧ་གོ་ཐུབ་སྲིད། གསུམ་ན་བཀའ་དྲིན་ཡང་གཟོ་དགོས་པ་སོགས་དོན་མང་པོ་འདུག་སྙམ་ནས། རྒྱལ་མོ་དང་བློན་པོ། དམག་སུམ་སྟོང་བཅས་རི་བོ་ཤང་ཧྲན་ལ་འགྲོ་ཞེས་བཀའ་ཕབ་ཏེ་ལམ་ལ་ཞུགས། ཀྲང་རྒྱལ་པོ་འཁོར་བཅས་ལམ་ལ་བུད་ནས་ཉིན་གཉིས་པའི་ནུབ་ཁྲེན་ཤེན་རྫོང་དུ་སྒར་བབས་ཏེ་བསྡད། འདི་དུས་སེང་གླང་གཉིས་ཀྱིས་ཀྲང་རྒྱལ་པོ་འཁོར་བཅས་རི་བོ་ཤང་ཧྲན་དུ་འགྲོ་བ་ཧ་གོ་སྟེ། རྒྱལ་པོ་ཚང་ཤང་ཧྲན་དུ་སོང་ན་ལྷ་རྣམས་ཀྱིས་ཤེས་འགྲོ་བར་ཐེ་ཚོམ་མེད། ལྷས་གོ་སོང་དུས་ངེད་གཉིས་ལ་ཆད་པ་དྲག་པོ་ཕོག་ངེས་ཡིན་སྙམ་ནས། ཁོ་གཉིས་ཀྱིས་མཚན་མོའི་གཉིད་ཀྱི་གོ་སྐབས་དང་བསྟུན་དེ་རྒྱལ་མོ་དང་རྒྱལ་པོ་གཉིས་རླུང་ནག་འཚུབ་མས་དྲིལ་ནས་གཉིད་སད་ལོང་ཙམ་ཡང་མ་བྱིན་པར་མེ་ཏོག་སྟོང་ལུང་གི་བྲག་རིམ་སྟོང་མའི་ནང་དུ་ཁྱེར། རྒྱལ་པོ་ཡབ་ཡུམ་གཉིད་ལས་སད་སྐབས་ས་ཕྱོགས་ཙམ་ཡང་མི་ཤེས་པའི་མུན་པ་མུན་ནག་གི་ཕུག་པ་ཞིག་ཏུ་འདུག །རྒྱལ་པོ་ཡབ་ཡུམ་ཕུག་པ་དེར་ལོ་ངོ་གསུམ་གྱི་ཡུན་ལ་འོ་བརྒྱལ་ངང་ལུས། ཀྲང་རྒྱལ་པོ་འདྲེས་ཁྱེར་བའི་ཤུལ་དུ་སྔོན་ཁྲིམས་ཆད་ཀྱིས་བསད་པའི་མག་པ་ཧོ་ཧྥོང་ལ་བུ་ཧོ་ཚཱ་ཡང་ཟེར་བ་ཞིག་ཡོད་པ་ལོ་ངོ་བཅོ་བརྒྱད་ལ་སོན་ནས་གྱེན་ལོག་གིས་རྒྱལ་སྲིད་འཕྲོགས་ཏེ་བཟུང་། འདིའི་སྐབས་སུ་འཕགས་མ་མཱ་ཧྲན་གྱིས་རང་ཉིད་རྒྱལ་པོ་ཡབ་ཡུམ་ལ་གཟིགས་སྐོར་ཞིག་བྱེད་པར་འགྲོ་དགོངས་མོད། ལྷ་དབང་བརྒྱ་བྱིན་གྱིས་མྱུར་དུ་འདྲེ་སྲིན་རྣམས་ཀྱི་མགོ་མ་མནན་ན། སེམས་ཅན་ལ་གནོད་པ་ཚབས་ཆེན་བཟོ་ཉེ་བས་ཁྱེད་ཀྱིས་འདྲེ་སྲིན་འདུལ་བའི་དུས་ལ་བབས་སོ་ཞེས་བཀའ་སྩལ། དེར་མཱ་ཧྲན་གྱིས་རང་གི་སློབ་བུ་ནོར་བཟང་དང་ཀླུ་མོ་གཉིས་ལ། བདག་ནི་འདྲེ་སྲིན་འདུལ་ཆེད་སངས་རྒྱས་ཀྱི་མདུན་དུ་འགྲོ་དགོས་པས། ཁྱེད་གཉིས་ཀྱིས་བདག་གི་ཡབ་ཡུམ་གཉིས་ལ་གཟིགས་སྐོར་གནང་རོགས་ཞེས་གསུངས་ཏེ། སྤྲིན་དཀར་ལ་ཆིབས་ནས་སྐད་ཅིག་གིས་ནུབ་ཕྱོགས་སུ་བྱོན་ནོ། །སློབ་བུ་གཉིས་ཀྱིས་རབ་བྱུང་གི་ཆས་མཛད་ནས་འཕགས་མའི་བཀའ་བཞིན་ཀྲང་རྒྱལ་པོ་ཡབ་ཡུམ་གཉིས་གར་ཡོད་འཚོལ་དུ་ཤེན་ནེ་རྒྱལ་ཁབ་ཏུ་སོང་། ལམ་ནས་སྔོན་ཀྲང་རྒྱལ་པོའི་བྲན་གཡོག་ཞིག་དང་འཕྲད་དེ་ལོ་རྒྱུས་དྲིས་ཚེ། ཀྲང་རྒྱལ་པོའི་གནས་ཚུལ་ཤེས་ནས་མྱུར་དུ་ས་བདག་ལ་འབོད་པ་བྱས། འཕགས་མ་དཔོན་སློབ་ཀྱིས་བོས་ཙམ་ན་གཡེལ་བ་མེད་པའི་ས་བདག་དེ་སྐད་ཅིག་ལ་ཐོན། ནོར་བཟང་གིས་ས་བདག་ལ་ཀྲང་རྒྱལ་པོ་ཡབ་ཡུམ་གང་དུ་ཡོད་དམ་ཞེས་དྲིས་པ་ན། ས་བདག་གིས་རྒྱལ་པོ་ཡབ་ཡུམ་མེ་ཏོག་སྟོང་ལུང་གི་བྲག་རིམ་སྟེང་མའི་ཕུག་ཏུ་འདུག་ཅེས་བཤད། སློབ་བུ་གཉིས་ཀྱིས་ཀྲང་རྒྱལ་པོ་བྲག་ཕུག་ཏུ་ཡོད་དོན་གྱི་རྒྱུ་མཚན་སྐོར་ལ་རྒྱུས་ལོན་རྗེས་ཕྱིར་རི་བོ་ཤང་ཧྲན་དུ་ལོག་མོད། འཕགས་མ་ནི་ད་དུང་ཕེབས་མི་འདུག །དེར་སློབ་བུ་གཉིས་ཀྱིས་རང་རེ་ལ་སློབ་དཔོན་གྱི་བཀའ་དྲིན་ནི་བསམ་ལས་འདས་ལ་བརྗོད་ཀྱིས་མི་ལང་བས། ད་ཐེངས་དྲིན་གཟོ་ཆེད་སློབ་དཔོན་གྱི་ཡབ་ཡུམ་གྱི་དོན་དུ་ཤི་ཡང་བཟོད་སྙམ་སྟེ། གཟའ་དམག་བརྒྱ་དང་ཉི་ཤུ། ལྷ་ལྔ་འཕགས་གསུམ། ལྷ་དམག་འབུམ་བཞི་བཅས་མེ་ཏོག་སྟོང་ལུང་དུ་དྲངས་ཏེ་བྲག་རིམ་སྟེང་མ་བསྐོར་བ་ན། བྲག་རིམ་གྱི་སྒོ་སྲུང་སྡིག་པ་ར་ཙས་མཐོང་སྟེ་ཤིན་ཏུ་སྐྲག་ནས་འཆིན་ཤོར་བཞིན་ལྷ་དམག་ཐོན་འདུག་ཅེས་འུར་རྒྱག་བཞིན་རྒྱུག་ནས། ནང་དུ་སེང་གླང་གཉིས་བྲན་མོ་གཉིས་ལ་དགའ་མགུ་སྤྱོད་བཞིན་འདུག་པ་ལ་བརྡ་བརྒྱབ། སེང་གླང་གཉིས་ཀྱིས་སྐྲག་མི་དགོས་ཟེར། སྤྱིར་ན་སེང་སྔོན་མེ་འདྲེ་ཡིན་པ་དང་། གླང་དཀར་ནི་ཆུ་འདྲེ་ཡིན་འདུག་ལ། སེང་སྔོན་གྱི་སྤུན་ཆུང་བ་ནི་མེ་འདྲེའི་དཔོན་པོ་ཡིན་ཞིང་ཤར་ཕྱོགས་བྱ་རྒོད་རི་ཟེར་བ་ན་ཡོད། གླང་དཀར་གྱི་ནུ་མོ་ཆུང་བ་ནི་ནུབ་མཚོའི་བདག་མོ་བྱས་ཏེ་ཡོད་པས། སེང་སྔོན་གྱིས་འབུ་རྐང་བརྒྱ་མ་ཞིག་མེ་འདྲེའི་དཔོན་པོ་འབོད་དུ་བཏང་བ་དང་། གླང་དཀར་གྱིས་དུག་སྦྲུལ་རྔ་མ་གཉིས་པ་ཞིག་ཆུ་མ་འབོད་དུ་མངགས་པ་བཞིན། མེ་འདྲེའི་དཔོན་པོའི་འདྲེ་དམག་ལྔ་སྟོང་དང་། ཆུ་མས་ཆུ་འདྲེའི་དམག་ལྔ་སྟོང་གིས་སོད་སོད་ཀྱི་སྒྲའི་ལུང་བ་གང་བ་ཞིག་བྱས་ནས་ལྷ་དམག་གི་ཕྱི་ནས་བསྐོར། སེང་གླང་གཉིས་ཀྱིས་དཔུང་ལ་དམག་ཐོན་པ་མཐོང་མ་ཐག །ཁོ་རང་གཉིས་པོ་སྐད་ཅིག་གིས་ལུས་ན་དཔག་ཚད་ཙམ་ཡོད་པའི་སྲིན་པོ་མགོ་གསུམ་ལག་དྲུག་ཅན་འཇིགས་སུ་རུང་བ་གཉིས་སུ་གྱུར་ཏེ། གཟིག་གསེར་གྱི་སྤུ་ཅན་དང་། སྤྱང་ཀི་སྡེར་མོ་བརྒྱད་པ་རེ་ལ་ཞོན་ཅིང་། ལག་པ་སོ་སོས་མཚོན་ཆ་སྣ་ཚོགས་བཟུང་ནས་འདྲེ་དམག་བྱེ་བ་རེ་རེ་ཁྲིད་དེ་སྒོར་བུད། ཕྱི་ནང་གི་འདྲེ་དམག་ཁ་འཐབ་པའི་བར་ནས་ལྷ་དམག་ཆག་ཆག་ཉིལ་ཉིལ་བྱེད་སྐབས། ཀླུ་མོས་ནོར་བཟང་ལ་ཁྱེད་མྱུར་དུ་ཕེབས་ལ་བུ་ཆུང་དམར་པོ་གདན་དྲོངས། བུ་ཆུང་དམར་པོ་ནི་ཡང་དག་པའི་མེའི་ངོ་བོར་གྲུབ་ཡོད་པས་མེས་མི་ཚིག །བདག་གིས་ཀླུ་དམག་དྲངས་འོང་ཞེས་སྨྲས་པ་ལྟར། ནོར་བཟང་གིས་ནུབ་ནས་མེ་ལྷ་བུ་ཆུང་དམར་པོ་མེ་ཡི་འབར་སྒྲ་འུར་འུར་དང་། ཀླུ་མོས་ལྷོ་ནས་ཀླུ་རྒྱལ་དམག་དང་བཅས་ཆུ་སྒྲ་ཤག་ཤག་བཅས་སྐད་ཅིག་ལ་ཐོན་ཏེ། བུ་ཆུང་དམར་པོས་ཀླུ་རྒྱལ་ལ་ཆུ་ཡིས་ཆུ་སོད་དང་། མེ་ཡིས་མེ་གསོད་ཅེས་དཔའ་སྐད་བཅས་གླང་དཀར་གྱི་སྤུ་བསྲེགས་པས་གླང་དཀར་བྲོས་ཏེ་རི་བོ་དྭངས་བསིལ་ལ་གབ། དེ་བཞིན་དུ་སེང་སྔོན་གྱི་ཁོག་པ་ཡང་ཆུས་བཀང་ནས་ཤི་ལ་ཁད་ཅིག་བཟོས་པས་ཤིང་ལྔའི་ཕུག་པར་གབ། ནོར་བཟང་དང་ཀླུ་མོ་གཉིས་ཀྱིས་བུ་ཆུང་དམར་པོ་དང་ཀླུ་རྒྱལ་གཉིས་ལ་བཀའ་དྲིན་ཞུས་པ་དང་། དམག་རྣམས་ཀྱང་ཕྱིར་ལ་ཕེབས། སློབ་བུ་གཉིས་ཀྱང་ཕྱིར་རི་བོ་ཤང་ཧྲན་དུ་སློབ་དཔོན་ཕེབས་ཨེ་ཡོད་ལྟ་རུ་སོང་། འདི་དུས་འཕགས་མ་མཱ་ཧྲན་སངས་རྒྱས་ཀྱི་དྲུང་ནས་མེ་ཏོག་སྟོང་ལུང་གི་སྟེང་དུ་ཕེབས་སྐབས། ཐས་ཕྱོགས་འདྲེ་རླུང་གིས་གང་བ་དང་། ལྷག་པར་བྲག་སྟོང་རིམ་དུ་རྒྱལ་པོ་ཡབ་ཡུམ་དང་། གཅེན་མོ་གཉིས། བྲན་མོ་གཉིས་རེ་རེ་བཞིན་བརྒྱལ་ཏེ་ཡོད་པ་གཟིགས་ནས། ས་བདག་ལ་སེང་གླང་གཉིས་ད་ལྟ་གང་དུ་འདུག་ཅེས་དྲི་བའི་ཚུལ་མཛད་པ་ན། ས་བདག་གིས་གཅིག་ནི་དྭངས་བསིལ་རི་བོ་དང་། གཅིག་ནི་སྟོང་རིམ་ཕུག་ཏུ་འདུག་ཅེས་ཞུས། འདིའི་གནས་ཚུལ་སངས་རྒྱས་ཀྱིས་མཁྱེན་ནས་འཕགས་མ་མཱ་ཧྲན་ལ་ཁྱོད་རང་ཕྱིར་སོང་དང་། དུད་འགྲོ་དེ་གཉིས་ལ་བདག་གིས་བདག་པོ་བྱེད་ཅེས་གསུངས་སོ། །སངས་རྒྱས་ཀྱིས་མདུན་ན་འདོན་རྡོ་རྗེ་ལ། ཁྱོད་རི་བོ་དྭངས་བསིལ་གྱི་རྩེ་དང་མེ་ཏོག་སྟོང་ལུང་དུ་སོང་ལ། ལྷའི་སྒོ་སྲུང་དུད་འགྲོ་གཉིས་ལ་ཉེས་པ་འདྲི་རྟོགས་ཀྱིས་ལ་ཆད་པ་ཆོད་ཅིག་ཅེས་བཀའ་སྩལ། འཕགས་མ་མཱ་ཧྲན་སངས་རྒྱས་ཀྱི་ལུང་བཞིན་ཤང་ཧྲན་བྲག་ཕུག་ཏུ་ཕེབས་པ་དང་། སློབ་བུ་གཉིས་ཀྱི་ངག་ནས་ཡབ་ཡུམ་གྱི་གནས་ཚུལ་རྒྱས་པར་ཤེས་ཏེ། དཔོན་སློབ་འཁོར་བཅས་ཡབ་ཡུམ་སྐྱོབ་ཆེད་མེ་ཏོག་སྟོང་ལུང་ཕྱོགས་སུ་ཕེབས་སྐབས། སངས་རྒྱས་ཀྱིས་མངག་པའི་རྡོ་རྗེ་དང་འཕྲད། རྡོ་རྗེས་སངས་རྒྱས་ཀྱིས་བདག་འདྲེ་སྲིན་གཉིས་ལ་འདྲི་གཅོད་བྱེད་དུ་མངགས་ཚུལ་གྱི་ལོ་རྒྱུས་བཤད་པ་ན། འཕགས་མ་མཱ་ཧྲན་གྱིས་རྡོ་རྗེ་ལ། དང་པོ་ཁྱེད་འདྲེ་སྲིན་གཉིས་ལ་ཆད་པ་གཅོད་དུ་མི་འགྲོ་བར་བདག་ལ་མེ་ཏོག་སྟོང་ལུང་ཕུག་གི་ཡབ་ཡུམ་དང་གཅེན་མོ་བྲན་མོ་རྣམས་སྐྱོབས་གྲོགས་མཛོད་ཅེས་གསུངས་པ་བཞིན། རྡོ་རྗེ་དང་འཕགས་མ་འཁོར་བཅས་མཉམ་དུ་ཤིང་ལྔའི་བྲག་རིམ་སྟེང་མའི་ཕུག་ཏུ་སོང་། མཱ་ཧྲན་དང་རྡོ་རྗེ་གཉིས་ཀྱིས་བྲག་སྟེང་རིམ་མའི་ཕུག་པའི་ཤར་ལྷོ་ནུབ་བྱང་ཀུན་ནས་གཏོར་ཏེ། སྲིན་འབུ་རྐང་བརྒྱ་མ་དང་། སྦྲུལ་འདྲེ། སྡིག་པ་རཱ་ཙ་རྣམས་བཏུལ་རྗེས་མཱ་ཧྲན་རབ་བྱུང་རྒན་པོ་ཞིག་ལ་སྤྲུལ་ནས་ཡབ་ཡུམ་གཉིས་སྐྱབས། དེ་ནས་ཤིང་ལྔའི་ནང་གི་གཅེན་མོ་གཉིས་སྐྱབས། ཤར་གྱི་ཕུག་གི་བྲན་མོ་གཉིས་པོ་ཡང་སྐྱབས་ཤིང་། འཕགས་མ་མཱ་ཧྲན་གྱི་ཕྱག་གི་བུམ་པ་ནས་བདུད་རྩི་གཏོར་ཏེ། ཡབ་ཡུམ་སོགས་ལ་འདྲེ་གདོན་གྱི་བཙོག་གྲིབ་ཕོག་པ་ཐམས་ཅད་སེལ་བར་བྱས། སྐབས་དེར་བློན་པོ་ཀྲོས་ཇ་ཟེར་བས་དམག་ཆེན་ཞིག་ཁྲིད་ནས་རྒྱལ་པོ་ཡབ་ཡུམ་བསུ་མར་ཐོན་པ་དང་ལྷན། འཕགས་མ་འཁོར་བཅས་ནམ་ཁར་བྱ་འཕུར་བ་ལྟར་བྱོན་པ་ལ། རྒྱལ་བློན་འཁོར་བཅས་ཡ་མཚན་ནས་ནམ་མཁར་བལྟས་ཏེ་ཕྱག་འཚལ་བ་དང་། བློན་པོ་ཀྲོས་ཇས་རྒྱལ་པོ་ལ་ཚ་བོ་ཧོས་ཚཱ་ཡང་གིས་རྒྱལ་སྲིད་འཕྲོགས་ཏེ་རྒྱལ་ཁབ་ཀྱི་མིང་དང་རྟགས་སོགས་བརྗེས་ཚུལ་སྐོར་གྱི་ལོ་རྒྱུས་ཞུས་པས་ཀྲང་རྒྱལ་པོ་རབ་ཏུ་ཁྲོས་ཤིང་དམག་ཁྲིད་དེ་རྒྱལ་སའི་བྱང་སྒོར་སོང་དུས། ཧོས་ཚཱ་ཡང་གིས་རྒྱལ་པོའི་དམག་དཔུང་མང་ལ། དཔའ་བརྗིད་ཆེ་བ་མཐོང་བས་དཔའ་ཞུམ་སྟེ་ཤར་སྒོ་ནས་བུད་དེ་བྲོས་སོང་། ཀྲང་རྒྱལ་པོས་སླར་ཡང་རང་གི་རྒྱལ་སྲིད་སྔར་བཞིན་བསྐྱངས། ཡིན་ན་ཡང་རྒྱལ་པོས་སྔར་རི་བོ་ཤང་ཧྲན་ལ་སོང་ནས་དྲང་སྲོང་དང་སྨན་པ་ལ་བཀའ་དྲིན་ཞུ་མ་ཐུབ་པས་སེམས་ལ་འགྱོད་པ་ཆེན་པོས་མནར་སྐབས། ཡང་རྒྱལ་མོ་དམ་པས་ད་སྐབས་བདག་ཅག་སོང་ཡང་ཆོག་པའི་རྒྱལ་པོས་ཐུགས་གནད་བྱེད་དོན་མེད་ཅེས་སེམས་གསོ་དང་བློ་འདོན་མཛད་པ་བཞིན། རྒྱལ་པོ་ཡབ་ཡུམ་ཡང་བསྐྱར་རི་བོ་ཤང་ཧྲན་གྱི་ཕྱོགས་སུ་ལམ་ལ་བུད་དོ། །འདི་དུས་འཕགས་མ་མཱ་ཧྲན་གྱིས་སློབ་བུ་ནོར་བཟང་མངགས་ནས་མེའི་བུ་ཆུང་དམར་པོ་ལ་ལེགས་པའི་སྐྱེས་བཟང་ཕུལ་ཏེ་ཡབ་ཡུམ་གཅེན་སོགས་སྐྱོབ་གྲོགས་བྱས་པར་བཀའ་དྲིན་ཞུས། དེ་བཞིན་དུ་ཀླུ་མོ་མངགས་ཏེ་གོང་བཞིན་ཀླུ་རྒྱལ་ལ་ཡང་སྐྱེས་ཕུལ་ནས་བཀའ་དྲིན་ཞུས། སྐབས་དེར་ཀྲང་རྒྱལ་པོ་ཡབ་ཡུམ་ཀོང་ཇོ་སྤུན་བཅས་ཤང་ཧྲན་རི་བོར་སླེབས་པ་ན། འཕགས་མས་མཁྱེན་ཏེ་སློབ་བུ་གཉིས་ལ་ཡབ་ཡུམ་འཁོར་བཅས་འབྱོར་གྱིན་འདུག་པས་སྣེ་ལེན་མཛོད་ཅེས་གསུངས་པ་དང་། ཁོང་རང་ཉིད་བཞུགས་ཁང་དུ་སྐུ་ལུས་ཡོངས་ཁྲག་གིས་སྦགས་པའི་རྣམ་པར་དར་གྱི་ཡོལ་བས་སྒོ་བཅད་དེ་བཞུགས། དེར་ཀྲང་རྒྱལ་པོས་ཡོལ་བའི་ཕྱི་ནས་གུས་ཕྱག་བཅས་རིན་ཆེན་སྨན་སྣ་དུ་མས་གྲུབ་པའི་བདུག་སྤོས་དང་། དཀར་ཟས་ཀྱི་མཆོད་སྤྲིན་བསམ་མི་ཁྱབ་པ་བཏེགས་ཏེ། དྲང་སྲོང་ཆེན་པོ་བདག་ཀྲང་རྒྱལ་པོ་ཡིན་དངོས་པོ་འདི་དག་ཁྱེད་ལ་བཀའ་དྲིན་ཞུ་བའི་སེམས་མཚོན་ཙམ་ཡིན་པས་ཁྱེད་ཀྱིས་ཐུགས་བརྩེ་བས་བཞེས་པར་མཛོད་ཅེས་སྨྲས་ཀྱང་། ཡོལ་བའི་ནང་ནས་གྲག་འགུལ་ཅི་ཡང་མ་བྱུང་བས། ཀྲང་རྒྱལ་པོས་སྐད་གདངས་མཐོན་པོས་བདག་ནི་རི་ཆུ་ཀུན་གྱི་བདག་པོ་དང་། མི་ཀུན་གྱི་རྒྱལ་པོ་ཡིན། དྲང་སྲོང་མའི་བཀའ་དྲིན་ལ་བསམ་ནས་རི་ཆུ་མང་པོའི་ཕ་རོལ་ནས་འདིར་འོང་ན། ཁྱེད་ཀྱིས་ཅི་ཕྱིར་སྐད་ལན་མི་སྦྱིན་ཞེས་སྨྲས་ཏེ། ལག་པས་དལ་བུས་ཡོལ་བ་ཕྱེས་ཚེ། བུ་མོ་ཞིག་མཐོང་བ་ལ་ཞིབ་པར་བལྟས་ཚེ་རང་གི་བུ་མོ་མཱ་ཧྲན་ཡིན་པ་ངོ་ཤེས་ཤིང་། གཅེན་མོ་གཉིས་ཀྱིས་ཡར་སྐྱོར་ཚེ་ལུས་ནས་ཁྲག་མང་པོ་བཞུར་ཅིང་སྙིང་རྗེའི་ཡུལ་དུ་གྱུར་འདུག །དེར་ཀྲང་རྒྱལ་པོས་བུ་མོ་རང་གིས་བསད་པར་མ་ཟད། རོ་ཡང་སྟག་གིས་ཁྱེར་མོད་ཅིའི་ཕྱིར་ད་དུང་གསོན་པོར་གནས་སམ་ཞེས་སྨྲེ་ངག་འདོན་བཞིན་བུ་མོ་ལ་འཁྱུད་དེ། བདག་གིས་བུ་མོ་ལ་འདི་འདྲའི་སྡུག་བསྔལ་གཏོད་པ་ལས་རང་ཤི་ན་དགའ་ཞེས་སྨྲས། འཕགས་མ་མཱ་ཧྲན་གྱི་ཞལ་ནས། བདག་ཡབ་རྒྱལ་པོས་བསད་རྗེས་ལྷ་ཡི་རྒྱལ་པོས་བདག་ལ་སྙིང་རྗེ་ནས་ས་བདག་ལ་བཀའ་སྩལ་བ་བཞིན། ས་བདག་སྟག་ཏུ་སྤྲུལ་ནས་ཁྱེར། དེ་ནས་བདག་གིས་དམྱལ་ཁམས་བཅོ་བརྒྱད་ཉུལ་རྗེས། གཤིན་རྗེའི་ཆོས་རྒྱལ་གྱིས་བདག་སླར་ཡང་གསོན་ཡུལ་དུ་ཕྱིར་མངགས། དེ་ནས་ནུབ་ཕྱོགས་ཀྱི་སངས་རྒྱས་ཀྱིས་ལུང་བསྟན་གནང་སྟེ་རི་བོ་ཤང་ཧྲན་འདིར་ལོ་ངོ་དགུ་ལ་སྒྲུབ་པ་བྱས་ནས་གྲུབ་པ་ཐོབ། སྐབས་དེར་ཡབ་རྒྱལ་པོ་ནད་ཀྱིས་མནར་བ་མཐོང་སྟེ་སྨན་པར་སྤྲུལ། རང་གི་མིག་དང་ལག་པ་སྨན་རྫས་སུ་བསྡབས་ནས་ཡབ་རྒྱལ་པོ་ནད་ལས་ཐར་བར་མཛད། དེ་བཞིན་དུ་གཅེན་མོ་གཉིས་བྲན་གཡོག་དང་རྒྱལ་པོ་ཡབ་ཡུམ་འདྲེ་སྲིན་གྱིས་ཁྱེར་བ་ཤེས། སངས་རྒྱས་ཀྱི་མདུན་ན་འདོན་རྡོ་རྗེ་དང་ལྷ་དབང་བརྒྱ་བྱིན་སོགས་ཀྱིས་གྲོགས་མཛད་པ་ལ་བརྟེན། འདྲེ་སྲིན་གྱི་མགོ་བོ་མནན་པ་དང་ཁྱེད་ཡབ་ཡུམ་འཁོར་བཅས་བསྐྱབས་ཏེ་ཕྱིར་རྒྱལ་སར་ལོག་ཐུབ་པར་བྱས། འོན་ཀྱང་ད་ལྟ་བདག་ལ་མིག་དང་ལག་པ་མེད་པས་ཁྱེད་ཡབ་ཡུམ་ལ་ལྟ་མི་ནུས་ཞེས་སྙིང་རྗེ་བའི་ཉམས་ཀྱིས་གསུངས་པ་ན། རྒྱལ་པོ་ཡབ་ཡུམ་གྱི་སྙིང་ལ་མདའ་ཕོག་པ་ལྟར་སེམས་ཁྲལ་སྐྱེས་པ་དང་། གཅེན་མོ་མཱ་ཆེན་དང་མཱ་ཡེན་གཉིས་ཀྱིས་ཀྱང་སེམས་ཁྲལ་བཅས་ནུ་མོའི་ལུས་འདི་ད་ཇི་ལྟར་བྱ་ཞེས་སྨྲེ་ངག་བཏོན་ཚེ། འཕགས་མ་མཱ་ཧྲན་གྱིས་ཡབ་རྒྱལ་པོ་ལ་གུས་ཕྱག་བླ་མེད་བཅས། བདག་ནི་སྙིང་རྗེའི་བདག་ཉིད་ཅན་ཡིན་པས། བདག་གི་ལུས་འདི་སྔར་བཞིན་སོས་ངེས་ཞེས་གསུངས། དེ་ཚེ་ཡབ་རྒྱལ་པོས་ལྷ་ལ་གུས་ཕྱག་གྲངས་མེད་འཚལ་བཞིན། གདུང་བའི་ཚིག་གིས་བདག་ཉིད་སྔོན་འཁྲུལ་བའི་དབང་དུ་ཤོར་ནས་བུ་མོ་ལ་སྲོག་ཁྲིམས་བཅད། བུ་མོས་ད་དུང་བདག་ལ་སྙིང་བརྩེ་ཆེན་པོས་མིག་དང་ཡན་ལག་གི་སྦྱིན་པ་གནང་སྟེ་ཚེ་སྲོག་སྐྱབས། གལ་ཏེ་བུ་མོའི་སྙིང་རྗེ་ཆེན་པོ་འདི་བདེན་པ་ཡིན་ན། བདེན་པ་ཆེན་པོ་འདིའི་སྟོབས་མཐུ་ལ་བརྟེན་བུ་མོའི་ལུས་སྔར་བཞིན་དུ་འགྱུར་བར་ཤོག་ཅིག་ཅེས་བདེན་པ་བརྡར་བའི་མཐུས། འཕགས་མ་མཱ་ཧྲན་གྱི་སྐུ་ལུས་སྔར་བཞིན་སྐྱོན་མེད་མཛེས་སྡུག་ལྡན་པར་གྱུར་བས་ཐམས་ཅད་ལ་དད་གུས་དང་ངོ་མཚར་རྒྱ་ཆེན་པོ་སྐྱེས་ཤིང་ཡབ་ཡུམ་སྲས་འཁོར་འཁོར་བཅས་དགའ་བདེའི་དཔལ་ལ་མངོན་པར་རོལ། སྐབས་དེར་འཕགས་མས་ཡབ་རྒྱལ་པོ་ལ། ཁྱེད་ཅག་འདིར་ཕེབས་དོན་ཁོ་མོ་ལ་ད་དུང་སྔར་བཞིན་རྒྱལ་སྲིད་འཛིན་པར་རེ་སྐུལ་ཆེད་ཡིན་ནམ་ཞེས་མ་མཁྱེན་པའི་ཚུལ་གྱིས་གསུངས། རྒྱལ་པོས་གུས་ཉམས་ཀྱིས་བཀའ་དྲིན་ཅན་གྱི་བུ་མོ་ལགས། བདག་གིས་སྔར་ཁྱེད་ཀྱི་བཀའ་བཞིན་མ་བྱས་པའི་ཉེས་པ་མང་པོ་བསགས། ད་ལྟ་ནི་བདག་གིས་གནས་ལུགས་མང་པོ་ཞིག་རྟོགས་སོང་བས། ད་ནས་བདག་བཟུང་བདག་ཀྱང་ཁྱེད་ཀྱི་རྗེས་སུ་ཞུགས་ནས་ཆོས་སྒྲུབ་པ་མ་གཏོགས། རྒྱལ་སྲིད་དང་འདོད་ཡོན་གྱིས་དགོས་པ་མེད་པའི་བློ་སྐྱེས་ཡོད་པས་འཕགས་མས་བདག་ཅག་རྗེས་སུ་གཟུང་དུ་གསོལ་ཞེས་ཞུ་བ་དང་། རྒྱལ་སྲིད་ཀྱང་བློན་པོ་ཙཱ་ཀྲིན་ལ་གཏད་པ་ཡིན་ཞེས་གསུངས། བློན་པོ་ཙཱ་ཀྲིན་གྱིས་རྒྱལ་སྲིད་སྐྱོང་བའི་ཐད་ཀྱི་སེམས་ངལ་དང་། རྒྱལ་བློན་ཁ་འབྲལ་བ་ལ་སྐྱོ་གདུང་ཆེན་པོ་བྱས་ན་ཡང་མཐར་རྒྱལ་པོའི་བཀའ་བཞིན་བྱས། རྒྱལ་པོ་ཡབ་ཡུམ་འཕགས་མའི་དྲུང་དུ་དམ་པའི་ཆོས་ལ་ཞུགས་སོ། །འདིའི་དུས་སུ་སེང་གླང་གཉིས་ལྷ་རྣམས་ཀྱིས་ལྷ་ཡུལ་དུ་ཁྲིད་ནས་ཆད་པ་ནན་མོ་གཅོད་ལ་ཉེ་བ་འཕགས་མ་མཱ་ཧྲན་གྱི་མངོན་ཤེས་ཀྱིས་གཟིགས་ཏེ། སྐད་ཅིག་གིས་ལྷ་ཡུལ་དུ་ཕེབས་ནས་ལྷ་རྣམས་ལ་སེང་གླང་གཉིས་པོ་སྔོན་འཁྲུལ་བའི་དབང་དུ་སོང་ནས་ཉེས་པ་བསགས་ཀྱང་། ད་ལྟ་ཁོ་རང་གཉིས་ཀྱིས་རང་སྐྱོན་མཐོང་ཞིང་བློ་འགྱོད་བཞིན་འདུག་པས། ལྷ་ཚོགས་རྣམས་ཀྱིས་བྱམས་དང་སྙིང་རྗེ་བསྐྱེད་དེ་ཁོ་རང་གཉིས་ལ་ཆད་པ་མེད་པར་མཁྱེན་ཞེས་ཞུས་ཕྱིར། ལྷ་རྣམས་ཀྱིས་ཀྱང་འཕགས་མའི་བཀའ་ལྟར་སེང་གླང་གཉིས་པོར་ཆད་པ་མ་བཅད་པར་གུ་ཡངས་ལ་བཏང་། སེང་གླང་གཉིས་ཀྱིས་འཕགས་མ་ལ་བཀའ་དྲིན་ཞུས་པ་དང་། དུས་ད་ནས་བཟུང་ངེད་གཉིས་ཁྱེད་ཀྱི་རྗེས་སུ་འཇུག་ཅིང་བཀའ་བཞིན་སྒྲུབ་པར་དམ་བཅའ་བ་ཡིན་པས་རྗེས་སུ་གཟུང་ཏུ་གསོལ་ཞུས། འཕགས་མས་ཀྱང་རྗེས་སུ་བཟུང་སྟེ་རི་བོ་ཤང་ཧྲན་དུ་ཁྲིད་དེ་བྱོན། སྐབས་དེར་སྐར་མ་རི་བྱི་ཡང་འཕགས་མའི་སྐུ་དྲུང་དུ་ཐོན་ཏེ། ལྷ་དབང་བརྒྱ་བྱིན་གྱི་བཀའ་སྐད་གསེང་མཐོན་པོས་བསྒྲགས་པའི་དོན། ཤེན་ནེ་རྒྱལ་ཁབ་ཀྱི་མཱ་ཀྲང་རྒྱལ་པོའི་ཀོང་ཇོ་མཱ་ཧྲན་གྱིས་འཇིག་རྟེན་གྱི་འདོད་ཡོན་སྤངས་ནས་ལོ་དགུར་དམ་པའི་ཆོས་ལ་བརྩོན་པ་མཛད་པས་གྲུབ་པ་ཐོབ་སྟེ། སྤྱན་ཕྱེ་བ་ཙམ་གྱིས་སེམས་ཅན་གྱི་སྐྱིད་སྡུག་ས་ལེར་གཟིགས། ཐུགས་གཏད་པ་དང་སྙན་ཕྱོགས་པ་ཙམ་གྱིས་འགྲོ་བ་ཀུན་གྱི་ལེགས་ཉེས་མཁྱེན་ཅིང་གསན། མཱ་ཀྲང་རྒྱལ་པོས་སྔོན་སྡིག་པའི་ལས་མང་པོ་བསགས་ཕྱིར་ལྷ་ཡི་ཆད་པ་ཕོག་པ་ལ། འཕགས་མས་རང་གི་མིག་དང་ཡན་ལག་གི་སྦྱིན་པ་མཛད་དེ་རྒྱལ་པོའི་སྡུག་བསྔལ་བསྐྱབས་པ་སོགས། མདོར་ན་བྱམས་དང་སྙིང་རྗེ་ཆེན་པོས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་དང་སྡུག་བསྔལ་མཐའ་དག་སེལ་བར་མཛད་པ་ཡིན་པས། ད་ནས་བཟུང་འཕགས་མ་བྱམས་བརྩེའི་བདག་ཉིད་ཅན་ཁྱེད་ལ་སྤྱན་རས་གཟིགས་སུ་མཚན་གསོལ་བ་དང་། པདྨའི་བཞུགས་ཁྲི་ཕུལ་བ་ཡིན། གནས་མཆོག་རི་བོ་གྲུ་འཛིན་ལ་གཏན་དུ་བཞུགས་པར་མཛོད་ཅིག །གཅེན་མོ་མཱ་ཡེན་དང་མཱ་ཆེན་གཉིས་སྔོན་འཇིག་རྟེན་ཆགས་རྡུལ་གྱིས་གོས་ན་ཡང་། རྗེས་སུ་ངེས་འབྱུང་ཆེན་པོས་ཚུལ་ཁྲིམས་བསྲུངས་ཏེ། རྐྱེན་བར་ཆད་གང་གིས་ཀྱང་མ་ཚུགས་པར་གཡུལ་ལས་རྒྱལ་ཕྱིར། མཱ་ཆེན་ལ་ཤེས་རབ་ཀྱི་བདག་ཉིད་འཇམ་དཔལ་དབྱངས་ཀྱི་མཚན་གསོལ་ཏེ་སེང་སྔོན་ཆིབས་པར་ཕུལ་བ་ཡིན། རྒྱུན་དུ་རི་བོ་དྭངས་བསིལ་དུ་བཞུགས་པར་མཛོད། མཱ་ཆེན་དགེ་བར་འདུན་པས་ཀུན་ཏུ་བཟང་པོ་ཞེས་མཚན་གསོལ་བ་དང་གླང་ཆེན་དཀར་པོ་ཆིབས་པར་ཕུལ་བ་ཡིན། རྒྱལ་པོ་ལ་བྱང་ཆུབ་སེམས་དཔའ་དགེ་བའི་རྒྱལ་ཁ་གསོལ་བ་ཡིན། ལྷ་དཔོན་གྱིས། རྒྱལ་མོ་ལ་བྱང་ཆུབ་སེམས་མ་དགེ་བ་ཁྲིའི་མཚན་གསོལ་བ་ཡིན། ལྷའི་རྒྱལ་མོ་མཛོད། ནོར་བཟང་དང་ཀླུ་མོ་གཉིས་ཀྱིས་གསེར་གྱི་བུ་ཆུང་དང་གཡང་ཊིའི་བུ་མོ་མཛོད་ཅེས་པའི་བཀའ་ཡིག་བསྒྲགས་ཚེ། ཀུན་གྱིས་ཕྱག་འཚལ་ཞིང་མངོན་པར་བསྟོད་དོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
རྡོ་རྗེ་གཅོད་པ་ཁ་འདོན་བྱེད་པའི་བུ་མོ།
སུང་རྒྱལ་རབས་ཀྱི་དུས་ཤིག་ལ། མེན་ཀྲོས་ཞེས་པའི་ཡུལ་ཁམས་ཞིག་ན་རུས་ཝང་ཚང་གི་བུད་མེད་ཀྱིས་ཉིན་བཞིན་རྡོ་རྗེ་གཅོད་པ་ཁ་འདོན་བྱས། ལོ་ཞིག་ལ་མོ་མངལ་ཆགས་པར་གྱུར། ཟླ་བ་ཉེར་བརྒྱད་སོང་ཡང་བུ་མངལ་ནས་མ་བཙའ་བས་ལུས་པོ་ཉིན་བཞིན་ཉམས། ཉིན་ཞིག་སྒོ་དྲུང་དུ་རབ་བྱུང་ཡ་མཚན་ཅན་ཞིག་གིས་མོ་ལ། བུ་མོ་ཁྱེད་ནི་ལས་འཕྲོ་ཅན་ཞིག་རེད། ཁྱོད་ཀྱིས་ཅིའི་ཕྱིར་རྡོར་གཅོད་སྟོང་པར་མི་བྱེད་ཅེས་གསུངས་ཏེ་བྱོན། དེའི་རྡོར་གཅོད་སྟོང་ཞིག་པར་བ་བྱས་ཏེ་དགོན་པ་རྣམས་ལ་ཕུལ།
ཡང་རྡོར་གཅོད་སྟོང་འདོན་བྱས་རྗེས་སུ་ནུབ་མོ་ཞིག་གི་མཚན་ཕྱེད་ཙམ་ལ་རྡོ་རྗེ་ཅན་གྱིས་རྡོ་རྗེ་ཡིས་ཕོ་བ་ལ་གཏད་པ་རྨིས་པས། གཉིད་ལས་སད་སྐབས་བུ་གཉིས་ན་ཚ་ཅི་ཡང་མེད་པར་བཙས་ཡོད། དེ་ནས་བཟུང་མོས་དམར་ཟས་གཏན་སྤངས་ཏེ་རྡོ་རྗེ་གཅོད་པ་ཉིན་བཞིན་ཁ་འདོན་བྱས། ལོ་དྲུག་ཅུ་རེ་གཅིག་ལ་ཐོན་སྐབས། ཉིན་ཞིག་གློ་བུར་དུ་ཚེ་ལས་འདས་སོང་། མོ་གཤིན་ཡུལ་ཏུ་འགྲོ་སྐབས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་མོ་ཕོ་བྲང་ནང་ཁྲིད་ནས་གཡས་ཕྱོགས་ཀྱི་གསེར་ཁྲི་ལ་བཀོད་དེ་རྡོ་རྗེ་གཅོད་པ་ཚར་གཅིག་ཀློག་པར་གྱིས་ཞེས་གསུངས་བས་མོས་ཚར་གཅིག་ཀློག །
ཆོས་རྒྱལ་གྱིས་ཅུང་ཙམ་ཁ་མི་ཚང་བས་རྡོ་རྗེ་གཅོད་པའི་གླེགས་བམ་འདི་མི་ཡུལ་དུ་ཁྱེར་ལ་ཀུན་ལ་སྤེལ་ཞེས་གླེགས་བམ་ཞིག་མོ་རང་ལ་གནང་བར་མཛད་དེ་ཕྱིར་མི་ཡུལ་དུ་མངགས། ཡང་བསྐྱར་རྡོ་རྗེ་གཅོད་པ་མང་དུ་པར་ནས་མི་ཡུལ་དུ་སྤེལ་བར་མཛད་ཅིང་ཀུན་གྱིས་ཁ་འདོན་བྱས། མོ་ལོ་དགུ་བཅུ་གོ་གཅིག་གི་དུས་སུ་ཚེ་ལས་འདས་ནས་གཤིན་ཡུལ་འགྲོ་མ་དགོས་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཏོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ བོས་ཚང་གི་བུ་མོ།
མེན་རྒྱས་ཁམས་ཀྱི་དུས་ཤིག་ལ། རུས་བོས་ཅན་གྱི་བུ་མོ་ཞིག་སྐྱེ་བའི་སྐབས་སུ་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད་བཞིན་འཁྲུངས། ཆུང་ནས་དམ་པའི་ལྷ་ཆོས་ལ་དད་པ་ཆེ། ཕ་མ་ལ་བྱམས། གཤིས་རྒྱུད་དྲང་། ཤེས་རབ་ཆེ། ལང་ཚོ་དར་ལ་བབས་སྐབས། ཕ་མ་སོགས་ཀྱིས་མོ་ལ་གཉེན་གྲོགས་བཙལ་ཀྱང་མོས་འཇིག་རྟེན་འཁོར་བ་ལ་ཞེན་པ་ལོག་པས་ཁྱིམ་ཐབ་མ་བཟུང་། མོ་རང་གི་ཨ་ཇོ་དང་ནུ་བོ་གཉིས་ཀྱིས་ཡི་གེ་སློབ་སྐབས། མོ་རང་གིས་ཡི་གེ་ཟུར་ནས་ཚེགས་མེད་པར་ཤེས་སོང་། དེ་ནས་བཟུང་མོས་ཉིན་བཞིན་དམ་པའི་ཆོས་ཁ་འདོན་བྱས། དོན་ཡང་ཕལ་ཆེར་བ་ཤེས། རྒྱུན་དུ་སངས་རྒྱས་ལ་གུས་ཕྱག་འཚལ། ནུབ་ཅིག་རྨི་ལམ་དུ་ལྷ་ཞིག་གིས་མོ་ལ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་བསླབ་པ་རྨིས། དེ་ནས་བཟུང་གཟུངས་སྔགས་དེ་མང་དུ་བཏོན། རྗེས་སུ་གཟུངས་སྔགས་དེ་བཏོན་ནས་ནད་པ་ལ་སྨན་བཅོས་བྱེད་སྐབས། བཅོས་དཀའ་བའི་ནད་ཀུན་སེལ་ནུས་པ་ཞིག་བྱུང་། ཡང་ནུབ་ཅིག་རྨི་ལམ་དུ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཐོབ། མོ་རང་གིས་མོ་སྔོན་སུང་རྒྱལ་རབས་སྐབས་ཀྱི་ཆོས་སྒྲུབ་མཁན་ཞིག་ཡིན་པ་གོ། མ་ཟད་ཚེ་འདི་ལ་ཕ་མ་གཉིས་ཀྱི་དྲིན་ལན་འཇལ་བའི་ཆེད་དུ་འོང་བ་ཡང་གསལ་པོ་ཤེས། མོ་ལོ་ཉེར་གསུམ་གྱི་དུས་སུ་འཕགས་པའི་ས་ཐོབ། དེ་ནས་རིང་བོར་མ་ཐོག་པར་ཚེ་ལས་འདས། མས་མོའི་སྐྲ་ལས་བྱེད་སྐབས་དྲི་ཞིམ་ཞིག་འཐུལ་བཞིན་ཡོད་པ་ཚོར། དེ་ནས་རིམ་གྱིས་ཁྱིམ་གང་བ་དང་ར་བ་གང་། དེ་ནས་ཡུལ་ཁམས་དེ་ཡང་དྲི་ཞིམ་དེས་ཁྱབ་པ་གྱུར། ལོ་བཞི་སོང་རྗེས་མོའི་ཕུང་པོ་དེ་མེ་ལ་བསྲེགས། མོའི་དབུ་ཐོད་དེ་མེས་མ་ཚིག་པ་མ་ཟད་གཡང་ཊི་འདྲ་བའི་སྲ་ལ་འོད་དང་བཅས་པར་འགྱུར་འདུག་པས་མི་ཀུན་གྱིས་ཡ་མཚན་སྐྱེས་ནས་དད་པར་གྱུར། མོའི་དབུ་ཐོད་དེ་ཡིས་མཆོད་རྟེན་ཞིག་ཀྱང་བཞེངས་སོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ ཧྲེན་ཚང་གི་མནའ་མ།
ཆན་ཐང་ཞེས་པའི་ཡུལ་གྲུ་ཞིག་ཏུ་ཧྲེན་ཚང་གི་མནའ་མས་ཉིན་བཞིན་མི་ཆད་པར་འོད་དཔག་མེད་པའི་མདོ་ཁ་འདོན་བྱེད་པ་དང་འོད་མཚན་ཡང་ནམ་རྒྱུན་དུ་ངག་དང་མ་བྲལ་བར་བཏོན། ཉིན་ཞིག་མོ་ནད་ཅིག་གིས་མནར་བར་གྱུར། མོས་ལུས་ཁྲུས་གཙང་མར་ཞིག་བརྒྱབ། ཁ་ནུབ་ཕྱོགས་སུ་འཁོར་ཞིང་ལག་གཉིས་ཐལ་མོ་སྦྱར་ཏེ་ཁྱིམ་མི་རྣམས་ལ་ཁྱེད་ཚོས་བདེ་ཆེན་དག་པའི་ཞིང་གི་ཆོས་སྒྲ་ཐོས་སམ། བདག་གིས་གསལ་བོ་ཐོས། སྤྱན་རས་གཟིགས་དབང་བདག་ལ་བསུ་བ་ལ་ཕེབས་ཉེ་ཞེས་བཤད། ཅུང་ཙམ་ནས་མོའི་ངོ་གདོང་ལ་དགའ་སྤྲོ་ཚད་མེད་པའི་ཉམས་དང་བཅས་ཐལ་མོ་སྦྱར་ནས་ཁྱིམ་མི་རྣམས་ལ་བདག་བསུ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཕེབས་འདུག །སྤྱན་རས་གཟིགས་དབང་གིས་ཕྱག་ཏུ་གསེར་གྱི་པདྨའི་གདན་ཐོག་ཏེ་བདག་གདན་འདྲེན་བཞིན་ཡོད་པས་བདག་ད་འགྲོ་རན་ཟེར་བཞིན་ཚེ་ལས་འདས། མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ ཕེ་ཚང་གི་མནའ་མ།
ཧྥེན་ཡང་ཞེས་པའི་ཡུལ་གྲུ་ཞིག་ན་རུས་ཕེ་ཚང་ལ་མནའ་མ་ཞིག་ཡོད་པ་དེས་ཚེ་གང་ལ་བློ་རྩེ་འོད་དཔག་མེད་ལ་གཏད་དེ་འོད་མཚན་བཏོན། གྲངས་ཡང་སྲན་མ་ཆུང་ངུ་ཡིས་བགྲང་པར་བྱས་ཏེ་སྲན་ཆུང་བསགས་པ་ན་བྲེ་བཅུ་གསུམ་གང་བར་གྱུར། ཚེ་ལས་འདས་སྐབས་མོས་ཁྱིམ་མི་རྣམས་ལ་སངས་རྒྱས་རྣམས་ཀྱིས་བདག་ལ་པདྨའི་གདན་གནང་སོང་བས་བདག་ད་བདེ་བ་ཅན་འགྲོ་རན་ནོ་ཞེས་བཤད་ནས་ལུས་ཚུགས་བསྲང་སྟེ་ཚེ་ལས་འདས། དེ་མ་ཐག་ཏུ་ནམ་མཁའ་ནས་མེ་ཏོག་སྣ་ལྔའི་ཆར་བ་བབས་པ་སོགས་བཀྲ་ཤིས་པའི་ལྟས་བཟང་བར་མི་ཀུན་གྱིས་མཐོང་ཆོས་སུ་གྱུར། མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ མོང་ཚང་གི་མནའ་མ།
ལེས་ཆན་ཞེས་པའི་ཡུལ་དུ་མོང་གི་མནའ་མར་སྐབས་ཤིག་ནད་དྲག་པོ་ཞིག་གིས་མནར་བར་གྱུར། དེའི་སྐབས་སུ་རབ་བྱུང་བ་ཞིག་གིས་མོ་དམ་པའི་ལྷ་ཆོས་ཀྱི་ཕྱོགས་སུ་བསྐུལ་བར་མཛད། དེ་ནས་བཟུང་མོས་ཀྱང་ཁ་འདོན་དགེ་སྦྱོར་ལ་འབད་པ་བྱས་སོ། །ལོ་གསུམ་གྱི་རྗེས་སུ་ཉིན་ཞིག་མོས་བཟའ་ཟླ་ལ་ཁྱོད་ཀྱི་ཡུལ་མི་གྲོགས་པོ་གཉེན་ཉེ་རྣམས་ལ་བདག་ཚེ་ཕྱི་མར་འགྲོ་རན་པས་སྐྱེལ་མ་མཛད་རོགས་ཞེས་བཤད་རོགས་ཞེས་སྨྲས། ཁོས་ཀྱང་ཀུན་ལ་དེ་སྐད་བཤད། མོའི་ཕ་ཕྱོགས་ཀྱི་ཕུ་ནུ། མ་ཕྱོགས་ཀྱི་ཉེ་བ། གྲོགས་དགའ་མཛའ། ཡུལ་མི་ཀུན་ཁོང་ཚང་དུ་འདུས། མོས་ཁོ་ཚོ་ལ་སངས་རྒྱས་ལ་མཆོད་པ་ཕུལ་བ་དང་འོད་མཚན་འདོན་ཏེ་སྐྱེལ་མ་མཛོད་ཅེས་སྨྲས། ཀུན་གྱིས་དེ་ལྟར་མཛད། དེའི་སྐབས་སུ་ནམ་མཁའ་ནས་ཕྱག་རྟེན་འཛིན་མཁན་གྱི་རབ་བྱུང་ཞིག་གིས་བུ་མོ་ཁྱོད་བདེ་བ་ཅན་དུ་འགྲོ་བར་གྱིས་ཞེས་གསུངས། ཅུང་ཙམ་ནས་སངས་རྒྱས་དང་བྱང་སེམས་མང་པོ་བྱོན་ཏེ་ནམ་མཁའ་ཀུན་གང་བར་གྱུར། ནམ་མཁའ་ནས་ལྷའི་མེ་ཏོག་གི་ཆར་ཆེན་པོ་བབས་བཞིན་མོ་ཚེ་ལས་འདས་སོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ རུས་ཀྲོས་ཚང་གི་ཆུང་མ།
ལེས་ཁྲན་ཞེས་པའི་ཡུལ་ཁམས་ཞིག་ན་རུས་ཀྲོས་ཅན་གྱི་ཆུང་མས་ལོ་སུམ་ཅུའི་རིང་ལ་དམ་ཆོས་ཁ་འདོན་བྱས། མོས་ནམ་རྒྱུན་རྡོར་གཅོད་ཁ་འདོན་བྱེད་སྐབས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་མོའི་མདུན་དུ་བྱོན་པ་མཐོང་ནས། མོ་འདུག་མི་ཕོད་པར་ཡར་བཞེངས་ནས་འདོན་པར་བྱེད། རྗེས་ནས་ཉིན་བཞི་བཅུའི་རིང་ལ་ཆུ་ཁམ་གཅིག་ཙམ་དང་ཟས་འབྲུ་གཅིག་མུད་དུ་མ་སོང་། ཐེངས་གཅིག་རྨི་ལམ་དུ་རབ་བྱུང་གསུམ་གྱིས་མེ་ཏོག་པདྨ་ཞིག་ལག་ཏུ་བཟུང་ནས་ཁྱིམ་དུ་འོང་སྟེ་མོ་ལ། པདྨ་འདི་ངས་ཁྱོད་ཀྱི་ཚབ་བྱས་ཏེ་རྨོས། དེ་ནས་ཁྱོད་ཀྱང་འདི་རུ་ཕྱི་ལ་ཐོན་འོང་ཞེས་གསུངས་བ་རྨིས། སད་རྗེས་དགའ་སྤྲོ་ཚད་མེད་པ་སྐྱེས། མོས་རབ་བྱུང་རྣམས་རང་ཁྱིམ་དུ་གདན་དྲངས་ནས་ཆོས་འདོན་པར་བྱས། མོ་ས་དེ་ཉིད་དུ་དབྱིངས་སུ་ཞི་སོང་ངོ་།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ སྐྱེ་འཆི་ལ་རང་དབང་ཐོབ་པའི་བཟའ་མི་བཞི།
སྔོན་དགེ་བསྙེན་ཕང་ཡེན་ཟེར་བ་ཞིག་ཡོད། ཁོའི་མིང་ལ་ཏ་བྱམས་ཡང་ཟེར། ཁོང་ནི་ཐང་རྒྱལ་རབས་ཀྱི་མཚན་སྙན་གྲགས་ཅན་གྱི་བསམ་གཏན་པའི་གྲུབ་བརྙེས་ཤིག་རེད། ཁོང་གིས་གྲུབ་ཐོབ་མ་ཙོས་ཏ་ཡིས་དང་གྲུབ་ཐོབ་ཧྲི་ཐོས་ཤེས་ཅན་གཉིས་ཀྱི་མདུན་དུ་སྒོམ་བསླབ་ལ། དུས་རྒྱུན་དུ་དན་ཤ་ཐོན་ར་དང་ཡོ་ཧྲན་ཝེ་ཡན། པེ་ནེན། ཏ་མེ་ཧྥ་ཁྲང་། ལོ་པེ། ཡང་ཧྲན་ཧེ་ཅོས་སོགས་དེའི་དུས་རབས་ཀྱི་བསམ་གཏན་པ་གྲགས་ཅན་རྣམས་དང་འབྲེལ་འདྲིས་བྱས། ཁོང་རྟོགས་པ་ཤིན་ཏུ་མཐོ་སར་གཤེགས། རྗེས་རབས་པ་རྣམས་ཀྱིས་ཁོང་ལ་ཀྲོང་ཀོའི་ཝ་མོང་ཤེས། ཡང་ན་ཕང་སྐྱེས་ཆེན་ཟེར། མ་ཟད་ལ་ཡོས་ཧྲི་ཟེར་བའི་མཚན་སྙན་ཡང་ཐོབ། འཇིག་རྟེན་པ་ཚོས་ཁོང་གི་མཚན་ལ་ཕང་དགེ་བསྙེན། ཕང་རྒན་པོ། ཡང་ན་ཕང་སྐྱེས་ཆེན་སོགས་ཀྱི་མཚན་ཡོད། གྲུབ་བརྙེས་ཆེན་པོ་ལོས་ཙོས་ཧེ་ལེན་ཞིང་ཁམས་ལ་ཕེབས་ཁའི་ལུང་བསྟན་དུ། ཕྱི་རབས་ཀྱི་དུས་སུ་ཅིག་ཆར་དུ་རྟོགས་པ་སྐྱེ་བའི་བསམ་གཏན་པའི་ཆོས་རྒྱུད་དུ། རབ་བྱུང་གཅིག་མ་ཙོས་ཏ་ཡིས་དང་། ཁྱིམ་པ་གཅིག་ཕང་དགེ་བསྙེན་གཉིས་འབྱུང་ཞེས་གསུངས། ཕང་དགེ་བསྙེན་ནི་ཧེན་ཡང་ན་སྐུ་འཁྲུངས། ཁོང་གི་ཁྱིམ་རྒྱུད་ཀུན་ཤེས་ཡོན་པ་ཡིན། ཁོང་གི་ཕ་ཡབ་ནི་ཧེན་ཡང་གི་དཔོན་པོ་ཞིག་ཡིན། དེའི་ཕྱོགས་ནས་ཁོང་ཡང་སྟོབས་འབྱོར་མངའ་ཐང་དང་དཔལ་ཡོན་ཀུན་ཕུན་སུམ་ཚོགས་པའི་མི་ཞིག་ཡིན། ཆུང་དུས་སུ་རྒྱ་མིའི་གནའ་མི་ཀུན་དང་འདྲ་བར་དཀའ་བ་ཁྱད་བསད། ངལ་བ་དང་བླངས་བྱས་ནས་ལོ་བཅུ་ཕྲག་གི་བར་དུ་རིག་གནས་ཀུན་ལ་མཁས་པར་སྦྱང་། སྦྱང་བ་མཐར་ཕྱིན་རྗེས་ཁོང་གིས་མི་མཐུད་དུ་དཔེ་ཆ་བཟང་པ་ཀུན་ལ་སློབ་སྦྱོང་མཛད་ཅིང་བྱ་བཟང་ཀུན་བསྒྲུབས། དེ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁ་ཕྱོགས་དང་བསམ་བློ་ཞིག་ཏུ་ཆགས་འདུག །ཁོང་གིས་རྒྱུན་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀྱི་བདེན་པ་འཚོལ་བ་ལ་མོས་པ་ཧ་ཅང་ཆེ། སྐབས་ཤིག་ལ་ཁོང་རྒྱལ་ས་ལ་རྒྱུགས་སྤྲད་སར་བྱོན་སྐབས། ལམ་བར་དུ་རབ་བྱུང་ཡ་མཚན་ཅན་ཞིག་མཇལ། ཁོང་གིས་ཁྱོད་རྒྱལ་པོས་འདམ་པ་བས་སངས་རྒྱས་ཀྱིས་འདམ་པ་མཆོག་ཅེས་བསླབ་བྱ་ཚིག་གཅིག་གནང་། དེ་ཕྱིར་ནང་བ་སངས་རྒྱས་པ་ལ་སྐྱབས་སུ་བཟུང་། ཁོང་དང་པོར་སྒོམ་ཁྲིད་པ་ཙན་ཧོ་ཧྲི་ཐོས་ཤེས་ཆན་ཚང་དང་འཕྲད། ཁོས་སྒོམ་ཁྲིད་པ་ལ་ཆོས་ཀུན་དང་མི་འགྲོགས་པའི་མི་དེ་སུ་ཡིན་ཞེས་དྲིས་པ་ལ། སྒོམ་ཁྲིད་པ་རང་གི་ཁ་རང་གི་ལག་པས་བཀབ་ནས་ཅི་ཡང་མ་གསུངས་བས་ཕང་དགེ་བསྙེན་གྱི་རྒྱུད་ལ་རྟོགས་པ་ཁྱད་པར་བ་སྐྱེས། དེའི་རྗེས་སུ་ཡང་དྲི་བ་དེ་སྒོམ་ཁྲིད་པ་མ་ཙོས་ཏ་ཡེས་ལ་དྲིས། མ་ཙོས་ཀྱིས་ཁོང་ལ་ཁྱོད་ཀྱིས་ནུབ་ཀྱི་ཆུ་བོ་ཆེན་པོའི་ཆུ་ཀུན་རྔུབ་གཅིག་གིས་བཏུང་ཐུབ་ན་ངས་ཁྱོད་ལ་བཤད་ཅེས་གསུངས། ཁོང་གིས་ཀྱང་བཀའ་དང་དུ་བླངས། བཀའ་དེ་ལ་བརྟེན་ནས་ལོ་གཉིས་ཀྱི་རྗེས་ནས་བསམ་གཏན་པ་ཀུན་གྱི་ནང་དུ་སྨྲ་རྩོད་ཀུན་ལ་ཆག་ཐོགས་མེད་པར་གྱུར། དེ་ཕྱིར་མཚན་སྙན་ཡང་ས་གསུམ་དུ་ཁྱབ་པར་གྱུར། དེའི་རྗེས་སུ་སྒོམ་ཁྲིད་པ་ཆེན་པོ་མ་ཙོས་ཏ་ཡེས་བླ་མར་བརྟེན་ནས་ལོ་གསུམ་ལ་བསམ་གཏན་བསླབ། ཕང་དགེ་བསྙེན་དེ་ནས་གྲུབ་པ་བརྙེས་པར་གྱུར།
དེ་ནས་ཁོང་གིས་རང་ཁྱིམ་གྱི་རྒྱུ་ནོར་གསེར་དངུལ་རིན་པོ་ཆེ་སོགས་ཡོད་ཚད་མཚོ་གྲུ་ཞིག་གི་ནང་དུ་བཞག་སྟེ་རྒྱ་མཚོའི་ནང་དུ་འཕངས། འཇིག་རྟེན་གྱི་རྒྱུ་ནོར་གྱིས་འཆིང་བ་བཅད། དེའི་རྗེས་སུ་ཆུང་མ་དང་བུ་བུ་མོ་དང་ལྷན་དུ་ལོས་མེན་རི་བོའི་འདབས་སུ་ཞིང་ཅུང་ཙམ་ཞིག་རྨོ་བ་དང་སྨྱུག་མའི་སླེ་བོ། སློ་མ་སོགས་བཟོས་ནས་ཁྲོམ་ནང་དུ་བཙོང་སྟེ་འཚོ་བ་ངན་ངོན་ཙམ་དུ་རོལ་ནས་ཆོག་ཤེས་མཛད། རྒྱུན་དུ་ཁོང་བཟའ་མི་ཡོངས་ཀྱི་གླུ་འདི་འདྲ་ལེན། བུ་སྐྱེ་ཡང་ཆུང་མ་མི་མཁོ། །བུ་མོ་ལ་ཡང་ཁྱོ་ག་མི་དགོས། །ཁྱིམ་མི་ཀུན་པོས་མགོ་བོ་གཏུག་སྟེ། །སྐྱེ་མེད་ཆོས་ལ་བགྲོ་གླེང་མཛད། །ཁོང་བཟའ་མི་རྣམས་རྒྱུན་དུ་དེ་ལྟ་བུའི་བསམ་གཏན་གྱི་ཆོས་ཚིག་སོགས་དམ་པའི་ཆོས་ཀྱི་དགའ་བས་བཟི་བར་གྱུར། ཉིན་ཞིག་ཕང་ཡེན་གྱིས་ཤུགས་རིང་ཞིག་འཐེན་བཞིན་དཀའ་དཀའ་དཀའ་ཞེས་བརྗོད། ལམ་རྟོགས་པ་སྐྱེ་བ་དཀའ། དཔེར་ན་ཤིང་སྡོང་སྟེང་དུ་སྣུམ་བྲེ་བཅུ་བླུག་ཀྱང་ཆགས་དཀའ། ངེས་པར་ས་ལ་ཟག་འགྲོ་བ་དང་། ལྷོའི་མཚོ་ཆེན་མོ་རྔུབ་གཅིག་གིས་བཏུང་བ་དཀའ་དང་འདྲ་ཟེར་བའི་དོན། ཁོའི་ཆུང་མས་ཐོས་ནས་སླ་སླ་སླ། རྩ་བརྒྱའི་འགོ་རུ་བླ་མའི་དགོངས་པ་གནས་ཞེས་བརྗོད། གནས་གང་ཡིན་ཡང་ལམ་ཡིན་པས། དྲི་མེད་གྲགས་པའི་མདོའི་དོན་ཐམས་ཅད་ཁོང་དུ་ཆུབ་འགྲོ་དགོས་པའི་ངེས་པ་མེད་པའི་དོན་ཡིན། ཁོང་ཁྱོ་ཤུག་གཉིས་བྱང་ཆུབ་སྒྲུབ་པའི་ཆེད་དུ་ཞལ་རྩོད་རྒྱག་བཞིན་པ་དེ་བུ་མོ་ཕང་ནེན་ཀྲ་ཡིས་གསན་ནས་དཀའ་ཡང་མི་དཀའ། སླ་ཡང་མི་སླ། ལྟོག་ན་ཟས་ཟ། དུབ་ན་གཉིད། སངས་རྒྱས་གསུང་ཡང་དེ་འདྲ་ཙམ་ཞིག་རེད། དཀའ་སླ་ཞེས་ཅི་ཡང་བརྗོད་དུ་མེད་ཅེས་གསུངས། ཕང་དགེ་བསྙེན་གྱིས་མངོན་ཤེས་དང་རྩལ་ནི་ཆུ་ལེན་པ་དང་འབུད་ཤིང་ཁུར་བ་དང་མཚུངས་ཞེས་གསུངས་མྱོང་། ཕང་ཡེན་འདས་བར་འདོད་པ་བུ་མོ་ལ་ཁྱེད་སོང་ལ་ཉི་མ་ལྟོས་དང་། ཉི་མ་ཉིན་ཕྱེད་ལ་སླེབ་ཡོད་དམ། བུ་མོ་ཕྱི་ལ་བྱོན་ཏེ་སླར་ལོག་ནས་ཉི་མ་ཉིན་ཕྱེད་ལ་ཐོན་ཡོད་ལ། མ་ཟད་ཉི་མ་སྒྲ་གཅན་གྱིས་འཛིན་བཞིན་ཡོད་འདུག་ཅེས་གསུངས། ཕང་ཡེན་གྱིས་ཉི་མ་འཛིན་པ་ལ་ལྟའོ་ཞེས་ཕྱི་རུ་བྱོན་ཤུལ་དུ་མོ་མྱུར་བར་ཕའི་བཞུགས་གདན་དུ་བྱོན་ཏེ་རྡོ་རྗེ་དཀྱིལ་ཀྲུང་དང་ལག་གཉིས་ཐལ་མོ་སྦྱར་ནས་འདས་སོ། །ཕང་ཡེན་ཕྱིར་ཁྱིམ་དུ་ལོག་སྐབས། བུ་མོ་གོ་སྐབས་དེ་ལ་བརྟེན་ནས་འདས་སོང་བ་ཤེས་རྗེས། བཞེད་བཞིན་དུ་ངའི་བུ་མོ་འདི་གོ་སྐབས་ལ་བརྟེན་མཁས་པར་འདུག་ཅེས་གསུངས། དེའི་རྗེས་ཉི་མ་བདུན་སོང་ཉིན། ནང་གྲོས་ཀྱི་ཕྱུག་རྫི་ཡེས་པེ་ས་ན་ནས་ཁོང་གི་སྐུ་མདུན་དུ་སྨན་བཅོས་བྱེད་སར་འོང་། སྐབས་དེར་ཕང་ཡེན་ཁོང་དབུ་ཡེས་པེས་ཀྱི་པུས་མོ་བསྔས་སུ་བྱས་ཏེ། ཡོད་པ་ཀུན་མེད་པར་བྱེད་དགོས་ཀྱང་། མེད་པ་ཞིག་དམ་དུ་འཛིན་མི་རུང་། ཞེས་གསུང་བཞིན་བདེ་བའི་ཉམས་དང་བཅས་སྐུ་གཤེགས་སོང་། ཁོང་གི་ཆུང་མས་བུ་མོ་གླེན་མ་དང་རྒན་པོ་གླེན་ལོག་འདི་གཉིས། ང་ལ་མི་ཟེར་བར་གསང་ནས་གཤེགས་འགྲོ་ཕོད་དམ་གསུང་བཞིན། གནས་ཚུལ་དེ་བུ་ཞིང་ནང་དུ་ས་རྐོ་བཞིན་པ་ལ་སྨྲས་སྐབས། བུས་རྐོ་མ་ས་ལ་བརྟེན་ཏེ་བྲང་རྐོ་མའི་རྐོ་ཡུ་ལ་བརྟེན་ཏེ་ཡར་བཞེངས་བཞིན་གཤེགས་སོང་། ཕང་གི་ཆུང་མས་བུའི་ཕུང་པོ་མེ་ལ་བསྲེགས་རྗེས། འདུག་དང་ཉལ་དང་ལང་ནས་ནི། །འདས་པ་ངོ་མཚར་ཅི་ཞིག་ཡོད། །ཕང་གི་ཆུང་མ་རང་ཉིད་ནི། །ལག་པས་བཏང་ནས་འགྲོ་རན་ཡིན། །ལག་ཟུང་ཕྱེ་ན་རྡོ་སྲབ་མེད། །རྐང་རྗེས་མེད་ན་མིས་མི་མཐོང་ཟེར་བཞིན་དབྱིངས་སུ་ཡལ་སོང་ངོ་། །མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ ལྗགས་ཐོག་ཏུ་པདྨ་སྔོན་པོ་བཞད་པའི་རབ་བྱུང་མ་ཀྲོང་ཚུའི་རྣམ་ཐར།
ཧོས་ཀྲོས་ནི་གོས་དར་བཟོ་ལས་ཀྱི་ལྟེ་གནས་སྐད་གྲགས་ཅན་ཞིག་ཡིན། ཙེ་ཅང་ཞིང་ཆེན་གྱི་བྱང་ཕྱོགས་ཀྱི་ཐེའུ་མཚོའི་ལྷོ་འགྲམ་དང་། ཤར་གྱི་ཆུ་བོ་དང་ནུབ་ཀྱི་ཆུ་བོ་འདྲེས་པའི་མདོ་རུ་གནས། ཆན་ཧན་རྒྱལ་རབས་ནས་བཟུང་། དེ་རུ་བོས་ཁྲན་རྫོང་ཞེས་པའི་གྲོང་སྡེ་ཞིག་ཆགས། རྒྱལ་རབས་གསུམ་པའི་བོས་ཀྱི་སྐབས་སུ་བོས་ཡེས་ཆིན་ཞེས་བསྒྱུར། དེ་ནས་བསེ་རྒྱལ་རབས་ཀྱི་སྐབས་སུ་ཧོས་ཀྲོས། མཚོ་གླིང་གི་དོན་ཞེས་མིང་བཏགས། རྒྱུ་མཚན་ནི་ཉེ་འགྲམ་དུ་ཐེའུ་མཚོ་ཡོད་པས་སོ། །དེ་ལྟ་བུའི་ས་ཆ་བཟང་པོ་ནི་ཐང་སོང་རྒྱལ་རབས་ནས་བཟུང་། དར་གོས་བཟོ་ལས་ཀྱི་ལྟེ་གནས་ཡིན། རིག་གནས་མང་པོའི་ཉིང་ཁུ་འཁྱིལ་བའི་གནས་མཆོག་ཅིག་ཀྱང་ཡིན། མ་ཟད་ད་དུང་སྨྱུ་གུ་ཆེད་ལས་བྱེད་ས་ཞིག་ཡིན་པས་ཧོས་ཀྲོས་ཀྱི་སྨྱུ་གུ་དང་རླུང་ཡབ་ལ་གཞན་དང་མི་འདྲ་བའི་མིང་གྲགས་ཡོད། དེའི་ཕྱིར་རིག་གནས་ཅན་གྱི་མི་སྣ་མང་པོ་འདུས་མྱོང་། དེའི་རྒྱུ་མཚན་གྱི་ཀྲོས་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་བླ་རུ་མཐོ། ཧེ་གྲོས་ཀྱི་སྣག །ཏན་ཀྲོས་ཀྱི་སྣག་ཞོང་། ཤན་ཁྲན་གྱི་རྒྱ་ཤོག །ཧོས་ཀྲོས་ཀྱི་སྨྱུ་གུ་ནི་རྒྱ་ནག་གི་རིག་གནས་ཀྱི་ནོར་བུ་བཞི་ཞེས་གྲགས། ཧོས་ཀྲོས་ཀྱི་ཤར་ཕྱོགས་སུ་ཧང་ཅ་ཧོས་ཞེས་པའི་ཐང་ཆེན་ཞིག་ཡོད། ས་གཤིས་གཤིན་ཞིང་ཐོན་ཁུངས་བཟང་བ། ཁྱད་པར་དུ་འབྲས་དང་དར་གོས་ཀྱི་ཐོན་ཁུངས་ཀྱི་རྩ་བ་ཡིན། ནུབ་ཏུ་རི་སྣ་མང་པོ་སྣོལ་བ། ཐན་མོས་རི་བོའི་རི་རྒྱུད་དུ་གཏོགས། དེ་བས་ཀྱང་ས་གཤིན་མི་བཟང་བ་ཡིན། དེའི་ཡུལ་ཕྱོགས་དེ་རུ་གྲུབ་ཆེན་དམ་མ་མཆོག་ཀྲོང་ཚུ་སྐུ་འཁྲུངས་ཤིང་། མོས་རྒྱ་ནག་གི་བསམ་གཏན་པའི་གྲུབ་མཐའི་དབུ་བཙུགས་པར་མཛད་དེ་རྟེན་འབྲེལ་གྱི་སྒོ་ཆེན་དེ་པདྨའི་ཕྱག་གིས་ཕྱེས། ཉན་ཚ་རྒྱལ་རབས་ཀྱི་སྐབས་སུ། རི་བོ་པན་ཐོས་ཧྥོང་གི་སྟེང་ཕྱོགས་སུ་བྱ་དཀར་མང་པོ་འདུས་ནས་མདོ་ཕལ་བོ་ཆེ་ཉན་པས་མིང་ལ་བྱ་དཀར་རི་བོ་བཏགས། སློབ་དཔོན་ཏ་མོའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཅན་ཀྲི་ཕོས་ལོ་གྲོང་དུ་རྒྱ་མཚོའི་ངོགས་བརྒྱུད་དེ་རྒྱ་ནག་ཏུ་བྱོན་པའི་ལོ་རྒྱུས་ཡོད། ཀཱཉྩིའི་གྲོང་ཁྱེར་ནི་དེའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་མཚོ་ཡི་ངོགས་སུ་སྐྱེལ་འདྲེན་བྱེད་སའི་ལྟེ་བ་ཡིན། ཡ་ལྷོ་དང་ཡ་ཤར་སོགས་རྒྱལ་ཁབ་ཀུན་དང་འབྲེལ་འདྲིས་བྱེད་སའི་གནས་ཁྱད་པར་བ་ཞིག་ཡིན། སྔོན་ཤེས་ཧན་རྒྱལ་རབས་ཀྱི་སྐབས་ནས་རྒྱ་ནག་པའི་རྐང་རྗེས་དེ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དེ་རུ་བཞག་ཡོད། སྐྱེས་ཆེན་ཏ་མོ་རྒྱ་ནག་ལ་ཕེབས་དོན་ནི་མི་ལས་འཕྲོ་ཅན་ཞིག་འཚོལ་བའམ། ཐུགས་ཀྱི་དགོངས་པ་ཞིག་རྫོགས་པའི་ཆེད་དམ། ལས་ཅན་ཞིག་གི་ལས་ཀྱིས་བསྐུལ་ནས་བྱོན་ནོ་ཞེས་གྲགས། སྐྱེས་ཆེན་གྱི་རྣམ་ཐར་མཐུད་པའི་བསྟན་བཅོས་སུ། དང་པོ་ལྷོ་ཡི་ཕྱོགས་སུ་ཕེབས། དེ་ནས་བྱང་བརྒྱུད་ཝེ་རུ་བྱོན། མཇུག་ཏུ་བསེ་རུ་ཕེབས་ནས་སུ། སྒོམ་རྒྱུད་གདམས་པ་བརྩལ་བར་མཛད་ཅེས་གསུངས། ཁོང་དང་པོ་རྒྱ་ནག་ལ་ཕེབས་པའི་དུས་ནི་ཉོས་སོང་རྒྱལ་རབས་སྤྱི་ལོ་༤༢༠ནས་༤༧༨བར་ཡིན། མཚོ་ངོགས་བརྒྱུད་ནས་རྒྱ་ནག་ལ་འགྲོ་བའི་གནས་ནི་ལྷོ་ཕྱོགས་ཡིན། ཧེ་ལན་ཏ་ཡི་ཁ་གཏད་ཀྱི་མཚོ་འགྲམ་དེ་ཡིན་པ་འདྲ། དེའི་ཕྱིར། དེ་ལྟ་བུའི་འོད་གསལ་བའི་སྒྲོན་མེ་སྦར་མཁན་སྐྱེས་ཆེན་ཁོང་སྤྱི་ལོ༤༧༨ལོ་རྒྱ་ནག་ལ་ཕེབས། མེས་རབས་འདུ་བའི་བསྟན་བཅོས་དང་བསྟུན་ན། ཕྱི་རབས་པ་རྣམས་ཀྱིས་ལོ་སྟོང་གི་རིང་ལ་ཉང་བོས་རྒྱལ་པོ་ལ་ཁྲེལ་བགད་མཛད་ལ། ད་དུང་ཡང་ཁྲེལ་བགད་མཛད་ངེས། དེ་ནི་དེའི་སྐབས་སུ། ཉང་བོས་རྒྱལ་པོས་སྐྱེས་ཆེན་ཏ་མོ་ལ་འཕགས་པའི་བདེན་པ་དང་པོ་ཅི་ཞིག་ཡིན་ཞེས་དྲིས། ཏ་མོས་འཕགས་པ་མེད་ཞེས་ལན་བཏབ། བདག་གི་ཁ་གཏད་ཀྱི་མི་དེ་སུ་ཞེས་དྲིས། ཏ་མོས་བདག་གི་མ་ཤེས་གསུངས། རྒྱལ་པོ་བདག་གིས་རྒྱལ་ས་བཟུང་ནས་ད་བར། བདག་གིས་སེམས་ཅན་མང་པོ་དགེ་བ་ལ་བསྐུལ་བ་དང་དགོན་པ་བཞེངས་བ། མདོ་ཀློག་པ། སྐུ་བཞེངས་པ་སོགས་ལ་དགེ་བའི་རྩ་བ་ཅི་འདྲ་ཡོད་ཅེས་དྲིས། ཏ་མོས་དགེ་བ་མེད་ཅེས་ལན་བཏབ་པ་སོགས། དེ་ནས་བཟུང་ཉང་བོས་རྒྱལ་པོ་ལ་དོན་དམ་པའི་ཆོས་རྟོགས་པའི་སྐབས་མེད་པར་གྱུར་བས། དགེ་རྩ་ལ་ཞེན་ཆགས་ཆེ་བའི་མི་ཞིག་ཏུ་བསམ་གཏན་པ་རྣམས་ཀྱིས་བཟུང་། མ་ཟད་རྒྱུན་དུ་དེ་བརྗོད་པར་མཛད། གཏམ་རྒྱུད་འདི་དུས་ཚོད་ཀྱི་ཕྱོགས་ན་མི་འགྲིགས་པ་ཆེ་ཡང་གལ་ཏེ་གཏམ་རྒྱུད་འདིས་སེམས་ཅན་གཞན་ལ་ཕན་པའི་ཆེད་དུ་བསྒྱུར་བའི་གཏམ་རྒྱུད་བཟང་བ་ཞིག་ཡིན་ན་ཉང་བོས་རྒྱལ་པོས་ཕྱི་མའི་ཡུལ་དུ་ཐལ་མོ་སྦྱར་ཏེ་སྤྲོ་བ་སྐྱེ་སྲིད། དེ་ལྟར་སྐྱེས་ཆེན་ཏ་མོ་དང་ཉང་བོས་རྒྱལ་པོ་གཉིས་ཀྱི་ལས་འཕྲོ་ཆད་པའི་སྐབས། ཏ་མོས་ཉང་བོས་རྒྱལ་པོ་དང་ལས་འབྲེལ་མེད་པ་མཐོང་སྟེ་མཚོ་བྱང་ནས་བྱང་ཝེ་ལ་ཕེབས། དེ་ནས་ལོ་ཡང་དུ་མ་བྱོན། དེ་ནས་ཀ་རི་བོའི་ཧྲ་ནེན་དགོན་ནང་ཏུ་ཕེབས་ཏེ། ཞལ་གྱང་ལ་གཏད་དེ་བསམ་གཏན་ལ་བཞུགས། ཡུན་རིང་པོར་སྨྲ་བ་བཅད་དེ་ཏིང་འཛིན་རྩེ་གཅིག་སྒོམ་པས་ཀྱང་སྒོམ་བྲམ་ཟེ་ཞེས་མཚན་ཐོག །དེའི་སྐབས་སུ། ཉང་བོས་རྒྱལ་པོ་ལ་འགྱོད་སེམས་དྲག་པོ་སྐྱེས་ཀྱང་བྱ་ཐབས་བྲལ། འོན་ཀྱང་སྐབས་དེར་བུ་མོ་ཡ་མཚན་ཆེ་བ་ཞིག་བྱུང་། བུ་མོ་ཀྲོང་ཚུ་ཡིས་ཁོང་གཉིས་ལས་འཕྲོ་དེ་མཐུད་པ་བྱས་སོ། །མེས་རབས་བསམ་གཏན་པའི་གྲུབ་མཐའ་ནི་སྐྱེས་ཆེན་ཏ་མོའི་ཕྱག་ནས་རྒྱ་ནག་ཏུ་དར། སློབ་དཔོན་ཏ་མོའི་སྤྱན་ལམ་དུ་ཐམས་ཅད་པོ་ལ་རྟོགས་པ་སྐྱེ་མིན་གྱི་ཁྱད་པར་ལས། ཕྱོགས་ལ་ཤར་ལྷོ་དང་། ལུས་ལ་ཕོ་མོ་ཁྱད་ཅིག་ག་ལ་ཡོད། དེའི་ཕྱིར། སྒོམ་གྱི་ས་བོན་དེ་རྒྱ་ནག་ཏུ་འདེབས་པའི་སྐབས་དེར། བུ་མོ་དཔའ་མོ་ཀྲོང་ཚུ་རང་བཞིན་གྱིས་གནམ་ས་འགས་པར་བྱེད་པའི་སྙིང་སྟོབས་ཀྱིས་འོད་ཆེམ་ཆེམ་གྱི་སྒོམ་དབྱུག་ཕྱག་ཏུ་བླངས་ནས་བདེ་གཤེགས་ཡེ་ཤེས་ཀྱི་སྲོག་རྩ་དེ་འཇིག་རྟེན་འདིར་བརྒྱུད་པར་མཛད་དོ། །
བདེ་བར་གཤེགས་པའི་ངོ་ཁ་ན་ལུས་ལ་ཕོ་མོའི་ཁྱད་མི་སྲིད། སྒོམ་ཆེན་མ་དེའི་མཚན་ལ་ཏ་ཅེས་དང་ཡང་ན་ཀྲོང་ཚུ། ཡང་ན་མེན་ཉན་ཟེར། རུས་བོས་ཚང་གི་ཁྱིམ་རྒྱུད་དུ་སྐྱེ་བ་ཡིན། མོ་ཉང་བོས་རྒྱལ་པོའི་བུ་མོ་ཡིན་པར་གྲགས། ཀྲོང་ཚུ་ནི་སྐྱེས་ཆེན་ཏ་མོའི་དངོས་སློབ་ཡིན། དངོས་སུ་མཐར་ཐུག་གི་སེམས་གནད་ཟབ་ཆོས་ཀྱི་རྟོགས་པ་ཐོབ་མཁན་མ་ཞིག་ཡིན། སྒོམ་ཁྲིད་པའི་འཕྲིན་ལས་རྫོགས་ལ་ཉེ་སྐབས། སྐྱེས་ཆེན་ཏ་མོས་ཡང་རང་ཡུལ་རྒྱ་གར་ལ་ཕེབས་རན་པས་ཁོང་གིས་ཐུགས་དགོངས་ལ་སློབ་བུ་ཚོའི་རྟོགས་པའི་ཚད་ལ་རྒྱུས་ལོན་ཞིག་དགོངས་ནས་ཀུན་པོ་སྐུ་མདུན་དུ་བོས་ཏེ། སྐྱེས་ཆེན་ཏ་མོས་ཀུན་ལ། ད་ནི་དུས་སུ་སླེབས་པས། ཁྱེད་རྣམ་པས་རང་རང་གི་མྱོང་ཚོར་དེ་དྲང་པོར་བརྗོད་པར་གྱིས་ཞེས་གསུངས། སློབ་མ་ཏ་སྤོས་ཀྱིས་ངས་བལྟས་ན། ཡི་གེ་ལ་འཛིན་པ་མེད་པར་ཡི་གེ་དང་མི་འབྲལ་བ་ནི་ལམ་རེད་སྙམ། ཏ་མོས་ཁྱེད་ཀྱིས་ངའི་ཤུན་པ་ཙམ་རྙེད་འདུག་གསུངས། ཀྲོང་ཚུ་དགེ་སློང་མས་ངས་བལྟས་ན་དཔེར་ན་ཀུན་དགའ་བོས་སངས་རྒྱས་མི་སྤྱོད་པའི་ཞིང་ཁམས་གཟིགས་པ་བཞིན། མཐོང་བས་ཇེ་མི་མཐོང་བ་ཡིན་སྙམ། ཞེས་གསུངས། ཏ་མོས་ཁྱེད་ཀྱིས་ངའི་ཤ་རྙེད་འདུག་གསུངས། ཏ་ཡོས་ཀྱིས་ས་ཆུ་མེ་རླུང་ཀུན་ཡེ་སྟོང་རེད། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམས་ཀུན་ཀྱང་མེད། བདག་གིས་མཐོང་བའི་ཡུལ་ན་ཆོས་གཅིག་ཀྱང་མི་རྙེད་དོ་ཞེས་གསུངས། ཏ་མོས་ཁྱེད་ཀྱིས་ངའི་རུས་པ་རྙེད་དོ་གསུངས། ཆེས་མཇུག་ཏུ་སློབ་དཔོན་ཧོས་ཁེས། བླ་མ་ཏ་མོ་ལ་གུས་ཕྱག་འཚལ་ནས་རང་གནས་དེ་ན་དྲང་ངེ་བཞེངས་ཏེ་འདུག་པ་ལ། ཏ་མོས་ཁྱེད་ཀྱིས་ངའི་སྙིང་པོ་ལོན་ཡོད་ཅེས་གསུངས་སོ། །
སྐྱེས་ཆེན་ཏ་མོས་རྒྱལ་ཚབ་ཏུ་མེས་པོའི་སློབ་དཔོན་གཉིས་ཧོས་ཁེ་བཞག་ཀྱང་། དགེ་སློང་མ་ཀྲོང་ཚུས་ཀྱང་སློབ་དཔོན་ཏ་མོའི་ཤ་རྙེད་པའི་སྒོམ་ཆེན་མ་ཡིན་པ་ལ་སྒྲོ་སྐུར་གྱི་ཐེ་ཚོམ་བྲལ། མ་ཟད་རྒྱ་ནག་གི་དགེ་མའི་བསམ་གཏན་མ་དང་པོ་ཡིན། སྒོམ་ཆེན་མ་ཀྲོང་ཚུ་དེ་རྗེས་ཧིས་ཀྲོས་པན་ནེང་རི་བོ་རུ་ཕེབས། དེ་རུ་ཉིན་མཚན་མེད་པར་མདོ་ཕལ་བོ་ཆེ་བཀླགས། ཁྲི་ཚར་ཡན་ཆོད་ཞིག་བཀླགས་ནས་ལོ་ཉི་ཤུའི་རིང་ལ་རི་བོ་དེ་ནས་གཞན་གང་ལ་ཡང་མ་བྱོན། མོས་ཟབ་རྒྱས་ཀྱི་ཡོན་ཏན་གྱིས་ནམ་མཁའི་བྱ་ཡང་འགུགས་པས་བྱ་དཀར་རྣམས་ཀྱིས་མོས་མདོ་ཕལ་བོ་ཆེ་ཀློག་པ་ལ་ཉན་ཏེ། བྱ་དཀར་རྣམས་ལ་ཆོས་ཐོབ་པས་ན་རི་བོ་དེ་ཡི་མིང་ལ་བྱ་དཀར་རི་བོ་ཐོག་གོ། དེ་ནས་སྒོམ་ཆེན་མ་མྱ་ངན་ལས་འདས་རྗེས། མོས་རྒྱུན་དུ་སྒྲུབ་པ་མཛད་པའི་གནས་སུ་མཆོད་རྟེན་ཞིག་བཞེངས་ནས་མོའི་སྐུ་གདུང་དམར་གདུང་ཧྲིལ་བོ་ནང་དུ་བཞག་གོ། ཉང་ཏ་ཐོང་གི་ལོའམ་སྤྱི་ལོ་༥༣༥ལོ་ལ་ངོ་མཚར་བའི་གནས་ཚུལ་ཞིག་བྱུང་། སྐུ་གདུང་མཆོད་རྟེན་དེའི་ནང་དུ་གློ་བུར་དུ་པདྨ་སྔོན་པོ་ཞིག་འཁྲུངས། ཀུན་གྱིས་ཡ་མཚན་ཆེན་པོ་སྐྱེས་ཏེ། མཆོད་རྟེན་གྱི་སྒོ་ཕྱེས་ཏེ་བལྟས་ཚེ་སྒོམ་ཆེན་མ་ཀྲོང་ཚུའི་ལྗགས་དབང་གི་སྟེང་དུ་པདྨ་སྔོན་པོ་ཞིག་འཁྲུངས་འདུག་པར་མཐོང་བས་ཀུན་གྱིས་སངས་རྒྱས་བསྟན་པ་ལ་དད་པ་དཔག་མེད་རྙེད། རྗེས་ནས་གནས་དེ་རུ་དགོན་པ་ཞིག་བཞེངས། མཚན་ལ་ཧྥ་ཧ་དགོན་བཏགས། རྗེས་རབས་རྣམས་ཀྱི་མི་ཟད་པའི་དད་པའི་རྟེན་ཞིག་ཏུ་གྱུར་ཏོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།
༈ མོ་རི་བའི་ཨ་ནེ་ཉྭ་རན།
སྒོམ་ཆེན་མ་ཉྭ་རན་ནི་རྦེ་ཀྲོས་མོ་རི་བོར་བཞུགས། ཁོང་གི་མཚན་གཞན་ལ་མོ་རིའི་ཨ་ནེ་ཡང་ཟེར། ཁོང་ལ་ཨ་ནེ་ཐོགས་པ་ལ་གཏམ་རྒྱུད་འདི་འདྲ་ཞིག་ཡོད། ཉྭ་རན་ནི་ཀ་ཨན་གྱི་སྒོམ་ཆེན་ཏ་ཡེས་ཀྱི་ཆོས་རྒྱུད་ཡིན། མོ་ཏ་ཡེས་ཀྱི་མདུན་དུ་རྟོགས་པ་ཡོངས་སུ་རྫོགས་པ་སད་རྗེས། རྦེ་ཀྲོས་ཀྱི་མོ་རི་བོ་ལ་ཕེབས་ཏེ་འཁོར་ཚོགས་བསྡུས་ཏེ་ཆོས་བཤད། གདུལ་བྱ་སུ་ཡིན་ཀྱང་བསྡུས་བས་ན་གྲུབ་མཐའ་ཀུན་གྱི་མི་སྣ་ཚོགས་འདུས། ནམ་རྒྱུན་ཕེབས་ཏེ་ཉམས་ཚད་ལེན་ཞིང་རྩོད་པ་བྱེད་པ། སྒོམ་བཤད་གྲོས་གླེང་མཛད། ཉིན་ཞིག་ཚད་འཛིན་མ་ཤེས་པའི་གྲྭ་པ་མཚན་ལ་ཀྲི་ཤན་ཟེར་བ་ཞིག་ཕེབས། ཁོང་ང་རྒྱལ་ཧ་ཅང་ཆེ་བས་ཐ་མར་བ་ཞིག་མིན་སྙམ་མཁན་ཞིག་ཡིན། དེ་ཕྱིར་ཁོང་ཕྱིན་པའི་དོན་ནི་མོས་རི་ཨ་ནེ་ལ་ཕམ་ཁ་སྤྲད་པའི་ཆེད་དུ་ཡིན། ཁོང་ཡང་ཡང་ག་བ་ག་ལ་ཡིན། ཁོང་ནི་ཝེ་སྲིད་ཀྱི་འབངས་མི་ཧོས་པེ་ཞིང་ཆེན་ཀན་ཐའི་ནས་ཡིན། ཁྱིམ་རེས་ཧྲི། ལོ་ན་ཆུང་དུས་སྒོམ་ཆེན་པེ་ཡན་གྱི་མདུན་དུ་རབ་ཏུ་བྱུང་། རྗེས་ནས་སྒོམ་ཆེན་ནུན་ཅེས་ཡེས་བཤན་གྱི་མདུན་དུ་འོང་། ནུན་ཅེས་སྒོམ་ཆེན་ནི་ཐུགས་དྲག་ཅན་ཞིག་ཡིན། གདུལ་བ་འདུལ་ཐབས་ལ་ཆ་བཞག་གཏན་ནས་མེད། རེ་འགའ་རེ་ལ་མི་རེ་བཟུང་སྟེ་ཚིག་ངན་སྦྱིན་པ་དང་རྡུང་རྡེག་མཛད། དེའི་ཉིན་ཀྲི་ཤན་འོང་བ་མཐོང་ནས་ཐུགས་ཧ་ཅང་སྤྲོ་འདུག །ཁོང་ལ་འགྲན་པར་འདོད་ནས། སྐབས་དེར་ནུན་ཅེས་མདུན་སོང་སྟེ་སྤར་གང་གུས་བྲང་སྒོ་ནས་བཟུང་། ཀྲི་ཤན་བྱེའུ་ཆུང་ཁྲས་ཁྱེར་བཞིན་རེ་ཞིག་ལ་ཅི་ཡང་མ་བྱས། ནུན་ཅེས་ཀྱིས་སྐད་གསང་མཐོ་བར་ལན། ལན། ལན་ཞེས་གསུངས། དེ་སྐབས་ཀྲི་ཤན་གྱི་རྣམ་རྟོག་མེད་པར་དར་ཅིག་ཏུ་ལུས། ནུན་ཅེས་ཀྱིས་དེ་ལས་ཅི་བྱ་མེད་པས་སྤར་ཁ་ལྷོད་དེ་ཁོ་བོ་མངག་བཞིན་དུ་ཁྱེད་ད་རབས་མངག་འཇོག་ཅེས་གསུངས། ཀྲི་ཤན་ལ་མ་བརྡུངས་བ་ནི་དོན་ཆེན་ནང་གི་ཡང་ཆེན་རེད། དེ་ནས་བཟུང་ཀྲི་ཤན་གྱི་ཐུགས་རྒྱུན་ནུན་ཅེས་ཀྱི་ཆོས་ཐོས། གང་ལའང་འཇིགས་སྐྲག་མེད་པར་འགྱུར། ཐམས་ཅད་ལའང་རང་དབང་ཐོབ་སོང་སྙམ། རྗེས་ནས་ཁོས་བདག་གི་ནུན་ཅེས་མཐོང་དུས་ངས་ཅི་ཡང་མི་བཤད་པ་དེས་ད་ལྟའི་བར་དུ་ཕོ་བ་བརྒྱག་ནས་ལྟོག་མ་མྱོང་གསུངས་བ་ལ་ཁག་མེད། སྒོམ་ཆེན་པ་ཤེས་ཡན་རྦེ་ཡིས་ཚུལ་དེ་གྱིས་ཚུལ་དེ་ལ་བསྔགས་བརྗོད་གནང་མྱོང་བ་ནི། ཆར་བ་དྭངས་ཤིང་སྤྲིན་ཐོར་རྗེས། །ལྗིད་པའི་རི་བོ་བཅུ་ཕྲག་ཙམ། །ར་བར་བརྟེན་ནས་ཕྱོགས་རྣམས་སུ། །ཕྱིར་མིག་བལྟས་ཀྱང་སུ་དང་མཚུངས། །ཞེས་གསུངས། བལྟས་འོང་ན་ཀྲི་ཤན་དེ་སུ་དང་ཡང་མི་འདྲ་ཞིག་ཡིན་ཡང་། ཕངས་འོས་པ་ཞིག་ལ་ཁོང་ཡང་རི་ཕྱེད་ཙམ་ན་ལྷག་ཡོད། དེའི་ཉིན་དེ་ལ་ཀྲི་ཤན་ཡང་མོ་རི་ལ་ཕེབས་དོན་ནི། སྔོན་ནས་མོ་རི་ལ་ཕེབས་དོན་ནི། སྔོན་ནས་མོ་རི་བོའི་མཚན་སྙན་ཐོས་མྱོང་། དེ་རིང་ཁོའི་སེམས་ལ་གལ་ཏེ་ཉྭ་རན་གྱི་སྒོམ་ཚད་ཧ་ཅང་མཐོ་ན། དེ་རུ་རྒྱུན་དུ་འདུག་ཀྱང་མི་ཆོག་པ་མེད། དེ་མིན་ན་སྒོམ་ཁྲིད་དེ་མེད་པར་བྱེད་དོ་སྙམ། ཀྲི་ཤན་གྱིས་ཉྭ་རན་རྒྱ་མ་དུ་ཡོད་ཅིག་འཇལ་བར་བྱེད་འདོད་དེ། མ་ཕོམ་སྟེ་ས་ལ་འགྱེར་བ་ཞིག་བྱེད་དགོས་སྙམ། དེ་ལྟ་བུའི་འདུ་ཤེས་དྲག་པོའི་ངང་དུ་སྒོམ་ཁང་དུ་སོང་། མོ་རི་བས་ཅི་ཡང་མ་གསུངས། ཉྭ་རན་གྱི་མདུན་འདུག་གིས་ཀྲི་ཤན་ལ་ཁྱེད་འདིར་རི་འཁྱམ་དུ་འོང་ངམ། སངས་རྒྱས་ཀྱི་ཆོས་ཆེད་དུ་འོང་ཞེས་དྲིས། ཡིན། སངས་རྒྱས་ཀྱི་ཆོས་ཀྱི་ཆོས་ཀྱི་ཆེད་འོང་ཞེས་ལན་བཏབ་སྟེ་ཡིན་ཡིན་ལྟར་དུ་བཞུགས། དེ་ཕྱིར་ཉྭ་རན་ཆོས་ཁྲིའི་སྟེང་དུ་བཞུགས་ནས་དངོས་སུ་ཆོས་རྩོད་ཀྱི་མགོ་བརྩམ། ཀྲི་ཤན་ཡང་དེ་མ་ཐག་ཏུ་ཉྭ་རན་གྱི་མདུན་དུ་འོང་སྟེ་གུས་འདུད་ཞུས། ཉྭ་རན་གྱིས་ཁྱེད་གང་ཁ་བྲལ་ནས་འོང་ཞེས་ཞལ་དང་པོ་གྲགས། ཀྲི་ཤན་ང་ལམ་ཁ་དང་བྲལ་ནས་འོང་ཞེས་ལན་བཏབ། ཡང་ཉྭ་རན་གྱིས་ཁྱེད་ཀྱི་ཅིའི་མ་བཀག་ཅེས་དྲིས། ཀྲི་ཤན་གྱི་ཞལ་གྲགས་ཐབས་མེད་པར་གྱུར། ཅི་ཞིག་བཀག །ཀྲི་ཤན་ཁོ་རང་བཀག་ཟིན། ཀྲི་ཤན་གྱིས་ཕྱག་འཚལ་བས་ཐབས་གཞན་མ་རྙེད། དྲི་བ་གཅིག་གིས་ཀྲི་ཤན་ཕམ་པ་དེ་ཁོའི་བླ་མ་ནེན་ཅེས་དེ་ལ་ངོ་ཚ་གཏད་པར་ཡང་གྱུར། ཀྲི་ཤན་གྱིས་དེ་ཙམ་ཞིག་རང་ཕམ་པ་དེ་ཁས་མ་བླང་བར་སླར་ཡང་སྤོད་པ་བསྐྱེད་དེ་ཉྭ་རན་ལ་ཅི་ཞིག་ལ་མོ་རི་བོ་ཟེར་ཞེས་དྲིས། མོས་རྩེ་མོ་མི་བུད་པའོ། །ཞེས་ལན་བཏབ། རྩེ་གཟུགས་མ་མཐོང་བ་དེས་རྗེས་མེད་དུ་དྭངས་སོང་། ཀྲི་ཤན་གྱིས་ཡང་ངའི་ཁ་གཏད་ཀྱི་མི་འདི་སུ་ཞེས་དྲི་བཞིན་བསམ་པ་ལ་སྣང་བ་དང་སྣང་ཡུལ་འགལ་བས་རྔ་མ་རེ་རྙེད་སྲིད། དེ་རྙེད་ན་སྒོམ་ཁྲིད་དེ་མེད་པར་བྱེད་སྙམ། ཡང་བསྐྱར་མོ་རི་བོའི་བདག་པོ་དེ་ཅི་འདྲ་ཡིན་ཞེས་དྲི་བ་གཉིས་བཀོད། མོས་ལན་དུ་ཕོ་མིན་མོ་མིན་ཞེས་བཏབ། ཀྲི་ཤན་གྱིས་བསམ་པར་མོས་ད་ཐེངས་གཟུགས་ཤིག་ཁས་བླངས་བས་ད་ཝ་མོའི་རྔ་མ་ཟིན་སོང་སྙམ་ནས་སྐད་གསང་མཐོན་པོས་འོ་ན་ཁྱེད་ཅི་ཕྱིར་གཅིག་ཏུ་མི་སྒྱུར་ཞེས་དྲིས། ཀྲི་ཤན་གྱི་མགོ་བོ་རྨོངས་སོང་། མོ་རི་བོའི་ཨ་ནེ་དེ་མདོ་པད་དཀར་དུ་གསུངས་བའི་ཀླུ་མོ་ཡིན་སྙམ་མམ། ཉྭ་རན་མོ་སངས་རྒྱས་སུ་བསྒྱུར་སྙམ་མམ། འོན་ཀྱང་ཉྭ་རན་གྱིས་དལ་བའི་ངང་དུ་ལྷ་མིན་ལ་འདྲི་ཡང་མིན་ཞན་ཅི་ཞིག་ཏུ་བསྒྱུར་ཅེས་ལན་བཏབ། ཀྲི་ཤན་ད་ཐེངས་ཡོངས་སུ་བཀག་ཟིན་པས་ཁས་མི་ལེན་ཐབས་ཟད་པར་གྱུར། དྲི་མེད་གྲགས་པའི་མདོའི་ནང་དུ་ཤཱ་རིའི་བུས་བྱང་ཆུབ་སེམས་མ་ལྷ་མོ་མཐོང་བ་དང་འདྲ། སྒོམ་ཆེན་ལྷ་བུ་ཀྲན་ཇེ་གནས་ཚུལ་དེ་ལ་བསྔག་བརྗོད་འདི་འདྲ་གནང་། ཕོ་མིན་མོ་མིན་གཟུགས། ཡོད་མེད་ཚད་ལས་འདས། གཡོ་ཐབས་ཁྲི་མངོན་སྔོན། སྲིད་གསུམ་གནས་ལས་བརྒལ། དོན་མཐར་ཐུག་ཅིང་བྱང་ཆུབ་པ། ཚིག་སླ་ཞིང་རན་པ། ཤིང་སྡོང་རླུང་དང་ལྡན་ཞིང་མཚན་མོ་ཀྲང་། ཆུ་བོ་ཆར་དང་འདྲས་ཤིང་དཔྱིད་དུས་རྒྱས། ཞེས་གསུངས། བལྟས་འོང་ན་སྤར་རི་འདི་སྤར་རི་བཟང་པོ་དང་། ཆུ་བོ་ཡང་ལས་དང་འགྲོགས་ཏེ་ཤར་ལྷོ་རུ་བཞུར་སོང་། སྒོམ་ཆེན་ཙི་ཏེ་ཧེན་གྱིས་ཀྱང་། ཕོ་མིན་མོ་མིན་ཅིག་རྐྱང་རང་དབང་ཅན། སྐུ་ལུས་སྡེམ་སྡེམ་སུ་ཡིས་མཐོ་སྙེག་ནུས། ཚིག་གཅིག་མེད་ཀྱང་ལྷ་ཡི་སྤྱན་སྟོང་ལྡན། ཨ་སྔོན་གནམ་དུ་རླུང་མེད་ཟླ་བ་གསལ་ཞེས་གསུངས། ནམ་མཁའི་ཟླ་བ་ནི་དོ་ནུབ་ལྷག་པར་དུ་གསལ་ལོ། །དེ་ནས་བཟུང་ཀྲི་ཤན་ཡང་དགའ་བཞིན་སྤྲོ་བཞིན་དུ་མོ་རི་བོར་ལོ་གསུམ་ལ་ཚལ་ར་ནང་དུ་འགན་ཁུར་ནས་བཞུགས། ཉིན་བཞིན་དུ་དཀའ་བ་སྤྱད་ནས་མོ་རི་བ་ལ་ཞབས་བཏགས་ཕུལ། ཚོད་མ་ལྗིད་པོ་ཁུར་ནས་ཟ་ཁང་དུ་ཟ་མ་ལས་པའི་བྱ་བ་འབའ་ཞིག་ལ་འབད་དེ་ཁོང་རང་ཚོས་བློ་བདེའི་ངང་དུ་ཆོས་རྩོད་པ་དང་སྒོམ་པར་མཛད། ཀྲི་ཤན་རྗེས་ནས་ཧོ་ལན་ཁྲང་སའི་ཀན་ཤས་རི་བོ་ནས་བཞུགས། དེ་ནས་ཀན་ཤས་ཀྲི་ཤས་ཞེས་མཚན་ཐོགས། ཉིན་ཞིག་ཚོགས་གྲལ་དུ་ངས་ནུན་ཅེས་མེས་པོའི་སྐུ་མདུན་དུ་ཕྱེད་ཀ་རྙེད་ལ། མོ་རིའི་ཨ་ནེ་ནས་ཕྱེད་ཀ་རྙེད་པས་སྡོམ་ན་ཁ་ཚང་ཞིག་རྙེད། ཟས་ཚར་ནས་ད་བར་ཡང་བརྒྱགས་ནས་བཀྲེས་མ་མྱོང་ཞེས་གསུངས། བལྟས་འོང་ན་ཀན་ཤས་འདི་ཉིད་ཀྱིས་མོ་རིའི་ཨ་ནེ་མཚན་སྙན་གནམ་འོག་ཏུ་རྨོས་བས། ད་བར་འབྲུག་ལྟར་གྲགས་འདུག །མོ་རིའི་ཨ་ནེ་ཡི་གཞན་ཕན་གྱི་ཕྲིན་ལས་ཚད་ལས་འདས། ཐབས་མཁས་ཁྲི་སྟོང་གིས་སེམས་ཅན་འདུལ་བར་མཛད། མི་སེམས་སོར་རྩེ་མས་བསྟན། ཡང་རབ་བྱུང་ཞིག་གིས་ཨ་ནེ་ཉྭ་རན་ལ་སྒོམ་དྲི་བའི་ཆེད་མདུན་དུ་འོང་། མོས་ཁོ་ལ་འབག་བརྩོད་ཆེན་པོ་ལས་སྐྱེ་བ་ཞེས་སྨྲས། ཉྭ་རན་གྱིས་ཁོ་ལ་རྩོག་ལྟ་བར་འདོད་ནས་མེ་ལོང་ཞིག་ཁོ་ལ་བསྟན། དཔེར་ན་སྒང་ལུ་ཞིག་ཁྱི་ཡི་མདུན་དུ་འཕང་སྟེ་ཁ་གཙེས་པ་བཞིན། རབ་བྱུང་དེ་ཡིས་སྒང་ལུ་དེ་ལ་ཁྱིས་སོ་བཏབ་བཞིན་ལྕགས་ཀྱུས་བཟུང་བར་འགྱུར། དེ་ལྟར་ཡིན་ཡང་སེང་གེ་ཞིག་གི་བུ་ཡིན་ཞེས་ཉ་མོ་ལྕགས་ཀྱུས་བཟུང་། འབྲོ་ས་མེད་པར་རང་གིས་རང་འཛིན་པར་བྱས་རང་སེང་གེའི་བུ་ཡིན་པར་ཁས་བླངས། ཨ་ནེ་ཐེ་ཚོམ་ཟ་བའི་ཉམས་ཀྱིས་སེང་གེའི་བུ་ཡིན་ན། འཇམ་དཔལ་གྱི་ཆིབས་པ་ཅིའི་ཕྱིར་ཡིན་ཞེས་གསུངས། རབ་བྱུང་དེས་ལན་སྦྱིན་ཐབས་ཟད། རབ་བྱུང་དེ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་བཞི་བཀོད་དེ་ཨ་ནེ་ཉྭ་རན་གྱིས་ལན་མི་ལོན་པའི་དྲི་བ་ཞིག་བཙལ། རབ་བྱུང་གིས་ཨ་ནེ་ལ་གདོད་མའི་སངས་རྒྱས་ཀྱི་ཐུགས་དེ་ཅི་འདྲ་ཞིག་ཡིན་ཞིས་དྲིས། ཁོ་རང་གིས་བསམ་པར་བྱམས་དང་སྙིང་རྗེ། ཤེས་རབ་དང་ལྡན་པ། བྱང་ཆུབ་པ་སོགས་ལ་འདས་བར་མི་ནུས་པས་ཚར་གཅད་ཆོག་སྙམ། མ་བསམ་ས་ནས་ཉྭ་རན་འཇིག་རྟེན་ཐམས་ཅད་མེད་སོང་ནའང་། ཞེས་ལན་སྦྱིན། ཁོས་ཅིའི་ཕྱིར་ན་འཇིག་རྟེན་འདི་མེད་ན་དགའ་ཞེས་དྲིས། ཡང་ཉྭ་རན་གྱིས་བདག་གི་ལུས་མེད་ན་ཅི་མ་རུང་ཞེས་གསུངས། དུས་གསུམ་རྒྱུན་ཆད། རྟོགས་དཀའ་གནས་ལུགས་ཀུན་རྟོགས། ང་བདག་སྟོང་པར་གྱུར། ཡིན་ན་ཡང་ཨ་ནེའི་ཐུགས་སྙིང་རྗེ་ཆེན་པོས་བདག་གི་ལུས་འདི་མེད་ན་ཅི་མ་རུང་འང་ཞེས་པས་གདོད་མའི་སངས་རྒྱས་ཀྱི་ཐུགས་གསལ་བར་ཤེས་སོ།། །།མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།