མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་བཞུགས་སོ། །མཁའ་འགྲོ་མ་དབང་སྒྲོན་གྱི་གཏེར་མ།
ན་མོ་བི་མ་ཊཀྐེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ས་མ་ཡ༔ ཡེ་དབྱིངས་མི་འགྱུར་ཁྱབ་བདག་འབྱམས་ཡས་ན༔ ཀུན་ཏུ་བཟང་མོ་ཀློང་ཆེན་གཡོ་བ་མེད༔ སྟོང་ཉིད་སྤྲོས་བྲལ་སྣང་མེད་དཔེ་ལས་འདས༔ མཁའ་ལྟར་ཀུན་ལ་ཡོངས་ཁྱབ་ཡེ་ཉིད་བདག༔ གང་གི་མཐའ་དབུས་ཕྱོགས་མཚམས་མཚན་མ་བྲལ༔ གནས་ཞིང་གདུལ་བྱ་ཐ་དད་ཅེས་བྱ་མེད༔ སྐྱེ་འགགས་མེད་པ་ཟུང་འཇུག་ཡེ་ཤེས་སྐུ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འབད་རྩོལ་མེད༔ རྒྱལ་བ་ཀུན་གྱི་ཡུམ་གཅིག་བ་གའི་ཀློང་༔ མཉམ་ལ་མ་འདྲེས་མི་སྣང་འོད་དུ་ནུབ༔ རྣམ་པར་མི་འབྱེད་འཁོར་འདས་རྒྱ་མ་ཆད༔ དུས་གསུམ་དུས་མེད་འདའ་བ་མེད་པའི་ཞིང་༔ སྟུག་པོ་བཀོད་པ་མཐའ་ཡས་དམིགས་མེད་བདལ༔ གཞི་མེད་རྩ་བྲལ་འགག་མེད་རོལ་པ་ཤར༔ ཀུན་ཏུ་བཟང་མོ་ཀུན་གྱི་མཉམ་པ་ཉིད༔ གདོད་ནས་རང་བཞིན་མ་གྲུབ་སྣང་བཞིན་དུ༔ བོན་ཀུན་སྒྱུ་མའི་རོལ་པ་གྲོལ་འཁྲུལ་བྲལ༔ སྤང་བླང་མེད་པར་ཡེ་ཤེས་ངང་གིས་གསལ༔ ཀུན་ཏུ་མ་སྒྲིབ་ཟང་མ་ཐལ་ལེར་གཟིགས༔ ཉིད་ལས་མི་གཞན་དགོངས་བརྒྱུད་བདེ་གཤེགས་ཚོགས༔ བརྗོད་འདས་བསམ་གྱིས་མི་ཁྱབ་བསལ་བཞག་མེད༔ མཉམ་བདལ་ཀུན་ཏུ་བཟང་མོའི་ཀློང་དུ་ཆུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐོག་མའི་བདེར་གཤེགས་རྒྱ་མཚོའི་ཀློང་ཆེན་མོ༔ ཡེ་ཉིད་ཁྱབ་བདལ་ཆེན་པོར་བཞུགས་ན་ཡང་༔ འགགས་མེད་རྩལ་ལས་ལྷུན་གྲུབ་མཚན་དཔེ་འབར༔ ཀློང་ལས་མཉམ་སྦྱོར་སྐུ་དང་ཡེ་ཤེས་ཀྱི༔ རང་བྱུང་ལྷུན་གྲུབ་རང་བཞིན་རྫོགས་པའི་ཞིང་༔ ཡེ་བཞུགས་ཆེན་མོ་དགོངས་པ་ཀ་ནས་དག༔ ཐོག་མཐའ་བར་གྱི་དབྱེ་བ་མ་མཆིས་ཀྱང་༔ འགགས་མེད་བརྡ་ལས་ཕུན་སུམ་ཚོགས་པ་ལྔ༔ མི་སྐྱེ་འགགས་མེད་ས་ཏྲིག་ཨེར་སངས་ཡུམ༔ ཐམས་ཅད་ཤེས་རབ་གསལ་བའི་མངོན་གྱུར་མཆོག༔ སྐུ་ནི་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན༔ གསུང་ནི་མ་འགགས་བརྡ་ཡིས་གང་འདུལ་སྟོན༔ ཐུགས་ནི་མི་གཡོ་མཁྱེན་བརྩེའི་འོད་ཟེར་སྤྲོ༔ ཡོན་ཏན་དགོས་འདོད་ཀུན་འབྱུང་ཉིད་ཀྱི་ངང་༔ ཕྲིན་ལས་འབད་མེད་རྩོལ་བྲལ་ལྷུན་གྱིས་གྲུབ༔ གནས་ཀྱི་བཀོད་པ་ཞིང་ཁམས་ཚད་ལས་འདས༔ གཞལ་ཡས་ཁང་ནི་རྒྱ་ཆད་ཕྱོགས་རིས་མེད༔ དབྱིབས་ནི་གྲུ་བཞི་རིན་ཆེན་སྣ་ཚོགས་གྲུབ༔ ལོགས་བཞིར་གློ་འབུར་རིགས་ཀྱི་རྟགས་མཚན་བརྒྱན༔ ཁ་དོག་མ་འདྲེས་སྣ་ལྔའི་འོད་ཟེར་འཕྲོ༔ རྣམ་ཐར་བཞི་ལྡན་སྒོ་དང་སྒོ་ཁྱུད་ཅན༔ ཚད་དང་མཚན་ཉིད་བསམ་བརྗོད་དཔེ་ལས་འདས༔ ནང་དུ་རིན་ཆེན་སེང་ཁྲི་པད་ཉི་ཟླ༔ སྐྱོན་བྲལ་ཐབས་ཤེས་སྟེང་དུ་ཤེས་རབ་ཡུམ༔ ས་ཏྲིག་ཨེར་སངས་བཙོ་མ་གསེར་གྱི་མདོག༔ མཚན་དཔེའི་གཟི་བྱིན་ལྟ་བས་བརྗོད་མི་ལང་༔ འོད་ཟེར་ཕུང་པོ་བྱེ་བ་དུ་མ་འགྱེད༔ ཡེ་ཤེས་རང་མདངས་ཁ་དོག་སྣ་ཚོགས་འབར༔ ཞལ་གཅིག་ཕྱག་གཉིས་རལ་གྲི་མེ་ལོང་འཛིན༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་ཁྲི་སྟེང་བཞུགས༔ སེམས་དཔའ་སེམས་མ་ཞི་ཁྲོ་སྲས་འཁོར་བཅས༔ བྱེ་བ་ས་ཡ་རིགས་ལྔའི་ཚུལ་དུ་བསྐོར༔ སྐུ་དང་ཡེ་ཤེས་མ་འདྲེས་སོ་སོར་བསྟན༔ དེ་བཞིན་གཤེགས་དང་དེ་བཞིན་གཤེགས་མ་སོགས༔ ཐམས་ཅད་མ་ལུས་བཙུན་མོ་ཡུམ་གྱི་ཀློང་༔ དབྱེར་མེད་རང་བཞིན་མཐའ་ཡས་ཁྱབ་པའི་བདག༔ སྐྱེ་མཆེད་ཕུང་ཁམས་དག་པའི་གདན་གསུམ་ལ༔ ལྷ་ཚོགས་དཀྱིལ་འཁོར་ཡོངས་རྫོགས་བཀོད་པ་བཀྲ༔ གསལ་ལ་གཉིས་མེད་མི་ཟད་རྒྱན་འཁོར་བཞུགས༔ དཀྱིལ་འཁོར་སྟོང་ཕྲག་དུ་མའི་སྤྲོ་བསྡུ་མཛད༔ བླ་མེད་ཤེས་རབ་ཕར་ཕྱིན་བདག་ཉིད་གཙོ༔ དབྱིངས་ཡེ་རོལ་པ་ཕྱག་རྒྱ་མ་བསྐྱེད་རྫོགས༔ བཟང་མོའི་མཁའ་ལ་ལྷ་དང་ལྷ་མོ་ཤར༔ དོན་རྟགས་ཇི་བཞིན་བོན་ཉིད་དེ་བཞིན་ཉིད༔ སྟེང་འོག་སྒོ་ལས་རྩལ་ཆེན་ཐབས་ཤེས་ཀྱི༔ འཇུག་སྒོ་འཇུག་ཏུ་མེད་པའི་ཤེས་རབ་ཀྱིས༔ ས་ཏྲིག་ཨེར་སངས་ཡུམ་གྱི་སྐུ་རུ་རྫོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱབ་བདག་ཀུན་ཏུ་བཟང་མོ་ཡུམ་ཆེན་གྱིས༔ ཤེས་རབ་གསལ་བ་ཕར་ཕྱིན་སྐུར་བཞེངས་པའི༔ ཐུགས་རྗེ་ཐབས་ཀྱི་ས་ཆེན་ལྷ་མོར་སྤྲུལ༔ ཀུན་ཏུ་མཐའ་ཡས་འགྲོ་བའི་དོན་ལ་དགོངས༔ རྣམ་པ་གྲངས་མེད་བཀོད་པ་བསམ་མཐའ་ཡས༔ ཐུགས་རྗེ་ཕྱོགས་མེད་འགྲོ་བ་ཡོངས་ལ་ཁྱབ༔ ཐོག་མཐའ་མེད་པར་རང་བཞིན་མཁའ་ལ་གནས༔ དཔག་མེད་སངས་རྒྱས་སྟོང་གི་དོན་རབ་འབྱེད༔ གདུལ་བྱའི་ཞིང་ཁམས་ཚད་མེད་ཐུགས་རྗེས་སྐྱོང་༔ ཐུགས་རྗེ་དེ་ཉིད་ཀུན་ལ་བྱམས་པས་གདུང་༔ ཞི་རྒྱས་དབང་དྲག་ལས་བཞི་རྒྱུན་གྱི་ལྷ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔག་མེད་སྟོན༔ འགྲོ་བའི་དཔལ་དང་ཆེ་བའི་ཡོན་ཏན་རྫོགས༔ མཁྱེན་བརྩེའི་དགོངས་སྤྱོད་བསམ་གྱིས་མི་ཁྱབ་མཛད༔ བྱམས་ཆེན་ལྷ་མོ་འབུམ་ཕྲག་དུ་མ་འགྱེད༔ ལྷུན་གྲུབ་མཉམ་བདལ་གཞལ་ཡས་ཕུན་སུམ་ཚོགས༔ རིན་ཆེན་ཁྲི་རྐང་པད་ཉི་ཟླ་བའི་སྟེང༔ ཐུགས་རྗེ་བྱམས་མ་ལྗང་གསལ་མཚན་དཔེ་རྫོགས༔ རིགས་ལྔའི་རྒྱན་རྫོགས་ཕྱེད་སྐྱིལ་ཚུལ་དུ་བཞུགས༔ ཕྱག་གཡས་གསེར་བུམ་གཡོན་གྱིས་མེ་ལོང་འཛིན༔ གསལ་སྟོང་འཛིན་མེད་འོད་ཀྱི་སྐུ་རུ་བཞུགས༔ བྱམས་མ་སྲས་ཡུམ་དཔག་མེད་གྲངས་འདས་བསྐོར༔ ཚད་མེད་བཞི་ཡིས་མ་རྣམས་བྱམས་སེམས་སྐྱོང་༔ སྨིན་པའི་སེམས་ཀྱིས་གདུལ་བྱ་ཁ་ལོ་བསྒྱུར༔ སྦྱིན་པའི་བྱམས་མས་གཏོང་དང་གཏོང་བ་སྡུད༔ ཚུལ་ཁྲིམས་བྱམས་མས་སྲུང་དང་སྲུང་བ་སྐྱོང་༔ བཟོད་པའི་བྱམས་མས་བཟོད་དང་བཟོད་པ་བསྐྱེད༔ བརྩོན་འགྲུས་བྱམས་མས་བརྩོན་དང་བརྩོན་པར་སྒྲུབ༔ བསམ་གཏན་བྱམས་མས་མི་གཡོ་གཡོ་མེད་བསྒོམ༔ ཤེས་རབ་བྱམས་མས་ཤེས་དང་ཤེས་བྱ་གྲོལ༔ ཐམས་ཅད་བྱམས་མའི་དོན་ལ་འཇུག་པར་བསྐུལ༔ ཀུན་ཀྱང་རྒྱལ་ཡུམ་བྱམས་མའི་ངང་ཉིད་དུ༔ དོན་དམ་བྱང་ཆུབ་སེམས་ཀྱིས་འགྲོ་ཀུན་སྨིན༔ སྣང་མེད་དཔེ་འདས་བརྗོད་མེད་བློ་དང་བྲལ༔ རང་བྱུང་ཡེ་ཤེས་སྐྱེ་འགགས་གནས་གསུམ་བྲལ༔ མཉམ་སྙོམས་ཕྱག་རྒྱས་རིགས་དང་ཚེ་ཡི་འཕྲང་༔ སྒྲ་བྱད་ཀླུ་གདོན་སྐྱོན་སྒྲིབ་གཟའ་ནད་གྲིབ༔ མུ་སྟེགས་ལོག་པའི་འཚེ་བ་ངན་པ་སོགས༔ བྱམས་མ་དྲན་པ་ཙམ་གྱིས་འཇིགས་ཚོགས་ཞི༔ ཆོ་འཕྲུལ་བར་ཆད་མི་མཐུན་རྒོལ་ངན་བཏུལ༔ གསང་རིགས་གཟུངས་གསུམ་སྔགས་ཀྱི་བདག་ཉིད་མཆོག༔ ཡུམ་ཆེན་ཀློང་ལས་ཤར་ཞིང་ཀློང་དུ་ཆུབ༔ སྣང་བ་ཐམས་ཅད་བོན་འབུམ་ལྔ་ཡིས་བསྟན༔ བོན་རྣམས་སེམས་ཀྱི་རང་བཞིན་གཤེན་གྱིས་དགོངས༔ ཐེག་ཆེན་ཡང་དག་གྲུབ་པའི་ཡོན་ཏན་མཐོང་༔ འབུམ་ལྔ་དགེ་བ་འཕེལ་དང་སྒྲིབ་པ་སྡོམ༔ ལམ་སྐབས་ཕྱེ་དང་གཞན་གྱི་དོན་ཆེན་ནུས༔ མངོན་པར་རྫོགས་སངས་རྒྱས་དང་དོན་ཆེན་འགྲུབ༔ དེ་ཡང་བླ་མེད་དོན་དམ་ཡེ་ཤེས་དོན༔ སྐྱེ་མེད་ཡེ་ཤེས་སྙིང་རྗེའི་གོ་ཆ་ཡིས༔ དབྱིངས་ཤེས་མཁའ་མཉམ་བྱམས་ཆེན་ཀློང་ཉིད་དུ༔ ཐབས་ཤེས་ཟུང་འབྲེལ་ངེས་དོན་ཡོངས་སུ་རྫོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་ཅིག་བྱམས་མ་ཐུགས་རྗེ་དབང་གི་དབྱིངས༔ འོག་མིན་གནས་དང་དགའ་ལྡན་གནས་ཆེན་སོགས༔ རབ་འབྱམས་མུ་མེད་ཞིང་ལ་དབང་བསྒྱུར་བས༔ མཁའ་འགྲོ་རྒྱ་མཚོའི་བདག་ཉིད་ཀྱེ་མ་འོད༔ སྟོང་པའི་ངང་ལས་དག་དང་མ་དག་པའི༔ སྐུ་དང་ཞིང་ཁམས་འབུམ་ཕྲག་བསམ་ཡས་པར༔ ཐུགས་རྗེ་དྲག་རྩལ་ཤུགས་ཀྱིས་འདུལ་བ་ལ༔ ཅི་ལ་མི་རྟོག་སྟོང་གསལ་བདེ་བའི་སྐུ༔ འཁོར་འདས་གང་དུ་བཞུགས་ཀྱང་བོན་ཉིད་དབྱིངས༔ བདེ་ཆེན་ངང་ལས་རང་བྱུང་ཡེ་ཤེས་ཆེ༔ ཐིག་ལེ་ཉག་གཅིག་གཡུང་དྲུང་སྐུ་མངའ་བ༔ རྟེན་གནས་འོག་མིན་འདའ་བ་མེད་པའི་ཞིང་༔ དཀར་ལ་ཁོད་སྙོམས་དྲི་མེད་ལྷ་ཡི་ཡུལ༔ གཙང་ལ་ཉམས་དགའ་རང་འོད་རིན་ཆེན་གུར༔ ཡངས་ཤིང་རྒྱ་ཆེ་ནང་དུ་སྐྱོན་བྲལ་ཁྲི༔ པདྨ་ཉི་ཟླའི་སྟེང་དུ་སྐུར་གསལ་བ༔ ཀྱེ་མ་འོད་མཚོ་དམར་མོ་དབང་མདངས་ལྡན༔ ཞལ་གཅིག་ཕྱག་གཉིས་འགྱིང་བག་གར་གྱིས་བཞེངས༔ ཐོད་སྐམ་རིགས་ལྔའི་དབུ་བརྒྱན་རལ་ཕྲན་བཤལ༔ ཐོད་རློན་ཁྲག་འཛག་ལྔ་བཅུའི་དོ་ཤལ་འཕྱང་༔ གཡས་ཀྱིས་གྲི་ཁུག་མཁར་ཕྱར་ཚོགས་ཆེན་གཏུབ༔ གཡོན་གྱིས་ཀ་པཱ་ལ་ཉིད་ཁྲག་བཀང་གསོལ༔ བམ་རོའི་གདན་ལ་ཁ་ཊྭཱཾ་ག་འཆང་འགྱིང་༔ བདེ་བ་རབ་རྒྱས་མཚན་ཉིད་འབུམ་ཕྲག་གཡོ༔ སྐུ་དཀྱིལ་རྩ་གསུམ་རྩ་འཁོར་ལྔ་ཡིས་བརྒྱན༔ རྩ་ཆེན་བརྒྱ་རྩ་རྩ་ཕྲན་སུམ་བརྒྱ་དང་༔ ཡན་ལག་བརྒྱད་ཁྲི་བཞི་སྟོང་དེ་ལས་གྱེས༔ སྤྱི་བོར་ཐིག་ལེ་ལྟེ་འོག་ཨ་ཤད་མེ༔ བདེ་སྟོང་ཐིག་ལེ་བསམ་གྱིས་མི་ཁྱབ་པ༔ མེ་འབར་རླུང་གཡོས་དགའ་བདེ་བཅུ་དྲུག་གིས༔ རྩ་ཁམས་ལྷ་ཚོགས་གྲངས་མེད་ཐུགས་རྒྱུད་བསྐུལ༔ བདེ་བ་འབར་ཞིང་ལུས་ཀུན་མེར་གྱིས་ཁེངས༔ མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཏིལ་གོང་བཞིན༔ རིན་ཆེན་འོད་འབར་སྐུ་མཆོག་ལྡེམ་ལྡེམ་བྱེད༔ གསུང་དབྱངས་འགགས་མེད་གྲག་སྟོང་ལྡིར་ལྡིར་སྒྲོགས༔ ཐུགས་མཆོག་གཡོ་མེད་དགྱེས་ཞལ་ཡ་ལ་ལ༔ ཡོན་ཏན་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ ཕྲིན་ལས་གང་འདུལ་རྣམ་རོལ་ཤ་ར་ར༔ ཐོད་པ་ལྟག་སྤྲོད་རྔ་སྐད་འུ་རུ་རུ༔ བདུད་རྩིའི་ཐོད་ཞལ་གསལ་བ་མེ་རེ་རེ༔ མཁའ་འགྲོ་རྒྱ་མཚོའི་འཁོར་ཚོགས་ཐིབས་སེ་ཐིབ༔ གཞི་ལམ་འབྲས་བུའི་མ་ཚོགས་མཁའ་འགྲོ་རྣམས༔ རྩ་ཐིག་རླུང་བཅུད་རང་དབང་བསྒྱུར་ནས་སུ༔ རྩོལ་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཤར༔ ཐིག་ལེ་འབྲས་སྨིན་བདེ་ཆེན་སྐུ་ལྔའི་བདག༔ མཚན་མའི་མཐའ་འདས་འགྱུར་མེད་གཡུང་དྲུང་སྐུ༔ མཁྱེན་པའི་ཡེ་ཤེས་གང་འདུལ་འགྲོ་དོན་མཛད༔ རིག་འཛིན་སེམས་དཔའི་ས་ལ་གནས་པ་རྣམས༔ གྲུབ་པའི་གནས་ཆེན་ཕྱི་ནང་གསང་བ་ལ༔ བརྟེན་ནས་གསང་མཆོག་ཀྱེ་མ་འོད་མཚོ་སྒོམ༔ མཁའ་འགྲོའི་དུས་འདི་ཉིད་ལ་དངོས་གྲུབ་སྦྱིན༔ མཐོང་ལམ་ཡོན་ཏན་བརྒྱ་ཕྲག་བཅུ་དྲུག་གཅིག༔ འཆར་དང་རྟོགས་པ་ཕུལ་དུ་ཕྱིན་པ་སྟེ༔ དབྱིངས་ཀྱི་ཁྱད་པར་བརྒྱ་ཕྲག་རྟོགས་པ་དང་༔ ཡེ་ཤེས་ངོ་བོ་བརྒྱ་ཕྲག་མཐོང་བ་དང་༔ ཐབས་ཀྱི་རྣམ་སྤྲུལ་བརྒྱ་ཕྲག་སྣང་བ་དང་༔ ཤེས་རབ་ཆེན་པོའི་སྒོ་བརྒྱར་གསལ་བ་དང་༔ སངས་རྒྱས་བརྒྱ་ཡི་ཞལ་མཇལ་བོན་ཉན་དང་༔ སངས་རྒྱས་བརྒྱ་ཡིས་བྱིན་གྱིས་བརླབ་པ་དང་༔ བོན་གྱི་སྒོ་མོ་བརྒྱ་ཕྲག་བསྟན་པ་དང་༔ བོན་གྱི་ཞིང་ཁམས་བརྒྱ་གཡོ་ནུས་པ་དང་༔ བོན་གྱི་ཞིང་བརྒྱ་དུས་གཅིག་འགེངས་པ་དང་༔ སེམས་ཅན་བརྒྱ་ཡིས་འཁོར་དུ་བསྐོར་བ་དང་༔ སེམས་ཅན་བརྒྱ་ལ་སྤྲུལ་པ་མི་མཐུན་སྟོན༔ སེམས་ཅན་བརྒྱ་ཕྲག་དུས་གཅིག་སྨིན་གྲོལ་བཀོད༔ སྔ་ཕྱིའི་མཐའ་བརྒྱར་ཡེ་ཤེས་འཇུག་པ་དང་༔ ཏིང་འཛིན་སྒོ་བརྒྱར་འཇུག་ཅིང་ལྡང་བ་དང་༔ དུས་བསྐལ་བརྒྱ་ལ་བོན་བསྟན་ནུས་པ་སོགས༔ མཁའ་འགྲོ་ཀྱེ་མའི་བྱིན་རླབས་འབྱུང་བ་ཡིན༔ ཡོན་ཏན་དེ་རྣམས་བརྒྱ་སྟོང་ཁྲི་འབུམ་དང་༔ བྱེ་བ་ས་ཡ་དུང་ཕྱུར་ཁྲག་ཁྲིག་དང་༔ ཐེར་འབུམ་གྲངས་ལས་འདས་པ་ཆེན་པོར་འཕེལ༔ ས་དང་ལམ་གྱི་མངའ་བདག་མཁའ་འགྲོའི་ཚོགས༔ ཀྱེ་མ་འོད་མཚོའི་རང་བཞིན་མངོན་པར་ཆུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
སྤྲོས་བྲལ་བོན་དབྱིངས་ཕྱོགས་རིས་མེད་པ་ན༔ དུས་གསུམ་མཉམ་ཉིད་འབྱམས་ཡས་ཀློང་ཆེན་པོ༔ ལྷུན་གྲུབ་བདེ་ཆེན་ཕོ་བྲང་འོག་མིན་ཞིང་༔ གཡུང་དྲུང་གཏམ་པའི་ཁྲི་གཅན་ལྔ་ཡི་སྟེང་༔ ཐབས་ཤེས་པད་ཉི་ཟླ་བའི་གདན་ཉིད་ལ༔ རང་བྱུང་ཀུན་བཟང་གཤེན་ལྷ་འོད་དཀར་འཆང་༔ ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་བཞེངས༔ ས་ཏྲིག་ཨེར་སངས་ཡུམ་དང་གཉིས་མེད་རོལ༔ སྣང་སྟོང་སྐུ་མཆོག་མཁྱེན་བརྩེ་ལྡན་པ་ཡིས༔ ཕྱོགས་བཅུར་གཟིགས་ནས་འོད་ཟེར་སྣ་ཚོགས་སྤྲོས༔ ཚངས་རྒྱུད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ལས༔ ཁྱད་འཕགས་ཚངས་རྒྱུད་འདི་ཉིད་བརྟེན་པའི་དབུས༔ དེ་ཡི་ཕྱོགས་ཀྱི་གླིང་དང་གླིང་ཕྲན་བརྒྱད༔ དབུས་ཀྱི་རྩ་གསུམ་ལྷ་གནས་བྱང་གི་ཕྱོགས༔ མེ་ཏོག་ཚལ་ཆེན་གླིང་དགུའི་བཅུད་གྱུར་པ༔ རྒྱ་མཚོ་ཆེན་པོ་ཁ་དོག་སྣ་ཚོགས་མདངས༔ རོ་དང་ཆུས་པ་གང་འདོད་གསོས་སུ་འབེབས༔ བལྟ་བས་མི་ངོམས་བརྗོད་པས་གཞལ་མི་ནུས༔ འོད་ཟེར་དྲྭ་བ་ཕྱོགས་བཅུ་ཡོངས་ལ་སྤྲོ༔ ལྷ་དང་རྒྱལ་བ་ཀུན་གྱི་ཐུགས་མཉེས་ཤིང་༔ ཀུན་གྱི་སྣང་བ་དགའ་ཞིང་དད་པ་འཕེལ༔ དེ་ཚེ་ཡོད་ཁམས་དཀར་པོ་ལྷ་ཡི་རིགས༔ མེད་ཁམས་ནག་པོ་གདུག་པ་མ་ཏྲཾ་བདུད༔ དཀར་ནག་དགེ་སྡིག་བསྟན་པ་རྩོད་པའི་ཚེ༔ རྩ་གསུམ་ལྷ་ལ་གདུག་པའི་བདུད་ཀྱིས་འཚེ༔ དེ་ཉིད་འདུལ་བའི་གཉེན་པོར་བྱོན་པ་དང་༔ གསང་སྔགས་བསྟན་པའི་ཞིང་ས་གཤེར་བ་དང་༔ ལྷ་ཁམས་བདེ་དང་དགེ་བ་དར་བའི་ཕྱིར༔ དབྱིངས་ཀྱི་ཡུམ་ཆེན་ས་ཏྲིག་ཨེར་སངས་ཀྱི༔ ལྗགས་ཀྱི་མཆིལ་མ་ཐིགས་གཅིག་མཚོ་ལ་བོར༔ ཤེལ་གྱི་ལྦུ་བ་ཟིལ་པ་གུར་ཙམ་སྲིད༔ རིན་ཆེན་འབར་བའི་སྒོ་ང་གཡུ་སྒོང་དྲིལ༔ དེ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ༔ དབྱིངས་ཀྱི་རྒྱལ་བ་རྣམས་ཀྱི་ཐུགས་བཅུད་ཕྱུང་༔ མ་རུངས་བདུད་སྲིན་རྣམས་ཀྱི་ཁྲོ་གཏུམ་འབར༔ རིགས་དྲུག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི༔ སྒོ་ང་རང་གིས་རང་ཉིད་བརྡོལ་བ་ལས༔ དཔྱལ་གྱི་མོ་བཙུན་བཟང་མོ་གཅིག་ཅིག་བྱོན༔ དེ་ཚེ་ལྷ་རྣམས་ངོ་མཚར་ཆེར་སྐྱེས་ནས༔ ལྷ་དབང་བརྒྱ་བྱིན་ཚངས་པ་ཉི་དབང་སྲས༔ ལྷ་ཡི་བུ་དང་བུ་མོ་མང་པོ་ཡིས༔ རོལ་མོ་སྣ་ཚོགས་བཅས་ཏེ་མཚོ་འགྲམ་ཕྱིན༔ ཀུན་གྱིས་སྤྲོ་བ་འཕེལ་ཞིང་བསྟོད་བསྔགས་ཕུལ༔ ཨེ་མ་ཧོ༔ གླིང་དགུའི་བཅུད་གྱུར་རྒྱ་མཚོ་འཇའ་ཚོན་དབུས༔ མཚན་ལྡན་བུ་མོ་ཉི་ཟླའི་འོད་ཆགས་པ༔ མེ་ཏོག་གསར་པའི་ཕྲེང་ཅན་མཚན་དཔེ་འབར༔ སྐུ་ནི་མི་འགྱུར་གངས་རིའི་ལྷུན་པོ་འདྲ༔ གསུང་ནི་གྲག་སྟོང་ཚངས་དབྱངས་སྤྲོ་བ་སྐྱེད༔ ཐུགས་ཉིད་གཡོ་མེད་མཁྱེན་བརྩེའི་དགོངས་པ་སྟོན༔ ཡོན་ཏན་སྐྱོན་གྱི་དྲི་མས་མ་གོས་གསལ༔ ཕྲིན་ལས་གང་ལ་གང་འདུལ་རོལ་པར་ཤར༔ འགྲན་གྱི་ཟླ་མེད་མཚོ་དབུས་སྐུ་འཁྲུངས་པ༔ རིགས་བཟང་ཁུངས་བཙུན་ལྷ་མོ་ཡུམ་དུ་བཞེངས༔ གང་དང་མི་འདྲ་ཟ་འོག་གུར་ཁྱིམ་འདྲ༔ བཟང་བཟའ་རིང་བཙུན་ཁྱེད་ལ་ཕྱག་འཚལ་ལོ༔ བདག་ཅག་ལྷ་རྣམས་མགོན་དུ་ཕེབས་པ་དང་༔ བསྟན་པ་སྤེལ་དང་ལྷ་ཁམས་གསལ་སྒྲོན་མཛད༔ ལྷ་མོ་ཡུམ་གྱི་རྒྱུད་ཁུངས་བདག་ལ་གནང་༔ དད་ཅིང་གདུང་བའི་འཁོར་ལ་བཀའ་སྩོལ་ཞུ༔ ཞེས་གསོལ་རོལ་མོ་མེ་ཏོག་ལྷ་རྫས་ཕུལ༔ གུས་ཚུལ་ཐལ་མོ་སྦྱར་ནས་འདུན་པས་ཉན༔ དེ་ལ་པ་བཟང་བཟའ་ལྷ་མོས་འདི་སྐད་གསུངས༔ ཨ་ཧོ༔ ཉོན་ཅིག་རྩ་གསུམ་ལྷ་གནས་རིགས་རྣམས་ཀུན༔ ལྷ་མི་དཀར་ཕྱོགས་དགེ་ལ་བསྐུལ་བ་དང་༔ ནག་པོ་བདུད་རིགས་ཟིལ་གྱིས་གནོན་པའི་ཕྱིར༔ ཤེས་རབ་ཕར་ཕྱིན་ས་ཏྲིག་ཨེར་སངས་ཉིད༔ ཐུགས་རྗེའི་གདུང་བའི་མཆིལ་ཐིགས་གཅིག་པོར་བས༔ ཤེལ་གུར་ཡབ་ལ་རྒྱ་མཚོ་ཡུམ་གྱི་ཀློང་༔ ལྦུ་བ་གཡུ་སྒོང་རང་གིས་རང་བརྟོལ་ལས༔ སྤྲུལ་སྐུ་མོ་བཙུན་དཔྱལ་གྱི་ཚུལ་དུ་བསྟན༔ སྐྱེ་མེད་ཀུན་བཟང་འགགས་མེད་རྫོགས་པའི་སྐུ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ང་ལ་རྫོགས༔ སྲིད་ཞི་མི་གནས་ཡེ་ཤེས་ཆེན་པོའི་སྐུ༔ ཀུན་གྱི་འབྱུང་གནས་ལྷ་མོ་ང་ཉིད་ནི༔ བཞད་ན་འཇིག་རྟེན་ཁམས་རྣམས་བདེ་ལ་བཀོད༔ དགྱེས་ན་སྣང་སྲིད་སེམས་ཅན་དགའ་བ་བསྐྱེད༔ ཁྲོས་ན་འགྲོ་དྲུག་མ་ལུས་དུས་གཅིག་སྒྲོལ༔ འཁོར་བའི་ས་དགུ་ཐེག་རིམ་ཟིལ་གྱིས་གནོན༔ སྲིད་ཁམས་དབང་སྡུད་བདེ་འགྲོ་ཆ་ལ་འབེབས༔ ལྷ་མོ་ང་ཡི་དད་ཤར་ངང་ལ་རྫོགས༔ ལྷ་མི་ཀུན་གྱི་མགོན་དུ་བདག་བསྟན་ནོ༔ ཞེས་གསུངས་གསལ་བའི་འཛུམ་མདངས་སྣ་ཚོགས་འཕྲོ༔ ལྷ་རྣམས་དྭངས་སྤྲོ་བླ་མེད་མཆོད་སྤྲིན་ཕུལ༔ རྒྱ་མཚོ་ཆེན་པོ་མཆོད་པས་ཡོངས་སུ་ཁེངས༔ ལྷ་ཁམས་ཀུན་ལ་བོན་གྱི་འཁོར་ལོ་བསྐོར༔ གཡེང་བ་མེད་པར་དགེ་བའི་ལས་ལ་སྤྱོད༔ ཐར་པའི་ལམ་ལ་བཀོད་ནས་གང་འདུལ་བསྟན༔ རྒྱ་མཚོའི་འགྲམ་དུ་མི་གཡོ་ཏིང་འཛིན་བཞུགས༔ དེ་ཚེ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད༔ དགོངས་པའི་ཐུགས་རྗེ་བྱིན་རླབས་ཀུན་ཏུ་སྤྲོས༔ འཕྲུལ་གཤེན་སྣང་ལྡན་ཐབས་ཆེན་ཡབ་མཆོག་ཉིད༔ འགྲོ་བའི་དོན་ལ་གཡུ་བྱ་ཁུ་བྱུག་སྤྲུལ༔ རྒྱ་མཚོའི་འགྲམ་དུ་བཟང་བཟའི་ཕྲག་གཡས་བབ༔ ཞལ་ནས་ཚང་ཚར་བརྗོད་ཅིང་དྲོད་རླན་ཕབས༔ གསུང་གི་སྒྲ་ལས་མཁའ་ཀློང་དབྱིངས་གསུམ་གྱི༔ རྒྱལ་བ་ཀུན་གྱི་ཐུགས་དགོངས་ཡེ་ཤེས་འོད༔ བཟང་བཟའི་ཐུགས་དཀར་ཕོག་པའི་ཡིད་བཞིན་ནོར༔ བསྟན་འགྲོ་ཡོངས་ཀྱི་མགོན་དུ་ཕེབས་པ་ལས༔ ངོ་མཚར་བྱི་དོར་དད་བཀུར་བྱ་བར་རིགས༔ ལྷ་མི་ཐམས་ཅད་རེ་བ་ཡོངས་སུ་བསྐང་༔ སྟོང་གསུམ་སྲིད་པའི་ཁམས་ཀུན་ཟིལ་གྱིས་གནོན༔ ཞེས་པ་ཐོས་ཤིང་རྣ་ལམ་སད་ནས་སུ༔ ཅི་ཡིན་སྙམ་ནས་ཨེ་མ་ངོ་མཚར་དྲན༔ ཐུགས་ལ་འཕྲིག་པ་སྐྱེས་ནས་མི་གཡོ་བཞུགས༔ ཕྱིས་དུས་ལོ་ལ་ལུས་དཀྱིལ་འཁོར་ལོ་ཆགས༔ ཡབ་མེད་དཔྱལ་ལ་ལྟེ་བ་རྒྱས་པ་འདི༔ ལྷ་བདུད་ཆོ་འཕྲུལ་ཅི་ཡིན་ཆ་མ་མཆིས༔ ཐུགས་མ་བདེ་ནས་བཞུགས་པའི་ཐོ་རངས་ཁར༔ ཉི་མ་ཤར་དང་དུས་མཉམ་སྲས་ཤིག་འཁྲུངས༔ མཚན་དང་དཔེ་བྱད་བལྟ་བས་མི་ངོམས་པ༔ ཡ་མཚན་ཆེ་བའི་འོད་ཟེར་གཙུག་ཏུ་འཕགས༔ འོན་ཀྱང་ལྷ་རྣམས་ལྟ་བ་ལོག་སྙམ་ནས༔ རྒྱ་མཚོའི་འགྲམ་དུ་རིན་ཆེན་གྲམ་པ་སྤུངས༔ གསེར་བྱེ་ཤིང་ཤུན་གདན་ལ་བཞག་ནས་སུ༔ འདོད་ལྷ་རྣམས་ལ་བོན་འཁོར་བསྐོར་དུ་བྱོན༔ སྤྲུལ་པའི་སྐུ་ནི་སྔར་བས་ཁྱད་པར་འཕགས༔ རྒྱ་མཚོ་ཀླུ་ཡིས་ཤེལ་གུར་དཀར་པོ་ཕུབ༔ རིན་ཆེན་སྣ་ལྔའི་ཁྲི་མཆོག་མཛེས་པའི་སྟེང་༔ དབྱིངས་ཀྱི་ལྷ་མོས་དར་གདུགས་དབུ་ལ་ཕུབ༔ དཀར་མངར་གསོལ་ཟས་སྣ་ཚོགས་རི་ལྟར་སྤུངས༔ རིན་ཆེན་ཁྲི་སྟེང་མཚན་དཔེ་འབར་བར་བཞུགས༔ དབུ་ལ་ཨུ་དུམ་ཝ་རའི་མེ་ཏོག་ནི༔ དཀར་དམར་མཐིང་གསུམ་འདབ་སྟོང་བཞད་པ་འཁྲུངས༔ དབུ་ཡི་གཙུག་ཏོར་ཞབས་ཀྱི་མཐིལ་རུམ་ཡན༔ འོད་ཟེར་བྱེ་བ་ཁྲི་ཕྲག་དུ་མར་འཕྲོ༔ སྟོང་གསུམ་འཇིག་རྟེན་གཡོ་འགུལ་མེར་མེར་ལྡེག༔ མཁའ་ལ་འོད་དང་བར་སྣང་སྒྲ་ཡིས་ཁེངས༔ ས་ལ་མཛེས་པའི་མེ་ཏོག་མང་པོ་སྐྱེས༔ དེ་ཚེ་བཟང་བཟའ་ཡུམ་གྱི་ཐུགས་དགོངས་ལ༔ སྤྲུལ་པའི་སྐུ་གཅིག་ཡིན་སྙམ་གཟིགས་སུ་ཕྱིན༔ སྲས་ནི་བལྟ་བས་མི་ངོམས་ཁྱད་པར་འཕགས༔ ཡུམ་ལ་གཟིགས་ཤིང་ཞལ་ནི་འཛུམ་པར་མཛད༔ ཡུམ་གྱིས་གུས་པའི་ཚུལ་ཕྱུང་ཐལ་མོ་སྦྱར༔ ཨེ་མ་ངོ་མཚར་སྐྱེས་མཆོག་རིན་པོ་ཆེ༔ ཡབ་མེད་ཡུམ་གྱིས་བོར་ནས་ཞག་དགུ་ལུས༔ ལྷ་ཀླུ་ཀུན་གྱིས་འཚོ་བའི་གསོལ་བ་དྲངས༔ ཁྱེད་ནི་དུས་གསུམ་རྒྱལ་བ་ལྷ་ཡི་སྲས༔ སྟོན་པ་འཆི་མེད་གཙུག་ཕུད་ཁྱེད་ལ་བསྟོད༔ སྲིད་ཁམས་བདུད་ཀྱི་དཔུང་ཚོགས་འཇོམས་པ་དང་༔ གཡུང་དྲུང་བོན་གྱི་བསྟན་པའི་དཔལ་གྱུར་ཤོག༔ རིགས་དྲུག་སེམས་ཅན་ལྟ་ཁམས་བདེ་གྱུར་ཅིག༔ ཅེས་པས་སྲས་ལ་ལེགས་པའི་བསྟོད་སྨོན་ཕུལ༔ དེ་ནས་ལྷ་ཡི་དབང་པོ་བརྒྱ་བྱིན་དང་༔ ཚངས་པ་ཉེ་དབང་ལྷ་དང་ལྷའི་སྲས་སོགས༔ བུ་དང་བུ་མོ་མང་པོ་སྦྲན་བཏང་ནས༔ དེ་རིང་ཕྱོགས་བཅུར་དགེ་མཚན་ཁྱབ་པ་འདི༔ ལྷ་མོ་བཟང་བཟའ་རིང་བཙུན་ཆེན་མོ་ལ༔ སྟོན་པ་ལྷ་མིའི་གཙུག་གྱུར་འཁྲུངས་པའི་ལྷས༔ རྒྱ་མཚོའི་འགྲམ་དུ་མཆོད་པ་འབུལ་དུ་ཤོག༔ ཅེས་ཐོས་ཀུན་གྱིས་མཆོད་པའི་སྤྲིན་ཚོགས་ཁྱེར༔ ནམ་མཁའི་སྐར་ཚོགས་ས་ཡི་རྩི་ཡི་གྲངས༔ རོལ་མོ་བཅས་ཏེ་རྒྱ་མཚོའི་འགྲམ་དུ་ཕྱིན༔ ལྷ་དབང་འཁོར་བཅས་སྣ་དྲངས་མཆོད་སྤྲིན་ཕུལ༔ སྐོར་བ་བྱས་ཤིང་ལྷ་ཕྱག་གྲངས་མེད་འཚལ༔ སྟོན་པ་ཉིད་ནི་སྔར་བས་གཟི་བྱིན་འཕྲོ༔ ངོ་མཚར་ལྟས་བཟང་བསམ་མི་ཁྱབ་པ་གཡོས༔ དེ་ཚེ་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས༔ ལྷ་ཡི་རིན་ཆེན་མཆོད་པའི་སྤྲིན་ཚོགས་ཕུལ༔ གུས་པའི་ཚུལ་གྱིས་འདི་སྐད་ཞུ་བ་གསོལ༔ ཨེ་མ་དུས་གསུམ་འབྱོན་པར་དཀའ་བ་ཡི༔ རྒྱལ་སྲས་མཚན་དཔེ་བརྗོད་ཀྱིས་མི་ལང་བ༔ འགྲོ་བའི་དོན་རབ་བྱོན་པ་བཀའ་དྲིན་ཆེ༔ སྟོན་པ་འཆི་མེད་གཙུག་ཏུ་མེ་ཏོག་འཁྲུངས༔ གང་འདུལ་འགྲོ་དོན་མཛད་པའི་མཚན་ཉིད་སོགས༔ ལྷ་དབང་བདག་ཅག་རྣམས་ལ་བཀའ་སྩལ་གསོལ༔ ཞེས་པ་སྙན་གསོལ་སྟོན་པ་སྤྲུལ་པའི་སྐུས༔ ཨ་ཧོ༔ ཉོན་ཅིག་ལྷ་དབང་བརྒྱ་བྱིན་ལ་སོགས་འཁོར༔ བདག་ནི་གྲངས་མེད་དུས་ནས་འགྲོ་ལ་བརྩེ༔ གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་པ་སྦྱངས༔ སྟོན་པའི་སྒྲོན་མར་འགྱུར་པའི་སེམས་མཆོག་བསྐྱེད༔ སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་གྱིས༔ ཚེ་ལོ་བརྒྱ་པར་སྟོང་གསུམ་འགྲོ་འདུལ་བསྟན༔ རྣམ་མཁྱེན་གཤེན་རབ་མི་བོར་བྱོན་པ་ཡིན༔ བདག་གི་སྐྱེ་ལུས་འདི་ཉིད་སྔགས་ཀྱི་ཆེད༔ ཡབ་ནི་འཕྲུལ་གཤེན་སྣང་ལྡན་ཐབས་ཀྱི་མཆོག༔ ཡུམ་ནི་བཟང་བཟའ་རིང་བཙུན་ཤེས་རབ་ཡུམ༔ སྲས་ནི་སྟོན་པ་འཆི་མེད་གཙུག་ཕུད་དེ༔ བོན་གྱི་གཏེར་མཛེད་མི་མཛེད་འདུལ་ལ་བསྔགས༔ བདག་ཅག་སྔོན་ནས་ལས་ཀྱི་འཕྲོ་མཐུན་པས༔ བསྟན་པའི་ཞབས་འདེགས་ཁྱོད་ཀྱི་ལུས་སྲོག་བསྐྱབས༔ ཞེས་གསུངས་ཀུན་གྱིས་བཀུར་སྟི་རིམ་གྲོ་བྱེད༔ དེ་ནས་ཡབ་ཡུམ་སྲས་བཅས་སྒྲུབ་གནས་བཙལ༔ རྩ་གསུམ་ལྷ་གནས་མཚལ་རི་འདུན་ས་ཆེ༔ རི་བོ་ཟུར་གསུམ་རྒྱ་ཆེ་དཔངས་མཐོ་བ༔ རྩེ་ལ་ཤེལ་གྱི་རྡོ་རིང་གྲུ་བཅུ་དྲུག༔ དེ་སྟེང་པདྨ་ཉི་ཟླ་གདན་ཁྲི་དང་༔ དཔག་བསམ་ལྗོན་ཤིང་རྒྱབ་ཡོལ་བཅས་ཏེ་ཡོད༔ རྩ་བ་ས་གཞིར་བ་ལེ་དུང་ཞག་ཅན༔ ཤེལ་གྱི་མཎྜལ་དཀར་པོ་སུམ་བརྩེགས་དང་༔ རི་རྐེད་གཡུ་ལུང་ཤེལ་བྲག་ཕུག་པ་ཡིས༔ ལུང་པ་ལྷོ་ཤར་མཚམས་སུ་ཁ་བལྟས་ནས༔ བདུད་རྩི་གསོལ་བབ་རྩི་ཤིང་ནགས་ཚལ་རྒྱས༔ ལུང་པའི་ཕུག་ཏུ་རྩེ་དྲུག་ལྷུན་པོའི་སྒང་༔ མཚལ་རི་ཤེལ་གྱི་རྩེ་མོ་དྲུག་མངོན་པ༔ གཡུང་དྲུང་མི་འགྱུར་གཏམས་པའི་ཕོ་བྲང་ཡོད༔ རྩ་བ་རིན་ཆེན་གཡུ་སྟེང་ཚལ་ཆེན་ན༔ གསེར་གྱི་ས་གཞིར་གཡུ་ཡི་མནྜལ་བདལ༔ སྣང་ཡུལ་བདེ་བ་སྒྲུབ་གནས་ཁྱད་པར་འཕགས༔ ཕྱོགས་བཞི་རིགས་རྟགས་བཞི་ཡི་ཚལ་ཆེན་བཞི༔ མཚམས་བཞིར་ངོ་མཚར་ལྡན་པའི་རི་བོ་བཞི༔ མཐའ་སྐོར་རྨ་མི་གྲོང་ནི་བདུན་ཚོགས་སོགས༔ འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་༔ དེ་རྒྱབ་ཡན་ལག་བརྒྱད་ལྡན་མཚོ་ཡིས་བསྐོར༔ སྒྲུབ་པའི་གནས་ནི་བཀོད་པ་རྫོགས་པ་ཡོད༔ དེ་ཡང་གསང་སྔགས་གྲུབ་གྲོགས་ཤེས་རབ་སྟེ༔ ཉེ་དབང་རྒྱལ་པོ་ཀུན་འཛིན་བུ་མོ་ཆེ༔ ཀུན་སྣང་གསལ་མ་སྟོན་པ་འཆི་མེད་ཀྱིས༔ གསང་སྔགས་སྒྲུབ་པའི་གྲོགས་སུ་བརྩལ་བྱས་ནས༔ གསང་བའི་སྒོར་ཞུགས་གསས་མཁར་ཡོངས་རྫོགས་ཀྱི༔ དཀྱིལ་འཁོར་ཞལ་ཕྱེས་ཕྱི་ནང་གསང་གསུམ་གྱི༔ དོན་རྟགས་ལྡན་པས་བསྒྲུབས་ཏེ་གྲུབ་པ་ཐོབ༔ བསྟན་པ་སྤེལ་དང་འགྲོ་བ་དཀྲི་དྲང་ཕྱིར༔ ལྟ་སྒོམ་སྤྱོད་འབྲས་དམ་ཚིག་ཕྲིན་ལས་སོགས༔ གསང་སེམས་ཟུང་འཇུག་འགྲོ་རྣམས་བསྟན་སྒོར་བཅུག༔ སྣང་སྲིད་ཞི་བ་ལས་ཀྱི་སྤ་བཀང་ནས༔ འཆི་མེད་ཡབ་ཡུམ་སྲས་ཀྱི་ཆེ་བ་རྒྱས༔ དེ་ཡི་བརྒྱུད་འཛིན་གསང་འདུས་སྟག་མེ་འབར༔ ལྷ་ཀླུ་མི་གསུམ་གཤེན་དང་སྣང་ཕ་མདོག༔ ཞི་རྒྱས་དབང་དྲག་ལས་ཀྱི་སྔགས་སྡེ་ཀུན༔ ལྷ་ཀླུ་མི་གསུམ་ལ་བསྒྲག་བོན་འཁོར་བསྐོར༔ ནམ་མཁའ་སྣང་མདོག་རྫུ་འཕྲུལ་སྨན་བཞི་བཅས༔ གསང་སྔགས་ཟབ་པའི་སྐོར་རྣམས་བོད་ཀྱི་ཡུལ༔ རྒྱལ་པོ་མི་ཁྲི་བཙད་པོ་ཉིད་ལ་གནང་༔ རྒྱལ་པོས་ཟབ་གསང་རྒྱལ་གྱི་དཀོར་མཛོད་སྦས༔ རྫུ་འཕྲུལ་སྨན་བཞིས་སྔགས་སྡེ་ནུབ་དགོངས་ནས༔ རྒྱལ་པོའི་ཕོ་བྲང་མཛོད་ཕྱེས་མོན་བོན་ཆེ༔ ཧ་ར་ཅི་བར་གནང་ནས་བསྟན་པ་སྤེལ༔ དྲན་པ་ལ་སོགས་ཞང་བོད་གྲུབ་ཐོབ་བརྒྱུད༔ ཡུམ་ཆེན་བཟང་བཟའ་རིང་བཙུན་མ་ཉིད་ནི༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་སྣ་ཚོགས་བསྒྱུར༔ གསས་མཁར་རབ་འབྱམས་རྒྱས་པའི་གཙོ་མོ་ཉིད༔ ས་ཏྲིག་ཨེར་སངས་རྒྱལ་མོ་སྲིད་པའི་ཡུམ༔ སྨན་ཕྲན་འབུམ་གྱིས་ཞི་བའི་ཕྲིན་ལས་སྒྲུབ༔ གནམ་ཕྱི་གང་རྒྱལ་ནམ་མཁའི་མཛོད་འཛིན་མ༔ ཡེ་གཤེན་གཙུག་ཕུད་སྐུ་ལ་འཁྲིལ་ཙམ་ན༔ བཟང་བཟའ་རིང་བཙུན་ལྷ་མོ་དར་གྱི་ཡུམ༔ གཡུང་དྲུང་ཡོངས་རྫོགས་གཙོ་མོ་མཛད་ཙམ་ན༔ ཐུགས་རྗེ་བྱམས་མ་སྐྱེ་འགྲོ་གསོ་བའི་ཡུམ༔ དཔལ་གསས་རྔམས་བའི་སྐུ་ལ་འཁྲིལ་ཙམ་ན༔ རྔམ་མོ་ཡུམ་ཆེན་དབྱིངས་ཀྱི་མཚན་དྲུག་མ༔ ལྷ་རྒོད་ཐོག་པའི་སྒྲོལ་ཡུམ་མཛད་ཙམ་ན༔ སྲིད་པ་རྒྱལ་མོ་འགྲན་གྱི་ཟླ་མེད་མ༔ མཁའ་འགྱིང་ལྷ་ཡི་སྦྱོར་ཡུམ་མཛད་ཙམ་ན༔ མཁའ་ལ་གདུག་མོ་བ་ག་ཀུན་གྱི་ཡུམ༔ ལྷ་བཟའ་ཉིད་ཀྱིས་མ་སྤྲུལ་གཅིག་ཀྱང་མེད༔ གང་འདུལ་ཕྲིན་ལས་རོལ་པའི་གྲོགས་མཛད་མོ༔ དོན་རྟགས་གསས་མཁར་བྱེ་བ་ས་ཡ་ལ༔ མཛད་པ་བརྗོད་ཀྱིས་མི་ལང་བདག་ཉིད་མོ༔ དེ་ཉིད་ཡབ་ཡུམ་སྲས་བཅས་འདུལ་བའི་སྒོ༔ ཡབ་ཅིག་འཕྲུལ་གཤེན་སྣང་ལྡན་ཆེན་པོ་ནི༔ སྲིད་པ་ཡེ་སངས་གནས་སུ་དབྱིངས་བཞུགས་མཛད༔ སྟོན་པ་འཆི་མེད་གསང་སྔགས་སྒྲུབ་སྡེ་སྐྱོང་༔ ཁོ་མོ་བཟང་བཟའ་རིང་བཙུན་བདག་ཉིད་ནི༔ ཡབ་ཡུམ་ཐབས་ཤེས་གླིང་དགུ་གསལ་བའི་མཚོ༔ ཀླུ་རྒྱལ་གཙུག་ན་རིན་ཆེན་གནས་པའི་ཡུལ༔ རྫུ་འཕྲུལ་རྩལ་གྱིས་ཤེལ་གུར་དཀར་པོར་བཞེངས༔ འོག་ཕྱོགས་ཀླུ་ཡི་ཡུལ་དུ་བྱོན་པ་ལ༔ ཀླུ་རིགས་རྣམས་ཀྱི་ཡིད་བཞིན་འདོད་འབྱུང་མཐོང་༔ ཀླུ་རྒྱལ་གཙུག་ན་རིན་ཆེན་མངོན་ཤེས་ཀྱིས༔ བཟང་བཟའ་རིང་བཙུན་ཀླུ་ཡུལ་ཕེབས་པར་ཤེས༔ དེ་ལ་ཀུན་གྱིས་མཚན་གསོལ་དད་ཕྱག་འཚལ༔ ཤེལ་གྱི་སྒུ་བར་དྭངས་སྤྲོ་འོད་ཟེར་འབར༔ ཀླུ་རིགས་ཉོན་མོངས་གདུག་སེམས་རགས་གྱུར་པ༔ ཐམས་ཅད་ཀུན་ལ་མཐོང་སྣང་སྣ་ཚོགས་བྱུང་༔ ལ་ལས་གཟི་མདངས་ལྟར་མི་བཟོད་པར་མཐོང་༔ ལ་ལས་འདོད་དགུ་ལོངས་སྤྱོད་ལྡན་པར་མཐོང་༔ ལ་ལས་དགའ་སྤྲོ་དད་གུས་ལྡན་པར་མཐོང་༔ ལ་ལས་མི་མཐུན་འདྲ་མིན་ཆོ་འཕྲུལ་མཐོང་༔ དེ་ཚེ་སྦུཾ་བ་གཡུ་སྒོ་སྔོན་པོར་གྱུར༔ རང་བཞིན་བརྡོལ་བས་མཛེས་མ་གཟི་བྱིན་ལྡན༔ དཀར་དམར་མཚན་དཔེའི་ལང་ཚོ་རྒྱས་པ་ལ༔ རིན་ཆེན་མེ་ཏོག་ཕྲེང་བ་ཆས་ཀྱིས་བརྒྱན༔ ཕྱག་གཡས་སྙན་ཐད་གསེར་གྱི་མེ་ལོང་འཛིན༔ གཡོན་པས་རིན་ཆེན་གཏེར་ལྡན་བུམ་པ་འཛིན༔ སེམས་མའི་ཆས་ཅན་སྟོད་གཡོགས་སྨད་ཤམས་གསོལ༔ འོད་ཟེར་བྱེ་བ་དུ་མ་ཕྱོགས་སུ་འཕྲོ༔ དེ་ལ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱིས༔ དར་ཟབ་མེ་ཏོག་ཆས་ཀྱིས་མཛེས་པར་བརྒྱན༔ ཡིད་བཞིན་ནོར་བུ་ཟུར་བརྒྱད་ལྡན་པ་ཞིག༔ ཆུ་དར་སྔོན་པོའི་བརྒྱན་ཏེ་གུས་པས་ཕུལ༔ དད་སྤྲོ་ཚངས་དབྱངས་གདུང་བས་འདི་སྐད་ཞུས༔ ཀྱེ༔ དགོངས་ཤིག་ལྷ་མོ་བཟང་བཟའ་རིང་བཙུན་གསོན༔ བདག་ཅག་ཀླུ་རིགས་བླུན་ཞིང་རྨོངས་པ་ཡིས༔ ཡུམ་ཆེན་མངོན་ཞལ་མཇལ་ཡང་ཤེས་པས་སྒྲིབ༔ དད་གུས་དམ་ཚིག་གནས་ཀྱང་ངོས་མ་ཟིན༔ སྐུ་གསུང་ཐུགས་ལ་འགལ་བ་མཐོལ་ལོ་བཤགས༔ བདག་ཅག་ཉེས་པའི་དྲི་མ་སྦྱོང་དུ་གསོལ༔ གཙང་སྦྲ་ལྡན་ཡང་གདུག་རྩུབ་ཀླུ་རིགས་ཞན༔ ཀླུ་ལ་བོན་གྱི་འཁོར་ལོ་སྐོར་དུ་གསོལ༔ ཞེས་ཞུས་ཀླུ་ཡི་མཆོད་སྤྲིན་སྣ་ཚོགས་ཕུལ༔ དེ་ལ་ལྷ་མོས་ཚངས་དབྱངས་འདི་སྐད་གསུངས༔ ཀྭ་ཡེ་ཉོན་དང་ཀླུ་རྒྱལ་གཙུག་ན་ནོར༔ ལྟོ་འཕྱེ་ཚོགས་ཀུན་མ་ཡེངས་རིག་པ་གཏོད༔ ཡེ་ནས་ཀུན་ཏུ་བཟང་མོའི་ངང་ཉིད་ལས༔ འཁོར་འདས་གདགས་པའི་མཚན་མ་མི་དམིགས་ཀྱང་༔ སྐྱེ་མེད་དབྱིངས་ལས་འགགས་མེད་ཆོ་འཕྲུལ་ཤར༔ སྣ་ཚོགས་རྩལ་ལས་འཁོར་འདས་སོ་སོར་གྱེས༔ སངས་རྒྱས་སེམས་ཅན་ཐོག་མ་མ་མཆིས་ཀྱང་༔ གློ་བུར་མ་རིག་རང་སྣང་རྟོག་པས་བཟུང་༔ ཉོན་མོངས་ཁ་རགས་འཁྲུལ་སྣང་སོ་སོར་བཟུང་༔ གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་༔ རྣམ་ཤེས་མངོན་སུམ་བྱེད་པའི་ཤེས་རིག་གིས༔ བདེ་སྡུག་ཚོར་བས་ཉོན་མོངས་བག་ཆགས་བསགས༔ སེམས་ཅན་ལས་ཀྱིས་འཕེན་ལེན་མནར་བ་རྣམས༔ བླ་མེད་ཡང་དག་སྙིང་པོའི་དོན་མ་རྟོགས༔ འཁོར་བའི་བོན་དང་མྱང་འདས་བོན་རྣམས་ནི༔ ཡང་དག་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱིས༔ ཀླུ་རིགས་ཀུན་ལ་མདོ་ཡི་དོན་རྣམས་བསྟན༔ གོའམ་རྟོགས་སམ་ཀླུ་རིགས་འཁོར་དང་བཅས༔ མ་ཡེངས་ཡང་དག་དོན་ལ་གནས་པར་གྱིས༔ ཐེག་མཆོག་བླ་མེད་གསང་སྔགས་དོན་དམ་པ༔ རྩ་བ་ཕུན་སུམ་ཚོགས་པས་ལྔ་ལ་རག༔ དམ་ཚིག་ཇི་བཞིན་མ་ནོར་སྒྲུབ་ལ་བརྩོན༔ ཉམས་ལེན་དུག་ལྔའི་རྟོག་པ་ཐ་མི་དད༔ མ་སྤངས་མ་བླངས་ཞེན་འཛིན་ཁོང་དུ་ཞིག༔ སེམས་ཉིད་གསལ་སྟོང་བློ་ཡིས་བཅོས་སུ་མེད༔ ནམ་མཁའི་སྤྲིན་ཚོགས་མཁའ་ལ་དེངས་པ་དང་༔ རྒྱ་མཚོའི་རྦ་རླབས་མཚོ་ལ་ཐིམ་པ་དང་༔ སེམས་ཀྱི་རྟོག་ཚོགས་སེམས་ཉིད་ངང་དུ་ཐིམ༔ ཅི་ཤར་མ་བཅོས་འཛིན་པ་བློ་ལས་འདས༔ སྐད་ཅིག་སྐྱེ་འགག་ཆུ་ལ་རི་མོ་དང་༔ སྦྲུལ་མདུད་མཁའ་ལ་བོར་བཞིན་རང་གྲོལ་འགྱུར༔ གསལ་སྟོང་ཟུང་འཇུག་ཕྱོགས་རིས་འཛིན་པ་ཞིག༔ སྤང་བླང་རེ་དོགས་དགག་སྒྲུབ་བློ་དང་བྲལ༔ ཡེ་གནས་ཀུན་བཟང་དགོངས་པ་མངོན་དུ་འགྱུར༔ ཞེས་གསུངས་ཀླུ་རྣམས་ཀུན་གྱིས་མཆོད་སྤྲིན་ཕུལ༔ དད་ཅིང་གུས་འདུན་ཕྱག་དང་ཞེ་ས་ཕུལ༔ བཟང་བཟས་ཀུན་ལ་བུམ་པའི་དབང་བསྐུར་ཆས༔ བུམ་པ་ཐོགས་ཏེ་ཚངས་པའི་ཚིག་གིས་སྨྲས༔ ཨེ་མ་ཧོ༔ བུམ་པ་སྐྱེ་མེད་ཡུམ་གྱི་དབྱིངས་ཆེན་མོ༔ བཅུད་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ༔ དེང་འདིར་ཀླུ་རིགས་རྣམས་ལ་དབང་བསྐུར་བས༔ ཉོན་མོངས་དུག་ལྔའི་རྟོག་པ་རང་སར་གྲོལ༔ ཚེ་དབང་དངོས་གྲུབ་ཐོབ་ཅིང་ཚེ་བསོད་འཕེལ༔ དུས་ཀུན་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག༔ ཨ་ཨཱོྃ་ཧཱུྃ༔ རམ་ཛ༔ ཉི་རི་བྷ་ར་ཏྲཾ་འདུ༔ ཞེས་པས་དབང་བསྐུར་ཀླུ་རིགས་དམ་ལ་བཞག༔ ནམ་ཡང་དམ་ཚིག་དོན་ལ་འགག་མེད་མཛད༔ དེ་ལྟར་ཀླུ་རྣམས་དགའ་བདེ་བྱམས་པར་གནས༔ འོག་ཕྱོགས་ཀླུ་ཡི་འགྲོ་དོན་མཐར་ཕྱིན་མཛད༔ ཀླུ་ཡི་མཆོད་པའི་རྣམ་གྲངས་བསམ་འདས་ཕུལ༔ སླར་ཡང་རྩ་གསུམ་ལྷ་གནས་ཆེན་པོར་བྱོན༔ རྩ་གསུམ་ལྷ་ལ་བོན་གྱི་འཁོར་ལོ་བསྐོར༔ སྟོང་གསུམ་ཞིང་ཁམས་འབུམ་ཕྲག་གྲངས་འདས་ལ༔ མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ༔ སྟོན་པའི་བཀའ་ནི་གྲངས་ལས་འདས་པ་བསྟན༔ རྣམ་ཐར་ནམ་མཁའ་ལྟ་བུའི་བདག་ཉིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀློང་ཆེན་མི་འགྱུར་བདེ་བ་ཆེན་པོའི་ཞིང་༔ ཐུགས་རྗེ་བྱམས་མ་གང་འདུལ་འགྲོ་བའི་དོན༔ མཁའ་འགྲོ་འོད་མ་གསལ་མཛེས་བྱ་བ་ཉིད༔ སྔོན་ཚེ་སྟག་གཟིག་ཡུལ་གྱི་ཤར་ཕྱོགས་སུ༔ ཡུལ་གྱི་མིང་ནི་དགའ་བ་བདེ་ལྡན་ཡུལ༔ གྲོང་ཁྱེར་ཆེན་པོ་བདེ་འབྱམས་བཀོད་པའི་དབུས༔ རྒྱལ་ས་ཆེན་པོ་ས་འཛིན་གླིང་ཆེན་དུ༔ གསས་ཁང་ཆེན་པོ་བཀྲ་གསལ་པདྨ་བརྩེགས༔ མཆོད་རྟེན་གཡུང་དྲུང་ཁྲི་སྐོས་ལེགས་པའི་ཕྱོགས༔ རི་ཡི་རྒྱལ་པོ་ཏོག་རྩེ་རྒྱལ་གྱི་མདུན༔ རྒྱ་མཚོ་ཆེན་པོ་མུ་ལེ་གཡུ་ཕྱུག་འཁྱིལ༔ ཆུ་བོ་ཆེན་པོ་ན་ར་ཛ་རའི་འགྲམ༔ སྐུ་མཁར་མང་རམ་གཡུ་རྩེ་ཞེས་བྱ་བ༔ ཞིང་ཁམས་དེ་ལ་དབང་བསྒྱུར་རྒྱལ་པོ་ནི༔ ཡབ་ནི་རྒྱལ་པོ་ཆེན་པོ་ཁྲི་བརྟན་རྗེ༔ ཡུམ་ནི་རྗེ་རིགས་སྨན་བཙུན་མ་ཞེས་པའི༔ སྲས་ནི་རྒྱལ་བུ་དོན་ཡོད་དཔལ་འབྱོར་གཉིས༔ རྒྱལ་གྱི་བློན་པོ་ལེགས་ལྡན་སྨྲ་གསལ་གྲགས༔ རྒྱལ་སྲིད་རིན་ཆེན་དཀོར་མཛོད་བསམ་མི་ཁྱབ༔ བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཡོད༔ ལྷ་དང་བདེ་སྐྱིད་ཚད་འགྲན་ནུས་པ་ཙམ༔ ནམ་ཞིག་རྒྱལ་པོ་ཡབ་ཀྱིས་སྲས་ལྕམ་དྲལ༔ མ་ཡུམ་བློན་པོ་སོགས་ལ་བཀའ་འདི་སྩལ༔ འོ་སྐོལ་རྒྱལ་གྱི་སྲས་ལུམ་མིང་སྲིང་གསུམ༔ རྒྱལ་བུ་གཅེན་པོ་དོན་ཡོད་རྒྱལ་སར་ཕྱུང་༔ རྒྱལ་སྲིད་ཡོ་བྱད་དཀོར་ནོར་ཁྱོད་ཀྱིས་དབང་༔ གོང་མའི་བཀའ་ཁྲིམས་ཚུལ་བཞིན་སྐྱོང་བར་མཛོད༔ བློན་དང་འབངས་འཁོར་རྒྱལ་གྱི་ཞབས་ནས་ཐེགས༔ དགེ་བའི་ཁ་འཛིན་ཁྲིམས་ཀྱིས་རྒྱལ་ཁམས་སྐྱོང་༔ རྒྱལ་བུ་ཆུང་བ་དཔལ་འབྱོར་ཁྱོད་ཉིད་ནི༔ བློ་གསལ་དགེ་ལ་དད་ལྡན་ཤེས་རིག་རྣོ༔ གཡུང་དྲུང་བོན་གྱི་སྒོ་རུ་ཞུགས་ནས་སུ༔ གཙང་དག་དམ་ཚིག་ཚུལ་བཞིན་སྲུང་བར་མཛོད༔ འཕྲུལ་ངག་བོན་གྱི་བསྟན་པ་ཡོངས་སུ་འཛིན༔ བུ་མོ་འོད་མ་གསལ་མཛེས་མ་ཉིད་ནི༔ བློན་པོ་སྨྲ་གསལ་ཉིད་ཀྱིས་གཞན་དག་གི༔ རྒྱལ་ཕྲན་གཅིག་དང་གཉེན་སྲིད་སྡེབ་པར་གྱིས༔ རྒྱལ་པོ་ཡབ་ཡུམ་གཉིས་པོ་དེར་ནས་བཟུང་༔ དགེ་བསྙེན་འདུལ་བའི་ཁྲིམས་ཀྱི་སྒོ་རུ་ཞུགས༔ ཕྱི་མའི་དོན་ཞིག་ད་ནི་བསྒྲུབ་པར་བྱ༔ དེ་སྐད་གསུངས་ནས་བཀའ་ཡིས་བཅད་པའི་ཚེ༔ རྒྱལ་པོ་ཁྲི་འཛིན་དོན་ཡོད་རྒྱལ་སར་བཀོད༔ གཙུག་ལྕམ་དཀར་མོ་ཏིང་བཙུན་ཁབ་ཏུ་བཞེས༔ རྒྱལ་ཁམས་མངའ་རིས་རྒྱལ་སྲིད་སྐྱོང་བར་མཛད༔ རྒྱལ་བུ་ཆུང་བ་དཔལ་འབྱོར་དཔོན་གཡོག་བཅས༔ གཙང་དག་འདུལ་བ་ཁྲིམས་ཀྱི་གླིང་ཆེན་དུ༔ རྣམ་དག་འོད་མཛེས་ཕུན་ཚོགས་དགོན་པ་རུ༔ དྲང་སྲོང་སློབ་དཔོན་གྱེར་ཆེན་སྙིང་པོ་ལ༔ ཉིས་བརྒྱ་ལྔ་བཅུའི་བསྙེན་རྫོགས་ཟབ་མོ་ཞུས༔ དག་པ་དྲང་སྲོང་ཆེན་པོའི་སྒོ་རུ་ཞུགས༔ དྲང་སྲོང་དྲི་མེད་སྙིང་པོར་མཚན་ཡང་གསོལ༔ རི་བོ་ཏོག་ཆེན་འདུལ་ཁྲིམས་དགོན་པར་བཟུང་༔ རྒྱལ་པོ་ཡབ་ཡུམ་དགེ་བསྙེན་བོན་སྒོར་ཞུགས༔ གཡུང་དྲུང་སེམས་དཔའི་སྤྱོད་པ་ངག་ལ་འཇུག༔ དེ་ནས་བློན་པོ་སྨྲ་གསལ་དེ་ཉིད་ཀྱིས༔ རྒྱལ་གྱི་དོ་ཡ་རྒྱལ་ཁག་ཆེ་གཉན་ལ༔ སྲས་མོ་འོད་མ་གསལ་མཛེས་གཉེན་སྲིད་སྡེབས༔ དེ་ནུབ་བུ་མོ་འོད་མ་གསལ་མཛེས་ནི༔ མལ་ཡང་མ་བདེ་གཉིད་ཀྱང་མ་ཁུག་ཅིང་༔ སེམས་ཀྱང་མ་བདེ་ཡིད་ལ་བློ་མང་རྒྱུ༔ ཤེས་པ་མ་བདེ་ཟ་མ་ཟིང་དུ་སོང་༔ ཡང་ཡང་བཞག་ཀྱང་སེམས་ལ་དྲན་རྒྱུ་མང་༔ ཀྱེ་མ་ཨ་ཙ་ང་ནི་སྙིང་རེ་སྡུག༔ སྐྱེ་དཀའ་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེས༔ ཐོབ་དཀའ་རྒྱལ་སྲས་ལས་འཕྲོ་ཡོད་མོད་ཀྱང་༔ ལུས་དམན་ཟ་མ་མོ་ལུས་ཐོབ་པ་ཕངས༔ འདི་ནི་བསོད་ནམས་ཅིས་ཀྱང་དམན་པ་འདྲ༔ འོ་ཅག་རྒྱལ་པོ་བསོད་ལྡན་ཡབ་ཡུམ་ལ༔ རྒྱལ་བུ་མིང་སྲིང་གསུམ་དུ་ཡོད་ན་ཡང་༔ གཅེན་པོས་རྒྱལ་ས་མི་བཟུང་རྒྱལ་སྲིད་འཆོལ༔ སྔོན་ཚེ་གོང་ནས་རྒྱལ་གྱི་བསྐོས་བཞག་རེད༔ གཅུང་པོ་དད་བརྩོན་ལྡན་ཅིང་ཤེས་རབ་ཆེ༔ དྲང་སྲོང་སྒོར་ཞུགས་ཉིས་བརྒྱ་ལྔ་བཅུ་སྲུང་༔ མཚན་ཡང་དྲང་སྲོང་དྲི་མེད་སྙིང་པོར་གསོལ༔ ད་ལྟར་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར༔ ཁོ་ཡང་སྔོན་སྦྱང་ལས་འཕྲོ་ཆེ་བ་རེད༔ བདག་ནི་སྐྱེ་དམན་ཟ་མ་མོ་ལུས་བླངས༔ དེ་སྔར་ཚེ་སོང་ཡེངས་མ་ཡེང་ལ་ཟད༔ ད་ཡང་རྒྱལ་ཕྲན་སྲིད་ལ་འགྲོ་དགོས་པ༔ ཨ་བོ་རྒྱལ་པོ་ཡབ་ཀྱི་བཀའ་ཡིས་བཅད༔ ཨ་ཟ་ཡུམ་གྱིས་རིན་ཟོས་རྫོང་བར་བཅད༔ བློན་པོའི་གྱ་གྱུ་རྒྱལ་ཕྲན་སྦྱིན་པར་བཅད༔ ད་ནི་རང་ཐག་རང་གིས་མ་བཅད་ན༔ སང་ཕོད་རྒྱལ་སྲིད་གཉེན་ལ་འགྲོ་དགོས་ན༔ ལས་ངན་འཁོར་བའི་འདོད་ཆགས་སྤྱོད་ལ་འཁྲུལ༔ བུ་ཚ་ལན་ཆགས་བསྙགས་པའི་བདུད་ཀྱིས་གནོན༔ མི་ཐར་བདུད་ཀྱི་ཐག་པར་ཐོགས་ལ་ཉེ༔ མི་ཚེ་འཁོར་བའི་སྡུག་བསྔལ་འཁོར་ར་ཡུག༔ ཤི་ནས་ངན་སོང་དམྱལ་བའི་འགྲམ་རྡོར་འགྱུར༔ ལར་ཡང་བེམ་རིག་བྲལ་དུས་མི་དགོས་དང་༔ ད་ལྟ་དུས་འདི་ཉིད་ནས་ངན་སོང་རྒྱུ༔ རྒྱལ་ཆེན་བསོད་ལྡན་ཡབ་ཡུམ་འདི་ཉིད་ལ༔ ངེད་ཅག་ལྕམ་དྲལ་གསུམ་དུ་བལྟམས་པ་ན༔ བདག་ལ་བཀའ་ཡིས་བཀྱོན་པ་ཅི་ཡི་ཕྱིར༔ ཞུ་དགོས་སྙམ་ནས་བསམ་བློ་མང་པོ་རྒྱུ༔ སང་ཤར་གདུགས་ཀྱི་སྔ་མོར་ཡབ་ཡུམ་མདུན༔ སོང་ནས་གུས་པའི་ཚུལ་གྱིས་འདི་སྐད་ཞུས༔ གསོན་དང་ལུས་བསྐྱེད་དྲིན་ཅན་ཡབ་ཡུམ་ལགས༔ བདག་ཅག་སྤུན་ཟླ་མཉམ་པོར་སྐྱེས་ན་ཡང་༔ མིང་པོ་གཉིས་ནི་རང་དབང་ཐོབ་པར་བསྐོས༔ བདག་ནི་ཡབ་ཡུམ་བཀའ་ཡིས་བཅད་ནས་སུ༔ བློན་པོའི་གྱ་གྱུས་འཁོར་བའི་སྐྱེ་ཤིང་བཙུགས༔ རྒྱལ་ཕྲན་གཡོག་ཏུ་བཀོལ་བ་ལས་ཚབས་ཉེས༔ རྒྱལ་པོ་ཡབ་ཡུམ་རྒྱལ་སྲས་རྣམས་དང་འབྲལ༔ རང་ཡུལ་སྡོད་དབང་མེད་པ་ཅི་འགལ་ལམ༔ དགེ་བ་སྤྱོད་པའི་རང་དབང་མེད་དམ་ཅི༔ བདག་ལ་ཐུགས་དམ་ལྷོད་པ་མི་འཚལ་ལམ༔ ཡབ་ཡུམ་ཐུགས་ལ་སྙིང་རྗེ་མེད་དམ་ཞུས༔ མཆི་མ་ལུད་ནས་གདུང་བའི་ཤུགས་ཕྱུང་འདུག༔ དེ་ལ་ཡབ་ཅིག་རྒྱལ་པོས་འདི་སྐད་གསུངས༔ ཉོན་དང་བུ་མོ་གཅུང་བུ་རིགས་སྲས་མ༔ ངེད་ཅག་ཡབ་ཡུམ་རིགས་རྒྱུད་གཅིག་པ་ལ༔ བཟང་ངན་དབྱེ་བའི་ཁྱད་པར་མ་ལགས་ཏེ༔ གཅེན་གཉིས་བསྐོས་དང་བུ་མོ་གཉེན་སྡེབས་པ༔ བུ་ཆོས་ཕ་ཡིས་བྱེད་དང་གཉེན་སྲིད་སྦྲེལ༔ སྲིད་པ་ཕྱ་ཡི་བསྐོས་བཞག་མ་ལགས་སམ༔ ཟ་མ་མོ་ལུས་སླ་བས་འགྱུར་ལྡོག་མང་༔ དམ་ཚིག་ཟུངས་སུ་ཐུབ་པ་ཤིན་ཏུ་དཀོན༔ རྒྱལ་གྱིས་རྒྱལ་ཕྲན་བློན་གྱིས་བློན་ཕྲན་ཚོལ༔ འཁོར་འབངས་རང་རང་ཚོད་ཀྱི་བློ་དང་བསྟུན༔ རྒྱལ་ལ་འདྲི་བར་རྒྱལ་གྱི་བཀའ་ཡིས་བཅད༔ བློན་གྱིས་བརྡ་སྦྱོར་གང་གི་དོན་ཆེད་བགྲང་༔ སྟངས་དཔྱལ་འབྲེལ་བ་སྔོན་ཚེ་ལས་ཀྱི་འཕྲོ༔ ཡུལ་ལ་འདོམ་མེད་འདིར་འདུག་ལོགས་ན་མེད༔ སྨན་ལྕམ་གནས་འགྲོ་སྲིད་པའི་བསྐོས་འདེབས་ཡིན༔ བོན་ལ་སྤྱོད་པའི་དབང་མེད་མ་ཡིན་ཏེ༔ སྐྱེས་དམན་མོ་ཡིས་སྲུང་ཁྲིམས་མི་ཁྱག་པས༔ དམ་ཚིག་རལ་ན་འདི་ཕྱི་གཉིས་ཕུང་ཡིན༔ དེ་དོན་གོ་བར་གྱིས་ཤིག་ཡིད་ལ་ཞོག༔ ཅེས་གསུངས་དེ་ལ་བུ་མོས་ཞུ་ལན་སྦྱར༔ གསོན་དང་ཨ་བོ་ཡབ་ཡུམ་དམ་པ་ལགས༔ བུ་མོའི་ཚིག་ལ་སྙན་གྱི་དབང་པོ་གཏོད༔ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ལ༔ མཐོ་དམན་དབྱིབས་ལ་ཁྱད་པར་ཡོད་གྱུར་ཀྱང་༔ འོག་གཞི་རླུང་གིས་འདེགས་ལ་ཁྱད་པར་མེད༔ བར་སྣང་ཁམས་ཀྱི་ཉི་ཟླ་སྐར་གསུམ་ལ༔ འོད་དང་ཟེར་ལ་ཁྱད་པར་ཡོད་ན་ཡང་༔ དགུང་སྔོན་ནམ་མཁའི་དབྱིངས་ལ་མཐོ་དམན་མེད༔ ས་གཞིར་མེ་ཏོག་འདབ་མ་བཞི་བརྒྱད་སྟོང་༔ ཆེ་ཆུང་ཚད་ལ་ཁྱད་པར་མང་ཡོད་ཀྱང་༔ མཆོད་པའི་རྫས་ལ་བྱེ་བྲག་དབྱེ་བ་མེད༔ འཛམ་བུ་གླིང་དུ་སྐྱེས་པའི་མི་རྣམས་ལ༔ ཕོ་མོའི་ལུས་ལ་ཁྱད་པར་ཡོད་གྱུར་ཀྱང་༔ ཉག་ཅིག་སེམས་ལ་བཟང་ངན་ཁྱད་པར་མེད༔ ངེད་ཅག་མིང་སྲིང་གསུམ་པོ་རྒྱལ་གྱི་སྲས༔ ལྕམ་དྲལ་གནས་ལ་ཁྱད་པར་ཡོད་གྱུར་ཀྱང་༔ ཤེས་རིག་གྲུང་ལ་དོན་གྱི་ཁྱད་པར་མེད༔ སྟངས་དཔྱལ་སྡེབས་པ་ཕྱ་ཡིས་བསྐོས་ན་ཡང་༔ གཉེན་སྲིད་མི་འབྲེལ་ཁོ་མོ་རང་དབང་ཆེ༔ ཨ་བོ་ཡབ་ཡུམ་བཀའ་བཅག་མ་ལགས་ཏེ༔ འཁོར་བའི་གནས་ངན་ད་ལྟ་ཉིད་ནས་སྤོངས༔ ཕྱི་མའི་དོན་གཅིག་བདག་གིས་སྒྲུབ་པ་ཡིན༔ ལུས་བསྐྱེད་ཡབ་ཡུམ་ཐུགས་ལ་དེ་ལྟར་ཞོག༔ དེ་ལ་རྒྱལ་པོ་ཡབ་ཡུམ་འདི་ལྟར་གསུངས༔ ཡང་ཞིག་ཉོན་དང་བུ་མོ་འོད་མཛེས་མ༔ དེ་འདྲའི་མཆིད་ཚིག་བདག་ལ་མ་སྨྲ་སྡོད༔ ཁྱོད་ཉིད་གཉེན་སྦྲེལ་རྒྱལ་པོའི་བཀའ་ཡིས་བཅད༔ རིན་ཟ་རྫོང་ལ་ཨ་བཟའ་ཡུམ་གྱིས་རྫོངས༔ ཕྱི་ནང་མཚམས་སྦྱར་བློན་པོ་སྨྲ་གསལ་བགྱི༔ ལུས་ལ་དྲོ་གོས་དར་ཟབ་རྒྱན་གྱིས་བརྒྱན༔ མགོ་ལ་གསེར་གཡུ་མུ་ཏིག་ཚོམ་བུ་མཛེས༔ ཆིབས་ཀྱི་ཁ་ལོ་ཅང་ཤེས་འཕྲུལ་བུ་བསྐྱོན༔ རྒྱལ་བུ་ཁྲི་སྐྱོང་རྒྱལ་པོས་ལམ་དུ་སྐྱེལ༔ རྒྱལ་ཕྲན་སྲས་ཀྱི་གཅེན་དུ་བདེ་བར་འགྲོ༔ སྟངས་དཔྱལ་དགའ་བདེའི་འདུན་པར་རྩེད་མོ་རྩེ༔ རིགས་བཟང་རྒྱལ་གྱི་སྲས་རྒྱུད་གདུང་རབས་སྤེལ༔ བསོད་ནམས་ལོངས་སྤྱོད་བང་མཛོད་བདག་ཏུ་བྱེད༔ གཉེན་འབྲེལ་མ་ཆད་རྒྱལ་འཁོར་མཐའ་ནས་སྐྱོང་༔ དེ་ལྟར་བུ་མོ་ཁྱོད་ཀྱིས་ཡིད་ལ་ཞོག༔ ཅེས་གསུངས་དེ་ལ་བུ་མོས་ལན་བཏབ་པ༔ ལེགས་པར་གསོན་དང་ཨ་བོ་ཡབ་ཡུམ་ལགས༔ ད་དུས་མི་ལུས་ལན་ཅིག་ཐོབ་པའི་ཚེ༔ ཚེ་འདིར་ཐར་པའི་ལམ་སྣ་ཨེ་ཟིན་དང་༔ ཕྱི་མ་བྱང་ཆུབ་སྙིང་པོ་ཨེ་ཐོབ་ཀྱི༔ བཀའ་ལུང་དམ་པ་བསྩལ་དུ་མེད་པ་ན༔ རྒྱལ་པོ་ཡིན་ཀྱང་བཀའ་བཅད་གཉན་རྒྱུ་མེད༔ འཁོར་བའི་གནས་ལ་སྐྱོ་བ་སྐྱེས་པ་དང་༔ ཕྱི་མ་སྒྲུབ་པའི་དགེ་བའི་མཐུན་རྐྱེན་གྱིས༔ སློབ་དཔོན་བླ་མའི་དྲུང་དུ་མ་རྫོངས་ན༔ ཨ་བཟའ་ཡུམ་གྱིས་རྫོངས་ཡང་དགའ་རྒྱུ་མེད༔ སློབ་དཔོན་བླ་མའི་ཐུགས་ལ་བཏགས་པ་དང་༔ འདི་ཕྱི་གཉིས་ཀྱི་གདམས་ངག་ཐོས་པ་དང་༔ དཔོན་སློབ་འབྲེལ་བའི་མཚམས་སྦྱོར་མ་ཤེས་ན༔ བློན་པོ་སྨྲ་གསལ་ཁ་ལ་ཉན་རྒྱུ་མེད༔ རྒྱལ་བསྟན་སྒོར་ཞུགས་ངུར་སྨྲིག་འདུལ་གོས་དང་༔ སུམ་བརྒྱ་དྲུག་ཅུ་དྲང་སྲོང་ཁྲིམས་རྫོགས་བླངས༔ ལག་ན་ཐུགས་དམ་བགྲང་ཕྲེང་མ་བགྲང་ན༔ དར་གོས་རིན་ཆེན་བརྒྱན་ཡང་དགོས་རྒྱུ་མེད༔ སྐྱེ་ཤི་འཇིགས་པའི་བར་དོའི་གཡང་ས་ལ༔ དགེ་བ་སྒྲུབ་བསམ་སེམས་ཀྱི་རྟ་ཕོ་ལ༔ མི་རྟག་བསྐུལ་བའི་བརྩོན་འགྲུས་ལྕག་མེད་ན༔ བྱོལ་སོང་ཅང་ཤེས་རྟ་ཡིས་དགོས་པ་མེད༔ གདམས་པ་ཟབ་མོའི་ཉེར་ལེན་དྲག་པོ་ཡིས༔ སེམས་ལ་ཡ་ང་མེད་པའི་བརྟུལ་ཞུགས་ཀྱིས༔ ཕྱི་མ་བར་དོའི་འཕྲང་ལམ་མ་བསྒྲལ་ན༔ ཁྲི་སྐྱོང་ལམ་དུ་བསྐྱལ་ཀྱང་དགོས་པ་མེད༔ ཡེ་ནས་ལྷན་སྐྱེས་སྟངས་དང་འཕྲད་པ་དང་༔ བདག་མེད་ཤེས་རབ་དཔྱལ་མོ་ཀློང་ཆེན་པོ༔ ཐབས་ཤེས་གནད་ཀྱི་རྟེན་འབྲེལ་མ་འཛོམས་ན༔ རྒྱལ་བུ་སྟངས་དཔྱལ་རྩེ་ལ་དགོས་རྒྱུ་མེད༔ རང་རྒྱུད་དག་པའི་ཞིང་ས་བཟང་པོ་ལ༔ བྱང་ཆུབ་སེམས་བསྐྱེད་མྱུ་གུ་དོན་ལྡན་འཁྲུངས༔ སྐུ་གསུམ་འབྲས་བུ་རང་རྒྱུད་མ་འབྱོར་ན༔ འཁོར་བའི་གདུང་རྒྱུད་སྤེལ་བ་ངེད་མི་འདོད༔ རྒྱུ་འབྲས་ཡིད་ཆེས་འཁོར་བ་ཞེན་ལོག་གིས༔ ཆོག་ཤེས་ཟོག་དང་ཟས་ནོར་གང་ལ་ཡང་༔ རང་སེམས་རྒྱུད་ཀྱི་གཏེར་སྒོ་མ་ཕྱེ་ན༔ སྒྱུ་མའི་ཟས་ནོར་ལོངས་སྤྱོད་མཁོ་རྒྱུ་མེད༔ བྱང་ཆུབ་སེམས་བསྐྱེད་སྡོམ་པའི་གཞི་བཟུང་ཞིང་༔ སྨོན་དང་འཇུག་པའི་དོན་དང་ལྡན་ནས་སུ༔ འགྲོ་དྲུག་སེམས་ཅན་ཐར་པར་མ་དྲོང་ན༔ གཉེན་འབྲེལ་རྒྱལ་སྲིད་མཐའ་སྐྱོང་དགོས་རྒྱུ་མེད༔ ཨ་བོ་ཡབ་ཡུམ་ཐུགས་དམ་བདེ་བར་བཞུགས༔ ང་ནི་ཐར་པ་བྱང་ཆུབ་སྒྲུབ་ཏུ་འགྲོ༔ ལྟོག་འཁྱག་མུག་གྲིར་ཤི་ཡང་འགྱོད་པ་མེད༔ ཞེས་གསོལ་ཡབ་ཡུམ་ཁྲི་སྐྱོང་བློན་འབངས་ཀྱིས༔ བཤོལ་ཡང་མ་ཐུབ་འཇུ་ཡང་མ་ཕོད་པར༔ རི་བོ་ཏོག་ཆེན་འདུལ་ཁྲིམས་དགོན་པ་རུ༔ གཅུང་པོ་དྲང་སྲོང་དྲི་མེད་མདུན་དུ་སོང་༔ དད་པས་ཕྱག་འཚལ་སྐོར་བ་མང་དུ་བྱས༔ པུས་བཙུགས་ཐལ་སྦྱར་གསོལ་གདབ་འདི་སྐད་ཞུས༔ སྲས་རྗེ་གསོན་དང་སྐྱེས་མཆོག་དམ་པ་ལགས༔ བདག་ནི་འཇིག་རྟེན་འཁོར་བའི་བྱ་བ་ལ༔ གཏན་གཞི་བཟུང་ན་ཐར་མེད་ངན་སོང་རྒྱུ༔ ཤིན་ཏུ་བྲེད་ཅིང་ཞེན་པ་ལོག་ནས་འོང་༔ སྡུག་བསྔལ་ངན་སོང་གནས་ངན་མི་གཏོང་བར༔ མཁྱེན་ལྡན་ཁྱེད་ཀྱི་ཐུགས་རྗེས་གཟིགས་པར་ཞུ༔ ཞེས་ཞུས་འོད་མ་གསལ་མཛེས་བརྒྱལ་ཏེ་སོང་༔ དེ་ལ་མིང་པོ་དྲང་སྲོང་དྲི་མེད་ཀྱིས༔ བུ་མོ་མ་བརྒྱལ་ཡར་ལོང་འོད་མཛེས་གསོན༔ སྙིང་དང་འདྲ་བའི་སྲིང་ཅིག་གཡུང་དྲུང་ལྕམ༔ ད་དུས་མི་ལུས་རིན་ཆེན་ཐོབ་པའི་དུས༔ མི་ཚེ་འདི་ནི་དལ་མེད་ཡུད་ཙམ་ཡིན༔ གཏན་གྱི་བདེ་བ་ཕྱི་མའི་རྒྱགས་ཕྱེ་ལ༔ འབད་དེ་བླ་མེད་བྱང་ཆུབ་མ་བསྒྲུབས་ན༔ མི་ལུས་ཐོབ་པ་གཏན་བདེ་ཆུད་ཟོས་ཡིན༔ འཛམ་གླིང་སྐྱེས་པ་དལ་འབྱོར་སྟོང་ལོག་ཡིན༔ སྐྱེས་དམན་མོ་ཡིས་སྡུག་བསྔལ་དྲན་པ་དང་༔ བླ་མེད་བྱང་ཆུབ་སྒྲུབ་ལ་འཇུག་པ་ནི༔ བརྒྱ་སྟོང་ཁྲི་འབུམ་ནང་ནས་རེ་རེ་ཙམ༔ ངོ་མཚར་ཆེའོ་མ་ཅིག་སྲིང་མོ་ལགས༔ སྔོན་གྱི་དགེ་བའི་ལས་འཕྲོ་སད་པར་མཐོང་༔ ཞེས་གསུངས་གཙང་དག་འདུལ་ཁྲིམས་སྡོམ་པ་ཕོག༔ བླ་མེད་གཡུང་དྲུང་སྙིང་པོའི་དོན་ལ་སྤྱོད༔ མཚོ་མོ་མུ་ལེ་གཡུ་འཁྱུད་གླིང་ཆེན་པོ༔ དེ་རུ་སོང་ལ་སྒོམས་དང་དོན་ཆེན་འགྲུབ༔ ཞེས་གསུངས་གདམས་པ་སྙིང་དང་འདྲ་བ་གནང་༔ སེམས་བསྐྱེད་སློབ་དཔོན་བཀའ་ཡི་ལུང་ཕོག་བཞིན༔ རྒྱ་མཚོའི་ངོ་གླིང་གནས་སུ་ཕྱིན་ཏེ་བཞུགས༔ ཀུ་ཤ་མེ་ཏོག་བསིལ་བའི་ལྡིང་ཁང་ཕུབ༔ གེ་སར་ཧ་ལོ་ལྗོན་པའི་འབྲས་བུ་ཟོས༔ རྒྱ་མཚོའི་ཐིགས་པ་རེ་རེ་སྐོམ་དུ་འཐུང་༔ ལོ་གསུམ་བསྒོམས་པས་དོན་དམ་སྙིང་པོ་རྟོགས༔ ཕྱི་ནང་གསང་བའི་ཐུབ་པའི་རྟགས་དང་ལྡན༔ རྒྱ་མཚོ་ཆེན་པོར་བྱིང་མེད་གོམ་པས་བགྲོད༔ བར་སྣང་བྱ་བཞིན་གནས་ཡུལ་ཞིང་ཀུན་བྱོན༔ ཐམས་ཅད་ཀུན་ཀ་འོད་མཛེས་ལྷ་མོར་དད༔ གདུལ་བྱ་སེམས་ཅན་བྱེ་བ་ཕྲག་བརྒྱ་འདུས༔ སྨིན་གྲོལ་འགྲོ་དོན་བརྗོད་ཀྱིས་མི་ལང་གྱུར༔ ཡབ་ཡུམ་ཁྲི་སྐྱོང་འོད་མཛེས་མ་ལ་གདུང་༔ དད་གསོལ་མོས་འདུན་བག་ཆགས་བཤགས་ལ་བརྩོན༔ དེ་ནས་མཁའ་འགྲོ་འོད་མཛེས་ཆེན་མོ་ནི༔ རྒྱལ་ཀུན་ཞལ་མཇལ་རིགས་བརྒྱའི་བདག་མོ་མཛད༔ ཁྱད་པར་མཚོ་མོ་མུ་ལེ་གཡུ་འཁྱུད་བདག༔ ཀླུ་སྨན་ཆེན་མོ་རིགས་ལྡན་གཙུག་ཕུད་ཅན༔ ཀླུ་རིགས་དད་གུས་ལྡན་པ་ཐམས་ཅད་ཀྱིས༔ འོག་ཕྱོགས་ཀླུ་ཡི་ཡུལ་དུ་སྤྱན་དྲངས་ཤིང་༔ རྒྱ་མཚོར་གནས་པའི་ཀླུ་རིགས་ཐམས་ཅད་ཀྱིས༔ དར་ཟབ་གུར་ཕུབ་རིན་ཆེན་ཁྲི་ཆེན་བཤམས༔ རོལ་མོ་མཆོད་པའི་བྱེ་བྲག་ཐོགས་ནས་བསུས༔ ཀླུ་ཡུལ་ནོར་བུའི་གྲམ་པ་སྤུངས་པའི་དབུས༔ ཆུ་དར་རིན་ཆེན་ཕྲེང་བའི་དར་གདུགས་ཕུབ༔ འོད་མཛེས་དྲང་སྲོང་རྗེ་བཙུན་ཁྲི་ལ་བཞུགས༔ མདུན་དུ་གསོལ་ཟས་མཆོད་པའི་སྤྲིན་ཚོགས་ཕུལ༔ ཀླུ་རྒྱལ་རིགས་ལྡན་སྲས་བློན་བྲན་འཁོར་བཅས༔ མདུན་དུ་དད་གུས་སྤྲོ་དད་གདུང་བ་ཡིས༔ རྩེ་གཅིག་ཕྱོགས་སུ་འཁོད་དེ་ཀླུ་རྒྱལ་ཆེ༔ ཕྱག་ན་ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་༔ དར་ཟབ་ལྕིབས་ཀྱིས་ཕུལ་ཏེ་འདི་སྐད་ཞུས༔ ཨེ་མ༔ གཡུང་དྲུང་སེམས་མ་འགྲོ་བའི་མགོན་གཅིག་མ༔ མ་མ་ཁྱོད་ཀྱི་སྐུ་ལ་དད་ཕྱག་འཚལ༔ བདག་ཅག་ཀླུ་རྣམས་ཐུགས་རྗེས་སྐྱོབ་པ་དང་༔ གནས་འདིར་བྱོན་པ་བཀའ་དྲིན་བླ་ན་མེད༔ ཀླུ་རྣམས་མི་དད་བྱོལ་སོང་ལུས་མཐུད་པ༔ མི་ལུས་ཐོབ་ཀྱང་ལྟོ་འགྲོའི་ལས་ཀྱིས་མནར༔ དེ་ལས་མ་ཡིག་མི་གསལ་རྗེ་ནུས་ཕྱུང་ལ༔ བརྩེ་བས་བོན་གྱི་འཁོར་ལོ་བསྐོར་དུ་གསོལ༔ ཞེས་ཞུས་རིན་ཆེན་མཆོད་ཚོགས་ཕངས་མེད་ཕུལ༔ དེ་ལ་དྲང་སྲོང་འོད་མཛེས་དགྱེས་ཚུལ་མཛད༔ ཀྭ་ཡེ༔ ཉོན་དང་ཀླུ་རྒྱལ་རིགས་ལྡན་གཙོ་འཁོར་བཅས༔ བདག་ནི་ཐོག་མེད་དུས་ནས་དགེ་བའི་སྒོར༔ ཞུགས་ཤིང་སེམས་བསྐྱེད་སློབ་དཔོན་སྡོམ་པ་ཕོག༔ དག་པ་དྲང་སྲོང་ཁྲིམས་ལ་རབ་ཏུ་ཞུགས༔ འགྲོ་བ་སྐྱོབས་ཤིང་སྙིང་རྗེ་རྒྱུད་ལ་གནས༔ རིགས་བཟང་སྟག་གཟིག་རྒྱལ་པོའི་གདུང་ལས་འཁྲུངས༔ ཉོན་མོངས་འཁོར་བའི་དབང་དུ་མ་ཤོར་བར༔ ལས་ཀྱི་སློབ་དཔོན་མིང་པོ་དྲང་སྲོང་འཕྲད༔ དད་འབྱོར་རྒྱུ་ཡི་ཡོན་བདག་ཀླུ་རིགས་གྱུར༔ ད་ནི་ཀླུ་རིགས་གཡུང་དྲུང་བོན་སྒོར་ཞུགས༔ གཟུགས་ནས་རྒ་ཤིའི་བར་དུ་འཁོར་བའི་བོན༔ བདེན་པར་གྲུབ་པ་འདྲ་ཡང་མ་གྲུབ་སྟོང་༔ སྦྱིན་དང་ཕར་ཕྱིན་རྣམ་ཀུན་མཁྱེན་གྱི་བར༔ བོན་རྣམས་གང་གི་མཐར་ཡང་མ་ལྷུང་བར༔ ཡོད་ཅེས་བྱ་དང་མེད་ཅེས་བྱ་བ་སོགས༔ ཐ་དད་མེད་པ་བླ་མེད་རྫོགས་སངས་རྒྱས༔ ཞེས་གསུངས་རྒྱུ་འབྲས་བོན་རྣམས་སོ་སོར་བསྟན༔ ཀླུ་ཡི་འབུམ་སྡེ་ཡུམ་གྱི་འབུམ་ལ་སོགས༔ རྒྱ་ཆེར་གསུངས་ནས་ཀླུ་ལ་བོན་འཁོར་བསྐོར༔ ཀླུ་རྣམས་བྱང་ཆུབ་སེམས་དང་ལྡན་པར་མཛད༔ མཆོད་པའི་སྤྲིན་ཚོགས་བསམ་ལས་འདས་པ་ཕུལ༔ ཀླུ་ཡུལ་འགྲོ་དོན་གྲུབ་ནས་མཚོ་ངོར་བྱོན༔ དགུང་ལོ་སུམ་བརྒྱར་བཞུགས་ནས་མ་འོངས་དུས༔ ཞང་ཞུང་ཡུལ་དུ་སྐྱེས་ནས་གསང་སྔགས་བོན༔ མཁའ་འགྲོ་ཞང་ཞུང་གར་དཔོན་མ་ཉིད་དང་༔ བྲུ་ཤ་མཁའ་འགྲོ་དཔལ་མོ་དོན་འབར་སོགས༔ སྐྱེ་བཞེས་གཡུང་དྲུང་བོན་གྱི་ཕྲིན་ལས་སྐྱོང་༔ དེ་ནས་མ་འོངས་འགྲོ་བ་ཡོངས་ཀྱི་དོན༔ སྲིད་ཞིར་མི་གནས་འགྲོ་དོན་གྲུབ་པར་འགྱུར༔ ཞེས་གསུངས་འདུས་པའི་དད་སློབ་ཐམས་ཅད་རྣམས༔ མངོན་པར་ཡི་རང་ཇི་བཞིན་ཉིད་དུ་རྟོགས༔ ལས་ལྡན་སློབ་མ་བསམ་གྱིས་མི་ཁྱབ་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
སྐྱེ་མེད་གདོད་དག་ཀུན་ཏུ་བཟང་མོ་ཡིས༔ མཐར་ཐུག་མ་འགག་གང་འདུལ་འགྲོ་བའི་དོན༔ ས་ཏྲིག་ཨེར་སངས་ཡུམ་གྱི་སྤྲུལ་པ་ནི༔ གཡུང་དྲུང་འོད་འབར་མ་ཅིག་བྱ་བ་ནི༔ ཡུལ་ནི་རྒྱ་གར་ནུབ་ཕྱོགས་ཞང་ཞུང་མཚམས༔ ཨ་རུ་ར་ཡི་ནགས་ཚལ་བྲག་ཕུག་ཚེ༔ མདངས་དགའ་ཞེས་སུ་འབོད་པའི་གྲོང་ཁྱེར་དུ༔ ཕོ་བྲང་རིན་ཆེན་པདྨ་འབར་བ་ན༔ ཡེ་ཤེས་འཕྲུལ་གྱི་རྒྱལ་པོ་བྱ་བ་ལ༔ འཁོར་དང་ལོངས་སྤྱོད་མངའ་ཐང་བསམ་མི་ཁྱབ༔ སྨན་བཟའ་པདྨ་གསལ་ཞེས་ཁབ་ཏུ་ཡོད༔ ཡབ་ཡུམ་དཀོན་མཆོག་མཆོད་དང་ཚོགས་བསགས་པས༔ སྲས་ནི་མི་བདོག་བུ་མོ་གཉིས་བལྟམས་པའི༔ ཆེ་བ་གཡུང་དྲུང་འོད་འབར་མ་ཞེས་དང་༔ ཆུང་བ་བྱང་ཆུབ་འགྱུར་མེད་མ་ཞེས་གྲགས༔ དེ་ལ་འཕྲུལ་རྒྱལ་ཉིད་ཀྱིས་བསྐོས་བཞག་པས༔ སྲས་མོ་ཆེ་བ་གཡུང་དྲུང་འོད་འབར་མ༔ གཞན་དག་སྟོབས་འབྱོར་ལྡན་པའི་ཕྱུག་བདག་ཅིག༔ སྲས་བུ་གཅིག་བཞུགས་གཟུགས་མཛེས་གཞན་ལས་འཕགས༔ བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད༔ འགྲོ་བ་གཞན་གྱིས་སྐྱེ་མཆེད་དོ་ཟླར་མེད༔ གཡུང་དྲུང་འོད་འབར་མཚན་དང་དཔེ་བྱད་ལེགས༔ དབྱར་གྱི་མེ་ཏོག་གསར་བའི་ཁ་དོག་མཛེས༔ དེ་རུ་གཉེན་སྲིད་འགྲོ་བར་བཀའ་ཡིས་བཅད༔ ཆུང་བ་བྱང་ཆུབ་འགྱུར་མེད་མ་ཉིད་ནི༔ རྒྱལ་གྱི་སྲས་དོད་བྱ་བས་རྒྱལ་སྲིད་ཟུངས༔ རྒྱལ་ཕྲན་གཅིག་གི་བུ་དང་སྟངས་དཔྱལ་སྡེབས༔ འཁོར་འབངས་མངའ་རིས་ཟུངས་ཞེས་བཀའ་ཡིས་བཅད༔ དེ་ལ་གཡུང་དྲུང་འོད་འབར་མ་ཉིད་ཀྱིས༔ གསོན་དང་ཡབ་ཅིག་འཕྲུལ་གྱི་རྒྱལ་པོ་ལགས༔ རྒྱལ་ལ་རྒྱུད་འཛིན་གཉིས་བཞུགས་གཅེན་པོ་ནི༔ རྒྱལ་ས་བཟུང་ཞིང་རྒྱལ་སྲིད་ཁ་ལོ་བསྒྱུར༔ གཅུང་པོ་ལས་འཕྲོ་གར་ཡོད་སྐོས་རིགས་ཀྱང་༔ འོ་ཅག་རྒྱལ་ལ་སྲས་མོ་གཉིས་ཡོད་པ༔ རྒྱལ་པོ་ཡབ་ཡུམ་བཀའ་ཡིས་བཅད་པ་ལྟར༔ ཆུང་བ་བྱང་ཆུབ་འགྱུར་མེད་མ་ཉིད་ནི༔ རྒྱལ་སྲིད་འཛིན་དང་ཕ་མར་དྲིན་བསྐུལ་གྱིས༔ ཁོ་མོ་བདག་ལ་རེ་དོགས་གཏན་ནས་མེད༔ བདག་ནི་འཁོར་བའི་ཁྱིམ་ཐབ་འཛིན་མི་འགྲོ༔ ཞུས་པས་འཕྲུལ་གྱི་རྒྱལ་པོའི་ཞལ་ན་རེ༔ ཆེན་མོ་གཡུང་དྲུང་འོད་འབར་ཁྱོད་ཉོན་ཅིག༔ ད་རེས་རྒྱལ་གྱི་སྲས་མོར་སྐྱེས་བའི་དུས༔ གཉེན་སྲིད་འཛིན་པ་སྲིད་པའི་བསྐོས་བཞག་ཡིན༔ ན་ཆུང་དུས་ནས་གནས་ལ་འདོམ་དུ་ཡོད༔ མ་ཡིག་ཆད་པ་རིན་ཆེན་ནོར་མཆོག་དང་༔ གསེར་གཡུ་དར་ཟབ་རྟ་ནོར་དབྱིག་བཟང་པོ༔ ཕོངས་མེད་རྒྱུ་ནོར་ཚན་ཆེན་རྫོངས་བ་བྱེད༔ དེ་བས་ཁྱིམ་སྲིད་སྐྱོང་དུ་འགྲོ་དགོས་སྩལ༔ དེ་ལ་གཡུང་དྲུང་འོད་འབར་མ་ན་རེ༔ གསོན་དང་རྒྱལ་པོ་ཡབ་ཡུམ་དམ་པ་ལགས༔ ད་ལྟ་རྒྱལ་སྲས་མི་ལུས་རིན་ཆེན་ཐོབ༔ སེམས་ཉིད་ཡིད་བཞིན་ནོར་བུ་གཏེར་མཛོད་དེ༔ མ་ཐོབ་སྒྱུ་མའི་ཟང་ཟིང་སྨོན་སྒོ་ཆུང་༔ ནོར་ལ་ཆགས་མེད་ཁྱིམ་ཐབ་འགྲོར་མི་འདོད༔ དེ་ལ་འཕྲུལ་རྒྱལ་ཐུགས་འཁྲུགས་འདི་སྐད་གསུངས༔ ཉོན་ཅིག་གཡུང་དྲུང་འོད་འབར་མ་ཁྱོད་ཉོན༔ རྒྱལ་པོའི་བཀའ་ཡིས་བཅད་པ་ལན་གཅིག་ཡིན༔ རྣོན་པོ་གྲི་ཡིས་བཅད་པ་ཐེངས་གཅིག་ཡིན༔ མོ་ཁྱོད་ཁྱིམ་ཐབ་འཛིན་དུ་མ་སོང་ན༔ བདག་གི་ཁྲིམས་གཅོད་ཉེས་པའི་བུ་ལ་གཅོད༔ གཞན་ལ་རྒྱལ་ཁྲིམས་འགྲོ་བ་མི་སྲིད་པས༔ འགྲོར་མ་འདོད་ན་ཆབ་ལ་གསོལ་ལོ་གསུངས༔ དེ་ལ་ན་རེ་རྒྱལ་པོ་ཡབ་ཡུམ་ལགས༔ བུ་མོ་ཐར་པ་བྱང་ཆུབ་སྒྲུབ་པ་ལ༔ སེམས་ཉིད་རིན་ཆེན་སྲོག་དང་མ་བྲལ་ན༔ སྒྱུ་ལུས་མི་རྟག་ཆུ་ཡི་ལྦུ་བ་འདྲ༔ ནམ་ཡང་འཆི་བའི་རང་བཞིན་ཡིན་པས་ན༔ སྒྱུ་མའི་སྲོག་ལ་བདག་ནི་མི་འཇིགས་སོ༔ ཞེས་ཞུས་རྒྱལ་པོས་དེ་བས་བཀྱོན་ཕབ་སྟེ༔ ཉོན་དང་གཡུང་དྲུང་འོད་འབར་མ་ཁྱོད་ཀྱིས༔ ཡབ་ཀྱི་བཀའ་བཅག་སྡུག་བསྔལ་རིན་གྱིས་ཉོས༔ ལས་ཀྱི་བསྐོས་བཞག་སྟངས་དཔྱལ་གཉེན་དུ་སྤྲེལ༔ ཁྱིམ་འཛིན་བུ་ཚ་རྒྱུད་སྤེལ་ཉེ་གཉེན་བཙའ༔ བསོད་ནམས་དབང་ཐང་རྒྱས་ལ་མི་དགའ་ན༔ བདག་གིས་ཁྲི་མུན་དོང་དུ་དེང་བསྐྱུར་རོ༔ ཟེར་ནས་མུན་པའི་དོང་བཅུག་ལོ་ལྔ་བཞག༔ བུ་མོའི་སེམས་ལ་ཉམ་ང་མེད་ན་ཡང་༔ ལུས་ཀྱི་ཤ་ཞུད་ལྤགས་ཀྱིས་གཡོག་པ་ཙམ༔ ཤིན་ཏུ་ཉམ་ཆུང་ཐང་ཤ་ཆད་ནས་བཞུགས༔ དེ་ལ་ཡུལ་མི་ཀུན་གྱིས་རྒྱལ་པོ་ལ༔ ཕྱག་འཚལ་དགོངས་ཤིག་འཕྲུལ་རྒྱལ་རིན་པོ་ཆེ༔ ད་ནི་བུ་མོ་བཙོན་ལས་མ་ཕྱུང་ན༔ སྲས་མོ་རིན་ཆེན་སྲོག་དང་བྲལ་ལ་ཉེ༔ ཕྱི་རུ་འདོན་པར་མཛོད་ཅེས་བཀའ་མཆིད་ཞུས༔ རྒྱལ་པོ་ཁྲི་མུན་དོང་ཁར་བྱོན་ནས་སུ༔ རྒྱལ་གྱི་སྲས་མོ་གཡུང་དྲུང་འོད་འབར་ལ༔ བཙོན་ནས་འདོན་གྱི་ཁྱིམ་ཐབ་འགྲོའམ་སྐད༔ བུ་མོས་ཡབ་ཅིག་འཕྲུལ་གྱི་རྒྱལ་པོ་ལགས༔ བདག་ནི་དལ་འབྱོར་མི་ལུས་ཐོབ་པའི་དུས༔ འཁོར་བའི་བཙོན་ར་མུན་པ་ཆུད་པ་ལ༔ སྡིག་པའི་གྲོགས་བསྟེན་དགེ་ལ་ཇི་ལྟར་སྤྱོད༔ སྡིག་ཕྲུག་པང་བླང་དགེ་སྦྱོར་ཇི་ལྟར་འཕེལ༔ ངན་སོང་གསུམ་གྱི་སྡུག་བསྔལ་འཁོར་ར་ཡུག༔ ཐར་མེད་དེ་རུ་འཇིགས་སྐྲག་སྔངས་གསུམ་གྱི༔ ལས་ཀྱི་རྒྱུ་འབྲས་སྨིན་ཚེ་སུ་ཡིས་འདོན༔ རྒྱལ་པོ་བྱིས་པའི་སྡིག་བཙོན་དོང་འདི་རུ༔ མ་ཤི་བར་དུ་བཅུག་ཀྱང་མི་འཇིགས་ཞེས༔ འཁོར་བའི་ཁྱིམ་ཐབ་མི་འགྲོར་དམ་བཅས་སོ༔ དེ་ལ་རྒྱལ་པོ་ངོ་ཤ་སྐྱི་བུང་སོང་༔ ཁྲིམས་དོང་བཏོན་ནས་གང་དགའ་བྱ་རུ་བཅུག༔ དེ་ལ་ཡུལ་གྱི་མི་རྣམས་ཐམས་ཅད་ཀྱིས༔ སྲས་མོ་དོང་ནས་ཐོན་ཅེས་བྱ་དགར་སྤྱོད༔ ད་ནི་མོ་ལ་དགའ་བ་རེ་ཆེ་ཞེས༔ ཞུས་པས་བུ་མོ་དེ་ཡི་ཞལ་ན་རེ༔ འཁོར་བའི་བཙོན་དོང་སྡུག་བསྔལ་གསུམ་གྱིས་མནར༔ དེ་ལས་བདག་ནི་ཐར་པ་མ་ཡིན་ཏེ༔ བྱིས་པའི་བཙོན་དོང་ཁྲི་མུན་ནག་པོ་ལ༔ ཐར་ཀྱང་བདག་ལ་སྨོན་སྒོ་ཆེ་རྒྱུ་མེད༔ ང་ནི་མི་འདུག་དབེན་པའི་རི་ལ་འགྲོ༔ དགོན་པའི་གནས་སུ་བྱང་ཆུབ་སྒྲུབ་ཏུ་འགྲོ༔ གསུངས་ནས་གཡུང་དྲུང་འོད་འབར་མ་ཉིད་བྱོན༔ དེ་ཚེ་རྒྱལ་པོ་འགྱོད་སྐྱེས་དགེ་ལྡན་མ༔ གཡོག་ཏུ་བཏང་ནས་རི་ཁྲོད་འགྲིམ་དུ་བཅོལ༔ དབེན་གནས་བདེ་བ་འོད་གསལ་གསང་ཕུག་ཏུ༔ དཔོན་སློབ་གཉིས་པོ་བསྒོམས་ནས་ཡོད་པ་ལ༔ ཉིན་གཅིག་ལྗོན་ཤིང་པ་དྲྭ་ཡོད་པའི་ཁར༔ གཡུ་བྱ་ཁུ་བྱུག་སྔོན་མོ་གཅིག་བབ་ནས༔ ཞལ་ནས་ཚང་ཚིང་དབྱངས་ཀྱིས་འདི་ལྟར་གསུངས༔ གསོན་དང་གཡུང་དྲུང་འོད་འབར་རྒྱལ་གྱི་སྲས༔ ཡུམ་ཆེན་ས་ཏྲིག་ཨེར་སངས་རྣམ་པར་རོལ༔ ཐུགས་ཉིད་མི་གཡོ་ངང་དུ་བཞུགས་ནས་ཨང་༔ དོ་ནུབ་མ་གཉིད་དངོས་གྲུབ་ཅིག་ཡོད་ཟེར༔ གཡུ་བྱ་ནམ་མཁའི་ཁམས་སུ་ལྡིང་ནས་སོང་༔ དེ་ལ་གཡུང་དྲུང་འོད་འབར་མ་ཉིད་ཀྱིས༔ དགེ་ལྡན་མ་ལ་དེ་རིང་བྱ་སྐད་དེས༔ ཅི་ཟེར་ཐོས་སམ་གསུངས་ཀྱང་མ་ཐོས་ཟེར༔ དེ་ནུབ་ཁོ་མོ་དཔོན་གཡོག་ཉལ་བ་ལ༔ གཡུང་དྲུང་འོད་འབར་དགོངས་པའི་ངང་ལ་བཞུགས༔ རེ་ཞིག་སྔས་སུ་ཁྱེའུ་ཀླུ་ཡི་རིགས༔ གསེར་གཡུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དར་དཀར་གཡུ་ཡིས་ཡེ་གེ་བྲིས་པ་ཞིག༔ དུང་གི་དྲིལ་ཤིང་བྱས་པ་གཅིག་བསྣམས་ནས༔ འདི་ནི་ཁྱོད་ཀྱི་སྐལ་བ་རེད་ཅེས་གསུངས༔ ལག་ཏུ་གཏད་ནས་ཁྱེའུ་གར་སོང་མེད༔ མོ་ཡིས་ཇི་ཡིན་སྙམ་ནས་ཤོག་དྲིལ་བཀླག༔ འཁོར་བ་དོང་སྤྲུགས་ཡེ་སངས་རྒྱས་པའི་དོན༔ ཟབ་ཅིང་རྒྱ་ཆེར་འདུག་པ་མཇལ་ནས་བསྒོམས༔ དེ་ལ་གཡོག་མོ་དགེ་ལྡན་མ་དེ་ནི༔ གནས་ལུགས་དོན་དམ་ཡེ་ཙམ་མ་རྟོགས་པས༔ དགོན་པའི་གནས་ལ་བྱ་བཞག་ཆེར་བརྩོན་པས༔ མོ་ལ་གཡུང་དྲུང་འོད་འབར་མ་ཉིད་ཀྱིས༔ སྙིང་རྗེ་སྐྱེས་ནས་དགེ་ལྡན་མ་ཞེས་གསུངས༔ ཨང་ལགས་ཞུས་པས་ཁྱོད་ཉིད་སྙིང་རེ་རྗེ༔ འཇིག་རྟེན་ལས་སྤྱོད་སྙིང་པོ་མེད་པ་ལ༔ ཅི་བྱེད་མི་དགོས་ཡོད་ཚད་པོར་ཐོང་ཨང་༔ གསུངས་པས་དགེ་ལྡན་མ་ཉིད་མ་དགའ་སྟེ༔ ཁོང་གིས་ང་ལ་དེ་སྐད་གསུངས་ན་ཡང་༔ ངས་ནི་བོན་དང་འགལ་བ་མ་བྱས་སོ༔ དུས་དང་འཕྲལ་གྱི་བྱ་བ་འདི་ཉིད་ནི༔ དཔོན་སློབ་གཉིས་ཀ་དག་ལ་དགོས་པར་འདུག༔ ཁྱོད་ཉིད་ཐུགས་མ་དགྱེས་པ་ཨ་ཙ་མ༔ སྙམ་ཚེ་གཡུང་དྲུང་འོད་འབར་མ་ཉིད་མཁྱེན༔ དགེ་ལྡན་མ་ལ་ཞལ་ནས་འདི་སྐད་གསུངས༔ ཁྱོད་ཉིད་སེམས་ཀྱི་སྣང་བ་དེ་ལྟར་ལ༔ སེམས་ཉིད་དེ་རང་ཇི་ལྟར་འདུག་ཅིང་ལྟོས༔ གསུངས་པས་དེ་ལ་དགེ་ལྡན་མ་ཉིད་ཀྱིས༔ གོ་བ་སྐྱེས་ཏེ་རང་ལ་རང་གིས་དཔྱད༔ ད་རེས་མི་དགའ་བ་ཡི་སྣང་བ་དེ༔ བལྟས་པས་སྤྱི་བོའི་གཙུག་ན་མི་འདུག་ཅིང་༔ རྐང་མཐིལ་ཕྱི་ནང་ཀུན་ནའང་མི་འདུག་པས༔ མི་དགའ་བ་ཡི་མཚན་མ་རང་སར་གྲོལ༔ གཡུང་དྲུང་འོད་འབར་མ་ཡིས་དགེ་ལྡན་ལ༔ ངོ་སྤྲད་གདམས་ངག་ཐོག་འཕྲད་བསྟན་པ་ལྟར༔ ལྟ་བ་སྒོམ་གྱི་གཉེན་པོར་མ་ཞེན་པ༔ ཡེངས་བ་མེད་པའི་ངང་དུ་ལོ་གསུམ་བཞུགས༔ མཉམ་བཞག་བསྒོམས་པ་སངས་རྒྱས་འབྲས་བུ་ཐོབ༔ གཡུང་དྲུང་འོད་འབར་རྫོགས་ཆེན་བཀའ་བབ་ཅིང་༔ སློབ་མ་གཡུང་དྲུང་སེམས་དཔའ་སེམས་མ་སོགས༔ བསམ་གྱིས་མི་ཁྱབ་རྟོགས་གྲོལ་དུས་གཅིག་མཛད༔ མ་འོངས་བསྐལ་མཐར་འགྲོ་བ་འདུལ་བའི་ཕྱིར༔ རྒྱ་གར་ཞང་བོད་ཡུལ་ལ་དམར་བའི་བོན༔ མཁའ་འགྲོའི་སྤྲུལ་པས་རྒྱུན་ཆད་མེད་པར་སྤེལ༔ སྙིགས་དུས་སེམས་ཅན་མང་པོ་གྲོལ་བར་འོང་༔ ཞེས་གསུངས་ལྷ་མོ་གཡུང་དྲུང་འོད་འབར་མས༔ གདུལ་བྱ་བསམ་ལས་འདས་པ་གྲོལ་བར་མཛད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲོས་བྲལ་འོག་མིན་བདེ་བ་ཆེན་པོ་ནས༔ མ་ཚོགས་མཁའ་འགྲོ་ཡོངས་ཀྱི་ཐུགས་རྗེའི་རྩལ༔ བཟང་བཟའ་རིང་བཙུན་བྱིན་གྱིས་བརླབས་པ་ཡིས༔ མཁའ་འགྲོ་ཆེན་མོ་འོད་ལྡན་འབར་མ་ནི༔ རྒྱ་གར་བྱང་ནུབ་དུར་ལང་ཀྱེ་ཁྲ་ཡུལ༔ བསོད་ནམས་འབུམ་ལྡན་གྲོང་ཁྱེར་བདལ་པའི་དབུས༔ ཕོ་བྲང་འཇའ་ཚོན་འོད་ཟེར་འཕྲོ་བའི་བདག༔ བཟང་སྐྱོང་རྒྱལ་པོ་གཞོན་ནུ་ཤ་དྷ་ཅན༔ ཡུམ་ནི་གསུམ་བདོག་བྲམ་ཟེ་བྷ་ཏྲ་མ༔ ཨེ་ཏ་མ་དང་བན་ཏྲ་ཞེས་པ་ལ༔ འཁོར་དང་མངའ་རིས་ལོངས་སྤྱོད་བསམ་མི་ཁྱབ༔ བཟང་སྐྱོང་རྒྱལ་དང་བྲམ་ཟེ་མོ་ཉིད་ཀྱིས༔ ནུབ་གཅིག་རྨི་ལམ་ནང་དུ་མེ་ཏོག་གླིང་༔ ཤེལ་གྱི་མཆོད་རྟེན་འོད་ནི་དཀར་པོ་འཕྲོ༔ ལྷ་མོ་མཛེས་མ་མང་པོས་སྐོར་བ་བྱེད༔ དེ་ཡི་ནང་ནས་གཅིག་གིས་ནོར་བུ་ཞིག༔ རྒྱལ་པོ་རང་གི་ཕྱག་ཏུ་གཏད་པ་ལ༔ འོད་ནི་བཙུན་མོའི་ལུས་ལ་ཕོག་པ་ཡིས༔ ཉི་མའི་འོད་བཞིན་ཤར་བས་གླིང་ཀུན་གསལ༔ ཐམས་ཅད་ཉི་འོད་དེ་ལ་ཕྱོགས་པ་རྨིས༔ ཡབ་ཡུམ་ལྟས་བཟང་གསང་སྟེ་མགུ་བར་གྱུར༔ བྲམ་ཟེ་མོ་ལ་སྲིད་ཀྱི་དཔལ་ཆགས་པས༔ རྟ་ལོ་ལུག་ཟླའི་བཅོ་ལྔ་ཐོ་རངས་ཁར༔ ཡུམ་ལས་སྲས་མོ་གཅིག་བལྟམས་ནད་མེད་བདེ༔ སྲས་མོ་དེ་ནི་གཞན་དང་མི་འདྲ་བ༔ ཞག་རེ་བཞིན་དུ་སྐྱེ་མཆེད་དབང་པོ་གསལ༔ སྐུ་མདོག་དཀར་ལ་ཟླ་བའི་འོད་ཆགས་པ༔ སྐུ་ལུས་ཕྲ་མཉེན་འཇོ་སྒེག་ཡིད་འོང་མཛེས༔ མེ་ཏོག་གསར་པའི་ཁ་དོག་དྲི་ཞིམ་འཕྲོ༔ བལྟ་བས་མི་ངོམས་བཅོ་ལྔའི་ཉ་རྒྱས་མཚུངས༔ ཟླ་འོད་མ་ཞེས་ཆུང་མཚན་སྙན་པོར་གསོལ༔ བོན་སྒོ་ཐམས་ཅད་མ་བསླབ་ཐུགས་སུ་མཁྱེན༔ ཉིན་མཚན་ཐམས་ཅད་མཁའ་འགྲོ་ཚོགས་ཀྱིས་སྲུང་༔ རྒྱལ་པོ་ཡབ་ཡུམ་དགྱེས་ཏེ་སྲས་མོ་གསོས༔ འདི་ནི་ཡེ་ཤེས་མཁའ་འགྲོའི་ལུས་གསོབ་འདྲ༔ ཡབ་ཡུམ་འཁོར་འབངས་བསོད་ནམས་དཔགས་པས་ན༔ བདག་ཅག་སྐྱོབས་པའི་ལྷ་སྐལ་གྱུར་པའམ༔ འདྲེན་པའི་ལྷ་མོ་ཆེན་མོ་ཡིན་པར་རིགས༔ རྒྱལ་ཁམས་ཀུན་གྱིས་ཐོབ་ཤོར་གཉེན་ཕྱོགས་ཀྱང་༔ བུ་མོ་འཁོར་བའི་སྡུག་བསྔལ་ཡིད་སྐྱོ་བས༔ དགེ་ལ་ཞུགས་ཤིང་དག་པའི་འཁོར་ཚོགས་བསྐོར༔ བདག་ཅག་རྒྱལ་བློན་ཉིད་ཀྱི་རྗེས་སུ་འབྲང་༔ ཞེས་ཞུས་ཟླ་འོད་ཐུགས་ནི་ཤིན་ཏུ་དགྱེས༔ དེ་ནས་བུ་མོ་བཞུགས་སུ་མ་འདོད་པས༔ དབེན་པའི་གནས་སུ་སྒོམ་དུ་འགྲོ་བར་ཆས༔ གཡོག་མོ་གཉིས་བཅས་དུར་ལང་ཀྱེ་ཁྲའི་ལྷོར༔ དབལ་བོན་ཧྲམ་པོ་བཞུགས་པའི་མདུན་ཕྱིན་ཞིང་༔ དགེ་བའི་སྒོར་ཞུགས་ཚུལ་ཁྲིམས་བསྙེན་རྫོགས་བླངས༔ དུར་ལངས་རྩུབ་ལྡན་བྱ་བའི་དུར་ཁྲོད་ན༔ གཡུ་བྲག་སེང་གེ་འདྲ་བའི་མགུལ་ཞོལ་དུ༔ འཇའ་ཚོན་གཏིབ་པའི་སྒྲུབ་ཕུག་ཉེར་ལྔ་ཡོད༔ མཛེས་པའི་ལྗོན་ཤིང་རི་དྭགས་སྤུ་སྡུག་གནས༔ བྱ་རིགས་སྐད་སྙན་མང་པོ་དེ་ལ་འཁོར༔ རི་དེའི་མདུན་ཕྱོགས་དུར་ཁྲོད་བྲག་ནག་པོ༔ དོམ་དྲེད་འཐབ་པ་འདྲ་བའི་འགྲམ་ཤོད་དུ༔ དུག་ཤིང་ནག་པོ་དུག་སྦྲུལ་འཇིགས་རྔམས་འཁྲིལ༔ དུར་གྱི་བདག་མོ་ཤ་ཟན་སྟག་གི་གདོང་༔ ཀྱེ་ལང་ཀྱེ་འདྲ་མཆོད་རྟེན་བང་རིམ་དགུ༔ རྩེ་མོ་ནོར་བུ་འོད་འབར་དགུང་ལ་ཟུག༔ ཤ་ཟ་མཁའ་འགྲོ་འབུམ་ཕྲག་དེ་རུ་འདུ༔ དུར་ཁྲོད་དེ་ཡི་གོང་དུ་གཤེགས་ནས་སུ༔ མི་གཡོ་ཏིང་འཛིན་ངང་ལ་བཞུགས་པའི་ཚེ༔ གཡོག་མོ་ཀྱེ་ལེ་ཤན་ཏི་མ་གཉིས་ཀྱིས༔ གཡོག་གྱིན་བོན་ཉན་སྐུ་ལ་འཁོར་ནས་སུ༔ གྲོང་ཁྱེར་ཚོགས་ཀྱིས་བཀུར་ཞིང་ཟས་ཕུད་མཆོད༔ ལྷ་ཀླུ་མི་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ དགེ་བ་བསམ་གྱིས་མི་ཁྱབ་ངང་གིས་འཕེལ༔ མཚན་སྙན་རྒྱལ་ཁམས་མངའ་རིས་ཀུན་ལ་ཁྱབ༔ དེ་ཚེ་ཞང་ཞུང་དྲན་པ་ནམ་མཁའ་ལ༔ དབྱིངས་ཀྱི་མཁའ་འགྲོ་ཆེན་མོས་འདི་སྐད་གསུངས༔ ཨེ་མ༔ ཀུན་བཟང་ཐུགས་སྤྲུལ་དྲན་པ་ནམ་མཁའ་གསོན༔ འདི་ནས་ལྷོ་ཕྱོགས་རྒྱ་གར་ཞིང་གི་བྱང་༔ དུར་ལངས་ཀྱེ་ཁྲ་བསོད་ནམས་ལྡན་པའི་ཡུལ༔ བཟང་སྐྱོང་རྒྱལ་པོ་བྲམ་ཟེ་མོ་གཉིས་ལ༔ ཡུམ་ཆེན་བཟང་བཟས་བྱིན་བརླབས་ཟླ་འོད་མ༔ རྩུབ་ལྡན་དུར་ཁྲོད་བླ་མེད་སྒོམ་གྱིན་བཞུགས༔ དེ་ཉིད་ཁབ་བཞེངས་སྲས་སྤྲུལ་འཛམ་གླིང་ཞིང་༔ མུན་པར་སྒྲོན་མེ་དང་མཚུངས་མཆོག་ཏུ་བསྔགས༔ ཞེས་གསུངས་མཁའ་འགྲོ་དབྱིངས་སུ་གཤེགས་ནས་སོང་༔ དེ་བཞིན་སྨྲ་སེང་དྲན་པ་ནམ་མཁའ་ཡིས༔ དབྱིངས་ཀྱི་མཁའ་འགྲོའི་ལུང་བཞིན་གཡུ་འབྲུག་ཞོན༔ དར་ཟབ་རིན་ཆེན་རྒྱན་སྤྲས་རྒྱལ་མཚན་བསྣམས༔ ཁྱེའུ་དཀར་དམར་ལྗང་གསུམ་མཛེས་པས་བསྟེན༔ སྐད་ཅིག་རྒྱ་གར་དུར་ཁྲོད་རྩུབ་ལྡན་བྱོན༔ གཡུ་བྲག་ཀེ་དྷ་བྷ་རི་ཞེས་བྱ་བ༔ ཟླ་འོད་བཞུགས་པའི་མཁའ་ལ་བྱོན་ནས་སུ༔ ཨ་ཧོ༔ བདེ་ཆེན་སེང་གེ་བྲག་ཕུག་ཉམས་དགའ་བར༔ བདེ་སྟོང་དགྱེས་པའི་མཁའ་འགྲོ་རིགས་ཀྱི་གཙོ༔ བདེ་བའི་རྩལ་ལས་དགའ་བདེ་བཅུ་དྲུག་འབར༔ བདེ་གསལ་མི་རྟོག་ཏིང་འཛིན་མི་སྐྱོང་ངམ༔ ཞེས་གསུངས་ཟླ་འོད་འབར་མ་དགྱེས་པའི་ཚུལ༔ ཨེ་མ༔ མཁའ་ལ་བྱོན་པའི་ཡེ་ཤེས་ལྷག་པའི་ལྷ༔ མཁའ་གསལ་ཞལ་གྱི་མདངས་བཟང་མཆོག་སྟེར་བ༔ མཁའ་མཉམ་འགྲོ་དང་བདག་ལ་བདེ་བ་འབར༔ མཁའ་དབྱིངས་དཀྱིལ་འཁོར་ཚོགས་སུ་མི་འབྲལ་ལམ༔ ཞེས་ཞུས་དྲན་པའི་ཞལ་ནས་འདི་སྐད་གསུངས༔ ཨ་ཧོ༔ བདེ་བའི་མཁའ་འགྲོ་བཟང་བཟས་བྱིན་རླབས་མ༔ སྔོན་ཚེ་འོག་མིན་ཞིང་དང་ལྔ་ལྔན་ཞིང་༔ དྲན་པ་ནམ་མཁའ་སྨྲ་བའི་སེང་གེའི་སྒྲ༔ བདག་ཉིད་ཆེན་པོ་རྒྱལ་བ་འདུས་པའི་སྐུ༔ ཁྱོད་ནི་གནས་གསུམ་མཁའ་འགྲོའི་གཙོ་མོ་སྟེ༔ ཚོགས་ཀྱི་སྨོན་ལམ་འབྲེལ་བ་དྲན་ལགས་སམ༔ ཞེས་གསུངས་ཟླ་འོད་ཀྱིས་ནི་འདི་སྐད་ཞུས༔ ཨེ་མ༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ འཆི་མེད་རིག་འཛིན་ཁྱེད་ཞལ་ཁུམ་པ་དྲན༔ རྗེས་ཆགས་གདུང་ཤུགས་རྩེ་གཅིག་ཁྱོད་ལ་གུས༔ ཚོགས་ཀྱི་དེད་དཔོན་འགྱུར་བར་མཛད་དུ་གསོལ༔ ཞུས་པས་ཞེན་ལས་བབས་ཏེ་སྒྲུབ་ཕུག་བྱོན༔ མཁའ་འགྲོའི་ཚོགས་དང་ལྷན་ཅིག་བཞུགས་ནས་སུ༔ ཟབ་མོའི་གདམས་པ་གསུངས་ནས་བོན་ཉིད་རྟོགས༔ སྤྲོས་བྲལ་ཡེ་ཤེས་དགོངས་པ་མངོན་དུ་འཆར༔ ཟླ་འོད་མ་ནི་ཟག་མེད་འོད་སྐུར་སྒྲུབ༔ གཡོག་མོ་གཉིས་ཀྱང་མཐུ་སྟོབས་རྫུ་འཕྲུལ་བརྙེས༔ རྩུབ་ལྡན་དུར་ཁྲོད་ཚོགས་ཀྱི་དེད་དཔོན་མཛད༔ དེ་ཚེ་དུར་བདག་མཁའ་འགྲོ་སྡེ་བརྒྱད་ཚོགས༔ དུར་ཕག་མགོ་བརྙན་སྡིག་པ་སྲེད་པའི་བུ༔ ཆོ་འཕྲུལ་བསྟན་ཏེ་རྡོ་བ་གུར་ཙམ་འཕངས༔ འཆི་མེད་ཡབ་ཡུམ་སྐུ་ལ་གནོད་མ་ཚུགས༔ མ་རུངས་གདུག་པ་ཕག་གི་མགོ་ཅན་ལ༔ དྲན་པ་ཡབ་ཡུམ་ཤིན་ཏུ་ཐུགས་ཁྲོས་ནས༔ བདེ་སྟོང་ཧེ་རུ་ཀ་དཔལ་སྐུར་བཞེངས་པ༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་ཁྲོ་བོའི་ཆས༔ ཟླ་ཡུམ་དཀར་མོ་གྲི་ཐོད་འཛིན་པ་འཁྲིལ༔ གཡས་པས་གནམ་ལྕགས་ཕུར་པ་མཁའ་ལ་ཕྱར༔ གཡོན་པ་བྷནྡྷ་ཁྲག་གིས་བཀང་བ་འཛིན༔ འོད་ཟེར་མེ་དཔུང་ཐོག་སེར་ཆར་ལྟར་འབེབས༔ བདུད་སྲིན་དཔུང་ཚོགས་དྲན་མེད་བརྒྱལ་བར་གྱུར༔ སྲེད་པའི་བུ་ནི་དབུགས་ཕྱུང་ཞབས་ལ་བཏུད༔ རྣམ་ཤེས་ལྷ་རུ་བྱིན་གྱིས་བརླབས་པར་བྱས༔ རྩུབ་ལྡན་དུར་ཁྲོད་བཀའ་ཡི་སྲུང་མར་བསྐོས༔ དུར་ཁྲོད་ཟིལ་གནོན་གསང་བ་སྔགས་བསྟན་འཛིན༔ རྟེན་འབྲེལ་དང་པོ་འགྲུབ་པས་ཐུགས་དགྱེས་གྱུར༔ དེ་ཚེ་ཡུལ་གྱི་ཕྱུགས་རྫི་རོ་སྐྱལ་སོགས༔ དུ་མས་ཟླ་ལོད་དགེ་ལ་བར་ཆད་མཁན༔ མིའམ་མི་མིན་ཕོ་མོ་གང་ཡིན་ཞིག༔ དཔོན་གཡོག་གསུམ་པོ་བསླུས་ནས་འདུག་པར་མཐོང་༔ རྒྱལ་ཁམས་གཟེ་མ་མཆུ་ཡིས་བསྡུས་ནས་སུ༔ རྒྱལ་པོས་ཐོས་ནས་མ་རུངས་གཏམ་ངན་འདི༔ གང་ཡིན་འཕྲལ་དུ་གྲོང་ཁྱེར་ཐམས་ཅད་བསྡུས༔ གོ་མཚོན་ཐོགས་ཤིག་རྩུབ་ལྡན་དུར་ཁྲོད་རྒྱུག༔ དྲན་པ་ཡབ་ཡུམ་གཡུ་འབྲུག་ལ་ཞོན་ནས༔ གཡོག་མོ་གཉིས་ནི་སྐུ་ཡི་གཡས་གཡོན་བརྟེན༔ སྒྲུབ་ཕུག་ཕྱིར་ཐོན་བར་སྣང་ཁམས་སུ་གཤེགས༔ དྲན་པས་ཕྱི་མིག་གཟིགས་ཤིང་འདི་སྐད་གསུངས༔ རྒྱ་གར་བཟང་སྐྱོང་རྒྱལ་པོ་ཆེན་པོ་ལགས༔ བུ་མོ་ཟླ་མཛེས་ཚོགས་ཀྱི་ཞིང་དུ་འགྲོ༔ ང་ནི་འཆི་མེད་དྲན་པ་ནམ་མཁའ་སྟེ༔ འཇམ་དཔལ་སེང་གེ་སྒྲ་ཡིས་གདུལ་དཀའ་བཅོམ༔ རྒྱལ་བློན་དམག་གིས་གང་ཡང་བྱ་ཐབས་ཟད༔ ཅེས་གསུངས་ཟླ་འོད་མཛེས་མ་ཕྱིར་གཟིགས་ནས༔ ཀྱེ༔ ཡབ་ཅིག་བཟང་པོ་སྐྱོང་བའི་རྒྱལ་པོ་ལགས༔ བདག་ནི་བསླུ་བའི་རྗེས་སུ་འགྲོ་མ་ལགས༔ ཀུན་ཏུ་བཟང་པོར་བོན་ཉན་སོང་ནས་ཀྱང་༔ གདུལ་བྱའི་དོན་དུ་ཞིང་ཁམས་དེར་འཆར་རོ༔ ཀྱེ་ལེ་ཤན་ཏིང་ནམ་ཞིག་རྩུབ་ལྡན་ཁྲོད༔ དུར་ཁྲོད་གཙོར་འགྱུར་བཟང་པོའི་ཞིང་ཁམས་སྐྱོང་༔ ཞེས་གསུངས་ཡབ་ཡུམ་ནམ་མཁའི་ཁམས་ནས་གཤེགས༔ བཟང་སྐྱོང་ཡབ་ཡུམ་དམག་མི་ཚོགས་ཐམས་ཅད༔ ཕྱག་འཚལ་རྗེས་སུ་བཟུང་བའི་གསོལ་བ་བཏབ༔ གང་གིས་གླགས་མ་རྙེད་ཅིང་ཕྱི་རུ་ལོག༔ ཀུན་གྱིས་དང་བ་འདྲེན་པའི་གནས་སུ་གྱུར༔ དེ་ནས་འཆི་མེད་དྲན་པ་ཡབ་ཡུམ་གཉིས༔ རྫུ་འཕྲུལ་རྩལ་གྱིས་གཡུང་དྲུང་སྤུངས་པའི་གནས༔ བཞུགས་ནས་གསང་སྤྱོད་བོན་གྱི་འཁོར་ལོ་བསྐོར༔ བྱ་རྒོད་སྤྲུལ་ནས་སྟག་གཟིག་ཡུལ་དུ་བྱོན༔ གཡུང་དྲུང་བཀོད་གླིང་བདུད་འདུལ་གླིང་དུ་ཕྱིན༔ ཕྱི་ནང་གསང་བའི་བོན་རྣམས་ཡོངས་རྫོགས་ཞུས༔ ཨོ་རྒྱན་ཡུལ་བྱོན་སྤྲིན་ནག་འདུ་བའི་རྫོང་༔ རང་བྱུང་གཟི་འདྲའི་མཆོད་རྟེན་ཆེན་པོ་ནི༔ ཁྲག་འཐུང་ཕོ་བྲང་འཇིགས་སུ་རུང་བ་ལ༔ བཞུགས་ཤིང་གསང་སྤྱོད་འགྲོ་དོན་མཛད་དགོངས་ཚེ༔ དུར་ཁྲོད་བདག་པོ་བདུད་སྲིན་སྡེ་བརྒྱད་དཔུང་༔ མ་མོ་མཁའ་འགྲོ་ཤ་ཟན་ཕྲ་མེན་རིགས༔ ཆོ་འཕྲུལ་དྲག་པོའི་དཔལ་ཚོགས་བསྟན་པ་ལ༔ གཟུད་དཀའི་སེམས་ཅན་ཞི་བས་མི་འདུལ་བ༔ མཐུ་སྟོབས་དྲག་པོས་བསྒྲལ་དགོངས་ཏིང་འཛིན་གྱིས༔ འཇམ་དཔལ་ཡབ་ཡུམ་དྲག་པོར་ཁྲོས་པའི་སྐུ༔ ཁྲོ་བོའི་ཆས་རྫོགས་མཚོན་ཆ་སྣ་ཚོགས་འཛིན༔ མེ་དཔུང་ཐོག་སེར་ཚྭ་ཚྭ་སྐར་ལྟར་འཕྲོས༔ དུར་ཁྲོད་བདག་པོ་ཐམས་ཅད་དབང་དུ་བསྡུས༔ གསང་བའི་མཁའ་འགྲོའི་ཚོགས་ཀྱི་དེད་དཔོན་མཛད༔ དེ་ཚེ་དུར་ཁྲོད་བདག་མོ་མཁའ་འགྲོ་མ༔ རྡོ་རྗེ་རྣལ་འབྱོར་ཕག་རྒོད་དབུ་བརྙན་ཅན༔ ཐུགས་རྗེ་ཀུན་སྒྲོལ་སྲིད་གསུམ་དུར་ཁྲོད་གཙོ༔ མ་དང་མཁའ་འགྲོ་མང་པོས་བསྐོར་ནས་སུ༔ རང་བཞིན་གནས་ནས་བྱོན་ཞིང་བྱིན་གྱིས་བརླབས༔ གསང་ཆེན་དུར་ཁྲོད་མཆོག་ལ་མངའ་བརྙེས་གྱུར༔ དེ་ནས་རྒྱ་གར་ཡུལ་བྱོན་རྡོ་རྗེའི་གདན༔ ཀ་མ་ཤཱི་ལ་ཞེས་པའི་གཙུག་ལག་ཁང་༔ མུ་སྟེགས་དམག་གིས་བསྲེགས་པ་འདུལ་བའི་ཕྱིར༔ དྲན་པ་ནམ་མཁའ་ཡུལ་གྱི་ཁྱེའུར་སྤྲུལ༔ ཟླ་འོད་མ་ནི་ཉ་མོ་ཁ་ཤར་སྤྲུལ༔ མུ་སྟེགས་རྒྱལ་པོས་ཉ་མོ་ཟོས་པའི་ཚེ༔ ཉ་མོ་ཁོག་པའི་ནང་དུ་རྒྱུག་པ་ལས༔ གཟེར་ནད་ཐོག་པས་མུ་སྟེགས་ཐམས་ཅད་འདུས༔ མྱ་ངན་བྱེད་ཚེ་ཁྱེའུས་མེ་སྒོ་བཙུགས༔ རྫུ་འཕྲུལ་རླུང་བསྐུལ་སྐད་ཅིག་ཕོ་བྲང་དང་༔ མུ་སྟེགས་མ་ལུས་བསྲེགས་ཤིང་ཡོ་ལིང་བཏང་༔ དེ་ཚེ་རྡོ་རྗེ་གདན་གྱི་མི་རིགས་ཀུན༔ འདུས་ནས་རྗེ་རིགས་རྒྱལ་པོ་ཞིག་དགོས་གླེང་༔ གླང་པོ་མངོན་ཤེས་ཅན་གྱི་སྣ་ཡི་མགོར༔ བུམ་པ་བཞག་ནས་ཁྲོམ་ཚོགས་འདུས་པར་བཏང་༔ གྲལ་མཐར་ཁྱེའུ་ཉ་མོ་འཛིན་པ་ཞིག༔ དེ་ཡི་སྤྱི་བོར་གླང་པོས་བུམ་པ་བཞག༔ ཀུན་གྱིས་ངོ་མཚར་སྐྱེས་ནས་ཁྱེའུ་ལ༔ ཁྱེད་ནི་སུ་ཡིན་རིགས་ནི་ཅི་ལྟ་བུ༔ དྲིས་པས་བདག་ནི་མང་བཀུར་རྒྱལ་པོའི་རིགས༔ ཡིན་སྨྲས་ཀུན་གྱིས་རྒྱལ་པོ་དགོས་པར་མཐོང་༔ དེ་ལ་བདག་ནི་མུ་སྟེགས་འདུལ་བ་སྟེ༔ མིང་ནི་དྲན་པ་ནམ་མཁའ་འདྲ་བ་ལ༔ རིགས་ནི་ནམ་མཁའི་རྒྱལ་པོ་མི་བསྐྱོད་པ༔ གདུང་རུས་རྒྱུད་ཡར་མུ་ཁོད་རིགས་ཏ་དཀོན༔ ཁྱོད་ཅག་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ༔ མང་པོས་བཀུར་བའི་རྒྱལ་པོ་ཆེན་པོ་ནི༔ ཆོས་རྒྱལ་སིདྡྷི་ཕ་ལ་འབྱུང་བར་འགྱུར༔ ཞེས་གསུངས་དྲན་པ་ཡབ་ཡུམ་སྐུར་བསྟན་ནས༔ མདའ་གང་ཙམ་གྱི་མཁའ་ལ་འཕགས་ནས་སུ༔ འདུས་པའི་ཚོགས་ལ་འདི་ལྟར་བཀའ་སྩལ་ཏོ༔ ཧོ༔ ཉོན་ཅིག་རྒྱ་གར་ཡུལ་གྱི་མི་རྣམས་ཀུན༔ བདག་ནི་བདེ་མཆོག་དུས་ཀྱི་འཁོར་ལོ་འཛིན༔ མུ་སྟེགས་བདུད་འདུལ་བདེ་མཆོག་ཡི་དམ་ལྷ༔ དུས་ཀྱི་གདུལ་བྱར་འཁོར་ལོས་བསྒྱུར་བ་ལས༔ ང་ཡི་རྗེས་འཇུག་མ་འོངས་ཆོས་སྟོན་འབྱུང་༔ ཞེས་གསུངས་ཐོགས་མེད་འཛམ་གླིང་ལྟེ་བར་བྱོན༔ ཡབ་ཡུམ་གཉིས་ཀྱིས་གསང་སྤྱོད་འགྲོ་དོན་མཛད༔ དེ་ཚེ་ཟླ་འོད་འབར་མས་གང་འདུལ་ཐབས༔ ཌཱཀྐིར་སྤྲུལ་ནས་དུར་ཁྲོད་ཚོགས་ཁང་ཉུལ༔ དཔའ་བོར་སྤྲུལ་ནས་ཚོགས་ཀྱི་དེད་དཔོན་མཛད༔ མཁའ་ལྡིང་སྤྲུལ་ནས་གླིང་བཞིར་ལྟད་མོར་མཛད༔ ཀླུ་རུ་སྤྲུལ་ནས་ཀླུ་ཡི་ནོར་བུ་བླངས༔ ལོ་ཙཱར་སྤྲུལ་ནས་སྒྲ་བསྒྱུར་བོན་རྣམས་སྤེལ༔ མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་བསྟན༔ འཆི་མེད་རིག་འཛིན་དྲན་པ་ཡབ་ཡུམ་ནི༔ གསང་བའི་གནས་ཆེན་གཡུང་དྲུང་སྤུངས་བའི་ཁྲོད༔ གསང་བ་བླ་མེད་དགོངས་པར་བཞུགས་པའི་ཚེ༔ ཡབ་ཀྱིས་རྩ་གསུམ་ལྷ་ཡི་ཞིང་ཁམས་ནས༔ རིན་ཆེན་ནོར་བུའི་ཆར་པ་འབེབས་པ་ལ༔ ཐམས་ཅད་རྒྱལ་བ་མཉེས་པའི་ཡུལ་དུ་ལྷགས༔ སྐུ་ཡི་ཕྲག་གོང་ཉི་ཟླ་ཟུང་འབྲེལ་ཤར༔ འཛམ་གླིང་བྱེ་བ་ཕྲག་བརྒྱར་གསལ་བ་རྨིས༔ ཟླ་འོད་མ་ཡིས་ནུབ་ཀྱི་ཕྱོགས་རོལ་ནས༔ གསེར་གྱི་རྡོ་རྗེ་མཐིང་གི་གཡུང་དྲུང་གཉིས༔ ཧཱུཾ་དང་ཨ་ཡིས་མཚན་པ་ཐུགས་ཀར་ཐིམ༔ སྐུ་ལ་འོད་འབར་འཛམ་གླིང་གསལ་བ་དང་༔ ནམ་མཁའ་ན་བུན་ལིང་ལིང་འཁྲིགས་པའི་གསེབ༔ གཡུ་འབྲུག་གཉིས་ཀྱིས་ཁ་སྤྲད་འུར་སྒྲ་སྒྲོག༔ གནམ་ས་ཐམས་ཅད་ཡམ་ཡམ་ཤིག་ཤིག་འདར༔ བདུད་རྩིའི་ཆར་འབེབས་ས་གཞིར་རླན་བཅུད་བབ༔ མེ་ཏོག་ཚལ་རྒྱས་སྦྲང་མས་རྩི་བཅུད་ལེན༔ ལྷ་ཀླུ་མི་གསུམ་ལྟད་མོར་གཟིགས་པ་མཐོང་༔ ཡང་ཞིག་སྐུ་ལས་མེ་འབར་མེ་ལྕེ་ཡིས༔ རི་ནག་མང་པོ་བསྲོགས་ཤིང་རྡུལ་མེད་བྱས༔ བྲག་དཀར་ལྗོན་ཤིང་བརྒྱན་པ་ངོ་མཚར་རྩེར༔ འདབ་ཆགས་ཁུ་བྱུག་ངག་ནས་ཚང་ཚིང་བརྗོད༔ རྨིས་ལྟས་ལེགས་པས་སྤྲུལ་སྐུ་འབྱོན་པར་མཐོང་༔ དེའི་ཕྱི་ཟླ་དགུ་ངོ་བཅུ་དུས་ཀྱི་མཚམས༔ སྤྲེའུ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་ཤར་སྐབས༔ མངལ་སྒྲིབ་མ་གོས་སྐུ་ཡི་གཡས་གཡོན་ནས༔ འཆི་མེད་རིག་འཛིན་སྤྲུལ་པའི་སྐུ་གཉིས་འཁྲུངས༔ གཡས་སུ་འཁྲུངས་བའི་ཁྱེའུ་ཞི་ཚུལ་ཅན༔ རིག་འཛིན་མཐོང་བ་གསལ་ལྡན་ཞེས་སུ་གསོལ༔ གཡོན་དུ་འཁྲུངས་བའི་ཁྱེའུ་ཁྲོས་ཚུལ་ཅན༔ མཚན་ཡང་རིག་འཛིན་མཐོང་གྲོལ་ཞེས་སུ་གསོལ༔ སྲས་མཆོག་གཉིས་ལ་ལྷ་ཀླུ་མི་གསུམ་གྱིས༔ མཆོད་པའི་སྤྲིན་གཏིབས་དད་ཅིང་སྐོར་ཕྱག་འཚལ༔ མཁའ་འགྲོ་མ་ཚོགས་རོལ་མོ་དབྱངས་དང་བཅས༔ ཡབ་ཡུམ་སྲས་གསུམ་བསྟོད་ཚིག་མངའ་གསོལ་མཛད༔ ཡབ་ཀྱིས་བརྒྱུད་གསང་བའི་བོན་སྐོར་དང་༔ ཡུམ་གྱིས་མཁའ་འགྲོ་རྒྱ་མཚོའི་བཀའ་རྣམས་གསུངས༔ ཕྱི་ནང་གསང་བའི་དབང་བསྐུར་གསང་སྤྱོད་ཞུགས༔ རིག་གནས་ཡོན་ཏན་ཤེས་བྱ་མཐའ་ཡས་མཁྱེན༔ དེ་ནས་འཆི་མེད་རིག་འཛིན་ཡབ་སྲས་ཡུམ༔ གསང་གནས་གཡུང་དྲུང་སྤུངས་པའི་གནས་ལ་བྱོན༔ རང་བྱུང་གཞལ་ཡས་ལྷུན་ལ་རྫོགས་པ་དེར༔ བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་འདུ༔ ཕྱི་ནང་གསང་བ་ཡང་གསང་ཐེག་དགུའི་བོན༔ མདོ་རྒྱུད་འབུམ་དང་གཟུངས་སྔགས་མཚན་ཉིད་བོན༔ ནང་རྒྱུད་གསང་སྔགས་རྒྱུད་སྡེ་བསམ་མི་ཁྱབ༔ དཀྱིལ་འཁོར་སུམ་བརྒྱ་དྲུག་ཅུ་བསྙེན་ཞིང་སྒྲུབ༔ གསང་རྒྱུད་བླ་ན་མེད་པའི་བོན་སྐོར་རྣམས༔ ཐུགས་ཀྱི་བཅུད་བླངས་མན་ངག་ཟབ་པ་སོགས༔ ཀུན་ལ་བློ་རྩལ་སྦྱང་ནས་སྙིང་པོ་བླངས༔ ཁྱད་པར་འོག་མིན་ཞིང་དང་རྩ་གསུམ་གནས༔ ཀུན་ཏུ་བཟང་དང་གཤེན་ལྷ་འོད་དཀར་འཆང་༔ སྟོན་པ་འཆི་མེད་གསང་འདུས་གཤེན་གསུམ་དང་༔ ལྷ་ཀླུ་མི་ཡི་རིག་འཛིན་ཐམས་ཅད་ལ༔ དགོངས་བརྡ་སྙན་བརྒྱུད་བསྒྲག་པ་སྐོར་གསུམ་བོན༔ རྒྱུད་ལུང་མན་ངག་ཟམ་མ་ཞིག་པ་གསན༔ ནམ་མཁའ་སྣང་མདོག་བླ་ཆེན་ཡབ་ཡུམ་དང་༔ གྲུབ་ཆེན་བརྒྱད་ཅུ་རིག་འཛིན་ཐམས་ཅད་ལ༔ རིག་རྩལ་དབང་ཐོབ་ཤེས་རབ་གསལ་བར་གྱུར༔ གསང་སྔགས་རབ་འབྱམས་རྒྱ་མཚོའི་དབང་ལུང་ཐོབ༔ བསྟན་པའི་སྲུང་མ་སྲིད་རྒྱལ་དཀར་སྨུག་ནག༔ ཞི་རྒྱས་དབང་དྲག་དུས་ཡུམ་ལྷ་མོ་ཡུམ༔ མཁའ་ཀློང་དབྱིངས་གསུམ་མ་མོ་བྱེ་བ་འབུམ༔ ལེགས་ཉེས་སྟངས་འཛིན་བསྟན་པའི་སྲུང་མར་བསྐོས༔ བསྟན་པ་སྲུང་དང་ལས་བཞིའི་ཕྲིན་ལས་སྒྲུབ༔ དེ་ནས་དྲན་པ་ཡབ་སྲས་ཡུམ་བཞི་ཡིས༔ སྟག་གཟིག་ཡུལ་བྱོན་བཀའ་རྒྱུད་བོན་རྣམས་བླངས༔ ཨོ་རྒྱན་ཡུལ་བྱོན་གསང་སྤྱོད་རོལ་པ་མཛད༔ རྒྱ་གར་ཡུལ་བྱོན་ཆོས་ཀྱི་སྒྲོ་འདོགས་གཅོད༔ རྒྱ་ནག་ཡུལ་བྱོན་རྩིས་ཀྱི་འཁོར་ལོ་བཀྲོལ༔ གེ་སར་ཡུལ་བྱོན་གཏོ་ཡི་བོན་སྒོ་འབྱེད༔ ཁ་ཆེའི་ཡུལ་བྱོན་ལུང་གི་ཐེག་པ་བསྟན༔ མུ་སྟེགས་ཡུལ་བྱོན་ཐབས་ཀྱིས་གདུལ་དཀའ་འདུལ༔ བོན་ཡུལ་དབུས་བྱོན་བོན་རྣམས་སྒྲ་བསྒྱུར་མཛད༔ མཁའ་འགྲོའི་གླིང་བྱོན་བདེ་སྟོང་རྣལ་འབྱོར་རོལ༔ ལྷ་ཡུལ་བྱོན་ནས་ལྷ་ལ་བོན་འཁོར་བསྐོར༔ ཀླུ་ཡུལ་བྱོན་ནས་ཀླུ་ལ་འབུམ་སྡེ་གསུངས༔ མི་ཡུལ་བྱོན་ནས་གང་འདུལ་གདུལ་བྱ་སྐྱོང་༔ འཆི་མེད་རིག་འཛིན་དྲན་པ་ཡབ་སྲས་གསུམ༔ ཐུགས་རྗེའི་ཐབས་ཀྱིས་མ་ཐུལ་གཅིག་ཀྱང་མེད༔ བདེ་གཤེགས་རྒྱ་མཚོའི་དགོངས་སྤྱོད་བླ་མེད་ཐོབ༔ དེ་ནས་འཆི་མེད་དྲན་པ་ཡབ་སྲས་གསུམ༔ གཡུང་དྲུང་གཏམས་པའི་གསང་བའི་ཕོ་བྲང་བྱོན༔ གསང་སྤྱོད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་ཕུལ༔ བདེ་གཤེགས་རྒྱ་མཚོ་ཞི་ཁྲོ་རབ་འབྱམས་དང་༔ རིག་འཛིན་མཁའ་འགྲོ་བོན་སྐྱོང་སྲུང་མ་རྣམས༔ མཆོད་བསྟོད་གསོལ་བཏབ་སྨོན་ལམ་རྒྱ་ཆེར་མཛད༔ དེ་ནས་གདུལ་བྱ་གང་འདུལ་དོན་ཆེད་དུ༔ མདུན་གྱི་ནམ་མཁར་བཟང་བཟའ་རིང་བཙུན་ཡུམ༔ རིན་ཆེན་མེ་ཏོག་དར་ཟབ་རྒྱན་གྱིས་བརྒྱན༔ ཁྱང་ལ་ཞོན་ནས་ལྷ་ཡི་ཁྱེའུ་ཆུང་བསྐོར༔ ཡབ་ཡུམ་སྲས་བཅས་བཞུགས་པའི་བར་སྣང་བྱོན༔ ཧོ༔ རྒྱལ་བ་ཀུན་གྱི་ཐུགས་དགོངས་གཅིག་དྲིལ་བ༔ འཆི་མེད་སྤྲུལ་སྐུ་ཡབ་ཡུམ་སྲས་བཅས་གསོན༔ བསྐལ་སྲིད་གོང་ནས་འགྲོ་བའི་དོན་ལ་བསྔགས༔ བདག་ནི་ཡུམ་ཆེན་བཟང་བཟའ་རིང་བཙུན་མོ༔ དྲན་པ་ཡབ་ཡུམ་གསང་བའི་གནས་ཆེན་བརྒྱད༔ ཨོ་རྒྱན་སྟག་གཟིག་ཁྱུང་ལུང་དངུལ་མཁས་དང་༔ རྒྱ་གར་རྒྱ་ནག་བོད་ཡུལ་སོ་སོར་མ་ཡིག་མི་གསལ་སོགས་གསང་སྤྱོད་མཛད་ནས་སུ༔ དུས་མཐའི་བར་དུ་འགྲོ་དོན་སྐྱོང་བར་མཛོད༔ རིག་འཛིན་མཐོང་བ་དོན་གསལ་གསང་སྤྱོད་ཀྱིས༔ མ་ཡིག་མི་གསལ་དབང་རིག་འཛིན་གྲུབ༔ དུར་ཁྲོད་གནས་བརྒྱད་རྒྱ་བོད་ཡུལ་གྲུ་ཀུན༔ སྦས་མངོན་ཐབས་ཀྱིས་གང་འདུལ་མ་འགག་པས༔ དུས་མཐའི་འགྲོ་དོན་མཐར་ཕྱིན་ཨོ་རྒྱན་ཞིང་༔ ཚོགས་རྗེར་མཛོད་ཅིང་མཐའ་ཡས་འགྲོ་བ་སྐྱོངས༔ པདྨ་མཐོང་གྲོལ་ཨོ་རྒྱན་ཞིང་དུ་བྱོན༔ ཀོ་ཤའི་མཚོ་གླིང་རྫུས་སྐྱེས་སྐུར་སྟོན་ལ༔ གང་འདུལ་ཞིང་ཁམས་གདུལ་བྱའི་ཁ་ལོ་བསྒྱུར༔ རྒྱ་གར་ཡུལ་དང་དུར་ཁྲོད་མ་ངེས་གནས༔ བལ་ཡུལ་ཟ་ཧོར་བོད་ཡུལ་ཐམས་ཅད་ལ༔ གསང་སྤྱོད་མཛད་ལ་གསང་སྔགས་བསྟན་པ་སྤེལ༔ རྔ་ཡབ་རི་ལ་སྲིན་པོ་དམ་ལ་ཐོགས༔ ཞིང་ཁམས་དེ་རུ་ཚོགས་ཀྱི་གཙོ་བོར་མཛད༔ འཛམ་གླིང་འགྲོ་དོན་བྱོན་པའི་ཡབ་ཡུམ་སྲས༔ གདུལ་བྱའི་འགྲོ་དོན་མཁའ་རུ་ཕྱིན་པར་ཤོག༔ ཅེས་གསུངས་ལྷ་མོ་བཟང་བཟས་ལུང་བསྟན་ནས༔ མི་མངོན་ནམ་མཁའི་དབྱིངས་སུ་གཤེགས་ནས་སོང་༔ དེ་ནས་འགྲོ་དོན་བྱོན་པའི་དུས་བབ་དགོངས༔ ཡབ་ཅིག་དྲན་པའི་ཞལ་ནས་འདི་སྐད་གསུངས༔ གསོན་དང་སྲས་མཆོག་ཁྱད་འཕགས་རྣམ་གཉིས་ལགས༔ བདག་ཅག་ཡབ་ཡུམ་སྲས་ལ་དགྱེས་ན་ཡང་༔ ཡུམ་ཆེན་ལྷ་མོས་ལུང་བསྟན་ལྡོག་ཏུ་མེད༔ གང་འདུལ་ཐབས་ཀྱིས་འགྲོ་ཀུན་སྐྱོང་བ་ལ༔ དྲན་པ་ཡབ་ཡུམ་ཞིང་ཁམས་འདི་དང་གཞན༔ གནས་བརྒྱད་སྟག་གཟིག་ལ་སོགས་འཛམ་གླིང་ཡུལ༔ ཐུགས་བསྐྱེད་འགྲོ་དོན་སྐྱོ་ངལ་མེད་པར་བྱེད༔ སྲས་མཆོག་མཐོང་བ་དོན་གསལ་ཁྱེད་ཉིད་ནི༔ རིགས་ལྷའི་མཁའ་འགྲོའི་ཚོགས་དང་གསང་སྤྱོད་ཀྱིས༔ བྱ་རི་གཙུག་ལྡན་ཚེ་དབང་རིག་འཛིན་ཐོབ༔ དུར་ཁྲོད་བརྒྱད་སོགས་གནས་བརྒྱད་ཡུལ་གྲུ་ཀུན༔ རྒྱུན་བཞུགས་ཕྱུག་མོ་དཔལ་རི་ཨོ་རྒྱན་ཡུལ༔ གདུལ་བྱ་མི་ཟད་ཐུགས་རྗེས་སྐྱོང་བར་མཛོད༔ སྲས་མཆོག་འཆི་མེད་པདྨ་མཐོང་གྲོལ་ཁྱེད༔ མཁའ་འགྲོའི་ཚོགས་ཀྱིས་དྷ་ན་ཀོ་ཤའི་མཚོར༔ སྤྱན་དྲངས་པདྨའི་ཁ་ལ་རྫུས་སྐྱེས་སྟོན༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་གྲུབ༔ ཨོ་རྒྱན་ཞིང་དང་རྒྱ་གར་བོད་ཀྱི་ཡུལ༔ རིགས་ལྔ་མཁའ་འགྲོ་གསང་སྤྱོད་སྔགས་བསྟན་སྤེལ༔ སྲིན་པོའི་ཁ་གནོན་རྔ་ཡབ་གླིང་དུ་བཞུགས༔ དུས་མཐའི་སེམས་ཅན་སྡུག་བསྔལ་འཇིགས་ལས་སྐྱོབས༔ ཅི་སྲིད་བར་དུ་ཐུགས་རྗེས་འགྲོ་དོན་མཛད༔ ཅེས་གསུངས་སྲས་གཉིས་གདུལ་བྱ་སོ་སོར་བྱོན༔ དྲན་པ་ཡབ་ཡུམ་གསང་སྤྱོད་ཚོགས་རྗེ་མཛད༔ དེ་ནས་ཟླ་འོད་འབར་མ་ཆེན་མོ་ནི༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་བདག་ཉིད་གྱུར༔ གསང་བའི་དུར་ཁྲོད་ཆེན་པོ་དུ་མར་བགྲོད༔ གང་འདུལ་གདུལ་བྱ་སེམས་ཅན་ཐམས་ཅད་གྲོལ༔ རིག་འཛིན་ཚོགས་ཀྱི་རྟེན་འབྲེལ་རྩ་བར་གྱུར༔ དབྱིངས་ཆེན་བཀོད་པའི་དུར་ཁྲོད་རྒྱུན་བཞུགས་ཤིང་༔ སྙིགས་མའི་སེམས་ཅན་ཐུགས་རྗེས་འདོར་མེད་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཀློང་ཆེན་མི་འགྱུར་བདེ་བ་ཆེན་པོ་ན༔ ཀུན་ཏུ་བཟང་མོ་ཤེས་རབ་ཕར་ཕྱིན་ལྷ༔ མ་འགགས་ཡུམ་ཆེན་མཚོ་སྐྱེས་བཟང་བཟའ་ཡུམ༔ ཐུགས་རྗེའི་སྤྲུལ་པ་མཚོ་སྐྱིད་ས་ལེ་མ༔ ཡུལ་ནི་རྒྱ་གར་ཡུལ་གྱི་བྱང་ནུབ་མཚམས༔ གནས་ནི་རྩེ་དྲུག་ལྷུན་སྒང་ལྷུན་གྲུབ་གནས༔ དེ་ལ་ཉེ་བའི་རྒྱ་གར་གཏོགས་པའི་ཡུལ༔ མངའ་རིས་ཁྲི་ཕྲག་གསུམ་ལྷག་སྡེ་པ་ཡོད༔ རྒྱལ་པོ་དྷརྨ་ཨ་ཤྭ་ཞེས་བྱ་བཞུགས༔ ཡུམ་ནི་རརྞ་ཤྲི་མ་ཡབ་ཡུམ་ལ༔ བསོད་ནམས་ལོངས་སྤྱོད་མངའ་ཐང་ཕུན་སུམ་ཚོགས༔ པཎ་ཆེན་ལྔ་བརྒྱས་དུས་ཀུན་མཆོག་ཚོགས་མཆོད༔ ཡབ་ཡུམ་གཉིས་ལ་སྲས་གཅིག་ལྕམ་གཉིས་འཁྲུངས༔ རྒྱལ་སྲས་ཁྲི་ལ་མངའ་གསོལ་རྒྱལ་ས་འཛིན༔ སྲས་མོ་གཡུང་དྲུང་སྐྱིད་ནི་ཁྱིམ་ཐབ་བཏང་༔ མཚོ་སྐྱིད་ས་ལེ་མ་ནི་དགེ་བྱེད་དགོངས༔ རྒྱལ་པོ་ཡབ་ཡུམ་གཉིས་ལ་འདི་སྐད་ཞུས༔ ཀྱེེ༔ བཀའ་དྲིན་ལུས་སྐྱེད་རྒྱལ་པོ་ཡབ་ཡུམ་གསོན༔ བདག་ནི་སྐྱེས་དམན་མོ་ལུས་གྱུར་ན་ཡང་༔ འཛམ་གླིང་སོག་ཁར་སྐྱེས་པ་ཤིན་ཏུ་དཀོན༔ དགེ་བ་སྒྲུབ་པའི་ལས་འཕྲོ་ཡོད་པ་ཉུང་༔ ད་ལྟར་རྒྱལ་པོའི་སྲས་མོར་སྐྱེས་པ་ན༔ རང་དབང་ཆེ་བས་དགེ་ལ་མ་ཞུགས་ན༔ ནམ་ཡང་མི་རྟག་འཆི་ལས་མ་འདས་པས༔ དགོས་དུས་དགེ་སྦྱོར་བློ་བདེ་ཞིག་མེད་ན༔ ཕ་རོལ་འགྲོ་དུས་རང་ལ་ཡིད་རེ་ཆད༔ དེ་ཕྱིར་བདག་ནི་བྱང་ཆུབ་སྒྲུབ་པས་ན༔ བཀའ་ཡིས་གནང་སྩོལ་མཐུན་སྦྱོར་མ་ཆུང་ཞིག༔ ཅེས་ཞུས་ཡབ་ཡུམ་གཉིས་ལ་ཕྱག་བགྱིས་པས༔ དེ་ལ་རྒྱལ་པོ་ཡབ་ཡུམ་ཐུགས་དགྱེས་ཏེ༔ སྲས་མོ་ས་ལེ་མ་ལ་འདི་སྐད་གསུངས༔ ཨེ་མ༔ དབང་ཆེན་རྒྱལ་གྱི་སྲས་མོ་དམ་པ་ཉོན༔ མོ་ལུས་ཐོབ་ཀྱང་དགེ་ལ་མོས་པ་ཁྱོད༔ བདག་ཅག་ཡབ་ཡུམ་སྤྲོ་བ་ཤིན་ཏུ་ཆེ༔ དང་པོ་ཟ་མ་མོ་ཡིས་དགེ་མི་དྲན༔ དགེ་བ་དྲན་ཡང་དཀའ་བ་མཐར་མི་ཕྱིན༔ སྙིང་ནས་ཡང་དག་དགེ་བའི་སྒོར་ཞུགས་ན༔ འཇིག་རྟེན་བསླུ་དབང་མི་ཤོར་དམ་བཅའ་དགོས༔ དམ་བཅའ་མ་བརྟན་ཉེས་པ་ཤིན་ཏུ་ཆེ༔ དཀོན་མཆོག་ཐུགས་ཁྲེལ་འཇིག་རྟེན་མི་ཁས་ཕོག༔ དགེ་ལ་ཞུགས་ན་བདག་ཅག་ཡབ་ཡུམ་གནང་༔ ཞེས་གསུངས་བཀའ་ཐོབ་སྲས་མོས་ཡང་ཞུས་པ༔ ཀྱེེ༔ གསོན་དང་དྲིན་ཅན་ཡབ་ཡུམ་དམ་པ་ལགས༔ དགེ་ལ་བཀས་གནང་བཀའ་དྲིན་གཞན་ལས་ལྷག༔ ཁོ་མ་རྒྱལ་པོའི་སྲས་མོར་སྐྱེས་པ་དང་༔ སྐྱེས་ནས་དགེ་བ་ཞིག་ལ་མོས་འདུན་ཆེ༔ སྔོན་ནས་སྦྱང་བའི་འཕྲོ་ཞིག་ཡོད་པ་འདྲ༔ ད་ནི་བྱང་ཆུབ་སྙིང་པོ་མ་ཐོབ་པར༔ སྙིང་ནས་དགེ་ལ་སྤྱོད་པའི་དམ་བཅའ་བཟུང་༔ དཀའ་ཐུབ་སྙིང་རུས་གདར་ཤ་སེམས་ལ་བཅད༔ རང་ལུས་བསྐྱེད་སྨིན་དྲིན་ཅན་ཡབ་ཡུམ་ལ༔ དགེ་བའི་དྲིན་ལ་ལན་ཞིག་སོབ་ན་བསམ༔ ཞེས་ཞུས་རྒྱལ་པོ་ཡབ་ཡུམ་དགྱེས་ནས་སུ༔ ཨེ་མ༔ མཚོ་སྐྱིད་ས་ལེར་མི་གསལ་པ་ནི༔ སྨོན་ལམ་དུས་ཀྱི་ས་བོན་ལྡང་བ་འདྲ༔ བདག་ཅག་ཡབ་ཡུམ་དགེ་བཤོལ་མི་བྱེད་ཀྱང་༔ དབེན་པའི་གནས་སུ་གཅིག་པུར་སྒོམ་པ་ན༔ རྒྱལ་གྱི་སྲས་མོ་ལུས་བྱད་མཛེས་པ་དང་༔ རྒྱལ་པོ་ཨ་ཤྭ་སྙན་གྲགས་ཆེ་བ་དང་༔ ན་ཆུང་བུ་ཚོ་འདོད་སྲེད་ཆེ་བས་ན༔ ཤིན་ཏུ་གསར་སྒོ་དམ་པོས་བཞུགས་པར་མཛོད༔ གྲུབ་པའི་གནས་ནི་གླང་སྒང་ལྷུན་པོའི་གནས༔ རྩེ་དྲུག་ཤེལ་བྲག་གཡུ་ཡི་ཕུག་པ་བཟང་༔ གསང་སྤྱོད་ཟབ་མོ་དགེ་བའི་སྒོར་ཞུགས་ཤིག༔ འཚོ་སྦྱོར་འབུལ་ལན་བྱ་བ་རྒྱ་ཆེ་བགྱི༔ ཞེས་གསུངས་སྲས་མོ་ཐུགས་ཡི་རང་བར་གྱུར༔ དེ་ཚེ་རྒྱལ་པོའི་མཆོད་གནས་པ་ནི་ཧ༔ དྲ་ཡ་ལོ་ཀྱ་མདུན་དུ་དགེ་ཚུལ་ཞུས༔ ཚུལ་མིང་མཚོ་སྐྱེས་རིན་ཆེན་གསལ་ལེགས་གསོལ༔ གཡོག་མོ་གཉིས་དང་འཚོ་བའི་ཟས་ལ་སོགས༔ ཕོངས་མེད་ཁྱེར་ཏེ་འཁོར་འབངས་ཚོགས་ཀྱིས་བསྐྱལ༔ རྩེ་དྲུག་དབེན་གནས་རྡོ་ཡི་ཁང་ཆུང་དབུབ༔ ཉམས་དགའ་བདེ་དང་མཚོ་སྐྱེས་ས་ལེ་མ༔ ཆ་ལུགས་ལྔ་ལྡན་བསམ་གཏན་ངང་ལ་བཞུགས༔ འཁོར་འདས་བོན་ཀུན་སེམས་སུ་འདུས་པ་ལ༔ བྱ་རྩོལ་མེད་པར་རིག་ཐོག་གུ་ལྷོད་བཞུགས༔ ལོ་ཟླ་མང་པོར་བྱང་ཆུབ་དོན་བསྒོམས་པས༔ དབྱིངས་ཀྱི་ཞི་ཁྲོ་མ་རྒྱུད་མཁའ་འགྲོ་སོགས༔ ལྷ་ཚོགས་རྣམས་ཀྱི་ཞལ་ནི་ཡང་ཡང་གཟིགས༔ བདེ་ནི་མལ་མལ་ཉམས་དང་རྟོགས་པ་འཕེལ༔ ཉིན་ཞིག་ཉི་མ་རྩེ་ཤར་ལྷུན་སྒང་མདུན༔ རིན་ཆེན་དྲྭ་བ་ཅན་གྱི་བྲག་གི་རྩར༔ ཁྲུས་གསོལ་མཛད་ཅིང་ཐུགས་དམ་བཞུགས་པ་ལ༔ བར་སྣང་ཁམས་ནས་གཡུ་བྱ་ཁུ་བྱུག་གཅིག༔ ས་ལེ་གསལ་གྱི་ཕྲག་གོང་གཡས་སུ་བབ༔ མཚོ་སྐྱིད་ཁྱོད་ནི་ལས་འཕྲོ་ཤིན་ཏུ་བཟང་༔ སྲས་ཀྱི་དངོས་གྲུབ་ཡོད་པས་ལྷ་མིའི་མགོན༔ དགའ་བར་གྱིས་ཤིག་མུན་སེལ་སྒྲོན་མེ་ཡིན༔ བཀུར་སྟི་བྱི་དོར་ལེགས་པར་གྱིས་ཤིག་ཨཾ༔ ལན་གསུམ་བརྗོད་དེ་མཁའ་ལ་འཕུར་ནས་སོང་༔ མཚོ་སྐྱིད་མ་ཡི་ཐུགས་ལ་མ་སོང་ནས༔ ཨ་ཙི་བྱ་ངན་དེ་ཡིས་ཅི་མི་ཟེར༔ ངས་ནི་འཁོར་བ་སྤངས་ནས་རབ་ཏུ་བྱུང་༔ དབེན་པའི་གནས་སུ་གྲོགས་མེད་གཅིག་པུར་འདུག༔ རྩེ་གཅིག་དགེ་བའི་ལམ་ལ་ཞུགས་པ་ལ༔ འཁོར་བའི་བུ་ཡིས་ང་ལ་དགོས་པ་མེད༔ བྱ་ཐན་དེ་ཡི་སྐད་ཀྱང་གང་མ་ཐོས༔ ཡིད་ལ་བསམ་ཞིང་ངག་ཏུ་ཡང་ཡང་བརྗོད༔ དེ་ཡི་ནུབ་མོ་ཅུང་གཟིམ་གཉིད་ལམ་དུ༔ མཁའ་གསལ་ཉི་མའི་དཀྱིལ་འཁོར་ཟེར་ཆེན་པོ༔ བདག་ལ་ཕོག་པས་བདེ་བ་ཆེན་པོ་སྐྱེས༔ ཉི་ཟེར་རྒྱུ་ལམ་པད་དཀར་དྲི་མེད་སྟེང་༔ ཀུན་བཟང་གཤེན་ལྷ་དྲི་མེད་ཤེལ་ལྟར་དཀར༔ ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་ཕྱེད་སྐྱིལ་དུ༔ ཕྱག་གཡས་གཡུང་དྲུང་གཡོན་པས་བུམ་པ་འཛིན༔ ལོངས་སྤྱོད་རྫོགས་སྐུ་ཆས་སྤྲས་པད་སྟེང་བཞུགས༔ དགྱེས་པའི་ཚུལ་གྱིས་ཞལ་ནས་འདི་སྐད་གསུངས༔
ཨེ་མ༔ ཉོན་ཞིག་མཚོ་སྐྱེས་ས་ལེ་མ་ཁྱོད་ནི༔ ཕར་ཕྱིན་བཟང་བཟའ་ཡུམ་གྱི་སྤྲུལ་བ་སྟེ༔ འོག་མིན་ཞིང་ནས་བདེར་གཤེགས་བཀའ་བཞིན་དུ༔ གཡུང་དྲུང་རྡོ་རྗེ་པདྨ་འཁོར་ལོ་འདིས༔ སྐལ་ལྡན་ས་ལེ་མ་ལ་དབང་བསྐུར་རོ༔ ཞེས་གསུངས་གནས་གསུམ་གཏུགས་ཤིང་ཐུགས་བསྐྱེད་ཀྱིས༔ ཁམས་གསུམ་འཁོར་བའི་ས་དགུ་དབྱིངས་སྒྲོལ་ནས༔ འགྲོ་ཀུན་མ་ལུས་བདེ་ཆེན་དབྱིངས་སུ་སྦྱོར༔ བདུད་རྩི་བུམ་པ་གསོས་ཀྱིས་བཀང་བ་ཞིག༔ སྤྱི་བོར་བཞག་ནས་རྩ་གསུམ་རྒྱ་མཚོའི་ཚོགས༔ རྒྱལ་བའི་ཐུགས་བཅུད་དེ་ཡང་ཁྱོད་ལ་སྦྱིན༔ དུས་བབ་དབྱར་སྐྱེས་སྒྲ་ཆེན་གྲགས་པའི་ཚེ༔ ཇི་ལྟར་ཇི་སྲིད་སྒྲ་ཀུན་ཟིལ་གནོན་ཤོག༔ ཅེས་གསུངས་ས་ལེ་མ་ཡི་ལུས་ཀུན་ནི༔ བདུད་རྩིའི་ཆར་གྱིས་ལུས་དཀྱིལ་གང་བར་གྱུར༔ བདེ་སྟོང་ཟུང་འཇུག་བླ་མེད་ལྟ་བ་རྟོགས༔ ལྷ་ཚོགས་དེ་ནི་མི་མངོན་དབྱིངས་སུ་གཤེགས༔ མཁའ་འགྲོ་མང་པོས་རང་ལ་སྐོར་པ་བྱེད༔ རྨི་ལམ་གསལ་ཆ་ཧར་གྱིས་སད་དེ་སོང་༔ ས་ལེ་མ་ནི་ཐུགས་གསལ་དགྱེས་པར་གྱུར༔ སང་ཕོད་ལོ་དུས་ཟིན་པའི་དུས་ཚོད་དེར༔ མཚོ་སྐྱིད་མ་ཡི་རྩིབ་བར་གཡས་པ་ནས༔ མཚན་ལྡན་ཁྱེའུ་ངོ་མཚར་ཆེ་བ་འཁྲུངས༔ དེ་ཚེ་ས་ལེའི་ཐུགས་ལ་འཕྲིག་པ་སྐྱེས༔ གཡོག་མོ་གཉིས་ནི་མདུན་དུ་བོས་ནས་ནི༔ ཨ་རོགས་ལྷན་གཅིག་འགྲོགས་པའི་གཡོག་མོ་གཉིས༔ རང་རེ་དབེན་རི་ཕྱིན་ནས་ད་ལྟ་ཡན༔ སྐྱེས་པ་ཕོ་རིགས་རྒྱུ་བའི་ལམ་མེད་པ༔ གཡོག་མོ་ཁྱོད་གཉིས་གཟུ་བོའི་དཔང་པོ་ཡིན༔ བདག་ལ་ཡོང་ཐབས་མེད་པའི་སྲས་འདི་བལྟམས༔ ཕ་མེད་བུ་ཆུང་འདི་ནི་ལྷའམ་བདུད༔ གང་གིས་ཆོ་འཕྲུལ་ཡིན་པ་མི་ཤེས་ཤིང་༔ ཡབ་ཀྱི་བཀས་བཀྱོན་གཞན་དག་ལོག་པར་ལྟ༔ སློབ་དཔོན་བ་ནི་ཧ་ནི་ཐུགས་ནི་ཁྲེལ༔ དེ་ཕྱིར་གནས་ཀྱི་གཡས་ཕྱོགས་གཡམ་ཁང་གི༔ ནང་དུ་སྦོས་ལ་བྱེ་མའི་དཀྱིལ་དུ་ཞོག༔ སྒོ་དམ་ཆོད་ལ་ཕྱིར་ལོགས་དབེན་རིག་ཤོག༔ ཅེས་གསུངས་བཞིན་དུ་གཡོག་མོ་གཉིས་ཀྱིས་བྱས༔ ས་ལེ་མ་ཡིས་ང་ལ་སྲས་འདི་མཚར༔ ཁུ་བྱུག་སྐད་དང་ལྷ་ཡི་ལུང་བསྟན་ལས༔ སྤྲུལ་པའི་སྐུ་གཅིག་ཨེ་ཡིན་དུར་རེ་དྲན༔ སྲས་མཆོག་བོན་གྱི་སྒྲ་ཆེན་སྒྲོག་ནུས་པས༔ སྐྱེ་འགྲོ་སེམས་ཅན་གདུང་བ་མ་ལུས་སེལ༔ ཟ་མ་མོ་ཡིས་དགེ་སྒྲུབ་ཇི་ཕན་སྙམ༔ ཞག་གསུམ་དྲོས་བཞིང་གཡོག་མོ་དཔོན་གཡོག་གསུམ༔ གཡས་པའི་ཁང་པ་སྒོ་ཕྱེས་བལྟས་པའི་ཚེ༔ མཚན་དཔེ་ལྡན་སྐུ་བཞད་གད་ཡ་ལེར་བཞུགས༔ སྐུ་ཡི་ཤེད་རྫོགས་ཞལ་ནས་འཛུམ་ཀྱང་བསྟན༔ དཔོན་གཡོག་གསུམ་པོ་འགྱོད་ཅིང་ཡང་ཡང་བཤུམས༔ ས་ལེ་མ་ཡིས་ཕྱག་གིས་སྤྱི་བོར་བླངས༔ ཨེ་མ་འཆི་མེད་སྐྱོན་བྲལ་སྐྱེས་བུ་ཁྱོད༔ མ་རིག་དབང་གིས་སྐུ་ལ་ཐོ་འཚམས་ཀྱང་༔ འཆི་མེད་སྲོག་ཐོབ་རོ་ལངས་བདེ་བ་རྩལ༔ ཁྱེད་ལ་ཕྱག་འཚལ་གུས་པས་ནོངས་པ་བཤགས༔ ཞེས་ཞུས་ཞལ་ནི་འཛུམ་བག་དང་བཅས་ནས༔ སཾ་ཀྲི་ཏ་ཡི་སྐད་དུ་བརྡ་མང་གསུངས༔ དབེན་རི་སྤྱན་དྲངས་གདའ་དགུའི་འཚོ་བ་དྲངས༔ ཞག་བདུན་སོང་ནས་ཡུམ་ལ་འདི་སྐད་གསུངས༔ ང་ནི་འགྲོ་བ་སེམས་ཅན་རེ་སྐོང་ཕྱིར༔ ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ༔ གཤིན་ལྷ་འོད་དཀར་གཡུང་དྲུང་ལྷ་ཆེན་པོས༔ མདུན་དུ་སོང་ནས་ཐེག་མཆོག་བླ་མེད་བོན༔ ཞུས་ནས་འགྲོ་བ་ཀུན་ལ་སྦྱིན་པར་བགྱི༔ ཞེས་གསུངས་ཡུམ་གྱིས་སྲས་ལ་འདི་སྐད་ཞུས༔ ཀྱེེ༔ སྲས་གཅིག་འཆི་མེད་སྐྱེས་མཆོག་དམ་པ་ཁྱོད༔ ང་ཡི་ཡབ་ཅིག་དྷརྨ་ཨ་ཤྭ་ལ༔ བླ་ཡི་མཆོད་གནས་པཎ་ཆེན་ལྔ་བརྒྱ་བཞུགས༔ དེ་ཡི་གྲལ་དུ་ཞུགས་ནས་མཁས་པར་སློབ༔ ཅེས་ཞུས་ང་ནི་འཆི་མེད་རིག་འཛིན་ཏེ༔ ཉན་ཐོས་འགོག་ལམ་ཞུགས་པར་བདག་མི་འཚལ༔ ང་ནི་འོག་མིན་ཞིང་ཁམས་གནས་སུ་འགྲོ༔ ཧཱུྃ་ཧཱུྃ༔ གསུངས་ནས་མཁའ་ལ་བྱ་བཞིན་འཕུར༔ དཔོན་གཡོག་ཀུན་ཀ་ངོ་མཚར་སྐྱེས་ནས་འདུག༔ འོག་མིན་ཞིང་ཁམས་ངོ་མཚར་བདེ་བ་ཆེ༔ གཤེན་ལྷ་འོད་དཀར་རིགས་ལྔ་ཡབ་ཡུམ་མདུན༔ ཉིན་ཞག་བཅུ་གཉིས་གསང་སྔགས་བླ་མེད་བོན༔ ཐེག་རིམ་ཡོངས་རྫོགས་ཞུས་ནས་མངའ་ཆེན་གསོལ༔ གསང་མཚན་ཏ་པི་ཧྲི་ཙ་མཚན་དུ་གསོལ༔ ལྔ་ལྡན་ཞིང་དུ་རྡོ་རྗེ་སེམས་དཔའི་མདུན༔ གསང་སྔགས་ཡོ་ག་གསུམ་གྱི་ཆོས་ལ་སྦྱང་༔ ཐེག་མཆོག་བླ་མེད་རྩལ་དབང་རྫོགས་པར་བསྐུར༔ ཆོས་དབྱིངས་དགའ་རབ་རྡོ་རྗེར་མཚན་དུ་གསོལ༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་བཅུད་འདི༔ ཁྱོད་ལ་གཉེན་གཏད་ཁྱེད་ཀྱིས་འགྲུབ་པར་ཤོག༔ ཅེས་གསུངས་ལྷ་དང་ལྷ་མོས་རོལ་མོ་ཕུལ༔ སླར་ཡང་རྩེ་དྲུག་ལྷུན་སྒང་གནས་སུ་ཕྱིན༔ ཡུམ་གྱིས་ཕྱག་དང་ཞེ་ས་ཕུལ་ནས་ནི༔ ཀྱེེ༔ སྲས་ཁྱོད་བྱོན་ནས་ལྷ་མཆོག་ཞལ་མཇལ་ལམ༔ ཟབ་མོ་བོན་གྱི་བཀའ་ཉིད་ཞུས་ལགས་སམ༔ བདག་ལ་གདན་ཐོག་འདི་ནས་སངས་རྒྱས་ཐབས༔ ངེས་པའི་གདམས་པ་ཟབ་མོ་བསྟན་དུ་གསོལ༔ དེ་སྐད་ཞུས་པས་སྲས་ནི་ཐུགས་དགྱེས་ཏེ༔ ཨེ་མ་གསོན་དང་དལ་འབྱོར་ལུས་སྐྱེད་མ༔ རྫུ་འཕྲུལ་སྟོབས་ཀྱིས་འོག་མིན་ཞིང་དུ་ཕྱིན༔ སྟོན་པ་བདེར་གཤེགས་རྒྱ་མཚོའི་བདག་ཉིད་ཆེ༔ ལོངས་སྐུ་གཤེན་ལྷ་འོད་དཀར་རྒྱལ་བའི་ལྷ༔ རིགས་ལྔ་སེམས་དཔའ་སེམས་མའི་ཚོགས་ཀྱིས་བསྐོར༔ ཐེག་མཆོག་བླ་མེད་དགོངས་པ་མངོན་གྱུར་ཞུས༔ གསང་མཚན་ཏ་པི་ཧྲི་ཙ་ཞེས་སུ་གསོལ༔ ལྔ་ལྡན་རྡོ་རྗེ་སེམས་དཔའི་མདུན་དུ་ཕྱིན༔ བླ་མེད་ཡང་ཏིག་ཆོས་ཀྱི་གདམས་པ་ཐོབ༔ ཆོས་དབྱིངས་དགའ་རབ་རྡོ་རྗེར་མཚན་དུ་གསོལ༔ ད་ནི་བདག་གི་གནང་ཐོབ་ཡེ་ཤེས་རྩལ༔ ཡུམ་ལ་ཕྱི་ནང་གསང་བའི་དབང་མཆོག་བསྐུར༔ གདམས་པ་ཕྱི་ནང་གསང་བ་མང་ན་ཡང་༔ མདོ་རུ་བསྡུ་ན་ཐིག་ལེ་ཉག་གཅིག་ཡིན༔ ལུས་ཀྱིས་ཆ་ལུགས་ལྔ་ལྡན་ཕྱག་རྒྱ་བཅའ༔ ངག་ནི་སྨྲ་བརྗོད་མེད་པར་ལྷུག་པར་ཞོག༔ ཡིད་ཀྱི་བསམ་དྲན་འགྱུ་བ་ངང་བབ་ལྷོད༔ རང་རིག་ཀུན་གཞི་མཁའ་ལྟར་དྭངས་བ་ལ༔ རིག་རྩལ་འགག་མེད་རླུང་པོ་རྒྱུ་བ་བཞིན༔ ལྷག་མཐོང་འཁོར་འདས་ཐམས་ཅད་སེམས་ཀྱི་ཀློང་༔ སེམས་ཉིད་གསལ་སྟོང་འཛིན་མེད་རིག་སྟོང་པ༔ ཆུ་ལ་རི་མོ་ན་ཆུང་བདེ་བ་དང་༔ སྦྲུལ་མདུད་མཁའ་ལ་བོར་བཞིན་འཁྲུལ་རྒྱ་ཞིག༔ གང་གི་མཐའ་ལ་མ་ལྷུང་སྨྲ་བརྗོད་བྲལ༔ འདི་ཉིད་ཀུན་ཏུ་བཟང་པོའི་དགོངས་པ་ཡིན༔ ཞེས་དང་གདམས་པ་ཟབ་མོ་མང་དུ་གནང་༔ དཔོན་གཡོག་གསུམ་ཀས་བླ་མེད་དོན་དམ་རྟོགས༔ མཚོ་སྐྱིད་ས་ལེ་ཐུགས་ནི་མགུ་བར་གྱུར༔ དེ་ཚེ་འཆི་མེད་རིག་འཛིན་སྤྲུལ་སྐུ་ནི༔ ཉི་ཤར་རྩེ་དྲུག་རི་རྩེར་བྱོན་ནས་སུ༔ ལྷ་ཡི་རིག་འཛིན་རྣམས་དང་བགྲོ་གླེང་མཛད༔ ལྷ་ཡི་མཁའ་འགྲོའི་ཚོགས་དང་བདེ་བར་སྦྱོར༔ ལྷ་བྲན་ཚོགས་ལ་བོན་གྱི་འཁོར་ལོ་བསྐོར༔ ཉིན་ཕྱེད་རྩེ་དྲུག་མགུལ་དུ་བྱོན་ནས་སུ༔ ཨ་མོ་ལི་གའི་རྡོ་ལེབ་གདན་ལ་བཞུགས༔ མི་ཡི་རིག་འཛིན་རྣམས་དང་བགྲོ་གླེང་མཛད༔ མི་ཡི་མཁའ་འགྲོ་མ་དང་སྦྱོར་བར་མཛད༔ མི་ཡི་ཁྱེའུ་ཚོགས་ལ་བོན་འཁོར་བསྐོར༔ ཕྱི་དྲོ་རྩེ་དྲུག་རི་ཡི་ཞོལ་དུ་བྱོན༔ གཡུ་མཚོའི་སྟེང་དུ་མི་གཡོ་ཧྲིག་གེར་བཞུགས༔ ཀླུ་ཡི་རིག་འཛིན་ཚོགས་དང་བགྲོ་གླེང་མཛད༔ མ་ཡིག་མི་གསལ་ས་བོན་འཁོར་བསྐོར༔ གང་འདུལ་གདུལ་བྱ་ཁ་ལོ་བསྒྱུར་ཐབས་སུ༔ ས་ལེ་མ་ལ་སྲས་འཁྲུངས་མ་ཡིག་མི་གསལ་བློན་པོ་འཁོར་ཚོགས་ཁྲུས་བསིལ་ཐོད་བཀྲོལ་ནས༔ ལོངས་སྤྱོད་ཕོངས་མེད་མདུན་ཕུལ་ཕྱག་འཚལ་ཏེ༔ དད་པ་ཅན་གྱི་བློན་པོས་འདི་སྐད་ཞུས༔ ཀྱེེ༔ ལས་ཅན་རྒྱལ་སྲས་མཚོ་སྐྱིད་ས་ལེ་མ༔ དགེ་སྦྱོར་ཆུང་སྐྱེས་དགེ་བའི་སྙན་གྲགས་ཁྱབ༔ རྒྱལ་པོ་ཡབ་ཡུམ་འཁོར་འབངས་བདེ་བ་དང་༔ མཆོད་གནས་ཐུགས་དབེན་དགེ་སྦྱོར་འཕེལ་ལགས་ཞུས༔ དེ་ལ་སྲས་མོས་འདི་སྐད་ལན་གསུངས་པ༔ ཀྭ་ཡེ༔ རྒྱལ་གྱི་བློན་འཁོར་ཚོགས་བཅས་ཕྱིན་པ་ལེགས༔ ཡབ་ཡུམ་མཆོད་གནས་ཟོ་མདོག་བདེ་བ་དང་༔ འཁོར་བའི་མི་ལ་དགེ་སྤྱོད་བློ་ཡོད་སྤྲོ༔ བདག་ཅག་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ ཚུལ་བཞིན་སྤྱོད་ཅིང་དཀའ་བ་དང་བླངས་ནས༔ ཕ་ཡུལ་མི་ནོར་དྲན་མེད་བློ་ཡིས་བོར༔ བྱང་ཆུབ་སེམས་ཀྱིས་འགྲོ་ཀུན་ཕ་མར་སྐྱོང་༔ ལྷ་ཚོགས་ཞལ་གཟིགས་གསང་བའི་ལུང་བསྟན་ཐོབ༔ ཆོས་བྱེད་མ་ལ་བུ་ཡི་དགོས་མེད་ཀྱང་༔ ཡོད་དོགས་མེད་པའི་ཡབ་མེད་སྤྲུལ་སྐུ་སྐྱེས༔ མ་རིག་དབང་གིས་སྲས་ནི་གཡམ་ཁང་བསྐྱུར༔ ཞག་གསུམ་ནངས་པར་མ་གྲོང་སྤྲོ་བར་བཞུགས༔ འཆི་མེད་རོ་ལངས་བདེ་བ་རྩལ་མཆོག་བཏགས༔ ཞག་བདུན་ཉིན་པར་འོག་མིན་ཞིང་དུ་ཕེབས༔ སྟོན་པ་ཀུན་བཟང་གཤེན་ལྷ་འོད་དཀར་ལས༔ ཐེག་མཆོག་བླ་ན་མེད་པའི་དགོངས་དོན་རྟོགས༔ གསང་བའི་མཚན་ནི་ཏ་པི་ཧྲི་ཙར་གསོལ༔ ལྔ་ལྡན་ལོངས་སྐུ་རྡོར་སེམས་མདུན་དུ་ཕྱིན༔ རྫོགས་ཆེན་བླ་མེད་ཆོས་ཀྱི་སྒྲོ་འདོགས་བཅད༔ ཆོས་དབྱིངས་དགའ་རབ་རྡོ་རྗེར་མཚན་དུ་གསོལ༔ ཉིན་ཞག་བཅུ་གཉིས་རྩེ་དྲུག་ལྷུན་སྒང་བྱོན༔ ལྷ་ཀླུ་མི་གསུམ་བཀའ་ཡི་འཁོར་ལོ་བསྐོར༔ བདག་ཅག་དཔོན་གཡོག་ཟབ་པའི་གདམས་པ་ཐོས༔ རྟོགས་གྲོལ་དུས་མཉམ་བླ་མེད་བྱང་ཆུབ་ཐོབ༔ དེ་སྐད་གསུངས་པས་ཐམས་ཅད་དད་པ་སྐྱེས༔ བློན་ཚོགས་སྤྲུལ་སྐུ་ཞལ་མཇལ་ཕྱིན་པ་ལ༔ སྤྲུལ་པའི་སྐུ་ནི་རྡོར་སེམས་རྣམ་པར་བཞུགས༔ བློན་རྣམས་ཕྱིན་ནས་གུས་པས་ཞུ་བ་ནི༔ རྒྱལ་སྲས་མཆོག་གིས་རྡོར་སེམས་ལུང་ཞུས་པའི༔ བླ་མེད་ངེས་པའི་ཆོས་ཤིག་བདག་ལ་སྩོལ༔ ཞུས་པས་སྤྲུལ་སྐུ་སྒྲུབ་ཕུག་དཀྱིལ་ནས་བཞེངས༔ རྡོ་རྗེ་དྲིལ་བུ་དཀུར་བརྟེན་ཚངས་དབྱངས་ཀྱིས༔ ཀྭ་ཡེ༔ ཆོས་མ་ཤེས་པའི་བློན་པོ་ཉོན༔ དད་མེད་དྲག་པའི་སྐྱེ་བོ་བླུན་པོའི་རིགས༔ ཟབ་མོ་ཐེག་མཆོག་གདམས་པའི་སྣོད་རུང་མིན༔ གསང་བ་བླ་མེད་རྡོར་སེམས་དགོངས་པ་ཡི༔ གདམས་པ་མི་དམན་རླབས་ཆེན་བརྟུལ་ཞུགས་ཡིན༔ ཞེས་གསུངས་མི་གཡོ་ངང་དུ་ཧྲིག་གེར་བཞུགས༔ བློན་ཚོགས་དད་སྤྲོས་ཕྱག་གྱང་འགྱེལ་བཞིན་འཚལ༔ གདམས་པ་མང་ཐོས་སླར་ཡང་རྒྱལ་སར་ལྷགས༔ རྒྱལ་པོའི་ཕོ་བྲང་ཕྱིན་ནས་རྒྱལ་པོའི་མདུན༔ ཨེ་མ༔ བློན་པོ་ཚོགས་ཀུན་རྩེ་དྲུག་ཕྱིན་པ་ལ༔ མཚོ་སྐྱིད་དཔོན་གཡོག་བཞུགས་ཚུལ་ཅི་འདྲ་འདུག༔ སྲས་ཡོད་ཟེར་བ་བདེན་ནམ་མི་བདེན་མཐོང་༔ སྐྱོན་དང་ཡོན་ཏན་ཅི་མཆིས་དྲང་པོར་ཤོད༔ ཞེས་གསུངས་ལན་དུ་བློན་པའི་ཚོགས་ཐམས་ཅད༔ ཕྱོགས་གཅིག་བསྡེབས་ནས་རྒྱལ་ལ་འདི་སྐད་ཞུས༔ ཀྱེེ༔ ཆོས་རྒྱལ་ཡབ་ཡུམ་བཀའ་བཞིན་རྩེ་དྲུག་ཕྱིན༔ སྲས་མོ་ཞལ་མཇལ་སྲས་ཀྱང་བདེན་པར་འདུག༔ སྐྱོན་གྱིས་མ་གོས་ཡོན་ཏན་བརྗོད་མི་ལང་༔ ལོ་རྒྱུས་ཀུན་ཀྱང་རྒྱལ་ལ་སྙན་གསན་ཕུལ༔ དེ་ནས་རྒྱལ་པོ་ཡབ་ཡུམ་ཡིད་མ་ཆེས༔ ཡབ་མེད་སྲས་འཁྲུངས་སློབ་དཔོན་མེད་པའི་མཁས༔ འོག་མིན་ཞིང་དུ་དངོས་གཟུགས་ཕྱིན་པ་སོགས༔ བདེན་པ་མ་སྟེར་རྒྱལ་པོས་འདི་སྐད་གསུངས༔ ཀྭ་ཡེ༔ བློན་པོའི་ཚོགས་རྣམས་ཕྱིར་ལ་ལོག༔ རྒྱལ་གྱི་སྲས་མོ་དབེན་རིར་བསྒོམས་པ་ལ༔ བར་ཆད་མ་བྱེད་དཔོན་གཡོག་འདུག་ཏུ་བཅོལ༔ ཕ་མེད་ཁྱེའུ་རོ་ལངས་བདེ་བ་རྩལ༔ འོག་མིན་ཞིང་གི་ཆོས་དང་པཎྜི་ཏ༔ ཨེ་མཉམ་སུ་རྒྱལ་གྲལ་གྱི་གོང་དུ་འཇུག༔ སུ་ཕམ་གྲལ་མཐར་གཡོག་ཏུ་བཞག་གོ་ཞེས༔ གསུང་གིས་བཅད་ནས་རྟ་མཆོག་ཆས་ཅན་ཁྲིད༔ བློན་པོ་འཁོར་ཚོགས་དཔུང་མང་སྤྱན་དྲངས་བཏང་༔ རྩེ་དྲུག་གནས་སུ་ཕྱིན་ནས་ཡུམ་སྲས་ལ༔ རྒྱལ་པོའི་གསུངས་བཞིན་ཞུ་བ་འབུལ་བའི་ཚེ༔ ས་ལེ་མ་ནི་ཅུང་ཟད་མ་དགྱེས་བཞུགས༔ དེ་ཚེ་སྤྲུལ་སྐུའི་ཞལ་ནས་འདི་སྐད་གསུངས༔ ཉོན་དང་བློན་ཚོགས་དཔུང་བཅས་རྒྱལ་བའི་བཀའ༔ ཕེབ་བཞིན་རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན༔ རྣོན་པོ་མཚོན་གྱིས་གཡུག་པ་ལན་གཅིག་ཡིན༔ ཆོས་ཉིད་དབྱིངས་ལ་ཕམ་རྒྱལ་མེད་ན་ཡང་༔ རྒྱལ་པོའི་གསུང་ལ་ཕྱིར་ལྡོག་མི་བྱེད་པས༔ ལན་གཅིག་པཎྜི་ཏ་དང་རྩོད་དུ་འོང་༔ བདག་ནི་ཐོགས་མེད་ཕྱོགས་སུ་འགྲོ་བ་ལ༔ ཅང་ཤེས་རྟ་ཕོ་དགོས་པའི་དོ་གལ་མེད༔ ཁྱོད་རྣམས་སྔོན་དུ་རྒྱལ་སར་ཕེབས་པར་གྱིས༔ བདག་ནི་མགྱོགས་པར་ཁྱོད་ཚོའི་རྗེས་སླེབ་བྱ༔ ཞེས་གསུངས་བློན་པོའི་ཚོགས་རྣམས་ཕྱིར་ལོག་སོང་༔ རྒྱལ་པོའི་མདུན་ཕྱིན་སྤྲུལ་སྐུའི་གསུང་ཀུན་བསྒྲགས༔ ཐམས་ཅད་ཐེ་ཚོམ་ཡིད་གཉིས་བྱེད་ཅིང་འདུག༔ རོ་ལངས་བདེ་བ་ཕོ་བྲང་སྒོ་ཁར་བྱོན༔ ནང་དུ་སྤྱན་དྲངས་པཎྜི་ཏ་རྣམས་ཀྱིས༔ གྲལ་ཟུར་ལིང་རྩེ་ཁ་གང་སྟེང་དུ་བཞག༔ སྤྲུལ་སྐུས་ཟིལ་གནོན་དགོངས་པའི་རྩལ་ཕྱུང་ནས༔ གདན་ལ་བཞེངས་ཏེ་ཞལ་ནས་འདི་སྐད་གསུངས༔ ཉོན་དང་རྒྱལ་པོ་པཎྜི་ཏ་རྣམས་ཀུན༔ ང་ཡི་བླ་མ་རྡོ་རྗེ་སེམས་དཔའ་ཆེ༔ མི་གཡོ་མི་བསྐྱོད་ནམ་མཁའ་རྡོ་རྗེ་དཔའ༔ རྡོ་རྗེ་སེམས་དཔའ་བར་སྣང་འཇའ་ཚོན་སྤྲིན༔ མ་འགག་མི་འགག་རྡོ་རྗེ་གང་ཡང་སྣང་༔ རྡོ་རྗེ་སེམས་དཔའ་ཀུན་ནས་ཀུན་ཏུ་བཟང་༔ ནམ་མཁའི་ཉི་ཟླ་ས་གཞིའི་ཆུ་སྣོད་འཆར༔ ང་ཡང་རྡོ་རྗེ་སེམས་དཔའི་སློབ་མ་སྟེ༔ སེམས་ཉིད་རྡོ་རྗེ་འཆང་སྟེ་གཡུལ་ལས་རྒྱལ༔ རྒྱལ་བློན་པཎྜི་ཏ་རྣམས་བག་ལ་ཞ༔ ཕྱི་ནང་གསང་གསུམ་ཆོས་ཀྱི་རྒྱུད་སྡེ་དང་༔ ཐེག་རིམ་རྣམ་བཤད་བདེན་གཉིས་དོན་བསྟན་དང་༔ ཚད་གསུམ་གདུ་ལྟར་བཤད་ཀྱང་པཎ་ཆེན་ཕམ༔ རོ་ལངས་བདེ་བ་བདེ་ཆེན་སེང་གེ་འགྱིང་༔ བར་སྣང་ཁམས་སུ་སྐྱིལ་ཀྲུང་བཅས་ནས་བཞུགས༔ སཾ་ཀྲི་ཏ་ཡི་ལྷ་སྐད་རྒྱུད་ནས་བསྒྱུད༔ མདོ་སྡེ་བརྒྱ་ཕྲག་དུས་གཅིག་ཀུན་ལ་གསུངས༔ ཐུགས་ཀར་ཞི་ཁྲོ་ལྷ་ཚོགས་མ་ལུས་བསྟན༔ བར་སྣང་འཇའ་གུར་འཁྲིགས་པའི་དཀྱིལ་ནས་བཞེངས༔ ཀང་ཀ་པ་རི་སྒྲ་ཡིས་པཎ་གྲུབ་བཅོམ༔ རྒྱལ་པོ་ཡབ་ཡུམ་བློན་འབངས་སྐྱེ་འགྲོ་དང་༔ པཎྜི་ཏ་ནི་ལྔ་བརྒྱ་མཆོད་གནས་རྣམས༔ ཀུན་གྱིས་ཕྱག་འཚལ་སྐོར་བ་ཡི་རངས་བྱས༔ མཚན་སྙན་སྒྲ་ཆེན་རྒྱ་གར་ཤར་ནུབ་ཁྱབ༔ སྤྲུལ་པའི་སྐུ་ནི་རིན་ཆེན་ཁྲི་ལ་བཀོད༔ ཕྱི་ནང་མཆོད་པའི་མཎྜལ་སྤྲིན་ཚོགས་ཕུལ༔ ཡུམ་ཆེན་ས་ལེ་མ་ཡང་རྒྱལ་སར་བྱོན༔ རྒྱལ་པོ་ཡབ་ཡུམ་པཎྜི་ཏ་རྣམས་གུས༔ ཐམས་ཅད་དགའ་བས་དགའ་རབ་རྡོ་རྗེར་གསོལ༔ དྷརྨ་ཨ་ཤྭའི་ཞིང་ཁམས་ཆོས་ཀྱིས་ཁྱབ༔ དེ་ཚེ་རྒྱ་གར་སིང་ང་ལ་ཡི་སྲས༔ མཁས་གྲུབ་འཇམ་དཔལ་བཤེས་གཉེན་ང་རྒྱལ་ནས༔ སློབ་དཔོན་མེད་པའི་མཁས་པ་དགའ་རབ་ཞེས༔ དེ་ལ་ཆོས་ཀྱི་རྩོད་པ་ཞིག་འགྲོ་ན༔ ང་ཡང་ཁོ་ལས་མཁས་གྲགས་ཆེ་སྙམ་ནས༔ ཤི་རི་སཾང་ཧ་གྲོགས་སུ་བཀུག་ནས་སོང་༔ དྷརྨའི་རྒྱལ་ཁབ་གཙུག་ལག་སྒོ་དྲུང་ན༔ ཕྱི་ནང་སྒོ་སྲུང་རྣམས་ལ་ཕྲིན་འདི་སྤྲིངས༔ སིང་ང་ལ་ཡི་སྲས་ཆེན་འཇམ་དཔལ་བཤེས༔ ཤི་རི་སིང་ཧ་ངེད་གཉིས་ནང་ཐོངས་ཞེས༔ སྤྲུལ་སྐུ་ཉིད་ལ་ཞུས་པས་གནང་བར་མཛད༔ ནང་དུ་ཕྱིན་ནས་ཞེ་ས་མ་བྱས་པར༔ ཕ་མེད་ཁྱེའུ་སློབ་དཔོན་མེད་པའི་མཁས༔ ཞིང་ཁམས་འདི་ལ་མི་ཤོང་ཁྱོད་ཉིད་ནི༔ སྦྱང་སྟོབས་མ་བརྙེས་ཚིག་གི་སྒྲ་ཆེ་ཡང་༔ ཆར་མེད་འབྲུག་སྒྲ་བྱིས་པའི་རྩེད་མོ་འདྲ༔ ལྟ་བ་ནམ་མཁའ་སྒོམ་པས་ཅི་མི་བཟུང་༔ སྤྱོད་པ་བརྟུལ་ཞུགས་འབྲས་བུ་ངང་གིས་བདེ༔ དེ་སྐད་བརྗོད་ཅིང་ཁ་རོག་འདུག་པ་ལ༔ ཧོ༔ ཚད་མེད་སེམས་བསྐྱེད་ཁྱེའུ་སྤྲུལ་པའི་སྐུ༔ སྤྲོས་མེད་བླ་མ་རྡོ་རྗེ་སེམས་དཔའི་འཁོར༔ དཔེ་མེད་མཚན་མ་འདས་པའི་དབྱིངས་ཆེན་པོ༔ ཤོད་ཡངས་མེད་པ་ཞིང་ཁམས་ཀུན་ལས་བསྔགས༔ སྦྱང་རྩོལ་མ་དགོས་སྟོབས་བཅུའི་དབང་ཕྱུག་གྱུར༔ འཁོར་འདས་མཉམ་བདལ་སྤྲོས་བྲལ་ཆེན་པོ་ལ༔ ཆོས་ཀུན་ཐིག་ལེ་ཉག་གཅིག་རྫོགས་སངས་རྒྱས༔ འབྲས་བུ་བླ་ན་མེད་པའི་ཆོས་སོ་ཅོག༔ རང་ཉིད་ཆོས་སྐུའི་ངོ་བོ་འདི་ཉིད་ཡིན༔ རིག་ཙམ་ཉིད་ནས་བླ་ན་མེད་པའོ༔ ནམ་མཁའ་ལྟ་བུ་འཛིན་མེད་ཡོངས་ལ་ཁྱབ༔ ཉི་མ་ལྟ་བུ་སྒྲིབ་མེད་ཀུན་ལ་གསལ༔ ཆུ་བོ་ལྟ་བུ་ཆད་མེད་ཀུན་ཏུ་གསོས༔ ཞེས་གསུངས་འཇམ་དཔལ་བཤེས་གཉེན་ཐུགས་འགྱོད་སྐྱེས༔ ངག་གི་བཤགས་པར་རལ་གྲིས་ལྕེ་གཅོད་བསམ༔ ང་རྒྱལ་ཁོང་དུག་རྣམ་སྨིན་ལྕི་བར་ཤེས༔ སྤྲུལ་སྐུའི་དགོངས་པ་བག་ཆགས་ཆུས་མི་འདག༔ རང་གི་ལྕེ་བཅད་རང་ཉིད་རང་ལ་སྡིག༔ འགྱོད་པའི་རྗེས་སུ་བཤགས་ན་དག་པར་གསུངས༔ ཤྲཱི་སེང་ཧ་གཉིས་ལ་བླ་མེད་ཆོས༔ ཡོངས་རྫོགས་གསུངས་ཤིང་བཀའ་ཡི་གཉེར་དུ་གཏད༔ ཐུགས་དགྱེས་རྗེས་སུ་བཟུང་བར་ཞལ་གྱིས་བཞེས༔ རྒྱ་གར་ཡུལ་ཀུན་ཆོས་ཀྱིས་སྨིན་ཅིང་གྲོལ༔ རྒྱལ་པོ་ཡབ་ཡུམ་པཎྜི་ཏ་རྣམས་ཀྱི༔ མདོ་སྔགས་ཕྲིན་ལས་ཕྱོགས་སུ་ཁྱབ་པར་གྱུར༔ སླར་ཡང་ཡུམ་བཅས་རྩེ་དྲུག་གནས་སུ་གཤེགས༔ དགའ་རབ་རྡོ་རྗེས་གསང་སྤྱོད་འགྲོ་བའི་དོན༔ མཁའ་འགྲོ་ལས་ཀྱི་དབང་མོ་གྲོགས་སུ་བསྟེན༔ བླ་མེད་དགོངས་པ་ཆེན་པོར་བཞུགས་ནས་སུ༔ མཚོ་སྐྱིད་ས་ལེ་མ་འོངས་འགྲོ་བའི་དོན༔ བོད་ཡུལ་སྔགས་ཀྱི་བསྟན་པ་དར་བའི་དུས༔ རྟ་ཤོད་པདྨ་མཚོ་སོགས་མཚོ་ཡི་མིང་༔ སྔགས་ཀྱི་གྲོགས་མཛད་བསྟན་པའི་ཕྲིན་ལས་སྐྱོངས༔ ཞེས་སུ་ལུང་བསྟན་རྩེ་དྲུག་སྒོམ་དུ་བཅུག༔ མ་འོངས་གནས་གསུམ་མཁའ་འགྲོའི་གཙོ་མོ་འགྱུར༔ དེ་སྐད་གསུངས་ནས་ཡི་རང་དགྱེས་པར་གྱུར༔ དེ་ནས་སྤྲུལ་སྐུས་གང་འདུལ་འགྲོ་དོན་ཆེད༔ ཞང་ཞུང་ཡུལ་གྱི་རྒྱལ་ཁབ་ཆེན་པོ་ན༔ ཞང་རྒྱལ་མཆོད་གནས་སྣང་ཞིག་ལོད་པོ་བཞུགས༔ ཕྱི་ནང་གསང་གསུམ་མཁས་པ་ཕུལ་དུ་ཕྱིན༔ གེ་ཁོད་མེ་དི་འཁྱིལ་པའི་དཀྱིལ་འཁོར་བསྒྲུབས༔ འགྲུབ་པའི་གྲུབ་རྟགས་བསམ་གྱིས་མི་ཁྱབ་ཡོད༔ ཞང་བོད་གཉིས་ལ་མཁས་གྲུབ་རིག་པ་འཛིན༔ ང་ལས་ལྷག་མེད་ཐུགས་ལ་ང་རྒྱལ་སྐྱེས༔ དང་ར་དུང་ཕུག་གནས་སུ་བསྒོམས་ནས་བཞུགས༔ བུ་ཆུང་སྤྲུལ་ནས་སྣང་ཞིག་གྲུབ་ཐོབ་མདུན༔ ཐོགས་མེད་ཤེད་ཀྱིས་བྱོན་ནས་ཉམས་ཚད་ཞུས༔ ཀྱེེ༔ དང་ར་དུང་ཕུག་གསང་བའི་གནས་བཞུགས་བོན༔ གྲུབ་ཐོབ་ཅི་བྱེད་མི་ཚེ་སྟོང་ལ་ཟད༔ ང་རྒྱལ་ཆེ་ཞིང་ང་འོ་རློམ་སེམས་འཛིན༔ རང་མཐོ་ཁོང་དོགས་མཁས་པ་དོན་ལ་རྨོངས༔ འདི་རུ་དོན་མེད་འདུག་པ་ཅི་ཡིན་ཞུས༔ དེ་ལ་སྣང་ཞིག་ལོད་པོ་ཐུགས་ཁྲོས་ཤིང་༔ ཧོ༔ ངོ་བོ་རང་བཞིན་ཡེ་ནས་འཁྲུལ་སྒྲིབ་བྲལ༔ དུས་གསུམ་སངས་རྒྱས་བླ་མེད་བདེ་ཆེན་ཉམས༔ མངོན་སུམ་སྒོམ་ལ་བུ་ཆུང་ཐོ་འཚམས་ཁྱོད༔ ལྷ་འདྲེ་གང་ཡིན་བར་ཆད་མ་བྱེད་དེངས༔ ཧཱུཾ་ཧཱུཾ་གསུངས་ནས་མེ་རིའི་ཚྭ་ཚྭ་སྤྲོས༔ ཉམ་ང་མ་བྱས་དེ་ལ་ལན་བཏབ་པ༔ ཧོ༔ འཁྲུལ་སྒྲིབ་བློ་དང་བྲལ་ཡང་རེ་དོགས་ཆེ༔ བླ་མེད་དགོངས་པ་རྟོགས་ཀྱང་ང་བདག་འཛིན༔ དུས་གསུམ་སངས་རྒྱས་ཡིན་ཀྱང་ལྷ་འདྲེར་འཛིན༔ དགོངས་པ་འཁོར་འདས་ཁྱབ་ཀྱང་བར་ཆད་དོགས༔ ཨེ་མ་རྣལ་འབྱོར་ངོ་མཚར་ཆེ་བར་འདུག༔ ཧཱུཾ་ཧཱུཾ་སྐུ་ལས་མེ་དཔུང་འབར་འཕྲོས་ཀྱང་༔ ང་ཉིད་ལྷ་ཞེས་བྱ་བའི་མཚན་མ་མེད༔ གདོད་ནས་ངོ་བོ་རང་བཞིན་མ་གྲུབ་སྟོང་༔ ང་ནི་འདྲེ་ཞེས་བྱ་བའི་ཐ་སྙད་མེད༔ ལྷག་མཐོང་ཡེ་ཤེས་མ་འདྲེས་སོ་སོར་གསལ༔ ང་ནི་སྐྱེ་མེད་ཀློང་དུ་འགག་མེད་གནས༔ འགྲོ་འོང་བྱ་བ་གཏན་ནས་མ་གྲུབ་བོ༔ རྣལ་འབྱོར་ལྟ་བ་ཕྱོགས་རིས་གཉིས་མཐའ་ཆད༔ རྣལ་འབྱོར་སྒོམ་པ་རང་གཞན་གཉིས་འཁྲུལ་སེམས༔ རྣལ་འབྱོར་སྤྱོད་པ་མངོན་ལྐོག་ཞུགས་པ་ཅན༔ རྣལ་འབྱོར་འབྲས་བུ་རེ་དོགས་འཆིང་བ་ཅན༔ ཞུས་ནས་འཛུམ་མདངས་མུ་ལེར་བཞུགས་པར་མཛད༔ དེ་ལ་སྣང་ཞིག་ལོད་པོ་ང་རྒྱལ་ཁེངས༔ ཨེ༔ ཐོ་ཅོ་ཅན་གྱི་མཐའ་མི་བུ་ཆུང་ཁྱོད༔ ང་ནི་གདོད་ནས་སྐུ་གསུམ་རང་ཆས་ལ༔ འཁོར་འདས་གཉིས་མེད་སེམས་ཉིད་རོ་གཅིག་ཀློང་༔ དུས་གསུམ་སྔ་ཕྱི་མེད་པ་མཉམ་པ་ཉིད༔ ང་ནི་མཁས་པའི་རིག་འཛིན་ཀུན་གྱི་རྗེ༔ ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་བླ་མེད་རྒྱུད༔ མངོན་སུམ་རྟོགས་པའི་རྣལ་འབྱོར་དབང་ཕྱུག་ཡིན༔ གྲུབ་པའི་རིག་འཛིན་སྣང་ཞིག་ལོད་པོ་ང་༔ ཞང་ཞུང་མུན་པ་སེལ་པའི་སྒྲོན་མེ་ཡིན༔ ཁྱོད་ཀྱི་རུས་རིགས་ཕ་མ་སློབ་དཔོན་གང་༔ མིང་ལ་ཅི་འཚལ་འོང་བ་སུ་ཡི་དོན༔ ཞེས་གསུངས་དེ་ལ་བུ་ཆུང་ལན་བཏབ་པ༔ ཧོ༔ མཁས་པའི་དྲང་སྲོང་མ་མཁས་བོན་མ་མཁས༔ གྲུབ་པའི་རྣལ་འབྱོར་མ་གྲུབ་མཆོག་མ་གྲུབ༔ ཕྱི་རྒྱུད་སྲུང་ཁྲིམས་མེ་ཤིང་དུད་པ་འདྲ༔ སྤང་བླང་ཡོད་ན་རྣལ་འབྱོར་ཁྱོད་ཀྱང་གོལ༔ ནང་རྒྱུད་བསྙེན་སྒྲུབ་མེ་ལོང་གཟུགས་བརྙན་འདྲ༔ བསྒྲུབ་བྱ་སྒྲུབ་བྱེད་བྱུང་ན་རྣལ་འབྱོར་གོལ༔ གསང་རྒྱུད་བླ་མེད་ལྟ་བ་མཁའ་ཉི་འདྲ༔ བལྟ་བྱ་ལྟ་བྱེད་བྱུང་ན་རྣལ་འབྱོར་གོལ༔ མཁས་པ་ཚིག་གི་བྱེ་བྲག་ཡིན་ན་ཡང་༔ ཚིག་ལ་མི་རྟོན་དོན་ལ་བདེན་འཛིན་གོལ༔ དོན་དམ་རང་གི་སེམས་ཉིད་ཡིན་ལགས་ཀྱང་༔ ང་འོ་རློམ་སེམས་ཞུགས་ན་རྣལ་འབྱོར་གོལ༔ འཁོར་འདས་མ་ལུས་སེམས་སུ་འདུས་ལགས་ཀྱང་༔ སྟོང་གསལ་གཉུག་མ་མ་འདྲེས་རྣལ་འབྱོར་གོལ༔ སྟོང་པ་ཉིད་དང་སྙིང་རྗེ་ཟུང་འཇུག་གཉིས༔ སོ་སོར་སོང་ན་རྣལ་འབྱོར་ཡང་དག་གོལ༔ ཞང་ཞུང་མཁས་པའི་སྒྲོན་མེ་ཆེན་པོ་ཡི༔ མ་རིག་ཉོན་མོངས་རང་ལ་མུན་པ་འཁྲིགས༔ ང་ནི་མཐའ་མི་བུ་ཆུང་མཐའ་ཡས་པ༔ འཁོར་འདས་བོན་ཀུན་གང་གི་མཐར་མ་ལྷུང་༔ ང་ནི་ཐོས་ཆུང་བསམ་པ་རྒྱ་ཆེ་དགོངས༔ ང་ལ་ཕ་མེད་ཡེ་ཁྱབ་ཀུན་ཏུ་བཟང་༔ ང་ལ་མ་མེད་བདེ་ཆེན་ཀློང་དུ་བདལ༔ ང་ལ་རིགས་མེད་སངས་རྒྱས་སེམས་ཉིད་འདུས༔ ང་ནི་རང་རིག་བུ་ཆུང་ཀློང་རྡོལ་ཡིན༔ ང་ལ་འགྲོ་འོང་བྱ་བའི་མིང་མ་གྲུབ༔ དེ་སྐད་ཞུས་ནས་འཛུམ་མདངས་མུ་ལེར་བཞུགས༔ དེ་ལ་སྣང་ཞིག་ལོད་པོས་ཐེ་ཚོམ་ཟོས༔ བུ་ཆུང་འདི་ལ་ཕྱི་ནང་ཇི་བརྟགས་ཀྱང་༔ ངེས་ཚིག་འདྲ་ཡང་རྩལ་ཞིག་འགྲན་དགོས་དགོངས༔ ཨེ༔ ཕ་མེད་བུ་ཆུང་ཁྱོད་ལ་གཡོ་ཞིག་བདོག༔ ཁྱོད་ཀྱི་སྒྱུ་ལུས་ཤ་ཁྲག་ཕུང་པོ་འདི༔ ཟག་བཅས་ཡིན་ནམ་ཟག་མེད་སྒྲོ་འདོགས་ཆོད༔ ང་ལ་འགྲན་ན་གྲུབ་རྟགས་ཞིག་བསྟན་ནོ༔ ཞེས་གསུངས་ཕྱག་གིས་སྡིགས་མཛུབ་མཛད་པའི་ཚེ༔ མེ་ཡི་ཕུང་པོ་གུར་ཙམ་ཆད་པ་ལ༔ བདུད་འདུལ་ཆེན་པོ་མེ་རིའི་ལྷ་ཚོགས་ཁེངས༔ སྒྲ་བླ་མོ་ཡིས་ཞལ་གྱིས་ཡང་ཡང་གཟིགས༔ དེ་ལ་བུ་ཆུང་ཉིད་ཀྱིས་འདི་སྐད་བརྗོད༔ ཧོ༔ སྣང་བ་ཞིག་ཀྱང་ལོད་པོ་དེ་འདྲ་མཛད༔ ཀུན་མཁྱེན་གཅིག་ལ་སྡུག་པ་ཁྱོད་འདྲ་བ༔ མཁས་པ་བཟང་ཡང་ང་རྒྱལ་ཆེ་བ་སྡུག༔ གྲུབ་པ་བཟང་ཡང་གྲུབ་མཐར་ལྷུང་བ་སྡུག༔ རྩོལ་མེད་བཟང་ཡང་རྩོད་པ་ཐུག་པ་སྡུག༔ བཟང་སྡུག་གཉིས་འདྲེས་རྣལ་འབྱོར་ཨ་ལ་ལ༔ ཞེས་གསུངས་མཁའ་ལ་འཕགས་ཏེ་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་སངས་རྒྱས་ཚད་མེད་འོད་ལྡན་ལ༔ ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བསྐོར་ནས་བཞུགས༔ སྐུ་ཡི་གནས་གསུམ་འཆི་མེད་གསང་འདུས་གཤེན༔ གསང་སྔགས་ལྷ་ཚོགས་ཚོམ་བུར་བསྐོར་བར་བསྟེན༔ དེ་ཚེ་ཞང་ཞུང་སྤོས་རི་ངད་ལྡན་ནས༔ ཐུགས་རྗེ་ཀུན་སྒྲོལ་ཚོགས་ཀྱི་ཞིང་ནས་བྱོན༔ ཕྱོགས་བཅུར་ཞལ་གཟིགས་ཀུན་ལ་ལུང་འདི་བསྟན༔ ཧཱུཾ༔ ང་ནི་རྒྱལ་བའི་ཡུམ་ཆེན་ཀུན་སྒྲོལ་མ༔ སྣང་སྲིད་ཟིལ་གནོན་དུར་ཁྲོད་ཚོགས་ཀྱི་བདག༔ སྐལ་ལྡན་སྐྱེས་བུ་ཡོངས་ཀྱི་གྲོགས་མཛད་མོ༔ ཀུན་བཟང་གཤེན་ལྷ་ཚད་མེད་འོད་དཀར་འཆང་༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ༔ ཀུན་གྱི་ངོ་བོ་ཏ་པི་ཧྲི་ཙ་འདི༔ ཐེག་མཆོག་བླ་མེད་དགོངས་དོན་མ་ལུས་རྫོགས༔ རིག་འཛིན་གྲུབ་པ་སྣང་ཞིག་ལོད་པོ་ཁྱོད༔ ཟབ་གསང་བླ་མེད་མན་ངག་སྙིང་པོ་ལོངས༔ མཉམ་ཉིད་ཐུགས་ཀྱི་དཀྱིལ་འཁོར་འཆང་བར་མཛོད༔ ཅེས་གསུངས་ལུང་བསྟན་ངོ་སྤྲོད་དབྱིངས་སུ་གཤེགས༔ དེ་ནས་ཏ་པི་ཧྲི་ཙ་ས་ལ་བྱོན༔ སྣང་ཞིག་ལོད་བོ་འགྱོད་པའི་བློ་སྐྱེས་ནས༔ ཨེ་མ༔ བདེར་གཤེགས་ཀུན་འདུས་ཏ་པི་ཧྲི་ཙ་ལ༔ ང་རྒྱལ་སྐྱེས་ཏེ་སྐྱོན་ཡོན་ངོ་མ་ཤེས༔ གནོང་འགྱོད་དྲག་པོ་བློ་ཡིས་བླངས་ཏེ་བཤགས༔ ཞལ་མཐོང་གསུང་ཐོས་ཐུགས་རྗེས་འདོར་མེད་གཟིགས༔ ཟབ་པའི་ཡང་ཟབ་ཐེག་མཆོག་བོན་འཁོར་བསྐོར༔ ཞེས་ཞུས་ཏ་པི་ཧྲི་ཙ་ཐུགས་དགྱེས་ཏེ༔ ཧོཿཞང་ཞུང་རིག་འཛིན་སྣང་ཞིག་ལོད་པོ་ཁྱོད༔ གྲངས་མེད་གོང་ནས་སྨོན་ལམ་ལས་འཕྲོ་བཟང་༔ ང་ནི་ཀུན་བཟང་གཤིན་ལྷའི་སྤྲུལ་པ་སྟེ༔ མི་ཤིགས་རིག་འཛིན་ཁྱོད་ལ་རྩོད་པ་མིན༔ སངས་རྒྱས་ཚོགས་ཀྱི་བཀའ་སྡུད་བོན་བསྟན་བདག༔ སྣང་ཞིག་ལོད་པོ་གྲུབ་པ་མཆོག་ཉིད་ལ༔ ཟབ་དོན་རྫོགས་པ་ཆེན་པོ་བསྟན་དུ་འོང་༔ ཞེས་གསུངས་ཕྱི་ནང་གསང་བ་ཡང་གསང་གི༔ ཡང་ཟབ་དམར་ཁྲིད་གདམས་པ་སྙན་དུ་བརྒྱུད༔ སྣང་ཞིག་ལོད་པོ་དགོངས་པའི་རྩལ་ཆེན་རྫོགས༔ བསྟོད་ཕྱག་འཚལ་ཞིང་ཐུགས་ཡིད་གཅིག་ཏུ་འདྲེས༔ ཞིང་ཁམས་འདི་རུ་གྱུན་བཞུགས་གསོལ་བཏབ་ཀྱང་༔ མ་གནང་ཞང་ཞུང་སྤོས་རི་ངད་ལྡན་ཞིང་༔ མཁའ་འགྲོ་རྒྱ་མཚོ་འདུ་བའི་གནས་མཆོག་དེར༔ གསང་སྤྱོད་ཚོགས་ཀྱི་གྲལ་དུ་འགྲོ་གསུངས་ནས༔ ཏ་པི་ཧྲི་ཙ་སྣང་ཞིག་ལོད་པོ་གཉིས༔ ཐོགས་མེད་མཁའ་ལས་སྤོས་རི་ངད་ལྡན་བྱོན༔ ཚོགས་ཁང་བསམ་གྱིས་མི་ཁྱབ་མཚན་ཉིད་རྫོགས༔ དཀྱིལ་འཁོར་ཆེན་པོ་ཉི་ཟླ་སྐར་ལྟར་བཀྲ༔ མཁའ་འགྲོ་མ་ཚོགས་བགྲངས་ཀྱིས་མི་ལང་བཞུགས༔ དེ་ཡི་གཡས་ཟུར་ཐུགས་རྗེ་ཀུན་སྒྲོལ་མ༔ དུར་ཁྲོད་ཟིལ་གནོན་མཁའ་འགྲོའི་སྐུ་རུ་བཞུགས༔ དཀྱིལ་འཁོར་དབང་བཞི་བྱིན་རླབས་མ་ལུས་རྣམས༔ ཐོབ་ཅིང་གསང་མཚན་གྱེར་སྤུངས་ཆེན་པོར་གསོལ༔ སླར་ཡང་དང་ར་དུང་ཕུག་གནས་སུ་བྱོན༔ གྱེར་སྤུངས་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན༔ ཏ་པི་ཧྲི་ཙ་ཕྱོགས་ཀྱི་འགྲོ་དོན་ཕེབས༔ གྱེར་སྤུངས་ཆེན་པོ་བོན་གྱི་བསྟན་པ་འཛིན༔ གདུལ་བྱའི་ཞིང་ལ་སྙན་བརྒྱུད་བོན་སྐལ་གནང་༔ ཏ་པི་ཏྲི་ཙ་གསང་ཆེན་ཞིང་དུ་ཕེབས༔ གྱེར་སྤུངས་ཆེན་པོ་སྙན་བརྒྱུད་བསྟན་པ་འཛིན༔ མཚོ་སྐྱིད་ས་ལེ་མ་ཡི་སྲས་ཆེན་པོ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཡབ་ཡུམ་བཅས༔ གཡུ་ལུང་ཤེལ་བྲག་གསང་སྤྱོད་འགྲོ་དོན་མཛད༔ མཚོ་སྐྱིད་མ་ཉིད་མ་འོངས་ཚོགས་ཀྱི་བདག༔ བོད་ཡུལ་མུན་པ་སེལ་བའི་སྒྲོན་མེ་ཆེ༔ སྟག་བཟའ་རིན་ཆེན་མཚོ་སོགས་མཚོ་མིང་ཅན༔ སྙིགས་དུས་བསྟན་པའི་སྙིང་པོ་འཆང་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
ཡེ་ཉིད་ཀུན་བཟང་ཕར་ཕྱིན་ཐུགས་རྗེའི་བདག༔ ཀྱེ་མ་འོད་མཚོ་སྐལ་པ་བཟང་མོ་ཡུམ༔ གཉིས་མེད་བཟང་བཟའ་རིང་བཙུན་སྤྲུལ་པ་ཆེ༔ ཅོ་བཟའ་བོན་མོ་མཁའ་འགྲོ་གསང་བའི་བདག༔ ཡུལ་ནི་རྩང་པོ་དག་ཤོད་བྱ་བ་རུ༔ ཡབ་ནི་གྲུབ་བོན་གྱིམ་བུ་ལན་ཚ་དང་༔ ཡུམ་ནི་བརྡ་བཟའ་མཁར་ལྕམ་མ་གཉིས་ཏེ༔ ཡབ་ཀྱིས་མཁའ་ལ་ཉི་མ་ཟེར་བརྒྱ་ཅན༔ ཤར་ནས་འཛམ་གླིང་མུན་པ་སེལ་བ་རྨིས༔ ཡུམ་གྱིས་རྒྱ་མཚོ་ཆེན་པོའི་དཀྱིལ་ཤོད་དུ༔ མེ་ཏོག་པདྨ་དཀར་པོ་འདབ་སྟོང་ལ༔ གཡུ་ཡི་གོང་བུ་མང་པོ་བཏགས་པ་ཞིག༔ བདག་ཏུ་བྱེད་ཅིང་གུས་སྣང་སྤྲོ་བ་སོགས༔ ཡ་མཚན་ཆེ་བའི་རྨི་ལམ་གསལ་བར་བྱུང་༔ མ་ཡི་རུམ་དུ་སྲིད་པའི་འབྲས་བུ་ཆགས༔ དུས་དེར་ཁོང་ནས་ཧ་དང་ཕཊཿསྒྲ་སྒྲོགས༔ གསལ་མདངས་ཉི་མ་ཁོང་ནས་ཤར་བ་དང་༔ འཇའ་ཚོན་འཁྱིལ་པ་འོད་ཀྱིས་གང་བ་སོགས༔ ལྟས་མཚན་མང་ཤར་ཟླ་དགུ་ངོ་བཅུའི་ཉིན༔ ཉི་མ་ཤར་དང་མོ་བཙུན་ཞིག་འཁྲུངས་པས༔ གནོད་སྦྱིན་མཁའ་འགྲོ་ཕག་གི་གདོང་ཅན་དང་༔ ཤ་ཟ་མཁའ་འགྲོ་མང་པོས་རུས་རྒྱན་གསོལ༔ སྨན་རག་གཏོར་གསུམ་ཚོགས་འཁོར་མཆོད་ཚོགས་ཁྱེར༔ སྐོར་བ་བྱེད་ཅིང་དབྱངས་ཀྱི་ཚིག་གིས་བསྟོད༔ ཨེ་མ༔ དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་ཀུན་བཟང་མོ༔ མ་འགག་ཡུམ་ཆེན་ཀྱེ་མ་གསང་བའི་ཡུམ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་མངའ་བདག་མོ༔ སྣང་སྲིད་ཟིལ་གནོན་ཅོ་བཟའ་བོན་གྱི་ཡུམ༔ མཆོད་པའི་སྤྲིན་ཚོགས་བསམ་ལས་འདས་པ་འབུལ༔ དུར་ཁྲོད་གནས་ཆེན་ཟིལ་གྱིས་གནོན་པ་དང་༔ བོན་གྱི་ཕྲིན་ལས་མ་ལུས་འགྲུབ་པའི་ཕྱིར༔ བདག་ཅག་བཀའ་ཉན་བསྟན་པ་སྲུང་བར་བགྱི༔ ཞེས་པའི་ཚིག་བརྗོད་མཆོད་པའི་ཚོགས་འཁོར་ཕུལ༔ སྐོར་བ་བྱེད་ཅིང་བར་ཆད་མ་ལུས་བསྲུངས༔ བུ་མོ་ཞག་རེ་བཞིན་དུ་སྐྱེ་མཆེད་རྒྱས༔ མེ་ཏོག་ནེ་ར་གསར་བའི་ཁ་དོག་ཅན༔ ཟླ་བའི་འོད་ལ་ཉི་མའི་ཟེར་ཆགས་པ༔ བལྟ་བས་མི་ངོམ་དྭངས་སྤྲོ་རི་དྭགས་མིག༔ མ་བསླབ་བོན་སྒོ་ཤེས་བྱ་ཐམས་ཅད་མཁྱེན༔ ཀུན་གྱིས་ཡིད་སྨོན་མཛེས་བརྗིད་གྲགས་པས་ཁྱབ༔ ཡབ་ཀྱིས་ཕྱུག་བདག་ཞིག་ལ་གཉེན་དུ་བཙལ༔ བུ་མོ་འགྲོར་མ་འདོད་ཅིང་བོན་སྒོར་ཞུགས༔ ཡབ་ཅིག་དམ་པ་གྱིམ་ཚ་བུ་མོ་ང་༔ སྐྱེས་ནས་འཁོར་བའི་སྡུག་བསྔལ་མཐའ་མེད་མཐོང་༔ བག་ཆགས་རྣམ་སྨིན་ལས་འབྲས་རང་ཐོག་སྨིན༔ སྐྱེ་བ་འདི་ནི་དར་ཙམ་ཡུད་ཙམ་ཡིན༔ མི་དགེ་སྡིག་སྦྱོར་དང་ངམ་ཤུགས་ཀྱིས་བསོགས༔ ཁྱིམ་ཐབ་འདི་ནི་དུག་སྦྲུལ་ཚང་དང་འདྲ༔ ཉོན་མོངས་དུག་ལྔའི་རྟོགས་པ་ཇེ་ཆེར་འབྱུང་༔ ལས་སྤྱོད་སྡིག་ཕྲུག་དགྲ་འདྲེ་རང་ལ་ལྡང་༔ མགུ་དཀའ་ཕྱི་ཡི་དགྲ་བས་ནང་གིས་ཐུ༔ ཚེ་ལུས་གཅིག་ལ་ཕ་མ་སྲིད་སྡིག་སྔངས༔ བསགས་པའི་ཟས་ནོར་མི་རྟག་བྱུར་གྱིས་གོད༔ དགྲས་འཕྲོག་ཟིན་བརླག་ལོངས་སྤྱོད་དབང་ཐང་མེད༔ ཁས་གྲག་ལྟང་མ་གྱོད་ཀྱི་གཞི་མ་ཡིན༔ བཤད་དཀའ་གཏམ་སྡུག་ཕམ་རྒྱལ་རྩོད་པས་མནར༔ མཐོ་ན་འཐབ་དང་དམན་པ་གཏན་བརླག་འགྲོ༔ འཁོར་བ་འདི་ལ་སྙིང་པོ་ཏིལ་འབྲུ་ཙམ༔ མེད་པས་འཁོར་བའི་ཁྱིམ་དུ་བདག་མི་འགྲོ༔ ཞེས་གསུངས་ཡབ་ཡུམ་ཡུད་ཙམ་བོན་ལ་ཕྱོགས༔ བུ་མོ་ལུས་ལ་ཁྱད་པར་འཕགས་པ་ཡི༔ མི་འདྲ་བ་ཡི་རྟགས་མཚན་རྣམ་བཞི་ཡོད༔ ལུས་ལ་པདྨ་མེ་ཏོག་ཚོམ་བུ་ཡོད༔ ཨ་ག་རུ་དང་དྲི་བཟང་སྨན་དྲི་བྲོ༔ ཁྱུང་ལ་བྱོན་ནས་རྩ་གསུམ་ལྷ་གནས་འཁོར༔ བཟང་བཟའ་རིང་བཙུན་མཁའ་འགྲོའི་ཞལ་སྔར་འགྲིམ༔ ཟབ་མོ་གསང་བའི་གདམས་པ་ཟབ་མོ་ཐོས༔ ཞང་ཞུང་ཡུལ་བྱོན་མཁའ་འགྲོ་འོད་ལྡན་མཇལ༔ གསང་སྤྱོད་མཁའ་འགྲོའི་དགོངས་བཅུད་མ་ལུས་བླངས༔ དབྱིངས་ཆེན་བཀོད་པའི་དུར་ཁྲོད་ཆེན་པོར་བྱོན༔ ཐུགས་རྗེ་ཀུན་སྒྲོལ་དབྱིངས་ཀྱི་ཡུམ་ཆེན་ལ༔ དུར་ཁྲོད་ཚོགས་བདག་ཟིལ་གནོན་དབང་ཆེན་ཐོབ༔ རྒྱ་གར་ཡུལ་བྱོན་ལས་ཀྱི་དབང་མོ་ཆེ༔ ཞལ་མཇལ་ཚེ་ཡི་དབང་བསྐུར་ཚེ་དབང་ཐོབ༔ དེ་ནས་ནངས་ནུབ་ཟས་ཀྱི་སྟོ་དུས་སུ༔ བྱིས་ཆུང་ལྕོག་ཀའི་ཀྲི་རྟས་དྲན་བསྐུལ་དུ༔ སྐད་སྙན་དབྱངས་འབྱིན་འདི་ལྟར་ཚིག་གིས་བསྐུལ༔ ཨེ་མ༔ གསོན་དང་མཁའ་འགྲོ་ཅོ་བཟའ་བོན་མོ་ལགས༔ བྱ་བྲལ་ནམ་མཁའ་ལྟ་བུའི་དོན་རྟོགས་ཀྱང་༔ མན་ངག་སྟོན་པའི་བླ་མ་སྤྱི་བོར་བཀུར༔ གྲུབ་པའི་རྟགས་མཚན་འབད་མེད་ལྷུན་གྲུབ་ཀྱང་༔ དགེ་སྦྱོར་མཛད་སྤྱོད་ཚོགས་ལམ་མི་དང་བསྟུན༔ ཐེག་དགུའི་བོན་གྱི་དོན་གནད་ཕུགས་ཆོད་ཀྱང་༔ ཐོས་བསམ་བསླབ་བྱའི་བོན་ལ་ངོམ་མ་སྐྱེན༔ མི་བདེན་དོན་དང་འགལ་ན་བཀའ་ཡང་ཞོག༔ བདེན་མཐུན་དོན་དང་ལྡན་ན་ངེས་ཤེས་བསྐྱེད༔ བདག་མཐོང་གཞན་ལ་སྐྱོན་གྱི་དྲིས་གོས་ན༔ ཟུར་ཟ་སྤངས་ནས་རང་སྐྱོན་རང་གིས་ཐོན༔ ཐོས་བསམ་སྒོམ་པའི་ཤེས་རབ་ཆེར་སྐྱེས་ཀྱང་༔ མཁས་རློམ་ང་རྒྱལ་མ་བསྐྱེད་གྱོང་ཁེངས་སྤོང་༔ འདུག་པའི་གནས་སུ་ཤེས་པ་གར་བདེ་ཚོལ༔ བོན་དང་རྒྱབ་འགལ་མི་ཆོས་བྱ་བ་ཐོང་༔ བོན་གྱི་རྩ་བ་རང་སེམས་གཏན་ལ་ཕོབས༔ ཆེ་ཐབས་ཟོལ་ཟོག་བྱ་བས་དགོས་པ་མེད༔ སེམས་ཀྱི་མཚན་ཉིད་ཤེས་ན་སངས་རྒྱས་ཡིན༔ གདམས་ངག་ཟབ་མོ་དམར་ཁྲིད་བྱེད་ན་གཅེས༔ མི་རྟག་འཆི་བ་ཡང་ཡང་མ་དྲན་ན༔ དགེ་བྱེད་ཟེར་ཡང་ལམ་དུ་ལུས་ཉེན་ཡོད༔ ཀུན་དང་མཐུན་པའི་སྤྱོད་པ་མ་ལེགས་ན༔ ཕྱོགས་རིས་བོན་དེ་ཁོ་ནས་ཤི་བ་ཡིན༔ གང་ཞིག་སྐལ་བ་ལྡན་དུས་མ་བསྒྲུབས་ན༔ ཀུན་ལས་འཕགས་པའི་རྟོགས་པ་ཡོང་དུས་མེད༔ མཁའ་འགྲོའི་ཐུགས་ལ་སོང་ངམ་ལྕོག་ཆུང་སྐད༔ ཅེས་སོགས་ཡང་ཡང་ཟེར་གྱིན་འཕུར་ནས་སོང་༔ བླ་ཆེན་དྲན་པའི་སྤྲུལ་པ་ཡིན་ཤེས་ནས༔ དད་པ་སྐྱེས་ཤིང་འཛིན་པའི་རྒྱ་ལས་གྲོལ༔ དེ་ནས་སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ གཉན་ཆེན་ལི་ཤུར་སྤྲུལ་པའི་ཐབས་སུ་དྲན༔ ཡུལ་ནི་གཉན་ཟ་སྟག་སྐྱ་བྱ་བའི་ཡུལ༔ རྒྱལ་པོ་གཉན་སྟག་སྤུངས་ཞེས་མཚན་པ་ལ༔ ཡུམ་ནི་མུ་ལ་ཙ་ཞེས་སྟངས་དཔྱལ་གཉིས༔ གྲོང་ཁྱེར་འབུམ་ཚོ་བརྒྱད་ཀྱི་ཁ་འཛིན་མཛད༔ ནོར་བུ་ལོངས་སྤྱོད་དཔག་ཏུ་མེད་པ་ཡོད༔ ནམ་ཞིག་ཙམ་ན་རྒྱལ་པོ་ཆེན་པོ་ལ༔ གཡུ་བྱ་ཁུ་བྱུག་ཅིག་གིས་འདི་སྐད་ཟེར༔ ཙནྡན་ནགས་ཀྱི་ལྗོན་ཤིང་ཕྱུག་པའི་གསེབ༔ མེ་ཏོག་དཀྱིལ་དུ་དངོས་གྲུབ་ཡོད་ལོངས་ཟེར༔ རྒྱལ་པོ་ནགས་ཚལ་གསེབ་བྱོན་བལྟས་པ་ལ༔ མེ་ཏོག་དཀྱིལ་དུ་མཛེས་ལྡན་བུ་མོ་ཞིག༔ སྐྱེ་མཆེད་ལེགས་ཤིང་དྲི་བཟང་ལྡན་པ་འདུག༔ ལག་ཏུ་བླངས་ནས་ཡུམ་ལ་གཏད་པའི་ཚེ༔ ཤིན་ཏུ་མཉེས་ཤིང་དགའ་ནི་ཡལ་ཡལ་བྱེད༔ མིང་ཡང་རླུང་རྒྱལ་སྟག་ཟ་ལི་ཝེར་གསོལ༔ ཤིན་ཏུ་དགེ་རྟགས་བཀྲ་ཤིས་བདེ་ལེགས་འཕེལ༔ རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ཁལ་དུ་འགེལ༔ ནམ་ཞིག་བྲག་དཀར་རིན་ཆེན་སྤུངས་པར་བྱོན༔ མ་རྒྱུད་གསས་མཁར་མཆོག་ལྔའི་སྒྲུབ་པ་མཛད༔ མོ་ལས་ཕོ་རུ་གྲུབ་ནས་རྒྱལ་མདུན་བྱོན༔ སྲས་མཆོག་ཁྱོད་ཀྱི་ཁྱད་པར་ཆེན་པོ་ལ༔ མོ་ལས་ཕོ་རུ་གྲུབ་པ་ཅི་ལྟ་བུ༔ ང་ནི་འགྲོ་བའི་དོན་ལ་འོང་བ་སྟེ༔ སྟོན་པ་འཆི་མེད་གཙུག་ཕུད་སྤྲུལ་པ་ཡི༔ ཁོ་མོ་སྤྲུལ་ནས་གཉན་སྲིད་གདུང་འཛིན་པ༔ གཉན་ཆེན་ལི་ཤུ་སྟག་རིང་བྱ་བ་ལགས༔ རྒྱལ་པོ་ཡབ་དང་སྐྱེ་བ་བདུན་དུ་འབྲེལ༔ རྒྱལ་སྲིད་བཟུང་ནས་བོན་གྱི་བསྟན་པ་སྤེལ༔ དེ་ནས་སྤྲུལ་སྐུའི་འགྲོ་དོན་མཛད་དགོངས་ཤིང་༔ སྟག་གཟིག་འོལ་མོ་ལུང་རིང་གནས་སུ་བྱོན༔ མཁས་པ་ཆེན་པོ་དམུ་ཙ་དྲ་ཧེ་ལ༔ སྐད་རིགས་མི་འདྲ་སུམ་བརྒྱ་དྲུག་ཅུ་བསླབ༔ ལོ་ཙཱའི་སྒྲ་བསྒྱུར་རིག་གནས་མཁས་པར་སྦྱང་༔ བར་པོ་སོ་བརྒྱད་སྒོ་བཞི་མཛོད་ལྔའི་བོན༔ མ་ལུས་གསན་ཞིང་ཁོང་དུ་ཆུབ་པར་བྱས༔ སངས་རྒྱས་སྐུ་ཚབ་རྒྱལ་བ་དོན་གྲུབ་ལ༔ ཤམ་པོ་ལྷ་རྩེའི་རྒྱུད་ལུང་ཀུན་ཀ་གསན༔ གཤེན་རབ་ཚེ་དབང་ཀུན་འོད་རྒྱལ་པོ་ལ༔ ཁྲི་སྨན་རྒྱལ་བཞད་སེམས་ཉིད་ངོ་སྤྲོད་ཞུས༔ མེ་ཏོག་མཛེས་གླིང་དཀའ་ཐུབ་ཉམས་ལེན་མཛད༔ གཡུང་དྲུང་དགུ་བརྩེགས་རི་ལ་ཐང་བཅད་བཞུགས༔ ཉམས་གསུམ་དྲོད་བཞི་རྟགས་དྲུག་མངོན་དུ་གྱུར༔ ལྷོ་ཤར་དཔལ་རོང་དགོན་པའི་ནགས་གསེབ་ཏུ༔ མ་མོ་ཆེན་མོ་གཙུག་གི་རྒྱན་གཅིག་ལ༔ ཁྲོ་བོ་དབང་ཆེན་འབར་བའི་རྒྱུད་དྲུག་དང་༔ དྲག་པོ་རྩོད་ཟློག་རྒྱུད་སྡེ་ལ་སོགས་པ༔ གསང་སྔགས་ཟབ་མོ་མ་རྒྱུད་ལ་སོགས་གསན༔ དགུང་ལོ་བདུན་བརྒྱ་བཞེངས་པའི་དུས་སྐབས་སུ༔ ཨོ་རྒྱན་ཡུལ་གྱི་དུར་ཁྲོད་བསིལ་བ་ཚལ༔ གསང་བའི་དུར་ཁྲོད་དཔལ་བོན་རུམ་པོ་ལ༔ དྲག་སྔགས་མཐུ་ཡི་ནུས་པ་རྩལ་དབང་ཞུས༔ ལྷ་སྲིན་དབང་བསྡུས་སྡེ་བརྒྱད་བྲན་དུ་བཀོལ༔ རྒྱ་གར་གསས་ཁང་གཡུ་རྩེ་ཅན་དུ་ཕྱིན༔ མཁས་ཤིང་གྲུབ་པ་ལྷ་བདག་སྔགས་གྲོར་ལ༔ མ་མོ་གསང་བའི་རྒྱུད་གསན་བསྙེན་ཅིང་བསྒྲུབས༔ ཡེ་ཤེས་རྫུ་འཕྲུལ་ལས་ཀྱི་མ་མོ་སོགས༔ མ་མོའི་ཚོགས་ཀྱིས་དཔལ་མོའི་གཏོར་མ་ལེན༔ མཐུ་དང་རྫུ་འཕྲུལ་འབད་མེད་རྩལ་ཆེན་རྫོགས༔ རྒྱ་ནག་ཡུལ་གྱི་འདྲིམ་ཐང་སྣ་བར་དུ༔ མཁས་པ་ཆེན་པོ་ལེགས་ཏང་རྨད་པོ་ལ༔ རིན་པོ་ཆེ་ཡི་གཏོར་བཟློག་ཆེན་པོའི་རྒྱུད༔ སྲུང་བཟློག་ལས་ཀྱི་ཁ་ཚར་རྫོགས་པར་ཞུས༔ དུར་ཁྲོད་གནས་བརྒྱད་ཁྲོ་བོས་དབང་དུ་བསྡུས༔ མཆོག་དང་ཐུན་མོང་གཉིས་ཀྱི་གྲུབ་པ་ཐོབ༔ མུ་ལེ་ཧེད་ཀྱི་མཚོ་མོར་ཕྱིན་པའི་ཚེ༔ ཀླུ་ཆེན་བརྒྱད་ཀྱིས་ཡིད་བཞིན་ནོར་བུ་ཕུལ༔ དགུང་ལོ་སྟོང་དང་ཉིས་བརྒྱ་ལོན་པའི་དུས༔ སྟག་གཟིག་ཡུལ་ནས་བོན་གྱི་ཡང་བཅུད་བསྡུས༔ ཁྲི་ཕྲག་བཅུ་གཅིག་བྲུད་ཁྲུང་ཀང་ཀ་དང་༔ བྱ་རྒོད་དུར་བྱ་སོགས་ལ་བཀལ་ནས་སུ༔ གྲོ་ཐེབ་གཅིག་གིས་ཏི་ཙེའི་གངས་ལ་ཕེབས༔ བོད་ཡུལ་དབུས་སུ་རྒྱལ་པོའི་བླ་མཆོད་མཛད༔ གྲུབ་པའི་རྟགས་མཚན་རྒོད་གཡག་ཆུ་སྲིན་དང་༔ སྟག་གཟིག་དོམ་དྲེད་ལ་སོགས་ཁལ་འགེལ་ཞོན༔ ཡར་ལུང་ཆུ་བོ་གྱེན་དུ་བསྒྱུར་བ་དང་༔ རི་བོ་ཕྱག་ཁྱེར་ཉི་ཟླ་ཆ་ལང་རྡེབ༔ ཧད་པོ་རི་ལ་བཟང་བཟའ་རིང་བཙུན་གྱི༔ སྤྲུལ་པ་ཅོ་བཟའ་བོན་མོའི་མདུན་དུ་ཕྱིན༔ ལས་ལྡན་ཕྱག་རྒྱར་གཟིགས་ནས་གྲོགས་སུ་བཀུག༔ གསང་སྔགས་ཐབས་ལམ་རྩ་རླུང་གནད་ཀུན་བསྟན༔ ཕྱི་ནང་ཀུན་གྱི་ལྷ་ཞལ་ཡང་ཡང་གཟིགས༔ རྩ་རླུང་ཐིག་ལེ་ལས་དུང་རྫུ་འཕྲུལ་ཞབས༔ ཞང་ཞུང་སྟག་གཟིག་རྒྱ་གར་རྒྱ་ནག་དང་༔ བྲུ་ཤ་ཁ་ཆེ་མེ་ཉག་བོད་ལ་སོགས༔ སྐད་རིགས་མི་མཐུན་བྱེ་བྲག་སོ་སོར་བསྒྱུར༔ བོན་གྱི་བསྟན་སྤེལ་གཤེན་གྱི་སྒྲུབ་སྡེ་བཙུགས༔ ཤེལ་བྲག་དཀར་པོའི་རི་ལ་སྒྲུབ་པ་མཛད༔ སྐྱེ་ཤི་མེད་པ་ཚེ་ཡི་རིག་འཛིན་གྱུར༔ ལོ་ནི་ཉིས་སྟོང་སུམ་བརྒྱ་དུས་ཀྱི་ཚེ༔ སློབ་དཔོན་བཞི་དང་མཁས་པ་མི་བཞི་ཡི༔ དགོངས་པ་ཐུགས་སུ་ཆུད་དེ་ཤེལ་བྲག་དཀར༔ གཡུང་དྲུང་འཁོར་ལོ་པདྨ་རིན་པོ་ཆེ༔ ངོ་མཚར་བཀའ་རྟགས་བརྩེགས་པའི་ཕྱག་རྒྱ་ཅན༔ སྒྲུབ་ཕུག་ནང་དུ་དགོངས་པ་མཛད་ཀྱིན་བཞུགས༔ དེ་དུས་མཁའ་འགྲོ་ཅོ་བཟའ་བོན་མོ་དང་༔ ཉི་འོད་མ་དང་གསང་ལྡན་ལ་སོགས་ཀྱིས༔ ཐུགས་དམ་རྒྱུད་བསྐུལ་ལྷ་ཀླུ་མི་གསུམ་འདུས༔ ཀྱེེ༔ རིག་འཛིན་ཆེན་པོ་སྙན་གྱིས་གསོན་མཛོད་ཅིག༔ བདག་ཅག་མ་འོངས་སེམས་ཅན་རྣམས་ཀྱི་དོན༔ ཚིག་ཉུང་དོན་དྲིལ་སྙན་བརྒྱུད་གདམས་པ་ཞིག༔ ཚེ་གཅིག་རྫོགས་སངས་རྒྱས་པའི་བོན་མཆོག་སྩོལ༔ ཞེས་ཞུས་སྙན་ཆེན་དགོངས་པ་སད་ནས་སུ༔ མང་ཡུལ་བྲག་གི་ཡང་དབེན་དགོན་ལ་བྱོན༔ ཅོ་བཟའ་བོན་མོས་མཆོད་ཚོགས་བརྒྱ་རྩ་འབུལ༔ གསང་སྤྱོད་ལུས་ཀྱི་ཕྱག་རྒྱ་གྲོགས་སུ་བགྱིས༔ རྫོགས་ཆེན་ཉམས་རྒྱུད་ཐིག་ལེ་ཡང་རྫོགས་དང་༔ ཡང་རྩེ་ཀློང་ཆེན་རྒྱལ་ཐེབ་དབང་ཀ་དང་༔ གསང་སྒྲུབ་ལ་སོགས་ཞུ་གནང་རྒྱ་ཆེ་དང་༔ རྫོགས་ཆེན་ལུང་དྲུག་བསྒྲགས་པ་སྐོར་གསུམ་ཁྲིད༔ རིག་པ་རྩལ་གྱི་དཀྱིལ་འཁོར་དབང་བསྐུར་གནང་༔ ཉམས་བླངས་ལྟ་བའི་གདེང་ལྡན་དུ་མ་བྱུང་༔ དེ་ལ་སློབ་དཔོན་བླ་མ་སྙ་ཆེན་པོར༔ མཁས་པ་བཅོ་བརྒྱད་དོན་རྟོགས་དགོངས་ཉམས་ཕུལ༔ ཞེས་གསུངས་དང་པོ་སྟག་གཟིག་མཁས་པ་དྲུག༔ ཁྱུང་པོ་སྟག་སྒྲ་དོན་གཙུག་གིས་ཞུས་པ༔ ཀྱེེ༔ སློབ་དཔོན་ཆེན་པོ་ལི་ཤུ་སྟག་རིང་ལགས༔ ཕྱི་ཡི་སྣང་བ་སྣ་ཚོགས་དུ་མ་འདི༔ དོན་དུ་དངོས་པོ་གྲུབ་པ་སྐད་ཅིག་མེད༔ སྟོང་པ་འབྱམས་ཡས་བོན་ཉིད་ཀློང་ན་བདེ༔ ཞེས་གསུངས་འབེ་ཡི་ཤོད་ཏྲམ་ཆེན་པོ་ཡིས༔ ནང་དུ་འཛིན་པ་སེམས་ཀྱི་དྲན་པ་འདི༔ བདག་མེད་ཡེ་ཤེས་ཆེན་པོ་ཡིན༔ རྟོགས་ན་ཀུན་བཟང་བདག་ཞལ་མཐོང་༔ ཞེས་གསུངས་གུ་རུ་བཙན་དོ་མི་བར་གྱིས༔ བར་ཡུལ་དང་དབང་པོའི་བྱེ་བྲག་འདི༔ འགག་མེད་རོལ་པའི་འཆར་ལུགས་ཡིན༔ ཟུང་དུ་ཆུད་ན་བླང་དོར་མེད༔ ཅེས་གསུངས་ཕུ་ལུ་གྲུ་འཛིན་གྱིས༔ སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི༔ ཤེས་ན་ལྷ་ཡི་གཞལ་ཡས་ཁང་༔ ཟག་མེད་བདེ་ཆེན་མངོན་སུམ་རྒྱས༔ ཞེས་གསུངས་ལྡེ་རིགས་གྱིམ་ཐང་བོ་ཡིས༔ འདུས་བྱས་དངོས་པོའི་མཚན་མ་འདི༔ ཤེས་བྱ་གཤིས་ལ་གྲུབ་པ་མེད༔ ཤེས་བྱ་ཟད་པའི་ཡེ་ཤེས་ཡིན༔ ཞེས་གསུངས་སུམ་པ་མུ་ལ་ཕྱག་ཆེན་གྱིས༔ འདུས་མ་བྱས་ཀྱི་རིག་པ་འདི༔ རྣམ་པར་གསལ་ཏེ་རང་བཞིན་སྟོང་༔ ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡིན༔ ཞེས་པའི་དགོངས་ཉམས་རྟོགས་པ་ཕུལ༔ དེ་ནས་རྒྱ་གར་མཁས་པ་ལྔ་ཡིས་ཞུས༔ གྷ་ཧས་སོ་དུག་འདུལ་གྱིས༔ བྱང་ཆུབ་སེམས་ཉིད་རིན་པོ་ཆེ༔ གང་གི་མཐའ་ལ་མ་ལྷུང་སྟེ༔ མཐའ་ལས་འདས་པའི་ཡེ་ཤེས་ཡིན༔ ཞེས་གསུངས་སྟག་སྒྲ་ཀྱེ་ཤོགས་ཀྱིས༔ ཐོག་མཐའ་མེད་པའི་བྱང་ཆུབ་སེམས༔ སྐྱེ་འཆི་གཉིས་ཀྱི་མཐའ་ལས་འདས༔ སྐྱེ་འགགས་མེད་པའི་ངང་ཉིད་ཡིན༔ ཞེས་གསུངས་བ་གོར་དོད་རྒྱལ་བས༔ དགེ་སྡིག་བླང་དོར་སེམས་ཀྱི་སྡོང་བུ་བསྲེགས༔ ཡེ་སྲུང་ཆེན་པོའི་དོན་དུ་སྤང་བླང་མེད༔ རྣམ་དག་བྱང་ཆུབ་སྐུ་ལྔ་ལྷུན་གྱིས་གྲུབ༔ ཅེས་གསུངས་ལྗང་ཚ་འཕེན་སྣང་གིས༔ བག་ཆགས་ཉོན་མོངས་ཚབས་པོ་ཆེ་འདི་ནི༔ ཐོག་མ་མེད་ནས་རིགས་དྲུག་གནས་སུ་བསྒྱུར༔ བདག་ཉིད་ཀུན་བཟང་རོལ་བའི་རྩལ་དུ་ཤེས༔ ཞེས་གསུངས་གནུབས་ཡར་གཉེན་བཙན་གྱིས༔ ཡེ་དབང་སེམས་ཀྱིས་ཐོབ་པའི་བདག་དབང་ཅན༔ ང་མེད་འཁོར་འདས་ང་ཡི་དབང་དུ་འདུས༔ རྫོགས་ཆེན་ཡང་དག་བླ་མེད་དོན་དམ་ཡིན༔ ཞེས་པའི་དགོངས་ཉམས་རྟོགས་པ་ཕུལ༔ ཞང་ཞུང་མཁས་པ་མི་བཞི་ལས༔ ཕྱིས་སོ་ག་ར་མོན་པར་གྱིས༔ གཏི་མུག་ལ་སོགས་ཉོན་མོངས་དུག་ལྔ་ཡང་༔ སྤང་བར་འདོད་ན་ཀུན་བཟང་དོན་དང་འགལ༔ ཡེ་ཤེས་རང་གདངས་དེ་ལྔ་འདུལ་ཕྱིར་རོ༔ ཞེས་གསུངས་མཁར་ལྷ་བཞེར་མཚེས་པས༔ རྫོགས་ཆེན་དགོངས་དོན་བརྗོད་དང་བྲལ་བ་ལ༔ ཚིག་དང་ཡི་གེ་སྒྲ་ཡི་བྱེ་བྲག་ཀུན༔ བརྗོད་ལས་འདས་པའི་ངང་དུ་ལ་བཟླའོ༔ ཞེས་གསུངས་སྐུ་གཤེན་གྱིམ་ཐང་རྨ་བོ་ཡིས༔ ཇི་ལྟར་བཤད་པ་དོན་དུ་གཅིག་ལས་མེད༔ ཐིག་ལེ་ཉག་གཅིག་སེམས་ཀྱི་ངོ་བོ་ལ༔ བོན་རྣམས་འུབ་ཆུབ་དེ་ལ་མཚན་མ་བྲལ༔ ཞེས་གསུངས་གཤེན་ཆེན་དྲན་པ་ནམ་མཁའ་ཡིས༔ བྱར་མེད་ཆེན་པོ་བློ་ལས་འདས༔ མ་བཅོས་ལྟུང་པས་དོན་དེ་རྙེད༔ དགག་སྒྲུབ་བྲལ་བས་གོལ་ས་ཆོད༔ དེ་ནི་རྫོགས་ཆེན་དོན་གྱི་མཆོག༔ ཅེས་པའི་དགོངས་ཉམས་རྟོགས་པ་ཕུལ༔ བོད་ཀྱི་མཁས་པ་རྣམས་གསུམ་ལས༔ བོན་གཤེན་བློ་གསལ་གསས་ཆེན་གྱིས༔ རྒྱ་ཡན་སྣང་བ་གྲོགས་སུ་ཆེ༔ སྡུག་བཙིར་སྒྲོག་ཏུ་མ་ཆུད་དགོས༔ ཡེངས་མེད་སྒོམ་པ་དང་རེ་སྤྲོ༔ རྣམ་རྟོག་སད་ཀྱིས་མ་ཁྱེར་དགོས༔ ཤུགས་འབྱུང་སྤྱོད་པ་དགག་སྒྲུབ་མེད༔ ཚུལ་འཆོས་ཁོང་སྐྲན་མ་ཞུགས་དགོས༔ ཞེས་གསུངས་ཁྲི་ཉུང་སྟོང་ལོད་ཀྱིས༔ ཕྱི་སྣང་བ་ཡུལ་གྱི་ཞེན་པ་ཆོད༔ ནང་འཛིན་པ་སེམས་ཀྱི་རྟོད་ཕུར་ཕྱུང་༔ བར་ཡུལ་ཤེས་གཉིས་ཀྱི་སྲིད་ལེན་གྲོལ༔ དགོས་འདོད་ཀྱི་ནོར་བུ་ཉར་ཚགས་གྱིས༔ ཞེས་གསུངས་ཁྲི་སྲོང་རྒྱལ་པོ་ཡིས༔ ཚེ་འདི་དགོས་མེད་བློ་ཐག་ཆོད༔ ཞེན་ལོག་གྲོགས་ཤིག་རྙེད་པ་གདའ༔ ཆགས་མེད་སྦྱིན་པ་ཞིག་བཏང་ན༔ འཛད་མེད་གཏེར་ཆེན་རྙེད་པ་གདའ༔ སྙིང་རུས་སྡུག་བསྲན་གཅིག་བྱས་ན༔ རིག་པ་ཡེ་ཤེས་བདག་ཞལ་མཐོང་༔ ཞེས་པའི་དགོངས་ཉམས་རྟོགས་པ་ཕུལ༔ དེ་ནས་བླ་མ་སྙ་ཆེན་ལི་ཤུ་ཡིས༔ མཁས་པ་བཅོ་བརྒྱད་རང་དང་ལྟ་སྒོམ་ཉམས༔ ཐུགས་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོའི་དོན༔ མ་འོངས་དོན་དུ་གསུངས་པ་ངོ་མཚར་ཆེ༔ ཞེས་གསུངས་སོ་སོར་ཐུགས་ཡིད་མགུ་བར་གྱུར༔ དེ་ནས་མཁའ་འགྲོ་ཅོ་བཟའ་བོན་མོ་ཡིས༔ ཀྱེེཿབླ་མ་ཆེན་པོ་སྤྲུལ་པའི་སྐུ་མཆོག་ལགས༔ བདག་འདྲ་ལུས་དམན་བུད་མེད་ལུས་སུ་བླངས༔ བློ་རྨོངས་ཤེས་རབ་ཞན་ནས་དོན་མ་རྟོགས༔ མོས་གུས་གདུང་བས་བློ་སྒྲོམ་འབྱེད་པའི་ཕྱིར༔ རྫོགས་ཆེན་ཡང་དག་གསང་བའི་བོན་སྡེ་ཡི༔ གདམས་ངག་གནད་རྣམས་མ་ལུས་གསུང་བར་ཞུ༔ དེ་ལ་བླ་མས་ཅོ་བཟའི་ལན་གསུངས་པ༔ དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ༔ རྫོགས་པ་ཆེན་པོའི་དགོངས་པ་འདི༔ ཀུན་ལ་ཡོད་ཀྱང་རྟོགས་པ་དཀའ༔ ཀ་དག་ཆེན་པོའི་ངོ་བོ་འདི༔ རང་བཞིན་མ་འགག་ལྷུན་གྱིས་གྲུབ༔ ཐུགས་རྗེ་ཀུན་ཁྱབ་རོལ་པ་ཆེས༔ ཀུན་ཏུ་བཟང་པོའི་དགོངས་པ་མིན༔ ཡེ་ནས་སྨྲ་བསམ་བརྗོད་ལས་འདས༔ ལི་ཤུ་སྟག་རིང་མན་ངག་འདི༔ མཁའ་འགྲོ་ཅོ་བཟའ་ཉིད་ལ་བཤད༔ ཅོ་བཟའ་ཁམས་ཀྱི་ཟས་སྤང་སྟེ༔ ཏིང་ངེ་འཛིན་གྱི་ངང་ལ་གནས༔ བླ་མའི་ཐུགས་དང་དབྱེ་བ་མེད༔ རྫུ་འཕྲུལ་རྩལ་གྱིས་བསམ་ཡས་ཧས་པོ་རི༔ གོམ་གསུམ་གྱིས་བགྲོད་བཀའ་རྟགས་ཞབས་རྗེས་བཞག༔ ཆུ་ལ་བྱིང་མེད་རི་བྲག་ཟང་ཐལ་འཛུལ༔ མཁའ་ལ་བྱ་བཞིན་ཞིང་ཁམས་བརྒྱ་ཕྲག་བགྲོད༔ རིག་འཛིན་མཁའ་འགྲོའི་ཚོགས་ཀྱི་གྲལ་དུ་འཁོད༔ རྫོགས་ཆེན་སྙན་བརྒྱུད་ཟབ་རྒྱས་དུ་མ་སྤེལ༔ མི་དང་མི་མིན་དུར་ཁྲོད་ཞིང་ཉུལ་མཛད༔ ལི་ཤུ་ཉིད་ཀྱི་ཟབ་ཁྲིད་དམར་བྱང་རྣམས༔ མ་འོངས་དོན་དུ་ཟབ་གཏེར་བཞག་པ་ཡི༔ བླ་མ་སྙ་ཆེན་ཐུགས་རྒྱུད་བསྐུལ་མ་མཛད༔ ཤེལ་གྱི་བྲག་དཀར་རྩེ་རྫོགས་གནས་སུ་བྱོན༔ ཡབ་ཡུམ་གསང་སྤྱོད་འགྲོ་དོན་མཐར་ཕྱིན་མཛད༔ དེ་ནས་ཅོ་བཟའ་བོན་མོ་གུས་པ་ཡིས༔ ཀྱེེ༔ རིག་འཛིན་ཆེན་པོ་བླ་མ་སྤྲུལ་པའི་སྐུ༔ མ་འོངས་འགྲོ་བ་སེམས་ཅན་ཡོངས་ཀྱི་དོན༔ ཉིད་ཀྱི་སྤྲུལ་པ་ཇི་ལྟར་བྱོན་པ་དང་༔ ང་ཡིས་ཕྲིན་ལས་ཇི་ལྟར་འགྲུབ་པ་སོགས༔ གསལ་བར་ཁོ་མོ་བདག་ལ་བསྟན་དུ་གསོལ༔ ཞེས་ཞུས་བླ་མ་སྤྲུལ་པའི་སྐུ་དེ་ཡིས༔ ཉོན་དང་ལས་ཀྱི་སྐལ་བཟང་ཅོ་བཟའ་བོན༔ མ་འོངས་སེམས་ཅན་བསོད་ནམས་མར་འགྲིབ་དུས༔ རྒྱལ་པོའི་ཐུགས་སུ་གདོན་ཞུགས་བོད་ཡུལ་ཕུང་༔ གཡུང་དྲུང་བོན་བསྟན་གསེར་གྱི་ཉི་མ་ནུབ༔ ང་ཡི་སྙན་རྒྱུད་ཟབ་པའི་བོན་སྐོར་རྣམས༔ ལྷོ་བྲག་བོམ་ར་བསམ་ཡས་སོགས་ལ་སྦོས༔ བཀའ་ཡི་བྱ་ར་མ་གསུམ་ལས་བཅོལ་གཉེར༔ མ་འོངས་ང་ཡི་སྤྲུལ་པ་བཞད་སྟོན་དང་༔ སྤྲུལ་སྐུ་ཉེར་གཅིག་རྫུ་འཕྲུལ་སྟོན་པ་བརྒྱ༔ མཁས་ཤིང་གྲུབ་པ་ཉེར་ལྔ་དོན་ནུས་སྟོང་༔ ཉམས་སུ་ལེན་པ་ཁྲི་འབུམ་དག་ཏུ་འོང་༔ གཉིས་སྟོང་ལྔ་བརྒྱས་འགྲོ་དོན་མཐར་ཕྱིན་ནས༔ ཤེལ་བྲག་རྩེ་ནས་འཇའ་ལུས་སྐུ་རུ་འགྲུབ༔ འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད༔ ཁྱོད་ནི་བོད་ཡུལ་འགྲོ་བའི་དོན་འགྲུབ་ནས༔ མ་འོངས་ཁྱེད་ཀྱི་སྐུ་སྤྲུལ་མཁའ་འགྲོ་ནི༔ ཟ་ཧོར་རྒྱལ་སྲས་གཡུང་དྲུང་དགེ་མ་ཞེས༔ ཞང་ཞུང་གྲོང་ཁྱེར་བདེ་སྐྱིད་བཟང་མོ་དང་༔ ཁ་ཆེ་ཡུལ་དུ་སྨོན་སོགས་བཅོ་བརྒྱད་འབྱུང་༔ གསུང་གི་སྤྲུལ་པ་དབུས་སུ་ལབ་སྒྲོན་དང་༔ ཉི་མ་སྒྲོན་དང་ཉ་ཉ་ཀུན་དགའ་མོ༔ ཐུགས་ཀྱི་སྤྲུལ་པ་མདོ་ཁམས་དབང་མོ་དང་༔ ནི་གུ་རྒྱན་དང་ཤེ་བཟའ་ག་བཟའ་དང་༔ ཀརྨ་བདེ་ཆེན་རརྣ་སོགས་ཀྱི་མཚན༔ ཁྱད་པར་བསམ་ཡས་ཁྱོད་ཀྱི་སྤྲུལ་པ་ལ༔ སྦས་ཡུམ་རེ་རེ་བར་ཆད་མེད་པར་འབྱུང་༔ ཁྱོད་ནི་ལོ་ངོ་བརྒྱ་དང་དྲུག་ཅུ་ནས༔ ཏི་སེ་བོན་ཕུག་ཕུང་བོ་མ་བཞག་པར༔ མཁའ་སྤྱོད་གནས་སུ་ཚོགས་རྗེ་མཛད་དུ་གཤེགས༔ བསྟན་པའི་ཕྲིན་ལས་ཀུན་ཏུ་སྐྱོང་བར་མཛད༔ ཅེས་གསུངས་བཀའ་ཡི་གཉེར་གཏད་རྒྱ་ཆེར་མཛད༔ ཅོ་བཟའ་བོན་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ སྦས་མངོན་ཐབས་ཀྱིས་སྤྲུལ་པ་སྣ་ཚོགས་མཛད༔ རྒྱ་གར་རྒྱ་ནག་བལ་བོད་བྲུ་ཤ་ཐོད༔ ཟ་ཧོར་འཇང་ཡུལ་ཁ་ཆེ་མོན་གྱི་ཡུལ༔ དུར་ཁྲོད་གནས་ཆེན་ཚོགས་ཉུལ་གསང་སྤྱོད་ཀྱི༔ མཛད་པའི་ཐབས་ཀྱིས་མ་བགྲོད་གཅིག་ཀྱང་མེད༔ རིག་འཛིན་ཀུན་གྱི་སྔགས་པའི་གྲོགས་སུ་བགྱིས༔ སྔགས་བསྟན་རིན་ཆེན་དར་རྒྱས་སྤེལ་བར་མཛད༔ གདུལ་བྱ་ཇི་སྙེད་ཐར་པའི་ལམ་ལ་བཀོད༔ སྨིན་གྲོལ་མཚོན་སྙན་ཕྱོགས་ཀུན་ཁྱབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
འོག་མིན་བདེ་ཆེན་རྒྱལ་བ་ཀུན་བཟང་མོ༔ མ་འགགས་གསུང་སྤྲུལ་ཐུགས་རྗེ་བྱམས་མ་ཆེ༔ དབྱེར་མེད་ཐུགས་ཉིད་གསང་བ་ཡེ་ཤེས་ཡུམ༔ ཡོན་ཏན་ཐུགས་རྗེ་ཀུན་སྒྲོལ་དབྱིངས་ཀྱི་མ༔ ཕྲིན་ལས་བདུད་འདུལ་སེང་གདོང་དྲག་མོ་འབར༔ སྐུ་ལྔའི་མཁའ་འགྲོ་ངོ་བོ་གཅིག་དྲིལ་ཡུམ༔ ཐུགས་རྗེ་ཀུན་སྒྲོལ་གནས་གསུམ་མཁའ་འགྲོའི་གཙོ༔ རིག་འཛིན་རྣམས་དང་ཁྱད་པར་སྤྲུལ་པའི་སྐུ༔ ཚེ་དབང་རིག་འཛིན་གསང་སྤྱོད་གསང་བའི་གྲོགས༔ ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ༔ ཡབ་ནི་བླ་ཆེན་དྲན་པ་ནམ་མཁའ་དང་༔ ཡུམ་ནི་མཁའ་འགྲོ་འོད་ལྡན་འབར་མ་ལ༔ ངོ་མཚར་ལྟས་བཟང་དགེ་རྟགས་མང་པོ་ཤར༔ ཕྱིས་དུས་ལོ་ལ་སྲས་གཉིས་བལྟམས་པ་ལས༔ ཚེ་དབང་རིག་འཛིན་འཆི་མེད་སྤྲུལ་པའི་སྐུ༔ གང་འདུལ་ཐབས་ཀྱིས་ལྷ་གནས་ཞིང་ཀུན་བགྲོད༔ ཁྱད་པར་རྩ་གསུམ་ལྷ་གནས་ཕྱིན་ནས་སུ༔ འཆི་མེད་གསང་འདུས་ལྷ་ཀླུ་མིའི་གཤེན་གསུམ༔ ནམ་མཁའ་སྣང་མདོག་རིག་འཛིན་ཀུན་ཞལ་མཇལ༔ ཕྱི་ནང་གསང་བའི་བོན་རྣམས་མ་ལུས་ཐོབ༔ བོན་སེམས་དབྱེར་མེད་མཉམ་པ་ཉིད་དུ་རྟོགས༔ ཡབ་ཀྱི་བཀའ་བཞིན་སྲས་གཉིས་སོ་སོར་བསྒྲོས༔ གཅེན་པོ་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ འགྲོ་བའི་དོན་དུ་སྒྲུབ་གནས་བྱ་རི་གཙུག༔ དུར་ཁྲོད་བརྒྱད་ལ་གཤེན་བརྒྱད་ལ་སོགས་ཀྱིས༔ མི་དང་མི་མིན་དྲེགས་ཚོགས་ཟིལ་གྱིས་གནོན༔ ཐུགས་རྗེ་ཀུན་སྒྲོལ་གསང་བའི་ཡུམ་དུ་བསྟེན༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་གཙོ་མོ་སྟེ༔ ཚེ་ཡི་དངོས་གྲུབ་མ་ལུས་ཁྱོད་ཀྱིས་ཐོབ༔ གསེར་འོད་མདངས་ལྡན་སྣ་ཚོགས་དོན་གྱི་ཡུམ༔ སྟོང་ཉིད་ཡེ་ཤེས་དེ་བཞིན་རིགས་ཀྱི་གཙོ༔ དཀར་མོ་མདངས་ལྡན་ཞི་བ་དོན་གྱི་ཡུམ༔ མེ་ལོང་ཡེ་ཤེས་གཡུང་དྲུང་རིགས་ཀྱི་གཙོ༔ ལྗང་མོ་མདངས་ལྡན་རྒྱས་པ་དོན་གྱིས་ཡུམ༔ མཉམ་ཉིད་ཡེ་ཤེས་འཁོར་ལོ་རིགས་ཀྱི་གཙོ༔ དམར་མོ་མདངས་ལྡན་དབང་གི་དོན་གྱི་ཡུམ༔ སོར་རྟོགས་ཡེ་ཤེས་པདྨ་རིགས་ཀྱི་གཙོ༔ སྔོན་མོ་མདངས་ལྡན་དྲག་པོ་དོན་གྱི་ཡུམ༔ བྱ་གྲུབ་ཡེ་ཤེས་རིན་ཆེན་རིགས་ཀྱི་གཙོ༔ སྣོད་ལྡན་ཕྱག་རྒྱ་བརྒྱ་དང་རྩ་བརྒྱད་བསྟེན༔ སྦས་མངོན་ཐབས་ཀྱིས་གང་འདུལ་སོ་སོར་མཛོད༔ ཅེས་གསུངས་འཆི་མེད་གསང་འདུས་གཤེན་གསུམ་གྱིས༔ བཀའ་ཡིས་ལུང་བསྟན་ཁྱེའུ་གཅེན་པོ་ནི༔ གསང་འདུས་སྤྲུལ་པ་འགྲོ་དོན་བོད་ཀྱི་ཡུལ༔ བསྟན་པ་དུར་ཁྲོད་གནས་ཆེན་བརྒྱད་དུ་བཙུགས༔ སྒྲ་བསྒྱུར་ཞང་ཞུང་སྒོ་ཕུག་བར་གསུམ་མཛད༔ གསང་སྔགས་སྤྱོད་པ་རྒྱ་གར་ཡུལ་དུ་བསྟན༔ སྟག་གཟིག་ཡུལ་དུ་སྤྲུལ་པ་སྣ་ཚོགས་འགྱེད༔ ཕྲོམ་གྱི་ཡུལ་ནས་གསང་སྔགས་མ་ལུས་བསྒྱུར༔ རྒྱ་ནག་ཡུལ་དུ་བེལ་ཐེལ་འགོང་པོ་བཏུལ༔ ཨོ་རྒྱན་ཡུལ་དུ་དུར་ཁྲོད་བཀོད་པ་མཛད༔ འཇང་གི་ཡུལ་དུ་རྫུ་འཕྲུལ་དུ་མ་བསྟན༔ བོད་ཡུལ་རུ་བཞིར་གཡུང་དྲུང་བོན་བསྟན་འཛུགས༔ གསང་འདུས་ཐུགས་རྗེ་ངོ་མཚར་སྤྲུལ་པའི་སྐུ༔ མཚན་དཔེ་རབ་ལྡན་ཚེ་ལ་རང་དབང་ཐོབ༔ མཚན་ཀྱང་ཚེ་དབང་རིག་འཛིན་ཆེན་པོར་གསོལ༔ རིན་ཆེན་ཨུཏྤལ་འབར་བའི་པྲོག་ཞུ་གསོལ༔ གསེར་གྱི་གཡུང་དྲུང་གཡས་འཁྱིལ་ཐུགས་ཀར་བཞག༔ ཕྱི་ནང་གསང་བ་ཡང་གསང་དོན་གྱི་དབང་༔ ཅིག་ཆར་ཐོབ་ཅིང་ཕུང་པོ་ལྷ་སྐུར་གྱུར༔ ལྷ་ཚོགས་དབྱིངས་གཤེགས་ཚེ་དབང་རིག་འཛིན་ཉིད༔ རིགས་ལྔ་མཁའ་འགྲོས་སྣ་དྲངས་བྱ་རི་གཙུག༔ གནས་ཀྱི་སྒོ་སྲུང་བ་ནི་བོ་དམལ་བཏགས༔ བྱ་རི་གཙུག་ལྡན་རི་རྩེར་རྫུ་འཕྲུལ་གྱིས༔ ཤེལ་གྱི་ཁང་བཟང་མཚན་ཉིད་རྫོགས་པ་ན༔ རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ ཚེ་དབང་རིག་འཛིན་གཞོན་ནུ་ལོ་བརྒྱད་ཚུལ༔ སྐུ་མདོག་དཀར་དམར་བཀྲག་མདངས་འོད་ཟེར་འབར༔ དབུ་སྐྲ་ལྕོག་བཅིང་རིན་ཆེན་དཔྲལ་བརྒྱན་གསོལ༔ སྐུ་སྟོད་སྣ་ཚོགས་ཆས་དང་བྱ་ཐུལ་གསོལ༔ གཡས་པས་གཡུང་དྲུང་གཡོན་པས་ཐོད་བུམ་བསྣམས༔ སྐུ་སྨད་སྟག་ཤམ་ཞབས་གཉིས་ཕྱེད་སྐྱིལ་ཅན༔ ཐུགས་སྤྲུལ་རིག་འཛིན་རྣམ་བཞི་ཕྱོགས་བཞིར་བཞུགས༔ གཡས་སུ་པདྨ་ཉི་མ་བམ་རོའི་སྟེང་༔ ཚེ་དབང་དྲག་པོ་མཐིང་ནག་ཁྲོས་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་རལ་པ་དམར་སེར་འཁྱིལ༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་༔ ཕྱག་གཡས་པྲ་ཕུད་གཡོན་གྱིས་སྡིགས་མཛུབ་མཛད༔ རུས་པའི་རྒྱན་དང་གཡང་གཞི་སྟག་ཤམ་གསོལ༔ ཐུགས་སྤྲུལ་རིགས་བཞི་མེ་དཔུང་དབུས་སུ་འགྱིང་༔ གཡོན་དུ་པད་ཉི་རོ་ཡི་གདན་གྱི་སྟེང་༔ དབྱིངས་ཀྱི་མཁའ་འགྲོ་ཐུགས་རྗེ་ཀུན་སྒྲོལ་མ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཁྲོས༔ རུས་རྒྱན་དུར་ཁྲོད་དཔའ་ཆས་སྣ་ཚོགས་གསོལ༔ ཕྱག་གཉིས་གྲི་ཐོད་གྲུ་མོ་ཁ་ཊྭཱཾ་འཆང་༔ སྤྱི་བོའི་གཙུག་ཏུ་ཕག་ཞལ་ནག་པོས་བརྒྱན༔ རིགས་ཀྱི་མཁའ་འགྲོ་མ་བཞི་སྒོ་མ་བཞི༔ རྩ་གསུམ་ལྷ་ཚོགས་མངོན་སུམ་བྱིན་དག་ཅིང་༔ ཚེ་ཡི་རིག་འཛིན་མཆོག་གིས་དངོས་གྲུབ་སྟེར༔ དེ་ཡང་མི་མིན་ལྷ་སྲིན་དྲེགས་པར་ཅན༔ བྲིལ་གྱིས་མ་མནན་དུར་ཁྲོད་བདག་པོ་འཁྲུག༔ འགྲོ་བ་ཡོངས་ལ་བདེ་བ་ཐོབ་པ་དཀའ༔ དགོངས་ནས་སྟག་གཟིག་ཡུལ་གྱི་ལྷོ་ནུབ་མཚམས༔ དབྱིངས་ཆེན་བཀོད་པའི་དུར་ཁྲོད་ཅེས་བྱ་བ༔ མེ་ཏོག་བཀོད་མཛེས་ཤེལ་གྱི་བྲག་དཀར་མཐོ༔ རིགས་རྟགས་ཀེང་ཚང་བསམ་གྱིས་མི་ཁྱབ་ཡོད༔ དེའི་མདུན་དུར་ཁྲོད་ཚོགས་བདག་ཞིང་སྐྱོང་དང་༔ དུང་བྱ་དུར་གཅན་དུག་སྦྲུལ་དུར་ཕག་སོགས༔ ཡ་ང་འཇིགས་རུང་གནས་དེར་དྲེགས་པ་ཅན༔ ཟིལ་གྱིས་གནོན་ཕྱིར་དུར་ཁྲོད་དེ་རུ་བྱོན༔ ཚེ་དབང་རིག་འཛིན་སྦས་ཡུམ་ཁ་ཊྭཱཾ་བརྟེན༔ ཁྲོས་པའི་ཚུལ་གྱི་དུར་ཁྲོད་བདག་པོ་བཏུལ༔ སྲིན་པོ་མ་རུངས་དྲེགས་ཚོགས་དབང་དུ་བསྡུས༔ ཤར་ཕྱོགས་རབ་འཇིགས་གཏུམ་པའི་དུར་ཁྲོད་དེར༔ རི་བོ་ལྷུན་འཐུག་གླང་པོ་འདྲ་འབག་ལ༔ སྤང་ལྗོང་མེ་ཏོག་བྲག་ཁྲོད་ཀེའུ་ཚང་ཡོད༔ དེ་ཡི་མདུན་དུ་དུར་ཁྲོད་ཆེན་པོ་ནི༔ ཤིན་ཏུ་ཡ་ང་རབ་འཇིགས་གཏུམ་པ་ན༔ ཐུགས་རྗེ་ཀུན་སྒྲོལ་ཤར་ནས་སྐུར་བཞེངས་ཏེ༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་དཀར་མོ་ཞི་བའི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་པའི་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ བྱང་ཕྱོགས་ཀི་ལ་ཡ་སྒྲོགས་དུར་ཁྲོད་བྱོན༔ རི་བོ་ལྷུན་འཐུག་བྲག་ནག་སྲིན་པོ་འདྲ༔ སྒྲུབ་ཕུག་བྱ་སྐྱིབས་ནགས་ཚལ་རྒྱས་པ་མེད༔ དེ་ཡི་མདུན་དུ་ཀི་ལ་ཡ་སྒྲོགས་ཁྲོད༔ དུར་ཁྲོད་འཇིགས་རུང་ཡ་ང་བག་ཚ་ན༔ ཐུགས་རྗེ་ཀུན་སྒྲོལ་བྱང་ནས་སྐུར་བཞེངས་ཏེ༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་ལྗང་མོ་རྒྱས་པའི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་པའི་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ ནུབ་ཕྱོགས་འུར་འུར་འབར་བའི་དུར་ཁྲོད་ཅེས༔ རི་བོ་ལྷུན་འཐུག་ནགས་རི་ཐོག་རྒོད་འཚུབ༔ བཀོད་པ་ཕུན་ཚོགས་སྒྲུབ་ཕུག་ཀེའུ་ཚང་བཀྲ༔ དེ་ཡི་མདུན་དུ་འུར་འུར་འབར་བ་ཡི༔ དུར་ཁྲོད་རབ་འཇིགས་ཡ་ང་གཏུམ་པ་ན༔ ཐུགས་རྗེ་ཀུན་སྒྲོལ་ནུབ་ནས་སྐུར་བཞེངས་ཏེ༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་དམར་མོ་དབང་གི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་པའི་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ ལྷོ་ཕྱོགས་འཇིགས་སུ་རུང་བའི་དུར་ཁྲོད་ཅེས༔ རི་བོ་ལྷུན་འཐུག་གོ་མཚོན་སྤུངས་པ་འདྲ༔ རི་ཞག་ཆ་པོ་ནགས་ཚལ་འཐུག་ཅིང་སྤུངས༔ དེ་ཡི་མདུན་དུ་འཇིགས་སུ་རུང་བ་ཡི༔ དུར་ཁྲོད་མ་རུངས་དྲག་པོ་མེ་འབར་ན༔ ཐུགས་རྗེ་ཀུན་སྒྲོལ་ལྷོ་ནས་སྐུར་བཞེངས་ཏེ༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་སྔོན་མོ་དྲག་མོའི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་པའི་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ ལྷོ་ཤར་ནགས་ཚལ་ཕུན་ཚོགས་དུར་ཁྲོད་ཅེས༔ རི་བོ་ལྷུན་འཐུག་བྲག་རི་སེང་གེ་འདྲ༔ ཆུ་རོང་བྲག་ནག་མུན་པ་འཚུབ་པའི་ལྗོང་༔ དེ་ཡི་མདུན་དུ་ནགས་ཚལ་ཕུན་ཚོགས་ཀློང༔ དུར་ཁྲོད་འཇིགས་རུང་དུད་སྤྲིན་འཁྲིགས་པ་ན༔ ཐུགས་རྗེ་ཀུན་སྒྲོལ་ལྷོ་ཤར་མཚམས་ནས་བཞེངས༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་སྔོ་སྐྱ་ཁྲོས་པའི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་པའི་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ བྱང་ཤར་དབང་ལྡན་བཀོད་པའི་དུར་ཁྲོད་ཅེས༔ རི་བོ་ལྷུན་འཐུག་ལྕགས་མདུང་གནམ་བསྟན་འདྲ༔ མེ་ཏོག་སྐྱེད་ཚལ་བྲག་ཕུག་ཟུར་གསུམ་འབར༔ དེ་ཡི་མདུན་དུ་དབང་ལྡན་བཀང་བ་ཞེས༔ དུར་ཁྲོད་རབ་འཇིགས་མེ་རླུང་འཚུབ་མའི་ཀློང་༔ ཐུགས་རྗེ་ཀུན་སྒྲོལ་བྱང་ཤར་མཚམས་ནས་བཞེངས༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་ལྗང་སྐྱ་ཁྲོས་པའི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་པའི་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ བྱང་ནུབ་ཧ་ཧ་རྒོད་པའི་དུར་ཁྲོད་ཅེས༔ རི་བོ་ལྷུན་འཐུག་གློ་བ་ཁྲག་བཤལ་འདྲ༔ བྲག་ཁྲོད་ཀེའུ་ཚང་སྒྲུབ་ཕུག་བསམ་མི་ཁྱབ༔ དེ་ཡི་མདུན་དུ་ཧ་ཧ་རྒོད་པ་ཡི༔ དུར་ཁྲོད་རབ་འཇིགས་མི་སྲུན་རྒྱུ་བའི་སར༔ ཐུགས་རྗེ་ཀུན་སྒྲོལ་བྱང་ནུབ་མཚམས་ནས་བཞེངས༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་དམར་སྐྱ་ཁྲོས་པའི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་པའི་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ ལྷོ་ནུབ་མུན་པ་རབ་འཇིགས་དུར་ཁྲོད་ཅེས༔ རི་བོ་ལྷུན་འཐུག་དུག་རི་མེ་འབར་འདྲ༔ བྲག་ནག་དུག་རླུང་འཚུབ་པ་འཁྲིགས་པའི་ཀློང་༔ དེ་ཡི་མདུན་དུ་མུན་པ་རབ་འཇིགས་ཀྱི༔ དུར་ཁྲོད་རབ་འཇིགས་མུན་སྨག་གཏུམ་པ་ན༔ ཐུགས་རྗེ་ཀུན་སྒྲོལ་ལྷོ་ནུབ་མཚམས་ནས་བཞེངས༔ དུར་ཁྲོད་ཟིལ་གྱིས་གནོན་ཕྱིར་དེ་རུ་བྱོན༔ སྐུ་མདོག་སྨུག་སྐྱ་ཁྲོས་པའི་ཚུལ་དུ་བསྟན༔ ཚེ་དབང་རིག་འཛིན་སྦས་ཚུལ་ཁ་ཊྭཱཾ་བརྟེན༔ དུར་ཁྲོད་བདག་པོ་ཐམས་ཅད་ཟིལ་གྱིས་མནན༔ འདས་དང་མ་འདས་མཁའ་འགྲོ་བརྒྱ་ཉི་ཤུ༔ གནས་གསུམ་མཁའ་འགྲོ་གྲངས་ལས་འདས་པ་ཡི༔ རྩ་བ་ཐུགས་རྗེ་ཀུན་སྒྲོལ་བདག་ལ་འདུ༔ འཆི་མེད་རིག་འཛིན་སྤྲུལ་བའི་སྐུ་ཉིད་ཀྱི༔ འགྲོ་དོན་ཞིང་ཁམས་དབང་བསྒྱུར་ང་ལ་རག༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ གདམས་པ་ཀུན་གྱི་རྩ་བ་ང་ལ་རག༔ འཆི་མེད་ཚེ་ཡི་རིག་འཛིན་གྲོགས་སུ་བགྱི༔ རིགས་ལྔ་མཁའ་འགྲོའི་སྤྲུལ་པ་ང་ཡིས་འབྱེད༔ གང་འདུལ་ཐབས་ཀྱིས་མི་ཡི་གཟུགས་སུ་སྤྲུལ༔ ཐུགས་རྗེ་ཀུན་སྒྲོལ་ཐུགས་རྗེ་ཐབས་ཀྱིས་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
དབྱིངས་ཀྱི་ཡུམ་ཆེན་ཐུགས་རྗེ་ཀུན་སྒྲོལ་མ༔ ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ་དེ་ཡིས༔ གང་འདུལ་གསང་སྤྱོད་འགྲོ་དོན་མཛད་པ་ལྟར༔ ཕྲིན་ལས་སྒྲུབ་པའི་གྲོགས་སུ་སྤྲུལ་པའི་ཆ༔ འགྲོ་བ་རང་མཐུན་ཚུལ་དུ་སྐུར་བསྟན་པ༔ ཡུལ་ནི་རྒྱ་གར་གཡུ་ལོ་བཀོད་པའི་ཞིང་༔ གསང་བྲག་རི་ལ་ཚོགས་ཀྱི་འགྲོ་དོན་དང་༔ དུར་ཁྲོད་བདག་མོ་ཟིལ་གྱིས་གནོན་པ་དང་༔ རྒྱལ་བསྟན་སྨིན་གྲོལ་བདེ་ལ་བཀོད་པའི་ཕྱིར༔ རྒྱ་གར་གྲོང་ཁྱེར་ལྟ་ན་སྡུག་པའི་ཡུལ༔ རྒྱལ་པོའི་ཕོ་བྲང་བསོད་ནམས་འབར་བ་ཅན༔ འཁོར་དང་མངའ་རིས་ལོངས་སྤྱོད་བསམ་ལས་འདས༔ རྒྱ་གར་ཡུལ་གྱི་བདག་པོ་སིདྡྷི་ཧ༔ བཙུན་མོ་སྣང་ལྡན་གསལ་མ་ཡབ་ཡུམ་གཉིས༔ འབྱོར་ལྡན་དཀོར་མཛོད་ལོངས་སྤྱོད་བསམ་མི་ཁྱབ༔ རྒྱལ་སྲིད་འཛིན་པའི་སྲས་ནི་མེད་པ་ལ༔ གཤེན་ལ་ལུང་ཞུས་རྒྱལ་པོས་སྐུ་རིམ་བསྒྲུབས༔ ནམ་ཞིག་རྒྱལ་པོས་མཁའ་ལ་འཇའ་སྤྲིན་ཀློང་༔ རིན་ཆེན་ཁྲི་མིག་གཅན་ལྔ་པད་ཉི་ཟླ༔ དེ་སྟེང་སྐྱེས་བུ་རྒྱལ་པོའི་ཆས་ཅན་ལ༔ རིག་འཛིན་མཁའ་འགྲོའི་འཁོར་ཚོགས་གྲངས་མེད་བསྐོར༔ བདག་གི་ལག་ཏུ་པདྨའི་སྡོང་པོ་ཞིག༔ རྒྱལ་བ་དེ་ལ་ཕུལ་བས་དགྱེས་པར་རྨིས༔ དེ་དང་མཉམ་དུ་བཙུན་མོ་སྣང་ལྡན་ལ༔ སིདྡྷི་ཉ་ཡིས་གསེར་གྱི་ཉི་མ་ཞིག༔ མོ་ལ་གཏད་ཀྱང་མ་ཐུབ་མཁའ་ལ་ཤོར༔ ནམ་མཁའ་ཉི་ཟླ་སྐར་གསུམ་ཟུང་འབྲེལ་ཤར༔ འཛམ་གླིང་ཞིང་དང་ཕར་འདས་སྟོང་གསུམ་ཡུལ༔ འོད་དང་ཟེར་དང་དྲོད་ཀྱིས་ཁྱབ་ནས་སུ༔ ཐམས་ཅད་རྒྱ་གར་ཕྱོགས་ལ་མགུ་བ་རྨིས༔ རྒྱལ་པོའི་མཆོད་གནས་ལྟ་བདག་སྔགས་གྲོལ་མཆོག༔ སྐུ་སྲུང་བོན་གཤེན་སྟོང་ཕྲག་ལྷག་པར་བཞུགས༔ མཆོད་འབུལ་ཚོགས་བསགས་ཕོངས་མེད་རྒྱུན་དུ་ཕུལ༔ ལྷ་གསོལ་འདྲེ་བཀར་མ་ནུས་སྦྱིན་པ་བཏང་༔ སྣང་ལྡན་ཡུམ་ལ་སྲིད་ཀྱི་ལྟེ་བ་ཆགས༔ ལུས་ཡང་སེམས་གསལ་བར་སྣང་འགྲོ་བར་ནུས༔ མངོན་པར་ཤེས་པས་ཀུན་ཀྱང་གཟིགས་པ་དང་༔ མཁར་གྱི་པད་རྩེར་ཁུ་བྱུག་གསུང་སྙན་སྒྲོགས༔ ཕོ་བྲང་དུས་ཀུན་འཇའ་ཚོན་འཕྲོ་བ་དང་༔ ས་གཞིར་མཛེས་པའི་མེ་ཏོག་མང་པོ་འཁྲུངས༔ ཟླ་ངོ་དགུ་ཡི་ཚེས་བཅུའི་ཉི་ཤར་མཉམ༔ བདེ་བ་དང་བཅས་བུ་མོ་ཞིག་འཁྲུངས་སོ༔ དེ་ཚེ་མཁའ་ལ་འཇའ་ཚོན་ཀ་བ་བརྐྱང་༔ བར་སྣང་མེ་ཏོག་ཆར་པ་སིབ་སིབ་བབ༔ ས་གཞི་རྩི་བཅུད་ལོ་ཐོག་འབྲས་བཟང་སྨིན༔ བུ་མོ་མཚན་ལྡན་ཞག་ཤེད་ཇེ་རྒྱས་འཕེལ༔ ཟླ་བའི་ཞལ་ནས་ཉི་མའི་འོད་ཟེར་འབར༔ ཉིན་མཚན་ཁྱད་མེད་གསལ་མདངས་ངོ་མཚར་ཁྱབ༔ བྲམ་ཟེ་བོས་ནས་མཚན་ལྟས་བརྟག་པ་ལས༔ མཁའ་འགྲོའི་མཚན་ཉིད་སྣ་ཚོགས་འདི་ལ་ཚང་༔ སྐྱེ་འགྲོ་ཀུན་གྱི་དབུས་ནས་མངོན་པར་འཕགས༔ རིག་པ་འཛིན་པའི་སྐྱེས་བུ་མ་གཏོགས་པར༔ སྐྱེ་འགྲོ་ཀུན་གྱིས་འདི་ཉིད་དབང་ཐང་མེད༔ ལྷ་ལྕམ་ཉི་མ་སྟོང་ཁྱབ་མཚན་དུ་གསོལ༔ ཕྱི་ཡི་ལུས་མཛེས་ནང་གི་ཤེས་པ་གསལ༔ གསང་བ་ཉོན་མོངས་མེད་ཅིང་དམ་ཚིག་ཐུབ༔ བདེ་བའི་ཡོན་ཏན་དུ་མ་ལྡན་ལགས་ཞུས༔ རྒྱལ་པོ་ཡབ་ཡུམ་ཐུགས་མཉེས་བྲམ་ཟེར་བསྟོད༔ ཉིན་ཞིག་བུ་མོས་རྒྱལ་ལ་འདི་སྐད་ཞུ༔ ཡབ་ཅིག་དམ་པ་སྙན་གྱིས་དར་ཙམ་གསོན༔ རྒྱལ་པོའི་སྲས་མོར་སྐྱེས་པའི་སྐལ་བཟང་མ༔ སྐྱེ་བ་དམན་ཀྱང་དལ་འབྱོར་མི་ལུས་ཐོབ༔ དགེ་བ་བསྒྲུབ་ན་ལུས་ལ་ཅི་ཁྱད་ཡོད༔ དགེ་བ་མ་བསྒྲུབས་ཕོ་ལུས་ཆེ་རྒྱུ་མེད༔ ངན་སོང་གནས་སུ་འཁྱམས་པ་འདྲ་འདྲ་ཡིན༔ བདག་ལ་ཡང་དག་དགེ་སྦྱོར་སྒྲུབ་ཏུ་གནང་༔ ཞེས་ཞུས་རྒྱལ་པོས་སྲས་མོ་དམ་པ་ལགས༔ ཡབ་ཡུམ་སྙིང་གི་སྲས་ཅིག་ཁྱོད་ལས་མེད༔ རྒྱལ་སྲིད་འཛིན་དང་དགེ་ལ་ཞུགས་པ་གཉིས༔ ལས་འགྲོ་ང་ཡོད་སྔོན་གྱི་དབང་བརྩོན་པས༔ རིམ་གྱིས་ལྟ་བར་བྱ་གསུངས་གནང་མ་བྱུང་༔ ཕྱོགས་ཀྱི་རྒྱལ་ཁག་ཐམས་ཅད་བུ་མོ་སློང་༔ རིན་ཆེན་ཕོངས་མེད་ཁྱེར་ཏེ་རྒྱལ་མདུན་ལྷགས༔ རྒྱལ་ལ་སྐུ་འབུལ་སྣ་ཚོགས་བྱེད་ནས་ང་༔ གང་གིས་གླགས་མ་རྙེད་ཅིང་སོ་སོར་བྱེར༔ བུ་མོ་སྔར་བས་སྤྲོ་སྐྱེས་མགུ་བར་གྱུར༔ ཉིན་ཞིག་ཕོ་བྲང་རྩེ་ལ་འཇའ་ཚོན་ཟུག༔ གཡུ་བྱ་ཁུ་བྱུག་བབ་ཅིང་ལྷང་ལྷང་བརྗོད༔ རྒྱལ་པོ་སིདྡྷི་ཧ་ཡི་རྣ་ལམ་དུ༔ བསོད་ནམས་དབང་གིས་མཁའ་འགྲོ་མ་ཞིག་འཁྲུངས༔ རིག་འཛིན་ཚེ་དབང་རྒྱལ་པོའི་གྲོགས་ཤར་ཕྲོས༔ ཡུམ་གྱིས་བདག་གི་ལུས་ལ་ཆགས་པའི་སྲས༔ སྤྲུལ་པའི་སྐུ་ཡི་གསང་སྔགས་གྲོགས་ཤར་ཐོས༔ འགྲོ་བ་ཡོངས་ཀྱིས་ཐོས་ངོར་དང་སྤྲོ་ཞིང་༔ རྒྱལ་པོ་རྒྱལ་འབངས་ཡུལ་འཁོར་དང་བཅས་པ༔ ཀུན་ཀྱང་དགའ་བདེ་མངའ་རིས་རྒྱས་ཞེས་ཐོས༔ སྲས་མོ་ཉི་མ་སྟོང་ཁྱབ་མ་ཉིད་ཀྱིས༔ ཚེ་དབང་རིག་འཛིན་འཆི་མེད་སྤྲུལ་པའི་སྐུ༔ རྒྱལ་ཀུན་གྱི་ངོ་བོར་བྱོན་པ་དེ༔ གཡུ་ལོ་བཀོད་པའི་གནས་སུ་བཞུགས་པའི་མདུན༔ རྩ་རླུང་ཐིག་ལེའི་དབང་བསྒྱུར་གསང་སྤྱོད་ཀྱི༔ འགྲོ་དོན་དུས་བབ་ད་ལྟར་བྱོན་པར་རིགས༔ ཞེས་ཐོས་གཡུ་བྱ་བར་སྣང་ཅང་དེར་འདུག༔ ཨེ་མ༔ བྱ་རྒྱལ་སྙན་དབྱངས་ཐོས་པས་ཡིད་འཕྲོགས་པ༔ སིདྡྷི་རྒྱལ་སྲས་ཉི་མ་སྟོང་ཁྱབ་མ༔ འདབ་ཆགས་བྱ་གཟུགས་བྱོལ་སོང་ལུས་གྲུབ་ཀྱང་༔ ཕྱོགས་ཀྱི་རྒྱལ་ཁབ་བསླུ་དབང་ཤོར་ར་རེ༔ བྱ་ཡིས་མི་སྐད་ཤེས་ལ་གནད་ཅིག་གདའ༔ དབེན་པའི་གནས་སུ་དགེ་སྦྱོར་འགྲོ་བ་ལེགས༔ ཟེར་ནས་བྱ་དེ་ཐོགས་མེད་འཕུར་ཏེ་སོང་༔ ཉིན་ཞིག་རྒྱལ་སྲས་ཉི་འོད་སྟོང་ཁྱབ་མ༔ གར་སོང་ཆ་མེད་གང་གིས་མ་མཐོང་བས༔ ཐམས་ཅད་མི་བདེ་ཟད་མ་ཟེད་དུ་གྱུར༔ དེ་ཚེ་བུ་མོ་རྒྱ་གར་གཡུ་ལོ་བཀོད༔ པདྨའི་རིས་སུ་དདོ་པའི་གསང་ཕུག་ན༔ འཆི་མེད་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ ཞལ་མཇལ་ཕྱི་ནང་གསང་བའི་བོན་གདམས་ཐོབ༔ ངོ་སྤྲོད་གསལ་གདབ་སེམས་ཉིད་བོན་སྐུར་འདྲེས༔ དགའ་བདེ་བཅུ་དྲུག་ཐབས་ཤེས་མཆོག་ལ་སྦྱོར༔ རྩ་རླུང་ལས་རུང་མཆོག་ཐུན་དངོས་གྲུབ་ཐོབ༔ དུར་ཁྲོད་མི་མིན་ལྷ་སྲིན་དབང་དུ་འདུས༔ སྒྲུབ་པའི་དྲོད་ཚད་ཁྱད་པར་ཅན་རྣམས་བྱུང་༔ གསང་སྤྱོད་འགྲོ་དོན་ཐོགས་མེད་འགྲུབ་པར་གྱུར༔ རྒྱལ་པོ་ཡབ་ཡུམ་ཟླ་བརྒྱད་ངོ་དགུ་ལ༔ བུ་མོ་ལྷ་ཀླུ་བས་ཀྱང་མཚན་བཟང་མ༔ གཅིག་གིས་རྐུས་ཡོད་བསམ་ནས་ཕྱོགས་ཀུན་ཏུ༔ བཙལ་ཀྱང་མ་རྙེད་ཐུགས་ཡིད་ཆད་ནས་འདུག༔ ལྷ་སྲིན་དག་གིས་ཟོས་སམ་ཅི་བྱེད་བྲལ༔ ཀྱེ་མ་ཀྱི་ཧུད་དང་དུ་བཞུགས་པ་ལ༔ དེ་ཚེ་འཆི་མེད་ཚེ་དབང་ཡབ་ཡུམ་གཉིས༔ རྒྱ་གར་དུར་ཁྲོད་མཆོད་རྟེན་དྲུང་དུ་ཕྱིན༔ དུར་ཁྲོད་ཟིལ་གནོན་དགོངས་པར་བཞུགས་པ་ལ༔ དུར་བདག་ཐམས་ཅད་ཁྲོས་ནས་ཆོ་འཕྲུལ་བསྟན༔ འབྲུག་གློག་ཐོག་སེར་ཚྭ་ཚྭ་སྐར་ལྟར་འཕང་༔ དེ་ཚེ་འཆི་མེད་རིག་འཛིན་ཆེན་པོ་ནི༔ ཚེ་དབང་རཀྴ་ཐོད་ཕྲེང་སྐུ་རུ་བཞེངས༔ དྲག་པོའི་ཆས་རྫོགས་མཐིང་ནག་ཁྲོས་པའི་ཚུལ༔ དབུ་དགུ་ཕྱག་ནི་བཅོ་བརྒྱད་མཚོན་ཆ་བསྣམས༔ ཞབས་བཞི་གྱད་ཀྱིས་བདུད་སྲིན་ནག་པོ་གནོན༔ ཉི་མ་སྟོང་ཁྱབ་དམར་མོ་སྐུ་ལ་འཁྲིལ༔ ཕྱག་གཉིས་གྲི་ཐོད་འཛིན་ཞིང་ཡབ་ལ་འཁྲིལ༔ ཞལ་ནས་དྲག་པོའི་སྔགས་སྒྲ་སྒྲོགས་པ་ཡིས༔ དུར་བདག་བརྒྱལ་དང་རིགས་དང་སྔངས་བར་བྱས༔ དེ་ཚེ་དུར་ཁྲོད་བདག་པོ་ཐམས་ཅད་ཀྱིས༔ སྲོག་གི་སྙིང་པོ་ཕུལ་ཏེ་འཁོར་དུ་འདུས༔ གསང་སྤྱོད་འགྲོ་དོན་མཐའ་རུ་ཕྱིན་པར་མཛད༔ མི་མིན་ལྷ་སྲིན་ཐམས་ཅད་གདུག་སེམས་ཞི༔ ཕྲིན་ལས་ཡོངས་སུ་སྒྲུབ་པའི་དམ་དུ་བཅས༔ ཕྱི་ནང་གསང་བའི་བོན་འཁོར་རྒྱ་ཆེར་བསྐོར༔ དེ་ཚེ་རྒྱ་གར་ཡུལ་གྱི་སུ་འཆི་ཀུན༔ དུར་ཁྲོད་དེ་རུ་བསྐྱལ་ནས་ཚོགས་སུ་གཏོང་༔ དུས་དེར་རོ་ཁྱེར་ཕོ་རྣམས་བསྒྲལ་ཚུལ་སྦས༔ མོ་རྣམས་སྦྱོར་ཚུལ་མཛད་ཅིང་གདུལ་བྱར་བསྡུས༔ དུར་ཁྲོད་དེ་རུ་ཕྱིན་ཚད་ཕྱིར་ལོག་མེད༔ ཀུན་གྱིས་ཐེ་ཚོམ་ཟོས་ནས་རྒྱལ་ལ་ཞུས༔ རྒྱལ་པོས་བློན་ཚོགས་བསྡུས་ནས་ཉུལ་ལེ་བཏང་༔ དུར་ཁྲོད་གནས་ཀྱི་ཉེ་བར་ཕྱིན་པའི་ཚེ༔ སྲིན་པོ་དམར་ནག་འཇིགས་སུ་རུང་བ་ཞིག༔ གཅེར་བུ་ལྤགས་རློན་གོན་ནས་བཤལ་གྲི་བདར༔ རྒྱལ་པོས་བུ་མོ་རྒྱ་གར་མོ་རིགས་ཀུན༔ འཁོར་དུ་བསྐོར་ནས་ཤ་ཁྲག་བཟའ་ཞིང་འདུག༔ ཕོ་རིགས་ཐམས་ཅད་རེ་རེ་བཞིན་དུ་ཟ༔ མཐོང་ཚད་ཐམས་ཅད་རོ་ལ་འཇབ་པར་འདུག༔ མཐོང་བ་བཞིན་དུ་ཕྱིར་ལོག་རྒྱལ་སར་ཞུས༔ མ་ཡིག་མི་གསལ་དམག་མི་རྣམས་ནི་བརྒྱལ་དང་རེངས་ཤིང་མྱོག༔ ཅི་ཡང་བྱ་བའི་ཐབས་ཟད་རེ་ཞིག་ལྷག༔ དེ་ཚེ་མཁའ་ལ་འཇའ་འོད་ཟེར་འཕྲོ་ཞིང་༔ བར་སྣང་གཟུགས་མེད་སྒྲ་ཡི་རྒྱུད་ལམ་ལས༔ ཧོ༔ ཉོན་དང་གདུག་ཅན་དམག་གི་ཚོགས་རྣམས་ཀུན༔ ང་ནི་སྦས་པའི་རྣལ་འབྱོར་ཆེན་པོ་སྟེ༔ དགྲ་ཡང་མི་སྣང་རང་བྱུང་ཡེ་ཤེས་ཡིན༔ གཉེན་ཡང་མི་སྣང་རང་རིག་བདེ་བར་ཤར༔ མཐོང་ན་རྒྱལ་བའི་དགོངས་པ་རང་ལ་རྫོགས༔ མ་མཐོང་གཉིས་འཛིན་རྩད་ནས་ཆོད་པར་དཀའ༔ ཞེས་གསུངས་དེད་དཔོན་བློན་གྱིས་ལན་སྨྲས་པ༔ གཟུགས་མེད་སྒྲ་ཡིས་བསྐུལ་བའི་སྙན་ཚིག་ཅན༔ རྒྱ་གར་རྒྱལ་པོའི་སྲས་ཅིག་ཉི་འོད་འབར༔ གར་སོང་ཆ་མེད་དུར་ཁྲོད་སྲིན་པོས་ཟོས༔ ཐོས་པས་དམག་གི་དཔུང་བསྐུར་ལྷགས་པས་འདིར༔ དུར་ཁྲོད་བདག་པོ་འཁྲུགས་ནས་ཐོག་སེར་ཕབ༔ གར་འདུག་དྲང་པོར་ཁྱོད་ཀྱིས་བསྟན་དུ་གསོལ༔ ཞེས་ཞུས་ནམ་མཁའ་འཇའ་སྤྲིན་འཁྲིགས་པའི་ཀློང་༔ ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ་མཆོག་རྗེ༔ བཅུ་དྲུག་ན་ཚོད་མཚན་དཔེ་གཟི་བྱིན་འབར༔ ཡུམ་མཆོག་ཉི་མ་སྟོང་ཁྱབ་ཉི་ཟེར་མདངས༔ པང་གཡོན་འཁྱུད་ཅིང་བལྟབས་པའི་མི་ཟོང་བཞུགས༔ རིག་འཛིན་ཞལ་ནས་ཚངས་པའི་ཚིག་གིས་བསྐུལ༔ ཨ་ཧོ༔ མ་རིག་ལས་ཀྱིས་མནར་བའི་སྐྱེ་འགྲོ་ཚོ༔ ཡང་དག་དོན་མ་མཐོང་ཞིང་དམག་དཔུང་བསྐྱོད༔ ང་ནི་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ འགྲོ་བ་རང་མཐུན་དོན་དུ་ཚེ་དབང་སྤྲུལ༔ ཐུགས་རྗེ་ཀུན་སྒྲོལ་ངོ་བོ་དབྱེར་མེད་པ༔ མཁའ་འགྲོའི་ཚོགས་རྗེ་གསང་སྤྱོད་སྔགས་ཀྱི་གྲོགས༔ དུར་ཁྲོད་ཟིལ་གནོན་རྒྱ་གར་རྒྱལ་བའི་མགོན༔ ནམ་ཞིག་བདག་གི་གདུལ་བྱར་དུས་ལ་བབ༔ ཅེས་གསུངས་ཡབ་ཡུམ་རྫུ་འཕྲུལ་རྩལ་གྱིས་བྱོན༔ གསང་བྲག་གནས་སུ་ཐོགས་མེད་གཤེགས་པར་གྱུར༔ དམག་མི་རྣམས་ཅི་བྱེད་པའི་གླགས་མ་རྙེད༔ སྔར་གྱི་རྒྱུ་གར་རོ་བསྐྱལ་གསོན་པོ་རྣམས༔ མངོན་སུམ་དམག་མི་བཅས་ཏེ་རྒྱལ་སར་ཕེབས༔ བློན་པོ་རྒྱལ་པོའི་མདུན་ཕྱིན་ལོ་རྒྱུས་རྣམས༔ ཞུས་པས་རྒྱལ་པོ་ཐུགས་ཡིད་བདེ་བར་གྱུར༔ དེ་ལ་རྒྱལ་པོས་བློན་འཁོར་ཚུར་ཉོན་དང་༔ མདང་དགོང་བདག་གིས་མཁའ་ལ་ཉི་ཟླ་ཟུང་༔ ཤར་ཞིང་མུན་སྣང་འབྱེད་དང་ནོར་ཆར་འབེབས༔ སྐྱེ་དགུ་ཡོངས་ཀྱི་གདུང་བ་སེལ་བ་རྨིས༔ ཞེས་གསུངས་བཀའ་བཀྱོན་མེད་ཅིང་བདེ་བའི་ངང་༔ གནང་སྦྱིན་མཛད་ནས་རང་རང་ཡུལ་དུ་སོང་༔ དེ་ནས་རྒྱལ་པོ་ཡབ་ཡུམ་ཐུགས་དགོངས་ནས༔ མཆོད་གནས་དམ་པ་ལྷ་བདག་སྔགས་གྲོལ་ལ༔ ཐོད་བཀྲོལ་གུས་པས་འདི་སྐད་ཞུ་བ་ཕུལ༔ ཀྱེེ༔ རིག་འཛིན་ཆེན་པོ་མཆོག་ཉིད་སྙན་གྱིས་གསོན༔ རྒྱལ་པོའི་སྲས་མོ་དཀོན་མཆོག་དྲིན་ལས་འཁྲུངས༔ ངོ་མཚར་ཆེ་ཡང་བྱ་བ་སྣ་ཚོགས་འདི༔ ཇི་ལྟར་ཡིན་པར་རིག་འཛིན་ཁྱེད་ཉིད་ཀྱིས༔ བདག་ལ་ངེས་པའི་བཀའ་ཞིག་བསྩལ་དུ་གསོལ༔ ཞེས་ཞུས་རྒྱ་གར་རྒྱལ་པོ་བསོད་ནམས་ལྡན༔ འཇིག་རྟེན་བྱ་བ་སྔོན་ལས་དབང་གིས་བསྐོས༔ དེ་ནི་དགེ་བའི་ལས་འཕྲོ་ཡོད་པ་ཡིན༔ འཆི་མེད་རིག་འཛིན་སྤྲུལ་པའི་སྐུ་མཆོག་རྗེ༔ གང་འདུལ་ཐབས་ཀྱིས་འགྲོ་བའི་དོན་ལ་བྱོན༔ ཉི་མ་སྟོང་ཁྱབ་མཁའ་འགྲོ་ཀུན་གྱི་གཙོ༔ གསང་ཆེན་དཀྱིལ་འཁོར་བརྒྱ་ཕྲག་རྩ་བ་ཉིད༔ རྟེན་འབྲེལ་དེ་ལ་མ་བརྟེན་གཅིག་ཀྱང་མེད༔ ཁྱོད་ཅག་རྒྱལ་བློན་དད་པའི་གཞི་ཟུངས་ཤིག༔ གཡུ་ལོ་བཀོད་པར་རིག་འཛིན་ཡབ་ཡུམ་གཉིས༔ ཕུན་སུམ་ཚོགས་པའི་བཀོད་པས་སྤྱན་དྲངས་གཤེགས༔ ཞེས་གསུངས་བཀའ་ཡིས་ལུང་བསྟན་རྒྱ་ཆེར་གནང་༔ གོང་མའི་ལུང་གིས་བསྐུལ་བ་ཇི་བཞིན་དུ༔ རྒྱལ་པོ་ཡབ་ཡུམ་བློན་འབངས་དགའ་བ་སྐྱེས༔ དེ་ནས་རིག་འཛིན་ཡབ་ཡུམ་སྤྱན་དྲངས་ཕྱིར༔ རྟེན་འབྲེལ་ལེགས་པའི་ཐབས་ལ་མཁས་པའི་ཕྱིར༔ རྒྱལ་པོ་ཉིད་ཀྱིས་བྱ་བ་འདི་ལྟར་གསུངས༔ ཧོ༔ རྒྱ་གར་བསོད་ལྡན་ཡུལ་གྱི་རྒྱལ་ཁབ་འདིར༔ དཀོན་མཆོག་ཐུགས་རྗེའི་རྒྱལ་འབངས་བདེ་དང་ལྡན༔ ད་ལྟ་མཆོད་གནས་དམ་པའི་ལུང་བསྟན་ལ༔ རྒྱ་གར་རྒྱལ་པོའི་སྲས་མོ་འདི་ཉིད་ནི༔ ཆུང་ནས་དད་ལྡན་དགེ་ལ་ལས་འཕྲོ་དཀར༔ རིག་འཛིན་སྤྲུལ་པའི་སྐུ་ཉིད་ཡིན་པས་ན༔ གསང་སྤྱོད་འགྲོ་དོན་གྲུབ་པའི་བདག་ཉིད་ཆེ༔ ཕུན་སུམ་ཚོགས་པས་སྤྱན་དྲངས་དགོས་པའི་ལུང་༔ དེ་བཞིན་རྒྱལ་བློན་འགྲོ་བའི་ཆས་བཟང་གྱིས༔ རྒྱལ་པོ་རང་གི་གསེར་གྱི་ཤིང་རྟ་ཆེ༔ རིན་ཆེན་འཁོར་ལོ་ཟུང་གི་ཆས་ཆེན་བསྒྲིགས༔ རིན་ཆེན་ནོར་གྱི་སྙིང་པོ་ཕོངས་མེད་བཅས༔ རྒྱལ་སར་རིན་ཆེན་ཁྲི་ལ་གདན་དྲངས་ཞུ༔ སྡེ་འབངས་མངའ་རིས་ཀུན་ཀྱང་ཆས་ཆེན་བསྒྲིགས༔ ཞེས་གསུངས་ལམ་དུ་ཆས་ཤིང་གཡུ་ལོ་བཀོད༔ གསང་བའི་སྒྲུབ་གནས་ཆེན་པོ་དེ་རུ་བྱོན༔ འཆི་མེད་ཚེ་དབང་རིག་འཛིན་ཆེན་པོ་དང་༔ ཡུམ་ཅིག་ཉི་མ་སྟོང་ཁྱབ་མཁའ་འགྲོ་མ༔ མི་མ་ཡིན་དང་དུར་ཁྲོད་བདག་མོ་ལ༔ གསང་སྤྱོད་འགྲོ་དོན་མཛད་ཅིང་བཞུགས་པའི་མདུན༔ རྒྱལ་པོས་ཐོད་བཀྲོལ་ལྷ་ཕྱག་ལན་གྲངས་འཚལ༔ ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་བ༔ དར་གྱི་ཁུད་དྲིལ་རིག་འཛིན་ཡབ་ཡུམ་མདུན༔ ཕུལ་ནས་དད་གུས་གསོལ་བ་འདི་ལྟར་གདབ༔ ཨེ་མ༔ རང་བྱུང་སྤྲུལ་སྐུ་གྲུབ་པའི་བདག་ཉིད་ཅན༔ འཇིག་རྟེན་མུན་པ་སེལ་བའི་སྒྲོན་མེ་མཆོག༔ དགེ་རྟགས་དུ་མ་ལྡན་པའི་ཉི་འོད་འབར༔ དམ་ཚིག་ཕྱག་རྒྱ་རིག་འཛིན་གྲོགས་སུ་གྱུར༔ བདག་ཅག་རྒྱལ་བློན་དད་གུས་གསོལ་བ་འདེབས༔ མ་རིག་འཁྲུལ་པའི་ལས་བགྱིས་མཐོལ་ལོ་བཤགས༔ ཐུགས་རྗེས་འབྲལ་མེད་ནམ་ཡང་བཟུང་དུ་གསོལ༔ རྒྱ་གར་ཞིང་ཁམས་བདེ་ལ་བཀོད་པ་དང་༔ མངའ་རིས་རྒྱལ་འབངས་དགེ་བའི་ལམ་འདྲེན་ཕྱིར༔ རིག་འཛིན་ཡབ་ཡུམ་སྤྱན་དྲངས་མཆོད་གནས་ཕེབས༔ གདུལ་བྱ་སྐྱོང་བར་ཐུགས་རྗེའི་བཟུང་དུ་གསོལ༔ རྒྱ་གར་ཡུལ་གྱི་རྗེ་བོར་མཛད་པར་ཞུ༔ ཞེས་གསོལ་དེ་ཚོ་ཚེ་དབང་རིག་འཛིན་གྱིས༔ ཨ་ཧོ༔ ཉོན་དང་བསོད་ལྡན་རྒྱ་གར་རྒྱལ་པོ་ཆེ༔ སྤྲུལ་པའི་སྐུ་མཆོག་ཚེ་དབང་རིག་འཛིན་ང་༔ དང་པོ་འོག་མིན་ཞིང་ནས་ཀུན་ཏུ་བཟང་༔ ལོངས་སྤྱོད་རྫོགས་སུ་གཤེན་ལྷ་འོད་དཀར་དང་༔ འཆི་མེད་སྟོན་པ་གསང་བ་འདུས་པ་ཡེ༔ ཐུགས་རྗེའི་འོད་ཟེར་ལས་སྤྲུལ་དྲན་པའི་སྲས༔ བྱ་རི་གཙུག་ལྡན་ཚེ་ཡི་རིག་འཛིན་གྱུར༔ ཐུགས་རྗེ་ཀུན་སྒྲོལ་གསང་སྤྱོད་གྲོགས་སུ་ཆེ༔ དུར་ཁྲོད་གནས་ཆེན་བརྒྱད་ལ་གང་འདུལ་སྤྲུལ༔ ཐུགས་རྗེ་ཀུན་སྒྲོལ་རིགས་ལྔ་མཁའ་འགྲོ་ཡི༔ རྣམ་སྤྲུལ་ཉི་མ་སྟོང་ཁྱབ་ཡུམ་ཆེན་མོ༔ རྒྱ་གར་གཡུ་ལོ་བཀོད་པའི་དུར་ཁྲོད་བཏུལ༔ གསང་སྤྱོད་རོལ་པའི་དུར་ཁྲོད་ཚོགས་ཁང་བསྒྱུར༔ རྒྱལ་པོས་སྣ་དྲོངས་ལན་ཅིག་རྒྱ་གར་འགྲོ༔ ཞེས་གསུངས་ཉི་མ་སྟོང་ཁྱབ་མཁའ་འགྲོ་མས༔ ཀྱེེ༔ ཡབ་ཅིག་དམ་པ་སིདྡྷི་ཧ་ཉིད་གསོན༔ རྒྱལ་གྱི་འཁོར་བའི་ཁྱིམ་དུ་མ་རྫོངས་དྲིན༔ སྔོན་ལས་རིག་འཛིན་གྲོགས་གྱུར་ཁོ་མོའི་དྲིན༔ གསང་སྤྱོད་རྣལ་འབྱོར་མོར་གྱུར་རིག་འཛིན་དྲིན༔ རྒྱལ་བློན་འབངས་བཅས་དད་པའི་ཤུགས་བསྐྱེད་ལ༔ རིག་འཛིན་ཡབ་ཡུམ་གསེར་དངུལ་འཁོར་ལོས་བསྒྱུར༔ རྒྱལ་པོ་བློན་འབངས་རང་རང་ཤིང་རྟ་བསྒྱུར༔ འཆི་མེད་རིག་འཛིན་གྲུབ་པའི་དོན་ལྡན་ཀྱང་༔ འགྲོ་བ་རང་མཐུན་སྤྲུལ་པའི་སྐུ་རུ་བསྟན༔ བང་མགྱོགས་ཕོ་ཉས་སྔོན་ནས་གྲལ་བཟང་བསྒྲིགས༔ ཞེས་གསུངས་རྒྱལ་པོའི་མངའ་རིས་ཀུན་ལ་བཀའ༔ བང་མགྱོགས་ལྡན་པའི་ཕོ་ཉ་བ་ཚོ་སོང་༔ རིག་འཛིན་ཡབ་ཡུམ་ཕེབས་པའི་ཞབས་གྲ་སྒྲིགས༔ འབྱོན་ལམ་ཕྱག་དར་གསེར་ཕྱེ་གཅལ་དུ་ཁྲོམས༔ ཕོ་བྲང་མཆོད་ཁང་རིན་ཆེན་གསེར་དངུལ་ཁྲི༔ ཕུན་སུམ་ཚོགས་པའི་མཆོད་པ་རྒྱ་ཆེར་ཤོམས༔ མཆོད་གནས་རྣམས་ཀྱིས་དར་སྤོས་རོལ་མོས་སུས༔ ཕོ་བྲང་རྩེ་ལ་ཡིད་བཞིན་རྒྱལ་མཚན་ཚུགས༔ འདུས་པ་ཀུན་གྱིས་ཆས་བཟང་བསྟོད་ཕྱག་གྱིས༔ ཞེས་པའི་བཀའ་བསྒོས་རྒྱ་གར་རྒྱལ་ས་ལ༔ སྣང་ལྡན་གསལ་མ་རྒྱལ་པོའི་བཀའ་སྙན་བཅས༔ ཀུན་གྱིས་གསུངས་བཞིན་རང་རང་ལས་བསྐོས་གཉེར༔ འཆི་མེད་རིག་འཛིན་རྒྱལ་པོའི་ཆས་ཆེན་གསོལ༔ མདའ་གང་ཙམ་འཕགས་གསེར་གྱི་འཁོར་ལོར་བཞུགས༔ ཉི་མ་སྟོང་ཁྱབ་མཁའ་འགྲོའི་ཆས་ཀྱིས་བརྒྱན༔ དངུལ་གྱི་འཁོར་ལོའི་ཁར་བཞུགས་འགྲོ་ལ་དགོངས༔ རྒྱལ་བློན་རྣམས་ཀྱིས་རང་རང་འཁོར་ལོ་དང་༔ ཤིང་རྟ་ལ་སོགས་བསྐོར་ནས་ངོ་མཚར་ཕེབས༔ ལྷ་ཀླུ་མི་གསུམ་དགྱེས་པའི་རོལ་མོ་དང་༔ མཆོད་པའི་སྤྲིན་ཚོགས་ཕུལ་ནས་རྒྱ་གར་གཤེགས༔ ཀུན་གྱིས་བསུ་བས་རྒྱལ་པོའི་ཕོ་བྲང་རྩེར༔ འཆི་མེད་རིག་འཛིན་ཡབ་ཡུམ་སྤྱན་དྲངས་ནས༔ རིན་ཆེན་ཁྲི་ལ་མངའ་གསོལ་མཆོད་ཅིང་བསྟོད༔ རྒྱལ་པོ་ཡིད་བཞིན་ནོར་བུ་ཟུང་ལྡན་ཕུལ༔ ཨེ་མ༔ གང་གིས་འགྲན་བྲལ་རིག་འཛིན་ཡབ་ཡུམ་ལགས༔ ལྷ་མིའི་གཙུག་རྒྱན་རྒྱལ་པོའི་རྒྱལ་སར་བཀོད༔ རྒྱལ་སྲིད་ཆབ་འབངས་ཡོངས་སུ་དབུལ་བ་བཞེས༔ བསྟན་དང་འགྲོ་བའི་ཆེད་དུ་རྗེས་བཞག་དང་༔ རྒྱལ་པོ་ཡབ་ཡུམ་བློན་འབངས་ཐམས་ཅད་ལ༔ ཟབ་མོ་བཀའ་ཡི་འཁོར་ལོ་བསྐོར་དུ་གསོལ༔ ཞེས་ཞུས་དེ་ལ་རིག་འཛིན་བཀའ་སྩལ་པ༔ ཧོ༔ ལེགས་པར་གསོན་དང་རྒྱ་གར་དབང་ཆེན་རྒྱལ༔ ཁྱོད་ནི་བསོད་ནམས་ལས་འཕྲོ་ཕུན་སུམ་ཚོགས༔ བསྐལ་པ་གྲངས་མེད་འབྲེལ་བ་ཆེས་ཟབ་བཙན༔ རེ་ཞིག་རྒྱལ་པོའི་རེ་བ་སྐོང་བར་བྱ༔ ཞེས་གསུངས་རྒྱལ་སྲིད་སྐྱོང་པའི་ཚུལ་དུ་མཛད༔ རྒྱལ་སྲས་ཁྲིར་གསོལ་ཉི་མ་འོད་འབར་བཞེས༔ འཁོར་འབངས་མངའ་རིས་ཀུན་ལ་བོན་འཁོར་བསྐོར༔ གདུལ་བྱ་ཟབ་མོའི་བོན་གྱིས་ཚིམ་པར་མཛད༔ གསང་སྔགས་བཀའ་ཡི་ཕྲིན་ལས་སྤེལ་བ་དང་༔ བསྟན་པ་རིན་ཆེན་རྗེས་བཞག་མཆོད་པའི་རྟེན༔ གསང་སྔགས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས༔ བརྟན་བཞུགས་བཀྲ་ཤིས་མཐའ་རྒྱས་སྨོན་ལམ་བྱ༔ རྒྱ་གར་རྒྱལ་པོ་ཡབ་ཡུམ་འགྲོ་དོན་གྲུབ༔ ཉི་མ་འོད་འབར་གསང་བའི་གྲོགས་མཛད་ཅིང་༔ གཡུ་ལོ་བཀོད་པའི་སྒྲུབ་ཕུག་སྒོམ་དུ་གཤེགས༔ གནས་དང་དུར་ཁྲོད་བདག་པོ་ཐམས་ཅད་ཀྱིས༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བཤམས་ནས་སུ༔ ཉི་མ་འོད་འབར་ཚོགས་ཀྱི་རྗེ་མོར་མཛད༔ རིག་འཛིན་རྗེ་ལ་གུས་ཚུལ་འདི་སྐད་ཞུས༔ ཨེ་མ༔ སྤྲུལ་པའི་སྐུ་མཆོག་ཚེ་དབང་རིག་འཛིན་རྗེ༔ མཁའ་འགྲོའི་ཚོགས་དང་མ་འོངས་འགྲོ་བའི་དོན༔ གསང་སྔགས་དམར་བྱང་སྙིང་གི་ཐིག་ལེ་ཆེ༔ བདག་ཅག་རྣམས་ལ་དགོངས་ཤིང་བསྩལ་དུ་གསོལ༔ ཞེས་ཞུས་ཚེ་དབང་ཞལ་ནས་འདི་སྐད་གསུངས༔ ཨ་ཧོ༔ གསོན་དང་ཉི་མ་འོད་འབར་གསང་བའི་ཡུམ༔ སངས་རྒྱས་གཞན་མེད་རང་རིག་བདེ་བ་ཆེ༔ ཕྱི་ནང་སྣོད་བཅུད་ཇི་ལྟ་ཇི་སྙེད་ཀུན༔ རོ་གཅིག་ཀུན་བཟང་དགོངས་པའི་རྩལ་ཤར་བ༔ སྐད་ཅིག་མ་ལ་རང་རིག་ངོ་བོར་རྫོགས༔ སྙན་བརྒྱུད་གདམས་པ་བཀའ་རྒྱུད་སྐོར་རྣམས་གསུངས༔ ཉི་མ་འོད་འབར་གསང་བྲག་རི་ལ་བསྒོམས༔ མ་འོངས་དོན་དུ་གསང་སྤྱོད་འགྲོ་དོན་མཛད༔ ནམ་ཞིག་བོད་ཡུལ་སྨན་གྱི་མིང་ཅན་བརྒྱད༔ གསང་བསྟན་འཛིན་ནས་འགྲོ་བ་ཁ་ལོ་བསྒྱུར༔ མཐར་ཐུག་རིག་འཛིན་མཁའ་འགྲོའི་ཚོགས་དཔོན་འགྱུར༔ ཞེས་པ་ཉི་འོད་འབར་མའི་རྣམ་ཐར་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
སྐུ་ལྔ་མཁའ་འགྲོ་ཡེ་ཤེས་རྣམ་པར་རོལ༔ མ་འགག་སྒྱུ་འཕྲུལ་འབར་བའི་གར་དགུ་ལྡན༔ ཐུགས་རྗེ་ཀུན་སྒྲོལ་དབྱིངས་ནས་སྤྲུལ་པ་ཡི༔ ཚོགས་བདག་གཟི་བརྗིད་གསང་སྤྱོད་མཁའ་འགྲོ་མ༔ ཡུལ་ནི་གྲོང་ཁྱེར་ནག་པོ་དུག་འགྱེད་ཡུལ༔ དྲག་རྩུབ་ཕོ་བྲང་ཟུར་བརྒྱད་རིང་མོ་ན༔ མངའ་བདག་རྒྱལ་པོ་དྲེགས་པ་འཁོར་ལོ་དང་༔ ཡུམ་ནི་གཉན་ལྕམ་འོད་འཕྲོ་མ་གཉིས་ལ༔ བློན་དང་འཁོར་འབངས་མངག་གཡོག་བསམ་མི་ཁྱབ༔ ལས་སུ་སྡིག་དང་ཟས་སུ་ཤ་ལ་བཟའ༔ སྐོམ་དུ་ཁྲག་འཐུང་སྲོག་གཅོད་ཁོ་ནར་བྱེད༔ རེ་ཞིག་རྒྱལ་པོ་ཡབ་ཀྱི་རྨི་ལམ་ལ༔ དཔག་ཚད་ཙམ་ནས་ཟླ་བའི་འོད་ཟེར་འཕྲོ༔ འོད་ཀྱི་སྣེ་མོ་ཟུར་བརྒྱད་ཕོ་བྲང་ཕོག༔ རྒྱང་གྲགས་ཙམ་ནས་གསེར་གྱི་ཉི་མ་ཤར༔ ཡུལ་གྱི་མུན་པ་ཐམས་ཅད་སེལ་བར་རྨིས༔ ཡུམ་གྱི་མཁའ་ནས་མེ་ལྕེ་དམར་པོ་ཆད༔ ལུས་ལ་ཕོག་ཅིང་སྔངས་སྐྲག་ཆེན་པོ་བྱུང་༔ པང་དུ་གསེར་གྱི་མེ་ཏོག་འོད་བརྒྱ་ལྡན༔ གསེར་གྱི་བུང་བ་མང་པོ་དེ་ལ་འཁོར༔ ཕྱོགས་མཚམས་ཀུན་ལ་སྒྲ་དབྱངས་ཁེངས་པ་རྨིས༔ ཡུམ་ཉིད་རྨིས་ལྟས་བཟང་ལ་མགུ་བར་གྱུར༔ ཡུམ་གྱི་ལུས་ནི་བལ་ལྟར་ཡངས་ཤིང་བདེ༔ འཚོ་བ་མི་དགོས་རང་ཚིམ་ངོམ་པར་གནས༔ སྟངས་དཔྱལ་འཚོས་པས་ལུས་ལ་སྲིད་ཆགས་ཤིང་༔ ལུས་ལ་འོད་ཤར་དྲི་བཟང་དུད་པས་ཁྱབ་༔ ལོ་ཟླ་ངོ་ཚང་དུས་ཀྱི་སྐལ་བཟང་ཉིན༔ གཉན་ལྕམ་ཡུམ་ལ་ནད་མེད་སྲས་མོ་འཁྲུངས༔ རྒྱལ་པོ་མ་དགྱེས་ངན་ཚང་རྨི་ལམ་བཟང་༔ འདི་ནི་བདག་ཅག་རྒྱལ་ཁམས་ཕན་སྟེར་མིན༔ གཡོག་མོ་ཕག་གསོས་མ་ལ་བཅོལ་ཏེ་བཞག༔ ཕོ་བྲང་ཕྱི་ཁྱམས་བར་ལ་འདུག་ཏུ་བཅོལ༔ བུ་མོ་ཞག་རེ་སོང་བཞིན་སྐྱེ་གཟུགས་མཛེས༔ ལྷ་དང་ལྷ་མོ་མང་པོས་ཤ་སྣ་ཁྱེར༔ ཚོགས་ཀྱི་མཆོད་པ་ཕུལ་ནས་དཔོན་གཡོག་གཉིས༔ འཚོ་བ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་བྱུང་༔ ཞག་བཅུ་དུས་ན་མདུན་གྱི་ནམ་མཁའ་ལ༔ རིག་འཛིན་མཁའ་འགྲོ་བསམ་དུ་མེད་པ་བྱོན༔ བུ་མོས་ཤ་ཁྲག་ཚོགས་ཀྱི་མཆོད་པ་ཕུལ༔ ལྷ་ཚོགས་ཐུགས་མཉེས་ཚོགས་ཀྱི་སྤྲིན་དུ་ཆགས༔ རྒྱལ་ཁམས་ཀུན་ལ་ཚོགས་ཀྱིས་སྦྱིན་པ་འགྱེད༔ ཇི་ལྟར་སྦྱིན་ཡང་ཟད་མེད་ངོ་མཚར་བསྟན༔ ཟླ་བ་བཅུ་ནས་བུ་མོའི་ལུས་སྟོབས་རྫོགས༔ སྐུ་ཤ་རྒྱས་ལ་མཚན་དཔེ་ཡི་གེ་ཆགས༔ ཀུན་གྱི་བུ་མོར་བསྟོད་བསྔགས་ཆེ་བ་བརྗོད༔ ཉིན་ཞིག་རྒྱལ་པོའི་སེམས་ལ་འཕྲིག་པ་སྐྱེས༔ གཡོག་མོ་བོས་ནས་རྒྱལ་པོའི་ཕོ་བྲང་ཁྲིད༔ བུ་མོའི་ལོ་རྒྱུས་དྲིས་པས་གཡོག་མོ་ནས༔ ཀྱེེ༔ རྒྱལ་པོ་ཡབ་ཡུམ་སྙན་གསོན་ཞུ་འབུལ་ན༔ རྒྱལ་པོའི་སྲས་མོ་མཚན་ལྡན་ཚོགས་རྫོགས་མ༔ ཞག་བཅུ་ལོན་ནས་ལྷ་དང་ལྷ་མོ་ཡིས༔ ཤ་སྣ་ཚོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ༔ མཆོད་སྦྱིན་ཇི་ལྟར་བྱེད་ཀྱང་ཟད་པ་མེད༔ རྟག་ཏུ་འཚོ་བ་མི་མ་ཡིན་གྱིས་དོང་༔ གང་དང་མི་འདྲ་ཁྱད་པར་འཕགས་པར་འདུག༔ ཞལ་གསལ་དྭངས་མ་གངས་ལ་ཉི་ཤར་བཞུགས༔ ཞེས་ཞུས་རྒྱལ་པོའི་མདུན་དུ་ཁྲིད་ཤོག་གསུངས༔ གཡོག་མོ་ཕྱིར་ལོག་བུ་མོའི་མདུན་དུ་ཕྱིན༔ ཀྱེེ༔ རིགས་བཟང་རྒྱལ་པོའི་སྲས་མོ་ཆེན་མོ་ལགས༔ བདག་ཅག་རྒྱལ་པོས་སྲས་མོའི་ལོ་རྒྱུས་དྲི༔ ང་ཡིས་མ་གསང་ཡོན་ཏན་དྲང་པོར་ཞུས༔ རྒྱལ་པོས་ཕོ་བྲང་ནང་དུ་ཤོག་ཅིག་གསུངས༔ ཞུས་པས་བུ་མོའི་གཡོག་ལ་ཕྲིན་འདི་རྫོང་༔ ཨེ་མ་ལས་ཀྱིས་འབྲེལ་བའི་གཡོག་མོ་ལགས༔ རྒྱལ་པོ་ཡབ་ཡུམ་མ་འདོད་བཅོལ་བའི་མོ༔ ཁམས་གསུམ་སེམས་ཅན་ཕ་མའི་རང་བཞིན་ལ༔ ཉེ་གཉེན་འཛིན་པ་ཐར་པའི་གེགས་ཤིང་ཡིན༔ ཟ་མ་མོ་ལུས་ཐོབ་ཀྱང་དགེ་བ་ལ༔ དལ་འབྱོར་ལྡན་ལ་རང་དབང་ཡོད་པའི་དུས༔ འཆི་ཁར་ཕན་པའི་དགེ་སྦྱོར་ཞིག་མེད་ན༔ རྒྱལ་པོ་ཡིན་ཀྱང་ཕྱི་མར་སྡུག་བསྔལ་རྒྱུ༔ ཕྱི་མ་དམྱལ་བའི་འགྲམ་རྡོ་ཆེན་པོར་འགྱུར༔ རྒྱལ་ལས་སྐྱེས་ཀྱང་གཡོག་མོས་བདག་ཏུ་བཟུང་༔ དེ་ཡང་བྱས་པ་མ་ཡིན་གྲུབ་པ་ཡིན༔ སྔོན་གྱི་ལས་དབང་ཡིན་པས་བཅོས་སུ་མེད༔ སྔོན་ཚེ་བསྐལ་བ་འདི་ཡི་ཡ་ཐོག་དུས༔ གྲོང་ཁྱེར་བརྩོན་པ་ཅན་ཞེས་བྱ་བ་དེར༔ རྒྱལ་པོ་རྩལ་ཤུགས་ཆེ་ལྡན་དམ་པ་ལ༔ སྲས་ཤིག་ཡོད་པས་གཉེན་སྲིད་བཙལ་བ་ན༔ རྒྱལ་པོ་བདེ་བ་ལྡན་ལ་སྲས་མོ་ཞིག༔ ལྷ་ཀླུ་བས་ཀྱང་གཟུགས་བཟང་མཛེས་པ་ཞིག༔ རྒྱལ་བུ་དེ་ཡིས་ཁོང་ལ་ཡིད་སྨོན་ཀྱང་༔ བུ་མོ་འགྲོ་རུ་མ་འདོད་དབེན་རིར་བསྙེགས༔ རྒྱལ་བུ་ཆགས་སྲེད་འདོད་པའི་དབང་དུ་གྱུར༔ ནམ་ཞིག་དགེ་ལ་བར་ཆད་བྱེད་པའི་བདུད༔ དབང་ཆེན་ལས་ཀྱིས་དགེ་ལ་གནོད་བྱེད་ཤོག༔ ཅེས་པའི་སྨོན་ལམ་ལོག་པ་བཏབ་ནས་ཤི༔ སྔོན་གྱི་རྒྱལ་བུ་ཆགས་པ་བདག་གི་ཡབ༔ མ་ནི་སྡང་སེམས་སྐྱེས་པ་ད་ལྟ་མ༔ ཁྱོད་ནི་དེ་དུས་བདག་གི་དྲོ་གཡོག་མ༔ ལས་ཀྱི་འབྲས་བུ་དེ་ལྟར་མྱོང་བ་ཡིན༔ ང་ནི་རིག་འཛིན་མཁའ་འགྲོའི་ཚོགས་རྗེ་སྟེ༔ མིང་ནི་ཚོགས་བདག་གཟི་བརྗིད་ལྡན་མར་གསོལ༔ ད་ལྟར་དགེ་བའི་ས་བོན་མ་བཞག་ན༔ ཕྱིས་སུ་ལེ་ལོ་བག་ཆགས་འབྲས་བུ་ལྡང་༔ རྒྱལ་པོའི་ཕོ་བྲང་རྒྱལ་མདུན་བདག་མི་འོང་༔ ཁོ་མོ་རང་དྲིན་རང་ལ་མ་ཆེ་ན༔ རྒྱལ་པོ་ཡབ་ཡུམ་དྲིན་ལ་ཆེ་རྒྱུ་མེད༔ ཅེས་གསུངས་རྒྱལ་མདུན་འགྲོ་བའི་དོན་མ་གནང་༔ ཡང་ཡང་ཞུས་ཀྱང་མ་འབྱོན་གཡོག་མོ་ནི༔ རྒྱལ་སར་རྒྱལ་པོའི་མདུན་ཞུས་གསུངས་ལན་ཕུལ༔ ཀྱེེ༔ རྒྱལ་པོ་དམ་པ་རིན་པོ་ཆེ་ཉིད་ལགས༔ སྲས་མོ་འདི་ནི་སྲིད་པའི་དཔེ་མི་སྲིད༔ འདས་དང་མ་འོངས་ད་ལྟ་ལོ་རྒྱུས་མཁྱེན༔ རྒྱལ་པོའི་མདུན་དུ་འོང་བའི་ངག་མི་ཉན༔ ཞུས་པས་རྒྱལ་པོའི་ཐུགས་ནི་རབ་ཏུ་ཁྲོས༔ རྒྱལ་པོའི་རྐང་འདྲེན་སྤྲང་མོ་སྣང་མཐོ་མ༔ མི་དྲན་དགུ་དྲན་བུད་མེད་རི་བོང་ཡིན༔ དེ་སྔ་བདག་ཏུ་མ་བཟུང་ངན་མཐོང་བྱེད༔ ད་ཡང་ཡབ་ཡུམ་ངག་ལ་མི་ཉན་ན༔ གསོད་ན་རང་གི་ཤ་ལས་ཆད་པས་སྡིག༔ རང་ཡན་བཏང་ན་རྗེས་སུ་གནོད་པ་འོང་༔ བློན་ཆེན་སྟོབས་རྩལ་ལྡན་པ་ཁྱོད་སོང་ལ༔ གཡོག་སྤྲང་མོ་གཉིས་བཙོན་དོང་ནང་དུ་བསྡུས༔ མ་ཤི་བར་དུ་གཏོང་བར་མི་རིགས་གསུངས༔ དེ་ལ་བློན་པོས་རྒྱལ་ལ་ཞུ་འབུལ་བགྱིས༔ ཀྱེ༔ དབང་ཆེན་རྒྱལ་པོ་དམ་པ་སྙན་གསོན་ལགས༔ རྒྱལ་གྱི་སྲས་མོ་ཡ་མཚན་ཚུལ་བཟང་མ༔ ལྷ་དང་ལྷ་མིན་ཚོགས་ཀྱིས་འཚོ་བ་འདྲེན༔ འདི་ཉིད་འཁྲུངས་ནས་རྒྱལ་ཁམས་ཤིན་ཏུ་བདེ༔ ཚོགས་སྐལ་རེ་ཡིས་ཉིན་ཞག་བཅུ་རེ་འགྲངས༔ རེ་ཞིག་ཅི་དགའ་རྒྱལ་པོ་ཀློད་པར་ཞུས༔ དེ་ལ་རྒྱལ་པོ་ཁྲོས་ནས་བློན་པོ་ལ༔ རྒྱལ་པོ་བཀའ་ཡིས་སྨྲ་བ་ལན་གཅིག་ཡིན༔ རྣོན་པོ་མཚོན་གྱིས་གཡུག་པ་ལན་གཅིག་ཡིན༔ མ་གསོས་བུ་མོ་ཆུང་ནས་ཕྲག་དོག་ཅན༔ ནམ་ཞིག་ཕུང་བའི་རིགས་ཤིག་ཡིན་པར་ངེས༔ རྒྱལ་པོའི་ཁྲིམས་གཅོད་རང་གི་བུ་ལ་གཅོད༔ ད་ལྟར་བཙོན་དོང་ནག་པོའི་ནང་དུ་བསྡུས༔ ཞེས་སུ་བློན་ལ་བཀྱོན་ཕབ་མ་གནང་གྱུར༔ བློན་པོ་གཡོག་མོ་གཉིས་ནི་བུ་མོའི་མདུན༔ ཕྱིན་ཏེ་བློན་པོས་འདི་སྐད་ཞུ་བ་ཕུལ༔ ཀྱེེ༔ གསོན་ཅིག་རིགས་བཟང་ལྷ་ཡི་ལྷར་གྱུར་མ༔ སྲས་མོ་རྒྱལ་སར་རྒྱལ་པོའི་ས་འཛིན་མཛད༔ མ་གནང་རྒྱལ་པོ་ཁྲོས་ནས་བཀའ་ཡིས་བཀྱོན༔ ལས་ངན་བྱ་བ་བློན་པོའི་བློ་མ་འཁྲུལ༔ རྒྱལ་པོར་ཞུས་ཀྱང་མ་གནང་བྱ་བ་འདི༔ ནམ་ཞིག་འཁྲུལ་པ་མཆིས་ན་མཐོལ་ལོ་བཤགས༔ དཔོན་གཡོག་བཙོན་ཁང་ནང་དུ་འགྲོ་བར་རིགས༔ ཞེས་ཞུས་ཚོགས་བདག་གཟི་བརྗིད་ལན་གསུངས་པ༔ ཧོ༔ ཉོན་དང་བློན་པོ་བསམ་བཟང་ཡིད་དགེ་བ༔ རྒྱལ་ལས་སྐྱེས་ཀྱང་མ་འདོད་གཡོག་མོར་བཅོལ༔ རང་ཡན་སྤྱོད་ཀྱང་དབང་མེད་བཙོན་དོང་བསྡུ༔ སྔ་དྲོ་བདེ་ཡང་ཕྱི་དྲོར་སྡུག་བསྔལ་རྒྱུ༔ དགེ་བ་འདོད་ཀྱང་གྲུབ་མེད་མི་རྟག་པ༔ ད་ནི་ཡབ་ཀྱི་ཐུགས་དམ་སྐོང་བ་དང་༔ ཡུམ་གྱི་ཞེ་ཁ་གཏིང་ནས་འཚེང་བ་དང་༔ བློན་ལ་རྒྱལ་པོས་བཀའ་ངན་མེད་ཕྱིར་དང་༔ བུ་མོ་དགེ་སྦྱོར་འཕེལ་ཕྱིར་འདུག་ཏུ་འགྲོ༔ ད་ལྟ་དགེ་སྦྱོར་ཟབ་མོ་མ་འགྲུབ་ན༔ ཕྱི་མ་འཁོར་བའི་བཙོན་རར་ཆུད་ཉེན་འདུག༔ བཙན་དུག་ཧ་ལ་འདྲ་བའི་རྒྱལ་པོའི་ཟས༔ དེ་སྔར་མ་ཟོས་ད་ཡང་མི་བཟའ་སྨོན༔ གོས་བཟང་ཚེར་མ་འདྲ་བ་རྒྱལ་པོའི་གོས༔ དེ་སྔར་མ་གོན་ད་ཡང་མི་གྱོན་སྨོན༔ སྲོག་གཅོད་ཤན་པ་འདྲ་བ་རྒྱལ་པོའི་ལས༔ དེ་སྔར་མ་སྤྱོད་ད་ཡང་མི་སྤྱོད་སྨོན༔ དུག་སྦྲུལ་ཚང་ཞུགས་འདྲ་བའི་རྒྱལ་པོའི་གྲོགས༔ དེ་སྔར་མ་འགྲོགས་ད་ཡང་མི་འགྲོགས་སྨོན༔ ཞེས་གསུངས་དཔོན་གཡོག་གཉིས་ཀ་བཙོན་དོང་བཙུད༔ དེ་སྐད་གསུངས་པ་ཐོས་པས་རྒྱལ་པོ་ཁྲོས༔ ཉིན་རེ་བཞིན་དུ་རྒྱལ་པོའི་ངན་ཚིག་རྫོང་༔ ཉོན་དང་རྒྱལ་པོའི་རྒྱལ་སྲས་སྐྱེས་པ་ལ༔ མི་རྗེ་དབང་ལ་གྲགས་པའི་གཏམ་རྣ་དགོས༔ ཕ་ཚན་བུ་མོའི་ཐེངས་གསུམ་རྒོལ་ཡང་བཟོད༔ ཉེར་ལེན་དྲག་ན་ཐོག་ཏུ་ཕེབ་པ་ཡོད༔ བུ་ཚ་ཕ་མའི་ངག་ལ་མ་ཉན་ན༔ རང་སྡུག་རང་ཉེས་བྱ་བ་བསླད་པ་ཡིན༔ ཚོགས་འཁོར་ཡོད་ན་ད་ལྟར་ལོངས་སྤྱོད་གྱིས༔ མི་མ་ཡིན་པ་ཡོད་ན་གྲོགས་སུ་ཁུག༔ ཆུ་ཐིགས་རེ་དང་ཉ་ཤ་དུམ་རེ་བསྐུར༔ ཞེ་གནག་ཚིག་གིས་ཞེ་ཤ་བཅད་ཀྱིན་བཞག༔ བུ་མོ་བཙོན་ཁང་ལྷ་ཡི་གཞལ་ཡས་ཁང་༔ ལྷ་མིའི་མཆོད་རྫས་ཤ་ཆང་བདུད་རྩིའི་ཟས༔ བུ་མོའི་རང་འོད་མུན་པ་བསལ་ནས་བཞུགས༔ མི་མ་ཡིན་གྱིས་སྡོང་གྲོགས་རྒྱ་ཆེར་མཛད༔ ཤ་ཆེན་ཚོགས་དང་འཚོ་བ་བསམ་མི་ཁྱབ༔ རེ་ཞིག་རྒྱལ་པོ་འདུ་བའི་ནད་ཀྱིས་གདུང་༔ ཉ་མོ་བྱེ་ཚན་འཕང་འདྲའི་ཟུག་གཟེར་མང་༔ ཉིན་མཚན་དུས་མེད་སྡུག་བསྔལ་མཚོ་རུ་སྦྱངས༔ དེ་ཚེ་འཆི་མེད་ཚེ་དབང་རིག་འཛིན་གྱིས༔ དྲག་རྩུབ་ཞིང་ཁམས་གདུལ་བྱར་གཟིགས་པ་དང་༔ ཚོགས་བདག་མཁའ་འགྲོ་གྲོགས་སུ་བཀུགས་པ་དང་༔ གང་འདུལ་ཐབས་ཀྱི་ཇོ་ཇོ་ཞིག་སྤྲུལ་ནས༔ བྲ་མོ་རྩིས་ཀྱི་སྤྱོད་ཆས་ཞིག་ཁུར་ཞིང་༔ དྲག་རྩུབ་རྒྱལ་པོའི་ཕོ་བྲང་སྒོ་ཁར་ཕྱིན༔ ཁ་ཟས་སློང་ཚུལ་མཛད་པའི་ཚུལ་དུ་བསྟན༔ འགྲོས་འགྲུལ་སྒོ་དམ་ཉིན་ཕྱེད་ཙམ་དུ་ལུས༔ གཡོག་མོ་ཞིག་གིས་ཁྱི་ལ་ལྟོ་སྤྲོད་འཕྲད༔ ཇོ་བོ་ཁྱོད་ཉིད་གར་འགྲོ་ཁུར་པོ་གང་༔ བརྗོད་པས་ཇོ་བོས་ང་ཉིད་རྒྱ་གར་བ༔ རྒྱལ་ཁམས་ཡོངས་ལ་མོ་རྩིས་དཔྱད་དུ་འགྲོ༔ ལྟོ་ཞིག་གནང་ཤོག་བདག་ནི་ཕྱི་ལོག་འགྲོ༔ གཡོག་མོས་ཟས་ལྷག་ཅུང་སྟེར་ཕྱིར་ལོག་སོང་༔ རྒྱལ་མོ་ཡུམ་ལ་ཞུས་ཏེ་རྒྱལ་པོས་གསན༔ དེ་ཉིད་རྩར་ཆོད་ཕོ་བྲང་ཁྲིད་ལ་ཤོག༔ གསུངས་བཞིན་གཡོག་མོས་ཕྱོགས་སུ་བཙལ་བྱས་ནས༔ ཇོ་བོ་དེ་ལ་རྒྱལ་སར་ཕེབས་པ་གྱིས༔ རྒྱལ་པོ་ཡབ་ཡུམ་དཔྱད་ཀྱི་བརྟག་བྱ་དགོས༔ ཟེར་ནས་རྒྱལ་གྱི་མདུན་ས་ཆེན་པོར་ཁྲིད༔ འཚོ་བ་དྲངས་ནས་རྒྱལ་པོས་འདི་སྐད་སྩལ༔ ཇོ་བོ་ཁྱོད་ཀྱི་ཡུལ་དང་མིང་ཇི་སྐད༔ བདག་ཅག་རྒྱལ་པོའི་ཞིང་འདི་དྲག་རྩུབ་ཅན༔ སུ་དང་གང་གི་གནོད་པས་མི་ཚུགས་ཀྱང་༔ འདི་ལོར་བདག་ལ་འདུ་བའི་ནད་ཀྱིས་གདུང་༔ དེ་ལ་ཕན་ཐབས་ཇོ་བོ་ཁྱོད་ཀྱིས་མཁྱེན༔ ཞེས་གསུངས་བདག་ནི་རྒྱ་གར་ཤར་གྱི་ཕྱོགས༔ བྲམ་ཟེ་ཨརྱ་དེ་བ་ཞེས་བྱ་ཡིན༔ སྟག་གཟིག་གྱིམ་ཤང་ནག་པོའི་ཡུལ་དུ་ཕྱིན༔ རྒྱལ་པོ་ཀ་ལ་ཙ་བ་ཞེས་བྱ་ལ༔ འཇིག་རྟེན་ཆགས་འཇིག་སྐྱེ་འགྲོ་བདེ་སྡུག་རྩིས༔ ལེགས་པར་སྦྱངས་ནས་ཕྱོགས་མེད་རྩིས་བགྲངས་འགྲོ༔ ཞེས་ཞུས་དཔྱད་ཆས་བཀྲོལ་ཞིང་ལྷ་འབོད་བཏང་༔ རྩིས་གཞིར་དཀར་ནག་རྡེའུ་ལེགས་པར་བཀྲམས༔ ཀྱེེ༔ རྒྱལ་པོ་ཡབ་ཡུམ་སྙན་གྱིས་གསོན་མཛོད་ཅིག༔ གནམ་ལོ་འདི་ལ་རྒྱལ་པོ་གེགས་ཆེ་ཞིང་༔ ལྷ་ཉིད་བདུད་བབ་བཙན་གྱི་ཤྭ་རྡོ་བཀྲམས༔ ཀླུ་ཡི་ཁ་རླངས་ཚེ་སྲོག་མདངས་ལ་རློམས༔ རྐྱེན་རྣམས་བཟློག་པའི་ཐབས་ནི་རབ་ཏུ་དཀའ༔ ཟུར་བརྒྱད་ཕོ་བྲང་རྩེ་ལ་གསས་རྡོ་བཙུགས༔ ཕོ་བྲང་ཕྱོགས་བཞིར་བདུད་འདུལ་མཆོད་རྟེན་བཞེངས༔ དུག་མཚོ་ནག་པོར་རིན་ཆེན་གཏེར་སྦས་ན༔ རྒྱལ་པོའི་ནད་འདི་མཐའ་སེལ་ཡོང་བར་རིགས༔ ཞེས་ཞུས་རྒྱལ་བློན་ཡོངས་ཀྱིས་གྲོས་སུ་བླུག༔ སྐུ་རིམ་དཔྱད་མཁན་རང་གིས་སྒྲུབ་པར་ཞུས༔ དེ་ལ་དང་པོ་ཕོ་བྲང་རྩེ་རུ་ཕྱིན༔ བཙན་རྒོད་དམར་པོའི་ཆོ་འཕྲུལ་ཐོག་སེར་ཕབ༔ དཔྱད་མཁན་ཁྲོ་རྒྱལ་རྟ་མགྲིན་སྐུ་རུ་བཞེངས༔ བཙན་སྲི་དབང་བསྡུས་མི་ལྡོག་ཟིལ་གྱིས་མནན༔ ཕྱོགས་བཞིར་མཆོད་རྟེན་བཞི་བཞེངས་དྲེགས་པ་མནན༔ དུག་མཚོར་ཕྱིན་ནས་ཀླུ་སྲིན་དམ་ལ་བཏགས༔ བྱ་ཁྱུང་སྐུར་ཁྲོས་ཀླུ་ཡིས་སྲོག་སྙིང་ཕུལ༔ རྒྱལ་པོའི་ནད་སེལ་དཔྱད་མཁན་གཏང་རག་ཕུལ༔ ཇོ་བོ་གཙོར་བཟུང་དགེ་བ་སྒྲུབ་པར་ཆད༔ རྒྱལ་པོ་ཡབ་ཡུམ་བློན་འབངས་བདེ་བར་བྱས༔ རྒྱལ་པོ་སྔར་ལས་དྲེགས་པ་ཆེར་སྤྱོད་ཅིང་༔ རྒྱལ་ཁམས་ཁྲིམས་ཀྱིས་གཅོད་འདྲལ་མི་དགེར་ལྡང་༔ དེ་ཚེ་འཆི་མེད་རིག་འཛིན་སྤྲུལ་པའི་སྐུ༔ ཚོགས་བདག་གཟི་བརྗིད་བཞུགས་པའི་གནས་སུ་ཕེབས༔ སྐུ་ཉིད་དངོས་བསྟན་ལོ་བརྒྱད་གཞོན་ནུའི་ཚུལ༔ སྐུ་མདོག་དཀར་དམར་བཀྲག་མདངས་ལྡན་པར་བཞུགས༔ ཚོགས་བདག་གཟི་བརྗིད་སྐུ་ཤ་རྒྱས་ཉམས་འབར༔ ཚོགས་ཀྱི་འཁོར་ལོ་ཉིད་ལ་རོལ་པ་མཛད༔ གསང་བ་སྔགས་ཀྱི་དཀྱིལ་འཁོར་བརྒྱ་ཕྲག་སྒྲུབ༔ ཕྱི་ནང་གསང་བའི་གདམས་པའི་བཀའ་འཁོར་བསྐོར༔ ངོ་སྤྲོད་དོན་གྱི་སྙིང་པོའི་བཅུད་རྣམས་གསུངས༔ ཉིན་པར་མི་གཟུགས་སྤྲུལ་ནས་འགྲོ་དོན་མཛད༔ མཚན་མོར་ལྷ་སྲིན་དྲེགས་པ་ཐམས་ཅད་བཏུལ༔ ཡབ་ཡུམ་རོལ་བས་བདེ་ཆེན་མཆོག་ལ་རེག༔ དེ་ཚེ་བཙོན་སྲུང་རྣམས་ཀྱི་ཡིད་འཕྲིག་ཅིང་༔ ཇོ་བོ་དེ་ནི་བཙོན་ཁང་ནང་དུ་འདུག༔ རྒྱལ་པོའི་སྲས་མོ་སྟངས་དཔྱལ་ཚུལ་དུ་བསྟན༔ བཙོན་རྫི་རྒྱལ་པོའི་ཁྲིམས་འཇིགས་འདུག་མ་ཕོད༔ རྒྱལ་ས་ཉིད་ལ་ཞུ་བ་འབུལ་དུ་སོང་༔ ཀྱེེ༔ དབང་ཆེན་རྒྱལ་པོ་ཆེན་པོ་དམ་པ་ལགས༔ ངེད་ཅག་བཙོན་སྲུང་རྣམས་ཀྱིས་བལྟ་ཉུལ་བྱས༔ ཇོ་བོ་དེ་ཡིས་སྲས་མོ་བསླུ་རུ་འདུག༔ ནང་དུ་ཐར་རེ་མི་འདུག་བསྲུང་ན་ཡང་༔ ཁོ་ནི་གཡོ་ཅན་གཅིག་ཏུ་འདུག་པ་འདྲ༔ སྔར་ནས་མ་གཟིགས་མི་འོས་ཚར་ནས་འགྱོད༔ དེ་ཕྱིར་འདུག་མ་ཕོད་ཅིང་ཞུ་བ་ལགས༔ རྒྱལ་པོས་བཙོན་རྫི་རྣམས་ལ་རྟོག་དཔྱོད་ཐོངས༔ ངེས་པར་ཡིན་ན་རྒྱལ་གྱི་ཆད་པས་གཅོད༔ ཡང་ཡང་བལྟས་ཀྱང་མི་འགྲོ་འདུག་ནས་ཀྱང་༔ རྒྱལ་ལ་ཡང་ཞུས་བློན་པོའི་ཚོགས་ཀུན་བསྡུས༔ ཉོན་དང་རྒྱལ་པོའི་བློན་པོ་ཚོགས་རྣམས་ཉོན༔ སྐྱེས་མ་མྱོང་བའི་ངན་སྡིག་བུ་མོ་སྐྱེས༔ ན་མ་མྱོང་བའི་འདུ་བ་ནད་ཀྱིས་ཟིན༔ འོང་མ་མྱོང་བའི་ཇོ་བོ་ཁེར་འཁྱར་བྱུང་༔ བབ་མ་མྱོང་བའི་ཐོག་སེར་དྲག་པོ་བབས༔ ལས་མ་མྱོང་བའི་ཕྱོགས་བཞིར་འཛེར་བཞི་གདབ༔ གསོལ་མ་མྱོང་བའི་དུག་མཚོ་ནག་པོར་གསོལ༔ ད་ནི་ཐར་མེད་བཙོན་དོང་འདུག་པ་དེ༔ འདིར་བཞག་ནམ་ཞིག་རྒྱལ་ཁམས་ཕུང་པ་ཡིན༔ ད་ནི་ཁོ་གཉིས་ཟུངས་ལ་ཆུ་ནུ་གཡུག༔ ཅེས་གསུངས་རྒྱལ་པོ་ཤིན་ཏུ་དྲེགས་པར་གྱུར༔ དེ་ལ་བློན་པོ་སྟོབས་ཆེན་གྱིས་ཞུས་པ༔ ཀྱེེ༔ གསོན་དང་རྒྱལ་པོ་དྲེགས་པའི་འཁོར་ལོ་ལགས༔ རྒྱལ་པོའི་གསུང་ལ་ཕྱིར་ལྡོག་མ་ཡིན་ཀྱང་༔ བྱ་བ་གང་ལ་བརྟག་ཅིང་དཔྱད་པ་ལེགས༔ རྒྱལ་པོ་ཁྲི་ལ་བརྗིད་ན་བརྟན་གཞི་ཚུགས༔ བློན་པོ་ཚོད་ལ་བརྗིད་ན་ཉེས་ཚབས་མེད༔ སྲས་མོ་འཁྲུངས་ནས་ལྟས་བཟང་སྣ་ཚོགས་ཤར༔ རྒྱལ་ཁམས་མངའ་རིས་ཀུན་ཀྱང་བདེ་བ་ཐོབ༔ བར་དུ་དཔྱད་མཁན་རྒྱལ་པོ་ནད་ལས་གྲོལ༔ ཐར་ས་མེད་པའི་བཙོན་ཁང་ཟང་ཐལ་ཕྱིན༔ དེ་ལ་ཉེ་ཚབས་ཆེ་བ་བྱ་རྒྱུ་མེད༔ རང་ཤར་ཆད་པའི་བུ་མོ་གསོད་ན་སྡིག༔ དཔྱད་མཁན་བསད་ན་སློབ་དཔོན་ལྷ་དང་འགལ༔ མ་སྲིད་པ་ཡི་གཏམ་དེས་རྒྱལ་ཁམས་ཁྲེལ༔ རྒྱལ་སྲིད་རྒྱལ་པོའི་ཐུགས་ལ་འགལ་སྲིད་ན༔ ཁོ་རང་གཉིས་ཀ་ས་མཐར་སྤྱུགས་པར་རིགས༔ ཐུགས་འཁྲུགས་སོང་ན་རྒྱལ་ལ་བཟོད་གསོལ་ཞུས༔ རྒྱལ་པོ་དེ་ལས་ལྷག་པར་ཤིན་ཏུ་ཁྲོས༔ གློ་མོ་དྲེགས་པ་ཅན་ཚོ་མདུན་དུ་བསྡུས༔ དེ་སྔར་རྒྱལ་གྱི་བྱ་བ་གང་ལ་ཉེས༔ མི་འཁྱར་འཚག་ན་ཐ་མ་གཤེས་དྲི་བྲོ༔ གཏམ་འཁྱལ་བཤད་ན་ཐ་མ་རང་མགོ་འཁོར༔ ཞེ་ནད་ཅན་གྱི་ལས་དེ་ཐུལ་ན་དགའ༔ ད་ལྟ་ཁོ་གཉིས་ཁྲོ་ཆུའི་ཕ་བོང་དང་༔ ལྕགས་སྒྲོག་བསྡམས་ནས་དུག་མཚོར་གཏིང་རྡོར་འཕོང་༔ གཡོག་མོ་ཁོ་རང་ས་ཡི་མཐའ་རུ་སྐོར༔ ཞེས་གསུངས་གནང་པ་མ་བྱུང་དུས་ལ་བབ༔ མི་དགེར་ཕྱོགས་པའི་རྒྱལ་བློན་ཐམས་ཅད་ཀྱིས༔ བཟུང་ནས་དུག་མཚོ་ནག་པོར་གཏིང་རྡོར་འཕང་༔ གཡོག་མོ་ས་མཐར་ཕུད་ཅིང་ས་མཚམས་བཅད༔ རྒྱལ་པོ་འབངས་འཁོར་བདེ་བར་བཅས་ཏེ་འདུག༔ སང་ཉིན་ཉི་མ་རྩེ་ཤར་དུས་ཀྱི་ཚེ༔ ནམ་མཁའི་ཁམས་སུ་འཇའ་ཚོན་འོད་ཀྱིས་གང་༔ བར་སྣང་ལྷ་དང་ལྷ་མོས་རོལ་མོ་འཁྲོལ༔ ས་གཞིར་མི་ནོར་བྱ་གཅན་རི་དྭགས་སོགས༔ དུག་མཚོའི་ཕྱོགས་སུ་ཁ་བལྟས་ཉུལ་ཉུལ་རྒྱུག༔ རྒྱལ་བློན་འཁོར་ཚོགས་སེམས་ནི་མ་བདེ་འཁྲུགས༔ རྐང་མགྱོགས་དུག་མཚོར་ཉུལ་མ་བཏང་བ་ལ༔ མཚོ་དབུས་པདྨ་གེ་སར་རྒྱས་པའི་སྟེང་༔ སྤྲུལ་པའི་རིག་འཛིན་དཀར་དམར་མཚན་དཔེ་ལྡན༔ རིན་ཆེན་ཆས་ཅན་དར་ཟབ་ན་ཟ་གསོལ༔ ཕྱག་ན་དགོས་འདོད་འབྱུང་བའི་ནོར་བུ་བསྣམས༔ ཚོགས་བདག་གཟི་བརྗིད་སྐུ་ཤ་རྒྱས་པའི་ཚུལ༔ དཀར་མོ་ཨུཏྤལ་འཛིན་པ་པད་གཡོན་བཞུགས༔ ཕྱོགས་བཞིར་མཁའ་འགྲོ་དཀར་སེར་དམར་སྔོ་བཞིས༔ མཆོད་པའི་བྱེ་བྲག་སྣ་ཚོགས་འཛིན་ནས་བསྐོར༔ མཐའ་སྐོར་ཀླུ་རྒྱལ་ཚོགས་ཀྱིས་རིན་ཆེན་ཐོགས༔ ཀུན་གྱིས་ཕྱག་འཚལ་མཆོད་བསྟོད་གསོལ་བ་འདེབས༔ ཁྲོ་ཆུ་ཕ་བོང་ལྕགས་སྒྲོག་བར་སྣང་ཁར༔ བཞུགས་ཤིང་ངོ་མཚར་ཆེ་བའི་བཀའ་རྟགས་མཛད༔ རྐང་མགྱོགས་ཕྱིར་ལོག་རྒྱལ་བློན་མདུན་དུ་ཕྱིན༔ ཀྱེེ༔ མངའ་དབང་ཆེ་བའི་རྒྱལ་བློན་སྙན་གྱིས་གསོན༔ དུག་མཚོ་སྔར་དང་མི་འདྲ་འོ་མ་འདྲ༔ མཚོ་དབུས་པད་སྟེང་རིག་འཛིན་ངོ་མཚར་བཞུགས༔ ཚོགས་བདག་གཟི་བརྗིད་ཆུ་དར་མེ་ཏོག་བརྒྱན༔ དགྱེས་པའི་ཚུལ་གྱིས་པད་གཡོན་བདེ་བར་བཞུགས༔ སྔར་གྱི་མཐོང་ཚད་དྲང་པོར་ཞུ་བ་ཕུལ༔ ད་ནི་ཀླུ་རྒྱལ་ཚོགས་ཀྱིས་སྤྱན་འདྲེན་བྱེད༔ མ་བྱོན་སྔོན་དུ་རྐང་མགྱོགས་ཕྱིར་ལོག་ཞུས༔ དེ་ཚེ་རྒྱལ་པོ་ཡབ་ཡུམ་བློན་འབངས་བཅས༔ འགྱོད་པ་སྐྱེས་ཏེ་རེ་ཞིག་བརྗོད་མེད་ལུས༔ དེ་ལ་བློན་པོ་སྟོབས་ཆེན་ཅན་གྱིས་ཞུས༔ ཀྱེེ༔ འཇིག་རྟེན་ཁམས་ན་དབང་ཆེན་དྲེགས་པའི་རྒྱལ༔ ཡིད་བཞིན་ནོར་བུ་ཡོད་ཀྱང་དོན་མ་རྟོགས༔ མ་ལེགས་བྱ་བ་བསྒྲུབས་ན་བློ་ལོག་ཡིན༔ མ་བརྟག་མཁས་པ་འཛོམས་ཀྱང་དོན་མེད་ཡིན༔ ལས་དང་བྱ་བ་མི་མཐུན་སོ་སོར་འགལ༔ ཀྱེ་མ་ཀྱི་ཧུད་ཐ་མ་སྙིང་རེ་ན༔ ད་ནི་བསམ་ཞིང་བསམ་ན་རང་བློ་འཁྲུལ༔ རྒྱལ་པོ་ཡབ་ཡུམ་སྲས་བློན་འབངས་འཁོར་ཚོགས༔ འགྱོད་པའི་རྗེས་སུ་བཤགས་པ་འབུལ་དུ་འགྲོ༔ རྒྱལ་བ་བྱམས་དང་སྙིང་རྗེའི་བདག་ཉིད་ཅན༔ རྒྱལ་བློན་ལས་ངན་ཐུགས་རྗེས་བཟུང་ཤས་ཆེ༔ ཞེས་ཞུས་ཐམས་ཅད་དུག་མཚོའི་ཁ་རུ་བསྐྱོད༔ གུས་པས་ཕྱག་འཚལ་གདུང་བའི་མཆི་མ་བཏང་༔ རྒྱལ་པོ་དྲེགས་པ་འཁོར་ལོ་འདི་སྐད་ཞུས༔ ཀྱེེ༔ གསོན་ཅིག་རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ རྒྱལ་པོའི་བུ་མོ་སྲས་ཀྱི་རྨིས་ལྟས་བཟང་༔ ཡིད་སྨོན་མ་གྱུར་བུ་མོ་ཕ་མས་བོར༔ མ་དག་རྒྱལ་པོ་རྒྱལ་ཁམས་དྲེགས་པ་ཆེར༔ སྐུ་ཉིད་དངོས་སུ་མ་བསྟན་སྦས་པའི་ཚུལ༔ སངས་རྒྱས་དངོས་སུ་མཇལ་ཡང་ཞལ་མ་འཚོས༔ མ་རིག་དབང་གིས་ལོག་པའི་ལས་སྤྱོད་རྣམས༔ རྒྱལ་བ་ཁྱོད་ཀྱི་ཐུགས་ལ་བཟོད་པར་གསོལ༔ རྒྱལ་སྲིད་བསྐོར་དང་མངའ་རིས་འཁོར་འབངས་བཅས༔ མ་ལུས་ཚོགས་སུ་འབུལ་ལོ་ཐུགས་རྗེས་ཟུངས༔ ཞེས་ཞུས་རིག་འཛིན་ཡབ་ཡུམ་བར་སྣང་ཁམས༔ ཁྲོ་ཆུ་ཕ་བོང་སྟེང་དུ་གར་གྱིས་བཞེངས༔ ཕྱོགས་བཅུར་ལྟ་སྟངས་མཛད་ཅིང་འདི་སྐད་གསུངས༔ ཨ་ཧོ༔ ལེགས་པར་ཉོན་དང་དྲག་རྩུབ་རྒྱལ་པོ་ཁྱོད༔ ད་ལྟ་རང་དབང་ཆེ་བའི་སྡིག་རྒྱལ་སྐྱེས༔ མི་དགེར་སྤྱོད་པའི་རྣམ་སྨིན་འཕྲལ་དུ་འོང་༔ ད་ནི་རྒྱལ་ཀུན་སེམས་ཅན་དོན་དུ་བསྐུལ༔ འཆི་མེད་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་མངའ་བདག་མོ༔ ཚོགས་བདག་གཟི་བརྗིད་ཚོགས་ཀྱི་མངའ་བདག་གཤེགས༔ རྒྱལ་ལས་སྐྱེས་ཀྱང་རང་ཤ་རང་གིས་གཅོད༔ དཔྱད་མཁན་རྒྱལ་པོས་ནད་སེལ་ཅི་གསུངས་བསྒྲུབས༔ མཚམས་མེད་ལྔ་ཡི་ལས་ལ་བཤགས་ཡོད་ཀྱང་༔ ལོག་པ་བལྟ་ལ་གཉེན་པོས་བཤགས་སུ་མེད༔ རྣམ་སྨིན་དུག་མཚོ་ནག་པོ་བཞིན་དུ་བསྐྱིལ༔ མཚོ་སྐོམས་ཁྲོ་ཆུ་ཕ་བོང་མ་ལྟུང་བར༔ རྒྱལ་པོ་ཁྱོད་ཉིད་ཐར་པ་ཐོབ་པར་དཀའ༔ ཁྱོད་རང་མི་དགེ་སྤྱོད་པའི་ལས་ཀྱིས་ལན༔ ད་ནི་དགེ་བའི་ལས་ལ་ཐང་ཤ་ཆོད༔ དེ་སྐད་གསུངས་ནས་འོག་ཕྱོགས་ཀླུ་ཡི་ཡུལ༔ ཀླུ་རིགས་རྣམས་ཀྱིས་སྤྱན་དྲངས་གཤེགས་པར་གྱུར༔ རྒྱལ་པོ་ཡབ་ཡུམ་འཁོར་བཅས་རང་ཡུལ་ལོག༔ ཀླུ་ཡུལ་ཆུ་དར་སྔོན་པོའི་གུར་ནང་བཞུགས༔ ཀླུ་ཡིས་མཆོད་པའི་སྤྲིན་ཚོགས་རྒྱ་ཆེར་ཕུལ༔ ཀླུ་ལ་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར༔ ཀླུ་རྣམས་བདེ་བའི་སེམས་དང་ལྡན་པར་མཛད༔ ཐ་ཚིག་དམ་བཅའ་མནོས་ནས་བསྟན་པ་སྲུང་༔ ཀླུ་ཡུལ་འགྲོ་དོན་མཐའ་རུ་ཕྱིན་པར་མཛད༔ དེ་ཚེ་རྒྱལ་པོ་དྲེགས་པ་འཁོར་ལོ་ནི༔ རིག་འཛིན་ཡབ་ཡུམ་གནག་པའི་སྦྱོར་ངན་གྱིས༔ ཀླུ་ཡི་དུག་རླངས་ཛི་ཏི་ཛ་ལས་ཟིན༔ དཔྱད་མཁན་བཙལ་ཀྱང་མ་ཕན་ལུས་པོ་སྐྲང་༔ ཉིན་མཚན་མེད་པ་སྙིང་དཀྱིལ་ཆུ་བླུག་འདྲ༔ སྤྱོད་ངན་བྱ་བ་དྲན་ནས་ལོ་དགུར་མནར༔ འཆི་མེད་རིག་འཛིན་པད་སྡོང་རྩེ་མོར་བྱོན༔ སྔར་བཞིན་ཡ་མཚན་ལྟས་བཟང་མང་པོ་ཤར༔ རྒྱལ་ལ་ཞུས་ཀྱང་འགྲོ་བར་མ་ནུས་ཏེ༔ བློན་འཁོར་བསྡུས་ནས་རྒྱལ་པོས་འདི་སྐད་གསུངས༔ ཀྱེ་མ༔ ཉོན་དང་རྒྱལ་སྲས་བློན་འཁོར་ཚོགས༔ བསོད་ནམས་དམན་པས་སྐྱོབ་པའི་ལྷ་དང་བྲལ༔ ལས་ངན་སྡིག་བསགས་སློབ་དཔོན་ལྷ་དང་འགལ༔ རང་ཤར་ཆད་པའི་བུ་མོར་ཉེས་བཀྱོན་ཕབ༔ ད་ནི་ལས་འབྲས་རྣམ་སྨིན་འཕྲལ་དུ་ལྕི༔ རྒྱལ་བུ་བློན་འབངས་མཆོད་པའི་སྤྲིན་ཚོགས་བཅས༔ དུག་མཚོར་སྤྲུལ་པའི་ཡབ་ཡུམ་མདུན་དུ་སོང་༔ རྒྱལ་པོ་ནད་ཀྱིས་གདུང་དང་སྡུག་བསྔལ་མནར༔ འདི་ལས་སྐྱོབས་ཕྱིར་སྙིང་རྗེས་གཟིགས་པར་ཞུས༔ འདི་ཕྱི་ཐུགས་རྗེས་མ་བོར་གསོལ་བ་ཐོབ༔ ཅེས་གསུངས་རྒྱལ་བུ་དྲག་གསལ་བློན་འཁོར་བཅས༔ རྒྱལ་པོའི་བཀའ་བཞིན་མཚོ་འགྲམ་རིག་འཛིན་མདུན༔ མཆོད་སྤྲིན་ཕུལ་ནས་རྒྱལ་བུས་འདི་སྐད་གསོལ༔ ཀྱེེ༔ སྐྱེ་དགུའི་འདྲེན་པ་འཆི་མེད་རིག་འཛིན་རྗེ༔ ཡེ་ཤེས་མཁའ་འགྲོ་གསང་ཆེན་གསང་བའི་བདག༔ ཀུན་སྒྲོལ་ཡུམ་ཆེན་ཐུགས་ལས་སྤྲུལ་པ་ཡི༔ ཚོགས་ཀྱི་བདག་ཉིད་གཟི་བརྗིད་འོད་འབར་མ༔ རང་རེ་ཡབ་ཅིག་རྒྱལ་པོ་དྲེགས་པ་ནི༔ འདུ་བ་ནད་ངན་ཀླུ་ཡི་ཁ་རླངས་ཕོག༔ ཉིན་མཚན་དལ་མེད་ཉ་མོ་བྱེ་ཚན་འདྲ༔ སྡུག་བསྔལ་ལས་ལ་བདེ་བ་ཡུད་ཙམ་མེད༔ ལས་ངན་བསགས་པའི་བག་ཆགས་སྦྱོང་བའི་ཕྱིར༔ ཡུལ་དུ་སྐུ་བསྐྱོད་རེ་བ་སྐོང་དུ་གསོལ༔ ཞེས་ཞུས་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུས༔ ཧོ༔ ཉོན་དང་རྒྱལ་བུ་བློན་འཁོར་འབངས་བཅས་ཉོན༔ རྒྱལ་པོ་ལས་ཀྱི་བག་ཆགས་མ་བྱང་བར༔ བདག་ལ་ཕན་པའི་ཐབས་ནི་ཡོད་པ་དཀའ༔ སྔོན་གྱི་ལས་ལ་འགྱོད་པ་སྐྱེས་ནས་སུ༔ བསགས་པའི་ལས་ངན་འཛད་ལ་དགེ་བ་སྒྲུབ༔ ཕྱིན་ཆད་མི་བྱ་ཡིད་ལ་དམ་བཅའ་མཛོད༔ བདག་ཅག་ཡབ་ཡུམ་བསིལ་ཚལ་དུར་ཁྲོད་གཤེགས༔ མ་མོ་མཁའ་འགྲོའི་ཚོགས་ཀྱི་གསང་སྤྱོད་དགོས༔ ནམ་ཞིག་ཚོགས་བདག་གཟི་བརྗིད་དྲིན་གྱིས་བསྐུལ༔ རྒྱལ་བློན་རྣམས་ཀྱི་རེ་བ་སྐོང་ངོ་གསུངས༔ རིག་འཛིན་ཐུགས་ཀ་ཤག་གིས་ཕྱེས་ནས་སུ༔ ཤེལ་གྱི་མཆོད་རྟེན་ངོ་མཚར་ཆེ་བ་ཞིག༔ ཁྲོ་ཆུའི་ཕ་བོང་སྟེང་དུ་བཀའ་རྟགས་བཞག༔ ཡབ་ཡུམ་དུས་ཀྱི་བྱ་རྒོད་གཉིས་སྤྲུལ་ནས༔ རྒྱ་གར་བསིལ་བ་ཚལ་གྱི་ཕྱོགས་སུ་གཤེགས༔ རྒྱལ་བློན་ཕྱིར་ལོག་རྒྱལ་པོ་ལ་ཞུས་ཚེ༔ སྲོག་སྙིང་དོར་བ་ཙམ་གྱི་སྡུག་བསྔལ་མྱོང་༔ རིག་འཛིན་ཡབ་ཡུམ་བསིལ་ཚལ་དུར་ཁྲོད་བྱོན༔ རྡོ་རྗེ་གཏུམ་པོ་ཡབ་ཡུམ་སྐུར་ཁྲོས་ནས༔ དུར་ཁྲོད་བདག་མོ་ཐམས་ཅད་དབང་དུ་བསྡུས༔ ཐ་ཚིག་དམ་བཞག་གསང་བའི་གྲལ་དུ་བཀོད༔ དྲག་པོའི་སྐུ་བཤིག་ཡབ་ཡུམ་དངོས་སུ་བསྟན༔ ཕྱི་ནང་གསང་བའི་བཀའ་འཁོར་རྒྱ་ཆེར་བསྐོར༔ མི་མ་ཡིན་གྱི་འགྲོ་དོན་རྒྱ་ཆེར་གྲུབ༔ དེ་ནས་རྒྱ་གར་ལྷོ་ནུབ་མི་རྒོད་གླིང་༔ ཕྱིན་ནས་མི་དང་མི་རྒོད་འཁྲུགས་པ་བཅོས༔ ཐམས་ཅད་བདེ་བའི་ལམ་བཀོད་དགེ་ལ་བསྒྱུར༔ རྒྱུ་འབྲས་དོན་བསྟན་བྱང་སེམས་ལྡན་པར་མཛད༔ དེ་ནས་སྔར་གྱི་མཚོ་མོའི་དབུས་སུ་བྱོན༔ ངོ་མཚར་ལྟས་བཟང་ཡ་མཚན་སྔར་ལྟར་སྐྱེས༔ རྒྱལ་པོ་མཛེ་སྟེང་གཉན་ནད་ལྷོག་རྒོད་ཐེབས༔ ལུས་ལ་རྣག་ཁྲག་ཆུ་སེར་མང་པོ་རྡོལ༔ ཉིན་མཚན་མེད་པར་ངུ་འབོད་ཁོ་ནར་བྱེད༔ དུག་མཚོར་ལྟས་བཟང་སྔར་ལྟར་ཤར་བ་ལ༔ ཡབ་ཅིག་རྒྱལ་པོས་གསོལ་བ་ཐོབ་ཅིག་དང་༔ ད་ནི་ཐུགས་རྗེས་གཟིགས་པ་ཆེ་ལས་ཡོད༔ ཀྱེ་མ་ཀྱི་ཧུད་དྲེགས་པ་འཁོར་ལོ་ང་༔ རབ་ལས་འཕྲོ་ངན་པའི་རྒྱུར་གྱུར་ན༔ ཐུགས་རྗེ་ལྡན་པས་ཐུགས་རྗེས་འདོར་ཡོད་དམ༔ སྙིང་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ༔ ཞེས་ཞུས་རྒྱལ་བུ་མཚོ་ཡི་ཕྱོགས་སུ་སོང་༔ ཞེས་གསུངས་རྒྱལ་བུ་བློན་འཁོར་མཚོ་འགྲམ་ཕྱིན༔ མཆོད་སྤྲིན་ཕུལ་ཞིང་གུས་པའི་ཚུལ་གྱིས་ཞུས༔ ཀྱེེ༔ དུས་གསུམ་སངས་རྒྱས་མཆོག་གི་རྣམ་པར་འཕྲུལ༔ རིག་འཛིན་ཡབ་ཡུམ་ཐུགས་ཀྱིས་དགོངས་སུ་གསོལ༔ མ་རིག་ལས་ངན་ཡབ་ཅིག་རྒྱལ་པོ་ནི༔ གཉན་གྱི་སྟེང་དུ་ཐབ་རྒོད་ནག་པོ་ཕོག༔ ལུས་ནི་ཤ་རུལ་བཞིན་དུ་ཟག་གི་འདུག༔ ད་ནི་ལུས་སྲོག་སོ་སོར་བྲལ་ལ་ཉེ༔ ཕྱི་མ་རིགས་དྲུག་སྡུག་བསྔལ་སྐྱོབས་པ་སོགས༔ བདག་གི་ཡུལ་དུ་ཕེབས་པར་མཛད་དུ་གསོལ༔ ཞེས་ཞུས་ཚེ་དབང་རིག་འཛིན་ཆེན་པོ་ཡིས༔ ཧོ༔ རྒྱལ་བུ་དམ་པ་སྙན་གཏོད་དར་ཙམ་གསོན༔ སྔོན་གྱི་ལས་དབང་འཕྲལ་གྱི་རྐྱེན་གྱིས་མཐུད༔ བསམ་སྦྱོར་ངན་པས་སྡིག་པའི་ལས་སྤྱོད་བསྐུལ༔ ལས་ཀྱི་བག་ཆགས་ཆུ་བོ་ཐུར་བབ་འདྲ༔ ཆུ་ཀླུང་ཐུར་བབ་གྱེན་དུ་བཟློག་ཐབས་མེད༔ ད་ལྟ་ལས་ངན་རྣམ་སྨིན་མ་ཟད་ན༔ ཕྱི་མ་ངན་སོང་སྡུག་བསྔལ་ཐར་དུས་མེད༔ དེ་ཕྱིར་ན་ཚ་སྡུག་བསྔལ་ཅི་བྱུང་ཡང་༔ འགྱོད་བཤགས་གྱིས་ལ་དགེ་བ་ཅི་ནུས་སྒྲུབས༔ བདག་ནི་སོ་མ་པཱུ་རིའི་ཡུལ་དུ་འགྲོ༔ རྒྱལ་བློན་རེ་བ་རྗེས་སུ་སྐོང་ངོ་གསུངས༔ ཡབ་ཡུམ་འཇའ་ཚོན་ལམ་ལ་གཤེགས་ནས་སོང་༔ རྒྱལ་བུ་ཡི་མུག་ག་ཆད་རང་ཡུལ་ལོག༔ ཡབ་ལ་ཞུས་པས་བརྒྱལ་ཐབས་ལན་གསུམ་གྱུར༔ ཡང་ཞུས་ཡབ་ཅིག་རྒྱལ་པོ་དམ་པ་ལགས༔ རིག་འཛིན་ཡབ་ཡུམ་ཐུགས་རྗེའི་བདག་ཉིད་ཅན༔ ད་ལྟར་ཕན་པའི་སྲོག་སྐྱོབས་མ་གྱུར་ཀྱང་༔ ཕྱི་མ་འདྲེན་པའི་བླ་མར་གསོལ་བ་བཏབ༔ སླར་ཡང་ཐུགས་རྗེས་གཟིགས་པར་ཡོད་ལགས་ཞུས༔ དེ་ནས་སོ་མ་པཱུ་རིའི་ཡུལ་དུ་བྱོན༔ གྲོང་ཁྱེར་དེ་ནི་ཡི་གེ་རིག་བྱེད་མཁན༔ རྒྱལ་པོ་ལྟ་སྐྱོང་བཙུན་མོ་བདེ་ལྡན་གཉིས༔ སྲས་ནི་མ་བདོག་བླ་མར་ལུང་ཞུས་པས༔ གཙུག་ལག་ཁང་མདུན་མཆོད་འབུལ་སྐོར་ཕྱག་བརྩོན༔ སྲས་ཀྱི་དངོས་གྲུབ་འབྱུང་བར་ཞལ་གྱིས་བཞེས༔ ཚེ་དབང་རིག་འཛིན་ཡུམ་གྱི་ལྷུམས་སུ་ཞུགས༔ ངོ་ཟླ་བཅུ་ཉིན་ཡུམ་གྱི་གློ་གཡས་ནས༔ སྲས་ཤིག་འཁྲུངས་བ་ངོ་མཚར་རྟགས་དང་ལྡན༔ ལོ་ངོ་གཉིས་ནས་མཁས་ཤིང་གྲུབ་པ་ཐོབ༔ སློབ་དཔོན་བླ་མ་ཛ་ལ་ན་ར་ལ༔ གསང་འདུས་དབང་ཞུས་ངོ་སྤྲོད་བོན་སེམས་འདྲེས༔ སྒྲུབ་པའི་གྲུབ་རྟགས་ངོ་མཚར་སྣ་ཚོགས་བསྟན༔ སློབ་མ་སྟོང་ཕྲག་གྲོལ་དང་གྲུབ་པ་ཐོབ༔ ཕྱོགས་གཅིག་གདུལ་བྱ་གཟིགས་པས་མི་རོར་འཕྲད༔ ཐང་མཁན་ཞིག་གིས་རོ་ཟ་ནུས་སམ་ཟེར༔ བཟའ་བར་ནུས་ཀྱང་རེ་ཞིག་ཞོག་དང་གསུངས༔ ཚོགས་བདག་གཟི་བརྗིད་ལྕགས་ཀྱི་སྤྱང་མོར་སྤྲུལ༔ ཚེ་དབང་རིག་འཛིན་དུང་གི་བྱ་རྒོད་སྤྲུལ༔ ཡོངས་སུ་ཟོས་པས་ཐང་མཁན་ཡིད་ཆེས་ཏེ༔ དེ་རྗེས་ཞུགས་པས་གྲུབ་པ་ཐོབ་པར་བྱུང་༔ ཡང་ཞིག་གྲོང་ཁྱེར་འབྲས་ལྡན་ཚལ་དུ་བྱོན༔ ལི་ཁྲི་བྱ་བའི་ཤིང་སྡོང་ཆེན་པོ་ལ༔ བུ་མོ་ཞིག་གིས་ཤིང་ཐོག་ཟ་བ་བསླང་༔ ཤིང་ཐོག་མ་སྟེར་ཤིང་ཐོག་ས་ལ་ཕབ༔ བུ་མོས་སླར་ཡང་ཤིང་ཐོག་རང་སོར་སྦྱར༔ ཚེ་དབང་ཁྲོས་ནས་བུ་མོ་འགྱེལ་ཏེ་ཤི༔ ཀུན་གྱིས་མི་བསད་ཟེར་ནས་ལོག་པར་བལྟས༔ ཚོགས་བདག་སྙིང་རྗེ་སྐྱེས་ནས་མི་རོ་བསླང་༔ བུ་མོ་སྔར་བས་ད་མཛེས་གསོན་པོར་གྱུར༔ ཐམས་ཅད་དད་ཅིང་སློབ་མ་མང་པོ་བྱུང་༔ དེ་ཝི་ཀོ་ཊའི་ཡུལ་ཕྱིན་ཁྱིམ་བདག་ཞིག༔ དུས་མཉམ་བུ་མོ་གཉིས་སུ་སྐྱེས་པ་ཡོད༔ དེ་མི་བར་སྣང་བྱོན་པས་བུ་མོ་གཉིས༔ བླ་མ་དེ་ལ་དད་ཅིང་གདམས་ངག་ཞུས༔ གྲུབ་པ་ཐོབ་ཅིང་གར་གཏད་རང་དབང་བསྒྱུར༔ བླ་མས་ང་ལ་མགོ་ཆོད་ཡོན་འབུལ་གསུངས༔ བུ་མོ་གཉིས་ཀྱིས་ལུས་སྲོག་མ་བལྟས་པར༔ མགོ་བོ་གཉིས་བཅད་བླ་མར་མནྜལ་ཕུལ༔ བླ་མས་ཐུགས་དགྱེས་གདམས་པ་སྣ་ཚོགས་བསྟན༔ དབུ་གཉིས་ཕྱིར་འབྱར་ཐམས་ཅད་དད་པ་ལྡན༔ ཡང་ཞིག་མཉན་ཡོད་བྱ་བྲལ་ལྷ་ཡི་རིགས༔ ནོར་ལྷ་འཛིན་པ་བྱ་བའི་ཁྱེའུ་ཞིག༔ གདམས་ངག་བསྟན་པས་དགྲ་བཅོམ་ས་ལ་བཀོད༔ སྒྲ་དང་བཅས་ཏེ་བར་སྣང་མཁའ་ལ་བྱོན༔ སློབ་མ་སྟོང་ཕྲག་གྲོལ་བ་ཐོབ་པར་བྱས༔ ཡང་ཞིག་སྲིན་པོ་མི་བྲན་ཡུལ་དུ་བྱོན༔ སྲིན་པོའི་བུ་རུ་སྤྲུལ་ནས་ཤ་ཁྲག་ཕྱིར༔ ཕྱི་ནང་མེད་པར་ཁོ་ཡིས་བསད་ཅིང་ཟོས༔ རང་ལ་དཔེ་ལོངས་གཞན་ལ་གནོད་མ་བྱེད༔ ཅེས་གསུངས་སྲིན་པོ་བསྒྲལ་ཞིང་རྣམ་ཤེས་སྤར༔ ཡང་ཞིག་གྲོང་ཁྱེར་དགའ་བ་ཅན་ཞེས་པར༔ བྲམ་ཟེའུ་ཨཱརྱ་ཏཱ་རེ་མ་གཉིས་ལ༔ མིང་སྲིང་གསུམ་ཡོད་གཅན་གཉིས་རྒྱལ་སར་འདུག༔ བུ་མོ་འབྲིང་བ་ཡབ་ཡུམ་བཀའ་མ་ཉན༔ གུ་བཙན་དར་མ་བྱ་བའི་དཔོན་ཞིག་ལ༔ མནའ་ཐོ་བཅད་ཅིང་ཁྱིམ་མར་སོང་བ་ན༔ གཟུགས་ངན་ལུས་ཐུང་སྦལ་པ་འདྲ་བར་བདོག༔ བློན་པོ་གཟུགས་མཛེས་དགའ་མཐུན་བསྡེབ་པ་ལས༔ དཔོན་པོས་ཁོ་ཡི་མིག་བྲུས་ས་མཐར་སྤྱུགས༔ རིག་འཛིན་ཡབ་ཡུམ་དེ་ཡི་རྩ་རུ་བྱོན༔ རྣལ་འབྱོར་གར་བྱོན་འཚོ་བ་སྦྱིན་ནོ་ཞུས༔ ང་ནི་མིག་ཚོང་བདེ་ལྡན་ཞེས་བྱ་ཡིན༔ མིག་མེད་རྣམས་ལ་མིག་དང་ལྡན་པར་བྱ༔ ཞེས་གསུངས་སྔར་གྱི་ལོ་རྒྱུས་ཞིབ་པར་ཞུས༔ ཁྱོད་ལ་འགྱོད་པ་འདུག་གམ་མི་འདུག་གསུངས༔ འགྱོད་པ་འདུག་ཞུས་མིག་དང་ལྡན་པར་བྱས༔ ང་ནི་འཁོར་བའི་ལས་ལ་བྲེད་ལངས་སམ༔ ཉོན་ཅིག་རི་ལ་བསམ་གཏན་བསྒོམ་པར་གྱིས༔ ཞེས་པའི་ལུང་ཕོག་ངོ་སྤྲད་དབེན་རིར་བསྒོམ༔ དགེ་བ་མཐར་ཕྱིན་རྣལ་འབྱོར་བཟང་མོར་གྱུར༔ ཀུན་གྱིས་མིག་ཚོང་བདེ་ལྡན་ཞེས་སུ་སྒྲོགས༔ དེ་ཚེ་སྔར་གྱི་དཔོན་པོ་དེ་ཉིད་ལ༔ ལས་འབྲས་འཕྲལ་དུ་སྨིན་པས་མིག་གཉིས་འགྲིབ༔ ཉིན་མཚན་མེད་པར་མུན་པའི་སྡུག་བསྔལ་མནར༔ དེ་ལ་མིག་མཁན་ཡོད་པར་ཀུན་གྱིས་ཐོས༔ དཔོན་གྱིས་མིག་མཁན་ཚོལ་དུ་བཏང་བ་ལས༔ མིག་མཁན་རྙེད་དེ་དཔོན་པོའི་ཕོ་བྲང་ཁྲིད༔ ཀྱེེ༔ མིག་མཁན་བདེ་ལྡན་ཁྱོད་ཀྱི་མིག་གསོ་ཟེར༔ བདག་གི་མིག་སོས་ཅི་གསུང་བཀའ་ལ་ཉན༔ བདག་གི་ཆུང་མ་གཞན་ལ་བློ་ལོག་པས༔ ཁྲིམས་ཀྱི་བྱ་བས་མིག་བྲུས་ས་མཐར་ཕུད༔ དེ་ཡི་ལན་ཆགས་འཕྲལ་དུ་སྨིན་པ་འདྲ༔ ན་ཚ་སྡུག་བསྔལ་དྲག་པོ་མི་བཟོད་འབྱུང་༔ ཞེས་ཞུས་མིག་མཁན་བདེ་ལྡན་ངག་ན་རེ༔ གསོན་ཅིག་དཔོན་པོ་དམ་པ་རིན་པོ་ཆེ༔ བདག་ནི་མིག་མཁན་བདེ་ལྡན་བྱ་བ་ཡིན༔ ཕྱོགས་ཀུན་བདེ་བའི་ཆེད་དུ་མིག་སྦྱིན་འགྲོ༔ ཁྱོད་ཉིད་མིག་དང་ལྡན་ཡང་ཚེ་མི་འདུག༔ ཚེ་རིང་འདོད་ན་སྲོག་གཅོད་བྱ་བ་སྤོང་༔ རྒྱལ་ཁམས་མངའ་རིས་དགེ་དང་འཕྲད་པ་དགོས༔ མིག་གི་ལོ་རྒྱུས་རྒྱལ་གྱི་ཡིག་ཚང་ནང་༔ ཡོད་པར་ཁས་བླངས་མིག་ནི་སྟེར་བར་བྱ༔ ཞེས་གསུངས་དཔོན་གྱི་ཁས་བླངས་མིག་གཉིས་གསོས༔ དཔོན་པོ་ཤིན་ཏུ་དགའ་བའི་སེམས་ལྡན་ཞིང་༔ དྲིན་ལན་མན་མནྡ་ལ་ཅི་གསུང་ཁས་སུ་བླངས༔ ངོ་སྤྲོད་གདམས་པས་སེམས་དོན་མངོན་དུ་རྟོགས༔ དབེན་པའི་གནས་སྒོམ་བླ་མེད་འབྲས་བུ་ཐོབ༔ རིག་འཛིན་ཡབ་ཡུམ་འགྲོ་དོན་མཐའ་རུ་ཕྱིན༔ ཡང་ཞིག་དུག་མཚོར་མེ་ཏོག་ཁ་ལ་བྱོན༔ སྔར་བས་ལྷག་པའི་ལྷ་ཀླུ་མི་གསུམ་གྱིས༔ སྤྲུལ་པའི་རིག་འཛིན་ཡབ་ཡུམ་གུས་པས་བསྟོད༔ འཇའ་དང་འོད་ཟེར་བསམ་གྱིས་མི་ཁྱབ་འཕྲོ༔ དེ་ཚེ་རྒྱལ་པོ་གཉན་སྟེང་ཐོར་འབྲུམ་བསྣན༔ ཡན་ལག་ཚིགས་རྣམས་ལྷུང་ལ་ཉེ་བར་གྱུར༔ རྒྱལ་ལ་ཞུས་པས་རྒྱལ་བུ་ཁྱོད་ཉིད་ཀྱིས༔ ད་ནི་རིག་འཛིན་ཡབ་ཡུམ་མདུན་དུ་ཁྱེར༔ དུག་མཚོའི་ནང་དུ་གསོན་པོར་སྐྱུར་ལ་ཐོངས༔ ཞེས་ཟེར་རྒྱལ་བུའི་སེམས་ལ་འདི་ལྟར་སྙམ༔ ཡབ་ཀྱི་བཀའ་གཅོག་མི་རུང་དྲིན་དང་འགལ༔ མ་བསྒྲུབས་རིག་འཛིན་མི་མཇལ་ཞེ་རེ་ཕོངས༔ ཁྱེར་ན་སྲིད་པའི་འཇིག་རྟེན་མི་ཁ་བསྡུ༔ རྒྱལ་བ་དེ་ནི་རྫུ་འཕྲུལ་རྩལ་དང་ལྡན༔ བཟུང་ན་མི་ཟིན་བདས་ན་མི་སླེབ་ངེས༔ ད་ནི་རྒྱལ་བུ་མཚོ་ལ་མཆོང་ན་དགའ༔ སྙམ་ནས་རྒྱལ་བློན་འཁོར་བཅས་མཚོ་ཁར་ཕྱིན༔ མཆོད་པའི་སྤྲིན་ཚོགས་ཕོངས་པ་མེད་པར་ཕུལ༔ གུས་པའི་ཕྱག་ནི་ཐང་ཤ་བཅད་དེ་འཚལ༔ ངུས་པའི་མཆི་མ་ཁྲག་ཏུ་ཁོལ་བ་ཕྱུང་༔ གདུང་པའི་དབྱངས་ཀྱིས་འོ་དོད་བོས་ནས་སུ༔ ཀྱེེ༔ དགོངས་ཤིག་མཁྱེན་ཞིག་རིག་འཛིན་ཡབ་ཡུམ་ལགས༔ ཡབ་ཅིག་དམ་པ་རྒྱལ་པོ་ལས་ཟད་པོ༔ ལྷུ་ཚིགས་ཐམས་ཅད་འཐོར་ལ་ཉེ་བར་སླེབ༔ དབུགས་དང་རེ་ཞིག་མ་བྲལ་ལུས་ཏེ་ཡོད༔ ཁོ་རང་དུག་མཚོའི་ནང་དུ་སྐྱུར་ཟེར་ཡང་༔ རྒྱལ་བུས་མ་ཉན་མི་ཁ་བསྡུ་རྣོན་དང་༔ རྒྱལ་པོ་ཕ་གསོད་མཚམས་མེད་ལས་བསམ་ནས༔ རིག་འཛིན་ཡབ་ཡུམ་མདུན་དུ་ཕྱིན་པ་ལགས༔ ཡབ་ཀྱི་སྡུག་བསྔལ་འདི་ལས་སྐྱོབས་པ་དང་༔ བདག་ཅག་རྣམས་ལ་ཐུགས་རྗེས་གཟུང་དུ་གསོལ༔ ཞེས་ཞུས་རྒྱལ་བུ་དུག་མཚོའི་ནང་དུ་ལྕེབས༔ རིག་འཛིན་ཡབ་ཡུམ་དད་པའི་སྟོབས་ཤུགས་ཀྱིས༔ ཆུ་ལ་བྱིང་མེད་ཀླུ་ཡིས་པད་སྟེང་བླངས༔ དེ་ལ་ཚེ་དབང་རིག་འཛིན་ཡབ་ཡུམ་གྱིས༔ ངོ་མཚར་སྐྱེས་ནས་རྒྱལ་བུ་དམ་པ་ཁྱོད༔ ཡབ་ཀྱི་ཉམ་ཐག་གཟིགས་པའི་ཐག་ཆོད་བུ༔ དད་པ་འགྱུར་ལྡོག་མེད་པའི་ཐག་ཆོད་བུ༔ འཆི་བའི་སྲོག་ལ་མི་འཛེམ་ཐག་ཆོད་བུ༔ ད་ནི་རྒྱལ་པོའི་རྣམ་སྨིན་སྦྱོང་བ་དང་༔ རྒྱལ་བུ་འབངས་འཁོར་བདེ་ལ་བཀོད་པའི་ཕྱིར༔ ལན་ཅིག་རྒྱལ་པོའི་ཁབ་ཏུ་འགྲོ་བར་རིགས༔ རྒྱལ་བུ་འཁོར་བཅས་སྔོན་དུ་བདེ་བར་གཤེགས༔ བདག་ཅག་ཡབ་ཡུམ་ཚེས་བཅུའི་ཉིན་པར་འབྱོན༔ ཞེས་པའི་གསུང་ཐོབ་རྒྱལ་བུ་བློན་འཁོར་ཚོགས༔ ཕྱིར་ལོག་ཡབ་ཅིག་རྒྱལ་ལ་ཞུས་པ་ཡིས༔ ན་ཚ་ཆེ་ཡང་སེམས་ཀྱི་ངལ་ཞི་ཙམ༔ ཕོ་བྲང་རྩེ་ལ་རིན་ཆེན་ཁྲི་ཟུང་བརྩེགས༔ དར་གྱི་རྒྱན་དང་མཆོད་པའི་སྤྲིན་ཚོགས་བཤམས༔ ཀུན་གྱི་མདངས་བསྐྱེད་ས་གཞིར་ཕྱག་དར་བྱས༔ ཚེས་བཅུའི་ཉི་ཤར་དུས་མཉམ་འཇའ་ལམ་ཟུག༔ རིག་འཛིན་ཡབ་ཡུམ་ངོ་མཚར་མཚན་དཔེ་འབར༔ ལྷ་དང་ལྷ་མོ་མང་པོའི་རོལ་མོའི་སྒྲ༔ མེ་ཏོག་ཆར་འབེབ་ས་གཞིར་རྩི་རྣམས་རྒྱས༔ ཉི་ཟེར་ལམ་ལ་ཐོགས་མེད་མཁའ་ལ་བྱོན༔ ཟུར་བརྒྱད་ཕོ་བྲང་རིན་ཆེན་ཁྲི་ལ་བཞུགས༔ མཆོད་པའི་རྣམ་གྲངས་བསམ་ལས་འདས་པར་ཕུལ༔ དེ་ཚེ་རྒྱལ་པོ་དྲེགས་པ་འཁོར་ལོ་ནི༔ དར་གྱི་ཁུད་དྲིལ་སྐྱི་ཤ་འཇིགས་པ་ཅན༔ འཆི་མེད་སྤྲུལ་པའི་རིག་འཛིན་ཡབ་ཡུམ་མདུན༔ མགོ་བོ་མི་ཁྱོག་ཞལ་ཡང་མི་འཚོབ་བཞིན༔ ཁོང་ནས་སྨྲེ་ངག་སྒྲ་ཡིས་མ་རིག་དབང་༔ རིག་འཛིན་ཡབ་ཡུམ་འགལ་འཁྲུལ་ལས་ངན་བཤགས༔ སྡུག་བསྔལ་འདི་ལས་ད་ནི་བསྒྲལ་དུ་གསོལ༔ ཞེས་ཞུས་དབུགས་ཀྱིས་མི་ཁྱོག་མཆི་མ་འཆོར༔ རྒྱལ་བུ་ཉིད་ཀྱིས་ཕྱག་ནི་གྲངས་མང་འཚལ༔ ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་དང་༔ རིན་ཆེན་མནྜལ་མཆོད་པའི་རྣམ་གྲངས་ཕུལ༔ ཨེ་མ༔ ཐར་ལམ་འདྲེན་མཆོག་ཐུགས་རྗེའི་བདག་ཉིད་ཅན༔ རྒྱལ་བ་ཀུན་གྱི་ཡོན་ཏན་ཡོངས་རྫོགས་ཆེ༔ དུས་གསུམ་སངས་རྒྱས་མི་གཟུགས་སྤྲུལ་ན་ཡང་༔ མ་རིག་དབང་གིས་ཡང་དག་དོན་མ་རྟོགས༔ ཡབ་ཅིག་རྒྱལ་པོ་དྲག་པའི་ཤུགས་ལྡན་ཞིང་༔ ཟས་སུ་མི་དགེ་སྲོག་གཅོད་ཤ་ལ་རྔམས༔ ལས་སུ་སྡིག་ཁྲིམས་ཕྱི་ནང་མེད་པ་འཇོམས༔ ཤ་ལས་ཆད་པའི་བུ་མོ་གཡོག་ལ་བཅོལ༔ དཔྱད་མཁན་སློབ་དཔོན་དྲིན་དུ་ཉེས་པ་འཇལ༔ མ་སྲིད་པ་ཡི་དུག་མཚོའི་ནང་དུ་འཕངས༔ ལས་དང་སྒྲིབ་བསགས་རི་རབ་རྒྱ་མཚོ་འདྲ༔ ཐར་མེད་ངན་སོང་གནས་སུ་འཁྱམ་ལ་ཉེ༔ འདི་ཕྱི་གཏན་གྱི་སྐྱབས་གནས་ཡབ་ཡུམ་རྗེ༔ ཐུགས་རྗེ་བརྩེ་བས་མི་འབྲལ་བཟུང་དུ་གསོལ༔ ཞེས་ཞུས་དེ་ལ་སྤྲུལ་པའི་སྐུ་མཆོག་གིས༔ ཨ་ཧོ༔ ཉོན་དང་དྲག་རྩུབ་རྒྱལ་པོ་བློན་འབངས་ཀུན༔ བདག་ནི་འཆི་མེད་ཚེ་དབང་རིག་འཛིན་ཏེ༔ སྐྱེ་འཆི་གཉིས་བྲལ་གཡུང་དྲུང་ལྟ་བུའི་སྐུ༔ གང་འདུལ་འགྲོ་བའི་དོན་མཛད་སྦས་མངོན་སྐུ༔ གསང་སྤྱོད་སྔགས་ཀྱི་བསྟན་པ་འཛིན་དུ་འོང་༔ ཚོགས་བདག་གཟི་བརྗིད་མཁའ་འགྲོ་ཀྱེ་མ་འོད༔ ཐུགས་རྗེ་ཀུན་སྒྲོལ་དབྱིངས་ཡུམ་སྤྲུལ་པ་ལགས༔ མ་རིག་སེམས་ཅན་ཐབས་ཀྱིས་མ་འདུལ་ན༔ དམུ་རྒོད་བློ་ཡི་ཐེ་ཚོམ་གཅོད་པ་དཀའ༔ སྔར་ཕྱི་སྡིག་སྤྱོད་རང་གིས་མི་མྱོང་དུ༔ རང་གི་ལས་སྤྱོད་རང་ལ་སྨིན་པའོ༔ ཞེས་དང་སྔོན་གྱི་འཕྲོ་དང་བྱས་ཚུལ་གསུངས༔ དེ་ཡང་སྲས་མོ་ཚོགས་ཀྱི་བདག་མོ་ཡིས༔ ཀྱེེ༔ ཡབ་ཅིག་རྒྱལ་པོ་ཡུམ་ཅིག་མིས་ཅིག་སྲས༔ གཅུང་པོ་ཚོགས་བདག་ང་ཉིད་རྒྱལ་ལས་བལྟམས༔ ཡབ་ཡུམ་ལྟས་མཚན་བཟང་ཡང་དམན་ལུས་བླངས༔ ཆུང་ནས་རྒྱལ་སྲིད་མི་དབང་གཞན་གྱི་གཡོག༔ དེ་ཡང་སྲིད་པ་འདི་ཡི་བསྐོས་བཞག་རེད༔ བསོད་ནམས་དབང་གི་རྒྱལ་པོའི་སྲས་མོར་སྐྱེས༔ ཡབ་ངོ་མ་ཤེས་ཕོ་བྲང་ཕྱི་རོལ་ཕུད༔ ཡུམ་ངོ་མ་ཤེས་གཡོག་མོའི་པང་དུ་བཅོལ༔ རང་མགོ་ཐོན་ཀྱང་འདུག་པའི་དབང་མེད་པར༔ རྒྱལ་པོས་ཁྲིམས་གཅོད་རང་གི་བུ་ལ་གཅོད༔ མ་བསགས་སྔོན་གྱི་གྲོགས་དབང་གྱུར་པའི་སྟོབས༔ ཡབ་ཅིག་རྒྱལ་ལ་ཞུས་ཀྱང་མ་གསན་གྱུར༔ ལས་ཅན་བློན་པོས་ཞུས་ཀྱང་གནང་མ་བྱུང་༔ བུ་མོ་རྒྱལ་སྲས་དབང་ནི་མ་ཐོབ་ཀྱང་༔ ཟ་མ་མོ་ཡི་ཚིག་བརྗོད་བློ་ཡང་ཟེར༔ མདོ་ཆུང་རྟ་རྒྱུག་བང་མགྱོགས་འགྲོས་མེད་ཟེར༔ དེ་ཡང་སྲིད་པ་འཇིག་རྟེན་དཔེ་བཞག་རེད༔ ཁོ་མོ་རྒྱལ་སྲས་སྣང་མཐོ་མ་ཡིན་ཀྱང་༔ བྱིས་པ་དབང་ལོག་ཟེར་ནས་བདག་མ་འཛིན༔ ཡབ་ཀྱིས་བོར་ནས་རྒྱལ་གཟུགས་འཚོ་མ་མྱོང་༔ ཡུམ་གྱིས་མ་སྐྱོབས་དྲིན་ལ་ལེན་ཁེར་མེད༔ རང་མགོ་མ་ཐོན་ལྷ་ཀླུས་འཚོ་བ་འདྲེན༔ ཟ་བའི་དབང་མེད་ཚོགས་ལ་བར་ཆོད་བྱས༔ འདུག་པའི་དབང་མེད་བཙོན་དོང་ནང་དུ་བསྡུས༔ ཐར་པའི་དུས་མེད་དུག་མཚོ་ནག་པོར་བསྐྱུར༔ རང་དབང་མ་གྱུར་རྒྱལ་པོ་ཡབ་ཀྱི་དྲིན༔ དྲིན་ལ་ལན་གྱིས་མ་ཁེར་ཡུམ་གྱི་དྲིན༔ ཡབ་ཡུམ་བརྩེ་གདུང་མ་འབྲེལ་ལས་ཀྱི་དྲིན༔ སངས་རྒྱས་སྐུ་གཟུགས་མཇལ་བ་རང་གི་དྲིན༔ ཁྱོད་ཅག་རྒྱལ་བློན་ཤེས་བཞིན་དུག་ཀྱང་འཐུང་༔ བློན་པོ་སྟོབས་ཆེན་འཛོམ་ཡང་དབང་མ་སྟེར༔ དལ་འབྱོར་མི་ལུས་རིན་ཆེན་ཐོབ་པའི་དུས༔ འདི་ཕྱི་སྐྱབས་གནས་སྤྲུལ་པའི་སྐུ་དང་མཇལ༔ ཚེ་གཅིག་ཡང་དག་དགོངས་པ་མངོན་དུ་གྱུར༔ ཡབ་ཅིག་རྒྱལ་པོའི་ཐུགས་སུ་མ་སོང་ཡང་༔ བུ་མོས་མ་མི་གསལ་དུན་མ་འགྲུབ་པ་ཡིན༔ ཡབ་ཅིག་རྒྱལ་པོ་ཡིན་ཀྱང་བདུད་དབང་གྱུར༔ ཡུམ་ཅིག་ལུས་ཤ་ཡིན་ཀྱང་བསླུ་ཁ་ཡང་༔ བློན་པོ་མཛངས་པ་ཡོད་ཀྱང་དགྲ་རུ་བཅའ༔ འཁོར་འབངས་དད་པ་ཡོད་ཀྱང་ཁྲིམས་ཀྱིས་གཅོད༔ ཡབ་ཅིག་རྒྱལ་པོ་ནད་ཀྱིས་བཏབ་པ་འདི༔ ལས་འབྲས་བསླུ་བ་མེད་པའི་བདེན་པ་རུ༔ དགེ་སྡིག་བདེ་སྡུག་ཉེས་དམིགས་སྟོན་པ་ཡིན༔ མ་སྲིད་པ་ཡི་སྲིད་པ་རྒྱལ་བློན་རྣམས༔ ནམ་ཞིག་སྲིད་པའི་བར་དོ་འཆར་བའི་ཚེ༔ དམྱལ་བ་ཚ་གྲང་སྡུག་བསྔལ་ཡ་རེ་ང་༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྐྱི་ཤ་འཇིགས༔ བྱོལ་སོང་བླུན་རྨོངས་སྡུག་བསྔལ་ཉོན་རེ་མོངས༔ བདག་གི་ལུས་ཀྱི་ཡབ་ཅིག་ཨ་ཙ་མ༔ སོས་མེད་ན་ཚ་དྲག་པོ་དོས་དྲག་མནར༔ ཐར་མེད་འཁོར་བ་རིགས་དྲུག་གཏན་དུ་འཁྱམས༔ དབང་ཆེན་རྒྱལ་པོ་རང་དབང་ཐོབ་པའི་དུས༔ དགེ་སྡིག་སྤང་བླང་མ་ཤེས་དྲེགས་པའི་ལས༔ ཉེས་དང་འཁྲུལ་དང་ལྟུང་ཚབས་ཆེན་པོ་བྱུང་༔ བ་གླང་དུད་འགྲོ་འདྲ་བའི་སེམས་ཅན་རྣམས༔ སྙིང་ཁོང་རུས་པའི་གཏིང་ནས་སྙིང་རེ་རྗེ༔ སྙིང་རེ་རྗེ་ཡང་སྙིང་རེ་མི་འཁྲུག་ཏུ༔ སྐྱེས་ནས་ཕ་མས་བོར་ནས་སུན་ཅིག་ཕྱུང་༔ བར་དུ་བཙོན་དོང་བསྐྱུར་བས་སུན་གཉིས་ཕྱུང་༔ ཐ་མ་རྒྱ་མཚོའི་གཏིང་འཕང་སུན་གསུམ་ཕྱུང་༔ རྒྱལ་པོ་ཡབ་ཡུམ་ཐུགས་དམ་བདེ་ལགས་སམ༔ འོན་ཀྱང་འགྲོ་དྲུག་ཕ་མའི་རང་བཞིན་ཏེ༔ བདག་ནི་ཐོག་མེད་དུས་ནས་ས་བོན་བཟང་༔ སེམས་བསྐྱེད་སྟོབས་ཀྱིས་ཕ་རོལ་ཕྱིན་བཅུའི་འབྲས༔ དུས་སུ་སྨིན་པ་ཁོ་མོ་རང་དྲིན་ཡིན༔ ཚེ་རབས་ལས་འཕྲོ་བཟང་ངན་འབྲེལ་པའི་ཡབ༔ དད་པ་མོས་གུས་གསོལ་བ་རྩེ་གཅིག་ཐོབ༔ འཆི་མེད་ཚེ་དབང་རིག་འཛིན་ཐུགས་རྗེ་དང་༔ བདག་ཅག་སྲས་སུ་འབྲེལ་པའི་དྲིན་ལན་ལ༔ སྲོག་དང་བྲལ་ཡང་རྣམ་སྨིན་སྒྲིབ་པ་སྦྱོང་༔ མཐར་ཐུག་རྫོགས་སངས་རྒྱས་པའི་ས་རུ་འགོད༔ ད་ལྟར་རྒྱལ་པོ་ཡབ་ཀྱི་ནད་སྡུག་ལ༔ སེལ་པའི་ཐབས་ཤིག་སྤྲུལ་པའི་སྐུ་ཉིད་ཀྱིས༔ ཐུགས་རྗེའི་གཟིགས་ལ་བཀའ་ཞིག་གནང་བར་སྩོལ༔ རྒྱལ་བློན་ཀུན་གྱིས་འགྲུབ་པར་གྱིས་ཤིག་གསུངས༔ ཀུན་གྱིས་ཕྱག་འཚལ་མཆོད་པའི་གནས་སུ་བཀུར༔ དེ་ལ་མཁྱེན་བརྩེ་ཚེ་དབང་རིག་འཛིན་གྱིས༔ དང་པོ་རྒྱལ་པོའི་སྡིག་སྒྲིབ་སྦྱང་བའི་ཕྱིར༔ ཀུན་བཟང་རྒྱལ་བ་འདུས་པའི་སྐུ་རུ་བཞེངས༔ བདེ་གཤེགས་གཙོ་བཞི་སྐུ་ཡི་ཆ་ལ་བཀོད༔ ལུས་ཀྱི་གནས་རྣམས་རིགས་དྲུག་འདུལ་གཤེན་དྲུག༔ ཡན་ལག་མཐིལ་བཞིར་སྒོ་མ་སྦྱོང་བྱེད་ལྷ༔ བསམ་གྱིས་མི་ཁྱབ་ལྷ་ཚོགས་སྐུ་དཀྱིལ་བཀྲ༔ ཚོགས་བདག་གཟི་བརྗིད་ཡུམ་དང་གཉིས་མེད་འཁྲིལ༔ སྐུ་ཡི་ཆ་ལས་བདུད་རྩིའི་ཆུ་རྒྱུན་བབ༔ རྒྱལ་པོའི་ལུས་ལ་སིབ་སིབ་ཐིམ་ནས་སུ༔ ལུས་ངག་ཡིད་ཀྱི་སྒྲིབ་པ་མ་ལུས་དག༔ ནད་ཀྱི་ཟུག་གཟེར་ཅུང་ཙམ་བདེ་བར་གྱུར༔ དེ་ནས་ཚེ་དབང་རིག་འཛིན་ཆེན་པོ་ཡིས༔ ཁྱུང་ཆེན་ཀ་རུ་ཎ་ཡི་སྐུར་བཞེངས་ཤིང་༔ ཚོགས་བདག་གཟི་བརྗིད་གཉིས་མེད་ཡབ་ལ་འཁྲིལ༔ ཞལ་ནས་ཀ་རུ་ཎ་ཡི་སྒྲ་སྒྲོགས་ཚེ༔ ཀླུ་རིགས་ཐམས་ཅད་རང་དབང་མེད་པར་འདུས༔ ཐ་ཚིག་དམ་བསྒྲགས་ཀླུ་རྣམས་བདེ་དང་ལྡན༔ རྒྱལ་པོའི་ལུས་ལས་སྡོམ་སྡིག་སྦལ་སྦྲུལ་བུད༔ ཆུ་སེར་རྣག་རུལ་རིམ་གྱིས་བསྐམ་པར་གྱུར༔ དེ་ནས་ཚེ་དབང་སྨན་ལྷའི་སྐུ་རུ་བཞེངས༔ ཚོགས་བདག་གཟི་བརྗིད་བདེ་ཉམས་ཡབ་ལ་སྦྱོར༔ སྨན་ལྷའི་ཚོགས་ཀྱིས་བདུད་རྩིའི་སྨན་ཆར་འབེབས༔ རྒྱལ་པོ་ནད་ཀྱི་ཟུག་གཟེར་མ་ལུས་ཞི༔ སྨན་ལྷའི་ཚོགས་ལ་ཕྱག་འཚལ་དཔྱད་ཀུན་བསྟན༔ རྒྱལ་པོའི་ནད་སེལ་ཤ་མདོག་དཀར་བར་གྱུར༔ དེ་ནས་རྗེས་བཞག་བཀྲ་གསལ་དཀྱིལ་འཁོར་བཞེངས༔ འཁོར་ལོ་ཐང་ལ་གཞལ་ཡས་ཁང་ཆེན་པོ༔ ནང་དུ་གཙོ་བཞི་བདེ་གཤེགས་སྟོང་སྐུ་བཞེངས༔ མངའ་དབུལ་རབ་གནས་བྱིན་དང་ལྡན་པ་མཛད༔ རྒྱལ་པོ་ལུས་ངག་ཡིད་གསུམ་རྩེ་གཅིག་གིས༔ བདེར་གཤེགས་སྟོང་གི་མཚན་ཕྱག་བརྗོད་དུ་བཅོལ༔ འཆི་མེད་ཚེ་དབང་རིག་འཛིན་བྱིན་རླབས་ཀྱིས༔ རྒྱལ་པོའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི༔ ཚེ་དབང་རིག་འཛིན་ཡབ་ཡུམ་སྐུ་གསུང་ཐུགས༔ ཉམས་ཆག་སྐོང་ཕྱིར་མཁའ་འགྲོ་དགོངས་པ་འདུས༔ དཀྱིལ་འཁོར་སྒྲུབ་ཅིང་ཚོགས་ཀྱི་མཆོད་སྤྲིན་འབུལ༔ དབང་བཞི་བསྐུར་ནས་ངོ་སྤྲོད་རྒྱ་ཆེར་གནང་༔ རྒྱལ་སྲིད་སྤངས་ནས་དབེན་པའི་རི་ངོགས་བསྙེག༔ ཚེ་ལོ་སུམ་བརྒྱད་བཞུགས་ཤིང་འཇའ་ལུས་གཤེགས༔ རྒྱལ་སྲས་ཆེན་པོ་རྒྱལ་སར་ཁྲི་ལ་བཀོད༔ ཡུལ་དེར་གཡུང་དྲུང་བོན་གྱི་བསྟན་བ་བཙུགས༔ རྒྱལ་ཁམས་བདེ་བ་ཆེན་པོར་གྱུར་ནས་སུ༔ རིག་འཛིན་ཡབ་ཡུམ་ན་མཆོག་རི་ལ་བྱོན༔ གསང་བའི་དུར་ཁྲོད་མཁའ་འགྲོ་མ་ཚོགས་ལ༔ གསང་བ་མཁའ་འགྲོ་དགོངས་འདུས་བོན་འཁོར་བསྐོར༔ མི་དང་མི་མིན་འགྲོ་དོན་དཔག་མེད་གྲུབ༔ མ་འོངས་བོད་ཡུལ་ཚེ་དབང་རིག་འཛིན་སྐུར༔ ཚོགས་བདག་གཟི་བརྗིད་ཚེ་ཡི་གྲོགས་སུ་གཤེགས༔ དབྱངས་ཅན་གཡུང་དྲུང་ཤེས་རབ་སོགས་ཀྱི་མཚན༔ གདུལ་དཀའ་འདུལ་བའི་སྐུ་རུ་བཞེངས་པར་འགྱུར༔ ཞེས་གསུངས་ཚེ་དབང་རིག་འཛིན་མཁའ་ལ་གཤེགས༔ ཚོགས་བདག་གཟི་བརྗིད་རྟ་མཆོག་རི་ལ་བཞུགས༔ མཁའ་འགྲོ་མ་ཚོགས་རྣམས་ལ་བོན་འཁོར་བསྐོར༔ གསང་སྤྱོད་མཁའ་འགྲོའི་དགོངས་དོན་ལྷུན་གྱིས་གྲུབ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབྱིངས་ཀྱི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན༔ གཡོ་མེད་གཡོ་བའི་ཐུགས་རྗེ་བྱམས་མ་ཆེ༔ གང་འདུལ་ཐུགས་རྗེ་ཀུན་སྒྲོལ་སྤྲུལ་པ་ལས༔ འགྲོ་དོན་རིན་ཆེན་དབྱིངས་ཕྱུག་མ་དུ་སྤྲུལ༔ ཡུལ་ནི་སྟག་གཟིག་གྱིམ་ཤང་ནག་པོའི་ཡུལ༔ གྲོང་ཁྱེར་ཆེན་པོ་ལྗོན་པ་ཕྱུག་པའི་སར༔ རྒྱལ་རིགས་ཕོ་བྲང་རིན་ཆེན་བཀོད་ཀློང་ན༔ དབང་བསྒྱུར་མངའ་བདག་རྒྱལ་པོ་འཁོར་ལོ་གསལ༔ རྒྱལ་པོའི་བཙུན་མོ་བསོད་ནམས་ལྡན་མ་ཞེས༔ སྟངས་དཔྱལ་འཚོས་པའི་སྲས་མེད་སྲིད་རྒྱུད་ཆེད༔ ཡངས་པ་ཅན་དུ་ཁྲི་ཐོག་སྤར་ཚའི་མདུན༔ བློན་པོ་རྫོངས་ནས་ལུང་ཞུར་བཏང་བ་ལྟར༔ གྲུབ་ཐོབ་མདུན་དུ་རིན་ཆེན་ཕྲེང་བ་ཕུལ༔ བློན་པོས་ཕྱག་འཚལ་གསོལ་བཏབ་ཞུ་བ་ནི༔ ཀྱེེ༔ རིག་འཛིན་གྲུབ་ཐོབ་ཁྲི་ཐོག་སྤར་ཚ་ལགས༔ གྱིམ་ཤང་རྒྱལ་ལ་སྲས་དཀོན་ལུང་ཞུར་བཏང་༔ བཙུན་མོ་བསོད་ནམས་ལྡན་ལ་རྒྱལ་སྲས་ཀྱི༔ དངོས་གྲུབ་ལུང་བསྟན་གསལ་བར་གནང་དུ་གསོལ༔ ཞེས་ཞུས་གྲུབ་ཐོབ་ཉིད་ཀྱིས་བཀའ་སྩལ་པ༔ ཨེ༔ སྟག་གཟིག་རྒྱལ་གྱི་མེ་ཏོག་གླིང་ཚལ་དུ༔ དཀོན་མཆོག་གསོལ་ཐོབ་མཆོད་པ་རྒྱ་ཆེར་ཕུལ༔ སྲིད་ཀྱི་དཔལ་བསྐྱེད་བསོད་ནམས་འབུམ་ཕྲག་ཐོབ༔ ནམ་ཞིག་འདི་ཕྱིའི་བྱ་བ་ཐམས་ཅད་འགྲུབ༔ ཅེས་གསུངས་བློན་པོ་ཕྱིར་ལོག་རྒྱལ་ལ་ཞུས༔ རྒྱལ་པོ་ཡབ་ཡུམ་དགྱེས་ནས་གྲུབ་ཐོབ་བཀའ༔ མེ་ཏོག་གླིང་ཚལ་དཀོན་མཆོག་མཆོད་ལ་བརྩོན༔ གསོལ་བཏབ་ནམ་ཞིག་རྒྱལ་པོའི་རྨི་ལམ་ལ༔ མཁའ་ལ་འབྲུག་སྒྲ་རིན་ཆེན་ཆར་པ་འབེབས༔ ས་གཞིར་ཚལ་རྒྱས་འགྲོ་ཀུན་སྣང་བ་མགུ༔ མེ་ཏོག་འདབ་ལྡན་ལྷ་ལ་མཆོད་པ་རྨིས༔ ཡུམ་གྱིས་རྒྱ་མཚོའི་འགྲམ་ནས་གསེར་གྱི་ཉ༔ ཁ་ནས་རིན་ཆེན་སྒྲོམ་བུ་བདག་ལ་གཏད༔ མངའ་རིས་ཞིང་ཁམས་ནོར་ཆར་འབེབས་པ་རྨིས༔ ཡུམ་ལ་བཀྲ་ཤིས་དགེ་རྟགས་སྣ་ཚོགས་ཤར༔ ཕྱིས་དུས་ལོ་ཤར་དུས་བཟང་ཉི་ཤར་མཉམ༔ ཡུམ་ལ་ནད་མེད་སྲས་མོ་ཞིག་འཁྲུངས་པ༔ བུ་མོ་ལུས་གཟུགས་མཛེས་ཤིང་ཡིད་དུ་འོང་༔ སྐུ་མདོག་དཀར་དམར་ཕྱག་ཞབས་མཉེན་ལྕུགས་ལྡན༔ མཚན་ཉིད་རྫོགས་ཤིང་ཐུགས་རྒྱུད་ཡིད་གཞུང་པ༔ འོད་དང་འོད་ཟེར་འཇའ་སྤྲིན་ཕུང་པོ་འཁྲིགས༔ རིན་ཆེན་ཆར་པ་པུས་མོ་ནུབ་ཙམ་འབེབས༔ དབྱིངས་ཀྱི་མཁའ་འགྲོ་དུ་མས་མ་མ་མཛད༔ རིན་ཆེན་དབྱིངས་ཕྱུག་མ་ཞེས་མཚན་དུ་གསོལ༔ གཞན་གྱི་ལོ་བས་བུ་མོ་ཟླ་སྐྱེད་རྫོགས༔ ཆུང་ནས་ཡང་དག་བོན་ལ་རབ་ཏུ་མོས༔ ཞག་ལྔ་དུས་སུ་ཞལ་ནས་འདི་སྐད་གསུངས༔ ཧོཿཉོན་དང་ཡབ་ཅིག་རྒྱལ་པོ་འཁོར་ལོ་གསལ༔ མ་ཅིག་ཡུམ་མཆོག་བསོད་ནམས་ལྡན་མ་ལགས༔ ང་ནི་གནས་གསུམ་མཁའ་འགྲོའི་བྱིན་རླབས་སྲས༔ གདུལ་དཀའ་འདུལ་མཛད་རིག་འཛིན་ཆེན་པོའི་ཡུམ༔ གསང་སྔགས་སྤྱོད་པ་རྨད་བྱུང་རྟེན་འབྲེལ་ལམ༔ ཡེ་ཤེས་བཞི་སྦྱོར་ཐོགས་མེད་བརྟུལ་ཞུགས་སྤྱོད༔ ཆགས་འཁོར་བདུད་སྒྲོལ་བླ་མེད་ཐེག་མཆོག་སྟོན༔ རྒྱལ་པོ་ཡབ་ཡུམ་བསོད་ནམས་མཐུ་ལས་སྨིན༔ ཞེས་ཟེར་ཀུན་གྱིས་ངོ་མཚར་ཆེ་བས་བསྟོད༔ ཆུ་ནི་ཐིགས་ཙམ་མེ་ཏོག་བཅུད་ལ་རོལ༔ འཇིག་རྟེན་འཁོར་བའི་འཚོ་བ་ཀུན་ཀ་སྤང་༔ འགྲོ་ལ་བྱམས་སེམས་ཁྲོ་བའི་སྡང་སེམས་མེད༔ ཕོ་བྲང་དབུ་རྩེར་བཞུགས་ཤིང་དགེ་སྦྱོར་སྒྲུབ༔ བུ་མོའི་སྙན་གྲགས་རྒྱལ་ཁམས་ཐམས་ཅད་ཁྱབ༔ དེ་ཚེ་ཡབ་ཅིག་རྒྱལ་པོས་འདི་སྐད་ཞུས༔ ཨེ་མ༔ གསོན་དང་སྲས་མོ་རིན་ཆེན་དབྱིངས་ཕྱུག་མ༔ རྒྱལ་པོ་ཡབ་ཡུམ་རྨི་ལྟས་རབ་བཟང་ཡང་༔ སྲས་མིན་བུ་མོ་དགེ་བའི་ངོ་མཚར་འཁྲུངས༔ ཁྱིམ་ཐབ་འགྲོའམ་དགེ་སྦྱོར་སྒྲུབ་པར་འདོམས༔ ཞེས་གསུངས་སྲས་མོ་རིན་ཆེན་དབྱིངས་ཕྱུག་མས༔ ཀྱེེ༔ ཡབ་ཅིག་རྒྱལ་པོ་དམ་པ་རིན་པོ་ཆེ༔ ཁོ་མོ་རྒྱལ་རིགས་རིན་ཆེན་དབྱིངས་ཕྱུག་མ༔ སྔོན་བསགས་དམན་པས་བུད་མེད་མོ་ལུས་བླངས༔ འོན་ཀྱང་དགེ་སྒྲུབ་ཕོ་མོ་ཁྱད་པར་མེད༔ དེ་ཕྱིར་དལ་འབྱོར་མི་ལུས་ཐོབ་པའི་དུས༔ དགེ་བ་སྒྲུབ་ལ་རྒྱལ་པོས་གནང་བ་སྩོལ༔ ཞེས་ཞུས་རྒྱལ་པོ་ཡབ་ཡུམ་ཞལ་སྔ་ནས༔ ཨེ་མ༔ རྒྱལ་པོའི་སྲས་མོ་བསམ་པ་ཁྱད་པར་ཅན༔ ཆུང་ནས་གཞན་དང་མི་འདྲ་ཤེས་རྒྱུད་འཇམ༔ གསང་སྔགས་དུས་ཀྱི་འཁོར་ལོ་དཀྱིལ་འཁོར་མདུན༔ བུ་མོ་ཡང་དག་དགེ་ལ་བརྩོན་པར་གྱིས༔ ཞེས་གསུངས་བཀའ་བཞིན་སྒྲུབ་ཅིང་དགེ་ལ་བརྩོན༔ ནམ་ཞིག་གསང་སྔགས་ལྷ་ཁང་དབུ་རྩེ་ལ༔ གཡུ་བྱ་ཁུ་བྱུག་ཅིག་གིས་ཚང་ཚིང་བརྗོད༔ ཀུན་ཀ་ངོ་མཚར་ཆེ་བས་ཉན་དུ་སོང་༔ རིན་ཆེན་དབྱིངས་ཕྱུག་མ་ཡིས་འདི་ལྟར་གསན༔ ཨ་ཧོ༔ དབྱིངས་ནས་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་མོ༔ རིན་ཆེན་མཁའ་འགྲོ་རིན་ཆེན་དབྱིངས་ཕྱུག་ཡུམ༔ སེང་གེ་འབར་བའི་གནས་ཀྱི་མཆོང་གུར་ཕུབ༔ ཚེ་ལ་དབང་བའི་རིག་འཛིན་ཆེན་པོ་བཞུགས༔ གསང་སྤྱོད་སྔགས་ཀྱི་བོན་མཆོག་འགྲོ་ལ་སྟོན༔ ཁྱོད་ནི་སྦྱོར་ཡུམ་དྲག་པོའི་ཕྲིན་ལས་ཅན༔ དུར་ཁྲོད་ཟིལ་གནོན་ཐོགས་མེད་མཁའ་ལ་གཤེགས༔ བདེ་སྟོང་ཆེན་པོའི་དངོས་གྲུབ་ལོངས་སུ་སྤྱོད༔ ཅེས་ཐོས་རྒྱལ་པོ་ཡབ་ལ་འདི་སྐད་ཞུས༔ ཨེ་མ༔ དེ་རིང་བྱ་སྐད་དེ་ལ་བདེན་ཡོད་ན༔ སེང་གེ་འབར་བའི་བྲག་ཕུག་དབེན་གནས་སུ༔ འཆི་མེད་རིག་འཛིན་སྤྲུལ་པའི་སྐུ་བཞུགས་ཟེར༔ གཡུང་དྲུང་བོན་གྱི་གདམས་པ་ནོད་དུ་འགྲོ༔ ལོ་ཟླར་མི་ཡེངས་བསམ་གཏན་སྒོམ་ལགས་ནས༔ ཡབ་ཡུམ་རེ་སྐོང་འཕྲལ་དུ་ཕེབས་ནས་འོངས༔ ཞེས་གསུངས་མཁའ་འགྲོའི་ཆས་སྤྲས་མཁའ་ལ་གཤེགས༔ རྒྱལ་པོ་ཡབ་ཡུམ་ཐུགས་ནི་མ་བདེ་བཞུགས༔ སྲས་མོ་སེང་གེ་འབར་བའི་གསང་ཕུག་སྒོར༔ བྱོན་ཚེ་འཇའ་དང་འོད་ཟེར་སྣ་ཚོགས་འཕྲོ༔ ཚེ་དབང་རིག་འཛིན་སྐུ་མདོག་དཀར་དམར་མདངས༔ མཚན་དཔེ་ཡོངས་རྫོགས་ལྟ་བས་མི་ངོམས་བཞུགས༔ གུས་པས་ཕྱག་འཚལ་གདུང་བས་འདི་སྐད་ཞུས༔ ཨེ་མ་རང་བྱུང་གསང་བྲག་འོད་ཕུག་ན༔ སྤྲུལ་པའི་སྐྱེས་མཆོག་ཞལ་མཇལ་དང་རེ་སྤྲོ༔ བདག་ནི་རྒྱལ་རིགས་རིན་ཆེན་བཀོད་གླིང་ནས༔ རྒྱལ་པོ་འཁོར་ལོ་གསལ་གྱི་སྲས་མོ་ཡིན༔ གཡུ་བྱ་ཁུ་བྱུག་གསུང་གི་བརྡ་གོ་ནས༔ སེང་གེ་འབར་བའི་གསང་ཕུག་འདི་རུ་ཕྱིན༔ གསང་སྔགས་བླ་མེད་ཟབ་ལམ་བསྒྲུབ་ལ་སྤྲོ༔ སྐྱབས་མཆོག་ཐུགས་རྗེའི་ལྕགས་ཀྱུས་བདག་ཟུངས་ཤིག༔ རིན་ཆེན་དབྱིངས་ཕྱུག་མ་ལ་དབང་བཞི་སྩོལ༔ འབྲལ་མེད་སྐུ་ཡི་དཀྱིལ་འཁོར་བསྟན་དུ་གསོལ༔ ཞེས་ཞུས་རིག་འཛིན་སྤྲུལ་པའི་སྐུ་ཉིད་ཀྱིས༔ ཨ་ཧོ༔ ཉོན་དང་རྒྱལ་རིགས་བཀོད་པའི་གླིང་ཆེན་ན༔ སྤྲུལ་པའི་མཁའ་འགྲོ་རིན་ཆེན་དབྱིངས་ཕྱུག་ཡུམ༔ གསང་བའི་གནས་འདིར་འཕྲད་པ་ངོ་མཚར་ཆེ༔ བདག་ནི་འཆི་མེད་ཚེ་དབང་རིག་འཛིན་ཏེ༔ ཁྱོད་ནི་དབྱིངས་ནས་བདག་དང་དམ་ཚིག་འབྲེལ༔ བསྟན་པ་སྤེལ་ཕྱིར་བདག་གི་གྲོགས་སུ་ཤར༔ ཞེས་གསུངས་སྤྱི་སྤུངས་དཀྱིལ་འཁོར་ཞལ་དབྱེ་གནང་༔ སྒྲུབ་པའི་དྲོད་བརྙེས་བྱིན་རླབས་དབང་བཞི་ཐོབ༔ གསང་སྤྱོད་བདེ་ཆེན་དགའ་བཞིའི་ཡེ་ཤེས་འབར༔ ཕྱི་ནང་གསང་བའི་གདམས་པ་དུ་མ་མནོས༔ དེ་ནས་གསང་སྤྱོད་དུར་ཁྲོད་འདུལ་དུ་བྱོན༔ ལྷ་སྲིན་དབང་བསྡུས་ཟིལ་གནོན་དྲག་པོར་བཞུགས༔ མི་སྲུན་སྡེ་བརྒྱད་དུར་ཁྲོད་བདག་པོ་དང་༔ བདུད་སྡེ་དཔུང་ཚོགས་ཁྲོས་ནས་ཐོག་སེར་ཕབ༔ ཚེ་དབང་ཁྲོ་བོ་གཙོ་མཆོག་སྐུ་རུ་བཞེངས༔ ཁྲོས་པའི་ཆས་ཆེན་རྔམས་པའི་མཚོན་ཆ་འཛིན༔ རིན་ཆེན་དབྱིངས་ཕྱུག་མཁའ་ལ་གདུག་མོར་ཁྲོས༔ དམར་མོ་གསང་ཡུམ་གཙོ་མཆོག་ཡབ་ལ་འཁྲིལ༔ རང་འདྲ་སྤྲུལ་པའི་ཁྲོ་ཚོགས་ཐོག་ལྟར་འབེབས༔ དྲག་པོའི་སྟོབས་ཀྱིས་བདུད་སྲིན་རང་གཤེད་དབབ༔ དུར་ཁྲོད་བདག་པོ་བདག་མོ་ཐམས་ཅད་ཀྱིས༔ རང་རང་ཚད་བསྟན་སྲོག་གི་སྙིང་པོ་ཕུལ༔ མི་ལྡོག་ཁས་བླངས་དམ་ལ་གནས་པར་བྱས༔ རིག་འཛིན་ཡབ་ཡུམ་སྤྲུལ་བའི་སྐུ་བཤིག་ཅིང་༔ པདྨའི་གདན་ལ་བཞུགས་ནས་བོན་འཁོར་བསྐོར༔ རིན་ཆེན་དབྱིངས་ཕྱུག་ཚོགས་ཀྱི་དེད་དཔོན་མཛད༔ ཕྱི་ནང་གསང་བའི་ཚོགས་ཀྱི་འཁོར་ལོ་བསྐོར༔ མི་མ་ཡིན་གྱི་འགྲོ་དོན་དཔག་མེད་མཛད༔ དེ་ནས་རིན་ཆེན་དབྱིངས་ཕྱུག་མཁའ་འགྲོ་མས༔ བདེ་བའི་ལུས་མཆོད་ཕུལ་ནས་འདི་སྐད་ཞུས༔ ཨེ་མ༔ འཆི་མེད་རིག་འཛིན་ཚེ་དབང་སྤྲུལ་པའི་སྐུ༔ སྔོན་སྦྱང་ལས་འཕྲོ་དཀར་བའི་དབྱིངས་ཕྱུག་མ༔ དུས་གསུམ་སངས་རྒྱས་དངོས་སུ་ཞལ་ཡང་མཇལ༔ ཐུགས་བཟང་འབྲལ་མེད་བདེ་བའི་དཀྱིལ་འཁོར་བསྒྲུབ༔ བཀའ་དྲིན་བླ་མེད་བདག་གིས་ཐབ་ན་ཡང་༔ བདག་གི་ལུས་འདི་སྐྱེད་སྨིན་ཡབ་ཡུམ་དང་༔ གྱིམ་ཤང་གླིང་གི་སྐྱེ་འགྲོ་ཐམས་ཅད་ལ༔ སྐུ་ཡི་ཞལ་བསྟན་གསུང་གི་བོན་འཁོར་བསྐོར༔ ཐུགས་ཀྱི་དགོངས་པས་སྨིན་གྲོལ་ངོ་སྤྲོད་སོགས༔ སྤྲུལ་པའི་སྐུ་ཡིས་གནང་བར་མཛད་དུ་གསོལ༔ ཞེས་ཞུས་རིག་འཛིན་སྤྲུལ་པའི་སྐུ་ཉིད་ཀྱིས༔ ཧོ༔ ཉོན་དང་མཁའ་འགྲོ་རིན་ཆེན་དབྱིངས་ཕྱུག་མོ༔ ཞུས་པའི་དོན་དེ་སྐབས་ལ་རན་གྱིས་ཕོག༔ ཁྱོད་ནི་གསང་སྔགས་ལས་ཀྱི་ཕྱག་རྒྱ་ཡུམ༔ སེམས་ཅན་བློ་དང་བསྟུན་ནས་དམུ་རྒོད་འདུལ༔ དང་པོ་ཐབས་ཀྱི་རྟེན་འབྲེལ་ཉིད་ཀྱིས་མཛོད༔ བདག་ནི་ཚེས་བཅུ་དུས་བཟང་གཤེགས་ཏེ་འོང་༔ ཞེས་གསུངས་རིན་ཆེན་དབྱིངས་ཕྱུག་མཁའ་འགྲོ་མ༔ བར་སྣང་ཁམས་ནས་རྒྱལ་ས་གླིང་དུ་ཕབ༔ ཐམས་ཅད་ཀུན་གྱིས་ངོ་མཚར་ཆེ་བར་མཐོང་༔ རྒྱལ་པོ་ཡབ་ཡུམ་ཐུགས་དམ་བདེ་བར་གྱུར༔ དེ་ཚེ་རིན་ཆེན་དབྱིངས་ཕྱུག་མཁའ་འགྲོ་མས༔ ཀྱེེ༔ གསོན་ཞིག་རྒྱལ་པོ་ཡབ་ཡུམ་བློན་འཁོར་རྣམས༔ བདག་ནི་འཁོར་བའི་སྐྱོན་གྱིས་མ་གོས་པར༔ རྒྱལ་པོ་ཡབ་ཡུམ་དྲིན་གྱིས་དགེ་ལ་བསྐུལ༔ ཐར་བ་བྱང་ཆུབ་དོན་དུ་གཉེར་བ་ལ༔ སེང་གེ་མཆོང་ཕུག་འཇའ་ཚོན་དྲ་བའི་ཀློང་༔ འཆི་མེད་ཚེ་དབང་རིག་འཛིན་ཆེན་པོར་བཞུགས༔ ཕྱག་འཚལ་གསོལ་བཏབ་མཁའ་འགྲོའི་ཚོགས་གྲལ་ཕྱིན༔ གཡུང་དྲུང་བོན་གྱི་བཀའ་འཁོར་རྒྱ་ཆེར་བསྐོར༔ ཟབ་ལམ་གསང་སྤྱོད་སྔགས་ཀྱི་གྲོགས་སུ་གྱུར༔ དུར་ཁྲོད་ཟིལ་གནོན་གཙོ་མཆོག་ཡབ་ཡུམ་ཁྲོས༔ ལྷ་སྲིན་དུར་བདག་ཐམས་ཅད་དམ་ལ་བཞག༔ མི་མ་ཡིན་གྱི་འགྲོ་དོན་མཐའ་རུ་ཕྱིན༔ གནས་འདིར་རྒྱལ་པོ་ཡབ་ཡུམ་བློན་འབངས་ལ༔ ཐར་པའི་ས་བོན་དགེ་ལ་བློ་བསྒྱུར་དང་༔ བསྟན་པའི་ཕྲིན་ལས་མཐའ་རུ་རྒྱས་པའི་ཕྱིར༔ འབྱོན་པར་ཞུས་པས་ཁྱོད་ཅག་གསོལ་བ་ཐོབ༔ ཅེས་གསུངས་ཐམས་ཅད་དགའ་ཞིང་མགུ་བར་གྱུར༔ གསང་སྔགས་གཙུག་ལག་ཁང་དུ་ཁྲི་ཆེན་བརྩེགས༔ མཆོད་པའི་བྱེ་བྲག་བསམ་ལས་འདས་པར་བཤམས༔ བཀྲ་གསལ་སྟག་ལོ་ཚེས་བཅུའི་ཉི་ཤར་དུས༔ དང་པོ་ཕོ་བྲང་རྩེ་ལ་འཇའ་ཚོན་ཟུག༔ འོད་ཟེར་ལྟ་བས་མི་བཟོད་ལམ་ལམ་ཤར༔ སྒྲ་དང་དབྱངས་དང་རོལ་མོ་སྣ་ཚོགས་སྒྲོགས༔ སྤྲུལ་པའི་རིག་འཛིན་གྲུབ་པ་ཐོབ་པའི་ཆས༔ རིན་ཆེན་རྒྱན་དང་ཌཱ་སིལ་ཁ་ཊྭཱཾ་འཆང་༔ འཇའ་ཟེར་ལམ་ལ་ཐོགས་མེད་བྱོན་ནས་བྱུང་༔ ཀུན་གྱིས་ཕྱག་འཚལ་ངོ་མཚར་སྤྲོ་བ་བསྐྱེད༔ ཕོ་བྲང་དབུ་རྩེ་གསང་སྔགས་ཁང་དུ་་གཤེགས༔ རིན་ཆེན་འབར་བའི་ཁྲི་ལ་བཞུགས་སུ་གསོལ༔ མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཕུལ༔ དེ་ཚེ་རིགས་མཆོག་ལྷ་མོ་དབྱིངས་ཕྱུག་མ༔ བདེ་བའི་དཀྱིལ་འཁོར་ཞལ་གྱི་པདྨོ་བཞད༔ གུས་པའི་ཕྱག་འཚལ་དབྱངས་ཀྱིས་འདི་སྐད་ཞུས༔ ཨེ་མ༔ དུས་གསུམ་ཀུན་མཁྱེན་ཚེ་དབང་སྤྲུལ་པའི་སྐུ༔ རྒྱལ་བའི་དགོངས་པ་ཡོན་ཏན་མ་ལུས་རྫོགས༔ འགྲོ་དོན་རླབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ལས་ཅན་མིན་པ་སངས་རྒྱས་ཞལ་འཚོ་དཀའ༔ བསོད་ལྡན་མིན་པས་ནོར་བུ་ལོན་པ་དཀའ༔ ད་ལྟ་རྒྱལ་བློན་རིན་ཆེན་བཀོད་པའི་གླིང་༔ ཡབ་ཅིག་རྒྱལ་བློན་དངོས་གྲུབ་སྣ་འདྲེན་དང་༔ མཁའ་འགྲོས་བྱིན་རླབས་རིན་ཆེན་དབྱིངས་ཕྱུག་ང་༔ སྐྱེས་ནས་དག་པ་དགེ་བའི་ལམ་ལ་ཞུགས༔ འགྲན་གྱི་ཟླ་བྲལ་ཚེ་ཡི་རིག་འཛིན་མཇལ༔ གསང་སྔགས་རབ་འབྱམས་བདེ་ཆེན་དཀྱིལ་འཁོར་རྫོགས༔ ད་ལྟར་རིག་འཛིན་ཆེན་པོ་སྤྱན་དྲངས་ནས༔ རྒྱལ་པོ་ཡབ་ཡུམ་བློན་འབངས་མངའ་རིས་ཞིང་༔ ཚེ་འདིར་དགེ་ལ་ཞུགས་དང་འཁོར་མཚེར་བསྒྲལ༔ མཐར་ཐུག་རྫོགས་སངས་རྒྱས་པའི་གདམས་པ་སོགས༔ འཆི་མེད་ཚེ་དབང་རིག་འཛིན་ཆེན་པོ་ཡིས༔ མ་ལུས་ཡོངས་སུ་གནང་བར་མཛད་དུ་གསོལ༔ ཞེས་ཞུས་ཚེ་དབང་སྤྲུལ་པའི་སྐུ་ཉིད་ཀྱིས༔ ཨ་ཧོ༔ ཉོན་དང་རིན་ཆེན་དབྱིངས་ཕྱུག་མཁའ་འགྲོ་མ༔ རྒྱལ་པོ་ཡབ་ཡུམ་བློན་འབངས་འདུས་པ་ཀུན༔ འཆི་མེད་ཚེ་དབང་རིག་འཛིན་སྤྲུལ་བའི་སྐུ༔ དང་པོ་སྤྲོས་བྲལ་བོན་སྐུ་ཀུན་ཏུ་བཟང་༔ མ་འགག་རང་བཞིན་ལྷུན་གྲུབ་གཤེན་ལྷ་འོད༔ རྩ་གསུམ་འཆི་མེད་གསང་འདུས་དབལ་གཤེན་གསུམ༔ གང་འདུལ་ཐབས་ཀྱིས་འགྲོ་ཀུན་སྐྱོང་བ་ལ༔ བདག་ནི་གསང་འདུས་སྤྲུལ་པ་དྲན་པའི་སྲས༔ སྦས་དང་མངོན་པའི་ཡུམ་ཆེན་གསང་བའི་གྲོགས༔ དུར་ཁྲོད་གནས་ཆེན་ཚོགས་ཀྱི་རྗེ་བོར་མཛད༔ སྣ་ཚོགས་ཐབས་ཀྱིས་གདུལ་དཀའ་མ་ལུས་འདུལ༔ ད་ལྟ་རྒྱལ་རིགས་རིན་ཆེན་གླིང་དུ་ཕྱིན༔ རིན་ཆེན་དབྱིངས་ཕྱུག་རིན་ཆེན་རིགས་ཀྱི་གཙོ༔ བསྟན་པ་རིན་ཆེན་དར་དང་རྒྱས་པའི་ཕྱིར༔ སྤྱི་སྤུངས་དབང་ཆེན་དཀྱིལ་འཁོར་བཞེངས་ནས་སུ༔ ཉམས་སུ་ལེན་དང་སྒྲུབ་པ་ལྷུར་ལེན་མཛོད༔ ཅེས་གསུངས་བཀྲ་ཤིས་ས་བཙལ་དཀྱིལ་འཁོར་བཞེངས༔ གཞལ་ཡས་ཕྱི་ནང་བཀོད་པ་ངོ་མཚར་གྲུབ༔ བཀྲ་ཤིས་རབ་གནས་རྗེས་བཞག་མཐའ་རུ་ཕྱིན༔ གསང་སྔགས་རྒྱུད་སྡེ་ཟབ་མོ་འཛིན་སྐྱོང་སྤེལ༔ དེ་ཚེ་རིན་ཆེན་མཁའ་འགྲོ་དབྱིངས་ཕྱུག་མས༔ གུས་ཕྱག་འཚལ་ཞིང་འདི་སྐད་ཞུ་བ་ཕུལ༔ ཨེ་མ༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ་མཆོག་རྗེ༔ མཁྱེན་བརྩེ་ནུས་པའི་ཐུགས་རྗེས་མངོན་སྐྱོང་བས༔ རིན་ཆེན་བཀོད་གླིང་སྨིན་གྲོལ་མཛད་གྲུབ་པ༔ སྔོན་གྱི་ཐུགས་དམ་གཅིག་གི་འབྲེལ་བའམ༔ འཕྲལ་དུ་དགེ་བའི་ཞིང་ས་སྨིན་པ་གང་༔ རིག་འཛིན་ཆེན་པོས་བདག་ལ་བཀའ་སྩལ་གསོལ༔ ཞེས་ཞུས་སྤྲུལ་པའི་སྐུ་ཡིས་ཚངས་དབྱངས་ཀྱིས༔ ཨ་ཧོ༔ ཉོན་དང་མཁའ་འགྲོ་རིན་ཆེན་དབྱིངས་ཕྱུག་མ༔ ལས་ཅན་རྒྱལ་པོ་ཡབ་ཡུམ་སྲས་འཁོར་ཚོགས༔ སྔོན་ཚེ་བསྐལ་པ་གྲངས་མེད་བདེ་འཁོར་དུས༔ རྒྱལ་པོ་སྣང་གསལ་བཙུན་མོ་མཐུ་དབང་མ༔ སྟངས་དཔྱལ་སྲས་ཤིག་ལྕམ་གཉིས་བལྟམས་པ་ལ༔ དབེན་རིར་རྣལ་འབྱོར་རང་ཤར་སྙིང་པོ་བཞུགས༔ ལྕམ་གཉིས་རྣལ་འབྱོར་མདུན་ཕྱིན་གདམས་པ་ཞུས༔ སྲས་ཀྱིས་འཚོ་བའི་ཡོ་བྱད་ཞབས་ཏོག་བྱས༔ དགེ་བའི་སྟོབས་དེས་ད་ལྟར་ལས་འཕྲོ་འཛོམས༔ སྔོན་ཚེ་རྣལ་འབྱོར་དྲི་མེད་བདག་ཉིད་ཡིན༔ སྲས་ལྕམ་ད་ལྟ་རྒྱལ་ཡུམ་དབྱིངས་ཕྱུག་མ༔ སྔོན་གྱི་ལས་འབྲེལ་ཟབ་མོའི་མཐུ་དཔལ་ཡིན༔ ད་ནས་རྒྱལ་བློན་ཡབ་ཡུམ་བློན་འཁོར་ཚོགས༔ དལ་ཞིང་འབྱོར་བའི་ལས་འཕྲོ་ལྡན་པའི་དུས༔ ཚེ་འདིར་ཡང་དག་དགེ་སྦྱོར་སྒྲུབ་ལ་བརྩོན༔ ད་ལྟ་རྨི་ལམ་ཙམ་འདི་མི་རྟག་རྒྱུ༔ སྣང་བ་འཁོར་བའི་བསླུ་བྲིད་མ་ཞེན་པར༔ ལས་འབྲས་དཀར་ནག་རྣམ་སྨིན་བླང་དོར་གཞིག༔ མཚན་བཅས་དགེ་བས་ངན་སོང་གནས་ལས་ཐར༔ མཚན་མེད་དོན་དམ་བླ་མེད་འབྲས་བུ་ཐོབ༔ རྟག་ཏུ་གཡུང་དྲུང་བོན་ལ་བློ་རྩེ་གཏོད༔ ཐར་པ་བྱང་ཆུབ་སྒྲུབ་པ་བརྩོན་པར་གྱིས༔ ཞེས་གསུངས་སྟག་གཟིག་གྱིམ་ཤང་བདེ་ལ་བཀོད༔ ཚེ་དབང་ཡབ་ཡུམ་དུང་གི་བྱ་རྒོད་སྤྲུལ༔ སེང་གེ་འབར་བའི་གནས་སུ་ཤེད་ཀྱིས་བྱོན༔ རིན་ཆེན་དབྱིངས་ཕྱུག་ཚོགས་ཀྱི་དེད་དཔོན་མཛད༔ དུར་ཁྲོད་བདག་པོ་ཐམས་ཅད་ཚོགས་གྲལ་བསྡུས༔ ཕྱི་ནང་གསང་བའི་བོན་གྱི་བཀའ་འཁོར་བསྐོར༔ ཀུན་བཟང་སྙན་བརྒྱུད་གདམས་པའི་བཅུད་དུ་སྩལ༔ གཏན་ལ་ཕབ་པ་རིན་ཆེན་དབྱིངས་ཕྱུག་བཅོལ༔ མ་འོངས་བོད་ཡུལ་མཁའ་འགྲོ་རིན་ཆེན་མིང་༔ སྐྱེ་བ་བརྒྱད་ལ་གསང་སྔགས་བསྟན་པའི་གྲོགས༔ མཐར་ཐུག་དབྱིངས་ཉིད་མཁའ་འགྲོའི་ཀློང་དུ་ཆུབ༔ ཅེས་གསུངས་རིག་འཛིན་ཐོགས་མེད་མཁའ་ལ་གཤེགས༔ རིན་ཆེན་རིགས་གཙོ་མཁའ་འགྲོ་དབྱིངས་ཕྱུག་མ༔ སེང་གེ་འབར་བའི་བྲག་ལ་རྒྱུན་བཞུགས་མཛད༔ རིག་འཛིན་མཁའ་འགྲོ་དུ་མ་ཚོགས་ལ་འདུ༔ མཁའ་འགྲོའི་དགོངས་སྤྱོད་ཟབ་མོའི་འགྲོ་དོན་མཛད༔ རིན་ཆེན་དབྱིངས་ཕྱུག་རིགས་ཀྱི་གཙོ་མོར་བཞུགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཀུན་བཟང་ཡུམ་ཆེན་ཀྱེ་མ་འོད་མཚོ་མ༔ ཐུགས་རྗེ་ཀུན་སྒྲོལ་ཐུགས་ཀྱི་སྤྲུལ་པ་མོ༔ དེ་བཞིན་རིགས་ཀྱི་མཁའ་འགྲོའི་གཙོ་མོ་ཆེ༔ རྒོད་ལྕམ་གཙུག་གི་དོན་འབར་མ་ཉིད་ནི༔ ཡུལ་ནི་རྒྱ་གར་ལ་གཏོགས་ཟ་ཧོར་ཡུལ༔ གྲོང་ཁྱེར་འབུམ་ཕྲག་མངའ་རིས་བསམ་མི་ཁྱབ༔ ཞིང་ཁམས་དབང་བསྒྱུར་ཕོ་བྲང་དགའ་བ་ཅན༔ ཟ་ཧོར་རྒྱལ་པོ་ཆེན་པོ་དཔལ་སྐྱོང་དང་༔ བཙུན་མོ་བཟང་མོ་དཔལ་བདེ་མ་ཉིད་ལ༔ རྒྱལ་དཀོར་ལོངས་སྤྱོད་བང་མཛོད་བསམ་མི་ཁྱབ༔ ནམ་ཞིག་རྒྱལ་པོ་ཡབ་ཀྱི་རྨི་ལམ་ལ༔ མཁའ་ལ་ཉི་ཟླ་ཟུང་གི་དཀྱིལ་འཁོར་ཤར༔ ཉི་ཟེར་རྒྱལ་པོ་རང་གི་ལུས་ལ་ཕོག༔ ལག་ན་འདོད་དགུ་རིན་ཆེན་འོད་འབར་འཛིན༔ ཀུན་གྱི་རང་ལ་བསྟོད་བཀུར་བྱེད་པ་རྨིས༔ ཡུམ་གྱིས་མེ་ཏོག་རྒྱས་པའི་ཚལ་དུ་བྱོན༔ པདྨ་འདབ་སྟོང་ལྡན་པ་ཞིག་བླངས་ནས༔ ལྷ་ལ་ཕུལ་ཞིང་ཉི་མ་འོད་བརྒྱ་ཅན༔ འཇིག་རྟེན་ཁམས་ཀུན་མུན་པ་སེལ་བ་རྨིས༔ ནམ་ཞིག་ཕྲག་གཡས་གཡུ་བྱ་ཁུ་བྱུག་བབ༔ སྙན་པའི་སྐད་ཀྱིས་ཡེ་ཤེས་མཁའ་འགྲོ་མ༔ འགྲོ་བ་རང་མཐུན་ཚུལ་དུ་སྟོན་པ་ཐོས༔ ཡབ་ཡུམ་རྨིས་ལྟས་ཀུན་ལ་གསང་རྒྱ་མཛད༔ དཀོན་མཆོག་མཆོད་དང་དགེ་བའི་ལས་ལ་བརྩོན༔ བཟང་དཔལ་ཡུམ་གྱི་ལུས་ལ་སྲིད་དུ་ཆགས༔ དུས་རྒྱུན་མོ་རྒྱུད་མང་པོས་སྐོར་བ་བྱེད༔ ལུས་བདེ་སེམས་གསལ་སྐབས་སུ་བར་སྣང་འགྲོ༔ ཡ་མཚན་ལྟས་བཟང་ཟླ་དགུ་ངོ་བཅུའི་ཉིན༔ ཚེས་བཅུ་ཉི་མ་ཤར་དང་མཉམ་པོ་རུ༔ ཡུམ་ལས་བུ་མོ་ནད་མེད་བདེ་བར་འཁྲུངས༔ མཁའ་ལ་འཇའ་ཚོན་འོད་ཟེར་དྲ་བ་འཁྲིགས༔ ས་གཞིར་མཛེས་པའི་མེ་ཏོག་སྣ་ཚོགས་རྒྱས༔ བདུད་རྩིའི་སྦྲང་ཆར་ཟིལ་མ་ཕྱོགས་སུ་བབ༔ རྒྱལ་པོ་ཡབ་ཡུམ་བུ་མོར་ཅུང་མ་དགྱེས༔ ཡབ་ཡུམ་ལྟས་བཟང་སེམས་ལ་ངོ་མཚར་རྨད༔ སྲས་མོ་ཞག་རེར་ཟླ་སྐྱེས་འཕགས་པར་གྱུར༔ ཟླ་བའི་མདངས་ལ་ཉི་མའི་ཟེར་ཆགས་པ༔ ཟས་ཀྱི་འཚོ་བ་མི་དགོས་ཨུཏྤལ་འདྲ༔ ཞག་གསུམ་ལོན་ནས་ཨ་དཀར་འཛབ་དབྱངས་སྒྲོགས༔ ནམ་ཞིག་བུ་མོས་རྒྱལ་ལ་ཞུ་བ་འབུལ༔ ཀྱེེ༔ གསོན་དང་རྒྱལ་པོ་ཡབ་ཡུམ་དམ་པ་ལགས༔ བདག་ནི་འཇིག་རྟེན་རྒྱུ་ནོར་མི་ཆགས་པར༔ གང་བདེར་ངང་ནས་དགེ་བ་བསྒྲུབ་ཏུ་ཆུག༔ ཞུས་པས་རྒྱལ་པོ་ཡབ་ཡུམ་ངག་ན་རེ༔ ངེད་ཅག་རྨིས་ལྟས་བཟང་དང་ཡ་མཚན་ཆེ༔ ཡུམ་ཡང་བར་སྣང་འགྲོ་དང་མོ་རྒྱུད་བསྐོར༔ བདེ་བར་འཁྲུངས་དང་འཇའ་ཚོན་མེ་ཏོག་རྒྱས༔ གཞན་དང་མི་འདྲ་དགེ་བར་བྱེད་པ་དྲན༔ འོན་ཀྱང་བུད་མེད་དམན་ལུས་བསླུ་བ་ཡང་༔ བྲམ་ཟེ་འབོད་ནས་རིམ་གྱིས་ལྟ་ཆོག་གསུངས༔ མཚན་མཁན་བྲམ་ཟེ་དཔལ་གྱི་བློ་གྲོས་དྲངས༔ རྒྱལ་པོས་བུ་མོ་འདི་ཡི་མཚན་ཉིད་ནི༔ བཟང་ངན་མ་གསང་བདེན་པར་རྟོག་ཅིག་གསུངས༔ བུ་མོ་ཁྲུས་གསོལ་ལིང་ཕྱིང་དཀར་པོ་བཞག༔ བྲམ་ཟེ་ཆེན་པོས་མཚན་ལྟས་བརྟག་པ་ལས༔ ཀྱེེ༔ དབང་ཆེན་རྒྱལ་པོ་སྙན་གྱིས་གསོན་མཛོད་ཅིག༔ བུ་མོ་འདི་ནི་ངེས་པར་ལྷ་ཡིས་སྤྲུལ༔ ཕྱི་ནང་གསང་བའི་མཚན་ཉིད་སྣ་ཚོགས་བཀྲ༔ རྒྱལ་སྲས་ཡིན་ཚེ་ལྷ་མིའི་སྟོན་པར་བྱོན༔ བུ་མོ་འདི་ལ་མཁའ་འགྲོའི་མཚན་ཉིད་ཚང་༔ རྣམ་འདྲེན་སྤྲུལ་པའི་སྐུ་ཉིད་མ་གཏོགས་པ༔ གཞན་དག་ཕལ་པ་འདི་ཡི་གྲོགས་མི་འོས༔ ཡིད་བཞིན་ནོར་བུ་ལྟ་བུར་དགོས་འདོད་འབྱུང་༔ ཆུ་སྐྱེས་མེ་ཏོག་ལྟ་བུར་སྐྱོན་མ་གོས༔ རང་རེ་ཟ་ཧོར་ཞིང་གི་བསོད་ནམས་ལགས༔ ཞེས་ཞུས་རྒྱལ་པོ་ཐུགས་མཉེས་གནང་སྦྱིན་མཛད༔ ཀུན་གྱིས་མཐོང་ཡུལ་མཁའ་འགྲོ་མང་པོ་ཡིས༔ བྱ་རྒོད་སྤྲུལ་ནས་ཉིན་མཚན་སྐོར་བར་བྱེད༔ ཡབ་ཀྱིས་བྱ་རྒོད་བསྐོར་བས་རྒོད་ལྕམ་བཏགས༔ བྲང་ཟེས་བསྟོད་བསྔགས་ཀུན་གྱི་གཙུག་རྒྱན་བཏགས༔ ཡུམ་གྱི་ཞལ་ནས་སྲས་མོ་དོན་ཆེན་བཏགས༔ ཐམས་ཅད་སྤྱི་སྨྲས་བསོད་ནམས་འབར་མ་བཏགས༔ ཕྱོགས་ཀུན་རྒོད་ལྕམ་གཙུག་གི་དོན་འབར་གྲགས༔ ཟ་ཧོར་ཡུལ་ཁམས་དགེ་ཞིག་བསོད་ནམས་འཕེལ༔ དེ་ཚེ་སྲས་མོའི་སྙན་པའི་གྲགས་པ་ཡིས༔ ཕྱོགས་ཀྱི་རྒྱལ་ཁབ་ཐམས་ཅད་ཟ་ཧོར་བསྐྱོད༔ རིན་ཆེན་ཕོངས་མེད་ཁྱེར་ནས་གཉེན་བཙལ་འོང་༔ དེ་ལ་རྒྱལ་པོའི་སྲས་མོ་རྒོད་ལྕམ་མ༔ གཉེན་སྲིད་སྦྲེལ་ལ་རྒྱ་གར་ཁ་ཆེ་དང་༔ མ་གྷ་དྷ་སོགས་འདམ་ཁ་མ་ནོར་མཛོད༔ ཅེས་གསུངས་བུ་མོས་ཡབ་ཅིག་རྒྱལ་པོ་ལགས༔ ད་ལྟ་དབང་ཆེན་རྒྱལ་ལས་སྐྱེས་ན་ཡང་༔ ལས་ངན་དབང་གྱུར་བུད་མེད་མོ་ལུས་བླངས༔ རང་དབང་མ་ཐོབ་གཞན་གྱིས་རྩོད་གཞི་སློང་༔ གཅིག་ལ་མི་འགྲོ་དགེ་བ་སྒྲུབ་ཏུ་འགྲོ༔ ཞུས་པས་རྒྱལ་པོས་འདི་སྐད་བཀའ་སྩལ་པ༔ རྒྱལ་བའི་སྲས་མོ་རྒྱལ་སྲིད་འདི་མི་དབང་༔ རིན་ཆེན་ནོར་གྱི་སྙིང་པོ་ཕོངས་མེད་རྫོངས༔ ལུས་ཀྱི་ལང་ཚོ་གསར་དུས་ཁྱིམ་ཐབ་སོང་༔ དགེ་བྱེད་ལུས་ཀྱིས་མི་ཐུབ་ཁྲེལ་ཁ་བསྡུ༔ ད་ལྟར་སྙན་གྲགས་ཡོད་དང་འགྲོ་བ་ལེགས༔ ཞེས་གསུངས་དེ་ལ་བུ་མོས་ལན་ཞུས་པ༔ ཀྱེེ༔ གསོན་དང་དྲིན་ཆེན་ཡབ་ཅིག་རྒྱལ་པོ་ལགས༔ ཡབ་ཀྱི་བཀའ་ཚིག་མི་ཉན་མ་ལགས་ཏེ༔ འཇིག་རྟེན་འཁོར་བའི་བྱ་བ་རིང་དུ་དོར༔ མི་དགེ་ལོག་པའི་ས་བོན་གཏན་མི་འདེབས༔ སྲོག་ལ་བབས་ཀྱང་སྡིག་པའི་གྲོགས་མི་བརྟེན༔ རྒྱལ་སྲིད་མ་དབང་ནོར་ལ་ཕོངས་པ་མེད༔ དགེ་ལ་རྒྱལ་པོའི་ཁྲིམས་དེ་ལྷོད་པར་འཚལ༔ རྒྱལ་ཁབ་བཟློག་པའི་ཐབས་ཤིག་གནང་དུ་གསོལ༔ ཞུས་ཀྱང་མ་གནང་ཁ་ཆེ་རྒྱལ་པོར་བྱིན༔ ལོ་ཟླ་མཚམས་སུ་འགྲོ་བའི་གྲོས་ཀྱིས་བཅད༔ དེ་ཚེ་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ བདུད་འཇོམས་གསང་བའི་རི་ལ་བཞུགས་པའི་ཚེ༔ བར་སྣང་ཁམས་ནས་གཟུགས་མེད་སྒྲ་འདི་གྲགས༔ ཧོ༔ དབྱིངས་ཆེན་བཀོད་པའི་དུར་ཁྲོད་ཆེན་པོ་ན༔ ཀྱེ་མ་འོད་མཚོའི་རྣམ་རོལ་ཀུན་སྒྲོལ་ཡུམ༔ དེ་ཡི་ཐུགས་སྤྲུལ་རྒོད་ལྕམ་དོན་འབར་མ༔ ཟ་ཧོར་ཡུལ་དུ་འཁྲུངས་ཀྱང་ཁ་ཆེར་འགྲོ༔ མཁའ་འགྲོ་དེ་ཉིད་གྲོགས་སུ་མ་ཁུག་ན༔ གསང་སྔགས་དཀྱིལ་འཁོར་རིགས་བརྒྱའི་དོན་མི་འབྱེད༔ འགྲོ་བ་སེམས་ཅན་ཡོངས་ཀྱི་སྐལ་བ་དམན༔ བར་ཆད་ཆེ་བ་ཡིན་གསུང་སྒྲ་དེ་ཡལ༔ སྤྲུལ་པའི་སྐུ་ཡིས་དགོངས་པའི་རྩལ་གྱིས་གཟིགས༔ རྒོད་ལྕམ་ཁ་ཆེར་རྒྱལ་ལ་འགྲོ་བའི་ཆས༔ རྒྱལ་བློན་ཀུན་གྱིས་ཡོ་བྱད་རྒྱན་རྣམས་གསོལ༔ རིན་ཆེན་དཀོར་ནོར་ཕངས་མེད་རྫོངས་བར་ཆས༔ དེ་ཚེ་འཆི་མེད་རིག་འཛིན་སྤྲུལ་པའི་སྐུ༔ གསང་བའི་ཕྱག་རྒྱར་གཟིགས་ཤིང་བཞུགས་པ་ལ༔ མཁའ་ལ་གཡུ་བྱ་ཁུ་བྱུག་ཞིག་བབས་ཤིང་༔ ཚང་ཚིང་སྙན་པའི་སྒྲ་ལས་འདི་སྐད་བརྗོད༔ ཀྱེ་མ་གསང་འདུས་སྤྲུལ་པ་ཚེ་ལ་དབང་༔ གསང་སྔགས་སྤྱོད་པའི་གྲོགས་མཛད་རྒོད་ལྕམ་མ༔ ཉིན་ཞག་གསུམ་གྱིས་ཁ་ཆེ་རྒྱལ་ལ་འགྲོ༔ འདི་མེད་རིགས་ལྔ་མཁའ་འགྲོ་ཡ་བྲལ་ན༔ འགྲོ་དོན་མཐའ་རུ་ཕྱིན་པར་མི་འགྱུར་བས༔ གཡུང་དྲུང་མཁའ་འགྲོ་གྲོགས་སུ་ཁུག་པར་མཛོད༔ ཅེས་གསུངས་བྱ་ཉིད་མི་མངོན་དབྱིངས་སུ་ལྡིང་༔ ཟ་ཧོར་སྲས་མོ་ཉིད་ཀྱི་བསམ་པ་ལ༔ རྒྱལ་སྲས་སྐྱེས་ཀྱང་མོ་ལུས་ལེན་པས་ཕོངས༔ མི་ལུས་ཐོབ་ཀྱང་དགེ་སྦྱོར་མ་འགྲུབ་ཕོངས༔ དབང་པོ་ཚང་ཡང་འཁོར་བའི་ཁྱིམ་ཐབ་ཕོངས༔ སྐྱེས་ལུས་དམན་ཡང་བོན་དང་མ་འཕྲད་ཕོངས༔ སྟོབས་དང་ལྡན་ཡང་འདུན་མ་ཤོར་བས་ཕོངས༔ དཀོར་གྱི་རྫོངས་ཀྱང་ནོར་བདུན་མ་ཐོབ་ཕོངས༔ གཉེན་སྲིད་འབྲེལ་ཡང་བོན་སེམས་མ་འབྲེལ་ཕོངས༔ ཆགས་སེམས་འབྲེལ་ཡང་བྱང་སེམས་མ་འབྲེལ་ཕོངས༔ ཕ་ཡུལ་བྲལ་ཡང་ཁྱིམ་ཐབ་མ་བྲལ་ཕོངས༔ དབང་ཆེན་ཡིན་ཀྱང་རང་དབང་མ་ཐོབ་ཕོངས༔ རྒྱལ་ལ་སོང་ཡང་རང་བསམ་མ་འགྲུབ་ཕོངས༔ ལོངས་སྤྱོད་འཚོགས་ཀྱང་དགེ་སྤྱོད་མ་ལྡན་ཕོངས༔ སྡོང་བའི་དཔུང་མེད་ཉན་པའི་བློ་གྲོས་མེད༔ ཀྱེ་མ་ཀྱི་ཧུད་ཟ་མ་སྙིང་རེ་ན༔ ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་དང་བཅས༔ བརྩེ་གདུང་གྲོགས་མཛོད་མཁའ་འགྲོ་མ་ཚོགས་རྣམས༔ བདག་ནི་ཁ་ཆེར་ཁྱིམ་ཐབ་འགྲོ་དགོས་པ༔ སྔོན་གྱི་ལས་དབང་ཡིན་ན་བཅོས་སུ་མེད༔ འཕྲལ་གྱི་རྐྱེན་དབང་ཡིན་ན་བཟློག་གྱུར་ཅིག༔ ཅེས་པའི་སྨྲེ་སྔགས་མཆི་མ་ཆར་བཞིན་བཏང་༔ དེ་ཚེ་མདུན་གྱི་ནམ་མཁར་སྤྲུལ་པའི་སྐུ༔ ཤེལ་དཀར་དྭངས་བའི་མདངས་འོད་ཟེར་འབར་བ༔ འཇའ་ཚོན་འཕྲོ་བའི་ཀློང་དུ་མི་གཡོ་བཞུགས༔ ཨ་ཧོ༔ རིགས་ཀྱི་མི་མོ་འཁོར་བ་སྤང་ལ་སྤྲོ༔ ཐར་པའི་ས་བོན་དགེ་བ་སྤྱོད་ལ་མོས༔ འདི་ནས་ཕར་འདས་བདུད་འཇོམས་གསང་བའི་རི༔ འཆི་མེད་ཚེ་དབང་རིག་འཛིན་སྐུ་བཞུགས་པས༔ ཁྱོད་ཀྱིས་ཡང་དག་གསང་བའི་བོན་ལ་ཉོན༔ བྲོས་ནས་བྱང་ཆུབ་ས་ལ་སླེབ་པར་གྱིས༔ ཞེས་གསུངས་ཇེ་མཐོ་མི་མངོན་དབྱིངས་སུ་གཤེགས༔ ཨེ་མ་ཡ་མཚན་རྒྱལ་བ་ཐུགས་རྗེ་ཅན༔ ལས་མེད་ཁོ་མོ་ཐུགས་རྗེས་མ་བཟུང་ན༔ རང་དབང་མ་ཐོབ་ཁ་ཆེ་རྒྱལ་ལ་སྟེར༔ སྤྲུལ་པའི་སྐུ་ཉིད་བསླུ་མེད་བདེན་སྲིད་ན༔ རྒོད་ལྕམ་ཉིད་ལ་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་པའི་གསོལ་བ་བཏབ་ཅིང་དད་པ་འཁྲུངས༔ ཤིན་ཏུ་བཤུམས་ཤིང་གདུང་བས་མོས་གུས་བྱས༔ འདུས་པ་རྣམས་ཀྱིས་རྒྱལ་སྲས་རྒོད་ལྕམ་མ༔ རྒྱལ་རིགས་ཆེ་བཙན་གདུང་བརྒྱུད་འཛིན་པ་ལ༔ མཐོང་ཚད་དད་སྤྲོ་རྒྱལ་ཁམས་འོད་ཀྱིས་དྲོས༔ དཀོར་རྫོངས་ཕོངས་མེད་གཞན་དག་ཆབ་སྲིད་འཛིན༔ ཉི་མ་གསུམ་ནས་ཁ་ཆེ་རྒྱལ་ལ་བྱོན༔ ད་ནི་ཐུགས་སེམས་ངལ་མེད་བདེ་བར་མཛོད༔ ཞུས་ཀྱང་བུ་མོས་འཁོར་ལ་ལན་བཏབ་པ༔ ཉོན་དང་གྲོགས་མོར་གྱུར་པ་ཁྱོད་རྣམས་ཀུན༔ ཟ་ཧོར་རྒྱལ་པོ་ཡབ་ཡུམ་ནོར་ལ་རྔམས༔ སྡིག་གྲོགས་ཁ་ཆེ་འགྲོ་དགོས་བདག་རང་བཤུམས༔ ཟ་ཧོར་རྒྱལ་པོ་ཡབ་ཡུམ་གཉེན་ལ་གདུང་༔ སྡིག་ཕྲུག་ཚང་ཆེན་བརྡོལ་ལ་བདག་རང་བཤུམས༔ ཟ་ཧོར་རྒྱལ་པོ་གཞན་སྡེ་བླང་ལ་རྔམས༔ རྒྱལ་ཁབ་ཐོབ་ཤོར་འོང་བས་བདག་རང་བཤུམས༔ ཟ་ཧོར་རྒྱལ་པོ་ད་ལྟ་ཁྲིམས་ལ་རྔམས༔ ཕྱི་མར་དགེ་དང་མི་འཕྲད་བདག་རང་བཤུམས༔ ཟ་ཧོར་རྒྱལ་པོ་རང་དབང་ཆེ་ལ་རྔམས༔ བུ་མོ་རང་དབང་མ་ཐོབ་སྐྱུག་ལ་བཤུམས༔ ཟ་ཧོར་རྒྱལ་པོ་གོ་ས་ཆེ་ལ་རྔམས༔ ངན་སོང་ཐར་མེད་གྱུར་པས་བདག་རང་བཤུམས༔ ཞེས་གསུངས་ཐམས་ཅད་སྡུག་བསྔལ་མྱ་ངན་བྱེད༔ ད་ནི་ཇི་ལྟར་བསམ་ཡང་ཞེ་ཤ་ཆད༔ སྔར་གྱི་ལྟས་བཟང་ལུང་བསྟན་ཐམས་ཅད་ལ༔ ཐེ་ཚོམ་མེད་པར་ཡིད་ལ་དམ་བཅའ་བཟུང་༔ གཞན་གྱིས་ཐོས་ན་གནོད་བྱེད་བར་ཆད་འོང་༔ དོ་མོ་འབྲོས་དགོས་བསམ་པ་རྩེ་གཅིག་གཏད༔ ནམ་ཕྱེད་གཡོག་རྣམས་གཉིད་ལོག་གྱུར་པའི་དུས༔ རིན་ཆེན་རྒྱན་རྣམས་བཀྲོལ་ནས་ཕྱོགས་བཅུར་གཏོར༔ གོས་རྣམས་དུམ་བུར་གཏུབ་ཅིང་མལ་དུ་སྤུངས༔ དབུ་སྐྲ་ཚལ་བར་བཅད་ཅིང་མདུན་དུ་བཞག༔ བདུད་འཇོམས་གསང་བའི་རི་ལ་བྲོས་ཏེ་སོང་༔ ཀྱེ་མ་རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ བདག་ནི་ཟ་ཧོར་རྒྱལ་པོའི་སྲས་མོ་ཆེ༔ རྒོད་ལྕམ་གཙུག་གི་དོན་འབར་བྱ་བ་ཡིན༔ དགེ་སྒོར་ཞུགས་ཀྱང་ཡབ་ཀྱིས་མ་གནང་ཞིང་༔ ཉིན་ཞག་གསུམ་ནས་ཁ་ཆེ་རྒྱལ་ལ་རྫོངས༔ སྔར་ནས་སྤྲུལ་པའི་སྐུ་ཡིས་ལུང་བསྟན་ལ༔ བདུད་འཇོམས་རི་ལ་ཚེ་ཡི་རིག་འཛིན་བཞུགས༔ ཕྱི་ནང་གསང་བའི་བོན་སྒོ་ཞུ་རུ་སོང་༔ གསང་བའི་ལུང་ལ་བརྟེན་ནས་འབྲོས་ཏེ་འོང་༔ ཉིད་ནི་ཐམས་ཅད་མཁྱེན་པའི་བདག་ཉིད་ཅན༔ ཕྱི་ནང་བར་ཆད་མ་ལུས་བསལ་དུ་གསོལ༔ ཞེས་ཞུས་ཐུགས་ལ་མ་སྒྲིབ་གསལ་ན་ཡང་༔ ཧོ༔ བདུད་འཇོམས་གསང་བའི་དབེན་ཕུག་ཉམས་དགའ་རུ༔ དཔའ་བོ་མཁའ་འགྲོ་འདུ་བའི་དཀྱིལ་འཁོར་ཆེ༔ དོ་ནུབ་ནམ་གྱི་དགོང་མོ་མུན་པའི་ཀློང་༔ ཉུལ་ལེ་ཁྱོད་ནི་ལྷའམ་འདྲེ་འཁྱམས་པོ༔ བར་ཆད་མ་གཏོང་རང་རང་གནས་སུ་དེངས༔ ཞེས་གསུངས་ཉི་ཤར་བར་དུ་སྒོ་ལ་འདུག༔ སྤྱན་གྱིས་མི་གཟིགས་གསུང་ཡང་མི་འབྱིན་བཞུགས༔ བུ་མོ་དགེ་ལ་ཞུགས་པའི་དབང་མ་སྟེར༔ རིག་འཛིན་ཐུགས་ལ་མ་སོང་གསུང་མི་གནང་༔ ད་ནི་རང་སྡིག་རང་ལ་མ་སྨིན་པར༔ རིག་འཛིན་ཁྱོད་ཀྱིས་ཐུགས་རྗེའི་བཟུང་དུ་གསོལ༔ ཕྱི་མར་ཟ་མ་མོ་ལུས་མི་ལེན་པར༔ ཆུང་ནས་རྣམ་དཀར་དགེ་བ་སྒྲུབ་ནུས་ཤིང་༔ ཕ་མས་ཐོག་དྲངས་མཁའ་མཉམ་སེམས་ཅན་དོན༔ དགེ་བློ་མ་བྲལ་བྱང་ཆུབ་སེམས་ལྡན་ཤོག༔ ཅེས་བརྗོད་གསང་བྲག་རི་ནས་རྔབ་དུ་ལྕེབ༔ མཁའ་འགྲོའི་ཚོགས་ཀྱིས་བར་སྣང་ཁམས་ནས་བཟུང་༔ ཨེ་མ༔ ལས་ཀྱི་འཕྲོ་ཅན་རྒོད་ལྕམ་དོན་འབར་མ༔ དགེ་ཕྱིར་སྲོག་དབུགས་བཏང་བ་ངོ་མཚར་ཆེ༔ རང་སྲོག་རང་གཅོད་ཐར་མེད་དམྱལ་བར་སྦྱོང་༔ དུས་གསུམ་རྒྱལ་བའི་ཐུགས་རྗེས་བཟུང་དུ་མེད༔ ཅེས་གསུངས་ཚོགས་ཀྱི་གྲལ་ཕྱིན་གསང་སྤྱོད་ཀྱིས༔ ཕྱི་ནང་གསང་བའི་གདམས་པ་ཟབ་མོ་བསྟན༔ ཉམས་རྟོགས་ཡོན་ཏན་བསམ་ཀྱིས་མི་ཁྱབ་གྱུར༔ དེ་ཚེ་སྲས་མོ་འཚོ་བའི་འཁོར་བ་བརྒྱ༔ ནངས་པར་མདུན་དུ་གཟིམ་ཞུར་སོང་བ་ལས༔ གང་དུ་བཙལ་ཀྱང་མ་རྙེད་ཆས་རྣམས་གཏོར༔ ཐམས་ཅད་སྐྲག་སྐྱེངས་རེ་ཞིག་ལུས་ཏེ་སོང་༔ དེ་ལ་གཡོག་གི་གཙོ་བོ་ཀུ་ཀུ་ཞེས༔ རང་ཅག་གཞན་སྡིག་རང་གི་ཁུར་དགོས་མེད༔ དྲང་པོའི་ཚིག་ལ་རྒྱལ་པོའི་ཁྲིམས་གཅོད་མེད༔ ཇི་ལྟར་ཤར་ཡང་ཞུ་བ་ཕུལ་འགྲོ་ཟེར༔ དེ་ལ་ཕྱི་ནང་བློན་པོ་རིག་པ་ཅན༔ ཐམས་ཅད་འདུས་ཤིང་རྒྱལ་ལ་ཞུ་རུ་སོང་༔ དེ་ལ་བློན་པོ་ལེགས་པའི་བློ་ལྡན་གྱིས༔ ལག་པ་ཐལ་མོ་སྦྱར་ནས་འདི་སྐད་ཞུས༔ ཀྱེ་མ༔ གསོན་དང་ཟ་ཧོར་རྒྱལ་པོ་དམ་པ་ལགས༔ རྒྱལ་སྲས་རྒོད་ལྕམ་མ་ཉིད་རྒྱན་གྱིས་བརྒྱན༔ གཟིམ་ཆུང་དགའ་བའི་ཚལ་དུ་བཞུགས་པ་ལ༔ འཁོར་བ་ཀུན་གྱིས་ཕྱི་ནས་བསྐོར་ཏེ་ཉལ༔ གཟིམ་མལ་ཞུས་ངོ་བཞུགས་པའི་གདན་ལ་མེད༔ རྒྱན་རྣམས་བཀྲོལ་ཞིང་དབུ་སྐྲ་ཚལ་པར་བཅད༔ ཕོ་བྲང་ཕྱི་ནང་སྟེང་ཤོད་གང་བཙལ་ཀྱང་༔ ཀུན་གྱི་རླུང་ཕྱོགས་ཙམ་ཡང་ཐོས་པ་མེད༔ དེ་ལ་བྱ་བའི་ཐབས་ནི་ཅི་འོས་ཞུས༔ རྒྱལ་པོ་མ་དགྱེས་བློན་དང་འཁོར་བ་ཀུན༔ དབང་ཆེན་རྒྱལ་པོ་ཟ་ཧོར་དཔལ་སྐྱོང་ངས༔ སྲས་མོ་ཁ་ཆེ་རྒྱལ་ལ་ཞག་ནས་ཆས༔ རྒྱལ་ཁབ་གཞན་གྱི་ཐོབ་ཤོར་མ་ཡིན་ནམ༔ ནང་སྡིག་འཁོར་པས་སྲོག་འཚེ་མ་བྱས་སམ༔ བུ་མོའི་རང་སྲོག་ལྕེབ་པ་མ་ཡིན་ནམ༔ འཁོར་བ་རྒྱ་ཚོ་བཙོན་དོང་ནག་པོར་བསྡུས༔ བློན་པོ་འབངས་འཁོར་ཕྱོགས་ཀུན་བཙལ་དུ་སོང་༔ ཤི་གསོན་གང་ཡིན་ད་ལྟར་ཁྱེར་ལ་ཤོག༔ བཀའ་ཡིས་བཀྱོན་ཕབ་འཁོར་པ་བཙོན་དོང་བསྒྱུར༔ བློན་ཚོགས་ཕྱོགས་ཕྱོགས་ཐམས་ཅད་སོང་ན་ཡང་༔ གང་གིས་མཐོང་ཐོས་མེད་པར་རྒྱལ་སར་ལོག༔ རྒྱལ་པོ་ཡབ་ཡུམ་ཐུགས་དམ་མ་བདེ་བཞུགས༔ དེ་ཚེ་ཁ་ཆེ་ཞག་དུས་གྲལ་ཆེན་བསྒྲིག༔ གདུག་གི་སྔ་གྲོར་ཧུལ་མ་བཏང་བ་ལ༔ སྐྱེ་འགྲོ་གཅིག་ཀྱང་མ་འོང་ཞག་གཅིག་ལུས༔ བློན་པོ་གྲགས་ལྡན་ཤུགས་ཅན་ཟ་ཧོར་དུ༔ ཇི་ལྟར་ལྟོས་ཤིག་ཕོ་ཉ་སོང་ཞིག་གསུངས༔ ཟ་ཧོར་རྒྱལ་མདུན་ཕྱིན་ནས་ཞུ་འབུལ་བྱས༔ རྒྱལ་པོ་སྔ་ཕྱི་བུ་མོའི་བྱ་བ་རྣམས༔ མ་གསང་བློན་པོ་ཉིད་ལ་དྲང་པོར་གསུངས༔ ད་དུང་རིམ་གྱིས་བརྟག་པ་མ་བྱུང་བར༔ ཁ་ཆེ་རྒྱལ་པོ་ཐུགས་དམ་ལྷོད་པར་མཛོད༔ ཅེས་གསུངས་བློན་པོ་ནོར་གྱི་རྫོངས་ནས་བཏང་༔ ཁ་ཆེ་རྒྱལ་པོའི་མདུན་ཕྱིན་རྒྱུ་མཚན་ཞུས༔ རྒྱལ་པོ་མ་དགྱེས་བློན་པོ་ཕྱིར་ལ་རྫོངས༔ གསུངས་པའི་ཚིག་གི་ཡི་གེ་བཀའ་དང་སྒྱར༔ ཧོ༔ ཟ་ཧོར་ཡུལ་གྱི་རྒྱལ་པོའི་སྲས་མོ་ཆེ༔ རྒོད་ལྕམ་མ་ཉིད་ཕོངས་མེད་ནོར་གྱིས་བཀུག༔ ཁ་ཆེ་རྒྱལ་པོའི་གྲོགས་སུ་འོང་བར་ཆད༔ ལྟད་མོ་ཞོག་དང་ལྟད་མོ་བལྟ་ལ་གཟིགས༔ དུས་ཚོད་རྒོལ་ཡང་གཉེན་གྱི་ངོ་མི་ཟློག༔ གཡོ་དང་སྒྱུ་མའི་བསླུ་བ་ཡོད་སྲིད་ན༔ ཁ་ཆེ་རྒྱལ་སྲས་སྨྲ་ཕབ་བྱས་པ་ཡིན༔ རྒྱ་མཚོ་ཆུ་ལ་མེ་ལྕེ་མ་འབར་བར༔ ཟ་ཧོར་ཁ་ཆེ་ཕམ་རྒྱལ་མི་སྙོག་རེ༔ ཁ་ཆེ་སྐྱོབས་པའི་ལྷ་རྣམས་དཔང་པོ་བཙུགས༔ དེ་སྐད་ཕྲིན་རྫོངས་ཟ་ཧོར་ཡུལ་དུ་བཏང་༔ བློན་པོས་ཟ་ཧོར་རྒྱལ་མདུན་བཀའ་ཡིག་ཕུལ༔ དེ་ལ་ཟ་ཧོར་རྒྱལ་པོས་བཀའ་སྤྲིངས་བ༔ ཧོ༔ ཁ་ཆེ་ཡུལ་གྱི་རྒྱལ་པོ་ཆེན་པོ་ལགས༔ དབང་ཆེན་ཟ་ཧོར་རྒྱལ་ལ་སྐྱེས་པ་ཡི༔ རྒོད་ལྕམ་འབར་མ་མཚན་བཟང་གཞན་ལས་ལྷག༔ ཆུང་ནས་དགེ་བ་བསམ་ཀྱང་སྒྲུབ་མ་བཅོལ༔ གཞན་དག་རྒྱལ་ཁབ་ཐམས་ཅད་ཕྱིར་ལ་རྫོངས༔ ཁ་ཆེར་མ་ཐུབ་དབང་གིས་གཉེན་སྲིད་སྦྲེལ༔ ཆད་ཐོ་བཙུགས་ཀྱང་རང་དབང་མ་ཐོབ་བོར༔ སྨ་ཕབ་གཡོ་འཕྲུལ་བྱས་མེད་ཀུན་ལ་དྲིས༔ རིམ་གྱིས་དཔྱད་ཚེ་རང་རང་རྣ་ལ་སྙན༔ དོན་མེད་རྒྱལ་ཁག་རྣམ་རྟོག་བསླང་དགོས་མེད༔ མི་འདོད་ཚད་བཙུགས་གྱོད་ཀྱི་སྒོས་འདྲེ་ཡིན༔ མི་ཞུ་ཟས་བཟའ་ཕོ་བ་ན་འདྲེ་ཡིན༔ ཅི་དགོས་སེམས་ལ་ཞོག་དང་ལྟ་བས་ཆོག༔ རྩོད་མེད་རྩོད་ཡ་སྔོན་ལས་བསྐོས་པ་ཡིན༔ ཅི་འཐད་ཁ་ཆེ་རྒྱལ་པོས་དགོངས་མཛོད་ཅིག༔ ཅེས་སྤྲིངས་རིན་བཅས་ཕྱིར་རྫོངས་བློན་པོ་བཏང་༔ བློན་པོ་དྲག་ལྡན་ཁ་ཆེའི་རྒྱལ་སར་ཕྱིན༔ ཡིག་སྤྲིངས་རིན་ནོར་བཅས་པ་མདུན་དུ་བཞག༔ ཁ་ཆེའི་རྒྱལ་པོ་ཁྲོས་ནས་བློན་ལ་བཀྱོན༔ བློན་པོ་དྲག་ལྡན་སྤྲང་ཆུང་གོ་སར་བཞག༔ ཁྱི་ཐོད་མགོ་མཐོ་ཕག་མ་ཚད་གསོ་བྱེད༔ དེ་དུས་དཔའ་རྩལ་བློ་རྩེ་ལྕེ་བདེ་སྐད༔ ད་ལྟར་ཟ་ཧོར་རྒྱལ་ལ་ལན་མ་ཐེག༔ ཁ་ཆེ་རྒྱལ་པོ་སྲིད་ཀྱིས་སྨ་འབེབས་བཏང་༔ དུས་པོ་ཆེ་བརྒལ་བརྒྱ་སྡེའི་མི་ཁ་ཚོལ༔ འགྲས་མེད་འགྲས་བསྐུལ་སྟོང་སྡེའི་ཡ་ཀ་བསྡུ༔ མ་ཟད་བསྙས་བཞག་རིན་རྫོངས་ཕྱིར་ལ་བླངས༔ ཚིག་ངན་གདར་གཅོད་ཡིག་ངན་ཁུར་པོ་ཁྱེར༔ ད་ལྟར་ཉིད་དུ་དམག་བསྡུ་གོ་མཚོན་བདོར༔ ཟ་ཧོར་མེད་རླག་གཏོང་དང་རྒྱལ་དཀོར་ལེན༔ རྒྱལ་བུ་གཡོག་བཀོལ་འདི་གསུམ་མ་བྱུང་བར༔ མི་བཞག་ཐག་ཆོད་ཁ་ཆེ་ར་ཛ་འཆི༔ ཞེས་གསུངས་ཁྲོས་ནས་བློན་ལ་ངན་ཚིག་བཀྲམ༔ བློན་པོས་ཕྱག་འཚལ་རྒྱལ་པོར་འདི་སྐད་ཞུས༔ ཀྱེེ༔ གསོན་དང་དབང་ཆེན་ཁ་ཆེ་རྒྱལ་པོ་ལགས༔ རྒྱལ་པོའི་བཀའ་ལ་གྱེན་ཟློག་མ་མཆིས་ཀྱང་༔ རྒྱལ་པོས་ཁ་འཛིན་བློན་གྱི་གྲོས་འདེབས་ཡིན༔ ཟ་ཧོར་བུ་མོ་ཕྱི་གཟུགས་ནང་སྟོང་མ༔ མ་འདོམ་རྒྱལ་ཁག་གཉེན་སྲིད་གང་དགར་སྦྲེལ༔ བློན་པོའི་ཞུ་ཚིག་སྔོན་ཞུས་ཨེ་མི་ཡིན༔ ད་ལྟ་ཟ་ཧོར་བུ་མོ་མགོ་ཡང་མ༔ མ་མཐོང་ཁེར་འཁྱར་རྒྱལ་པོས་བྱ་བ་ཟད༔ ཁ་ཆེ་ཕྲིན་ངན་རྒྱུ་ནོར་ཕྱིར་ལ་རྫོངས༔ རང་ནོར་ལེན་ལ་རྟིང་མ་ཞིག་མེད་ན༔ ཆད་པ་ཡོད་པ་བློན་པོས་ཤེས་མ་ཡིན༔ རྒྱལ་ལ་བློན་གྱིས་ཞུ་ལོག་མ་ཡིན་ཀྱང་༔ རིམ་གྱིས་མ་དཔྱད་རང་སྨ་ཕབ་འདྲེ་ཡིན༔ གལ་སྲིད་འཐབ་པའི་དུས་ཆེན་ལྡང་བའི་ཉིན༔ བློན་པོ་དྲག་ལྡན་སྔོན་ལ་དཔའ་ཁ་བླངས༔ བཤད་པའི་ཤག་ཁ་རྒོལ་བའི་དཔུང་ཁར་འདུག༔ ཐུགས་ཕོག་མི་འཚལ་རྒྱལ་པོ་རིན་པོ་ཆེ༔ ཞེས་ཞུས་རྒྱལ་པོ་ཅུང་ཙམ་ལྷོད་པར་མཛད༔ དེ་ཚེ་མཁའ་འགྲོ་རྒོད་ལྕམ་འབར་མ་ཉིད༔ བདུད་འཇོམས་གསང་བའི་རི་ལ་བྱོན་ནས་སུ༔ འཆི་མེད་ཚེ་དབང་རིག་འཛིན་ཆེན་པོའི་གྲོགས༔ གསང་བའི་དུར་ཁྲོད་ཆེན་པོའི་གནས་སུ་བྱོན༔ རང་བྱུང་མཆོད་རྟེན་ཤེལ་ལས་གྲུབ་པའི་རྩར༔ དུར་ཁྲོད་དབང་བསྡུས་མི་གཡོ་དགོངས་པར་བཞུགས༔ རཀྴ་ནག་པོ་མི་ལུས་གླང་གི་མགོ༔ བྱ་ཡི་གཤོག་ཅན་རོ་སྨད་སྦྲུལ་དུ་འདུག༔ དུག་མཚོའི་ནང་དུ་ཕྲ་མེན་གྲངས་མེད་པ༔ དུར་ཁྲོད་བདག་པོ་ཐམས་ཅད་ཁྲོས་ནས་སུ༔ མེ་ཟོར་ཐོག་མདའ་ཆུ་ཚན་ཚྭ་ཚྭ་འཐོར༔ རིག་འཛིན་ཡབ་ཡུམ་ཁྲོ་རྒྱལ་གཤིན་རྗེར་ཁྲོས༔ སྐུ་ལ་མེ་རི་མེ་དཔུང་ཆར་བ་འབེབས༔ མཚོན་གྱི་དབལ་གསོར་གདུག་པའི་དྲག་ཚད་བསྟན༔ དུར་བདག་ཐམས་ཅད་བརྒྱལ་དང་འབོག་པར་བྱས༔ སྲོག་སྙིང་ཕུལ་ཞིང་བཀའ་ཡི་དམ་ལ་གནས༔ རིག་འཛིན་ཡབ་ཡུམ་སྤྲུལ་པའི་སྐུ་བཤིག་ནས༔ དུར་ཁྲོད་ཟིལ་མནན་གསང་སྤྱོད་བོན་འཁོར་བསྐོར༔ མི་མ་ཡིན་གྱིས་འགྲོ་དོན་དཔག་མེད་མཛད༔ དེ་ནས་རྒོད་ལྕམ་རིག་འཛིན་ཡབ་ཡུམ་གཉིས༔ ཟ་ཧོར་དུར་ཁྲོད་ལང་ཀ་བརྩེགས་པར་བྱོན༔ རང་བྱུང་འཕྲུལ་གྱི་མཆོད་རྟེན་བདེ་བྱེད་དྲུང་༔ དུར་ཁྲོད་དབང་བསྡུས་མི་གཡོ་དགོངས་པར་བཞུགས༔ དེ་ཚེ་བདུད་མོ་སྲོག་ལེན་དྲེགས་ཚོགས་ཀྱིས༔ མི་སྲུན་ཁྲོས་པའི་ཐོག་སེར་རླུང་འཚུབ་དང་༔ རྒོལ་ངན་གདུག་པའི་ཆོ་འཕྲུལ་སྣ་ཚོགས་བསྟན༔ ཚེ་དབང་དཔལ་གཤེན་སྟག་ལའི་སྐུ་རུ་ཁྲོས༔ རྒོད་ལྕམ་འབར་མ་བྱམས་མའི་སྐུར་བཞེངས་འཁྲིལ༔ སྐུ་ལ་ཁྲོ་ཆུང་མཚོན་ཚོགས་ཆར་ལྟར་འབེབས༔ མ་རུངས་དྲེགས་ཚོགས་བཀའ་ཡི་དམ་ལ་གནས༔ ཡབ་ཡུམ་ཁྲོས་པའི་སྐུ་བཤིག་ཞི་ཚུལ་བཞུགས༔ རྒོད་ལྕམ་འབར་མས་ཕྱག་འཚལ་འདི་སྐད་ཞུས༔ ཨེ་མ༔ རྒྱལ་བའི་ཐུགས་རྗེའི་སྐུ་སྤྲུལ་རིག་འཛིན་རྗེ༔ མི་དབང་རྒྱལ་གྱི་སྲས་མོ་རྒོད་ལྕམ་ང་༔ སྐྱེས་དཀའ་འཛམ་གླིང་དལ་འབྱོར་མི་ལུས་ཐོབ༔ མཇལ་དཀའ་རིག་འཛིན་མཆོག་གི་སྤྲུལ་སྐུ་མཇལ༔ སྤྱོད་དཀའ་གསང་སྔགས་ཐེག་མཆོག་མྱུར་ལམ་འཕྲད༔ ཕྱི་ནང་གསང་བའི་དབང་ལུང་མན་ངག་ཐོབ༔ ད་དུང་སྙན་བརྒྱུད་ཟབ་པའི་བོན་སྡེ་རྣམས༔ མ་ལུས་ཡོངས་སུ་སྩལ་བར་མཛད་དུ་གསོལ༔ ཞེས་ཞུས་རིག་འཛིན་ཆེན་པོ་དགྱེས་ཚུལ་གྱིས༔ ཨེ་མ༔ རིགས་ཀྱི་རིགས་མཆོག་གཡུང་དྲུང་རིགས་ཀྱི་མ༔ རྒོད་ལྕམ་གཙུག་གི་དོན་འབར་མ་ཉིད་ཀྱིས༔ ཞུས་པའི་དོན་དེ་སྐབས་ལ་རན་གྱིས་ཕོག༔ ཐེག་པ་མཆོག་སོན་འཕྲུལ་ངག་གཡུང་དྲུང་བོན༔ བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་རྣམས༔ བློ་དང་འཚམ་པའི་བོན་འཁོར་བསྐོར་བ་ཡིན༔ གསང་སྔགས་ཕ་རྒྱུད་མ་རྒྱུད་སྲས་ཀྱི་རྒྱུད༔ བསྙེན་སྒྲུབ་ལས་ཀྱི་སྒོ་ནས་སྟོན་པ་སྟེ༔ བསྐྱེད་རྫོགས་སྒོམ་བཟླས་བདག་ཉིད་དེ་ཁོ་ན༔ རྒོད་ལྕམ་མཁའ་འགྲོ་ཉིད་ལ་བཅོལ་བ་ཡིན༔ ཞེས་གསུངས་གསང་སྔགས་རྒྱུད་སྡེ་ཐམས་ཅད་ནི༔ རྒོད་ལྕམ་གཙུག་གི་དོན་འབར་མ་ལ་གཏད༔ དེ་ལ་རྒོད་ལྕམ་མཁའ་འགྲོས་འདི་སྐད་ཞུས༔ ཨེ་མཿ འཆི་མེད་རིག་འཛིན་སྤྲུལ་པའི་སྐུ་མཆོག་ལགས༔ རྒྱུད་འདི་ཡོངས་སུ་སྩལ་བ་བཀའ་དྲིན་ཆེ༔ གཡུང་དྲུང་ཐེག་མཆོག་གསང་བ་སྔགས་ཀྱི་བོན༔ ཇི་སྲིད་བར་དུ་བདག་གིས་བསྒྲུབ་པར་བགྱི༔ ཉིད་ཀྱི་ཐུགས་རྗེ་བཏང་འབྲལ་མེད་པ་རུ༔ གསང་སྤྱོད་དུར་ཁྲོད་འདི་རུ་སྐྱོང་དུ་གསོལ༔ ཞེས་ཞུས་ཚོགས་བདག་དུར་ཁྲོད་མ་ཚོགས་ལ༔ བཀའ་ཡི་གཉེར་གཏད་ཕྲིན་ལས་སྒྲུབ་པར་བཅོལ༔ རིག་འཛིན་ཡབ་ཡུམ་བདུད་འཇོམས་རི་ལ་གཤེགས༔ ཟ་ཧོར་རྒྱལ་པོ་ཟིལ་གནོན་དགོངས་པར་བཞུགས༔ སྐུ་ལ་འོད་ཟེར་བྱེ་བ་དྲུག་སྟོང་འཕྲོས༔ འཇའ་ཚོན་སྣ་ལྔ་བཀྲག་མདངས་ལྡན་པ་ཞིག༔ བདུད་འཇོམས་རི་ནས་ཟ་ཧོར་ཕོ་བྲང་ཟུག༔ འཇའ་ནི་ཇེ་བཀྲ་ཀུན་གྱིས་ངོ་མཚར་སྐྱེས༔ ནམ་ཞིག་ཟ་ཧོར་རྒྱལ་པོའི་རྨི་ལམ་ལ༔ ནམ་མཁའི་དཀྱིལ་ནས་ཉི་ཟླའི་དཀྱིལ་འཁོར་ཤར༔ དྲོད་དང་ཟེར་གྱིས་རྒྱལ་ཁམས་མུན་སེལ་རྨིས༔ ཕྱིར་ཉིན་རྒྱལ་གྱི་ཁྲིམས་རྔ་ཆེན་པོ་བརྡུང་༔ ཕྱི་ནང་བློན་པོ་ཐམས་ཅད་ནང་དུ་བསྡུས༔ ཧོ༔ ཉོན་དང་ཟ་ཧོར་རྒྱལ་པོའི་བློན་པོ་རྣམས༔ རང་རེ་རྒྱལ་པོའི་སྲས་མོ་རྒོད་ལྕམ་མ༔ བོར་ནས་ལོ་ངོ་བཅོ་ལྔ་ལྷག་སོང་བར༔ གར་སོང་འདིར་ཡོད་བྱ་བ་གཏན་ནས་མེད༔ འདི་ལོར་འཇའ་ཚོན་ཀ་བ་ཟུག་པ་དང་༔ མདང་དགོང་རྒྱལ་པོ་བདག་གི་རྨི་ལྟས་ལ༔ མཁའ་ལས་ཉི་ཟླ་གཉིས་ཤར་འོད་ཟེར་གྱིས༔ རྒྱལ་ཁམས་མུན་པ་ཐམས་ཅད་སེལ་བ་རྨིས༔ སྲས་མོ་ཡང་ནག་ཚུལ་བཙུན་དགེ་སྦྱོར་འཕྲད༔ འདི་ཡིས་འོད་ཟེར་སྤྲོ་བསྡུ་མ་ཡིན་ནམ༔ འཇའ་ལ་བདེན་འཛིན་བྱིས་པ་དབང་ལོག་ཀྱང་༔ རེ་ཞིག་བརྟག་བྱ་སོང་ན་ཨེ་གྲགས་དང་༔ ཅི་དགོས་གྲོས་སུ་བླུག་ཅིང་བསམ་པ་ཐོང་༔ ཞེས་གསུངས་དེ་ལ་བློན་པོ་ལེགས་ལྡན་གྱིས༔ ཀྱེེ༔ གསོན་ཞིག་དབང་ཆེན་རྒྱལ་པོ་རིན་པོ་ཆེ༔ རང་རེ་རྒྱལ་པོའི་སྲས་མོ་མཚན་བཟང་མ༔ ཆུང་ནས་དགེ་བའི་ལས་ལ་བརྩོན་པར་མཛད༔ རེ་ཞིག་ཕྱི་ནང་ཀུན་གྱིས་གསང་བར་རིགས༔ འོན་ཀྱང་ཁ་ཆེའི་གཏམ་འདི་མི་ལེགས་མཐོང་༔ རྒོད་ལྕམ་མ་ནི་དགེ་བའི་སེམས་དང་ལྡན༔ དགེ་ལ་བཤོལ་ན་བར་ཆད་ཆེན་པོར་འགྱུར༔ ན་ཆུང་གཞན་གྱིས་འཕྲོག་ན་ལོག་པའི་རྒྱུ༔ རང་དབང་མ་སྟེར་ཁ་ཆེར་རྫོངས་ན་ཆོག༔ མི་འགྲུབ་བྱ་བ་སྔོན་དུ་མ་བརྟག་ན༔ འགྱོད་པ་སྐྱེས་དུས་བང་མགྱོགས་རྟས་མི་སླེབ༔ དེ་ཕྱིར་རྒྱལ་པོས་ཚོད་ཟུང་གྲོས་སུ་བླུག༔ ཞུས་པས་བློན་པོ་ཐམས་ཅད་སོ་སོར་གྱེས༔ བློན་པོ་ལེགས་ལྡན་ཉིད་ལ་བཀའ་འདི་སྩལ༔ ཉོན་དང་བློན་པོ་ལེགས་ལྡན་ཐབས་ལ་མཁས༔ ཁྱོད་གཙོས་ཟུང་ཐུབ་འཁོར་འབངས་བཅོ་ལྔ་ཙམ༔ ཕྱོགས་སུ་གསང་ཐབས་ཀུན་ཏུ་ཉུལ་ལེ་གྱིས༔ བཟང་ངན་གང་ཡིན་ངེས་བར་བརྟག་པར་རིགས༔ ཞེས་གསུངས་བློན་པོ་གཙོ་འཁོར་ཆས་བསྒྲིགས་ཤིང་༔ འཇའ་ཚོན་ཕྱོགས་སུ་བློ་ཁ་གྱུས་ནས་སོང་༔ ཡར་ཡར་ཕྱིན་ཚེ་འཇའ་འོད་ཇེ་བཀྲག་གྱུར༔ འབྲས་ལྡན་ལྗོན་ཚལ་རྒྱ་མཚོ་འཁྱིལ་པའི་དབུས༔ ཁྱེའུ་མཚན་ལྡན་གཞོན་ནུ་ལོ་བརྒྱད་ཚུལ༔ སྐུ་མདོག་དཀར་དམར་རིག་འཛིན་ཆས་ཀྱིས་བརྒྱན༔ འོད་ཟེར་སྟོང་ཕྲག་དུ་མའི་དཔལ་འབར་བ༔ རྒོད་ལྕམ་དོན་འབར་མཁའ་འགྲོའི་ཆས་ཀྱིས་བརྒྱན༔ མཁའ་འགྲོ་མ་ཚོགས་བརྒྱ་ཡིས་མཆོད་སྤྲིན་འབུལ༔ བློན་པོ་ཉེ་བའི་ཕྱོགས་ཕྱིན་ཕྱག་འཚལ་ཞིང་༔ དད་ཅིང་གདུང་པས་རིན་ཆེན་མནྡལ་འབུལ༔ ཨེ་མ༔ ཨེ་མ༔ ངོ་མཚར་སྐྱེས་མཆོག་རིན་འཛིན་སྤྲུལ་པའི་སྐུ༔ སྐུ་གསུང་ཐུགས་ཀྱི་འགྲོ་དོན་ཇི་ལྟར་བྱོན༔ ཟ་ཧོར་རྒྱལ་སྲས་རྒོད་ལྕམ་དོན་འབར་མ༔ ཆུང་ནས་དགེ་བ་བསམ་ཀྱང་དབང་མ་སྟེར༔ ཁ་ཆེ་རྒྱལ་པོའི་ཁབ་ཏུ་ཕེབ་པར་ཆད༔ སྲས་མོ་གར་སོང་ཆ་མེད་རྒྱན་རྣམས་བཀྲོལ༔ གོས་དུམ་དབུ་སྐྲ་ཚལ་པར་བཅད་ནས་བྲོས༔ ལོ་ངོ་བཅོ་ལྔའི་འདི་ལོ་ཡར་ཚེས་ལ༔ བདུད་འཇོམས་རི་ནས་འཇའ་ཚོན་ཕོ་བྲང་ཟུག༔ ཟ་ཧོར་རྒྱལ་པོའི་རྨིས་ལྟས་བཟང་བ་སོགས༔ ངེས་པར་མཇལ་ན་སྤྱན་དྲངས་ཞུ་རུ་བཏང་༔ ཟ་ཧོར་རྒྱལ་ཁམས་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་ཞུས་ཀུན་གྱིས་ཕྱག་འཚལ་གསོལ་བ་བཏབ༔ རིག་འཛིན་ཞལ་ནས་དགྱེས་པའི་ཚུལ་མཛད་ཅིང་༔ ཨ་ཧོ༔ ཉོན་དང་ཟ་ཧོར་རྒྱལ་པོའི་བློན་པོ་ཁྱོད༔ འབྲས་ལྡན་མེ་ཏོག་ཚལ་དུ་ཕྱིན་པ་སྤྲོ༔ དལ་འབྱོར་ཐོབ་དུས་དགེ་སྦྱོར་མ་འགྲུབ་ན༔ མི་རྟག་འཆི་བ་ནམ་ཡོང་ཆ་མེད་པས༔ ཕ་རོལ་འགྲོ་དུས་གང་གིས་སྡོང་ཟླ་མེད༔ ངན་སོང་སྡུག་བསྔལ་མྱོང་ལ་རབ་སྐྲག་པས༔ དབེན་པའི་གནས་སུ་བསམ་གཏན་བསྒོམས་པ་ཡན༔ སངས་རྒྱས་རང་ལ་རག་པས་དམ་བཅའ་བརྟན༔ གདུལ་དཀའ་སེམས་ཅན་ཐུགས་རྗེ་ཐབས་ཀྱིས་སྐྱོངས༔ འབྱོན་དང་མི་འབྱོན་ངེས་པ་མ་མཆིས་སོ༔ ཞེས་གསུངས་རྒོད་ལྕམ་གཙུག་གི་དོན་འབར་མས༔ ཀྱེ་མ༔ གསོན་དང་བློན་པོ་ལེགས་ལྡན་དཔལ་བཟང་པོ༔ རྒྱལ་པོས་སྲས་མོར་གྱུར་པའི་རྒོད་ལྕམ་ང་༔ འཇིག་རྟེན་ཞེན་ལོག་ཡང་དག་དགེ་བསྙེག་ཀྱང་༔ ཡབ་ཀྱིས་མ་གནང་ཁ་ཆེར་ཟོང་དུ་བཅུད༔ འཁོར་བར་འཇིགས་ནངས་ཐར་ལམ་ཝ་བྲོས་བརྒྱབ༔ བཟའ་ཚང་མི་རྟག་ཤིང་ཁའི་བྱིའུ་ཆུང་འདྲ༔ ཡབ་ཡུམ་མི་དྲིན་རང་དྲིན་རང་དབང་གི༔ སངས་རྒྱས་ཞལ་མཇལ་ཟབ་པའི་གདམས་ངག་ཐོབ༔ རང་རྒྱུད་བོན་དང་འཕྲད་ཅིང་རྟོགས་གྲོལ་མཉམ༔ དུར་ཁྲོད་དབང་བསྡུས་གསང་སྤྱོད་འགྲོ་དོན་གྲུབ༔ འགྲོ་དྲུག་སེམས་ཅན་རང་སེམས་ཉི་མར་ཤར༔ ལུས་འདི་སྐྱིད་སྨིན་རྒྱལ་པོ་ཡབ་ཡུམ་དྲིན༔ ཚེ་གཅིག་ཐར་པའི་ལམ་ལ་བསྙེག་བསམ་ན༔ རྒྱལ་བློན་དགེ་བའི་སྙིང་པོ་ལེན་དུ་ཤོག༔ ཅེས་གསུངས་བློན་འཁོར་ཐམས་ཅད་དགྱེས་ནས་གཤེགས༔ ཟ་ཧོར་རྒྱལ་ས་ཆེན་པོར་ཕྱིན་ནས་སུ༔ བློན་པོས་རྒྱལ་ལ་འདི་སྐད་ཞུ་བ་ཕུལ༔ ཀྱེེ༔ དབང་ཆེན་རྒྱལ་པོ་ཡབ་ཡུམ་སྙན་གསོན་རྒྱུར༔ བདག་ཅག་འཇའ་ཚོན་བརྟག་ནས་སོང་བ་ལས༔ འབྲས་ལྡན་མེ་ཏོག་ཚལ་གྱི་པད་སྡོང་སྟེང་༔ སྤྲུལ་པའི་ཁྱེའུ་ངོ་མཚར་ལྡན་པ་ལ༔ རྒོད་ལྕམ་མ་དང་མཁའ་འགྲོ་མང་པོས་བསྐོར༔ བདག་ཅག་ཕྱག་འཚལ་དད་པས་ཞུ་བ་ཕུལ༔ ཁྱེའུ་ཞལ་ནས་ལས་འབྲས་བོན་རྣམས་གསུངས༔ རྒོད་ལྕམ་དོན་འབར་མ་ཡི་ཞལ་ན་རེ༔ ཟ་ཧོར་རྒྱལ་པོའི་བུ་མོས་རང་ཚུགས་ཟིན༔ ཁ་ཆེའི་འཕྲལ་གྱི་རྐྱེན་དབང་མ་ཤོར་ལེགས༔ སྐྱེད་སྨིན་ཡབ་ཡུམ་རྣ་དུག་ཆེ་ན་ཡང་༔ སྡིག་ཕྲུག་དམེ་རུ་མ་སོང་དཀོན་མཆོག་དྲིན༔ ད་ཡང་བླ་མེད་བྱང་ཆུབ་ཐོབ་འདོད་ན༔ ཐེག་མཆོག་ཟབ་དོན་གདམས་པ་ནོད་ཤོག་གསུངས༔ ཞེས་སོགས་གསུངས་ལ་ཉན་སྤྲོ་ཁྱད་པར་ཅན༔ རིག་འཛིན་ཆེན་པོ་བསམ་མི་ཁྱབ་པར་བཞུགས༔ རྒོད་ལྕམ་མ་ཉིད་གསང་བའི་གྲོགས་སུ་བརྟེན༔ ངོ་མཚར་དྭངས་སྤྲོ་བསམ་གཏན་ངང་དུ་བཞུགས༔ ཞེས་ཞུས་རྒྱལ་པོ་ཡབ་ཡུམ་ཐུགས་ཉིད་དགྱེས༔ ནངས་པར་ཁྲིམས་ཀྱི་རྔ་ཆེན་ཕྱོགས་སུ་བརྡུང་༔ ཕྱི་ནང་བར་གྱི་བློན་པོ་ཐམས་ཅད་འདུས༔ རྒྱལ་པོས་བཀའ་ཡི་མཆིད་ཚིག་འདི་ལྟར་སྩལ༔ ཧོ༔ ཉོན་དང་ཕྱི་ནང་བར་གྱི་བློན་པོ་རྣམས༔ རྒྱལ་པོ་ཡབ་ཡུམ་བསོད་ནམས་བཟང་བའི་སྟོབས༔ སྲས་མིན་མཛེས་སྡུག་བུ་མོ་ཡིད་འོང་སྐྱེས༔ མཚན་མཁན་བྲམ་ཟེས་མཚན་བཟང་ཁ་དམར་གདགས༔ བུ་མོ་ཆུང་ནས་དགེ་བ་སྒྲུབ་ལ་མོས༔ རང་དབང་མ་སྟེར་ཁ་ཆེའི་རྒྱལ་ལ་བཏང་༔ གཅིག་པུར་དབེན་པའི་རི་ལ་བྲོས་ཏེ་སོང་༔ ལས་ཀྱིས་རིག་འཛིན་ཆེན་པོའི་སྤྲུལ་སྐུ་མཇལ༔ འབྲས་ལྡན་ཚལ་དུ་བོན་གྱི་འཁོར་ལོ་བསྐོར༔ རང་ཅག་དགེ་བ་བསྒྲུབ་ལ་ཤོག་ཅིག་གསུངས༔ ད་ནི་དཀོན་མཆོག་གསུམ་ལ་བློ་རྩེ་གཏད༔ རིག་འཛིན་ཡབ་ཡུམ་མཇལ་དུ་འགྲོ་བར་རིགས༔ བདག་ཅག་རྒྱལ་གཙོས་བློན་འབངས་ཐམས་ཅད་ཀུན༔ དད་ཅིང་གསོལ་འདེབས་མཆོད་པའི་རྣམ་གྲངས་ཁྱེར༔ ལེགས་པའི་མདངས་ཕྱུང་འབྲས་ལྡན་ཚལ་དུ་འགྲོ༔ ཞེས་གསུངས་རྒྱལ་བློན་གཙོ་འཁོར་གྲངས་མང་བཅས༔ ཇེ་ཉེར་འཇའ་སྤྲིན་དྲི་བཟང་དུད་པ་འཐིབ༔ པདྨའི་སྟེང་དུ་སྐྱེས་བུ་མཚན་དང་ལྡན༔ རྒོད་ལྕམ་མ་སོགས་མཁའ་འགྲོ་མང་པོས་བསྐོར༔ རྒྱལ་བློན་ཀུན་གྱིས་ཕྱག་འཚལ་གསོལ་བ་བཏབ༔ རྒྱལ་པོས་ཡིད་བཞིན་ནོར་བུ་འདོད་འབྱུང་ཆེ༔ དར་གྱི་ཁུད་དྲིལ་རྩེ་གཅིག་གདུང་བ་ཡི༔ སྤྲོ་བ་དང་བཅས་དབྱངས་ཀྱིས་འདི་སྐད་ཞུས༔ ཨེ་མ༔ མཚོ་དབུས་དྲི་མེད་པདྨ་འདབ་སྟོང་སྟེང་༔ དག་པའི་རང་བཞིན་ལྷུན་གྲུབ་འོད་ཀྱི་སྐུ༔ མཁའ་ལ་ཉི་ཤར་བཞིན་དུ་མཚན་དཔེ་འབར༔ ངོ་མཚར་རྨད་བྱུང་སྤྲུལ་པའི་སྐུ་མཆོག་རྗེ༔ བུ་མོ་རྒོད་ལྕམ་གཙུག་གི་དོན་འབར་མ༔ ཐུགས་ལ་འགལ་འཁྲུལ་ཅི་སོང་མཐོལ་ལོ་བཤགས༔ འདོད་དགུ་ཕུན་ཚོགས་ཡིད་བཞིན་དབང་གི་རྒྱལ༔ རིན་ཆེན་མནྜལ་མཆོད་པའི་སྤྲིན་ཚོགས་འབུལ༔ དེང་ནས་རྒྱལ་སྲིད་མངའ་རིས་འཁོར་འབངས་དང་༔ ལུས་སྲོག་བཅས་ཏེ་བློ་ཡིས་ལིང་གིས་འབུལ༔ རྒྱལ་དང་རྒྱལ་འཁོར་སེམས་ཅན་ཡོངས་ཀྱི་དོན༔ ཟ་ཧོར་རྒྱལ་ཁམས་ཡུལ་དུ་གཤེགས་པ་དང་༔ འདི་ཕྱི་ཐར་ལམ་དགེ་ལ་བསྐུལ་བའི་ཕྱིར༔ ངེད་ཅག་རྒྱལ་པོའི་ཕོ་བྲང་གཤེགས་པར་ཞུ༔ ཞེས་ཞུས་འཆི་མེད་རིག་འཛིན་སྤྲུལ་པའི་སྐུའི༔ ཞལ་ནས་ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས༔ ཧོ༔ ལེགས་པར་ཉོན་དང་རྒྱལ་བློན་མགྲོན་པོ་ཚོ༔ འོག་མིན་ཞིང་དུ་སྟོན་པ་ཀུན་ཏུ་བཟང་༔ ལྔ་ལྡན་གཤེགས་ལྷ་རྩ་གསུམ་འཆི་མེད་གཙུག༔ གསང་བདག་གསང་འདུས་སྤྲུལ་པ་དྲན་པའི་སྲས༔ འཆི་མེད་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ གདུལ་དཀའ་སེམས་ཅན་ཐབས་ཀྱིས་འདུལ་བ་དང་༔ ཁྱོད་ཅག་དད་དང་དམ་ཚིག་འབྲེལ་བས་ན༔ གང་འདོད་རེ་བ་ཡོངས་སུ་སྐོང་བར་བྱ༔ ཞེས་དང་རྒོད་ལྕམ་མཁའ་འགྲོས་འདི་སྐད་གསུངས༔ ཡབ་ཅིག་རྒྱལ་པོ་དམ་པ་རིན་པོ་ཆེ༔ རྒྱལ་ལས་སྐྱེས་ཀྱང་ཟ་མ་མོ་ལུས་བླངས༔ ཡུལ་གྱི་རྒྱལ་ཁག་རྣམས་ཀྱིས་ཐོབ་ཤོར་བྱས༔ དགེ་བ་སྒྲུབ་པའི་སྐལ་བ་མེད་སྙམ་ཡང་༔ འཆི་མེད་རིག་འཛིན་ཆེན་པོའི་བཀའ་དྲིན་གྱིས༔ གསང་སྤྱོད་དཀྱིལ་འཁོར་ཟབ་རྒྱའི་གདམས་པ་ཐོབ༔ ད་དུང་དུར་ཁྲོད་མ་ཧ་འདུལ་དུ་འགྲོ༔ ཁྱོད་ཅག་ཕྱིར་ལོག་རྒྱལ་པོའི་ཕོ་བྲང་རྩེ༔ རིན་ཆེན་ཁྲི་བརྩེགས་མཆོད་པའི་སྤྲིན་ཚོགས་ཤོམ༔ ས་ཕྱོགས་ཕྱོགས་ལ་ཀུན་གྱིས་གསོལ་བ་ཐོབ༔ ཡར་ངོ་ཚེས་བཅུར་རྒྱལ་པོའི་མཆོད་གནས་གཤེགས༔ ཞེས་གསུང་རྒྱལ་བློན་དགྱེས་བཞིན་ཕྱིར་་་་ལོག༔ རིག་འཛིན་ཡབ་ཡུམ་དུར་ཁྲོད་མ་ཧཱར་ཕེབ༔ རང་བྱུང་མཆོད་རྟེན་བང་རིམ་དགུ་ལྡན་རྩར༔ དུར་ཁྲོད་ཟིལ་གནོན་མི་གཡོ་དགོངས་པར་བཞུགས༔ མ་མོ་གིང་ཆེན་སྡེ་བརྒྱད་དྲེགས་ཚོགས་ཀྱིས༔ མི་སྲུན་ཐོག་མཚོན་སེར་བ་དུག་མདའ་འཕེན༔ ཆོ་འཕྲུལ་སྣ་ཚོགས་སྟོན་ཞིང་དཔུང་ཚོགས་བསྐྱོད༔ ཚེ་དབང་བདུད་འདུལ་དྲག་པོའི་སྐུ་རུ་ཁྲོས༔ དྲག་པོའི་ཆས་རྫོགས་རྒོད་ལྕམ་ཡབ་ལ་འཁྲིལ༔ ཡང་འཁོར་སྤྲུལ་པའི་ཁྲོ་ཚོགས་སྐར་ལྟར་འཕྲོ༔ ཛྭ་དམར་ཐོག་རྒོད་མཚོན་གསོར་ཚྭ་ཚྭ་འཕྲོས༔ སྲིད་གསུམ་གདུག་པ་ཀུན་གྱི་སྙིང་རྩ་འདར༔ སྐད་ཅིག་བཟོད་མེད་དབང་བསྡུས་དམ་ལ་བཏགས༔ སྲོག་སྙིང་ཕུལ་ཞིང་ཕྲིན་ལས་སྒྲུབ་པར་ཆད༔ ཚེ་དབང་དྲག་པོར་ཁྲོས་པའི་སྐུ་བཤིག་ནས༔ རྒོད་ལྕམ་མཁའ་འགྲོ་མ་ཡིས་འདི་སྐད་ཞུས༔ ཨེ་མ༔ གསང་ཆེན་རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ སྲིད་གསུམ་དྲེགས་པ་འདུལ་བའི་མཐུ་རྩལ་ཅན༔ ཞི་རྒྱས་དབང་དྲག་ཕྲིན་ལས་སྐུར་སྟོན་པ༔ འཆི་མེད་ཚེ་དབང་རིག་འཛིན་ཕྱག་འཚལ་ལོ༔ དུར་ཁྲོད་རབ་འཇིགས་མ་ཧ་ལ་ཡི་ཞིང་༔ གསང་སྤྱོད་སྔགས་ཀྱི་བོན་འཁོར་བསྐོར་དུ་གསོལ༔ ཞེས་ཞུས་འཆི་མེད་རིག་འཛིན་ཞལ་ན་རེ༔ ཨ་ཧོ་ཉོན་དང་རྒོད་ལྕམ་དོན་འབར་ཡུམ༔ ང་ནི་འཇིགས་མེད་ནམ་མཁའི་སྐུ་ལྡན་ཞིང་༔ དུར་ཁྲོད་པ་མོས་ཆོ་འཕྲུལ་ཅི་བསྟན་ཡང་༔ གྲོགས་སུ་ཤར་ཞིང་གསང་སྤྱོད་འགྲོ་དོན་མཛད༔ བདེ་ཆེན་དཔའ་བོ་དགའ་བདེའི་གར་གྱིས་འགྱིང་༔ ཆགས་མེད་བདེ་སྟོང་ཡེ་ཤེས་འབར་བས་རོལ༔ འཁོར་འདས་མཉམ་བདལ་བོན་ཉིད་དབྱིངས་སུ་ཆུབ༔ གང་འདུལ་དེར་བསྟན་གསང་བའི་ཞིང་ཁམས་སྐྱོང་༔ ཁྱོད་ཉིད་དུར་ཁྲོད་ཚོགས་ཀྱི་དེད་དཔོན་མཛོད༔ ཅེས་གསུངས་ཕྱི་ནང་གསང་བའི་བོན་འཁོར་བསྐོར༔ མི་མ་ཡིན་གྱི་འགྲོ་དོན་དཔག་མེད་འགྲུབ༔ དེ་ནས་འཆི་མེད་རིག་འཛིན་ཡབ་ཡུམ་ནི༔ དུང་གི་བྱ་རྒོད་སྤྲུལ་ནས་མཁའ་ལ་གཤེགས༔ ཟ་ཧོར་གདུལ་དཀའ་འདུལ་བར་མཛད་པའི་ཆེད༔ འབྲས་ལྡན་བོད་ཀྱི་ལྗོངས་སུ་དགོངས་པས་གཟིར༔ ཡར་ངོའི་ཚེས་བཅུ་དུས་བཟང་ཉིན་པ་རུ༔ འཇའ་ལམ་ཕོ་བྲང་རྩེ་རུ་དལ་གྱིས་ཟུག༔ འཆི་མེད་རིག་འཛིན་གྲུབ་ཐོབ་ཆས་ཀྱིས་སྤྲས༔ རྒོད་ལྕམ་དོན་འབར་མཁའ་འགྲོའི་ཆས་རྣམས་གསོལ༔ འཇའ་ཚོན་ལམ་ལས་གཤེགས་ནས་རོལ་མོའི་སྒྲ༔ མེ་ཏོག་ཆར་དང་བདུད་རྩིའི་ཟིལ་ཆར་འགྲོགས༔ ཀུན་གྱིས་ཕྱག་འཚལ་གསོལ་བཏབ་དད་གུས་བྱེད༔ ཕོ་བྲང་དབུ་རྩེར་རིན་ཆེན་ཁྲི་ལ་བཞུགས༔ མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཕུལ༔ རྒྱལ་པོས་ཐོད་བཀྲོལ་ཕྱག་འཚལ་གསོལ་བ་བཏབ༔ ཡིད་བཞིན་ནོར་བུ་འདོད་འབྱུང་ཕྱག་ཏུ་བཟུང་༔ བློན་པོའི་ཚོགས་ཀྱིས་རིན་ཆེན་ཕོངས་མེད་ཐོགས༔ རྒྱལ་པོ་དགྱེས་པའི་ཚུལ་གྱིས་འདི་སྐད་ཞུས༔ ཨེ་མ༔ རྒྱལ་བ་ཀུན་གྱི་ཐུགས་རྗེ་བདག་ཉིད་མཆོག༔ འཛམ་གླིང་ཉི་ཤར་མུན་པ་གསལ་བའི་སྒྲོན༔ འགྲན་གྱི་ཟླ་བྲལ་ཚེ་དབང་རིག་འཛིན་རྗེ༔ རྒོད་ལྕམ་གཙུག་གི་དོན་འབར་ཡུམ་བཅས་གསོན༔ སྔོན་བསགས་རྣམ་དཀར་མཐུ་ཡིས་རྒྱལ་སྲས་ཕེབ༔ མི་རྗེ་ལྷས་མཛད་ཐབས་མཁས་འགྲོ་བ་འདུལ༔ ཟ་ཧོར་རྒྱལ་པོའི་ཆབ་སྲིད་ཡོངས་རྫོགས་འབུལ༔ བདག་ཅག་མགོན་མེད་འགྲོ་བའི་མགོན་པོར་བཞུགས༔ འགྲོ་ལ་བོན་གྱི་བཀའ་འཁོར་བསྐོར་བར་བསྐུལ༔ ཚོགས་བསགས་དཀྱིལ་འཁོར་ཆེན་པོར་བསྟན་པར་འཚལ༔ ཞེས་ཞུས་འཆི་མེད་སྤྲུལ་སྐུ་ཡབ་ཡུམ་གྱིས༔ ཨ་ཧོ༔ ཉོན་ཞིག་རྒྱལ་པོ་ཡབ་ཡུམ་བློན་འཁོར་བཅས༔ ད་རེས་མི་ལུས་རིན་ཆེན་ཐོབ་པའི་དུས༔ ཐར་པའི་ལམ་མཆོག་དགེ་བ་དག་ལ་བརྩོན༔ དགོས་པའི་དོན་ཆེད་བླ་མེད་བྱང་ཆུབ་སྒྲུབས༔ སྨིན་བྱེད་དབང་ཞུས་དམ་ཚིག་ཚུལ་བཞིན་སྲུངས༔ སྐད་ཅིག་ཉེ་ལམ་རྫོགས་པ་ཆེན་པོ་སྒོམས༔ བསོད་ནམས་ཚོགས་བསགས་གསང་སྔགས་དཀྱིལ་འཁོར་སྒྲུབས༔ ལྷ་སྔགས་ཏིང་འཛིན་རང་བྱན་ཆུད་པར་བྱ༔ ཞེས་གསུངས་དེ་ལ་རྒོད་ལྕམ་མཁའ་འགྲོ་མས༔ ཨེ་མ༔ རིག་འཛིན་ཆེན་པོ་ཚེ་དབང་རྗེ༔ ཟ་ཧོར་རྒྱལ་པོའི་རེ་བ་སྐོང་བ་དང་༔ རྒྱལ་དཀོར་ལོངས་སྤྱོད་ཚེགས་སུ་བསྒྱུར་བ་དང་༔ སྔགས་ཀྱི་ཞིང་ཁམས་རྒྱལ་བསྟན་གནས་པའི་ཕྱིར༔ བསྟན་འགྲོ་ཡོངས་ཀྱི་བསོད་ནམས་བསགས་པའི་ཕྱིར༔ གསང་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ༔ ཞེས་ཞུས་ཚེ་དབང་སྤྲུལ་པའི་སྐུ་མཆོག་དགྱེས༔ ཨ་ཧོ༔ ཉོན་དང་རིགས་ཀྱི་ལས་ལྡན་ཕྱག་རྒྱ་མ༔ རྒོད་ལྕམ་གཙུག་གི་དོན་འབར་ཁྱོད་ཉིད་ཀྱིས༔ འདི་ཕྱི་མ་འོངས་གདུལ་བྱ་ཡོངས་ཀྱི་དོན༔ སེང་གེ་འགྱིང་ཐང་དགའ་བ་ཚལ་གླིང་དུ༔ ཐབས་ཆེན་གསང་སྔགས་དཀྱིལ་འཁོར་བཞེངས་པར་བྱོས༔ ཡོ་བྱད་རྫས་ཀུན་འཚོགས་པར་གྱིས་ལ་གཤེགས༔ ཞེས་གསུངས་བཞིན་དུ་སེང་གེ་འགྱིང་ཐང་གཤེགས༔ ས་བསླང་བཟོ་རིགས་ཀུན་གྱིས་འཕྲུལ་ཆ་འགྱེད༔ གསང་འདུས་དཀྱིལ་འཁོར་ཕྱི་ནང་མཚན་རྫོགས་འགྲུབ༔ མངའ་དབུལ་རབ་གནས་ལྷ་ཚོགས་རྟེན་ལ་བསྟིམ༔ ངོ་མཚར་ལྟས་བཟང་ལྷ་ཀླུ་མི་གསུམ་བདེ༔ ཟ་ཧོར་རྒྱལ་ཁམས་དགེ་བའི་ཕྲིན་ལས་རྒྱས༔ དེ་ཚེ་སྙན་གྲགས་ཁ་ཆེའི་ཡུལ་དུ་ཐོས༔ ཁ་ཆེ་རྒྱལ་པོ་ཤིན་ཏུ་ང་རྒྱལ་སྐྱེས༔ ཁྲིམས་ཀྱི་རྔ་བརྡུང་བློན་རྣམས་ཕོ་བྲང་ཕྱིན༔ ཧེ་ཧེ༔ ཉོན་དང་ཁ་ཆེ་རྒྱལ་པོའི་བློན་པོའི་ཁྱུ༔ སྡར་མ་ཝ་འདྲ་ཕག་མ་ཚོ་གསོས་རྣམས༔ ཁ་ཆེ་རྒྱལ་པོ་གནམ་གྱི་སྲས་ཆེན་པོ༔ ཟ་ཧོར་རྒྱལ་པོས་སྨ་ཕབ་ལན་གསུམ་བྱས༔ ཉེ་གཉེན་དུས་ལས་བརྒལ་བ་ལན་གཅིག་དང་༔ རིན་བླངས་ཡིག་ངན་ཕྱིར་རྫོངས་ལན་གཉིས་དང་༔ མཐའ་མི་རྒོད་ལྕམ་སྡོང་བ་ལན་གསུམ་འདི༔ བློན་པོ་དྲག་ལྡན་ཁྱོད་ཀྱིས་མ་ཚོར་རམ༔ རིམ་གྱིས་དཔྱད་ན་དོན་གྱི་གནད་ལོན་ཟེར༔ ཨ་ཙི་བློན་པོ་དྲག་ལྡན་བློ་དེ་ཨཾ༔ ལྕགས་སྲེག་དཀར་དུས་བརྡུང་ན་རན་མ་ཡིན༔ ད་རེས་ཟ་ཧོར་རྒྱལ་པོ་མ་ཐུལ་ན༔ དབང་ཆེན་རྒྱལ་པོར་སྐྱེས་པ་དོན་མེད་ཡིན༔ དེ་སྐད་བཀའ་བཀྱོན་དམག་དཔོན་བློན་པོ་བསྐོས༔ དམག་མི་སུམ་སྟོང་གོ་མཚོན་སྤྲིན་ལྟར་གཏིབ༔ རྒྱལ་པོས་རྗེས་གནོན་རྐོ་དམར་ཐང་ལ་སྒར༔ དེ་ཚོ་ཟ་ཧོར་རྒྱལ་པོའི་སྙན་ལ་གསན༔ འབངས་ཀྱི་ཕོ་ཉ་རྐང་མགྱོགས་བཅུ་བཏང་ནས༔ ཁ་ཆེའི་དམག་ཤོམས་བདེན་ནམ་མི་བདེན་བརྟག༔ བང་མགྱོགས་རྐོ་དམར་ཐང་ཟུར་སོང་བ་ལ༔ དུད་རླངས་ནག་པོ་སྤྲིན་བཞིན་ཁོལ་ཏེ་འདུག༔ གོ་མཚོན་རུ་མཚོན་གློག་དམར་འཁྱུག་འཁྱུག་བྱེད༔ དམག་མི་རྒྱ་གྲོག་ཚངས་ཆེན་རྡོལ་འདྲ་འདུག༔ རྐང་མགྱོགས་ཕྱིར་ལོག་བློན་ལ་དེ་སྐད་ཞུས༔ བློན་པོས་ཟ་ཧོར་རྒྱལ་པོ་ཉིད་ལ་ཞུས༔ རྒྱལ་པོས་འཆི་མེད་རིག་འཛིན་ཡབ་ཡུམ་ཞུས༔ རིག་འཛིན་ཉིད་ཀྱི་ཞལ་ནས་འདི་སྐད་གསུངས༔ ཧོ༔ མི་རྗེ་དབང་མཛད་ཟ་ཧོར་རྒྱལ་བློན་གསོན༔ ང་ནི་རྫུ་འཕྲུལ་རྩལ་གྱི་བདག་ཉིད་ཅན༔ རྒྱལ་བློན་ཀུན་གྱིས་ཐུགས་ཆུང་མི་འཚལ་ཏེ༔ དམག་འདི་རེ་ཞིག་བདག་གིས་བཟློག་པར་བྱ༔ ཞེས་གསུངས་རྒྱལ་བློན་ཀུན་ཀྱང་མགུ་བར་གྱུར༔ ཚེ་དབང་རིག་འཛིན་བྱ་རྒྱལ་ཁྱུང་ཆེན་སྤྲུལ༔ རྒོད་ལྕམ་དོན་འབར་དུག་སྦྲུལ་ནག་པོར་སྤྲུལ༔ ཁ་ཆེ་དམག་སྒར་ནམ་གྱི་ཐོ་རངས་ལ༔ བར་སྣང་ཁམས་སུ་སྤྲིན་ནག་ལང་ལང་ཁོལ༔ ཉིན་ཕྱེད་ཙམ་ནས་དུག་སྦྲུལ་ནག་པོ་ཞིག༔ ས་གཞི་ཁམས་གང་མགོ་དགུ་འཇིགས་པའི་གཟུགས༔ དུག་ལྕེ་ལྷབ་ལྷབ་བརྐྱངས་ནས་བཟའ་བར་ཆས༔ རི་འགུལ་ས་གཡོ་འདར་ནི་ཤིག་ཤིག་བྱེད༔ ཁ་ཆེའི་དམག་སྒར་དུག་སྦྲུལ་དཀྲིས་ནས་བྱུང་༔ དམག་མི་རྣམས་ནི་བྲེད་དང་འདར་སྔངས་བྱེད༔ རྒྱལ་བློན་ཀུན་ཀྱང་དུས་གཅིག་བཟའ་ལ་ཁད༔ དེ་ལ་བློན་པོ་དྲག་ལྡན་ཤུགས་ཅན་གྱིས༔ ཀྱེེ་མ༔ གསོན་དང་ཁ་ཆེ་རྒྱལ་པོ་དམ་པ་ལགས༔ བློན་གྱི་བྱ་བ་རྒྱལ་གྱི་བཀའ་འོག་ཡིན༔ མ་བརྟག་པ་ལ་ཞབས་འདྲེན་ཞུ་མ་མྱོང་༔ ཟ་ཧོར་རྒྱལ་པོའི་བུ་མོ་རྒོད་ལྕམ་མ༔ ནམ་མཁའ་ལྷ་ཡི་གྲོགས་གྱུར་མ་གཏོགས་པ༔ རང་རེ་ཕལ་གྱིས་དབང་རྒྱུ་ཡིན་མ་གྲགས༔ ད་ནི་ཅི་ཡང་བྱ་བའི་ཡུལ་མ་མཆིས༔ ཇི་ལྟར་བསྐོར་ཀྱང་འདི་ལ་སྟོབས་ཟད་པས༔ ཉིད་ནི་བསོད་ནམས་ཅན་གྱི་རྒྱལ་པོ་རེད༔ བསླུ་མེད་སྐྱབས་གནས་རྣམས་ལ་གསོལ་བ་ཐོབ༔ བློན་པོས་དེ་ལས་ཕན་པར་ཡོད་མ་མཐོང་༔ རྒྱལ་བ་རྣམས་ཀྱི་ཐུགས་རྗེས་བཟུང་ཤས་ཆེ༔ ཞུས་ཞུས་རྒྱལ་པོ་བློ་སེམས་འཁུམ་ནས་འདུག༔ དུག་སྦྲུལ་སྔར་བས་ངན་འཇིགས་ཆེར་བསྟན་གྱུར༔ རྒྱལ་པོས་བློན་པོའི་ཚིག་དེ་བདེན་པར་བཟུང་༔ གུས་པས་ཕྱག་འཚལ་གདུང་བའི་མཆི་མ་བཏོན༔ ཀྱེ་མ༔ ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་དང་བཅས༔ བསླུ་མེད་འགྲོ་ལ་ཐུགས་རྗེ་བརྩེ་བའི་ལྷ༔ ཁ་ཆེའི་རྒྱལ་པོ་བདག་ཅག་རྣམས་ལ་དགོངས༔ ལས་ངན་རྣམ་སྨིན་སྡུག་བསྔལ་བསལ་དུ་གསོལ༔ དམག་མི་གྲངས་མང་དུག་སྦྲུལ་འཇིགས་པའི་གཟུགས༔ འདི་འདྲའི་མ་རུངས་ཁ་རུ་ཚུད་གྱུར་ན༔ སྲོག་དང་བྲལ་བ་སྐད་ཅིག་ཡུད་ཙམ་ཡིན༔ དཀོན་མཆོག་རྒྱལ་བ་སྲས་བཅས་དཔུང་ལ་བྱོན༔ ཕྱི་ནང་གསང་བའི་འཇིགས་པ་ཐ་དག་སོལ༔ མ་རིག་དབང་གྱུར་ཉེས་སྒྲིབ་བསགས་པ་བཤགས༔ ཐུགས་རྗེ་མ་ཆུང་སྙིང་རྗེའི་ལྷ་མཆོག་རྣམས༔ འདི་ཕྱི་བར་དོའི་ལམ་སྣ་དྲོངས་དུ་གསོལ༔ ཞེས་ཞུས་ཀུན་གྱིས་ཕྱག་འཚལ་གསོལ་བ་བཏབ༔ དེ་ཚེ་མདུན་གྱི་ནམ་མཁའ་རྒྱང་རིག་ནས༔ བྱ་ཞིག་ཤེད་ཀྱིས་ལྡིང་ནས་བྱུང་བ་ལ༔ དུག་སྦྲུལ་ནག་པོའི་མགོ་བོ་ཞུམ་ཞུམ་བྱེད༔ བྱ་དེ་ཁྱུང་ཆེན་བར་སྣང་གང་བ་ཙམ༔ དེ་སྟེང་སྐྱེས་བུ་དམར་སླུག་རུས་རྒྱན་ཅན༔ འཁོར་དུ་རྒོད་ལྕམ་འདྲ་བ་བཞི་ཡིས་བསྐོར༔ དེ་ལ་རྒྱལ་བློན་དམག་མི་ཐམས་ཅད་ཀྱིས༔ གུས་པས་ཕྱག་འཚལ་གདུང་བའི་མཆི་མ་བཏང་༔ ཨེ་མ་མདུན་གྱི་ནམ་མཁའ་བྱ་ཁྱུང་རྒྱལ་པོའི་སྟེང་༔ སྐྱེས་བུ་ཆེན་པོ་མི་གཡོ་བརྗིད་པ་ལ༔ ཌཱཀྐི་སྡེ་བཞི་སྐུ་ཡི་གྲོགས་སུ་བཞུགས༔ ཁ་ཆེ་ཟ་ཧོར་གཉེན་གྱིས་སྨ་འབེབས་མཐུས༔ དམག་གིས་དཔུང་བསྐུལ་ཕ་རོལ་བརྒོལ་བརྩམས་པ༔ དུག་སྦྲུལ་འཇིགས་པའི་ཁ་རུ་ཚུད་ལ་ཉེ༔ འདི་ལས་སྐྱོབས་པའི་མཐུ་རྩལ་བསྟན་དུ་གསོལ༔ འཇིགས་ཚོགས་མ་ལུས་མྱུར་དུ་བསལ་བར་མཛོད༔ ཅེས་ཞུས་མདུན་གྱི་སྐྱེས་བུས་འདི་སྐད་གསུངས༔ ཨ་ཧོ༔ མ་རིག་ལས་ཀྱིས་མནར་བའི་དམག་མི་ཚོ༔ ཁ་ཆེ་རྒྱལ་པོ་དབང་ཆེན་ཡིན་ན་ཡང་༔ དུག་སྦྲུལ་ནག་པོས་དབང་མེད་བཟའ་བར་ཆས༔ བྲོས་ཀྱང་ཐར་མེད་འཐབ་ཀྱང་ཡ་རུ་མེད༔ རྒྱལ་བ་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན༔ ཁ་ཆེ་རྒྱལ་པོས་ཐུགས་རྒྱུད་བསྐུལ་བས་ན༔ བདག་ནི་འཆི་མེད་ཚེ་དབང་རིག་འཛིན་ཏེ༔ རྒོད་ལྕམ་དོན་འབར་ཐུགས་རྗེ་ཀུན་སྒྲོལ་དངོས༔ སྤྲུལ་བའི་སྣང་ངོར་མི་གཟུགས་བསྟན་པ་ཙམ༔ གསང་སྤྱོད་འགྲོ་དོན་གྲུབ་པ་འདི་ལ་རག༔ ཁྱེད་རྣམས་སྡུག་བསྔལ་ཉམ་ཐག་གཟིགས་མཐོང་ན༔ དུག་སྦྲུལ་ནག་པོའི་འཇིགས་འཕྲང་བདག་གིས་སྒྲོལ༔ ཞེས་གསུངས་ཁ་ཆེ་རྒྱལ་པོས་འདི་སྐད་ཞུས༔ ཀྱེེ་མ༔ འཆི་མེད་ཚེ་དབང་རིག་འཛིན་ཆེན་པོས་དགོངས༔ བདག་ཅག་མ་རིག་འཁྲུལ་པའི་དབང་དུ་གྱུར༔ སྐྱོན་ཡོན་མ་ཤེས་ལོག་པའི་དབང་དུ་གྱུར༔ མ་མི་གསལ་སྲོག་འདི་དཔེ་བླང་ན༔ ལོག་སྤྱོད་དྲན་ཡང་ཕོད་པར་དཀའ༔ ཟ་ཧོར་རྒྱལ་ལ་འཁྲུགས་པའི་གཡུལ་མི་སྟོན༔ རྒོད་ལྕམ་མ་ལ་ཆགས་པའི་སེམས་མ་མི་གསལ་ཁ་ཆེ་ཡུལ་ཁམས་ཐུགས་རྗེས་བཟུང་དུ་གསོལ༔ གང་འདུལ་འགྲོ་བའི་མགོན་དུ་བྱོན་བར་ཞུ༔ མ་མི་གསལ་མཁྱེན་བརྩེ་ཚེ་དབང་ཞལ་ནས་འདི་སྐད་གསུངས༔ ཧོ༔ མ་རུངས་གདུག་པ་ནག་པོ་ཀླུ་གཉན་བདུད༔ ཆོ་འཕྲུལ་འཇིགས་བྱེད་མགོ་དགུ་བདུད་དགུ་སྤྲུལ༔ གདུག་པ་ནག་པོ་ཁྱོད་ནི་སངས་རྒྱས་བཀའ༔ དཀོན་མཆོག་བདེན་དང་རིག་འཛིན་བདག་གི་དམ༔ མ་འདའ་ལུས་སྲོག་དབང་མེད་དམྱལ་ཐག་གཅོད༔ དེ་བས་ཁ་ཆེ་དམག་གི་དཔུང་ཚོགས་རྣམས༔ བདག་གིས་བསྲུང་བའི་གནས་སུ་རིགས་པས་ན༔ གནོད་བྱེད་ཁྱོད་ནི་རང་གནས་ཕྱིར་དེངས་ཤིག༔ ཞེས་གསུངས་ཁྱུང་གཤོག་དྲག་པོ་ལན་གསུམ་བརྡབ༔ དུག་སྦྲུལ་སླར་ཡང་ངན་འཇིགས་སྣ་ཚོགས་སྟོན༔ ཁྱུང་ཆེན་ཤིན་ཏུ་ཁྲོས་ནས་གཤོག་པ་བརྡེབ༔ དུག་སྦྲུལ་མགོ་བོ་སྤར་མོའི་ནང་དུ་བཅུམ༔ མཁའ་ལ་ནར་གྱིས་བཏོན་ཞིང་ཐོགས་མེད་གཤེགས༔ ཁ་ཆེའི་དམག་མི་ཉིན་གསུམ་བརྒྱལ་ཐབས་ལུས༔ རྒྱལ་བློན་ཐམས་ཅད་སངས་རྒྱས་བཀའ་དྲིན་དྲན༔ གུས་པས་ཕྱག་འཚལ་སླར་ཡང་རང་ཡུལ་ལོག༔ ཟ་ཧོར་རྒྱལ་པོའི་བསམ་དོན་འགྲུབ་པར་བྱས༔ ཁ་ཆེ་རྒྱལ་པོའི་ང་རྒྱལ་དྲེགས་པ་ཞི༔ ཐམས་ཅད་མ་ལུས་བདེ་བའི་སེམས་དང་ལྡན༔ དེ་ནས་མཁྱེན་བརྩེ་ཚེ་དབང་ཡབ་ཡུམ་གྱིས༔ ཕྱོགས་མེད་འགྲོ་དོན་གཟིགས་ཤིང་འདི་སྐད་གསུངས༔ ཨ་ཧོ༔ སྔོན་ལས་འབྲེལ་བའི་རྒྱལ་པོ་ཡབ་ཡུམ་ཚོགས༔ སངས་རྒྱས་བསྟན་དང་འགྲོ་དོན་སྨོན་ལམ་གྲུབ༔ རྒྱལ་པོའི་རེ་བ་ཐམས་ཅད་ཡོངས་སུ་བསྐངས༔ དེང་ནས་དགེ་བའི་ལས་ལ་བརྩོན་པར་གྱིས༔ རྟག་ཏུ་དབེན་པའི་རི་ལ་བསམ་གཏན་སྒོམས༔ ཚེས་བཅུའི་དུས་བཟང་ང་ལ་གསོལ་བ་ཐོབ༔ ཅི་བསམ་དགེ་བའི་དོན་ཆེན་འགྲུབ་པ་ཡིན༔ འཆི་མེད་རིག་འཛིན་ཡབ་ཡུམ་ཕྲིན་ལས་གྲུབ༔ ཅེས་གསུངས་རྒོད་ལྕམ་ཡུམ་གྱིས་འདི་སྐད་ཞུས༔ ཨེ་མ༔ རིག་འཛིན་ཚེ་དབང་སྤྲུལ་པའི་སྐུ་མཆོག་ཉིད༔ རྒྱལ་པོ་ཡབ་ཡུམ་བདག་ཅག་ཁ་ཆེ་རྒྱལ༔ འདི་དག་ཉིད་ཀྱིས་གདུལ་བྱར་སྐྱོང་བ་དེ༔ སྔོན་གྱི་ལས་འཕྲོ་སྨོན་ལམ་ཇི་ལྟར་འབྲེལ༔ ཞེས་ཞུས་འཆི་མེད་ཚེ་དབང་རིག་འཛིན་གྱིས༔ ཨེ་མ༔ གསོན་དང་རྒོད་ལྕམ་དོན་འབར་གསང་བའི་ཡུམ༔ སྔོན་ཚེ་བསྐལ་བ་མུ་རྒྱུད་སྒྲོན་མེ་འོད༔ སྟོན་པ་ཀུན་སྙོམས་ཅན་གྱིས་འདུལ་བའི་དུས༔ རྗེ་རིགས་རྒྱལ་པོ་འོད་མ་བཀྲ་འཕྲོ་ལ༔ མིང་སྲིང་ལྕམ་དྲལ་ལྔ་ཡོད་བུ་མོ་འབྲིང་༔ ཤེས་གསལ་མ་ཞེས་གཞན་ལ་གཉེན་སྲིད་སྦྲེལ༔ རྒྱལ་བུ་སྒྲ་དབྱངས་དྲག་ལྡན་ཞེས་བྱར་བཏང་༔ བུ་མོས་ཡབ་ཡུམ་ངག་ལ་མ་ཉན་པར༔ དྲང་སྲོང་ཤེས་རབ་བློ་གསལ་བྱ་བའི་དྲུང་༔ དབེན་པའི་རི་ལ་དགེ་སྦྱོར་བསྒྲུབ་ཏུ་སོང་༔ རྒྱལ་བུ་སྒྲ་དབྱངས་དྲག་ལྡན་ཁྲོས་ནས་སུ༔ དམག་དྲང་རྗེ་རིགས་རྒྱལ་ཁབ་བཅོམ་ནས་སོང་༔ དེ་ནས་དབེན་རིར་མ་ཡིག་མི་གསལ་མ་ཚོལ་དུ་ཕྱིན༔ བུ་མོ་བསྔངས་ནས་གཙང་པོའི་ནང་དུ་ལྕེབས༔ དྲང་སྲོང་ཤེས་གསལ་རྨ་མེད་ངན་ཁག་ཕོག༔ རྒྱལ་པོས་ཁྲིམས་བཅད་དྲང་སྲོང་ཀུམ་པར་གྱུར༔ དེ་ཚེ་དྲང་སྲོང་སྨོན་ལམ་བདེན་པ་ཡིས༔ ནམ་ཞིག་བདག་གིས་འདུལ་བའི་སྨོན་ལམ་བཏབ༔ རྒྱལ་པོ་ཡབ་ཡུམ་ད་ལྟ་འདི་གཉིས་ལ༔ ཤེས་གསལ་མ་ནི་རྒོད་ལྕམ་འབར་མ་ཉིད༔ རྒྱལ་བུ་སྒྲ་དབྱངས་ཁ་ཆེ་རྒྱལ་པོ་ཡིན༔ དྲང་སྲོང་ཤེས་གསལ་ཚེ་དབང་བདག་ཉིད་དོ༔ དེ་དག་སྔོན་ནས་ལས་ཀྱིས་འབྲེལ་བ་ཡིན༔ ཞེས་གསུངས་ཐམས་ཅད་སྨིན་གྲོལ་ཚིམ་པར་མཛད༔ ཟ་ཧོར་རྒྱལ་པོ་ཡབ་ཡུམ་བློན་འཁོར་བཅས༔ བླ་མེད་བྱང་ཆུབ་སྙིང་པོ་བསྒོམས་པས་གྲོལ༔ ཚེ་དབང་ཡབ་ཡུམ་འཇའ་ཚོན་ལམ་ལ་ཆིབས༔ ཇེ་མཐོ་ཇེ་མཐོར་བདུད་འཇོམས་རི་ལ་བྱོན༔ བྲག་ཕུག་གསལ་བ་མདངས་དགའི་གནས་སུ་བཞུགས༔ གནས་ཀྱི་རིག་འཛིན་མཁའ་འགྲོ་ཐམས་ཅད་ལ༔ ཕྱི་ནང་གསང་བའི་གདམས་པ་ཟབ་མོ་གནང་༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ༔ རྒོད་ལྕམ་དོན་འབར་གསང་བའི་མཁའ་འགྲོ་མ༔ མ་འོངས་བོན་ཡུལ་གསང་སྔགས་དར་བའི་དུས༔ བདེ་ཆེན་དཔལ་དང་ཤེས་རབ་བསོད་ནམས་སོགས༔ སྐྱེ་བ་བདུན་ལ་གསང་སྔགས་གྲོགས་སུ་འགྱུར༔ མཐར་ཐུག་གནས་གསུམ་མཁའ་འགྲོའི་ཚོགས་རྗེ་མཛད༔ ཅེས་གསུངས་ཚེ་དབང་རྒྱ་གར་གསེར་གླིང་བྱོན༔ རྒོད་ལྕམ་མཁའ་འགྲོ་གཙུག་གི་དོན་འབར་མ༔ བདུད་འཇོམས་གསང་བའི་རི་ལ་རྒྱུན་བཞུགས་མཛད༔ འཆི་མེད་གཡུང་དྲུང་ལྟ་བུའི་སྐུ་ཐོབ་ཅིང་༔ དུར་ཁྲོད་ཟིལ་གནོན་ཚོགས་ཀྱི་རྗེ་མོར་མཛད༔ འགྲོ་དོན་ཕྲིན་ལས་སྣ་ཚོགས་སོ་སོར་བསྟན༔ མ་རྒྱུད་ཀུན་གྱི་སྐུ་རུ་མངོན་བྱང་ཆུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
བདེ་ཆེན་སྤྲོས་བྲལ་འོག་མིན་ཀུན་བཟང་མོ༔ མ་འགགས་ཨེར་སངས་ཡུམ་གྱི་སྐུར་བཞེངས་པའི༔ བྱམས་མ་ཆེན་མོ་བྱམས་ཆེན་རྒྱལ་བའི་ཡུམ༔ དམར་མོ་སྒྲ་སྒྲོགས་པདྨ་རིགས་ཀྱི་གཙོ༔ ཐུགས་རྗེ་ཀུན་སྒྲོལ་གསུང་གི་སྤྲུལ་པ་ལས༔ ཉི་མ་སྒྲོན་གསལ་གསང་བའི་མཁའ་འགྲོ་མ༔ ཡུལ་ནི་ཞང་ཞུང་ཞིང་གི་མཐའ་ཡི་ཆ༔ སྤུ་གུར་གསལ་བ་ཀུན་འདུས་འོད་ཀྱི་གླིང་༔ ཀུན་བདལ་གྲོང་ཁྱེར་ཁྲི་ཕྲག་ཡོད་པའི་དབུས༔ ནོར་ལྡན་ཕོ་བྲང་གཏེར་གྱི་རྫོངས་ཆེན་པོ༔ ཤིན་ཏུ་དྲག་རྩུབ་ལྡན་པ་གཉན་གྱི་རིགས༔ སྤུ་གུར་རྒྱལ་པོ་རིན་ཆེན་དཔལ་ལྡན་དང་༔ བཙུན་མོ་ཀླུ་ལྕམ་འབར་མ་ཡབ་ཡུམ་གཉིས༔ འཁོར་དང་ལོངས་སྤྱོད་མངའ་ཐང་བསམ་མི་ཁྱབ༔ བཙན་དྲག་རྒྱལ་ཕྲན་གང་གིས་འགྲན་ཟླ་བྲལ༔ ནམ་ཞིག་རྒྱལ་པོ་ཡབ་ཀྱི་རྨི་ལམ་ལ༔ འཛམ་གླིང་ཞིང་ཁམས་འོད་ཟེར་དམང་པོས་ཁྱབ༔ མེ་ཏོག་དམར་པོ་གསེར་གྱི་ཟེའུ་འབྲུ་ཅན༔ ཕྱོགས་ཀུན་གང་བས་རྒྱལ་ས་ཁེངས་པར་རྨིས༔ ཀླུ་ལྕམ་མ་ཡིས་བར་སྣང་གསལ་བ་ན༔ ཉི་མའི་དཀྱིལ་འཁོར་འོད་ཟེར་འཕྲོ་བ་ཞིག༔ དྲོད་ཀྱི་ཡུལ་ཁམས་བསྲེགས་ལ་ཁད་པ་རྨིས༔ ཕོ་བྲང་པད་སྟེང་གཡུ་བྱ་ཁུ་བྱུག་བབ༔ ཞལ་ནས་ཚང་ཚིང་དབྱངས་ཀྱིས་སྤུ་གུའི་གླིང་༔ ཨེར་སངས་ཡུམ་གྱི་སྐུ་སྤྲུལ་ཀུན་སྒྲོལ་མ༔ གདུལ་དཀའ་འདུལ་མཛད་བྱོན་པ་ཡིན་ནོ་བརྗོད༔ ཀུན་ལ་གསང་ཞིང་ཡབ་ཡུམ་དགའ་བར་གྱུར༔ ཀླུ་ལྕམ་བདེ་བའི་སྙིང་པོར་སྲིད་དུ་ཆགས༔ འོད་ཟེར་དམར་པོ་ཕོ་བྲང་རྒྱུན་དུ་འཐིབས༔ གཟུགས་ནི་མི་མཐོང་མི་མིན་འུར་འུར་བསྐོར༔ མེ་ཏོག་དམར་པོའི་ཆར་པ་གྲངས་མེད་བབ༔ འབྲུག་ལོའི་ཚེས་བཅུ་ཉི་མ་ཤར་དང་མཉམ༔ ཀླུ་ལྕམ་མ་ལ་སྲས་མོ་ཞིག་བལྟམས་ཚེ༔ ལྷ་དང་ལྷ་མོས་ཁྲུས་གསོལ་དྲི་བཟང་གཏིབས༔ ཕྱི་ནང་གསང་བའི་མཆོད་རྫས་སྣ་ཚོགས་ཕུལ༔ ཀུན་གྱིས་སྤྲོ་བ་སྐྱེས་ནས་ལྟས་བཟང་ཟེར༔ བུ་མོའི་སྐྱེ་མཆེད་ཞག་རེ་བཞིན་དུ་རྒྱས༔ དཀར་ལ་དམར་མདངས་ཉི་མ་འོད་ཆགས་ཅན༔ རྒྱལ་པོས་མཚན་མཁན་བྲམ་ཟེའུ་བོས་ནས་སུ༔ བུ་མོ་ཕྱིང་དཀར་གྲུ་བཞིའི་སྟེང་དུ་བཞག༔ བྲམ་ཟེས་མཚན་བརྟག་ངོ་མཚར་ཆེ་བར་མཐོང་༔ ཡེ་ཤེས་མཁའ་འགྲོའི་མཚན་ཉིད་འདི་ལ་ཚང་༔ འཇིག་རྟེན་མི་ཡི་རིགས་སུ་མི་འདུག་པས༔ རྒྱལ་བ་འཕགས་པ་ཀུན་གྱི་ཡུམ་དུ་འགྱུར༔ བདག་ཅག་སྤུ་གུ་གསལ་གླིང་བསོད་ནམས་ཆེ༔ ཞེས་ཟེར་བྲམ་ཟེར་དགའ་སྟོན་ལེགས་པར་བྱས༔ དེ་ཚེ་བུ་མོ་མཚན་བཟང་མདངས་དང་ལྡན༔ དགེ་ལ་དད་ཅིང་ཕ་མ་འགྲོ་ལ་བྱམས༔ བྱ་སྤྲེལ་རི་དྭགས་སྣ་ཚོགས་འཚོ་བ་དྲངས༔ མཁའ་འགྲོ་མང་པོས་རྟག་ཏུ་ཁྲུས་བསང་ཕུལ༔ དགེ་བའི་རྟགས་མཚན་རྒྱལ་ཁམས་འོད་ཀྱིས་ཁྱབ༔ མཚན་ནི་ཉི་མ་སྒྲོན་གསལ་ཞེས་སུ་གསོལ༔ ནམ་ཞིག་རྒྱལ་པོའི་ཞལ་ནས་བཀའ་འདི་སྩལ༔ གསོན་དང་རྒྱལ་སྲས་ཉི་མ་སྒྲོན་གསལ་མ༔ ཉིད་ནི་དགེ་ལ་ཞུགས་དང་ཁྱིམ་ཐབ་འགྲོ༔ དགེ་བའི་སྒོར་ཞུགས་དག་པའི་ཁྲིམས་སྲུང་དགོས༔ ཁྱིམ་ཐབ་འགྲོ་ན་ཉེ་གཉེན་ཆེ་བ་བཙལ༔ ཞེས་གསུངས་དེ་ལ་བུ་མོས་ཞུས་པ་ནི༔ ཀྱེ་མ༔ གསོན་དང་ཡབ་ཅིག་རྒྱལ་པོ་ཆེན་པོ་ལགས༔ ད་རེས་སྐྱེ་བར་དལ་འབྱོར་ལུས་ཐོབ་དུས༔ དོན་ཡོད་སྒོ་གསུམ་རྣམ་དཀར་དགེ་ལ་བརྩོན༔ དག་པའི་ཁྲིམས་སྲུང་འཁོར་བའི་ཁྱིམ་མི་བཟུང་༔ ད་ལྟར་དབང་ཆེན་རྒྱལ་པོའི་སྲས་མོར་སྐྱེས༔ རང་དབང་ཡོད་དུས་འདམ་ཀ་ཅི་ལ་ནོར༔ དབང་མེད་ཕ་རོལ་གནས་སུ་འགྲོ་བའི་དུས༔ ཐར་པའི་ས་བོན་དགེ་བ་མ་བསྒྲུབས་ན༔ ངན་སོང་སྡུག་བསྔལ་ཆེན་པོ་ཡ་རེ་ང་༔ སྐྱེ་བའི་ལུས་རྟེན་བུད་མེད་ཡིན་ན་ཡང་༔ ཐར་བ་བྱང་ཆུབ་སྒྲུབ་ལ་ཕོ་མོ་མེད༔ ཡབ་ཅིག་རྒྱལ་པོས་དགེ་ལ་གནང་བར་མཛོད༔ ཅེས་ཞུས་རྒྱལ་པོ་འཇིག་རྟེན་ཁས་དྲག་ཆེ༔ རྒྱལ་ཕྲན་གཞན་ལ་ཁྱིམ་ཐབ་འགྲོ་བར་སེམས༔ བུ་མོས་ཡང་དག་དགེ་བ་བསྒྲུབ་ལ་སེམས༔ དེ་ཚེ་ཕྱོགས་ཀྱི་རྒྱལ་ཕྲན་ཐམས་ཅད་ཀྱིས༔ གཉེན་སྲིད་འཛིན་ལ་རིན་ཆེན་ཕོངས་མེད་ཁྱེར༔ ཀུན་གྱིས་རྒྱལ་པོའི་མདུན་དུ་ཞུ་འབུལ་བྱེད༔ དེ་ལ་རྒྱལ་པོས་བློན་པོ་ཁྲི་བཙན་ལ༔ བུ་མོ་ཁྱིམ་ཐབ་འགྲོ་བའི་གྲོས་སུ་བཏབ༔ ཉོན་དང་སྲས་མོ་ཉི་མ་སྒྲོན་གསལ་ལ༔ བློ་ཐག་རང་གིས་ཆོད་ཀྱང་རོགས་ལ་དྲིས༔ རང་བློ་ཉེས་ན་རང་ཆུས་ལོད་པ་ཡིན༔ ཟ་མ་མོ་ཡིས་རབ་བྱུང་ཁྲིམས་མི་རྒྱགས༔ གཉེན་སྲིད་སྦྲེལ་བ་སྲིད་པའི་སྐོས་བཞག་ཡིན༔ ད་ལྟར་ཕྱོགས་ཀྱི་རྒྱལ་ཁག་ཐམས་ཅད་ཀྱིས༔ བུ་མོ་ཐོབ་ཤོར་རྒྱལ་པོ་འདམ་ཀ་ཆོག༔ འགྱོད་པ་འོང་དུས་ནམ་ཕུག་བྱ་བ་ཕྱིས༔ ཞེས་གསུངས་བློན་པོ་སྲས་མོའི་མདུན་ཕྱིན་ཞུས༔ ཀྱེེ༔ དབང་ཆེན་རྒྱལ་པོའི་སྲས་མོ་ཉི་མ་སྒྲོན༔ རྒྱལ་པོས་བློན་ལ་མཆིད་ཚིག་འདི་ལྟར་རྫོངས༔ འཇིག་རྟེན་བདེ་སྐྱིད་རང་རང་ལས་འཕྲོ་ཡིན༔ བུ་རྒྱུད་ཉེ་གཉེན་ཕ་མའི་ལས་ཁུར་ཡིན༔ དབང་ཐང་ཆེ་ཆུང་རང་རང་བསོད་ནམས་ཡིན༔ ད་ལྟར་སྲས་མོའི་སྙན་གྲགས་ཀུན་ལ་ཁྱབ༔ རྒྱ་གར་ཞང་ཞུང་བྲུ་ཤ་ཁ་ཆེ་དང་༔ སྟག་གཟིག་བལ་བོད་ཕྱོགས་ཀྱི་རྒྱལ་ཁག་ནས༔ རིན་ཆེན་ནོར་གྱི་སྙིང་པོ་ཕོངས་མེད་ཁྱེར༔ གང་དགའ་འདོམ་ལ་ཁྱིམ་འཛིན་འགྲོ་བར་རིགས༔ ཞེས་གསུངས་རྒྱལ་པོའི་སྙན་སྒྲོན་བཏང་པ་ལགས༔ དེ་ལ་རྒྱལ་པོའི་སྲས་མོའི་ངག་ན་རེ༔ ཀྱེེ་མ༔ ཉོན་དང་རྒྱལ་པོའི་བློན་པོ་ཁྲི་བཙན་དར༔ དབང་ཆེན་རྒྱལ་ལས་སྐྱེས་པའི་སྲས་མོ་ང་༔ མོ་ལུས་ཡིན་ཀྱང་སྨོན་ལམ་དུས་སུ་སད༔ བདག་གིས་ཆུང་ནས་དགེ་བ་སྒྲུབ་པའི་བློ༔ ཡབ་ཅིག་རྒྱལ་པོ་ཉིད་ལ་ཞུས་ནས་ཀྱང་༔ དགེ་མཐའ་ཐུབ་པའི་དམ་བཅའ་ཕུལ་བ་ཡིན༔ འཇིག་རྟེན་ཁྱིམ་ཐབ་ངན་སོང་བཙོན་ར་ཡིན༔ སྡུག་བསྔལ་མཐའ་མེད་མྱ་ངན་འགྲམ་གཞི་ཡིན༔ དེ་ཕྱིར་བདག་གི་དགེ་སྦྱོར་སྒྲུབ་པ་ལ༔ རྒྱལ་བློན་ཀུན་གྱིས་བར་ཆད་མ་བཏང་ཞིག༔ ཅེས་གསུངས་བློན་པོས་སྲས་མོར་ཡང་ཞུས་པ༔ གསོན་དང་དབང་ཆེན་རྒྱལ་པོའི་སྲས་མོ་ཆེ༔ ཁྱོད་ཀྱི་དགེ་སྒྲུབ་བར་ཆད་མ་ཡིན་ཀྱང་༔ བུ་མོ་ན་ཕྲ་བསམ་པ་དེ་བས་སླ༔ དགེ་ལ་འཇུག་སྔ་མཐའ་རུ་ཕྱིན་པ་དཀའ༔ བསྟན་པའི་སྒྲ་བཅག་སློབ་དཔོན་དམ་ཚིག་ཉམས༔ རྒྱལ་ལ་མི་སྙན་སྐྱེ་འགྲོ་ཡ་ཀ་བསྡུ༔ སྲས་མོ་ཡིན་ཀྱང་མི་འདོད་ཁྲིམས་ཀྱིས་གཅོད༔ དེ་ཕྱིར་ཕྱོགས་ཀྱི་རྒྱལ་ཁབ་གཉེན་དུ་སོང་༔ གཟུགས་བཟང་ལྷ་འདྲ་ཕྱུག་པོ་ཀླུ་དང་འདྲ༔ བཙན་རྒོད་ཐོག་འདྲ་གང་འདོད་ཞིབ་པར་བལྟ༔ ཞུས་པས་བུ་མོས་བློན་ལ་ཡང་གསུངས་པས༔ ཀྱེེ༔ དབང་ཆེན་རྒྱལ་པོའི་སྲས་མོ་ཉི་མ་སྒྲོན༔ རང་དབང་ཡོད་དུས་དགེ་བ་མ་བསྒྲུབས་ན༔ ཕྱི་མ་དམྱལ་བ་ཚ་གྲང་སྡུག་བསྔལ་མྱོང་༔ གནས་ལ་འདམ་མེད་མེ་འབར་ལྕགས་ཁང་ཚུད༔ གཟུགས་ལ་འདམ་མེད་དམྱལ་བའི་གྱད་བུ་ཐུང་༔ ཟས་ལ་འདམ་མེད་ཁྲོ་ཆུ་ཁོལ་མ་བཏུང་༔ རང་དབང་མི་ཆེ་བསྐལ་པ་དུ་མར་སྦྱོང་༔ དེ་བས་ཕྱོགས་ཀྱི་རྒྱལ་ཁག་ཐམས་ཅད་སྤང་༔ དབེན་པའི་རི་ལ་དགེ་བ་སྒྲུབ་ཏུ་འགྲོ༔ རིགས་དྲུག་སྡུག་བསྔལ་ཆེན་པོ་ཡ་ང་ན༔ མུག་གྲིར་ཤི་ཡང་འགྱོད་མེད་བློ་རེ་བདེ༔ ཞེས་གསུངས་དེ་བཞིན་བློན་པོས་རྒྱལ་ལ་ཞུས༔ སྲས་མོ་ཁྱིམ་ཐབ་འགྲོ་བའི་ཁས་མ་བླངས༔ ཕྱོགས་ཀྱི་རྒྱལ་ཁག་རྒྱུ་ནོར་འཚོ་བ་ཡིས༔ ཚིམས་པར་བྱས་ནས་རང་རང་གནས་སུ་ལོག༔ དེ་ནས་རྒྱལ་པོས་བུ་མོ་མདུན་དུ་ཁྲིད༔ ཧོ༔ ཉོན་དང་སྤུ་གུ་རྒྱལ་པོའི་བུ་མོ་ཁྱོད༔ ཆུང་ནས་དགེ་ལ་འཇུག་ཟེར་ཁ་སྟོབས་ཆེ༔ མི་འགྲུབ་བྱ་བ་བསྒྲུབ་ན་རང་ལོད་རྒྱུ༔ མི་ཞུ་ཟ་མ་ཟོས་ན་ནད་གཞི་སློང་༔ བུད་མེད་བྱ་བ་རང་གཞན་ཕུང་སྲི་ཡིན༔ གྱོད་ཀྱི་གཞི་བཏིང་འགྲས་མེད་འགྲས་ཡ་སློང་༔ དབང་ཆེན་རྒྱལ་པོའི་ངག་ལ་མི་ཉན་པར༔ དབེན་པའི་རི་ལ་སྟོང་འཁྱམས་འགྲོ་དགོས་ཟེར༔ ད་ནི་དྲང་སྲོང་དམ་པའི་མདུན་དུ་སོང་༔ གཡོག་མོ་ལྔ་བཅུ་གཡོག་གི་བྲན་དུ་བཏང་༔ ཚེ་གཅིག་ཡང་དག་ཚུལ་ཁྲིམས་གཙང་མ་སྲུངས༔ བཀའ་བཞིན་མ་སྒྲུབ་འགལ་ཚེ་སྲོག་ལ་ཉེ༔ ཞེས་གསུངས་འཚོ་བ་ཕུན་སུམ་ཚོགས་པར་སྦྱར༔ རི་བོ་ནོར་བུ་སྤུངས་འདྲའི་ཕུག་པར་བྱོན༔ དྲང་སྲོང་ཆེན་པོ་གཡུང་དྲུང་གསལ་འབར་ལ༔ སུམ་བརྒྱ་དྲུག་ཅུའི་སྲུང་ཁྲིམས་རྫོགས་པར་བླངས༔ དཔོན་གཡོག་ཐམས་ཅད་རབ་བྱུང་གཙང་མ་བསྒྲུབ༔ ཐོ་རངས་ཁྲུས་དང་སྡིག་སྒྲིབ་བཤགས་སྦྱང་འབད༔ ཉི་ཤར་སྲུང་ཁྲིམས་གསོ་སྦྱོང་སྡོམ་པ་བླངས༔ ཉིན་གུང་དུས་གཅིག་ཁ་ཟས་འཚོ་བ་བཞེས༔ དགོང་མོར་བསྔོ་བ་སྨོན་ལམ་མཐའ་རྒྱས་གདབ༔ སྲོད་འཁོར་བསམ་གཏན་ཉམས་ཀྱི་དགོངས་པ་སྐྱོང་༔ ནམ་ཕྱེད་འོད་གསལ་ངང་དུ་གཟིམ་ཚུལ་མཛད༔ ལོ་ངོ་དགུ་ལ་དབེན་རིར་བདེ་བར་བཞུགས༔ ཉིན་ཞིག་མདུན་གྱི་ནམ་མཁའ་སྟོང་པའི་ཀློང་༔ འཇའ་ཚོན་སྣ་ལྔ་བཀྲ་བའི་དབུས་དཀྱིལ་དུ༔ པད་དཀར་འདབ་སྟེང་སྤྲུལ་པའི་ཁྱེའུ་ཞིག༔ སྒྲིབ་མེད་འོད་སྐུ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ ཨེ་མ༔ ཉོན་དང་བྲག་ཕུག་གསལ་བ་འོད་ཁང་ནང་༔ དཀའ་བ་དང་བླངས་དབེན་རིང་སོ་གསོད་དང་༔ དྲང་སྲོང་སྡོམ་ཁྲིམས་བཅིང་ལ་ནན་བསྐྱར་བ༔ རྣམ་མཁྱེན་རྒྱུ་ཙམ་མ་གཏོགས་གྲོལ་ཐག་རིང་༔ སྐད་ཅིག་བླ་མེད་འབྲས་བུ་ཐོབ་འདོད་ན༔ གསང་སྔགས་ཐེག་པ་ཆེན་པོའི་སྒོ་རུ་ཞུགས༔ ཚེ་འདིར་རྫོགས་ཆེན་གསང་སྤྱོད་ཉམས་སུ་ལོངས༔ ཐར་ལམ་མྱུར་བགྲོད་རྩ་རླུང་ཐིག་ལེར་སྦྱོར༔ མ་སྦྱང་རང་གྲོལ་རྫོགས་སངས་རྒྱས་པའི་བོན༔ སྤྲུལ་པའི་སྐུ་ཡི་རྗེས་སུ་འབྲང་བར་གྱིས༔ ཞེས་གསུངས་དེ་ལ་ཉི་མ་སྒྲོན་གསལ་གྱིས༔ ཀྱེེ༔ འོད་གཟུགས་སྒྲ་ཆེན་བར་སྣང་ཁམས་སུ་གྲགས༔ རིགས་ཆེན་ཞང་ཞུང་སྤུ་གུ་རྒྱལ་པོའི་སྲས༔ སྐྱེ་བ་དམན་ཀྱང་ཤེས་རིག་བསམ་པ་བརྟན༔ གཞན་དག་རྒྱལ་པོས་ཐོབ་ཤོར་བར་ཆད་ཞི༔ སྤུ་གུར་མཁན་པོ་གཡུང་དྲུང་གསལ་འབར་ལ༔ དྲང་སྲོང་ཁྲིམས་རྫོགས་ཞུས་ནས་སྡོམ་པ་མནོས༔ བསྐྱེད་སྨིན་ཡབ་ཡུམ་ལས་གྲོལ་ད་ཕན་ལ༔ ལོ་ངོ་སུམ་ཅུར་ཉོན་མོངས་དྲི་མ་མེད༔ གཙང་དག་འདུལ་ཁྲིམས་ཉམས་ལེན་རྟག་ཏུ་བསྐྱང་༔ དལ་འབྱོར་རྟེན་བཟང་ནམ་མཆི་ཆ་མེད་པས༔ མི་དགེ་རིང་དོར་དགེ་བ་དང་དུ་བླངས༔ སྣང་བ་གང་ཤར་ཐབས་ཆེན་ཡབ་ཀྱི་ཆ༔ གསལ་ལ་མ་འགག་ཀུན་བདེ་ངོ་མཚར་རྨད༔ སྟོང་པ་གདིང་ལྡན་ཤེས་རབ་ཡུམ་གྱི་ཆ༔ སྟོང་པའི་ངང་དུ་གུ་ཡངས་བློ་རེ་བདེ༔ དེ་མིན་རྩ་རླུང་ཐིག་ལེ་སྒྲ་བོ་ཆེ༔ གསང་བ་སོད་པའི་བག་ཆགས་དགོས་རྒྱུ་ཆུང་༔ ཚེ་གཅིག་ལུས་གཉིས་མི་བྱེད་མཁའ་འགྲོའི་དམ༔ སློབ་དཔོན་དམ་འགལ་ངན་སོང་སྡུག་བསྔལ་རྒྱུ༔ ལྷ་བདུད་གང་ཡིན་བར་ཆད་མ་གཏོང་ཞིག༔ ཅེེས་ཞུས་རིག་འཛིན་དགྱེས་ནས་འདི་སྐད་གསུངས༔ ཨ་ཧོ༔ ལྗོན་ཤིང་བསིལ་ཡབ་བརྟེན་པའི་མཁའ་འགྲོ་མ༔ རིགས་བརྒྱ་རིགས་གཙོ་བྱམས་མའི་རྣམ་པར་འཕྲུལ༔ གང་འདུལ་སྣང་ངོར་མི་ཡི་གཟུགས་སུ་སྤྲུལ༔ ཡེ་ནས་སྐྱེ་འགགས་གནས་གསུམ་བྲལ་བ་ཡི༔ འཆིང་བ་ཀུན་ལ་རྣམ་གྲོལ་ཐ་དད་མེད༔ བདག་ནི་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ བདེ་ཆེན་དབྱིངས་ནས་སྐུ་གསུམ་རྒྱལ་བའི་ཚབ༔ འཇིག་རྟེན་ཁམས་ཀུན་གསང་སྔགས་དོན་དམ་སྤེལ༔ སྦས་མངོན་ཐབས་ཀྱིས་གདུལ་དཀའ་མ་ལུས་འདུལ༔ ཉི་མ་སྒྲོན་གསལ་གསང་སྔགས་གྲོགས་སུ་ཤར༔ ཞེས་གསུངས་བྲག་ཕུག་གསལ་བ་འོད་འབར་བྱོན༔ ལྷ་ཀླུ་མི་ཡི་རིག་འཛིན་ཐམས་ཅད་དང་༔ ཡེ་ཤེས་རྫུ་འཕྲུལ་ལས་གྲུབ་མཁའ་འགྲོ་མ༔ ཀུན་ལ་རྫོགས་ཆེན་དམར་ཁྲིད་ལོ་གསུམ་གསུངས༔ ཕྱི་ནང་གསང་བའི་གྲུབ་པ་མ་ལུས་ཐོབ༔ གསང་ཐབས་མི་དང་མི་མིན་ཐམས་ཅད་སྐྱོང་༔ དེ་ནས་སྤུ་གུའི་ཡུལ་ཁམས་འདུལ་བར་དགོངས༔ ཉིན་པར་ལྗོན་ཤིང་ཚལ་དུ་བོན་འཁོར་བསྐོར༔ མཚན་མོ་བྲག་ཕུག་ནང་དུ་ཚོགས་འཁོར་འབུལ༔ ཡུལ་གྱི་རི་དྭགས་རྔོན་པ་ཁ་ཤས་ཀྱིས༔ མཐོང་ནས་འདུག་རོགས་ཡོད་པའི་ཟུར་ཟ་གླིང་༔ ཆུང་ནས་ཆེ་སྤེལ་རྒྱལ་པོའི་སྙན་དུ་ཐོས༔ གཟེ་མ་མཆུ་རྣམས་བསྡུས་ནས་རྒྱལ་པོ་ཡིས༔ ཧོ༔ ཉོན་དང་སྤུ་གུར་ཡུལ་གྱི་ཞང་ཞུང་རྒྱལ༔ དྲག་རྩུབ་ལྡན་པའི་རྒྱལ་ཁབ་འགྲན་ཟླ་མེད༔ རྒྱལ་བའི་སྲས་མོ་དགེ་ལ་འདུན་པ་ཅན༔ གཞན་དག་རྒྱལ་ལ་མ་སོང་དབེན་རི་འགྲིམས༔ དྲང་སྲོང་མཁན་པོར་ཁྲིམས་རྫོགས་སྡོམ་པ་བླངས༔ བུ་མོ་དགེ་སྦྱོར་རྒྱལ་ཁམས་སྙན་པས་ཁྱབ༔ རྒྱལ་པོ་ཡབ་ཡུམ་ཐུགས་དམ་ཤིན་ཏུ་བདེ༔ བོན་བཞིན་མ་བསྒྲུབ་རྒྱལ་པོའི་ཁྲིམས་དང་འགལ༔ གཏམ་པའི་ཚིག་དང་དམ་བཅའ་བརྟན་པོར་ཡོད༔ སྒྱུ་མ་མཁན་གྱིས་བུ་མོ་བསླུས་ཡོད་ཟེར༔ སུས་ཐོས་མ་གསང་དྲང་པོར་སྨྲ་བར་གྱིས༔ རྒྱལ་པོས་རྩད་གཅོད་བདེན་རྫུན་ཤན་ཕྱེད་དགོས༔ ཞེས་གསུངས་རྔོན་པ་ནག་པོ་ཐར་ཡས་ཀྱིས༔ ཀྱེེ༔ དགོངས་ཤིག་དབང་ཆེན་རྒྱལ་པོ་དམ་པ་ལགས༔ རྔོན་པ་ཁྱི་འགྱེད་དབེན་རིའི་ཉེ་འདབས་ཕྱིན༔ ལྗོན་ཤིང་ཚལ་དུ་སྲས་མོ་དཔོན་གཡོག་བཞུགས༔ ལྷ་ཡི་ཁྱེའུ་མཛེས་ལྡན་གཞོན་ནུ་ཞིག༔ ལྗོན་ཤིང་བསིལ་ལ་བརྟེན་ནས་མི་གཡོ་བཞུགས༔ དགོང་མོ་གར་སོང་ཆ་མེད་མཐོང་མ་གྱུར༔ མཁན་པོ་ཡིན་ནམ་གང་ཡིན་ངེས་མ་འབྱེད༔ དེ་འདྲ་ཞིག་འདུག་དེ་ལས་གཞན་མི་ཤེས༔ རྒྱལ་པོས་ཐུགས་ཉིད་མ་བདེ་བློན་ཀུན་བསྡུས༔ ཧོ༔ ཉོན་དང་སྤུ་གུར་རྒྱལ་པོའི་བློན་པོ་རྣམས༔ རྒྱལ་པོའི་སྲས་མོ་ཉི་མ་སྒྲོན་གསལ་ནི༔ ཡབ་ཀྱི་བཀའ་ལ་མ་ཉན་གཉེན་འབྲེལ་ཆད༔ རྒྱལ་པོས་མ་བཤོལ་དབེན་པའི་རི་ལ་བསྐྱལ༔ མཁན་པོའི་མདུན་དུ་སྲུང་ཁྲིམས་རྫོགས་པར་བླངས༔ བྲག་ཕུག་བདེ་ཆེན་བསམ་གཏན་བསྒོམས་པ་ལས༔ བཟང་པོའི་གྲགས་པས་ཕྱོགས་བཅུ་ཡོངས་ལ་ཁྱབ༔ དེ་རིང་གཟེ་མཆུ་ཁ་ལས་མི་དགེའི་ངག༔ རྔོན་པས་ལྷ་བདུད་ཡིན་ནམ་མཁན་པོ་ཡིན༔ ཆ་མ་འབྱེད་པའི་མི་ཞིག་འདུག་གོ་སྨྲ༔ བདེན་ནམ་མི་བདེན་བློན་པོས་རྟོག་དཔྱོད་སོང་༔ བདེན་ན་བཀའ་ཡི་ཆད་པ་དྲག་པོ་ཡོད༔ མི་བདེན་གཟེ་མ་མཆུ་ཡི་སྲོག་ལ་ཉེ༔ གཡོ་ཅན་ཡིན་ན་ཐ་མ་རྒྱལ་ཁམས་གནོད༔ ཅེས་གསུངས་བློན་པོ་ཁྲི་བཙན་དཔོན་གཡོག་བཅུ༔ བྲག་ཕུག་གསང་བའི་གནས་སུ་སོང་བ་ལས༔ ལྗོན་ཤིང་བསིལ་དྲོད་སྐྱེས་བུ་གཞོན་ནུ་ཞིག༔ ཉི་མ་སྒྲོན་གསལ་གཡོག་མོ་ལྔ་བཅུ་བཅས༔ རྩེད་འཇོས་ཁྲུས་གསོལ་སྟངས་དཔྱལ་ཚུལ་མཛད་བཞུགས༔ བློན་པོ་ཉེ་སྐོར་ཕྱིན་ཚེ་གཡོག་མོས་མཐོང་༔ ཐམས་ཅད་བྲག་ཕུག་ནང་དུ་བྲོས་ཏེ་སོང་༔ བློན་པོས་གཡོག་མོ་གཅིག་ལ་བརྡ་སྤྲད་དེ༔ ཀྱེ༔ དབེན་རིར་བཞུགས་པའི་སྲས་མོ་དཔོན་གཡོག་རྣམས༔ ཐུགས་དམ་བདེའམ་ཉི་མ་སྒྲོན་གསལ་ལ༔ རྒྱལ་པོས་བློན་པོ་བདག་ལ་འཕྲིན་ཞིག་ཡོད༔ ནང་དུ་ཚུད་དམ་ཕྱི་ལ་གཏུག་པར་ཞུས༔ གཡོག་མོས་ཉོན་དང་བློན་པོ་ཁྲི་བཙན་ལགས༔ ཉི་མ་སྒྲོན་གསལ་གཙང་ཁྲིམས་དམ་པོར་བཞུགས༔ ཕལ་པ་སུ་དང་གང་གིས་མཇལ་དུ་མེད༔ གལ་ཆེ་ཡིན་ན་བདག་ལ་འཕྲིན་དུ་སྨྲོས༔ མིན་ན་རང་ཡུལ་བདེ་བར་ལོག་ལ་སོང་༔ དགེ་སྦྱོར་སྒྲུབ་ལས་ཁ་ཤག་བྱེད་མི་ཁོམ༔ ཟེར་ནས་བྲག་ཕུག་ནང་དུ་ལོག་ནས་སོང་༔ བློན་པོས་ནན་བཙུགས་སྲས་མོ་ཕྱིར་མ་བུད༔ བློན་འཁོར་ཐམས་ཅད་ཐེ་ཚོམ་ཤིན་ཏུ་ཟོས༔ ཕྱིར་ལ་ལོག་ནས་རྒྱལ་ལ་འདི་སྐད་ཞུས༔ ཀྱེེ༔ གསོན་དང་དབང་ཆེན་རྒྱལ་པོ་རིན་པོ་ཆེ༔ བདག་ཅག་དབེན་རིར་ཕྱིན་ཞིང་ཉུལ་མ་བྱས༔ ལྗོན་ཤིང་ཚལ་དུ་སྐྱེས་བུ་གཞོན་ནུ་ཞིག༔ ཉི་མ་སྒྲོན་གསལ་ལ་སོགས་གཡོག་མོ་རྣམས༔ ཁྲུས་གསོལ་རྩེད་འཇོ་བྱེད་ཅིང་འདུག་པ་ལས༔ ངེད་ཅག་མཐོང་ཚེ་བྲག་ཕུག་ནང་དུ་བྲོས༔ རྒྱལ་པོས་ཕྲིན་ཡོད་གཡོག་མོ་ཞིག་ལ་བཅོལ༔ སྲས་མོ་བྲག་ཕུག་ཕྱི་རུ་བུད་མ་གྱུར༔ རིག་འཛིན་སྤྲུལ་པ་མི་ཡུལ་འབྱོན་པའམ༔ ལོག་པའི་བདུད་ཀྱིས་བསླུ་བ་ཅན་ཡིན་ནམ༔ གང་ཡིན་མ་ཆོད་ཕྱི་རུ་ལོག་འོང་ལགས༔ ཞུས་པས་རྒྱལ་པོའི་ཐུགས་ནི་ཤིན་ཏུ་འཁྲུགས༔ ཕྱི་ནང་བློན་དང་གྱད་ཀྱི་མི་ཚོགས་བསྡུས༔ ཀྱེེ༔ ད་རེའི་རྒྱལ་པོའི་བློན་པོ་གྱད་ཆེན་ཚོ༔ རྒྱལ་པོའི་སྲས་མོ་ཉི་མ་སྒྲོན་གསལ་མ༔ ཕྱོགས་ཀྱི་རྒྱལ་ལ་མ་སོང་དབེན་རིར་སྙེག༔ དྲང་སྲོང་སྡོམ་ཁྲིམས་མ་བསྲུང་མི་འཁྱམ་འཚག༔ དཔོན་གཡོག་ཁྲེལ་མེད་རྩེད་འཇོ་བྱེད་དོ་ཟེར༔ རྒྱལ་གྱི་རྐང་འདྲེན་མི་ཁ་རི་ལྟར་སྤུངས༔ འདི་ཉིད་མྱུར་དུ་མ་བཅོམ་བཞག་ཐབས་མེད༔ ནམ་ཕུག་རྒྱལ་པོའི་སྲིད་སྡེ་ཕུང་བར་བྱེད༔ ཡུལ་གྱིས་ཙནྡན་ཏིལ་མར་མང་པོ་བསྡུས༔ ལྷ་བབ་ཐང་ཆེན་སྤུངས་ལ་རི་ཙམ་གྱིས༔ གྱད་ཀྱི་མི་ཆེན་ཤེད་པོ་ཆེ་རྣམས་ཀྱིས༔ ཕོ་མོ་ལྕགས་ཐག་སྡོམས་ལ་མེ་ནང་བསྲེག༔ གཡོག་མོ་ལྔ་བཅུ་ཁྱི་ལ་གསོན་ཟར་ཆུག༔ ཅེས་པའི་བཀའ་སྩལ་གང་གིས་བཟློག་མ་ནུས༔ བྱམས་སེམས་ལྡན་རྣམས་འགྱོད་ཅིང་ངུ་བཞིན་འདུག༔ དྲེགས་པ་ཅན་རྣམས་ལྟད་མོར་བལྟ་ལ་གཟིང་༔ གྱད་ཀྱི་མི་ཆེན་དབེན་པའི་རི་ལ་རྒྱུག༔ ཚེ་དབང་རིག་འཛིན་ཐུགས་ཀྱིས་མཁྱེན་ན་ཡང་༔ གདུལ་དཀའི་འགྲོ་བ་ཐབས་ཀྱིས་འདུལ་བར་དགོངས༔ གཡོག་མོ་རྣམས་ནི་སྐྲག་ཅིང་བྲེད་པར་གྱུར༔ ཀུན་གྱིས་རང་དབང་མ་སྟེར་ཁྲིད་ནས་སོང་༔ ཙནྡན་ཏིལ་མར་མེ་དཀྱིལ་བཅུག་ནས་བསྲེགས༔ གཡོག་མོ་ལྔ་བཅུ་ཁྱི་ལ་གསོན་ཟར་བཅོལ༔ ཙནྡན་མེ་ནི་ནམ་མཁའ་བར་སྣང་ཁྱབ༔ མེ་སྟག་ཚྭ་ཚྭས་ཕྱོགས་ཀུན་གང་ཕོག་བ༔ ཐམས་ཅད་སྐད་ཅིག་བྱ་སྒྲོ་མེར་བསྲེགས་བཞིན༔ ཉིན་ཞག་བདུན་ལ་མེ་ལྕེ་འུར་འུར་འབར༔ མེ་དྲོད་འོད་ཀྱིས་ཆུ་ཕྲན་དག་ཀྱང་བསྐམ༔ མེ་འོད་ཅུང་ཙམ་སྲབ་ཅིང་ནུབ་པ་ན༔ ལྷ་བབ་ཐང་ཆེན་རྒྱ་མཚོ་མེར་རེར་འཁྱིལ༔ མཐའ་སྐོར་ལྗོན་ཤིང་རྭ་བས་ཡོངས་སུ་བསྐོར༔ མཚོ་དཀྱིལ་གྲུ་གསུམ་དམར་ནག་ཨེ་ཀློང་དུ༔ དགྲ་བགེགས་གདུག་པ་འབུམ་ཕྲག་བསྣོལ་བའི་སྟེང་༔ ཚེ་དབང་རིག་འཛིན་བདུད་འདུལ་མེ་རི་འཁྱིལ༔ ཛྭ་ཐིས་སྔགས་ཀྱི་ཁྲོ་བོ་མཐིང་ནག་འབར༔ ཞལ་གསུམ་ཕྱག་དྲུག་དུར་ཁྲོད་དཔའ་ཆས་རྫོགས༔ ཉི་མ་སྒྲོན་གསལ་དམར་མོ་གྲི་ཐོད་འཛིན༔ ཡབ་ལ་འཁྲིལ་ཞིང་གྱད་ཀྱི་དོར་སྟབས་འགྱེད༔ ཤར་དུ་ཛྭ་ཐིས་གཡུང་དྲུང་ཁྲོས་པའི་ལྷ༔ བྱང་དུ་ཛྭ་ཐིས་འཁོར་ལོ་ཁྲོས་པའི་ལྷ༔ ནུབ་ཏུ་ཛྭ་ཐིས་པདྨ་ཁྲོས་པའི་ལྷ༔ ལྷོ་རུ་ཛྭ་ཐིས་རིན་ཆེན་ཁྲོས་པའི་ལྷ༔ ཆ་ལུགས་ཡབ་འདྲ་ཁྲོ་བོའི་དཔལ་ཆས་གསོལ༔ ཕྱི་རིམ་མཁའ་འགྲོ་ལྔ་བརྒྱ་མི་སྲུན་མ༔ མགོ་བརྙན་ཕྲ་མེན་འཇིགས་ཚོགས་བསམ་མི་ཁྱབ༔ དྲག་པོའི་ཐོག་དམར་མེ་དཔུང་གསེར་ཛྭ་འཕྲོ༔ རི་རབ་ས་གཞི་ཀུན་ཀྱང་ཡམ་ཡམ་བྱེད༔ སྤུ་གུའི་རྒྱལ་བློན་འབངས་འཁོར་ཞག་གསུམ་བརྒྱལ༔ ཁ་ཡོ་མིག་ལུད་སྙིང་སྐྱུག་ཡན་ལག་ཞ༔ དེ་ཚེ་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ ཉི་མ་སྒྲོན་གསལ་གཡོག་འབངས་ལྔ་བཅུ་བཅས༔ སྙིང་རྗེའི་གཟིགས་ཤིང་མེ་ཀུན་མཚོ་རུ་བསྒྱུར༔ མཚོ་དབུས་པདྨའི་སྡོང་པོ་རྒྱས་པའི་སྟེང་༔ རིག་འཛིན་ཆེན་པོ་སྐུ་མདོག་དཀར་གསལ་འབར༔ གྲུབ་པའི་ཡུམ་ཆེན་ཉི་མ་སྒྲོན་གསལ་གཉིས༔ མི་གཡོ་ངང་དུ་སལ་ལེར་གཟིགས་ནས་བཞུགས༔ དེ་ཚེ་རྒྱལ་བློན་ཐམས་ཅད་བརྒྱལ་བ་སངས༔ ཐམས་ཅད་བྱ་བ་ཟད་ནས་རེ་ཞིག་ལུས༔ དེ་ལ་བློན་པོ་ཁྲི་བཙན་རྒྱལ་པོའི་མདུན༔ ཕྱིན་ནས་རྒྱལ་པོ་ཉིད་ལ་འདི་སྐད་ཞུས༔ ཀྱེེ༔ གསོན་དང་དབང་ཆེན་རྒྱལ་པོ་སྙན་གསོན་ལགས༔ འོ་ཅག་རྒྱལ་པའི་སྲས་མོ་མཚན་ལྡན་མ༔ བཤོལ་མེད་དབེན་པའི་རི་ལ་བོན་སྒྲུབ་ཕྱིན༔ སྔོན་གྱི་ལས་འཕྲོས་ལྷ་ཡི་ཁྱེའུར་འགྲོགས༔ དགེ་སྦྱོར་སྒྲུབ་ལ་བར་ཆོད་ལོག་སེམས་འཆང་༔ མཚམས་མེད་ལས་བྱས་གཤེད་མས་མེ་ལ་བསྲེགས༔ བསམ་སྦྱོར་ལོག་པའི་བྱ་བ་ངན་པ་འདི༔ སྔོན་གྱི་ལས་སམ་ངན་པའི་འཕྲལ་རྐྱེན་གྱུར༔ ད་ནི་འགྱོད་པས་མི་སླེབ་བཤགས་ན་དགེ༔ མ་བཤགས་སྡིག་པ་ཆུང་ཡང་ཉེས་བསགས་ཆེ༔ མཆོད་སྦྱིན་ཐོགས་དང་བཤགས་པ་འབུལ་དུ་འགྲོ༔ རྒྱལ་པོ་བསོད་ནམས་དབང་ཐང་ཆེ་བས་ན༔ མི་ཤེས་ལོག་པ་ཅན་གྱི་འགྲོ་བ་རྣམས༔ སྙིང་རྗེ་སྤྱན་གྱིས་གཟིགས་པ་ཡོད་ལས་ཆེ༔ ཞེས་ཞུས་རྒྱལ་པོ་ཡབ་ཡུམ་བློན་འབངས་བཅས༔ མཆོད་སྤྲིན་སྣ་ཚོགས་ཆས་ཏེ་ཕྱི་རོལ་ཐེག༔ ལྷ་བབ་ཐང་དཀྱིལ་རྒྱ་མཚོ་འཁྱིལ་པའི་དབུས༔ པདྨའི་སྡོང་པོ་མེ་ཏོག་འདབ་སྟོང་སྟེང་༔ རིག་འཛིན་ཆེན་པོ་དཀར་དམར་གཞོན་ཚུལ་ཅན༔ རིན་ཆེན་རྒྱན་སྲས་ཌཱ་སིལ་ཁྲོལ་ཞིང་བཞུགས༔ ཕྱོགས་བཞི་མཁའ་འགྲོ་མ་བཞི་མཁའ་འགྲོའི་ཆས༔ ཕྱི་རིམ་མཁའ་འགྲོ་ལྔ་བརྒྱ་དར་ཟབ་མནབ༔ ཀུན་གྱིས་ཌཱ་སིལ་བསྣམས་ཤིང་གར་སྟབས་མཛད༔ དེ་ཡི་ཕྱི་རིམ་གྲུབ་ཆེན་བརྒྱད་ཅུ་དང་༔ བླ་མ་རིག་འཛིན་བྱེ་བ་ཕྲག་བརྒྱ་བཞུགས༔ རྒྱ་མཚོའི་ཀློང་ནས་ཀླུ་ཆེན་བརྒྱད་པོ་དང་༔ ཀླུ་རིགས་དུ་མས་རིན་ཆེན་སྣ་ཚོགས་ཕུལ༔ ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ལ༔ རོལ་མོའི་སྒྲ་དང་ཁྲུས་གསོལ་མཆོད་སྤྲིན་གཏིབས༔ བྱ་རིགས་རི་གཡང་ཆུ་གནས་གཟུགས་འགྲོས་རིགས༔ ཡིད་འོང་རྩེ་འཇོས་མཚོ་ལ་སྐོར་བ་བྱེད༔ མེ་ཏོག་ཆར་དང་འཇའ་ཚོན་དྲྭ་བ་དཀྲིགས༔ ངོ་མཚར་ལྟད་མོ་བསམ་གྱིས་མི་ཁྱབ་བདོག༔ དེ་ཚེ་རྒྱལ་པོ་ཡབ་ཡུམ་བློན་འཁོར་བཅས༔ མཚོ་ཡི་མདུན་ཕྱིན་མཆོད་སྤྲིན་སྣ་ཚོགས་བཤམས༔ རྒྱལ་པོས་ཐོད་བཀྲོལ་ཕྱག་འཚལ་སྨྲེ་སྔགས་བཅས༔ ཕྱག་ན་དགོས་འབྱུང་ནོར་བུ་ཐོགས་ནས་སུ༔ ཀྱེེ་མ་ཀྱི་ཧུད་ལས་མེད་རྒྱལ་པོ་ང་༔ སྐྱེ་བ་སྔོན་ནས་ལས་ངན་བསགས་པའི་འཕྲོ༔ དབང་ཆེན་རྒྱལ་པོར་སྐྱེས་ཀྱང་ལོག་པའི་ལས༔ སངས་རྒྱས་དངོས་སུ་བྱོན་ཡང་ངོ་མ་ཤེས༔ མི་དགེ་སྡིག་ཁྲིམས་ཉོན་མོངས་རང་ཁར་སྤྱོད༔ སྐྱོན་ཡོན་མ་ཤེས་རྣམ་འདྲེན་མེ་ལ་བསྲེགས༔ གཡོག་མོ་ལྔ་བཅུ་ཁྱི་ལ་གསོན་ཟར་བཅོལ༔ ལས་ངན་སྡིག་བསགས་རི་རབ་རྒྱ་མཚོ་འདྲ༔ རྒྱལ་བ་ཡབ་ཡུམ་སྤྱན་སྔར་མཐོལ་བཤགས་འབུལ༔ སྔར་བྱས་འགྱོད་ཅིང་ད་ལྟ་མི་འཆབ་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་སེམས་བཅའ༔ ཞང་ཞུང་རྒྱལ་ཁབ་གདུལ་བྱར་གཟིགས་པ་དང་༔ རྒྱལ་པོ་ཉེས་པའི་སྡིག་པ་འབྱངས་བ་དང་༔ སྟོན་པའི་བསྟན་པ་རྗེས་སུ་བཞག་པ་དང་༔ རྒྱལ་ཁམས་མངའ་རིས་བདེ་ལ་འགོད་པ་དང་༔ གསང་སྔགས་སྨིན་གྲོལ་ཕྲིན་ལས་རྒྱས་པའི་ཕྱིར༔ རྒྱལ་ཁབ་མངའ་རིས་རྒྱལ་དཀོར་ལུས་སྲོག་བཅས༔ རིག་འཛིན་ཆེན་པོའི་སྤྱན་སྔར་ཡོངས་སུ་འབུལ༔ ཐུགས་རྗེའི་བཟུང་ཞིང་དགྱེས་པའི་ཞལ་སྟོན་ལ༔ སྐུ་གུར་ཞིང་ཁམས་དགེ་བར་མཛད་དུ་གསོལ༔ ཞེས་ཞུས་རིག་འཛིན་ཡབ་ཡུམ་དགྱེས་ཚུལ་གྱིས༔ ཨ་ཧོ༔ འོག་མིན་ཞིང་གི་སྟོན་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་རང་བྱུང་ལོངས་སྐུ་གཤེན་ལྷ་འོད༔ སྟོང་གསུམ་འདུལ་མཛད་སྟོན་པ་འཆི་མེད་གཙུག༔ གསང་བའི་བདག་ཉིད་གསང་བ་འདུས་པ་ཆེ༔ གང་འདུལ་ཐབས་ཀྱིས་ཚེ་དབང་སྤྲུལ་པའི་སྐུ༔ སྣ་ཚོགས་འགྲོ་ལ་བརྩེ་བའི་ཕྲིན་ལས་ཀྱིས༔ ལྷ་མི་དཀར་ཕྱོགས་རྣམས་ཀྱི་མགོན་དུ་བྱོན༔ ནག་ཕྱོགས་བདུད་རིགས་ལོག་འདྲེན་དཔུང་ཚོགས་འཇོམས༔ གདུལ་བྱ་འཛམ་གླིང་ཞིང་ཁམས་ཟིལ་གྱིས་གནོན༔ སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་མཆོག༔ གསང་སྔགས་བླ་མེད་གསང་སྤྱོད་འགྲོ་དོན་མཛད༔ གསས་མཁར་སུམ་བརྒྱ་དྲུག་ཅུ་སྐུ་ལ་རྫོགས༔ འཁོར་འདས་ཐམས་ཅད་ལྷ་སྔགས་རོལ་པར་བསྟན༔ བཟང་ངན་བྱ་བའི་རེ་དོགས་གང་ཡང་མེད༔ རྒྱལ་པོའི་བསམ་སྦྱོར་གནག་ཀྱང་གསང་སྔགས་གྲོགས༔ མེ་ལ་བསྲེགས་བཞིན་ཡེ་ཤེས་ཆེས་ཆེར་འབར༔ རྒྱལ་བློན་འཁོར་བཅས་རང་རང་གནས་སུ་གཤེགས༔ ཚེས་བཅུའི་དུས་སུ་ང་ཉིད་རྒྱལ་སར་འབྱོན༔ དད་ཅིང་གུས་པས་གསོལ་བ་རྒྱུན་དུ་ཐོབ༔ རྒྱལ་བློན་རྣམས་ཀྱི་རེ་བ་སྐོང་བར་བྱ༔ ཞེས་གསུངས་རྒྱལ་བློན་དགྱེས་ནས་རང་ཡུལ་ཕྱིན༔ རྒྱལ་སར་ཕོ་བྲང་བཀོད་པའི་དབུ་རྩེ་རུ༔ རིན་ཆེན་ཁྲི་བརྩེགས་མཆོད་པའི་རྣམ་གྲངས་བཤམས༔ ཡར་ཚེས་བཅུ་ཡི་ཉི་མ་ཤར་བ་དང་༔ འཇའ་ཚོན་སྣ་ཚོགས་བཀྲ་གསལ་ལམ་ཤར་བརྐྱང་༔ ཚེ་དབང་ཡབ་ཡུམ་རྣལ་འབྱོར་གྲུབ་ཐོབ་ཆས༔ ལྷ་དང་ལྷ་མོ་མང་པོས་རོལ་མོ་དགྲོལ༔ བཀྲ་ཤིས་དགེ་མཚན་དུ་མའི་ལྟས་དང་བཅས༔ འཇའ་ཚོན་ལམ་ནས་ཐོགས་མེད་ཕོ་བྲང་གཤེགས༔ རིན་ཆེན་ཁྲི་ལ་སྐུ་ཉིད་བཞུགས་སུ་གསོལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་སྣ་ཚོགས་ཕུལ༔ རྒྱལ་པོས་ཕྱག་འཚལ་རིན་ཆེན་ཕོངས་མེད་ཕུལ༔ ལུས་ངག་ཡིད་གསུམ་གུས་པས་འདི་སྐད་ཞུས༔ ཀྱེེ༔ རིག་འཛིན་ཆེན་པོ་བླ་མེད་རྫོགས་སངས་རྒྱས༔ ཀྱེ་མ་ཀྱི་ཧུད་རྒྱལ་པོ་ང་རེ་སྡུག༔ མ་རིག་དབང་གིས་ཐར་མེད་ལས་ངན་བསགས༔ སྔར་བྱས་ལས་ལ་འགྱོད་པ་རྟས་མི་སླེབ༔ བྱ་བའི་ཐབས་ཟད་དམྱལ་བའི་བུད་ཤིང་གྱུར༔ དེ་ཕྱིར་གཏན་གྱི་མདུན་མ་འཆལ་བར་གྱུར༔ ད་ནི་རྒྱལ་སྲིད་མངའ་རིས་དབང་ཐང་དང་༔ རང་གི་ལུས་སྲོག་མི་བལྟ་ཉིད་ལ་ཕུལ༔ ཉེས་པ་བཤགས་སྦྱོང་བསྟན་པ་རྗེས་བཞག་དང་༔ རྒྱལ་ཁམས་སྨིན་གྲོལ་ཆེན་པོར་མཛད་དུ་གསོལ༔ ཞེས་ཞུས་འགྱོད་པས་དྲན་མེད་བརྒྱལ་ནས་སོང་༔ རིག་འཛིན་ཡབ་ཡུམ་སྙིང་རྗེས་སྤྱན་གྱིས་གཟིགས༔ ཨ་ཧོ༔ ཉོན་དང་སྤུ་གུར་རྒྱལ་པོ་རིན་ཆེན་དཔལ༔ སྐྱེ་འཆི་མི་མངའ་གཡུང་དྲུང་ལྟ་བུའི་སྐུ༔ དུས་གསུམ་མ་སྒྲིབ་ས་ལེར་གསལ་ན་ཡང་༔ གང་འདུལ་མོས་ངོར་རྣམ་ཐར་སོ་སོར་བསྟན༔ སྔོན་ཚེ་བསྐལ་པ་བཀོད་པ་མུ་སངས་དུས༔ སྟོན་པ་དུས་གསུམ་མཁྱེན་ལྡན་འདུལ་བའི་ཞིང་༔ རྒྱལ་པོ་གཏུམ་པ་རིགས་ལྡན་བྱ་བ་ལ༔ སྲས་གསུམ་ལྕམ་གཉིས་ཡོད་པའི་གཅུང་མོ་དེ༔ ཕྱི་རོལ་རྒྱལ་པོ་ཞིག་ལ་ཁྱིམ་ཐབ་བརྫངས༔ བུ་མོ་འགྲོ་བར་མ་འདོད་དབེན་རིར་བྲོས༔ དྲང་སོང་གཤེན་རབ་གཡུང་དྲུང་དབང་འབྱོར་ལ༔ སྲུང་ཁྲིམས་བླངས་ཤིང་རི་ལ་ཡོད་པའི་ཚེ༔ ཕྱི་རོལ་རྒྱལ་པོས་དམག་དྲངས་རང་སྲོག་བཅད༔ དྲང་སྲོང་རྐྱེན་ཕོག་དམེ་ཡིས་དྲང་སྲོང་གུམ༔ ལས་འབྲས་དེ་ཡི་འཕྲོ་མཐུད་ལས་དབང་བཙན༔ བུ་མོ་དེ་ནི་ཉི་མ་གསལ་སྒྲོན་ཡིན༔ དབེན་རིའི་དྲང་སྲོང་ད་ལྟ་བདག་ཉིད་དོ༔ ཕྱི་རོལ་རྒྱལ་ནི་ད་ལྟ་རྒྱལ་པོ་ཁྱོད༔ ནང་གི་རྒྱལ་ནི་བློན་པོ་ཁྲི་བཙན་ནོ༔ དེ་ལྟར་སྔོན་གྱི་ལས་དབང་ཤུགས་དྲག་པས༔ ད་ནི་རྒྱལ་པོ་སྡིག་སྒྲིབ་བཤགས་ཐབས་འབོད༔ སྡིག་སྒྲིབ་མ་བཤགས་ཕྱི་མར་རྣམ་སྨིན་ལྕི༔ མཚམས་མེད་ལས་བསགས་མནར་མེད་གནས་སུ་སྐྱེ༔ དེ་ཕྱིར་བདག་ཅག་ཡབ་ཡུམ་སྐུ་དྲུང་དུ༔ ཕྱི་ནང་གསང་བའི་མཆོད་ཚོགས་རི་ལྟར་སྤུངས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཚན་བརྗོད་ཅིང་༔ སྔགས་ཀྱི་སྟོན་པ་ཡུམ་ཆེན་གྲུབ་ཐོབ་ཚོགས༔ མཚན་རེ་བརྗོད་ཅིང་ཕྱག་རེ་འཚལ་བར་བྱོས༔ དབྱིངས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་ཡང་མཇལ༔ བྲག་ཕུག་རིན་ཆེན་སྤུངས་བའི་གནས་སུ་བྱོན༔ རིག་འཛིན་མཁའ་འགྲོའི་དཀྱིལ་འཁོར་རྒྱ་ཆེར་བཞེངས༔ ཚེ་དབང་རིགས་ལྔ་མཁའ་འགྲོ་ཡུམ་ཆེན་ལྔ༔ གསང་བའི་གྲུབ་ཆེན་བརྒྱད་ཅུའི་སྐུ་གཟུགས་བཞེངས༔ ཚོགས་འབུལ་རབ་གནས་བརྟན་བཞུགས་བཀྲ་ཤིས་གསོལ༔ ལྷ་བབ་ཐང་ལ་མེ་རི་ཛྭ་ཐིས་ལྟ༔ གཞལ་ཡས་བཀོད་པ་བསམ་གྱིས་མི་ཁྱབ་བཞེངས༔ ལྷ་ཚོགས་བྱིན་དབབ་རྟེན་དང་བརྟེན་པར་བསྟིམ༔ ཞེས་གསུངས་རྒྱལ་པོའི་ཕོ་བྲང་བོན་འཁོར་བསྐོར༔ ཕྱི་ནང་གསང་བའི་རྒྱུད་སྡེ་ཐམས་ཅད་དང་༔ དྲང་ངེས་བཀའ་ཡི་གདམས་པའི་སྨིན་གྲོལ་གྱིས༔ སྤུ་གུའི་རྒྱལ་བློན་འབངས་འཁོར་གྲོལ་བར་མཛད༔ འདོད་པའི་རེ་བ་ཡོངས་སུ་བསྐངས་པར་གྱུར༔ རྒྱལ་པོས་གུས་ཕྱག་འཚལ་ཞིང་འདི་སྐད་ཞུས༔ ཨེ་མ༔ སྐྱེ་འཆི་མི་མངའ་ཚེ་ཡི་རིག་འཛིན་ཆེ༔ ད་ནི་ཇི་སྲིད་བར་དུ་འགྲོ་བའི་དོན༔ སྤུ་གུའི་ཡུལ་དུ་རྒྱུན་བཞུགས་མཛད་དུ་གསོལ༔ སྨིན་གྲོལ་མཐར་ཕྱིན་འགྲོ་ཀུན་བརྩེ་བས་སྐྱོངས༔ ཞེས་ཞུས་འཆི་མེད་རིག་འཛིན་སྤྲུལ་པའི་སྐུས༔ ཨ་ཧོ༔ ཞང་ཞུང་སྤུ་གུའི་གླིང་ལ་དབང་བསྒྱུར་བ༔ བོན་རྒྱལ་རིན་ཆེན་དཔལ་དང་ལྡན་པ་ཁྱོད༔ བདག་ཅག་སྔོན་ཚེ་དུས་ནས་ལས་འཕྲོ་མཐུན༔ གསང་སྔགས་བསྟན་པའི་གདུལ་བྱའི་ཞིང་དུ་གྱུར༔ སྔགས་ཀྱི་ཆེ་བ་བསྟོད་ཕྱིར་འགྲན་ཟླ་བྲལ༔ རྒྱུན་དུ་མི་བཞུགས་གང་འདུལ་ཕྱོགས་མེད་གཤེགས༔ གསོལ་བ་ཐོབ་དང་ང་ཉིད་འབྲལ་མེད་དུ༔ ཐུགས་རྗེས་ནམ་ཡང་བཟུང་ངོ་ཉེ་རིང་མེད༔ ཅེས་གསུངས་ཉི་མ་སྟོང་ཁྱབ་མཁའ་འགྲོ་མས༔ ཀྱེེ༔ ཡབ་ཅིག་རྒྱལ་པོ་ཡབ་ཡུམ་བློན་འབངས་ཚོགས༔ སྤུ་གུར་རྒྱལ་པོའི་སྲས་མོ་ཉི་མ་སྒྲོན༔ ཆུང་ནས་དཀར་པོ་དགེ་བའི་སྒོ་རུ་ཞུགས༔ འཁོར་བའི་ཁྱིམ་ཐབ་འདི་ལ་ཝ་བྲོས་བརྒྱབ༔ ཐར་པའི་སྲོག་མགོ་རྒྱལ་བློན་གཉིས་ཀྱིས་སྐྱོབས༔ དྲང་སྲོང་ཁྲིམས་བླངས་འདུལ་བའི་བོན་སྐོར་ཐོབ༔ སྲུང་ཁྲིམས་རྣམ་དག་མཁན་པོའི་ཐུགས་སུ་བྱོན༔ གསང་བའི་ཞིང་ནས་རིག་འཛིན་ཆེན་པོ་ཡིས༔ ཕྱི་ནང་གསང་བའི་སྔགས་ཀྱི་དབང་བཞི་ཐོབ༔ བསྒྱུར་ལམ་ཨ་དཀར་ཐེག་པའི་དམ་ཚིག་བསྲུངས༔ གྲུབ་པའི་རྟགས་ཐོན་སྒྲུབ་པའི་ལྷ་ཞལ་མཇལ༔ ཀུན་ཏུ་བཟང་པོའི་དགོངས་རྒྱུད་ཡེ་ཤེས་བབས༔ གྲོལ་ལམ་རྫོགས་པའི་སྙན་རྒྱུད་ཟབ་མོ་ཐོབ༔ སྤང་བླང་ཡེ་བྲལ་སྲུང་མེད་དམ་ཚིག་ལྡན༔ འཁོར་འདས་བོན་རྣམས་རོ་གཅིག་རྟོགས་གྲོལ་མཉམ༔ དབེན་པར་ཏིང་ངེ་འཛིན་ལ་གནས་ན་ཡང་༔ མ་རིག་རྒྱལ་བློན་ལོག་པའི་ལས་ངན་བསགས༔ རིག་འཛིན་རྗེ་ལ་བཟང་ངན་གང་འབྲེལ་ཡང་༔ འཁོར་བ་མཐའ་ཆོད་ཡང་དག་ས་རུ་བསྐྱལ༔ གསང་སྔགས་བསྟན་པའི་ཞིང་སར་ཆེ་བ་བསྔགས༔ དེ་ཡང་ཁོ་མོ་དགེ་བའི་ཡོན་ཏན་ཡིན༔ སྐྱེད་སྨིན་ལས་ཀྱིས་འབྲེལ་བའི་དྲིན་ལན་ཡིན༔ དེང་ནས་ནམ་ཞིག་བྱང་ཆུབ་མ་ཐོབ་བར༔ ཡང་དག་དགེ་པའི་ལམ་ལ་བརྩོན་པར་མཛོད༔ དག་པའི་ཞིང་ཁམས་རང་ཅག་ངོ་འཕྲོད་ཅིང་༔ སངས་རྒྱས་མངོན་གྱུར་འགྲོ་འདྲེན་དཔལ་དུ་ཤར༔ ཞེས་གསུངས་རྒྱལ་བློན་ཐམས་ཅད་མགུ་བར་གྱུར༔ ཚེ་དབང་ཡབ་ཡུམ་ཐོགས་མེད་མཁའ་ལ་གཤེགས༔ ཁ་ཡུག་གཡུང་དྲུང་སྤུངས་པའི་གནས་སུ་བྱོན༔ ཞི་རྒྱས་དབང་དྲག་སྒྲུབ་ཕུག་བཀོད་པར་བཞུགས༔ གསང་སྤྱོད་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར༔ རིག་འཛིན་མཁའ་འགྲོ་གྲངས་མེད་ཚོགས་ལ་བྱོན༔ ཉི་མ་སྒྲོན་གསལ་ཚོགས་ཀྱི་རྗེ་མོ་མཛད༔ ཤར་གྱི་སྒྲུབ་ཕུག་ཞི་བའི་ལྷ་ཚོགས་བསྒྲུབས༔ ཞི་བའི་ལས་ཀྱིས་སྤ་བཀང་སྡིག་སྒྲིབ་སེལ༔ བྱང་གི་སྒྲུབ་ཕུག་རྒྱས་པའི་ལྷ་ཚོགས་བསྒྲུབས༔ རྒྱས་པའི་ལས་ཀྱིས་ཚེ་བསོད་དཔལ་འབྱོར་བསྐྱེད༔ ནུབ་ཀྱི་སྒྲུབ་ཕུག་དབང་གི་ལྷ་ཚོགས་བསྒྲུབས༔ དབང་གི་ལས་ཀྱིས་ལྷ་ཚོགས་དབང་ལ་བསྒྱུར༔ ལྷོ་ཡི་སྒྲུབ་ཕུག་དྲག་པོའི་ལྷ་ཚོགས་བསྒྲུབས༔ དྲག་པོའི་ལས་ཀྱིས་གནོད་བྱེད་ཐམས་ཅད་བཏུལ༔ གསང་སྤྱོད་དུར་ཁྲོད་འགྲོ་དོན་དཔག་མེད་འགྲུབ༔ དེ་ཚེ་མཁའ་འགྲོ་ཉི་མ་སྒྲོན་གསལ་གྱིས༔ བདེ་བའི་དཀྱིལ་འཁོར་བསྟན་ནས་འདི་སྐད་ཞུས༔ ཨེ་མ༔ བདེ་གཤེགས་ཀུན་འདུས་འཆི་མེད་ཚེ་དབང་རྗེ༔ སྐྱེ་འཆི་མི་མངའ་འགྲོ་བའི་དཔལ་དུ་ཤར༔ མཛད་པའི་འཕྲིན་ལས་འགྲན་པའི་ཟླ་དང་བྲལ༔ གསང་བ་སྔགས་ཀྱི་བསྟན་པའི་སྲོག་མཁར་ཚུགས༔ ད་ནི་གཡུང་དྲུང་སྤུངས་བའི་རི་ལ་བཞུགས༔ རིག་འཛིན་མཁའ་འགྲོའི་དབུས་ནས་འགྲོ་དོན་མཛོད༔ ཅེས་ཞུས་ཚེ་དབང་རིག་འཛིན་ཞལ་ནས་ནི༔ ཨ་ཧོ༔ རིགས་ལྡན་མཁའ་འགྲོ་ཉི་མ་སྒྲོན་གསལ་ཉིད༔ གནས་འདིར་ཚོགས་ཀྱི་དེད་དཔོན་ཆེན་པོ་མཛོད༔ ནམ་ཞིག་བོད་ཡུལ་ཉི་མ་དཔལ་ཕྲེང་སོགས༔ གསང་སྤྱོད་ནུས་པ་བརྒྱད་ཀྱིས་འགྲོ་དོན་མཛད༔ ང་ནི་ཞིང་ཁམས་ཕྱོགས་ཀུན་འགྲོ་དོན་འགྲོ༔ ཕྲིན་ལས་སྒྲུབ་པའི་གྲོགས་སུ་བསྐུལ་ཚེ་བྱོན༔ ཞེས་གསུངས་དུང་གི་བྱ་རྒོད་སྤྲུལ་ནས་གཤེགས༔ མཁའ་འགྲོ་ཉི་མ་སྒྲོན་གསལ་ཚོགས་རྗེ་མོ༔ རིག་འཛིན་མཁའ་འགྲོ་ཚོགས་རྣམས་མཉེས་བྱས་ཤིང་༔ གཡུང་དྲུང་སྤུངས་པའི་གསང་སྒོའི་མཐིལ་དུ་བཞུགས༔ མི་གཡོ་བསམ་གཏན་ངང་ལ་གནས་པར་མཛད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
བདེ་སྟོང་ཡེ་ཤེས་བསྐྱེད་མཛད་མཁའ་འགྲོ་ཆེ༔ ཐུགས་རྗེ་ཀུན་སྒྲོན་ཕྲིན་ལས་འགྲོ་འདུལ་མ༔ མཐའ་འཁོབ་རྒྱ་ཡུལ་མུན་པ་གསལ་བའི་སྒྲོན༔ འཇང་བཟའ་གར་བྱོན་མཁའ་འགྲོ་མ་ཉིད་ནི༔ ཡུལ་ནི་འབྲས་ལྡན་འཇང་གི་ཡུལ་དེ་ན༔ གྲོང་ཁྱེར་ཤན་ཆེན་འབུམ་སྡེའི་དབུས་ཉིད་དུ༔ ཕོ་བྲང་དགུ་རབ་དགུ་འཁྱུད་ནང་བཞུགས་པ༔ འཇང་རྒྱལ་སི་བཙན་ད་ཡན་ཞེས་བྱ་དང་༔ ཡུམ་ནི་རྒྱ་བཟའ་ཧང་ཀུ་གཉིས་བཞུགས་པ༔ ཇིང་ཤན་ལོངས་སྤྱོད་རྒྱལ་བཀོར་ཕུན་སུམ་ཚོགས༔ འབྲས་ཟན་འབྲས་ཆང་ཉ་ཕག་ཤ་ལ་བཟའ༔ ནམ་ཞིག་རྒྱལ་པོ་ཡབ་ཀྱི་རྨི་ལམ་ལ༔ ནམ་མཁའི་ཁམས་སུ་ཉི་ཟླ་ཟུང་གཅིག་ཤར༔ རྒྱལ་པོ་ཡབ་ཀྱི་ཕྲག་གོང་གཡས་གཡོན་བབ༔ ཉི་མ་ཡུམ་གྱིས་ལུས་ལ་ཐིམ་པ་རྨིས༔ ཡུམ་གྱི་མེ་ཏོག་ཚལ་ཆེན་རྒྱས་པ་ན༔ མེ་ཏོག་དཀར་པོ་འདབ་སྟོང་ལྡན་པ་ཞིག༔ ལག་ཏུ་བླངས་ནས་གནམ་གྱི་ལྷ་མཆོད་རྨིས༔ ཕྱི་དུས་རྒྱལ་པོའི་ལོ་སར་ཚེས་བཅུའི་ཉིན༔ ངོ་མཚར་རྟགས་ལྡན་བུ་མོ་མཚན་བཟང་འཁྲུངས༔ འཇང་གི་སྐད་དུ་ཇུ་ཡག་མཚན་དུ་བཏགས༔ བུ་མོ་དེ་ནི་བསོད་ནམས་ཆེ་བའི་རིགས༔ རྒྱལ་དཀོར་ལོངས་སྤྱོད་དབང་ཐང་འབྱོར་པ་ཆེ༔ འཇའ་འོད་འཕྲོ་དང་དྲི་བཟང་ཁྱབ་ཅིང་འདུག༔ ཞག་མ་གསུམ་ནས་བུ་མོ་སྐྱེས་སྟོབས་རྒྱས༔ གཡུ་རིའི་རྩེ་ནས་འཇའ་ཚོན་ཀ་བ་ཞིག༔ རྒྱལ་པོའི་ཕྲོ་བྲང་རྩེ་ལ་ཤེད་ཀྱིས་ཟུག༔ བུ་མོ་སྔར་བས་སྐྱེ་མཆེད་མཚན་བཟང་གྱུར༔ ཉི་ཤར་དུས་སུ་འཇའ་ཚོན་གར་སྟབས་ཞོན༔ འགྲོས་ཚུལ་མི་འདྲ་མང་པོ་བསྟན་ནས་སུ༔ ནམ་མཁའི་ཁམས་སུ་ཐོགས་མེད་རྫུ་འཕྲུལ་བྱོན༔ འཇང་ཡུལ་གཡུ་རིའི་ཕྱོགས་སུ་གཤེགས་པར་གྱུར༔ ཡུལ་གྱི་མི་རྣམས་མཐོང་ཚད་སྤྲོ་བ་སྐྱེས༔ ཀུན་གྱི་གནམ་ལྷ་མཇལ་དུ་འགྲོ་བར་རིགས༔ འཇང་ཡུལ་གཡུ་རི་ལྷུན་འཐུག་རྩེ་མོ་གསུམ༔ གངས་རི་དཀར་པོ་སྤྲིན་དཔུང་གསེབ་ན་འདྲེན༔ གཡུ་རི་མ་གཏོགས་རི་ཕྲན་གཞན་འོག་གནོན༔ རྩ་བར་མཚོ་མོ་དགུ་ལ་མེ་ཏོག་དགུ༔ མེ་ཏོག་དགུ་ལ་གསེར་གྱི་གཡུང་དྲུང་དགུ༔ དེ་ལ་ཀླུ་རིགས་བསམ་ལས་འདས་པ་ཡོད༔ རི་རྐེད་སྒྲུབ་ཕུག་པདྨ་འཁྱིལ་པའི་དབུས༔ རང་བྱུང་རྡོ་ཡི་གཡུང་དྲུང་འཁྱིལ་པའི་སྟེང་༔ ཚེ་དབང་རིག་འཛིན་མི་གཡོ་དགོངས་པར་བཞུགས༔ བུ་མོ་འཆི་མེད་རིག་འཛིན་མདུན་དུ་ཕྱིན༔ དད་ཅིང་གུས་པས་ཕྱག་འཚལ་དབྱངས་དང་བཅས༔ ཀྱེེ༔ གསང་བའི་གནས་སུ་བཞུགས་པའི་རིག་འཛིན་རྗེ༔ བདག་ནི་ཐུགས་རྗེ་ཀུན་སྒྲོལ་མ་ཡི་འཕྲུལ༔ འཇང་ཡུལ་མཐའ་འཁོབ་དགེ་ལ་བསྐུལ་བའི་ཆེད༔ འཇང་རྒྱལ་བུ་མོར་སྐྱེས་ནས་ཞག་གསུམ་ཡིན༔ གསང་སྔགས་བསྒྲུབ་པའི་གྲོགས་ནི་བདག་གིས་བགྱི༔ ལུས་སྲོག་རིན་ཆེན་མནྜལ་འབུལ་ལོ་བཞེས༔ འཇང་རྒྱལ་ཞིང་ཁམས་དགེ་ལ་བསྒྱུར་དུ་གསོལ༔ ཐུགས་རྗེ་བརྩེ་བའི་དགོངས་པ་བདག་ལ་གནང་༔ ཞེས་ཞུས་རིག་འཛིན་ཞལ་ནས་འདི་སྐད་གསུངས༔ ཨེ་མ༔ འཇང་ཡུལ་བྱོན་པའི་གསང་སྔགས་སྒྲུབ་པའི་གྲོགས༔ རིགས་ཀྱི་རིགས་གཙོ་བདེ་བ་སྤེལ་བའི་མ༔ བདག་ནི་འཛམ་གླིང་ཞིང་ཁམས་ཇི་སྙེད་འདུལ༔ སྦས་མངོན་ཐབས་ཀྱིས་གསང་སྤྱོད་འགྲོ་དོན་མཛད༔ འཇང་བཟའ་མ་ནི་ཤེས་རབ་གྲོགས་སུ་བསྐུལ༔ དེ་ཕྱིར་གསང་སྔགས་རབ་འབྱམས་དཀྱིལ་འཁོར་ཀུན༔ ལུས་ལ་གནས་པའི་འཁོར་ལོ་བཞི་སྦྱོར་ལྷ༔ དགའ་བདེ་བཅུ་དྲུག་ཨེ་ཝཾ་མཁའ་ལ་སྦྱོར༔ མ་སྤང་རང་གྲོལ་ཡེ་ཤེས་ལྔ་ཡི་མདངས༔ འཆི་མེད་འཇའ་ལུས་བརྟུལ་ཞུགས་འབར་བའི་གར༔ འཁོར་འདས་མཉམ་སྦྱོར་དགོངས་སྤྱོད་བླ་ན་མེད༔ དབང་བཞིའི་གདམས་པ་ཁྱོད་ཀྱི་ཐོབ་གྱུར་ཅིག༔ ནམ་ཞིག་བདག་གི་གདུལ་བྱ་དུས་བབ་ཚེ༔ ཁྱོད་ཀྱི་རེ་བ་བདག་གིས་སྐོང་བར་བྱ༔ ཞེས་གསུངས་མི་གཡོ་ངང་དུ་ཧྲིག་གེར་བཞུགས༔ འཇང་བཟའ་འཇའ་ཚོན་ཀ་བ་ཞོན་ནས་བྱོན༔ རྒྱལ་པོ་ཡབ་ཡུམ་ཡུལ་མི་ཐམས་ཅད་ཀྱིས༔ ངོ་མཚར་ཆེ་བ་ནམ་མཁའི་ཁམས་ནས་བྱོན༔ གནམ་གྱི་ལྷ་མོ་ཇོ་བདེ་ཞེས་ཀྱང་བྱ༔ འཇའ་ཚོན་གར་གྱིས་བྱོན་པས་གར་བྱོན་ནམ༔ འཇང་བཟའ་མཁའ་ལ་གར་བྱོན་ཞེས་སུ་གྲགས༔ ཉིན་རེ་བཞིན་དུ་མཁའ་ལ་རེ་རེར་འབྱོན༔ ནམ་ཞིག་འཆི་མེད་རིག་འཛིན་ཡབ་དང་བཅས༔ གླིང་དགུ་རྒྱ་མཚོ་འཁྱིལ་པའི་དབུས་སུ་བྱོན༔ པདྨར་བཀྲག་གསལ་གསེར་གྱི་གཡུང་དྲུང་སྟེང་༔ འཆི་མེད་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ སྐུ་མདོག་དཀར་དམར་རིན་ཆེན་དར་ཟབ་བརྒྱན༔ ཕྱག་གཡས་པད་དཀར་གཡོན་ན་ནོར་བུ་འཛིན༔ འཇང་བཟའ་གར་བྱོན་མཁའ་འགྲོའི་ཆས་ཆེན་གསོལ༔ གུས་པས་གསོལ་བཏབ་དགྱེས་པས་འདི་སྐད་ཞུས༔ ཨེ་མ༔ ཚེ་དབང་རིག་འཛིན་གསང་བའི་བདག་ཉིད་མཆོག༔ རྒྱ་མཚོ་ཆེན་པོ་བདལ་པའི་ཀློང་དཀྱིལ་ན༔ བྱོལ་སོང་རིགས་ཏེ་མི་རུ་སྤྲུལ་པ་ཅན༔ ཡང་དག་བདེན་པའི་བོན་ནི་གོ་ལགས་སམ༔ ཞུས་པས་ཚེ་དབང་ཀླུ་འདུལ་དགོངས་པར་བཞུགས༔ རྒྱ་མཚོར་གནས་པའི་ཀླུ་རྣམས་དབང་དུ་བསྡུས༔ ཀླུ་ཡི་དུག་རླངས་འབྲུག་སྒྲ་གློག་སྟོང་འགྱུ༔ ཐོག་སེར་བུ་ཡུག་རླུང་སྤྲིན་ཁུ་འཕང་འཐོར༔ ཚེ་དབང་དྲག་པོ་ཁྱུང་གི་སྐུར་ཁྲོས་ཤིང་༔ འཇང་བཟའ་ཁྱུང་མོར་སྤྲུལ་ནས་སྐུ་ལ་འཁྲིལ༔ ཞལ་ནས་ཀ་རུ་ན་ཡི་སྒྲ་ཆེན་སྒྲོགས༔ མེ་དཔུང་བྱེ་ཚན་ཁྲོ་ཆུང་བྱེ་བ་འཕྲོས༔ ཀླུ་སྲིན་མ་རུངས་ཚོགས་རྣམས་བརླག་ལ་ཁད༔ ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཆེན་གྱིས༔ མེ་ཏོག་ཨུཏྤལ་ལ་ཡི་ལྡིང་ཁང་ནང་༔ ཡིད་བཞིན་ནོར་བུ་བེཌཱུརྱ་ཡི་མདངས༔ འོད་ཟེར་སྣ་ཚོགས་འབར་བ་ཞིག་བསྣམས་ནས༔ གུས་པས་ཐལ་མོ་སྦྱར་ཏེ་འདི་སྐད་ཞུས༔ ཀྱེ་མ༔ དུས་གསུམ་སངས་རྒྱས་མཁྱེན་བརྩེའི་བདག་ཉིད་ཅན༔ ཐུགས་རྗེའི་སྤྱན་གྱིས་མ་རིག་ཀླུ་ལ་གཟིགས༔ བྱ་ཁྱུང་འཇིགས་པའི་སྐུ་གཟུགས་མ་བཤིག་ན༔ ཀླུ་ཡུལ་གནས་རྣམས་བརླག་ལ་ཉེ་བར་གྱུར༔ སྡུག་བསྔལ་ཉམ་ཐག་སྙིང་རྗེས་སྐྱོང་བའི་ཕྱིར༔ ཀླུ་ཡུལ་བོན་གྱི་འཁོར་ལོ་བསྐོར་དུ་གསོལ༔ ཞུས་པས་བྱ་ཁྱུང་ཟིལ་གནོན་འཇིགས་ཚོགས་ཀྱི༔ ཧོ༔ མ་རུངས་ཀླུ་རྣམས་ཉོན་མོངས་གདུག་པ་རགས༔ ཞི་བས་མི་ཐུལ་དྲག་པོའི་སྟོབས་ཀྱིས་བཅོམ༔ རྣམ་ཤེས་གནས་སྤར་ཐར་པའི་ལམ་ལ་བཀོད༔ སྟོན་པ་སངས་རྒྱས་བཀའ་ཉན་ཐ་ཚིག་ཅན༔ ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཆེན་ཁྱོད༔ གཡུང་དྲུང་སེམས་དཔའི་རིགས་ཅན་སྡང་སེམས་ཞི༔ ཀླུ་སྲིན་མ་རིག་པ་རྣམས་དམ་ལ་འདུས༔ ཞེས་གསུངས་དམ་ལ་བཞག་ཅིང་ཆད་ཐོ་བཙུགས༔ སྲོག་ཡིག་བླངས་ཤིང་དབང་དུ་བསྡུ་བར་མཛད༔ དྲག་པོའི་སྐུ་བཤིག་མཚོ་དབུས་པད་སྡོང་སྟེང་༔ རིག་འཛིན་ཆས་ཅན་གསེར་འོད་འབར་བར་བཞུགས༔ འཇང་བཟའ་མ་དང་མཁའ་འགྲོ་མང་པོས་བསྐོར༔ ཀླུ་ཡི་རིན་ཆེན་མཆོད་སྤྲིན་སྣ་ཚོགས་འབུལ༔ པད་སྟེང་ནོར་བུའི་རིགས་རྣམས་གྲམ་པར་སྤུངས༔ ཀླུ་ལ་བོན་གྱི་འཁོར་ལོ་རྒྱ་ཆེ་བསྐོར༔ མཚོ་ལ་འཇའ་དང་འོད་ཟེར་ལམ་ལམ་གཡོ༔ དེ་ཚེ་འཇང་གི་ཡུལ་ནས་ཉ་བ་འགའ༔ མཚོ་ལ་ཉ་རྔོན་ཕྱིན་ནས་མཚོ་དབུས་སུ༔ པད་སྡོང་སྟེང་དུ་ཁྱེའུ་ལོ་བརྒྱད་ཞིག༔ འཇང་བཟའ་ཞལ་འཚོ་མཁའ་འགྲོ་མང་པོས་བསྐོར༔ ཀླུ་དང་སྤྲིན་ཕུང་སྣ་ཚོགས་ལམ་ལམ་བཀྲ༔ པདྨའི་སྟེང་དུ་ནོར་བུ་གྲམ་པར་སྤུངས༔ ཉ་གསོད་མ་ཕོད་རྒྱ་གྲོང་ཕྱི་རུ་ལོག༔ ཉིན་ཞག་རེ་འགའ་བལྟ་ཉུལ་བྱེད་ནས་སུ༔ ངེས་པར་བདེན་སྙམ་རྒྱལ་པོའི་སྙན་ལ་གསོལ༔ ངོ་མཚར་སྐྱེས་ནས་རྒྱལ་པོ་ཡབ་ཡུམ་དང་༔ བློན་པོ་མང་པོ་མཚོ་ཁར་ལྟད་མོར་སོང་༔ གླིང་དགུ་རྒྱ་མཚོའི་དབུས་སུ་ཁྱེའུ་དཀར༔ དུང་གི་ཟླ་བ་ཉ་རྒྱས་འདྲ་བ་ལ༔ འཇང་བཟའ་གར་བྱོན་མོ་རྒྱུད་མང་པོས་བསྐོར༔ པད་སྟེང་ནོར་བུ་སྣ་ཚོགས་གྲངས་མང་སྤུངས༔ ཀླུ་རྒྱལ་ཀུན་གྱིས་ཐལ་སྦྱར་གསོལ་བ་འདེབས༔ མེ་ཏོག་ཆར་ནི་པུས་མོ་ནུབ་ཙམ་བབ༔ རྒྱལ་པོས་ཕྱག་འཚལ་གསོལ་བ་འདི་སྐད་བཏབ༔ ཀྱེེ༔ གླིང་དགུ་གསལ་བ་མཚོ་དབུས་པདྨའི་སྟེང་༔ ལྷ་སྲས་ཁྱེའུ་འཇང་བཟའ་གྲོགས་སུ་འཆང་༔ བདག་ནི་འཇང་གི་རྒྱལ་པོ་སི་བཙུན་ད༔ འཇང་བཟའི་ཡབ་ཅིག་གུས་པས་གསོལ་བ་འདེབས༔ བདག་ཅག་རྣམས་ལ་ནོར་གྱི་སྙིང་པོ་བཅས༔ འཇང་ཡུལ་སྐུར་བསྐྱོད་རྒྱལ་སྲིད་འཛིན་པ་དང་༔ མངའ་རིས་ཞིང་ཁམས་བདེ་ལ་འགོད་པའི་ཕྱིར༔ འཇང་ཡུལ་བོན་གྱི་འཁོར་ལོ་བསྐོར་དུ་གསོལ༔ ཞེས་ཞུས་ཁྱེའུ་སྤྲུལ་པའི་སྐུ་ཉིད་ཀྱིས༔ ཧོ༔ ཉོན་དང་འཇང་བཟའ་ཡབ་ཅིག་རྒྱལ་པོ་ལགས༔ བདག་ནི་གནམ་གྱི་ལྷ་ཡིན་གནམ་ལ་དགྱེས༔ གནམ་བཟའ་གར་བྱོན་གསང་བའི་གྲོགས་སུ་བརྟེན༔ བདག་ནི་མཚོ་ཡི་ལྷ་ཡིན་མཚོ་ལ་དགྱེས༔ ཀླུ་ཡི་ནོར་བུ་སྣ་ཚོགས་གཏེར་དུ་བླངས༔ བདག་ནི་མི་ཡི་ལྷ་ཡིན་མི་ལ་དགྱེས༔ རིན་ཆེན་ཁྱེར་ཏེ་འབྲས་ཆང་ཉོ་རུ་འོང་༔ རྒྱལ་འཁོར་ཕྱིར་ལོག་ཀླུ་ཡི་དུག་རླངས་ཕོག༔ བདག་ནི་ཚེས་བཅུའི་ཉིན་པར་ཆང་ལ་འོང་༔ ཞེས་གསུངས་རྒྱལ་པོ་འཁོར་བཅས་རང་ཡུལ་ལོག༔ གྲོང་ཁྱེར་འབྲས་ཆང་ཁལ་ནི་ལྔ་བརྒྱ་བཙོས༔ དེ་ནས་ཚེ་དབང་རིག་འཛིན་ཡབ་ཡུམ་གཉིས༔ མཚོ་གླིང་ཤར་ཕྱོགས་རྒྱལ་རིགས་ཡུལ་དུ་བྱོན༔ རྒྱལ་རིགས་ཀླུ་ལ་བོན་གྱི་འཁོར་ལོ་བསྐོར༔ མཚོ་གླིང་བྱང་ཕྱོགས་རྗེའུ་རིགས་ཡུལ་དུ་བྱོན༔ རྗེའུ་རིགས་ཀླུ་ལ་བོན་གྱི་འཁོར་ལོ་བསྐོར༔ མཚོ་གླིང་ནུབ་ཕྱོགས་བྲམ་ཟེའི་ཡུལ་དུ་བྱོན༔ བྲམ་ཟེ་ཀླུ་ལ་བོན་གྱི་འཁོར་ལོ་བསྐོར༔ མཚོ་གླིང་ལྷོ་ཕྱོགས་དམངས་རིགས་ཡུལ་དུ་བྱོན༔ དམངས་རིགས་ཀླུ་ལ་བོན་གྱི་འཁོར་ལོ་བསྐོར༔ མཚོ་གླིང་མཚམས་བཞིའི་ཀླུ་ཡི་ཡུལ་དུ་བྱོན༔ མཚམས་བཞིའི་ཀླུ་ལ་བོན་གྱི་འཁོར་ལོ་བསྐོར༔ དེ་ལྟར་རྒྱ་མཚོ་གནས་པའི་ཀླུ་རྣམས་ཀུན༔ བྱམས་སེམས་ཞི་བའི་ངང་དུ་གནས་པར་བྱས༔ ཀླུ་རྣམས་དགྱེས་ནས་རིན་ཆེན་ཕོངས་མེད་ཕུལ༔ ཀླུ་ནོར་འདམ་སེང་ཞིག་ལ་བཀལ་ནས་སུ༔ འཇང་བཟའ་སྔོན་ཕྱིན་སེང་གེ་ཁྲིད་ནས་གཤེགས༔ ཚེ་དབང་རིག་འཛིན་གཅེར་བུ་རས་གཟན་མནབ༔ ཁ་ཊྭཱཾ་ཐོད་ཞལ་བཟུང་ནས་སེང་རྗེས་གནོན༔ འཇང་རྒྱལ་གྲོང་ཁྱེར་ཆེན་པོའི་ཟུར་དུ་བྱོན༔ སྨྱུག་མ་ཀུ་ཤའི་རྩྭ་ཁྱིམ་ནང་དུ་བཞུགས༔ ནོར་བུ་རིན་ཆེན་སྣ་ཚོགས་བླངས་ཤིང་བཤམས༔ རྒྱ་གྲོང་ཆེན་པོའི་ཁྲོམ་ཚོགས་འདུས་པ་དང་༔ རྒྱལ་པོ་ཡབ་ཡུམ་ལྟད་མོར་གཟིགས་ལ་བྱོན༔ འབྲས་ཆང་འབྲས་ཟན་རི་མཚོ་ལྟ་བུར་བསྐྱིལ༔ དེ་ཚེ་རྒྱལ་པོའི་བློན་པོ་མ་ད་ཡན༔ ཀྱེེ༔ རྣལ་འབྱོར་རས་གཟན་སེང་གེ་ཁྲིད་པ་ཁྱེད༔ ཀླུ་ཡི་ནོར་རིགས་གང་ལ་ཚོང་བ་ཡིན༔ གསེར་དངུལ་གཡུ་དང་བྱུ་རུ་ཤེལ་དཀར་དང་༔ དར་རས་འབྲུ་སྣ་ཅི་དང་བརྗེ་བར་འདོད༔ ཅེས་ཞུས་སྤྲུལ་པའི་སྐུ་ཡི་ཞལ་ན་རེ༔ ཧོ༔ ཉོན་དང་བློན་པོ་ཚོང་ལ་དགའ་བ་ཁྱོད༔ ནོར་བུ་དགོས་འདོད་ཀུན་འབྱུང་འདི་ཉིད་དེ༔ འདི་ལ་གསོལ་བཏབ་རིན་ཆེན་ཆར་པ་འབེབས༔ རིན་ཆེན་ཆར་གྱི་ལྟོ་ལ་ཕན་མི་ཐོགས༔ ལུས་འཚོ་ཟས་དང་བརྗེ་ན་ཆོག་རྒྱུ་ཡིན༔ ང་ངེས་མེད་རྣལ་འབྱོར་ཆང་ལ་དགྱེས༔ ཆང་ལ་དགྱེས་པས་ཆང་ལ་བཙོང་༔ ལུས་ནི་ཟང་ཐལ་འོད་ཀྱི་སྐུ༔ ངག་ནི་འགག་མེད་རང་བྱུང་ཚིག༔ སེམས་ནི་སྟོང་ཉིད་སྤྲོས་དང་བྲལ༔ ཡབ་ནི་ཐབས་ཆེན་དགའ་བའི་མཆོག༔ ཡུམ་ནི་ཤེས་རབ་བདེ་བའི་ཀློང་༔ ཆང་ནི་བདུད་བཞི་བཅོམ་པའི་ཆང་༔ འཐུང་ནི་མྱང་སྟོང་རྩི་ཡི་གྲོགས༔ ཉི་མ་དེ་རིང་ཆང་ལ་དགྱེས༔ ཆང་རིན་དོ་མོ་དགོང་མོར་སྤྲོད༔ བློན་པོ་ཚོང་གི་བར་ལ་འདུག༔ རྒྱལ་པོ་གཟུ་ཡི་དཔང་པོ་མཛོད༔ ཅེས་གསུངས་འཇང་བཟའ་གར་བྱོན་གྱིས༔ ཚོགས་བདག་མཛད་ནས་ཆང་རྣམས་དྲང་༔ ཆང་ཁལ་ལྔ་བརྒྱ་དུས་གཅིག་གསོལ༔ ཉི་མ་ཟེར་གྱི་ཐག་པས་བཟུང་༔ གྲོང་ཁྱེར་ཆང་ནི་ཟད་ལ་ཐུག༔ ཅུང་ཙམ་མ་བཟི་ལོངས་སུ་སྤྱད༔ དེ་ལ་གྲོང་ཁྱེར་རྒྱལ་བློན་འབངས་འཁོར་གྱིས༔ ཆང་རིན་བསླང་བས་སྔར་གྱི་གཏམ་དོན་ལྟར༔ ཉི་མ་མ་སོང་ཚུན་ཆད་སྤྲོད་པ་ཡིན༔ ད་རུང་ཉི་མ་སྔ་བས་མི་སྤྲོད་གསུངས༔ ཉི་ཟེར་ཕྱག་གིས་མི་གཏོང་བཟུང་བའི་ཚུལ༔ ཉིན་གསུམ་ཙམ་གྱི་ཚོད་དུ་ཉི་མ་འཇུས༔ འཇང་གི་ལྷ་ནི་གནམ་གྱི་ལྷ་ཡིན་པས༔ ཉི་མ་བཙོན་དུ་བཟུང་བར་མཐོང་ནས་སུ༔ ཀུན་ཀྱང་ཕྱག་འཚལ་ཉི་མ་བཏང་བར་ཞུས༔ ཆང་རིན་མི་དགོས་རྣལ་འབྱོར་ཁྱེད་ལ་འབུལ༔ ཞུས་པས་ཉི་མ་བཏང་ནས་ཤད་ཀྱིས་སོང་༔ ཀུན་གྱིས་ངོ་མཚར་སྐྱེས་ནས་དད་ཅིང་འདུན༔ རྣལ་འབྱོར་ཉི་མ་འོད་གསལ་ཞེས་སུ་གྲགས༔ འཇང་བཟའ་གར་བྱོན་རྒྱ་མཚོའི་བྱེ་མ་བླངས༔ གསེར་དངུལ་བསྒྱུར་ནས་ཆང་རིན་ཕངས་མེད་གནང་༔ འཇང་བཟའ་གསེར་སྦྱིན་ཇོ་བདེ་ཞེས་སུ་གྲགས༔ གྲོང་ཁྱེར་རྒྱལ་བློན་འབངས་འཁོར་དགའ་བར་གྱུར༔ དེ་ཚེ་འཆི་མེད་ཚེ་དབང་ཡབ་ཡུམ་གཉིས༔ རྒྱལ་གྱི་ཕོ་བྲང་ཁྱུད་དགུའི་རྩེ་ལ་དྲངས༔ རིན་ཆེན་ཁྲི་བཀོད་མཆོད་སྤྲིན་སྣ་ཚོགས་འབུལ༔ རྒྱལ་བློན་འབངས་འཁོར་ཐམས་ཅད་དེ་རུ་འདུས༔ དེ་ལ་འཇང་བཟའ་གར་བྱོན་ཚེ་དབང་མདུན༔ གུས་པས་ཕྱག་འཚལ་མོས་པས་འདི་སྐད་ཞུས༔ ཨེ་མ༔ ཚེ་དབང་རྣལ་འབྱོར་རིག་པ་འཛིན་པའི་སྐུ༔ གང་འདུལ་མཛད་པའི་ཕྲིན་ལས་བསམ་མི་ཁྱབ༔ འབྲས་ལྡན་རྒྱལ་ཁབ་བསོད་ནམས་མངོན་པར་མཐོ༔ རིག་འཛིན་ཉིད་ཀྱི་ཐུགས་རྗེས་ཡོངས་བཟུང་ཞིང་༔ རྒྱལ་པོ་ཡབ་ཡུམ་བློན་འཁོར་ཐམས་ཅད་ཀུན༔ མ་རིག་དབང་གིས་དགེ་སྡིག་ངོ་མི་ཤེས༔ རྟག་ཏུ་འཁོར་བའི་ལས་སྤྱད་ཡིད་ཕམ་པས༔ གང་འདུལ་བཀའ་ཡི་བོན་འཁོར་བསྐོར་དུ་གསོལ༔ ཞེས་ཞུས་རྣལ་འབྱོར་གྲུབ་ཐོབ་ཞལ་ན་རེ༔ ཧོ༔ ཉོན་དང་འཇང་ཡུལ་རྒྱལ་བློན་ཕོ་མོ་རྣམས༔ བདེ་གཤེགས་ཐུགས་དགོས་ཡོན་ཏན་གཅིག་ཏུ་དྲིལ༔ རྣམ་རོལ་འཆི་མེད་ཚེ་དབང་རིག་འཛིན་ང་༔ ཟས་ནོར་ཆང་ལ་ཞེན་པའི་གཡོ་ཐབས་མིན༔ མ་རིག་མཐའ་འཁོབ་མི་རྣམས་གྲོལ་བའི་ཕྱིར༔ མོས་པའི་སྣང་ངོར་གང་ལ་གང་འདུལ་ཡིན༔ སྨྲ་ཤེས་དོན་གོ་འགྲོ་བ་མི་ལ་རིགས༔ དགེ་སྡིག་མི་ཤེས་བྱོལ་སོང་ནོར་བས་བླུན༔ སྔོན་ཚེ་དགེ་ལ་ལོག་པས་མཐའ་འཁོབ་སྐྱེས༔ ད་ལྟར་མི་ཡི་ལུས་རྟེན་ཐོབ་པའི་དུས༔ དགེ་བ་མ་བསྒྲུབས་ངན་སོང་སྡུག་བསྔལ་མྱོང་༔ ཐར་མེད་བསྐལ་པ་དུ་མར་ཉོན་རེ་མོངས༔ སྡིག་པའི་རྣམ་སྨིན་བྱེད་པོ་རང་གིས་ཁུར༔ ལས་ཀྱི་འཕེན་ལེན་འཁོར་བའི་ཁ་བརྒྱུད་ཅིང་༔ སྐྱེ་འཆི་འདོར་ལེན་ཤིང་རྟའི་འཕང་ལོ་འདྲ༔ དལ་འབྱོར་སྟོང་ལོག་མི་ཚེ་ཟད་གྱུར་ན༔ མི་ལུས་ཐོབ་ཀྱང་བྱོལ་སོང་ཤི་བ་བཞིན༔ ནམ་ཡང་མི་རྟག་འཁོར་བའི་མཚོ་རུ་ལྟུང་༔ དེ་ཕྱིར་དགེ་ལ་བརྩོན་ཞིང་བོན་ལ་སྤྱོད༔ ལུས་ཀྱིས་སྲོག་གཅོད་རྐུ་འཕྲོག་ལོག་སྤྱོད་དང་༔ ངག་གིས་རྫུན་ཚིག་ཕྲ་མ་ངག་འཁྱལ་དང་༔ ཡིད་ཀྱིས་བརྣབ་སེམས་གནོད་སེམས་ལོག་ལྟ་སོགས༔ རང་གི་བགྱིས་དང་གཞན་བཅོལ་མི་དགེ་སྤོང་༔ སྲོག་བླུ་སྦྱིན་གཏོང་དཀའ་ཐུབ་ལུས་ཀྱི་དགེ༔ བདེན་མཐུན་ཞི་ཚིག་འཁྱལ་མེད་ངག་གི་དགེ༔ བརྣབ་སེམས་གནོད་སེམས་ལོག་སྤོང་ཡིད་ཀྱི་དགེ༔ དགེ་སྡིག་སྤང་བླང་ས་བོན་དཀར་ནག་དང་༔ སྨན་དུག་བཞིན་དུ་བླང་དོར་ཤེས་པར་གྱིས༔ རྒྱུ་འབྲས་བསླུ་མེད་ཡིད་ཆེས་དད་པ་བསྐྱེད༔ ཐེག་ཆེན་ལམ་མཆོག་བྱང་སེམས་བསླབ་པར་ཞུགས༔ ཚེ་རབས་ལས་ཉོན་སྒྲིབ་པ་བཤགས་ལ་བརྩོན༔ ཚོགས་རྫོགས་མཆོད་སྦྱིན་དྲི་མས་མ་གོས་འབུལ༔ སངས་རྒྱས་ཐོབ་འདོད་བོན་གྱི་མན་ངག་དགོས༔ བོན་གྱི་རྩ་བ་བླ་མའི་གདམས་ངག་རག༔ དང་པོ་སྨིན་པར་བྱེད་པའི་དབང་ཐོབ་དགོས༔ དབང་གི་རྩ་བ་དམ་ཚིག་དག་ལ་ཐུག༔ དམ་ཚིག་རྩ་བ་ཁས་ལེན་ཉམས་ལེན་ཡིན༔ ཉམས་ལེན་རྩ་བ་རང་སེམས་འདི་ཀ་ཡིན༔ འདི་ལ་རྟག་དང་ཆད་པའི་མུ་མཐའ་བྲལ༔ ངོ་བོ་རང་བཞིན་ཐུགས་རྗེ་ཀུན་ལ་ཁྱབ༔ ཀ་དག་ལྷུན་གྲུབ་འོད་གསལ་ཟུང་འཇུག་དབྱིངས༔ བོན་སྐུ་ལོངས་སྐུ་ཅིར་ཡང་སྤྲུལ་པའི་སྐུ༔ རེ་དོགས་མེད་པར་འཁོར་འདས་རྒྱ་མི་ཆད༔ སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཉིད་དུ༔ མི་གནས་མྱང་འདས་རྫོགས་པ་ཆེན་པོར་བཟླ༔ འཁོར་བ་སྤང་མེད་མྱང་འདས་སྒྲུབ་ཏུ་མེད༔ མ་བཅོས་སྐྱེ་མེད་ཁྱབ་བདལ་ཨེ་མ་ཧོ༔ སྨྲ་བསམ་བརྗོད་ལས་འདས་པ་དེ་ཁོ་ན༔ ཞེས་གསུངས་འབྲས་ལྡན་རྒྱལ་བློན་ཐམས་ཅད་གུས༔ འཇང་བཟའ་གར་བྱོན་ཞལ་ནས་རྒྱལ་འབངས་ལ༔ ཨེ་མ༔ རྒྱལ་བློན་འབངས་འཁོར་སྐྱེ་འགྲོ་སེམས་ཅན་རྣམས༔ དུས་གསུམ་སངས་རྒྱས་རིག་འཛིན་མངོན་ཞལ་མཇལ༔ གདམས་ངག་བོན་མཆོག་ཟབ་མོ་ད་རེས་ཐོབ༔ དགེ་སྡིག་བླང་དོར་ཕན་གནོད་སྤང་བླང་ཤེས༔ ད་ནི་འདིར་ཚོགས་སྐལ་ལྡན་བསོད་ཅན་རྣམས༔ ཚེ་གང་འདི་ལ་ཉ་ཕག་སྲོག་གཅོད་སྤོང་༔ ནངས་ནུབ་ཕྱག་འཚོལ་ཚེ་རབས་སྡིག་སྦྱོང་བརྩོན༔ རྒྱུན་དུ་གསོལ་ཐོབ་སྙིང་པོ་དོང་སྤྲུགས་འདོན༔ མཐར་ཐུག་རིག་འཛིན་མཁའ་འགྲོས་རྗེས་བཟུང་ནས༔ མ་གྱུར་སེམས་ཅན་འདྲེན་པའི་བདག་ཉིད་འགྱུར༔ རྒྱལ་པོས་སྒོམ་དོན་འཕྲད་པས་ཉམས་ལེན་སྐྱོངས༔ ཞེས་གསུངས་ཐམས་ཅད་མགུ་བ་ཆེན་པོར་མཛད༔ རིག་འཛིན་ཡབ་ཡུམ་འཇང་ཡུལ་གཡུ་རིར་ཕེབ༔ རྫུ་འཕྲུལ་རྩལ་གྱིས་མི་མིན་མགར་བཟོ་བསྡུས༔ ལྷ་ཀླུ་མི་ཡི་རིན་ཆེན་སྣ་ཚོགས་བླངས༔ ལི་ལས་གྲུབ་པའི་གཞལ་ཡས་ཁང་བཟང་བཞེངས༔ ནང་དུ་གཤེན་རབ་གཡུང་དྲུང་བློ་ལྡན་སྐུ༔ དགྲ་བཅོམ་སངས་རྒྱས་ས་གནོན་མཉམ་བཞག་ཅན༔ རིགས་དྲུག་འདུལ་མཛད་གཤེན་རབ་དྲུག་གིས་བསྐོར༔ བརྟན་བཞུགས་རབ་གནས་བཀྲ་ཤིས་མེ་ཏོག་འཐོར༔ ལྷ་ཚོགས་མངོན་སུམ་བྱོན་ནས་དབྱེར་མེད་ཐིམ༔ མི་དང་མི་མིན་ཡོངས་ཀྱི་རྟེན་དུ་བཞུགས༔ དེ་ནས་ཚེ་དབང་རིག་འཛིན་སྤྲུལ་པའི་སྐུ༔ འཇང་བཟའ་གར་བྱོན་མཁའ་འགྲོ་མ་གཉིས་ནི༔ འཇང་ཡུལ་དུར་ཁྲོད་ལྗང་རའི་གནས་སུ་བྱོན༔ མ་མོ་མཁའ་འགྲོ་དྲེགས་པ་མི་སྲུན་བཏུལ༔ གསང་སྤྱོད་འགྲོ་དོན་དཔག་ཏུ་མེད་པ་མཛད༔ འཇང་བཟའ་གར་བྱོན་ཚོགས་ཀྱི་རྗེ་མོར་བསྐོས༔ རིག་འཛིན་མཁའ་འགྲོ་ཐམས་ཅད་གནས་དེར་འདུ༔ སྒྲུབ་ཕུག་པདྨ་འཁྱིལ་པའི་དབུས་སུ་ནི༔ རྡོ་ཡི་གཡུང་དྲུང་འཁྱིལ་པའི་གདན་སྟེང་དུ༔ རང་བྱུང་ཤེལ་ལས་གྲུབ་པའི་ཚེ་དབང་སྐུ༔ རིག་འཛིན་ཆས་ཅན་དྲོད་དང་ལྡན་པ་བཞུགས༔ འཇང་བཟའ་གར་བྱོན་བཀའ་ཡི་གཉེར་དུ་གཏད༔ མ་འོངས་བོད་ཡུལ་གསང་སྔགས་སྒྲུབ་པའི་གྲོགས༔ གར་གྱི་དབང་དང་དཔལ་གྱི་མིང་ཅན་བརྒྱད༔ སྦས་མངོན་ཐབས་ཀྱིས་འགྲོ་བའི་དོན་ཆེན་འབྱུང་༔ གནས་གསུམ་མཁའ་འགྲོའི་ཚོགས་གྲལ་ལེགས་བཞུགས་ནས༔ མ་འོངས་བསྐལ་བ་དུ་མར་འགྲོ་དོན་མཛད༔ ཅེས་གསུངས་གཡུ་བྱར་སྤྲུལ་ནས་མཁའ་ལ་གཤེགས༔ འཇང་བཟའ་གར་བྱོན་དུར་ཁྲོད་ཚོགས་རྗེ་མཛད༔ ཟབ་གསང་མཁའ་འགྲོའི་སྙན་བརྒྱུད་གཏན་ལ་ཕབ༔ ཚོགས་བདག་མཁའ་འགྲོའི་ཚོགས་ལ་འཆད་སྤེལ་མཛད༔ ལྷ་ཀླུ་མི་གསུམ་གསང་སྤྱོད་འགྲོ་དོན་གྱིས༔ སྨིན་གྲོལ་ཞི་བདེ་ཆ་ལ་སྙོམས་པར་མཛད༔ འཇང་ཡུལ་དག་པའི་ཞིང་ལ་རབ་བཀོད་པས༔ གཡུ་རི་གསང་བའི་ཞིང་ཁམས་ཁྱད་པར་ཅན༔ རིག་འཛིན་མཁའ་འགྲོ་ཐམས་ཅད་དེ་རུ་འདུ༔ མཐའ་འཁོབ་ཡོངས་ཀྱི་མཆོད་པའི་རྟེན་དུ་གྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
སྤྲོས་བྲལ་བདེ་ཆེན་རྒྱལ་བ་ཚད་མེད་འོད༔ སྟོང་གསུམ་འདུལ་མཛད་སྟོན་པའི་ཆ་མེད་གཙུག༔ ཚད་མེད་ཐུགས་རྗེ་འགྲོ་ལ་རབ་ཏུ་གཟིགས༔ འདོད་འཇོའི་མཚོ་ལ་ཐོད་ཕྲེང་སྡེ་ལྔར་བྱོན༔ གསང་འདུས་དབལ་བོན་གཤེན་གྱི་སྤྲུལ་པ་ཆེ༔ རིག་འཛིན་ཆེན་པོ་གཡུང་དྲུང་མཐོང་གྲོལ་ནི༔ འཆི་མེད་དྲན་པ་ནམ་མཁའི་སྲས་སུ་འཁྲུངས༔ མཁའ་འགྲོའི་ལུང་བསྟན་གདུལ་དཀའ་འདུལ་ཕྱིར་དུ༔ དྷ་ན་ཀོ་ཤ་མཚོ་ཡི་གླིང་ལ་བྱོན༔ པདྨ་འབར་བའི་སྡོང་པོའི་རྩེ་ལས་འཁྲུངས༔ སྔོན་བསགས་ལས་ཀྱིས་ཨོ་རྒྱན་རྒྱལ་པོས་རྙེད༔ རྒྱལ་སྲས་མངའ་གསོལ་ཞིང་ཁམས་ཡོངས་སུ་བསྐྱངས༔ ཕྱི་ནང་གསང་བའི་བསྟན་པ་རྗེས་བཞག་མཛད༔ དེ་ནས་རྒྱལ་སྲིད་སྤངས་ནས་དུར་ཁྲོད་འདུལ༔ མཁའ་འགྲོ་མ་ཚོགས་རྣམས་དང་གསང་སྤྱོད་ཀྱིས༔ གང་ལ་གང་འདུལ་འགྲོ་དོན་མཛད་པའི་ཕྱིར༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མཁའ་འགྲོ་ལྔ༔ ཡང་སྤྲུལ་མཁའ་འགྲོ་བརྒྱ་དང་ཉི་ཤུའི་ཚོགས༔ ཡུམ་ཆེན་ཐུགས་རྗེ་ཀུན་སྒྲོལ་ཞེས་ཀྱང་བྱ༔ དུར་ཁྲོད་རྡོ་རྗེ་རྣལ་འབྱོར་ཞེས་ཀྱང་བྱ༔ ཐུགས་ཀྱི་སྤྲུལ་པ་ལྷ་ལྕམ་མནྡ་ར༔ ཡུལ་ནི་ཟ་ཧོར་ཕྱོགས་གཏོགས་གྲོང་ཁྱེར་ཆེ༔ ཕོ་བྲང་རརྞ་པུ་རི་ཞེས་བྱ་ན༔ དབང་བསྒྱུར་རྒྱལ་པོ་གཙུག་ལག་འཛིན་པ་དང་༔ ཡུམ་ནི་རིན་ཆེན་གཙུག་མཛེས་ཧ་འུ་ཀི༔ རྒྱལ་དཀོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད༔ ནམ་ཞིག་རྒྱལ་པོ་ཡབ་ཀྱི་རྨི་ལམ་ལ༔ མཁའ་ལ་ཉི་ཟླ་ཟུང་ཞིག་ཤར་བ་ལ༔ རི་ལུང་མེད་པར་མུན་པ་ཀུན་སེལ་ཞིང་༔ རིན་ཆེན་གླིང་ལ་ལོངས་སུ་སྤྱོད་པ་རྨིས༔ ཡུམ་གྱིས་ཉི་འོད་ཚ་ཟེར་ལྡན་པ་ཤར༔ དྲོད་ཀྱིས་རྒྱལ་ཁམས་ཐམས་ཅད་ཁྱབ་པ་དང་༔ མེ་ཏོག་གླིང་ཕྱིན་གེ་སར་ལྷ་ལ་ཕུལ༔ མཁའ་འགྲོ་མང་པོས་སྐོར་བ་བྱེད་པ་རྨིས༔ རྒྱལ་པོ་ཡབ་ཡུམ་རྨིས་ལྟས་བཟང་བས་མགུ༔ དེ་ཚེ་དབྱིངས་ཀྱི་མཁའ་འགྲོ་མནྡ་ར༔ སངས་རྒྱས་མཁའ་འགྲོ་ཧཱུྃ་ཡིག་དང་བཅས་པ༔ རྒྱལ་པོ་ཡབ་ཀྱི་སྟ་བརྒྱུད་ཡུམ་ལ་ཐིམ༔ ལུས་བདེ་སེམས་གསལ་སྲིད་དུ་ཆགས་པ་ནས༔ མདངས་ནི་རྒྱས་ཤིང་ས་ལ་མི་རེག་འགྲོ༔ ཟླ་དགུ་ངོ་བཅུ་སྤྲེལ་ལོ་ཚེས་བཅུའི་ཉིན༔ ཉི་མ་ཤར་མཉམ་ཡུམ་ལས་སྲས་མོ་འཁྲུངས༔ རྒྱལ་པོ་མ་དགྱེས་བསོད་དམན་བུ་མོར་བལྟས༔ རིན་ཆེན་གཙུག་མཛེས་འབངས་མོའི་གྲལ་དུ་བཞག༔ གཞན་གྱི་ལོ་སྐྱེད་བུ་མོ་ཞག་སྐྱེད་བཟང་༔ རྒྱལ་པོས་བུ་མོར་གཟིགས་སུ་བྱོན་པ་ལ༔ དགའ་ནི་ཡལ་ཡལ་འཛུམ་ནི་ཤིག་ཤིག་བྱེད༔ རྒྱལ་པོས་མཚན་མཁན་བྲམ་ཟེ་བོས་ནས་བརྟག༔ བྲམ་ཟེས་བུ་མོ་དྲི་བཟང་ཆུ་ཡིས་བཀྲུས༔ ཕྱིང་དཀར་སྟེང་དུ་བཞག་ཅིང་མཚན་བརྟག་པས༔ བྲམ་ཟེ་རང་དབང་མེད་པར་མཆི་མ་ཤོར༔ ནི་གུ་བུ་མོ་གཉིས་ལ་ཕྱག་མང་འཚལ༔ ཡུམ་ནི་ཧ་ལས་མཚན་རྟགས་ངན་པའམ༔ ལེགས་ཉེས་ཅི་འདུག་རྫུན་མེད་དྲང་པོར་སྨྲོས༔ གསུངས་པས་བྲམ་ཟེས་མཚན་བརྟག་ངན་མ་ཡིན༔ མཚན་བཟང་སུམ་ཅུ་དཔེ་བྱད་དོན་དང་ལྡན༔ མཛེས་ཤིང་མེ་ཏོག་ཨུ་དུམ་ཝ་ར་འདྲ༔ མི་ཡི་བུ་ལ་ཡེ་ཤེས་མཁའ་འགྲོའི་ལུས༔ འདི་ནི་ལྷ་ཡི་རིགས་ཏེ་མི་ཡི་རྒྱལ༔ ཁྱིམ་མེད་རབ་བྱུང་ཚེ་གཅིག་ཟ་ཧོར་འདྲེན༔ ལྷ་ལྕམ་མནྡ་ར་བར་མཚན་དུ་གསོལ༔ རྒྱལ་པོ་དགྱེས་ནས་བྲམ་ཟེར་བསྙེན་བཀུར་བྱས༔ བུ་མོའི་མཚན་སྙན་ཕྱོགས་བཅུ་ཀུན་ཏུ་གྲགས༔ དགའ་མཐུན་སྣང་བའི་ཡིད་སེམས་དབང་མེད་འཕྲོག༔ རྒྱ་གར་རྒྱ་ནག་བྷ་གྷ་བེདྡྷའི་རྒྱལ༔ ཨུ་རྒྱན་ཁ་ཆེ་ལི་རྒྱལ་ཏ་ཟིག་རྒྱལ༔ གེ་སར་ཞང་ཞུང་རྒྱལ་སོགས་མང་པོ་འདུས༔ རིན་ཆེན་དཀོར་ནོར་ཐོགས་ནས་གཉེན་སྤྲེལ་ཕྱིན༔ འདི་འདྲ་ཐོབ་ཤོར་གཅིག་སྦྱིན་གཞན་མི་མགུ༔ རྒྱལ་པོས་བུ་མོ་མདུན་བོས་གནས་འདམ་བཅོལ༔ དགོངས་ནས་ལྷ་ལྕམ་ཉིད་ལ་འདི་སྐད་གསུངས༔ རྒྱལ་པོའི་སྲས་མོ་ལུས་ཀྱི་མེ་ཏོག་མཛེས༔ རྒྱལ་ཁམས་གྲགས་པས་ཁྱབ་ཅིང་ཀུན་སློང་འོང་༔ རྒྱལ་ཁབ་གཅིག་ལ་མ་སྦྱིན་གོ་རུ་བཞག༔ ན་ཆུང་ལུས་ཀྱིས་མི་ཐུབ་ཁྲེལ་ཁ་བསྡུ༔ གཅིག་ལ་སྦྱིན་ན་གཞན་གྱི་བློ་རེ་འཁྲུགས༔ བུ་མོས་གནས་འདམ་སྲིད་པའི་བསྐོས་ཐང་རེད༔ ཕ་མས་བུ་ཆུས་བྱེད་པ་ཀུན་གྱི་སྲོལ༔ ཁྱོད་རང་གང་འདོད་ཡབ་ལ་སྨྲོས་ཤིག་ལྕམ༔ ཞེས་གསུངས་ལྷ་ལྕམ་མནྡ་ར་བ་ཡིས༔ གསོན་དང་ཡབ་ཅིག་རྒྱལ་པོ་དམ་པ་ལགས༔ བདག་ནི་འཁོར་བའི་ལས་ལ་སྐྱོ་བས་འཇིགས༔ བསམ་ན་རྒྱལ་པོ་མི་དགེ་སྡིག་དཔོན་ཡིན༔ ཕ་མ་ཉེ་འབྲེལ་དགེ་བའི་གེགས་ཤིང་ཡིན༔ ཁྱིམ་འདམ་གནས་མལ་སྲིད་པའི་བཙོན་དོང་ཡིན༔ སྡིག་དཔོན་གྲོགས་བཙལ་འཁོར་བ་སྤེལ་འདྲེ་ཡིན༔ འདི་བདེ་བསམ་པས་ཕྱི་མར་རྣམ་སྨིན་ལྕི༔ ལྷ་ལྕམ་རྒྱལ་སྲས་རྒྱལ་པོའི་ལས་དབང་ཆེ༔ འདམ་ཀ་ཡོད་དུས་དགེ་བ་བསྒྲུབ་ཏུ་གནང་༔ འདི་ཕྱིར་ཐར་པའི་ལམ་ལ་སྙེག་པ་ཡིན༔ ཞུས་པས་རྒྱལ་པོས་ལྷ་ལྕམ་ཁྱོད་རེ་འཁྲུལ༔ འཇིག་རྟེན་རྒྱལ་པོའི་བྱ་བ་ཆེ་གཉེན་ཡིན༔ དབང་ཆེན་རྒྱལ་སྲིད་འབངས་འཁོར་གོང་ན་མཐོ༔ བསོད་ནམས་ལོངས་སྤྱོད་རང་གི་ཅི་བྱར་དབང་༔ ཡར་ལ་བདེར་གཤེགས་དཀོན་མཆོག་མཆོད་བསྟོད་བྱོས༔ མར་ལ་མ་ནུས་སེམས་ཅན་སྦྱིན་གཏོང་འབོད༔ རྒྱལ་བའི་ཞལ་སྐྱིན་རྗེས་བཞག་ཚོགས་གསོག་བྱོས༔ དགེ་འདུན་བསྙེན་བཀུར་ཆོས་ཀྱི་སྙིང་པོ་ཀློག༔ འདི་བདེ་ཟླ་གྲོགས་རྒྱལ་སྲིད་བདག་ཏུ་ཟུངས༔ ལྷ་ལྕམ་གཉེན་གྱི་ཁ་ལོ་བསྒྱུར་ན་ལེགས༔ དགེ་བྱེད་ཟེར་བ་མེ་ལོང་གཟུགས་བརྙན་འདྲ༔ བུད་མེད་བསླུ་ཁ་ཡང་བས་ལུས་མི་ཐུབ༔ སྐྱེ་བ་དམན་པས་དམྱལ་པའི་སྣོད་ཟངས་ཁུར༔ ཁྲེལ་ཕྲུག་བསྡུ་བས་མི་ཁ་དབང་མེད་ལྡང་༔ སངས་རྒྱས་བཀའ་འགལ་འདི་ཕྱིའི་འདུན་མ་ཤོར༔ གཅིག་བས་མི་ཆོག་མང་པོ་བློ་འདྲེ་སློང་༔ དེ་བས་རང་དབང་ཡོད་དུས་ཁྱིམ་ཐབ་སོང་༔ ཞེས་གསུངས་ལྷ་ལྕམ་མ་ཡིས་གུས་པ་ཡིས༔ ཀྱེེ༔ དགོངས་ཤིག་ཡབ་ཅིག་རྒྱལ་པོ་རིན་པོ་ཆེ༔ སྐྱེ་བ་དམན་ཀྱང་ལྷ་ལྕམ་མནྡ་ར༔ དབང་ཐང་ཞན་ཡང་རྒྱལ་པོའི་བུ་མོར་སྐྱེས༔ ལུས་གཟུགས་མཛེས་ཀྱང་སྐྱེ་རྒ་ན་འཆིའི་རྒྱུ༔ འདི་བདེ་བསམ་ཀྱང་ཚེ་ལ་ལོང་ཁོམ་མེད༔ བསགས་པ་ཆེ་ཡང་འཁྲུལ་པའི་གཞི་མ་འཇོག༔ སྡིག་ཕྲུག་གསོ་བ་དམྱལ་བའི་བུད་ཤིང་སྣོན༔ ཉེ་གཉེན་འབྲེལ་ཐག་འཁོར་བའི་གེགས་ཤིང་བཙུགས༔ ཕྱི་མ་དགེ་མེད་དཀོན་མཆོག་ཐུགས་རྗེས་བོར༔ རང་དབང་མི་ཆེ་ངན་སོང་ལས་ཀྱིས་མནར༔ གཏན་གྱི་སྡུག་བསྔལ་ཁྱིམ་ཐབ་བདག་མི་འགྲོ༔ དགེ་བའི་ལས་ལ་ཤི་ཡང་འགྱོད་མེད་ལགས༔ ཞུས་པས་ཕྱོགས་ཀྱི་རྒྱལ་པོ་ཐམས་ཅད་ལ༔ ལྷ་ལྕམ་ཆོས་བྱེད་ཟེར་ནས་བློ་མཐུན་བྱས༔ ནོར་དང་བཅས་ཏེ་རང་རང་ཡུལ་དུ་ལོག༔ རྒྱ་གར་རྒྱལ་པོ་གྲགས་འཛིན་མ་ཧཱ་པཱ༔ ལྷ་ལྕམ་བདག་གི་གྲོགས་སུ་མ་ཁུག་ན༔ གཞན་དག་རྒྱལ་པོ་ཡུལ་སྡེར་ཐོབ་ཤོར་གཅོད༔ ཞེས་ཞུས་ནོར་རྫས་མང་པོ་མདུན་དུ་སྤུངས༔ ཟ་ཧོར་རྒྱལ་པོས་ལྷ་ལྕམ་མནྡ་ར༔ ཆོས་བྱེད་ཟེར་ནས་ཡབ་ཀྱི་ངག་མ་ལོན༔ སྔོན་གྱི་ལས་འཕྲོ་གང་ཡོད་མ་ཤེས་པས༔ ཁོ་བས་འདོང་པའི་དབང་དུ་བཏང་བ་ཡིན༔ གསུངས་ནས་ནོར་རྫས་ཕྱི་རྫོང་རང་ཡུལ་ལོག༔ རྒྱལ་ལ་ཞུས་ཀྱང་ཡིད་མི་བདེ་བར་གྱུར༔ བྱ་བའི་ཐབས་ཟད་རེ་ཞིག་ལུས་ནས་སོང༔ དེ་ནས་ཟ་ཧོར་དབང་ཆེན་རྒྱལ་པོ་ཡིས༔ བུ་མོ་ལྷ་ལྕམ་མནྡ་ར་བ་ལ༔ ཀུན་གྱིས་ཡིད་འཕྲེང་རྐུ་རུ་འོང་སྙམ་ནས༔ ཕོ་བྲང་ནང་དུ་གཡོག་མོ་ལྔ་བརྒྱར་བཅོལ༔ གཉེན་ལ་འགྲོའམ་དོགས་སྦྱོར་བསམ་པ་བོར༔ གསུངས་ཤིང་བཀའ་བསྒོས་ཡང་ཡང་ནན་ཏན་བྱས༔ རྒྱལ་པོར་བཙུན་མོ་ལྔ་ཡོད་ཉིན་རེ་བཞིན༔ སྐུ་ཡིས་སྐྱོ་སངས་རེས་མོས་ཕེབ་པ་ལ༔ བཙུན་མོ་རྒན་པ་ལྷ་ལྕམ་མ་རེས་བབ༔ དེ་རིང་རྒྱལ་ལ་གསོལ་བ་ལེགས་དགོས་སྙམ༔ མང་ས་ཉོ་བ་གཞན་ལ་བློ་མ་ཁེར༔ ལྷ་ལྕམ་དཔོན་གཡོག་འབྲས་དཀར་ཁྱེར་ནས་བཏང་༔ ཚོང་དུས་ཆར་ཆེན་བབ་པའི་དུས་དང་འཛོམས༔ ཕྱིར་ལོག་མ་ཡིས་བཀྱོན་འོང་འགྲོ་མ་ཕོད༔ མ་སོང་རྒྱལ་པོས་བཀྱོན་ཡོང་སེམས་ལ་འཚེར༔ ཅི་བྱེད་ཐབས་ཟད་གྲོང་ཡུལ་འཁྱམས་པ་ལ༔ དགོང་མོ་ཙམ་ནས་ས་གཙང་ཞིག་ཏུ་ནི༔ ཁྱེའུ་རོ་ཞིག་ཆར་གྱིས་དག་ནས་འདུག༔ ལྷ་ལྕམ་མ་ཡིས་ཉྭ་ཤ་ཐམས་ཅད་བྲེག༔ གཡོག་མོས་བཀྲུས་ཤིང་རས་དཀར་སྣོད་བཅུག་ཁྱེར༔ བཙུན་མོས་མཾ་ས་ཉོ་རྒྱུ་བདོག་གམ་གསུངས༔ ལྷ་ལྕམ་རྙེད་ཞུས་བཙོས་ཁུ་ཡང་ཡང་ཕོས༔ སྤོད་རིགས་དྲི་བཟང་བཏབ་ཅིང་བཞེས་པ་དྲངས༔ རྒྱལ་པོའི་ལུས་ལ་བདེ་དྲོད་མེ་ལྟར་འབར༔ ལུས་ཡང་སེམས་བདེ་བར་སྣང་བྱ་བཞིན་འཕུར༔ ཅི་ཡིན་བརྟགས་པས་མཾ་ས་ཡིན་ནམ་སྙམ༔ མཾ་ས་ཡིན་ན་བྲམ་ཟེ་སྐྱེ་བདུན་ཤ༔ ཚང་མ་རྙེད་ཚེ་དེ་བས་ལྷག་པར་དགོངས༔ ཅི་ཡིན་དྲག་པོས་མ་གཤེར་མི་འབྱུང་སྙམ༔ ནངས་པར་ཐོ་རངས་བཙུན་མོར་དྲག་པོས་བོས༔ མདུན་དུ་ཕྱིན་ཚེ་གཡས་ཀྱིས་གྲི་ཆུང་བཟུང་༔ གཡོན་གྱིས་ལག་གཉིས་བཟུང་ནས་འདི་སྐད་གསུངས༔ མདང་དགོང་ང་ལ་དྲང་བའི་མཾ་ས་དེ༔ གང་བྱུང་མི་བཟླ་ཁྱོད་རང་གསོད་དོ་ཟེར༔ བྲེད་ནས་ང་མིན་ལྷ་ལྕམ་ཡིན་ནོ་སྨྲས༔ འོ་ན་མནྡ་ར་བ་བོས་ཤིག་གསུངས༔ སྔར་ལྟར་ལྷ་ལྕམ་མ་ལ་སྔངས་ཚིག་སྨྲས༔ ལྷ་ལྕམ་བྲེད་ཀྱང་རྫུན་སྨྲ་མ་ཤེས་པས༔ ང་ལས་མ་ཡིས་གཞན་ངག་བློ་མི་ཁེལ༔ མཾ་ས་གསར་པ་ཉོར་སོང་ཚོང་ལ་བསྐུལ༔ ཆར་པ་ཆེ་སྟབས་ཚོང་གི་དུས་དང་འཛོལ༔ ས་གཙང་ཞིག་ལ་ཁྱེའུ་ལོ་བརྒྱད་ཚུལ༔ ཤི་ནས་རོ་ནི་ཆར་གྱི་དག་པ་ཞིག༔ འཕྲད་པས་ཉྭ་ཤ་གཙང་མ་བྲེགས་ནས་བླངས༔ རས་སྒྱེའི་འབྲས་ཕོས་ཤ་དེ་བཅུག་ནས་ཁྱེར༔ མ་ཡིས་མཾ་ས་རྙེད་དམ་གསུངས་པ་ལ༔ རྙེད་ཞུས་ཤ་བཙོས་ཁུ་བ་ཡང་ཡང་ཕོས༔ དྲི་བཟང་བཏབ་ཅིང་དྲངས་བས་བཞེས་པ་གསོལ༔ མ་ལ་གསང་ཞིང་ཞུ་བ་མ་ཕོད་ལུས༔ སྐུ་ཡི་ཁམས་ལ་འཕྲོད་དམ་མ་འབྱོར་རམ༔ ཞུས་པས་རྒྱལ་པོས་ཐུགས་བདེ་ཁམས་ལ་འཕྲོད༔ རོ་དེ་བྲམ་ཟེ་སྐྱེ་བདུན་སྐུ་ཤར་ངེས༔ ད་ལྟ་སོང་ལ་རྙེད་ན་དངོས་གྲུབ་ཆེ༔ ལྷ་ལྕམ་དཔོན་གཡོག་མགྱོགས་པར་རོ་བཙལ་བཏང་༔ རོ་ནི་བྱ་ཁྱི་གང་གིས་མ་ཟོས་པར༔ སྔར་ལྟར་འདུག་པ་ཁྱེར་ཏེ་རྒྱལ་ལ་ཕུལ༔ ཉྭ་ཤ་བྲེགས་མུར་འདུག་པས་བདེན་པར་མཐོང་༔ ལྷ་ལྕམ་གཙོས་པའི་བུད་མེད་གཙང་མ་ལྔས༔ བྲམ་ཟེའི་སྐུ་ཤ་རྡོ་འཐག་ཕྱེ་མར་བྱས༔ དྲི་བཟང་སྤོས་ཀྱིས་ཞིང་ཁམས་ཀུན་ལ་ཁྱབ༔ ལྷ་ལྕམ་བྲམ་ཟེའུའི་གདུང་རྙེད་ཀུན་གྱིས་ཐོས༔ རིལ་བུ་དཀར་པོ་སྲན་དཀར་འཕོས་པ་ཙམ༔ ཧྃ་ཡིག་བརྡ་བཞག་རིན་ཆེན་སྣ་བདུན་གྱི༔ སྒྲོམ་གྱི་ནང་བཅུག་རིགས་རྟགས་རྒྱས་བཏབ་ནས༔ རྒྱལ་པོའི་ཕོ་བྲང་བང་མཛོད་ཕུག་ཏུ་སྦས༔ མ་མོ་མཁའ་འགྲོ་རྣམས་ལ་གཉེར་དུ་བཅོལ༔ བྲམ་ཟེ་ཤ་ཡིས་རྒྱལ་པོའི་ཐུགས་མཉེས་དུས༔ ལྷ་ལྕམ་རྒྱལ་པོའི་མདུན་དུ་ཕྱག་མང་འཚལ༔ ཀྱེེ༔ ཡབ་ཅིག་དྲིན་ཅན་རྒྱལ་པོ་དམ་པ་ལགས༔ ལྷ་ལྕམ་གཅིག་གིས་རྒྱལ་ཁག་ཐེ་ཚོམ་སློང་༔ རྒྱལ་ལ་ཕན་མེད་གནོད་པ་ཆེན་པོ་འབྱུང་༔ གང་ལ་མ་ཕྱིན་གཅིག་པུར་རིར་བསྒོམ་ན༔ རྣམ་རྟོག་སླང་འདོད་བྱུང་བའི་གནས་མ་མཆིས༔ རྒྱལ་པོ་ཡབ་ཡུམ་ཐུགས་དམ་བདེ་བར་བཞུགས༔ ལྷ་ལྕམ་དགེ་སྒྲུབ་བར་ཆད་མི་གཏོང་བར༔ བཀའ་ཡི་གནང་བ་ཆེན་པོ་བསྩལ་དུ་གསོལ༔ ཞེས་ཞུས་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས༔ ཀྱེེ་ཧོ༔ ཉོན་དང་ལུས་ཀྱི་བུ་མོ་ལྷ་ལྕམ་མ༔ གྲོས་ཀྱི་བློན་པོ་ཐམས་ཅད་ལེགས་པར་ཉོན༔ འཇིག་རྟེན་རྒྱལ་ཁག་རྒྱལ་པོ་མང་ན་ཡང་༔ བསོད་ནམས་ཆེ་སྟོབས་འགྲན་མེད་རྒྱལ་པོ་ང་༔ རྒྱལ་སྲིད་འཛིན་པའི་སྲས་མེད་བུ་མོ་ཞིག༔ ཡོད་ཀྱང་རྒྱལ་ཁག་ཀུན་གྱིས་ཐོབ་ཤོར་རྩོད༔ བུ་མོ་འདི་ནི་གཞན་ལས་ཁྱད་འཕགས་ཀྱང་༔ རྒྱལ་པོས་བཀའ་ཡིས་མ་ཆོད་རང་འདོད་བཏང་༔ འཐད་པ་སྒྲུབ་ན་ཀུན་གྱི་ཞལ་འཆམས་ཡིན༔ མི་འཐད་ཕྱེད་ན་རྒྱལ་པོའི་ཁྲིམས་ཡང་གཅོད༔ བུ་མོ་འདི་བདེ་རང་དབང་མི་ཆེ་བས༔ ཆོས་སྒོ་མི་འགོག་དགེ་བའི་གྲོགས་སུ་བགྱི༔ ད་ནི་ལྷ་ལྕམ་དབེན་པའི་རི་ལ་ཆོས༔ གླང་པོའི་རི་ཡི་མེ་ཏོག་ཚལ་ཆེན་ན༔ དབུས་སུ་ལྷ་ལྕམ་སྒོམ་པའི་ཕོ་བྲང་བརྩེགས༔ ཕྱི་རོལ་ལྕགས་རིར་གཡོག་མོ་ལྔ་བརྒྱ་སྡོད༔ ཉིན་དུས་སྐུ་སངས་ཁྲུས་ཀྱི་རྫིང་བུ་དང་༔ དྲི་བཟང་ལྗོན་ཤིང་སྨན་གྱི་ཚལ་ཆེན་གྱིས༔ ལྷ་ལྕམ་གཡོག་མོ་ལྔ་བརྒྱ་རབ་བྱུང་སྒྲུབ༔ འཁོར་བ་སྤངས་ནས་དགེ་བའི་ལས་བྱེད་པ༔ རང་གཞན་ཀུན་ལ་ངོ་མཚར་དང་བ་སྐྱེ༔ འཚོ་བའི་ཟས་ལ་ཡོ་བྱད་ཕོངས་མེད་ཁྱེར༔ བཞུགས་པའི་གནས་ལ་ཐུགས་དམ་དབེན་པར་མཛོད༔ ལྷ་ལྕམ་མ་བརྗེད་བསམ་གཏན་དྲང་པོར་ཞོག༔ ཞེས་གསུངས་ཆོས་བྱེད་ཆོག་པར་བཀའ་ཡིས་བཅད༔ ལྷ་ལྕམ་ཐུགས་དགྱེས་རྒྱལ་པོ་ཡབ་ཡུམ་ལ༔ གུས་པས་ཕྱག་འཚལ་མགོ་བོས་ཞབས་ལ་གཏུག༔ ལེགས་སོ་བརྗོད་ཅིང་དགེ་སྒྲུབ་ཁས་སུ་བླངས༔ དེ་ནས་ལྷ་ལྕམ་དཔོན་གཡོག་ཐམས་ཅད་ནི༔ དུར་ཁྲོད་དགའ་ཚལ་གྲུབ་པའི་རྣལ་འབྱོར་ཆེ༔ ཨ་བྷེ་ཤ་ཞེས་བཞུགས་པའི་མདུན་དྲུང་དུ༔ བསླབ་པ་གསུམ་གྱི་སྡོམ་པ་ཡོངས་རྫོགས་བླངས༔ རྒྱལ་པོའི་བཀའ་བཞིན་གླང་རི་མེ་ཏོག་ཚལ༔ ཁང་བུ་བརྩེགས་ནས་ལྷ་ལྕམ་མནྡ་ར༔ བྱང་ཆུབ་ཤིང་དྲུང་སྐུ་བརྟེན་རྣལ་འབྱོར་བཞུགས༔ ཡུལ་སྣང་དག་པ་རི་མཐོ་ས་གཙང་ཞིང་༔ དབེན་གནས་དག་པ་འཁོར་འཚེ་མེད་པའི་དགོན༔ སེམས་ཉིད་དག་པ་མི་གཡོ་བསམ་གཏན་འཕེལ༔ འགྲོ་བ་ཡིད་ཅན་རྒྱང་ནས་ཕྱག་འཚལ་གུས༔ ལྷ་ལྕམ་རྒྱལ་མོ་དཔོན་གཡོག་སྙན་པས་ཁྱབ༔ བཞུགས་སྟངས་རབ་བརྗིད་དམ་པའི་ཚུལ་བཟང་མཛད༔ ཉི་ཤར་མེ་ཏོག་གླིང་ལ་སྐྱོ་སངས་ཕེབ༔ མཆོག་གི་ཏིང་འཛིན་མི་གཡོ་བསྒོམ་པའི་ཚེ༔ སྤྲེའུ་ལོ་ཕག་ཟླའི་ཚེས་བཅུའི་དུས་བཟང་ཉིན༔ མཁའ་ལ་འཇའ་འོད་ཟེར་ཁྱིམ་སྣ་ཚོགས་ཁེངས༔ དེ་དབུས་སྤྲུལ་པའི་སྐུ་མཆོག་ཤེལ་འོད་འབར༔ ཞལ་རས་ཟླ་བ་ཉ་རྒྱས་ལྟ་བུར་གསལ༔ རྫོགས་སྐུའི་ཆས་ཅན་རིན་ཆེན་དུ་མས་བརྒྱན༔ མཁའ་འགྲོ་ལྔ་དང་མ་ཚོགས་འཁོར་དུ་བསྐོར༔ ཅི་ཡང་མི་གསུང་ཞལ་རས་ཕྱོགས་པར་བཞུགས༔ དེ་ཚེ་ལྷ་ལྕམ་རྒྱལ་མོ་དཔོན་གཡོག་རྣམས༔ གདན་ལས་བཞེངས་ཏེ་ཕྱག་འཚལ་གསོལ་བཏབ་པ༔ ཨེ་མ༔ མདུན་གྱི་ནམ་མཁའ་ཡངས་དོག་མེད་པའི་ཀློང་༔ འཇའ་ཚོན་སྣ་ལྔའི་འོད་ཟེར་འཁྱིལ་པའི་དབུས༔ སྤྲུལ་པའི་སྐུ་མཆོག་བལྟ་བས་མི་ངོམས་པ༔ ཡ་མཚན་འགྲན་ཟླ་བྲལ་བའི་མཚན་དཔེའི་སྐུ༔ གང་གིས་སྐྱོན་གྱིས་མ་གོས་ལེགས་པས་བརྒྱན༔ སྒོ་གསུམ་རབ་ཏུ་གུས་པས་ཕྱག་འཚལ་ལོ༔ རང་ལུས་ཕུང་ཁམས་སྐྱེ་མཆེད་མནྜལ་འབུལ༔ སྐྱབས་མེད་བདག་ཀྱང་སེམས་ཅན་འཁོར་བ་རྣམས༔ བྱང་ཆུབ་བར་དུ་ཐུགས་རྗེས་བཟུང་ནས་སུ༔ སྐད་ཅིག་འབྲལ་མེད་བརྩེ་བས་བསྐྱང་དུ་གསོལ༔ ཞེས་ཞུས་ཕྱག་འཚལ་པུས་བཙུགས་ཐལ་སྦྱར་བས༔ དེ་ལ་སྤྲུལ་པའི་སྐུ་ཡི་ཞལ་ན་རེ༔ ཨ་ཧོ༔ ངོ་མཚར་སངས་རྒྱས་འདུལ་ཞིང་ཁྱད་འཕགས་ཡུལ༔ འཛམ་གླིང་མདོ་སྔགས་བསྟན་པ་དར་བའི་ལྗོངས༔ ཟ་ཧོར་ཡུལ་གྱི་རྒྱལ་པོ་གཙུག་ལག་འཛིན༔ སྲས་མོ་ལྷ་ལྕམ་མནྡ་ར་བ་ཁྱོད༔ ཚེ་རབས་གོང་ནས་ལས་འཕྲོ་སྨོན་ལམ་མཐུན༔ འོག་མིན་ཞིང་ཁམས་སྣང་མཐའ་འོད་མི་འགྱུར༔ ལོངས་སྐུའི་ཞིང་ཁམས་ཐུགས་རྗེ་ཆེན་པོའི་ལྷ༔ ཀོ་ཤའི་མཚོ་དབུས་པདྨའི་རྩེ་ལས་འཁྲུངས༔ པདྨ་འབྱུང་གནས་མཚན་ནི་ཡོངས་སུ་གྲགས༔ གདུལ་དཀའ་འདུལ་མཛད་ཐུགས་རྗེ་ཐབས་ཀྱི་སྐྱོང་༔ ཡོ་ག་རྣམ་གསུམ་ཆོས་ཀྱིས་སྨིན་པར་མཛད༔ ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས༔ གཅེན་པོ་ཚེ་དབང་རིག་འཛིན་ཞེས་སུ་གྲགས༔ ཡུམ་ནི་ཡུམ་མཆོག་འོད་ལྡན་འབར་མ་མཚན༔ གང་འདུལ་འགྲོ་བའི་དོན་དུ་སྣ་ཚོགས་སྤྲུལ༔ གསང་བའི་ཡུམ་ལྔ་ལས་ཀྱི་ཕྱག་རྒྱ་སྟོང་༔ ཁྱོད་ནི་སངས་རྒྱས་རིགས་ཀྱི་མཁའ་འགྲོ་སྟེ༔ འཆི་མེད་པད་འབྱུང་བདག་གི་གསང་བའི་གྲོགས༔ ཚོགས་ཀྱི་བདག་ཉིད་དུས་གསུམ་འགྱུར་བ་མེད༔ གསང་སྤྱོད་འགྲོ་དོན་ཚེ་འཛིན་ཁྱོད་ལ་རག༔ ཅེས་གསུངས་མཁའ་ནས་དོག་བབ་ཕོ་བྲང་བྱོན༔ ཉིན་བཞིན་སྐྱེད་མོས་ཚལ་དུ་ཆོས་གསུངས་བྱོན༔ རེ་ཞིག་འཕྲང་སྲུང་བ་གླང་རྫི་བོ་ཞིག༔ ལས་ངན་བ་གླང་བོར་ནས་བཙལ་བ་ལ༔ རྒྱལ་སྲས་དང་པོ་ས་ལ་བབས་པ་དང་༔ ལྷ་ལྕམ་ཕོ་བྲང་ནང་དུ་སྤྱན་དྲངས་དང་༔ འཇབ་བུས་ཉན་སོང་ཕོ་སྐད་ཡིན་པར་ཐོས༔ ལྷ་ལྕམ་བསླུ་བ་པོ་ཞིག་ཡིན་པར་སེམས༔ དགེ་སྦྱོང་འཁྱལ་ནས་ཆོས་མིན་སྤྱོད་པར་བསྒྲགས༔ འཕྲང་སྲུང་རྣམས་ཀྱང་སྐྲག་ཅིང་བློན་ལ་ཞུས༔ བློན་འབངས་ཐམས་ཅད་ཡིད་མི་བདེ་བར་གྱུར༔ ཕྱི་ནང་བློན་པོ་ཐམས་ཅད་གྲོས་བསྡུར་ཀྱང་༔ ལ་ལས་རེ་ཞིག་བརྟགས་དང་ཟེར་བ་དང་༔ ལ་ལས་སྔར་ཞུས་ཅུང་གྲགས་ཞེས་གླེང་ནས༔ རྒྱལ་ལ་ཞུ་བ་ཕུལ་བའི་གྲོས་ཀྱིས་བཅད༔ ཕོ་བྲང་ནང་ཕྱིན་བློན་པོ་ལེགས་ལྡན་གྱིས༔ པུས་བཙུགས་ཐལ་མོ་སྦྱར་ནས་འདི་སྐད་ཞུས༔ ཀྱེེ༔ གསོན་དང་དབང་ཆེན་རྒྱལ་པོ་རིན་པོ་ཆེ༔ རང་རེའི་ལྷ་ལྕམ་མནྡ་ར་བ་ནི༔ དབེན་རིར་བྱང་ཆུབ་བསྒྲུབས་ནས་དགེ་སྦྱོར་འཕེལ༔ མཚན་སྙན་རྒྱལ་ཁམས་ཁྱབ་པར་གྱུར་ན་ཡང་༔ ད་ཞག་འཕྲང་སྲུང་རྣམས་ཀྱི་བྱ་ར་ལས༔ དང་པོ་ནམ་མཁའི་དབྱིངས་སུ་འཇའ་ཚོན་དབུས༔ སྐྱེས་བུ་མཚན་དཔེ་འོད་ཀྱི་སྐུ་རུ་བཞུགས༔ རེ་ཞིག་ལྷ་ལྕམ་མདུན་དུ་ས་ལ་བབས༔ ཐ་མ་ལྷ་ལྕམ་ཕོ་བྲང་ནང་དུ་དྲངས༔ ལྷ་དང་བསླུ་བ་གང་ཡིན་ཆ་མ་མཆིས༔ ཞུས་པས་རྒྱལ་པོ་ཤིན་ཏུ་མ་དགྱེས་བཀས༔ ཧོ༔ རྒྱལ་པོའི་བློན་པོའི་ཚོགས་རྣམས་མ་ཡེངས་ཉོན༔ དབང་ཆེན་རྒྱལ་པོ་གཙུག་ལག་འཛིན་པ་ངའི༔ བུ་མོ་ལྷ་ལྕམ་མནྡ་ར་བ་འདི༔ མཚན་བཟང་ལྷ་ཀླུ་བས་ཀྱང་འགྲན་ཟླ་བྲལ༔ གཞན་དག་རྒྱལ་ཁག་ཀུན་གྱིས་ཐོབ་ཤག་བྱས༔ རྒོལ་བ་མ་བྱུང་ལྷ་ལྕམ་ཆོས་བྱེད་གནང་༔ མེ་ཏོག་གླིང་དུ་གཙང་དག་སྡོམ་པ་ཕོག༔ དགེ་སྦྱོར་འགྲུབ་པས་ས་སྟེང་སྙན་གྲགས་ཁྱབ༔ ད་རེས་མི་སྙན་སྐད་འདི་ཐོས་པ་ལ༔ ལྷ་དང་བསླུ་བ་གང་ཡིན་ལྟ་རུ་སོང་༔ བདེན་རྫུན་གང་ཡིན་མ་གསང་ལྟོས་ལ་ཤོག༔ ཅེས་པའི་བཀའ་བཞིན་བློན་འབངས་ལྔ་བཅུ་ཙམ༔ བང་མགྱོགས་ལྔ་བཅས་བློན་པོ་སྒོ་ཁར་ཕྱིན༔ སྒོ་ནས་གཡོག་མོ་གཉིས་ཀྱིས་མ་འོང་ཟེར༔ ཤེད་ཀྱིས་ཕྱིན་པས་སྒོ་ཁའི་མཚམས་སུ་སླེབ༔ རྒྱལ་པོས་སྲས་མོ་ཁྱོད་ལ་ཞུ་ཕྲིན་ཡོད༔ ཞུས་ཀྱང་མ་ཐར་གཡོག་མོ་ཀུན་གྱིས་བཀག༔ ལྷ་ལྕམ་སྐད་ཀྱི་གསུང་ཚིག་ཟུང་ཞིག་ཐོས༔ བདག་གིས་བླ་མེད་བྱང་ཆུབ་སྒྲུབ་པ་ལ༔ སྐལ་མེད་ཐོ་འཚམས་བར་ཆད་མ་གཏོང་ཞིག༔ ཅེས་གསུངས་ཕོ་བྲང་ནང་དུ་མ་ཐར་ནས༔ ལྷ་ལྕམ་མ་མཇལ་ཕྱི་ལ་ལོག་པར་གྱུར༔ རྒྱལ་པོ་ཤིན་ཏུ་ཐུགས་ཁྲོས་བཀའ་ཡིས་བཀྱོན༔ ཧོ༔ ཉོན་དང་ཕྱི་ནང་བློན་པོ་ཐམས་ཅད་ཉོན༔ རྒྱལ་སྲས་ཡིན་ཀྱང་ཆོས་མཐར་མ་ཕྱིན་ནས༔ ཡབ་ལ་དོ་བསྡོས་གཉེན་ལ་དགྲ་རུ་འཆང་༔ བུ་མོའི་རང་བློ་རང་ཆུས་ལད་པའི་རྒྱུ༔ མཐའ་ཡི་སྒྱུ་མ་མཁན་དང་སྡེབས་པ་འདི༔ ནམ་ཕུག་རྒྱལ་ཁམས་ཕུང་པའི་འདྲེ་ཡིན་པས༔ གཉིས་ཀ་རས་ཀྱི་ཐག་པས་ལྷན་དུ་དཀྲིས༔ ཙནྡན་དམར་པོ་ཏ་ལའི་ལོ་མ་རྣམས༔ ཏིལ་མར་བྱུག་ལ་ཕོ་མོ་གསོན་བསྲེགས་གྱིས༔ གཡོག་མོ་ལྔ་བརྒྱ་བཙོན་དོང་ནང་དུ་ཆུག༔ ཅེས་པའི་བཀའ་ཚིག་དྲག་པོ་བཟློག་མ་ནུས༔ དབེན་རིར་ཕྱིན་ལ་ཡབ་ཡུམ་གཉིས་པོ་བཟུང་༔ ཙནྡན་མེ་དཀྱིལ་བཞག་ནས་མེ་ལྕེ་སྦར༔ ལྷ་མི་དཀར་ཕྱོགས་རྣམས་ནི་གདུང་ཞིང་ངུས༔ ནག་ཕྱོགས་བདུད་རིགས་རྣམས་ནི་དགའ་ཞིང་མགུ༔ ཞག་མ་བདུན་ལ་མེ་ནི་མ་ཆད་འབར༔ འཆི་མེད་རིག་འཛིན་ཡབ་ཡུམ་རྫུ་འཕྲུལ་གྱིས༔ མེ་དཔུང་མཚོ་རུ་བསྒྱུར་ནས་གླིང་ཆེན་ཁྱབ༔ མཚོ་དབུས་པདྨའི་སྡོང་པོ་རྩེ་ལྔ་པ༔ དབུས་སུ་འཆི་མེད་རིག་འཛིན་པདྨ་འབྱུང་༔ སྐུ་མདོག་དཀར་དམར་གཞོན་ནུ་ལོ་བརྒྱད་ཚུལ༔ རུས་པའི་རྒྱན་དྲུག་རྡོ་རྗེ་ཐོད་པ་འཛིན༔ གཡོན་ཕྱོགས་པདྨའི་འདབ་སྟེང་ལྷ་ལྕམ་མ༔ སྔར་ལས་མཛེས་སྡུག་བདུད་རྩི་ཡབ་ལ་འབུལ༔ ཕྱོགས་བཞི་ཌཱཀྐི་བཞི་བཞེངས་ཁ་ཊྭཱཾ་འཆང་༔ མཚོ་མཐར་མེ་རི་དམར་པོ་ལམ་ལམ་འབར༔ ལྷ་ཀླུ་མི་གསུམ་མཆོད་པའི་བྱེ་བྲག་འབུལ༔ མཁའ་འགྲོའི་ཚོགས་ཀྱིས་ཁྲུས་གསོལ་བསྟོད་ཚིག་འབུལ༔ ཕྱོགས་བཅུར་དྲི་བཟང་དུད་པ་ཀྱི་ལི་ལི༔ རྒྱལ་བློན་ཐམས་ཅད་ཡིད་ནི་མ་ཆེས་ཏེ༔ བློན་པོ་ཤུགས་ལྡན་ཕྱོགས་སུ་བལྟ་བཏང་བས༔ རིག་འཛིན་ཡབ་ཡུམ་མཚོ་དབུས་སྔར་ལྟར་བཞུགས༔ ངོ་མཚར་བཀོད་པ་བསམ་གྱིས་མི་ཁྱབ་པ༔ ལྷ་ཀླུ་རྣམས་ཀྱིས་མཆོད་སྤྲིན་རོལ་མོ་འཁྲོལ༔ མཁའ་འགྲོའི་ཚོགས་ཀྱིས་ཁྲུས་གསོལ་ཚོགས་འཁོར་འབུལ༔ འཇའ་ཚོན་དྲི་བཟང་སྨན་གྱིས་ཕྱོགས་ཀུན་ཁྱབ༔ བལྟ་ཉུལ་རྣམས་ཀྱང་ཡེངས་ནས་རེ་ཞིག་ལུས༔ ཕྱི་ལ་ལོག་ནས་རྒྱལ་བློན་ལོ་རྒྱུས་ཞུས༔ རྒྱལ་པོ་ཤིན་ཏུ་འགྱོད་ཅིང་བློན་འཁོར་ལ༔ ཧོ༔ ཉོན་དང་བློན་པོ་འབངས་འཁོར་ཐམས་ཅད་ཉོན༔ ཟ་ཧོར་རྒྱལ་པོ་གཙུག་འཛིན་ང་ཉིད་ཀྱིས༔ ཆོས་དང་འཇིག་རྟེན་ཕུན་སུམ་ཚོགས་བཟུང་ནས༔ ལས་སྤྱོད་དག་པའི་དགེ་ལ་བརྩོན་ན་ཡང་༔ ལྷ་ལྕམ་སྐྱེས་ནས་གཟུགས་མཛེས་གཞན་རྐྱེན་བསླང་༔ ཆོས་ལ་མ་འཆམས་རྩོད་པ་སྣ་ཚོགས་བྱས༔ འོན་ཀྱང་ཆོས་མཐར་མ་ཕྱིན་མི་ཁ་ཁྲེལ༔ འཇིག་རྟེན་རྒྱལ་པོའི་བྱ་བ་སྲིད་པ་ཙམ༔ མ་རིག་སེམས་ཅན་མུན་གླིང་གནས་པ་ལ༔ སངས་རྒྱས་སེམས་ཅན་བྱེ་བྲག་སུ་ཡིས་ཤེས༔ བྱ་བ་མ་བརྟག་བྱས་པས་འགྱོད་རེ་ཆེ༔ ཀྱེ་མ་ཀྱི་ཧུད་རྒྱལ་པོ་ང་རེ་ཕོངས༔ ཅི་ལྟར་བསམ་ཀྱང་སྙིང་ཁར་རླུང་གིས་གང་༔ སྐྱོ་བའི་མཆི་མ་ཆུ་ལྟར་བྲུག་པར་གྱུར༔ ཞེས་གསུངས་དེ་ལ་བློན་པོ་ལེགས་ལྡན་གྱིས༔ ཀྱེེ༔ དབང་ཆེན་རྒྱལ་བློན་བཙུན་མོ་འཁོར་འབངས་ཀུན༔ ད་རེས་རང་རེ་རྒྱལ་བློན་བྱ་བ་འདི༔ འཛམ་བུ་གླིང་ལ་མི་སྲིད་པ་ཡི་ལས༔ ངེད་ཅག་བྱ་བ་འདི་ནི་བློ་རེ་འཁྲུལ༔ བཤགས་ན་ཨེ་འདག་སྤྲུལ་པའི་སྐུ་ལ་ཞུ༔ རྒྱལ་པོ་ཡབ་ཡུམ་བློན་འཁོར་སྦྲན་བཏང་ནས༔ སྡིག་པ་བཤགས་པའི་ཞུ་འབུལ་བྱེད་དུ་འགྲོ༔ མ་ཤེས་དབང་གྱུར་བཤགས་བྱར་ཡོད་དོ་སྙམ༔ ཞུས་ནས་རྒྱལ་བློན་ཐམས་ཅད་གྲོས་ཐག་ཆོད༔ རྒྱལ་པོས་གླང་པོ་རིན་ཆེན་གཙུག་ཅན་ཆིབས༔ བཙུན་མོ་བློན་པོ་རྣམས་ཀྱིས་རྟ་ལ་ཞོན༔ འཁོར་བ་རྐང་ཐང་རྒྱལ་ཁབ་ཡོད་པ་ཀུན༔ བུང་བ་ཚང་ཞིག་ལྟ་བུར་མཚོ་གླིང་ཕྱིན༔ རིག་འཛིན་ཡབ་ཡུམ་པད་སྡོང་རྩེ་ལ་བཞུགས༔ རྒྱལ་བློན་འཁོར་བ་ཀུན་ཀྱང་མཚོ་འགྲམ་ལྷགས༔ རྒྱལ་པོས་ཐོད་བཀྲོལ་ཕྱག་འཚལ་འགྱོད་སེམས་ཀྱིས༔ མགོ་བོས་ས་བརྡུང་བརྒྱལ་ཐབས་ལན་གསུམ་གྱུར༔ བཙུན་མོ་བློན་འཁོར་ཀུན་ཀྱང་འགྱོད་སེམས་ཀྱིས༔ སྨྲེ་སྔགས་ཆར་བཞིན་ཕབ་ཅིང་ཕྱག་ཀྱང་འཚལ༔ རྒྱལ་པོའི་དབུགས་བསྲིང་ཕྱག་ན་རིན་ཆེན་ཐོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་སྣ་ཚོགས་འབུལ༔ གནོང་འགྱོད་ཞུམ་པའི་སེམས་བཅས་འདི་སྐད་ཞུས༔ ཨེ་མ༔ དུས་གསུམ་སངས་རྒྱས་མངོན་བྱོན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཐབས་ཀྱིས་སེམས་ཅན་ཁ་ལོ་བསྒྱུར༔ སྐྱེ་འཆི་མི་མངའ་རྡོ་རྗེ་ལྟ་བུའི་སྐུ༔ འགྲོ་ཀུན་སྐྱོབས་མཛད་ཁྱེད་ལ་ཕྱག་འཚལ་ལོ༔ བརྩེ་བའི་ལྷ་མཆོག་ཐུགས་རྗེའི་སྤྱན་གྱིས་གཟིགས༔ མགོན་ཏུ་བྱོན་པའི་ལྷ་ལྕམ་གྲོགས་སུ་བསྟེན༔ བདག་ཅག་མ་རིག་དབང་གིས་ལོག་པར་བལྟས༔ སྐྱོན་ཡོན་མ་ཤེས་གཤེད་མས་མེ་ལ་བསྲེགས༔ ཉེས་ལྟུང་ལོག་པའི་ལས་བྱས་མཐོལ་ལོ་བཤགས༔ རྒྱལ་བ་ཁྱོད་ཀྱི་སྐུ་ལ་བཟོད་པར་གསོལ༔ དེ་སྔོན་མཚམས་མེད་ལས་བྱས་འགྱོད་པ་སྐྱེས༔ ད་ལྟར་མི་འཆབ་མི་སྦས་དྲག་པོས་བཤགས༔ ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་མི་བྱེད༔ སྤྲུལ་པའི་སྐུ་མཆོག་བཤགས་པའི་དཔང་སོར་བཙུགས༔ རྒྱལ་སྲིད་དབང་ཐང་ལུས་སྲོག་རྒྱན་དང་བཅས༔ ཁྱེད་ལ་འབུལ་གྱིས་ཡོངས་སུ་བཞེས་པར་མཛོད༔ ལས་ངན་དབང་གྱུར་ཟ་ཧོར་རྒྱལ་པོའི་ཡུལ༔ སྤྱན་དྲངས་ཐུགས་རྗེས་རྗེས་སུ་བཟུང་ནས་སུ༔ ཟབ་པའི་གདམས་པ་མ་ལུས་གནང་བ་དང་༔ འདི་ཕྱི་རེ་ལྟོས་ཁྱེད་ཀྱིས་མཛད་དུ་གསོལ༔ དེ་སྐད་ཞུས་ནས་རིན་ཆེན་མནྜལ་ཕུལ༔ དེ་ལ་རིག་འཛིན་ཆེན་པོས་འདི་སྐད་གསུངས༔ ཀྱེེ་ཧོ༔ རྒྱལ་བློན་ཁྱོད་རྣམས་མ་ཡེངས་ཚིག་ལ་ཉོན༔ ང་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ འགྲོ་བ་ཡོངས་ཀྱི་མགོན་དུ་བཏང་བ་ཡིན༔ ཡེ་ནས་སྐྱེ་འཆི་མེད་ཅིང་མཐའ་དང་བྲལ་༔ ང་ནི་འཆི་མེད་པདྨ་འབྱུང་གནས་སྟེ༔ ཐུགས་རྗེ་ཀུན་སྒྲོལ་རྡོ་རྗེ་ཕག་མོ་ཡུམ༔ ཡང་སྤྲུལ་ལྷ་ལྕམ་མནྡ་ར་བ་ཡིན༔ ལས་ཀྱི་དབང་གིས་ཁྱོད་ཀྱི་སྲས་མོར་གྱུར༔ དོན་དུ་ཡེ་ཤེས་མཁའ་འགྲོ་མངོན་སུམ་ཡིན༔ སྔོན་གྱི་དམ་ཚིག་ང་ཡི་ཡུམ་སྐལ་ངེས༔ ང་ཉིད་མ་གཏོགས་གཞན་མ་སུས་མི་དབང་༔ ལྷ་ལྕམ་སྤྲུལ་པ་མཁའ་འགྲོ་རིགས་ཅན་ལྔ༔ གསང་སྤྱོད་འགྲོ་དོན་དཔག་མེད་འདི་ལ་རག༔ སྙིང་རྗེའི་ཡུལ་གྱུར་རྒྱལ་པོའི་སྡིག་སྦྱོང་དང་༔ བསྟན་པའི་གཞི་མ་ཆགས་པའི་གཉེར་གཏད་ཆེད༔ ལན་གཅིག་ཟ་ཧོར་ཞིང་དུ་གཤེགས་སོ་གསུངས༔ དེ་ཚེ་ལྷ་ལྕམ་ཞལ་ནས་འདི་སྐད་གསུངས༔ ཀྱེེ༔ ཟ་ཧོར་རྒྱལ་བློན་སྙན་གྱིས་གསོན་མཛོད་ལགས༔ བུ་མོ་ལྷ་ལྕམ་མནྡ་ར་བ་ང་༔ རྒྱལ་པོ་ཡབ་ཡུམ་བློན་པོས་ལོད་ན་ཡང་༔ གྲངས་མེད་དུས་ནས་བྱང་ཆུབ་སེམས་མཆོག་བསྐྱེད༔ མི་ལུས་ཐོབ་ཅིང་བླ་མེད་དགེ་ལ་སྤྱོད༔ འདི་ཕྱིའི་སྐྱབས་གནས་བླ་མ་ཉིད་དང་མཇལ༔ ཟབ་པའི་གདམས་པ་རིན་ཆེན་གསེར་ཞུན་ཐོབ༔ སྒོམ་སྒྲུབ་ལྷུར་ལེན་རྣལ་འབྱོར་མ་རུ་གྱུར༔ ཁོ་མོ་རང་གི་དྲིན་ཡང་རང་ལ་ཆེ༔ ཁྱོད་ཅག་བྱེད་པ་སྔོན་པོ་གནམ་གྱིས་ཤེས༔ ཕ་མ་ཡིན་ཀྱང་ཁྱི་བས་ལོད་པར་བལྟ༔ བློན་འབངས་འཁོར་འདབ་ཡིན་ཡང་ཞེ་ཤ་བཅད༔ མི་སྲིད་པ་ཡི་རྒྱལ་བློན་ཁྲེལ་མེད་རྣམས༔ སངས་རྒྱས་དངོས་བྱོན་གཤེད་མས་མེ་ལ་བསྲེགས༔ དྲིན་ཅན་ཕ་མ་ཡིན་ཀྱང་ཡིད་རེ་ཆད༔ དཀོན་མཆོག་གསུམ་གྱིས་གཟིགས་ན་ཐུགས་རེ་ལོག༔ དམ་ཅན་སྲུང་མས་མཐོང་ན་སྲོག་རྩ་བཀུམ༔ རྒྱལ་ཁམས་ཡོངས་ཀྱིས་ཐོས་ན་ཞེ་རེ་ཁྲེལ༔ ལས་ངན་བདུད་སྡེའི་ཚོགས་ལ་རེ་བ་མེད༔ ཐོས་ན་སྐྱི་འཇིགས་མཐོང་ན་སྐྱུག་རེ་བྲོ༔ སྐྱབས་གནས་ཀུན་འདུས་འཆི་མེད་པདྨ་འབྱུང་༔ ད་ལྟར་འཆི་ཡང་འབྲལ་མེད་ཐུགས་རྗེས་བཟུང་༔ ཕྱི་མ་ང་ནི་མཁའ་སྤྱོད་བདེ་བ་ཅན༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་རྗེ་མཛད༔ རྒྱལ་པོ་ཡབ་ཡུམ་ཐུགས་དགོངས་རྫོགས་གྱུར་ཅིག༔ ཟ་ཧོར་ཡུལ་ནས་ཐར་དུས་ཕྱིར་མི་འགྲོ༔ ངེས་དོན་བྱང་ཆུབ་སེམས་མཆོག་སྒྲུབ་ལ་འགྲོ༔ རྒྱལ་བློན་ཚོགས་ཀྱི་ཐུགས་དམ་དབེན་པོར་མཛོད༔ ཅེས་གསུངས་རྒྱལ་བློན་བཙུན་མོ་འགྱོད་སེམས་སྐྱེས༔ ས་ལ་བརྒྱལ་ཐབས་ལན་གསུམ་དྲན་མེད་སོང་༔ རྒྱལ་པོ་དབུགས་བསྲིང་འགྱོད་པས་འདི་སྐད་དུས༔ ཀྱེེ་མ༔ ཡེ་ཤེས་མཁའ་འགྲོ་དངོས་སུ་བྱོན་ན་ཡང་༔ རྒྱལ་པོའི་སྲས་གྱུར་རྒྱལ་པོ་མ་རིག་དབང་༔ ཁར་སོང་ལྷ་ལྕམ་ཡབ་ཡུམ་མེ་ལ་བསྲེགས༔ བྱ་བ་མ་མཁས་རྒྱལ་པོ་ང་རེ་ཕོངས༔ མཆོད་གནས་མི་བྱོན་ཕ་མར་མི་བརྩེའམ༔ བཤགས་པས་འདག་མེད་ཕ་རོལ་དམྱལ་བར་སྐྱེ༔ དེ་ཚེ་སྐྱོབས་པའི་ནུས་མཐུ་སུ་ལ་རེ༔ རྒྱལ་བའི་སྐུ་ལ་སྐྱེ་འཆི་མི་མངའ་བས༔ འགྱོད་བཤགས་མི་ལེན་བཤགས་བྱེད་གང་ལ་བཙལ༔ འགྲོ་དྲུག་སེམས་ཅན་གདུལ་དཀའི་ལས་ངན་རྣམས༔ ཐུགས་རྗེས་བོར་ན་འཇིགས་སྐྱོབས་སུ་ལ་རེ༔ སེམས་ཉིད་སངས་རྒྱས་ཡིན་ཀྱང་ལུས་བསྐྱེད་པའི༔ ཕ་མའི་དྲིན་ལན་མི་གསོབ་བཟོད་ལགས་སམ༔ བཟང་ངན་ལས་ཀྱིས་འབྲེལ་བའི་ཟ་ཧོར་རྒྱལ༔ ཐུགས་རྗེས་བཏང་འབྲལ་མེད་པར་བཟུང་དུ་གསོལ༔ སྐྱེད་སྨིན་རྒྱལ་པོའི་སྡུག་བསྔལ་སྐྱོབས་པར་མཛོད༔ ཅེས་ཞུས་འགྱོད་པས་ཕྱག་འཚལ་བརྒྱལ་ཐབས་སོང་༔ དེ་ལ་ལྷ་ལྕམ་ཉིད་ནི་སྙིང་རྗེ་སྐྱེས༔ ཧོ༔ ཉོན་དང་ཟ་ཧོར་རྒྱལ་བློན་ལས་མེད་རྣམས༔ སྔོན་ཚེ་དུས་ནས་མ་རིག་ལོག་པའི་དབང་༔ འཁོར་བའི་སེམས་ཅན་སྡུག་བསྔལ་ལུས་སུ་བླངས༔ དབང་ཆེན་རྒྱལ་པོ་སྡིག་པའི་དེད་དཔོན་སྐྱེས༔ བུད་མེད་སྐྱེས་དམན་འཁོར་བའི་སྐྱེ་ཤིང་བཙུགས༔ ཁྲེལ་མེད་བློན་པོ་རང་གཞན་གཉིས་ཕུང་འདྲེ༔ ཤེས་མེད་འཁོར་འབངས་རང་བདུད་རང་གིས་བྱེད༔ ལས་ངན་བསགས་རྣམས་སྙིང་ནས་ཡིད་རེ་ཆད༔ ཡིད་རེ་ཆད་ཀྱང་རྒྱལ་བློན་སྙིང་རེ་རྗེ༔ མཚམས་མེད་ལས་བསགས་རྒྱ་མཚོའི་འཇིང་ཟབ་འདྲ༔ རྣམ་སྨིན་མ་ཟད་བར་དུ་ཐར་དུས་མེད༔ འདི་ལ་སྐྱོབས་པ་རིག་འཛིན་མ་གཟིགས་ཤིང་༔ ཡལ་བར་དོར་ན་མགོན་སྐྱབས་སུ་ལ་རེ༔ ད་ནི་ཕ་མ་བུ་ཡི་འདུ་ཤེས་ཀྱིས༔ རྒྱལ་བློན་ཚོགས་ཀྱི་དད་པ་ཆུད་མི་གསོན༔ མི་དགེའི་སྡིག་སྐྱོབས་ཞིང་ཁམས་ཆོས་ལ་བསྒྱུར༔ དཀོན་མཆོག་མཆོད་བསྟོད་སྐུ་གསུང་ཐུགས་རྟེན་བཞེངས༔ འཆི་མེད་རིག་འཛིན་ཡབ་ཡུམ་ཞབས་ནས་ཐེག༔ ཅི་གསུངས་བཀའ་ཡི་ཕྲིན་ལས་སྒྲུབ་པ་ན༔ ཁོ་མོ་ལྷ་ལྕམ་མནྡ་ར་བ་གཤེགས༔ ཞེས་གསུངས་རྒྱལ་པོ་ཡབ་ཡུམ་བློན་འཁོར་བཅས༔ གུས་པས་ཕྱག་འཚལ་གདུང་བའི་མཆི་མ་བཏོན༔ དེ་ཚེ་མདུན་གྱི་ནམ་མཁར་འཇའ་སྤྲིན་འཁྲིགས༔ དབང་གི་མེ་རི་གུར་ཐབས་འབར་བའི་ཀློང་༔ དྲན་པ་ནམ་མཁའ་འཇམ་དཔལ་གཤེན་རྗེར་ཁྲོས༔ ཡུམ་མཆོག་འོད་ལྡན་འབར་མ་དཀར་མོ་འཁྲིལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་དོར་སྟབས་དུར་ཁྲོད་དཔལ་ཆས་རྫོགས༔ དྲག་པོའི་འཇིག་ཚོགས་བལྟ་བས་མི་བཟོད་འབར༔ ཧཱུྃ༔ ང་ནི་དྲན་པ་བདུད་འདུལ་གཤིན་རྗེ་གཤེད༔ འཇམ་དཔལ་གར་དབང་རཀྴ་བདུད་སྲིན་བཏུལ༔ ལོག་པར་བལྟ་རྣམས་མཐུ་སྟོབས་དྲག་པོས་འཇོམས༔ སྲིད་གསུམ་ཟིལ་གནོན་ནག་ཕྱོགས་མྱུར་དུ་སྒྲོལ༔ དེ་བས་ལོག་འདྲེན་སྡེ་ཚོགས་བཀའ་ལ་ཉོན༔ མ་འདའ་སྲོག་གི་དབང་པོ་བླང་ལ་ཉེ༔ ཞེས་གསུངས་འབྲུག་སྒྲ་གློག་དམར་ཐོག་མདའ་འཕངས༔ རྒྱལ་བློན་འབངས་ཚོགས་རེངས་ཤིང་མྱོག་པར་བྱས༔ དྲན་པ་ཡབ་ཡུམ་ཁྲོས་པའི་སྐུ་བཤིགས་ནས༔ རིག་འཛིན་ཆས་ཅན་འོད་ལྡན་པད་གཡོན་འཁྱུད༔ ཞལ་ནས་ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས༔ ཨ་ཧོ༔ རྒྱལ་བ་ཀུན་གྱི་ཐུགས་དགོངས་གཅིག་དྲིལ་ཞིང་༔ འགྲོ་ལ་རྣམ་པར་བརྩེ་བའི་ཐུགས་རྗེ་ཅན༔ སྟོབས་བཅུའི་མངའ་བདག་འཆི་མེད་པདྨ་འབྱུང་༔ སྔོན་ཚེ་གོང་ནས་བཟང་ངན་ལས་ཀྱིས་འབྲེལ༔ དུས་བབ་གདུལ་བྱ་གང་ལ་གང་འདུལ་བསྟན༔ ཐེག་མཆོག་བླ་མེད་གསང་སྔགས་བསྟན་པ་སྐྱོང་༔ བརྟུལ་ཞུགས་ཆེན་པོའི་འགྲོ་དོན་སྨོན་ལམ་ཡོད༔ ཐབས་ལ་མཁས་པས་ཟ་ཧོར་རྒྱལ་ཁམས་སྐྱོང་༔ སངས་རྒྱས་བསྟན་པའི་རྒྱལ་མཚན་ནུབ་མེད་ཚུགས༔ འགྲོ་དོན་གང་འཕེལ་ཕྱོགས་མེད་གདུལ་དཀའ་འདུལ༔ མཁའ་མཉམ་འགྲོ་ཀུན་སྐྱོབས་པའི་དཔལ་གྱུར་ཅིག༔ ཅེས་གསུངས་ཐུགས་ཀའི་འོད་ཟེར་དཀར་དམར་མཐིང་༔ ཧཱུྃ་ཧཱུྃ་ཧཱུྃ༔ སྒྲ་འོད་ཟེར་དང་བཅས་པ༔ མཚོ་དབུས་འཆི་མེད་རིག་འཛིན་ཡབ་ཡུམ་གྱི༔ སྐུ་གསུང་ཐུགས་ལ་ཐིམ་སྟེ་བྱིན་གྱིས་བརླབས༔ དྲན་པ་ཡབ་ཡུམ་ནམ་མཁའི་དབྱངས་སུ་གཤེགས༔ རྒྱལ་བློན་ཀུན་གྱིས་མཐོང་བས་དད་པ་སྤྲོ༔ ཡང་ཞིག་མཁའ་ལ་འཇའ་ཚོན་སྣ་ལྔ་འཕྲོས༔ མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་ག་ལྔ༔ ལྷ་རྫས་སྣ་ཚོགས་ཐོགས་ནས་འདི་སྐད་བསྟོད༔ ཨེ་མ༔ སྐྱེ་འགག་གཉིས་མེད་སྐུ་གསུམ་ཡོངས་རྫོགས་སྐུ༔ མཐའ་ཡས་འགྲོ་ཀུན་ཚད་མེད་བཞི་ཡིས་བསྐུལ༔ སྣང་སྲིད་སྐུ་དང་ཞིང་ཁམས་གསལ་བར་མཛད༔ མི་མཇེད་ཞིང་ཁམས་ཇི་སྙེད་འདུལ་མཛད་པ༔ གསང་བའི་ཞིང་དང་གནས་གསུམ་དུར་ཁྲོད་ན༔ ཟག་མེད་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས༔ སྐུ་ལྔ་ཡེ་ཤེས་ལྔ་ལ་རང་དབང་ཐོབ༔ དུག་ལྔ་སྤང་མེད་རང་གྲོལ་གནས་སུ་དག༔ རིགས་ལྔ་མཁའ་འགྲོ་ཡུམ་དང་གཉིས་མེད་རོལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱུན་འཁོར་ལོ༔ གསང་སྤྱོད་བདེ་བའི་དགོངས་པའི་ངང་དུ་ཆུབ༔ སྲིད་གསུམ་ཟིལ་གནོན་རིགས་དྲུག་སྡུག་བསྔལ་སེལ༔ དུས་གསུམ་རྒྱུན་ཆད་མེད་པར་ཆོས་འཁོར་བསྐོར༔ དེ་ཡང་འཆི་མེད་རིག་འཛིན་ཡབ་ཡུམ་གཉིས༔ གང་འདུལ་འགྲོ་ངོར་མཁའ་འགྲོའི་ཚོགས་དང་གཤེགས༔ མཛད་པའི་ཕྲིན་ལས་རྩོལ་མེད་གྲུབ་ལ་བསྟོད༔ མ་འོངས་ཆོས་དབྱིངས་འབྲལ་མེད་རྗེས་སུ་ཟུངས༔ ཁྱེད་ཀྱི་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ཞུས་མཁའ་འགྲོའི་ཚོགས་རྣམས་དབྱིངས་སུ་གཤེགས༔ རྒྱལ་བློན་ཀུན་གྱིས་མཐོང་བས་དད་སྤྲོ་སྐྱེས༔ ཡང་ཞིག་བར་སྣང་སྤྲིན་དཀར་འཁྲིགས་པའི་ཀློང་༔ བསྟན་སྲུང་རྒྱལ་ཆེན་སྡེ་བཞི་རྒྱལ་ཆས་ཅན༔ བཞེངས་ཤིང་དགྱེས་པའི་ཚུལ་གྱིས་འདི་སྐད་གསུངས༔ ཨེ་མ༔ བདེ་གཤེགས་ཀུན་འདུས་འཆི་མེད་རིག་འཛིན་རྗེ༔ རྒྱལ་བའི་ཡུམ་ཅིག་ལྷ་ལྕམ་མནྡ་ར༔ བསྟན་པ་སྲུང་མཛད་དྲེགས་པ་ཀུན་གྱི་གཙོ༔ སྔོན་ཚེ་སངས་རྒྱས་ནམ་མཁའ་མདོག་ཅན་དཔལ༔ གཞན་གྱིས་མི་ཐུབ་ཀུན་ལས་རྣམ་པར་རྒྱལ༔ དེ་ཡི་སྤྱན་སྔར་བསྟན་པ་སྲུང་བར་ཆད༔ ཀུན་ལ་དབང་བསྒྱུར་རྒྱལ་ཆེན་སྡེ་བཞི་སྟེ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་རྗེ༔ ལྷ་ལྕམ་མནྡ་ར་བ་ཡབ་ཡུམ་གཉིས༔ གང་འདུལ་གྲུབ་པར་མཛད་ལ་ཕྱག་འཚལ་བསྟོད༔ བདག་ཅག་རྒྱལ་ཆེན་སྡེ་བཞི་སྲིད་གསུམ་བདག༔ སྐད་ཅིག་ཙམ་ཡང་མི་འབྲལ་བསྟན་པ་བསྲུང་༔ ཁྱོད་ཀྱིས་ཐུགས་རྗེའི་རྗེས་སུ་བཟུང་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་བཀའ་ཡིས་གནང་བ་སྩོལ༔ དེ་སྐད་བསྟོད་ཅིང་རང་རང་གནས་སུ་གཤེགས༔ རྒྱལ་བློན་ཀུན་གྱིས་མཐོང་བས་དད་པ་སྤྲོ༔ དེ་ནས་ལྷ་ལྕམ་མནྡ་ར་བ་ཡིས༔ ཟ་ཧོར་ཞིང་ཁམས་བྱོན་ཚུལ་འདི་ལྟར་གསུངས༔ ཀྱེེ༔ ཉོན་དང་དབང་ཆེན་རྒྱལ་བློན་བྲན་འཁོར་བཅས༔ སངས་རྒྱས་འཇིག་རྟེན་ཁམས་སུ་བྱོན་གྱུར་པ༔ གདུལ་དཀའི་སེམས་ཅན་ལས་ཀྱི་བསོད་ནམས་ཡིན༔ དགའ་སྟོན་རོལ་མོ་མཆོད་པའི་སྤྲིན་ཚོགས་ཤོམས༔ དགྱེས་པའི་གླུ་གར་ཡ་རབས་སྤྱོད་པ་སྐྱོངས༔ རིག་འཛིན་ཆེན་པོའི་ཞལ་སྔར་མི་ཁྲེལ་ཞིང་༔ ཁོ་མོ་ལྷ་ལྕམ་སྙིང་ལ་གནོང་མེད་པའི༔ རྟེན་འབྲེལ་ལེགས་པའི་བྱ་བ་སྣ་ཚོགས་དགོས༔ བར་ཆད་དགེ་བསྐུལ་རྐྱེན་ངན་དངོས་གྲུབ་ཡིན༔ ནག་པོ་མེད་ན་དཀར་པོའི་མདངས་མི་འབྱིན༔ མི་དགེ་སྡིག་པ་དགེ་བའི་སྣ་འདྲེན་ཡིན༔ ཚོགས་བསགས་དད་དང་སྨོན་ལམ་ཡོད་དོ་གསུངས༔ རྒྱལ་བློན་ཕྱག་ནི་གྱང་འགྱེལ་བཞིན་དུ་འཚལ༔ དེ་ལ་ཟ་ཧོར་རྒྱལ་པོ་དགྱེས་ནས་སུ༔ ཞལ་ངོ་ཁྲུས་བཀྲུས་ཞལ་རས་དཀར་བ་བྱས༔ རྒྱལ་པོ་རང་གི་ཆས་ཀུན་ཚོགས་རྫོགས་ཕྱིར༔ རིག་འཛིན་སྐུ་ལ་གསོལ་དགོས་བསམ་ནས་སུ༔ བློན་པོ་དགེ་བསམ་དཀར་བ་ཞིག་ལ་ནི༔ རྒྱལ་པོའི་ཡུམ་རྒན་ལྷ་ལྕམ་མ་ཡུམ་ལ༔ ཟ་འོག་བེར་མཛོད་གསར་པའི་སྒོ་ཕྱེས་ཤིང་༔ ཡབ་ཡུམ་རྒྱལ་ཆས་བཟང་ཚན་ཆེ་དང་གཅིག༔ ཤིང་རྟ་འཁོར་ལོ་དར་གདུགས་རྒྱལ་མཚན་གཉིས༔ གླང་པོ་གྱད་ཆེན་ཤིང་རྟ་འདྲེན་པ་གསུམ༔ རྒྱལ་གྱི་ཕོ་བྲང་སྟེང་ཁང་ཡང་ཐོག་ཏུ༔ རིན་ཆེན་ཁྲི་གཉིས་དར་གུར་རྒྱབ་ཡོལ་དང་༔ མཆོད་པའི་སྤྲིན་ཚོགས་བསམ་ལས་འདས་པ་ཤོམས༔ ས་གཞི་ཐམས་ཅད་ཕྱག་དར་དྲི་བཟང་འཐོར༔ སྐྱེ་འགྲོ་ཡོངས་ཀྱིས་དད་ཕྱག་གསོལ་བ་ཐོབ༔ མཆོད་གནས་རྣམས་ཀྱིས་རོལ་མོ་སྤོས་ཀྱིས་བསུས༔ ཞེས་གསུངས་བློན་པོས་ཇི་ལྟར་བཅོལ་བཞིན་བསྒྲུབས༔ རྒྱལ་པོ་རང་ལ་གཅེས་པའི་རྒྱལ་པོའི་ཆས༔ རིན་ཆེན་པྲོག་ཞུ་གསང་གོས་ཟ་འོག་བེར༔ ཞབས་གཉིས་འབོལ་ལྷམ་རིན་ཆེན་མགུལ་ཕྲེང་སོགས༔ གཙང་ཞིང་དག་པར་ཁྲུས་ཀྱིས་བྱིན་གྱིས་བརླབས༔ འཆི་མེད་རིག་འཛིན་ཆེན་པོར་བཞེས་པར་ཞུས༔ བཙུན་མོ་རང་ལ་གཅེས་པའི་ཡུམ་གྱི་ཆས༔ རིན་ཆེན་མེ་ཏོག་དཔྲལ་རྒྱན་གསེར་གྱི་ཐུར༔ པཉྫ་ལི་ཀ་སྣ་ཚོགས་འཇོལ་བེར་དང་༔ ཕྱག་ཞབས་སྐུ་ལ་མཛེས་པའི་རིན་ཆེན་ཆས༔ མགུལ་གའུ་ནོར་བུའི་དོ་ཤལ་ཆགས་བུ་བཅས༔ གཙང་བྱས་ལྷ་ལྕམ་ཡུམ་གྱི་སྐུ་ལ་གསོལ༔ གསེར་གྱི་ཤིང་རྟ་འཁོར་ལོ་བརྒྱད་པའི་སྟེང་༔ དར་ཟབ་གདན་ལ་འཆི་མེད་ཡབ་ཡུམ་བཞུགས༔ གཡོག་མོ་ལྔ་བརྒྱ་བུ་མོ་གཙང་མའི་ཆས༔ དར་གདུགས་རོལ་མོ་མཆོད་པའི་སྤྲིན་ཚོགས་ཐོགས༔ རྒྱལ་པོས་སྡིག་སྒྲིབ་ཉེས་པ་སྦྱོང་བའི་ཕྱིར༔ རྒྱལ་པོ་རང་གིས་ཤིང་རྟའི་སྣ་ནས་འདྲེན༔ གླང་པོ་གཉིས་དང་གྱད་ཀྱི་མི་ཆེན་བརྒྱད༔ རིག་འཛིན་ཡབ་ཡུམ་སྤྱན་དྲངས་གཤེགས་པ་ན༔ ནམ་མཁའི་ལྷ་ཡིས་མེ་ཏོག་ཆར་པ་དབབ༔ བར་སྣང་མཁའ་འགྲོ་ཚོགས་ཀྱིས་རོལ་མོ་དཀྲོལ༔ ས་གཞིར་སྐྱེ་འགྲོ་ཡོངས་ཀྱིས་དད་ཕྱག་འཚལ༔ ངོ་མཚར་ལ་ལྟད་མོ་བ་རྣམས་སྤྲོ་བ་སྐྱེས༔ རྒྱལ་པོའི་ཕོ་བྲང་ནང་དུ་གཤེགས་ནས་སུ༔ རིན་ཆེན་ཁྲི་སྟེང་མི་གཡོ་བཞུགས་པར་གྱུར༔ ལྷ་རྫས་མཆོད་པའི་བྱེ་བྲག་སྣ་ཚོགས་ཕུལ༔ དེ་ཚེ་རྒྱལ་པོས་ཐོད་དཀྲོལ་གུས་ཕྱག་འཚལ༔ ལྷ་ལྕམ་མ་ཡིས་ཡིད་བཞིན་ནོར་བུ་དང་༔ རིན་ཆེན་ཕོངས་མེད་ཐོགས་ནས་འདི་ལྟར་གསོལ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་རྫོགས་པའི་སྐུ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་མཚན་དཔེའི་ཡོན་ཏན་འབར༔ གསུང་ནི་མི་འགགས་ཚངས་དབྱངས་དྲུག་ཅུའི་སྒྲ༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ འཆི་མེད་པདྨ་རྒྱལ་པོར་ཕྱག་འཚལ་བསྟོད༔ རང་བྱུང་རང་ཤར་ནམ་མཁའི་རང་བཞིན་ལས༔ དགའ་དང་མི་དགའི་རེ་དོགས་ཟུག་རྔུ་མེད༔ ཟག་མེད་འོད་སྐུ་འབྱུང་བ་མེས་མི་ཚུགས༔ མཛད་པའི་ཕྲིན་ལས་མངའ་ལ་ཕྱག་འཚལ་བསྟོད༔ ཡབ་ཅིག་རྒྱལ་པོ་མ་རིག་དབང་གྱུར་པས༔ མཚམས་མེད་ལས་ལོག་སྐུ་ལ་གནོད་སེམས་སྐྱེས༔ ཐར་མེད་ཉོན་མོངས་སྡུག་བསྔལ་རྦ་ལ་གཡེངས༔ འགྱོད་བཤགས་དྲག་པོའི་ཕུལ་བ་བཞེས་མཛོད་ཅིག༔ ཅེས་པས་ཕྱག་འཚལ་རྒྱལ་པོས་འདི་སྐད་ཞུས༔ ཨེ་མ༔ བསྐལ་བཟང་སངས་རྒྱས་མདོ་སྔགས་བསྟན་པའི་བདག༔ འཆི་མེད་རིག་འཛིན་གུ་རུ་ཡབ་ཡུམ་མཁྱེན༔ རྒྱལ་པོའི་ཉེས་སྒྲིབ་བག་ཆགས་བྱང་བ་དང་༔ འགྲོ་བའི་དོན་དུ་ཚོགས་རྫོགས་རྟེན་བཞེངས་དང་༔ གང་འདུལ་ཐེག་མཆོག་ཆོས་འཁོར་བསྐོར་བ་དང་༔ རྒྱལ་ཁམས་སྨིན་གྲོལ་ཆེན་པོར་མཛད་པའི་ཕྱིར༔ ལུས་དང་ལོངས་སྤྱོད་རྒྱལ་བཀོར་མངའ་རིས་བཅས༔ ཆགས་མེད་བློ་ཡིས་བླངས་ཏེ་འབུལ་ལོ་བཞེས༔ འདི་ཕྱིར་ཐུགས་རྗེའི་སྐྱོབས་པ་མིག་སེལ་བར༔ རྒྱལ་བློན་བསམ་པའི་དགོས་དོན་འགྲུབ་པར་མཛོད༔ ཅེས་ཞུས་འཆི་མེད་པདྨ་རྒྱལ་པོ་ཡིས༔ དགྱེས་པའི་ཚུལ་གྱིས་ཞལ་ནས་འདི་སྐད་གསུངས༔ ཨ་ཧོ༔ འཆི་མེད་རིག་འཛིན་པདྨ་རྒྱལ་པོ་ང་༔ སྐྱེ་འཆི་མེད་པ་འགྲོ་བའི་དོན་ལ་བྱོན༔ རྒྱལ་པོ་ཁྱོད་ཀྱི་དེ་སྔ་མ་ཤེས་ལས༔ འགྱོད་པའི་བློ་ཡིས་བླངས་ནས་བཤགས་པའི་ཐབས༔ ཡི་གེ་འཁོར་ལོ་རྫོགས་པ་དོན་གྱི་ལྷ༔ དཀྱིལ་འཁོར་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ༔ སྒྲུབ་པའི་ཞལ་ཕྱེས་ལྷ་ཞལ་མངོན་སུམ་མཐོང་༔ རྒྱལ་པོ་ཡབ་ཡུམ་རྒྱལ་སྲས་ཀུན་སྐྱོང་དང་༔ བློན་པོ་ལེགས་ལྡན་ལ་སོགས་གཙོ་འཛིན་ལ༔ སངས་རྒྱས་ཡི་གེ་སྟོང་པའི་དབང་ཡང་བསྐུར༔ ཡི་གེ་སྙིང་པོ་བསྐྱེད་རྫོགས་ཟབ་ཁྲིད་བསྟན༔ ལས་ཅན་དེ་རྣམས་སྨིན་གྲོལ་ལམ་ལ་བཀོད༔ ཕྱི་ནང་གསང་བའི་རྒྱུད་སྡེ་རྒྱ་མཚོ་དང་༔ བཀའ་འདུས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར༔ སྐྱེ་འགྲོ་ཀུན་ལ་རྒྱུ་འབྲས་ཆོས་བསྟན་ཅིང་༔ དགེ་སྡིག་བླང་དོར་ཐར་བའི་ས་བོན་བཞག༔ གདུལ་ཞིང་མ་སྨིན་པ་ནི་གཅིག་ཀྱང་མེད༔ ཐམས་ཅད་ཀུན་གྱིས་རིན་ཆེན་མཆོད་སྤྲིན་ཕུལ༔ གུས་པས་ཕྱག་འཚལ་དགའ་བའི་འདུན་པ་སྐྱེས༔ དེ་ནས་རྒྱལ་པོ་ཁྱོད་ཀྱི་སྒྲིབ་སྦྱང་ཆེད༔ གླང་པོ་ཤུགས་ལྡན་མེ་ཏོག་དགའ་བའི་ཚལ༔ ཉིན་གཅིག་མཆོད་རྟེན་སྐུ་ཚད་སྟོང་ཚོ་གཅིག༔ གྲུབ་པ་བྱོས་ལ་ཞིང་ཁམས་བྱེ་བ་ལ༔ པད་འབྱུང་བྱེ་བ་དམིགས་ཤིང་མཚན་ཕྱག་འཚོལ༔ ཕྱོགས་བཅུར་བཞུགས་པའི་མཁའ་འགྲོ་བྱེ་བ་ལ༔ མཚན་ནས་བརྗོད་ཅིང་ཕྱག་འཚལ་གསོལ་བ་ཐོབ༔ དེ་ཡིས་ཉེས་སྒྲིབ་ཐམས་ཅད་འདག་པར་འགྱུར༔ ཞེས་གསུངས་བཞིན་དུ་གླང་རི་མེ་ཏོག་ཚལ༔ འཁོར་བ་སྟོང་ཕྲག་ཉིན་གཅིག་མཆོད་རྟེན་གྲུབ༔ གུ་རུའི་མཚན་གསུངས་རྒྱལ་པོས་རྗེས་བཟློས་གྱིས༔ མཚན་ཕྱག་འཚལ་ཞིང་སྨོན་ལམ་བཏབ་པ་ཡིས༔ རྒྱལ་པོའི་སྐུ་ལ་འོད་ཟེར་ལམ་ལམ་ཤར༔ མཆོད་རྟེན་སྟོང་རྩ་ཇི་སྲིད་འགྲོ་བའི་དོན༔ ཉེས་སྒྲིབ་མ་ལུས་སྦྱང་ཕྱིར་བརྟན་བཞུགས་མཛད༔ འཆི་མེད་ཡབ་ཡུམ་བཀྲ་ཤིས་རབ་གནས་མཛད༔ ལས་ཅན་རྒྱལ་པོ་དགྱེས་ནས་སྐུ་དྲིན་དུ༔ རྒྱལ་སྲིད་ལོངས་སྤྱོད་དཀོར་མཛོད་མངའ་རིས་དང་༔ ཁྱད་པར་བྲམ་ཟེའུ་སྐྱེ་བདུན་སྐུ་ཤ་ཉིད༔ རིན་ཆེན་སྒྲོམ་བུ་བཅས་ཏེ་ཡོན་དུ་ཕུལ༔ རྒྱལ་བློན་མངའ་རིས་དགེ་ཞིང་བདེ་བ་ཐོབ༔ ལྷ་ལྕམ་བྱོན་པའི་སྐུ་དྲིན་དེ་ཚེ་ཤེས༔ ཐམས་ཅད་ཞི་བདེའི་ཆ་ལ་འཁོད་པར་གྱུར༔ འཆི་མེད་རིག་འཛིན་སྐྱེ་བདུན་སྐུ་ཤས་དགྱེས༔ མཁའ་ལས་མ་ཚོགས་སྦྲང་མ་བཞིན་དུ་འཁོར༔ དྲི་བཟང་སྨན་གྱིས་ངད་པས་ཡུལ་ཀུན་ཁྱབ༔ དེ་ཚེ་ལྷ་ལྕམ་མནྡ་ར་བ་ཡིས༔ གུས་པས་ཕྱག་འཚལ་གདུང་བས་འདི་སྐད་ཞུས༔ ཨེ་མ༔ བཀའ་དྲིན་འཁོར་མེད་པདྨ་རྒྱལ་པོ་ལགས༔ ཞིང་ཁམས་དབང་བསྒྱུར་བདག་གི་ཡབ་ཅིག་གིས༔ བཟང་ངན་འབྲེལ་བའི་མཛད་པ་འདི་དག་དང་༔ བྲམ་ཟེའུའི་སྐུ་ཤས་རིག་འཛིན་ཐུགས་དགྱེས་པ༔ སྔོན་གྱི་སྨོན་ལམ་ཇི་ལྟར་འབྲེལ་བ་ལགས༔ འཆི་མེད་རིག་འཛིན་ཉིད་ཀྱིས་གསུངས་པར་ཞུས༔ ཨ་ཧོ༔ ཉོན་དང་ལྷ་ལྕམ་མནྡ་ར་བ་ལགས༔ སྔོན་ཚེ་བསྐལ་བཟང་སྨོན་ལམ་མཐའ་ཡས་བསྐལ༔ སྟོན་པ་ཚད་མེད་ཀུན་སྙོམས་འགྲོ་བ་སྐྱོང་༔ ཞིང་ཁམས་འོད་མ་བཀྲ་གླིང་ཞེས་བྱ་བར༔ རྗེ་རིགས་རྒྱལ་པོ་གཞོན་ནུ་དུང་སྐྱོང་ལ༔ སྲས་ཤིག་ཡོད་པ་ཁྲོ་བ་མིག་རིང་བཏགས༔ གཏུམ་ཆེན་དེ་ལ་བཙུན་མོ་ལྔ་ཡོད་དེ༔ ཆུང་བ་བཀྲ་ཤིས་ཉི་མ་ལྕམ་ཞེས་བྱ༔ ཡང་དག་བྱང་ཆུབ་སྒྲུབ་བསམ་དབང་ནི་མེད༔ དེ་ཡི་ཤར་ཕྱོགས་བྱང་ཆུབ་སྒྲུབ་སྡེ་མང་༔ རྣལ་འབྱོར་རྡོ་རྗེ་རབ་བརྩེགས་ཞེས་པ་བཞུགས༔ བཀྲ་ཤིས་ཉི་ལྕམ་རྣལ་འབྱོར་དེ་མདུན་སོང་༔ ཟབ་པའི་གདམས་པ་ཞུས་ནས་ཏིང་འཛིན་བསྒོམས༔ ཉི་ལྕམ་ཡུམ་དུ་གཟིགས་ནས་སྲས་ཤིག་འཁྲུངས༔ ཡབ་ཡུམ་གཉིས་ལ་གསོ་རུ་མ་བཅུག་ནས༔ མཁའ་འགྲོ་མ་ཚོགས་རྣམས་ཀྱིས་བུ་ལྟར་གསོལ༔ ཆོས་དབྱིངས་སྒྱུ་འཕྲུལ་བཀོད་པའི་འོད་གུར་སྦས༔ འདས་དང་མ་བྱོན་ད་ལྟའི་སངས་རྒྱས་སྟོང་༔ སྲས་དེའི་སྐུ་ལ་རྫོགས་ཤིང་བྱིན་གྱིས་བརླབས༔ ཡན་ལག་བཞི་ལ་ལས་བཞིའི་དཀྱིལ་འཁོར་ཆགས༔ རྩ་ཐིག་ཟག་མེད་འོད་ཀྱི་སྐུ་རུ་ཤར༔ མཚན་ཀྱང་བྷུདྟ་ག་ཎ་སིནྟུ་ར༔ མཁའ་འགྲོའི་ཚོགས་ཀྱིས་སྐུ་ཡི་མ་མ་མཛད༔ ཁྲོ་བ་མིག་རིང་ཁོ་ཡིས་ཆུང་མའི་ལས༔ རྡོ་རྗེ་རབ་བརྩེགས་དེ་ཡང་དམ་ཚིག་ཉམས༔ ཁྲེལ་མེད་བུ་ཚ་བཙས་ཡོད་ཟེར་བ་ཐོས༔ ཉི་ལྕམ་རྒྱལ་པོས་ཟླ་གྲོགས་བང་ཆེན་བཏང་༔ འོང་ཁ་མ་ལེན་ཁྲོ་བ་མིག་རིང་ཁྲོས༔ དྲག་པོའི་དམག་ཁྱེར་རྡོ་རྗེ་རབ་བརྩེགས་བཀུམ༔ ཁྲོ་བ་མིག་རིང་རྒྱལ་བློན་བསམ་ངན་ཞི༔ རྣལ་འབྱོར་རྡོ་རྗེ་རབ་བརྩེགས་མ་འོང་དུས༔ དེ་རྣམས་ཐབས་དང་ཐུགས་རྗེས་འདུལ་བར་སྨོན༔ ཉི་ལྕམ་མ་ཡིས་རྣལ་འབྱོར་འགྲོ་དོན་དུས༔ རྒྱལ་པོའི་སྲས་མོ་རྣལ་འབྱོར་གྲོགས་གྱུར་སྨོན༔ སྲས་ཀྱིས་ཡབ་ཡུམ་གདུལ་དཀའ་འདུལ་བའི་དུས༔ བསྟན་པ་འཛིན་པའི་རྒྱལ་སྲས་སྐྱེ་བར་སྨོན༔ གདུང་འདི་མ་འོངས་སྐྱེ་བདུན་འགྲོ་དོན་མཛད༔ མཁའ་འགྲོའི་དངོས་གྲུབ་སྨོན་ལམ་དབང་བཙན་ཤོག༔ ཅེས་གསུངས་སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ ཁྲོ་བ་མིག་རིང་རྒྱལ་པོ་གཙུག་ལག་འཛིན༔ བཙུན་མོ་ལྔ་ནི་ད་ལྟའི་བཙུན་མོ་ལྔ༔ ཉི་མ་ལྕམ་ནི་ལྷ་ལྕམ་མནྡ་ར༔ རྡོ་རྗེ་རབ་བརྩེགས་ཁོ་བོ་པདྨ་འབྱུང་༔ ག་ན་སིནྟུ་རྒྱལ་སྲས་ཀུན་སྐྱོང་ཉིད༔ སྐུ་གཟུགས་ལྷ་ལྕམ་དཔོན་གཡོག་རྙེད་པ་དེ༔ དུས་བབ་རྒྱལ་ལ་མྱོང་གྲོལ་དངོས་གྲུབ་བབ༔ ད་ལྟ་བདག་གི་དགའ་བ་བསྐྱེད་པ་དེ༔ ཕྱོགས་བཅུའི་སངས་རྒྱས་དཔའ་བོ་དཔའ་མོ་ཡིས༔ ཐུགས་རྗེ་བྱིན་རླབས་གཅིག་བསྡུས་སྲས་བུ་ཡིན༔ པད་འབྱུང་ང་ཡི་གར་ཁྱབ་དམ་རྫས་ཁྱབ༔ མྱོང་ཙམ་སྐྱེ་བདུན་སྨོན་ལམ་སེམས་ཅན་ཀུན༔ སྐྱེ་བ་བདུན་རེ་སྨོན་ལམ་དེ་བཞིན་འགྲུབ༔ ད་ནི་ཟ་ཧོར་རྒྱལ་པོ་ཡུན་མི་བཞུགས༔ འདི་འོག་ཨོ་རྒྱན་ཞིང་ཁམས་སྔགས་ལ་ཞུགས༔ དེ་འོག་སྟག་གཟིག་རྒྱལ་པོ་ཞིག་ཏུ་སྐྱེ༔ དེ་འོག་རྒྱ་གར་བཙུན་མ་སྡོམ་ཉམས་རྐྱེན༔ དེ་འོག་བོད་ཡུལ་ཆོས་རྒྱལ་སྲས་མོར་སྐྱེ༔ ཚེ་ཟད་དུས་ན་པདྨ་ང་ཞལ་མཐོང་༔ དེ་འོག་གཏེར་བདག་ཨོ་རྒྱན་གླིང་པར་འབོད༔ དེ་འོག་སྐྱེ་བ་ཞྭ་དམར་འཛིན་པ་མང་༔ རང་གཞན་དོན་གྲུབ་པདྨ་འབར་བའི་ཞིང་༔ འཆི་མེད་ང་དང་དབྱེར་མེད་སངས་རྒྱས་ཏེ༔ རྡོ་རྗེ་འཆང་ཆེན་འགྲོ་བའི་མགོན་གྱུར་ཏོ༔ རྒྱལ་སྲས་ཀུན་སྐྱོང་འདི་ནི་ལས་འཕྲོ་བཟང་༔ ཟ་ཧོར་རྒྱལ་པོ་ལུས་ཀྱི་ཡབ་ཡུམ་སྲས༔ ལས་ཀྱི་ཡབ་ཡུམ་ལྷ་ལྕམ་བདག་ཉིད་དོ༔ ང་ཡི་བསྟན་སྐྱོང་ཚེ་ཡང་མཐའ་རུ་ཕྱིན༔ མ་འོངས་བདུད་འདུལ་སྔགས་གླིང་རིག་འཛིན་འགྱུར༔ དེ་ནས་རྔ་ཡབ་གླིང་དུ་སྔགས་ཀྱི་ཞིང་༔ རིགས་མཆོག་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར༔ པདྨ་བདག་དང་འབྲལ་མེད་འགྲོ་དོན་གྲུབ༔ ལྷ་ལྕམ་མནྡ་ར་བ་ཁྱོད་ཉིད་ནི༔ ད་ལྟ་ཟ་ཧོར་འདོད་སྐོང་དོན་དུ་བཞུགས༔ དེ་ནས་མ་ར་ཏི་ཀའི་སྒྲུབ་ཕུག་ཏུ༔ འཆི་མེད་ཚེ་ཡི་སྒྲུབ་པར་མཉམ་དུ་ཞུགས༔ མ་འོངས་བདག་གི་གྲོགས་སུ་ཕྲིན་ལས་སྒྲུབས༔ བོད་ཡུལ་ང་ཡི་སྤྲུལ་པ་རིམ་བྱོན་དུས༔ ཚེ་བསོད་དཔལ་དང་ཆོས་སོགས་མིང་འཛིན་བརྒྱད༔ སྐྱེ་བ་མང་པོར་སྔགས་ཀྱི་བསྟན་པ་སྐྱོང་༔ དེ་ནས་པདྨ་འབར་བའི་ཞིང་ཁམས་སུ༔ ཆེ་མཆོག་ཡབ་ཡུམ་སྦྱོར་བའི་ཚུལ་དུ་གནས༔ ཐོག་མཐའ་མེད་པར་འགྲོ་བའི་དོན་མཛད་གྱུར༔ ཞེས་གསུངས་ལྷ་ལྕམ་རྒྱལ་བློན་འབངས་འཁོར་སོགས༔ རིག་འཛིན་རྗེས་སུ་ཡི་རངས་དགྱེས་པར་གྱུར༔ དེ་རྗེས་ནམ་ཞིག་རྒྱལ་པོ་གཙུག་ལག་འཛིན༔ འདིར་སྣང་ཚེ་ཡི་དུས་སླེབ་དགོངས་པ་གཤེགས༔ དགའ་ཚལ་དུར་ཁྲོད་ཆེན་པོར་སྤུར་སྦྱངས་ཤིང་༔ རིན་ཆེན་མཆོད་རྟེན་བཞེངས་ནས་མངའ་གསོལ་མཛད༔ བསྔོ་བ་སྨོན་ལམ་མི་དམིགས་རྒྱ་ཡིས་གདབ༔ རྒྱལ་སྲས་ཀུན་སྐྱོང་རྒྱལ་སར་ཁྲི་ལ་བཀོད༔ སངས་རྒྱས་དོན་ཡོད་ཞགས་པའི་དཀྱིལ་འཁོར་བསྒྲུབས༔ དཀྱིལ་འཁོར་ལྷ་ཚོགས་མངོན་སུམ་ཞལ་མཇལ་ཞིང་༔ དབང་བསྐུར་སྨིན་གྲོལ་མཐའ་རྒྱས་སྲས་ལ་གནང་༔ ཡབ་ཀྱི་རྗེས་བཟུང་དཀོན་མཆོག་མཆོད་སྒྲུབ་བརྩོན༔ བྲིས་ཀློག་འདོན་མཆོད་བཤད་སྒྲུབ་བསྟན་པ་འཛིན༔ རྒྱལ་འབངས་ཆོས་སྲིད་དགེ་བའི་ཁྲིམས་ཀྱིས་སྐྱོང་༔ ཟ་ཧོར་ཞིང་ཁམས་བདེ་བའི་ལམ་ལ་བཀོད༔ དེ་ནས་པད་འབྱུང་ལྷ་ལྕམ་ཡབ་ཡུམ་ནི༔ གླང་པོ་ཤུགས་ལྡན་དབེན་རིར་ཏིང་འཛིན་སྐྱོང་༔ ཕྱི་ནང་གསང་བའི་ཆོས་རྣམས་སྤེལ་བསྒྱུར་བཀྲོལ༔ ཟ་ཧོར་སྙན་གྲགས་རང་རང་ཡུལ་དུ་ཐོས༔ རྒྱ་གར་གྲགས་འཛིན་ལྷ་ལྕམ་ཞེ་ཆགས་ཅན༔ མཐའ་མིའི་སྒྱུ་མ་མཁན་དང་སྡོང་ཡོད་གོ༔ མ་ཧཱ་པཱ་ལས་དམག་མི་སྟོང་ཕྲག་གསུམ༔ ཕབ་ནས་ཟ་ཧོར་ཉེ་བའི་ཕྱོགས་ལ་བབ༔ རྒྱལ་བུས་གུ་རུ་ཡབ་ཡུམ་ཞུ་བར་བཏང་༔ པདྨ་འབྱུང་གནས་སྐད་ཅིག་རྫུ་འཕྲུལ་གྱིས༔ དྲང་སྲོང་བསྐུལ་པས་མདའ་གཞུ་ཕྱག་ཏུ་ཕུལ༔ མདའ་གཞུ་གླང་ཆེན་གཉིས་ལ་བཀལ་ནས་སུ༔ གྱད་ཀྱི་མི་གཉིས་རྫོགས་ནས་དམག་གསེབ་བཏང་༔ མདའ་གཞུ་འདི་ཡོད་དམག་མི་སྟོང་ཕྲག་ཡོད༔ འཐབ་ཡ་བྱེད་ཕྱིར་མཚོན་ཆ་སྣ་རེ་བསྐུར༔ ཞེས་པའི་ཕྲིན་དེ་མ་ཧཱ་པཱ་ལར་བརྫངས༔ གླང་པོ་གཞུ་བཀལ་བགས་ཀྱིས་ས་ལ་ཕབ༔ དམག་མི་རྣམས་ནས་གཞུ་འགེང་གཅིག་མ་ཐུབ༔ འདི་འདྲ་ཁེངས་པ་མི་སྲིད་རྫུན་པ་རེད༔ གཞུ་འདི་འགེང་བའི་མི་གཅིག་ཐོང་ལ་ཤོག༔ ཕྲིན་བསྲིང་དྲང་སྲོང་གཟའ་བདུད་ར་ཧུ་ལ༔ གུ་རུས་རྦད་ནས་མགོ་དགུ་བྱ་རོག་གཙུག༔ ལུས་པོ་ཐམས་ཅད་མིག་གིས་ཤིག་ཤིག་གང་༔ ལྟེ་བར་དྲག་པོའི་ཞལ་ཁ་གྲུ་གསུམ་པ༔ ཤིན་ཏུ་ཁྲོས་ཤིང་དྲག་པོའི་ང་རོ་སྒྲོགས༔ འབྲུག་གློག་ཐོག་སེར་དཔུང་བཅས་འགྲོགས་ནས་འོང་༔ མདའ་གཞུ་འགེངས་ནས་དཔག་ཚད་གཅིག་གི་མཚམས༔ རྭ་ཞིག་འབེན་བཙུགས་དུམ་བུར་ཚལ་བར་བྱས༔ བྲག་རི་ཞིག་ལ་མདའ་འཕངས་སེན་རྡུལ་བཏང་༔ དམག་མི་ཐམས་ཅད་དབང་མེད་བྲོས་ནས་སོང་༔ རྒྱ་གར་གྲགས་འཛིན་དམག་དཔུང་བཟློག་པར་བྱས༔ དེ་ནས་ཨོ་རྒྱན་ཡུལ་དང་ཟ་ཧོར་མཚམས༔ ཚེ་ཡི་གནས་རི་ཨོ་རྒྱན་ལ་ཤི་ཧང་༔ རི་བོ་ཏ་ལ་མ་ར་ཏི་ཀའི་གནས༔ ཧཱཾ༔ སྒྲོགས་དུར་ཁྲོད་འཆི་མེད་འོད་གུར་ཞེས༔ མ་དང་མཁའ་འགྲོ་རྒྱ་མཚོ་འདུ་བའི་ཞིང་༔ རི་བོ་ལྷུན་འཐུག་སྒྲུབ་པའི་ཀེའུ་ཚང་མང་༔ དབུས་སུ་མཁའ་འགྲོ་ཧཱུཾ་སྒྲའི་ཕུག་པ་ན༔ ཚེ་ཡི་རིག་འཛིན་ཚེ་ཡི་མཁའ་འགྲོ་མ༔ འཆི་མེད་ཚེ་ལ་དབང་བ་དུ་མ་བཞུགས༔ མཁའ་འགྲོ་ལྷ་ལྕམ་མནྡ་ར་བ་དང་༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་གཉིས༔ རྫུ་འཕྲུལ་རྩལ་གྱིས་སྒྲུབ་གནས་དེ་རུ་བྱོན༔ འཆི་མེད་ཚེ་རུ་སྒྲུབ་པའི་རྟེན་འབྲེལ་གཟིགས༔ ཞིང་དེར་དཔའ་བོ་དཔའ་མོ་ཚེ་ཡི་བདག༔ དྭངས་ཤིང་སྤྲོ་བའི་མདུན་ནས་བསུ་བ་བྱེད༔ མ་ར་ཏི་ཀ་ཧཱུཾ་སྒྲའི་གསང་ཕུག་གཤེགས༔ མཆོད་པའི་བྱེ་བྲག་བསམ་ལས་འདས་པ་ཕུལ༔ ཨེ་མ༔ གྲུབ་པའི་བདག་ཉིད་རིག་འཛིན་འཆི་མེད་ལྷ༔ མ་ཆགས་བདེ་ཆེན་ལྷ་ལྕམ་མནྡ་ར༔ ཐབས་ཐུག་མ་འགགས་ཐུགས་རྗེ་རྫུ་འཕྲུལ་གྱིས༔ གནས་གསུམ་དཔའ་པོ་དཔའ་མོའི་གཙོ་མཆོག་མཛད༔ མ་རུངས་དུར་ཁྲོད་སྣང་སྲིད་དྲེགས་པ་འདུལ༔ ཕྲིན་ལས་རྣམ་བཞིའི་གདུལ་བྱའི་ཁ་ལོ་བསྒྱུར༔ འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་ཕྱིར༔ ལྷ་ལྕམ་ཡུམ་བཅས་གནས་འདིར་བྱོན་པ་ལེགས༔ བདག་ཅག་ཚོགས་རྣམས་ཁྱོད་ཀྱི་ཕྲིན་ལས་སྒྲུབས༔ འཆི་མེད་ཚེ་ཡི་གཏེར་ལ་ལོངས་སྤྱོད་གསོལ༔ ཞེས་ཞུས་ལྷ་ལྕམ་ཤིན་ཏུ་ཐུགས་དགྱེས་ཤིང་༔ འཆི་མེད་རིག་འཛིན་ཉིད་ལ་འདི་སྐད་ཞུས༔ ཨེ་མ༔ གནས་མཆོག་མ་ར་ཏི་ཀ་གསང་བའི་ཞིང་༔ ཚེ་བདག་དཔའ་བོ་དཔའ་མོ་ཐམས་ཅད་ཀྱིས༔ ཞུས་པའི་དོན་དེ་རྟེན་འབྲེལ་ངོ་མཚར་ཆེ༔ མཆི་མེད་སྲོག་ལྡན་ཡེ་ཤེས་གོ་ཆ་མཆོག༔ མ་སྒྲུབ་ཡེ་གྲུབ་གུ་རུ་རིན་པོ་ཆེ༔ དཔའ་བོ་ཆེ་སྟེ་བདུད་བཞིའི་གཡུལ་ལས་རྒྱལ༔ རྒྱལ་བ་ཀུན་གྱི་ཐུགས་དགོངས་ཆིག་དྲིལ་བ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་མི་ཁྱབ༔ བདག་ཅག་དད་ཅིང་གུས་པའི་ཚོགས་རྣམས་དང་༔ མ་འོངས་འགྲོ་ཕྱིར་ཚེ་བསྲིང་རྟག་བཞུགས་གསོལ༔ དེ་ནས་འཆི་མེད་གུ་རུ་མཆོག་ཉིད་ནི༔ དཔའ་བོའི་ཆས་ཞུགས་སྟག་གདན་ཕྱེད་སྐྱིལ་བཞུགས༔ དབུ་སྐྲ་ཐོར་ཅོག་སྐུ་ལ་རུས་རྒྱན་གསོལ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀའི་སྟེང་དུ་འཛིན༔ གཡོན་པས་མཉམ་བཞག་བྷནྡ་ཚེ་བུམ་བསྣམས༔ གྲུ་མོ་ཁ་ཊྭཱཾ་རྩེ་གསུམ་བདེ་ཚུལ་བརྟེན༔ སྐུ་མདོག་དམར་སྨུག་ཁྲོས་ཉམས་བརྗིད་དང་ལྡན༔ མཁའ་འགྲོ་ལྷ་ལྕམ་མནྡ་ར་བ་ནི༔ སྐུ་མདོག་དམར་མོ་ཆགས་པའི་ཉམས་དང་ལྡན༔ གཅེར་བུ་དུར་ཁྲོད་རུས་རྒྱན་བྷནྡྷ་འཛིན༔ ཡབ་ཀྱི་སྐུ་ཡི་གཡོན་དུ་བདེ་བར་འཁྱུད༔ ཕྱོགས་བཞི་རིགས་བཞིའི་མཁའ་འགྲོ་དཀར་དམར་མཐིང་༔ ལྗང་མོ་དར་ཟབ་ལྷ་མོའི་ཆས་ཀྱིས་བརྒྱན༔ ཕྱི་ནང་གསང་བའི་མཆོད་ཚོགས་རྒྱ་མཚོར་བཤམས༔ འཆི་མེད་ཚེ་ཡི་དགོངས་པར་བཞུགས་པར་མཛད༔ ཚེ་ཡི་དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་པ༔ ཚེ་བདག་ཐུགས་དམ་བསྐུལ་བའི་ཏིང་འཛིན་གྱིས༔ མི་མངོན་དབྱིངས་ནས་བཞུགས་པའི་ཚེ་ལྷ་རྣམས༔ ཐུགས་རྒྱུད་རབ་བསྐུལ་འཆི་མེད་ཡབ་ཡུམ་གྱིས༔ ཐུགས་ལས་འོད་ཟེར་ཡར་འཕྲོས་འོག་མིན་ཞིང་༔ ཚེ་ལྷ་རབ་འབྱམས་ལྷ་ཚོགས་སྤྱན་དྲངས་ཕྱིར༔ འཆི་མེད་ཞལ་ནས་ཚངས་པའི་དབྱངས་དང་བཅས༔ ཧོ༔ འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ འཆི་མེད་ཚེ་ཡི་ལྷ་ཚོགས་འཁོར་དང་བཅས༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཞེས་གསུངས་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ འཇའ་སྤྲིན་རོལ་མོ་མཆོད་པའི་ལྷ་མོ་སོགས༔ ཚེ་དང་ཡེ་ཤེས་དཔག་མེད་མཁའ་ཁྱབ་གང་༔ སྐུ་མདོག་དཀར་ལྗང་དམར་སྔོ་ཕྱོགས་ཚོན་མདོག༔ གྲངས་མེད་མཁའ་ལ་སྐར་ལྟར་བཀྲ་བར་བཞུགས༔ དེ་ཚེ་ལྷ་ལྕམ་མནྡ་ར་བ་ཡིས༔ ཐོད་པའི་བདུད་རྩི་དྭངས་མས་མཆོད་སྤྲིན་ཕུལ༔ ཨ་ཧོ༔ སྐྱེ་མེད་དབྱིངས་ནས་ཐུགས་རྗེའི་སྒྱུ་འཕྲུལ་གྱིས༔ གང་འདུལ་སྐུར་བཞེངས་འཆི་མེད་ཚེ་དཔག་མེད༔ མ་ར་ཏི་ཀ་ཚེ་ཡི་སྒྲུབ་གནས་སུ༔ འཆི་མེད་ཚེ་དབང་སྒྲུབ་ཕྱིར་བརྟན་པར་བཞུགས༔ གུས་པས་ཕྱག་འཚལ་ཆག་ཉམས་འགལ་འཁྲུལ་བཤགས༔ ཕྱི་ནང་གསང་བ་ཡང་གསང་མཆོད་པའི་ཚོགས༔ ཚེ་མཐའ་ཡས་པའི་དཀྱིལ་འཁོར་ལྷ་ལ་འབུལ༔ ཞི་རྒྱས་དབང་དྲག་ཚེ་ཡི་ཕྲིན་ལས་རྣམས༔ མ་ལུས་སྒྲུབ་ཅིང་ཚེ་དཔག་མེད་སྐུ་འགྲུབ༔ དངོས་གྲུབ་མཆོག་ཐོབ་དོན་གཉིས་ལྷུན་གྲུབ་ཤོག༔ ཅེས་གསུངས་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱི༔ སྙིང་པོ་ལུ་གུ་རྒྱུད་ཀྱི་འཕྲོ་འདུ་ཡིས༔ རྒྱལ་བ་འཕགས་པའི་ཚོགས་ཀྱི་ཐུགས་བཅུད་བླངས༔ སྡེ་བརྒྱད་དྲེགས་པའི་ཚོགས་ཀྱིས་བཀྲག་མདངས་བསྡུས༔ བརྟན་གཡོ་སྣོད་བཅུད་ཀུན་གྱི་ཚེ་བསོད་དྲངས༔ ལྷ་ལྕམ་ཡབ་ཡུམ་སྐུ་ལ་སིབ་སིབ་ཐིམ༔ འཆི་བ་མེད་པ་ཚེ་ཡི་མགོན་པོར་གྱུར༔ པད་འབྱུང་ཡི་དམ་རྟ་མགྲིན་སྐུ་ཉིད་དང་༔ གཉིས་སུ་མེད་གྲུབ་སྤྱི་བོར་རྟ་ཞལ་ཐོན༔ མནྡ་ར་བ་རྡོ་རྗེ་ཕག་མོ་དང་༔ གཉིས་མེད་རྟགས་སུ་སྤྱི་བོར་ཕག་ཞལ་ཐོན༔ ཚེ་དཔག་མེད་མགོན་ཐུགས་དང་གཉིས་སུ་མེད༔ ཚེ་དབང་རིག་འཛིན་ཡབ་ཡུམ་མངོན་དུ་གྱུར༔ དེ་ཚེ་གནས་བདག་རིག་འཛིན་མཁའ་འགྲོའི་ཚོགས༔ གུས་པས་ཕྱག་འཚལ་ཚོགས་ཀྱི་མཆོད་པ་ཕུལ༔ ཚེ་ཡི་ཟབ་དོན་བརྒྱ་དང་རྩ་བརྒྱད་ཀྱི༔ གདམས་པའི་བཅུད་དང་རྒྱུད་སྡེ་བརྒྱ་རྩ་གསུངས༔ གནས་བདག་ཐམས་ཅད་དགྱེས་ཤིང་ཡི་རངས་གྱུར༔ བསྟན་སྲུང་ཚོགས་ཀྱི་བདག་པོ་ལ་སོགས་པས༔ འཆི་མེད་ཡབ་ཡུམ་བསྟན་པ་བསྲུང་བར་ཆད༔ ཁས་བླངས་ཐ་ཚིག་དམ་བཅའ་སྲོག་ཡིག་ཕུལ༔ འཆི་མེད་ཚེ་ཡི་ཕྲིན་ལས་གྲུབ་པར་འགྱུར༔ དེ་ནས་ལྷ་ལྕམ་མནྡ་ར་བ་ནི༔ ཐུགས་དགོངས་ཡོན་ཏན་བསམ་ལས་འདས་པ་ཡིས༔ རྒྱ་གར་ལྷོ་ཕྱོགས་མཁའ་འགྲོ་འདུ་བའི་གནས༔ ཁྲི་རི་གོང་བུ་རི་བྲག་ལྷུན་པོའི་ཕུག༔ ཧ་རི་ནི་ས་རང་སྒྲ་སྒྲོགས་པའི་གནས༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་༔ ཤྲཱི་སེང་ཧ་ནཱ་ག་ཛུ་ན་དང་༔ གྲུབ་པའི་རྒྱལ་མོ་མཆོག་གི་མཁས་པ་ལྔ༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་གསན་པའི་ཆེད༔ འཆི་མེད་རིག་འཛིན་ཡབ་ཡུམ་ཁྲི་འདུས་གཤེགས༔ མཁས་པ་ལྔ་ཡི་བཀའ་རྣམས་དགོངས་པ་འདུས༔ དབང་གི་རྒྱལ་པོ་ཞལ་ཕྱེས་བདུན་ཕྲག་གཅིག༔ དགོངས་པའི་ངང་བཞུགས་བཀའ་འདུས་བདེ་གཤེགས་ཀྱིས༔ དཀྱིལ་འཁོར་ཞལ་ཕྱེས་སྐུ་དང་ཞིང་ཁམས་གསལ༔ འཆི་མེད་ཡབ་ཡུམ་དབང་བསྐུར་སྨོན་ལམ་གདབ༔ རྒྱལ་ཚབ་དབང་ཐོབ་དགོངས་འདུས་ཐུགས་བཅུད་བླངས༔ དེ་ནས་ལྷ་ལྕམ་ཡབ་ཡུམ་ཕྱོགས་སུ་བྱོན༔ རྒྱལ་པོ་ཀུ་ཤ་རུ་པ་ཨ་ཤ་ཀ༔ ནཱ་གའི་ཁྲོད་སོགས་གང་འདུལ་གདུལ་དཀའ་སྐྱོང་༔ བྲམ་ཟེ་སིདྡྷིའི་མཆོད་གནས་ལུང་ཞུས་དང་༔ ཀླུ་ཡུལ་དྷརྨ་ཤྲཱི་གཙུག་ལག་བཞེངས༔ སེང་ང་ལ་ཞེས་རིགས་མཆོག་སྲས་སུ་སྤྲུལ༔ མུ་སྟེགས་ནག་པོ་ལྷ་བཅས་བཅོམ་པར་མཛད༔ དེ་ནས་ལྷ་ལྕམ་མནྡ་ར་བ་ནི༔ ཨོ་རྒྱན་དབྱིབས་ཆེན་བཀོད་པའི་དུར་ཁྲོད་གཤེགས༔ གུ་རུས་ང་ལ་དགོས་པའི་དུས་བཞི་ཡོད༔ གཡུང་དྲུང་དགེ་བརྩེད་གསང་འདུས་ལུང་ཞུ་ཚེ༔ བཀའ་ཡི་གྲོགས་སུ་ལྷ་ལྕམ་རྒྱལ་མོས་མཛོད༔ སྟག་གཟིག་ཡུལ་དུ་བདུད་སྲིན་དམ་འདོགས་ཚེ༔ ཁྲོས་པའི་ལས་མཁན་མནྡ་ར་བས་མཛོད༔ ཞང་ཞུང་ཡུལ་དུ་གྲུབ་པའི་རིག་འཛིན་ལ༔ ལུང་བསྟན་མཛད་ཚེ་མཁའ་འགྲོའི་བདེ་ཆེན་སྤོར༔ བོད་ཡུལ་གདུལ་བྱ་འགྲོ་དོན་རྫོགས་པའི་ཚེ༔ འཆི་མེད་ང་ཡི་མཚན་དཔེ་དཀྱིལ་འཁོར་གྱི༔ བཀོད་པའི་བསྟོད་པ་མནྡ་ར་བས་མཛོད༔ ཅེས་གསུངས་ལྷ་ལྕམ་དབྱིངས་ཆེན་གནས་སུ་བསྐྱོད༔ དུར་ཁྲོད་གསང་བའི་ཚོགས་ཀྱི་ཚོགས་རྗེར་མཛད༔ གསང་སྤྱོད་སྔགས་ཀྱི་འགྲོ་དོན་དཔག་མེད་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
དབྱིངས་ཆེན་བཀོད་པའི་དུར་ཁྲོད་ཆེན་པོ་ན༔ ཐུགས་རྗེ་ཀུན་སྒྲོལ་མཁའ་འགྲོ་དབྱིངས་ཕྱུག་མ༔ རྡོ་རྗེ་ཕག་མོ་མཆོག་གི་བདེ་ཆེན་རྒྱལ༔ མཁའ་འགྲོའི་ཐུགས་ཀ་ཧྲི་ཡིག་ལྗང་ཀུ་ལས༔ འགྲོ་དོན་གདུལ་དཀའི་ཞིང་ཁམས་སྐྱོང་བའི་ཕྱིར༔ མི་མོ་བཀྲ་ཤིས་ཀྵི་འདྲེན་བྱ་བར་སྤྲུལ༔ ཡུལ་ནི་རྒྱ་གར་ལྷོ་ཤར་བྷཾ་གྷ་ལ༔ ཞིང་ཁམས་རྒྱ་ཆེ་ངོ་མཚར་བཀོད་པ་ལེགས༔ ཕོ་བྲང་དེ་ནི་དྷུ་ལ་མི་ཁྱི་ཞེས༔ ཕྱི་ནང་རིམ་པ་དགུ་ཡོད་སྒོ་དགུ་དགུ༔ དབང་བསྒྱུར་མུ་སྟེགས་མ་ནི་ར་ཛཱ་ཞེས༔ སྒོ་སྲུང་མཚོན་འཛིན་ཕོ་མོ་མང་པོ་ཡོད༔ ནང་དུ་ཕོ་བྲང་གསུམ་གྱི་དབུ་མ་ལ༔ མུ་སྟེགས་དབང་ཕྱུག་གཟའ་ཀླུའི་གནས་ཁང་ཡོད༔ དུས་བཟང་སེམས་ཅན་མང་པོའི་སྲོག་གཅོད་མཆོད༔ གཡས་སུ་མུ་སྟེགས་རྒྱལ་པོ་གནས་པའི་ཁང་༔ རྒྱལ་པོ་དེ་ལ་ཆུང་མ་དགུ་ཡོད་པའི༔ ཉིན་མཚན་དུས་མེད་འཁྲིགས་ཆགས་སྦྱོར་བརྣབ་ཆེ༔ གཡོན་དུ་ནོར་བུ་རིན་པོ་ཆེ་ཡི་ཁང་༔ མུ་སྟེགས་སྟོན་པ་བཀུར་སྟི་ཆེ་བ་ཡོད༔ དེ་ལ་མུ་སྟེགས་རྟག་ཆད་རྒྱང་འཕེན་གསུམ༔ ཕྱི་ནང་གསང་བ་གསུམ་གྱི་ལྟ་སྤྱོད་ཡོད༔ ཕྱི་ཡི་མུ་སྟེགས་སྤྱོད་པ་གཙང་མ་སྟེ༔ ཤ་ཁྲག་མི་བཟའ་མི་ཚངས་ཡང་མི་སྤྱོད༔ ལུས་ཀྱི་བྱ་སྤང་འབྲས་བུ་ལྷར་སྐྱེ་སྨོན༔ དཀོན་མཆོག་དད་པ་སེམས་ཅན་སྙིང་རྗེ་མེད༔ སྤྱོད་ལམ་གཙང་མ་རྩྭ་ཟན་རི་དྭགས་འདྲ༔ ནང་གི་མུ་སྟེགས་ཆད་ལྟ་བ་ཞེས་བྱ༔ ད་ལྟ་ཅི་དགའ་ཕྱི་མ་བྱ་བ་མེད༔ མེ་ཤི་དུད་ཆད་ཆུ་སྐམ་རླན་མེད་འདྲ༔ ལུས་སེམས་རྟེན་དང་བརྟེན་པ་གློ་བུར་ཙམ༔ གསང་བའི་མུ་སྟེགས་རྟག་པར་ལྟ་བ་ནི༔ ད་ལྟ་མཐོ་བ་ཕྱི་མར་དེ་བཞིན་སྐྱེ༔ ད་ལྟ་དམའ་བ་ཕྱི་མར་དེ་བཞིན་མྱོང་༔ སེམས་ཅན་རང་རང་ད་ལྟ་ཕྱི་མ་འདྲ༔ ས་བོན་དཀར་ནག་རང་རང་འབྲས་འབྱུང་ལྟར༔ མི་ཁྱི་གང་ཡིན་རྟག་ཅིང་འགྱུར་མེད་ཟེར༔ ལྟ་སྤྱོད་གཉིས་ཀྱི་ཐ་མ་ལྟ་ལོག་པ༔ སངས་རྒྱས་ཐོབ་པའི་འབྲས་བུ་ཏིལ་ཙམ་མེད༔ མུ་སྟེགས་དེ་གསུམ་ལྷ་ཀླུ་དབང་ཕྱུག་མཆོད༔ ལོ་དུས་རྒྱལ་པོའི་ཆོས་སྐལ་མི་རྟ་གླང་༔ བཅུ་ར་སྐེ་བྲེག་འཇིག་རྟེན་ལྷ་ལ་མཆོད༔ ཆུང་མའི་ཆོས་སྐལ་འབྲི་ནོར་བ་ར་སོགས༔ བློན་དང་འབངས་བཅས་རང་རང་འབྱོར་སྟོབས་མཆོད༔ ཆུང་མ་རྣམས་ནི་ཤིན་ཏུ་བཀའ་དབང་བཙན༔ དེ་ཚེ་མུ་སྟེགས་རྒྱལ་པོ་ནོར་ལྡན་ལ༔ ཆུང་མ་དགུ་ལས་ཆེ་བ་གསུམ་གྱི་འོག༔ མིང་ནི་ཏ་རི་ཤ་ན་མཛེས་ལྡན་མ༔ མུ་སྟེགས་རྒྱལ་པོ་དེ་དང་འཚོས་པའི་སྐབས༔ རྒྱལ་པོ་ཡབ་ཀྱི་ནུབ་དེར་རྨི་ལམ་ལ༔ མཁའ་ལ་ཉི་ཟླ་ཡབ་ཡུམ་གཉིས་ལ་ཐིམ༔ ཉི་མ་ཕྱིར་ཤར་ཕོ་བྲང་མེ་ཡིས་ཚིག༔ ཡུལ་ཁང་བསྲེགས་ཤིང་རྡུལ་ཡང་མེད་པར་གྱུར༔ མལ་དུ་རིན་པོ་ཆེ་ཡི་གཞལ་ཡས་ཁང་༔ རྒྱ་ཆེ་དཔངས་མཐོ་ངོ་མཚར་ཆེ་བ་རྨིས༔ ཆུང་མས་མེ་ཏོག་གླིང་ལ་ཕྱིན་ནས་སུ༔ གེ་སར་འདབ་སྟོང་ལྷ་ལ་མཆོད་པ་རྨིས༔ ཤིན་ཏུ་ལེགས་སོ་བསམ་ནས་དབང་ཕྱུག་མཆོད༔ དེ་ཚེ་ཐུགས་རྗེ་ཀུན་སྒྲོལ་གསུང་སྤྲུལ་པ༔ མུ་སྟེགས་ཡབ་ཡུམ་སྲིད་དུ་ཆགས་པ་ལས༔ ལོ་ཟླ་དུས་ཀྱི་ཞག་ཚང་བདེ་བའི་ཉིན༔ ཏ་རི་ཤ་ན་མ་ལས་བུ་མོ་བལྟམས༔ མཛེས་སྡུག་མེ་ཏོག་གསར་པའི་ཁ་ཕྱེས་མདངས༔ དཀར་ལ་ལྗང་བ་ཡིད་འོང་ཅན་ཞིག་འདུག༔ མཚན་ཡང་བུ་མོ་མཐོང་བ་ཡིད་འོང་བཏགས༔ ཞག་ཟླ་བཞིན་དུ་གཞན་བས་སྐྱེ་སྟོབས་རྒྱས༔ མུ་སྟེགས་ལྟ་སྤྱོད་མ་མོས་མྱ་ངན་མཛད༔ དཀོན་མཆོག་གསུམ་ལ་དད་ཀྱང་སྒྲ་མི་གྲགས༔ མུ་སྟེགས་ཡབ་ཡུམ་སྐད་འདྲེ་ལན་མི་སྨྲ༔ ཞལ་འཛུམ་མཛད་ཅིང་ཅི་ཡང་མི་གསུང་བཞུགས༔ ལ་ལས་སྐྱེས་བཟང་ཡིན་ཀྱང་བླུན་མོར་འདུག༔ ལ་ལས་ཁོང་འཁྱིལ་གཡོ་ཅན་ཞིག་འདུག་ཟེར༔ ལ་ལས་བཟང་ངན་ཤེས་པ་མེད་དོ་བརྗོད༔ ཕོ་བྲང་བྱང་རྒྱབ་མེ་ཏོག་ཚལ་དུ་བཞུགས༔ མེ་ཏོག་ཆུ་གཙང་སོགས་ཀྱིས་གསོལ་བ་མཛད༔ མཉམ་པར་མི་གཡོ་གདུལ་བྱའི་ཕྲིན་ལས་སྐྱོང་༔ ཡིད་ཀྱིས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས༔ མཁའ་འགྲོའི་རྟེན་འབྲེལ་འཆི་མེད་གུ་རུ་ཉིད༔ མུ་སྟེགས་རྒྱལ་པོ་ཐབས་ཀྱིས་འདུལ་བར་དགོངས༔ སྐུ་མདོག་སྨུག་ནག་རལ་བ་ཐོད་དུ་མདུད༔ དར་ལྗང་བེར་སྟེང་ར་རྒོད་ལྤགས་རློན་མ་ཡིག་མི་གསལ་ཁྲིད་གྲོང་དང་གྲོང་ཁྱེར་ཉུལ༔ སྟག་དང་རྩེད་ཅིང་རྫུ་འཕྲུལ་སྣ་ཚོགས་སྟོན༔ ཆེ་ཆུང་མེད་པ་ཀུན་ཀྱང་ལྟད་མོར་འདུས༔ འབྲས་ཆང་ཉ་ཤ་མ་ཡིག་མི་གསལ༔ ཕྱག་མཚན་རྡོ་རྗེ་མཁའ་ལ་འཕངས་ནས་སུ༔ སྡིགས་མཛུབ་མཛད་ཚེ་ཕྱག་གི་རྩེ་ལ་བབས༔ སྟག་དང་བྲོ་རྩེད་ལྟད་མོ་མ་འདྲ་བསྟན༔ མ་ཡིག་མི་གསལ་ཞེས་སུ་སྒྲོགས༔ རིམ་གྱིས་མུ་སྟེགས་རྒྱལ་པོའི་སྒོ་ཁར་ཕེབ༔ སྒོ་པས་ཁྱོད་ནི་སུ་ཡིན་སྟག་འདི་ཅི༔ ང་ནི་མུ་སྟེགས་བྲམ་ཟེའུ་བུ་ཞིག་ཡིན༔ བདག་གི་ཡབ་ཉིད་སྟོབས་ཆེ་གཅན་ཟན་བཟུང་༔ ངས་ནི་དབང་ཕྱུག་མཆོད་པས་སྟག་འདི་གནང་༔ རྒྱལ་ཁམས་ཀུན་ལ་ལྟད་མོ་ལྟ་རུ་སོང་༔ རེ་འགས་སྟག་བྲིད་བྲོ་ཡང་ལེགས་སོ་ཟེར༔ རེ་འགས་རྡོ་རྗེ་ཁྲོས་པས་བྲོ་ལོད་ཟེར༔ སྒོ་པ་ཐམས་ཅད་བྲམ་ཟེའུ་བུ་ལ་མགུ༔ ཕྱི་པས་ནང་བསྒྲགས་བློན་པོ་རྣམས་ཀྱིས་ཐོས༔ རྡོ་རྗེ་བྲོ་ལེགས་བྲོ་ནི་སྟག་རྩེད་བྱོན༔ མུ་སྟེགས་ལྷ་ཉིད་དབང་དུ་བསྡུས་ནས་བྱོན༔ བློན་པོ་ཐམས་ཅད་ལྟད་མོ་རེ་མཚར་ཟེར༔ དེ་ཚེ་མུ་སྟེགས་སྟོན་པ་དུང་རལ་དང་༔ རྡོ་རྗེ་དཔུང་སོགས་འགའ་ཞིག་དོགས་པ་སྐྱེས༔ འདི་འདྲ་ཡོང་མ་མྱོང་བའི་སྟག་ཁྲིད་འདི༔ ཡིད་མ་ཆེས་ནས་དབང་ཕྱུག་མཆོད་ཁང་འཚོགས༔ མཆོད་སྤྲིན་སྣ་ཚོགས་ཕུལ་ནས་བདེན་པ་བདར༔ ཤ་ཟན་སྟག་ཁྲིད་མུ་སྟེགས་ཡིན་པ་ན༔ མགོན་དུ་མཛད་ལ་རྟགས་སྟོན་མངོན་ཤེས་མཛོད༔ མ་ལགས་གྱུར་ན་དབང་ཕྱུག་རྩལ་གྱིས་སྒྲོལ༔ ཞེས་པའི་དམོད་བཅོལ་དེ་ཡི་ནུབ་མོ་ལ༔ འཆི་མེད་གུ་རུས་དབང་ཕྱུག་དབང་བསྡུས་པས༔ ཀུན་གྱིས་རྨིས་ལྟས་བཟང་པོ་རེ་རེ་སྨྲས༔ ནངས་པ་མུ་སྟེགས་སྟོན་པ་རྒྱལ་བློན་རྣམས༔ རྒྱལ་པའི་མདུན་དུ་བྲོ་ལེགས་ཁྲིད་ཤོག་ཟེར༔ བྲམ་ཟེའུ་སྟག་ཁྲིད་རྒྱལ་པོའི་མདུན་དུ་སོང་༔ དབང་ཕྱུག་མཆོད་ཕྱིར་མ་ཧེ་གསོན་མ་ཞིག༔ སྦྲད་པས་མ་ཧེའི་རྣམ་ཤེས་དབྱིངས་སུ་སྤར༔ ཤ་ཁྲག་དབང་ཕྱུག་མཆོད་ཅིང་དམ་བདར་བྱས༔ ཀུན་གྱི་མུ་སྟེགས་ཡིན་པར་ཁོ་ཐག་ཆོད༔ མུ་སྟེགས་རྒྱལ་བློན་ཆུང་མ་བྲན་འཁོར་དང་༔ སྟོན་པ་སོགས་ཀྱིས་བྲོ་ལ་ལྟད་མོར་ཡེངས༔ རྡོ་རྗེ་བྲོ་ལེགས་བྲོ་རིགས་མི་འདྲ་བ༔ ཞི་རྒྱས་དབང་དྲག་ཚུལ་དུ་བྲོ་དགུ་བརྡུང་༔ རྡོ་རྗེ་ཁྲོས་པའི་རྩལ་ཤུགས་ཐོག་བས་དྲག་༔ རྡོ་རྗེ་བྲོ་ལོད་སྨུག་ནག་ཨམ་གཙིག་བསྡམས༔ སྐུ་ནི་རི་འདྲ་སྟག་མོའི་སྟེང་དུ་བཞེངས༔ ཞལ་ནས་ཧཱུཾ་ཧཱུཾ་སྒྲ་སྒྲོགས་ཕྱག་གི་རྩེར༔ མེ་དཔུང་གུར་ཙམ་ཆད་དེ་མུ་སྟེགས་རིགས༔ མ་ལུས་བསྒྲལ་ནས་རྣམ་ཤེས་དབྱིངས་སུ་སྤར༔ རྡོ་རྗེ་ཁྲོ་བོ་ཁྲོས་པས་བྲོ་ཡང་ལོད༔ ལུས་པ་རྣམས་ཀྱང་མངའ་འོག་འདུས་པར་བྱས༔ མུ་སྟེགས་བམ་རོ་དུར་ཁྲོད་གནས་སུ་བསྐྱལ༔ དུར་བདག་ཐམས་ཅད་ཚོགས་ཀྱིས་ཚིམ་པར་མཛད༔ མུ་སྟེགས་སྲས་མོ་བཀྲ་ཤིས་ཀྵི་འདྲེན་མ༔ གུ་རུའི་ཡུམ་དུ་བཞེས་ཤིང་གསང་སྤྱོད་མཛད༔ བུ་མོ་བཀྲ་ཤིས་ཀྵི་འདྲེན་མ་ཉིད་ཀྱིས༔ མུ་སྟེགས་རྒྱལ་པོའི་ནོར་བུ་རིན་ཆེན་དང་༔ ལོངས་སྤྱོད་བང་མཛོད་ནོར་གྱི་སྙིང་པོ་རྣམས༔ འཆི་མེད་རིག་འཛིན་ཆེན་པོའི་མདུན་དུ་ཕུལ༔ དད་པས་ཕྱག་འཚལ་གདུང་བས་འདི་སྐད་དོ༔ ཨེ་མ༔ རིག་འཛིན་ཁྲོས་པ་རྡོ་རྗེ་བྲོ་ལོད་མཆོག༔ ཡུལ་ངམ་མཐའ་འཁོབ་མུ་སྟེགས་ལྟ་བ་ངན༔ འཇིག་རྟེན་འདི་ན་ལོག་པའི་དབང་གྱུར་སྡེ༔ རྡོ་རྗེ་བྲོ་ལེགས་ཁྲོས་པའི་བྲོ་ཡང་ལོད༔ རྒྱལ་པོ་ཡབ་ཡུམ་བློན་བྲན་ཐམས་ཅད་ནི༔ མ་ཤི་གསོན་བསྒྲལ་རྣམ་ཤེས་དབྱིངས་སུ་སྤར༔ མུ་སྟེགས་གཙོ་རྣམས་ཕུང་པོ་དུར་ཁྲོད་གཏོར༔ ད་ནི་མུ་སྟེགས་དམན་རིགས་ལུས་པ་རྣམས༔ སྐྱབས་མེད་མགོན་མེད་བྱེའུ་ཕྲུག་ཐང་ལྷུང་འདྲ༔ ཀུན་གྱི་སྐྱབས་གནས་སྐྱེ་འགྲོའི་རེ་ས་ནི༔ འཆི་མེད་རིག་འཛིན་ཆེན་པོས་མ་མཛད་ན༔ ད་གང་སྐྱོབ་པའི་དཔོན་པོའི་རྒྱལ་ས་སྟོང་༔ ཕྱི་མ་མཆོད་པའི་ལྷ་ཆེན་གནས་ཁང་སྟོང་༔ ལེགས་ཉེན་གཤེར་བའི་བློན་གྱི་གྲོས་ར་སྟོང་༔ འཚོ་མཛད་མ་མ་མཆེད་མོའི་གནས་ཁང་སྟོང་༔ ལྟ་བའི་མིག་བུད་མགོ་ཆད་འགྲོ་རྐང་ཆག༔ བརྟགས་ཤིང་བསམ་ན་མི་རྟག་མྱ་ངན་གདུང་༔ སྡུག་བསྔལ་སྙིང་རྗེ་བཟོད་དུ་མེད་པར་ལྡན༔ འོན་ཏེ་བུ་མོ་བཀྲ་ཤིས་ཀྵི་འདྲེན་ང་༔ དབྱིངས་ཆེན་མཁའ་འགྲོའི་ཐུགས་རྗེས་གྲོགས་སུ་བཏང་༔ ལུས་འདི་སྐྱེད་སྨིན་ཡབ་ཡུམ་སྙིང་རེ་རྗེ༔ ལོག་ཆོས་བསྣུབས་ལ་ཡང་དག་བསྟན་བཙུགས་ཤིང་༔ ཡབ་ཡུམ་མཐོ་རིས་ཐར་པའི་ལམ་འགོད་ན༔ སྡུག་བསྔལ་མི་སྐྱེ་དགའ་བ་ཆེན་པོ་འཕེལ༔ རྒྱལ་ས་མི་སྟོང་རྒྱལ་པོ་གུ་རུ་མཛོད༔ བླ་ཡི་མཆོད་གནས་འཆི་མེད་ཉིད་ཀྱིས་མཛོད༔ བློན་གྱི་གྲོས་ར་རིག་འཛིན་ཉིད་ཀྱིས་མཛོད༔ ཁབ་བཞེས་སྲིད་འཚོ་དབང་ཆེན་ཉིད་ཀྱིས་མཛོད༔ མགོན་མེད་བཀའ་ཁྲིམས་བྲོ་ལོད་ཉིད་ཀྱིས་མཛོད༔ མ་དག་ཞིང་ཁམས་དག་པའི་ས་ལ་བཀོད༔ དེ་སྐད་ཞུས་ནས་ཕྱག་འཚལ་གུ་རུའི་མདུན༔ འཁོད་དེ་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ ཨ་ཧོ༔ ཉོན་ཅིག་བདེ་ཆེན་མཁའ་འགྲོའི་གསུང་སྤྲུལ་མ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ང་༔ མ་འོངས་གདུལ་དཀའ་འདུལ་བའི་ཕྲིན་ལས་ཅན༔ གདུལ་བྱ་རང་མཐུན་གང་འདུལ་སོ་སོར་བསྟན༔ སེམས་ཅན་མ་རིག་བློ་ཡི་བྱེ་བྲག་ལས༔ དེ་ཡིས་གཉེན་པོ་ཐབས་དང་ཐུགས་རྗེས་འདུལ༔ ལྟ་སྤྱོད་ལོག་པའི་མུ་སྟེགས་ནག་པོ་ལ༔ རྒྱུད་ཁྲོལ་འགྲོ་དོན་འབྱུང་བ་མི་སྲིད་པས༔ དྲག་པོའི་ཚུལ་བསྟན་མ་རུངས་བ་རྣམས་བཏུལ༔ རྣམ་ཤེས་དབྱིངས་སྤར་ཤེས་པ་ལྷ་རུ་བསྒྱུར༔ གསང་སྔགས་བསྟན་པ་དང་པོ་དེ་ལས་བྱུང་༔ བཀྲ་ཤིས་ཀྵི་འདྲེན་མ་ཁྱོད་ལས་ཀྱི་གྲོགས༔ སྦྱོར་སྒྲོལ་ཟབ་མོའི་ལམ་དུ་དཀྲིད་པར་བྱ༔ དེ་སྔོས་མུ་སྟེགས་ཞིང་ཁམས་ཆེན་པོ་ན༔ བསྒྲལ་སྤར་མི་རྣམས་བདེ་བ་ཅན་གྱི་ཞིང་༔ པདྨོའི་ཁ་ལ་བརྫུས་སྐྱེས་སྤྲུལ་པའི་སྐུ༔ འོད་དཔག་མེད་ལས་ཆོས་ཉན་སངས་རྒྱས་འཐོབ༔ ད་ཡང་བདག་གིས་ཇི་སྙེད་འགྲོ་དོན་མཛད༔ ཅེས་གསུངས་བཀྲ་ཤིས་ཀྵི་འདྲེན་མགུ་བར་གྱུར༔ འཆི་མེད་རིག་འཛིན་རང་བྱུང་ཆས་ཀུན་མནབ༔ འཁོར་དུ་གནས་པའི་ཚོགས་ལ་ཆོས་འཁོར་བསྐོར༔ བསྟན་པ་རྗེས་སུ་སྐྱོང་བའི་དབང་ཡང་བསྐུར༔ ཕོ་བྲང་ལྷོ་ནུབ་གསང་སྔགས་བདུད་འདུལ་ཁང་༔ ཕྱི་ནང་གསང་བ་ཡང་གསང་བླ་ན་མེད༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛད༔ མི་མོ་བཀྲ་ཤིས་ཀྵི་འདྲེན་མ་ཉིད་ལ༔ འཆི་མེད་རིག་འཛིན་ཆེན་པོའི་འདི་སྐད་གསུངས༔ ཨ་ཧོ༔ དབྱིངས་ཕྱུག་བདེ་ཆེན་གསང་བའི་མཁའ་འགྲོ་མ༔ བཀྲ་ཤིས་ཀྵི་འདྲེན་ཁྱོད་ནི་གནས་འདིར་བཞུགས༔ བདག་ནི་འབྲས་ལྡན་ཞིང་ཁམས་འདུལ་དུ་འགྲོ༔ དམ་ཚིག་དུས་བབས་ཁྱོད་འབོད་གྲོགས་ལ་གཤེགས༔ ཞེས་གསུངས་འབྲས་ལྡན་ཡུལ་གྱི་ཕྱོགས་སུ་གཤེགས༔ དུར་ཁྲོད་ཨ་རྟ་རྣ་གནས་མཆོད་རྟེན་རྩར༔ བྲམ་ཟེའུ་དུང་རྣ་ཅན་ནམ་པདྨ་དཀར༔ འབྲས་དཀར་ཕྱེ་མར་བདལ་བའི་སྟེང་ཉིད་དུ༔ བྲམ་ཟེའུ་གཟུགས་ཕུང་བཞག་པའི་དུས་ཚོད་དེར༔ ནམ་མཁའི་དབྱིངས་ནས་འཆི་མེད་རིག་འཛིན་དང་༔ མི་མོ་བཀྲ་ཤིས་ཀྵི་འདྲེན་ཡབ་ཡུམ་གཉིས༔ འཇའ་ཚོན་ཀ་བ་ཟུག་པའི་ལམ་ནས་གཤེགས༔ བྲམ་ཟེའུའི་རོ་ཡི་རྩ་རུ་དོ་གལ་བབས༔ རྡོ་ཡི་ཁྲི་ལ་ཡབ་ཡུམ་རྗེ་བློན་བཞུགས༔ དེ་ཚེ་བྲམ་ཟེའུ་ཚོགས་བདག་མཁའ་འགྲོ་མ༔ སྟག་གི་གདོང་ཅན་བྱུང་ནས་འདི་སྐད་ཟེར༔ ཀྱེེ༔ དཔའ་པོ་ཆེན་པོ་ཡབ་ཡུམ་དགོངས༔ གནས་འདིར་བྱོན་པ་ངོ་མཚར་ཆེ༔ བྲམ་ཟེའུ་པདྨ་དཀར་པོ་འདི༔ སངས་རྒྱས་སྤྱན་སྔར་ལུས་སྦྱིན་བཏང་༔ བྱིན་གྱིས་བརླབས་པའི་དངོས་གྲུབ་རྫས༔ ཚོགས་ཀྱི་བདག་པོ་ང་ཡིན་ཀྱིས༔ དངོས་གྲུབ་ཕུད་བདག་ཁྱོད་ཀྱིས་མཛོད༔ འབྲས་ལྡན་སྐྱེ་འགྲོར་སྦྱིན་པ་འགྱེད༔ ལྷ་ཀླུ་མི་གསུམ་མཆོད་གནས་བགོས༔ གདུལ་བྱ་བསམ་གྱིས་མི་ཁྱབ་འགྱུར༔ ཞེས་གསུངས་མཁའ་འགྲོ་སྟག་གདོང་དབྱིངས་སུ་གཤེགས༔ བྲམ་ཟེའུའི་ལུས་ཀྱི་དངོས་གྲུབ་བླང་བའི་ཕྱིར༔ བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཏིང་ངེ་འཛིན་གྱིས་དམིགས་པའི་བྱིན་རླབས་ཚེ༔ བྲམ་ཟེའུ་ཕུང་པོ་པདྨ་བཞིན་དུ་གས༔ སྐུ་དང་ཡིག་འབྲུ་བསམ་གྱིས་མི་ཁྱབ་བཀྲ༔ རིག་འཛིན་ཡབ་ཡུམ་ཕུད་ནས་དངོས་གྲུབ་བཞེས༔ ལྷ་ཀླུ་མི་གསུམ་རང་རང་སྐལ་བ་སྦྱིན༔ ཀླད་པ་རིལ་བུ་དྲིལ་ནས་འབྲས་ལྡན་བཞག༔ བྲམ་ཟེའུའི་ཤ་ལ་རིམ་པ་ལྔ་བགོས་ནས༔ རིགས་ལྔའི་མཁའ་འགྲོ་རྣམས་ལ་གཉེར་དུ་གཏད༔ གུ་རུ་ཡབ་ཡུམ་འབྲས་ལྡན་ལྗོངས་སུ་བྱོན༔ ཆང་འཐུང་ཉི་མ་རྟོད་མནན་གྲུབ་རྟགས་མཛད༔ སྐྱེ་འགྲོ་ཐམས་ཅད་སྨིན་ཅིང་གྲོལ་བར་གྱུར༔ དེ་ནས་ཞིང་པ་རྔ་ཐུབ་གདུལ་བྱར་གཟིགས༔ གུ་རུ་གུ་ལེ་བྲག་གི་ཕུག་བཞུགས་ཚེ༔ གསང་བའི་ཡུམ་ཆེན་བཀྲ་ཤིས་ཀྵི་འདྲེན་ལ༔ གུ་རུ་ཐུགས་བརྩེའི་དབྱངས་ཀྱིས་འདི་སྐད་གསུངས༔ ཨ་ཧོ༔ དབྱིངས་ཆེན་མཁའ་འགྲོ་བྱིན་རླབས་གསང་བའི་གྲོགས༔ བཀྲ་ཤིས་ཀྵི་འདྲེན་ཞིང་སྐྱོང་མཁའ་འགྲོ་མ༔ བདག་ནི་ཇི་སྙེད་གདུལ་བྱ་འདུལ་དུ་འགྲོ༔ ཁྱོད་ནི་འདི་ནས་པདྨ་གླིང་དུ་སོང་༔ གསང་སྤྱོད་སྔགས་ཀྱི་བསྟན་པ་བླ་མེད་སྲུངས༔ འགྲོ་དོན་རྫོགས་ཚེ་ཨོ་རྒྱན་དབྱིངས་ཆེན་བཀོད༔ ཚོགས་ཀྱི་དེད་དཔོན་མཛོད་ལ་དངོས་གྲུབ་སྤེལ༔ བདག་གིས་དམ་ཚིག་བསྐུལ་ཚེ་པདྨ་འབར༔ བཀྲ་ཤིས་ཀྵི་འདྲེན་ལྷ་མོ་བདེ་བར་སྐྱོངས༔ དུས་གསུམ་ཀུན་ཏུ་འབྲལ་བ་མེད་པར་འདུ༔ མ་འོངས་བོད་ཡུལ་སྔགས་ཀྱི་འགྲོ་དོན་དུས༔ བཀྲ་ཤིས་མིང་ཅན་བདེ་བའི་མཁའ་འགྲོ་བརྒྱད༔ སྐྱེ་བ་བླངས་ནས་དབྱིངས་ཆེན་གནས་སུ་ཕྱིན༔ གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས་རྗེར་འགྱུར༔ ཞེས་གསུངས་འཆི་མེད་འཇའ་ཚོན་འོད་ལམ་གཤེགས༔ བཀྲ་ཤིས་ཀྵི་འདྲེན་སྐྱེ་འཆི་རང་དབང་ཐོབ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དཔག་མེད་སྟོན༔ བྱ་རྒོད་སྤྲུལ་ནས་རྒྱ་གར་ཡུལ་དུ་བྱོན༔ བྷ་གའི་ཕོ་བྲང་གནས་སུ་ཚོགས་རྗེར་མཛད༔ གསང་སྤྱོད་སྔགས་ཀྱི་འགྲོ་དོན་དཔག་མེད་གྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབྱིངས་ཆེན་བཀོད་པའི་དུར་ཁྲོད་ཆེན་པོ་ན༔ ཐུགས་རྗེ་ཀུན་སྒྲོལ་ཐུགས་རྗེའི་འོད་ཟེར་གྱིས༔ ཧ༔ ཡིག་ལས་སྤྲོས་སྐུ་ཡི་མཁའ་འགྲོ་མ༔ བྱིན་རླབས་ཐུགས་ལྡན་ཀ་ལ་སིདྡྷི་ཡུམ༔ ཡུལ་ནི་ཞིང་བ་རྔ་ཐུབ་ཅན་གྱི་ཡུལ༔ གྲོང་ཁྱེར་མིང་ནི་ཀ་ལ་པིང་འགྱུར་ཞེས༔ ཡབ་ནི་ཐག་མཁན་ཁྲི་ལེ་བྱ་བ་དང་༔ མ་ནི་ཐག་བཟའ་བཟང་མོ་སྟངས་དཔྱལ་གཉིས༔ ནུབ་ཅིག་ཡབ་ཀྱི་ནུབ་ཕྱོགས་ནམ་མཁའ་ནས༔ རྡོ་རྗེ་དམར་པོ་ཧཿཡིག་དཀར་པོའི་མཚན༔ འོད་དུ་གསལ་བ་རང་ལ་ཐིམ་པར་ཡིས༔ འོད་ཟེར་ཞིང་ཁམས་ཐམས་ཅད་ཁྱབ་པར་རྨིས༔ ཡུམ་གྱིས་མེ་ཏོག་ཚལ་རྒྱས་ནང་དུ་ཕྱིན༔ པདྨ་འདབ་སྟོང་ལྡན་པ་ཞིག་རྙེད་ནས༔ ལྷ་ལ་མཆོད་ཅིང་ངང་ཉིད་འགྲོ་བ་རྨིས༔ ཕྱི་དུས་མ་ལ་བུ་མོ་ཞིག་བལྟམས་ནས༔ འཐག་མཁན་མ་དགའ་བུ་མོ་ཡིན་པས་ལོད༔ མ་ཡང་ཞག་གཅིག་བུ་ནད་ལོག་ནས་ཤི༔ རྨི་ལམ་བཟང་ཡང་བཙྸ་དུས་མ་ཤིན༔ ནམ་ཡང་བུ་མོ་འདི་ཡང་འཆིའོ་བསམ༔ མ་རོ་ལྷན་ཅིག་དུར་ཁྲོད་གནས་སུ་བསྐྱལ༔ མ་ཡི་རོ་ནི་དུར་བདག་ལྕེ་སྤྱང་ཟོས༔ བུ་མོ་དེ་ནི་གུ་རུས་པང་དུ་བླངས༔ དུར་ཁྲོད་བདག་མོ་ཤ་ཟ་མཁའ་འགྲོ་མ༔ སྟག་མོར་སྤྲུལ་ནས་འོ་མའི་བཅུད་ཀྱིས་གསོས༔ ཞག་མ་བཅུ་དྲུག་ལོ་ཡི་ཚད་དུ་སྐྱེས༔ ཉིན་པར་སྦས་ཤིང་མཚན་མོ་རིག་འཛིན་གྲོགས༔ མཁའ་འགྲོ་ཆེན་མོ་གསང་བའི་ཡུམ་དུ་གྱུར༔ མཚན་ནི་བལ་འབངས་ཀ་ལ་སིདྡྷིར་གསོལ༔ དུར་ཁྲོད་རཏྞ་ཤི་རི་ཤིང་མཆོག་ལ༔ ཏ་ལའི་སྤྱིལ་ཕུབ་གསང་མཆོག་དཀྱིལ་འཁོར་སྒྲུབ༔ ཞི་ཁྲོ་སྐུར་བཞེངས་ཀ་ལ་སིདྡྷི་སྦྱོར༔ དབྱིངས་ཀྱི་ལྷ་ཚོགས་ཞལ་གཟིགས་དངོས་གྲུབ་ཐོབ༔ ཀ་ལ་སིདྡྷི་མཁྱེན་བརྩེའི་ཡེ་ཤེས་རྒྱས༔ འདས་དང་མ་འོངས་ད་ལྟ་དུས་གཅིག་མཁྱེན༔ སངས་རྒྱས་དགོངས་པ་མངོན་སུམ་རྟོགས་པར་གྱུར༔ དེ་ཚེ་བལ་འབངས་ཀ་ལ་སིདྡྷི་ནི༔ དབྱིངས་ཆེན་མཁའ་འགྲོའི་སྐུར་གྱུར་མཚན་དཔེ་ཆགས༔ དར་ཟབ་མེ་ཏོག་ཕྲེང་བའི་རྒྱན་གྱིས་བརྒྱན༔ ཕྱག་ན་ཐོད་ཞལ་རྡོ་རྗེ་རྒྱ་གྲམ་བསྣམས༔ དུར་བདག་སྟག་མོ་མ་བུའི་འདུ་ཤེས་འཁོར༔ འཆི་མེད་ཡབ་ཡུམ་རཏྞ་ཤི་རིར་བཞུགས༔ ཟབ་གསང་བླ་མེད་ཐེག་མཆོག་གདམས་པ་སྤེལ༔ དེ་ཚེ་ཡུལ་གྱི་མི་ཤི་རོ་སྐྱེལ་རྣམས༔ གུ་རུ་ཡབ་ཡུམ་མཇལ་ནས་གསོལ་བ་གདབ༔ ཀྱེེ༔ དུར་ཁྲོད་གནས་སུ་བཞུགས་པའི་རྣལ་འབྱོར་པ༔ ཁྱོད་ཀྱི་ཞིང་ཁམས་གང་ཡིན་དོན་ཆེད་ཅི༔ གནས་འདིར་ནམ་མཆིས་མཚན་ལ་གང་ཞུ་ཞུས༔ རྣལ་འབྱོར་པ་ཡི་ཞལ་ནས་འདི་སྐད་གསུངས༔ ཧོ༔ ང་ནི་སྐྱེ་མེད་ཀློང་ནས་འགག་མེད་རྩལ༔ དབྱེར་མེད་གྲུབ་ཐོབ་ཀརྨ་ར་ཛ་ཡིན༔ ཞེས་གསུངས་ཕྱག་གིས་མདའ་གཞུ་བརྡུང་ཞིང་བཀང་༔ མདའ་གཞུ་འོད་ཟེར་ཚྭ་ཚྭ་སྐར་ལྟར་འཕྲོ༔ དེ་ནས་མཁའ་འགྲོའི་ཞལ་ནས་འདི་སྐད་གསུངས༔ ཧོ༔ ང་ནི་ཀ་ལ་པིང་འགྱུར་གྲོང་ཁྱོན་ནས༔ ཐག་མཁན་བུ་མོ་མི་འཆི་སུ་ཡིས་ཤེས༔ མིང་ལ་བལ་འབངས་ཀ་ལ་སིདྡྷི་ང་༔ བདེ་ཆེན་མཁའ་འགྲོ་ཚོགས་ཀྱི་ཚོགས་དཔོན་མཛད༔ རིག་འཛིན་ཞལ་མཇལ་སྐྱེ་འཆི་རང་དབང་ཐོབ༔ མི་ཤི་གསོན་པོར་ཡབ་ཀྱིས་དུར་ཁྲོད་བསྐྱལ༔ ད་ནི་དུར་ཁྲོད་ཚོགས་རྗེ་ཚོགས་ཀྱི་བདག༔ མཁའ་འགྲོ་རྒྱ་མཚོའི་སྐུ་ཡི་མ་མ་མཛད༔ དེ་སྐད་གསུངས་ཤིང་ཞལ་རས་མཛུམ་མདངས་བཞུགས༔ ཀུན་གྱིས་འཐག་མཁན་བུ་མོ་ཡིན་པར་ཤེས༔ དད་པའི་ངེས་ཤེས་སྐྱེས་ནས་གསོལ་བ་བཏབ༔ རོ་སྐྱེལ་རྣམས་ཀྱིས་རྔ་ཐུབ་ཞིང་ཀུན་ཏུ༔ དུར་ཁྲོད་གྲུབ་ཐོབ་ཡབ་ཡུམ་བཞུགས་པ་ཡིན༔ ལོ་རྒྱུས་ཀུན་བསྒྲགས་འཐག་མཁན་ཁོ་ཡིས་ཐོས༔ འགྱོད་པ་སྐྱེས་ཏེ་མཾ་ས་ཡུ་ཏི་དང་༔ འབྲས་ཡོས་འཚོ་བ་མང་ཁུར་དུར་ཁྲོད་དེར༔ འཁོར་བ་བདུན་བཅས་རྣལ་འབྱོར་མཇལ་དུ་སོང་༔ འཆི་མེད་ཡབ་ཡུམ་མངོན་སུམ་ཞལ་མཇལ་ཚེ༔ འཐག་མཁན་ཕྱག་འཚལ་གུས་པས་གསོལ་བཏབ་པ༔ ཀྱེེ་མ༔ དུས་གསུམ་རྒྱལ་བའི་བདག་ཉིད་རིག་འཛིན་རྗེ༔ ཐུགས་རྗེའི་གཏེར་འཛིན་མཁའ་འགྲོ་མ་ཉིད་ལ༔ གུས་པས་ཕྱག་འཚལ་གསོལ་འདེབས་ཐུགས་རྗེས་ཟུངས༔ མ་རིག་ལོག་པའི་ལས་ཉོན་བསགས་འགལ་བཤགས༔ རིགས་ངན་ཡིད་བཞིན་ནོར་བུ་ངོ་མ་ཤེས༔ ཞག་གཅིག་བུ་མོ་གཅེར་བུ་དུར་ཁྲོད་བསྐྱལ༔ གྲུབ་ཐོབ་ཞལ་མཇལ་དུར་གཅན་གནོད་མ་བྱས༔ བདག་ཅག་ལུས་འབྲེལ་མཐའ་ཡས་སེམས་ཅན་རྣམས༔ ཐུགས་རྗེ་བརྩེ་བ་ཆེན་པོས་གཟིགས་ནས་སུ༔ ཕྱི་མ་ཐར་བའི་ལམ་སྣ་བསྟན་དུ་གསོལ༔ ཞེས་ཞུས་མཆོད་པའི་རྣམ་གྲངས་རྒྱ་ཆེར་ཕུལ༔ དེ་ཚེ་ཀ་ལ་སིདྡྷི་འདི་སྐད་གསུངས༔ ཀྱེེ་མ༔ ལས་ཀྱི་ཡབ་ཅིག་ཡིན་ཀྱང་ངོ་མི་ཤེས༔ ལུས་ཀྱི་ཨ་བཟའ་གར་ཡོད་དོན་མི་འབྱེད༔ ཀ་ལ་སིདྡྷི་དུར་ཁྲོད་གནས་སུ་བསྐྱལ༔ སྐྱབས་མེད་བུ་མོ་དུར་གཅན་ཟ་རུ་ཆས༔ སངས་རྒྱས་ཐུགས་རྗེ་གྲུབ་ཐོབ་བཀའ་དྲིན་གྱིས༔ མ་ཤི་བུ་མོ་མཁའ་འགྲོས་སྙིང་རྗེ་བས༔ སྟག་མོར་སྤྲུལ་ནས་འོ་མའི་བཅུད་ཀྱིས་གསོས༔ ཁོ་མོ་ཀ་ལ་སིདྡྷི་ང་ཉིད་ལ༔ མ་མྱོང་དགུ་མྱོང་ཕ་མས་བུ་ཕྲུག་བསྐྱུར༔ མ་ཤི་རྗེས་སུ་བུ་མོ་གསོན་རོ་བསྐྱལ༔ ཡབ་ཀྱིས་མ་འདོད་དུར་ཁྲོད་གཅན་གྱིས་གསོས༔ ཕ་མེད་མ་མེད་མི་གཅིག་གྲོགས་སུ་མེད༔ དྭ་ཕྲུག་བུ་མོ་ཤ་ཚ་སྙིང་སྐྱོ་བ༔ རྣལ་འབྱོར་གྲོགས་མཛད་བརྩེ་བས་ཐུགས་ལ་བཏགས༔ གསང་བའི་དཀྱིལ་འཁོར་རབ་འབྱམས་ཞལ་ཡང་མཇལ༔ སྐྱེ་འཆི་མེད་པ་ཚེ་ཡི་དངོས་གྲུབ་ཐོབ༔ ཡབ་ཅིག་ང་ལ་འགྱོད་པ་མི་དགོས་འདྲ༔ བཤགས་པ་ཤེས་ན་སྡིག་པ་མི་དགེ་སྤོང་༔ ཡབ་ཅིག་ལུས་སྐྱེད་གནས་འདིར་བྱོན་པ་ལེགས༔ ཡུམ་ཅིག་མྱ་ངན་མི་དགོས་ཐར་ལམ་ཐོབ༔ ཁྱོད་རང་འཁོར་བའི་ཁྱིམ་སྤོང་དགེ་བ་སྒྲུབས༔ ཚེ་འདིའི་བྱ་བ་བཏང་ཞིང་དབེན་རིར་སྡོད༔ དགྲ་གཉེན་ཆགས་སྡང་འདུ་འཛི་འབྲེལ་ཐག་ཆོད༔ དེ་སྐད་གསུངས་པས་ཐག་མཁན་དགའ་བ་སྐྱེས༔ དེ་ལ་འཆི་མེད་རིག་འཛིན་འདི་སྐད་གསུངས༔ ཧོ༔ ཉོན་ཅིག་ཐག་མཁན་རིག་པ་ང་ལ་གཏོད༔ ཁམས་གསུམ་སེམས་ཅན་ཕ་མའི་རང་བཞིན་ལ༔ སྒྱུ་མའི་བུ་མོའི་རྗེས་སུ་ཆགས་དགོས་མེད༔ མཁའ་འགྲོའི་བྱིན་རླབས་ཀ་ལ་སིདྡྷི་མ༔ རྫུ་འཕྲུལ་སྣ་ཚོགས་སྐུ་ཡིས་ཞིང་ཁམས་གང་༔ གསང་སྔགས་དཀྱིལ་འཁོར་མཆོག་གི་གཙོ་མོར་བྱོན༔ གདུལ་བྱའི་དོན་དུ་ཐག་མཁན་ཚོགས་རྫོགས་ཕྱིར༔ འཚོ་བའི་ཡོ་བྱད་བདག་གིས་བཞེས་པར་བྱ༔ ཞེས་གསུངས་ཚོགས་ཀྱི་མཆོད་པ་རྒྱ་ཆེར་བཤམས༔ ཀ་ལ་སིདྡྷི་ཚོགས་ཀྱི་རྗེ་མོ་མཛད༔ གནས་གསུམ་མཁའ་འགྲོ་རྒྱ་མཚོ་ཚོགས་ཀྱིས་མཉེས༔ ཐག་མཁན་ཡིད་ཆེས་གསང་སྔགས་ལམ་དུ་ཞུགས༔ འབྲས་བུ་བླ་མེད་སྨིན་ཅིང་གྲོལ་བར་གྱུར༔ ཀ་ལ་སིདྡྷི་ཧཱུཾ་ཆེན་ཀ་ར་གཉིས༔ གསང་སྔགས་གཉེར་གཏད་ཤི་རིར་སྒྲུབ་སྡེ་ཆགས༔ ཟབ་དོན་འཆང་ཉན་རྔ་ཐུབ་ཞིང་ཁམས་གྲོལ༔ དེ་ནས་ཀ་ལ་སིདྡྷི་ཡབ་ཡུམ་གཉིས༔ རྒྱ་གར་གསེར་གླིང་བྲག་ལ་གཤེགས་ནས་སུ༔ མུ་སྟེགས་ལྷ་དང་སྟོན་པ་དབང་དུ་བསྡུས༔ གཤིན་རྗེ་ཡབ་ཡུམ་ཁྲོས་ནས་དྲེགས་པ་བཏུལ༔ མུ་སྟེགས་རྩོད་པས་ཕམ་ཞིང་འཆི་མེད་རྒྱལ༔ གྲུབ་པའི་རྟགས་ཕྱུང་མུ་སྟེགས་ཕམ་པར་བྱས༔ མུ་སྟེགས་དུག་སྦྱོར་འཆི་མེད་དབལ་མ་ཚུགས༔ མུ་སྟེགས་མཐུ་འགྱེད་མཐུ་ཡིས་མ་ཐུབ་ཕམ༔ འཆི་མེད་ཡབ་ཡུམ་དྲག་པོས་མངོན་སྤྱོད་ཀྱིས༔ མུ་སྟེགས་སྟོན་པ་ལྔ་བརྒྱ་དུས་གཅིག་བསྒྲལ༔ ཟངས་གླིང་མུ་སྟེགས་དཀར་པོའི་ཆོས་ལ་བསྒྱུར༔ ནང་པ་སངས་རྒྱས་བསྟན་པ་ཇི་ལྟ་བའི༔ གྲུབ་པའི་མཐའ་བསལ་དགེ་འདུན་ཁྲི་ཕྲག་ཚོགས༔ དེ་ནས་རྒྱ་གར་གསེར་གླིང་རྒྱལ་པོ་ཆེ༔ ཉི་མ་ཤུགས་ཅན་སྔོན་གྱི་སྨོན་ལམ་མཐུས༔ འདུལ་བའི་དུས་ལ་བབ་པར་དགོངས་ནས་སུ༔ འཆི་མེད་རིག་འཛིན་གྲུབ་ཐོབ་ཆས་སུ་ཞུགས༔ ཀ་ལ་སིདྡྷི་སེང་གེ་ལ་སྤྲུལ་ནས༔ འཇའ་ཚོན་ལམ་ནས་གསེར་གླིང་ཕོ་བྲང་བྱོན༔ རྒྱལ་བློན་ཀུན་གྱིས་མཆོད་སྤྲིན་སྣ་ཚོགས་ཕུལ༔ འཆི་མེད་ཡབ་ཡུམ་རིན་ཆེན་ཁྲི་ལ་བཞུགས༔ རྒྱལ་པོ་ཉི་མ་ཤུགས་ཅན་གུས་པ་ཡིས༔ ཀྱེེ༔ དུས་གསུམ་རྒྱལ་ཀུན་ངོ་བོ་གཅིག་ཏུ་དྲིལ༔ འཆི་མེད་རིག་འཛིན་སེང་གེ་སྒྲ་སྒྲོག་འདུད༔ མཐའ་ཡས་གདུལ་བྱ་སེམས་ཅན་ཁ་ལོ་བསྒྱུར༔ གསེར་གླིང་དབང་བསྒྱུར་ཉི་མ་ཤུགས་ཅན་ང་༔ སྔོན་གྱི་ལས་དབང་ད་ལྟ་ཞིང་འདིའི་བདག༔ འདི་ཕྱི་སྐྱབས་གནས་རིག་འཛིན་ཆེན་པོ་དང་༔ ཀ་ལ་སིདྡྷི་གསང་བའི་ཡུམ་གྱུར་གཉིས༔ སྐྱབས་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ༔ ཡིད་ལ་བསམ་པའི་རེ་བ་སྐོང་དུ་གསོལ༔ ཉི་མའི་ཤུགས་ཅན་རྒྱལ་ས་ཟིན་པ་དང་༔ ཨ་ཐང་རྒྱལ་མོ་གྲོགས་སུ་ཁུག་པ་ཞིག༔ སྨོན་ལམ་འབྲེལ་བའི་ཐུགས་རྗེས་བཟུང་དུ་གསོལ༔ ཁྱོད་ཀྱི་ཅི་གསུང་བདག་གིས་བསྒྲུབ་པར་བྱ༔ གསེར་གླིང་ཞིང་ཁམས་དགེ་ལ་བསྒྱུར་བར་མཛོད༔ དེ་སྐད་ཞུས་ནས་ཡིད་བཞིན་ནོར་བུ་དང་༔ རིན་ཆེན་མཆོད་སྤྲིན་བསམ་གྱིས་མི་ཁྱབ་ཕུལ༔ འཆི་མེད་རིག་འཛིན་ཐུགས་དགྱེས་རྒྱལ་སྲས་ལ༔ ཀྱེེ༔ ལས་འཕྲོ་ཅན་གྱི་རྒྱལ་པོ་ཡབ་སྲས་ཉོན༔ ཕྱོགས་བཅུའི་སངས་རྒྱས་ཚོགས་ཀྱིས་བཀའ་བགྲོས་ཤིང་༔ ཕྲིན་ལས་མ་འགགས་ཐབས་དང་ཐུགས་རྗེ་ཡིས༔ སངས་རྒྱས་བསྟན་འཛིན་ཕ་རོལ་རྒོལ་ངན་བཏུལ༔ རང་རེ་སྔོན་གྱི་ལས་འཕྲོ་སྨོན་ལམ་མཐུན༔ རྒྱལ་སྲས་ཉི་མ་རྒྱལ་ས་ནོན་པའི་ཐབས༔ ལུས་སྒྲིབ་སྤྱོང་ཕྱིར་རྒྱལ་བའི་གཙུག་ལག་ཁང་༔ རྒྱ་ཆེར་བཞེངས་ན་སྔོན་གྱི་ཁས་བླངས་སོབ༔ ཨ་ཐང་རྒྱལ་མོ་གྲོགས་སུ་ཁུག་པ་དང་༔ གསེར་གླིང་ཞིང་ཁམས་མངའ་ཐང་རྒྱས་པར་འགྱུར༔ ཞེས་གསུངས་རྒྱལ་བློན་སྤྲོ་ཞིང་བསམ་པ་དགའ༔ གཙུག་ལག་བཞེངས་པའི་གཞི་བཏིང་ཐམས་ཅད་ཀྱིས༔ ཉིན་མཚན་ཤུགས་བསྐྱེད་གཙུག་ལག་ཁང་ཆེན་བརྩེགས༔ འཆི་མེད་བཀའ་བཞིན་བར་ཆད་མེད་པར་འགྲུབ༔ ནང་དུ་མཁའ་འགྲོ་རྒྱ་མཚོའི་ལྷ་ཚོགས་བཞེངས༔ དཀྱིལ་འཁོར་ཞལ་ཕྱེས་བཀྲ་ཤིས་མེ་ཏོག་འཐོར༔ མཁའ་འགྲོའི་ཚོགས་རྣམས་མངོན་སུམ་ཞལ་ཡང་གཟིགས༔ རྒྱལ་པོ་ཉི་མ་ཤུགས་ཅན་བློན་འཁོར་བཅས༔ གཙུག་ལག་ཁང་དང་རིག་འཛིན་ཡབ་ཡུམ་ལ༔ ཕྱག་འཚལ་གསོལ་བཏབ་སྐོར་ཕྱག་ལས་སྒྲིབ་བྱང་༔ ཉི་མ་ཤུགས་ཅན་གཟི་བརྗིད་བག་དྲོ་ལྡན༔ མཛེས་སྡུག་བཅོ་ལྔའི་དུང་ཟླ་ལྟ་བུ་ལ༔ ཀུན་གྱིས་ངོ་མཚར་སྐྱེས་ཤིང་དད་པ་འཕེལ༔ ཉི་མ་ཤུགས་ཅན་རྒྱལ་པོའི་ཕོ་བྲང་ན༔ རིན་ཆེན་ནོར་གྱི་སྙིང་པོ་གང་ཡོད་དང་༔ དར་ཟབ་ལོངས་སྤྱོད་རི་བོ་ལྟར་སྤུངས་ཤིང་༔ འཆི་མེད་ཡབ་ཡུམ་མདུན་དུ་རྒྱལ་སྲས་ཀྱིས༔ ཨེ་མ༔ སངས་རྒྱས་སྤྱི་གཟུགས་མི་ཡི་སྣང་ངོར་ཙམ༔ ཐུགས་རྗེ་ནུས་མཐུ་འགྲན་བྲལ་རིན་པོ་ཆེ༔ ཉི་མ་ཤུགས་ཅན་རྒྱལ་བཀོར་ཆབ་སྲིད་དང་༔ བདག་ཅག་སྲོག་ལུས་དབང་ཐང་གྱུར་ཏོ་ཅོག༔ འཆི་མེད་རྒྱལ་པོ་ཡབ་ཡུམ་དྲུང་དུ་འབུལ༔ རྒྱལ་བ་མཆོག་གིས་ནོར་ལ་ཞེན་མེད་ཀྱང་༔ ཉི་མ་ཤུགས་ཅན་རྒྱལ་པོའི་ཚོགས་རྫོགས་ཕྱིར༔ བཞེས་ནས་ཞིང་ཁམས་མགོན་དུ་བཞུགས་སུ་གསོལ༔ ཞེས་ཞུས་འཆི་མེད་རིག་འཛིན་འདི་སྐད་གསུངས༔ ཨ་ཧོ༔ ཉོན་དང་རྒྱལ་སྲས་ཉི་མ་ཤུགས་ཅན་ཁྱོད༔ ཀྲེ་ཏ་ར་ཛའི་སྲས་མོ་ཨ་ཐང་མ༔ སྐྱེ་བ་སྔོན་ནས་ལས་མཐུན་ཐབས་ཀྱིས་བསྐུལ༔ ཡབ་ཅིག་རྒྱལ་པོ་ནམ་མཁའི་ཤུགས་ཅན་ཁྱོད༔ བློན་པོ་ནོར་རྫོངས་ཐབས་ཀྱིས་སློང་དུ་ཐོང་༔ འཆི་མེད་ང་ཡིས་ལུང་བསྟན་དྲང་པོར་ཤོད༔ ཞིང་ཁམས་བདེ་དང་དགེ་ལ་བསྐུལ་བའི་ལས༔ ཨ་ཐང་རྒྱལ་མོ་ལོན་ན་འོང་བར་འགྱུར༔ ཞེས་གསུངས་བཞིན་དུ་བློན་པོ་ནོར་རྫས་བརྫངས༔ ཀྲེ་ཏ་རཱ་ཛའི་སྲས་མོ་ཨ་ཐང་མ༔ ནོར་རྣམས་ཕུལ་ནས་བསླང་བས་སྟེར་བར་གྱུར༔ ཨ་ཐང་རྒྱལ་མོ་མཛེས་སྡུག་ཡིད་འཕྲོག་མ༔ དར་ཟབ་རིན་ཆེན་དུ་མའི་རྒྱན་གྱིས་བརྒྱན༔ སྤྱན་དྲངས་རྒྱལ་པོའི་ཕོ་བྲང་ནང་དུ་ཕེབ༔ སྟོན་མོའི་མཆོད་པ་འཚོ་བ་ཟླ་དགུ་དྲངས༔ ཉི་མའི་ཤུགས་ཅན་ཡབ་ཡུམ་ལས་སྨོན་འགྲིགས༔ འཆི་མེད་རིག་འཛིན་ཆེན་པོའི་རྒྱལ་སྲས་དང་༔ ཨ་ཐང་རྒྱལ་མོ་བློན་འཁོར་ཐམས་ཅད་ལ༔ སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་གནང་༔ ཉི་མ་ཤུགས་ཅན་ཡབ་ཡུམ་ལས་ཅན་རྣམས༔ ཉམས་རྟོགས་བཟང་པོ་རྒྱུད་ལ་ཤར་བ་དང་༔ རང་རིག་སྐུ་གསུམ་དགོངས་པ་མངོན་དུ་གྱུར༔ གསེར་གླིང་ཞིང་ཁམས་འགྲོ་དོན་མཐའ་རུ་ཕྱིན༔ དེ་ནས་སྟག་གཟིག་ཡུལ་དུ་བྱོན་པར་དགོངས༔ ཀ་ལ་སིདྡྷི་ཡུམ་ལ་འདི་སྐད་གསུངས༔ ཨ་ཧོ༔ གདོད་ནས་སྐྱེ་འཆི་བྲལ་བ་རང་རིག་ཀློང་༔ འཁོར་འདས་གཉིས་མེད་ཕྱོགས་རིས་མུ་མཐའ་བྲལ༔ སྟོང་གསལ་མཁའ་ལ་ཉི་ཤར་ཇི་བཞིན་དུ༔ འདི་ནི་ཀུན་བཟང་དགོངས་པ་མངོན་སུམ་ཡིན༔ ཀ་ལ་སིདྡྷི་དབང་གི་མཁའ་འགྲོ་མ༔ འབྲས་ལྡན་ཞིང་ཁམས་རཏྞ་ཤི་རི་ཁྲོད༔ གསང་སྤྱོད་སྔགས་ཀྱི་བསྟན་པ་སྤེལ་ཏེ་བཞུགས༔ དེ་སྙེད་གདུལ་བྱའི་འགྲོ་དོན་དཔག་མེད་འབྱུང་༔ ཞེས་གསུངས་ཀ་ལ་སིདྡྷི་གུས་པ་ཡིས༔ ཨེ་མ༔ སྐྱེ་འཆི་མི་མངའ་རྡོ་རྗེ་ལྟ་བུའི་སྐུ༔ འགག་མེད་ཚངས་དབྱངས་ཐེག་མཆོག་བླ་མེད་གསུང་༔ སྤྲོས་བྲལ་ཐུགས་ཉིད་འགྱུར་བ་མེད་པའི་ཀློང་༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ༔ ཁོ་མོ་བལ་འབངས་ཀ་ལ་སིདྡྷི་མས༔ དུས་གསུམ་འདུ་འབྲལ་མེད་པར་སྙིང་ནས་བསྒོམ༔ ཐུགས་རྗེ་བྲི་གང་མེད་པར་ཡོངས་སུ་ཟུངས༔ བསོད་ནམས་དམན་པས་གསོན་པོར་དུར་དུ་བསྐྱལ༔ དུར་ཁྲོད་གཅན་ཚོགས་ཤ་ཁྲག་དམར་ལ་རོལ༔ མ་མ་ལྟ་བུར་རིག་འཛིན་ཐུགས་རྗེས་བཟུང་༔ ཁྱོད་ལས་ལྷག་པའི་བཀའ་དྲིན་ཅན་མེད་པས༔ ཟབ་མོ་གསང་བའི་གདམས་པ་རྒྱ་ཆེར་ཐོབ༔ སྤྲུལ་བསྒྱུར་ཡོན་ཏན་ནུས་པ་གུ་རུའི་དྲིན༔ ལུས་དམན་བསོད་ཆུང་ཀ་ལ་སིདྡྷི་ང་༔ སེམས་ནི་བྱི་སྦ་ཐང་སྟོང་འདུག་པ་བཞིན༔ རིག་འཛིན་ཁྱོད་དང་འབྲལ་བར་མི་ཕོད་ཀྱང་༔ བཀའ་དྲིན་ཅན་གྱི་ཞལ་ནས་གསུང་ཕྱུང་ཚེ༔ ཅི་གསུང་བཀའ་བཞིན་སྒྲུབ་ལ་གཡར་དམ་བཅའ༔ བདག་ཉིད་མི་ཕྱེད་དད་པས་གསོལ་བ་འདེབས༔ ཁོ་མོ་ཡིད་ཀྱི་གདུང་བ་སེལ་བའི་ཕྱིར༔ ནངས་རེ་དགོང་རེ་ཡང་ཡང་བྱོན་པར་ཞུ༔ ཉིན་མཚན་དུས་མེད་རིག་འཛིན་ཁྱེད་དྲན་པས༔ ཐུགས་རྗེ་བརྩེ་བ་ཆེན་པོས་གཟིགས་སུ་གསོལ༔ ཞེས་ཞུས་འཆི་མེད་ཐུགས་དགྱེས་འདི་སྐད་གསུངས༔ ཨ་ཧོ༔ ཀ་ལ་སིདྡྷི་གསང་སྤྱོད་བདེ་བའི་གྲོགས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ང་༔ སྐད་ཅིག་ཡུད་ཙམ་སྤྲུལ་སྐུ་བྱེ་བ་འགྱེད༔ ཉེ་རིང་མེད་པར་ཐུགས་རྗེས་བཟུང་བར་ནུས༔ གསོལ་བ་བཏབ་ན་མངོན་སུམ་ཞལ་ཡང་མཇལ༔ བརྩེ་གདུང་དབང་གིས་བུ་བཞིན་སྐྱོང་བར་བགྱི༔ ལས་ཅན་མཁའ་འགྲོ་ཀ་ལ་སིདྡྷི་མ༔ ད་ལྟ་གདུལ་བྱའི་འགྲོ་དོན་རྫོགས་པ་ན༔ སླར་ལོག་རཏྞ་ཤི་རིའི་དུར་ཁྲོད་དུ༔ བཞུགས་ནས་དཀའ་ཐུབ་ཞིང་ཁམས་དགེ་ལ་བསྒྱུར༔ ནམ་ཞིག་འཆི་མེད་པདྨ་འབྱུང་གནས་ང་༔ འཛམ་གླིང་ཞིང་ཁམས་གདུལ་བྱ་རྫོགས་པའི་ཚེ༔ བདེ་ཆེན་པདྨ་འབར་བའི་ཞིང་ཁམས་སུ༔ མི་བསྐྱོད་རྡོ་རྗེ་དོན་མཛད་སྐུར་བཞེངས་དུས༔ མཁའ་འགྲོ་མ་ཚོགས་རྒྱ་མཚོ་དེ་རུ་བསྡུ༔ གསང་བའི་ཡུམ་ལྔ་འཆི་མེད་གྲོགས་སུ་བརྟེན༔ ཞིང་ཁམས་འགྱུར་མེད་སྐྱོང་བའི་སྐུ་རུ་བཞུགས༔ མ་འོངས་བོད་ཀྱི་ཡུལ་དུ་སྔགས་བསྟན་དར༔ དོན་མཛད་སྐྱེས་བུས་གདུལ་དཀའ་འདུལ་བའི་དུས༔ ཀ་ལ་སི་ཏི་དབང་དང་ཚེ་སོགས་མིང་༔ སྐྱེ་བ་བརྒྱད་ལ་གསང་བའི་གྲོགས་སུ་འགྱུར༔ ཞེས་གསུངས་རིག་འཛིན་རི་བོ་ཏ་ལར་བྱོན༔ དེ་ཚེ་བལ་འབངས་ཀ་ལ་སིདྡྷི་མ༔ དུང་གི་བྱ་རྒོད་གཅིག་ཏུ་སྤྲུལ་ནས་སུ༔ རཏྞ་ཤི་རིའི་དུར་ཁྲོད་གནས་སུ་གཤེགས༔ ཚོགས་བདག་མཁའ་འགྲོའི་ཚོགས་ཀྱིས་བསུ་བ་མཛད༔ ཀ་ལ་སིདྡྷི་ཚོགས་ཀྱི་རྗེ་མོར་བཞུགས༔ གསང་སྤྱོད་སྔགས་ཀྱི་བསྟན་པའི་ཕྲིན་ལས་སྒྲུབ༔ ཞི་དབརྔ་ཐུབ་དགེ་བའི་ཕྱོགས་སུ་བསྒྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
ཀློང་ཆེན་མི་འགྱུར་བདེ་བ་ཅན་གྱི་ཞིང་༔ ཐུགས་ཉིད་སྤྲོས་བྲལ་བདེ་ཆེན་ཀུན་བཟང་མོ༔ མ་འགག་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མ༔ དབྱིངས་ཆེན་བཀོད་པའི་དུར་ཁྲོད་ན༔ དབྱིངས་ཀྱི་ཡུམ་ཆེན་ཐུགས་རྗེ་ཀུན་སྒྲོལ་མས༔ ཐུགས་རྗེ་འགྲོ་ལ་བརྩེ་བའི་སྒྱུ་འཕྲུལ་གྱིས༔ སོར་རྟོག་ཡེ་ཤེས་ཐུགས་ཀྱི་ངོ་བོ་ནི༔ པདྨ་དམར་པོ་ནི༔ ཡིག་མཚན་པ་ཞིག༔ སྐད་ཅིག་ཏིང་འཛིན་བལ་ཡུལ་འོད་ཟེར་འཕྲོས༔ མཁའ་འགྲོ་ཤཱཀྱ་དྷེ་ཝ་ཞེས་བྱ་བ༔ ཡུལ་ནི་བལ་ཡུལ་ཡང་ལེ་ཤོད་ཀྱི་ཞིང་༔ གྲོང་ཁྱེར་པ་ཤ་ཀ་ཞེས་གྲོང་བརྡལ་ཆེ༔ ཁྱིམ་བདག་རཏྞ་སིདྡྷི་འབྱོར་པ་རྒྱས༔ བཟང་མོ་དཔལ་ཡང་ཤིན་ཏིང་ཨ་ཅ་གཉིས༔ ཡབ་ཡུམ་མཐུན་པར་དཀོན་མཆོག་མཆོད་ལ་བརྩོན༔ ནམ་ཞིག་ཡབ་ཀྱི་རྨི་ལམ་རི་མཐོ་རྩེར༔ འོད་ཟེར་ནང་དུ་གསེར་གྱི་མི་ཆུང་ཞིག༔ འོད་དཀར་རང་གི་སྤྱི་བོར་ལུས་ལ་ཐིམ༔ ཕྲག་པ་གཡས་གཡོན་སེང་གཉིས་སྒྲ་སྒྲོགས་རྨིས༔ ཡུམ་གྱིས་མཁའ་ལས་འོད་ཟེར་དམར་པོ་ཞིག༔ དཀྱིལ་འཁོར་གྲུ་བཞིའི་དབུས་སུ་ནི་ཡིག་མཚན༔ འོད་ཟེར་ཤར་བས་བལ་ཡུལ་མུན་པ་སངས༔ དཀྱིལ་འཁོར་ཡུམ་གྱི་ལུས་ཐིམ་ལྟེ་བར་བཀྲམས༔ མཁའ་འགྲོ་མང་པོ་དཀྱིལ་འཁོར་དེ་ལ་འདུ༔ མི་དང་མི་མིན་ཚོགས་ཀྱིས་བསྐོར་བ་རྨིས༔ ཡབ་ཡུམ་རྨི་ལམ་བཟང་ནས་གསང་རྒྱ་བསྡམས༔ དཀོན་མཆོག་མཆོད་བརྩོན་དགེ་ལ་རིམ་པར་མཛད༔ ཕྱི་ལོར་བཙུན་མོ་ཤིན་ཏིང་ཨ་ཅ་ལ༔ སྲས་ནི་མ་ཡིན་སྲས་མོ་ཞིག་བཙལ་པས༔ བུ་མོ་མཚན་བཟང་མེ་ཏོག་གསར་ཚེས་འདྲ༔ འཇིག་རྟེན་གཞན་དང་མི་འདྲ་སྐྱེ་མཆེད་རྫོགས༔ ཐུགས་རྒྱུད་བརྟན་ཞིང་ཚུགས་ཐུབ་ཞི་ངང་དུལ༔ ཀུན་ཀ་ངོ་མཚར་སྐྱེས་ནས་ཆེ་བསྟོད་བྱེད༔ རྒྱ་གར་ཤཱཀ་རིགས་རྒྱལ་པོའི་རིགས་སྲས་མཚུངས༔ མཚན་ཀྱང་ཤཱཀྱ་དྷེ་ཝ་ཞེས་སུ་བཏགས༔ འཁོར་བར་མི་ཕྱོགས་ཆོས་ལ་ནན་ཏན་མཛད༔ ཡབ་ཡུམ་གཉིས་སོགས་དགྲ་གཉེན་ཕྱོགས་རིས་མེད༔ རི་ཁྲོད་དབེན་གནས་བྲག་ཕུག་ཤིང་དྲུང་བསྐྱོད༔ བྱང་ཆུབ་ཆེན་པོའི་ངང་དུ་གནས་ནས་བཞུགས༔ ནམ་ཞིག་བར་སྣང་མཁའ་འགྲོ་ཁྱུང་གདོང་ཅན༔ ཤེད་ཀྱིས་བྱུང་ནས་ཚངས་དབྱངས་འདི་སྐད་གསུངས༔ ཀྱེེ༔ ཉོན་དང་བལ་ཡུལ་གྲོང་ཁྱེར་པ་ཤ་ཀ༔ བུ་མོ་ཤཱཀྱའི་རིགས་སུ་གཏོགས་འདྲ་ཁྱོད༔ ཡང་ལེ་བྲག་ཕུག་མ་ཧཱ་ཀོ་ཏྲ་ཅན༔ འཆི་མེད་བདུད་འདུལ་སྲིད་གསུམ་ཟིལ་གནོན་བཞུགས༔ རིག་འཛིན་ཆེ་མཆོག་མདུན་དུ་ཁྱོད་གཤེགས་ཤིག༔ རྟེན་འབྲེལ་གསང་བ་བླ་མེད་འབྱུང་བར་འགྱུར༔ ཞེས་གསུངས་མཁའ་འགྲོ་ཐོགས་མེད་དབྱིངས་སུ་གཤེགས༔ དེ་ཚེ་བལ་མོ་ཤཱཀྱ་དྷེ་ཝ་ཡིས༔ མཁའ་འགྲོའི་གསུང་ལ་ཐེ་ཚོམ་ཡིད་གཉིས་བྱུང་༔ དོ་ནུབ་མཁའ་འགྲོ་ཚོགས་ལ་གསོལ་བ་བཏབ༔ གཟིམ་པའི་ནུབ་མོའི་རྨི་ལམ་ཐོ་རངས་ཁར༔ འདུག་གནས་ཤིང་གི་སྤྱིལ་བུའི་རྩེ་དེ་ལས༔ ཉི་མ་རྩེ་ཤར་བལ་མོའི་ལུས་ལ་ཐིམ༔ གཟུགས་ཕུང་བསྲེགས་ནས་འོད་ཀྱི་རང་བཞིན་གྱུར༔ ཉམས་རྟོགས་མངོན་ཤར་ལུས་སེམས་བདེ་བ་སྐྱེས༔ སྟོང་གསལ་འཛིན་མེད་གཉུག་མའི་ངང་དུ་གནས༔ མདུན་གྱི་ནམ་མཁར་མཁའ་འགྲོ་ལྔ་བྱུང་ནས༔ བརྩེ་ཞིང་གདུང་བའི་ཚུལ་གྱིས་འདི་སྐད་གསུངས༔ ཧོ༔ ཉོན་དང་བལ་མོ་ཤཱཀྱ་དྷེ་ཝ་ཁྱོད༔ གདུལ་བྱའི་དུས་བབས་བདེ་ཆེན་མཁའ་འགྲོ་མ༔ ཤཱཀྱ་དྷེ་ཝ་ཨ་ཏི་བླ་མེད་ཆོས༔ ཡང་ལེ་ཤོད་དུ་མ་ཧ་ཀོ་ཏྲའི་ཕུག༔ བདེ་མཆོག་དཔའ་བོའི་སྐུ་ཡི་སྦྱོར་ཡུམ་ཤོག༔ བལ་ཡུལ་ཞིང་ཁམས་གསང་བ་བླ་མེད་ཆོས༔ ཁྱེད་ནི་དོན་མཛད་པདྨ་དྲག་པོ་ཡི༔ དབང་གི་ཕྲིན་ལས་མཁའ་འགྲོ་ཁྱོད་ལ་རག༔ ཆགས་མེད་བརྟུལ་ཞུགས་ཆགས་འཁོར་ཉོན་མོངས་སྒྲོལ༔ ཟབ་ལམ་ཐེག་ཆེན་མཆོག་གི་དངོས་གྲུབ་རྙེད༔ ཅེས་པའི་ལུང་བསྟན་ཨོ་རྒྱན་ཕྱོགས་སུ་གཤེགས༔ བལ་མོས་བརྟག་པའི་རྨིས་ལྟས་ཤིན་ཏུ་བཟང་༔ ད་ནི་ཐེ་ཚོམ་མེད་པར་ཀོ་ཏྲར་འགྲོ༔ དེར་བཞུགས་དཔའ་བོ་དེ་ལ་སྙིང་ནས་སྤྲོ༔ བར་ཆད་འོང་སྙམ་གསང་ཐབས་འདི་སྐད་གསུངས༔ ཀྱེེ་ཉོན་དང་བལ་ཡུལ་འདུག་པའི་སྐྱེ་འགྲོ་ཀུན༔ པ་ཤ་གྲོང་ཁྱེར་ཁྱིམ་བདག་ཡབ་ཡུམ་སྲས༔ ཁོ་མོ་བལ་བཟའ་ཤཱཀྱ་དྷེ་ཝ་ང་༔ བུད་མེད་རིགས་སྐྱེས་བསོད་ནམས་ཞན་ན་ཡང་༔ དགེ་སྒོར་ཞུགས་ན་ཕོ་མོའི་ཁྱད་པར་མེད༔ དལ་འབྱོར་ལུས་བླངས་རྟེན་ལ་སྙིང་པོ་བཅའ༔ བྱང་ཆུབ་སྒྲུབ་ལ་ཚེ་གང་བརྩོན་པའི་ཕྱིར༔ བདག་ནི་ཡང་ལེ་ཤོད་ཀྱི་ཕུག་ཏུ་འགྲོ༔ བྱང་ཆུབ་བསྒོམས་ནས་མི་རིང་ཞིང་ཁམས་འོང་༔ ཡབ་ཡུམ་ཡུལ་ཁམས་དགེ་ལ་བརྩོན་པ་དང་༔ དཀོན་མཆོག་མཆོད་ཅིང་གསོལ་བ་རྒྱ་ཆེར་ཐོབ༔ ཅེས་གསུངས་རས་དཀར་ན་བཟའ་གཙང་མ་གསོལ༔ རྫུ་འཕྲུལ་རྩལ་ཀྱིས་མ་ཧཱ་ཀོ་ཌར་བསྐྱོད༔ སྒྲུབ་ཕུག་སྒོར་ཕྱིན་འཆི་མེད་གུ་རུ་ནི༔ གཞོན་ནུ་མཛེས་མདངས་དཀར་ལ་དམར་བའི་ཞལ༔ བལྟ་ན་ཞེ་ཚིམ་རེག་ན་བདེ་བ་འབར༔ དད་ནས་བལ་མོས་འདི་སྐད་ཞུ་བ་ཕུལ༔ ཨེ་མ༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཆེ༔ མ་ཧཱ་ཀོ་ཏྲར་བཞུགས་པའི་སྐུ་མཆོག་ཉིད༔ བལ་མོ་པ་ཤ་ཀ་ཡི་ཁྱིམ་བདག་སྲས༔ སྐྱེས་དམན་བུད་མེད་ཡིན་ཀྱང་ཡིད་སེམས་དགེ༔ ངོ་མཚར་རྟགས་དང་མཁའ་འགྲོའི་ལུང་བསྟན་ལས༔ ཚེ་གཅིག་སངས་རྒྱས་འགྲུབ་པ་ཨ་ཏི་ཡི༔ ཟབ་པའི་གདམས་པ་ཀོ་ཏྲའི་དཔལ་མོ་ལ༔ དངོས་གྲུབ་ཡོད་པས་ད་ལྟར་སོང་ཞེས་ཐོས༔ ཤཱཀྱ་དྷེ་ཝ་རིག་འཛིན་གྲོགས་སུ་འོང་༔ ཁྱོད་ཀྱིས་ཐུགས་རྗེ་ཆེན་པོས་བཟུང་དུ་གསོལ༔ ཞེས་ཞུས་ཕྱག་འཚལ་མདུན་དུ་འཁོད་ནས་འདུག༔ རིག་འཛིན་དེ་ཡིས་གསང་བའི་བཀའ་འདི་བསྩལ༔ ཧོ༔ ལེགས་པར་ཉོན་དང་བལ་མོ་ཤཱཀྱའི་རིགས༔ ཞུས་པའི་དོན་དེ་བདག་གི་ཐུགས་སུ་བྱོན༔ བདག་ནི་འཆི་མེད་པདྨ་ཐོད་ཕྲེང་རྩལ༔ འོག་མིན་ཞིང་ན་ཀུན་བཟང་ཚད་མེད་འོད༔ རྩ་གསུམ་ལྷ་གནས་ཐོད་ཕྲེང་སྡེ་ལྔར་བྱོན༔ ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས༔ དྷ་ན་ཀོ་ཤར་མཚོ་དབུས་པད་སྡོང་རྩེར༔ རང་བྱུང་སྤྲུལ་པའི་སྐུར་བཞེངས་འགྲོ་བའི་དོན༔ གསང་སྤྱོད་སྔགས་ཀྱིས་བསྟན་པའི་ཕྲིན་ལས་སྐྱོང་༔ སོ་སོར་རང་རང་མོས་པ་ཇི་བཞིན་དུ༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ སངས་རྒྱས་བསྟན་པའི་དབུ་འཕང་མཐོ་བར་བྱེད༔ འགྲོ་དོན་དུས་བབས་བལ་ཡུལ་གསང་སྔགས་སྤེལ༔ ཤཱཀྱ་དྷེ་ཝ་དབྱིངས་ཆེན་དུར་ཁྲོད་ན༔ ང་དང་གསང་ཆེན་མཁའ་འགྲོའི་འབྲེལ་པ་ཡོད༔ ཁྱོད་ཀྱི་དགོངས་དོན་ཇི་བཞིན་བདག་གིས་བསྒྲུབ༔ གསང་ཆེན་སྒྲུབ་ཞུགས་བལ་ཡུལ་བསྟན་པ་སྤེལ༔ གདུལ་དཀའ་འདུལ་ཕྱིར་བསྟན་པ་རྗེས་སུ་བཞག༔ ཅེེས་གསུངས་ཤཱཀྱ་དྷེ་ཝ་དགའ་ཞིང་མགུ༔ མཁའ་འགྲོའི་ལུང་བསྟན་དུས་ལ་འཛོལ་མེད་པར༔ རིག་འཛིན་ཆེན་པོའི་ཐུགས་བྱོན་བླ་མེད་གྱུར༔ ཀོ་ཏྲའི་སྒྲུབ་ཕུག་ཞི་བ་ཀུན་བཟང་གི༔ དཀྱིལ་འཁོར་ཞལ་ཕྱེས་ཞག་བདུན་བར་དུ་བསྒྲུབས༔ མངོན་སུམ་ཞལ་གཟིགས་ཟབ་པའི་ཆོས་རྣམས་གསུངས༔ ཤཱཀྱ་དྷེ་ཝ་རྟོགས་གྲོལ་མཆོག་ཏུ་གྱུར༔ དེ་ཚེ་འཆི་མེད་རིག་འཛིན་ཡབ་ཡུམ་གྱིས༔ བལ་ཡུལ་ཞིང་ཁམས་ཆོས་ལ་བསྒྱུར་དགོངས་ཤིང་༔ དང་པོ་གཟུགས་མེད་ལྷ་འདྲེ་དབང་དུ་བསྡུས༔ བདེན་པའི་བཀའ་གསང་འཆད་ཅིང་དམ་བཏགས་ཚེ༔ ལྷ་འདྲེ་ཕལ་ཆེ་དམ་ལ་གནས་པར་གྱུར༔ དེ་ཡི་ནང་ནས་གདུག་པ་སྟོབས་ཆེ་བ༔ བལ་ཡུལ་རྒྱ་གར་གྲྭ་མིན་བོད་ཀྱི་ཡུལ༔ ཀ་ཤ་གླིང་སོགས་ཕྱེད་ལ་དབང་བསྒྱུར་བ༔ གློག་དམར་སྤྲིན་ཞེས་ལུས་པོ་སྤྲིན་གྱི་དབྱིབས༔ མདོག་དཀར་གཡག་དང་མི་གཟུགས་ཡན་ལག་དང་༔ མཇུག་མ་དམར་པོ་གློག་གི་ཞགས་པ་ལྟར༔ ལྟག་པ་ཆུ་སྲིན་མཇུག་མ་སྦྲུལ་དང་མཚུངས༔ མགོ་བོ་དམར་ནག་སྡིག་པ་ར་ཙ་ལྟར༔ འོག་ཕྱོགས་ཀླུ་བདུད་འབྱུང་པོ་ཁྲག་གི་ལུས༔ མཇུག་མ་དུག་སྦྲུལ་ཡན་ལག་ཆུ་སྲིན་སྡེར༔ མགོ་བོ་སྲིན་པོ་ཁྲོས་བཞིན་རལ་བ་གཟེང་༔ གནོད་སྦྱིན་རྟ་ཁ་མཐིང་ནག་ལྟོ་བ་ཆེ༔ མཆེ་བ་བཞི་གཙིག་གློག་གི་གཤོག་པ་ཅན༔ ཡན་ལག་སྲིན་པོ་ཁྲོས་བཞིན་མི་སྡུག་འཇིགས༔ དེ་གསུམ་གཅིག་གྲོགས་བསྡོངས་ནས་ཞིང་ཁམས་ཉུལ༔ དགེ་ལ་སྡང་ཞིང་མ་རུངས་ཁ་འཛིན་བྱེད༔ བསྟན་དང་འགྲོ་ལ་བར་ཆད་སྦྱོར་ངན་ཤོམས༔ དང་པོ་གློག་དམར་སྤྲིན་གྱིས་བསླང་༔ རང་རེ་བལ་ཡུལ་ཞིང་ཁམས་ན༔ མ་ཧ་ཀོ་ཏྲའི་ཕོ་མོ་གཉིས༔ ཡོང་མ་མྱོང་སྟེ་ཐོས་མ་མྱོང་༔ རང་རེའི་དགྲར་ལང་གནོད་དེ་འོང་༔ གློག་དམར་སྤྲིན་ངས་ཆོ་འཕྲུལ་འགྱེད༔ ཀླུ་བདུད་འབྱུང་པོས་ཁ་རླངས་ཐོང་༔ རྒོད་མ་ཁ་ཡིས་འཐབ་ར་ཆོས༔ དེ་གསུམ་གྲོས་བཅད་ཐོ་འཚམས་བྱེད༔ འཆི་མེད་ཡབ་ཡུམ་བཞུགས་པའི་ས་མཚམས་བབས༔ ནུབ་ཅིག་ཐོག་མདའ་དམར་པོ་ལན་དགུ་འཕང་༔ འཆི་མེད་ཡབ་ཡུམ་ཐོག་གིས་མ་གནོད་ཅིང་༔ སྐད་ཅིག་རིག་འཛིན་རྟ་མགྲིན་ནག་པོར་ཁྲོས༔ མེ་དཔུང་འབར་བའི་མཚོན་ཆ་འཁོར་ལོས་བསྒྱུར༔ གནོད་སྦྱིན་གསུམ་པོའི་འདུན་ཚོགས་གཏིང་ནས་བཤིགས༔ མ་རུངས་འདུལ་བའི་གཉེན་པོ་རེ་རེ་བཞག༔ དེ་ནས་བལ་མོ་ཤཱཀྱ་དྷེ་ཝ་ཡིས༔ ཀྱེེ༔ ཐུགས་རྗེ་མངའ་བདག་འཆི་མེད་རྡོ་རྗེའི་སྐུ༔ མཁྱེན་བརྩེ་ནུས་པས་གང་འདུལ་གསང་སྤྱོད་མཛད༔ ཁྱད་པར་བལ་ཡུལ་ཆོས་ལ་བསྒྱུར་བ་དང་༔ ཟབ་གསང་བླ་མེད་བཀའ་འཁོར་བསྐོར་དུ་གསོལ༔ ཞུས་པས་རིག་འཛིན་ཆེན་པོས་འདི་སྐད་གསུངས༔ ཀྱེེ༔ ཉོན་དང་ལས་ཅན་བལ་བཟའ་ཤཱཀྱ་དྷེ༔ ཞུས་པའི་དོན་དེ་འགྲོ་དོན་དུས་ལ་བབ༔ འོན་ཀྱང་གསང་སྔགས་ཟབ་མོའི་སྣོད་གྱུར་དཀོན༔ རྟེན་འབྲེལ་ཐབས་ཀྱིས་བརྡ་བསྐུལ་ཁྱོད་ལ་རག༔ ཟབ་གསང་གདམས་པ་བླ་མེད་བདག་གིས་བཤད༔ ཁྱོད་ཀྱི་ལུས་བསྐྱེད་ཡབ་ཡུམ་ཐོག་མའི་འཁོར༔ སྔོན་གྱི་སྨོན་ལམ་ཞིག་གི་འབྲེལ་པ་ཡོད༔ ཁྱོད་ནི་སྔོན་སོང་བདག་ནི་རྗེས་སུ་ཡོང་༔ ཞེས་གསུངས་ཤཱཀྱ་དྷེ་ཝ་ཐུགས་དགྱེས་ཏེ༔ པ་ཤ་ཀ་ཡི་གྲོང་ཁྱེར་ཁྱིམ་བདག་ཉིད༔ ཡབ་ཡུམ་དྲུང་དུ་ཕྱིན་ཞིང་བདེ་བར་འདུག༔ ཁྱེད་ནི་ཡུན་རིང་གྲོགས་མེད་ཟས་མེད་བཞུགས༔ བདག་ཅག་གདུང་ཀྱང་བུ་མོས་མ་གནང་འབྱོན༔ ད་ནི་སྐུ་འཚོ་གནས་འདིར་བྱོན་པ་ལེགས༔ བདག་ཅག་རྣམས་ཀྱིས་ཅི་གསུང་བཀའ་དེ་སྒྲུབས༔ ཞིང་ཁམས་འདི་ལ་གཏན་བཞུགས་མཛད་པར་ཞུས༔ དེ་ལ་བལ་བཟའ་མཁའ་འགྲོས་འདི་སྐད་གསུངས༔ ཀྱེེ་མ༔ ལས་ལུས་འབྲེལ་བའི་དྲིན་ཅན་ཕ་མ་དང་༔ དད་གུས་ཉེ་གཉེན་ཆགས་པའི་འཁོར་བ་རྣམས༔ སྒྱུ་མའི་ནོར་ལ་ཆགས་སེམས་མ་མཆིས་ཤིང་༔ ཁྱོད་རྣམས་བསོད་ནམས་ཚོགས་ཆེན་རྫོགས་པའི་ཕྱིར༔ ཁོ་མོ་ཤཱཀྱ་དྷེ་ཝ་བྱང་ཆུབ་སྒྲུབ༔ མ་ཧཱ་ཀོ་ཏྲའི་ཕུག་ཏུ་བསྐྱོད་པ་ལ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ཞེས༔ སྐྱེ་འཆི་དབང་ཐོབ་རྡོ་རྗེའི་སྐུ་བརྙེས་པ༔ མཁྱེན་བརྩེ་ཐུགས་རྗེའི་བདག་ཉིད་ཆེན་པོར་བཞུགས༔ ཁོ་མོས་ཞལ་མཇལ་ཐུགས་ཀྱིས་རྗེས་སུ་བཟུང་༔ གསང་སྔགས་རྫོགས་པ་ཆེན་པོའི་བཀའ་ཟབ་མོ༔ ཕྱི་ནང་གསང་བ་ཡང་གསང་བླ་མེད་གསུངས༔ ཀུན་བཟང་རྡོར་སེམས་དཀྱིལ་འཁོར་ལྷ་ཞལ་མཇལ༔ སྐྱེ་འཆི་གཉིས་བྲལ་ཚེ་ཡི་རིག་འཛིན་གྱུར༔ ཁམས་གསུམ་ཡོངས་ལ་འཚེ་བའི་གནོད་སྦྱིན་སྲིན༔ མ་རུངས་བདུད་སྲིན་རྒོལ་ངན་དྲག་པོས་བཅོམ༔ ལྷ་མི་སྐྱེ་དགུ་རྣམས་ཀྱང་བདེ་ལ་བཀོད༔ འོ་སྐོལ་སྔོན་གྱི་ལས་འཕྲོ་ཡོད་པར་ངེས༔ གནས་འདིར་ལུས་བསྐྱེད་ཡབ་ཡུམ་དད་ཅན་རྣམས༔ ཟབ་མོ་ཆོས་ཀྱི་འབྲེལ་བ་འཐོབ་པར་བྱ༔ ཁྱོད་རྣམས་ཁོ་མོའི་བཀའ་ལ་ཉན་པར་གྱིས༔ ཞེས་གསུངས་ཡབ་ཡུམ་འཁོར་ཚོགས་ཤིན་ཏུ་དགྱེས༔ འཆི་མེད་རིག་འཛིན་གསང་བའི་གྲོགས་སུ་གོ༔ ཐམས་ཅད་མོས་གུས་གསོལ་བ་འདི་ལྟར་འདེབས༔ ཀྱེེ༔ བཀའ་དྲིན་བླ་མེད་བདེ་ཆེན་དབྱིངས་ཀྱི་ཡུམ༔ ཁྱིམ་བདག་བསོད་ནམས་ཤཱཀྱ་དྷེ་ཝ་འཁྲུངས༔ ལུས་ཀྱི་སྒྲམ་གནས་རྨིས་ལྟས་ཤིན་ཏུ་བཟང་༔ ཆུང་ནས་བྱང་ཆུབ་སེམས་ཀྱིས་འགྲོ་ཀུན་སྐྱོང་༔ སེམས་དྲང་དགེ་བའི་ལམ་ལ་ཁྱད་པར་བསྔགས༔ བདག་ཅག་ལས་ཅན་རིན་ཆེན་ལག་ཏུ་བརྙེས༔ ད་ནི་ཉིད་ཀྱིས་ཅི་གསུངས་དང་དུ་ལེན༔ སངས་རྒྱས་མི་གཟུགས་ལྷ་མིའི་མགོན་དུ་བྱོན༔ སྟོན་པ་དེ་ཡི་མདུན་དུ་བདག་ཅག་འདོང་༔ བལ་ཡུལ་རིགས་ལྡན་མང་ཡང་ཁྱེད་ཉིད་ལྷག༔ ངེད་ཅག་སྣ་དྲོངས་ཆོས་ལ་ཞུགས་དུ་འགྲོ༔ མ་ཧ་ཀོ་ཏྲ་སྒྲུབ་ཕུག་མཇལ་མ་མྱོང་༔ རྟེན་འབྲེལ་ཐབས་ནི་ཉིད་ཀྱིས་གསུངས་མཛོད་ཅིག༔ ཞུས་ནས་ཁྱིམ་བདག་ཡབ་ཡུམ་བསོད་ནམས་ཅན༔ འབྲས་དཀར་ཕྱེ་དང་འབྲས་ཆང་དཀར་མངར་ཟས༔ རིན་ཆེན་གསེར་དངུལ་དར་ཟབ་ན་བཟའ་ཆས༔ མཆོད་ཚོགས་ལོངས་སྤྱོད་བསམ་གྱིས་མི་ཁྱབ་ཁྱེར༔ ཤཱཀྱ་དྷེ་ཝ་ཁྱིམ་བདག་ཡབ་ཡུམ་དང་༔ འབངས་མི་དད་ཅན་མང་པོ་ཆས་ནས་སོང་༔ མ་ཧཱ་ཀོ་ཏྲར་རིག་འཛིན་སྤྱན་སྔར་ཕྱིན༔ ཁྱིམ་བདག་ཡབ་ཡུམ་ཕྱག་འཚལ་གསོལ་བ་བཏབ༔ རིན་ཆེན་མཆོད་སྤྲིན་སྣ་ཚོགས་ཕོངས་མེད་ཕུལ༔ བལ་བཟའ་ཤཱཀྱ་དྷེ་ཝས་འདི་སྐད་ཞུས༔ ཨེ་མ༔ མཁྱེན་བརྩེའི་བདག་ཉིད་རིག་འཛིན་སྤྲུལ་པའི་སྐུ༔ ཐམས་ཅད་མ་སྒྲིབ་ས་ལེར་གསལ་ན་ཡང་༔ ཁྱིམ་བདག་ཡབ་ཡུམ་དད་འབྱོར་ཅན་རྣམས་ཀྱིས༔ རིག་འཛིན་ཆེན་པོའི་གསུང་ཞིག་ཐོས་ལ་གདུང་༔ རཏྞ་སིདྡྷི་ཤིན་ཏིང་ཨ་ཅ་མ༔ འཁོར་བ་དད་ལྡན་འཆི་མེད་མཇལ་ལ་སྤྲོ༔ ཅི་གསུངས་བཀའ་སྒྲུབ་དགེ་སྒོར་ཞུགས་པ་དང་༔ ཟབ་ལམ་སྨིན་གྲོལ་གདམས་པ་གནང་དུ་གསོལ༔ ཞུས་པ་རིན་འཛིན་ཆེན་པོས་བཀའ་སྩལ་པ༔ ཨ་ཧོ༔ ལས་ཅན་ཁྱིམ་བདག་ཡབ་ཡུམ་མ་ཡེངས་ཉོན༔ བདག་ནི་རིག་འཛིན་ཆེན་པོ་པདྨ་འབྱུང་༔ ཤཱཀྱ་དྷེ་ཝ་དབྱིངས་ཆེན་དུར་ཁྲོད་ནས༔ གསང་སྤྱོད་བླ་མེད་གྲོགས་གྱུར་ཚོགས་ཀྱི་དཔོན༔ གང་འདུལ་ཐབས་ཀྱིས་ཕྱོགས་ཕྱོགས་འགྲོ་དོན་མཛད༔ མཁའ་འགྲོ་གཙོ་མོ་ལྔ་ལས་པདྨའི་རིགས༔ དབང་གི་མཁའ་འགྲོ་བདག་གི་གྲོགས་སུ་གྱུར༔ བལ་ཡུལ་སྨིན་གྲོལ་ཤཱཀྱ་དྷེ་ཝར་རག༔ ཁྱིམ་བདག་ཡབ་ཡུམ་སྔོན་ནས་དམ་ཚིག་འབྲེལ༔ གསང་སྔགས་བསྟན་པའི་གཉེར་གཏད་ཁྱོད་ལ་རག༔ ཟབ་གསང་བླ་མེད་རྫོགས་པ་ཆེན་པོའི་ལམ༔ འཁོར་བ་མ་སྤང་བྱང་ཆུབ་སྒྲུབ་ལ་ཉེ༔ ཞེས་གསུངས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ཆོས༔ དམར་ཁྲིད་གདམས་པ་ཡོངས་རྫོགས་ཟབ་མོ་གསུངས༔ རཏྞ་སིདྡྷི་བྷུདྡྷ་དྷ་རར་གསོལ༔ ཤིན་ཏིང་ཨ་ཅ་ཀུ་ས་ཀི་ལི་ཞེས༔ ཁྱིམ་བདག་ཡབ་ཡུམ་གྲུབ་པ་མངོན་དུ་ཐོབ༔ འབངས་བཅས་འཁོར་བ་དད་ལྡན་ཚོམ་བུ་གཅིག༔ ཐམས་ཅད་སྨིན་གྲོལ་ལམ་བཀོད་ཞིང་དུ་བསྒྱུར༔ བལ་ཡུལ་སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ༔ ཆོས་ལ་མོས་པ་ས་ཡི་རྡུལ་ལྟར་འདུས༔ མ་ཧཱ་ཀོ་ཏྲའི་གནས་ཆེན་ཆོས་འཁོར་བསྐོར༔ རིག་འཛིན་ཆེན་པོ་ཤཱཀྱ་དྷེ་ཝ་གྲོགས༔ ཁྱིམ་བདག་ཡབ་ཡུམ་དད་ཅན་བསམ་པ་འགྲུབ༔ དེ་ཚེ་ནག་ཕྱོགས་དགེ་ལ་བར་ཆད་བདུད༔ གནོད་སྦྱིན་གློག་སྤྲིན་ཀླུ་བདུད་རྒོད་མ་ཁ༔ ལྷན་ཅིག་འདུས་ནས་གྲོས་སུ་བླུག་པ་ན༔ སྔོན་ཚེ་རང་རེ་ཅི་དགར་སྤྱོད་པ་ལ༔ གོང་ན་གཉེན་པའི་ཐོ་འཚམས་ཡོད་མ་མྱོང་༔ འདི་ལོར་ཁྱིམ་བདག་མོ་ལས་བུ་མོ་སྐྱེས༔ མི་བྱེད་དགུ་བྱེད་ཀོ་ཏྲ་གཉེན་པོར་ཚོལ༔ ཤཱཀྱ་དྷེ་ཝ་བྲན་ལ་ཤཱཀ་རིགས་འདོག༔ རྣལ་འབྱོར་ཕོ་མོ་སྙིང་ལ་མི་སྡུག་པ༔ ཁྱོ་ལ་གནོད་པས་མི་ཚུགས་གྱུར་ན་ཡང་༔ ཁོ་ཡི་ཕྱོགས་རྣམས་རང་རེས་ཚད་ཅིག་བཙུགས༔ ཞེས་བརྗོད་བལ་ཡུལ་ཞིང་ཁམས་སྐྱེ་འགྲོ་ལ༔ ནད་དང་མུ་གེ་བདུད་ཀྱི་གཡོ་འཕྲུལ་བཏང་༔ བལ་ཡུལ་མི་ནོར་ལོ་གསུམ་རྐྱེན་གྱིས་གདུང་༔ མི་རོ་རྟ་རོ་ཕྱུགས་རོ་གྲམ་པར་སྤུངས༔ ལོ་ཉེས་མུ་གེ་ནད་ཡམས་ཆར་ལྟར་དབབ༔ ལས་ངན་ཕལ་ཆེ་ལོག་པའི་ཕྱོགས་སུ་གྱུར༔ ཤིང་ཀུན་རྒྱལ་པོ་དབང་པོ་ཆེ་འགའ་ཡང་༔ གུ་རུ་ཡབ་ཡུམ་གཉིས་ལ་ཐེ་ཚོམ་ཟོས༔ དེ་ལ་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ སྟེང་འོག་བར་གསུམ་གདོན་གྱིས་འཚེ་བ་གཟིགས༔ འོག་མིན་ཞིང་ནས་གསང་བདག་གསང་བ་འདུས༔ འཆི་མེད་མཁའ་ལ་བྱོན་ནས་ཁྲོ་འཛུམ་ཚུལ༔ ཧོ༔ གསང་བ་སྔགས་ཀྱི་བདག་ཉིད་པདྨ་འབྱུང་༔ གྲོགས་མཛད་མཁའ་འགྲོ་ཤཱཀྱ་དྷེ་ཝ་ཡུམ༔ པུ་ལ་ཧ་རི་ཀི་ལའི་སྒྲུབ་ཕུག་ན༔ རིག་འཛིན་ཡབ་ཡུམ་ཤིང་ཀུན་རྒྱལ་པོ་བཅས༔ སྔགས་ཀྱི་གཉེར་གཏད་འགྲོ་དོན་ཨ་ཏིའི་ཆོས༔ ལོག་འདྲེན་མི་ཚུགས་ཡང་གསང་ཕུར་པ་སྒྲུབས༔ མི་དགེ་ཆོ་འཕྲུལ་བར་ཆད་བཟོད་དཀའ་བས༔ བསྟན་པ་ཚུགས་ཕྱིར་བསྟན་དགྲ་ཆོམ་ལ་ཕོབ༔ ཨེ་ཡི་གཙུག་ལག་སྔགས་ཀྱི་བསྟན་པ་ཞོག༔ ཅེས་གསུངས་ཕྱག་གི་རྡོ་རྗེ་གུ་རུར་གནང་༔ མི་མངོན་ནམ་མཁའི་དབྱིངས་སུ་གཤེགས་ནས་སོང་༔ དེ་ཚེ་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ ཁྱིམ་བདག་ཡབ་ཡུམ་ཤིང་ཀུན་རྒྱལ་པོ་སོགས༔ འདུས་པའི་འཁོར་ལ་འདི་ལྟར་བཀའ་སྩལ་ཏོ༔ ཀྱེེ༔ ཉོན་དང་འདུས་པའི་འཁོར་ཚོགས་ཐམས་ཅད་རྣམས༔ ཁོ་བོ་རིག་འཛིན་པདྨ་འབྱུང་གནས་ང་༔ འོག་མིན་ལྕང་ལོ་ཅན་གྱི་ཞིང་ཁམས་ནས༔ གདུལ་དཀའ་འདུལ་ཕྱིར་དྷ་ན་ཀོ་ཤའི་མཚོ༔ མེ་ཏོག་པདྨའི་དབུས་ནས་རྫུས་སྐྱེས་འཁྲུངས༔ སྐྱེ་འཆི་གཉིས་མེད་མི་ཤིགས་རྡོ་རྗེའི་སྐུ༔ ཨོ་རྒྱན་རྒྱལ་པོའི་སྲས་མཛད་རྒྱལ་སྲིད་བསྐྱངས༔ དབྱིངས་ཆེན་དུར་ཁྲོད་གནས་བརྒྱད་གསང་སྤྱོད་མཛད༔ མཁའ་འགྲོ་མ་ཚོགས་དབང་བཞིའི་སྨིན་གྲོལ་གྱུར༔ རིམ་གྱིས་རྒྱ་གར་ཟ་ཧོར་ཐམས་ཅད་ལ༔ ཞི་རྒྱས་དབང་དྲག་སྤྲུལ་བ་སྣ་ཚོགས་བསྟན༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་དམ་ལ་བཏགས༔ མི་དང་མི་མིན་གདུག་པ་ཐམས་ཅད་བཅོམ༔ འཆི་མེད་ང་ཡིས་མ་འདུལ་གཅིག་ཀྱང་མེད༔ བལ་ཡུལ་ཨ་ཏི་རྫོགས་ཆེན་བསྟན་པ་བཙུགས༔ དེ་ལ་གནོད་བྱེད་གློག་སྤྲིན་ཀླུ་བདུད་དང་༔ གནོད་སྦྱིན་རྒོད་མ་ཁ་ཡི་བར་ཆད་བརྩམ༔ བལ་ཡུལ་མི་བདེ་ཁོ་ཡི་ཆོ་འཕྲུལ་ཡིན༔ འདི་འདྲ་མ་བསྒྲལ་བཞག་ན་བསྟན་པ་བསྣུབ༔ སྐྱེ་འགྲོ་ཀུན་ལ་བདེ་བ་འབྱུང་བར་དཀའ༔ ཁྱིམ་བདག་གྲུབ་ཐོབ་བྷདྡྷ་དྷ་རི་དང་༔ རྣལ་འབྱོར་སྒོམ་གྲལ་མ་ཧཱ་ཀོ་ཏྲ་བཞུགས༔ འཆི་མེད་ཡབ་ཡུམ་ཤིང་ཀུན་རྒྱལ་པོ་བཅས༔ པུ་ལ་ཧ་རིར་ཕུར་པ་སྒྲུབ་ཏུ་འགྲོ༔ ཞེས་གསུངས་ཕྱག་རྡོར་གསང་བའི་སྒྲུབ་ཕུག་བྱོན༔ ཕུར་པའི་དཀྱིལ་འཁོར་བཞེངས་པའི་སྟེགས་བུ་བརྩེགས༔ དེ་ཚེ་མདུན་གྱི་ནམ་མཁར་མཁའ་འགྲོ་མ༔ བེར་ཅན་ཞིག་གིས་ལྕགས་སྡིག་མགོ་དགུ་ཅན༔ གུ་རུའི་ཕྱག་ཏུ་ཕུལ་ནས་འདི་སྐད་བརྗོད༔ ཧོ༔ དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་པདྨ་འབྱུང་༔ ཕྲིན་ལས་དབང་ཕྱུག་མཁའ་འགྲོ་ཆེན་མོ་ཡིས༔ མ་རུངས་སྡེ་བརྒྱད་དམ་བཏགས་ཕྲིན་ལས་ཕུར༔ ལྕགས་སྡིག་ནག་པོ་འབར་བ་མིག་དགུ་པ༔ མགོ་དགུ་བཅོམ་ཕྱིར་འཆི་མེད་ཕྱག་ཏུ་ཕུལ༔ འདི་ཉིད་སྒྲུབས་ཤིག་ཕུར་པའི་སྐུ་རུ་བཞེངས༔ ཧྱ་བྷྲི་བས་མ་རུངས་གཏན་ནས་བསྒྲལ༔ རྒྱུད་དང་མན་ངག་སྣོད་ལྡན་རྒྱས་བསྡུས་སྤེལ༔ གདུལ་བྱ་ཕྱོགས་རྣམས་འདི་ཡིས་འགྲུབ་པར་འགྱུར༔ སྣོད་མེད་རྣམས་ལ་པིར་གྱི་ཁ་བཞིན་སྡོམས༔ ཞེས་གསུངས་མཁའ་འགྲོ་དབྱིངས་སུ་གཤེགས་ནས་སོང་༔ དེ་ལ་འཆི་མེད་རིག་འཛིན་ཡབ་ཡུམ་གྱིས༔ ལྕགས་སྡིག་ཁ་ཕྱེས་མིག་དགུ་རྒྱུད་སྡེ་དགུ༔ ལྟེ་དཀྱིལ་མན་ངག་རྩིབ་མ་དོན་སྣོད་ལ༔ རེ་རེ་བཞིན་དུ་ཕུར་པའི་བཀའ་རེ་བྱུང་༔ མཇུག་གི་མིག་ལ་ཕུར་ནག་གཏིང་རྫོགས་བཅས༔ གླེགས་བམ་སྡིག་པ་ལ་སོགས་བཀའ་ཐམ་ཅན༔ ཤཱཀྱ་དྷེ་ཝ་ཤིང་ཀུན་རྒྱལ་པོ་ལ༔ དབང་བསྐུར་བཀའ་གཏད་ཕུར་པའི་སྒྲུབ་པ་མཛད༔ ཡབ་ཡུམ་འཁོར་བཅས་ཕུར་པའི་དཀྱིལ་འཁོར་བཞེངས༔ ཡི་དམ་ལྷ་ཡི་ཏིང་འཛིན་དགོངས་པར་བཞུགས༔ ཤཱཀྱ་དྷེ་ཝ་བྷ་སུ་དྷ་ར་གཉིས༔ ཕུར་པའི་ཕྲིན་ལས་གནད་བསྣུན་བསྙེན་སྒྲུབ་བྱས༔ ཚོགས་དང་མཆོད་པའི་ཡོ་བྱད་སྣ་ཚོགས་ཕུལ༔ ནང་གི་སྐྱེ་འགྲོ་ནད་གདོན་ཐམས་ཅད་ཞི༔ བལ་ཡུལ་ཁམས་སུ་མི་བདེ་སྡུག་བསྔལ་བྲལ༔ ལོ་ལེགས་རྩི་རྒྱས་བཀའ་དྲིན་དེ་ལྷག་བྱུང་༔ དཀར་ཕྱོགས་དགའ་ཞིང་ནག་ཕྱོགས་ཟིལ་གྱིས་མནན༔ དེ་ནས་དྲག་པོ་ཕུར་པའི་ཕོ་ཉ་རྣམས༔ ཕྱོགས་བཅུར་སྤྲོས་པས་ཀུན་ནས་བྲོས་ལམ་བཅད༔ འཆི་མེད་ཡབ་ཡུམ་སྐུ་ལས་མེ་རི་འབར༔ ཞལ་ནས་ཧཱུཾ་སྒྲོགས་ཕྱག་ན་རྡོ་རྗེ་ཐོགས༔ སྐུ་ལས་འོད་ཟེར་མེ་སྟག་ཐོག་ཟེར་འཕྲོ༔ གནོད་སྦྱིན་གདོན་གསུམ་བྲོས་པའི་དབང་མེད་པར༔ བལ་ཡུལ་ཚལ་ཤོད་རོ་འདམས་ནག་པོར་གབ༔ རྡོ་རྗེ་སློབ་དཔོན་ཕོ་ཉ་ལས་ལ་རྦད༔ ནམ་མཁའ་བར་སྣང་ས་གཞི་ཕུར་སྲུང་གང་༔ མཚོན་ཆའི་ཆར་འཐོར་མེ་སྟག་ཐོག་སེར་གྱིས༔ གནོད་བྱེད་དམ་སྲི་གསུམ་པོ་རང་དབང་མེད༔ སྐད་ཅིག་ཉིད་དུ་འཆི་མེད་མདུན་དུ་དེད༔ སློབ་དཔོན་ཐུགས་ཁྲོས་ཕུར་པའི་སྐུ་རུ་བཞེངས༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཕུལ༔ དྲག་པོའི་གཤོག་གདེངས་ཕྱག་དྲུག་ཕུར་པ་བསྣམས༔ ཤཱཀྱ་དྷེ་ཝ་ཁྲོས་པའི་ཡབ་ལ་འཁྲིལ༔ སྐུ་ལས་ཁྲོ་ཆུང་མེ་དཔུང་ཐོག་དཔལ་འཕྲོས༔ ཞལ་ནས་ཧཱུྃ་སྒྲ་སྒྲོགས་པས་སྲིད་གསུམ་སྔངས༔ སྟེང་འོག་གདོན་གསུམ་སྙིང་འགས་བརྒྱལ་ཞིང་རེངས༔ དབུགས་ཀྱང་གྱ་གྱུ་ཁ་ནས་སྲོག་ཁྲག་ལྷུད་༔ འགུལ་ཡང་མ་ནུས་ཞུམ་འདར་ཕྲིལ་ཕྲིལ་བྱེད༔ དྲག་པོའི་ང་རོའི་སྒྲ་སྒྲོགས་འདི་སྐད་གསུངས༔ ཧཱུྃ་ཧཱུྃ༔ ང་ནི་རྡོ་རྗེའི་སློབ་དཔོན་ཆེན་པོ་སྟེ༔ སྲིད་པ་གསུམ་ན་ང་ལས་དབང་ཆེ་མེད༔ མ་རུང་རུ་ཏྲ་བསྒྲལ་བའི་གཉེན་པོ་ཡིན༔ གློག་སྲིན་ཀླུ་བདུད་གདོད་སྦྱིན་རྒོད་མ་ཁ༔ སྐྱེ་འགྲོའི་སྲོག་འཚེ་བསྟན་ལ་བར་ཆད་བྱེད༔ ད་ལྟར་མྱུར་དུ་བསྒྲལ་བར་མ་བྱས་ན༔ རྒྱལ་ཁམས་ཕུང་ཞིང་ཕྱི་མ་མནར་མེད་འགྲོ༔ ད་ལྟར་བསྒྲལ་བའི་དུས་ལ་བབས་པ་ཡིན༔ གསུངས་ནས་དྲག་པོའི་མཚོན་ཚོགས་མཁའ་ལ་ཕྱར༔ དེ་ལ་སྟེང་འོག་བར་གསུམ་གདོན་ཚོགས་ཀྱིས༔ མགོ་བོ་སར་གཏུག་ལག་པ་སྙིང་ཁར་ཟླུམ༔ ཀྱེེ་མ༔ དྲག་པོ་ཁྲོས་པ་མི་བཟོད་རྩལ་ཆེན་པོ༔ འཇིག་རྟེན་ཁམས་སུ་དབང་ཆེན་སུ་ཡོད་སྙམ༔ མ་རིག་ལོག་འདྲེན་དབང་མེད་སྲོག་དབུགས་འགམ༔ སེམས་ཅན་ཀུན་ལ་གནོད་ཅིང་འཚེ་བ་བྱས༔ སྐྱོན་ཡོན་མ་ཤེས་ཐུགས་འགལ་མཆིས་པ་བཤགས༔ གདོན་གསུམ་སྙིང་གས་སྲོག་དབུགས་བྲལ་ལ་ཁད༔ ཁྱོད་ཀྱི་ཐུགས་རྗེས་མི་གཟིགས་སུ་ཡིས་སྐྱོབས༔ ཅི་གསུངས་བཀའ་ལས་མི་འདའ་ཁས་སུ་བླངས༔ ཞུས་ནས་ངུ་བའི་མཆི་མ་ཁྲག་ཏུ་ཁོལ༔ དེ་ནས་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱིས༔ ཧཱུྃ་ཧཱུྃ༔ མ་རྟོག་ལོག་རྟོག་འཁྲུལ་པའི་སྟེང་འོག་གདོན༔ བསྒྲལ་ནས་རྣམ་ཤེས་དབྱིངས་སྤར་ཐར་ལམ་བཀོད༔ ཤ་ཁྲག་ལས་མཁན་ཚོགས་ཀྱིས་ལྷག་མེད་རོལ༔ ད་ནས་ལོག་པའི་ཕྱོགས་སུ་མ་གྱུ་ན༔ རྣམ་ཤེས་ལྷ་རུ་བསྒྱུར་ནས་བྱིན་གྱིས་རླབས༔ དམ་ལོང་དམ་ལོང་དམ་ལས་མི་འདའ་བར༔ དམ་ལ་གནས་ན་བསྟན་སྲུང་བྲན་དུ་བཞག༔ འགལ་ན་ཡཀྴ་སྡིག་པས་བསྒྲལ་གཟིར་བཏུལ༔ ཞེས་གསུངས་དམ་ཚིག་བསྲུང་བར་ཁས་སུ་བླངས༔ དམ་ཆུ་བདུད་རྩི་དམ་བཏགས་རྡོ་རྗེ་བཞག༔ སྲིད་པ་ཅི་སྲིད་བར་དུ་དམ་ལ་གནས༔ བསྟན་པ་སྲུངས་ཤིང་རྣལ་འབྱོར་བཀའ་ལ་ཉན༔ གསང་སྔགས་གྲོགས་མཛད་བླ་མེད་དམ་ཆོས་ཉན༔ གློག་སྤྲིན་ལྷ་དང་རྒོད་མ་བཙན་གྱི་ཚུལ༔ ཀླུ་བདུད་ཀླུ་ཡིས་བལ་ཡུལ་བསྟན་པ་སྲུང་༔ སྲོག་སྙིང་ཨཿཙ༔ ན༔ ཡི་ཡི་གེ་ཕུལ༔ གློག་སྤྲིན་མི་དཀར་རྟ་དཀར་རུ་མཚོན་ཕྱར༔ རྒོད་མ་མི་དམར་རྟ་དམར་མདའ་གཞུ་འཛིན༔ ཀླུ་བདུད་མི་སྔོན་མགོ་ལ་ཟུར་ཕུད་ཅན༔ ནོར་བུ་འཛིན་པ་སྲུང་མའི་གྲལ་དུ་ཚུད༔ ཀོ་ཏྲ་ཧ་རི་ཤིང་ཀུན་བདག་པོ་མཛོད༔ པྲ་ཏ་པུ་རི་མཆོད་རྟེན་སྲོག་སྙིང་བཙུད༔ མི་འགྱུར་བཀའ་རྟགས་བྲག་ལ་སྐུ་རྗེས་བཞག༔ བལ་ཡུལ་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས༔ བལ་ཡུལ་ཞིང་ཁམས་འཆི་མེད་བཀའ་དྲིན་གྱིས༔ མི་རྣམས་ཚེ་རིང་བསོད་ནམས་དཔལ་ཁ་འཕེལ༔ སྐྱེ་འགྲོ་ཐམས་ཅད་འཆི་མེད་ཡབ་ཡུམ་དང་༔ ཤིང་ཀུན་རྒྱལ་པོའི་མདུན་དུ་བཀའ་དྲིན་ཞུས༔ མཆོད་པའི་སྤྲིན་ཚོགས་བསམ་ལས་འདས་པ་ཕུལ༔ བགེགས་དཔུང་བཤིག་པས་གསང་སྔགས་ཆོས་ལ་མོས༔ གསང་སྔགས་བསྙེན་སྒྲུབ་བསམ་གྱིས་མི་ཁྱབ་བྱུང་༔ བལ་ཡུལ་གྲུབ་ཐོབ་ཤཱཀྱ་དྷེ་ཝ་དང་༔ བྷ་སུ་དྷ་ར་བྷུདྡྷ་ཀུ་ལི་སོགས༔ རྡོ་རྗེ་ཕུར་བའི་གྲུབ་པ་མཆོག་གྱུར་མང་༔ དེ་ནས་ཤིང་ཀུན་རྒྱལ་པོ་རཏྞ་ཡིས༔ འཆི་མེད་ཡབ་ཡུམ་སྤྱན་འདྲེན་ཞུ་བ་ཕུལ༔ ཀྱེེ༔ རྒྱལ་ཀུན་སྤྱི་གཟུགས་གུ་རུ་རིན་པོ་ཆེ༔ འགྲོ་ཀུན་ཚད་མེད་བཞི་ལྡན་ཐུགས་རྗེས་སྐྱོངས༔ བརྩེ་བའི་རིག་འཛིན་ཁྱོད་ལ་ཕྱག་འཚལ་ལོ༔ བལ་ཡུལ་ཤིང་ཀུན་གདུལ་བྱ་འདུལ་བའི་ཕྱིར༔ འཆི་མེད་ཡབ་ཡུམ་སྤྱན་འདྲེན་ཞུ་འཚལ་ན༔ ཞིང་ཁམས་དེ་རུ་འབྱོན་པར་མཛད་དུ་གསོལ༔ ཞེས་ཞུས་འཆི་མེད་བལ་ཡུལ་འདུལ་བ་དང་༔ གསང་སྔགས་བསྟན་པའི་ཞིང་སར་ཐུགས་དགོངས་ཏེ༔ ཞལ་ནས་ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས༔ ཨ་ཧོ༔ གསོན་དང་བལ་ཡུལ་ཤིང་ཀུན་རྒྱལ་པོ་ཁྱོད༔ རང་རེ་སྔོན་ནས་ལས་འཕྲོ་སྨོན་ལམ་ཟབ༔ ད་ལྟའི་དུས་འདིར་རྟེན་འབྲེལ་ཞལ་འཛོམས་པ༔ སྔོན་ཚེ་བསྐལ་པ་བཟང་པོ་འདི་ཉིད་ལ༔ བསོད་ནམས་ཅན་གྱི་ཕོ་མོ་གཉིས་ཡོད་པ༔ བུ་བཞི་ཡོད་པ་རྒྱལ་པོའི་བྲན་དུ་བགྱིས༔ རྟ་རྫི་བྱ་རྫི་ཁྱི་རྫི་གླང་རྫི་བཞི༔ གཡོག་གླ་བསགས་པས་ལོངས་སྤྱོད་རྒྱ་ཆེར་བྱུང་༔ མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པ་ཡིན༔ བདག་ནི་བལ་ཡུལ་ཤིང་ཀུན་ཞིང་དེ་རུ༔ མི་གཡོ་ཁྱབ་བདལ་རྣལ་འབྱོར་མཚན་དུ་གྲགས༔ ད་ལྟ་ཤིང་ཀུན་འགྲོ་དོན་འབྲེལ་པ་ཟབ༔ བདེན་པ་དེས་ཀྱང་སྟེང་འོག་བར་གདོན་བཏུལ༔ བར་ཆད་མེད་པར་གསང་སྔགས་བསྟན་པ་ཚུགས༔ བལ་ཡུལ་ཨེ་ཡི་གཙུག་ལག་ཁང་དུ་བྱོན༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཤིང་ཀུན་དབང་བྱེད་རྒྱལ་པོ་སྐལ་ལྡན་ཀུན༔ ཚོམ་བུ་ཚོགས་བཅས་དབང་བཞིས་རྒྱུད་སྨིན་གྲོལ༔ ཨེ་ཡི་ལྷ་ཁང་ཕུར་པའི་བསྟན་པ་བཞག༔ ཕུར་པ་སྐུ་གསུམ་རྒྱུད་དང་མན་ངག་ཟབ༔ ལས་ཚོགས་ཆ་ལག་དང་བཅས་ཚང་བར་བྱས༔ གཤིན་རྗེ་ཁྲོ་ཆུ་དུག་གདོང་ཟབ་རྒྱ་དང་༔ གསང་སྔགས་ཡང་ཕུད་རྒྱུད་སྡེ་བཅུ་གསུམ་དང་༔ མན་ངག་བཀའ་གསང་གུ་རུའི་ཐུགས་བཅུད་སྐོར༔ ལས་ཅན་རྣམས་ལ་གཉེར་གཏད་བསྟན་པ་བཞག༔ ས་བདག་དབང་ཆེན་ལྷ་མོ་བརྟན་མ་དང་༔ ཙང་ཙང་གསང་ལག་རྣམས་ཀྱིས་བསྟོད་བསྔགས་ཕུལ༔ ཀྱེེ༔ འགྲོ་བའི་དཔལ་དང་ས་བདག་མངའ་དབང་ཅན༔ སྔོན་ཚེ་སངས་རྒྱས་བཀའ་ཡི་དམ་ལ་གནས༔ སྟོན་པའི་བསྟན་པ་ཞབས་ནས་འདེགས་མཛད་རྣམས༔ འཆི་མེད་རིག་འཛིན་ཉིད་ཀྱི་སྐུ་ལ་འཁོར༔ བསྟན་པའི་ཕྲིན་ལས་བདག་ཅག་རྣམས་ཀྱིས་བསྒྲུབ༔ ཐུགས་རྗེས་མ་དོར་ཆོས་ཀྱི་བཀའ་འཁོར་བསྐོར༔ ཞུས་པས་འཆི་མེད་རིག་འཛིན་ཆེན་པོ་དང་༔ བལ་བཟའ་མཁའ་འགྲོ་ཤཱཀྱ་དྷེ་ཝ་གཉིས༔ ཀླུ་ལས་གྲུབ་པའི་རིག་འཛིན་ཡབ་ཡུམ་སྤྲུལ༔ ཐུགས་རྗེ་ཐབས་ཀྱིས་གཡུ་ཡི་མཆོད་རྟེན་བཞེངས༔ ནོར་བུ་རིན་ཆེན་འབར་བའི་ཏོག་དང་བཅས༔ རབ་གནས་བྱིན་རླབས་འོད་ཟེར་སྔོན་པོ་ཤར༔ ཨ་རུ་ར་སོགས་སྨན་གྱི་ཆར་པ་བབ༔ ཀླུ་རྣམས་དགྱེས་ནས་འཆི་མེད་ཡབ་ཡུམ་ལ༔ རིན་ཆེན་གསེར་གྱི་བྱེ་མ་གྲམ་པར་ཕུལ༔ གུ་རུས་ས་བདག་རྣམས་ལ་བཀའ་འདི་སྩལ༔ ཀྭ་ཡེ༔ སྲིད་པ་ཀུན་གཞི་རིན་ཆེན་ས་ཡི་བདག༔ དབང་ཆེན་མཆེད་བཞི་ཐ་ཚིག་འབྲེལ་བ་ཟབ༔ སངས་རྒྱས་བསྟན་པའི་རྟེན་གནས་ཁྱོད་ལ་རག༔ སྐད་ཅིག་གཡེལ་མེད་ང་ཡིས་གྲོགས་སུ་བགྱི༔ དུས་མཐའི་བར་དུ་བསྟན་པ་གཉེན་པོ་སྲུངས༔ མཆོད་ཡོན་འབུལ་བཞེས་ལས་བཅོལ་གྲོགས་སུ་གྱིས༔ ཞེས་གསུངས་ས་བདག་ཚོགས་རྣམས་རང་གནས་གཤེགས༔ འཆི་མེད་ཡབ་ཡུམ་ཡང་ལེ་ཤོད་ཀྱི་ཕུག༔ ཨ་སུ་ར་ཡི་སྒྲུབ་ཕུག་ནང་དུ་བྱོན༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་༔ བསྙེན་སྒྲུབ་མི་གཡོ་ཏིང་འཛིན་ངང་ལ་བཞུགས༔ ཐུགས་རྗེ་ཆེན་པོས་བོད་ཡུལ་འགྲོ་དོན་དགོངས༔ བོད་སྐྱོང་བརྟན་མ་བཅུ་གཉིས་དམ་ལ་བོས༔ དམ་ལ་མ་འདུས་འཆི་མེད་དྲག་པོར་ཁྲོས༔ ཏིང་འཛིན་འཁྲུགས་པས་བསྐུལ་ཀྱང་དབང་མ་འདུས༔ དེ་ཚེ་དབྱིངས་ཆེན་མཁའ་འགྲོའི་མ་ཚོགས་བསྐུལ༔ ཡུམ་ཆེན་སེང་གདོང་དམར་མོ་དབང་གི་ཚུལ༔ དུར་ཁྲོད་ཆས་རྫོགས་ཐོད་དབྱུགས་བྷནྡྷ་འཛིན༔ མཁའ་ལ་བྱོན་ནས་གསང་ཚིག་འདི་སྐད་གསུངས༔ ཧོ༔ གསོན་དང་འཆི་མེད་པདྨ་ཐོད་ཕྲེང་སྩལ༔ གདུལ་བྱ་གངས་ཅན་བོད་ཡུལ་རྟེན་འབྲེལ་དུ༔ ཐོག་མར་བརྟན་མ་བཅུ་གཉིས་དམ་བཏགས་ན༔ ཨོ་རྒྱན་དུར་ཁྲོད་ཡེ་ཤེས་རྫུ་འཕྲུལ་དང་༔ ལས་ཀྱི་མ་ཚོགས་སྨན་བཙུན་ལ་སོགས་པ༔ དམ་ལ་མ་གནས་གཅིག་ཀྱང་ཡོད་མ་ཡིན༔ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཟབ་མོ་ཡིས༔ ཐ་ཚིག་བཀའ་བསྒོས་མི་གནས་སྨན་བཙུན་རྣམས༔ སངས་རྒྱས་བཀའ་ལ་ཁྱད་པར་མ་མཆིས་ཤིང་༔ སྐུ་དང་ཞིང་ཁམས་སོ་སོར་མ་ཆད་ཀྱང་༔ ཨ་སུ་ར་ནི་ལྷ་མིན་འདུལ་བའི་གནས༔ དྲག་པོ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་སྒྲུབས༔ དམ་རྫས་ལ་སོགས་སྨན་རག་གཏོར་མས་བསྐུལ༔ ཐ་ཚིག་དམ་བསྒྲགས་ཕྲིན་བཅོལ་ཁྱོད་ཀྱིས་མཛོད༔ ཐོགས་མེད་འགྲུབ་པ་ཞིང་སྐྱོང་ང་ཡིས་གསུངས༔ ཚུལ་བཞིན་སྒྲུབས་ཤིག་བཛྲ་ཐོད་ཕྲེང་རྩལ༔ ཞེས་གསུངས་ཐོགས་མེད་བར་སྣང་དབྱིངས་སུ་གཤེགས༔ དེ་ནས་འཆི་མེད་རིག་འཛིན་ཡབ་ཡུམ་གྱིས༔ ཟབ་དོན་དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་ལས༔ གཙོ་བོ་བཀའ་བརྒྱད་གསང་བ་གཏིང་རྫོགས་ཀྱི༔ དཀྱིལ་འཁོར་ཞལ་ཕྱེས་ཏིང་འཛིན་ལུས་དཀྱིལ་བསྒོམས༔ ཡབ་ཡུམ་སྦྱོར་བའི་བདེ་བ་ཆེན་པོ་ལས༔ གསང་སྔགས་དཀྱིལ་འཁོར་བསྐྱེད་རྫོགས་ཟུང་འཇུག་ལྷ༔ ཕྱི་ནང་སྣོད་བཅུད་དབང་དྲག་དཀྱིལ་འཁོར་བསྒྲུབ༔ སྐད་ཅིག་ཏིང་འཛིན་འཇིག་རྟེན་ཁམས་ཀུན་དང་༔ གངས་ཅན་བོད་ཡུལ་སྐྱོང་བའི་སྨན་བཙུན་རྣམས༔ ཐུགས་རྗེ་ཏིང་འཛིན་ཞགས་པས་གནས་སུ་བཀུག༔ རང་རང་གཟུགས་བསྟན་ལྷ་མོའི་ཆས་ཀྱིས་བརྒྱན༔ གཡུ་བུན་ནང་ནས་སྐུ་ཕྱེད་བསྟན་ཏེ་གནས༔ དམ་རྫས་བདུད་རྩི་འབར་བའི་ཕུད་བཤམས་ནས༔ ཐུགས་རྗེ་དབང་དྲག་ཐ་ཚིག་འདི་སྐད་གསུངས༔ ཧཱུྃ༔ སྔོན་ཚེ་དབྱིངས་ཆེན་བཀོད་པའི་དུར་ཁྲོད་ན༔ བསྟན་སྲུང་ཞལ་བཞེས་ཐ་ཚིག་བརྗེད་ལགས་སམ༔ ང་ནི་ཆེ་མཆོག་པདྨ་ཐོད་ཕྲེང་སྩལ༔ སྐུ་གསུམ་རིག་འཛིན་བཀའ་དམ་བཞག་པའི་ཚེ༔ རང་རང་སྲོག་གི་སྙིང་པོ་མ་ཕུལ་ལམ༔ ད་ལྟར་འགྲོ་དོན་དུས་ལ་བབས་པ་འདི༔ གསང་བའི་དམ་ཚིག་གཅིག་ཏུ་མི་འབྲེལ་ལམ༔ བདག་ཉིད་གངས་ཅན་བོད་ལ་བསྐྱོད་པའི་ཚེ༔ སྨན་བཙུན་བཅུ་གཉིས་ཕྲིན་ལས་མི་བསྒྲུབ་བམ༔ གསང་སྔགས་བསྟན་པའི་གྲོགས་སུ་བགྱི་སྲིད་ན༔ དམ་རྫས་སྨན་རག་གཏོར་མ་ལེན་པ་དང་༔ སྔོན་གྱི་ཐ་ཚིག་དམ་ལ་གནས་པར་གྱིས༔ ཞེས་གསུངས་བོད་ཁམས་སྐྱོང་བའི་སྨན་བཙུན་གྱིས༔ ཀྱེེ༔ འཆི་མེད་པདྨ་ཐོད་ཕྲེང་རྩལ་ཆེན་པོ༔ འོག་མིན་ཞིང་དང་ལྕང་ལོ་ཅན་གྱི་གནས༔ དབྱིངས་ཆེན་བཀོད་པའི་དུར་ཁྲོད་ཆེན་པོ་སོགས༔ ཡེ་ཤེས་རྫུ་འཕྲུལ་ལས་གྲུབ་མཁའ་འགྲོ་མའི༔ གཙོ་བོ་ཆེན་པོ་ཁྱེད་ལ་བདག་ཕྱག་འཚལ༔ སྔོན་གྱི་ཐ་ཚིག་འགའ་མེད་སྲུང་བ་ཡི༔ དམ་རྫས་བདུད་རྩི་ཕུད་ལྷག་མ་བརྗེད་ཡོད༔ སྨོན་ལམ་དུས་བབས་ལས་ཀྱི་འཕྲོ་ཡོད་པའི༔ བདག་ཅག་བསྟན་པའི་ཕྲིན་ལས་བསྒྲུབས་པ་ཡིན༔ བོད་དུ་ཞབས་བཅགས་མདུན་ནས་བསུ་བ་བགྱི༔ ཅི་བཅོལ་ལས་ཀྱི་གསང་དམ་ཡོངས་སུ་བཟུང་༔ ཞེས་ཞུས་དམ་རྫས་བཞེས་ནས་བོད་ཡུལ་བསྐྱོད༔ འཆི་མེད་ཡབ་ཡུམ་ཐུགས་དགྱེས་ཡང་ལེ་ཤོད༔ འཆི་མེད་རིག་འཛིན་བལ་ཡུལ་འགྲོ་དོན་གྲུབ༔ བོད་སྐྱོང་བརྟན་མ་བཅུ་གཉིས་དམ་ལ་གནས༔ དེ་ནས་འཆི་མེད་རིག་འཛིན་སྤྲུལ་པའི་སྐུ༔ གང་འདུལ་གདུལ་དཀའ་ཐབས་ཀྱིས་འདུལ་བར་དགོངས༔ ཤཱཀྱ་དྷེ་ཝ་མ་ལ་འདི་སྐད་གསུངས༔ ཨ་ཧོ༔ ཉོན་དང་བལ་བཟའ་ཤཱཀྱ་དྷེ་ཝ་མ༔ གསང་བའི་ཡུམ་ཆེན་ད་ལྟ་བལ་ཡུལ་དུ༔ གསང་སྤྱོད་འགྲོ་དོན་ཨ་ཏི་བླ་མེད་ཆོས༔ གསང་ཆེན་བླ་ན་མེད་པའི་སྒྲུབ་པར་བཞུགས༔ བལ་ཡུལ་ཞིང་ཁམས་གདུལ་བྱ་ཆོས་ཀྱིས་སྨིན༔ མ་འོངས་བྱང་ཕྱོགས་བོད་ཀྱི་ཞིང་ཁམས་སུ༔ གདུལ་དཀའ་འདུལ་ཕྱིར་བསྟན་པ་རྗེས་སུ་བཞག༔ འགྲོ་དོན་དུས་བབས་གསང་སྔགས་བསྟན་པའི་གྲོགས༔ ཀུན་དགའ་འོད་འཕྲོ་ལ་སོགས་སྐྱེ་བ་བརྒྱད༔ སྔགས་ལམ་ཞུགས་ནས་འགྲོ་དོན་རྫོགས་པའི་ཚེ༔ དབྱིངས་ཆེན་བཀོད་པའི་གནས་ཆེན་ཚོགས་བདག་མཛོད༔ པདྨ་འབར་བའི་ཞིང་དུ་མངོན་སངས་རྒྱ༔ གདུལ་བྱ་འགྲོ་བའི་དོན་ཆེན་འབྱུང་བར་གྱུར༔ ཞེས་གསུངས་ནམ་མཁའི་དབྱིངས་སུ་གཤེགས་པར་མཛད༔ ཤཱཀྱ་དྷེ་ཝ་མ་ཧ་ཀོ་ཏྲ་དང་༔ པུ་ལ་ཧ་རི་ཤིང་ཀུན་ལ་སོགས་བྱོན༔ གསང་སྔགས་ཨ་ཏི་ཡོ་གའི་ཆོས་སྤེལ་མཛད༔ ལྷ་ཀླུ་མི་གསུམ་ཐུགས་རྗེས་རྒྱུན་དུ་སྐྱོང་༔ འགྲོ་དོན་བལ་ཡུལ་ཁམས་ཀུན་སྨིན་ཅིང་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲོས་བྲལ་བདེ་ཆེན་ཀུན་བཟང་འོད་མི་འགྱུར༔ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་རྗེ་ཀུན་སྒྲོལ་རྡོ་རྗེ་རྣལ་འབྱོར་མ༔ ཕྲིན་ལས་སྤྲུལ་པ་ས་ཡིག་ལས་བྱུང་བ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆེན་མོ་ནི༔ ཡུལ་ནི་གངས་ཅན་བོད་ཀྱི་གླིང་ཆེན་པོ༔ བོད་རྒྱལ་བཀའ་རྟགས་ཡོད་པའི་རྒྱལ་ཕྲན་ནི༔ མཁར་ཆེན་ཟུར་མཁར་མཁར་ཆུ་གོང་ཐང་བ༔ བརྩེ་ས་ཞེས་གྲགས་རོང་སྡེ་བདུན་གྱི་ནང་༔ ཡབ་ནི་མཁར་ཆེན་དཔལ་གྱི་དབང་ཕྱུག་ཅེས༔ ཡུམ་ནི་གནུབས་བཟའ་རིན་ཆེན་དགེ་མཚོ་མ༔ ཡབ་ཡུམ་ཐུགས་མཐུན་དཀོན་མཆོག་མཆོད་ལ་བརྩོན༔ མ་ནུས་དབུལ་སྤྲང་སྦྱིན་པས་ཚིམ་པར་བྱས༔ ནམ་ཞིག་མཁར་ཆེན་ཡབ་ཀྱི་རྨི་ལམ་ལ༔ ནུབ་ཀྱི་ཕྱོགས་ནས་ནམ་མཁར་འཇའ་ཚོན་ཤར༔ གསེར་འཁོར་རྩིབས་བཞིའི་ལྟེ་བ་ས༔ ཡིག་བརྒྱན༔ འོད་ཟེར་ཉི་མ་ལས་ཀྱང་ཚ་བ་ཞིག༔ ལུས་ལ་ཐིམ་ནས་འོད་ཟེར་ཕྱིར་འཕྲོས་པས༔ རྩི་ཤིང་ནགས་ཚལ་ཐམས་ཅད་བསྲེགས་པ་དང་༔ བོད་ཡུལ་སྔར་མེད་མེ་ཏོག་ཚལ་རྒྱས་ཤིང་༔ བྱང་ཆུབ་ལྗོན་ཤིང་ཀུ་ཤའི་ལྗོངས་ཆེན་སོགས༔ རྒྱ་གར་ཡུལ་འདྲ་སྤྲོ་བའི་ཡུལ་སྣང་རྨིས༔ ཡུམ་གྱིས་མཁའ་ལ་འཇའ་སྤྲིན་འཁྲིགས་པའི་ཀློང་༔ བུད་མེད་ལྔ་ཡིས་དུང་དཀར་སྤྱི་བོར་བཞག༔ དུང་ལས་བདུད་རྩི་ར་བཅིང་ལུས་ཀུན་གང་༔ བདུད་རྩི་ཕྱིར་འཕྲོ་སྐྱེ་འགྲོ་ཡོངས་ཀྱིས་བཏུང་༔ གསེར་སྦྲང་སྐད་འདྲ་སྒྲ་ལས་ཨ་མི་སྒྲོགས༔ བྱ་རྒྱལ་ཁུ་བྱུག་ཚང་ཚིང་ལན་མང་གྲགས༔ བོད་ཡུལ་འགྲོ་བ་ཕོ་མོ་མགུ་བ་རྨིས༔ ནངས་བར་ཡབ་ཡུམ་རྨིས་ལྟས་བཟང་ལ་སྤྲོ༔ རྒྱལ་སྲས་ལྟས་ཤར་གསང་སྒོར་དམ་པར་བྱས༔ སྣ་བཟའ་ཡུམ་ལ་སྲིད་ཀྱི་བུམ་པ་ཆགས༔ ལུས་ཡང་སེམས་བདེ་དྲི་བཟང་འཇའ་འོད་འཕྲོ༔ ཁོག་པར་ཧ་རི་ནི་སའི་རང་སྒྲ་སྒྲོགས༔ མཁར་ཆེན་རྒྱལ་པོའི་བླ་མཚོ་ཤིན་ཏུ་རྒྱས༔ ངོ་མཚར་ལྟས་བཟང་བསམ་གྱིས་མི་ཁྱབ་བྱུང་༔ ངོ་ཟླ་ཚང་ནས་ཕྱིས་སུ་བྱ་ཡི་ལོར༔ སྤྲེལ་ཟླའི་ཚེས་བཅུ་ཉི་ཤར་དུས་མཚུངས་པ༔ ཡུམ་ལ་གནོད་མེད་བདེ་བར་སྐུར་འཁྲུངས་སོ༔ དེ་དུས་ས་གཡོས་འབྲུག་ལྡིར་མེ་ཏོག་ཆར༔ མཚོ་རྒྱས་མཚོ་དབུས་པདྨ་སྣ་ཚོགས་སྐྱེས༔ ཕོ་བྲང་འཇའ་ཚོན་དྲྭ་བའི་གུར་ཁང་བུབ༔ འོད་ཟེར་བཀྲག་དང་རོལ་མོའི་སྒྲ་ཀུན་ཐོས༔ ནམ་མཁའི་ལྷ་མོ་མང་པོས་ཁྲུས་ཆབ་གཏོར༔ རྒྱ་མཚོ་ཀླུ་རིགས་མང་པོས་རིན་ཆེན་འབུལ༔ ས་གཞིར་མཁའ་འགྲོའི་ཚོགས་ཀྱིས་མཆོད་སྤྲིན་འབུལ༔ གདན་ལ་ཕྱེད་སྐྱིལ་མི་གཡོ་ངང་དུ་བཞུགས༔ གཞན་གྱི་ལོ་སྐྱེས་དེ་ཡི་ཟླ་སྐྱེས་འཕགས༔ མཚན་བཟང་ཡིད་འོང་དྭངས་སྤྲོ་བདེ་བ་བསྐྱེད༔ གཞན་ལས་ཁྱད་འཕགས་གང་གིས་འགྲན་ཟླ་བྲལ༔ མཛེས་པའི་གྲགས་པ་རྒྱལ་ཁབ་ཀུན་ཏུ་ཁྱབ༔ ཡེ་ཤེས་མཁའ་འགྲོས་བྱིན་གྱིས་རླབས་པ་དང་༔ བུ་མོ་འཁྲུངས་ནས་བླ་མཚོ་རྒྱས་པས་ན༔ མིང་ལ་ཡེ་ཤེས་མཚོ་རྒྱལ་མཚན་དུ་གསོལ༔ རྒྱལ་རིགས་རྒྱལ་ཁབ་བློན་དང་ཆེ་རིགས་ཀུན༔ མཁར་ཆེན་བུ་མོ་སློང་བ་སྤྲིན་ལྟར་འདུས༔ དེ་ལ་མཁར་ཆེན་རྒྱལ་རིགས་བུ་མོ་ལ༔ དྲི་བར་མ་བྱས་བུད་མེད་བློ་ཁ་ཡང་༔ དགོངས་ནས་བུ་མོ་མཚོ་རྒྱལ་འདི་སྐད་དྲིས༔ མཁར་ཆེན་རྒྱལ་གྱི་སྲས་མོ་མཚན་བཟང་མ༔ ཡབ་ཡུམ་གཉིས་ལ་མཚན་ལྟས་རྨི་ལམ་བཟང་༔ དེ་ལ་བདེན་པ་འཛིན་ན་རྨི་ལམ་འཁྲུལ༔ ངོ་མཚར་སྐྱེས་མཆོག་བུ་མོ་བལྟམས་པས་ན༔ ཉེ་གཉེན་ཁྱིམ་འབྲེལ་སློང་ལ་རྒྱལ་ཁག་འདུས༔ གང་དགའ་བུ་མོ་ཁྱེད་རང་འདོམ་པར་རིགས༔ ཞེས་གསུངས་བུ་མོས་ཡབ་ཅིག་དམ་པ་ལགས༔ སྐྱེད་སྨིན་བཟང་ཡང་ཟ་མ་མོ་ལུས་བླངས༔ རྒྱལ་སྲས་ཡིན་ཀྱང་འབངས་ཀྱི་གཡོག་ཏུ་འགྲོ༔ བདེ་བ་སྒྲུབ་ཀྱང་འཁོར་བའི་སྡུག་བསྔལ་རྒྱུ༔ གཅིག་ལ་སོང་ཡང་ཀུན་གྱིས་རྟོགས་པ་སློང་༔ བུད་མེད་ལོད་ཀྱང་མི་བདེ་རྣ་སྡུག་ཆེ༔ ད་ལྟ་རང་ལག་རང་དབང་ཡོད་དུས་འདིར༔ ཐར་པ་བྱང་ཆུབ་སྒྲུབ་ལ་བརྩོན་པ་ཡིན༔ ཡབ་ཡུམ་གཉིས་ཀྱིས་བཀའ་དྲིན་གནང་བར་ཞུ༔ ཞུས་པས་མཁར་ཆེན་དཔལ་གྱི་དབང་ཕྱུག་གིས༔ བུ་མོ་སློང་བ་ཀུན་ལ་ལན་བཏབ་པ༔ བྱེས་ཀྱི་མགྲོན་པོ་རྒྱལ་ཁག་ཐམས་ཅད་གསོན༔ བུད་མེད་ཉེ་འབྲེལ་སྲིད་པའི་ལུགས་ཡིན་ཀྱང་༔ མཁར་ཆེན་སྲས་མོ་འདི་ནི་དགེ་ལ་དད༔ གཞན་དག་སུ་དང་གང་ལ་མི་སྦྱིན་པས༔ བྱེས་མགྲོན་ཚོགས་ལ་ཟས་སྟེར་རིན་ཕྱིར་རྫོངས༔ ཐམས་ཅད་རང་རང་ཡུལ་དུ་ལོག་སྟེ་སོང་༔ ནང་གི་རྒྱལ་ཕྲན་མཁར་ཆུ་ཟུར་མཁར་གཉིས༔ ནན་གྱིས་སློང་ཡང་འགྲོ་བ་མ་སྟེར་པས༔ མཁར་ཆུ་དཔལ་གྱི་གཞོན་ནུ་བུ་མོའི་རིན༔ རྟ་དྲེའུ་ཁལ་ནི་སུམ་བརྒྱ་ཙམ་ཞིག་བཞག༔ ཟུར་མཁར་རྡོ་རྗེ་དབང་ཕྱུག་བུ་མོའི་རིན༔ དེ་ལྷག་ཙམ་བཞག་ནན་གྱིས་བུ་མོ་སློང་༔ དེ་ལ་མཁར་ཆེན་དཔལ་གྱི་དབང་ཕྱུག་གིས༔ བུ་མོ་གནས་ཚང་དེ་ལས་ལྷག་པ་མེད༔ གཉེན་ཡ་དག་བཅུག་བུ་མོས་ཁས་མ་བླངས༔ རྟ་དྲེའུ་ཁལ་བརྒྱ་བཞག་ནས་མཁར་ཆུ་ཡི༔ བློན་པོ་ཤན་ཏིས་མཚོ་རྒྱལ་ཤེད་ཀྱིས་ཕྲོག༔ ཕྱི་རུ་ཁྲིད་པས་ཕ་བོང་ཞབས་རྗེས་བཞག༔ མཚོ་རྒྱལ་རི་རབ་ལྟ་བུར་ཁྲིད་མ་ཐུབ༔ སྡིག་བློན་རྣམས་ཀྱིས་གཅེར་བུར་ཚེར་མས་བྲབ༔ བུ་མོ་དྲེགས་མ་ཕ་མས་མ་ཐུབ་ཁྱོད༔ འདོང་དང་མི་འདོང་བརྡུངས་ནས་གསོད་པ་ཡིན༔ བུ་མོ་ན་རེ་རྒྱལ་བའི་སྡིག་བློན་རྣམས༔ བསྐལ་པ་ཁྲི་ཕྲག་མང་པོར་སྡིག་བསྒྲུབས་ལུས༔ ད་ལྟར་གཏན་བདེའི་བྱང་ཆུབ་མ་བསྒྲུབས་ན༔ དགེ་བའི་མཐུན་རྐྱེན་འཛོམས་པ་ཤིན་ཏུ་ཉུང་༔ སྡུག་བསྔལ་འཁོར་བ་སྒྲུབ་ལ་གཏན་ཐར་མེད༔ མཁར་ཆུ་མངའ་ཐང་ཆེ་ཡང་ཉོན་མོངས་རྒྱུ༔ དེ་བས་བསད་ཀྱང་ཁོ་མོ་བློ་སེམས་བདེ༔ རྒྱལ་ཕྲན་རྣམས་དང་རྩོད་པ་སློང་དོན་མེད༔ ཅེས་གསུངས་འགྲོ་ཁར་མ་ཉན་ཤེད་ཀྱང་བྱུང་༔ བློན་པོ་གཅིག་གིས་མི་འགྲོ་སྐྱུར་ལ་ཐོང་༔ ཕྱི་གཟུགས་ནང་ལྕམ་ཕ་སྡེའི་དཀྲུག་ཐུར་ཡིན༔ ཕྱི་སྲབ་ནང་སྐྲན་སྲན་མ་འདྲ་བ་རེད༔ མཁར་ཆུས་གཟུགས་ལ་འདོམ་པ་ཞེ་རེ་ལོག༔ ཅེས་སྨྲས་དེ་ལ་བུ་མོའི་ངག་ན་རེ༔ དལ་འབྱོར་མི་ལུས་ཐོབ་པ་དཀའ་ན་ཡང་༔ ཁྱོད་འདྲའི་མི་ལུས་ཐོབ་པ་དོན་རེ་ཆུང་༔ སྡིག་བྱེད་ཁྱོད་འདྲ་མི་ཡུལ་མ་ལགས་ཏེ༔ མཁར་ཆུ་སྡུག་བསྔལ་ཉོ་རུ་བདག་མི་འགྲོ༔ ཞེས་གསུངས་བློན་པོ་རྣམས་ཀྱིས་ལྷགས་ཚེར་བྲབ༔ དམར་ནག་ཁྲག་བརྡོལ་མ་བཟོད་ཅུང་རེ་སོང་༔ དཔོན་གཡོག་སྒྲག་མདར་སླེབ་ཚེ་དགའ་བྲོ་བརྡུང་༔ ཆང་འཐུང་གླུ་བྲོ་མང་དུ་བྱས་ནས་གཉིད༔ མཚོ་རྒྱལ་ཡིད་མུག་མཆི་མ་ཁྲག་ཏུ་བབས༔ ཀྱེེ་མ་ཀྱི་ཧུད་ཕྱོགས་བཅུའི་རྒྱལ་སྲས་བཅས༔ འགྲོ་བའི་མགོན་གྱུར་མཐུ་དང་ནུས་པ་ཅན༔ ཡེ་ཤེས་སྤྱན་ལྡན་དཔུང་དང་ལྡན་པ་རྣམས༔ ཐུགས་དམ་བསྐུལ་ལོ་ཐུགས་བསྐྱེད་དུས་ལ་བབས༔ བདག་ལ་ཐུགས་རྗེ་མ་ཆུང་སྤྱན་གྱིས་གཟིགས༔ སྙིང་རྗེའི་ཡུལ་དུ་བདག་བས་དམན་པ་མེད༔ བཟང་པོའི་རྒྱལ་ལ་སྐྱེས་ཀྱང་འཁོར་བའི་འདམ༔ ཕ་རོལ་བདུད་ཀྱིས་དབང་མེད་ཚེར་ལྕག་བྲབ༔ འདི་འདྲའི་ལས་ངན་བྱང་བར་བྱིན་གྱིས་རློབས༔ ཞེས་གསུངས་ཁོ་རྣམས་ཆང་བཟི་རོ་ལྟར་སོང་༔ མཚོ་རྒྱལ་ཇི་ལྟར་བསམ་ཀྱང་བློ་རེ་འཁྲུག༔ རླུང་ལས་མགྱོགས་པར་ལ་ལུང་མང་པོ་བརྒལ༔ ཀུན་གྱིས་མ་ཐོས་ཉི་ཤར་མཚམས་པར་ལུས༔ མགྲོན་པོ་ཐམས་ཅད་མི་མེད་འགྱོད་པ་སྐྱེས༔ ཕྱོགས་ཀུན་བཙལ་ཀྱང་མ་རྙེད་ལམ་དུ་སྟོར༔ ཐམས་ཅད་འགྱོད་སྐྱེས་རང་རང་ཡུལ་དུ་སོང་༔ མཚོ་རྒྱལ་ཉིད་ནི་འོམ་བུ་སྟག་ཚང་བྲོས༔ རོང་གི་ཤིང་ཐོག་གསོལ་ཞིང་ཤིང་བལ་མནབ༔ ཟུར་མཁར་དཔོན་པོས་མཚོ་རྒྱལ་དེར་སོང་ཐོས༔ རྟ་པ་བརྒྱ་བཏང་མཚོ་རྒྱལ་དབང་མེད་ཁྲིད༔ མཁར་ཆུ་རྒྱལ་གྱི་ཚོར་ནས་མཁར་ཆེན་ལ༔ མཁར་ཆེན་རྒྱལ་གྱིས་བུ་མོ་ང་ལ་བྱིན༔ བུ་མོ་ལམ་སྟོར་ཟུར་མཁར་རྒྱལ་པོས་རྙེད༔ བདེན་ནམ་ཁྱོད་བློ་ཡོད་ན་རྩོད་པ་གྱིས༔ ཁྱོད་བློ་མེད་ན་བདག་གིས་ཟུར་མཁར་རྩོད༔ མཁར་ཆེན་རྒྱལ་པོས་ཕྱི་རུ་ལན་བརྫངས་པ༔ མཁར་ཆེན་བུ་མོ་མཁར་ཆུ་རྒྱལ་གྱིས་བླངས༔ ལམ་དུ་སྟོར་ཟེར་ཤི་གསོན་ཐོས་མ་མྱོང་༔ རྩད་གདར་མ་ཆོད་ཁྱོད་ཉིད་ཅི་ལ་རྒྱལ༔ དེ་ཚེ་ཟུར་མཁར་རྒྱལ་པོས་མཁར་ཆེན་ལ༔ ཁྱོད་ཀྱི་བུ་མོ་ས་མཐའ་རིང་པོར་འཁྱལ༔ བདག་གིས་བཙལ་བས་རྙེད་པ་འདི་ན་མཆིས༔ རིན་ཆེན་ནོར་བདུན་དཔག་ཏུ་མེད་པ་ཕུལ༔ བུ་མོ་དམ་པ་བདག་ལ་མི་སྟེར་རམ༔ ཞེས་ཕུལ་སླར་ཡང་ཡི་གེ་སྤྲིངས་ལན་དུ༔ ཁྱོད་གཉིས་སྦར་གྱི་བརྩམ་པ་དེ་ལུགས་བཞིན༔ གང་སྔ་རྒྱལ་བར་བྱེད་པ་སྲིད་པའི་ལུགས༔ བུ་མོའི་རིན་བླངས་རྩད་གཅོད་དྲག་པོ་བགྱི༔ མ་ཆོད་རང་རང་གང་དགར་འཁྱམ་དུ་ཆུག༔ བུ་མོ་མི་བཏང་ཟེར་ནས་ལྕགས་བླུག་བཞག༔ མཁར་ཆེན་བུ་མོ་མཛེས་པའི་གྲགས་པ་ཆེ༔ བོད་རྒྱལ་ཆེན་པོའི་སྙན་ཐོས་མཁར་ཆེན་ལ༔ ཀྱེེ༔ བོད་རྒྱལ་བཙད་པོའི་འབངས་གནས་མཁར་ཆེན་རྒྱལ༔ འབངས་ཀྱི་བྱ་བ་ཆེ་ཕྲ་རྗེ་ལ་ཞུ༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་བརྗེད་ལགས་སམ༔ ཁྱོད་ལ་མཛེས་པའི་སྲས་མོ་ཞིག་ཡོད་དེ༔ མཛེས་སྡུག་འགྲན་མེད་རྒྱལ་པོའི་སྙན་དུ་ཐོས༔ གཞན་དག་རྒྱལ་ཕྲན་སློང་བ་ཐམས་ཅད་ལ༔ མ་སྦྱིན་བུ་མོར་ཆོས་བྱེད་བཅོལ་བ་ཟེར༔ དེ་བཞིན་མི་འཐད་བདག་གི་ཡུམ་དུ་འདོད༔ ད་ལྟར་ཉིད་དུ་རྒྱལ་པོའི་ཕོ་བྲང་རྫོངས༔ བུ་མོ་རང་འདོད་ཆོས་བྱེད་ཟེར་གྱུར་ན༔ མཁར་ཆེན་སྐོར་ནི་ཡོ་ལིང་བཏང་བ་ཡིན༔ བཀའ་འདི་སྒྲུབ་ན་བུ་མོ་མྱུར་དུ་ཐོང་༔ ཞེས་པའི་གསུང་བརྗིད་མཁར་ཆེན་རྒྱལ་པོ་ཡིས༔ ཀྱེེ༔ འཛམ་གླིང་རྒྱལ་པོ་བོད་ཀྱི་མི་དབང་ལགས༔ བདག་གི་བུ་མོ་གཞན་ལས་ཆེས་ལྷག་མོད༔ རྒྱལ་པོའི་བཙུན་མོར་བཞེས་པ་ཅི་མི་སྤྲོ༔ འོན་ཀྱང་མཁར་ཆུས་འཕྲོག་དང་ཟུར་མཁར་རྐུས༔ འཛམ་གླིང་རྒྱལ་པོ་དཔུང་དུ་ལྷག་མེད་ན༔ བདག་ནི་ཅི་ཡང་འཐབ་པའི་ཡ་མེད་སོང་༔ ཞེས་པའི་བུ་མོའི་ལོ་རྒྱུས་བོད་རྒྱལ་ཕུལ༔ བོད་ཀྱི་རྒྱལ་པོས་རྟ་པ་དགུ་བརྒྱ་བཏང་༔ ཟུར་མཁར་ཕེབས་པས་ཟུར་མཁར་སྐྲག་ཅིང་བསྔངས༔ དེ་ནས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ༔ བུ་མོ་གསུམ་ཡོད་ཆེ་བ་བདེ་ཆེན་མཚོ༔ མཁར་ཆུ་དཔལ་གྱི་རྡོ་རྗེ་དེ་ལ་སྦྱིན༔ འབྲིང་བ་ཉི་མ་མཚོ་ཞེས་བྱ་བ་ནི༔ ཟུར་མཁར་གཞོན་ནུ་དཔལ་ལ་བྱིན་པས་མགུ༔ ཆུང་བ་ཡེ་ཤེས་མཚོ་རྒྱལ་བྱ་བ་ནི༔ འཛམ་གླིང་བོད་ཀྱི་རྒྱལ་པོའི་ཁབ་ཏུ་བཞེས༔ འཁྲུགས་པ་རང་ཞི་ཐམས་ཅད་མཐུན་པར་གྱུར༔ དེ་ནས་མཚོ་རྒྱལ་རིན་ཆེན་དར་ཟབ་བརྒྱན༔ ཆིབས་སྐྱེལ་བསུ་བ་བཅས་ཏེ་བསམ་ཡས་ཕེབས༔ རྒྱལ་པོས་སྟོན་མོ་ཟླ་བ་གསུམ་དུ་བྱས༔ མཚོ་རྒྱལ་མཚན་བཟང་གཟི་བརྗིད་འགྲན་ཟླ་བྲལ༔ རྒྱལ་པོའི་ཐུགས་ལ་གཅེས་པའི་ཡུམ་དུ་གྱུར༔ བཙུན་མོ་ཆེ་གསུམ་སེམས་ལ་མ་འཐད་ཀྱང་༔ རྒྱལ་པོའི་ཞེ་དམར་ནོར་བུ་བཞིན་དུ་བཅང་༔ མཚོ་རྒྱལ་མ་ཉིད་དགེ་ལ་དད་གཉེར་ཆེ༔ རིག་པའི་གནས་ལྔ་ཕྱི་ནང་ཡོན་ཏན་རྣམས༔ བསྟན་པ་ཙམ་གྱིས་སྒྲོ་འདོགས་ཁོང་ནས་ཆོད༔ དེ་ཡང་འཛམ་གླིང་བོད་ཀྱི་རྒྱལ་པོ་ཉིད༔ རི་རྒྱལ་ལྷོ་ཕྱོགས་འཛམ་གླིང་སོག་ཁའི་ཚུལ༔ ཤིང་མཆོག་འཛམ་བུས་མཚན་པའི་ནགས་ཚལ་ལ༔ སུམ་ཆ་གཉིས་གྱུར་སྟག་གཟིག་འོལ་མོའི་གླིང་༔ དུས་གསུམ་སངས་རྒྱས་ཐམས་ཅད་བྱོན་པའི་ཡུལ༔ འཛམ་གླིང་ལྟེ་བ་གངས་ཆེན་ཏི་སེ་རི༔ ཆུ་བོ་ཟོམ་གྱིས་སྤུབ་བསྲིང་ཕྱོགས་བཞི་ནས༔ གངས་ཅན་ཤར་ཕྱོགས་རྟ་མཆོག་ཁ་བབ་པའི༔ ཆུ་བོ་བཀྴུ་བོད་ཀྱི་ཡུལ་དུ་འབབས༔ བོད་ཀྱི་ཞིང་ཁམས་དེ་ལ་བརྟེན་ཏེ་ཆགས༔ གངས་ཅན་བྱང་ཕྱོགས་སེང་གེ་ཁ་བབ་པའི༔ ཆུ་བོ་སེང་ང་ཧོར་གྱི་ཡུལ་དུ་བབས༔ ཧོར་གྱི་ཞིང་ཁམས་དེ་ལ་བརྟེན་ཏེ་ཆགས༔ གངས་ཅན་ནུབ་ཕྱོགས་གླང་པོ་ཁ་བབ་པའི༔ ཆུ་བོ་སིདྷི་སྟག་གཟིག་ཡུལ་དུ་བབས༔ སྟག་གཟིག་ཞིང་ཁམས་དེ་ལ་བརྟེན་ཏེ་ཆགས༔ གངས་ཅན་ལྷོ་ཕྱོགས་རྨ་བྱ་ཁ་བབས་པའི༔ ཆུ་བོ་གངྒ་རྒྱ་གར་ཡུལ་དུ་བབས༔ རྒྱ་གར་ཞིང་ཁམས་དེ་ལ་བརྟེན་ཏེ་ཆགས༔ མཚམས་བཞིར་རྒྱ་ནག་གྲུ་གུ་ཨོ་རྒྱན་དང་༔ མོན་སོགས་གླིང་ཕྲན་ཁ་འཐོར་བསམ་མི་ཁྱབ༔ མི་རྣམས་ཆས་དང་སྐད་རིགས་སོ་སོར་ཡོད༔ དེ་ཡང་གངས་ཆེན་རི་ཡི་ཤར་ཕྱོགས་སུ༔ གཙང་གི་མངའ་རི་སྐོར་གསུམ་སྟོད་ནས་ཆགས༔ སྤུ་རྒྱལ་བོད་ཡུལ་རུ་བཞི་བར་ན་ཆགས༔ མདོ་སྨད་སྒང་དྲུག་སྨད་ཀྱི་ཆ་ལ་ཆགས༔ བོད་ཡུལ་ངོ་མཚར་བཀོད་པ་ཕུན་སུམ་ཚོགས༔ ཡང་དག་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི༔ བསྟན་པ་རིན་ཆེན་ཞིང་ཁམས་འདི་རུ་དར༔ བོད་ཡུལ་ཞིང་ཁམས་དང་པོ་ནམ་མཁའི་ལྷ༔ ལྷ་རབས་སུམ་བརྒྱ་དྲུག་ཅུ་གཉན་རུམ་བཞི༔ འཛམ་གླིང་བོད་ཡུལ་འོད་གསལ་ལྷ་ཡིས་བཟུང་༔ བོད་ཡུལ་གཙུག་རི་རྒྱལ་པོའི་ཕོ་བྲང་ནང་༔ ལྷ་སྲས་ཡིད་བཞིན་ནོར་འཛིན་གཙུག་དོ་གཉིས༔ ལྷ་མོ་བཀྲ་ཤིས་འོད་མ་ཁབ་ཏུ་བཞེས༔ ས་བཅུད་མི་ཡིས་བཀང་ཞིང་ལོངས་སྤྱོད་འཕེལ༔ མ་དྲོས་ཆུ་བདག་ཀླུ་གཉན་མ་སད་ཡུལ༔ ཉ་མགོ་སྔལ་མགོ་སྐྱེས་བུ་གོ་མཚོན་ཅན༔ མི་འདྲ་སྣ་ཚོགས་བྱུང་ནས་ལྷ་ཀླུ་གཉན༔ སྲིད་སྦྲེལ་རུ་བཞི་བོད་ཡུལ་སྐོར་གྱི་བདག༔ དེ་ཚེ་འོག་མིན་ལྷ་ནས་ཚད་མེད་འོང་༔ ཐུགས་རྗེ་ཆེན་པོས་འགྲོ་ལ་སྤྱན་གྱིས་གཟིགས༔ ལྷ་མོ་ཐུགས་རྗེ་བྱམས་མ་ཆེན་མོ་ཡིས༔ ཁ་བ་ཅན་དུ་འགྲོ་དོན་མཛད་པར་དགོངས༔ གངས་ཅན་རི་ཡི་ལྷོ་ཕྱོགས་ནགས་ཚལ་ན༔ སྤྲེའུ་བྱང་ཆུབ་སེམས་དཔའ་ཆེན་པོ་དང་༔ བྲག་སྲིན་བུ་མོ་གཉིས་སྤྲུལ་ཐབས་ཤེས་ལས༔ ཕྲ་མེན་བུ་དྲུག་གདུང་རྒྱུད་སྡེ་དྲུག་ཆགས༔ སྨད་ནས་ཀླ་ཀློ་ཡིན་ཟེར་མང་པོ་འོང་༔ ཀོང་རྗེ་བདུད་དང་སྟོད་ནས་བདུད་རིགས་བྱུང་༔ རུ་བཞི་བོད་ཀྱི་ས་སྐེར་ཐམས་ཅད་བཟུང་༔ བདུད་ཀྱིས་སྟག་གཟིག་ཞིང་དུ་ཉུལ་ལེ་བྱས༔ གཤེན་གྱི་རྟ་བདུན་བརྐུས་ནས་ཀོང་ཡུལ་ལྷགས༔ སངས་རྒྱས་ནོར་ལ་ཆགས་པ་མི་ཡིན་ཀྱང་༔ བོད་དུ་སངས་རྒྱས་བསྟན་པ་དར་བ་དང་༔ ཞིང་ཁམས་དགེ་ལ་བསྐུལ་བའི་དོན་ཆེད་དུ༔ སྟོན་པ་གཤེན་རབ་མི་བོ་གཙོ་འཁོར་ལྔ༔ འོལ་མོའི་ཞིང་ནས་བོད་ཀྱི་གངས་ཅན་རི༔ ཆུ་བོ་བཞི་འདུས་བྱོན་ནས་བོན་འཁོར་བསྐོར༔ བོད་ཀྱི་ལྷ་འདྲེ་གཞི་བདག་དམ་ལ་བཞག༔ ཀོང་པོའི་ཡུལ་བྱོན་བདུད་སྲིན་དབང་དུ་བསྡུས༔ བདུད་ཀྱི་ཆོ་འཕྲུལ་བར་ཆད་ཐམས་ཅད་བཏུལ༔ ཐུགས་སྤྲུལ་བོན་རི་ཆེན་པོ་བཀའ་རྟགས་བཞག༔ ཀོང་རྗེ་རྒྱལ་པོ་ཉང་དྭགས་མི་རྣམས་ལ༔ ཡར་ལ་ལྷ་གསོལ་ཐུར་དུ་འདྲེ་བཀར་བའི༔ ལུང་ཕོག་སྨོན་ལམ་ཟམ་མ་ཆད་པར་མཛད༔ མཐའ་འཁོར་མི་ཡི་ཡང་དག་ལུང་མི་གོ༔ མི་འོངས་མཐའ་འཁོབ་དགེ་ལ་བསྒྱུར་བ་དང་༔ མདོ་སྔགས་བསྟན་པ་དར་ཞིང་རྒྱས་པར་སྨོན༔ མི་རིང་བོད་ཡུལ་གནམ་གྱི་རྒྱལ་པོ་འབྱོན༔ ཞེས་པའི་ལུང་བསྟན་སླར་ཡང་སྟག་གཟིག་གཤེགས༔ དེ་ཚེ་གནམ་གྱི་ལྷ་དབང་ཚངས་པའི་སྲས༔ ཉི་མ་འཕྲུལ་རྒྱལ་བྱང་སེམས་འཕགས་ཚོགས་ཀྱིས༔ བོད་རྒྱལ་དབང་བསྐུར་དགའ་ལྡན་ལྷ་ཡུལ་ནས༔ བོད་ཀྱི་ལོ་སར་དབུ་ནག་མི་སྡེ་རྣམས༔ ལྷ་རི་གྱད་མཐོ་རི་ཡི་རྩེ་མོ་ལ༔ ཡར་ལ་ལྷ་གསོལ་མཆོད་པའི་སྤྲིན་ཚོགས་ཕུལ༔ མཁའ་ནས་འོད་ཟེར་སྔོན་པོ་ལྷ་རིར་ཟུག༔ བར་སྣང་ཁམས་སུ་འོད་ཀྱི་མི་དཀར་པོ༔ དར་གྱི་འགྱིང་ཐོད་ཞབས་གཉིས་ཕྱེད་སྐྱིལ་མཛད༔ དགྱེས་པའི་ཚུལ་བསྟན་དབུ་སྐྲ་གཡུ་སྨིན་ཅན༔ ཕྱག་ན་གནམ་གྱི་རྒྱལ་པོའི་ཡིག་ཚངས་བསྣམས༔ རྫུ་འཕྲུལ་སྨན་བཞིའི་ཞབས་ནས་འདེགས་ཤིང་བྱོན༔ མི་རྣམས་གནམ་གྱི་ལྷ་ཟེར་སྤྱི་བོར་བཀུར༔ ཀུན་གྱིས་མཐོན་པོའི་གཉའ་ཁྲིར་བཀོད་བྱས་ནས༔ རྒྱལ་རིགས་དྲ་མ་རིན་ཆེན་གླིང་ལ་བྱོན༔ གནམ་གྱི་ཡིག་ཚངས་རྒྱལ་པོའི་བསྐོས་བཞག་མཛད༔ རུ་བཞི་བོད་ཀྱི་རྒྱལ་ཁམས་མངའ་འོག་འདུས༔ རྒྱལ་པོའི་ཕོ་བྲང་ས་མཁར་སྐྱ་བོ་བརྩིགས༔ དེ་ལ་ཤིང་གི་སྒོ་བཙུགས་ཡུལ་སྡེ་ཆགས༔ བོད་ཡུལ་ཤིང་སྒོ་ཅན་གྱི་བདག་པོར་གྲགས༔ ཕོ་བྲང་མིང་ལ་རྒྱ་རི་དྲ་མ་གསོལ༔ རྒྱལ་པོའི་སྐུ་འཚོ་བློན་པོའི་གྲོས་ར་བཅུག༔ སྲས་ཀྱི་སྐུ་བཙས་མངའ་ཐང་ཤིན་ཏུ་དར༔ སྐུ་སྲུང་རིམ་གྲོ་ཅོའུ་པྱ་ཀར་དང་༔ མཚོ་མི་གསེར་ཁྱུང་གཉིས་ཀྱི་ལྷ་གསོལ་བྱེད༔ དེའི་སྲས་མི་ཁྲི་བཙད་པོ་ལོ་ཉི་ཤུ༔ ཡབ་རྗེ་དགུང་གཤེགས་སྐུ་གཟུགས་སྨན་བཞིས་ཁྱེར༔ གནམ་གྱི་དབྱིངས་སུ་སྤུར་སྦྱང་མཁའ་ལ་ཡལ༔ མུ་ཁྲི་བཙད་པོ་རིན་ཆེན་ཁྲི་ལ་བཀོད༔ ལོ་ཡི་དུས་མཚམས་ལྷ་རི་རྩེ་ལ་བྱོན༔ གནམ་གྱི་ལྷ་གསོལ་གཙང་རིགས་དགུང་དུ་མཆོད༔ དེ་ཚེ་རྩ་གསུམ་རྣམ་རྒྱལ་ཁང་བཟང་ན༔ ནམ་མཁའ་སྣང་བ་མདོག་ཅན་ཞེས་བྱ་བ༔ བོད་ཡུལ་སངས་རྒྱས་བསྟན་པ་བཙུགས་པའི་ཕྱིར༔ ནམ་མཁའི་མདངས་ལྡན་ཕྱག་ན་གླེགས་བམ་འཛིན༔ འབྲུག་ཁྱུང་སེང་གེ་བཞི་བཞི་ལྷ་སྨན་བཅས༔ རོལ་མོའི་སྒྲ་དང་འགྲོགས་ཏེ་ལྷ་རི་བྱོན༔ མུ་ཁྲིས་གནམ་ལྷ་བྱོན་པ་ངོ་མཚར་ཆེ༔ གུས་པས་ཕྱག་འཚལ་ཞབས་འདེགས་ལྷ་མཆོག་ཁྱོད༔ ལྷ་ཡི་རིགས་སམ་གང་གི་དོན་ལ་བྱོན༔ ཞེས་ཞུས་ནམ་མཁའ་སྣང་བ་མདོག་ལྡན་གྱིས༔ ཨེ་མ༔ ཉོན་དང་ལྷ་སྲས་མུ་ཁྲི་བཙད་པོ་གསོན༔ བདག་ནི་ཡེ་ཤེས་སྐུ་སྟེ་དྲི་མ་མེད༔ འོག་མིན་ཞིང་ནས་གསང་བ་བླ་མེད་སྔགས༔ རྒྱུད་གསུམ་དཀྱིལ་འཁོར་རབ་འབྱམས་དབང་ཡང་ཐོབ༔ གཡུང་དྲུང་བོན་མཆོག་ཐེག་པ་རིམ་དགུ་སོགས༔ མུ་ཁྲི་བཙད་པོ་གསང་སྔགས་ཞིང་དུ་ཤར༔ མུ་ལེ་ཁྱུད་ཀྱི་མཚོ་མོ་གྲུབ་པའི་གནས༔ གསང་སྔགས་དཀྱིལ་འཁོར་བཞེངས་ནས་བསྙེན་ཞིང་བསྒྲུབས༔ རླུང་རྒྱལ་སྟག་བཟའ་ལི་ཝེར་ཡུམ་དུ་བཞེས༔ གསང་སྔགས་གསང་བའི་རྒྱུད་རྣམས་རྒྱ་ཆེར་སྤེལ༔ ཧ་ར་ཅི་པར་སྟག་ཝེར་ལི་ཝེར་དང་༔ ཨ་ནུ་ཕྲག་ཐག་སད་ནི་གའུ་དང་༔ ཏད་མི་ཐད་ཀེ་ཤ་བུ་ར་ཁུག་དང་༔ ཟེང་པ་མཐུ་ཆེན་སྤེ་བོན་ཐོག་རྩེ་དང་༔ སྤེ་བོན་ཐོག་འཕྲུལ་སྟོང་རྒྱུང་མཐུན་ཆེན་སོགས༔ བཀའ་ཡི་གཉེར་གཏད་སོ་སོར་སྒྲུབ་པ་མཛད༔ མུ་ཁྲི་བཙད་པོས་སྣང་མདོག་བོན་སྐོར་རྣམས༔ ཤོག་ཤོག་གླེགས་བམ་གྲངས་མེད་བང་མཛོད་བཅད༔ གསང་བསྙེན་བསྒྲུབས་པས་གྲུབ་པ་རྟགས་དང་ལྡན༔ སྣང་བ་མདོག་ཅན་རྫུ་འཕྲུལ་མཁའ་ལ་གཤེགས༔ མུ་ཁྲི་བཙད་པོས་བོན་གྱི་དབུས་བརྙེས་ཤིང་༔ དེའི་སྲས་ཏིང་ཁྲི་བཙད་པོ་ཏིང་ཆུ་བཙས༔ སེང་ཁྲི་བཙས་པོ་ཁྲི་བད་བཙས་པོ་དང་༔ ཁྲི་རྒྱལ་བཅོས་པོ་ལ་སོགས་རྒྱལ་རབས་བདུན༔ རྒྱལ་དང་བློན་པོ་སྐུ་སྲུང་མཆོད་གནས་རེ༔ བྱ་ཐབས་ལྷ་ཁང་རེ་དང་བོན་སྡེ་རེ༔ སྒྲ་བསྒྱུར་ལོ་པཎ་རེ་བཅས་མངའ་ཐང་དར༔ གནམ་གྱི་དམུ་ཐག་མ་ཆད་རྒྱལ་རབས་བདུན༔ སྐུ་གཟུགས་སྨན་བཞིས་དྲངས་ནས་དགུང་དུ་གཤེགས༔ ཁྲི་སྡེ་བཙས་པོ་སྒྲོན་བཟའ་ལྷ་རྒྱན་ལ༔ ཐེའུ་རང་མུ་སྣང་ཨུ་ཝེར་སྤྲུལ་པ་ལ༔ བུ་གཅིག་མིང་ལ་གྲི་རུམ་བཙས་པོར་བཏགས༔ ཁོ་ཡི་སྙིང་ལ་བདུད་ཞུགས་མི་དགེ་སྤྱོད༔ ཡབ་མྱེས་རྟེན་གཏོར་སྐུ་སྲུང་ས་མཐར་སྤྱུགས༔ གཡུང་དྲུང་བོན་བསྣུབས་བཀའ་ཆད་དྲག་ཏུ་དབབ༔ ལོ་ངོ་རྟ་རྫི་བུ་ཡིས་གྲི་དུ་བཀུམ༔ གནམ་ལྷའི་བཀའ་ཆད་གནམ་གྱི་དམུ་ཐག་ཆད༔ གྲི་རོ་ཟངས་སྦྱོར་ཉང་ཆུའི་རྦ་ལ་འཕངས༔ སྟག་བཟའ་སྲས་ཅིག་སྤུ་ལྡེ་གུང་རྒྱལ་ཉིད༔ ཀོང་པོའི་ཡུལ་སྤྱུགས་འབངས་ཀྱི་ས་རུ་འཁྱམས༔ བོན་སྡེ་ཕལ་ཆེར་རིན་ཆེན་གཏེར་དུ་གཤེགས༔ དེ་ཚེ་རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་གྱིས༔ གྲི་གུམ་བླ་འཁྱམས་ཤི་འདྲེས་གསོན་ལ་གནོད༔ ཐར་པ་ཐོབ་མེད་བསམ་ནས་གནམ་མཚོའི་འགྲམ༔ སྟོང་རྒྱུང་མཐུ་ཆེན་བླ་ཡི་མཆོད་གནས་དྲངས༔ ཀོང་ཡུལ་བྲེ་སྣར་གྲི་གུམ་ཤི་བ་འདུར༔ ཐར་བའི་ལམ་བསྟན་གསོན་པོར་བཀྲ་ཤིས་མཛད༔ བྲེ་སྣའི་བྲག་ལ་སྟོང་རྒྱུང་ཞབས་རྗེས་བཞག༔ གཙང་ཆན་ཆུ་བདག་མ་དྲོས་ཀླུ་མོ་ཡིས༔ རིན་ཆེན་རོར་བུ་སྤུ་ལྡེ་གུང་རྒྱལ་ཕུལ༔ ཡིད་བཞིན་ནོར་བུར་སྨོན་ལམ་གདབ་པ་དང་༔ སྟོང་རྒྱུང་མཐུ་ཆེན་ཐུགས་རྗེའི་བྱིན་རླབས་ཀྱིས༔ སྤུ་ལྡེ་གུང་རྒྱལ་བསོད་ནམས་དཔལ་ཁ་མཐོ༔ དམག་དྲངས་གཡོག་གིས་བསམ་ལོག་ལོ་ངམ་བསང་༔ སྐུ་མཁར་ཉང་རོང་སྟག་རྩེ་ཆམ་ལ་ཕབ༔ སྤུ་ལྡེ་ཁྲིར་འཁོད་བོད་ཡུལ་བཀའ་ཁྲིམས་གནོན༔ སྟོང་རྒྱུང་མཐུ་ཆེན་བླ་ཡི་མཆོད་གནས་བཀུར༔ ཤར་ཕྱོགས་ཤེལ་ཕྲག་དཀར་པོ་མན་ཆད་དང་༔ བྱང་གི་ལི་ཝང་སྒང་རིང་ཚུན་ཆད་དང་༔ ནུབ་ཀྱི་དང་ར་གསེར་ཐང་མན་ཆད་དང་༔ ལྷོ་ཡི་སྙུགས་མའི་བུ་ཁུར་ཚུན་ཆད་ཀུན༔ སྤུ་ལྡེ་རྒྱལ་པོའི་བཀའ་བཙན་མངའ་འོག་འདུས༔ གཡུང་དྲུང་བོན་བསྟན་ཉི་མ་བཞིན་དུ་ཤར༔ ད་ལ་བར་གྱི་ལྡིང་གཉིས་བྱ་བར་གྲགས༔ དེའི་སྲས་ཨ་ཤོ་ལེགས་དང་དེ་ཤོ་ལེགས༔ གུ་རུམ་ལེགས་དང་དྲམ་ཞི་ལེགས་པ་དང་༔ ཐོ་ཤོ་ལེགས་དང་ཨེ་ཤོ་ལེགས་སོགས་ཀྱི༔ མངའ་ཐང་རྒྱས་པས་ས་ལ་ལེགས་དྲུག་གྲགས༔ དེའི་སྲས་ནམ་གྲུང་ཞུ་བཙུན་འབྲི་མ་བཙུན༔ ལྡེ་འོག་ནམ་ནས་ལྡེ་འོག་ལེགས་རྒྱལ་དང་༔ ལེགས་སྲས་མཉམ་མེད་ལ་སོགས་རྒྱལ་པོ་བརྒྱད༔ མངའ་ཐང་དར་ཞིང་ཆུ་ལ་ལྡེ་བརྒྱད་གྲགས༔ དེའི་སྲས་ཁྲི་ནམ་སྡོང་བཙུན་ནམ་ཁྲི་བཙུན༔ ཁྲི་ཕྲག་གཡུང་བཙུན་ཐོག་ཐོག་བཙུན་རྒྱལ་དང་༔ ཐོག་ཐོག་སྙན་བཙུན་ལ་སོགས་རྒྱལ་པོ་ལྔ༔ དེ་ནི་བར་གྱི་བཙུན་ལྔའི་རྒྱལ་པོ་ཡིན༔ ཐོག་ཐོག་སྙན་ཤལ་གསང་བདག་སྤྲུལ་པ་སྐང་༔ རྒྱ་གར་མཁས་པ་རཏྞ་སིདྡྷི་དྲངས༔ དམ་ཆོས་དཔང་སྐང་ཕྱག་རྒྱ་ཟ་མ་ཏོག༔ མུ་དྲ་རྟེན་འབྲེལ་དཀྱིལ་འཁོར་ལ་སོགས་སྤྱོད༔ བསྟན་པ་གཉིས་ལྡན་བོད་ཀྱི་རྒྱལ་པོ་མཛད༔ དེའི་སྲས་ཀླུ་གཉན་གཟུང་བཙུན་བྱ་བ་དང་༔ འགྲོ་གཉན་ལེགས་བཙུན་སྟག་གུང་སྤྱན་གཟིགས་དང་༔ ཁྲི་སྡེ་སྐྱིད་བཙུན་གནམ་རི་སྲོང་བཙུན་ལྔ༔ དེ་ལ་རིག་པ་ཅན་གྱི་རྒྱལ་པོ་ལྔ༔ སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་དབང་སྤྲུལ༔ ལྷ་སར་འཕྲུལ་གྱི་གཙུག་ལག་ཁང་ལ་སོགས༔ མཐའ་འདུལ་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས༔ དགེ་སློང་ཨ་ཀཱ་ཤི་ལ་བླ་མཆོད་བཞག༔ གསུང་རབ་དཀོན་མཆོག་སྤྲིན་དང་པདྨ་དཀར༔ ཡི་གེ་དྲུག་མ་ཏོག་གཟུངས་གྲ་ལྔ་སོགས༔ བལ་བཟའ་ཁྲི་ལྕམ་རྒྱ་བཟའ་ཀོང་ཇོ་བླངས༔ ཇོ་བོ་ཤཱཀྱ་མུ་ནེ་ལ་སོགས་པ༔ ཁྱད་པར་ཅན་གྱི་རྟེན་རྣམས་གདན་དྲངས་མཛད༔ དེའི་སྲས་གུང་སྲོང་གུང་བཙུན་གུང་རུམ་བཙུན༔ རླུང་སྲོང་འཕྲུལ་བྱ་བ་ཁྲི་སྡེ་གཙུག་བརྟན་ཞེས༔ དེ་ལ་ཡོན་ཏན་ཅན་གྱི་རྒྱལ་པོ་ལྔ༔ མི་རྗེ་ལྷས་མཛད་སྐུ་སྲུང་བོན་གྱིས་མཛད༔ རྒྱལ་རབས་བཞི་བཅུར་བསྟན་པ་ཤིན་ཏུ་དར༔ བོད་ཡུལ་རུ་བཞི་བསོད་ནམས་འཕགས་པའི་གནས༔ བོན་གྱི་རྒྱལ་པོ་ཁྲི་སྡེ་གཙུག་བརྟན་དང་༔ བཙུན་མོ་གྱིམ་ཤོ་གོང་བཙུན་མ་གཉིས་ལ༔ མེ་ཕོ་རྟ་ལོར་ཁྲི་སྲུང་ལྡེ་བཙུན་འཁྲུངས༔ རྒྱལ་པོའི་སྐུ་སྲུང་བོན་གྱི་མཁས་བཞིས་མཛད༔ རྒྱལ་བུ་བཅོ་ལྔའི་ལོ་ངོར་རྒྱལ་སར་བཏོན༔ ཚེ་སྤུངས་བཟའ་ནི་ཁབ་བཞེས་རྒྱལ་ཁྲིམས་སྐྱོངས༔ ལོ་བདུན་བར་དུ་རྒྱལ་ཕྲན་རིགས་རྣམས་དང་༔ ཞང་ཞུང་རྒྱལ་སོགས་དམག་གིས་དབང་དུ་བསྡུས༔ ཐུགས་རྒྱ་ཆེ་ཞིང་མཛད་སྟོབས་དཔག་པར་གྱུར༔ ཡབ་མྱེས་རྣམས་ཀྱི་སྲོལ་བས་གཟིགས་སྟོང་ཚ༔ སྔོན་བྱོན་རྒྱལ་པོ་རྣམས་ཀྱི་མཛད་སྲོལ་ལ༔ རྒྱལ་གཤེན་བསྟན་པ་མཉམ་ཆགས་ཉི་ཟླ་ཟུང་༔ ཐོ་ཐོ་སྙན་ཤལ་སྲོང་བཙན་སྒམ་པོ་དེས༔ བན་བོན་ཉི་ཟླ་ཟུང་འབྲེལ་སྐྱོང་བ་ལྟར༔ བདག་གིས་བོན་ཆོས་གཉིས་མེད་གཙུག་ལག་ཁང་༔ འཇིག་རྟེན་དབང་ཆེན་རྒྱལ་ལས་དཔག་པ་ཞིག༔ ཁྲི་སྲུང་གྲགས་པ་ཆེ་བས་བཞེངས་དགོས་དགོངས༔ བློན་པོ་རྣམས་དང་འབངས་འཁོར་ཁྱོད་རྣམས་ཀྱིས༔ བདག་གི་གཙུག་ལག་བཞེངས་པའི་གྲོགས་སུ་གྱིས༔ གསུངས་ཤིང་བསམ་ཡས་ཕྱོགས་སུ་ཕེབས་པ་ལ༔ པེ་རྗེ་ཞིང་གིས་གཙུག་ལག་ས་བཙལ་བས༔ བྲག་དམར་བསམ་ཡས་འོམ་བུའི་ཚལ་འདི་ལེགས༔ འདི་དང་འདྲ་བའི་ས་དཔེ་གཞན་ན་དཀོན༔ ལས་རྣམས་གྲུབ་དང་བོད་རྒྱལ་རྒྱུད་པ་འཕེལ༔ བསོད་ནམས་ཆེ་དང་སངས་རྒྱས་བསྟན་པ་དར༔ བོད་ལ་གྲུབ་ཐོབ་རྒྱུན་མི་འཆད་པ་དང་༔ མཐའ་བཞིའི་འཇིགས་བྲལ་མདོ་སྔགས་བསྟན་པ་རྒྱས༔ ཕོ་བྲང་མི་འགྱུར་རྒྱལ་པོའི་དགོས་དོན་འགྲུབ༔ ཆོ་ཡང་རིགས་ཞིང་ཅི་འདོད་འགྲུབ་པའི་ས༔ རུ་བཞི་བོད་ལ་འདི་ལྷག་ས་གནད་མེད༔ བསམ་ཡས་བསམ་པར་འགྲུབ་པས་ས་བཀྲ་ཤིས༔ ཞེས་བརྗོད་རྒྱལ་པོ་ཐུགས་མཉེས་པེ་རྗེ་བཀུར༔ ཡོན་ཕུལ་དགའ་མགུ་ཡི་རངས་ཚིམ་པར་མཛད༔ འོམ་བུའི་ཚལ་ལ་པེ་རྗེས་ས་བསླང་བྱས༔ ས་བདག་རྣམས་ལ་ས་ཡོན་མཆོད་ཚོགས་ཕུལ༔ རྒྱལ་འཁོར་འབངས་ལ་ཡོ་བྱད་ཕངས་མེད་སྦྱིན༔ ལས་བྱེད་མཁན་པོ་རྣམས་ཀྱིས་རྨང་གཞི་བརྩེགས༔ རླུང་ཆེན་བྱེ་འཚུབ་སྣང་ཁམས་ཡུན་རིང་བཀང་༔ རྨང་བརྐོས་ནང་དུ་སྦྲུལ་ནག་མང་པོ་འདུས༔ རྒྱལ་བློན་ཐེ་ཚོམ་ཟོས་ཀྱང་མ་བཤོལ་བརྩིགས༔ ལྷ་འདྲེས་ཆོ་འཕྲུལ་བསྟན་ནས་བརྩེགས་མ་བཅོལ༔ རྒྱལ་པོས་པེ་རྗེ་ས་གནད་མ་ལེགས་སམ༔ བདག་ལ་གཙུག་ལག་སྐལ་བ་མེད་དམ་ཅི༔ པེ་རྗེས་ས་གནད་སྐལ་མེད་མ་རེད་ལགས༔ བོན་གྱི་སྐུ་སྲུང་འབོད་ནས་མ་བཅོས་ན༔ ས་བདག་ཀླུ་གཉན་རྣམས་ཀྱིས་རྐོ་ལོང་སྡང་༔ ཞུས་པས་རྒྱལ་པོས་སྐུ་སྲུང་ཐམས་ཅད་དྲངས༔ ལྷ་ཀླུ་སྡེ་བརྒྱད་ས་བདག་ཀུན་བཅོས་ཀྱང་༔ ཉིན་མོར་མིས་བརྩིགས་མཚན་མོ་ལྷ་འདྲེས་བཤིགས༔ ཐམས་ཅད་རྨང་མ་ཚུགས་ནས་ཐེ་ཚོམ་ཟོས༔ རྒྱལ་པོ་དམ་པའི་ཆོས་ལ་མོས་པ་ཆེ༔ སྔར་གྱི་ཡབ་མྱེས་ཐོག་ཐོག་སྒམ་པོ་ཡིས༔ རྒྱ་གར་མཆོད་གནས་རེ་རེ་གདན་དྲངས་བས༔ བདག་གིས་དེ་ལྷག་ཞིག་ནི་ངེས་པར་དགོས༔ སྐ་བ་དཔལ་བརྩེགས་ཀླུ་ཡི་རྒྱལ་མཚན་དང་༔ རྒྱལ་བ་བློ་གྲོས་གསུམ་ལ་གསེར་ཕྱེ་བརྫངས༔ རྒྱ་གར་ཕྱོགས་ཀྱི་མཆོད་གནས་མཁས་གྲུབ་ཅིག༔ བོད་རྒྱལ་བླ་ཡི་མཆོད་གནས་ཕེབས་པར་གྱིས༔ ཞེས་གསུངས་རྐང་མགྱོགས་རྒྱ་གར་བང་ཆེན་བཏང་༔ མལ་དུ་རྒྱལ་པོས་རྨང་གཞི་མ་ཚུགས་ལུས༔ བོད་ཡུལ་རྒྱལ་པོས་མངག་པའི་ཕོ་ཉ་གསུམ༔ རྒྱ་གར་ཤར་ལྷོ་ནུབ་བྱང་ཐམས་ཅད་ལ༔ ཡོངས་སུ་གྲགས་པ་ཟ་ཧོར་མཁན་པོ་དང་༔ རྒྱ་གར་ཡུལ་དུ་བྷི་མ་མི་ཏྲ་དང་༔ གང་གིས་འགྲན་བྲལ་པད་འབྱུང་གསུམ་བཞུགས་ཐོས༔ དང་པོ་ཟ་ཧོར་མཁན་པོའི་མདུན་དུ་ཕྱིན༔ ཕྱག་འཚལ་གསེར་ཕྱེ་ཕུལ་ནས་འདི་སྐད་ཞུས༔ ཀྱེེ༔ བྱང་ཆུབ་སེམས་དཔའ་འགྲོ་ལ་སྙིང་རྗེ་ཅན༔ དཀའ་བ་དང་བླངས་བཤུལ་རིང་མགྲོན་པོ་གསུམ༔ བོད་ཀྱི་རྒྱལ་པོའི་ཐུགས་དམ་ཆོས་ལ་མོས༔ སྐྱེ་བ་སྔོན་གྱི་ལས་འཕྲོ་ཡོད་པ་ཞིག༔ བཙལ་ནས་བླ་ཡི་མཆོད་གནས་དམ་པར་བཀུར༔ ཉིད་དང་ལས་འཕྲོ་ལྡན་ན་བྱོན་པར་ཞུ༔ ཞེས་ཞུས་ཟ་ཧོར་མཁན་པོས་འདི་སྐད་གསུངས༔ ཨ་ཧོ༔ ཉོན་དང་བོད་ཀྱི་རྐང་མགྱོགས་དཀའ་བ་སྤྱད༔ གནས་འདིར་ཕྱིན་པ་ངོ་མཚར་བླ་ན་མེད༔ བོད་ཡུལ་འགྲོ་དོན་བདག་གིས་འགྲུབ་པ་ཡིན༔ དམ་ཆོས་སྨོན་ལམ་ཐེག་པའི་བོད་རྒྱལ་གསུམ༔ ཕྱག་རྡོར་སྤྲུལ་པ་ཐོག་ཐོག་སྙན་ཤལ་དང་༔ སྤྱན་རས་གཟིགས་སྤྲུལ་སྲོང་བཙན་སྒམ་པོ་དང་༔ འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེ་བཙན་གསུམ༔ ཕྲིན་ལས་མཐར་ཕྱིན་ཁྲི་བཙན་ཉིད་ལ་རག༔ བོད་ཡུལ་འོང་བའི་རྟེན་འབྲེལ་ང་ལ་ཡོད༔ ཅེས་གསུངས་བོད་ཡུལ་འབྱོན་པའི་གསུངས་གནང་ཐོབ༔ ཆོས་རྒྱལ་དྷརྨ་ཉིད་ལ་དགོངས་པ་ཞུས༔ བོད་རྒྱལ་འགྲོ་དོན་འབྱུང་བའི་མཆིད་ཚིག་ཕུལ༔ ཆོས་རྒྱལ་སྲས་གཅིག་གཅེས་པའི་སྐྱེས་བུ་ལ༔ བོད་ཡུལ་དམུ་རྒོད་གདུལ་དཀའ་ཞི་བས་སྐྱོང་༔ རྒྱུ་འབྲས་ཞིབ་རྩིས་སྤྱོད་ལམ་དག་པ་གཅེས༔ ཙནྡྷ་སངས་རྒྱས་ནང་རྟེན་ཕྱག་རྡོར་སྐུ༔ ཚེ་དཔག་མེད་སྐུ་བདུད་བཅོམ་ཕུར་པ་དང་༔ རྟེན་དང་གླེགས་བམ་མང་རྫོངས་བོད་དུ་བྱོན༔ རྐང་མགྱོགས་སྔོན་དུ་བཏང་ནས་ཆས་བསྒྲིགས་ཤིང་༔ སྤོས་རོལ་བཅས་ཏེ་བསུ་བས་མཁན་པོ་དགྱེས༔ རྟེན་དང་གླེགས་བམ་ཕུལ་ཞིང་ཕྱག་འཚལ་གུས༔ རྒྱལ་པོ་ཐུགས་དགྱེས་རིན་ཆེན་ཁྲི་ལ་བཀོད༔ གདའ་དགུའི་སྤྱན་གཟིགས་དྲངས་ནས་རྒྱལ་པོ་ཡིས༔ ཀྱེེ༔ རྒྱ་གར་འཕགས་ཡུལ་བྱོན་པའི་བྱང་སེམས་ཅན༔ བདག་ཅག་འདོད་པའི་རེ་སྐོང་བྱོན་པ་ལེགས༔ ཡབ་མྱེས་སྲོལ་གྱི་ཐུགས་དམ་གཙུག་ལག་བཞེངས༔ ས་འདུལ་བྱིན་རླབས་ཟབ་ཆོས་གནང་དུ་གསོལ༔ ཞེས་པས་མཁན་པོ་བྷོ་དྷི་ས་ཏྭ་ཡིས༔ ཀྱེེ༔ བོད་རྗེ་རྒྱལ་པོ་དབང་བསྒྱུར་ཁྲི་བཙན་ཆེ༔ སྔོན་ཚེ་དུས་ནས་རང་རེ་སྨོན་ལམ་འབྲེལ༔ རྒྱལ་པོའི་ཐུགས་དམ་གཙུག་ཁང་བཞེངས་པ་དང་༔ དམ་པའི་ཆོས་སྤྱོད་བདེ་ལ་བཀའ་དྲིན་ཆེ༔ བོད་ཁམས་བསོད་ནམས་ཤིན་ཏུ་བཟང་པ་ཡིན༔ ཙནྡྷ་སངས་རྒྱས་སྐུ་འདི་ཆོས་ཀྱིས་རྒྱམ༔ ཁྱོད་ཀྱི་སྐུ་སྲུང་མཛོད་ལ་རྟེན་དུ་ཆོངས༔ བདག་ཀྱང་རྒྱལ་པོའི་དགོངས་བཞིན་འདོད་དོན་སྒྲུབ༔ ཐུགས་དམ་གཙུག་ལག་རྒྱ་གར་ལུགས་སུ་བཞེངས༔ རྒྱ་གར་ཆོས་ནི་སི་སྒྲི་ཏ་ཡི་སྐད༔ གཞོན་ནུ་གཙང་མ་རིགས་གསལ་ཤེས་པ་བརྟན༔ ཚོར་རྣོ་བརྩོན་འགྲུས་ཅན་གྱི་ཁྱེའུ་བསྡུས༔ ལོ་ཙཱ་སློབས་ལ་སྐད་འགྱུར་སྦྱང་དུ་བཅོལ༔ དེ་ནས་དམ་པའི་ཆོས་ལ་སྤྱོད་པར་མཛོད༔ ཅེས་གསུངས་ས་འདུལ་བྱིན་རླབས་ཆུ་སྦྱིན་བཏང་༔ མདོ་ཀློག་ཚ་ཚ་གདབ་ཅིང་བཀའ་བསྒོ་བྱས༔ ཐུགས་དམ་གསེར་ཁང་ཞག་ལྔའི་བར་དུ་བརྩིགས༔ མཁན་པོ་བྱིན་ཆེན་རྒྱལ་པོ་དགའ་བ་སྙམ༔ ནུབ་གཅིག་ལྷ་འདྲེས་རྨང་ནས་མེད་པར་བྱས༔ རྒྱལ་བློན་མཁན་པོ་བོན་ལ་ཐེ་ཚོམ་ཟོས༔ ཟླ་གསུམ་བར་དུ་བསྒྲུབས་ཀྱང་འགྲུབ་མ་ཐུབ༔ བོན་འདི་སྔར་དར་ལྷ་འདྲེ་དམ་ལ་གནས༔ དགེ་དང་མི་དགེ་རྟོག་པ་སྣ་ཚོགས་བསླང་༔ རེ་ཞིག་རྒྱལ་པོ་སྙུང་གིས་ཟིན་པ་ལ༔ མཁན་པོས་བྱིན་རླབས་མཛད་ཀྱང་སེལ་མ་ཐུབ༔ མོ་རྩིས་མཁན་རྣམས་ལྷ་འདྲེའི་གདོན་འདུག་པས༔ བོན་གྱི་གྲུབ་ཐོབ་རིག་འཛིན་སྤྱན་དྲངས་ཕན༔ ཡང་ན་སྐུ་སྲུང་ཕ་ཝའི་ཚོགས་རྣམས་ལ༔ ལྷ་སྲིན་དམ་བསྒྲགས་སྐུ་རིམ་དྲག་སྒྲུབ་སེལ༔ རྒྱལ་བློན་ཀུན་གྱིས་སྐུ་སྲུང་བཅུ་གཉིས་དྲངས༔ ལྷ་སྲིན་བཀར་ཡས་སྡེ་བརྒྱད་མཆོད་ཅིང་བཅོལ༔ དཀྱིལ་འཁོར་གཏོར་བཟློག་མདོས་ཀྱི་བསྐང་བ་བྱས༔ ཞག་གསུམ་ནངས་པར་རྒྱལ་པོའི་སྙུང་གཞི་སེལ༔ བོན་འདི་སྤང་དུ་མི་རུང་དགོངས་པ་བྱུང་༔ བོད་ལ་བོན་གྱི་གྲུབ་ཐོབ་རིག་འཛིན་དགུ༔ ཤ་རི་དབུ་ཆེན་གྱིམ་ཚ་རྨ་ཆུང་དང་༔ ལྕེ་ཚ་མཁར་བུ་མཐའ་བཞི་དཔལ་མཆོག་དང་༔ རྒྱལ་བ་རིན་ཆེན་རྒྱ་བོན་འབྲི་གནམ་དང་༔ མུག་ཤིན་རིང་ཁྱེར་ལྷ་དབང་ཀླུ་རིགས་དང་༔ གྱེར་ཆེན་ཟླ་མེད་ལ་སོགས་མཁས་པ་དགུ༔ ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལི་ཤུ་སོགས༔ རིག་འཛིན་གྲུབ་ཐོབ་བརྒྱད་ཅུ་རྩ་བརྒྱད་བཞུགས༔ རྒྱུ་ཡི་བོན་དང་འབྲས་བུའི་བོན་རྣམས་དར༔ རྒྱུ་ཡི་བོན་བཞིས་ཕན་བདེའི་གཞི་མ་སྒྲུབ༔ འབྲས་བུ་བོན་གྱིས་དོན་དམ་བྱང་ཆུབ་སྒྲུབ༔ དགེ་བསྙེན་དྲང་སྲོང་གཉིས་ཀྱི་སྤང་ལམ་མདོ༔ ཨ་དཀར་ཡེ་གཤེན་གཉིས་ཀྱིས་བསྒྱུར་ལམ་སྔགས༔ བླ་མེད་ཐེག་པ་སྤང་བླང་གཉིས་མེད་བོན༔ ཚད་མི་གསུམ་གྱི་བཀའ་ལ་བྱུང་བའི་བོན༔ བདེན་པ་གཉིས་པོ་དོར་མཉམ་ངེས་པའི་བཀའ༔ སངས་རྒྱས་དགོངས་པ་དེ་བཞིན་ཉིད་དུ་གསལ༔ རྒྱལ་གྱི་སྐུ་སྲུང་བ་ཝ་བོན་པོ་ནི༔ རྒྱུ་ཡི་བོན་བཞི་ལོ་བདུད་བཀྲ་མཚུན་དང་༔ བཙུན་མོ་བུ་མདོས་ལྷ་མཆོད་ཀླུ་སྒྲུབ་དང་༔ གཞི་བདག་མགུར་ལྷ་བརྟན་མ་གསོ་བ་སོགས༔ སྤྱོད་པ་དམན་ཀྱང་ལྟ་བ་བཟང་བ་དང་༔ འགྲོ་ལ་སེམས་བསྐྱེད་རྒྱུ་འབྲས་དཀར་ནག་རྩི༔ ཆ་ལུགས་མ་ངེས་ཡུལ་གྱི་སྐྱེ་བོའི་ཚུལ༔ ཀུན་རྫོབ་བདེན་པ་མངོན་སུམ་གྲུབ་པ་ཡིན༔ གྲུབ་ཐོབ་རིག་འཛིན་ལ་ལ་རབ་བྱུང་ཚུལ༔ རེ་འགའ་གྲུབ་ཐོབ་གསང་བའི་ཡུམ་དང་བཅས༔ གྲུབ་པའི་གནས་ནི་སོ་སོར་གང་འདུལ་བཞུགས༔ བོད་ཀྱི་བུ་ཆུང་མང་པོས་ལོ་ཙཱ་བསླབ༔ རྒྱ་གར་ཞང་ཞུང་སྐད་རིགས་མཁས་པ་ནི༔ བ་གོར་རིན་ཆེན་རྒྱལ་བ་བློ་གྲོས་དང་༔ རིན་ཆེན་ཀུན་དགའ་དམུ་རིགས་ཡེ་ཤེས་ལྷག༔ བཻ་རོ་བོན་གྱི་རིག་འཛིན་དགུ་རུ་གཏོགས༔ བོན་སྒོ་ཐེག་རིམ་ཐམས་ཅད་མཁས་པར་གྱུར༔ བོད་ཀྱི་ཞིང་ཁམས་བོན་གཤེན་རིག་འཛིན་རྣམས༔ རེ་ཞིག་བོན་ཆོས་གྲུབ་མཐའ་ཡོད་པ་འདྲ༔ སོ་སོའི་གཉེར་འཛིན་མི་བརྗེད་ཡི་གེར་བྲིས༔ གཡའ་རི་གངས་བྲག་རི་སུལ་ནགས་ཚལ་བཞུགས༔ ཞེས་གསུངས་བོན་གཤེན་ཐམས་ཅད་སོ་སོར་གཤེགས༔ དེ་ཚེ་རྒྱལ་པོས་མཁན་པོར་འདི་སྐད་ཞུས༔ ཀྱེེ༔ བྱང་ཆུབ་སེམས་དཔའ་མི་གཟུགས་བསྟན་པ་ཙམ༔ བསོད་ནམས་ལྡན་པ་བོད་རྒྱལ་གཙུག་ལག་ཁང་༔ པེ་རྗེས་ས་བསླངས་མཁན་པོས་བྱིན་རླབས་མཛད༔ ལྷ་འདྲེའི་མི་བཅོལ་འདི་ནི་ཐབས་ཟད་པས༔ བདག་ལ་གཙུག་ལག་ལས་འཕྲོ་མེད་པ་འདི༔ ཇི་ལྟར་མཁན་པོའི་ལུང་བསྟན་མཛད་དུ་གསོལ༔ ཡང་ན་བོན་གྱི་རིག་འཛིན་སྤྱན་དྲངས་ནས༔ གཙུག་ལག་ཁང་ནི་བོན་ལྟར་བཞེངས་དགོས་འདྲ༔ ཞུས་པས་དེ་ལ་དོགས་ཀྱང་ལོ་རྒྱུས་སྩལ༔ ཀྱེེ༔ བོད་རྒྱལ་དམ་པ་ཐུགས་ཆུང་མི་འཚལ་ལགས༔ ཡབ་མྱེས་ཐོག་ཐོག་ཆོས་ཀྱི་དབུ་བརྙེས་བཙུགས༔ སྲོང་བཙན་སྒམ་པོས་དམ་ཆོས་གཞུང་བསྲང་བསྟོད༔ ཁྲི་སྲོང་ལྡེའུ་བཙན་ཆོས་རྣམས་སྤེལ་བའི་སྐལ༔ ཆོས་རྒྱལ་ཆེན་པོའི་ཐུགས་དམ་མི་ལྷོད་འཚལ༔ ཐན་ངན་གཡང་ལེན་བར་ཆད་དངོས་གྲུབ་ཡིན༔ ཞི་བས་མི་ཐུལ་ལྷ་འདྲེ་ལོག་པ་རྣམས༔ གདུལ་དཀའ་འདུལ་མཛད་པདྨ་འབྱུང་གནས་ཞེས༔ ད་ལྟ་བལ་ཡུལ་ཡང་ལེ་ཤོད་དུ་བཞུགས༔ སྤྱན་དྲངས་དགོས་དོན་འགྲུབ་པར་ཁས་སུ་བླངས༔ ཞུས་པས་རྒྱལ་པོ་ཐུགས་ཉིད་དགྱེས་པར་གྱུར༔ དེ་ལ་བོད་རྒྱལ་ཆེན་པོས་འདི་སྐད་ཞུས༔ ཀྱེེ༔ མཁས་པའི་དབང་ཕྱུག་དམ་པ་བྱང་ཆུབ་རྗེ༔ པདྨ་འབྱུང་གནས་སྤྱན་དྲངས་བདག་ཅག་ལས༔ ཇི་ལྟར་མཚན་ཉིད་ལྡན་པས་དྲང་བ་ལགས༔ གང་གི་རིགས་གཏོགས་མཛད་སྤྱོད་སུ་དང་མཐུན༔ མཁན་པོ་ཉིད་དང་ཐུགས་དམ་ཟབ་པའམ༔ བདག་ལ་ཡིད་ཆེས་བསྐྱེད་ཕྱིར་གསུང་བར་ཞུ༔ དེ་ལ་མཁན་པོས་རྒྱལ་ལ་འདི་སྐད་གསུངས༔ ཀྱེེ༔ བོད་རྒྱལ་ཆེན་པོ་སྙན་གསོན་དམ་པ་ལགས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ནི༔ འོག་མིན་ཞིང་དུ་མགོན་པོ་འོད་དཔག་མེད༔ རྩ་གསུམ་ལྷ་གནས་ཐོད་ཕྲེང་སྡེ་ལྔར་སྤྲུལ༔ དྷ་ན་ཀོ་ཤ་མཚོ་སྐྱེས་སྤྲུལ་པའི་སྐུ༔ པདྨའི་ཁ་ནས་ཨོ་རྒྱན་རྒྱལ་པོས་བརྙེས༔ རྒྱལ་སྲས་ཁྲིར་བཀོད་དམ་ཆོས་བསྟན་པ་འཛིན༔ ཨོ་རྒྱན་དུར་ཁྲོད་གནས་བརྒྱད་གསང་སྤྱོད་མཛད༔ ཟ་ཧོར་ཡུལ་དུ་འཆི་མེད་ཚེ་དབང་གྱུར༔ རྒྱ་གར་མུ་སྟེགས་ཚོགས་རྣམས་བཅོམ་བསྒྲལ་མཛད༔ བལ་ཡུལ་སྟེང་འོག་བར་གདོན་འབྱུང་པོ་བཏུལ༔ ཁྱད་པར་གངས་ཅན་བོད་ཡུལ་བྱོན་པ་དང་༔ རང་རེའི་མཆོད་ཡོན་སྨོན་ལམ་ཡོད་པ་ནི༔ སྔོན་ཚེ་བསྐལ་བ་གྲངས་མེད་གོང་རོལ་ནས༔ ཡུལ་ནི་ཀ་མ་རུ་ཡི་ཞིང་ཁམས་ན༔ རྒྱལ་པོ་ཤྲི་ཛ་ཡ་ན་ག་མཚན༔ དེ་ཡི་འབངས་སུ་ཀུ་ར་ཞེས་བྱ་བ༔ ཕ་མ་གཉིས་ལ་བུ་བཞི་ཡོད་པ་ལ༔ རྒྱལ་པོས་གཡོག་བཀོལ་བུ་བཞི་རྫིའུར་བསྐོས༔ ཆེ་བ་གླང་རྫི་དེ་འོག་རྟ་རྫི་དང་༔ དེ་འོག་བྱ་རྫི་དེ་འོག་ཕག་རྫི་བྱས༔ རྒྱལ་གྱི་བསོད་ནམས་གཡོག་གི་ལས་འཕྲོ་ཡིས༔ བུ་བཞིའི་ཟས་ནོར་བསགས་པ་ཕ་མར་བཅོལ༔ ལོངས་སྤྱོད་འབྱོར་པ་རྒྱལ་དང་མཉམ་པར་གྱུར༔ ཐམས་ཅད་འདུས་གྲོས་རང་རེ་བསོགས་པ་འདི༔ འཇིག་རྟེན་སྒྲུབ་དང་ཆོས་ལ་བཏང་བ་གཉིས༔ ཅི་འཐད་གང་དགའ་གྲོས་སུ་ཤོམས་པའི་ཚེ༔ ཕ་མ་གཉིས་ཀྱིས་བུ་བཞི་ཡོད་པ་ལ༔ དབང་ཐང་རྒྱལ་དང་མཉམ་པ་ངོ་མཚར་ཆེ༔ སྐྱེ་མཐར་འཆི་བའི་རང་བཞིན་ཡིན་པས་ན༔ འཆི་ལ་ཕན་པའི་ཆོས་ཤིག་དགོས་པར་འདུག༔ ད་ཕན་སྒྲུབ་པའི་འཇིག་རྟེན་བྱ་བསམ་ན༔ ཆོས་ཡང་མི་དྲན་འཁོར་བའི་ལས་ལ་གཡེང་༔ ཇི་དགའ་བུ་བཞིའི་ཐུགས་ལ་དཔྱད་པར་ཞུས༔ ཆེ་བ་གླང་རྫིས་ཕ་མ་གཉིས་ཀྱི་དྲིན༔ དལ་འབྱོར་ལྡན་པ་བུ་བཞིར་སྐྱེས་པའི་དུས༔ ཟས་ནོར་ལོངས་སྤྱོད་རྩྭ་འགོའི་ཟིལ་པ་ཡིན༔ འཇིག་རྟེན་མི་བསྒྲུབ་དམ་པའི་ཆོས་ཕྱོགས་གཏོང་༔ རྟ་རྫི་བུ་ཡིས་གཅེན་པོའི་བཀའ་བཞིན་དུ༔ བསགས་པའི་ནོར་ལ་ཆོས་ཤིག་མ་འགྲུབ་ན༔ སྐྱིད་སྡུག་བྱེད་པ་འཁོར་བ་འཁྲུལ་འདྲེ་ཡིན༔ གཅེན་པོའི་གསུངས་བཞིན་བདག་ཀྱང་དེ་དང་མཐུན༔ བྱ་རྫི་བུ་ཡིས་མཆོད་ཟླ་ཚུར་ཉོན་དང་༔ དེ་སྔར་རྨང་གི་གྲལ་དུ་ཅི་མི་སྐྱིད༔ དགེ་བྱེད་ཟེར་བ་མུན་ནག་རྫས་བླུག་འདྲ༔ ཁབ་བཞེས་འཇིག་རྟེན་ཁས་གྲགས་སྒྲུབ་པ་འཐད༔ ཕག་རྫི་བུ་ཡིས་ཆེ་ཁ་ཆུང་གིས་ཉན༔ ཕའི་ཁར་བུ་ཡིས་ཉན་པ་སྲིད་པའི་ལུགས༔ གཅེན་པོ་རྣམས་ཀྱིས་ཅི་གསུངས་མ་གཏོགས་པ༔ འདི་ལྟར་བྱ་དགོས་བྱ་བ་གཅིག་ཀྱང་མེད༔ དེ་ལ་ཕ་མས་རང་རེའི་མཐུན་རྐྱེན་དུ༔ མཁྱེན་པའི་དགོངས་པ་ཅན་ལ་ལུང་ཞུ་ནས༔ ཇི་ལྟར་གསུངས་བཞིན་རང་རེ་བསྒྲུབ་པར་བྱ༔ ཐམས་ཅད་གྲོས་མཐུན་དབེན་ཁྲོད་རྣལ་འབྱོར་མདུན༔ སོང་ནས་གུས་པའི་ཚུལ་གྱིས་འདི་སྐད་ཞུས༔ ཀྱེེ༔ དགོངས་ཤིག་རྣལ་འབྱོར་ཆེན་པོ་བདག་ཅག་རྣམས༔ རྒྱལ་གྱི་འབངས་འཁོད་ཕ་མ་གཉིས་པོ་ལས༔ བུ་བཞི་ཡོད་པ་རྒྱལ་པོས་རྫིའུར་བསྐོས༔ བསགས་པའི་ནོར་ནི་རྒྱལ་དང་མཉམ་པར་གྱུར༔ འཇིག་རྟེན་སྒྲུབ་དང་ཆོས་ལ་བཏང་བ་གཉིས༔ རྣལ་འབྱོར་ཁྱོད་ལ་ལུང་ཞུ་འོང་བ་ལགས༔ ཞུས་པས་རྣལ་འབྱོར་ཆེན་པོའི་ཞལ་ན་རེ༔ ཨེ་མ༔ སྔོན་ཚེ་གོང་ནས་བསོད་ནམས་བསགས་པའི་མཐུས༔ ད་ལྟ་ལོངས་སྤྱོད་འབྱོར་བ་རྒྱ་ཆེར་བྱུང་༔ དགེ་བའི་བྱ་ཐབས་མང་ཡང་ལས་ཀྱི་འཕྲོ༔ མཆོད་རྟེན་རྒྱ་ཆེ་བཞེངས་ན་ཁྱོད་ཅག་གིས༔ སྨོན་ལམ་ཕྱོགས་གཅིག་ཐོབ་དང་ཆུད་མི་ཟ༔ གང་བཏབ་དེ་ནི་ཕྱི་མར་འགྲུབ་པར་འགྱུར༔ ཞེས་གསུངས་བཞིན་དུ་བུ་བཞི་རྒྱལ་མདུན་ཕྱིན༔ ཀྱེེ༔ མངའ་བདག་ཆོས་རྒྱལ་ཆེན་པོ་སྙན་གསོན་ཞུ༔ བདག་ཅག་སྤུན་བཞི་རྒྱལ་གྱི་བཀའ་དྲིན་ལས༔ ལོངས་སྤྱོད་འབྱོར་ཚོགས་བསམ་གྱིས་མི་ཁྱབ་ཡོད༔ དུར་ཁྲོད་དབེན་རིར་རྣལ་འབྱོར་ལུང་ཞུས་པས༔ མཆོད་རྟེན་ཞིག་བཞེངས་སྨོན་ལམ་ཐོབ་གསུངས་པས༔ ཉིད་ཀྱི་མངའ་འོག་ས་གནད་གནང་བར་ཞུ༔ ཧོ༔ རྒྱལ་པོའི་མངའ་འབངས་རྫིའུ་བུ་བཞི་ཡིས༔ ཆོས་དྲན་མཆོད་རྟེན་བཞེངས་པ་ངོ་མཚར་ཆེ༔ ཤིང་ཀུན་གནས་ཀྱི་ཏེ་འདབ་བྱ་བར་རུང་༔ མཆོད་རྟེན་ལེགས་པར་བཞེངས་ཤིག་བདག་ཀྱང་གཟིགས༔ ཞེས་པའི་བཀའ་གནང་དགའ་ཞིང་མགུ་བར་གྱུར༔ དེ་ནས་ཕ་མ་སྤུན་ལ་ལོ་རྒྱུས་ཞུས༔ ཞིང་ཁམས་ཡོངས་ཀྱི་སྐྱེ་བོ་ཕོ་མོ་རྣམས༔ གསེར་དངུལ་དར་ཟབ་ནས་འབྲས་གླང་པོ་ཆེ༔ མ་ཧེ་རྟ་མཆོག་ལ་སོགས་གཟུགས་འགྲོས་རིགས༔ ཟས་ནོར་ལོངས་སྤྱོད་ཕོངས་པ་མེད་པར་ཁྱེར༔ རྒྱལ་གྱི་ས་གནད་བྱ་རུང་ས་དེར་ཕྱིན༔ ཉིན་མཚན་མེད་པར་མཆོད་རྟེན་རྒྱ་ཆེར་བཞེངས༔ ཟླ་བ་ལྔ་ལྷག་མཆོད་རྟེན་ཚད་ལྡན་འགྲུབ༔ བློན་པོ་རྣམས་ཀྱི་ཡིད་ལ་མ་རན་ཞིང་༔ དབང་བསྒྱུར་རྒྱལ་པོ་ཉིད་ལ་འདི་སྐད་ཞུས༔ ཀྱེེ༔ ཀུན་ལ་དབང་བཙན་རྒྱལ་པོ་རིན་པོ་ཆེ༔ ཉིད་ཀྱི་ཐུགས་དགོངས་ཆེ་བསྐྱེད་མཛད་ན་ཡང་༔ དཔོན་ལས་གཡོག་ཆེ་མཆོད་རྟེན་འདི་ཉིད་ནི༔ ལེགས་ཤིང་ཞིང་ཁམས་རྟེན་གྱུར་ངོ་མཚར་ཡང་༔ མི་ལེགས་རྫི་བོའི་ཕོད་པ་ཆེས་མ་ལེགས༔ ཞུས་པས་རྒྱལ་པོས་དགེ་བ་ཆེ་སྒྲུབ་ན༔ འབངས་མི་རྫི་བུ་མི་དགོས་བློན་ཀྱང་རུང་༔ བྱ་རུང་ཁ་ཤོར་སོང་བའི་མཆོད་རྟེན་ཡིན༔ དེ་ནི་ཅིས་ཀྱང་འགོག་པ་མི་འོས་གསུངས༔ ཀུན་ལ་མཆོད་རྟེན་བྱ་རུང་ཁ་ཤོར་གྲགས༔ བུ་བཞིའི་མཆོད་རྟེན་བཞེངས་གྲུབ་རབ་གནས་མཁན༔ དུར་ཁྲོད་རྣལ་འབྱོར་སྤྱན་དྲངས་བྱིན་རླབས་མཛད༔ བསྐལ་བཟང་སངས་རྒྱས་སྟོང་གི་ཞལ་ཡང་མཇལ༔ བལ་ཡུལ་ཞིང་ཁམས་རྒྱལ་བློན་ལྟད་མོ་གཟིགས༔ གླང་རྫི་བུ་ཡིས་མཆོད་རྟེན་ན་བཟའ་གསོལ༔ ད་ལྟ་མཆོད་རྟེན་འདི་བཞེངས་སྨོན་ལམ་གྱིས༔ བོད་ཁམས་དབང་བསྒྱུར་རྒྱལ་པོ་ཞིག་སྐྱེས་ནས༔ གཙུག་ལག་བརྒྱ་བཞེངས་ཆོས་ལ་སྤྱོད་པར་སྨོན༔ རྟ་རྫི་བུ་ཡིས་མཆོད་རྟེན་བཞེངས་པའི་མཐུས༔ མ་འོངས་གཅེན་པོ་རྒྱལ་རིགས་སྐྱེ་བའི་དུས༔ བྱང་ཆུབ་སེམས་དཔའ་ཆོས་གྲོགས་བྱེད་པར་སྨོན༔ བྱ་རྫིའི་ཡིད་ལ་ལོག་པའི་བསམ་པ་ཡི༔ རང་དབང་མ་སྟེར་མ་འོངས་གཅེན་གཉིས་ཀྱི༔ རྟེན་བཤིགས་ཆོས་བསྣུབ་རྒྱལ་པོར་སྐྱེ་བར་སྨོན༔ ཕག་རྫིས་སྤུན་གྱི་སྨོན་ལམ་ལོག་པ་ཡིས༔ གཅེན་པོ་གཉིས་ཀྱིས་བཞེངས་པ་གཏོར་བའི་དུས༔ དེ་ཡི་གཉེན་པོར་བདག་གིས་འདུལ་བར་སྨོན༔ དེ་ལ་རྣལ་འབྱོར་མི་གཡོ་ཁྱབ་བདག་གིས༔ བོད་ཡུལ་སངས་རྒྱས་བསྟན་པ་བཙུགས་པའི་དུས༔ བདག་ཀྱང་འགྲོ་འདུལ་འཆི་མེད་སྐུར་གྱུར་ནས༔ ཁྱོད་ཅག་སྐྱོབ་པའི་མགོན་དུ་གྱུར་བར་སྨོན༔ མཆོད་རྟེན་ད་ལྟ་བལ་ཡུལ་མཐིལ་དུ་ཡོད༔ འབངས་ཀྱི་ཕ་མ་ཡབ་ཡུམ་མངོན་སངས་རྒྱས༔ གླང་པོའི་རྫིའུ་རྒྱལ་པོ་ཁྱོད་ཉིད་ཡིན༔ རྟ་མཆོག་རྫིའུ་མཁན་པོ་ང་ཉིད་དོ༔ བྱ་ཕག་རྫིའུ་ད་གཟོད་རྗེས་སུ་འོང་༔ དུར་ཁྲོད་རྣལ་འབྱོར་པདྨ་འབྱུང་གནས་ཡིན༔ སྔོན་གྱི་སྨོན་ལམ་མི་བསླུ་བདེན་པ་ཡིས༔ པདྨ་འབྱུང་གནས་སྤྱན་དྲངས་འབྱོན་པར་ངེས༔ གསུངས་པས་རྒྱལ་པོ་ཡིད་ཆེས་བླ་མར་བཀུར༔ དེ་ནས་རྒྱལ་པོས་སློབ་དཔོན་དྲངས་པའི་ཆེད༔ མཁན་པོ་ཉིད་ལ་ལུང་ཞུས་རྟེན་འབྲེལ་བརྟགས༔ ལོ་ཙཱའི་ནང་ནས་སྐ་ཅོག་དཔལ་གསུམ་ལེགས༔ རྒྱལ་པོའི་མདུན་བོས་གསེར་ཕྱེ་བྲེ་གང་དང་༔ གསེར་གྱི་པ་དྲ་རིས་སུ་ལྡན་པ་བཅས༔ ཁྱོད་གསུམ་མཁན་པོས་བརྟགས་བབ་བལ་ཡུལ་དུ༔ པདྨ་འབྱུང་གནས་སྤྱན་འདྲེན་བཏང་བ་ཡིན༔ རིག་འཛིན་མདུན་དུ་གསེར་གྱི་མནྜལ་ཕུལ༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཐུགས་དམ་གཙུག་ལག་བཞེངས་དང་དམ་ཆོས་སྤྱོད༔ ཐུགས་རྗེས་ཟུངས་ལ་བོད་ཡུལ་འབྱིན་པར་གསོལ༔ ཞེས་སུ་ཞུས་ལ་ཡང་ཡང་ནན་ཏན་གྱིས༔ བཀའ་བསྒོས་བལ་ཡུལ་ཡང་ལེ་ཤོད་དུ་བཏང་༔ སྐ་ཅོག་དཔལ་གསུམ་བལ་ཡུལ་མཐིལ་དུ་སླེབ༔ རིག་འཛིན་ཆེན་པོ་གཟི་བརྗིད་བལྟར་མི་བཟོད༔ སྤྱན་གྱིས་བར་སྣང་གཟིགས་ཤིང་ཡུད་ཙམ་བཞུགས༔ ཀྱེེ༔ སྐྱེ་མེད་དབྱིངས་ནས་འགག་མེད་སྐུ༔ དབྱེར་མེད་རྒྱལ་བའི་དཀྱིལ་འཁོར་འདིར༔ ཁྱོད་ཅག་འོང་བ་ཅི་ཡི་དོན༔ གནས་འདིར་བཏང་བ་སུ་དང་གང་༔ ཞེས་གསུངས་རང་བཞིན་གཡོ་མེད་བཞུགས་པ་ལ༔ ལོ་ཙཱ་གསུམ་གྱིས་ཕྱག་འཚལ་གུས་པས་ཞུས༔ ཀྱེེ༔ ཐུགས་རྗེ་ཆེན་པོ་མཁྱེན་བརྩེ་བདག་ཉིད་མཆོག༔ བདག་ཅག་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་༔ ཟ་ཧོར་མཁན་པོ་གཉིས་ཀྱིས་བརྫང་བ་ལགས༔ མངའ་བདག་རྒྱལ་པོའི་ཐུགས་དམ་གཙུག་ལག་ཁང་༔ བྲག་དམར་འགྲམ་གྱི་རི་གོང་བཞེངས་པ་ལ༔ བོད་ཀྱི་ལྷ་འདྲེས་བརྩིགས་དུ་མ་སྟེར་ལུས༔ ཐུགས་དམ་ཆོས་ལ་བྱེད་ཀྱང་མ་གྲུབ་སོང་༔ མཁན་པོས་ལུང་བསྟན་འཆི་མེད་སྤྱན་དྲངས་ན༔ ཐུགས་རྗེའི་བཟུང་བས་འབྱོན་པར་ཞུ་རུ་བཏང་༔ བང་མི་སྐ་ཅོག་དཔལ་གསུམ་སྙིང་རྗེས་གཟིགས༔ ཞུས་ཤིང་གསོལ་བཏབ་གདུང་ཤུགས་མཆི་མ་བྲུག༔ དེ་ཚེ་འཆི་མེད་རིག་འཛིན་མཆོག་ཉིད་ཀྱིས༔ ཧོ༔ དཀའ་བ་སྤྱོད་པའི་རྐང་མགྱོགས་སྐ་ཅོག་དཔལ༔ ལས་ཅན་རྒྱལ་དང་བོད་ཡུལ་འགྲོ་དོན་འགྲིགས༔ ཁྱོད་ཅག་འདོད་པའི་རེ་བ་བདག་གིས་སྐོང་༔ བང་ཆེན་སྔོན་སོང་ཟླ་གསུམ་ཚེས་བཅུའི་ཉིན༔ བོད་ཀྱི་གུང་ཐང་ལ་ཐོག་ལྟ་རུ་ཤོག༔ ཅེས་གསུངས་ལོ་ཙཱ་གསུམ་མགུ་བོད་ཡུལ་ཡོང་༔ རྒྱལ་པོའི་མདུན་ཕྱིན་གུས་པས་འདི་སྐད་ཞུས༔ ཀྱེེ༔ བོད་ཀྱི་རྒྱལ་པོ་དབང་ཆེན་མངའ་བདག་ལགས༔ བདག་ཅག་སྐ་ཅོག་དཔལ་གསུམ་བལ་ཡུལ་སོང་༔ འཆི་མེད་རིག་འཛིན་ཞལ་མཇལ་བཀའ་གསུངས་ལོན༔ བོད་ཀྱི་རྒྱལ་པོ་ལས་འཕྲོ་ཡོད་པ་དང་༔ གཙུག་ལག་བཞེངས་དང་དམ་ཆོས་ཐུགས་དམ་ལ༔ ཐུགས་དགྱེས་ཟླ་གསུམ་གུང་ཐང་ཤོག་ཅིག་གནང་༔ ཞེས་ཞུས་རྒྱལ་པོ་ཐུགས་དགྱེས་ཟང་ཟིན་སྦྱིན༔ དེ་ཚེ་མཚོ་རྒྱལ་ཡུམ་གྱི་རྨི་ལམ་ལ༔ དང་པོ་ནམ་མཁའི་ལྷ་མོས་སྐུ་ཁྲུས་གསོལ༔ མཚོ་རྒྱལ་རང་གི་ལུས་ཀྱི་ཕྱི་ནང་དག༔ ཤེལ་བུམ་བཞིན་དུ་གསལ་སྒྲིབ་མེད་པར་གྱུར༔ ལྷོ་ནུབ་མཁའ་ལས་གསེར་གྱི་རྡོ་རྗེ་ཞིག༔ མཚོ་རྒྱལ་རང་གི་སྤྱི་བོར་ཞུགས་ནས་ཐིམ༔ ལུས་དང་དབྱེར་མེད་བདེ་བ་ཆེན་པོ་རྒྱས༔ ཡང་ཞིག་མཚོ་རྒྱལ་རང་གི་ལུས་ལ་བལྟས༔ སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་དུ༔ ཡན་ལག་ཕྱི་ནང་བ་སྤུའི་ཁུང་བུ་ནས༔ གསང་སྔགས་དཀྱིལ་འཁོར་འབུམ་ཕྲག་ཤར་བ་ལ༔ ས་བོན་ཡིག་འབྲུ་ལྷ་སྐུ་བཀྲ་ཞིང་གསལ༔ ཐུགས་ཀར་འོད་ཟེར་ཕྱོགས་བཅུར་འཇིག་རྟེན་འཕྲོས༔ འོད་ཟེར་རེ་ལ་རིག་འཛིན་མཁའ་འགྲོའི་ཚོགས༔ འགྲོ་བ་ཀུན་ལ་གསང་སྔགས་དོན་མཛད་གཟིགས༔ མཚོ་རྒྱལ་རང་གིས་ཟླ་བ་རྟ་རུ་ཞོན༔ བོད་ཀྱི་གནས་ཆེན་ཐམས་ཅད་ཉུལ་བ་རྨིས༔ ནངས་པར་རྒྱལ་བློན་ཀུན་ལ་མཚོ་རྒྱལ་གསུངས༔ ཀུན་གྱིས་འཆི་མེད་རིག་འཛིན་བྱོན་པ་འདྲ༔ ཟེར་ནས་རྒྱལ་བློན་ཐམས་ཅད་དགའ་བར་གྱུར༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ནི༔ བལ་ཡུལ་འགྲོ་དོན་གྲུབ་ཅིང་གུང་ཐང་ལ༔ མི་གཡོ་བཞུགས་ནས་ཏིང་འཛིན་ཐུགས་རྗེའི་ཟེར༔ བོད་ཀྱི་མགུར་ལྷ་བརྟན་མ་དབང་དུ་བསྡུས༔ བོད་ཁམས་ལྷ་འདྲེ་རྣམས་ཀྱིས་ཁ་བ་ཕབས༔ གུ་རུའི་ཐུགས་རྗེས་ཉི་མ་དགུ་ཤར་བཞུས༔ ཆུ་བོ་ཆུ་ཕྲན་ས་གཞི་ཁེངས་པ་ལ༔ གུ་རུའི་བྱིན་བརླབས་ཆུ་ཡིས་གནོད་མ་བསྐྱལ༔ མགུར་ལྷའི་ཐོག་མ་ཐང་ལྷ་གཉེན་པོ་ནི༔ རྫུ་འཕྲུལ་རྩལ་གྱིས་གཡག་རྒོད་སྣང་ཁམས་གང་༔ འཆི་མེད་རིག་འཛིན་ཕྱག་གཡས་རྡོ་རྗེ་ཕྱར༔ གཡོན་པས་གཡག་རྒོད་རྭ་བཟུང་ཧཱུྃཿསྒྲ་སྒྲོགས༔ ཐང་ལྷའི་ཆོ་འཕྲུལ་ཞི་ནས་བཀའ་འོག་འདུས༔ བརྟན་མ་བཅུ་གཉིས་གཡུ་འབྲུག་རེ་རེ་ཞོན༔ ཐོག་དམར་བཅུ་གཉིས་དུས་གཅིག་སྐུ་ལ་འཕངས༔ འཆི་མེད་ཐུགས་ཁྲོས་ཞགས་པས་འབྲུག་རྣམས་བཅིངས༔ ཐ་ཚིག་བསྐུལ་ཞིང་བརྟན་མ་དམ་ལ་བཏགས༔ ནམ་ཞིག་བོད་ཀྱི་རྒྱལ་པོའི་རྨི་ལམ་དུ༔ བོད་ཡུལ་མུན་གླིང་རྒྱལ་བློན་སྡུག་སྙམ་མེད༔ ལྷོ་ཕྱོགས་རྒྱང་རིང་གསེར་གྱི་ཉི་མ་ཤར༔ ཟེར་ཕྲ་རེ་འགའ་རང་ལ་ཐིམ་པ་སྙམ༔ ཉི་མ་རིམ་ཤར་བོད་ཡུལ་རབ་རིབ་གསལ༔ དེ་ནས་བསམ་ཡས་ཐད་ཤར་གླིང་བཞི་གསལ༔ ཚ་ཟེར་བོད་ཡུལ་མུན་པ་ཐམས་ཅད་སེལ༔ ཡང་ཞིག་རང་ལུས་གངས་རིའི་ཆུ་བཞིན་བབས༔ སྐྱེ་འགྲོ་ཀུན་གྱིས་ཁྲུས་དང་བཏུང་བ་རྨིས༔ མཁའ་འགྲོ་མང་པོས་བུམ་པ་སྟེར་པ་དང་༔ གཙུག་ལག་བཞེངས་གྲུབ་ཆོས་ཀྱི་བགྲོ་གླེང་དང་༔ བྲག་དམར་ལོ་ཏོག་རྒྱས་ལ་ཀུན་གྱིས་བཟའ༔ ལྗང་མའི་རྩེ་ལ་ཁུ་བྱུག་སྐད་སྒྲོགས་སོགས༔ ངོ་མཚར་ཆེ་བའི་རྨི་ལམ་གསལ་པོ་རྨིས༔ ནངས་པར་རྒྱལ་པོ་བསམ་པ་བདེ་ཞིང་གསལ༔ གུང་ཐང་ལ་ཐོག་འགྲོ་བའི་དུས་ལ་བབ༔ རིག་མ་ཡིག་མི་གསལ་འབྲི་ཡི་རྒྱལ་བ་བློ་གྲོས་དང་༔ ཤུད་བུ་དཔལ་སེང་སྣ་ནམ་ཡེ་ཤེས་གསུམ༔ རིན་ཆེན་སྣ་ཚོགས་བརྫངས་ནས་སྤྱན་དྲངས་བཏང་༔ ཁྱོད་ཅག་གསོལ་བ་ཐོབ་ལ་གུས་པར་གྱིས༔ རྒྱལ་པོའི་གསུངས་བཞིན་གུང་ཐང་ལ་ཐོག་སོང་༔ གཟུགས་ཅན་ཞིག་ནི་མཐོང་བར་མ་གྱུར་ཀྱང་༔ རེ་ཞིག་མཚམས་ནས་མཚལ་གྱི་སྟག་མོ་ཞིག༔ མཆོང་སྟབས་ཚུལ་གྱིས་འཇིགས་རྔམས་བསྟན་ནས་བྱུང་༔ ཕྱག་འཚལ་གསོལ་བཏབ་མགོ་བོ་ས་ཁར་ཀླན༔ འཆི་མེད་གུ་རུ་པདྨ་འབྱུང་གནས་མཁྱེན༔ བརྗོད་ཚེ་སྤྲུལ་པ་བཤིགས་ཤིང་སྐུ་གཟུགས་བསྟན༔ བོད་བླུན་སྟག་ལ་མི་འཇིགས་ཅི་དགོས་གསུངས༔ རིན་ཆེན་གསེར་ཕྱེ་ཕོངས་མེད་ཕྱག་བཅས་ཕུལ༔ ཀྱེེ༔ ཐུགས་རྗེ་ཆེན་པོ་བོད་ཀྱི་དོན་ཆེད་དུ༔ བོད་རྒྱལ་ཆེན་པོས་གསོལ་བ་བཏབ་པའི་འབྲས༔ འཆི་མེད་རིག་འཛིན་ཞལ་མཇལ་བསུ་བར་བཏང་༔ ད་ནི་ཐོགས་མེད་བྱོན་པར་མཛད་དུ་གསོལ༔ ཞེས་ཞུས་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ ཧོ༔ བོད་རྒྱལ་སྟོབས་ལྡན་རྐང་ཐང་མི་གསུམ་པོ༔ རིན་ཆེན་གསེར་ཕྱེ་རྫོངས་ནས་གུང་ཐང་ལར༔ རྒྱལ་བ་བློ་གྲོས་དཔལ་སེང་སྣ་ནམ་གསུམ༔ འཆི་མེད་གུ་རུའི་སྣང་བར་རིན་ཆེན་གསལ༔ སྒྱུ་མའི་གསེར་ལ་རྟེན་འབྲེལ་བཟང་བ་ཡིན༔ ནོར་ལ་མི་ཕོངས་དམ་ཆོས་ཉན་པ་སྤྲོ༔ གསུངས་ནས་གསེར་ཕྱེ་ཐམས་ཅད་མཁའ་ལ་གཏོར༔ རྐང་མགྱོགས་གསུམ་གྱིས་གསེར་ལ་སེར་སྣ་ཤོར༔ གུ་རུས་མཁྱེན་ནས་བོད་བླུན་སེར་སྣ་ཆེ༔ ས་རྡོ་ཐམས་ཅད་གསེར་བསྒྱུར་བང་དུ་འཕང་༔ ལོ་ཙཱ་གསུམ་པོ་དད་ཅིང་ངེས་ཤེས་སྐྱེས༔ ད་ནི་ཁྱོད་རྣམས་སྔོན་ལ་སོང་ན་བདེ༔ ང་ཡི་འགྲོགས་ཟླ་ཁྱོད་རྣམས་འོང་མ་ཡིན༔ ཞེས་གསུངས་རྐང་ཐང་གསུམ་པོ་སླར་ལ་ལོག༔ རྒྱལ་པོའི་མདུན་ཕྱིན་ལོ་རྒྱུས་ཐམས་ཅད་ཞུས༔ ཇི་ལྟར་བྱོན་ལུགས་ངེས་པའི་བཀའ་མ་ལོན༔ བར་སྣང་ཁམས་དང་ས་གཞི་ཆུ་བོའི་གཞུང་༔ གར་འགྲོ་བདག་ལ་ངེས་པར་མེད་གསུངས་ཞུས༔ རྒྱལ་བློན་ཐམས་ཅད་ངོ་མཚར་སྐྱེས་ནས་མགུ༔ འཆི་མེད་རིག་འཛིན་རྫུ་འཕྲུལ་དབང་ཐོབ་པས༔ ད་ལྟར་འབྱོན་སྲིད་ལྷ་བཟང་ཀླུ་དཔལ་སོགས༔ ཆིབས་པ་མཚལ་པུ་བྱ་གཤོག་རིན་ཆེན་བརྒྱན༔ ཞོན་པ་བཅས་ཏེ་སྔོན་བསུ་མགྱོགས་པར་སོང་༔ མདུན་པས་ཡངས་པ་ཅན་དུ་འབྱོར་བའི་ཚེ༔ འཆི་མེད་རིག་འཛིན་བར་སྣང་འཇའ་གུར་བཞུགས༔ ཀུན་གྱིས་ས་ནས་རིན་ཆེན་མཚལ་རྟ་ཕུལ༔ ཕྱག་འཚལ་གསོལ་བཏབ་དད་གུས་འདུན་པ་བྱས༔ ཀྱེེ༔ རྒྱལ་བ་ཀུན་འདུས་འཆི་མེད་རིག་འཛིན་ལགས༔ བདག་ཅག་བོད་རྒྱལ་ཁྲི་སྲོང་བློན་པོ་དང་༔ ལོ་ཙཱ་བ་རྣམས་བསུ་བར་བཏང་ལགས་པས༔ མཚལ་རྟ་ཆིབས་ཀྱི་ཁ་ལོ་བསྒྱུར་བ་མཛོད༔ ཞུས་པས་འཆི་མེད་གུ་རུས་འདི་སྐད་གསུངས༔ ཀྱེེ༔ ལེགས་སོ་བོད་རྒྱེལ་རྟེན་འབྲེལ་བསུ་མ་ལེགས༔ ང་ཉིད་རྫུ་འཕྲུལ་རྩལ་གྱིས་འགྲོ་བས་ན༔ བྱོལ་སོང་རྟ་ཡིས་ང་ལ་དགོས་བྱར་ཆུང་༔ བློན་པོ་ལོ་ཙཱ་སྔོན་དུ་མགྱོགས་པར་འགྲོ༔ བདག་ཀྱང་དེ་ཡི་ཟུར་དུ་འགྲོགས་ནས་མཆི༔ ཞེས་གསུངས་བསུ་མ་གར་སོང་ཐད་ཀ་ལ༔ འཆི་མེད་རིག་འཛིན་འཛུམ་དང་མུ་ལེར་བཞུགས༔ འགྲོ་འོང་བསྐྱོད་པའི་མཚན་མ་ཅི་མི་གདའ༔ རྟ་ལུང་གཞུང་བའི་མདའ་ལ་བྱིན་པའི་ཚེ༔ བློན་པོའི་ཚོགས་རྣམས་བཀྲེས་སྐོམ་གདུང་བ་ཡིས༔ འཆི་མེད་རིག་འཛིན་ཉིད་ཀྱང་གསོལ་ལས་ཆེ༔ སྙམ་ནས་ཀུན་ཀ་རྟ་བབས་སྤང་ལྗང་ཁར༔ ཁྲི་བརྩེགས་ཟ་འོག་གདན་བཏིང་འཚོ་བ་བཤམས༔ ཉེ་བར་ཆུ་མེད་གཙང་པོ་བགྲོད་ཐག་རིང་༔ འཆི་མེད་རིག་འཛིན་ཞལ་ནས་འདི་སྐད་གསུངས༔ སྣང་སྲིད་ཆུ་ཡི་དྭངས་བཞིན་མི་རྙེད་མེད༔ ཀླུ་དཔལ་ལྷ་བཟང་གཞོང་པ་ཟེད་ཅིག་གསུངས༔ ཕྱག་འཁར་བྲག་བཙུག་ཆུ་མིག་ཤེད་ཀྱིས་ཐོན༔ ངོ་མཚར་སྐྱེས་ནས་དད་ཅིང་གུས་ཕྱག་འཚལ༔ རྟ་ལུང་གཞོང་པ་རྟ་ཆུར་མིང་དུ་ཐོགས༔ ཀུན་གྱིས་རིན་ཆེན་ཁྲི་ལ་བཞུགས་གསོལ་བཏབ༔ ཐེག་པ་ཆེན་པོའི་ཁྲི་ལ་བཞུགས་ན་བདེ༔ སྒྱུ་མའི་གདན་ཁྲི་ངོ་མཚར་ཆེ་རྒྱུ་མེད༔ ཡང་ཞིག་འཚོ་བ་སྣ་ཚོགས་དྲངས་པའི་ཚེ༔ མི་རྟོག་ཏིང་འཛིན་ཟས་སུ་བཟའ་བ་ལས༔ ཟག་པའི་རྒྱུར་གྱུར་ཟས་སྐོམ་ཟ་མི་འདོད༔ ཞེས་གསུངས་བར་སྣང་ཁམས་སུ་མི་གཡོ་བཞུགས༔ དེ་ནས་རྟ་ཞོན་ལྔ་བཅུ་སྔོན་དུ་བཏང་༔ རྒྱལ་ལ་སྔར་གྱི་ལོ་རྒྱུས་སྣ་ཚོགས་ཞུས༔ དབུས་ཚལ་རྫིང་བུ་ཆེན་པོའི་གཡས་ཕྱོགས་སུ༔ འོད་གུར་དཀར་པོ་གངས་རི་འདྲ་བ་ཕུག༔ རིན་ཆེན་སྣ་ལྔའི་ཁྲི་བཟང་མཐོན་པོ་བརྩིགས༔ དར་གདུགས་འཕན་སྣ་མཆོད་པའི་བྱེ་བྲག་བཤམས༔ རྒྱལ་པོ་སྲས་བློན་བཙུན་མོ་མཛེས་ཆས་གསོལ༔ འཁོར་འབངས་མངའ་རིས་སྐྱེ་འགྲོ་བགྲང་མི་ལང་༔ མཁན་པོ་ལོ་ཙཱ་སྐུ་སྲུང་ཕ་ཝ་ཚོགས༔ བསམ་གྱིས་མི་ཁྱབ་རྩོ་ཡི་མཆོག་མ་ཙམ༔ རོལ་མོ་དར་གདུགས་མཆོད་སྤྲིན་སྣ་ཚོགས་ཐོགས༔ མདུན་བསུས་བློན་པོའི་ཚོགས་རྣམས་སྔོན་ནས་བཏང་༔ བ་གོར་རིན་ཆེན་སྐ་ཅོག་དཔལ་གསུམ་རྗེས༔ འཆི་མེད་རིག་འཛིན་མདའ་འཕངས་མཁའ་ལ་འཕགས༔ གཟི་བྱིན་འོད་ཟེར་ཉི་མའི་ཟེར་ལྟར་འཕྲོ༔ རང་བྱུང་ཆས་ནི་བཅུ་གསུམ་སྐུ་ལ་རྫོགས༔ འཇའ་ཚོན་སྣ་ལྔའི་ལམ་ལ་ཐོགས་མེད་གཤེགས༔ ཀུན་གྱིས་ཕྱག་འཚལ་གསོལ་བ་རྩེ་གཅིག་བཏབ༔ བོད་ཀྱི་རྒྱལ་བློན་ཡིད་ཆེས་རྙེད་པ་དང་༔ ལྷ་འདྲེ་མི་གསུམ་དབང་དུ་བསྡུ་བའི་ཕྱིར༔ རིན་ཆེན་ཁྲི་ལ་མི་གཡོ་དགོངས་པར་བཞུགས༔ ལྷ་འདྲེ་རྣམས་ཀྱིས་རླུང་འཚུབ་དྲག་པོ་བསླང་༔ འཆི་མེད་ཞལ་ནས་ཧཱུཾ་སྒྲ་སྒྲོགས་པའི་ཚེ༔ གཟུགས་ཅན་མི་དང་གཟུགས་མེད་བགེགས་རིགས་རྣམས༔ འདར་བསྔངས་ལྟ་བས་མི་བཟོད་བག་ཞུམ་ཞིང་༔ འཇའ་སྤྲིན་མེ་ཏོག་ཆར་པ་ལྟས་བཟང་བབ༔ རྒྱལ་བློན་འཁོར་ཚོགས་དགའ་བདེ་ཆེན་པོར་གྱུར༔ ཟ་ཧོར་མཁན་པོས་ཕྱག་འཚལ་འདི་སྐད་ཞུས༔ ཨེ་མ༔ བགྲངས་ཡས་བསྐལ་པའི་གོང་ནས་ཐུགས་བསྐྱེད་མཐུས༔ གདུལ་བྱ་སེམས་ཅན་ཡོངས་ཀྱི་མགོན་དུ་བྱོན༔ ད་ལྟ་ལས་ཅན་བོད་རྒྱལ་རེ་བ་སྐོང་༔ འགྲོ་ཀུན་སངས་རྒྱས་ཞལ་མཐོང་བཀའ་དྲིན་ཆེ༔ དེ་ལ་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ ཧོ༔ རྫོགས་སངས་རྒྱས་ཀུན་ཐུགས་རྗེ་བདེན་པའི་མཐུས༔ ཉི་མའི་འོད་ཟེར་གངས་ཅན་བོད་ལ་ཤར༔ རྟེན་འབྲེལ་བྱང་ཆུབ་སེམས་དཔར་བསྔགས་པ་འདིའི༔ ཡོན་ཏན་འཇིག་རྟེན་ཁམས་ན་ཤོང་བར་དཀའ༔ ཞེས་གསུངས་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རིན་ཆེན་གསེར་གྱི་མནྜལ་རིན་ཆེན་བཀོད༔ བཀྲ་ཤིས་དར་གྱིས་མཚོན་ཏེ་འདི་སྐད་ཞུས༔ ཀྱེེ༔ དུས་གསུམ་སངས་རྒྱས་ཐུགས་རྗེ་གཅིག་བསྡུས་ལྷ༔ འཆི་མེད་རིག་འཛིན་ཆེན་པོར་གུར་པས་འདུད༔ བོད་ཁམས་བདག་ཅག་སྐྱེ་འགྲོ་ཡོངས་ཀྱི་དོན༔ ཐུགས་རྗེའི་གཟིགས་ཤིང་འདིར་བྱོན་བཀའ་དྲིན་ཆེ༔ ཁྱོད་ཞལ་མཇལ་འདི་ལས་འཕྲོ་མི་དམན་འདྲ༔ བྱང་ཆུབ་བར་དུ་ཐུགས་རྗེའི་བཟུང་དུ་གསོལ༔ ཞེས་ཞུས་གུས་པས་ཕྱག་འཚལ་གསོལ་བཏབ་པས༔ འཆི་མེད་རིག་འཛིན་ཞལ་ནས་འདི་སྐད་གསུངས༔ ཧོ༔ ཉོན་ཅིག་རྒྱལ་བློན་འཁོར་དུ་གཏོགས་པ་རྣམས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ང་༔ འོག་མིན་ཞིང་དུ་མགོན་པོ་སྣང་མཐའ་ཡས༔ རྩ་གསུམ་ལྷ་གནས་གུ་རུ་ཐོད་ཕྲེང་ལྔ༔ དྷ་ན་ཀོ་ཤ་མཚོ་དབུས་པདྨའི་སྦུབ༔ རྫུས་སྐྱེས་སྤྲུལ་སྐུ་གདུལ་དཀའ་འདུལ་བར་བྱོན༔ ཨོ་རྒྱན་སྲས་སྐལ་རྒྱལ་སྲིད་འཛིན་པར་མཛད༔ གསང་སྔགས་རྟེན་འབྲེལ་དང་པོ་དེ་ནས་འགྲུབ༔ ཨོ་རྒྱན་དུར་ཁྲོད་སྤྲིན་ནག་འདུས་པའི་རྫོང་༔ མཁའ་འགྲོའི་མ་ཚོགས་སྦྱོར་སྒྲོལ་གསང་སྤྱོད་མཛད༔ རྒྱ་གར་ཟ་ཧོར་བལ་ཡུལ་ལ་སོགས་པའི༔ འགྲོ་དོན་གང་ལ་གང་འདུལ་ཐབས་ཀྱིས་སྤེལ༔ གངས་ཅན་བོད་ཡུལ་རྒྱལ་པོའི་སྤྱན་དྲངས་བས༔ རྟེན་འབྲེལ་འབད་མེད་ཤུགས་ལས་འབྱུང་བ་ཡིན༔ གསང་སྔགས་བླ་ན་མེད་པའི་བཀའ་རྣམས་ནི༔ གདམས་པའི་སྣོད་དུ་གྱུར་པ་ཅུང་རེ་དཀའ༔ སྣོད་དང་ལྡན་ན་བསྟན་པའི་དོན་ཆེན་འགྲུབ༔ རྒྱལ་པོའི་དགོས་དོན་ལྷུན་གྱིས་འགྲུབ་པར་འགྱུར༔ ཞེས་གསུངས་རྒྱལ་བློན་ཡོངས་ཀྱི་ཕྱག་རྟེན་ཕུལ༔ དེ་ཚེ་བདེ་ཆེན་ཡེ་ཤེས་མཚོ་རྒྱལ་མས༔ འཆི་མེད་རིག་འཛིན་ཆེན་པོ་ཞལ་མཐོང་ཚེ༔ ལུས་ནི་མི་གཟུགས་མི་འདྲ་ལྷ་མིའི་ཚུལ༔ སེམས་ནི་ཡེ་ཤེས་མཁའ་འགྲོའི་དགོངས་པ་ཤར༔ མཁའ་འགྲོའི་བརྡ་སྐད་སུམ་བརྒྱ་དྲུག་ཅུ་མཁྱེན༔ སྒྲུབ་གནས་གཏེར་ཁ་བསམ་གྱིས་མི་ཁྱབ་ཤར༔ གུས་པས་ཕྱག་འཚལ་མཁའ་འགྲོའི་བརྡ་ལས་དྲངས༔ ཀྱེེ༔ དབྱིངས་ཉིད་རྒྱལ་བའི་དཀྱིལ་འཁོར་རིགས་ཀྱི་བདག༔ འཆི་མེད་རིག་འཛིན་པདྨ་ཐོད་ཕྲེང་སྩལ༔ ཐུགས་ངལ་མ་མཆིས་གངས་ཅན་བོད་ཡུལ་བྱོན༔ ཞལ་མཇལ་ཡིད་ཚིམས་གསུང་གི་བདུད་རྩི་ཡིས༔ སྙིང་གི་བུམ་བཟང་གསང་སེམས་བཅུད་ཀྱིས་ཁོངས༔ ཆགས་མེད་བདེ་བའི་དཀྱིལ་འཁོར་རྣམ་པར་རོལ༔ བརྩེ་བས་འདོར་མེད་གདུང་བའི་རེ་བ་སྐོངས༔ དད་པའི་ཁོ་མོ་ཐུགས་རྗེས་འཛིན་པར་ཞུས༔ རིག་འཛིན་དགྱེས་ཤིང་མཁའ་འགྲོའི་བརྡ་སྐད་ཀྱིས༔ ཧོ༔ ཨོ་རྒྱན་དབྱིངས་ཆེན་མཁའ་འགྲོ་ཆེན་མོ་ཡི༔ ཕྲིན་ལས་སྐྱོང་བའི་ཡེ་ཤེས་མཚོ་རྒྱལ་མ༔ བོད་ཡུལ་སྐྱེ་འགྲོའི་ནང་ནས་ལྷག་པའི་རིགས༔ བདེ་ཆེན་ཡེ་ཤེས་འབར་བའི་གྲོགས་སུ་མཐོང་༔ ཞེས་གསུངས་ཞལ་འཛུམ་དགྱེས་པའི་ཚུལ་གྱིས་བཞུགས༔ ཡང་ཞིག་མཚོ་རྒྱལ་སཾ་ཀྲི་ཏ་ཡི་སྐད༔ ཨེ་མ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་མཁྱེན༔ བདེ་མཆོག་ཆོས་ཉིད་མི་སྤང་ཡེ་ཤེས་རྩལ༔ རྣལ་འབྱོར་ཆེན་པོ་པདྨ་ལ་དགྱེས་པ༔ བརྩེ་བས་བཞེས་ན་མི་རིང་ཐབས་ཀྱིས་སྐྱོང་༔ ཞེས་ཞུས་འཆི་མེད་ཉིད་ཀྱིས་ལྷའི་སྐད་དུ༔ ཧོ༔ གསང་སྤྱོད་སྔགས་ཀྱི་བདག་ཉིད་རིག་འཛིན་ང་༔ བདེ་ཆེན་ཡེ་ཤེས་གསང་བའི་མཁའ་འགྲོ་མ༔ ཁྱོད་ལ་བརྟེན་ནས་གསང་སྔགས་ཆོས་རྣམས་འགྲུབ༔ འདོད་པའི་རྒྱལ་མོས་ང་ཡིད་འགུགས་པར་མཛད༔ དེ་སྐད་གསུངས་པས་མཁའ་འགྲོ་མཚོ་རྒྱལ་མགུ༔ ཀུན་གྱིས་མཚོ་རྒྱལ་མ་ཡིས་སྐད་རིགས་མཁྱེན༔ འཆི་མེད་རིག་འཛིན་ལན་འབུལ་ངོ་མཚར་ཆེ༔ ཁྱད་པར་འཕགས་པའི་གསུང་ཚིག་ལེགས་སོ་ཟེར༔ རྒྱལ་གྱིས་གཉེར་ཚང་སྐོས་མཁན་ཟས་འཚོའི་ཚོགས༔ འཆི་མེད་མདུན་དུ་བཤམས་ཤིང་བཞེས་པར་ཞུས༔ འཆི་མེད་རིག་འཛིན་ཞལ་ནས་འདི་སྐད་གསུངས༔ ཟག་མེད་འོད་སྐུ་ཟས་སུ་ཏིང་འཛིན་རོལ༔ ཟག་བཅས་ཟས་ཀྱི་འཚོ་བ་མི་འདོད་ཀྱང་༔ རྒྱལ་བློན་སྐྱེ་འགྲོ་བསོད་ནམས་ཚོགས་བསགས་ཕྱིར༔ ཚོགས་སུ་བྱིན་རླབས་བདག་གིས་བཞེས་པར་བྱ༔ ཞེས་གསུངས་འདོད་ཡོན་ཀུན་བཟང་རོལ་པའི་རྒྱན༔ མྱོང་གྲོལ་དམ་རྫས་བྱིན་རླབས་མཆོད་སྤྲིན་སྤེལ༔ ཕུད་ཀྱིས་རྩ་གསུམ་དམ་ཅན་སྲུང་མ་མཆོད༔ དངོས་གྲུབ་བླངས་ཤིང་འཆི་མེད་ཉིད་ཀྱིས་གསོལ༔ ལྷག་མར་ལུས་པ་མི་དང་མི་མིན་ཚོགས༔ ཞིང་ཁམས་ཀུན་ཏུ་ཟད་མེད་གཏེར་ཆེན་འགྱེད༔ ཐམས་ཅད་ཡོངས་སུ་ཚིམས་ཤིང་དགའ་མགུ་གྱུར༔ གུས་པས་ཕྱག་འཚལ་གདུང་བའི་གསོལ་བ་བཏབ༔ ངོ་མཚར་སངས་རྒྱས་དངོས་སུ་མཇལ་ནས་དགྱེས༔ དེ་ནས་འཆི་མེད་རིག་འཛིན་ཆེན་པོ་ནི༔ དབུས་ཚལ་ཕོ་བྲང་སྤྱན་དྲངས་ཁྲི་ལ་བཞུགས༔ མཆོད་པའི་སྤྲིན་ཚོགས་བསམ་ལས་འདས་པར་ཕུལ༔ གུས་པས་ཕྱག་འཚལ་མོས་པས་འདི་སྐད་ཞུས༔ ཨེ་མ༔ སངས་རྒྱས་ཀུན་གྱི་ཐུགས་མཆོག་རིག་འཛིན་རྗེ༔ བོད་རྗེ་གཉའ་ཁྲི་བཙད་པོ་མན་ཆད་ནས༔ ད་ལྟ་ཡན་ཆད་རྒྱལ་རབས་བཞི་བཅུ་སོང་༔ རྒྱལ་པོའི་གོང་ན་གཉེན་པ་གཡུང་དྲུང་བོན༔ ཐུགས་དམ་གཙུག་ལག་སྐུ་སྲུང་བོན་གཤེན་རེ༔ རྗེ་ཡི་ཚེ་རིང་བློན་འབངས་ཆབ་སྲིད་རྒྱས༔ གདུང་རབས་ཉེར་བརྒྱད་ཐོག་ཐོག་སྙན་ཤལ་བྱོན༔ རྒྱ་གར་དགེ་སློང་སྤྱན་དྲངས་དམ་ཆོས་ལ༔ མུ་ཏྲ་ཕྱག་རྒྱ་ཆོས་ཚན་དབུ་བརྙེས་ཙམ༔ དེ་འོག་གདུང་རབས་ལྔ་ཐོག་ཆོས་ཀྱི་རྒྱལ༔ སྲོང་བཙན་སྒམ་པོས་དམ་ཆོས་ཟ་མ་ཏོག༔ འདུལ་བ་མདོ་སྡེ་མངོན་པ་སྡེ་གསུམ་དར༔ ར་ས་འཕྲུལ་སྣང་ལྷ་ཁང་ལ་སོགས་པ༔ མཐའ་འདུལ་གཙུག་ལག་ཁང་ན་བརྒྱ་རྩ་བཞེངས༔ དམ་ཆོས་སྲོལ་བཞག་ཆོས་ཞི་ཕྲན་ཙམ་སྣང་༔ དེ་དང་མཐུན་པར་བདག་གིས་གཙུག་ལག་ཁང་༔ བཞེངས་སྙམ་བསྒྲུབས་ཀྱང་ལྷ་འདྲེས་མ་བཅོལ་ལུས༔ སྐུ་སྲུང་བོན་ལ་བཅོལ་ཡང་ལས་མ་གྲུབ༔ མཁན་པོ་སྤྱན་དྲངས་བྱིན་རླབས་མཛད་ཀྱང་ལྡོག༔ བདག་ཅག་རྒྱལ་བློན་རེ་བ་ཟད་སྙམ་ཡང་༔ མཁན་པོ་ཉིད་ཀྱི་སྐྱབ་སྡོན་ལུང་དང་༔ རིག་འཛིན་ཉིད་དང་སྨོན་ལམ་ཡོད་ཚུལ་གསུངས༔ སྤྱན་དྲངས་བོད་རྒྱལ་གཟིགས་པ་བཀའ་དྲིན་ཆེ༔ ད་ནི་བདག་གི་ཆབ་སྲིད་ཡོད་དོ་ཅོག༔ འཆི་མེད་རིག་འཛིན་ཉིད་ལ་འབུལ་བ་ཡིན༔ གཙུག་ལག་བཞེངས་དང་དམ་ཆོས་གསུང་གནང་སོགས༔ བདག་ཅག་རྒྱལ་བློན་རྣམས་ཀྱིས་ཞབས་ནས་འདེགས༔ འཆི་མེད་རིག་འཛིན་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་ཞུས་རིག་འཛིན་མཆོག་གིས་འདི་སྐད་གསུངས༔ ཀྱེ༔ བོད་རྒྱལ་ལས་ཅན་སྙན་དབང་གསོན་མཛོད་ལགས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ང་༔ འོག་མིན་ཞིང་ནས་ཀུན་བཟང་འོད་མི་འགྱུར༔ ཐུགས་རྗེ་སྤྱན་རས་གཟིགས་དབང་འགྲོ་བའི་མགོན༔ གང་འདུལ་མཚོ་སྐྱེས་རྡོ་རྗེ་འཆང་བ་བདག༔ དུས་བབས་སྐྱེ་འགྲོ་ཡོངས་ལ་བརྩེ་བ་ཡིས༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བྱེ་བ་འགྱེད༔ ཨོ་རྒྱན་དབྱིངས་ཆེན་སྟག་གཟིག་ཟ་ཧོར་ཡུལ༔ རྒྱ་གར་གསེར་གླིང་ཟངས་གླིང་རྔ་ཐུབ་ཞིང་༔ བལ་ཡུལ་སོགས་ལ་རང་རང་སྒྲ་ཅི་བཞིན༔ སྡེ་སྣོད་རིགས་མཐུན་གསང་ཆེན་ཆོས་འཁོར་བསྐོར༔ ད་ལྟ་བོད་ཀྱི་རྒྱལ་པོའི་ཞིང་ཁམས་སུ༔ གསང་སྔགས་བླ་མེད་བསྟན་པའི་གཞི་འདིང་བ༔ ཐུགས་དམ་གཙུག་ལག་བརྒྱ་རྩ་བཞེངས་པ་ལེགས༔ ཞེས་གསུངས་བསམ་ཡས་འོམ་བུའི་ཚལ་དུ་གཤེགས༔ རྡོ་རྗེ་ཕུར་པས་ས་འདུལ་དོན་ཞགས་བསྒྲུབ༔ བཀྲ་ཤིས་ས་བཅགས་བྱིན་གྱིས་བརླབས་པར་མཛད༔ རྒྱལ་པོའི་མངའ་འོག་བཟོ་རིགས་ཐམས་ཅད་བསྡུས༔ ཉིན་མཚན་ཐམས་ཅད་བརྩེགས་པས་འགོག་པ་མེད༔ ཉིན་མོ་མི་དང་མཚན་མོ་ལྷ་འདྲེས་བརྩེགས༔ གཙུག་ལག་རིན་པོ་ཆེ་ནི་བསམ་བཞིན་འགྲུབ༔ དེ་ནས་བོད་ཀྱི་རྒྱལ་པོའི་ཐུགས་དགོངས་ལ༔ ཟབ་ཆོས་ཞུ་དགོས་སྙམ་པའི་གཟིམ་མལ་དུ༔ མདུན་གྱི་ནམ་མཁའ་འོད་ཟེར་དཔག་མེད་ཤར༔ དེ་ཡི་རྒྱུད་ལས་མཁའ་འགྲོ་དམ་བསྐག་ཞིག༔ གྲི་ཐོད་ཁ་ཊྭཱཾ་འཛིན་ཞིང་ཧཱུྃ་སྒྲ་སྒྲོགས༔ ཧོ༔ ཉོན་ཅིག་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལགས༔ བདག་ནི་དབྱིངས་ཆེན་མཁའ་འགྲོས་བཏང་བ་ཡིན༔ བོད་རྒྱལ་ཆོས་ལ་སྤྱོད་པའི་བློ་ཡོད་ན༔ གསང་སྔགས་རྟེན་འབྲེལ་ཕྱི་ནང་གསང་བ་གསུམ༔ རྩ་བ་བུ་མོ་མཁར་ཆེན་བཟའ་ལ་ཐུག༔ རྒྱལ་པོས་དེ་ཉིད་རིག་འཛིན་རྗེ་ལ་ཕུལ༔ གསང་སྔགས་ཞུ་བའི་ལས་འཕྲོ་རྒྱལ་ལ་ཡོད༔ དེ་སྐད་གསུངས་ནས་མཁའ་འགྲོ་དབྱིངས་སུ་གཤེགས༔ རྒྱལ་པོའི་རྨི་ལམ་སད་ཅིང་ཐུགས་ཡང་བདེ༔ མཚོ་རྒྱལ་ཉིད་ནི་མི་མོ་གཞན་མི་འདྲ༔ ཆུང་ནས་དགེ་བའི་ལས་ལ་བསམ་པ་དང་༔ མཁར་ཆེན་ཡབ་ཡུམ་རྨི་ལྟས་བཟང་བ་དང་༔ ཡེ་ཤེས་མཁའ་འགྲོས་བསྐོར་ཞིང་བླ་མཚོ་རྒྱས༔ ཡེ་ཤེས་མཚོ་རྒྱལ་མིང་འདི་ཐོགས་པ་དང་༔ རྒྱལ་ཕྲན་རྣམས་ཀྱིས་སློང་ཡང་དབང་མ་ཤོར༔ རྒྱལ་པོས་བསུས་ཀྱང་འཁོར་བའི་རྨ་མ་ཕོག༔ རིག་འཛིན་ཞལ་མཇལ་མཁའ་འགྲོའི་བརྡ་ལས་འབུལ༔ མདང་གཉིད་མཁའ་འགྲོའི་ལུང་བསྟན་བྱུང་བས་ན༔ ངེས་པར་རིག་འཛིན་ཆེན་པོའི་ཡུམ་དུ་རིགས༔ འབུལ་དགོས་སྙམ་ནས་བློན་ཚོགས་མདུན་དུ་བསྡུས༔ ཧོ༔ མངའ་བདག་རྒྱལ་པོའི་བློན་པོ་དམ་པ་རྣམས༔ གཙུག་ལག་འགྲུབ་ནས་དམ་ཆོས་ཞུ་བ་ལ༔ འཆི་མེད་རིག་འཛིན་ཆེན་པོ་ཐུགས་མཉེས་དགོས༔ དེ་ཡང་ཟབ་མོ་གདམས་པའི་སྣོད་རུང་དཀའ༔ མདང་དགོང་རྒྱལ་པོ་གཉིད་པའི་རྨི་ལམ་ལས༔ མཁའ་འགྲོའི་ལུང་བསྟན་མཚོ་རྒྱལ་གསང་སྔགས་གྲོགས༔ རྗེ་ལ་འབུལ་ན་གདམས་པའི་བཅུད་ལེན་འགྱུར༔ རང་རེ་རྣམས་ལ་བཀའ་དྲིན་ཆེ་བར་འབྱུང་༔ ཞེས་གསུངས་ཀུན་གྱིས་ངེས་ཤེས་དད་པ་འཕེལ༔ དེ་ཚེ་རྒྱལ་པོས་མཁན་པོ་ཉིད་ལ་ནི༔ ཀྱེེ༔ བྱང་ཆུབ་སེམས་དཔའ་བཀའ་དྲིན་ཆེ་བའི་བདག༔ རྒྱལ་པོས་དམ་ཆོས་ཞུ་བའི་ལས་འཕྲོ་འདི༔ ནམ་ཞིག་མཁའ་འགྲོས་ལུང་བསྟན་མཚོ་རྒྱལ་མ༔ གསང་སྔགས་སྣོད་ལྡན་མཚོ་རྒྱལ་མ་ལ་རག༔ རིག་འཛིན་རྗེ་གྲོགས་འབུལ་ན་རྟེན་འབྲེལ་ལེགས༔ ཞེས་ཐོས་ཐེ་ཚོམ་མེད་ཀྱང་མཁན་པོས་མཁྱེན༔ ཞུས་པས་མཁན་པོས་རྒྱལ་ལ་འདི་སྐད་གསུངས༔ ཀྱེེ༔ འཇམ་དཔལ་དངོས་བྱོན་བོད་ཀྱི་རྒྱལ་པོ་ལགས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ནི༔ གསང་སྔགས་ཉེ་ལམ་ཨ་ཏི་བླ་མེད་ཆོས༔ བསྟན་པའི་གྲོགས་མཛད་མཁའ་འགྲོ་མ་ལ་རག༔ བདེ་སྟོང་སྦྱོར་སྒྲོལ་གསང་སྔགས་གསང་བའི་ཡུམ༔ དབྱིངས་ཆེན་མཁའ་འགྲོའི་ཡེ་ཤེས་ལྔ་ལས་སྤྲོས༔ རིགས་ལྔ་མཁའ་འགྲོ་མནྡ་ར་བ་དང་༔ ཀ་ལ་སིདྡྷི་བཀྲ་ཤིས་ཀྵི་འདྲེན་མ༔ ཤཱཀྱ་དྷེ་ཝ་ཡེ་ཤེས་མཚོ་རྒྱལ་ལྔ༔ སངས་རྒྱས་བསྟན་པའི་སྣོད་གྱུར་རྩ་བའི་གནང་༔ ཆོས་རྒྱལ་མཁའ་འགྲོས་ལུང་བསྟན་འཁྲུལ་པ་མེད༔ འཆི་མེད་གུ་རུའི་ཐུགས་སུ་བྱོན་པ་དང་༔ དམ་ཆོས་བདུད་རྩི་ཟབ་མོ་ཐོབ་པ་དང་༔ རྟེན་འབྲེལ་ཐམས་ཅད་མཚོ་རྒྱལ་མ་ཡིས་གྲུབ༔ དེ་སྐད་མཁན་པོས་ལུང་བསྟན་ཡིད་ཆེས་གྱུར༔ དབུས་ཚལ་ཕོ་བྲང་དཀོན་མཆོག་མཆོད་པའི་ཁང་༔ རིན་ཆེན་ཁྲི་བརྩེགས་འཆི་མེད་སྤྱན་དྲངས་བཞུགས༔ མཆོད་པའི་རྣམ་གྲངས་བསམ་ལས་འདས་པ་ཕུལ༔ མཁན་པོས་ཙནྡྷ་རྒྱལ་པོས་བ་སོའི་ཁྲི༔ རྒྱལ་ལ་གཅེས་པའི་ཡེ་ཤེས་མཚོ་རྒྱལ་མ༔ དར་ཟབ་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས༔ ཡིད་འོང་དྭངས་སྤྲོ་ཕྱག་ན་བུམ་པ་བཞག༔ འཆི་མེད་རིག་འཛིན་ཆེན་པོའི་མདུན་དུ་ཁྲིད༔ ཟ་འོག་མཛེས་པའི་འབོལ་གདན་སྟེང་དུ་བཞུགས༔ མཆོད་པའི་ལོངས་སྤྱོད་རིན་ཆེན་སྣ་ཚོགས་བཤམས༔ རྒྱལ་པོས་ཐོད་བཀྲོལ་ཕྱག་འཚལ་པུས་མོ་བཙུགས༔ མོས་གུས་གདུང་བས་སྙིང་གི་མཆིད་ཚིག་འབུལ༔ ཀྱེེ༔ ཐུགས་རྗེ་ཆེན་པོ་བརྩེ་བས་དགོངས་མཛད་པ༔ ཕྱོགས་བཅུའི་སངས་རྒྱས་ངོ་བོ་གཅིག་ཏུ་འདུས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་དགོངས༔ བདག་ཅག་འཁོར་དུ་གཏོགས་པ་བརྩེ་བས་ཟུངས༔ རྒྱལ་པོའི་བྱ་བ་ཐུགས་དམ་གཙུག་ལག་འགྲུབ༔ ཕྱི་ཡི་བསྟན་པ་རྗེས་བཞག་ཚོགས་རྫོགས་ཙམ༔ ནང་གི་དོན་དམ་བསྟན་པ་བླ་ན་མེད༔ རིག་འཛིན་ཐུགས་ཏིག་ཨ་ཧི་རྫོགས་ཆེན་དབང་༔ ཟབ་པའི་གདམས་པ་སྤེལ་བསྒྱུར་བཀྲོལ་གསུམ་ཆེད༔ ཕྱི་རྟེན་གངས་ཅན་ཞིང་ཁམས་མངའ་རེས་དཔང་༔ ནང་རྟེན་རྒྱལ་བློན་བཙུན་མོ་མངའ་འཁོར་དཀོར༔ གསང་རྟེན་མཁར་ཆེན་བུ་མོ་མཚོ་རྒྱལ་མ༔ གཞན་གྱིས་རྨ་མེད་རྒྱལ་པོས་བདག་བཟུང་ཀྱང་༔ སྐྱོན་གྱིས་མ་གོས་མེ་ཏོག་གསར་ཚེས་གཙང་༔ མཁར་ཆེན་ཡབ་ཡུམ་དང་པོའི་རྨིས་ལྟས་བཟང་༔ ལུས་གནས་ཧ་རི་ནི་ས་དབྱངས་ཡིག་སྒྲོགས༔ འཁྲུངས་པའི་ཚུལ་བཟང་རྒྱལ་བ་འཁྲུངས་དང་མཉམ༔ འཁྲུངས་ཚེ་མཁའ་འགྲོ་མང་པོས་ཁྲུས་གསོལ་བསྐོར༔ བླ་མཚོ་རྒྱས་དང་སྔར་མེད་མེ་ཏོག་རྒྱས༔ ཡེ་ཤེས་མཁའ་འགྲོའི་བྱིན་གྱིས་བརླབས་པར་སེམས༔ མཁར་ཆེན་རྒྱལ་པོ་བླ་མཚོ་རྒྱས་པ་ན༔ མིང་དུ་ཡེ་ཤེས་མཚོ་རྒྱལ་བཏགས་པ་ལགས༔ གཞན་གྱི་ལོ་བས་མཚོ་རྒྱལ་ཟླ་སྐྱེད་འཕགས༔ མཛེས་པའི་གཟུགས་ལ་བོད་ཡུལ་འགྲན་དཔེ་མེད༔ ཀུན་གྱིས་བསླང་འཕྲོག་རྐུས་ཀྱང་མ་ཐུབ་པ༔ བདག་གིས་ལས་ཀྱི་དབང་གིས་བླང་ན་ཡང་༔ བླ་ཡི་མཆོད་གནས་ལྟ་བུར་དད་སྤྲོ་འཕེལ༔ ཚུལ་ཁྲིམས་རྣམ་དག་ཤེལ་དཀར་བུམ་པ་བཞིན༔ ཉམས་དང་རྨི་ལམ་མཁའ་འགྲོས་ལུང་བསྟན་དང་༔ མཁན་པོའི་ལུང་སོགས་ཟབ་གསང་བླ་མེད་ཆོས༔ བཀའ་འཁོར་བསྐོར་བའི་རྟེན་དུ་འབུལ་བས་བཞེས༔ བདེ་ཆེན་དཀྱིལ་འཁོར་ལྷག་པར་རྒྱས་པ་དང་༔ དམ་ཆོས་སྐལ་ལྡན་སྣོད་དུ་འགྱུར་བར་སྨོན༔ ཞེས་ཞུས་རྒྱལ་པོས་ཕྱག་གྱང་འགྱེལ་བཞིན་འཚལ༔ འཆི་མེད་རིག་འཛིན་ཤིན་ཏུ་ཐུགས་དགྱེས་ཤིང་༔ ཞལ་རས་བཅོ་ལྔའི་ཟླ་བ་ཉ་གང་ལ༔ ཉི་མའི་འོད་ཟེར་འབར་བའི་འཛུམ་བསྟན་ནས༔ ཨ་ཧོ༔ གངས་ཅན་ཞིང་ཁམས་དབང་བསྒྱུར་རྒྱལ་པོ་ཁྱོད༔ སྔོན་ཚེ་ཨོ་རྒྱན་རྒྱལ་པོའི་རིགས་སུ་སྐྱེས༔ བར་དུ་བསྟན་འཛིན་བལ་ཡུལ་གླང་རྫི་བུ༔ ཐུགས་བསྐྱེད་མཆོད་རྟེན་བྱ་རུང་ཁ་ཤོར་འགྲུབ༔ ང་དུས་སྨོན་ལམ་བོད་ཀྱི་རྒྱལ་པོར་སྐྱེས༔ རང་རེ་ལས་དང་སྐལ་བ་བཟང་པོ་འཕྲད༔ གསང་སྔགས་ལས་སྨོན་ཆོས་རྒྱལ་ཁྱོད་ལ་རག༔ གདམས་པའི་རྟེན་འབྲེལ་རྩ་བ་མཚོ་རྒྱལ་རག༔ ཡེ་ཤེས་མཁའ་འགྲོ་མི་གཟུགས་སྤྲུལ་པ་ཙམ༔ དབྱིངས་ཆེན་དུར་ཁྲོད་དབྱིངས་ཉིད་མཁའ་འགྲོ་མས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཁའ་འགྲོ་ལྔ༔ འཆི་མེད་ང་ཡི་གྲོགས་སུ་མེད་ཐབས་མེད༔ ལས་ཅན་རྒྱལ་པོས་ཕུལ་བ་རྟེན་འབྲེལ་རྨད༔ མཚོ་རྒྱལ་མ་ཡི་ཡོན་ཏན་བརྗོད་པར་དཀའ༔ ཕྲིན་ལས་མཁའ་འགྲོའི་རྟེན་འབྲེལ་ཕྱི་ནང་གསང་༔ ཡེ་ཤེས་མཚོ་རྒྱལ་མཁའ་འགྲོ་འདི་ལ་འདུས༔ ཕྱི་ཡི་ཞིང་ཁམས་བདེ་དང་བསྟན་པ་རྒྱས༔ ནང་གི་རྒྱལ་བློན་བཙུན་མོ་དཔལ་འབྱོར་དར༔ གསང་བ་དམ་ཆོས་འཛིན་སྐྱོང་སྤེལ་གསུམ་པོ༔ མཁར་ཆེན་བུ་མོ་མཚོ་རྒྱལ་འདི་ལ་ཐུག༔ འཆི་མེད་པདྨ་ང་ཡི་རྟེན་འབྲེལ་ཀུན༔ མཁར་ཆེན་བུ་མོ་འདི་ཡིས་བསྒྲུབས་པས་འགྲུབ༔ ད་ནི་གསང་སྔགས་བསྟན་པ་ཚུགས་པ་དང་༔ བོད་ཀྱི་རྒྱལ་པོའི་བསམ་དོན་འགྲུབ་པ་དང་༔ བདག་གི་གསང་སྔགས་ཐེག་མཆོག་སྤེལ་བ་དང་༔ ཞུས་པའི་དོན་ཀུན་ལེགས་པར་འགྲུབ་པ་ཡིན༔ ཞེས་གསུངས་རྒྱལ་འཁོར་བཅས་པ་ཡི་རང་དགྱེས༔ འཆི་མེད་གུ་རུའི་སྣོད་ལྡན་ཕྱག་རྒྱ་ལ༔ ཀྱེེ༔ རྗེ་ཞིག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་ཟབ་མོ༔ ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་ཀློང་༔ སྣང་སྟོང་འཛིན་མེད་ཐུགས་རྗེ་ལས་སྤྲུལ་པའི༔ ལྷ་མོ་ཁྱེད་ཀྱི་ཡོད་ཏན་ཉི་ཤར་འདྲ༔ བོད་ཡུལ་མུན་པ་སེལ་བའི་སྒྲོན་མེ་སྦར༔ རྟེན་འབྲེལ་གསང་སྔགས་ཞུ་བའི་ཨུམ་ཕུལ་བས༔ ཆོས་ཀྱི་འཁོར་ལོ་སྒོ་བརྒྱར་འབྱེད་པ་དང་༔ བོད་ཀྱི་ཞིང་ཁམས་བསྟན་པ་རྒྱས་པ་དང་༔ ཡེ་ཤེས་མཁའ་འགྲོའི་ལུང་བཞིན་ཐོབ་པར་ཤོག༔ ཅེས་གསུངས་མཚོ་རྒྱལ་བསྟོད་ཅིང་སྨོན་ལམ་བཏབ༔ དབྱིངས་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ བདེ་སྟོང་ཕྱག་རྒྱས་རོལ་ཏེ་འདི་སྐད་ཞུས༔ ཨེ་མ༔ འོག་མིན་ཞིང་ནས་བདེར་གཤེགས་རྒྱ་མཚོའི་ཐུགས༔ ཐབས་ཐུག་མ་འགག་ཐུགས་རྗེའི་རྣམ་རོལ་ཤར༔ པདྨ་ལས་འཁྲུངས་མཚོ་སྐྱེས་རྡོ་རྗེར་འདུད༔ ཁོ་མོ་མཚོ་རྒྱལ་དབྱིངས་ཆེན་མཁའ་འགྲོའི་ཐུགས༔ གངས་ཅན་བོད་ཡུལ་དམན་པས་མི་ཐུབ་ཀྱང་༔ འཆི་མེད་རིག་འཛིན་ཐུགས་བརྩེ་བསླུ་མེད་མཐུས༔ དལ་འབྱོར་ལུས་སྐྱེས་མཁར་ཆེན་ཡབ་ཡུམ་དྲིན༔ སྒྱུ་ལུས་མཛེས་དབང་ཉོན་མོངས་རྒྱལ་ཕྲན་བཀུག༔ མ་ཐུབ་དབང་ཆེན་བོད་རྗེའི་ཁབ་བཞེས་དྲིན༔ ད་ལྟར་འཆི་མེད་གསང་སྔགས་སྒྲུབ་པའི་གྲོགས༔ སྨོན་ལམ་ལས་འཕྲོ་སད་པ་རིག་འཛིན་དྲིན༔ གསང་སྔགས་རྟེན་འབྲེལ་ཁོ་མོ་བདག་ལ་འདུས༔ ཆོས་སྤྱོད་སྐལ་ལྡན་མི་མོ་རང་གི་དྲིན༔ ད་ནི་ལུས་ངག་ཡིད་གསུམ་གློ་སྙིང་བྲང་༔ འཆི་མེད་རིག་འཛིན་ཆེན་པོ་ཁྱོད་ལ་འབུལ༔ ཇི་ལྟར་བཅོལ་བ་སྲོག་ཕྱིར་མི་གཏོང་བསྒྲུབས༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ དམ་ཚིག་གཉེན་པོ་འདའ་མེད་ཚུལ་བཞིན་སྒྲུབ༔ སྐད་ཅིག་འབྲལ་མེད་བདེ་ཆེན་སྐུར་བརྙེས་པར༔ འཆི་མེད་རྒྱལ་བས་ཐུགས་རྗེས་བཟུང་དུ་གསོལ༔ ཞེས་ཞུས་འཆི་མེད་རིག་འཛིན་ཐུགས་མཉེས་གྱུར༔ དེ་ནས་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ ཀྱེེ༔ ཡེ་ཤེས་མཚོ་རྒྱལ་བོད་ཀྱི་རྗེ་བློན་ཉོན༔ ཟབ་མོ་གསང་སྔགས་གདམས་པ་ནོད་པ་ལ༔ དང་པོ་སྒྲུབ་པའི་ས་གནད་བཟང་པོ་དགོས༔ ལས་ཅན་སྣོད་དུ་རུང་བའི་མཆེད་ལྕམ་དགོས༔ གསང་སྔགས་སྨིན་པར་བྱེད་པའི་དབང་བཞི་དགོས༔ སྤྱི་ཁྱབ་གྲོལ་བྱེད་གདམས་པ་ཟབ་མོ་དགོས༔ ཞེས་གསུངས་དེ་ལ་མཚོ་རྒྱལ་འདི་སྐད་ཞུས༔ ཨེ་མ༔ དུས་གསུམ་ཀུན་མཁྱེན་གུ་རུ་རིན་པོ་ཆེ༔ བདག་ཅག་ཕྱི་ནང་མཆོད་པའི་ཡོ་བྱད་བསགས༔ སྒྲུབ་པའི་གནས་ནི་འཆི་མེད་ཉིད་ཀྱིས་མཁྱེན༔ ཇི་ལྟར་བཅོལ་བཞིན་རྒྱལ་བློན་ཡོངས་ཀྱིས་སྒྲུབ༔ མཚོ་རྒྱལ་གྱིས་ཞུས་འཆི་མེད་གུ་རུ་ཡིས༔ ཀྱེེ༔ ལས་ཅན་མཚོ་རྒྱལ་བོད་ཀྱི་རྒྱལ་བློན་རྣམས༔ གསང་སྔགས་སྒྲུབ་པའི་གནས་ནི་མང་ཡོད་ཀྱང་༔ དཔལ་གྱི་བྲག་དམར་མཆིམས་ཕུ་དགེ་གོང་བཟང་༔ སྒྲུབ་པའི་གྲོགས་ནི་རྗེ་འབངས་ཉི་ཤུ་ལྔ༔ སྒྲུབ་པའི་ཡོ་བྱད་ཕྱི་ནང་གསང་བའི་རྫས༔ གསང་སྔགས་དཀྱིལ་འཁོར་བཀའ་བརྒྱད་བདེར་གཤེགས་འདུས༔ འཆི་མེད་རིག་འཛིན་མཚོ་རྒྱལ་རྗེ་འབངས་བཅས༔ བསམ་ཡས་མཆིམས་ཕུ་དགེ་གོང་གཟིགས་ནས་བྱོན༔ རྡུལ་ཚོན་དཀྱིལ་འཁོར་མཚན་ཉིད་རྫོགས་པར་བཞེངས༔ རིན་ཆེན་ཁྲི་སྟེང་འཆི་མེད་རིག་འཛིན་བཞུགས༔ སྔགས་ཀྱི་ཀརྨ་ཡེ་ཤེས་མཚོ་རྒྱལ་མཛད༔ དང་པོ་ལྷ་ཀླུ་ཡུལ་ས་བཀའ་ཡིས་བསྒོས༔ ས་སྲིན་སྡིག་པ་ཐེལ་རང་དམ་ལ་བཏགས༔ དྲང་སྲོང་གཟའ་བདུད་དམ་གནས་བཀའ་སྲུང་བསྐོས༔ སློབ་མར་སྨིན་བྱེད་དབང་བཞི་རྫོགས་པར་བསྐུར༔ དཀྱིལ་འཁོར་ཕྲིན་ལས་མཚོ་རྒྱལ་ཡུམ་གྱིས་བསྒྲུབས༔ བསྙེན་སྒྲུབ་མཐར་ཕྱིན་གྲོལ་བྱེད་ཆོས་ཀུན་གསུངས༔ རྗེ་འབངས་ཉེར་ལྔ་རྟོགས་གྲོལ་དུས་མཉམ་གྱུར༔ ཆེ་མཆོག་ཞི་ཁྲོ་བཀའ་བརྒྱད་ལྷ་ཞལ་མཇལ༔ རྗེ་འབངས་ཉེར་ལྔ་གྲུབ་པའི་རྟགས་རེ་བསྟན༔ ཁོ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ང་༔ བུད་མེད་ཡིན་ཀྱང་གུ་རུའི་བཀའ་དྲིན་གྱིས༔ དེ་བཞིན་གཤེགས་མ་བཅོམ་ལྡན་ཕག་མོ་གྲུབ༔ མཁའ་སྤྱོད་མཁའ་འགྲོ་ཟེར་ན་ང་ལ་གྱིས༔ གྲུབ་ཐོབ་ཆེན་མོ་ཟེར་ན་ང་ལ་གྱིས༔ ཟད་མེད་གཏེར་ལྡན་འཆི་མེད་ཕྲིན་ལས་གྲུབ༔ བོད་ཡུལ་སྐྱོང་དང་ཆོས་རྒྱལ་དགོས་དོན་སྒྲུབ༔ འཆི་མེད་སྲོག་ལྡན་འགྲོ་བའི་མགོན་དུ་གྱུར༔ གངས་ཆེན་ཞིང་ཁམས་རྡོ་རྗེ་ཐེག་པའི་ཆོས༔ གྲུབ་པའི་རྟགས་ནི་བར་སྣང་མཁའ་ལ་འཕུར༔ ཉི་ཟླ་ཞོན་དང་གླིང་བཞི་སྐད་ཅིག་བསྐོར༔ ཆུ་བོ་གྱེན་ཁྲིད་རི་རབ་ཕྱག་གིས་ཁྱེར༔ རི་བྲག་ལྡུར་ཕྱིན་ཆུ་ལ་བྱིང་བ་མེད༔ ལྟ་ཞལ་མངོན་བསྟན་རྟགས་བརྒྱད་གྲུབ་པར་མཛད༔ རྗེ་འབངས་ཡིད་ཆེས་འཆི་མེད་ཡབ་ཡུམ་མཉམ༔ གསང་སྔགས་ཆོས་ལ་ངེས་ཤེས་དཔག་མེད་སྐྱེས༔ མདོ་སྡེ་གསང་སྔགས་བསྟན་པ་བླ་མེད་སྤེལ༔ དེ་ཡང་ཆོས་ཁུངས་བཙུན་ཕྱིར་ལོ་ཙཱ་བ༔ རྒྱ་གར་ཤཱཀྱ་ཐུབ་པའི་དམ་ཆོས་རྣམས༔ བོད་ཀྱི་ཡུལ་དུ་སྤྱན་དྲངས་བཏང་བར་དགོངས༔ རྒྱལ་ལ་བཀའ་སྩལ་བོད་ཕྲུག་རིག་པ་རྣོ༔ འཆི་མེད་ལུང་བསྟན་དེ་དག་བཏང་བར་ཞུས༔ དང་པོ་ཆེ་གསུམ་སྐ་བ་དཔལ་བརྩེགས་དང་༔ ཀླུ་ཡི་རྒྱལ་མཚན་རྒྱལ་བ་བྱང་ཆུབ་ཐོང་༔ ཕར་ཕྱིན་འདུལ་བ་མངོན་པའི་ཆོས་ལ་དབང་༔ འབྲིང་གསུམ་དགེ་སློང་ནམ་མཁའི་སྙིང་པོ་དང་༔ སངས་རྒྱས་ཡེ་ཤེས་རྒྱལ་བ་བློ་གྲོས་ཐོང་༔ ཨ་ནུ་ཡོ་ག་གསང་སྔགས་ཆོས་ལ་དབང་༔ ཆུང་གསུམ་བ་གོར་བཱེེ་རོ་ཙ་ན་དང་༔ གཙང་གི་ལས་གྲུབ་ཤུད་བུ་དཔལ་སེང་ཐོང་༔ ཨ་ཏི་བླ་མེད་ཆོས་ལ་དབང་བར་འགྱུར༔ ཀུན་ལས་བཻ་རོ་འགྲན་མེད་སྤྲུལ་པའི་སྐུ༔ ཐེག་པ་ཆེན་པོའི་ཆོས་ལ་དབང་བ་ཡིན༔ རྒྱ་གར་ཡུལ་རྫོངས་ཆོས་དྲངས་གསུངས་པ་ལྟར༔ རྒྱལ་པོས་ལོ་ཙཱ་ཐམས་ཅད་གསེར་གྱིས་བརྫངས༔ རྒྱལ་པོས་འདི་ལྟར་བཀའ་སྩལ་རྒྱ་གར་གྱིས༔ ཆོས་རྒྱལ་རྣམས་དང་པཎྜི་ཏ་རྣམས་ལ༔ བོད་རྒྱལ་ཆོས་ལ་སྤྱོད་ཅིང་མཁན་སློབ་དྲངས༔ ཐུགས་དམ་གཙུག་ལག་ཁང་ནི་བརྒྱ་རྩ་བཞེངས༔ ཟབ་པའི་ཆོས་གསུངས་ད་རུང་རྒྱ་གར་ཡུལ༔ ཆོས་ཀྱི་ཕུང་པོ་རྣམ་གྲངས་བཞུགས་པས་ན༔ ལོ་ཙཱ་ཆོས་ལ་སྦྱངས་ནས་གདན་དྲངས་འཚལ༔ ཞེས་པའི་བཀས་བསྒོས་རྒྱ་གར་བཏང་བར་ཞུས༔ གསེར་ཕྱེ་ཕུལ་ནས་བཀའ་དྲིན་གཏང་རག་གིས༔ བོད་ཡུལ་བསྐྱོད་ཚེ་རྒྱལ་པོས་བསུ་བ་བགྱི༔ ཞེས་གསུངས་ལོ་ཙྭ་ཐམས་ཅད་རིམ་གྱིས་བཏང་༔ ལྷོ་བལ་ལམ་བདེ་རྒྱ་གར་ཡུལ་དུ་སླེབ༔ རྡོ་རྗེ་གདན་གྱི་ཆོས་རྒྱལ་སྤྱན་སྔ་རུ༔ གསེར་ཕྱེ་པ་ཏྲ་ཕུལ་ནས་འདི་སྐད་ཞུས༔ ཀྱེེ༔ རྒྱ་གར་འཕགས་པའི་ཡུལ་ན་ཆོས་ཀྱི་རྒྱལ༔ བདག་ཅག་བོད་རྒྱལ་འབངས་གནས་ལོ་ཙཱ་བ༔ གུ་རུ་མཁན་པོ་བོད་རྒྱལ་སངས་རྒྱས་ཆོས༔ ཐུགས་དམ་གཙུག་ལག་བརྒྱ་རྩ་དུས་གཅིག་བཞེངས༔ སྡེར་ཕེབ་སྨད་ཕྱོགས་ཀྱི་དགོན་སྡེ་ཐམས་ཅད་ནས་འབྲེལ་འཇོག་ལེགས་པར་བྱས། ཁྱད་པར་དུ་དད་སྦྱིན་རྒན་པོ་ཁམས་ཐར་ཚེ་རིང་གིས་གཏེར་ཆེན་རང་བཅས་ཁྱིམ་དུ་གདན་དྲངས་པ་ལ། ལམ་ཁར་བེེ་རོའི་རྫུ་འཕྲུལ་གྱིས་བཞེངས་པའི་མཆོད་རྟེན་ཐམས་ཅད་ལ་ཚོགས་འབྲེལ་དང་བརྟན་བཞུགས་མཛད། དད་སྦྱིན་གྱི་ཁྱིམ་དུ་དེ་ནུབ་ཚོགས་འཁོར་རྒྱ་ཆེར་བགྱིས་པའི་ཐོ་རངས་འོད་གསལ་ངང་དུ་སྣང་ཁམས་ཐམས་ཅད་འོད་ཟེར་དྲྭ་བ་འཁྲིགས་པའི་ཀློང་དུ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གཙོ་འཁོར་གྲངས་ལ་འདས་པ་མེ་དཔུང་འབར་པའི་ཀློང་ན་ཞལ་མངོན་སུམ་དུ་མཇལ་ཞིང་སྐུ་ཚབ་གཏེར་སྒྲོམ་བཅས་མངོན་སུམ་དུ་རང་ལ་དངོས་གྲུབ་ཏུ་བབ་སྟེ་རྟེན་འབྲེལ་གེགས་མེད་དུ་གྱུར། གཏེར་སྒྲོམ་མར་མེའི་འོད་སྣང་ལ་བལྟས་པས་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་བཞུགས་ཤིང་གསང་རྒྱ་སྡོམ། ཕྱི་ཉིན་མ་རྒྱུད་ཀྱི་གནས་ལ་ཚོགས་དང་མཆོད་པ་རྒྱ་ཆེར་ཕུལ། སྐུ་ཚབ་ཀྱིས་དབང་གནང་ཞིང་དད་སྦྱིན་ཚོགས་རྫོགས་པ་དང་ཡུལ་སྡེ་ཐམས་ཅད་ཀྱི་དགེ་སྒྲུབ་སྡིག་སྤང་རྒྱ་ཆེན་པོ་གྲུབ་སོང་། ཕྱིས་སུ་གྲུབ་ཆེན་ཡེ་ཤེས་རྡོ་རྗེ་དང་ཤར་རྫའི་རྟོགས་ལྡན་རིན་པོ་ཆེ་གཉིས་ཀྱིས་སྔར་ནས་རང་ལ་བཀའ་གཏེར་དག་སྣང་སོགས་སྙིང་ཐིག་གི་སྐོར་མ་ལུས་པ་ཕབ་བོད་ཀྱི་ཡུལ་དུ་ཤོར་བས་རྒྱལ་ཁམས་ཁྱབ༔ ཟབ་པའི་བདུད་རྩི་ཀུན་གྱིས་བཏུང་བ་རྨིས༔ ལོ་ཙཱ་རྣམས་ཀྱིས་སློབ་དཔོན་ཐམས་ཅད་ལ༔ བཀའ་དྲིན་ཞུས་ནས་རིམ་གྱིས་ཆེ་འབྲིང་ཆུང་༔ བོད་ཡུལ་དམ་ཆོས་ཁྱེར་ཞིང་གཤེགས་པའི་ཚེ༔ མཁན་སློབ་ཐུགས་མཉེས་རྒྱལ་པོའི་བསམ་པ་འགྲུབ༔ ལོ་ཙཱ་རྣམས་ཀྱིས་དམ་ཆོས་དར་བར་མཛད༔ དེ་ཚེ་རྒྱལ་པོའི་སྐུ་སྲུང་ཐམས་ཅད་ཀྱིས༔ ཀྱེེཿབོད་ཀྱི་རྒྱལ་པོ་དབང་ཆེན་བསོད་ནམས་ཆེ༔ རྒྱ་གར་ཡུལ་ནས་དམ་ཆོས་སྤྱན་དྲངས་ལེགས༔ ཡབ་མྱེས་རྒྱལ་རབས་བོན་གྱི་ལྷ་སྐལ་བབས༔ ཉམས་སུ་མི་རུང་རྒྱལ་པོའི་དབང་ཐང་རྒྱུད༔ བོན་གྱི་ལྷ་བཀུར་ཆོས་ལ་ལས་འཕྲོ་བཞག༔ རྒྱལ་དང་གཤེན་གྱི་བསྟན་པ་མཉམ་ཆགས་ཕྱིར༔ རྒྱལ་རབས་སུམ་ཅུ་རྩ་དགུ་བོན་གྱིས་བསྐྱངས༔ རྒྱལ་པོ་ཉིད་ཀྱང་དེ་བཞིན་དགོངས་མཛོད་ཞུས༔ རྒྱལ་པོའི་ཐུགས་དམ་ཆོས་ལ་མོས་པས་ན༔ རིམ་གྱིས་ལྟའོ་གསུངས་ནས་ལན་མ་གནང་༔ ལོ་ཙཱ་ཐོས་ཆུང་བོན་ལ་ཟུར་ཟ་གླིང་༔ འཆི་མེད་ཉིད་ལ་བོན་ཆོས་ཁྱད་མེད་ཀྱང་༔ མཁན་པོའི་ཐུགས་ལ་ཆོས་འདི་དར་དགོས་སྙམ༔ ལོ་ཙཱ་རྣམས་ཀྱིས་དམ་ཆོས་སྤྱན་དྲངས་ཚེ༔ རྒྱ་གར་གནོད་སྦྱིན་ཤིང་བྱ་བེ་ཧར་ཅན༔ རྗེས་སུ་འབྲང་ནས་ཆོ་འཕྲུལ་སྣ་ཚོགས་བསྟན༔ ཆིབས་པ་གཡུ་གཤོག་རྟེའུ་བྱ་གཤོག་བཙས༔ ཚེ་སྤུངས་བཟའ་ཡི་སྲས་གསུམ་ཆེ་བ་ཤི༔ རྒྱལ་པོའི་ཐུགས་ལ་འཕྲིག་པ་ཅུང་ཙམ་སྐྱེས༔ འཆི་མེད་སྤྱན་སྔར་རྒྱལ་པོས་འདི་སྐད་ཞུས༔ ཀྱེེ་མ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་མཁྱེན༔ བསམ་ཡས་གནོད་སྦྱིན་མངོན་རྒྱུག་ཆོ་འཕྲུལ་བསྟན༔ རྒྱལ་སྲས་མ་འཚོ་རྟེའུ་བྱ་གཤོག་བཙས༔ སྐྱེ་འགྲོ་ཕལ་ཆེར་ཆོས་ལ་ཐེ་ཚོམ་ཟོས༔ དེ་ལ་འདུལ་དང་བཟློག་པའི་ཐབས་གནང་ཞུས༔ ཀྱེེ༔ ལས་ཅན་བོད་ཀྱི་རྒྱལ་པོ་སྙན་གསོན་དང་༔ དམ་ཆོས་དམར་བས་དཀོར་བདག་འཁུ་ལྡོག་ཆེ༔ རྒྱ་གར་ཡུལ་གྱི་སྲུང་མ་འདིར་གཤེགས་པས༔ གཙུག་ལག་དམ་ཆོས་སྐྱོང་བའི་རྟགས་ཚད་བསྟན༔ དེ་ཡང་གུ་རུ་ཡབ་ཡུམ་རྗེ་འབངས་རྣམས༔ བསམ་ཡས་བྱོན་ནས་དབུས་ཀྱི་གཙོ་ཁང་བཞུགས༔ ལོ་ཙཱ་ཐམས་ཅད་བར་གྱི་ཁྱམས་ཆེན་འཚོགས༔ འཆི་མེད་ཡབ་ཡུམ་གནོད་སྦྱིན་དབང་བསྡུས་མཛད༔ ཐུགས་རྗེའི་རྩལ་གྱིས་དམིགས་པས་རབ་ཏུ་གཟིར༔ གནོད་སྦྱིན་ཆོ་འཕྲུལ་གནམ་རྡོ་ལུག་ཙམ་འཕང་༔ འཆི་མེད་ཡབ་ཡུམ་སྐུ་ལ་དབལ་མ་ཚུགས༔ རྗེ་འབངས་ཐམས་ཅད་ཤིན་ཏུ་ཡིད་བསྔངས་གྱུར༔ དེ་ཚེ་འཆི་མེད་གུ་རུ་ཡབ་ཡུམ་ནི༔ ཐུགས་ཁྲོས་དྲག་པོའི་ཆས་ཆེན་དཔལ་གྱི་ཚུལ༔ ཞལ་གསུམ་ཕྱག་དྲུག་མཚོན་ཆ་སྣ་ཚོགས་འཛིན༔ ཐུགས་ཀའི་ཧཱུྃ༔ དང་ཧཱུྃཿསྒྲས་འོད་ཟེར་གྱིས༔ གནོད་སྦྱིན་སྡེ་ཚོགས་དབང་མེད་མདུན་དུ་བཀུག༔ སྐད་ངན་ཙེར་ཙེར་དབུགས་ནི་གྱ་གྱུར་བྱེད༔ ཤིང་བྱ་བེ་ཧར་ཕྱག་འཚལ་འདི་སྐད་ཞུས༔ ཀྱེེ༔ གཏུམ་དྲག་ཁྲོས་པ་ཡབ་ཡུམ་དྲག་རྩལ་ཅན༔ བལྟར་ཡང་མི་བཟོད་མེ་རི་འབར་བས་བཅོམ༔ འཆི་མེད་ཡབ་ཡུམ་སྐུ་ལ་འཚེ་བ་བཏང་༔ མ་ཤེས་དབང་གྱུར་འགལ་བ་སྐུ་ལ་བཤགས༔ རྒྱ་གར་དཀོར་བདག་དམ་ཆོས་བོད་དུ་ཁྱེར༔ སྔོན་གྱི་བསྟན་སྐྱོང་གྲལ་དུ་འཁོད་པ་ཡི༔ དམ་བཅའ་མ་ཉམས་ཆོས་ལ་བདག་ཏུ་འཛིན༔ ད་ཡང་ཅི་གསུང་བཀའ་ལས་མི་འདའ་བས༔ སྲོག་སྙིང་འཆི་མེད་ཡབ་ཡུམ་མདུན་དུ་འབུལ༔ བསྟན་པའི་ཕྲིན་ལས་བསྒྲུབ་པའི་དམ་བཅའ་བགྱི༔ ཞུས་པས་ཁྲོ་བོ་ཁྲོས་པའི་བཀའ་བྱུང་བ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་གནོད་སྦྱིན་བེ་ཧར་ར་ཛ་ཁྱོད༔ བཀའ་ལ་མི་ཉན་ད་ལྟར་བསྒྲལ་བའི་ཡུལ༔ ཁྱོད་ནི་དྲེགས་པས་སྐྱེ་འགྲོའི་སྲོག་ལ་འཚེ༔ ནམ་ཡང་ཐར་མེད་ངན་སོང་སྡུག་བསྔལ་མྱོང་༔ དེ་བས་བཀའ་ལས་མ་འདའ་དམ་ལོངས་ཤིག༔ དྲེགས་པའི་སེམས་སྤོང་གདུག་པའི་གནོད་མ་སྐྱེལ༔ གཙུག་ལག་དམ་ཆོས་བསྟན་སྲུང་དཀོར་བདག་ཏུ༔ ཅི་སྲིད་བར་དུ་ཁྱོད་ཉིད་བསྐོ་བར་བགྱི༔ ཞེས་གསུངས་དམ་རྫས་སྦྱིན་ནས་ཐ་ཚིག་བཞག༔ སྲོག་ཡིག་ཏྲི་ཡ་ར་ཛ་སྐྱུག་ཅིང་ཕུལ༔ བསམ་ཡས་རྒྱལ་པོའི་རྟེན་བཙུག་དཀོར་ཆ་གཏད༔ བསྟན་སྲུང་དཀོར་བདག་བསྐོས་ཤིང་ཆོ་འཕྲུལ་ཞི༔ འཆི་མེད་ཡབ་ཡུམ་ཐུགས་རྗེའི་ཟིལ་གྱིས་གནོན༔ རྗེ་འབངས་ཐམས་ཅད་དད་ཅིང་སྤྲོ་བར་གྱུར༔ ད་ནས་འཆི་མེད་མཚོ་རྒྱལ་ཡབ་ཡུམ་གྱིས༔ བསམ་ཡས་དབུ་རྩེར་དཀྱིལ་འཁོར་ཞལ་ཕྱེས་ནས༔ གུ་རུའི་རང་བྱུང་ཆས་རྫོགས་རབ་གནས་འཐོར༔ མཚོ་རྒྱལ་མ་ཡིས་འཐོར་ནས་ཕྱག་ཏུ་བཟུང་༔ རོལ་མོ་བཅས་ཏེ་གཙུག་ལག་རྟེན་གཞུག་མཛད༔ འཇའ་ཚོན་མེ་ཏོག་ཆར་འབེབས་ལྟས་བཟང་ཤར༔ ཡེ་ཤེས་མཚོ་རྒྱལ་བར་སྣང་ཁམས་སུ་བྱོན༔ ཁྲུས་གསོལ་བོད་ཀྱི་མཁའ་འགྲོ་ཆེན་མོར་གྲགས༔ ཀུན་ཀ་མགུ་ཞིང་དད་སྤྲོ་ཆེན་པོར་གྱུར༔ བསམ་ཡས་གླིང་དུ་བསྟན་པའི་གྲྭ་སྡེ་བཙུགས༔ མཁན་སློབ་ཆོས་གསུམ་ལོ་ཙཱ་ཐམས་ཅད་ཀྱིས༔ སྔགས་ཀྱི་བསྙེན་སྒྲུབ་མདོ་ཡི་བཀའ་བཤད་སྤེལ༔ གངས་ཅན་ཞིང་ཁམས་ཆོས་ཀྱིས་ཁྱད་པ་ཙམ༔ དེ་ཚེ་བོད་ཀྱི་རྒྱལ་པོ་སྙུང་གིས་ཟིན༔ ཆོས་ཀྱིས་མདོ་སྔགས་སྐུ་རིམ་ཅི་སྒྲུབ་ཀྱང་༔ ཕན་པར་མ་གྱུར་འཆི་མེད་རིག་འཛིན་གྱིས༔ ཡབ་མྱེས་བོན་གྱི་ལྷ་སྲུང་གཙོ་ཆེ་བས༔ འདི་ལ་ཕན་ཐབས་སྐུ་སྲུང་བོན་རྣམས་དགོས༔ ཞེས་གསུངས་སྐུ་སྲུང་ཐམས་ཅད་བསམ་ཡས་ཕྱིན༔ སྐུ་རིམ་སྒྲུབ་ཅིང་གཏོ་ཐབས་རིམ་གྲོ་སོགས༔ ཇི་ལྟར་བསྒྲུབས་ཀྱང་ཕན་པའི་ཐབས་མ་མཆིས༔ དེ་ལ་མཚོ་རྒྱལ་ཉིད་ཀྱིས་འདི་སྐད་གསུངས༔ ཀྱེེ༔ བོད་ཀྱི་རྒྱལ་བློན་ཐམས་ཅད་སྙན་གསོན་མཛོད༔ འཆི་མེད་རིག་འཛིན་ཆེན་པོའི་ལུང་བཞིན་དུ༔ བོན་རྣམས་སྤྱན་དྲངས་མཆོད་གནས་བཀུར་དགོས་གསུངས༔ དམ་ཆོས་ཟབ་ཀྱང་བོན་གྱི་བདེན་པ་གཉན༔ རྒྱལ་པོའི་སྐུ་སྲུང་བོན་གཤེན་དགོས་པར་འདུག༔ བྱང་གི་གནམ་མཚོ་ཕྱུག་མོའི་ཡང་དབེན་ན༔ མཁས་བཞི་གཤེན་དགུ་རིག་འཛིན་མང་པོ་བཞུགས༔ དེ་དག་དྲུང་དུ་རིན་ཆེན་གསེར་ཕྱེ་ཕུལ༔ གུས་པས་ཕྱག་འཚལ་མཆིད་ཚིག་འདི་སྐད་ཞུས༔ ཐུགས་རྗེ་ཆེ་མངའ་མཁས་པའི་རིག་འཛིན་ཚོགས༔ བསམ་ཡས་ནས་ཕྱིན་བོད་ཀྱི་རྒྱལ་པོ་ཆེ༔ སྐུ་ལ་སྙུང་ཟིན་རྒྱ་གར་གྲུབ་ཐོབ་དང་༔ བོད་ཀྱི་སྐུ་སྲུང་བོན་གཤེན་ཐམས་ཅད་ཀྱིས༔ ཇི་ལྟར་བསྒྲུབ་ཀྱང་ཕན་པར་མ་གྱུར་པས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ མཁས་པའི་རིག་འཛིན་སྤྱན་དྲངས་དགོས་གསུངས་བཞིན༔ བོད་ཀྱི་རྒྱལ་པོའི་མཆོད་གནས་ཕེབས་པར་ཞུས༔ རྟ་ཞོན་བཅོ་ལྔ་རྐང་ཐང་བཅོ་ལྔ་བཅས༔ གསེར་ཕྱེ་ཕངས་མེད་བསྐུར་ནས་སྤྱན་དྲངས་བཏང་༔ གནམ་མཚོའི་ཕྱོགས་སོང་རིག་འཛིན་ཐམས་ཅད་མདུན༔ རིན་ཆེན་གསེར་ཕྱེ་ཕུལ་ནས་ཕྱག་འཚལ་ཏེ༔ ཀྱེེ༔ མཁས་པའི་མཆོག་གྱུར་རིག་འཛིན་གཙོ་རྣམས་གསོན༔ བདག་ཅག་བོད་ཀྱི་མགྲོན་པོ་ཤུལ་རིང་ཆས༔ བོད་ཀྱི་རྒྱལ་པོ་སྙུང་ཟིན་བན་བོན་གྱིས༔ སྐུ་རིམ་ཇི་ལྟར་སྒྲུབ་ཀྱང་ཕན་མ་ཐོབ༔ གུ་རུས་བོན་གཤེན་རིག་འཛིན་སྤྱན་དྲངས་དགོས༔ གསུངས་བཞིན་རིག་འཛིན་མཆོད་གནས་ཕེབས་པར་ཞུས༔ ཀྱེ༔ ཉོན་དང་བོད་ཀྱི་རྒྱལ་བློན་བློ་མང་རྣམས༔ ཡབ་མྱེས་བསྟེན་པའི་ལྷ་སྲུང་འཁྲུགས་པར་འདུག༔ རྒྱལ་པོ་ཚེ་ཀེག་སྐུ་སྲུང་འགྲོ་དགོས་ཆུང་༔ བོད་ཀྱི་མགྲོན་པོ་མ་འདུག་ཕྱིར་ལ་སོང་༔ ཞེས་གསུངས་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས༔ ཀྱེེ༔ རིག་འཛིན་ཚོགས་ཀྱིས་བདག་ལ་སྙན་གསོན་མཛོད༔ བསྐལ་བཟང་སངས་རྒྱས་སྟོན་པ་གཤེན་རབ་ཀྱི༔ ཞལ་གསུང་རྗེས་གནང་བཀའ་སྲོལ་བཞི་རུ་ཆད༔ སྟག་གཟིག་ཞིང་དུ་བོན་གྱི་བསྟན་པ་དར༔ རྒྱ་གར་ཡུལ་དུ་ཆོས་ཀྱི་བསྟན་པ་དར༔ གེ་སར་ཡུལ་དུ་སྨན་གྱི་བསྟན་པ་དར༔ རྒྱ་ནག་ཡུལ་དུ་རྩིས་ཀྱི་བསྟན་པ་དར༔ འདི་ལ་གལ་པོས་རྩོད་པར་མི་འཚལ་ཀྱང་༔ འཕྲལ་དུ་ཐམས་ཅད་འགྲོ་བར་མི་རིགས་གསུངས༔ དེ་ཚེ་ཞང་ཞུང་སྣང་ཞིག་ལོད་པོ་ཡིས༔ སྟོང་རྒྱུང་གསུངས་ལ་རྩོད་པ་མི་འཐད་འདུག༔ ལས་དང་སྨོན་ལམ་གང་ཤར་དགོངས་ནས་བཞུགས༔ འབྲས་བུའི་བོན་རྣམས་སྨྲར་ཡིག་སྤུངས་སོ་དང་༔ འཕྲུལ་ཡིག་བོད་ཡིག་མཁའ་འགྲོའི་བརྡ་ཡིག་སོགས༔ གཏེར་རྒྱ་སྡོམས་ཤིང་ཐུགས་དམ་བདེ་བར་བཞུགས༔ དེ་ཚེ་ཞང་ཞུང་གྱེར་ཆེན་ཟླ་མེད་ཀྱིས༔ རིག་འཛིན་ཚོགས་ལ་འདི་སྐད་ཞུ་བ་ཕུལ༔ ཀྱེེ༔ རིག་འཛིན་རྣམས་ཀྱིས་གསུངས་པ་ཇི་ལྟར་བདེན༔ བདག་གིས་དེ་ལས་ཞུ་བའི་དགོས་ཆུང་ཀྱང་༔ མདང་དགོང་པྲ་ལྟས་བསམ་ཡས་ཕྱིན་སྣང་ལ༔ གཙུག་ལག་རྩེ་ལ་དུང་དཀར་འབུད་པ་དང་༔ རྒྱལ་བོད་ཐམས་ཅད་དབང་དུ་འདུས་པ་ཤར༔ རེ་ཞིག་བོན་ཀྱང་ནུབ་པར་མི་འགྱུར་སྙམ༔ ཞུས་པས་རིག་འཛིན་རྣམས་ཀྱིས་བཀའ་ཡང་གནང་༔ བོད་ཀྱི་རྐང་ཐང་ཚོགས་ལ་གྱེར་ཆེན་གྱིས༔ ཧོ༔ བོད་ཀྱི་བློན་པོའི་ཚོགས་རྣམས་སྙན་གྱིས་གསོན༔ བོད་རྒྱལ་སྐུ་སྲུང་རིག་འཛིན་གཞན་མི་འབྱོན༔ བདག་འདྲ་འོང་ན་རྒྱལ་བློན་ཐ་ཚིག་ལ༔ རྒྱལ་པོའི་ཐུགས་དམ་བོན་ལ་མཛད་པ་དང་༔ བསམ་ཡས་བོན་གྱི་གཙུག་ལག་བཞེངས་པ་དང་༔ ཕྱིས་འབྱུང་བོན་ཆོས་ཁྱད་མེད་སྤྱོད་པ་སོགས༔ ཁས་སུ་བླང་ན་བོད་ཀྱི་མཆོད་གནས་ཡོང་༔ དེ་ལྟར་རྒྱལ་པོའི་བཀའ་ལེན་མ་འབྱོར་ན༔ བདག་ཀྱང་བོད་ཀྱི་ཡུལ་དུ་འོང་བ་མེད༔ ཞེས་གསུངས་རྟ་པ་ལྔ་བཏང་རྒྱལ་མདུན་ཕྱིན༔ ཇི་ལྟར་གསུངས་བསྒྲུབ་མཆོད་གནས་ཕེབས་པར་ཞུས༔ བང་ཆེན་ཕྱིར་ལོག་གྱེར་ཆེན་ཉིད་ལ་ཞུས༔ ཤ་འབར་དབང་ཆེན་གཏིང་རྫོགས་བྱང་སེམས་རྒྱུད༔ སྤྱན་དྲངས་བོད་ཀྱི་རྒྱལ་པོའི་མཆོད་གནས་བྱོན༔ བསམ་ཡས་གླིང་ཕྱིན་གཙུག་ལག་ལྷ་རྟེན་ལ༔ ཀུན་རྫོབ་དོན་དམ་ཚིག་འཁྲི་ཅུང་རེ་མཛད༔ བོད་རྒྱལ་ཆེད་དུ་ཁྲོ་བོའི་དཀྱིལ་འཁོར་བསྒྲུབས༔ བསྐང་བའི་མདོས་ཆེན་སྣང་སྲིད་བརྔན་ཡོན་ཕུལ༔ དབང་བསྐུར་བྱིན་བརླབས་རྒྱལ་པོའི་ནད་གདོན་གྲོལ༔ གྱེར་ཆེན་ཟླ་མེད་བླ་ཡི་མཆོད་གནས་བཞུགས༔ དགེ་རྒྱས་གླིང་དུ་བོན་གྱི་ལྷ་ཁང་བཞེངས༔ མདོ་སྔགས་ཞི་ཁྲོའི་བོན་རྣམས་འབྲི་དང་ཀློག༔ ཡབ་མྱེས་ཐུགས་དམ་གསུང་རབ་དེ་ལ་བརྩོན༔ རྒྱལ་པོའི་དབང་ཐང་སྲིད་ཀྱི་ཆུས་ཆེར་འཕེལ༔ བསམ་ཡས་བོན་ཆོས་ཟུང་འབྲེལ་མཉམ་པར་གྱུར༔ བེ་ཧར་དམ་གནས་མཆོད་རྟེན་ནག་པོ་བཞེངས༔ ཕུར་པའི་ཞལ་གཟིགས་རྒྱལ་བློན་ངེས་ཤེས་སྐྱེས༔ བཱེེ་རོ་ཙ་ནས་དམ་ཆོས་ཁོང་དུ་ཆུད༔ རྒྱ་གར་ཡུལ་ནས་བོད་ཡུལ་མཐིལ་དུ་ཕེབས༔ བོད་ཀྱི་དབང་ཆེན་རྒྱལ་པོའི་སྤྱི་བོ་རུ༔ གསང་སྔགས་དབང་བཞི་བསྐུར་ནས་སྨིན་གྲོལ་མཛད༔ འཆི་མེད་གུ་རུ་ཡབ་ཡུམ་སྤྱན་སྔར་བྱོན༔ ཕྱག་འཚལ་གསོལ་བཏབ་བཀའ་དྲིན་ཆེ་བ་ཞུས༔ མཁས་པ་གྱེར་ཆེན་ཟླ་མེད་མདུན་ཕྱིན་ནས༔ བོན་གྱི་དམ་ཚིག་འབྲེལ་ཟབ་བཀའ་མཆིད་ཞུས༔ ཟ་ཧོར་མཁན་པོ་ཆེན་པོའི་མདུན་དུ་སོང་༔ ཐུགས་དམ་དབེན་པར་བཞུགས་ལ་དགའ་སྤྲོ་ཞུས༔ ལོ་ཙཱའི་གླིང་ཕྱིན་ཀུན་དང་དགྱེས་སྤྲོ་མཛད༔ བཻ་རོ་ཙ་ན་ཤིན་ཏུ་མཁས་པར་གྲགས༔ རྒྱ་གར་རྒྱལ་པོའི་འཕེལ་གདུང་ཕུལ་གང་ཕུལ༔ སུམ་བརྒྱ་ལྔ་བཅུ་བཻ་རོ་ཉིད་ཀྱིས་བཅད༔ དེ་འཕྲ་བོད་ཀྱི་རྒྱལ་པོའི་ཕྱག་ཏུ་ཕུལ༔ བཻ་རོ་ཙ་ན་ཆོས་ཀྱི་ཕུང་པོར་གྲགས༔ རྒྱལ་པོས་རིན་ཆེན་མནྜལ་ཕོངས་མེད་བཅས༔ དམ་ཆོས་བླ་མེད་གསུངས་པའི་ཞུ་བ་ཕུལ༔ བཻ་རོས་བདེ་མཆོག་ཐུགས་རྗེ་ཆེན་པོ་དང་༔ འཇམ་དཔལ་སོགས་ཀྱི་དབང་བཞི་ཡོངས་རྫོགས་བསྐུར༔ ཨ་ཏི་ལ་སོགས་དམར་བའི་ཆོས་རྣམས་གསུངས༔ རྒྱལ་པོ་མི་ཕྱེད་དད་པ་སྙིང་ནས་སྐྱེས༔ ཨོ་རྒྱན་རྗེ་འབངས་ཉི་ཤུ་རྩ་ལྔ་ཡིས༔ གསང་སྔགས་གྲུབ་པས་རྫུ་འཕྲུལ་སྟོབས་དང་ལྡན༔ འགྲན་གྱི་ཟླ་མེད་བོད་ཡུམ་མཚོ་རྒྱལ་མས༔ འཆི་མེད་གུ་རུ་རིན་པོ་ཆེ་ཉིད་ལ༔ ཚོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ་ནས་སུ༔ གུ་རུ་ཐོད་ཕྲེང་གསང་སྔགས་རྡོ་རྗེ་འཆང་༔ བཀའ་དྲིན་འཁོར་ཐབས་བྲལ་བ་ཁྱོད་ཉིད་ལ༔ ལུས་དང་སྲོག་ལ་མི་བལྟ་དཀའ་བ་སྤྱད༔ རྫོགས་ཆེན་ཨ་ཏིའི་དབང་མཆོག་སྩལ་བར་ཞུས༔ ད་རུང་དུས་ལ་མ་བབ་དམ་ཆོས་བརྩོན༔ ཐབས་ཀྱི་གྲོགས་མེད་གསང་སྔགས་བསྟན་དུ་མེད༔ རྫ་སོལ་མ་བཏང་ཆུ་ཡི་རྐྱེན་མི་ཁྱོག༔ ཤིང་གི་ཡུལ་མེད་མེ་ལྕེ་འབར་དོན་མེད༔ རླན་གྱིས་ནོན་མེད་མྱུ་གུ་མི་འབྱིན་མཚུངས༔ འདི་ནས་ཕར་འདས་བལ་པོའི་ཡུལ་དུ་སོང་༔ རྒྱ་གར་གསེར་གླིང་ས་ནས་འཁྱམས་པ་ཡི༔ ཨ་ཙ་ར་ནི་ས་ལེ་བྱ་བ་ཞིག༔ དཔའ་བོ་ཆེན་པོ་རྟ་མགྲིན་སྤྲུལ་པ་ཡིན༔ སྙིང་ཁར་སྨེ་བ་དམར་པོ་ཡོད་པ་ཞིག༔ ལོ་ནི་བཅུ་དྲུག་ལོན་པ་དེ་གྲོགས་ཚོལ༔ བདེ་ཆེན་ས་ལ་སྐད་ཅིག་སླེབ་པ་ཡིན༔ ཞེས་གསུངས་གསེར་ཕྱེ་པ་དྲ་ཅན་ཞིག་བསྐུར༔ མཚོ་རྒྱལ་བལ་པོའི་ཡུལ་དུ་གཅིག་པུར་བྱོན༔ ཨེ་རོང་ཕྱོགས་ཀྱི་ཁྲམ་པ་མི་བདུན་འཕྲད༔ ཤ་བ་ཁྱི་ཡིས་དེ་ལྟར་ག་ཅ་འཕྲོག༔ གུ་རུ་ཡིད་དྲན་ཁྲམ་པ་ཡི་དམ་བསྒོམས༔ གསེར་རྣམས་མནྜལ་ཕུལ་ནས་དག་སྣང་དང་༔ ངག་ཚིག་གདུང་བའི་དབྱངས་ལ་བསྐྱོན་ནས་སྨྲས༔ ཨེ་མ༔ ཨེ་རོང་ཕྱོགས་ཀྱི་ཡི་དམ་བདུན་པོ་ཁྱོད༔ དེ་རིང་གནས་འདིར་བྱོན་པ་ངོ་མཚར་ཆེ༔ བདག་གི་ཚོགས་རྫོགས་བསམ་པ་ཁེངས་སེམས་ཞི༔ ཚེ་རབས་དུ་མའི་ལན་ཆགས་བྱང་གྱུར་ཅིག༔ ཨེ་མ་དྲིན་ཅན་བླ་མའི་ཐུགས་རྗེ་ལས༔ ཡི་དམ་ཞལ་མཇལ་འདི་ནི་ཨེ་མ་མཚར༔ དགའ་དང་སྤྲོ་བའི་སེམས་ཀྱིས་བསམ་པ་བདེ༔ སྦྱིན་པ་འདི་འགྱེད་སྐྱེ་བོ་གྲོལ་གྱུར་ཅིག༔ ཅེས་གསུངས་ཕྱག་རྒྱ་ཐལ་སྦྱར་གསེར་རྣམས་བཀྲམ༔ ཁྲམ་པ་མི་བདུན་ཅེར་རེ་བལྟས་ནས་འདུག༔ མ་ཇོ་ཁྱོད་ཀྱི་ཡུལ་དང་ཕ་མ་གང་༔ དོན་ཆེན་ཅི་ཡིན་གསུངས་ཤིག་མཛད་པར་ཞུས༔ དེ་ལ་མ་ཇོས་ཚིག་ལ་ལན་བཏབ་པ༔ ཞེ་སྡང་གདུག་སེམས་མེ་ལོང་ཡེ་ཤེས་ཡིན༔ དགྲ་ལ་ཞེན་ཅིང་ཁོང་ཁྲོའི་སྡང་སེམས་མེད༔ ང་རྒྱལ་རང་མཐོ་མཉམ་ཉིད་ཡེ་ཤེས་ཡིན༔ ང་ཉིད་རྒྱལ་དང་ཆེ་འདོད་སེམས་ལ་མེད༔ འདོད་ཆགས་རློམ་སེམས་སོར་རྟོགས་ཡེ་ཤེས་ཡིན༔ ཕ་རོལ་འདོད་ཅིང་ཆགས་པའི་སེམས་ཞེན་མེད༔ ཕྲག་དོག་གཉིས་འཛིན་བྱ་གྲུབ་ཡེ་ཤེས་ཡིན༔ རང་གཞན་ཕྲག་ལ་དོག་པའི་སེམས་རྟོག་མེད༔ མ་རིག་གཏི་མུག་ཆོས་དབྱིངས་ཡེ་ཤེས་ཡིན༔ རིག་དང་མ་རིག་སྒྲིབ་པ་ལོགས་ན་མེད༔ ཐམས་ཅད་མི་ཕྱེད་དད་པས་གསོལ་བ་བཏབ༔ འཁོར་བར་བློ་ལོག་ཟབ་ཆོས་གདམས་པ་ཞུས༔ ཁྲམ་པ་བདུན་གྱིས་རང་ཡུལ་བྱོན་པར་ཞུ༔ དེ་ནས་སྔོན་གྱི་དམན་ཕྲུག་གསུམ་བཞེངས་པའི༔ མཆོད་རྟེན་བྱ་རུང་ཁ་ཤོར་དྲུང་དུ་ཕྱིན༔ གསེར་ཕྱེ་སྤར་གང་ཕུལ་ནས་སྨོན་ལམ་བཏབ༔ ཨེ་མ༔ རྒྱལ་བའི་ཞིང་ཁམས་ཁྱད་འཕགས་བལ་པོའི་ཡུལ༔ སེམས་ཅན་ཀུན་གྱི་མགོན་གྱུར་ཆོས་སྐུའི་གདུང་༔ བསྐལ་པ་རྒྱ་མཚོར་སྲིད་པའི་མཚོ་སྒྲོལ་དོན༔ ཆོས་ཀྱི་བླ་རུ་བརྟན་པར་བཞུགས་ནས་སུ༔ འགྲོ་ཀུན་ཐར་གླིང་མཆོག་སྐྱེལ་མ་འདོས་ཀུན༔ རྟེན་གསུམ་ཁྱེད་ཀྱིས་འདྲེན་པའི་མཐུ་ལྡན་ཤོག༔ ཅེས་གསུངས་མཆོད་རྟེན་འོད་ཟེར་བྱེ་བ་སྤྲོས༔ འཇའ་ཚོན་བཀྲ་བའི་དབུས་ནས་མཁན་སློབ་ཆོས༔ མཁའ་འགྲོའི་མ་ཚོགས་སྐོར་ནག་འདི་ལྟར་གསུངས༔ ཀྱེ་མ༔ ཉོན་དང་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ ཚུལ་ཁྲིམས་ལུས་ལྡན་བཟོད་ཅིང་ཁྲོ་བ་མེད༔ སྦྱིན་པས་ཀུན་ཚིམས་བརྩོན་འགྲུས་མཐའ་རུ་ཕྱིན༔ བསམ་གཏན་ངང་གནས་ཤེས་རབ་ཕ་རོལ་ཕྱིན༔ ཡུན་དུ་མ་འཁྱལ་དགོས་པའི་དཔའ་བོ་ཁྲིད༔ བོད་ཀྱི་ཡུལ་བགྲོད་གསང་སྔགས་ལམ་སྒོ་འབྱེད༔ ཅེས་པའི་ལུང་བསྟན་མི་སྣང་བ་རུ་གྱུར༔ ཉུལ་མ་གང་དུ་སོང་ཡང་མ་མཐོང་མཐར༔ ཚོང་དུས་གྲོང་ཁྱེར་ཆེན་པོ་ཞིག་གི་འགྲམ༔ ཡར་ལ་ཕྱིན་ཚེ་བུ་ཆུང་མཛེས་པ་ཞིག༔ ཡིད་དུ་འོང་ཞིང་ཤ་མཚན་དཀར་དམར་སྣུམ༔ དུང་སོ་འགྲིགས་ཤིང་མཆེ་བཞི་དུང་དཀར་འཁྱིལ༔ མིག་བཀྲག་མིག་རྩ་དམར་ཞིང་ཤངས་རྩེ་རྣོ༔ སྨིན་མ་སྔོ་ལ་སྐྲ་རྣམས་གཡས་སུ་འཁྱིལ༔ རྐང་ལག་སོར་མོ་ངང་པའི་སྡེར་ལྟར་འབྲེལ༔ མཚོ་རྒྱལ་དྲུང་དུ་རྒྱུག་ཐབས་ཚུལ་དུ་བྱུང་༔ མ་ཇོ་གང་བྱོན་ང་ཉིད་མི་བསླུའམ༔ ཞེས་ཟེར་དེ་ལ་མོ་ཡི་ལན་སྨྲས་པ༔ ཨ་ཧོ༔ ཉོན་དང་དཔའ་བོ་གཞོན་ནུ་ཡིད་འཕྲོག་པ༔ ང་ནི་པདྨ་འབྱུང་གནས་མ་ཇོ་ལགས༔ ཡུལ་ནི་གངས་ཅན་བོད་ཀྱི་ཡུལ་ནས་འོང་༔ ཁྱོད་ནི་ཡུལ་གང་འདི་རུ་ཅི་བྱར་སྡད༔ མིང་ནི་ཇི་སྐད་བྱ་བ་འདོགས་པ་ཡིན༔ ཞེས་དྲིས་དེ་ལ་བུ་གི་ལན་སྨྲས་པ༔ ང་ནི་རྒྱ་གར་གསེར་གླིང་གྲོང་ནས་ཡིན༔ མུ་སྟེགས་ཞིག་གིས་ཕ་མས་མ་མཐོང་རྐུས༔ གྲོང་ཁྱེར་འདི་རུ་མི་ཡི་ཁོལ་པོར་བཙོང་༔ ཕ་མས་མིང་ནི་ཨརྱ་ས་ལེར་བཏགས༔ གཡོག་ཏུ་འདུག་ནས་ལོ་ངོ་བདུན་སོང་ལགས༔ ཞེས་ཟེར་ཚོང་དུས་མགྲོན་པོ་ཐམས་ཅད་ཀྱིས༔ མ་ཇོར་ཡིད་ཆགས་རེ་ཞིག་ལུས་ནས་སོང་༔ སླར་སྨྲས་མ་ཇོ་ཁྱོད་ཀྱི་གསུངས་ཤིག་ཕྱུང་༔ ཞེས་ཟེར་མ་ཇོས་དབྱངས་ཀྱིས་འདི་སྐད་གསུངས༔ ན་མོ་གུ་རུ་རཏྞ་པདྨ་ཧྲཱི༔ དཔལ་ཀུན་ཏུ་བཟང་དང་དབྱེར་མེད་པ༔ ཕ་བླ་མ་པདྨ་འབྱུང་གནས་མཁྱེན༔ སྐུ་སྐྱེ་འཆི་མི་མངའ་རྡོ་རྗེ་ལུས༔ གནས་འོག་མིན་བཟང་ཏི་སྒྲོ་བྲག་ན༔ ཕས་ཐུགས་རྗེའི་བསྐུལ་བའི་མཁའ་འགྲོ་མ༔ ཡུལ་སྣང་བའི་དྭངས་སྤྲོ་བལ་པོའི་ཡུལ༔ རྐྱེན་བདེ་དང་ལྡན་པ་གང་འབྲེལ་བ༔ ལས་ཨརྱ་ས་ལེ་དོན་དུ་གཉེན༔ བུ་ཁོ་མོའི་བསམ་པ་ཆོས་ལ་ཕེབས༔ མ་ཡེ་ཤེས་མཚོ་རྒྱལ་མ་ལེགས་སམ༔ ཞེས་གསུངས་འདུས་པ་ཐམས་ཅད་དབྱངས་ལ་ཉན༔ ཀུན་གྱིས་དབྱངས་སྙན་མཁའ་འགྲོ་ཞེས་སུ་སྒྲོགས༔ དེ་ནས་ཨརྱ་ས་ལེའི་གནས་ཚང་བྱིན༔ དེ་ལ་གནས་ཀྱི་ཕྱི་སྒོའི་ནང་དུ་བཞག༔ ཁྱོད་ནི་གང་ཡིན་འདི་རུ་ཅི་བྱར་འོང་༔ ཞེས་ཟེར་མ་ཇོས་ལོ་རྒྱུས་ཐམས་ཅད་བཤད༔ ང་ལ་གུ་རུ་པདྨ་སམ་བྷ་ཝས༔ ཁྱོད་ཚང་ཨ་ཙ་ར་འདི་བསླུ་རུ་བཏང་༔ མི་ནོར་སྙིང་ཁར་སྨེ་བ་དམར་པོ་ཡོད༔ བསླུ་རུ་བཏང་ན་དགའ་བ་མ་ཡིན་ནམ༔ ཞེས་བརྗོད་ཨརྱ་ས་ལེ་ཁོལ་པ་ཡིན༔ རང་གི་བུ་དང་འདྲ་བར་འདུག་པས་ན༔ རིན་པ་གསེར་མང་ཡོད་ཀྱང་བསླུར་མི་གཏོང་༔ ཁྱོད་རང་འདོད་པ་ཡོད་ན་ལྷན་དུ་འཇོག༔ གཉིས་ཀ་ང་ཡི་གཡོག་ཏུ་བཀོལ་བས་ཆོག༔ ཅེས་ཟེར་མ་ཇོས་དེ་ལ་ལན་སྨྲས་པ༔ ཉི་མའི་དཀྱིལ་འཁོར་གར་བཞུགས་མུན་པ་མེད༔ ཡིད་བཞིན་ནོར་བུ་གར་ཡོད་འདོད་དགུ་འབྱུང་༔ མངོན་གྱུར་འབྲས་བུ་ས་ལེ་དགོས་པ་མེད༔ ལམ་གྱི་གྲོགས་ལ་ས་ལེ་དགོས་པ་ཡོད༔ དེས་ན་ཅིས་ཀྱང་བདག་གི་བསླུ་བ་ཡིན༔ ཞེས་གསུངས་གནས་ཚང་ཕ་བུ་མ་སོགས་ཀྱིས༔ མ་ཇོའི་དབྱངས་སྙན་ཡིད་ཤོར་ནང་དུ་ཁྲིད༔ བཟའ་བ་ཕུན་སུམ་ཚོགས་པ་དྲངས་ནས་སུ༔ ཁྱིམ་བདག་མོ་དེ་ན་རེ་མ་ཇོ་ཁྱོད༔ ཨ་ཙ་ར་འདི་བསླུས་ནས་ཁྱོ་བྱེད་དམ༔ ཡང་ན་ཅི་བྱེད་ཁྱོད་ལ་འདོད་པ་དེ༔ བུད་མེད་རིགས་བཙུན་ཡིད་ཆགས་འདུག་པ་ན༔ ང་ཡི་བུ་དང་ལྷན་ཅིག་བཞག་པས་ཆོག༔ ཅེས་ཟེར་དེ་ལ་མ་ཇོས་ལན་སྨྲས་པ༔ ཨ་ཙ་ར་འདི་གུ་རུ་པདྨའི་ལུང་༔ སེ་ཞིག་མཁོ་བས་རིན་པ་གསེར་ཕྱེ་ཡོད༔ མོ་དེ་ན་རེ་གསེར་ནི་ཅི་ཙམ་ཡོད༔ འདི་ཉིད་ཚུར་ཉོས་གསེར་སྲང་ལྔ་བརྒྱ་སྤྲད༔ ད་ནི་དེ་ཡིས་མི་ཚད་ཉིས་འགྱུར་ཡིན༔ ཞེས་ཟེར་མ་ཇོས་གསེར་ནི་གང་དགོས་ཕུལ༔ འདི་ནི་ང་ལ་ཅིས་ཀྱང་བསླུ་ཁ་དགོས༔ གསེར་སྲང་ལྔ་བརྒྱ་ཅི་སྨོས་བརྒྱ་ཡང་མེད༔ བསླུ་ནི་བཏང་ཡང་གསེར་ནི་མ་ཡིག་མི་གསལ༔ གསེར་འདིས་ལག་པ་ཙམ་ཡང་བསླུར་མི་གཏུབ༔ གསེར་ནི་རྒྱ་ཆུང་ཅི་དྲག་བསམ་པའི་སྐབས༔ ཡུལ་དེར་གཡུལ་འཁྲུགས་ཆེན་པོ་ཞིག་ཡོད་པ༔ མ་ཡིག་མི་གསལ་ཁྱེར་དེ་ལས་ལྷག་མེད་ཕྱུག་བདག་གཅིག༔ དེད་དཔོན་དྷ་ན་ཨ་ཡུ་བྱ་བ་ལ༔ བུ་གཅིག་ན་གི་ནི་ཞེས་ལོ་ཉི་ཤུ༔ བསད་ནས་ཤི་རོ་ཕ་མས་ཁྱིམ་དུ་དྲངས༔ མ་ཡིག་མི་གསལ་སྟ་མང་པོ་བྱེད་ཅིང་མཆོད་སྦྱིན་བཏང་༔ ཕ་མ་གཉིས་ནི་ཉིན་མཚན་མྱ་ངན་ནོན༔ བུ་རོ་གཏོར་དང་ཕ་མ་མཉམ་གཏོར་བྱེད༔ ཞེས་ཟེར་འདུག་པ་མ་ཇོའི་སྙན་དུ་གསན༔ བཟའ་མི་གཉིས་ལ་མཚོ་རྒྱལ་སྙིང་རྗེ་སྐྱེས༔ དྲུང་དུ་བྱོན་ནས་ཁྱོད་གཉིས་སེམས་ནད་ཆེ༔ ང་ཡིས་ཨ་ཙ་ས་ལེ་བྱ་བ་དེ༔ བསླུ་ཆེད་གསེར་སྲང་མང་དགོས་འབུལ་བ་ན༔ ང་ཡིས་ཁྱོད་ཀྱི་བུ་འདི་སོས་པར་བྱ༔ ཞེས་གསུངས་བཟའ་མི་གཉིས་ནི་དགའ་ཞིང་སྤྲོ༔ ང་ཡི་བུ་འདི་ད་ལྟར་སློང་བྱུང་ན༔ ཨ་ཙར་ལྟ་ཞོག་རྒྱལ་པོའི་བུ་བསླུ་ཡང་༔ རིན་པ་ཀ་ཅ་འབུལ་བ་ཕྱེད་བགོས་བྱེད༔ གསེར་ནི་ལྔ་བརྒྱ་ལྷག་པའི་ཡོན་འབུལ་ཞུས༔ བུ་ཡི་རོ་དེ་དེར་དཀར་སྟེང་དུ་བཞག༔ མཚོ་རྒྱལ་ཞལ་ནས་ཚངས་པའི་དབྱངས་རིང་གིས༔ ཨོཾ་ཨཱ་ཧཱུཾ༔ བཛྲ་གུ་རུ་པདྨ་སརྦ་སིདྡྷི་ཧཱུྃ༔ ང་གསང་སྔགས་གྲུབ་པའི་རྣལ་འབྱོར་མ༔ གཞི་འཁྲུལ་བྲལ་ཀ་དག་ཀུན་ཏུ་བཟང་༔ ལམ་རྩལ་སྣང་མ་འགག་ལྷུན་གྱིས་གྲུབ༔ འབྲས་འོད་གསལ་ཅིར་ཡང་སྤྲུལ་སྐུ་བྱོན༔ ཕ་བླ་མ་པདྨའི་ཐུགས་རྗེ་ཡིན༔ སྐྱེ་འཆི་བ་གཉིས་ལ་རང་དབང་ཐོབ༔ འཕྲལ་རྐྱེན་ངན་དབང་དུ་མི་བཏང་ངོ་༔ དམག་དེད་དཔོན་དྷ་ན་ཨ་ཡཱུ་ཁྱོད༔ བུ་ལས་ཟད་ཚེ་ཐུང་ན་གི་ནི༔ མ་འཁོར་བའི་སྐྱེ་ཤི་གཞི་མ་གསུམ༔ ལས་སྡུག་བསྔལ་མནར་བ་སྙིང་རེ་རྗེ༔ བུ་ད་རུང་ཡུད་ཙམ་ཕྱིར་ལ་ཤོག༔ འདིར་ཕ་མ་ཡུད་ཙམ་འཕྲེང་བར་འདུག༔ མ་ཡེ་ཤེས་མཚོ་རྒྱལ་གྲུབ་རྟགས་ཡིན༔ བསང་བགོས་པ་ནུས་པའི་ཁྱད་ཆོས་ཡིན༔ རྣམ་ཤེས་འགུགས་པ་ནུས་པའི་ཐུགས་རྗེ་ཡིན༔ ཤི་གསོན་བརྡ་ངོ་སྤྲད་པའི་ཡོན་ཏན་ཡིན༔ མི་རོ་གསོན་དུ་བསྒྱུར་བའི་གྲུབ་ཐོབ་ཡིན༔ ཡིན་ཡང་ཡིན་ལ་ཀུན་རྫོབ་བདེན་པ་བསྟན༔ མིན་ཀྱང་མིན་ལ་སྣང་སྲིད་སྒྱུ་མའི་དཔེ༔ གསོལ་པ་ཐོབ་དང་འཕྲལ་རྐྱེན་ངན་པ་སེལ༔ བོད་ཀྱི་མི་མོ་མཚོ་རྒྱལ་གནང་བ་ལགས༔ ཞེས་གསུངས་ཕྱག་གི་སྡིགས་མཛུབ་སྙིང་ཁར་གཏད༔ རོ་དེ་ཇེ་གསལ་ཇེ་བཀྲག་མདངས་འོད་བྱུང་༔ ཞལ་ཆབ་ཐིགས་པ་ཁ་ལ་བླུག་ཅིང་བསྔགས༔ རྣ་བར་ཨ་ཡཱུ་ཛྙ་ན་བཱུ་ཞེས་སྒྲོགས༔ གྲི་རྨ་གང་ཡོད་ཕྱག་གིས་བྱུགས་པས་སེལ༔ བུ་ཡང་སྔར་ལྟར་ཤེས་རིག་ཇེ་གྲུང་གསལ༔ ཐམས་ཅད་ཡིད་ཆེས་ངོ་མཚར་ཆེ་བར་གྱུར༔ ཕ་མ་གཉིས་ཀྱིས་མ་ཇོར་གུས་ཕྱག་འཚལ༔ བུ་ཡི་སྐེར་འཁྱུད་ངུས་ཤིང་འོ་ཡང་བྱེད༔ ཤི་གསོན་ངོ་འཕྲད་དགའ་སྤྲོ་ཆེན་པོ་ཚོར༔ གསེར་སྲང་སྟོང་ཕྲག་ས་ལེའི་གནས་ཚང་སྤྲད༔ ཨརྱ་ས་ལེ་བླུས་ནས་མ་ཇོར་ཕུལ༔ ཇོ་མོའི་སྙན་གྲགས་རྒྱལ་ཁམས་ཡོངས་ལ་ཁྱབ༔ ཤིང་ཀུན་རྒྱལ་པོས་སྤྱན་དྲངས་བསྙེན་བཀུར་འབུལ༔ ཡུན་དུ་མཆོད་གནས་བཞུགས་པའི་གསོལ་བཏབ་ཀྱང་༔ མ་གནང་ཡབ་ཡུམ་ཨེ་ཡི་གཙུག་ལག་བྱོན༔ གུ་རུའི་སློབ་བུ་བ་སུ་དྷ་ར་ཡིས༔ ཆོས་དང་གདམས་ངག་ཞུ་གནང་མང་དུ་ཕུལ༔ ཨ་སུ་ར་དང་ཡང་ལེ་ཕུག་ཏུ་བྱོན༔ ཤཱཀྱ་དྷེ་ཝ་མཇལ་ཏེ་ཕྱག་རྟེན་ཕུལ༔ ཀྱེ་ཧོ༔ གནས་དབྱིངས་ཆེན་བཀོད་པའི་དུར་ཁྲོད་ན༔ མ་མཁའ་འགྲོའི་དམ་ཚིག་ཉམས་མེད་ཅིང་༔ ལམ་རྟོགས་པའི་ཡེ་ཤེས་གཅིག་ཅར་པ༔ གཏན་གསང་སྔགས་དཔའ་པོ་དཔའ་མོའི་ཚོགས༔ དགོས་ཐབས་ཆེན་གུ་རུ་པདྨ་འབྱུང་༔ གྲོགས་ཐུགས་སུ་བྱོན་པའི་བུད་མེད་ལྔ༔ སྔགས་མཆེད་ལྕམ་གཅིག་པའི་ཤཱཀྱ་དྷེ༔ ང་བོན་མོ་ཡེ་ཤེས་མཚོ་རྒྱལ་མ༔ སེམས་དྲི་མེད་ཡིད་བཞིན་ནོར་བུ་ལ༔ རྩལ་འགགས་མེད་དགོས་འདོད་སྣ་ཚོགས་འབྱུང་༔ ཡིད་ཕྱོགས་མེད་མཆོད་ཅིང་སྦྱིན་པ་འགྱེད༔ ལུས་སྐྱོན་མེད་ཆུ་སྐྱེས་པདྨོ་ལ༔ གནས་འདོམ་མེད་དམ་ཚིག་ངོ་ལྐོག་བྲལ༔ དུས་ཉམས་མེད་གནས་ཤིང་ཚུལ་ཁྲིམས་སྲུང་༔ དགྲ་ཆགས་སྡང་ཕྱོགས་རིས་དགའ་སྡུག་མེད༔ རང་སེམས་ལ་རེ་དོགས་སྤང་བླང་བྲལ༔ དུས་བཟང་ངན་ཁྱོག་ཅིང་བཟོད་པ་བསྐྱེད༔ དགེ་འདུ་འབྲལ་མེད་པ་ཆུ་བོའི་རྒྱུན༔ ནམ་ཤུགས་འབྱུང་སྦྱང་རྩོལ་གཉིས་ལ་འབད༔ ཚེ་དར་གཅིག་འདའ་མེད་བརྩོན་འགྲུས་བྱེད༔ གནས་གདན་གཅིག་འཛིན་དུ་མེད་པ་ལ༔ ཉམས་རྟོགས་པ་གཡོ་མེད་གཉུག་མའི་འགྲོས༔ གང་བསྐྱེད་རྫོགས་ཟུང་འཇུག་བསམ་གཏན་དང་༔ དོན་ཐོས་པའི་ཡོན་ཏན་རྒྱུད་ལ་འབྱོར༔ ཉིན་མཚན་མེད་བསམ་པས་དཔྱད་བྱར་རྟོགས༔ ཐབས་ཕྱག་རྒྱ་བདེ་སྟོང་ཤེས་རབ་སྒོམ༔ ཕ་གུ་རུའི་མ་ཇོ་མཚོ་རྒྱལ་མ༔ གསང་ཐབས་ལམ་བརྟེན་པའི་ཨརྱ་བརྙེས༔ ཟབ་དམ་ཆོས་ཨ་ཏིའི་གདམས་ངག་ཞུ༔ ཞེས་ཞུས་བལ་མོ་ཤཱཀྱ་དྷེ་ཝ་མས༔ ཨེ་མ༔ ངོ་མཚར་སྐྱེ་མཆོག་རིགས་ཀྱི་མཚོ་རྒྱལ་ལགས༔ གུ་རུའི་ཐུགས་ཀྱི་མཆེད་གྲོགས་བྱོན་པ་ལེགས༔ ང་ལ་མན་ངག་མང་པོ་མི་བདོག་སྟེ༔ རྗེ་བཙུན་པདྨ་སམ་བྷའི་ཐུགས་རྗེས་ལས༔ སྐྱེ་དང་འཆི་ལ་དོགས་པའི་རྣལ་འབྱོར་མས༔ བསྐྱེད་དང་རྫོགས་པ་ཟུང་འཇུག་ཕྱག་ཆེན་བསྒོམ༔ འོད་གསལ་སྒྱུ་མ་འཕྲུལ་གྱི་མན་ངག་སྟེ༔ བར་དོ་ཞོན་པའི་མངའ་ཁ་སྟོང་པར་གྱུར༔ བལ་མོ་ཤཱཀྱ་དྷེ་ཝའི་མན་ངག་ལེགས༔ འཕོ་དང་གཤེགས་ལ་དོགས་པའི་རྣལ་འབྱོར་མས༔ སྲོག་རྩོལ་རླུང་ལ་བརྟེན་ནས་དྷཱུ་ཏིར་སྦྱངས༔ གཏུམ་མོ་ཨ་ཤད་འབར་འཛག་མན་ངག་སྟེ༔ འཕོ་དང་འཆི་བ་གཉིས་ལ་དོགས་པ་བྲལ༔ བལ་མོ་ཤཱཀྱ་དྷེ་ཝའི་མན་ངག་ལགས༔ ཉོན་མོངས་ལམ་དུ་ཁྱེར་པའི་རྣལ་འབྱོར་མས༔ འབས་ཤེས་ཐིག་ལེ་བརྟེན་ནས་བདེ་སྟོང་སྦྱངས༔ དགའ་བཞི་ཡེ་ཤེས་བསྐྱེད་པའི་མན་ངག་སྟེ༔ ཉོན་མོངས་དགྲ་དཔུང་ལངས་ཀྱང་དོགས་པ་བྲལ༔ བལ་མོ་ཤཱཀྱ་དྷེ་ཝའི་མན་ངག་ལགས༔ གཏི་མུག་གཉིད་ལ་དོགས་པའི་རྣལ་འབྱོར་མས༔ རྫོགས་པ་ཆེན་པོར་བརྟེན་ནས་རྨི་ལམ་སྦྱངས༔ འོད་གསལ་སྦུབས་སུ་བཅུག་པའི་མན་ངག་སྟེ༔ བསྐལ་བའི་མུན་པས་སྒྲིབ་ཀྱང་དོགས་པ་བྲལ༔ བལ་མོ་ཤཱཀྱ་དྷེ་ཝའི་མན་ངག་ལགས༔ ཆོས་ཉིད་རང་ལ་དོགས་པའི་རྣལ་འབྱོར་མས༔ སྒྲོན་མ་དྲུག་ལ་བརྟེན་ནས་འོད་གསལ་སྦྱངས༔ གདེངས་བཞི་ཚད་ལ་ཕེབས་པའི་མན་ངག་སྟེ༔ སངས་རྒྱས་དགྲ་རུ་ལྡང་ཡང་དོགས་པ་བྲལ༔ བལ་མོ་ཤཱཀྱ་དྷེ་ཝའི་ངན་ངག་ཡིན༔ ད་ནི་རྒྱུ་འབྲས་ས་ལམ་མི་རྩི་བར༔ སྐད་ཅིག་མངོན་པར་རྫོགས་སངས་རྒྱས་དེ་འགྲུབ༔ འབྲས་བུ་བླ་མེད་མཆོག་ཏུ་ངོ་མཚར་ཆེ༔ ཞེས་གསུངས་གདམས་ངག་མང་པོ་གསན་གནང་མཛད༔ སླར་ཡང་བོད་ཀྱི་ཡུལ་དུ་སྐུ་བསྐྱོད་ཅིང་༔ ཨརྱ་ས་ལེ་ཡེ་ཤེས་སྐུ་རུ་བཞུགས༔ ཨོ་རྒྱན་རྗེ་འབངས་ཉི་ཤུ་རྩ་ལྔ་ཡིས༔ གསང་སྔགས་ཟབ་ལམ་གྲུབ་པ་ཐོབ་པ་ལས༔ འགྲན་གྱི་ཟླ་མེད་བོད་མོ་མཁར་ཆེན་བཟའ༔ སྐད་ཅིག་གཅིག་ལ་སྤྲུལ་པ་བྱེ་བ་འགྱེད༔ ལྷ་འདྲེ་བཀུག་ཅིང་བྲན་འཁོར་ལས་ལ་མངག༔ མཁའ་འགྲོ་རྒྱ་མཚོའི་མཆོག་ཐུན་དངོས་གྲུབ་སྟེར༔ ཁྱད་པར་ཤི་བའི་མི་རོ་གསོན་དུ་བསྒྱུར༔ རྫུ་འཕྲུལ་རྩལ་ལྡན་ཡེ་ཤེས་མཚོ་རྒྱལ་མ༔ མངའ་བདག་རྒྱལ་པོས་འཇམ་དཔལ་མངོན་སུམ་མཇལ༔ ནམ་མཁའི་སྙིང་པོ་མཁའ་ལ་གོམ་པས་བསྐྱོད༔ སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་བཏབ༔ རྡོ་རྗེ་བདུད་འཇོམས་རྒྱ་མཚོ་མཁའ་ལ་ཁྲིད༔ སྐ་བ་དཔལ་བརྩེགས་མཁའ་ལ་མཛུབ་རིས་བྲི༔ ཤུད་བུ་དཔལ་སེང་ཆུ་ལ་གོམ་པས་བགྲོད༔ དཀོན་མཆོག་འབྱུང་གནས་ཐོག་རྒོད་ནམ་འདོད་འཕེན༔ རྒྱལ་བ་བློ་གྲོས་ས་རྡོ་གསེར་དུ་བསྒྱུར༔ རྨ་ཐོག་རིན་ཆེན་ཕ་བོང་ཟན་ལྟར་བཟའ༔ ལྡན་མ་རྩེ་མང་ཕག་མོ་ལྷ་ཞལ་མཇལ༔ དཔལ་གྱི་རྡོ་རྗེ་རི་བྲག་ཟང་ཐལ་བྱོན༔ རྒྱལ་བ་མཆོག་དབྱངས་རྟ་ཞལ་སྤྱི་བོར་བསྟན༔ འབྲོག་མི་དཔལ་སེང་ལྷོ་མོན་སྙེ་མ་ལེན༔ དཔལ་གྱི་དབང་ཕྱུག་བདུད་སྲིན་མོག་དགུ་བསྒྲལ༔ སོག་པོ་ལྷ་དཔལ་གཅན་ཟན་གཉའ་ནས་འཛིན༔ རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་དབང་ཕྱུག་ཉི་མའི་ཟེར་ལ་འཇུ༔ ཛྙཱ་ན་ཀུ་མས་ཆུ་བོ་གྱེན་དུ་བཟློག༔ དཔལ་གྱི་སེང་གེས་སྡེ་བརྒྱད་བྲན་ལྟར་བཀོལ༔ དྲན་པ་ནམ་མཁའ་བྱང་ནས་གཡག་རྒོད་འགུག༔ འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ༔ ཁྱེའུ་ཆུང་ལོ་ཙཱས་བྲག་ལ་ཆུ་མིག་བཏོན༔ ཀླུ་ཡི་རྒྱལ་མཚན་སྐད་རིགས་དུ་མ་མཁྱེན༔ བཻ་རོ་ཙ་ན་རྫུ་འཕྲུལ་རང་དབང་ཐོབ༔ དེ་ལྟར་གྲུབ་པའི་རྗེ་འབངས་ཉི་ཤུ་ལྔས༔ མཆོག་ཐུན་གཉིས་ཀྱི་གྲུབ་པ་མངོན་སུམ་ཐོབ༔ བཻ་རོ་ཙ་ན་དྲན་པ་ནམ་མཁའ་དང་༔ ཀླུ་ཡི་རྒྱལ་མཚན་བོན་ཆོས་དབྱེར་མེད་སྦྱོང་༔ བསམ་ཡས་གནས་སུ་བོན་ཆོས་དབྱེར་མེད་པའི༔ སངས་རྒྱས་བསྟན་པ་ཤིན་ཏུ་རྒྱས་པར་གྱུར༔ དེ་ཡང་སྔོན་གྱི་ལས་དབང་ལོ་ཙཱ་ཕལ༔ བོན་འདི་མ་ནུབ་ཆོས་འདི་མི་དར་བས༔ བཻ་རོ་ཙ་ན་ཆོས་ཀྱི་ཕུང་པོ་ཆེ༔ ཆོས་རྒྱལ་བཀུར་ཡང་ཆོས་འདི་དར་དཀའ་དགོངས༔ ལོ་ཙཱ་ཆེ་ཆུང་རྒྱ་གར་ཕྱིན་ནས་སུ༔ དཀའ་བ་སྤྱད་ཅིང་དམ་ཆོས་འདྲ་འདྲ་བླངས༔ བཻ་རོས་བོན་ཆོས་ཁྱད་མེད་ཟེར་བ་ལ༔ རྒྱལ་པོས་དམ་བླང་འདི་ནི་མི་འཐད་རིགས༔ བཙུན་མོ་དམར་རྒྱན་ཆགས་པ་ཆེ་བས་ན༔ བཻ་རོ་ཙ་ན་ཅི་ལྟས་ཅི་རུ་མཛེས༔ གསང་སྔགས་གྲོགས་ནི་བུད་མེད་ཡིན་པ་ན༔ ཆགས་ལམ་བདེ་བའི་དཀྱིལ་འཁོར་སྟོན་ལ་གདུང་༔ རྒྱ་གར་རྒྱལ་པོ་ཆོས་ལ་ཕྲག་དོག་པས༔ ལོ་ཙཱ་རྗེས་སོང་ཡུན་རིང་ཆོས་མ་རྙེད༔ ཐ་མར་མུ་སྟེགས་སྟོན་པ་རྣམས་དང་ཐུག༔ བོད་ཁམས་གནོད་པའི་ལོག་ཆོས་འཁྱེར་ཞེས་སྤྲིངས༔ ཡི་གེ་གུ་རུ་ཡབ་ཡུམ་མདུན་ཕུལ་བས༔ བཻ་རོ་ཚ་བ་རོང་དུ་འགྲོ་དོན་ཆོད༔ སྔོན་གྱི་སྨོན་ལམ་ཡོད་པས་ཅང་མ་གསུངས༔ ལོ་ཙཱ་མཁན་པོ་སོགས་ལ་སྟོན་ཞེས་གསུངས༔ མཁན་པོ་བོད་ཀྱིས་ས་མཐར་སྤྱུགས་པས་ལན༔ ཐོས་ཆུང་ལོ་ཙཱས་ཆོས་ཕུགས་མ་ཆོད་ལན༔ བཙུན་མོ་དམར་རྒྱན་ཆགས་པ་ཆེ་བས་ལན༔ རྒྱ་གར་རྒྱལ་པོ་ཆོས་ལ་ཕྲག་དོག་ལན༔ རྗེ་ཅིག་བསླུ་ཁ་ཅུང་ཟད་ཡང་བས་ལན༔ གཡུང་དྲུང་བོན་ལ་དར་ནུབ་བབས་པས་ལན༔ མང་ཁ་གཟེ་མཆུ་བསྟན་པའི་བཀྲུགས་ཤིང་གིས༔ ལོ་ཆེན་རྒྱ་བོད་ཞང་གསུམ་ཀུན་གྲགས་པ༔ བཀའ་གསང་རབ་འབྱམས་འབྱེད་པའི་ལྡེ་མིག་དེ༔ རྒྱལ་མོ་ལྷོ་ཡི་ཚ་བ་རོང་དུ་སྤྱུགས༔ སྔོན་གྱི་ལས་འཕྲོ་ཆོས་ལ་ཡོད་ན་ཡང་༔ ད་དུང་མཐའ་འཁོབ་མི་ཡི་ཆོས་མི་གོ༔ དང་པོ་སྐུ་བསྐྱོད་སེང་གེ་བྲག་དཀར་བྱོན༔ ཡང་དག་བླ་མེད་ཐུགས་ཀྱི་དཀྱིལ་འཁོར་བསྒྲུབ༔ བྲག་རི་བདུད་སྲིན་ནག་མོ་ཁྲོས་འདྲ་ལ༔ འཇིགས་བྱེད་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བསྒྲུབས༔ གངས་རི་ལྷུན་པོ་ཕྱེ་མར་སྤུངས་འདྲ་ལ༔ ཐུགས་རྗེ་ཆེན་པོ་རྒྱལ་བ་འདུས་པ་བསྒྲུབས༔ གསེར་བྲག་ཉི་ཟེར་ཤར་འདྲའི་རི་བོ་ལ༔ མཁའ་འགྲོ་རྒྱ་མཚོ་འདུས་པའི་དཀྱིལ་འཁོར་བསྒྲུབས༔ མཚོ་མོ་གསེར་ཉ་ཁ་སྤྲོད་འདྲ་བ་ལ༔ འཕགས་པ་ཀླུ་དབང་རྒྱལ་པོའི་དཀྱིལ་འཁོར་བསྒྲུབས༔ བྲག་རི་ཁྲབ་ཆེན་གྱོན་པ་འདྲ་བའི་རིར༔ རྡོ་རྗེ་ཕག་མོའི་གསང་སྒྲུབ་ཆེན་མོ་མཛད༔ དེ་ཚེ་ཡུལ་གྱི་རྔོན་པ་རྣམས་ཀྱིས་མཐོང་༔ མཐོང་མ་མྱོང་བ་སུ་དང་མི་འདྲ་འདི༔ ཁྲིད་ནས་མདོ་ཞིག་རྒྱལ་པོར་ཞུ་འོས་ཟེར༔ བཻ་རོས་དེ་རྣམས་རྗེས་སུ་སླེབ་པར་བྱོན༔ གྲོང་ཁྱེར་ཆེན་པོའི་ནང་དུ་ཕྱིན་པའི་ཚེ༔ ཀུན་གྱི་མཐོང་མ་མྱོང་བའི་སྤྱི་ཟླུམ་ཟེར༔ རེ་འགས་བྲིད་དང་རེ་འགས་སྡིག་པར་བྱེད༔ ལས་ངན་རྣམས་ཀྱིས་ཤིག་དོང་གཅེར་བུར་འཕང་༔ མི་ཤིག་ར་ཤིག་འཇང་ཤིག་སྦྲང་མ་སོགས༔ ཁྲག་འཐུང་རྣམས་ཀྱིས་བཻ་རོའི་སྐུ་ལ་ཟོས༔ སྙིང་རྗེ་བསྐྱེད་ཅིང་བཟོད་པས་ཤིག་མ་ཚུགས༔ ནང་པར་བལྟར་སོང་བཻ་རོ་སྔར་ལྟར་བཞུགས༔ སྔོན་ཚེ་དགེ་སློང་པུཎྱེེའི་སྐྱེ་བཞེས་དུས༔ ཆོས་གོས་ཤིག་བྱུང་ཉི་ཚན་བཀབ་པའི་ལས༔ བག་སྒྲིབ་རྣམ་སྨིན་བྱང་བར་གྱུར་ཅིག་གསུངས༔ ཀུན་ཀྱིས་དགེ་སློང་པུཎྱེེ་ཡིན་པར་ཐོས༔ རེ་འགས་བོད་ཀྱི་སྤྱི་ཟླུམ་ཉེས་ཆེ་ཟེར༔ རྡོ་དང་དབྱུགས་པས་རྡུངས་ཤིང་ཐུར་དུ་དེད་༔ འབྲུ་ལྡན་ཆུ་བོ་ཆེན་པོའི་རྒྱུད་དུ་སྤྱུགས༔ ཀྱེ་མ་ལོག་པར་ལྟ་བའི་ཡུལ་ཁམས་འདིར༔ མཁའ་འགྲོའི་བཀའ་ཆད་དྲག་པོ་མ་བཏང་ན༔ ཚ་རོང་གདུལ་དཀའི་འགྲོ་དོན་མི་འབྱུང་འདྲ༔ ཞེས་གསུངས་བུམ་སེང་ཞིང་ཁམས་ཕྱོགས་སུ་བྱོན༔ མཁའ་འགྲོ་ཁྲོས་ནས་མ་དགའ་དུག་མཚོ་ལུད༔ ནག་ཕྱོགས་གྲོང་ཁྱེར་སྐྱེ་འགྲོ་ཐམས་ཅད་འཇིགས༔ བཻ་རོས་དེ་ཙམ་དེ་ལ་བབ་འོས་གསུངས༔ ཀུན་གྱིས་ལོག་པ་མ་བྱེད་བསྡིག་འོང་ཟེར༔ མདོ་ཞིག་ཞིང་ཁམས་ཕྱིན་ཚེ་འཕྲང་སྲུང་ཐུག༔ གདུག་པ་ཞིག་གི་མ་བཏང་རྒྱལ་ལ་ཞུས༔ རྒྱལ་པོས་ཟུངས་ལ་མདུན་དུ་ཁྲིད་ཤོག་གསུངས༔ འཕྲང་སྲུང་རྣམས་ཀྱིས་བཟུང་ནས་རྒྱལ་མདུན་ཁྲིད༔ མདོ་ཞིག་རྒྱལ་པོས་བོད་ཀྱི་སྤྱི་ཟླུམ་ཁྱོད༔ གར་འགྲོ་སུ་ཡིན་ཡོང་དོན་ཅི་ལྟ་བུ༔ དྲིས་པས་བཻ་རོའི་ཞལ་ནས་འདི་སྐད་གསུངས༔ ཀྱཻ༔ ཞིང་ཁམས་དབང་བསྒྱུར་རྒྱལ་པོ་ཆེན་པོ་ལགས༔ བདག་ནི་བ་གོར་བཻ་རོ་ཙ་ན་ཡིན༔ བོད་ཡུལ་ཞིང་ཁམས་བད་རྒྱལ་མཆོད་གནས་ཏེ༔ སྔོན་གྱི་སྨོན་ལམ་དབང་གིས་ཞིང་འདིར་ཕྱིན༔ དེ་ལ་མདོ་ཞིག་རྒྱལ་པོས་ལན་སྨྲས་པ༔ ཀྱེེ༔ བོད་ཀྱི་བན་དྷེ་ཁྱོད་ཀྱི་ཅི་མི་ཟེར༔ ཁྲི་སྲོང་ལྡེའུ་བཙན་མི་དགེ་སྣ་ཚོགས་སྤྱོད༔ ཞང་ཞུང་ཡུལ་གྱི་རྒྱལ་པོ་གཡོ་ཡིས་ཕབ༔ བུད་མེད་ན་གཞོན་ཐམས་ཅད་ཆུང་མར་འཇོག༔ རྒྱ་གར་ལྷ་མཆོད་སྲུང་མ་ཐེའུ་རང་བརྟེན༔ མཆོད་གནས་ཁྱོད་མིན་འདི་ན་ཡོང་ཉེས་ཆེ༔ ཞེས་གསུངས་བཱེེ་རོ་གཡུ་ཏི་སྦལ་དོང་འཕང་༔ ཞག་གསུམ་མཚམས་ནས་ཡབ་སྲས་གཟིགས་སུ་བྱོན༔ བཱེེ་རོ་ཙ་ན་མི་གཡོ་མཉམ་བཞག་བཞུགས༔ སྦལ་བའི་ཚོགས་ཀྱིས་བཱེེ་རོར་ཕྱག་སྐོར་བྱེད༔ ལུས་ལ་སྤུ་ཉག་ཙམ་ཡང་གནོད་མ་བསྐྱལ༔ མདོ་ཞིག་རྒྱལ་པོས་འདི་ནི་ལོག་པ་ཅན༔ བོད་ཀྱི་རྒྱལ་པོས་གཡོ་ཐབས་ཉམས་ཚད་བཏང་༔ སྦལ་དོང་ནས་བྱུང་མདོ་ཞིག་ཆུར་འབང་ཟེར༔ ཆུ་བདག་ཀླུ་དབང་རྣམས་ཀྱིས་པདྨར་བཏིང་༔ བཱེེ་རོའི་སྐུ་ལ་འཇའ་འོད་འཕྲོས་ཏེ་བཞུགས༔ མདོ་ཞིག་ཡབ་སྲས་སེམས་ལ་ངེས་ཤེས་སྐྱེས༔ འདི་ལ་གང་གིས་གནོད་པ་མི་ཚུགས་པ༔ སངས་རྒྱས་དངོས་སུ་བྱོན་པ་ཡིན་སྙམ་འགྱོད༔ ཕྱག་འཚལ་ཐལ་མོ་སྦྱར་ནས་འདི་སྐད་ཞུས༔ ཀྱེེ༔ སངས་རྒྱས་ཐུགས་རྗེ་འགྲོ་བའི་དོན་ལ་བྱོན༔ མ་རིག་ལོག་པས་སྐུ་ལ་བསྡོ་བ་བཤགས༔ མཐའ་འཁོབ་དགེ་མེད་མུན་པའི་རྒྱལ་པོ་ལ༔ ཐུགས་རྗེས་ཟུངས་ལ་དམ་ཆོས་བསྟན་དུ་གསོལ༔ བཻ་རོས་གདུལ་བྱར་གཟིགས་ཤིང་འདི་སྐད་གསུངས༔ ཀྱེེ༔ མདོ་ཞིག་རྒྱལ་པོ་ཡབ་སྲས་ཅུང་གསོན་ལགས༔ སྐྱེ་བ་སྔོན་ཚེ་ཞིང་འདིའི་འོལ་བར་སྐྱེས༔ སྦལ་སྦྲུལ་མང་ཟོས་དེ་ཡི་ལན་ཆགས་སྨིན༔ སྐྱེ་བ་འདི་སྔོན་ཞིང་འདིའི་དྲང་སྲོང་སྐྱེས༔ ཀླུ་རྣམས་མཆོད་པས་ཆེ་བ་དུས་འདིར་ཕྱུང་༔ མདོ་ཞིག་རྒྱལ་པོ་མ་རིག་ང་རྒྱལ་ཆེ༔ གདུལ་དཀའ་སེམས་ཅན་ཐབས་ཀྱིས་མ་འདུལ་ན༔ སྐྱེ་བོ་དྲེགས་པ་ཅན་རྣམས་གྲོལ་བར་དཀའ༔ སྐྱེ་བ་འདི་སྔོན་སྟག་གཟིག་རྒྱ་གར་དང་༔ ཨོ་རྒྱན་ཟ་ཧོར་བལ་པོ་རྒྱ་ནག་སོགས༔ གང་འདུལ་འགྲོ་དོན་མཛད་ཅིང་བོད་ཡུལ་སྐྱེས༔ ཞང་ཞུང་ཡུལ་དུ་གཡུང་དྲུང་བོན་ལ་སྦྱང་༔ རྒྱ་གར་ཡུལ་དུ་དམ་པའི་ཆོས་སྒོར་ཞུགས༔ བོད་ཀྱི་ཡུལ་དུ་རྒྱལ་པོའི་མཆོད་གནས་བཀུར༔ ད་ལྟར་ཚ་བ་མདོ་ཞིག་ཡུལ་དུ་བབ༔ རྒྱལ་པོ་ཁྱོད་ཀྱི་རེ་སྐོང་སྨོན་ལམ་ཡོད༔ ཞེས་གསུངས་བར་སྣང་ཁམས་སུ་སྐྱིལ་ཀྲུང་བཞུགས༔ མཁའ་ལ་བྱ་དང་ཆུ་ལ་ཉ་ལྟར་འཕྱོ༔ བྲག་དམར་ཟང་ཐལ་བྱོན་པས་ངོ་མཚར་སྐྱེས༔ མདོ་ཞིག་རྒྱལ་པོས་ཕོ་བྲང་གདན་དྲངས་གཤེགས༔ རིན་ཆེན་ཁྲིར་བཞུགས་དར་གོས་ན་བཟའ་གསོལ༔ ཞལ་ཟས་མཆོད་པའི་རྣམ་གྲངས་རྒྱ་ཆེར་ཕུལ༔ དེ་ནས་རྒྱལ་པོས་རིན་ཆེན་ཐོགས་ནས་ཞུས༔ ཀྱེེ༔ སངས་རྒྱས་ཀུན་གྱི་ཐུགས་དང་དབྱེར་མེད་པ༔ བཱེེ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་ལོ༔ མ་རིག་དབང་གྱུར་ཉེས་སྒྲིབ་བསགས་པ་བཤགས༔ སྨོན་ལམ་དུས་བབ་སངས་རྒྱས་གདུལ་བྱར་གྱུར༔ མཐའ་འཁོབ་མི་ཡི་དགེ་སྡིག་ངོ་མ་ཤེས༔ སློབ་དཔོན་ཐུགས་ཀྱིས་མ་ཁྲེལ་ཅི་གསུངས་སྒྲུབ༔ མུན་པའི་སྒྲོན་མེར་གནས་འདིར་རྒྱུན་དུ་བཞུགས༔ བདག་གི་ལུས་སྲོག་རྒྱལ་སྲིད་འཁོར་འབངས་བཅས༔ དམ་པ་ཁྱེད་ལ་འབུལ་ལོ་བཞེས་སུ་གསོལ༔ ཐུགས་རྗེ་བརྩེ་བས་བཀའ་འཁོར་བསྐོར་བར་མཛོད༔ ཞེས་ཞུས་ཕྱག་འཚལ་མཆོད་སྤྲིན་སྣ་ཚོགས་ཕུལ༔ ཧོ༔ ལེགས་པར་གསོན་དང་མདོ་ཞིག་ཡབ་སྲས་ལགས༔ ད་རེས་ལན་གཅིག་དལ་འབྱོར་རྒྱལ་པོ་སྐྱེས༔ ལས་སྤྱོད་རྣམ་དག་དགེ་བ་མ་བསྒྲུབས་ན༔ འཇིག་རྟེན་སྒྱུ་མའི་རང་བཞིན་རྟག་པ་མེད༔ ཕ་རོལ་འགྲོ་ཚེ་རིགས་དྲུག་སྡུག་བསྔལ་མྱོང་༔ དགེ་སྡིག་རྣམ་སྨིན་ལས་འབྲས་རྗེས་སུ་དེད༔ དེ་ཕྱིར་བླ་མའི་བྱང་ཆུབ་སྒྲུབ་པ་གཅེས༔ ཕྱི་ལྟར་འདུལ་བའི་སྲུང་ཁྲིམས་རྣམ་པར་དག༔ མི་དགེ་བཅུ་སྤང་དགེ་བཅུ་ཚད་མར་སྒྲུབ༔ ནང་ལྟར་གསང་བ་སྔགས་ཀྱི་ལམ་ལ་ཞུགས༔ དཀྱིལ་འཁོར་རབ་འབྱམས་བསྙེན་སྒྲུབ་ལས་གསུམ་བྱ༔ གསང་བ་ཐབས་དང་ཤེས་རབ་དབྱེར་མེད་པ༔ སྦྱོར་སྒྲོལ་རོལ་པ་བདེ་སྟོང་ཟག་མེད་སྤྱོད༔ ཡང་གསང་སྒོམ་ལམ་ཡང་དག་དོན་དམ་པ༔ རང་སེམས་གསལ་སྟོང་འཁོར་འདས་འཁྲུལ་ཚོགས་ཞིག༔ ས་ལེ་ཧྲིག་གེ་བློ་ཡིས་བཅའ་བཅོས་གྲོལ༔ སྤྲོས་བྲལ་ཀ་དག་རང་བཞིན་ལྷུན་གྱིས་གྲུབ༔ ཐུགས་རྗེ་ཀུན་ཁྱབ་སྨྲ་བསམ་བརྗོད་ལས་འདས༔ ལམ་གྱི་རྟོག་པ་སེལ་ཕྱིར་ཚོགས་བསགས་འབོད༔ སྐུ་གསུང་ཐུགས་རྟེན་བཞེངས་ཤིང་འགྲོ་དོན་སྒྲུབ༔ ཅེས་གསུང་མདོ་ཞིག་རྒྱལ་པོས་ཝ་ར་སར༔ རྣམ་དག་མཆོད་རྟེན་བཞེངས་པའི་སྐོས་རྗེས་མཛད༔ མཐའ་སྐོར་ཕོ་འདོམ་བཅོ་ལྔ་ཡོད་པ་བརྩེགས༔ ཉིན་ཞག་ལྔ་ཡིས་མཆོད་རྟེན་ཚད་ལྡན་གྲུབ༔ བཱེེ་རོས་པ་ར་ཞེས་པའི་ས་གནད་ལ༔ རྣམ་པར་གནོན་པའི་མཆོད་རྟེན་རྫུ་འཕྲུལ་གྱིས༔ ཕོ་འདོམ་སུམ་བརྒྱ་ཡོད་པ་ཞག་གཅིག་འགྲུབ༔ ཀུན་གྱིས་ངོ་མཚར་སྐྱེས་ཤིང་དད་སྤྲོ་འཕེལ༔ པ་ར་ཝ་རའི་མཆོད་རྟེན་ཞེས་སུ་གྲགས༔ མཐའ་འཁོབ་སྐྱེ་བོས་འདི་ཡིས་ཅི་ཕན་ཟེར༔ བཱེེ་རོས་ཧཱུཾ་ཧཱུཾ༔ གསུངས་ནས་མཁའ་ལ་གཟིགས༔ རིགས་གསུམ་མགོན་པོ་ཉེ་བའི་སྲས་བརྒྱད་བཅས༔ མངོན་སུམ་ཀུན་གྱིས་མཐོང་ཡུལ་མཆོད་རྟེན་ཐིམ༔ ཧོ༔ ཆབ་ཡུལ་གྱི་སྐྱེ་འགྲོ་ཕོ་མོ་ཀུན༔ སངས་རྒྱས་རྒྱ་མཚོ་མཆོད་པའི་རྟེན་གྱུར་པ༔ ཞིང་ཁམས་འདི་དང་ཕར་འདས་སྟོང་གསུམ་ཁམས༔ ཕན་བདེ་སྐྱེད་ཅིང་ས་བཅུད་ཡོན་ཏན་ལྡན༔ མཆོད་དང་ཕྱག་སྐོར་ཚེ་རབས་སྒྲིབ་པ་བྱང་༔ གསོལ་འདེབས་མོས་གུས་འདི་ཕྱི་གཏན་བདེ་དང་༔ སྨོན་ལམ་གང་བཏབ་བསམ་དོན་ལྷུན་གྱིས་འགྲུབ༔ དེ་ཕྱིར་འདི་ལ་མ་བརྗེད་དད་པར་གྱིས༔ ཞེས་གསུངས་གདུལ་བྱ་ཐར་པའི་ས་བོན་བཞག༔ དེ་ནས་སྨིན་པར་བྱེད་པའི་དབང་བསྐུར་ཚེ༔ འདུས་པའི་ཁྲོམ་ཚོགས་བསམ་ལས་འདས་པའི་མཐར༔ བྱི་སྦ་ཞིག་གིས་རྒྱ་གར་སྐད་འཐོར་སྨྲ༔ བཱེེ་རོས་གཙང་གི་ལེགས་གྲུབ་ཡིན་པར་སེམས༔ ལེགས་གྲུབ་ཞེས་བོས་བྱི་སྦས་ཨང་ཞེས་བརྗོད༔ རྒྱ་གར་སྐད་ཀྱིས་འདིར་ཤོག་གསུངས་པ་ཡིས༔ བྱི་སྦ་ཐེ་ཚོམ་མེད་པར་མདུན་དུ་ཕྱིན༔ ཁྲི་ཁར་མཉམ་བཞུགས་སྔོན་གྱི་ལོ་རྒྱུས་གསུངས༔ འདུས་པའི་ཚོགས་ཀུན་ངོ་མཚར་དད་གུས་ལྡན༔ ཚ་ཚ་མཆོད་རྟེན་སྙིང་པོ་མ་ཎི་སོགས༔ མདོ་སྡེ་དུ་མ་གདུལ་དཀའི་དོན་དུ་བསྒྱུར༔ དེ་ནས་རྒྱལ་པོ་ཡབ་ཡུམ་སྲས་ལྕམ་དྲལ༔ གཡུ་སྒྲ་སྙིང་པོ་ལ་སོགས་སློབ་མ་ལ༔ རྒྱུད་སྡེ་རྣམས་དང་སེམས་སྡེ་ཐེག་རིམ་དགུ༔ བཱེེ་རོའི་ཐུགས་ལ་གང་ཡོད་གསུངས་བར་མཛད༔ ཆོས་ཀྱི་གྲགས་པ་ཕྱོགས་ཀུན་ཁྱབ་པས་ན༔ འཇང་མོན་རྒྱལ་པོ་རྣམས་ཀྱིས་ཐོས་པ་ཡིས༔ ཕོ་ཉ་བཏང་ཞིང་སྤྱན་དྲངས་བྱོན་མ་གནང་༔ དེ་ཚེ་བོད་ཀྱི་བསམ་ཡས་གྲུབ་མཐས་ཁྱེར༔ བཻ་རོ་མི་བཞུགས་ལོ་ཙཱ་བསྒྱུར་མ་བཏུབ༔ བོད་ཀྱི་རྒྱལ་པོ་ཅི་ཡང་བྱ་ཐབས་ཟད༔ ལོ་ཙཱ་བཏང་ན་རང་འདོད་ཆེ་བ་ངོམས༔ ད་ནི་རྒྱ་གར་མཁས་པ་སྤྱན་དྲངས་སྙམ༔ གསེར་ཕྱེ་ཕངས་མེད་དང་བཅས་རྐང་མགྱོགས་བརྫངས༔ རྒྱ་གར་མཁས་པ་ཐམས་ཅད་སྤྱན་དྲངས་བཏང་༔ རྐང་མགྱོགས་གསུམ་པོ་རྒྱ་གར་ཡུལ་གླིང་ཕྱིན༔ མཁས་གྲུབ་རྣམས་ཀྱི་མདུན་དུ་གསེར་ཕྱེ་ཕུལ༔ རྒྱལ་པོས་ཞུ་བ་སྤྱན་དྲངས་ཕེབས་ཞུས་ཀྱང་༔ གཞན་རྣམས་མ་ཕེབས་བི་མ་མི་ཏྲ་བྱོན༔ བསམ་ཡས་ཕེབས་ཤིང་ཁྲོས་ཉམས་ལྡན་པར་མཛད༔ དེ་ཚེ་མཁན་སློབ་བི་མ་བཞུགས་པའི་མདུན༔ རྒྱལ་པོས་རིན་ཆེན་གསེར་དང་དར་ཟབ་སོགས༔ ལོངས་སྤྱོད་བསམ་གྱིས་མི་ཁྱབ་ཕུལ་ནས་སུ༔ ཀྱེེ༔ རྒྱ་གར་འཕགས་ཡུལ་འགྲན་མེད་བི་མ་ཞེས༔ དད་པས་སྤྱན་དྲངས་བྱོན་པ་བཀའ་དྲིན་ཆེ༔ ཟབ་པའི་ཆོས་ཀྱི་བཀའ་འཁོར་བསྐོར་བ་དང་༔ བདག་ཀྱང་བརྩེ་བའི་ཐུགས་རྗེས་བཟུང་དུ་གསོལ༔ ཞུས་པས་བི་མ་མི་ཏྲ་འདི་སྐད་གསུངས༔ ཀྱེེ༔ བོད་རྗེ་དམ་ཆོས་དཀའ་སྤྱོད་སྙིང་པོ་ནི༔ དམ་ཚིག་སྲུང་ཞིང་ཉམས་པ་མེད་པ་དགོས༔ མ་སྲུང་དམ་ཆོས་གསུང་ཡང་ཉམས་པའི་རྒྱུ༔ འདི་ཕྱི་རྣམ་སྨིན་འབྲས་བུ་དམ་ཚིག་རག༔ ཞེས་གསུངས་རྒྱལ་པོས་ཇི་ལྟར་གནང་སྲུང་ཞུས༔ བི་མ་དགྱེས་ནས་སཾ་ཀྲི་ཏ་ཡི་སྐད༔ ལོ་ཙཱ་རྣམས་ཀྱིས་བཀའ་རྣམས་བསྒྱུར་མ་ཐུབ༔ གངས་ཅན་མི་ཆུང་རྒྱ་གར་མཁས་གྲགས་ཁྱབ༔ བཻ་རོ་ཙ་ན་གར་བཞུགས་སྤྱན་དྲོངས་གསུངས༔ བཻ་རོ་བོད་བྱོན་རྒྱལ་པོས་མཆོད་གསས་བཀུར༔ འོན་ཀྱང་རྒྱ་གར་རྒྱལ་པོའི་ཡི་གེ་སྤྲིངས༔ བོད་མི་ཡུན་རིང་དམ་ཆོས་མ་རྙེད་སོང་༔ མུ་སྟེགས་ཆོས་ཁྱེར་བོད་ཁམས་མ་སྤྱོད་ཐོས༔ བོད་དུ་མི་བཞུགས་ཚ་བ་རོང་དུ་བྱོན༔ ཞེས་ཞུས་བི་མ་མི་དྲ་སྤྱན་ཆབ་ཤོར༔ ཁྱོད་ལས་ལྷག་པའི་དམ་ཆོས་ང་ལ་མེད༔ ང་ཉིད་མི་འདུག་རྒྱ་གར་ཕྱི་ལོག་འགྲོ༔ ཞེས་གསུངས་བཻ་རོ་བཞུགས་ཕྱོགས་ཕྱག་ཀྱང་འཚལ༔ རྒྱལ་བློན་འགྱོད་སྐྱེས་ལོ་ཙཱ་ངོ་ཚར་འདུག༔ བི་མ་མི་བཞུགས་རྒྱ་གར་བྱོན་པར་ཆས༔ བོད་ཀྱི་རྒྱལ་པོས་ཐོད་བཀྲོལ་གུས་ཕྱག་འཚལ༔ ཀྱེེ༔ བི་མ་མི་ཏྲ་དུས་གསུམ་མཁྱེན་པ་ཅན༔ བདག་ཅག་ཐུགས་འགལ་གྱུར་པ་མཐོལ་ལོ་བཤགས༔ བོད་ཀྱི་བསོད་ནམས་ཉམས་དམན་ཐུག་པ་དང་༔ རྒྱ་གར་རྒྱལ་པོའི་བཀའ་ཡིག་རྐྱེན་བསླངས་ནས༔ བཻ་རོ་མ་བཞུགས་བཤོལ་ཀྱང་མ་ཐུབ་པས༔ ཚ་བ་རོང་དུ་སྐུ་བསྐྱོད་སླར་དྲངས་ཆོག༔ བི་མས་དམ་ཆོས་ཟབ་མོ་བདག་ཅག་ལ༔ མ་གནང་རྒྱལ་པོ་སྲོག་དོར་སོང་ན་དགའ༔ ཞུས་པས་བི་མ་ཐུགས་དགྱེས་ལོ་ཙཱ་ལ༔ བོད་ཀྱི་རིགས་ངན་མ་རབས་བཟང་པོ་སྤྱུགས༔ བཻ་རོ་མིན་པས་དམ་ཆོས་སུས་ཤེས་གསུངས༔ ལོ་ཙཱ་ཚོགས་ཀྱིས་བེེ་རོ་བདག་ཅག་བཀུར༔ བོད་ལ་ཆོས་མིན་བོན་ཞེས་བྱ་བ་ཡོད༔ འདི་ཉིད་མེད་པར་མ་ཐུབ་ཆོས་བསྟན་ཉམས༔ བཻ་རོ་ལ་ཡང་བོན་གྱི་ཕྲག་དོག་ཡིན༔ ཞེས་པའི་རྫུན་ཞུས་བི་མས་བདེན་སྙམ་ནས༔ རྒྱལ་ལ་བོན་འདི་མ་སྤྱུགས་བཞག་པ་ན༔ བཱི་མ་ང་ཡིས་དམ་ཆོས་གསུངས་པ་མིན༔ གསུངས་པས་རྒྱལ་པོ་ཤིན་ཏུ་ཐུགས་འཕྲིག་ལང་༔ བཻ་རོ་བན་བོན་དབྱེར་མེད་རང་ལ་སྡིག༔ བོན་འདི་ཡབ་མྱེས་རྒྱལ་རབས་བཀུར་བའི་ལྷ༔ ད་ནི་ཅིས་ཀྱང་གྲུབ་པའི་ཚད་མར་བཅོལ༔ རྒྱལ་པོས་ཁྲིམས་གཅོད་དམ་པའི་བཀའ་དང་འགལ༔ ཆོས་འདི་མ་སྤྱད་དཀའ་བ་དང་དུ་བླངས༔ ཁོ་རང་རྣམས་དང་ཅི་བྱར་འདོམ་ཁ་བཅོལ༔ དགོངས་ནས་བི་མ་ཉིད་ལ་འདི་སྐད་ཞུས༔ ཀྱེེ༔ རྒྱ་གར་གྲུབ་ཆེན་བི་མ་མི་ཏྲ་ལགས༔ གཡུང་དྲུང་བོན་འདི་ཡབ་མྱེས་བརྟེན་པའི་བོན༔ དམ་པའི་ཆོས་འདི་རང་གི་ལས་འཕྲོའི་ཆོས༔ མཉམ་པོར་ཆོས་ཚེ་ཉི་ཟླ་ཟུང་འབྲེལ་འགྱུར༔ གཅིག་ཡོད་གཅིག་མེད་རྒྱལ་པོའི་ཁམས་མི་འགྲོ༔ དེ་བས་གྲུབ་མཐའི་ཚད་མར་བཅོལ་བས་ན༔ སུ་རྒྱལ་གཙོར་བཀུར་སུ་ཕམ་ཁོལ་བོར་བཞག༔ བདེན་རྫུན་དཔང་པོ་རྒྱལ་པོ་ང་ཡི་བྱེད༔ ཞུས་པས་བི་མ་ང་རྒྱལ་བདག་ཅག་ཀུན༔ རྒྱ་གར་མཁས་གྲུབ་བོད་ཀྱིས་འགྲན་མི་རུང་༔ འོན་ཀྱང་རྒྱལ་པོས་བཀའ་བྱུང་རྩོད་པ་བྱ༔ སུ་རྒྱལ་བཞག་དང་སུ་ཕམ་ས་མཐར་སྤྱུགས༔ ཞེས་གསུངས་བློན་པོ་གྱེར་ཆེན་མདུན་དུ་ཕྱིན༔ ཀྱེེ༔ ཞང་ཞུང་མཁས་པའི་རིག་འཛིན་ཆེན་པོ་ལགས༔ བོན་ཆོས་ཁྱད་མེད་མཉམ་པོར་སྐྱོང་སྙམ་ཡང་༔ བསྟན་གཉིས་རུ་ལ་ཕྲག་དོག་སློང་བར་མཆི༔ ཚད་མ་གསུམ་གྱི་བདེན་པས་ཕམ་རྒྱལ་སྙོམས༔ སུ་རྒྱལ་གཙོ་དང་ཕམ་པ་ཁོལ་དུ་བཞག༔ རྒྱལ་པོ་རང་ཉིད་དཔང་པོར་མཛད་སྙོམས་མཆིད༔ ཞུས་པས་གྱེར་ཆེན་ཟླ་མེད་ཞལ་ན་རེ༔ བོད་རྒྱལ་ཆེན་པོའི་གསུངས་དེ་ཅི་འདྲ་ན༔ བན་བོན་གཉིས་ཀྱི་གྲུབ་མཐའ་རྩོད་མི་འཚེལ༔ ཕམ་རྒྱལ་རྩོད་པ་ཆགས་སྡང་སློང་བའི་རྒྱུ༔ བསྟན་པ་རིས་མེད་སྐྱོངས་ན་ལེགས་ལགས་ཏེ༔ གལ་ཏེ་རྒྱལ་པོའི་བཀའ་ལ་གྱེན་ལྡོག་མེད༔ ཕམ་རྒྱལ་དཔང་པོ་གཟུ་བོར་གནས་པ་གཅེས༔ ཞེས་གསུངས་ཚད་མས་རྩོད་པའི་དུས་ལ་བབ༔ དེ་ནས་བསམ་ཡས་ཡར་འབོ་ཐོད་ཀ་རུ༔ རིན་ཆེན་ཁྲི་བརྩེགས་དར་གྱི་གུར་དབུབ་ཅིང་༔ གཡས་གྲལ་གྱེར་ཆེན་ཤ་རི་དབུ་ཆེན་གཉིས༔ བོན་གྱི་མཁས་གྲུབ་ཐམས་ཅད་གྲལ་ཐབས་བཞུགས༔ གཡོན་གྲལ་བི་མ་བོ་དྷི་ས་ཏྭ་གཉིས༔ ཆོས་ཀྱི་ལོ་ཙཱ་ཐམས་ཅད་གྲལ་ཐབས་བཞུགས༔ གོང་ན་དབང་ཆེན་བོད་ཀྱི་རྒྱལ་པོ་ཡིས༔ ཀྱེེ༔ རྒྱ་གར་ཞང་ཞུང་བྱོན་པའི་མཁས་གྲུབ་ཚོགས༔ རྨི་རྗེ་བོད་རྒྱལ་དབང་ཆེན་ཁྲི་སྲོང་གིས༔ བོན་ཆོས་གཉིས་ལ་ཚུལ་བཞིན་སྤྱོད་བསམ་ཀྱང་༔ ལེགས་ཉེས་གནས་ལ་རུ་ང་འོང་སྙམ་མཆི༔ རྒྱལ་པོའི་ཁྲིམས་ཀྱི་བྱ་བ་འདིར་མི་འོས༔ ཚད་མས་རྩོད་པ་བདེན་གཉིས་མཐུ་འགྲན་པ༔ རྒྱལ་བའི་བཀའ་དང་ལུང་ལ་ཡོད་པས་ན༔ སུ་རྒྱལ་སུ་ཕམ་རྒྱལ་པོའི་དཔང་པོ་བྱ༔ ཞེས་གསུངས་རྩོད་པའི་ཐོག་མ་བོན་གྱིས་མཛད༔ དེ་ལ་དང་པོ་ཤ་རི་དབུ་ཆེན་གྱིས༔ ཀྱེེ༔ བོད་རྒྱལ་གོང་བཞུགས་ཟུར་དུ་རྒྱ་གར་བ༔ ཆོས་ཉིད་བདེན་པ་ཆེ་ཡང་བོན་ལ་ཐུག༔ བོན་ལས་མ་བྱུང་ཆོས་ཤིག་ཡོད་པ་འགལ༔ དགྲ་བཅོམ་རྣམ་མཁྱེན་སྟོན་པ་སངས་རྒྱས་ཀྱིས༔ བསྟན་པའི་བཀའ་ལ་བོན་ཆོས་རྩིས་དཔྱད་བཞི༔ བསྟན་པ་གཅིག་ལ་སོ་སོར་གཅོད་མི་འཐད༔ གཡུང་དྲུང་བོན་གྱི་ཆེ་བའི་ཡོན་ཏན་ནི༔ བོན་སྒོ་བརྒྱད་ཁྲི་བཞི་སྟོང་ཐེག་རིམ་དགུ༔ ཕྱི་ནང་གསང་གསུམ་ཚད་གསུམ་ཟུང་དུ་འབྲེལ༔ མདོ་སྔགས་ཁྱད་པར་རྒྱུ་དང་འབྲས་བུ་གཉིས༔ དྲང་ངེས་ཁྱད་པར་ཐེག་པ་ཆེ་ཆུང་གཉིས༔ བདེན་གཉིས་ཁྱད་པར་འཇིགས་དང་མི་འཇིགས་གཉིས༔ ཐབས་ཤེས་ཁྱད་པར་ཡོད་དང་མེད་པ་གཉིས༔ འཁོར་འདས་ཁྱད་པར་རིག་དང་མ་རིག་གཉིས༔ ཚད་མ་གསུམ་གྱིས་ཡང་དག་དོན་ལ་བསྡུར༔ བོན་གྱི་མཐའ་ནི་གྲུབ་མཐས་ཆོད་པ་དཀའ༔ དམ་ཆོས་བཟང་ཡང་ཐོས་ཆུང་ལོ་ཙཱ་ཕམ༔ སངས་རྒྱས་བསྟན་པ་མི་ཚུགས་གནོད་མ་སྐྱེལ༔ བོད་ཀྱི་ཡུལ་དུ་བསྟན་པ་སྔ་དར་བོན༔ ཆོས་ཀྱང་བོན་གྱི་ཟུར་སྡོད་འདུ་བར་གྱིས༔ སངས་རྒྱས་བསྟན་པ་ཐམས་ཅད་གཅིག་ཡིན་ཕྱིར༔ དེ་སྐད་གསུངས་ནས་འཛུམ་མདངས་མུ་ལེར་བཞུགས༔ དེ་ལན་བོ་དྷི་ས་ཏྭས་འདི་སྐད་བརྗོད༔ ཀྱེེ༔ བོད་རྒྱལ་ཟུར་དུ་ཡོད་པའི་ཞང་ཞུང་པ༔ རྒྱ་གར་ཆོས་དང་བོན་གཉིས་མི་མཉམ་ངེས༔ སྟོང་གསུམ་འདུལ་མཛད་སྟོན་པ་ཤཱཀྱ་ཐུབ༔ དེ་ཡི་ཞལ་གསུང་དྲི་མ་མེད་པའི་ཆོས༔ བརྒྱད་ཁྲི་བཞི་སྟོང་མདོར་བསྡུས་ཐེག་པ་དགུ༔ བྱ་བའི་ཆོས་བཞི་སྤྱོད་པའི་ཆོས་བཞི་དང་༔ བྱ་སྤྱོད་གཉིས་སུ་མེད་པའི་ཆོས་དང་དགུ༔ ཐུབ་པའི་ཞལ་གསུངས་གཞན་གྱི་ཆོས་མི་འདྲེས༔ ཚེ་འདིར་སངས་རྒྱས་གྲོལ་བའི་གདམས་པ་ཡིན༔ བོན་ཞེས་བྱ་བ་འདི་ནི་མི་འཐད་དེ༔ འཁོར་བ་ལྟུང་པའི་ས་བོན་ལྟ་བུའོ༔ བསྐལ་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་༔ ཁྱོད་ཅག་སྟོན་པ་མུ་སྟེགས་ཡིན་པར་ཐལ༔ རྒྱ་གར་མུ་སྟེགས་བོད་ཀྱི་བོན་འདི་འདྲ༔ བོན་སྤང་དམ་པའི་ཆོས་ལ་སྤྱོད་པར་གྱིས༔ བོན་གཤེན་ཁྱོད་རྣམས་ཕོ་ཚོད་མ་ཆེ་ཞིག༔ དེ་ལ་ཤ་རི་དབུ་ཆེན་ལན་འདི་བརྗོད༔ ཀྱེེ༔ བྱང་ཆུབ་སེམས་དཔའ་བདེན་པར་གསུངས་པ་ན༔ བོན་ལ་མུ་སྟེགས་སྐུར་བཏབ་ཆོས་འདི་ལྟུང་༔ རྒྱ་གར་ཡུལ་གྲུ་འཛམ་གླིང་དུམ་བུ་གཅིག༔ སྟོང་གསུམ་རྒྱ་གར་མི་འདུས་སྟོན་པར་འགལ༔ བརྒྱ་པའི་སངས་རྒྱས་ཡིན་པ་བརྗོད་པ་ན༔ སྐུ་ཚེ་བརྒྱད་ཅུ་དུས་སུ་འདས་པ་འགལ༔ དེ་ཡི་དལ་གསུངས་དེ་ལས་གཞན་མེད་ན༔ གསང་སྔགས་ཕལ་ཆེ་མུ་སྟེགས་ཆོས་སུ་ཐལ༔ མུ་སྟེགས་བྱེད་ཀྱང་དོན་དམ་ཐུགས་ལ་འདུས༔ སོ་སོར་བཟུང་བ་གཉིས་འཛིན་འཁྲུལ་བར་ཐལ༔ བྱང་ཆུབ་སེམས་དཔས་བདེན་པར་མ་གསུངས་ན༔ གཡོ་རྫུན་ཐབས་ལ་བོ་དྷི་ས་ཏྭ་འགལ༔ བོན་ལ་འཁོར་བའི་ཐ་སྙད་འདོགས་པ་ན༔ ཆོས་ཀྱང་དེ་ལྟར་ངན་འགྲོའི་ཆོས་སུ་ཐལ༔ བསྐལ་པ་གཅིག་ལ་སྟོན་པ་གཉིས་མེད་ན༔ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྫུན་དུ་ཐལ༔ རྒྱ་གར་བ་རྣམས་གསེར་ལ་དགའ་བ་ལས༔ ལྟོ་རྒྱབ་གཉིས་ཀྱི་ཆོས་ཙམ་ཡིན་པར་ཐལ༔ དེ་སྐད་གསུངས་པས་མཁན་པོས་ལན་མ་ཐེབ༔ དེ་ལ་གྱེར་ཆེན་ཟླ་མེད་འདི་སྐད་གསུངས༔ ཀྱེེ༔ རྒྱ་གར་མཁས་པའི་ཚོགས་རྣམས་གསོན་མཛོད་ཅིག༔ བོན་ཆོས་མ་རྩོད་བྱང་ཆུབ་ས་བོན་ཚིག༔ སྒྲ་ཚད་རྩོད་པ་ཆགས་སྡང་འཁྲུགས་པའི་གཞི༔ བྱམས་དང་སྙིང་རྗེའི་སེམས་བསྐྱེད་རྫུན་དུ་འགྲོ༔ ཕྱི་ནང་ཆོས་ཀྱི་བྱེ་བྲག་མང་ན་ཡང་༔ དོན་གྱི་རྩ་བ་བྱང་ཆུབ་སེམས་ལ་ཐུག༔ སེམས་ལས་མ་བྱུང་སངས་རྒྱས་ལོགས་ན་མེད༔ དེ་བཞིན་སངས་རྒྱས་སེམས་ཅན་བདུད་སྲིན་བགེགས༔ སེམས་ཀྱི་རང་བཞིན་ཡིན་པར་ལུགས་གཅིག་གྲུབ༔ གལ་ཏེ་སེམས་ལས་སངས་རྒྱས་མ་གྲུབ་ན༔ སངས་རྒྱས་ཐམས་ཅད་བེམ་སྟོང་ཉིད་དུ་ཐལ༔ ཤེས་རིག་ཏིང་འཛིན་ཟེར་ཡང་མི་བདེན་རྫུན༔ དོན་དུ་བསྡུ་ན་བོན་ཆོས་མིང་ཙམ་ཡིན༔ ཞེས་གསུངས་བི་མས་ཕྱི་ནང་སྔགས་རྒྱུད་དང་༔ རིག་པ་སེམས་ཀྱི་སྒྲོན་མེ་མང་དུ་གསུངས༔ ཤ་རི་དབུ་ཆེན་མན་ངག་རྒྱུད་སྡེ་དང་༔ གྱིམ་ཚ་རྨ་ཆུང་སྔགས་ཀྱི་གབ་དོན་དང་༔ ལྕེ་ཚ་མཁར་བུས་ཚིགས་བཅད་བོན་སྡེ་དང་༔ དབུས་ཀྱི་རིན་ཆེན་འབུམ་སྡེ་ཕར་ཕྱིན་སྐོར༔ རྒྱལ་བོན་འབྲི་གནམ་དཀྱིལ་འཁོར་རྣམ་བཤད་དང་༔ རྒྱལ་གཤེན་ཏིང་ཝེར་སྒྲ་སྐད་བྱེ་བྲག་དང་༔ ལྷ་དབང་རིན་ཆེན་སངས་རྒྱས་བྱུང་ཁུངས་ནས༔ ཡེ་བོན་གཏོ་རྒྱལ་རིག་པའི་སྒྲོན་མེ་གསུངས༔ གྱེར་ཆེན་ཟླ་མེད་ལྟ་སྒོམ་ཐེག་ཆེན་དང་༔ ཕྱི་ནང་གསང་གསུམ་ཚིག་བཤད་བསྒྲགས་བྱང་གསུངས༔ དེ་ཚེ་བོ་དྷི་ས་ཏྭས་མདོ་སྡེ་དང་༔ བི་མ་མི་ཏྲས་རྫོགས་ཆེན་བླ་མེད་དང་༔ རྗེ་འབངས་ལོ་ཙཱས་མདོ་སྡེ་མངོན་པ་དང་༔ ལུང་སོགས་རིགས་འདྲེས་ཚད་མ་གསུངས་པ་ལ༔ བོན་ཆོས་འདྲ་ཡང་ཕལ་ཆེར་བོན་སྡེའི་ཟབ༔ རྒྱུ་ཡི་བོན་དང་སྲིད་པའི་བོན་རྒྱུད་ལ༔ རྒྱ་གར་ཆོས་ཀྱིས་བོན་ལ་ལན་མ་ཕོག༔ རྒྱལ་བས་ཕམ་རྒྱལ་མ་ཕྱེད་མཉམ་པར་བཞག༔ རྫུ་འཕྲུལ་འགྲན་པ་རྒྱ་གར་རྣམས་ཀྱིས་མཛད༔ བོ་དྷི་ས་ཏྭ་ཞག་བདུན་མཉམ་པར་བཞག༔ བི་མ་མི་ཏྲས་མེ་དཔུང་མཁར་ལ་སྤོང་༔ སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བ་བཏབ༔ རྒྱལ་བ་བྱང་ཆུབ་རྟ་ཞལ་སྤྱི་བོར་ཐོན༔ སྐ་བ་དཔལ་བརྩེགས་སྐྱིལ་ཀྲུང་མཁའ་ལ་འཕགས༔ དཀོན་མཆོག་འབྱུང་གནས་སྡིགས་མཛུབ་ཐོག་སེར་ཕབ༔ ཤུད་བུ་དཔལ་སེང་ཆུ་ལ་བྱིང་བ་མེད༔ དཔལ་གྱི་རྡོ་རྗེ་བྲག་ལ་ཆུ་མིག་བཏོན༔ རྒྱལ་བ་བློ་གྲོས་བྱེ་མ་གསེར་དུ་བསྒྱུར༔ འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་རྐྱལ༔ རྡོ་རྗེ་བདུད་འཇོམས་ལུས་ལ་མེ་དཔུང་འབར༔ རྨ་ཐོག་རིན་ཆེན་ཕ་བོང་ཟས་སུ་ཟ༔ དེ་སོགས་ལོ་ཙཱའི་ཚོགས་ཀྱིས་གྲུབ་རྟགས་མཛད༔ བོན་ཀྱི་རིག་འཛིན་ཤ་རི་དབུ་ཆེན་གྱིས༔ དོན་དམ་ཉིད་ལ་རྫུ་འཕྲུལ་རྩལ་འགྲན་བྲལ༔ རྫུ་འཕྲུལ་རྒྱ་གར་མུ་སྟེགས་སྟོན་པ་ཆེ༔ དེ་ལྟར་འདོད་ན་མུ་སྟེགས་ནང་པར་ཐལ༔ འོན་ཏེ་རྫུ་འཕྲུལ་འཕྲུལ་ན་འདི་ལྟར་བསྟན༔ མཁའ་ལ་འཕུར་ནས་སྐྱིལ་ཀྲུང་ཡུད་ཙམ་བཞུགས༔ སྤྱི་བོར་རྣམ་སྣང་སྐུ་གཟུགས་མངོན་སུམ་བསྟན༔ དེ་ནས་ཁྱུང་པོ་གྱེར་ཆེན་ཟླ་མེད་ཀྱིས༔ བོ་དྷི་ས་ཏྭས་སྒྲ་ཚིག་ཕྲག་དོག་རྩོད༔ རྫུ་འཕྲུལ་བསྟན་ཚེ་ཞག་བདུན་མཉམ་པར་བཞག༔ སྣང་སྲིད་ལྷ་མི་རང་བཞིན་ཡིན་པ་ལ༔ རྩོད་པ་ངོམས་པའི་རྫུ་འཕྲུལ་མི་འཚལ་ཀྱང་༔ རྫུ་འཕྲུལ་བསྟན་ན་ངོ་མཚར་འདི་ལྟར་བསྟན༔ སྡིགས་མཛུབ་རྩེ་ལས་ཞི་ཁྲོའི་ལྷ་ཚོགས་བསྟན༔ ཐུགས་ཀར་ཤག་གིས་བཀས་པས་སངས་རྒྱས་སུ༔ ཧཱུཾ་ཧཱུཾཿགསུངས་ནས་བར་སྣང་མཁའ་ལ་བཞུགས༔ ལི་བོན་མུ་ཕྱས་གངས་རི་སོར་རྩེར་ཁྱེར༔ གྱིམ་བུ་ལན་ཚས་རྩི་ཤིང་རང་འདུས་མཛད༔ རྒྱ་བོན་མུ་ཕྱས་གནམ་ས་གོ་ཡང་བཟློག༔ སུམ་པ་མུ་ཆོས་རྒྱ་མཚོ་མཁའ་ལ་ཁྲིད༔ མཁན་བུ་མཐོང་གྲགས་ཧས་པོ་མེ་ཞགས་སྦྲེལ༔ ཞང་ཞུང་མུ་ཕྱས་བདུད་སྲིན་མངོན་དུ་བསྒྲལ༔ དོད་དེ་རྒྱལ་བས་རི་བྲག་མཛུབ་མོས་ཁྱེར༔ འཇང་ཚ་འཕེན་སྣང་གཙང་པོ་གྱེན་དུ་བསྒྱུར༔ རྨ་ཐོག་ཐུགས་དཀར་ཆུ་ལ་གྱེང་བ་མེད༔ ཛ་མི་གྱེར་ཆེན་བར་སྣང་ཐོག་འཁོར་བསྐོར༔ མུས་བ་གསལ་སྡང་གཡུ་འབྲུག་ཞོན་ནས་རྒྱུག༔ ལྡང་ཆེན་དམུ་ཚས་ཉི་ཟེར་འཇུ་ཤིང་འཕྱང་༔ ར་སངས་ཁོང་རམ་གཅན་ཟན་གཉའ་བར་འཛིན༔ རྫུ་འཕྲུལ་རྩལ་ལ་ངོ་མཚར་ཆེ་བ་བསྟན༔ བོན་གཤེན་དཔག་ཀྱང་རྒྱལ་པོས་མ་འབྱེད་བཞག༔ དེ་ཚེ་མདུན་གྱི་ནམ་མཁར་འཇའ་ཚོན་དབུས༔ པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་མ༔ རང་འདྲ་སྤྲུལ་པ་བར་སྣང་གང་བར་བྱོན༔ ཀྱེེ༔ བོད་རྒྱལ་བན་བོན་གྲུབ་མཐའི་བདག་པོ་ཉོན༔ བོན་དང་ཆོས་གཉིས་མཉམ་པོར་བཞག་ན་བདེ༔ གྲུབ་མཐའ་རྩོད་པ་ཆགས་སྡང་འཁྲུལ་པའི་རྒྱུ༔ ངོ་མཚར་ཆེ་བའི་ལྟད་མོ་འདི་ལ་གཟིགས༔ ཞེས་གསུངས་རང་འདྲ་མང་པོ་སྤྲུལ་ནས་སུ༔ ཁྲུས་གསོལ་གར་བྱེད་དཀྱིལ་འཁོར་བཤམས་བཀོད་སོགས༔ གནམ་གྱི་སྐར་མ་ཙམ་ཞིག་གང་བར་མཛད༔ ཡེ་ཤེས་མཚོ་རྒྱལ་སྤྲིན་གསེབ་འཕུར་ཏེ་བཞུགས༔ བསམ་ཡས་དབུ་རྩེར་འཇའ་ཚོན་ཀ་བ་ཟུག༔ ཞལ་ནས་ཚངས་པའི་དབྱངས་ཀྱིས་འདི་སྐད་གསུངས༔ ཨ་ཧོ༔ རྒྱ་ཞང་མཁས་པའི་རིག་འཛིན་ཚོགས་རྣམས་ཉོན༔ བོན་ཆོས་མདོ་སྔགས་ཉི་ཟླ་ཟུང་འབྲེལ་ལས༔ དམ་ཚིག་དཀྲུགས་ཤིང་མ་བྱེད་ལས་ལྡན་ཀུན༔ བོན་གྱི་དར་སྔ་ཆོས་ཀྱི་སྲོལ་འཛིན་མཛོད༔ གུ་རུའི་བཀའ་བཞིན་བོན་ཆོས་མཉམ་པོར་ཞོག༔ བསྟན་པ་རུ་ཏྲར་གྱུར་ན་མི་ལེགས་འོང་༔ ཞེས་གསུངས་ཡབ་ཡུམ་སླར་ལ་སྒྲུབ་གནས་གཤེགས༔ རྒྱལ་པོས་བདེན་རྫུན་མ་ཕྱེད་བདུན་གསུམ་ལུས༔ བན་བོན་གྲུབ་མཐའ་མེ་ལ་ཤིང་སྣོན་གྱུར༔ བོན་གཤེན་ཡོངས་ཀྱིས་ལ་ལ་ནན་ཏན་གྱིས༔ བོན་གཤེན་རྒྱལ་ན་བོན་གྱི་ཁ་འཛིན་མཛོད༔ ཆོས་པ་རྒྱལ་ན་ཆོས་ཀྱི་ཁ་འཛིན་མཛོད༔ ཞུས་པས་གཉིས་ཀ་འདྲ་ཡང་གསུང་མ་གནང་༔ དེ་ཚེ་བོན་གཤེན་རྒྱལ་ལ་ཅི་ཞུས་ཀྱང་༔ ཆོས་ལ་ཐུགས་ཕྱོགས་བོན་བསྟན་དམའ་བར་ཤེས༔ ཕྱོགས་བཅུའི་བདེ་གཤེགས་རྣམས་ལ་གསོལ་བ་བཏབ༔ ཤེལ་ཀྱི་བྲག་དཀར་རྩེ་ནས་འཇའ་ཚོན་བརྐྱངས༔ སྙ་ཆེན་ཅོ་བཟའ་ཡབ་ཡུམ་ལུང་བསྟན་བྱོན༔ ཞང་ཞུང་སྒྲ་སྐད་རྒྱུད་ནས་འདི་ལྟར་གསུངས༔ ཀྱེེ༔ གསོན་དང་རིག་འཛིན་གྲུབ་པའི་བདག་ཉིད་ཚོགས༔ འཕྲུལ་ངག་གཡུང་དྲུང་བོན་མཆོག་རིན་པོ་ཆེ༔ རྒྱལ་པོའི་མཆོད་གནས་བཞག་པ་རིམ་གྱིས་ནུབཿཟབ་པའི་བོན་རྣམས་བརྡ་བྲིས་གཏེར་དུ་ཞོག༔ འཕྲལ་རྐྱེན་མ་གཏོགས་གཏན་དུ་ནུབ་པ་མིན༔ གཏེར་གནས་སུམ་བརྒྱ་གཏེར་ཁ་སུམ་བརྒྱར་སྦོས༔ གཏེར་བདག་སུམ་བརྒྱར་སྨོན་ལམ་སུམ་བརྒྱ་ཐོབ༔ རྣམ་སྤྲུལ་སུམ་བརྒྱ་དྲུག་ཅུས་འགྲོ་དོན་མཛད༔ བསྟན་པ་མི་ནུབ་མཐའ་ནས་རྒྱས་པར་འགྱུར༔ ཞེས་གསུངས་བཞིན་དུ་གཏེར་ཁ་གྲངས་མེད་སྦས༔ རིག་འཛིན་ཐམས་ཅད་སོ་སོའི་ཡུལ་དུ་བྱོན༔ སྐུ་སྲུང་རྣམས་ཀྱང་རང་རང་ཡན་དུ་སོང་༔ རྒྱལ་པོས་སེམས་ཕམ་ཡབ་མྱེས་ལྷ་བོན་སྟོང་༔ མི་བདེ་མཚན་མ་སྣ་ཚོགས་འོང་ངེས་སེམས༔ རེ་ཞིག་མཚམས་ནས་བོ་དྷི་ས་ཏྭ་གྲོངས༔ ལྷ་སྲས་བཙས་པོ་ལྷ་སྲིན་གདོན་གྱིས་ཤི༔ བཙུན་མོ་ཆེ་བ་ལྷ་སྲས་རྐྱེན་གྱིས་གུམ༔ མགུར་ལྷ་བརྟན་མ་ཐམས་ཅད་ཕྱོགས་ཕྱོགས་གཟིགས༔ བོད་ཡུལ་མི་བདེ་སྡུག་བསྔལ་རྦ་ལ་གཡེང་༔ དེ་ཚེ་གུ་རུ་ཡེ་ཤེས་མཚོ་རྒྱལ་མ༔ བསམ་ཡས་བྱོན་ནས་བོད་རྒྱལ་ཐུགས་དམ་གསོས༔ ཡུམ་ཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ ཀྱེེ༔ གངས་ཅན་བོད་ཀྱི་ལྷ་གཅིག་པདྨ་འབྱུང་༔ ཁྱོད་ཀྱི་ཐུགས་རྗེ་མཁའ་ཁྱབ་ཉི་མ་བཞིན༔ བསྟན་པའི་ཕྲིན་ལས་ཁྱེད་ཀྱིས་མ་བསྐྱངས་ན༔ བར་ཆད་རུ་ང་བོན་ཆོས་རུ་ཏྲར་སོང་༔ རྒྱལ་པོའི་ཚེ་ལ་བར་ཆད་གེགས་མང་བས༔ རྟེན་འབྲེལ་རེ་རེ་འགྲིགས་ཀྱང་རེ་རེ་འཆོལ༔ རྒྱལ་པོ་ཚེ་སྐྱབས་བོད་ཁམས་ཡུལ་འཚོ་ཕྱིར༔ འཆི་མེད་རིག་འཛིན་དགོངས་པ་མི་ལྷོད་འཚལ༔ བདག་ཀྱང་གྲོགས་གྱུར་གུ་རུའི་བཀའ་བཞིན་སྒྲུབ༔ བསྟན་པའི་རྗེས་བཞག་ཆེན་པོ་མཛད་དུ་གསོལ༔ ཞེས་ཞུས་འཆི་མེད་པདྨ་རྒྱལ་པོ་ཡིས༔ ཀྱེེ༔ བོད་ཡུལ་འགྲོ་ཀུན་སྐྱོབ་པའི་མཚོ་རྒྱལ་མ༔ ང་ནི་དུས་གསུམ་སངས་རྒྱས་ངོ་བོ་ཉིད༔ འཆི་མེད་སྐྱེས་བརྩན་འཆི་མེད་ཚེ་ཡི་ལྷ༔ ཚེ་ཟད་མ་ཡིན་བར་ཆོད་བདག་གིས་ཟློག༔ བོད་ཀྱི་གངས་ཅན་བཞི་ལ་སྒྲུབ་པ་མཛད༔ མཚོ་རྒྱལ་ཉིད་ཀྱང་བདག་གི་གྲོགས་སུ་གཤེགས༔ རྟ་སྒོ་གངས་ལ་གུ་རུ་ཡབ་ཡུམ་གཉིས༔ བདེ་སྟོང་དབྱེར་མེད་རྟ་མགྲིན་དགོངས་པར་བཞུགས༔ བུ་ལེའི་གངས་ལ་གུ་རུ་ཡབ་ཡུམ་གཉིས༔ བདེ་ཆེན་ཡེ་ཤེས་ཆེ་མཆོག་དགོངས་པར་བཞུགས༔ ཤམས་པོ་གངས་ལ་གུ་རུ་ཡབ་ཡུམ་གཉིས༔ གཉིས་མེད་བྱམས་ཆེན་ཕུར་པའི་དགོངས་པར་བཞུགས༔ ཕུ་བོ་གངས་ལ་གུ་རུ་ཡབ་ཡུམ་གཉིས༔ གསང་ཆེན་རྩོལ་མེད་རིག་འདུས་དགོངས་པར་བཞུགས༔ མགུར་ལྷ་བརྟན་མ་ཐམས་ཅད་དམ་ལ་གནས༔ ཕྲིན་ལས་ཐམས་ཅད་སྒྲུབ་པར་ཁས་སུ་བླང་༔ སླར་ཡང་མཆིམས་ཕུ་གསང་བའི་གནས་སུ་བྱོན༔ རྒྱལ་པོའི་སྒྲ་བསྒྱུར་ལོ་ཙཱའི་གླིང་ཆེན་ལ༔ བི་མ་མི་ཏྲ་རིན་ཆེན་ཁྲི་ལ་བཀོད༔ རྒྱལ་པོས་ཐོད་བཀྲོལ་འདི་སྐད་ཞུ་བ་ཕུལ༔ ཀྱེེ༔ ཆོས་ཀྱི་འབྱུང་གནས་བི་མ་མི་ཏྲ་ལགས༔ ད་ནི་སྐྱབས་གནས་དམ་པའི་ཆོས་མ་གཏོགས༔ ཡབ་མེས་བོན་ནི་རང་བཞིན་སྟོང་སྟེ་སོང་༔ དམ་ཆོས་ཟབ་པའི་འཁོར་ལོ་བསྐོར་དུ་གསོལ༔ ཞེས་ཞུས་བི་མ་མི་ཏྲ་ཞལ་ནས་གསུངས༔ ཀྱེེ༔ དམ་ཆོས་རིན་ཆེན་གསན་པ་བོད་ཀྱི་རྒྱལ༔ བསོད་ནམས་མངའ་ཐང་ལོངས་སྤྱོད་ཆེ་བར་གྲགས༔ རྩེ་གཅིག་གསང་བ་སྔགས་ལ་སྤྱོད་པ་ན༔ སྨོན་ལམ་དུས་སུ་འཕྲོད་པའི་བཀའ་དྲིན་ལས༔ བཀའ་བཞིན་སྒྲུབ་དང་དམ་ཆོས་ང་ཡིས་བཤད༔ ཁྱོད་ཀྱི་མ་ཡེངས་རིག་པ་གཏོད་ལ་ཉོན༔ ཞེས་གསུངས་མདོ་རྒྱུད་མངོན་པ་རྫོགས་ཆེན་གསུངས༔ ལོ་ཙཱ་སོགས་ཀྱིས་སྒྲ་བསྒྱུར་བོད་ཡིག་ཕབ༔ དེ་ཚེ་བི་མ་བྱོན་པ་བཱེེ་རོས་ཐོས༔ གཡུ་སྒྲ་སྙིང་པོ་ཆོས་ཚད་བླང་དུ་བཅོལ༔ ལོ་ཙཱའི་གླིང་ཕྱིན་སཾ་ཀྲི་ཏ་སྐད་སྒྲོགས༔ བི་མ་མི་ཏྲ་ཞལ་འཛུམ་དབུ་འཕང་དམའ༔ སཾ་ཀྲི་ཏ་ཡི་སྐད་སྒྲོགས་གྲོང་ཁྱེར་ཕེབས༔ ཆང་བཞེས་ཉི་མ་འདེ་ནས་ཡོད་པ་ལ༔ རྒྱལ་པོས་བི་མ་ལ་ཞུས་ཐེ་ཚོམ་ཆེ༔ དེ་རིང་བཻ་རོའི་སློབ་མ་ཡིན་ཟེར་བ༔ སཾ་ཀྲི་ཏ་ཡི་སྒྲ་སྐད་ཕུལ་དུ་ཕྱིན༔ རྒྱ་གར་གྲོགས་རྣམས་མཇལ་དང་ཁྱད་མེད་བྱུང་༔ གདུལ་དཀའ་བོད་ཀྱི་ཞིང་ལ་དམ་ཆོས་སྒྲོགས༔ དམ་ཆོས་བཟང་སྟེ་དམ་ཚིག་སྣོད་རུང་མེད༔ སློབ་དཔོན་བཻ་རོ་ཙ་ནའི་སློབ་ཐ་ཡིན༔ མཁས་པ་སུ་ཡོད་ང་ལ་རྩོད་ཤོག་ཟེར༔ ང་ཡིས་ཁོ་ལ་ངོ་མཚར་ཆེ་བ་ཞུས༔ ཐེག་ཆེན་ཆོས་ཀྱི་སྒྲ་ནི་གསང་བར་རིགས༔ དུས་ལ་བབ་ཚེ་བཤད་པ་ཆོག་ཅེས་བརྗོད༔ རྒྱལ་པོ་དགྱེས་ནས་ལོ་ཙཱ་བཙལ་དུ་བཏང་༔ ཀུན་གྱིས་ཕྱག་འཚལ་གཡུ་སྒྲས་འདི་སྐད་གསུངས༔ གྲོགས་པོ་མཆེད་ཚོགས་སྐུ་ཁམས་བཟང་ལགས་སམ༔ ཡུལ་ནི་ཚ་བ་རོང་ཆེན་མདོ་ཞིག་རྒྱལ༔ བླ་ཡི་མཆོད་གནས་དམ་པ་བཻ་རོ་ཡིན༔ སྐྱེ་བ་སྔོན་ལ་གཙང་གི་ལེགས་གྲུབ་ཟེར༔ ད་ལྟར་བཻ་རོའི་སློབ་མ་ཚ་རོང་བ༔ དབུས་རུའི་ཕྱོགས་ལ་ཆོས་ཀྱི་ཚད་བླང་འོང་༔ ལས་མེད་རྒྱལ་པོ་ཕྲག་དོག་ལོ་ཙཱ་བ༔ རང་འདོད་མཁན་པོ་རྒྱ་གར་ངན་སེམས་རྒྱལ༔ འདོད་ཆགས་བུད་མེད་བསམ་ངན་བློན་པོ་ཡིས༔ ཅི་བྱེད་ལྟད་མོ་བལྟ་ཕྱིར་འདི་རུ་འོང་༔ ཆོས་ཀྱི་ཚད་མ་དགོས་ན་ཕེབས་དང་ཆོག༔ ལོ་ཙཱའི་ཚོགས་ཀྱིས་བི་མ་བོད་རྒྱལ་ཞུས༔ རྒྱལ་པོའི་གཡུ་སྒྲ་སྤྱན་དྲངས་བསམ་ཡས་ཕེབས༔ གཡུ་སྒྲས་བི་མར་གུས་པས་ཞེ་ས་མཛད༔ བ་སོའི་ཁྲི་ལ་བཞུགས་གསོལ་འཚོ་བ་དྲངས༔ བི་མ་སཾ་ཀྲི་ཏ་སྐད་གསུངས་པ་ཡིས༔ ཕྱི་ནང་གསང་བ་ཡང་གསང་ཐམས་ཅད་ནི༔ གཡུ་སྒྲས་ལན་མོ་ཐོགས་པ་མེད་པར་མཛད༔ བཻ་རོའི་སྔར་འགྱུར་མདོ་རྣམས་གཡུ་སྒྲས་བསྒྱུར༔ བི་མས་གཡུ་སྒྲ་བཻ་རོ་དངོས་མཉམ་གསུངས༔ ཐམས་ཅད་སྔར་གྱི་བཻ་རོའི་ལོ་རྒྱུས་དྲན༔ འགྱོད་པ་སྐྱེས་ནས་ངོ་ཚ་བག་རེ་ཞུམ༔ གཡུ་སྒྲ་འགྲན་པའི་ལོ་ཙཱ་གཅིག་མི་འདུག༔ དེ་ནས་རྒྱལ་པོས་གཡུ་སྒྲ་ཕོ་བྲང་དྲངས༔ བཻ་རོ་ཙ་ན་བོད་དུ་དྲངས་བའི་ཐབས༔ རིན་ཆེན་སྣ་ཚོགས་ཕུལ་ནས་གཡུ་སྒྲས་མཁྱེན༔ ཞུས་པས་གཡུ་སྒྲས་བོད་རྒྱལ་དབང་ཆེན་ཁྱོད༔ དམ་ཆོས་སྤྱན་དྲངས་གཙུག་ལག་ངོ་མཚར་ཡང་༔ ཡབ་མྱེས་ལྷ་རབས་བོན་ནུབ་མ་ལེགས་སོང་༔ བཻ་རོ་ཙ་ན་ཆོས་ཀྱི་ཕུང་པོ་ལ༔ མདོ་ཞིག་ཡབ་སྲས་གཙུག་གི་ནོར་བུར་བཀུར༔ བཻ་རོ་བོད་དུ་གཏོང་བ་ཤིན་ཏུ་དཀའ༔ ལས་ཀྱི་སྨོན་ལམ་ཡོད་ན་མ་གཏོགས་པ༔ དབང་ཆེན་འདྲ་འདྲ་ཡིན་པས་སྐྲག་མི་འོང་༔ བཻ་རོ་འབྱོན་པའི་ཐབས་ནི་ངས་མི་ཤེས༔ ཕོ་ཉ་བཏང་ཡང་འཕྲང་ལ་ཐར་ས་མེད༔ ཞུས་པས་རྒྱལ་པོ་མ་དགྱེས་གཡུ་སྒྲ་ལ༔ བཻ་རོ་དངོས་མཉམ་གཡུ་སྒྲ་སྙིང་པོ་དགོངས༔ བཻ་རོ་རྒྱལ་པོའི་སྤྱི་བོར་དབང་བསྐུར་གནང་༔ དམ་པའི་མཆོད་གནས་ཆེན་པོར་ཞུས་ན་ཡང་༔ བསམ་ཡས་གཟེ་མས་དམ་ཚིག་དཀྲུགས་ཤིང་བགྱིས༔ བཻ་རོ་བཤོལ་དུ་མ་བཏུབ་འབྱོན་དུ་ཤོར༔ ལམ་དུ་བསྐྱེལ་བས་འོང་བར་ཞལ་གྱིས་བཞེས༔ ཚ་བ་རོང་ཆེན་ཆོས་ཀྱི་གྲགས་པས་ཁྱབ༔ བཻ་རོ་བོད་དུ་འབྱོན་པར་མ་གྱུར་ན༔ གཙུག་ལག་བཤིགས་དང་ཆོས་རྣམས་མེ་ལ་བསྲེགས༔ ལོ་ཙཱ་བཀུམས་ནས་ཆོས་ཀྱི་སྒྲ་མེད་ཅིག༔ མི་བྱེད་རེ་ཡ་བཻ་རོ་ཙ་ན་དཔང་༔ ཞེས་གསུངས་གཡུ་སྒྲའི་སེམས་ལ་འཕྲིག་པ་སྐྱེས༔ བོད་རྒྱལ་དེ་འདྲ་བརྗོད་དང་བསམ་མི་ཕོད༔ བཻ་རོ་འབྱོན་དང་མི་འབྱོན་ཞུ་མི་ཤེས༔ བཻ་རོ་ཆོས་ཀྱི་སྒྲོན་མེ་ཆེན་པོ་ལ༔ གྲགས་པས་འཇང་དང་མོན་གྱི་ཡུལ་དུ་ཁྱབ༔ སྤྱན་དྲངས་བྱུང་ཡང་འབྱོན་པར་གནང་མ་ཐུབ༔ མཐའ་འཁོབ་རེ་རེ་ཆོས་ལ་བསྒྱུར་བས་ན༔ སྲོག་ལ་བབ་ཀྱང་ཆོས་འདི་མི་གཏོང་ངེས༔ བཻ་རོ་ཡོན་ཏན་ཆེ་ལ་ང་རྒྱལ་མེད༔ དམ་ཆོས་ཆེ་བ་རྒྱལ་པོས་བགྱི་བ་ན༔ རྐང་ཐང་གསུམ་ཐོང་གཡུ་སྒྲས་གྲོགས་སུ་བགྱི༔ རྒྱལ་པོའི་ཐུགས་དགྱེས་གཡུ་སྒྲའི་བཀའ་བཞིན་དུ༔ ལོ་ཙཱ་ལྡན་མ་རྩེ་མོ་དཔལ་རྡོ་རྗེ༔ ཕྲུག་གུ་དོན་མཆོག་གསུམ་ལ་གསེར་གྱིས་བརྫངས༔ རྒྱལ་པོས་བེེ་རོ་ཆོས་ཀྱི་སྒྲོན་མེ་ཆེ༔ གཡུ་སྒྲ་སྙིང་པོ་བི་མར་རྒྱ་གར་སྐད༔ ཐོགས་མེད་བསྒྲགས་པས་གྲགས་པ་ས་གསུམ་ཁྱབ༔ མ་རིག་དབང་གྱུར་རྒྱལ་པོ་ཐུགས་རྗེས་གཟིགས༔ བོད་དང་ཚ་རོང་བར་དུ་གསེར་གྱི་ལམ༔ དར་གྱི་ཁྱབ་པར་བཏིང་ནས་སྤྱན་དྲངས་གཤེགས༔ ཞུས་ནས་ཕྱག་འཚལ་གུས་པས་ཐལ་མོ་སྦྱར༔ ཞེས་བསྒོས་རྐང་ཐང་གསུམ་དང་གཡུ་སྒྲ་ལ༔ རིན་ཆེན་ཕངས་མེད་བརྫངས་ནས་ཚ་རོང་བྱོན༔ གསེབ་ལམ་བརྒྱུད་དེ་བདུན་གསུམ་མདོ་ཞིག་ཕྱིན༔ གཡུ་སྒྲ་བཱེེ་རོའི་མདུན་ཕྱིན་ལོ་རྒྱུས་ཞུས༔ རྐང་ཐང་གསུམ་གྱིས་གསེར་ཕྱེ་ཕོངས་མེད་ཕུལ༔ བོད་ཀྱི་རྒྱལ་པོའི་མཆིད་ཚིག་སྙན་དུ་གསོལ༔ གཡུ་སྒྲས་རྒྱལ་པོའི་མནའ་ཚིག་བཻ་རོར་ཞུས༔ བོད་དུ་འགྲོ་དོན་འོང་བའི་དུས་ལ་བབ༔ མདོ་ཞིག་ཡབ་སྲས་སྔོན་ཀྱི་སྨོན་ལམ་ལས༔ གདུལ་དཀའ་ཚ་བ་རོང་ཆེན་ཆོས་ལ་བཀོད༔ མདོ་ཞིག་ཡབ་སྲས་བསྒོམ་དོན་རྟོགས་གྲོལ་མཉམ༔ བེེ་རོ་བོད་དུ་བྱོན་པའི་ལོ་རྒྱུས་ཞུས༔ མདོ་ཞིག་རྒྱལ་པོས་བཤོལ་ཡང་ཞུ་མ་གནང་༔ བཀའ་དྲིན་མནྜལ་ཕངས་མེད་ཕུལ་ན་ཡང་༔ མ་བཞེས་དད་དང་དམ་ཚིག་མ་ཉམས་སྲུངས༔ དམ་ཆོས་ཟབ་དོན་སྙིང་པོ་རྟག་ཏུ་ཆོངས༔ རྟེན་འབྲེལ་སྨོན་ལམ་ད་རུང་ཡོད་པ་གསུངས༔ མཆེད་ཡོན་ཐུགས་དམ་གཅིག་འདྲེས་འབྲལ་མེད་གྱུར༔ དེ་ཚེ་བོད་ཀྱི་ལོ་ཙཱ་སྔོན་དུ་བཏང་༔ བཻ་རོ་བོད་དུ་བྱོན་པའི་དོན་ཆེད་གསུམ༔ བོད་རྒྱལ་ཡབ་སྲས་དམ་ཚིག་འབྲེལ་བ་དང་༔ འཆི་མེད་རིག་འཛིན་ཡབ་ཡུམ་ལུང་བསྟན་དང་༔ བི་མ་མི་ཏྲ་རྡོ་རྗེའི་སློབ་དཔོན་གསུམ༔ དམ་ཚིག་འབྲེལ་ཟབ་བཻ་རོ་བོད་དུ་བྱོན༔ ལོ་ཙཱ་གསུམ་པོ་སྔོན་སོང་ལོ་རྒྱུས་ཞུས༔ རྐང་མགྱོགས་བཀའ་ཉན་བོད་ཡུལ་ཕྱིར་ལ་ལོག༔ བསམ་ཡས་གླིང་ཕྱིན་རྒྱལ་པོའི་དྲུང་དུ་སོང་༔ ལོ་རྒྱུས་ཞུས་པས་རྒྱལ་པོ་ཤིན་ཏུ་དགྱེས༔ ལོ་ཙཱ་གསུམ་ལ་གནང་སྦྱིན་རྒྱ་ཆེར་མཛད༔ དེ་ཡི་ཕྱིར་ཉིན་མཁའ་ལ་འཇའ་ཚོན་འཁྲིགས༔ དྲི་བཟང་སྨན་གྱི་དུད་པས་ཕྱོགས་ཀུན་ཁྱབ༔ བཻ་རོ་ཙ་ན་རྗེ་བློན་གཉིས་པོ་ནི༔ བར་སྣང་ཁམས་ནས་རྒོད་ལྟར་བསམ་ཡས་ཕེབས༔ ལོ་ཙཱ་རྒྱལ་བློན་ཚོགས་ཀྱིས་རོལ་མོས་བསུས༔ བཻ་རོ་ལོ་ཙཱའི་གླིང་ཕྱིན་བི་མ་བཞེངས༔ ཕྱག་དང་ཞེ་ས་རྩེ་སྤྲད་ལུགས་བཞིན་ཕུལ༔ ཀྱེེ༔ འཕགས་པའི་ཞིང་ཁམས་རྡོ་རྗེའི་སློབ་དཔོན་མཆོག༔ དུས་འདིར་ཞལ་མཇལ་སྙིང་ནས་དྭངས་རེ་སྤྲོ༔ གངས་ཅན་ཞིང་འདིར་བྱོན་པ་བསོད་ནམས་དཔག༔ དམ་ཆོས་བདུད་རྩིས་བོད་ཡུལ་ཁྱབ་འདི་ལེགས༔ ཞུས་པས་བི་མའི་ཞལ་ནས་འདི་སྐད་གསུངས༔ ཀྱེེ༔ བོད་ཀྱི་སྐྱེས་བུ་རྒྱ་གར་མཁས་པའི་གཙོ༔ ཡོན་ཏན་དམ་པ་ཁྱོད་ཞལ་འཁུམས་འདི་དགྱེས༔ མཐའ་འཁོབ་འགྲོ་དོན་གྲུབ་ཅིང་བོད་བྱོན་ལེགས༔ ཡིད་བཞིན་ནོར་བུའི་སྐལ་བ་དེ་རིང་ལེན༔ ཞེས་གསུངས་ཐུགས་ཀྱིས་བརྩེ་སྤྲོ་ཆེན་པོ་མཛད༔ རྒྱལ་བློན་ལོ་ཙཱ་ཚོགས་ཀྱིས་གུས་པས་བསྟོད༔ བོད་ཡུལ་སྔར་འགྱུར་ཆོས་དང་ཕྱི་འགྱུར་ཆོས༔ བཀྲོལ་དང་བསྒྱུར་དང་སྤེལ་དང་ཐུགས་དམ་ཆོས༔ ཡི་གེར་བཏབ་ཅིང་བི་མས་བཀའ་བསྡུས་མཛད༔ གླེགས་བམ་ཐམས་ཅད་སྒྲ་བསྒྱུར་གླིང་དུ་བརྩེགས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་དང་༔ ཡེ་ཤེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས༔ སྤྱན་དྲངས་རབ་གནས་ཡུན་གནས་སྨོན་ལམ་བཏབ༔ སྲུང་མ་གུར་མགོན་དཔལ་ལྡན་འདོད་ཁམས་མ༔ རེ་མ་ཏི་སོགས་གསང་སྔགས་བསྟན་སྲུང་བཅོལ༔ བོད་ཡུལ་འགྲོ་འདུལ་བཻ་རོའི་བསམ་བཞིན་འགྲུབ༔ བི་མ་མི་ཏྲ་སླར་ཡང་རྒྱ་གར་བྱོན༔ བཻ་རོ་ལོ་ཙཱའི་ཚོགས་བཅས་ཞག་བདུན་བསྐྱལ༔ འཆི་མེད་རིག་འཛིན་བསམ་ཡས་བཞུགས་ནས་སུ༔ དབྱིངས་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་༔ བཻ་རོ་ཙ་ན་གཉིས་སོགས་ལས་ཅན་རྣམས༔ གསང་བ་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་དང་༔ འབྲས་བུ་བླ་ན་མེད་པའི་སེམས་སྡེ་སོགས༔ གསང་བ་བསམ་གྱིས་མི་ཁྱབ་གསུངས་བར་མཛད༔ བཀའ་རྣམས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཡེ་ཤེས་མཚོ་རྒྱལ་བཻ་རོ་རྒྱལ་པོ་སོགས༔ དབང་བསྐུར་སྨིན་གྲོལ་ཆེན་པོའི་ཕྲིན་ལས་མཛད༔ དེ་ཚེ་ཡེ་ཤེས་མཚོ་རྒྱལ་དད་མོས་ཀྱིས༔ ཀྱེེ༔ རྒྱལ་བ་ཀུན་འདུས་འཆི་མེད་རིག་འཛིན་མཆོག༔ པདྨ་འབྱུང་གནས་གདུལ་དཀལ་འདུལ་མཛད་པ༔ མི་ཤིགས་སྐུ་མཆོག་མི་འགག་ཚངས་དབྱངས་གསུང་༔ ཚད་མེད་ཐུགས་ཀྱིས་རྒྱུན་མེད་འགྲོ་དོན་མཛད༔ བདག་ཅག་ལས་ཅན་རྒྱལ་གྱིས་མཇལ་དཀའ་བ༔ སྨོན་ལམ་དབང་གིས་ཁྱེད་ཞལ་དངོས་སུ་མཇལ༔ བོད་ཀྱི་རྒྱལ་པོའི་བསམ་དོན་མ་ལུས་འགྲུབ༔ མ་འོངས་བསྟན་པ་གཙུག་ལག་དམ་ཆོས་དང་༔ བོད་རྒྱལ་བརྒྱུད་པ་བདེ་སྡུག་བྱ་བ་ཀུན༔ ཐམས་ཅད་མཁྱེན་གཟིགས་མཆོག་གི་བཀའ་སྩོལ་མཛོད༔ ཅེས་ཞུས་འཆི་མེད་གུ་རུ་རིན་པོ་ཆེས༔ ཀྱེེ༔ ཡེ་ཤེས་མཚོ་རྒྱལ་བོད་རྒྱལ་སྙན་གྱིས་གསོན༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ང་༔ རྒྱལ་བ་ཀུན་གྱིས་འགྲོ་བ་འདུལ་ལ་བསྔགས༔ ཀུན་ཏུ་བཟང་པོ་འོད་མི་འགྱུར་བ་ཅན༔ རྩ་གསུམ་གུ་རུ་ཐོད་ཕྲེང་སྡེ་ལྔར་སྤྲུལ༔ གང་འདུལ་དྷ་ན་ཀོ་ཤའི་མཚོ་དབུས་སུ༔ པདྨའི་ཁ་ལ་བརྫུས་སྐྱེས་ཚུལ་བསྟན་མཛད༔ ཨོ་རྒྱན་དུར་ཁྲོད་རྒྱ་གར་ཟ་ཧོར་བལ༔ གསང་བ་སྔགས་ཀྱི་བསྟན་པའི་ཕྲིན་ལས་སྐྱོངས༔ ད་ལྟར་བོད་ཡུལ་བསྟན་པ་རྗེས་སུ་བཞག༔ རྒྱ་གར་ཐུབ་པའི་མདོ་སྡེ་རྡོར་སེམས་སྔགས༔ མདོ་སྔགས་གཉིས་ཀྱི་བཀའ་རྣམས་བོད་དུ་བཞག༔ རྩ་བ་ཆོས་རྒྱལ་གདུང་རྒྱུད་དག་ལ་རག༔ གུ་རུ་ང་ཡི་བསྟན་པ་མ་རྫོགས་པར༔ ཁྱོད་ཀྱི་གདུང་རྒྱུད་མི་ཆད་རྟེན་འབྲེལ་ཡོད༔ འོན་ཀྱང་ཡབ་སྐྱེས་བོན་སྡེ་ནུབ་པའི་རྐྱེན༔ བོད་ཀྱི་རྒྱལ་པོའི་གདུང་རྒྱུད་བརྟན་པར་དཀའ༔ བདག་གི་ཐུགས་བཅུད་གསང་སྔགས་བླ་མེད་སྐོར༔ ཡེ་ཤེས་མཚོ་རྒྱལ་གནས་ཆེན་གངས་བྲག་སྦོས༔ མ་འོངས་ང་ཡི་སྤྲུལ་པ་རེ་རེ་ལ༔ ཡེ་ཤེས་མཚོ་རྒྱལ་གྲོགས་མཛད་གཏེར་རེ་བླང་༔ ཆོས་འཁོར་ཉམས་པ་གསོས་ཤིང་བསྟན་པ་སྤེལ༔ སྔོན་ཚེ་བལ་ཡུལ་བྱ་རུང་མཆོད་རྟེན་ལ༔ སྨོན་ལམ་རང་རྒྱུད་གཙུག་ལག་ཆོས་འཁོར་འཇོམས༔ གཉེན་པོ་མཆེད་ཟླའི་སྨོན་ལམ་ཐུགས་རྗེས་བཏུལ༔ དམ་ཆོས་ལ་ཡང་དེ་བཞིན་འཕོ་འགྱུར་མང་༔ གཏན་དུ་སངས་རྒྱས་བསྟན་པ་ནུབ་མི་འགྱུར༔ ཞེས་གསུངས་རེ་ཞིག་རྒྱལ་པོའི་སྲས་མོ་ལྕམ༔ གློ་བུར་ནད་ཐེབ་རྒྱལ་པོ་ཐུགས་ངལ་མཛད༔ དེ་ལ་མཚོ་རྒྱལ་གུ་རུའི་མདུན་དུ་ཞུས༔ ཀྱེེ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་ལགས༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ༔ གློ་བུར་ནད་ཕོག་ན་ཚ་དྲག་པོས་མནར༔ རྒྱལ་པོའི་སྙིང་དང་འདྲ་བར་གཅེས་པར་བཟུང་༔ དེ་ལག་སྐྱོབ་པའི་ཐུགས་རྗེ་སྩོལ་བ་དང་༔ རྒྱལ་པོ་སྡུག་བསྔལ་སེལ་བའི་ཐབས་ཤིག་ཞུ༔ ཀྱེེ༔ དབྱངས་ཅན་ལྷ་མོ་ཡེ་ཤེས་མཚོ་རྒྱལ་མ༔ འགྲོ་རྣམས་སྐྱེས་ནས་འཆི་བའི་རང་བཞིན་ཏེ༔ འདི་ལ་ཕན་པའི་ཐབས་ནི་མེད་པ་འདྲ༔ འོན་ཀྱང་རྒྱལ་པོའི་ཐུགས་ངལ་སེལ་བའི་ཕྱིར༔ འཆི་མེད་དབང་དྲག་ཚེ་སྒྲུབ་དབང་བསྐུར་ཀྱང་༔ ཕན་པར་མ་གྱུར་རྒྱལ་པོའི་པང་དུ་ཤི༔ རྒྱལ་པོའི་སྤྱན་ཆབ་བཏང་ཞིང་མྱ་ངན་བྱེད༔ འདི་ནི་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན༔ ཚེ་འཕོས་ཨོ་རྒྱན་ཡུལ་དུ་སྔགས་མཁན་སྐྱེས༔ སྟག་གཟིག་ཡུལ་དུ་སྟོབས་ལྡན་རྒྱལ་པོར་སྐྱེས༔ རྒྱ་གར་དགེ་སློང་མར་སྐྱེས་དམ་ཚིག་ཉམས༔ ད་ལྟར་ཆོས་རྒྱལ་སྲས་མོར་སྐྱེ་བ་བླང་༔ འཆི་མེད་ང་ཡི་ཞལ་མཇལ་ངན་འགྲོ་མེད༔ མ་འོངས་ང་ཡི་གཏེར་སྐྱོང་དབང་སྐལ་ལྔ༔ དེ་རྗེས་པདྨའི་ཞིང་དུ་མངོན་སངས་རྒྱ༔ ཞེས་གསུངས་རྒྱལ་པོའི་ཐུགས་ངལ་མཛད་པ་སངས༔ སྲས་མོའི་སྤུར་སྦྱང་གནས་ལམ་བདེ་བར་བསྟན༔ དེ་ནས་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ དབྱངས་ཅན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་༔ བཻ་རོ་ཙ་ན་ལྷ་སྲས་མུ་ནེ་བཙད༔ བསམ་ཡས་མཆིམས་ཕུ་དགེ་གོང་བྱོན་ནས་སུ༔ མཁའ་འགྲོ་དགོངས་པ་འདུས་པའི་དཀྱིལ་འཁོར་བཞེངས༔ ཤེས་རབ་རིག་རྩལ་དབང་བསྐུར་སྨིན་པར་མཛད༔ སྐུ་ནི་མི་བསྐྱོད་མཆིམས་ཕུའི་གནས་སུ་བཞུགས༔ གངས་ཅན་ཞིང་ཁམས་ཞབས་ཀྱིས་མ་བཅག་མེད༔ དེ་ཚེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ བདེ་སྟོང་ལུས་ཀྱི་མཆོད་པ་ཕུལ་ནས་སུ༔ འཆི་མེད་རིག་འཛིན་ཉིད་ལ་འདི་སྐད་ཞུས༔ ཨེ་མ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་དཔལ་དང་མགོན༔ འཆི་མེད་གུ་རུ་པདྨ་འབྱུང་གནས་མཁྱེན༔ མཁར་ཆེན་རྒྱལ་ལ་འཁྲུངས་བའི་ཁོ་མོ་ང་༔ སྐྱེས་ནས་དབང་ཆེན་རྒྱལ་པོའི་བཀའ་དྲིན་ལས༔ སྐྱོན་གྱིས་མ་གོས་རིག་འཛིན་མུ་ཏ་མཛད༔ ཕྱི་ནང་གསང་བའི་གདམས་པའི་བཅུད་ཀྱིས་སྨིན༔ ཕྱི་ཡི་ལུས་ནི་ལྷ་ཡི་སྐུ་རུ་གྱུར༔ ནང་གི་སེམས་ནི་ཡེ་ཤེས་རྩལ་ཆེན་རྫོགས༔ ཁོ་མོ་རང་སྣང་དབང་དུ་འདུས་ནས་སུ༔ གཞན་སྣང་ཟིར་གནོན་གྲུབ་རྟགས་མངོན་དུ་གྱུར༔ ཟག་བཅས་གདོས་ཕུང་ཟག་མེད་རྡོ་རྗེའི་ལུས༔ ཚད་མེད་བཞི་ཡིས་འགྲོ་ཀུན་བུ་ལྟར་སྐྱོང་༔ མ་ཧ་གུ་རུའི་ཐུགས་རྗེས་བདག་ཟུངས་ཤིག༔ ལས་ཀྱི་དབང་གིས་དབྱངས་ཅན་མཁའ་འགྲོར་གྱུར༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་འཁོར་ལོར་དག༔ རྩ་རླུང་ཐིག་ལེ་འཕོ་མེད་ཕྱག་རྒྱ་རྫོགས༔ དབྱིངས་རིག་ཟུང་འཇུག་ཡེ་ཤེས་ཆེན་པོར་སྨིན༔ ཁམས་གསུམ་དོང་སྤྲུགས་ཕྲིན་ལས་མཐའ་རུ་ཕྱིན༔ ཐུན་མོང་གྲུབ་རྟགས་མི་རོ་གསོན་པོར་བསྒྱུར༔ དང་པོར་དཀའ་སྤྱད་གུ་རུའི་ཇོ་མོ་མཛད༔ གསང་སྔགས་ཐབས་ལམ་ཨ་ཙར་ས་ལེ་བརྙེས༔ རིག་འཛིན་དབང་ཐོབ་གུ་རུའི་རིག་མར་གྱུར༔ གང་ལ་ཐོགས་མེད་ཆོས་ཀྱི་འཁོར་ལོ་བསྐོར༔ གུ་རུའི་གསུངས་བཞིན་མཚོ་རྒྱལ་བདག་རང་བགྱིས༔ རྩ་གསུམ་པདྨ་དབང་དྲག་སྒྲུབ་ཐབས་ལ༔ ཕྱི་ནང་གསང་བ་ཡང་གསང་དེ་ཉིད་སྐོར༔ བསྒྱུར་ཁ་མི་འདྲ་བདུན་དང་དཀྱིལ་འཁོར་འབྲེལ༔ གུ་རུའི་སྒྲུབ་ཐབས་མི་འདྲ་བརྒྱ་རྩ་བརྒྱད༔ འོམ་བུ་སྟག་ཚང་མོན་གྱི་སྟག་ཚང་དང་༔ ཁམས་ཀྱི་སྟག་ཚང་ཏི་སྒྲོར་རོང་དུ་སོང་༔ བསྐྱེད་རྫོགས་བསྙེན་སྒྲུབ་གྲུབ་པའི་རྟགས་ལྡན་མཛད༔ བདེ་བར་ནམ་ཤར་ང་ལ་གསོལ་བ་ཐོབ༔ གསང་ལུང་བསྟན་ནས་སྒྲུབ་པའི་རྟགས་ཚད་ལྡན༔ ལུས་ནི་གུ་རུའི་རྣལ་འབྱོར་ལྷ་ཞལ་གཟིགས༔ ངག་ནི་སྔགས་ཀྱི་རང་བཞིན་སིདྡྷི་དབྱངས༔ ཡིད་ནི་བླ་མེད་དགོངས་པ་རོ་གཅིག་འདྲེས༔ ཕྱི་སྣོད་གདོས་བཅས་ལྷ་ཡི་གཞལ་ཡས་ཁང་༔ ནང་བཅུད་སེམས་ཅན་ལྷ་དང་ལྷ་མོར་གྱུར༔ རྩི་ཤིང་ནགས་ཚལ་འབྱུང་བཞིའི་སྒྲ་ལ་སོགས༔ དབྱངས་དང་གསལ་བྱེད་བཛྲ་གུ་རུའི་སྒྲ༔ ཨོ་རྒྱན་མཁའ་འགྲོའི་གླིང་ལ་ཕྱིན་པའི་ཚེ༔ ཤ་ཁྲག་རུས་པ་ལྷུ་དུམ་ཁྲོལ་ཁྲོལ་འཐོར༔ དེ་དབུས་ཐོད་པ་སྐམ་རློན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས་པའི་དབུས༔ རིན་ཆེན་སྣ་ཚོགས་བརྩེགས་པའི་ཁྲི་མཆོག་མཛེས༔ དེ་སྟེང་གུ་རུ་རྩ་གསུམ་ལྷ་ཚོགས་བཞུགས༔ སྒོ་བཞི་ལྕགས་རི་དཔག་ཚད་འབུམ་ཕྲག་བསྐོར༔ མེ་རི་རྡོ་རྗེའི་ར་གུར་ལྡན་པའི་ཕྱིར༔ དུར་ཁྲོད་གནས་ཆེན་བརྒྱད་ཀྱི་བཀོད་པ་བཀྲ༔ ཤ་ཟན་བྱ་གཅན་སྲིན་པོ་ཕོ་མོ་སོགས༔ མ་རུངས་པ་རྣམས་འཇིགས་སྒྲ་སྒྲོགས་ཤིང་བསྐོར༔ སྒོ་ཁྱུད་རིམ་པ་གསུམ་གྱིས་བསྐོར་བའི་ནང་༔ མཁའ་འགྲོ་མི་མོ་ཆས་བྱེད་མང་པོ་ཚོགས༔ ལ་ལས་མཆོད་རྫས་མང་པོ་འབུལ་ཞིང་འདུག༔ ལ་ལས་སྤུ་གྲིས་རང་གི་ཤ་ཚལ་གཏུབ༔ ལ་ལས་མིག་དང་སྣ་ལྕེ་རྣ་བ་དང་༔ སྙིང་དང་དོན་སྣོད་ཕྱི་ཤ་ནང་ཁྲོལ་དང་༔ མགོ་དང་ཡན་ལག་བཅད་ཅིང་ཁྲག་ཕྱུང་ཞིང་༔ ཚོགས་སུ་བཤམས་ནས་གཙོ་ལ་འབུལ་ཞིང་འདུག༔ ཁྱོད་རྣམས་འདི་ཙམ་སྡུག་བསྔལ་ཅི་ཡིས་དོན༔ ཆོས་རང་མ་ཤེས་མོས་གུས་མི་ཆོག་གམ༔ སྨྲས་པས་ཨེ་མ་བུད་མེད་བློ་རིང་པོ༔ མཇལ་དཀའ་མཚན་ལྡན་བླ་མ་དམ་པ་དེས༔ ཐུགས་རྗེས་བཟུང་བ་སྐད་ཅིག་ཡུད་ཙམ་ཡིན༔ གཟིགས་ཚེ་གང་མཉེས་འབུལ་བ་མ་བགྱིས་ན༔ ཕྱིས་དུས་བྱེད་པས་ཚོགས་ཆེན་མི་རྫོགས་ཤིང་༔ ཕྱི་བཤོལ་བྱེད་པ་དེ་བས་བར་ཆད་ཆེ༔ དལ་འབྱོར་མི་ལུས་ཐོབ་པ་ད་རེས་ཙམ༔ ཆོས་བྱར་ཡོད་པ་སྐད་ཅིག་ཡུད་ཙམ་ཡིན༔ དམ་པ་མཉེས་པའི་འབུལ་བ་མ་བགྱིས་ན༔ ཕྱི་བཤོལ་བྱེད་པ་དེ་བས་བར་ཆད་ཆེ༔ སྟོན་པ་སངས་རྒྱས་བྱོན་པ་ད་རེས་ཙམ༔ གསང་སྔགས་སྒོར་ཞུགས་སྐད་ཅིག་ཡུད་ཙམ་ཡིན༔ དམ་ཆོས་ཐོབ་དུས་འབུལ་བ་མ་བགྱིས་ན༔ ཕྱི་བཤོལ་བྱེད་པ་དེ་བས་བར་ཆད་ཆེ༔ ཞེས་གསུངས་རང་གི་རང་ལ་ཁྲེལ་བ་བྱུང་༔ བདག་ཀྱང་དཀའ་བ་སྤྱོད་པར་བྱ་དགོས་སྙམ༔ གུ་རུའི་ཞལ་ནས་དཀའ་ཆེན་བརྒྱད་སྩལ་བས༔ ཟས་ཀྱི་དཀའ་སྤྱད་ས་རྡོའི་བཅུད་ལེན་བརྟེན༔ གོས་ཀྱི་དཀའ་ཐུབ་རས་རྐྱང་རུས་བརྒྱན་གསོལ༔ ངག་གི་དཀའ་སྤྱད་བསྙེན་སྒྲུབ་རླུང་སྔགས་བརྩོན༔ ལུས་ཀྱི་དཀའ་སྤྱད་བསྐྱེད་རྫོགས་ཟུང་འཇུག་བྱ༔ བསྟན་པའི་དཀའ་སྤྱད་འཆད་རྩོད་རྩོམ་ལ་འབད༔ གཞན་ཕན་དཀའ་སྤྱད་ཐེག་ཆེན་བྱམས་སེམས་བསྐྱེད༔ སྙིང་རྗེའི་དཀའ་སྤྱད་དགྲ་གཉེན་མཉམ་པར་སྙོམས༔ ཡིད་ཀྱི་དཀའ་སྤྱད་དམིགས་མཚན་བྲལ་བར་བཞག༔ དེ་ལྟར་བྱས་པས་སངས་རྒྱས་ཆོས་དང་འདྲེས༔ བུ་མོ་མཚོ་རྒྱལ་དེ་ལྟར་བཀའ་དྲིན་ཐོབ༔ དཀའ་བ་སྤྱད་ཅིང་གདམས་པ་ཉམས་སུ་ལེན༔ རང་གཞན་མ་འོངས་འགྲོ་བའི་དོན་ཆེད་དུ༔ མཚོ་རྒྱལ་ཏི་སྒྲོ་རི་རྩེ་གཡའ་གངས་ཕྱིན༔ རས་རྐྱང་གཅིག་གིས་ལོ་གཅིག་དཀའ་བ་སྤྱད༔ གཏུམ་མོ་བདེ་དྲོད་རང་དབང་མེད་པར་འབར༔ རྒྱུ་འབྲས་དངོས་པོ་ཏིལ་འབྲུ་ཙམ་མེད་པར༔ ས་རྡོ་ཆུ་ལ་བཅུད་ལེན་ལོ་གཅིག་བྱས༔ ཟག་ཟད་འཇའ་ལུས་འོད་ཀྱི་སྐུ་རུ་གྱུར༔ ངག་གི་སྨྲ་བརྗོད་རླུང་སྔགས་རང་བཞིན་གྱི༔ རླུང་གི་འགྲོ་འོང་སྦྱངས་ནས་ལོ་གཅིག་བཞུགས༔ རྡོ་རྗེའི་བཟླས་པ་རྩོལ་མེད་རང་སྒྲར་སྒྲོགས༔ ལུས་ཀྱིས་ཆ་ལུགས་ལྔ་ལྡན་ཕྱག་རྒྱ་བཅས༔ ཟབ་དོན་དཀྱིལ་འཁོར་བསྐྱེད་རྫོགས་ལོ་གཅིག་བསྒོམས༔ བསྙེན་སྒྲུབ་ལས་སྦྱོར་དྲོད་ཚད་རང་བྱན་ཆུབ༔ འཇིག་རྟེན་ཆེ་བཀུར་སྙན་གྲགས་རིང་དོར་ནས༔ དམ་ཆོས་ཕྱི་ནང་གསང་བ་ལོ་གཅིག་བཤད༔ མི་དང་མི་མིན་སེམས་རྒྱུད་སྨིན་ཅིང་གྲོལ༔ ཕྱོགས་རིས་མེད་པར་གདུལ་བྱ་ཐུགས་རྗེས་བཟུང་༔ གཞན་ཕན་ཐེག་ཆེན་སེམས་བསྐྱེད་ལོ་གཅིག་སྦྱངས༔ རང་བས་གཞན་གཅེས་བྱམས་སེམས་རྒྱུད་ལ་སྐྱེས༔ སྐྱིད་སྡུག་ལམ་སློང་གང་ཤར་ལམ་དུ་ཁྱེར༔ ལས་ཀྱིས་མནར་རྣམས་སྙིང་རྗེ་ལོ་གཅིག་བསྐྱེད༔ དགྲ་གཉེན་དང་བྲལ་ལུས་ཅན་ཕ་མར་གྱུར༔ སྔར་གྱི་རྟོག་པས་རང་བཅིང་མ་འཁྲུལ་བ༔ གང་གི་མཚན་བྲལ་སེམས་ཉིད་ཡེ་ཤེས་དང་༔ སྨྲ་བསམ་བརྗོད་བྲལ་ཀ་དག་ཀུན་ཏུ་བཟང་༔ སྐྱེ་འཆི་བགྲེས་རྒུད་བྲལ་བ་རྡོ་རྗེའི་ལུས༔ ཚེ་ཡི་རིག་འཛིན་ཆེན་མོའི་དབང་མཆོག་ཐོབ༔ ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ༔ སྐྱེ་བ་དམན་ཡང་མདོ་སྔགས་བསོད་ནམས་གཞི༔ ལུས་ནི་ལྷར་གྱུར་ཐ་མ་སྣང་བ་ནུབ༔ སྒྱུ་མ་ལྟ་བུའི་ཏིང་འཛིན་ཤར་ནས་སུ༔ འབྱུང་བ་ལྔ་པོ་རང་དབང་ཤུགས་ལས་བསྒྱུར༔ ངག་ནི་སྔགས་གྱུར་ལོང་གཏམ་འཆལ་བ་ནུབ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཤར་ནས་སུ༔ མདོ་སྔགས་ཆོས་རྣམས་མ་ལུས་རང་བྱན་ཚུད༔ སེམས་ནི་སངས་རྒྱས་རྣམ་རྟོག་དབྱིངས་སུ་ནུབ༔ དཔལ་བར་འགྲོ་བའི་ཏིང་འཛིན་ཤར་ནས་སུ༔ རྡོ་རྗེ་འཆང་གི་དགོངས་པར་མཉམ་པ་འདི༔ བཀའ་དྲིན་ཆེན་པོ་གུ་རུའི་ཐུགས་རྗེ་ཡིན༔ ད་ནས་འདི་དང་སྐྱེ་བ་ཚེ་རབས་སུ༔ ཁྱེད་ཞལ་མི་སྤངས་ནམ་ཡང་འབྲལ་མེད་གཟིགས༔ སྐུ་གསུང་ཐུགས་ཡོན་མི་ཟད་རྒྱན་འཁོར་ལོ༔ གུ་རུའི་དམ་ཆོས་བླ་མེད་བཀའ་དྲིན་སྩོལ༔ བདག་ཀྱང་ལུས་སྲོག་སངས་རྒྱས་བསྟན་ཕྱིར་བཏང་༔ སྤྱིར་ན་གངས་ཅན་སྒོས་སུ་ཁོ་མོ་རང་༔ ཉིད་ལས་ལྷག་པའི་སྐྱབས་ཡུལ་གཞན་ན་མེད༔ ཅི་སྲིད་འཁོར་བ་འདི་ཉིད་མ་སྟོང་པར༔ དེ་སྲིད་ཁྱེད་ཀྱི་ཐུགས་རྗེས་བཟུང་བར་ཞུ༔ དེ་ལ་འཆི་མེད་རིག་འཛིན་ཆེན་པོ་ཡིས༔ དབྱངས་ཅན་བཻ་རོ་རྒྱལ་པོ་རྣམ་གསུམ་ལ༔ བསྟན་པ་རྗེས་བཞག་མཛད་པ་འདི་ལྟར་གསུངས༔ ཀྱེེ༔ གནས་གསུམ་མཁའ་འགྲོའི་བདག་ཉིད་མཚོ་རྒྱལ་མ༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་༔ བསྟན་པའི་རྒྱལ་པོ་མུ་ནེ་བཙད་པོ་གསུམ༔ གངས་ཅན་ཞིང་འདིར་བསྟན་པ་རིན་པོ་ཆེ༔ ད་ལྟར་དར་ཡང་མ་འོངས་འགྲོ་བའི་དོན༔ ང་ཡི་རྗེས་འཛིན་གཙོ་བོ་ཁྱོད་གསུམ་རག༔ གསང་སྔགས་ཟབ་ལམ་རྫོགས་པ་ཆེན་པོ་འདི༔ སྔོན་ཡང་མ་གསུངས་ད་ཡང་གསུང་མི་འགྱུར༔ གདུལ་བྱ་གངས་ཅན་ཞིང་འདིར་ཤར་ན་ཡང་༔ བསྟན་པ་འདི་ལ་འཕོ་འགྱུར་མང་པོ་འབྱུང་༔ ད་ལྟར་འཆི་མེད་ང་ཡི་ཟབ་ཆོས་རྣམས༔ ཟབ་མོ་གཏེར་གྱི་རྣམ་གྲངས་བརྒྱ་རྩ་བརྒྱད༔ གཏེར་གྱི་རྒྱལ་པོ་ལྔ་དང་བློན་པོ་བཅུ༔ བཙུན་མོ་བཅོ་ལྔ་གཏེར་གཡོག་བདུན་ཅུ་ལ༔ གཏེར་རྒྱལ་ཉེར་ལྔ་བློན་པོ་བཅུ་གསུམ་དང་༔ བཙུན་མོ་བདུན་རེ་གཏེར་གཡོག་གསུམ་རེ་ཐོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་ལྔ་ལྡན༔ བརྡ་ཡིག་འཕྲུལ་ཡིག་སྣ་ཚོགས་ཡི་གེར་བཀོད༔ སྐུ་དང་ཕྱག་མཚན་དམ་རྫས་རིལ་བུ་སོགས༔ འབྱུང་ལྔས་མི་འཇིགས་གཏེར་སྒྲོམ་ཟ་མ་ཏོག༔ སྦས་པའི་གནས་ཆེན་བརྒྱ་དང་རྩ་བརྒྱད་ལ༔ གནས་ཕྲན་དེ་ཡི་འཁོར་ཏུ་འདུ་བ་ཡི༔ སྐུ་ཚབ་ལུང་བསྟན་གསུང་ཚབ་གཏེར་དུ་བཞག༔ ཐུགས་ཚབ་སྨོན་ལམ་གདབ་ཅིང་རྒྱ་ཡིས་ཐོབ༔ དེ་ཉིད་ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་རག༔ ང་ནི་མི་འདུག་རྔ་ཡབ་གླིང་བེབ་རྗེས༔ མཚོ་རྒྱལ་བཀའ་ཡི་བསྡུ་བ་རྣམ་བཞི་མཛོད༔ བཀའ་ཡི་བསྡུ་བ་མཁའ་འགྲོའི་བརྡ་ཡིག་དང་༔ ལུང་གི་བསྡུ་བ་མན་ངག་དམར་བྱང་དང་༔ བསྟན་པའི་བསྡུ་བ་བསྟན་ཞབས་གཏེར་གྱིས་སྐྱོང་༔ འགྲོ་དོན་བསྡུ་བ་སྨོན་ལམ་རྒྱ་ཆེར་ཐོབ༔ གཏེར་ཁ་དབང་བའི་སྐྱེས་བུ་བརྒྱ་རྩ་བརྒྱད༔ རིགས་ལྔ་མཁའ་འགྲོའི་སྤྲུལ་པས་གྲོགས་སུ་བགྱི༔ གཏེར་ཀྱི་སྲུང་མ་བརྒྱ་རྩར་གཉེར་དུ་བཅོལ༔ དུས་དང་ས་རྟགས་མི་ནོར་བཀའ་རྟགས་ཞོག༔ མཚོ་རྒྱལ་བཻ་རོ་མུ་ནེ་བཙད་པོ་གསུམ༔ ཕྱི་རབས་དོན་དུ་ཐུགས་ལ་མ་བོར་བར༔ ཕྲིན་ལས་ཐམས་ཅད་ཡོངས་སུ་སྒྲུབས་པར་གྱིས༔ ཞེས་གསུངས་ཡེ་ཤེས་མཚོ་རྒྱལ་ཕྱག་འཚལ་ཏེ༔ ཀྱེེ༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་མཁྱེན༔ དཀའ་བ་དང་དུ་བླང་བའི་མཚོ་རྒྱལ་ང་༔ ཆོས་སྐུ་ཡུམ་ཆེན་དགོངས་ཀློང་མ་ཆུབ་པར༔ གུ་རུ་ཁྱོད་ཀྱི་ཐུགས་རྗེས་བཟུང་བར་མཛོད༔ ཟབ་ཆོས་གདམས་པ་སྙིང་གི་བདུད་རྩི་འདི༔ ཐོབ་པ་བོད་རྒྱལ་ཆེན་པོའི་ཐུགས་བསྐྱེད་ཡིན༔ འཆི་མེད་རིག་འཛིན་ཁྱོད་ཀྱི་བཀའ་དྲིན་ཡིན༔ ད་རུང་རྔ་ཡབ་གླིང་དུ་མི་ཕེབས་པར༔ དམ་ཆོས་གནང་དང་བོད་ཡུལ་འགྲོ་བའི་དོན༔ ཆོས་རྒྱལ་སྐུ་འཚོ་གདུང་རྒྱུད་རིང་བ་སོགས༔ གུ་རུ་ཉིད་ཀྱིས་ཐུགས་རྗེའི་གཟིགས་ནས་སུ༔ བདག་ཅག་རྣམས་ཀྱང་བཏང་བྲལ་མེད་པར་མཛོད༔ སྨོན་ལམ་ཟད་མེད་འདེབས་པས་ཐུགས་རྗེས་ཟུངས༔ ཞེས་ཞུས་འཆི་མེད་རིག་འཛིན་མཆོག་ཉིད་ཀྱིས༔ ཀྱེེ༔ དབྱངས་ཅན་བཻ་རོ་ལྷ་སྲས་མུ་ནེ་བཙད༔ ཕྱི་ནང་གསང་བ་གཏེར་གྱི་བྱ་བཞག་རྣམས༔ ཁྱད་གསུམ་རྒྱལ་ཚབ་དབང་བསྐུར་དམ་དུ་ཆོངས༔ ཆོས་རྒྱལ་བོད་ཡུལ་རྒྱལ་པོ་ཆེན་པོ་ལ༔ ཡབ་མྱེས་བོན་གྱི་སྐུ་སྲུང་ཐབས་ཅད་སོངས༔ ཕྱོགས་ཀྱི་ལྷ་འདྲེའི་ཟ་ཁ་ཟུག་བ་ཡིས༔ རྒྱལ་པོའི་སྐུ་ཚེར་བར་ཆད་ཡོད་པ་འདྲ༔ འདི་ལོ་གཅིག་ལ་ཕོ་བྲང་ཕྱིར་མ་འབྱོན༔ ཐུགས་དམ་མཛད་ཅིང་ཚེ་ཡི་སྙིང་པོ་བགྲོངས༔ བེེ་རོ་རྒྱ་གར་ཚེ་ཡི་དངོས་གྲུབ་ཐོབ༔ གཡའ་མ་ལུང་དུ་ཚེ་ཡི་སྒྲུབ་པར་ཞུགས༔ འཆི་མེད་ཡབ་ཡུམ་མཆིམས་ཕུའི་གནས་སུ་བཞུགས༔ གསང་བའི་མན་ངག་སྐོར་རྣམས་མཚོ་རྒྱལ་གནང་༔ ཡང་ཞིག་འཆི་མེད་ཡབ་ཡུམ་གཡའ་མ་ལུང་༔ བྱོན་ནས་ཚེ་ཡི་ལྷ་ཚོགས་བྱིན་དབབ་མཛད༔ ཚེ་བུམ་ཆུ་ཕྱུར་རིལ་བུ་ཟིལ་ཐིག་བབ༔ ལྷ་ཚོགས་ཞལ་གཟིགས་སྲུང་མ་མངོན་སུམ་འདུ༔ ཞག་བདུན་མཚམས་ནས་ཚེ་དབང་བསྐུར་རན་ཡང་༔ བོད་ཀྱི་བསོད་ནམས་ཞན་པའི་ལས་དབང་གིས༔ རྒྱལ་པོ་ལོ་སར་ཆེན་མོའི་དུས་སུ་བབ༔ ཀུན་གྱིས་ལོ་སར་རྒྱལ་ཁྲི་སྟོང་མི་ཉན༔ བློན་པོ་ཚོགས་ནས་ནན་གྱིས་རྒྱལ་ལ་ཞུས༔ རྒྱལ་པོས་བདེན་དགོངས་ལོ་སར་སྟོན་མོར་ཕེབས༔ ཆིབས་ཀྱིས་རྩེད་མོ་མཛད་པས་སྐུར་སྟུང་ཕོག༔ འཆི་མེད་ཡབ་ཡུམ་མདུན་དུ་ཕེབས་ནས་ཞུས༔ ཀྱི་ཧུད་ལས་མེད་བློན་དང་བཙུན་མོ་ཚོགས༔ སློབ་དཔོན་བཀའ་བཅག་རྒྱལ་པོའི་གསང་སྒོར་ལ༔ བདག་གིས་ཞག་བདུན་ཚེ་དབང་ཕུལ་བ་ན༔ བརྒྱད་ཅུ་གྱ་དགུ་ཚེ་ཡི་ཚད་ཡིན་ཀྱང་༔ སུམ་ཅུ་རྩ་དྲུག་བར་ཆད་མངོན་སུམ་རྒྱུགས༔ ཞེས་གསུངས་བསམ་ཡས་གནས་སུ་ཕེབས་པར་མཛད༔ དེ་ནས་རྒྱལ་པོ་ཞལ་འཚོ་བདེ་བར་གཤེགས༔ གསང་རྒྱ་སྡོམས་ཤིང་སྲས་བློན་ཐུགས་གསོས་མཛད༔ གུ་རུ་ཡབ་ཡུམ་བཱེེ་རོའི་ཚེ་སྒྲུབ་ཀྱི༔ རྒྱུད་སྡེ་ཚེ་རིལ་བུམ་པ་དང་བཅས་པ༔ སྒྲུབ་ཐབས་སུམ་ཅུ་མཚོ་རྒྱལ་མ་ལ་གནང་༔ གཏེར་གནས་རྣམས་ལ་སོ་སོར་རྒྱས་གདབ་སྦོས༔ མ་འོངས་ཚེ་ཉམས་རྣམས་ཀྱི་དོན་དུ་ཞོག༔ ཅེས་གསུངས་ལྷ་སྲས་མུ་ནེ་བཙད་པོ་ཉིད༔ ལོ་ཡི་ཚོད་ཟིན་རྗེ་ཡི་ལས་ཀྱང་ཤེས༔ རིན་ཆེན་ཁྲི་བཀོད་རྒྱལ་པོར་མངའ་རུ་གསོལ༔ ཡིད་བཞིན་དབང་གི་ནོར་བུ་ཕྱག་ཏུ་ཕུལ༔ རྒྱལ་པོའི་ཡིག་ཚངས་ཐམས་ཅད་མདུན་དུ་ཕུལ༔ དགའ་སྟོན་བསམ་གྱིས་མི་ཁྱབ་མཛད་པས་སྐྱོང་༔ ཀུན་གྱིས་ཞབས་ལ་མགོ་བོས་ཕྱག་ཀྱང་བླང་༔ ངང་ཚུལ་དཔལ་གྱི་རྒྱལ་མོ་ཁབ་ཏུ་བཞེས༔ རྒྱལ་བློན་བཙུན་མོ་འབངས་འཁོར་ཐམས་ཅད་དང༔ ལོ་ཙཱ་མཁས་གྲུབ་ཚོགས་ཀྱིས་ས་སྟེང་ཁྱབ༔ དེ་ནས་མཐའ་ཡས་སེམས་ཅན་ཐམས་ཅད་དོན༔ གསང་སྔགས་ཟབ་དོན་བརྒྱ་དང་རྩ་བརྒྱད་ཀྱིས༔ རྒྱལ་ཚབ་གསུམ་ལ་དབང་བསྐུར་སྨིན་པར་མཛད༔ ཟབ་མོ་གཏེར་དུ་བཞག་པའི་དུས་ལ་བབ༔ བདག་ནི་དང་པོ་དྲན་པའི་སྲས་སུ་འཁྲུངས༔ གཡུང་དྲུང་བོན་སྡེ་དུ་མ་ཁོང་དུ་ཆུད༔ མ་འོངས་བོན་ཆོས་རིས་སུ་མ་ཆད་པའི༔ གདུལ་དཀའ་གངས་ཅན་བསྟན་པ་ཕྱི་དར་ཡོད༔ དེ་ཕྱིར་མཚོ་རྒྱལ་བཻ་རོ་ལྷ་སྲས་གསུམ༔ སྐྱེ་བཞེས་བོན་ཆོས་རིས་སུ་མ་ཆད་སྐྱོངས༔ ཞེས་གསུངས་བོན་ཆོས་འདྲེས་པའི་ཟབ་དོན་རྣམས༔ བོན་ཆོས་སོ་སོར་བཀའ་ཡི་རྒྱུད་སྡེ་ཕྱེས༔ སྒྲུབ་སྡེ་ཐམས་ཅད་གནས་ཆེན་ཀུན་ལ་སྦས༔ བསྟན་པ་མཐའ་རྒྱས་སྨོན་ལམ་རྒྱ་ཆེར་ཐོབ༔ འཆི་མེད་རིག་འཛིན་གངས་ཅན་འགྲོ་དོན་གྲུབ༔ ཐམས་ཅད་ཞལ་བསྒོས་རྔ་ཡབ་གླིང་དུ་བྱོན༔ ཀུན་གྱིས་གསོལ་བཏབ་ཕྱག་འཚལ་གུས་པ་ཡིས༔ ཡར་ངོ་ཚེས་བཅུ་དུས་བཟང་ཉིན་པ་རུ༔ གུ་རུ་སླར་ཡང་འབྱོན་བར་གསོལ་བ་བཏབ༔ གུ་རུ་མཁའ་ནས་ཞལ་གྱིས་ཕྱིར་ཕྱོགས་ཤིང་༔ ཧོ༔ ཐེག་མཆོག་བླ་མེད་དོན་ལ་རབ་གནས་པའི༔ གངས་ཅན་བོད་ཀྱི་རྗེས་འཇུག་སློབ་མ་རྣམས༔ གུ་རུ་མ་བརྗེད་གསོལ་བ་ཐོབ་མཛོད་དང་༔ ཡར་ངོའི་ཚེས་བཅུར་ཨོ་རྒྱན་དངོས་སུ་བྱོན༔ བོད་འབངས་སྐྱོང་པར་བདག་ཉིད་ཞལ་གྱིས་བཞེས༔ མཐར་ཐུག་པདྨ་འབར་བའི་ཞིང་ཁམས་སུ༔ འཆི་མེད་རིག་འཛིན་བདག་གིས་རྗེས་བཟུང་ཞིང་༔ རྔ་ཡབ་གླིང་དུ་མངོན་སངས་རྒྱ་བར་སྨོན༔ ཞེས་གསུངས་ཉི་ཟེར་མདངས་བཅས་ལྷོ་ནུབ་གཤེགས༔ དེ་ནས་བོད་ཀྱི་རྗེ་ལོ་མ་གསུམ་པོ༔ བསམ་ཡས་བྱོན་ནས་མཆོད་པའི་སྤྲིན་ཚོགས་བཤམས༔ ཚོགས་ཀྱི་སློབ་དཔོན་བེེ་རོས་མཛད་ནས་སུ༔ ཀྱེེ༔ གངས་ཅན་ཆོས་ཀྱི་རྒྱལ་པོའི་སྐུ་དྲིན་གྱིས༔ དམ་ཆོས་སྤྱན་དྲངས་ཐུགས་དམ་གཙུག་ལག་བཞེངས༔ འཆི་མེད་རིག་འཛིན་པདྨ་འབྱུང་གནས་བྱོན༔ དབྱངས་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་འཁྲུངས༔ རྒྱ་གར་མཁས་གྲུབ་མང་པོ་ཞལ་ཡང་མཇལ༔ ལོ་ཙཱ་མཁས་པའི་ཚོགས་ཀྱིས་སྒྲ་བསྒྱུར་མཛད༔ ལྷ་སྲས་ཆེན་པོ་རིན་ཆེན་ཁྲི་ལ་འཁོད༔ བོད་ཀྱི་བཙུན་མོ་བློན་པོ་ཁོད་སྙོམས་བདེ༔ ཡབ་ཅིག་རྒྱལ་པོ་མ་བཞུགས་དགུང་དུ་གཤེགས༔ སྐྱབས་ཅིག་མ་ཧཱ་གུ་རུ་ལྷོ་ནུབ་ཕེབས༔ ད་ནི་བསམ་ཡས་མི་ཆུང་སྤོབ་པ་བསྐྱེད༔ གངས་ཅན་སྐྱབས་གཅིག་མ་ཧ་གུ་རུའི་ཡུམ༔ དབྱངས་ཅན་ཡེ་ཤེས་མཚོ་རྒྱལ་དམ་ཆོས་གནང་༔ ལྷ་སྲས་ཆེན་པོ་རྒྱལ་ཁམས་ཁྲིམས་གཉིས་སྐྱོང་༔ ཁོ་བོ་སངས་རྒྱས་རྒྱལ་ཚབ་མི་ཐོན་ཀྱང་༔ གུ་རུའི་སྨོན་ལམ་མི་འཆོལ་སྒྲུབ་ལ་བརྩོན༔ ལོ་ཙཱའི་ཚོགས་ཀྱིས་ལེགས་བཤད་རྒྱུན་དུ་རྩོམ༔ ཀུན་ལ་ཞལ་ཏ་གསུངས་པས་ཡང་བདེ་ཞིང་༔ བེེ་རོའི་གསུང་ལ་རྗེས་སུ་ཡི་རང་གྱུར༔ ལྷ་སྲས་རྒྱལ་པོ་ཆེན་པོའི་ཁྲི་ཆེན་གནོན༔ བེེ་རོ་ཙ་ན་རོང་བཞིར་འགྲོ་དོན་མཛད༔ ལོ་ཙཱ་ཚོགས་ཀྱིས་བསམ་ཡས་བསྙེན་སྒྲུབ་བརྩོན༔ དབྱངས་ཅན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ གུ་རུའི་གསུངས་བཞིན་བོད་ཡུལ་མཆིམས་ཕུར་བྱོན༔ བླ་མ་འདུ་འབྲལ་མེད་པའི་ཉམས་ལེན་གྱིས༔ གསང་བ་འདུས་པའི་དཀྱིལ་འཁོར་ཟླ་གསུམ་སྒྲུབ༔ བླ་མའི་ཞལ་མཇལ་གསང་བའི་ཟབ་ཆོས་ཐོབ༔ ཡང་དག་ཐུགས་དང་ཕུར་པ་ཕྲིན་ལས་སྦྲགས༔ ཟླ་གཅིག་སྒྲུབ་ཅིང་བཀའ་རྒྱུད་གཏེར་རྒྱུད་གཉིས༔ ལས་ཅན་རྣམས་ལ་གདམས་ནས་གཏེར་དུ་སྦས༔ ཤང་གི་སྤ་མ་གངས་ཕུག་ལོ་གསུམ་བཞུགས༔ ཨ་ཏི་སྩོལ་མེད་དོན་ལ་མཉམ་པར་བཞག༔ ཐུགས་དམ་ཟབ་པའི་གཏེར་ཁ་བཅུ་གསུམ་སྦས༔ ཏི་སྒྲོར་བྱོན་ནས་ཐུགས་དམ་བཞུགས་པ་ལས༔ བརྒྱ་སྦྱིན་ཀླུ་རྒྱལ་དགའ་བོས་ཉམས་ཚོད་ཉུལ༔ མི་ངན་ཞ་བོ་གཅིག་ནི་མི་གཉིས་ཁྱེར༔ བོད་ཀྱི་འོམ་བུ་ཚལ་ནས་ཡིན་ཟེར་བ༔ མ་ཉེས་པ་ལ་རྒྱལ་པོས་ཆད་པ་བཅད༔ པུས་མོའི་འཕང་ལོ་གཉིས་ཀ་བླངས་ནས་སོང་༔ ཁྱོད་ཀྱིས་གང་འདོད་སྦྱིན་པ་བཏང་ངོ་ཟེར༔ བདག་ལ་གནང་བའི་ཐབས་ནི་ཡོད་དམ་ཞུས༔ སྙིང་རྗེ་སྐྱེས་ཏེ་འཕང་ལོ་གཉིས་བླངས་གནང་༔ ཡང་ཞིག་མཛེ་ཕོ་ཁ་སྣ་ཐམས་ཅད་ཆད༔ རུལ་དྲི་མི་བཟོད་བྲོ་བ་ཞིག་བྱུང་ནས༔ ང་ཡི་ཆུང་མ་ཁྱོད་འདྲ་གཞན་ལ་ཤོར༔ ངུ་ཞིང་ཁྱོད་ནི་ང་ཡི་ཆུང་མ་འདོད༔ སྙིང་རྗེ་སྐྱེས་ཏེ་ང་ཡིས་གཡོག་གོ་གསུངས༔ རེ་ཞིག་བརྒྱ་བྱིན་སྐུ་ཉིད་དངོས་སུ་བསྟན༔ ཡ་མཚན་བུ་མོ་བྱང་ཆུབ་སེམས་མའི་སྐུ༔ ལུས་སྲོག་མི་ལྟོས་གཞན་ལ་སྦྱིན་པ་གཏོང་༔ སྙིང་རྗེའི་བདག་ཉིད་ཁྱེད་ལ་བདག་སྐྱབས་མཆི༔ དཔའ་མོ་ཁྱེད་ཀྱིས་ཆོས་འཁོར་གང་བསྐོར་བ༔ ཇི་སྲིད་བར་དུ་བསྐུལ་བ་བདག་གིས་བགྱི༔ ཞུས་ནས་རིན་ཆེན་ནོར་བདུན་ཕོངས་མེད་ཕུལ༔ ལོངས་སྤྱོད་དར་ཟབ་སྤུངས་ནས་མི་སྣང་གྱུར༔ ཡང་ཞིག་ཀླུ་རྒྱལ་དགའ་བོའི་གཟུགས་བསྟན་ནས༔ ཡེ་ཤེས་མཚོ་རྒྱལ་པདྨ་འབྱུང་གནས་ཀྱི༔ གསང་བའི་ལྡེ་མིག་གཙང་སྨེ་འཛིན་རྟོག་བྲལ༔ རང་བས་གཞན་གཅེས་སྙིང་རྗེའི་བདག་ཉིད་མ༔ ཁྱོད་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར༔ དེ་སྲིད་བདག་གིས་ཕན་བདེ་སྒྲུབ་ཅིང་བསྲུང་༔ ཞེས་ཟེར་ཀླུ་ཡི་ནོར་བུ་བསམ་འཕེལ་དང་༔ རིན་ཆེན་གྲམ་པ་སྤུངས་ནས་ཆུ་ལ་ཐིམ༔ ལྷ་ཀླུ་བཅོས་པའི་ཆོ་ག་བརྒྱ་རྩ་བརྒྱད༔ གཏན་ལ་ཕབ་ཅིང་རིན་ཆེན་གཏེར་དུ་སྦས༔ མཆིམས་ཕུར་བྱོན་ནས་ལོ་དྲུག་སྒྲུབ་པར་བཞུགས༔ ལོ་ཙཱ་རྣམས་དང་མུ་ནེ་ལྷ་སྲས་སོགས༔ དམ་ཆོས་གསང་བ་སྐོར་རྣམས་འཆད་དང་སྤེལ༔ ཟབ་དོན་བརྒྱ་དང་རྩ་བརྒྱད་མཆིམས་ཕུར་སྦས༔ གཡལ་པ་ལུང་བྱོན་ཚེ་སྒྲུབ་ཟབ་དོན་སྐོར༔ བརྒྱ་དང་ཉེར་ལྔ་རིན་ཆེན་གཏེར་དུ་སྦས༔ ཡར་ལུང་ཤེལ་བྲག་ལོ་གཅིག་སྒོམ་སྒྲུབ་མཛད༔ གཏེར་ཁ་ཉེར་ལྔ་རིན་ཆེན་བྲག་ལ་སྦས༔ ཡང་རྫོང་གནས་སུ་ལོ་གཅིག་བཞུགས་ནས་སུ༔ གུ་རུའི་ཐུགས་སྒྲུབ་གཏེར་ཁ་བཅུ་གསུམ་སྦས༔ ལྷ་ས་ཡེར་པར་བྱོན་ནས་ལོ་གཅིག་བཞུགས༔ རྩ་གསུམ་ཐུགས་སྒྲུབ་ལྔ་བཅུ་གཏེར་དུ་སྦས༔ ཙ་གངས་རིར་བྱོན་རྡོ་རྗེ་ཕག་མོ་སྒྲུབ༔ མཁའ་འགྲོའི་གཏེར་ཁ་བརྒྱ་དང་རྩ་བརྒྱད་སྦས༔ ཕྱུག་མོ་དཔལ་རིར་བྱོན་ནས་ལོ་གཅིག་བཞུགས༔ ཚེ་དབང་རིག་འཛིན་གསང་སྤྱོད་འགྲོ་དོན་མཛད༔ བོན་ཆོས་གཏེར་ཁ་བརྒྱ་དང་ལྔ་བཅུ་སྦས༔ ཀོང་པོའི་ཡུལ་བྱོན་དྲན་པ་ནམ་མཁའི་གྲོགས༔ བོན་སྡེ་ཕྱི་ནང་གསང་གསུམ་བརྒྱ་རྩ་སྦས༔ བལ་ཡུལ་གངས་བྲག་ཟླ་བ་བཅུ་གསུམ་བཞུགས༔ གཏེར་ཆོས་ཟབ་དོན་ལྔ་ཕྲག་བདུན་དུ་སྦས༔ ལ་ཕྱི་གངས་རར་བྱོན་ནས་ཟླ་བདུན་བཞུགས༔ བཀའ་བརྒྱད་སྒྲུབ་སྡེ་ཉེར་ལྔ་གཏེར་དུ་བཞག༔ བྱང་གི་གནོད་སྦྱིན་གངས་ཁྲོད་ཟླ་གསུམ་བཞུགས༔ གསང་པའི་མན་ངག་གཏེར་ཁ་བཅུ་གཅིག་སྦས༔ རྒྱལ་གྱི་མཁན་པ་ལུང་ལ་ལོ་གཅིག་བཞུགས༔ ཕུར་པའི་གཏེར་ཁ་བཅུ་གསུམ་གཏེར་དུ་བཞག༔ གྲྭ་ཕུ་ལུང་བྱོན་ཟླ་དགུ་ཞག་བཅུ་བཞུགས༔ ཚེ་ཡི་སྒྲུབ་པ་བཅུ་བདུན་གཏེར་དུ་བཞག༔ འཇག་མ་ལུང་བྱོན་ལོ་གཅིག་ཟླ་གཉིས་བཞུགས༔ བླ་མ་རིག་འཛིན་སྒྲུབ་པ་ཉེར་ལྔ་སྦས༔ གྲོ་མ་ལུང་བྱོན་ཟླ་བ་བཅུ་གསུམ་བཞུགས༔ ལྷ་མོ་དཔལ་གྱི་མན་ངག་སོ་ལྔ་སྦས༔ ཡར་བུ་གངས་ར་ཟླ་བདུན་ཞག་ལྔ་བཞུགས༔ མགོན་པོ་གསང་བ་ཡོངས་རྫོངས་གཏེར་ལྔ་སྦས༔ གསལ་རྗེས་གངས་རར་ལོ་གཅིག་ཟླ་གཉིས་བཞུགས༔ རིག་འཛིན་སྒྲུབ་པ་ཉེར་ལྔ་གཏེར་དུ་སྦས༔ གཡུ་ལུང་གངས་རྭར་ཟླ་དགུ་ཞག་གཉིས་བཞུགས༔ འཇམ་དཔལ་གཤེན་རྗེའི་སྒྲུབ་པ་ཉི་ཤུ་སྦས༔ འབྲོང་རྫེ་གངས་རྭར་ཟླ་གསུམ་ཞག་བཅུ་བཞུགས༔ སྲིད་རྒྱལ་གསང་སྒྲུབ་མན་ངག་བཅུ་བདུན་སྦས༔ གཡུ་ལུང་གངས་རྭར་ཟླ་གཉིས་ཞག་ལྔ་བཞུགས༔ རྟ་མགྲིན་སྒྲུབ་པ་གཏེར་ཁ་གསུམ་དུ་སྦས༔ རྩེ་དྲུག་ཤེལ་བྲག་ལོ་གཅིག་ཟླ་གསུམ་བཞུགས༔ གསང་འདུས་སྒྲུབ་པ་གཏེར་ཁ་ལྔ་བཅུ་སྦས༔ བྱིན་གྱི་གངས་རྭར་ཟླ་བརྒྱད་ཞག་བདུན་བཞུགས༔ ཕྱག་རྡོར་སྒྲུབ་པ་བཅོ་ལྔ་གཏེར་དུ་སྦས༔ ཇོ་མོ་གངས་རྭར་ལོ་གཅིག་ཟླ་བརྒྱད་བཞུགས༔ མ་མོའི་སྒྲུབ་པ་གཏེར་ཁ་བཅོ་ལྔ་སྦས༔ སྙི་མོ་གངས་རྭར་ཟླ་བདུན་ཞག་ལྔ་བཞུགས༔ དྲག་སྔགས་སྒྲུབ་པ་གནག་པ་བཅུ་གཅིག་སྦས༔ རྫ་ཡུལ་གངས་རྭར་ཟླ་དགུ་ཞག་གཅིག་བཞུགས༔ དགོངས་འདུས་སྒྲུབ་པ་གཏེར་ཁ་བཞི་བཅུ་སྦས༔ སྣང་ནམ་གངས་རྭར་ལོ་གཅིག་ཟླ་གསུམ་བཞུགས༔ ཁྱུང་གི་སྒྲུབ་པ་མི་འདྲ་ཉེར་དགུ་སྦས༔ ལྷོ་རོང་གངས་རྭར་ཟླ་ལྔ་ཞག་བདུན་བཞུགས༔ མཆོད་བསྟོད་སྒྲུབ་པ་བཅོ་བརྒྱད་གཏེར་དུ་སྦས༔ རོང་བཙན་གངས་རྭར་ལོ་གཅིག་ཟླ་གསུམ་བཞུགས༔ གསང་རྒྱུད་སྙིང་པོ་བརྒྱ་དང་རྩ་བརྒྱད་སྦས༔ ཤེལ་ཟངས་གངས་རྭར་ཟླ་བཅུ་ཞག་ལྔ་བཞུགས༔ སེང་གདོང་སྒྲུབ་པ་མན་ངག་བརྒྱ་རྩ་སྦས༔ སྒམ་པོ་གངས་རྭར་ལོ་གཅིག་ཞག་དགུ་བཞུགས༔ བདུད་རྩི་སྨན་སྒྲུབ་ཉེར་ལྔ་གཏེར་དུ་སྦས༔ བྱེ་ཕུ་གངས་རྭར་ཟླ་བཞི་ཞག་གཉིས་བཞུགས༔ རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་སྒྲུབ་སྦས༔ བུ་འབོལ་གངས་རྭར་ཟླ་བདུན་ཞག་ལྔ་བཞུགས༔ གུ་རུའི་སྒྲུབ་ཐབས་གསང་སྐོར་བཅོ་བརྒྱད་སྦས༔ སེང་ཕྲོམ་གངས་རྭར་ཟླ་གཉིས་ཞག་བདུན་བཞུགས༔ དྲག་གཤེད་གཏེར་ཁ་ཉེར་ལྔ་གཏེར་དུ་བཞག༔ མཚོ་ནག་གངས་རྭར་ལོ་གཅིག་ཟླ་གསུམ་བཞུགས༔ བླ་མ་གསང་འདུས་ཟབ་དོན་ཉེར་ལྔ་སྦས༔ སྤུ་བོ་མ་གུང་ལུང་དུ་ཟླ་དགུ་བཞུགས༔ རྟ་མགྲིན་གསང་སྒྲུབ་ཉི་ཤུ་གཏེར་དུ་སྦས༔ ལྟ་ལྕགས་ཤི་རི་ལུང་དུ་ཟླ་བདུན་བཞུགས༔ འབུམ་སྡེ་ཉི་ཤུ་རྩ་ལྔ་གཏེར་དུ་སྦས༔ སྦྲང་སྨན་ལུང་དུ་ཟླ་གསུམ་ཞག་བདུན་བཞུགས༔ དམ་ཅན་སྒྲུབ་པ་མན་ངག་བཅུ་གསུམ་སྦས༔ སེ་མོ་དོ་རུ་ཟླ་དགུ་ཞག་དྲུག་བཞུགས༔ ཀླུ་བཅོས་སྒྲུབ་ཐབས་བཅུ་གཅིག་གཏེར་དུ་སྦས༔ གཞན་ཡང་རྩ་རི་རྫོང་དང་གེ་རེ་རྫོང་༔ ཕག་རི་རྫོང་དང་ཀོང་པོ་བུ་ཆུ་རྫོང་༔ སྤུ་བོ་བག་རྫོང་ལྡན་གྱི་རྡོ་རྫེ་རྫོང་༔ ཕྱམ་གྱི་པུ་རྫོང་ནུ་རི་སེང་གེ་རྫོང་༔ གླིང་གི་བྲག་རྫོང་འབྲི་ཡ་ལྷ་བྲག་རྫོང་༔ གོང་སྨད་བྲག་རྫོང་སོགས་ལ་ཟླ་རེར་བཞུགས༔ ཟབ་དོན་མི་འདྲ་གཏེར་ཁ་གསུམ་རེ་སྦས༔ འབྲས་མོ་གཤོགས་དང་ཀློ་ཡུལ་པདྨ་བཀོད༔ ཤངས་ཀྱི་ཟམ་ལུང་སྨད་ཀྱི་གོ་བོ་ལྗོངས༔ རྒྱལ་མོ་མུ་རྡོ་ལྷ་མོ་དངུལ་མཁར་ལྗོངས༔ རྒྱལ་ལུང་འཇོག་པོ་མོན་གྱི་ལྷུན་བུ་ལུང་༔ སྦས་ཡུལ་ཆེན་པོ་བརྒྱད་ལ་ཟླ་རེར་བཞུགས༔ གཏེར་ཁ་ཆེན་པོ་བརྒྱ་རྩ་གཏེར་དུ་བཞག༔ གུ་རུའི་ཁམས་དབུས་སྒྲུབ་གནས་བྱིན་རླབས་པའི༔ གནས་ཆེན་གནས་ཕྲན་དུ་མ་ཟབ་གཏེར་སྦས༔ ཟབ་མོ་གཏེར་གྱི་མ་ཁྱབ་མེད་པར་བྱས༔ མཐར་རྒྱས་བཀྲ་ཤིས་སྨོན་ལམ་རྒྱ་ཆེར་བཏབ༔ སླར་ཡང་མཆིམས་ཕུ་དགེ་གོང་བྱོན་ནས་བཞུགས༔ ལྷ་སྲས་ལོ་ཙཱ་ཐམས་ཅད་མདུན་དུ་བསྡུས༔ བླ་མ་གསང་འདུས་ཡི་དམ་དགོངས་པ་འདུས༔ རྫོགས་ཆེན་ཨ་ཏི་ལ་སོགས་ཞལ་ཕྱེས་ཤིང་༔ དབང་བསྐུར་སྨིན་གྲོལ་བྱིན་རླབས་ཆགས་པ་མཛད༔ དེ་ནས་བོད་ཀྱི་མ་འོངས་འགྲོ་བ་རྣམས༔ མུ་ཏིག་རྒྱལ་ལ་སྲས་ལྔ་ཆུང་བ་དེ༔ རྒྱལ་ས་གླང་གི་མིང་ཅན་བཟུང་པའི་ཚེ༔ སྔོན་གྱི་ཆོས་སྡེ་ཐམས་ཅད་ཡུལ་མེད་གཏོང་༔ མི་དགེ་བཅུ་སྤྱོད་དགེ་བྱེད་གསོད་དང་སྤྱུགས༔ ལྷ་ས་བསམ་ཡས་ཁར་རྒོག་ཧྲལ་པོར་གཏོང་༔ སྔོན་ཚེ་སྨོན་ལམ་རྗེས་དྲན་དཔལ་གྱི་རྡོར༔ གླང་དར་བཀུམས་ནས་སྨད་ཁམས་ཕྱོགས་སུ་བྲོས༔ ཆོས་ཀྱི་སྒྲ་མེད་མི་ལོ་བདུན་ཅུ་འོང་༔ བོད་རྒྱལ་གདུང་རབས་ཆད་ནས་དམངས་ཀྱིས་བཟུང་༔ རྨ་གཡོ་གཉིས་ཀྱིས་བསྟན་པ་ཉམས་གསོས་མཛད༔ དབུས་གཙང་སྔགས་བསྟན་ཅུང་རེ་དར་བར་འགྱུར༔ མཁན་པོའི་གདུང་མཐའ་ཇོ་བོ་ཨ་ཏི་ཤ༔ མདོ་སྔགས་རྒྱ་ཆེར་སྤེལ་ཞིང་ཉམས་གསོ་མཛད༔ དུས་ཀྱི་ལ་ཚིག་བཅུ་ལས་དང་པོའི་འགོ༔ ཨོ་རྒྱན་རིན་པོ་ཆེ་ནི་ལྷོ་ནུབ་བྱོན༔ ལ་ཚིག་གཉིས་པར་ཨ་ཙར་མི་གསུམ་གྱི༔ དང་པོ་བོན་གྱི་བསྟན་པ་སྔ་དར་འོང་༔ གཏེར་ཆེན་བརྒྱ་དང་རྩ་བརྒྱད་རིམ་གྱིས་བྱོན༔ བོན་ཆོས་མདོ་སྔགས་བསྟན་པ་ཡར་དར་འོང་༔ དེ་དུས་ང་ཡི་སྤྲུལ་པ་འགྲོ་བའི་དོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་ལྔ་སྟེ༔ ཉི་ཤུ་རྩ་ལྔ་བོད་ཡུལ་འགྲོ་དོན་འོང་༔ སྐུ་ཡི་སྐུ་སྤྲུལ་ཀུན་དགའ་བཟང་མོ་ཞེས༔ ཟབ་དོན་གསང་སྔགས་བསྟན་པའི་སྲོལ་ཆེན་འཛུགས༔ སྐུ་ཡི་གསུང་སྤྲུལ་སྒྲོལ་མའི་མཚན་ཅན་འབྱུང་༔ ཟབ་དོན་གཅོད་ཀྱི་བསྟན་པ་རྒྱས་པར་བྱེད༔ སྐུ་ཡི་ཐུགས་ཀྱི་སྤྲུལ་པ་དཔལ་མོའི་མཚན༔ ཟབ་པའི་དགོངས་གཏེར་རེ་འགའི་འགྲོ་དོན་འབྱུང་༔ སྐུ་ཡི་ཡོན་ཏན་གཡས་རུ་བུ་མོའི་མཚན༔ བྱང་སེམས་ལྡན་པ་མཆོད་སྦྱིན་གཏོང་ཕོད་འབྱུང་༔ སྐུ་ཡི་ཕྲིན་ལས་སྤྲུལ་པ་ཁམས་ཏི་མཚན༔ དག་པའི་སྣང་བ་གཙུག་ལ་ཞབས་གསོ་འབྱུང་༔ གསུང་གི་སྐུ་སྤྲུལ་སྙན་གྲགས་མིང་ཅན་ཞིག༔ གཏེར་གྱི་བཏང་བཞག་ཚོད་འཛིན་ལྡན་པ་འབྱུང་༔ གསུང་གི་གསུང་སྤྲུལ་ཨོ་རྒྱན་མཚན་ཅན་ཞིག༔ གསང་སྔགས་གྲུབ་པས་ནུས་རྟགས་ལྡན་པ་འབྱུང་༔ གསུང་གི་ཐུགས་སྤྲུལ་རྟ་ཤོད་པདྨའི་མཚན༔ ཟབ་མོའི་གཏེར་སྤྱོད་འབྲེལ་ཚད་དོན་ལྡན་འབྱུང་༔ གསུང་གི་ཡོན་ཏན་ཀོང་པོ་བདེ་བའི་མིང་༔ གཏེར་སྟོན་རྣམས་ཀྱི་བར་ཆད་ཐ་དག་བཟློག༔ གསུང་གི་ཕྲིན་ལས་གཙང་གི་ཇོ་མོའི་མིང་༔ ཕག་མོའི་བསྙེན་སྒྲུབ་མཆོད་སྡེ་ཚུགས་པར་འབྱུང་༔ ཐུགས་ཀྱི་སྐུ་སྤྲུལ་ཉག་སེའི་ཨོ་རྒྱན་མིང་༔ གྲུབ་ཆེན་རྣམས་ཀྱི་ཉམས་མྱོང་སྤེལ་བ་འབྱུང་༔ ཐུགས་ཀྱི་གསུང་སྤྲུལ་དབང་དང་དཔལ་གྱི་མཚན༔ དཔོན་མོའི་ཚུལ་བཟུང་འབྲེལ་ཚད་ཐར་ལམ་འདྲེན༔ ཐུགས་ཀྱི་ཐུགས་སྤྲུལ་དབུས་པ་ཨེ་ཡི་མཚན༔ གང་འབྲེལ་དོན་ལྡན་མཁའ་སྤྱོད་གནས་སུ་ཁྲིད༔ ཐུགས་ཀྱི་ཡོན་ཏན་ཕྲིན་ལས་མིང་ཅན་འབྱུང་༔ འགྲོ་བ་མང་པོ་ཐབས་ཀྱིས་ཆོས་ལ་བཀོད༔ ཐུགས་ཀྱི་ཕྲིན་ལས་མགོན་པོའི་མིང་ཅན་འབྱུང་༔ བསྟན་པའི་གསང་སྙིང་ཟབ་པའི་གཏེར་ཁ་སྤེལ༔ ཡོན་ཏན་སྐུ་སྤྲུལ་ཤེས་རབ་མིང་ཅན་གྱིས༔ གདུལ་བྱ་སེམས་ཅན་ཐུགས་རྗེས་ཐབས་ཀྱིས་འདུལ༔ ཡོན་ཏན་གསུང་སྤྲུལ་ཚུལ་ཁྲིམས་མིང་ཅན་གྱིས༔ དགེ་བའི་གྲོགས་མཛད་མཆོད་པ་རྣམ་དག་འབུལ༔ ཡོན་ཏན་ཐུགས་སྤྲུལ་མཚོ་ཡི་མིང་ཅན་གྱིས༔ མ་ངེས་སྤྲུལ་བསྒྱུར་ཐམས་ཅད་བདེ་ལ་བཀོད༔ ཡོན་ཏན་ཡོན་སྤྲུལ་རིན་ཆེན་མིང་ཅན་གྱིས༔ རྩ་རླུང་གཏུམ་མོ་བདེ་བའི་ལམ་གྲོགས་བསྟེན༔ ཡོན་ཏན་ཕྲིན་ལས་པདྨའི་མིང་ཅན་གྱིས༔ མ་འོངས་འགྲོ་ལ་མངོན་ཤེས་སྣ་ཚོགས་འཆང་༔ ཕྲིན་ལས་སྐུ་སྤྲུལ་ཉི་མའི་མིང་ཅན་གྱིས༔ འགྲོ་དོན་གདུལ་བྱ་སྣང་ཁམས་ཟིལ་གནོན་འཕྱུང་༔ ཕྲིན་ལས་གསུང་སྤྲུལ་རྡོ་རྗེའི་མིང་ཅན་གྱིས༔ སྦས་མངོན་ཐབས་ཀྱིས་ལས་ཅན་སྨིན་གྲོལ་འབྱུང་༔ ཕྲིན་ལས་ཐུགས་སྤྲུལ་ཆོས་ཀྱི་མིང་ཅན་ཞིག༔ ས་འོག་ཟབ་གཏེར་སྣ་ཚོགས་མཐོང་བ་ཡོང་༔ ཕྲིན་ལས་ཡོན་ཏན་སྤྲུལ་པ་ཟླ་བའི་མཚན༔ ཟས་ཀྱི་བཅུད་ལེན་དཀའ་བ་སྤྱོད་པ་འབྱུང་༔ ཕྲིན་ལས་སྤྲུལ་པ་ཤཱཀྱ་མིང་ཅན་གྱིས༔ འགྲོ་བའི་དོན་ཆེན་ཡོངས་སུ་འགྲུབ་པ་འབྱུང་༔ གཞན་ཡང་ཡང་སྤྲུལ་མ་ངེས་སྣ་ཚོགས་འབྱུང་༔ སྦས་མངོན་སྤྱོད་བ་སྣ་ཚོགས་འགྲོ་དོན་མཛད༔ བདག་ཉིད་ཅི་སྲིད་འཁོར་བ་མ་སྟོང་པར༔ སངས་རྒྱས་བསྟན་པའི་ཕྲིན་ལས་དེ་སྲིད་སྐྱོང་༔ དེ་ལྟར་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་གྲངས༔ ང་ཡི་རྣམ་ཐར་ཐོག་མཐའ་རྒྱས་བསྡུས་རྣམས༔ བཻ་རོ་བྱང་ཆུབ་རྨ་གསུམ་གཏེར་དུ་སྦོས༔ མ་འོངས་དུས་སུ་ཉག་ཤོད་སྦས་པའི་གནས༔ དབང་གི་མིང་ཅན་འབྲུག་གི་ལོ་བ་ཅན༔ གསང་བའི་གྲོགས་མཛད་སྔགས་ཀྱི་ཟབ་གཏེར་འདོན༔ སྦས་རོང་མུ་རྡོ་ལྷ་གཉན་གནས་ལག་ཆ༔ དྲུག་ཅུ་རྩ་གཅིག་གསང་མཆོག་མ་རྒྱུད་གནས༔ རིག་འཛིན་མཁའ་འགྲོ་མ་ཚོགས་དེ་ལ་འདུ༔ གསང་ཕུག་པདྨའི་བྲག་ལ་གཏེར་དུ་སྦོས༔ གཏེར་སྲུང་སེང་གདོང་བཅོལ་ནས་རྒྱ་ཡིས་ཐོབ༔ ཟབ་གཏེར་རིན་ཆེན་དབང་གི་མིང་ཅན་བཏོན༔ འགྲོ་དོན་སྙན་གྲགས་རྒྱལ་ཁམས་ཁྱབ་པར་འབྱུང་༔ རྟེན་འབྲེལ་མ་འཆུག་འགྲིགས་པར་བྱུང་གྱུར་ན༔ དྲུང་མུ་མངྒ་ཨ་ཡཱུ་དབང་གི་མཚན༔ ཧ་ར་ཚུལ་མིང་སྐལ་བཟང་རཏྞ་ཝེར༔ བསྟན་འཛིན་སོགས་ཀྱིས་བསྟན་པའི་ཕྲིན་ལས་སྐྱོངས༔ ལྷོ་རོང་མདོ་ཁམས་ཧོར་དབུས་ཁྱུང་སོགས་དར༔ འབྲེལ་ཚད་དོན་ལྡན་གང་ཟག་དངོས་གྲུབ་སྦྱིན༔ མ་འོངས་སྙིགས་མ་དབུས་གཙུང་ཤྭ་མིག་འདྲ༔ སངས་རྒྱས་བསྟན་པ་རླུང་གསེབ་མར་མེ་འདྲ༔ བསྟན་འཛིན་སྐྱེས་བུ་གྲུ་རྫིང་མེ་འབུད་འདྲ༔ འགྲོ་བ་སེམས་ཅན་སོ་མཚམས་ལོ་ཏོག་འདྲ༔ ཆོས་བྱེད་དགེ་སློང་དམག་གི་དེད་དཔོན་བྱེད༔ ཨར་ཇག་ཁྱི་ར་སྐྱེ་བོའི་ཆོས་སྐད་འདོན༔ སྡེ་འཁྲུགས་ནང་དམེ་བཀུར་སྟི་མཚོན་ཆར་བྱེད༔ ནད་ཡམས་མི་འདྲ་དཔྱད་ཀྱི་ནུས་པ་ཡལ༔ གཙང་ལྷས་མི་མགོན་རི་རབ་ཕྱི་ཞལ་གཟིགས༔ ནག་ཕྱོགས་གསོན་འདྲེ་ཤི་བདུད་སྲོག་བདག་བྱེད༔ འདྲེ་སྲིན་མངོན་རྒྱུག་དམན་ལུས་དབུགས་རྣམས་ལེན༔ ལོག་པའི་བར་ཆད་ཐལ་རླུང་འཚུབ་མ་འདྲ༔ ལོ་རེ་བཞིན་དུ་ནད་མུག་མཚོན་ཁ་རྒོད༔ རང་དབང་མི་སྟེར་ལས་ངན་ཕུང་འདྲེས་བཀྱག༔ ཕ་ཞིང་མི་བདག་ས་མཐར་གྲོང་ཉུལ་འགྲོ༔ ཉེ་བ་མི་རྩི་དགྲ་ལ་སྙིང་སེམས་གཏད༔ དཀོན་མཆོག་བློས་བོར་མི་དགེ་སྡིག་ལ་སྤྱོད༔ འབྱུང་བཞི་མི་སྙོམས་རི་བྲག་ཤག་ཤིག་ལྡང་༔ སྐྱེ་འགྲོའི་ཚེ་ཉམས་ནོར་གྱི་འཕེལ་གཡང་ཉམས༔ འདྲེ་མོས་གྲོང་འབོད་ཐན་ལྟས་སྣ་ཚོགས་ཤར༔ སངས་རྒྱས་བསྟན་པ་མེ་རོ་ཙམ་དུ་གྱུར༔ མི་འདོད་མཚན་མ་རླུང་ནག་འཚུབ་འདྲ་ལང་༔ ཧོར་སོག་མཐའ་མི་གཅིག་རྒྱབ་གཉིས་སྣོན་ཞིང་༔ གངས་ཅན་ཞིང་འདིར་ཕན་བདེ་འབྱུང་བ་དཀའ༔ དེ་ཕྱིར་གུ་རུས་གསུངས་པའི་ཆོས་སྡེ་དང་༔ ཡབ་མྱེས་གོང་མའི་ཐུགས་དམ་གཡུང་དྲུང་བོན༔ བདག་གི་གསང་རྒྱུད་སྒྲུབ་སྡེ་རྒྱ་མཚོ་རྣམས༔ བསྙེན་སྒྲུབ་ཚོགས་བསྐང་ཉམས་བཤགས་ཁོ་ནར་བརྩོན༔ ཁྲ་འབྲུག་སྒྲོལ་མ་མདུན་གྱི་སྒྲོལ་མ་དང་༔ དབུས་ཀྱི་སྒྲོལ་མ་སོགས་ལ་མཆོད་བསྟོད་གསོལ༔ སྒྲོལ་མའི་སྐུ་སྤར་ཇོ་དར་རྡོ་འབུམ་སྒྲུབས༔ སྙིགས་མའི་འཇིགས་པ་བརྒྱད་ལས་སྐྱོབ་པར་འགྱུར༔ ཞེས་གསུངས་བཱེེ་རོ་ལྷ་སྲས་མཁའ་འགྲོའི་ཚོགས༔ ཚོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ་ནས་སུ༔ ཡེ་ཤེས་མཚོ་རྒྱལ་སྐྱེ་འཆི་དབང་ཐོབ་ཀྱང་༔ འགྲོ་ལ་དཔེ་བསྟན་འགྲོ་དོན་རྫོགས་པ་ལ༔ ཀྱེེ༔ བོད་ཀྱི་རྒྱལ་བློན་འདུས་པའི་འཁོར་ཚོགས་དང་༔ བེེ་རོ་ལོ་ཙཱ་ཚོགས་རྣམས་སྙན་གསོན་མཛོད༔ འཆི་མེད་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ བོད་ཡུལ་ཐུགས་རྗེས་གཟིགས་པའི་བཀའ་དྲིན་གྱིས༔ སྤྱི་དང་སྒོས་ཀྱི་གཏན་བདེའི་འདུན་མ་འགྲུབ༔ ཁྱད་པར་བོད་མོ་མཚོ་རྒྱལ་ང་ཉིད་ཀྱིས༔ གུ་རུའི་གྲོགས་མཛད་ཟབ་དོན་བྱེ་བ་ཐོབ༔ ཟབ་གཏེར་བྱེ་བ་ཕྲག་བརྒྱ་གཏེར་དུ་སྦས༔ གནས་ཆེན་བརྒྱ་དང་རྩ་བརྒྱད་ཚོགས་འབྲེལ་བཞག༔ བཟང་འབྲེལ་ངན་འབྲེལ་ཐར་པའི་ལམ་ལ་བཀོད༔ ཉིན་མཚན་དུས་བཞིར་སྣང་བཞི་ཉམས་སུ་བླངས༔ ཆོས་ཉིད་མངོན་སུམ་ཉམས་སྣང་གོང་དུ་འཕེལ༔ རིག་པ་ཚད་ཕེབ་ཆོས་ཉིད་ཟད་སར་ཕྱིན༔ སོ་ནམ་མཁན་པོས་སྤྱོད་ཀྱང་སྡོད་དབང་མེད༔ ཡེ་ཤེས་མཚོ་རྒྱལ་ཡེ་སངས་རྒྱས་པར་འདུག༔ ཉོན་མོངས་དྲི་མ་ལྷག་མས་བཅིང་གྲོལ་བྲལ༔ ཟག་པ་ཟད་པས་བསྐྱོད་ཀྱང་སྡོད་དབང་མེད༔ ད་ནི་ལས་ཟད་ཆོས་ཟད་གདུལ་བྱ་ཟད༔ ཕུང་པོ་ཟད་པས་ཁམས་ལྔ་འབྱུང་ལྔ་ཟད༔ མྱ་ངན་འདས་སར་ཕྱིན་པས་ངོ་མཚར་ཆེ༔ འདི་ནས་ཞག་བཅུ་འདས་ཚེ་བྱ་ཟླ་ཚེས༔ ཡེ་ཤེས་མཚོ་རྒྱལ་པདྨ་འོད་དུ་གཤེགས༔ མཁའ་འགྲོ་རྒྱ་མཚོའི་ཚོགས་བཅས་བསུ་རུ་འོང་༔ ད་ནི་འགྲོ་བའི་དོན་ཆེན་རྫོགས་པ་ཡིན༔ ཞེས་གསུངས་མཁའ་སྤྱོད་གནས་སུ་གཤེགས་ཚུལ་གསུངས༔ ལས་ཅན་དག་པའི་མཁོར་ཚོགས་ལྔ་བཅུ་ཙམ༔ ཟབ་བུ་རི་ཡི་རྩེ་མོའི་ཕུག་པར་བཞུགས༔ དད་ལྡན་ཚོགས་ལ་འདི་ལྟར་བཀའ་སྩལ་ཏེ༔ ཧོ༔ ཉོན་དང་འདུས་པའི་འཁོར་ཚོགས་དད་ལྡན་རྣམས༔ མཁར་ཆེན་མཚོ་རྒྱལ་བོད་ཡུལ་སྐྱེས་པ་ལ༔ འགྲོ་དོན་ལོ་ངོ་ཉིས་བརྒྱ་བཅུ་གཅིག་སོང་༔ ད་ནི་གདུལ་བྱ་ངེས་རྫོགས་སྡོད་ཐབས་བྲལ༔ འཁོར་བའི་སེམས་ཅན་ཕ་རོལ་བགྲོད་དང་མཚུངས༔ ད་ནི་ཁ་ཆེམ་ཚིག་གསུམ་འཁོར་ལ་བཞག༔ གདུལ་བྱ་ཚུལ་བཙན་འདུལ་བའི་སྒོ་རུ་ཞུགས༔ འགྲོ་བ་གཞན་གྱི་དང་བ་འདྲེན་པ་ཡིན༔ ཉམས་ལེན་གསང་བ་སྔགས་ལ་འབད་པ་ན༔ ཕྱི་ནང་གྲུབ་པ་མངོན་དུ་ཐོབ་པ་ཡིན༔ ཆོས་སྤྱོད་བཅུ་གཅིག་མདོ་སྡེ་ཉིད་ལྟར་བརྩོན༔ སངས་རྒྱས་བསྟན་པའི་གཞུང་ལུགས་ཚུགས་པ་ཡིན༔ ཡི་དམ་བསྙེན་སྒྲུབ་བླ་མར་དྲིལ་ལ་སྒྲུབ༔ མཆོག་ཐུན་དངོས་གྲུབ་འབད་མེད་ཐོབ་པ་ཡིན༔ ཆོས་རྣམས་སྒྲོ་འདོགས་མངོན་པའི་གཞུང་ལྟར་ཆོད༔ ཐམས་ཅད་ཐེ་ཚོམ་མེད་ཅིང་སྤོབས་པ་གྲོལ༔ དུས་རྒྱུན་རྩ་རླུང་ཐིག་ལེ་ཆིག་དྲིལ་སྤྱང་༔ དྲོད་ཀྱི་རྟགས་ཚད་མྱུར་དུ་རྫོགས་པ་ཡིན༔ ལྟ་སྒོམ་སྤྱོད་གསུམ་ངེས་དོན་གནད་དུ་བསྣུན༔ རང་དོན་སྙིང་པོ་ཚགས་སུ་ཚུད་པ་ཡིན༔ འབྲས་བུ་རྫོགས་ཆེན་བྱ་བྲལ་བསྒོམས་ལ་བསྡུས༔ ཕྱི་ནང་ཆོས་ཟད་བློ་འདས་རྫོགས་པ་ཡིན༔ སྨོན་ལམ་བཟང་བ་ཕྱོགས་རིས་མེད་པར་ཐོབ༔ འགྲོ་དོན་དཔག་མེད་ལྷུན་གྱིས་གྲུབ་པ་ཡིན༔ ཞེས་གསུངས་མི་གཡོ་ངང་དུ་ཧྲིག་གེར་བཞུགས༔ དེ་ནས་འཁོར་ཚོགས་ཡོངས་ཀྱིས་མནྜལ་ཕུལ༔ ཕྱོགས་གཅིག་ཕྱག་འཚལ་གུས་པས་འདི་སྐད་ཞུས༔ ཀྱེེ༔ པདྨའི་བཀའ་ཉན་མི་བརྗེད་གཟུངས་དང་ལྡན༔ བདེ་ཆེན་དབྱངས་ཅན་ཡེ་ཤེས་མཚོ་རྒྱལ་མ༔ བོད་ཡུལ་ཉིན་བྱེད་གཅིག་པུ་མི་བཞུགས་གཤེགས༔ བདག་སོགས་མུན་གླིང་སེལ་མེད་འཁྱམས་ལ་ཉེ༔ ད་རུང་འགྲོ་བའི་དོན་དུ་རྒྱུན་བཞུགས་མཛོད༔ བོད་ཀྱི་རྣལ་འབྱོར་མ་ཉིད་གཤེགས་གྱུར་ན༔ ངེད་རྣམས་བོད་ཡུལ་རྣམས་ལ་ཇི་ལྟར་འཆད༔ བདག་སོགས་ཐུགས་རྗེ་ཆེན་པོས་བཟུང་དུ་གསོལ༔ ཞེས་ཞུས་མཚོ་རྒྱལ་མ་ཡིས་འདི་སྐད་གསུངས༔ ཀྱེེ༔ འདུས་པའི་འཁོར་ཚོགས་སྡུག་བསྔལ་མ་བྱེད་ཅིག༔ རྫོགས་ཆེན་བྱ་བྲལ་ཡེ་ཤེས་མཚོ་རྒྱལ་མས༔ དཀའ་བ་སྤྱོད་དང་མཉམ་པར་བཞག་པས་ན༔ ཆོས་ཉིད་ཟད་པའི་སྣང་བ་མཐའ་རུ་ཕྱིན༔ ཀུན་གཞི་དབྱིངས་བསྡུ་ཕུང་ཁམས་ཟུག་རྔུ་མེད༔ ཟག་བཅས་མཚོ་རྒྱལ་ཟག་མེད་ཡེ་ཤེས་རྒྱས༔ སྒྱུ་མའི་ཕུང་པོ་ཆུ་སེར་རོ་རྐྱལ་མེད༔ གདུལ་བྱའི་མཚན་མ་རྟག་འཛིན་དངོས་པོ་ཞིག༔ འབྱུང་བ་ནང་འདྲེས་གདོས་བཅས་ལྷག་ལུས་མེད༔ ཨ་མ་མཚོ་རྒྱལ་ཨ་ཡིག་དབྱིངས་སུ་སངས༔ གུ་རུའི་ཐུགས་རྗེས་མཁའ་འགྲོའི་བསུ་བ་བྱུང་༔ སངས་རྒྱས་ས་ལ་གཏན་སྲིད་འཛིན་དུ་འགྲོ༔ མྱ་ངན་མ་བྱེད་བོད་ཁམས་ཀུན་ལ་སྨྲོས༔ དད་པ་ཅན་ལ་མཚོ་རྒྱལ་རྒྱུན་བཞུགས་ཡོད༔ གསོལ་བ་ཐོབ་དང་ཉེར་ལྔའི་ཚེས་རྣམས་ལ༔ མཁའ་འགྲོ་འདུ་བའི་དུས་ཡིན་བོད་དུ་འབྱོན༔ ལས་ཅན་རྣམས་ལ་ལུང་སྟོན་གདམས་པ་གནང་༔ གང་འབྲེལ་མཁའ་སྤྱོད་པདྨ་འབར་བའི་ཞིང་༔ ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བར་བྱ༔ དེ་ཕྱིར་ཁྱོད་རྣམས་ཐུགས་དམ་ཟབ་པར་བཞུགས༔ ཞེས་གསུངས་བྱ་ཟླའི་ཚེས་བཅུ་ཐོ་རངས་ཀྱི༔ དུས་དེར་མཚུངས་པར་མ་བཞིའི་མཁའ་འགྲོ་ཡིས༔ པདྨ་འདབ་བརྒྱད་མདུན་དུ་དྲངས་ནས་སུ༔ མཚོ་རྒྱལ་མཁའ་འགྲོའི་ཆས་གསོལ་སྐུ་བཞེངས་ཤིང་༔ ཕྱག་གཡས་ཌཱ་རུ་གཡོན་གྱིས་བྷནྡྷ་བསྣམས༔ འོད་ཟེར་གྱི་ལེར་པདྨའི་སྟེང་དུ་བཞུགས༔ དབྱིབས་ནི་ཟར་མའི་སྒོང་བུ་འདྲ་བར་སྔོ༔ མཚོ་རྒྱལ་ཉིད་དེར་ནུབ་ནས་མི་སྣང་གྱུར༔ མཁའ་འགྲོ་བཞི་ཡིས་ཇེ་མཐོ་ཇེ་མཐོར་དྲངས༔ འོད་ཟེར་རྩེར་རྩེར་མེར་མེར་བྱིན་ཐིབ་ཐིབ༔ ལྷོ་ནུབ་རྔ་ཡབ་ཕྱོགས་སུ་ཞལ་གྱུས་གཤེགས༔ ཉི་མའི་ཟེར་དང་དམིགས་མེད་མི་སྣང་གྱུར༔ འདུས་པ་རྣམས་ཀྱིས་ངུ་ཞིང་ཕྱག་ཀྱང་འཚལ༔ ཡིད་སྐྱོ་དབུགས་མཚང་སྡུག་བསྔལ་མྱ་ངན་བྱེད༔ གསོལ་བཏབ་མོས་གུས་དད་པའི་རྟེན་སྐལ་དུ༔ དབུ་ཡི་སྐྲ་རྣམས་རིང་བསྲེལ་བསྒྱུར་ནས་བཞག༔ བཻ་རོ་ལྷ་སྲས་ལོ་ཙཱ་ཐམས་ཅད་ཀྱིས༔ རིག་འཛིན་མཁའ་འགྲོའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཟླ་བདུན་བཞུགས་ཤིང་བླ་སྒྲུབ་དག་ལ་བརྩོན༔ ཚོགས་འཁོར་མཆོད་པའི་ལོངས་སྤྱོད་ཆེན་པོར་སྤྲོས༔ དེ་ནས་བཻ་རོ་ལྷ་སྲས་ལོ་ཙཱའི་ཚོགས༔ རིག་འཛིན་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་སྐོར༔ རྒྱས་འབྲིང་བསྡུས་གསུམ་བྲིས་ནས་གཏེར་དུ་བཞག༔ འདི་ནི་ལོ་ཙཱ་བཻ་རོ་ཙ་ན་བདག༔ བེེ་རོའི་བརྡ་ཡིག་བྲིས་ནས་རྒྱལ་མོ་རོང་༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཞལ་གསུང་བཞིན༔ རྒྱལ་མོ་མུ་རྡོ་ལྷ་གཉན་གནས་ཆེན་གྱི༔ ནུབ་བྱང་མ་རྒྱུད་གསང་མཆོག་རིགས་ལྔའི་གནས༔ པདྨ་སྤུངས་པའི་བྲག་ལ་གཏེར་དུ་བཞག༔ མ་འོངས་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ༔ མཚོ་རྒྱལ་ཡང་སྲིད་མཁའ་འགྲོ་དབང་གི་མཚན༔ རོང་བཞི་ཤོད་བརྒྱད་འགྲོ་དོན་བྱོན་སྲིད་དུ༔ སེང་གདོང་ཁྲོས་མ་ཁྱོད་ཀྱིས་སྲུང་བར་གྱིས༔ ལས་འཕྲོ་ཅན་དང་མི་འཆོལ་འཕྲད་པར་སྨོན༔ འཕྲད་ནས་བསྟན་འགྲོའི་དོན་ཆེན་ནུས་པར་ཤོག༔ ས་ཡ་ཡཱ༔ རྒྱ་རྒྱ་རྒྱ༔
དེ་ལྟར་རིག་འཛིན་མཁའ་འགྲོའི་རྣམ་ཐར་ལ། །ཕྱི་ནང་གསང་བ་ཡང་གསང་གྲངས་མང་ཡང་། །འདི་ནི་དང་པོ་མཁའ་འགྲོའི་བྱུང་ཁུངས་དང་། །བར་དུ་རིག་འཛིན་ཚོགས་ཀྱི་གྲོགས་མཛད་ཚུལ། །ཐ་མ་རང་གཞན་འགྲོ་དོན་མཛད་པ་སོགས། །བོད་ཀྱི་བོན་ཆོས་མ་འོངས་རྗེས་བཞག་དུས། །འཆི་མེད་རྒྱལ་བ་ཡབ་སྲས་ཟབ་མོ་གཏེར། །མི་བརྗེད་གཟུངས་ལྡན་ཡེ་ཤེས་མཚོ་རྒྱལ་དང་། །བོན་ཆོས་དབྱེར་མེད་བཻ་རོ་ཙ་ན་དང་། ཀུན་ལ་དག་སྣང་ལྷ་སྲས་མུ་ནེ་བཙད། །དེ་གསུམ་གདམས་པའི་རྒྱུད་འཛིན་ལས་འཕྲོ་ལྡན། །མ་འོངས་དོན་དུ་ཟབ་པ་གཏེར་ཐམས་ཅད། །རྩ་བ་རྗེ་ལོ་མ་གསུམ་ཉིད་ལ་རག །འདི་རྣམས་རིག་འཛིན་མཁའ་འགྲོ་ཀུན་གྱི་བཀའ། །བོད་ཁམས་བསྟན་པའི་སྲོག་ཤིང་དམ་པ་ཡིན། །ཟབ་པའི་གཏེར་གྱི་བྱ་བ་ཐམས་ཅད་བསྒྲུབ། །འདི་ནི་རིག་འཛིན་མཁའ་འགྲོའི་སྙིང་ཐིག་ཡིན། །མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་གསང་བའི་མཛོད། །ཉི་མའི་སྙིང་པོ་མུན་སེལ་སྒྲོན་མ་འདི། །མུ་རྡོའི་གནས་ལག་མ་རྒྱུད་གསང་བའི་ཞིང་། །པདྨ་འབར་བའི་བྲག་ལ་གཏེར་དུ་བབས། །དུས་དང་མཐུན་པར་ཁོ་མོ་རང་གིས་བརྙེས། །སྐུ་ཚབ་ཤོག་སེར་བརྡ་ཡིག་དག་པར་ཕབ། །ཚུལ་འདི་སྤྱོད་པའི་སྐལ་བཟང་ལས་འཕྲོ་ཅན། །འབྲི་ཀློག་འདོན་སྤེལ་ཚེ་འདིར་དགེ་བསམ་འགྲུབ། །ཕྱི་མ་རིག་འཛིན་མཁའ་འགྲོས་རྗེས་འཛིན་ཞིང་། །མཁའ་སྤྱོད་གནས་སུ་ཟག་མེད་མཁའ་ལ་གཤེགས། །ཁྱབ་བདག་ཀུན་བཟང་དགོངས་པ་མངོན་དུ་འགྱུར། །མཐའ་ཡས་འགྲོ་བའི་དེད་དཔོན་གྱུར་ནས་སུ། །གེགས་མེད་རྣམ་པར་རྒྱལ་བའི་མཛོད་འཕེལ་ཤོག །ཅེས་པའི་ཟབ་གསང་མཁའ་འགྲོ་རྒྱ་མཚོའི་སྙིང་ཐིག་རྣམ་ཐར་གསང་བའི་མཛོད་ཆེན་ཉི་མའི་སྙིང་པོ་མུན་སེལ་སྒྲོན་མེ་འདི་ནི་ཉག་ཤོད་ཡུལ་དུ་སྐྱེས་བའི་མཁའ་འགྲོའི་མིང་འཛིན་བདེ་ཆེན་ཆོས་ཀྱི་དབང་མོ་ཞེས་པས་རྟ་ལོར་རྒྱལ་མོ་མུ་རྡོ་གནས་ཆེན་འདུས་པའི་ཕྱིར་དུ། གཏེར་ཆེན་གསང་སྔགས་གླིང་བ་དང་རང་བཅས་གནས་འབྲེལ་དུ་ཕེབས་པ་ལ། མུ་རྡོ་ནོར་བུ་ཕུག་དང་མཐར་སྐོར་ལམ་དུ་ཚོགས་དང་མཆོད་པ་རྒྱ་ཆེར་མཛད་ཅིང་། གནས་ཆེན་དེ་ལ་གནས་ཕྲན་དྲུག་ཅུ་རྩ་གཅིག་ཡོད་པ་ལས་བ་ཝཾ་བྲག་སྟེངས་ཆར་ཡོད་པའི་གཉེན་རྗེ་དཀར་ཏོག་གཡུ་ལུང་དམར་པོ་རི་ཁྱུང་བྲག་ཇོ་བོ་རྗེ་རྒོ་བདེ་སོགས་ཀྱི་གནས་ལ་ཚོགས་འབྲེལ་གཏེར་ཁ་སྐོར་ལམ་སོགས་རྟེན་འབྲེལ་ལེགས་ལམ་གྱུར། བྲག་སྟེང་པ་ཝཾ་སོགས་ཀྱི་དཔོན་སྡེ་ཐམས་ཅད་ཀྱིས་ཞབས་ཞུས་རྒྱ་ཆེར་བསྒྲུབས་ཤིང་དགེ་བཤེས་སྨད་སྡེར་ཕེབས། སྨད་ཕྱོགས་ཀྱི་དགོན་སྡེ་ཐམས་ཅད་ནས་འབྲེལ་འཇོག་ལེགས་པར་བྱས། ཁྱད་པར་དུ་དད་སྦྱིན་རྒན་པོ་ཁམས་ཐར་ཚེ་རིང་གིས་གཏེར་ཆེན་རང་བཅས་ཁྱིམ་དུ་གདན་དྲངས་བ་ལ། ལམ་ཁར་བཻ་རོའི་རྫུ་འཕྲུལ་གྱིས་བཞེངས་པའི་མཆོད་རྟེན་ཐམས་ཅད་ལ་ཚོགས་འབྲེལ་དང་བརྟན་བཞུགས་མཛད། དད་སྦྱིན་གྱི་ཁྱིམ་དུ་དེ་ནུབ་ཚོགས་འཁོར་རྒྱ་ཆེར་བགྱིས་པའི་ཐོ་རངས་འོད་གསལ་ངང་དུ་སྣང་ཁམས་ཐམས་ཅད་འོད་ཟེར་དྲྭ་བ་འཁྲིགས་པའི་ཀློང་དུ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གཙོ་འཁོར་གྲངས་ལས་འདས་པ་མེ་དཔུང་འབར་པའི་ཀློང་ན་ཞལ་མངོན་སུམ་དུ་མཇལ་ཞིང་སྐུ་ཚབ་གཏེར་སྒྲོམ་བཅས་མངོན་སུམ་དུ་རང་ལ་དངོས་གྲུབ་ཏུ་བབ་སྟེ་རྟེན་འབྲེལ་གེགས་མེད་དུ་གྱུར། གཏེར་སྒྲོམ་མར་མེའི་འོད་སྣང་ལ་བལྟས་པས་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་བཞུགས་ཤིང་གསང་རྒྱ་སྡོམ། ཕྱི་ཉིན་མ་རྒྱུད་ཀྱི་གནས་ལ་ཚོགས་དང་མཆོད་པ་རྒྱ་ཆེར་ཕུལ། སྐུ་ཚབ་ཀྱིས་དབང་གནང་ཞིང་དད་སྦྱིན་ཚོགས་རྫོགས་པ་དང་ཡུལ་སྡེ་ཐམས་ཅད་ཀྱི་དགེ་སྒྲུབ་སྡིག་སྤང་རྒྱ་ཆེན་པོ་གྲུབ་སོང་། ཕྱིས་སུ་གྲུབ་ཆེན་ཡེ་ཤེས་རྡོ་རྗེ་དང་ཤར་རྫའི་རྟོགས་ལྡན་རིན་པོ་ཆེ་གཉིས་ཀྱིས་སྔར་ནས་རང་ལ་བཀའ་གཏེར་དག་སྣང་སོགས་སྙིང་ཐིག་གི་སྐོར་མ་ལུས་པ་ཕབ་དགོས་ཀྱི་གསུངས་ནན་དང་། ཉེ་བར་གཏེར་ཆེན་ཉིད་ལ་སྐུ་གེགས་ཆེ་བར་ཡོད་པ་ལ། ཁྲོ་སྤྲུལ་རིན་པོ་ཆེ་གདན་དྲངས་སོང་བཞིན་དམ་པ་ཉིད་ཕེབས་ཐུབ་ཅིང་སྐུ་རིམ་རྒྱ་ཆེ་རྒྱུན་རིང་བསྒྲུབས་པས་སྐུ་གེགས་སེལ། དེ་ཡི་སྐབས་སུ་རང་ལ་སྙིང་ཐིག་གི་སྐོར་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་ཕབ་དགོས་ཞེས་ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ་དང་། དབལ་སྤྲུལ་གཡུང་དྲུང་གཉིས་ཀྱིས་ཡང་ཡང་བཞེད་ངོར་ཟབ་གསང་གཏེར་རྒྱ་ལོ་ངོ་དགུ་ཡི་བཀའ་རྒྱ་གྲོལ་ཏེ་མེ་ཡོས་ཟླ་བ་བཞི་པའི་ཚེས་བཅུའི་ཉིན་པར་དབུ་བཙུགས་ནས་ཟླ་བ་ལྔ་པའི་ཡར་ཚེས་བཅུའི་ཉིན་ཤོག་སེར་བཤུས་གྲུབ་དག་པར་ཕབ་ཅིང་སྤེལ་བས་བསྟན་པའི་ཟབ་གཏེར་རིན་པོ་ཆེ་ཕྱོགས་བརྒྱར་ཁྱབ་ཅིང་འགྲོ་བ་ཡོངས་ཀྱི་དོན་ཆེན་ལྷུན་གྱིས་གྲུབ་པར་ཤོག་ཅིག་གུ། ཞེས་པའི་ཐོག་མའི་ཡི་གེ་པ་ནི་གཏེར་ཆེན་ཉིད་ཀྱི་ཆོས་བདག་དགེ་བཤེས་ལྷ་རིས་པ་གཡུང་དྲུང་ཡེ་ཤེས་ཀྱིས་བགྱིས་པ་སྟེ་དགེ་ལེགས་ཀྱི་སྣང་བ་ས་གསུམ་ན་ཁྱབ་སྟེ་གདུལ་བྱ་སྨིན་ཞིང་གྲོལ་བའི་རྒྱུ་རུ་གྱུར་ཅིག །སརྦ་མངྒ་ལཾ། སྭ་སྟི། རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེ་ཐུགས་ཀྱི་ཆུ་གཏེར་ཆེན་པོ་ལས། །ཐབས་ཤེས་རྟེན་འབྲེལ་རང་གཟུགས་འགོག་མེད་ཉི་ཟླའི་འོད་ཀྱི་ཞལ། །ཟབ་གསང་བཀའ་གཏེར་ཟེར་གྱི་གདུལ་བྱ་བློ་མུན་སེལ་བའི་གཉེན། །འཆི་མེད་གྲུབ་དབང་གསང་སྔགས་གླིང་པ་ཡབ་ཡུམ་ཞབས་ལ་འདུད། །མཚོ་རྒྱལ་རྣམ་རོལ་བདེ་ཆེན་དབང་མོའི་བཀའ་གཏེར་རཏྞའི་གླིང་། །ཡང་ཟབ་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་ནོར་གྱི་དབྱིག་དྲིལ་བ། །ཡེ་ཤེས་དགོན་གྱི་བླ་གྲྭ་ཐུན་མོང་ཐུགས་བསྐྱེད་དག་པས་བསྐུལ། །བོན་སྦྱིན་མི་ཟད་པར་གྱི་དགའ་སྟོན་སྐལ་བཟང་རྣམས་ལ་འགྱེད། །དེ་ཡི་བསོད་ནམས་ལྷ་ལམ་ཡངས་པ་རུ། །ཚོགས་གཉིས་འཛད་མེད་བར་སྣང་བླ་བྲེ་གཏིབ། །དགེ་ལེགས་ཡོན་ཏན་བདུད་རྩི་གྲུ་ཆར་འབེབ། །བཤད་སྒྲུབ་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག །ཅེས་པར་བྱང་ཉུང་ངུ་འདིའང་ཉག་བོན་ཡེ་ཤེས་དགོན་སྡེ་མཁའ་འགྲོ་རྒྱ་མཚོའི་རྣམ་ཐར་པར་བཞེངས་སྐབས་བྱ་བཏང་སྤྲུལ་མིང་བས་འཕྲལ་དུ་བྲིས་པའོ།། །།དགེའོ། དགེའོ། དགེའོ། །