མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
བཙུན་མོ་བཀའི་ཐང་ཡིག་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར།
བཙུན་མོ་བཀའི་ཐང་ཡིག ཨོ་རྒྱན་གླིང་པའི་གཏེར་མ།
བསམ་ཡས་འབྱོངས་པའི་ལེའུ།
༄༅༔ བཙུན་མོ་བཀའི་ཐང་ཡིག་བཞུགས་སོ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ༔ བཙུན་མོ་རིན་ཅེན་གྲངས་མེད་བྱོན་གྱུར་ཀྱང་༔ དེ་ཙམ་ཡི་གེས་འཇིགས་པས་བྲིར་མ་ལང་༔ ས་འཚོ་གྲགས་འཛིན་ལ་སོགས་བཙུན་མོའི་འཁོར༔ ཚིག་དོན་སྨྲ་བའི་གསང་རྟགས་ཐུགས་ལ་ཤར༔ གསལ་བྱེད་ཆོས་ཀྱི་མེ་ལོང་སྟོན་པའི་བསྟན༔ སྲིད་པ་རབ་ཟད་སྡུག་བསྔལ་རྒྱ་མཚོ་སྐེམ༔ ལྟ་བར་མཛེས་པའི་སངས་རྒྱས་གཙོ་ལ་འདུད༔ འགྲོ་བའི་སྡུག་བསྔལ་སེལ་མཛད་སྐྱོབ་པའི་ཆོས༔ གང་ཟག་བློ་རྣམས་གཅིག་ཏུ་མ་ངེས་པས༔ གསུང་རབ་བཅུ་གཉིས་འཕགས་ལམ་ཡན་ལག་བརྒྱད༔ དོན་དམ་སྤྲོས་མེད་ཞི་བ་མྱ་ངན་འདས༔ ཡོན་ཏན་མཆོག་བསྐྱེད་ཆོས་ལ་ཕྱག་འཚལ་ལོ༔ ཐུབ་དབང་སློབ་མ་ཉན་ཐོས་སྡེ་གཉིས་དང་༔ སྲིད་རྩའི་ཉེས་བཅོམ་རང་རྒྱལ་རྣམ་པ་གཉིས༔ ཐམས་ཅད་འདྲེན་པ་རྒྱལ་བ་སྲས་ཀྱི་ཚོགས༔ རིན་ཅེན་ལྟ་བུའི་དགོས་འདོད་ལྟ་བ་ཡིས༔ མི་ངོམས་ཆོས་སྤྱོད་དགེ་འདུན་རྣམས་ལ་མོས༔ འཁོར་བར་གནས་ཤིང་སྡུག་བསྔལ་སྤྱོད་པ་རྣམས༔ སོ་ཐར་ལག་ཏུ་མ་ཐོན་སྙིང་རེ་རྗེ༔ ཤ་ཟ་གདོང་དམར་འདུལ་མཛད་མེས་དབོན་གསུམ༔ བཙུན་མོ་བཀའ་ཡི་ཐང་ཡིག་བསྟན་པར་བྱ༔ གཉའ་ཁྲི་བཙན་པོ་མན་ཆད་ནས༔ སྨད་ཀྱི་སྡེ་གསུམ་ཡན་ཆད་ལ༔ བཙུན་མོ་བདུན་ཅུ་དོན་ལྔ་ཡོད༔ གདུང་རབས་བཞི་བཅུ་ཐམ་པ་ཐལ་ལོ་གསུངས༔ ཐམས་ཅད་བདེ་བྱེད་སངས་རྒྱས་བསྟན་པ་ལ༔ བོད་ན་བོན་དར་ཆོས་ནི་མ་དར་བས༔ བོད་ཁམས་མུན་པའི་སྨག་རུམ་འདྲ་བ་འདིར༔ ཨོ་རྒྱན་ཆེན་པོ་གསེར་གཡུའི་ཁྲི་ལ་བཞུགས༔ རྒྱལ་པོས་ཕྱག་རྟེན་བསྙེན་བཀུར་འབུལ་བ་བྱས༔ རྒྱལ་པོའི་ཞལ་ནས་ད་ཅི་འདྲ་ཞིག་བཞེངས་ཞུས་པས༔ ཨོ་རྒྱན་པདྨ་འབྱུང་གནས་ཞལ་ནས་སུ༔ འདུལ་བ་མདོ་སྡེ་མངོན་པ་གསུམ་དང་མཐུན་པར་བཞེངས༔ བསྟན་པ་མི་ནུབ་ཆོས་ཀྱི་འཁོར་ལོ་བསྐོར་བར་བཞེངས༔ དགེ་འདུན་ཀུན་དགའ་ར་བ་ཕྱི་འདུལ་བ་ལྟར་བཞེངས༔ ནང་མདོ་སྡེ་དང་བསྟུན་ནས་དབུས་ཀྱི་རི་བོ་མཆོག་རབ་ལ་གླིང་བཞི་གླིང་ཕྲན་ཉི་ཟླས་བསྐོར་བའི་ཚུལ་དུ་བཞེངས༔ བརྒྱ་ཕྲག་མངོན་པ་དང་བསྟུན་ནས་སྐུ་གསུང་ཐུགས་ཀྱི་བཞུགས་གནས་སུ་བཞེངས༔ འབྲས་བུ་གསང་སྔགས་དང་བསྟུན་ནས་དཀྱིལ་འཁོར་ཐམས་ཅད་རྫོགས་པར་བཞེངས་གསུངས་སོ༔ འོ་ན་དེ་ལྟར་བྱེད་པའི་དཔེ་གང་ན་ཡོད་ཞུས་པས༔ རྒྱ་དཀར་ནག་གི་མཚམས༔ སྔོན་དུས་བཞེངས་པ་ཨོ་ཏན་ཏ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་བཞེངས༔ ས་ཕོ་སྟག་ལོ་སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་ཉིན༔ ཆུ་ཕོ་འབྲུག་གི་ཉི་མ་སྐར་མ་ལག་སོར༔ གཟའ་ཕུར་བུ་ལ་ཨོ་རྒྱན་པདྨ་ཉིད་ཀྱིས་ས་འདུལ་མཛད༔ འོག་ཁང་རྒྱ་གར་དང་བསྟུན་ནས་སྤྲུལ་སྐུའི་ཞིང་ཁམས༔ བར་ཁང་རྒྱ་ནག་དང་བསྟུན་ནས་ལོངས་སྐུའི་ཞིང་ཁམས༔ སྟེང་ཁང་བོད་ཡུལ་དང་བསྟུན་ནས་ཆོས་སྐུའི་ཁམས་སུ་བཞེངས༔ ཤིང་རྫི་བས་ནི་མས་ནས་བཏེག་སྟེ༔ འོག་སྦྱར་པ་དང་ཤུག་པ༔ བར་ལྕང་མ༔ སྟེང་གསོ་མ༔ དབུ་རྩེ་རིགས་གསུམ་སྐུ་གསུམ་ཞིང་ཁམས༔ དཔེ་ཁ་གསུམ་ཡོད་པས༔ དབུ་རྩེ་རིགས་གསུམ་ཞེས་བྱའོ༔ བཟའ་དམར་རྒྱན་གྱིས་ཁམས་གསུམ་བཟང་ཁང་བཞེངས༔ འབྲོ་བཟའ་བྱང་ཆུབ་སྒྲོན་མས་དགེ་རྒྱས་བཞེངས༔ ཕོ་གྱོང་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁང་བཞེངས༔ མཆོད་རྟེན་བཞི༔ གཏེར་ཁ་བཞི༔ རྡོ་རིང་བཞི༔ ཟངས་ཀྱི་ཁྱི་མོ་བཞི༔ ལྕགས་ཐག་ལ་སོགས་པ་རྒྱལ་པོའི་དབུ་རྩེ་ཆེན་མོ་འདྲ་བ་ཀུན་ལ་ཡོད༔ ཕྱི་ལ་ལྕགས་རི་ནག་པོ་གཅིག་གིས་བསྐོར་བའི་བསམ་ཡས་འདི༔ ཆུ་ཕོ་རྟ་ལོ་སྟོན་ཟླ་འབྲིང་པོ་ལ༔ ལྷ་འདྲེས་བར་དུ་མ་ཆོད་པར་ལོ་ལྔས་ཚར་རོ༔ དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་མེ་ཏོག་འཐོར་བའི་སྔོན་དུ་བསྙེན་པ་ཞག་ཉེར་གཅིག་མཛད༔ དེ་ནས་རབ་གནས་མཛད་དོ༔ ཨེ་མ་སེམས་ཅན་ཉེས་སྐྱོབ་ལེགས་འཛུད་བཙུན་མོ་ལྔ༔ མཆིམས་བཟའ་མ་ནི་ལྷ་མོ་བཙུན༔ མཁར་ཆེན་བཟའ་སྟེ་མཚོ་རྒྱལ་གཉིས༔ འབྲོ་བཟའ་བྱང་ཆུབ་མ་དང་གསུམ༔ བཙུན་མོ་ཚེ་བཟའ་མེ་ཏོག་སྒྲོན༔ བཙུན་མོ་ཕོ་གྱོང་རྒྱལ་མོ་བཙུན༔ འཇིག་རྟེན་ཁམས་ན་འགྲན་ཟླ་མ་མཆིས་པའི༔ ཡ་རབས་ཚོགས་པས་དཔལ་གྱི་བསམ་ཡས་གྲུབ༔ རྒྱུ་བཟང་བཀོད་ལེགས་རྒྱ་ཆེ་སྲོག་སྲ་མཚན༔ རྒྱ་བོད་འདུས་པ་རྡོར་གདན་གཉིས་པ་འབྱོངས༔ ལོ་པཎ་བཞུགས་གནས་བོད་ལ་དྲིན་ཆེར་ཚར༔ ཉི་འོག་རྒྱལ་ཁམས་བཟང་མཁས་བསམ་ཡས་ཁུགས༔ བཀའ་དང་བསྟན་བཅོས་རྒྱ་གར་གྲགས་ཚད་བསྒྱུར༔ དམ་པ་ཆོས་ཀྱི་ཉི་མ་ཤར་བ་བཞིན༔ བོད་ཁམས་ཐམས་ཅད་ཀུན་ལ་ཐང་མར་བརྡལ༔ རྒྱལ་པོའི་མངའ་ཐང་སྟེང་འོག་དབུས་མཐར་རྒྱས༔ དགྲ་ལྷའི་རྒྱལ་པོ་ཟིལ་གནོན་མོག་མོག་གྱུར༔ སྙན་པའི་བ་དན་གྱིས་ནི་ཉི་འོག་ཁྱབ༔ རྗེ་འབངས་བདེ་སྐྱིད་ཕུན་སུམ་ཚོགས་པ་འདི༔ སུམ་ཅུ་རྩ་གསུམ་ལྷ་དང་མཉམ་པར་གྲགས༔ མཐོ་རིས་ཐར་པའི་ཐེམ་སྐས་ལྡན་པར་གྱུར༔ སྐྱེས་བུ་ཐམས་ཅད་ཆོས་ལ་སེམས་པ་སྟེ༔ མ་འོངས་ཕན་པའི་ཕྲིན་ལས་རྒྱ་ཆེར་མཛད༔ བསམ་ཡས་འབྱོངས་པའི་ལེའུ་སྟེ་དང་པོའོ༔
ལེའུ་གཉིས་པ།
སྔགས་པས་སྔགས་གླུ་སྡེ་བཞི་གསུངས༔ གུ་རུ་པདྨ་འབྱུང་གནས་དང་༔ སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔ མཆིམས་ཀྱི་ཤཱཀྱ་བྲ་བྷ་དང་༔ ཤུད་བུ་དཔལ་གྱི་སེང་གེ་སྟེ༔ ཁོང་བཞིས་མི་རེས་གླུ་རེ་བླངས༔ ཨོ་རྒྱན་ཆེན་པོས་འདི་སྐད་གསུངས༔ ཧཱུྃ་ལྷ་རྡོ་དཀར་པོ་མ་སྒུལ་ཅོག་གེ་ཞོག༔ ལྷ་རྡོ་དཀར་པོ་བསྒུལ་ཀྱང་ལྷ་ཡི་བག༔ ཆུ་མིག་གཉན་ཆེན་འདི་མ་དཀྲུག་ཅོག་གེར་ཞོག༔ ཆུ་མིག་གཉན་ཆེན་འདི་དཀྲུགས་ན་ཀླུ་ཡི་བག༔ དུག་སྦྲུལ་ཁྲ་བོ་འདི་མ་གཟུང་ཅོག་གེར་ཞོག༔ དུག་སྦྲུལ་ཁྲ་བོ་འདི་བཟུང་ན་དུག་གི་བག༔ བནྡ་སྔགས་པ་འདི་མ་སྒུལ་ཅོག་གེར་ཞོག༔ བནྡེ་སྔགས་པ་འདི་བསྒུལ་ན་མཐུ་ཡི་བག༔ དཔལ་གྱི་བསམ་ཡས་འདི་མ་སྒུལ་ཅོག་གེར་ཞོག༔ དཔལ་གྱི་བསམ་ཡས་འདི་བསྒུལ་ན་བསྟན་ནུབ་བག༔ ཅེས་གསུངས་སོ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་གསུངས་པ༔ ཧཱུྃ་མཁའ་ལ་བྱ་འཕུར་ཉམ་མི་ང་༔ མཁའ་ལ་བྱ་འཕུར་ཉམ་ང་ན༔ བྱ་འདབ་གཤོག་རྒྱས་པ་དོན་རེ་ཆུང་༔ ཉ་འཕྱོ་རྦ་ལ་འཕྱོ་བ་ཉམ་མི་ང་༔ ཉམ་འཕྱོ་རྦ་ལ་འཕྱོ་བ་ཉམ་ང་ན༔ ཉ་ཆུ་ནང་དུ་སྐྱེས་པ་དོན་རེ་ཆུང་༔ ལྕགས་ཀྱི་ག་རུ་རྡོས་མི་ཆོག༔ ལྕགས་ཀྱི་ག་རུ་རྡོས་ཆོག་ན༔ ལྕགས་ལ་ཞུན་ཐར་བྱས་པ་དོན་རེ་ཆུང་༔ བནྡེ་སྔགས་པ་དགྲས་མི་འཇིག༔ བནྡེ་སྔགས་པ་དགྲས་འཇིག་ན༔ མི་ཚེར་བསྒོམས་བསྒྲུབས་བྱས་པ་དོན་རེ་ཆུང་༔ ཞེས་གསུངས་སོ༔ མཆིམས་ཤཱཀྱ་པྲ་བྷའི་ཞལ་ནས༔ ཧཱུྃ་རིན་ཆེན་གསེར་གྱི་ལྗོན་ཤིང་འདི༔ རྩ་བ་ནག་པོ་ཀླུ་ལ་ཟུག༔ རྩེ་མོ་དགའ་ལྡན་ལྷ་ཡུལ་སླེབས༔ ཡལ་གས་བར་ལམ་མ་སླེབས་ཀྱང་༔ ལོ་འདབ་བོད་ཡུལ་དབུས་སུ་སླེབས༔ གཅན་གཟན་སེང་གེའི་ཕྲུ་གུ་ནི༔ རྩལ་གསུམ་ཚད་དུ་མ་རྫོགས་ཀྱང་༔ སྡེར་ཆགས་ཐམས་ཅད་ཀླད་ནས་འཇོམས༔ འདབ་ཆགས་ཁྱུང་གི་ཕྲུ་གུ་དེ༔ གཤོག་རྩལ་ཚད་དུ་མ་རྫོགས་ཀྱང་༔ འདབ་ཆགས་ཐམས་ཅད་ཀླད་ནས་འཇོམས༔ བནྡེ་སྔགས་པའི་ཕྲུ་གུ་དེ༔ སྒོམ་སྒྲུབ་ཚད་དུ་མ་འཁྱོལ་ཀྱང་༔ དགྲ་བོ་ཐམས་ཅད་ཀླད་ནས་འཇོམས༔ ཞེས་གསུངས་སོ༔ ཤུད་བུ་དཔལ་གྱི་སེང་གེ་དགྲ་ཤི་བ་ལ་དགའ་ནས༔ ཕྱག་སྦྲེལ་ནས་དབྱངས་སུ་བླངས་པ༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ཆོས་ཉིད་ངང་དུ་ཚོགས་འཚོགས་ནས༔ དགྲ་དུག་ལྔའི་མགོ་ལ་ཅམ་ཅམ་འཁྲིགས༔ གྲི་དང་མདའ་དང་མདུང་གསུམ་གྱིས༔ སྐྱེས་དར་མའི་མགོ་ལ་ཅམ་ཅམ་འཁྲིགས༔ སྔགས་དང་ཏིང་འཛིན་ཟོར་དང་གསུམ༔ བནྡེ་སྔགས་པའི་ཕྱག་ཏུ་བྲེངས་སེ་བྲེང་༔ དམ་ཉམས་དགྲ་བགེགས་མགོ་ལ་ཆེམ་ཆེམ་འཁྲིགས༔ ཞེས་གསུངས་སོ༔ སྔགས་གླུ་སྡེ་བཞིའི་ལེའུ་སྟེ་གཉིས་པའོ༔
ལེའུ་གསུམ་པ།
རྗེ་ཡིས་དགའ་གླུ་བཅུ་གསུམ་བླངས༔ རིན་ཅེན་སྣ་ལྔ་ཚང་བ་བོད་ཀྱི་ཡུལ༔ འབྲུ་སྣ་ལྔ་ལ་ལོངས་སྤྱོད་མགོ་ནག་རྗེ༔ ཚ་གྲང་ཁོད་སྙོམས་ཉི་མ་དབུས་ཀྱི་ས༔ བོད་ཀྱི་རྒྱལ་པོར་སྐྱེས་པ་ང་རེ་དགའ༔ ཞིབ་མོར་བསགས་པ་ལས་ནི་རྫས་འབྱུང་ཞིང་༔ ཉིན་མཚན་བསམ་པ་ལས་ནི་བློ་འབྱུང་སྟེ༔ ཡ་རབས་མཛད་པ་ལས་ནི་ཕྱག་རིས་འབྱུང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ང་རེ་དགའ༔ མེས་པོ་ཐོ་ཐོ་སྙན་ཤལ་ཆོས་དབུ་བརྙེས༔ སྲོང་བཙན་སྒམ་པོས་ཆོས་ཀྱི་སྲོལ་ཡང་བཏོད༔ ཁྲི་སྲོང་ལྡེའུ་བཙན་ཆོས་ཀྱི་གཞི་ཞིག་ཐིངས༔ བཟང་པོའི་ཡར་འཐེན་ཡོད་པས་ང་རེ་དགའ༔ སེམས་ཅན་མཐོ་རིས་ཐར་པའི་ལམ་འགྲོ་བ༔ བོད་འབངས་རྣམས་ནི་དགེ་བ་བཅུ་ལ་ཚུད༔ ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་བྱོན༔ ངན་པས་མར་འཐེན་མེད་པས་ང་རེ་དགའ༔ ཆོས་ཀྱི་གཞི་མ་མི་དགེ་བཅུ་པོ་སྤོང་༔ སྟོན་པའི་རྟགས་འཛིན་བྱས་པ་ཡིད་ལ་མཛེས༔ འཇིག་རྟེན་འཁོར་བའི་སྤྱོད་སྤངས་ཆོས་སྤྱོད་བཅུ༔ སངས་རྒྱས་སྤྱོད་ལམ་ཤེས་པས་ང་རེ་དགའ༔ དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་༔ ཡ་མཚན་རྨད་འབྱུང་སྐུ་ལ་སྐྱེ་འཆི་མེད༔ མཐུ་རྩལ་ལྡན་པས་རི་རབ་འདེགས་པར་ནུས༔ སངས་རྒྱས་གཉིས་པ་རྡོ་རྗེ་འཆང་བྱོན་དགའ༔ བོད་ཀྱི་ལྷ་འདྲེ་མི་བསྲུན་དམ་ལ་བཏགས༔ བསམ་ཡས་མི་བས་ལྷ་འདྲེས་བརྩིགས་པ་མཐོ༔ ང་ཡི་བསམ་ཡས་དབུ་རྩེ་རིགས་གསུམ་འདི༔ བརྩིགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་དགའ༔ ཕ་མའི་ངོར་ཡང་སྡིག་པའི་ལས་མི་བྱེད༔ སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོང་༔ ཚེ་འདིའི་དོན་དུ་རྒྱལ་སྲིད་ཆོས་ཀྱིས་སྐྱོང་༔ ཕྱི་མའི་དོན་དུ་ལྷ་ཆོས་བྱེད་པས་དགའ༔ ཕྱི་ཡི་རྒྱལ་སྲིད་ཕྱུགས་ལུག་བཞིན་དུ་སྐྱོང་༔ ནང་གི་རྒྱལ་སྲིད་བུ་ཚ་བཞིན་དུ་སྐྱོང་༔ བོད་ཀྱི་རྒྱལ་སྲིད་བྲན་ཁོལ་བཞིན་དུ་སྐྱོང་༔ རྒྱལ་པོའི་མངའ་ཐང་ཆོས་ལ་སྤྱོད་པས་དགའ༔ འདི་ལས་ལྷག་པ་གང་ན་མེད་དོ་བསམ༔ ནོར་གྱི་ཞེན་པ་ལྡོག་པའི་གཉའ་གཅོག་ཡིན༔ ལུས་ངག་ཡིད་གསུམ་དགེ་བར་འཁོད་པའི་ཐབས༔ བདག་ནི་སེམས་ཅན་མཐོ་རིས་འདྲེན་པར་དགའ༔ ངན་ཅིང་བླུན་པའི་བོད་རྣམས་ཆོས་ལ་ཉོན༔ སེམས་ཅན་འགྲོ་དོན་བྱས་པར་རང་དོན་འགྲུབ༔ ངན་སོང་སྐྱེ་བའི་སྲིད་བཅོམ་ཕྱིར་མི་ལྡོག༔ སངས་རྒྱས་བསྟན་པའི་སྲོག་ཤིང་ཚུགས་པས་དགའ༔ ཞིང་ངན་པ་ལ་སྦྱིན་བཏང་ཚོགས་མི་རྫོགས༔ ཞིང་མཆོག་བཟང་པོ་དགེ་འདུན་དབུ་སྡེ་གཉིས༔ འདི་ལ་བཀྲ་ཤིས་བསོད་ནམས་དབང་ཆེན་ཐོབ༔ ཕྱི་མར་མཐོ་རིས་ཐོབ་པས་ང་རེ་དགའ༔ དགེ་སྡིག་ངོ་ཤེས་ཡ་རབས་ངོ་ཚ་ཐུབ༔ སེམས་ཉིད་གྱོང་པོ་འདུལ་བའི་གཉེན་པོ་རུ༔ མདོ་མང་རྒྱུད་མང་བསྟན་བཅོས་མང་པོ་བསྒྱུར༔ འབྲི་ཀློག་སྒོམ་འཛིན་བྱེད་པས་ང་རེ་དགའ༔ རྗེའི་དགའ་གླུའི་ལེའུ་སྟེ་གསུམ་པའོ༔
ལེའུ་བཞི་པ།
རྒྱལ་སྲས་མུ་ཏིག་བཙན་པོས་སྟོང་གླུ་བླངས༔ མཁན་པོས་སྒོམ་ཕྲེང་དཀར་པོ་བྱ་བ་བླངས༔ ནམ་མཁའི་སྙིང་པོས་བྱམས་པའི་གླུ་ལྔ་བླངས༔ པ་ཚབ་ཉི་མས་སྙིང་རྗེའི་གླུ་ལྔ་བླངས༔ གཡུ་སྒྲ་སྙིང་པོས་དགའ་བཞིའི་གླུ་ལྔ་བླངས༔ ཆོས་ཀྱི་བཟང་པོས་བཏང་སྙོམས་གླུ་ལྔ་བླངས༔ ལེགས་སྦྱིན་ཉི་མས་སྦྱིན་པའི་གླུ་ལྔ་བླངས༔ ཡོན་ཏན་མཆོག་གིས་ངག་སྙན་གླུ་ལྔ་བླངས༔ སངས་རྒྱས་ཡེ་ཤེས་དོན་མཐུན་གླུ་ལྔ་བླངས༔ འཕགས་པ་ཤེས་རབ་དོན་སྤྱོད་གླུ་ལྔ་བླངས༔ རྒྱལ་བ་མཆོག་དབྱངས་འདོད་པ་ཟག་མེད་བླངས༔ ཀླུ་ཡི་རྒྱལ་མཚན་མ་རིག་ཟག་མེད་བླངས༔ དགོངས་པ་གསལ་གྱིས་སྲེད་པ་ཟག་མེད་བླངས༔ བཀྲ་ཤིས་མཁྱེན་འདྲེན་ལྟ་བ་ཟག་མེད་བླངས༔ དྲི་མེད་ཟླ་ཤར་ཆོས་ཀུན་སྟོང་ཉིད་བླངས༔ ཀླུ་ཡི་དབང་པོས་མཚན་མ་མེད་པ་བླངས༔ གཉན་ཆེན་དཔལ་དབྱངས་སྨོན་པ་མེད་པ་བླངས༔ སྐ་བ་དཔལ་བརྩེགས་མངོན་པར་འདུ་མི་བྱེད༔ དཔལ་གྱི་སེང་གེས་ལུས་དྲན་ཉེར་གཞག་བླངས༔ བཻ་རོ་ཙ་ནས་ཆོས་དྲན་ཉེར་གཞག་བླངས༔ ཡེ་ཤེས་མཚོ་རྒྱལ་ཚོར་དྲན་ཉེར་གཞག་བླངས༔ དཔལ་གྱི་ཡེ་ཤེས་སེམས་དྲན་ཉེར་གཞག་བླངས༔ གླུ་ཡི་ངོ་བོ་ཐབས་ཀྱི་གླུ༔ ངེས་ཚིག་སྙིང་པོ་དོན་གྱི་གླུ༔ དབྱེ་བ་སྟོང་ལྔ་བརྒྱ༔ བསྡུ་ན་གནམ་ཡོལ་གཡུང་དྲུང་༔ ས་ཡོལ་གཡུང་དྲུང་༔ གླུ་འཁོར་བ་སྤྲོ་སྐྱེད་བླངས་པ་ནི༔ སྟེང་ཚངས་པ་ལྷས་གླུ་དགུ་བླངས༔ ས་ཡོལ་པདྨ༔ བར་ཡོལ་ལན་འདེབས༔ སྨ་ཐི་བཅུ༔ ཧེ་སུ་འདུ༔ ཁྱམས་ཁ་རལ༔ ཟུར་མེད༔ ཟླུམ་པོ༔ གླེང་རེ་ཏྲི༔ འཇིག་རྟེན་ལྷའི་གླུ་དགུའོ༔ བར་མིའི་གླུ་ལ་ལྔ་སྟེ༔ གསེར་གྱི་མཎྜལ་གླིང་བཞི་གླིང་ཕྲན་དང་བཅས་པ་གྱོས་པོའི་གླུ༔ ཡིད་བཞིན་ནོར་བུ་བདུན་ཕོག་སྒྱུག་མོའི་གླུ༔ བཀྲ་ཤིས་ཀྱི་རྫས་བརྒྱད་བག་མའི་གླུ༔ གཙང་ཆབ་མེ་ཏོག་གི་བཅུད་གསལ་ཁུ་ཞང་གི་གླུ༔ འོག་གླུ་ལ་གླུ་རིས་བཅུ་གསུམ་མོ༔ གསན་པ་དུང་གི་གླུ་ཆུ་སྲིན་གྱི་བཀོད་པ༔ གནས་པ་རྒྱ་མཚོའི་གླུ་ཆུ་བོ་བཞིའི་འབབ་ཕྱོགས༔ གཟིགས་པ་ཉི་ཟླའི་གླུ་གཟའ་སྐར་དཔག་ཚད་རྒྱང་གྲགས༔ ཟ་ར་ཚགས་ཀྱི་གླུ་འཕྲལ་སྦྱར་སྐྱོན་ཡོན༔ བ་དན་མཛེས་པའི་གླུ་སྐྱེམས་མཆོག་ཉམས་དགའ༔ འཕན་གདུགས་གཟིངས་ཀྲོག་གི་གླུ་ཤ་ཚ་ལྐོག་ཉལ༔ མནྡ་ར་བའི་གླུ་ཡ་རབས་སྐྱེམས་གསོལ༔ ན་ཆུ་ཙམ་པོ་ཁའི་གླུ་ཕོ་ཀྲོག་དང་མོ་ཀྲོག་གོ༔ ར་ར་ན་ཡི་གླུ་མི་ལྐོག་གླུ༔ ཨུ་མོ་ཏའི་གླུ་གཞན་སུན་འདོན༔ མེ་ཏོག་པདྨའི་གླུ་མཛའ་མཐུན་ཡིད་འཕྲོག༔ བྱུང་རབས་རིན་པོ་ཆེའི་རྐང་འགྲོས་ཀྱི་གླུ་འདི་ཕྱིའི་བྱ་ར༔ ཆུ་རྟ་གསེར་སྒའི་གླུ་ཅང་ཤེས་ཀྱི་རྟ་རབས༔ གླུ་རིས་འདི་རྣམས་རྗེ་འབངས་ཀུན་གྱིས་བླངས༔ གསང་སྔགས་རྡོ་རྗེའི་ཐེག་པ་འདི་ཉིད་ལོངས་སྤྱོད་ཁྱད་པར་ཆེ༔ བསམ་ཡས་རབ་གནས་ཚར་ནས་ལོ་བཅུ་གསུམ་པར༔ ཉིན་རེ་བཞིན་དུ་མཚོ་མོ་མགུལ་དུ་ཚོགས༔ མི་རེས་གླུ་རེ་བླངས་སོ༔ ཁོག་ཕུབ་ལེའུ་སྟེ་བཞི་པའོ༔
ལེའུ་ལྔ་པ།
ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་སྐུ༔ དབུ་རྩེ་ཆེན་མོའི་བར་ཁང་སྤྱན་དྲངས་ནས༔ ཐུགས་རྗེའི་བྱིན་རླབས་རིན་ཅེན་ཁྲི་ལ་བཞུགས༔ སྐུ་ཡི་འོད་ཟེར་ལས་བྱུང་སློབ་མའི་ཚོགས༔ འབུམ་ཕྲག་མང་པོ་འདུས་ནས་སྐོར་བ་བྱེད༔ ལྷ་ཕྱག་འཚལ་ཞིང་མཆོད་པ་རྒྱ་ཆེར་ཕུལ༔ ནམ་མཁའ་འོད་གསལ་འཇའ་ཚོན་མང་པོ་ཤར༔ ས་གཞི་མཛེས་པའི་མེ་ཏོག་མང་པོ་སྐྱེས༔ ཕྱོགས་བཅུ་ཡོངས་སུ་སྒྲ་སྙན་མང་པོ་བསྒྲགས༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ སྐུ་གསུང་ཐུགས་ལས་གསང་སྔགས་ཆོས་བསྟན་པས༔ ཡོན་མཆོད་ལུས་ངག་ཡིད་གསུམ་སྒྲིབ་པ་བྱང་༔ ཕྱོགས་བཅུ་འཇིག་རྟེན་དག་གི་ཁམས་ཀུན་ཏུ༔ གང་ལ་གང་འདུལ་སྤྲུལ་སྐུ་གྲངས་མེད་པས༔ འགྲོ་དོན་ནུས་པར་ཤོག་ཅིག་ལན་ལྔ་གསུངས༔ སྤྲུལ་སྐུ་རྣམས་ཀྱང་དེ་དོན་ཐུགས་ཆུད་གྱུར༔ ཆོས་གསུང་གང་གི་སྒོ་ནས་མ་འགགས་པར༔ སྲོད་ལ་བསམ་ཡས་དབུ་རྩེ་ཆེན་མོ་རུ༔ ཨོ་རྒྱན་པདྨའི་སྐུ་ལ་མཆོད་པ་ཕུལ༔ གུང་ལ་བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ༔ ཐོ་རངས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་བྱོན༔ དེ་ཚེ་དེ་དུས་ཨོ་རྒྱན་པདྨ་ལ༔ བཻ་རོ་ཙ་ན་དྲི་མེད་ཟླ་ཤར་དང་༔ ཡར་རྗེ་བརྩེགས་སེ་ཡོན་ཏན་མཆོག་རྣམས་ཀྱིས༔ པདྨ་ཤེལ་ཕུག་ལྷ་ཁང་མཆོད་པ་ཕུལ༔ དེ་ཡི་བྱིན་རླབས་པདྨའི་སྐུ་ལས་སུ༔ འོད་ཟེར་མང་པོ་ཕྱོགས་བཞི་མཚམས་བརྒྱད་འཕྲོས༔ ཤར་ཕྱོགས་འཇིག་རྟེན་ཁམས་སུ་དཀར་པོ་འཕྲོས༔ ཞེ་སྡང་དམྱལ་བའི་སྒོ་གཅད་དོན་ཆེད་དུ༔ ཀོང་པོ་རོང་ནག་ལྷ་རི་གྱང་རྡོར་སོང་༔ རྒྱ་ནག་ཆུ་ཡི་རྒྱ་མཚོ་དག་ལ་ཐིམ༔ བྱང་ཕྱོགས་འཇིག་རྟེན་ཁམས་སུ་ལྗང་ཁུ་འཕྲོས༔ འདོད་ཆགས་ཡི་དྭགས་སྒོ་གཅད་དོན་ཆེད་དུ༔ དབུ་རི་རླུང་རི་འཚུབ་པོ་ཡལ་ནས་སོང་༔ གེ་སར་མཚོན་གྱི་རྒྱལ་ཁམས་ས་ལ་ཐིམ༔ ནུབ་ཕྱོགས་འཇིག་རྟེན་འོད་ཟེར་དམར་པོ་འཕྲོས༔ གཏི་མུག་བྱོལ་སོང་རྣམས་ཀྱི་སྒོ་གཅད་ཕྱིར༔ གཙང་གཡས་རུའི་རི་རྩེར་ཡལ་ནས་སོང་༔ མངའ་རིས་སྐོར་གསུམ་དོན་པོར་འོད་དུ་ཞུ༔ ལྷོ་ཕྱོགས་འཇིག་རྟེན་འོད་ཟེར་སྔོན་པོ་འཕྲོས༔ ཕྲག་དོག་མི་རྣམས་སྒོ་གཅད་དོན་བྱེད་ཕྱིར༔ རྒྱ་མོན་མཚམས་སུ་འཇའ་ལྟར་ཡལ་ནས་སོང་༔ རུ་ལག་རི་བོ་སུལ་མང་རྩེ་ལ་ཕོག༔ སྣུབས་མཚོ་གླིང་དགུའི་དཀྱིལ་དུ་ཐིམ་ནས་ཡལ༔ དབུས་ཕྱོགས་འཇིག་རྟེན་འོད་ཟེར་སེར་པོ་འཕྲོས༔ ང་རྒྱལ་ལྷ་མིན་རྣམས་ཀྱི་སྒོ་གཅད་ཕྱིར༔ ཡར་ཀླུངས་ཟོ་ཐང་གོང་བོ་རི་ལ་ཐིམ༔ གནམ་མཚོ་ཕྱུག་མོའི་དཀྱིལ་དུ་འོད་དུ་ཞུ༔ བོད་ཀྱི་ཁྲི་ཤོད་རྒྱལ་མོའི་མཚོ་ལ་ཐིམ༔ མ་ཕམ་གཡུ་མཚོའི་དཀྱིལ་དུ་ཡལ་ནས་སོང་༔ ཕྱོགས་བཞི་དབུས་ལྔར་ཞལ་ནི་ལྷག་གེར་བྱུང་༔ ཨོ་རྒྱན་པདྨ་རབ་ཏུ་ཐུགས་དགྱེས་ཏེ༔ འགྲོ་བའི་དོན་བྱེད་བསམ་ཡས་འདྲ་བ་རེ༔ རི་དང་མཚོ་དང་ཕྱོགས་དབུས་རང་བྱུང་ལ༔ མཆོད་པ་སྣ་ལྔ་སྨན་རཀ་གཏོར་གསུམ་ཕུལ༔ མཆེད་པོ་ལྔ་ཡིས་པད་འབྱུང་ཞལ་མཐོང་བས༔ སྤྱན་སྔར་འདུས་ནས་སྐོར་བ་ལྷ་ཕྱག་འཚལ༔ མཆོད་པ་ཕུལ་ནས་འདོད་དོན་འདི་སྐད་ཞུས༔ བདག་ཅག་མཆེད་ལྔ་འཁོར་བའི་སྒོ་བཅད་ལ༔ ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ནང་ནས་ཀྱང་༔ ཁ་ཚང་དོན་འདྲིལ་ཞལ་གསལ་བཀའ་རྣམས་འདུས༔ ངེས་ཚིག་བདེན་པའི་བསྐྱེད་རྫོགས་བསྟན་དུ་གསོལ༔ ཨོ་རྒྱན་ཆེན་པོས་འདི་སྐད་བཀའ་བསྩལ་ཏོ༔ རིགས་ཆེན་ལྔ་ཡིས་འདི་ལྟར་གསོལ་བ་ལེགས༔ སེམས་ཅན་ཐམས་ཅད་དུག་ལྔའི་དབང་གིས་འཁོར༔ གནས་ལྔར་སྐྱེས་པ་དེ་རྒྱུན་གཅད་པའི་ཕྱིར༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་བཤད་པར་བྱ༔ རོ་ལངས་བདུན་གཟུགས་སེངྒེའི་ཁྲི་ལ་བཞུགས༔ ཤེལ་གྱི་ཕྱགས་ཤིང་གསེར་གྱི་པ་ཏྲ་བསྣམས༔ སློབ་བུ་རྣམས་ནི་པུས་བཙུགས་ཐལ་མོ་སྦྱར༔ ཤེལ་གྱི་བྲག་ཕུག་བཀོད་པ་ལྷུན་གྲུབ་ནང་༔ བཀའ་འདུས་མདོ་ལྔ་རྒྱུད་བདུན་བཤད་ཅིང་བཞུགས༔ དེ་ཚེ་དེ་དུས་ཤར་ཕྱོགས་འཇིག་རྟེན་གྱི༔ ལྷ་དང་ལྷ་མོ་མང་པོ་སྤྲིན་གསེབ་ནས༔ དར་ཁྲ་འཕྱར་ཞིང་སྒྲ་སྙན་སྒྲོག་ཅིང་འདུས༔ དེ་ནས་མི་མང་པོ་ཞིག་འོང་ཞིང་འདུག༔ དེ་ནས་པདྨ་བརྩེགས་པའི་ཐང་ལ་ཕེབས་སོ༔ སྤྲུལ་པ་བཀྱེ་བའི་ལེའུ་སྟེ་ལྔ་པའོ༔
ལེའུ་དྲུག་པ།
དེ་ནས་མི་དེ་རྣམས་ཀྱིས་ཕྱག་བཙལ་ལོ༔ རི་འདིའི་མིང་ལ་ཇི་སྐད་ཟེར་བ་ལགས༔ བྲག་འདིའི་མིང་ལ་ཇི་སྐད་ཟེར་བ་ལགས༔ ཁྱེད་རྣམས་མཚན་ལ་ཇི་སྐད་ཟེར་བ་ལགས༔ ཨོ་རྒྱན་པདྨ་འབྱུང་གནས་ག་ན་བཞུགས༔ དེ་ལ་ཨོ་རྒྱན་པདྨས་བཀའ་སྩལ་པ༔ རི་འདིའི་མིང་ནི་པདྨ་བརྩེགས་པ་ཡིན༔ བྲག་འདིའི་མིང་ནི་པདྨ་ཤེལ་ཕུག་ཡིན༔ བདག་ནི་འདྲེན་པའི་སྐྱེས་བུ་པད་འབྱུང་ཡིན༔ འཁོར་པ་འདི་རྣམས་རྡོ་རྗེའི་སྤུན་ལྔ་ཡིན༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཉན་པ་ལགས༔ རིགས་ཀྱི་བུ་ཉིད་ནམ་མཁའ་དར་གྱིས་བཀང་༔ ས་གཞི་ཐམས་ཅད་རོལ་མོའི་སྒྲ་ཡིས་བཀང་༔ གསེར་གྱི་འཁོར་ལོ་ཤིང་རྟ་བཞོན་པ་དང་༔ འཁོར་པ་མང་པོས་མཐའ་མ་ལེགས་པར་བསྐོར༔ ཤིན་ཏུ་ངོ་མཚར་ཆེ་བ་ཞིག་སྣང་ངོ་༔ ཡུལ་ནི་ཇི་སྐད་བྱ་ནས་འོངས༔ མིང་ནི་ཇི་སྐད་བྱ་བ་ཡིན༔ ད་ནི་གང་དུ་འགྲོ་བ་ཡིན༔ དེ་སྐད་ཨོ་རྒྱན་པདྨས་བཀའ་སྩལ་པས༔ མི་རྣམས་ཞབས་ལ་ཕྱག་འཚལ་སྤྱི་བོས་གཏུགས༔ བགྲོད་སར་ཕྱིན་ནོ་རེ་དགའ་རེ་སྐྱིད་ན༔ བསམ་པ་འགྲུབ་བོ་རེ་དགའ་རེ་སྐྱིད་ན༔ སྤྲུལ་སྐུའི་ཞལ་མཐོང་རེ་དགའ་རེ་སྐྱིད་ན༔ མ་ཧཱ་གུ་རུ་ཆེན་པོ་ལགས༔ བདག་ཅག་མཆིས་པའི་ཡུལ་ནི་རྒྱ་ནག་ལགས༔ མིང་ནི་དུ་ཧར་ནག་པོ་བྱ་བ་ལགས༔ ཡུལ་ན་གསོན་པོའི་ལོངས་སྤྱོད་བསམ་མི་ཁྱབ༔ སེམས་ཅན་སྐྱེ་འཆི་འདུ་འབྲལ་ལ་གནས་ན༔ མཐོ་རིས་འདྲེན་པའི་ཐར་ལམ་སྟོན་མཁན་མེད༔ གུ་རུ་ཆེན་པོ་ད་ལྟ་སྤྱན་འདྲེན་མཆིས༔ བསྟན་པའི་སྒྲོན་མེ་སྐྱེ་འཆི་གཉིས་སྤངས་སྐུ༔ བཙོང་ཁ་རྒྱལ་པོའི་མཆོད་གནས་གཤེགས་པར་ཞུ༔ དེ་སྐད་ཅེས་གསོལ་པ་དང་༔ ཨོ་རྒྱན་ཆེན་པོས་ཐུགས་དགོངས་བཀའ་སྩལ་པ༔ སྤྲུལ་སྐུ་དུ་ཧར་ནག་པོ་ཁྱེད༔ ངག་འཇམ་ཁོང་དལ་སྙིང་རྗེ་ཆེ༔ ཞི་དུལ་སེམས་ལྡན་ཞིག་སྣང་སྟེ༔ བདག་ནི་ཕྱོགས་བཞི་དབུས་དང་ལྔའི༔ མཆེད་པོ་ལྔ་ལ་བཀའ་འདུས་ཆོས་སྟོན་པས༔ བསྟན་པ་འདི་ཡི་འཕྲོ་གཅོད་མི་རུང་ངོ་༔ བཻ་རོ་ཙ་ན་ཀུན་འཆང་སྤྲུལ་པ་ཡིན༔ རྒྱལ་པོའི་མཆོད་གནས་བསྟན་པའི་སྒྲོན་མེར་བཏང་༔ རྒྱ་བོད་མཁས་པ་བཻ་རོ་ཙ་ན་ཁྱོད༔ དབང་པོ་གསལ་ཞིང་ཤེས་རབ་རིག་པ་དངས༔ རིག་པ་རྣོ་ཞིང་བརྟུལ་ཞུགས་ཤིན་ཏུ་ཆེ༔ འདུ་ཤེས་མྱུར་ཞིང་ཚོར་བ་སྐྱེན་བློ་བརྟན༔ ཐུགས་རྗེ་ཆེ་ཞིང་བྱིན་རླབས་དྲེགས་པ་འདུལ༔ ངས་ཀྱང་བསྟན་ནི་མི་དགོས་བློ་ཞིག་ཡིན༔ པད་འབྱུང་བཀའ་འདི་དང་དུ་ལོངས་ཤིག་བུ༔ ལྟ་བ་ཡས་འབུབས་མས་འཛེག་བརྩིགས༔ གཞི་མ་སྙིང་རྗེ་ཆེ་ལ་ལོངས་ཀྱང་སྤྱོད༔ ལམ་ནི་ཕ་རོལ་ཕྱིན་པ་བཅུ་ལ་སོང་༔ དེ་སྐད་བཀའ་སྩལ་བཻ་རོས་ལན་གསོལ་པ༔ སངས་རྒྱས་གཉིས་པ་པད་འབྱུང་བཀའ་བྱུང་ན༔ དམྱལ་བའི་ཡུལ་དུ་སྤྱུགས་ཀྱང་འགྲོ་བར་བགྱིད༔ པད་འབྱུང་བཀའ་ནི་ལྷ་འདྲེས་མ་ཆོག་ནས༔ རཀྵ་སྲིན་པོས་ཀྱང་ནི་སྒྲུབ་པར་བྱེད༔ རྗེ་ཡི་བཀའ་བསྩལ་བཞིན་དུ་བདག་མཆིས་པས༔ འགྲོ་ཞེས་དེ་སྐད་གསོལ་ནས་རྟ་གཏད་དེ༔ ཨོ་རྒྱན་ཆེན་པོ་པདྨར་ཕྱིར་ཕྱག་བཙལ༔ གྲྭ་རོགས་ཀུན་ལ་སྨོན་ལམ་བཏབ་ནས་ཆས༔ སློབ་དཔོན་དུ་ཧར་དག་དང་འགྲོགས་ཏེ་གཤེགས༔ བརྩེགས་སེ་གཡུ་སྒྲ་གཉིས་ཀྱང་གདུང་བ་སྐྱེས༔ ཕྱི་བཞིན་འབྲངས་ནས་ལམ་ལ་ཆས་པའི་དུས༔ ཉ་མང་ལྕགས་གསེབ་ཕྱིན་ཙ་ན༔ བཻ་རོ་ཙ་ནས་འདི་སྐད་གསུངས༔ ལྷ་དང་སློབ་དཔོན་གཅིག་པའི་གྲོགས་པོ་གཉིས༔ གུ་རུའི་བཀའ་མ་བཅག་པར་ང་ཡིས་འོངས༔ ཁྱེད་གཉིས་ང་མི་ཁྲིད་པས་འདི་ནས་ལོག༔ གུ་རུའི་ཐུགས་འགལ་ངན་སོང་གནས་སུ་སྐྱེ༔ བརྩེགས་སེ་གཡུ་སྒྲས་ལན་བཏབ་པ༔ ལྷ་དང་སློབ་དཔོན་གྲོགས་པོ་གསུམ༔ དམ་པ་ཡིན་པས་མཉམ་པར་གཉན༔ རྒྱ་ནག་བཙོང་ཁར་བསྐྱལ་ནས་ལྡོག༔ དེ་གོང་དེ་སྐད་དམ་གསུངས་ཤིག༔ དེ་ནས་དོལ་ཐང་ཐང་ལ་ཕེབས་ཙ་ན༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གསན་ནས་སུ༔ ད་རུང་ང་ཡི་དགོས་པ་བསྒྲུབ་དགོས་ཡོད༔ བཻ་རོ་ཙ་ན་མ་འདྲེན་བཞུགས་སུ་ཆུག༔ སློབ་དཔོན་དུ་ཧར་ནག་པོས་འདི་སྐད་སྨྲས༔ བསྟན་པའི་སྒྲོན་མེ་བརྩེགས་སེ་གཡུ་སྒྲ་གཉིས༔ དབུས་ཀྱི་རྣམ་སྣང་སྐྱེལ་ཆུང་འདི་ནས་ལོག༔ རྒྱ་ནག་ཡུལ་དུ་བསྐྱལ་ནས་སླར་ལྡོག་ན༔ རྒྱལ་འབངས་ཡ་ག་བདག་ལ་འོང་དུ་མཆིས༔ སློབ་དཔོན་བསྐྱལ་ནས་གཤེགས་པ་སྐད་མི་ཟེར༔ རྒྱལ་པོའི་མཆོད་གནས་གསུམ་ཙམ་སྤྱན་དྲངས་པས༔ རྒྱལ་པོའི་ཚུལ་ལ་མ་མགུ་གཉིས་ནི་བྲོས༔ དེ་སྐད་རྒྱལ་འབངས་གླེང་དུ་འོང་བར་ངེས༔ འདི་ནས་བགྲོད་བཤུལ་ལམ་ཐག་རིང་བ་ན༔ ཨོ་རྒྱན་པདྨ་བདག་ལ་མི་དགྱེས་ངེས༔ བརྩེགས་སེ་གཡུ་སྒྲ་འདི་ནས་ཕར་ལ་གཤེགས༔ ཡང་གཅིག་བཻ་རོ་ཙ་ནས་འདི་སྐད་གསུངས༔ གུ་རུའི་བཀའ་མེད་ཁྱེད་གཉིས་ངས་མི་འཁྲིད༔ ཁམས་གསུམ་སེམས་ཅན་དུས་གཅིག་བསད་པ་བས༔ བླ་མའི་བཀའ་བཅག་ཤིན་ཏུ་གཉན༔ དམྱལ་བར་ངེས་རྒྱུ་འདི་འདྲ་གསོག༔ གདོད་ནས་མ་ཐོས་ཤིན་ཏུ་ཉེས་མེད་དགེ༔ བདག་གི་ངོ་དང་འདྲ་བའི་རྟ་ནག་འདི༔ ཁྱེད་གཉིས་ཞོན་ལ་གུ་རུའི་སྤྱན་སྔར་སོང་༔ དེ་སྐད་གསུངས་ནས་རྟ་ནག་སྟེང་ནས་བབས༔ སྲབ་མདའ་གྲོགས་པོ་གཉིས་ལ་གཏད་པ་དང་༔ རྟ་ནི་མ་དགའ་སྐད་ངན་ལྷང་ལྷང་འཚེར༔ གཡས་གཡོན་མིག་ནས་མཆི་མ་བྱིས་སྒོང་ཙམ༔ དེ་ལ་བཻ་རོ་ཙ་ནས་མགུར་གསུངས་པ༔ བསྟན་པའི་སྒྲོན་མེ་སློབ་དཔོན་པདྨ་ལ༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན་རེ་བས༔ བདག་ནི་སྐུ་ཚབ་རྒྱ་ནག་ཡུལ་དུ་ཕྱིན༔ ཡིད་འཐད་དགོན་པའི་གནས་ཤིག་འཛིན་པ་ལས༔ རྟ་ནག་ཁྱོད་ཞོན་གར་ཡང་འགྲོ་ས་མེད༔ བདག་དང་འདྲ་བ་བརྩེགས་སེ་གཡུ་སྒྲ་གཉིས༔ རྟ་ནག་མ་སྡུག་སྐྱིད་པར་གྱིས་ཤིག་གསུངས༔ སློབ་དཔོན་པདྨའི་བང་ཆེན་ཕྱོགས་བཅུར་བྱས༔ རྟ་ནག་ལུས་པོ་བོར་ནས་ཐར་པ་ཐོབ༔ ཆོས་དར་རིག་གྲུབ་འཕན་ཡུལ་དོན་ཡོད་སྐྱེ༔ དེ་སྐད་གསུངས་པས་རྟ་ནག་མཆི་མ་ཆད༔ བརྩེགས་སེ་གཡུ་སྒྲ་གཉིས་ཀྱིས་འདི་སྐད་སྨྲས༔ བསྟན་པའི་སྒྲོན་མེ་སློབ་དཔོན་པདྨ་ལ༔ འཇིག་རྟེན་ཁམས་ན་སློབ་མ་གྲངས་མང་ཡང་༔ སློབ་མའི་དངས་མ་ཐུགས་དང་འདྲ་བ་ནི༔ བདག་ཅག་སྤུན་གཉིས་ཡིན་པས་སུ༔ ཡུལ་དུ་བསྐྱལ་དུ་རྒྱལ་པོ་ཉིད་མི་དགྱེས༔ ལམ་ལ་འགྲོགས་ན་བཻ་རོ་ཙ་ནར་སྐྲག༔ གུ་རུ་ཉིད་ཀྱང་གལ་ཏེ་མི་དགྱེས་སྲིད༔ ད་ནི་བདག་ཅག་འདི་ནས་ལྡོག་པར་བྱ༔ དེ་སྐད་སྨྲས་ནས་མཆེད་གཉིས་ཀྱིས༔ རལ་ཀ་སྤར་ཏེ་ཕུད་ནས་ཕུལ་ལོ༔ ལེའུ་དྲུག་པའོ༔
ལེའུ་བདུན་པ།
དེ་ནས་ཕྱི་ཕྱག་བྱས་ནས་སོ་སོར་གྱེས༔ བརྩེགས་སེ་གཡུ་སྒྲ་རྟ་ནག་གསུམ༔ པདྨ་བརྩེགས་པའི་བྲག་ལ་གཤེགས༔ དུ་ཧར་ནག་པོ་འཁོར་འབངས་བཅས་པ་རྣམས༔ བསམ་ཡས་དབུ་རྩེ་རིགས་གསུམ་གླིང་བྲན་དང་༔ ཇོ་མོ་གླིང་གསུམ་མཆིམས་ཕུ་ཀ་ཆུ་ལ༔ མཆོད་པ་ལྷ་ཕྱག་སྐོར་བ་བྱེད་དུ་གཤེགས༔ བཻ་རོ་རྒྱ་ནག་ཡུལ་དུ་བཞུད་པ་ལ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མ་དགྱེས་ནས༔ ཆོས་སྒྱུར་བོད་ན་ལོ་ཙཱ་མཁས་པ་མེད༔ སློབ་དཔོན་བཞུད་པའི་བཤོལ་འདེབས་བྱ་དགོས་བསམས༔ དཔལ་གྱི་བསམ་ཡས་མཆིམས་ཕུའི་བྲག་དམར་དུ༔ རྒྱ་པོ་འཁོར་བཅས་བཙུན་མོ་སྲས་མིང་སྲིང་༔ གཙོ་མཛད་བོད་ཀྱི་སྟོང་སྡེ་ཚོགས་ནས་སུ༔ བཻ་རོ་ཙཱ་ནའི་མདུན་ནས་བསུ་བ་བྱས༔ དར་འཕྱར་དུང་འབུད་འཁར་རྔ་ཆ་ལང་རྡེབ༔ སྐོར་བ་ལྷ་ཕྱག་མཆོད་པ་ཕུལ་ནས་བསུས༔ དེ་ནས་བསམ་ཡས་དབུ་རྩེ་ཆེན་མོར་བྱོན༔ གསོལ་ཟས་བདའ་དགུ་སྐུ་ལ་མཛེས་པ་དང་༔ ཐུགས་སུ་འབྱོན་པའི་ཀ་ཅ་ཁྱད་འཕགས་ཕུལ༔ རྒྱལ་པོ་བཙུན་མོ་མིང་སྲིང་བློན་པོ་རྣམས༔ བཻ་རོ་ལོ་གསུམ་བཞུགས་པའི་ཞུ་བ་ཕུལ༔ དུ་ཧར་ནག་པོ་འཁོར་བཅས་རྒྱ་ནག་བརྫངས༔ ལོ་གསུམ་སོང་ནས་གཏོང་བའི་འཕྲིན་ཡིག་བསྐུར༔ མཁས་པ་ཆེན་པོ་བཻ་རོ་ཙ་ན་ཉིད༔ བྲག་དམར་གཡའ་མ་ལུང་དུ་དགོངས་པར་གཤེགས༔ ནངས་པར་སློབ་དཔོན་དྲོ་ལ་བྱོན་ཙ་ན༔ བསམ་ཡས་ཡུལ་གྱི་བྱ་གག་རྣམས་ཀྱིས་བསུས༔ དེ་ནས་རི་དྭགས་སྤུ་སྡུག་རྣམས་ཀྱིས་བསུས༔ དེ་ནས་གཅན་གཟན་རི་བཀྲ་རྣམས་ཀྱིས་བསུས༔ དེ་ནས་རྟ་མཆོག་ཅང་ཤེས་རྣམས་ཀྱིས་བསུས༔ དེ་ནས་གླང་པོ་ཁྱུ་མཆོག་རྣམས་ཀྱིས་བསུས༔ དེ་ནས་ཁྱི་རིག་པ་ཅན་གྱིས་བསུས༔ དེ་ནས་སྲས་ནི་ལྕམ་དྲལ་གཉིས་ཀྱིས་བསུས༔ དེ་ནས་རྒྱལ་པོ་ཡབ་ཡུམ་བློན་འབངས་བསུས༔ དེ་ནས་བསམ་ཡས་དབུ་རྩེའི་ནང་དུ་བྱོན༔ གསོལ་ཟས་རོ་མཆོག་བདའ་དགུ་དྲངས་ནས་གསོལ༔ དེ་ནས་མདོ་དང་སྨོན་ལམ་བཏབ་ནས་གཤེགས༔ ཁྱད་པར་ཅན་དུ་ནམ་གྱི་སྲོད་དུས་ལ༔ བདུད་དང་གཤིན་རྗེ་སྲིན་པོ་གནོད་སྦྱིན་རྣམས༔ སློབ་དཔོན་ཞལ་མཐོང་མཆོད་པ་འབུལ་དུ་འོང་༔ ནམ་གུང་ལོ་སྐོར་རྒྱུ་སྐར་གཟའ་ཀླུ་གཉན༔ སློབ་དཔོན་ཞལ་ལྟ་མཆོད་པ་འབུལ་དུ་འོང་༔ ནམ་གྱི་ཐོ་རངས་སྲིད་བསྐོས་ཕྲ་དང་ལྷ༔ སློབ་དཔོན་ཞལ་ལྟ་མཆོད་པ་འབུལ་དུ་འོང་༔ དེ་ནས་ནམ་ལངས་ཡེ་ཤེས་ལྷ་ཚོགས་རྣམས༔ འདོད་དོན་ལྔ་ཡི་མཆོད་པ་འབུལ་དུ་འོང་༔ ཉི་མ་རྩེ་ཤར་རོ་ལངས་བདུན་དེར་རག༔ དེ་ལྟར་མཁས་པ་བཻ་རོ་ཙ་ན་ཉིད༔ ལོ་གསུམ་གཡའ་མ་ལུང་གི་བྲག་ཕུག་ཏུ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བཏེག་ནས་བཞུགས༔ དགོངས་པ་མཛད་ཅིང་སངས་རྒྱས་བསྟན་པ་སྤེལ༔ ཡུལ་ཁམས་གནས་པའི་སེམས་ཅན་ཐམས་ཅད་ཀྱང་༔ སྡིག་པ་བཅུ་སྤོང་དགེ་བ་བཅུར་སྤྱོད་དོ༔ དེ་ཚོ་དེ་དུས་སྤྱིར་ཡང་བོད་ཁམས་ཀྱི༔ སེམས་ཅན་ཐམས་ཅད་འདོད་པས་རྒྱལ་ལགས་སོ༔ དེ་ནས་བུད་མེད་རིགས་བྱེད་ཐམས་ཅད་ཀུན༔ ཆགས་པ་ཆེ་ཞིང་འདོད་པ་དྲགས་པ་ལགས༔ དེ་ཡི་ནང་ནས་མངའ་བདག་རྒྱལ་པོ་ཡི༔ བཙུན་མོ་ཚེ་སྤོང་བཟའ་ནི་དམར་རྒྱན་ལས༔ འདོད་ཆགས་ཆེ་བ་འཇིག་རྟེན་ཁམས་ན་མེད༔ དེ་ཉིད་མཁས་པ་བཻ་རོ་ཙ་ན་ལ༔ བསྟན་པའི་ཆོས་དང་བདེན་པའི་ཚིག་མི་ཉན༔ སློབ་དཔོན་ལ་ནི་འདོད་ཆགས་སེམས་སྐྱེས་ནས༔ བཙུན་མོ་བསམ་པ་ངན་པ་སེམས་ལ་འགྱུས༔ སློབ་དཔོན་གྲོགས་ལ་ལན་གཅིག་འགྲོགས་པར་མནོ༔ ཡིད་ཀྱིས་སྨོན་ལམ་བཏབ་ཅིང་སེམས་ལ་གབ༔ སློབ་དཔོན་ནངས་པར་དྲོ་ལ་བྱོན་པ་ལ༔ རྒྱལ་པོ་གྲོང་ཁྱེར་སྐུ་འཆག་བཏང་ནས་སུ༔ བུ་ཚ་མིང་སྲིང་གཉིས་ཀྱང་རྩེད་མོར་བཏང་༔ འཁོར་པ་རྣམས་ཀྱང་ཕར་ལ་བསྐྲད་ནས་སུ༔ སེམས་ཅན་ཕྱི་མས་བསུ་བའི་རྟིང་ལ་ནི༔ མོ་རང་གཅིག་པུས་སློབ་དཔོན་བསུས་ནས་སུ༔ མཁར་འབར་མལ་གོང་སྒང་སྔོན་རྩེ་དགུ་ཡི༔ རྒྱལ་ས་ཡང་ཐོག་སློབ་དཔོན་སྤྱན་དྲངས་ནས༔ ཞལ་ཟས་རོ་མཆོག་ལྡན་པ་སྣ་ཚོགས་དྲངས༔ སློབ་དཔོན་ཞལ་ཟས་དྲངས་རྣམས་གསོལ་ནས་སུ༔ བཞེངས་ནས་གཡའ་མ་ལུང་དུ་གཤེགས་པ་ལ༔ བཙུན་མོ་བཟའ་ནི་དམར་རྒྱན་གྱིས་གསོལ་པ༔ སློབ་དཔོན་སྒང་སྔོན་རྩེ་དགུར་གདན་འདྲེན་པ༔ བདག་ནི་ཆགས་པ་སྐྱེས་སོ་སློབ་དཔོན་དགོངས༔ སློབ་དཔོན་ཁྱོད་ནི་ཅི་བལྟས་ཅི་རུ་མཛེས༔ ཅི་གསུང་ཅི་རུ་བདེན་པས་ཆགས་པ་སྐྱེས༔ འདི་ལ་མི་བརྟེན་གང་ཡང་མ་མཆིས་སོ༔ འདི་ལ་མ་བརྟེན་ཁྱེད་ཀྱང་སྐུ་མི་འཁྲུངས༔ དེ་སྐད་ཟེར་ནས་སློབ་དཔོན་སྐུ་ལ་འཇུས༔ སློབ་དཔོན་ཤིན་ཏུ་རབ་ཏུ་དངངས་པར་གྱུར༔ ཐུགས་ཀྱང་བྱིས་པས་སྒོ་ང་བསྐྱུར་བ་བཞིན༔ ཡར་འཕར་མར་རྡིབ་སྐུ་ལུས་འདར་འདར་རོ༔ བསམ་བློ་འབད་ནས་བཏང་ནས་མནོས་གཞིབས་པས༔ བློ་ཞིག་རྙེད་ནས་བཙུན་མོར་བཀའ་བསྩལ་པ༔ འཁོར་པ་རྣམས་ཀྱིས་མཐོང་ངམ་རིག་པ་ན༔ སངས་རྒྱས་བསྟན་པ་ནུབ་སྟེ་འགྲོ་བས་སུ༔ བདག་གིས་བྱ་ར་བྱས་ལ་ཕྱི་སྒོ་བཅད༔ དེ་ནས་ལོག་ནས་འོང་གི་ཟེར་ནས་གཤེགས༔ བཙུན་མོས་སྙམ་ནས་སློབ་དཔོན་བདེན་སྙམ་བཏང་༔ སློབ་དཔོན་སྒོ་རུ་ཅུར་གྱིས་བྱུང་ནས་བྲོས༔ ལེའུ་བདུན་པའོ༔
ལེའུ་བརྒྱད་པ།
བཙུན་མོས་འོང་དུ་རེ་ནས་བསྡད་ངང་ཐུང་༔ མ་བྱུང་སྒོ་ཕྱིར་ཕྱིན་ནས་བལྟས་པ་ན༔ སློབ་དཔོན་བུ་ཚལ་སྟེང་དུ་སླེབས་ནས་སོང་༔ བཙུན་མོས་བསམས་པ་ཤིན་ཏུ་སྙིང་ན་ནས༔ སློབ་དཔོན་ཁྱོད་ཀྱང་འཇིག་རྟེན་མི་ཡུལ་འདིར༔ ང་ཡིས་བསྟན་པ་སྣུབ་ཀྱིས་ཟེར་ནས་སུ༔ ཚིག་ངན་སྨྲས་ཏེ་ཁྱིམ་དུ་ལོག་ནས་སོང་༔ ལྷ་བབས་སྐད་ཟེར་འདྲེ་བབས་ནས་ཟེར་སྨྱོ༔ སྒྲོག་བུ་བཅད་དེ་ཤམ་བུ་ཕྲལ་ནས་སུ༔ འཛིངས་པའི་ཚུལ་དུ་ལུས་པོར་སེན་རྗེས་བྱས༔ འཕྲིག་ཅིང་ངུས་པས་འཁོར་རྣམས་དྲུང་དུ་བྱུང་༔ བཙུན་མོ་ཅི་ནོངས་ཅི་ཉེས་ཅི་ལ་བཤུམས༔ འཁོར་པ་རྣམས་ཀྱིས་དེ་སྐད་གསོལ་པ་དང་༔ བཙུན་མོས་འཁོར་པ་ཀུན་ལ་ལན་སྨྲས་པ༔ ད་ལྟ་མི་ལ་མ་བྱུང་ང་ལ་བྱུང་༔ ཁྱེད་རྣམས་མྱུར་སོང་རྒྱལ་པོ་སྤྱན་དྲོངས་ཤོག༔ འཁོར་པ་རྣམས་ཀྱིས་རྒྱལ་པོའི་སྤྱན་སྔར་ཕྱིན༔ ཆོས་རྒྱལ་ཆེན་པོ་འཁོར་པའི་ངག་ལ་གསོན༔ བཙུན་མོས་ཞལ་ནས་རྒྱལ་པོ་སྤྱན་དྲོངས་གསུངས༔ དེ་ལྟ་མི་ལ་མ་བྱུང་ང་ལ་བྱུང་༔ རྒྱལ་པོ་མྱུར་བར་སྤྱན་དྲོངས་ཤོག་ཅིག་གསུངས༔ རྒྱལ་པོ་མྱུར་བར་ཡར་ལ་གཤེགས་པར་ཞུ༔ རྒྱལ་པོ་ཤིན་ཏུ་མ་དགྱེས་ཁབ་ཏུ་བྱོན༔ བཙུན་མོ་དེ་ནི་ཁ་བུབ་ངུ་ཞིང་འདུག༔ རྒྱས་པོས་བཙུན་མོ་ལ་ནི་འདི་སྐད་གསུངས༔ ངུ་ཞིང་རབ་ཏུ་ངུ་བ་ཅི་ནོངས་པ༔ མི་ལ་མ་བྱུང་ཅི་བྱུང་མགོ་ཐེག་དང་༔ རྒྱལ་པོའི་ཕྱག་གིས་བཙུན་མོའི་མགོ་བཏེག་པས༔ བཙུན་མོ་ཡར་ལ་ལྗོག་བྱས་འཕྲིག་ཅིང་ངུས༔ གཏམ་ཡང་མི་འབྱིན་པ་བཞིན་བྱེད་བྱེད་ནས༔ ཉིད་ཀྱིས་ཞབས་ནས་འདེགས་རིན་ཆོག་པས་གདའ༔ ད་ནང་མི་མེད་ས་རུ་གསོལ་དྲངས་པས༔ སློབ་དཔོན་བདག་ལ་འཆངས་ནས་འཛིན་དུ་བྱུང་༔ སྒྲོག་བུ་བཅད་དང་ཤམ་བུ་ཕྲལ་ལ་གཟིགས༔ ལུས་པོ་འཇིངས་པས་སེན་རྗེས་འདི་ལྟར་བཀང་༔ དེ་སྐད་ཅེས་པ་བཙུན་མོས་སྨྲས་པ་དང་༔ རྒྱལ་པོའི་བློན་པོ་འཁོར་པ་ཐམས་ཅད་ཀུན༔ གྲོས་མ་བྱས་པར་བློ་ནི་ཕྱོགས་གཅིག་མཐུན༔ འདི་ནི་གསད་པའི་འོས་ཡིན་གསད་པར་འཐད༔ མི་གསོད་ན་ཡང་རྔོན་བྱའི་རིགས་ཡིན་ནོ༔ རྔོན་མི་བྱེད་ནའང་བྲག་ཕུག་ནས་ཕྱུང་ལ༔ བརྡུངས་ཤིང་བཏོགས་ལ་ཐོ་ལེས་ཐོབ་ལས་ཐོངས༔ དེ་སྐད་བློན་པོ་འཁོར་པས་གསོལ་པ་དང་༔ རྒྱལ་པོ་ཆེན་པོས་འདི་སྐད་བཀའ་བསྩལ་ཏོ༔ མི་ཡི་མཆོག་གྱུར་སྐྱེས་བུ་དེ་ལ་ཡང་༔ འཁོར་བའི་འདོད་ཆགས་སེམས་ཀྱིས་མ་སྤངས་ནས༔ ཡོན་བདག་མོ་ལ་འཛིན་དུ་འོང་བ་འདི༔ སེམས་ཅན་ཕྱི་མ་ཐམས་ཅད་བལྟ་བས་ཡུས༔ དགེ་འདུན་བསྟན་པ་ནུབ་ཏུ་ཐོ་བ་ཡིན༔ འོ་ཅག་བསོད་ནམས་ཚོགས་ནི་དུམ་ཡང་མེད༔ རེ་མ་དགའ་འོ་ཇི་ལྟ་བུ་ཡང་སྲིད༔ དེ་སྐད་གསུངས་ནས་དབུ་གཏུམས་ནས་བཞུགས་སོ༔ བཙུན་མོས་འཁོར་ལ་ངག་བཅུག་རྦད་པས་ཀྱང་༔ སློབ་དཔོན་སྐུ་ལ་བདོ་ཐབས་རེ་བ་ཡང་༔ གྲིབ་མ་འགོམ་པ་གཅིག་ཀྱང་མ་བྱུང་སྟེ༔ ཁོང་རྣམས་ཐམས་ཅད་མྱོག་མྱོག་པོར་སོང་ངོ་༔ དེ་ནས་སང་ཉིན་དབུ་རྩེར་བྱོན་པ་ལ༔ དྲོ་དུས་དྲོ་ལ་བྱོན་ཀྱང་བསུ་བ་མེད༔ བྱ་སྐད་གཅན་གཟན་རི་དྭགས་བསུ་བ་མེད༔ རྟ་དང་གླང་པོ་ཁྱིའི་རིས་བསུ་བ་མེད༔ སྲས་ལྕམ་རྒྱལ་པོ་ཡབ་ཡུམ་བསུ་བ་མེད༔ དེ་ནས་རྒྱལ་པོའི་ཕོ་བྲང་བྱོན་པ་དང་༔ སྒོར་ཕྱིན་འཁོར་པ་རྣམས་ཀྱང་མྱོས་ནས་སྣང་༔ སློབ་དཔོན་དགོངས་པས་བཙུན་མོས་ལྟོ་ལོང་རིག༔ སླར་ལོག་བྲག་དམར་གཡའ་མ་ལུང་དུ་གཤེགས༔ གནས་སུ་མ་ཚུགས་སླར་ཡང་སྒོར་བྱུང་ནས༔ བྱོལ་སོང་རིག་པ་ཡོད་པས་བསུར་འོང་བ༔ ཕ་རིར་ངུ་ཞིང་འགྲོ་ཞིང་འདུག་པ་གཟིགས༔ ཤིན་ཏུ་མ་དགའ་པ་ཡིས་སེམས་འཁྲུགས་སོ༔ བསམ་ཡས་ཡུལ་འདིར་མི་འདུག་འགྲོ་སེམས་སྐྱེས༔ ཡིག་ཆས་དང་ནི་དཔེ་ཆ་ཁུར་ནས་ཕྱིན༔ ལུང་པའི་ཕུ་ལ་ཞུགས་ཕྱིན་དགོད་ཤོར་བས༔ ལ་ཁ་དེ་ལ་དགོད་དཀར་ལ་ཁ་ཐོགས༔ ལ་ཁར་ཞལ་ནི་ཕྱིར་གཟིགས་དམོད་བཙུགས་པ༔ ངས་ཀྱང་དགེ་ལ་དད་སྐྱེས་ཆོས་བཤད་ནའང་༔ བོད་རྣམས་ཉོན་མོངས་སྒྲིབ་པ་མ་འབྱོངས་པས༔ མང་ཞིག་སེམས་ཅན་ཆ་ལ་གནས་པ་འདྲ༔ བསྟན་པ་སྤེལ་བས་བསྟན་པ་རུབ་སྟེ་སོང་༔ རྒྱལ་པོའི་བཙུན་མོ་དུག་ལྔ་མེ་འབར་མ༔ བཻ་རོ་ཙ་ན་རྒོད་པོ་དཀར་པོ་ཡིན༔ བཙུན་མོར་ལས་ཀྱི་རྣམ་སྨིན་ཚེ་འདིར་ཤོག༔ ང་ལ་མཚང་འཁྲེས་མེད་པས་བསྟན་པ་དར༔ བཻ་རོ་ཙ་ན་ཚད་མར་འཛིན་པར་ཤོག༔ ལེའུ་བརྒྱད་པའོ༔
ལེའུ་དགུ་པ།
དེ་ནས་ལ་བརྒལ་ལུང་ལ་བབས་ནས་བྱོན༔ ལམ་ཁ་ཞིག་ལ་བ་ཞིག་ཤི་ནས་འདུག༔ ཁང་པ་ཞིག་ལ་མགར་བ་བཟོ་བྱེད་སྣང་༔ ཤིན་ཏུ་བཀྲེས་ནས་མགར་བའི་སྒོར་ཕྱིན་ཏེ༔ རྡོ་ལ་རིན་ཅེན་མཁྱེན་པའི་མགར་བ་ལགས༔ བཟོ་རིག་ཀུན་མཁྱེན་ཡོ་མཉེས་དཔོན་བཟང་ལགས༔ ནང་དྲོ་མ་མྱོང་གདུགས་ཀྱི་ཕྱེད་ལ་ཐུག༔ གསུས་ལྟོགས་ང་ལ་ནང་གི་དྲོ་ཞིག་དྲོངས༔ མགར་བས་ཐོས་ནས་ཆུང་མ་ལ་སྨྲས་པ༔ སྒོ་ཕུབ་འདི་ན་ཤིན་ཏུ་ངག་འཇམ་ཞིག༔ དྲོ་སློང་བ་ནི་སུ་ཡིན་ལྟོས་ལ་ཤོག༔ ཆུང་མས་བལྟས་ནས་མགར་པ་ལ་སྨྲས་པ༔ གསུང་ངག་འཇམ་པ་བས་ཀྱང་ཞལ་རས་ལེགས༔ བནྡེ་སྤྱི་ཟླུམ་ཆོས་ཁུར་བ་ཞིག་གདའ༔ དེ་སྐད་གླེང་བས་བཟོ་འཕྲོ་བཅད་ནས་བལྟས༔ ཞེ་ས་ལུགས་བཞིན་ཕུལ་ནས་ནང་སྤྱན་དྲངས༔ མགར་མོ་སྐྲ་འཁྲུ་རྒྱན་ཆ་རང་འཐག་བཞག༔ གསོལ་ཟས་དྲངས་ནས་སློབ་དཔོན་དྲོ་བཏབ་བོ༔ མདོ་བསྔོ་སྨོན་ལམ་བཏབ་ནས་འདི་སྐད་གསུངས༔ ལམ་ཁ་ཡ་ན་བ་ཞིག་ཤི་ནས་འདུག༔ ཡོན་བདག་ཁྱེད་ཀྱི་མིན་ནམ་གསུངས་ནས་གཤེགས༔ ལུང་པ་དེ་ལ་བ་ལམ་ཞེས་སུ་བཏགས༔ སློབ་དཔོན་གཤེགས་རྟིང་མགར་པ་བ་བཤར་སོང་༔ མགར་མོའི་རྒྱན་ཆས་སྟོར་ནས་མ་རྙེད་དེ༔ མགར་མོ་ན་རེ་གཞན་ནི་སུ་ཡང་མེད༔ ད་ནངས་བནྡེ་དེ་ཡིས་བརྐུས་པ་ཡིན༔ དོ་ནུབ་མི་སླེབ་ལ་འུར་རྒྱུགས་ཤིག་ཟེར༔ བཟོ་བྱེད་མགར་པ་ཤིན་ཏུ་སྙིང་ན་ནས༔ མདའ་གཞུ་ཁྱེར་ནས་ཕྱི་ལ་བརྒྱུགས་སོང་སྟེ༔ ལུང་པའི་མདའ་ལ་རྗེས་ཟིན་ཁྲིལ་གྱིས་སླེབས༔ མགར་པས་སློབ་དཔོན་ཉིད་ལ་འདི་སྐད་སྨྲས༔ ད་ནང་ཕུགས་སུ་བཅུག་ནས་ཞིམ་དགུ་བྱིན༔ དེ་ཡི་ལན་དུ་ཆུང་མའི་ལུས་རྒྱན་བརྐུས༔ ཁྲེལ་མེད་པོ་ཁྱོད་ལིངས་ཀྱིས་གཏོང་ངོ་ཟེར༔ མདའ་ལྟོང་བཅུག་ནས་མེར་གྱིས་བཀང་ནས་བྱུང་༔ སློབ་དཔོན་གཤེགས་པའི་ལོང་ནི་མེད་པས་ཏེ༔ སློབ་དཔོན་ཟིངས་ཀྱིས་བཏང་ནས་འཇིངས་པ་ཡིས༔ མདའ་ནི་དཔེ་ཆ་བཟེད་པའི་སྟེང་དུ་ཕོག༔ སློབ་དཔོན་མ་རྨས་མདའ་སྟོང་འཇུག་ལོང་མེད༔ མགར་པའི་ལག་པ་གཡས་གཡོན་བཟུང་ནས་སུ༔ དེ་ནས་སློབ་དཔོན་བདེན་ཚིག་མགར་པར་གསུངས༔ ང་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ ཐུགས་ཆེས་མཆོད་གནས་དམ་པ་བྱེད་ཙ་ན༔ བཙུན་མོ་ཚེ་སྤོང་བཟའ་བ་དམར་རྒྱན་ལ༔ སྡོམ་གསུམ་རྩ་བ་དམ་ཚིག་མ་ཉམས་པར༔ ང་ཡིས་མི་ཚངས་པར་ཡང་མ་སྤྱད་ལ༔ ང་ཡིས་ཁྱེད་ཀྱི་ཁྱིམ་དུ་ཕྱིན་པའི་དུས༔ ནངས་དྲོ་སྦྱར་བ་རྣམས་ནི་ཟོས་པ་ལས༔ ཁྱོད་ཀྱི་ཆུང་མའི་ལུས་ཀྱི་རྒྱན་ཆ་ལ༔ སྡོམ་གསུམ་རྩ་བ་དམ་ཚིག་མ་ཉམས་ཤིང་༔ ངས་ནི་མ་བྱིན་པར་ཡང་མ་བླངས་སོ༔ སེམས་ཅན་ཁྱེད་ཀྱི་འདོད་པ་བསྐང་བའི་ཕྱིར༔ བདག་གི་སྲོག་ལ་ཚད་པའི་མདའ་དང་གཞུ༔ གཞུ་ཉིད་གསེར་ལ་མདའ་ཉིད་གཡུ་རུ་གྱུར༔ དེ་སྐད་གསུངས་ནས་རྩེ་མོ་གཏུགས་བྱས་པས༔ མགར་པའི་མདའ་གཞུ་གསེར་གཡུར་ལིངས་ཀྱིས་སོང་༔ མགར་པ་སྐྱེངས་ནས་བཞིན་ལོག་ཏོག་གེར་སྣང་༔ ཁྱོད་ཀྱི་ཆུང་མའི་ལུས་རྒྱན་བྱིས་པས་ཁྱེར༔ ཐོག་ཁའི་ཉལ་ཉིལ་གསེབ་ནས་ཆུང་མས་རྙེད༔ ང་ནི་མ་བྱིན་མི་ལེན་བནྡེ་ཡིན༔ ཁྱོད་ཀྱི་ཆུང་མའི་རྒྱན་ཆ་བརྐུ་སྲིད་དམ༔ དེ་སྐད་གསུངས་ནས་སློབ་དཔོན་ཕར་ལ་གཤེགས༔ ཡུལ་དེ་ལ་ནི་བ་གླང་བརླག་མདར་བཏགས༔ དེ་ནས་མགར་པ་ཡང་ནི་ཕྱིར་ལོག་གོ༔ ལེའུ་དགུ་པའོ༔
ལེའུ་བཅུ་པ།
དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནི༔ ཤིན་ཏུ་ཐུགས་མུག་དབུ་གཏུམས་གཟིམས་པ་ལས༔ ཉི་མ་ཙུག་སྙིང་ཕྱུང་བཞིན་མ་དགའ་ནས༔ སྐུ་བཞེངས་བཻ་རོ་ཙ་ན་སྤྱན་འདྲེན་དུ༔ བྲག་དམར་གཡའ་མ་ལུང་དུ་བྱོན་པའི་ཚེ༔ གནས་ན་མ་བཞུགས་ཤུལ་ནི་ཧ་རེ་བཞུད༔ གཅན་གཟན་རི་དྭགས་འདབ་ཆགས་མི་རྣམས་ཀུན༔ བྱང་གི་ཕྱོགས་སུ་ཁ་བལྟས་ངུ་བར་བྱེད༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡང་༔ ཤ་རུས་བྱེ་བ་ཙམ་དུ་མ་དགའ་འོ༔ རྒྱལ་པོས་བཙུན་མོའི་རྩར་འོངས་གྱོད་བཏབ་པ༔ སློབ་དཔོན་དགོངས་ན་ཅི་གསུངས་ཉན་པ་ཆོག༔ བདག་གིས་རྒྱ་ལ་སློབ་དཔོན་རྙེད་ཁུག་ན༔ ཁྱེད་ཉིད་བཞེད་ན་གཏན་དུ་འབུལ་ལོ་གསུངས༔ ཤུགས་ལྡན་ལ་ཞོན་སློབ་དཔོན་འཚོལ་དུ་གཤེགས༔ དགོད་དཀར་ལ་རྩེར་མི་ནག་མགར་པ་ཞིག༔ དགོད་ཅིང་འཛུམ་ཞིང་བྱུང་བ་ཞིག་དང་འཕྲད༔ རྒྱལ་པོས་མི་ཁྱོད་རེ་དགའ་ཞིག་འདུག་པ༔ ཅིག་རྙེད་པ་ཞིག་ཡིན་ནམ་ཅི་ལ་དགའ༔ འདི་ན་ཕར་ལ་མི་ཞིག་སོང་མཐོང་ངམ༔ དེ་སྐད་ཅེས་ནི་རྒྱལ་པོས་གསུངས་པ་དང་༔ མི་ནག་མགར་པ་དེས་ནི་འདི་སྐད་སྨྲས༔ མི་ཁྱོད་རྟ་རྔུལ་ཆུ་བཞིན་བྱུང་བྱུང་ནས༔ གར་རྒྱུག་སུས་བདས་འདི་རུ་ཅི་བྱེད་པ༔ འདི་ཕར་མི་ཞིག་ཤིན་ཏུ་རིངས་པར་སོང་༔ ང་དགའ་པ་ནི་མདའ་གཞུ་འདི་བྱིན་པས༔ དེ་ལ་དགའ་ཞིང་དགོད་པ་ཡིན་ནོ་ཟེར༔ རྒྱལ་པོས་མགྱོགས་པར་བཅུམ་ནས་བདས་པ་ཡིས༔ སྐྱེ་ཆུའི་རྩ་རུ་ལྷན་དུ་ཕྱིན་ཙ་ན༔ སློབ་དཔོན་ཆུ་ལ་གོམ་གསུམ་པ་ཞིག་བྱས༔ ཕ་རི་ཕྱོགས་ལ་ཡུད་ཙམ་ཐལ་ནས་སོང་༔ ཉི་མ་རྩེར་གྱིས་བརྒྱས་ནས་མ་ཟིན་ཏེ༔ རྒྱལ་པོས་ཁུས་བཏབ་གཡབ་པས་ཕ་གི་ནས༔ སློབ་དཔོན་སྤྱན་གྱིས་གཟིགས་ཀྱང་ཆུ་ཆེས་པས༔ བརྒལ་དུ་མ་ཐར་གྲུ་ཀོ་མཉན་པ་མེད༔ མུན་རུབ་གྲོང་ཁྱེར་བཙལ་བའི་ལོང་མེད་དོ༔ རྟ་ལས་བབས་ནས་ལྷ་ཕྱག་བཙལ་ནས་ཞུས༔ ང་ཡི་བླ་མཆོད་བཻ་རོ་ཙ་ན་ལགས༔ འཁོར་བའི་སེམས་ཅན་མཐོ་རིས་དྲང་བ་དང་༔ སངས་རྒྱས་ཆོས་ཀྱི་བསྟན་པ་སྤེལ་བ་དང་༔ བདག་གི་མཆོད་གནས་དམ་པར་སྤྱན་དྲངས་ན༔ ངན་བུ་བོར་ནས་གང་དུ་གཤེགས་པ་ལགས༔ བཙུན་མོ་བཞེད་ན་གཏན་གྱི་གྲོགས་སུ་འབུལ༔ བདག་གི་མཆོད་གནས་དམ་པར་གཤེགས་པར་ཞུ༔ དེ་སྐད་ཅེས་པ་རྒྱལ་པོས་གསོལ་པ་ཡིས༔ སློབ་དཔོན་སྐྱི་ཆུའི་བྱང་ནས་བཀའ་སྩལ་པ༔ དད་པ་ཅན་གྱི་རྒྱལ་པོ་རྗེ་གཅིག་ལགས༔ བུད་མེད་བྱ་བ་བཙན་དུག་ཧ་ལ་ཡིན༔ སེམས་ཅན་གང་གིས་ཟོས་ཀྱང་འཆི་བར་འགྱུར༔ བུད་མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན༔ སེམས་ཅན་གང་གིས་འཁོར་ཡང་ལ་འུར་འཆི༔ བུད་མེད་བྱ་བ་དམྱལ་བའི་འདམ་རྫབ་ཡིན༔ སེམས་ཅན་གང་གིས་འཁོར་བའི་འདམ་ལ་འཛིན༔ བུད་མེད་བྱ་བ་འཁོར་བའི་བཙོན་ར་ཡིན༔ གང་གིས་འབགས་ཀྱང་ཐར་པ་འཐོབ་མི་སྲིད༔ བུད་མེད་བྱ་བ་བདུད་ཀྱི་མྱ་ངན་ཡིན༔ གང་གིས་འབྲེལ་ཀྱང་སྡུག་བསྔལ་ཚད་མེད་མྱོང་༔ བདག་གི་སེམས་ལ་འདོད་ཆགས་ས་བོན་མེད༔ སེམས་ལ་མེད་པས་ལུས་ལ་ཅི་ལ་སྐྱེ༔ འོ་སྐོལ་འགྲོགས་སུ་བཙུན་མོས་ལྟོ་ལོང་བཏབ༔ མ་ཉེས་སུ་ནི་ནམ་ཞིག་མཐའ་དག་འོང་༔ སླར་ལོག་རྒྱལ་པོའི་ཡུལ་དུ་ང་མི་མཆི༔ མཆོད་གནས་གཞན་ནས་འཚོལ་ལ་ལུགས་བཞིན་སྤྱོད༔ ཅེས་གསུངས་སློབ་དཔོན་གར་སོང་ཆ་མེད་གཤེགས༔ རྒྱལ་པོ་མི་ཆད་རྟ་ངལ་ག་མུག་ཚ༔ མུན་སྲོས་ཡུལ་དེ་ཚ་བ་གྲུ་རུ་གྲགས༔ རྒྱལ་པོ་དེར་ལུས་མགར་པ་སླར་ལོག་སྟེ༔ ཉི་མ་དམར་ཐག་ཆོད་ནས་ཁྱིམ་དུ་སླེབས༔ ཆུང་མ་མདུན་དུ་བྱུང་ནས་འདི་སྐད་ཟེར༔ ཁྱོད་ཀྱིས་བནྡེ་དེ་ཉིད་མ་བསད་དམ༔ ང་ཡི་ལུས་རྒྱན་བུ་ཚས་ཐོག་ཁར་ཁྱེར༔ ཉལ་ཉིལ་གསེབ་ནས་རྙེད་ནས་ཡོད་དོ་ཟེར༔ མགར་པ་ཁྲོས་ནས་ཆུང་མར་ལན་བཏབ་པ༔ ཅི་གུ་ཐམས་ཅད་བརྟགས་ནས་མི་ཟེར་བར༔ བནྡེས་བརྐུས་སོ་རྒྱུགས་ཤིག་ཟེར་ཟེར་ནས༔ ལུང་པའི་མདའ་རུ་བནྡེ་ཁྲིལ་གྱིས་ཟིན༔ མདའ་གཞུ་བཀང་ནས་ལིངས་བཏང་བཞག་སྙམ་པས༔ ཆོས་དཔེར་ཕོག་ནས་ཁོ་བོ་གསོད་པར་ཟིན༔ ང་རང་གསོད་པའི་ལས་ཤིག་ད་བྱུང་བསམས༔ ཤིན་ཏུ་འཇིགས་ཤིང་རབ་ཏུ་བྲེད་པ་ལ༔ གསོད་པའི་ཚུལ་དུ་དེ་ཉིད་མི་འདུག་པར༔ ཚིག་བཤད་འདི་སྐད་བགྲངས་ནས་གསུངས་པ་ཡིན༔ བདག་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ ཐུགས་ཆེས་མཆོད་གནས་དམ་པ་བྱེད་ཙ་ན༔ བཙུན་མོ་ཚེ་སྤོང་བཟའ་བ་དམར་རྒྱན་ལ༔ སྡོམ་གསུམ་རྩ་བ་དམ་ཚིག་མ་ཉམས་ཤིང་༔ ངས་ནི་མ་བྱིན་པར་ཡང་མ་བླངས་སོ༔ སེམས་ཅན་ཁྱོད་ཀྱི་འདོད་པ་བསྐང་བའི་ཕྱིར༔ བདག་གི་སྲོག་ལ་ཚད་པའི་མདའ་དང་གཞུ༔ གཞུ་ཉིད་གསེར་ལ་མདའ་ནི་གཡུར་གྱུར་གསུངས༔ ང་ཡི་མདའ་གཞུ་གསེར་གཡུར་ལིངས་ཀྱིས་སོང་༔ ཤིན་ཏུ་ངོ་ཚ་མིག་ཀྱང་བལྟ་མི་ཕོད༔ དེ་རྟིང་བདག་ལ་འདི་སྐད་གསུང་དུ་བྱུང་༔ ཁྱེད་ཀྱི་ཆུང་མའི་ལུས་རྒྱན་བྱིས་པས་ཁྱེར༔ ཐོག་ཁའི་ཉལ་ཉིལ་གསེབ་ནས་ཆུང་མས་རྙེད༔ ང་ནི་མ་བྱིན་མི་ལེན་བནྡེ་ཡིན༔ མགར་མོའི་རྒྱན་ཆ་བརྐུ་བའི་ལུགས་ཡོད་དམ༔ དེ་སྐད་གསུངས་ནས་ཡར་ལ་བཞུད་དེ་སོང་༔ ངས་ནི་ཚུར་འོངས་མདའ་གཞུ་བསྟན་པ་ཡིས༔ མགར་མོ་དགའ་ངུ་ཤིན་ཏུ་སེམས་གཅོང་ངོ་༔ ལེའུ་བཅུ་པའོ༔
ལེའུ་བཅུ་གཅིག་པ།
དེ་ནས་ནངས་པར་ནམ་ལངས་གུང་སངས་ནས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཚ་བ་གྲུར༔ ཆབ་ཀྱི་ཕ་ཁར་སློབ་དཔོན་བཞུགས་སམ་བལྟས༔ མ་བཞུགས་ཆབ་ཀྱི་ཁ་འགྲམ་གྲུ་ཕབ་སྟེ༔ མི་རྟའི་དྲོ་བླངས་ཆབ་བསྒྲལ་མཉན་པ་སློག༔ ཆབ་ཀྱི་ཕ་ཁར་བྱོན་ནས་དྲིས་མཐོང་མེད༔ རྗེས་བཅད་པས་ཀྱང་རྗེ་མ་ཆོད་པར་བརྒྱལ༔ ཕྱིར་འོངས་མགར་པའི་སྒོར་བབས་དེ་ལ་དྲིས༔ ཁ་སང་ཁྱོད་འཕྲད་བནྡེ་གར་འགྲོ་ཟེར༔ ཁྱོད་ལ་གསེར་གཡུའི་མདའ་གཞུ་བྱིན་ཟེར་བ༔ ཁྱོད་ཀྱི་བནྡེ་དེ་ལ་ཅི་བྱས་པ༔ མགར་པས་རྒྱལ་པོ་ཉིད་ལ་གསོལ་པ་ནི༔ བནྡེ་འདིར་འགྲོ་བྱ་བ་ཡེ་མི་གསུངས༔ གར་འགྲོ་ཆ་མེད་བདག་གིས་མ་དྲིས་སོ༔ བརྐུས་བཙུགས་མདའ་བརྒྱབ་ཤིན་ཏུ་ངོ་ཚ་ནས༔ རྒྱལ་པོ་ལ་གསང་གསེར་གཞུ་གཡུ་མདའ་ནི༔ གསོལ་ཟས་བདའ་དགུ་སྐྱེལ་མ་ཞབས་ཏོག་བྱས༔ དེ་ཡི་དྲིན་ལན་གསེར་གཞུ་གཡུ་མདའ་བྱིན༔ དེ་ནི་མི་མིན་མཆོག་ཏུ་གྱུར་པར་གདའ༔ རིགས་ནི་གར་གཏོགས་མིང་ནི་ཇི་སྐད་བྱ༔ ཉིད་འདེད་པ་ནི་ཅི་ཕྱིར་འདེད་པ་ལགས༔ རྒྱལ་པོས་བཙུན་མོའི་ཐ་སྙད་གསང་ནས་སུ༔ མི་ལས་མཆོག་ཏུ་གྱུར་པའི་སྐྱེས་བུ་དེ༔ རིགས་ནི་དབུས་ཀྱི་རྣམ་པར་སྣང་མཛད་ལགས༔ མིང་ནི་བཻ་རོ་ཙ་ན་ཟེར་བ་ཡིན༔ བདག་ཕྱི་སྙེག་པ་མཆོད་གནས་སྤྱན་འདྲེན་ཡིན༔ འབྱོན་དུ་མ་བཞེད་རྒྱ་ནག་གཤེགས་ཡིན་ནམ༔ ད་ལྟ་ཡི་མུག་ཁྱིམ་དུ་འོངས་པ་ཡིན༔ དེ་ནས་དགོད་དཀར་ལར་བྱོན་བསམ་ཡས་ཕེབས༔ བཙུན་མོ་འཁོར་པས་རྒྱལ་པོར་དྲིས་ཀྱིན་སྨྲས༔ རྒྱལ་པོ་བདག་གིས་རྗེས་ཁོ་ནར་བཙུགས་བསྙེགས༔ ཉི་མ་རྒས་ཁར་སྐྱེ་ཆུའི་འགྲམ་དུ་སླེབས༔ སྐྱེས་བུ་དེ་ཉིད་རྫུ་འཕྲུལ་ལྡན་གཅིག་གདའ༔ ཁུ་ཡིས་བཏབ་ཅིང་གཡོབ་ཀྱིན་བོས་ཙ་ན༔ སྤྱན་ཟུར་ཙམ་ཞིག་བདག་གིས་ལྷ་ཕྱག་བཙལ༔ འབྱོན་པར་ཞུས་པས་གཤེགས་སུ་མ་བཞེད་པར༔ ཚིགས་སུ་བཅད་པ་འདི་རྣམས་བདག་ལ་གསུངས༔ ཆོས་དད་ཅན་གྱི་རྒྱལ་པོ་ཁྲི་སྲོང་ལགས༔ བུད་མེད་བྱ་བ་བཙན་དུག་ཧ་ལ་ཡིན༔ སེམས་ཅན་གང་གིས་ཟོས་ཀྱང་འཆི་བ་ཡིན༔ བུད་མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན༔ སེམས་ཅན་གང་གིས་འཁོར་ཡང་ལ་འུར་འཆི༔ བུད་མེད་བྱ་བ་དམྱལ་བའི་འདམ་རྫབ་ཡིན༔ སེམས་ཅན་གང་གིས་འཁོར་བ་འདམ་ལ་འཛིན༔ བུད་མེད་བྱ་བ་འཁོར་བའི་བཙོན་ར་ཡིན༔ གང་གིས་འབགས་ཀྱང་ཐར་པ་ཐོབ་མི་སྲིད༔ བུད་མེད་བྱ་བ་བདུད་ཀྱི་མྱ་ངན་ཡིན༔ གང་གིས་འབྲེལ་ཀྱང་སྡུག་བསྔལ་ཚད་མེད་མྱོང་༔ བདག་གི་སེམས་ལ་འདོད་ཆགས་ས་བོན་མེད༔ སེམས་ལ་མེད་པར་ལུས་ལ་ཅི་ལ་སྐྱེ༔ འོ་སྐོལ་འགྲོགས་སུ་བཙུན་མོས་ལྟོ་ལོང་བཏབ༔ མ་ཉེས་སུ་ནི་ནམ་ཞིག་མཐའ་དག་འོང་༔ སླར་ལོག་རྒྱལ་པོའི་ཡུལ་དུ་ང་མི་མཆི༔ མཆོད་གནས་གཞན་ནས་ཚོལ་ལ་ལུགས་བཞིན་སྤྱོད༔ ཅེས་གསུངས་སློབ་དཔོན་གར་སོང་ཆ་མེད་གཤེགས༔ དེ་སྐད་ཅེས་པ་རྒྱལ་པོས་བཀའ་བསྩལ་པས༔ བཙུན་མོ་འཁོར་པ་བློན་པོ་དེ་རྣམས་ཀྱང་༔ མི་དགེའི་སེམས་ནི་ཤིན་ཏུ་ཀུན་སྐྱེས་སོ༔ དེ་དུས་དེ་ཚེ་བཻ་རོ་ཙ་ན་ཡིས༔ ཡེར་པ་གཙུག་རི་སྤུངས་པའི་ནགས་ལ་གཤེགས༔ ཐུགས་དམ་མཛད་པས་ཀླུ་བཙན་ལྷ་མོ་འདུས༔ སྤྲེའུས་ཤིང་ཐོག་སྨན་སྣ་འཐུས་ནས་འདྲེན༔ ལྷ་མོ་ཀླུ་མོ་བཙན་རྣམས་སྐོར་མཆོད་འབུལ༔ སློབ་དཔོན་མཉམ་བཞག་མངོན་པར་ཤེས་པས་གཟིགས༔ བསམ་ཡས་མི་རྣམས་ཉིད་ལ་ཤིན་ཏུ་འཕྱ༔ སྡིག་ལས་བྱེད་ཅིང་སྦྱིན་པ་གཏོང་འཕྲོ་བཅད༔ ཚུལ་ཁྲིམས་འཆལ་ཅིང་སྡོམ་པ་ནོད་པ་ཤོར༔ སློབ་དཔོན་དེ་ཙུག་བྱེད་ན་ཆོས་རྫུན་ཡིན༔ སློབ་བུ་སྡིག་པ་སྣ་ཚོགས་སྤྱོད་ཅིང་སྣང་༔ སློབ་དཔོན་ཤིན་ཏུ་མི་དགའི་སེམས་སྐྱེས་ནས༔ འདི་ནི་ཇི་ལྟ་བུ་ཡིས་ཟློག་ན་དགོངས༔ ཀླུ་ཆེན་དགའ་བོ་བསྒྲུབས་ནས་དམར་རྒྱན་གྱི༔ ལུས་ལ་ནད་དུ་ཙི་ཙི་ཛྭ་ལ་གཏོང་༔ ནད་དེས་བཙུན་མོ་ཤིན་ཏུ་གདུངས་ཙ་ན༔ རྫུ་འཕྲུལ་མོ་མ་རྣོན་པོ་ཞིག་གཏང་ལ༔ ལྷ་མོ་ཡེར་མ་བཙན་རྒོད་བབས་ནས་འཇུག༔ དེ་ལ་བཙུན་མོས་མོ་འདེབས་འོང་བར་གཟིགས༔ སློབ་དཔོན་དགོངས་པས་ཀླུ་ནག་སྙིང་ནས་དྲངས༔ འགུགས་བྱེད་ཕྱག་རྒྱ་ཁུ་ཚུར་ཉིད་ཀྱིས་བཅིངས༔ དེ་ན་ཀླུ་ནག་གནས་པའི་གྲོང་ཁྱེར་འགུལ༔ དེ་ཡི་ནང་ནས་ཀླུ་ནག་འདམ་འཛིན་ཞེས༔ སྡོམ་ནག་རྐང་ལག་སུམ་བརྒྱ་དྲུག་ཅུ་པ༔ དཔྲལ་བར་མིག་གཅིག་ཁ་ཆུ་དུག་ཏུ་འཛག༔ དབང་དུ་བསྡུས་ནས་སློབ་དཔོན་སྤྱན་སྔར་བྱུང་༔ ཁྱེད་ཀྱིས་བདག་ནི་གནས་སུ་འདུག་མི་སྟེར༔ སྙིང་ནས་དྲངས་ཤིང་འགུགས་པ་ཁྱོད་ཅི་ཉེས༔ ཅི་བྱེད་ཟེར་ནས་ཤིན་ཏུ་མི་སྡུག་ལྟ༔ སློབ་དཔོན་ཀླུ་ནག་པོ་ལ་བཀའ་སྩལ་པ༔ ཁྱོད་ནི་རི་འདིའི་རྩ་བ་ན་གནས་ཏེ༔ ང་ཡང་རི་འདིའི་སྐེད་པ་ལ་གནས་པས༔ བདག་གཉིས་གནས་ཀྱིས་བསྡུས་པའི་སྤུན་ཟླ་ཡིན༔ ང་ལ་དགྲ་བྱུང་ར་མདའ་ཁྱོད་ཟློག་ཡིན༔ ཁྱོད་ལས་མཐུ་རྩལ་ཆེ་བ་གང་ཡང་མེད༔ དམ་ལོངས་དམ་ལོངས་ནག་པོ་ཀླུ་ཡི་བུ༔ དེ་སྐད་གསུངས་ནས་སྙིང་པོ་སྟོང་རྩ་བཟླས༔ ཤ་སྣ་སྣ་ཚོགས་གཏོར་བླུད་ཀླུ་གྲུབ་ནས༔ ཀླུ་ཡང་ཤིན་ཏུ་དགའ་སྟེ་འདི་སྐད་གསུངས༔ གནས་ཀྱིས་བསྡུས་པའི་ཚང་ཟླ་སྐྱེས་བུ་ཁྱོད༔ བསྟན་པ་བཤིག་པའི་དགྲ་བོ་གང་ན་ཡོད༔ ང་ཡི་ཙི་ཙི་ཛྭ་ལའི་ནད་གཟུང་གཏོང་༔ སློབ་དཔོན་ཤིན་ཏུ་དགྱེས་ནས་ཀླུ་ལ་གསུངས༔ མཐུ་དང་སྟོབས་སུ་ལྡན་པའི་ནག་པོ་ཀླུ༔ ང་ཡི་བསྟན་པ་བཤིགས་པའི་དགྲ་བོ་ནི༔ བསམ་ཡས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ བཙུན་མོ་ཚེ་སྤོང་བཟའ་བ་དམར་རྒྱན་ཡིན༔ ང་ཡི་བཀའ་མ་བྱུང་བར་ཀླུ་ཁྱོད་ཀྱིས༔ ཙི་ཙི་ཛྭ་ལས་བཟུང་ལ་སྡོམས་ཤིག་གསུངས༔ སྡོམ་ཕྱེད་ཕྱག་རྒྱ་བཤིག་ནས་ཀླུ་བཏང་བས༔ བསམ་ཡས་མལ་གོང་སྒང་སྔོན་རྩེ་དགུར་ཕྱིན༔ བཙུན་མོ་དམར་རྒྱན་ཉལ་བའི་སྔས་སུ་མཆོངས༔ བྱིན་མནན་ཁ་ཡི་ནང་ན་མར་ལ་འཛུལ༔ སྙིང་གི་དཀར་ནག་མཚམས་སུ་ཞུགས་ནས་བཟུང་༔ ཡན་ལག་མང་པོས་རྩ་ནི་ཐམས་ཅད་བརྒྱངས༔ བཙུན་མོ་ཀླུ་ཡི་དབང་དུ་བསྡུས་ཏེ་བསྡམས༔ གཉིད་སད་ལུས་ཟ་སྙིང་མི་དགའ་ལ་སྦྲིད༔ མོ་མ་ལྷ་སྨན་དགུང་བཤེར་བྱ་བ་ལ༔ མོ་བཏབ་མཐུ་བཏབ་བྱས་ཀྱང་མ་ཕན་ནོ༔ ལོ་གཅིག་ལོ་གཉིས་རྒྱལ་འབངས་ཀུན་གྱིས་གླེང་༔ ནད་མཛེ་ཡིན་པར་ཀུན་གྱིས་ངོ་ཤེས་སོ༔ རྒྱལ་པོ་སྲས་ལྕམ་མཆི་མ་ལ་བསྡུས་བྱས༔ དེ་ཚེ་དེ་དུས་བཻ་རོ་ཙ་ན་ཡིས༔ ཡེར་པའི་བྲག་ཕུག་དཔལ་ལྡན་ལྷ་མོ་བསྒྲུབས༔ འཕྲུལ་གྱི་མོ་མ་ཀུན་ཤེས་ཐིངས་པོ་ལ༔ ལྷ་མོ་བབས་བྱས་བསམ་ཡས་ཡུལ་དུ་བཏང་༔ བསམ་ཡས་ཕུ་མདའ་མེད་པས་མོ་བཏབ་པས༔ སྣང་སྲིད་ཐམས་ཅད་འཆར་བས་རྣོ་བར་གྲགས༔ རྒྱལ་པོས་བཀའ་བསྩལ་མོ་མ་འཁོར་པས་བཀུག༔ མལ་གོང་སྒང་སྔོན་རྩེ་དགུར་མོ་མ་བྱོན༔ རྒྱལ་པོ་ཡབ་ཡུམ་སྲས་ལྕམ་གཉིས་དང་བཞི༔ འཁོར་པ་ཐམས་ཅད་སྒོར་བྱུང་མོ་བཏབ་བོ༔ བདག་གི་བཙུན་མོ་ནད་ངན་འདི་ལྟས་ཟིན༔ སྐྱོན་དང་ལེ་ལན་ཅི་ལྟ་བུ་ནི་ལགས༔ ལྷ་འདྲེ་ཇི་ལྟ་བུས་ནི་གནོད་པ་ལགས༔ རིམ་གྲོ་ཇི་ལྟ་བུས་ནི་ཕན་པ་ལགས༔ བདག་གི་བཙུན་མོ་འདི་ནི་སོས་པ་ན༔ ཉིད་ལ་ཡུལ་ཞིང་སྣེ་གྲངས་བཅད་སྦྱིན་ནོ༔ ལེའུ་བཅུ་གཅིག་པའོ༔
ལེའུ་བཅུ་གཉིས་པ།
དེ་ནས་མོ་མས་མོ་བཅས་སྣ་དགུ་བཤམས་ནས་མོ་བཏབ་པའི་ཐ་མ་ལ༔ རྒྱལ་པོ་ཡབ་ཡུམ་ལ་མོ་ཤར་བ་སྨྲས་པ༔ བཙུན་མོས་ཅི་བསམ་ཐམས་ཅད་ལོག་པར་སོང་༔ བྱས་པའི་ལས་ལ་འབྲས་བུ་མེད་པའི་མོ༔ མི་ཁ་གླེང་ཞིང་ཙི་ཙི་ཛྭ་ལས་ཟིན༔ རྣམ་ཐར་ངོ་ལྐོག་མེད་པར་ཀུན་གྱིས་ཁུར༔ བླ་མ་བཟང་པོ་གདམས་ངག་ཕྱུག་པ་ཡོད༔ ངོ་མཚར་གཅིག་ལས་གཅིག་ཆེ་དཔོན་སློབ་གཉིས༔ གཅིག་ལ་གཅིག་སྐྱོན་མི་འགེལ་མཐོང་ན་དགའ༔ གཅིག་སེམས་གཅིག་ལ་ཆགས་ཏེ་འབྲལ་མི་ཕོད༔ བླ་མའི་ཚབ་ཏུ་སློབ་མ་བཏང་བ་བསྐྱིལ༔ བཙུན་མོ་སྙིང་མེད་བྱོལ་སོང་བློ་བྱས་ཏེ༔ འདོད་པས་མི་འདོད་པ་ཡི་གནས་སུ་ལྷུངས༔ ལྟོ་ལོང་སྐུར་པ་ཆེན་མོ་བཏབ་པས་ལན༔ དེ་ཡི་ཆད་པས་ནད་འདི་བྱུང་བ་ཡིན༔ འདི་ལ་གཞན་གྱིས་ཅི་བྱས་མི་ཕན་ཏེ༔ སློབ་དཔོན་གདན་དྲངས་མཐོལ་བཤགས་བྱས་ན་ཕན༔ རྒྱལ་པོའི་སེམས་ལ་ཤིན་ཏུ་འཕྲིག་པར་ཤར༔ བཙུན་མོ་ཤིན་ཏུ་སྙིང་ནས་ཁས་མ་བླངས༔ རྒྱལ་པོས་འཁོར་པ་རྣམས་ལ་བཀའ་སྩལ་པ༔ རྒྱལ་སྲས་མི་ཏིག་བཙན་པོ་ཁྲོམ་པ་རྒྱན༔ འཁོར་པ་མང་པོ་བྱང་གི་ཕྱོགས་སུ་བཏང་༔ སློབ་དཔོན་ཚོལ་ལས་གདན་དྲོངས་ཤོག་ཅིག་གསུངས༔ རྒྱལ་པོས་རྟ་བཟང་འཁོར་ལོ་བཞི་པ་ཆིབས༔ རོལ་མོ་འཁོར་མང་ཡར་ཀླུངས་ཤེལ་བྲག་ནས༔ ཨོ་རྒྱན་པདྨ་འབྱུང་གནས་སྤྱན་འདྲེན་གཤེགས༔ དགེ་སྟེང་སྤང་ཁར་བྱོན་ནས་སྐོར་བ་བྱས༔ ལྷ་ཕྱག་བཙལ་ནས་མཆོད་ཕུལ་ཞུས་པ་ནི༔ ཨེ་མ་ཧོ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལགས༔ བདག་གི་བཙུན་མོ་ཙི་ཙི་ཛྭ་ལས་ཟིན༔ ཕན་པ་གཞན་བྱ་ཅི་བྱས་ཅིས་མ་ཕན༔ མོ་མ་ཀུན་ཤེས་ཐིངས་པོས་མོ་བཏབ་པས༔ སློབ་དཔོན་ཆེན་པོ་པདྨ་སྤྱན་དྲངས་ནས༔ མཆོད་འབུལ་བསྐང་བཤགས་བྱས་ན་ཕན་ཅེས་ཟེར༔ བྲག་དམར་དཔལ་གྱི་བསམ་ཡས་གཤེགས་པར་ཞུ༔ ཨོ་རྒྱན་པདྨ་འབྱུང་གནས་བཀའ་སྩལ་པ༔ རིགས་ཆེན་ལྔ་ལ་བཀའ་འདུས་འཆད་ཐུན་རྫོགས༔ འཁོར་བའི་ལམ་ལྔ་སྒོ་གཅོད་འཚལ་བས་གཤེགས༔ བདག་ནི་འགྲོ་བའི་དོན་བྱེད་གལ་ཆེ་བས༔ རྒྱལ་པོ་སྤྱན་འདྲེན་འགྲོགས་ནས་བསམ་ཡས་མཆི༔ ལྷ་འདྲེ་སློབ་མ་འབུམ་ཕྲག་མང་པོ་རྣམས༔ བདག་གིས་བྲག་དམར་བསམ་ཡས་མ་འཁོར་བར༔ མཆོད་རྒྱུན་མ་བཅད་བསྟན་པ་གཞུང་བཞིན་སྲུངས༔ དེ་སྐད་ལྷ་འདྲེ་རྣམས་ལ་བཀའ་བསྩལ་ནས༔ རྟ་བཟང་འཁོར་ལོ་བརྒྱད་པ་ཆིབས་ནས་སུ༔ རྒྱལ་པོ་འཁོར་པ་མང་པོས་སྐུ་བསྐོར་གཤེགས༔ རོལ་མོ་སྣ་ཚོགས་མདུན་རྒྱབ་གཡས་གཡོན་འཁྲིགས༔ ཆུ་བོ་ལོ་ཧི་ཏ་བརྒལ་བསམ་ཡས་ཕེབས༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ལ༔ ལྷ་འདྲེ་མི་གསུམ་ཚོགས་ནས་ལྷ་ཕྱག་འཚལ༔ འདབ་ཆགས་སྡེར་ཆགས་རྨིག་ཟླུམ་ཐམས་ཅད་དང་༔ རྨིག་པ་ཁ་བྲག་འགྲེང་བུ་ཐམས་ཅད་ཀྱིས༔ ལྷ་ཕྱག་འཚལ་ཞིང་མཆོད་པ་སྣ་ཚོགས་ཕུལ༔ བཙུན་མོས་ཀྱང་ནི་ལྷ་ཕྱག་མཆོད་པ་ཕུལ༔ དེ་ནས་མལ་གོང་སྒང་སྔོན་རྩེ་དགུར་གཤེགས༔ རོ་མཆོག་ལྡན་པའི་གསོལ་ཟས་སྣ་ཚོགས་དྲངས༔ ཨོ་རྒྱན་པདྨ་ཡེ་ཤེས་སྤྱན་མངའ་བས༔ དུས་གསུམ་ཐུགས་ལ་ས་ལེར་མཁྱེན་ན་ཡང་༔ འགྲོ་བ་ད་ལྟའི་དོན་དང་མ་འོངས་དོན༔ བདག་གི་སློབ་མ་བཻ་རོ་ཙ་ན་ཉིད༔ སྒྲུབ་པ་གང་ན་བྱེད་ཀྱིན་ཡོད་ཅེས་གསུངས༔ སྐད་མ་ཐེངས་སམ་ད་དུང་ཅི་བྱེད་པ༔ བདག་གི་སྤྱན་སྔར་ཁྲིད་ལ་ཤོག་ཅེས་གསུངས༔ རྒྱལ་པོ་ཤིན་ཏུ་ངོ་ཚ་གནོང་ནས་སུ༔ ལོ་རྒྱུས་གཏམ་ནི་སྨྲས་མ་ཕོད་པ་རུ༔ ལྕམ་དྲལ་འཚོལ་དུ་བཏང་བ་ལ་རེ་ནས༔ ཨོ་རྒྱན་པདྨ་ཉིད་ལ་འདི་སྐད་གསོལ༔ བཻ་རོ་ཙ་ན་བུ་ཚ་མིང་སྲིང་གཉིས༔ ཤིན་ཏུ་དོན་གལ་ཆེ་བ་གཉེར་དུ་ཐལ༔ ཞག་གསུམ་ཚུན་ལ་སྤྱན་སྔར་འཁོར་ཏེ་མཆི༔ དེ་ནས་ནངས་པར་གདུགས་ཀྱི་རྩེ་ལ་ནི༔ སྲས་ལྕམ་འཁོར་པ་མང་པོ་སླེབས་ནས་བྱུང་༔ རྒྱལ་པོས་སྲས་ལ་དྲིས་པར་སྲས་ཀྱིས་གསོལ༔ བདག་ཅག་བྱང་ཕྱོགས་ཀུན་དང་ཀུན་ཕྱིན་ཏེ༔ བཙལ་ཞིང་ཕོ་མོ་སྨྲ་ཤེས་ཀུན་ལ་དྲིས༔ མི་གཅིག་གིས་ཀྱང་མཐོང་བ་མ་བྱུང་བས༔ ཤིན་ཏུ་ཡི་མུག་ག་ཆད་ད་ལྟ་སླེབས༔ ཡབ་རྗེ་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས༔ རྒྱལ་ཁམས་དེ་ཙམ་ཞིག་ནས་མ་རྙེད་པ༔ གྲོངས་ན་པུར་ཡང་བྱ་ཡིས་ཟོས་པར་ཤེས༔ དེ་སྐད་གསུངས་ཤིང་རྒྱལ་པོ་བཤུམས་པར་གྱུར༔ མཆི་མ་ནས་ཙམ་སྲན་ཙམ་རྒྱུན་དུ་བྱུང་༔ དེ་ནས་བཤུམས་པའི་མཆི་མ་ཕྱག་གིས་ཕྱིས༔ རྒྱལ་པོ་ལྕམ་དྲལ་གཉིས་ཀྱིས་སྣ་མཚོན་ཏེ༔ ཨོ་རྒྱན་ཆེན་པོ་ཉིད་ལ་སྐོར་བ་བྱས༔ ལྷ་ཕྱག་བཙལ་ཞིང་མཆོད་པ་སྣ་ཚོགས་ཕུལ༔ རྒྱལ་སྲས་ཆེན་པོ་པདྨས་བཀའ་སྩལ་པ༔ ཁྱེད་ཅག་ལྕམ་དྲལ་གཉིས་ཀྱིས་འདིར་ཕེབས་ན༔ བདག་གི་སློབ་མ་བཻ་རོ་ག་རུ་སོང་༔ དེ་ལ་ཡབ་རྗེ་རྒྱལ་པོས་འདི་སྐད་གསོལ༔ བསྟན་པའི་སྒྲོན་མེ་རྒྱལ་སྲས་ཆེན་པོ་ལགས༔ བཻ་རོ་ཙ་ན་གར་སོང་ལོ་རྒྱུས་ནི༔ བདག་གི་བཙུན་མོ་བཟའ་དམར་རྒྱན་མ་ལ༔ ཆ་མཆིས་པས་ན་སྙན་ཞུར་འཚལ་གྱིས་གསུངས༔ ཡབ་སྲས་གསུམ་པོ་ལངས་ནས་བཞུད་དོ་སྐད༔ བཙུན་མོའི་སར་བྱོན་རྒྱལ་པོས་འདི་སྐད་གསུངས༔ བཙུན་མོ་ནད་ངན་འདི་ཡི་འོང་ལུགས་དང་༔ ཁར་སང་མོ་མ་དེ་ཡིས་ཟེར་ལུགས་དང༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས་ཀྱང་༔ ང་ཡི་སེམས་ལ་འདོད་ཆགས་ས་བོན་མེད༔ སེམས་ལ་མེད་པར་ལུས་ལ་ག་ལ་སྐྱེ༔ ཡོན་མཆོད་འགྲོགས་སུ་བཙུན་མོས་ལྟོ་ལོང་བཏབ༔ བླ་མཆོད་གཞན་ནས་ཚོལ་གསུངས་བཞུད་པ་ཡིན༔ སྐྱེས་བུ་དེ་ལ་འདོད་ཆགས་མེད་པར་ངེས༔ དེ་ནི་སྡོམ་པས་རྫུན་སྤངས་བྱ་བ་ཡིན༔ སྐྱེས་བུ་ཆེན་པོ་རྫུན་མི་གསུང་བར་ངེས༔ བཙུན་མོ་ཁྱོད་ཀྱིས་སློབ་དཔོན་འདེགས་པར་དགའ༔ སྐུར་པ་ཆེན་པོ་བཏབ་པ་མ་ཡིན་ནམ༔ དེ་ཡང་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ༔ ལྷ་ཕྱག་བཙལ་ནས་དྲང་པོའི་ཚིག་སྨྲས་ཏེ༔ མཐོལ་བཤགས་བྱས་ན་ནད་འདི་སོས་པར་འགྱུར༔ ལྕམ་སྲིང་གཉིས་ཀྱང་རྒྱལ་པོའི་གསུང་དང་མཐུན༔ ཡུམ་ལ་ཤིན་ཏུ་ནན་ཏན་བསྐྱེད་ནས་སྨྲས༔ ཡུམ་གྱིས་ལེགས་པར་བསམས་ཤིང་དགོངས་པ་ལས༔ ནད་ངན་ཙི་ཙི་ཛྭ་ལ་འདི་སོས་ན༔ བདག་ནི་ཅི་ནི་འདྲ་ནའང་འདྲ་སྙམ་སེམས༔ ད་ནི་དྲང་པོར་སྨྲ་བར་ཁས་བླངས་སོ༔ ལེའུ་བཅུ་གཉིས་པའོ༔
ལེའུ་བཅུ་གསུམ་པ།
དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཨོ་རྒྱན་ཆེན་པོ་རྒྱལ་སར་སྤྱན་དྲངས་ནས༔ མཆོད་རྫས་སྣ་ཚོགས་པ་ནི་བཤམས་ནས་སུ༔ ནང་བློན་ཕྱི་བློན་འཁོར་པ་ཐམས་ཅད་དང་༔ སེམས་ཅན་དམ་པ་འབངས་རྣམས་བསྡུས་ནས་སུ༔ བཙུན་མོ་ཁྲིད་ནས་གུ་རུར་ཞུ་འབུལ་བཅུག༔ བཙུན་མོས་ལྷ་ཕྱག་བཙལ་ནས་ཞུས་པ་ནི༔ བསྟན་པའི་སྒྲོན་མེ་ཨོ་རྒྱན་རིན་པོ་ཆེ༔ བདག་ནི་སེམས་ཅན་གང་ལའང་ཆགས་པ་ནི༔ མི་སྐྱེ་བ་ཞིག་ཡིན་པ་ལགས་ནའང་༔ སློབ་དཔོན་དགེ་སློང་བཻ་རོ་ཙ་ན་དེ༔ ཅི་བལྟས་པས་ན་ཅི་རུ་མཛེས་པའི་སྐུ༔ ཅི་གསུང་པ་ནི་ཅི་རུ་བདེན་པའི་གསུང་༔ དེ་ལ་བདག་ནི་ཆགས་པ་ཤིན་ཏུ་སྐྱེས༔ ཡིད་ཀྱིས་སྨོན་ལམ་ཁོ་ན་ཡང་ཡང་བཏབ༔ བདག་གིས་ནངས་ཤིག་དུས་ན་སྐབས་བཙལ་ནས༔ རྒྱལ་པོ་རྗེ་ཉིད་གྲོང་ཁྱེར་སྐུ་འཆག་བཏང་༔ བུ་ཚ་མིང་སྲིང་གཉིས་ཀྱང་རྩེད་མོར་བཏང་༔ འཁོར་པ་རྣམས་ཀྱང་གཡེངས་ཀྱིས་བསྐྲད་ནས་སུ༔ བདག་རང་གཅིག་པུས་སློབ་དཔོན་བསུ་བྱས་ནས༔ རྒྱལ་ས་ཡང་ཐོག་སྤྱན་དྲངས་བདའ་དགུ་དྲངས༔ ལས་སྤྱོད་འདི་ལ་སེམས་ཅན་ཀུན་བརྟེན་ནོ༔ འདི་ལ་མ་བརྟེན་སློབ་དཔོན་ག་ནས་འཁྲུངས༔ བདག་གིས་བགྱིས་ནས་སློབ་དཔོན་སྐུ་ལ་འཇུས༔ སློབ་དཔོན་ཡེར་གྱིས་དངངས་ནས་འདར་འདར་གྱུར༔ དགེ་སློང་བཻ་རོ་ཙ་ནས་འདི་སྐད་གསུངས༔ འཁོར་པས་ཚོར་ན་བསྟན་པ་ནུབ་སྟེ་འགྲོ༔ ང་ཡིས་ཕྱི་སྒོ་བཅད་ལ་འོང་གི་གསུངས༔ བདེན་སྙམ་སྐུ་ལ་འཇུས་པ་བཏང་བས་གཤེགས༔ བསྡད་པས་འགོར་ནས་བལྟ་རུ་ཕྱིན་ཙ་ན༔ བཞུད་ནས་མ་བཞེད་བུ་ཚལ་ཕེབས་ནས་ཐལ༔ དེ་ལ་བདག་ནི་ཤིན་ཏུ་སྙིང་ན་ནས༔ རྫུན་གྱི་སྡེབས་སྦྱོར་ལེའུ་བསྡེབས་ནས་སུ༔ སྐུར་པ་བཏབ་པས་སློབ་དཔོན་འཁོར་མ་བཏུབ༔ ཉི་མ་བྱང་དུ་འཁྱམས་ཏེ་སོང་བ་ལགས༔ རྒྱལ་པོས་བདས་ནས་སླར་ལ་སྤྱན་དྲངས་པས༔ འབྱོན་དུ་མ་བཞེད་བདག་གིས་ངན་མཚང་སྒྲོགས༔ བསྟན་པའི་སྒྲོན་མེ་སྤྲུལ་སྐུ་ཆེན་པོ་ལགས༔ ནོངས་པ་ཐམས་ཅད་ཁོ་མོ་དངོས་ཀྱིས་བགྱིས༔ ཙི་ཙི་ཛྭ་ལའི་ནད་ཀྱིས་ཟིན་པ་ཡང་༔ འདི་ཡི་ཆད་པ་ཡིན་ནམ་སེམས་ལ་འཕྲིགས༔ བསྟན་པའི་སྒྲོན་མེ་ཨོ་རྒྱན་རིན་པོ་ཆེ༔ སློབ་དཔོན་སྟོར་བ་རྒྱལ་ཁམས་བུ་ཚས་བཙལ༔ བཙལ་བས་མ་རྙེད་གང་དུ་ཐལ་བ་ལགས༔ བདག་གི་ནད་འདི་ཇི་ལྟར་བགྱིས་ན་སོས༔ དེ་སྐད་ཅེས་པ་བཙུན་མོས་ཞུས་པ་དང་༔ ལྟོ་ལོང་བཏབ་པར་མཐོལ་བཤགས་བྱེད་པ་ལ༔ ཨོ་རྒྱན་པདྨ་ཤིན་ཏུ་ཐུགས་དགྱེས་སོ༔ རྒྱལ་པོ་ལྕམ་སྲིང་རབ་ཏུ་ཐུགས་དགྱེས་སོ༔ དེ་རུ་ཚོགས་པའི་མི་རྣམས་ཐམས་ཅད་ཀྱང་༔ སློབ་དཔོན་སྐྱེས་བུ་དེ་ལ་དེ་མི་སྲིད༔ དེ་ཙམ་འཚེངས་ཟེར་ཀུན་གྱིས་ཁ་སྐྱོ་བྱེད༔ དེ་ནས་ཨོ་རྒྱན་པདྨས་བཀའ་སྩལ་པ༔ བཙུན་མོ་ཁྱོད་ནི་མིར་གྱུར་པ་ལ་ཡང་༔ ཉོན་མོངས་པ་ནི་ཤས་ཆེ་བ་ཞིག་འདུག༔ ཁྱོད་ནི་འདོད་ཆགས་ཆུ་ལྟར་ཁོལ་བ་ཡིས༔ སྡོམ་གསུམ་སྲུང་བའི་སློབ་དཔོན་འཇུ་ཕོད་ཡིན༔ ཁྱོད་ནི་ཞེ་སྡང་མེ་ལྟར་འབར་བ་ཡིས༔ སྐུར་པ་དེ་ལྟ་བུ་ནི་འདེབས་ནུས་ཡིན༔ ཁྱོད་ནི་གཏི་མུག་མུན་ལྟར་གཏིབས་པ་ཡིས༔ སྨྱོ་ནས་ལས་འབྲས་ངོ་མ་ཤེས་པ་ཡིན༔ སློབ་དཔོན་སྤྱན་དྲངས་སྐོང་མཐོལ་མ་བཤགས་ན༔ ཙི་ཙི་ཛྭ་ལའི་ནད་ཀྱང་སོས་མི་འགྱུར༔ ཕྱི་མ་ངན་སོང་གསུམ་འཁོར་མནར་མེད་སྐྱེ༔ རྡོ་རྗེའི་དམྱལ་བ་དམྱལ་བ་ཤམ་པ་ལ༔ ཐུགས་དམ་རྩ་བར་བསྐང་བཤགས་སྤྱན་སྔར་བགྱི༔ བཻ་རོ་ཙ་ན་གར་སོང་གར་ཡོད་ནི༔ བདག་གིས་མཉམ་བཞག་ལྷ་བསྒོམས་བྱས་ནས་སུ༔ མངོན་པར་ཤེས་པས་གར་འདུག་བལྟ་བར་བྱ༔ དེ་སྐད་བཀའ་བསྩལ་གུ་རུ་ཐུགས་དམ་བཞུགས༔ མངོན་ཤེས་གཟིགས་ནས་གུ་རུས་བཀའ་སྩལ་པ༔ སློབ་དཔོན་དགེ་སློང་བཻ་རོ་ཙ་ན་དེ༔ བཙུན་མོས་མ་ཉེས་ལྟོ་ལོང་ཆེན་པོས་འགམས༔ ཤིན་ཏུ་ཡི་མུག་རབ་ཏུ་ག་ཆད་ནས༔ བསམ་ཡས་དག་གི་ནུབ་བྱང་མཚམས་ཤེད་ན༔ ར་ས་མྱང་བྲན་དོར་སྡེ་དྭགས་སྲིབ་ཀྱི༔ ཡེར་པ་གཙུག་རུམ་འབར་བའི་སྐེད་པ་ན༔ ནགས་ཚལ་མང་པོ་འཐིབས་པའི་དགོན་པ་རུ༔ ལྷ་ལུང་དཔལ་གྱི་རྡོ་རྗེའི་བྲག་ཕུག་ན༔ རི་རྩེ་འདུས་པའི་ལྷ་ཁང་ཕྱོགས་བཞི་ན༔ འགྲེང་མི་མི་འཕྲད་ཐུགས་དམ་བཞུགས་འདུག་གོ༔ ལྷ་དང་ཀླུ་དང་བཙན་གྱིས་སྡོང་གྲོགས་བྱེད༔ ལྷ་མོ་ཀླུ་མོས་ཁྲུས་བྱེད་མཆོད་པ་འབུལ༔ སྤྲེའུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི༔ སྨན་དང་ཤིང་ཏོག་ཐམས་ཅད་དེ་ལ་འདྲེན༔ ཤིན་ཏུ་སོ་བསོད་སྐྱིད་པར་སྣང་ངོ་ལགས༔ གསེར་གཡུ་མུ་ཏིག་ལེན་ཕྲན་བཙན་པོ་ཁྱོད༔ ཆིབས་པ་ནག་པོ་བཞོན་ལ་ཁུག་ལས་ཤོག༔ དེ་སྐད་ཨོ་རྒྱན་ཆེན་པོས་གསུངས་པ་ལས༔ སློབ་དཔོན་ཡོད་པས་ཤིན་ཏུ་འཚེངས་ཤིང་དགོད༔ དེ་ནས་མུ་ཏིག་བཙན་པོས་འགུགས་སུ་བྱོན༔ ཡེར་པ་གཙུག་རུམ་འབར་བའི་ནགས་ཚལ་ཕྱིན༔ སློབ་དཔོན་བཻ་རོ་ཙ་ན་ཉིད་དང་མཇལ༔ ཆིབས་པ་ནག་པོས་སློབ་དཔོན་ངོ་ཤེས་ནས༔ བསྐོར་ཞིང་ལྕེས་བལྡགས་མཆི་མ་སྲན་ཙམ་ཕྱུང་༔ རྒྱལ་སྲས་མུ་ཏིག་བཙན་པོས་གསོལ་པ་ནི༔ སློབ་དཔོན་ཉིད་ལ་སྐུར་པ་འདེབས་པའི་མི༔ ཨ་མ་བཙུན་མོ་མཛེ་ནད་དམ་པོས་ཟིན༔ ཉིད་ལ་སྐུར་པ་བཏབ་པས་ལན་པར་ནི༔ མོ་མ་ཀུན་ཤེས་ཐིངས་པོས་ངོས་ཀྱང་བཟུང་༔ མོ་བདག་འཕྲིགས་ནས་གུ་རུའི་སྤྱན་སྔར་མཆིས༔ དྲང་པོར་ཚིག་སྨྲས་མཐོལ་བཤགས་བྱས་པས་ནི༔ གུ་རུ་རིན་པོ་ཆེ་ཡི་ཞལ་ནས་སུ༔ དེ་ཡང་ཐུགས་དམ་རྩ་བར་སྐོང་མཐོལ་དགོས༔ སློབ་དཔོན་དགེ་སློང་བཻ་རོ་ཙ་ན་ནི༔ ཡེར་པ་གཙུག་རུམ་འབར་བའི་དགོན་པར་འདུག༔ སྤྱན་དྲོངས་ཤོག་ཅིག་གསུངས་ནས་བདག་གིས་འོངས༔ ད་ལྟ་གཤེགས་པར་ཞུ་བ་འབུལ་བ་ལགས༔ དེ་སྐད་གསོལ་པས་སློབ་དཔོན་ཤིན་ཏུ་གྱེས༔ དགའ་བའི་མི་རྟ་གཉིས་དང་འཕྲད་དོ་དགའ༔ སྙན་པའི་གཏམ་ཡང་མང་དུ་ཐོས་སོ་དགའ༔ བཙུན་མོ་དེ་ལ་དེ་ཕན་དེ་རན་འཇེབས༔ གུ་རུ་པདྨ་འབྱུང་གནས་བཞུགས་ཡོད་ན༔ ངན་བུ་ཅིས་ཏེ་མི་འགྲོ་གསུངས་ནས་གཤེགས༔ ཡུལ་དེའི་ལྷ་ཕྲན་བརྒྱ་དང་ཀླུ་ཕྲན་བརྒྱ༔ ལྷ་མོ་བརྒྱ་དང་ཀླུ་མོ་བརྒྱ་རྣམས་དང་༔ སྤྲེའུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་༔ སློབ་དཔོན་ཉིད་ལ་སྐྱེལ་མ་བྱས་ནས་སུ༔ སློབ་དཔོན་རྟ་ནག་བཞོན་ནས་བསམ་ཡས་ཕེབས༔ སྐད་སྙན་བྱ་དང་གཅན་གཟན་རིས་བཀྲ་དང་༔ རི་དྭགས་སྤུ་སྡུག་གླང་པོ་ཁྱུ་མཆོག་དང་༔ ཅང་ཤེས་རྟ་དང་ཁྱི་རིས་རྣམས་ཀྱིས་ནི༔ སློབ་དཔོན་མདུན་ནས་བསུས་ཏེ་སྐོར་བ་བྱེད༔ ལྷ་ཕྱག་བཙལ་ནས་མཆོད་པ་སྣ་ཚོགས་ཕུལ༔ རྒྱལ་པོ་ཡབ་སྲས་འཁོར་དང་སློབ་བུ་མང་༔ ཡུལ་ཁམས་མི་རྣམས་མདུན་བསུས་སྐོར་བ་བྱས༔ དེ་ནས་བཻ་རོ་ཙ་ན་འཁོར་བཅས་ཀྱིས༔ ཨོ་རྒྱན་ཆེན་པོ་པདྨར་སྐོར་བ་བྱས༔ ལྷ་ཕྱག་བཙལ་ཞིང་མཎྜལ་ལན་གསུམ་ཕུལ༔ ཡེར་པ་གཙུག་རུམ་འབར་བའི་ནགས་ཚལ་གྱི༔ ལྷ་ཀླུ་སྤྲེའུ་རྣམས་ནི་སླར་ལོག་སོང་༔ དེ་ལ་མངའ་བདག་རྒྱལ་པོ་ངོ་མཚར་སྐྱེས༔ ཚིགས་སུ་བཅད་པའི་སྙན་ངག་འདི་སྐད་གསུངས༔ དམ་ཚིག་མ་ཉམས་མི་མཆོག་སྐྱེས་བུ་ནི༔ མི་མེད་ཡུལ་དུ་སོང་ཡང་ལྷ་ཀླུས་མཆོད༔ སྤྲེའུས་དད་སྐྱེས་སྨན་དང་ཤིང་ཏོག་འབུལ༔ དམ་མེད་སྐྱོན་ཅན་དབྱིངས་ནས་བཙུན་མོ་ནི༔ གྲོང་ཁྱེར་དབུས་གནས་འདུག་ཀྱང་ནད་མཛེས་བཟུང་༔ དམ་ལས་ཉམས་པ་བཙུན་མོ་བགྱིད་བགྱིད་ནས༔ སྐྱེས་བུ་དམ་པ་མཇལ་ལོང་ག་ལ་ཡོད༔ དེ་སྐད་ཅེས་གསུངས་ཞབས་ལ་སྤྱི་བོས་གཏུགས༔ གུས་པས་ལྷ་ཕྱག་ལན་བདུན་བཙལ་ནས་སུ༔ དེ་ནས་ཨོ་རྒྱན་པདྨའི་འོག་ཏུ་བཞུགས༔ ལེའུ་བཅུ་གསུམ་པའོ༔
ལེའུ་བཅུ་བཞི་པ།
བོད་འབངས་ཀུན་ཀྱང་སློབ་དཔོན་སྟོར་རྙེད་པས༔ ཤིན་ཏུ་དགའ་ནས་སྤྲིན་བཞིན་འདུས་ནས་འདུག༔ དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བཙུན་མོ་སློབ་དཔོན་མཐོལ་བཤགས་འབུལ་དུ་བཅུག༔ བཙུན་མོ་དམར་རྒྱན་ལུས་ཀྱི་བཀོད་པ་ཉམས༔ ཙེ་བེར་རས་ཀ་ཞིག་ནི་སྐེ་རགས་བཅིངས༔ རེ་བའི་ཚལ་བུ་ཞིག་ལ་གཡང་ལུགས་བྱས༔ སྐྲ་བྱི་ཕྱི་རྣམས་ཤུ་བས་ཁེངས་པ་བྱས༔ ཁ་ཡོན་མིག་སླེ་རྐང་པ་འཐེང་བ་བྱས༔ མེ་ཏོག་སྣ་ཚོགས་པ་ཡིས་བཀང་བ་ཡི༔ བསེ་ཡི་གཞོང་པ་གང་ནི་ལག་ཏུ་ཐོགས༔ ལྕམ་དྲལ་གཉིས་ཀྱིས་གཡས་གཡོན་གཉིས་ནས་བརྟེན༔ སྐོར་བ་བྱས་ཏེ་སློབ་དཔོན་མེ་ཏོག་གཏོར༔ མིག་ནི་ལྟ་མ་ཕོད་དེ་ཞབས་སྤྱིས་གཏུགས༔ ངོ་གདོང་ས་ལ་སྦྱར་ནས་འདི་སྐད་སྨྲས༔ སྔོན་དུས་ལས་ངན་བགྱིས་པས་ལུས་ངན་ཐོབ༔ བསམ་པ་ངན་པས་ཉིད་ལ་ཆགས་པ་སྐྱེས༔ སྤྱོད་པ་ངན་པས་སློབ་དཔོན་སྐུ་ལ་འཇུས༔ ཤིན་ཏུ་གནོང་འགྱོད་སློབ་དཔོན་སྐུ་ལ་མཐོལ༔ ནད་ངན་མཛེ་ཡིས་གཟུགས་ཕུང་ཁེངས་པ་ཡང་༔ སློབ་དཔོན་ལྷ་ཡི་སྐུ་ལ་འཇུས་པས་ནོངས༔ ཤིན་ཏུ་གནོང་འགྱོད་སློབ་དཔོན་ཉིད་ལ་བཤགས༔ བསམ་པ་ངན་པས་སྐྱེངས་ལ་སྙིང་ན་ནས༔ སློབ་དཔོན་སྨད་ཅིང་བསྟན་པ་སྣུབ་པ་ཡི༔ རྫུན་བརྒྱུད་སྦྱར་ནས་ལྟོ་ལོང་ཆེན་པོ་བཏབ༔ དེ་ཡི་སྐྱོན་གྱིས་གཟུགས་ཕུང་མཛེ་ཡིས་འགེངས༔ ཤིན་ཏུ་གནོང་ངོ་སློབ་དཔོན་ལྷ་ལ་མཐོལ༔ ཡུས་སོ་ཁྲིམས་ལྡན་རྡོ་རྗེ་སློབ་དཔོན་ལྷ༔ ཞེས་སྨྲས་ཐལ་མོ་གཉིས་པོ་སྤྱི་བོར་སྦྱར༔ ངོ་གདོང་ས་ལ་སྦུབས་ནས་ངུས་པ་ཡིས༔ ལྷ་སྲས་མིང་སྲིང་གཉིས་ཀྱང་ཟླ་ལ་ངུས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་ཀྱང་བཤུམས༔ དེ་རུ་ཚོགས་པའི་མི་རྣམས་ཀུན་ཀྱང་ངུས༔ ཨོ་རྒྱན་པདྨ་ཉིད་ཀྱང་སྤྱན་ཆབ་བྱུང་༔ སློབ་དཔོན་དགེ་སློང་བཻ་རོ་ཙ་ན་ཡང་༔ བཙུན་མོ་དམར་རྒྱན་མ་ལ་སྙིང་རྗེ་སྐྱེས༔ དེ་ནས་ཟང་ཟིང་མང་པོ་མཚམས་བཅད་ནས༔ གསེར་དངུལ་གཞོང་པར་སྨན་སྣ་སྣ་ཚོགས་དང་༔ འབྲུ་སྣ་སྣ་ཚོགས་བ་དམར་འོ་མར་སྦྱར༔ དཀར་གསུམ་མངར་གསུམ་བཙུན་མོའི་སྔས་སུ་བཞག༔ ཀླུ་སྒྲུབ་སྙིང་པོ་རྒྱུན་མི་ཆད་པར་བཟླས༔ འགུགས་བྱེད་ལག་པའི་ཕྱག་རྒྱས་བཀུག་ནས་དྲངས༔ ཀླུ་འགུལ་པས་ནི་བཙུན་མོ་སྐད་ངན་ཙེར༔ དེ་ལ་བཻ་རོ་ཙ་ནས་འདི་སྐད་གསུངས༔ ལས་ངན་ལུས་ངན་ནད་ངན་བཙུན་མོ་འདི༔ སྐད་ངན་མ་འབྱིན་ཡར་ལ་མགོ་ཐེག་དང་༔ ལྷ་ཕྱག་ནུས་ཚད་བདག་ལ་ཚོལ་ཞིག་གསུངས༔ བཙུན་མོ་གློ་སྙིང་མ་བཟོད་འདོན་ཙ་ན༔ འབད་ནས་ཡར་ལངས་སློབ་དཔོན་ལྟ་མ་ཕོད༔ སྣ་གོང་མིག་ཕབ་མགོ་བཀུག་ལྷ་ཕྱག་བཙལ༔ བཙུན་མོ་ཧྲངས་ཀྱིས་འགྱེལ་ཏེ་བརྒྱལ་ནས་སྣང་༔ དགེ་སློང་བཻ་རོ་ཙ་ནས་འདི་སྐད་གསུངས༔ འཛིན་པ་ལག་མང་ནག་པོ་ཀླུ་ཡི་བུ༔ ང་ནི་ཁྱོད་ཀྱི་སྤུན་ཟླ་དགེ་སློང་ཡིན༔ དེ་ན་ཅི་བྱེད་བཙུན་མོ་བཟུང་བ་ཐོངས༔ ང་དང་འཕྲད་དུ་སྒོ་རུ་མི་འོང་ངམ༔ དེ་སྐད་གསུངས་ནས་འགུགས་བྱེད་ཕྱག་རྒྱས་དྲངས༔ བཙུན་མོའི་ཁ་ནས་ཁྲག་ནི་མང་པོ་བསྐྱུགས༔ དེ་ནས་ཆུ་སེར་མང་པོ་བསྐྱུགས་ཏེ་བྱུང་༔ དེ་ནས་རྣག་ནི་མང་པོ་བསྐྱུགས་ཏེ་བྱུང་༔ དེ་ནས་སྡོམ་ནག་ལྷམ་ཙམ་བསྐྱུགས་ཏེ་བྱུང་༔ རྒྱལ་པོ་ཡབ་སྲས་ཤིན་ཏུ་འཇིགས་སྐྲག་ནས༔ འབྲོས་པར་གཟས་པར་སློབ་དཔོན་འདི་སྐད་གསུངས༔ ཡབ་སྲས་མ་འབྲོས་མ་འཇིགས་སྨན་འདིས་མཆོད༔ གསེར་གྱི་གཞོང་པའི་སྨན་དངུལ་གཟར་བུས་གཏོར༔ སྡོམ་ནག་དེ་ཡི་ལུས་པོ་ཕྱིར་ཕྱུང་ཡང་༔ ཡན་ལག་ཉི་མའི་ཟེར་ཙམ་ནང་ལུས་གདའ༔ རྒྱལ་པོས་རྩི་སྨན་གཏོར་བའི་ཕན་ཡོན་གྱིས༔ སྡོམ་དེ་ཇེ་ཆེར་ཁྱི་གུ་ཙམ་དུ་སོང་༔ བཙུན་མོ་བརྒྱལ་བ་སངས་ནས་ཧ་ན་ཟེར༔ སྡོམ་ནག་དེ་ཉིད་གལ་གུལ་བྱེད་ཙ་ན༔ སྐད་ངན་འཕྲོ་རྣམས་ཙེར་ཙེར་ཧ་ན་ཟེར༔ སློབ་དཔོན་ཕྱག་གི་སྡོམ་བྱེད་ཕྱག་རྒྱས་བཅིངས༔ སྡོམ་དེ་འགུལ་མ་ནུས་པར་ལྷན་ནེར་བསྡད༔ དེ་ནས་ཨོ་རྒྱན་པདྨ་བཞེངས་ནས་སུ༔ བཙུན་མོ་དེ་ལ་ལྗགས་ཀྱི་མཆིལ་མ་བཏབ༔ ལས་ཀྱིས་མནར་བའི་སེམས་ཅན་སྡིག་ཅན་འདི༔ ཀླུ་ཡི་ཡན་ལག་མང་པོ་ཕྱིར་འབྱིན་ཤོག༔ ཀླུ་ལ་ལྗགས་ཀྱི་མཆིལ་མ་ཐེངས་གསུམ་བཏབ༔ འཛིན་ཤེས་གཏོང་མི་ཤེས་ཀྱི་གདུག་པ་ཀླུ༔ ཞ་གྲུམ་མེད་པར་ཡན་ལག་ལུས་འདུས་ཤོག༔ ད་ནི་ཕྱིན་ཆད་སེམས་ཀྱང་ཞི་བར་བགྱི༔ ཞེས་གསུངས་སོ༔ གུ་རུའི་མཆིལ་མ་བདུད་རྩི་དང་འདྲ་བས༔ བཙུན་མོའི་ལུས་རྩ་ཐམས་ཅད་ནང་ནས་ནི༔ ཀླུ་ཡི་ཡན་ལག་བརྐྱངས་རྣམས་རང་བྱུང་ངོ་༔ དེ་ནས་བཙུན་མོ་ལུས་སྟོབས་ཤེད་ཀྱང་མེད༔ ཀླུ་ཡང་ཚོན་གྱི་དྲུ་བུ་བརྟུལ་བཞིན་སོང་༔ ཀླུ་དེ་གུ་རུའི་བཀའ་ཐོས་མཆིལ་ཕོག་པས༔ ཤིན་ཏུ་སེམས་ཞི་དགའ་བའི་ཡིད་དང་ལྡན༔ ཀླུ་ཡིས་གུ་རུ་ཉིད་ལ་འདི་སྐད་གསོལ༔ བདག་ནི་ཕྱིན་ཆད་སེམས་ཅན་གནོད་མི་བགྱིད༔ ཕན་པར་བགྱིད་དོ་བསྟན་པ་བསྲུང་བར་བྱ༔ གུ་རུས་ཀླུ་ལ་དགའ་བོ་མིང་དུ་བཏགས༔ དེ་ནས་སྡོམ་བྱེད་ཕྱག་རྒྱ་བཀྲོལ་བ་ཡིས༔ ཀླུ་དེ་ཡུལ་དུ་སྦྲན་ཏེ་མཆོངས་ནས་སོང་༔ དེ་ཚེ་དེ་དུས་བཙུན་མོ་ཁྱིམ་དུ་བཏེག༔ གུ་རུ་འཁོར་པ་ཁམས་གསུམ་ཟངས་ཁང་གཤེགས༔ ལེའུ་བཅུ་བཞི་པའོ༔
ལེའུ་བཅོ་ལྔ་པ།
དེ་ནས་ནངས་པར་སྔ་དྲོ་གདུགས་རྩེར་ལ༔ རཏྣ་རྒྱས་པ་ཁེངས་པའི་སེམས་ཅན་འདུས༔ ལྷ་ཕྱག་སྐོར་བ་བྱེད་ཅིང་མཆོད་པ་འབུལ༔ སྡོམ་པ་ཤོར་དང་ཚུལ་ཁྲིམས་འཆལ་པ་བསྐྱར༔ ཨོ་རྒྱན་གུ་རུ་པདྨའི་ཞལ་ནས་སུ༔ མངའ་བདག་རྒྱལ་པོ་ཁྱོད་ཀྱི་བཙུན་མོ་འདི༔ སྒྲིབ་པ་འབྱོངས་སམ་མ་འབྱོངས་ལྟ་དགོས་གསུངས༔ ནད་ནི་རུང་ངམ་མི་རུང་ལྟ་དགོས་གསུངས༔ ཁམས་གསུམ་ན་གའི་ས་གཞི་ཐམས་ཅད་ལ༔ འོ་མ་སྨན་སྣའི་ཆག་ཆག་བཏབ་ནས་སུ༔ འགྲོ་འདུལ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ཨོ་རྒྱན་པདྨ་དེ་ཡི་སྟེང་ཁར་བྱོན༔ ཞབས་གཉིས་གཡས་གཡོན་མེ་ཏོག་པདྨ་ནི༔ ལམ་ལམ་རེ་རེ་བརྒྱ་དང་རྩ་བརྒྱད་སོང་༔ དེ་རྗེས་ཕར་ལ་བཻ་རོ་ཙ་ན་ཡིས༔ ཕྱག་བཙལ་ཕྱིན་པས་པདྨ་བཞི་བཅུ་གཉིས༔ དེ་རྗེས་ཕར་ལ་བརྩེགས་སེ་གཡུ་སྒྲ་གཉིས༔ ཕྱག་བཙལ་ཕྱིན་པས་པདྨ་ཉི་ཤུ་ལྔ༔ དེ་རྗེས་ཕར་ལ་རྒྱལ་པོས་ཕྱག་བཙལ་བྱུང་༔ པདྨ་བརྒྱད་པ་རེ་རེ་ལམ་ལམ་སོང་༔ དེ་རྗེས་ཕར་ལ་བཙུན་མོས་ཕྱག་བཙལ་བྱུང་༔ མེ་ཏོག་ཕྱི་མ་མ་སྐྱེས་སྔ་མ་ཚིག༔ དེ་རྗེས་ཕར་ལ་ལྕམ་སྲིང་ཕྱག་བཙལ་བྱུང་༔ མེ་ཏོག་ལྔ་པ་རེ་རེ་ལམ་ལམ་སོང་༔ དེ་ལ་ཨོ་རྒྱན་པདྨས་བཀའ་སྩལ་པ༔ བཙུན་མོ་འདི་ལས་སྒྲིབ་པ་ཆེ་བ་ནི༔ མིར་གྱུར་པ་ལ་མེད་པ་ཞིག་ཡིན་སྣང་༔ མིང་ཡང་ཁམས་གསུམ་མེ་ཏོག་སྒྲོལ་དུ་བཏགས༔ བཙུན་མོ་འདིའི་རིང་ཆོས་ཀྱི་བསྟན་པ་ནུབ༔ བོན་གྱི་བསྟན་པ་དར་ཙམ་ཅིས་ཀྱང་འོང་༔ འགྱོད་པ་ཡེ་ནས་མ་སྐྱེས་ཁྱོད་ཅི་ཉེས༔ དེ་ལ་བཙུན་མོས་རབ་ཏུ་བསམས་པ་ནི༔ ང་ཡི་རིང་ལ་ཆོས་ཀྱི་བསྟན་པ་ནུབ༔ ནད་ངན་པ་འདི་ལྟ་བུ་ཡང་བྱུང་ན༔ བུ་ཚ་མིང་སྲིང་རྗེས་ལ་མེ་ཏོག་སྐྱེས༔ བདག་ལ་མེ་ཏོག་མ་སྐྱེས་མ་ཆོག་པར༔ རྐང་པ་ཕོག་པས་མེ་ཏོག་ཚིག་འགྲོ་འདི༔ ངས་ནི་ཆོས་གསར་པ་བས་བོན་རྙིང་དགའ༔ གསར་འགྲོགས་བྱས་པས་རྒྱལ་ས་ཤོར་གྱིས་དོགས༔ བདག་ཉིད་ཁོ་ན་སྡིག་ཆེ་ལས་རེ་ངན༔ དེ་བཞིན་ནོངས་པས་འགྱོད་པ་དྲག་པོ་སྐྱེས༔ གཟུགས་ཕུང་འཇིག་པ་ཙམ་དུ་མ་དགའ་ནས༔ གུ་རུའི་ཞབས་ལ་སྤྱི་བོས་གཏུགས་ཏེ་ངུས༔ ལྷ་ཕྱག་ལན་གསུམ་བཙལ་ནས་ཞུས་པ་ནི༔ དུས་གསུམ་མཁྱེན་པའི་གུ་རུ་ཆེན་པོ་ལགས༔ ང་ནི་སྡིག་ཆེའི་ལས་ངན་མོ་འདི་ཡིས༔ ཇི་ལྟར་བགྱིས་ན་སྡིག་སྒྲིབ་འབྱོངས་ཏེ་མཆི༔ ཇི་ལྟར་བགྱིས་ན་ནད་ངན་སོས་ཏེ་མཆི༔ ཇི་ལྟར་བགྱིས་ན་སློབ་དཔོན་མཉེས་ཏེ་མཆི༔ ཨོ་རྒྱན་གུ་རུ་ཆེན་པོས་བཀའ་སྩལ་པ༔ སྔོན་ཀྱང་ཟ་མ་མོ་ལུས་ཐོབ་པ་ལ༔ འགྱོད་པ་དྲག་སྐྱེས་ངེས་པའི་དོན་བསྒྲུབས་པས༔ བུད་མེད་ལུས་བོར་ལྷ་མོའི་སྐུར་སངས་རྒྱས༔ སྤྲུལ་པས་འཇིག་རྟེན་ཁམས་ན་འགྲོ་དོན་བྱེད༔ བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བཞུགས༔ དེ་རྗེས་མཐུན་པར་བྱ་ཕྱིར་འགྱོད་པ་སྐྱེད༔ བདག་གིས་ངེས་པའི་དོན་ནི་བསྒྲུབས་ལག་མོད༔ ལུས་ངག་ཡིད་གསུམ་སྡིག་པ་སྦྱོང་བའི་ཕྱིར༔ འདས་དང་མ་བྱོན་ད་ལྟ་བཞུགས་པ་ཡི༔ བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བཞིའི་མཚན༔ བསྟན་གཉིས་སྐོར་གསུམ་བརྒྱ་དང་རྩ་བརྒྱད་མཚན༔ བརྗོད་ཅིང་ཕྱག་བཙལ་སྒྲིབ་པ་དེས་བྱང་འོང་༔ སློབ་དཔོན་མཉེས་ནས་ནད་ངན་དེ་ཡང་སོས༔ མེ་ཏོག་ཡང་སྐྱེས་ཆགས་ཉམས་མ་ལུས་དག༔ དེ་སྐད་ཅེས་པ་གུ་རུས་བཀའ་སྩལ་པས༔ དེ་ནས་བཙུན་མོས་སླར་ཡང་ཞུ་བ་ཕུལ༔ བདག་ནི་དུད་འགྲོ་གཏི་མུག་དབང་དུ་མཆིས༔ བརྒྱ་རྩ་བརྒྱད་པས་གཅིག་ཀྱང་མི་ཐོན་ནོ༔ བསྟན་པའི་སྒྲོན་མེ་པདྨ་འབྱུང་གནས་ལགས༔ ཉིད་ཀྱིས་མཚན་བརྗོད་བདག་གིས་མཚན་ཕྱག་འཚལ༔ བདག་གིས་མཚན་ནི་ཤེས་པར་མི་འགྱུར་རོ༔ ལེའུ་བཅོ་ལྔ་པའོ༔
ལེའུ་བཅུ་དྲུག་པ།
དེ་ནས་གུ་རུ་པདྨས་བཀའ་སྩལ་པ༔ བཙུན་མོས་སྨྲས་པ་དེ་ནི་ཤིན་ཏུ་བདེན༔ བཙུན་མོའི་ལུས་པོ་སྨན་སྣ་དྲི་བཟང་ཁྲུས༔ མཆོད་པ་ལྔ་ཤོམས་མར་མེ་བརྒྱ་རྩ་སྦོར༔ ཨོ་རྒྱན་པདྨས་གུ་རུའི་མཚན་བརྗོད་ནས༔ བཙུན་མོས་མཚན་རེ་ལ་ནི་ཕྱག་རེ་བཙལ༔ དུས་གསུམ་སངས་རྒྱས་ངོ་བོ་བླ་མ་ལ༔ བློ་ངན་གཡག་འདྲོགས་བྱས་པ་མཐོལ་ལོ་བཤགས་སོ༔ བླ་མའི་སྐུའི་དམ་ཚིག་ཉམས་པ་ཐམས་ཅད་སྐོང་གྱུར་ཅིག༔ འཇིགས་པའི་སྡུག་བསྔལ་སྒྲོལ་བའི་དམ་ཆོས་ལ༔ ཕྱིན་ལོག་རྒྱབ་ཀྱིས་ཕྱོགས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ བླ་མའི་གསུང་གི་དམ་ཚིག་ཉམས་པ་སྐོང་གྱུར་ཅིག༔ དཀོན་ཅོག་གསུམ་པས་བླ་མ་ལྷག་པ་ལ༔ དད་པ་ཡ་ཟུང་དུ་སྐྱེས་པ་མཐོལ་ལོ་བཤགས་སོ༔ བླ་མའི་ཐུགས་ཀྱི་དམ་ཚིག་ཉམས་པ་སྐོང་གྱུར་ཅིག༔ བླ་མ་མེད་པར་སངས་རྒྱས་མེད་པ་ལ༔ ཁྲེལ་མེད་ངོ་ཚ་གཞལ་དུ་བྱས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ བླ་མའི་ཡོན་ཏན་གྱི་དམ་ཚིག་ཉམས་པ་སྐོང་གྱུར་ཅིག༔ གདུལ་དཀའི་སེམས་ཅན་རྒྱུད་རྩུབ་འདུལ་བ་ལ༔ དམ་ཉམས་འཁོན་བཙུགས་འགྲོ་དོན་བསྒྲིབས་པ་མཐོལ་ལོ་བཤགས་སོ༔ བླ་མའི་འཕྲིན་ལས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་སྐོང་གྱུར་ཅིག༔ གུ་རུ་ཨ་ལ་ལ་ཧོ༔ ཀློང་དབྱིངས་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཚོགས༔ རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན༔ རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་སྟོན༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ ཤཱཀ་ཐུབ་དྲི་མ་མེད་པའི་སྒྲ་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་དཀོན་ཅོག་སྤྲིན་ལ་ཕྱག་འཚལ་ལོ༔ ཐུབ་པ་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ༔ སེང་གེ་སྒྲ་དང་མཛེས་པའི་ཏོག་ལ་ཕྱག་འཚལ་ལོ༔ ཤཱཀྱ་ཐུབ་པ་གཟི་བརྗིད་རྒྱལ་མཚན་ལ་ཕྱག་འཚལ་ལོ༔ ཙན་དན་དྲི་མཆོག་དཔལ་ལ་ཕྱག་འཚལ་ལོ༔ ཤཱཀྱ་སྙིང་རྗེའི་རྒྱལ་པོ་ཟེར་ལ་ཕྱག་འཚལ་ལོ༔ ཤཱཀྱ་ཐུབ་པ་སྙིང་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་དགའ་བའི་སྤྱན་ལ་ཕྱག་འཚལ་ལོ༔ ཡོངས་སུ་དགོངས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་གསེར་གྱི་འོད་ལ་ཕྱག་འཚལ་ལོ༔ དེ་བཞིན་གཤེགས་པ་འོད་ཀྱི་དཔལ་ལ་ཕྱག་འཚལ་ལོ༔ ཐུབ་པ་ཞི་བའི་དབང་པོ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཆོ་འཕྲུལ་སྤྲིན་གྱི་དཔལ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཡིད་དུ་འོང་བའི་དབྱངས་ལ་ཕྱག་འཚལ་ལོ༔ སངས་རྒྱས་མེ་ལོང་འོད་སྣང་ལ་ཕྱག་འཚལ་ལོ༔ སངས་རྒྱས་གཟུ་བོ་དཔལ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་ཉི་མའི་སྙིང་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྤོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ མངོན་པར་སྨྲ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་རིན་ཅེན་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་འོད་ཟེར་དཔལ་ལ་ཕྱག་འཚལ་ལོ༔ སངས་རྒྱས་དཀའ་ཐུབ་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་གཙུག་ཏོར་སྙིང་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ངེས་པར་འོངས་པ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྤོས་ངད་བསུང་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་མེ་ཏོག་དབང་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་གྲགས་པའི་དཔལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྤྲུལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྒྲ་དབྱངས་མི་ཟད་པ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་འོད་ཟེར་འཕྲོ་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་གསེར་གྱི་གཟུ་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སྣང་བ་བརྩེགས་པའི་དཔལ་ལ་ཕྱག་འཚལ་ལོ༔ སངས་རྒྱས་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ༔ སངས་རྒྱས་དགའ་བ་མཆོག་གི་དཔལ་ལ་ཕྱག་འཚལ་ལོ༔ སངས་རྒྱས་གཟི་བརྗིད་དཔལ་ཞེས་ལ་ཕྱག་འཚལ་ལོ༔ སངས་རྒྱས་མང་པོ་འདུ་ཞེས་བྱ་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ངན་སོང་ཐམས་ཅད་སྦྱོང་ལ་ཕྱག་འཚལ་ལོ༔ སངས་རྒྱས་འཇིག་རྟེན་དགེ་བ་འབུམ་ལ་ཕྱག་འཚལ་ལོ༔ སངས་རྒྱས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་མེ་ཏོག་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཐམས་ཅད་སྣང་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་ཙནྡན་དྲི་ཞེས་བྱ་བ་ལ་ཕྱག་འཚལ་ལོ༔ སངས་རྒྱས་སེང་གེ་འབུམ་གཟུགས་ལ་ཕྱག་འཚལ་ལོ༔ གུ་རུ་ཨ་ལ་ལ་ཧོ༔ བླ་མ་སྤྲུལ་སྐུ་བདག་ལ་དགོངས༔ དུས་གསུམ་སངས་རྒྱས་འཁོར་དང་བཅས༔ བྱིན་རླབས་སྒྱུ་ལུས་འདི་ལ་ཞུ༔ སྤྱི་གཙུག་གཞན་དུ་ཤེས་པར་བྱའོ༔ ཨོཾ་ཨཱཿཧཱུྃ་གུ་རུ་ནིརྨ་ཎ་ཀཱ་ཡ༔ སརྦ་ཤཱཀྱ་མུ་ན་ཡེ་སིདྡྷི་གྷ་ཏྲ་ཧཱུྃ༔ དེ་ལྟར་འདས་པའི་སངས་རྒྱས་ལྔ་བཅུ་རྩ་བཞི་ལ༔ བཙུན་མོས་མཚན་བརྗོད་ལྷ་ཕྱག་རེ་རེ་བཙལ༔ ལུས་ཀྱང་ཞི་ནས་ནད་ཀྱི་སྡུག་བསྔལ་སོས༔ ངག་ཀྱང་ཞི་ནས་རྩུབ་ཚིག་ཡེ་མི་སྨྲ༔ སེམས་ཀྱང་ཞི་ནས་ཀུན་ལ་བུ་བཞིན་བྱམས༔ ཡང་ནི་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ད་ལྟར་བཞུགས་པའི་ལྔ་བཅུ་རྩ་བཞི་བརྗོད༔ ཨ་ལ་ལ་ཧོ༔ སྐུ་མདོག་དམར་པོ་ཕྱག་གཡས་རྡོ་རྗེ་གསོར༔ གཡོན་པས་མེ་ཡི་སྡིག་པ་དམར་པོ་བསྣམས༔ སྐུ་ཡི་ཆ་ལུགས་ཁྲོ་བོ་རྔམས་བཞི་ལྡན༔ གུ་རུ་རྣམ་པར་གནོན་ལ་ཕྱག་འཚལ་ལོ༔ འཕེལ་འགྲིབ་རྡོ་རྗེ་ཡི་ནི་ཚིག་གཏེར་ཕྱུང་༔ ཨ་ལ་ལ་ཧོ༔ དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མ་འོངས་པ་ཡི་མཚན་བརྗོད་རྒྱུ་སྐོང་གསུངས༔ འཁོར་འདས་གཉིས་སུ་མེད་པའི་བྷནྡྷ་རུ༔ རང་བཞིན་གནས་པའི་རྒྱུ་དངོས་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ རྣམ་སྨིན་སྒྱུ་ལུས་སྐྱེ་འཆི་བྷནྡྷ་རུ༔ ཐ་མལ་སྒོ་གསུམ་སྡོམ་གསུམ་བདུད་རྩིས་བཀང་༔ རིག་འཛིན་ཀུཉྫ་ར་ཡི་ཐུགས་དམ་བསྐང་༔ མཁའ་འགྲོའི་ལས་དབང་ཆོས་མཚོའི་ཐུགས་དམ་བསྐང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ སེམས་ཉིད་མ་བཅོས་ཏིང་འཛིན་བྷནྡྷ་རུ༔ སྣང་བ་རང་གྲོལ་ཁ་ཡན་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ པཎ་ཆེན་བརྒྱ་དང་རྩ་བརྒྱད་ཐུགས་དམ་བསྐང་༔ ལོ་ཙཱ་བརྒྱ་དང་རྩ་བརྒྱད་ཐུགས་དམ་བསྐང་༔ ཉིང་འཁྲུལ་བག་ཆགས་རྨི་ལམ་བྷནྡྷ་རུ༔ རྫུན་སྣང་ངོ་བོ་ཡེ་ཤེས་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ ཐིམ་གསུམ་སྣང་མཆེད་འཆི་ཁའི་བྷནྡྷ་རུ༔ ཞེན་ཆགས་ཁམས་འཁྲིས་མེད་པའི་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ ལུགས་འབྱུང་ལུགས་ལྡོག་སྲིད་པའི་བན་དྷ་རུ༔ འཁོར་འདས་འོད་བཅུ་རྣམ་བྱང་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ སྐྱོན་བྲལ་ཆོས་ཉིད་མངོན་སུམ་བྷནྡྷ་རུ༔ ནམ་མཁའ་གསུམ་སྤྲུགས་དབྱིངས་རིག་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ མ་ཟད་མི་ཟད་རྒྱན་འཁོར་བྷནྡྷ་རུ༔ སྣང་བ་རང་སོ་ཟིན་པའི་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ ཞེ་སྡང་ཁོང་ཁྲོའི་གཏོར་གཞོང་དུ༔ སྡིག་སྒྲིབ་ཅན་གྱི་དཔལ་བཤོས་བཙུགས༔ བྱམས་པ་ལྔ་ཡི་མཐེབ་ཀྱུས་སྦྲན༔ འཁོར་གསུམ་ཡོངས་དག་ཛ་གད་གསལ༔ རྣམ་ཤེས་ཚོགས་བརྒྱད་རཀྟས་བརྒྱན༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ མ་དཔེ་གཞན་ན། མ་ཟད་མི་ཟད་རྒྱན་འཁོར་བན་དྷ་རུ༔ སྣང་བ་རང་སོ་ཟིན་པའི་བདུད་རྩིས་བཀང་༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ སྡུག་བསྔལ་ཙིཏྟའི་གཏོར་གཞོང་དུ༔ སེར་སྣ་འཇུར་གེགས་དཔལ་བཤོས་བཙུགས༔ སྙིང་རྗེ་ལྔ་ཡི་མཐེབ་ཀྱུས་སྦྲན༔ མཐོ་རིས་བདུན་ལྡན་ཛ་གད་གསལ༔ ཉོན་མོངས་དུག་ལྔའི་རཀྟས་བརྒྱན༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ སྤྲོ་དགའ་པགས་པའི་གཏོར་གཞོང་དུ༔ འཚེ་བ་ཞུམ་པའི་དཔལ་བཤོས་བཙུགས༔ དགའ་བ་ལྔ་ཡི་མཐེབ་ཀྱུས་སྦྲན༔ སྦྱོར་སྒྲོལ་གཉིས་ཀྱི་ཛ་གད་གསལ༔ དཀར་དམར་ཆུ་སེར་རཀྟས་བརྒྱན༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ རང་གར་ཁོག་པའི་གཏོར་གཞོང་དུ༔ མི་གཙང་སོ་གཉིས་དཔལ་བཤོས་བཙུགས༔ བཏང་སྙོམས་ལྔ་ཡི་མཐེབ་ཀྱུས་སྦྲན༔ ཕུང་པོ་ལྔ་ཡི་ཛ་གད་གསལ༔ སེམས་སྤྱོད་ཏིང་འཛིན་རཀྟས་བརྒྱན༔ བླ་མ་བསྟན་གཉིས་སྐོར་གསུམ་ཐུགས་དམ་བསྐང་༔ སྐུ་ལྔ་བདེ་བ་ཆེན་པོའི་ཐུགས་དམ་བསྐང་༔ ཨ་ལ་ལ་ཧོ༔ འདིར་ངན་སོང་གསུམ་གྱི་དགུ་གསུམ་ཉི་ཤུ་རྩ་བདུན་གྱི་གུ་རུ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་ལྷ་མོ་ལཱ་སེ་མ་ལ་ཕྱག་འཚལ་ལོ༔ ཞི་བའི་ལྷ་མོ་མི་འབྱེད་མ་ལ་ཕྱག་འཚལ་ལོ༔ སྤྲུལ་པའི་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ༔ བྱིན་རླབས་ལྷ་མོ་བདེ་བ་མ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ རིན་ཆེན་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ པདྨ་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ ཀརྨ་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ བུདྡྷ་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ སྨུག་ནག་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ ནག་སྨུག་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ དམར་སྨུག་ཌཱ་ཀི་མ་ལ་ཕྱག་ལོ༔ སྨུག་དམར་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ ལྗང་སྨུག་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ སྨུག་ལྗང་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ མཐིང་སྨུག་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ སྨུག་མཐིང་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ དཀར་སྨུག་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ སྨུག་དཀར་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ སེར་སྨུག་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ སྨུག་སེར་ཌཱ་ཀི་མ་ལ་ཕྱག་འཚལ་ལོ༔ དེ་ལྟར་མ་འོངས་ལྷ་མོ་ཉི་ཤུ་བརྗོད༔ བཙུན་མོས་ལྷ་མོ་རེ་ལ་ཕྱག་བཙལ་བས༔ ལུས་ཀྱང་ཞི་ནས་མཚན་དང་དཔེ་བྱད་ལྡན༔ འོད་དང་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས༔ ངག་ཀྱང་དུལ་ནས་སྙན་པའི་དབྱངས་དང་ལྡན༔ ཕྱོགས་བཅུའི་འབངས་རྣམས་ཐམས་ཅད་ངག་ལ་འདུ༔ སེམས་ཀྱང་ཞི་ནས་མཉམ་པའི་ཆ་ལ་འཇོག༔ བདག་དང་གཞན་རྣམས་ཕྱོགས་དང་རིས་མི་གཅོད༔ གུ་རུའི་སྐུ་ལ་བསྐོར་ནས་ཕྱག་བྱས་པས༔ རྗེས་ལ་མེ་ཏོག་སྣ་ཚོགས་ལམ་ལམ་སྣང་༔ བཙུན་མོ་ཤིན་ཏུ་དགའ་བའི་སེམས་སྐྱེས་ནས༔ བསྟན་པའི་སྒྲོན་མེ་ཨོ་རྒྱན་ཆེན་པོ་ལགས༔ དྲིན་ལན་ལན་གྱིས་མ་ལོན་ཁོ་མོས་དངོས་ལན་ནོ༔ ལེའུ་བཅུ་དྲུག་པའོ༔
ལེའུ་བཅུ་བདུན་པ།
ཨོ་རྒྱན་རྒྱལ་པོའི་གདུང་བརྒྱུད་མི་འཆད་ཕྱིར༔ བདག་གི་བུ་མོ་ལྷ་ལྕམ་ཁྲོམ་པ་རྒྱན༔ དྲིན་ཅན་ཉིད་ལ་གཏན་གྱི་གྲོགས་སུ་འབུལ༔ དེ་ལ་མོ་མ་ཀུན་ཤེས་ཐིངས་པོས་སྨྲས༔ བཙུན་མོས་ཞུས་པ་དེ་ནི་ཤིན་ཏུ་ལེགས༔ བསྟན་པའི་བདག་པོ་རྒྱལ་སྲས་གུ་རུ་ལགས༔ གུ་རུའི་གདུང་ཆད་སེམས་ཅན་འཆོལ་བར་འགྲོ༔ འཆོལ་པར་སོང་ན་དུད་འགྲོ་ཕྱུགས་དང་འདྲ༔ རྒྱལ་རིགས་དྲ་མ་ཆེན་པོ་པད་འབྱུང་ལགས༔ དངོས་ཀྱིས་མོ་བཞིན་བགྱིས་ན་ཆབ་སྲིད་ཟིན༔ འདི་ནི་ཁབ་ཏུ་བཞེས་པའི་རིགས་ལགས་སོ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསོལ་པ༔ ཨོ་རྒྱན་རྒྱལ་པོ་པདྨ་འབྱུང་གནས་ལགས༔ བཙུན་མོས་དྲིན་ལན་བུ་མོ་ཕུལ་པ་འདི༔ དད་པ་མི་ལྡོག་ཁབ་ཏུ་བཞེས་པར་ཞུ༔ བུ་མོ་འདི་ལ་འཇིག་རྟེན་གཞན་དག་ནས༔ འདོད་ནས་ཚིག་སྨོད་འགའ་དང་འགའ་ནི་གདའ༔ ལས་འཕྲོ་ཅན་ནམ་བུ་མོ་བདག་མཆིས་ཀྱང་༔ རྒྱལ་པོ་དྲ་མ་ཞིག་གི་གྲོགས་བྱེད་ན༔ ཕྱི་མ་གཞན་ལ་བདག་ནི་མི་མཆིས་སྐད༔ བུ་མོའི་མིང་ཡང་འཕྲུལ་དགུ་སྒྱུར་མར་བཏགས༔ དེ་ནས་ཨོ་རྒྱན་ཆེན་པོས་བཀའ་སྩལ་པ༔ བོད་ཁམས་འདི་ཡི་སེམས་ཅན་ཐམས་ཅད་ཀྱིས༔ པད་འབྱུང་བདག་ཞལ་མངོན་སུམ་མཐོང་གིན་དུ༔ ཆོས་བཤད་བཀའ་རྒྱུན་མི་འཆད་ཐོས་པ་དང་༔ བཻ་རོ་ཙ་ནའི་དགོངས་པའི་བྱིན་རླབས་དང་༔ མངའ་བདག་རྒྱལ་པོའི་འབད་རྩོལ་དད་པ་ཡིས༔ སེམས་ཅན་ཀུན་གྱི་ཕྱི་རབས་ཨ་ཅང་ཆེ༔ འདོད་ཆགས་ཆེ་ཞིང་ཆགས་པ་དྲག་པོ་མོ༔ བཙུན་མོ་འདི་ཡི་སྒྲིབ་པ་བྱང་ནས་འདུག༔ ཚོགས་རྫོགས་འགྱོད་བཤགས་དེ་ཡི་ཡོན་ཏན་གྱིས༔ སང་ཉིན་ཉི་མའི་རྩེ་ལ་སངས་རྒྱས་འགྲོ༔ རྒྱལ་པོའི་མངའ་འོག་མེ་ཏོག་སྣ་ཚོགས་འཐུས༔ སང་ཉིན་རྩེ་ལ་ཐམས་ཅད་རྒྱལ་སར་འདུས༔ དེ་སྐད་ཨོ་རྒྱན་པདྨས་གསུངས་པ་དང་༔ རྒྱལ་པོ་ཡབ་ཡུམ་རྗེ་འབངས་ཤིན་ཏུ་དགའ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ ལྷ་ལྕམ་ཁྲོམ་པ་རྒྱན་ལ་དགོངས་པ་མཛད༔ ཕྱི་ཡུལ་བཟང་ལ་ནང་སེམས་དགེ་བར་སྣང་༔ འགྲོ་བའི་དོན་མཛད་སེམས་ཅན་མཐུན་པར་བྱ༔ རབས་ཆད་མ་ནིང་བྱ་བའི་ངག་གཅད་ཕྱིར༔ གུ་རུས་ཁབ་ཏུ་བཞེས་པར་ཞལ་གྱིས་བཞེས༔ དེ་ལ་འཁོར་པ་རྣམས་ཀྱང་དངོས་སྤྲོའོ༔ རྒྱལ་པོ་ཡབ་ཡུམ་ཤིན་ཏུ་དགྱེས་པར་གྱུར༔ བོད་འབངས་རྣམས་ཀྱིས་ནགས་ཚལ་མེ་ཏོག་བཏུས༔ ལོ་ཧི་ཏ་ལ་སྐུ་ཁྲུས་བྱས་ནས་སུ༔ སང་ཉི་རྩེ་ཤར་བསམ་ཡས་ཀུན་ཚོགས་ནས༔ རྒྱལ་སྲས་པད་འབྱུང་སྐུ་ལ་སྐོར་བ་བྱེད༔ ལྷ་ཕྱག་མཆོད་འབུལ་མེ་ཏོག་སྣ་ཚོགས་གཏོར༔ ལ་ལས་རྔ་རྡུང་ལ་ལས་ཆ་ལང་རྡེབ༔ ལ་ལས་དུང་འབུད་ལ་ལས་སྤོས་རིགས་གཏོང་༔ ལ་ལས་དར་འཕྱར་ལ་ལས་གདུགས་ནི་བསྐོར༔ ལ་ལས་རྒྱལ་མཚན་ལ་ལས་རྔ་འཆམས་གར༔ ཕྱོགས་བཅུ་ཀུན་ཏུ་ལྷ་ཕྱག་བཙལ་བ་ཡིས༔ ས་གཞི་ཀུན་ལ་མེ་ཏོག་སྣ་ཚོགས་སྐྱེས༔ ནམ་མཁའ་ཀུན་ལ་མེ་ཏོག་མང་པོ་ཤར༔ སྲིན་པའི་གསེབ་ནས་བར་སྣང་སྒྲ་སྙན་སྒྲོག༔ འདས་པའི་མཁའ་འགྲོ་མང་པོ་དབྱིངས་ན་བཞུགས༔ མ་འོངས་མཁའ་འགྲོ་མང་པོས་སྒྲུབ་བྱིན་རློབ༔ ད་ལྟར་བཞུགས་པའི་མཁའ་འགྲོ་མངོན་སུམ་མཐོང་༔ རྒྱལ་འབངས་ཁམས་གསུམ་གླིང་དགུའི་སེམས་ཅན་རྣམས༔ སྔ་ཕྱི་ད་ལྟ་གསུམ་གྱི་སྒྲིབ་པ་བྱང་༔ ཨོ་རྒྱན་པདྨས་ཕྱིར་མི་ལྡོག་ལུང་བསྟན༔ དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་དང་༔ བོད་ཀྱི་དགེ་སློང་བཻ་རོ་ཙ་ན་དང་༔ རྒྱལ་སྲས་མུ་ཏིག་བཙན་པོ་ཁྲོམ་པ་རྒྱན༔ ནོམ་མོ་གསུམ་བཅས་ཆིབས་རྟ་ནག་པོ་རྣམས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཐུགས་དགོངས་བསྒྲུབས༔ འགྲོ་དོན་མཐར་ཕྱིན་མཛད་ནས་ཤེལ་ཕུག་གཤེགས༔ ལྟོ་ལོང་བཏབ་པ་སངས་པའི་ལེའུ་སྟེ་བཅུ་བདུན་པའོ༔
ལེའུ་བཅོ་བརྒྱད་པ།
དེ་ནས་བཀོད་གཞི་བསྟན་པ་ནི༔ དུས་གསུམ་སེམས་ཅན་རང་བཞིན་གྱི༔ གསོན་ཚེ་རིང་ལ་རྟག་པར་རྟོགས༔ ཤི་ནས་སེམས་ཅན་ཆད་པར་རྟོགས༔ རྟག་ཆད་འཕྲང་ལ་མུ་བྱས་ནས༔ སྤྱོད་པ་ཙབ་ཙུབ་རྒྱུན་དུ་གནས༔ གསོག་འཇོག་འདུ་བྱེད་བདེ་སྡུག་གཡེངས༔ མ་རིག་ལས་སྒྲིབ་རྒྱུ་རྐྱེན་བསྐྱེད༔ དེ་བཞིན་ཉིད་ཟབ་དོན་མ་རྟོགས༔ ཉེས་པ་ལྔ་ཡིས་ས་གཏིང་འཕུལ༔ འཇིག་རྟེན་དྲུག་གི་འཁོར་བར་བརྒྱུད༔ སྲིད་གསུམ་སྐྱེ་བ་བཞི་རུ་འཁོར༔ ཁྱད་པར་སེམས་ཅན་ལས་ཀྱིས་མནར༔ འཁྲིག་ཆགས་གཡེམ་པའི་ལས་ངན་གྱིས༔ ཉོན་མོངས་དུག་ལྔས་བདེ་མི་སྟེར༔ སེམས་ནི་ཕྱིར་ཡེངས་རྟ་རྒོད་འདྲ༔ འཁྲིག་པས་འཁོར་བའི་ས་བོན་བཏབ༔ ཆགས་པས་ཐར་པའི་ལམ་དང་བྲལ༔ འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན༔ གནས་དང་འབྱུང་བའི་སེམས་ཅན་རྣམས༔ སྡིག་པའི་ལས་ལ་སྤྱོད་རྣམས་ཀྱིས༔ སྐུ་གསུམ་སྒྲུབ་པའི་ལམ་འགགས་ནས༔ མཐར་ཐུག་ལྟ་བ་དེ་ཉིད་ལ༔ ཡང་དག་སྤྱོད་པ་འགའ་ཡང་མེད༔ ལ་ལ་སྒྲིབ་པ་བཅུ་ལ་སྤྱོད༔ ལ་ལ་གཡེང་བའི་ལས་ལ་སྤྱོད༔ ལ་ལ་རྟོག་འཛིན་ལས་ལ་སྤྱོད༔ ལ་ལ་དོན་མེད་ལས་ལ་སྤྱོད༔ ལ་ལ་གཡོ་སྒྱུའི་ལས་ལ་སྤྱོད༔ ལ་ལ་མི་དགེའི་ལས་ལ་སྤྱོད༔ ལ་ལ་རྟོག་འདོད་ལས་ལ་སྤྱོད༔ ལ་ལ་ཁྲམ་ཟོག་ལས་ལ་སྤྱོད༔ ལ་ལ་འགྱུར་ལྡོག་ལས་ལ་སྤྱོད༔ ལ་ལ་བཅས་བཅོས་ལས་ལ་སྤྱོད༔ ལ་ལ་གནས་བདེའི་ལས་ལ་སྤྱོད༔ ལ་ལ་ཡུལ་སྲིད་ལས་ལ་སྤྱོད༔ ལ་ལ་ཁྲམ་ཚོགས་ལས་ལ་སྤྱོད༔ ལ་ལ་ལྟོགས་འགོང་ལས་ལ་སྤྱོད༔ ལ་ལ་འདུ་བྱེད་ལས་ལ་སྤྱོད༔ ལ་ལ་རྩོད་དང་ཤགས་འགྱེད་སྤྱོད༔ ལ་ལ་མི་གཅིག་སྙན་གྲགས་སྤྱོད༔ ལ་ལ་ཐེར་ཟུག་ལས་ལ་སྤྱོད༔ ལ་ལ་འཇིགས་པ་བཅུ་དྲུག་སྤྱོད༔ དེ་ལྟར་ལོག་སྤྱོད་སྣ་ཚོགས་ཀྱིས༔ འཇིག་རྟེན་དྲུག་ཏུ་སྤྱོད་པ་རྣམས༔ སྡུག་བསྔལ་བཅུ་དྲུག་མཐའ་རྒྱས་པས༔ པད་འབྱུང་ཁབ་བཞེས་དོན་མ་གསལ༔ རྒྱལ་སྲས་པདྨ་འབྱུང་གནས་ང་༔ འགྲོ་བ་སེམས་ཅན་དོན་མཛད་པས༔ སེམས་ཅན་རྣམས་དང་མཐུན་པར་བསྟུན༔ རབས་བཅད་མ་ནིང་ངག་གཅད་ཕྱིར༔ ཡུལ་མི་མཐོ་རིས་ངན་སོང་གསུམ༔ ལྟུང་དང་རྩོད་དང་གོལ་བ་དང་༔ གླེན་ལྐུགས་བཀྲེས་སྤྱོད་སྦྱོང་ཞིང་འཁོར༔ སྐྱེ་དང་རྒ་དང་ན་དང་འཆི༔ བཙལ་དང་རྩོལ་དང་དགྲ་དང་གཉེན༔ ལྷ་རྣམས་གནས་སུ་ལྟུང་བ་དང་༔ གཡོ་འཁྲུག་སྡུག་བསྔལ་བཤད་མི་ལང་༔ ལྷ་མིན་རྩོད་དེ་གཞན་སྨོད་དང་༔ མི་བདེ་སྡུག་བསྔལ་བསམ་མི་ཁྱབ༔ མི་རྣམས་འཁོར་དང་འགྱུར་བ་དང་༔ ཆགས་པའི་སྡུག་བསྔལ་བསམ་མི་ཁྱབ༔ བྱོལ་སོང་གླེན་དང་ལྐུགས་པ་དང་༔ རྨོངས་པའི་སྡུག་བསྔལ་བསམ་མི་ཁྱབ༔ ཡི་དྭགས་བཀྲེས་དང་སྐོམ་པ་དང་༔ ལོག་རྟོག་སྡུག་བསྔལ་བསམ་མི་ཁྱབ༔ དམྱལ་བ་རྩོད་དང་སྦྱོང་བ་དང་༔ ཚ་གྲང་སྡུག་བསྔལ་བསམ་མི་ཁྱབ༔ བར་དོར་གནས་ངན་ལེན་དང་འཚོལ༔ འཇུག་ལྡོག་སྡུག་བསྔལ་བསམ་མི་ཁྱབ༔ འཁོར་བ་མི་རྟག་འགྱུར་ཞིང་ལྡོག༔ འཇིག་རྟེན་སྡུག་བསྔལ་བསམ་མི་ཁྱབ༔ ཀུན་ལ་བརྒྱད་ཀྱིས་ཁྱབ་པར་གནས༔ ཁམས་གསུམ་འཁོར་བའི་སེམས་ཅན་ནི༔ མ་རིག་ཀློང་ན་གནས་པ་ཡིན༔ མི་དགེའི་ལས་ལ་ཚེ་འཁྲིལ་འགྲོ༔ འཁོར་བར་སྐྱེ་བ་རྩི་ཐོག་འདྲ༔ དེ་ལས་ཐར་ཅིང་བདེ་བའི་ལམ་འགྲོ་ཕྱིར༔ འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་ལྕམ་འཕྲུལ་དགུ་བསྒྱུར་མ་ཁབ་ཏུ་བཞེས༔ བོད་དང་ཞང་ཞུང་གཉིས་ཀྱི་མཚམས་སུ་བྱོན༔ མ་ཕམ་གཡུ་མཚོ་ནག་མོའི་འགྲམ་དུ་བཞུགས༔ པདྨ་རྒྱས་པའི་ལྷ་ཁང་མཆོད་པ་ཕུལ༔ ཨོ་རྒྱན་ཆེན་པོས་འཁོར་ལ་བཀའ་སྩལ་པ༔ མ་ཕམ་གཡུ་མཚོ་རྟ་ལམ་ཉིན་གཅིག་འཁོར༔ དྷ་ན་ཀོ་ཤའི་མཚོ་ནི་འདི་དང་འདྲ༔ བདག་སྐྱེད་ཡུམ་ནི་དོན་གྱིས་རྟོགས་པར་བགྱི༔ ཡིད་གཞུངས་འདི་ལ་སྐོར་བ་འཁོར་གསུམ་བསྐོར༔ སངས་རྒྱས་གཞན་ནས་བཙལ་དུ་མེད་དེ་ཐོབ༔ ཨོ་རྒྱན་ཐོར་ཅོག་དགུ་ལྡན་དཔེ་བྱས་ནས༔ པདྨ་རྒྱས་པའི་ལྷ་ཁང་ཨེ་མ་ཧོ༔ སྣོད་མིན་ལོག་ལྟ་ཅན་ལ་གསང་བར་འོས༔ ཕོ་མོ་དད་པ་ཅན་ལ་འཆད་པར་འོས༔ ཉམ་མི་ང་བར་སྐོར་བ་འདི་ལ་བསྐོར༔ ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་ཕུལ༔ ལས་འཕྲོ་དག་པས་ངན་སོང་ཡུལ་མི་འགྲོ༔ ལྷ་ཁང་འདི་དོན་ལྟ་ཤེས་སྐྱོན་རྣམས་སེལ༔ དེ་བས་རྣར་ཉན་གོམ་པས་བགྲོད་པར་རིགས༔ འདི་བསྐོར་མཚམས་མེད་ལྔ་བྱས་བྱང་བར་འགྱུར༔ གཡུ་མཚོར་བཀྲུས་འཐུངས་བདེ་ཆེན་མཁའ་སྤྱོད་འགྲོ༔ བྱང་སེམས་གདུང་བརྒྱུད་མི་རྗེ་ལྷ་ཡི་སྲས༔ དེ་ཕྱིར་རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དུ༔ འཇིག་རྟེན་ནད་མེད་ཚེ་རིང་ཕུན་སུམ་ཚོགས༔ ངོ་ཚ་ཤེས་དང་སྦྱིན་དང་ཚུལ་ཁྲིམས་སྤྱོད༔ ཕུན་སུམ་ཚོགས་པས་ཁོང་དུ་ཆུད་པ་ཡིན༔ དེ་ལྟར་རྩོད་ལྡན་དུས་ཏེ་འཇིག་རྟེན་ན༔ འཚེ་དང་ནད་མེད་ཕུན་སུམ་ཚོགས་པས་དམན༔ གཡོ་དང་སྒྱུ་དང་དྲེགས་པ་ཕྲག་དོག་ལྡན༔ ཤེས་རབ་ཞན་ཅིང་ལོག་པར་ལྟ་བ་དང་༔ ལས་ངན་ལ་སོགས་ཀུན་ལ་དགའ་བ་ཡིན༔ ཐུགས་རྗེའི་འོད་ལྡན་ཉི་མ་ཤར་བ་ལ༔ འཚིག་པར་བྱེད་རྣམས་ངེས་པར་མི་དགའ་བས༔ བུད་མེད་ཤིན་ཏུ་བརྟག་པར་དཀའ་བ་ཡིན༔ བུད་མེད་བརྟག་པ་བུད་མེད་མཁས་པ་ཡིན༔ བྱ་བ་ཐམས་ཅད་ལེགས་པར་བརྟགས་ནས་བྱ༔ བུད་མེད་མ་བརྟགས་བསྟེན་པ་བདུད་ཀྱི་ལས༔ ཕྱི་རབས་རྗེས་སུ་འཇུག་པ་རྣམས་ཀྱི་དོན༔ འཕེལ་འགྲིབ་མེད་པ་མ་ཕམ་གཡུ་མཚོ་ལྟར༔ འཕྲུལ་དགུ་སྒྱུར་བའི་ལྷ་ལྕམ་བརྟག་པར་བྱ༔ ས་ཡི་ལྷ་མོ་རྟག་ཏུ་འཇུག་པ་ཡིན༔ གཉེན་པོ་བཟང་བའི་བཻ་རོ་ཙ་ན་ཁྱོད༔ གནས་མཆོག་དམ་པ་ཟླ་བ་སྤྲོ་བའི་ཡུལ༔ བལ་པོའི་ཡུལ་དེ་ཡ་བུ་ཡ་འགལ་ནས༔ བལ་མོ་ཤཱཀྱ་དེ་བ་སྤྱན་དྲོངས་ཤོག༔ མཚན་ཉིད་ཚང་བའི་མཚན་རྟགས་མི་བསླུ་ངེས༔ ཆིབས་པ་རྟ་ནག་ཆིབས་ནས་སྤྱན་འདྲེན་བཏང་༔ ཚད་པ་མཆི་བ་བལ་པོའི་ཡུལ་དུ་སླེབས༔ ནགས་ཚལ་གོ་རིམ་ཡིད་དུ་འོང་བ་ནས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཕྱིན༔ ལྷ་ལྕམ་བལ་མོ་ཤཱཀྱ་དེ་བ་ལ༔ དངོས་ངན་བཻ་རོ་ཙ་ན་བགྱི་བ་དེས༔ ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་པ༔ འདི་ན་མཆིས་པའི་བཻ་རོ་ཙ་ན་ཡིས༔ ཐོག་མའི་དུས་ནས་ད་ལྟ་ཡན་ཆད་དུ༔ སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ༔ དུས་གསུམ་བདེ་གཤེགས་རྣམས་ལ་མ་བཤགས་པས༔ རྒྱལ་པོའི་བཙུན་མོས་བདག་ལ་ལྟོ་ལོང་བཏབ༔ བདག་གིས་མ་ཉེས་ནམ་ལངས་ཉེས་པ་སངས༔ བཙུན་མོ་ནད་མཛེ་བྱུང་བས་སློབ་དཔོན་བསྟེན༔ མཛད་སྤྱོད་འདི་ཡི་དོན་རྣམས་བཤད་འཚལ་དགོངས༔ བསྟན་པའི་སྒྲོན་མེ་པདྨ་འབྱུང་གནས་ལ༔ བཙུན་མོས་དྲིན་ལན་ལྷ་ལྕམ་ཁྲོམ་རྒྱན་ཕུལ༔ ཁབ་ཀྱི་དམ་པ་འཕྲུལ་དགུ་སྒྱུར་མ་བཞེས༔ ཡུམ་གྱི་བཀྲ་ཤིས་མཚན་རྟགས་ཡོད་དམ་མེད༔ ས་ཡི་ལྷ་མོ་བརྟན་མས་བཟང་ངན་ཤེས༔ ཤིན་ཏུ་བློ་གསལ་ཁྱོད་དང་གཉིས་ཀྱིས་རྟོག༔ གསང་བའི་གཉེར་ཐུབ་སྲོག་ལུས་ཆགས་མེད་འོང་༔ ལེའུ་བཅོ་བརྒྱད་པའོ༔
ལེའུ་བཅུ་དགུ་པ།
དེ་ལ་བལ་མོ་ཤཱཀྱ་དེ་བས་སྨྲས༔ རྒྱལ་པོའི་སྲས་མོ་ལྷ་གཅིག་བརྟག་པ་ལ༔ ང་བས་ཡུལ་ཁམས་དེ་ཡི་མི་རྣམས་མཁས༔ རིག་པ་བློ་གསལ་ཆེ་བ་མ་ལགས་ཏེ༔ མ་དྲིས་འཆད་པ་ཟླ་མོ་གཡོག་མོ་མཁས༔ རྒྱལ་སྲས་གསུངས་ན་བཀའ་བསྩལ་བཞིན་དུ་མཆི༔ ཉིད་དང་འགྲོགས་ནས་བོད་དུ་འགྲོ་བར་བགྱིད༔ ཆིབས་རྟ་ནག་པོར་ཆིབས་ནས་གཡུ་མཚོར་སླེབས༔ བཻ་རོ་ཙ་ན་དང་འགྲོགས་བསམ་ཡས་ཕྱིན༔ ཁམས་གསུམ་མེ་ཏོག་སྒྲོལ་གྱི་ན་གར་བསྡད༔ བཻ་རོ་ཙ་ནས་བསམ་ཡས་པ་རྣམས་ལ༔ པད་རྒྱས་ལྷ་ཁང་མ་ཕམ་གཡུ་མཚོ་རུ༔ རྒྱལ་པོའི་སྲས་མོ་འགུགས་པར་སྒྲ་བསྒྲགས་སོ༔ ཡུལ་ཁམས་མི་རྣམས་ཤིན་ཏུ་སྤྲོ་བ་སྐྱེས༔ རྗེ་འབངས་ཐམས་ཅད་བསུ་བ་ལ་གཤེགས་སོ༔ བློན་པོའི་བུ་མོ་གཙང་མ་ཐམས་ཅད་དང་༔ དམངས་ཀྱི་བུ་མོ་གཙང་མ་ཐམས་ཅད་དང་༔ ཁྱེའུ་གཙང་མ་ཁམས་གསུམ་ན་གར་འདུས༔ བལ་མོ་ཤཱཀྱ་དེ་བས་མཚན་བརྟགས་པས༔ མགོ་མཇུག་ལེགས་པའི་ཡོན་ཏན་མཚན་ལེགས་བཟང་༔ འདྲ་བའི་དཔེ་ནི་ཨུཏྤལ་ལོ་མ་འདྲ༔ མིག་ནི་ཟར་མའི་མེ་ཏོག་འབྲས་བུ་འདྲ༔ དཔྲལ་བའི་གདེངས་ཆེ་ཟླ་བ་ཉ་བ་འདྲ༔ སྨིན་མའི་དཀྱུས་རིང་ཡི་གེ་ན་རོ་འདྲ༔ མཁུར་ཚོས་བཀྲག་གསལ་དུང་ཕོར་མཚལ་འདྲེས་འདྲ༔ ཤངས་ཀྱི་དབྱིབས་ལེགས་ཆིན་ཅེན་སྣ་ཚར་འདྲ༔ མཆུ་ལེགས་མུ་ཁྱུད་ཆ་ག་བཏང་པ་འདྲ༔ བཞད་པའི་ཚེམས་ལེགས་ལྷ་རྩེ་བ་གམ་འདྲ༔ གསུང་དབྱངས་སྙན་ཏེ་ནེ་ཙོའི་ཅོང་སྐད་འདྲ༔ ལྐོག་མའི་དབྱིབས་ལེགས་ལྷ་ཡི་ཐེམ་སྐས་འདྲ༔ མགྲིན་པའི་གསང་དོད་དངུལ་གྱི་བུམ་པ་འདྲ༔ ཐུགས་ཀྱི་ཕུགས་སྙོམས་གསེར་གྱི་སྤང་པོ་འདྲ༔ གསོལ་ལེགས་དངུལ་དཀར་གཤང་ཆུང་ཁ་སྦུབས་འདྲ༔ རྐེད་པའི་སྐབས་ཕྱེད་གཞུ་མོའི་ཚངས་པ་འདྲ༔ འདོམས་ཀྱི་མཚན་མ་པད་འདབ་བཅུ་དྲུག་འདྲ༔ བྱིན་པའི་གདུབ་འདྲིལ་རི་དྭགས་ཨེ་ན་འདྲ༔ ལུས་ཀྱི་བཀོད་པ་རིན་ཅེན་ཕུང་པོ་འདྲ༔ གཟུགས་ཀྱང་རན་པའི་ཚད་དང་ལྡན་པར་གདའ༔ མི་རིང་མི་ཐུང་མི་སྦོམ་མི་ཕྲ་ལྡན༔ དྲི་ཞིམ་ག་བུར་ཙན་དན་དྲི་མ་མནམ༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་ཁྲོམ་པ་རྒྱན༔ རྒྱལ་སྲས་པདྨས་ཁབ་ཏུ་བཞེས་པ་འདི༔ མི་གཞི་ལེགས་ལ་རབ་ཏུ་མཛེས་པར་གདའ༔ འདྲ་བ་བཅུ་བདུན་ཕྱི་ཡི་ཡུལ་ལ་ཚང་༔ དེ་ལ་ས་ཡི་ལྷ་མོ་བརྟན་མ་ལ༔ ནང་གི་སྒྲིབ་པ་ཆེ་ཆུང་ཁྱོད་ཀྱིས་རྟོག༔ དེ་སྐད་བཻ་རོ་ཙ་ནས་སྨྲས་པ་དང་༔ ས་ཡི་ལྷ་མོ་བརྟན་མས་བཀའ་སྩལ་པ༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་ཁྲོམ་རྒྱན་འདི༔ འབྱུང་བཞིས་བསྐྱེད་པས་ཕྱི་ཡུལ་རབ་ཏུ་མཛེས༔ རྣམ་ཤེས་སེམས་ཀྱིས་བསྐྱེད་པ་ལུང་མ་བསྟན༔ ནང་གི་ཚོགས་བརྒྱད་ཤིན་ཏུ་དགེ་མི་དགེ༔ ཉོན་མོངས་ས་བོན་ཟད་པས་དད་པ་ཆེ༔ སྦྱིན་པ་རྒྱ་ཆེན་གཏོང་ནུས་བརྩོན་འགྲུས་ཆེ༔ ཚུལ་ཁྲིམས་གཙང་མ་བསྲུང་ནུས་ཤེས་རབ་ཆེ༔ སྒྲུབ་པ་དང་དུ་ལེན་ནུས་སྤོབས་པ་མཐོ༔ བྱམས་པའི་སེམས་ལྡན་ཆོས་ཕྱིར་དཀའ་སྤྱོད་ནུས༔ ངེས་པའི་དོན་རྟོགས་བདེན་པའི་ཚིག་སྟོན་ནུས༔ སེམས་ཉིད་ས་བོན་སྐྱེ་མེད་དོན་རྟོགས་པས༔ ཚེ་འདིའི་སྣང་བ་ཡིད་ལ་མི་འདུག་གོ༔ བསྟེན་པའི་ས་རུ་མཐུན་པའི་ཡུམ་དུ་བཟང་༔ དེ་སྐད་བརྟན་མས་མཚན་ནི་བཟང་པོར་གསོལ༔ སྲིད་པས་བཀོད་པའི་གཙུག་ལག་གཞུང་བཞིན་དུ༔ གནམ་སྨན་བདུད་གཅོད་སྲི་མནན་བྱུར་ཕུད་དོ༔ འདྲེ་བཀར་ལྷ་གསོལ་དཔལ་སྐྱབས་གཡང་བློན་ནོ༔ དེ་ནས་གཡུ་མཚོའི་འགྲམ་གྱི་ཕོ་བྲང་དུ༔ གཡུ་ཁྲི་སྔོན་པོ་ལ་ནི་ལྷ་ལྕམ་བཞུགས༔ གསེར་ཁྲི་སེར་པོ་ལ་ནི་རྒྱལ་པོ་བཞུགས༔ ཁྱེའུ་དང་ནི་བུ་མོའི་ཚུལ་དུ་ཚོགས༔ ཡེ་ཤེས་མཁའ་འགྲོ་མང་པོས་བཀྲ་ཤིས་བརྗོད༔ འཇིག་རྟེན་མཁའ་འགྲོ་མང་པོས་གསོལ་བ་འདེབས༔ འགྱུར་མེད་རི་རབ་བཙུགས་བཞིན་ཚེ་སྲོག་བསྲིངས༔ དང་པོ་ཨོ་རྒྱན་པདྨ་འབྱུང་གནས་ཉིད༔ འཇིག་རྟེན་མི་ཡུལ་བླ་མར་གཤེགས་ཙ་ན༔ ཨོ་རྒྱན་ཡུལ་གྱི་དྷ་ན་ཀོ་ཤར་བྱོན༔ དྲི་མེད་མདངས་ལྡན་པད་སྡོང་འཁྲུངས་དུས་སུ༔ མཐུ་སྟོབས་བྱིན་རླབས་དྲེགས་པའི་ལྷ་འདྲེ་རྣམས༔ དམ་ལ་བཏགས་པས་པདྨ་རྒྱས་པར་ཚོགས༔ ཨོ་རྒྱན་པདྨ་འབྱུང་གནས་ཉིད་ལ་གསོལ༔ བདག་ཅག་རྣམས་ནི་ཨོ་རྒྱན་པདྨ་ཡིས༔ དམ་ལ་བཏགས་ཤིང་ལུང་ནི་ཕོག་ལགས་པས༔ བོད་ཀྱི་རྒྱལ་པོའི་སྲས་མོ་ཁྲོམ་རྒྱན་འདི༔ བྱ་བ་འདོད་འཇུག་སྤྲོས་པ་མེད་ལ་སྤྱོད༔ རྒྱལ་པོའི་སྲིད་འཛིན་སེམས་ཅན་འདྲེན་དོན་དུ༔ བཙུན་མོར་བཞེས་པ་རྒྱལ་སྲས་ཤིན་ཏུ་ལེགས༔ རབ་ཏུ་ལེགས་པས་སྨོན་ལམ་རེ་རེ་འདེབས༔ དེ་བཞིན་སྔགས་སྤྱོད་དམ་པའི་རིགས་ཅན་ལྔ༔ ཐེག་པ་ཆེན་པོའི་རིགས་ཅན་ལྷ་ཚངས་པས༔ ལྷ་ལྕམ་ཁྲོམ་པ་རྒྱན་ལ་འདི་སྐད་གསོལ༔ ཤིན་ཏུ་མཛེས་མ་འཕྲུལ་དགུ་སྒྱུར་མ་འདི༔ དེ་ལ་འདི་ནི་སྐུ་གསུང་ཐུགས་ཡོན་འཕྲིན༔ དབུ་ལོ་ཨུཏྤལ་ལོ་མ་འདྲ་བ་འདི༔ བདེ་བར་གཤེགས་པ་དབུ་ལ་བཀུར་བའི་རྟགས༔ ཡེ་ཤེས་ལྷ་དང་གཉིས་མེད་སྨོན་ལམ་འདེབས༔ མིག་གཉིས་ཟར་སྒང་མེ་ཏོག་འདྲ་བ་འདི༔ བདེ་སྟོང་ལོངས་སྤྱོད་བདེ་བ་རྒྱས་པའི་རྟགས༔ སྣང་སྲིད་ས་ལེར་གསལ་བར་སྨོན་ལམ་འདེབས༔ དཔྲལ་བའི་གདེངས་ཆེ་ཟླ་གསལ་ཉ་འདྲ་འདི༔ མཆོག་ཐུན་དངོས་གྲུབ་མཐའ་རུ་རྒྱས་པའི་རྟགས༔ འདོད་པའི་ཐིག་ལེ་ཟླ་གསང་སྨོན་ལམ་འདེབས༔ སྨིན་མ་ཡི་གེ་ན་རོ་འདྲ་བ་ནི༔ གསང་སྔགས་བསྟན་པ་དབུས་སུ་འབྱུང་བའི་རྟགས༔ བསྟན་ཞབས་གཏེར་གྱིས་སྐྱོང་བར་སྨོན་ལམ་འདེབས༔ མཁུར་ཚོས་བཀྲག་གསལ་དུང་ཕོར་མཚལ་འདྲ་ནི༔ མ་ནོར་ངེས་པའི་ས་ལ་གཏེར་སྦེད་རྟགས༔ སྐབས་སུ་སྤྲུལ་སྐུ་འབྱུང་བར་སྨོན་ལམ་འདེབས༔ ཤངས་དབྱིབས་རིན་ཅེན་སྣ་ཚར་འདྲ་བ་ནི༔ འཇིག་རྟེན་མི་ཡུལ་ལས་ཅན་འབྱུང་བའི་རྟགས༔ ཀུན་ལ་མ་ལྟར་བྱམས་པའི་སྨོན་ལམ་འདེབས༔ མཆུ་ལེགས་མུ་ཁྱུད་ཆ་ག་འདྲ་བ་ནི༔ བསྟན་པ་འཛིན་སྐྱོང་སྲུང་གསུམ་དར་བའི་རྟགས༔ ལྷ་མིའི་ལོ་ཙཱར་འགྱུར་བར་སྨོན་ལམ་འདེབས༔ བཞད་ཚེམས་ལྷ་རྩེ་བ་གམ་འདྲ་བ་ནི༔ ཐུགས་རྗེ་ཆེན་པོའི་བསྟན་པ་ཆགས་པའི་རྟགས༔ སྙིང་པོ་མ་ཎི་འདྲེན་པར་སྨོན་ལམ་འདེབས༔ ཚེམས་རྙིལ་མེ་ཏོག་དམར་པོ་འདྲ་བ་ནི༔ རིགས་དྲུག་སེམས་ཅན་ཆོས་ལ་བཀོད་པའི་རྟགས༔ ཉོན་མོངས་སྒྲིབ་པ་སེལ་བར་སྨོན་ལམ་འདེབས༔ སྨྲ་བའི་ལྗགས་བདེ་བར་སྣང་གློག་འདྲ་ནི༔ འཆད་ཉན་སྒོམ་པས་འགྲོ་བ་འདུལ་བའི་རྟགས༔ གཏེར་ཆོས་བསྟན་པ་དར་བའི་སྨོན་ལམ་འདེབས༔ གསུང་དབྱངས་ནེ་ཙོའི་ཅོང་སྐད་འདྲ་བ་ནི༔ སེམས་ཅན་མགུ་བྱེད་བདེ་གཤེགས་མཉེས་པའི་རྟགས༔ རྔ་གླིང་དབྱངས་ཀྱིས་ཐུལ་བར་སྨོན་ལམ་འདེབས༔ ཨོག་དབྱིབས་ལྷ་ཡི་ཐེམ་སྐས་འདྲ་བ་ནི༔ འཁོར་བའི་སེམས་ཅན་ཐེག་དགུས་འདྲེན་པའི་རྟགས༔ སྐྱེ་བ་རྣམ་བཞི་ཀུན་སྒྲོལ་སྨོན་ལམ་འདེབས༔ མགུལ་གྱི་གསང་དོད་དངུལ་བུམ་འདྲ་བ་ནི༔ སྐྱོན་མེད་ཡོན་ཏན་ཚང་བའི་བཀའ་དང་ལུང་༔ བདུད་རྩིའི་གཏེར་ཆོས་སྟོན་པར་སྨོན་ལམ་འདེབས༔ ཐུགས་ཀྱི་ཕུགས་སྙོམས་གསེར་སྦང་འདྲ་བ་ནི༔ ཆོས་ལ་ཕྱོགས་རིས་མེད་པ་སྤྱི་སྙོམས་རྟགས༔ གང་ཤར་ཐུགས་འཕྲད་གྲོལ་བར་སྨོན་ལམ་འདེབས༔ གསོལ་ལེགས་དངུལ་དཀར་སྦུབས་པ་འདྲ་བ་ནི༔ སེམས་ཅན་འགྲོ་དོན་སྐྱོ་དུབ་མེད་པའི་རྟགས༔ འཁོར་བའི་གཅོང་ནད་ཐོན་པར་སྨོན་ལམ་འདེབས༔ རྐེད་པའི་སྐབས་ཕྱེད་གཞུ་ཆངས་འདྲ་བ་ནི༔ སྐྱོན་ཡོན་རྩ་བ་དགེ་སྡིག་འབྱེད་པའི་རྟགས༔ སྐྱོན་བོར་ཡོན་ཏན་རྫོགས་པའི་སྨོན་ལམ་འདེབས༔ བྱིན་པ་རི་དྭགས་ཨེ་ན་ཡ་འདྲ་ནི༔ ཐེག་འོག་གོང་མའི་ལམ་སྟེགས་ཡིན་པའི་རྟགས༔ ས་བཅུ་རིམ་གྱིས་བགྲོད་པར་སྨོན་ལམ་འདེབས༔ སྐུ་ལུས་རིན་པོ་ཆེ་ལྟར་བཀྲ་གསལ་ནི༔ གསང་སྔགས་བླ་མེད་ཚེ་གཅིག་སངས་རྒྱས་རྟགས༔ སྦྱོར་སྒྲོལ་ཚད་ཕྱིན་གནས་སྟོབས་སྨོན་ལམ་འདེབས༔ སྐུ་ལུས་རན་པའི་ཚད་དང་ལྡན་པ་ནི༔ སྒོ་གསུམ་ཞི་དུལ་བཟོད་པ་བསྒོམས་པའི་རྟགས༔ སེམས་ཅན་ཡིད་འཇུག་མགོན་སྐྱབས་སྨོན་ལམ་འདེབས༔ བལ་མོ་ཤཱཀྱ་དེ་བས་མཚན་བརྟགས་པས༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་སླད་དུ༔ ཀླུ་ཡི་རྒྱལ་པོ་གཙུག་ན་རིན་ཅེན་དང་༔ ཚངས་པ་གཙུག་ཕུད་འཛིན་པ་འཁོར་དང་བཅས༔ གནོད་སྦྱིན་སྐར་མདའ་གདོང་ནི་འཁོར་དང་བཅས༔ མི་ནི་དྲི་མེད་གྲགས་པ་འཁོར་དང་བཅས༔ གསང་སྔགས་རྩ་བ་གཟུང་མ་མཚན་ལྡན་ཡིན༔ སྐྱེ་བ་འདི་ལ་སངས་རྒྱས་འཐོབ་པའི་རྟགས༔ འཁོར་བའི་གནས་སྒོ་གཅོད་པར་སྨོན་ལམ་འདེབས༔ དེ་ཡང་དོན་དུ་འདི་ལྟར་རོ༔ སེམས་ཅན་རྣམས་ཀྱི་མཚན་ཉིད་ནི༔ གནས་ལ་ཆགས་ཤིང་ཁྱིམ་ལ་དགའ༔ དེ་དག་དེ་ལས་བསྒྲལ་བའི་ཕྱིར༔ ལན་ཅིག་ཁྲོམ་པ་རྒྱན་ཞེས་པས༔ དེ་ནས་ཁྱིམ་པ་ཁྱིམ་དུ་འབྱིན༔ དེ་ཕྱིར་ཁྱིམ་ཐབ་ཅེས་པའོ༔ ལེའུ་བཅུ་དགུ་པའོ༔
ལེའུ་ཉི་ཤུ་པ།
དེ་ཚེ་དེ་དུས་ལྷ་ལྕམ་ཁྲོམ་པ་རྒྱན༔ ཕྱི་ཡུལ་བཟང་ལ་ནང་སེམས་དགེ་བ་མོ༔ ལྷ་ལྕམ་ཁྲོམ་རྒྱན་བག་དང་ལྡན་པ་ལ༔ དགུན་ཟླ་ཐ་ཆུང་ཉ་ཡི་རྨི་ལམ་ན༔ འོད་ནག་འདོམ་གང་ཁོང་དུ་སོང་བ་རྨིས༔ གཉིད་སད་ཙ་ན་ལུས་ལྕི་ཁོང་པ་འདར༔ ཡིད་འཁྲུགས་སྙིང་གཅུ་གཟུགས་ཕུང་ཀུན་མ་བདེ༔ འཕྲིགས་པ་སྐྱེས་ནས་ཀུན་ལ་མ་བཤད་གསང་༔ དམར་རྒྱན་མ་ལ་ཇི་ལྟར་བྱུང་བ་བཤད༔ བཟའ་དམར་རྒྱན་མས་བུ་མོར་འདི་སྐད་བརྗོད༔ ཨོ་རྒྱན་པདྨའི་ཐུགས་རྗེའི་སྤྲུལ་པ་དང་༔ སེམས་ཅན་རྣམས་ཀྱི་སྤྱི་མཐུན་བསོད་ནམས་ཀྱིས༔ བོད་ནི་མི་ནུབ་བསྟན་པ་དར་བའི་རྟགས༔ དེ་སྐད་བྱས་ནས་ལྷ་ལྕམ་ལྷ་བསངས་བྱས༔ ཕྱི་དེའི་ལོ་དུས་སྐུ་ལ་སྲས་གཅིག་འཁྲུངས༔ འཁྲུངས་པའི་དུས་དེར་ཀུན་ཀྱང་སྤྲོ་བ་སྐྱེས༔ དེ་ལ་འདུས་ནས་ཀུན་ཀྱང་ལྟད་མོ་ལྟ༔ ཨ་ཅང་མཚན་དང་མ་ལྡན་གཏི་ཐུག་ནས༔ མི་རྣམས་ཀུན་གྱིས་ཁ་དམར་ངན་པ་བཏགས༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཉིད༔ རྣམ་པ་ཐམས་ཅད་མཁྱེན་གྱིས་གསལ་བར་གཟིགས༔ བདུད་ཀྱིས་བསླུ་བ་ཡིན་པར་ངོ་མཁྱེན་ཅིང་༔ འདུལ་བའི་དུས་ལ་མ་བབས་བདུད་མ་གསུངས༔ བདུད་ཀྱང་གུ་རུའི་བུ་རུ་སྤྲུལ་པ་སྟོན༔ སློབ་དཔོན་པད་འབྱུང་བུ་རུ་མིང་བཏགས་ནས༔ ཞི་བས་བསྲིངས་ལ་ད་གཟོད་འདུལ་བར་དགོངས༔ མ་བུ་སར་སར་གཉིས་ཀ་ཐོབ་ལ་རྒྱུག༔ རྐང་མཐིལ་ལག་མཐིལ་པདྨའི་རི་མོ་ཡོད༔ བུ་དེ་སེམས་ཅན་གཞན་པས་སྐྱེ་བ་དྲག༔ ཕ་ནི་ཞེ་སྡང་བདུད་ཀྱི་བུ་ཡིན་པས༔ ལེགས་སུ་བཅོས་ཀྱང་རང་གི་རྒྱུ་ཉིད་གཙོ༔ སེམས་ཅད་ཤ་དང་ཁྲག་ལ་དད་ཀྱང་ཆེ༔ རུས་པ་ཁྲལ་ཁྲོལ་མིག་མཐོང་ཐམས་ཅད་ཀྱང་༔ ཀེང་རུས་གོ་བོ་བཞིན་དུ་མིད་ཀྱིན་གཏོང་༔ དེ་ཉིད་མཐོང་བས་ཐམས་ཅད་འཕྲིག་པ་སྐྱེས༔ མིང་ཡང་པདྨ་འབྱུང་གནས་ཆུང་བར་བཏགས༔ སྐྱེས་ནས་ཡབ་ལ་ཆོས་སློབ་མི་ཉན་པར༔ ཡབ་ལ་གསོལ་པ་པད་འབྱུང་ཆེན་པོ་ལགས༔ གཞན་ལ་ཕན་པ་མི་སློབ་དཀའ་ལས་ཆེ༔ བདག་རང་ཉིད་ལ་ཕན་པ་སློབ་པ་ཡིན༔ ཁ་རུ་ཟ་བའི་ཟས་སུ་ཤ་ཞིམ་པས༔ སེམས་ཅན་གསོད་ན་གསད་ཀྱིན་ཟ་བ་ཡིན༔ ལུས་ལ་གྱོན་པའི་གོས་སུ་པགས་པ་དྲོ༔ སེམས་ཅན་བསད་ནས་བཤུ་ཡིན་གྱོན་པ་ཡིན༔ ཇག་སྤྲང་རྐུན་མ་རྐུ་བའི་ཆོས་ཤིག་སློབ༔ པད་འབྱུང་གོ་བོ་བདག་ལ་ཐུགས་རྗེས་ཟུང་༔ དེ་སྐད་ཅེས་པ་ཡབ་ལ་གསོལ་བ་དང་༔ ཨོ་རྒྱན་པདྨས་བཀའ་སྩལ་པ༔ སེམས་ཅན་ཉོན་མོངས་སྙིང་རེ་རྗེ༔ སྒྱུ་མའི་ཕུང་པོ་ཉོན་རེ་མོངས༔ འབྲས་བུ་སེམས་འདི་ཉམ་རེ་ཐག༔ བདེན་ཚིག་བརྒྱ་སྨྲས་གཅིག་མི་གོ༔ གོལ་བའི་སེམས་ཅན་སྡིག་ཅན་ཞིག༔ བདག་གི་གནས་འདིར་སྐྱེས་པར་དཔྱད༔ གཞན་ལ་སྙིང་རྗེ་ཆུང་ལུགས་དང་༔ རང་ལ་བསོད་ནམས་དྲག་ཚུལ་དང་༔ ཤ་དང་ཁྲག་ལ་དད་ཚུལ་དང་༔ སྡིག་པའི་ལོག་ཚིག་སྨྲ་ལུགས་དང་༔ ཞེ་སྡང་བདུད་ཀྱི་རིགས་ཤིག་ཡིན༔ སེ་འཕང་ནག་པོའི་བུ་ཡིན་འདུག༔ ཆོས་ལ་བར་ཆད་བྱེད་པར་ངེས༔ འཁོར་གྱི་སེམས་ཅན་སླད་མ་ཀུན༔ འདི་ཡི་ཚིག་ནི་མ་ཉན་ཞིག༔ དེ་སྐད་ཅེས་པ་བཀའ་བསྩལ་ཏོ༔ པད་འབྱུང་གོ་བོ་ངོ་ནག་སོང་༔ མཚང་ཕོག་བར་དེར་མནོ་བསམ་བཏང་༔ ཤིན་ཏུ་ཞི་བྱས་བསླུ་བ་དྲན༔ ཉིན་བཞིན་ཕ་མར་སྐོར་བ་བྱས༔ ལྷ་ཕྱག་ལན་བརྒྱ་རྩ་བརྒྱད་བཙལ༔ ཁྲུས་བྱས་མེ་ཏོག་བརྒྱ་རྩ་ཕུལ༔ དེ་ལྟར་བྱ་བ་བྱས་ནས་སུ༔ ཡབ་ཀྱི་གསེར་གྱི་ཁ་ཊྭཱཾ་ལ༔ རྩེད་ཙུག་བྱས་ནས་རྩེ་མོ་བཙུགས༔ རྒྱུག་འཕྲོར་བུབ་པའི་ཚུལ་བྱས་བརྒྱབ༔ གུ་རུ་པདྨ་འབྱུང་གནས་ལ༔ གསེར་གྱི་ཁ་ཊྭཱཾ་མ་ཟུག་པར༔ དངུལ་གྱི་རྩེ་མོ་བརྒྱབ་པའི་སར༔ ཟངས་ཀྱི་རྡོ་རྗེར་ཝལ་གྱིས་སོང་༔ གསེར་གྱི་ཁ་ཊྭཱཾ་བརྒྱབ་པའི་སར༔ མེ་ཏོག་པདྨར་ལམ་གྱིས་སོང་༔ པད་ཆུང་སྐྱེངས་ནས་ངུ་ཚུལ་བསྟན༔ དེ་ལ་ཡབ་ཀྱིས་བཀལ་སྩལ་པ༔ བུ་ཁྱོད་མ་ལ་སྐྱེས་ཙ་ན༔ མཚན་དང་མ་ལྡན་འཇིགས་པ་ཞིག༔ རང་གི་གཟུགས་ཀྱི་ཕུང་པོ་ལ༔ ཚེར་མ་གཅིག་ཀྱང་མི་བཟོད་པར༔ གཞན་དག་སེམས་ཅན་མང་པོ་ཡི༔ སྲོག་གཅོད་པགས་པ་གོས་གྱོན་ཟེར༔ ག་ལའི་སེམས་ཅན་བདུད་རིགས་གཅིག༔ བདག་ཉམས་གཞན་ལ་བླང་ངོ་ཅོག༔ མ་ནོར་བདེན་པའི་དོན་བསྟན་ན༔ མི་བདེན་ཕྱིན་ཅི་ལོག་ཏུ་བྱེད༔ པདྨའི་བསྟན་པ་བསྣུབ་སྙམ་ནས༔ གསེར་གྱི་ཁ་ཊྭཱཾ་ང་ལ་བརྡེགས༔ གསེར་གྱི་ཁ་ཊྭཱཾ་ང་མི་སོད༔ དངུལ་གྱི་ཁ་ཊྭཱཾ་ང་གསོད་དུ༔ ང་ལ་སྲོག་གི་ལན་ཆགས་མེད༔ དངུལ་ཊྭཱཾ་བརྡེགས་པ་དངོས་གྲུབ་མཆོག༔ དོན་དམ་བསྟན་ཀྱང་མི་ཉན་པས༔ བདེན་པའི་ས་བོན་ཁྱོད་ལ་མེད༔ དཔེར་ན་སེམས་ཅན་བློ་ལོག་གིས༔ ལྕགས་རྡོ་གསེར་དུ་ཞུ་བ་འདྲ༔ དེ་འདྲའི་སེམས་ཅན་སྡིག་ཅན་ཁྱོད༔ དམྱལ་བར་འགྲོ་བའི་སྐྱེ་ཤིང་གཅིག༔ ངན་སོང་གསུམ་གྱི་རྨང་རྡོ་གཅིག༔ བདེན་པའི་ས་བོན་ཁྱོད་ལ་མེད༔ སྡུག་བསྔལ་སྨིན་པའི་ས་བོན་ཡོད༔ སེམས་ཅན་ཉོན་མོངས་ཉོན་རེ་མོངས༔ ཞེས་གསུངས་ཡབ་ཀྱི་བསྟན་པ་མ་ནུབ་ནས༔ པད་ཆུང་གོ་བོ་མྱ་ངན་ཁོང་དུ་ཤི༔ ཤི་ནས་ཡབ་ཡུམ་འཁོར་ཀུན་མྱ་ངན་བྱེད༔ གཉེར་པ་སེ་འཕང་ནག་པོའི་བུ་ཡིན་འདུག༔ ལྷ་ལྕམ་ཁྲོམ་རྒྱན་མ་ནི་རོ་ལ་འཇུས༔ ངུ་འབོད་མྱ་ངན་སྨྲེ་སྔགས་དུ་མ་འདོན༔ ཨོ་རྒྱན་པདྨས་མྱ་ངན་ག་ལ་བྱེད༔ མ་ངུ་མ་ངུ་ཁྲོམ་པ་རྒྱན༔ འུ་བུ་ཅག་གི་བུ་མ་ཡིན༔ ལ་ལ་ལྷ་ཡི་ཐུགས་རྗེའི་བུ༔ ལ་ལ་བགེགས་ཀྱིས་བར་གཅོད་བུ༔ ལ་ལ་བདུད་ཀྱིས་དམོད་པའི་བུ༔ ལ་ལ་དམྱལ་བའི་ལན་ཆགས་བུ༔ ལ་ལ་སྲིན་གྱིས་བསླུས་པའི་བུ༔ དྲིན་ལ་ལན་གྱིས་སློན་པའི་བུ༔ བརྒྱ་དང་སྟོང་ལ་འགའ་རེ་ཙམ༔ ཅིར་ཡང་བུ་ཞེས་བྱ་བའི་རྒྱུ༔ སྔོན་ཚེ་སྐྱེ་བ་གོང་མ་ལ༔ ལས་ངན་བྱས་པའི་ལན་ཆགས་ནི༔ ཤིན་ཏུ་མི་བཟད་དོས་དྲག་པས༔ བུ་རུ་སྐྱེས་ནས་སྙིང་ལ་བསྙེགས༔ དེ་ལ་ཆགས་པར་མ་གྱུར་ན༔ དོན་གྱི་འབྲས་བུ་དེ་ཡིས་རྙེད༔ ཅེས་གསུངས་པས༔ ལྷ་ལྕམ་ཁྲོམ་པ་རྒྱན་འཁོར་མྱ་ངན་བྱེད་པ་ཀུན་གྱི་མྱ་ངན་ཐམས་ཅད་དགེ་བའི་ལས་ལ་སྤྱོད་པ་མཐོང་༔ གཉེར་པ་སེ་འཕང་ནག་པོ་མྱ་ངན་གྱིས་ཟིན་སོང་ངོ་༔ ལེའུ་ཉི་ཤུ་པའོ༔
ལེའུ་ཉེར་གཅིག་པ།
ཁྲོམ་རྒྱན་དོན་མེད་སྒྱིད་ལུག་སྐྱེ་བ་ཞུས༔ སེ་འཕང་ནག་པོ་པད་ཆུང་གོ་གདོང་གཉིས༔ སྔ་མ་གར་སྐྱེས་ཕྱི་མ་གང་དུ་སྐྱེ༔ བྱང་ཆུབ་སྐབས་ནི་ཡོད་མེད་གསུང་བར་ཞུ༔ དེ་ལ་ཨོ་རྒྱན་པདྨས་བཀའ་སྩལ་པ༔ ཅོལ་མེད་ཕ་དང་བུ་སྲིང་འཐབ་རྩོད་བྱེད༔ སྔ་མ་འཐབ་ལ་རབ་ཏུ་རྩུབ་པ་དང་༔ ཕྱི་མ་ཁྲོ་ལ་རབ་ཏུ་ཚིག་པ་ཅན༔ འདི་ནས་མི་གནས་བདུད་ཀྱི་ཆུ་བོ་བཞི༔ སེམས་ཅན་ཐམས་ཅད་དེ་ལ་འཇིགས་ཤིང་སྐྲག༔ ཕྱིན་ལོག་དད་པས་འཁོར་བ་སྟོངས་ཀྱིས་དོགས༔ སྨྲེ་སྔགས་མྱ་ངན་ངུས་པས་ལོག་ཡོར་རེ༔ ལས་འཕྲོ་མེད་པའི་སེམས་ཅན་སྡིག་ཅན་མང་༔ ཤིན་ཏུ་གྲངས་མང་བསམ་གྱིས་མི་ཁྱབ་བོ༔ སྐྱོན་གྱི་གོང་པོ་ཁྱིམ་ཐབ་ངོ་མ་ཤེས༔ འཇིག་རྟེན་ལས་ནི་བྱེད་ཀྱིན་ཡང་བྱེད་དགོས༔ བྱང་ཆུབ་མེད་པས་ཤི་ནས་ཟིན་པ་ཡིན༔ འཁོར་བའི་ལུས་འདི་བླངས་ཀྱིན་ཡང་ལེན་དགོས༔ འཁོར་བའི་བཙོན་ནས་ཐར་པའི་དུས་མི་འོང་༔ ཉོན་མོངས་ལོག་པར་འཁྲུལ་པའི་བུ་མོ་རྣམས༔ རང་དབང་ཡོད་དུས་མཁྲང་ཆེ་སྦོམ་རིང་དྲན༔ འཁོར་བ་རྒྱུན་མི་འཆད་ནི་བུད་མེད་ཡིན༔ སྲིན་མོ་དངོས་སུ་འབྱུང་བའི་མགོ་ནག་མ༔ གཟུགས་ཕུང་དཀྱིལ་དུ་དམྱལ་བའི་ཟངས་ཤིག་སྐྱེས༔ བཙོ་བསྲེགས་སྡུག་བསྔལ་ཐམས་ཅད་དེ་ལས་འབྱུང་༔ མཐོ་རིས་ཐར་པའི་འབྲུབ་ཁུང་ཟངས་དེ་ཡིན༔ བདེ་བ་མི་བདེ་བཙོ་སྦྱང་ཟངས་དེས་བྱེད༔ བུད་མེད་བྱ་བ་དམྱལ་བའི་ཟངས་ཀ་ཡིན༔ ཁྱོད་དང་འགྲོགས་ནས་དམྱལ་བའི་ཟངས་སུ་འཚོད༔ དམྱལ་བའི་ཟངས་སུ་བཙོ་གལ་བདག་ལ་མེད༔ བུད་མེད་བྱ་བ་བདུད་ཀྱི་བཙོན་ར་ཡིན༔ ཁྱོད་དང་འབྲེལ་ན་བདུད་ཀྱི་བཙོན་ར་སྟེ༔ བདུད་ཀྱི་བཙོན་རར་སྡོད་གལ་བདག་ལ་མེད༔ བུད་མེད་བྱ་བ་གཤིན་རྗེའི་གདོས་ཐག་ཡིན༔ ཁྱོད་ལ་དད་ན་གཤིན་རྗེའི་གདོས་ཀྱིས་འདོགས༔ གཤིན་རྗེའི་གདོས་གལ་པད་འབྱུང་བདག་ལ་མེད༔ བུད་མེད་བྱ་བ་དུག་གི་འདམ་རྫབ་ཡིན༔ ཁྱོད་ལ་དད་ན་དུག་འདམ་འཚོད་པ་ཡིན༔ གསོད་པའི་དུག་འདམ་བརྒལ་གལ་བདག་ལ་མེད༔ ཁ་དོག་རྒྱས་བའི་བུད་མེད་ནི༔ སྡོམ་པ་འཕྲོག་པའི་ཇག་པ་ཡིན༔ སོ་ཐར་འདུལ་ཁྲིམས་མེད་པ་ཡི༔ སོ་སོ་སྐྱེ་བོ་ངན་སྐྱོག་གོལ༔ པད་འབྱུང་ང་ལ་དགོས་པ་མེད༔ རྗེས་འཇུག་འདོད་པའི་སྡུག་བསྔལ་ཞི་བྱའི་ཕྱིར༔ ཚད་མེད་བཞི་དང་ལྡན་པའི་ཁྲོམ་པ་རྒྱན༔ མ་ཕམ་གཡུ་མཚོ་དྷ་ན་ཀོ་ཤའི་མཚོ༔ པདྨ་རྒྱས་པའི་ལྷ་ཁང་གཞལ་ཡས་སུ༔ ཤིན་ཏུ་མོས་གུས་ཆེ་བའི་ཁྲོམ་རྒྱན་བཞུགས༔ ཁྱོད་ནི་སྡིག་སྐྱོན་མ་གོས་རྨི་ལམ་ན༔ ནམ་མཁའི་མཐོངས་ནས་འཇའ་ཚོན་སྐས་ཀ་བཙུགས༔ སྐས་གཞུག་ཁྱོད་ཀྱི་དཔུང་པ་གཉིས་སུ་བཞག༔ གདང་བུའི་སྟེང་ལ་རྡོ་རྗེ་སེམས་དཔའ་བྱོན༔ མཚན་དང་དཔེ་བྱད་ལྡན་པ་སྤྱི་གཙུག་ཐིམ༔ སྐུ་ལས་འོད་འཕྲོས་སྟོང་གསུམ་གསལ་བ་རྨིས༔ གཉིད་སད་ལུས་བདེ་ཤིན་ཏུ་ཡིད་ཀྱང་སྤྲོ༔ དངོས་གྲུབ་མཆོག་དགོངས་ཤིན་ཏུ་མི་ལ་གསང་༔ ལྷ་ལྕམ་སྐུ་ལ་སྲས་བལྟམས་མཚན་དཔེ་ལྡན༔ སྲས་དེ་ཐབས་ཤེས་སྤྲུལ་པའི་སྐུ་ཡིན་པས༔ དགོས་འདོད་རེ་སྐོང་ཅི་འདོད་ཡིད་ལ་སྤྲོད༔ དགུང་ལོ་གཅིག་ལོན་ཤེས་རབ་ཚད་དུ་ཕྱིན༔ དགུང་ལོ་གཉིས་ན་སྙིང་རྗེའི་སེམས་དང་ལྡན༔ དགུང་ལོ་གསུམ་ན་ཡབ་ལ་ཆོས་འདྲི་སྤོབས༔ ཡབ་ཀྱིས་བསྟན་པ་ཙམ་གྱིས་སྲས་ཀྱིས་རྟོགས༔ སྐྱོན་སྤངས་ཡོན་ཏན་སྙན་པའི་སྒྲ་གྲགས་སོ༔ མིང་ཡང་སྙན་ཆེན་དཔལ་དབྱངས་ཞེས་སུ་བཏགས༔ འགྲོ་ལྡིང་ཡི་གེ་སྤྱི་ཚུགས་ཡི་གེ་སོགས༔ ཡིག་རིགས་མི་གཅིག་བདུན་ཅུ་རྩ་ལྔ་ཤེས༔ འཇིགས་རྟེན་དག་ན་མི་དགེའི་ཆགས་སྡང་རྟོག༔ འདི་དོན་མ་རྟོགས་ཐོས་པ་མི་གསོག་ན༔ མ་རིག་རྣམ་རྟོག་དྲ་བའི་རྒྱུན་མི་གྲོལ༔ ཆོས་ལ་སྤྱོད་དཀོན་དེ་བས་ཐེག་ཆེན་དཀོན༔ མ་ནོར་སྟོན་དཀོན་དེ་བས་མོས་པ་དཀོན༔ དེ་ཕྱིར་ང་ཡི་བུ་ཡིན་སྐལ་བ་བཟང་༔ བློ་ཆུང་འཕྱར་འཇག་ཆོས་ལ་ཕྱོགས་ཆ་ཆེ༔ ལོག་ལྟའི་ཚིག་གིས་འགྲོ་བའི་དོན་མི་འགྲུབ༔ དེ་བཞིན་དགོངས་སམ་ལྷ་ལྕམ་ཁྲོམ་པ་རྒྱན༔ བུ་འདི་ནོར་ཡོད་བུ་མེད་གཅིག་ལ་སྟེར༔ ལུས་ངག་ཡིད་གསུམ་དལ་མེད་ནོར་བསགས་ནས༔ ལུས་སེམས་བྲལ་འགྲོ་དྲན་པ་འཛིན་མི་དགོས༔ ནོར་བས་ལུས་བཞག་ལྟ་མྱུལ་བྱ་མི་དགོས༔ རིག་པ་སྣ་ཚོགས་འཐས་འཆི་མ་དྲན་རྒས༔ དེ་ལ་བུ་བྱིན་ཕན་ཐོགས་ཆེར་འོང་གསུངས༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་ཁྲོམ་པ་རྒྱན༔ སྨྲེ་སྔགས་ངུ་བཤུམ་ཤིན་ཏུ་ངུ་བཤུམས་བྱས༔ བཟའ་དམར་རྒྱན་མ་ཁ་རུ་ས་འགམས་ངུས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འདི་སྐད་གསུངས༔ དམར་རྒྱན་ཁྱོད་ཀྱིས་ལེགས་པ་ཅི་ཞིག་བྱས༔ མཁས་པ་བཻ་རོ་ཙ་ནར་ལྟོ་ལོང་བཏབ༔ ནད་དུ་མཛེ་བྱུང་བ་དེ་མ་དྲན་ནམ༔ མོ་བསྡུར་དཔྱད་ལྟོ་བྱས་པ་མ་དྲན་ནམ༔ ཁྱོད་ཁམས་བདེ་བ་སློབ་དཔོན་དྲིན་ལས་བྱུང་༔ ཕས་བུ་འབོགས་ལ་མ་སྨད་ཅི་ལ་ངུ༔ སློབ་དཔོན་མཉེས་ན་གང་དགར་སྦྱིན་པས་ཆོག༔ ཆོས་རྒྱལ་ཆེན་པོས་དེ་སྐད་གསུངས་པ་དང་༔ བཟའ་དམར་རྒྱན་མོ་མ་མགལ་སོ་བཏབ་བཞེངས༔ ཀྱེ་མ་ཀྱི་ཧུད༔ དྲིན་ལན་གཞལ་དུ་བཙུན་མོ་དམར་རྒྱན་ངས༔ རྒྱལ་ཁམས་མངའ་མཛད་མཐའ་ཡི་འདོད་མི་ལ༔ ཁྲོམ་རྒྱན་མ་བྱིན་བླ་མ་ཁྱོད་ལ་ཕུལ༔ བུད་མེད་ལུས་ལ་ས་རྡོ་མིན་པ་སྐྱེ༔ པད་ཆུང་གོ་བོ་ང་ཡི་བུ་མིན་ཏེ༔ གཉེར་པ་སེ་འཕང་ནག་པོའི་བུ་ཡིན་གསུངས༔ བུ་འདིས་ཆོས་ལ་བར་ཆད་བྱེད་ངེས་པས༔ འཁོར་བ་སེམས་ཅན་སླད་མ་ཀུན་གྱིས་ཀྱང་༔ འདི་ཡི་ཚིག་ལ་ཁྱོད་རྣམས་མ་ཉན་གསུངས༔ བྱེ་བྲག་མ་འདྲེན་ཤུགས་མཆེད་འདོད་དོ་གསུངས༔ བོད་དུ་སློབ་དཔོན་གདུང་བརྒྱུད་འབྱུང་ན་བསམས༔ ཞེས་བརྗོད་ཅིང་ངུས་སོ༔ ལྷ་ལྕམ་ཁྲོམ་པ་རྒྱན་གྱིས་འདི་སྐད་ཞུས༔ བར་ཆད་རྐྱེན་མང་ཟ་མ་མོ་ཡི་ལུས༔ སྐྱེ་རྒྱལ་མེད་ན་བུད་མེད་ལུས་འདི་རུལ༔ དཔེར་ན་སྐྱེས་བུ་ཡོན་ཏན་སྣ་དགུ་ལྡན༔ དཔའ་རྩལ་ཆེ་བ་མཚན་དུ་བཏགས་པ་ཡིན༔ མདུན་གྲོས་ངོས་ནས་གཙོ་བོར་མཚན་དུ་བཏགས༔ རིག་བྱེད་ངོས་ནས་བཟོ་བོར་མཚན་དུ་བཏགས༔ ཞེས་གསུངས་སོ༔ ཨོ་རྒྱན་པདྨའི་ཞལ་ནས་འདི་སྐད་གསུངས༔ ཡུལ་ནི་ངན་ལམ་རལ་གསུམ་བྱ་བ་ན༔ སྦ་བཟའ་རེ་མ་བྱ་བའི་བུ་ཤི་ནས༔ ནོར་རྫས་ཡོད་དེ་བུ་མེད་ཟེར་ནས་ངུ་༔ ཕ་མ་གཉིས་ལ་བུ་དེ་སྦྱིན་པ་ན༔ སངས་རྒྱས་བསྟན་པ་འདི་ལ་ཕན་ཐོགས་འོང་༔ བཤད་བརྒྱུད་སྒྲུབ་བརྒྱུད་ཉི་མ་ཤར་བ་འདྲ༔ ཡེ་ཤེས་མཁའ་འགྲོ་མང་པོས་བཀྲ་ཤིས་བརྗོད༔ འཇིག་རྟེན་མཁའ་འགྲོ་མང་པོས་གསོལ་བ་འདེབས༔ འགྱུར་མེད་རི་རབ་འཛུགས་བཞིན་ཚེ་སྲོག་བསྲིང་༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་འདི་ལ་ནི༔ ལྷ་སྲིན་སྡེ་བརྒྱད་རྣམས་ལ་བཀའ་བཙན་ཞིང་༔ སྐྱེ་འགྲོ་སེམས་ཅན་དོན་བྱེད་པ་ཞིག་འཁྲུངས༔ ངེས་པར་སྔགས་དང་མཚན་ཉིད་གསལ་བར་སྨྲ༔ པད་འབྱུང་བསྟན་པ་སྤེལ་ནུས་པ་ཞིག་འཁྲུངས༔ ལུས་སེམས་དཔལ་ཤར་བོད་ཀྱི་རྒྱན་དུ་བྱོན༔ ཕ་མ་གཉིས་ལ་བུ་བྱིན་ཡིད་ཆེས་པས༔ ཆོས་སྒོར་བཙུད་པས་འདི་ལྟར་ཤེས་པར་བྱེད༔ རྩེད་མོར་ཆོས་ཉན་པ་དང་འཆད་པ་དང་༔ འབྲི་ཀློག་མིན་པ་མི་བྱེད་པ་ཞིག་བྱུང་༔ ཆེར་སོང་ལས་འབྲས་ཁྱད་མི་གསོད་པ་བྱུང་༔ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ རྨ་རིན་མཆོག་དང་ཞང་བན་ཡེ་ཤེས་སྡེ༔ ལོ་ཙཱ་བཞི་བྱོན་དུས་སུ་མཚན་ཉིད་གསན༔ མཚན་ཉིད་མ་ལུས་དཔེ་དོན་གཞི་ལ་མཁས༔ དེ་དུས་བི་མ་མི་ཏྲ་རྒྱ་གར་ནས༔ བསམ་ཡས་སྤྱན་དྲངས་བྱོན་པ་ལ༔ སྒྱུ་འཕྲུལ་ཞི་ཁྲོ་རྫོགས་པར་གསན༔ བི་མའི་ལོ་ཙཱ་མཆིམས་པ་ཡོན་འབར་དང་༔ གཉགས་བན་ཛྙཱ་ན་ཀུ་མཱར་བྱ་བ་བཞུགས༔ གསང་སྔགས་ཚུར་གསན་མཚན་ཉིད་ཕར་ལ་བཤད༔ ཕར་སློབ་ཚུར་སློབ་མཛད་ནས་སྤྲོས་པ་བཅད༔ སེམས་ཕྱོགས་མ་ལུས་ནན་ཏུར་མཁས་པར་མཁྱེན༔ དེ་ནས་ཡུལ་ནི་ངན་ལམ་རལ་ཡུལ་བྱོན༔ ནམ་མཁའ་ཆེ་ནི་འཆད་ཀྱིན་ཡོད་ཙ་ན༔ ཨོ་རྒྱན་པདྨ་འབྱུང་གནས་ཐུགས་དགོངས་ལ༔ བཟང་པོ་ངན་པས་ཆུད་གསོན་མེད་དམ་ཅི༔ ཆོས་འཆད་སློབ་མར་སློབ་དཔོན་ངན་པ་ཡིན༔ བླ་མའི་རྐང་འདྲེན་པ་ལ་སློབ་མ་མཁས༔ དུས་ལ་མ་བབ་འགྲོ་དོན་བར་གཅོད་ཡིན༔ མགོ་ལ་རང་ཡུ་བཙུགས་ནས་ཕྱིར་ལོག་བསྐོར༔ དེ་འདྲའི་དཔོན་སློབ་གནས་ངན་ལེན་པའི་རྒྱུ༔ ནན་ཏར་དགེ་བའི་ཆོས་ཤིག་བྱེད་འདོད་ན༔ དམ་པ་རྣམས་ཀྱིས་སྨོད་ཅིང་བཞད་གད་རྒྱུར༔ མ་སོང་བྱེད་དགོས་འཇིག་རྟེན་སྤངས་བྱས་ནས༔ བསྟན་པའི་སྒོར་ཞུགས་རབ་ཏུ་བྱུང་བ་བྱས༔ རྒྱགས་སྲིས་འབུན་གཏོང་ནོར་གྱི་སྒྱུར་ལོག་བྱེད༔ ལུས་ངག་ཡིད་གསུམ་གཡེང་བར་གནས་པ་ནི༔ དམ་པ་རྣམས་ཀྱིས་སྨོད་ཅིང་བཞད་གད་རྒྱུ༔ དགེ་བའི་རྩ་བ་སྔོན་དུ་མ་སོང་བར༔ ཤེས་བྱ་ཤེས་བྱེད་རྟོགས་པར་ཆོས་སྐད་ཟེར༔ གོ་ཡུལ་ཚིག་ལ་སངས་རྒྱས་འདོད་པ་ཡང་༔ དམ་པ་རྣམས་ཀྱིས་སྨོད་ཅིང་བཞད་གད་རྒྱུ༔ སོ་སོར་ཐར་པའི་བསླབ་བྱ་ཙམ་ཡང་མེད༔ སྡོམ་པ་གསུམ་ལྡན་ཡོད་པར་ཁས་ལེན་ཀྱང་༔ དམ་པ་རྣམས་ཀྱིས་སྨོད་ཅིང་བཞད་གད་རྒྱུ༔ ཚེ་འདིར་རང་འཕུང་སྒྲུབ་ལས་མི་ཤེས་པར༔ མཁས་བཙུན་བཟང་གསུམ་འཛོམས་པར་ཁས་ལེན་ཀྱང་༔ དམ་པ་རྣམས་ཀྱིས་སྨོད་ཅིང་བཞད་གད་རྒྱུ༔ ཕན་སེམས་ཅུང་ཟད་ཙམ་ཡང་མེད་པར་ནི༔ མི་སྡུད་སེམས་ཅན་འགྲོ་དོན་བྱེད་པ་ཡང་༔ དམ་པ་རྣམས་ཀྱིས་སྨོད་ཅིང་བཞད་གད་རྒྱུ༔ སེམས་ཅན་དོན་དུ་རྟོགས་པའི་གདེངས་མེད་པར༔ དམ་ཚིག་སྡོམ་པ་མི་སྲུང་མི་མགོ་སྐོར༔ དམ་པ་རྣམས་ཀྱིས་སྨོད་ཅིང་བཞད་གད་རྒྱུ༔ ཆོས་འདི་བྱེད་ལོ་ཙམ་གྱིས་གོ་མི་ཆོད༔ བླ་མ་མཚན་ཉིད་ལྡན་དང་འཕྲད་དགོས་གསུངས༔ གང་བྱུང་བྱུང་དང་འཕྲད་པས་མི་འོང་གསུངས༔ བླ་མ་བཟང་པོ་འཚོལ་འཚོལ་འདོད་འདོད་ནས༔ བདུད་དང་འཕྲད་པའི་ཉེན་ཡོད་བརྟག་པ་གཅེས༔ བདུད་ནི་ཆོས་པར་ཅིས་ཀྱང་བརྫུ་བ་ཡིན༔ སྡིག་པ་མི་དགེའི་ལས་སྦྱོར་བདུད་ཡིན་ནོ༔ མི་ལ་གཞན་སྐྱོན་མང་པོ་བགྲངས་བགྲངས་ནས༔ རང་སྐྱོན་སེལ་བར་མི་བྱེད་བདུད་ཡིན་ནོ༔ རིགས་ངན་འཕྲལ་དབུལ་ངོ་ཚ་ཁྲེལ་གདོང་མེད༔ གདམས་ངག་ཅི་ཙམ་བཤད་ཀྱང་གཟུང་འཛིན་ཆེ༔ གདམས་ངག་ཆོས་ཐོབ་བརྩིས་ནས་བཤད་པར་རེངས༔ མུ་གེའི་དུས་ཀྱི་ཟོང་བཞིན་འཕྲོག་བཙོང་བྱེད༔ བདུད་ནི་སློབ་མར་བརྫུས་པ་བརྟག་པར་དཀའ༔ གང་ཞེ་ན༔ དམ་ཚིག་མེད་པ༔ རྫུན་ཆེ་བ༔ ཁྲེལ་མེད་པ༔ གདོང་ཆུང་བ༔ རང་འདོད་ཆེ་བ༔ ཕྱོགས་ཆ་ཆེ་བ༔ བསམ་པ་ངན་པ༔ དཔེ་བརྐུ་བ༔ གཞོགས་ངོམ་བྱེད་པ༔ བཀའ་བསླུ་བ༔ དད་པ་ཆུང་བ༔ འཇབ་མཁས་པ༔ བྱི་ལ་ལྟར་ཕྱིར་འབྱམས་དོན་ཆུང་བ༔ ནོར་ཆུང་བ་ལ་སོགས་ཀྱི་སྐྱོན་རྫོགས་པ༔ དེ་འདྲའི་སློབ་མ་བསྟན་པ་ལ་བཀོད་ཀྱང་༔ ཕན་ཐོགས་པར་མི་འོང་གནོད་པ་སྐྱེལ་བ་ལ་དགོངས་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ སྤྲང་རྒན་ཞིག་ཏུ་སྤྲུལ༔ དཔལ་དབྱངས་ཆོས་འཆད་པའི་ཆོས་གྲྭར་ཕྱིན༔ ཉིན་ཞིག་ཆོས་གྲྭར་སྤྲང་པོ་རྒས་པོ་བྱུང་༔ ཕྱག་མི་འཚལ་ཞིང་ཞྭ་མི་འབུད་པར་ཆོས་ཉན་གྱིན་འདུག༔ རེས་ཡིན་ཡིན་ཟེར་རེས་མིན་མིན་ཟེར་རོ༔ དེ་ནས་ཆོས་སྟོན་གྱེས་ཙ་ན༔ སྙན་ཨཱ་ཙརྱ་དཔལ་དབྱངས་ཟེར་ནས་སྒྲ་ཆེ་ཙམ་ན༔ ནམ་མཁའ་ཆེ་ལྟ་སྒོམ་ཤན་མ་ཕྱེད་པ་ཞིག་འཆད་ཀྱིན་གདའ་ཟེར་སོང་༔ སྙན་ཆེན་དཔལ་དབྱངས་སྙམ་ན༔ ད་རུང་སེམས་ཐག་མ་ཆོད་བྱུང་སྙམ༔ སྤྲང་པོ་དེ་བཙལ་བས་རྙེད་ནས་གདམས་ངག་ཞུ་བྱས་པས༔ ཁྱེད་དགེ་བཤེས་ང་ལ་གདམས་ངག་མ་ཞུ་ཞིག་ཟེར༔ འོ་ན་ད་གི་དེ་གསུངས་ཕྱིར་ཞུ་དགོས་བྱས་པས༔ སྙན་བརྒྱུད་ལེའུ་ཉིས་བརྒྱ་ཞེ་གཉིས་པ་གནང་ནས་སྤྲང་པོ་གར་སོང་ཆ་མེད་སོང་༔ སྙན་གྱི་ཐུགས་ལ་མིང་ཡང་མ་དྲིས་པས༔ གསོལ་བ་ཇི་སྐད་བྱས་ནས་གདབ་སྙམ་ནས་ཤིན་ཏུ་མ་དགྱེས་པར་ཡོད་ཙ་ན༔ ནམ་ཕྱེད་ལ་སྤྲང་པོ་ཉི་མའི་སྙིང་པོ་ཡིན་གསུངས༔ དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྙན་ཆེན་ལྷའི་ཡུལ་དུ་ལུང་བསྟན་ཏོ༔ སྒྲོན་མ་རྣམ་པ་དྲུག་ནི༔ ལྟ་བ་ཡང་དག་སྒྲོན་མ་མའི་དོན་དུ་མཛད་དོ༔ ཞུ་ལན་སྒྲོན་མ་སྣ་ནམ་ལྡོང་ཁྲིའི་དོན་དུ་མཛད་དོ༔ བཞི་པ་སེམས་ཅན་སྤྱིའི་དོན་དུ་མཛད་པར་གདའོ༔ མན་ངག་སྤྲུལ་པའི་འཁོར་ལོ་འདི་ཉིད་ཉི་རོངས་ཟངས་ཀྱི་དབེན་རྩར་མཁའ་འགྲོ་མ་རྡོ་རྗེ་བཟང་མོས་ནམ་གྱི་གུང་ལ་གསུངས་པར་གདའོ༔ གུ་རུའི་དགོངས་པ་ལ་ད་བསྒོམ་དགོས་སྙམ་ནས༔ དགོན་པ་མཐའ་དག་འགྲིམས་ནས་དགོན་པ་དེར་བརྟགས་ཏེ་བཞག་གོ༔ དེ་ནས་ཆུ་ཤུལ་གྱི་རྫ་ལྷུང་མོར་ཡང་བཞུགས་སོ༔ དེ་ནས་ངན་ལམ་གྱི་དགོན་པ་ཞིག་ན་བཞུགས་ཙ་ན༔ དཀྱིལ་འཁོར་ཞལ་ཕྱེ་ནས་ལོ་མཚམས་བཅད་ནས་བཞུགས་པས༔ གཏོར་མ་ལུད་པ༔ མར་མེ་རྒྱུན་མི་འཆད་པ༔ སྤོས་རྒྱུན་མི་འཆད་པ༔ ཐ་མ་ཁྲོ་ཞལ་བཞད་པ༔ ཕུར་བུ་རྩེད་བྲོ་བྱེད་པ་ལ་སོགས་པ་རྟགས་བཟང་པོ་ཡོད་པ་ལ༔ ཞང་པོས་ཕའི་མི་ཤར་བྱང་བུ་བྱས་ནས་མི་མང་པོ་བསད་ལ༔ མས་སློབ་དཔོན་ལ་དབེན་པའི་སྒོ་ཕུག་ནས༔ ཞང་པོ་ཀུན་གྱི་སྡིག་བཤག་བྱ་དགོས་བྱས་པས༔ སློབ་དཔོན་གྱིས་དེའི་སྡིག་བཤགས་ངས་མི་ཡོང་༔ མའི་ངག་ཡིན་གྱི་མི་གཅོག་པར་ཞུ་བྱས་པས༔ ཕྱིས་མནོ་བསམ་བཏང་ནས་མའི་ངག་བཅད་ན་མི་རུང་སྙམ༔ མ་རྒན་ཞང་པོ་ཀུན་ལ་ཡར་ཤོག་བྱས་པས༔ ཞང་པོ་ཀུན་ཁལ་ཁུར་མང་པོ་བཀལ་ནས་བྱུང་ཙ་ན༔ གུ་རུ་ལ་དམ་ཚིག་གི་སེལ་བྱུང་ནས༔ དཀྱིལ་འཁོར་ཀུན་ཀྱང་མོག་མོག་པོར་གྱུར་ཏེ་གཏོར་མ་ལ་ཧམ་པ་ཆགས༔ ཞུན་མར་ཤི་ལ་ཁད༔ སྤོས་དུད་རྒྱུན་ཆད༔ ཁྲོ་ཞལ་ཀུན་ཀྱང་ངུ་ལ་ཁད༔ དེར་སློབ་དཔོན་བཀའ་ནས༔ ཞང་པོ་ཀུན་ལ་ཕན་མི་ཐོགས་པར་འདུག་གི༔ ཁྱོད་རང་ལོག་ལས་སོང་ཞིག་བྱས་པས༔ འོ་ན་ངེད་རྣམས་དམྱལ་བར་ལྟུང་༔ ཚ་བོའི་བསྟན་པ་ལ་གནོད་ན་ངེད་ལོག་པས་ཆོག་གི༔ ཀ་ཅ་ཀུན་ཀྱང་ཚོགས་དང་གཏོར་མའི་རྒྱུ་གྱིས་ཤིག་ཟེར་ནས་སོང་ངོ་༔ དེར་གུ་རུས་ཀ་ཅ་ཀུན་ནང་དུ་འཇུག་མ་འདོད༔ རྩ་བར་ཡོད་ཙ་ན༔ སྲིང་མོ་ཆུང་ཤོས་བྱུང་ནས༔ ཨ་མ་ན་བས་ཨ་པོ་མར་བོས་ཤོག་ཟེར་བར༔ ཁྱོད་རང་ལོག་ང་མི་ཡོང་བྱས་ནས་མ་ཕྱིན༔ འབྲིང་མོ་བྱུང་བས་ཀྱང་མ་ཕྱིན༔ ཆེན་མོ་བྱུང་ནས་ད་འཆི་བར་འདུག་གོ་ཟེར་བར༔ དེར་མི་འཆི་ལས་ཆེ་སྙམ་ནས་གཏོར་མ་བཏང་༔ དངོས་གྲུབ་བླངས༔ དཀྱིལ་འཁོར་བསྡུས་ནས༔ མར་ཕྱིན་ཙ་ན༔ ཨ་མ་ཁང་པའི་རྒྱབ་ན་གྲུ་བུ་འཛིན་གྱིན་གདའ་ནས༔ བུ་བར་གཅོད་མ་བྱུང་ངམ་ཡར་ལོག་ཟེར་བས༔ གུ་རུས་ཀྱང་ལན་མ་བླན་པར་ཡར་ཕྱིན་ཙ་ན༔ དགོན་པའི་ནང་ན་མི་རེངས་སྐྱ་བོ་བཞི་བྱས་ནས༔ གུ་རུའི་ཐུགས་ལ་མི་ཡ་གི་ཀུན་གྱིས་ཞང་པོའི་ཀ་ཅ་ཁྱེར་ལས་ཆེ་སྙམ་ནས་ཕྱིན་ཙ་ན༔ མི་དེ་འཚུབ་ནག་ཆེན་པོ་ཞིག་ཏུ་སོང་༔ གུ་རུ་དེའི་ནང་དུ་ཚུད་ནས་ཞབས་བསྣད༔ སྤྱན་བལྡོངས་ནས་རྒྱ་མཚོའི་སླེ་ལ་བོར་སྙམ་བྱེད་པ་ཞིག༔ དེར་བསྐང་བཤགས་མང་པོ་མཛད་པས༔ དམ་ཚིག་གི་ལྷ་མོ་པྲ་མོ་ཧ་བྱ་བ་ཞིག་བྱུང་ནས༔ མིང་པོ་ཁྱོད་རང་སྤྱོད་པ་རྩིངས་པས་ལན༔ བར་གཅོད་དུ་དེའུ་སོང་༔ ད་བཀྲ་ཤིས་པར་འོང་གི༔ ཁྱོད་རང་གི་རྩོལ་སྒྲུབ་ལ་རྡུགས་པ་ཡིན༔ ད་གནས་འདིར་བཀྲ་མི་ཤིས་པས་འདིར་མ་སྡོད༔ རུ་མཚམས་ཡ་གི་ན་ཀི་རམ་རྫ་མོ་བྱ་བ་ཡོད་ཀྱི་དེར་སོང་ཟེར་ནས༔ གཡོག་ནི་ལྡོང་ཁྲིས་བྱས་ནས་དེར་ལོ་གསུམ་བཞུགས་ཙ་ན༔ དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་བྱུང་ནས༔ ཕྱག་གྱང་འགྱེལ་བ་བཞིན་མཛད་དེ༔ གུ་རུ་ད་འདིར་མ་བཞུགས་པར༔ ཡར་ཀླུང་ན་རུ་ར་ཆེ་ཆུང་བྱ་བ་ཡོད་པས༔ དེ་རུ་གཤེགས་ཟེར་བར་བྱོན་ནས་བཞུགས་པ་ལ༔ ཆེ་བར་བཞུགས་ཆུང་ངུར་སྐྱོ་སངས་མཛད་པ་ལ༔ ནམ་ཞིག་སྣ་ནམ་ལྡོང་ཁྲི་ཆུ་འཚུར་ཕྱིན་ཙ་ན༔ གུ་རུའི་རྩ་ན་མི་དཀར་པོ་ཐོད་དཀར་པོ་བཅིངས་ཤིང་ལག་ན་བ་དན་དཀར་པོ་ཐོགས་པ་ཞིག་ན་རེ༔ གཉན་ཨཱ་ཙཱརྱ་དཔལ་དབྱངས་བྱ་བ་ཁྱོད་ཀྱིས་འགྲོ་བ་མི་ཐུལ་གྱིས༔ དགའ་ལྡན་ལྷའི་གནས་སུ་སྟོན་པ་ལ་གཤེགས་ཟེར་ནས་འདུག་སྐད༔ སྣ་ནམ་ལྡོང་ཁྲིས་ཚད་དུ་མ་གཟུང་ཙ་ན༔ ཞག་གསུམ་གྱི་ནངས་པར་ནམ་མཁའ་ནས་མར་ལ༔ གསེར་གྱི་སྐས་ཀ་ཞིག་བྱུང་༔ སྒྲ་དང་རོལ་མོ་དང་༔ མཆོད་པའི་བྱེ་བྲག་མང་པོས་བསུས་ནས༔ གུ་རུས་སྐས་ལ་འཛེགས་ནས་གཤེགས་པ་ལ་སྣ་ནམ་ལྡོང་ཁྲི་ལ་ནི་མ་བསམས་པ་མང་པོ་བདོག་ནས་གུ་རུ་ཐུགས་རྗེ་རེ་ཆུང་ན་ཞུས་པས༔ ཟླ་བོ་ལ་ཤ་ཚ་སློབ་པའི་ཚུལ་དུ༔ གུ་རུས་སྣ་ནམ་ལྡོང་ཁྲིའི་དོན་ཞུ་ལན་སྒྲོན་མ་བརྩམས་སོ༔ གུ་རུ་དགའ་ལྡན་ལྷའི་ཡུལ་དུ་སྟོན་པ་མཛད་དོ༔ ལེའུ་ཉེར་གཅིག་པའོ༔
ལེའུ་ཉེར་གཉིས་པ།
ཕོ་གྱོང་བཟའ་རྒྱལ་མོ་བཙུན་ལ་གསུངས་པ༔ ཨོ་རྒྱན་པདྨ་འབྱུང་གནས་ངས༔ ཟག་བཅས་མངོན་ཤེས་ཉི་ཤུ་ལྔ༔ དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ལྷ་མ་ཡིན་དང་གླིང་བཞིའི་མི༔ རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་དང་༔ འཐབ་བྲལ་དག་དང་དགའ་ལྡན་འཕྲུལ་དགའ་དང་༔ གཞན་འཕྲུལ་དབང་བྱེད་བསམ་གཏན་བཞི༔ སྐྱེ་མཆེད་མུ་བཞི་དང་ནི་ཉེར་ལྔའོ༔ སྐྱེ་གནས་ཟག་པ་བཅས་པ་ང་ཡིས་ཤེས༔ ཁམས་ཀྱི་ཟག་པ་བཅས་པ་ང་ཡིས་ཤེས༔ སྲིད་པའི་ཟག་པ་བཅས་པ་ང་ཡིས་ཤེས༔ མ་རིག་ཟག་པ་བཅས་པ་ང་ཡིས་ཤེས༔ ལྟ་བའི་ཟག་པ་བཅས་པ་ང་ཡིས་ཤེས༔ སྟོད་མངའ་རིས་སྐོར་གསུམ་རྒྱལ་པོ་གང་བྱུང་ནི༔ ང་ནི་ལྷོ་ནུབ་སྲིན་ཡུལ་ཕྱིན་འོག་ཏུ༔ ལོ་ནི་བརྒྱད་བརྒྱ་བདུན་ཅུ་ནས༔ ས་ཧོར་ཁྲིམས་འཇིག་རྩུབ་འགྱུར་ཡང་ཡང་འབྱུང་༔ རྒྱལ་པོ་སྟག་གི་ལོ་པ་ལྔ་འབྱུང་སྟེ༔ ཡར་ཀླུངས་ནང་ནས་ལྕགས་ཕོ་སྟག་ལོ་པ༔ མངའ་རིས་སྐོར་གསུམ་ལྕགས་ཕོ་སྟག་ལོ་པ༔ ཤར་གྱི་ཕྱོགས་ནས་རྒྱ་ནག་ཀ་ཤི་ཀ༔ མེ་ཕོ་སྟག་གི་ལོ་པ་ནམ་མཁའི་མིང་༔ ཧོར་རྒྱལ་བྲམ་ཟེ་ཟླ་གསལ་འཇོམས༔ རྒྱལ་བརྒྱུད་སྨད་གདེངས་སིལ་ཆད་གཉིས་སུ་འགྱུར༔ སྨད་གདེངས་དུད་འགྲོའི་མིང་ཅན་གཉིས་གཉིས་ལོན༔ མེ་ཕོ་རྟ་ཡི་ལོ་ལ་ར་སར་ནི༔ འདས་པ་ཡན་ཆད་གདུང་རབས་ཉི་ཤུ་རྩ་གཉིས་སོ༔ གནམ་ལྡེ་འོད་སྲུངས་མན་ཆད་སིལ་བུར་ཆད༔ ལྷ་འདྲེ་ཁེངས་ལོག་སེམས་ཅན་བསོད་ནམས་ཟད༔ གནམ་ལྡེ་ཁྲི་ལྡེ་ཅན་ལ་མི་འཆམས་འཁྲུག༔ གདུང་སེལ་ཞུགས་པས་མི་བདེ་རླུང་འཚུབ་ལྡང་༔ གཉིས་ཀ་ཡབ་གྲོངས་རྟིང་ལ་སྐྱེས་པས་ལན༔ གནམ་ལྡེ་མར་མེའི་འོད་ཀྱིས་བསྲུང་བ་འབྱུང་༔ དབུ་གཡོར་གཉིས་ཆད་འཁྲུག་པ་ཆེན་པོ་འབྱུང་༔ འོད་སྲུངས་གདུང་བརྒྱུད་མངའ་རིས་སྟོད་དུ་འབྲོས༔ མགོན་གསུམ་སྟོད་དུ་གྲགས་པའི་བཀྲ་ཤིས་མགོན༔ གདུང་བརྒྱུད་ཡབ་སྲས་གསུམ་པོ་རབ་ཏུ་འབྱུང་༔ རྒྱ་བོད་ལོ་པཎ་བསྟན་པ་གསོ་བ་འབྱུང་༔ བོད་ཁམས་ས་ཧོར་ཁྲིམས་སྒྲིལ་ཟེར་བ་བདག་བྱེད་འབྱུང་༔ ས་ཧོར་དམག་ཁ་ནང་དུ་སྟོན་པ་འབྱུང་༔ ལྷོ་ཡི་དོམ་སྒྲོ་ནག་པོ་ཁ་བྱེ་འཁྲུག༔ ལོ་གང་ལ་ཡོང་བ་ནི༔ ལྷོ་མོན་ཟད་པའི་རྒྱ་གར་ཕོ་མོ་ལྕགས་ཕོ་སྟག་ལོ་པ༔ ཧཱུ་ལ་ཧུ་ཡིས་བསྟན་པ་གཏོར་བ་འབྱུང་༔ ཀོང་ཡུལ་ཆ་ག་ར་སེ་ཕོ་མོ་སྟག༔ ཧོར་གྱི་རྒྱལ་པོ་བོད་དམག་གདུང་བརྒྱུད་དུ༔ རྒྱ་གར་བྲམ་ཟེ་སྐུ་གསལ་སྐྱེ་བ་བཞེས༔ བསྟན་ལོ་གང་བརྩི་བ་ནི༔ སངས་རྒྱས་བསྟན་པ་ལྔ་བརྒྱ་ཕྲག་བདུན་རྗེས༔ ལྔ་བརྒྱ་ཕྲག་གསུམ་ལྕགས་མོ་སྦྲུལ་ནས་ནི༔ མཁའ་ལ་གནམ་ལྕགས་སྒྲ་ཆེན་བསྒྲགས༔ ས་ཧོར་བསྟན་པ་མཚན་མོར་འགྱུར༔ མཚན་མོ་ཇི་སྐད་ཟེར་བ་ནི༔ སྔོན་འདས་དུས་ན་རྒྱ་གར་དུ༔ སངས་རྒྱས་གངྒཱ་དག་གི་འགྲམ་དུ༔ མཉན་པས་གྲུ་གཏོང་མ་འདོད་དེ༔ གཽའུ་ཏམ་གྲུ་བཙས་ཤོམས་ཤིག་ཟེར༔ ང་ལ་གྲུ་བཙས་མེད་ཅེས་ནམ་མཁའ་ལ༔ ལྷོ་ཡི་ཕྱོགས་ནས་བྱང་གི་ཕྱོགས་ལ་གཤེགས༔ མཉན་པས་མཐོང་ནས་འགྱོད་པ་དྲག་པོ་སྐྱེས༔ སྦྱིན་གནས་དེ་ལྟ་བུ་བདག་གིས་མ་བསྒྲལ་སྙམ༔ ཤིན་ཏུ་རབ་ཏུ་འགྱོད་དེ་ས་ལ་འགྱེལ༔ ཆུང་མས་མིང་ནས་བོས་ཏེ་མགོ་ནས་བཏེག༔ བུ་ལྟ་ཀུ་མ་ཡར་ལ་ལོངས༔ བརྒྱལ་སངས་དྲན་པ་རྙེད་ནས་སུ༔ རྒྱལ་པོ་གཟུགས་ཅན་སྙིང་པོའི་མདུན་དུ་ཕྱིན༔ རབ་ཏུ་བྱུང་བ་ཐམས་ཅད་ལས༔ གྲུ་བཙས་མི་འདོད་པའི་དམ་བཅས༔ མཉན་པ་ཚེ་ཡི་དུས་བྱས་ནས༔ ལྷ་དབང་བརྒྱ་བྱིན་བུ་རུ་སྐྱེས༔ འཆི་ལྟས་རྣམ་པ་ལྔ་བྱུང་ནས༔ སྡུག་བསྔལ་སྨྲེ་སྔགས་འདོན་པ་ལ༔ ལྷ་ཡི་དབང་པོ་བརྒྱ་བྱིན་དྲིས༔ བུ་ཁྱོད་སྨྲེ་སྔགས་ཅི་ལ་འདོན༔ བདག་ནི་ལྷ་ཡི་བདེ་བ་དང་བྲལ་ནས༔ ཕག་མོའི་མངལ་དུ་སྐྱེ་བར་འགྱུར༔ མི་དགེ་སྤྱོད་པས་དེ་ལ་སྨྲེ་སྔགས་འདོན༔ ལྷ་དབང་བརྒྱ་བྱིན་བཀའ་སྩལ་པ༔ དཀོན་ཅོག་གསུམ་ལ་སྐྱབས་འགྲོ་བ༔ དེ་ནི་ངན་སོང་མི་འགྲོ་སྟེ༔ ལྷ་ཡི་ལུས་འདི་སྤངས་ནས་ཀྱང་༔ ལྷ་ལུས་ཉིད་ནི་འཐོབ་པར་འགྱུར༔ དེ་ནས་ལྷའི་བུས་སྐྱབས་འགྲོ་བྱས༔ ངན་སོང་ཐར་ནས་དགའ་ལྡན་ལྷ་ཡུལ་སྐྱེས༔ ལྷ་ཡི་བུའི་མངོན་པར་ཤེས་པ་ཡིས༔ རྒྱལ་པོ་མེ་བྱིན་མཐའ་འཁོབ་རྒྱལ་པོར་སྐྱེས་པར་ཤེས༔ དེ་ཡི་བུ་རུ་བདག་ནི་སྐྱེ་བར་འགྱུར༔ མི་བདེ་བ་ཡི་སྨྲེ་སྔགས་འདོན་པར་འགྱུར༔ ལྷ་ཡི་དབང་པོ་བརྒྱ་བྱིན་ལུས་བཟང་པོ༔ མིག་སྟོང་དང་ལྡན་པས་གཟིགས་ཏེ༔ མཐོ་རིས་སྐྱེ་བར་འདོད་དམ༔ ཚེ་རིང་ཡུན་དུ་གནས་པར་འདོད་དམ༔ ཉི་ཟླ་གཉིས་ལ་དབང་བའི་བདག་པོ་འདོད་དམ༔ འཇིག་རྟེན་པའི་རྒྱལ་པོར་འདོད་དམ༔ དེ་ལ་སོགས་པ་ནི་བདག་གིས་སྟེར་བར་ནུས༔ ཁམས་གསུམ་མཆོག་ལས་འདས་པ་ནི་མ་ཡིན་ནོ༔ སྨོན་ལམ་གང་བཏབ་འགྲུབ་པར་སྨོན་ལམ་ཐོབ༔ ཅེས་སྨྲས་སོ༔ ལྷའི་བུས་རྫུ་འཕྲུལ་སྟོབས་དང་ལྡན་པས༔ སངས་རྒྱས་ཀྱི་བསྟན་པ་ལ་བཀུར་སྟི་བྱེད་པ༔ ཆོས་ཀྱི་རྒྱལ་པོར་སྨོན་ལམ་བཏབ༔ ལས་གང་བྱེད་པ་ནི་བཅོམ་ལྡན་འདས་ལ་གྲུ་མ་བཏང་བའི་སྔོན་ལས་འབྱུང་༔ མ་འོངས་བསྟན་ཞབས་ལྔ་བརྒྱ་ཕྲག་གསུམ་ན༔ མེ་མོ་ཕག་གླང་བཀྲ་མི་ཤིས་པ་འབྱུང་༔ རྒྱ་བོད་ཧོར་སྟོད་ཧོར་སྨད་འཕུང་དུས་ན༔ ཞེ་སྡང་ལས་གྱུར་དམག་འཁྲུག་དང་༔ འདོད་ཆགས་ལས་གྱུར་མུ་གེ་དང་༔ གཏི་མུག་ལས་གྱུར་ནད་ཡམས་དང་༔ སེམས་ཅན་མི་སྐྱིད་སྡུག་པའི་དུས་གཅིག་འབྱུང་༔ བོད་ཡུལ་ལོ་ཧི་ཏ་ཡི་འགྲམ༔ ཡར་ཀླུངས་ནང་ནས་རྣམ་སྨིན་བསྐྱེད་པ་འབྱུང་༔ ལྷ་དབང་བརྒྱ་བྱིན་ལུང་བསྟན་ནས༔ སྤྲུལ་པའི་རྒྱལ་པོ་མིག་གསུམ་ལག་པ་བཞི༔ ལྕེ་གཉིས་གཞུ་འདོམ་བཅོ་བརྒྱད་མཐོ་བཅུ་པ༔ ཞུབ་ཅན་འབུམ་གྱིས་བསྐོར་བ་འབྱུང་༔ མི་སྲིད་སྲིད་པའི་ལྕགས་སྨེ་ཅན༔ འཁོར་དུ་རོ་ལངས་བདུན་གྱིས་བསྐོར༔ རྒྱལ་པོ་དེ་ཉིད་བགྲོངས་ནས་སུ༔ ཧོར་སྲས་བྱིང་གི་ལུས་སུ་སྐྱེ༔ དེ་ལ་བུ་ནི་དད་པ་ཅན་གཅིག་དང་༔ དད་པ་མེད་པ་གཉིས་འབྱུང་སྟེ༔ རྒྱལ་སྲིད་ལ་ནི་མི་འཆམ་པར༔ ཞང་བློན་རྣམས་ནི་འཁྲུགས་ནས་སུ༔ དགེ་འདུན་རྣམས་ནི་གསོད་པར་འགྱུར༔ བླ་མཆོད་རྣམས་ནི་ཆུ་ལ་བསྐྱུར༔ མི་ལུས་སེམས་ཅན་སྣ་ཚོགས་མགོ་བོ་ཅན༔ ཤ་ཟ་ཁྲག་འཐུངས་རྡུང་རྡེག་བྱེད་པ་ནི༔ ཉེས་མེད་སེམས་ཅན་མང་པོ་སྙིང་རེ་རྗེ༔ གནམ་ལ་འཕུར་རྒུ་ས་ལ་འཛུལ་རྒུ་དང་༔ བར་ན་འགྲིམ་རྒུ་སེམས་ཅན་དལ་དུ་མེད༔ མཐོ་བའི་མཁར་རྣམས་འབེབས་སུ་འོང་༔ བཙན་པའི་རྫོང་རྣམས་འཇིག་ཏུ་འོང་༔ དམའ་བའི་ཡུལ་རྣམས་འཕྲོག་ཏུ་འོང་༔ ནོར་ཕྱུགས་གནད་དུ་གཅོད་དུ་འོང་༔ མི་རྟ་མང་པོ་གྲི་རུ་གསོད་དུ་འོང་༔ དེ་ཡི་ཟློག་ཐབས་གྲ་ནུབ་ཡར་ཆེན་དུ༔ ཆོས་བདག་སྐྱེས་པའི་ཡུལ་དུ་འདི་ལྟར་བྱ༔ ངས་ལུང་བསྟན་པ་བྱང་མིང་གནམ་སའི་བདག༔ ཁྲི་སྲོང་ལྡེའུ་བཙན་ཕྲིན་ལས་སྤྲུལ་པ་དེ༔ ཇི་བཞིན་འདྲ་བ་ལྡེ་གུ་ལྷ་བཞེངས་ནས༔ རྣམ་ཐར་གྱང་རིས་དག་ལ་བྲི་བར་བྱའོ༔ ཤེལ་གྱི་མཆོད་རྟེན་དབུ་གསུམ་གཅིག་ཀྱང་བཞེངས༔ མར་མེ་སྤོས་དང་མེ་ཏོག་རྩི་དང་སྨན༔ ཡོན་ཆབ་ཞལ་ཟས་སྣ་ཚོགས་མཆོད་པས་མཆོད༔ སྦྱིན་བདག་ཉིད་ནི་མངའ་རིས་རྒྱལ་པོ་དང་༔ རྒྱ་ནག་རྒྱལ་པོར་རིག་པར་བྱའོ༔ འདུས་པ་ཅི་ཙམ་འབྱུང་བ་ནི༔ ལྷ་དབང་རྒྱ་བྱིན་གྱི་བུ་དགེ་གནས་གཙང་མ་ལུས་རིགས་བདུན་བརྒྱུད་དུ་མི་ལུས་བླངས་པ༔ སྟོད་མངའ་རིས་གུ་གེ་པུ་རངས་སུ་འབྱུང་༔ མཚན་ནི་རཱ་ཛ་ཀརྟི་ལྡེ་བཙན་ཞེས་བྱའོ༔ ལོ་ནི་ལྕགས་ཕོ་སྟག་གི་ལོ་པ་འབྱུང་༔ དཔུང་པ་གཉིས་སུ་སྨེ་བ་ལྷའི་མིག་འདྲ༔ འདི་ཡི་གདུང་བརྒྱུད་འཛིན་པའི་བཙུན་མོ་ནི༔ ལྷ་མོ་པུཎྜ་རི་ཀ་ཚེ་འཕོས་པ༔ ཁ་ཆེ་དགེ་འདུན་བཟང་པོ་ང་ར་ཐང་དུ་གུམ༔ ས་ཕོ་སྤྲེའུ་ལོ་ལ་མི་ལུས་བླངས༔ སྒྲོལ་མའི་སྤྲུལ་པ་ཁྲི་རྒྱན་ཞེས་བྱའོ༔ དེ་ལས་ཕུན་སུམ་ཚོགས་པ་ལྡེ་བཙན་ཞེས་བྱ་བ༔ འོད་གྲགས་ལྷ་ཁྲི་བཙན་པ་མཆེད་གཉིས་འབྱུང་༔ དེ་གཉིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ༔ བསྟན་པ་ལ་ཕན་པའི་བྱ་བ་བྱེད་དོ༔ ཡབ་ནི་འཇམ་དཔལ་སྤྲུལ་པར་རིག་གོ༔ སྲས་ཆེ་བ་མེ་ཕོ་སྟག་ལོ་པ༔ སྤྱན་རས་གཟིགས་ཀྱི་སྤྲུལ་པར་རིག༔ ཆུང་བ་ནི་རྟའི་ལོ་པར་འོང་༔ ཕྱག་ན་རྡོ་རྗེའི་སྤྲུལ་པར་རིག༔ འདི་ལ་བཙུན་མོ་བཞི་འབྱུང་ངོ་༔ གླང་ལུག་ཁྱི་འབྲུག་གི་ལོ་པ་འབྱུང་ངོ་༔ བསམ་ཡས་དབུ་རྩེ་དང་༔ ཡར་ཆེན་ལྷ་ཁང་ལ་གསེར་ཐོག་དང་གཡུ་ཐོག་འགེལ་པར་འགྱུར་རོ༔ པུ་རངས་གསེར་ཁའི་གསེར་ཕུད་ཞབས་ཏོག་བྱེད༔ རྒྱལ་པོའི་བྱ་བ་རྣམ་བཞི་བྱེད་དེ༔ ང་ཡི་སྐུ་གཟུགས་ཆེན་མོ་བཞེངས༔ ངས་བརྩམས་ཆོས་རྣམས་དར་དུ་འཇུག༔ འདི་ཡི་བླ་མ་ལུང་དུ་བསྟན་པ་ནི༔ སྐྱོན་མེད་ཡོན་ཏན་ཚང་བའི་བཀའ་དང་ལུང་༔ མཆོག་རབ་པ་ཞེས་གྲགས་པ་འབྱུང་བར་རིགས༔ མཉན་པ་གྲུ་གཏོང་མ་འདོད་ཆུང་མ་དེ༔ མདོ་ཁམས་རྒྱལ་པོ་སྐ་མཚར་ཞེས་བྱར་སྐྱེ༔ མཆོད་གནས་བདུན་བརྒྱ་རྒྱལ་སྲིད་མངའ་ཐང་ཆེ༔ དེ་བཞག་རྟིང་ལ་ཐར་པའི་འབྲས་བུ་ཐོབ༔ རྣམ་གསུམ་བློ་དང་ལྡན་པ་རིགས་ཀྱི་བུ༔ དགུང་ལོ་གསུམ་ན་ཤེས་རབ་ཚད་དུ་ཕྱིན༔ སིང་ཧའི་མིང་ཅན་སྤྲོ་བ་སྐྱེས་པ་འབྱུང་༔ མཉེས་པར་བྱས་རྐྱེན་དེ་ལས་དགེ་སྡིག་འབྱེད་ཤེས་པ༔ རྣམ་པར་སྨིན་པ་ཕྲ་མོ་ལ་འཛེམ་པ༔ རྣམ་པར་གནག་པའི་ལས་མི་བྱེད་པ༔ རྣམ་པར་དཀར་བའི་ལས་བྱེད་པ༔ མི་དགེ་བཅུ་སྤངས་དགེ་བཅུར་སྤྱོད་དོ༔ ཞང་བློན་འབངས་དང་བཅས་པ་དེའི་རྗེས་སུ་ཞུགས་པས༔ རྒྱལ་པོ་དད་པ་མེད་པ་དེའི་རྨི་ལམ་ན་ཉི་ཟླ་ནག་པོ་ཐང་ལ་ལྷུང་བ་དང་༔ རི་ཀླུང་འོད་ཀྱིས་ཁེངས་པ་དང་༔ རོལ་མོའི་སྒྲ་དང་༔ ས་གཡོ་བ་ཆེན་པོ་འབྱུང་༔ མོ་པྲ་རྩིས་ཇུ་ཐིག་གཙུག་ལག་དཔྱད་ལ་སོགས་པ་བྱེད་པར་འགྱུར་རོ༔ ཀྱེ་མ་ཀྱི་ཧུད་དགོངས་པ་ངན་པ་འབྱུང་སྲིད༔ ཕུ་ནས་བྲག་རལ་མདའ་རུ་མཚོ་འཁྲུག༔ བར་དུ་མི་བདེ་བའི་འཚུབ་མ་ལྡང་ངོ་༔ སྟོད་སྨད་དམག་གིས་ཁྲིད་ནས་གཉིས་ཕམ་པར་འགྱུར༔ མིའི་ནང་ནས་མཆོག་ཏུ་གྱུར་པ༔ སྐུ་ཚེ་ལ་བར་ཆོད་འབྱུང་དོགས་ཡོད་པས་གཟབ་པ་གལ་ཆེ༔ སངས་རྒྱས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བ་དང་༔ དམ་པའི་ཆོས་མི་ནུབ་པར་བྱ་བ་དང་༔ སེམས་ཅན་ངན་སོང་ནས་དྲང་བའི་ཕྱིར༔ སྔོན་གྱི་ལས་མི་བདེན་ཟེར་བ་དང་༔ འཕྲལ་གྱི་རྐྱེན་མི་བདེན་ཟེར་བ་དང་༔ འཕགས་པའི་ཐུགས་རྗེ་མི་བདེན་ཟེར་བ་དང་༔ ཨོ་རྒྱན་པདྨའི་གཏེར་མ་མི་བདེན་ཟེར་བ་དང་༔ ངའི་ཆོས་བརྒྱུད་འཛིན་པ་ལ་ཡིད་ཆེས་པར་བྱ་བའི་ཕྱིར༔ ལུང་དུ་བསྟན་པ་གསུངས་པའོ༔ དེ་ནས་པེ་དཀར་རྒྱལ་པོས་ཞུས་པ༔ སེམས་ཅན་ནམ་མཁའི་མཐའ་དང་མཉམ་པ་ལ༔ འཇིག་རྟེན་ལས་ལ་གྲུབ་པའི་བདེ་སྡུག་གཉིས༔ སྔོན་གྱི་སྨོན་ལམ་སྟོབས་ཀྱིས་འབྱུང་ཚུལ་གསུང་བར་ཞུ༔ ཤཱཀྱ་ཐུབ་པའི་ཞིང་ཁམས་མི་མཇེད་འདིར༔ གང་ལ་གང་འདུལ་དེ་ལ་དེར་འདུལ་དུ༔ འགྲོ་དོན་ཟད་པ་མེད་པར་བྱེད་པ་ཡི༔ རྒྱལ་སྲིད་ཆོས་སྲིད་ཅི་ཙམ་འབྱུང་༔ ཞེས་ཞུས་པས༔ ཨོ་རྒྱན་པདྨས་བཀའ་སྩལ་པ༔ ཉོན་ཅིག་པེ་དཀར་རྒྱལ་པོ་ཁྱོད༔ མ་འོངས་གདུག་པ་ཅན་གྱི་གླིང་རྣམས་འབྱུང་༔ ཤར་ནི་ཤ་ཟ་གདུག་པ་ཅན་གྱི་གླིང་༔ ཟས་སུ་མི་ཤ་ཟ་བ་འབྱུང་༔ སྐོམ་དུ་མི་ཁྲག་འཐུང་བ་འབྱུང་༔ ལས་སུ་དམག་ལས་བྱེད་པ་འབྱུང་༔ ལྷོ་ནི་ཆོམ་རྐུན་གདུག་པ་ཅན་གྱི་གླིང་༔ ལ་རྩུབ་འཕྲང་རྩུབ་ཡུལ་ཡང་རྩུབ༔ རྐུན་ཇག་ཨར་སྤྲང་སྐར་ཚོགས་ཙམ༔ སྙེགས་མེད་ཁྱུ་ཡིས་འཚོ་བ་འབྱུང་༔ ནུབ་ནི་དམེ་ཧམ་གདུག་པ་ཅན་གྱི་གླིང་༔ དེ་བ་སྒྲུབ་པའི་གནས་མ་ཡིན༔ སྡིག་པ་རྣམ་སྨིན་མི་འཛེམ་དང་༔ བྱང་ནི་བསམ་པ་རྣམ་པར་མ་དག་གདུག་པ་ཅན་གྱི་གླིང་༔ ཉན་པ་དང་༔ བསམ་པ་དང་༔ མགོ་འཚོ་བ་དང་༔ ཤིང་ཆུ་སྐྱེས་ཀྱི་འདབ་མ་བཞིན་དུ་འགུལ་ལོ༔ དབུས་སུ་མི་སྐྱིད་གདུག་པ་ཅན་གྱི་གླིང་༔ དམག་སྟོང་དང་བཅས༔ གནོད་སྦྱིན་དང་༔ སྲིན་པོ་དང་༔ ནག་པོ་ཆེན་པོ༔ བགེགས་དང་ལོག་འདྲེན་བར་དུ་གཅོད་པ་ཐམས་ཅད་འབྱུང་ངོ་༔ སངས་རྒྱས་བསྟན་པ་ནི་ཉམས༔ སེམས་ཅན་བདེ་སྐྱིད་ནི་ཟད༔ ཆར་ཆུ་དུས་སུ་མི་འབབ༔ ས་ལ་སྐྱེས་ཚད་བསྐམ༔ མི་ནད་ཕྱུགས་ནད་དང་༔ དམག་འཁྲུག་མུ་གེ་ནི་འབྱུང་༔ མི་དགེ་མི་ཡིས་བྱས་པས་དུས་ངན་འབྱུང་བར་འགྱུར་རོ༔ རྒྱལ་སྲིད་ཆོས་སྲིད་ཇི་ཙམ་འབྱུང་༔ ངས་ལུང་བསྟན་པ་བཞིན་དུ༔ སྤོབས་པ་མི་ཟད་པར་བྱེད་པ༔ ཡེ་ཤེས་ཕུང་པོ་རྣམ་པར་དག་པ༔ བྱམས་པ་ཆེན་པོ་དང་ལྡན་པ༔ སྙིང་རྗེ་ཆེན་པོ་དང་ལྡན་པ༔ སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་དག་འདུ་བ༔ ལྷའི་བུ་ཆེན་པོ་བཞིས་ཀྱང་ཕྱོགས་བཞི་སྲུང་བ༔ རྒྱ་མཚོར་མཆིས་པའི་ཀླུའི་རྒྱལ་པོ་མ་དྲོས་པ་དང་༔ དགའ་བོ་དང་༔ འཇོག་པོ་དང་༔ མཐའ་ཡས་ལ་སོགས་ཀླུ་བྱེ་བ་ཁྲག་ཁྲིག་དུ་མས་ཡོངས་སུ་སྲུང་བར་བྱེད་པ༔ ས་བླའི་གནོད་སྦྱིན་དག་གིས་བླ་གབ་བྱེད་པ༔ ལུས་རིས་མི་ལུས་བླངས་པ༔ གུ་གེ་པུ་རངས་མང་ཡུལ་དུ༔ རཱ་ཛ་ཀིརྟི་ལྡེ་བཙན་ཞེས་བྱ་བ༔ ལྕགས་ཕོ་སྟག་གི་ལོ་པ་ཞིག་འབྱུང་༔ དེ་ལ་ཕུན་སུམ་ཚོགས་པ་ལྡེ་བཙན་ཞེས་བྱ་བ་གཅིག་འབྱུང་༔ དེ་གཉིས་ཀྱི་རིང་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱ་བ་བྱེད་པ༔ ཡབ་འཇམ་དཔལ་གྱི་སྤྲུལ་པ༔ སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་པ༔ འདི་ནི་ལུང་དུ་བསྟན་པ་མང་དུ་བཤད་མི་དགོས་ཏེ༔ སྐྱེས་པ་དང་༔ བུད་མེད་ཁྱེའུ་དང་༔ བུ་མོ་ལ་སོགས་པ༔ རི་དྭགས་དང་༔ གཅན་གཟན༔ འདབ་ཆགས༔ བ་གླང་༔ བོང་བུ་ལ་སོགས་པ་ཐམས་ཅད་བདེའོ༔ རྣལ་འབྱོར་པ་བསམ་གྱིས་མི་ཁྱབ་པ་དང་༔ བསམ་གཏན་པ་དཔག་ཏུ་མེད་པ་དང་༔ ཆོས་ཀྱི་མཛོད་ཡོངས་སུ་འཛིན་པ༔ སེམས་ཅན་ཐར་པ་ལ་འཇུག་པ༔ ཆོས་ཀྱི་རོ་ལ་སྤྱོད་པ༔ འདོད་ཆགས་ཞེ་སྡང་གཏི་མུག་གིས་མ་གོས་པ༔ འདི་ལྟ་བུའི་མཛད་སྲོལ་ནི༔ བཤད་མི་འཚལ་གྱིས་གསུངས༔ རྟ་ཞལ་ཞེས་བྱ་བ་ཉིད་དུ༔ སྔོན་དུས་བྲམ་ཟེའི་བུ་མོ་ཙ་མི་ཡིས༔ བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཁྲི་ཡི་རྩར༔ བུ་ཆུང་བསྐྱལ་ཏེ་དེ་ནི་སྐྱེས་པར་བརྩམས༔ བྲམ་ཟེ་འདི་ནི་ཁྱོད་ཀྱི་ཡིན་ནོ་བསྙོན༔ ངན་སོང་རྣམ་སྨིན་བཤད་ན་སྐྱི་ཤ་སྤུང་༔ དེ་ནས་བསམ་ཡས་སྒྲ་སྒྱུར་གླིང་ཉིད་དུ༔ མུ་སྟེགས་ཀྱིས་ནི་ཀཱ་མ་ཤཱི་ལ་བཀྲོངས༔ མ་འོངས་སྡུག་བསྔལ་གཅོད་པའི་རྒྱལ་པོ་ནི༔ ནམ་མཁའི་མིང་ཅན་བྱ་བ་གཉིས་སུ་འབྱུང་༔ གཅིག་ནི་ཀ་མ་ཤཱི་ལར་རིག་པར་བྱ༔ དེས་ནི་ང་ཡི་བསྟན་པ་སྤེལ༔ ཚེས་བཅུ་ལ་ནི་མཆོད་པ་བྱེད༔ གཅིག་ནི་མུ་སྟེགས་སྐྱེ་བ་སྟེ༔ དེས་ནི་ང་ཡི་བསྟན་པ་སྣུབ༔ གཏེར་ཆོས་ལོག་པར་ལྟ་བརྒྱད་སྒོམ༔ ཟང་ལོང་ཟིང་ལོང་ཙབ་ཙུབ་འགེངས༔ ཕག་རི་མཁར་ཞེས་བྱ་བ་ཉིད་དུ་དགེ་སློང་ཀོ་ཀ་ལི་ཞེས་བྱ་བ༔ སྐྱེ་བ་བརྒྱའི་ཐ་ངའི་ཆོས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ༔ བསམ་གཏན་ཕོ་མོ་ལྔ་བརྒྱས་བསྐོར་བ༔ འཁྲུལ་ཞིག་ཆེན་པོ་ཞེས་བྱ་བ་འབྱུང་ངོ་༔ ཞེས་གསུངས་སོ༔ འདི་འདྲའི་དུས་སུ་སྐྱེ་བ་སྙམ༔ བསོད་ནམས་མ་བསགས་ཟེར་ཞིང་ཡི་མུག་འབྱུང་༔ པུ་རངས་མི་བདེ་འཇིགས་པ་བརྒྱད་རྣམས་དར༔ གུ་གེ་ཁྲིམས་མ་ཟིན་པས་བགེགས་རྣམས་ལྡང་༔ ཞང་ཞུང་པ་རྣམས་ལོག་པའི་ལམ་ལ་ཞུགས༔ གཡོ་ཁྲམ་མགོ་སྐོར་ཡིད་མི་ཆེས་པ་འབྱུང་༔ བཙུན་མོ་བཀའི་ཐང་ཡིག༔ སྟོད་མངའ་རིས་སྐོར་གསུམ་རྒྱལ་པོ་གང་༔ ལོ་གང་གི་ལོ༔ ལོ་གང་ལ་རྩི༔ མཚན་ཇི་སྐད་ཟེར༔ སྐྱེ་བ་གང་དུ་བླངས༔ བཙུན་མོ་སྲས་དང་བཅས་པ༔ འདུས་པ་ཇི་ལྟར་འབྱུང་ཞུས་པས༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བཀའ་སྩལ་པ༔ ཡུམ་ཆེན་བཙུན་མོས་ཕྱི་རབས་བོད་ལ་དགོངས༔ བུ་ཚལ་གསེར་གྱི་ལྷ་ཁང་འདྲ་བ་བཞེངས༔ ཨོ་རྒྱན་བདག་ལ་ཞུས་པ་ཤིན་ཏུ་ལེགས༔ ལེའུ་ཉེར་གཉིས་པའོ༔ བཙུན་མོ་བཀའི་ཐང་ཡིག་རྫོགས་སོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གབ་རྒྱ༔ གཏད་རྒྱ༔ ཁམས་གསུམ་ཟངས་ཁང་གླིང་ནས་སྤྲུལ་སྐུ་ཨོ་རྒྱན་གླིང་པས་སྤྱན་དྲངས་པའོ༔
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེས་རབས་རྣམ་ཐར་རྒྱས་པ། རྡོ་རྗེ་གླིང་པའི་གཏེར་མ།
༄༅། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེས་རབས་རྣམ་ཐར་རྒྱས་པ་ཞེས་བྱ་བ་བཞུགས། ཨེ་མ་ཧོ༔ དུས་གསུམ་རྣམ་དག་ཀ་དག་དུས་ཀྱི་ཚེ༔ བཀའ་བབ་བརྒྱུད་པའི་བྱིན་རླབས་གནས་ཀྱི་ཚེ༔ ཞག་སྟོད་ཏི་སྒྲོ་ལྷོ་བྲག་མཁར་ཆུ་དང་༔ སྲིན་མོ་སྤར་བཟའི་དམྱལ་སྨད་དགེ་རི་བྲག༔ ཨུ་རྒྱན་པདྨའི་བསྒྲུབ་ཕུག་བྱིན་རླབས་གནས༔ ཁོ་མོ་བདག་གི་སྙིང་གི་མདངས་ལ་གནས༔ ལས་ཅན་དོན་དུ་རི་བྲག་ལུང་པ་རྣམས༔ ཨུ་རྒྱན་ཁོ་མོ་གཉིས་ཀྱིས་བསྒྲུབ་ཕྱིར་ཡིན༔ མཁའ་འགྲོའི་སྐད་དུ༔ དྷཱཀྐི་ཛྙཱ་ན་ཀ་རི་ནི༔ བོད་སྐད་དུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེས་རབས་རྣམ་ཐར་རྒྱས་པ་ཞེས་ཀྱང་བྱ༔ བདེན་པ་རང་བྱུང་དངོས་སྤྲུལ་སྐུ་ལྔ་འཆང་༔ སྣ་ཚོགས་སྤྲུལ་པའི་སེམས་ཅན་བདེ་ལ་བཀོད༔ ཕྱི་རྒྱུད་དག་པའི་མཁའ་འགྲོའི་བསྟན་པ་འཛིན༔ ནང་རྒྱུད་དག་པ་འགྲོ་བའི་དོན་མཛད་པ༔ གསང་རྒྱུད་དག་པ་བདེ་ཆེན་ཆོས་ཀྱི་དབྱིངས༔ འགྲན་གྱི་དོ་མེད་རྫུས་སྐྱེས་པདྨ་འབྱུང་༔ གསང་གསུམ་འཛིན་མཛད་ཁོ་མོ་མཚོ་རྒྱལ་ང་༔ དུས་གསུམ་རྒྱལ་བའི་ཁམས་ན་མཚུངས་མེད་རྗེ༔ རྒྱལ་བའི་བཀའ་ལས་མཚུངས་མེད་རྩོལ་མེད་རྗེ༔ ཡེ་གྲོལ་ཀློང་ཡངས་ཀ་དག་དུས་ཀྱི་ཚེ༔ གུ་རུའི་ཐུགས་སུ་ཆུད་པའི་ཁོ་མོ་བདག༔ མི་འདུལ་ལས་ཅན་ཁ་ལོ་རྣམ་བསྒྱུར་བ༔ མཁའ་འགྲོ་ལྔ་ནི་ཡོངས་སུ་གནས་པར་བྱ༔ བདག་རྒྱུད་འཆང་བའི་འགྲོ་བའི་དོན་མཛད་པ༔ བསྟན་གཉིས་ཡ་མ་ཟུང་གིས་རབ་སྤེལ་བྱེད༔ མདོ་སྔགས་ཐབས་ཀྱིས་ཤེས་རབ་སྙིང་པོའི་བཀའ༔ ཉེ་བར་བསྒྲུབས་པའི་གསང་སྔགས་བསྟན་པའི་བཀའ༔ ཀ་དག་དུས་ཚེ་འགྲོ་བའི་དོན་ལ་དགོངས༔ ཐབས་ཤེས་དབྱེར་མེད་བདེ་བ་ཆོས་ཀྱི་སྐུ༔ གཡོ་མེད་ཡེངས་མེད་ཚུལ་འཆོས་དྲི་མ་བྲལ༔ རྣམ་དག་རྒྱལ་བའི་ཆོས་ཀྱི་དབྱིངས་མེད་པ༔ གསལ་སྟོང་འཁོར་འདས་རང་བཞིན་གནས་པ་ལ༔ ཉི་མ་ཟླ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པ༔ ཏིང་འཛིན་ཟས་ཀྱི་རང་བཞིན་གསལ་བ་ལས༔ ཟས་ཞེས་བྱ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པ༔ སྐོམ་དུ་བདུད་རྩི་ཆུ་རྒྱུན་རང་བཞིན་ལ༔ སྐོམ་ཞེས་བྱ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པ༔ ཏིང་འཛིན་མཚོན་ཆའི་རང་བཞིན་གསལ་བ་ལ༔ འཐབ་ཅིང་རྩོད་པའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པ༔ འགྲོ་བའི་དོན་ལ་གང་འདུལ་མཉེས་པའི་ཕྱིར༔ ཐབས་ཀྱིས་སྟོན་པའི་མཁའ་འགྲོ་དཔག་ཏུ་མེད༔ དང་པོ་ཡེ་གྲོལ་ཆོས་དབྱིངས་ཀུན་བཟང་མོ༔ འགྲོ་བའི་དོན་ལ་ཐུགས་རྗེས་མཉེས་མཛད་པ༔ བར་དུ་བདེ་གཤེགས་མཆོག་གི་ཡུམ་ཆེན་མོ༔ ཐ་མ་སྐྱེ་མེད་དགེ་སློང་ཀུན་དགའ་མོ༔ ལས་རབ་ཡེ་ཤེས་མཁའ་འགྲོ་དབང་མོ་ཆེ༔ ཐབས་ཀྱིས་འགྲོ་འདུལ་ལབ་ཀྱི་སྒྲོན་མ་ཞེས༔ དེ་ཚེ་བྱེ་བྲག་ཉི་ཟླའི་སྒྲོན་མ་དང་༔ མཁའ་འགྲོ་དག་པའི་སྐྱེ་བ་སྣ་ཚོགས་བཞེས༔ མ་དག་འགྲོ་བའི་སྐྱེ་བ་སྣ་ཚོགས་བཞེས༔ བར་མ་དོར་གནས་ལས་ཀྱི་ར་མོང་མོ༔ བདེར་གཤེགས་མཆོག་བརྙེས་མཁའ་འགྲོ་ཨ་སུ་ལོ༔ གཉིས་མེད་མི་འགྱུར་མཁའ་འགྲོ་སུ་ཁ་སྨན༔ གཡེང་མེད་དུས་མཉམ་མཁའ་འགྲོ་འདར་མ་སི༔ མཉམ་མེད་རྣམ་དག་མཁའ་འགྲོ་དྷ་བ་ནི༔ མཚུངས་མེད་བྱང་ཆུབ་རྒྱལ་མཚན་ཞེས་བྱ་བ༔ དུས་གསུམ་དུས་མེད་མཁའ་འགྲོ་དུས་ཀྱི་ཚེ༔ མཁའ་འགྲོ་དབྱིངས་ཅན་བར་མ་དོར་ན་གནས༔ སྐབས་སྐབས་མཐུན་པའི་སྐྱེ་བ་དཔག་མེད་བཞེས༔ ཐོག་མཐའ་བར་མ་ལྷ་དང་འདུ་འབྲལ་མེད༔ སྤྲུལ་པ་འགྲོ་བའི་དོན་མཛད་མང་པོ་འགྱེད༔ གང་འདུལ་ཐབས་ཀྱིས་འགྲོ་ལ་བརྩེ་བར་དགོངས༔ དབྱངས་ཅན་ལས་སྤྲུལ་ཁོ་མོ་མཚོ་རྒྱལ་ང་༔ ངོ་མཚར་མཆོག་གིས་ཡ་མཚན་རྨད་དུ་བྱུང་༔ འགྲོ་ལ་ཁོ་མོ་བདག་གིས་ནི༔ དེ་ཚེ་བྱེ་བྲག་བགྲང་གིས་མི་ནུས་སོ༔ མཁར་ཡུལ་ས་ཁོག་དག་པའི་ས་ཡུལ་ནས༔ ཡང་ཡུལ་ལྷོ་སྒོ་འདྲ་བའི་གནས་ཡུལ་ནས༔ དྲིན་ཆེན་མཁར་ཆུ་ལས་རྣམས་ཆེ་བ་ནི༔ ཕ་ཡི་མིང་ལ་རྒྱལ་སྲས་མཁར་ཕུབ་མིང་༔ མ་ཡི་མིང་ལ་རྩང་བཟའ་སྦས་སྒྲོན་ཞེས༔ ལས་ཅན་དེ་གཉིས་སྲས་པོ་དཔལ་དབང་ཕྱུག༔ ཁོ་མོ་མཚོ་རྒྱལ་བདག་ནི་ཡང་༔ ཤིང་བྱའི་བྱ་ཟླའི་ནམ་སོ་མངལ་དུ་ཞུགས༔ ཁོ་མོ་བསམ་པའི་གནས་བྱས་སྡུག་བསྔལ་ཆེ༔ སྦྲུལ་ཟླའི་རྒྱལ་ལ་བབ་པའི་མངལ་དུ་ལྷུང་༔ མཁར་ཕུབ་བསམ་པའི་བུད་མེད་རིགས་ཡིན་བསམ༔ སྦས་སྒྲོན་གྱིས་མཁར་ཕུབ་ལ་ཚིག་འདི་སྨྲས༔ ངའི་རྨི་ལམ་ནི༔ ལྷོ་ནུབ་ཕྱོགས་ནས་གསེར་གྱི་ཉི་མ་ཤར་ནས་འགྲོ་བ་ཡོངས་ལ་གསལ་བ་རྨིས༔ ཉི་ཟེར་ནི་མཁར་ཆུ་ལ་ཟུག་ནས་གསལ་བའི་འོད་མདངས་བ་རྨིས༔ ཅི་ཡིན་ནམ༔ མཁར་ཕུབ་ཀྱིས་ཚིག་འདི་སྨྲས་པ༔ ལུས་ལ་གནས་པའི་བུ་མོ་འདི་འདྲ་བ་གཅིག་མཁའ་འགྲོ་མ་ཡིན་པར་འདུག༔ མིའི་རིགས་ཡིན་ན་སངས་རྒྱས་གཅིག་འདྲ༔ ངས་དུང་གི་ཟླ་བ་ཚེས་པ་རྨིས་ཞེས་སྨྲས་པ༔ ཞག་གསུམ་ནངས་བར་ནས་བུ་མོ་བཞད་པ༔ སྦས་སྒྲོན་གྱིས་མཁར་ཕུབ་ལ་ཅི་བཏགས་ཟེར༔ དཔལ་གྱི་དབང་ཕྱུག་གིས་ཨ་མ་འདི་ལ་མིང་བཏགས་རན་པ་ཨེ་འདུག་ཟེར༔ མཁར་ཕུབ་ཀྱི་ཞལ་ནས༔ ནམ་སོ་བབས་པའི་མངལ་དུ་ཞུགས་པ༔ རྒྱལ་ལ་བབས་པའི་སད་པའི་དབུ་ལ་མིང་བཏགས་ནས་ཡེ་ཤེས་མཚོ་རྒྱལ་བཏགས༔ ཡེ་ཤེས་ནི་མཁའ་འགྲོ་མའི་རིགས་ཡིན༔ ནམ་མཚོ་ལ་མངལ་ཞུགས་ཀྱི་མཚོ༔ རྒྱལ་ལ་སད་པའི་རྒྱལ་བཏགས་པ་མིང་འགྲིགས་ཟེར་བ༔ ཁོ་མོ་བསམ་ནས་མིང་བཏགས་པ་མཚར་བསམ་ནས་བཞད་པ༔ ད་ཡང་ཆོས་ལ་མོས་ཏེ་བྱེད་བསམ་ན་གང་དུ་བྱེད༔ འགྲོ་དགོངས་ནས་ཨ་མ་ངས་ཆོས་ལ་མོས་པའི་ཆོས་བྱེད་ཟེར༔ སྒྲོན་མས་བུ་མོ་ཁྱོད་ཆོས་ལ་མོས་ནས་ཆོས་བྱེད་ཁོམ་སྟེ༔ ཆོས་བྱེད་པའི་ཆོས་མེད་ཟེར་བ༔ བོན་པོ་ཆོས་མང་ཡོད་འདུག༔ བུ་མོས་ཨ་མ་ངའི་ཆོས་སྐལ་ཡོང་པའི་དོན་མ་མཆིས༔ སྐབས་སྐབས་བདག་གིས་གསོལ་བ་བཏབ་པས་ཞེ་བློ་བདེ་བ་ཞེས་སྨྲས་པ༔ མིང་པོ་དབང་ཕྱུག་ཞལ་ནས༔ བུད་མེད་ཆོས་མོས་པ་ཞག་གསུམ་ནས་གཏམ་བྱེད་པ༔ བུད་མེད་ཀྱི་རིགས་དེ་འདྲ་ཨེ་ཡིན་ནམ་ཞེས་གསུངས་པ༔ ཡེ་ཤེས་མཚོ་རྒྱལ་གྱིས་དགོངས་ནས༔ ངས་ཆོས་ལ་མོས་པས་ཆོས་གཅིག་བྱེད་བསམ་ན་ཉིན་དུས་བསམ་པ་ནུབ་དུས་བསམ་ནས་ཆོས་བྱེད་བསམ་ནས་མགུར་འདི་ལྟར་བཞེངས་སོ༔ ཨེ་མ་ཧོ༔ གླིང་ཉམས་ཡུལ་ཉམས་སྐྱེས་པ་མི་སྲིད་དོ༔ རྩང་སྟོད་མཁར་ཆུ་ཡུལ་ནས་སྐྱེས་སྲིད་པ༔ མཁར་ཆུ་བུད་མེད་མཚོ་རྒྱལ་ང་༔ འདི་ལ་ཐོས་པས་དུས་མེད་གངས་བཅས་པ༔ ཆོས་ཤིག་བྱེད་བསམ་གང་དུ་ཆོས་སྐལ་ཡོད༔ མི་མོ་ཁོ་མོ་བདག་གིས་ཆོས་ཤིག་བྱས༔ དགེ་ལ་མོས་པ་དམ་པའི་ཆོས་བསམ་པ༔ རིགས་ནི་མ་མཆིས་མཁར་ཆུ་རྒྱུད་པའི་རིགས༔ ལུས་མ་མཆིས་པའི་བུ་མོ་བདག་གི་ལུས༔ སྐྱེས་པའི་ལུས་ཡིན་བདག་གིས་ཆོས་བྱེད་དམ༔ རང་དབང་འཚོ་བའི་བར་སྐབས་དུས་གནས་པ༔ ལྟ་བའི་མཐུན་འཇུག་གྲོགས་པོའི་གནས་པ་མེད༔ བུ་མོ་བདག་གིས་དམ་ཆོས་བྱེད་བསམ་ནས༔ སྐབས་ལ་བབ་པ་ཡོད་ན་བདག་གིས་བྱེད༔ མཁར་རྒྱུད་འདི་ལ་སྐྱེས་པའི་བཟང་ནམ་ཡོད༔ ཕ་ནི་རྒྱལ་སྲས་མཁར་ཕུབ་མཆིས་པ་མེད༔ མ་ནི་རྩང་བཟའ་སྦས་སྒྲོན་དོན་མ་མཆིས༔ ནུ་བུ་མཚོ་སྒྲོན་གནས་པ་འཆི་མེད་པ༔ མིང་པོ་དཔལ་གྱི་དབང་ཕྱུག་དོན་མ་མཆིས༔ མཆིས་པའི་སྐབས་ཀྱི་དོན་གོ་ལས་སྔས་པ༔ བུ་མོ་བདག་གིས་ལུས་རྙེད་རབ་དགའ་བ༔ ཆོས་གཅིག་མི་བྱེད་བདག་གི་ཕུང་ཁམས་འདི༔ མི་ལུས་སྟོང་ཟད་བྱེད་པའི་དོན་ཆུང་བ༔ ཆོས་གཅིག་བྱས་པའི་ཡོན་ཏན་བགྲང་མི་ནུས༔ ཞེས་དེ་འདྲ་གསུངས་པ༔ མཁར་ཕུབ་ཀྱིས་ཆོས་བྱེད་པ་མི་ཤེས་པ་ཅི་བྱེད་དམ༔ བུད་མེད་དམ་པའི་ཆོས་ལོབ་ནི་མི་སྣང་༔ ཁྱེད་དམ་ཆོས་བྱེད་ངེས་པ་ཅན་ཡིན་ནམ༔ ལས་བྱེད་པའི་དོན་འགྲུབ་བོ་གསུངས༔ མཚོ་རྒྱལ་གྱི་ཞལ་ནས༔ ངས་ཆོས་གཅིག་བྱེད་པའི་དུས་ལ་བབས་པའི་སྐབས་མཆིས་པ་ཡོད་ཅེས་སྨྲས་ནས་མགུར་འདི་ལྟར་གསུངས༔ ཨེ་མ་བདག་གི་ལས་དབང་ཡོད་དེ་ཆོས་བྱས་པ༔ རང་ལ་འཁོད་པའི་ལས་དབང་ཆོས་ལོབ་པ༔ མ་ལོབ་བདག་གི་ལུས་ཁང་ལས་མེད་པ༔ རིག་པ་དམན་ནམ་སྙིང་རུས་ཆེ༔ སྒོམ་ཞེས་མེད་ན་བརྩོན་འགྲུས་ཆེ༔ ཤེས་རབ་མེད་ན་སྤྲོས་པ་ཆེ༔ བུ་མོ་རང་རིགས་ཆོས་བསླབ་པ༔ སྒྲ་བསྒྱུར་མེད་པའི་ཆོས་གཅིག་བསླབ༔ ལོབ་སྟེ་དོན་ནི་མཆིས་པ་མེད༔ ཅེས་གསུངས་པ༔ ཡུལ་པ་ཐམས་ཅད་ཀྱིས་བུ་མོ་འདི་སྐུ་མདོག་འཛུམ་པ་བྱུ་རུ་འདྲ༔ གཏམ་མཁས་པ་འདི་ངོ་མཚར་སྨྲས་པ༔ བུ་མོས་ནུབ་མོ་རྨི་ལམ་རྨིས་པ་ཉི་མ་དུང་ཤར་སྐར་ཚོགས་མང་པོ་རྒྱས་པ་གཅིག་རྨིས༔ དེ་ནངས་པར་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ ཨེ་མ་ངས་མདང་རྨི་ལམ་གཅིག་རྨིས་ནས་དུས་བཟང་བའི་སྐབས་ཅི་ཡིན་ནམ་དྲིས༔ མས་རྨི་ལམ་རང་རྨིས་པ་དག་པའི་ལས་ཅི་ཡང་མེད་ཟེར༔ ཁོ་མོ་ཉིན་བསྒོམས་ནུབ་བསྒོམས་ནས་ཆོས་གཅིག་བྱེད་བསམ་པའི་མཁར་ཡུལ་ནམ་མཁའ་ནས་བལྟས་ནས་འདི་གསུངས་སོ༔ སྔ་རབས་དྲིན་ཅན་བླ་མ་མེད་པ་ནས༔ ད་ཡང་ཁོ་མོས་སྒོམ་པའི་པདྨ་འབྱུང་༔ ནུབ་དུས་རྨིས་བའི་དོན་གོ་གནས་ཀྱི་ཚེ༔ ཐུགས་རྗེས་བཟུང་བའི་སྐབས་ནས་ཨེ་མཆིས་སམ༔ ཆོས་གསུངས་པདྨའི་མདུན་དུ་ཡོད་ན་དགའ༔ པི་ཝང་རྒྱུན་ཐག་པདྨའི་གསུང་སྐད་དྲན༔ མཚན་མཆོག་ལྡན་པའི་པདྨ་འབྱུང་གནས་དྲན༔ གང་ལ་དྲན་ནས་པདྨ་མེད་ཐབས་མེད༔ ཆོས་གཅིག་བྱེད་ན་ཁོ་མོ་ཞེ་བློ་བདེ༔ འདི་ལ་ཐོས་ནས་དྲན་པའི་དུས་མཆིས་པ༔ པདྨ་མཐོང་བའི་ཞལ་གཅིག་ཨེ་གཟིགས་སམ༔ མ་འོངས་གྲོགས་བྱེད་ཡིན་ན་པདྨའི་ཞལ་གཟིགས་ཤོག༔ ཅེས་སྨྲས་ནས༔ ནམ་མཁའ་ནས་སྤྲིན་འཇའ་གཅིག་ཡོང་ནས་ཁོ་མོ་ཐོག་ནས་ཐོན་པའི་དུས༔ ཨུ་རྒྱན་ནམ་མཁའ་ནས་ཞལ་གཟིགས་ནས༔ རིགས་ཀྱི་བུ་མོ་བདག་ལ་འབོད་པ་ཅི་ཞིག་ཡིན༔ ཁྱོད་ལ་ཅི་བྱུང་ནས་ཐབས་གང་ལ་ཡང་མ་རག་པ༔ ང་ལ་འབོད་ནས་ཅི་བྱེད་དམ༔ ཞེས་གསུངས་པ༔ མཚོ་རྒྱལ་གྱི་ཞལ་ནས༔ བདག་གིས་ཆོས་གཅིག་རབ་བྱེད་བསམ་ནས༔ ཁྱོད་ནས་འབོད་པ༔ ང་ལ་རེག་ཅིང་དགེ་འདོད་པ༔ དཔའ་བོ་གཡུལ་ལས་རྒྱལ་གྱུར་པའི༔ ཆོས་ལ་མོས་པས་ཁོ་མོ་ཞེ་བློ་བདེ༔ ཁྱེད་མཐོང་ཙམ་ནས་བདག་ནི་རབ་གྲོལ་བ༔ བུ་མོ་བདག་གིས་རྟོགས་པས་ཞེ་བློ་བདེ༔ ཆོས་གསུངས་བུ་མོ་བདག་གིས་རབ་རྟོགས་ནས༔ ཁྱེད་ལ་འབོད་པ་བདག་གིས་བཀའ་མ་བདེ༔ རིགས་ཤིང་དབུལ་བའི་བདག་ལ་བཀའ་སྩལ་པ༔ ཐོས་ནས་དགའ་བའི་བདག་གིས་རིགས་རྟོགས་པ༔ ཞེས་ཞུས་པ༔ པདྨའི་ཞལ་ནས༔ མངོན་སྤྱོད་ལས་ཀྱིས་བཀའ་མི་མཐུན་པའི་ཆོས་མོས་པའི་རྒྱ་གར་སྐད་བསྒྱུར་བའི་ཐབས་ཡིན་ནམ༔ ཅི་བྱེད་པ༔ ཁོ་མོས་ཞུས་པ༔ ཚེ་གཅིག་ཏུ་སངས་རྒྱས་ཐབས་ཤིག་གནང་བར་ཞུ༔ ཨུ་རྒྱན་གྱི་ཞལ་ནས༔ ཚེ་གཅིག་ཏུ་སངས་རྒྱས་པའི་ཐབས་བདེ་ཆེན་ངེས་པར་སྐྱེ་བ་གཅིག་ཡིན་ནས་དྲན་པའི་གནས་སུ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་ནས་མཐོང་གྲོལ་རེག་གྲོལ་ཡིན་གསུངས༔ ཨུ་རྒྱན་ནམ་མཁའ་ནས་ཡལ་ནས་མཚོ་རྒྱལ་ཆོས་མང་པོ་ཉན་པར་མ་ཡོང་བ་བསམས་ནས་མགུར་འདི་ལྟར་དུ་བཞེངས་པ༔ ཀྱེ་མ་མི་རྟག་འཁོར་བའི་ཆོས༔ ལས་དབང་ཆེ་བས་ཆོས་མ་བཅས༔ སྣང་བ་རྫུན་པས་ཆོས་མ་ལོབ༔ ཆོས་ལ་མོས་པས་ཞེ་བློ་བདེ༔ ཁོ་མོ་སྙིང་རུས་ཆེ་བས་ཞེ་བློ་བདེ༔ བརྩོན་འགྲུས་ཆེ་བས་ཞེ་བློ་བདེ༔ བཟོད་དཀའ་ཐར་པས་ཞེ་བློ་བདེ༔ ནན་ཏན་ཆེ་བས་ཞེ་བློ་བདེ༔ གཞན་གྱི་བུད་མེད་ཁྱིམ་ཐབ་འདོད༔ ཁོ་མོས་ཁྱིམ་ཐབ་སྤང་འདོད་ཞེ་བློ་བདེ༔ གཞན་གྱི་བུད་མེད་འཕྱོར་འདོད་པས༔ ཁོ་མོས་སྣང་བ་རྫུན་ཆེན་རང་ཐག་ཆོད༔ གཞན་གྱི་བུད་མེད་སྡིག་ལ་མོས༔ ཁོ་མོ་མཁར་བཟའ་དགེ་ལ་དད༔ གཞན་གྱི་བུད་མེད་ཚུལ་འཆོལ་བ༔ ཁོ་མོ་བདག་གིས་ཚུལ་ཁྲིམས་བསྲུངས༔ དབུས་ཡུལ་རྩང་ཡུལ་བུ་མོ་རྣམས༔ བློ་མང་གཏམ་པའི་རྫུན་ཚིག་སྨྲས༔ ཁོ་མོ་ཚེ་གཅིག་ལུས་གཅིག་ཆོས་བྱེད་མོས་ཞེས་གསུངས༔ མཁར་ཕུབ་ལ་ཚིག་འདི་སྨྲས་ནས༔ ཨ་པ་ངས་ཆོས་གཅིག་བྱེད་འགྲོ༔ ད་རེས་ལུས་ཐོག་ཏུ་ཆོས་མ་བྱས་ན་བུད་མེད་ཀྱི་རིགས་ཡིན་ནམ༔ མི་ལུས་གཙང་མ་འདི་འདྲ་མི་ཐོབ༔ དུས་ད་རེས་ཚེ་གཅིག་ཏུ་སངས་རྒྱས་པའི་ཐབས་ཀྱི་ཆོས་ཤིག་ཞུ༔ མཁར་ཕུབ་ཀྱི་ཆོས་ལ་མོས་ནས་ཆོས་ཨེ་ཤེས་མིན་པས་བྱེད༔ དེ་རབ་མཁར་ཆེན་བཟའ་མང་དུ་ཡོད་དེ༔ ཆོས་མང་པོ་བྱེད་མི་སུ་ཡང་མེད༔ ཁྱོད་ཀྱིས་དེ་བསམ་ནས་བུ་མོ་ཁྱོད་རང་གིས་བསམ་བློ་བཏང་ཡག་གྱིས༔ ཞེས་གསུངས༔ མཚོ་རྒྱལ་གྱིས་ངས་ཆོས་ལ་མོས་ནས་ཆོས་བྱེད་འགྲོ་བསམ་པ་འདི་གསུངས་སོ༔ ཀྱེ་མ་ལས་དབང་ཆེ་བས་དམ་ཆོས་བསམ༔ བུ་མོ་སྣང་བ་རྫུན་པས་མ་ལོབ་ནས༔ བསམ་སྟེ་མོས་པའི་ངག་མི་སླེབ༔ གཞན་གྱི་བུད་མེད་ཁ་ཡི་ཆོས་མོས་པ༔ ཁོ་མོ་སྙིང་གི་དཀྱིལ་ནས་དད་པ་ཡོད༔ གཞན་གྱི་བུད་མེད་མཆོར་ལ་དད་པ་ཡོད༔ ཁོ་མོ་དུས་གསུམ་ངོ་བོ་བཟང་ངན་མེད་ལ་མོས༔ རིག་པ་དམན་ནམ་སྙིང་རུས་ཆེ༔ གཞན་གྱི་བུད་མེད་ཡར་གཏམ་མར་གཏམ་བྱེད༔ ཕ་ཁུ་སྦྱིན་པའི་མི་ལ་འགྲོ་མི་མེད༔ ཆོས་ལ་མི་མོས་སྣང་བ་མཆོར་ལ་མོས༔ ཁོ་མོ་ཚེ་གཅིག་ཁ་གཏིང་མེད་པར་བསམ༔ སྐྱབས་གནས་བསླུ་མེད་ཐུགས་རྗེས་ཨེ་བཟུང་ངམ༔ ཁོ་མོ་ཁ་གཏིང་མེད་པའི་ཆོས་འདོད་པ༔ སྙིང་རུས་ཆེ་བས་ཆོས་ལོབ་པ༔ མ་ལོབ་ཁོ་མོ་ཁྲེལ་བ་མེད༔ བདག་བསམ་གཞན་གྱིས་ཨེ་སྤྱོད་དམ༔ གཞན་གྱི་བུད་མེད་མཐོ་བདམ་བྱེད༔ ཁོ་མོ་མཐོ་དམན་མེད་པའི་སེམས་བསྐྱེད་བྱེད༔ ཆོས་རྣམས་རང་གྲོལ་བྱིན་གྱིས་རློབས༔ ཕ་བཀའ་བརྒྱུད་བླ་མས་བྱིན་གྱིས་རློབས༔ འགྲོ་བའི་དོན་དུ་རང་གྲོལ་ཤོག༔ མཁར་ཆུ་རྒྱུད་པའི་ཐར་ལམ་ཟིན་པར་ཤོག༔ ཅེས་གསུངས་པ་དཔལ་གྱི་དབང་ཕྱུག་ཞལ་ནས་ཆོས་ལ་མོས་ན་སུའི་མདུན་དུ་ཆོས་བྱེད་འགྲོ་གསུངས་པ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས་བདག་གི་ཆོས་སྐལ་ཡོད་ས་ན་འགྲོ༔ ཆོས་མོས་པའི་སྣང་བ་མ་རྫུན་ན་ཚེ་གཅིག་ཏུ་ཆོས་བྱེད་བསམ་པ་ཡོད་གསུངས༔ སྦས་སྒྲོན་གྱིས་མཚོ་རྒྱལ་ལ་ཚིག་འདི་སྨྲས་པ༔ ཁྱོད་ཆོས་ལ་བདེན་པའི་མོས་པ་ཨེ་ཡིན༔ གཞན་གྱི་མི་ལ་འགྲོ་བ་ཨེ་ཡོད་ཟེར་བ༔ མཚོ་རྒྱལ་གྱི་ཞལ་ནས༔ ཁོ་མོ་བདག་གིས་ཚེ་གཅིག་ཆོས་བསམ་པ༔ གཞན་གྱི་བུད་མེད་ཁྲིམས་གཏམ་བྱེད་པ་ཡིན༔ ཁོ་མོ་གནས་བཅས་ཐར་ལམ་ཟིན་འདོད་བསམ༔ རོགས་ངན་གླང་རྒན་གབ་བྱིང་ལྟ་བུ་ལ༔ འགྲོ་བའི་སྐྱབས་མེད་དུད་འགྲོ་གླེན་ལྐུགས་དུད་འགྲོའི་རིགས༔ དུག་སྦྲུལ་ཁོང་ཁྲོ་ཅན་ལ་འགྲོས་ནས་ཀྱང་༔ འཐབ་ཅིང་རྩོད་པའི་ལྷ་མིན་ཡུལ་ནང་ཡིན༔ མཆོར་དགའ་མི་ལ་འགྲོ་བའི་དོན་མེད་པ༔ དགེ་གྲོགས་མེད་པ་ལྷ་ཡི་དབྱིངས་ཡུལ་ཡིན༔ ལུས་ཡང་སེམས་ཡང་མི་ལ་འགྲོ་བའི་དུས༔ ཟས་དང་གླ་བྱེད་ཡི་དྭགས་གནས་ཡུལ་ཡིན༔ ཁོ་མོ་ཆོས་ལ་མོས་པས་ལས་བྱེད་པ༔ ཆོས་ལ་མོས་པའི་སྡིག་མ་བྱེད༔ ཚེ་གཅིག་ཐར་ལམ་ཟིན་པ་བདག་གིས་བསམ༔ ཁྱིམ་ཐབ་སྤངས་ནས་ཐར་ལམ་ཟིན་པ་ཡོད༔ ཐར་པའི་ལམ་ཟིན་བསམ་ནས་ཆོས་བྱས་པ༔ ངན་སོང་ལམ་བཀག་བསམ་ནས་ཆོས་ལ་མོས༔ སྐྱབས་གསུམ་བསླུ་བ་མེད་པ་དཀོན་མཆོག་གསུམ༔ སྦྱོར་གྲོལ་དངོས་གཞི་འཇུག་པའི་སམ་བྷ་ཝ༔ སྟོང་ཆགས་བདག་མེད་ཀ་དག་ཆོས་ཀྱི་སྐུ༔ ཁོ་མོ་སྙིང་རུས་ཅན་ལ་ཆོས་གྲོལ་མཛོད༔ བུད་མེད་ལུས་བླངས་བདག་གི་ཡིད་རེ་འགྱོད༔ དཀའ་བ་བརྩོན་འགྲུས་ཆེ་བས་ཞེ་བློ་བདེ༔ མཁར་ཆེན་རྒྱུད་པ་ཡིན་པས་ཞེ་བློ་བདེ༔ པདྨ་སམ་བྷ་འཕྲད་པས་ཞེ་བློ་བདེ༔ ལས་ཀྱི་དབང་ནི་ཆུང་བ་ཅུང་ཡོད་དམ༔ སྣང་བ་རྫུན་རེས་ཆེ་བའི་ཅུང་ཡོད་དམ༔ ཐོབ་དཀའ་ཐར་ལམ་ཟིན་པ་ཅུང་ཡོད་དམ༔ དབང་ཆེ་ཙམ་གྱིས་ཆོས་ཤིག་བྱས༔ སྣང་རིགས་ཆོད་པའི་ཆོས་ཤིག་བྱས༔ ཕ་བཀའ་བརྒྱུད་བླ་མར་གསོལ་བ་བཏབ༔ རེ་ས་འགྲོ་བའི་སྐྱབས་མཆིས་པ༔ སྒྲུབ་བརྒྱུད་བླ་མའི་ཐུགས་རྗེས་ཟུངས༔ ཁོ་མོ་ཡོན་ཏན་ཆེ་བའི་ཐུགས་རྗེས་ཟུངས༔ ཁོ་མོ་ཆོས་གཅིག་བསླབ་བསམ་གང་ནས་བསླབ༔ ཀ་དག་རྗེས་འཛིན་ཆོས་ཤིག་ཨེ་ལོབ་བམ༔ ཁོ་མོ་མཉམ་ཉིད་སྒོམ་པའི་དོན་བྱེད་བསམ༔ སྣང་བ་ཕུག་སྟོང་ཙམ་གྱིས་ཨེ་ཡོང་ངམ༔ ཁོ་མོ་ལྷ་འདྲེ་འདུལ་བའི་བསྐྱེད་རིམ་བསླབ༔ སྐད་ཅིག་དྲན་རྫོགས་ཙམ་གྱིས་ཨེ་ཡོང་ངམ༔ འགྲོ་བའི་དོན་དུ་ཁོ་མོས་སྤྲུལ་པ་བཀྱེས༔ སྐུ་མདོག་མི་འདྲ་ནམ་མཁའ་བཞི་སྤྲུལ་པ༔ ཁོ་མོ་ཇོ་མོ་བྱེད་བསམ་སྐྲ་ཕུད་བླངས༔ ཚུལ་ཁྲིམས་སྲུང་བའི་ཐབས་ཀྱིས་ཨེ་ཡོང་ངམ༔ སྤྱིར་རེ་ས་དཀོན་མཆོག་གསུམ་ལ་བྱེད༔ རྒྱལ་བ་བཀའ་བརྒྱུད་ཐུགས་རྗེས་ཟུངས༔ ཞེས་གསུངས་པ༔ ནམ་མཁའ་ནས་མཁའ་འགྲོ་མ་གཅིག་ཡོང་ནས༔ ཨ་རིགས་ཀྱི་བུ་མོ་ཁྱོད་མགུར་མ་ཅི་ལ་བྱེད་པ་ཡིན༔ ཆོས་ལ་མོས་པ་ཡིན་ནམ༔ ཁྱིམ་ཐབ་ལ་མོས་པ་ཡིན་ནམ་ཅི་ཡིན་དྲིས་པས༔ མཚོ་རྒྱལ་གྱི་ཞལ་ནས་ཀྱང་༔ ཨེ་མ་གཞན་ཚོས་ཁྱིམ་ཐབ་སྔ་འཕྱི་བྱེད༔ ཁོ་མོ་བདག་ནི་ཁྱིམ་ཐབ་སྤངས་མཆིས་ཡོད༔ ཁོ་མོ་བཅུ་གསུམ་ལོན་པའི་ཆོས་གཅིག་བསམ༔ ཁོ་མོ་ཆོས་གཅིག་བྱེད་པའི་སྔ་འཕྱི་ཡོད༔ གཞན་གྱི་བུད་མེད་ཁྱིམ་ལ་མོས༔ ཁོ་མོ་རི་ཁྲོད་འགྲིམ་བསམ་ཡོད༔ དཀའ་བ་ཐུབ་ན་ཞེ་བློ་བདེ༔ གཞན་ཚོའི་བུད་མེད་ཟང་ཟིང་འཚོས༔ ཁོ་མོ་སྦྱིན་བསམ་ཡོད་པའི་ཞེ་བློ་བདེ༔ གཞན་གྱི་བུད་མེད་གསར་རྙིང་བྱེད༔ ཁོ་མོ་གནས་སུ་བསྟན་པ་ཞེ་བློ་བདེ༔ གཞན་གྱི་བུད་མེད་སྣ་ས་ངོ་ངོ་བྱེད༔ ཁོ་མོ་བཀའ་སྩལ་རྒྱལ་བའི་ཆོས་ལ་མོས༔ གཞན་གྱི་བུད་མེད་མཆོར་ལ་དགའ༔ དཀར་ཏིག་སྔོ་ཏིག་ཨ་ལོང་བརྒྱན༔ ཁོ་མོ་ཇོ་མོ་སྐྲ་ཕུད་བླངས༔ སྣང་བ་དམའ་བས་ཞེ་བློ་བདེ༔ གཞན་གྱི་བུད་མེད་ཆོས་མི་ཉན༔ དགེ་ཙམ་མེད་པ་སྡིག་ལ་མོས༔ བསད་དགའ་ཟས་ཞིམ་ཟ་བའི་དགེ་རྩ་མེད༔ ཁོ་མོ་དགེ་ལ་མོས་པས་ཞེ་བློ་བདེ༔ གཞན་གྱི་བུད་མེད་གཟུགས་ལ་བདམ༔ ཁོ་མོ་ལུས་དམན་སེམས་དམན་ཆོས་བྱེད་འདོད༔ ཕྱི་མ་ཐར་ལམ་བསམ་ནས་ཆོས་བྱས་པ༔ ཁོ་མོ་དད་པ་ཆེ་ལ་བརྩོན་འགྲུས་ཆེ༔ སྔ་རབས་མཁར་ཆེན་བཟའ་ནི་མང་པོ་བྱུང་༔ ད་ལང་བདག་ནི་ཤེས་རབ་མཁར་ཆེན་བཟའ༔ ད་ལང་དམ་པའི་ལྷ་ཆོས་བྱེད༔ ཁྱེད་ནམ་མཁའི་ཁམས་ཀྱི་མཁའ་འགྲོ་མ༔ བདག་གི་གྲོགས་བྱེད་ཡིན་ནམ་གེགས་བྱེད་ཡིན༔ ཞེས་གསུངས༔ ནམ་མཁའ་ནས་མཁའ་འགྲོ་མས་ཁྱོད་ལོ་བཅུ་གསུམ་ལོན་པའི་དུས༔ ཁྱོད་ཆོས་སྐལ་པདྨ་བསམ་ཡས་ན་ཡོད༔ དེར་འགྲོ་བའི་སྐབས་མཆིས་བདག་གིས་གྲོགས་བྱེད༔ དེར་སོང་དམ་ཆོས་མང་པོ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་༔ ཞེས་གསུངས༔ དེར་ནམ་མཁའ་ནས་ཡལ་སོང་༔ ཡེ་ཤེས་མཚོ་རྒྱལ་གྱིས་ཕ་མ་གཉིས་ལ་ད་ང་ལོ་བཅུ་གསུམ་ལོན་པའི་པདྨ་བསམ་ཡས་ལ་ཡོད་པ་དེའི་མདུན་དུ་བདག་གིས་ཆོས་བྱེད་འགྲོ་བསམ་པ་ད་འགྲོ་གསུངས༔ ཕ་མ་གཉིས་ཀྱིས་ཁྱོད་སོང་སྟེ་ཟས་གོས་གཅིག་ཨེ་མི་དགོས༔ ཁྱོད་ཁུར་ནི་མི་ཁྱག་ཅི་བྱེད་ཟེར་བ༔ ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ གཞན་ཚོའི་བུད་མེད་འགྲོ་བ་མང་ཞན་པ༔ ཁོ་མོ་འབྲས་ཆང་འདི་དང་དར་ཆད་པ༔ འགྲོ་བའི་བུད་མེད་རྣམས་ལ་ཟང་ཟིང་ཞན༔ ཁོ་མོ་ཤིང་གིས་ཇ་དང་དར་ཆད་པ༔ ད་ཡང་མཁར་ཡུལ་ས་ནས་ཟས་མི་ཡོང་༔ ཁོ་མོ་ཡོང་པ་མི་སྲིད་དོ༔ ཉོན་མོངས་ནད་འཇོམས་འབྲས་ཆང་འདི༔ བདག་གི་གྲོགས་བྱེད་རྒྱལ་བའི་སྐུ་ལ་འབུལ༔ བདེར་གཤེགས་འགྲོ་དོན་ཡོངས་ལ་མངའ་བརྙེས་ཤོག༔ གཞན་གྱི་བུད་མེད་རྒྱུ་རྔམ་ཟས་སྦྱིན་པ༔ ཕན་པ་ཐར་པའི་ལམ་འདྲེན་སེམས་ཙམ་མེད༔ ཡིད་མི་བདེ་བ་འཁྲུགས་ལོང་མང་པོ་འབྱུང་༔ ཁོ་མོ་སྟེར་ནས་ཐར་པའི་ལམ་འདྲེན་ཡོད༔ འབྲས་ཆང་སྔོན་མོ་བདག་གིས་འཐུང་སྲིད་པའི༔ བུད་མེད་ཆང་ལ་དགའ་བའི་ཡུལ་ཤོར་བ༔ ཁོ་མོ་འབྲས་ཆང་མངར་གྱི་ཟས་ཡིན་པས༔ འཐུང་བའི་གནས་སྲིད་དམ་པའི་ཆོས་གཅིག་བྱེད༔ ཁྱེད་མཁར་ཆེན་རྒྱུད་པ་རྣམས་ལ་ང་ཕན་ངེས༔ ཞེས་གསུངས་པ༔ དེར་ཕ་མ་རྣམས་ཀྱིས་ཁྱོད་ལ་ཟས་ནོར་དགོས་ན་སྦྱིན་ཟེར་བས་མཚོ་རྒྱལ་ཞལ་ནས༔ བདག་ལ་ཟང་ཟིང་ནོར་གྱིས་སྐབས་མ་མཆིས༔ ཟང་ཟིང་འདོད་ན་ཁྱིམ་ཐབ་སྤངས་བ་མེད༔ ཚེ་གཅིག་བྱང་ཆུབ་ཐོབ་པའི་གདམས་ངག་ཞུ༔ ཞེས་གསུངས༔ ཕ་མ་གཉིས་ཀྱིས་ཨ་བུ་མོ་ཁྱོད་འདྲ་བ་ལ་ལན་མི་སྟེར་ན་སུ་ལ་སྟེར༔ ཁྱོད་རང་ཅི་མོས་པ་སྟེར༔ ཞེས་གསུངས༔ མཚོ་རྒྱལ་ཞལ་ནས༔ ང་ལ་ཟང་ཟིང་ནོར་གྱི་དགོས་མེད་པ༔ ཟས་ཞིམ་པའི་དོན་མ་མཆིས༔ ཀྱཻ་མ་འཇིག་རྟེན་འཁོར་བའི་སྡིག་ལ་གཏད་བཅས་ནས༔ འགྲོ་དོན་ལམ་དུ་ཤོར་སྲིད་དེ༔ མཁར་ཆུ་འདི་ལ་མི་ཚེ་བཏང་བ་ན༔ བདག་གི་དོན་ཤོར་སྐྱབས་གནས་སུ་ཡང་མེད༔ ད་ཡང་བདག་ལ་ཟང་ཟིང་ནོར་རྟེན་མེད༔ ཟང་ཟིང་རྒྱུ་ལ་རྔམ་པ་ང་མ་ཡིན༔ གཞན་གྱི་བུད་མེད་ཟང་ཟིང་འཚོས༔ ཁོ་མོ་ཟང་ཟིང་ནོར་སྤངས་བ༔ པདྨའི་སྐུ་ལ་བསྟོད་པ་འབུལ༔ ཞེས་གསུངས༔ ང་འགྲོ་ན་སྒོ་ནས་ཐོན་པ་ཕ་མ་གཉིས་ཕྱི་རུ་ཡོང་བ༔ སྦས་སྒྲོན་གྱིས་བསམས་ནས༔ ཨ་བདག་གི་བུ་མོ་སྐུ་མདོག་དབུ་སྐྲ་འདི་འདྲ་བ་མིད་ཚུག་པ་གར་འགྲོ་བ་ཡིན་མི་བཏང་བསམ་པ༔ ཡེ་ཤེས་མཚོ་རྒྱལ་ཁོ་མོ་བསམ་ནས་མཁར་ཆེན་ས་དང་མི་རྣམས་དངོས་མི་བརྙེས་པ༔ ཐམས་ཅད་སྤངས་ནས་དངོས་པར་གང་ནས་འགྲོ་བསམ་ནས་ལན་གཅིག་ལ་བསམ་བློ་བཏང་༔ ཁོ་མོ་ལོ་ཆུང་བ་སེམས་ཙམ་དེ་འདྲ་བ་རེད་བསམ༔ ཕ་མ་གཉིས་ཀྱིས་ལམ་སུས་ཏིང་བཞུགས་ཟེར་བ༔ ཁོ་མོ་གཞི་ནས་བདེ་མོ་རང་འདུག་ཨང་གསུངས༔ ལམ་དུ་ཡོང་བ་ཁོ་མོ་ཡིད་མུག་པའི་པདྨ་དྲན་ནས་གསོལ་བ་འདི་བཏབ་བོ༔ ཨེ་མ་ཧོ༔ ཨུ་རྒྱན་ཕྱོགས་བཅུའི་སངས་རྒྱས་འཁོར་གྱིས་བསྐོར༔ ཁོ་མོ་བསམ་པ་འགྲུབ་པར་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བའི་དོན་དུ་གཟིགས་པར་ཤོག༔ ཨུ་རྒྱན་བཀའ་བརྒྱུད་བླ་མའི་འཁོར་གྱིས་བསྐོར༔ ཁོ་མོའི་བསམ་པ་འགྲུབ་པར་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བའི་དོན་དུ་གཟིགས་པར་ཤོག༔ ཨུ་རྒྱན་ཡི་དམ་རྒྱལ་བའི་འཁོར་གྱིས་བསྐོར༔ ཁོ་མོའི་བསམ་པ་འགྲུབ་པར་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བའི་དོན་དུ་གཟིགས་པར་ཤོག༔ ཨུ་རྒྱན་མཁའ་འགྲོ་མང་པོའི་འཁོར་གྱིས་བསྐོར༔ ཁོ་མོའི་བསམ་པ་འགྲུབ་པར་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བའི་དོན་དུ་གཟིགས་པར་ཤོག༔ ཨུ་རྒྱན་ཆོས་སྐྱོང་གཉན་གྱིས་འཁོར་གྱིས་བསྐོར༔ ཁོ་མོའི་བསམ་པ་འགྲུབ་པར་བྱིན་གྱིས་རློབས༔ ཐུགས་རྗེས་འགྲོ་བའི་དོན་དུ་གཟིགས་པར་ཤོག༔ ཁོ་མོ་བརྩོན་འགྲུས་ཅན་ལ་ཐུགས་རྗེས་ཟུངས༔ དད་གུས་ཅན་ལ་བྱིན་གྱིས་རློབས༔ ཤེས་རབ་ཅན་ལ་ཐུགས་རྗེས་ཟུངས༔ ཞེས་གསུངས༔ ཡོང་ནས་ཉིན་གཅིག་ལ་ཡོང་ནས་བཟའ་བཏུང་མེད་པ་བུད་མེད་ཆུང་བ་འགྲོ་མ་མྱོང་སྟེ༔ འགྲོ་བསམ་ན་མི་ཐུབ་པ༔ འདུག་བསམ་ན་བཟའ་བཏུང་མེད་པ་ཅི་བྱེད་བསམ་པའི་ཡིད་མུག་པའི་ངང་ནས་འདི་གསུངས་སོ༔ ཀྱི་ཧུད་བདག་འདྲ་ཇོ་མོ་མཁར་ཆུ་བཟའ༔ འདུག་པའི་ཟས་མེད་འགྲོ་བའི་དུས་མ་མཆིས༔ ཁོ་མོ་སྙིང་རུས་ཆེ་བསམ་བུད་མེད་ལུས༔ བརྩོན་འགྲུས་ཆེ་སྟེ་བུད་མེད་ལུས༔ བུ་མོ་བདག་ལུས་སྡིག་ལ་འདི་མོས་པ༔ པདྨ་དྲན་ཏེ་བུ་མོ་གང་དུ་འགྲོ༔ ཁོ་མོ་མཁར་བཟའི་འགྲོ་ལ་དྲིན་ཡོང་ནས༔ བཟའ་བཏུང་མེད་པའི་དབུས་དང་གཙང་བར་དུ༔ ཁོ་མོ་ཆུང་བས་ཅི་ཡང་ཤེས་པ་མེད༔ བདག་ནི་ཡིད་མུག་འདི་འདྲ་ཅི་ལ་ཡོང་ཞེས་མང་པོ་བཤུམ༔ ལན་གཅིག་ལ་བསམ་བློ་བཏང་ནས་ཁོ་མོ་ཆུང་བས་སྙིང་རུས་མི་ཐུབ་པ་དང་ཡིན་བསམས་ནས་འདི་ལྟར་གསུངས༔ ཨེ་མ་ཁོ་མོ་སྙིང་རུས་ཆེ་བ་ཡོད་བསམ་སྟེ༔ སྙིང་རུས་ཆུང་ཞིང་དཀའ་བ་ཐུབ་མེད་པ༔ བུད་མེད་ལུས་འདི་བླངས་བ་ཡིད་རེ་འགྱོད༔ བུད་མེད་དགའ་སླ་མི་སླ༔ སྒྲ་སྙན་བཟང་བ་ཚོར་ན་རབ་ཏུ་དགའ་དུས༔ སྒྲ་མི་སྙན་པ་ཐོས་ནས་སྙིང་ཆུང་བ༔ ཁོ་མོ་སྙིང་ཆུང་འདི་ལ་དག་དག་མེད༔ བུད་མེད་རིགས་ཡིན་སྙིང་རུས་མི་ཐུབ་དུས༔ དམ་པའི་ཆོས་བྱེད་བསམ་ནས་སྙིང་རུས་མེད༔ བུད་མེད་ལུས་བླངས་མོད་ལུས་ཞེད་ཡོད་པ༔ སྐད་ཅིག་གཅིག་ཏུ་བཀྲེས་སྐོམ་མི་ཁྱག་པ༔ ཁོ་མོ་སྙིང་རུས་ཆེ་བ་མི་སྲིད་དེ༔ བུད་མེད་ཆོས་བྱེད་དཀའ་བ་མི་ཐུབ་བམ༔ འདི་འདྲ་སྦྱོང་བའི་མཐོང་ལམ་ཡང་དག་དངོས༔ སྡིག་གིས་བདག་ལུས་འགྱོད་པ་ཅི་ཡང་མེད༔ རིག་པའི་སྣང་བ་རང་ཐག་བཅད༔ སྣང་བའི་ལུས་ལ་བརྩོན་འགྲུས་བྱེད༔ ལ་ཆེན་ཆུ་ཆེན་མ་བརྒལ་ན༔ དམ་པའི་ཆོས་ནི་ཅི་ལ་ཡོང་༔ ཞེས་གསུངས༔ བསམ་ཡས་ཕྱོགས་ནས་འཇའ་ཤར་ནས་ཁོ་མོའི་སྐྲ་ལྕང་རྣམས་འཇའ་འོད་གྱུར་ནས༔ བདག་གིས་ཅི་ཡིན་བསམ་ནས་དེ་འདྲའི་ངང་ནས་འདུག༔ བསམ་ཡས་ཕྱོགས་ནས་མི་གཅིག་ཡོང་ནས་ཁོ་མོའི་རྩར་ཐོན་པ་བུ་མོ་ཁྱོད་དབུ་སྐྲ་ཐམས་ཅད་འཇའ་འོད་གྱུར་གང་ནས་ཕེབ་ཟེར་བ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ བསམ་ཡས་ནས་པདྨ་ལ་མཇལ་འགྲོ་གསུངས་པ༔ མི་དེའི་ཁོང་ལ་ཕྱག་དབང་འདུག་པ་སྨྲས་པ༔ ཁོ་མོ་བུད་མེད་ཕྱག་དབང་བཞག་པ་ཅི་ཡང་མི་གདའ༔ གསུངས་ལན་དུ་ཞུས་ནས་ཕྱག་དབང་བཞག་པ༔ ཁོ་མོས་སྨོན་ལམ་བཏབ་པ༔ སྐྱེ་བ་ཡ་རབས་ཁྱོད་ནི་ལས་ཅན་པ༔ མཐོང་ཐོས་ཙམ་གྱིས་ཁྱོད་ནི་བདག་གྲོལ་མཛོད༔ རྫུས་སྐྱེས་པདྨས་ཁྱོད་ལ་ཐུགས་རྗེས་ཟུངས༔ ཁོ་མོ་བདག་གིས་ཁྱོད་ལ་བྱིན་གྱིས་རློབས༔ ཁྱོད་ཀྱི་སྐྱེ་རྒྱུད་བདག་གི་ཞབས་དྲུང་སྐྱེས༔ ཞེས་གསུངས༔ མི་དེ་ལ་ཁྱོད་རྒྱུད་པ་གང་ཡིན་དྲིས་པ༔ ངའི་རྒྱུད་པ་རྩང་རྒྱུད་ཡིན་ཟེར༔ དེར་མི་དེ་རྩང་ནས་ཡོང་༔ ཡེ་ཤེས་མཚོ་རྒྱལ་བསམ་ཡས་ནས་ཐོན་བའི་དུས་སྐབས་མཆིམས་ཕུ་རྟོགས་པའི་ས་ནས་འདུག་པ་འདི་གསུངས་སོ༔ ཁོ་མོ་ཤིང་བྱི་ལོ་དང་མེ་བྱ་ལོ༔ ཁོ་མོ་སྐྱེས་པའི་དོན་མ་ཆུང་༔ རྫུས་སྐྱེས་པདྨ་མཇལ་བའི་དུས་མཆིས་པ༔ སྐབས་སྐབས་དེ་དང་མཐུན་པར་བྱས༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་བསམ་ཡས་ནས་བྱོན་ནས་རྒྱལ་པོ་ལུས་ལ་ནད་བྱུང་ནས་འདུག༔ ཨུ་རྒྱན་གྱི་མདུན་དུ་སོང་ནས་ཁོ་མོས་ཕྱག་འཚལ་ལ་འདུག་པ༔ དབང་ཆེན་གསེར་གླིང་མཎྜལ༔ དབང་པོ་ལྔ་ཡི་མཎྜལ༔ སྐུ་གསུམ་མཎྜལ་རྣམས་འབུལ༔ ཨུ་རྒྱན་གྱི་ཞལ་ནས་དེ་ཡང་ངོ་མཚར་ཏེ་གསང་བའི་མཎྜལ་འབུལ་གསུངས་པ༔ གསང་བའི་པདྨོ་མཎྜལ་གཅིག་འབུལ༔ པདྨའི་ཞལ་ནས་ཚད་ཚོད་བྱས་པ༔ ཁྱོད་རིགས་གང་ཡིན་ཆོས་ཞུ་བ་ཡིན་ནམ༔ ཁྱིམ་ཐབ་སྤངས་པ་ཡིན་ནམ་གསུངས༔ མཚོ་རྒྱལ་གྱི་ཞལ་ནས༔ མཁར་ཆུ་རྒྱུད་པའི་རིགས་ཡིན་དོན་མ་མཆིས༔ ཉིན་མཚན་སྒོམ་པའི་ཆོས་གཅིག་བྱེད་བསམ་ཡོད༔ ཁྱིམ་ནས་བྱུང་སྟེ་རབ་བྱུང་ཆོས་གཅིག་བྱེད༔ པདྨ་ཁྱེད་ནི་དྲན་པའི་ཆོས་གཅིག་ཞུ༔ འདི་ཕྱི་བདེ་བ་ཐོབ་པའི་ཆོས་གཅིག་ཞུ༔ ཞེས་ཞུས༔ པདྨའི་ཞལ་ནས༔ ཁྱོད་འདུག་པའི་ཆོས་གཅིག་བྱེད་ཡིན་ནམ༔ འགྲོ་བའི་ཆོས་གཅིག་བྱེད་པ་ཡིན༔ སུའི་གྲོགས་ནི་བྱེད་པ་ཡིན༔ ཞེས་གསུངས་པ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས་ཁོ་མོ་ཁྱོད་ཀྱི་གྲོགས་བྱེད་པ་ཡོད༔ ཁྱེད་རྫུས་སྐྱེས་པདྨའི་མཐུ་སྟོབས་ཆེ་བ་ཁོ་མོའི་ཆོས་བྱེད་པ་བུད་མེད་ཀྱི་རིགས་ཡིན་པ་ཕོ་ལུས་གཅིག་བསྒྱུར་བའི་ཐབས་ཨེ་མཆིས་ཞུས་པ༔ པདྨའི་ཞལ་ནས་ང་རྒྱ་གར་བླ་མ་ས་གསེར་ལ་བསྒྱུར་བ་བུད་མེད་སྐྱེས་པའི་ལུས་བསྒྱུར་ཐུབ་སྟེ༔ ཁྱོད་བདག་གི་གྲོགས་བྱེད་དགོས་པ་ཐབས་འདུ་འབྲལ་མེད་པར་གདའ༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ཁོ་མོ་ལུས་དང་སྲོག་བཅས་པ་ཁྱོད་ལ་འབུལ་བ་ཡིན་པ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ འདི་ཕྱི་འགྲོ་བའི་གང་ལ་ཡང་ཐུགས་རྗེས་གཟིགས་པར་བྱ༔ པདྨའི་ཞལ་ནས༔ མ་འོངས་དུས་མཐའ་ཁྱོད་གྲོགས་ཨེ་བྱེད་དམ༔ ཁྱོད་ཡེ་ཤེས་མཚོ་རྒྱལ་གྱི་བདག་དང་འདུ་འབྲལ་མེད་པའི་འགྲོ་བའི་དོན་ཆོས་སྐོར་རྒྱ་ཆེན་པོ་མཛད་ཡོང་ནས་བཀའ་མི་བཅག་པར་གདའ༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཁྱོད་ཀྱི་གྲོགས་ཁོ་མོ་ཅི་ཐུབ་པ་བྱེད༔ གྲོགས་རྣམས་ཐམས་ཅད་བདག་གིས་བྱེད༔ ཁོ་མོ་རིགས་པ་ཡང་དམན་ཏེ་བརྩོན་འགྲུས་ཆེ༔ ཁྱོད་ཀྱི་གྲོགས་ངས་བྱེད་ཞུས༔ པདྨའི་ཞལ་ནས་ཁྱོད་མ་འོངས་རིག་འཛིན་གྱི་གྲོགས་ཨེ་བྱེད་དམ་གསུངས་པ༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ མ་འོངས་དུས་ཀྱི་རིག་འཛིན་དང་རྩ་རླུང་འོད་གསལ་དང་༔ མཁས་གྲུབ་ཁྱེད་ཀྱི་སྒྲུབ་པའི་རིག་འཛིན་དེ་རྣམས་ཀྱི་གྲོགས་ངས་བྱེད་དོ་ཞུས༔ པདྨའི་ཞལ་ནས་ཁྱོད་སྤྲུལ་པའི་གྲོགས་བྱེད་དམ་ཁྱོད་གྲོགས་བྱེད་གསུངས༔ ཁོ་མོ་བདག་གིས་གང་འདུལ་སྤྲུལ་པའི་འགྲོ་བའི་ཐབས་དེའི་གྲོགས་བྱེད༔ བདག་གིས་དེའི་ཐབས་ཀྱིས་ལུང་བསྟན་ཞུས༔ ཁྱོད་མ་འོངས་ཀྱི་གྲོགས་བྱེད་པའི་ཐབས་སྟོན་པའི་ངས་སྤྲུལ་པ་བྱེ་བ་ཕྲག་བརྒྱའི་ཁྱེད་ཀྱིས་སྤྲུལ་བ་བྱེ་བ་ཕྲག་བརྒྱས་གང་འདུལ་གྱིས་འགྲོ་བའི་དོན་བྱའམ༔ མཚོ་རྒྱལ་གྱི་ཞལ་ནས༔ ཨེ་མ་ཧོ༔ རྫུས་སྐྱེས་ཁྱེད་ཀྱིས་མ་འོངས་སྤྲུལ་བགྱིས་ནས༔ ཁོ་མོ་བདག་གིས་དེ་རྣམས་གྲོགས་བྱེད་དམ༔ རྩ་རླུང་འོད་གསལ་བདག་པོ་གྲོགས་པོ་བྱེད༔ རིག་འཛིན་རྣམས་ཀྱི་གྲོགས་ནི་ངས་བྱེད་དོ༔ ཁྱེད་སྤྲུལ་མཁའ་སྒྲུབ་འགྲོ་དོན་བྱེད་པ་ནས༔ ཁོ་མོ་ཐུབ་ཙམ་བདག་གིས་གྲོགས་ལྟར་བགྱིས༔ ཞེས་ཞུས་པ༔ པདྨའི་ཞལ་ནས་ཁྱོད་སྤྲུལ་པ་ཅི་འདྲ་ལ་བགྱིས་གསུངས་པ༔ མཚོ་རྒྱལ་ཞལ་ནས༔ ཁོ་མོ་སྤྲུལ་པ་མི་འདྲ་རྣམ་པ་ལྔ༔ སྐུའི་སྤྲུལ་པ་སངས་རྒྱས་མཁའ་འགྲོ་ནི༔ ཕུང་པོ་གྲུ་བཞི་སྐུ་མདོག་མཐིང་ག་བ༔ འགྲོ་བ་ལྟ་བུར་གཏམས་པ་མང་འབྱུང་བ༔ དེའི་སྤྱི་བོར་ཐིག་ལེ་དམར་པོ་རྟགས༔ གསུང་གི་སྤྲུལ་པ་རྡོ་རྗེ་མཁའ་འགྲོ་མ༔ སྐུ་མདོག་དཀར་བ་ལུས་ནི་ཅི་རིང་བ༔ གཏམ་མང་སྐད་ལྷང་བྱེད་པའི་ལས་བྱུང་བ༔ དེའི་རྟགས་སུ་ཐུགས་ཀར་ཐིག་ལེ་དཀར༔ ཐུགས་ཀྱི་སྤྲུལ་པ་རིན་ཆེན་མཁའ་འགྲོ་ནི༔ སྐུ་མདོག་སེར་ལ་ལུས་ཐུང་གཏམ་ཉུང་བ༔ ཁྲོ་འཛུམ་ཆེ་བའི་དེའི་རྟགས་སུ་ཐིག་ལེ་མགོ་ལ་ཡོད༔ ཡོན་ཏན་སྤྲུལ་པ་པདྨ་མཁའ་འགྲོ་ནི༔ ཤ་རྩ་དམར་བ་ཕུང་པོ་སོགས་དཀར་བ༔ གཏམ་མང་དེ་ཡི་རྟགས་སུ་རྒྱབ་ཏུ་ཐིག་ལེ་ཡོད༔ ཕྲིན་ལས་སྤྲུལ་པ་ཀརྨ་མཁའ་འགྲོ་ནི༔ སྐུ་མདོག་ལྗང་གུ་ཕུང་པོ་གྲུ་བཞི་འདྲ༔ གཏམས་པ་ཐམས་ཅད་འགྲོ་བའི་ལས་བྱེད་པ༔ དེ་ཡི་རྟགས་སུ་དབུ་སྐྲ་ཡ་བྲག་རི༔ ང་ཡི་སྤྲུལ་པ་དེ་འདྲ་མང་པོ་བགྱིས༔ ཞེས་ཞུས་པ༔ པདྨའི་ཞལ་ནས༔ ཐབས་ཀྱིས་སྤྲུལ་པ་བཀྱེས་ནས་མ་འོངས་ཀྱི་གྲོགས་བྱེད་པ་ཨེ་སྣང་༔ ཞེས་ཞུས་པ༔ མཚོ་རྒྱལ་གྱི་ཞལ་ནས༔ མ་འོངས་རིག་འཛིན་གྱི་གྲོགས་དེ་ལྟར་ཐབས་ཀྱིས་ངས་བྱེད་ངེས་པ་ཅན་ཡིན་པའོ༔ སྤྲུལ་པའི་ཐབས་ཀྱིས་འགྲོ་ལ་དགོངས་ནས་དེ་ལྟར་སྐབས་མ་མཆིས་པའོ༔ མེ་མོ་བྱའི་ལོ་རྒྱལ་དང་ཉ་འཛོམས་པའི་དུས་པདྨ་དང་ཁོ་མོ་གཉིས་འཕྲད་པ༔ ཨུ་རྒྱན་གྱི་ཞལ་ནས༔ ངའི་སྤྲུལ་པ་སྐུའི་སྤྲུལ་པ་ནི་སྐུ་མདོག་མཐིང་ག་འཇིགས་སུ་རུང་བ་ཁྲོ་ཐབས་ཡིན་པ༔ གསུང་གི་སྤྲུལ་པ་རྒྱལ་རིགས་སུ་འཁྲུངས་ནས་སྐུ་མདོག་དཀར་པོ་ཞི་བའི་ཚུལ༔ ཐུགས་ཀྱི་སྤྲུལ་པ་སྐུ་མདོག་སེར་པོ་རྗེའུ་རིགས་སྐྱེས་ནས་ཁྲོ་བ་མེད་པ་ཞི་བའི་ཚུལ༔ ཡོན་ཏན་སྤྲུལ་པ་སྐུ་མདོག་དམར་པོ་དམངས་རིགས་ཁྲོ་བོའི་ཚུལ་སྟོན་པ༔ ཕྲིན་ལས་སྤྲུལ་པ་སྐུ་མདོག་ལྗང་གུ་གདོལ་རིགས་ཁྲོ་ཚུལ་བསྟན་པ་དེ་འདྲའོ༔ ཁྱེད་སྤྲུལ་པ་ལྔ་དེར་ངའི་སྤྲུལ་པ་ལྔ་དེ་ལྟར་ཐབས་སྟོན་པའི་མ་འོངས་ཀྱི་རིག་འཛིན་གྱི་འགྲོ་བའི་དོན་བྱའོ༔ ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ མ་འོངས་སྐབས་སྐབས་ལ་དེ་འདྲ་བྱས་ནས་བདག་གིས་ཞུས་པས༔ སྐབས་ཁྱེད་ཀྱིས་ཐར་བར་དགོངས༔ ཞེས་ཞུས༔ པདྨའི་ཞལ་ནས༔ ངས་ཐབས་ཚུལ་བསྟན་པ་ཁྱོད་ཞུ་བ་པོ་བྱེད་དམ་ངས་མཛད་པའོ༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་རྨི་ལམ་རྨིས་རབས་བཤད་དོ༔ ཨེ་མ་ཕ་བཀའ་བརྒྱུད་བླ་མ་རིན་པོ་ཆེ༔ སྐྱབས་སངས་རྒྱས་ཆོས་དང་དགེ་འདུན་གསུམ༔ ཐུགས་རྗེ་བཟུང་བའི་ཐབས་གཅིག་སྟོན༔ རྫུས་སྐྱེས་པདྨས་ལན་གསོན་ཅིག༔ ཁོ་མོ་བདག་གི་རྨི་ཚིག་ལ༔ ཤར་འདི་ན་ཉི་མ་ཤར་བ་རྨིས༔ ཉི་ཟེར་འགྲོ་ལ་ཁྱབ་པ་རྨིས༔ སེང་གེའི་གཡུ་རལ་རྒྱས་པ་རྨིས༔ ལྷོ་འདི་ན་གསེར་གདུང་ཀ་བཙུགས་རྨིས༔ ཁྱུང་དཀར་བྱ་ཚང་གཤོག་རྒྱས་རྨིས༔ ཁྱུང་ཕྲུག་ཚང་ནས་རྒྱས་པ་རྨིས༔ ཁྱུང་ཚང་ནང་དུ་རྩལ་རྫོགས་རྨིས༔ ནུབ་འདི་ནས་རྨ་བྱ་རྒྱས་པ་རྨིས༔ པི་ཝང་ལྟ་བུར་སྒྲོག་པ་རྨིས༔ གསུང་སྐད་སྙན་པའི་སྒྲ་སྒྲོག་རྨིས༔ བྱང་འདི་ནས་ཆུ་བོ་འབེབས་པ་རྨིས༔ གསེར་གྱི་ཆུ་བོ་འབབས་པ་རྨིས༔ དབུས་འདི་ན་མེ་ཏོག་བབ་པ་རྨིས༔ ས་གཞི་མེ་ཏོག་བརྒྱན་པ་རྨིས༔ པདྨའི་ལུང་ལ་བཤད་པར་ཞུས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ བདག་གིས་དེ་འདྲ་བ་གཅིག་རྨིས་ནས་ཅི་ཡིན་ཞུས༔ པདྨའི་ཞལ་ནས༔ ཤར་འདི་ན་ཉི་མ་ཤར་བ་རྨིས༔ རྫུས་སྐྱེས་ཀུན་འདུས་པདྨ་ང་ཡིན་ནོ༔ ཉི་ཟེར་འགྲོ་ལ་ཁྱབ་པ་རྨིས༔ བུ་རིག་འཛིན་མ་འོངས་འགྲོ་དོན་ཡིན༔ སེང་གེའི་གཡུ་རལ་རྒྱས་པ་ནི༔ ང་པད་འབྱུང་བརྒྱ་བྱིན་མཚོ་རྒྱལ་ཡིན༔ ལྷོ་འདི་ནས་གསེར་གདུང་ཀ་བཙུགས་འདི༔ མ་འོངས་བུ་ཆེན་རིག་འཛིན་ཡིན༔ ཁྱུང་གར་བྱ་ཚང་རྨིས་པ་འདི༔ ང་རྫུས་སྐྱེས་མདངས་ལྡན་འཁྲུངས་པ་ཡིན༔ ཁྱུང་ཕྲུག་ཚང་རྒྱས་རྨིས་པ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཡིན་ནོ༔ ཁྱུང་ཚང་ནང་དུ་རྩལ་རྫོགས་ནས༔ མ་འོངས་བུ་རྣམས་རྩལ་རྫོགས་ཡིན༔ ནུབ་ནས་རྨ་བྱ་རྒྱས་རྨིས་འདི༔ རྨ་བྱ་གསུང་སྐད་སྙན་པ་དེ་ཡིན་ནོ༔ པི་ཝང་སྐད་ནི་ཁོ་མོ་ཁྱོད་ཀྱི་སྐད༔ བྱང་ནས་ཆུ་བོ་རྨིས་བ་དེ༔ འགྲོ་བ་ཡོངས་ལ་དམ་ཆོས་འབབས་པའི་བརྡ༔ དབུས་ན་མེ་ཏོག་བབས་རྨིས་དེ༔ མ་འོངས་ཐོག་མཐའ་བུ་ཆེན་ཡིན༔ འགྲོ་བའི་དོན་དུ་ཞལ་གཟིགས་བརྡ༔ མཚོ་རྒྱལ་རྨི་ལམ་བཟང་བར་ཡོད༔ བདག་གིས་རྨིས་པའི་དཔྱོད་པ་མེད༔ ཁོ་མོ་པདྨའི་རྨི་ལམ་བཟང་བར་གསུངས༔ མཚོ་རྒྱལ་ཤིན་ཏུ་དགའ་ནས༔ ཡང་རྨིས་ཚིག་འདི༔ མ་འོངས་སེམས་ཅན་འགྲོ་བའི་དོན་ལ་བཟང་བའི་སྐབས་མ་མཆིས་པ་མེད་གསུངས༔ མཚོ་རྒྱལ་ཞལ་ནས་བསྟོད་པ་ཕུལ་བ༔ ན་མོ་གུ་རུ༔ འགྱུར་མེད་དང་པོ་ཆོས་སྐུ་ཀུན་ཏུ་བཟང་༔ གདོད་མེད་རྣམ་དག་རྒྱལ་བ་འོད་དཔག་མེད༔ དྲི་མེད་རྣམ་དག་རྒྱལ་བ་ཤཱཀྱ་ཐུབ༔ གང་འདུལ་ཐབས་ཀྱིས་འཕགས་པ་སྤྱན་རས་གཟིགས༔ འགྲོ་དོན་སྐུ་སྤྲུལ་རྗེ་བཙུན་པདྨའི་སྐུ༔ ཁྱེད་ཀྱི་སྐུ་ལ་བགྲེས་རྒུད་མེད་པའི་ཕྱིར༔ ལོ་བརྒྱད་མདངས་ལྡན་གཞོན་ནུའི་ཆ་ལུགས་ཅན༔ ཁོ་མོ་བཅུ་གསུམ་འགྲོ་བའི་ཐུགས་རྗེས་ཅན༔ ཉོན་མོངས་འཁོར་བའི་སྐྱོན་གྱིས་མ་གོས་པ༔ སྐུ་མདོག་དཀར་ལ་ཅུང་ཟད་དམར་མདངས་ཅན༔ འགྲོ་བ་མ་ལུས་ཐུགས་རྗེས་རབ་འཛིན་པ༔ ཞལ་འཛུམ་མཛེས་པའི་སྤྱན་གྱིས་འགྲོ་ལ་གཟིགས༔ དོན་དམ་ཆོས་ཚུལ་འགྲོ་ལ་མཉེས་མཛད་པ༔ ཤངས་དཀྱུས་རིང་ཞིང་ཤངས་སྣེ་ཅི་རིང་བ༔ འགྲོ་བ་བར་དོ་འཕྲང་ལ་རང་གྲོལ་བ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན༔ བདག་གཞན་གཉིས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཕྱག་གཡོན་བདུད་རྩི་ཐོད་བུམ་བཀང་བ་འཛིན༔ བདག་གཞན་གཉིས་ལ་འཆི་བ་མེད་པ་གནང་༔ ཡུམ་ཚུལ་ཁ་ཊྭཱཾ་མཆན་ཁུང་གཡོན་བཟུང་ནས༔ ཐབས་ཤེས་བདེ་སྟོང་ཆོས་ཀྱི་དབྱིངས་ཉིད་དུ༔ དབུ་ལ་པད་ཞྭ་རྒོད་སྒྲོ་དར་སྣས་བརྒྱན༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ དར་སྣ་ལྔ་ཡི་ཟ་འོག་བེར་ཆེན་གསོལ༔ འགྲོ་རྣམས་མ་ལུས་བདེ་ལ་བཀོད་པའི་ཕྱིར༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ལྟ་བུ་བསྒྲད༔ འགྲོ་དོན་ཐུགས་ཀྱི་བུ་ཆེན་གནས་སུ་སྐྱོང་༔ གཅན་གཟན་གཡུ་རལ་ལྤགས་པའི་ཟ་འོག་བཅས༔ འགྲོ་རྣམས་ཆོས་ཀྱི་མཐའ་ནི་རྒྱས་པའི་ཕྱིར༔ འགྲན་གྱིས་དོ་མེད་པདྨ་ཧེ་རུ་ཀ༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཁོ་མོ་བདག་ལ་ཐུགས་རྗེས་བཟུང་དུ་གསོལ༔ བདག་ལ་ཐུགས་རྗེས་ཟུངས་ལ་བྱིན་རླབས་གནོངས༔ མ་འོངས་ཐུགས་རྗེའི་བུ་ལ་བྱིན་གྱིས་རློབས༔ སྐུ་མདོག་གཟི་བརྗིད་མཚན་མཆོག་འདི་འདྲ་བ༔ བླ་མ་ཁྱེད་དང་འདུ་འབྲལ་མེད་པར་ཤོག༔ བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ གཞན་རྒྱུད་སྨིན་པར་བྱིན་གྱིས་རློབས༔ བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ བུ་དད་ལྡན་རྣམས་ལ་ཐུགས་རྗེས་ཟུངས༔ ཁོ་མོ་བདག་ལ་ཐུགས་རྗེས་ཡང་ཡང་ཟུངས༔ ཁོ་མོ་ཤེས་རབ་དམན་ན་སྤྲོས་པ་ཆེ༔ ཁོ་མོ་རིག་པ་དམན་ན་བརྩོན་འགྲུས་ཆེ༔ ཁོ་མོ་བཟོད་དཀའ་མེད་ན་ནན་ཏན་ཆེ༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ དད་པ་ཅན་ལ་དངོས་གྲུབ་གནོངས༔ སྙིང་རུས་ཅན་ལ་ཆོས་གཅིག་གནོངས༔ བདག་གིས་དྲིན་ཆེན་བླ་མ་དྲན༔ ཤོ་ཨ་ཙམ་བླ་མ་དྲིན་གནང་བ༔ བསམ་ཞིང་ཁོ་མོ་ཡིད་ལ་འཆང་༔ མི་བརྗེད་ཐབས་གཅིག་གནང་བར་གྱིས༔ ཁོ་མོ་སྙིང་དམན་ཅན་ལ་ཆོས་གཅིག་གནོངས༔ བདག་གིས་དྲིན་ཅན་བླ་མ་དྲན༔ ཤོ་ཨ་ཙམ་བླ་མའི་དྲིན་གནང་བ༔ བསམ་ཞིང་ཁོ་མོ་ཡིད་ལ་འཆང་༔ མི་བརྗེད་ཐོབ་པའི་བཀའ་གཅིག་གནོངས༔ ཁོ་མོ་སྤྱོད་པ་དམན་པ་ཐབས་གཅིག་སྟོན༔ ཁོ་མོ་ལུས་བམ་ཆུང་བས་པག་མ་བསད༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ ཉིན་མཚན་བསྒོམས་པ་ཁོ་མོ་བདག་གིས་ནི༔ རྫུས་སྐྱེས་པདྨ་བསྒོམས་པའི་དྲིན་ཆུང་བ༔ མཁར་བཟའ་བདག་གིས་དྲིན་ཅན་བླ་མ་དྲན༔ ཤོ་ཨ་ཙམ་བླ་མའི་བཀའ་གནང་གྱིས༔ བསམ་ཞིང་ཁོ་མོ་ཡིད་ལ་དྲན༔ མི་བརྗེད་ཐོབ་པའི་གཟུངས་ཤིག་གནོངས༔ རིག་པ་ཆེ་བའི་བཀའ་གཅིག་སྩོལ༔ སྔར་ཡང་ཁོ་མོ་དད་གུས་ཆེ༔ ད་ཡང་ཁོ་མོ་ཆོས་ལ་མོས༔ མོས་པ་ཙམ་གྱིས་གྲོལ་བར་གནང་༔ ཁོ་མོ་བདག་གི་ཞེ་བློ་བདེ༔ མི་བརྗེད་པ་ཡི་ལུང་གཅིག་གནོངས༔ ཞེས་ཞུས་པ༔ པདྨའི་ཞལ་ནས༔ བདག་གི་གྲོགས་ཁྱོད་བྱེད་པ་ཙམ་ཐབས་གནང་བའི་སྐབས་དབྱེ་བ༔ ཁྱོད་བརྩོན་འགྲུས་ཆེ་བས་སྙིང་རུས་ཆེ་བ་གཅིག་ལ་བདག་གིས་བཀའ་གནང་བ་མི་བརྗེད་པར་བྱ༔ འདི་གསུངས་སོ༔ ཨེ་མ་ཧོ༔ བདག་ནི་ངོ་མཚར་རྨད་བྱུང་མཆོག་གི་གནས༔ གཞོན་ནུ་ལོ་བརྒྱད་ལོན་པའི་ཆ་ལུགས་ཅན༔ ཕོ་ཚོས་དུང་བས་དཀར་བའི་ཞལ་མངའ་བ༔ ཡེ་ཤེས་མཚོ་རྒྱལ་རང་ལོ་བཅུ་གསུམ་དུས༔ མཉམ་མེད་ཆོས་དབྱིངས་འདུ་འབྲལ་མེད་པར་བྱེད༔ ཆོས་གསུངས་ཙམ་གྱིས་ཡིད་ལ་ཞོག་ཅེས་གསུངས༔ ཁྱོད་ལ་གང་གིས་བྱེ་བྲག་ཞིང་རྡུལ་སྙེད་ཀྱི་གུས་པ༔ བུད་མེད་ཀྱི་རིགས་བློ་མང་བས་ཐབས་མ་མཆིས་སམ༔ དྲི་མ་མེད་པའི་ཐབས་མ་གནང་བའི་བཀའ་བསྩལ་བར་བགྱིས༔ ཞེས་གསུངས་པ༔ ཐབས་ཤེས་ཟུང་འཇུག་གི་ངང་ནས་ཡབ་ཡུམ་གསང་སྦྱོར་བཅས་ནས་ཨུ་རྒྱན་པདྨ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བ༔ ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དམར་བ་ཕོ་ཚོས་དུང་བས་དཀར་བ༔ དབུ་སྐྲ་ལྕང་ལོ་འཁྱིལ་བ༔ རིག་པ་ཆེ་བ་མི་བརྗེད་པའི་གཟུངས་ཐོབ་པ༔ ཨུ་རྒྱན་པདྨས་ཅི་གསུངས་དོན་ལ་འཆང་བ༔ ཡབ་ཡུམ་གཉིས་ཀ་མིག་གིས་ལྟ་མི་བཟོད་པ་འདུག༔ ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ ཐབས་ཤེས་དབྱེར་མེད་བྱང་སེམས་བདེ་བའི་རྒྱུན༔ འདུ་བྱེད་རྩལ་རྫོགས་བྱང་ཆུབ་བདེ་བ་ཐོབ༔ ཁོ་མོ་ལུས་ཆུང་དབང་པོ་རབ་དྭངས་བ༔ སེམས་ཡང་དམན་པའི་ཁོ་མོ་རིག་རྩལ་ཆེ༔ ཞེས་ཞུས་པ༔ ཨུ་རྒྱན་པདྨའི་ཞལ་ནས༔ ཨ་རིགས་ཀྱི་བུ་མོ་ཁྱོད་མ་འོངས་ཀྱི་དོན་ལ་ཐབས་དགོངས་པ་ཁྱེད་གྲོགས་ཨེ་བྱེད༔ ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ མ་འོངས་དུས་སུ་ངས་གྲོགས་བྱེད༔ པདྨའི་ཞལ་ནས༔ ཁྱོད་ཆོས་ལ་མོས་ནས་བཀའ་སྩལ་པ༔ རིག་པ་དྭངས་བ་ཤེས་རབ་ཆེ་བ་ཨེ་འདུག་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ རིག་པ་ཆེ་བ་འདུག་གསུངས་ནས་མགུར་འདི་བཞེངས་སོ༔ ཨེ་མ་ཧོ༔ མ་བཅོས་སྤྲོས་མེད་བདེ་ཆེན་ཆོས་ཀྱི་སྐུ༔ སྟོང་གསལ་བདེ་སྦྱོར་སྤྲུལ་སྐུ་གྲུབ་པ་ཐོབ༔ ཁོ་མོ་ད་ཡང་གྲུབ་ཆེན་ཐོབ༔ རིག་པ་ཆེ་བ་ངོ་མཚར་དུས༔ བདག་ནི་ཇོ་མོ་ཤེས་རབ་མཁར་ཆེན་བཟའ༔ ཡང་སྙིང་འདི་ལ་རབ་ཏུ་བརྩོན༔ ཁོ་མོ་བདག་ལ་ཆོས་གཅིག་གནོངས༔ ཁོ་མོ་སྤྲོས་པ་ཆེ་བ་ཞེ་བློ་བདེ༔ ཤེས་རབ་དམན་པའི་ལས་བྱས་པ༔ ཁོ་མོ་བདག་གིས་ཆོས་གཅིག་ཞུ༔ ནན་ཏན་ཆེ་བས་བཀའ་བློ་བདེ༔ ཤེས་རབ་བརྩོན་འགྲུས་ཆེ་བ་ཞེ་བློ་བདེ༔ ཁོ་མོ་བདག་ལ་ཆོས་གཅིག་མ་གནང་ན༔ སྐྱབས་རེ་ས་བདག་གིས་སུ་ལ་བྱེད༔ བུ་མོ་བརྩོན་འགྲུས་ཆེ་བས་ཆོས་སྦྱངས་བ༔ ཁོ་མོ་ཤེས་རབ་ཆེ་བར་ཆོས་སྤྱོད་པ༔ ནམ་འཆི་ཆ་མེད་ཁོ་མོས་ཆོས་གཅིག་བྱེད༔ སྐྱེས་པ་ཡིན་ཀྱང་མི་ལུས་དོན་སྒོ་ཆུང་༔ ཁོ་མོ་སྡིག་ལ་མི་འགྲོ་ལུས་ཐོག་འདི་ལ་ཡང་༔ མི་ལུས་འདི་འདྲ་ཐོབ་པ་ག་ལ་འོང་༔ ཞེས་ཞུས་པ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཨུ་རྒྱན་ལ་འདི་ཞུས༔ ཁྱོད་ཕ་མ་ཡོད་པ་ཡིན་ནམ༔ ཨུ་རྒྱན་ཞལ་ནས༔ ཕ་མེད་མ་མེད་མཚོ་ཆེན་སྡོང་ལ་བརྟེན༔ འཁོར་བ་མཐའ་གནས་པདྨ་འབྱུང་གནས་ང་༔ གསོལ་བ་ལན་གཅིག་བཏབ་པའི་བདེ་བ་ཐོབ༔ ཅེས་གསུངས༔ ཁྱོད་ཆོས་ལ་མོས་པའི་ཐབས་དལ་འབྱོར་མི་ལུས་འདི་ཐོབ་དཀའ་བ་འཇིག་རྟེན་འདི་ལ་དཔེ་བཞག་ན་མི་ལུས་ཐོབ་པའི་དུས་མེད༔ ནམ་འཆི་ཆ་མེད་གློ་བུར་རྐྱེན་གྱིས་འཇིག་པས་འཆི་ན་ངེས་པ་མེད་པ་ངན་འགྲོར་ལྟུང་བ་མངལ་དུ་ཞུགས་ནས༔ དང་པོ་ཞུགས་ས་མི་རྙེད་པའི་སྡུག་བསྔལ༔ བར་དུ་མངལ་དུ་ལྟུང་མི་ཐུབ་པའི་སྡུག་བསྔལ༔ ཐ་མ་སྐྱེས་པའི་སྡུག་བསྔལ༔ ན་བའི་སྡུག་བསྔལ༔ རྒས་པའི་སྡུག་བསྔལ༔ འཆི་བའི་སྡུག་བསྔལ༔ སྣང་བ་ལས་དབང་འཁྱམས་པའི་སྡུག་བསྔལ༔ འཇིག་རྟེན་གྱི་དཔེ་ལྟ་བུ་ལ་དེ་འདྲ་བའི་སྡུག་བསྔལ་ཡོད༔ ཆོས་ལ་མོས་པས་མཐོ་རིས་གནས་སུ་སྐྱེས༔ སྡིག་ལ་དད་པས་ངན་སོང་གནས་སུ་ལྟུང་༔ གསོལ་བ་གཅིག་བཏབ་བདེ་ཆེན་ངེས་པར་སྐྱེས༔ ཁ་ན་མ་ཐོ་ངན་སོང་ཐར་མེད་དོ༔ དེ་འདྲ་བ་ཁྱོད་འགྲན་ན་དེ་རིང་སངས་རྒྱས་ཐོབ༔ ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ དེ་འདྲ་བ་ཅི་ཡང་མ་བྱེད་ན་ཁྱོད་ཐུགས་རྗེས་ཀྱི་མཐོ་རིས་གནས་སུ་སྐྱེས་པའི་ཐབས་ཡོད་པ་ལགས༔ པདྨའི་ཞལ་ནས༔ ཐབས་ཡོད་དེ་སྐྱབས་ཡུལ་ལྷ་བསྐྱེད་པ་འདི་ཐབས་མཆིས་པ༔ ཁྱོད་ལྷ་སྒོམས་གསུངས་ནས་ཁོ་མོ་པདྨའི་ཞལ་ནས་ལྟ་བ་ཙམ་གྱིས་ཤིན་ཏུ་གྲོལ་བ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ མ་འོངས་སེམས་ཅན་འདི་དུག་གི་སྡོང་པོ་ལོ་མ་འདྲ་བ་འདི་ལ་ཁྱེད་ཐུགས་དགོངས་ཞུས༔ ཁོ་མོ་སྒོམ་གཅིག་གྲོལ་བར་བྱ་བའི་ཐབས་གནོངས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ རིགས་ཀྱི་བུ་མོ་ཁྱོད་རིག་པ་བཅོས་སླད་མ་བརྒྱབ་པ་འགྲོ་ཐོག་འདུག་ཐོག་རིག་པ་རང་ཐོག་ཏུ་ཆོད་དེ་ཆགས་ཞེན་མ་བྱེད་གསུངས༔ ཁོ་མོས་ཞུས་པ༔ ཀྱེ་ཀྱེ་ཨུ་རྒྱན་རིན་པོ་ཆེ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ གཉིས་མེད་རྣམ་དག་ཆོས་ཀྱི་སྐུ༔ བདག་ནི་ཤེས་རབ་མཁར་ཆེན་བཟའ༔ རང་རིག་སྣང་བའི་ལམ་དུ་ལྟ༔ ཕྱི་རུ་འགྲོ་བའི་སྣང་ཐག་ཆོད༔ ཉེ་བར་འདུག་པའི་རིག་ཐག་བཅད༔ ནང་དུ་འདུག་པའི་གཞི་ཐག་བཅད༔ ཚོགས་དྲུག་སྣང་བ་མ་འཁྱམ་དོན་གཅིག་སྒོམས༔ མ་རྒྱུད་ཆོས་གཅིག་བདག་གིས་གྲོལ༔ ཆོས་དབྱིངས་བཟང་ངན་མེད་པ་ཀུན་བཟང་མོ༔ གསལ་སྟོང་གཅིག་འདྲེས་དངོས་དོན་རིག་ལས་གྲུབ༔ བར་དུ་ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོ༔ ཀ་དག་གཞི་ལས་གྲོལ་བའི་ལམ་དག་པ༔ ཐ་མ་ཡེ་ཤེས་མཁའ་འགྲོ་ཀུན་དགའ་མོ༔ འགྲོ་ལ་བརྩེ་ཕྱིར་སེམས་ཉིད་ཆོས་ཀྱི་སྐུ༔ སྐྱེ་མེད་མ་ཅིག་ལབ་ཀྱི་སྒྲོན་མ་ཞེས༔ གང་འདུལ་ཉི་ཟླ་སྒྲོལ་མ་དོན་གོ་བ༔ ཕག་མོ་གྲུབ་པ་གྲུབ་པའི་རྒྱལ་མོ་གཉིས༔ དེ་བཅས་མ་རྒྱུད་མ་ཧཱ་ཡོ་གའི་གཉིས་མེད་དུས་ཀྱི་སྡོམ་པ༔ བདག་འདྲ་ཇོ་མོ་མཁར་ཆུ་བཟའ༔ ཚོགས་དྲུག་དངོས་རྟེན་མི་བྱེད་སྒོམ་གཅིག་བྱེད༔ སྟོང་གསལ་བཟང་ངན་མི་བྱེད་སྒོམ་གཅིག་བྱེད༔ འཁོར་འདས་ཡ་བྲལ་མི་བྱེད་སྒོམ་གཅིག་བྱེད༔ སྔོན་བསུ་རྗེས་འབྲང་མི་བྱེད་བདག་གིས་བསྒོམ༔ རིག་པ་རང་འོད་གསལ་བའི་ལས་ལ་བལྟ༔ དུག་ལྔ་མི་སྤང་རྒྱན་བཀོད་རང་ས་ཞུ༔ ཡེ་ཤེས་ལྔ་ནི་འབྲས་བུ་རབ་རྟོགས་པ༔ ཉིད་ལ་ཉོན་མོངས་མངའ་བ་མི་བྱེད་དེ༔ ཁོ་མོས་དེ་ལྟར་བསྒོམས་ནས་ཨེ་ཡོང་ངམ༔ བསམ་ཞིང་བླ་མའི་ཡིད་ལ་དཔྱོད༔ ཤོ་ཨ་ཙམ་བླ་མའི་གནང་བཅས་པ༔ ཁོ་མོས་བསམ་ཞིང་དོན་ལ་འཆང་༔ མ་རྒྱུད་གཉིས་སུ་མེད་པ་རྩ་བསྐྱེད་བྱེ༔ ཡབ་ཡུམ་ཟུང་འཇུག་བྱེད་པའི་གྲུབ་པ་ཐོབ༔ མ་རིག་མུན་ཁུང་བསལ་བ་འོད་ལ་སྦྱངས༔ དྲིན་ཅན་བླ་མའི་ཡིད་ལ་དཔྱོད༔ ཁོ་མོས་བསམ་ཞིང་ཡིད་ལ་དྲན༔ ཞེས་ཞུས་པ༔ ཨུ་རྒྱན་གྱི་ཞལ་ནས༔ དེ་ལྟར་བསྒོམས་པ་དེ་འདྲ་བ་མཚར་ཏེ༔ རྩ་རླུང་ཐོབ་པ་གྲུབ་པ་ཐོབ་པ༔ སྟོང་གསལ་བདེ་སྦྱོར་གྱི་གསང་སྦྱོར་གཅིག་བཅས་ནས་གྲུབ་པ་ཐོབ་ཅིང་གསུངས་ནས༔ ཡབ་ཡུམ་གཉིས་ཀ་འོད་གསལ་ཐབས་ཤེས་བྱ་བ་བྱེད་ནས༔ ཡབ་ཡུམ་གཉིས་ཀ་རིག་པ་ཕྱི་གསལ་ནང་གསལ་དུ་རྟོགས་པ༔ ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པ་དང་རིག་པ་ཤེས་རབ་མེ་འབར་བ་གཅིག་ཡོང་པ་ཁོ་མོ་འཕུར་ལ་ཁད་པ༔ པདྨས་ཆོས་གསུངས་པ་དང་༔ དེ་རྣམས་མི་བརྗེད་པའི་གཟུངས་ཐོབ་པ༔ རིགས་ཀྱི་བུ་མོ་རིག་པ་དང་ཤེས་རབ་ཆེ་བ་ཉམས་སུ་བླངས་ཨེ་ཐུབ་གསུངས༔ ཁོ་མོས་སྤྲོས་པ་དང་རིག་པ་ཆེ་བ་ཉམས་སུ་ལོན༔ ཁྱོད་ལ་བདག་གིས་ཞུ་བ་ཐར་བར་བྱ༔ ཁོ་མོ་འདྲ་བ་ཆོས་མོས་པ་བློ་བདེ་བ་ཁྱེད་ཀྱི་གྲོགས་ལྟར་དུ་བགྱིས་པ༔ ཐབས་ལ་མཁས་ན་བདག་ལ་ཚང་བ་སྩོལ་ཞུས༔ ཞེས་ཞུས་པ༔ པདྨའི་ཞལ་ནས༔ ཀུན་ཏུ་བཟང་པོ་ཆོས་སྐུའི་ཚུལ་འཛིན་པ༔ སྣང་བ་མཐའ་ཡས་སྟོང་གསལ་གྱི་ཆ་འཛིན་པ༔ བཅོམ་ལྡན་འདས་འདུལ་བའི་ཐབས༔ སྤྱན་རས་གཟིགས་རིག་པ་འཛིན་པ༔ ང་སྤྲུལ་སྐུའི་ཆ་འཛིན་པའི་ཐབས་ཡིན་པ༔ ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་དེ་ལྟར་ཡིན༔ ཁྱེད་འགྲོ་བ་ཡོངས་ལ་སྙིང་རྗེ་ཕན་སེམས་བསྐྱེད་པ་མཆོག་གི་དངོས་གྲུབ་གནང་ནས་འགྲོ་ལ་དགོངས་མང་གསུངས༔ མཚོ་རྒྱལ་གྱིས་ཁོ་མོ་འགྲོ་ལ་ཕན་པའི་ཐབས༔ མཆོག་གི་དངོས་གྲུབ་གནང་ཞེས་བྱེད་ལགས་ཞུས༔ ཆང་དང་མཁར་བང་གཅིག་ཡོན་བདག་གཅིག་ཏུ་འཚོ་བ་སྤངས་ནས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཨུ་རྒྱན་ལ་ཞུས་པ༔ ཡོན་བདག་དང་དད་པ་ཅན་གྱི་འཚོ་བ་འདི་གསོལ་ནས༔ འདི་ལ་ཕན་པའི་ཆོས་གཅིག་གསུངས་ཞུས༔ ཨུ་རྒྱན་པདྨའི་སྡིག་པོ་ཆེ་བཙན་ཐབས་གཅིག་གནང་༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་འདི་རྣམས་མ་འོངས་སེམས་ཅན་ཐམས་ཅད་སྙིང་རྗེ་བསམ་པ་འདི་རྣམས་ལ་ཆོས་གཅིག་གསུངས་ཞུས༔ ཨུ་རྒྱན་གྱིས་ཁོ་མོ་ཉོན་དང་གསུངས་ནས༔ རབ་མི་མང་བ་གཅིག་གསུངས་ནས་ཤོག་སེར་ལ་བརྒྱབ་པ༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ བདག་ལ་བསྐྱེད་རིམ་འོད་ཕུང་ཟུང་འཇུག་གཅིག་གནོངས༔ པདྨའི་ཞལ་ནས༔ ལུས་ལྷ་སྒོམ་པ༔ ངག་སྔགས་ཡིད་ཆོས་ཉིད་སྒོམ་པ༔ བདག་ཉིད་རྣམ་པར་ཤེས་པ་སྟོང་གསལ་ངང་ནས་འཇིགས་བྱེད་རྡོ་རྗེ་འཆང་སྒོམས༔ ཕྱི་ལྟར་རྡོ་རྗེ་འཆང་༔ ནང་ལྟར་ན་རྡོ་རྗེ་སེམས་དཔའ༔ གསང་བ་ལྟར་ན་ཀུན་ཏུ་བཟང་པོ༔ སྤྱི་བོར་རྒྱལ་བ་རིགས་ལྔ༔ ཕྱི་ལྟར་ན་རིགས་ལྔ༔ ནང་ལྟར་ན་སྐུ་ལྔ༔ ཁོ་ན་ཉིད་ལྟར་ན་ཡེ་ཤེས་ལྔ༔ དབུས་སུ་རྣམ་པར་སྣང་མཛད༔ རྒྱལ་བ་རིགས་ལྔའི་དབུ་རྒྱན༔ དུང་ཁང་ཡ་མནྡ༔ མགྲིན་པ་སྤྱན་རས་གཟིགས༔ ཐུགས་ཀར་ཕྱག་ན་རྡོ་རྗེ༔ དེ་དང་དུས་མཉམ་དུ་རིགས་ལྔ་ལ་རིགས་ལྔའི་དབུ་བརྒྱན་ནས་ལྷག་པའི་ལྷ་དགུ་ཉིད་རེ་རེ་སྒོམས༔ མི་བརྗེད་པ་དེ་ལྟར་དུ་ཉམས་སུ་ལོངས་གསུངས༔ ཡེ་ཤེས་མཚོ་རྒྱལ་མགུར་འདི་ཕུལ་ལོ༔ ཨེ་མ་ཧོ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཤེས་བྱ་རྣམ་འཕྲུལ་ཐུགས་རྗེ་རང་བཞིན་ལ༔ རྒྱ་གར་སྔགས་འཆང་གྲུབ་ཆེན་པདྨ་འབྱུང་༔ སྐྱེ་འཆི་གཉིས་སུ་མེད་པའི་སྐུ་ལ་བསྟོད༔ མཐའ་འཁོབ་བོད་ཡུལ་ཁ་བ་ཅན་ཡུལ་དུ༔ མ་རིག་མུན་ཁུང་ནང་དུ་ཉི་མ་ཤར༔ ལས་ཅན་རྣམས་ལ་ཐུགས་རྗེས་ཆར་ལྟར་འབེབས༔ ཆོས་རྒྱལ་བོད་འབངས་རྗེ་འབངས་སྨིན་ཕྱིར་དུ༔ ཚ་གདུང་ནད་སེལ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཁ་བ་ཅན་གྱི་མི་མིན་འདྲེ་ཡུལ་དུ༔ སྲིན་པོ་གདུག་པ་འདྲེ་བགེགས་དམ་ལ་བཏགས༔ ཁམས་གསུམ་དབང་སྡུད་ཆེ་མཆོག་ཧེ་རུ་ཀ༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ སྤྱིར་བོད་ཁམས་ལ་ཐུགས་རྗེ་མ་ཆུང་ཞིག༔ སྒོས་ཁོ་མོ་བདག་ལ་ཐུགས་རྗེས་གཟིགས༔ ལར་བོད་འབངས་ཡོངས་ལ་བཀའ་དྲིན་ཆེ༔ སྒོས་ཁོ་མོ་བདག་ལ་ཐུགས་རྗེས་གཟིགས༔ དད་གུས་ཅན་ལ་བྱིན་རླབས་གནོངས༔ སྙིང་རུས་ཅན་ལ་ཆོས་གཅིག་གནོངས༔ བཀའ་དྲིན་ཅན་ལ་སྐྱབས་སུ་མཆི༔ ཁོ་མོ་རྐྱེན་ངན་གྲོགས་སུ་འཆར་བར་ཤོག༔ བར་ཆད་ཞི་བར་བྱིན་གྱིས་རློབས༔ འདི་ཕྱི་གང་ལ་ཐུགས་རྗེས་ཟུངས༔ ཞེས་ཞུས༔ མ་འོངས་དུས་སུ་ཆོས་གཅིག་གསུངས་པའི་ཐབས་དགོས༔ ཨུ་རྒྱན་པདྨའི་ཞལ་ནས༔ ཁོ་མོ་ཉམས་སུ་ལོངས་བརྡ་ཡིག་ཕོབ་ཅིག༔ ངས་འདོན་པའི་ཐབས་བྱ༔ བཀའ་བབས་ཆོས་ཀྱི་རྒྱལ་མཚོས་གསུངས་པ༔ ཡེ་ཤེས་མཚོ་རྒྱལ་ཞུས༔ དེའི་ཆོས་བདག་བསྐལ་པ་ཅི་འདྲ་གཅིག་ལ་ཡོང་ཞུས༔ པདྨའི་ཞལ་ནས་བསྐལ་པ་ལྔ་བརྒྱའི་བར་སྐབས་སུ་དུས་འཁྲུགས་དར་བའི་ས་ནས༔ མུན་སྐབས་ནམ་མཁའི་སྙིང་པོ་སྤྲུལ་པ་སངས་རྒྱས་བླ་མ་ཞེས་བྱ་བ་ང་དང་མཚུངས་པའི་སྐྱེས་བུ་ཞི་བ་དུལ་བ་གཅིག་ཡོང་ནས་དེས་བདག་པོ་བྱེད་གསུངས༔ གཞོན་ནུ་མཛེས་ཚུལ་ཟླ་མཛེས་མཚོ་རྒྱལ་མ༔ མི་བརྗེད་ཉམས་ལོངས་མ་འོངས་འགྲོ་བའི་དོན༔ ཐོག་མཐའ་གྲོགས་བྱེད་ཁྱོད་ཀྱི་ཆོས་སྐལ་མཛད༔ སྤྲུལ་པ་དཔག་མེད་འགྲོ་བ་འདྲེན་པར་ཤོག༔ ཅེས་གསུངས༔ རྒྱལ་པོ་བེ་ཀར་ཡོང་ནས་ཁྱོད་ཅི་ལ་སྐྲག་ཞུས༔ ཨུ་རྒྱན་པདྨའི་ཞལ་ནས༔ སྣང་སྲིད་ཆོས་སྐུ་འཁོར་འདས་ཀློང་ནས་ཅི་ལ་མི་སྐྲག༔ འཇིག་རྟེན་མིའི་སྡིག་པ་ལ་སེན་ཙམ་སྐྲག་གསུངས༔ ཁོ་གོ་ལོག་ཏུ་སོང་བའི་ཉི་ཤུའི་ནུབ་མོ་སྡིག་པ་ལ་སྤྲུལ་ནས༔ བསམ་ཡས་ཧས་པོ་རིའི་དྲྭ་བར་དུ་བཟུང་བས༔ ཨུ་རྒྱན་གྱིས་སྡིག་པ་ལ་སྤྲུལ་ནས་ཕྱག་གཡས་གསེར་གྱི་རྡོ་རྗེ་གསོར་བ་གཡོན་པས་སྡིག་པའི་སྐེ་ནས་བཟུང་བ༔ ཧེ་ཧེ་དྷ་ན་རཱ་ཛཱ་ཙིཏྟ་ཕྱུང་ཕྱུང་ཞེས་གསུངས་པ༔ སྡིག་པ་ཚར་བཅད་པར་བསྒོམ༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་ནས༔ འདི་མ་འོངས་པའི་ཐབས་གང་སྟོན་ལགས༔ དྷ་ན་རཱ་ཛཱ་ཅི་ཟེར་བ་འདི་ཡི་བསྐྱེད་རིམ་དེ་ང་ལ་གསུངས་ཞུས༔ ཧེ་ཧེ་ནི་དམ་ཉམས་ཚུར་ཤོག་ཤོག༔ དྷ་ན་ནི་སཾསྐྲྀ་ཏའི་སྐད་ཟུང་ཟུང་༔ རཱ་ཛཱ་ནི་རྒྱལ་པོ་ཡིན་པའི་ཙིཏྟ་ནི་སྙིང་ཕྱུང་ཟེར་བ་ཡིན༔ ཕ་རྒྱུད་ཆོས་ཀྱི་ཆོས་དབྱིངས་སྐྱེ་བ་མེད་པ་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་ང་༔ དབང་དྲག་ཏུ་སྐུར་བཞེངས་ནས་སྣང་སྲིད་དབང་དུ་བསྡུ་བའི་ཐབས་ཞལ་གཡས་དཀར་བ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་ཞལ་གཡོན་སྔོ་བ༔ སྡེ་བརྒྱད་ཐལ་བར་བརླག་པའི་ཕྱིར་དུ་དབུས་དམར་ནག༔ གནོད་བྱེད་གཞོབ་ཏུ་བསྲེག་པའི་ཕྱིར་དུ་སྤྱན་དགུ་དང་རྡོ་རྗེ་ཕག་མོ་བསྒོམ༔ བདག་ནི་ཞི་བའི་ཚུལ་གྱིས་ཨུ་རྒྱན་པདྨ་དེའི་སྤྱི་བོར་བྱ་ཁྱུང་བསྒོམ་པ་དང་པོ་མི་མངོན་ནས་གནས་ནས་དེའི་ཡོན་ཏན་སྤྲུལ་པ༔ དྲྭ་བར་ན་སྐུ་ཡི་དངོས་བཅས་སྣང་བ་མཐའ་ཡས༔ དཔྲལ་བར་ནས་དབང་དྲག་བཞེངས་བའི་སྐུ་སྤྲུལ་འཇམ་དཔལ༔ མགྲིན་པར་གསུང་སྤྲུལ་དབང་ཆེན་རྟ་མགྲིན༔ ཐུགས་ཀར་རྡོ་རྗེ་གཏུམ་པོ༔ ལྟེ་བ་མཁའ་འགྲོ་སྡེ་ལྔ༔ གསང་གནས་ཡཀྴ་མེ་དབལ༔ ཏིང་ངེ་འཛིན་སྟོང་གསལ་ངང་ནས་རིག་པ་ལ་གྲུབ་པ་དེ་ལྟར་བསྒོམ༔ ཨ་ཙིག་ཤིན་ཏུ་ཁྲོས་པའི་ཁྲོ་བོའི་རྒྱལ་པོ་ནམ་མཁའ་གང་བར་བསྒོམ༔ ནེརྩིག་ནི་ངེས་པར་འཁྲོས་པའི་ཁྲོ་བོའི་རྒྱལ་པོ་ནམ་མཁའ་གང་བར་བསྒོམ༔ ནེརྩིག་ནས་ངེས་པར་འཁྲོས་པའི་ཁྲོ་བོ་རྒྱལ་པོ་ས་གཞི་གང་བར༔ ན་མོ་འདྲེ་བགེགས་མ་ནུས་པར་མདུན་དུ་ཕྱག་འཚལ་བ༔ བྷ་ག་ཝ་ཏེ་བཅོམ་ལྡན་འདས་ལྟ་བུའི་ཏིང་ངེ་འཛིན་ངང་ནས་བསྐྱེད་པར་བྱ༔ ཧཱུྃ་སྐྱེ་མེད་ངང་ནས་བསྡུ་བ༔ ཕཊཿའགགས་མེད་ངང་ནས་བསྒྲལ་བ༔ ལྷ་ཡེ་ཤེས་སེམས་དཔའ་དབང་དྲག་པདྨ་སྤྱི་བོར་བསྐྱེད་པ༔ དེའི་ཐུགས་ཀར་སྔགས་འཁོར་བ༔ བདག་ཉིད་ལུས་དམ་ཚིག་སེམས་དཔའི་ལྗགས་ཀྱི་སྟེང་ནས་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་དབང་དྲག་པདྨ་གཅིག་སྐྱེས་པ་ཡེ་ཤེས་སེམས་དཔའ་དེ་ལྟར་སྒོམས་གསུངས༔ ཁོ་མོ་བརྡ་ཡིག་ཕབ་ནས་ཞུས་པ༔ ཀྱེ་ཀྱེ་ཨུ་རྒྱན་རིན་པོ་ཆེ་ལགས༔ འདིའི་ཆོས་ནམ་དུ་དར་ཞུས༔ ཨུ་རྒྱན་ཞལ་ནས༔ ལྔ་བཅུ་ཁ་རལ་ནས་སྐྱེས་བུ་སྔགས་འཆང་རྒྱལ་རིགས་དང་ལྡན་པ༔ རྩིབ་ཅིང་འབྱུང་བའི་ཞིང་ཁམས་འདིའི་ལྷོ་ཕྱོགས་ནས་རཏྣའི་མིང་ཅན་འབྱུང་༔ དེའི་ཆོས་བདག་དེ་བྱེད་གསུངས༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱིས་ཅི་རྨིས་ཤོད་དང་༔ ངས་བཤད་པར་བྱ་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཁོ་མོ་རྨི་ལམ་རྨིས་ཏེ༔ ཐུགས་ཁྲེལ་རྒྱ་ཆེན་པོ་མི་གནང་ཨང་ལགས་ཞུས༔ པདྨའི་ཞལ་ནས༔ ཁྱོད་དད་གུས་དང་ལྡན་པ་ཅི་རྨིས་བ་སྨྲས་ཏེ༔ ཐུགས་ཞིབ་མོ་ཨ་རང་འདུག་གསུངས༔ མཚོ་རྒྱལ་ཞལ་ནས༔ ནུབ་འདི་ནས་རྨ་བྱ་གཅིག་ལ་བྱ་ཕྲུག་མངལ་དུ་ཞུགས་ནས་རྩལ་རྫོགས་པ༔ མངལ་དུ་ལྷུང་ནས་ནམ་འཕང་གཅོད་པ༔ གཤོག་པ་འགྲོ་བ་ཁེབ་པ་རྨིས་ཞུས༔ པདྨའི་ཞལ་ནས་འགྲོ་བའི་དོན་དུ་ཕན་ཐོགས་རྒྱ་ཆེན་པོ་མཛད་ཡོང་བའི་རྟེན་འབྲེལ་ཐབས་གནང་༔ དེ་རིང་ཉིན་པར་ནས་ཤིང་དང་ཆུ་གཅིག་བླངས་ནས་འཚོ་བ་བྱེད་ཅིག་གསུངས༔ ཁོ་མོ་ཤིང་བཏུ་སོང་ནས༔ ཤིང་མེ་ཡི་རི་ཡིན་པས་ཤིང་མ་ཚུད༔ ཅི་བྱེད་བསམ་པ༔ བསམ་ཡས་གཙུག་ལག་ཁང་སྒོ་ནས་སོང་༔ དེ་ཤིང་གཅིག་ཡོང་ནས་ཆུ་གཅིག་བླངས་ནས་ཁོ་མོས་ཞུས་པ༔ འཚོ་བ་ནི་ཅི་མེད་ལགས་ཞུས༔ ཨུ་རྒྱན་གྱིས་ངས་འདིའི་འཚོ་བ་མི་ཐུབ་ན་རྒྱ་གར་བླ་མ་རྫུས་སྐྱེས་ཡིན་པ་མི་ཕན་གསུངས་ནས༔ རྡོ་དཀར་གཅིག་འཕང་ནས་འཚོ་བ་བྱེད༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཡང་ཅིག་བསམ་པ་རྗེས་འཛིན་པ༔ ཁོ་མོ་བདག་ལ་ཐུགས་རྗེས་གཟིགས༔ བཀའ་དྲིན་ཅན་ལ་སྐྱབས་སུ་མཆི༔ སྐྱབས་གསུམ་བསླུ་བ་མེད་པ་ཆོས་ཀྱི་སྐུ༔ ཁོ་མོ་ཤེས་རབ་དམན་ཏེ་དད་པ་ཆེ༔ བཟོད་དཀའ་མེད་ན་སྙིང་རུས་ཆེ༔ ཁོ་མོ་བུད་མེད་རིགས་ཡིན་ཆོས་ལ་མོས༔ ཁོ་མོ་ཆོས་ལ་དད་པ་རྗེས་སུ་འཇུག༔ སྐུ་མདོག་དུང་ལྡན་བརྫུས་སྐྱེས་སྐུ་ལ་བསྟོད༔ སྤྱིར་འགྲོ་བ་ཡོངས་ལ་ཐུགས་རྗེ་ཆེ༔ ལར་ཁོ་མོ་བདག་ལ་བཀའ་དྲིན་ཆེ༔ མཁར་ཆུ་རྒྱུད་ལ་ཐུགས་རྗེ་མ་ཆུང་ཞིག༔ སྐྱིད་སྡུག་ལས་དབང་རྣམ་སྨིན་དེ་ལྟར་འཁོད༔ ཕྱི་མ་བདེ་བའི་ཐུགས་རྗེས་ཟུངས༔ ཁོ་མོ་སྙིང་རུས་ཅན་ལ་ཆོས་གཅིག་གནོངས༔ བརྩོན་འགྲུས་ཅན་ལ་གདམས་ངག་གནོངས༔ མོས་པ་ཅན་ལ་སེམས་མཆོག་བསྐྱེད༔ ཤེས་རབ་ཅན་ལ་བློ་སེམས་བསྐྱེད༔ ཁོ་མོ་བདག་ལ་ཐུགས་རྗེས་ཡང་ཡང་གཟིགས༔ ཞེས་ཞུས༔ པདྨའི་ཞལ་ནས༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ལན་གསོན་ཅིག༔ བརྫུས་སྐྱེས་བདག་ལ་ཐབས་ཤེས་བདེ་བའི་ཆུ༔ སེམས་ཉིད་མི་བསྒོམ་གྲོལ་བའི་གདམས་ངག་ཡོད༔ ཇོ་མོ་མཁར་བཟའ་ཁྱོད་ལ་གནང་༔ མི་བརྗེད་ཉམས་ལོངས་མ་འོངས་འགྲོ་བའི་དོན༔ བསྐྱེད་རིམ་ཟུང་འཇུག་ཨ་ཏི་བཀོད་པ་ཡོད༔ ཁོ་མོ་མི་བརྗེད་ཉམས་ཡོང་ལོངས་འགྲོ་བའི་དོན༔ ཐིག་ལེ་འབར་བཅས་ཉག་ཅིག་གདམས་ངག་འདི༔ ཁོ་མོ་མི་བརྗེད་ཉམས་ཡོང་ལོངས་འགྲོ་བའི་དོན༔ མ་འོངས་དུས་ཀྱི་གྲོགས་བྱེད་ཁྱོད་ཀྱིས་ཡོང་༔ སྙིང་གིས་གདམས་པའི་དྭངས་མ་འདི༔ བུ་རིག་རྩལ་ཅན་ལ་སྟེར་བའོ་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ མ་འོངས་འགྲོ་བའི་དོན་དུ་ཐབས་དགོངས༔ ཇོ་མོ་མཁར་ཆུ་བཟའ་ཉོན༔ ལྷ་ཤེས་པ་གང་ལ་འདུ་འབྲལ་མེད་པ༔ ངག་གིས་སྔགས་བཟླས་པ༔ ལྗགས་དམར་པོ་པདྨ་འདབ་མ་བརྒྱད་པའི་སྟེང་ནས་ཧཱུྃ་ས་བོན་ཅི་བསྐྱེད་པ་སྔགས་ཀྱིས་བསྐོར་བར་སྒོམས༔ དེ་ལ་འོད་ཟེར་འཕྲོ་འདུས་བྱས༔ བདག་གིས་ལྗགས་གསུམ་སྟེང་ན་མེ་འབར་བ་གནོད་བྱེད་བསྲེགས་པར་སྒོམས༔ ཡིད་ཏིང་ངེ་འཛིན་ཆོས་ཉིད་ངང་འདུ་འབྲལ་མེད་པ༔ ཆོས་སྐྱེ་བ་མེད་པའི་ངང་ནས་ཉིད་འགགས་པ་མེད་པ༔ ཏིང་ནི་རྡོ་རྗེ་ལྟ་བུའི་ངོ་བོ་ཉིད་ལ་གཡོ་སྒྲིབ་མེད་པ༔ ངེ་ནི་དོན་དམ་སྣང་བ་ལམ་དུ་འགྲོ་བ་གཞི་རུ་འདུག་པ༔ འཛིན་པ་ནི་སྟོང་གསལ་ཟུང་འཇུག་ངང་ནས་ལྷ་དང་འདྲེ་བགེགས་ཤན་དབྱེ་བ་ཏིང་ངེ་འཛིན་རྣམ་པ་རྒྱུའི་ཏིང་ངེ་འཛིན༔ ཀུན་སྣང་ཏིང་ངེ་འཛིན༔ སེམས་ཉིད་ཏིང་ངེ་འཛིན༔ བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ་པའི་ཏིང་ངེ་འཛིན༔ ཀུན་ཏུ་མཐའ་དག་བྲལ་བའི་སྣ་ཚོགས་ཀླུང་ཐིམ་དུ་འདུག་བཅས་ཏིང་ངེ་འཛིན༔ ཁོ་མོ་ཉིད་ལ་ཉོན་མོངས་མི་མངའ་བའི་ཏིང་ངེ་འཛིན༔ བཀོད་པ་ཆེན་པོ་མ་ནོར་བ་རྩ་བའི་སྔགས༔ ལུ་གུ་རྒྱུད་ཀྱི་བསྐོར་བའི་བསྐྱེད་པའི་སྔགས༔ འགྲོ་ལ་ཞིང་གི་རྡུལ་སྙེད་བྱེ་བྲག་ཏུ་ཁྱབ་པའི་བསྐུར་བ་ལས་འཕྲོ་སྔགས༔ དེ་དང་མཉམ་དུ་མི་བརྗེད་པའི་མཁར་བཟས་ཉམས་སུ་ལོངས་གསུངས༔ མཁར་ཆུ་བཟའ་ཁྱོད་འདྲ་བ་འཇིག་རྟེན་བུད་མེད་རིག་པ་ཆེ་བ༔ ཤེས་རབ་དང་སྙིང་རུས་བརྩོན་འགྲུས་ཆེ་བ་ཆོས་ལ་མོས་པ་ཀུན་ཁྱོད་འདྲ་བ་ཨུ་ཡིན་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས་འདི་ཞུས༔ ཨེ་མ་ཧོ༔ མཁའ་ལྟར་མཉམ་པའི་འགྲོ་བའི་དོན་མཛད་པ༔ རྒྱ་གར་ཡུལ་ནས་མནྡ་ར་བ་ཞེས༔ བོད་ཀྱི་ཡུལ་ནས་མཁར་བཟའ་མཚོ་རྒྱལ་ང་༔ དེ་མིན་རིགས་པ་བཟང་བ་ལོ་ཡོད་པ༔ འཇིག་རྟེན་བུད་མེད་རིག་རྩལ་ཆེ༔ ཆོས་ལ་མོས་པ་ཅི་ཡང་མེད༔ བུད་མེད་ཁྱིམ་པ་ཟང་ཟིང་མོས༔ སྙིང་རུས་བརྩོན་འགྲུས་དད་གུས་མེད༔ ང་དང་སྤྱོད་པ་མཐུན་པ་རྣམས༔ བུད་མེད་ཞན་མོ་གཅིག་མི་གོས༔ བོད་ཁམས་སྲིན་ཡུལ་ས་འདི་ལ༔ ཁྱེད་ཀྱི་གྲོགས་བྱེད་ང་བས་མེད༔ དང་པོ་གསལ་སྟོང་ཀུན་ཏུ་བཟང་མོ་ང་༔ བར་དུ་ཆོས་སྐུ་རྒྱལ་བ་ཡུམ་ཆེན་ང་༔ ཐ་མ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ མ་ཅིག་ལབ་སྒྲོན་བར་མ་དོར་ན་གནས༔ ཉི་ཟླའི་སྒྲོན་མ་མ་ཅིག་གྲུབ་པའི་རྒྱལ༔ དབྱངས་ཅན་ཕག་མོ་གྲུབ་པ་མཚོ་རྒྱལ་ང་༔ འདིའི་རྒྱུད་པ་བོད་འབངས་བུ་མོ་མེད༔ བར་མ་དོར་ན་གནས་པ་ལོ་ཡོད་པ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ང་འདྲ་ན༔ བོད་འབངས་བུ་མོ་མི་ཁོམ་གནས་བརྒྱད་ལྡན༔ ཁོ་མོ་མི་ཁོམ་སྤངས་ནས་འབྱོར་པ་ལྡན༔ ཁོ་མོ་མཁར་བཟའ་ང་ལྟར་ལས་མེད་པ༔ བོད་འབངས་རྗེ་ཕྱིར་བུ་མོ་ལོ་ཡོད་པ༔ ཁྱོད་ཀྱི་གྲོགས་བྱེད་མཁར་བཟའ་ང་ཡིན་ནས༔ གྲོགས་ལྟར་ཐུབ་པའི་མ་འོངས་བུད་མེད་མེད༔ མ་འོངས་བུ་མོ་གཟི་བརྗིད་ཆེ་བ་ཡོད༔ ཤེས་རབ་ཆེ་ན་ཆོས་ལ་དད་མི་མེད༔ བརྩོན་འགྲུས་ནན་ཏན་མི་ལོབ་གནས་ལ་བཏང་༔ ཁོ་མོ་མི་ཁོམ་གནས་ལ་བཏང་བ་མེད༔ འབྱོར་པ་ལྡན་པའི་ཁོ་མོ་ཞེ་བློ་བདེ༔ འདི་ཕྱི་གང་འཛོམས་བླ་མའི་ཆགས་ཕྱི་བྱེད༔ ཆགས་ཕྱི་བྱེད་དམ་བདག་གི་ཞེ་བློ་བདེ༔ པདྨས་ཅི་གསུངས་ཁོ་མོ་བདག་གིས་བསྒྲུབ༔ མཁར་བཟས་བསྒྲུབས་པས་ཁོ་མོ་ཞེ་བློ་བདེ༔ ཞེ་བློ་བདེ་བའི་ཁོ་མོ་སེམས་དྭངས་བ༔ འགྲོ་བ་སུ་མེད་གཏམ་པའི་དུས་བདེན་མེད༔ ཁོ་མོ་མཁར་ཆུ་བཟའ་ཡི་གཏམ་བློ་བརྟེན༔ ཁོ་མོ་བདག་གིས་བསྟོད་པའི་གནས་མཆི་མེད༔ བདག་ནི་ཤེས་རབ་ཆེ་བ་འདི་ལྟར་བསྒྲུབས༔ ལར་འགྲོ་བ་ཡོངས་ལ་ཐུགས་རྗེ་ཟུངས༔ ཁོ་མོ་བདག་ལ་བྱིན་རླབས་ཐུགས་རྗེ་མ་ཆུང་ཞིག༔ ཁོ་མོ་སྒོམ་པ་བྱེད་པ་འདི་ལྟར་བསྒོམ༔ རང་ཐག་བཅད་པ་རིག་པ་དྲི་མེད་ལྟ༔ སྣང་ལམ་དངོས་བརྟེན་མ་བྱེད་བདག་གིས་འཚོས༔ འཕགས་ལམ་ཡང་དག་ཉིད་ལ་བདག་གིས་ལྟོས༔ ངོ་བོ་དྲི་མ་མེད་པའི་གནས་སུ་སྐྱོངས༔ ང་རང་སེམས་ཉིད་ཁོ་མོ་རང་གིས་འཚོས༔ རྫུས་སྐྱེས་བླ་མས་ཐུགས་རྗེས་གཟིགས་ལ་དཔྱོད༔ རྗེ་བཙུན་བླ་མ་དྲན་ཞིང་ཡིད་ལ་སྒོམས༔ ཕ་བླ་མས་གསུངས་དང་ཁོ་མོས་ཡིད་ལ་འཆང་༔ བསམ་ཞིང་ཁོ་མོས་དྲན་པར་བྱ༔ དྲིན་ཅན་བླ་མས་འགྲོ་ལ་ཐུགས་རྗེས་ཟུངས༔ ཞེས་ཞུས༔ ཁྱེད་འདྲ་བ་འཇིག་རྟེན་ཁམས་ན་འཇའ་ལུས་ཐོབ་པར་འབྱུང་བཞི་ལ་རང་དབང་ཐོབ་པ་ཨེ་ཡོད་ལགས་ཞེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས་ང་འདྲ་བ་ལྷག་པོ་ཡོད་དེ་འབྱུང་བཞི་ལ་རང་དབང་ཐོབ༔ ལར་ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང་༔ དགོངས་པ་རྒྱ་མཚོ་འོད་དཔག་མེད༔ གཉིས་མེད་རྣམ་དག་ཤཱཀྱ་ཐུབ༔ ཀུན་འདུས་སྲས་བཅས་པདྨ་ང་༔ སྣང་སྲིད་འཁོར་འདས་ཆེན་པོ་ལ༔ ཕ་རྒྱུད་སྟོང་པ་རིག་པ་ཆོས་ཀྱི་སྐུ༔ ང་དབང་སྡུད་པདྨ་འབྱུང་གནས་ཡིན༔ ལར་མ་བསྒོམས་སངས་རྒྱས་གདམས་ངག་ཡོད༔ དུས་གསུམ་ཀུན་འདུས་རྫུས་སྐྱེས་པདྨ་ང་༔ སྐྱེས་བུ་དད་ལྡན་ཅན་ལ་ཐུགས་རྗེས་ཟུངས༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་ཐུགས་རྗེས་ཡང་ཡང་ཟུངས༔ ཞེས་གསུངས༔ ཕ་རྒྱུད་སྟོང་པ་ཆོས་སྐུ་ལ་གྲུབ་པའི་ཀུན་ཏུ་བཟང་པོ་ཁ་དོག་མི་འདྲ་བ་འཕྲོས་པས་པདྨའི་ཞིང་དུ་ཕོག་ནས་སྣང་བ་མཐའ་ཡས༔ དེའི་རྒྱུད་པའི་ཕ་རྒྱུད་བཅོམ་ལྡན་འདས༔ དེས་ཆོས་གསུངས་པ་མ་རྒྱུད་ཡིན་པའི་ཆོས་དབྱིངས་ཀུན་ཏུ་བཟང་མོ༔ རྒྱལ་བ་ཡུམ་ཆེན་མོ༔ མ་ཅིག་ལབ་སྒྲོན་མ༔ མཁར་བཟའ་ཁྱོད་དེ་རྣམས་ཀྱི་མ་རྒྱུད་ཡིན༔ སྲས་དར་མ་མདོ་སྡེ་སྲས་རྒྱུད༔ རྡོ་རྗེ་འཆང་གི་ངོ་བོ་སྤྲུལ་པ་དམ་པ་རྒྱ་གར་དུས་ཀྱི་རྒྱུད༔ ཀུན་ཏུ་བཟང་པོའི་རྒྱུད་པ་བཀའ་བརྒྱུད༔ ང་པདྨའི་གཏེར་རྒྱུད་དེ་འདྲ་བ་ཁྱོད་ཉམས་སུ་ལོངས་གསུངས༔ ཁྱོད་མཁར་ཆུ་བཟའི་རིགས་རྒྱུད་འདི་ཡང་ཚེ་འཕོས་མ་ཐག་ནས་ང་དང་གྲོགས་མཐུན་པ་འདུ་འབྲལ་མེད་པར་བྱ༔ ང་སྐྱེས་བུ་གུས་པ་ཅན་སྔགས་འཆང་ནུས་པ་ཅན་ཞི་ཞིང་དུལ་བ་གཅིག་ལ༔ ཁྱོད་བུ་མོ་གུས་པ་ཅན་བརྩོན་འགྲུས་དང་ཤེས་རབ་ཆེ་བ་ནན་ཏན་དང་སྤྲོས་པ་ཆེ་བ་བཀའ་བློ་བདེ་བ༔ ཆོས་ལ་མོས་པའི་སྐྱེས་བུ་མིའི་གཟུགས་དང་ལྡན་པ་གུས་པ་ཅན་གཅིག་མོས་ནས༔ ང་སྐྱེས་བུ་སྔགས་འཆང་དང་ལྡན་པའི་གྲོགས་སུ་འཆར་བའི་ཐབས་བགྱིས༔ མ་འོངས་སྙིང་སྟོབས་ཅན་གྱི་གྲོགས་ཁྱོད་བྱེད་པའི་ཐབས་བགྱིས་སམ༔ ང་སྤྱོད་པའི་མཐུན་པ༔ དེ་རྣམས་ཐབས་གང་འདུལ་གྱིས་སྐྱེས་བུ་དེ་དང་མཐུན་པར་བྱའོ་ཞེས་གསུངས༔ མཁར་ཆུའི་ཞལ་ནས༔ ང་གྲོགས་འདི་ལྟར་གུས་པ་ཅན་གཅིག་བྱས་ནས༔ ངའི་ཐབས་གང་འདུལ་འདུ་འབྲལ་མེད་པ་མ་འོངས་དུས་སྐབས་ངས་ཅི་ཞུས་པ་ཐམས་ཅད་ཐར་རམ་ལགས༔ ཁྱོད་སྔགས་འཆང་ཏིང་ངེ་འཛིན་དང་ལྡན་པ་བདག་ལ་རྒྱུད་དང་ལྡན་ནས༔ བཤད་རྒྱུད་ཨ་ཏི་ཡོ་གའི་ཆོས་གཅིག་བཀའ་གནང་བར་ཞུ༔ ཨུ་རྒྱན་གྱི་ཞལ་ནས༔ མཁར་ཆུ་བཟའ་ཡེ་ཤེས་མཚོ་རྒྱལ་ཉོན༔ རྒྱ་ཤོག་རྒྱ་ནག་རྒྱ་སྙུགས་པའི་སྒྲོམ་གཏེར༔ དེ་རྣམས་ལ་ནན་ཏན་བགྱིས༔ བདག་གིས་བཀའ་སྩལ་པའི་ཐབས་གཅིག་གནོངས་གསུངས༔ ཁོ་མོ་བདག་གིས་ཞུས་པ༔ ཨུ་རྒྱན་རིན་པོ་ཆེ་ལགས༔ ནན་ཏན་ཆེ་བས་ཆོས་ལ་དད་མོས་པ༔ ཞེ་བློ་བདེ་བས་བཀའ་མི་བཅག༔ སྤྲོས་པ་ཆེ་བས་བཟོད་ཁྱག་པ༔ ཁོ་མོ་བཀའ་བློ་བདེ་གནང་ཞེས་མོས་པ༔ ཆོས་སྐུ་ཀུན་བཟང་བཀའ་བརྒྱུད་ཆོས་ཀྱི་སྐུ༔ ལོངས་སྐུ་འགགས་མེད་རྒྱལ་བ་རིགས་ལྔ་ཞེས༔ སྤྲུལ་སྐུ་གང་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་ཡ་མཚན་ནུབ་ཕྱོགས་འོ་མའི་མཚོ༔ དྷ་ན་ཀོ་ཤའི་མཚོ་སྟེང་འོད་དཔག་མེད༔ འགྲོ་ལ་ཞལ་མངའ་སུའི་རྒྱུད་བཅས་པ༔ མཉམ་བཞག་ཚེ་བུམ་འཛིན་ལ་ཕྱག་འཚལ་བསྟོད༔ བཀའ་བརྒྱུད་རབ་མང་ཞལ་འཛུམ་སྤྱན་མངའ་བ༔ ཏིང་འཛིན་ལྡན་པའི་གཡུལ་ལས་རབ་རྒྱལ་བ༔ སྤྱན་སྔར་འཁོད་དེ་དེ་དག་བཀའ་སྩལ་ན༔ ཐུབ་པའི་སྐུ་ཡི་མཚན་མཆོག་ཁྱེད་ལ་བསྟོད༔ ཕ་རྒྱུད་མ་རྒྱུད་གཉིས་མེད་དུས་ཀྱི་རྒྱུད༔ འགྲོ་བའི་དོན་དུ་བོད་འབངས་བུ་ལྟར་སྐྱོང་༔ དྲིན་ཆེན་ཁོ་མོ་བདག་ལ་ཡང་ཡང་གཟིགས༔ རྫུས་སྐྱེས་པདྨ་ཁྱེད་ལ་ཕྱག་འཚལ་བསྟོད༔ མདོ་སྔགས་ཐབས་ཀྱིས་ཉེ་བར་བསྒྲུབ་པའི་གནས༔ ཁོ་མོ་བདག་ལ་དྲིན་མ་ཆུང་ཞེས་ཞུས༔ བོ་དྷི་ས་ཏྭའི་ཞལ་ནས༔ བུད་མེད་ཀྱི་རིགས་ཁྱོད་དུས་གསུམ་སངས་རྒྱས་ཀུན་མི་མངའ་བའི་དོན་ལ་བརྩེ་ཕྱིར་བསྐལ་པ་ཐོག་མཐའ་ལ་འགྲོ་བའི་དོན་དུ་ཁྱོད་ཐུགས་རྗེས་གཟིགས་སོང་༔ ཁོ་མོས་ཞུས་ནས༔ མ་འོངས་ཀྱི་དུས་ངན་འགྲོ་ལ་དགོངས་ནས་ཁྱེད་རྣམས་ཀྱི་གྲོགས་བགྱི་ཞེས་ཞུས༔ གྲོགས་གྱིས་གསུངས༔ རྒྱལ་པོ་ལུས་ཀྱི་ནད་འདི་ལ་ཕན་ཐབས་ཨེ་ཡོད་ཞུས༔ པདྨས་ཡོད་དགོངས་ནས༔ ཡེ་ཤེས་མཚོ་རྒྱལ་དང་༔ ཨུ་རྒྱན་ཁྲི་སྲོང་ལྡེའུ་བཙན་དེ་གསུམ་མཆིམས་ཕུ་ནས་བྱོན་ནས་གསང་བདག་འཆི་མེད་སྒྲུབ་པ་བདུན་གཅིག་ནས་རྒྱལ་པོའི་ནད་སོས༔ རྒྱལ་པོ་ཕོ་བྲང་ནས་བྱོན་ནས༔ ཨུ་རྒྱན་དང་ཁོ་མོ་གཉིས་མཆིམས་ཕུ་བཞུགས་པ༔ ཁོ་མོས་ཞུས་པ༔ ཨུ་རྒྱན་ཆེན་པོ་ལགས༔ གསང་བའི་བདག་པོ་འདིའི་རྒྱུད་དེ་བདག་ལ་གསུངས༔ འགྲོ་བའི་དོན་ལ་མ་འོངས་པའི་དུས་སུ་འགྲོ་བའི་དོན་ལ་དགོངས༔ ཨུ་རྒྱན་པདྨའི་ཞལ་ནས་ཀུན་ཏུ་བཟང་པོ་ངོ་བོ་རྡོ་རྗེ་འཆང་ལ་རྒྱུད་པའི་ཕྱི་ནང་གསང་གསུམ་གྱི་བདག་པོ་འདིའི་ཕྱི་ལྟར་ཁྲོ་ཚོགས༔ ནང་ལྟར་ཁྱུང་ཆེན༔ དེ་ཁོ་ན་ཉིད་ལྟར་ན་གསང་བའི་བདག་པོ༔ འདི་བརྒྱུད་པའི་མཚོན་ཆ་ཁྲོ་ཚོགས་ཡིན༔ ཨཱོཾ་བཛྲ་པཱ་ཎི་ཚིནྡྷ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ ཨཱོཾ་ཡེ་ཤེས་ལྔ་ཡི་རང་བཞིན༔ བཛྲ་པཱ་ཎི་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་གཡོན་སྡིགས་མཛུབ་བསྣམས་པ༔ སྐུ་སྟོད་སེང་གེའི་གཡང་གཞི་སྐུ་སྨད་སྟག་ལྤགས༔ མི་མགོ་སེ་རོལ་དགའ་བོ་འཇོག་པོའི་ཐོད་བཅིངས་བ་གཅིག་གསལ༔ ཚིནྡྷ་ནི་ཁྲོ་བོ་འཇིགས་ཚུལ༔ མ་ཧཱ་ནི་ཆེན་པོ་གསལ་བ༔ རོ་ཥ་ནི་སྡེ་བརྒྱུད་གནོད་བྱེད་ཐམས་ཅད་རྦད་རྦད་བཅད་པར་དམིགས༔ དེ་དང་མི་བརྗེད་པ་གཅིག་གསུངས་ནས་ཤོག་སེར་ཕོབ་ཅིག༔ མཁར་ཆུ་བཟའ་མ་འོངས་པའི་དུས་སུ་ཉམས་སུ་ལོངས་གསུངས༔ ཁོ་མོས་ཞུས་པ༔ དེ་དང་བདག་གིས་ཉམས་སུ་བླངས་ཏེ༔ མ་འོངས་གང་གིས་ཆོས་བདག་ཡོང་ཞུས༔ པདྨའི་ཞལ་ནས་རྒྱལ་བ་བླ་ན་མེད་པ་སྐྱེས་པ་བུ་བཞི་ཁ་ཤོར་བཞེངས་པའི་རྒྱལ་པོ་གསོལ་བའི་ནང་ནས་འབུ་གཅིག་ཤི་ནས་དེ་ཐབས་ཀྱིས་རྒྱལ་པོ་སྲས་མོ་འཁྲུངས་བ༔ པདྨ་གསལ་གྱི་སྐྱེ་བ་ལྔ་བརྒྱའི་མཐའ་ནས་བུམ་ཐང་ནས་ང་དང་མཐུན་པའི་སྐྱེས་བུ་ཞི་ཞིང་དུལ་བ་གཅིག་ཡོང་ནས༔ པདྨའི་མིང་ཅན་གཅིག་འབྱུང་༔ དུག་ལྔ་འབྱུང་བས་སེལ་ཐབས་དེས་འདུལ་གསུངས༔ ཨུ་རྒྱན་གྱི་ཞལ་ནས༔ ཁྱོད་ཁྱིམ་དུ་འབྱུང་ན་ཆོས་ལ་མོས་པ༔ བོད་སྲིན་པོའི་བུ་མོ་རྣམས་དེ་ལྟར་བྱེད་མི་སུ་ཡང་མི་འདུག་པ་ཅི་ཡིན་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ང་ཆོས་ལ་མོས་པ་སྐྱེས་བུ་གུས་པ་ཅན་ཁྱོད་ལ་ང་ཞི་དུལ་མོས་པ༔ མ་འོངས་བུད་མེད་ཁྱིམ་པ་དང་ལྡན་པ་བྲལ་བ་མེད་པ་ཡིན༔ མ་འོངས་ཀྱི་གྲོགས་ངས་བྱེད་ན་རྒྱ་གར་ལོ་ཙཱ་བཏང་བ་རྣམས་གང་གི་སྤྲུལ་པ་ཡིན༔ མ་འོངས་དུས་ལ་དེ་འདྲ་འབྱུང་བ་ཨེ་ཡིན་ལགས་ཞུས༔ ཨུ་རྒྱན་ཞལ་ནས༔ རིགས་ཀྱི་བུ་མོ་མཁར་ཆེན་བཟའ་ཉོན་དང་༔ དང་པོ་ཀུན་ཏུ་བཟང་པོ་འཁྲུངས་པའི་ནང་ནས༔ སྤྲུལ་པ་གང་འདུལ་གྱིས་སངས་རྒྱས་སྟོང་རྩ་གཉིས་ཕེབས་པའི་རིང་༔ རྣམ་པར་སྣང་མཛད་སྤྲུལ་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྤྲུལ་པ༔ ཀུན་དགའ་མིང་ཆེན་ནོར་འཛིན་གང་པོ་འོད་སྲུང་དེ་དང་དུས་མཉམ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་ལྔ་འདི་ནས་བྱམས་པ་མཐོང་བ་དོན་ཡོད་ངན་སོང་ཀུན་འདྲེན༔ དེ་དང་དུས་མཉམ་དུ་རིན་ཆེན་འབྱུང་ལྡན་སྤྲུལ་པ་ལྔ་འདི་ནས་མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་སྤོས་ཀྱི་གླང་པོ་དཔལ་བར་འགྲོས༔ དེ་དང་དུས་མཉམ་དུ་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་ལྔ་ནས་ནམ་མཁའ་མཛོད་ཡེ་ཤེས་ཏོག༔ འོད་དཔག་མེད༔ ཟླ་འོད༔ བཟང་སྐྱོང་༔ དེ་དང་དུས་མཉམ་དུ་དོན་ཡོད་གྲུབ་པའི་སྤྲུལ་པ་ལྔ་ནི༔ དྲ་བ་ཅན་རྡོ་རྗེ་སྙིང་པོ༔ བློ་གྲོས་མི་བཟད་པ༔ སྤོབས་པ་བརྩེགས་པ༔ དེ་དང་དུས་མཉམ་དུ་ཀུན་དགའ་བོ་སྤྲུལ་པ༔ སྐྱེ་བ་བདུན་རྒྱུད་ཀྱི་མཐའ༔ བཻ་རོ་ཙ་ན༔ ཤུད་པོ་དཔལ་སེང་༔ ལང་གྲོ༔ སྣ་ནམ་ཡེ་ཤེས༔ འོ་བྲན་དབང་ཕྱུག༔ གང་འདུལ་གྱིས་རྩང་ལེགས་གྲུབ༔ རྡོར་སེམས་སྤྲུལ་པ་རྒྱལ་པའི་བློ་གྲོས༔ ཁྱེའུ་ཆུང་ལེགས་པ༔ སོག་པོ་ལྷ་དཔལ༔ དཔལ་གྱི་ཡེ་ཤེས༔ སྣ་ནམ་བདུད་འཇོམས༔ རིན་ཆེན་འབྱུང་ལྡན་གྱི་སྤྲུལ་པ༔ སངས་རྒྱས་ཡེ་ཤེས༔ དྷརྨཱ་དཔལ་གྱི་དབང་ཕྱུག༔ རྨ་ཐོགས་རིན་ཆེན༔ དྲན་པ་ནམ་མཁའ༔ སྣང་བ་མཐའ་ཡས་སྤྲུལ་པ་གནུབས་ནམ་མཁའི་སྙིང་པོ༔ རྒྱལ་བ་མཆོག་དབྱངས༔ རྒྱལ་བའི་དབང་ཕྱུག༔ སྣ་ནམ་བདུད་འཇོམས༔ དོན་ཡོད་གྲུབ་པའི་སྤྲུལ་པ་ནི་སྐ་བ་དཔལ་བརྩེགས༔ ཅོག་རོ་རྒྱལ་མཚན༔ རྒྱལ་བའི་ཡེ་ཤེས༔ འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ཡིན༔ རྡོ་རྗེ་བདུད་འཇོམས༔ དབྱིངས་ཅན་དེ་རྣམས་ཀྱི་སྤྲུལ་པའི་གྲོགས་དམ་པ་མཁར་ཆུ་བཟའ་ཁྱོད་ཡིན་པས་མ་འོངས་ཀྱི་ཆོས་བདག་ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་དེ་འབྱུང་བའི་ཐབས་གདའ༔ དེ་དང་མི་བརྗེད་པའི་ཐབས་བྱ་ཞེས་གསུངས༔ མཚོ་རྒྱལ་ཞལ་ནས༔ ཨུ་རྒྱན་ཆེན་པོ་ལགས༔ ངས་མ་འོངས་པའི་འགྲོ་བའི་དོན་སྐབས་ལ་དགོངས་ནས༔ ང་མཁར་བཟའ་བློ་མི་དམན་པ་བླ་མའི་བཀའ་གནང་བ༔ དེ་འདྲ་བ་སངས་རྒྱས་གང་འདུལ་གྱི་སྤྲུལ་པ་ངོ་མཚར་མཆོག་གི་གནས༔ ཨེ་མ་ཧོ༔ ཁོ་མོ་ཞེས་ཕྱིར་བདག་གི་བཀའ་བློ་བདེ༔ ང་དད་གུས་ཆེ་ནས་འགྱོད་མི་གདོང་༔ བདག་འཛིན་མེད་པས་ཞེ་བློ་བདེ༔ བློ་དམན་མེད་པས་སྙིང་རུས་ཆེ༔ ཁོ་མོ་སྙིང་རུས་ཆེ་ཡང་ཞེ་བློ་བདེ༔ བླ་མ་དྲན་ཏེ་གསོལ་བ་འདེབས༔ འགྱོད་སེམས་ངང་ནས་བཤགས་པ་བྱ༔ གདུང་བའི་ངང་ནས་གསོལ་བ་འདེབས༔ བུ་མོ་སྤྲོས་པ་ཆེ་བས་ཞེ་བློ་བདེ༔ བླ་མ་ཆོས་དང་ནམ་མཁའ་འདྲ༔ འགྲོ་ལ་ཁྱབ་པའི་ཆོས་གཅིག་གསུངས༔ ཁོ་མོ་བདག་གིས་སེམས་ལ་འཆང་༔ བསམ་ཞིང་རྗེ་བཙུན་དྲན་པར་བྱ༔ ཤོ་ཨ་ཙམ་པདྨ་དྲན་པར་བྱ༔ ཁོ་མོས་བསམ་ཞིང་ཡིད་ལ་འཆང་༔ ཁོ་མོ་རིག་པ་དམན་ན་བརྩོན་འགྲུས་ཆེ༔ བརྩོན་འགྲུས་ཅན་གྱིས་བྲག་བཀའ་བ༔ བླ་མའི་ཆོས་དང་ཉི་ཟླ་འདྲ༔ འགྲོ་ལ་གསལ་བའི་ཆོས་གཅིག་གསུངས༔ ཁོ་མོས་བསམ་ཞིང་ཡིད་ལ་འཆང་༔ བསམས་ཤིང་རྗེ་བཙུན་དྲན་པར་བྱ༔ ཤོ་ཨ་ཙམ་བླ་མ་དྲན་པར་གྱིས༔ ཁོ་མོ་ཤེས་རབ་དམན་ནམ་སྙིང་རུས་ཡོད༔ སྙིང་རུས་ཅན་གྱིས་འགྲོ་དོན་ཡོང་༔ བླ་མ་ཆོས་དང་རྒྱ་མཚོ་འདྲ༔ ཁ་གཏིང་མེད་པའི་ཆོས་ཤིག་གསུངས༔ ཁོ་མོས་བསམ་ཞིང་ཡིད་ལ་འཆང་༔ ཤོ་ཨ་ཙམ་བླ་མ་དྲན་པར་བྱ༔ བསམ་ཞིང་ཁོ་མོས་དྲན་པར་བྱེད༔ ཁོ་མོ་སྤྱོད་པ་དམན་ནམ་བཟོད་པ་ཁྱག༔ བཟོད་པ་ཁྱག་པས་འགྲོ་དོན་ཡོང་༔ བླ་མའི་ཆོས་དང་རང་གསལ་བ༔ མ་རིག་མུན་ཁུང་བསལ་བའི་ཆོས་གཅིག་ཞུས༔ ཁོ་མོས་བསམ་ཞིང་ཡིད་ལ་འཆང་༔ ཤོ་ཨ་ཙམ་བླ་མ་དྲན་པར་བྱ༔ བསམ་ཞིང་རྗེ་བཙུན་ཡིད་ལ་དྲན༔ ཤོ་ཨ་ཙམ་བླ་མ་དྲན་བྱ་བ༔ ཁོ་མོ་གཏོང་ཕོད་མེད་ན་དད་པ་ཆེ༔ དད་པ་ཅན་གྱིས་འགྲོ་དོན་ཡོང་༔ བླ་མ་ཆོས་དང་སྨན་མཆོག་འདྲ༔ སྨན་མཆོག་ནད་སེལ་ཆོས་ཤིག་གསུངས༔ ཁོ་མོས་བསམ་ཞིང་ཡིད་ལ་དྲན༔ ཤོ་ཨ་ཙམ་བླ་མ་དྲན་པར་གྱིས༔ བསམ་ཞིང་རྗེ་བཙུན་ཡིད་ལ་དྲན༔ ཁོ་མོ་བློ་སྟོབས་མེད་ན་ནན་ཏན་ཆེ༔ ནན་ཏན་ཅན་གྱིས་འགྲོ་དོན་བྱེད༔ བླ་མའི་ཆོས་ནི་མཚོན་ཆ་འདྲ༔ དགྲ་བགེགས་བཅོམ་པའི་ཆོས་གཅིག་ཞུས༔ ཁོ་མོས་བསམ་ཞིང་ཡིད་ལ་འཆང་༔ ཤོ་ཨ་ཙམ་བླ་མ་དྲན་བྱ་བ༔ བསམ་ཞིང་རྗེ་བཙུན་ཡིད་ལ་འཆང་༔ ཁོ་མོ་མཐུ་སྟོབས་ཡོད་ན་བླ་མའི་དྲིན༔ ཁོ་མོ་ཤེས་རབ་ཆེ་ན་བླ་མའི་དྲིན༔ ཁོ་མོ་ཡོན་ཏན་ཡོད་ན་བླ་མའི་དྲིན༔ ཁོ་མོ་ཐུགས་རྗེ་ཆེ་ན་བླ་མའི་དྲིན༔ བྱིན་རླབས་ཡོད་ན་བླ་མའི་དྲིན༔ ཕ་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ༔ འདྲེན་མཆོག་དེད་དཔོན་རིན་པོ་ཆེ༔ སྔར་ཡང་ཐུགས་རྗེ་ཤིན་ཏུ་བཟུང་༔ ད་ཡང་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཁོ་མོས་བསམ་ཞིང་བླ་མ་བསྒོམ༔ ཨ་ཙམ་བླ་མའི་དྲན་གསུངས་པ༔ ཁོ་མོ་བདག་གིས་ཡིད་ལ་འཆང་༔ བསམ་ནས་མཁར་བཟའི་དོན་དུ་འཆང་༔ མི་བརྗེད་གཟུངས་མཆོག་ཐོབ་པ་བླ་མའི་དྲིན༔ སྐུ་འགྱུར་བ་མེད་པ་བླ་མའི་སྐུ༔ ཁོ་མོ་བདག་གི་ལུས་ལ་བྱིན་རླབས་འཇུག༔ གསུང་འགགས་པ་མེད་པ་བླ་མའི་གསུང་༔ ཁོ་མོ་བདག་གི་ངག་ལ་བྱིན་རླབས་ཐིམ༔ ཐུགས་འཁྲུལ་པ་མེད་པར་བླ་མའི་ཐུགས༔ ཁོ་མོ་བདག་གི་ཐུགས་ལ་བྱིན་རླབས་ཐིམ༔ མི་བརྗེད་ཐོབ་པ་བླ་མའི་དྲིན༔ དྲིན་ཅན་བླ་མའི་ཐུགས་རྗེས་ཟུངས༔ ལར་འགྲོ་བ་ཡོངས་ལ་ཐུགས་རྗེས་ཟུངས༔ སྒོས་ཁོ་མོ་བདག་ལ་བྱིན་གྱིས་རློབས༔ བུ་དད་ལྡན་སྣོད་རུང་རྣམས་ལ་ཆོས་གསུངས་ཤིག༔ བུ་མོ་ཆོས་ལ་མོས་པ་ཞེ་བློ་བདེ༔ དྲིན་ཅན་བླ་མ་མཆོག་གིས་ཐུགས་རྗེས་ཟུངས༔ ཞེས་ཞུས༔ ཀྱཻ་ཨུ་རྒྱན་ཆེན་པོ་མ་འོངས་པའི་འཇིག་རྟེན་འདི་མཚོན་ཆའི་གཟེངས་བ་འདི་སྙིང་རྗེ་བ་ཐབས་སྟོན་ལགས༔ རིགས་ཀྱི་བུ་མོ་ཉོན་དང་༔ ཆོས་འདིའི་འབྱུང་ཁུངས་ཀུན་ཏུ་བཟང་མོའི་རྒྱུད༔ བྱ་བ་དང་སྤྱོད་པ་རྣལ་འབྱོར་གྱི་རྒྱུད༔ གཞིའི་ལམ་གྱིས་རྫོགས་སངས་རྒྱས༔ སྐད་ཅིག་དྲན་རྫོགས་གཅིག་གི་བྱེ་བ་ཕྲག༔ དཔག་མེད་བགྲང་གིས་ནུས་པ་མི་མངའོ༔ ང་རྒྱ་གར་ཡུལ་ན་ཡོད་པ་འཇམ་དཔལ་བཤེས་གཉེན༔ ཤྲཱི་སེང་ཧ༔ ཧཱུྃ་ཆེན་ཀ་ར༔ བྷི་མ་ལ༔ རམ་བུ་གུཧྱེ༔ ཤིནྟཾ་གརྦྷ༔ དགའ་རབ་རྡོ་རྗེ༔ ཆོས་རྒྱུད་ཆུ་བོ་སྔགས་འཆང་པདྨ་འབྱུང་གནས༔ མཆོད་རྟེན་བདེ་བྱེད་བརྩེགས་པའི་རབ་དྲུང་ནས༔ ནམ་ཟླ་དུས་བཞི་ལ་ཐོག་དང་སེར་བ་ཡོང་བའི་དུས༔ ངེད་རིག་འཛིན་ཧཱུྃ་ཀ་རའི་གསུངས་ནས༔ བོད་ཕངས་བ་དང་ངོམ་པ་དེ་འདྲ་ཆོས་གཅིག་འདུག་གསུངས་པ༔ རིག་འཛིན་བརྒྱད་ཀྱི་དགོངས་པ་གཟིགས་ནས༔ ལྷ་སྲིན་སྡེ་བརྒྱད་ཀུན་ལ་གཏད་ནས༔ སྒྲུབ་པ་བཀའ་བརྒྱད་འདིའི་ཆོས་འདི་ནི་དང་པོ་ཐོག་མ་མེད་པའི་ཀློང་ནས་ཀུན་ཏུ་བཟང་པོས་གསུངས་པ༔ རྒྱལ་བ་རིགས་ལྔས་གཏེར་དུ་སྦས་ནས༔ རིག་འཛིན་བརྒྱད་ཀྱིས་གཏེར་དུ་ཕུད་པ༔ རིགས་ཀྱི་བུ་མོ་ཉོན་དང་ངས་བཤད་དོ༔ ཆོས་ཐམས་ཅད་ནས་ཡང་སྙིང་གི་ཉེ་བར་སྙིང་པོ༔ ལྟ་བའི་གཞི་ཀུན་ཏུ་བཟང་པོའི་རྒྱུད༔ སྒོམ་པ་ཞི་བ་བཞི་བཅུའི་རྒྱུད༔ སྤྱོད་པ་ཁྲག་འཐུང་ལྔ་བཅུའི་རྒྱུད༔ དེ་ཉིད་མཆོག་དཔལ་དགུ་རྒྱུད༔ དེ་རྣམས་ཀྱི་ཐབས་གྲོལ་བ་བཀའ་འདུས་པ༔ དང་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་འཁྲུངས་པའི་སྤྲུལ་པ་འགྱེད་ནས་ཞི་བ་བཞི་བཅུ་འབྱུང་བ༔ ཀུན་ཏུ་བཟང་པོ་ཁྲོས་པའི་ཚུལ་མཆོག་ཏུ་སྐུར་བཞེངས་ནས་རྒྱལ་བ་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ་གཉིས་འབྱུང་བ༔ དེ་ལ་འཕྲོས་པའི་ལྔ་བཅུ་རྩ་བརྒྱད་ཆགས་པ༔ ཞི་ཁྲོ་དཔལ་དགུ་ནི་ཡོངས་རྫོགས་དུས་ཆེ་མཆོག་ཁྲོས་ཚུལ་དུ་གཟིགས་ནས་སྤྲུལ་པའི་ཐབས༔ ཨཱོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་ཧཱུྃ༔ ཨཱོཾ་ཀུན་བཟང་ཡབ་ཡུམ་རིགས་ལྔ་ཡབ་ཡུམ་བཅུ་གནས་པ༔ བྷོ་དྷི་བྱང་ཆུབ་སེམས་དཔའ་ཡབ་ཡུམ་བཅུ་དྲུག༔ ཙིཏྟ་ཐུགས་དང་ཁྲོ་ཆེན་ཡབ་ཡུམ་བརྒྱད༔ མ་ཧཱ་ཆེན་པོ་དང་ཐུབ་པ་དྲུག༔ སུ་ཀ་ཛྙཱ་ན་དབྱིངས་ཡེ་ཤེས༔ ཧཱུྃ་སྐྱེ་མེད་འགགས་མེད༔ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱོཾ་ཁྲག་འཐུང་ཡབ་ཡུམ་བཅུ་གཉིས༔ རུ་ལུ་སེང་ཧ་མ་བརྒྱད༔ རུ་ལུ་ཀོའུ་རི་མ་བརྒྱད༔ ཧཱུྃ་ནང་གི་སྒོ་བ་བཞི༔ བྷྱོ་དབང་ཕྱུག་རྩ་བརྒྱད༔ ཧཱུྃ་ཕྱིའི་སྒོ་བ་བཞི༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱྀ་ཧེ་རུ་ཀ་ཧཱུཾ་ཕཊ༔ ཨཱོཾ་ཀུན་འདུས་པ༔ བཛྲ་རྡོ་རྗེ༔ ཀྲོ་ཏ་ཁྲོ་བོ༔ མ་ཧཱ་ཆེན་པོ༔ ཤྲཱྀ་འཇིགས་ཚུལ༔ ཧེ་རུ་ཀ་འགྲན་གྱི་དོ་མེད༔ ཅེས་མི་བརྗེད་པའི་ཉམས་སུ་ལོངས་དང་༔ བརྡ་ཡིག་ལ་ཕོབ་དང་མཁར་ཆུ་བཟས་མི་བརྗེད་པར་བྱ༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་རིན་པོ་ཆེ་འདིའི་ཆོས་གང་དུ་དར་བའི་སྐབས་ནི་དུས་ཅི་འདྲ་འབྱུང་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ དེ་དུས་འཁྲུགས་ནད་ཡམས་དར་བའི་ས༔ ང་དང་མཐུན་པའི་སྐྱེས་བུ་གུས་པ་ཅན་གཅིག་ཆོས་དང་མཐུན་པ༔ ཨུ་རྒྱན་རིག་འཛིན་གཅིག་འབྱུང་དེས་བདག་པོ་བྱེད་གསུངས༔ མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་ལགས༔ ཁོ་མོ་སྐྱེ་རྒ་ན་འཆི་བཞིའི་སྡུག་བསྔལ་འདི་ལ་ཁྱེད་ཐུགས་རྗེས་ཟུངས་མཁར་ཆུ་རྒྱུད་པ་ཅན་བསྐལ་པའི་སྙིགས་མ་ལ་ཁྱེད་ཐུགས་རྗེས་ཟུངས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ ཁྱོད་མཁར་ཆུ་རྒྱུད་པ་འགྲོ་བ་ཡོངས་ལ་ཕན་ཐོགས་ཡོང་སྟེ༔ དེ་ཕན་ཚུན་འགྲོ་བའི་དོན་བྱེད་པ་ཐར་ལམ་ཟིན་པར་གདའ་ཞེས་གསུངས༔ ཨུ་རྒྱན་གྱི་ཞལ་ནས༔ ང་རྒྱ་གར་ཡུལ་ན་གཅིག་འགྲོ་དགོངས་ནམ་མཁའ་ནས་ཡལ༔ ཡེ་ཤེས་མཚོ་རྒྱལ་གྱིས་ཅི་བྱེད་བསམ་ནས་མགུར་འདི་བཞེངས་སོ༔ ཀྱེ་མ་ཀྱེ་ཧུད་མཁར་བཟའ་མཚོ་རྒྱལ་ང་༔ སྤྲུལ་སྐུ་ས་ཡུལ་གང་དུ་ཕེབས་པ་ཡིན༔ བུ་མོ་མཁར་བཟའ་ཅི་ལ་བརྟེན་ནས་འདུག༔ འགྲོ་བ་བུད་མེད་ཕ་མིང་གནས་ལ་བརྟེན༔ ཁོ་མོའི་བླ་མ་ནམ་མཁའ་གང་དུ་ཡལ༔ བུ་མོ་མཁར་ཆུ་བཟའ་འདི་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ༔ ཐུགས་རྗེ་མ་ཆུང་ཅི་ལ་དྲན་ཀྱང་མེད་ཐབས་མེད༔ ཅེས་མགུར་བཞེངས་ནས་མིག་ཆུ་ས་ལ་འཁྱིལ་ནས་འདུག་པ༔ ཨུ་རྒྱན་འཇའ་འོད་ནང་དུ་ཕེབས་ནས༔ ཨ་བུ་མོ་མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཅི་ལ་མྱ་ངན་བྱེད༔ ང་རྒྱ་གར་ཡུལ་ལ་སོང་ནས་སྲིན་པོ་གཅིག་གིས་མི་ཟ་བ་སྣང་༔ དེ་ངེད་ཀྱིས་འདུལ་བའི་སྐབས་ལ་དགོངས་པ་ཡིན༔ ཁྱོད་མྱ་ངན་མ་བྱེད་དང་༔ ཆོས་མཛད་པ་མི་བརྗེད་པ་གྱིས༔ བུད་མེད་ཀྱི་རིགས་འདི་སྙིང་ཆུང་ལ་བཟོད་དཀའ་མེད་པ༔ དེ་འདྲ་བ་ཞིབ་ཏུ་མ་བྱེད་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ང་བུད་མེད་རིགས་བཟོད་དཀའ་མི་ཁྱག་པ༔ ཅི་ལ་ཁྱེད་ལྟ་བུའི་མིག་དང་༔ ཁོ་མོ་རེ་ས་སུ་ལ་མ་བྱེད་པ༔ སྤྱིར་འགྲོ་བ་ཡོངས་ལ་རེ་ས་ཡོད་པ༔ ཁོ་མོ་བདག་ལ་རེ་ས་མེད་པ་ཅི་ལ་བསྟེན༔ བུད་མེད་ཀྱི་བཟོད་དཀའ་མི་ཁྱག་ཞུས༔ ཨུ་རྒྱན་གྱིས་དགོངས་ནས༔ བདེན་པའི་ཐབས་ཡོད་དེ་འགྲོ་བའི་རེ་ས་ཡོད་དགོངས༔ ཁོང་བདག་ལ་མིན་པའི་རེ་ས་མེད་དགོངས༔ ལན་གཅིག་གསོན་དང་མཚོ་རྒྱལ་ཉོན༔ ལུས་བཅས་བུ་མོ་གཉེན་ལ་འཛེམ༔ གཉེན་འཛོམས་མཛེས་ཚུལ་མཚོ་རྒྱལ་གཉེན་ལ་འཛེམས༔ འཇིག་རྟེན་འདི་ཡི་དགོངས་པ་གཏམ་མི་བདེན༔ ཁོ་མོ་འདི་འདྲ་གཏམ་པའི་རྫུན་ཚིག་མེད༔ འདི་འདྲའི་གཞོན་ནུ་དུང་ལྡན་ངོ་མཚར་དུས༔ སྲིན་པོ་ས་ནས་འདི་འདྲ་མེད་དགོངས་ཏེ༔ འདི་འདྲ་ཡོད་པའི་བོད་ཁམས་ལས་ཅན་འདུག༔ མ་འོངས་འཇིག་རྟེན་སངས་རྒྱས་ཐབས་སྟོན་ཡོད༔ བོད་ཁམས་བཟང་བའི་མ་འོངས་ལས་ཅན་དོན༔ ཁོ་མོ་བསམ་པ་མི་བརྗེད་ཡིད་ལ་འཆང་༔ བསམ་ཞིང་རྗེ་བཙུན་ང་འདྲ་ཡི༔ བོད་ཁམས་འདི་ལ་ཐུགས་རྗེས་གཟིགས་པའི་བརྡ༔ ལས་ཅན་མཁར་ཆུ་སྲས་མོ་འདི་འདྲ་བ༔ མཚོ་རྒྱལ་འདི་འདྲ་འགྲོ་དོན་ཡོང་བའི་བརྡ༔ ལས་ཅན་བོད་འབངས་འགྲོ་དོན་ཐོབ་པར་ཤོག༔ རྒྱལ་སྲས་རྗེ་འབངས་འབྲས་བུ་སྨིན་པར་ཤོག༔ ལས་ཅན་མཁར་ཆུ་རྒྱུད་པ་ཐར་ལམ་ཟིན༔ ཇོ་མོ་མཚོ་རྒྱལ་འགྲོ་བའི་དོན་བྱའོ་ཞེས་གསུངས་པ༔ མཁར་བཟའ་ཁྱོད་སྒོམ་ལ་ནན་ཏན་བརྒྱབ་ནས་འགྲོ་བའི་དོན་བྱ་བ་བདག་ལ་སྨྲོས་ཤིག༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ང་སྒོམ་པ་མེད་ན་སྒོམ་སྙིང་ཡོད༔ རོ་གཅིག་མེད་ན་རོ་སྙོམས་ཡོད༔ འོག་འགྱུ་དབང་དུ་ཁོ་མོ་བཏང་བ་མེད༔ བདེ་གསལ་གོང་དུ་མ་བཏང་རང་རིག་འཚོས༔ ཚོགས་དྲུག་དངོས་རྟེན་མ་བྱེད་རང་ཐག་བཅད༔ སྐུ་གསུམ་བཟང་ངན་མི་བྱེད་རིག་པའི་དོན༔ བདུད་བཞིའི་དབང་དུ་མ་བཏང་སྐུ་བཞི་གྲོལ༔ བཟང་ངན་མི་བྱེད་རིག་པ་ཤེལ་ལྟར་སྒོམས༔ སྟོང་གསལ་བཟང་ངན་མི་བྱེད་རིག་པ་འཚོས༔ ཕྱོགས་རིས་མཐའ་དབུས་མེད་པ་རིག་ཐག་བཅད༔ གཡོ་བ་ཡེངས་པ་མེད་པའི་སྒོམ་ཞིག་བྱེད༔ ཁ་གཏིང་མེད་པའི་སྒོམ་ཞིག་བྱེད༔ ཁོ་མོ་མོ་ལུས་ཐོབ་ཀྱང་རིག་ཐག་བཅད༔ ཁོ་མོ་མོ་སེམས་ཡིན་ཏེ་རང་རིག་འཚོས༔ མོ་ལུས་གཟུགས་སྣང་དགའ་སྟེ་ཚོགས་དྲུག་དག༔ མོ་ལུས་ཐོབ་པའི་དོན་སྒོ་ཆུང་མ་བྱེད༔ མོ་རིགས་ཡིན་ཏེ་ཁོ་མོ་ཆོས་ལ་དད༔ ཆོས་ལ་དད་པས་བླ་མའི་དྲིན་གྱིས་གྲོལ༔ མོ་ལུས་འདྲེ་སེམས་བསྐྱེད་དེ་ཚོར་མ་མྱོང་༔ ཁོ་མོས་སྒོམ་སྙིང་འདོད་དེ་བླ་མའི་དྲིན༔ ཁོ་མོས་སྒོམ་པ་རང་རིག་གྲོལ༔ སྒོམ་པ་མེད་པའི་དོན་མ་མཆིས༔ སྐྱིད་ན་བླ་མའི་བཀའ་དྲིན་ཆེ༔ སྡིག་ན་ཁོ་མོ་ལས་ཀྱི་དབང་༔ ཆོས་ལོབ་ཙམ་གྱིས་བླ་མའི་དྲིན༔ མ་གྲོལ་ཙམ་གྱིས་སེམས་ཅན་ལས་ཀྱི་ངན༔ ཁོ་མོ་སྒོམ་སྙིང་ཆུང་བ་བུད་མེད་རིགས༔ སྒོམ་གྲོལ་ཙམ་གྱིས་བླ་མའི་དྲིན༔ མ་གྲོལ་ཙམ་གྱིས་གྲོལ་བ་ལས་རེ་རན༔ ཁོ་མོ་རིག་པ་ཆེ་བ་བླ་མའི་དྲིན༔ སྙིང་རུས་མེད་ན་བུད་མེད་ལུས༔ ཁོ་མོ་ཤེས་རབ་ཆེ་བ་བླ་མའི་དྲིན༔ ནན་ཏན་མེད་པ་བུད་མེད་ལུས༔ ཁོ་མོ་མི་བརྗེད་ཐོབ་པ་བླ་མའི་དྲིན༔ བརྩོན་འགྲུས་མེད་པ་བུད་མེད་ལུས༔ ཁོ་མོ་ཡོན་ཏན་ཡོད་ན་བླ་མའི་དྲིན༔ ལྟ་བ་མེད་ན་བུད་མེད་ལུས༔ ཁོ་མོ་བཟོད་དཀའ་ཡོད་ན་བླ་མའི་དྲིན༔ ཁ་གཏིང་མེད་པ་ཁོ་མོའི་ལུས༔ ཁོ་མོ་སྒོམ་པ་འདོད་པ་བདག་གི་ལས༔ རང་རིག་དམན་པའི་བུད་མེད་ལུས༔ ཁོ་མོ་སྒོམ་པ་མེད་པ་སྒོམ་སྙིང་འདོད༔ ཁོ་མོ་བླ་མ་དྲན་པ་བདག་གི་ལུས༔ དམ་ཆོས་གསུངས་པ་བླ་མའི་དྲིན༔ མི་བརྗེད་ཐོབ་པ་མ་འོངས་དོན༔ མ་འོངས་ལས་ཅན་བོད་འབངས་བུ་ལྟར་སྐྱོང་༔ ཁོ་མོ་བསམ་ཞིང་ཡིད་ལ་དྲན༔ ཕ་བཀའ་བརྒྱུད་བླ་མ་རིན་པོ་ཆེ༔ བདག་གི་ཡིད་དྲན་དུས་གསུམ་པདྨ་འབྱུང་༔ སྐྱབས་རེ་ས་ཨུ་རྒྱན་རིན་པོ་ཆེ༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ འགྲོ་བའི་དོན་དུ་ཆོས་གཅིག་གསུངས༔ ཁོ་མོ་མོ་ལུས་ཐོབ་སྟེ་ཆོས་ལ་མོས༔ མོས་པ་ཙམ་གྱིས་བདག་གྲོལ་བ༔ གྲོལ་བ་བླ་མ་ཁྱེད་ཀྱི་དྲིན༔ ཁོ་མོ་ཏིང་འཛིན་བསྟན་པའི་ཆོས་གཅིག་ཞུས༔ ཁོ་མོ་ནན་ཏན་མེད་ན་ཤེས་རབ་ཆེ༔ ཤེས་རབ་ཅན་ལ་ཆོས་གཅིག་གནོངས༔ མ་འོངས་སེམས་ཅན་འགྲོ་བའི་དོན༔ ཁོ་མོ་ཆོས་ལ་སྤྲོས་པ་ཆེ༔ ཆོས་ལ་གཏོང་ཕོད་ཆེ་བ་ཁོ་མོ་ལུས༔ རྫུས་སྐྱེས་ཁྱེད་དང་འཕྲད་པ་འགྲོ་བའི་དོན༔ འགྲོ་ལ་ཐུགས་རྗེ་མ་ཆུང་ཞིག༔ བོད་འབངས་ལས་ཅན་སྨིན་པར་གྱིས༔ ཁོ་མོ་དད་པ་ཅན་ལ་བྱིན་རླབས་མ་ཆུང་ཞིག༔ ཅེས་གསུངས་ནས༔ ཨུ་རྒྱན་ལ་ཕྱག་འཚལ༔ ང་བུ་མོ་ཞུས་ནན་ཕོད་པའི་ཁྱེད་ལ་ཞུས་པ་ཡིན༔ ཐུགས་རྗེ་འགྲོ་ལ་མ་ཆུང་ཞིག༔ མཁར་ཆུ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ མ་རིག་མུན་པའི་ཁུང་ནང་དུ༔ ཐུགས་རྗེའི་འོད་ཀྱིས་མ་རིག་སྨག་རྣམས་བསལ༔ ཁོ་མོ་བདག་གི་ལྟ་བའི་མིག༔ རྟེན་པའི་བེམ་པོ་བསམ་པའི་སྙིང་བླ་མ་ཁྱེད་ཡིན་པས་ཐུགས་རྗེ་མ་ཆུང་ཞིག་ཅེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ ཁྱོད་ལ་ཐུགས་རྗེས་མི་གཟིགས་པའི་ཐབས་མེད་པ་འགྲོ་བའི་དོན་མཛད་པ༔ ཕན་པ་རྒྱ་ཆེན་པོ་མཛད༔ དད་པ་ཅན་ལ་བྱིན་རླབས་འཇུག༔ མཁར་ཆུ་བཟའ་ཉོན་དང་༔ དཔེར་ན་གངས་རི་འདི་ལ་ཉི་མ་ཤར་ནས་བྱིན་རླབས་ཆུ་རྒྱུན་མི་འབེབས༔ དཔེ་དེ་འདྲ་བ༔ དད་པ་ཅན་ལ་བྱིན་རླབས་ཤིན་ཏུ་འཇུག༔ དེ་མིན་པའི་བྱིན་རླབས་རིང་ཐུང་མེད་ལ་འཇུག༔ དད་པ་ཅན་ལ་སྒོ་ཉལ་དུ་ཡོད་ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཤིན་ཏུ་མཉེས་ནས་ལགས་ཨུ་རྒྱན་རིན་པོ་ཆེ༔ འཇིག་རྟེན་མི་ཚེ་སྡོང་རུལ་མེ་ཚིག་ལྟ་བུ༔ སྡིག་ལ་ནམ་ཚ་བཏང་བ་འདི་ལ་ཕན་པའི་ཐབས་ཨེ་མཆིས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ འདི་ལ་ལས་རྒྱུ་འབྲས་བཤད་པའི་དོན་དེ་བས་ན་ཐེག་པ་ཆེན་པོ་རྒྱུ་ཀུན་རྫོབ་བདེན་པ་དང་ཆོས་ལ་ཨེ་འཇུག་གམ༔ བདེན་གྲོལ་ངེས་པ་ཅན་འཇུག་གམ༔ འཇུག་ནས་ཡང་དག་ཉིད་དུ་སླར་མི་ལོག་པ་དྲན་པ་རྙེད་ལ་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་མངོན་སུམ་མཐོང་ངོ་༔ སྡིག་པའི་ལས་མི་བགྱིད་དོ༔ དེ་ལྟ་བས་ནས་སྣོད་དུ་རུང་བས་སློབ་དཔོན་བཅུད་དང་ལྡན་པའི་དེ་གཉིས་ཐེག་མཆོག་ཡང་དག་ཉིད་ལ་འཇུག་ནས་དོན་གྱི་འབྲས་བུའོ༔ རིན་པོ་ཆེ་རྒྱུ་མ་ནོར་དོན༔ སེམས་དང་ལྡན་པའི་འདི་ལ་འཇུག་པའི་ཆོས་རྒྱ་ཆེན་པོ་གསུངས༔ ཨེ་མ་མཁར་བཟའ་ཡེ་ཤེས་མཚོ་རྒྱལ་སྒོམ་པ་ཆེ༔ དེ་འདྲ་བུད་མེད་ལུས་བླངས་བ༔ ཐོས་པ་མེད་པ་བཀའ་མྱོང་བ༔ རིག་པ་ཆེ་བ་ངོ་མཚར་དུས༔ བདག་ལ་གནས་སུ་མ་བཏང་སྒོམ་སྙིང་བ༔ ཚོགས་དྲུག་དངོས་རྟེན་མ་བྱེད་སྒོམ་སྙིང་བ༔ སྒོམ་པ་འདོད་པའི་མཁར་བཟའ་ལས༔ སྒོམ་སྙིང་ཆུང་བ་མོ་ལུས་ཐོབ༔ མོ་ལུས་ཐོབ་སྟེ་དོན་ཆུང་མེད༔ ནན་ཏན་མེད་པ་ཤེས་རབ་ཆེ༔ ཤེས་རབ་ཆེ་བའི་མཁའ་འགྲོ་ལས༔ ནན་ཏན་མེད་པ་བུད་མེད་ལུས༔ སྤྲོས་པ་ཆེ་བའི་མཁར་བཟའི་ལས༔ སྙིང་རུས་མེད་པ་བུད་མེད་ལུས༔ རྫུས་སྐྱེས་རང་དབང་ཐོབ་པའི་པདྨ་ང་༔ སྦྱོར་སྒྲོལ་དངོས་གཞི་འཇུག་པའི་པདྨ་ང་༔ ལས་ཅན་སྲས་མོ་ཡེ་ཤེས་མཚོ་རྒྱལ་ཁྱེད༔ མ་འོངས་མི་རྣམས་མཚོན་ཆའི་གཟེངས་བ་འདྲ༔ དཀར་པོ་སེམས་མེད་སྡིག་སྤྱོད་སེམས་མང་ཐུགས༔ མ་འོངས་དུས་ཀྱི་འགྲོ་དོན་མ་བྱེད་ན༔ མི་ལུས་གཅིག་པུར་བྱང་ཆུབ་ཐོབ་སླ་བ༔ སྒོམ་སྙིང་བྱེད་ན་བྱང་ཆུབ་སངས་རྒྱས་ཐོབ༔ མ་འོངས་བསྐལ་པའི་འགྲོ་ལ་འདས་དགོངས་སོ༔ ལན་གཅིག་བསྐལ་པ་ཟད་པའི་དུས་མཐའ་ལ༔ གང་གི་བྱེ་བྲག་ང་ཡིས་སྤྲུལ་པ་འགྱེད༔ དཔག་མེད་བགྲང་གིས་མི་ནུས་འགྲོ་བའི་དོན༔ བོད་ཁམས་རྣམས་ལ་རྒྱུན་མི་ཆད་པར་དགོངས༔ མ་འོངས་དུས་ཀྱི་འགྲོ་དོན་མ་བྱེད་ན༔ རྒྱ་གར་ཡུལ་ན་ཞག་སྟོད་ཏི་སྒྲོ་ཡོང་༔ དམྱལ་སྨད་ས་ཡུལ་སྲིན་པོ་མི་རྣམས་འབྱུང་༔ ང་ཡི་སྤྲུལ་པ་དེ་ཚེ་དཔག་ཏུ་མེད༔ མ་འོངས་འགྲོ་དོན་མཁར་བཟས་ཡིད་ལ་ཆོངས་༔ མ་འོངས་ཐོག་མཐའ་བར་སྐབས་ལས་རྣམས་ལ༔ ཐུགས་རྗེ་རིང་ཐུང་མེད་པའི་འགྲོ་ལ་གཟིགས༔ བྱིན་རླབས་ཉེ་རིང་མེད་པའི་འགྲོ་ལ་འཇུག༔ ཕྱོགས་རིས་མེད་པའི་འགྲོ་བའི་བར་ཆད་བསལ༔ མཁར་ཆེན་མཚོ་རྒྱལ་སྨོན་ལམ་ཤུགས་ཀྱིས་མཐུས༔ མཁར་ཆུ་མཐའ་མ་རྒྱུད་པའི་འགྲོ་བ་འདྲེན༔ བྱང་ཆུབ་ཐོབ་པའི་སེམས་ཅན་ཐར་ལམ་ཟིན༔ མཚོ་རྒྱལ་རྒྱུད་པའི་གདུང་རྒྱུད་མ་སྟོང་བར༔ དུས་གསུམ་རྒྱུན་ཆད་མེད་པར་ཐུགས་རྗེས་གཟིགས༔ སྨོན་ལམ་ཤུགས་ཀྱིས་འབྲེལ་བ་འདི་ཡི་མཐུས༔ ཡེ་ཤེས་མཚོ་རྒྱལ་ཐུགས་རྗེ་བྱིན་རླབས་ཀྱིས༔ མཁར་ཆུ་རྒྱུད་པའི་མཐོང་ཐོས་སངས་རྒྱས་ཐོབ་པར་ཤོག༔ འདི་ཡི་མཐུ་དང་ནུས་པའི་བྱིན་རླབས་ཀྱིས༔ རྒྱལ་སྲས་ཚུལ་འཛིན་རྣམས་ཀྱིས་བྱིན་གྱིས་རློབས་༔ བདག་གིས་སྨོན་ལམ་བཏབ་པའི་འགྲོ་དྲུག་རྣམས༔ ང་ཉིད་འདུ་འབྲལ་མེད་པའི་འགྲོ་དོན་ཤོག༔ འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས་པར་བྱ༔ དད་པ་ཅན་ལ་བྱིན་རླབས་སྒོ་ཉལ་ཡོད༔ མོས་གུས་ཅན་ལ་ཐུགས་རྗེའི་ཞལ་གཟིགས་ཡོད༔ བརྩོན་འགྲུས་ཅན་ལ་དམ་ཆོས་རང་གྲོལ་ཡོད༔ ནན་ཏན་ཅན་ལ་སྒོམ་པ་རང་གྲོལ་ཡིན༔ རྫོགས་པ་ཆེན་པོ་རྟོགས་པའི་སངས་རྒྱས་ཐོབ༔ གསོལ་བ་བཏབ་པས་འགྲོ་བའི་དོན་སྐྱོང་བ༔ གསོལ་བ་བཏབ་པ་ཙམ་གྱིས་འགྲོ་བ་འདྲེན༔ ཨུ་རྒྱན་ང་ལ་གསོལ་བ་གཅིག་བཏབ་ནས༔ བདུན་གཅིག་བར་དུ་ང་ཡིས་བར་ཆད་བསལ༔ ཉིན་མཚན་དུས་གསུམ་གསོལ་བ་གང་བཏབ་ན༔ རྒྱུན་ཆད་མེད་པར་གསོལ་བ་བཏབ་ཙམ་གྱིས༔ ཨུ་རྒྱན་ང་དང་མཇལ་བའི་སྐབས་ཡོད་པ༔ གསོལ་བ་གཅིག་བཏབ་བདག་དང་འདུ་འབྲལ་མེད༔ མ་འོངས་སེམས་ཅན་རྣམས་ཀྱིས་ཐུགས་ལ་ཞོག༔ ཡེ་ཤེས་མཚོ་རྒྱལ་འདྲ་བའི་བློན་དམན་པ༔ ཤེས་རབ་གཏོང་ཕོད་བརྩོན་འགྲུས་རབ་ཆེ་བ༔ མཚོ་རྒྱལ་འདི་འདྲ་ལས་ཅན་ཡོད་དཀའ་བ༔ ཁོ་མོ་མ་གཏོགས་རྒྱུད་པའི་རང་ཐུག་པ༔ རྒྱུད་པ་ཅན་ཏེ་སངས་རྒྱས་བྱང་ཆུབ་ཐོབ༔ དད་པ་ཅན་ལ་བྱིན་རླབས་སྒོ་ཉལ་ཡོད༔ ཨུ་རྒྱན་བདག་ལ་གསོལ་བ་ཐོབ༔ སྙིང་རུས་གཏོང་ཕོད་ཆེ་བའི་མཚོ་རྒྱལ་ཉོན༔ ཁྱེད་ལ་བདག་གིས་བཀའ་གདམས་པ༔ མ་འོངས་བུ་ལ་ཐུགས་རྗེས་ཟུངས༔ མ་འོངས་དུས་ཀྱི་མཐའ་སྐྱོང་བ༔ པདྨ་ང་ཉིད་བོད་ཡོང་འགྲོ་བའི་དོན༔ མཚོ་རྒྱལ་ཁྱོད་ལ་ཐུགས་རྗེ་ཆུང་བ་མེད༔ སྔར་ཡང་ཆུང་བ་ད་ཡང་ཆུང་བ་མེད༔ འགྲོ་བ་ཡོངས་ལ་ཕན་པ་རྒྱ་ཆེན་ཤོག༔ ཅེས་གསུངས༔ མཚོ་རྒྱལ་ཁྱོད་ཉོན་དང་ངས་བཤད་དོ༔ ཁྱེད་མཁར་ཆུ་བུ་མོ་ཡུལ་འགྲོ་མོས་ཅན་ཨེ་ཡོད༔ ད་ཡང་སྒོམ་བྱེད་དམ༔ རྒྱ་གར་གྱི་ཆོས་སྦྱངས་ན༔ སློབ་གཉེར་སྦྱངས་ཅི་བྱེད་དམ༔ འཚོ་བ་མེད་པའི་སྟེང་ནས་རྒྱལ་པོ་འཚོ་བ་ཡོང་པ་མི་བླངས་བར་བྱ༔ བཙུན་མོ་དམར་རྒྱན་དུག་གཡོ་བ་ང་ལ་དུག་མི་མངའ་སྟེ་ཤིན་ཏུ་མ་མྱོང་༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་འདི་མིན་པའི་སློབ་གཉེར་བྱེད་མི་ཐུབ་དེ་ད་བྱེད་དོ༔ སྒོམ་བྱེད་དམ་ཁྱེད་ཀྱི་ཐུགས་རྗེས་ཨེ་མི་བཟུང་༔ རྒྱ་གར་སྐད་ཀྱང་འགྲོ་བའི་དོན་དུ་བྱེད༔ དེ་ནང་འཚོ་བ་ཡོང་བ་ཨུ་རྒྱན་ཡབ་ཡུམ་གཉིས་ཀྱིས་མ་གཡོས༔ ཨུ་རྒྱན་ཆེན་པོ་ལགས༔ སློབ་གཉེར་བྱེད་དམ༔ ང་ལང་བདག་ལུང་ཉུང་བ་ཅི་གསུངས་བའི་བཀའ་བསྒྲུབ་ལགས༔ མདོ་སྔགས་ཐབས་དང་ཤེས་རབ་སྙིང་པོའི་བཀའ༔ ཉེ་བར་བསྒྲུབ་གནས་གསང་སྔགས་བསྒྲུབ་པའི་ལུང་༔ དེ་གཉིས་གསུངས་ལགས་ཞུས༔ ཐབས་སྟོན་པའི་མདོ་དང་༔ སྔགས་གསུམ་དང་ལྡན་པའི་ཕྱི་མདོ་རྒྱུད་སྔགས༔ རིག་པ་ཆེ་བ་ཉེ་བར་གྱི་སྙིང་པོ༔ དེ་ལྟར་དུ་རིག་ཐག་ཆོད་དང་དེ་ནང་དུ་གསལ་གསུངས༔ ཁམས་རིགས་མི་འདྲ་བ༔ རིགས་པ་ཉམས་ཆོད་ཀྱི་ཐོད་རྒལ་བ་གཅིག་ཏུ་འཆར་བ༔ རིམ་དུས་ཀྱེ་པ༔ འགྲོ་བའི་དོན་ལ་ཁྱོད་ཤེས་རབ་ཆེ་བས་ཉམས་སུ་བླང་བའི་ཐབས་བྱ༔ ས་དང་པོ་རབ་ཏུ་དགའ་བའི་ས་ལ་བརྩོན་ནས་སྟོང་གསལ་ཟུང་འཇུག་འོད་ཕུང་གི་ནང་ནས་རིག་པ་དྲི་མེད་ཐིག་ལེ་ཉག་ཙམ་པ་རང་འཆར་གཅིག་ཏུ་གྲོལ་བ་ས་ལ་རབ་ཏུ་བརྩོན་པར་བྱ༔ ཁྱོད་བུད་མེད་རིགས་འདི་གཏམ་མང་བ་བློ་སྣ་བསྒྱུར་བ༔ སྙིང་རུས་བཟོད་དཀའ་མེད་པ་ཡིན་འདུག་སྟེ༔ གཞན་གྱི་བུད་མེད་དང་ཁྱོད་འདྲ་བ་ཡང་མེད་པ༔ གཏམ་ཉུང་ནས་ཆོས་ལ་མོས་པ༔ བློ་བརྟན་པ༔ རིག་པ་ཆེ་བ༔ སྙིང་རུས་བཟོད་དཀའ་ཡོད་པ༔ ཁྱོད་དེ་འདྲ་བ་ཤིན་ཏུ་བཟང་བའི་གནས༔ ང་སྐྱེས་བུ་དད་གུས་ནུས་མཐུ་དང་ལྡན་པ་གང་གི་ཡང་རེག་མ་ནུས་པ་ཐབས་ཀྱིས་འདུལ་བ༔ བློ་སྣ་ཐམས་ཅད་ཆོས་ལ་བཅས་པ༔ སྣང་སྲིད་གཅིག་འདྲེས་ཀྱི་ངང་ནས་གདུག་པ་ཅན་འདུལ་ཐབས་གདའ༔ ཁྱོད་འགྲོ་བའི་དོན་ལ་གང་འདུལ་དྲི་མ་མེད་པའི་ཆོས་བཅས་པ་འདི་ལ་སྐྱབས་བླ་ན་མེད་པ་སྐྱེས་བུ་དད་པ་ཅན་ལ་ནན་ཏན་མཛོད་ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ངས་གཞན་གྱི་ཁྱིམ་ཐབ་སྤངས་ནས་རབ་བྱུང་མཛད་པ༔ ཁྱེད་ལ་མོས་པ་དང་དད་པ་ཡོད་པ༔ ཁྱེད་རང་ཅི་གསུངས་ཐམས་ཅད་དོན་དུ་འཆང་བ༔ ལོ་ཉུང་བ་ཐུགས་རྗེས་ཡང་དུ་གཟིགས་ཏེ་སློབ་གཉེར་དང་ཅི་གསུངས་པའི་བཀའ་བསྒྲུབ༔ དེ་མིན་པའི་ཐབས་སྣ་ཚོགས་མང་བ་ངས་མི་བྱའོ༔ ལགས་ཨུ་རྒྱན༔ ང་ཁམས་གསུམ་ཀུན་ལ་སེམས་བསྐྱེད་པ༔ ང་སྙིང་རྗེ་བསམ་པ་ཁྱེད་ཀྱིས་འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས༔ ང་རང་ཤ་ཁྲག་བེམ་པོ་ཅི་སྐྱོལ་བ་ཁྱེད་ཀྱི་ཆགས་ཕྱི་རྒྱ་ཆེན་པོ་མཛད༔ ཅེས་ཞུས༔ ཨུ་རྒྱན་ཞལ་ནས༔ རིགས་ཀྱི་བུ་མོ་ཁྱེད་ཐེག་པའི་ཆོས་ལ་དད་པ༔ རིགས་པའི་རྗེས་སུ་འཛིན་མཐོང་ལམ་སྦྱོར་ལམ་དུ་གནས༔ ཤེས་རབ་ཆེ་ལ་ལུས་དམན་པ༔ རིགས་བཟང་ལ་མདོག་དམན་དུ་འདུག་པ༔ སྤྲོས་པ་ཆོས་ཏེ་དཀའ་བློ་ཡང་༔ ཐུགས་ཞུན་མར་ལྟ་བུ་ཤིན་ཏུ་ཡང་ངོ་མཚར་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ པདྨ་རིན་པོ་ཆེ་ལགས༔ མ་འོངས་དུས་ལ་ཐབས་དགོངས་ཏེ༔ བཀའ་རྫོགས་པ་ཆེན་པོ་དོན་ཨ་ཏི་ཡོ་ག་ཐེག་པ་རིམ་པ་དགུ་གསུངས་ཏེ༔ ཁོ་མོའི་ཡིད་ལ་དྲན་པ་ཙམ་གྱིས་འཆང་ཨེ་ཐུབ་གཅིག་སོང་ལགས༔ ཨུ་རྒྱན་གྱི་ཞལ་ནས༔ ཆོས་སྐུ་བྱེད་པ་རིམ་པ་ཨ་ནུ་ཡོ་ག༔ ཆོས་སྐུ་ཆོས་སྐུའི་རྫོགས་རྒྱུད་ཨ་ཏི་ཡོ་ག༔ ཆོས་སྐུ་སྟོང་པ་སྐུ་མཆོག་མ་ཧཱ་ཡོ་ག༔ ཀུན་ཏུ་བཟང་པོ་རྫོགས་རྒྱུད༔ ལོངས་སྐུ་གསུང་མཆོག་སྔགས་རིམ་ཀྲི་ཡ་ཡོ་ག༔ ལོངས་སྐུ་གསུང་རྒྱུད་གསལ་འགྲུབ་ཨུ་པ་ལ༔ ལོངས་སྐུ་རང་གསལ་བ་འདི་གཏེར་དུ་སྦས་ནས་ནམ་དུ་དར་ཞུས༔ པདྨའི་ཞལ་ནས༔ མ་འོངས་དུས་ནས་སྐྱེས་བུ་ཁྲོ་གཏུམ་དང་ལྡན་པ་ནང་འཁྲུགས་དར་བའི་དུས་རིག་འཛིན་མིང་ཅན་འབྱུང་དེའི་དར་གསུངས༔ ཁོ་མོས་ཞུས་པ༔ ཨུ་རྒྱན་རིན་པོ་ཆེ་རྒྱུད་ལྡན་སྔགས་རིམ་དང་ལྡན་པ༔ ཐེག་པ་ཆེན་པོ་བླ་ན་མ་མཆིས་པ་གཅིག་ཏུ་གྲོལ་བའི་ཐབས་གཅིག་གནོངས་ལགས་ཞུས༔ ཇོ་མོ་མཁར་ཆུ་བཟའ་ཉོན་དང་༔ གཅིག་ཏུ་གྲོལ་བ་བསྐྱེད་རིམ་དྲན་རྫོགས་ནས་བསྐྱེད་པ་སྣང་སྲིད་དབང་དུ་འདུས་པ༔ སྐད་ཅིག་གཅིག་གི་བྱེ་བྲག་རྫོགས་སངས་རྒྱས༔ ཞིང་གི་རྡུལ་སྙེད་དཔག་མེད་བགྲང་མི་ནུས༔ དེ་ཚེ་ཡོན་ཏན་དཔག་མེད་བརྗོད་མི་ལང་ཞེས་གསུངས༔ མཚོ་རྒྱལ་ཞལ་ནས་སློབ་དཔོན་ལ་འདི་ཞུས༔ ཨེ་མ་ཧོ༔ མཁར་ལྟར་མཉམ་པའི་འགྲོ་བ་འདྲེན་མཛད་པ༔ ཐུགས་རྗེ་ཞལ་གཟིགས་བོད་ཀྱི་ཞིང་ཁམས་སུ༔ བོད་འབངས་ལས་ཅན་རྟག་ཏུ་ཐུགས་རྗེས་གཟིགས༔ ཨུ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ཁོ་མོ་སྐྱེས་པ་རིགས་དཀའ་མཁའ་འགྲོའི་རིགས༔ འཛམ་གླིང་སྐྱེས་པར་གླིང་འདིར་མ་མཆིས་པ༔ ཡུལ་ནི་མ་མཆིས་མཁར་ཆུ་དཔལ་གྱི་ས༔ རིགས་ནི་མ་མཆིས་མཁར་ཆེན་མི་ཡི་རིགས༔ ལུས་ནི་མ་མཆིས་བུ་མོ་བདག་གི་ལུས༔ བླ་མ་མ་མཆིས་ཨུ་རྒྱན་པདྨ་འབྱུང་༔ གྲོགས་ནི་མ་མཆིས་དཔའ་བོ་མཁའ་འགྲོའི་གྲོགས༔ བརྡ་ནི་མ་མཆིས་བརྫུས་སྐྱེས་གསུང་གི་བརྡ༔ པདྨའི་གསུང་གི་ངོ་མཚར་བདག་གིས་ནི༔ མི་བརྗེད་གཟུངས་མཆོག་མཁར་ཆུ་མཚོ་རྒྱལ་ང་༔ འགྲོ་བའི་དོན་ལ་རྫུས་སྐྱེས་པདྨས་དགོངས༔ ཁོ་མོ་དྲིན་གྱི་རབ་ཏུ་ཆེ་བའོ༔ བརྫུས་སྐྱེས་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ བདག་ནི་རབ་ཅེས་ཨུ་རྒྱན་ཆགས་ཕྱི་མཛད༔ པདྨས་ཅི་གསུངས་ཁོ་མོས་དོན་དུ་འཆང་༔ མ་འོངས་བོད་འབངས་རྗེས་ཕྱིར་བསྟན་སྐྱོང་རྣམས༔ ཐུགས་རྗེས་བཟུང་བའི་ཐབས་རྣམས་ངས་བསྟན་ཏོ༔ ཞེས་ཞུས༔ ཨུ་རྒྱན་ཞལ་ནས༔ ཚེ་གཅིག་ཏུ་བསམ་ཡས་འདི་ན་འདུག་གམ་ཅི་བྱེད་དམ༔ ཁོ་མོས་ཞུས་པ༔ ཚེ་གཅིག་ཏུ་འདུག་གམ་ཁྱེད་ཀྱིས་དགོངས་སམ༔ བདག་བུད་མེད་ཀྱི་རིགས་བློ་ཁ་ཡང་ཅི་འདྲ་བ་མོད་ལགས༔ ཨུ་རྒྱན་ཞལ་ནས༔ ཁོ་མོ་ཏི་ཡིན་པ༔ ཁྱེད་སེམས་ཅན་འགྲོ་བའི་དོན་ཐབས་གང་འདུལ་གྱི་སྒོ་ནས་འདྲེན་སྟོན་མཛད༔ ཐབས་མཁས་པ་ལ་ཚངས་པ་བསྩལ་ཏམ༔ དྲིན་ཆེ་བ་ལ་དུས་རྟག་ཏུ་གཟིགས༔ བཀའ་བབས་ཡང་རྩེ་ཆོས་ཀྱི་མཐར་ཕྱིན་པ༔ ཁྱོད་ཅི་འདྲ་བའི་སེམས་ཅན་ཐམས་ཅད་གཞི་ལམ་དུ་བཀོད་པར་བྱ༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ངས་གཏམ་གྱི་ཕ་སྐལ་དམ་པའི་ཆོས་ལ་བྱེད༔ མིའི་ཚེ་རྣམས་འགྲོ་དོན་བཏང་བསམ་ཡོད༔ ཁོ་མོ་ལས་ཀྱི་དབང་ཆེ་ཤུགས་འབྱུང་བ༔ ཨུ་རྒྱན་པདྨ་འགྲོ་བའི་དོན་ལ་དགོངས༔ གང་འདུལ་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད༔ ཁོ་མོ་སྦྱིན་དགའ་རྒྱུ་ཡི་སྦྱིན་པ་མེད༔ བསོད་ནམས་འབྲས་བུ་སྦྱིན་པ་ཁོ་མོས་བཏང་༔ ཁོ་མོས་ཚུལ་ཁྲིམས་བསྲུངས་པའི་གོ་ཆ་བརྟན༔ རབ་བྱུང་ཚུལ་མཛད་ཁོ་མོས་བྱེད༔ ཁོ་མོས་བཟོད་པ་བསྒོམས་པས་ཁོང་ཁྲོ་སྤངས༔ ཁོ་མོ་བརྩོན་འགྲུས་ཆེ་བས་རང་དོན་བསྒྲུབས༔ བསམ་གཏན་བསྒོམས་པའི་ཐུན་སྐྱོང་བ༔ ཤེས་རབ་བསྒོམས་པས་ས་ལམ་རྫོགས༔ ཁོ་མོ་བརྩོན་འགྲུས་ཆེ་བ་བླ་མའི་དྲིན༔ མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་ཞུས༔ ཨུ་རྒྱན་པདྨ་ལགས༔ གཞི་ལམ༔ ས་ལམ༔ སྟོང་ལམ༔ མཐོང་ལམ༔ སྒོམ་པའི་ལམ༔ བླ་ན་མེད་པའི་ལམ༔ རྫོགས་ལམ་བརྒྱད་རྣམ་པ་ཁོ་མོ་ལ་གསུངས་ཞུ༔ ཨུ་རྒྱན་ཞལ་ནས༔ མ་བཅོས་ཀློང་ཡངས་ནས་མཐའ་བྲལ་སྐད་ཅིག་འགྲོ་བ་གཞིའི་ལམ༔ བདེ་བར་གཤེགས་པའི་སེམས་ཉིད་ངོ་བོ་རྒྱལ་ས་ཟིན་པ་ལ་རབ་ཏུ་བརྩོན་པ་ས་ལམ༔ སྟོང་བའི་སིང་ངེ་གསལ་སྟོང་ངང་ནས་རིག་པ་དྲི་མེད་ཀྱི་ངོ་བོ་རྟོགས་པ་སྟོང་ལམ༔ མ་བཅོས་བཅོས་མེད་ཤེལ་གྱི་ནང་དུ་གཟུགས་བརྙན་ཤར་བ་ནི་མཐོང་ལམ༔ རྣམ་རྟོག་གློ་བུར་གང་གིས་འཇིགས་ཀྱིས་མི་ནུས་སྒོམ་ལམ༔ མཐའ་དབུས་གཡོ་འགུལ་ཕྱོགས་རིས་མེད་པ༔ རྒྱ་མ་ཆད་པ་དྲི་མ་མེད་པ་དྲི་མ་དང་བྲལ་བ་ནི་བླ་ན་མེད་པའི་ལམ༔ རབ་ཏུ་གནས་པ་དོན་རྫོགས་པ་ཆེན་པོ་ཉིད་ཀྱི་ཉོན་མོངས་པ་འཇོམས་པ་དོན་བཀོད་པ་ཆེན་པོ་རྫོགས་པའི་ལམ༔ དེ་རྣམས་ཁྱེད་མཁར་ཆུ་བཟའི་ཉམས་སུ་གནས༔ ཡང་དག་དོན་འབྲས་བུ་ཉིད་ཨ་ཏི་ཡོ་གའི་ཆོས་སྐོར་མ་ལུས་པ་དེ་དང་མཐུན་པའི་སྐབས་དང་སྦྱར༔ མི་མངོན་ཆོས་ཀྱི་དབྱིངས་མི་མཉམ་པ་མཉམ་པ་ཆེན་པོ་བྱས་སོ༔ མཐའ་དང་བྲལ་བ་གནས་པ་མེད་པ་གནས་པའི་དོན་རྫོགས་པས་ལམ་ཡོངས་སུ་གནས༔ ཁྱེད་བུད་མེད་སྙིང་རུས་དང་བརྩོན་འགྲུས་སྤྲོས་པ་ཆེ་བ་བྱེད་དེ་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས༔ ལགས་སློབ་དཔོན་རིན་པོ་ཆེ་འདིར་ས་བཟང་བའི་སྐབས་ཨེ་མཆིས་ལགས༔ འདི་བྲག་ཕུག་རབ་ཏུ་གནས་པའི་མ་འོངས་ཀྱིས་དད་བྱེད་པ༔ ལས་ཅན་བརྩོན་འགྲུས་ཤེས་བཞིན་དང་ལྡན་པ༔ དེ་རྣམས་ལ་དངོས་གྲུབ་ཞུ་བ་གནང་བའི་དུས་སྐབས་བྱ༔ ཞེས་ཞུས༔ སློབ་དཔོན་ཞལ་ནས༔ འདི་རབ་ཏུ་བརྩོན་པའི་ས༔ སྐལ་པ་མཐའ་མ་འདི་ལ་དད་པ་གང་བྱེད་རྣམས་སངས་རྒྱས་པའི་ཐབས་ཡོད༔ མཆིམས་ཕུག་བྲེ་གུ་གཙུག་ལག་འདིར༔ གང་དུ་ཐོན་པ་བདེ་བའི་སྐབས་གདའ༔ ང་རྒྱ་གར་རིག་འཛིན་བོད་ཁམས་འགྲོ་བའི་དོན་ལ་ཡོང་སྟེ༔ རྒྱ་གར་བུ་མོ་མནྡ་ར་བའི་སྐབས་ང་དང་འདུ་འབྲལ་མེད་པ་ཡིན༔ ཁྱོད་བོད་ཁམས་མ་རུངས་པ་ཐམས་ཅད་འདུལ་ཐབས་ཁྱེད་མཁར་བཟའ་མཚོ་རྒྱལ་འདུ་འབྲལ་མེད་པའི་སྐབས་བྱ༔ ཞེས་གསུངས་ནས་རྒམ་ཁྲོལ་ཁྲོལ་བྱ་བ༔ ཡེ་ཤེས་མཚོ་རྒྱལ་གྱིས་ཅི་ཡིན་ཞུས༔ མནྡ་ར་བ་ཡོང་པ་ཡིན་གསུངས༔ ཡེ་ཤེས་མཚོ་རྒྱལ་ངས་གཅིག་བརྟགས་ནས་རྒྱ་གར་བུ་མོ་ཅི་འདྲ་ཡིན་ལྟ་ཞུས༔ ཨུ་རྒྱན་ཞལ་ནས༔ ཁྱོད་ལྟ་བའི་ལུས་མེད་པ་འཇའ་ལུས་ཡིན་པའི་རྟོགས་མེད་འདུག་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་དགོངས་ནས༔ འཇའ་ལུས་ཐོབ་པ་ཁོ་མོ་བས་ལྷག་པ་རེད་དགོངས༔ ཕག་གི་ཟླ་བའི་ཚེས་བཅུ་ཉིན་པར་ཡེ་ཤེས་མཚོ་རྒྱལ་མནྡ་ར་བའི་དངོས་སུ་བསྟེན་པ་ཡི་དམ་ལྷ་ཚོགས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཞལ་ནམ་མཁའ་ལ་གཟིགས་པ༔ ཡབ་ཡུམ་གསུམ་གྱིས་ཚེས་བཅུ་བྱེད་པ༔ ཀུན་གཞི་ཡངས་པའི་གཏོར་གཞོང་བཅས༔ ཤ་ཁྲག་དམར་གྱི་གཏོར་མ་བཅས༔ ཛ་གད་ཕུད་ཀྱིས་དྲི་ཆབ་བྲན༔ སྐྱེ་བ་མེད་པའི་གཏོར་གཞོང་བཅས༔ རང་ལུས་རྣམ་དག་གཏོར་མས་བརྒྱན༔ མཾ་ས་ཤ་ཡི་མཆོད་པ་བཞེས༔ ཡིད་ཀྱི་དངོས་པོ་གཏོར་གཞོང་དུ༔ རྩ་ཆེན་རྣམས་ཀྱི་གཏོར་མས་བརྒྱན༔ རྩ་བྲན་མཆོག་གི་མཆོད་པ་བཞེས༔ སྟོང་པ་ཉིད་ཀྱི་གཏོར་གཞོང་དུ༔ སྣང་བ་དཀར་དམར་གཏོར་མས་བཀང་༔ གསལ་བ་མཆོག་གི་རྒྱན་དུ་བཀོད༔ རིག་པ་དྲི་མེད་མཆོད་པ་བཞེས༔ གསང་བ་པདྨོའི་གཏོར་གཞོང་དུ༔ གསང་བའི་མཚན་གྱི་གཏོར་མས་བཀང་༔ རིག་པ་བྱང་སེམས་དཀར་དམར་མཆོད་པ་བཞེས༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མས་བཀང་༔ རྩི་བཅུད་བརྒྱན་པའི་མཆོད་པ་བཞེས༔ རྒྱལ་བ་རྣམས་ཀྱི་ཞལ་ནམ་མཁའ་ནས་གཟིགས་པ༔ མནྡ་ར་བ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་ཕྱག་འཚལ་རེས་བྱེད་ནས་དབུ་ཐུག་བྱེད་པ༔ ཨུ་རྒྱན་པདྨའི་ཞལ་ནས༔ རྒྱ་གར་ལ་བདེ་མོ་རང་ཨེ་འདུག་གསུངས༔ མནྡ་ར་བས་ཞུས་པ༔ བདེ་མོ་རང་འདུག༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་འགྲོ་བའི་དོན་ལ་རྒྱ་ཆེན་པོ་ཨེ་ཡོང་༔ བོད་ཁམས་སྲིན་པོ་ཆོས་ལ་ཨེ་འཛུད་ཞུས༔ ཨུ་རྒྱན་ཞལ་ནས་བོད་མ་རུངས་པ་ཐམས་ཅད་ཆོས་ལ་འཛུད༔ མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་རིག་པ་དང་ཤེས་རབ་ཆེ་བ་སྤྲོས་པ་ཆེ་བ༔ བརྩོན་འགྲུས་ཆེ་བ་མ་འོངས་དཔག་མེད་ཀྱི་འགྲོ་དོན་ཡོང་གསུངས༔ ཁྱོད་རྒྱ་གར་གང་འདྲ་ནས་འདུག༔ ལན་ཅིག་གང་འདྲ་ཐོན་གསུངས༔ མནྡ་ར་བའི་ཞལ་ནས༔ རྒྱ་གར་གྱི་ཇོ་མོ་ང་ལན་རེ་དུས་མཉམ་དུ་ཁྱེད་དང་འདུ་འབྲལ་མེད་པ༔ ལན་རེ་ཟ་ཧོར་ཡུལ་ནས་འགྲོ་དོན་བྱས༔ ལན་རེ་མ་དག་པ་ཐམས་ཅད་དག་པར་བྱེད་པ་ཡིན་ལགས་ཞུས༔ ཨུ་རྒྱན་ཞལ་ནས༔ དེ་འདྲ་བའི་དུས་མཉམ་དུས་བཟུང་༔ ཐེག་པ་ཆེན་པོ་ངེས་དོན་དང་དྲང་དོན་རྒྱ་ཆེན་པོ་ཡོང་ནས་འདི་ལ་སྣོད་དུ་རུང་བ་མ་འོངས་བུད་མེད་སྐྱེས་པའི་གཟུགས་བཟང་ཆོས་ལ་མོས་པའི་གཏིང་ཁུ་སྣང་༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གསེར་སྲང་གང་སྔར་མཁར་ཆུ་ན་ཡོད་པ་དེ་ཡོང་ནས༔ སྲང་ཕྱེད་དམ་དེ་མནྡ་ར་བ་ལ་ཕུལ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཁྱེད་རྒྱ་གར་མཁའ་འགྲོ་མ་དངོས་མེད་འཇའ་ལུས་ཐོབ་པ་རིག་པ་དང་སྐུ་གདུང་དང་ལྡན་པ་ཁྱེད་ལ་བདག་གིས་ཕུལ༔ ངེས་པ་ཅན་འདུ་འབྲལ་མེད་པའི་ཐབས་གདའ༔ གང་འདུལ་སྟོན་པའི་ཐབས་མི་མང་བ༔ བོད་ཁམས་འདི་མ་རུངས་པ་མི་མིན་འདྲེ་ཡུལ་བྱ་རོག་གདོང་དེར་སྲིན་པོ་དགེ་མེད་སྡིག་ལ་དད་པ་མི་ཤ་ཟ་བའི་ས་འདིར་ཨུ་རྒྱན་པདྨས་འདུལ་བའི་དུས་ལ་བབས་ལགས༔ ཁྱེད་རྒྱ་གར་ནས་མནྡ་ར་བའི་ཆོས་རྒྱ་ཆེན་པོ་འབྱུང་༔ ཁྱེད་དབུ་སྐྲ་གཅིག་བོད་དེར་བཞག་ནས་བོད་དང་སྐྱེས་པ༔ བདག་གིས་ཀྱང་རྒྱ་གར་ནས་མཁའ་འགྲོ་མ་འདི་འདྲ་བ་སྣང་༔ ཞེས་གསུངས༔ མནྡ་ར་བའི་ཞལ་ནས༔ ཁྱེད་དབུ་སྐྲ་ཡང་བདག་ལ་སྟེར་ཏེ༔ བོད་ལ་མཁའ་འགྲོ་མ་འདི་འདྲ་བའི་དོན་བྱེད་པ་སྣང་བ་འདུག་ཞུས༔ ལུས་གཅིག་ལ་ཡ་བྲག་གཉིས་ཡིན་པས༔ རྒྱ་གར་དང་བོད་མིན་པའི་དེ་སྣང་བ་མིན་པའི་ཁྱད་མི་འདུག༔ ཀུན་དགའ་བོ་སྤྲུལ་པ་རང་འདུག༔ ཁྱོད་བོད་ཀྱི་འགྲོ་དོན་བྱེད་ངས་གྲོགས་བྱེད་གསུངས༔ ལགས་ཞུས༔ དབུ་སྐྲ་གཉིས་ཡར་རྗེ་མར་རྗེ་བྱེད་པ༔ མནྡ་ར་བ་འཇའ་འོད་དུ་ཡལ་ནས་སོང་༔ ཡེ་ཤེས་མཚོ་རྒྱལ་ལ་སློབ་དཔོན་གྱིས་ཚིག་གསུངས་པ༔ རྒྱ་གར་བུ་མོ་དང་ཁྱེད་མཁར་བཟའ་གཉིས་གང་དུ་ལྷག༔ གཡོ་བ་མེད་པ་དེ་དང་ལྷན་དུ་ཁྱེད་དབུ་སྐྲ་རྗེས་པའི་དུས་སྐབས་མཆིས་པ་སུ་ལྷག་པོ་སྣང་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཁྱེད་སློབ་དཔོན་གྱིས་གང་ལྷག་སུ་ཤེས༔ རྒྱ་གར་གྱི་བུ་མོ་དག་པའི་ས༔ རིགས་ནི་རྒྱལ་རིགས་དངོས་བཅས་འཇའ་ལུས་ཐོབ་པ༔ ང་བོད་ཀྱི་ཡུལ་ས་ངན་པ་སྲིན་པོ་གདོང་དམར༔ དགེ་མེད་སྡིག་ལ་དད་པའི་ས་ནས༔ ཚོ་བྱེད་མཁར་ཆུ་བཟའི་རིགས་དམན་པ༔ སྤྲོས་པ་ཆུང་བ༔ ནན་ཏན་མེད་པ༔ ང་བས་རྒྱ་གར་བུ་མོ་ལྷག་པོ་འདུག༔ བདག་མཁར་ཆུ་བཟའ་རིགས་དམན་པ༔ བོད་ཁམས་མི་མིན་འདྲེ་ཡུལ་བྱ་རོག་གདོང་འདིར་ཁྱེད་ཐུགས་རྗེ་མ་ཆུང་༔ བདག་གི་མདང་ཞག་ཏུ་ཉི་མ་ཤར་བའི་བདག་ཕྱོགས་ལས་རྒྱལ་བ༔ ཁྱེད་འདུལ་བའི་དུས་སྐབས་མནྡ་ར་བའི་པི་ཝང་སྒྲོག་པ་རྨིས༔ བོད་མ་རུངས་ལོག་ལྟ་ཅན་ཁྱེད་ཀྱིས་འདུལ་བ༔ ལས་ཅན་རྒྱལ་པོ་རྗེ་འབངས་སྨིན་པ༔ འགྲོ་བ་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་བཀོད་པ༔ མཁར་ཆུ་རྒྱུད་པའི་ཐར་ལམ་ཟིན་པ༔ ཇོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ ཅེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ ཡེ་ཤེས་མཚོ་རྒྱལ་རྨི་ལམ་ཤིན་ཏུ་བཟང་སྟེ༔ ངས་འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས་ནས་ཁྱོད་གྲོགས་བྱེད་པའི་སྐབས༔ དེ་རིང་ནས་བསམ་ཡས་ཕོ་བྲང་ནས་སོང་སྟེ་གཏོར་མ་བྱ་བའི་རྫས་ཁྱེར་ཤོག༔ ཟེར་རམ་ཡོང་མི་ཡོང་སྟེ༔ ལར་གཅིག་སོང་གསུངས༔ ཡེ་ཤེས་མཚོ་རྒྱལ་སོང་ནས་གཞལ་ཡས་ཁང་རྩར་ཐོན་པ༔ སྟག་ར་ཀླུ་གོང་གཞལ་ཡས་ཁང་སྟེང་ན་ཡོད་འདུག༔ བདག་གིས་ཁྱིམ་དུ་འགྲོ་བསམ་བུད་མེད་འདྲེ་མོའི་རྩར་མི་འགྲོ་བསམ༔ སྒོ་ན་བོས་ཏེ་གཅིག་ལྟ་སོང་༔ དེ་སྐབས་སློབ་དཔོན་གྱིས་གཏོར་མ་བྱ་ཀ་རྣམས་རྒྱལ་པོ་ཁྱེར་ཤོག་གསུངས༔ དེ་མིན་ཅི་ཡང་མ་ལྟ་བ་དེ་ཁ་ལང་བདག་འདུག༔ རྒྱལ་པོ་ཁྱེར་གསུངས་ནས་བཙུན་མོ་ལ་དབང་མ་ཡོད༔ སྟག་ར་ཀླུ་གོང་གིས་འདི་སྨྲས་པ༔ དགེ་སློང་རི་ཁྲོད་འགྲིམས་པ་འདི་ལ་བྱ་ཀ་ཅི་ལ་ཁྱེར༔ བྱ་ཀ་བྱེད་ནས་ངེད་དབོན་པོ་འབོད་འགྲོ་བ་དེ་བྱ་སྨྲས༔ ཡེ་ཤེས་མཚོ་རྒྱལ་ལ་སྒོ་དྲུང་ནས་དུག་ཡོང་སྟེ༔ མ་འཐུང་ལ་འདི་གསུངས༔ ཁོ་མོ་སྤྲང་ལུང་ལྟ་བུ་ཅུང་མིན་པ༔ འདྲེ་མོ་དམར་རྒྱན་སྐྲ་ཁུ་ངས་མི་འཐུང་༔ དུག་ནག་ཟས་ཀྱི་ཞེ་སྡང་ངས་མི་ཟ༔ སྲིན་མོ་དམར་རྒྱན་འདི་བའི་འདིར་བཞག་ནས༔ རྒྱལ་པོ་ཕུང་པ་མིན་པའི་ཡོང་པ་མེད༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཁྱེད༔ བསམ་ཡས་གཙུག་ལག་འགྲུབ་པ་པདྨའི་དྲིན༔ རྒྱལ་པོའི་བར་ཆད་བསལ་བ་པདྨའི་དྲིན༔ མ་འོངས་དོན་དུ་ལྷུན་པོ་འདི་བཀོད་དེ༔ བུད་མེད་སྲིན་མོའི་འདྲེ་ཟས་ངས་མི་ཟ༔ ནུབ་ཀྱི་རིང་ལ་འགྲོ་བའི་སྲོག་ལ་འབགས༔ ཨུ་རྒྱན་པདྨའི་མཐུ་སྟོབས་ཡིན་པའི་དུས༔ དེ་མིན་རྒྱལ་པོ་ཚེ་ལ་ཁྱོད་གེགས་བྱེད༔ བུད་མེད་འདྲེ་མོ་འདི་བསྐོར་ན༔ འདི་ཕྱི་གང་ལ་བདེ་མི་འགྱུར༔ རྒྱལ་པོ་འབངས་འདི་འདྲེ་མོར་ཤོར༔ ཤོར་བ་ཙམ་གྱིས་ངན་སོང་ལྟུང་༔ མཆིམས་ཕུག་པདྨའི་བཞུགས་ན་ཡང་༔ རྒྱལ་པོ་བར་ཆད་མང་པོ་བསལ༔ འདྲེ་སྲིན་ཁ་ལ་ཉན་རག་ནས༔ རྒྱལ་པོ་ཚེ་ཡི་རིང་མི་སྐྱོལ༔ བུད་མེད་འདྲེ་མོ་དམར་རྒྱན་མ༔ གློ་ཟ་རྒྱུད་པའི་ཁྱོད་སྲིན་མོ༔ ཁྱོད་དང་ང་གཉིས་འདྲ་བ་མེད༔ ཁྱེད་ཀྱིས་འདྲེ་མོའི་ཐན་སྐད་སྨྲས༔ བདག་གིས་དུས་གསུམ་བཀའ་འཚོ་བ༔ ཁྱེད་ཀྱིས་མི་ཡི་ལུས་སྲོག་བཅད༔ ཁོ་མོས་མི་ཡི་ལུས་སྲོག་ཕྱུག༔ ཁྱོད་ཀྱིས་སངས་རྒྱས་སྐུར་པ་བཏབ༔ ཁོ་མོས་དཀོན་མཆོག་བསྟན་བཟང་འཛིན༔ ཁྱེད་ཀྱིས་རྒྱལ་པོ་དབང་མེད་བྱེད༔ བདག་གིས་སློབ་དཔོན་བཀའ་བགྱིའོ༔ ཁྱོད་ཀྱིས་མི་ལ་ཆེན་གཏམ་བྱེད༔ ཁོ་མོ་མཁའ་འགྲོ་ཀུན་ལ་མོས༔ ཁྱོད་ཀྱིས་ཤ་ཁྲག་ཟས་ལ་རྔམ༔ ཁོ་མོས་ཤ་ཁྲག་སྤངས་བྱས་ནས༔ རྒྱལ་བའི་ཆོས་ཀྱི་བསྟན་པ་བཟུང༔ ཁྱོད་ཀྱིས་ཉིན་བསམ་དུག་ལྔ་བསམ༔ ཁོ་མོས་ཉིན་སྒོམ་རང་རིག་འཚོས༔ ཁྱོད་ཀྱིས་མ་འོངས་སྲོག་གཅོད་འབྱུང་༔ ཁོ་མོ་མ་འོངས་འགྲོ་དོན་བྱེད༔ ཁྱོད་ནི་སྲིན་པོ་གདོང་དམར་མ༔ ཁོ་མོ་མཁའ་འགྲོ་དུང་ལྡན་མ༔ ཁྱོད་ནི་གཏམ་སྐལ་ཞེ་སྡང་སྨྲས༔ ཁོ་མོ་དམ་པའི་ཆོས་སྨྲ་བ༔ ཁྱོད་ཀྱི་མིང་པོ་སྟག་ར་བཅས༔ ཕྱི་མ་འགྲོ་ལ་གདུག་པ་ཡོང་༔ བདག་གི་མིང་པོ་དཔལ་དབང་ཕྱུག༔ མ་འོངས་འགྲོ་བའི་དོན་ཡོང་ངོ་༔ ཁྱོད་ལ་བཙུན་མོ་དམར་རྒྱན་མིང་༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་ཞེས༔ རྒྱལ་པོར་དབང་མེད་བཙུན་མོ་ཁྱོད་ཀྱི་དབང་༔ སྲིན་མོ་མངོན་རྒྱུག་ཁྱོད་དང་ང་མི་འགྲན༔ ཆེ་འདོད་གཙོ་བོ་ཁྱེད་དང་ང་མི་འགྲན༔ མཆོར་འདོད་བག་མ་ཁྱེད་དང་ང་མི་འགྲན༔ ཨ་ལོང་མེ་ལོང་དཀར་ཐིག་བརྒྱན༔ ཁོ་མོ་བདག་གིས་ཇོ་མོ་བྱེད༔ ཟ་འདོད་སྲིན་མོ་ཁྱོད་དང་ང་མི་འགྲན༔ ཁྱོད་ཀྱི་སྒོ་དྲུང་ང་ཡོང་བ༔ ཁོ་མོ་ཐོན་པའི་ཡོང་མི་སྲིད༔ རྫུས་སྐྱེས་པདྨའི་བཀའ་གནང་བ༔ མཁར་བཟའ་བདག་གི་འགྲོ་དོན་ཡིན༔ ཁྱད་པར་མུན་པའི་གླིང་འདས་དགོངས༔ རློམ་པ་ཐམས་ཅད་དམར་རྒྱན་ཆེ༔ ཁོ་མོ་མཁའ་འགྲོ་མང་པོས་བསྐོར༔ དམར་རྒྱན་འདྲེ་རིགས་སྟོང་གིས་བསྐོར༔ ཁྱོད་དང་མཚོ་རྒྱལ་ང་མི་འདྲ༔ བདག་གི་དབུ་སྐྲར་མཁའ་འགྲོ་རེ༔ ཁྱོད་ཀྱི་སྐྲ་ལ་སྲིན་མོ་རེའི༔ ཁྲག་གི་ཐིག་ལེ་མདོ་ཙམ་འདུག༔ ཡ་མཆུ་མ་མཆུ་དམར་རྒྱན་འདྲེ༔ འདི་ཕྱི་བདེ་བ་མེད་པ་བྱེད༔ བསམ་ཡས་གཙུག་ལག་ཁང་ནང་དུ༔ བཙུན་མོ་དམར་རྒྱན་འདི་བཞག་ན༔ ལས་ཀྱི་རྣམ་སྨིན་བདེ་མི་འགྱུར༔ ཁོ་མོ་བདག་ནི་ཕྱིར་དུ་འགྲོ༔ ཐན་ཟས་མནའ་སྡིག་ཟས་མི་ཟ༔ རྒྱལ་པོ་དབང་མེད་བཙུན་མོ་དབང་ཤོར་བ༔ འདི་ཕྱི་བདེ་བ་མེད་པར་འགྱུར༔ ཞེས་གསུངས༔ བུད་མེད་དམར་རྒྱན་ངོ་ལ་ཁྲག་གི་ཐིག་ལེ་བྱས་པ༔ བདག་གིས་འདི་འདྲ་སྨྲས་ནས༔ ཕྱིར་དུ་ཡོང་བ་ཨུ་རྒྱན་མདུན་ནས་ཡོང་པ༔ རྒྱལ་པོ་དབང་མེད་པ་དམར་རྒྱན་གྱིས་དབང་གཏོར་མ་སྦྱིན་པ་མ་ཉན་པ༔ འདྲེ་མོ་དང་ང་གཉིས་ཁ་འཁྲོག་ཡོང་པ༔ ཅི་ལ་ཡང་མེད་པ་ང་ལ་དུག་གི་ཟ་མ་སྦྱིན་ཡོང་པ་བདག་གིས་མ་ཟོས་པ༔ ཨུ་རྒྱན་གྱི་ཞལ་ནས༔ ལར་བུད་མེད་འདྲེ་མོ་འདི་རྣམས་གཏམ་སྐལ་སྡིག་ལ་དད་པ༔ འདི་སོ་གཏོར་མ་བཏང་བ་མ་སྟེར་ན་ལུས་ཤ་ཁྲག་ཡིན་པ༔ ཕྱིའི་རི་བོ་ཐམས་ཅད་གཏོར་མ༔ ནང་གི་རྩ་ཁྲག་དང་དོན་སྙིང་རྣམས་གཏོར་མ༔ ཕྱིའི་དབང་པོ་རྣམ་ལྔ་གཏོར་མ་ཡིན༔ གཏོར་མ་ལ་ཤེས་པ་གསུམ་ཡོད་པ༔ དང་པོ་རང་ལུས་བསྐྱེད་པར་ཤེས་པ༔ བར་དུ་ལྷ་ལ་ཤེས་ནས་བསྐྱེད་པ༔ ཐ་མ་དབང་པོ་རྣམ་ལྔ་ཤེས་པ༔ དང་པོ་ལྷ་ལ་ཤེས་པ༔ མཆོད་རྫས་ལ་ཤེས་པ༔ འཕེན་པའི་དུས་མཚོན་ཆ་ལ་ཤེས་པ༔ ཟོར་འཕེན་པའི་དུས་སུ་ཁྲོ་བོ་ཁྲོ་མོ་ལ་ཤེས་པ་དེ་སྐབས་བྱས༔ བུད་མེད་དམར་རྒྱན་གྱི་སྟེང་ན་བྱ་བའི་སྐབས་མ་མཆིས༔ ཁྱོད་དང་བཟའ་བཏུང་མ་བྱེད་པ་བཟང་༔ དེང་ནས་བཟའ་བཏུང་བྱེད་གསུངས༔ བཟའ་བུ་རམ་བཟའ་བ་ཟུང་འཇུག་ཏུ་བྱས་ནས་ཡབ་ཡུམ་ཟས་གསོལ་མི་དགོས་པའི་དུས་མཆིས༔ དང་པོ་རང་ལུས་ལྷ་བསྐྱེད་པ༔ བར་དུ་གཉིས་མེད༔ ཐ་མ་རིག་པའི་ངོ་བོ་དྲན་པ་ཙམ་གྱིས་གནོད་བྱེད་དབང་དུ་འདུ་བ༔ རྫོགས་པ་ཙམ་གྱིས་ཚར་གཅོད་པ༔ སྐད་ཅིག་དྲན་རྫོགས་ངང་ནས་དེ་ལྟར་བྱེད༔ ལུས་ལྷ་ལ་ཤེས་པ༔ ངག་སྔགས་ལ་ཤེས་པ༔ ཡིད་ཏིང་ངེ་འཛིན་ཤེས་པ༔ བ་སྤུ་ཁྲོ་བོ་ཁྲོ་མོ་ཤེས་པ༔ རྩ་ཐམས་ཅད་མཚོན་ཆ་ལ་ཤེས་པ༔ རླུང་ཐམས་ཅད་མེ་རི་ལ་ཤེས་པ༔ ཐིག་ལེ་དཀར་ཆ་ཐམས་ཅད་གནམ་ལྕགས་ར་གུར་ལ་ཤེས་པ༔ གནམ་ས་ཁ་བཟློག་ཏུ་བྱེད་པ༔ བར་སྣང་དུ་གུར་ཕུབ་པ༔ ས་གཞི་སྔར་བསྐྱེད་པ༔ ནམ་མཁའ་ལ་ངར་བླུད་པ༔ དྲན་པ་རང་རྒྱལ་གྱི་ཐོག་ཏུ་དགྲ་བཅོམ་པ་དེ་དང་མཐུན་པ་གཙོ་བར་བྱའོ༔ མཁར་ཆུ་བཟའ་མི་བརྗེད་པ་དེ་དང་ཉམས་སུ་ལོངས༔ ཞེས་གསུངས༔ ཨུ་རྒྱན་རིན་པོ་ཆེ་ལགས༔ འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ༔ ཨེ་མ་ཧོ༔ ཀྱེ་ཀྱེ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ འགྲོ་བ་ཀུན་ལ་གཉེན་གཅིག་པོ༔ མགོན་མེད་འགྲོ་བ་སེམས་ཅན་ཀུན༔ ཁོ་མོའི་མགོན་ནི་པདྨ་འབྱུང་༔ མགོན་མེད་འགྲོ་ལ་ཐུགས་རྗེས་ཟུངས༔ ཁོ་མོ་བདག་ལ་བྱིན་གྱིས་རློབས༔ བླ་མ་དུས་གསུམ་སངས་རྒྱས་སྐུ༔ འགྲོ་ལ་རེ་ས་གཞན་ན་མེད༔ སྡུག་བསྔལ་གནས་ནས་རབ་ཏུ་དྲངས༔ ཁོ་མོ་སྐྱིད་སྡུག་ཁྱོད་ལ་ལྟ༔ རྫུས་སྐྱེས་ཨུ་རྒྱན་པདྨ་འབྱུང་༔ ཁྱོད་ལ་བདག་ལུས་བྲན་དུ་འབུལ༔ ཁོ་མོ་བདག་ལ་ཐུགས་རྗེས་ཟུངས༔ འགྲོ་བའི་རེ་ས་སྐྱབས་མཆིས་མེད༔ རྫུས་སྐྱེས་ཁྱེད་ཀྱིས་ཐུགས་རྗེས་ཟུངས༔ བླ་མ་སྐུ་ཡི་བྱིན་རླབས་ཆེ༔ བྱིན་རླབས་ཆེ་བས་ཁོ་མོ་ལུས་ལ་ཐིམ༔ ལུས་ལ་ཐིམ་ཙམ་ཁོ་མོ་བརྩོན་འགྲུས་ཆེ༔ བླ་མའི་གསུང་གི་བྱིན་རླབས་ཆེ༔ ཁོ་མོ་བདག་གི་ངག་ལ་ཐིམ༔ ངག་ལ་ཐིམ་ཙམ་ཤེས་རབ་ཆེ༔ སྒྲ་བསྒྱུར་མཆོག་གི་ཆོས་ལ་མཁས༔ བླ་མའི་ཐུགས་ནི་བྱིན་རླབས་ཆེ༔ ཁོ་མོ་བདག་གི་ཡིད་ལ་ཐིམ༔ ཡིད་ལ་ཐིམ་ཙམ་མི་བརྗེད་ཐོབ༔ བླ་མའི་མཐུ་སྟོབས་ཡོན་ཏན་ཆེ༔ ཡོན་ཏན་བདག་གི་ལུས་ལ་ཐིམ༔ ལུས་ལ་ཐིམ་ཙམ་ཡོན་ཏན་ཆེ༔ བླ་མའི་འཕྲིན་ལས་སྐར་ཚོགས་འདྲ༔ ཁོ་མོའི་ལུས་ངག་ཀུན་ལ་ཐིམ༔ ཐིམ་ཙམ་མཁའ་འགྲོ་གྲངས་མེད་འགྱེད༔ གྲངས་མེད་འགྲོ་བའི་དོན་ལ་དགོངས༔ བླ་མའི་སྤྱི་བོར་བྱང་ཆུབ་སེམས༔ ཁོ་མོ་བདག་གི་གསང་བར་ཐིམ༔ འཚེ་བ་མེད་པར་བྱིན་གྱིས་རློབས༔ རྒྱུན་ཆད་མེད་པའི་དངོས་གྲུབ་ཐོབ༔ ཐོག་མཐའ་མེད་པའི་ཐུགས་རྗེས་གཟིགས༔ ཁོ་མོ་སྐུ་མདོག་མཚན་ལྡན་དུང་དང་ལྡན༔ འདིའི་སྐུ་མདོག་དུང་མདོག་རཱ་གའི་མདོག༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་མཆོག༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་བསྒོམས༔ བོད་ཡུལ་དུས་འདིར་འགྲོ་ལ་ཐུགས་རྗེས་གཟིགས༔ ཨུ་རྒྱན་ཡུལ་དུ་འགྲོ་བའི་དོན་མཛད་པ༔ སྔགས་འཆང་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ངོ་མཚར་མཆོག་གི་རྫུས་སྐྱེས་པདྨ་འདི༔ བཙལ་ལ་མི་དགོས་ཁོ་མོ་བདག་གིས་རྙེད༔ རྙེད་པ་ཙམ་གྱིས་མ་འོངས་འགྲོ་བའི་དོན༔ བོད་ཁམས་ས་འདིར་ཕེབས་པ་འགྲོ་བའི་དོན༔ མཁར་ཆུ་ལས་ཅན་འདྲ་བ་ཡོད་པ་མེད༔ ཁོ་མོ་མཚོ་རྒྱལ་འདྲ་བ་ལས་རེ་ཆེ༔ རྫུས་སྐྱེས་འདི་འདྲ་རྙེད་པ་ག་ལ་འབྱུང་༔ མཁར་ཆུ་སྲས་མོ་རྣམས་ཀྱིས་ཁྱིམ་པ་མོས༔ མོས་པ་ཙམ་གྱིས་ངན་སོང་གནས་སུ་ལྟུང་༔ ཁོ་མོ་ང་འདྲ་འགྲོ་བའི་དོན་ཡོང་ངོ་༔ རྒྱ་གར་གྲུབ་ཆེན་འདི་འདྲ་ཕེབ་པ་ཙམ༔ མཐའ་འཁོབ་སྲིན་པོ་ལས་ཅན་འདུག༔ ཁོ་མོ་མཚོ་རྒྱལ་ང་འདྲ་ལས་ཅན་ཆེ༔ འདི་འདྲ་དུས་གསུམ་བཙལ་ལ་ཡོད་པ་མེད༔ ཁོ་མོ་ང་འདྲ་རྙེད་པ་ལས་སྔོན་ཆེ༔ སྣང་བ་རྫུན་འདུག་ཆེ་བ་མ་རེད་དམ༔ ཁོ་མོ་བསོད་ནམས་ཆུང་བ་མ་རེད་དམ༔ ཁོ་མོ་ལས་ཅན་འགྲོ་བའི་དོན་ཡོང་བ༔ ལན་གཅིག་རྟོགས་པའི་བསྐལ་པ་མཐའ་མ་སྐྱིད༔ ཤིན་ཏུ་ཉོན་མོངས་ཚ་གདུང་རབ་བསལ་ལོ༔ ཁོ་མོ་སྣང་བ་བདེན་པའི་འདི་འདྲ་རྙེད༔ འདི་འདྲ་རྙེད་པའི་པདྨའི་སྐུ་ལ་བསྟོད༔ གཞན་ཚོའི་བུད་མེད་ཟང་ཟིང་ནོར་ཡོད་ན༔ འགྲོ་བ་ཡོངས་ཀྱིས་བསོད་ནམས་ཆེ་ཟེར་བ༔ འདི་ཕྱི་མེད་པའི་བསོད་ནམས་ག་ལ་ཆེ༔ གཟུགས་ཡག་སྣང་བའི་ལས་ལ་ཐོན་ཙམ་ན༔ བསོད་ནམས་ཆེ་བ་འདི་ཕྱི་ཡོད་བསམ་སྟེ༔ འདི་ཕྱི་གང་ལ་བདེ་བ་སྐད་ཅིག་མེད༔ ཁོ་མོ་སྐད་ཅིག་བསྒོམ་པ་བྱེ་བ་རྫོགས་སངས་རྒྱས༔ ཁོ་མོ་པདྨ་སམ་བྷའི་བཀའ་སྒྲུབ་པ༔ འདི་ཕྱི་བདེ་བའི་སྐབས་ལ་འདི་ཡོང་ངོ་༔ ཁོ་མོ་ལས་དབང་ཆེ་བའི་རྗེ་དང་མཇལ༔ ཁོ་མོ་ཤིང་བྱའི་ལོ་ལ་སྐྱེས་པའི་དུས༔ སྐྱེས་པ་ཙམ་གྱིས་ཁོ་མོ་ལུས་མ་མཆིས༔ མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལ༔ མཇལ་བ་ཙམ་གྱིས་བདག་གི་དོན་མ་མཆིས༔ བཅུ་དྲུག་རང་ལུས་ཆུང་བ་དེ༔ ཆུང་བ་ཙམ་གྱིས་ཁོ་མོ་པག་མ་བསད༔ དོན་མ་མཆིས་པའི་སྐབས་མ་མཆིས༔ བརྫུས་སྐྱེས་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ མ་བཅོས་སྤྲོས་དང་བྲལ་བ་རིན་པོ་ཆེ༔ བདེ་ཆེན་འབྲལ་བ་མེད་པ་རིན་པོ་ཆེ༔ ལས་འཕྲོ་ཁོ་མོ་དོན་དུ་རབ་དགོངས་པ༔ སྐུ་གསུམ་ཕྱི་ནང་གསང་གསུམ་བསྟན་པ་བཟུང་༔ གྲུབ་ཆེན་སྔགས་འཆང་པདྨའི་སྐུ་ལ་བསྟོད༔ ཁོ་མོའི་གྲོགས་པོ་མཚན་ལྡན་ཟླ་མཛེས་ནི༔ མེ་ཏོག་བཀོད་པའི་རབ་དྲུང་སྐུ་ལ་བསྟོད༔ ཅེས་བསྟོད་པ་ཕུལ༔ ཨུ་རྒྱན་གྱི་ཞལ་ནས་ཨང་ཁོ་མོ་བརྩོན་འགྲུས་རབ་ཆེ་བ་འདི་འདྲ་བ་བསམ་ནས་ཤིན་ཏུ་བཞད་པ༔ མཁའ་ལྟར་མཉམ་པའི་བྱང་ཆུབ་ཐུགས་མངའ་བ༔ འདི་འདྲ་མཐོང་ལམ་རྟོགས་པའི་མཁར་ཆུ་བཟའ༔ གནས་མེད་ཀ་དག་ཆོས་ཀྱི་ཕོ་བྲང་ནས༔ རྒྱལ་བ་ཆོས་སྐུ་ཀུན་ཏུ་བཟང་པོ་ང་༔ སྐྱེ་མེད་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཁྱོད༔ སྟོང་གསལ་འགྲོ་དོན་བྱེད་ལ་ཕྱག་འཚལ་བསྟོད༔ བར་དུ་དབྱིངས་མེད་བདེར་གཤེགས་འོད་དཔག་མེད༔ བཀའ་བབ་དམ་ཆོས་ཆོས་སྐུ་མ་ཆེན་མོ༔ རྒྱལ་བ་མ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ མཐའ་མ་དགེ་སློང་ལས་རབ་ཀུན་དགའ་མོ༔ རྫུས་སྐྱེས་དབང་ཞུ་འགྲོ་བ་འདྲེན་ལ་བསྟོད༔ དེ་སྐབས་མ་ཅིག་ལས་རབ་སྒྲོན་མ་ཞེས༔ གྲུབ་ཐོབ་སྤྲུལ་པ་གྲོགས་བྱེད་དམ་པ་ཞེས༔ འགྲོ་བ་འདྲེན་མཛད་སྐུ་ལ་ཕྱག་འཚལ་བསྟོད༔ མ་རྒྱུད་ཡུམ་ཆེན་གཉིས་མེད་ཕ་རོལ་ཕྱིན༔ མ་ཆེན་བརྒྱུད་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ང་ཉིད་རྒྱལ་བ་ཐུབ་པའི་ཕ་རྒྱུད་བཅས༔ དར་མ་མདོ་ཡི་རྒྱུད་པ་སྲས་རྒྱུད་བཅས༔ པདྨ་ང་ཡི་རྒྱུད་པ་གཏེར་རྒྱུད་བཅས༔ གྲུབ་ཐོབ་གཏེར་རྒྱུད་རྣམས་ལ་ཕྱག་འཚལ་བསྟོད༔ པདྨ་ང་ཉིད་འཇིག་རྟེན་དབང་ཕྱུག་ནི༔ ཉི་སྒྲོན་ཟླ་སྒྲོན་གྲོགས་བྱེད་འགྲོ་དོན་བྱེད༔ རྒྱལ་བའི་དགོངས་འདུས་མཐར་ཕྱིན་རྣམས་ལ་བསྟོད༔ ང་ཉིད་དབང་དྲག་སྐུར་བཞེངས་རབ་མང་པོ༔ མ་ཅིག་ཡུམ་ཆེན་ཕག་མོ་གྲུབ་པའི་དངོས་གྲུབ་བྱས༔ ཡབ་ཡུམ་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད༔ རྒྱ་གར་སྔགས་འཆང་རིག་འཛིན་རྣམ་པ་བརྒྱད༔ དགའ་རབ་ཤྲཱི་སེང་འཇམ་དཔལ་ལ་སོགས་པ༔ ཧཱུྃ་ཆེན་བྷི་མ་བོ་དྷི་ས་ཏྭ་དང་༔ པདྨ་མཁའ་མཉམ་གྲུབ་ཆེན་རྣམ་པ་བརྒྱད༔ བོད་ཀྱི་ཡུལ་གྱི་ཐུགས་རྗེ་སྤྲོས་བྲལ་བ༔ ཐུགས་རྗེའི་གདུལ་བྱ་བོད་ཀྱི་ཞིང་ཁམས་སུ༔ སྒྲ་བསྒྱུར་རིག་འཛིན་མཆོག་གི་སྐུ་ལ་བསྟོད༔ དབྱིངས་ཅན་ཐབས་འདུལ་སྤྲུལ་པའི་མཁར་ཆུ་བཟའ༔ འགྲོ་ལ་བརྩེ་དགོངས་རྫུས་སྐྱེས་པདྨ་ང་༔ འདུ་འབྲལ་མེད་པའི་འགྲོ་དོན་སྐུ་ལ་བསྟོད༔ རང་བྱུང་མཚོ་སྐྱེས་རྡོ་རྗེའི་སྐུ་ལ་བསྟོད༔ མཐར་ཆེན་ཐབས་ཀྱིས་ཡེ་ཤེས་མཚོ་རྒྱལ་དོན༔ འགྲོ་བའི་དོན་དུ་ཐུགས་རྗེས་གཟིགས་པར་ཤོག༔ ཅེས་གསུངས༔ མཁར་ཆེན་བཟའ་ཁྱོད་ཉོན་དང་༔ ང་གང་འདུལ་དང་པོ་ཀུན་ཏུ་བཟང་༔ སངས་རྒྱས་སྟོང་ནང་ནས་པདྨ་མེ་ཏོག་ཕྲེང་བ་གཞོན་ནུ་དུང་ལྡན་མ༔ འོད་དཔག་མེད་ཐབས་འདུལ་བ༔ ང་སྤྲུལ་པ་འཁོར་ལོས་བསྒྱུར་བ་ཤཱཀྱ་ཐུབ་པ༔ ཤ་རིའི་བུ་དེ་དང་ཆ་མཐུན་པའི་སྐྱེས་བུ་བློ་ལྡན་སྔགས་འཆང་ངའི་སྤྲུལ་པ་འགྲོ་ལ་ཁྱབ་པ༔ དེའི་དོན་ཐབས་འདུལ་བ་གང་སྟོན་པ་འདིའི་ལོ་བརྒྱ་དང་ལྔ་བཅུའི་མཐའ་ནས་ཐུབ་པའི་རིང་ཉན་ཐོས་ཚུལ་རྟ་ཐུལ༔ དེའི་སྤྲུལ་པ་མ་འོངས་དུས་ཀྱི་སྐྱེས་བུ་ང་དང་ཆ་མཚུངས་པ༔ ཐུབ་པའི་སྤྱན་སྔར་མེ་ཏོག་ཟླ་མཛེས་པདྨ་ངའི་བླ་མ༔ གཞོན་བུ་མིང་འབྱུང་བ་ཐུབ་པའི་བསྟན་པའི་དུས་འགྲོ་དོན་བྱས་སོ༔ ཁྱོད་ཇོ་མོ་མཁར་ཆུ་བཟའ་མ་འོངས་དུས་སུ་འགྲོ་ལ་ཕན་པའི་ཐབས་བྱ༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ཀྱེ་སློབ་དཔོན་རིན་པོ་ཆེ་མ་འོངས་དེ་དང་དུས་མཚུངས་དུས་འགྲོ་བ་ཡོངས་ལ་ཕན་པའི་དུས་གནོངས་ལགས༔ ཨཱོཾ་ཨཱ་ཧཱུྃ༔ རྒྱ་མཚོ་འཁྲུངས་ཚུལ་དྲི་མེད་པདྨའི་ཁར༔ རྒྱལ་པོས་སྤྱན་དྲངས་ཁམས་གསུམ་དབང་དུ་བསྡུས༔ སྲིད་གསུམ་ཟིལ་གནོན་རྒྱལ་ས་མང་བཅུད་པ༔ པདྨ་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ རྒྱ་གར་རྡོ་རྗེ་གདན་དུ་རབ་བྱུང་མཛད༔ ཀུན་དགའ་སྡོམ་ཚུལ་མིང་ནི་རབ་ཏུ་བརྒྱན༔ རྒྱལ་ས་རབ་སྤངས་ཆོས་གོས་ཤམ་ཐབས་ལྡན༔ དགེ་སློང་ཚུལ་འཛིན་ཤཱཀྱའི་མཐར་ཕྱིན་པ༔ ཤཱཀྱ་སེང་གེ་ཁྱེད་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་དོན་ལ་གང་འདུལ་སྐུར་བཞེངས་པ༔ རབ་བྱུང་མཛད་ཚུལ་སེམས་ཅན་ཆོས་ལ་བཙུད༔ མཁའ་མཉམ་བདེ་སྦྱོར་མནྡ་ར་བ་བཞེད༔ པདྨ་སམ་བྷ་ཁྱེད་ལ་ཕྱག་འཚལ་བསྟོད༔ མུ་སྟེགས་སྲིན་པོ་བཏུལ་བའི་དངོས་གྲུབ་བརྙེས༔ སྙན་མཛད་པི་ཝང་སྒྲ་སྙན་ལྟ་བུས་ཁྱབ༔ གདུང་དམར་སྲིན་པོ་ཐམས་ཅད་ཆོས་ལ་བཙུད༔ རྡོ་རྗེ་ཁྲོ་བོ་ལོད་ལ་ཕྱག་འཚལ་བསྟོད༔ ཡངས་པའི་གནས་སུ་སོ་སོའི་མཐར་ཕྱིན་པ༔ ཐ་དད་མོས་པས་ཕྱོགས་འཛིན་ནམ་མཁའ་བརྡལ༔ པདྨ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཁ་ཆེ་གནས་སུ་སེང་གེ་ལྟ་བུའི་ཐབས༔ བྱམས་སེམས་འགྲོ་བ་ཕ་མ་བུ་ལྟར་མཛད༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ལི་ཡུལ་ལྗང་ར་སྨུག་པོའི་གནས་མཆོག་ནས༔ མངོན་ཤེས་མཁའ་ལ་ཁྱབ་པའི་འགྲོ་དོན་བྱེད༔ གཞན་གྱི་དོན་དུ་འབྲས་བུ་རབ་སྨིན་མཛད༔ ཉི་མའི་འོད་ཟེར་ཁྱོད་ལ་ཕྱག་འཚལ་བསྟོད༔ བལ་ཡུལ་ཡང་ལེ་བྲག་གི་གནས་མཆོག་ནས༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་དབང་དུ་བསྡུས༔ སེང་གེ་སྒྲ་སྒྲོག་ཁྱེད་ལ་ཕྱག་འཚལ་བསྟོད༔ བོད་ཀྱི་ཡུལ་དབུས་སྟག་ཚང་སེང་ཡུལ་དུ༔ ཁ་བའི་ལ་ཐོག་བརྟན་མ་དམ་ལ་བཏགས༔ དངོས་སྤྲུལ་འོད་དཔག་མེད་པའི་ཚུལ་འཛིན་དུས༔ བདེ་བ་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད༔ སྲིན་ཡུལ་བསམ་ཡས་གླིང་དུ་བྱོན་པའི་དུས༔ བོད་ཡུལ་འདྲེ་བགེགས་གདུག་རྩུབ་དམ་ལ་བཏགས༔ ཁམས་གསུམ་ཆེ་མཆོག་པདྨ་ཧེ་རུ་ཀ༔ འགྲོ་བའི་དོན་མཛད་མཆོག་གི་དངོས་གྲུབ་བརྙེས༔ དབང་དྲག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ འཕྲིན་ལས་བཞི་མཛད་རྡོ་རྗེ་དྲག་རྩལ་བཞི༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ཕྲིན་ལས་རིགས་བཞི་སྐུ་ལ་ཕྱག་འཚལ་བསྟོད༔ མཆིམས་ཕུག་གནས་བྱོན་བྲེ་ཀུ་གཙུག་ལག་ཏུ༔ ཡབ་ཡུམ་གཉིས་མེད་བདེ་བའི་དངོས་གྲུབ་བརྙེས༔ འགྲོ་བའི་དོན་དུ་རང་བྱུང་ཆོས་ཀྱི་སྐུ༔ སྦྱོར་སྒྲོལ་མཆོག་གིས་ཐབས་ཤེས་གང་འདུལ་བ༔ སྔགས་འཆང་ཚུལ་གྱིས་འགྲོ་བའི་དོན་མཛད་པ༔ སྔགས་འཆང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ སྐུ་སྤྲུལ་ལྷ་སྲིན་འདུལ་ཐབས་ཕྲག་བརྒྱ་འགྱེད༔ གསུང་སྤྲུལ་འགྲོ་བའི་དོན་མཛད་ཕྲག་བརྒྱ་འགྱེད༔ ཐུགས་སྤྲུལ་གྲངས་མེད་འགྱེད་པའི་མཐུ་སྟོབས་ཆེ༔ སྔགས་འཆང་སྤྲུལ་པ་ཅན་ལ་ཕྱག་འཚལ་བསྟོད༔ མ་རུངས་ལོག་ལྟ་སྣོད་མེད་ཆོས་ལ་བཙུད༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས༔ དགྲ་བགེགས་བསྟན་དགྲ་ལུས་སེམས་ཐལ་བར་བརླགས༔ རྩལ་ཆེན་དགྲ་འདུལ་ཅན་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡེ་ཤེས་ཚོགས་ཀྱི་སྤྱན་རས་གཟིགས༔ དངོས་གྲུབ་ཆེན་པོ་འབྱུང་བའི་པདྨ་འབྱུང་༔ དུས་གསུམ་སངས་རྒྱས་ཁྱེད་ལ་ཕྱག་འཚལ་བསྟོད༔ ཁོ་མོ་ཆོས་གཅིག་བྱེད་བསམ་ལས་ཀྱི་ཤུགས༔ རྫུས་སྐྱེས་པདྨས་བདག་ལ་ཆོས་གཅིག་གསུངས༔ ཁོ་མོ་ལུས་ནི་རབ་ཆུང་གཙུག་ལག་ཏུ༔ རྫུས་སྐྱེས་པདྨ་མཇལ་བའི་དོན་མ་མཆིས༔ བྱའི་ལོ་ལ་སྐུ་གསུམ་ཁྱེད་དང་མཇལ༔ ཕག་གི་ལོ་འདིར་ཁོ་མོ་བཅུ་དྲུག་དུས༔ པདྨ་ཁྱེད་དང་མཇལ་བ་ལོ་གསུམ་འདུག༔ ཁོ་མོ་བདག་ལ་དམ་པའི་ཆོས་ཤིག་གནོངས༔ དཀའ་བ་བརྩོན་འགྲུས་ཐུབ་ན་ཁོ་མོ་ཡིས༔ མ་ཐུབ་ཙམ་གྱིས་མ་འོངས་ལས་ངན་རིགས༔ ཁོ་མོ་རང་ལུས་བཅུ་དྲུག་རིག་པ་ཆེ༔ ཨུ་རྒྱན་པདྨ་འབྱུང་གནས་མཐུ་སྟོབས་ཆེ༔ ཁོ་མོ་བདག་གི་ལུས་འདི་སྙིང་རུས་ཆེ༔ ཁོ་མོ་རིག་པ་ཤེས་རབ་མེ་འབར་ཆེ༔ ད་ལོ་ཁོ་མོ་ཆུང་བའི་ཆོས་གཅིག་བྱས༔ དྲང་དོན་ཕྱི་མ་འགྲོ་བའི་ཆོས་གཅིག་བྱས༔ མ་འོངས་ལས་ཅན་གྲོལ་བའི་ཐབས་ཤེས་བསྒོམ༔ ངེས་དོན་སློབ་གཉེར་བདག་གིས་དམ་ཆོས་བྱེད༔ མ་འོངས་སེམས་ཅན་ཐམས་ཅད་དོན་ཡིན་ཏེ༔ ལས་ཅན་གྲོལ་བའི་ཐབས་ཀྱིས་བརྡ་ཡིག་ཕབ༔ མ་འོངས་བུ་རྣམས་དོན་དུ་སྔགས་རིམ་བསླབ༔ སྐད་ཅིག་དྲན་རྫོགས་ཙམ་གྱིས་སྔགས་སྦྱངས་བ༔ རྩལ་ཆེན་མདའ་འཕང་ལྟ་བུ་རིག་པ་བསྐྱེད༔ སྔགས་འཆང་སྔགས་དང་ལྡན་པའི་སྔགས་མཛོད་ཅིག༔ ཁོ་མོ་ནན་ཏན་ཆེ་བ་འགྲོ་བའི་དོན༔ རྫུས་སྐྱེས་པདྨའི་ཐུགས་ཀྱིས་ཁྲེལ་མ་གནང་༔ ཁོ་མོ་བསྐྱེད་རིམ་བསླབ་པའི་ཐབས་མཁས་མེད༔ མ་འོངས་འགྲོ་བའི་བུ་རྣམས་དོན་བསམ་ཡིན༔ ཁོ་མོ་སྒོམ་པ་མི་དགོས་ཁྱེད་ཀྱི་དྲིན༔ བདག་གིས་སྒོམ་པ་ཙམ་གྱིས་བུ་རྣམས་དོན༔ ཁོ་མོ་དམ་ཆོས་སློབ་གཉེར་མི་དགོས་ཏེ༔ སློབ་གཉེར་བྱེད་པ་ཙམ་གྱིས་མ་འོངས་དོན༔ གངས་སྟོད་སེང་གེའི་གཡུ་རལ་བརྒྱན༔ སེང་གེ་གཡུ་རལ་རྒྱས་པས་རྩལ་དྲག་ཆེ༔ བྲག་སྟོད་བྱ་རྒྱལ་གཤོག་པ་འཕུར་འདྲ་ན༔ གཤོག་པ་རྒྱས་ནས་འཕུར་སྟོབས་ཆེ༔ ནགས་སྟོད་སྟག་མོ་སྡེར་མོས་བརྒྱན༔ སྡེར་མོ་ཡོད་པས་མཆོང་རྩལ་ཆེ༔ སྔགས་འཆང་པད་ཞུ་དབུ་ཡི་རྒྱན༔ ཁོ་མོ་ཞུ་བ་བུ་ཡོད་སློབ་དཔོན་མཛད༔ མཛད་པ་ཙམ་གྱིས་འགྲོ་བའི་དོན༔ ཁོ་མོ་བདག་གི་རྫུས་སྐྱེས་བརྒྱན༔ རྫུས་སྐྱེས་མི་མིན་འདྲེ་ཡུལ་འདི་ཕེབ་པ༔ ཁོ་མོ་བདག་གི་གྲོགས་བྱེད་དེ༔ སྔར་གྱི་ལས་རྣམས་ཁོ་མོ་བདག་གི་ལུས༔ འགྲོ་ལ་ཉི་མ་ཤར་བའི་བརྡ༔ ཉི་ཟེར་ལས་ཅན་རྣམས་ལ་ཕོག་པས་བརྡ༔ བྱིན་རླབས་སེམས་ཅན་རྣམས་ལ་འཇུག་པའི་བརྡ༔ མ་འོངས་ལས་ཅན་འགྲོ་བའི་དོན༔ བརྫུས་སྐྱེས་བྱིན་རླབས་མ་ཆུང་ཞིག༔ རྫོགས་པ་དོན་གྱི་འབྲས་བུ་མཆོག་ཆེན་པོ༔ སྦྱོར་སྒྲོལ་དངོས་གཞི་འཇུག་པའི་པདྨ་འབྱུང་༔ སྟོང་གསལ་ཀ་དག་ཁོ་མོ་མཚོ་རྒྱལ་ང་༔ ལས་ཅན་འགྲོ་བའི་དོན་དུ་པདྨས་གསུངས༔ མ་འོངས་སེམས་ཅན་རྣམས་ལ་ཐུགས་རྗེས་ཟུངས༔ ཁོ་མོ་བདག་ལ་བྱིན་རླབས་མ་ཆུང་ཞིག༔ ཁོ་མོ་བདག་གི་རེ་ས་པདྨ་འབྱུང་༔ སྐྱབས་གནས་དཀོན་མཆོག་གསུམ་ལ་བགྱིས༔ འགྲོ་དོན་ལས་ལ་དོན་དུ་འཆང་༔ ཁོ་མོ་བསམ་ཞིང་ཡིད་ལ་འཆང་༔ དྲིན་ཅན་བླ་མའི་ཐུགས་རྗེས་ཟུངས༔ བདག་གི་རེ་ས་ཁྱེད་ལ་བགྱིས༔ ཁྱེད་ཀྱིས་ཐུགས་རྗེའི་མ་ཆུང་ཞིག༔ ཁོ་མོ་བཟོད་དཀའ་ཅན་ལ་ཆོས་གཅིག་གནོངས༔ དད་གུས་ཅན་ལ་བྱིན་རླབས་གནོངས༔ ཐུགས་རྗེ་མ་ཆུང་རིན་པོ་ཆེ༔ བདག་གིས་གསོལ་བ་བཏབ་པ་ཁྱེད༔ ཁྱེད་ཀྱིས་ཐུགས་རྗེ་མ་ཆུང་ཞིག༔ ཅེས་ཞུས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ ཤཱཀྱ་རྒྱལ་པོས་རྒྱུད་སྡེ་དྲུག་གསུངས་པ་ཁྱེད་ཀྱིས་འགྲོ་བའི་དོན་དུ་གང་འདུལ་གསུངས་ཞུས༔ པདྨའི་ཞལ་ནས༔ ཆོས་སྐུའི་རྒྱུད༔ ལོངས་སྐུའི་རྒྱུད༔ སྤྲུལ་སྐུའི་རྒྱུད༔ བླ་ན་མེད་པའི་རྒྱུད༔ བྱ་བའི་རྒྱུད༔ སྤྱོད་པའི་རྒྱུད༔ རྒྱུད་དྲུག༔ ཆེད་དུ་བརྗོད་པའི་སྡེ༔ མདོ་སྡེ་ལུང་དུ་བསྟན་པའི་སྡེ༔ ཚིགས་སུ་བཅད་པའི་སྡེ༔ རྣལ་འབྱོར་གྱི་སྡེ༔ སྔགས་རིམ་གྱི་སྡེ༔ སྡེ་དྲུག་དེ་གསུངས་པ༔ ངའི་བླ་ན་མ་མཆིས་པ༔ གོ་ཆ་དང་ལྡན་པ༔ གོང་ན་མ་མཆིས་པ་སྔགས་དང་ལྡན་པ༔ དོན་མ་མཆིས་པ་རྫོགས་པ་ཆེན་པོའི་ཕ་རྒྱུད་དུ་གྲུབ་པའི་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་རྒྱུད་པ་སྟོང་པ་ལ་ཆགས་པའི་ཕ་རྒྱུད༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་གསལ་བ་ལ་རྒྱུད་པའི་མ་རྒྱུད༔ རིག་པ་དྲི་མ་མེད་པ་ལ་རྒྱུད་པའི་གཉིས་མེད་དོན་གྱི་རྫོགས་རྒྱུད༔ རྡོ་རྗེ་སེམས་དཔའི་རྒྱུད་པ་དང་༔ བཅོམ་ལྡན་འདས་རྒྱུད་པ་ང་༔ པདྨའི་གཏེར་ནས་བཏོན་པ་དེ་རྣམས་རྫོགས་པ་ཆེན་པོ་སྤྱོད་པའི་ལས་ཡིན་པ༔ ཁྱོད་མཁར་ཆུ་བཟས་ཉམས་སུ་ལོངས་ཤིག༔ ང་སྔགས་འཆང་གུས་པ་ཅན་ལ་ཁྱོད་བརྩོན་འགྲུས་ཆེ་བ༔ འགྲོ་བའི་དོན་ཡོང་ན་དེ་དང་ཐབས་རྟེན༔ རིགས་ཀྱི་བུ་མོ་དེ་དང་མཚུངས་པའི་སྐབས་དང་མཐུན་ནས་མི་བརྗེད་པ་གྱིས༔ ངའི་བྱ་བའི་ཆོས་དང་བྱེད་པའི་ཆོས༔ ཡིད་ཀྱི་ཆོས༔ རྣམ་པར་དག་པའི་ཆོས་ཡོད་པ༔ བྱ་བའི་ཆོས་ནི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤངས་ནས་བྱ་བའི་ཆོས༔ ཕུང་པོ་ཐམས་ཅད་སྣང་བ་དཀར་དམར་གཟུགས་མེད་པ་ནས་བྱེད་པའི་ཆོས༔ ཡིད་རྟོག་རང་རིག་པའི་དོན་ནི་ཡིད་ཀྱིས་ཆོས་དོན་དུ་འཆང་བ༔ སྣང་བའི་རྣམ་པ་ཐམས་ཅད་ལམ་དུ་དག་པ༔ འབྲས་བུ་ཉིད་གཞི་ཐོག་ཏུ་རྟོགས་པ་དང་༔ རྣམ་པར་དག་པའི་ཆོས་ཡིན་པ་དེ་བདག་ལ་དེ་དང་ལྡན་པ༔ སྤྱིར་འགྲོ་བ་ཡོངས་ལ་ཡོད་ན་དགའ་སྟེ༔ ཀུན་ལ་མི་མངའ༔ ཁྱོད་ཡེ་ཤེས་མཚོ་རྒྱལ་ལ་མངའ་ནས་དགའ་སྟེ་འགྲོ་བའི་དོན་ཡོང་༔ དེ་དང་མཚུངས་པའི་ཁྱོད་ཉམས་སུ་ལོངས་༔ བསྐྱེད་པའི་སྔགས་འགྲོ་བའི་དོན་དུ་ཁྱོད་ལ་སྟེར་བ༔ སྣང་བའི་ལམ་གྱིས་གནོད་བྱེད་བསྡུ་བ༔ ཉེ་བར་གྱི་ལྷ་བསྐྱེད་པ༔ རིག་རྟོགས་ན་མཚོན་ཆ་བསྐྱེད་པར་བྱའོ༔ སྐད་ཅིག་གཅིག་ནས་ནམ་མཁའ་ཐམས་ཅད་ཁྲོ་བོའི་རང་བཞིན༔ ས་གཞི་ཐམས་ཅད་ཁྲོ་མོའི་རང་བཞིན༔ བར་སྣང་ཐམས་ཅད་མཚོན་ཆའི་རང་བཞིན༔ ཕྱོགས་མཚམས་ཐམས་ཅད་མེའི་རང་བཞིན༔ རང་ལུས་ལྷའི་རང་བཞིན༔ ངག་སྔགས་ལ་མེ་འབར་བའི་རང་བཞིན༔ ཡིད་ཆོས་སྐུ་སྣ་ཚོགས་དྲན་རིག་གཅིག་ཏུ་ཉེ་བར་དུ་འདུས་འདུག་པའི་གནོད་བྱེད་ཚར་བཅད་པ༔ སྣང་སྲིད་ཆོས་སྐུའི་ཀློང་ནས་ནམ་མཁའི་ཀློང་དུ་བཞག་པ༔ ལྷ་དང་འདྲེ་གཉིས་སྣང་རིག་བཅད་པ༔ དྲན་རྫོགས་སྐྱེ་མེད་ཀྱི་ངང་དུ་གཞག་པར་བྱའོ༔ དེ་དང་མི་བརྗེད་པའི་མཁར་ཆུ་བཟའ་ཡིས་ཉམས་སུ་ལོངས་ཤིག་གསུངས༔ མ་འོངས་འགྲོ་བའི་དོན་ཡོང་པ༔ སྣང་སྲིད་གདོད་མ་ཆོས་སྐུ་ཞི་བའི་ཚུལ་བསྟན་པ༔ ལོངས་སྐུ་ཞི་མ་ཁྲོ་ཚུལ་བསྟན་ནས་གཤིན་རྗེའི་གཟུགས་སུ་གོལ་པ༔ རང་ཉིད་མདོག་དམར་ལྷ་གང་དུ་བསྐྱེད་ནས་སྐད་ཅིག་གཅིག༔ ཐུགས་ཀར་མཆོད་རྟེན་བུམ་པའི་དབུས་ནས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཚོན་གང་བ་དེའི་ལྟེ་བར་ཉི་ཟླ་ཁ་སྦྱོར་བྱེད་པ༔ ཞི་བའི་ཚུལ་དུ་ཉི་མའི་ཐོག་ཟླ་བའི་ཞབས༔ བར་དུ་ལྟེ་བར་གོང་གི་གནས་ནས་ཧཱུྃ་སྤུས་བྲིས་པ་ཙམ༔ ཞི་ཁྲོ་ཙམ་གྱིས་ལྟེ་བར་དཀྱིལ་ནས༔ ཁྲོ་བོའི་ཚུལ་གྱིས་ཉི་མའི་ཞབས༔ ཟླ་བའི་ཐོག༔ ལྟེ་སྨད་ནས་ཧཱུྃ་སྤུས་བྲིས་པ་ཙམ་དཀྱིལ་ནས་འོད་ཤ་ར་ར་འཕྲོས་ནས་རྒྱུ་མ་ནོར་བ་རྩ་བའི་སྔགས༔ སྔགས་ཀྱིས་བསྐོར་བ་དེ་ལ་འོད་དག་པ་ཡར་འཕྲོས་མར་འཕྲོས་བྱེད་པ་ཙམ་གྱིས་གནོད་བྱེད་བསྲེག་པ༔ རྒྱུའི་ཏིང་ངེ་འཛིན་ཧཱུྃ་ཡིན་པས་གནས་པ་ལ་རྒྱུ་མ་ནོར་བའི་སྔགས་འོད་ཟེར་འཕྲོས་པ་ཀུན་སྣང་སྣ་ཚོགས་ཡིན་པ་ཀུན་སྣང་ཏིང་ངེ་འཛིན༔ མི་མཉམ་པ་དང་མཉམ་པར་བྱེད་པ་འོད་ཟེར་འཕྲོས་པ་དང་༔ གང་དུ་གཅོད་པ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཡིན༔ དེ་དང་མི་བརྗེད་པའི་མཁར་ཆུ་བཟའ་ཡིས་ཉམས་སུ་ལོངས་༔ གནས་པ་མཉམ་པ་དྲང་དོན་ཆོས་ལ་འཇུག་པ་ཅན་ཡིན་ནམ༔ གཞི་ཆོས་སྐུའི་རིག་ཀློང་ནས༔ ལམ་སྟོང་གསལ་འོད་དཔུང་འདྲེས་པ༔ འབྲས་བུ་རེ་དོགས་པ༔ སྟོང་གསལ་ཁྱབ་བདལ་གྱི་ཀློང་ནས༔ རིག་པ་རྒྱ་མ་ཆད་པ་མཐའ་དང་བྲལ་བའི་རེ་དོགས་གང་མི་བྱེད་པ་མཉམ་པར་བཞག་པ་དེ་དང་མཚུངས་པའི་རིག་ཐོག་ཏུ་གྲོལ་བར་བྱེད་ནས༔ དེར་ཁྱོད་གྲོལ་ལམ༔ ཁྱོད་བུད་མེད་རིགས་འདི་སྣང་བ་ལམ་དུ་བསམ་པ་མང་པོ་བྱེད་པ༔ དེ་འདྲ་མ་བཟོ་བ་སྔོན་བསུ་རྗེས་འབྲང་མ་བྱེད་པ་ཉེ་བར་དུ་རིག་ཐག་བཅད་པ༔ ཕྱི་རུ་འགྲོ་བའི་སྣང་ཐག་བཅད་པ༔ སེམས་ཉིད་དུ་འདུག་པའི་དྲི་མ་དང་བྲལ་བ་དེ་དང་ཉམས་སུ་ལོངས༔ བུད་མེད་ལུས་ཉུང་བ་ཏ་ལང་དེ་འདྲ་བྱེད་དམ་ཤིན་ཏུ་ཡང་གྲོལ་བར་ངེས༔ ཐབས་མི་མང་བར་བྱ༔ དེ་དང་ཉམས་སུ་ལོངས༔ མི་མཐུན་པར་མོས་པ་དད་པ༔ དེ་དང་མཚུངས་པའི་ཐབས༔ རག་མ་ལས་པ་ཉེ་བར་དེ་དང་མཐུན་པར་བྱའོ༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་རིན་པོ་ཆེ་ལགས༔ ཐབས་སྣ་ཚོགས་དེ་དང་གསུངས་པ་མི་འདུལ་བའི་ལས་ཅན་ཁ་ལོ་བསྒྱུར་བ་དེ་དང་ངས་ཉམས་སུ་བླངས་ཏེ༔ མ་འོངས་སྡིག་པོ་ཆེ་སངས་རྒྱས་ཐབས༔ ཚིག་ཉུང་ལ་དོན་མང་བ་གཅིག་གསུངས༔ ཞེས་ཞུས༔ ཨུ་རྒྱན་ཞལ་ནས༔ མཁར་ཆུ་བཟའ་ཉོན་དང་༔ ཚིག་ཉུང་ལ་དོན་མང་བ་འདི་དག་བཀའ་སྩལ་ཏེ༔ ཨཱོཾ་ཨཱཿཧཱུྃ༔ དུས་གསུམ་རྣམ་དག་སངས་རྒྱས་ཀུན་གྱི་སྐུ༔ སྐུ་གསུམ་རྣམ་དག་སངས་རྒྱས་ཀུན་གྱི་དོན༔ རྩ་གསུམ་རྣམ་དག་སངས་རྒྱས་ཀུན་གྱི་ཐུགས༔ སྐྱེ་མེད་རྣམ་དག་རྒྱལ་པའི་ལྷར་གསལ་བ༔ ལུས་ནི་མི་འགུལ་རྣམ་གསུམ་གཞི་མ་བྱས༔ སྤྱི་བོར་ཨཱོྃ་ལ་གནས་བཅས་པ༔ ཆོས་སྐུ་ཀུན་ཏུ་བཟང་མོ་དང་༔ རྒྱལ་བ་རིགས་ལྔའི་གནས་བཅས་པའི༔ མགྲིན་པའི་ཨཱཿལ་སྤྱན་རས་གཟིགས༔ ཐུགས་ཀར་ཧཱུྃ་ལས་པདྨ་ང་༔ སྟོང་གསལ་ཆོས་སྐུ་གཅིག་ཏུ་འདྲེས༔ བཛྲ་ཐུགས་ཀར་མཆོད་རྟེན་དབུ༔ རྡོ་རྗེ་རྩེ་ལྔ་ཡོད་པར་གནས༔ གུ་རུ་བླ་མ་ང་ཉིད་ཡང་༔ རྡོ་རྗེ་ལྟེ་བར་གནས་བྱས་པ༔ པད་འདབ་བཞིའི་སྟེང་པདྨ་ནི༔ ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་ནི༔ སིདྡྷི་ཧཱུྃ་གིས་བྱིན་རླབས་ཐིམ༔ སྤྱི་བོར་ཨཱོྃ་ལས་ཕྱོགས་བཅུའི་སངས་རྒྱས་བསྐོར༔ སྟོང་པའི་ངང་ལས་མགྲིན་པའི་ཨ་ལ་ཐིམ༔ ཐུགས་ཀར་ཨཱཿལས་བྱིན་རླབས་གསལ་བ་བབས་པ་ནས༔ ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ༔ ཧཱུྃ་ལ་སིདྡྷིས་བསྐོར་བར་བསམ༔ དེ་དང་མི་བརྗེད་ཉམས་སུ་ལོངས༔ མཁར་ཆུ་བཟའ་ཡིས་ཉམས་སུ་སྐྱོང་༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བདག་ཉིད་སྤྱི་གཙུག་འདབ་བཞིའི་སྟེང་༔ ཟེའུ་འབྲུའི་ཨཱོཾ་ལ་འོད་གནས་པ༔ གུ་རུ་རྣམ་པར་རྒྱལ་བ་ནི༔ ཕྱག་གཉིས་ཨཱོཾ་དཀར་རེ་རེ་བསྣམས༔ ཨཱཿནི་ཤར་གྱི་འདབ་གནས་ནས༔ གུ་རུ་རྣམ་པར་གནོན་ཞེས་བྱ༔ ཧཱུྃ་ལས་ལྟེ་བའི་འདབ་སྟེང་ནས༔ གུ་རུ་ཤཱཀྱ་སེང་གེ་ཞེས༔ བཛྲ་ནུབ་ཀྱི་པདྨ་གནས༔ གུ་རུ་དམ་ལྡན་ཞེས་བྱ་བ༔ བྱང་སྟེང་གུ་རུ་གནས་པ་ལས༔ གུ་རུ་སྣང་བྱེད་ཞེས་བྱ་བ༔ མཚམས་ནས་པདྨ་གནས་པ་ལ༔ གུ་རུ་ཆོས་ཀྱི་རྒྱལ་པོ་ཞེས༔ འོད་དྲུག་འཕྲོས་པས་རིགས་དྲུག་ཚ་གྲང་བསལ༔ སིདྡྷི་བྱིན་རླབས་བདག་གཞན་རྣམས་ལ་ཐིམ༔ མི་བརྗེད་ཉམས་ལོངས་མཁར་ཆུ་བཟའ༔ ལན་རེ་ཤུབ་བུར་ཤུབ་བུར་བཟླས༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མགྲིན་པ་འདབ་བཞིའི་དབུ་སྟེང་ན༔ གུ་རུ་དྲུག་ནི་དེ་སྤྲུལ་པ༔ ལན་རེ་རྡོ་རེ་རྡོ་རེ་བཟླས༔ མི་བརྗེད་ཉམས་ལོངས་མཁར་ཆུ་བཟའ༔ ཨཱོཾ་ཨཱ་ཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཐུགས་ཀར་པདྨ་འདབ་མ་དབུ༔ གུ་རུ་དྲུག་ནི་དེ་སྤྲུལ་པ༔ དེ་དང་མཚུངས་པའི་ཉམས་སུ་ལོངས༔ ཡིད་ལ་ཆོངས་ཤིག་མཁར་ཆུ་བཟའ༔ ཨཱོྃ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བདག་གི་ཚངས་བུག་ཨཱོཾ་ལ་ཡང་༔ རྣམ་པར་རྒྱལ་བ་དབྱིངས་ལམ་བཅད༔ ལྟག་རྩ་ཨཱཿལ་གུ་རུ་རྣམ་པར་གནོན༔ འཐབ་ཅིང་རྩོད་པའི་སྒོ་བཅད་པ༔ སྲོག་རྩ་ཧཾ་གནས་ཤཱཀྱ་སེང་གེ༔ བཀྲེས་ཕུང་ཚ་གྲང་རབ་བསལ་བ༔ ལྟེ་རྩ་བཛྲ་དམ་བརྟན་ནས༔ གླེན་རྨོངས་ཚ་གྲང་རབ་གསལ་བ༔ གསང་གནས་གུ་རུ་སྣང་བྱེད་དོ༔ བཀྲེས་སྐོམ་རབ་བསལ་བྱང་ཆུབ་ཐོབ༔ རྐང་མཐིལ་པདྨ་སྲིད་ཐུབ་འཛིན༔ ཚ་གྲང་རིགས་དྲུག་ཡི་གེ་དྲུག༔ རབ་བསྲེག་བྱང་ཆུབ་ས་ཐོབ་པ༔ དེ་བསྒོམ་བཛྲ་གུ་རུ་བཟླས༔ མ་འོངས་འགྲོ་བའི་བུ་སློབ་དོན༔ མི་བརྗེད་ཉམས་ལོངས་མཁར་ཆུ་བཟའ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་རང་ལ་གནས་པའི་ལྷ༔ ཨཱཿནི་ངག་ལ་གནས་བྱས་པ༔ ཧཱུྃ་ནི་ཡིད་ལ་གནས་པའི་རྒྱུད༔ བཛྲ་སྤྱི་བོར་ཡེ་ཤེས་སེམས༔ གུ་རུ་སྐྱབས་ཡུལ་ཞིང་ཁམས་གནས༔ པདྨ་འོད་ཟེར་འཕྲོས་པ་བྱེད༔ སིདྡྷི་བྱིན་རླབས་མཆོག་གི་དངོས༔ མི་བརྗེད་ཉམས་ལོངས་མཁར་ཆུ་བཟའ༔ དེ་ཕྱིར་གུ་རུ་སིདྡྷི་བགྲོངས༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་པད་མ་རྒྱལ་པོའི་སྐུ༔ ཨཱ་ནི་ཤཱཀྱ་སེང་གེ་ཞེས༔ ཧཱུྃ་ནི་པདྨ་སམ་བྷ་ཝ༔ བཛྲ་རྡོ་རྗེ་གྲོ་ལོད་ཅེས༔ གུ་རུ་པདྨ་ཐོད་འཕྲེང་རྩལ༔ པདྨ་བློ་ལྡན་མཆོག་གི་སྲས༔ སིད་ནི་ཉི་མའི་འོད་ཟེར་ཞེས༔ དྷི་ནི་སེང་གེ་སྒྲ་སྒྲོག་ལྡན༔ ཧཱུྃ་ནི་སྔགས་འཆང་པདྨ་འབྱུང་༔ གུ་རུ་མཚན་གྱི་གནོད་བྱེད་སྒྲལ༔ ཉམས་སུ་ལོངས་ཤིག་མཁར་ཆུ་བཟའ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་གནས་པ་ཆོས་ཀྱི་སྐུ༔ ཨཱཿནི་འགྱུ་བ་སྣ་ཚོགས་ལྡན༔ ཧཱུྃ་ནི་རིགས་པའི་ངོ་བོ་ལྡན༔ བཛྲ་མིག་གི་གཟུགས་ལམ་བཅད༔ གུ་རུ་རྣ་བའི་སྒྲ་ལམ་དག༔ པདྨ་སྣ་ཡི་དྲི་ལམ་དག༔ སིད་ནི་ལྕེ་ཡི་རོ་ལམ་དག༔ དྷི་ནི་ལུས་ཀྱི་ཡུལ་དག་པ༔ ཧཱུྃ་ནི་ཡིད་དགའ་སྙན་པ་དག༔ མ་འོངས་བུ་སློབ་རྣམས་ཀྱི་དོན༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོགས༔ ཨཱོྃ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་ཆོས་སྐུ་སྟོན་པའི་གཞིའི་ལམ༔ ཨཱཿནི་ལོངས་སྐུ་གསལ་བ་ལམ་གྱི་གནས༔ ཧཱུྃ་སྤྲུལ་སྐུ་འབྲས་བུ་ཉིད་ཀྱི་སྐུ༔ བཛྲ་ཆོས་ཀྱི་དབྱིངས་ཡེ་ཤེས༔ གུ་རུ་མེ་ལོང་དབྱིངས་ཡེ་ཤེས༔ པདྨ་མཉམ་ཉིད་དབྱིངས་ཡེ་ཤེས༔ སིད་ནི་སོར་རྟོག་དབྱིངས་ཡེ་ཤེས༔ དྷི་ནི་བྱ་གྲུབ་དབྱིངས་ཡེ་ཤེས༔ ཧཱུྃ་གིས་ཉོན་མོངས་དུག་ལྔ་བསྲེགས༔ དེ་ཕྱིར་གུ་རུ་སིདྡྷི་ལྡན༔ རིག་པ་དབྱིངས་རྣམས་གསལ་བའི་གནས༔ རྒྱ་གར་སྐད་ཀྱི་སུ་གྷ་ཞེས༔ ཛྙཱ་ན་ཞེས་བྱ་དོན་ཚང་བ༔ བོད་རྣམས་སྐད་ཀྱི་དབྱིངས་ཡེ་ཤེས༔ སཾསྐྲྀ་སྐད་ཀྱི་དྷི་དྷོ་སྨྲས༔ མཚོ་རྒྱལ་ཐུགས་ཞོག་བུ་རྣམས་དོན༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་ཐ་མལ་ཤེས་པ་རང་རིག་དངོས༔ ཨཱཿནི་ཉེ་བར་ཤེས་པ་དངོས༔ ཧཱུྃ་ནི་ཅིག་ཆར་ཤེས་པ་དངོས༔ བཛྲ་ཆོས་སྐུ་གྲོལ་བའི་གནས༔ གུ་རུ་ལོངས་སྐུ་གྲོལ་བའི་གནས༔ པདྨ་སྤྲུལ་སྐུ་གྲོལ་བའི་གནས༔ སིད་ནི་འབྲས་བུ་ཉིད་གྲོལ་བ༔ དྷི་ནི་བདུད་བཞི་རིགས་བཀབ་པ༔ ཧཱུྃ་ནི་བདུད་རྟོགས་སྐུ་འགྱུར་བ༔ མི་བརྗེད་ཉམས་ལོངས་མཁར་ཆུ་བཟའ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཨཱཿནི་སྤྲོས་བྲལ་དང་འབྲིང་བ༔ ཧཱུྃ་ནི་སྤྲོས་བྲལ་ཆུང་ངུ་ཞེས༔ ཨ༔ ནི་བཟང་བའི་སྤྲོས་པ་ཆེ༔ འ་ཆུང་ལྟ་བ་ཉམས་ཀྱི་བདུད༔ ན་རོ་རྫོགས་པ་རིག་པའི་བདུད༔ ཟླ་ཚེ་ཉོན་མོངས་མངའ་བའི་བདུད༔ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ༔ བཛྲ་རོ་གཅིག་དང་པོ་ཨ་ཀ་རུ་ལུ༔ གུ་རུ་རོ་གཅིག་འབྲིང་པོ་གཟུགས་བརྙན་ལྟར༔ པདྨ་རོ་གཅིག་ཆུང་ངུ་ཕྱོགས་རིས་མེད༔ སིད་ནི་སྒོམ་པ་དང་པོ་པ༔ དྷི་ནི་སྒོམ་མེད་འབྲིང་པོ་ཞེས༔ ཧཱུྃ་ནི་སྒོམ་མེད་མཐའ་མ་མེད༔ སྣང་བ་ཐིག་ལེ་ཉག་གཅིག་འདུས༔ ཐིག་ལེ་གསེར་གྱི་རྡོ་རྗེ་ལྟར༔ བརྟན་པ་ཐོབ་པའི་དོན་མངའ་བ༔ མི་བརྗེད་ཉམས་ལོངས་མཁར་ཆུ་བཟའ༔ དེ་ཕྱིར་གུ་རུ་སིདྡྷི་བགྲོངས༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་སྟོང་ར་རྩ་སྦྱང་བ༔ ཨཱཿནི་རྩ་རྣམས་གསལ་འདེབས་འཕང་༔ ཧཱུྃ་གིས་འབེབས་སྦྱངས་རྩ་སྦྱང་བ༔ བཛྲ་རྡོ་རྗེ་རྩེ་གཅིག་བཅས༔ གུ་རུ་རིགས་དྲུག་ལུས་སྦྱངས་བྱས༔ པདྨ་ཧཱུྃ་རིང་ཧཱུྃ་ཐུང་སྦྱངས༔ སིད་ནི་ཉི་མའི་ཟེར་ལ་ལྟ༔ དྷི་ནི་མུན་ཁུང་འོད་གསལ་བ༔ ཧཱུྃ་ནི་ནམ་མཁའི་མཐའ་བཅད་པ༔ དེ་དང་བྱིན་རླབས་དེ་ལྟར་བ༔ མ་འོངས་འགྲོ་བ་བུ་སློབ་དོན༔ མི་བརྗེད་ཉམས་ལོངས་མཁར་ཆུ་བཟའ༔ དེ་ཕྱིར་གུ་རུ་སིདྡྷི་བགྲོངས༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོཾ་ནི་ཆོས་སྐུ་ཀུན་ཏུ་བཟང་༔ འ་ཆུང་ཆོས་དབྱིངས་ཀུན་ཏུ་བཟང་༔ ན་རོ་རིགས་ལྔའི་དབུ་ལ་བརྒྱན༔ ཟླ་ཚེ་ཁྲག་འཐུང་ཧེ་རུ་ཀ༔ ཐིག་ལེ་མཆོག་གི་འགྲོ་ལ་དགོངས༔ འ་ཆུང་མིག་གི་ལམ་ཆོད་པ༔ ན་རོ་རྣ་བའི་སྒྲ་ལམ་དག༔ ཟླ་ཚེ་སྣ་ཡི་དྲི་ལམ་དག༔ ཐིག་ལེ་ལྕེ་ཡི་རོ་ལམ་དག༔ ཨ་ཆེན་ལུས་དང་ཡིད་དག་པ༔ ཀུན་ཏུ་བཟང་པོ་གཞི་སངས་རྒྱས༔ རྒྱལ་བ་རིགས་ལྔ་ལམ་སངས་རྒྱས༔ ཚོགས་དྲུག་རང་དག་ཉིད་སངས་རྒྱས༔ དུག་ལྔ་རྒྱན་བཀོད་སྐུ་ལྔ་རྫོགས༔ མ་རྟོགས་ཀུན་བཟང་ལམ་དུ་འཁྲུལ༔ ཡིད་ལ་ཟུངས་ཤིག་མཚོ་རྒྱལ་ཉོན༔ ཨཿནི་ལོངས་སྐུ་སྤྱན་རས་གཟིགས༔ གཅིག་པོ་འགྲོ་བའི་དོན་མངའ་བ༔ སྐྱོན་གྱིས་མ་གོས་ཨཿཞེས་བྱ༔ ཉམས་སུ་ལོངས་ཤིག་མཁར་ཆུ་བཟའ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧཱུྃ་ནི་སྔགས་འཆང་པདྨ་ང་༔ ཞབས་སུ་པདྨ་སྡོང་པོའི་དབུ༔ དབུས་སུ་ང་ཡོད་སྣང་མཐའ་ཡས༔ གཉིས་མེད་རྣམ་དག་མཁར་ཆུ་བཟའ༔ བཛྲ་མཚོ་སྐྱེས་རྡོ་རྗེ་དང་༔ གུ་རུ་གྲོགས་བྱེད་མཚོ་རྒྱལ་ཁྱེད༔ པདྨའི་སྐུ་སྤྲུལ་མ་འོངས་འགྲོ་བའི་དོན༔ སིད་ནི་གཏེར་ཁ་དཔག་མེད་སྦས་ཙམ་ནས༔ དྷི་ནི་མ་འོངས་བུ་སློབ་འགྲོ་བའི་བརྡ༔ ཧཱུྃ་ནི་སྔགས་འཆང་འགྲོ་བའི་དོན་མཛད་པ༔ ཉམས་སུ་ལོངས་ཤིག་མཁར་ཆུ་བཟའ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨཱོྃ་ནི་གཏེར་མ་བླ་མ་ཉིད༔ ཨཱ་ནི་ཡི་དམ་ཆོས་ཀྱི་གཏེར༔ ཧཱུྃ་ནི་མཁའ་འགྲོ་ཆོས་སྐྱོང་སྟེ༔ བཛྲ་བདག་ཉིད་ལྷ་བསྐྱེད་པ༔ གུ་རུ་འདྲེ་བགེགས་མཚམས་བསྐྲད་པ༔ པདྨ་རྗེས་ཀྱི་དབང་བཅས་པ༔ སིད་ནི་མཆོད་པའི་རྗེས་བཅས་པ༔ དྷི་ནི་འགྲོ་བའི་དབང་བསྐུར་བ༔ ཧཱུྃ་ནི་གཏོར་མ་རྗེས་ཕྱིར་སྤངས༔ རང་ལུས་སྙིང་གི་བུམ་བྱེད་པ༔ ཕུང་པོ་ལུས་ཀྱི་ལྷ་དབང་བསྐུར༔ དེ་དང་ཉམས་ལོངས་མཁར་ཆུ་བཟའ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མཁར་ཆུ་བཟའ་ཡེ་ཤེས་མཚོ་རྒྱལ་ཉོན༔ སྐྱེ་མེད་ངང་དུ་རང་རིག་སྒོམས༔ འགགས་མེད་ངང་དུ་སྔགས་བསྐྱེད་པ༔ གཉིས་མེད་ངང་དུ་སིདྡྷི་བགྲོངས༔ འདི་ཡི་བྱིན་རླབས་བསམ་མི་ཁྱབ༔ བདག་གིས་བསྐུལ་བ་ཤང་བྲག་གསུང་བར་དམིགས༔ པདྨ་ང་ཡི་ཐུགས་ཀྱི་ཟབ་མོ་བཅུད༔ མ་འོངས་འགྲོ་བའི་དོན་དུ་མཁར་བཟའ་ཁྱོད་ལ་གནང༔ འདི་ནི་གཅིག་གསུངས་ཙམ་གྱིས་བྱང་ཆུབ་ཐོབ༔ འདི་ནི་ཐོབ་པའི་བྱང་ཆུབ་ཐོབ༔ འདི་ཡི་ཡོན་ཏན་བགྲང་མི་ནུས༔ ཨཱོཾ་ཨཱཿཧཱུྃ༔ གསུམ་གནས་པ་ལ༔ སྔགས་གསུམ་ལྷ་གསུམ་དེ་བྱས་པ༔ གོ་ཆ་ལྷ་ལྔ་དེ་བྱས་པ༔ ལྷ་དགུ་ལུས་ཚངས་སིདྡྷི་བཟླས༔ མི་བརྗེད་ཉམས་ལོངས་ཇོ་མོ་མཁར་ཆུ་བཟའ༔ ང་ལ་ཡོད་དེ་འགྲོ་ལ་མེད༔ མ་འོངས་འདུ་བྱེད་ང་རེ་དགའ༔ མཁར་བཟས་མི་བརྗེད་བླངས་ནས་རབ་ཏུ་དགའ༔ བཅུ་དྲུག་ལོ་ཆུང་བུད་མེད་སེམས་མ་ཡང་༔ ཉམས་སུ་ལོངས་ཤིག་མ་འོངས་བུ་ལ་སྤེལ༔ འགྲོ་བའི་དོན་དུ་བདག་གི་སྙིང་གི་བཅུད༔ མཁར་བཟའི་སྙིང་གི་དྭངས་མ་ཁྲག་ལྟར་གཅེས༔ བདག་གི་ལུས་ལ་གཅེས་པའི་སྙིང་ཡིན་པ༔ སྙིང་གི་དྭངས་མ་ཁྲག་འདྲ་འདི༔ མཁར་ཆུ་བུད་མེད་ཁྱོད་ལ་གནང་༔ ཁྱོད་ཀྱིས་སྙིང་གི་དཀྱིལ་དུ་ཆོངས༔ སྙིང་གི་ཁྲག་འདྲ་ལས་ཅན་དོན༔ མ་འོངས་བུ་སློབ་རྣམས་ལ་སྤེལ་བར་བྱ༔ མ་འོངས་ཐོག་མཐའི་བུ་སློབ་འདི༔ བརྩོན་འགྲུས་ཆེ་བ་ཨེ་ཡོང་ངམ༔ སྤྲོས་པ་ནན་ཏན་ཆེ་བ་ཨེ་ཡོང་ངམ༔ འགྲོ་བའི་དོན་ལ་ཆོས་སྤེལ་ཨེ་ཡོང་ངམ༔ བཛྲ་གུ་རུ་བགྲང་བ་ཨེ་ཡོང་ངམ༔ དེ་འདྲ་ཡོང་ན་པདྨ་ང་ཉིད་དགའ༔ ང་ཡི་རྒྱུད་འཛིན་ཆོས་ལ་ཨེ་མོས་ན༔ དེ་འདྲ་ཡོང་ན་ང་འདྲ་རབ་ཏུ་དགའ༔ སྒྲུབ་པ་ནན་ཏན་བྱེད་མི་ཨེ་ཡོང་ངམ༔ ཕ་བཀའ་བརྒྱུད་བསྟན་པ་བཟུང་བ་ཨེ་ཡོང་ངམ༔ སྒྲུབ་རྒྱུད་གང་ཟག་ཕྱིན་ཆད་ཨེ་ཡོང་ངམ༔ རིག་འཛིན་ཆོས་སྤྱོད་འཛིན་པའི་མཐའ་སྐྱོང་ཤོག༔ དེ་འདྲ་བདག་གི་སྙིང་གཏམ་ཨེ་བླང་ངམ༔ པདྨ་ང་ཡི་ཐུགས་ཀྱི་ཟབ་མོ་འདི༔ མ་འོངས་ཟོལ་ཟོག་མཁན་ལ་སྤེལ་མི་ཉན༔ གདམས་ངག་ཟས་སུ་འཇུག་པར་མི་ཉན་པ༔ སྙིང་འདྲ་དྭངས་མ་མི་ལ་སྟེར་མ་ཡིན༔ བདག་གི་མཁར་བཟའ་ཁྱོད་ལ་སྙིང་གཏམ་ཡིན༔ དེ་འདྲ་རིན་ཆེན་མཆོག་གི་དངོས་གྲུབ་སྩོལ༔ མཁར་ཆུ་བཟའ་ནི་ཤེས་རབ་སྤྲོས་པ་ཆེ༔ སྒོམ་ཉིད་འདོད་པའི་སྒོམ་པ་གྲོལ༔ ནན་ཏན་ཆེ་བས་ས་རྣམས་ཐོབ༔ བརྩོན་འགྲུས་ཆེ་བས་འགྲོ་དོན་ཡོང་༔ ཤེས་རབ་ཆེ་བས་ཆོས་མཐར་ཕྱིན༔ བཟོད་དཀའ་ཁྱག་པས་ཆོས་སྐུ་ཐོབ༔ འདི་འདྲ་ངོ་མཚར་བོད་འབངས་རྣམས་ལ་མེད༔ འགྲོ་བ་རྣམས་ལ་པདྨ་ང་ཡི་བཀའ་དྲིན་ཆེ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་འགྲོ་དོན་ཆེ༔ འདི་འདྲ་མ་འོངས་བོད་འབངས་ལས་ཅན་རྣམས༔ པདྨ་མཁར་བཟའ་ལན་དྲན་བདེ་བ་ཐོབ༔ དེ་ཕྱིར་སྐལ་ལྡན་ལས་ཅན་རྣམས༔ འགྲོ་བའི་དོན་ལ་གང་འདུལ་མཛོད༔ ཡེ་ཤེས་མཚོ་རྒྱལ་བུད་མེད་ལུས་བླངས་བ༔ ཤིན་ཏུ་ཉོན་མོངས་བཀྲེས་སྐོམ་རབ་འཇོམས་པ༔ ལྟོག་སྐོམ་ཚ་གྲང་སྡུག་བསྔལ་འབྱུང་བ་མེད༔ མ་འོངས་ལས་ཅན་བོད་འབངས་སེམས་ཅན་རྣམས༔ ཕྱི་མ་ཕ་མ་ངེད་གཉིས་མཐོང་བར་ཤོག༔ བསམ་ཡས་མཆིམས་ཕུ་བྲེ་ཀུ་གཙུག་ལག་ཏུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ང་༔ སློབ་མ་དམ་པ་མཁར་བཟའ་མཚོ་རྒྱལ་ཁྱེད༔ མ་འོངས་འགྲོ་བའི་དོན་ལ་རབ་དགོངས་པས༔ ཐུགས་རྗེས་མཆོག་གི་བདག་གི་ཚངས་པ་སྩོལ༔ སྡིག་པོ་བཙན་ཐབས་སངས་རྒྱས་ཐབས་སྟོན་འདི༔ སིདྡྷི་འདི་རྣམས་ཡོན་ཏན་བགྲང་མི་ནུས༔ ཅི་འདོད་བསམ་པའི་རེ་བའི་བསྒྲུབས་པ་ཡིན༔ མི་བརྗེད་ཉམས་སུ་ལོངས་ཤིག་མཚོ་རྒྱལ་མ༔ ཞེས་གསུངས༔ ཁྱེད་མི་བརྗེད་པ་དེ་དང་ཉམས་སུ་ལོངས༔ ཁྱེད་ལུས་ཆུང་བའི་དུས་སྐབས་མ་མཆིས༔ གནས་འདིར་འགྲོ་བའི་དོན་དུ་ཉམས་སུ་ལོངས་ཤིག༔ ཅེས་གསུངས༔ ཁོ་མོ་བདག་གིས་ཞུས་པ༔ ལགས་སློབ་དཔོན་རིན་པོ་ཆེ་ཤིན་ཏུ་ཡང་བཀའ་དྲིན་ཆེ༔ འགྲོ་བ་སེམས་ཅན་ཐམས་ཅད་སད་ནས་སངས་རྒྱས་པར་ཤོག༔ བསྐལ་པ་ནས་བསྐལ་པའི་བར་དུ་ཁྱེད་ཐུགས་རྗེས་བོད་ཁམས་མུན་པ་ཅན་འདིར་གཟིགས༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ བདག་གིས་རེ་ས་ཉིན་སྒོམ་པ་མཚན་སྒོམ་པ༔ ཁྱེད་མ་འོངས་སེམས་ཅན་ཐམས་ཅད་ཁྱེད་སྒོམ་པ་དང་༔ དྲན་པ་ཁྱོད་ཐུགས་རྗེ་མ་ཆུང་ཞིག༔ བུ་དད་པ་ཆེ་བ་རྣམས་ལ་ཆོས་གནོངས་ཤིག༔ རྒྱུ་རིན་པོ་ཆེ་མོས་གུས་དད་པའི་བགེགས་དགའ་བ་དང་༔ བརྩོན་འགྲུས་ཆེ་བ་ནན་ཏན་ཆེ་བ་ཞེ་བློ་བདེ༔ ལགས་སློབ་དཔོན་རིན་པོ་ཆེ༔ འཇིག་རྟེན་འདིའི་དགོངས་པ་དང་༔ ཅི་ཐམས་ཅད་མི་ཁོམ་པའི་གནས་ལ་གཏང་བ༔ བདག་གིས་ཁ་གཏིང་མེད་པ་ཁྱེད་ལ་མོས་པའི་སྒོས་ཅི་གསུངས་བདག་གི་དོན་དུ་འཆང་བ་ཡིན༔ བསྟོད་པ་ཕུལ་བའོ༔ ཨེ་མ་ཧོ༔ རྒྱ་གར་སྔགས་འཆང་གྲུབ་ཆེན་པདྨ་འབྱུང་༔ འདི་ཡི་སྐུ་མདོག་ཞལ་འཛུམ་མཛེས་ལྡན་མ༔ དྲི་མ་མེད་པའི་སྐུ་ལ་ཕྱག་འཚལ་བསྟོད༔ རྟོགས་པ་ཙམ་གྱིས་ཁོ་མོ་རང་གྲོལ་ཡོང་༔ འདི་ཡི་སྐད་ནི་སཾསྐྲྀ་ཏ་ཡི་སྐད༔ པི་ཝང་ཀ་ལ་ལྟ་བུའི་སྐད་ནི་སྒྲོགས༔ ཚངས་པའི་གསུང་སྒྲ་སྒྲོག་པའི་སྐུ་ལ་བསྟོད༔ སྐད་ཐོས་ཙམ་གྱིས་ཁོ་མོ་ཞེ་རེ་མུག༔ ཐོས་པ་ཙམ་གྱིས་ཁོ་མོ་ཡིད་ལ་འཆང་༔ ཁོ་མོ་བདག་གྲོལ་མཐོང་ཐོས་དྲན་ཐོབ་པ༔ རྫུས་སྐྱེས་སྔགས་འཆང་པདྨའི་གསུང་ལ་བསྟོད༔ སྤྱན་གཉིས་མ་ཡེངས་འགྲོ་ལ་ཐུགས་རྗེས་གཟིགས༔ ཤངས་དཀྱུས་རིང་ཞིང་མཚན་བཟང་དུང་གིས་བརྒྱན༔ སྐད་ཅིག་གཅིག་ནས་གཞོན་ནུ་ལོ་བརྒྱད་པ༔ ཡ་མཚན་རྨད་བྱུང་མཆོག་གི་འདི་འདྲ་བ༔ ལན་གཅིག་རེ་ན་གཞོན་ནུ་བཅུ་དྲུག་ཚོད༔ གཟིགས་ལེགས་ཡ་མཚན་ངོ་མཚར་མཆོག་གི་སྐུ༔ བྱེ་བྲག་གཅིག་ནས་ཞིང་གི་རྡུལ་སྙེད་རེས༔ བྱེ་བ་གཅིག་ནས་དཔག་བསམ་རི་རབ་ཙམ༔ བྱེད་ཚེ་གཅིག་ནས་ཁྱེའུ་ལོ་ལྔ་ཙམ༔ དད་ལྡན་འགྲོ་བའི་ཐབས་ཀྱིས་སྨིན་མཛད་པ༔ འདི་འདྲ་ངོ་མཚར་སྤྲུལ་པ་གྲངས་མེད་འགྱེད༔ འགྲོ་བ་ཡོངས་ལ་བཀའ་དྲིན་འདི་ཆེ་བ༔ ལས་ཅན་རྣམས་ཀྱིས་བླ་མ་སྤྲུལ་པ་ཆེ༔ ཁོ་མོ་བདག་གི་བླ་མ་ངོ་མཚར་ཆེ༔ ངོ་མཚར་ཆེ་བའི་བླ་མ་འདི་འདྲ་བ༔ ལས་ཅན་ཚུལ་ཅན་ཁོ་མོ་བདག་གི་ལུས༔ མི་བརྗེད་བསམ་ཞིང་ཡིད་ལ་འཆང་༔ དྲིན་ཅན་བླ་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་ཞུས༔ ཨུ་རྒྱན་རིན་པོ་ཆེ་ལགས༔ ང་ལ་ཀུན་རྫོབ་དང་༔ རྒྱུའི་དོན་དང་ཐབས་སྣ་ཚོགས་དོན་མི་འཆང་བ༔ ངེས་དོན་ཡོངས་རྫོགས་གཅིག་གནང་༔ ཐབས་ལ་གནས་ཚད་ང་ལ་རག་མ་ལས་པ་ཐབས་འདུལ་ལགས༔ ལར་ཁམས་སུ་འགྲོ་བའི་དོན་མཛད་པ༔ ང་ཁོ་མོ་སྒོམ་པ་མེད་ན་སྒོམ་སྙིང་འདོད༔ ངའི་ཁྱེད་ཀྱི་བཀའ་མི་བཅག་པ་ངེས་པར་དོན་མངའ་བར་བྱའོ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ མ་འོངས་བུད་མེད་ཆོས་ལ་བསྒྱུར་བ་གྲོལ་བའི་ཐབས་ཨེ་ཡོད་ལགས་ཞུས༔ པདྨའི་ཞལ་ནས༔ འཇིག་རྟེན་བུད་མེད་ཁྱོད་དང་མི་འདྲ་བ་གྲོལ་མི་ཐུབ་པ༔ འཇིག་རྟེན་གྱི་གཉེན་ལ་མོས་པ་སྣང་བའི་གཟུགས་ལ་དགའ་བ༔ དེ་དང་དུས་མི་མཚུངས་པ་ཁྱོད་དང་འདྲ་བ་མེད་པའོ༔ ལར་འགྲོ་བ་སེམས་ཅན་དུག་གི་སྡོང་པོ་དང་འདྲ༔ ཕན་ཚུན་འཐབ་རྩོད་ཀྱིས་སྲོག་གཅོད་པ་འདི་ཨ་ཙ་མ༔ འཆི་ན་ཐར་ལམ་མེད་པ༔ གསོན་ཏེ་སྡིག་སྤྱོད་ཆེ་བ་འདི་འདྲ་ཤིན་ཏུ་སྐྲག༔ ཡེ་ཤེས་མཚོ་རྒྱལ་རྒྱུད་པའི་དོན་མ་མཆིས༔ ཉེ་བར་སྔགས་དང་བར་དུ་རང་བཞིན་ཤུགས་ཀྱིས་དྲངས་བའི་ཐབས༔ དེ་དང་དུས་མཉམ་པའི་དུས༔ འོད་དཀར་སེར་དམར་ལྗང་དེ་དང་མཚུངས༔ སྣང་བའི་ལམ་ཐག་བཅད་པ༔ ཁྱོད་བུད་མེད་འགྲོ་བ་གཏམ་པ་ཉུང་བ་བྱེད་པ༔ སྣང་བའི་ལམ་དུ་གནས་པར་བྱ༔ བུད་མེད་འགྲོ་བའི་དུས་སུ་ཏ་ལེ་འགྲོ་བ་ཏ་ལེར་འདུག་པ༔ མིག་གྲུ་གང་སྣ་རྩེ་ལྟ་བ་གཏམ་ནས་ཏ་ལེ་བྱེད་དགོས་པ་ཡིན་ཏེ་ཁྱོད་རང་མཁར་ཆུ་བཟས་དལ་ཤེས་པར་འདུག༔ དེ་མིན་པའི་འགྲོ་བའི་དོན་བྱས༔ གཞན་གྱི་བུད་མེད་དེ་འདྲ་མི་བྱེད་པ༔ ཤིན་ཏུ་ཡང་མཐོ་རིས་ལྷ་གནས་མེད་གསུངས༔ ཁོ་མོས་ཞུས་པ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ བདག་ལ་དབང་བསྟན་དགྲ་བསྒྲལ་བའི་ཐབས་གཅིག་གནོངས་༔ བོད་འབངས་ལས་ཅན་འབྲས་བུ་ཟོལ་ཟོག་ཅན་གྱིས་བཟུང་༔ བོད་འབངས་ལས་འཕྲོ་ཆོས་རྣམས་གཡོ་སྒྱུ་མཁན་གྱིས་བཟུང་༔ ལྟ་བ་ཁ་ཁྱེར་བ་བྱ་ལྟར་བརྒྱུགས་ནས་སྟོད་མི་རུང་བ་དེ་རྣམས་ཐབས་སྟོན་ལགས་ཞུས༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཉོན་ཅིག་ཡེ་ཤེས་མཚོ་རྒྱལ༔ དང་པོ་ལུས་བཅས་གཤིན་རྗེ་འཇིག་རྟེན་སྐྲ་ལ་བསྒྱུར་བ༔ གནམ་ས་ཁ་བཟློག་བྱ་བ༔ ས་གཞི་གདན་དུ་སྤྲུགས་པ༔ བྱད་མ་གཤིན་རྗེ་འཇིག་རྟེན་དམར་ནག༔ དམར་གྲི་སྤྱང་མོ་ཁྲག་ལ་ངར་བླུད་པ༔ སེར་གྲི་འཕར་སྤྱང་ཁྲག་གིས་ངར་བླུད་པ༔ ལྕགས་གྲི་གྲི་ངར་བླུད༔ བསྲུང་བའི་འཁོར་ལོ་མི་བྱེད་གཡོན་དུ་བྲི༔ བར་བར་མིང་དང་མཁན་ལ་སྤེལ༔ བར་སྐབས་རླུང་དང་ཆུ་ལ་བསྐོར༔ ལན་རེ་མེ་ལ་བསྐོར༔ འཇིགས་བྱེད་སེམས་གཉིས་བྱེད་པའི་ཐབས་མི་གདའ༔ མ་འོངས་བུ་སློབ་ཀུན་ལ་འཁུ་བ་ཉམས་སུ་ལོངས་ཤིག་གསུངས༔ དེ་དང་དུས་མཉམ་དུ་འོད་རྟོགས་པར་བྱ༔ མཚོ་རྒྱལ་ཞུས་པ༔ ལགས་སློབ་དཔོན་རིན་པོ་ཆེ༔ ང་མཁར་བཟའ་ཤེས་རབ་ཆུང་དེ་ནན་ཏན་ཆེ༔ དང་པོ་ཡེ་མེད་པའི་དུས༔ རྒྱལ་བ་རྣམ་པ་ཐམས་ཅད་མཁྱེན་པ༔ ཡང་དག་དོན་གྱི་མཆོག་ཆེན་པོ༔ ཐབས་ཤེས་གང་འདུལ་བརྩོན་པ་དང་༔ གོ་ཆ་ལྷ་ལྔའི་རྒྱུད་གང་ཡིན་པ་བདག་ལ་ཅི་གསུངས་ནས་འགྲོ་བའི་དོན་ལགས༔ ཨུ་རྒྱན་གྱི་ཞལ་ནས༔ འབྱུང་བ་བཞིའི་དང་པོ་ཀུན་ཏུ་བཟང་པོ་འཁྲུངས་པ༔ དེའི་ཐུགས་ལ་རྒྱལ་བ་རིགས་ལྔ་འཕྲོས་ནས་དེ་རྣམས་འོད་འཕྲོས་ནས་པདྨོ་བཀོད་པའི་ཞིང་ཁམས་ནས་སངས་རྒྱས་དཔག་ཏུ་མེད་པ་སྟོང་རྩ་གཉིས་རྡོ་རྗེ་འཆང་གིས་སྤྲུལ་པ་འཕགས་པ་འཇམ་དཔལ༔ སངས་རྒྱས་དཔལ་གྱི་ཏོག་ཅེས་སྤྲུལ་པ་རྟ་མགྲིན་རཱུ་ཏྲ་འདུལ་བའི་སྐབས༔ སངས་རྒྱས་སྟོང་གི་ནང་དུ་མ་ཚང་བ་ཕྱག་ན་རྡོ་རྗེ་སངས་རྒྱས་དུས་མཉམ་དུ་ཡོད་པ༔ ཀུན་བཟང་ཡུམ་ཆེན་དང་རྒྱུད་པའི་མཁའ་འགྲོ་དེ་དང་དུས་མཉམ༔ འཇམ་དཔལ་འཕྲིན་ལས་སྤྲུལ་པ་ཡཀྴ་མེ་དབལ་ལ་ལྷ་མཆོག་གི་སྤྲུལ་པ་དབང་དྲག་པདྨའི་སྐུར་བཞེངས་ནས༔ དེ་སྐུ་ལྔ་ཡོངས་རྫོགས་གོ་ཆ་ལྷ་ལྔ་འཕྲོས༔ སྲ་བའི་གོ་ཆ་ཡིན་པ་དང་༔ རྣོ་བའི་མཚོན་ཆ་ཡིན་པ་ཁོང་གི་སྙིང་འདྲ་བ་གོ་ཆ་ལྷ་ལྔ་འདི་མ་ཡོད་པའི་ཐབས་སྣང་སྲིད་དབང་དུ་མི་འདུའོ༔ མི་བརྗེད་པ་མཚོ་རྒྱལ་ཉམས་སུ་ལོངས༔ ཞེས་གསུངས༔ མཚོ་རྒྱལ་ཞུས་ནས༔ དེ་རྒྱུད་པ་དང་ཐབས་སྣ་ཚོགས་དེ་དང་མཐུན་པ་ལགས༔ འབྱུང་བཞི་མ་ཆགས་པའི་སྔོན་རོལ་ནས༔ སངས་རྒྱས་ཀུན་ཏུ་བཟང་པོ་འཁྲུངས་པ་ལྟར་གསུངས༔
ཨུ་རྒྱན་གྱི་ཞལ་ནས༔ སྟོང་པ་ལ་གྲུབ་པའི་དྲོད་སྐྱེས་པ༔ གསལ་བ་དེ་གཉིས་ལ་རིག་པ་ཀུན་ཏུ་བཟང་པོ་གཉིས་གྲུབ་པ༔ སེམས་ཅན་ལམ་དུ་འཁྲུལ་པ༔ ཀུན་ཏུ་བཟང་པོ་དབུགས་ལ་རླུང་ཆགས༔ ཐུགས་ལ་ཨེ་འཕྲོས་པ་ནམ་མཁའ་ཆགས༔ ཤ་ལ་གྲུབ་པའི་ས༔ ཁྲག་ལ་གྲུབ་པའི་ཆུ༔ དྲོད་ལ་གྲུབ་པའི་མེ་ཆགས་པ༔ ལྗོན་ཤིང་ལྷུང་བཟེད་ནས་གླིང་བཞི་འཁྲུངས་པ༔ ཐུགས་ཀ་ནས་རིགས་ལྔ་སྐུའི་ཞི་ཚུལ་རྡོ་རྗེ་འཆང་སྐུར་བཞེངས་པ༔ དེ་ནས་འོད་ཟེར་མི་འདྲ་བ་འཕྲོས་ནས་སངས་རྒྱས་དཀར་སེར་དམར་ལྗང་རིགས་མི་འདྲ་བ་ནུབ་ཕྱོགས་པད་མོ་བཀོད་པའི་ཞིང་མི་འདྲ་བ་བཞུགས་པ༔ དེ་རྣམས་ལས་འོད་འཕྲོས་ནས་སྣང་མཐའ་འོ་མ་ཅན་འཁྲུངས་པ་འོད་སྲུང་བསྟན་པའི་དུས༔ འཁོར་ལོས་བསྒྱུར་རྒྱལ་འཁྲུངས་པ༔ འོད་སྲུང་བསྟན་པ་ནུབ་ཁ་ནས་ང་རྒྱལ་བ་ཤཱཀྱ་ཐུབ་པ་འཁྲུངས་པ༔ དེར་མྱ་ངན་ལས་འདས་ནས་ང་སྐྱེས་བུ་འཁྲུངས་པ་ཞི་བའི་ཚུལ་ནང་ལྟར་ཀུན་ཏུ་བཟང་པོ༔ ཁྲོ་ཚུལ་ན་ཕྱི་ལྟར་ཆེ་མཆོག་ཧེ་རུ་ཀ༔ དེ་ཁོ་ན་ཉིད་ཁྲོ་ཚུལ་གསང་བ་ལྟར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིན༔ སངས་རྒྱས་སྟོང་རྩ་གཉིས་མ་རྫོགས་བར་དུ་ངའི་སྤྲུལ་པ་རིག་འཛིན་གཅིག་གིས་འགྲོ་དོན་དུས་མཉམ་དུ་བྱེད་དགོས་པ་ཡིན༔ ཁྱོད་དེ་ལྟར་ཞིབ་ཏུ་ཁྱེད་ལ་སྟེར་བ་ཁྱེད་ཉམས་སུ་ལོངས་ཤིག༔ ང་སྐྱེས་བུ་མདངས་ལྡན་འཁྲུངས་པ༔ རྒྱ་གར་ཡུལ་ནས་ཆོས་མང་པོ་གསུངས་པ༔ བཀའ་འདི་ཆོས་ཀྱི་རྒྱ་མཚོ་ཨིནྡྲ་བྷོ་དྷིའི་ཡུལ་ནས་གསུངས་པ༔ ལོ་ཙཱ་བཏང་ནས་མ་འོངས་དོན་དུ་ལྷོ་གཏེར་འདི་ནས་སྦས༔ བསྐལ་པ་སྙིགས་མའི་དུས་ན་དེ་བསྟན་འཛུགས༔ ཁྱོད་དེ་ལྟར་ཉམས་སུ་ལོངས་ཤིག་ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ རྒྱུད་དང་ཀུན་རྫོབ་དོན་དམ་དེ་རྣམས་སྙིང་པོ་གང་ཡིན་ལགས༔ པདྨའི་ཞལ་ནས༔ རྒྱུའི་སྦྱིན་པ་དགེ་བའི་སྟོབས༔ འདུལ་ཁྲིམས་བསྲུངས་བ་ཚུལ་ཁྲིམས་སྟོབས༔ ཁོང་ཁྲོ་མེད་པ་བཟོད་པའི་སྟོབས༔ ནན་ཏན་བྱེད་པའི་བརྩོན་འགྲུས་སྟོབས༔ གཡེང་བ་མེད་པ་བསམ་གཏན་སྟོབས༔ ས་བཅུ་ཐོབ་པ་ཤེས་རབ་སྟོབས༔ ཀུན་རྫོབ་དམ་པའི་ཆོས་ཀྱིས་ནན་ཏན་བྱེད་ནས་ཀུན་རྫོབ༔ དོན་ཆོས་ཀྱི་སྒོ་མཐར་ཕྱིན་པ༔ སེམས་ཉིད་ཆོས་སྐུ་ནི་དོན་དམ་ཡིན་པའི་དེ་དང་ཉམས་སུ་ལོངས་ཞེས་གསུངས༔
མཚོ་རྒྱལ་ཞུས་པ༔ ལགས་སློབ་དཔོན་རིན་པོ་ཆེ༔ ཆོས་སྐུ་རྒྱུད་ཆོས་ཀྱི་ཚུལ་བསྟན་པ༔ ལོངས་སྐུ་རྒྱུད་ཆོས་ཀྱི་སྒོ་འབྱེད་པ༔ སྤྲུལ་སྐུ་ཚུལ་ཆོས་ཀྱི་མཐའ་སྐྱོང་བ༔ དེ་ཇི་ལྟར་དུ་ཕུལ་དུ་བྱོན་ལགས༔ པདྨའི་ཞལ་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་རྒྱུད་སྟོང་པ་ཉིད་ཀྱི་རྫོགས་རིམ་གྱི་ཁྲིད༔ ལོངས་སྐུ་རྒྱལ་བ་རིགས་ལྔ་གསལ་བའི་དབུ་བ་སྤུ་མཁའ་འགྲོ་གྲངས་མེད་ཡོད༔ བདག་ལ་གསུངས་ཏེ་མ་འོངས་པའི་འགྲོ་བའི་དོན༔ སྲིན་པོ་དེ་བས་མ་འོངས་བསྐལ་པའི་མཐའ༔ ཨུ་རྒྱན་ཁོ་མོ་གཉིས་ལ་རེ་ས་གནས༔ ཐུགས་ངལ་མ་མཛད་བརྫུས་སྐྱེས་པདྨ་འབྱུང་༔ སྐུ་ཆགས་ཆེ་སྟེ་རྒྱ་གར་གྲུབ་ཆེན་པ༔ བཀའ་དྲིན་ཆེ་སྟེ་བོད་ཀྱི་སྔགས་འཆང་བ༔ ཐུགས་ནི་ཁྲོ་མེད་ཐུགས་ནི་ཞིབ་མོ་མཛོད༔ ཁོ་མོ་རེ་ས་རྫུས་སྐྱེས་པདྨ་འབྱུང་༔ ཡུན་རིང་དུས་གཅིག་སྐྱེ་བ་མི་སྲིད་དམ༔ མི་ཚེ་རིང་ཞིང་གང་ཡང་ཆ་མི་ཆོད༔ མ་འོངས་བུ་སློབ་སེམས་ཅན་སྙིང་རེ་རྗེ༔ ཐུགས་ངལ་མ་མཛད་རྫུས་སྐྱེས་པདྨ་འབྱུང་༔ བདག་ལུས་ཕུལ་བའི་སྐྱིད་སྡུག་ཁྱེད་ཤེས་གྱིས༔ ཐུགས་རྗེས་གདུལ་བྱ་བོད་ཀྱི་ཞིང་ཁམས་སུ༔ ཀུན་ཏུ་བཟང་པོ་སྣང་མཐའ་ཤཱཀྱ་ཐུབ༔ སྤྱན་གཟིགས་སྔགས་འཆང་རྫུས་སྐྱེས་པདྨ་འབྱུང་༔ འགྲོ་བའི་རེ་ས་ཀུན་འདུས་པདྨ་ཁྱེད༔ ཁོ་མོ་བདག་ལ་གསུངས་ཏེ་དྲངས་དུས་མེད༔ བརྫུས་སྐྱེས་སྐུ་ལུས་བ་སྤུ་གྲངས་མེད་ལ༔ རྒྱལ་སྲས་ཚད་འཛིན་དེ་སོས་བྱེ་བ་ཕྲག༔ ཁྱབ་ཀྱི་ཁྱི་རྫི་བུ་ཡིས་སྨོན་ལམ་བཏབ༔ མཆོད་རྟེན་འདི་ལ་བུམ་པ་ངས་བཏགས་ནས༔ མགོ་ནག་ཡོངས་ཀྱི་རྒྱལ་པོ་ང་གྱུར་ནས༔ སུ་ཡང་འགྲན་བཙུགས་མེད་པར་ཤོག་ཅེས་གསུངས་ནས་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡིན༔ དེའི་དུས་སུ་སྦྲུལ་བསད་པ༔ བཙུན་མོ་དམར་རྒྱན་ཡིན་པས་ད་ལྟ་དབང་ཤོར་བ་དེའི་ལན་ཆགས༔ འབྲུ་ཟས་ཟ་དུས་བསད་པ༔ ཕག་རྫི་བུ་ངས་སྨོན་ལམ་བཏབ་པ༔ མཆོད་རྟེན་འདི་ལ་བུམ་པ་ངས་བཏགས་ནས༔ རྫུས་སྐྱེས་ལྷ་འདྲེ་མི་གསུམ་འདུལ་བར་ཤོག༔ དེར་ང་པདྨ་འབྱུང་གནས་ཡིན་པས་དེའི་དུས་གྲོག་མ་གཅིག་བསད་ནས༔ སྟག་ར་ཀླུ་གོང་ཡིན་པས་འདི་སྐབས་འདུལ་དགོངས་པའི་དོན༔ བྱ་རྫི་བུས་སྨོན་ལམ་བཏབ་པས་མཆོད་རྟེན་འདི་ལ་བུམ་པ་ངས་བཏགས་ནས༔ མཁན་དུ་གྱུར་ནས་མཁན་སློབ་ང་ལས་ལྷག་པོ་མེད་པའི་སྨོན་ལམ་བཏབ་པ་ཡིན༔ རྐང་ཞབས་དུ་འབུ་ནག་གཅིག་ཤི་ནས་བཙུན་མོ་དམར་རྒྱན་ཡོད་པའི་ས་ནས༔ ཕྱག་འཚལ་དགོས་པའི་ལས་རྟ་རྫི་བུས་སྨོན་ལམ་བཏབ་ནས༔ དེ་དུས་འཕྲིན་བློན་བྱེད་པའི་སྨོན་ལམ་བཏབ་ནས༔ དེའི་དུས་གླང་དུ་རྡོ་བརྒྱབ་ནས་རྣམ་སྨིན་རྩིབ་མ་གཡས་ན་ཡོད༔ གླང་དེས་བསྟན་པ་བསྣུབ་པའི་སྨོན་ལམ་བཏབ་ནས་ཅི་ཡང་མི་མ་ཡིན་པའི་ཐབས༔ ཕོ་རོག་ཐོག་ཏུ་ངས་འདུལ་བའི་སྨོན་ལམ་བཏབ༔ དུས་སྐབས་དུད་འགྲོ་སྤྲུལ་པ་རྒྱབ་ན་ཤ་མཚན་དམར་པོ་འདུག༔ དམར་རྒྱན་སྤྲུལ་པ་ངོ་ལ་ཁྲག་ཐིག་འདུག༔ སྟག་རས་སྤྲུལ་པ་སྐེ་ན་ནག་མཚན་འདུག༔ དེ་འདྲ་བ་ཡིན་ཏེ་ཉམས་སུ་ལོངས༔
ཨུ་རྒྱན་གྱི་ཞལ་ནས༔ དང་པོ་གདོད་མ་རྣམ་པར་དག་མཛད་པ༔ མི་མིན་འདྲེ་ཡུལ་ཆོས་ལ་ཉན་པ་མེད༔ མཚོ་རྒྱལ་ཚེ་གཅིག་བྱང་ཆུབ་ཐོབ་སླད་དུ༔ ད་ཡང་དམ་པའི་ཆོས་ཕྱིར་ཐུབ་མི་སྲིད༔ ཡུན་རིང་བུ་མོ་ཆོས་རྣམས་རང་གྲོལ་ནས༔ རི་ཁྲོད་གནས་འགྲིམ་ཞི་བའི་ལས་རྣམས་མེད༔ ཁོ་མོ་རྗེས་ཕྱིར་སྤོངས་དང་ཆོས་མེད་པ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་ང་ལ་གསོན༔ ཐུགས་དམ་དགོངས་འཕེལ་རི་ཁྲོད་གནས་སུ་འདུག༔ ཀུན་གཞི་བརྟན་པའི་མོ་ལུས་འདི་ཐོབ་པ༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐབས་མི་དགོངས༔ རྗེ་ཕྱིར་ཆོས་རྣམས་ཉན་པར་ལས་མི་མེད༔ རི་ཁྲོད་གནས་སུ་ད་འགྲོ་མགོན་རྩལ་མཛད༔ དེ་འདྲ་ཆོས་སྤྱོད་མི་ཐུབ་སེམས་ཉིད་བསྒོམ་ཞེས་གསུངས༔ མཚོ་རྒྱལ་ཞུས་པ་ལགས༔ སློབ་དཔོན་ཆེན་པོ་འཇིག་རྟེན་འདི་རྣམས་མ་ཉན་པ་མེད་པས༔ མ་འོངས་སེམས་ཅན་ཐམས་ཅད་ཀྱི་དུས་ཚེ་རབས་དུ་དམ་པའི་ཆོས་རྒྱུད་ལ་འཛིན་ནས་ཁོ་མོ་མི་བརྗེད་ཐོབ་པའི་འགྲོ་ལ་སྤེལ་གསུངས་ནས་འདི་གསོལ་ཏོ༔ ཀྱེཿ ཨུ་རྒྱན་ཆེན་པོ་པདྨ་འབྱུང་༔ མི་རྣམས་སྲིན་པོ་ཆོས་ལ་མོས་པ་མེད༔ མི་མིན་འདྲེ་ཡུལ་བྱ་རོག་གདོང་ཅན་འདིར༔ སྲིན་པོ་དགེ་མེད་སྡིག་ལ་མོས་པ་ཡོད༔ ཆོས་རབ་ཉན་པའི་སྲིན་པོ་སྣོད་མི་ལྡན༔ བཀའ་བློ་བསྟན་པའི་ཁོ་མོ་ང་འདྲ་བ༔ བདག་ལ་གསུངས་ཏེ་གཟིགས་པོ་དོན་མ་ཡིན༔ རང་ལུས་ལྷ་རྣམས་བརྒྱ་སྟོང་དཔག་མེད་རྣམས༔ མ་དཔེ་ལྡེབ་ངོ་གཉིས་ཆད། བརྒྱན་པ་ཆོས་ཀྱི་སྒོ༔ གང་འདུལ་རིག་པ་དྲི་མ་མེད་པ་ལ་དོན་མཐར་ཕྱིན་པ་དང་ཉམས་སུ་ལོངས་ཞེས་གསུངས༔ ཁྱེད་བུད་མེད་བརྩོན་འགྲུས་ཆེ་བ་དེ་སྐབས་ནས༔ ཆོས་མོས་པ་དགེ་བ་ལ་འཇུག་པ་བསྐུལ་མཆོག་ཡང་དག་དོན༔ འདི་ལྟར་གཅེས་པའི་ཉམས་སུ་ལོངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ཨུ་རྒྱན་རིན་པོ་ཆེ་ལགས༔ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འདི་དང་ཁྱེད་སྔ་རབས་གང་འདུལ་གྱི་ཐབས་ཨེ་ཡིན་ལགས༔ པདྨའི་ཞལ་ནས༔ རིགས་ཀྱི་བུ་མོ་ཉོན་དང་༔ བལ་པོ་ཡུལ་ཕའི་མིང་བ་རྒོད་ཀྱི་དེའི་བུ་བཞི་ལ་རྫུས་ཁྱི་རྫི་ལ་ཁྱི་དར་སྐྱབས་མིང་༔ ཕག་དར༔ བྱ་ལོ༔ རྟ་ཕྱུགས༔ དེ་དཔོན་པོ་ཁ་གདུང་མིང་སྲིད༔ དེ་བཞི་ངེད་བཞི་བལ་ཡུལ་དེར་མཆོད་རྟེན་གཅིག་བཞེངས་ཟེར་བ༔ དཔོན་པོ་ཁྱེད་མཆོད་རྟེན་བཞེངས་ནས་མི་རྣམས་ཅི་ཡང་ཟེར་བ་མ་བཞེངས་གསུངས༔ ངེད་བཞི་ཀ་ཤོར་ནི་མ་བཞེངས་ནས་ཕན་མེད་སྨྲས༔ གླ་དཔོན་པོ་སྦྱིན་པ་མཆོད་རྟེན་བཞེངས་ནས༔ ཁྱི་དར་འཆང་བ་ཙམ་གྱིས་འགྲོ་བའི་དོན༔ བླ་མའི་སྐུ་ནི་ནམ་མཁའ་འདྲ༔ གཡོ་བ་མེད་པ་ཆོས་ཀྱི་སྐུ༔ བླ་མའི་གསུང་ནི་ཚངས་པའི་དབྱངས༔ ཀ་ལ་པིང་ཀ་ལྟ་བུའི་ཆོས་གཅིག་གསུངས༔ ཁོ་མོ་རྣ་ལམ་ཐོས་ཏེ་ཡིད་ལ་འཆང་༔ བླ་མའི་ཐུགས་ནི་ཉི་ཟླ་འདྲ༔ ཁོང་གི་སྙིང་འདྲ་བདག་ལ་གསུངས༔ བདག་གིས་ཡིད་འཆང་འགྲོ་ལ་གསལ༔ ཁོ་མོ་དྲན་ཞིང་ཁྱོད་བསམ་མོ༔ ཨ་ཙམ་བླ་མ་དྲན་པར་བྱ༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ མ་འོངས་བུ་རྣམས་དོན་དུ་ཐུགས་ངལ་མ་མཛད་ཅིག༔ ཁོ་མོ་བདག་ལ་ཐུགས་ངལ་མཛད་ཙམ་ན༔ ཁོ་མོ་བདག་གིས་ཞེ་བློ་བདེ༔ བླ་མས་ཅི་གསུངས་དམ་པའི་ཆོས༔ ཐུགས་ངལ་མཛད་པས་ཁོ་མོ་རྣ་ལ་སྙན༔ ཆོས་རྔ་ཆེན་པོ་ལྟ་བུར་ཕེབས་པར་ཤོག༔ སྐུ་མདོག་མཚན་དང་ལྡན་པའི་ལྷམ་མེ་བ༔ ཉི་སྟོང་གཟི་བརྗིད་རི་རྒྱལ་བརྗིད་ཆེ་བ༔ ཁོ་མོ་བདག་གིས་ལན་ལྟས་མཐའ་ཡིད་སྐྱིད༔ ཁོ་མོ་བདག་ལ་ཐུགས་ངལ་མཛད་པར་ཞུས༔ འགྲོ་ལ་བརྩེ་བའི་ཐུགས་རྗེས་ཟུངས༔ ཁོ་མོའི་ཞུ་ཕོད་བྱས་པའི་དོན་མ་གསུངས༔ གནས་པའི་ཉམས་ལ་དག་པའི་ཞུས༔ སྣང་བའི་རིག་པ་ཉམས་པ་སྣང་བའི་གཞི༔ ཞི་བ་ཙམ་གྱིས་རིག་པ་གྲོལ༔ སངས་རྒྱས་སྐུ་ལ་དྲག་པོ་ཞུས༔ ཞུ་བ་ཙམ་གྱིས་དམ་ཆོས་མཛད༔ བརྩོན་འགྲུས་ཙམ་གྱིས་བྲག་བཀའ་བ༔ ལྡེབ་ཆད་ཉམས་པ་མེད་པའི་ཆོས་ཤིག་གསུངས༔ རྫུས་སྐྱེས་ལོ་བརྒྱད་ཆུང་བ་བདག་གིས་ཞུས༔ སྐུ་མདོག་ཞལ་འཛུམ་མདངས་བའི་ཞུས་ཕོད་ཡིན༔ ཁྱེའུ་ཆུང་བའི་བུ་ཆུང་གཞོན་ནུ་ལུས༔ ཁོ་མོ་ན་ཆུང་འདྲ་བའི་ཞུ་བ་ཕུལ༔ ཐུགས་ངལ་མ་མཛད་སྤྲུལ་སྐུ་རིན་པོ་ཆེ༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ ཅེས་ཞུས༔ མ་འོངས་འགྲོ་བའི་བུ་སློབ་རྣམས༔ ཆོས་ཀྱི་མཐར་ཕྱིན་བསྟན་པ་ཨེ་བཟུང་ངམ༔ རྫུས་སྐྱེས་བཀའ་དྲིན་ཆེ་བ་ཨེ་གསུངས་ནས༔ ཁོ་མོ་དྲིན་ཅན་བསམ་པ་ཨེ་གསུངས་ནས༔ བོད་འབངས་དོན་དུ་པདྨའི་བཀའ་ཆེ་བ༔ ཁོ་མོ་བདག་ནི་དྲིན་ཆེ་བ༔ གསོལ་བ་བཏབ་པ་དྲིན་ནི་ཨེ་ཡོད་དམ༔ དྲན་པ་ཙམ་གྱིས་མཐོ་རིས་ཐར་ལམ་ཟིན༔ མ་འོངས་བུ་སློབ་རྗེས་ཕྱིར་ཨེ་སྐྱོང་ངམ༔ ལྷུན་པོ་རབ་དྲུང་རི་བྲག་གཅིག་བཀོད་དེ༔ དེ་བཀོད་འགྲོ་དྲུག་སེམས་ཅན་ཐམས་ཅད་རྣམས༔ རྫུས་སྐྱེས་པདྨས་ཐུགས་རྗེས་བཟུང་བར་ཞུས༔ སྔགས་འཆང་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཁོ་མོ་སྙིང་རུས་ཅན་ལ་ཆོས་གཅིག་གསུངས༔ ཁོ་མོ་མི་བརྗེད་ཐོབ་པ་བླ་མའི་དྲིན༔ ཤེས་རབ་ཆེ་བ་བླ་མའི་དྲིན༔ སྤྲོས་པ་ཆེ་བ་བླ་མའི་དྲིན༔ ནན་ཏན་ཆེ་བ་བདག་གི་ལུས༔ བརྩོན་འགྲུས་ཆེ་བ་བདག་གི་ལུས༔ གཏོང་ཕོད་ཆེ་བ་བདག་གི་ཡིད༔ ཁོ་མོ་རྗེས་ཕྱིར་སྐྱོང་བར་བཞེས༔ བཟོད་དཀའ་ཁྱག་པ་ཁོ་མོའི་ལུས༔ ཁོ་མོ་བདག་ལུས་སྙིང་རུས་ཆེ༔ སྙིང་རུས་ཆེ་བ་རྗེ་བཙུན་འདི་དང་མཇལ༔ འཆི་ན་འགྱོད་ཀྱི་ལས་དབང་མེད༔ གསོན་ཏེ་རྫུས་སྐྱེས་བཀའ་བསྒྲུབ་བོ༔ བདག་གི་བླ་མ་ངོ་མཚར་འདི་སྤྲུལ་ཆེ༔ གཞོན་ནུ་ལོ་བརྒྱད་ན་ཚོད་མཚར་རེ་ཆེ༔ ཁོ་མོ་བདག་གི་རྟོགས་པ་དངོས་འདྲ་བ༔ ཁོ་མོས་ཞུས་པས་རྫུས་སྐྱེས་པདྨས་གསུངས༔ ལན་གཅིག་བལྟས་ན་བསྐལ་པ་མཐའ་མ་སྐྱིད༔ འདི་འདྲ་ཁོ་མོ་ཞེ་བློ་བདེ༔ འདི་འདྲའི་ཁོ་མོ་ཅི་བསམ་འགྲུབ༔ སྤྱོད་པ་དམན་པའི་ལས་ལ་ཤོར་བ་མེད༔ མ་འོངས་འགྲོ་བའི་དོན་དུ་རྫུས་སྐྱེས་དགོངས༔ ཐུགས་རྗེ་མ་ཆུང་པདྨ་འབྱུང་༔ བྱིན་རླབས་མཆོག་དེ་ཁོ་མོ་བདག་ལ་གནོངས༔ རང་བཞིན་ཤུགས་ལས་འགྲུབ་པའི་བདག་གིས་ཉན༔ བདག་ལ་ཐུགས་རྗེས་གཟིགས་སུ་གསོལ༔ སྐུ་མདོག་དུང་ལྡན་མཚན་བཟང་ཤངས་དཀྱུས་དང་༔ ཨ་ཙར་ལྟ་བུ་བཅུ་དྲུག་ཚོད༔ པད་ཞུ་རྒོད་སྒྲོ་ཉི་ཟླས་བརྒྱན༔ དར་སྣ་ལྔ་ཡི་ཟ་འོག་བེར་ཆེན་མནབས༔ ཁོ་མོ་བདག་ལ་ཆོས་མཛོད་ཅིག༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ འགྲོ་དོན་པདྨ་འབྱུང་གནས་སྤྲུལ་པའི་སྐུ༔ ཁོ་མོ་སྤྲུལ་པའི་བླ་མ་ངོ་མཚར་ཆེ༔ གནས་པའི་ཆོས་ཀྱི་ཆོས་སྤྱོད་མཛད༔ ཁོ་མོ་བདག་ལ་ཐུགས་རྗེས་ཡང་ཡང་གཟིགས༔ འཇིག་རྟེན་སོ་ནམ་ས་ཞིང་བྱེད༔ ཁོ་མོ་སོ་ནམ་ཆོས་ལ་བྱེད༔ གཞན་ཚོའི་བུད་མེད་ཕ་ཞིང་ནམ༔ སྣ་ས་ཕ་མིང་ནམ་ཚ་བཏང་༔ དགེ་བའི་ཏིལ་མེད་སྡིག་པ་རབ་སྤོང་ངོ་༔ ཁོ་མོ་རྒྱབ་རྟེན་དམ་པའི་ཆོས༔ རེ་ས་སྐྱབས་གནས་དཀོན་མཆོག་གསུམ༔ སྣ་ས་ཕ་མིང་གནས་སྤངས་བ༔ ཁོ་མོ་རེ་ས་པདྨ་ཁྱེད༔ ཐུགས་རྗེ་མཆོག་གི་གནས་སུ་བཟུང་༔ འགྲོ་ལ་ཐུགས་རྗེ་མཉེས་པར་ཞུ་ཞེས་ཞུས༔ པདྨའི་ཞལ་ནས་ཀྱང་འདི་ལྟར་གསུངས༔ ཨེ་མ་ཉོན་ཅིག་སྐལ་ལྡན་མོ༔ ཞི་བའི་ལྷ་ཡི་མཛད་པ་པོ༔ ཁྱོད་འདྲ་བུད་མེད་སྙིང་སྟོབས་ཆེ༔ དམ་ཆོས་བཀའ་སྩལ་ང་ཡིས་གསུངས༔ བུད་མེད་སྙིང་སྟོབས་ཡིད་ལ་འཆོང་༔ བསམ་ཞིང་རྗེ་བཙུན་ང་དྲན་གྱིས༔ བླ་མའི་བཀའ་ཡི་ཚིག་དམ་གྱིས༔ མི་བརྗེད་གཟུངས་མཆོག་སྙིང་རུས་ཅན༔ ཉན་པ་ཙམ་གྱིས་བདག་གིས་གསུངས༔ ཁོ་མོ་དྲན་པ་ཤིན་ཏུ་མཚར༔ བདག་འདྲ་གྲོགས་པོ་མཚོ་རྒྱལ་དང་༔ ངེས་པའི་དོན་ལ་བཀའ་འཆང་བ༔ བརྩོན་འགྲུས་ཆེ་བས་བཀའ་སྩལ་པ༔ དེང་ནས་གནས་པའི་ཕྱིན་ཆད་ལ༔ འཁོར་འདས་སྟོན་པ་རབ་གྲོལ་བ༔ པདྨ་ང་ཉིད་གསང་བའི་བདག༔ བུད་མེད་མཚོ་རྒྱལ་ཁྱོད་ལ་ཆོས་གཅིག་གསུངས༔ དབང་ཐོབ་ཙམ་གྱིས་བདག་པོར་གྱུར༔ ལུང་ཐོབ་ཙམ་གྱིས་བདག་པོར་གྱུར་ཞེས་གསུངས༔ མཚོ་རྒྱལ་ཉོན་དང་༔ རང་ལུས་ཞིང་ཁམས་འདུ་ཤེས༔ སྤྱི་བོར་བླ་མའི་འདུ་ཤེས༔ མགྲིན་པ་ཡི་དམ་འདུ་ཤེས༔ སེམས་ཉིད་སྐུ་གསུམ་གྱི་འདུ་ཤེས༔ རྩ་རྣམས་ལམ་གྱི་འདུ་ཤེས༔ སྤྱིར་ལྷ་བསྒོམ་པ་རང་ལུས་དཀྱིལ་འཁོར་གཉིས་མེད་ལྷར་ཤེས་པ་མདུན་གྱི་སྐྱབས་ཡུལ་བསྒོམ༔ སྐྱབས་གནས་དཀྱིལ་འཁོར་དང་པོ་ལྷར་བཞེངས་པ༔ ས་གཞི་རི་བོ་གཏོར་མ༔ རྡོ་རྣམས་བཤམས༔ ཆུ་རྣམས་བདུད་རྩི་བསྒོམས་ནས་ཞིང་ཁམས་ཀྱིས་གཏོར༔ དཀྱིལ་འཁོར་དང་གཏོར་མ་བྱ་བའི་དམིགས་རྟེན་དངོས་བཅས་རྣམས་རྟེན་གྱི་དཀྱིལ་འཁོར་བུམ་པ་རང་ལུས་ལྷར་ཤེས་པ༔ སྟོང་ཉིད་ནང་ནས་རིག་པ་བརྒྱན་པ་ཆོས་སྐུ་བུམ་པ༔ རྩ་རྣམས་ནང་རླུང་བརྒྱན་པ་ལོངས་སྐུ་བུམ་པ༔ གསང་བའི་ལས་ཀྱི་བརྡ་ནི་མཁའ་འགྲོ་གསང་བའི་བུམ་པ༔ ཀུན་གཞི་ནང་དུ་སྣང་བའི་བརྒྱན་ན་སྤྲུལ་སྐུ་བུམ་པ༔ ཕྱི་སྣོད་འཇིག་རྟེན་ནང་བཅུད་བརྒྱན་པ་ཕྱིའི་བུམ་པ༔ རང་ལུས་ནང་དུ་ཁྲག་རྣམས་བཀང་བ་ནང་གི་བུམ་པ༔ དབང་པོ་ལྔ་རབ་ཏུ་གནས་དོན་གྱི་བུམ་པ༔ བྱ་བའི་རྗེས་ཀྱི་དངོས་བཅས་རྣམ་རྒྱལ་བུམ་པ༔ མཆུ་འཕྱངས་བ་ཆོས་སྐུ༔ ཁ་ཡེལ་བ་ལོངས་སྐུ༔ མགྲིན་པ་ཕྲ་བ་སྤྲུལ་སྐུ༔ ནང་དུ་ཆུ་སྣ་ཚོགས་ཀྱིས་བཀང་བ་ཁོ་ན་ཉིད་ཀྱི་བུམ་པ༔ བླ་མ་ལ་ཤེས་པ་བཞི་ཡོད་པ༔ རང་རིག་ཆོས་སྐུ་ལྡན་པ་དོན་གྱི་བླ་མ༔ བསྐྱེད་རིམ་སྔགས་དང་ལྡན་པ་གཉིས་མེད་བླ་མ༔ མདོ་རྒྱུད་ཆོས་ལ་གནས་པ་ཕྱིའི་བླ་མ༔ བཀའ་བརྒྱུད་ཆོས་ཀྱི་རྗེས་འཛིན་དོན་གྱི་བླ་མ༔ དབང་བསྐུར་ལུགས་མང་སྟེ་རིག་པ་ཆོས་སྐུ་སྤྲད་པ་ནང་གི་དབང་༔ ལྷ་རྣམས་སྤྱི་བོར་བཞག་པ་ཕྱིའི་དབང་༔ གསང་བའི་དབྱིངས་དོན་སྤྲད་པ་གསང་བའི་དབང་༔ རང་ལུས་ལྷ་གནས་སྤྲད་པ་སྤྲུལ་སྐུའི་དབང་༔ མགྲིན་པར་རིག་འཛིན་སྤྲད་པ་ལོངས་སྐུའི་དབང་༔ དུང་ཁང་ཁྲག་འཐུང་བཤད་པ་ཆོས་སྐུའི་དབང་༔ མཐོང་ལམ་སྦྱོར་ལམ་དང་༔ མཐོང་གྲོལ་ཆོས་སྐུ་རྟོགས་པ་སྣང་བའི་རབ་ཐག་བཅད༔ གསང་སྦྱོར་སྟོང་གསལ་འབྲེལ་པ་སྦྱོར་བའི་ལམ༔ དེ་དང་ཉམས་སུ་ལོངས་ཞེས་གསུངས༔
མཚོ་རྒྱལ་ཞུས་པ༔ ཨུ་རྒྱན་རིན་པོ་ཆེ༔ དབང་དང་བསྐྱེད་རྫོགས་གང་གི་ཆེ་བ་ལགས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ དབང་ནི་ཤེས་བཞིན་དང་ལྡན་པ་གཅིག་གིས་དགོས་པ༔ བསྐྱེད་རྫོགས་ཟུང་འཇུག་འོད་དཔུང་ཆེན་པོ་མཆོག་གི་གོ་འཕང་བྱ༔ ཁྱོད་དེ་དང་ཉམས་སུ་ལོངས་ཤིག༔ ཁྱོད་བུད་མེད་རིགས་འདི་རྣམས་ཞིབ་ཏུ་མི་མོས་པ༔ སྣང་སྲིད་འཁོར་འདས་ཁྱོད་ཉམས་སུ་ལོངས་ཤིག༔ སྣང་བའི་རང་ཐག་བཅད༔ ཟུང་འཇུག་འོད་དཔུང་གི་དོན་མ་ནོར་བ་བྱ༔ ང་དང་སྤྱོད་པ་མཐུན་པ་ལན་རེས་ལོ་བཅུ་དྲུག་ན་ཚོད༔ ལོ་ལྔའི་ན་ཚོད་དེ་འདྲ་བ་བྱེད་པ༔ ཁྱོད་བུད་མེད་མཁར་ཆུ་བཟའ་ཆུང་ནས་བློ་སེམས་སྤྲོས་པ༔ དེ་དང་དུས་མཉམ་དུ་འོད་མི་མངོན་པ་རང་འདུག༔ སྔགས་རིམ་ཡོན་ཏན་གང་ཟག་མོས་པ་ཅན༔ བློ་སྟོབས་ཆེ་བ་ཁྱེད་མི་མངོན་པར་བྱའོ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འདི་བཙུན་མོས་བསླུ་བའི་ཐབས་སྣ་ཚོགས་འདུལ་བའི་སྐབས་ནས་ཁྱོད་ལ་དུག་དྲངས་ནས༔ ཁྱེད་མ་འཐུང་བ་ངོ་མཚར་ཆེ༔ ང་རྒྱ་གར་ཡུལ་ནས་མནྡ་ར་བ་བཞེད་པའི་དུས༔ དུས་བདུན་དུ་ངས་གསོན་སྲེག་བྱེད་པ༔ དེ་རིང་ཁྱོད་གར་ཡོད་དམ༔ དེ་རིང་ང་ཨིནྡྲ་བྷོ་དྷི་ཡུལ་ནས་ཡོང་ང་འདུག་ཡོང་བའི་ཡང་གསོན་སྲེག་བྱེད་པ་དེ་རིང་ཁྱོད་གར་འདུག་གམ༔ མནྡ་ར་བ་ལས་ཀྱི་དོན༔ གསོན་སྲེག་ལན་གཉིས་བྱེད་པ༔ ཁྱོད་བུ་མོ་མཁར་བཟའ་ཁྱོད་ལས་དོན་ཅི་ཡང་མ་ཡོད་པ༔ ཁྱོད་ང་རང་མདུན་དུ་ཡོང་པ༔ ཁྱོད་ལས་དག་པ་རིག་པ་གཞོན་ནུ་དུང་ལྡན་མ༔ ཁྱིམ་ཐབ་བྱེད་སྤངས་ནས་ཇོ་མོ་བྱེད་པ་དེ་རིང་ཁྱོད་འགྲོ་དོན་བྱེད་པའི་མཆོག་ཡོང་༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་འགྲོ་བའི་དོན་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཕྱིར་དུ་འགྲོ་དོན་ཆེན་པོ་ཡོང་༔ གང་འདུལ་ཐབས་སྟོན་པ་མཁར་ཆུ་བཟའ་ཁྱོད་འདྲ་བའི་བུད་མེད་རིག་སད་པ་ལས་དག་པ༔ མི་བརྗེད་པ་ཤིན་ཏུ་ཡང་མཚར༔ ཁྱོད་འགྲོ་དོན་མཆོག་གི་རྒྱ་ཆེན་པོ་འབྱུང་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ལགས་སློབ་དཔོན་རིན་པོ་ཆེ༔ ཁྱོད་ཟ་ཧོར་ན་ཡོད་པའི་དུས་དུར་ཁྲོད་བསིལ་བའི་ཚལ་ནས་མཁའ་འགྲོ་གླིང་ནས་ཡོད་པ༔ ཁྱོད་ཨིནྡྲ་བྷོ་དྷི་ཡུལ་ན་ཡོད་པ༔ ང་བསིལ་བ་ཚལ་ནས་ཡོད་པ༔ ཁྱོད་མཁའ་འགྲོའི་ཚོགས་དཔོན་མཛད་པའི་དུས་ང་དེར་ཡོད་པ༔ དེ་ཡང་མཁར་ཆུ་ཡུལ་ནས་ཡོང་པས་བདག་ལ་ད་ཡང་ཐུགས་རྗེ་མ་ཆུང་ཞིག༔ ང་རང་སྔོན་ལས་སད་རིག་སད་པ་གཅིག་ཡང་ཁྱེད་མཐོང་བ་ཙམ་གྱིས་བདག་གྲོལ་བ་དེ་ཤིན་ཏུ་ཡང་བཀའ་དྲིན་ཆེ་སྟེ༔ སྒོས་ཁྱད་པར་ཅན་གྱི་མུན་པའི་གླིང་དུ་ཐུགས་རྗེ་ཁྱེད་ཀྱིས་མཛོད༔ འགྲོ་ལ་བརྩེ་ཕྱིར་དུ་མ་འོངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྱོད་གང་འདུལ་གྱི་སྤྲུལ་པ་དཔག་མེད་འགྱེད་པའི་དུས་འགྲོ་དོན་བྱ་བ་གཅིག་ཞུས་ལགས༔ ཨུ་རྒྱན་གྱི་ཞལ་ནས་ང་འགྲོ་བའི་དོན་ལ་ཐབས་གང་འདུལ་སྟོན་པ་མི་མངོན་རྣམ་དག་ངས་བརྗེད་མི་བྱ་བ་ཐབས་བྱ༔ ད་ཡང་ཁྱོད་བགྲང་བའི་སྐབས་འདིར༔ ཨཱོྃ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་དྷཱཀྐི་ནི་སརྦ་སིདྡྷི་ཧཱུྃ༔ ཁྱོད་སྤྱི་བོར་ཨཱོཾ་བསྐྱེད་ལ་གུ་རུ་བླ་མས་བསྐོར་བ༔ མགྲིན་པ་ཨ་ལས་དྷེ་བ་ཡི་དམ་གྱིས་བསྐོར་བ༔ ཐུགས་ཀ་ནས་ཧཱུྃ་ལས་དྷཱཀྐི་མཁའ་འགྲོས་བསྐོར་བ༔ བྱིན་རླབས་ཐམས་ཅད་མཐུན་པར་སྦྱོར་ལ་དེ་དང་ཉམས་སུ་ལོངས་ཤིག་ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ལགས་ཨུ་རྒྱན་ཆེན་པོ་ཐབས་མི་འདུལ་བའི་ཐབས༔ སྐད་ཅིག་དྲན་རྫོགས་གཅིག་གི་གནོད་བྱེད་དབང་གིས་སྡུད་པ༔ བགྲང་པ་ཙམ་གྱིས་གནོད་བྱེད་སྲེག་པ་གཅིག་གནངས་ནས་གནོད་བྱེད་བསྒྲལ་ཐབས་གནང་ཞེས་ཞུས༔ ཨུ་རྒྱན་ཞལ་ནས༔ རིགས་ཀྱི་བུ་མོ་ཉོན་དང་ངས་བཤད་དོ༔ བདག་ཉིད་མ་བཅོས་རྫོགས་པའི་ཁྲོལ་ཆེན་པོ་བསྐྱེད་ནས་ཐུགས་ཀར་རྡོ་རྗེ་ལྟེ་བར་ཧཱུྃ་དམར་ནག་བསྒོམས་ནས༔ བཛྲ་ཧཱུྃ་བརྗོད་པ༔ རཀྴ་ཧཱུྃ་ཤེས་བརྗོད་པ༔ རྒྱུ་མ་ནོར་བའི་ཧཱུྃ་ལ་ཧཱུྃ་འཕྲོས་ནས་གདོན་སྡིག་པ་ཅན་ལུས་སེམས་ཐལ་བར་དབང་དུ་བསྡུས༔ ཡཀྴ་ཧཱུྃ་ཞེས་བརྗོད་པའི་ཐུགས་ཀ་ནས་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡཀྴ་མེ་དབལ་སྐུ་གྲངས་མེད་པར་གྱུར་ནས་སྣང་སྲིད་སྡེ་བརྒྱད་ཐམས་ཅད་ཚར་བཅད་པར་བསྒོམ༔ དེ་དང་ཉམས་སུ་ལོངས་དང་༔ སྣང་སྲིད་སྡེ་བརྒྱད་ཐལ་བར་བརླག་ངེས་པ་ཅན་ཐེ་ཚོམ་མི་བྱའོ༔ དེ་དང་མཚུངས་པ་མི་བརྗེད་བར་བྱའོ༔ དེས་དང་བགྲངས་ནས་ལུས་དབང་དྲག་ཏུ་ཤེས་པ་ངག་སྔགས་སུ་ཤེས་ཀ་ནས་མེ་འཕྲོས་པ༔ ཡིད་ཏིང་ངེ་འཛིན་དང་ལྡན་པ་འོད་དག་པར་བསྒོམ་ཞེས་གསུངས༔
ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ཨུ་རྒྱན་པདྨ་ལགས༔ མ་འོངས་དོན་བཀའ་བརྒྱུད་ཆོས་ཀྱི་རྒྱ་མཚོ་རྗེས་འཛིན་དོན་བྱ་བའི་ཆོས་གཅིག་གསུངས་ནས་འགྲོ་བའི་དོན་དུ་ཁོ་མོ་ཡིད་ལ་འཆང་༔ ཞེས་ཞུས་ནས༔ པདྨའི་ཞལ་ནི་ཐེག་མཆོག་ཡང་དག་ཉིད་ཀྱི་ཡང་དག་ལ་ལྟ་བ་མཐོང་ནས༔ རྣམ་པར་གྲོལ་བའི་མཐར་ཕྱིན་པ་མེད་པ་མ་ཐོགས་པ་ཐོགས་པ་མེད་པ་དེ་དང་ཆ་མཚུངས་པའི་དོན་རྒྱ་ཆེན་པོ་བྱའོ་ཞེས་གསུངས༔ མཚོ་རྒྱལ་ཞལ་ནས་འདི་ཞུས་སོ༔ ཨེ་མ་ཧོ༔ མུན་པའི་གླིང་དུ་ཐུགས་རྗེའི་ཉི་མ་ཤར༔ གང་འདུལ་ཐབས་སྟོན་འགྲོ་བའི་དོན་མཛད་པ༔ ཐུགས་རྗེ་ཕྱོགས་ལྷུང་བོད་ཀྱི་ཞིང་ཁམས་སུ༔ མཁས་གྲུབ་ཚུལ་འཛིན་གྲུབ་ཆེན་པདྨ་འབྱུང་༔ འགྲོ་བའི་དོན་ལ་མཉེས་པའི་ཞལ་འཛུམ་པ༔ ཟ་འོག་ཆོས་ཀྱི་མཐའ་རྣམས་རྒྱས་པའི་ཕྱིར༔ དར་སྣའི་ཅོད་པན་དར་སྣས་བརྒྱན༔ པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཞེས་བསྟོད༔ ང་ལ་ཆོས་དང་རབ་ཤེས་བཞིན་དུ་མཐའ་མཉེས་པའི་དོན་མཛད་པ༔ དེ་ལྟར་ཁྱོད་མ་འོངས་ཀྱི་དོན་དུ་ཆོས་གཅིག་གསུངས་ཞུས༔ ཐུགས་རྗེས་གང་འདུལ་དུ་གཟིགས༔ གཏེར་ཤོག་བདག་ཏུ་ཕེབ་པ༔ དེ་ནས་ཡབ་ཡུམ་གཉིས་ཀ་ལྷོ་བྲག་ཏུ་བྱོན༔ དེ་བསྒྲུབ་ཕུག་ནང་ནས་བླ་མེད་འདུས་པ་བསྒྲུབ༔ དེར་ཨུ་རྒྱན་གྱི་ཞལ་ནས༔ མཁར་ཆུ་བཟའ་འདི་མ་འོངས་འགྲོ་བའི་དོན་དུ་གཏེར་སྦས་དགོས་པ་ཁྱོད་མི་བརྗེད་པ་ཉམས་སུ་ལོངས་གསུངས༔ རྒྱལ་པོ་བེ་དཀར་བྱ་ལ་ཞོན་ནས་ནམ་མཁའ་ནས་འགྲོ་བའི་རྡེའུ་འཕང་ནས་ཨུ་རྒྱན་དབུ་ལ་ཕོག་པ་ལྷེབ་ཀྱིས་བཏང་བ༔ ཨུ་རྒྱན་གྱི་ཞལ་ནས༔ འདའ་ན་ཁ་འདར་འདར༔ རྦད་རྦད༔ ཅེས་གསུངས༔ རྒྱལ་པོ་ས་ལ་འཕངས་ནས་ཁས་བླངས་བས༔ ཕྱིན་ཆད་གནོད་པ་མི་བྱེད་པར་དམ་བཅའ༔
ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཨུ་རྒྱན་ཆེན་པོ་ལགས༔ འདི་བྲག་ཕུག་མཁར་ཆུ་འདི་ལ་མ་འོངས་པའི་སེམས་ཅན་དང་དུ་ཆུང་བ་གཅིག་གིས་ཐབས་བསྟན་ནས་ཁོ་མོ་བདག་ལ་ཕན་ཆེ་སྟེ་འགྲོ་བའི་དོན་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ རིགས་ཀྱི་བུ་མོ་ཞུ་བ་མཛད་པ་གཉིས་ཀྱི་ཞལ་གནས་པ་འདིར་ངས་ཞབས་དང་ཕྱག་དང་དབུ་རྗེས་བཞིན་བཞག་པ་མོས་པ་ཅན་གཅིག་ཡིན་ན་སླ་གསུངས་པ༔ དེར་ཕྱག་གི་རྗེས་ནམ་བཞག་པ་ཨུ་རྒྱན་གྱིས་དགོངས་ནས༔ བདག་རྒྱ་གར་ཡུལ་དུ་འགྲོ་དགོངས་ཏེ་ཁོ་མོ་ཅི་བྱེད་དམ༔ བདེན་ནམ་མི་བདེན་དགོངས་ནས་ཡེ་ཤེས་མཚོ་རྒྱལ་ཁྱོད་རང་འདིར་འདུག་གམ༔ ང་རྒྱ་གར་བླ་མ་ད་རྒྱ་གར་ན་འགྲོ་དགོས་པ་སྣང་གསུངས༔ དེ་འཇའ་འོད་དུ་ཡལ་བ་ལྟ་བུ་བྱས་ནས༔ ཡེ་ཤེས་མཚོ་རྒྱལ་སྤྱན་གཟིགས་ནས་ཞུས་པ༔ ཡེ་ཤེས་མཚོ་རྒྱལ་ལན་གཅིག་རིག་པ་མ་ཡོང་པ་སྙིང་ཆད་པ༔ དེའི་ལམ་དུ་འདི་བཞེངས་སོ༔ ཀྱེ་ཧུད་བདག་འདྲ་ལས་ངན་སྙིང་རེ་རྗེ༔ ལྟ་བའི་རྟོགས་པ་ཁ་ཏ་སུ་ལ་བྱེད༔ ཁོ་མོའི་བསྒོམ་པའི་སེམས་འདི་གར་བོར་རམ༔ རྗེ་བཙུན་རྒྱལ་པོ་བཞུགས་པ་གང་དུ་ཕེབས༔ ཁོ་མོ་བདག་གི་འདི་འདྲ་ཅང་ཡིན་བསམ༔ མཚོ་རྒྱལ་ཤུལ་དུ་བསྐྱུར་ན་ཅང་སྲིད་དམ༔ དད་གུས་ཅན་གྱི་ང་འདྲ་སྙིང་རེ་རྗེ༔ རྗེ་ཕྱིར་ལྟ་བའི་དུས་སུ་སུ་ལ་རེ༔ ཀྱི་ཧུད་ཀྱི་ཧུད་བདག་འདྲ་སྙིང་རེ་རྗེ༔ ལྷོ་བྲག་མཁར་ཆུ་འདིར་ཕེབ་འདིར་དགའ་དུས༔ རྗེ་བཙུན་བླ་མ་རྒྱ་གར་ཕེབ་པ་ཅུང་བདེན་ནམ༔ མཁར་བཟའ་ལྟ་བའི་དུས་སུ་སུ་ལ་རེ༔ མཁར་བཟའ་ཐམས་ཅད་བརྟག་པའི་ཕ་ཞིང་བརྟེན༔ ཁོལ་མོ་བསྟེན་པས་བླ་མ་གང་དུ་བོར༔ ཁོལ་མོ་ཤུལ་དུ་བསྐྱུར་བ་ཅང་སྲིད་དམ༔ མཁར་བཟའ་མཚོ་རྒྱལ་ང་འདྲ་ལས་ངན་མོ༔ འཇིག་རྟེན་ས་ཡུལ་རྒྱལ་བློན་ཚུལ་རྟེན་ཡོད༔ བདག་འདྲ་འགྲོ་བ་ཡོངས་ལ་ཅི་བཤད་དམ༔ བླ་མ་འཇའ་འོད་ལྟ་བུ་ནམ་མཁར་ཡལ༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་སྲིད་དམ༔ གཞོན་ནུ་ལོ་བརྒྱད་ན་ཚོད་མཚན་ལྡན་པ༔ འདི་འདྲ་འཇའ་འོད་ཡལ་བ་ཅང་སྲིད་དམ༔ མཁར་ཆུ་སྲས་མོ་འདི་ནི་སུ་ལ་སྐྱབས༔ ཀྱི་ཧུད་ཀྱི་ཧུད་ཅི་འདྲ་བྱེད༔ ཤི་བའི་ལུས་སྲོག་བྲལ་བ་བདག་གིས་ཐོས༔ གསོན་ཏེ་བསྐྱུར་བ་ངེས་པ་ཅང་བདེན་ནམ༔ འདི་འདྲ་བདེན་པའི་བོད་འབངས་ཅི་ལ་བསྟེན༔ ཁྱད་པར་ཅན་གྱི་བུ་མོ་ཅི་ལ་བསྟེན༔ ནམ་ཡང་ཐུགས་རྗེས་བཟུང་བ་ཨེ་ཡོད་དམ༔ ཅེས་དེ་འདྲ་མགུར་བཞེངས༔ མཆི་མ་ཆུ་བོ་ལྟ་བུར་འབེབ་པ་ནས༔ ཨུ་རྒྱན་གྱི་ཞལ་ནས་དགོངས་ནས༔ ཁོ་མོ་འདི་འདྲ་ཡིད་མུག་པ་སྙིང་རྗེས་དགོངས་ནས༔ རིགས་ཀྱི་བུ་མོ་ང་འདི་ན་ཡོད༔ ཁྱོད་མྱ་ངན་ཅི་ལ་བྱས་པ་ཡིན་ཞེས་གསུངས༔ མཚོ་རྒྱལ་གྱི་ཞལ་ནས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ འཇིག་རྟེན་གྱི་བུད་མེད་ཁྱིམ་པ་དང་༔ ཟང་ཟིང་ལ་སོགས་རེ་བའི་ས་ཡོད་པས༔ ཁོ་མོ་ཁྱོད་བས་རེ་ས་མེད༔ བདག་གི་ཡིད་མུག་པ་དེ་འདྲ་བ་ཡིན་ཞུས༔ མཁར་ཆུ་ནས་མི་གཅིག་གིས་འཚོ་བ་དང་གསེར་ཕུལ་ནས༔ མཚོ་རྒྱལ་གྱིས་སློབ་དཔོན་ལ་མ་འོངས་བུ་སློབ་དོན་དུ་གསེར་ཕུལ་ནས་ཞུས༔ ཨུ་རྒྱན་རིན་པོ་ཆེ༔ ཁོ་མོ་དེ་ཁྱེད་སྐུ་དྲིན་ལ་གྲོལ་གྲོལ་ཏེ༔ མ་འོངས་བུ་སློབ་རིག་པ་དམན་ནས་ཆོས་མ་གོ་བ་དོན་སླ་བྱའི་ཆོས་ཤིག་གསུངས་ཞུས༔ ཨེ་མ་ཧོ༔ ཁོ་མོ་རེ་ས་རྫུས་སྐྱེས་པདྨ་འབྱུང་༔ རྣམ་དག་ཆོས་དབྱིངས་རང་བཞིན་དག་པ་ལ༔ ཤེས་བྱ་རྣམ་དག་ཨུ་རྒྱན་པདྨ་འབྱུང་༔ ཁོ་མོ་མ་རིག་དབང་གིས་རིག་སྤྲུལ་པའི༔ པདྨའི་སྐུ་ལ་འགལ་བ་ཅི་སོང་བ༔ སོ་སོར་བཤགས་སོ་འགྱོད་སེམས་གདུང་བའི་ངང་༔ རང་རིག་བུད་མེད་ལུས་བླངས་སྣང་བ་མཐོ་བྱས་པ༔ མ་རིག་ལོག་ཚིག་སྨྲས་པ་མཐོལ་ལོ་བཤགས༔ རང་གནོང་འགྱོད་པའི་བདག་གིས་ཞུ་ཕོད་མཐོལ་ལོ་བཤགས༔ ཀྱེ་མ་ཀྱེ་མ་དགོངས་ཤིག་ཨུ་རྒྱན་རིན་པོ་ཆེ༔ འགྲོ་ལ་བརྩེ་ཕྱིར་ཐུགས་རྗེའི་ཞལ་མངའ་བ༔ ཁོ་མོ་བདག་གི་ལུས་རྩིབ་ཁྲོ་འཛུམ་བྱས༔ མ་རིག་དབང་གིས་དུག་ལྔ་ལས་སོང་ནས༔ མཐོལ་ལོ་བཤགས་སོ་རང་གནོང་འགྱོད་སེམས་ངང་༔ མ་བཅོས་སྤྲོས་མེད་རྫུས་སྐྱེས་པདྨ་འབྱུང་༔ གདོད་མའི་རང་འབྱུང་པདྨའི་རྒྱལ་ས་ཟིན༔ བདེ་བའི་མཆོག་གི་དངོས་གྲུབ་ཁོ་མོ་ཟིན༔ འགྲོ་མགོན་རྫུས་སྐྱེས་པདྨའི་ཞལ་མངའ་བ༔ ཐུགས་རྗེས་མཉེས་ཕྱིར་གང་འདུལ་སོ་སོར་སྟོན༔ ཐུགས་རྗེས་ཉེར་མངའ་རྫུས་སྐྱེས་ཁྱེད་ལ་ཡང་༔ བཟོད་པར་བཞེས་ལ་བདག་ལ་དངོས་གྲུབ་སྩོལ༔ རྫུས་སྐྱེས་པདྨའི་བཀའ་དྲིན་རབ་ཏུ་ཆེ༔ ཁོ་མོ་བདག་གི་ལུས་འདི་བརྩོན་འགྲུས་ཆེ༔ རྫུས་སྐྱེས་པདྨའི་སྐུ་ལུས་གཟི་མདངས་ཆེ༔ ཁོ་མོ་བདག་གི་ལུས་འདི་བཀོད་པ་ཆེ༔ གྲུབ་ཆེན་རྫུས་སྐྱེས་པདྨའི་བྱིན་རླབས་ཆེ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་སྙིང་རུས་ཆེ༔ མ་ཚོགས་མཁའ་འགྲོ་ཐུགས་རྗེས་འོད་ཟེར་ཆེ༔ མ་འོངས་བུ་སློབ་ལས་རེ་ཆེ༔ མཁར་ཆུ་མཁར་ཕུག་དྲག་པ་འོད་བསྡུས་ཆེ༔ རྩང་བཟའ་སྦས་དཀར་སྒྲོན་མ་གནས་རེ་ཆེ༔ ཁོ་མོས་རྙེད་པའི་པདྨ་རིན་པོ་ཆེ༔ མ་འོངས་བུ་སློབ་དོན་དུ་ཆོས་ཤིག་གསུངས༔ ཁོ་མོས་ཐོས་པ་ཙམ་གྱིས་ཡིད་ལ་འཆང་༔ སྐད་ཅིག་མཐོང་གྲོལ་རིག་གྲོལ་ཙམ་གྱི་གདམས་ངག་དེར༔ ཁོ་མོ་བདག་ལ་གནང་སྟེ་འགྲོ་མགོན་བྱ༔ ངོ་བོ་རྣམ་དག་སྤྲུལ་སྐུ་པདྨ་འབྱུང་༔ འོད་གསལ་གནས་བྱས་གསལ་བའི་ཁོ་མོ་ང་༔ རིག་པ་བུ་ཆེན་བདག་ལ་གནང་བ་ན༔ འགྲོ་བའི་དོན་དུ་ང་ཡིད་འཆང་༔ བསམས་ཤིང་བཀའ་བརྒྱུད་བླ་མ་དྲན༔ ཡིད་མོས་པའི་ཐབས་ཀྱིས་པདྨས་གནང་༔ གནང་བ་ཙམ་གྱིས་ཁོ་མོ་ང་ཡིད་འཆང་༔ བསམས་ཤིང་རྫུས་སྐྱེས་བླ་མ་དྲན༔ ཡང་དག་སྤྲུལ་སྐུ་བླ་མ་རིན་པོ་ཆེ༔ མ་འོངས་བུ་སློབ་དོན་དུ་ཆོས་གཅིག་གསུངས༔ འགྲོ་བ་འདྲེན་པས་ཐབས་ཀྱིས་ཆོས་གཅིག་གསུངས༔ འགྲོ་བའི་གསོལ་བ་བཏབ་པས་ཆོས་གཅིག་གསུངས༔ སྣང་སྲིད་སྡེ་བརྒྱད་བརླག་པའི་བཀའ་གཅིག་གནོངས༔ ཉོན་མོངས་ཚ་གདུང་སེལ་བའི་བྱིན་རླབས་གནོངས༔ བསྟན་པའི་སྤྱི་དགྲ་བསྒྲལ་བའི་ཐུགས་ཡིད་གནོངས༔ སེམས་ཅན་ཐམས་ཅད་འདུལ་དཀའ་ལས་འཁྱམས་ནས༔ ཐབས་ཀྱིས་འདུལ་བའི་བཀའ་གནང་མ་འོངས་དོན༔ ཁོ་མོ་སྐྱེས་པར་ཆུང་བས་ཆོས་གཅིག་སྦྱོངས༔ ཤེས་རབ་ཆེ་བས་ཐབས་ཀྱིས་འགྲོ་དོན་བྱེད༔ ཁོ་མོ་ཤ་ཁྲག་ལུས་བླངས་སྒྱུ་མའི་དཔེ༔ ལུས་འདི་བོར་ཙམ་དེ་ཡང་འགྱོད་སེམས་བསྐྱེད༔ སེམས་འདི་མི་རྟོགས་དབང་སོང་འགྱོད་ཙམ་སྐྱེས༔ བུ་མོ་ལུས་འདི་ནམ་ཞིག་བོར་ཙམ་ན༔ རྫུས་སྐྱེས་ཐུགས་རྗེའི་བྱིན་རླབས་ཨེ་ཡོང་ན༔ ད་ལྟ་གསོན་པའི་དུས་སུ་འགྲོ་ལ་དགོངས༔ རང་སེམས་ཆོས་སྐུ་འཆི་བ་ཨེ་སྲིད་དམ༔ ཤ་ཁྲག་འབྱུང་བཞི་གཡར་པོ་ནམ་དུ་ཞིག༔ ཁོ་མོ་བདེན་གྲོལ་བྱས་ཀྱང་རྫུན་མ་བྱས༔ ཚུལ་ཁྲིམས་བསྲུངས་ཏེ་བདག་གིས་གསང་སྤྱོད་པ༔ བུད་མེད་སྡོམ་བསྲུངས་ཚུལ་ཁྲིམས་ཡང་དག་མེད༔ ཁོ་མོ་རྫུས་སྐྱེས་མེད་པ་གཙང་མའི་ལུས༔ བདེན་པ་བསྒྲངས་ཏེ་ཚོར་གཏམ་མ་ཚོར་མ་བྱེད་དམ༔ འགྲོ་བའི་བུད་མེད་ཟོལ་ཟོག་རྫུན་གཡོ་སྒྱུ༔ ཁོ་མོ་གཡོ་སྒྱུ་མེད་པ་པདྨའི་བཀའ་སྒྲུབ་པ༔ འདི་འདྲ་བུད་མེད་སྐྱེ་བ་ལུས་བླངས་ཏེ༔ ཚུལ་ཁྲིམས་གཙང་མ་བསྲུངས་པའི་ཐབས་འདི་འདྲ༔ མ་བསྲུངས་ཙམ་གྱིས་རྫུས་སྐྱེས་ཐུགས་ཁྲེལ་གནང་༔ རྒྱུ་ཡི་སྦྱིན་སྟོབས་མེད་པའི་གྲོགས་ལ་བྱམས༔ ཁྲོ་འཛུམ་མི་མངའ་ཁོ་མོ་བཟོད་ཁྱག་པ༔ ལེ་ལོ་མ་བྱས་བརྩོན་འགྲུས་ནན་ཏན་བྱས༔ གཡེང་བ་མ་བྱེད་རང་རིག་དྲི་མེད་འཚོས༔ འཆལ་བ་མ་བྱས་བསྟན་མ་ཉམས་རིམ་རྫོགས༔ འདི་མཐོང་བ་ཙམ་གྱིས་བདེ་བ་ཐོབ༔ མ་མཐོང་ངན་སོང་གནས་སུ་འཁྲུལ༔ སྣང་སྤྲུལ་གཟིགས་ཡུལ་དག་ལ་དགའ་མ་སྐྱེས༔ སྣང་བ་ཕུག་སྟོང་ཡིན་པའི་རང་སེམས་བཅད༔ ངོ་བོ་བདེན་པ་ཆོས་སྐུ་ཀ་དག་ཡིན༔ ཀ་དག་ཀུན་གཞིའི་ངང་དུ་རང་རིག་འཚོས༔ རང་རིག་སྣང་ཡུལ་ངང་གིས་རིག་ཐག་བཅད༔ དོན་དམ་ངོ་བོ་བདག་གིས་རྟེན་པ་ནས༔ ཐབས་ལམ་ཡང་དག་དོན་གྱི་འབྲས་ཁུང་ལ༔ སྟོང་གསལ་མར་མེ་རང་རིག་ཆོས་སྐུ་གྲུབ༔ ཁོ་མོ་མཚོ་རྒྱལ་ངོས་གཏན་བྱེད་པ་མེད༔ སྣང་བ་རྫུན་ཆེན་བདག་གིས་ཕུག་ཐག་བཅད༔ བུད་མེད་ལུས་བླངས་བདག་གིས་ལུས་དམན་བྱས༔ བུད་མེད་བདེན་པ་མེད་པའི་རང་ཡུལ་བྱེད༔ མཐོ་བའི་ལུས་སེམས་བྱས་པའི་ཆོས་ཅི་བྱེད༔ ཡང་དེ་རྫུས་སྐྱེས་པདྨའི་དགོངས་ཁྲེལ་གནོང་༔ བུད་མེད་མཆོར་དགའ་སྣང་བ་བདག་གིས་བྱང་༔ ཡོད་དེ་མེད་དེ་བདག་གིས་སྣང་བ་འཚོས༔ སྔགས་འཆང་པདྨའི་ཐུགས་ལ་རབ་དགོངས་སོ༔ ཁོ་མོ་ལས་ཀྱི་ཤུགས་དབང་འདི་ཆེ་བ༔ འདི་ཆེ་བ་ཙམ་གྱིས་ལས་དག་པ༔ ཁོ་མོ་དམ་པའི་ཆོས་ཀྱི་རྗེས་འཛིན་པ༔ བདག་གིས་ཆོས་བྱེད་འགྲོ་བའི་དོན་ལ་དགོངས༔ འགྲོ་བའི་དོན་དུ་རྫུས་སྐྱེས་པདྨས་གསུངས༔ ཡ་མཚན་རྨད་བྱུང་ཇོ་མོ་མཁར་ཆུ་བཟའ༔ རྙེད་པ་མཆོག་གི་རྫུས་སྐྱེས་འདི་འདྲ་རྙེད༔ མ་བཙལ་རྙེད་པ་ཡིད་བཞིན་ནོར་བུ་རྙེད༔ འདི་འདྲ་མཆོག་གི་བླ་མ་རིན་པོ་ཆེ༔ མཐོང་ཐོས་ཙམ་གྱིས་འགྲོ་བ་ཀུན་གྲོལ་བ༔ བསམ་པ་ཙམ་གྱིས་མཐའ་མ་བདེ་བ་ཐོབ༔ མཐོང་ལམ་ཡང་དག་སྦྱོར་བའི་བླ་མ་དང་༔ སྦྱོར་སྒྲོལ་ཏ་ན་ག་ན་ཁོ་མོ་ང་༔ འགྲོ་བའི་དོན་ལ་མཛད་པ་ཆོས་གཅིག་ཞུ༔ ཞེས་ཞུས༔ ཨུ་རྒྱན་རིན་པོ་ཆེ་འགྲོ་བའི་དོན་ལ་ཆོས་གཅིག་གནོངས༔
ཨུ་རྒྱན་གྱི་ཞལ་ནས༔ མཁར་ཆུ་ཉོན་ཙམ་བདག་གིས་བཀྲོལ་ནས་འགྲོ་བའི་དོན་དུ་བཤད་པར་བྱ༔ ཨེ་མ་ཧོ༔ དུས་གསུམ་རྣམ་དག་ཆོས་ཀྱི་ཕོ་བྲང་ནས༔ མཐོང་ལམ་ཡང་དག་ཉིད་ལ་ཡང་དག་ལྟ༔ ཡང་དག་མཐོང་ནས་མཆོག་བྲན་མཆོག་ཆེན་པོ༔ འགྲོ་བའི་དོན་དུ་ཐུགས་རྗེས་རབ་གཟིགས་པ༔ དམ་ཆོས་ཆར་ལྟར་འབེབས་པའི་འགྲོ་བའི་དོན༔ མཁར་ཆུ་བཟའ་ཡི་ཐུགས་ལ་ཞོག༔ མ་འོངས་བུ་སློབ་རྣམས་ཀྱིས་འགྲོ་བའི་དོན་དུ་ཉམས་སུ་ལོངས༔ གནས་དགའ་འགྱུར་སྡུག་འོག་འགྱུར་གནས་མ་བཏང་༔ བདེ་གསལ་དགའ་བྱེད་མཆོག་དྲུག་གནས་མ་བརྟེན༔ སྟོང་གསལ་ཡ་བྲལ་མ་བྱས་རིག་དོན་འཚོས༔ མཐོང་ལམ་ཡང་དག་མཆོག་གི་ངོ་བོ་ཉིད༔ བྱིན་རླབས་རྣམ་དག་སྟོང་གསལ་ངང་ལ་འབྱུང་༔ རིག་མཐོང་རྗེས་སུ་འཇུག་མ་རྣམ་པར་དག༔ སྦྱོར་ལམ་ཡང་དག་ངོ་བོ་དང་༔ མ་བསྒོམས་སེམས་ཉིད་གྲོལ་བའི་ཐུགས་རྗེ་དང་༔ མ་བསླབ་དམ་ཆོས་གྲོལ་བའི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་དེ་གཞན་ལ་མེད༔ ཀུན་ལ་ཡོད་ན་དགའ་བ་ལ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཤེས་ན་སྐྱིད་པ་ལ༔ ཤེས་པ་ཙམ་གྱིས་བུ་སློབ་དོན༔ སྐད་ཅིག་དྲན་པའི་གནས་སུ་བསྐྱངས་བྱས་པ༔ སྣང་སྲིད་དབང་དུ་བསྡུ་བའི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་དེ་གཞན་ལ་མེད༔ མ་འོངས་བུ་སློབ་ཤེས་ན་དགའ་བ་ལ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཤེས་ན་སྐྱིད་པ་ལ༔ ཤེས་ན་མ་འོངས་བུ་སློབ་དོན༔ དམ་ཆོས་མ་བསླབ་ཡི་གེ་རང་གྲོལ་འདི༔ གདམས་ངག་འདི་རྣམས་བདག་ལ་ཡོད་པ་དེ༔ གཞན་ལ་མི་མང་ཤེས་ན་དགའ་བ་ལ༔ ཁྱད་པར་མཁར་ཆུ་བཟའ་ཡིས་ཤེས་ན་སྐྱིད༔ ཤེས་པ་ཙམ་གྱིས་འགྲོ་བའི་དོན༔ མ་འོངས་བུ་སློབ་རྣམས་ཀྱིས་རྗེས་སུ་ཟུངས༔ གང་ཞིག་གུས་པའི་བསམ་ཡིད་ཕུལ་བ༔ བདག་ཉིད་གྲོལ་བའི་གདམས་ངག་འདི༔ ཡེ་ཤེས་མཚོ་རྒྱལ་གནང་སྟེ་འགྲོ་བའི་དོན༔ ཉམས་སུ་ལོངས་ཤིག་འགྲོ་བའི་དོན༔ ཨཱོྃ་ཨཱཿཧཱུྃ༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ ཡིད་དྲན་པ་ཙམ་གྱིས་འགྲོ་དོན་ཡོང་༔ ངག་བཟླས་པ་ཙམ་གྱིས་བྱང་ཆུབ་ཐོབ༔ དེ་ཕྱིར་དེ་རྣམས་རབ་ཏུ་བཟླས༔ བསམས་ཤིང་པདྨ་ང་དྲན་གྱིས༔ བླ་མེད་མཆོག་གི་དངོས་གྲུབ་ཐོབ༔ ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ ལགས་པདྨ་རིན་པོ་ཆེ༔ ཁོ་མོ་ང་ཡི་རིག་དོན་འཚོ་བ་འདི༔ སྐྱོན་ཡོད་དམ་ཡོན་ཏན་ཡོད་དམ༔ པདྨ་དགོངས་དང་བདག་གིས་ཞུས༔ ཀྱེཿ མ་དགོངས་ཤིག་ཨོ་རྒྱན་རིན་པོ་ཆེ༔ ལན་གཅིག་གསོན་ཏེ་བདག་གི་ཆོས༔ འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་གསལ་བ༔ གནས་པ་དང་པོ་ཆགས་པའི་དོན་གོ་འདི༔ འདི་བཟང་བ་མེད་པའི་སྐྱོན་དུ་འགྱུར༔ འགྱུ་བྱེད་སྡང་བའི་འཇིག་རྟེན་སྐྱོན༔ འདི་གཉིས་དོན་གོ་མེད་པས་སེམས་དོན་དུ༔ འདི་བཟང་སྟེ་ངན་ཏེ་ཅི་མི་ཤེས༔ སློབ་དཔོན་ཆེན་པོ་ཐུགས་ལ་དགོངས༔ བདེ་ལ་ཆགས་པ་ལྷ་ཡི་གེགས༔ གསལ་ལ་འཛིན་པ་ཉམས་ཀྱི་གེགས༔ མི་རྟོག་བློ་གཏད་རིག་པའི་གེགས༔ འདི་བཟང་ངན་མ་བྱེད་རིག་པ་འཚོས༔ གསལ་འཛིན་མ་བྱས་རང་ཐོག་བཞག༔ རིག་བཅོས་མ་བཅོས་དེ་ངང་ལྟ༔ འདི་བཟང་བ་ཡིན་ཏེ་ཐུགས་ལ་དཔྱོད༔ ཁོ་མོ་བསམས་ཤིང་ཁྱེད་དྲན་ནོ༔ ཁོ་མོ་རིག་པས་དེ་ལྟར་འཚོས༔ མིག་ཡུལ་གཟུགས་ལ་དང་པོ་ཆགས༔ བར་དུ་ཁྱད་མེད་འདྲ་བ་རིག༔ ཐ་མ་རིག་པ་གཅིག་ཏུ་རྟོགས༔ སྟོང་པ་ཉིད་ལ་དམིགས་མེད་པ༔ མིག་ནི་རིག་པ་ཤེས་རབ་ཡིན༔ སྟོང་པ་ཉིད་ལ་རྣ་བ་སྣ་ལྕེ་མེད༔ སྣང་བ་བཅད་ན་རྣ་བ་ཡིན༔ ཡ་བྲག་དངོས་རྟེན་མ་བྱས་དེ་ལྟར་འཚོས༔ སྤང་བླང་མེད་པའི་རིག་པའི་དོན་འཚོལ་བ༔ དེ་ལྟར་ཡོང་ཙམ་རྫུས་སྐྱེས་རིག་དངོས་སྤྲོད༔ མ་རྟོགས་ཙམ་གྱིས་ཁོ་མོ་བདག་ལ་སློབ༔ སྟོང་པ་ཆགས་པ་མ་བྱས་ཆོས་ཀྱི་སྐུ༔ གསལ་བ་འཛིན་པ་མ་བྱས་ལོངས་སྤྱོད་རྫོགས༔ འབྲས་བུ་རེ་དོགས་མ་བྱེད་རིག་པ་འཚོས༔ རྫུས་སྐྱེས་སྐུ་ལ་ཆགས་པ་ངས་མ་བྱས༔ ཁོ་མོ་ལུས་ལ་འཛིན་པ་མ་བྱས་སོ༔ གསུངས་བའི་བརྡ་དོན་རིག་པ་ངས་མ་ཞེན༔ འཕགས་ལམ་ཡང་དག་སྦྱོར་བ་བདག་གིས་འཚོས༔ ཕྱལ་ཆད་གསལ་ཆད་རིག་ཆད་མ་བྱས་སད༔ སྣང་བ་སྟོང་པ་ཡིན་པས་རང་ཐག་བཅད༔ གསལ་བ་ཤུགས་འབྱུང་གྲུབ་པས་སྣང་ལམ་འཚོས༔ རིག་པ་གཅིག་འདུས་ཡིན་པས་རང་རིག་སྐྱོངས༔ ཉོན་མོངས་དུག་གསུམ་རང་སར་ཞུ༔ ཆགས་འཛིན་ཞེན་པའི་མཐའ་ནས་དག༔ སྐུ་གསུམ་ལོ་འདབ་འབྲས་བུ་རྒྱས༔ ལན་རེ་འགྲོ་བའི་འདུག་རེ་བསྒོམ༔ ཟ་ཞིང་ཉལ་ཞིང་རིག་པ་འཚོས༔ ཆོས་སྐུ་གསང་བའི་ལྟ་བ་བཅད༔ ལོངས་སྐུ་གསང་བའི་སྒོམ་པ་སྦྱོངས༔ སྤྲུལ་སྐུ་གསང་པའི་རིག་དོན་འཚོས༔ སྔགས་འཆང་པདྨའི་སྤྱོད་པ་སྦྱོངས༔ ཆགས་འཛིན་བདུད་བཅོམ་སྐུ་ལྔ་གྲོལ༔ ཆགས་འཛིན་མ་བཅོས་རང་རིག་འཚོས༔ དེ་ལྟར་འདྲ་བའི་སེམས་ཉིད་ཨེ་ཡོང་ངམ༔ རྫུས་སྐྱེས་པདྨས་ཐུགས་ལ་དཔྱོད༔ ཁོ་མོ་བསམ་ཞིང་རྫུས་སྐྱེས་དྲན༔ ཤོ་ཨ་ཙམ་བླ་མ་དྲན་བྱས་པ༔ སེམས་ཉིད་ཡིན་ནམ་བླ་མེད་ཡོན་ཏན་བརྗོད༔ སྐྱོན་སེལ་གྱིས་ཤིག་བླ་མ་རིན་པོ་ཆེ༔ བསམས་ཤིང་ཁོ་མོ་ཡིད་ལ་འཆང་༔ རིག་པའི་ལྷག་པར་ལྷག་པ་མཐོང་༔ སྤྲིན་གྱི་གསེབ་ནས་ཉི་མ་བུད༔ རིག་པ་དྲི་མེད་ཤེལ་ལྟར་རྟོགས༔ སྣང་རིག་ཆོ་རིགས་བཟང་ངན་མེད༔ རིག་ཐག་ཆོད་ཅིག་ཕྱོགས་རིས་མེད༔ བརྟན་པ་ཐོབ་ཅིག་གཡོ་འགུལ་མེད༔ རྣམ་རྟོག་སྤུ་བྲིས་ཙམ་ཤར་ནས༔ རིག་དབང་ཐོབ་ཅིག་གཡའ་དག་སྟེ༔ ཁོ་མོ་རྟོགས་པ་དེ་འདྲ་ཨེ་ཡོད་དེ༔ ཁོ་མོ་བདག་གི་བསམ་པའི་གནས༔ རྟོགས་པ་ཙམ་གྱིས་བླ་མའི་དྲིན༔ མ་རྟོགས་ཙམ་གྱིས་བུད་མེད་བདག་གི་ལས༔ ཁྱི་དང་བུད་མེད་སྣང་གཏམ་དག་པ་མེད༔ ཝ་དང་ཁྭ་ཏ་ཚོགས་ནས་དག་པ་མེད༔ ཁོ་མོ་སྒོམ་པ་འདོད་ཀྱང་སྒོམ་སྙིང་ཆུང་༔ དྲིན་ཅན་བླ་མའི་དྲིན་གྱིས་བདག་གྲོལ་ལོ༔ མཐོང་ལམ་ཡང་དག་འཚོ་བའི་མཆོག་ཆེན་པོ༔ མ་རིག་ཙམ་གྱིས་བུད་མེད་ལ༔ བུད་མེད་གཏམ་དང་ཕོ་རོག་གཏམ་མང་བ༔ འདི་ལ་དག་པའི་ལས་འབྲས་ཅི་ཡང་མེད༔ ཁོ་མོ་བསམ་ཞིང་རྫུས་སྐྱེས་དྲན༔ མཐོང་གྲོལ་ཙམ་གྱིས་བླ་མའི་དྲིན༔ ཁོ་མོ་བདག་གི་དྲིན་ཡང་འདི་འདྲ་ཆེ༔ འགྲོ་བ་རྣམས་ལ་བྱིན་རླབས་འདི་ལྟར་ཆེ༔ མུན་པའི་གླིང་དུ་ཐུགས་རྗེ་ཤིན་ཏུ་ཆེ༔ མོས་གུས་གདུང་བས་གསོལ་བ་བཏབ་ཙམ་ན༔ ཁོ་མོ་བདག་ནི་གྲོལ་བའི་ཐབས་སྣ་ཚོགས༔ ཁོ་མོས་སྒོམ་པ་དེ་ལྟར་ཨེ་ཡིན་ནམ༔ ང་བསྒོམ་པ་འདོད་ཀྱང་ཤེས་རབ་ཆུང་༔ ཤེས་རབ་ཆུང་སྟེ་བླ་མས་གདམས་ངག་གནང་༔ ངས་སྒོམ་པ་འདོད་ཀྱང་སྒོམ་སྙིང་ཆུང་༔ ཆུང་སྟེ་བླ་མས་གདམས་ངག་གནང་༔ ངས་ཐོབ་ཅེས་གནས་ཏེ་ནན་ཏན་ཆུང་༔ ཆུང་སྟེ་བླ་མས་གདམས་ངག་གནང་༔ ཆོས་བྱས་བསམ་སྟེ་བརྩོན་འགྲུས་ཆུང་༔ ཆུང་སྟེ་བླ་མའི་དྲིན་གྱིས་གདམས་ངག་གནང་༔ ཆོས་བྱས་བསམ་སྟེ་སྤྲོ་བ་ཆུང་༔ ཆུང་སྟེ་བླ་མས་གདམས་ངག་གནང་༔ ངའི་སྤྱོད་པ་དམན་ཏེ་ཐོས་བསམ་ནས༔ དམན་ཏེ་བླ་མས་གདམས་ངག་གནང་༔ སློབ་གཉེར་བསམ་སྟེ་གོ་དབང་མེད༔ མེད་དེ་བླ་མས་གདམས་ངག་གནང་༔ སྦྱིན་པ་བཏང་བསམ་མོས་གུས་མེད༔ ལྟོ་གོས་བསམ་སྟེ་རི་ཁྲོད་གནས༔ མོས་གུས་མེད་དེ་བླ་མའི་དྲིན༔ བསོད་ནམས་སྦྱིན་པས་ཚོགས་མི་ལྡན༔ བླ་མའི་དྲིན་གྱིས་གདམས་ངག་གནང་༔ འབྲས་བུ་མཆོག་གི་སྦྱིན་བཏང་བ༔ ཁོ་མོ་ང་ཡི་ཞེ་བློ་བདེ༔ ཚུལ་ཁྲིམས་བསྲུངས་ཏེ་བུད་མེད་ལུས༔ བུད་མེད་ཁྱི་ལ་ཚུལ་ཁྲིམས་མེད༔ འདུལ་བ་བསྲུངས་སམ་ཁོ་མོ་ལས༔ སྔགས་འཆང་པདྨའི་གྲོགས་ལྟར་འདུག༔ འདུལ་བ་བསྲུང་ཐུབ་བདག་གི་གནས༔ རབ་བྱུང་སྡོམ་པ་བསྲུང་བའི་ཚུལ་ཁྲིམས་ལྡན༔ འཆལ་པའི་དབང་དུ་མ་བཏང་ཚུལ་ཁྲིམས་བསྲུངས༔ གཞན་ཕྱིར་སྙིང་དང་ཐུགས་མེད་ཚུལ་ཁྲིམས་བསྲུང༔ ལུས་འདི་ཤ་ཁྲག་བེམ་པོ་སྡོམ་མ་ཉམས༔ གསང་བའི་སྟོང་གསལ་འོད་ཀྱི་བསྲུང་གནས་པ༔ ཚུལ་ཁྲིམས་བསྲུངས་ཏེ་འཆལ་ལ་མ་བཏང་བ༔ ལུས་གནས་དཔའ་བོ་མཁའ་འགྲོ་ཐུགས་གནས་པ༔ སྡོམ་པའི་ཚུལ་ཁྲིམས་ལྟ་བུ་ཉམས་པ་མེད༔ སྟོང་གསལ་ཆོས་སྐུ་ཟུང་འཇུག་ཐབས་སྟོན་པ༔ དེ་བཅས་ཚུལ་ཁྲིམས་གཙང་མ་བསྲུངས༔ བདག་གིས་བསྲུངས་ཏེ་ཁྲིམས་ཀྱིས་བསྲུངས༔ རྒྱལ་པོ་ཡུལ་འཁོར་བསྲུང་བ་དང་༔ རྩང་དང་སྣ་ནམ་དབུ་དཀྱིལ་གྱི༔ ཁྲིམས་དང་རྒྱལ་པོ་མི་བསྲུང་ངོ་༔ བདག་པོ་བསྲུང་བའི་ཁོ་མོ་དང་༔ ཡུལ་འཁོར་བསྲུང་བའི་ཅི་ཡང་མེད༔ ཁོ་མོ་བདག་གི་བསྲུང་བའི་ལས༔ མ་འོངས་ཚུལ་ཁྲིམས་བསྲུང་ཟེར་ཁྱི་དང་བུད་མེད་འདྲ༔ དམ་ཚིག་གཙང་མ་བསྲུང་ཟེར་ཅི་མི་མེད༔ བན་རྣམས་དགེ་སློང་ཤ་ཁྲག་རྣམས་ལ་གཅན་ལྟར་རྔམ༔ དེ་ལྟར་མ་བྱས་མ་འོངས་ཚུལ་ཁྲིམས་བསྲུང༔ རྫུས་སྐྱེས་པདྨས་མན་ངག་གནང་༔ ཁོ་མོ་བདག་གི་ཞེ་བློ་བདེ༔ ངས་བཟོད་པ་སྒོམ་བསམ་རི་ཁྲོད་འདུག༔ ཁོང་ཁྲོ་མ་བྱེད་བཟོད་དཀའ་ཁྱག༔ བུད་མེད་ལུས་བླངས་བཟོད་པ་ཁྱག་མི་འདྲ༔ སྔར་ཡང་བཙུན་མོ་དེ་ལ་ཁོང་ཁྲོ་ཤོར༔ དེ་ལྟར་བྱས་པའི་སེམས་རེ་འཁྲུགས༔ བུད་མེད་ལུས་བླངས་ཞེ་སྡང་ཆེ༔ བུད་མེད་བཟོད་དཀའ་ཁྱག་པ་ཨེ་ཡོད་དམ༔ མ་མཐོང་ཐོས་པའི་བུད་མེད་གཏམ་མང་བ༔ སྣང་བ་མཐོ་བས་བཟོད་པ་སྒོམ་པ་མེད༔ ང་རྒྱལ་ཆེ་བས་དཀར་ཐིག་ཨ་ལོང་བརྒྱན༔ ཁོང་དུ་འཆང་བའི་བཟོད་པ་ཁྱག་མི་མེད༔ རྩང་དབུས་འདི་རྣམས་བུད་མེད་མོང་མར་མང་༔ བཟོད་པ་སྒོམ་པ་མེད་པ་ཁོང་ཁྲོ་བ༔ ཁོ་མོ་བཟོད་དཀའ་ཡོད་པ་ཨེ་རྫུན་ནམ༔ དེ་ལྟར་བཟོད་པ་འདི་ཡང་ཡན་ཆད་བསྒོམ༔ དེ་ཡང་དེ་ལྟར་མི་རྣམས་ཨེ་སྐྱོང་ངམ༔ བུད་མེད་གཏམ་རྣམས་དེ་ལྟར་ཨེ་རྫུན་ནམ༔ ཁོ་མོ་བཟོད་དཀའ་མེད་པའི་ཁོང་འཁྲོས་ནས༔ བླ་མའི་གདམས་ངག་བཅངས་བའི་ཁོང་ཁྲོས་ཞུས༔ ཁོ་མོ་བདག་གི་ཞེ་བློ་བདེ༔ ཁོ་མོ་བརྩོན་འགྲུས་ཆེ་བ་མེད་པ་དེར༔ བླ་མའི་བཀའ་གནང་བརྩོན་འགྲུས་ཆེ༔ བུད་མེད་བརྩོན་འགྲུས་སོ་ནམ་དེ་ལ་བྱས༔ བུ་ཆུང་རྒྱུག་དམག་སྣ་ས་བརྩོན་འགྲུས་བཅད༔ རིང་ཐུང་མེད་པ་འགྲོ་བའི་བརྩོན་འགྲུས་བཅད༔ ཁོ་མོ་སོ་ནམ་བརྩོན་འགྲུས་ཆོས་ལ་བྱས༔ ལ་ཆེན་ཆུ་ཆེན་བགོམས་པས་བརྩོན་འགྲུས་ཆེ༔ ཆོས་འདས་བརྩོན་འགྲུས་བྱེད་པ་འགྲོ་བའི་དོན༔ སྔར་ཡང་བརྩོན་འགྲུས་ཆེ་བ་མི་འདུག་སྟེ༔ ཆེ་བ་ཙམ་གྱིས་བླ་མའི་བཀའ་གནང་བ༔ ཁོ་མོ་བདག་གི་ཞེ་བློ་བདེ༔ ཐུན་བཞི་སྒོམ་པའི་བསམ་གཏན་ཉམས་སྐྱོང་བ༔ ས་ལམ་རྫོགས་པའི་མཆོག་ཆེན་པོ༔ བླ་མས་གདམས་ངག་གནང་བ་དྲིན་ཆེ་བ༔ འདི་འདྲ་དྲན་རྣམས་ཡང་ཡང་ཆེ་བ་ཡི༔ ཁོ་མོ་བདག་གི་ཞེ་བློ་བདེ༔ ཁོ་མོ་སྐུ་མདོག་དམར་བའི་དབུ་སྐྲ་ནག༔ རྫུས་སྐྱེས་དངོས་གྲུབ་གནང་བའི་སྐུ་མདོག་དཀར༔ དབུ་སྐྲ་ལྕང་ལོ་འཁྱིལ་པ་བླ་མའི་དྲིན༔ བླ་མའི་དྲིན་གྱི་ཁོ་མོས་ཞེ་བློ་བདེ༔ སྔར་ཡང་ཅི་གསུངས་བརྗེད་པ་བུད་མེད་རིགས༔ རྫུས་སྐྱེས་བཀའ་དྲིན་ཆེ་སྟེ་མི་བརྗེད་ཐོབ༔ སྔར་ཡང་དྲིན་ཆེ་ད་ཡང་བཀའ་དྲིན་ཆེ༔ རང་བཞིན་ཤུགས་ལ་གྲུབ་པའི་དྲན་བྱ་བ༔ མི་བརྗེད་གཟུངས་མཆོག་འདི་འདྲ་ཐོབ་པ་མཚར༔ ཕ་བཀའ་བརྒྱུད་བླ་མ་ཀུན་ཏུ་བཟང་༔ མ་རྒྱུད་པ་ཆོས་དབྱིངས་ཀུན་བཟང་མོ༔ ཐབས་ཤེས་དབྱེར་མེད་བདེ་ཆེན་ཆོས་ཀྱི་སྐུ༔ ཐབས་ལམ་ཡང་དག་བླ་མ་ཁྱེད་འདྲ་བ༔ འདི་ཡི་སྐུ་སྟོད་སེང་གེ་འཕྲག་འདྲ་བ༔ མཚན་བཟང་ཟླ་མཛེས་གཞོན་ནུ་དུང་དང་ལྡན༔ འདི་ཡི་སྐུ་སྨད་དུང་གི་འཁྱིལ་འདྲ་བ༔ དཔེ་བྱད་བཟང་པོ་ལྡན་པའི་ཟླ་མཛེས་པ༔ མིག་གཉིས་ཉི་ཟླ་སྐར་ལྟར་འགྲོ་ལ་གཟིགས༔ ཤངས་དཀྱུས་རིང་ཞིང་ཚེམས་ཐག་གསེར་འཇོམས་པ༔ སྨིན་མ་མིག་ལྟར་གཅིག་ལ་འོད་འབར་ནས༔ རྣ་བ་མཚན་དང་ལྡན་པའི་གསེར་མདོག་པ༔ སྐུ་མདོག་དྲི་མ་མེད་པའི་དུང་ལྟར་དེ༔ དམར་ལ་འཛུམ་པ་དུང་ལས་གྲུབ་པ་ནི༔ གསང་བའི་ཡོངས་རྫོགས་བདེ་བ་འདྲེས་པའི་ཕྱིར༔ ལག་པ་རྒོད་ཀྱི་གཤོག་ལྟར་བརྐྱངས་བྱས་པ༔ དབུ་ལ་པད་ཞུ་རྒོད་སྒྲོ་འདི་ལྟར་བརྒྱན༔ མནྡ་ར་བ་འདྲ་བའི་གཟི་མདངས་འབར༔ ཟ་ཧོར་རྒྱལ་བཅས་མནབས་པའི་སཾ་བྷ་ཝ༔ ཁམས་གསུམ་དབང་དུ་བསྡུ་བའི་གཙོ་བོ་རྒྱལ༔ སྲིད་གསུམ་ཟིལ་གྱིས་གནོན་པའི་ཆེ་བའི་དཔོན༔ འདྲེ་བགེགས་ཐལ་བར་བརླག་པའི་མཐུ་སྟོབས་ཆེ༔ མ་རུངས་འདུལ་མཛད་མཐུ་ཆེན་རྒྱལ་པོའོ༔ ཏིང་འཛིན་དྲན་པའི་བླ་མ་ཀུན་ཏུ་བཟང་༔ འཆི་མེད་ཐོབ་པའི་རྒྱལ་བ་འོད་དཔག་མེད༔ མདོ་སྡེ་འདུལ་ཁྲིམས་བསྲུངས་པའི་བཅོམ་ལྡན་འདས༔ དབུ་རྒྱན་བསླབ་བྱས་མི་དགེ་སྤྱན་རས་གཟིགས༔ ཕ་མེད་མ་མེད་རང་བྱུང་པདྨ་འབྱུང་༔ ཏིང་འཛིན་སྔགས་དང་ལྡན་པའི་སྔགས་འཆང་བ༔ ཨ་ཙ་ར་བཅུ་དྲུག་ན་ཚོད་པཎྜི་ཏ༔ གཞོན་ནུ་ལོ་བརྒྱད་ལོན་པའི་སྐྱེས་བུ་ཁྱེད༔ ལོ་ལྔ་ན་ཚོད་བྱེད་པའི་བུ་ཆུང་ཁྱོད༔ ཞིང་གི་རྡུལ་སྙེད་ལྡན་པའི་འཕྲོས་འདུས་ཁྱེད༔ སྐུ་མདོག་མི་འདྲ་ལྡན་པའི་འཇིགས་བྱེད་ཁྱེད༔ མ་འོངས་དོན་བྱེད་བྱམས་སྙིང་ཁྱེད་འདྲ་བ༔ མཚོ་རྒྱལ་ང་རྟེན་འགྲོ་བའི་གཞོན་ནུ་ལྡན༔ འདི་འདྲ་མཐོང་ལམ་སྦྱོར་བའི་ངོ་མཚར་ཆེ༔ འགྲོ་བ་འདྲེན་མཛད་བླ་མ་རིན་པོ་ཆེ༔ ཐབས་ཤེས་འགྲོ་བ་འདྲེན་མཛད་གཉེན་གཅིག་པོ༔ བདག་གི་རེ་ས་བླ་མ་རིན་པོ་ཆེ༔ བྱམས་མགོན་མེད་པའི་འགྲོ་ལ་ཐུགས་རྗེས་གཟིགས༔ བདག་ལ་སྔར་ཡང་དྲིན་ཆེ་བ༔ ད་ཡང་དྲིན་ཆེན་བླ་མེད་མཆོག་གི་བཀའ༔ ཀྱེ་ཀྱེ་ཨུ་རྒྱན་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྐྱབས་གནས་བླ་མ་འདུས་པའི་གསུང་༔ འགྲོ་ཀུན་རྣམ་དག་འདུས་པའི་ཐུགས༔ བདག་གི་སྐྱིད་སྡུག་ཁྱེད་ཤེས་ཀྱིས༔ འགྲོ་བའི་རེ་ས་ཁྱེད་ལ་བྱེད༔ ཀྱེ་ཧུད་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ འཇིག་རྟེན་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དལ་འབྱོར་ལུས་འདི་མི་ཐོབ་སྡུག་བསྔལ་ཆེ༔ ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་ལུས༔ འགྲོ་བ་རིགས་དྲུག་མ་གཏོགས་མི་ལུས་ཐོབ་དུས་མེད༔ ལན་གཅིག་རྙེད་པ་མི་རྟག་འཆི༔ ཅི་དང་གང་ལ་སྐྱེས་ན་མི་རྟག་འཆི༔ དགེ་བ་བཅུ་བྱེད་མཐོ་རིས་གནས་སུ་ལྷུང་༔ སྡིག་ལ་གང་མོས་མནར་མེད་གནས་སུ་ལྷུང་༔ དམྱལ་བ་ཡི་དྭགས་ཚ་གྲང་བཀྲེས་སྐོམ་ཆེ༔ བྱོལ་སོང་ལྷ་མིན་གླེན་ལྐུགས་འཐབ་རྩོད་ཆེ༔ ལྷ་གཡེང་ལེ་ལོ་སྡུག་བསྔལ་དཔག་ཏུ་མེད༔ འདི་ལ་པདྨས་ཐུགས་རྗེ་སྤྱན་གྱིས་གཟིགས༔ འགྲོ་བའི་ཐུགས་རྗེ་མཉེས་པའི་ཕྱིར༔ ཁོ་མོ་ཤ་ཁྲག་ལུས་བླངས་འཆི་བའི་རྒྱུ༔ འཆི་ནས་རྫུས་སྐྱེས་ཐུགས་རྗེས་བཟུང་བ་ཡོད༔ ལུས་རྣམས་ཆོས་སྐུ་གཅིག་པའི་དོན་ཆེ་བ༔ ངག་རྣམས་ཡི་གེ་མཐུན་པའི་རྗེ་ཆེའོ༔ ཡིད་རྣམས་སེམས་ཉིད་གཅིག་པའི་བརྟན་ཆེའོ༔ སྟོང་གསལ་ཆོས་སྐུ་མཐུན་པའི་གྲོགས་ཆེ་བ༔ རིག་པ་སྤྲུལ་སྐུ་མཐུན་པའི་ཆེ་ཆེ་བསམ༔ གསང་བ་དོན་གྱི་མཐུན་པའི་གྲགས་པ་ཆེ༔ ཁོ་མོ་བདག་ལ་ཐུགས་རྗེས་བཟུང་བ་དེ༔ འགྲོ་བའི་དོན་ལ་ཁྱེད་ཀྱིས་ཐུགས་རྗེས་གཟིགས༔ མ་འོངས་བུ་སློབ་ལས་ཅན་དོན་དུ་གསུངས༔ འགྲོ་བ་མངལ་དུ་མི་ཚུད་སྡུག་བསྔལ་ཆེ༔ མི་ལུས་ཐོབ་སྟེ་དམ་ཆོས་བྱེད་པ་དེ༔ གསོལ་བ་བཏབ་པའི་རྫུས་སྐྱེས་ཆོས་གཅིག་གསུངས༔ འགྲོ་བའི་དོན་དུ་སྔགས་འཆང་པདྨ་ཁྱེད༔ བཀྲ་ཤིས་འབྱོར་ཚོགས་གྲོགས་པོ་མཚོ་རྒྱལ་དང་༔ དངོས་གྲུབ་ཆེན་པོ་འབྱུང་བའི་པདྨ་འབྱུང་༔ སྤྲུལ་པའི་ཐབས་ཀྱིས་འགྲོ་བ་འདྲེན་སྟོན་བྱེད༔ གང་འདུལ་ཐུགས་རྗེས་འགྲོ་ལ་གཟིགས་པར་ཞུ༔ ཁྱད་པར་མཐའ་འཁོབ་དམྱལ་སྨད་དགེ་རི་བྲག༔ ཁྱེད་ཀྱི་མངའ་ཞིང་འདི་ལ་ཐུགས་རྗེས་གཟིགས༔ ཆོས་ཀྱི་རྒྱལ་པོ་མངའ་འོག་བྱིན་གྱིས་རློབས༔ རྫུས་སྐྱེས་སྐུ་ལུས་བཀོད་པ་རབ་ཏུ་བརྒྱན༔ གསུང་སྐད་ཚངས་དབྱངས་སྒྲ་སྒྲོག་ཐུགས་རྗེ་ཆེ༔ ཁོ་མོ་ལས་མེད་ལས་ཅན་འདི་འདྲ་ཐོབ༔ བུད་མེད་ལུས་བླངས་དམ་ཆོས་མི་གོ་སྟེ༔ པདྨའི་དྲིན་གྱིས་དམ་ཆོས་འདི་འདྲ་ལོབ༔ བུད་མེད་སྤྱོད་པ་དམན་པའི་མི་སེམས་ཏེ༔ པདྨའི་དྲིན་གྱིས་ཁུང་དུ་འདི་འདྲ་ཞག༔ ཁོ་མོ་བདག་ལ་བཀའ་དྲིན་ཡང་ཡང་ཆེ༔ འགྲོ་བའི་དོན་དུ་ཐུགས་རྗེས་ཡང་ཡང་གཟིགས༔ བུ་སློབ་དོན་དུ་ཐུགས་རྗེས་ཤུགས་ཀྱིས་སྤྱོད༔ འགྲོ་བ་འདྲེན་པའི་ཐུགས་རྗེས་བཟུང་དུ་གསོལ༔ འགྲོ་བའི་གསོལ་བ་འདེབས་པའི་ཆོས་གཅིག་གནོངས༔ རི་ཁྲོད་གནས་སུ་འདུག་པའི་གནས་མལ་སྐྱིད༔ འཇིག་རྟེན་ཆགས་ཞེན་སྤངས་པའི་ལས་འདི་སྐྱིད༔ མ་འོངས་འགྲོ་དོན་བྱེད་པའི་རང་སེམས་སྐྱིད༔ རྫུས་སྐྱེས་པདྨའི་སྐུ་ལ་འདི་ལྟར་ཞུས༔ ཞེས་ཞུས་ནས་ལགས་ཨུ་རྒྱན་རིན་པོ་ཆེ༔ མ་འོངས་མི་རྣམས་ཚེ་ཐུང་བ་ནད་མང་བ༔ རིགས་དམན་པ༔ ཆོས་ལ་གོ་བ་དང་༔ གསོལ་བ་འདེབས་པའི་ཆོས་གཅིག་གནོངས༔ ཞེས་ཞུས༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ མ་འོངས་པའི་གསོལ་བ་འདེབས་པའི་ཆོས་གཅིག་གནང་ནས་ཁྱོད་དོན་དུ་ཆོངས་དང་ངས་འདི་ལྟར་གསུངས༔ ཁྱོད་བསྒོམས་པ་དང་སྒོམ་དེ་ལྟར་སྐྱོན་མི་མངའ་བ་ཡོན་ཏན་དུ་འགྱུར་བ་བཟང་༔ དེ་ལྟར་ཁྱོད་བསྒོམས་པ་ངོ་མཚར་ཏེ༔ བུད་མེད་ལུས་བླངས་བ་སེམས་ཆུང་བ་དེ་ལྟར་སྐྱོན་དུ་འདུག༔ ཁྱོད་རིགས་དམན་པ་མ་ཡིན༔ ཇོ་མོ་ཤེས་རབ་ཆེ་བའི་མཁར་ཆུ་བཟའ་ཉོན་དང་ངས་ཁྱོད་ལ་འདི་ལྟར་དུ་གསུངས༔ ཀྱེ་མ་དུས་གསུམ་དུས་མེད་ཀ་དག་དུས་ཀྱི་ཚེ༔ ཤེས་བྱའི་དཔེ་སྟོན་རྒྱལ་བ་མ་ལུས་འདུས༔ དོན་དམ་མཆོག་གི་རང་རིག་ཆོས་སྐུ་འདི༔ འཚོ་སྐྱོང་མི་ཐུབ་སྡུག་བསྔལ་མང་ཆེ་སྟེ༔ འཚོ་སྐྱོང་ཐུབ་ཙམ་སངས་རྒྱས་བཙལ་བ་མེད༔ ཡེ་ཤེས་མཚོ་རྒྱལ་སྒོམ་པ་བཟང་འདུག་པ༔ ངོ་མཚར་རྨད་མཆོག་ཇོ་མོ་མཁར་ཆུ་བཟའ༔ སྒོམ་པ་འདོད་པའི་ལས་རེ་ཆེ༔ དལ་འབྱོར་མི་ལུས་མི་ཐོབ་སྡུག་བསྔལ་ཆེ༔ གློ་བུར་རྐྱེན་གྱིས་འཇིགས་པ་མི་རྟག་ངེས༔ སེམས་ཅན་ཐམས་ཅད་འཆི་བའི་རང་བཞིན་ཡིན༔ འགྲོ་བ་འདྲེན་མཛད་ཆོས་དབྱིངས་ཡེ་ཤེས་ཤར༔ མ་རིག་མུན་ཁུང་ནང་ལ་སྤྱན་གྱིས་གཟིགས༔ ང་སངས་རྒྱས་པདྨ་འབྱུང་གནས་ཡིན༔ དུས་གསུམ་རྣམ་དག་ཆོས་ཀྱི་ཕ་རོལ་ཕྱིན༔ དམ་པའི་རྗེས་འཛིན་དཀོན་མཆོག་རྣམ་བཟུང་ནས༔ ང་དམ་ཆོས་པདྨ་སཾ་བྷ་ཝ༔ དོན་དམ་སེམས་ཉིད་ཁོང་འཆང་ནས༔ མ་བསྒོམས་གྲོལ་བའི་གདམས་ངག་ལ༔ ང་དགེ་འདུན་པདྨ་སཾ་བྷ་ཝ༔ གཞོན་ནུ་དུང་དང་མཛེས་པའི་མཚོ་རྒྱལ་གྲོགས༔ སྐྱེས་པའི་ཆ་འཛིན་སྔགས་འཆང་པདྨ་ང་༔ འགྲོ་བའི་དོན་དུ་མ་འོངས་བུ་སློབ་དགོངས༔ ངའི་དམ་ཆོས་རྗེས་འཛིན་བྱེད་པར་གྱིས༔ མཁར་ཆུ་བཟས་ཉམས་ལོངས་ཐུགས་རྒྱུད་གཅེས༔ མ་འོངས་རིག་འཛིན་རྣམས་ཀྱི་དོན་དུ་མཛད༔ མཁར་ཆུ་བཟའ་ཡིས་ཉམས་སུ་ལོངས༔ གསོལ་བ་བཏབ་པའི་ཆོས་འདི་ལྟར༔ ཨེ་མ་ཧོ༔ ཆོས་ཉིད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ མི་འགྱུར་སྐྱེ་འགགས་མེད་པའི་ངང་ཉིད་ནས༔ བྱ་བྲལ་ལྷུན་རྫོགས་པ་ཡི་སྐུར་སྟོན་པ༔ ཐུགས་རྗེའི་རྒྱུན་ཆད་མེད་པ་རྒྱལ་བའི་སྐུ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ བདེ་ཆེན་འདུ་འབྲལ་གཉིས་མེད་ཆོས་ཀྱི་ངང་༔ ཆོས་དབྱིངས་ཡེ་ཤེས་ལྟ་བུར་སྐུར་སྟོན་པ༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་གནས་པ༔ ལོངས་སྐུ་གསལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ མ་རིག་མུན་ཁུང་འཇིག་རྟེན་ཞིང་ཁམས་སུ༔ གང་འདུལ་ཐུགས་རྗེའི་འགྲོ་བའི་དོན་ལ་བྱོན༔ ཐུགས་རྗེ་སྤྱན་གྱིས་གཟིགས་ལ་གསོལ་བ་འདེབས༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ སྐབས་སྐབས་ང་དང་མཐུན་པར་སྦྱོར༔ བསམ་པ་རྣམ་དག་འགྲུབ་པར་བྱིན་གྱིས་རློབས༔ ཅི་བསམ་ཆོས་སྐུ་འགྲུབ་པར་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་མ་ཧོ༔ བསྟན་པ་རྨད་བྱུང་ཁྱད་འཕགས་རྣམས་སུ་འབྱུང་༔ ཤཱཀྱ་ཐུབ་པའི་ཞིང་ཁམས་ནས༔ གསང་སྔགས་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར༔ རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་འདེབས༔ འོག་མིན་རྣམ་དག་ལྷུན་གྲུབ་ཕོ་བྲང་ནས༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ མ་ཊྭཱཾ་རཱུ་ཏྲ་བཏུལ་བའི་ཕྱག་རྡོར་སྐུ༔ གདུལ་བྱ་ཁྱད་འཕགས་ཅན་ལ་གསོལ་བ་འདེབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ་ལྡན་པ༔ འཆི་མེད་རྣམ་དག་ཚེ་ཡི་འཁོར་གྱིས་བསྐོར༔ སྐུ་ལྔ་དང་ལྡན་རྒྱལ་བ་ཆོས་ཀྱི་སྐུ༔ རིགས་ལྔ་རྣམ་དག་སྐུ་ལ་གསོལ་བ་འདེབས༔ སྟེང་འོག་ཕྱོགས་མཚམས་འབར་བའི་གནས་མཆོག་ནས༔ ལྷ་དབང་བརྒྱ་བྱིན་སྤྱན་རས་གཟིགས་ལ་སོགས༔ ཕྱག་རྡོར་མཐུ་ཆེན་མངའ་དབང་སྟོབས་ཆེ་བ༔ རྒྱ་གར་རིག་འཛིན་ཨུ་རྒྱན་པདྨ་འབྱུང་༔ རིག་འཛིན་དྷཱཀི་རྒྱ་མཚོའི་འཁོར་གྱིས་བསྐོར༔ གཡས་ན་དཔའ་བོ་རྒྱ་མཚོ་ཀད་དེ་ཀད༔ གཡོན་ན་དཔའ་མོ་རྒྱ་མཚོ་དགའ་བའི་དབྱངས༔ མདུན་ན་ཡི་དམ་མཆོག་གི་དངོས་གྲུབ་སྟེར༔ རྒྱབ་ན་ཆོས་སྐྱོང་མཆོག་གི་བར་ཆད་སོལ༔ སྐུ་གསུམ་རྣམ་དག་ཆོས་དབྱིངས་ཞིང་ཁམས་སུ༔ ཆོས་སྐུ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ སྐབས་སྐབས་ང་དང་མཐུན་པར་བྱས༔ བསམ་པ་རྣམ་དག་འགྲུབ་པར་ཤོག༔ ཅི་བསམ་ཆོས་སུ་འགྲུབ་པར་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་མ་ཧོ༔ སྤྲོས་བྲལ་བདེ་ཆེན་ཆོས་སྐུ་ཀུན་ཏུ་བཟང་༔ རིགས་ལྔ་རྣམ་དག་དྲུག་པ་རྡོ་རྗེ་འཆང་༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང་༔ སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་སོགས༔ ཤྲཱི་སེང་བྱིན་རླབས་ཁྱད་པར་ཅན༔ དབང་གི་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སེལ༔ འདི་ལྟར་ཚོགས་དྲུག་སྣང་བ་ཡི༔ ཁྱད་མེད་རིགས་མཁན་གཅོད་པའི་རང་གྲོལ་བ༔ གནས་འགྱུ་མ་བཅོས་རང་སར་ཆོས་སྐུ་གྲོལ༔ སྐབས་སྐབས་ང་དང་མཐུན་པར་གྱིས༔ བསམ་པ་རྣམ་དག་འགྲུབ་པར་བྱིན་གྱིས་རློབས༔ ཅི་བསམ་ཆོས་སྐུ་འགྲུབ་པར་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔
ཨེ་མ་ཧོ༔ གནས་ཆེན་རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ༔ ཀླུ་རྒྱལ་ཁང་སྟེང་པདྨ་འབར༔ རང་བྱུང་མཚོ་སྐྱེས་རྡོ་རྗེ་ལ༔ ཕ་མེད་མ་མེད་མཚོ་ཆེན་ཤུགས་ལས་གྲུབ༔ རྒྱལ་པོ་ཐོར་ཅོག་ཅན་གྱིས་སྤྱན་དྲངས་བ༔ དད་པས་མངའ་གསོལ་རྒྱལ་པོ་ཚིམ་པར་མཛོད༔ བསིལ་ཚལ་གླིང་དུ་རྒྱལ་སྲས་རབ་སྤང་བ༔ ཕྱོགས་བཞི་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རློབས༔ རྡོ་རྗེ་ཞལ་མཐོང་དངོས་གྲུབ་ཐོབ༔ འཇིགས་བྱེད་རྡོ་རྗེ་རྩལ་རྣམས་ལ༔ གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སེལ༔ པྲ་ཆེན་ཧ་སྟེ་གནས་སུ་རབ་བྱུང་ནས༔ མཚན་ནི་གུ་རུ་ཤཱཀྱ་སེང་གེ་ཞེས༔ རྒྱ་གར་གྲུབ་ཐོབ་རིག་འཛིན་མདུན་དྲུང་བྱོན༔ བྲག་ཕུག་མ་ར་དུ་ཀའི་འཆི་མེད་བསྒྲུབ༔ ཟ་ཧོར་རྒྱལ་ཁམས་མ་རིག་ཆོས་ལ་བཙུད༔ རྒྱལ་ཁམས་མི་ཡི་གཤེགས་ཙམ་ནས༔ ཡུམ་ཆེན་མནྡ་ར་བས་དངོས་གྲུབ་བརྙེས༔ མེ་དཔུང་མཚོ་ལ་བསྒྱུར་བའི་རྫུ་འཕྲུལ་སྟོབས༔ ངན་སྔགས་བདག་པོ་སྲིན་པོ་ཐོག་གིས་བསྒྲལ༔ ཡང་ཤེད་བདེར་གཤེགས་སྙིང་པོ་སྒྲུབ་པ་མཛད༔ བར་ཆད་བགེགས་རྣམས་ཕུར་བུ་མཆོག་གིས་བསྒྲལ༔ བྱང་ཕྱོགས་གདུང་དམར་བོད་ཀྱི་དོན་ལ་བྱོན༔ བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་བཏགས་ནས༔ བསམ་ཡས་མངའ་གསོལ་རྒྱལ་པོས་ཅི་གསུངས་བསྒྲུབ༔ ཚ་གདུང་ནད་སེལ་ཆོས་ཀྱིས་གང་བར་ཤོག༔ བསམ་ཡས་མཆིམས་ཕུག་བཀའ་བརྒྱད་དཀྱིལ་འཁོར་བཞེངས༔ རྒྱལ་པོ་ཁྲི་སྲོང་འབངས་རྣམས་འབྲས་བུར་སྨིན༔ གསང་སྔགས་རྒྱལ་བའི་ཆོས་ཀྱི་བསྟན་པ་རྒྱས༔ སྔགས་འཆང་པད་མ་འབྱུང་གནས་འགྲོ་དོན་བྱས༔ འགྲོ་ལ་དྲིན་ཆེ་བསམ་ཡས་རིན་པོ་ཆེ༔ རིག་བྲག་ལུང་པ་ཞབས་དང་ཕྱག་གི་གདན༔ བདག་ཉིད་བསྒྲུབ་ཕྱིར་ཐུགས་རྗེ་བྱིན་རླབས་ནས༔ དྲིན་ཅན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས༔ སྐབས་སྐབས་ང་དང་མཐུན་པར་གྱིས༔ བསམ་པ་རྣམ་དག་འགྲུབ་པར་བྱིན་གྱིས་རློབས༔ ཅི་བསམ་ཆོས་སྐུ་འགྲུབ་པར་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་མ་ཧོ༔ འདི་ནས་བོད་དུ་འདུག་པ་བརྒྱ་དང་ལྷག༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས༔ རྩ་བ་ཀླུ་གནས་རྐེད་པ་ལྷུན་བརྗིད་པ༔ རི་རྒྱལ་ཁྱད་དུ་འཕགས་པའི་བྱིན་རླབས་ཀྱིས༔ ཕྱོགས་བཞི་དཀར་སེར་དམར་ལྗང་མདོག་འདྲ་བ༔ ཕྱི་ནང་གཉིས་མེད་ཕོ་བྲང་གཞལ་ཡས་ཁང་༔ རིན་ཆེན་ཟུར་བརྒྱད་མ་ཆགས་པདྨའི་གདན༔ ཉི་སྟོང་གཟི་བརྗིད་རི་རྒྱལ་ང་འདྲ་འདུག༔ ཞིང་གི་རྡུལ་སྙེད་ལྟ་བུ་རྗེ་འབངས་འཁོད༔ དཔག་མེད་ཡོན་ཏན་གནས་ལ་གསོལ་བ་འདེབས༔ སྐབས་སྐབས་ང་དང་མཐུན་པར་སྦྱོར༔ བསམ་པ་རྣམ་དག་འགྲུབ་པར་བྱིན་གྱིས་རློབས༔ ཅི་བསམ་ཆོས་སྐུ་འགྲུབ་པར་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་མ་ཧོ༔ ནུབ་ཕྱོགས་པདྨོ་བཀོད་གནས་སྣང་མཐའི་དགོངས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་ཀྱི་བུ༔ འཛམ་བུའི་གླིང་དུ་སེམས་ཅན་དོན་ལ་བྱོན༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཀུན་ཏུ་བཟང་པོ་འདུས་པའི་གསུང་༔ སྣང་བ་མཐའ་ཡས་འདུས་པའི་ཐུགས༔ རྒྱལ་བ་གསུང་གི་ཀུན་འདུས་པ༔ གསོལ་བ་འདེབས་སོ་ཐུགས་རྗེ་བྱིན་གྱིས་རློབས༔ སྐབས་སྐབས་ང་དང་མཐུན་པར་སྦྱོར༔ བསམ་པ་རྣམ་དག་འགྲུབ་པར་བྱིན་གྱིས་རློབས༔ ཅི་བསམ་ཆོས་སྐུ་འགྲུབ་པར་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨེ་མ་ཧོ༔ ཆོས་སྐུ་སྣང་བ་མཐའ་ཡས་བྱིན་རླབས་གཡོས༔ ཆོས་ཀྱི་རྒྱལ་པོའི་གདུང་རྒྱུད་མ་སྟོང་བར༔ ང་ཉིད་སྨན་གྱི་ལྷ་རྣམས་དབྱེར་མེད་པ༔ ཅི་གནས་ཆོས་ཀྱི་སྐྱབས་ཡུལ་གཉིས་སུ་མེད༔ སྡིག་ཅན་ཡིན་ཀྱང་ཐར་ལམ་གནས་སུ་ཟིན༔ སྐབས་སྐབས་ང་དང་མཐུན་པར་སྦྱོར༔ བསམ་པ་རྣམ་དག་འགྲུབ་པར་བྱིན་གྱིས་རློབས༔ ཅི་བསམ་ཆོས་སྐུ་འགྲུབ་པར་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ གསོལ་བ་འདི་ལྟར་བཏབ་པར་གྱིས༔ བསམས་ཤིང་རྗེ་བཙུན་ང་དྲན་གྱིས༔ མི་བརྗེད་ཉམས་ལོངས་ཐུགས་ལ་ཆོངས༔ བུད་མེད་མཚོ་རྒྱལ་གྲོགས་པོ་མཁར་ཆུ་བཟའ༔ སྡིག་བྱས་མེད་པའི་དགེ་བ་འདི་ལྟར་བྱས༔ ཆོས་ལ་མོས་པ་བུད་མེད་ཁྱོད་འདྲ་བ༔ མ་འོངས་དོན་དུ་ཁྱོད་ཀྱིས་ཐུགས་ལ་ཆོངས༔ བུ་སློབ་ཡང་སློབ་དོན་དུ་འཛིན༔ ཉོན་ཅིག་ཤེས་རབ་མཁར་ཆེན་བཟའ༔ འགྲོ་བ་མཆོག་གིས་འདྲེན་མཛད་མ༔ གང་འདུལ་ཐབས་སྟོན་པདྨ་ང་༔ འདི་འདྲ་གཞོན་ནུ་དུང་ལྡན་མ༔ བསམས་ཤིང་རྗེ་བཙུན་ང་དྲན་གྱིས༔ བར་སྐབས་རིག་པའི་དོན་འཚོ་བ༔ ཕྱི་ཡི་སྣང་བའི་རིག་ཐག་བཅད༔ བར་གྱི་གཉིས་འཛིན་རང་ཐག་བཅད༔ སེམས་ཉིད་གཅིག་འདུས་དོན་འཚོ་བ༔ སྐབས་སྐབས་དེ་ལྟར་ཐུན་བཞི་སྐྱོངས༔ མཁར་བཟའ་ཡེ་ཤེས་རང་བཞིན་ཉན༔ ཟ་བའི་ཚོགས་འཁོར་འགྲོ་བའི་སྐོར་བའི་རིགས༔ བསམས་ཤིང་ཏིང་ངེ་འཛིན་རང་བཞིན་ཡིན༔ འགྲོ་བའི་དོན་དུ་དེ་ལྟར་ཐུགས་ལ་ཆོངས༔ བུ་མོ་དད་ལྡན་འགྲོ་བ་འདྲེན་མཛད་པ༔ ཆོས་སྒོར་འཇུག་པའི་མཁར་ཆུ་བཟའ༔ སྒོམ་ལ་གྲོལ་བའི་མི་བརྗེད་ཐོབ༔ འགྲོ་བའི་དོན་དུ་གང་འདུལ་མཛད༔ ཐབས་ཤེས་དབྱེར་མེད་ཆོས་ཀྱི་དབྱིངས༔ དོན་གཉིས་དུས་གཅིག་མི་སྲིད་དམ༔ ང་དང་སྤྱོད་མཐུན་ཆོས་ཀྱི་རྗེ༔ འགྲོ་བ་རིགས་དྲུག་མི་རྟག་པ༔ ས་ཆུ་འབྱུང་བ་བཞི་མི་རྟག༔ ཆོས་རྣམས་གྱིས་ཤིག་བུ་སློབ་རྣམས༔ རང་རིག་དྲི་མ་མེད་པ་འདི་འཚོ་བ༔ འབྲས་བུ་སྦྱིན་པ་བཏང་བའི་སྟོབས་ཆེ་བ༔ སངས་རྒྱས་ཡང་དག་འཕགས་པའི་མཆོག༔ ཚུལ་ཁྲིམས་སྲུང་བའི་སྟོབས་ཆེ་བ༔ སངས་རྒྱས་དགེ་བ་བླང་བ་ཡང་དག་ཉིད༔ བཟོད་པ་ཁྱག་པའི་སྟོབས་ཆེ་བ༔ སྟོབས་བཅུ་ཆོས་ཀྱི་ཡང་དག་ལམ༔ བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་སྟོབས་མངའ་བ༔ བསམ་གཏན་སྟོབས་ཆེན་སངས་རྒྱས་རིན་པོ་ཆེ༔ ཤེས་རབ་མཐར་ཕྱིན་མཆོག་གི་དོན་དགོངས་པ༔ མཐོང་ལམ་ཡང་དག་འཚོ་བའི་དོན་སྒོམ་པ༔ སྒོམ་དང་བསྐྱེད་པ་སྔགས་དང་ཅི་ནུས་བཟླས༔ དེ་ལྟར་གསལ་བའི་འོད་ཟེར་འཕྲོས་བསྡུས་བྱེད༔ མཁར་ཆུ་བཟའ་ཡིས་ཉམས་སུ་ལོངས༔ མི་བརྗེད་ཐོབ་གཅིག་ཁོང་དུ་ཆོངས༔ ཡིད་ལ་ཟུངས་ཤིག་བྲི་བར་གྱིས༔ ཁོང་དུ་ཆུད་པར་གྱིས་ཤིག་སྐལ་ལྡན་མོ༔ མཁར་ཆུ་རྒྱུད་པའི་ཕྱི་མ་ཐར་ལམ་ཟིན༔ ཡེ་ཤེས་མཚོ་རྒྱལ་ལོངས་སྐུ་གསལ་ཐོབ་པ༔ རྗེ་འབངས་འབྲས་བུ་སྨིན་པའི་འགྲོ་དོན་བྱ༔ ཆོས་སྐུ་ལྟ་བའི་ཉམས་གཅིག་སྐྱོངས༔ ལོངས་སྐུ་གསལ་བ་དོན་གཅིག་བསྒོམ༔ སྤྲུལ་སྐུ་སྤྱོད་པ་རིག་པ་བསྒོམ༔ དུག་གསུམ་མ་སྤངས་གྲོགས་སུ་འཆར༔ དུག་ལྔ་མ་སྤངས་ཡུམ་ཆེན་ལྔ༔ བདུད་བཞི་མ་སྤངས་རྒྱན་དུ་བཀོད༔ རང་རིག་དོན་གྱི་སྙིང་པོ་སྒོམས༔ སྔར་སོང་རྒྱབ་འོང་རྗེས་ཕྱིར་མ་འབྲང་ཞིག༔ དག་པའི་རང་རིག་འདི་ལ་འཚོ་བར་བྱས༔ སྣང་བའི་ལམ་གྱི་དངོས་མ་རྟེན༔ རང་རིག་དྲི་མ་མེད་པའི་སྐུ༔ འདི་ལ་བཟང་ངན་གཉིས་མེད་དམ༔ སྒོམ་ཡིན་ནོར་སྒོམ་གླེན་མ་བྱེད༔ རིག་པ་སྒྲུབ་པའི་དོན་མ་བཙལ༔ རིག་པ་སྣང་བའི་མགོ་མ་སྐོར༔ སྣང་བ་རིག་པའི་རྫུན་མ་བཟུང་༔ རང་ཐོག་ཏ་ལེ་གཏན་དུ་ཕོབ༔ འདི་སྒོམ་མེད་པ་ཡེངས་མེད་པ༔ རིག་པ་དྲི་མའི་དོན་སྐྱེད་པ༔ ལན་གཅིག་མཐའ་ལྡོག་དབང་མ་བྱེད༔ ཨ་འཐས་སྤྱོད་པའི་གནས་མ་སྐྱོངས༔ སྣང་བའི་དངོས་རྟེན་རང་རིག་དག༔ དེ་ལྟར་གྱིས་ཤིག་མཁར་ཆུ་བཟའ༔ བསམས་ཤིང་རྗེ་བཙུན་ང་དྲན་གྱིས༔ ཡིད་ལ་ཟུངས་ཤིག་འགྲོ་བའི་དོན༔ བྱང་བར་ཀློག་གམ་བྲི་བར་བྱ༔ ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱིས༔ དེ་ལྟར་གྱིས་ཤིག་གྲོགས་པོ་མཁར་ཆུ་བཟའ༔ སྐྱེ་བ་མེད་ལ་སྐྱེ་བའི་ཆོ་འཕྲུལ་སྟོན༔ འགགས་པ་མེད་པའི་གཟུགས་སྐུ་རྣམ་གཉིས་འབྱུང་༔ ཡ་མཚན་རྨད་བྱུང་འབྲས་བུ་མཆོག་གི་སྐུ༔ རིག་པ་དོན་ཆུང་སྤྲུལ་པའི་གནས༔ སྟོང་པ་རྣམ་དག་ཆོས་ཀྱི་སྐུ༔ གསལ་བ་རྣམ་དག་ཆོས་ཀྱི་གསུང་༔ མ་འགགས་རྣམ་དག་ཆོས་ཀྱི་ཐུགས༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ བདེར་གཤེགས་འཕྲིན་ལས་ལྷུན་གྱིས་གྲུབ༔ དེ་ལྟར་མཛོད་ཅིག་ཤེས་རབ་མཁར་ཆུ་བཟའ༔ མ་འོངས་སེམས་ཅན་འགྲོ་བའི་དོན༔ སྐྱིད་སྡུག་རེས་ལྟོས་ངེས་ཤེས་ཀྱི༔ འཇིག་རྟེན་འདི་ན་ང་ཡི་དངོས་འཛིན་པ༔ ང་བའི་རྫུས་སྐྱེས་ཁམས་འདིར་ཡོང་མི་སྲིད༔ མ་འོངས་ང་ཡི་སྤྲུལ་པ་ཆོས་འཛིན་པ༔ དེ་ལྟར་དཔག་མེད་བགྲང་གིས་ནུས་པ་མེད༔ མ་འོངས་གྲོགས་བྱེད་བུད་མེད་མཁར་ཆུ་བཟའ༔ མཐོང་ལམ་ཡང་དག་སྦྱོར་བའི་ངོ་མཚར་དུ༔ ཉོན་ཅིག་ཡེ་ཤེས་མཚོ་རྒྱལ་ཞེས༔ ང་ནི་མདངས་ལྡན་སྐུ་འཁྲུངས་པ༔ ཁམས་གསུམ་སྲིད་གསུམ་དབང་བསྡུས་ཟིལ་གྱིས་གནོན༔ དེ་ལྟར་པདྨ་རྒྱལ་པོ་ང་༔ ཏིང་ངེ་འཛིན་ངང་གིས་མུ་སྟེགས་ཚོགས་བཅོམ་པ༔ རྡོ་རྗེ་གདན་བྱོན་ཚེ་ཡི་དུས༔ བདུད་བཞི་བཅོམ་པའི་དགེ་ཚུལ་རྣམ་སྟོན་པ༔ དེ་ལྟར་ཤཱཀྱ་སེང་གེ་ང་༔ རང་བྱུང་མཆོག་གི་དངོས་གྲུབ་བརྙེས༔ ཟ་ཧོར་མ་ཀ་ཏ་ཡུལ་དུ༔ བསིལ་ཚལ་བམ་རོའི་བསྒྲུབས་པ་མཛད༔ ཐུགས་ཀྱི་སྡེ་སྣོད་བཅུ་གཉིས་གསལ༔ སྐུ་གསུམ་རྣམ་པར་དག་པའི་སྡེ༔ ལུང་དང་ཚིགས་སུ་ཆེད་དུ་བརྗོད༔ བཀའ་སྩལ་མདོ་སྡེ་དོན་བྱས་པ༔ གཞོན་ནུ་སྔགས་འཆང་ཚུལ་གྱིས་འགྲོ་བ་འདྲེན༔ ཡུམ་ཆེན་མནྡ་ར་བ་མོ༔ དེ་ལྟར་པདྨ་སཾ་བྷ་ང་༔ མུ་སྟེགས་གནས་སུ་ང་བྱོན་པ༔ དགའ་ཚལ་གནས་ཀྱི་ཕོ་བྲང་དུ༔ སྙན་པ་ཧཱུྃ་ཕཊཿསྒྲ་ཡིས་ཕྱོགས་རྣམས་ཁྱབ༔ གནོད་བྱེད་འདུལ་བའི་དངོས་གྲུབ་བརྙེས༔ དེ་ལྟར་རྡོ་རྗེ་གྲོ་ལོད་ངས༔ ལི་ཡི་གནས་སུ་ང་བྱོན་པ༔ ལྗང་ར་སྨུག་པོའི་གནས་མཆོག་ནས༔ ཤེལ་སྒོ་མངོན་ཤེས་མཆོག་གི་དངོས་གྲུབ་བརྙེས༔ དེ་ལྟ་ཉི་མ་འོད་ཟེར་ང་༔ བལ་བོའི་ཡུལ་དུ་ང་བྱོན་པའི༔ ཡང་ལེ་ཤོད་ཀྱི་གནོད་སྦྱིན་རྫོངས༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ སེང་གེ་སྒྲ་ཡི་ནམ་མཁའ་ཀུན་ཁྱབ་ང་༔ བོད་ཀྱི་ཡུལ་གྱི་དབུས་ཕྱོགས་ནས༔ སྟག་ཚང་སེང་ཕུག་གནས་ཡུལ་དུ༔ སྣང་བ་མཐའ་ཡས་སྤྲུལ་པའི་འགྲོ་མགོན་ང་༔ མཁའ་འགྲོ་བཞི་རྣམས་ཚོགས་ཀྱི་རོལ་གནས་པ༔ བདེ་བ་མཆོག་གི་སྐྱེ་མེད་པདྨ་ང་༔ བོད་ཡུལ་བསམ་ཡས་གླིང་དུ་བྱོན་པའི་དུས༔ ཡུམ་ཆེན་མཚོ་རྒྱལ་མཆོག་གི་དངོས་གྲུབ་བརྙེས༔ མཚན་ལྡན་སྐྱེས་བུའི་ཆ་ལུགས་འཛིན༔ ཁམས་གསུམ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཞེས༔ བྱང་སེམས་མཆོག་གི་ཆུ་རྒྱུན་འབེབས༔ གཉིས་མེད་གཉིས་སུ་མེད་པའི་མཁའ་དབྱིངས་སུ༔ མ་འགགས་ཐབས་ཤེས་སྐྱིན་སྦྱར་བ༔ ལྷོ་བྲག་གླིང་དུ་བྱོན་པའི་དུས༔ གནོད་བྱེད་གཉན་ནོན་སྔགས་འཆང་ནུས་མཐུ་ང་༔ བོད་ཀྱི་དོན་དུ་ང་ཉིད་ལྷ་རྗེར་སྤྲུལ༔ གང་འདུལ་ཐབས་ཀྱིས་འགྲོ་ལ་ལེགས་པར་དགོངས༔ མཁར་ཆུ་ས་དེར་གཏེར་ཤོག་དཔག་མེད་སྦས༔ སྦས་པ་ཙམ་གྱིས་མ་འོངས་ང་སྤྲུལ་རེ༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་དོན་དུ་ཡིད་ལ་ཆོངས༔ མི་བརྗེད་ཉམས་སུ་ལོངས་ཤིག་མཁར་ཆུ་བཟའ༔ འགྲོ་བའི་དོན་དུ་ཐུགས་རྗེས་ཡང་ཡང་གཟིགས་ཞེས་གསུངས་པ༔ མཁར་ཆུ་བཟའ་དེ་ཉམས་སུ་ལོངས༔ ད་ལྟ་ཁྱོད་མཁར་གདུང་འདི་ནས་སོང་སྟེ་ཟས་ཆང་སློངས་གསུངས༔ ཁོ་མོ་གདུངས་ནས་སོང་སྟེ་མི་རྣམས་ལ་དགོས་ཟེར་ཏེ༔ མི་རྣམས་ཀྱིས་གསེར་དང་དེ་རྣམས་སྦྱིན༔ ཨོ་རྒྱན་གྱི་མདུན་ནས་ཡོང་སྟེ་ཚེས་བཅུ་བྱེད་པ༔ དེ་ཉིན་ནས་སྤྱན་རས་གཟིགས་ཀྱིས་ནམ་མཁའ་ནས་ཞལ་གཟིགས་ནས༔ ལགས་རིན་པོ་ཆེ་འདི་འགྲོ་བའི་དོན་དུ་ངས་མཛད་པ༔ སྔར་རྒྱ་གར་ཀ་མ་ལའི་གནས་ནང་དུ་ཆུ་ནང་ནས་ཙནྡན་སྡོང་པོ་འཁྲུངས་ནས༔ དེའི་ནང་དུ་ང་བཅུ་གཅིག་ཞལ་ཡོད་ནས༔ ང་གང་འདུལ་སྤྲུལ་པ་ཀ་ན་ཆེན་པོའི་སྡོང་པོ་བཀས་པ་ཙམ་གྱིས་ང་སྤྱན་རས་གཟིགས་དེའི་དུས་སུ་དེར་འཁྲུངས་པ༔ རྒྱ་གར་ཡུལ་ཝ་ར་ན་སིར་འཇིག་རྟེན་དབང་ཕྱུག༔ འདིར་དབུས་ནས་ང་སྲོང་བཙན་སྒམ་པོ་ཞེས་བྱ་བ༔ ཁྱེད་རྫུས་སྐྱེས་པདྨ་དང་ང་གང་འདུལ་ངོ་བོ་དེ་བྱ་བ་དོན་མཚུངས་པའི་ཆོས་འདི་མཁར་ཆུ་བཟས་ཐོས་ཏེ་འགྲོ་བའི་དོན༔ ཨཱོྃ་ཨཱཿཧཱུྃ༔ རྣམ་དག་ཆོས་སྐུ་རྒྱལ་བ་འོད་དཔག་མེད༔ འགགས་མེད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་བ་འདྲེན་པའི་པདྨ་འབྱུང་༔ ངོ་བོ་གཅིག་ལ་སྤྲུལ་པ་བརྒྱ་ཕྲག་འགྱེད༔ གང་འདུལ་རྣམ་སྤྲུལ་མཆོག་ལ་ཕྱག་འཚལ་བསྟོད༔ ཨཱོཾ་ཨཱ་ཧཱུྃ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་ནས༔ བླ་མ་སངས་རྒྱས་ཕྱོགས་བཅུ་ཡི་དམ་ལྷ༔ དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་འབུལ༔ མོས་བློ་རྩ་གསུམ་སྐུ་གསུམ་ལྷ་ལ་འབུལ༔ འགྲོ་བ་སེམས་ཅན་ཐམས་ཅད་མ་ལུས་པ༔ སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད༔ རྫུན་ཚིག་ཕྲ་མ་ཚིག་རྩུབ་ངག་འཁྱལ་དབྱེན༔ བརྣབ་སེམས་གནོད་སེམས་ལོག་ལྟ་ལ་སོགས་ཏེ༔ མི་དགེ་བཅུ་པོ་བགྱིས་རྣམས་མཐོལ་ལོ་བཤགས༔ ཆོས་སྐུ་ལོངས་སྐུ་སྤྲུལ་པ་སྐུ་ཡི་མཆོག༔ རྫུས་སྐྱེས་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་ཆེད་དུ༔ ཐེག་མཆོག་ཡང་དག་དོན་གྱི་དངོས་གྲུབ་སྩོལ༔ དབུས་ཕྱོགས་རྣམ་པར་སྣང་མཛད་ཆོས་ཀྱི་སྐུ༔ གསལ་འཚེར་ཆོས་དབྱིངས་རྣམ་དག་བཀྲ་ཤིས་དེར༔ འགྲོ་མགོན་འགྲོ་བ་འདྲེན་པའི་བཀྲ་ཤིས་ཤོག༔ ཤར་ནས་རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུ༔ གསལ་ལ་མེ་ལོང་ཡེ་ཤེས་བཀྲ་ཤིས་གང་༔ འགྲོ་མགོན་འགྲོ་བ་འདྲེན་པའི་བཀྲ་ཤིས་ཤོག༔ ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་ཆོས་ཀྱི་སྐུ༔ གསལ་མདངས་མཉམ་ཉིད་ཡེ་ཤེས་བཀྲ་ཤིས་གང་༔ འགྲོ་མགོན་འགྲོ་བ་འདྲེན་པའི་བཀྲ་ཤིས་ཤོག༔ ནུབ་ནས་སྣང་བ་མཐའ་ཡས་ཆོས་ཀྱི་སྐུ༔ གསལ་འཚེར་སོར་རྟོག་ཡེ་ཤེས་བཀྲ་ཤིས་གང་༔ འགྲོ་མགོན་འགྲོ་བ་འདྲེན་པའི་བཀྲ་ཤིས་ཤོག༔ བྱང་ནས་དོན་ཡོད་གྲུབ་པ་ཆོས་ཀྱི་སྐུ༔ གསལ་འཚེར་རང་ལྡན་བྱ་གྲུབ་ཡེ་ཤེས་ཀྱིས༔ འགྲོ་མགོན་འགྲོ་བ་འདྲེན་པའི་བཀྲ་ཤིས་ཤོག༔ སྐྱབས་ཡུལ་སངས་རྒྱས་བཀའ་བརྒྱུད་བླ་མ་དང་༔ དཔའ་བོ་མཁའ་འགྲོ་སྒྲུབ་པའི་དངོས་གྲུབ་གནང་༔ ཐུགས་རྗེ་ཤུགས་ཀྱིས་འགྲོ་བ་འདྲེན་མཛད་པ༔ འགྲོ་མགོན་འགྲོ་བ་འདྲེན་པའི་བཀྲ་ཤིས་ཤོག༔ ཐུགས་རྗེ་སྨན་མཆོག་འགྲོ་བའི་དོན་དགོངས་ཏེ༔ ཐབས་ལམ་ཡང་དག་སྦྱོར་བའི་སྤྱན་རས་གཟིགས༔ འགྲོ་མགོན་འགྲོ་བ་འདྲེན་པའི་བཀྲ་ཤིས་ཤོག༔ ཡི་དམ་མཉེས་པའི་ཚོགས་ཀྱི་འབྱོར་ཚོགས་ལྡན༔ མཁའ་འགྲོ་མཉེས་པའི་ཚོགས་དང་རོལ་མོ་བྱས༔ ཆོས་སྐྱོང་མཉེས་པའི་བསྐང་གཏོར་འདི་ལྟར་མཉེས༔ མ་མོ་མཁའ་འགྲོའི་བྱིན་རླབས་འགྲོ་ལ་ཐིམ༔ དེ་རིང་དབང་མཆོག་འགྲོ་དོན་དགོངས༔ སྔགས་འཆང་རྫུས་སྐྱེས་པདྨ་འབྱུང་༔ འགྲོ་བ་འདྲེན་པའི་ཐབས་བཀའ་སྩོལ༔ ཐུགས་རྗེ་འགྲོ་དོན་བྱེད་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཐབས་མཁས་ཚངས་པ་དངོས་གྲུབ་སྩོལ༔ བདག་རེ་སྔགས་འཆང་པདྨ་ཁྱེད་མ་འོངས་བུ་སློབ་དོན་དུ་མཛད་པར་ཞུས༔ ཞེས་གསུངས༔ པདྨའི་ཞལ་ནས༔ ཨེ་མ་ཧོ༔ དུས་གསུམ་བདེར་གཤེགས་སངས་རྒྱས་རིན་པོ་ཆེ༔ ཕྱོགས་བཅུ་རྣམ་དག་བདེ་ཆེན་ལོངས་སྤྱོད་རྫོགས༔ སྟོན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ ཐབས་ལམ་ཡང་དག་སྤྱོད་པའི་མཐོང་ལམ་དང་༔ ཡང་དག་རྫོགས་པའི་སངས་རྒྱས་རིན་པོ་ཆེ༔ སྐྱོན་གྱིས་མ་གོས་རྒྱལ་བ་ཀུན་གྱི་དངོས༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་དོན་དུ་ཐུགས་རྗེས་གཟིགས་པར་ཞུ༔ ཞེས་གསུངས༔ ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་ཡལ༔ ཨུ་རྒྱན་པདྨའི་ཞལ་ནས་རིགས་ཀྱི་བུ་མོ་མཁར་ཆུ་བཟའ་ཉོན་དང་༔ སྤྱན་རས་གཟིགས་ཀྱི་ཆོས་སྐོར་འདི་འགྲོ་བའི་དོན་དུ་དགོས་ནས་འདི་ཁྱོད་རྣམས་ཉམས་སུ་ལོངས་ཤིག་ཅེས་གསུངས་ནས༔ པདྨའི་དགོངས་ནས༔ ཁོ་མོ་བདག་གིས་བཀྲོལ༔ གཏེར་ཤོག་ཕབ་ནས་འགྲོ་བའི་དོན་དུ་མཛད་ནས་ལར་མང་པོ་སྦས༔ ཁོ་མོས་ཞུས་ནས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ འདི་མ་འོངས་པའི་དུས་སུ་ཅི་འདྲ་བ་འབྱུང་ཞུས༔ སྤྱན་རས་གཟིགས་ཀྱི་ཆོས་སྐོར་འདི་རྣམས་གང་དུ་འབྱུང་ཞུས༔
ཨུ་རྒྱན་གྱི་ཞལ་ནས༔ ཡེ་ཤེས་མཚོ་རྒྱལ་ཉོན་དང་༔ འདི་མ་འོངས་དུས་སུ་རིག་འཛིན་ཀུན་ལ་འདི་ལྟར་ཡོད་པའི་ཐབས་ངེས་པ་ཅན་གཅིག་འདུག༔ ཁྱོད་རང་ལུས་ལྷ་ངོ་སྟོན་པ་འདིའི་དབང་ཐོབ་པར་ཡིན་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་རྨི་ལམ་རྨིས་པ་བཤད་ནས༔ ཨུ་རྒྱན་རིན་པོ་ཆེ་ལགས༔ ང་མཁར་ཆུ་ན་གཅིག་ཐོན་ཏེ༔ མཁར་ཕུབ་ཤི་ནས་འདུག་པ་རྨིས་ཞེས་ཞུས༔ ཨུ་རྒྱན་ཞལ་ནས༔ འཆི་བའི་ནད་གཅོད་བེམ་རིག་བྲལ་ནས་ཅི་བྱེད་པའི་ཐབས་མེད་གསུངས༔ དེར་ཙམ་མཁར་ཆུ་ནས༔ ཡེ་ཤེས་མཚོ་རྒྱལ་བདག་གིས་རི་མིང་བུ་གཉིས་གསེར་རྣམས་བཟུང་ནས་ཨུ་རྒྱན་མདུན་དུ་ཐོན་པ༔ ཡེ་ཤེས་མཚོ་རྒྱལ་ཁྱེད་གཉིས་ཅི་ལ་ཡོང་པ་ཡིན་གསུངས༔ མཁའ་འགྲོ་གནས་དང་ཆུ་སྐྱབས་གཉིས་ཁྱེད་ཡབ་འདས་ནས༔ ཨུ་རྒྱན་ལ་གསེར་ཕུལ་ཡོང་པ་ཡིན་ཞུས༔ ཡེ་ཤེས་མཚོ་རྒྱལ་ཨུ་རྒྱན་གྱིས་མ་རིག་པར་དུས་མྱ་ངན་མང་པོ་བྱེད་མཐོང་ནས་མི་བྱེད་པ༔ གསེར་རྣམས་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ལ་ཕུལ་ནས༔ སློབ་དཔོན་གྱིས་མདུན་གྱི་སངས་རྒྱས་ལ་ཕུལ་བ༔ མི་གཉིས་ལ་འཚོ་བ་གཅིག་སྦྱིན་ནས་ཕྱིར་སོང་ངོ་༔
མཚོ་རྒྱལ་གྱིས་སློབ་དཔོན་ལ་འདི་ལྟར་ཞུས་པ༔ བདག་གི་ཡབ་འདིའི་སྐྱེ་བ་བཅད་ནས་སངས་རྒྱས་པའི་ཐབས་གཅིག་དགོངས་ཞུས༔ ཨུ་རྒྱན་གྱི་ཞལ་ནས་ཁྱོད་ཡབ་འདས་པའི་ཁྱོད་རང་ཨི་སྡུག་པ་འདུག་གསུངས༔ མཚོ་རྒྱལ་གྱིས་སྡུག་ངས་ཅི་བྱེད་ཞུས་ནས་མིག་གཉིས་ནས་མཆི་མ་ས་ལ་ཐིགས་པ་གཅིག་ཡོང་༔ ཨུ་རྒྱན་གྱི་ཞལ་ནས༔ ཁྱོད་འཇིག་རྟེན་ཐམས་ཅད་སྤང་ཟེར་ནས་མྱ་ངན་ཅི་ལ་བྱེད་པ་ཡིན་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ཀྱེ་མ་ཨུ་རྒྱན་རིན་པོ་ཆེ༔ སྐྱབས་མགོན་འགྲོ་བའི་རེ་ས་ཁྱེད༔ ཁྱད་པར་ཅན་གྱི་ཁོ་མོ་བདག་གི་མགོན༔ མཁར་ཆུ་དམ་པ་ཀུན་གྱི་སྐྱབས་པ་ལས༔ མཁར་ཆུ་རྣམས་ལ་ཐུགས་རྗེ་མ་ཆུང་ཞིག༔ བདག་གི་ཡབ་ཀྱི་སྐྱེ་བ་ཆོད༔ སངས་རྒྱས་བྱང་ཆུབ་ཐོབ་པའི་ཐུགས་དགོངས་ཐུགས༔ དྲིན་ཅན་མཁར་ཕུབ་བུ་མོ་ང་༔ སྔོན་དེ་ལྟར་མཇལ་དགོས་ཏེ༔ ས་ཡུལ་རིང་བས་དུས་འདིར་ཐུགས་སྐབས་མེད༔ དྲིན་ཅན་རྒྱལ་སྲས་མཁར་ཕུབ་བུ་མོ་ང་༔ སྐྱིད་འདོད་ལས་ཀྱི་བླ་མའི་གྲོགས༔ ཐུགས་རྗེ་མ་ཆུང་སྔགས་འཆང་པདྨ་འབྱུང་༔ སྤྱིར་འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས༔ ཁྱད་པར་མཁར་ཆུ་རྣམས་ལ་ཞལ་གྱིས་གཟིགས༔ ཕྱི་མ་བླ་མའི་དྲིན་གྱིས་མཁར་ཕུབ་ལས་དག་ནས༔ ཐུགས་རྗེ་ཤུགས་འབྱུང་སྟོབས་ཀྱིས་ཁྱད་འཕགས་པ༔ སྡིག་བྱས་མཁར་ཆུ་བུ་མོ་མཚོ་རྒྱལ་ང་༔ སྐྱིད་འདོད་བླ་མའི་ཕྱག་ཕྱིས་མཛད༔ མཁར་ཕུབ་འདི་ཡི་སྐྱེ་བ་མ་བཅད་ནས༔ ཁོ་མོ་རིགས་དམན་བླ་མའི་ཞབས་ཏོག་མཛད༔ རིགས་དམན་བདག་ལ་ཐུགས་རྗེས་བཟུང་དུ་གསོལ༔ བདག་གི་ཡབ་ཀྱི་སྐྱེ་བ་འདི་བཅད་ནས༔ སྔར་ཡང་དྲིན་ཆེ་ད་ཡང་ཐུགས་རྗེ་ཆེ༔ མཁར་ཕུབ་བུ་མོ་ཡེ་ཤེས་མཚོ་རྒྱལ་ང་༔ ལས་ཅན་བླ་མའི་ཞབས་ཏོག་འདི་བྱས་པ༔ འདི་ཡི་མཐུ་དང་ཐུགས་རྗེ་བཟུང་བར་ཞུ༔ ཕ་བཀའ་བརྒྱུད་བླ་མ་རིན་པོ་ཆེ༔ སྐྱབས་རེ་ས་སངས་རྒྱས་དཀོན་མཆོག་གསུམ༔ སྒོས་བསམ་པའི་སྐྱབས་གནས་རྩ་བ་གསུམ༔ སྐད་ཅིག་ཡིད་ལ་དྲན་པ་པདྨ་འབྱུང་༔ འགྲོ་བའི་རེ་ས་བླ་མ་རིན་པོ་ཆེ༔ མཁར་ཆུའི་སྐྱབས་ས་པདྨ་རིན་པོ་ཆེ༔ ཁོ་མོ་བསྟེན་ས་སྔགས་འཆང་པདྨ་འབྱུང་༔ ཡིད་ལ་དྲན་པ་མཐོང་ཐོས་ཐར་ལམ་ཟིན༔ གངས་སྟོད་སེང་གེ་དཀར་མོ་ལ༔ གཅན་གཟན་རྣམས་ནི་དེ་བརྟེན་པ༔ བྲག་སྟོད་ཁྱུང་ཆེན་རྩལ་དྲག་ལ༔ བྱ་ཕྲུག་རྣམས་ནི་དེ་ལ་བརྟེན༔ ནགས་སྟོད་སྟག་མོ་ཁྲ་བོ་ལ༔ གཅན་གཟན་རྣམས་ནི་དེ་ལ་བརྟེན༔ ཡུལ་མི་གཙོ་བོ་དཔོན་ལ་བརྟེན༔ ཡང་འཁོར་ཁྱི་གཡོག་ཟས་གོས་བརྟེན༔ དགོན་ནང་བན་དེ་བླ་མ་བསྟེན༔ ཁོ་མོ་རེ་ས་པདྨ་འབྱུང་༔ རྟེན་ལ་རྫུས་སྐྱེས་པདྨ་འབྱུང་༔ འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་ཞལ་གྱིས་གཟིགས༔ མུན་པའི་གླིང་དུ་ཐུགས་རྗེས་གཟིགས༔ ཁོ་མོ་ཕ་ནི་མཁར་ཕུབ་འཆི་བའི་ལས༔ ཐུགས་རྗེ་ལྕགས་ཀྱུས་ཟིན་པར་ཞུ༔ བུད་མེད་གཏམ་ཡང་ཞུ་ཕོད་མང་པོ་བཅས༔ མ་རིག་ལོག་ཚིག་སོང་ན་མཐོལ་ལོ་བཤགས༔ བུད་མེད་ལུས་བླངས་སྣང་བ་མཐོ་བྱས་སོ༔ མ་རྟོགས་འགལ་བ་ཅི་མཆིས་མཐོལ་ལོ་བཤགས༔ བུད་མེད་ལུས་བླངས་ཞུ་ཕོད་བྱས་པ་འདི༔ ཁྲོ་མེད་སྔགས་འཆང་གཞོན་ནུའི་ཆ་ལུགས་ལྡན༔ ཁོ་མོ་དེ་ཕྱིར་བསམ་པའི་ཞུ་ཕོད་ཡིན༔ དེ་ཕྱིར་མ་གཏོགས་དྲིན་ཅན་ཕ་མ་ཤི༔ ཕྱི་རབས་ལུས་འདི་ཁ་དོག་རྗེས་ཨེ་དགོས༔ རྫུས་སྐྱེས་པདྨའི་ཐུགས་རྗེ་ཆེན་པོ་ཡོད༔ ཏ་ལང་རྒྱལ་སྲས་མཁར་ཕུབ་འདི་ལ་ཐུགས་རྗེས་ཟུངས༔ སྐྱབས་རེ་ས་བླ་མ་རིན་པོ་ཆེ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ མཁའ་འགྲོ་ཀུན་གྱི་མངའ་བདག་ཉིད༔ ཡི་དམ་ཀུན་གྱི་གྲངས་ཚད་འཛིན༔ ཆོས་སྐྱོང་སྲུང་མ་བྲན་འཁོར་བ༔ ཁོ་མོ་སྐྱིད་འདོད་བླ་མའི་དྲིན༔ ཞབས་ཏོག་མཛད་པའི་ཐུགས་རྗེ་ཤིན་ཏུ་ཆེ༔ རྫུས་སྐྱེས་ཐུགས་ལ་འགལ་སོང་མཐོལ་ལོ་བཤགས༔ བུད་མེད་སེམས་དང་འདི་ཡི་དྲིན་རྩིས་མིན༔ རྫུས་སྐྱེས་དྲིན་རྩིས་མེད་པར་ཐུགས་རྗེས་གཟིགས༔ ཁོ་མོ་གཏམ་མང་ལས་ཀྱི་ཤུགས་དབང་འདིར༔ སྔགས་འཆང་པདྨས་ཐུགས་རྗེས་གཟིགས་སུ་གསོལ༔ ཁོ་མོ་སྐྱིད་སྐྱིད་འདྲ་བ་བླ་མའི་དྲིན༔ སྡིག་པ་ཙམ་གྱི་མཁར་བཟའ་བདག་གི་ལས༔ དེ་ཕྱིར་སྡིག་ལ་མ་མྱོང་བླ་མའི་དྲིན༔ འདི་འདྲ་དྲིན་ཆེ་གང་ལ་ཡོད་པ་མེད༔ རྙེད་པ་མཆོག་གི་པདྨ་འབྱུང་གནས་རྙེད༔ དྲེག་ཅིང་དྲག་འདོད་དཔའ་བོ་གཡུལ་ལས་རྒྱལ༔ ཁོ་མོ་བདག་གིས་ཞུ་བ་བཀའ་གནང་བགྱིས༔ བདག་ལ་ཕྱོགས་རིས་ཡོད་པ་མ་ཡིན་ཏེ༔ མཁར་ཕུབ་དེ་ལ་ཐུགས་རྗེས་གཟིགས་པར་ཞུ༔ ལགས་དེ་ལྟ་བུ་ཆོས་ཐམས་ཅད་ང་ཡབ་འདས་པ་འདི་ལ་ཐུགས་རྗེས་ཟུངས༔ བདག་རེ་ས་ཁྱེད་རིན་པོ་ཆེ༔ ཨུ་རྒྱན་གྱི་ཞལ་ནས༔ འདི་ལྟར་གསུངས་པའོ༔ ཨེ་མ་ཉོན་ཅིག་མཁར་ཆུ་བཟའ༔ འཇིག་རྟེན་མི་རྟག་དྲི་ཟའི་གྲོང་ཁྱེར་འདྲ༔ རྨི་ལམ་སྨིག་རྒྱུ་བྲག་ཆ་ཆུ་ཟླ་འདྲ༔ སེམས་ཅན་ཐམས་ཅད་དེ་ཡང་མི་རྟག་གོ༔ འཆི་བའི་ནད་གཅོད་བེམ་རིག་བྲལ་ཁད་པ༔ འགྲོ་དྲུག་དེ་འདྲ་སྙིང་རྗེ་ཨ་ཙ་མ༔ ཁྱོད་ཀྱི་ཡབ་ནི་མྱ་ངན་འདས་ནས་ཀྱང་༔ ང་ཡི་ཐུགས་རྗེས་བཟུང་བ་ལོས་ཡོད་དེ༔ ཡེ་ཤེས་མཚོ་རྒྱལ་ཁྱེད་ཀྱི་ཐུགས་རྗེ་ཡོད༔ ཁྱོད་ཀྱི་ཡབ་ཀྱི་སྐྱེ་བ་བླང་མི་དགོས༔ མཁར་ཆུ་རྒྱུད་པ་ཁྱེད་ཀྱི་དྲང་ཐུབ་སྟེ༔ ཐུབ་ཙམ་མིན་པ་འགྲོ་བའི་དོན་ཡོང་ངོ་༔ སྨོན་ལམ་རྣམ་དག་འདི་ཡི་འབྲེལ་བའི་མཐུས༔ མཁར་ཆུ་ལས་ཅན་རྒྱུད་པའི་མཚོ་རྒྱལ་འདི༔ འདི་ནི་རྒྱུད་པའི་མཐའ་མ་བྱང་ཆུབ་བཀོད༔ སྔགས་འཆང་ང་ཉིད་མི་དགོས་ཁྱེད་ཐུབ་ངེས༔ བདག་དང་འདྲ་བའི་ཡེ་ཤེས་མཚོ་རྒྱལ་བཀོད༔ འདི་ཡི་འབྲེལ་པའི་ཤུགས་ཀྱིས་མཐུ་དང་སྟོབས༔ ཕྱིར་མི་ལྡོག་པའི་གནས་སུ་སྐྱེ་བར་ངེས༔ ཁྱེད་ལ་བཀའ་དྲིན་འདི་ལྟར་མ་ཆེ་ན༔ མི་མིན་འདྲེ་ཡུལ་བུད་མེད་གནམ་སྐར་མ༔ ང་ཡི་གྲོགས་བྱེད་གཅིག་ཀྱང་མ་ངེས་པར༔ ཁྱོད་ལ་ཐུགས་རྗེའི་ཡོད་པ་དེ་ཕྱིར་རོ༔ ང་ཡི་གྲོགས་བྱེད་ཐུགས་རྗེའི་ལོ་ཡོད་ནས༔ ཁྱོད་ཀྱིས་རྟོགས་པ་ཙམ་གྱིས་སངས་རྒྱས་ཐོབ༔ བསམ་པ་ཙམ་གྱིས་བྱང་ཆུབ་གནས་སུ་བཀོད༔ ཐར་པའི་ལམ་འདྲེན་བུད་མེད་མཁར་ཆུ་བཟའ༔ རྫུས་སྐྱེས་ང་རྣམས་མི་དགོས་ཁྱོད་འགྲོ་དོན༔ མཁར་ཆུ་རྒྱུད་པ་ཁྱེད་ཀྱི་ཅི་བྱེད་ཡོད༔ ཁྱོད་ཀྱི་ཤུགས་ཀྱིས་འབྲེལ་པ་དེ་ཡི་མཐུས༔ བདེ་ཆེན་གནས་སུ་འགྲོ་བའི་བཀོད་གནས་ཤོག༔ ཅེས་གསུངས༔
ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ དེ་ལྟར་གསུངས་པ་ཤིན་ཏུ་དགའ༔ དེ་ཕྱིར་འདི་བྱས་སོ༔ ན་མོ་གུ་རུ༔ རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ ཁྱད་པར་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི༔ དཀོན་མཆོག་གསུམ་ལ་རྗེས་ཡི་རངས༔ སྤང་ལམ་ཡང་དག་ཐོབ་ཕྱིར་ལྡན་པ་དང་༔ དྲན་པ་གཉིད་ལོག་མངོན་ཤེས་ཟིན་པ་དང་༔ ཐ་མལ་ཤེས་པ་རང་ངོ་མཐོང་བར་ཞུས༔ ཆོས་སྐུ་ལྟ་བུའི་ཉམས་གཞི་བརྟན༔ ལོངས་སྐུ་རྟོགས་པའི་འགྲོ་དོན་བྱེད༔ སྤྲུལ་སྐུ་རིག་པ་ཉམས་བསྐྱངས་བ༔ བཀའ་དྲིན་རྩ་བའི་བླ་མ་རིན་པོ་ཆེ༔ བདག་གི་སྤྱི་བོ་པདྨ་ཟླ་གདན་སྟེང་༔ བདག་དང་འདུ་འབྲལ་མེད་པར་བྱིན་གྱིས་རློབས་ཞེས་ཞུས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ འགྲོ་བ་མ་རིག་པ་དང་མུན་པ་འཐིབ་ནས་ཆོས་ལ་ཉན་པ་མེད་པ་ཚེ་ཐུང་བ་བདེ་བའི་སྐབས་ཀྱི་བཀའ་གནང་བ༔ བར་ཆད་ཡོད་ན་བསལ་བའི་དོན༔ འདི་ཕྱི་གང་ལ་གསོལ་བ་བཏབ་པའི་དོན་ཚིག་གཅིག་གནང་ཞུས༔
ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ རིགས་ཀྱི་བུ་མོ་ཉོན་དང་༔ ངས་འགྲོ་ལ་བརྩེ་ཕྱིར་གྱིས་ཐུགས་རྗེ་ཐབས་གཅིག་གནང་ངོ་ཞེས་གསུངས་ནས༔ ན་མོ་གུ་རུ༔ དང་པོ་ཆོས་སྐུ་བཟང་པོ་དང་༔ བར་དུ་སྔགས་འཆང་པདྨ་འབྱུང་༔ ཐ་མ་འགྲོ་བའི་དོན་མཛད་པ༔ སྐྱབས་རེ་ས་གསོལ་བ་ང་ལ་ཐོབ༔ སྐབས་སྐབས་གུ་རུ་སིདྡྷི་ཟློས༔ ཉིན་དུས་བཞི་ལ་ང་དྲན་ན༔ གསོལ་བ་བཏབ་པའི་བྱང་ཆུབ་ཐོབ༔ དལ་འབྱོར་མི་ལུས་ཐོབ་ཆེད་དུ༔ སྙིང་གི་དཀྱིལ་ནས་གསོལ་བ་ཐོབ༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མི་ལུས་ཐོབ་པའི་ལུས་གཅིག་ཐོབ༔ དམ་པའི་ཆོས་ལ་དད་གུས་གྱིས༔ སྐབས་སྐབས་པདྨ་ང་དྲན་གྱིས༔ དགེ་བཅུ་དང་བླངས་རིན་ཆེན་རང་སྲོག་འདྲ༔ འཆི་ནས་འགྱོད་པའི་ངག་མི་སླེབ༔ མི་འཆི་འདོད་ཀྱང་རང་དབང་མེད༔ སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས༔ འཆི་བདག་མི་འདོད་ཚུར་ཚུར་ཡོང་༔ ནམ་འཆི་ཆ་མེད་རྐྱེན་གྱིས་འཇིགས༔ སྐབས་སྐབས་པདྨ་ང་དྲན་གྱིས༔ དད་གུས་ཅན་གྱི་མཁར་ཆེན་བཟའ༔ མཁར་ཆེན་བུ་མོས་ཉམས་སུ་ལོངས༔ ཨཱོཾ་ཨཱཿཧཱུྃ༔ དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་ཉིན་པར་དུས༔ སྐྱོན་གྱིས་མ་གོས་པདྨའི་ཁ་ནས་འབྱོན༔ སྐྱེ་འཆི་གཉིས་སྤངས་རྡོ་རྗེ་རང་བཞིན་ལ༔ ཁམས་གསུམ་དབང་སྡུད་པདྨ་རྒྱལ་པོ་ང་༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆེན་བཟའ་ཡི་ཡིད་ལ་ཆོངས༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ བྱ་ཡི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ གང་གཱའི་ཆུ་ཀླུང་སྟེང་དུ་གར་བྲོས་ནས༔ དགེ་སློང་ཚུལ་འཛིན་བདེར་གཤེགས་འགྲོ་ལ་དགོངས༔ རབ་བྱུང་མཛད་ཚུལ་དགེ་སློང་སྡོམ་པ་བླངས༔ མཚན་ཅན་རྫུས་སྐྱེས་ཤཱཀྱ་སེང་གེ་ལ༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཆོངས༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ ཁྱི་ཡི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ མུ་སྟེགས་ཡུལ་བྱོན་སྲིན་པོ་ཐམས་ཅད་བཏུལ༔ འདྲེ་བགེགས་དབང་སྡུད་སྐུ་མདོག་གཟི་བརྗིད་ལྡན༔ དུག་ལྔ་གྲོལ་ནས་སྐུ་ལྔ་རྒྱན་དུ་བཀོད༔ མཚན་མཆོག་ལྡན་པའི་མཚོ་སྐྱེས་རྡོ་རྗེ་ལ༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆེན་བཟའ་ཡིས་ཡིད་ལ་ཆོངས༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ ཕག་གི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ ཡང་ཤེད་འཆི་མེད་ཚེ་ཡི་དཀྱིལ་འཁོར་དུས༔ ཡི་དམ་འགྲོ་ལ་ཞལ་གཟིགས་པ༔ གུ་རུ་མཆོག་གི་དངོས་གྲུབ་བརྙེས༔ མཚན་ལྡན་རྫུས་སྐྱེས་པདྨ་ལ༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཆོངས༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ བྱི་བ་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ བོད་ཀྱི་གདོང་དམར་སྲིན་པོ་དམ་ལ་བཏགས༔ བདེ་བ་མཆོག་གི་དངོས་གྲུབ་བརྙེས༔ ཡ་མཚན་མཆོག་གི་རྒྱན་དུ་བཀོད༔ མཚན་ནི་གུ་རུ་པདྨ་ཞེས༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡི་ཐུགས་ལ་ཞོག༔ མ་འོངས་བུ་སློབ་དོན་དུ་ཉམས་སུ་ལོངས༔ གླང་གི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ བོད་འབངས་ལས་ཅན་རྗེ་འབངས་སྨིན་མཛད་པ༔ རྫུས་སྐྱེས་ང་ཉིད་ཆོས་ཀྱི་བསྟན་པ་ཞེས༔ མཚན་མཆོག་ལྡན་པའི་དངོས་གྲུབ་བརྙེས༔ མཚན་ནི་བཛྲ་གུ་རུ་ཞེས༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ ཕག་གི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ ཡཀྴ་ནག་པོ་རྡུལ་དུ་རློག༔ འགྲན་གྱི་དོན་མེད་བགེགས་ཀྱི་གཤེད༔ མཚན་ནི་རྡོ་རྗེ་ཁྲོ་བོ་ལོད༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ འབྲུག་གི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ བསིལ་ཚལ་གནས་ནས་མཁའ་འགྲོའི་ཚོགས་དཔོན་མཛད༔ ཐར་ལམ་མཆོག་གི་དངོས་གྲུབ་བརྙེས༔ དྷཱཀི་གཙོ་མཛད་པདྨ་ཆེན་པོ་ལ༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ སྦྲུལ་གྱི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ ཟ་ཧོར་ཡུལ་དུ་བྱོན་མཛད་པ༔ མནྡ་ར་བས་དངོས་གྲུབ་བརྙེས༔ མེ་དཔུང་དམར་ནག་མཚོ་རུ་བསྒྱུར༔ མཚན་ནི་ཤཱཀྱ་འོད་ཅེས་ལ༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ རྟ་ཡི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ ཨུ་རྒྱན་ཡུལ་དུ་ཆད་མཛད་པ༔ བར་ཆད་མེད་པའི་དངོས་གྲུབ་བརྙེས༔ མཚན་ནི་པདྨ་གུ་རུ་ཞེས༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ ལུག་གི་ཟླ་བའི་ཚེས་བཅུ་ཉིན་པར་དུས༔ མུ་སྟེགས་སྲིན་པོ་འདུལ་མཛད་པ༔ ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བ༔ མཚན་ནི་སེང་གེ་སྒྲ་སྒྲོག་ཅེས༔ སྐབས་སྐབས་པདྨ་ང་དྲན་གྱིས༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ བྱིན་རླབས་མཆོག་གི་དངོས་གྲུབ་སྩོལ་ཅེས་གསུངས༔ ཨུ་རྒྱན་གྱི་ཞལ་ནས༔ ཡེ་ཤེས་མཚོ་རྒྱལ་འདི་ཁྱོད་ཉམས་སུ་ལོངས༔ བསྐྱེད་པའི་སྔགས་ཀྱིས་སྣང་སྲིད་དབང་བསྡུད་ཀྱི་ཟིལ་གནོན་འཕང་བ༔ སྐུལ་བ་སྔགས་ཀྱི་འོད་ཟེར་ཀུན་འཕྲོ་བ༔ རྩ་བའི་སྔགས་ཀྱི་འོད་ཟེར་འཕྲོས་ནས་གནོད་བྱེད་དུམ་བུ་བཅད་ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ ལགས་ཨུ་རྒྱན་རིན་པོ་ཆེ་དབང་དང་བསྐྱེད་རྫོགས་གང་གི་ཆེ་བ༔
ཨུ་རྒྱན་གྱི་ཞལ་ནས༔ དང་པོ་མ་སྨིན་པའི་དབང་༔ སྨིན་པ་གྲོལ་བར་བྱེད་པའི་དབང་༔ དབང་བསྐུར་བའི་འབྲས་བུ་ཁ་མངར་ལྟར༔ དབང་ཐོབ་པའི་ཡོན་ཏན་ནི་འབྲས་བུ་མངར་བའི་ས་བོན་རྟག་ཏུ་སྨིན༔ དབང་མ་ཐོབ་པའི་ཉེས་པ་འབྲས་བུ་བང་བ་རིལ་པས་ས་བོན་སྨིན་མི་འགྱུར༔ ལུང་ཐོབ་དབང་ཐོབ་མེད་པའི་བསྐུར་ཙམ་ན༔ དབང་བསྐུར་ཉན་མི་གཉིས་ཀ་ངན་སོང་ལྟུང་༔ བླ་མའི་བཀའ་ལ་བརྟེན་ནས་ལུང་ཐོབ་བྱེད༔ ལུང་ཐོབ་ན་དབང་ཐོབ་དོན་ཚང་བར་བྱ༔ བསྐྱེད་པ་ནི་སྣང་སྲིད་གཅིག་ཏུ་བསྡུས་ནས་ཐལ་བར་བརླག་པ༔ རྫོགས་པ་ནི་སྣང་སྲིད་ཆོས་སྐུ་མཐོང་བ༔ རྗེ་དབང་དང་༔ བསྐྱེད་རྫོགས་ཟུང་འཇུག་གི་ཐབས་སྣ་ཚོགས་བྱ་ཞེས་གསུངས༔ མཚོ་རྒྱལ་གྱིས་ཞུས་པ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ བདག་གིས་མ་འོངས་དོན་དུ་དེ་ལྟར་ཞུས་པ༔ ཐུགས་ཁྲེལ་མ་གནང་བ་ལགས༔ བདག་བུད་མེད་ཀྱི་རིགས་སྙིང་རུས་ཆུང་བ་སེམས་དང་བློ་ཁ་ཡང་པ༔ གཏམ་མང་བ་དེ་ལྟར་ཞུས་པ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ལ་འགྱུར་བ་མི་མངའ་དེས༔ བདག་ལ་བཀའ་བཀྱོན་མ་གནང་བར་ཞུ༔ ལར་འགྲོ་བ་སེམས་ཅན་ཐམས་ཅད་འདི་མཚོན་ཆའི་གཟེངས་བ་དང་འདྲ་བ༔ འདི་ལ་ཐབས་སྣ་ཚོགས་མི་མངའ་སྙིང་རྗེ་བསམ་པ་དེ་ལྟར་མ་འོངས་ཀྱི་དོན་དུ་སྙིང་རྗེ་ལགས༔ ཨུ་རྒྱན་གྱི་ཞལ་ནས༔ རིགས་ཀྱི་བུ་མོ་ཁྱོད་ཅི་ཞུས་པ་ཐམས་ཅད་འགྲོ་བའི་དོན་ཡིན་པས༔ བློ་ཁ་མང་ནས་གཏམ་ཉུང་བ་ཁྱོད་ཅི་བྱེད་ན༔ ང་སྣང་སྲིད་འཁོར་འདས་ཆོས་ཀྱི་དབྱིངས་ནས་ཤེས་བྱ་སྐུར་སྟོན་པ་འགྱུར་བ་མི་མངའ་བ༔ ཁྱོད་རང་གི་འགྲོ་བའི་དོན་དུ་ཅི་བསམ་པ་བདག་ལ་ཞུས༔ ཞེས་གསུངས༔ མཚོ་རྒྱལ་གྱི་ཞལ་ནས༔ ཨུ་རྒྱན་རིན་པོ་ཆེ༔ སྨིན་བྱེད་རྒྱུའི་དབང་༔ གྲོལ་བྱེད་ལམ་གྱི་དབང་༔ ཕུན་སུམ་ཚོགས་པའི་དབང་དང་དེ་རྣམས་ཞུས༔
པདྨའི་ཞལ་ནས༔ སྨིན་བྱེད་རྒྱུའི་དབང་ནི༔ དོན་དམ་པ་ཆོས་ཀྱི་དབང་དང་༔ སེམས་ཉིད་དོན་གྱི་དབང་ཡིན༔ གྲོལ་བྱེད་ལམ་གྱི་དབང་ནི༔ བདེར་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ་པའི་དབང་ཡིན༔ ཆོས་སྐུ་ཡེ་ནས་ཀློང་ཡངས་སུ༔ གཟུགས་སྐུ་རྣམ་དག་ལོངས་སྐུ་ཀ་དག་པ༔ སྤྲུལ་སྐུ་རྣམ་དག་སྣ་ཚོགས་སྐུར་བཞེངས་པ༔ ཡང་དག་དོན་གྱི་མཆོག་ཆེན་པོ༔ མི་བརྗེད་ཉམས་སུ་ལོངས་ཤིག་མཁར་ཆུ་བཟའ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ འདས་པའི་དུས་ན་མ་འོངས་པ་འགྲོ་བའི་དོན་ལ་དགོངས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ ལར་དེང་སང་འདིར་ཁྱེད་ང་སྤྱོད་པ་མཐུན་པ༔ འགྲོ་ལ་དེ་ལྟར་ཨེ་ཡོད་དམ༔ སྐུ་ཏ་ལེར་བཞུགས་པ༔ གསུང་ལྷང་ངེ་འདེབས་པ༔ ཐུགས་ཏ་ལེ་གཏད་པ་འདི་བདག་ལ་ཁྱེད་དྲིན་ཆེ༔ ད་ཡང་དྲིན་ཆེ་བ་འགྲོ་ལ་བཛྲ་གུ་རུ་གཅིག་ཐབས་བསྟན་ནས་བཀའ་དྲིན་ཆེ་ཞེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ མཁར་ཆུ་བཟའ་ཉོན་དང་ངའི་ཚིག་འདི་ལྟར་དུ༔ ཨཱོཾ་ཨཱཿཧཱུྃ༔ འགྲོ་བའི་དོན་དུ་རང་བྱུང་པདྨ་འབྱུང་༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་ངོ་བོ་ཉིད༔ རྩ་བའི་བླ་མ་པདྨ་ང་ཉིད་དང་༔ དབྱེར་མེད་ཀུན་ཏུ་ཨུ་རྒྱན་རང་བཞིན་གྱི༔ སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས༔ སྐུ་མཆོག་འགྱུར་བ་མེད་པའི་དངོས་གྲུབ་ཞུ༔ གསུང་མཆོག་འགགས་པ་མེད་པའི་དངོས་གྲུབ་ཞུ༔ ཐུགས་མཆོག་འཁྲུལ་པ་མེད་པའི་དངོས་གྲུབ་ཞུ༔ ཡོན་ཏན་བརྗོད་མེད་ལྟ་བུའི་དངོས་གྲུབ་ཞུ༔ འཕྲིན་ལས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞུ༔ ཉོན་མོངས་ནད་ལས་ཐར་བའི་དངོས་གྲུབ་ཞུ༔ ཡོན་ཏན་ལོ་འདབ་རྒྱས་པའི་དངོས་གྲུབ་ཞུ༔ འཆི་མེད་པདྨ་ལྟ་བུའི་དངོས་གྲུབ་ཞུ༔ བདུད་བཞི་གཡུལ་ལས་རྒྱལ་བའི་དངོས་གྲུབ་ཞུ༔ རང་བཞིན་ཤུགས་ལ་དྲངས་བའི་དངོས་གྲུབ་ཞུ༔ བྱིན་རླབས་ཆར་ལྟར་འབེབས་པར་ཤོག༔ བླ་མ་མཆོག་གིས་ཐུགས་རྗེས་གཟིགས༔ ཡི་དམ་མཆོག་གིས་བྱིན་རླབས་སྩོལ༔ མཁའ་འགྲོའི་མཆོག་གིས་དངོས་གྲུབ་སྩོལ༔ ཆོས་སྐྱོང་མཆོག་གིས་བར་ཆད་སེལ༔ གུ་རུ་ང་རང་ལྟ་བུར་བྱིན་གྱིས་རློབས༔ ཨཱོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འགྲོ་བ་སེམས་ཅན་ཐམས་ཅད་ཀུན༔ དལ་འབྱོར་མི་ལུས་ཐོབ་དཀའ་བ༔ ཐུབ་པ་འདྲ་བའི་སྐྱེ་སྟོང་བཞེས༔ དེ་ཕྱིར་མི་ལུས་དོན་སྒོ་ཆུང་༔ མི་རྟག་ནམ་འཆི་ཆ་མེད་པ༔ འཆི་ན་ངེས་པར་ལས་དབང་འཁྱམས༔ དམྱལ་ཁམས་གནས་སུ་ལྷུང་སྲིད་པ༔ དེ་ཕྱིར་རང་རིག་དྲི་མེད་འཚོས༔ ཨཱོྃ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདི་ལ་ང་དྲན་ངག་གིས་འདི་བཏབ་ནས༔ དམྱལ་བའི་གནས་ཡུལ་ཡོད་ཀྱང་ཚ་གྲང་ཞི༔ སྐྱེ་བ་བདུན་གྱི་བར་དུ་བྱང་ཆུབ་ཐོབ༔ མི་བརྗེད་ཐུགས་ལ་ཞོག་ཅིག་མཁར་ཆུ་བཟའ༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ བསམས་ཤིང་རྗེ་བཙུན་ང་དྲན་གྱིས༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཨེ་མ་ཧོ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ༔ དད་གུས་ཅན་གྱི་མཚོ་རྒྱལ་སློབ་མ་ང་༔ མ་རིག་རང་ཁར་བཟུང་བ་ཅི་ཡོད་དམ༔ བྱམས་མགོན་པདྨ་འབྱུང་ལ་མཐོལ་ལོ་བཤགས༔ བུད་མེད་གཏམ་མང་བློ་ཁ་བསྒྱུར་སླད་ནས༔ མ་རིག་དབང་གིས་ལོག་ཚིག་ཅི་སོང་ནས༔ སྐྱབས་མགོན་པདྨ་འབྱུང་ལ་མཐོལ་ལོ་བཤགས༔ འཁོར་བའི་འདམ་རྫབ་ཀླུང་དུ་ལྟུང་བ་ན༔ རྫུས་སྐྱེས་པདྨའི་བཀའ་དྲིན་ཡང་ཡང་ཆེ༔ ཁོ་མོ་བདག་ལ་ཐུགས་རྗེ་ཤིན་ཏུ་བཟུང་༔ བྱམས་མགོན་ཐུགས་རྗེ་ཅན་ལ་སྐྱབས་སུ་འཆི༔ འགྲོ་མགོན་པདྨ་འབྱུང་གནས་མདུན་དྲུང་ནས༔ སྔགས་འཆང་གྲོགས་བྱེད་ཇོ་མོ་མཁར་ཆུ་བཟའ༔ མ་རིག་ལས་དབང་འགལ་བ་ཅི་སོང་ནས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ་ཅེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ ཁྱོད་བུད་མེད་མཁར་ཆུ་བཟའ་ཁྱིམ་ཐབ་བྱེད་ནས་འགྲོ་བ་མི་ལ་དགའ་བ་ཨེ་ཡོད་དམ༔ ཁྱིམ་པ་རབ་ཏུ་བྱུང་ནས་མཐོང་ལམ་ཡང་དག་སྦྱོར་བ་ལ་ཨེ་དགའམ༔ ལས་ཀྱི་ཤུགས་ཀྱིས་འདིར་མོས་པ་ཡིན་ནམ༔ རབ་ཏུ་བྱུང་ནས་འདི་འདྲ་བ་ངོ་མཚར་རམ་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ང་ཆོས་ལ་མོས་པ་ཁྱིམ་ཐབ་སྤངས་ནས་ཁྱེད་གྲོགས་བྱེད་པ་ཡིན༔ ཚེ་གཅིག་ལུས་གཅིག་ཏུ་ཁྱིམ་པ་ལ་མི་མོས་པ་ང་རང་ལ་བཀའ་བཀྱོན་པ་ཨེ་ཡིན་ལགས༔
ཨེ་མ་ཧོ༔ གླིང་མ་ཉམས་པའི་འཛམ་བུ་གླིང་འདིར་སྐྱེས༔ ཡུལ་མ་ཉམས་པའི་རྒྱལ་བའི་ལུང་བསྟན་འདུག༔ རིགས་མ་ཉམས་པའི་མཁར་ཡུལ་ས་ནས་སྐྱེས༔ ངན་ལོང་ལྐུགས་མཐའི་རིགས་ལ་མ་སྐྱེས་ཀྱང་༔ དབང་པོ་ཚང་བ་བུད་མེད་བདག་གི་ལུས༔ སྡུག་ལ་འགྲོ་བའི་གླིང་དུ་མ་སྐྱེས་ཀྱང་༔ སྡིག་ལས་མི་མོས་ཁོ་མོ་བདག་གི་ལུས༔ གནས་ལ་མི་མོས་ཁྱིམ་ཐབ་སྤངས་ལ་མོས༔ རོགས་ངན་གླང་རྒན་ག་བཅིངས་ལྟ་བུ་ལ༔ འགྲོ་བའི་སྐྱབས་མཆིས་སུ་ལ་རེ་བ་འདུག༔ ཤན་པ་རོགས་ངན་འདི་ལ་ཅི་ལ་འགྲོས༔ མི་མིན་འདྲེ་ཡུལ་བྱ་རོག་གདོང་ཅན་འདི༔ འགྲོ་བའི་སྐྱབས་མེད་སྲིན་པོ་མི་ལ་ཡང་༔ འགྲོ་བའི་དུག་ལྔ་ཁོང་ཁྲོ་ལས་དབང་འཁྱམས༔ འགྲོ་རོགས་འཆི་རོགས་མེད་པའི་སྡིག་ལ་འགྲོས༔ ཁོ་མོ་བདག་གིས་ཚེ་གཅིག་རི་ཁྲོད་བསམ༔ རི་ཁྲོད་གནས་སུ་འདུག་པའི་ང་འདྲ་སྐྱིད༔ སྔར་ཡང་ཁྱིམ་ཐབ་སྤངས་ནས་ཆོས་ལ་མོས༔ ད་ཡང་རབ་བྱུང་མཛད་ནས་དགེ་དང་ལྡན༔ སྐྱབས་སུ་བསླུ་བ་མེད་པའི་དཀོན་མཆོག་གསུམ༔ རེ་ས་སྔགས་འཆང་པདྨ་འབྱུང་༔ བདག་ཡིད་མུག་པའི་གསོལ་བ་འདི་ལྟར་བཏབ༔ བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ སྨིན་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ ནན་ཏན་ཅན་ལ་ཆོས་གཅིག་གནོངས༔ ཤེས་རབ་ཅན་ལ་བཀའ་གཅིག་གནོངས༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ ད་ལྟར་ཏིང་འཛིན་ཟས་བཅས་པ༔ བླ་མའི་བཀའ་གནང་བསྙེན་གནས་བསྲུངས༔ ཕྱི་མ་ཐུགས་རྗེས་བཟུང་དུ་གསོལ༔ གཙང་གི་ཡུལ་ནས་བསམ་ཡས་གླིང་དུ་ཐོན༔ རྫུས་སྐྱེས་པདྨ་དྲན་པའི་ཡིད་དེ་ཙམ༔ ཁོ་མོ་བདག་དང་འདུ་འབྲལ་མེད་པར་ཤོག༔ བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག༔ ནན་ཏན་བརྩོན་འགྲུས་ཆེ་བར་བྱིན་གྱིས་རློབས༔ བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ གཞན་རྒྱུད་སྨིན་པར་བྱིན་གྱིས་རློབས༔ སྨིན་གྲོལ་ལམ་མཆོག་མཐའ་རུ་བྱིན་གྱིས་རློབས༔ ཅི་བསམ་ཆོས་སུ་འགྲུབ་པར་བྱིན་གྱིས་རློབས༔ ནད་གདོན་འགལ་རྐྱེན་ཞི་བར་བྱིན་གྱིས་རློབས༔ ཕ་བླ་མའི་བཀའ་དྲིན་ཤིན་ཏུ་ཆེ༔ ཤི་ནས་འགྱོད་པའི་ལས་བྱས་མེད༔ རྗེ་བཙུན་བསམ་པའི་ཡིད་དྲན་ནས༔ འདི་འདྲའི་ཐུགས་རྗེས་རབ་ཏུ་བཟུང་༔ གསོན་ན་དགའ་སྟེ་བླ་མའི་ཞབས་ཏོག་བྱེད༔ འདི་འདྲ་དུས་གསུམ་སངས་རྒྱས་རིན་པོ་ཆེ༔ ཁོ་མོ་ལུས་འདི་ནམ་ཞིག་བོར་གྱུར་ནས༔ ཐུགས་རྗེའི་ཤུགས་ཀྱིས་དྲངས་བ་ཨེ་ཡོད་དམ༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་ང་འདྲ་ན༔ རང་རིག་དོན་གྱི་སྙིང་པོ་སྒོམ་པ་འདི༔ བཀའ་བརྒྱུད་བླ་མའི་དྲིན་ཡིན་པ༔ སྒྲུབ་རྒྱུད་བླ་མའི་ཐུགས་རྗེས་བཟུང་༔ བླ་མའི་ཐུགས་རྗེས་གཟིགས་པར་ཞུ༔ ཞེས་ཞུས་པ༔
ཨུ་རྒྱན་གྱི་ཞལ་ནས༔ ཁྱེད་ལ་ཐུགས་རྗེས་མི་བཟུང་ན༔ གཞན་སུ་ལ་ཡང་ཐུགས་རྗེ་མི་མངའ་བ༔ ཁྱོད་དེ་ལྟར་ཡིད་མུག་པ་མི་དགོས་སམ༔ ཞེས་གསུངས༔ ཨཱོཾ་ཨཱཿཧཱུྃ༔ ཨེ་མ་ཧོ༔ འོག་མིན་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ རང་རིག་སྟོང་གསལ་ཆོས་སྐུའི་ཀློང་དཀྱིལ་ནས༔ ལོངས་སྐུ་རིག་པ་དྲི་མ་མེད་པའི་སྐུ༔ ཆོས་ཀྱི་སྐུ་ལ་དྲི་མ་མེད༔ བྲག་སྟོང་བྱ་རྒྱལ་ཁྱུང་གིས་བརྒྱན་བཀོད་པ༔ བདག་གི་གྲོགས་བྱེད་ཡེ་ཤེས་མཚོ་རྒྱལ་ཁྱེད༔ མ་རིག་མུན་ཁུང་ཚ་གདུང་ནད་སེལ་དུ༔ འགྲོ་དོན་མཛད་ཕྱིར་སྔགས་འཆང་གཞོན་ནུ་ལྡན༔ མཚན་ཁུང་ལྡན་པའི་ཉོན་མོངས་ནད་རྣམས་སེལ༔ མཐུན་པའི་ཀ་བཞི་ཆོས་ཀྱི་གནས་བྱས་པ༔ ས་ལམ་འབྲས་བུ་ཆོས་ཀྱི་དབྱིངས་ཉིད་དུ༔ ཐུགས་རྗེ་གདུལ་བྱ་བོད་ཀྱི་ཞིང་ཁམས་སུ༔ རྒྱ་གར་གྲུབ་ཆེན་སྔགས་འཆང་པདྨ་འབྱུང་༔ འགྲོ་བའི་དོན་དུ་ཐུགས་རྗེ་མཉེས་མཛད་པ༔ གང་འདུལ་ཐབས་ཀྱིས་འགྲོ་ལ་དགོངས་པ་ཡིན༔ ཇོ་མོ་མཁར་ཆུ་བཟའ་ཡིས་ཉམས་སུ་ལོངས༔ ཞེས་གསུངས༔ མཚོ་རྒྱལ་གྱིས་ཞུས་པ༔ ཨེ་མ་ཧོ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཤེས་བྱའི་སྒྱུ་མའི་དཔེ་བྱད་སྟོན་པ་ལ༔ རང་བྱུང་མཚོ་སྐྱེས་པདྨ་སཾ་བྷ་ཝ༔ ཁོ་མོ་ནན་ཏན་ཆེ་བའི་བཀའ་བློ་བདེ༔ དལ་འབྱོར་རྙེད་པར་དཀའ་བའི་ཆོས་གསུང་འདོད༔ འཆི་བ་མི་རྟག་སྒོམ་པའི་ཆོས་གཅིག་འདོད༔ ལས་དཀར་ནག་རྒྱུ་འབྲས་དོན་གྱི་ཆོས་གཅིག་འདོད༔ འཁོར་བའི་ཉེས་པ་ཤེས་པའི་ཆོས་གཅིག་འདོད༔ ཐར་པའི་ཕན་ཡོན་གནས་པའི་ཆོས་གཅིག་འདོད༔ ཐབས་ལམ་བླ་མ་སྒོམ་པའི་ཆོས་གཅིག་འདོད༔ དོན་དེ་སེམས་ཉིད་སྒོམ་པའི་ཆོས་གཅིག་འདོད༔ རྩ་རླུང་གནས་པ་དོན་གྱི་ཆོས་གཅིག་འདོད༔ འོད་གསལ་སྙིང་པོ་སྒོམ་པའི་ཆོས་གཅིག་འདོད༔ བསྐྱེད་རིམ་དོན་གྱི་སྙིང་པོ་ཆོས་གཅིག་འདོད༔ ཐབས་ལམ་ཡང་དག་ལྡན་པའི་ངོ་བོ་ཉིད༔ ཁོ་མོ་འདོད་པ་ཆེ་བ་མ་ཡིན་ཏེ༔ འགྲོ་བའི་དོན་དུ་ཁོ་མོ་བདག་གིས་བསམ༔ གཞོན་ནུའི་མཛེས་ཚུལ་སྔགས་འཆང་ཁྱེད་འདྲ་བ༔ ཁོ་མོ་བདག་ལ་ཆོས་གཅིག་འདོད༔ ང་སྒོམ་པ་མེད་ན་སྒོམ་སྙིང་འདོད༔ བུད་མེད་བསྒོམས་བྱས་བྱས་པ་མ་ཚོར་ཏེ༔ ཁོ་མོ་བླ་མའི་དྲིན་གྱིས་འདི་ལྟར་མོས༔ མོས་ཙམ་བདག་གི་ཞེ་བློ་བདེ༔ དྲིན་ཅན་མཆོག་གི་བླ་མ་རིན་པོ་ཆེ༔ བདག་ལ་ཆོས་གསུངས་འགྲོ་བའི་དོན༔ གངས་སྟོད་སེང་གེ་གཡུ་རལ་དེ་ལ་ཡང་༔ གཅན་གཟན་འཁོར་བའི་ལས་བཅས་རྩལ་མང་བ༔ སེང་ཕྲུག་སྐྱིད་ན་སེང་གེ་དྲན༔ མ་སྐྱིད་ཙམ་གྱིས་སེང་ཕྲུག་སྡུག༔ བྲག་སྟོད་བྱ་རྒྱལ་ཁྱུང་ཆེན་དེ་དང་འདྲ༔ ནགས་སྟོད་སྟག་མོ་འཛུམ་དྲུག་དེ་དང་འདྲ༔ སྔགས་འཆང་ཆེན་པོ་མཚོ་སྐྱེས་རྡོ་རྗེ་ལ༔ མཁར་བཟའ་མཚོ་རྒྱལ་ང་འདྲ་བསྟེན་པ་ན༔ སྐྱིད་འདོད་བྱས་ནས་བླ་མའི་ཞབས་ཏོག་བྱས༔ མོས་གུས་ཟང་ཟིང་ཡོད་པ་མ་ཡིན་ཏེ༔ བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་འདི༔ སྔགས་འཆང་ཆེན་པོ་པདྨ་དེ་ལ་ཕུལ༔ ཤ་ཁྲག་ཕུང་པོ་ཅི་སྐྱོལ་ཞབས་ཏོག་བྱས༔ མཐོ་བ་ཙམ་གྱིས་བླ་མའི་དྲིན༔ མ་མཐོ་ཙམ་གྱིས་ཁོ་མོ་ལས༔ སློབ་དཔོན་ཅི་གསུང་བཀའ་འདི་བདག་གིས་བསྒྲུབ༔ བདག་གིས་བསྒྲུབ་ཙམ་ཞེ་བློ་བདེ༔ མཐོང་ལམ་ཡང་དག་ལྡན་པ་རིན་པོ་ཆེ༔ ཁོ་མོ་བདག་ལ་ཐུགས་རྗེ་མ་ཆུང་ཞིག༔ འགྲོ་བ་འདུལ་མཛད་དབང་དྲག་སྐུར་བཞེངས་པ༔ འཇིགས་བྱེད་དམར་ནག་གནོད་བྱེད་དམ་ལ་བཏགས༔ དེ་འདྲར་སྤྲུལ་པ་མཆོག་གི་རིན་པོ་ཆེ༔ གཞོན་ནུ་ལོ་བརྒྱད་ལོན་པའི་ཆ་ལུགས་བཟུང་༔ སྐུ་མདོག་དྲི་མ་མེད་པའི་འོད་ཟེར་འབར༔ ཁོ་མོ་དེ་ལྟར་རྟོགས་པ་ཤིན་ཏུ་དཀའ༔ བསམ་ཞིང་རྗེ་བཙུན་ཁྱོད་དྲན་ནོ༔ མཐོང་ལམ་ཡང་དག་སྦྱོར་བའི་བླ་མ་དང་༔ འོད་དཔུང་ཟུང་འཇུག་མཆོག་གི་རིན་པོ་ཆེ༔ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་གནོན༔ སྔགས་འཆང་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཁོ་མོ་བདག་ལ་ཡོད་པའི་གསེར་ཕྱེ་འདི༔ རྫུས་སྐྱེས་ཁྱེད་ལ་འབུལ་ལོ་འགྲོ་ལ་དགོངས༔ འགྲོ་བའི་དོན་དུ་དམ་བཅས་ཞལ་བཞེས་དགོངས༔ མ་རིག་མུན་པའི་མི་ལ་ཆོས་གཅིག་གནོངས༔ ཁོ་མོ་ཞུ་ཕོད་བྱས་པའི་དེ་ལྟར་བྱས༔ རྫུས་སྐྱེས་པདྨའི་སྐུ་ལ་དེ་ལྟར་ཞུས༔
ཨུ་རྒྱན་གྱི་ཞལ་ནས༔ ཀྱེ་མ་ཉོན་ཅིག་མཚོ་རྒྱལ་ཁྱོད༔ བཛྲ་གུ་རུ་ཡོན་ཏན་བགྲང་མི་ནུས༔ བདག་གིས་དགེ་བའི་བསྐུལ་མ་བྱེད་མཛད་པ༔ ས་རྡོ་རི་བྲག་བགྲངས་པའི་རིག་བསྐྱེད་པ༔ ཕྱི་སྣོད་ཟངས་མདོག་དཔལ་གྱི་རི་བོར་གྱུར༔ ནང་བཅུད་གུ་རུ་སིདྡྷི་སྒྲ་སྒྲོག་སྒོམས༔ གསང་བ་ལྷ་དང་ལྷ་མོའི་རང་བཞིན་གྱུར༔ སྐབས་སྐབས་པདྨ་ང་དྲན་གྱིས༔ ཆོས་སྐུ་སྟོང་པ་ཁྱབ་བདལ་ཀློང་༔ ལོངས་སྐུ་གསལ་བ་ཡི་གེ་གྱུར༔ སྤྲུལ་སྐུ་ཀུན་ཁྱབ་སིདྡྷི་ཟློས༔ ཡོན་ཏན་དཔག་མེད་བགྲང་གིས་ནུས་པ་མེད༔ སྐབས་སྐབས་ང་དང་མཐུན་པར་བྱས༔ མི་བརྗེད་ཉམས་སུ་ལོངས་ཤིག་མཁར་ཆུ་བཟའ༔ དེ་ལྟར་གསལ་བའི་ངང་ནས་འོད་འཕྲོས་པ༔ སྣང་བ་ཚད་མ་ཐམས་ཅད་ལྷ་ཡི་སྐུ༔ གྲག་པ་ཐམས་ཅད་གུ་རུ་སིདྡྷི་གསུངས༔ དྲན་པ་ཐམས་ཅད་རང་རིག་ཆོས་ཀྱི་སྐུ༔ མི་བརྗེད་ཐུགས་ལ་ཞོག་ཅིག་མཁར་ཆུ་བཟའ༔ མ་འོངས་བུ་སློབ་རྣམས་ཀྱིས་ཉམས་སུ་ལོངས༔ གདོད་མའི་བཙན་ས་ཟིན་པ་ཐེ་ཚོམ་མེད༔ ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ རྗེ་བཙུན་བླ་མ་མཆོག་གི་རིན་པོ་ཆེ༔ བཀའ་དྲིན་འཁོར་མེད་རྩ་བའི་བླ་མ་ཁྱེད༔ བདག་གི་མོས་པའི་སྙིང་གི་དཀྱིལ་འདྲ་བ༔ ཐུགས་རྗེ་ཡང་ཡང་འདི་འདྲ་རབ་ཏུ་ཆེན་པོ་འབྱུང་༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ བྱིན་རླབས་རྣམ་དག་ཨུ་རྒྱན་ཆོས་ཀྱི་རྗེ༔ འགྲོ་མགོན་སྔགས་འཆང་པདྨ་སྤྲུལ་པའི་སྐུ༔ དྲིན་ཅན་རྣམ་དག་བླ་མའི་ཞབས་ལ་འདུས༔ བཀའ་དྲིན་འཁོར་མེད་བླ་མ་རིན་པོ་ཆེ༔ རྗེས་སུ་ཡི་རངས་ཁོ་མོས་གསོལ་བ་འདེབས༔ འདྲེན་པའི་བླ་མ་རིན་པོ་ཆེ༔ སྤྱིར་འགྲོ་བའི་དོན་ལ་གང་འདུལ་ཐུགས་རྗེས་གཟིགས༔ ཁྱད་པར་ཅན་གྱི་མུན་པའི་གླིང་འདི་ལ༔ ཐུགས་རྗེས་ཟུངས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ བྱིན་རླབས་རྣམ་དག་འགྲོ་བ་འདྲེན་མཛད་པ༔ ཐུགས་རྗེ་ཆེ་མངའ་རྗེ་བཙུན་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ དུས་གསུམ་མཁྱེན་པའི་རྗེ་བཙུན་པདྨ་འབྱུང་༔ ཕྱི་རྒྱུད་དག་པ་སྤྲུལ་སྐུ་རིན་པོ་ཆེ༔ ནང་རྒྱུད་དག་པ་ལོངས་སྐུ་རིན་པོ་ཆེ༔ གསང་རྒྱུད་དག་པའི་བྱང་སེམས་དཀར་དམར་བརྒྱན༔ འགྲོ་བ་འདྲེན་མཛད་སྐུ་མདོག་དཀར་ལ་དམར༔ གཅོང་རོང་དྲག་པོ་མཚོན་ཆའི་ཡུལ་དེར་ལ༔ ཐུགས་རྗེས་ཟུངས་ཤིག་ཨུ་རྒྱུན་རིན་པོ་ཆེ༔ ཐུགས་རྗེ་མངའ་བདག་རྗེ་བཙུན་པདྨ་འབྱུང་༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ ཁམས་གསུམ་དབང་སྡུད་པདྨ་ཧེ་རུ་ཀ༔ སྲིད་གསུམ་ཟིལ་གནོན་པདྨ་རྒྱལ་པོ་ལ༔ དུག་ཁང་མུན་གླིང་དེ་ལ་ཐུགས་རྗེས་གཟིགས༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་རྗེ་བཙུན་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ དུས་གསུམ་དུས་མེད་ཀ་དག་དུས་ཀྱི་ཚེ༔ ཐབས་ཤེས་རྒྱུ་ལྡན་སྨན་པའི་ཆོས་འཇུག་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ ནད་རྣམས་སེལ་མཛད་རྫུས་སྐྱེས་པདྨ་འབྱུང་༔ མུན་པའི་གླིང་དུ་ཐུགས་རྗེས་གཟིགས་པར་ཞུ༔ ཐུགས་རྗེ་ཆེ་མངའ་རྗེ་བཙུན་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ མ་བཅོས་ཀློང་ཡངས་རྣམ་དག་ཆོས་ཀྱི་སྐུ༔ བདེ་ཆེན་འདུ་འབྲལ་ལྷ་དང་གཉིས་སུ་མེད༔ བ་སྤུ་སྤྲུལ་ཕྱེས་ངོ་བོ་ཉིད༔ སྡིག་ཅན་བདེ་བ་དྲངས་མཛད་པདྨ་འབྱུང་༔ ཁྱད་པར་མུན་པའི་གླིང་དུ་ཐུགས་རྗེས་གཟིགས༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་མངའ་དབང་རྫུས་སྐྱེས་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཤེས་བྱ་སྒྱུ་མའི་དཔེ་བྱད་སྟོན་པ་ལ༔ ཕྱག་གཡོན་ཐོད་བུམ་བཀང་བ་འཛིན༔ བར་ཆད་སེལ་མཛད་རྫུས་སྐྱེས་པདྨ་འབྱུང་༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་རྗེ་བཙུན་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ འོག་མིན་རྣམ་དག་བདེ་བ་ཅན་གྱི་ཞིང་༔ རང་དབང་ཐོབ་པའི་ཆོས་སྐུའི་གདེང་དང་ལྡན༔ དུས་གསུམ་འཛིན་མཛད་བླ་མ་པདྨ་འབྱུང་༔ ཐུགས་རྗེ་ཆེ་མངའ་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ རྒྱལ་བ་རྣམ་དག་ཆོས་སྐུའི་ཀློང་ཡངས་ནས༔ སྐུ་མདོག་སྐུ་དང་ལྡན་པའི་ལྷ་བཟོ་བ༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་ཨུ་རྒྱན་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ བདེར་གཤེགས་རང་བཞིན་རྣམ་དག་སྤྲོས་དང་བྲལ༔ བདེ་ཆེན་ཆོས་དབྱིངས་འོད་གསལ་རང་བཞིན་ལ༔ ཁྱད་པར་མུན་པའི་གླིང་དུ་ཐུགས་རྗེས་གཟིགས༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་རྗེ་བཙུན་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ བདེན་པ་རང་བྱུང་སངས་རྒྱས་སྐུ་ལྔ་འཆང་༔ མ་བཅོས་རིག་པའི་གནས་ལྔ་ཐབས་ལ་མཁས༔ ཐུགས་རྗེ་ཆེ་མངའ་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ བྱིན་རླབས་རྣམ་དག་ཆོས་ཀྱི་དབྱིངས་ཉིད་དུ༔ ཁྱེའུ་ཆུང་ལོ་ལྔ་ན་ཚོད་བརྩེ་བ་མཛད༔ བུ་ཆུང་ཚུལ་གྱིས་འགྲོ་བ་འདྲེན་མཛད་པ༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་རྫུས་སྐྱེས་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ ཐབས་ལམ་ཡང་དག་ལྡན་པའི་ངོ་བོ་ཉིད༔ དགུང་ལོ་བཅུ་དྲུག་ཨ་ཙར་ཚུལ་མཛད་པ༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་རྗེ་བཙུན་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ རྣམ་དག་སྣང་བའི་ལུས་ལ་དར་ཕྲུག་བརྒྱན༔ སྨན་བཙུན་ཚུལ་གྱིས་འགྲོ་བའི་དོན་མཛད་པ༔ ཐུགས་རྗེས་ཟུངས་ཤིག་དུས་གསུམ་ཆོས་ཀྱི་རྗེ༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་མངའ་བདག་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ ཤེས་བྱའི་རང་བཞིན་དཔེ་བྱད་སྟོན་པ་ལ༔ གཞོན་ནུ་ལོ་བརྒྱད་ལོན་པ་ཡ་མཚན་འབར༔ ཁོ་མོ་བརྟན་པའི་གཞོན་ནུ་འགྲོ་དོན་བྱེད༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་སྔགས་འཆང་པདྨ་འབྱུང་༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ སྣང་སྲིད་རྣམ་དག་འཁོར་འདས་ཀློང་ཡངས་ནས༔ སྐད་གཅིག་དྲན་རྫོགས་ཆེན་པོ་དོན་བཀོད་པ༔ སྔགས་འཆང་ཚུལ་གྱིས་འགྲོ་བ་འདྲེན་མཛད་པ༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེ་མངའ་རྫུས་སྐྱེས་པདྨ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ ཡང་དག་དོན་གྱི་བླ་མ་མཆོག་ཆེན་པོ༔ ངོ་མཚར་བྱུང་བའི་སྐུ་ལུས་གཟི་མདངས་འབར༔ ཁྱད་པར་མུན་པའི་གླིང་དུ་ཐུགས་རྗེས་གཟིགས༔ བྱིན་གྱིས་རློབས་ཤིག་ཨུ་རྒྱན་སྤྲུལ་པའི་སྐུ༔ ཐུགས་རྗེ་མངའ་བདག་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཁོ་མོའི་བསམ་པ་འགྲུབ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཞུ༔ ཆུ་ཆེན་རྒྱ་མཚོ་ཆེན་པོ་པདྨ་ལ༔ རྩང་ཆུ་ལྟ་བུ་ཁོ་མོ་བསྟེན་ས་བྱེད༔ ཡོན་ཏན་ལོ་འདབ་རྒྱས་པའི་དངོས་གྲུབ་ཞུ༔ ཁྱུང་ཆེན་གཤོག་རྒྱས་ལྟ་བུའི་པདྨ་ལ༔ རྩལ་དྲག་གཤོག་པ་ལྟ་བུ་ཁོ་མོ་བསྟེན༔ འཁོར་འདས་རླབས་ཀྱིས་ཆོད་པའི་དངོས་གྲུབ་ཞུ༔ ཉི་མ་ཟླ་བ་ལྟ་བུའི་གུ་རུ་ལ༔ སྐར་ཕྲན་ལྟ་བུ་ཁོ་མོ་བསྟེན་ས་བྱེད༔ མ་རིག་མུན་པ་སེལ་བའི་དངོས་གྲུབ་ཞུ༔ དཔག་བསམ་ལྗོན་ཤིང་ལྟ་བུའི་པདྨ་ལ༔ ལོ་འདབ་འབྲས་བུ་བཞིན་དུ་ཁོ་མོ་བསྟེན༔ འཁོར་འདས་ཆོས་སྐུ་རྟོགས་པའི་དངོས་གྲུབ་ཞུ༔ སྨན་མཆོག་རྣམ་རྒྱལ་ལྟ་བུའི་པདྨ་ལ༔ རྣམ་མཆོག་ཨ་དཀར་ལྟ་བུ་ཁོ་མོ་བསྟེན༔ ཉོན་མོངས་ནད་རྣམས་སེལ་བའི་དངོས་གྲུབ་ཞུ༔ ཆོས་སྐུ་ནམ་མཁའ་ལྟ་བུའི་པདྨ་ལ༔ ལོངས་སྐུ་ཉི་ཟེར་ལྟ་བུ་ཁོ་མོ་བསྟེན༔ རིག་པ་བུ་ཆུང་ལྟ་བུའི་དངོས་གྲུབ་ཞུ༔ སེང་གེ་གཡུ་རལ་ལྟ་བུའི་པདྨ་ལ༔ རྩལ་མཆོག་ལྟ་བུ་ཁོ་མོ་དེ་བསྟེན་ནོ༔ རྩལ་དྲག་གཡུལ་ལས་རྒྱལ་བའི་དངོས་གྲུབ་ཞུ༔ སངས་རྒྱས་རྣམ་དག་པདྨ་འབྱུང་གནས་ལ༔ དམ་ཆོས་ཁོ་མོ་བདག་ནི་བསྟེན༔ ཆོས་རྔ་ཆུ་བོ་ལྟ་བུའི་དངོས་གྲུབ་ཞུ༔ དམ་ཆོས་རྒྱལ་བ་པདྨ་འབྱུང་གནས་ལ༔ པི་ཝང་ངག་སྐད་ལྟ་བུའི་ཁོ་མོ་བསྟེན༔ ཀ་ལ་པིང་སྐད་ལྟ་བུའི་དངོས་གྲུབ་ཞུ༔ དགེ་འདུན་དུས་གསུམ་པདྨ་འབྱུང་གནས་ལ༔ སེམས་ཉིད་རྣམ་དག་ཁོ་མོ་བདག་ནི་བསྟེན༔ འཁོར་འདས་ཆོས་སྐུ་རྟོགས་པའི་དངོས་གྲུབ་ཞུ༔ སེམས་ཉིད་རྣམ་དག་ཨུ་རྒྱན་པདྨ་འབྱུང་༔ འཁོར་བ་ཡར་ཞུ་ལྟ་བུ་ཁོ་མོ་བསྟེན༔ རྡོ་རྗེ་ལྟ་བུ་བསྟེན་པའི་དངོས་གྲུབ་ཞུ༔ མ་ནོར་རྩ་སྔགས་ལྟ་བུའི་པདྨ་ལ༔ ཉེ་བར་སྙིང་པོ་ལྟ་བུ་ཁོ་མོ་བསྟེན༔ བྱིན་རླབས་འོད་ཟེར་ཐིམ་པའི་དངོས་གྲུབ་ཞུ༔ གནས་པ་ཆོས་སྐུ་ལྟ་བུའི་གུ་རུ་ལ༔ འགྱུ་བ་ལོངས་སྐུ་ལྟ་བུ་ཁོ་མོ་བསྟེན༔ རིག་པ་དོན་གྱི་སྙིང་པོ་དངོས་གྲུབ་ཞུ༔ སྣང་བ་རིག་པ་ལྟ་བུའི་པདྨ་ལ༔ ཉེ་བར་ལམ་དུ་འདུས་པའི་ཁོ་མོ་བསྟེན༔ ཚོགས་དྲུག་སྣང་བ་ལྟ་བུའི་དངོས་གྲུབ་ཞུ༔ སྐྱེ་མེད་ཆོས་སྐུ་ལྟ་བུའི་པདྨ་ལ༔ འགགས་མེད་ལོངས་སྐུ་ལྟ་བུ་ཁོ་མོ་བསྟེན༔ སྐྱེ་འགགས་གཉིས་མེད་འབྲས་བུ་དངོས་གྲུབ་ཞུ༔ སྐུ་ལྔ་ཡེ་ཤེས་ལྟ་བུའི་པདྨ་ལ༔ གསུང་ལྔ་རྣམ་དག་ལྟ་བུ་ཁོ་མོ་བསྟེན༔ ཐུགས་ལྔ་རྒྱ་མཚོ་ལྟ་བུའི་དངོས་གྲུབ་ཞུ༔ སྣང་བ་ཉི་ཟླ་ལྟ་བུའི་གུ་རུ་ལ༔ རིག་པ་བུ་ཆུང་ལྟ་བུ་ཁོ་མོ་བསྟེན༔ སྟོང་གསལ་གཅིག་འདྲེས་ལྟ་བུའི་དངོས་གྲུབ་ཞུ༔ ཐུག་ས་ཆུ་བོ་ལྟ་བུའི་གུ་རུ་ལ༔ འཕྲད་པ་ཆུ་ཕྲན་ལྟ་བུའི་ཁོ་མོ་བསྟེན༔ སྐོར་བའི་འགྲོ་དོན་བྱེད་པའི་དངོས་གྲུབ་ཞུ༔ ཐ་མལ་ཤེས་པ་ཉི་མ་ལྟ་བུའི་གུ་རུ་ལ༔ ཉེ་བར་ཤེས་པ་ཉི་ཟེར་ལྟ་བུའི་ཁོ་མོ་བསྟེན༔ ཅིག་ཆར་ཤེས་པ་ལྟ་བུའི་དངོས་གྲུབ་ཞུ༔ སྐུ་བཞི་འབྲས་བུ་ལྟ་བུའི་གུ་རུ་ཨུ་རྒྱན་ལ༔ རིག་རྟོགས་རྒྱན་བཀོད་ལྟ་བུ་ཁོ་མོ་བསྟེན༔ བདུད་བཞི་དབང་དུ་བཅོམ་པའི་དངོས་གྲུབ་ཞུ༔ མེ་ལོང་གཟུགས་བརྙན་ལྟ་བུའི་གུ་རུ་ལ༔ ཤེལ་གྱི་གཟུགས་བརྙན་ལྟ་བུའི་ཁོ་མོ་བསྟེན༔ རྣམ་རྟོག་རྟོགས་སུ་འཆར་བའི་དངོས་གྲུབ་ཞུ༔ ནམ་མཁའ་གཡའ་དག་ལྟ་བུའི་ཨུ་རྒྱན་ལ༔ ཕྱོགས་རིས་མེད་པ་ཉི་ཟླ་ལྟ་བུ་ཁོ་མོ་བསྟེན༔ འགྲོ་ལ་ཕྱོགས་རིས་མེད་པའི་དངོས་གྲུབ་ཞུ༔ རྡོ་རྗེ་ལྟ་བུའི་ཨུ་རྒྱན་པདྨ་ལ༔ འགྱུར་བ་མེད་པ་ལྟ་བུ་ཁོ་མོ་བསྟེན༔ སྣང་སྲིད་ཆོས་སྐུ་རྟོགས་པའི་དངོས་གྲུབ་ཞུ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་པདྨ་ལ༔ མཉམ་ཉིད་ཏིང་འཛིན་ལྟ་བུ་ཁོ་མོ་བསྟེན༔ ཀུན་སྣང་འདྲེ་བགེགས་བརླག་པའི་དངོས་གྲུབ་ཞུ༔ ཤཱཀྱ་སེང་གེ་ལྟ་བུའི་སྡོམ་ཚུལ་ལ༔ འདུལ་བའི་གྲོགས་འཆར་ལྟ་བུ་ཁོ་མོ་བསྟེན༔ ཡང་དག་ཆོས་སྐུ་ལྟ་བུའི་དངོས་གྲུབ་ཞུ༔ བླ་མ་ཀུན་འདུས་ཨུ་རྒྱན་པདྨ་ལ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ང་འདྲ་བསྟེན༔ འགྲོ་ལ་ཐུགས་རྗེས་གཟིགས་པའི་དངོས་གྲུབ་ཞུ༔ ཡི་དམ་དབང་དྲག་ལྟ་བུའི་ཨུ་རྒྱན་ལ༔ རྡོ་རྗེ་ཕག་མོ་ལྟ་བུ་ཁོ་མོ་བསྟེན༔ བྱིན་རླབས་འོད་ཟེར་ཐིམ་པའི་དངོས་གྲུབ་ཞུ༔ མཁའ་འགྲོ་ཀུན་འདུས་ལྟ་བུའི་ཨུ་རྒྱན་ལ༔ བ་སྤུ་རྩ་གནས་ལྟ་བུ་ཁོ་མོ་བསྟེན༔ ཐུགས་རྗེས་རྗེས་སུ་བཟུང་བའི་དངོས་གྲུབ་ཞུ༔ ཆོས་སྐུ་ཀུན་བཟང་ལྟ་བུའི་གུ་རུ་ལ༔ ཀུན་ཏུ་བཟང་མོ་ལྟ་བུ་ཁོ་མོ་བསྟེན༔ རྫོགས་པའི་སངས་རྒྱས་ཐོབ་པའི་དངོས་གྲུབ་ཞུ༔ རྒྱལ་བ་རིགས་ལྔ་ལྟ་བུའི་གུ་རུ་ལ༔ དབྱིངས་ཕྱུག་ཡུམ་ལྔ་ལྟ་བུ་ཁོ་མོ་བསྟེན༔ འགྲོ་ལ་ཐུགས་རྗེས་གཟིགས་པའི་དངོས་གྲུབ་ཞུ༔ ཆེ་མཆོག་ཡོན་ཏན་ལྟ་བུའི་གུ་རུ་ལ༔ ཀྲོ་ཏི་ཤྭ་རི་ལྟ་བུ་ཁོ་མོ་བསྟེན༔ གནོད་བྱེད་ཐལ་བར་བརླག་པའི་དངོས་གྲུབ་ཞུ༔ ནུབ་ཕྱོགས་པདྨ་ལྟ་བུའི་ཨུ་རྒྱན་ལ༔ སངས་རྒྱས་སྟོང་རྩ་ལྟ་བུ་ཁོ་མོ་བསྟེན༔ འགྲོ་ལ་བྱིན་གྱིས་རློབས་པའི་དངོས་གྲུབ་ཞུ༔ རི་བོ་མཆོག་རབ་ལྟ་བུའི་ཨུ་རྒྱན་ལ༔ གླིང་བཞི་ལྟ་བུ་ཁོ་མོ་བདག་ནི་བསྟེན༔ འགྲོ་བའི་འབྲས་བུ་སྨིན་པའི་དངོས་གྲུབ་ཞུ༔ འོད་དཔག་མེད་པ་མཆོག་གི་པདྨ་ལ༔ མཚོ་ཆེན་པདྨ་ལྟ་བུ་ཁོ་མོ་བསྟེན༔ འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཞུ༔ རྒྱལ་བ་ཐུབ་པ་མཆོག་གི་པདྨ་ལ༔ མཚན་བཟང་དཔེ་བྱད་ལྟ་བུ་ཁོ་མོ་བསྟེན༔ ཏིང་འཛིན་རྒྱུད་ལ་ལྡན་པའི་དངོས་གྲུབ་ཞུ༔ ཨརྱ་པཱ་ལོ་ལྟ་བུའི་གུ་རུ་ལ༔ སྒྲོལ་མ་དཀར་ལྗང་ལྟ་བུ་ཁོ་མོ་བསྟེན༔ སེམས་ཅན་ཐར་ལམ་བཀོད་པའི་དངོས་གྲུབ་ཞུ༔ གཞོན་ནུ་ལོ་བརྒྱད་ན་ཚོད་ཙམ་པ་ལ༔ ཁོ་མོ་བཅུ་གསུམ་ན་ཚོད་ཙམ་པ་བསྟེན༔ འགྲོ་ལ་ཐུགས་རྗེས་གཟིགས་པའི་དངོས་གྲུབ་ཞུ༔ མཚོ་སྐྱེས་རྡོ་རྗེ་གཞོན་ནུ་མདངས་ལྡན་ལ༔ ཁོ་མོ་དུང་ལྡན་བདག་ནི་དེ་བསྟེན་པ༔ མ་འོངས་བུ་སློབ་སྨིན་པའི་དངོས་གྲུབ་ཞུ༔ བདེ་བ་ཐབས་མཆོག་ལྟ་བུའི་གུ་རུ་ལ༔ ཤེས་རབ་ཟུང་འཇུག་ལྟ་བུ་ཁོ་མོ་བསྟེན༔ བྱང་སེམས་གཅིག་ཏུ་འདྲེས་པའི་དངོས་གྲུབ་ཞུ༔ སྔགས་འཆང་རྫུས་སྐྱེས་པདྨ་འབྱུང་གནས་ལ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ང་བསྟེན་པ༔ མ་འོངས་བོད་འབངས་བུ་སློབ་སྨིན་པར་ཤོག༔ བསྟན་པའི་མི་ནུབ་པ་ཡི་དངོས་གྲུབ་ཞུ༔ ཆོས་སྐྱོང་འཁོར་གྱིས་བསྐོར་བའི་པདྨ་ལ༔ མཁའ་འགྲོ་འཁོར་གྱིས་བསྐོར་བའི་ཁོ་མོ་བསྟེན༔ མ་འོངས་བསྟན་དགྲ་བསྒྲལ་བའི་དངོས་གྲུབ་ཞུ༔ ཡང་དག་མཆོག་གི་བླ་མ་པདྨ་ལ༔ དམིགས་མེད་རྣམ་དག་ཁོ་མོ་མཚོ་རྒྱལ་བསྟེན༔ རང་རིག་ཆོས་སྐུ་རྟོགས་པའི་དངོས་གྲུབ་ཞུ༔ བུམ་པ་ཆོས་སྐུ་ལྟ་བུའི་ཨུ་རྒྱན་ལ༔ བུམ་ཆུ་ལོངས་སྐུ་ལྟ་བུ་ཁོ་མོ་བསྟེན༔ སྤྲུལ་སྐུ་འགྲོ་ལ་ཐིམ་པའི་དངོས་གྲུབ་ཞུ༔ བྱ་བའི་མཐུན་འཇུག་རིན་པོ་ཆེ་ལྟ་བུ༔ མཐིང་ཤོག་རྒྱན་བཀོད་ལྟ་བུ་ཁོ་མོ་བསྟེན༔ འགྲོ་བ་སེམས་ཅན་འདྲེན་པའི་དངོས་གྲུབ་ཞུ༔ སློབ་དཔོན་བཅུད་ལྡན་རྫུས་སྐྱེས་པདྨ་ལ༔ སློབ་མ་སྣོད་ལྡན་ཁོ་མོ་མཚོ་རྒྱལ་བསྟེན༔ དམ་ཆོས་ཁུང་དུ་ཞག་པའི་དངོས་གྲུབ་ཞུ༔ བྱིན་རླབས་ཐུགས་རྗེ་ཆེ་བའི་པདྨ་ལ༔ དད་གུས་བརྩོན་འགྲུས་ཆེ་བའི་ཁོ་མོ་བསྟེན༔ འགྲོ་དོན་བུ་སློབ་རྒྱས་པའི་དངོས་གྲུབ་ཞུ༔ ཡོན་ཏན་ཆེ་བའི་སྔགས་འཆང་པདྨ་ལ༔ སྙིང་རུས་ཤེས་རབ་ཆེ་བའི་ཁོ་མོ་བསྟེན༔ སངས་རྒྱས་བསྟན་པ་རྒྱས་པའི་དངོས་གྲུབ་ཞུ༔ མཐུ་སྟོབས་རྩལ་དང་ལྡན་པའི་པདྨ་ལ༔ ནན་ཏན་ཆེ་བའི་ཁོ་མོ་བདག་འདྲ་བསྟེན༔ དཀར་པོ་དགེ་བ་རྒྱས་པའི་དངོས་གྲུབ་ཞུ༔ སྤྲུལ་པ་གྲངས་མེད་འགྱེད་པའི་པདྨ་ལ༔ ལུས་ངག་བརྟན་པ་ཁོ་མོ་མཚོ་རྒྱལ་བསྟེན༔ ནག་པོ་བདུད་རྣམས་འཇོམས་པའི་དངོས་གྲུབ་ཞུ༔ ལས་ཅན་རྗེ་འབངས་སྨིན་པའི་དངོས་གྲུབ་ཞུ༔ ཐེག་ཆེན་ཆོས་འཁོར་བསྐོར་བའི་དངོས་གྲུབ་ཞུ༔ སྔགས་འཆང་བསྟན་པ་རྒྱས་པའི་དངོས་གྲུབ་ཞུ༔ འགྲོ་རྣམས་ཆོས་ལ་འཁོད་པའི་དངོས་གྲུབ་ཞུ༔ རྫུས་སྐྱེས་པདྨའི་སྐུ་ལ་གསོལ་བ་འདེབས༔ ཁོ་མོ་ཞུ་ཕོད་བྱས་པའི་དོན་ཚིག་ལྡན༔ མ་རིག་སོ་སོར་བདག་འཛིན་ཅི་བཟུང་བ༔ མཐོལ་ལོ་བཤགས་སོ་རང་གནོང་འགྱོད་པས་བཤགས་ཞེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ ཨེ་མ་ཧོ༔ ངོ་མཚར་མཆོག་གི་རྫུས་སྐྱེས་ང་འདྲ་བ༔ བླ་མའི་སྐུ་ལུས་བཀོད་པ་བྱིན་རླབས་ཡིན༔ གསུང་གིས་ངག་སྐད་སྒྲོག་པ་བྱིན་རླབས་ཡིན༔ ཐུགས་ཀྱིས་སེམས་ཉིད་འདྲེས་པ་བྱིན་རླབས་ཡིན༔ བྱང་སེམས་གཉིས་མེད་འདྲེས་པ་བྱིན་རླབས་ཡིན༔ བྱིན་རླབས་བདག་ལ་ཡོད་པ་ཁྱོད་ལ་གནང་༔ འགྲོ་བ་བུ་སློབ་རྣམས་ཀྱི་དོན༔ མཚོ་རྒྱལ་དད་གུས་ཅན་ལ་བདག་གིས་སྟེར༔ སྙིང་རུས་དད་གུས་ཅན་ལ་བདག་གིས་སྟེར༔ བརྩོན་འགྲུས་ནན་ཏན་ཅན་ལ་ང་ཡིས་སྟེར༔ མཚོ་རྒྱལ་ཁྱོད་ལ་མི་སྟེར་སུ་ལ་སྟེར༔ བུ་མོ་དད་ལྡན་འགྲོ་བ་འདྲེན་མཛད་པ༔ སྐྱེ་མེད་རྣམ་དག་རིག་པ་ཆོས་ཀྱི་སྐུ༔ ཤེས་རབ་སྙིང་རུས་ཆེ་བ་ཤུགས་ཀྱིས་ལས༔ རང་བཞིན་ལས་དབང་ཤུགས་ཀྱིས་འགྲོ་དོན་བྱས༔ མི་མིན་འདྲེ་ཡུལ་བྱ་རོག་གདོང་དར་ནས༔ འདི་འདྲ་མཁའ་འགྲོ་རིག་ཅན་ཁྱད་དུ་འཕགས༔ འདི་འདྲ་ཡོད་པ་མ་འོངས་སེམས་ཅན་རྣམས༔ ལས་ཅན་དགེ་བའི་ཐར་ལམ་ཟིན་པའི་བརྡ༔ བུ་མོ་སྙིང་རུས་ཆེ་བས་འདི་ལྟར་བྱས༔ མཁར་ཆུ་ས་བཟང་ཡིན་པས་ལུང་བསྟན་པ༔ མཁར་ཆུ་རུས་ཅན་བུ་མོ་འདི་ལྟར་འདུག༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ལས་ཀྱིས་ཤུགས༔ བུད་མེད་རིགས་ཅན་སྣང་བ་རྫུན་ཆེ་སྟེ༔ འདི་འདྲ་སྣང་བ་རྫུན་པ་མི་འདུག་དུས༔ བུད་མེད་མཐོང་ཚོར་མེད་པའི་གཏམ་མང་བ༔ མཚོ་རྒྱལ་གཏམ་མི་མང་བས་ཆོས་རྗེས་འཛིན༔ བྱིན་རླབས་ཡོད་པ་ཁོ་མོ་ཁྱོད་ལ་གནང་༔ མ་འོངས་བུ་སློབ་དོན་དུ་གནས་པར་བྱ༔ ཉོན་ཅིག་མཁར་ཆུ་བཟའ་ཡིས་ཉམས་སུ་ལོངས༔ མ་འོངས་བུ་སློབ་རྗེས་སུ་འཛིན་པར་བྱ༔ མཁས་ཤིང་དག་པའི་སེམས་བསྐྱེད་ཅིང་༔ ཆོས་ཡིད་ལ་ཟུངས་ཤིག་མ་འོངས་དོན༔ ཀློག་ཅིག་བྲིས་ཤིག་མ་འོངས་དོན༔ རྗེ་འབངས་ལྔ་ལ་ཁྱེད་ཀྱིས་བསྟོད་པ་ཕུལ༔ ཞེས་གསུངས༔ ཡབ་ཡུམ་གཉིས་བྱང་སེམས་ཐབས་ཤེས་ཟུང་འཇུག་བྱས་པ༔ བྱིན་རླབས་ཐིམ་པ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཨེ་མ་ཧོ༔ གསང་སྔགས་ཆོས་ཀྱི་བསྟན་པ་མཐའ་རྒྱས་པ༔ གྲུབ་ཆེན་སྔགས་འཆང་པདྨའི་སྐུ་ལ་བསྟོད༔ དད་གུས་ཞི་ཞིང་ལྡན་པའི་བྱམས་སྙིང་མཛད༔ ནམ་མཁའི་སྙིང་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ བསམ་ཡས་དབུ་རྩེ་རི་གསུམ་ཆོས་འཁོར་བསྐོར༔ མངའ་བདག་སྲུང་མ་གཉིས་ཀྱི་བཀའ་བགྱིས་པ༔ ཆོས་ཀྱི་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་དཔའ་བོ་འཇིག་རྟེན་རབ་འབྱམས་ནས༔ ཕྱོགས་བཅུ་བདེར་གཤེགས་ཉིད་ཀྱིས་བཀའ་གནང་བ༔ སངས་རྒྱས་ཡེ་ཤེས་ཚོགས་ལ་ཕྱག་འཚལ་བསྟོད༔ མཁའ་ལྟར་མཉམ་པའི་ཐུགས་རྗེ་རབ་མངའ་བ༔ བདེར་གཤེགས་རྨད་བྱུང་མཆོག་གི་སྲས་མཛད་པ༔ རྒྱལ་བ་མཆོག་དབྱངས་ཚོགས་ལ་ཕྱག་འཚལ་བསྟོད༔ རྫོགས་ཆེན་བཀའ་བབས་མཐུ་སྟོབས་སྤྱན་དང་ལྡན༔ མངའ་བའི་སྟོབས་ཆེན་བཻ་རོ་ཙ་ནའི་སྐུ་ལ་བསྟོད༔ རང་རིག་དོན་གྱི་སྙིང་པོ་རབ་བསྒོམ་པ༔ དཀའ་བ་མཛད་ཕྱིར་དཔལ་གྱི་དབང་ཕྱུག་ཅེས༔ སྒྲ་བསྒྱུར་མཆོག་སྲས་ཉིད་ཀྱི་སྐུ་ལ་བསྟོད༔ འདུལ་མཛད་ཐུགས་རྗེ་རབ་མཆོག་སོག་པོ་དཔལ༔ མིང་མཆོག་རྒྱལ་བའི་ཞབས་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རྣམ་དག་བྱེད་ཚེ་དེ་བཞིན་གཤེགས༔ ཐུགས་ཀྱི་འཛིན་མཛད་དྲན་ནས་ནམ་མཁའི་ཚོགས༔ མཆོག་གི་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཤེས་བྱའི་རང་བཞིན་ཆོས་སྐུ་དག་པ་ལ༔ ཆུ་བོ་གྱེན་དུ་བཟློག་ཕྱིར་ཤུད་པོ་དཔལ༔ མཆོག་གི་སྲས་བཅས་ཉིད་ལ་ཕྱག་འཚལ་བསྟོད༔ འདུ་བྱེད་མ་ལུས་ཡང་དག་རྫོགས་མཛད་པ༔ གཡག་རྒོད་ཕྱག་བཀུག་མཐུ་སྟོབས་དྲན་པ་ཙམ༔ རྫུ་འཕྲུལ་སྟོབས་དང་ལྡན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་མངའ་བའི་སྟོབས་དང་ལྡན་མཛད་པ༔ མཐུ་སྟོབས་ཁྱེའུ་ཆུང་ནམ་མཁའི་བྱ་རྣམས་ཟིན༔ ཡང་དག་དོན་ལྡན་མཆོག་ལ་ཕྱག་འཚལ་བསྟོད༔ རྟོགས་པའི་དོན་ལྡན་འབྲས་བུ་ཉིད་ཀྱི་སྐུ༔ འཕགས་ལམ་ཆོས་སྐུ་རྟོགས་པའི་གཡུ་སྒྲ་སྙིང་༔ རྒྱལ་བ་རྟོགས་བྱས་སྐུ་ལ་ཕྱག་འཚལ་བསྟོད༔ རྩལ་དྲག་ཉ་མོ་ལྟ་བུ་སྟོབས་དང་ལྡན༔ འོ་བྲན་དབང་ཕྱུག་ཞལ་མངའ་དག་མཛད་པ༔ གང་འདུལ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ མཁྱེན་གཉིས་རབ་རྒྱས་བརྩེ་བའི་ཐུགས་རྗེ་མཛད༔ སྐ་བ་དཔལ་བརྩེགས་འགྲོ་བའི་མགོན་མཛད་པ༔ ཐུགས་རྗེ་ཞལ་ཉིད་མངའ་ལ་ཕྱག་འཚལ་བསྟོད༔ རྣམ་དག་ཤེས་བྱ་རང་བཞིན་དག་པ་ལ༔ རྡོ་རྗེ་བདུད་འདུལ་ཚུལ་ཁྲིམས་ཐོགས་མེད་པ༔ མཁའ་ལྟར་མཉམ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ མཐུ་སྟོབས་གསེར་རྣམས་རོ་ལང་གསེར་དུ་བསྒྱུར༔ རྒྱལ་བའི་བློ་གྲོས་ཐོགས་པ་མེད་མཛད་པ༔ ཕུན་སུམ་ཚོགས་ལྡན་སྐུ་ལ་ཕྱག་འཚལ་བསྟོད༔ མཐུ་དང་རྩལ་དྲག་བྱང་ཆུབ་ཐོབ་མཛད་པ༔ རྒྱལ་བའི་དབང་ཕྱུག་མཁའ་ལ་སྐྱིལ་ཀྲུང་བཅའ༔ ཆོས་ཀྱི་བསྟན་པའི་སྐུ་ལ་ཕྱག་འཚལ་བསྟོད༔ ཐོས་ཕྱིར་ལྡན་པའི་འགྲོ་བ་འདུལ༔ མ་མོ་མཁའ་འགྲོ་བྲན་དུ་བཀོད༔ དཔལ་གྱི་ཡེ་ཤེས་ཚོགས་ལ་ཕྱག་འཚལ་བསྟོད༔ མི་བརྗེད་ཆོས་ཀྱི་དབྱིངས་ཉིད་དུ༔ དྷ་མང་ཆོས་ཀྱི་བཀའ་བབས་རྒྱུད་བཅས་པ༔ རྒྱལ་བ་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དུས་ཚད་མ་མོ་ཡེ་ཤེས་དཔལ་ལྡན་མོ༔ དཔལ་གྱི་རྡོ་རྗེ་མཐུ་སྟོབས་ཞལ་མངའ་བ༔ ཐེག་དགུ་ཡང་དག་ཉིད་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་དོན་ལ་གང་འདུལ་མཉེས་མཛད་པ༔ རྒྱལ་བའི་བདུད་བཅོམ་དཔལ་མཆོག་ཡང་དག་ཉིད༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ བདེ་ཆེན་རྣམ་དག་ཆོས་ཀྱི་སྟོབས་དང་ལྡན༔ རྨ་ཐོག་རིན་ཆེན་ཕ་བོང་ཟན་ལྟར་གསོལ༔ ཐེག་མཆོག་ཡང་དག་ཉིད་ལ་ཕྱག་འཚལ་བསྟོད༔ ཐོས་བསམ་ལྡན་པའི་བསྟན་དགྲ་འདུལ་མཛད་པ༔ ལང་གྲོ་ལོ་ཙཱས་ཐོག་རྒོད་མདའ་ལྟར་འཕེན༔ མཐུ་སྟོབས་རྩལ་མངའ་ཅན་ལ་ཕྱག་འཚལ་བསྟོད༔ སྐུའི་སྤྲུལ་པ་ཐོད་ཕྲེང་རིགས་ལྔ་དང་༔ གུ་རུ་མཚན་བརྒྱད་གང་འདུལ་ཐབས་སྟོན་མཛད༔ གསུང་གི་ཡང་སྤྲུལ་རྗེ་འབངས་ཉི་ཤུ་ལྔ༔ ཐུགས་ཀྱི་སྤྲུལ་པ་བྱེ་བྲག་དཔག་ཏུ་མེད༔ ཡོན་ཏན་སྤྲུལ་པ་གང་འདུལ་ཐབས་སྟོན་པ༔ འཕྲིན་ལས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད༔ རྫུས་སྐྱེས་ཡོན་ཏན་ཅན་ལ་ཕྱག་འཚལ་བསྟོད༔ སྐུ་ནི་འགྱུར་བ་མེད་པའི་ཡོན་ཏན་སྐུ༔ ཁོ་མོ་བདག་ལ་ཐུགས་རྗེས་ཟུངས༔ སྐལ་ལྡན་དོན་གྱི་ཕྱི་རབས་འགྲོ་བའི་དོན༔ ཁོ་མོ་བདག་ལ་གནང་ནས་ཡིད་དུ་འཆང་༔ ཐབས་དང་ལྡན་པའི་མཐུ་སྟོབས་དཔག་ཏུ་མེད༔ དེ་ཚེ་དཔག་མེད་བགྲང་གིས་ནུས་པ་མེད༔ གུ་རུ་རིན་པོ་ཆེའི་མདུན་དྲུང་དུ༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་བདག་གིས་ཞུས༔ མ་འོངས་བུ་སློབ་དོན་དུ་ཆོས་གཅིག་གསུངས༔ པདྨའི་སྔགས་དང་ལྡན་པའི་ཆོས་གཅིག་གསུངས༔ དང་པོ་ཞགས་པ་ཟིལ་གནོན་འཕང་༔ བར་དུ་བསྐྱེད་པ་དོན་གྱི་གསལ་བའི་སྔགས་གཅིག་གནང་༔ ཐ་མ་ལུས་བསྲུང་གོ་བགོ་བྱེད་པའི་གདམས་ངག་གནང་༔ ཞེས་ཞུས༔
ཨུ་རྒྱན་གྱི་ཞལ་ནས༔ རིགས་ཀྱི་བུ་མོ་མཁར་ཆུ་བཟའ་ཉོན་དང་༔ དང་པོ་ཟིལ་གནོན་འཕང་བ༔ བདག་ལྷ་གང་དམིགས་པ་ཕཊཿཅེས་སྨྲས་པ༔ ཐུགས་ཀ་ལ་ཧཱུྃ་འཕྲོས་པ་རྣམ་པར་ཤེས་པའི་ངོ་བོ༔ མགྲིན་པའི་སྟེང་ནས་ཕཊཿའཕྲོས་པས་གནས་ཁང་དེ་ཉིད་ལ་ཕོག་པའི་ཧཱུྃ་མེ་རིའི་གུར་ཁང་གྱུར༔ ཕཊཿཀྱིས་འདྲེ་བགེགས་སྣང་སྲིད་ཐམས་ཅད་བཀུག་པ༔ ཧཱུྃ་ལས་འོད་ཟེར་འཕྲོས་པའི་ཛཿཧཱུྃ་བཾ་ཧོ་བཞི་འཕྲོས་ནས་ཞགས་པས་བཅིངས་ནས་འགྲོ་བ་མེད་པ་གཅིག་བསྒོམ༔ བདག་ཉིད་རྣམ་པར་ཤེས་པ་རྡོ་རྗེ་རྩེ་དགུ་པ་གཅིག་ཏུ་གྱུར་ནས་ལྟེ་བ་ལ་ཧཱུྃ༔ ཕྱི་རྩེ་ལ་ཕཊཿདམིགས་ནས་ནང་དུ་བཛྲ་ཧཱུྃ་ཕཊཿདམིགས་ཞེས་བརྗོད་པ་ཤ་ར་ར་འཕྲོས་པ་གནས་ཁང་དེ་ཉིད་ནས་འདུག་པར་བསྒོམ༔ ལྷ་ཡེ་ཤེས་སེམས་དཔའ་སྐྱབས་ཡུལ་དང་༔ རང་གི་སྤྱི་བོར་སྒོམ་པ་བདག་ལྷ་རུ་བསྐྱེད་པ་དམ་ཚིག་སེམས་དཔའི་ཐུགས་ཀའི་སེམས་ཉིད་དང་སྔགས་ཀྱིས་བསྐོར་བ༔ ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཚོན་གང་བ་ལྷ་གཅིག་འདྲ་བ་བསྐྱེད་པ༔ དེ་གསུམ་ཐུགས་ཀའི་སྔགས་ཀྱིས་བསྐོར་བ༔ བདག་གི་སྤྱི་བོར་ནས་ཧཱུྃ་རྣམ་པར་ངོ་བོ་ལ་ཧཱུྃ་དང་རྡོ་རྗེ་མར་བབས་ནས་ལུས་ཐམས་ཅད་རྡོ་རྗེ་གོ་ཁྲབ༔ རྩ་ཐམས་ཅད་ཁྲོ་ཆུང་ནས་འབྲུ་ཙམ་བསྒོམ༔ མཛུབ་མོ་གཉིས་ཀྱིས་ཡར་ཁྲིད་ནས་ཐུགས་ཀར་མི་དམིགས་པའི་ངང་ནས་རྒྱས་གདབ༔ དེ་དང་ཉམས་སུ་ལོངས༔ མ་མཁར་ཆུ་བཟའ་ནི་ཡེ་ཤེས་མཚོ་རྒྱལ་ཉོན༔ དེ་དང་ཉམས་སུ་ལོངས་ཤིག་མ་འོངས་དོན༔ བདག་གཞན་བུ་སློབ་འགྲོ་ལ་ལེགས་པར་དགོངས༔ སྨིན་བྱེད་རྒྱུ་ཡི་དབང་འཇུག་བྱེད༔ གྲོལ་བྱེད་ལམ་གྱི་དབང་ནི་གཞན་འཇུག་བྱ༔ འབྲས་བུ་དབང་ནི་མཆོག་ཐུན་གཉིས་ཀ་ཐོན༔ དེ་ཕྱིར་ཉོན་ཅིག་མཁར་ཆུ་བཟའ༔ མ་འོངས་བུ་སློབ་རྣམས་ཀྱིས་ཉམས་སུ་ལོངས༔ སྐྱེ་མེད་རྣམ་དག་ཆོས་སྐུའི་རང་བཞིན་ལ༔ འགགས་པ་མེད་པ་གཟུགས་སྐུ་རྣམ་པ་གཉིས༔ བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནས༔ ཡ་མཚན་རྨད་བྱུང་ཇོ་མོ་མཁར་ཆུ་བཟའ༔ ཐུགས་ལ་ཆོངས་ཤིག་སྐལ་ལྡན་བུ་སློབ་ཀུན༔ མ་འོངས་འགྲོ་བའི་དོན་དུ་ངེས་མཛད་པ༔ སྟེང་སྒོ་གཏི་མུག་མེ་དྲོད་གདམས་ངག་དང་༔ འོག་སྒོ་ཐིག་ལེ་དབབ་བཟློག་གདམས་ངག་གཉིས༔ བདག་ལ་ཡོད་དེ་བུ་སློབ་དོན༔ ཁོ་མོ་ཁྱོད་ལ་སྟེར་ཏེ་ཡིད་ལ་ཆོངས༔ རང་ལ་ཡོད་པའི་ཡིད་བཞིན་ནོར་བུ་ཡིན༔ ཐིག་ལེ་འབར་བཅས་དབབ་བཟློག་ཡུམ་བརྟེན་པ༔ གྲུབ་ཆེན་ཐིག་ལེ་འདྲེན་པའི་རབ་བྱུང་བཅས༔ རྫུས་སྐྱེས་ཆེན་པོ་སྔགས་འཆང་པདྨ་ང་༔ སྟོང་གསལ་ཟུང་འཇུག་བདེ་སྟོང་འབྲས་བུ་རྙེད༔ གྲུབ་ཆེན་ཚུལ་གྱིས་འགྲོ་བའི་དོན་མཛད་པ༔ མ་བསྒོམས་སངས་རྒྱས་གྲོལ་བའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་དེ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ མ་བསླབ་དམ་ཆོས་གྲོལ་བའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་དེ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ མ་གནང་སྔགས་དང་ལྡན་པའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་དེ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ མ་སྦྱངས་སློབ་གཉེར་གྲོལ་པའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་དེ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ མ་བལྟས་ལྷ་དང་མཇལ་བའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་དེ་ཁྱེད་ལ་སྟེར༔ མི་བརྗེད་གཟུངས་མཆོག་ཐོབ་པའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་པ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ ཚོགས་བརྒྱད་ཡིད་ཀྱི་བརྡ་རྣམས་དང་༔ ཨ་གཅིག་གྲོལ་བའི་ཐབས་ཀྱི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་པ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ ཁྱོད་ཀྱི་གྲོལ་བའི་ཐབས་ནི་ཁྱོད་གྲོགས་བྱེད༔ མ་བལྟས་མངོན་ཤེས་ཁྱབ་པའི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་པ་ཁྱོད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ སྣང་སྲིད་དབང་དུ་འདུ་བའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་པ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ སྤྲུལ་པ་དཔག་མེད་འགྱེད་པའི་གདམས་ངག་འདི༔ ང་ལ་ཡོད་པ་མཁར་བཟའ་ཁྱོད་ལ་ཡོད༔ སྤྲུལ་པ་གྱིས་ཤིག་མ་འོངས་སེམས་ཅན་ཀུན༔ ཐོག་མཐའ་བར་གསུམ་གྲོལ་བའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་པ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ གདམས་ངག་སྙིང་གི་དཀྱིལ་དུ་འཆང་བར་གྱིས༔ བསྟན་པའི་སྤྱི་དགྲ་བསྒྲལ་བའི་གདམས་ངག་འདི༔ མཐུ་ཆེན་ང་ལ་ཡོད་པ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ སྐྱེ་མེད་མིག་གིས་མི་རྟོགས་གདམས་ངག་འདི༔ ང་ལ་ཡོད་པ་ཁྱོད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ ཐབས་ལམ་ཆོས་སྐུ་ལྡན་པའི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་པ་ཁྱོད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ མཐུ་སྟོབས་རྩལ་དང་ལྡན་པའི་གདམས་ངག་འདི༔ རྗེ་བཙུན་ང་ལ་ཡོད་དེ་ཁྱེད་ལ་སྟེར༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ བར་སྣང་རླུང་ཁམས་ཁུག་པའི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་པ་ཁྱེད་ལ་སྟེར༔ ཡིད་ལ་ཟུགས་ཤིག་མ་འོངས་བུ་སློབ་དོན༔ མི་འཆི་འབྱུང་བའི་རང་དབང་ཐོབ་པ་འདི༔ རྫུས་སྐྱེས་ང་ལ་མིན་པ་མི་མངའོ༔ མཚོ་རྒྱལ་འདྲ་བ་མི་འཆི་ཚེ་ཐོབ་ཐུབ༔ ཐུབ་སྟེ་མ་འོངས་གོ་སྟོན་བྱེད་པའི་བརྡ༔ བེམ་རིག་བྲལ་བའི་ང་དང་འདུ་འབྲལ་མེད༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ བདག་ནི་འགྲོ་དོན་བོད་ཀྱི་ཞིང་ཁམས་སུ༔ གདུལ་བྱ་གཟིགས་པའི་འགྲོ་བའི་དོན་མཛད་པ༔ བདག་གི་ཡིག་རིས་སུམ་བརྒྱ་དྲུག་ཅུའི་གདམས་ངག་འདི༔ རྫུས་སྐྱེས་ང་ལ་ཡོད་པ་ཁྱེད་ལ་སྟེར༔ ཉོན་ཅིག་ཤེས་རབ་མཁར་ཆུ་བཟའ༔ མི་མིན་འདྲེ་ཡུལ་བྱ་རོག་གདོང་ཡུལ་འདིར༔ བདག་ནི་འགྲོ་ལ་དགོངས་འདས་བྱོན་པ་ལ༔ བདག་གིས་གྲོགས་བྱེད་ཁོ་མོ་མཚོ་རྒྱལ་ལོ༔ མཁར་ཆུ་ས་ནས་ས་ཡུལ་བསམ་ཡས་བྱོན༔ བུ་མོ་ལོ་ཆུང་བཅུ་གསུམ་ངོ་མཚར་དུས༔ བདག་གི་གྲོགས་བྱེད་ཞབས་ཏོག་འདི་འདྲ་བྱེད༔ འདི་འདྲ་དྲིན་ཆེན་ཡེ་ཤེས་མཚོ་རྒྱལ་ནི༔ འགྲོ་བའི་དོན་དུ་ཐོག་མཐའ་བར་མ་གསུམ༔ འདི་འདྲ་དྲིན་ཡང་ཆེ་སྟེ་སྐུ་ཆགས་ཆེ༔ བདག་གི་གྲོགས་བྱེད་ཁོ་མོ་འདི་འདྲ་མེད༔ མཁར་ཆུ་སྲས་མོ་ལན་གཅིག་འདི་འདྲ་ཡོད༔ མཁར་ཆུ་སྐྱེ་བ་སྐྱེ་རྒྱུད་ཐམས་ཅད་དུ༔ འགྲོ་བའི་དོན་དུ་བྱ་བའི་དྲུང་དུ་སྐྱེ༔ བྱང་ཆུབ་མཆོག་གི་ཐར་ལམ་ཟིན་པར་ཤོག༔ མཁར་ཆུ་ཕོ་རྒྱུད་མོ་རྒྱུད་བྱིན་རླབས་ཆེ༔ ཁོ་མོ་འདི་འདྲ་ཙམ་གྱིས་བྱང་ཆུབ་ཐོབ༔ སྙིང་རུས་བརྩོན་འགྲུས་ཆེ་བའི་བུད་མེད་དང་༔ ནན་ཏན་བཟོད་དཀའ་ཁྱག་པའི་མཁར་ཆུ་བཟའ༔ ཤེས་རབ་གཏོང་ཕོད་ཆེ་བའི་བུད་མེད་ལུས༔ འདི་འདྲ་ལུས་བླངས་ངོ་མཚར་མཆོག་གི་སྐུ༔ མ་འོངས་དུས་ཀྱི་བུད་མེད་སེམས་ཅན་རྣམས༔ མཁར་བཟའ་མཚོ་རྒྱལ་འདི་ལ་གསོལ་བ་ཐོབ༔ མ་འོངས་སྐྱེས་པ་སེམས་ཅན་ཀུན༔ རྫུས་སྐྱེས་སྔགས་འཆང་ང་ལ་གསོལ་བ་ཐོབ༔ དད་གུས་ཅན་ལ་བྱིན་རླབས་དྲུང་ཉལ་ཡོད༔ དུས་སོ་ཚེས་བཅུ་མར་ཚེས་ཉི་ཤུ་ལྔ༔ འགྲོ་བའི་དོན་དུ་བོད་ལ་ང་ཡོང་ངོ་༔ རྒྱུན་ཆད་མེད་པའི་ལས་ཅན་རྟག་རྣམས་ཡོད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ བཟོད་དཀའ་ཁྱག་པའི་བུད་མེད་འདི་འདྲ་བ༔ བོད་འབངས་འགྲོ་བའི་དོན་དུ་འདི་ལྟར་གྱིས༔ མ་འོངས་བུ་སློབ་རྣམས་ལ་ལུང་བསྟན་མཛོད༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ ཐུགས་ལ་མི་བརྗེད་ཉམས་ལོངས་ལས་ཅན་དོན༔ ལས་ཅན་འགྲོ་བའི་དོན་དུ་ཡིན་པར་དགོངས༔ མི་བརྗེད་ཉམས་སུ་ལོངས་ཤིག་མཁར་ཆུ་བཟའ༔ འཇིག་རྟེན་བུད་མེད་ཟང་ཟིང་ཁྱིམ་ཐབ་མོས༔ རློམ་པ་འཕྱོར་ཤེས་བཞིན་པའི་ཚུལ་ལ་མོས༔ མཁར་བཟའ་མཚོ་རྒྱལ་ཁ་གཏིང་ཆོས་མོས་སྣང་༔ ཆེ་བ་རི་རབ་ལྟ་བུ་རློམ་པ་མེད༔ འཕྱོར་ཤེས་སྣང་བ་ཡིན་པའི་རང་ཐག་བཅད༔ འདི་འདྲ་མཁར་བཟའ་ཞབས་ཏོག་ཆེ༔ ཆོས་ལ་མོས་པའི་སེམས་ཅན་དོན་བྱ་བ༔ མཚོ་རྒྱལ་ཐུགས་སེལ་ཞོག་ཅིག་བུ་སློབ་དོན༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཤིན་ཏུ་མཉེས་ནས་འདི་ལྟར་ཞུས་སོ༔ ཨཱོྃ་ཨཱ་ཧཱུྃ༔ ཨེ་མ་ཧོ༔ དད་ལྡན་མཆོག་གི་འགྲོ་བ་འདྲེན་པའི་དཔལ༔ བཀའ་དྲིན་རྩ་བའི་བླ་མ་པདྨ་འབྱུང་༔ ཐོས་ཕྱིར་ལྡན་པའི་འགྲོ་བ་འདྲེན་མཛད་པ༔ དུས་གསུམ་རྒྱལ་བ་ཐམས་ཅད་དགོངས་མཛད་པ༔ རྫུས་སྐྱེས་པདྨ་མཚོ་ཆེན་སྡོང་ལས་བསྟེན༔ བླ་མའི་བཀའ་བསྒྲུབས་ཁོ་མོ་ཞེ་བློ་བདེ༔ ཆོས་རྣམས་སློབ་དཔོན་གསུངས་པས་ཞེ་བློ་བདེ༔ བླ་མའི་ཞབས་ཏོག་བྱས་པས་ཁོ་མོ་ཞེ་བློ་བདེ༔ ཁོ་མོ་མོས་གུས་མེད་པའི་རང་ལུས་བཅས༔ རི་ཁྲོད་གནས་སུ་མ་འོངས་དོན་ལ་དགོངས༔ ཐུགས་རྗེ་སྔགས་འཆང་པདྨའི་ཡང་ཡང་ཆེ༔ མ་ཚོགས་མཁའ་འགྲོ་བྱིན་རླབས་ཡང་ཡང་ཆེ༔ ཁོ་མོ་བདག་གི་ལུས་འདི་བརྩོན་འགྲུས་ཆེ༔ སྔགས་འཆང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ སྣང་སྲིད་འདུལ་ཕྱིར་སྔགས་འཆང་ལྷ་དང་ལྡན༔ གནོད་བྱེད་བརླག་ཕྱིར་ལྷ་དགུ་རྒྱན་དུ་བཀོད༔ འགྲོ་བ་འདྲེན་མཛད་ཁོ་མོ་གྲོགས་སུ་འཆར༔ འདི་འདྲ་གཞོན་ནུ་སྐུ་མཆོག་མཛེས་ཚུལ་ལྡན༔ འགྲོ་བའི་དོན་ལ་གང་འདུལ་ཆོས་ཤིག་གསུངས༔ ཁོ་མོ་ཞུ་ཕོད་བྱས་པའི་བཀའ་མ་བཀྱོན༔ རྫུས་སྐྱེས་ཐུགས་ལ་འགལ་བ་ཅི་སོང་ནས༔ མཐོལ་ལོ་བཤགས་སོ་བདག་གིས་འགྱོད་པ་བཤགས༔ དཀའ་བ་མེད་པའི་སྤྱོད་མཛད་པ༔ ལྷ་ལ་རྫུས་སྐྱེས་ཆོས་ཀྱི་སྐུ༔ འགྲོ་ལ་ཆོས་གཅིག་གསུངས་ཤིག་ཁོ་མོ་ཡིད་ལ་འཆང་༔ བསམས་ཤིང་རྗེ་བཙུན་པདྨ་དྲན༔ ཁོ་མོ་བདག་གིས་ཆོས་བྱེད་འདི་ཐོས་པས༔ འགྲོ་བའི་དེད་དཔོན་སློབ་དཔོན་པདྨ་འབྱུང་༔ སློབ་མ་དམ་པ་ཡེ་ཤེས་མཚོ་རྒྱལ་ལ༔ འགྲོ་བ་མཆོག་གི་ཐར་པའི་ལམ་བཀོད་དོ༔ ཡང་དག་དོན་ལྡན་བླ་མ་རིན་པོ་ཆེ༔ འགྲོ་བ་ཡོངས་ལ་ཐུགས་རྗེ་འདི་ལྟར་ཆེ༔ ཁྱད་པར་ཁོ་མོ་བདག་ལ་བཀའ་དྲིན་འདི་ལྟར་ཆེ༔ སྣང་སྲིད་ཆོས་སྐུ་རྟོགས་པ་བླ་མའི་དྲིན༔ མཐོང་ལམ་ཡང་དག་རྟོགས་པ་བླ་མའི་དྲིན༔ རྫུས་སྐྱེས་པདྨའི་སྐུ་ལ་ཞུ་བ་ཕུལ༔ འགྲོ་བའི་དོན་དུ་ཆོས་ཤིག་གནང་བར་ཞུ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ ཐབས་ལམ་གྱི་དབང་བསྐུར་བ་ཞིག་གནང་ཞུས༔ པདྨའི་ཞལ་ནས༔ སྣང་སྲིད་ཆོས་སྐུ་ནི་བླ་མ་བྱེད་པ༔ རྩ་གནས་དཔའ་བོ་མཁའ་འགྲོ་དཀྱིལ་འཁོར་བྱེད་པ༔ རྒྱུའི་ལུས་འདི་རྟེན་བྱེད་ཀྱི་བུམ་པ་བྱེད་པ༔ རྩ་ཐམས་ཅད་དཔའ་བོ་རླུང་ཐམས་ཅད་དཔའ་མོ་དབང་གི་ལྷ་བཅས་པ༔ དབང་པོ་རྣམ་ལྔ་དབང་རྫས་བྱེད་པ༔ དེའི་དབང་བསྐུར་བའི་ཐབས་བསམ་གྱིས་མི་ཁྱབ༔ དད་པ་གང་བྱས་རྣམ་དག་ཞིང་དུ་སྐྱེ༔ ཞེས་གསུངས༔
ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པ༔ རང་གི་ལུས་བཅས་འདི་རྣམ་པར་ཤེས་པ་ཤ་ཁྲག་སྲེག་པ་ཨེ་ཐུབ་ལགས༔ ཨུ་རྒྱན་གྱི་ཞལ་ནས༔ རང་གི་རོ་ཁུར་དང་༔ རོ་སྲེག་དང་རོ་ཟས་ཟ་བ་དེ་བཅས་པའི་དགོས་པའི་ཐབས༔ རང་གི་རྣམ་པར་ཤེས་པ་དང་པོ་བླ་མ་བྱེད་པ༔ ཉོན་མོངས་པ་ཐམས་ཅད་དག་པའི་ལས་ཀྱི་བཀྲུ་བ༔ བར་དུ་རང་གི་རོ་སྲེག་བྱེད་པ༔ ཡེ་ཤེས་ལྔ་ཡི་སྒོ་ནས་མེ་འབར་ནས་དུག་ལྔ་སྲེག་པ༔ ཐ་མ་རོ་ཟན་རང་གི་ཟ་བ་ནི༔ ཚོགས་དྲུག་དག་པ་ཡེ་ཤེས་ལྔའི་ཟས་ཟ་བ༔ དེ་ཕྱིར་རོ་ཁུར་ནས་སྣང་བ་མ་དག་པ་ཐམས་ཅད་སེམས་ཉིད་གཅིག་གིས་དག་པའི་ཁུར༔ བར་དུ་སྲེག་པ་ལུས་གཏུམ་མོ་ངང་ནས་བསྲེག༔ སྣང་སྲིད་ཆོས་སྐུ་རྟོགས་པའི་ཅི་བྱས་རང་དབང་ཡོད་པ་འོག་མིན་བདེ་ཆེན་གར་སོང་རིག་པའི་དབང་༔ དེ་ཕྱིར་ཐུགས་ལ་ཞོག་ཅིག་མཁར་ཆུ་བཟའ༔ མ་འོངས་བུ་སློབ་རྣམས་ཀྱི་དོན༔ མི་བརྗེད་ཉམས་ལོངས་དེ་དང་མཐུན་པར་བྱས༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ ཐབས་ཀྱིས་གནས་ནས་ཤེས་རབ་བཅས༔ འགྲོ་བའི་དོན་ལ་གསོལ་བའི་ཆོས་གཅིག་གནང་ཞུས༔
ཨུ་རྒྱན་གྱི་ཞལ་ནས༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་ནས༔ རང་བྱུང་སྤྲོས་མེད་གསལ་བ་འོད་དཔག་མེད༔ ཐུགས་རྒྱུད་འཛམ་གླིང་འགྲོ་བའི་དོན་མཛད་པ༔ ཨུ་རྒྱན་པདྨ་འབྱུང་གནས་བྱིན་རླབས་ཅན༔ ཐུགས་རྗེ་ཁྱད་པར་ཅན་ལ་གསོལ་བ་འདེབས༔ འགྲོ་བའི་དོན་དུ་མཚོ་སྐྱེས་རྡོ་རྗེ་སྐུ༔ བཀྲ་ཤིས་ཡེ་ཤེས་ཚོགས་ཀྱི་དངོས་གྲུབ་འབྱུང་༔ བྱིན་རླབས་མཆོག་གི་ངོ་མཚར་རྨད་དུ་བྱུང་༔ དུས་གསུམ་སངས་རྒྱས་རྣམས་ལ་གསོལ་བ་འདེབས༔ བསམ་པ་རྣམ་པར་དག་པར་བྱིན་གྱིས་རློབས༔ བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ གཞན་རྒྱུད་སྨིན་པར་བྱིན་གྱིས་རློབས༔ ཅི་བསམ་ཆོས་སུ་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་མཚོ་རྒྱལ་ཐུགས་སུ་ཆོངས༔ མ་འོངས་བུ་སློབ་ཉམས་སུ་ལོངས༔ དེ་ཕྱིར་ང་དང་ཆོས་མཐུན་གྱི༔ མི་བརྗེད་ཡིད་ལ་ཟུངས་ཤིག་མཁར་ཆུ་བཟའ༔ པདྨ་ང་ཡིས་ཐུགས་ཀྱི་ཟབ་མོ་གནང་༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་སྟེར་བ་ཡིན༔ ཁྱོད་ཀྱི་སྙིང་ལ་ཟུངས་ཤིག་སྙིང་གི་དྭངས་མ་གྱིས༔ མ་འོངས་ལས་ཅན་རྣམས་ལ་གཏད་པར་གྱིས༔ ལས་ཅན་འགྲོ་བའི་དོན་ལ་ལེགས་པར་དགོངས༔ བསམས་ཤིང་རྗེ་བཙུན་ང་དྲན་གྱིས༔ ཤོ་ཨ་ཙམ་བླ་མའི་ང་ཡིས་དྲན༔ བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ༔ སྨན་གྱི་ལྷ་དང་ང་ཉིད་དབྱེར་མེད་ཡིན༔ མཁའ་འགྲོ་ལྷ་དང་ང་ཉིད་དབྱེར་མེད་པ༔ ཆོས་སྐྱོང་གཞི་བདག་ལྷ་དང་དབྱེར་མེད་པ༔ དབྱེར་མེད་བདེ་བའི་མཁར་བཟའ་ཁྱོད་ལ་གནང་༔ མ་འོངས་བུ་སློབ་དོན་དུ་གནང་༔ ཞེས་གསུངས་པ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཧྲཱིཿ དྲི་མེད་པདྨའི་སྡོང་པོ་ཁར་དབུས་ན༔ ངོ་མཚར་བྱུང་བའི་བླ་མ་རིན་པོ་ཆེ༔ བདག་གི་དྲིན་ཆེན་སྔགས་འཆང་རིན་པོ་ཆེ༔ མཆོག་གི་དངོས་གྲུབ་བདག་ལ་གནང་༔ བདག་ལ་གནང་སྟེ་ཁོ་མོ་ཡིད་ལ་འཆང་༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཤེས་བྱ་རྣམ་འཕྲུལ་སྒྱུ་མའི་དཔེ་སྟོན་པ༔ ཐབས་ལམ་ཡང་དག་མཆོག་གི་རིན་པོ་ཆེ༔ ཀུན་གཞི་ཀ་དག་བདེ་བ་ཆོས་ཀྱི་སྐུ༔ གསལ་འཚེར་མདངས་ལྡན་ཆོས་དབྱིངས་ཡེ་ཤེས་གསལ༔ མ་འགགས་ཐབས་ཀྱིས་རིག་པ་དྲི་མ་མེད༔ ཡང་དག་མཆོག་གི་བླ་མ་རིན་པོ་ཆེ༔ མཐོང་ཐོས་འགྲོ་བ་འདྲེན་པའི་པདྨ་འབྱུང་༔ ཆོས་སྐུ་རྣམ་དག་ཆོས་ཀྱི་ངང་ཉིད་ནས༔ ལོངས་སྐུ་རྣམ་དག་སོ་སོར་ཅིར་ཡང་སྟོན༔ སྤྲུལ་སྐུ་རྣམ་དག་སྔགས་འཆང་པདྨ་འབྱུང་༔ མཐོང་ལམ་ཡང་དག་མཆོག་གི་ཁྱེའུ་ཆུང་༔ ལྟ་མི་བཟོད་པ་སངས་རྒྱས་འདི་འདྲ་བ༔ མ་རྙེད་རྙེད་མཆོག་སངས་རྒྱས་རིན་པོ་ཆེ༔ ཁོ་མོ་མཁར་བཟའ་ལས་རྣམས་འདི་འདྲ་ཆེ༔ ལུས་འདི་བརྩོན་འགྲུས་ཆེ་བས་ཆོས་སྒྲུབ་པ༔ སེམས་ཉིད་སྙིང་རུས་ཆེ་བ་དཀའ་བ་མཚར༔ ལས་འདི་ཆེ་བ་ཙམ་གྱིས་ནན་ཏན་བྱས༔ རྫུས་སྐྱེས་རྟོག་ཙམ་ཆོས་ལ་གཏོང་ཕོད་ཆེ༔ སྔགས་འཆང་པདྨའི་ཆོས་རྣམས་བྱིན་རླབས་ཆེ༔ ཁོ་མོ་བདག་གི་དབང་རྣམས་ལས་འདི་བཟང་༔ ཆོས་རྣམས་བསམ་པ་ཙམ་གྱིས་ཡིད་ལ་ཤར༔ ཤར་ཙམ་བཅུ་གསུམ་ལོ་ཐོག་རྫུས་སྐྱེས་རྙེད༔ བསམ་པ་འདི་འདྲ་སྒྲུབ་པའི་ལས་རེ་དཀའ༔ ཆོས་གཅིག་བསམ་པའི་རྫུས་སྐྱེས་བྱིན་རླབས་གང་༔ གནང་བ་ཙམ་གྱིས་ཁོ་མོ་ང་འདྲ་གྲོལ༔ སྒོམ་གཅིག་བྱེད་བསམ་རྫུས་སྐྱེས་བཀའ་གཅིག་གནང་༔ གནང་བ་ཙམ་གྱིས་ཁོ་མོ་རང་རིག་གྲོལ༔ མི་བརྗེད་ཡིད་ལ་འཆང་བའི་དུས་གཅིག་བསམ༔ རྫུས་སྐྱེས་བྱང་སེམས་གསང་བའི་མི་བརྗེད་ཐོབ༔ ཁོ་མོ་མན་ངག་ཞུས་བསམ་དོན་འཆང་བ༔ རྫུས་སྐྱེས་པདྨའི་སྙིང་གི་མན་ངག་གནང་༔ ཁོ་མོ་ཏིང་འཛིན་འཚོ་བ་གཅིག་བྱེད་བསམ༔ སྔགས་འཆང་པདྨའི་སྟོང་གསལ་ཟུང་འཇུག་བྱས༔ བྱས་པ་ཙམ་གྱིས་ཁོ་མོ་བསྙེན་བསྲུང་བ༔ ཁོ་མོ་འགྲོ་ལ་དགོངས་པའི་དོན་བྱེད་བསམ༔ བསམ་པ་ཙམ་གྱིས་རྫུས་སྐྱེས་དམ་ཆོས་གནང་༔ གནང་བ་ཙམ་གྱིས་ཁོ་མོས་བརྡ་ཡིག་ཕབ༔ འགྲོ་བའི་དོན་དུ་པདྨའི་སྐུ་ཆགས་ཆེ༔ སྔགས་འཆང་ཐུགས་ཞུས་ཡིན་པའི་ཞུས་ཕོད་བྱས༔ ལན་གཅིག་བྱས་ན་བསྐལ་པ་མཐའ་མ་སྐྱིད༔ འདི་འདྲ་ཡིད་བཞིན་ནོར་བུ་གང་དུ་རྙེད༔ རྙེད་པ་མཆོག་གི་བླ་མ་རིན་པོ་ཆེ༔ འདི་འདྲ་བདག་གི་དོན་རྣམས་འདི་འདྲ་འགྲུབ༔ བསམ་དོན་འདི་འདྲ་འགྲུབ་པའི་ལས་ཅན་ཡོད་པར་ངེས༔ འདི་ལྟར་བསམ་དོན་འགྲུབ་པའི་དོན་ཡོད་པའི༔ སངས་རྒྱས་འདི་འདྲ་གང་དུ་རྙེད་པ་ངོ་མཚར་ཆེ༔ མ་རྙེད་རྙེད་པ་བླ་མ་རིན་པོ་ཆེ༔ འདི་འདྲའི་བསམ་དོན་བདག་གི་འགྲུབ་རེ་དཀའ༔ ཀྱེ་མ་ཨུ་རྒྱན་ཆེན་པོ་པདྨ་འབྱུང་༔ རྙེད་པའི་དོན་ཆེན་འགྲུབ་པའི་རིན་པོ་ཆེ༔ འདི་འདྲ་མཐོང་ལམ་སྦྱོར་བའི་སཾ་བྷ་ཝ༔ ངོ་མཚར་མཆོག་གི་བླ་མ་རིན་པོ་ཆེ༔ ཁོ་མོ་བསྟེན་པའི་རྫུས་སྐྱེས་པདྨ་འབྱུང་༔ ཁོ་མོ་ལས་རྣམས་ཆེ་བའི་འདི་རྙེད་པ༔ མཁར་ཆུ་ཡུལ་ནས་བསམ་ཡས་གླིང་དུ་སོང་༔ རྫུས་སྐྱེས་དྲན་པ་ཙམ་གྱིས་བརྩོན་འགྲུས་བྱས༔ ལ་ཆེན་ཆུ་ཆེན་དྲིན་ཅན་ཤུལ་དུ་སྐྱུར༔ ཁོ་མོ་ལོ་ཉུང་བཅུ་གསུམ་དུས་ཚད་དུ༔ ས་ཐག་རིང་བས་ཁོ་མོ་སྡུག་བསྔལ་ཆེ༔ སྡུག་བསྔལ་ཆེ་བས་ད་ཡང་འདི་ལྟར་སྐྱིད༔ འགྲོ་བའི་དོན་དུ་རྫུས་སྐྱེས་ཆོས་གཅིག་གསུངས༔ ཁོ་མོ་ཐོས་ཕྱིར་ལྡན་པའི་བརྩོན་འགྲུས་ཆེ༔ རྫུས་སྐྱེས་པདྨ་བདག་ལ་དྲིན་ཆེ་བ༔ སྔར་ཡང་དྲིན་ཅན་ད་ཡང་དྲིན་ཆེ་བ༔ ཁོ་མོ་བསྟེན་པའི་སྐྱབས་མཆིས་པདྨ་འབྱུང་༔ ཁོ་མོ་བདག་ལ་ཐུགས་རྗེས་གནང་བར་ཞུ༔ འགྲོ་བའི་དོན་ལ་དམ་པའི་ཆོས་གཅིག་གསུངས༔ ཞེས་ཞུས༔ ཨུ་རྒྱན་པདྨའི་ཞལ་ནས༔ རིགས་ཀྱི་བུ་མོ་ཉོན་དང་༔ ངས་ཁྱེད་ལ་ཚིག་འདི་ལྟར་ཐོས༔ ཨེ་མ་བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ༔ བྱང་ཆུབ་མཆོག་གི་སངས་རྒྱས་པདྨ་ང་༔ ཡོན་ཏན་ཀུན་འབྱུང་སྙིང་པོ་བཅུད་ལ་སྤྲུལ༔ འཁོར་བ་མཐར་གནས་པདྨ་འབྱུང་གནས་ང་༔ མཚོ་ཆེན་པདྨའི་སྡོང་ལས་དངོས་སུ་བསྟེན༔ མཁར་ཆུ་བུ་མོ་ཡེ་ཤེས་མཚོ་རྒྱལ་ཁྱེད༔ རྫུས་སྐྱེས་པདྨ་བདག་ལ་དངོས་སུ་བསྟེན༔ སྐྱབས་སུ་བསླུ་བ་མེད་པའི་ཐུགས་རྗེ་གནང་༔ ཆུ་བོ་ལྟ་བུ་བྱིན་རླབས་ཆར་ལྟར་འབེབས༔ ཁྱེད་ལ་ཐུགས་འདི་གཏད་པའི་ཞལ་མངའ་བ༔ གྲོགས་པོ་རབ་བྱེད་བུད་མེད་མཁར་ཆུ་བཟའ༔ ཤེས་རབ་སྤྲོས་པ་ཆེ་བའི་ཐབས་སྣ་ཚོགས༔ སྐྱེ་མེད་རྣམ་དག་ཆོས་སྐུའི་ཀློང་ཡངས་ནས༔ འགགས་མེད་རྣམ་དག་རྫུས་སྐྱེས་པདྨ་ང་༔ ངོ་མཚར་རྨད་བྱུང་ཇོ་མོ་མཁར་ཆུ་བཟའ༔ འགྲོ་བའི་དོན་དུ་ཁྱོད་ཀྱི་གྲོགས་བྱེད་དོ༔ ཐུགས་ལ་ཆོངས་ཤིག་མི་བརྗེད་ཉམས་སུ་ལོངས༔ ཨཱོྃ་ཨཱཿཧཱུྃ༔ དལ་འབྱོར་མི་ལུས་ཤིན་ཏུ་རྙེད་པར་དཀའ༔ ཅི་དང་གང་ལ་སྐྱེས་ཀྱང་མི་རྟག་འཆི༔ དགེ་བའི་ཆོས་བྱས་མཐོ་རིས་གནས་སུ་སྐྱེས༔ སྡིག་པའི་ལས་བྱས་ངན་སོང་གནས་སུ་ལྟུང་༔ དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དང་༔ བྱོལ་སོང་གླེན་རྨུག་ལྷ་མིན་འཐབ་རྩོད་བྱས༔ གཡེང་བའི་ཚ་གྲང་ལེ་ལོ་དཔག་ཏུ་མེད༔ མདུན་གྱི་ནམ་མཁའ་རྒྱལ་བ་འོད་དཔག་མེད༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐོར༔ བདག་སོགས་གུས་པའི་སེམས་ཀྱི་སྐྱབས་སུ་མཆི༔ དགེ་རྩ་འདི་བྱས་འགྲོ་བ་ཀུན་ལ་བསྔོ༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ༔ མདུན་གྱི་ནམ་མཁའ་ཕྱོགས་བཅུའི་སངས་རྒྱས་ལ༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཎྜལ་འབུལ༔ རང་གི་སྤྱི་བོར་ཡི་དམ་འོད་ཟེར་འཕྲོས༔ སྐུ་མདོག་དཀར་པོ་གཡས་གཡོན་རྡོར་དྲིལ་འཛིན༔ སྐུ་ལ་བདུད་རྩི་ཆུ་རྒྱུན་ལྟེམ་གྱིས་གང་༔ མཐར་ནི་རྡོ་རྗེ་སེམས་དཔའ་རང་ལ་ཐིམ༔ རང་ཉིད་རྡོར་སེམས་སྐུ་མདོག་དཀར༔ ཐུགས་ལས་འོད་འཕྲོས་སེམས་ཅན་བྱང་ཆུབ་ཐོབ༔ བདག་གི་སྤྱི་གཙུག་ཕྱོགས་བཅུའི་སངས་རྒྱས་ལ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་ནས་བཞུགས༔ རང་གི་མོས་པའི་རྩེ་གཅིག་གསོལ་བ་ཐོབ༔ ཨེ་བླ་མ་མཁྱེན་ནོ༔ དྲིན་ཅན་བླ་མའི་སྐུ་ལ་འོད་ཟེར་ལྔ་འཕྲོས་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོྃ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མེད་མཆོག་གི་དངོས་གྲུབ་སྩོལ༔ དཔལ་ལྡན་བླ་མ་སྐུ་ཁམས་བཟང་བ་དང་༔ ཕྲིན་ལས་རྣམ་དག་ལྷུན་གྱིས་གྲུབ་པ་དང་༔ དར་ཞིང་རྒྱས་པ་འདུ་འབྲལ་མེད་པར་ཤོག༔ མཁར་ཆུ་བཟའ་ཡིས་ཐུགས་ལ་ཞོག༔ མ་འོངས་བུ་སློབ་ཡིད་ལ་ཆོངས༔ པདྨ་ཆེན་པོ་ང་ལ་གསོལ་བ་ཐོབ༔ དེ་ཕྱིར་སྙིང་གི་གནས་སུ་གཅེས༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ལགས་ཨུ་རྒྱན་རིན་པོ་ཆེ༔ འཇིག་རྟེན་འདི་ནས་མི་རྟག་ལས་འོང་བ༔ ཐབས་བཀའ་སྩལ་པ༔ ཆོས་འདིའི་བརྒྱུད་པ་དང་༔ ཁྱེད་ཕ་རྒྱུད་ཀྱི་བླ་མ་འདི་ལྟར་གང་ཡིན་གསུངས༔ བདག་མཁར་ཆུ་བཟས་ཉམས་སུ་ལོངས་དང་༔ བླངས་ནས་འགྲོ་བའི་དོན་བྱའོ༔ ཞེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ ཕ་རྒྱུད་གཉིས་མེད་ཆོས་ཀྱི་སྐུ༔ ཀུན་ཏུ་བཟང་པོ་རྒྱལ་བ་རིགས་ལྔ༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་སྤྱན་རས་གཟིགས༔ རྒྱལ་བ་ཤཱཀྱ་ཐུབ་པ༔ སྤྲུལ་སྐུ་པདྨ་འབྱུང་གནས་དེ་རྣམས་བརྒྱུད༔ རྡོ་རྗེ་སེམས་དཔའ་ནི་རིག་འཛིན་རྣམ་པ་བརྒྱད་ཀྱི་བཀའ་སྩལ་པའི་ཐབས་ཇི་ལྟར་ཡིན༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ མ་འོངས་ཀྱི་དུས་ན་ཐབས་མི་མང་བ་དོན་མང་ལ་ཚིག་ཉུང་བ་གཅིག་གནང་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ འདིར་ཆོས་ཐམས་ཅད་ཀྱི་བཅུད་ཨཱོཾ་གུ་རུ་བྷུདྡྷ་དྷརྨཱ་སརྦ་ཧཱུྃ༔ ཞེས་བརྗོད་པའི་དོན་སྐབས་མཆིས༔ དེར་དོན་མང་བའི་ཆོས་ཡིན་ནམ་ཐབས་བྱའོ་ཞེས་གསུངས༔
ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཨེ་མ་ཧོ་མཁའ་ལྟར་དག་པ་བྱང་ཆུབ་ཆོས་ཀྱི་སྐུ༔ དམིགས་པ་མེད་པ་ཆོས་ཀྱི་དབྱིངས་ཉིད་དུ༔ དོན་དམ་སྤྲོས་བྲལ་གཉིས་མེད་ཆོས་ཀྱི་རྗེ༔ རྫུས་སྐྱེས་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ན་མོ་གུ་རུ༔ རྗེ་བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ སྒོས་བཀའ་དྲིན་རྩ་བའི་ཞབས་ལ་འདུད༔ ཚེ་འདིར་བདག་གིས་ཆོས་ལ་མོས༔ མོས་བློའི་རྩ་བ་མཆོག་གི་སྐུ༔ དྲིན་ཅན་སྤྲུལ་པའི་སྐུ་ལ་འདུས༔ བཀའ་བརྒྱུད་བླ་མ་རིན་པོ་ཆེ༔ སྒྲུབ་རྒྱུད་བླ་མ་ཆོས་ཀྱི་རྗེ༔ ཁོ་མོ་བདག་ལ་ཐུགས་རྗེས་ཟུངས༔ ནན་ཏན་ཅན་ལ་ཆོས་གསུངས་ཤིག༔ ང་ལ་རེག་ཅིང་དཔའ་བོ་ཁྱོད༔ སྐད་གཉིས་སྨྲ་བའི་དམ་པའི་ཆོས་འཛིན་པ༔ འགྲོ་བའི་དོན་ལ་གང་འདུལ་མཉེས་མཛད་པ༔ སྔགས་འཆང་པདྨའི་སྤྱན་སྔར་མདུན་དག་ཏུ༔ ཁོ་མོ་ཞེ་བློ་བདེ་བའི་བཀའ་འདི་བགྱིས༔ སྔགས་འཆང་རིག་འཛིན་ཆེན་པོས་བཀའ་སྩལ་པ༔ ཚིགས་སུ་ཐོས་པའི་དམ་ཆོས་དངོས་འདི་འཆང་༔ དམ་ཚིག་རྗེས་སུ་བཟུང་བའི་ཐབས་ཤེས་ལྡན༔ བཀའ་བབས་རྒྱུད་བཅས་སྔགས་འཆང་ཆེན་པོ་རྣམས༔ ཁོ་མོ་བདག་ལ་དྲིན་ཆེན་འདི་ལྟར་བཀའ༔ ཆོས་སྐྱོང་རྒྱལ་པོ་ཁམས་གསུམ་དབང་དུ་བསྡུས༔ མ་ལུས་འདུལ་ཕྱིར་མཚོ་སྐྱེས་རྡོ་རྗེ་ལ༔ ཁོ་མོ་བདག་གིས་དད་གུས་གསོལ་བ་བཏབ༔ འགྲོ་བའི་དོན་ལ་ཐུགས་རྗེས་གཟིགས་པར་ཞུ༔ ཞེས་ཞུས༔ ཀྱཻ་སློབ་དཔོན་ཆེན་པོ་ལགས༔ ང་མཁར་ཆུ་བཟའ་འདི་བློ་དམན་ལ་ཁྱེད་ཐུགས་རྗེ་གནང་བ་འདི་ལྟར་ཤེས་རབ་ཆེ་བ་གཅིག་ཡོང་ལགས༔ མ་འོངས་འགྲོ་བའི་དོན་ལ་ཕན་པ་གཟིགས༔ རྫུས་སྐྱེས་པདྨའི་བདག་ལ་བཀའ་དྲིན་ཆེ༔ འགྲོ་ལ་བརྩེ་བའི་ཐུགས་རྗེས་དགོངས་སུ་གསོལ༔ བདག་ལ་ཞུ་ཚུལ་གུ་རུའི་དངོས་གྲུབ་སྩོལ༔ རྒྱས་ཚུལ་རཏྣ་དྲག་པོའི་དངོས་གྲུབ་སྩོལ༔ དབང་ཚུལ་གུ་རུ་མཆོག་གི་དངོས་གྲུབ་སྩོལ༔ དྲག་པོའི་ཚུལ་གྱིས་ཕྲིན་ལས་དངོས་གྲུབ་སྩོལ༔ ཁོ་མོ་རེ་ས་རྫུས་སྐྱེས་པདྨ་འབྱུང་༔ སྣང་སྲིད་རྣམ་དག་ཆོས་སྐུའི་ཀློང་ཡངས་ནས༔ ཟབ་གཏེར་མངའ་བདག་ཨུ་རྒྱན་པདྨ་འབྱུང་༔ སྙིགས་དུས་འགྲོ་མགོན་བུ་རྣམས་དོན་ཆེད་དུ༔ དཀའ་བ་ཆོས་ཀྱི་བསྟན་པའི་རྗེས་སུ་སྐྱོངས༔ བདག་ལ་ཐུགས་རྗེས་ཟུངས་ཤིག་ཞུ་བ་ཕུལ༔ ཞེས་ཞུས༔ པདྨའི་ཞལ་ནས༔ རིགས་ཀྱི་བུ་མོ་རྡོ་རྗེ་ཐོད་ཕྲེང་རྩལ་བཞིའི་དངོས་གྲུབ་གནང་གསུངས་ནས༔ ལུས་ཐམས་ཅད་རྡོ་རྗེ་ཐོད་ཕྲེང་རྩལ་བཞིའི་སྐུར་སྟོན་ནས་ཐབས་ཤེས་ཟུང་འཇུག་གི་རྒྱས་པའི་ཐབས་མི་དམིགས༔ དེ་ལྟར་དངོས་གྲུབ་གནང་༔ ཁྱོད་ལ་དངོས་གྲུབ་གནང་བ་ལས་ཅན་དོན༔ ཞེས་གསུངས་ནས་ཡེ་ཤེས་མཚོ་རྒྱལ་ལན་རེ་གཟུགས་དང་ལྡན་པ་དེ་ལྟར་གྱི་ཐབས་བྱའོ༔ ཨུ་རྒྱན་གྱི་ཞལ་ནས༔ ཨེ་མ་མ་བསྒོམས་བྱིན་རླབས་ཡོད་པའི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་དེ་ཁྱོད་ལ་གནང་༔ གནང་བ་ཙམ་གྱིས་མ་འོངས་འགྲོ་བའི་དོན༔ རབ་ཏུ་བྱུང་མཛད་ཐུགས་རྗེའི་གདམས་ངག་འདི༔ སྔགས་འཆང་ང་ལ་ཡོད་དེ་ཁྱོད་ལ་སྟེར༔ སྟེར་བ་ཙམ་གྱིས་ཡིད་ལ་ཆོངས་༔ མི་བརྗེད་ཉམས་སུ་བླང་བར་བྱ༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ ཅེས་གསུངས༔ མཚོ་རྒྱལ་ཞལ་ནས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ མ་འོངས་བུ་སློབ་དོན་དུ་ཆོས་གཅིག་གསུངས༔ ཞེས་ཞུས༔ ཨེ་མ་ཧོ༔ མཁའ་ལྟར་དག་པའི་བྱང་ཆུབ་ཆོས་ཀྱི་སྐུ༔ རྒྱ་གར་སྔགས་འཆང་གྲུབ་ཆེན་པདྨ་འབྱུང་༔ ཁོ་མོ་མཚོ་རྒྱལ་བདག་གིས་ཞུ་རྟེན་ཕུལ༔ གནས་པ་ཆོས་སྐུ་རྣམ་དག་ཨུ་རྒྱན་ལ༔ འགྱུ་བ་ལོངས་སྐུ་ལྟ་བུའི་ཞུ་རྟེན་ཕུལ༔ རིག་པ་དྲི་མེད་ལྟ་བུའི་འགྲོ་ལ་དགོངས༔ བདེ་བ་ཆོས་ཀྱི་སྐུ་ཡི་བླ་མ་ལ༔ གསལ་བ་ལོངས་སྤྱོད་རྫོགས་པའི་ཞུ་རྟེན་ཕུལ༔ མི་རྟག་ཆོས་སྐུ་གྲོལ་བའི་འགྲོ་ལ་དགོངས༔ གཞི་རྫོགས་སངས་རྒྱས་ལྟ་བུའི་བླ་མ་ལ༔ ལམ་དམ་པ་ཆོས་ཉིད་ལྟ་བུའི་ཞུ་རྟེན་ཕུལ༔ འབྲས་བུ་རེ་དོགས་མེད་པའི་འགྲོ་ལ་དགོངས༔ སྣང་བྱེད་ཆོས་སྐུ་ལྟ་བུའི་བླ་མ་ལ༔ ཉེ་བར་རང་ས་ཞུ་བའི་ཞུ་རྟེན་ཕུལ༔ སེམས་ཉིད་གཅིག་ཏུ་འདུས་པའི་འགྲོ་ལ་དགོངས༔ ཆོས་སྐུ་སྟོང་པ་ལྟ་བུའི་བླ་མ་ལ༔ གསལ་བ་ལོངས་སྤྱོད་རྫོགས་པའི་ཞུ་རྟེན་ཕུལ༔ སྤྲུལ་སྐུ་ཀ་དག་གྲོལ་བའི་འགྲོ་ལ་དགོངས༔ ཆོས་སྐུ་ནམ་མཁའ་ལྟ་བུའི་བླ་མ་ལ༔ རྗེ་ཤུལ་སྐར་རྗེན་ལྟ་བུའི་ཞུ་རྟེན་ཕུལ༔ སྐྱེ་འགགས་གཉིས་མེད་ལྟ་བུའི་འགྲོ་ལ་དགོངས༔ དབྱིངས་ཆེན་ཀ་དག་ལྟ་བུའི་བླ་མ་ལ༔ ཡེ་ཤེས་ཐབས་ཀྱིས་སྤྱོད་པའི་ཞུ་རྟེན་ཕུལ༔ རྣམ་དག་ཆོས་ཀྱི་དབྱིངས་ཀྱི་འགྲོ་ལ་དགོངས༔ ཐབས་ཤེས་ནམ་མཁའ་ལྟ་བུའི་བླ་མ་ལ༔ ཤེས་རབ་ཡུམ་ཆེན་ལྟ་བུའི་ཞུ་རྟེན་ཕུལ༔ གཉིས་མེད་རྣམ་དག་ཆོས་སྐུ་འགྲོ་ལ་དགོངས༔ ཆོས་དབྱིངས་ནམ་མཁའ་ལྟ་བུའི་བླ་མ་ལ༔ མེ་ལོང་ཡེ་ཤེས་ལྟ་བུའི་ཞུ་རྟེན་ཕུལ༔ མཉམ་ཉིད་ཡེ་ཤེས་ལྟ་བུའི་འགྲོ་ལ་དགོངས༔ སོར་རྟོག་ཡེ་ཤེས་ལྟ་བུའི་འགྲོ་དོན་གྱིས༔ བྱ་གྲུབ་ཡེ་ཤེས་ལྟ་བུའི་གནས་ལུགས་བྱེད༔ དུག་ལྔ་རང་སར་ཞུ་བའི་འགྲོ་ལ་དགོངས༔ སྣང་བ་ཆོས་ཀྱི་སྐུ་ཡི་བླ་མ་ལ༔ རིག་པ་དྲི་མེད་ལྟ་བུའི་ཞུ་རྟེན་ཕུལ༔ སྟོང་གསལ་འཁོར་འདས་ལྟ་བུའི་འགྲོ་ལ་དགོངས༔ རྣམ་དག་ཆོས་སྐུ་ལྟ་བུའི་བླ་མ་ལ༔ ཆུ་བོ་ལྟ་བུའི་ཞུ་རྟེན་ཕུལ༔ ཆུ་སྐོར་ལྟ་བུའི་འགྲོ་ལ་ཐུགས་རྗེས་གཟིགས༔ ཉི་མ་ལྟ་བུའི་བླ་མ་ལ༔ ཉི་ཟེར་ལྟ་བུའི་ཞུ་རྟེན་ཕུལ༔ ཕྱོགས་རིས་མེད་པར་འགྲོ་ལ་དགོངས༔ ཆོས་སྐུའི་ལྟ་བུའི་བླ་མ་ལ༔ ལོངས་སྐུ་ལྟ་བུའི་ཞུ་རྟེན་ཕུལ༔ སྤྲུལ་སྐུ་ལྟ་བུའི་འགྲོ་ལ་དགོངས༔ འབྲས་བུ་ལྟ་བུའི་བུ་སློབ་སྐྱོངས༔ རང་རིག་ཆོས་སྐུ་བླ་མ་ལ༔ སྣང་བ་དཀར་དམར་ཞུ་རྟེན་ཕུལ༔ སྣང་སེམས་འདྲེས་པའི་འགྲོ་ལ་དགོངས༔ མེ་ལོང་ལྟ་བུའི་བླ་མ་ལ༔ གཟུགས་བརྙན་ལྟ་བུའི་ཞུ་རྟེན་ཕུལ༔ སྤྲོས་དང་བྲལ་བའི་འགྲོ་ལ་དགོངས༔ ནམ་མཁའི་ལྟ་བུའི་བླ་མ་ལ༔ ཉི་ཟླ་ལྟ་བུའི་ཞུ་རྟེན་ཕུལ༔ ཕྱོགས་རིས་མེད་པའི་འགྲོ་ལ་དགོངས༔ རྣམ་རྒྱལ་ལྟ་བུའི་བླ་མ་ལ༔ བུ་རམ་ལྟ་བུའི་ཞུ་རྟེན་ཕུལ༔ སྙེམས་ཐག་ཆོད་པའི་འགྲོ་ལ་དགོངས༔ རྡོ་རྗེ་ལྟ་བུའི་བླ་མ་ལ༔ འཕོ་འགྱུར་མེད་པའི་ཞུ་རྟེན་ཕུལ༔ རང་འོད་གསལ་བའི་འགྲོ་ལ་དགོངས༔ ཆུ་བོ་ལྟ་བུའི་བླ་མ་ལ༔ ཆུ་བྲན་ལྟ་བུའི་ཞུ་རྟེན་ཕུལ༔ གཅིག་འདུས་བྱེད་པའི་འགྲོ་ལ་དགོངས༔ གངས་དཀར་ལྟ་བུའི་བླ་མ་ལ༔ རྩི་ཤིང་ལྟ་བུའི་ཞུ་རྟེན་ཕུལ༔ སེང་གེ་ལྟ་བུའི་འགྲོ་ལ་དགོངས༔ གཞོན་ནུ་ལོ་བརྒྱད་མདངས་ལྡན་པ༔ ཁོ་མོའི་ལུས་འདི་ཞུ་རྟེན་ཕུལ༔ ཆོས་གཅིག་གསུངས་པའི་འགྲོ་ལ་དགོངས༔ ཁྱེའུ་ཆུང་ལོ་ལྔའི་གཟི་བརྗིད་ལ༔ དར་དཀར་འདི་ལ་ཞུ་རྟེན་ཕུལ༔ འགྲོ་ལ་བརྩེ་བའི་ཐུགས་རྗེས་དགོངས༔ རྒྱ་གར་པཎྜི་ཨ་ཙ་ར༔ གསེར་སྲང་འདི་ཡི་ཞུ་རྟེན་ཕུལ༔ མུན་པ་སེལ་བའི་འགྲོ་ལ་དགོངས༔ རྫུས་སྐྱེས་ཆེན་པོ་པདྨ་ལ༔ དབང་པོ་རྣམ་ལྔ་ཞུ་རྟེན་ཕུལ༔ ཚ་གདུང་ནད་སེལ་འགྲོ་ལ་དགོངས༔ སྨན་མཆོག་ལྟ་བུའི་ཨུ་རྒྱན་ལ༔ སྨན་ཡོན་ལྟ་བུའི་ཞུ་རྟེན་ཕུལ༔ ནང་དུ་སེལ་བའི་འགྲོ་ལ་དགོངས༔ རྫུས་སྐྱེས་སྔགས་འཆང་པདྨ་ལ༔ ཡེ་ཤེས་མཚོ་རྒྱལ་ཞུ་རྟེན་ཕུལ༔ འགྲོ་ལ་ཆོས་རྣམས་གསུང་པར་དགོངས༔ སྤྲུལ་སྐུ་ཆེན་པོ་མཚོ་སྐྱེས་རྡོ་རྗེ་ལ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཞུ་རྟེན་ཕུལ༔ མ་འོངས་བུ་སློབ་དོན་དུ་འགྲོ་ལ་དགོངས༔ ཕྱི་ནང་གསང་གསུམ་དག་གིས་ཞུ་རྟེན་ཕུལ༔ ཁོ་མོ་ལུས་ལ་གཅེས་པ་སྙིང་ཡིན་པའི༔ སྙིང་གི་དྭངས་མའི་ཞུ་རྟེན་ཕུལ༔ འགྲོ་བའི་དོན་དུ་ཆོས་གཅིག་གསུངས༔ རྫུས་སྐྱེས་པདྨའི་སྐུ་ལ་དེ་ལྟར་ཞུ༔ ཞེས་ཞུས༔ པདྨའི་ཞལ་ནས༔ ཉོན་ཅིག་སྐལ་ལྡན་མཁར་ཆུ་བཟའ༔ དམ་པའི་ཆོས་ཀྱི་དབུ་འཛུགས་པ༔ མ་འོངས་བུ་སློབ་མཐའ་སྐྱོང་བ༔ ཆོས་རིགས་མི་འདྲ་ཆོས་སྐོར་བརྒྱ་སྟོང་ཁྲི༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ ཆོས་རྣམས་མ་ལུས་འགྲོ་བའི་དོན་དུ་མཛད༔ རྒྱལ་བ་ཀུན་ཏུ་བཟང་པོ་གཞི་བྱ་བ༔ བསྟན་པ་མཆོག་གི་ངོ་མཚར་རྨད་དུ་བྱུང་༔ འཇིག་རྟེན་འདི་ན་མྱུར་དུ་སངས་རྒྱས་ཐོབ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ཁྱོད་ཀྱི་སྙིང་འདྲ་བདག་ལ་ཕུལ་ཙམ་ན༔ བདག་གི་སྙིང་འདྲ་གོ་ཆ་ལྷ་ལྔ་ནི༔ ལུས་ལ་གཅེས་པའི་ཁྱེད་ལ་གནང་༔ མ་འོངས་བུ་སློབ་དོན་དུ་ཆོངས༔ དེ་ལྟར་ཉམས་ལོངས་མཁར་ཆུ་མཚོ་རྒྱལ་ཉོན་ཞེས་གསུངས༔ ཤོག་དྲིལ་ཕེབས་པ༔ རྒྱ་ཤོག་གསང་ཤོག་རྒྱ་ཡིག་དག་ལ་བྱས༔ རྒྱ་སྨུག་རྒྱ་སྣག་ལན་ཙ་དག་ལས་བྱས༔ བཀའ་ཤོག་གསང་ཤོག་བཀའ་ཡིག་དག་ལ་བྱས༔ གསང་སྒྲོམ་ལྕགས་སྒྲོམ་མི་མིན་ས་ཡི་སྒྲོམ༔ རྒྱ་ཤོག་དག་ལ་རྒྱ་སྣག་བརྒྱན་པའི་གནས༔ གསང་ཤོག་དག་ལ་རྒྱ་སྣག་དེ་ཡིས་བྲིས༔ བཀའ་གཏེར་གསང་གཏེར་འདི་བྱས་འགྲོ་བའི་དོན༔ བཀའ་ཡིག་གསང་ཡིག་རྒྱ་ཡིག་མང་པོ་བྱས༔ བཀའ་དྲིལ་ཤོག་དྲིལ་གསང་དྲིལ་རྒྱ་དྲིལ་བྱས༔ རྒྱ་ཡིག་ལན་ཙ་གསང་བའི་སྦས་སུ་བྱས༔ བཀའ་ཤོག་སྦས་ཤོག་གསང་ཤོག་གནས་ཤོག་བྱས༔ ཞིང་ལྤགས་བོད་ཤོག་ཁམས་ཤོག་རྒྱ་ཤོག་བྱས༔ བཀའ་དྲིལ་གསང་དྲིལ་གནས་དྲིལ་རྒྱ་སྣག་བྱས༔ བཀའ་ཤོག་ལན་ཙ་ཆུ་ཡི་སྙིང་པོ་བྱས༔ གསེར་སྒྲོམ་དངུལ་སྒྲོམ་ར་གན་ལྕགས་ཀྱི་སྒྲོམ༔ མུ་མེན་བྱི་རུ་དུང་དང་ས་ཡི་སྒྲོམ༔ སྒྲོམ་བུ་མི་རིགས་མི་འདྲ་རྣམ་པ་བརྒྱ༔ སྐུ་གཏེར་གསུང་གཏེར་ཐུགས་གཏེར་ནོར་གྱི་གཏེར༔ གཏེར་སྒྲོམ་མཛད་པའི་བརྡ་ཕྱིར་ལས་ཅན་དོན༔ གཏེར་སྒྲོམ་མི་འདྲ་རྣམ་མང་ལས་བྱས་པ༔ ཆོས་སྐོར་མི་འདྲ་འབུམ་འབུམ་གནས་པར་འགྱུར༔ ཚོགས་བརྒྱད་ཡིད་ཀྱི་བརྡ་རྣམས་ལྔ་ལ་གནས༔ མ་འོངས་བུ་སློབ་དོན་དུ་བརྡ་ཕྱིར་བཀོད༔ ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ འདི་རྣམས་གང་དུ་སྦས་པ་ཡིན༔ ཆོས་འདི་གང་ལ་སྦས་པ་ཡིན༔ ཆོས་བདག་གང་ལ་གཏད་པ་ཡིན་ལགས་ཞུས༔
ཨུ་རྒྱན་ཞལ་ནས༔ ཉོན་ཅིག་སྐལ་ལྡན་མཁར་ཆུ་བཟའ༔ ལྷོ་བྲག་མཁར་ཆུ་གསང་རྫོགས་སྦས༔ མཆིམས་ཕུག་སྔས་སུ་བཀའ་རྫོགས་སྦས༔ ཐུགས་རྗེས་འགྲོ་བ་འདྲེན་མཛད་པ༔ ཏིལ་གནས་ཁམས་གསུམ་ངན་སྔགས་སྦས༔ དབུལ་ཕོངས་སེལ་འདོད་བྲག་སྟོད་ནོར་གཏེར་སྦས༔ ཞག་སྟོད་ཏི་སྒྲོ་ལྷོ་བྲག་མཁར་ཡུལ་གནས༔ ལྷོ་བྲག་གནས་ལུང་བར་ཡུལ་གནས་ཚང་ནས༔ སྲིན་མོ་སྦར་ཟའི་དམྱལ་སྨད་དགེ་རི་བྲག༔ མི་མིན་བྱ་རོག་ཁ་གདུང་གནས་ཡུལ་དུ༔ དེ་ལྟར་ཆོས་གཏེར་ནོར་གཏེར་སྦས༔ སྐུ་གཏེར་ངན་སྔགས་ཐམས་ཅད་དེ་ལ་སྦས༔ ལྷོ་གཏེར་ནུབ་གཏེར་བྱང་གཏེར་ཐམས་ཅད་སྦས༔ ཕྱོགས་མཚམས་གནས་བཅས་ཐམས་ཅད་གཏེར་དུ་སྦས༔ ཚ་བ་སེལ་བྱེད་བོད་ཀྱི་ཞིང་ཁམས་སུ༔ རི་བྲག་གནས་སུ་ང་ཡི་གཏེར་ཁ་རེ༔ གཏེར་ཁ་དཔག་མེད་བྱེ་བྲག་དཔག་མེད་སྦས་པ་གྱིས༔ ལྷ་སྲིན་སྡེ་བརྒྱད་རྣམས་ལ་བཀའ་སྲུང་གཏད༔ དམ་ཆོས་རྒྱལ་བ་བཀའ་འདུས་འབྲས་གཞོང་སྦས༔ ཆོས་གཏེར་སྐུ་གཏེར་ནོར་གཏེར་བྲམ་ཟེ་ཤ༔ གཏེར་ཁ་མི་འདྲ་དཔག་མེད་གཏེར་དུ་སྦས༔ དབང་བསྡུས་ཟིལ་གནོན་འཕང་བས་སྡེ་བརྒྱད་བཀུག༔ རང་ས་གནས་སུ་བཀའ་སྲུང་རྣམས་ལ་གཏད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉོན༔ ཡིད་ལ་ཟུངས་ཤིག་མ་འོངས་བུ་སློབ་དོན༔ ཞེས་གསུངས༔
ཡེ་ཤེས་མཚོ་རྒྱལ་མཎྜལ་ཕུལ་ནས་ཞུས༔ ལགས་ཨུ་རྒྱན་རིན་པོ་ཆེ༔ གཏེར་འདི་རྣམས་ནམ་དུ་དར༔ ཆོས་བདག་གང་དུ་ཡོད༔ དུས་ཚད་ཅི་འདྲ་ཡོང་སྲིད་ལགས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ ཉོན་ཅིག་སྐལ་ལྡན་མཁར་ཆུ་བཟའ༔ ནད་ཡམས་དུས་རྣམས་འབྱུང་བའི་ས་གནས་ན༔ ཞོག་ཏིལ་གནས་ན་སྐྱེས་བུ་སྙིང་སྟོབས་ཅན༔ ང་དང་མཐུན་པའི་སྐྱེས་བུ་གུས་པ་ཅན༔ དགེ་སློང་ནམ་མཁའི་སྙིང་པོའི་སྤྲུལ་པ་ནི༔ སྔགས་འཆང་སངས་རྒྱས་བླ་མ་ཞེས་བྱ་བ༔ ལྷོ་ཕྱོགས་གནས་ན་གཏེར་ཁ་བརྒྱ་ལྔ་བཅུ༔ དྲུག་བཅུ་གཅིག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ དུག་དང་ཚ་བའི་ནད་རྣམས་འབྱུང་བའི་དུས༔ སྨད་ཚངས་གནས་ན་སྐྱེས་བུ་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་སྐྱེས་བུ་སྔགས་དང་ལྡན༔ སངས་རྒྱས་ཡེ་ཤེས་སྤྲུལ་པ་ནི༔ སྔགས་འཆང་བདེ་ཆེན་ཞེས་ནི་བྱ་བ་འབྱུང་༔ བར་གཏེར་དབང་བའི་གཏེར་ཁ་ལྔ་བཅུ་གནས༔ ལྔ་བཅུ་ང་ལྔའི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ ཁྲུ་བྱེད་དཔོན་པོ་བླ་ས་བཙུད་པའི་དུས༔ ནུབ་གླིང་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་སྔགས་འཆང་གུས་པ་ཅན༔ ཆོས་རྒྱལ་སྤྲུལ་པ་བུམ་བྱེད་ཅེས་བྱ་བ༔ འབྲས་ཚུལ་གནས་ན་གཏེར་ཁ་ཉི་ཤུ་དབང་༔ བཞི་བཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ སྟོད་ཧོར་ནང་འཁྲུག་མང་པོ་བྱེད་དུས༔ རྐོང་སྨད་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་སྐྱེས་བུ་སྔགས་དང་ལྡན༔ བྷེ་བུ་སྤྲུལ་པ་མངའ་བྱེད་ཞེས་བྱ་བ༔ རྐོང་གནས་གཏེར་ཁ་ལྔ་བཅུ་མཐའ་ལ་གནས༔ བདུན་ཅུའི་བར་དུ་ཚེ་ཡི་དུས་བྱེད་དོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ཇག་དཔོན་གནས་མལ་བཤིག་པའི་དུས་འབྱུང་དུས༔ རྐོང་ཡུལ་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ རྒྱལ་བ་མཆོག་དབྱངས་གུ་རུ་ཞེས་བྱ་འབྱུང་༔ ཕྱི་བྲག་གནས་ནས་གཏེར་ཁ་སུམ་ཅུ་དབང་༔ སུམ་ཅུ་དྲུག་གི་བར་དུ་ཚེས་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ དུས་རྣམས་སྤྱོད་གནས་སྤྱི་དཔོན་བྱེད་པའི་དུས༔ ཞོག་སྟོད་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་དུས་མཚུངས་གཞོན་ནུ་སྔགས་དང་ལྡན༔ རྒྱལ་བའི་བློ་གྲོས་སྤྲུལ་པ་དབང་མཆོག་ཞེས༔ ཞོག་སྟོད་གནས་ན་གཏེར་ཁ་ཉེར་ལྔ་དབང་༔ ལྔ་བཅུ་རྩ་དྲུག་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ནད་མུག་མུ་སྟེགས་སྲིན་པོ་དར་བའི་དུས༔ ཏིལ་སྨན་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ རྒྱལ་བའི་དབང་ཕྱུག་སྤྲུལ་པ་བསམ་གཏན་ཞེས༔ ཏིལ་སྨན་གཏེར་ཁ་དྲུག་ཅུ་རྩ་ལྔ་དབང་༔ བརྒྱད་ཅུ་རྩ་ལྔའི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ མཐའ་དམག་ཤིན་ཏུ་དར་བའི་གནས་ཚང་ནས༔ ཞོག་སྨན་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དཔལ་གྱི་དབང་ཕྱུག་སྤྲུལ་པ་ནི༔ སྔགས་འཆང་རིག་འཛིན་ཆེན་པོ་ཞེས་བྱ་འབྱུང་༔ ཞོག་སྟོད་གནས་ནས་གཏེར་ཁ་བཅོ་ལྔ་དབང་༔ སུམ་ཅུའི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ དུག་རྣམས་དགྲ་བཅོམ་གནས་པའི་ས་རྣམས་ནི༔ ཏིལ་སྟོད་གནས་སུ་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ སོག་པོ་ལྷ་དཔལ་སྤྲུལ་པ་བྱང་ཆུབ་གླིང་༔ ཏིལ་སྟོད་གནས་ནས་གཏེར་ཁ་བཅྭོ་བརྒྱད་དབང་༔ ཉི་ཤུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ མངའ་བདག་དགྲ་བཅོམ་དམག་རྒོད་དར་བའི་དུས༔ ཞོག་ཏིལ་གནས་སུ་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ ཁྱེའུ་ཆུང་སྤྲུལ་པ་བསོད་ནམས་གླིང་པ་ཞེས༔ ཞོག་ཏིལ་གནས་ནས་གཏེར་ཁ་བཅུ་ལ་དབང་༔ ཉི་ཤུ་བཞིའི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ ཡར་སྐྱོད་ལྡེམ་གྱི་ས་མཁན་བྱེད་པའི་དུས༔ གནས་ལུང་དུས་ན་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དགའ་བ་དཔལ་གྱི་སྐྱེ་བ་བསམ་འགྲུབ་གླིང་༔ གནས་ལུང་ཕྱོགས་ནས་གཏེར་ཁ་བཅོ་ལྔ་དབང་༔ སུམ་ཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ མི་དུག་ཁྱི་ཤ་དུག་དགྲ་ལང་བའི་དུས༔ རྐོང་སྨད་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ འོ་བྲན་སྤྲུལ་པ་རྒྱལ་གླིང་ཞེས་བྱ་བ༔ རྐོང་སྨད་གནས་ན་གཏེར་ཁ་བཅུ་བཞི་དབང༔ བཅུ་དགུའི་དུས་སུ་ཚེ་ཡི་དུས་བྱེད་དོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ དགྲ་རྣམས་བཅོམ་མཛད་མཐུ་ཁ་བཀྱེ་བའི་དུས༔ དག་སྟོད་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དཔལ་གྱི་ཡེ་ཤེས་སྤྲུལ་པ་གནས་བཅས་པ༔ བྱང་ཆུབ་ཐུགས་རྗེ་ཞེས་ནི་བྱ་བ་འབྱུང་༔ དྭགས་སྟོད་གནས་སུ་གཏེར་ཁ་བཞི་བཅུ་དབང་༔ བཞི་བཅུའི་གནས་སུ་ཚེ་ཡི་དུས་བྱེད་དོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ མཁར་ཁང་ས་བང་གནས་ནི་བརྩིགས་པའི་དུས༔ ནུབ་གླིང་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དཔལ་གྱི་བསོད་ནམས་སྤྲུལ་པ་ཞེས་བྱ་བ༔ ཨུ་རྒྱན་བསྟན་པ་ཆོས་སྤྱོད་ཅེས་བྱ་བ༔ ནུབ་གཏེར་གནས་ནས་གཏེར་ཁ་ཉེར་ལྔ་དབང་༔ སུམ་ཅུ་དྲུག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ མཐའ་དམག་ལྷ་ཁང་སྐུ་གདུང་བཅོམ་པའི་དུས༔ དྭགས་སྨན་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ སྣ་ནམ་ཡེ་ཤེས་སྤྲུལ་པ་ཞེས་བྱ་ནི༔ དུང་དང་ལྡན་པའི་གཞོན་ནུ་ཞེས་བྱ་འབྱུང་༔ དྭགས་སྨན་གནས་སུ་གཏེར་ཁ་ཉི་ཤུ་དབང་༔ བཞི་བཅུ་དྲུག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ཕ་དང་ཁུ་རྣམས་དུག་གིས་བཅོམ་པའི་དུས༔ གནས་ལུང་ཡུལ་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ རྒྱལ་བའི་དབང་ཕྱུག་སྤྲུལ་པ་ཞེས་བྱ་ནི༔ སྔགས་འཆང་དྲག་རྩལ་ཆེན་པོ་ཞེས་བྱ་འབྱུང་༔ གནས་ཕྱོགས་ཀློང་ནས་གཏེར་ཁ་བཅྭོ་བརྒྱད་དབང་༔ དྲུག་ཅུ་ལྔ་ཡི་བར་དུ་ཚེ་དུས་བྱས༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ གཙུག་ལག་བླ་མའི་སྤྱི་དཔོན་བྱེད་པའི་དུས༔ ཡར་ལུང་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ རྡོ་རྗེ་བདུད་འཇོམས་སྤྲུལ་པ་ཞེས་བྱ་བ༔ སྔགས་འཆང་དཔལ་མཆོག་ཞེས་ནི་བྱ་བ་འབྱུང་༔ ཡར་གནས་ཕྱོགས་ནས་གཏེར་ཁ་སོ་ལྔ་དབང་༔ ཚེ་ཡི་དུས་བྱས་སུམ་ཅུ་རྩ་གཅིག་གོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ དུས་རྣམས་ཐམས་ཅད་དཔོན་ས་བཟུང་བའི་དུས༔ གངས་སྟོད་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དྷན་མང་སྐྱེ་མཐའ་ཆེ་མཆོག་གླིང་ཞེས་བྱ༔ ཉང་སྟོད་གནས་ནས་གཏེར་ཁ་ལྔ་བཅུ་དབང་༔ བཞི་བཅུ་གཉིས་ཀྱི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ མངའ་བདག་རྒྱལ་པོ་བསྟན་པ་དུག་གིས་བསྣུབས༔ མངའ་རིས་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དཔལ་གྱི་རྡོ་རྗེ་སྤྲུལ་པ་ཞེས་བྱ་བ༔ སྔགས་འཆང་ཉི་མ་དབང་ཕྱུག་ཅེས་བྱ་འབྱུང་༔ མངའ་རིས་གནས་ནས་གཏེར་ཁ་ཞེ་བཞི་དབང་༔ ཚེ་ཡི་དུས་བྱེད་སུམ་ཅུ་སོ་ལྔའོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ སྲིན་པོ་རྣམས་ཀྱིས་མི་ཤ་ཟ་བའི་དུས༔ འབྲས་གཞོང་ནང་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ འཕྲིན་ལས་སྤྲུལ་པ་མཁའ་འགྲོ་གླིང་ཞེས་བྱ༔ འབྲས་གཞོང་ནང་ནས་གཏེར་ཁ་བཅུ་དྲུག་དབང་༔ བདུན་ཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ མཐུ་ཁ་དཔག་མེད་རབ་གྲངས་ཚངས་བའི་དུས༔ དབུས་ཡུལ་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ གླང་དཔལ་སེང་གེ་སྐྱེ་མཐའ་ཞེས་བྱ་བ༔ བདེར་གཤེགས་གླིང་ཞེས་བྱ་བ་ཞེས་ནི་འབྱུང་༔ དབུས་ཡུལ་གནས་ནས་གཏེར་ཁ་བཅུ་ལ་དབང་༔ ལྔ་བཅུའི་བར་དུ་ཚེ་ཡི་དུས་བྱེད་དོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ དཔོན་ས་ལས་རྩོད་དུས་འཁྲུག་བཏང་བའི་དུས༔ གཙང་ཡུལ་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དྷ་མང་ལོ་ཙཱའི་སྤྲུལ་པ་སྔགས་མཆོག་གླིང་༔ གཙང་ཡུལ་གནས་ནས་གཏེར་ཁ་བཅུ་གཅིག་དབང་༔ བཅོ་ལྔ་མཐའ་སྐྱོང་ཚེ་ཡི་དུས་བྱེད་དོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ལྷ་ཁང་སྐུ་གདུང་ཁྲག་གིས་དུས་བཀང་དུས༔ བསམ་ཡས་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དྲིན་ཆེན་ལོ་ཙཱ་སྤྲུལ་པ་བདེ་ཆེན་གླིང་༔ བསམ་ཡས་གླིང་ན་གཏེར་ཁ་བཅུ་གཉིས་དབང་༔ ལྔ་བཅུ་གཅིག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཆོངས༔ ངན་སྔགས་ཕུགས་སུ་སྦས་པའི་དུས་མཐའ་དུས༔ ལྷ་ས་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ ལོ་ཙཱ་ལྷ་ལུང་སྤྲུལ་པ་ཆོས་ཀྱི་གླིང་༔ ནུབ་ཕྱོགས་གཏེར་ཁ་ལྔ་བཅུ་མཐའ་སྐྱོང་བ༔ ལྔ་བཅུ་དགུ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ དང་པོ་གཙུག་ལག་ཁྲག་འཁོར་བསྐོར་བའི་དུས༔ བྲག་ཚངས་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ རྦ་ལོ་ཙཱ་སྤྲུལ་པ་ཡོན་ཏན་གླིང་༔ གནས་བྱེད་ཡུལ་ནས་གཏེར་ཁ་ཉེར་བཞི་དབང་༔ སུམ་ཅུ་བཞི་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཡིད་ལ་ཞོག༔ ལྔ་བཅུ་དམག་འཁྲུག་ནང་དམེ་དར་བའི་དུས༔ མཁར་ཆུ་ཕྱོགས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དཔལ་མཆོག་ལོ་ཙཱའི་སྤྲུལ་པ་སངས་རྒྱས་གླིང་༔ དག་པའི་གནས་ནས་གཏེར་ཁ་བརྒྱ་དང་ལྔ༔ དྲུག་ཅུ་དགུ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ མཐུ་ཟོར་བྱེད་རྣམས་དུས་དམག་འབྱུང་བའི་དུས༔ རྐང་ས་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དེ་ལྟར་གནས་ནས་གཏེར་ཁ་ལྔ་བཅུ་དབང་༔ ལང་མཆོག་ལོ་ཙཱའི་སྤྲུལ་པ་ཨུ་རྒྱན་གླིང་༔ དྲུག་ཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཡིད་ལ་ཞོག༔ མཐུ་རྣམས་སྡེ་བརྒྱད་དམག་རྣམས་བྱེད་པའི་དུས༔ ཤུད་པོ་དཔལ་གྱི་སྤྲུལ་པ་རཏྞ་གླིང་༔ ལྷོ་བྲག་གནས་སུ་གཏེར་ཁ་དགུ་བཅུ་དབང་༔ དྲུག་ཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ བསྙེན་གནས་བླ་མཆོད་ཁྱི་ལྟར་རྒྱུག་པའི་དུས༔ དྭགས་སྨད་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ གནས་མཆོག་ལོ་ཙཱ་སྤྲུལ་པ་ཀརྨ་གླིང་༔ དྭགས་ཕྱོགས་གནས་ནས་གཏེར་ཁ་ལྔ་བཅུ་དབང་༔ དྲུག་ཅུ་དྲུག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ མི་རྣམས་དམ་སྲི་སྤུན་དགུ་ལང་བའི་དུས༔ བུམ་ཐང་ཕྱོགས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ པདྨ་གསལ་གྱི་སྐྱེ་མཐའ་པདྨ་གླིང་༔ བུམ་ཐང་གནས་སུ་གཏེར་ཁ་བཞི་བཅུ་དབང་༔ ལྔ་བཅུ་མཐའ་སྐྱོང་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ ས་འཇིག་མི་རྣམས་གཅིག་བསད་ངེས་པའི་དུས༔ བར་སྐབས་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ ལང་གྲོའི་སྤྲུལ་པ་དུང་མཚོ་རས་པ་ཞེས༔ མཚོ་སྔོན་གནས་ནས་གཏེར་ཁ་སོ་བཞི་དབང་༔ བཞི་བཅུ་ཞེ་ལྔའི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ སྒྱོགས་རྣམས་ནང་འཁྲུག་གཏམ་པའི་དུས་རྣམས་དུས༔ ཅོག་རོ་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ རྨ་ཐོག་སྤྲུལ་པ་བསམ་གཏན་ཞེས་བྱ་འབྱུང་༔ ཅོག་གནས་གཏེར་ཁ་ཉི་ཤུ་རྩ་ལྔ་དབང་༔ ལྔ་བཅུ་བཞི་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ནད་རྣམས་མུག་ཤི་འབྱུང་བའི་དུས་རྣམས་དུས༔ བར་ཡུལ་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ གཡུ་སྒྲོ་སྐྱེ་བ་རྡོ་རྗེ་གླིང་ཞེས་བྱ༔ བར་གནས་གཏེར་ཁ་བཞི་བཅུ་གནས་ལ་དབང་༔ ལྔ་བཅུ་མཐའ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ བསམ་ཡས་རྒྱལ་པོ་གནས་པའི་དམ་ཉམས་དུས༔ ཕྱོགས་གནས་དུས་ན་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ ཅོག་རོ་རྒྱལ་མཚན་སྤྲུལ་པ་དཔལ་གླིང་ཞེས༔ གནས་མཆོག་དུས་ན་གཏེར་ཁ་ཉི་ཤུ་དབང་༔ སུམ་ཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ སྟོད་ཧོར་དམག་རྣམས་བོད་དུ་འབྱུང་བའི་དུས༔ སྨན་གནས་ཡུལ་ན་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ ལོ་ཆེན་བཟང་པོའི་སྤྲུལ་པ་བྱང་ཆུབ་གླིང་༔ དེར་གནས་མུན་པའི་གླིང་སྐབས་གཏེར་ཁ་བཅུ༔ ལྔ་བཅུ་དྲུག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ གནས་མིན་ལུང་གི་བཀའ་གནས་ཉམས་པའི་དུས༔ སྤར་ཟའི་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ འགྲོ་བྱེད་ལོ་ཙཱའི་སྤྲུལ་པ་གུ་རུ་ཆོས༔ མུན་གླིང་དུས་ན་གཏེར་ཁ་ཉེར་ལྔ་དབང་༔ ལྔ་བཅུ་གསུམ་གྱི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ དུག་ཁང་མ་ལ་ཡ་ཀའི་གནས་མཆོག་ནས༔ བ་མཆོག་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ བཻ་རོའི་སྤྲུལ་པ་མ་ཏི་རཏྣ་ཞེས༔ གཏེར་ཁ་ཉི་ཤུ་རྩ་ལྔ་དག་ལ་དབང་༔ བཞི་བཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ བལ་བུ་མུ་སྟེགས་དམག་འཁྲུག་དར་བའི་དུས༔ རྒོད་ཚངས་གནས་སུ་སྤྲུལ་སྐུ་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ དྷ་མང་ལོ་ཙཱའི་སྤྲུལ་པ་རྒོད་ཀྱི་མིང་༔ གོང་ཡུལ་གནས་སུ་གཏེར་ཁ་ལྔ་བཅུ་དབང་༔ སུམ་ཅུ་དྲུག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ཨོ་ཡན་འཇིག་པའི་རྗེ་ཤུལ་སྟོང་བའི་དུས༔ དྷ་མའི་ལོ་ཙཱ་རྒྱལ་སྲས་མཛད་ཙམ་ན༔ ཁྱོང་སྟོང་དུས་ན་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ རྒྱལ་སྲས་སྤྲུལ་པ་མྱང་བན་ཞེས་བྱ་བ༔ དུས་བྱེད་གནས་ནས་གཏེར་ཁ་ཉེར་བཞི་དབང་༔ ལྔ་བཅུ་གཅིག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ མཐའ་རྣམས་དུག་རྣམས་ནང་དམེ་འདྲེ་ཡི་བཅུད༔ དྭགས་པོའི་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ འབྲུ་མཆོག་ལོ་ཙཱའི་སྤྲུལ་པ་ཞེས་བྱ་བ༔ སྔགས་འཆང་ཧཱུྃ་ནག་མེ་འབར་ཞེས་བྱ་འབྱུང་༔ དྭགས་གནས་གཏེར་ཁ་ཉི་ཤུ་རྩ་ལྔ་དབང་༔ བདུན་ཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ དུ་ཡ་འཁྲུག་པའི་ཐབས་ཀྱིས་གནས་ལུང་དུ༔ བོད་ཁམས་སྤུ་བྱེད་གནས་ནས་སྐལ་ལྡན་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ བར་སྐོར་གནས་ནས་གཏེར་ཁ་བཅུ་ལ་དབང་༔ འགྲོ་བན་ལོ་ཙཱའི་སྤྲུལ་པ་བདུད་འདུལ་མིང་༔
བཞི་བཅུ་ལྔ་ཡི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ གཙུག་ལག་ཁང་གི་རྒྱལ་ས་བླ་མའི་བཅུད༔ མཐུ་དང་དུག་ནས་ནང་འཁྲུག་དར་བའི་དུས༔ ངམ་གྱི་ཕུལ་ནས་སྐྱེས་བུ་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ ཤུད་པོ་གཡུ་སྒྲ་སྤྲུལ་པ་མི་འགྱུར་ཞེས༔ ཁམས་ཀྱི་ཡུལ་ན་གཏེར་ཁ་བརྒྱ་ལ་དབང་༔ ཉི་ཤུ་གཅིག་གི་བར་དུ་ཚེ་དུས་བྱེད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཡིད་ལ་ཞོག༔ སོ་ནམ་བྱེད་ཟེར་ས་མཐོ་ཁང་མཁར་བྱེད༔ གཙུག་ལག་ཁང་ནང་ནང་དུ་ཁྲག་འཁོར་བསྐོར༔ སྲིན་མོ་སྤར་ཟའི་གཏམ་མེད་ས་ཡུལ་ནས༔ དུ་ཡ་འཁྲུགས་ཏེ་ཆོས་ཀྱི་མཚོན་གདན་བྱེད༔ ཁྲག་གིས་འཁོར་ལོ་བསྐོར་བའི་དུས་རྣམས་ནས༔ མི་འགྱུར་སྐྱེ་བ་རྡོ་རྗེ་གླིང་ཞེས་བྱ༔ ཤར་ཁའི་ཁམས་ནས་སྐྱེས་བུ་སྙིང་སྟོབས་ཅན༔ ང་དང་མཚུངས་པའི་གཞོན་ནུ་སྔགས་དང་ལྡན༔ གཏེར་རྔ་སྐྱོང་བའི་བརྒྱ་ལ་དབང་ཞེས་བྱ༔ ཚེ་ཡི་དུས་ནི་ཉི་ཤུ་རྩ་ལྔའོ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ ལོ་ཙཱ་བརྒྱ་དང་བརྒྱད་ཀྱི་སྤྲུལ་བཅས་པ༔ གཏེར་ཆེན་བརྒྱ་དང་བརྒྱད་ནི་འབྱུང་བར་འགྱུར༔ སངས་རྒྱས་བླ་མ་མན་ཆད་བར་སྐབས་དང་༔ མི་འགྱུར་རྡོ་རྗེ་ཡན་ཆད་བརྒྱ་རྩ་བརྒྱད༔ དེ་རྣམས་བར་སྐབས་གཏེར་སྟོན་མང་བར་འགྱུར༔ དེ་ཡན་ཆད་དཔག་མེད་མང་པོ་མཐའ༔ གཏེར་ཕྲན་དཔག་ཏུ་མེད་པ་འབྱུང་བར་འགྱུར༔ བྲག་ཆེན་ཡང་དབེན་ཁ་པ་ཉི་མ་ཞེས༔ གཏེར་ཁ་བཅུ་ལ་དབང་བའི་དུས་འབྱུང་བ༔ འགྲོ་དོན་ཚུལ་མཛད་བྱང་ཆུབ་མིང་ཅན་འབྱུང་༔ གཏེར་ཁ་བཅོ་ལྔ་མཐའ་སྐྱོང་ཞེས་བྱ་བ༔ འཇིགས་བྱེད་སྔགས་ཀྱི་མིང་ཅན་ཞེས་བྱ་བ༔ གཏེར་ཁ་བཅུ་ལ་དབང་བའི་དུས་མཚུངས་པ༔ སྐྱེས་བུ་སྙིང་སྟོབས་ཆོས་རྒྱལ་ཞེས་བྱ་བ༔ གཏེར་ཁ་བརྒྱད་ལ་དབང་བའི་དོན་བཅས་པ༔ རྒྱལ་མོ་རོང་དུ་གླིང་ཙ་མིང་ཅན་འབྱུང་༔ གཏེར་ཁ་ལས་རྣམས་བཅོ་ལྔ་དབང་བར་འགྱུར༔ འབྲས་བཅས་ཁམས་ལ་རྣམ་གླིང་མིང་ཅན་འབྱུང་༔ བཻ་རོ་སྤྲུལ་པ་གཏེར་ཁ་བཅུ་ལ་དབང༔ རིག་འཛིན་མིང་ཅན་ལྷ་ཡུལ་གནས་བཅས་འབྱུང་༔ རྒོད་གནས་སྤྲུལ་པ་གཏེར་ཁ་གསུམ་ལ་དབང་༔ བྱང་ཕྱོགས་ནགས་ཚལ་དུར་ཁྲོད་གནས་ཡུལ་ནས༔ གོང་ལུང་བྱང་ཆུབ་ཞེས་བྱ་གཏེར་ཁ་གཉིས༔ རབ་དྲུང་བདེ་བའི་གནས་ཡོང་དྲག་ཅེས་བྱ༔ མི་མིན་གནས་སུ་གཏེར་ཁ་གཅིག་ལ་དབང་༔ དམྱལ་སྨན་གནས་སུ་ཚེ་དབང་རིག་འཛིན་ཞེས༔ དམྱལ་གནས་གཏེར་ཁ་ལྔ་ལ་རབ་དབང་བ༔ ལྷོ་ཡི་གླིང་གནས་རྣམ་མཆོག་དབང་ཕྱུག་ཅེས༔ མཚུངས་པ་མེད་པ་གཏེར་ཁ་བཞི་ལ་དབང་༔ མཐའ་སྐྱོང་གནས་བཅས་ཆོས་ཀྱི་རྗེ་འཇུག་དུས༔ གངས་སྨད་གནས་སུ་མུན་གླིང་ཞེས་བྱ་བ༔ གཏེར་ཁ་བཞི་ལ་རབ་ཏུ་གནས་པར་བྱ༔ ངམ་ཡུལ་བྱང་ཆུབ་རིག་འཛིན་ཞེས་བྱ་བ༔ གཏེར་ཁ་དགུ་ལ་རབ་ཏུ་གནས་པར་བྱ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཉམས་སུ་ལོངས༔ མ་འོངས་བསྐལ་བ་སྙིགས་མའི་མཐའ་སྐྱོང་བ༔ རྗེ་འབངས་ཉེར་ལྔའི་སྤྲུལ་པ་གནས་བཅས་པ༔ འབྲས་མོ་གཞོང་དུ་ཆོས་ཀྱི་རྒྱ་མཚོ་འབྱེད༔ ཐུབ་པའི་བསྟན་པ་གནས་སྐྱོང་ང་ཞེས་བྱ༔ བསྐལ་པ་མཐའ་མ་ཤཱཀ་ཐུབ་བསྟན་པ་རུ༔ ང་ཡི་གཏེར་སྟོན་དཔག་མེད་བགྲང་མི་ནུས༔ དེ་རྣམས་བགྲང་ནས་དཔག་མེད་བགྲང་བ་མེད༔ རྒྱལ་བའི་སྐུ་གདུང་བརྒྱ་དང་བཅུ་ལྷག་ནས༔ གཏེར་ཆེན་བརྒྱ་ལ་གཏེར་འབྲིང་བརྒྱ༔ དེ་ཡི་ཆུང་བའི་མཐའ་སྐྱོང་བརྒྱ༔ བརྒྱ་རྣམས་དཔག་ཏུ་མེད་པའི་སྤྲུལ་བ་བགྱིས༔ དེ་སྐབས་ས་ཁོག་གཏེར་གྱི་རྩ་བ་ནས༔ གཏེར་སྟོན་སྤྲུལ་པ་ཐབས་རྣམས་དེ་འདྲ་བ༔ མ་འོངས་གྲོགས་བྱས་མཚོ་རྒྱལ་དམ་བཅས་ཡིན༔ རིག་འཛིན་རྣམས་ཀྱི་རྩ་ནས་ཁྱེད་སྤྲུལ་འགྱེད༔ ཁྱེད་ཀྱི་བརྡ་ཡིག་ཕབ་པའི་ཁྱོད་སྤྲུལ་བྱས༔ ཁྱོད་སྤྲུལ་མ་བྱས་བརྡ་ཡིག་མི་མངོན་པ༔ མ་འོངས་དཔག་མེད་གཏེར་སྟོན་བགྲང་མི་ནུས༔ རི་བོ་གཅིག་ལ་རྩ་ཤིང་བརྒྱ་ཕྲག་རེ༔ ལྗོན་ཤིང་གཅིག་ལ་ལོ་འདབ་བརྒྱ་ཕྲག་ཙམ༔ ང་ཡི་སྤྲུལ་པ་དེ་ཙམ་བགྲང་མི་ནུས༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ ཅེས་གསུངས༔ མཚོ་རྒྱལ་གྱི་ཞལ་ནས༔ ཨུ་རྒྱན་རིན་པོ་ཆེ༔ བཀའ་དྲིན་ཤིན་ཏུ་ཆེ་ཞུས་ནས་གསེར་ཕུལ་བའོ༔ པདྨས་མཚོ་རྒྱལ་ཉོན་དང་མ་འོངས་དོན༔ མ་འོངས་གཏེར་སྟོན་སྣང་བའི་གཟུགས་ཡག་བྱས༔ རློམ་པ་འཕྱོར་ཤེས་བྱེད་པའི་ཚུལ་སྟོན་པ༔ སྒྲོམ་བུ་ཤོག་སེར་ཡིན་སྨྲས་མི་རུ་བཟུང་༔ ཆེ་འདོད་གཙོ་བོ་ལྟ་བུ་ང་རྒྱལ་བཟུང་༔ དུག་སྦྲུལ་ནག་པོས་ཁོང་ཁྲོ་བཟུང་༔ འཕྱོར་འདོད་བག་མ་ལྟ་བུ་གཟུགས་ལ་དགའ༔ བྲག་ཆེན་བརྒལ་ནས་འགྲོ་བྱེད་སྣང་བ་བསྒྱུར༔ ཁྲོམ་གཏེར་ཕུད་ཟེར་ས་རྡོ་རི་བྲག་གཤགས༔ རྫུས་སྐྱེས་ང་གླང་ལུང་བསྟན་ཡོད་སྨྲས་པ༔ འདམ་བུ་མཆོར་དགའ་ལྟ་བུ་ས་མཐའ་བསྐོར༔ མངོན་ཤེས་མཛད་ཚུལ་གསོལ་བཅས་ལྟར་དུ་བྱས༔ རྒྱུ་ཡོད་ཕྱུག་པོ་གཏེར་སྟོན་ཡིན་སྨྲས་པ༔ ཆེ་བཙན་དཔོན་པོ་གཏེར་སྟོན་ཡིན་སྨྲས་པ༔ སྣང་བའི་གཟུགས་ཡག་གཏེར་སྟོན་ཡིན་སྨྲས་པ༔ ཁྱི་ལྡོམ་ལྟར་དུ་གྲོང་བར་འགྲིམ་པའི་ཉུག༔ སྣང་བ་རང་ཐག་མ་བཅད་གཟུགས་ལ་མོས༔ གཏེར་ཡིག་ཡིན་ཟེར་ཁྲག་གིས་ལན་ཙ་བསྒྱུར༔ མཐུ་སྟོབས་ཆེ་ཟེར་བར་སྣང་ཁམས་ན་འདུག༔ དར་དཔྱངས་འཕང་ཟེར་དར་གོས་ཕྲུག་གསུམ་བརྒྱན༔ སྔགས་དང་ལྡན་ཟེར་ལྷ་འདྲེ་མགོ་སྐོར་བྱེད༔ སེམས་ཉིད་རྟོགས་ཟེར་ལྟ་བ་ཁ་ལ་འཇོམས༔ གང་མཐོང་མ་མོ་མཁའ་འགྲོ་བཀའ་ལུང་སྨྲ༔ ས་མཐའ་ཉུག་པའི་རི་རབ་མགོ་སྐོར་བྱས༔ མཐོང་འདྲེ་ཚུལ་གྱིས་རིག་པ་སྨྱོན་ལྟར་བྱས༔ མ་འོངས་སེམས་ཅན་རྣམས་ཀྱི་དོན་མི་ཆོད༔ དོན་ལ་མི་དཔྱད་སྣང་བ་ཀུན་རྫོབ་ལྟ༔ རྒྱུ་ལྡན་མི་རྣམས་ལྟ་བྱེད་ཅི་ཡང་མེད༔ གཏེར་སྟོན་ལུང་བསྟན་མེད་པ་གཏེར་རྙེད་བྱེད༔ ཁྲོ་ཚུལ་མདོག་ལྡན་ཟང་ཟིང་ནོར་རྟེན་བྱེད༔ སྐབས་སྐབས་དེ་དང་མཚུངས་པའི་ཐུན་མི་འབྱུང་༔ གཏེར་མིན་གཏེར་གཉིས་གཏེར་རྫུན་འབྱུང་སྲིད་པ༔ ང་ཡི་གཏེར་སྟོན་འཕྲད་པ་དེ་འདྲ་མེད༔ ལྟ་བའི་སེམས་ཀྱི་སྣང་བ་ཕུག་ཐག་ཆོད༔ བསྐྱེད་རིམ་ཀུན་རྫོབ་ཆོས་ཀྱི་ཕུག་ཐག་ཆོད༔ གཏེར་གྱི་ཆོས་དང་ཕུག་ཐག་ཆོད༔ གཏེར་སྟོན་མང་པོ་དེ་འདྲ་ཡོང་རྒྱུ་ཡིན༔ ཡེ་ཤེས་མཚོ་རྒྱལ་ཡིད་ལ་ཆོངས༔ མ་འོངས་བུ་སློབ་འགྲོ་ལ་དགོངས༔ བདེ་ཆེན་གནས་སུ་འགྲུབ་པའི་ཆོས་གཏེར་ཡོད༔ དབུལ་ཕོངས་སེལ་ཕྱིར་ནོར་གྱི་གཏེར་རྣམས་ཡོད༔ བདེ་བ་ཐོབ་ཕྱིར་སྐུ་ཡི་གཏེར་རྣམས་ཡོད༔ ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་ཚེ༔ ཆོས་གཏེར་ཡོད་ན་ནོར་གཏེར་སྐལ་བ་མེད༔ ནོར་གཏེར་ཡོད་ན་ཆོས་གཏེར་སྐལ་བ་མེད༔ ལྷ་འདྲེ་མི་གསུམ་འཛོམས་དང་རྩེ་བ་གཉིས༔ རྒྱ་བོད་སྣང་སྲིད་ལྷ་འདྲེ་ཐམས་ཅད་འཚོགས༔ ལེགས་པའི་ལྷར་བཅས་ཉེས་པ་ཐམས་ཅད་སྡང་༔ དཀར་པོ་ལྷ་ཟབ་ནག་པོ་བདུད་ཀྱང་ཟབ༔ མི་མཐུན་གནས་བཅས་རྟེན་འབྲེལ་མ་འཛོམས་ན༔ རིག་པའི་ལྕགས་ཁུ་ཁ་བའི་མཚང་མ་འཐུང་༔ རང་གི་རང་ཕུང་མ་འཇུག་གཏེར་སྟོན་རྣམས༔ རྩ་དྲུང་དུང་ཆོས་བཤོལ་སྒྲུབ་ཆོས་པ་ཡི༔ ཉེ་དུ་འབྲེལ་བ་ཐམས་ཅད་འགལ་རྐྱེན་ཡིན༔ ཕ་ཡུལ་མ་བསྡད་ཕྱོགས་མེད་གནས་སུ་སོང་༔ འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་པ་གྱིས༔ འགལ་རྐྱེན་རྣམས་དང་འབྲེལ་པ་བཙན་ཐབས་ཆོད༔ བདེ་ཞིང་སྐྱིད་པ་མི་འདོད་གཅིག་ཀྱང་མེད༔ རང་བཞིན་མ་གྱུར་སྔགས་འཆང་ནང་ལ་ཡོང་༔ མ་གཡེང་གཞན་དོན་བོར་ལ་རང་དོན་ཚོལ༔ བློངས་ནས་སྡོང་པོ་ལྟ་བུའི་ཤོང་ཡོང་སྐྱིད༔ སྣ་ཚོགས་ཚ་བྱེད་སེམས་ཉིད་ཚད་ལ་ཕོབ༔ རི་རབ་ལྟ་བུ་བློ་བརྟན་སྒོམ་པ་གྱིས༔ བརྟན་པ་ཐོབ་ཅིང་འོད་གསལ་གཡོ་འགུལ་མེད༔ སུ་འགྲོགས་ཡོན་ཏན་མི་འབྱུང་གཅིག་པུར་འདུག༔ མི་ལ་སྙིང་གི་གཏམ་སྣང་མ་བྱེད་ཅིག༔ ལྟོ་གོས་གཡོག་བཅས་ཕུང་བ་ཞིག་མ་བཞག༔ དོན་གཉིས་དུས་གཅིག་འབྱུང་བ་མི་སྲིད་དེ༔ ཟོལ་ཟོག་གཏམ་པའི་ཁ་ལ་ཉན་མེད་སྙིང་གཏམ་ཡིན༔ དམ་ཚིག་མེད་པའི་མི་ལ་མ་སྤེལ་ཅིག༔ མི་ཚེ་རིང་ཞིང་གང་ཡང་ཆ་མི་ཆོད༔ གཏེར་འཚོ་མ་ཤེས་འཕྲལ་རྐྱེན་ངན་དགུ་འོང་༔ མི་སེམས་འདྲེ་བའི་སྤྱང་སྟེ་ཚོར་བའི་བདག༔ གཏེར་སྟོན་བཙན་གཉན་རྣམས་ལ་མི་དགའ་སྙིང་གཏམ་ཡིན༔ གྱོང་གཅིག་ཡོང་སྟེ་མཐོ་ཕྱིས་ལྡེམ་དགོངས་མེད༔ སངས་རྒྱས་བཀའ་ནི་བསླུ་བ་ཅང་སྲིད་དམ༔ ངན་པ་བསྟེན་ན་གཞན་མི་འཕྲོག་ཡོང་༔ དྲོད་རྟགས་མ་ཐོན་བར་དུ་སྒྲུབ་པ་གྱིས༔ རིམ་བཞིན་སྒྲུབ་པ་རྒྱོབ་ཅིག་སྙིང་གཏམ་ཡིན༔ བཟའ་མི་ངེས་ཤེས་གཏམ་ཚུལ་བྱེད་པ་འབྱུང་༔ ཕྱི་མཚམས་ནང་མཚམས་སྒྲུབ་རྒྱོབ་སྙིང་གཏམ་ཡིན༔ ཆོས་པ་ཡིན་ཟེར་སྐད་ལོག་བཏོན་མ་ཡོང་༔ རློམ་པ་འཕྱོར་ཤེས་བཞིན་པའི་ཚུལ་ངན་ཡོང་༔ དམ་ཚིག་མ་བསྲུངས་དམ་ཉམས་བློ་མ་བསྲེས༔ མེད་དང་མེད་ཤེས་ཀུན་མེད་ཚིག་གསུམ་པོ༔ སྐོར་ལོག་མ་བཅས་སྨྲ་བའི་སྙིང་གཏམ་ཡིན༔ རློམ་པ་འཕྱོར་ཤེས་རིག་ཏོག་མ་ཡང་ཞིག༔ གཏེར་སྟོན་ལུས་སེམས་མ་ཡང་གཏན་དུ་ཕོབ༔ ཚོགས་ཏིར་སྣང་བའི་ལས་ལ་འགྲོ་བྱས་པ༔ སྣང་རིག་ཡིན་པའི་དེ་ལྟར་མ་བྱེད་སྙིང་གཏམ་ཡིན༔ སྔགས་འཆང་ཆོས་སྐྱོང་སྒྲུབ་པའི་མཐུ་སྟོབས་ཅན༔ སྒྲུབ་པ་བསྒྲུབ་བསམ་ཡང་སེམས་མ་བྱེད་ཅིག༔ མི་རྣམས་ཁྱིམ་ལ་མ་འགྲོ་རང་ས་འདུག༔ མི་བཞག་པ་ཡི་ལས་རྣམས་ཡོད་པ་ན༔ པདྨ་ང་ལ་གསོལ་བ་བཏབ་ཅིང་ཕྱོགས་མེད་འགྲུབ༔ དང་པོ་སྔགས་འཆང་ལུང་བསྟན་མ་ཡོད་ནས༔ མ་འོངས་གཏེར་སྟོན་ཚུལ་ངན་སྙིང་རྗེའམ༔ ཀི་སྒྲ་ཏིར་ཏིར་ཧབ་ཤ་བྱེད་པ་འབྱུང་༔ མེད་ན་མེད་ཙམ་ཡོད་ན་ཡོད་ཚད་བསྟེན༔ ཞིམ་པོ་མི་ལ་སྟེར་ཏེ་སྐྱུགས་ཏེ་འོང་༔ འཕྲོ་ངན་མི་ལ་སྟེར་ཏེ་ཐུགས་ཁྲེལ་གནང་༔ སྙིང་གཏམ་མི་ལ་བྱེད་དེ་ཞེ་ཁྲེལ་བཏང་༔ གོས་ཟས་མི་ལ་བྱིན་ཏེ་གཙང་རྩོག་བྱེད༔ གདམས་ངག་ཟས་སུ་མ་འཇུག་སྙིང་གཏམ་ཡིན༔ བསྐྱེད་རིམ་མི་ལ་བསླབ་སྟེ་ཐུགས་ཁྲེལ་གནང་༔ དམ་ཆོས་མི་ལ་གསུངས་ཏེ་ཧབ་ཤ་བྱེད༔ སྒྲོམ་བུ་མི་ལ་བསྟན་ཏེ་ཀི་ཏིར་བྱེད༔ དམ་རྫས་མི་ལ་སྟེར་ཏེ་སེམས་འཁྲུག་ཟ༔ རང་ལ་ཡོད་ན་ཡིད་བཞིན་ནོར་བུ་འདི༔ ཀུན་ལ་སྟེར་བའི་རྫུས་སྐྱེས་ང་ལ་སྐུར་པ་བཏབ༔ དམ་ཆོས་ཟས་སུ་མ་འཇུག་སྙིང་གཏམ་ཡིན༔ དད་པ་ངུར་ངུར་མི་བྱེད་ངར་སྒྲ་ཏིར་ཏིར་འབྱུང་༔ རྫུས་སྐྱེས་ང་ལ་འབར་ཤ་སྐུར་འདེབས་སོ༔ གསོལ་བ་ལྷང་ལྷང་མི་འདེབས་མངོན་ལྐོག་ཤབ་ཤུབ་འབྱུང་༔ གཏེར་སྟོན་ལྟ་བ་ཁ་ལ་མ་འཛེམ་གྱིས༔ ལྟ་སྤྱོད་མ་རྗེ་སེམས་ནོན༔ རྫུས་སྐྱེས་པདྨ་ང་དྲན་གྱིས༔ ལྟ་སྤྱོད་རྩིང་ན་ཆོས་ལ་བར་ཆད་ཡོང་༔ མཆོར་དགའ་སྙིང་གཏམ་བྱེད་ཟེར་བློ་སོགས་གནས༔ དེ་ལ་མ་ཉན་ལྟ་བའི་ཁ་ཏ་ཡིན༔ སྔོན་ལས་རང་སྨིན་གོ་ཆ་རྩིས་སུ་གྱིས༔ བློ་གཏད་བླ་མ་བྱེད་པའི་རྒྱུད་པ་འཛིན༔ གཏེར་ཤོག་འདི་རྣམས་ཤིན་ཏུ་གཉན་པ་དེ༔ དཔེར་ན་དུག་སྦྲུལ་ཁ་ཡི་ནོར་བུ་འདྲ༔ ཐབས་ལ་མཁས་ན་ནོར་བུ་ལོན་པའི་འཚེང་༔ ཐབས་མ་མཁས་ན་དུག་སྦྲུལ་འཆི་བར་བྱེད༔ ཤོག་དྲིལ་བཀའ་རྒྱ་བསྡམས་པའི་སྙིང་གཏམ་ཡིན༔ ང་ལ་སྟོན་ཟེར་མི་རྣམས་མང་བཞིན་ཡོང་༔ བར་ཆད་ཡོང་སྲིད་མི་བསྟན་སྙིང་གཏམ་ཡིན༔ ཡང་དང་ཡང་དུ་དམ་པའི་ཆོས་གཅིག་སྒྲུབས༔ ཟོལ་ཟོག་གཡོ་སྒྱུ་ཅན་ལ་མ་སྤེལ་སྙིང་གཏམ་ཡིན༔ ཟས་ནོར་ཡོད་པའི་དེས་ཆ་སྤེལ་ཙམ་ན༔ རང་གི་སྒྲུབ་པ་མ་གཏོགས་མ་སྤེལ་ཅིག༔ ཟང་ཟིང་རློམ་པའི་འཕྱོར་དགའ་མ་བྱེད་ཅིག༔ སྒྲུབ་པ་ནན་ཏན་མཛོད་ཅིག་དེ་སྤེལ་ཏེ༔ དམ་རྫས་རང་རིག་ཉམས་སུ་བླངས་བར་བྱས༔ དེ་སྐབས་མ་བབས་རང་ས་མྱུར་དུ་འདུག༔ ང་ཡི་བོད་འབངས་གཏེར་གྱིས་བཀང་ནས་ཡོད༔ དངོས་གྲུབ་འདོད་ན་གཏེར་ནས་བླང་བར་བྱས༔ སྤྲུལ་པ་མཆོག་གྱུར་འགྲོ་མགོན་པདྨ་ང་༔ བདག་གི་བོད་ཡུལ་མཐའ་འཁོབ་ཁ་བ་ཅན༔ གཅོང་རོང་དྲག་པོ་མཚོན་ཆ་གཟིངས་བ་འདྲ༔ དཀར་པོ་སེམས་མེད་སྡིག་སྤྱོད་སེམས་ལ་ཐུགས༔ མ་འོངས་དུས་གཅིག་གཏེར་སྟོན་མ་འབྱུང་ནས༔ སློབ་མའི་ཡིད་ཆེས་བཀུར་གནས་ག་ལ་བགྱི༔ ལས་འཕྲོ་དོན་དུ་རི་བྲག་ལུང་པ་རྣམས༔ ཨུ་རྒྱན་ཉིད་ཀྱི་བསྒྲུབ་ཕྱིར་བྱིན་གྱིས་རློབས༔ ཐུགས་རྗེས་བཟུང་བས་བར་ཆད་མི་འབྱུང་ངོ་༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཐུགས་ལ་ཞོག༔ མ་འོངས་གཏེར་སྟོན་རྣམས་ཀྱིས་ཡིད་ལ་ཆོངས༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ལན་གཅིག་ཉོན༔ མ་འོངས་བུ་སློབ་དོན་དུ་ལས་འཕྲོ་ཅན༔ ཉི་ཤུ་ཁ་རལ་དུས་སུ་ནད་མུག་མང་༔ མཚོན་སྐལ་ཁྲག་གིས་ཆར་པ་མང་པོ་འདེབས༔ དུག་རྣམས་ནང་འཁྲུག་ཆོས་རྣམས་མཚོན་གདན་བྱེད༔ སྲིན་པོ་གདུག་བྱེད་མང་པོ་འབྱུང་བའོ༔ རྒྱལ་ས་བླ་མའི་བཅུད་འདུག་པ༔ དམྱལ་སྨད་མི་རྣམས་གཏམ་པའི་བདེན་རྣམས་མེད༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་དེ་ལྟར་ཞོག༔ སྔགས་འཆང་པདྨ་སྲིན་པོའི་གླིང་དུ་འགྲོ༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་རྗེས་ཕྱིར་འདུག༔ སྲིན་པོ་ཐམས་ཅད་ཆོས་ལ་ངས་འཛུད་འགྲོ༔ ཞེས་གསུངས༔
ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཀྱེ་ཀྱེ་ཨུ་རྒྱན་རིན་པོ་ཆེ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྔགས་འཆང་ལྷོ་ནུབ་ཡུལ་དུ་འགྲོ་ཙམ་ན༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་སུ་ལ་བསྟེན༔ ཁོ་མོ་ལྟ་བའི་ཁ་ཏ་སུ་ཡིས་བྱེད༔ ཁོ་མོ་རྟེན་མེད་ལུས་འདི་གང་དུ་འདུག༔ འདི་ཙམ་གནས་སུ་རི་ཁྲོད་གནས་སུ་འདུག༔ ཁོ་མོ་རྟེན་པའི་ས་དེ་སུ་ལ་བྱེད༔ རྫུས་སྐྱེས་པདྨ་ད་ནི་བཞུགས་འཚལ་ལོ༔ ཞེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ བདག་འདྲ་ཁོ་མོ་ཡེ་ཤེས་མཚོ་རྒྱལ་ཉོན༔ ལྷོ་བྲག་གནས་སུ་ལོ་ནི་ལྔ་བཅུར་བཞུགས༔ བསམ་ཡས་གླིང་དུ་ལོ་ནི་བཅུར་འདུག་པ༔ རྐོང་པོ་ཡུལ་དུ་ལོ་ནི་བཅུ་གཉིས་འདུག༔ ཡར་ལུང་གནས་སུ་ལོ་ནི་བརྒྱད་འདུག་པ༔ དྭགས་པོ་གནས་སུ་ལོ་ནི་དྲུག་འདུག་པ༔ ཏིལ་སྟོད་གནས་སུ་ལོ་ནི་བཅུ་བཞིར་འདུག༔ ཁོང་སྟོང་གནས་སུ་ལོ་ནི་བཅུར་འདུག་གོ༔ བསྒྲུབ་ཕུག་ཀུན་ལ་ཟླ་རེ་ཞག་རེ་འདུག༔ རྒྱལ་བའི་ལུང་བསྟན་བརྒྱ་དང་བཅུ་ཡི་བར༔ རྟེན་འབྲེལ་དེ་ཕྱིར་ཡོད་པའི་མཁར་བཟའ་ཉོན༔ ཁྱོད་ནི་བཅུ་གསུམ་ལོ་ཏོག་ཞབས་ཏོག་བྱེད༔ ཁྱོད་ཀྱིས་ཅི་བྱེད་བཀའ་རྣམས་ཐར་མྱོང་བ༔ ཁོ་མོ་ལས་ཅན་འདི་ལྟར་མི་འདུག་གོ༔ ལོ་གཅིག་བར་དུ་ཁྱོད་ཀྱིས་བཞུགས་ཞུས་ཕུལ༔ ཁྱོད་ནི་བཀའ་ཞུས་དེ་ལྟར་ལོ་གཅིག་འདུག༔ དེ་ལྟར་མ་འདུག་དམ་ཚིག་ཉམས་རེ་ཀན༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཤིན་ཏུ་བདེན༔ རྟེན་པའི་ས་ཡང་ཡོད་པ་མ་ཡིན་ནོ༔ ཡེ་ཤེས་མཚོ་རྒྱལ་སྙིང་རུས་ཤིན་ཏུ་གྱིས༔ ལོ་གཅིག་བར་དུ་མ་འདུག་སྙིང་རེ་རྗེ༔ བདག་འདྲ་སྲིན་པོ་ཡུལ་དུ་མ་བྱོན་ན༔ སྲིན་པོ་གདུག་པ་བྱེད་ནས་བོད་ཁམས་བརླག༔ ལུས་རྣམས་བསྒྲལ་ནས་མཚོ་རྒྱལ་ཁྱེད་དང་འདུ་འབྲལ་མེད༔ ལོ་གཅིག་བར་དུ་འདིར་ཡང་བཞུགས་པ་ཡིན་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་མྱ་ངན་མང་པོ་བྱས་ནས་སུ་ལ་བརྟེན་བསམ་ནས་མགུར་འདི་བཞེངས་སོ༔ ཀྱི་ཧུད་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ བདག་གིས་རྙེད་པ་རྫུས་སྐྱེས་ཁྱེད་འདྲ་རྙེད༔ བདག་གིས་ཅི་ཞུས་པདྨ་ཁྱེད་ལ་ཐར༔ གངས་སྟོད་སེང་གེ་དཀར་མོ་གངས་ལ་བརྟེན༔ གངས་ལ་བརྟེན་ཏེ་སྐྱིད་པའི་ལས༔ བྱ་རྒྱལ་ཁྱུང་ཆེན་བྲག་ལ་རྟེན་སུ་ཡོད༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་འདྲ་བ་སུ་ལ་བརྟེན༔ རྒྱ་སྟག་དམར་པོ་ནགས་ལ་བརྟེན༔ ཡེ་ཤེས་མཚོ་རྒྱལ་ལུས་འདི་སུ་ལ་བརྟེན༔ གཙང་ཆུ་འགྲམ་གྱི་ཉ་མོ་ཆུ་ལ་བརྟེན༔ མཁར་བཟའ་མཚོ་རྒྱལ་འདྲ་བ་སུ་ལ་བརྟེན༔ དབུས་དང་གཙང་གི་བུ་མོ་གནས་ལ་བརྟེན༔ ཇོ་མོ་མཁར་ཆུ་བཟའ་འདི་སུ་ལ་བརྟེན༔ ལྟ་རྟོག་སེམས་ཀྱི་ཁ་ཏ་སུ་ཡིས་བྱེད༔ མི་མིན་གནས་སུ་སུ་ལ་བརྟེན་ནས་འདུག༔ དེ་སྔར་རྫུས་སྐྱེས་པདྨས་བཀའ་གནང་ངོ་༔ དྲིན་ཅན་སྔགས་འཆང་པདྨ་འབྱུང་གནས་འདི༔ སྲིན་པོ་གླིང་དུ་བྱོན་ན་ཁོ་མོ་ཅི་ལ་བརྟེན༔ ཀྱི་ཧུད་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ བདག་དང་འདུ་འབྲལ་མེད་པར་བྱིན་གྱིས་རློབས༔ རི་ཁྲོད་གནས་སུ་གང་འདྲ་ཅི་ལ་འདུག༔ ཁོ་མོ་ལྟ་ས་རྟེན་ས་སུ་ལ་བྱེད༔ བདག་གི་ལུས་འདི་མ་བོར་བར་དུ་བཞུགས༔ ནམ་འཆི་ཆ་མེད་ཁོ་མོ་བདག་གི་ལུས༔ འཆི་ན་དགའ་དེར་རྫུས་སྐྱེས་རྗེ་ཕྱིར་འབྲང་༔ མཚོ་རྒྱལ་བདག་ལ་ད་ཡང་ཆོས་གཅིག་གསུངས༔ ཞེས་ཞུས་ནས་མིག་མཆི་མས་བརྣངས་ནས་རྫུས་སྐྱེས་པང་དུ་མགོ་བཞག་ནས་མང་པོ་བཤུམ་མོ༔
ཨུ་རྒྱན་གྱི་ཞལ་ནས༔ ཀྱེ་མ་མཁར་བཟའ་ཡེ་ཤེས་མཚོ་རྒྱལ་འདི༔ རྗེ་ཕྱིར་འབྲང་སྟེ་ཁོ་མོ་འདི་ཐུབ་སྟེ༔ གྲུབ་ཆེན་ལོ་ཙཱ་རྗེ་འབངས་དེ་འདྲའོ༔ བོད་འབངས་སེམས་ཅན་དེ་ཡང་སྙིང་རེ་རྗེ༔ མཚོ་རྒྱལ་དད་གུས་ཅན་དུ་ཤུལ་དུ་བསྐྱུར་བ་འདི༔ ཅི་ཡང་མ་འོངས་འགྲོ་བའི་དོན་ཡིན་ཏེ༔ མཚོ་རྒྱལ་མྱ་ངན་མ་བྱེད་སྙིང་རུས་མཛོད༔ ཆོས་གཅིག་བསྒྲུབ་པའི་འགྲོ་བའི་དོན་མཛད་པ༔ མྱ་ངན་མ་བྱེད་མཁར་བཟའ་ཆོས་ཀྱི་རྒྱལ༔ དེ་ཕྱིར་འདི་ལ་རབ་ཏུ་གཅེས༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་ཡུལ་དུ༔ ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས༔ རི་རྒྱལ་ཁྱད་པར་ཅན་ལ་གསོལ་བ་ཐོབ༔ དེ་ཕྱིར་གུས་གཅིག་མཁར་བཟའ་མཚོ་རྒྱལ་ཉོན༔ མི་ལུས་འདི་ཡི་བར་དུ་ཞབས་ཏོག་བྱས༔ ཆོས་ལ་མཛོད་ཅིག་ང་དྲན་གྱིས༔ ཞེས་གསུངས་ནས་ཡེ་ཤེས་མཚོ་རྒྱལ་དེ་འདྲ་བྱས་ཏེ༔ ཨུ་རྒྱན་གྱི་སྤྱན་ཆབ་ཤོར་ཏེ༔ ཁྱེད་མྱ་ངན་མ་བྱེད་གསུངས༔
མཚོ་རྒྱལ་ཞལ་ནས༔ ཀྱི་ཧུད་བདག་འདྲ་རྨོངས་པའི་མཚོ་རྒྱལ་ང་༔ མི་ལོ་གྱ་བཞིའི་བར་དུ་ཆག་ཕྱིས་མཛད༔ ཁམས་གསུམ་དབང་དུ་བསྡུ་བའི་རྒྱན་དུ་བཞུགས༔ སྲིད་གསུམ་རྒྱན་དུ་བཞུགས་པར་ཞུས༔ སེང་གེ་གངས་སྟོད་རྒྱན་དུ་བཞུགས་པར་ཞུ༔ བྱ་རྒྱལ་བྲག་གི་རྒྱན་དུ་བཞུགས་པར་ཞུ༔ ཁྱུང་ཆེན་ནམ་འཕངས་གཅོད་ནི་འགྲོ་ཙམ་ན༔ བྱ་ཕྲུག་ནམ་འཕངས་མི་ཆོད་ཅི་ལ་རྟེན༔ སྔགས་འཆང་བོད་ཀྱི་དོན་དུ་འདིར་བཞུགས་སོ༔ སྔགས་འཆང་མི་འདུག་སྲིན་ཡུལ་བྱོན་ཙམ་ན༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་སུ་ལ་བརྟེན༔ ལྟ་བའི་མིག་གི་ཅི་ལ་བྱེད༔ འདི་འདྲ་ཤུལ་དུ་བསྐྱུར་བ་ཅང་སྲིད་དམ༔ ཁོ་མོ་བདག་ལ་ད་ཡང་ཆོས་གཅིག་གནོངས༔ གསོལ་བ་འདེབས་པའི་ཆོས་གཅིག་བཞག་པར་ཞུ༔ ཨུ་རྒྱན་གྱི་ཞལ་ནས༔ མྱ་ངན་མ་བྱེད་མཁར་ཆུ་བཟའ༔ གསོལ་བ་འདི་ལྟར་འདེབས་པར་གྱིས༔ ཨེ་མ་ཧོ༔ གནས་བཅས་ཆོས་སྐུ་རྣམ་དག་ཀློང་ཡངས་ནས༔ འགྱུ་བ་སྤྲུལ་སྐུ་རྣམ་དག་ཐབས་ཤེས་དབྱིངས༔ རིག་པ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས༔ ཆོས་སྐུ་ཀུན་བཟང་རྡོ་རྗེ་སེམས་དཔའ་སོགས༔ དགའ་རབ་འཇམ་དཔལ་ཤྲཱི་སེང་ཧ་སོགས༔ གྲུབ་ཆེན་ཉི་ཤུ་ལྔ་ལ་གསོལ་བ་འདེབས༔ མཁར་ཆུ་བཟའ་ཡིས་ཉམས་སུ་ལོངས༔ ལུས་ནི་སྡིག་ལ་མ་གཏད་སྙིང་རུས་གྱིས༔ སེམས་ནི་སྡིག་ལ་མ་ཟད་སྙིང་རུས་གྱིས༔ མིག་ནི་ཆུ་ལ་མ་གཟག་སྙིང་རུས་གྱིས༔ མྱ་ངན་མ་བྱེད་ཁྱོད་ལ་ཐུགས་རྗེ་ཡོད༔ མྱ་ངན་མ་བྱེད་མཁར་བཟའ་སྙིང་རུས་མཛོད༔ རྒྱལ་བའི་ལུང་བསྟན་རྟེན་འབྲེལ་བརྒྱ་དང་བཅུ༔ ལོ་གཅིག་བར་དུ་མཚོ་རྒྱལ་སྙིང་ཞུས་ཡིན༔ དེ་བས་ལྷག་པོ་འདུག་པའི་ཕན་མི་འགྱུར༔ དེ་ཕྱིར་བོད་རྣམས་གཏེར་ཤོག་བྱ་བ་སྦས༔ སྲིན་པོ་གླིང་དུ་མ་བྱོན་སྟོང་ཟད་ཡོང་༔ དེ་ཕྱིར་མིན་པའི་མཁར་བཟའ་སྐྱུར་མི་སྲིད༔ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་ཙམ་ན༔ འགྲོ་བའི་བོད་འབངས་དོན་དུ་ངེས་མེད་ཡོང་༔ ལོ་གཅིག་བར་དུ་བདག་འདྲ་མ་བཞུགས་ན༔ བུད་མེད་ལུས་བླངས་ཡིན་པའི་ཡིད་རེ་ཆད༔ མཚོ་རྒྱལ་འདྲ་བའི་སྙིང་རུས་ཆུང་༔ མཚོ་རྒྱལ་མིག་ལྟར་སེམས་ལྟར་ཡིན་པར་ངེས༔ རྟེན་ས་སུ་ལ་མེད་དེ་སྙིང་རུས་མཛོད༔ དེ་ཕྱིར་མཚོ་རྒྱལ་བསྐྱུར་བ་ཅང་སྲིད་དམ༔ ང་ལ་གསོལ་བ་ཐོབ་ཅིག་རྟེན་ས་ཡིན༔ ཡེ་ཤེས་མཚོ་རྒྱལ་ཐུགས་ལ་དེ་ལྟར་ཞོག༔ མྱ་ངན་མ་བྱེད་བོད་འབངས་བུ་ལྟར་སྐྱོངས༔ ཞེས་གསུངས༔
ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ཀྱེ་ཧུད་ཨུ་རྒྱན་ཆེན་པོ་པདྨ་འབྱུང་༔ ཁོ་མོ་བརྟེན་ས་མེད་པ་ཅི་བྱེད་དམ༔ འགྲོ་དོན་མི་ཡོང་ཙམ་དུ་བྱེད་པ་ན༔ རྫུས་སྐྱེས་བྱོན་ཏེ་བདག་ལ་ཞལ་ཏ་མཛོད༔ བེམ་པོ་བྲལ་ནས་ཐུགས་རྗེ་ཨེ་ཡོད་དམ༔ བདག་ཅག་རྨོངས་པའི་ཁོ་མོ་སྙིང་རེ་རྗེ༔ ཀྱེ་མ་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ དགོངས་ཤིག་དགོངས་ཤིག་ཁོ་མོ་བདག་ལ་དགོངས༔ སྐད་ནི་པི་ཝང་སྒྲོག་པ་སུ་ཡི་བྱེད༔ བདག་ལ་དམ་པའི་ཆོས་རྣམས་སུ་ཡིས་གསུངས༔ ལུས་བཅས་བརྟེན་སོ་སྐྱབས་སུ་སུ་མི་བྱེད༔ བདག་ལ་ལྟ་བའི་ཁ་ཏ་བྱེད་པར་གྱིས༔ ཞེས་ཞུས༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ང་ལ་ཉོན༔ སེམས་ཀྱི་སྣང་ཐག་ཆོད་པའི་རང་རིག་འཚོས༔ སྙིང་གི་དཀྱིལ་ནས་རྗེ་བཙུན་ང་དྲན་གྱིས༔ ངག་གི་དཀྱིལ་ནས་གུ་རུ་སིདྡྷི་ཟློས༔ སྙིང་རུས་མཛོད་ཅིག་མྱ་ངན་ཅི་ལ་མཛད༔ ཚེ་གཅིག་བསྒོམ་པའི་གསོལ་བ་ཐོབ༔ མ་འོངས་སེམས་ཅན་དོན་དུ་འགྲོ་དོན་གྱིས་གསུངས༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས་འདི་གསུངས་སོ༔ ཀྱི་ཧུད་སྔགས་འཆང་ཆེན་པོ་པདྨ་འབྱུང་༔ ལར་འགྲོ་བ་སེམས་ཅན་ཐམས་ཅད་སྙིང་རེ་རྗེ༔ ཁྱད་པར་ཁོ་མོ་བདག་ནི་སུ་ལ་བརྟེན༔ འགྲོ་བའི་དོན་དུ་བཞུགས་པར་ཞུ༔ མི་མིན་འདྲེ་ཡུལ་བྱ་རོག་གདོང་ཅན་དུ༔ ཁོ་མོ་སུ་ལ་བརྟེན་ཏེ་འདུག་པའམ༔ ལྟོ་གོས་ཟས་རྣམས་ཡོང་པ་སྲིད་མེད་པ༔ དབུས་དང་གཙང་རྣམས་ཉི་མ་རྡལ་བར་འདུག༔ ཁོ་མོ་བདག་གི་སྙིང་དབུས་མུན་རུབ་པ༔ རྫུས་སྐྱེས་པདྨ་གང་དུ་བྱོན་སྲིད་པ༔ མ་རྙེད་རྙེད་པའི་བླ་མ་འདི་འདྲ་རྙེད༔ རྙེད་པ་བླ་མ་མཆོག་འདི་གང་དུ་བྱོན༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་སྲིད་པ༔ རྫུས་སྐྱེས་རིན་པོ་ཆེ་ཡིས་བདག་ལ་དགོངས༔ ཁོ་མོ་མིག་དྲག་བསོགས་ནས་རྒྱ་མཚོ་ཙམ༔ བོད་འབངས་སེམས་ཅན་ཐམས་ཅད་སྙིང་རེ་རྗེ༔ ཁྱད་པར་ཁོ་མོ་ང་འདྲ་ཅི་ལ་བརྟེན༔ རྗེ་བཙུན་འདི་འདྲ་གང་དུ་འགྲོ་བ་སྲིད༔ ཁོ་མོ་ད་ཡང་ཅི་འདྲ་བྱེད་པར་ཞུ༔
ཨུ་རྒྱན་གྱི་ཞལ་ནས༔ ཀྱེ་མ༔ མཁར་ཆུ་ལས་ཅན་སྲས་མོ་ཁྱོད་འདྲ་བ༔ བོད་འབངས་དོན་དུ་འདས་བཞུགས་འགྲོ་དོན་ཡོང་མི་སྲིད༔ ཤོག་དྲིལ་དཔག་མེད་སྦས་ནས་སྲིན་ཡུལ་བྱོན༔ མ་འོངས་རྗེས་འབངས་དོན་དུ་བྱོན་དེའོ༔ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་འགྲོ་བ༔ སྔགས་འཆང་ང་ཉིད་མིན་པའི་འདུལ་མི་མེད༔ ཡེ་ཤེས་མཚོ་རྒྱལ་བསྐྱུར་བ་མི་སྲིད་དེ༔ དེ་ཕྱིར་སྲིན་ཡུལ་གླིང་དུ་མ་བྱོན་ན༔ ཁོ་མོ་ཁྱོད་ཀྱི་ཆག་ནི་རབ་ཆེ་བ༔ འགྲོ་དོན་མཆོག་གི་དོན་བྱ་མི་ཡོང་ངམ༔ དེ་ཕྱིར་མུན་པའི་མཚོ་རྒྱལ་ཤུལ་མི་བཞག༔ རྗེ་འབངས་རྣམས་ལ་ཞལ་ཏ་མཚོ་རྒྱལ་གྱིས༔ མ་འོངས་དོན་དུ་ཁྱོད་ཀྱིས་བརྡ་བཀྲོལ་དགོས༔ མྱ་ངན་མ་བྱེད་དམ་ཆོས་བྱེད༔ དེ་ཕྱིར་རྗེ་འབངས་སྲིན་ཡུལ་འགྲོ༔ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོ༔ ཞེས་གསུངས༔
མཚོ་རྒྱལ་ཞུས་པ༔ སྔགས་འཆང་མི་འདུག་རྒྱ་གར་ཡུལ་ནས་བྱོན་ཙམ་ན༔ འགྲོ་དོན་ཁོ་མོ་སྐྱེས་རབས་སྦས་བསམ་སྟེ༔ ས་ཡུལ་གང་འདྲ་གཅིག་ལ་སྦས་པར་ཞུ༔ དུས་ཚད་ཆོས་བདག་གང་གིས་བྱེད་དུ་ཡོང་༔ ཞེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ བསམ་ཡས་རྒྱལ་པོ་བྲན་ལ་གཏད་པར་གྱིས༔ བདུད་དང་སྒོ་བཞི་རྣམས་ལ་གཏད་ནས་སྲིན་ཡུལ་ས་ནས་ས་ཁྱེར༔ ཁྲག་འཁོར་བསྐོར་བའི་སྲིན་པོ་མི་རྣམས་ཀྱིས༔ དགེ་མེད་སྡིག་ལ་མོས་པའི་རི་ཙམ་སྤོངས༔ སྲིན་པོ་ཤ་ལ་དགའ་བས་མི་ཤ་བཟའ༔ སྲིན་པོ་ཁྲག་ལ་དགའ་བས་མི་ཁྲག་འཐུང་༔ སྲིན་མོ་དགྲ་ལ་དགའ་བས་དམག་དཔོན་བྱེད༔ དགེ་སློང་ཟས་རྔམ་ཆོས་གོས་མཚོན་གདན་བྱེད༔ གཙུག་ལག་ཁང་སྐོར་དུག་རྣམས་ཁྲག་གི་བཅུད༔ མཐུ་དང་དུག་རྣམས་ནང་འཁྲུགས་དར་བའི་དུས༔ རིག་འཛིན་རྡོ་རྗེ་གླིང་པ་དེ་སྐལ་གྱིས༔ ཡིད་ལ་ཟུངས་ཤིག་ཡེ་ཤེས་མཚོ་རྒྱལ་ཉོན༔ ང་ཉིད་སྲིན་པོའི་གླིང་དུ་འགྲོ་བ་ཡིན༔ ང་འགྲོ་ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོ༔ ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོ་ཙམ་ན༔ ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོར་འགྲོ༔ ང་འགྲོ་མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ༔ མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ་ཙམ་ན༔ ཉོན་མོངས་ཞེ་སྡང་གཉེན་པོ་འཇོམས་དུ་འགྲོ༔ ང་འགྲོ་མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོ༔ མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོ་ཙམ་ན༔ ཉོན་མོངས་ང་རྒྱལ་གཉེན་པོ་འཇོམ་དུ་འགྲོ༔ ང་འགྲོ་སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོ༔ སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོ་ཙམ་ན༔ ཉོན་མོངས་འདོད་ཆགས་གཉེན་པོ་འཇོམ་དུ་འགྲོ༔ ང་འགྲོ་བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོ༔ བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོ་ཙམ་ན༔ ཉོན་མོངས་ཕྲག་དོག་གཉེན་པོ་འཇོམ་དུ་འགྲོ༔ ང་འགྲོ་སྤྱོད་པའི་ལ་ལ་བུད་ནས་འགྲོ༔ སྤྱོད་པའི་ལ་ལ་བུད་ནས་འགྲོ་ཙམ་ན༔ རིག་པ་དྲི་མེད་རྟ་ལ་ཞོན་ནས་འགྲོ༔ ང་འགྲོ་སྒོམ་པའི་ལ་ལ་བུད་ནས་འགྲོ༔ སྒོམ་པའི་ལ་ལ་བུད་ནས་འགྲོ་ཙམ་ན༔ རང་རིག་ཆོས་སྐུ་དྲི་མེད་ཡལ་ནས་འགྲོ༔ ང་འགྲོ་གོང་ཐང་ལ་ཁར་བུད་ནས་འགྲོ༔ གོང་ཐང་ལ་ཁར་བུད་ནས་འགྲོ་ཙམ་ན༔ རྟ་མཆོག་བྷ་ལ་ཧ་དང་འགྲོགས་ནས་འགྲོ༔ ང་འགྲོ་ནམ་མཁའ་འཇའ་འོད་ཡལ་ནས་འགྲོ༔ ནམ་མཁའ་འཇའ་འོད་ཡལ་ནས་འགྲོ་ཙམ་ན༔ ཕྱོགས་བཅུ་རྣམས་དང་མཁའ་འགྲོ་འགྲོགས་ནས་འགྲོ༔ ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོ༔ སྲིན་གླིང་ཟངས་མདོག་ཡུལ་དུ་འགྲོ་ཙམ་ན༔ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོ༔ པད་འབྱུང་མིན་པའི་སུས་ཀྱང་ཐུལ་མི་མེད༔ ཡེ་ཤེས་མཚོ་རྒྱལ་མྱ་ངན་མ་བྱེད་ཅིག༔ མུ་ཁྲི་བཙན་པོ་རྒྱལ་རྒྱུད་རྣམས་ཀྱིས་མྱ་ངན་མ་བྱེད་ཅིག༔ ནམ་མཁའི་སྙིང་པོ་རྗེ་འབངས་རྣམས་ཀྱིས་མྱ་ངན་མ་བྱེད་ཅིག༔ ཅོག་རོ་རྒྱལ་མཚན་ལ་སོགས་ལོ་ཙཱ་རྣམས་ཀྱིས་མྱ་ངན་མ་བྱེད་ཅིག༔ མ་འོངས་སེམས་ཅན་རྣམས་ཀྱིས་ང་དྲན་གྱིས༔ ང་འགྲོ་གོང་ཐང་ལ་ཁར་བུད་ནས་འགྲོ༔ མཚོ་རྒྱལ་རྗེ་འབངས་དོས་དྲན་སྐྱོན༔ ཕ་བཀའ་བརྒྱུད་བླ་མའི་ཞབས་ཏོག་མཛོད༔ རྒྱ་གར་བུ་མོ་མནྡ་ར་བ་མོ༔ སྔོན་དུ་བསུ་བའི་རྒྱ་གར་ཡུལ་ན་འདུག༔ བོད་ཀྱི་བུ་མོ་མཁར་བཟའ་མཚོ་རྒྱལ་འདི༔ གོང་ཐང་ལ་ཁར་བར་དུ་ཆག་ཕྱིས་མཛོད༔ མྱ་ངན་མ་བྱེད་ཡེ་ཤེས་མཚོ་རྒྱལ་ཉོན༔ བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བྱས༔ བུ་མོ་འདི་འདྲ་སྙིང་རྗེ་ཆེ་བ་ཅན༔ སྙིང་རུས་མཛོད་ཅིག་མྱ་ངན་མ་མཛད་ཅིག༔ སྔགས་འཆང་པདྨ་འགྲོ་བའི་དུས་ལ་བབ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ང་ལ་ཉོན༔ གོང་ཐང་གནས་སུ་སྐྱོལ་བའི་དུས་བྱས་སོ་ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་དགོངས་ཏེ༔ རྒྱ་གར་ནས་མནྡ་ར་བ་ལྔ་བརྒྱ་ཙམ་གྱིས་ཚོགས་དང་སྐོར་བ་བྱེད་པར་རིག༔ མྱ་ངན་མང་པོ་བྱེད་པ༔ ཡེ་ཤེས་མཚོ་རྒྱལ་ཞུས་པ༔ ཀྱེ་མ་ཨུ་རྒྱན་རིན་པོ་ཆེ༔ ཁོ་མོ་བདག་ནི་ཅི་འདྲར་བརྟེན་ནས་འདུག༔ མཚོ་རྒྱལ་བདག་ནི་རྗེས་ཕྱིར་འབྲང་བར་ཞུ༔ བུ་མོ་བདག་ལུས་གང་དུ་བསྐྱུར་བ་ཡིན༔ ཆགས་པའི་གནས་མེད་ང་ཕྱིར་ཁྲིད་པར་ཞུ༔ ཀྱེ་ཧུད་ཀྱེ་ཧུད་ཨུ་རྒྱན་རིན་པོ་ཆེ༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ༔ ཞེས་ཞུས༔ ཨུ་རྒྱན་གྱི་ཞལ་ནས༔ མྱ་ངན་མ་བྱེད་མཁར་བཟའ་མཚོ་རྒྱལ་ཉོན༔ གོང་ཐང་ལ་ཁ་པར་ཤོག་རྗེ་ཕྱིར་འདུག༔ མྱ་ངན་མ་བྱེད་སྙིང་རུས་ཆོས་གཅིག་མཛོད་ཅེས་གསུངས་ནས༔ གོང་ཐང་ལ་ཁར་དུ་བྱོན་ནས་རྗེ་འབངས་རྣམས་ཀྱིས་དེར་བསྐྱལ༔ མཚོ་རྒྱལ་གྱིས་མྱ་ངན་བྱེད་པ༔ ཀྱེ་མ་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེ༔ བུ་མོ་བདག་ནི་སུ་ལ་རེ་ནས་འདུག༔ རྒྱལ་ཁམས་སེམས་ཅན་རྣམས་ཀྱིས་ཅི་བྱེད་དམ༔ མིག་ཕོར་ནང་གི་མིག་ལྟར་དུ༔ མིག་ནི་མེད་ན་བུ་མོ་ཅི་ལ་བརྟེན༔ ཁོང་པའི་ནང་གི་སྙིང་ལྟ་བུ༔ སྙིང་འདི་མེད་ན་ལུས་འདི་ཅི་ལ་བརྟེན༔ ཁོ་མོ་རྟོག་པའི་ཁ་ཏ་སུ་ཡིས་བྱེད༔ མཚོ་རྒྱལ་ཤུལ་དུ་བསྐྱུར་བ་ཅང་སྲིད་དམ༔ ཤ་ཁྲག་འདི་ཡང་སུ་ལ་བརྟེན༔ ཀྱི་ཧུད་ཀྱི་ཧུད་བུ་མོ་སྙིང་རེ་རྗེ༔ ཡན་ལག་མེད་ན་ལུས་འདི་ཅི་ལ་འགྲོ༔ ཤིང་མོ་བྱ་ཡི་ལོ་ལ་ཁོ་མོ་སྐྱེས༔ མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལ༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ༔ ཁོ་མོ་བདག་ནི་འདི་འདྲ་ཅང་མིན་བསམ༔ སེང་གེ་མེད་ན་གཅན་གཟན་ཅི་ལ་བརྟེན༔ ཁྱུང་ཆེན་མེད་ན་ཁྱུང་ཕྲན་ཅི་ལ་བརྟེན༔ སྔགས་འཆང་མེད་ན་ཁོ་མོ་ཅི་ལ་བརྟེན༔ འདི་འདྲ་འཆི་བའི་རང་བཞིན་ཚོར་མྱོང་སྟེ༔ རྗེ་བཙུན་ཡལ་ནས་སོང་བ་ཅང་བདེན་ནམ༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ༔ འདི་འདྲ་རྨི་ལམ་ལྟ་བུ་ཡིན་སྲིད་པ༔ དེ་ཕྱིར་འདི་འདྲ་ཡོང་བ་ཅང་བདེན་ནམ༔ བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བྱས༔ བདག་ལ་ཕྲུ་གུ་ཕོ་མོ་གང་ཡང་མེད༔ མི་མིན་འདྲེ་ཡུལ་ས་འདིར་ཅི་ལ་བརྟེན༔ མཁར་ཆེན་གནས་ནས་འགྲོ་སྟེ་ཕ་མ་འཆི༔ ཁོ་མོ་བདག་ནི་སུ་ལ་རེ་ནི་འདུག༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ༔ མུན་ཁང་གསལ་སྒྲོན་རྗེ་བཙུན་གང་དུ་ཕེབ༔ རྒྱལ་ཁམས་ཐམས་ཅད་ཕ་མེད་དྭ་ཕྲུག་གང་༔ སྤྲིན་གྱི་གསེབ་ན་བྱུང་བའི་རྟ་མཆོག་འདི༔ བདག་གི་བླ་མ་གང་དུ་སྤྱན་དྲངས་སོ༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ༔ ལུས་ལ་གཅེས་པའི་སྙིང་འདི་གར་བོར་རམ༔ སྙིང་གི་དྭངས་མ་ཁྲག་འདི་གར་བོར་རམ༔ སྔགས་འཆང་པདྨ་གང་དུ་འགྲོ་བར་ངེས༔ མཁར་བཟའ་མཚོ་རྒྱལ་བསྐྱུར་བ་ཅང་བདེན་ནམ༔ མུ་ཁྲི་བཙན་པོ་འདྲ་བ་ཤུལ་དུ་བསྐྱུར༔ རྗེ་འབངས་ལས་ངན་འདི་རྣམས་སུ་ལ་རེ༔ འདི་འདྲ་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ༔ ཁོ་མོ་བདག་གི་འདི་འདྲ་ཅུང་མིན་བསམ༔ སེམས་ཀྱི་ལྟ་བ་རྟོགས་པ་སུ་ལ་བྱེད༔ ཁོ་མོ་བརྟེན་ས་སྐྱེས་པ་སུ་ལ་བྱེད༔ འདི་འདྲ་མི་ལུས་འདི་ཙམ་ཞབས་ཏོག་བྱེད༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་སྲིད་དམ༔ ནམ་མཁའི་དཀྱིལ་ན་ཉི་མ་སེར་པོ་འདི༔ འདི་རྡལ་ཙམ་གྱིས་འགྲོ་ལ་ཅི་ལ་གསལ༔ མཚོ་རྒྱལ་ཤུལ་དུ་བསྐྱུར་བ་ཅང་སྲིད་པ༔ ཀྱེ་མ་ཀྱེ་ཧུད་ཨུ་རྒྱན་རིན་པོ་ཆེ༔ ཅི་ལ་དྲན་ཀྱང་པད་འབྱུང་མེད་ཐབས་མེད༔ ཁོ་མོ་ཤུལ་དུ་བསྐྱུར་བ་ཅང་སྲིད་དམ༔ ལས་ངན་ཁོ་མོ་བདག་འདི་ཅི་ལ་བརྟེན༔ ལུས་འདི་བེམ་རིག་བྲལ་ནས་ཅི་ལ་བརྟེན༔ ཁོ་མོ་བསྐྱུར་བ་ཅང་བདེན་ནམ༔ ཞུས་ནས་ས་ལ་འགྱེལ་ལོ༔ རྗེ་འབངས་རྣམས་ས་ལ་འགྱེལ་ནས་མྱ་ངན་མང་པོ་བྱས་ནས༔ ཨུ་རྒྱན་ནམ་མཁའ་ནས་ཡལ་ནས་སོང་བ་དེ་ཕྱིར་ཡོང་ནས༔ སྒ་ཕྱི་རུ་འོག་ནས་ལག་པ་བཞག་ནས༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ང་ལ་ཉོན༔ ང་དང་འདྲ་བ་ཡོད་ན་ང་ཕྱིར་ཤོག༔ བྱ་བ་སྤངས་ན་ང་ཕྱིར་ཤོག༔ ཤ་ཁྲག་བེམ་པོ་མེད་ན་ང་ཕྱིར་ཤོག༔ བེམ་པོ་བྲལ་ན་འདུ་འབྲལ་མེད༔ མྱ་ངན་མ་བྱེད་མཁར་ཆུ་བཟའ༔ མ་འོངས་སེར་མོ་ཁྱོད་ཀྱི་བུ༔ ཞེས་གསུངས་ནས་ནམ་མཁར་ཡལ་ནས་སོང་༔ རྗེ་འབངས་རྣམས་དང་ཁོ་མོ་ལ་སོགས་སྔ་དྲོ་ཙམ་ནས་ཕྱི་དྲོ་ཙམ་བར་དབང་པོ་མ་ཡོང་པ༔ ཡར་ལང་ནས་རྗེ་འབངས་རྣམས་ཀྱིས་འབུ་ཏིར་བྱེད་པ༔ ཉི་མ་རྡལ་བ་ལྟར་དུ་ཡོང་ནས་ས་ཐམས་ཅད་འཇིག་པའི་སྣང་བ་ཡོང་ནས་ཡེ་ཤེས་མཚོ་རྒྱལ་བསམ་ནས༔ ད་ཡང་མྱ་ངན་བྱེད་ནི་དགོས་མི་སྣང་བ༔ ཨུ་རྒྱན་པདྨ་འདྲ་བ་ལྷོ་ནུབ་བྱོན༔ རང་ལུས་ཤ་ཁྲག་ནམ་འཆི་ཆ་མེད༔ རྗེ་འབངས་རྣམས་ཀྱི་རི་ཁྲོད་ཉུག་ནས་ཆོས་བྱེད་པར་འགྲོ༔ མྱ་ངན་མ་བྱེད་དམ༔ ཨུ་རྒྱན་དང་ལུས་འདི་རྗེས་ནས་འདུ་འབྲལ་མེད་བསམ་པ་ཡིན་གསུངས༔ མུ་ཁྲི་བཙད་པོས་མཚོ་རྒྱལ་ལ་འདི་ཞུས་སོ༔ ཀྱེ་མ་མ་གཅིག་མཚོ་རྒྱལ་རིན་པོ་ཆེ༔ རྒྱལ་ས་ལས་བཅུད་དཔོན་ས་སུ་ཡིས་འཛིན༔ ལྟ་བའི་ཁ་ཏ་སུ་ཡིས་བྱེད་པར་འདུག༔ གསོལ་བ་བཏབ་པའི་རེ་ས་སུ་ལ་བྱེད༔ ཨུ་རྒྱན་པདྨ་འདྲ་བ་ལྷོ་ནུབ་བྱོན༔ འདི་འདྲ་བོད་ཁམས་ཉི་མ་ལས་ལ་རྡལ༔ རྒྱལ་རྒྱུད་མཐའ་མ་རྣམས་འདི་ཅི་ལ་བྱེད༔ མཚོ་རྒྱལ་གྱི་ཞལ་ནས༔ ཀྱི་ཧུད་ལྷ་སྲས་མུ་ཁྲི་བཙད་པོ་གསོན༔ དཔོན་ས་བཅུད་བཟུང་པདྨར་གསོལ་བ་ཐོབ༔ བོད་ཡུལ་གླིང་དུ་མུན་འགོ་འདི་ལྟར་རུབ༔ རྗེ་འབངས་ཉེར་ལྔ་མིག་ནི་འདི་ལྟར་བུད༔ ཁོ་མོ་མཚོ་རྒྱལ་སེམས་ནི་འདི་འདྲ་བོར༔ ཉི་མ་ཟླ་བ་ནམ་མཁའ་འདི་ལྟར་ནུབ༔ ད་ཡང་མྱ་ངན་བྱེད་དགོས་མེད༔ རི་ཁྲོད་གནས་སུ་དམ་པའི་ལྷ་ཆོས་མཛོད༔ རྗེ་བཙུན་དྲན་ཏེ་ཐུགས་རྗེ་ཨེ་མི་བཟུང་ཞེས་གསུངས༔
སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཞུས་པ༔ ཀྱེ་ཧུད་མ་ཅིག་མཁའ་འགྲོ་མཚོ་རྒྱལ་དགོངས༔ རྒྱལ་ཁམས་ཕ་མེད་དྭ་ཕྲུག་འདི་འདྲ་བུད༔ དྭ་ཕྲུག་རྣམས་ཀྱིས་ཅི་འདྲ་བྱེད་ཤིན་འདུག༔ བོད་ཡུལ་འདི་ཡང་འདི་ལྟར་སྟོང་པ་ཉན༔ བསྐལ་པ་འདི་འདྲ་འཇིག་པའི་དུས་ཡོད་དམ༔ བོད་འབངས་ལས་ཅན་འདི་རྣམས་སུ་ལ་སྐྱབས༔ འདི་འདྲ་སྡུག་བསྔལ་དགག་མེད་ག་ལ་མྱོང་༔ མ་ཅིག་ཡེ་ཤེས་མཚོ་རྒྱལ་ཅི་བྱེད་དམ༔ རྗེ་འབངས་འདི་རྣམས་མཚོ་རྒྱལ་ཆགས་ཕྱིས་མཛད༔ རི་ཁྲོད་གནས་སུ་འདུག་གམ་གང་དུ་འདུག༔ མ་རིག་སྨག་རྣམས་འདི་ལྟར་འཐིབས་པར་སྣང་༔ རྗེ་འབངས་འདི་འདྲ་བྱེད་ནི་འདུག༔ སྐུ་མདོག་དུང་ལྡན་རྫུས་སྐྱེས་པདྨ་འདི༔ ལན་གཅིག་བལྟས་ན་བསྐལ་པ་མཐའ་མ་སྐྱིད༔ འདི་འདྲ་དུས་སུ་སངས་རྒྱས་གང་དུ་ཡོད༔ མཚོ་རྒྱལ་རྗེ་འབངས་འདི་རྣམས་ཤུལ་དུ་བསྐྱུར༔ བོད་ཁམས་ཡོང་ལ་མུན་འགོ་རབ་རིབ་ཡང་༔ ཀྱེ་ཧུད་ཀྱི་ཧུད་མ་ཅིག་མཚོ་རྒྱལ་ཁྱེད༔ རྗེ་འབངས་འདི་རྣམས་གང་འདྲ་ཅི་ལ་བརྟེན༔ མ་ཅིག་མཚོ་རྒྱལ་ཁྱེད་ཀྱིས་ཐུགས་རྗེས་ཟུངས༔ ཞེས་ཞུས་མིག་སྤྱན་ཆབ་མང་པོ་ཡོང་ནས་ཐམས་ཅད་ཀྱིས་མྱ་ངན་བྱེད་པ༔ གོང་ཐང་ནས་ཕྱིར་ཡོང་པ༔ ཡེ་ཤེས་མཚོ་རྒྱལ་ཞལ་ནས༔ ཀྱེ་མ་གསོན་ཅིག་སྣ་ནམ་བདུད་འཇོམས་ཞེས༔ ད་ཡང་སྙིང་རུས་མཛད་པར་གྱིས༔ ཁོ་མོ་བུད་མེད་ལུས་བླངས་སེམས་ཁོག་འཐོར༔ རྗེ་འབངས་ལྟ་བའི་མིག་ནི་བུད་ནས་འདུག༔ ཁོ་མོ་སྙིང་གི་དྭངས་མ་བུད་ནས་འདུག༔ བསྒྲུབ་ཕུག་གནས་སུ་ཆོས་མཛད་པ༔ ད་ཡང་མྱ་ངན་མ་བྱེད་ཅིག༔ མྱ་ངན་བྱེད་པའི་ངག་མི་སླེབས༔ དེ་ཕྱིར་སྙིང་རུས་མཛོད་ཅིག་རྗེ་འབངས་རྣམས༔ སློབ་དཔོན་པདྨ་འདྲ་བ་ལྷོ་ནུབ་ཡལ༔ མྱ་ངན་མ་བྱེད་རྗེ་འབངས་རྣམས༔ རི་ཁྲོད་གནས་སུ་ཆོས་སྒྲུབས་ཤིག་ཅེས་གསུངས་ནས་ཁོ་མོ་ཞེས་དང་སེམས་ཡལ་ནི་འགྲོ་བ༔ ངག་གི་རྗེ་འབངས་རྣམས་ལ་སྙིང་རུས་བཏབ་པ་དང་སེམས་གསོ་བྱེད་པ་ཡིན༔ ཀྱེ་མ་དལ་འབྱོར་ལུས་འདི་ཐོབ་པའི་དོན་ཆུང་སྟེ༔ ནམ་འཆི་ཆ་མེད་རང་དབང་མེད་པའི་དུས༔ རང་དབང་མེད་པའི་རྫུས་སྐྱེས་ལྷོ་ནུབ་བྱོན༔ རྗེ་འབངས་སྙིང་རུས་མཛོད་ཅིག་ཆོས་སྤྱོད་ཅིག༔ མྱ་ངན་བྱེད་པའི་ངག་མི་སླེབས༔ རི་ཁྲོད་གནས་སུ་ཆོས་གཅིག་སྒྲུབས༔ ལྷོ་ནུབ་དྲུང་དུ་མཆོད་རྟེན་རབ་བཀོད་པ༔ སློབ་དཔོན་སྤྱན་སྔར་སྐྱེ་བ་ཐེ་ཚོམ་མེད༔ མྱ་ངན་མ་བྱེད་རྗེ་འབངས་རྣམས༔ ཆོས་གཅིག་མཛད་ཙམ་བདེ་བའི་རྒྱུ༔ པདྨ་གསོལ་བ་བཏབ་ན་སྤྱན་སྔར་འཁོད༔ ཉིན་དྲན་པདྨ་འབྱུང་གནས་དྲན༔ དེ་ཕྱིར་ཆོས་ལ་དད་གུས་པ༔ མྱ་ངན་མ་བྱེད་རྗེ་འབངས་རྣམས༔ རྫུས་སྐྱེས་དྲན་ནམ་གང་ལ་མེད༔ མ་འོངས་སེར་མོ་ཐམས་ཅད་བདག་གི་བུ༔ ཡིད་དྲན་པའི་ཁོ་མོ་ལ་གསོལ་བ་ཨེ་བཏབ་བམ༔ དྲིན་ཆེ་བ་བསམ་མི་ཨེ་འདུག་གམ༔ སྔགས་འཆང་པདྨ་འདྲ་བ་ལྷོ་ནུབ་བྱོན༔ ཡེ་ཤེས་མཚོ་རྒྱལ་འདྲ་བ་ཤུལ་དུ་བསྐྱུར༔ དྲིན་ཅན་བླ་མས་ཐུགས་རྗེས་ཟུངས༔ ཁོ་མོ་ལས་ངན་འདི་འདྲ་ཅང་སྲིད་དམ༔ རྗེ་འབངས་ཉི་ཤུ་རྩ་ལྔའི་རི་ཁྲོད་འགྲིམ༔ རང་རིག་མི་རྟག་ལུས་འདི་བྲལ་ལ་ཁད༔ མཚོ་སྐྱེས་རྡོ་རྗེ་འདྲ་བ་ལྷོ་ནུབ་བྱོན༔ མྱ་ངན་མ་བྱེད་རྗེ་འབངས་ཆོས་ལྟར་བགྱིས༔ ཞེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གཉིས་གཅིག་ནངས་པར་ཨུ་རྒྱན་སྲིན་ཡུལ་དུ་ཆོས་གསུངས་པ་རིག་ནས་མནྡ་ར་བ་ལ་ཉན་པར་འདུག༔ དེ་ནས་གསོལ་བ་འདི་ལྟར་བཏབ༔ ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་སྲིན་ཡུལ་ཕོ་བྲང་ནས༔ ཨུ་རྒྱན་པདྨ་སྐུ་གསུམ་བྱིན་རླབས་ཅན༔ ཁོ་མོ་བདག་གི་ལུས་འདི་བྲལ་ལ་ཁད༔ དྲི་མེད་པདྨའི་སྐུ་དང་དབྱེར་མེད་ཤོག༔ ཁོ་མོ་རང་དོན་ཆོས་སྐུ་འགྲུབ་པར་ཤོག༔ གཞན་དོན་གཟུགས་སྐུ་འབྱུང་བར་བྱིན་གྱིས་རློབས༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ བདག་ནི་མི་རྟག་འཆི་བའི་དུས་བྱུང་ཚེ༔ སྔགས་འཆང་ཁྱོད་ལ་གསོལ་བ་བཏབ་པའི་མཐུས༔ གདོད་མ་ཟག་བཅས་ཤ་ཁྲག་ཕུང་པོ་འདི༔ ཤུལ་དུ་བསྐྱུར་བ་འདི་ལུས་མ་ཐོབ་སྟེ༔ ལུས་འདི་བྲལ་ནས་འོད་ལུས་ཐོབ་པར་ཤོག༔ ཟངས་མདོག་དཔལ་རི་འབར་བའི་རྩེ་མོ་ན༔ སྒོ་བཞི་གདུགས་བསྐོར་རིན་ཆེན་གཞལ་ཡས་ཁང་༔ ཕྱི་གསལ་ནང་གསལ་འཇའ་འོད་འབར་བའི་ཀློང་༔ རྫུས་སྐྱེས་པདྨའི་སྲིན་ཡུལ་ཆོས་གསུངས་ཏེ༔ རྗེ་འབངས་བེམ་རིག་བྲལ་བ་དེ་ཡོད་དམ༔ ཁོ་མོ་ལུས་འདི་ད་ཡང་བྲལ་ལ་དགའ༔ མནྡ་ར་བ་སྲིན་ཡུལ་གླིང་དུ་འདུག༔ མཚོ་རྒྱལ་ང་འདྲ་བོད་ཁམས་འདིར་ལྷུང་ནས༔ སྲིན་པོ་དགེ་མེད་སྡིག་ལ་དད་པའི་ས༔ ཁོ་མོ་འཇའ་ལུས་མེད་པའི་ཤུལ་དུ་བསྐྱུར༔ འཆི་བའི་ནངས་པར་བེམ་རིག་བྲལ་ན་དགའ༔ ཁོ་མོ་འདྲ་བ་མཐའ་འཁོབ་འདས་ཡུལ་ན༔ རྟེན་པའི་ལྟ་བ་རྟོགས་པ་སུ་ལ་བྱེད༔ རྫུས་སྐྱེས་པདྨའི་རྗེས་ཕྱིར་བསྐྱུར་བ་འདུག༔ བེམ་རིག་བྲལ་ལ་ཁོ་མོ་དགའ་བསམ་ཡོད༔ བུ་མོ་ཡེ་ཤེས་མཚོ་རྒྱལ་ང་འདྲ་ན༔ ཐབས་ཤེས་དབྱེར་མེད་མི་འགྱུར་ཆོས་ཀྱི་སྐུ༔ ལུས་འདི་བྲལ་ནས་ཐུགས་རྗེས་ཨེ་བཟུང་ངམ༔ ཁོ་མོ་མཚོ་རྒྱལ་མི་མིན་འདྲེ་ཡུལ་འདིར༔ འདུག་པའི་སྙིང་རྗེ་འཆང་བ་ཨེ་ཡོད་དམ༔ ད་ཡང་ལུས་འདི་བྲལ་ནས་ཤིན་ཏུ་དགའ༔ བེམ་རིག་དཔལ་རི་གནས་སུ་མ་ཐོན་ན༔ རྫུས་སྐྱེས་ཞབས་ཏོག་བྱེད་པ་ཅི་སྲིད་དམ༔ སྲིན་ཡུལ་གླིང་དུ་དོན་མཛད་པ༔ དྲི་མེད་སྔགས་འཆང་སྐུ་དང་དབྱེར་མེད་ཤོག༔ བདག་ནི་མི་རྟག་འཆི་བའི་དུས་འབྱུང་ཚེ༔ བཀའ་བརྒྱུད་སྔགས་འཆང་གསོལ་བ་བཏབ་པ་ཡི༔ ཟག་མེད་འོད་དཔུང་ངང་དུ་ཐོབ་པར་ཤོག་ཅེས་གསུངས༔ མ་འོངས་བོད་ཀྱི་རྗེ་འབངས་གཏེར་སྟོན་རྣམས༔ མཚོ་རྒྱལ་ང་ཡི་ཞལ་ཏ་དེ་ལྟར་བྱེད༔ གཏེར་ཤོག་འདི་རྣམས་ཁོ་མོ་བདག་གིས་ཕེབ༔ ཨུ་རྒྱན་པདྨའི་ཐུགས་བཅུད་ཟབ་མོ་གནད༔ མཁའ་འགྲོ་ང་ཡི་སྙིང་གི་དྭངས་མའི་ཁྲག༔ མ་འོངས་གཏེར་སྟོན་རྣམས་ལ་གཏད་པ་འདི༔ མི་ལ་སྟེར་ན་བཀའ་བཅག་དམ་ཉམས་པའི༔ ཞིམ་པོ་མི་ལ་བྱིན་ན་སྐྱུགས་ཏེ་འོང་༔ སྙིང་གཏམ་མི་ལ་བྱེད་ན་ཐུགས་ཁྲེལ་གནང་༔ སྙིང་ཚིག་མི་ལ་སྤེལ་ན་ཀུ་སྒྲ་བྱེད༔ ལྟོ་གོས་མི་ལ་བྱིན་ན་གཙང་རྩོག་བྱེད༔ མི་ལ་སྙིང་གཏམ་མ་བྱེད་མཁའ་འགྲོའི་གཏམ༔ རློམ་པ་འཕྱོར་ཤེས་ཅན་གྱིས་ཚིག་ཞུས་པ༔ སྙིང་གི་གཏམ་པ་མ་བྱེད་མཁའ་འགྲོའི་གཏམ༔ དམ་ཆོས་མི་ལ་བསྟན་ནས་ཧབ་ཤ་བྱེད༔ གཏེར་སྟོན་མངོན་ལྐོག་ཡིན་མིན་ཤབ་ཤུབ་འབྱུང་༔ གཏམ་ཚུལ་གཅིག་གམ་མ་བྱེད་མཁའ་འགྲོའི་གཏམ༔ གདམས་ངག་ཟས་སུ་མ་འཇུག་མཁའ་འགྲོའི་གཏམ༔ མན་ངག་མི་ལ་སྤེལ་ན་མཁས་དུག་བྱེད༔ མཁས་པའི་མན་ངག་ཡིད་བཞིན་ནོར་བུ་འདི༔ མི་ལ་སྤེལ་ན་མཁས་རུལ་དུག་ལྟར་བྱེད༔ ཨུ་རྒྱན་པདྨའི་ཐུགས་ཀྱི་མན་ངག་གནད༔ ཐབས་མཁས་ཆེ་བ་ཡིད་བཞིན་ནོར་བུ་ཡིན༔ ཐབས་མི་མཁས་པ་ཙམ་གྱིས་དུག་སྦྲུལ་འཆིང་༔ ཡུན་རིང་དུས་གཅིག་སྒྲུབ་པ་རིང་བར་རྒྱོབ༔ ཀུ་སྒྲ་ཏིར་ཏིར་མངོན་ལྐོག་ཤབ་ཤུབ་འབྱུང་༔ སྐབས་སྐབས་སྔགས་འཆང་པདྨར་གསོལ་བ་ཐོབ༔ གཏེར་སྟོན་ལྟ་བ་ཁ་ལ་མ་འཛོམ་གྱི༔ ཡུན་གནས་དུས་གཅིག་སྐྱེ་བ་ཅང་མི་སྲིད༔ རློམ་པ་འཕྱོར་ཤེས་རིག་བཅོལ་མ་བྱེད་ཅིག༔ ལྟ་སྤྱོད་མ་གཡེང་སྙིང་གཏམ་མ་བྱེད་ཅིག༔ སྙིང་གཏམ་བྱེད་ཙམ་མཁའ་འགྲོས་བཀའ་བཀྱོན་འོང་༔ འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་པ་མཛོད༔ ཆོས་པ་རབ་འབྲིང་ལྷ་འདྲེ་རབ་གསུམ་ཚད༔ དཀར་པོ་ལྷ་ཟབ་པ་ལ་ནག་པོ་བདུད་ཀྱང་ཟབ༔ འགལ་རྐྱེན་བཅད་པའི་གནས་ཀྱི་སྒྲུབ་པ་མཛོད༔ སྒྲུབ་རྟགས་མ་ཐོན་བར་དུ་སྒྲུབ་པ་མཛོད༔ གཞན་འཕྱོར་ཤེས་བཞིན་རིག་བཅོལ་མ་བྱེད་ཅིག༔ རི་རབ་ལྟ་བུ་བློ་ལྡན་སྒོམ་པ་འདི༔ ཡང་བའི་ཤིང་བལ་ལྟ་བུ་མ་བྱེད་ཅིག༔ སྣང་སྲིད་ཆོས་སྐུ་རྟོགས་པའི་སངས་རྒྱས་འདི༔ ལྟ་བ་ཁ་འཛོམ་དམིགས་འཐུབ་མ་བྱེད་ཅིག༔ མན་ངག་སྙིང་གི་དྭངས་མའི་ཁྲག་འདྲ་འདི༔ ས་ལ་གཏོར་ཏེ་མན་ངག་ཐང་དུ་འཕོངས༔ བྱིས་པའི་རྩེ་མོ་ལྟ་བུ་མ་བྱེད་ཅིག༔ གཏེར་ཤོག་འདི་འདྲའི་ཡིད་བཞིན་ནོར་བུ་མེད༔ བཀའ་རྒྱ་མ་གྲོལ་བར་དུ་ཐབས་བསྟན་ནས༔ དུག་སྦྲུལ་བཅིངས་ཏེ་ཐར་པའི་གནས་སུ་འགྲོ༔ འགྲོ་བའི་དོན་མཛད་མེད་པའི་སྐྱེ་བ་འཕོས༔ སྙིང་ཟས་མི་ལ་མི་སྟེར་དགྲ་རུ་ལང་༔ སྙིང་གཏམ་མི་ལ་མ་བྱེད་བདུད་དུ་ལང་༔ མན་ངག་མི་ལ་མ་སྟེར་དུག་ཏུ་ཡོང་༔ མི་ལ་འཁྲོ་བ་མ་བྱེད་དམ་ཚིག་ཉམས༔ འཛུམ་པ་མ་བྱེད་འཁོར་གཡོག་དཔོན་དུ་ལང་༔ སུ་འགྲོགས་ཡོན་ཏན་མི་འབྱུང་གཅིག་པུར་འདུག༔ ལྟོ་གོས་གཡོག་བྱེད་ཕུང་པ་ཞིག་མ་བཞག༔ བུ་རྣམས་རྣམ་རྟོག་མ་ཤོར་སྐྱོན་དུ་འགྱུར༔ རློམ་པ་འཕྱོར་ཤེས་བཞིན་པའི་ཚུལ་མ་རྟེན༔ ཟོལ་ཟོག་གཡོ་སྒྱུ་མཁན་ལ་ཆོས་མ་སྤེལ༔ རང་སེམས་ཆོས་སྐུ་ཡིད་བཞིན་ནོར་བུ་འདི༔ ཟོལ་ཟོག་གཡོ་སྒྱུ་མཁན་ལ་སྤེལ་ཙམ་ན༔ སྣོད་དང་མི་ལྡན་ཀི་ཏིར་ཧབ་ཤ་བྱེད༔ གཏེར་སྟོན་རྣམས་ཀྱིས་མཐོ་ངོ་དམའ་ཞེད་བྱེད༔ མཐོ་བདམ་དམའ་བསྐྱུར་མ་བྱེད་སྙིང་གཏམ་ཡིན༔ སྣང་བ་མིག་གིས་གཟུགས་ལ་བཟང་ངན་བྱེད༔ བཟང་ངན་མ་བྱེད་མཁའ་འགྲོའི་སྙིང་གཏམ་ཡིན༔ མཐོ་བདམ་བྱེད་པའི་ཐབས་ལ་མཁས་པ་མེད༔ ཐབས་ལ་མ་མཁས་ཚངས་པ་རྩལ་དུ་མེད༔ སྐབས་སྐབས་ཁོ་མོ་བདག་དང་འདུ་འབྲལ་མེད༔ ནམ་ཞིག་བསྒྲུབ་པ་བྱས་ན་མཁོ་བ་ཡོད༔ རྫུས་སྐྱེས་པདྨ་འདྲ་བ་ལྷོ་ནུབ་བྱོན༔ མཁར་བཟའ་མཚོ་རྒྱལ་འདྲ་བ་ཤུལ་དུ་བསྐྱུར༔ མ་འོངས་གཏེར་སྟོན་རྣམས་ཀྱིས་ཐུགས་ལ་ཞོག༔ སྔགས་འཆང་པདྨ་བོད་ལ་ཐུགས་རྗེ་ཆེ༔ མཁར་བཟའ་མཚོ་རྒྱལ་བོད་ལ་དྲིན་ཆེའོ༔ ལས་འཕྲོ་དོན་དུ་རི་བྲག་ལུང་པ་རྣམས༔ ཨུ་རྒྱན་ཉིད་ཀྱིས་བསྒྲུབས་ཕྱིར་བྱིན་རླབས་ཡིན༔ མ་འོངས་བུ་ཆེན་རྣམས་ཀྱིས་ཐུགས་ལ་ཞོག༔ ཀྱེ་མ་མ་འོངས་བླ་མ་རྣམས་ཀྱི་སྙན་ཕྱིར་དུ༔ སྣང་སྲིད་ཆོས་སྐུ་རྟོགས་པའི་བླ་མ་འདི༔ འགྲོ་དོན་བྱེད་པའི་ཐབས་མཁས་དངོས་གྲུབ་སྩོལ༔ མ་འོངས་དུས་ན་ཟོལ་ཟོག་གཡོ་སྒྱུ་མཁན༔ རྒྱལ་བའི་བཀའ་ལུང་མེད་པའི་དབང་བསྐུར་བྱེད༔ དེ་ལྟ་མ་བྱེད་རང་རིག་ཆོས་སྐུ་འཚོས༔ སྐྱེ་མེད་རྣམ་དག་ཆོས་སྐུའི་རང་བཞིན་ལ༔ འགགས་པ་མེད་པ་གཟུགས་སྐུ་རྣམ་གཉིས་འབྱུང་༔ འགགས་པ་མེད་པ་རང་རིག་དྲི་མེད་འཚོས༔ ཡི་དྭགས་ལྟ་བུ་སེར་སྣ་མ་བྱེད་ཅིག༔ སྟག་གཟིག་ལྟ་བུ་ང་རྒྱལ་མ་བཟུང་ཞིག༔ དུག་སྦྲུལ་ལྟ་བུ་ཁོང་ཁྲོ་མ་བྱེད་ཅིག༔ འཆལ་བའི་དབང་དུ་མ་བཏང་ཆོས་སྐུ་འཚོས༔ སྣང་སྲིད་ཆོས་སྐུ་རྟོགས་པའི་བླ་མ་ནི༔ ཀུན་གཞི་ཡངས་པའི་ཕྱོགས་ལྷུང་མཐའ་དང་བྲལ༔ མཐའ་ལྡོམ་བྱེད་ཀྱང་ཅང་སྲིད་དམ༔ རང་དོན་མ་འགྲུབ་གཞན་དོན་གང་ལ་ཡོང་༔ རང་རིག་སྣང་ཐག་རང་གིས་མ་ཆོད་ན༔ སྣང་བའི་ཡུལ་གྱི་སེམས་ཅན་མགོ་མ་བསྐོར༔ གཞན་དོན་ཤོར་ལ་རང་དོན་ལྟ་བ་གྱིས༔ རྒྱལ་པོ་མཆོད་གནས་བསྙེན་བཀུར་བྱེད་པ་ན༔ རང་དོན་བཞུགས་སུ་བརྡལ་ནི་འགྲོ་བ་ཡོད༔ ཡོན་བདག་ཐབས་ཀྱིས་ངོ་སྲུང་བྱེད་པ་ན༔ རང་དོན་བོར་ཙམ་ལམ་དུ་འཁྲུལ་པ་འདུག༔ ཕྱོགས་མེད་གདུལ་བྱ་ལྟ་བུ་ཉུག་ཙམ་ན༔ སྣང་བ་འཁྱམས་པའི་རང་དོན་བོར་ལ་ཁད༔ ཟང་ཟིང་འདི་རྣམས་དུས་རྣམས་བལྟས་པ་ན༔ རང་དོན་བཞུགས་སུ་བོར་བའི་གནས་ཡོད་དོ༔ རང་རིག་འཚོ་བའི་སེམས་ཉིད་ཏིང་གཅིག་སྒོམས༔ རང་རིག་སྟོང་གསལ་ཆོས་སྐུ་རྟོགས་ཙམ་ན༔ འགྲོ་བ་སེམས་ཅན་རྣམས་ཀྱི་དོན་བྱེད་དོ༔ མ་རྟོགས་བདག་གཞན་འཁྲུལ་པ་མ་བྱེད་ཅིག༔ འགྲོ་བའི་དོན་དུ་གྲ་ལན་རྟེན་ཤེས་གྱིས༔ རང་གི་ཆོས་སྐུ་མན་ངག་གནད་ཤེས་གྱིས༔ དུག་ལྔའི་དབང་དུ་མ་གཏོང་ཁྲིད་ཤེས་གྱིས༔ མ་འོངས་བླ་མ་རྣམས་ཀྱིས་དེ་ལྟར་མཛོད༔ སྔགས་འཆང་པདྨ་གཅིག་པུར་ལྷོ་ནུབ་བྱོན༔ ཁོ་མོ་མཚོ་རྒྱལ་བོད་འབངས་རྗེས་ཕྱིར་བསྐྱུར༔ དཔེར་ན་རང་རིག་དོན་རྣམས་དེ་དང་འདྲ༔ མ་འོངས་བླ་མ་རྣམས་ཀྱིས་ཐུགས་ལ་ཞོག༔ མཚོ་རྒྱལ་བདག་ལ་ཐུགས་ཁྲེལ་མ་གནང་ཞིག༔ ཀྱེ་མ་མ་འོངས་བོད་ཀྱི་སྒོམ་ཆེན་རྣམས༔ བརྟན་པ་ཐོབ་ཅིང་འོད་གསལ་གཡོ་འགུལ་མེད༔ སྒོམ་པ་བྱེད་ཟེར་སེང་གེ་ལྕགས་མི་བརྡོད༔ གླང་ཆེན་སྨྱོན་པ་ལྟ་བུ་ས་མི་ཉུག༔ སྔོན་བསུ་རྗེ་ཕྱིར་མ་བྱེད་སྒོམ་པ་རྣམས༔ སྟོང་གསལ་ཡིན་བསམ་བདེ་གསལ་གོལ་མ་བཅུག༔ སྣང་བའི་ཡུལ་དུ་འགྲོ་བའི་སྣང་ཐག་བཅད༔ ཉེར་བར་གནས་སུ་འདུག་པའི་རིག་ཐག་བཅད༔ རིག་པ་དྲི་མེད་ཤེལ་ལྟར་སྒོམས་པར་གྱིས༔ ནམ་མཁའ་ལྟ་བུ་རྒྱ་མ་ཆད་པའི་ཀློང་༔ ས་གཞི་ལྟ་བུ་དྲན་པའི་རྒྱ་བསྐྱེད་པ༔ ཉི་ཟླ་ལྟ་བུ་རིག་པའི་རང་མདངས་གསལ༔ སྒོམ་པ་བྱེད་ཟེར་ང་རྒྱལ་མ་བྱེད་ཅིག༔ སྒོམ་ཆེན་ལྟ་བུ་ཆོས་ཀྱི་དབྱིངས་ཉིད་དུ༔ མ་འགགས་རིག་པ་དྲི་མེད་ངང་ལ་ལྟོས༔ ཕྱོགས་རིས་གྱོད་རྣམས་དུས་འཁྲུག་མ་བཟུང་ཞིག༔ སེམས་བསྐྱེད་མེད་པའི་གཉིས་འཛིན་མ་བཟུང་ཞིག༔ རང་རིག་ཆོས་ཀྱི་སྐུ་ལ་འགྱུར་བ་མེད༔ སྒོམ་པའི་ལྟ་བ་ཁ་ལ་མ་འཛོམ་གྱིས༔ ཡོན་བདག་ངོ་བསྲུང་ཟས་ལ་མ་ཆགས་ཤིག༔ སྔགས་འཆང་པདྨ་ཡེ་ཤེས་མཚོ་རྒྱལ་གཉིས༔ རི་ཁྲོད་གནས་སུ་མང་པོ་འདུག་ཙམ་ན༔ རྫུས་སྐྱེས་པདྨ་ལྷོ་ནུབ་གཅིག་པུར་བྱོན༔ ཁོ་མོ་མཚོ་རྒྱལ་གཅིག་པུར་ཤུལ་དུ་བསྐྱུར༔ སྒོམ་ཆེན་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག༔ ཁོ་མོ་བདག་ལ་ཐུགས་ཁྲེལ་མ་གནང་ཞིག༔ ཀྱེ་མ་བོད་ཀྱི་བན་དེ་རྣམས༔ ཁོ་མོ་བོད་འབངས་བུ་ལྟར་སྐྱོངས༔ སློབ་དཔོན་རྒྱང་ནས་བརྟགས་ཙམ་དྲུང་ནས་བརྟགས༔ སློབ་དཔོན་སློབ་མ་མ་བརྟག་དམ་ཚིག་ཉམས༔ དགོན་སྡེ་ནང་དུ་དམ་པའི་ལྷ་ཆོས་མཛོད༔ ཚོང་ཁེ་ཟང་ཟིང་བརྟེན་པ་མ་བྱེད་ཅིག༔ གོ་ཁང་མནའ་སྲིང་བུ་རྫི་མ་བྱེད་ཅིག༔ དམག་འགོ་ཇག་སྙིང་ང་རྒྱལ་མ་བྱེད་ཅིག༔ ཁྱིམ་ཐབ་མནའ་སྲིང་ཟས་ལ་མ་ཆགས་ཤིག༔ མི་ཁོམ་རང་བཞིན་གནས་བརྒྱད་ལྷོད་ཀྱིས་སྐྱུར༔ དགོན་སྡེ་ནང་དུ་དམ་ཆོས་མཛོད༔ བུ་རིག་འཛིན་རྣམས་ཀྱིས་ལྷ་ཆོས་མཛོད༔ མནའ་སྲིང་གོ་གཡོག་བུ་རྫི་བྱེད་པ་འཁྲུལ༔ སྐྱེ་རྒས་ན་འཆི་བདག་ཉིད་གཅིག་པུར་འཆི༔ རྫུས་སྐྱེས་པདྨ་འདྲ་བ་ལྷོ་ནུབ་བྱོན༔ མཁར་བཟའ་མཚོ་རྒྱལ་འདྲ་བ་ཤུལ་དུ་བསྐྱུར༔ བོད་འབངས་བན་དེ་རྣམས་ཀྱིས་ཐུགས་ལ་ཞོག༔ ཁོ་མོ་བདག་ལ་ཐུགས་ཁྲེལ་མ་བཏང་ཞིག༔ ཀྱེ་མ་མ་འོངས་བོད་ཀྱི་སྔགས་འཆང་བསྟན་སྐྱོང་རྣམས༔ སྔགས་གསུམ་མི་ཤེས་ལྷ་འདྲེ་མགོ་མ་བསྐོར༔ རྫུས་སྐྱེས་སྔགས་འཆང་པདྨ་ཐུགས་རྗེས་གནོངས༔ ལུས་ནི་ལྷ་རུ་ཤེས་པའི་གོས་སུ་བསྐྱེད༔ ངག་ནི་སྔགས་སུ་སྒྲོག་པའི་ཏིང་འཛིན་བསྐྱེད༔ སེམས་ཉིད་ཏིང་འཛིན་སྔགས་གསུམ་གོས་སུ་བསྐྱེད༔ སྤྱི་བོར་ཡེ་ཤེས་སེམས་དཔའ་དབུ་ལ་བརྒྱན༔ བདག་ལུས་དམ་ཚིག་སེམས་དཔའ་ལུས་ལ་བཀོད༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་དྲན་བསྐྱེད་གྱིས༔ སྐྱེ་མེད་ཕན་པའི་ཐར་ལམ་བྱེད་པར་གྱིས༔ རང་ཉིད་སྔགས་སུ་ཆོས་སྐུ་མ་བསྐྱེད་ན༔ རྩང་ཆུ་ཕྱོགས་ལ་འགྲོ་བའི་ཕན་མི་མཆིས༔ སེམས་ཀྱི་ཟང་ཟིང་བསམ་པའི་རི་མ་སྐོར༔ ངག་གིས་གསུངས་པ་ཆུ་དང་ཆུ་རྡོ་བྱེད༔ དེ་འདྲ་མ་བྱེད་མ་འོངས་སྔགས་པ་རྣམས༔ རྒྱུད་ལྡན་སྔགས་དང་ལྡན་པའི་ཕན་ཐབས་གྱིས༔ སྣང་ཡུལ་ཟ་བློ་འཐུང་བློ་མ་བྱེད་ཅིག༔ སྔགས་འཆང་རྟེན་བྱེད་རྫས་རྣམས་ཚངས་བར་བྱེད༔ ཚངས་བར་མ་བྱེད་སྔགས་འཆང་ཚེ་ལ་ཡོང་༔ རྟེན་བྱེད་རྫས་རྣམས་དགོས་མེད་སྔགས་བཅས་ནས༔ བདུད་རྩི་འགྲོ་མེད་དུག་ཏུ་ལང་བ་སྲིད༔ རྟེན་རྫས་དུས་རྣམས་འགྲོ་བ་སྲིད་པ་ཡི༔ ཕན་ཐབས་བྱེད་པའི་སེམས་བསྐྱེད་དུག་མ་ལྡན༔ གཏེར་མ་ཤེས་པའི་གནས་ཀྱི་སྒོས་བསྐྱེད་གྱིས༔ རྒྱལ་བ་བཀའ་ཡི་ཆགས་མཛད་མ་བཅས་ན༔ ཕན་པའི་ཐབས་མེད་གནོད་པ་འགྲོ་བ་སྲིད༔ རྒྱལ་བའི་བཀའ་ཡི་ཆགས་བཅས་ཐོས་པ་ན༔ ཕན་པའི་ཐབས་ནི་མི་འགྱུར་རོ༔ རྫུས་སྐྱེས་པདྨ་འདྲ་བ་ལྷོ་ནུབ་བྱོན༔ ཁོ་མོ་མཚོ་རྒྱལ་འདྲ་བ་རྗེས་ཕྱིར་བཞག༔ མ་འོངས་སྔགས་འཆང་རྣམས་ཀྱིས་ཐུགས་ལ་ཞོག༔ ཁོ་མོ་བདག་ལ་ཐུགས་ཁྲེལ་མ་གནང་ཞིག༔ ཀྱེ་མ་མ་འོངས་དུས་ཀྱི་ལྷ་བཟོ་རྣམས༔ རྒྱུད་ལྡན་སངས་རྒྱས་ལྷ་དང་ལྡན་པར་གྱིས༔ གཡོ་སྒྱུ་ཟོལ་ཟོག་མཁན་དུ་མ་བྱེད་ཅིག༔ གླ་དད་མ་ཆེ་རྒྱལ་བའི་སྐུ་བཟོ་གྱིས༔ རིན་པོ་ཆེའི་ནང་དུ་དུག་མ་བསྲེ༔ འབྲུ་བཅུད་རྐྱེན་སྦྱོར་ལྷ་རྣམས་ཤེས་པར་གྱིས༔ འགྲོ་བའི་སངས་རྒྱས་སྐུ་གཅིག་ལྟ་བུ་བཞེངས༔ སྟོང་གསལ་ནང་དུ་བྲི་བའི་དོན་བྱ་བ༔ རིག་པ་དྲི་མེད་ལྟ་བུ་ལྷ་གཅིག་བཟོ༔ རྫུས་སྐྱེས་གཅིག་པུ་སྲིན་པོའི་གླིང་དུ་བྱོན༔ མཁར་བཟའ་མཚོ་རྒྱལ་ང་འདྲ་ཤུལ་དུ་བསྐྱུར༔ མ་འོངས་ལྷ་བཟོ་རྣམས་ཀྱིས་ཐུགས་ལ་ཞོག༔ ཁོ་མོ་བདག་ལ་ཐུགས་ཁྲེལ་མ་གནང་ཞིག༔ ཀྱེ་མ་མ་འོངས་བོད་ཀྱི་སྨན་པ་རྣམས༔ ཚད་མེད་བཞི་དང་ལྡན་པའི་སྨན་སྦྱོར་གྱིས༔ སྨན་སྦྱོར་མ་ཤེས་དུག་ཏུ་སོང་བ་སྲིད༔ བདེ་བ་ཆོས་སྐུ་ལྟ་བུའི་སྨན་ཁང་དུ༔ གསལ་བ་ལོངས་སྐུ་ལྟ་བུའི་སྨན་སྦྱོར་གྱིས༔ མི་རྟོག་ལྟ་བུ་ནད་རྣམས་སེལ་ཐབས་གྱིས༔ སྣང་བ་ཆོས་སྐུ་ལྟ་བུ་སྨན་མཆོག་དང་༔ རང་རིག་དྲི་མེད་ལྟ་བུ་སྨན་སྦྱོར་གྱིས༔ སྣང་བ་ཤ་ཁྲག་ནད་ལ་ཕན་ཐབས་གྱིས༔ ཁོ་མོ་སྐྱེ་བ་མེད་པ་སྨན་གྱི་མཆོག༔ རང་རིག་སྟོང་གསལ་ལྟ་བུའི་སྨན་སྦྱོར་གྱིས༔ རིག་པ་དྲི་མེད་ལྟ་བུའི་སྨན་གཅིག་མཛོད༔ ཉོན་མོངས་དུག་གསུམ་འཇོམས་པའི་ནད་འཇོམ་གྱིས༔ ཚད་མེད་བཞི་དང་ལྡན་པའི་སྨན་གསོས་གྱིས༔ སྨན་ཡོན་གླ་དད་མ་ཆེ་འགྲོ་དོན་གྱིས༔ རྫུས་སྐྱེས་པདྨ་འདྲ་བ་སྲིན་ཡུལ་བྱོན༔ ཁོ་མོ་མཚོ་རྒྱལ་འདྲ་བ་ཤུལ་དུ་བསྐྱུར༔ མ་འོངས་སྨན་པ་རྣམས་ཀྱིས་ཐུགས་ལ་ཞོག༔ ཀྱེ་མ་འཇིག་རྟེན་བདེན་པའི་ཀུན་རྫོབ་མོ་པ་རྣམས༔ ལྟ་བྱེད་རྡེའུ་དཀར་ནག་རྩིས༔ སྲོག་ཆགས་མི་འབགས་ཐབས་ཀྱིས་མོ་རྩིས་མཛོད༔ འཇིག་རྟེན་ཁོ་ན་སྡིག་པ་འདི་རྣམས་ལ༔ རྫུས་སྐྱེས་པདྨ་འདྲ་བ་སེན་ཙམ་སྐྲག༔ ཐབས་ལམ་ལྡན་པའི་རིག་བཅོལ་མ་བྱེད་ཅིག༔ མོ་རྣམས་རྡེའུ་བཤད་པ་མི་འདུག་སྟེ༔ རིག་པའི་བཙལ་ནི་འགྲོ་བའི་སྲོག་ལ་འབགས༔ མོ་བ་ཆེ་མཁྱེན་རྡེའུ་དཀར་ནག་རྩིས༔ དགེ་བ་ཆེ་བའི་སྡིག་པའི་ཁ་ནོན་མཛོད༔ རྫུས་སྐྱེས་པདྨ་འདྲ་བ་ལྷོ་ནུབ་བྱོན༔ བུད་མེད་མཁར་བཟའ་ཡིན་བསམ་འགྲོ་རྩིས་བྱེད༔ ཐུགས་ཁྲེལ་མ་གནང་འཇིག་རྟེན་བོད་ཀྱི་མོ་བ་རྣམས༔ མོ་བ་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག༔ ཀྱེ་མ་བོད་ཀྱི་མི་དཔོན་གཙོ་བོ་རྣམས༔ མཐའ་དམག་དུས་འཁྲུག་དགོན་སྡེ་མ་བཤིགས་ཤིག༔ འཕྲུལ་བློན་འཁོར་འབངས་ཁ་ལ་ཉན་རོགས་མེད༔ བུད་མེད་ནག་པོ་ཁ་ལ་ཉན་རོགས་མེད༔ མཐའ་དམག་དགོན་སྡེ་མ་བཤིགས་དམ་ཆོས་མཛོད༔ མགོ་ནག་ཆེ་བའི་ཁྲི་སྲོང་ལྡེའུ་བཙན་འདི༔ བུད་མེད་དམར་རྒྱན་ཀླུ་གོང་ཁ་ལ་ཉན༔ བཻ་རོ་ཙ་ན་འདྲ་བ་ཚ་རུང་སྤྱུགས༔ སྔགས་འཆང་པདྨ་འདྲ་བ་སྐུར་པ་བཏབ༔ སྐྱེ་འཆི་རྒྱལ་པོ་རང་རིག་གཅིག་པོ་ཡིན༔ ཁྲི་སྲོང་ལྡེའུ་བཙན་མྱ་ངན་ལས་འདས་ནས༔ ཟངས་མདོག་པདྨའི་མདུན་དུ་མྱུར་དུ་ཐོན༔ དམར་རྒྱན་འཆི་ཙམ་རིག་པ་དགུ་འགྱུར་སོང་༔ དཔེར་ན་དེ་དང་དུས་མཚུངས་འདྲ་བའོ༔ སེར་མོ་དགོན་སྡེ་མ་བཅོམ་བོད་ཀྱི་དཔོན༔ ཁོ་མོ་བདག་གི་བུ་ནི་སེར་མོ་བ༔ བཅོམ་པ་ཙམ་གྱིས་པདྨའི་བཀའ་རྐྱེན་འོང་༔ ཁོ་མོ་ཡོད་པའི་མ་འོངས་སེར་མོ་འདི༔ བདག་གིས་བུ་ལྟར་སྐྱོང་བའི་དྲིན་ཆེ་བ༔ བཅོམ་པ་ཙམ་གྱིས་ཁོ་མོ་བཀའ་མེད་དོ༔ ཅི་བྱེད་མཁའ་འགྲོ་བཀའ་ནི་ཡོད་པར་ངེས༔ རྫུས་སྐྱེས་པདྨ་སྲིན་ཡུལ་གཅིག་པུར་བྱོན༔ ཁོ་མོ་གཅིག་པུར་མཁར་བཟའ་ཤུལ་དུ་བསྐྱུར༔ བོད་ཀྱི་གཙོ་བོ་རྣམས་ཀྱིས་ཐུགས་ལ་ཞོག༔ ཁོ་མོ་བདག་ལ་ཐུགས་ཁྲེལ་མ་གནང་ཞིག༔ ཀྱེ་མ་མ་འོངས་དུས་ཀྱི་སྐྱེས་བུ་རྣམས༔ ཆེ་འདོད་ཧོར་འདུག་ལས་ཀ་མ་བྱེད་པ༔ སྡིག་ལ་མོས་ཤིང་དགེ་བའི་བསམ་པ་མེད༔ ངན་སོང་གནས་སུ་ལྟུང་སྟེ་འགྱོད་པ་སྐྱེས༔ དེ་འདྲ་མ་བྱེད་མ་འོངས་སྐྱེས་པ་རྣམས༔ ང་རྒྱལ་ངས་གཏམ་ཚུལ་བཟུང་མ་བྱེད་པ༔ བསོགས་པའི་ཟང་ཟིང་སྡིག་ལ་མ་བཏང་ཞིག༔ རྒྱུ་རྐྱེན་རང་སེམས་མནའ་ལ་མ་བཏང་ཞིག༔ ཕྱོགས་དམག་དགོན་སྡེ་ཇག་སྣ་མ་ཁྲིད་ཅིག༔ མ་འོངས་སྐྱེས་པ་བུད་མེད་དབང་ཤོར་འཁྲུལ༔ བུད་མེད་གཏམ་དང་ཕོ་རོག་ནག་པོའི་སྐད༔ དགེ་བ་ཏིལ་ཙམ་མེད་པའི་སྡིག་ལ་མོས༔ བཟའ་འཐབ་ཆེ་གཏམ་ཧོར་འདུག་མ་བྱེད་ཅིག༔ ཁོང་རྒྱས་ངག་གིས་གླུ་མགུར་མ་བྱེད་ཅིག༔ དེ་བས་སྔགས་འཆང་པདྨར་གསོལ་བ་ཐོབ༔ མཆོར་ཕྱུག་བདམ་པའི་སྐྱེས་པ་ཐམས་ཅད་འཁྲུལ༔ བུད་མེད་ཁ་ལ་རྒྱུག་པའི་གྲོང་འཐབ་བཤིས༔ སྐྱེས་པའི་ལུས་དང་སྣང་བ་མ་གཡེང་ཞིག༔ མནའ་དང་རྐུན་མ་ཇག་པ་མ་བྱེད་ཅིག༔ ངན་སོང་སྒོ་དྲུག་གནས་སུ་ལྷུང་ཙམ་ནས༔ འགྱོད་པ་བྱས་པས་རབ་ཏུ་ངག་མི་སླེབས༔ སྡིག་ཟས་མ་བྱེད་བསོགས་པའི་ཆོས་ལ་ཐོངས༔ གང་གི་མི་རྣམས་འཆི་རོགས་མི་བྱེད་པ༔ ནམ་འཆི་ཆ་མེད་ནམ་ལང་སྐར་མ་འདྲ༔ ཐུང་རབ་བཟའ་མི་ཁྲོ་འཛུམ་མ་བྱེད་ཅིག༔ ཉེ་བ་དང་པོ་ཞལ་འཛུམ་མུ་ལེ་བྱས༔ ཐ་མ་ཁྲོ་བྱེད་འཐབ་པའི་རྒྱུན་མི་བཅད༔ ངན་སོང་ལོག་པའི་ལམ་དུ་ལྟུང་སྲིད་པ༔ སྣང་བ་འཕྱོར་དགའ་དར་གོས་རྒྱན་ལ་ལྟ༔ ཁུངས་གནས་མེད་པའི་ལས་སུ་འགྱོད་པ་སྐྱེས༔ བསོགས་པའི་རྒྱུ་རྣམས་མནའ་དང་གཉེན་ལ་བཏང་༔ ཡི་དྭགས་སྐྱེས་ཙམ་འགྱོད་པའི་རང་བཞིན་རྒྱུ༔ སྐྱེས་པ་གོ་ཁམ་གནས་དང་མ་བྲལ་འཁྲུལ༔ རྫུས་སྐྱེས་པདྨ་འདྲ་བ་ལྷོ་ནུབ་བྱོན༔ མཁར་བཟའ་མཚོ་རྒྱལ་འདྲ་བ་ཤུལ་དུ་བསྐྱུར༔ མ་འོངས་སྐྱེས་པ་རྣམས་ཀྱིས་ཐུགས་ལ་ཞོག༔ ཁོ་མོ་བདག་ལ་ཐུགས་ཁྲེལ་མ་གནང་ཞིག༔ ཀྱེ་མ་མ་འོངས་དུས་ཀྱི་བུད་མེད་རྣམས༔ ཕ་ཁུས་སྦྱིན་པའི་མི་ལ་མི་འགྲོ་བས༔ སྣང་བའི་གཟུགས་ཡག་མཐོ་བདམ་མ་བྱེད་ཅིག༔ སྣ་ས་སྐྱིད་པའི་ས་ལ་མི་འདུག་སྟེ༔ མཐོན་པོ་བདམ་འགྲོ་སྤྲང་ས་བབ་ནས་འགྱོད༔ ཕ་ཁུ་མ་སྲིང་ཚིག་གིས་ཁ་ཏ་ལོངས༔ བུད་མེད་གཏམ་དང་སེམས་ལ་དག་པ་མེད༔ ཕ་མིང་རྒྱུད་ཡོད་སྣ་ས་ངོ་མཐོ་བྱེད༔ འདུག་རོགས་ཁྱོང་གར་ལྟ་བུ་ཁ་ཏ་ལོངས༔ ཟས་ཚལ་ཆོས་རྣམས་ལྟ་བུ་གསོ་བར་བྱ༔ རོགས་ངན་གླང་རྒན་ག་བཅིངས་ལྟ་བུ་ལ༔ འགྲོ་བའི་སྐྱབས་གནས་རེ་ས་སུ་ལ་མེད༔ རྒྱས་པ་གྲུ་འགུར་མི་ལ་འགྲོ་བ་ཡི༔ སྐྱབས་གནས་དཀོན་མཆོག་གསོལ་བ་བཏབ་པ་དགའ༔ གྱོས་སྒྱུག་ཁ་ཏ་ལྟ་བུའི་ཚིག་གིས་ཞལ་ཏ་ལོངས༔ མནའ་སྒྱུག་འཐབ་པའི་ལས་རྣམས་མ་བྱེད་ཅིག༔ སྙོན་བསྲུང་འཐབ་སྟེ་གཅིག་འདྲ་ཀུན་ལ་ཡོང་༔ ཚོར་དང་མ་ཚོར་གཏམ་པ་མ་བྱེད་ཅིག༔ མཐོང་དང་མ་མཐོང་གཡོ་སྒྱུ་མ་བྱེད་ཅིག༔ བསོགས་འཇོག་མེད་པའི་ཟས་ལྐོག་མ་བྱེད་ཅིག༔ གྱོས་སྒྱུག་བསྙེན་གནས་བར་དུ་བསྡད་ཙམ་ན༔ རྟག་པ་མེད་པ་ལྷ་ས་བསམ་ཡས་འདི༔ མཁར་བཟའ་དེ་ལ་གསོལ་བ་བཏབ་པ་ན༔ སྟོང་རྩ་ཁྲི་སྲོང་ཨུ་རྒྱན་བཞེངས་པ་འདི༔ འདི་ལ་མཇལ་ཏེ་མཚོ་རྒྱལ་ང་ཟུངས་སྐྱེས༔ རོགས་ངན་མི་ཡི་དག་པ་མ་བྱེད་ན༔ གནས་ཡག་བདམ་པ་མ་བྱེད་སྐྲ་ཕུད་ལོངས༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་ཟོ་མོ་ཡིན༔ གཞན་པའི་མི་ལ་མི་འགྲོ་མཐོ་བདམ་མ་བྱེད་ཅིག༔ གནས་ལ་མི་འདུག་ཙམ་གྱིས་སྐྲ་ཕུད་ལོངས༔ གྱོས་སྐུད་སྒྱུག་གནས་ཡར་འཁོར་བུད་མེད་རྣམས༔ སྡིག་ལ་རང་དོན་ཡོང་པ་ཅི་སྲིད་དམ༔ ནངས་པར་ལང་སྔ་ནུབ་མོ་ཉལ་འཕྱི་གྱིས༔ ཡར་འཁོར་ཁྱི་གཡོག་རྣམས་ལ་བྱམས་སྙིང་མཛོད༔ ཁ་ཡག་ངོ་ཡག་གསར་རྙིང་མ་བྱེད་ཅིག༔ རང་རེ་ངན་ཙམ་བདེ་བའི་གནས་མི་འགྱུར༔ རོགས་འདུག་ཅི་ཚིགས་ཁ་ཡི་ཅི་གསུངས་ཁ་ཏ་ལོངས༔ ངན་དབང་ཆེ་བའི་བཟང་ཚོད་མ་བཟུང་ཞིག༔ བུད་མེད་ནག་མོས་དབང་ཚོད་བཟུང་མི་སྲིད༔ ཁྱི་གཡོག་རྣམས་ལ་ཟས་ཞིམ་བཟང་པོ་སྦྱིན༔ ཤིན་ཏུ་སྣ་སའི་མི་བཞག་ཡུད་ཙམ་ན༔ མངོས་ཏོག་དཀར་ནག་འཚོ་བ་མ་བྱེད་ཅིག༔ སྣ་སའི་གོས་ལ་བདེ་འཇམ་བལྟས་ཙམ་ན༔ ངན་སོང་གནས་སུ་ལྟུང་བའི་ལས་ལམ་ཡིན༔ བུད་མེད་ནག་མོས་ཆེན་གཏམ་མ་བྱེད་ཅིག༔ ངས་མཐོང་ངས་ཚོར་ངས་གཏམ་མ་བྱེད་ཅིག༔ ངས་ཤེས་ངས་བཟང་རྒྱན་གོས་མ་བཏགས་ཤིག༔ བསོགས་པའི་མཐའ་མ་རྒྱུ་ནི་ཟད་གྱུར་པ༔ དམ་པའི་ཆོས་ཀྱི་དགེ་བསྐུལ་ལྷ་ཆོས་མཛོད༔ བུད་མེད་ནག་པོ་ཁ་བཙན་ཆེ་ཙམ་ན༔ ཡར་འཁོར་མེད་པ་གཅིག་པུར་ལྟུང་སྲིད་པ༔ བུད་མེད་གཏམ་པའི་ལས་རྣམས་མང་མི་ཉན༔ ཟོལ་ཟོག་རྐུ་མཁན་གཡོ་སྒྱུ་མ་བྱེད་ཅིག༔ ཁོང་ཁྲོ་ནག་པོ་མ་བཟུང་བུད་མེད་རྣམས༔ སྐྱིད་ས་མི་འདུག་མཐོ་གཏམ་སྡུག་ས་འགྲོ༔ བུད་མེད་རང་བློ་རྒོད་ཆོད་བྱེད་པ་འཁྲུལ༔ རྒྱལ་ས་མི་འདུག་མཐོ་བདམ་སྤྲང་ས་བབ༔ སྣ་ས་ཕ་མིང་སེམས་ཏོག་མི་འདུག་པའི༔ མཐོ་བདམ་བྱེད་ན་སྣ་ས་ཕ་མིང་སྡང་༔ སྦྱིན་པའི་སྣ་ས་གནས་ལ་མི་འདུག་པའི༔ མཐོ་བདམ་བྱེད་པའི་སྣ་ས་ཕ་མིང་འཁྲུག༔ ད་ལྟ་ཕྱི་མ་གཉིས་ཀ་མེད་པར་བྱེད༔ བུད་མེད་སེམས་འདི་ཡང་བའི་རླུང་དང་འདྲ༔ བུད་མེད་གཏམ་འདི་གོ་སོག་སྔས་དང་འདྲ༔ བུད་མེད་བྱ་བ་རླུང་ཁའི་ཇོ་དར་འདྲ༔ བུད་མེད་སྤྱོད་པ་ཉོན་མོངས་དུག་དང་འདྲ༔ ལུས་འདི་ནམ་འཆི་མི་ཤེས་མི་གཉིས་ཞེ་སྡང་བཙོ༔ ཟང་ཟིང་ཟིལ་པ་ལྟ་བུ་འདྲིལ་མི་ཤེས༔ བསོག་འཇོག་ཆེ་སྟེ་དགེ་བ་ཏིལ་ཙམ་མེད༔ དགེ་བའི་ལྷ་ཆོས་མཛོད་ཅིག་བུད་མེད་རྣམས༔ སུ་ཡི་འཆི་རོགས་སུ་ཡིས་མི་བྱེད་པ༔ མཁར་བཟའ་ཡེ་ཤེས་མཚོ་རྒྱལ་བདག་གིས་ནི༔ བརྒྱ་བཅུ་རྩ་ལྔའི་བར་དུ་པདྨའི་ཞབས་ཏོག་བྱེད༔ ཨུ་རྒྱན་པདྨ་འདྲ་བ་ལྷོ་ནུབ་ཡལ༔ མཁར་བཟའ་མཚོ་རྒྱལ་འདྲ་བ་ཤུལ་དུ་བསྐྱུར༔ མ་འོངས་བུད་མེད་རྣམས་ཀྱིས་ཐུགས་ལ་ཞོགས༔ མཁར་བཟའ་བདག་ལ་ཐུགས་ཁྲེལ་མ་བཏང་ཞིག༔ མ་འོངས་སེར་མོ་ཐམས་ཅད་བདག་གི་བུ༔ འགྲོ་བ་ཡོངས་ལ་བདག་གི་འགྲོ་དོན་ཆེ༔ ཁོ་མོ་དྲིན་ཆེན་བསམ་མི་ཨེ་ཡོད་དམ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རྫུས་སྐྱེས་སྐུ་ལུས་སྐྱེ་འགགས་མེད་པའི་སྐུ༔ གསུང་སྐད་དྲི་མ་མེད་པའི་སཾསྐྲྀའི་སྐད༔ ཁོ་མོ་མི་བརྗེད་ཐོབ་པའི་རྣམ་པར་དག༔ དམ་ཆོས་དྲི་མ་མེད་པའི་རྣམ་པར་དག༔ མ་འོངས་དུས་ཀྱི་འགྲོ་དྲུག་སེམས་ཅན་ཐམས་ཅད་རྣམས༔ ཁོ་མོ་སྐྱེས་རབས་འདི་བཀོད་འཆང་བ་དང་༔ འདོན་ཀློག་མི་རྣམས་བྲི་བ་གང་བྱས་ནས༔ སྐྱེ་བ་གཉིས་ཀྱི་བར་དུ་ཟངས་མདོག་ཏུ༔ ཁོ་མོ་བདག་གི་དྲན་པའི་ཐར་ལམ་ཟིན༔ རྫུས་སྐྱེས་པདྨ་འབྱུང་གནས་ཐུགས་རྗེ་དང་༔ ཁོ་མོ་ཡེ་ཤེས་མཚོ་རྒྱལ་བྱིན་རླབས་དང་༔ དམ་ཆོས་སྐྱེས་རབས་འདི་ཡི་ནུས་མཐུ་དང་༔ འདི་འདྲ་འདོན་ཀློག་འཆང་བ་ཐམས་ཅད་རྣམས༔ ཟངས་མདོག་དཔལ་རིར་སྐྱེ་བ་ཐེ་ཚོམ་མེད༔ འདི་བྲི་འཆང་བ་རྣམས་ལ་དངོས་གྲུབ་འབྱུང་༔ ཡུལ་དེར་ཡོད་པ་རྣམས་ཀྱི་ནད་མུག་ཞི༔ ཁོ་མོ་སྐྱེ་བ་ལན་གཅིག་གཉིས་ཙམ་གྱི༔ སྐྱེ་བ་གཅིག་གི་བར་དུ་བྱང་ཆུབ་ཐོབ༔ གཏེར་ཤོག་འདི་རྣམས་བདག་གི་དྲིན་ཆེ་བ༔ འགྲོ་བ་སེམས་ཅན་རྣམས་ཀྱིས་ཐུགས་ལ་ཞོགས༔ ཁོ་མོ་བདག་ལ་ཐུགས་ཁྲེལ་མ་བཏང་ཞིག་ཅེས་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་བཀའ་སྲུང་ལ་གཏད་ནས་དམྱལ་སྨད་ཡུལ་དུ་བསྐུར་ནས་ཟངས་མདོག་ལ་འགྲོ་དགོངས་པའི་གསོལ་བ་འདི་ལྟར་བཏབ༔ ཨེ་མ་ཧོ༔ གནས་མཆོག་ཟངས་མདོག་དཔལ་གྱི་རི་བོ་ནས༔ སྔགས་འཆང་པདྨའི་སྐུ་ལ་གསོལ་བ་འདེབས༔ ཁོ་མོའི་བསམ་པ་འགྲུབ་པར་བྱིན་གྱིས་རློབས༔ ཟག་བཅས་དངོས་འཛིན་ཤ་ཁྲག་ཕུང་པོ་འདི༔ ཟག་མེད་འོད་ལུས་ངང་དུ་བྱིན་གྱིས་རློབས༔ ཞེས་གསུངས་ནས་ལྷུན་པོ་རབ་དྲུང་དུར་ཁྲོད་བརྩེགས་པའི་དྲུང་༔ འདི་བཀོད་དགེ་བས་འགྲོ་དྲུག་སེམས་ཅན་རྣམས༔ སློབ་དཔོན་པདྨའི་སྤྱན་སྔར་སྐྱེ་བར་ཤོག༔ བདག་གིས་དུས་གསུམ་དགེ་བསགས་པ༔ བདུད་དང་བར་ཆད་རབ་ཞི་ནས༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག༔ ཨུ་རྒྱན་པདྨའི་ཐུགས་རྗེས་བྱིན་གྱིས་རློབས༔ ཁོ་མོ་འོད་ལུས་ཐོབ་པར་བྱིན་གྱིས་རློབས༔ འགྲོ་བ་སེམས་ཅན་སངས་རྒྱས་ཐོབ་པར་ཤོག༔ ཨེ་མ་ཧོ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རྣམ་དག་ཆོས་ཀྱི་དབྱིངས་ཀྱི་སྐུར་སྟོན་པ༔ ཤེས་བྱ་རྣམ་གསུམ་མཆོག་གིས་བཀྲ་ཤིས་ཤོག༔
ཡེ་ཤེས་མཚོ་རྒྱལ་འཇའ་ལུས་གྲུབ་ནས་ཟངས་མདོག་ལ་བྱོན་ནས༔ རྗེ་འབངས་ཕྱེད་ཙམ་ལུས་བརྗེས་ནས་ཟངས་མདོག་ལ་ཐོན༔ སྤྲེའུ་ཟླའི་རྒྱལ་ཉ་འཛོམས་པའི་ཤོག་དྲིལ་ཕེབས་ནས་བཀའ་སྲུང་ལ་གཏད་ནས༔ དག་པའི་གནས་ལ་ལྕགས་རིའི་མདུན་དྲུང་ནས་ཡོང་པ༔ ཨེ་མ་ཧོ༔ གནས་སྐྱོང་བསྟན་པའི་ཐབས་ཤེས་འདྲེན་མཛད་པ༔ སྒྲུབ་པའི་མིང་ནི་རྡོ་རྗེ་དྲག་པོ་རྩལ༔ བྱའི་ཟླ་བའི་དུས་ཚོད་གཏེར་ཤོག་ཕྲད༔ བཀའ་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཟབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟླ་ངོ་གཉིས་ཀྱི་བར་དུ་བཀའ་རྒྱ་བསྡམས༔ བཀའ་རྒྱ་མང་པོ་མེད་པ་ཡི༔ དུས་སྐབས་ཚ་རྣམས་ནི་སྐྱོལ་ཆ་མེད་པ༔ ཁྱིའི་ཟླ་བའི་དུས་སུ་གཏེར་ཤོག་ཞེང་སོར་བཞི༔ དཀྱིལ་མཐོ་གསུམ་ལ་ཞལ་བཤུས་སོ༔ ཀ་ཞེས་ས་སྐྱོང་སྤྲང་བན་རྡོ་རྗེ་གླིང་གིས་ཕབ༔ ཆོས་ཀྱི་རྒྱལ་པོ་དྷ་རུ་དྷེ་ཉ་ཞེས༔ མངྒ་ལཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ ཡི་གེ་པ་ནི་གྲགས་པ་རིན་ཆེན་གྱིས་བགྱིས་པའོ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེས་རབས་རྣམ་ཐར་རྒྱས་པ་འདི་ལ་གོང་འོག་མི་འགྲིག་པ་དང་མ་ཡིག་མ་དག་པ་ལྷག་ཆད་སོགས་མང་པོ་ཡོད་སྙམ།
མཁའ་འགྲོ་མའི་བཀའ་ཆེན་གྱི་ཐིམ་ཡིག་དང་མཁའ་འགྲོ་མཚོ་རྒྱལ་གྱི་སྐྱེས་རབས་ལེའུ་བདུན་པ། ཨོ་རྒྱན་དྲི་མེད་ཀུན་དགའི་གཏེར་མ།
ལེའུ་དང་པོ།
༄༅། །མཁའ་འགྲོ་མའི་བཀའ་ཆེན་གྱི་ཐིམ་ཡིག་དང་མཁའ་འགྲོ་མཚོ་རྒྱལ་གྱི་སྐྱེས་རབས་ལེའུ་བདུན་པ་བཞུགས་སོ༔ ལྷུན་གྲུབ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་བཀའ་ཆེན་གྱི་ཐིམ་ཡིག་འདི་ལ་སྐབས་གསུམ་གྱིས་སྟོན་ཏེ༔ དང་པོ་ལོ་རྒྱུས་བསྟན་པ་ནི༔ དུར་ཁྲོད་འོད་ཀླུང་འབར་བའི་ཨུ་རྒྱན་དུ༔ ཆོས་ཉིད་བདེ་ཆེན་མཁའ་འགྲོ་མས་ཨོ་རྒྱན་པདྨ་ལ་གསུངས༔ དེས་ཀྱང་ནུབ་ཕྱོགས་མཁའ་འགྲོའི་གླིང་དུ་རིག་འཛིན་ཟག་མེད་ཀྱི་གྲལ་ལ་བསྙེགས༔ མི་ལོ་དྲུག་སྟོང་གི་བར་དུ་དམ་ཆོས་འདིའི་འཁོར་ལོ་བསྐོར༔ གནས་དེའི་རྒྱལ་ཕྲན་ལྷག་མེད་དུ་འཁོད་པ་འབུམ་ཕྲག་བྱུང་ལ༔ དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་༔ དྷ་ན་ཀོ་ཤ་བྱ་བའི་མཚོ་ནང་དུ་པདྨ་གེ་སར་གྱི་སྡོང་པོར་རྫུས་སྐྱེས་སུ་སྤྲུལ་ནས་རྒྱ་གར་ཡུལ་དུ་མི་ལོ་སུམ་སྟོང་བཞུགས༔ བླ་མེད་འདིའི་སྤྱོད་ཡུལ་གྱི་རྒྱལ་ཕྲན་ལྷག་མེད་དུ་འཁོད་པ་ཉི་ཤུ་རྩ་ལྔ་བྱུང་༔
དེ་ནས་བོད་ཡུལ་དུ་བྱོན༔ མི་ལོ་བརྒྱ་དང་བཅུ་གཅིག་བཞུགས༔ སྐལ་ལྡན་ཉི་ཤུ་རྩ་ལྔ་དང་༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མཆིམས་ཕུར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་བླ་མེད་འདིའི་སྤྱོད་ཡུལ་ཞུས་པའི་ཨོ་རྒྱན་གྱི་ཐུགས་ཀ་ནས་འོད་ལྔ་འཕྲོས་ཏེ༔ སངས་རྒྱས་ཡེ་ཤེས་བྱ་བའི་ཐུགས་ཀར་ཐིམ་ནས་ལུས་འོད་དུ་ཞུ༔ དེ་ཡང་སླར་ཨུ་རྒྱན་གྱི་ཐུགས་ཀར་རྫོགས་ནས་ལྷག་མེད་དུ་གྲོལ་ལོ༔ གཞན་ཡང་ལྷག་མེད་དུ་རྫོགས་པ་བདུན་བརྒྱ་ཙམ་བྱུང་༔ དེ་ནས་ཨུ་རྒྱན་སྲིན་པོ་འདུལ་བ་ལ་ལྷོ་ནུབ་རྔ་ཡབ་གླིང་དུ་བྱོན་ཁར་ཡི་གེར་བཏབ་ནས་གཏེར་དུ་སྦས༔ སངས་རྒྱས་ཡེ་ཤེས་ཀྱི་མཚན་སྨོན་ཏེ་ཆོས་བདག་ཏུ་སྨོན་ལམ་བཏབ༔ མིང་སྲིང་ལྕམ་སྲིང་ལ་གཉེར་ནས་རྒྱ་གསུམ་གྱིས་གདབ་བོ༔
གཉིས་པ་ཐིམ་ཡིག་བསྟན་པ་ནི༔ བཀའ་ཆེན་ཐིམ་ཡིག་དང་གཅིག༔ དབང་ཆོག་སྨིན་གྲོལ་དང་གཉིས༔ གསང་སྒྲུབ་ཡང་ཁོལ་དང་གསུམ༔ ལས་བྱང་གཏེར་བུམ་དང་བཞི༔ གསང་ཁྲིད་ཡང་ཐིག་ཀློང་ཆེན་ནག་པོ་དང་ལྔ༔ མཁའ་རི་ལྕམ་སྲིང་གི་སྲོག་སྒྲུབ་ནག་པོ་དང་དྲུག་གོ༔ འདི་ལས་མང་ཉུང་ལྷག་ཆད་ཡོད་པས་སྤང་བར་བྱ༔ གསུམ་པ་ལུང་བསྟན་གཏད་རྒྱ་བསྟན་པ་ནི༔ དུས་ཀྱི་སྙིགས་མ་ལྔའི་ཚེ༔ ཆོས་དར་ལ་མ་སྨིན་པས་ཆོས་དཔོན་ལོག་པའི་འཁྲུག་དཔོན་འབྱུང་༔ ཕ་སྤུན་དམེ་འཁྲུག་དར་བས་སད་དང་སེར་བ་མུ་གེ་འབྱུང་༔ ཟོག་པོས་གྲོང་ཡུལ་ཁེངས་པས་ཁྱི་སྨྱོན་མི་སྨྱོན་འབྱུང་༔ བདུད་སྤྲུལ་ནག་པོ་མང་བས་རེ་ཆོས་བྱེད་ཡིད་མུག་སྐྱེས༔ དེ་འདྲའི་དུས་སུ་འགྲོ་ལ་སྐྱབས་མགོན་མེད༔ པདྨ་བདག་གིས་མ་ཕོད་ཐེབ་ཅིག་བཞག༔ སྒྱུ་རུ་སྒྲ་ཞེས་ཁང་དམར་སྐྱ་བོའི་སར༔ སྐྱེད་མང་འཛོམས་བཀྲ་ཤིས་ཞེས་པའི་ཕ་མ་ལ་མོས་སྣང་ཙམ་དུ་དྲི་མེད་ཀུན་དགའ་ཞེས༔ སྔགས་འཆང་སངས་རྒྱས་ཡེ་ཤེས་མཆོག་སྤྲུལ་འཁྲུངས༔ དེས་ནི་འབྲེལ་ཚད་མཁའ་སྤྱོད་གནས་སུ་ཁྲིད༔ ཆོས་བདག་ཆེན་པོ་བླ་མེད་དོན་གྱི་སྤྱོད༔ ཁྱུ་མཆོག་དེ་དྲུང་ཆོས་འདི་འཁོལ་བའི་དབུས༔ འཁོར་གྱི་དྭངས་མ་རིགས་ལྡན་ལྔ་ཙམ་འབྱུང་༔ བདུད་སྤྲུལ་རྟགས་རའི་ཤ་མཚན་ཅན༔ ལོག་པའི་གཅེས་དེའི་བསྐྲད་ཐབས་གཅེས༔ ཤར་ཕྱོགས་གནས་སུ་བདུད་སྤྲུལ་ཁ་ནོན་ལ༔ མཚན་ལྡན་རིག་མ་དབང་པོ་ཤ་མཚན་ཅན༔ འབྲེལ་ཚད་ཐམས་ཅད་ཟག་མེད་དགོད་པ་འབྱུང་༔ དེའི་བྱིན་རླབས་ཆོས་འདི་དར་ཆ་ཡང་༔ ཤར་ཕྱོགས་ཨུ་རྒྱན་གྱི་མཐིལ་དུ་འབྱུང་བའོ༔ གཞན་དང་མི་འདྲ་ཁྱད་པར་ཟབ་ཆོས་འདི༔ ཡང་དག་ལས་ཅན་དེ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨུ་རྒྱན་དྲི་མེད་ཀུན་དགའི་གཏེར་མའོ༔ བདེ་ཆེན་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ༔ གཡུ་རུ་སྒྲགས་ཀྱི་གྲོང་མོ་ཆེ་ཞེས་བྱ་བ༔ རྒྱ་གར་གྱི་བྷེ་ཏ་དང་མཉམ་པ༔ ཡོན་ཏན་དུ་མས་བརྒྱན་པའི་གནས༔ ཕུན་སུམ་ཚོགས་པའི་གྲོང་ཁྱེར་དེའི་བྱང་ཕྱོགས་ནས༔ ཤིང་ཙན་དན་དཀར་དམར༔ ཨ་ཀ་རུའི་ནགས་ཀྱིས་བསྐོར་བའི་ར་བ་ན༔ རྩྭ་བྱང་ཆུབ་མྱུ་གུ་སྐྱེས་པའི་སྐྱེད་མོས་ཚལ༔ མེ་ཏོག་ཀུ་མུ་ཏ་དང་༔ པུན་དྷ་རི་ཀ་ལ་སོགས་པའི་ལྗོངས་ཀྱི་དབུས་ན༔ ཡིད་འོང་དུ་མས་སྤྲས་པའི་ཕོ་བྲང་ལྗོངས་ཀྱི་མཚལ་ལུ་སྐོར་ཞེས་བྱ་བ་གཅིག་ཡོད་དོ༔
དེ་ནས་ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་གྱི་གནས་དང་མཉམ་པ༔ འདུ་འཚོགས་མའི་འཁོར་གཡོག་ནི་མཐའ་ལས་འདས་པ་ཞིག་འདུག་ནས༔ དེ་རྣམས་ཀྱི་རྒྱལ་པོ་ནི་བཙད་པོ་རྡོ་རྗེ་གདན་པ་ཞེས་བྱ་བ༔ བཙུན་མོ་ནི་གསལ་གྱི་དོན་འགྲུབ་ལྕམ་མེ་ཞེས་བྱ་བ༔ རིགས་བཙུན་ཞིང་མངའ་ཐང་དང་ལྡན་པར་བཞུགས་སོ༔ རྒྱལ་པོ་ཡབ་ཡུམ་རྣམ་གཉིས་དེ་ལ་སྲས་རྒྱལ་བུ་གཉིས་དང་༔ ལྷ་ལྕམ་དང་གསུམ་ཡོད་པ་ལས༔ ཀུན་གྱི་ཆུང་ངུ་ལྕམ་པདྨ་ལྕམ་ཞེས་བྱ་བ༔ ངང་རིང་ཞིང་རྒྱུད་དུལ་བ༔ སྤྱོད་པ་ལྷུན་ཞིང་ངག་སྙན་པ༔ ལྟ་ན་སྡུག་ཅིང་ཡིད་དུ་འོང་བ༔ སྐུ་གཟི་མདངས་དང་ལྡན་པ༔ གསུང་སྙན་ངག་ཏུ་སྨྲ་བ༔ ཐུགས་སྙིང་རྗེའི་ངང་རྒྱུད་དང་ལྡན་པ༔ མཚན་དང་དཔེ་བྱད་དུ་མས་སྤྲས་པ་གཅིག་ཡོད་དོ༔ ལྷ་ལྕམ་དེ་ནི་མཚན་དང་ལྡན་པའི་བུ་མོ་ཞིག་ཡོད་པ༔ ཕྱི་ལྟར་དུ་གཟུགས་སྤྲུལ་མཆོག་གི་མཁའ་འགྲོ༔ ནང་ལྟར་དུ་རྡོ་རྗེ་ཕག་མོའི་མཁའ་འགྲོ༔ གསང་བ་ལྟར་དུ་ཀུན་ཏུ་བཟང་མོ་རོལ་པའི་མཁའ་འགྲོ༔ ལྷུན་གྲུབ་སྐུ་གསུང་ཐུགས་དང་ལྡན་པའི་མཚན་ལྡན་གཞོན་ནུ་དེ༔ དགོངས་པ་ཆོས་ཉིད་ཀྱི་དབྱིངས་ན་བཞུགས་ནས་ཀྱང་༔ གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་མཛད་པ༔ རྒྱལ་བའི་ཐུགས་རྗེ་སྐུལ་བ་དང་༔ ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས༔ ཡུམ་གྱི་བདེ་བའི་ལྷུམས་སུ་ཞུགས་ཏེ༔ ས་ཕོ་བྱི་བའི་ལོའི་དཔྱིད་ཟླ་ར་བའི་ཚེས་བཅུའི་སྔ་དྲོར་སྐུ་བལྟམས་ནས༔ མཛད་པའི་ཡོན་ཏན་གྱི་རྟགས་མང་དུ་གྲུབ་པས༔ ཐེ་ཚོམ་དང་བྲལ་ཏེ་མཚན་ཉིད་དང་ལྡན་པར་ཡིད་ཆེས་སོ༔ མཛད་པའི་རྣམ་ཐར་དུ་མས་མངོན་པར་དགའ་བ་འདི་ལྟ་བུ་ཉིད་དོ༔ ཡུམ་གྱི་ལྷུམས་སུ་ཞུགས་ནས་ཟླ་བ་གཅིག་གི་ངོ་ལོན་པའི་ཚེ་ན༔ ཡུམ་གྱི་སྣང་བ་ལ་ཉམས་སམ་དངོས་སུ་བུད་མེད་དཀར་མོའི་ཚོགས་མང་པོས་ཁྲུས་གསོལ་བ་དང་༔ སྔོན་མོའི་ཚོགས་མང་པོས་མེ་ཏོག་འཐོར་བ་དང་༔ སེར་མོའི་ཚོགས་མང་པོས་བདུད་རྩི་འདྲེན་པ་དང་༔ དམར་མོའི་ཚོགས་མང་པོས་རྒྱན་འདོགས་པ་དང་༔ ལྗང་མོའི་ཚོགས་མང་པོས་སྐོར་བ་བྱེད་པ་དང་༔ གཞོན་ནུ་བཅུ་དྲུག་མ་ལང་ཚོ་རྒྱས་པས་ནུབ་སྲོད་ཀྱི་དུས་སུ༔ ཐུན་མི་བཅག་པར་གསོལ་འདེབས་ཀྱི་སྒྲ་སྒྲོགས་པ་བྱུང་ངོ༔ སྐུ་བཙས་ནས་ཟླ་བ་གཅིག་ལོན་པའི་ངོས་ན་སྐུ་ལ་འོད་འདོམ་གང་བ༔ གསུང་ལ་ཆོས་ཀྱི་རང་སྒྲ༔ ཐུགས་ཀྱང་འོད་གསལ་མཉམ་བཞག་དང་ལྡན༔ སྐུ་བཙས་ནས་ཟླ་བ་བརྒྱད་ལོན་པ་ན༔ ཉིན་གྱི་དུས་སུ་འཇའ་དང་འོད་ཀྱི་གུར་ནང་དུ་བཞུགས་པ་དང་༔ ནུབ་ཀྱི་དུས་སུ་མཁའ་འགྲོ་མ་གཞོན་ནུའི་སྐུ་ཚོགས་མང་པོ་དང་རོལ་རྩེད་མཛད་དོ༔ ལོ་གཅིག་བཞེངས་པའི་དུས་ན༔ གཞོན་ནུ་ཕོ་མོ་འཁོར་མང་པོ་བསྡུས་ནས་འོག་མིན་གྱི་བཀོད་པ་ལ་སོགས་པ་དབང་བདེ་ཆེན་རོལ་པའི་སྤྱོད་པ་སྐྱོང་བར་མཛད་དོ༔ དགུང་ལོ་བརྒྱད་བཞེས་པའི་དུས་ན༔ མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱི་རྟགས་དུ་མ་ངེས་པས་དོན་སྟོན་པར་མཛད་དོ༔ དགུང་ལོ་བཅུ་གཅིག་བཞེས་པའི་དུས་ན༔ རྒྱུད་སྡེ་བླ་ན་མེད་པའི་ཆོས་མང་དུ་གསུངས་པ་དང་༔ ཡིད་སྤྱོད་བདེ་བའི་སྤྱོད་པ་མང་པོས་ཡུལ་གྱི་སྐྱེ་བོ་མང་པོ་དབང་དུ་བསྡུས་སོ༔ དགུང་ལོ་བཅུ་དྲུག་བཞེས་པའི་དུས་སུ༔ རྒྱ་གར་བྷི་རྱའི་རྒྱལ་བུས་བཙུན་མོ་བླང་དུ་བཏང་བའི་མི་བྱུང་སྟེ༔ དེ་ནས་ཡབ་རྒྱལ་པོ་བཙད་པོ་རྗེ་འབངས་རྣམས་ཚོགས་ནས་གྲོས་ཀྱི་སྣ་བསྟུན་པ་ལ་ཡབ་རྒྱལ་པོ་བཙད་པོའི་ཞལ་ནས༔ ཀྱཻ་ལྷ་ལྕམ་པདྨ་ལྕམ་མ་འདི༔ ཡོན་ཏན་ལྡན་པའི་བུ་མོ་ཡིན༔ རྒྱལ་བུ་མིན་པས་བཞག་དབང་མེད༔ དེ་བས་རྒྱ་གར་ཡུལ་ཕྱོགས་དེར༔ བྷི་རྱའི་རྒྱལ་བུ་ལ༔ བཙུན་མོར་གཏང་ཞིག་བློས་ལོན་པས༔ རྫོངས་དང་བཅས་ནས་ཐོངས་ཤིག་གསུངས༔ ཕྱི་བློན་རྣམས་ཀྱིས་ཞལ་ན་རེ༔ བུ་མོ་དགའ་ཡང་ཕ་ཡུལ་བཟུང་བ་མེད༔ རྒྱ་གར་ཡུལ་ན་མི་ས་ཤིན་ཏུ་བཟང་༔ ད་ལྟར་བློན་པོའི་ཚོགས་ཀྱིས་སྐྱེལ་ཐུང་བྱས་ནས་བཏང་༔ རྒྱ་གར་ཡུལ་ན་ཕྱོགས་སྐྱོང་ཡུལ་ཁམས་སྲུང་བ་ལེགས༔ གལ་ཏེ་བཏང་སར་མི་འགྲོ་བུ་མོ་སྤྱུག་པར་འཐད༔ བློན་པོ་ཐམས་ཅད་ཁ་འདྲིལ་ཕྱོགས་གཅིག་མཐུན༔ ཞེས་ཟེར་རོ༔ ནང་བློན་རྣམས་ཀྱི་ཞལ་ན་རེ༔ འདི་འདྲའི་ལྷ་ལྕམ་ངོ་མཚར་རྨད་བྱུང་མ༔ ཐག་རིང་སྤྱུག་པའི་སེམས་ཀྱིས་ཕོད་པ་ན༔ གལ་ཏེ་སྤྱུག་ན་ཡུལ་གྱི་བཅུད་རྣམས་ཉམས༔ ཐག་རིང་བསྙེན་པས་གྲོང་པའི་ཆོམ་རྐུན་དགའ༔ ཐག་རིང་མི་གཏང་རང་ཡུལ་བོད་དུ་བཟུང་༔ ནང་བློན་དག་ལ་རྒྱལ་པོའི་བཀའ་གནང་ཞུ༔ ཞུས་ལ་མི་གསན་ཕྱི་བློན་གྲོས་བསྟུན་ནས༔ ལྷ་ལྕམ་མི་བཞུགས་རྒྱ་གར་བཏང་བ་ན༔ ནང་བློན་མི་སྡོད་འཁོར་དང་བཅས་པ་ཀུན༔ ཡུལ་ཁམས་བཏེག་ནས་ལྷ་ལྕམ་རྗེས་ཕྱིར་འབྲང་༔ མིང་པོ་ཀུན་དང་ཡུམ་ལ་གྲོས་བསྒྲོས་ནས༔ བོད་འབངས་ཀུན་གྱི་ལྷ་ལྕམ་ཨེ་བཞུགས་ལྟ༔ མི་བཞུགས་པ་ན་ནང་བློན་གྲོས་སྣ་ཟད༔ ཅེས་ཕྱོགས་གཅིག་ཏུ་ཁ་མཐུན་ནོ༔ དེ་ནས་ཡུམ་དང་མིང་པོ་ལ་ཞུས་པས༔ ཡུམ་བཙུན་མོའི་ཞལ་ནས༔ བདག་གི་ལྷ་ལྕམ་ཡོན་ཏན་ཀུན་ལྡན་འདི༔ འབྲལ་བར་མི་ཕོད་རྒྱ་གར་ཡུལ་མི་བཏང་༔ རང་ཡུལ་ཡིན་པས་བོད་ཀྱི་ཤིང་ཡུལ་བཟུང་༔ རྒྱལ་བུ་བས་ཀྱང་རིགས་ལྡན་བུ་མོ་ལྷག༔ ཆོམ་རྐུན་འཇིགས་པའི་ཡུལ་དུ་མི་གཏང་ནས༔ ཕོ་བྲང་ནང་དུ་ལོ་ཤས་བཞུགས་སུ་ཆུག༔ གསོལ་བ་ཐོབ་དང་དགོས་འདོད་འབྱུང་བར་ངེས༔ ཞེས་གསུངས་སོ༔ མིང་པོ་སྐུ་མཆེད་རྒྱལ་བུ་རྣམ་གཉིས་ཀྱི་ཞལ་ནས༔ བདག་གི་སྲིང་མོ་ལྷ་ལྕམ་ཡིད་འོང་འདི༔ ཀུན་དང་མི་འདྲ་ངོ་མཚར་རྨད་བྱུང་ཡང་༔ ཕ་ཡུལ་མི་ཟིན་གཉེན་ཡུལ་བཙལ་བར་འཐད༔ བོད་འབངས་ཡུལ་འདི་ས་ཞིང་བྱེ་མའི་ཁམས༔ ཡོན་ཏན་མི་མཐུན་རིགས་ངན་དབུལ་པོའི་གནས༔ དེ་བས་ཞིང་མཆོག་རྒྱ་གར་ཡུལ་ན་བཟང་༔ སྐྱིད་པའི་འབྱུང་གནས་བང་མཛོད་ཁྲིམས་ལྡན་ཚོགས༔ ལོངས་སྤྱོད་ལྔ་ལྡན་འདོད་ཡོན་དགུ་དང་ལྡན༔ བྷི་རྱའི་རྒྱལ་བུ་ཤཱཀྱའི་གདུང་ལས་ཆད༔ དེ་ཡི་གྲོགས་ལ་ལྷ་ལྕམ་འདི་བཟང་ན༔ མྱུར་པོར་བསྐུལ་ལ་བློན་པོས་སྐྱེལ་ཐུང་གྱིས༔ རྫོངས་དང་བཅས་ནས་གཉེན་པོའི་ལག་ཏུ་སྤྲོད༔ ཅེས་གསུངས་སོ༔ གྲོང་ཡུལ་ཕོ་བྲང་གི་མི་རྣམས་ནི༔ ངུ་ཞིང་སྨྲེ་སྔགས་ཀྱི་སྡུག་བསྔལ་ཕྱོགས་གཅིག་ཏུ་བྱེད་དོ༔ རང་རེའི་ལྷ་ལྕམ་ཡོན་ཏན་ཀུན་གྱི་འབྱུང་གནས༔ དགོས་འདོད་འབྱུང་བའི་ནོར་བུ་འདི༔ བོད་དུ་མི་བཞུགས་རྒྱ་གར་བཏང་བ་ན༔ ཡུལ་ཁམས་ཀུན་གྱི་བཅུད་རྣམས་ཉམས་པར་འགྱུར༔ རྗེ་འབངས་ཀུན་ཀྱང་བཀྲེས་ནས་འཆི་བར་འགྱུར༔ བསོད་ནམས་ཐམས་ཅད་མཐའ་འཁོབ་ཕྱོགས་སུ་འབོ༔ ཡོན་ཏན་ཉམས་ནས་རྒྱལ་སྲིད་ག་ལ་ཟིན༔ དེ་བས་མགྲིན་གཅིག་གསོལ་བ་བཏབ་ལ་བཟུང་༔ ཅིས་ཀྱང་མི་གསན་རྒྱ་གར་བཏང་བ་ན༔ རྨོངས་པའི་འབངས་རྣམས་ཡུལ་ཕྱོགས་དེ་རུ་འགྲོ༔ བློ་ཕྱོགས་གཅིག་ཏུ་ཐམས་ཅད་མགྲིན་པར་མཐུན༔ ཞེས་ཟེར་ནས་བློ་ཕྱོགས་གཅིག་ཏུ་མཐུན་ཀྱང་༔ ཡུམ་དང་ནང་བློན་འབངས་འཁོར་རྣམས་ནི་དབང་ཆུང་བས༔ ལྷ་ལྕམ་བོད་ཀྱི་ཡུལ་ཁམས་བཟུང་བའི་དབང་མ་ཐོབ༔ ཡབ་བཙད་པོ་དང་སྲས་རྒྱལ་བུ་སྐུ་མཆེད་གཉིས་དང་ཕྱི་བློན་རྣམས་དབང་ཆེ་བའི་སྟོབས་ཀྱིས༔ ལྷ་ལྕམ་རྒྱ་གར་དུ་བརྫང་བར་དམ་བཅས༔ རྒྱ་གར་བྷི་རྱའི་རྒྱལ་བུས་མངགས་པའི་སྙེ་བོ་རྟ་པ་བརྒྱ་ཙམ་གྱིས༔ གསེར་གྱི་དུང་ཙེ་ལྔ་བརྒྱ་ཙམ་བསྣམས་ཏེ༔ ལྷ་ལྕམ་གྱི་རིན་དུ་ཕུལ༔ ལྷ་ལྕམ་གྱིས་རྫོང་བསླངས་ནས་གླང་པོ་ཆེ་ལྔ་བརྒྱ་ལ་བཟའ་བ་དང་བཏུང་བའི་ཡོ་བྱད་རྣམས་བཀལ༔ གླང་པོ་ཆེ་ལྔ་བརྒྱ་ལ་གོས་དང་རྒྱན་རྣམས་བཀལ༔ གླང་པོ་ཆེ་ལྔ་བརྒྱ་ལ་རིན་པོ་ཆེ་ནོར་གྱི་དབྱིག་དང་མཆོད་གནས་ཀྱི་རྟེན་མཐའ་ཡས་པ་བཀལ་ནས་བརྫངས༔ གཞན་ཡང་རྒྱན་འདོགས་པའི་བུ་མོ་ལྔ་བརྒྱ༔ ཁྲུས་གསོལ་བའི་བུ་མོ་ལྔ་བརྒྱ༔ ཟས་གཡོ་བའི་བུ་མོ་ལྔ་བརྒྱ༔ སྐོམ་སྤྱད་ནོར་ལ་དབང་བའི་བུ་མོ་ལྔ་བརྒྱ༔ སྡོང་གྲོགས་ཀྱི་ཁྱེའུ་ལྔ་བརྒྱ་ཕྲག་གསུམ་དང་བཅས་ནས༔ ནེའུ་གསིང་ནགས་མའི་ལྗོངས་ལ༔ ཤིང་མོ་ཡོས་ཀྱི་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉིན་པར་བརྫང་ངེས་པར་དམ་བཅས་པ་ལ༔ རྒྱ་གར་ནུབ་ཕྱོགས་ནས་སྤྲུལ་པའི་སློབ་དཔོན་སྤོར་ཐང་རྩིས་ལ་མཁས་པ་ཞིག་བྱུང་བ་ལ༔ དེ་ལ་སྙེ་བོས་ཁྱེའུ་ལྔ་བརྒྱའི་དུས་དང་༔ སྐར་མའི་རྟེན་འབྲེལ་རྩིས་པས༔ ཞིང་ཁམས་དང་འབྱུང་བ་འཁྲུགས་པས་རྒྱ་གར་དུ་འགྲོ་བའི་དུས་མ་བྱུང་བས་ལོ་ཤས་ཀྱི་དུས་སུ་འཐེན་པར་དམ་བཅས༔ དེ་ནས་བཙད་པོའི་ཕོ་བྲང་ནས་ཤར་ཕྱོགས་སུ་ཉེ་བ་ན༔ ཆུ་འཕྲང་ཟུང་མོ་མཁར་ཞེས་བྱ་བ༔ ཤིང་ཡུལ་བྱེ་མའི་ཐང་ཆེན་པོ་དེ་ན༔ རྒྱལ་པོ་ཟླ་བ་འོད་འཇོམ་ཞེས་བྱ་བ་ལ༔ རྒྱལ་བུ་ནོར་བུ་དཀར་གསལ་ཞེས་བྱ་བ་གཅིག་ཡོད་དོ༔ དེས་ལྷ་ལྕམ་གྱི་སྐུ་ཆེ་བའི་ཡོན་ཏན་དང་སྙན་པ་ཐོས་ནས་འབངས་ཀྱི་བློན་པོ་ལྔ་བརྒྱ་ལ༔ ནོར་བུ་རིན་པོ་ཆེའི་བང་མཛོད་ལྔ་བརྒྱ་ཕྲག་གཉིས་བསྐུར་ནས༔ ལྷ་ལྕམ་གྱི་དྲུང་དུ་འཚམས་ཀྱི་གཉེ་བོ་དང་བཅས་པ༔ བློ་བཟང་བ་དང་ཤེས་རབ་ཆེ་བ་རྣམས་མངགས་ཏེ་བཏང་བ་དང་༔ དེ་རྣམས་ཀྱིས་རྒྱལ་བུའི་བཀའ་བཞིན་སྒྲུབ་པར་དམ་བཅས་ནས་ལྷ་ལྕམ་གྱི་དྲུང་དུ་འདུག་པ་ལ༔ ལྷ་ལྕམ་གྱི་གསུངས་ནས༔ ཀྱེ་རྒྱལ་བུའི་བཀའ་བྱོན་རིན་ཆེན་བང་མཛོད་འདི༔ ཁོ་མོ་བདག་ལ་རིན་དུ་མི་འོས་ཀྱང་༔ སྔོན་གྱི་ལས་ཀྱིས་སྨོན་ལམ་མཚམས་སྦྱར་ནས༔ རྣམ་དག་བསམ་པ་གཉེ་བོ་བཏང་བ་ལེགས༔ རྒྱལ་བུ་ཁྱེད་ལ་ལོག་སྣང་མི་མངའ་ཡང་༔ ལྷ་ལྕམ་བདག་ནི་དམ་ཆོས་ཡིད་ལ་སྨོན༔ སོ་སོའི་རང་ནོར་བང་མཛོད་ནང་དུ་ཟློག༔ གཉེ་བོ་ཐམས་ཅད་ཁ་དམ་ལྟོ་འགྲང་པའི༔ བཟའ་བཏུང་ལོངས་སྤྱོད་རྨོངས་པ་མེད་པར་སྐྱོང་༔ འོག་མིན་གནས་སུ་ཞལ་མཇལ་སྨོན་ལམ་འཚལ༔ ཞེས་པའི་བཀའ་ཤོག་སྒྲོམ་བུ་མངགས་ནས་གཉེ་བོ་རྣམས་རང་ཡུལ་དུ་བཟློག་གོ༔ གཞན་ཡང་རྒྱ་གར་བྷི་རྱའི་རྒྱལ་བུས་མངགས་པའི་གཉེ་བོ་རྣམས་ཀྱིས་ནང་ནས་ཤེས་རབ་ཆེ་ཞིང་བློ་རྣོ་བ་རྣམས༔ ལྷ་ལྕམ་གྱི་ལགས་སུ་བཏུད་ནས༔ འདོད་པའི་ནོར་རྫས་ཀྱིས་ཁེངས་པར་བྱིན་ཏེ༔ རྒྱལ་བུ་ལ་བཀའ་ཤོག་གི་སྒྲོམ་བུ་འདི་ལྟར་མངགས་ནས་བློན་པོ་རྣམས་རང་ཡུལ་དུ་བཟློག་གོ༔ ཀྱེ་རྒྱལ་བུ་ཆོས་ལྡན་ཤཱཀྱའི་གདུང་ལས་ཆད༔ བསོད་ནམས་གངས་རིར་བདུད་རྩིའི་འོ་རྒྱུན་འབབ༔ དཔེ་བྱད་སྐུ་དང་ལྟ་བས་ཆོག་མི་ཤེས༔ སྙན་པའི་བ་དན་ཞིང་ཁམས་མང་ཡུལ་ཁྱབ༔ གཞོན་ནུའི་གར་གྱིས་བཙུན་མོ་རོལ་བར་བྱེད༔ འཛུམ་པའི་འོད་ཀྱིས་འཁོར་འབངས་བདེ་བར་བཀོད༔ སེམས་དཔའ་ཁྱེད་ནི་གྲོགས་སུ་དགེ་ནའང་༔ དགའ་བའི་སེམས་ཀྱིས་འབྲལ་བར་མི་འོས་ཀྱང་༔ ལྷ་ལྕམ་བདག་ནི་དམ་ཆོས་ཡིད་ལ་སྨོན༔ གཅིག་པུར་མི་མེད་ལུང་སྟོང་བསམ་གཏན་སྒྲུབ༔ དམན་པའི་ས་བཟུང་ཧྲུལ་པོའི་གོས་གོན་ནས༔ བཅུད་མེད་ཟས་སུ་བསམ་གཏན་འཚོ་བ་བཟང་༔ བཟའ་བཏུང་འཚོ་བ་ཡིད་ཀྱིས་སྨོན་རྒྱུ་མེད༔ བསམ་གཏན་མཁར་པོར་ཉམས་དྲོད་བདེ་བ་སྒྲུབ༔ ཕོ་བྲང་རྗེ་འབངས་རྨི་ལམ་སྒྱུ་མ་འདྲ༔ ངེས་པར་མི་རྟག་སྣང་བའི་དཔེ་ཆ་ཙམ༔ ཚེ་འདིར་གྲོགས་ཀྱི་ཚུལ་ལ་འབྲལ་མི་བྱ༔ ཕྱི་མའི་དུས་ན་འོག་མིན་ཞལ་མཇལ་སྨོན༔ ཞེས་བཀའ་ཤོག་སྒྲོམ་བུ་དང་བཅས་པས་ངོམས་པར་བྱས་སོ༔ ཡུལ་ཕྱོགས་ཀྱི་འདོད་མི་རྣམས་ལ༔ ཕ་མིང་རྒྱལ་བློན་དང་བཅས་པས་སྟེར་བར་ཁས་བླངས་དམ་བཅས༔ རྫོངས་ཀྱི་ནོར་བུ་བང་མཛོད་དང་བཅས་པ་བྱིན་ཀྱང་༔ ལྷ་ལྕམ་དམ་ཆོས་ཡིད་ལ་སྨོན་ནས་ཅིས་ཀྱང་རྒྱལ་པོའི་ཁབ་ཏུ་མི་འགྲོ་བར་ཡིད་ཐག་བཅད་དེ༔ བཙུན་མོ་བྱེད་པར་ཁས་མི་ལེན༔ ཕྱོགས་ཀྱི་གཉེ་བོ་རྣམས་ལྷ་ལྕམ་མ་ཐོབ་པར་ངོ་གནོང་ཞིང་ཡིད་ཕམ་པར་བྱེད༔ ཕ་མིང་རྒྱལ་བློན་རྗེ་འབངས་དང་བཅས་པ་ཀུན་ཀྱང་༔ ཕྱོགས་གཅིག་ཏུ་ཡིད་མི་བདེ་སྟེ༔ གལ་ཏེ་ལྷ་ལྕམ་གཏོང་སར་མི་འགྲོ་ན་བཏང་བར་ཁས་ནི་བླངས༔ མངགས་པའི་རིན་ནོར་རྫས་ནི་ཟོས༔ སོ་སོའི་ཡུལ་ན་གཉེ་བོ་ནི་མངགས༔ རང་རང་ཡུལ་དང་བཅས་པ་འདུག་ངེས༔ ད་ནི་རྗེ་འབངས་ཡུལ་འཁོར་དང་བཅས་པ་གཉེ་བོའི་དམག་གིས་འཇོམས༔ བཅུད་ཆེ་བའི་ནོར་རྫས་ཀུན་ཀྱང་འཕྲོག༔ སྣང་དག་པའི་ཕོ་བྲང་ཀུན་ཀྱང་འཇིག༔ བློ་ཡོད་པའི་བློན་འབངས་རྣམས་ཀྱང་གསོད༔ རྒྱལ་པོ་སྲས་དང་བཅས་པ་ཡང་ཡུལ་ཕུད༔ ལྷ་ལྕམ་ཉིད་ཀྱང་དབང་མེད་དུ་ཕྲོགས་ཏེ་ཁྱེར་ནས་འགྲོ༔ དེའི་ཚེ་ཐམས་ཅད་གནོང་ཞིང་འགྱོད་པར་འགྱུར་བས༔ ད་རུང་ལྷ་ལྕམ་ལ་གྲོས་བཏབ་པར་རིགས་ཅེས་ཟེར་ནས་ཕྱོགས་གཅིག་ཏུ་བཀའ་གྲོས་པ་ལས༔ དེ་ནི་ཅིས་ཀྱང་འཐད་ངེས་སོ་ཟེར་ནས་རྒྱལ་པོ་དང་ཕྱི་བློན་རྣམས་གྲོས་བསྟུན་པ་ལ༔ ཡབ་རྒྱལ་པོའི་གསུངས་ནས༔ ཀྱེ་བློན་པོ་རྣམས་ཀྱིས་སྔོན་སྤྱོད་སྟབས་མ་གཟོབ༔ མཆུ་ཟུང་ཚིག་སྦོམ་ཕྲ་མ་སྐྱོར་ལ་མཁས༔ རྩུབ་མོའི་ཚིག་གིས་ལྷ་ལྕམ་ཐུགས་དཀྲུགས་ནས༔ མི་འདོད་གཏམ་ཁ་བཅུད་ལོག་ངེས་མེད་སྟོན༔ བཏང་སར་མི་འགྲོ་ཕོ་བྲང་འཁྲས་ནས་སྡོད༔ ལེགས་ཉེས་བློན་ལ་ཐུག་པའི་གྲོས་ཐོབ་ཅིག༔ ཅེས་ཕྱི་བློན་རྣམས་ལ་བསྒོའོ༔
ཕྱི་བློན་རྣམས་ཀྱི་ཞལ་ནས༔ ཀྱེ་རྒྱལ་པོ་ཡབ་སྲས་ནོར་ལ་ནག་པ་ཡིན༔ རྫོངས་ཀྱིས་མ་བཏན་ནོར་རྫས་ངན་པས་ལན༔ ནོར་གྱིས་མ་གསོས་རྐང་མགྱོགས་འགྲོས་ལ་ངན༔ འདོད་རྫས་མ་སྦྱིན་བུ་ཡང་མགུ་མི་འགྱུར༔ སྐལ་བ་ཕམ་ན་གྲོགས་ཀྱང་འཁང་བར་བྱེད༔ ཟས་ནོར་མེད་ན་ལྷ་ལྕམ་ག་ལ་འགྲོ༔ འདོད་ཚད་སྦྱིན་ལ་རྒྱལ་པོ་གྲོས་ཐོབ་ཅིག༔ ཅེས་གསོལ་ཏེ༔ དེའི་སྐབས་སུ་ལྷ་ལྕམ་གྱི་ཐུགས་དགོངས་ལ༔ སྐད་ཅིག་དྲན་པའི་དུས་སུ་དམ་ཆོས་མ་བྱས་ན༔ ལེ་ལོའི་ངང་ལ་མི་ཚེ་སྟོང་ཟད་འགྲོ༔ དེ་བས་དཀའ་བ་ཆོས་ཕྱིར་སྤྱད་ན་འཐད༔ ཐབས་དང་གཡོ་ལ་མཁས་པ་བསྟེན་ནས་བསྒྲུབ༔ བདག་གིས་བདག་ཏུ་ཕ་མ་བཟང་བས་ན༔ ཅིས་ཀྱང་ཞུ་བ་ནན་ཆེར་བགྱིད་བསམས་ཏེ༔ ཡབ་ཡུམ་དྲུང་དུ་ནན་ཆེར་འདི་སྐད་ཞུས༔ ཀྱེ་འཁོར་མེད་དྲིན་གྱིས་གཟོ་བ་བཀའ་དྲིན་ཅན༔ གདུང་བའི་སེམས་སྲོག་འཚོ་བའི་ཡོན་ཏན་རྒྱལ༔ དམ་ཆོས་རྗེས་ཕྱིར་གྲོགས་མཛད་མཆོག་གི་དྲིན༔ དགོངས་པ་འགལ་མེད་བདག་གིས་ངེས་སྒྲུབ་ན༔ དེ་ཚེ་ཡབ་ཡུམ་ཀུན་ཀྱང་སྣང་སེམས་བདེ༔ དམ་ཆོས་བགྱིད་ལ་མི་དགག་བཀའ་གནང་ཞུ༔ བདག་གིས་བསམ་གཏན་གནས་ལུགས་སྐྱོང་བ་ན༔ རྗེ་འབངས་ཀུན་ཀྱང་བཀྲ་ཤིས་བདེ་བ་འབྱུང་༔ མི་མེད་ལུང་སྟོང་དཀའ་བ་སྤྱད་པར་ཞུ༔ ཞེས་ཞུས་པས༔ རྒྱལ་བློན་རྗེ་འབངས་ཐམས་ཅད་ཕྱོགས་གཅིག་ཏུ་བསྟུན་ནས༔ ཁྲོས་པའི་ངོས་བསྟན་ང་རྒྱལ་གྱི་ལག་ངར་བསྒྲངས་ཏེ༔ འཁང་པའི་ཚིག་རྩུབ་མོ་རིམ་གྱིས་འདི་སྐད་བསྒོ༔
ཡབ་རྒྱལ་པོའི་ཞལ་ནས༔ ཀྱེ་རྨད་བྱུང་རིགས་ལྡན་ཡིད་འོང་ལྷ་ལྕམ་ཁྱོད༔ གཞོན་ནུའི་ལུས་ལ་དགའ་བའི་གཅེས་པར་གསོས༔ ལང་ཚོ་དར་རྒྱས་སྤྱོད་པ་བདེ་བའི་ཚེ༔ རང་དབང་ཐོབ་ཚེ་ཡབ་ཀྱི་བཀའ་བཅགས་ནས༔ བཏང་སར་མི་འགྲོ་བཞག་སར་ཁྱོད་མི་སྡོད༔ རྒྱ་གར་ཡུལ་ནི་མཛེས་པའི་གྲོང་ཁྱེར་ལ༔ ཡོན་ཏན་མི་མཐོང་ལྷ་ལྕམ་ཡི་རེ་མུག༔ རྒྱལ་བུ་རྗེ་འབངས་ནོར་བུའི་བང་མཛོད་ལ༔ ངེས་ཤེས་མི་སྐྱེ་ལྷ་ལྕམ་དྲན་པ་བརྟུལ༔ གཉེ་བོ་རྗེ་འབངས་དགའ་བ་སྤྱོད་ཚད་ལ༔ བསམ་བློ་མི་འཁྱུད་འགྲོས་ཀྱིས་མཐའ་རེ་རྡུགས༔ ལྷ་ལྕམ་ཁྱོད་ལ་ཕ་དྲིན་ཅི་ཡོད་ཀྱང་༔ བཟང་གིས་མི་འཇལ་ངན་ལན་ཡི་རེ་མུག༔ བསམ་བློ་ཡོད་ན་ཡབ་ཀྱི་བཀའ་མ་བཅག༔ སྐྱིད་པའི་འབྱུང་གནས་རྒྱ་གར་ཡུལ་དུ་སོང་༔ ཞེས་གསུངས་སོ༔ ཡུམ་བཙུན་མོའི་ཞལ་ནས༔ ཀྱེ་ཤ་ལས་ཆད་པའི་ལྷ་ལྕམ་ཡིད་འོང་ཁྱོད༔ གྲོས་ལ་མ་ཆུང་ཡུམ་གྱི་བཀའ་མ་བཅག༔ བཏང་སར་མི་འགྲོ་ཚིག་རྗེས་དོན་ལ་གསོབ༔ རྒྱ་གར་ཡུལ་དུ་ས་ཐག་རིང་ནའང་༔ ཟུང་མོ་མཁར་ནི་བདེ་སྐྱིད་འབྱུང་གནས་ཡིན༔ ཕོ་བྲང་ཡུལ་དེར་ནོར་བུའི་བང་མཛོད་ཡིན༔ སྐལ་བ་མི་ཕམ་ཁྱོད་ཀྱི་གྲོགས་སུ་བཟང་༔ ཡུམ་གྱིས་བང་མཛོད་ནོར་སྐལ་ཁྱོད་ལ་སྦྱིན༔ ཕོ་བྲང་བཟུང་ན་བདེ་སྐྱིད་ཕུན་ཚོགས་འབྱུང་༔ དམ་ཆོས་ཕལ་ཆེར་ཟིལ་གྱིས་ནོན་པར་བྱེད༔ དེ་བས་རྒྱལ་སྲིད་ཆོས་ཀྱི་འཁོར་ལོ་ཡིན༔ བསམ་པས་མ་ཕམ་ཡུམ་གྱི་བཀའ་ལ་ཉོན༔ ཅེས་གསུངས་སོ༔
རྒྱལ་བུ་དང་ཕྱི་བློན་རྣམས་ཀྱི་ཞལ་ནས༔ ཀྱེ་མ་རང་རྒྱལ་ལྟ་བ་མཐོ་བ་ཡི༔ རྨོངས་པར་གྱུར་པའི་ལྷ་ལྕམ་ཁྱོད་ཉོན་ཅིག༔ བཏང་སར་མི་འགྲོ་བསླབ་པའི་ཚིག་མི་ཉན༔ ཁྲེལ་མེད་རྗེ་འབངས་དགྲ་ཡི་ལག་ཏུ་གཏོད༔ དེ་བས་རྒྱལ་སྲིད་དང་དུ་མི་ལེན་པའི༔ འཁྲུལ་རྟོག་དོན་མེད་ལུང་སྟོང་འགྲིམ་སྐད་སྨྲ༔ གཅེས་ཁ་མ་ཆེ་རྒྱ་གར་ཡུལ་དུ་སོང་༔ ཅིས་ཀྱང་མི་འགྲོ་ནག་གི་ཁྲིམས་ལ་གཏུག༔ བསམ་བློ་ཡོད་ན་རང་གྲོས་གཞིག་པ་ཐོང་༔ བུ་མོ་མི་ཉན་ཕ་མིང་དུར་ས་ཡིན༔ གལ་ཏེ་ལྷ་ལྕམ་རྒྱ་གར་མི་འགྲོ་ན༔ ཕ་མིང་ཀུན་ཀྱང་གཉེ་བོའི་དམག་གིས་འཇོམས༔ ཡུལ་ཁམས་ཀུན་ཀྱང་མི་རིང་ཇག་པས་འཇོམས༔ གྲོགས་ཀྱི་གཉེན་ཡང་དགྲ་ཟླའི་རྒྱལ་པོར་འགྱུར༔ བསླབ་ཀྱིས་མི་ཉན་རྒྱལ་སྲིད་འཕུང་བའི་འདྲེ༔ བསམ་བློ་ཡོད་ན་ཟས་ནོར་ཕངས་མེད་སྟེར༔ རྒྱལ་བློན་ཀུན་ཀྱང་ཁྱོད་ཀྱི་གྲོགས་སུ་བརྩོན༔ མཐུན་འབྲེལ་སྒྲུབ་པ་ལྷ་ལྕམ་མཛངས་མ་ཡིན༔ བསླབ་ལ་ཉན་ན་ཁྱོད་ཀྱིས་ཅི་དགའ་སྒྲུབ༔ ཅེས་གསུངས་སོ༔ དེ་ནས་ལྷ་ལྕམ་གྱི་ཐུགས་དགོངས་ལ༔ རྒྱལ་བློན་འབངས་དང་བཅས་པ་འདི་རྣམས་ཆོས་ལ་གནག་ཅིང་གདུག་སེམས་ཆེ་བས༔ རྩུབ་མོའི་ཚིག་སྨྲས་ན་ནི་མི་སྐྲག༔ ཞི་བའི་ངང་གིས་ཞུས་ན་ནི་མི་གསན༔ འདོད་པའི་ནོར་གྱི་སྒྱུ་ལུས་ཀྱི་རྒྱན་ཆ་རྣམས་བཀྲོལ་ནས༔ རྒྱལ་བློན་རྗེ་འབངས་རྣམས་ལ་སོ་སོར་བགོས་ནས་ཕུལ་ཏེ༔ ཐབས་མཁས་ཤིང་གཡོ་ཆེ་བའི་སྒོ་ནས་འཇམ་པའི་ཚིག་གིས་ནན་ཏན་ཡང་དང་ཡང་དུ་ཞུས་ནས༔ ལྷ་ལྕམ་ང་ཆོས་བྱེད་དུ་སྟེར་རམ༔ ཅིས་ཀྱང་མི་ལུས་རིན་པོ་ཆེ་འདི་ཐོབ་པ་ལ་ཆོས་བྱེད་པའི་སྐལ་བ་མ་བྱུང་ན་ཕོ་བྲང་གི་མཆོད་གནས་དྲུང་དུ་ལུས་སྲོག་ཕུལ་ནས་སྐྱེ་བ་འདིའི་འོག་རོལ་ཏུ་བྱང་ཆུབ་ཆོས་སྤྱོད་དབང་ཐོབ་པར་སྨོན་ལམ་འདེབས་སུ་རིགས༔ གལ་ཆེན་སྒྲུབ་ན་ངང་ཆེན་བསྲིང་བ་ཆེ་བའི་བློན་པོ་ཡིན་པས༔ ནན་ཆེར་ཞུ་བ་བགྱིད་དོ་བསམས་ནས་གསེར་གཡུའི་ལན་ཚར་དང་༔ རྣ་ཆ་ནོར་བུའི་མཆོང་གཡུ་དང་༔ མགུལ་རྒྱན་ནོར་བུ་མུ་ཏིག་ཕྲེང་གཡུ་དང་༔ གཙུག་ཕུད་ནོར་བུ་འོད་འབར་དང་བཅས་པ་རྒྱལ་པོ་ལ་ཕུལ་ནས༔ ལག་སོར་གདུབ་བུ་དང་༔ དངུལ་དཀར་གྱི་མེ་ལོང་དང་བཅས་པ་སྲས་རྒྱལ་བུ་རྣམ་གཉིས་ལ་ཕུལ༔ ན་བཟའ་གོས་ཀྱི་འཇམ་ཕྲུག་མུ་ཏིག་གིས་སྤྲས་པ་དང་༔ ཟབ་དར་སྲུབ་མེད་གཡུ་འབྲས་བརྒྱན་པ་དང་༔ སྐེ་རགས་མུ་ཏིག་གི་ལན་ཐག་ཅན་དང་༔ ཕྱི་རས་ཉ་ཕྱིས་ཀྱི་མཐོན་མཐིང་ཅན་དང་༔ སྐེ་རགས་གཡུ་ཕྲའི་རྒྱ་མདུད་ཅན་དང་༔ གསེར་གྱི་དྲི་དང་ཐུར་མང་ནོར་བུའི་ཡུ་བ་ཅན་དང་༔ ཞབས་ཀྱི་ལྷམ་བུ་ཆུང་གཡུ་ཕྲའི་འཛུམ་ཁྲིལ་མུ་ཁྱུད་ཅན་ཡུམ་བཙུན་མོ་ལ་ཕུལ༔ ནོར་བུའི་བང་མཛོད་གསེར་གཡུའི་ཐེམ་སྐས་ཅན་བདུན་ཡོད་པ་ཕྱི་བློན་རྣམས་ལ་ཕུལ༔ གསེར་གཡུའི་བང་མཛོད་མུ་ཏིག་གི་དྲ་བ་ཅན་བདུན་ཡོད་པ་ནང་བློན་དང་འབངས་རྣམས་ལ་ཕུལ༔ ཕྲན་ཚགས་ཀྱི་སྐོར་མཛོད་མང་དུ་ཡོད་པ་རྣམས༔ སྒོ་ཕྱི་ནས་ངན་སྤྲང་རིགས་ངན་གྱི་ཚོགས་བཀྲེས་ཤིང་སྐོམ་པ་དང་༔ རིད་ཅིང་རྨོངས་པ་རྣམས་ལ་སོ་སོར་སྐལ་བ་མ་ཕམ་པ་བྱིན༔ བཟའ་བ་དང་བཏུང་བའི་ལོངས་སྤྱོད་ཀྱིས་བྱ་དང་ཁྱི་ལ་སོགས་པའི་དུད་འགྲོ་རྣམས་ཀྱང་ཚིམ་པར་བྱས༔ རྒྱལ་པོ་ཡབ་ཡུམ་དང་༔ རྒྱལ་བུ་ཕྱི་བློན་དང་༔ ནང་བློན་འབངས་འཁོར་དང་བཅས་པ་ཕྱོགས་གཅིག་ཏུ༔ བླ་ཤིང་པདྨ་ཟླུམ་པོ་འདྲ་གླ་བ་རྐང་གཅིག་གི་དྲུང་དུ་ཆེ་བར་འདུས་ནས་ཞུ་བ་རིམ་གྱིས་གསལ་བར་ནན་ཆེར་ཡིད་ཕམ་པའི་སྨྲེ་སྔགས་དང་བཅས་ཏེ༔ མིག་ནས་མཆི་མ་ཁྲག་ཏུ་འཐིབ་ཅིང་བྱང་ཁོག་དབུགས་ཀྱིས་བརྒྱང་ནས་དྲན་མེད་དུ་བརྒྱལ་ཞིང་ཞུ་བ་མཛད༔
དང་པོ་ཡབ་རྒྱལ་པོ་ལ་ཞུས་པ༔ ཨེ་མ་ཡབ་རྒྱལ་པོས་གསུངས་པའི་བཀའ་ལ་མི་རྫི་ཡང་༔ སེམས་འདོད་པས་མ་ཚིམ༔ རང་གནོང་ཞིང་ཡིད་ཀྱི་ལས༔ བཀའ་དམ་ཆོས་མེད་ན་མི་ཚེ་སྟོང་ཟད་ཡིན༔ ལས་འཁྲུལ་པའི་རྒྱུ་ནི་རང་སེམས་སྡུག་རེ་བསྔལ༔ ལུས་ངལ་དུབ་ཡིད་ཀྱི་འཁོར་བར་སྣང་བ་སྐྱོ༔ ལས་བྱ་བ་བྱེད་པ་ཆུ་གཉེར་རླབས་དང་འདྲ༔ ཚེ་འདི་ཕྱི་གཉིས་ལ་དགོས་པ་དམ་ཆོས་ཡིན༔ ལུས་སྐྱེ་བ་དམན་པའི་ལྷ་ལྕམ་གཞོན་ནུ་ང་༔ ཡིད་སྣང་བའི་འགྲོ་ཕྱོགས་ཆོས་ཕྱིར་སྨོན་པ་ལ༔ སེམས་གདུང་བའི་ཤུགས་ཀྱིས་དཀའ་བ་ཆོས་ཕྱིར་སྤྱོད༔ འཁོར་ལོངས་སྤྱོད་ཆེ་ཡང་སྡུག་བསྔལ་དྲ་བའི་རྒྱུ༔ གྲོགས་རྒྱལ་བུ་མཛེས་ཀྱང་སྣང་བའི་བྲིད་ཕྱོགས་ཙམ༔ སྙན་གྲགས་པ་ཆེ་ཡང་མི་ཁའི་གཡབ་ཤིང་ཡིན༔ ལས་འཁོར་བའི་ཆོས་ལ་སྤྲོ་བ་མ་བྱུང་བས༔ ཡབ་རྒྱལ་པོས་གསན་ནས་རྒྱ་གར་མི་གཏོང་འཚལ༔ བདག་ཆོས་ཀྱིས་སྨིན་ན་ཡབ་ཀྱི་དྲིན་ལན་འཇལ༔ ཁྱོད་ཅིས་ཀྱང་བཀའ་ལ་ཆོས་ཕྱིར་མ་གནང་ན༔ བདག་སྲོག་ལ་མི་འཕང་ཕྱི་མར་ཞལ་མཇལ་སྨོན༔ ཞེས་གསུངས་སོ༔ ཡུམ་བཙུན་མོ་ལ་སྨྲས་པ༔ ཨེ་མ་ཤ་དྲིན་གྱིས་གསོས་པའི་འབྲེལ་བ་ཅན༔ ལས་དབང་གིས་ཐོབ་པའི་ཨ་མ་ཁྱོད༔ སེམས་བརྩེ་བའི་ཤུགས་ཀྱིས་ཡུས་ཆེ་ཡང་༔ བདག་ལྷ་ལྕམ་ང་ལ་ཕོད་མ་ཆེ༔ ཆོས་གྲོགས་སུ་མི་འགྲོ་ཕ་མ་ཡང་༔ ཁོ་མོའི་བདུད་གྲོགས་ཡིན་པར་རྒྱལ་བས་གསུངས༔ དོན་དེ་ཕྱིར་ཡུམ་གྱི་བཀའ་བཙན་ཡང་༔ བདག་ཆོས་ལ་ཡིད་སྨོན་བཀའ་གནང་ཞུ༔ རྫོངས་ནོར་རྫས་ནམ་མཁའི་སྨིག་རྒྱུ་འདྲ༔ རྒྱན་གཡུ་གོས་སྦྲང་མའི་སྦྲང་རྩི་འདྲ༔ སུ་གང་ལ་ཆགས་པ་འཁྲུལ་པའི་རྒྱུ༔ ཞེན་ཆགས་གཟུང་འཛིན་སྤངས་ནས་དམ་ཆོས་བྱེད༔ ཡུམ་གྱིས་བདག་ལ་ཅིས་ཀྱང་མི་གནང་ན༔ ཚེ་འདི་ལ་འགྲོགས་པའི་སྐབས་མེད་དེ༔ དུས་ཕྱི་མར་འོག་མིན་ཞལ་མཇལ་སྨོན༔ ཞེས་གསུངས་སོ༔
སྲས་རྒྱལ་བུ་གཉིས་དང་ཕྱི་བློན་རྣམས་ལ་སྨྲས་པ༔ ཨེ་མ་ལས་ཀྱི་དབང་གིས་མཚམས་སྦྱར་བའི༔ གདུང་སེམས་ཡིད་ཀྱིས་འབྲེལ་པའི་ཡུལ༔ རྒྱལ་བུ་བློན་ཆེན་བཀའ་བཀྱོན་ཀྱང་༔ ལྷ་ལྕམ་བདག་ལ་གནོང་འགྱོད་མེད༔ བསམ་མནོ་རང་སྣང་མི་གཅིག་པས༔ སོ་སོའི་མཐོང་སྣང་ལས་སུ་སྤྱོད༔ རྒྱ་གར་ཡུལ་ནི་ས་ཐག་རིང་༔ བྷི་རྱའི་རྒྱལ་བུ་ང་རོ་ཆེ༔ འབངས་ཀྱི་འཁོར་གཡོག་འཁང་རྐྱེན་རགས༔ བང་མཛོད་ནོར་བུ་འཚོ་སྐྱོང་དཀའ༔ ཁྱིམ་མཚེས་འབངས་འཁོར་མགུ་ཁོངས་འཛམ༔ བློན་འབངས་ཕྱི་ནང་སྡུག་ཡུས་ཆེ༔ དགྲ་ཟླའི་རྒྱལ་བློན་འདུལ་བ་དཀའ༔ ཆོས་ཀྱི་བསྟན་པ་དེ་ནས་ནུབ༔ སྡུག་བསྔལ་འཚོ་སྐྱོང་རྒྱལ་པོ་འདྲ༔ རྟ་བདུན་ཉི་ཟླའི་རྒྱལ་པོ་ཟླུམ༔ མུན་རུམ་འཁྲུལ་པའི་རྒྱལ་པོ་ཆེས༔ ཡུལ་ཕྱོགས་དེ་ན་མི་མཐུན་འཛོམས༔ དེ་འདྲའི་གནས་སུ་བདག་མི་འགྲོ༔ ལྷ་ལྕམ་མེ་ཏོག་སྐུ་འདྲ་འདི༔ བྱང་ཕྱོགས་དུད་འགྲོའི་ཡུལ་ཁམས་དེར༔ རིག་པའི་འོད་གསལ་ཐམས་ཅད་ཉམས༔ ཡབ་ཡུམ་བློན་དང་མི་འཕྲད་ནས༔ ཐག་རིང་ཡུལ་ན་སྣང་སེམས་སྐྱོ༔ སྐད་རིགས་མི་གཅིག་དུད་འགྲོའི་གྲོགས༔ ཉིན་བཞིན་མཚན་བསམ་ཕོ་བྲང་དྲན༔ དེ་ཚེ་སྡིག་བློན་སྡིག་པོ་ཆེ༔ ལྷ་ལྕམ་ཡིད་གནོང་སེམས་རེ་ཕམ༔ དེ་བས་རྒྱལ་བུ་བློན་དང་བཅས༔ དམ་ཆོས་བགྱིད་ལ་བཀའ་གནང་ཞུ༔ ཅིང་ཀྱང་ཆོས་ལ་བཏང་མི་སྟེར༔ ཆོས་བྱས་བདག་ལ་ཁྲིམས་གཅོད་ན༔ ལྷ་ལྕམ་སྲོག་ལ་མི་འཕང་ཕྱིར༔ ལུས་ཀྱིས་བློན་འབངས་ངམ་པར་བྱེད༔ སེམས་ཀྱིས་འོག་མིན་གནས་སུ་སྨོན༔ ཚེ་འདིར་འགྲོགས་དབང་མ་མཆིས་པའི༔ ཕྱི་མ་སྐབས་ཀྱི་རྟེན་འབྲེལ་ལ༔ དུས་འཛོམས་ཐབས་ཀྱིས་ཞལ་མཇལ་སྨོན༔ ཞེས་གསུངས་སོ༔ རྒྱལ་པོ་ཡབ་ཡུམ་དང་༔ སྲས་རྒྱལ་བུ་དང་༔ གྲོས་ལ་དབང་བའི་བློན་ཆེ་བ་རྣམས་ཀྱིས་ཕྱོགས་གཅིག་ཏུ་འདུག་ནས༔ བཀའ་གྲོས་མཛད་པ་ལ༔ ལྷ་ལྕམ་རྒྱ་གར་གྱི་ཡུལ་དུ་ཅིས་ཀྱང་འགྲོ་བར་མི་མོས་ནས་ཟུང་མོ་མཁར་ཤིང་ཡུལ་གྱི་རྒྱལ་བུ་ལ་བཙུན་མོར་གཏོང་དགོས༔ དེ་རུ་རྫོངས་ཀྱི་ནོར་རྫས་ལ་མ་ཕམ་པར་བྱིན་ན་འགྲོ་ངེས༔ དེར་ཡང་མི་འགྲོ་ན་ཁྲིམས་ལ་གཏུག་ངེས༔ མགོ་དང་རྐང་ལག་བྲེག་པར་རིགས་ཏེ༔ ངོ་གྲགས་ཤིང་ཡིད་མཐུན་པ་རྣམས་ཀྱིས་ནན་ཆེར་བསླབ་བྱ་བྱེད་པར་འཐད་ཅེས་པས་བསམ་གྲོགས་ཕྱོགས་གཅིག་ཏུ་མཐུན་ནས༔ ལྷ་ལྕམ་དང་ཡིད་མཐུན་པའི་བུ་མོ་ལྔ་བརྒྱ་ལ་འཕྲིན་ངག་བཏང་སྟེ་ལྷ་ལྕམ་ལ་སྨྲས་པ༔ ཀྱེ་འབྲས་ལེགས་ཡིད་གཙང་དང་བས་ཞན་པ་གསོ༔ གདུང་རིགས་རྒྱུད་ནི་གཙང་བས་གཞན་ཡིད་འཕྲོག༔ བསམ་ཤེས་བློ་ལྡན་གཞོན་ནུ་དཔེ་བྱད་ཅན༔ རིག་པ་ཡོད་པ་རྒྱལ་བུ་འབངས་ལ་གསོན༔ ལྷ་ལྕམ་དགའ་ཡང་རྒྱལ་པོའི་བཀའ་མི་ཆོག༔ བཀའ་ལ་གནག་པའི་བློན་པོའི་ནག་ཁྲིམས་ཕོག༔ དེ་བས་བདག་གི་གྲོས་ལ་ཅིས་མི་གསན༔ རྒྱ་གར་ཡུལ་དུ་ཅི་སྟེ་མི་བྱོན་ཀྱང་༔ ཟུང་མོ་མཁར་དུ་མི་བྱོན་ཀ་ཐབས་མེད༔ དེ་བས་བདག་ལ་ཞུས་ལེན་གསལ་བར་སྐུར༔ ཞེས་སྨྲས་པ་ལས༔ གྲོས་གདབ་ཀྱི་བུ་མོ་ལྔ་བརྒྱ་ལ་ལྷ་ལྕམ་གྱིས་སྨྲས་པ༔ ཀྱི་ཧུད་ཡིད་འོང་གྲོགས་ཀྱི་བུ་མོ་ལྔ་བརྒྱ་ཁྱོད༔ གདུང་བའི་སེམས་ཀྱིས་བདག་དྲུང་འདུག་ནས་ནི༔ ཕན་པའི་བསླབ་བྱ་མང་དུ་སྨྲ་ནའང་༔ བདག་གི་སེམས་ལ་ཅུང་ཟད་འགལ་བའི་ཚེ༔ གྲོགས་སུ་མི་འགྱུར་དངོས་གྲུབ་བསླུ་བའི་བདུད༔ རྒྱལ་རྒྱུད་ཁྱིམ་ལ་ཡིད་ཀྱིས་མི་སྨོན་པར༔ རྒྱལ་བུ་ཕོ་བྲང་སྣང་བ་ཅི་བདེར་མཛོད༔ ཁོ་མོ་ལྷ་ལྕམ་གངས་ཀྱི་སྟོད་ཁྲོད་འགྲིམ༔ དམ་ཆོས་མེད་པས་ནག་གི་ཁྲིམས་གཏུག་འོས༔ ཡིད་ཀྱིས་ཐག་ཆོད་སེམས་ཀྱི་ཐེ་ཚོམ་མེད༔ རྒྱལ་བློན་འབངས་ལ་འཕྲིན་གྱི་མངགས་པ་མཛོད༔ ཅེས་གསུངས་སོ༔ དེ་ནས་གྲོས་འདེབས་ཀྱི་བུ་མོ་ལྔ་བརྒྱས་ལྷ་ལྕམ་གྱིས་སྨྲས་པའི་ཚིག་རྣམས་ལ་ལྷག་ཆད་མེད་པར་རྒྱལ་པོ་ཡབ་ཡུམ་བློན་འབངས་དང་བཅས་པ་རྣམས་ལ་སྨྲས་པས༔ ཐམས་ཅད་ངོ་ནག་ཅིང་ཧལ་བར་གྱུར་ཏོ༔ ཕྱི་བློན་ཆོས་ལ་གནག་པ་རྣམས་ཀྱི་ཞལ་ནས༔ རྒྱལ་པོའི་ཁྲིམས་ཀྱིས་ཡུལ་རྣམས་འཚོ་བ་ལ༔ བརྙས་ན་མཆན་གྱི་བུ་ཡང་གསོད་པར་འོས༔ ལྷ་ལྕམ་གཅེས་པར་གསོས་ནས་བཏང་སར་མི་འགྲོ་ན༔ མགོ་བྲེག་ལྤགས་པ་བཤུ༔ ཡན་ལག་གཏུབ་པར་རིགས་པས་ཁྲིམས་གཅོད་ཟེར་ནས་རྒྱལ་པོ་ལ་ཞུས་པས༔ རྒྱལ་པོས་ཀྱང་བཀའ་གནང་ངོ༔ དེ་ནས་བློན་པོ་གདུག་པ་ཅན་རྣམས་ཚོགས་ནས་ལྷ་ལྕམ་བཟུང་སྟེ༔ ལྷ་ལྕམ་ལག་པ་ཕྱིར་རྒྱབ་ཏུ་བཀྱིག༔ གཅེར་བུར་སྐེ་ནས་ཐག་པས་དྲུད་དེ༔ ཚེར་མང་ཅན་གྱི་ལྕགས་ཀྱིས་བྲབ་ཅིང་ཕོ་བྲང་གི་ཕྱི་མཐའ་བསྐོར་བས༔ ཡུལ་འཁོར་གྱི་མི་རྣམས་ནི་ལྷ་ལྕམ་ལ་ལྟ་ཞིང་ངུ་བ་དང་སྨྲེ་སྔགས་ཀྱི་སྐད་ཆེན་པོ་འདོན་ནོ༔ དེ་འདྲའི་རྣམ་ཐར་མཐོང་བ་དང་༔ ནང་བློན་རྣམས་ཀྱི་ནང་ནས་ཆོས་ལ་དཀར་བ་བློ་རྣོ་ཞིང་བསམ་པ་དཀར་བ༔ བློན་པོ་བྲེ་སྣ་ཀར་བྱ་བ་གཅིག་ཕོ་བྲང་གི་ནང་དུ་རྒྱལ་པོའི་དྲུང་དུ་ལྷགས་ནས་འདི་སྐད་ཞུས་པ༔ ཨེ་མ་རྒྱལ་པོ་ཁྱེད་ལ་ཐུགས་དགོངས་ཅི་མངའ་ན༔ ཤ་ལས་ཆད་པའི་ལྷ་ལྕམ་མི་ཕངས་ན༔ མ་དག་བློན་གྱིས་ཕྲ་མ་སྒྱུར་ཁ་སྐྱེན༔ ཐུགས་ཚོར་མེད་པས་ལྷ་ལྕམ་དགྲ་ལ་གཏད༔ ཤ་མི་ཚ་བའི་ལྷ་ལྕམ་གཅེར་བུར་བཀྱིག༔ ལོག་རྟོག་བློན་གྱིས་འཕངས་མེད་ཚེར་མང་བྲབ༔ མཐོང་ན་མི་བཟོད་ཡིད་ཀྱི་ཞན་པ་སྐྱུར༔ ཡུལ་མི་ཀུན་གྱིས་ལྷ་ལྕམ་ལྟ་ཞིང་ངུ་༔ འདི་འདྲའི་ཁྲིམས་ཚབ་བདག་གིས་ཁུར་རོ་སྨྲས༔ བློ་ཡོད་ཐམས་ཅད་དྲན་མེད་བརྒྱལ་ནས་འབོགས༔ བྱ་དང་རི་དྭགས་གཅན་གཟན་ཀུན་ཀྱང་ངུ་༔ གཟུགས་མེད་ཡུལ་ལ་ལྷ་འདྲེའི་སྐད་ངན་འདོན༔ འབྱུང་བའི་ཁམས་འཁྲུག་རླུང་དམར་ལུང་སྟོང་འཕྱོ༔ ས་གཡོས་འབྲུག་དང་ནམ་མཁའི་མེ་ཏོག་འཐུལ༔ འདི་འདྲའི་ལས་ནི་སུ་ཡིས་བཅོས་དྲན་ན༔ རྒྱལ་པོ་ཡབ་ཡུམ་ཐུགས་ལ་ཅི་བསམས་ཀྱང་༔ ཡུལ་འབངས་མི་རྣམས་དྲན་མེད་སྙིང་རླུང་འཕྱོ༔ དགྲ་ཟླ་ཡིན་ཀྱང་ཅུང་ཟད་གྲགས་པ་ཙམ༔ ལྷ་ལྕམ་ལོད་ཀྱང་ཤ་ལས་ཆད་པའི་སྲས༔ འདི་འདྲ་མཐོང་ན་བློན་འབངས་བློ་མི་འཁེལ༔ ཐུགས་དགོངས་ཨེ་ཡོད་རྒྱལ་པོ་ངག་ལན་ཞུ༔ ཅིས་ཀྱང་ཡིན་ན་མཐའ་ཡུལ་སྤྱུག་པ་འཐད༔ ཅེས་ཞུས༔ རྒྱལ་པོས་གསུངས་པ༔ ཀྱི་ཧུད་ནང་བློན་ཁྱེད་ཀྱིས་སྨྲས་པ་བདེན་ནམ་ཅི༔ རྫུན་དུ་མ་སྨྲ་ངེས་པར་རྟོག་ལ་ཤོད༔ ཐོས་པའི་གཏམ་ལ་ཕྱེད་བདེན་ཕྱེད་མི་བདེན༔ ཕོ་བྲང་ནང་དུ་ལྷ་ལྕམ་ཁྲིད་ལ་ཤོག༔ ཡིན་མིན་དྲིའོ་ཡིན་ན་ལྷ་ལྕམ་ཡུས༔ ནང་བློན་ཁྱོད་ཀྱི་ངོ་ལ་ཁྲིམས་ལས་སྤང་༔ ལོ་ཤས་གཅིག་ཏུ་ཤིང་རོང་ནག་པོར་སྤྱུག༔ ཅེས་གསུངས་ནས་ནང་བློན་ལ་མངགས་པ་མཛད་བཀའ་བསྒོས་སོ༔ དེ་ནས་ནང་བློན་དེས་ཕོ་བྲང་གི་ཕྱིར་དུ་བལྟས་ཏེ༔ ཁྲིམས་ལ་དབང་བའི་ཕྱི་བློན་རྣམས་དང་ལྷ་ལྕམ་ལ་སྨྲས་པ༔ ཀྱེ་རྣམ་དག་འཛུམ་ལྔ་སྤྲས་པའི་ལྷ་ལྕམ་ཁྱོད༔ ཡིད་འོང་གཞོན་ཤའི་ལུས་ལ་འོད་འཕྲོ་བ༔ ཨུཏྤལ་མཐོན་མཐིང་མདོག་ལྟར་རབ་ཏུ་མཛེས༔ བིམ་པ་ལྟར་ན་དཀར་དམར་འོད་ཀྱི་འཁྱིལ༔ ཀུ་མུ་ཏ་བཞིན་ངད་པའི་དྲི་ཡང་འཐུལ༔ ཟེ་འབྲུའི་མདོག་ལྟར་རྩི་འཇམ་ཐིག་ལེའི་འཛུམ༔ པུནྚ་རི་ཀའི་འཛུམ་འདྲའི་ཕྱག་ཞབས་ལ༔ གཞོན་ནུ་ངང་པ་མཚོ་བྱའི་སྐད་སྨྲ་ཞིང་༔ སེམས་དཔའ་ཐུགས་ཀྱིས་འཚོ་བ་སྤངས་ནས་ཀྱང་༔ རྣམ་དག་ནོར་བུའི་འཛུམ་གྱི་འོད་འདྲ་ཁྱོད༔ སྔན་ཆད་ཕན་ལ་མཐོང་ཡང་ཡིད་སྨོན་ཙམ༔ མཉེན་འཇམ་སྐུ་ལ་རེག་པར་མི་ནུས་ན༔ ད་ལྟའི་དུས་སུ་གདུབ་པ་བློན་ལག་ཚུད༔ མི་ཕངས་ཕོད་པས་ཐག་པས་མདུད་ཅིང་བསྡམ༔ རྩུབ་མོའི་ཚེར་མང་ལུས་ལ་བྲབ་པ་མཐོང་༔ བསམས་ཤིང་སྐྱོ་ནས་བྱང་ཁོག་དབུགས་ཀྱིས་བརྒྱང་༔ མཐུན་འཇུག་མ་ངེས་བློན་གྱིས་ཞེན་པ་དཀྲུགས༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ཡིན་ན༔ བློན་པོ་རྣམས་ཀྱིས་དགོངས་པ་སོ་སོར་ཐོང་༔ འབངས་ཀྱི་རྗེ་བས་གདུང་གི་རུས་པས་ལྷག༔ ལྷ་ལྕམ་འདི་ལ་གནག་པའི་སེམས་མ་བྱེད༔ བཀྱིག་པ་ཁྲོལ་ལ་རྒྱན་དང་ན་བཟའ་གསོལ༔ རྒྱལ་པོའི་བཀའ་ཡིས་ཕོ་བྲང་ནང་དུ་གཤེགས༔ ཞེས་སྨྲས་པ་དང་༔ ལྷ་ལྕམ་སྡིག་བློན་དང་བཅས་པ་ཕོ་བྲང་གི་ནང་དུ་བྱོན་ཏེ༔ ཡབ་རྒྱལ་པོའི་དྲུང་དུ་འདུག་པས༔ ཕོ་བྲང་གི་ཕྱི་ན་གནས་པའི་ཡིད་མཛའ་བ་དང་༔ གྲོགས་ཀྱི་བུ་མོ་ལྔ་བརྒྱ་དང་༔ ཡུལ་འཁོར་འབངས་ཀྱི་མི་རྣམས་ནི༔ ལྷ་ལྕམ་ཕོ་བྲང་གི་ནང་དུ་ཁྲིད་ནས་གསོད་ཀྱིས་དོགས་པས༔ སེམས་སྡུག་བསྔལ་གྱིས་བརྒྱལ་ཞིང་འབོགས༔ ལུས་རྡེབ་ཅིང་འགྱེལ༔ ངག་ངུ་འབོད་ཀྱི་ཆོ་ངེ་ཆེན་པོ་འདེབས་ཤིང་ཕོ་བྲང་ལ་སྐོར་བ་བསྐོར་ཏེ༔ རྒྱལ་པོ་ཡབ་ཡུམ་སྟངས་ཞན་ནོ༔ ལྷ་ལྕམ་འདི་འདྲ་བ་ལ་གནག་པའི་སེམས་ཕོད་པ་རེ་འཇིགས་ན་ཞེས་ཕྱོགས་གཅིག་ཏུ་སྨྲས་སོ༔ རྒྱལ་པོས་ལྷ་ལྕམ་ལ་སྨྲས་པ༔ ཀྱི་ཧུད་ཡིད་འོང་ལྷ་ལྕམ་ཡུས་རེ་ཆེ༔ བཀྱིག་བཏགས་བརྡུང་བཙོག་ཡིད་ཕམ་ཡང་༔ བཏང་སར་མ་ཕྱིན་རང་གིས་ལན༔ བསད་པར་འོས་ཀྱང་ད་མི་གསོད༔ ཤ་ལས་ཆད་པའི་ལྷ་ལྕམ་ཁྱོད༔ རྒྱལ་པོའི་ཁྲིམས་ལ་སྤང་ཐབས་མེད༔ ལོ་ཤས་མི་མེད་ཡུལ་དུ་སྤྱུག༔ དེ་ནས་ལོ་འགའ་སོང་ནས་འཕྲད༔ ཁྲིམས་བློན་ཀུན་གྱིས་སྐྱེལ་ཐུང་གྱིས༔ ཞེས་བསྒོའོ༔
ལྷ་ལྕམ་གྱིས་ཡབ་རྒྱལ་པོ་ལ་ཞུས་པ༔ ཀྱེ་རྒྱལ་པོ་ཆེན་པོས་བཀའ་བྱོན་ནས༔ འབངས་ཀྱིས་བློན་ལ་རང་དབང་མེད༔ རྒྱལ་པོ་ཡབ་ཡུམ་ཁྲེལ་ཆུང་བས༔ ཕངས་མེད་ལྷ་ལྕམ་ཁྲིམས་ལ་གཏུག༔ སྡིག་བློན་མ་རུང་ལག་ཏུ་གཏད༔ ཤ་མི་ཚ་བས་བཀྱིག་ཅིང་བརྡུངས༔ མི་བཟོད་སེམས་ལ་སྔངས་ཤིང་སྐྲག༔ ལུས་ལས་རྣག་ཁྲག་ཆུ་སེར་འབབ༔ མི་རྣམས་བདག་ལ་ལྟ་ཞིང་ངུ་༔ བསམས་ཤིང་ཡིད་ཀྱི་ཡུལ་ནས་སྐྱོ༔ ཡབ་ཡུམ་རྒྱལ་པོས་ཕོད་པ་ལ༔ ལྷ་ལྕམ་བདག་གིས་ཅི་མི་བཟོད༔ དམ་ཆོས་བྱེད་དུ་མི་སྟེར་ན༔ ཤི་གསོན་ལས་ལ་གནོང་རྒྱུ་མེད༔ མི་མེད་ལུང་སྟོང་སྤྱུགས་ཀྱང་རུང་༔ ཡབ་ཡུམ་རྒྱལ་པོའི་བཀའ་མི་གཅག༔ བདག་ནི་ལས་ངན་སྡིག་སྒྲིབ་ཆེ༔ མི་མེད་འདྲེ་ཡུལ་སྡོད་པའི་ཚེ༔ བཟའ་བཏུང་གོས་ཀྱི་སྐལ་བ་གང་༔ སྟེར་ན་རྫོང་ཞིག་མི་སྟེར་སྲན༔ ཚེ་འདིར་འཕྲད་པའི་སྐལ་བ་མེད༔ ཕྱི་མ་དོན་ཡོད་གནས་སུ་མཇལ༔ ཞེས་ཞུས༔ ཕྱི་བློན་རྣམས་ཀྱིས་སྨྲས་པ༔ ཀྱེ་རྒྱལ་པོ་ཁྱེད་ལ་བསམ་བློ་མེད༔ བཏང་སར་མི་འགྲོ་བསླབ་མི་ཉན༔ དགོས་པ་ཅི་ཡོད་ལྷ་ལྕམ་འདི༔ གསོད་པར་རིགས་ཀྱང་གསོད་མི་ནུས༔ སྤྱུག་པར་མི་ཚད་ཁྲིམས་ཐོབ་སྟེ༔ ཅིས་ཀྱང་ཤིང་རོང་སྤྱུག་པ་ན༔ རྒྱལ་པོའི་བཀའ་ལ་བཅག་ཐབས་མེད༔ ཡུན་དུ་མི་འཇོག་མྱུར་དུ་རྫོངས༔ སྡུག་ཡུན་རིང་ན་སེམས་ཀྱང་ཚིམ༔ ཞེས་སྨྲས་སོ༔
དེ་ནས་ལྷ་ལྕམ་གླང་པོ་ཆེ་ལ་བསྐྱོན་ཏེ༔ ཕོ་བྲང་གི་བྱང་ཕྱོགས་སུ་ཉེ་བ་ན༔ བདུད་ལུང་ཤིང་རོང་མུན་པ་ཅན་ཞེས་བྱ་བ་རུ་སྤྱུགས་སོ༔ གླང་པོ་ཆེ་ལྔ་བརྒྱ་ལ་བཟའ་བཏུང་གི་ལོངས་སྤྱོད་མང་དུ་བཀལ་ནས་བརྫངས༔ ཁྱེའུ་ཕོ་མོ་ལྔ་བརྒྱ་ཙམ་གྱིས་སྐྱེལ་ཐུང་ཉིན་ཞག་བཅུའི་བར་དུ་བྱས༔ སྐྱེ་ཤིང་བྲ་མ་ཅན་ཞེས་བྱ་བའི་ལུང་མདོ་ནས་སྐྱེལ་མི་རྣམས་ལོག་སྟེ༔ ཕོ་བྲང་དུ་ཁ་བལྟས་པ་ལ་ལྷ་ལྕམ་དང་འབྲལ་མ་ཕོད་ནས༔ ཕྱིར་མིག་རང་སར་ལྟ་ཞིང་༔ ཡིད་འོང་ཁྱེད་ལྟ་བུའི་ལྷ་ལྕམ་དང་བྲལ་དགོས་པ་སྔོན་གྱི་སྨོན་ལམ་རེ་ངན་ན་ཞེས་ཟེར་ཞིང་༔ སྨྲེ་སྔགས་ཀྱི་ངུ་འབོད་ཀྱི་ཆོ་ངེར་རང་རང་དུ་ལོག་གོ༔ སྐྱེལ་མི་རྣམས་ཀྱི་ནང་ནས་ཤེས་རབ་ཆེ་ཞིང་རིག་པ་རྣོ་བའི་ཁྱེའུ་གར་རྣ་ཆ་ཤེས་ཕོད་ཅན་ཞེས་བྱ་བ་གཅིག་ཡོད་པ་དེ༔ སྔོན་གཞོན་ནུའི་དུས་ན་ལྷ་ལྕམ་དང་ཡིད་མཛའ་བ་ལས་བྲལ་མ་ཕོད་ནས་ལྷ་ལྕམ་གྱི་ན་བཟའ་ལ་འཇུ་ཞིང་སྨྲས་པ༔ བདེ་བའི་ལུས་ལ་སྙན་པའི་ངག་སྨྲས་པ༔ ཡིད་ཀྱི་སྤྱོད་ཡུལ་ཀུན་ལ་ཕན་སེམས་ཆེ༔ མཛའ་བའི་གྲོགས་ལ་བརྩེ་བས་སེམས་བྱེད་པ༔ གཞོན་ནུའི་ལུས་ལ་བཅུ་དྲུག་ལང་ཚོ་རྒྱས༔ པུནྚ་རི་ཀའི་མེ་ཏོག་དང་འདྲའི་མདོག༔ དཀར་རྩི་དམར་ལྗང་པདྨའི་དྲི་བྲོ་བ༔ དབུ་སྐྲ་མཐོན་མཐིང་ལྕུག་མའི་ལོ་འབྲས་འདྲ༔ སྤྱན་གཉིས་ཨུཏྤལ་དུང་མོའི་མདོག་བཞིན་ལྟ༔ སྨིན་མ་རབ་རིབ་ནམ་མཁའི་སྨིག་རྒྱུ་འདྲ༔ སྙན་གཉིས་མེ་ཏོག་སེ་བ་སྟོང་ལྡན་མདོག༔ ཤངས་ཀྱི་རྩེ་ཟླུམ་ནོར་བུའི་རིས་ཁ་མདོག༔ ཞལ་གྱི་འོད་ཟེར་པདྨ་འཛུམ་འདྲའི་བཞད༔ ཚེམས་ཀྱི་ངང་མདོག་སྲིན་མེད་དུང་འདྲའི་མདོག༔ ལྗགས་ནི་མཉེན་འབོལ་པདྨའི་ལོ་འདབ་སྤྱོད༔ སྐུ་ཡི་རེག་བྱ་དཀར་འཇམ་འབོལ་ལས་སྣུམ༔ མགུལ་གྱི་མགྲིན་པ་དར་དཔྱངས་རྒྱལ་མཚན་འཛིན༔ སྐུ་སྐེད་མཉེན་ཕྲ་མི་ཡི་སྐད་འདྲ་འཁུལ༔ ཞབས་ནི་ངང་སོར་གཞོན་ནུ་དལ་གྱིས་འགྲོ༔ འཁོར་ལོ་སྟོང་ལྡན་པདྨ་ཁྱུད་ཀྱིས་མཛེས༔ ནུབ་ནི་ཉལ་ཕྱི་ནངས་པར་ལང་བ་སྔ༔ སྤྱོད་ལམ་དལ་ལ་ངང་རྒྱུད་འགྲོགས་པ་བདེ༔ ཞལ་གྱི་འཛུམ་མདངས་སྤྱན་གྱི་ཟུར་མིག་མཛེས༔ གང་ན་བཞུགས་ཀྱང་ཞལ་འོད་འདོམ་གང་འཁྱིལ༔ བལྟ་ན་སྡུག་ཅིང་ཡིད་འོང་མཛེས་འཛུམ་ཅན༔ པིངྐ་འཛུམ་འདྲ་པདྨའི་རྐང་ཟླུམ་འདྲ༔ ཡིད་འོང་མཛེས་མ་ལྷ་ལྕམ་གཞོན་ནུ་ཁྱོད༔ མཐོང་བས་ཡིད་འཕྲོག་དྲན་པས་སྣང་བ་གཡོ༔ གྲོགས་སུ་ཡོད་ན་སེམས་ཀྱི་ཞེན་པ་ཚིམས༔ སྔོན་ཆད་ཕན་དུ་སྨོན་ལམ་དབང་གིས་འབྲེལ༔ མཐོང་དུ་ཡོད་ཀྱང་འགྲོགས་པའི་དབང་མ་ཐོབ༔ ཡིད་ཀྱིས་སྨོན་ནས་གྲོགས་སུ་བདེ་འམ་རེ༔ ད་ལྟའི་དུས་ན་བར་ཆད་རྐྱེན་གྱིས་བསྐུལ༔ སྡུག་སེམས་ཅན་གྱི་རྒྱལ་བློན་སྡིག་པ་ཅན༔ ཤ་ལས་ཆད་ཀྱང་ལྷ་ལྕམ་ཕངས་མེད་སྤྱུགས༔ མི་མེད་ཡུལ་དེར་ལྷ་འདྲེ་གདུག་རྩུབ་ཆེ༔ ཤིང་རོང་ནགས་ཀྱི་ལུང་བ་ཁ་དོག་ནག༔ སྣ་ཚོགས་བྱ་དེ་སྐད་ངན་སེམས་ལ་གཟན༔ རི་དྭགས་ཕོ་མོ་གྲོགས་སུ་བརྟེན་པ་སྐྱོ༔ དེ་འདྲའི་གནས་སུ་ལྷ་ལྕམ་གཏོང་མི་ཕོད༔ ཕོ་བྲང་འདི་མིན་ཞིང་ཁམས་གཞན་ནའང་༔ དེ་འདྲའི་གནས་སུ་བྱོན་པར་འོས་ལགས་པ༔ རྒྱལ་བློན་མི་ཐོས་སྣང་སེམས་གཞན་ན་བདེ༔ བདག་གིས་གྲོགས་བགྱིད་ལྷན་དུ་མི་འཚལ་ལམ༔ ཞེས་གསུངས་སོ༔
ལྷ་ལྕམ་གྱིས་ཁྱེའུ་ལ་སྨྲས་པ༔ གཞོན་ནུ་ཁྱེའུ་ལང་ཚོ་དར་ལ་བབ༔ པདྨ་རྒྱས་འདྲ་ཟླུམ་པའི་ཞལ་རས་ཅན༔ རྣམ་སྣང་མཚན་དཔེ་སྤྲས་པའི་སྐུ་མངའ་བ༔ དོན་ཡོད་ཞགས་པ་ལྟ་བུ་དང་བའི་མདོག༔ རིན་ཆེན་ནོར་བུའི་དབྱིབས་མཛེས་དཔེ་བྱད་ཅན༔ གང་ན་ལྟ་ཞིང་མེ་ཏོག་ཟླུམ་པའི་དབྱིབས༔ སྨན་གྱི་དྲི་བྲོ་པདྨའི་སྡོང་པོ་འདྲ༔ ངག་ནི་སྨྲ་མཁས་འཇམ་པའི་དོན་རྣམས་སྟོན༔ ངང་རིང་རྒྱུད་དུལ་སྤྱོད་ལམ་དལ་གྱིས་འགྲོས༔ ཨུ་དུམ་བ་འདྲ་ཀ་བིང་གཟུགས་ཀྱི་མདོག༔ འཛུམ་པའི་འོད་ཀྱིས་དང་བའི་ཡིད་འཕྲོག་པ༔ དཔེ་བྱད་རབ་མངའ་མཚུངས་མེད་ཁྱེའུ་ཁྱོད༔ གདུང་བའི་སེམས་ཀྱིས་ཕན་པར་སྨྲ་ནའང་༔ ཡབ་ཀྱི་བཀའ་ཡིན་བདག་གིས་འགལ་མི་ནུས༔ སྔོན་གྱི་ལས་ཡིན་འཕྲལ་གྱིས་དག་མི་ནུས༔ མི་མེད་ལུང་སྟོང་འདྲེ་ཡུལ་ནག་པོ་དེར༔ དཀའ་བ་ཅི་སྤྱོད་ཕྱི་མའི་དོན་དུ་བསྔོ༔ བྱ་བ་བྱས་པ་སེམས་ཀྱི་བློས་ལོང་ནས༔ མི་མེད་ཡུལ་དུ་སྤྱུགས་ཀྱང་གནོང་འགྱོད་ཆུང་༔ ལོ་ཤས་བར་དུ་བདུད་ལུང་གནས་དེར་འགྲོ༔ དེ་བར་ཁྱེའུ་སྐུ་ཁམས་ཅི་བདེ་མཛོད༔ མྱུར་དུ་ཞལ་མཇལ་ཡིད་ཀྱིས་སྨོན་ལམ་འཚལ༔ ཞེས་སྨྲས་པ༔ ཡང་ཁྱེའུས་ལྷ་ལྕམ་ལ་སྨྲས་པ༔ ལས་ཀྱིས་འབྲེལ་ཞིང་ཡིད་ལ་མཛའ་བ་ཡི༔ གཞོན་ནུ་མཛེས་མའི་ལྷ་ལྕམ་མཛེས་མ་ཁྱེད༔ བདག་གིས་སྨྲས་པའི་ཚིག་ལ་མི་གསན་ཅིང་༔ བདེ་སྐྱིད་ཞིང་ཁམས་ལོགས་སུ་མི་འགྲོ་བར༔ མི་མེད་འདྲེ་ཡུལ་ཤིང་རོང་འགྲིམ་ཞེས་སྨྲ༔ དེ་འདྲ་ཡིན་ན་བདག་ཀྱང་ཁྱེད་ཕྱིར་འགྲོ༔ ལྷ་ལྕམ་མ་མཐོང་བདག་གི་གློ་སྙིང་སྟོང་༔ ཁྱེད་དང་བྲལ་ནས་བདག་གི་དྲན་པ་ཉམས༔ དུས་དང་འབྲལ་མེད་གཏན་དུ་སྨོན་ལམ་འཚལ༔ འཛུམ་མ་ཁྱོད་དང་ནམ་ཞིག་འབྲལ་སྲིད་ན༔ ཁྱེའུ་བདག་ནི་དྲན་མེད་སྣང་བ་སྐྱོ༔ བུ་གཅིག་ཤི་བའི་མ་ནི་སྡུག་བསྔལ་ལྟར༔ ཆ་ཆོད་སེམས་ཀྱིས་སྣང་བ་ལུང་སྟོང་འགྲིམ༔ སྐྱེད་མོས་ཚལ་ན་ལྡུམ་རའི་བསིལ་ཡབ་རྒྱས༔ ཨུ་དུམ་བ་འདྲ་པདྨའི་མྱུ་གུ་འཁྲུངས༔ ལོ་འདབ་སྙིང་པོ་མེ་ཏོག་རྩི་ཏོག་དང་༔ རྐང་དྲུག་བུང་བས་དར་དིར་ངང་གིས་སྨྲ༔ དཔག་བསམ་ཡལ་ག་ལོ་འདབ་རླུང་གིས་སྐྱོད༔ ལྗོན་པའི་ཤིང་དེ་རྩི་མངར་དྲི་དང་ལྡན༔ ལྷ་ཡི་བུ་མོས་མེ་ཏོག་བདུད་རྩི་འཐུལ༔ དེ་འདྲའི་གནས་དེ་དལ་ངང་ཡིད་སྤྲོ་ཡང་༔ ལྷ་ལྕམ་མེད་ན་མེ་ཏོག་སད་ཁྱེར་འདྲ༔ དེ་བས་མི་མེད་འདྲེ་ཡུལ་ཡིན་ཡང་རུང་༔ ལྷ་ལྕམ་གར་གནས་དེ་ན་བདག་ཀྱང་དེ་ན་གནས༔ འབྲལ་མེད་བརྩེ་བས་གདུང་སེམས་བདག་ལ་འཚལ༔ ཞེས་སྨྲས་སོ༔
ཡང་ལྷ་ལྕམ་གྱིས་ཁྱེའུ་ལ་སྨྲས་པ༔ གཞོན་ནུ་ཁྱོད་ཀྱིས་བདེན་པར་སྨྲ་ནའང་༔ གཅིག་ཕྱིར་སྡུག་བསྔལ་གཉིས་ཀྱིས་བྱེད་དོན་མེད༔ ལྷ་ལྕམ་བདག་ནི་སྔོན་གྱི་ལས་ཡིན་པས༔ ཡབ་ཀྱིས་བཀའ་བྱོན་བློན་གྱིས་ཁྲིམས་ལ་གཏུགས༔ བྱོལ་ཐལ་ཐབས་མ་མཆིས་རང་གནོང་སེམས་ཀྱིས་ཁུར༔ མི་མེད་ཡུལ་དུ་ཁྱེའུ་ཅི་ལ་བྱོན༔ བདེ་བའི་འབྱུང་གནས་ཕོ་བྲང་ནང་དུ་གཤེགས༔ གསེར་གྱི་བང་མཛོད་ལོངས་སྤྱོད་ལྔ་དང་ལྡན༔ མཛའ་བའི་གྲོགས་ཀྱིས་ཡིད་འོང་བཀུར་སྟི་བྱེད༔ རྗེ་འབངས་འཁོར་དང་བསོད་ནམས་དེ་ན་འདུས༔ ཁྱེའུ་འཁོར་བཅས་དེ་ན་སྣང་སེམས་བདེ༔ བདག་ལ་སེམས་ཀྱིས་དང་བས་ཡིད་སྤྲོ་ན༔ འབྲལ་བར་མི་ཕོད་མཛའ་བའི་སེམས་ཡོད་ན༔ བདག་གི་སོར་གདུབ་ནོར་བུའི་ཕྲ་ཅན་འདི༔ མཛའ་བའི་སེམས་ཀྱིས་ཁྱེའུ་ཁྱེད་ལ་འབུལ༔ གླང་ཆེན་རྒྱབ་ཁལ་རྫས་ཀྱི་བང་མཛོད་འདི༔ ཁྱེད་ཀྱི་འཁོར་ལ་འབུལ་བས་སེམས་དང་ཕྲོལ༔ བདག་ནི་ཆགས་ཞེན་གང་དང་སུ་ལའང་མེད༔ ཆོས་མཐུན་སེམས་ནི་སྐྱིད་པའི་ལོངས་སྤྱོད་ཆེ༔ འཛིན་མེད་མ་ཆགས་ཆོས་དབྱིངས་ཞལ་མཇལ་འཚལ༔ ཞེས་གསུངས་པས༔ ཁྱེའུ་འཁོར་བཅས་ལ་ལྷ་ལྕམ་གྱིས་རྫོངས་སུ་བཏེག་པའི་གླང་པོ་ཆེ་རྒྱབ་ཁལ་དང་བཅས་པ་ཐམས་ཅད་སོ་སོར་བགོས་ཤིང་༔ ཕངས་པ་མེད་པར་བྱིན་ནས་ཚིག་གིས་བརྡ་བཀྲོལ་ཏེ་ཕོ་བྲང་གི་གནས་སུ་ལོག་གོ༔ ལྷ་ལྕམ་ནི་སྐུ་ལ་ཤིང་ལོ་དཀྲིས་ནས་བདུད་ལུང་ཤིང་རོང་ནག་པོར་བྱོན་ཏེ༔ གླབ་ཤིང་རོང་ནག་པོ་བྱ་བའི་གནས་སུ་ཤིང་སེ་བའི་འབྲས་བུ་བཏུས་ཤིང་ཟས་སུ་གསོལ༔ ཤིང་སེ་བའི་ལོ་མ་སྟན་དུ་བཏིང་ཞིང་གོས་སུ་གོན༔ ཤིང་སེ་བའི་ལོ་མ་མེ་ཏོག་ཚོད་མར་བཙོས་ནས་ཁུ་བ་སྐོམ་དུ་འཐུང་༔ རི་དྭགས་ཕོ་མོ་དང་ནགས་གསེབ་ཀྱི་སྤྲེའུ་བྲག་སྲིན་ལ་སོགས༔ གཅན་གཟན་ཕོ་མོ་རྣམས་ཀྱང་གྲོགས་སུ་འགྲོགས་ཤིང་༔ རྩེ་འཇོ་དང་སྤྲོ་དགའི་བཞིན་མཛེས་པར་སྟོན་ཏེ༔ ཤིང་ཐོག་ལ་ལོངས་སྤྱོད་ཆེན་པོས་སྐྱོང་ཞིང་མ་དང་བུའི་རྣམ་པར་འཁོར་ཞིང་བསྡད་དོ༔ ཤིང་གཉེན་གྱི་སྟེང་ན་བྱ་སྐད་སྙན་མཛེས་པ་ཀུན་ཀྱང་སྙན་པའི་སྒྲ་སྒྲོག་ཅིང་ལྷ་ལྕམ་ལ་དགའ་བའི་རྣམ་འགྱུར་སྟོན་ནོ༔ ལྗོན་ཤིང་གི་ཡལ་ག་དང་ལོ་འདབ་རྣམས་ཀྱང་ལྷ་ལྕམ་གི་ཕྱོགས་སུ་ཡོ་བར་བྱེད་དོ༔ ལུང་ཕྲན་གྱི་ཆུ་ཕྲན་རྣམས་ཀྱང་ལྷ་ལྕམ་གྱི་ཕྱོགས་སུ་འཁྱིལ་ལོ༔ ནེའུ་གསིང་མའི་ལྗོངས་རྣམས་ལའང་སྔར་མེད་པའི་མེ་ཏོག་ཁ་དོག་མཛེས་ཤིང་དྲི་ཞིམ་པ་མང་དུ་སྐྱེས་སོ༔ ནམ་མཁའི་མཐོངས་ནས་གཟུགས་མེད་པའི་སྒྲ་མང་པོ་སྙན་པར་བསྒྲགས་སོ༔ མི་མ་ཡིན་གྱི་ལྷ་འདྲེ་རྣམས་ཀྱང་མང་དུ་འཚོགས་ནས་ཕྱག་དང་སྐོར་བ་བྱེད་དོ༔ མེ་ཏོག་སྣ་ཚོགས་པའི་ཆར་ཆེན་པོ་ཡང་རྒྱུན་དུ་འབེབས་སོ༔ ལྷ་ལྕམ་གྱི་བདུད་ལུང་ནག་པོ་དེ་རུ་སླེབས་ནས་ཟླ་བ་འགའ་ཡར་ལོན་པ་ནས་ཟུང་མོ་མཁར་གྱི་རྒྱལ་བུས་ལྷ་ལྕམ་བདུད་ལུང་ནག་པོ་དེ་རུ་སྤྱུགས་འདུག་གོ་ཟེར་བ་ཐོས་པས༔ རྒྱལ་བུ་ཐུགས་སྐྱོ་བར་གྱུར་ནས་གྲོས་ཡོང་བའི་བློན་པོ་བཅུ་དྲུག་བཏུས་ནས་རྒྱན་དང་ཆ་ལུགས་མཛེས་པར་བཀོད་དེ༔ ལོངས་སྤྱོད་ཀྱི་སྟོན་མོ་ཆེན་པོ་བཤམས་ནས་རྒྱལ་བུས་གྲོས་དྲིས་པ༔ བློན་པོ་ཆེན་པོ་ཁྱེད་རྣམས་བློ་ཆེ་བ་དང་གྲོས་ལ་མཁས་པ་ཡིན་པས་བསམ་མནོ་ཐོངས་ཤིག༔ ལྗོངས་ཀྱི་ཡུལ་གྱི་བྱེ་མ་ཅན་གྱི་རྒྱལ་པོ་ལྷ་ལྕམ་དེ༔ བདུད་ལུང་ནག་པོ་ཤིང་རོང་ཅན་དུ་སྤྱུགས་པ་ཡོད་པར་འདུག་གོ༔ དེ་ཐབས་མཁས་པའི་སྒོ་ནས་རྒྱལ་པོ་བློན་པོ་དང་བཅས་པ་ལ་སློང་བ་འཐད་དམ༔ དམག་གི་དཔུང་ཆེན་པོ་བསྐྱེད་དེ་འཕྲོག་པར་འཐད་དམ༔ ལྷ་ལྕམ་རང་ལ་རྒྱན་དང་ཆས་ལ་སོགས་མང་དུ་བྱིན་ནས་མགོ་བསྐོར་ཞིང་བྲིད་མཁས་པ་བྱས་ཏེ་ཕོ་བྲང་དུ་བཀུག་པར་འཐད་དམ༔ འདི་རྣམས་གང་ལ་དོན་འགྲུབ་ན་བསྒྲུབ་སྟེ་འོང་ན་གྲོས་གྱིས་ཤིག༔ ཅེས་སྨྲས་པ༔ དེ་ན་བློན་པོ་རྣམས་ཀྱིས་གྲོས་བགྱིས་པ་ལ༔ ལྷ་ལྕམ་འདི་སྔོན་ཡང་རྒྱ་གར་བྷི་རྱའི་རྒྱལ་བུས་བསླངས་པ་ལ༔ ཡབ་རྒྱལ་བློན་གྱིས་ཁས་བླངས་ཀྱང་ལྷ་ལྕམ་མ་ཉན༔ དེའི་དོན་ལ་ལྷ་ལྕམ་བདུད་ལུང་དུ་སྤྱུགས་པ་ཡིན༔ ད་རུང་ཡང་རྒྱལ་པོ་ཡབ་ཡུམ་གྱིས་བཀའ་གནང་ཡང་༔ ལྷ་ལྕམ་ཉན་དུ་མི་འདོད་ནས་རྩོད་པའི་གཞི་ཆེན་པོ་འོང་བས༔ རྒྱལ་བུ་རང་གི་འཁོར་དང་ལོངས་སྤྱོད་མང་དུ་བྱས་ནས་ལྷ་ལྕམ་གར་འདུག་སར་བྱོན་ཏེ༔ གྲོས་ནན་ཆེར་བཏབ་ན་ཉན་དེ་འོང་༔ ཞེས་པས་བློན་པོ་རྣམས་གྲོས་མཐུན་པར་གྱུར་ཏེ༔ རྒྱལ་བུ་ལ་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་སོ༔ དེ་ནས་རྒྱལ་བུས་བློན་པོ་བཅུ་དྲུག་ལ༔ ནོར་བུའི་བང་མཛོད་མང་དུ་བསྐུར་ནས་ལྷ་ལྕམ་ཡབ་ཡུམ་རྒྱལ་པོ་བཙུན་མོ་དང་༔ བློན་འབངས་རྣམས་ལ་ལྷ་ལྕམ་སློང་དུ་བཏང་ནས་རྒྱལ་པོ་བློན་པོ་དང་བཅས་པའི་ཞལ་ནས༔ ལྷ་ལྕམ་འདི་ནི་ཡིད་འོང་རབ་ཏུ་མཛེས༔ ཁྱེད་ཀྱི་རྒྱལ་བུའི་བཙུན་མོར་ཤིན་ཏུ་འོས༔ ངེད་ལ་མི་ཕངས་རྒྱལ་བུའི་བཙུན་མོར་སྟེར༔ ངེད་ཀྱིས་བསླབས་ཀྱང་ལྷ་ལྕམ་མི་ཉན་པས༔ རྒྱལ་བུས་གྲོས་བཏབ་ལྷ་ལྕམ་ཅིས་མི་ཉན༔ སྟེར་བས་ཁས་ལེན་ཕོ་བྲང་ནང་དུ་ཁྲིད༔ ཅེས་པའི་ལན་གསལ་བར་བྱུང་ངོ་༔
དེ་ནས་རྒྱལ་བུས་ཁྱེའུ་ལྔ་བརྒྱའི་འཁོར་དང་བཅས༔ གླང་པོ་ཆེ་ལྔ་བརྒྱ་ལ་བཟའ་བ་དང་བཏུང་བའི་ལོངས་སྤྱོད་བཀལ་ནས༔ བདུད་ལུང་ནག་པོ་ཤིང་རོང་ཅན་དུ་ཉེ་བར་མྱུར་དུ་བསྒྲོད་ནས་ཕྱིན་པ་ལ༔ བདུད་ལུང་གི་སྟག་དང་དོམ་དྲེད་གཅན་གཟན་རྣམས་ཁྲོས་ཏེ༔ ངར་ཞིང་ཟུག་ནས་ལམ་བཀག་ནས་མ་བཏང་ངོ་༔ ཁ་ཆར་དང་རླུང་དམར་ཀྱང་འཚུབ་སྟེ༔ ནགས་ཀྱི་ཁྲོད་ཐམས་ཅད་འགག་གོ༔ དེ་ནས་འཁོར་དང་ལོངས་སྤྱོད་ཚན་ཆེ་བ་རྣམས༔ ནགས་གསེབ་ན་ཤིང་གི་ར་བས་བསྐོར་ནས༔ ཡལ་ག་དང་ལོ་མའི་ཐོག་ཕུབ་ནས་བསྡད༔ རྒྱལ་བུ་འཁོར་དང་བཅས་པ་ཐབས་ཀྱིས་ཕྱིན་པས་བསྒྲོད༔ ཤིང་རོང་གི་ལྗོངས་སུ་སླེབས་པའི་ཚེ༔ ལྷ་ལྕམ་གར་བཞུགས་མ་རྙེད་ནས༔ སེམས་སྡུག་བསྔལ་དང་ལྡན་ནོ༔ ཉིན་གཅིག་ཉི་མ་རྩེ་ཤར་ལ་སྤྲེའུ་དང་བྲག་སྲིན་མང་པོས་ཤིང་ཐོག་ཁུར་ནས་དགའ་བའི་འཛུམ་དང་ལྡན་ཏེ་ལུང་པའི་ཕུ་ལ་བལྟས་ནས་སོང་ངོ༔ དེའི་རྗེས་བཅད་ནས་རྒྱལ་བུ་འཁོར་བཅས་དེར་ཕྱིན་པས༔ པདྨའི་ནགས་ཀྱིས་ར་བས་བསྐོར་བ༔ རྩྭ་དང་མེ་ཏོག་གི་ལྗོངས་ཆེན་པོ༔ ཤིང་སེ་བའི་སིལ་ཡབ་ལོ་འདབ་རླུང་གིས་བསྐྱོད་པ༔ ཆུ་སྒྲ་ཕྲ་བུའི་སྒྲ་བསྒྲགས་ཤིང་༔ ལྗོན་ཤིང་གི་ཡལ་ག་རྣམས་ལ་མཛེས་པའི་བྱ་སྣ་ཚོགས་ཀྱིས་སྐད་ལྷང་ལྷང་སྒྲོག་པ༔ ས་ཞག་དང་༔ སྔོ་ཞག་དང་༔ དྲི་མངར་བ་དང་བཟང་པོ་འཁྱིལ་པའི་ལུང་བ་ཆེན་པོ་གཅིག་འདུག་གོ༔ དེ་ནས་ཤིང་སེ་བ་ལྗོན་ཤིང་རྐང་ཟླུམ་གྱི་དྲུང་ན༔ ཡལ་ག་དང་ལོ་འདབ་ཀྱི་བསིལ་གྲིབ་ལ༔ ལྷ་ལྕམ་ནི་ལྟ་ན་སྡུག་ཅིང་ཡིད་དུ་འོང་བར་པུཎྜ་རི་ཀའི་མདོག་བཞིན་དུ༔ ངང་ལ་དཀར་བའི་མདངས་དང་ལྡན་པར་བཞུགས༔ དེའི་དྲུང་དུ་སྤྲེའུ་དང་བྲག་སྲིན་བྱ་དང་རི་དྭགས་གཞོན་ནུ་ཕོ་མོ་མང་པོ་འཁོར་ནས༔ སྤྲོ་བའི་དགའ་འཛུམ་དང་བཅས་ཏེ་རྩེ་འཇོ་སྣ་ཚོགས་ཀྱིས་སྤྱོད་པ་སྐྱོང་ངོ༔ རྒྱལ་བུ་ལྷ་ལྕམ་གྱི་དྲུང་དུ་ཉེ་བར་འདུག་སྟེ༔ མིག་གིས་མཐོང་བ་ཙམ་ན་དྲང་པོར་ལྟ་ཞིང་སྨྲས་པ༔ མཐོང་བས་ཡིད་འཕྲོག་གཞོན་ནུ་དགའ་འཛུམ་མ༔ ཁྱེད་ལ་བལྟ་ཞིང་བདག་ནི་སྣང་བ་འགུལ༔ ཐོས་པའི་ཚིག་གིས་ངེས་འབྱུང་དྲན་པ་སྐུལ༔ ནམ་ཡང་བསམ་ཞིང་ཁྱོད་དྲན་སྣང་བ་སྐྱོ༔ མི་བརྗེད་ཡིད་ཀྱི་ཡུལ་ནས་ཡང་ཡིད་གསལ༔ དང་བའི་སེམས་ཀྱིས་ལྟོ་དང་གོས་མི་དྲན༔ གཞོན་ནུ་མ་ཁྱོད་སེམས་ཤིང་དྲན་པ་གཡོ༔ ལུས་ཀྱི་དགའ་བདེ་རྩ་དང་རླུང་ཐིག་འབར༔ དྲན་པའི་ཚེ་ན་བག་ཆགས་ཡིད་ལ་བཅག༔ ཐོས་པའི་ཚེ་ན་རྨི་ལམ་སྒྱུ་མ་འདྲ༔ མཐོང་བའི་ཚེ་ན་ཡིད་ཀྱི་བག་ཆགས་ངོམ༔ སེམས་ཀྱི་བློ་ཐག་འདོད་པའི་ཞེ་བློ་ཚིམ༔ ཁྱོད་དང་ཞལ་མཇལ་གཏམ་གྱི་གླེང་མོ་འཚལ༔ ཞེས་སྨྲས་སོ༔ ལྷ་ལྕམ་གྱིས་རྒྱལ་བུ་ལ་བལྟ་ཞིང་སྨྲས་པ༔ མཛེས་པའི་གཞོན་ནུ་པདྨ་མྱུ་གུ་འདྲ༔ སྐད་སྙན་ཚིག་གཙང་དུང་སོའི་མདངས་ལྡན་པ༔ བལྟ་ན་མཛེས་པའི་ཉེ་བར་སྨྲ་ནའང་༔ མི་མེད་ལུང་སྟོང་འདྲེའི་ཡུལ་འདི་རུ༔ གཞོན་ནུ་ཁྱོད་འདྲ་མི་ཡི་བུ་མ་ཡིན༔ ལྷ་འདྲེའི་ཆོ་འཕྲུལ་མགོ་སྐོར་ཐབས་ལ་མཁས༔ བདག་ནི་རིགས་ངན་མི་མེད་ལུང་སྟོང་འགྲིམས༔ ཞལ་མཇལ་གཏམ་གྱི་ཚིག་ལ་དོན་མི་ཤེས༔ གཞོན་ནུ་ཅི་ཟེར་རང་ཡུལ་གནས་སུ་བྱོན༔ འདྲེ་ཡུལ་འདི་ན་མི་བུ་དོན་མ་མཆིས༔ དབུལ་མོ་བདག་ནི་བྲག་སྲིན་བྱ་དང་འགྲོགས༔ རི་དྭགས་བུ་འདྲ་མི་གཙང་གྲོགས་ལ་འཛེམ༔ བདག་དང་གཞོན་ནུ་ཕར་ཚུར་སོ་སོར་འཚལ༔ ཞེས་སྨྲས༔ རྒྱལ་བུས་ལྷ་ལྕམ་ལ་སྨྲས་པ༔ གཞོན་ནུ་ཡིད་འོང་དགའ་བའི་ལུས་འཛུམ་ཅན༔ ངང་དཀར་སྣུམ་འབོལ་མེ་ཏོག་གཟུགས་འདྲ་མ༔ མངར་བའི་དྲི་བྲོ་དལ་བའི་སྤྱོད་ལམ་ཅན༔ སྙན་པའི་སྐད་འབྱིན་ཕ་རོལ་ཡིད་འཕྲོག་མ༔ ལྷ་ལྕམ་ཁྱོད་ནི་མི་བརྗེད་དྲན་པ་བསྐུལ༔ གཞོན་ནུ་བདག་ནི་ལྷ་ལྕམ་ཡིད་ལ་བཅག༔ ཟུང་མོ་མཁར་ན་མྱུར་དུ་འགྲོ་གྱིས་བྱོན༔ མཛའ་བ་སེམས་ཀྱིས་རིང་པོའི་ལམ་ལ་བསྒྲོད༔ སྲོག་ལ་མི་ཕངས་གཅན་གཟན་ཚོགས་ལ་ལྟོས༔ ལ་དང་ལུང་བསྒྲོད་ལྷ་ལྕམ་དྲུང་དུ་འོང་༔ མིའི་བུ་ཡིན་འདྲེའི་ཆོ་འཕྲུལ་མིན༔ མི་གཙང་སྐྱོན་བྲལ་སྨན་གྱི་དྲི་དང་འགྲོགས༔ སྐྱེད་མོས་ཚལ་གྱི་མེ་ཏོག་རྩི་འདྲ་ན༔ ལྷ་ལྕམ་ཁྱོད་དང་བདག་ནི་ཅི་མི་འགྲོགས༔ ཡིད་ལ་བཅགས་པས་དགའ་བའི་གཏམ་གླེང་སྨྲ༔ མཛའ་བའི་ཡིད་ཀྱིས་ཞལ་མཇལ་མྱུར་དུ་འཚལ༔ པདྨའི་འཛུམ་འདྲ་བཞད་པའི་འཛུམ་མདངས་ཅན༔ གཞོན་ནུ་མ་ཁྱོད་བདག་གི་གྲོགས་སུ་གཅག༔ མི་མེད་ལུང་སྟོང་འདི་འདྲའི་གནས་སྤངས་ནས༔ ལོངས་སྤྱོད་ལྡན་པའི་ཕོ་བྲང་ནང་དུ་གཤེགས༔ གཞོན་ནུ་བདག་དང་སྣང་བ་ཅི་དགའ་སྤྱོད༔ ཅེས་སྨྲས་པས༔ ཡང་ལྷ་ལྕམ་གྱིས་རྒྱལ་བུ་ལ་སྨྲས་པ༔ གཞོན་ནུ་ཁྱོད་ཀྱིས་ཕན་པར་སྨྲ་ནའང་༔ ལྷ་ལྕམ་བདག་ནི་འདི་ནས་གཞན་མི་འགྲོ༔ མི་གོ་མ་ཆོད་ཕོ་བྲང་ནང་ནས་སྤྱུགས༔ སེམས་ལ་མི་གཅེས་མི་མེད་ཡུལ་དུ་བརྫངས༔ ཁྱོད་ནི་རིགས་གཙང་རྒྱལ་པོའི་སྲས་ཡིན་ཀྱང་༔ སེམས་ཀྱི་འདུན་པ་རི་དྭགས་གྲོགས་ལ་སྤྲོ༔ ཕོ་བྲང་གནས་དེར་ལོངས་སྤྱོད་ཅི་ཆེ་ཡང་༔ བསམ་གཏན་གནས་དེ་མི་མེད་ལུང་སྟོང་དབེན༔ འཁོར་དང་འབངས་གཡོག་བྱ་བ་ཅི་མཐོང་ཡང་༔ གནས་ལུགས་གྲོགས་དེ་སྤྲེའུ་བྲག་སྲིན་བཟང་༔ རྒྱན་དང་ཆ་ལུགས་གསེར་གཡུ་མདོག་བཙུན་ཡང་༔ ཤིང་གི་ལོ་འདབ་སྡིག་པའི་རྣམ་སྨིན་ཆུང་༔ ཤ་ཆང་ཟས་དང་ཁ་མངར་འཛོམས་ན་ཡང་༔ ཤིང་གི་འབྲས་བུ་བདེ་དྲོད་ལུས་ལ་སྨན༔ རྐང་བཞི་རྟ་དེ་འགྲོས་ལ་མགྱོགས་ན་ཡང་༔ རླུང་གི་འདྲེན་ཁུག་བདེ་བའི་ས་ལ་སྙེགས༔ རུས་ཀྱི་ཆེ་བ་ཕ་མིང་གྲགས་ན་ཡང་༔ དངོས་གྲུབ་གྲོགས་སུ་རྣལ་འབྱོར་ཆོས་བྱེད་བཟང་༔ རིགས་ཀྱི་བཙུན་པ་རྒྱལ་སྲིད་མཐོ་ན་ཡང་༔ དམའ་བའི་ས་ནི་རང་སེམས་གནས་ལུགས་བདེ༔ འཁོར་བའི་ཆོས་ལ་ཡིད་ཀྱི་སྤྲོ་བ་མེད༔ གཞོན་ནུ་ཁྱོད་ཀྱང་དམ་ཆོས་ལོངས་སྤྱོད་གྱིས༔ ཞེས་སྨྲས་སོ༔
རྒྱལ་བུས་ལྷ་ལྕམ་ལ་སྨྲས་པ༔ ཡིད་འོང་མཛེས་པའི་ལྷ་ལྕམ་གཞོན་ནུ་ཁྱོད༔ བདག་གིས་སྨྲས་པའི་ཚིག་ལ་མཛའ་བས་ཉོན༔ ཅིས་ཀྱང་ཆོས་ལ་ལྷ་ལྕམ་ཡིད་སྨོན་ན༔ ཕོ་བྲང་ནང་དུ་ཆོས་ལ་འགལ་མི་འགྱུར༔ རྒྱལ་སྲིད་རྗེ་ལ་མོས་གུས་སྐུ་རེ་འཚལ༔ འབངས་གཡོག་འཁོར་ལ་སྐྱོང་བྲན་མཉམ་ཉིད་འཚལ༔ ལག་གིས་ལྕོག་ན་བཟའ་བཏུང་སྦྱིན་པར་འཚལ༔ ལུས་ཀྱིས་ལྕོག་ན་མཆོད་གནས་སྐོར་བར་འཚལ༔ ངག་གིས་ལྕོག་ན་མཐུན་རྐྱེན་བསླབ་བྱ་འཚལ༔ སེམས་ཀྱིས་ལྕོག་ན་སྙིང་རྗེ་ཕན་སེམས་འཚལ༔ ཤེས་པར་གྱུར་ན་དམ་ཆོས་ཅི་མཛད་ཡོད༔ བདག་གིས་སྨྲ་ལ་ཕན་སེམས་བདེ་བ་ཡོད༔ ཡིད་འོང་མ་ཁྱོད་ཕོ་བྲང་མི་གཤེགས་ན༔ དགེ་རྩ་བས་ཀྱང་སྡིག་པའི་ས་བོན་ཆེ༔ མཛའ་བའི་སེམས་ཀྱིས་བདག་ལ་ཅི་གསན་འཚལ༔ ཞེས་སྨྲས་སོ༔
ཡང་ལྷ་ལྕམ་གྱིས་རྒྱལ་བུ་ལ་སྨྲས་པ༔ གཞོན་ནུ་ཁྱོད་ཀྱི་སྨྲ་བ་ལེགས་ན་ཡང་༔
ཕོ་བྲང་ཆོས་དེ་བཟང་ཡང་བདག་མི་བྱེད༔ གཞོན་ནུ་ཁྱོད་ལ་བདག་གིས་སྨྲ་ཡི་ཉོན༔ རྒྱ་མཚོའི་འགྲམ་ན་དྭངས་ཤིང་སྤྲོ་བའི་གནས༔ ཆགས་མེད་སྐྱོན་བྲལ་རིན་ཆེན་ཆགས་པའི་གླིང་༔ ནེའུ་གསིང་ལྗོངས་མ་མེ་ཏོག་སྨན་གྱི་ཚལ༔ ཁ་མངར་བདུད་རྩི་དང་བཅུད་དྲི་མངར་ལྡན༔ བུང་བའི་ཚོགས་ཀྱི་རྐང་དྲུག་བདེ་བའི་འགྲོས་༔ དར་ཤོག་ལྷབ་ལྷུབ་རླུང་གིས་བསྐྱོད་ཅིང་གཡབ༔ སྙན་པའི་སྒྲ་འབྱིན་དར་དིར་མཁའ་ལ་ལྡིང་༔ དྭངས་ཤིང་རྙོགས་མེད་ཆབ་ཀྱི་ཟིལ་བ་འབབ༔ ཟིལ་མོའི་སྦྲང་ཆར་མེ་ཏོག་མཁའ་ལ་འཐུལ༔ སྐྱེད་མོས་གནས་དེ་ཨ་མོ་ལྗོན་པའི་གནས༔ ལྷུན་པོའི་ར་བ་ཡིད་འོང་གནས་དེ་རུ༔ གཞོན་ནུ་ཁྱོད་དང་ལྷན་ཅིག་འགྲོག་ནའང་༔ དགའ་བའི་སེམས་ཀྱི་འདོད་པ་ཚིམ་ཚིམ་འདྲ༔ འོན་ཀྱང་སེམས་ཀྱི་ལྟད་མོ་མ་མཐོང་ན༔ བདེ་བ་མི་ཐོབ་སྡུག་བསྔལ་རྒྱུ་ཡིན་པས༔ མི་ཆགས་མི་ཞན་མི་མེད་ལུང་སྟོང་འགྲིམ༔ ལྷ་ལྕམ་བདག་ལ་གཞོན་ནུ་ཁྱེད་མ་འཁང་༔ མྱུར་དུ་ཞལ་མཇལ་ཕོ་བྲང་ནང་དུ་གཤེགས༔ རིགས་ངན་བདག་དང་ལྷན་གཅིག་འགྲོགས་མི་བདེ༔ རྒྱལ་པོ་རྒྱུ་ནི་རང་སར་བཙུན་པ་ཡིན༔ ཕོ་བྲང་བརྟེན་ནས་འབངས་འཁོར་འདོད་པ་ཚིམ༔ ཆོས་མཐུན་དད་པས་རྒྱལ་སྲིད་ཆོས་ཀྱིས་སྐྱོངས༔ བདག་གི་ཚིག་འདི་ཁྱེད་ཀྱིས་ཅིས་མི་གསན༔ སྙིང་གཏམ་གྲོས་ཚིག་ཤ་ཚའི་ཕན་པ་ཡོད༔ ཅེས་སྨྲས༔ ཡང་རྒྱལ་བུས་ལྷ་ལྕམ་ལ་སྨྲས་པ༔ མཛེས་མ་ཁྱོད་ཀྱིས་སྨྲས་པ་ཤ་རེ་ཚ༔ གཞོན་ནུ་བདག་ནི་སེམས་ལ་རབ་ཏུ་བཅགས༔ བདེ་བའི་སེམས་ཀྱི་རང་འདོད་མ་ཚིམ་ན༔ མཁས་པའི་གཟོ་ནི་མི་ཤེས་བླུན་པོ་འདྲ༔ གཞོན་ནུ་མ་ཁྱོད་གྲོགས་སུ་མི་འོས་ན༔ བདག་གིས་ཅི་སྨྲ་བྲག་ཁའི་ཆུ་དང་འདྲ༔ ད་རུང་གསོན་དང་མཛེས་མ་སེམས་ལ་ཞོགས༔ ལུམ་པ་ཚལ་ནས་གངས་ཀྱི་སྟོད་ཁྲོད་ཆགས༔ རྫ་དང་གཡའ་མ་བྲག་ཆ་སྣང་བ་སྐྱོ༔ ཚང་ཚིང་ནགས་ཀྱི་མཐོང་ཁུང་ར་བ་རུ༔ ལྗོན་པའི་ཤིང་ནི་ཡལ་ག་ལོ་འདབ་རྒྱས༔ སྙིང་པོ་མེ་ཏོག་ཁ་མངར་དྲི་ངད་ལྡན༔ ཁ་དོག་རྩི་ནི་རྐང་དྲུག་བུང་བས་ལེན༔ བསིལ་གཡབ་སྐྱིབས་ན་འཇོལ་ཆུང་རང་སྐད་སྒྲོག༔ ཀ་ལ་པིང་ཀ་ཅ་ཅོ་སྙན་པའི་སྒྲ༔ ཁུ་བྱུག་ནེ་ཙོ་འབྲས་བུ་གཟན་མང་འཐུ༔ ལྡང་ལྡིང་ཆུ་མིག་དྭངས་ལ་རྙོགས་མེད་འཁྱིལ༔ ཙན་དན་སེ་བ་རྐང་ཟླུམ་དྲུང་ནས་ནི༔ སྤྲེའུ་བྲག་སྲིན་རི་དྭགས་གཞོན་ནུའི་བྱ༔ སྐྱོ་ཞིང་སྣང་བ་མི་མེད་ལུང་སྟོང་འདི༔ བསམ་གཏན་སྒོམ་པའི་རིགས་ངན་གནས་པའི་ས༔ མཛེས་མ་ཁྱོད་ཀྱི་གནས་པའི་ས་འདི་མིན༔ ཡིད་འོང་མ་ཁྱོད་ཕོ་བྲང་ནང་ནས་བཙུན༔ ཞི་དལ་སྨྲ་བའི་ཚིག་ལ་བསམ་བློ་ཡོད༔ བདག་ལ་མི་ཕོད་བརྩེ་བའི་སེམས་ཀྱིས་སྤྱོད༔ ལྷན་ཅིག་ཏུ་ནི་ཕོ་བྲང་ནང་དུ་གཤེགས༔ ཕོད་པ་མ་ཆེ་ཨུ་ཚུགས་གཏམ་མ་སྨྲ༔ གཞོན་ནུ་མ་ཁྱོད་ཕོ་བྲང་མེ་ཏོག་འདྲ༔ བདག་ཀྱང་མངར་རྩི་བསིལ་ཡབ་དྭངས་མ་འདྲ༔ ལྷན་ཅིག་ཏུ་ཡང་འབྲལ་མེད་ཅིས་མི་འགྲོགས༔ དགེ་བའི་ལས་ལ་བདག་གིས་གེགས་མི་བྱེད༔ ཅི་ན་ཡང་ནི་མྱུར་དུ་བསྒྲོད་ལ་གཤེགས༔ ཞེས་སྨྲ་ཞིང་༔ ལྷ་ལྕམ་ལ་དྲང་པོར་བལྟས་ནས༔ མིག་མཆི་མས་གང་ཆགས་པ་ལྡན་པར་བྱེད༔ དབུགས་སྟོད་ན་བརྒྱང་ཞིང་བདེ་བའི་སྐད་འབྱིན་ནོ༔ རྒྱལ་བུའི་འཁོར་བློན་པོ་གཉིས་ཀྱིས༔ རྒྱལ་བུ་དང་ལྷ་ལྕམ་གཉིས་ལ་བལྟས་པས༔ སེམས་སྐྱོ་བར་བྱུང་ནས་གྲོས་བསྟུན་པས༔ ལྷ་ལྕམ་ཕོ་བྲང་དུ་མི་གཤེགས་ན་རྒྱལ་བུ་ངོ་གནོང་པར་གྱུར་ཏེ་ཚེའི་དུས་བྱེད་པར་ངེས༔ དེ་བས་ད་ལྟ་ལྷ་ལྕམ་ཨུ་ཚུགས་སུ་ཁྲིད་པས་འཐད་བསམས་ནས༔ བློན་པོ་གཉིས་ཀྱིས་ལྷ་ལྕམ་གྱི་ཕྱག་གཡས་གཡོན་ལ་འཇུས་ཏེ་སྨྲས་པ༔ སྨོན་ལམ་ཤུགས་ཀྱིས་མཚམས་སྦྱར་ནས༔ ལྷན་ཅིག་ཏུའང་འདུག་ཅེས་པ༔ མེ་ཏོག་རྩི་དང་ལྡན་པ་བཞིན༔ རྒྱལ་བུ་དང་ནི་ལྷ་ལྕམ་གཉིས༔ འདུ་འབྲལ་མེད་པ་གྲོགས་ཀྱི་མཆོག༔ ཅི་བདེ་བར་དུ་ལྷན་གཅིག་ཏུ༔ ཕོ་བྲང་ནང་དུ་གཤེགས་པར་འཚལ༔ ཞེས་སྨྲ་ཞིང་ལུང་པའི་མདོ་ལ་དྲུད་དེ་མྱུར་དུ་ཕྱིན་པས༔ གནས་དེའི་སྤྲེའུ་དང་བྲག་སྲིན་བྱ་དང་རི་དྭགས་ལ་སོགས་པས༔ གཞི་བདག་གི་སེམས་ཅན་རྣམས་མ་དགའ་ནས་ངུ་བའི་སྐད་ཆེན་པོ་འདོན༔ ལ་ལ་ནི་བརྒྱལ་ཞིང་རེངས༔ ལ་ལ་ནི་ངུ་ཞིང་འགྱེལ༔ ལ་ལ་ནི་ཕྱི་ལ་འབྲང་༔ གནས་ཀྱི་མེ་ཏོག་རྣམས་ཀྱང་ཁ་ཟླུམ༔ ལྗོན་ཤིང་གི་ཡལ་ག་རྣམས་ཀྱང་ཆག༔ ལུང་པའི་སྔོ་ཞགས་རྣམས་ཀྱང་ཡལ་ལོ༔
དེ་ནས་ལྷ་ལྕམ་གྱིས་བློན་པོ་གཉིས་ལ་སྨྲས་པ༔ ལས་ཀྱིས་བསྐོས་པའི་བློན་ཆེན་གཉིས༔ མི་རྒོད་བཞིན་དུ་ཤུགས་དང་ལྡན༔ ཆོམ་རྐུན་བཞིན་དུ་གནོད་སེམས་ཆེ༔ ཕན་གྲོགས་ཆོས་ལ་མི་བྱེད་པར༔ རིགས་ངན་བློན་པོ་སྡིག་པོ་ཆེ༔ གཞན་ལ་གནོད་འཚེ་རང་ལ་སྨིན༔ དེ་ཕྱིར་སྡུག་བསྔལ་ལས་ཀྱི་རྒྱུ༔ དེ་བས་བདག་ལ་གནོད་མ་བྱེད༔ མི་མེད་ཡུལ་དུ་གནས་པར་འཚལ༔ ཞེས་སྨྲ་ཞིང་ལག་པ་ལྗོན་ཤིང་ལ་འཕྱང་༔ རྐང་པ་བྲག་རྡོ་ལ་གཏད༔ མཆི་མས་མཚུབ་ཁུང་ཞིང་བདེ་བའི་སྐད་སྙན་པོར་འབྱིན་ནོ༔
དེ་ནས་བློན་པོ་གཉིས་ཀྱིས་ཤིང་ཚེར་མང་ཅན་གྱི་ལྕག་ཚན་ལྷ་ལྕམ་ལ་བྲབ་ཅིང་སྨྲས་པ༔ ཡིད་དུ་འོང་བའི་མཛེས་མ་ཁྱོད༔ ལྷ་ལྕམ་ཡིན་པས་བཀའ་གཉན་ཡང་༔ རྒྱལ་བུ་ལ་ཡང་མི་གསན་ཅིང་༔ ཕོ་བྲང་ནང་དུ་མི་གཤེགས་པར༔ ཁ་སྤྱང་མཁས་པས་ཚིག་གིས་བསླད༔ མྱུར་དུ་ཡང་ནི་བསྒྲོད་པར་བྱ༔ ཞེས་སྨྲ་ཞིང་༔ ལ་དང་ལུང་རྣམས་ལ་མགྱོགས་པར་ཁྲིད་ནས༔ ལམ་ཁར་ལུས་པའི་བློན་པོ་ཀུན་གྱིས་ཀྱང་བསུ་བ་བགྱིད་པ་ལ༔ ལྷ་ལྕམ་དང་ཞལ་མཇལ་བའི་ཚེ༔ བློན་པོ་རྣམས་ཀྱིས་བློ་ཕྱོགས་གཅིག་ཏུ་ལྷ་ལྕམ་ལ་བསྟོད་པ༔ ཡིད་འོང་རབ་སྤྲས་འཛུམ་པའི་མདངས༔ གཞོན་ནུའི་སྐུ་ལ་ལང་ཚོ་རྒྱས༔ ངང་ལ་སྣུམ་པ་དཀར་བའི་མདོག༔ ལུས་ཀྱི་དྲི་དང་ངག་གི་གདངས༔ དལ་བུའི་སྤྱོད་ལམ་ངོ་རེ་མཚར༔ བིམ་པ་ལྟ་བུའི་མེ་ཏོག་བཞིན༔ ཆགས་མེད་སྐྱོན་དང་བྲལ་འདྲ་མ༔ མཐོང་བས་དབུལ་ཕོངས་སྡུག་བསྔལ་སེལ༔ མཐོང་བས་སེམས་ལ་བདེ་བ་འབྱིན༔ དྲན་ནས་སྣང་བ་ངོམས་ཤིང་ཚིམ༔ རིགས་ངན་བདག་ཅག་བློན་འབངས་ལ༔ རྒྱལ་བུ་བཙུན་མོ་དྲིན་རེ་ཆེ༔ ཕོ་བྲང་བྱོན་པ་ངོ་རེ་མཚར༔ ཞེས་སྨྲ་ཞིང་༔ རྒྱན་འདོགས་པ་དང་ན་བཟའ་མང་དུ་གསོལ་ལོ༔ དེ་ནས་ལྷ་ལྕམ་གྱིས་ཡན་ལག་བཞི་ལྕགས་སྒྲོག་གིས་བཅིངས༔ གླང་པོ་ཆེའི་ཁལ་ལ་བསྐྱོན༔ རྒྱལ་བུ་དང་བློན་འབངས་རྣམས་ཀྱང་ཅང་ཤེས་རྟ་ལ་ཞོན་ཏེ་ལྷ་ལྕམ་ལ་བསྐོར་ནས་མྱུར་དུ་ལ་དང་ལུང་ལ་བསྒྲོད་ཕོ་བྲང་གི་ཕྱོགས་སུ་འོང་ངོ་༔ ཟུང་མོ་མཁར་གྱི་ཕོ་བྲང་དུ་ཉིན་གཅིག་སླེབ་པའི་སར༔ ནུབ་གཅིག་ཤིང་གི་ར་བས་བསྐོར་ཏེ་བསྡད་དེ༔ དེ་རུ་བསུ་བའི་བློན་འབངས་ཁྱེའུ་ཕོ་མོ་རྒྱན་དང་ཆ་ལུགས་རྣམ་པ་མང་པོ་ཡང་སླེབས༔ འཁོར་འབངས་རྣམས་ཀྱིས་ལྷ་ལྕམ་འདི་འདྲ་བ་རྒྱལ་བུའི་བཙུན་མོར་གདན་འདྲོང་བ་རེ་དགའ་བསམས་ནས༔ ཤ་ཆང་ལ་ལོངས་སྤྱོད་ཅིང་བློ་བདེ་བར་སོ་སོར་ནས་ཉལ་ལོ༔ ལྷ་ལྕམ་གདན་འདྲེན་ལ་མངགས་པའི་བློན་པོ་ཁྱེའུ་རྣམས་ཀྱང་ཐག་རིང་གི་ས་ནས་ལྷ་ལྕམ་ནི་ཁུགས༔ བློན་འབངས་བསུ་བས་སླེབས༔ ད་ནི་བསམ་པའི་དོན་གྲུབ་སེམས་བདེ་བསམས་ནས༔ ཟས་སུ་ཤ་ཟ་ཞིང་སྐོམ་དུ་ཆང་འཐུངས་ཏེ༔ སོ་སོར་ར་རོ་ཞིང་བློ་ཕེབས་པར་ཉལ་ལོ༔ རྒྱལ་བུ་ནི་རིང་པོའི་ས་ནས༔ ལྷ་ལྕམ་ནི་གདན་དྲོངས༔ བློན་འབངས་རྣམས་ནི་མོས་ཤིང་ཚིམ༔ ཉེ་བར་ཕོ་བྲང་དུ་སླེབས་པ་འདི་ངོ་རེ་མཚར༔ ལྷ་ལྕམ་ཡིད་འོང་འདི་འདྲ་བ་དང་ལྷན་གཅིག་ཏུ་འགྲོག་དབང་ཡོད་པས༔ བདག་གི་བསམ་པའི་དོན་གྲུབ་བསམས་ནས༔ ཟ་འོག་གི་གུར་ཆེན་ནང་ན་བློ་ཕེབས་ནས་ཉལ་ལོ༔ དེའི་ནུབ་མོ་ནམ་ཐོ་རངས་ཁར་སླེབས་པའི་དུས་ན༔ ལྷ་ལྕམ་ནི་ཤིན་ཏུ་དྲན་པ་གསལ་བར་བྱུང་སྟེ༔ རང་གིས་རང་ལ་ལྟ་ཞིང་བསམས་ནས༔ ལས་ངན་པའི་ལུས་འདི་འདྲ་བ་སྐྱེ་བ་དམན་ལ་དབང་པོ་རྟུལ་བ་ཤེས་རབ་ཆུང་བ་རྐྱེན་མང་བ༔ ཆོས་དྲན་ཀྱང་བྱེད་དབང་མེད་པ་འདི་འདྲ་བ༔ ལྷ་ལྕམ་བདག་ལ་འོང་དགོས་པ་སེམས་རེ་ཕམ་བསམས་ནས༔ བླ་མ་མཁའ་འགྲོ་ལ་ཐུགས་རྗེ་ཡོད་ན༔ བདག་ནི་བསམ་པ་འདི་ལ་ཡོན་ཏན་གྱི་འབྲས་བུ་གཅིག་འོང་རེ་ཐང་བ་ལ་བསམས་ནས་སྨྲེ་སྔགས་དང་བཅས་པའི་སྐད་འབྱིན་ཅིང་གསོལ་བ་འདི་ལྟར་བཏབ་པས༔ ཧྲཱི༔ གདོད་མའི་རྒྱལ་བ་ཐུགས་རྗེ་ཅན༔ བྱམས་མགོན་སྤྱན་གྱིས་གཟིགས་མི་གཟིགས༔ མ་རིག་ལས་ངན་བདག་འདྲ་མ༔ མུན་རུབ་འཁོར་བའི་གནས་ན་འཁྱམས༔ དུག་གསུམ་གཅོང་ནད་ཟིན་མི་ཟིན༔ འཇིགས་པའི་འཕྲང་ལ་འགྲོ་མི་འགྲོ༔ གྲོགས་ངན་རྐྱེན་དང་འཕྲད་མི་འཕྲད༔ སྐྱབས་མེད་མ་ལ་བསྐྱབ་ཏུ་གསོལ༔ བྱམས་མགོན་ཐུགས་རྗེ་མ་ཆུང་ཞིག༔ མ་རིག་འཁོར་བའི་གནས་ནས་དྲོངས༔ མྱུར་དུ་བདེ་བའི་མཆོག་ལ་ཁོད༔ ཅེས་གསུངས་སོ༔ གསོལ་བ་སྙན་པའི་ངག་གིས་འདེབས་ཤིང་གདུང་བའི་སེམས་དང་ལྡན་པའི་ཚེ༔ ཁྱེའུ་དཀར་པོ་ཤེལ་གྱི་ཐོར་ཚུགས་ཅན༔ གཡུའི་བུམ་པ་བསྣམས་པ་གཅིག་བྱུང་ནས་འདི་སྐད་སྨྲས༔ སྔོན་གྱི་ལས་བསགས་སྐལ་ལྡན་མ༔ དགེ་སེམས་དད་པའི་མཆོག་གྱུར་མ༔ དྲན་དང་བྱེད་པ་དད་པའི་གཞི༔ ལམ་དུ་སྐྱོལ་བ་དད་པའི་གྲོགས༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ༔ སྣང་བ་སྒྱུ་མ་རྨི་ལམ་འདྲ༔ སེམས་ཉིད་དངོས་མེད་ནམ་མཁར་ཐིམ༔ མ་ཕམ་དངོས་གྲུབ་སྐལ་བ་ཡོད༔ རྐྱེན་ངན་གྲོགས་སུ་ཤར་བར་སྒོམས༔ ཞེས་གསུངས༔ ལྷ་ལྕམ་གྱི་བསམ་པ་ལ༔ འདི་འདྲའི་ཁྱེའུ་མིའི་བུ་མ་ཡིན་རྒྱལ་བའི་རྣམ་འཕྲུལ་གཅིག་ཡིན་ནམ་ངོ་མཚར་བསམས་ནས་འདི་སྐད་སྨྲས་པ༔ ཁྱེད་ལྟ་བུའི་ཁྱེའུ་སྔོན་དུ་མ་མཐོང་བ་ལ༔ འདི་མིའི་བུ་ནི་མ་ཡིན༔ ཞིང་ཁམས་གང་ནས་འོང་༔ རིགས་ནི་གང་དུ་གཏོགས༔ མིང་ཅི་ཟེར༔ འདིར་ཅི་བྱེད་པ་ལ་འོང་༔ ཞེས་དྲིས་པས༔ ཁྱེའུ་དེའི་ཞལ་ནས༔ བདག་ཨོ་རྒྱན་གྱི་ཡུལ་མཁའ་འགྲོ་རྒྱ་མཚོའི་གླིང་ཞེས་བྱ་བ་ནས་འོངས༔ རིགས་ནི་ཀུན་ཏུ་བཟང་པོའི་རིགས་སུ་གཏོགས༔ མིང་ནི་པདྨ་འབྱུང་གནས་ཞེས་སུ་གྲགས༔ གདུལ་བྱ་ནི་རྒྱ་གར་ནུབ་ཀྱི་ཡུལ་ན་དར༔ བདག་གི་འདོད་པའི་དོན་ལྷ་ལྕམ་ཁྱོད་ཀྱི་གྲོགས་བྱེད་དུ་འོངས༔ བོད་འབངས་ཀྱི་ཡུལ་བསམ་ཡས་མཆིམས་ཕུ་ཞེས་བྱ་བ་རུ༔ བདག་གིས་སླེབས་ནས་ལོ་གསུམ་སོང་༔ ཁྱོད་ཀྱིས་མ་ཐོས་སམ་ཟེར༔ ལྷ་ལྕམ་གྱིས་ཞུས་པ༔ ཁྱོད་ཨོ་རྒྱན་གྱི་རྒྱལ་པོ་པདྨ་འབྱུང་གནས་ཡིན་ན་ནི༔ ལྷ་ལྕམ་ཁོ་མོ་བདག་ཆོས་བགྱིད་པའི་གྲོགས་སུ་ཐུགས་རྗེས་བཟུང་ན་ཅི་མ་རུང་ཨཾ༔ ལྷ་ལྕམ་ལྕགས་སྒྲོག་བཙོན་དོང་འདི་ལས་ཐར་པའི་ཐབས་ཤིག་ཞུ་ཞུས་པས༔ ཨོ་རྒྱན་གྱི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱིས་ཆོས་བྱེད་ན་བདག་གིས་གྲོགས་བགྱིད༔ རིན་པོ་ཆེའི་སོར་གདུབ་འདི་ལག་པ་གཡོན་པའི་སྲིན་མཐེབ་ལ་གོན་ལ༔ རྣལ་འབྱོར་པ་བདག་སྤྱི་བོར་སྒོམས་ཤིག༔ བདག་གར་འགྲོ་བའི་རྗེས་སུ་ཐེ་མ་ཚོམ་པར་ཤོག་ཅིག༔ ཅེས་གསུངས༔ རྒྱལ་བུ་འཁོར་འབངས་དང་བཅས་པས་མཐོང་བར་མི་རིག་ཅེས་གསུངས༔ ལྷ་ལྕམ་གྱིས་སོར་གདུབ་གོན་པ་དང་༔ ཡན་ལག་བཞི་བཅིངས་པའི་ལྕགས་སྒྲོག་རང་སར་གྲོལ་ལོ༔ ལུས་ཀྱང་ཡང་རྩལ་དང་ལྡན་པར་གྱུར་ནས༔ ཨུ་རྒྱན་གྱི་རྗེས་སུ་འབྲངས་པས་བསམ་ཡས་མཆིམས་ཕུ་ཞེས་པར་སྐད་ཅིག་ལ་སླེབས་སོ༔ ལྷ་ལྕམ་དང་ཨུ་རྒྱན་བསམ་ཡས་མཆིམས་ཕུར་བྱོན་པའི་དུས་ན༔ རྒྱལ་བུ་ནི་ནམ་ལངས་ནས་ལྷ་ལྕམ་ལ་བལྟས་པས་མ་རྙེད༔ ནམ་མཁའི་མཐོངས་ལ་མཁའ་འགྲོ་ཕོ་མོ་གཉིས་རྒྱ་གར་གྱི་ཕྱོགས་སུ་སོང་བར་མཐོང་༔ མ་དག་པའི་བློན་པོ་རྣམས་ཀྱིས་རྒྱ་ཁྲས་བྱ་ནག་གི་ཕུག་རོན་སྨུག་ཅུང་གཅིག་ཁ་རུ་ཐོགས་ནས་ནམ་མཁའི་མཐོངས་ལ་འཕུར་ཏེ་རྒྱ་གར་ཕྱོགས་སུ་སོང་བར་མཐོང་༔ བསུ་བ་ལ་འོངས་པའི་འཁོར་འབངས་རྣམས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཟུང་གཅིག་བསམ་ཡས་ཀྱི་ལུང་པར་བབས་པར་མཐོང་༔ རྒྱལ་བུ་འཁོར་བཅས་ཀུན་གྱིས་ལྷ་ལྕམ་ཤིང་གི་ར་བ་རྣམས་སུ་བཙལ་ཀྱང་མ་རྙེད་ནས༔ རྒྱལ་བུ་ནི་ངོ་གནག་ཅིང་སེམས་ཕམ་པར་གྱུར༔ བློན་པོ་རྣམས་ནི་རྒྱལ་བུ་ལ་ལྟ་ཞིང་ངུ་འབོད་ཆེན་པོ་འདོན༔ འཁོར་འབངས་རྣམས་ནི་བརྒྱལ་ཞིང་འགྱེལ་ལོ༔ ཐམས་ཅད་དྲན་པ་སོས་ནས་ཕྱོགས་གཅིག་ཏུ་འདི་སྐད་སྨྲས་སོ༔ དཀའ་ལས་བྱས་པའི་ལྷ་ལྕམ་དེ་ཡང་ན་ཕ་མའི་སར་བྲོས༔ ཡང་ན་རྒྱ་གར་བྷི་རྱའི་རྒྱལ་བུས་ཕྲོགས༔ ད་ནི་སྔོན་གྱི་ལས་ཡིན་པས་ཐམས་ཅད་ཕོ་བྲང་དུ་འབྱོན་པར་འཐད་ཟེར་ནས་རང་རང་གི་ས་རུ་ལོག་གོ༔ སྒྲག་འཚལ་ལུ་སྐོར་གྱི་ཕོ་བྲང་ན༔ རྒྱལ་བློན་རྗེ་འབངས་འཁོར་དང་བཅས་པ་རྣམས་ཀྱིས་གཏམ་ཕར་གླེང་ཚུར་གླེང་གླེང་མོ་ཐོས་པ་ལ༔ ཟུང་མོ་མཁར་གྱི་ཕོ་བྲང་དུ་ལྷ་ལྕམ་རྒྱལ་བུས་ཁྲིད་ནས་སོང་ཟེར་བ་ཐོས་པས༔ སེམས་དགའ་ཞིང་སྤྲོ་ནས༔ ཟུང་མོ་མཁར་གྱི་ཕོ་བྲང་དུ་བྱོན་པ་དང་༔ ཟུང་མོ་མཁར་གྱི་རྒྱལ་བུས་ནི་ལྷ་ལྕམ་ཕ་མིང་གིས་ཕྲོགས་པ་ཡིན་སྙམ་ནས་སྔོན་དུ་རིན་ཟོས་པས་རྒྱལ་པོ་བློན་འབངས་ཞེ་རེ་ཁྲེལ༔ ད་ཡིན་ན་དེ་རིང་གི་ལྷ་ལྕམ་བཏང་དགོས་ཟེར་བས་ཕྲིན་ཐོགས་པའི་རྐང་མགྱོགས་པ་མངགས་པའི་རྟ་པ་ལྔ་བརྒྱ་ཙམ༔ མཚལ་ལུ་སྐོར་གྱི་ཕོ་བྲང་དུ་བཏང་བ་གཉིས་ལམ་ཁར་འཕྲད་དེ༔ ལྷ་ལྕམ་བྲོས་ནས་མ་རྙེད་པའི་གཏམ་རྒྱུད་གླེང་བས༔ གཅིག་གིས་གཅིག་ལ་འཁོན་པའི་ཚིག་སྨྲ་ཞིང་ཁྲོས་པའི་ཚུལ་ངོ་གནག་པར་བསྟན་ཏེ༔ རང་རང་གི་ས་རུ་ལོག་གོ༔ ཟུང་མོ་མཁར་གྱི་རྒྱལ་བུས་དམག་མང་དུ་བསགས་ཏེ༔ ཞེ་སྡང་གི་ང་རོ་ཆེན་པོ་བགྱིད་ཅིང་༔ མཚོ་ལུང་སྐོར་གྱི་ཕོ་བྲང་རྒྱལ་བློན་དང་བཅས་པ་འབངས་འཁོར་རྣམས་ཐམས་ཅད་རླག་པར་བྱེད་དོ༔ ཞེས་སྨྲ༔ མཚོ་ལུང་སྐོར་གྱི་རྒྱལ་བློན་རྣམས་ཀྱིས་ཀྱང་དམག་མང་དུ་བསགས་ཏེ༔ ཞེ་སྡང་གི་ང་རོ་བྱེད་ཅིང་༔ ཟུང་མོ་མཁར་གྱི་ཕོ་བྲང་རྒྱལ་བློན་འབངས་དང་བཅས་པ་རླག་པར་བྱེད་དོ༔ ཞེས་སྨྲས༔ དེའི་སྐབས་སུ་སེམས་ཅན་གྱི་སྲོག་གཅོད་ཅིང་མི་དགེ་བའི་ལས་བྱེད་པར་ཨོ་རྒྱན་གྱིས་མཁྱེན་ནས༔ སྙིང་རྗེ་ཆེན་པོས་གཟིགས་ཏེ༔ མཚན་ཉིད་དང་ལྡན་པའི་ལྷ་ལྕམ་གཉིས་སུ་སྤྲུལ་ནས༔ གཅིག་ནི་མཚོ་ལུང་སྐོར་གྱི་ཕོ་བྲང་དུ་སྤྲུལ་པས༔ རྒྱལ་བློན་ཐམས་ཅད་དགྱེས་པར་བྱེད༔ ས་ཕྱོགས་དེར་བཀྲ་ཤིས་པ་དང་ཆོས་བྱེད་པ་བྱུང་ངོ༔ གཅིག་ནི་ཟུང་མོ་མཁར་གྱི་ཕོ་བྲང་དུ་སྤྲུལ་ནས་རྒྱལ་བུ་འབངས་དང་བཅས་པ་དགྱེས་པར་བྱས༔ ས་ཕྱོགས་དེར་བཀྲ་ཤིས་པ་དང་ཆོས་འབྱུང་བ་ཡུན་རིང་དུ་གནས་སོ༔ དེ་ནས་ལྷ་ལྕམ་དང་ཨུ་རྒྱན་གཉིས་ནི་བསམ་ཡས་མཆིམས་ཕུ་ཞེས་བྱ་བ༔ རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་མཉམ་པ་དེ་རུ༔ འདུ་འབྲལ་སྐད་ཅིག་ཀྱང་མེད་པར་སྤྱོད་པ་ལ་བཞུགས་སོ༔ ལྷ་ལྕམ་གྱི་སྐུ་འཁྲུངས་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔
ལེའུ་གཉིས་པ།
དེ་ནས་ཨོ་རྒྱན་གྱི་དྲུང་དུ༔ ལྷ་ལྕམ་གྱིས་དངུལ་དཀར་གྱི་མེ་ལོང་གི་སྟེང་དུ༔ གཙུག་གཡུ་ནོར་བུ་འོད་འབར་བ་ཞེས་བྱ་བ་ཚོམ་བུར་བཀོད་དེ་ཕུལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་འདྲ་བའི་བུད་མེད་སྐྱེ་བ་དམན་ལ་རང་འདོད་ཆེ་བ༔ ཚོགས་བསགས་ལ་མ་བསགས་པ༔ ཚོགས་བསགས་པ་ཡིན་བྱས་ན༔ རྒྱལ་པོ་སྡིག་སེམས་དང་ལྡན་པའི་བུ་མོར་སྐྱེས༔ ཚོགས་མ་བསགས་པ་ཡིན་བྱས་ན༔ བླ་མ་དུས་གསུམ་སངས་རྒྱས་ཁྱེད་དང་འདྲ་བ་དང་མཇལ༔ ལར་ནི་བདག་ཅག་བུད་མེད་ཀྱི་རིགས་འདྲ་བ་ཤེས་རབ་ཆུང་ཞིང་རྒྱུད་ལ་ངན་པས་དད་པ་དང་སྙིང་རུས་མེད་པའི་ལས་ངན་མ་བདག་ལ་ཚིག་ཉུང་ལ་དོན་ཆེ་བ་མྱུར་དུ་སངས་རྒྱ་བའི་གདམས་ངག་ཅིག་ཞུ་ཞུས་པས༔ ཨོ་རྒྱན་པདྨའི་ཞལ་ནས༔ ལྷ་ལྕམ་ཡིད་འོང་བུ་མོ་ཁྱོད་ཉོན་ཅིག༔ ཁྱོད་བུད་མེད་ཀྱི་ལུས་འདི་ཐོབ་པས་ཚོགས་མ་བསགས་པ་ཡིན་པས་མྱུར་དུ་སངས་རྒྱས་པ་དཀའོ༔ མཛེ་ཕོའི་སྐྱེ་འབྲས་དང་༔ བུད་མེད་ཀྱི་སྙིང་རུས་གཉིས་ལ་ལེགས་བྱས་ཀྱང་སྐྱོན་ཅིག་ཡོད༔ འོན་ཀྱང་དད་པ་དང་བརྩོན་འགྲུས་ཡོད་ན་སྐྱེ་བ་དམན་ཡང་སངས་རྒྱས་སྒྲུབ་པའི་སྐལ་བ་ཡོད་པས༔ ལྷ་ལྕམ་ཁྱོད་ཀྱང་ཚེ་འདི་བློས་ཐོང་ལ༔ ལུས་སྲོག་ལ་ཕངས་པ་མེད་པར་དོན་དམ་པའི་གདམས་ངག་ཉམས་སུ་ལོངས་ཤིག༔ བསམ་ཡས་མཆིམས་ཕུའི་དུར་ཁྲོད་འདི༔ མ་དང་མཁའ་འགྲོ་དངོས་སུ་འདུས་པའི་གནས་ཡིན་པས༔ ས་འདི་རུ་མི་ལོ་བཅུ་གཉིས་ཀྱི་བར་དུ་གདམས་པ་འདི་ལ་སྒྲུབ་པ་གྱིས་ཤིག༔ ཁོ་བོ་རྒྱ་གར་གྱི་ཡུལ་དུ་ཐེངས་ཤིག་འགྲོ༔ རིགས་ངན་བོད་དུ་མྱུར་དུ་སླེབས་ནས་འོང་༔ དེའི་དུས་སུ་ལྷ་ལྕམ་ཁྱོད་ཀྱིས་སྒྲུབ་པ་ཐོབ་པ་གཅིག་གྱིས་ཨང་གསུངས་ནས༔ རྫོགས་པ་ཆེན་པོ་ཟག་མེད་ཀྱི་སྐོར་གནང་ནས༔ ཨོ་རྒྱན་རྒྱ་གར་གྱི་ཡུལ་དུ་འཁོར་མཁའ་འགྲོ་མ་བཞི་དང་བཅས་ནས་ནམ་མཁའ་ལ་བཞུད་དོ༔
ལྷ་ལྕམ་བདག་ནི་མཆིམས་ཕུའི་དུར་ཁྲོད་གསང་བ་ཡེ་ཤེས་ཀྱི་བྲག་ཕུག་ཏུ༔ དུར་ཁྲོད་ཀྱི་རྩྭ་ཟླུམ་པ་རྣམས་གདན་དུ་བཏིང་ཞིང་༔ ཤིང་ཐོག་བཅུད་དང་ལྡན་པ་རྣམས་བསྡུས་ནས་བསམ་གཏན་གྱི་འཚོ་བ་བྱས་ཤིང་སྐོམ་དུ་ཆུ་འཐུང་༔ ལུས་སྲོག་ལ་ཕངས་པ་མེད་པར་སྒྲུབ་པ་བགྱིད་དེ༔ ཕྱིར་མི་ལོག་པར་དམ་བཅས་ནས་བསྡད་དོ༔ ཟླ་བ་གཅིག་ཙམ་སོང་བའི་དུས་ན༔ ཉི་མ་སྔ་དྲོ་གཅིག་ལ་བྲག་ཕུག་གི་སྒོ་མདུན་དུ་བུད་མེད་དཀར་མོ་གཅིག་བྱུང་ནས༔ ཤེལ་གྱི་འཁར་བས་སྒོ་རྡུང་ཞིང་ལྷ་ལྕམ་སྒོ་འདི་ཕྱེས་དང་ཟེར༔ སྒོ་ཕྱེས་ནས་བལྟས་པས་བུད་མེད་དེས་གསུངས་ནས༔ ལྷ་ལྕམ་ཁྱོད་འདི་ན་ཅི་བྱེད་ཅིང་ཡོད་ཟེར་ནས༔ བདག་ཏིང་ངེ་འཛིན་སྒྲུབ་ཅིང་ཡོད་ཞུས་པས༔ ཁྱོད་ལ་ཏིང་ངེ་འཛིན་སྒྲུབ་པའི་དད་པ་ཡོད་དམ་གསུངས༔ དད་པ་ཡོད་ཞུས་པས༔ ཁྱོད་ཀྱིས་དད་པ་དེ་ཡང་དག་པའི་དད་པ་མ་ཡིན༔ དད་པ་ཡང་དག་པ་ཟེར་བ་དེ་ངེད་ཀྱི་ཡུལ་ན་ཡོད་པ་ཡིན་གསུངས༔ ལྷ་ལྕམ་གྱི་ཐུགས་དགོངས་ལ༔ ཨོ་རྒྱན་ལ་སངས་རྒྱས་དངོས་སུ་མཐོང་བའི་དད་པ་འདི་བས་ལྷག་པའི་དད་པ་ཡོད་ཐབས་མེད་བསམས་ནས་ལོག་ལྟ་ཆེན་པོ་སྐྱེས་པས༔ དེ་ནི་བུད་མེད་དེའི་ཐུགས་ཀྱིས་མཁྱེན་ནས༔ ལྷ་ལྕམ་ཁྱེད་བདག་གི་རྗེས་སུ་འདོང་ངོ་དད་པའི་མཚན་ཉིད་བསྟན་ནོ་གསུངས་ནས༔ ལྷ་ལྕམ་གྱི་ཕྱག་ནས་ཁྲིད་དེ་ལུང་པ་གཅིག་ན་ཕྱིན་ནས༔ ཡུལ་ཁ་དོག་དཀར་བ་གཅིག་ན་རིན་པོ་ཆེའི་ཕ་གུ་བརྩིགས་པ༔ གསེར་གཡུ་དང་མུ་ཏིག་གི་ཕྲས་བརྒྱན་པ༔ ཅོད་པན་དར་གྱི་ལྷབ་ལྷུབ་འཕུར་བ༔ མཛེས་ཤིང་ཡིད་དུ་འོང་བའི་གདུགས་ཀྱི་ཏོག་ལ་ནོར་བུ་གཡེར་ཁའི་དྲ་བ་འཕྱང་བ༔ འཇའ་དང་འོད་ཀྱི་གུར་ཕུབ་པའི་ཕོ་བྲང་ཡོད་པ༔ དེའི་མཐའ་མ་ལ༔ ལོངས་སྤྱོད་དང་ལྡན་པའི་གྲོང་ཁྱེར་མང་པོས་བསྐོར་བ༔ པདྨ་དང་ཙན་དན་གྱི་ལྗོན་ཤིང་དྲི་དང་འབྲས་བུ་ཁ་མངར་དང་ལྡན་པ་མང་དུ་སྐྱེས༔ མེ་ཏོག་དང་སྨན་གྱི་ལྗོངས་ཆེན་པོ་དངས་པའི་སྐྱེད་མོས་ཚལ་དང་ལྡན་པ༔ དེ་ལྟ་བུའི་ཡུལ་ཡ་མཚན་པ་གཅིག་ཏུ་སླེབས་སོ༔ དེ་ནས་ཉིན་གཅིག་སྟོན་མོ་ཆེན་པོ་བྱས་པ་ལ༔ མིའི་ཁྲོམ་མཐའ་ཡས་པ་མང་པོ་ཚོགས་ཏེ༔ དེའི་དཀྱིལ་ན་གསེར་གྱི་ཁྲི་ཆེན་པོའི་སྟེང་དུ་གཡུའི་ཀ་བ་དང་ཐོག་ཕུབ་པ༔ པདྨའི་གདན་བཏིང་ཞིང་༔ ཉི་མ་དང་ཟླ་བའི་གཅལ་བཀྲམ་པ༔ དེ་ལྟ་བུའི་ཁྲི་སྟེང་དེ་ན་རྒྱལ་པོ་ཆེན་པོ་མདོག་དཀར་ཞིང་ཡིད་དུ་འོང་བ༔ ན་སོ་གཞོན་ཞིང་ལུས་ཀྱི་རྒྱན་དང་ལྡན་པ་གཅིག་བཞུགས་ནས༔ ཁྲོམ་དུ་འཚོགས་པའི་མི་རྣམས་ཀྱང་༔ རྒྱལ་པོ་ལ་ལྟ་ཞིང་གུས་པས་ལུས་ས་ལ་རྡབ་ཅིང་ཕྱག་འཚལ༔ ལུས་ཀྱི་རྒྱན་རྣམས་བཀྲོལ་ཞིང་རྒྱལ་པོ་ལ་ཕུལ༔ ཕ་མ་རྣམས་ཀྱིས་བུ་ཕོ་མོ་རྣམས་བཟུང་ཞིང་རྒྱལ་པོ་ལ་ཕུལ༔ བུ་ཕོ་མོ་རྣམས་ཀྱིས་ཕ་མ་རྣམས་བཟུང་ནས་རྒྱལ་པོ་ལ་ཕུལ༔ བཀུར་སྟིའི་བྱ་བ་ལ་མཁས་ཤིང་དབུལ་བས་ནོར་རྫས་ལ་ཕངས་པ་མེད་པར་ཕུལ་བར་འདུག་གོ༔ ལྷ་ལྕམ་གྱི་ཐུགས་དགོངས་ལ༔ རྒྱལ་པོ་འདི་ལ་ཆོས་ནི་མེད༔ དོན་མེད་དུ་མོས་གུས་དང་བཅས་པ་འདིར་གོལ་ནས་ནོར་རྫས་ཕངས་པ་མེད་པར་འབུལ་བ་འདི་བསོད་ནམས་ནི་མི་ཐོབ༔ མི་འདི་རྣམས་ནི་ཅི་བྱེད་པ་ཡིན་བསམས་ནས༔ ལྷ་ལྕམ་རང་དང་འགྲོགས་པའི་བུད་མེད་དེ་ལ་དྲིས་པ༔ ཡུལ་ཁམས་འདི་ལ་ཅི་ཟེར༔ ཕོ་བྲང་འདིའི་མིང་གང་ཡིན༔ རྒྱལ་པོ་འདི་ལ་མིང་ཅི་སྐད་སྨྲ༔ གྲོང་ཁྱེར་འདིའི་མི་རྣམས་ཀྱིས་ཅི་བྱེད་པ་ཡིན༔ ཞེས་དྲིས་པས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་རང་ཉོན་ཅིག༔ ཡུལ་ཁམས་འདི་ལ་པདྨ་བཀོད་པ་ཟེར་བ་ཡིན༔ ཕོ་བྲང་འདི་ལ་བདེ་ཆེན་འཁྱིལ་བ་ཡིན་ཟེར༔ རྒྱལ་པོ་འདི་ལ་རིག་འཛིན་གཞོན་ནུ་ཟེར་བ་ཡིན༔ གྲོང་ཁྱེར་གྱི་མི་འདི་རྣམས་ནི་རྒྱལ་པོ་འདི་ལ་དད་གུས་དང་ལྡན་པས་མཉེས་པར་བྱ་བའི་ཆེད་དུ་མཆོད་པ་འབུལ་བ་ཡིན་གསུངས༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ རྒྱལ་པོ་འདི་ལ་ཆོས་ཡོད་པ་ལགས་སམ༔ མཆོད་པ་འབུལ་བར་བསོད་ནམས་ཅི་ཡོད༔ རྒྱལ་པོ་འདི་མིའི་རྒྱལ་པོ་ཡིན་ནམ༔ ཞེ་སྡང་གི་དབང་ཆེན་པོ་དང་ལྡན་པས༔ ནོར་རྫས་རྣམས་སྡུད་པ་མ་ཡིན་ནམ་ཞུས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ལ་དད་པ་མི་འདུག༔ རྒྱལ་པོ་འདི་ལ་ཆོས་ལོས་ཡོད༔ གྲོང་ཁྱེར་གྱི་མི་རྣམས་ལ་དད་པ་ཡོད་པས་ཆོས་ཀྱི་རྒྱལ་པོར་མཐོང་བ་ཡིན༔ རྒྱལ་པོ་མཉེས་པར་གྱུར་ན་གྲོང་ཁྱེར་གྱི་མི་རྣམས་ནི་སྲོག་ལ་ཡང་ཕངས་པ་མེད༔ རང་གི་བསམ་པ་རྣམ་པར་དག་ན༔ རྒྱལ་པོའི་ཐུགས་རྗེ་ལ་ཕྱོགས་རིས་མེད་དོ༔ ཡང་ཉིན་གཅིག་གྲོང་ཁྱེར་གྱི་མི་རྣམས་ཁྲོམ་དུ་འཚོགས་ཏེ༔ རྒྱལ་པོས་མི་མང་པོ་བསད་ཅིང་ཤ་ཟ་བ་དང་༔ ཁྲག་འཐུང་བ་དང་༔ རུས་པ་མུར་བ་དང་༔ ལྤགས་པ་གོན་པར་བྱེད་དོ༔ གྲོང་ཁྱེར་གྱི་མི་རྣམས་རྒྱལ་པོ་ལ་ལྟ་ཞིང་མོས་གུས་དང་ལྡན་པར་གསོལ་བ་འདེབས་སོ༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་འདི་རྣམས་རྒྱལ་པོས་མི་བསད་པ་དང་དད་གུས་བྱེད་པ་འདི་ཅི་ལགས་ཞུས་པས༔ བུད་མེད་དེའི་ཞལ་ནས༔ རྒྱལ་པོས་ཅི་མཛད་ཐམས་ཅད་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ལེགས་པར་མཐོང་བ་ཡིན་གསུངས༔ ཡང་ཉིན་གཅིག་གྲོང་ཁྱེར་གྱི་མི་རྣམས་ཁྲོམ་དུ་འཚོགས་ཏེ༔ རྒྱལ་པོས་རྡོ་ཐམས་ཅད་ཟས་ཡིན་ནོ་ཟེར་ནས་སྒྲ་ཆེན་པོ་བསྒྲགས་སོ༔ གྲོང་ཁྱེར་གྱི་མི་རྣམས་ཀྱང་ཁ་ནང་གི་སོ་ཐམས་ཅད་གྲུམ་ཡང་སྙིང་རུས་དང་བཅས་ནས༔ རྡོ་ཟ་བ་ལ་ནན་ཆགས་བྱེད་དོ༔
ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་ཀྱིས་སོ་ཆག་ཆག་རྡོ་ཟ་བ་ཅི་ལགས༔ རྒྱལ་པོ་ལ་དབང་མ་བྱུང་བ་ཡིན་ནམ་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ལ་དད་པ་མི་འདུག༔ གྲོང་ཁྱེར་གྱི་མི་རྣམས་ནི་རྒྱལ་པོས་ཅི་གསུངས་ཐམས་ཅད་བདེན་པར་གོ་བ་ཡིན་གསུངས༔ ཡང་ཉིན་གཅིག་གྲོང་ཁྱེར་གྱི་མི་རྣམས་ཁྲོམ་དུ་འཚོགས་ཏེ༔ རྒྱལ་པོས་དུག་ཆུ་བྲེ་རེ་རེ་མི་རྣམས་ལ་བྱིན་ནས༔ འདི་མྱུར་དུ་འཐུངས་ཤིག་ཟེར་རོ༔ གྲོང་ཁྱེར་གྱི་མི་རྣམས་ནི་ལུས་གས་ཤིང་འགྱེལ་ཀྱང་༔ སྙིང་རུས་པ་དང་བཅས་ནས་དུག་འཐུང་ངོ༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་ནི་བརྒྱལ་ཞིང་འགྱེལ་ཀྱང་དུག་ཆུ་འཐུང་བ་ཅི་ལགས་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཉོན་དང་༔ གྲོང་ཁྱེར་གྱི་མི་རྣམས་ནི་རྒྱལ་པོས་ཅི་བྱིན་ཐམས་ཅད་ཟ་ནུས་པ་ཡིན་གསུངས༔ ཡང་ཉིན་གཅིག་གྲོང་ཁྱེར་གྱི་མི་རྣམས་ནི་ཁྲོམ་དུ་འཚོགས་ཏེ༔ རྒྱལ་པོ་དེའི་ཞལ་ནས༔ མེ་མ་མུར་གྱི་ཐལ་བ་ལ་ལག་པ་ཁྲུས་དང་༔ རྒྱ་མཚོའི་གཏིང་ནས་རྡོ་སྨུག་ཆུང་ཁུར་ལ་ཤོག་ཅིག་གསུངས༔ གྲོང་ཁྱེར་གྱི་མི་རྣམས་ནི་ལུས་ལ་ཆུ་བུར་རམ་རམ་རྡོལ་ཀྱང་༔ མེ་མ་མུར་གྱི་ཐལ་བ་ལ་བྱད་དང་ཡན་ལག་བཞི་ལ་ཁྲུས་བྱེད་དོ༔ རྒྱ་མཚོའི་གཏིང་དུ་མཆོངས་ཤིང་སྲོག་ལ་ཕངས་པ་མི་བྱེད་པར་རྡོ་སྨུག་ཆུང་ཅི་ལོན་བྱེད་དོ༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་ནི་སྲོག་ལ་མི་ཕངས་པར་མེ་མ་མུར་ལ་ཡན་ལག་བཀྲུས་པ༔ རྒྱ་མཚོའི་གཏིང་དུ་མཆོངས་ཤིང་རྡོ་བ་སྨུག་ཆུང་ཅི་ལོན་བྱེད་པ་ཅི་ལགས་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཉོན་དང་༔ གྲོང་ཁྱེར་གྱི་མི་རྣམས་ནི་རྒྱལ་པོས་ཅི་བཅོལ་བ་ཐམས་ཅད་བྱེད་ནུས་པ་ཡིན༔ ཡང་གྲོང་ཁྱེར་གྱི་མི་རྣམས་ནི་ཁྲོམ་དུ་འཚོགས་ཏེ༔ རྒྱལ་པོ་དེའི་ཞལ་ནས༔ དེ་རིང་ཉི་མ་སྔ་དྲོ་འདི་ལ་ལོངས་སྤྱོད་ཀྱི་ཚོགས་འདུ་བ་ཆེན་པོ་ནམ་མཁའ་ནས་མེ་ཏོག་གི་ཆར་བཞིན་བབས་ནས་དགའ་བ་ལ་ཟེར༔ གྲོང་ཁྱེར་གྱི་མི་རྣམས་ནི་ལོངས་སྤྱོད་ཡོད་པ་རྣམས་ཀྱིས་གསེར་གྱི་རྟ་ཕོ་ལ་གཡུའི་ཕྲ་བཀོད་པ༔ ནོར་བུ་རིན་པོ་ཆེའི་བང་མཛོད་རྐང་པ་བཞི་དང་ལྡན་པ༔ གཡུའི་གླང་པོ་ཆེ་ལ་བདུད་རྩི་མངར་བཅུད་དང་ལྡན་པ་བཀལ་ནས༔ རང་རང་ཕ་མ་བུ་ཚ་དང་བཅས་པས་ལུས་ཀྱི་རྒྱན་བཀོད་དེ༔ ལུས་ངག་ཡིད་གསུམ་རྒྱལ་པོ་ལ་ཕུལ་ལོ༔ ལོངས་སྤྱོད་ཆུང་བ་རྣམས་ནི་ལུས་གཅེར་བུ་ལ་དུར་ཁྲོད་ཀྱི་རས་དཀྲིས་ནས༔ དེ་ལ་ཙན་དན་གྱི་ནགས་ལ་བཙུགས་ཏེ༔ མེ་སྦར་ནས་རྒྱལ་པོ་ལ་འབུལ་ལོ༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་ནི་རང་རང་གི་སྲོག་དང་ནོར་རྫས་མི་ཕངས་པར་ཐམས་ཅད་རྒྱལ་པོ་ལ་ཅི་ཡོད་འབུལ་ནུས་པ་ཅི་ཡིན་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཉོན་ཅིག༔ གྲོང་ཁྱེར་གྱི་མི་རྣམས་ནི་རྒྱལ་པོ་ལ་ཅི་ཡོད་འབུལ་ནུས་པ་ཡིན་གསུངས༔
བུད་མེད་དེས་ལྷ་ལྕམ་གྱི་ཕྱག་ནས་འཇུས་ཏེ་རྒྱལ་པོའི་དྲུང་དུ་ཁྲིད་ནས༔ རྒྱལ་པོ་ཆེན་པོ་ལགས༔ ལྷ་ལྕམ་འདི་མྱུར་དུ་ངན་སོང་ནས་ཐར་པའི་བྱིན་རླབས་ཤིག་ཞུ་ཞུས་པས༔ རྒྱལ་པོ་དེའི་ཞལ་ནས༔ ལྷ་ལྕམ་ལ་དད་པ་མཚན་ཉིད་དང་ལྡན་པ་ཡོད་དམ༔ དད་པ་ཡོད་ན་བདག་གིས་བྱིན་རླབས་བྱེད་པར་ནུས་གསུངས་སོ༔ ལྷ་ལྕམ་གྱིས་བདག་ལ་དད་པ་མཚན་ཉིད་དང་ལྡན་པ་ཡོད་ཞུས་པས༔ རྒྱལ་པོ་དེས་གསུངས་ནས༔ ལྷ་ལྕམ་ཁྱོད་ཀྱི་སེམས་ལ་ཅི་ཡོད་ངས་ཤེས༔ ཁྱོད་ཀྱི་དད་པ་དེ་མཚན་ཉིད་དང་ལྡན་པ་མ་ཡིན༔ བླ་མ་དང་རྒྱལ་པོའི་རྣམ་ཐར་ལ་ཕྱོགས་རིས་འདུག་པས༔ དད་པ་མཚན་ཉིད་དང་ལྡན་པ་དེ་ཅི་མཛད་ཐམས་ཅད་ལེགས་པར་མཐོང་བ༔ ཅི་གསུངས་ཐམས་ཅད་བདེན་པར་གོ་བ༔ ཅི་སྦྱིན་ཐམས་ཅད་ཟ་ནུས་པ༔ ཅི་བཅོལ་ཐམས་ཅད་བྱེད་ནུས་པ༔ ཅི་ཡོད་ཐམས་ཅད་འབུལ་ནུས་པ༔ གྲོང་ཁྱེར་གྱི་མི་འདི་རྣམས་འདྲ་བ་གཅིག་དགོས་པ་ཡིན་གསུངས༔ ལྷ་ལྕམ་གྱི་ཐུགས་དགོངས་ལ༔ རང་གི་དད་པ་སྐྱེ་སྒྲིབ་ཅན་འདི་ལ་ཞེ་རེ་ཁྲེལ༔ གྲོང་ཁྱེར་འདི་ན་མི་ཆེ་ཆུང་མེད་པ་ཀུན་ལ༔ དད་པ་མཚན་ཉིད་དང་ལྡན་པ་འདི་འདྲ་ཡོད་པ་ངོ་རེ་མཚར་བསམས་སོ༔ རྒྱལ་པོ་འདི་རིགས་ལྡན་གྱི་རྒྱལ་པོ་གཅིག་ཡིན་པར་ངེས༔ འདི་ལ་མྱུར་དུ་སངས་རྒྱ་བའི་གདམས་ངག་གཅིག་ཞུ་དགོས་བསམས་ནས༔ ཕྱག་གསུམ་འཚལ་བ་དང་༔ རྒྱལ་པོ་འཁོར་བཅས་ཕོ་བྲང་གི་ནང་དུ་ནམ་མཁའི་མཐོངས་ལ་འོད་ཟེར་ལྔའི་རྟ་ལ་བཅིབས་ནས་བཞུད༔ ལྷ་ལྕམ་དང་འགྲོགས་པའི་བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཉོན་དང་༔ ཁྱོད་ཀྱི་དད་པ་ཚོད་དུ་མ་སློང་བས༔ རྒྱལ་པོ་དང་ཞལ་མཇལ་དུ་མེད་པ་འདི་ལ་ལྟོས་དང་གསུངས༔ དེ་ནས་འདི་བས་ཀྱང་ཡ་མཚན་པ་ལུང་པ་ཕ་གིའི་ནང་ན་ཡོད་གསུངས་ནས༔ ལུང་པ་སེར་སྟོང་ངེ་བ་གཅིག་ཏུ་ལྷ་ལྕམ་གྱི་ལག་པ་ནས་བུད་མེད་དེས་འཇུས་ནས་ཕྱིན་ཏོ༔ ལུང་པ་དེའི་དཀྱིལ་ནས༔ གསེར་གྱི་ཕ་གུ་བརྩིགས་པའི་ཕོ་བྲང་གཡུའི་གདུགས་ཕུབ་པ༔ མུ་ཏིག་དང་ནོར་བུའི་གཡེར་ཁའི་དྲ་བ་འཕྱང་བ༔ ཡིད་དུ་འོང་ཞིང་ལྟ་ན་སྡུག་པ༔ གྲོང་ཁྱེར་དང་ལྕག་རི་མུ་ཁྱུད་མང་པོས་བསྐོར་བ་གཅིག་འདུག་གོ༔ ཕོ་བྲང་དེའི་ལྷོ་ཕྱོགས་ན་ཁྲུས་ཀྱི་རྫིང་བུ་འོད་ཟེར་ལྔའི་ཁ་དོག་དང་ལྡན་པ༔ དྭངས་ཤིང་མེ་ཏོག་གིས་མཐའ་བསྐོར་བ༔ མངར་ཁའི་དྲི་བྲོ་བ༔ དེ་ལྟ་བུའི་རྫིང་བུའི་འགྲམ་ན༔ མཛེས་པའི་བུ་མོ་གཞོན་ནུ་མང་པོ་དང་༔ ཁྱེའུ་གཞོན་ནུའི་ཚོགས་མང་པོ་འདུས་ནས་མགོ་དང་ཡན་ལག་བཞི་ཁྲུས་བྱེད་ཅིང་༔ བཟའ་བཏུང་གི་ལོངས་སྤྱོད་ཆེན་པོ་བྱེད་དོ༔ དེ་རྣམས་ཀྱི་གསེབ་ནས་ཀུན་ལས་ལྷག་པའི་བུ་མོ་ལང་ཚོ་དར་ལ་བབ་པ་གཅིག་འདུག་གོ༔ དེའི་ལག་པས་ཆད་པ་མེད་པར་སྦྱིན་པ་གཏོང་༔ ངག་ཡེང་བ་མེད་པར་རིག་འཛིན་བླ་མ་ལ་གསོལ་བ་ཐོབ་ཅིག་ཟེར༔ མིག་གིས་དབུལ་ཕོངས་ཀྱི་རིགས་ངན་ལ་ལྟ་ཞིང་མཆི་མ་ཁྲག་ཏུ་བབ༔ རྐང་པ་གཉིས་ཀྱིས་མ་དལ་བར་རྫིང་བུའི་མཐར་སྐོར་བ་བསྐོར་ཞིང་ལུས་ལ་གོས་མེད་པར་གཅེར་བུར་འགྲོ་བ་གཅིག་མཐོང་༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པས་༔ གྲོང་ཁྱེར་འདིའི་ནང་ན་འདུས་པའི་ཁྱེའུ་ཕོ་མོ་འདི་རྣམས་རྫིང་བུ་འདིའི་འགྲམ་ན་འཚོགས་ནས་ཅི་བྱེད༔ ཁྱད་པར་དུ་འདི་རྣམས་ཀྱི་ནང་ནས་བུ་མོ་གཅེར་བུར་རྒྱུག་པ་འདི་སྤྱོད་ལམ་དལ་དུ་མི་བྱེད་པ་ཅི་ཡིན་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་དྲན་པ་གསོས་དང་༔ ཁྱེའུ་ཕོ་མོ་འདི་རྣམས་རྫིང་བུ་འདིའི་འགྲམ་དུ༔ གཙང་མའི་ཁྲུས་བྱས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་འདག་པར་ཤེས་པ་ཡིན༔ བུ་མོ་གཅེར་བུར་རྒྱུག་པ་འདི་འཆི་བ་དྲན་པས༔ ལག་གིས་སྦྱིན་པ་མྱུར་དུ་མ་བཏང་ན༔ སྦྱིན་པ་ལ་གཏོང་ལོང་མི་བྱུང་གིས་དོགས་པས་བྲེད་པ་ཡིན༔ ངག་ནས་གསོལ་བ་ཡེངས་མེད་བཏབ་པ་ནི༔ ངན་སོང་གསུམ་གྱི་སྐྱབས་གནས་མཚན་ཉིད་དང་ལྡན་པའི་བླ་མ་ཡིན་པས༔ དེ་ལ་གསོལ་བ་འདེབས་ལོང་མ་བྱུང་གིས་དོགས་ནས་བྱེད་པ་ཡིན༔ མིག་གིས་རིགས་ངན་ལ་ལྟ་ཞིང་མཆི་མ་ཁྲག་ཏུ་འབབ་པ་འདི་ཁོ་རང་ཡང་རིགས་ངན་འདི་འདྲ་སྐྱེས་ཀྱིས་དོགས་ནས་བྱེད་པ་ཡིན༔ རྐང་པ་གཉིས་ཀྱིས་མི་དལ་བར་སྐོར་བ་བསྐོར་བ་འདི༔ རྫིང་བུའི་འོད་ཟེར་དང་བཅས་པ་ཡོན་ཏན་ཆེན་པོ་འབྱུང་བའི་གནས་ཡིན་པས༔ དངོས་གྲུབ་མྱུར་དུ་མི་ལོན་གྱིས་དོགས་པས་སྐོར་བར་བསྐོར་བ་ཡིན༔ གཅེར་བུར་བུད་ནས་རྒྱུག་པ་འདི༔ བསོད་ནམས་ཀྱི་ཚོགས་བསག་པ་ལ་ལུས་ལ་གོས་གོན་ནས་བསྡད་ན་ཤི་བས་སླེབ་སྟེ༔ ཚོགས་གསོག་ལོང་མ་བྱུང་གི་དོགས་པས་བྲེད་པ་ཡིན་གསུངས༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ ཕོ་བྲང་འདིའི་ནང་ན་ཅི་ཡོད་ཞུས་པས༔ བུད་མེད་དེས་གསུངས་ནས༔ ཕོ་བྲང་འདིའི་ནང་ན་ཡ་མཚན་ཆེ་བའི་རྣམ་པར་ཐར་པ་མང་དུ་ཡོད༔ ལྟ་བ་ལ་འདོང་ངོ་གསུངས༔ ཕོ་བྲང་ནང་དུ་ཕྱིན་པས་ཁྱམས་ཆེན་པོའི་དབུས་སུ་གསེར་དང་གཡུའི་ཕོ་བྲང་ཆེན་པོ་འདུག་པ་ལ༔ དེའི་འགྲམ་ན་ཁྱེའུ་མཛེས་ཤིང་ཡིད་དུ་འོང་བ་གཅིག་རིན་པོ་ཆེ་བརྩེགས་པའི་ཁྲི་ལ་བཞུགས་ནས༔ འཁོར་དུ་ལུས་ཆེ་ཞིང་མགྲིན་པ་ཕྲ་བ༔ རིད་ཅིང་རྨོངས་པ་སྣ་ཚོགས་ཀྱིས་བསྐོར་བར་མཐོང་༔ རྒྱལ་པོ་ཁྱེའུའི་ཆ་ལུགས་ཅན་དེས་རྐང་པ་གཡས་གཡོན་ནས་བཞོག་ཅིང་རིགས་ངན་རྣམས་ལ་སྟེར༔ རེ་འགའ་ནི་གཡུའི་ཕུང་པོ་བཅད་ཅིང་རིགས་ངན་རྣམས་ལ་སྟེར༔ རེ་འགའ་ནི་ལྟ་སྟངས་ངང་ལ་བཞུགས་ནས་མཉམ་པར་བཞག་གོ༔ མིག་གིས་ལྷ་ལྕམ་དང་བུད་མེད་གཉིས་ལ་ལྟ་ཞིང་ངག་ནས་འདི་སྨྲས༔ ཁྱེད་གཉིས་འདིར་ཅི་བྱེད་པ་ལ་འོང་༔ ཚེ་ལ་ལོང་ཡོད་དམ༔ མིའི་བུ་མ་ཡིན་ནམ༔ སྐྱེ་བ་དང་འཆི་བ་མི་འབྱུང་ངམ་ཟེར༔
ལྷ་ལྕམ་གྱིས་རྒྱལ་པོ་དེ་ལ་ལན་བཏབ་པ༔ བདག་ནི་མིའི་བུ་ཡིན༔ སྐྱེ་དང་འཆི་བ་ཡང་ཡོད༔ ཚེ་ལ་ལོང་མེད་པར་ཡང་ཤེས༔ ཕོ་བྲང་འདིར་རྒྱལ་པོ་ཁྱེད་ལ་ལྟ་བ་ལ་འོང་བ་ཡིན་སྨྲས་པས༔ རྒྱལ་པོ་དེས་ལྷ་ལྕམ་དང་བུད་མེད་གཉིས་ལ་འདི་སྐད་ཟེར༔ ཁྱེད་གཉིས་ཚེ་ལ་ལོང་མེད་པར་ཤེས་ན༔ འདིར་ངེད་ལ་ལྟ་ཞིང་ཕོ་བྲང་དུ་འོང་ལོང་ཡོད་པ་ཞེ་རེ་ཁྲེལ༔ ངེད་ལ་བལྟ་རྒྱུ་ཅི་ཡོད༔ འཆི་བ་འདིར་འོང་བ་མི་ཤེས་སམ༔ ངེད་ལ་འཆི་བ་ནམ་འོང་མི་ཤེས་པས་བྲེད་པ་ཡིན༔ བཟའ་བ་བཏུང་བ་མ་ཁོམ་ནས་ཡུན་རིང་དུ་སོང་༔ ནོར་གྱི་བང་མཛོད་སྦྱིན་པ་ལ་གཏོང་ལུང་མ་བྱུང་གི་དོགས་པས༔ ལུས་ཀྱི་ཤ་རྣམས་བཞོག་ཅིང་སྟེར་དགོས་པ་བྱུང་༔ ལུས་ཀྱི་ཤ་ཡང་སྟེར་བའི་ལོང་མ་བྱུང་གི་དོགས་པས༔ སེམས་ལ་ལྟ་ཞིང་མཉམ་པར་བཞག་ནས་འཆི་བའི་གྲབས་བྱེད་དགོས་བྱུང་༔ ལར་ནི་ཁྱེད་གཉིས་ལ་གཏམ་བྱེད་ལོང་མེད་དེ་ནམ་འཆི་མི་ཤེས་པས༔ བར་ཆོད་མ་བྱེད་ཕོ་བྲང་གི་ཕྱིར་སོང་ཟེར༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱི་རྣམ་ཐར་འདི་མི་འོང་༔ རྫིང་བུའི་འགྲམ་གྱི་བུ་མོ་དང་༔ ཕོ་བྲང་གི་རྒྱལ་པོ་ལ་ལྟོས་དང་༔ ཁྱོད་ཀྱི་མི་ཚེ་འདི་ལེ་ལོའི་ངང་དུ་སངས་རྒྱས་པ་མི་འོང་གསུངས༔ ལྷ་ལྕམ་ནི་རང་གི་བརྩོན་འགྲུས་ལ་སྐྱོ་ཞིང་སེམས་ཕམ་པར་གྱུར་ནས་བརྒྱལ་ཞིང་འགྱེལ་ལོ༔ བརྒྱལ་སངས་ནས་དྲན་པ་རྙེད་དེ་རྒྱལ་པོ་ལ་བལྟས་པས༔ རྒྱལ་པོ་ལུས་འོད་ཕུང་དུ་ཞུ་ནས་མངོན་པར་སངས་རྒྱས་པར་མཐོང་ངོ༔ ཕོ་བྲང་གི་ཕྱིར་ཐོན་ནས་རྫིང་བུའི་འགྲམ་དུ་ཕྱིན་ནས༔ གཅེར་བུར་རྒྱུག་པའི་བུ་མོ་དེ་ཡང་༔ རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣམས་ནས་འོད་ཟེར་གྱི་སྟེང་ན་བཞུགས་ཏེ༔ ནམ་མཁའི་མཐོངས་ལ་བྱོན་པར་མཐོང་ངོ༔
དེ་ནས་ལྷ་ལྕམ་ལ་བུད་མེད་དེས་འདི་ལ་འདོང་དང་གསུངས་ནས༔ ལུང་པ་སྔོ་ལྗང་ངེ་བ་གཅིག་གི་ནང་དུ་ཕྱིན་པས༔ ལུང་པ་དེའི་མདའ་ན་རྒྱ་མཚོའི་འགྲམ་ན་པདྨ་དང་མེ་ཏོག་གི་གླིང་ལ་མཚལ་ཆགས་པ་གཅིག་འདུག༔ རི་དེའི་མཐའ་རྣམས་ནི་གྲོང་ཁྱེར་གྱིས་བསྐོར་བ༔ ཕྱོགས་བཞི་ན་ཆུ་བོ་ཆེན་པོ་བཞི་འབབ་པ༔ མཚམས་བཞི་ན་དྲི་དང་རོ་མཆོག་བརྒྱད་དང་ལྡན་པའི་འབྲུ་མང་པོ་སྐྱེས་པ༔ རྩེ་མོ་ན་ནོར་བུ་རིན་པོ་ཆེའི་ཕུང་པོ་སྤུངས་པ༔ གང་ནས་བལྟས་ཀྱང་ཡིད་དུ་འོང་བ༔ མདངས་ཆགས་པའི་གནས་གཅིག་འདུག༔ རི་བོ་དེའི་ལྷོ་ཕྱོགས་ན་གྲོང་ཁྱེར་གཅིག་སྣང་༔ གྲོང་ཁྱེར་དེ་ནི་མདོག་སྔོ་ཞིང་ཕ་གུ་བརྩིགས་ནས༔ གསེར་གྱི་མུ་ཁྱུད་གཏམས་པ་དེའི་དབུས་ན༔ གཡུའི་གདུགས་ཕུབ་པའི་ཕོ་བྲང་མཐོ་བ་དཔག་ཚད་གཅིག༔ ཞེང་དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་འདུག༔ ཕོ་བྲང་དེའི་དྲུང་དུ་ཕྱིན་པས༔ བུད་མེད་ཆེན་མོ་གཉིས་ཀྱིས་སྒོ་བཅད་ནས༔ བཏང་དུ་མ་ཉན་ཁྱེད་གཉིས་གར་འགྲོ་ཅི་བྱེད་ཟེར་བས༔ ལྕགས་ཀྱི་བུམ་པ་ཆེན་པོ་རེ་རེ་ཁུར་ནས༔ པང་དུ་མི་རོ་རེ་རེ་ཐོགས་ཏེ༔ ཨམ་གཙིགས་བཞིན་གཉེར་ཞིང་མིག་འབུར་ཚུགས་སུ་ལྟའོ༔
ལྷ་ལྕམ་གྱིས་སྨྲས་པ༔ ངེད་ནི་མཆིམས་ཕུ་དུར་ཁྲོད་ཅེས་པ་ནས་འོངས་པ་ཡིན༔ ཕོ་བྲང་ལ་ལྟད་མོ་ལྟ་བ་ལ་འགྲོ༔ ལམ་མ་བཀག་པར་བདེ་མོར་གཏོང་འཚལ་སྨྲས་པས༔ བུད་མེད་དེ་གཉིས་ཀྱིས་ན་རེ༔ ཁྱེད་གཉིས་ཕོ་བྲང་དུ་འགྲོ་ན༔ ཁུར་འདི་ཐེག་གམ༔ སྤྱོད་ལམ་འདི་ལ་ཞུགས་སམ་ཟེར་ནས༔ ལྕགས་ཀྱི་བུམ་པ་ཆེན་པོ་མི་རོ་བརྒྱས་བཀང་བ་གཅིག་རྒྱབ་ཏུ་གཏད་ནས་བྱུང་ངོ༔ ལྷ་ལྕམ་གྱིས་སྨྲས་པ༔ འདི་འདྲ་ངེད་ཀྱིས་མི་ཐེག༔ ཁུར་འདི་མ་ཁུར་ན་ཕོ་བྲང་ནང་དུ་འགྲོ་བའི་ཐབས་མེད་དམ༔ འདི་ཁུར་ནས་ཅི་བྱེད་སྨྲས་པས༔ བུད་མེད་དེ་གཉིས་ཀྱིས་ན་རེ་འདི་སྐད་ཟེར༔ ཁུར་འདི་མ་ཁུར་ན་ཕོ་བྲང་ནང་དུ་འགྲོ་བའི་ཐབས་མེད༔ ལྕགས་ཀྱི་བུམ་པ་འདི་ལ་དངོས་གྲུབ་མཛད་པའི་སྣོད་བྱེད་པ་ཡིན༔ ནང་གི་མི་རོ་འདི་ལ་དངོས་གྲུབ་ཞུ་བའི་ཚོགས་འཁོར་བྱེད་པ་ཡིན༔ ཟེར་ནས་བུད་མེད་དེ་གཉིས་ཕོ་བྲང་གི་ནང་དུ་སོང་༔ སྒོ་ལ་གསེར་གྱི་ལུ་གུ་རྒྱུད་དམ་པར་སྒྲོགས་ཏེ༔ སུ་ཡང་མི་ཐར་བར་བཅད་དོ༔ ལྷ་ལྕམ་གྱིས་གྲོགས་ཀྱི་བུད་མེད་དེ་ལ་ཞུས་པ༔ ངེད་རང་གཉིས་ཕོ་བྲང་གི་ནང་དུ་སོང་ནས་ཐར་པའི་ཐབས་ཁྱེད་ལ་ཡོད་དམ་ཞུས་པས༔ བུད་མེད་དེས་གསུངས་ནས༔ ཕོ་བྲང་ནང་དུ་ཐར་པའི་ཐབས་མི་འོང་༔ ཚོང་དུས་སུ་ལྟད་མོ་ལ་འདོང་ངོ་གསུངས༔ དེ་ནས་ཚོང་དུས་སུ་ལྟད་མོ་ལྟ་རུ་ཕྱིན་པས༔ མི་མང་པོས་གསེར་གྱི་ཕ་བོང་རང་ལུས་དང་མཉམ་པ་ཁུར་ནས༔ འགུལ་ཞིང་མགྱོགས་པའི་ཡན་ལག་བཞི་དང་༔ རུས་པའི་ཚིགས་ཐམས་ཅད་གྲུམ་ནས༔ སྐད་ངན་ལྷང་ལྷང་འདོན་ཞིང་འདུག་པ་ལ༔ ལྷ་ལྕམ་གྱིས་སྨྲས་པ༔ ཁྱེད་རྣམས་ཀྱིས་རུས་པ་གྲུམ་ཡང་༔ གསེར་གྱི་ཕ་བོང་འདི་འདྲ་ཁུར་ནས་ཅི་བྱེད་སྨྲས་པས༔ མི་དེ་རྣམས་ཀྱིས་འདི་སྐད་ཟེར༔ ངེད་ཕོ་བྲང་དུ་རྒྱལ་པོ་ཡབ་ཡུམ་ལ་འབུལ་བ་བྱས་ནས་དངོས་གྲུབ་འདོད་པ་ལ་འགྲོ་ཟེར༔ དངོས་གྲུབ་ཅི་འདོད་བྱས་པས༔ དེ་རིང་གི་གྲོ་འདོད་པ་ཡིན༔ དེ་རིང་གྲོ་གཅིག་པོ་ལ་གསེར་གྱི་ཕ་འོང་འདི་འདྲ་ཙམ་ཁུར་ནས་འགྲོ་དགོས་སམ་བྱས་པས༔ འདི་ཙམ་མ་ཁུར་ན་རྒྱལ་པོ་ཡབ་ཡུམ་གྱིས་ཐུགས་ཁྲེལ་ནས༔ དེ་རིང་འདོད་པའི་དངོས་གྲུབ་སྟེར་མི་ཉན་ཟེར༔
ལྷ་ལྕམ་གྱི་ཐུགས་དགོངས་ལ༔ མི་འདི་ཀུན་གྱིས་ཉིན་རེའི་ལྟོ་གོས་ཀྱི་ཕྱོགས་སུ་སྙིང་རུས་འདི་ཙམ་ནུས་པར་འདུག༔ བདག་གིས་ཆོས་བྱེད་པའི་སྙིང་རུས་འདི་སེམས་རེ་སྐྱོ་བསམ་པ་བྱུང་ངོ༔ དེ་ནས་བུད་མེད་དེ་དང་འགྲོགས་ནས༔ ཕོ་བྲང་གི་སྒོ་དྲུང་དུ་སླར་ལོག་ནས་ཕྱིན་པས༔ བུད་མེད་དེའི་ཞལ་ནས༔ རྣལ་འབྱོར་མ་ཆེན་མོ་འདི་སྒོ་ཕྱེས་དང་གསུངས༔ སྔོན་གྱི་བུད་མེད་དེ་མ་ཡིན་པའི་བུད་མེད་ཆེན་མོ་གཟུགས་རིང་བ༔ མདོག་སྔོ་བ༔ མིག་དམར་བ༔ སྐྲ་གཟེངས་པ༔ གཅེར་བུ་གཟི་བརྗིད་དང་ལྡན་པ་གཅིག་བྱུང་ནས་སྒོ་ཕྱེས་ཏེ༔ ཕོ་བྲང་གི་ནང་དུ་ཕྱིན་ནས༔ ཐོག་འོག་མའི་སྟེང་ནས་བུད་མེད་ཀྱི་ཚོགས་མང་པོ་འདུས་ནས༔ བུད་མེད་ཆེ་བ་རྣམས་ནི༔ ཤ་ཟ་ཞིང་ཁྲག་འཐུང་བའོ༔ ཆུང་བ་རྣམས་ནི་རྐང་པའི་མཐིལ་ནས་ལྤགས་པ་བཤུ་ཞིང་རང་གི་ཤ་རང་གིས་ཟ་བར་འདུག༔ ལྷ་ལྕམ་བྲེད་ནས་གྲོགས་ཀྱི་བུད་མེད་དེ་ལ་ཞུས་པ༔ འདི་འདྲ་བའི་རྣམ་ཐར་ཅི་ལགས་ཞུས་པས༔ འདི་མཁའ་འགྲོ་མའི་གནས་ཡིན་པས༔ གཙོ་མོ་ཆེ་བ་རྣམས་ཀྱིས་ཤ་ཟ་བ་དང་ཁྲག་འཐུང་བ་ནི་དབང་ཆེ་བ་ཡིན༔ བྲན་གཡོག་རྣམས་ནི་རང་ཤ་རང་གིས་སྤྱོད་པ་ནི་གཙོ་མོའི་གྲལ་དུ་རེ་བ་ཡིན༔ ཁྱོད་ཀྱིས་གོ་འམ་གསུངས༔ ལྷ་ལྕམ་གྱི་ཐུགས་དགོངས་ལ༔ སྙིང་རུས་འདི་ལྟ་བུ་ཡོད་ན་ཡོན་ཏན་སྣ་རེ་ལོན་པ་ལ༔ བདག་འདྲ་བའི་ལས་ངན་མ༔ ཆོས་དྲན་ཡང་མི་ནུས་པ་ནི་སྐྱོན་རེ་ཆེ་ན་བསམས་པ་བྱུང་༔ དེ་ནས་ཕོ་བྲང་གི་བར་ཁང་དུ་ཕྱིན་པས༔ གསེར་གྱི་ཁྲི་ཆེན་པོ་གཡུའི་ཕྲ་བཀོད་པ༔ ནོར་བུ་བཞིའི་རྐང་པ་བཞི་དང་ལྡན་པ་གཅིག་གི་སྟེང་ན༔ རྒྱལ་པོ་ཆེན་པོ་གཟི་བརྗིད་དང་ལྡན་པ་གཅིག་བཞུགས༔ དེ་ནི་གཟུགས་ཆེ་ཞིང་མདོག་སྔོ་བ༔ སྐྲ་སྤྱི་བོའི་གཙུག་ཏུ་བཅིངས་པ༔ ལུས་ལ་མི་ལྤགས་ཀྱི་གོས་གོན་པ༔ ཀེང་རུས་ཕྲག་ལ་བཀལ་བ༔ ལག་པ་ན་ཉི་མ་དང་ཟླ་བ་བཟུང་བ༔ མིག་གསུམ་འབྲུ་ཚུགས་སུ་ལྟ་བ༔ བཀྲག་དང་འོད་འཁྱིལ་བ་གཅིག་འདུག༔ རྒྱལ་པོ་དེའི་དྲུང་དུ་བུད་མེད་ན་ཚོད་གཞོན་ཞིང་མིག་གསུམ་ཡོད་པ༔ ཐུགས་ཀ་ནས་པདྨ་དམར་པོ་འདབ་མ་ལྔ་ཤར་བ༔ ཤིན་ཏུ་བས་ཀྱང་བྱིན་རླབས་དང་ལྡན་པ་གཅིག་འདུག་གོ༔ བུད་མེད་དེས་རྒྱལ་པོ་དེའི་ཞལ་ནས་རུ་ལུ་རེ་རེ་འཐུས་ནས་མི་མང་པོ་ལ་བྱིན་པས༔ དེ་རྣམས་ལུས་འོད་ཕུང་དུ་ཞུ་ནས་ནམ་མཁའ་ལ་ལྡིང་བ་མཐོང་ངོ༔ ལྷ་ལྕམ་གྱི་ཐུགས་དགོངས་ལ༔ རུ་ལུ་འདི་ཁོང་དུ་སོང་ནས་ཆོས་བྱེད་མི་དགོས་པར་སངས་རྒྱས་པ་ཡིན་པར་འདུག༔ བདག་ཀྱང་རུ་ལུ་གཅིག་ཞུ་དགོས་བསམས་ནས༔ བཙུན་མོ་དེ་ལ་བདག་ལའང་རུ་ལུ་གཅིག་ཞུ་ཞུས་པས༔ བཙུན་མོ་དེས་འདི་སྐད་གསུངས༔ ཁྱོད་ཀྱིས་ལྕགས་ཀྱི་བུམ་པ་རོས་བཀང་བ་དེ་ཁུར་མ་ནུས་པ་ཡིན་པས༔ རུ་ལུ་འདི་སྟེར་བའི་དབང་མེད༔ སྙིང་ལ་རུས་པ་ཡོད་པ་རྣམས་ཀྱིས་ཐོབ་པ་ཡིན་གསུངས༔ ལྷ་ལྕམ་ནི་ཐུགས་མུག་ཅིང་གནོང་བར་གྱུར་ཏོ༔ དེ་ནས་ལྷ་ལྕམ་དང་གྲོགས་ཀྱི་བུད་མེད་གཉིས་བསྡེབས་ནས༔ ཕོ་བྲང་གི་སྟེང་དུ་ཕྱིན་པས༔ ཕོ་བྲང་དེའི་རྩེ་ལ་ཕྱོགས་བཞིར་མི་རོའི་རྒྱལ་མཚན་ཕྱར་ནས༔ ཟུར་བཞིར་སྙིང་གི་ཏོག་འཚེར་བ༔ ཐོད་པ་སྐམ་པོའི་པད་ལ་བཀལ་བ༔ ཕྱི་རིན་པོ་ཆེ་ལ་ནང་དུ་དུར་ཁྲོད་ཀྱི་རྒྱན་ཡོད་པ༔ བག་དྲོ་ཞིང་བྱིན་ཆེ་བ་གཅིག་འདུག༔ དེ་ན་བུད་མེད་ཀྱི་ཚོགས་མང་པོ་འདུས་ནས་འདུག་པ་ལ༔ ལྷ་ལྕམ་དང་འགྲོགས་པའི་བུད་མེད་དེ་ལ་ལྟ་ཞིང་ཕྱག་འཚལ༔ ཕྱོགས་གཅིག་ཏུ་ཞབས་ལ་འཇུས་ཤིང་རང་རེ་རྣམས་ཀྱི་གཙོ་མོ་ཞི་བ་མཚོ་བོད་འབངས་ཀྱི་དུར་ཁྲོད་རྣམས་བསྐོར་ནས་ཆགས་ཕེབས་ནས་ཡོད་དོ་ཟེར་ཞིང་དགའ་བ་དང་སྤྲོ་བ་ཆེན་པོ་བྱེད་དོ༔ དེ་ནས་ལྷ་ལྕམ་དང་འགྲོགས་པའི་བུད་མེད་དེས་གསུངས་ནས༔ ངེད་སྡོད་པའི་གནས་འདི་ཡིན༔ ད་ཁྱོད་རང་ལུང་པ་ཕ་གི་ན་སོང་དང་༔ ཡ་མཚན་པའི་དངོས་གྲུབ་ཆེན་པོ་ཡོད་དོ་གསུངས་ནས༔ ཕོ་བྲང་གི་རྩེ་ནས་མཛུབ་གུ་བཙུགས་ཏེ་བསྟན་ཏོ༔
ལྷ་ལྕམ་གྱིས་ཞུས་པ༔ བདག་ལུང་པ་ཕ་གི་ན་འགྲོ་བ་ལ་མགོ་མི་ཐོན་གྲོགས་མཛད་པར་ཞུ་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ངེད་ལ་ཁྱོད་ཀྱི་གྲོགས་བྱེད་པའི་ལོང་མེད༔ དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་རྣམས་སྲོག་སྐྱོབ་པ་ལ་སྡོད་དགོས་པ་ཡིན༔ ཁྱོད་རང་སྙིང་ལ་རུས་པ་གྱིས་ལ་སོང་༔ སྔོན་དུ་ཡང་སྙིང་ལ་རུས་པ་མེད་པས་སྐྱོན་བྱུང་༔ ཟག་མེད་རུ་ལུ་མ་ཐོབ་པ་དེ་རྒྱུས་མེད་དམ༔ ཐེ་མ་ཚོམ་པར་སོང་གསུངས༔ དེ་ནས་ལྷ་ལྕམ་ཕོ་བྲང་གི་ཕྱི་སྒོ་ལ་བྱོན་ནས་ནུབ་ཕྱོགས་སུ་ཕྱིན་པ་ནས༔ ལུང་པ་ཡངས་ཤིང་རྒྱ་ཆེ་བ༔ ཁ་དོག་དམར་ཞིང་འཇའ་འོད་ལྔའི་གུར་ཕུབ་པ༔ ཆུ་ཐམས་ཅད་ཀྱང་ཁྲག་ཏུ་འབབ་པ༔ རི་ཐམས་ཅད་ཤ་དང་གློ་སྙིང་༔ ས་གཞི་ཐམས་ཅད་ཀེང་རུས་ཀྱི་གྲམ་པ༔ རི་བོ་རྣམས་ཀྱི་རྩེ་ལ་མེ་འབར་བ༔ ཉི་མ་ཟླ་བའི་ཆར་འབབ་པ༔ རིན་པོ་ཆེ་སྣ་ལྔ་བརྩིགས་པའི་གྲོང་ཁྱེར་ཆེན་པོ་ཡོད་པ༔ དེའི་དབུས་སུ་ཕོ་བྲང་ཆེན་པོ་རིགས་ལྔའི་ཚུལ་དུ་ཕྱོགས་བཞི་དབུས་དང་ལྔ་ཡོད་པ༔ ཤར་གྱི་ཕོ་བྲང་ནི་དྭངས་ཤིང་དཀར་བའོ༔ ལྷོའི་ཕོ་བྲང་ནི་སེར་ཞིང་བཀྲག་པའོ༔ ནུབ་ཀྱི་ཕོ་བྲང་ནི་དམར་ཞིང་སྣུམ་པ༔ བྱང་གི་ཕོ་བྲང་ནི་ལྗང་ཞིང་དྭངས་པ༔ དབུས་ཀྱི་ཕོ་བྲང་ནི་འོད་ཟེར་ལྔའི་མདངས་འཚེར་བ༔ དེ་རྣམས་ཀྱང་ཡངས་དང་ཞེང་ལ་མིག་རྒྱང་རེ་ཡོད་པ༔ ཕྱི་རྣམས་ལ་ནོར་བུ་དང་གཡེར་ཁའི་དྲ་བ་འཕྱང་བ༔ སྟེང་ན་གདུགས་དང་འཁོར་ལོ་རྒྱན་ཆ་མཛེས་པ༔ དེའི་ཕྱི་ལ་ཤིང་ཙན་དན་དང་པདྨས་བསྐོར་བ༔ མེ་ཏོག་རིགས་ལྔས་ས་གཞི་གང་བ༔ རྡོ་རྗེ་རྩིག་པའི་ལྕགས་རི་དང་མུ་ཁྱུད་ཀྱིས་བསྐོར་བ༔ དེ་ལ་ཕྱོགས་བཞི་ན་སྒོ་ཆེན་པོ་བཞི་བཙུགས་པ་གཅིག་འདུག༔ མི་རྣམས་ཀྱང་ཁ་དོག་རིགས་ལྔ་གནས་པའི་འོད་འཕྲོ་བ༔ ལ་ལ་ནི་འཇིགས་ཤིང་ཁྲོ་ཚིག་གེ་བ་ཡང་འདུག༔ ལ་ལ་ནི་མཛེས་ཤིང་ཡིད་དུ་འོང་བ་ཡང་འདུག༔ ལྷ་ལྕམ་གྱིས་ཤར་སྒོ་དེའི་དྲུང་དུ་ཕྱིན་ནས༔ བུད་མེད་གཟུགས་རིང་ཞིང་ངོ་ནག་པ་མིག་ཆེ་ལ་མདོག་སྔོ་བ་མང་པོ་བྱུང་ནས༔ ཁྱོད་འདིར་ཅི་བྱེད་པ་ལ་འོངས༔ འདི་སོད་ཟེར་ནས་ལག་པ་གཉིས་ལ་འཇུས་ཏེ༔ ཡར་བླངས་ཤིང་མར་བརྡབས་པས༔ ན་བ་དང་ཚ་བའི་ཟུག་གཟེར་གྱི་དྲན་པ་མེད་པར་བརྒྱལ་ལོ༔ བརྒྱལ་སངས་ནས་དྲན་པ་རྙེད་ཙ་ན་བུད་མེད་དེ་ཧེད་དེར་གྱི་གད་མོ་ཆེན་པོ་དགོད་དེ༔ ལྷ་ལྕམ་ལ་ཕར་བསྒྲིལ་ཚུར་བསྒྲིལ་བྱེད་དོ༔
ལྷ་ལྕམ་གྱིས་སྨྲས་པ༔ བདག་ནི་བསམ་ཡས་མཆིམས་ཕུའི་དུར་ཁྲོད་ཅེས་བྱ་བ་ནས་འོངས་པ་ཡིན༔ ཕོ་བྲང་འདི་དངོས་གྲུབ་འོང་བའི་གནས་ཡིན་ཟེར་བས༔ ངེད་ཀྱང་དངོས་གྲུབ་འདོད་པ་ལ་འོངས་བ་ཡིན་སྨྲས་པས༔ བུད་མེད་གཅིག་གིས་ན་རེ༔ ཁྱོད་ལ་གནས་འདི་སུས་བཤད་པ་ཡིན་ཟེར༔ ལྷ་ལྕམ་གྱིས་སྨྲས་པ༔ ངེད་བོད་ཀྱི་ཡུལ་ན་ཨོ་རྒྱན་པདྨ་འབྱུང་གནས་ཞེས་བྱ་བའི་རྣལ་འབྱོར་པ་བཟང་པོ་གཅིག་བཞུགས༔ དེས་གསུངས་ནས་དུར་ཁྲོད་འདི་རུ་ལོ་བཅུ་གཉིས་སྒོམས་ཤིག་གསུངས་ནས་བཞག་པ་ལ༔ ངེད་ཀྱང་གནས་དེ་ན་སྒྲུབ་པ་ལ་བསྡད་པའི་ཚེ༔ བུད་མེད་དཀར་མོ་གཅིག་བྱུང་ནས་དབང་མེད་དུ་ཁྲིད་དེ༔ ཞིང་ཁམས་འདིར་སོང་ཟེར་བ་ཡིན་སྨྲས་པས༔ སྒོ་དྲུང་གི་རྣལ་འབྱོར་མ་ཆེན་མོ་གཅིག་གིས་ན་རེ༔ ཁྱོད་ཕོ་བྲང་གི་ནང་དུ་འདོང་ངོ༔ ངེད་ལ་རྔན་པ་ཞིག་སྟེར་ཟེར་ནས་ལག་པ་ལ་འཇུས་སོ༔ ལྷ་ལྕམ་གྱིས་སྨྲས་པ༔ ངེད་ལ་སྟེར་བའི་བསམ་པ་ཡོད་དེ་ནོར་རྫས་མེད༔ ཡན་ལག་གི་ཤ་འདོད་ན་བྲེགས་ནས་སྟེར་རོ་སྨྲས་པས༔ ཡན་ལག་གི་ཤ་མི་འདོད་ནགས་གསེབ་ཀྱི་སྟག་མོ་མ་བུ་བསད་པས་ཤ་སྟེར་དགོས་ཟེར༔ ལྷ་ལྕམ་གྱིས་དགོངས་པ་ལ༔ བདག་ནགས་གསེབ་ཏུ་ཕྱིན་ནས་སྟག་མོ་བསད་པར་གྱུར་ན༔ སྡིག་པ་རྣམ་སྨིན་ཆེན་པོ་བྱུང་ནས་དངོས་གྲུབ་མི་ཐོབ་པའི་སྟེང་དུ་ལས་ངན་པ་གསོག་པར་འདུག༔ སྟག་མོའི་ཤ་སྟེར་རྒྱུ་མེད་ན་ནི༔ ཕྱོགས་སྐྱོང་གི་རྣལ་འབྱོར་མ་འདི་རྣམས་ཀྱིས༔ སྒོ་སྲུང་སྟེ་ཕོ་བྲང་ནང་དུ་མི་གཏོང་བར་འདུག༔ ཅི་ཙུག་བྱས་ཀྱང་དངོས་གྲུབ་མི་ལོན་པ་ཅིག་འོང་བ་འདྲ་བསམས་ནས༔ ཐུགས་སྐྱོ་ཞིང་གནོང་བར་གྱུར་ཏོ༔ ལྷ་ལྕམ་གྱིས་ཉིན་བཞིན་མཚན་བསམ་པ་ལ༔ ནགས་གསེབ་ཏུ་སྟག་མོའི་ཕྲུ་གུ་ཤི་བའི་རོ་ཡོད་དམ་བསམས་ནས༔ ཙན་དན་དང་པདྨའི་ནགས་གསེབ་ཏུ་ཕྱིན་ནས༔ ལུང་པའི་ཁྲོད་ནས་བཙལ་བས༔ སྟག་མོ་ཕྲུ་གུ་བཅོ་བརྒྱད་ལ་མ་གཅིག་གིས་བཀབ་ནས་འདུག་པ་མཐོང་ངོ༔ དེའི་དྲུང་དུ་ཕྱིན་པས༔ ཕྲུ་གུ་རྣམས་མའི་ནུ་མ་ཟད་ནས༔ འཐུང་རྒྱུ་མེད་པར་ཤི་ལ་ཁད་པ་ཞེས་ཤ་སྟག་ཏུ་འདུག༔ མ་ནི་ཤ་ཟད་རུས་ཟད་ལ་སོང་ནས་ཤི་ལ་ཁད་པ་མཐོང་ནས༔ ལྷ་ལྕམ་དེ་རྣམས་ལ་སྙིང་རྗེས་མ་བཟོད་ནས༔ ཤ་ཁྲག་གི་ལུས་འདི་སྦྱིན་པ་ལ་གཏོང་ངོ་བསམས་ནས༔ སྟག་མོའི་དྲུང་དུ་སྨོན་ལམ་བཏབ་པ་འདི་སྐད་དོ༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་དཔང་མཛོད་ཅིག༔ བདག་གི་ལུས་འདི་སྦྱིན་པ་བཏང་བ་ཡི༔ ཕ་རོལ་སྟག་མོ་སྲོག་ལ་རྒྱལ་གྱུར་ཅིག༔ བདག་གི་བསམ་པ་སྔོན་དུ་རྫོགས་གྱུར་ཅིག༔ དམིགས་པས་གང་ཁྱབ་འཁོར་བ་དོང་སྤྲུགས་ཤོག༔ ཅེས་སྨྲ་ཞིང་སྟག་མོའི་དྲུང་དུ་གན་རྐྱལ་དུ་ཉལ་ཀྱང་ཟ་མ་འདོད་ནས་སྟག་མོ་མ་བུ་རྣམས་འཛུམ་འཛུམ་བྱེད་དོ༔ དེ་ནས་ལྷ་ལྕམ་གྱིས་ཙན་དན་གྱི་ཡལ་ག་བཅད་ནས༔ རང་གི་ཤ་བཞར་ཞིང་དུམ་བུར་གཏུབས་ཤིང་སྟག་མོ་མ་བུ་རྣམས་ལ་སྦྱིན་པས་རང་ཉམས་སོ༔ ལྷ་ལྕམ་ནི་ཀེང་རུས་ཕྱིར་གསལ་ཏེ༔ ཚེའི་དུས་བྱེད་པའི་དུས་ལ་སླེབས་སོ༔ སྟག་མོས་ལྷ་ལྕམ་ནི་རིགས་ལྡན་མར་ཤེས་ནས༔ ཙན་དན་གྱི་ཐང་ཆུ་དང་མེ་ཏོག་རྩི་རྣམས་བཏུས་ནས༔ ཤ་བཞར་བའི་རྨ་རྣམས་ལ་བྱུགས་ཤིང་༔ ལྷ་ལྕམ་ལ་དྲང་བོར་བལྟས་ཏེ་མིག་ནས་མཆི་མ་ཆར་བཞིན་འབབ་བོ༔ དེ་ནས་ལྷ་ལྕམ་གྱིས་དྲན་པ་སྐད་ཅིག་ཙམ་རྙེད་པའི་དུས་སུ༔ སྟག་མོས་མྱ་ངན་ཆེན་པོ་བྱེད་པ་མཐོང་བས༔ དུད་འགྲོ་འདི་ལྟ་བུས་དྲིན་གཟོ་ཞིང་༔ བྱམས་པས་མི་ལ་སེམས་ཉེ་ཞིང་ཕན་པའི་དོན་གཉེར་བར་ངོ་མཚར་ནས༔ གལ་ཏེ་བདག་ཤི་བར་གྱུར་ན་སྟག་མོ་མ་བུ་མྱ་ངན་གྱིས་ནོན་ནས༔ ཚེའི་དུས་བྱེད་པར་ངེས་བསམས་ནས་སྙིང་རྗེ་ཆེན་པོ་སྐྱེས་སོ༔ ཁམས་ཀྱི་ཟོ་མཁའ་བར་བྱས་ཏེ་ཡན་ལག་བཞི་ས་ལ་བཙུགས་ནས༔ ཙན་དན་གྱི་ཡལ་ག་ལ་འཇུས་ཏེ་སྟག་མོ་ལ་སྨྲས་པ༔ ཙན་དན་པདྨ་དྲི་ངད་ལྗོན་པའི་ཤིང་༔ ཚང་ཚིངས་ནགས་ཀྱི་ཁྲོད་དུ་འགྱུ་མི་འགྱུ༔ སྟོབས་དང་ལྡན་པའི་སྟག་མོ་མ་བུ་ཁྱོད༔ ལས་ཀྱི་དབང་གིས་བདག་དང་དུས་གཅིག་འཛོམས༔ ཕན་པའི་སེམས་ཀྱིས་སྙིང་རྗེ་མ་བཟོད་ནས༔ སྲོག་ལ་མི་ཕངས་ཤ་ལ་བཅད་ནས་བྱིན༔ བདག་ལ་འགྱོད་མེད་ཁྱོད་ཀྱི་སྲོག་ནི་འཚོ༔ སྟག་མོ་མ་བུ་སེམས་ལ་ལས་བྱེད་ན༔ བདེན་པས་མི་བསླུ་བདག་ནི་འཆི་མི་སྲིད༔ ཅེས་སྨྲས་པས༔ ཅུང་ཟད་ཙམ་དུ་སྨྲས་པ་རྣམས་གོ་བ་ལྟར་བྱུང་སྟེ༔ སྟག་མོ་ནི་ངོ་དཀར་བར་བསྟན་ཏོ༔ དེ་ནས་ཞག་བར་ལོན་ཙམ་ན༔ ཤ་བཞར་བའི་རྨ་རྣམས་ཀྱང་སོས༔ སྔར་ལྟར་མདོག་ལེགས་ཤིང་དྲི་ངད་དང་ལྡན་ཏེ༔ ལྷ་ལྕམ་ནི་སྔར་ཤུལ་ཏུ་ཚུད་དོ༔ དེ་ནས་སྟག་མོས་དྲིན་གཟོ་བའི་ཆེད་དུ༔ སྟག་མོའི་རོགས་གཅིག་ཤི་བའི་རོ་མཐོང་སྟེ༔ ལྷ་ལྕམ་གྱི་དྲུང་དུ་འོང་ཞིང་རྐང་ལག་གིས་བརྡ་མང་དུ་བྱེད་དོ༔ ལྷ་ལྕམ་ནི་སྟག་མོའི་རྗེས་ཕྱིར་ཕྱིན་ནས༔ ལུམ་པའི་ཚལ་ཅིག་ན་སྟག་མོ་ཤི་བའི་རོ་གཅིག་འདུག་པར་མཐོང་༔ ད་ང་ལ་དངོས་གྲུབ་ཐོབ་པར་འདུག༔ སྟག་མོའི་ཤ་ཐོགས་ནས་ཕོ་བྲང་གི་སྒོ་དྲུང་དུ་འགྲོ་བསམས་ཏེ་སྒོ་དྲུང་གི་རྣལ་འབྱོར་རྣམས་ལ་བྱིན་ནས༔ ཕོ་བྲང་ནང་དུ་དངོས་གྲུབ་ལེན་ལ་འགྲོ་དགོས་བསམས་ནས་སྤྲོ་བ་ཆེན་པོ་སྐྱེས་སོ༔
དེ་ནས་ལྷ་ལྕམ་གྱིས་སྟག་མོ་ཤི་བའི་རོ་ལས་མགོ་བྲེགས་ཏེ༔ ཙན་དན་གྱིས་བཤུས་པའི་ཐག་པ་བྱས་ཏེ༔ རྒྱབ་ཏུ་ཁུར་ནས་སྒོ་དྲུང་དུ་ཕྱིན་ནས༔ སྟག་མོའི་མགོ་ཤར་སྒོ་སྲུང་གི་རྣལ་འབྱོར་མ་རྣམས་ལ་བྱིན་ནས་སྨྲས་པ༔ ཁྱེད་ལ་དགོས་པའི་སྟག་མོའི་ཤ་ནི་ཡོད་དོ༔ བདག་ཕོ་བྲང་ནང་དུ་ཐོང་ཞེས་སྨྲས་པས༔ རྣལ་འབྱོར་མ་ཆེན་མོ་གཅིག་ན་རེ༔ ཁྱོད་ཕོ་བྲང་གི་ནང་དུ་འགྲོ་ན་བདག་གིས་ལམ་སྣ་བྱེད་དོ༔ སྟག་མོའི་མགོ་ཤ་ལོན་པ་དེ་ལེགས་སོ་ཟེར༔ དེ་ནས་རྣལ་འབྱོར་མ་དེས་སྒོ་ཕྱེས་ནས་ཚོང་དུས་ཆེན་མོ་གཅིག་ཏུ་བསྐྱལ་ལོ༔ ཁྱོད་རང་འདིར་སྡོད་ཅིག༔ ངེད་སྒོ་སྲུང་བ་ལ་འགྲོ་ཟེར་ནས༔ རྣལ་འབྱོར་མ་དེ་སྒོ་སྲུང་དུ་སོང་ངོ༔ ལྷ་ལྕམ་གྱིས་ཚོང་དུས་ཀྱི་ཁྲོད་དུ་ལྟད་མོ་ལ་ཕྱིན་པས༔ ཚོང་དུས་ཀྱི་མི་རྣམས་ལྷ་ལྕམ་ལ་ལྟ་ཞིང་༔ འདི་འདྲ་བའི་བུ་མོ་གཞོན་ནུ་མ་ཡིད་དུ་འོང་བ༔ སྔར་མེད་པ་ལ་འདིར་འོང་བ་ཅི་ཡིན་ཟེར་ནས་གད་མོ་ཆེན་པོ་བགད་དོ༔ ལྷ་ལྕམ་གྱིས་ཚོང་དུས་ཀྱི་མི་རྣམས་ལ་སྨྲས་པ༔ ཕོ་བྲང་ཆེན་པོ་རིགས་ལྔའི་ཚུལ་དུ་མཛེས་པ༔ ལྕགས་རི་མུ་ཁྱུད་རྡོ་རྗེའི་ར་བས་བསྐོར་བ༔ གྲོང་ཁྱེར་ཆེན་པོ་མེ་ཏོག་རིགས་ལྔ་འཁྲིགས་པ༔ འདི་འདྲ་བའི་གནས་ནི་ངོ་མཚར་ཆེ་ཞིང་ངེས་ཤེས་སྐྱེས་སོ༔ རྒྱལ་པོ་རྣམས་ལ་མཇལ་དུ་ཡོད་དམ་མེད༔ དགེ་སེམས་ཅན་གྱིས་བདག་གི་ལམ་སྣ་སྟོན༔ ཞེས་སྨྲས༔ ཚོང་དུས་ཀྱི་ནང་གི་ཁྲོད་ནས་བུད་མེད་དམར་མོ་གཅིག་བྱུང་ནས་ངེད་ཀྱིས་ལམ་སྣ་སྟོན་ནོ་ཟེར༔ དེ་དང་འགྲོགས་ནས་ཕྱིན་པས༔ ཕོ་བྲང་གི་བར་ཁྱམས་ལ་སླེབས་ནས་བྱུང་༔ ལ་ལ་ནི་སྐྱིད་ཅིང་དགའ་བར་འདུག༔ ལ་ལ་ནི་འཆི་ཞིང་ངུ་བར་འདུག༔ ལ་ལ་ནི་མི་རྣམས་གཅིག་གིས་གཅིག་ཁུར་ནས་ནམ་མཁའི་མཐོངས་ལ་འཕུར་བར་འདུག་གོ༔ ལ་ལ་ནི་མི་རྣམས་མགོ་མཇུག་བཟློག་ནས་འགྲོ་བར་འདུག༔ ལ་ལ་ནི་ལོངས་སྤྱོད་ཆེན་པོ་བཟའ་བཏུང་གི་ཚོགས་ལ་རོལ་པར་འདུག༔ ལ་ལ་ནི་མིའི་ལུས་ལ་དུད་འགྲོའི་མགོ་བརྙན་ཡོད་པར་འདུག༔ ལ་ལ་ནི་འཐབ་རྩོད་དམག་ཚོགས་ཆེན་པོ་ཡོད་པར་འདུག༔ དེ་རྣམས་མཐོང་བས་ལྷ་ལྕམ་ནི་སྐྱོ་ཞིང་ཐུགས་མི་བདེ་བར་གྱུར༔ ལྷ་ལྕམ་གྱིས་བུད་མེད་དམར་མོ་དེ་ལ་སྨྲས་པ༔ འདི་ལྟ་བུའི་སྤྱོད་པ་ཡ་མ་ཟུང་སྣ་ཚོགས་སུ་བྱེད་པ་ཅི་ལགས་ཞུས་པས༔ བུད་མེད་དེས་གསུངས་ནས༔ ཁྱེད་རང་གི་རྩ་དང་རླུང་འཁྲུགས་པ་ཡིན༔ རང་རྒྱུད་མ་དག་པར་འདུག་པས༔ ད་རུང་དྲན་པ་ལེགས་པོར་ཟུང་༔ ཕོ་བྲང་འདི་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་འདུས་པ་ཡིན་གསུངས༔
ལྷ་ལྕམ་གྱིས་ཞུས་པ༔ བདག་གི་རྩ་དང་རླུང་འཁྲུགས་པ་ཁྱེད་ཀྱིས་མཁྱེན་པ་ལགས་སམ༔ མངོན་པར་ཤེས་པ་དང་ལྡན་ནམ་ཞུས་པས༔ བུད་མེད་དེས་གསུངས་ནས༔ བདག་གི་རྩ་དང་རླུང་འཁྲུགས་པར་ཤེས༔ མངོན་པར་ཤེས་པ་དང་ཡང་ལྡན༔ ཁྱོད་རང་ཉོན་དང་ངས་བཤད་དོ༔ སྔོན་བསྐལ་པ་དང་པོའི་དུས་ན༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་པདྨ་ཅན་ཞེས་བྱ་བ་ཡོན་ཏན་མང་པོ་འབྱུང་བའི་གཏེར་ཁ་མང་པོ་གནས་པ༔ འོག་མིན་གྱི་བཀོད་པ་དང་འདྲ་བ་གཅིག་ཡོད་དོ༔ དེ་ན་རྒྱལ་པོ་ཕུན་སུམ་ཚོགས་པ་ནོར་བུ་འདོད་འབྱུང་བྱ་བ་ཡོད༔ དེ་ལ་བུ་ཕོ་མོ་སྟོང་དང་བཞི་བརྒྱ་ཡོད་པ་ལ༔ བུ་མོ་ཀུན་གྱི་ཆུང་ཤོས་ལྷ་ཅིག་མེ་འོད་མ་ཞེས་བྱ་བ༔ ཆོས་ལ་དཀར་ཞིང་སྙིང་རྗེ་ཆེ་ཞིང་སྦྱིན་པ་ལ་བརྩོན་པར་བྱེད་པ༔ བརྩོན་འགྲུས་དང་དད་པའི་མཆོག་ཏུ་གྱུར་པ༔ ཤེས་རབ་ཀྱི་རྩ་ཁ་བྱེ་བ་གཅིག་ཡོད་པ་ལ༔ བུ་མོ་དེའི་མཆོད་གནས་ཀྱི་སྟོན་པ་སེང་གེ་རྣམ་པར་འགྱིང་བ་ཞེས་བྱ་བ་གཅིག་ཡོད་པ་ལ་དཔྱིད་ཟླ་ར་བ་བྱུང་ངོ་༔ མཆོག་གི་ཚེས་བརྒྱད་དང་༔ ཉ་དང་གནམ་སྟོང་གི་དུས་སུ་མཆོད་པ་ཆེན་པོ་དང་གླུ་དང་གར་གྱི་མཆོད་པ་ཕྱོགས་མ་འགགས་པར་བྱེད་དོ༔ མཆོད་གནས་དེ་ནི་ཙན་དན་ཟིལ་པ་ཆུའི་དྲི་དང་རོ་མཆོག་ལ་མཉེས་པས༔ བུ་མོ་དེས་ཀྱང་ཙན་དན་གྱི་ཟིལ་པ་བཞར་ཏེ་བྱིན་པས༔ ཙན་དན་གྱི་ཡལ་ག་རྣམས་ལ་ཟིལ་པའི་ཆུ་མེད་དེ༔ མཚོན་རྣོན་པོས་ཙན་དན་སྡོང་པོའི་རྩ་བ་ནས་བཅད་པས༔ ཙན་དན་གྱི་སྙིང་པོ་ལ་མཛེས་པའི་ལྷ་མོ་དཀར་མོ་ཕྱག་ན་མེ་ཏོག་དཀར་པོའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ་གཅིག་བྱོན་ཏེ༔ ལྷ་མོ་དེའི་ཞལ་ནས༔ ཁྱོད་ཙན་དན་གྱི་སྡོང་པོ་འདི་བཅད་ནས་ཅི་བྱེད༔ འདོད་པ་ཅི་ཡོད་ཕྱོགས་གང་ནས་འོངས་གསུངས༔
བུ་མོ་དེས་ཀྱང་ཞུས་པ༔ བདག་ནི་རྒྱལ་པོ་ནོར་བུ་འདོད་འབྱུང་ཞེས་བྱ་བའི་བུ་མོ་ཡིན༔ ངེད་ལ་མཆོད་གནས་སེང་གེ་རྣམ་པར་འགྱིང་བ་ཞེས་བྱ་བའི་སངས་རྒྱས་གཅིག་མཆིས་སོ༔ དེ་ལ་མཆོད་པ་ཆེན་པོ་དུས་བཟང་ནས་བྱེད་པ་ལ་ཙན་དན་གྱི་ཟིལ་པའི་ཆུ༔ རོ་མཆོག་དང་དྲི་བཟང་པོ་ཁོ་ན་ལ་མཉེས་པ་གཅིག་ཡོད་དེ༔ དེའི་དོན་གྱིས་འདིར་ཙན་དན་གྱི་ཟིལ་བའི་ཆུ་བླངས་ནས༔ དུས་སུ་མཆོད་གནས་ལ་བསྙེན་ཅིང་བཀུར་བར་བྱེད་དོ༔ ཟིལ་པའི་ཆུ་གང་དུ་བཙལ་ཀྱང་ཙན་དན་གྱི་ཡལ་ག་དང་ལོ་འདབ་རྣམས་ལས་ཆུ་མ་རྙེད་པས༔ སྡོང་པོ་འདི་བཅད་པ་ཡིན་ཞུས་སོ༔ ལྷ་མོ་དེའི་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔ་འཕྲོས་ཏེ༔ སྟེང་ཕྱོགས་ཀྱི་ནམ་མཁའ་ལ་ཁྱབ་པར་བྱེད༔ འོད་ཟེར་གྱིས་གར་ཁྱབ་ན་ལྷ་མོ་དང་༔ སྣང་བ་མཐའ་ཡས་ཀྱི་སྤྲུལ་པས་ཁྱབ་པར་གྱུར་ཏོ༔ སྤྲུལ་པ་རྣམས་ཀྱིས་ཞལ་ནས་ཕྱོགས་གཅིག་ཏུ་འདི་སྐད་སྒྲ་བསྒྲགས་སོ༔ བུ་མོ་གཞོན་ནུ་མ་ཁྱོད་ཀྱིས་མཆོད་གནས་ལ་བསྙེན་ཅིང་བཀུར་བར་བྱེད་པ་བདེན་པས༔ སྨོན་ལམ་ནི་གང་ལྟར་བཏབ་པ་བཞིན་དུ་འགྲུབ་པས༔ རྒྱ་མི་ཆུང་བར་སྨོན་ལམ་ཐོབ་ལ་སེམས་ཅན་གྱི་དོན་གྱིས་ཤིག༔ ཅེས་པའི་སྒྲ་ཆེན་པོ་སྒྲོག་པ་ལ༔
བུ་མོ་དེས་ཀྱང་འདི་སྐད་སྨོན་ལམ་བཏབ་བོ༔ ཆོས་དབྱིངས་མཐའ་དབུས་བྲལ་བའི་བདེན་པ་དང་༔ སངས་རྒྱས་མཐའ་ཡས་ཐུགས་རྗེའི་དཔག་ཆེན་གྱིས༔ བདག་གིས་མཆོད་པ་རྣམ་དག་བརྩམས་པ་འདིས༔ དགེ་བ་ཟག་མེད་ས་བོན་རབ་གྱུར་ནས༔ སེམས་ཅན་མ་ལུས་ཀུན་གྱི་དོན་བྱེད་ཅིང་༔ བདག་དང་ལྷན་གཅིག་ཏུའང་སྐྱེ་འགྲོ་རྣམས༔ བླ་མེད་བདེ་བའི་ལྷུམས་སུ་བསྒྲོད་པར་ཤོག༔ ཅེས་སྨྲས་པས་སྨོན་ལམ་གྱི་བདེན་པས༔ སྐྱེ་བ་མཐའ་དག་ཏུ་གྲངས་མེད་པར་བསོད་ནམས་ཀྱི་ཚོགས་བསགས་ནས༔ ད་ལྟ་ཡང་ལྷ་ལྕམ་ཁྱོད་དུ་སྐྱེ་བ་བླངས་པ་ཡིན༔ སྔོན་ལོངས་སྤྱོད་ཆེ་བའི་བག་ཆགས་ཀྱིས༔ ད་ལྟར་ཡང་རྒྱལ་པོའི་ལྷ་ལྕམ་དུ་སྐྱེ་བ་བླངས་པ་ཡིན༔ སྔོན་མཆོད་གནས་བསྙེན་ཅིང་བཀུར་བའི་བག་ཆགས་ཀྱིས༔ ད་ལྟར་དུ་འང་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ལ་གུས་པ་དང་བཀུར་སྟིའི་མཆོད་པ་ཆེན་པོ་འགྲུབ་བོ༔ སྔོན་སྨོན་ལམ་གྱི་བག་ཆགས་ཀྱིས༔ ད་ལྟ་མཁྱེན་པའི་ཐུགས་རྗེ་མངའ་བས་སེམས་ཅན་གྱི་དོན་དུ་ཐུན་མོང་མ་ཡིན་པ་བྱེད་དོ༔ འོན་ཀྱང་མངལ་ཁྲག་གི་སྒྲིབ་པ་ལ་བརྟེན་ནས༔ རིགས་དྲུག་གི་སྤྱོད་པ་མ་འགགས་པར་མཁྱེན་ནས༔ རྩ་དང་རླུང་ཐིག་ལེའི་རྐྱེན་གྱིས་གཡོ་ཞིང་འཁྲུལ་འཁོར་དུ་ཡོད་པ་ཡིན༔ དེ་ནས་རྩ་དབུ་མའི་ནང་དུ་རླུང་བུམ་པ་ཅན་སྒོམས་ཤིག༔ རིག་པ་སྟེང་དུ་མ་གཏད་པར་ལྟེ་བའི་ཐད་ཀར་ཕོབ་ལ་དམིགས་མེད་ཀྱི་ངང་དུ་ཞོག་ཅིག་གསུངས༔ བུད་མེད་དེས་ཇི་ལྟར་གསུངས་བཞིན་དུ༔ ལྷ་ལྕམ་གྱིས་རླུང་བསྒོམས་པས༔ ཡ་མ་ཟུང་དུ་མཐོང་བའི་གསལ་སྣང་ཐམས་ཅད་ཅུང་ཟད་ཙམ་གཏན་ལ་ཕེབས༔ དག་པའི་སྣང་བ་རྒྱུད་ལ་སྐྱེས་ཏེ༔ དཔའ་བོ་དང་མཁའ་འགྲོ་འདུས་འཚོགས་མང་པོ་ཕོ་བྲང་གི་བར་ཁྱམས་ན་འདུག་པ་ཡང་ཐོ་རེ་བ་མཐོང་ངོ་༔
དེ་ནས་བུད་མེད་དེའི་གསུངས་ནས་ལྷ་ལྕམ་ཁྱོད་ཀྱི་རྩ་ཐིག་རླུང་གསུམ་གཏན་ལ་ཕེབས་སམ༔ ཕེབས་པར་གྱུར་ན༔ འོད་གསལ་མ་བུ་སྣོད་དུ་རུང་བ་ཡིན་པས༔ ངེད་རང་གཉིས་ཕོ་བྲང་གི་ཤར་སྒོར་འདོང་གསུངས་ནས་ཕྱིན་པས༔ ཤར་ཕྱོགས་ཀྱི་ཕོ་བྲང་དུ་སླེབས༔ དེ་ནས་མཁའ་འགྲོ་ཕོ་མོའི་ཚོགས་མང་དུ་འདུས་ཏེ༔ མདོག་ཐམས་ཅད་དཀར་ཞིང་ངང་བ་ཤ་སྟག་ཏུ་གནས་སོ༔ དེ་རྣམས་ཀྱི་དབུས་ན་དཀྱིལ་འཁོར་ཆེན་པོ་ཞི་ཁྲོའི་ལྷ་ཚོགས་བཀྲ་ལམ་གྱིས་འདུག་པ་འོད་ཟེར་ལྔའི་གུར་ཕུབ་པ་གཅིག་འདུག༔ དཀྱིལ་འཁོར་དེའི་འགྲམ་ན་ས་ལ་གནས་པའི་རིག་འཛིན་ཡིན་ཟེར་བ་མདོག་དཀར་ཞིང་འཛུམ་པའི་མདངས་དང་ལྡན་པ་གཅིག་འདུག༔ རིག་འཛིན་དེས་ལྷ་ལྕམ་དང་བུད་མེད་དེ་གཉིས་ལ་ལྷན་གཅིག་ཞི་ཁྲོ་བུམ་པའི་དབང་བསྐུར་ཉི་ཤུ་རྩ་གཅིག་རྫོགས་པར་བསྐུར་རོ༔ གསང་མཚན་ཀྱང་རྡོ་རྗེ་བདུད་འདུལ་མ་བཏགས་སོ༔ དེ་ནས་བུད་མེད་དེ་དང་འགྲོགས་ནས་ཕོ་བྲང་གི་ལྷོ་སྒོའི་ནང་དུ་ཕྱིན་ཏོ༔ ཕོ་བྲང་དེའི་ནང་ན་མཁའ་འགྲོ་ཕོ་མོ་འདུས་པ་ཐམས་ཅད་ཁ་དོག་སེར་ཞིང་དངས་པ་ཞེས་ཤ་སྟག་ཏུ་འདུག་གོ༔ ཕོ་བྲང་དེའི་དབུས་ན་དཀྱིལ་འཁོར་ཆེན་པོ་རིན་པོ་ཆེས་སྤྲས་པ་གཅིག་འདུག་གོ༔ དལ་དེའི་འགྲམ་ན་ཚེ་ལ་དབང་བའི་རིག་འཛིན་ཡིན་ཟེར་བ་སྐུ་མདོག་སེར་ཞིང་མཛེས་པའི་དཔེ་བྱད་དང་ལྡན་པ་གཅིག་འདུག༔ རིག་འཛིན་དེས་བུད་མེད་དང་ལྷ་ལྕམ་གཉིས་ལ་ལྷན་གཅིག་ཏུ་ཚེ་དཔག་མེད་བདུད་རྩིའི་དབང་བུམ་པ་བཅུ་གཅིག་པ་བསྐུར་རོ༔
དེ་ནས་ལྷ་ལྕམ་དང་བུད་མེད་གཉིས་ཀྱིས་ནུབ་ཕྱོགས་ཀྱི་ཕོ་བྲང་ནང་དུ་ཕྱིན་ཏོ༔ ཕོ་བྲང་དེའི་ནང་ན་མཁའ་འགྲོ་ཕོ་མོ་འདུས་པ་ཐམས་ཅད༔ མདོག་དམར་ཞིང་མདངས་དང་ལྡན་པ་ཤ་སྟག་ཏུ་འདུག་གོ༔ ཕོ་བྲང་དེའི་དབུས་ན་དཀྱིལ་འཁོར་ཆེན་པོ་ཐིག་ལེ་ཐིག་ཕྲན་གྱི་སྐར་ཚོགས་འཁྲིགས་པ་གཅིག་འདུག༔ དལ་དེའི་འགྲམ་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན་ཟེར་བ་སྐུ་མདོག་དམར་ཞིང་མཛེས་པའི་འཛུམ་མདངས་དང་ལྡན་པ་གཅིག་འདུག༔ རིག་འཛིན་དེས་ལྷ་ལྕམ་དང་བུད་མེད་གཉིས་ལ་ལྷན་གཅིག་ཏུ་མཁའ་འགྲོ་དྲ་བ་སྡོམ་པའི་དབང་སྒྱུ་འཕྲུལ་ཆེན་མོ་བསྐུར་རོ༔ དེ་ནས་ལྷ་ལྕམ་དང་བུད་མེད་གཉིས་བྱང་ཕྱོགས་ཀྱི་ཕོ་བྲང་ནང་ན་འདུས་པའི་མཁའ་འགྲོ་ཕོ་མོ་ཐམས་ཅད་མདོག་ལྗང་ཁུ་དང་ལྡན་པ་ཁྲོ་ཚུལ་བསྟན་པ་ཤ་སྟག་ཏུ་འདུག་གོ༔ ཕོ་བྲང་དེའི་དབུས་ན་དལ་ཆེན་པོ་ཚོན་གྱི་དྲ་བས་གཡོགས་པ་འོད་ཟེར་ལྔའི་དྲྭ་བ་དང་དྲྭ་ཕྱེད་པ༔ པདྨ་ཁ་དོག་རིགས་ལྔས་མཐའ་བསྐོར་བ་གཅིག་འདུག༔ དལ་དེའི་འགྲམ་ན་ལྷུན་གྱིས་གྲུབ་པའི་རིག་འཛིན་ཡིན་ཟེར་བ༔ སྐུ་མདོག་སྔོ་ཞིང་ཁྲོ་བའི་ལྟ་སྟངས་དང་ལྡན་པ་གཅིག་འདུག༔ རིག་འཛིན་དེས་ལྷ་ལྕམ་དང་བུད་མེད་གཉིས་ལ་ལྷན་གཅིག་ཏུ་རིག་འཛིན་གྱི་དབང་བདེ་ཆེན་དགའ་བ་བཞི་བསྐུར་རོ༔ དེ་ནས་ལྷ་ལྕམ་དང་བུད་མེད་དེ་གཉིས་ནི་དབུས་ཀྱི་ཕོ་བྲང་དུ་ཕྱིན་ཏོ༔ ཕོ་བྲང་དེའི་ནང་ན་འདུས་པའི་མཁའ་འགྲོ་ཕོ་མོ་ཐམས་ཅད་པན་ཙ་ར་གའི་མདོག་ཕྱོགས་གཅིག་ཏུ་ལྡན་པ་བལྟ་ན་སྡུག་པ་ཡིད་དུ་འོང་བ༔ ཞི་དང་ཁྲོ་བོའི་སྤྱོད་པ་གང་ཡང་སྒྱུར་བ་འདུག༔ ཕོ་བྲང་དེའི་དབུས་ན་དལ་ཆེན་པོ་ཕྱི་བལྟས་ན་ནང་གསལ༔ ནང་བལྟས་ན་ཕྱི་གསལ༔ དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་ཀྱིས་སྒོ་མ་འགགས་པར་ཆ་ཚང་བ་རེ་མིག་དང་མུན་པ་དེའི་བར་མཚམས་ཐམས་ཅད་རིག་འཛིན་ཕོ་མོ་སྤྲིན་གཏིབས་པ་བཞིན་དུ༔ མངོན་སུམ་དུ་བདུད་རྩི་ལས་ལོངས་སྤྱོད་པ་འདུག་གོ༔ དལ་དེའི་དབུས་ན་རིག་འཛིན་བླ་ན་མེད་པ་གར་དབང་གི་རྒྱལ་པོ་ཡིན་ཟེར་བ༔ སྐུ་མདོག་འོད་ལྔའི་མདངས་དང་ལྡན་པ༔ ཡུམ་མཁའ་འགྲོ་དམར་མོ་དང་འཁྲིལ་བ༔ གྲི་གུག་དང་ཐོད་ཁྲག་གི་གར་མཛད་ཅིང་ལྟ་སྟངས་དང་ཕྱག་རྒྱ་ནམ་མཁའ་ན་མཛད་པ་གཅིག་འདུག༔ རིག་འཛིན་དེས་ལྷ་ལྕམ་དང་བུད་མེད་གཉིས་ལ་ལྷན་གཅིག་ཏུ་རིག་འཛིན་བླ་ན་མེད་པའི་དབང་ལྷ་མོ་བདེ་བ་བཞི་བསྐུར་རོ༔ དེ་ནས་བུད་མེད་དེའི་གསུངས་ནས༔ ལྷ་ལྕམ་ཉོན་ཅིག༔ ཁྱོད་སྔོན་གྱི་དུས་ན་སྨོན་ལམ་ལ་བརྩོན་པ་ཡིན་པས༔ ད་ལྟ་བདེན་པའི་འབྲས་བུ་སྨིན་ནས་དོན་གཉིས་ལ་དབང་ཐོབ་པ་ཡིན་ནོ༔ ཁྱོད་ཀྱི་སྐྱེ་བ་མ་ལུས་པར་སྲོག་ལ་མི་ཕངས་པར་ཆོས་ཕྱིར་དཀའ་བ་སྤྱད་པ་ཡིན་པས༔ པདྨ་བཀོད་པའི་གནས་འདི་རུ་དམ་ཚིག་ལ་དྲི་མ་མེད་པར་སླེབས་པ་ཡིན༔ གནས་འདི་ནི་ཁྱོད་ཀྱིས་ངོ་མ་ཤེས་ན་ངས་བཤད་དོ་ཉོན་ཅིག༔ ཁྱོད་ཀྱིས་དུར་ཁྲོད་མཆིམས་ཕུ་ནས་འདིར་སླེབས་ཕན་ཆད་ལ་མི་ཡུལ་གྱི་ཟླ་བཅུ་གཅིག་པས་མ་སོང་༔ གནས་འདི་རྒྱལ་བས་བྱིན་གྱིས་བརླབས་པའི་གནས་ཡིན་པས་ནུབ་ཕྱོགས་བདེ་ཆེན་གྱི་གླིང་ཞེས་བྱ་བ་ཟེར༔ འདིར་ཕོ་སྐྱེས་པ་ཐམས་ཅད་དཔའ་བོ་ཡིན༔ མོ་སྐྱེས་མ་ཐམས་ཅད་དཔའ་མོ་ཡིན༔ ཟས་ནི་དམ་རྫས་ཀྱི་ཚོགས་ཟ་བ་ཡིན༔ སྐོམ་ནི་བདུད་རྩིའི་ཆུ་ལ་འཐུང་བ་ཡིན༔ སྤྱོད་པ་ནི་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྱི་བརྟུལ་ཞུགས་ལ་བྱེད་པ་ཡིན༔ འོན་ཀྱང་བོད་མིའི་ཡུལ་ན་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཞེས་བྱ་བ་དེ་བཞུགས་པ་ཡིན་པས༔ ཁྱོད་རང་གིས་དངོས་གྲུབ་སྐལ་བ་གནས་དེ་ན་ཡོད་པ་ཡིན་པས་སོང་ཞིག༔ ཐོད་པ་འདི་ལ་བཟའ་བ་དང་བཏུང་བའི་ལོངས་སྤྱོད་མང་དུ་འོང་བ་ཡིན་པས༔ ཐེ་མ་ཚོམ་པར་ལག་ཏུ་ཆོངས་ལ༔ མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དྲན་པར་གྱིས་ཤིག༔ གསུངས་ནས་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་ལ་དར་ལྗང་ཁུས་དྲིལ་བ་གཅིག་ལག་ཏུ་གཏད་ནས་བྱུང་ངོ༔
ལྷ་ལྕམ་གྱིས་མལ་ནས་བུད་མེད་དེ་ལ་ཞུས་པས༔ ཁྱེད་ལྟ་བུའི་རྣལ་འབྱོར་མ་དང་འཕྲད་ནས༔ ཕོ་བྲང་གི་རིག་འཛིན་རྣམས་ལ་སོ་སོར་དབང་རྫོགས་པར་ཐོབ་པས་བཀའ་དྲིན་རེ་ཆེ༔ གནས་ཕུན་སུམ་ཚོགས་པ་འདི་རུ་བདག་གིས་བསྡད་ན་རུང་ངམ༔ བོད་འབངས་ཡུལ་ན་ཡང་རྐྱེན་ངན་པ་དེ་མང་བར་གདའ་ཞུས་པས༔ བུད་མེད་དེའི་གསུངས་ནས༔ ཨོ་རྒྱན་གྱི་བཀའ་ལ་བཅག་ཐབས་མེད་པས་འདིར་བསྡད་ན་ཉེས་པ་ཕོག༔ བོད་ཡུལ་དུ་སོང་༔ མྱུར་དུ་རང་རེ་གཉིས་འཕྲད་ནས་འོང་༔ མཁའ་སྤྱོད་དག་པའི་ཞིང་ཁམས་འདིར་ཡང་ཁྱོད་ཀྱིས་དབང་བྱེད་པར་འགྱུར་རོ་གསུངས་པས༔ ལྷ་ལྕམ་གྱིས་ཐོད་པ་ལག་ཏུ་བསྣམས་ནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དྲན་པར་བྱས་ནས༔ སྐད་ཅིག་ལ་མཆིམས་ཕུའི་བྲག་ཕུག་མཚམས་ཁང་དུ་སླེབས་སོ༔ དེ་ནས་ལོ་གཅིག་ཙམ་ལོན་པ་ནས༔ ཆོམ་རྐུན་གྱི་ཇག་པ་མི་བདུན་བྱུང་ནས་ལྷ་ལྕམ་གྱི་བསམ་གཏན་གྱི་འཚོ་བ་འབྲས་ཕྱེ་བྲེ་གསུམ་ཡོད་པ་དེ༔ ཆོམ་རྐུན་གྱིས་ཕྲོགས་ནས་ལྷ་ལྕམ་ལ་འདི་སྐད་སྨྲས་པས༔ གཞོན་ནུ་མ་ཁྱོད་འདི་རུ་ཅི་བྱེད༔ ཁྱོད་ཀྱི་རིགས་གང་ཡིན༔ བཟའ་བ་དང་བཏུང་བའི་ལོངས་སྤྱོད་མེད་པ་ཅིས་ལན༔ ཁྱོད་སྐྱེ་འབྲས་ནི་ལེགས༔ སྤྱོད་ལམ་ནི་དལ༔ ངང་རྒྱུད་ནི་རིང་༔ ཁྱིམ་སྤྱད་ཀྱི་བྱ་བ་དང་༔ གཟོ་བའི་སྤྱོད་པ་ལ་མཁས༔ བལྟ་ན་སྡུག་ཅིང་ཡིད་དུ་འོང་བ་གཅིག་འདུག་པ་ལ༔ མི་མེད་ལུང་སྟོང་འདི་རུ་བསྡད་པ་ཕངས་པས་ངེད་རྣམས་ཀྱི་རྗེས་སུ་འདོང་ངོ༔ ཟས་དང་སྐོམ་གྱིས་ཉོན་མི་མོངས་པར་བྱེད་དོ་ཟེར༔
དེའི་དུས་སུ་ལྷ་ལྕམ་གྱིས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་སྤྱི་བོའི་གཙུག་ཏུ་བསྒོམས་ཤིང་༔ ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ་སྙིང་རྗེ་མ་རུངས་པ་ལ་གཏད་དེ༔ བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་བར་དུ་གཅོད་པ་འདི་འདྲ་བྱུང་བས༔ ཟློག་པའི་ཐབས་གཅིག་རྒྱལ་བའི་ཐུགས་རྗེས་བསྩལ་ཏུ་གསོལ་བསམས་ནས་ཆོམ་རྐུན་རྣམས་ལ་སྨྲས་པ༔ ངེད་ཀྱི་རིགས་བསམ་གཏན་སྒོམ་པའི་གཉོམ་ཆུང་གི་རིགས་ཡིན༔ བདག་གི་ཕ་མ་ནི་རིགས་ངན་གྱི་རིགས་ཡིན༔ བཟའ་བ་དང་བཏུང་བ་མེད་པས་ཤིང་ཐོག་གི་བཅུད་ཟ་བ་ཡིན༔ བདག་རིགས་ངན་གྱི་བུ་མོ་ཡིན་པས་ཁྱེད་རྣམས་དང་འགྲོགས་པར་མི་འོས༔ ཁྱེད་རྣམས་དང་ངེད་རྣམས་བསམ་པའི་བློ་མི་མཐུན་པས་བདག་གི་ཟས་སྐལ་འབྲས་ཕྱེ་འདི་ལ་ཆགས་པའི་སེམས་མེད་དོ༔ དངོས་པོ་ཐམས་ཅད་རྨི་ལམ་གྱི་ལོངས་སྤྱོད་དང་འདྲ་བས་དེའི་མཚན་ཉིད་བཤད་དོ༔ ཁྱེད་རྣམས་ཉོན་ཅིག༔ སྟོང་ཉིད་ཡུམ་གྱི་ཁམས་དང་མི་ལྡན་ན༔ འཇིག་རྟེན་ཁམས་འདི་རྨི་ལམ་ཞིང་ཁམས་འདྲ༔ བསམ་གཏན་ནོར་གྱི་རྫས་དང་མི་ལྡན་ན༔ ཟག་པའི་བང་མཛོད་རྩྭ་ཡི་ཟིལ་པ་འདྲ༔ སྣང་བ་ཡེ་ཤེས་སེམས་དང་མ་འདྲེས་ན༔ ཆགས་པའི་གྲོགས་ནི་མེ་ཏོག་སད་ཁྱེར་འདྲ༔ གསལ་སྟོང་ཟུང་འཇུག་དབྱིངས་སུ་མི་ལྡན་ན༔ ལོག་པའི་ཤེས་རབ་འཁོར་བའི་ས་བོན་ཡིན༔ དྲིན་ཆེན་རྩ་བའི་བླ་མའི་སྐྱབས་དང་མི་ལྡན་ན༔ དབང་ཆེན་དཔུང་དྲག་སྙིང་རྗེ་གསོད་པའི་བདུད༔ སྐྱེ་བ་འདི་ལ་ཏིང་འཛིན་མ་ཐོབ་ན༔ འདུས་བྱས་ཐམས་ཅད་ནམ་མཁའི་སྨིག་རྒྱུ་འདྲ༔ ཆོམ་རྐུན་ཇག་པ་ཆོས་ཕྱིར་མ་དཀའ་ན༔ ལུང་སྟོང་འགྲིམ་ན་གཅན་གཟན་འདྲེ་ཚོགས་འདྲ༔ ཆོས་མེད་འགྲོ་བ་མི་ཚེ་སྟོང་པར་ཟད༔ སྦྱངས་པ་དོན་མེད་ཆོམ་རྐུན་སྙིང་རེ་རྗེ༔ སྐྱེ་དང་འཆི་བ་མིག་གིས་མ་མཐོང་ངམ༔ ན་དང་ཚ་བ་སེམས་ཀྱིས་བཟོད་དམ་ཅི༔ རང་ལ་དཔེ་འཚལ་གཞན་ལ་གནོད་མ་བྱེད༔ བདག་ནི་སྲོག་ལ་བབ་ཀྱང་ཆོས་ཕྱིར་དཀའ་བ་སྤྱོད༔ འདོད་ན་མི་ཕངས་ཤ་དང་ཁྲག་ལ་ཟོ༔ ཞེས་སྨྲས་པས༔ ཆོམ་རྐུན་ཐམས་ཅད་གནོང་ཞིང་འགྱོད་པར་གྱུར༔ ལུས་ངག་གདབ་ཅིང་མིག་ནས་མཆི་མ་ཁྲག་ཏུ་འདུག༔ ངུ་འབོད་ཆེན་པོ་འདོན་ཅིང་༔ སྔོན་བྱས་ཀྱི་སྡིག་པ་ལ་གནོང་ཞིང་འགྱོད༔ ཕྱིས་མི་བྱེད་པར་དམ་བཅས༔ དགེ་བ་བླ་ན་མེད་པ་ལ་རྗེས་སུ་ཡི་རང་བར་སྨོན༔ འཁོར་བའི་བྱ་བྱེད་ཐམས་ཅད་བློས་བཏང་ནས༔ བདུད་རྩིའི་རུ་ལུ་ལ་དཀའ་ཐུབ་བྱེད༔ ལོ་བདུན་བདུན་གྱི་དམ་བཅས་ནས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་རྫོགས་པ་ཆེན་པོ་ཟག་མེད་ཀྱི་སྐོར་སྒོམ་ཞིང་སྒྲུབ་པ་ལ་བརྩོན་ནོ༔ དེ་ནས་ཟླ་བ་བདུན་ལོན་པའི་དུས་སུ༔ ཉིག་གཅིག་ཚེས་བཅུའི་སྔ་དྲོར་བུད་མེད་ཀྱི་ཚོགས་མང་པོ་འདུས་ནས་ལྷ་ལྕམ་དང་འོད་ཕུང་སྒོམ་པ་ལ་ངེས་ཤེས་ཐོབ་པའི་ཆོམ་རྐུན་བདུན་དང་བཅས་པ་ལ༔ ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཚེས་བཅུ་ལ་འགྲོའམ་ཟེར༔ ལྷ་ལྕམ་གྱིས་ངེད་རྣམས་ལ་སྒྲུབ་པའི་དམ་བཅའ་ཡོད་པ་ལ༔ མི་འགྲོ་བྱས་པས༔ བུད་མེད་རྣམས་ན་རེ༔ འོན་ཀྱང་གདན་འདིའི་སྟེང་དུ་བཞུགས་དང་ཟེར་ནས་དར་ཡུག་དཀར་པོ་གཅིག་ས་ལ་བཏང་ངོ༔ དེའི་སྟེང་དུ་ལྷ་ལྕམ་བཞུགས་པས༔ ཆོམ་རྐུན་མི་བདུན་ཡང་གདན་འདི་ལ་འདུག་དགོས་ཟེར་བས༔ ཇག་པ་མི་བདུན་ཡང་སྒྲུབ་ཁང་ནས་ཐོན་ནས་འདུག་གོ༔ དེ་ནས་བུད་མེད་རྣམས་ཀྱིས་དར་ཡུག་གི་སྣ་ལ་བཟུང་ནས་ནམ་མཁའི་དབྱིངས་ན་གཏད་ནས་ཕྱིན་པས༔ ཨོ་རྒྱན་གྱི་ཡུལ་ཛ་གད་ཀྱི་གླིང་ཞེས་བྱ་བར་སླེབས༔ དེ་ནས་རིག་འཛིན་ཐོར་ཅོག་ཅན་ཞེས་བྱ་བ་སྔགས་པའི་ཆ་བྱད་ཅན༔ སྐུ་ཆེ་ལ་གཟི་བརྗིད་དང་ལྡན་པ་གཅིག་བཞུགས༔ དེའི་དྲུང་ན་མཁའ་འགྲོ་མའི་ཚོགས་མང་པོ་འདུས་ནས་ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར་རོ༔ ལྷ་ལྕམ་དང་ཆོམ་རྐུན་རྣམས་ལ་རིག་འཛིན་དེའི་ཞལ་ནས༔ ཁྱེད་རྣམས་འདིར་ཤོག་དང་གཏམ་དྲི་བ་ཡོད་དོ་གསུངས༔
ལྷ་ལྕམ་ཆོམ་རྐུན་དང་བཅས་པ་རྣམས་ཀྱིས༔ རིག་འཛིན་དེའི་དྲུང་དུ་ཕྱིན་ནས་རིག་འཛིན་གྱིས་ཕྱག་སོར་བརྒྱད་ཀྱིས་ཐུགས་ཁ་ཕྱེས་ནས༔ ལྷུན་གྲུབ་ཞི་ཁྲོའི་དཀྱིལ་འཁོར་དང་༔ རིག་འཛིན་རིགས་ལྔ་ལྡན་བརྒྱད་ཀྱི་དཀྱིལ་འཁོར་དང་༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་དཀྱིལ་འཁོར་རྣམས་ཞལ་ཕྱེས་ནས་ལྷ་ཡོངས་སུ་རྫོགས་པའི་དབང་བསྐུར་རོ༔ ལྷ་ལྕམ་ལ་གསང་མཚན་མཁར་ཆེན་བཟའ་རུ་བཏགས་སོ༔ ཇག་པ་བདུན་ཡང་འོད་ཕུང་དུ་ཞི་ནས་རིག་འཛིན་གྱི་ཐུགས་ཀར་ཐིམ་མོ༔ ལྷ་ལྕམ་དང་རིག་འཛིན་དེ་གཉིས་ཞག་གཅིག་གི་བར་དུ་བདེ་བར་རོལ་ལོ༔ དེ་ནས་རིག་འཛིན་དེས་ཉིན་ཞིག་ཡུལ་དེའི་མཁའ་འགྲོ་མ་རྣམས་བསྡུས་ནས་ལྷ་ལྕམ་པང་དུ་བསྣམས་ཏེ༔ མཁའ་འགྲོ་ཐམས་ཅད་ཀྱི་འདི་ལ་ཕྱག་གྱིས་ཤིག༔ འདི་ནི་ཨོ་རྒྱན་རྒྱལ་པོ་པདྨའི་བཙུན་མོ་ཡིན་པར་འདུག་གོ་གསུངས༔ མཁའ་འགྲོ་མ་ཐམས་ཅད་ཀྱིས་ཀྱང་ཕྱག་འཚལ་ཞིང་མེ་ཏོག་དོར་རོ༔ དེ་ནས་རིག་འཛིན་དེས་གསུངས་ནས༔ ལྷ་ལྕམ་ཁྱོད་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་རབ་ཏུ་གནས་པ་ཡིན་པས་སེམས་ཅན་གྱི་དོན་འབྱུང་བར་ངེས་སོ༔ ཐོད་པ་མཚན་ཉིད་དང་ལྡན་པ་འདི་ཐོགས་ལ༔ ཁྱེད་རང་གི་སྡོད་པའི་གནས་དྲན་པར་གྱིས་ཤིག་གསུངས་ནས་ཐོད་པ་དཀར་པོ་གཅིག་བསྐུར་རོ༔ ལྷ་ལྕམ་གྱིས་ཐོད་པ་དེ་བསྣམས་ནས༔ མཆིམས་ཕུའི་དུར་ཁྲོད་ཡིད་ལ་དྲན་པར་བྱས་ནས་སྐད་ཅིག་ལ་བོད་ཡུལ་མཆིམས་ཕུར་སླེབས་སོ༔ ཉིན་ཞག་ཕྲུག་གཅིག་ལ་ལྷ་ལྕམ་གྱིས་ཨོ་རྒྱན་ཛ་གད་ཀྱི་གླིང་ཡང་འཁོར་རོ༔ དེ་ནས་ཡང་སྒྲུབ་པ་ལ་ཞུགས་ཏེ་འོད་གསལ་གྱི་ངང་ནས་རིགས་དྲུག་གི་ཁམས་ཐམས་ཅད་གཟིགས་པས༔ སྙིང་རྗེ་དང་སྐྱོ་ཤས་དྲག་པོའི་སྨོན་ལམ་གྱིས་བདེན་པ་མང་དུ་བརྗོད་དོ༔ ལྷ་ལྕམ་གྱིས་ཨོ་རྒྱན་གྱི་ཡུལ་རྣམས་བསྐོར་བའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ལེའུ་གསུམ་པ།
དེ་ནས་ལོ་ངོ་བཅུ་གཉིས་ལོན་པའི་ཚེ༔ ཨོ་རྒྱན་པདྨ་འབྱུང་གནས་རྒྱ་གར་གྱི་ཡུལ་ནས་བོད་ཡུལ་དུ་ཆགས་ཕེབས༔ ལྷ་ལྕམ་དང་ལྷན་གཅིག་ཏུ་བཞུགས་སོ༔ ལྷ་ལྕམ་གྱིས་ཨོ་རྒྱན་ལ་ཕྱག་འཚལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཁྱེད་ཀྱི་བཀའ་ལ་མ་འདས་པར་མི་ལོ་བཅུ་གཉིས་བར་དུ་རྫོགས་པ་ཆེན་པོའི་སྒྲུབ་པ་ལ་བསྡད་པའི་ཚེ༔ ཨོ་རྒྱན་གྱི་ཞིང་ཁམས་ཡང་མང་དུ་འཁོར༔ ཉམས་དང་རྟོགས་པ་རྩལ་ཁ་ཡང་ཆེ༔ འགྲོ་བ་ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་རྩལ་དང་ཡང་ལྡན༔ བླ་ན་མེད་པའི་ཐེག་པ་ལ་ངེས་ཤེས་ཆེན་པོ་ཡང་ཐོབ༔ ད་ནི་གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ལགས་གཅིག་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ ལྷ་ལྕམ་ཉོན་ཅིག༔ ད་རུང་གསང་སྔགས་ཀྱི་གཏན་ལ་མ་ཕེབས༔ གསང་སྔགས་ཁོང་དུ་ཆུད་ན༔ རྟོགས་པ་དང་མཁྱེན་པ་ཟུང་འཇུག་ཏུ་འོང་བ་ཡིན་ནོ༔ ཁྱོད་ལ་ད་རུང་མཁྱེན་པ་དང་རྟོགས་པ་གོ་བ་ཙམ་བས་མེད༔ ངས་གསལ་བར་བཤད་དོ༔ ཉམས་ཀྱི་གླུ་འདི་ལ་ཉོན་ཅིག་གསུངས༔ དོན་འདི་ལ་དགོངས་ཤིག་པདྨ་ལྕམ༔ འཆི་བ་ལ་བསམ་ན་སྒྲུབ་པ་རན༔ མི་ཚད་ཕྱིས་པ་ཙམ་ཡང་མེད༔ སྨྲ་བའི་ཚིག་ལ་སྙིང་གཏམ་ཡོད༔ མཚན་ལྡན་བུ་མོ་གཞིག་པ་ཐོང་༔ དད་ལྡན་མ་ཁྱོད་འདི་ལྟར་མཛོད༔ དང་པོ་འཁོར་བའི་རྒྱུ་འདི་ལ༔ འདོད་ཆགས་ཉོན་མོངས་སྡུག་རེ་བསྔལ༔ གཏི་མུག་རོ་ཡི་བྲག་ཚང་ལ༔ ཞེ་སྡང་ལོག་པའི་ཁྱེའུ་ཆགས༔ ང་རྒྱལ་རོ་ཡི་ཆགས་སྡང་འཛིན༔ ཕྲག་དོག་རླུང་གི་སྤྱོད་རླུང་ཞོན༔ འདོད་ཆགས་མ་དང་ལྷན་གཅིག་འགྲོགས༔ འཛིན་པའི་སེམས་ཀྱི་བུ་དང་ལྡན༔ གཟུགས་དང་སྣང་བའི་དགྲ་བོ་རྙེད༔ མེད་པ་གཅིག་ལ་ཡོད་བཏགས་ནས༔ རིགས་དྲུག་འཁོར་བའི་ཁམས་སུ་འབྱུང་༔ ཤེས་ན་འདི་ཡང་གཅིག་གི་རྩལ༔ མ་ཤེས་སྡུག་བསྔལ་སོ་སོར་ཐོབ༔ གནས་སྐབས་བར་དོའི་ཞིང་ཁམས་ཉུལ༔ འཁྲུལ་པ་རྐྱེན་དང་འཕྲད་ཙམ་ན༔ སྐྱེ་དང་རྒས་པ་ཟུང་དུ་འབྱུང་༔ ན་དང་ཚ་བ་ལས་ཀྱི་ཁུར༔ འཆི་དང་འཕོ་བ་མྱ་ངན་འཚོ༔ འདི་འདྲའི་སྐྱེ་བོ་སྡུག་བསྔལ་ཅན༔ དམུ་རྒོད་སེམས་འདི་མ་མཐོང་ངམ༔ དད་པའི་ཆོས་རྣམས་མ་དྲེད་ཅིག༔ ཡིད་ལོང་མེད་དོ་པདྨ་ལྕམ༔ ཆོས་དབྱིངས་བརྟན་པ་མ་འཛིན་ན༔ རྣམ་ཤེས་སེམས་འདི་རླུང་དམར་འདྲ༔ ལས་ཀྱི་བག་ཆགས་ཐང་ཡངས་སོ༔ བདུད་ཀྱི་གྲོགས་འདི་རྐྱེན་ཁ་བཙན༔ སྣང་བའི་ཡུལ་འདི་བྲིད་རེ་མཁས༔ བརྩོན་འགྲུས་བསྐྱེད་དམ་པདྨ་ལྕམ༔ འཁོར་བའི་རྒྱ་འདི་གཏིང་མཐའ་རིང་༔ ཉོན་མོངས་དུག་ལྔ་རྦ་རླབས་ཆེ༔ འཁོས་ཆུང་སེམས་འདི་སྐྱེ་རེ་ཞན༔ བདེ་བའི་ལུས་དང་བྲལ་ཉེས་ཆེ༔ ངན་སོང་གསུམ་འདི་གཡང་ཁ་གཟར༔ ལྟ་བའི་རྣལ་འབྱོར་ལྷུང་ཉེན་ཡོད༔ བརྩོན་འགྲུས་དད་པའི་ལེ་ལོ་འདི༔ སངས་རྒྱས་འཐོབ་པའི་རྒྱུ་མི་འདྲ༔ སེམས་ལྕག་བྲོབས་དང་པདྨ་ལྕམ༔ ལྟ་སྤྱོད་ཡ་བྲལ་རྣལ་འབྱོར་འདི༔ དོག་མོའི་འཕྲང་ལ་ལྷུང་ས་ཡོད༔ ནེ་ཙོ་ཁ་ཡི་ཆོས་བཤད་འདི༔ ཁ་ཡང་སེམས་དང་ཆོས་མི་འདྲེས༔ ལྟོས་དང་སེམས་ཀྱི་རྩ་བ་ཆོད༔ ད་རུང་ཉམས་ལེན་འབྲེལ་ཐབས་མེད༔ ནན་ཆགས་སྒྲུབས་ཤིག་པདྨ་ལྕམ༔ གསུངས༔ ལྷ་ལྕམ་བརྒྱལ་ཞིང་མགོ་སར་བརྡབས་སོ༔ བརྒྱལ་སངས་ནས་ཨོ་རྒྱན་ལ་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ འཁོར་བའི་གནས་འདི་ནས་མྱུར་དུ་ཐར་པའི་ཐབས་ཤིག་ཞུ་ཞུས་པས༔ བདག་ནི་འཇིགས་པའི་འཕྲང་ལས་སྒྲོལ་ཞིང་༔ ཏིང་ངེ་འཛིན་འདི་ལ་བོགས་ཐོན་ནས་གསང་སྔགས་ཀྱི་དོན་མ་ལུས་པ་རྫོགས་པར་བྱེད་ན༔ ཉམས་ལེན་ཅི་འདྲ་བ་ཞིག་འཐད་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ ཚུར་ལ་ཉོན་དང་པདྨ་ལྕམ༔ མཚན་ལྡན་བུ་མོ་རིགས་བཟང་མོ༔ འཁོར་བའི་འདམ་ནས་བྲོས་ཐོན་ནས༔ དབེན་ས་རི་ཁྲོད་འབྲལ་མེད་རྟེན༔ མཚན་ལྡན་བླ་མའི་རྣམ་ཐར་སྐྱོངས༔ དད་པ་ཆོས་ཀྱི་ཞིང་ས་ཡིན༔ འཕོ་འགྱུར་མེད་པར་གཏན་ལ་ཕོབ༔ དམ་ཚིག་དངོས་གྲུབ་སྲོག་ཤིང་ཡིན༔ མངོན་ལྐོག་མེད་པར་གཏན་ལ་ཕོབ༔ སྙིང་རྗེ་སྐྱེ་འགྲོའི་ཕ་མ་ཡིན༔ བྲི་གང་མེད་པ་གཏན་ལ་ཕོབ༔ བཟོད་པ་ལུས་ཀྱི་མཚོན་ཆ་ཡིན༔ འབྲལ་མེད་དོན་གྱིས་གཏན་ལ་ཕོབ༔ བརྩོན་འགྲུས་ལེ་ལོའི་ཁ་གནོན་ཡིན༔ ཕྱི་བཤོལ་མེད་པར་གཏན་ལ་ཕོབ༔ སྙིང་རུས་མི་འགྱུར་ཟབ་པ་ཡིན༔ བསམ་གཏན་དོན་གྱིས་གཏན་ལ་ཕོབ༔ འོད་གསལ་གཞི་ཡི་ས་བོན་ཡིན༔ ཐུན་སྒོམ་བློ་བྲལ་གཏན་ལ་ཕོབ༔ ཞི་གནས་ལམ་གྱི་སྟེགས་བུ་ཡིན༔ བརྗེ་ཤེས་ཡེངས་མེད་གཏན་ལ་ཕོབ༔ ལྷག་མཐོང་དོན་གྱི་རྩེ་མོ་ཡིན༔ ཐེ་ཚོམ་གཉིས་མེད་གཏན་ལ་ཕོབ༔ ཚོགས་དྲུག་སྣང་བའི་རང་རྩལ་ཡིན༔ སེམས་ཉིད་སྐྱེ་མེད་གཏན་ལ་ཕོབ༔ དུག་ལྔ་ཡེ་ཤེས་སྐུ་ལྔའི་རྩལ༔ འགག་མེད་ཆགས་བྲལ་གཏན་ལ་ཕོབ༔ ལས་ཀྱི་རྣམ་ཤེས་རིག་པའི་རྩལ༔ བློ་ཟད་ཆོས་དབྱིངས་གཏན་ལ་ཕོབ༔ དབྱིངས་དང་ཡེ་ཤེས་ཐ་མི་དད༔ རྒྱུ་གཅིག་རྐྱེན་གྲོལ་གསལ་ལ་སྟོང་༔ སྐད་ཅིག་རིག་པ་གཏན་ལ་ཕོབ་གསུངས༔
ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ སྣང་བ་དང་སེམས་གཉིས་ཐ་མི་དད་པའི་རིག་པ་གཏན་ལ་ཕེབས་ན༔ ཐེག་པའི་འཇུག་སྒོ་གང་ལགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ མཚན་ལྡན་བུ་མོ་པདྨ་ལྕམ༔ དད་ལྡན་མ་ཁྱོད་ཚུར་ཉོན་དང་༔ བློ་དང་ལྡན་པའི་སློབ་བུ་ཡིས༔ གནས་ལུགས་ངོ་བོ་གཏན་ཕེབས་ནས༔ བླ་མེད་ཐེག་པའི་རྫོགས་ཆེན་སྒོམས༔ ལམ་གྱི་འཇུག་སྒོ་ནོར་མི་སྲིད༔ འོན་ཀྱང་སྒྲུབ་པའི་གང་ཟག་དང་༔ དམ་ཆོས་རྫོགས་པ་ཆེན་པོ་གཉིས༔ ལྟ་སྤྱོད་ཡ་བྲལ་དོན་མི་མཐུན༔ དེ་འདྲ་ལམ་གྱི་འཇུག་སྒོ་ནོར༔ ཆོས་དང་གང་ཟག་མཐུན་པ་ན༔ རྫོགས་པ་ཆེན་པོ་ཐེག་པའི་མཆོག༔ ཚིག་རྩོད་རྟོག་པའི་སྤྱོད་ཡུལ་མིན༔ སྔོན་གྱི་ལས་ཅན་དམ་ཚིག་ཅན༔ ཡང་ན་ཚེ་འདིར་སྒྲུབ་སྙིང་ཅན༔ དམ་ཚིག་ལྡན་པ་དེ་ཉིད་ཀྱིས༔ ཐེག་མཆོག་རྫོགས་ཆེན་བསྒོམ་པའི་ཡུལ༔ དཔེ་དང་དོན་གྱིས་གཏན་ལ་འབེབས༔ བརྡ་དོན་ཆོས་ཉིད་ངོ་བོ་གཅིག༔ ཀ་དག་སྟོང་དབྱིངས་ནམ་མཁའི་ངོས༔ ལྷུན་གྲུབ་སྟོང་གསལ་ཉི་ཟླའི་འོད༔ འགག་མེད་རང་རྩལ་ཅིར་ཡང་རྒྱུ༔ ཁྲེགས་ཆོད་ཐོད་རྒལ་ཟུང་དུ་ཚུད༔ བར་དོའི་སྣང་བ་དབྱིངས་སུ་རྫོགས༔ ན་རཀ་འཁོར་བ་དོང་ནས་སྤྲུགས༔ བདེ་བ་ཀུན་བཟང་ཟབ་མོའི་མཛོད༔ དམ་ཆོས་འདི་དང་སུ་འཕྲད་པ༔ དམ་ཚིག་ཅན་དེ་སྐལ་བ་ཆེ་གསུངས༔
ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་བླ་མེད་ཟབ་མོའི་མཛོད་འདི་ཉམས་སུ་ལེན་པ་ལ༔ ཐེག་པའི་མཆོག་ཡིན་ན༔ སྒྲུབ་པའི་གནས༔ ཡུལ་དང་༔ དུར་ཁྲོད་དང་༔ རྫ་ཁྲོད་དང་༔ གངས་ཁྲོད་དང་༔ གཡའ་ཁྲོད་དང་༔ སྤང་རི་ངོས་རྣམས་ཉམས་གང་དུ་འཕེལ༔ རྟོགས་པ་སྐྱེ་བའི་ས་ཕྱོགས་གང་ལགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ མཚན་ལྡན་བུ་མོ་པདྨ་ལྕམ༔ དགེ་སེམས་མ་ཁྱོད་བདག་ལ་ཉོན༔ ཐེག་མཆོག་རྫོགས་པ་ཆེན་པོ་འདི༔ སྐལ་ལྡན་བུ་ཡིས་ཉམས་ལེན་ན༔ དག་པའི་གནས་ནི་གངས་ཁྲོད་ཡིན༔ གཡའ་མའི་ཁྲོད་དུ་སྒོམ་ཡང་རུང་༔ མདོར་ན་སྐྱོ་ཤས་སྐྱེ་བའི་གནས༔ སུ་མེད་གངས་ཀྱི་སྟོད་ཁྲོད་དེར༔ རྫ་དང་གཡའ་མ་རང་མདོག་སྔོ༔ སྡུག་བསྔལ་རྡུལ་ཕྲན་ནམ་མཁའ་དྭངས་པའི་ཡུལ༔ སྤྲིན་དང་ཁུ་རླངས་དབྱིངས་སུ་དག༔ དབྱར་མ་དགུན་གྱི་སྟོན་སེར་དུ༔ ཉི་མ་ཤར་དང་རྒས་པའི་ཟེར༔ ཆོས་ཉིད་མིག་གིས་དེ་དུས་བསྒོམ༔ དབེན་པའི་གནས་སུ་གནས་ལུགས་ཐོབ༔ སྟོང་དབྱིངས་ཀ་དག་གཏན་ལ་ཕོབ༔ སྟོང་མདངས་འོད་ལྔའི་རིག་རྩལ་རྫོགས༔ ལས་རླུང་དབྱིངས་སུ་འགྱུ་བ་ཟད༔ བར་དོ་ལྔ་ལ་འོད་གསལ་མཐོང་༔ ཞི་གནས་སྒྲོག་གི་ཐེག་པ་བཅད༔ ལྷག་མཐོང་ང་རོའི་མདུང་རྩེ་བསྙལ༔ ཡིད་དཔྱོད་ལྟ་བའི་དགྲ་བོ་ཆོམ༔ མངོན་སུམ་ཆོས་ཉིད་གཏན་ལ་ཕོབ༔ སྣང་སེམས་དྲི་མེད་གཡའ་དང་བྲལ༔ གསལ་ལ་སྟོང་པ་སྐལ་བ་ཆེ༔ གསུངས༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་ན༔ རིག་པ་ཐེར་ལ་སྟོན་པའི་བླ་མ་ཅི་འདྲ་བ་ཞིག་བསྟེན་ན་ལེགས་ཞུས་པས༔
ཨོ་རྒྱན་གྱིས་གསུངས་ནས༔ ལྷ་ལྕམ་རིགས་བཟང་པདྨ་ལྕམ༔ མཚན་ལྡན་བུ་མོ་བདག་ལ་ཉོན༔ ཐེག་མཆོག་རྫོགས་པ་ཆེན་པོ་བསྒོམ་པ་ན༔ འབྲལ་མེད་བླ་མ་བསྟེན་ན་ལེགས༔ བོགས་འདོན་གེགས་སེལ་དུས་སུ་གཅེས༔ དེ་ན་བླ་མའི་མཚན་ཉིད་ནི༔ བརྒྱུད་པའི་བྱིན་རླབས་ཐུགས་རྗེ་ཆེ༔ ལྷ་དང་ཞལ་མཇལ་དངོས་གྲུབ་རྙེད༔ མཁའ་འགྲོས་ལུང་བསྟན་བྱིན་རླབས་ལྡན༔ སྨིན་བྱེད་དབང་གི་དོན་ལ་མཁས༔ གྲོལ་བྱེད་ཁྲིད་ཀྱི་ལག་ལེན་གསལ༔ ཐོས་པས་མཁྱེན་པའི་ཡོན་ཏན་རྫོགས༔ རྟོགས་པས་ཐེ་ཚོམ་བློ་དང་བྲལ༔ ཆོས་མཐུན་བུ་ནི་ཐབས་ཀྱིས་སྐྱོང་༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ༔ ཆགས་སེམས་ཆུང་ལ་ཐེག་བློ་མཐོ༔ མཚན་ཉིད་དེ་དང་ལྡན་པ་གང་༔ བཅུད་ཆེན་བླ་མ་དེ་དང་འགྲོག༔ རྩོལ་མེད་ལྷུན་གྲུབ་ཉམས་མྱོང་སྐྱེ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཆོས་དབྱིངས་སྒྲོན་མའི་དབྱིངས་སུ་འཕེལ༔ རྫོགས་ཆེན་ལྟ་བའི་དོན་དང་ལྡན་གསུངས༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ན༔ གྲོགས་མཚན་ཉིད་དང་ལྡན་པ་ཅི་ལྟ་བུ་ཞིག་བརྟེན་ན་ལེགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ མཚན་ལྡན་བུ་མོ་པདྨ་ལྕམ༔ དད་ལྡན་མ་ཁྱོད་ཚུར་ཉོན་དང་༔ གྲོགས་ཀྱི་མཚན་ཉིད་འདི་ལྟར་ལགས༔ དད་པ་སྡུག་བསྲན་སྙིང་རྗེ་ཆེ༔ དམ་ཚིག་གཙང་ཞིང་བློ་སྣ་ཐོང་༔ མོས་གུས་ལྡན་ལ་གསང་སྒོ་ཐུབ༔ ཚེ་འདིར་སྣང་ཤས་ཞེན་པ་ཆུང་༔ རྣམ་སྨིན་ལས་འཛེམ་མིག་བཞིན་དུ༔ སྒྲུབ་བློ་བརྟེན་ཅིང་དམན་ས་འཛིན༔ དགེ་སྡིག་ལས་ནི་འཛེམ་པ་དང་༔ བློ་ཆེ་ཁོག་ཡངས་ངང་རྒྱུད་རིང་༔ སྐབས་ཀྱི་རྟེན་འབྲེལ་མཁས་པ་དང་༔ ཐེག་པའི་བྱེ་བྲག་ཕྱེད་པ་དང་༔ ཉམས་རྟོགས་མཚང་གི་འཇུག་པ་དང་༔ འགྲོ་བའི་དོན་ལ་སྨོན་པ་དང་༔ ཚིག་རྩོད་ཐ་སྙད་ཕྱིར་མི་འབྲང་༔ བྱ་བ་བྱེད་པ་བློ་སྣ་ཉུང་༔ ཁྱད་སོད་ཐེ་ཚོམ་མི་བྱེད་ཅིང་༔ ངོས་དགས་སྣང་བ་ཆུང་བ་དང་༔ རིགས་གཅིག་ལ་ནི་འདུན་པ་དང་༔ གཡེང་བ་ཆེ་ལ་མི་དགའ་ཞིང་༔ དབེན་པའི་གནས་ལ་བརྟེན་པ་དང་༔ ཁྲོ་གཏུམ་ང་རྒྱལ་ཆུང་བ་དང་༔ གྲོགས་པོ་དེ་འདྲར་བརྟེན་པ་ན༔ ཡོན་ཏན་མ་ལུས་འབྱུང་བའི་ཞིང་༔ འབྲལ་མེད་གཏན་དུ་འགྲོགས་ནས་ཀྱང་༔ ཡོན་ཏན་བདེ་བའི་དོན་ལ་འཚོ༔ བསམ་གཏན་བླ་མ་གཉིས་པ་ཡིན༔ གསུངས༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་ན༔ སྤྱོད་ལམ་གྱི་རྣལ་འབྱོར་ཇི་ལྟར་བྱས་ན་ལེགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ རིགས་ལྡན་བུ་མོ་པདྨ་ལྕམ༔ དད་ལྡན་མ་ཁྱོད་བདག་ལ་ཉོན༔ རྫོགས་པ་ཆེན་པོ་སྒོམ་པ་ནི༔ སྤྱོད་ལམ་ཆེན་པོ་འདི་འདྲ་ཡིན༔ རང་ལུས་རྩ་ཡི་དཀྱིལ་འཁོར་འདིར༔ ཐིག་ལེ་འོད་ཀྱི་ཞིང་ཁམས་སུ༔ ལྷུན་གྲུབ་མཁའ་འགྲོ་ཡབ་ཡུམ་བསྒོམ༔ ཀླད་པ་དུང་ཁང་འཁྱིལ་པ་ན༔ ཁྲོ་བོ་ཁྲག་འཐུང་ལྔ་བཅུ་བརྒྱད༔ ཆེ་མཆོག་ཡབ་ཡུམ་གཉིས་ལ་འདུད༔ བདུད་རྩི་ཚོགས་ཀྱིས་མཉེས་པར་བྱ༔ ཙིཏྟ་སྙིང་གི་གཞལ་ཡས་ན༔ ཞི་བ་སངས་རྒྱས་སུམ་ཅུ་དྲུག༔ ཏིང་འཛིན་ལྷ་ཡིས་མཉེས་པར་བྱ༔ རྩ་འཁོར་དྲུག་གི་ཐིག་ལེ་ན༔ འགྲོ་འདུལ་སྤྲུལ་པའི་རྣལ་འབྱོར་དྲུག༔ འཚོ་བ་ཟས་ཀྱིས་མཉེས་པར་བྱ༔ ལྟ་སྟངས་གསུམ་དང་ལྡན་པ་ནི༔ ནམ་མཁའ་རྐྱེན་བྲལ་དྭངས་པ་ལ༔ རང་མདངས་སྟོང་གསལ་མདངས་ལྔ་ནི༔ གཅིག་ཆོད་ཆེན་པོ་ཐིག་ལེའི་སྐུ༔ རིག་པ་ལུ་གུ་རྒྱུད་ཅན་བསྒོམ༔ ཆོས་ཉིད་མངོན་སུམ་གཏན་ལ་ཕོབ༔ ཐུན་བཞི་ཉམས་ཀྱི་རྣལ་འབྱོར་ནི༔ ཚོགས་འཁོར་བཞིའི་ལོངས་སྤྱོད་བྱ༔ ལྷ་དང་ཆོས་ཉིད་ཟུང་འཇུག་ལ༔ སྔགས་ཀྱི་རང་བཞིན་ཏིང་འཛིན་བསྒོམ༔ སྤྱོད་ལམ་བཞི་ཡི་རྣལ་འབྱོར་གྱི༔ སྣང་བ་སེམས་གཉིས་ཐ་མི་དད༔ གཞི་ཡི་ངོ་བོ་གཏན་ལ་ཕེབ༔ སྣང་བ་བཞི་ཡི་མཐར་ཚད་ཀྱིས༔ ཟད་པ་མེད་པ་དབྱིངས་སུ་སྐྱོལ༔ མ་འགགས་རིག་པའི་ཤར་སྒོ་ལ༔ བཟོ་མེད་གནས་ལུགས་ངང་དུ་བཞུགས༔ དུག་གསུམ་རྟོག་པ་དབྱིངས་ནས་བསྲེ༔ བཟོ་མེད་ངང་དུ་ལྷོད་ཀྱིས་གློད༔ ཏི་ལ་ཉག་གཅིག་སེམས་ཉིད་འདི༔ གློ་བུར་མ་ཡིན་གདོད་ནས་གྲུབ༔ བཅོས་མ་མ་ཡིན་རང་བྱུང་ཤར༔ སྟོང་ལ་སྟོང་མདངས་རང་བཞིན་གསལ༔ ས་ལེ་སང་ངེ་རྙོགས་པ་མེད༔ སྣང་བ་གཞི་ཡི་ངོ་བོ་གཅིག༔ རྐྱེན་གྱིས་མ་གོས་རྒྱུ་མི་གཡོ༔ འདི་དོན་རིག་པས་གདན་ས་ཟིན༔ སྤྱོད་དང་ལྟ་བ་ཟུང་དུ་འབྲེལ༔ རྫོགས་པ་ཆེན་པོ་ལམ་དུ་གྱུར༔ གསུངས༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་ན༔ བོགས་ཐོན་པའི་ཐབས་ཅི་འདྲ་ཞིག་བྱེད་ན་ལེགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ ལྷ་ལྕམ་རིགས་ལྡན་བུ་མོ་ཉོན༔ རིགས་ལྡན་རྫོགས་ཆེན་བསྒོམ་པ་ན༔ རྩ་ཐིག་རླུང་གི་རྣལ་འབྱོར་བསྒོམ༔ བསྒྲོད་པ་ཐབས་ཀྱིས་ཁྱེར་བ་ཡིན༔ ཟབ་མོའི་སྤྱོད་ཡུལ་འདི་ལྟར་ཡིན༔ སྤྲུལ་པ་རྩ་ཡི་ལྷ་མོ་ལ༔ ལོངས་སྤྱོད་ཐིག་ལེ་སྒྲིམ་བཟློག་གིས༔ ཆོས་སྐུ་རླུང་ཟད་དབྱིངས་སུ་སྐྱིལ༔ སྐུ་གསུམ་དབྱེར་མེད་བདེ་བ་ཆེ༔ ཟག་པ་མེད་པའི་ཡེ་ཤེས་ཀྱིས༔ ཀ་དག་སྟོང་ཁམས་དབྱིངས་དང་འདྲེས༔ ངོ་བོ་བདེ་ཆེན་འཁྱིལ་བར་རོལ༔ གཞན་ཡང་གཞོན་ནུ་མཛེས་པའི་ལུས༔ བཅུ་དྲུག་རྩ་ལྔ་ལས་མི་བརྒལ༔ བདེ་བའི་ལུས་ལ་མདངས་ཤ་ཅན༔ བདེ་བའི་སྐད་འབྱིན་བདེ་བ་གཡོ༔ དཀར་རྩི་དམར་ལྗང་དྭངས་པའི་མདངས༔ དད་པ་ཤེས་རབ་སྙིང་རྗེ་ཆེ༔ གསང་སྒོ་ཐུབ་ཅིང་བློ་སྒོ་ཡངས༔ ཐེ་ཚོམ་མི་བྱ་སྤྱོད་ལམ་དལ༔ བདག་ཏུ་མ་བཟུང་མཚན་ལྡན་དེས༔ སྒྲུབ་པའི་གྲོགས་སུ་བརྟེན་བྱས་ནས༔ རྩ་ཡི་འཁྲུལ་འཁོར་རྣམ་པ་ལྔ༔ ཟག་པ་རྒྱུ་ཡི་འཛིན་སྒོ་སྤྱད་བསྡམ༔ ཐིག་ལེ་གཉིས་ཀྱི་ཕན་འཇུག་ལ༔ འདོད་ཆགས་སྡུག་བསྔལ་བདེ་བ་བསྡུས༔ རླུང་གི་འདྲེན་ཁུག་རྣམ་གསུམ་གྱིས༔ མ་དག་སེམས་ཀྱི་འགྱུ་བ་བཅད༔ ཡེ་ཤེས་སྐུ་ལྔ་བདེ་དྲོད་འབར༔ ཆོས་རྣམས་ཐམས་ཅད་བཅུད་དོན་བསྡུས༔ བདེ་ཆེན་ངོ་བོ་གཏན་ལ་ཕོབ༔ སྒྲུབ་པ་ཕལ་རྣམས་ཟིལ་གྱིས་གནོན༔ ལྷ་དང་སྔགས་རྣམས་ཤུགས་ཀྱིས་རྫོགས༔ འབྱུང་བ་ལྔ་ལ་ཐོགས་མེད་འགྱུ༔ སྤྱན་དང་མངོན་ཤེས་རོལ་པའི་རྩལ༔ སྣང་རིག་གཉིས་པོ་འོད་གསལ་འཁྱིལ༔ གཅིག་ཆོད་ཆེན་པོ་གཏན་ཚད་ཕེབས༔ རྩ་ཐིག་རླུང་གསུམ་འཁྲུལ་འཁོར་འདི༔ སྒྲོན་མ་གཞི་དང་ཉམས་ལེན་བསྲེ༔ བོགས་འདོན་ཐབས་ཀྱི་ཡང་རྩེ་ཡིན༔ གསུངས༔ ཡང་ལྷ་ལྕམ་གྱིས་ཞུས་པ། ཨོ་རྒྱན་ཆེན་པོ་ལགས། བཀའ་རྫོགས་པ་ཆེན་པོ་འདི་ཉམས་ལེན་མཐའ་རུ་ཕྱིན་ན། རྟགས་དང་ཚད་རྣམས་ཇི་ལྟར་འབྱུང་བ་ལགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ ལྷ་ལྕམ་བུ་མོ་རིགས་བཟང་མ༔ བདེ་བའི་སྐད་འབྱིན་མ་ཁྱོད་ཉོན༔ བཀའ་ཆེན་རྫོགས་པ་ཆེན་པོ་འདི༔ སྐལ་ལྡན་བུ་ཡིས་ཉམས་ལེན་འཚལ༔ ངོ་བོ་བརྟན་པ་ཐོབ་པའི་རྟགས༔ འོད་གསལ་བདེ་བའི་ཉིན་ཞག་འདྲེས༔ རང་བཞིན་དབྱིངས་སུ་ཆུད་པའི་རྟགས༔ རིག་སྟོང་འགྱུར་མེད་རྟེན་ས་ཟིན༔ སྐལ་ལྡན་བུ་ཡིས་ཉམས་ལེན་ཚེ༔ སྣང་སྲིད་སྒྱུ་མའི་གྲོགས་སུ་གོ༔ སྒྲོན་མ་བཞི་པོ་ཀློང་འགྱུ་ན༔ ལྷུན་གྲུབ་ཞིང་ཁམས་གཏན་ལ་ཕེབས༔ སྣང་སེམས་ཟུང་དུ་ཚུད་པ་ན༔ རྒྱུ་རྐྱེན་རྟེན་འབྲེལ་ཀུན་ལ་མཁས༔ ཆོས་ཉིད་མངོན་སུམ་རྫོགས་པ་ན༔ གོང་འཕེལ་སྣོད་དུ་ཕྱིན་པ་ཡིན༔ རིག་པ་ཚད་ལ་ཕེབས་ཙམ་ན༔ ཆོས་ཉིད་ཟད་པའི་བདེ་བ་ཐོབ༔ སྣང་ཚད་བཞི་པོ་ཀློང་གྱུར་ན༔ བར་དོ་ལྔ་ཡི་རང་མཚང་བསྟན༔ ཞིང་ཁམས་སྐུ་དང་འོད་ཟེར་ཐོབ༔ རྡུལ་བྲལ་ཕྱི་ཡི་ནམ་མཁའ་འདི༔ སྲོག་རླུང་དབུ་མའི་བུམ་པར་ཟད༔ ལས་རླུང་འགྱུ་བྱེད་ལྔ་པོ་འདི༔ རང་དག་ཙིཏྟའི་དབྱིངས་སུ་གྲོལ༔ འཇིག་རྟེན་འབྱུང་བ་ལྔ་དང་བཅས༔ ཤ་ཁྲག་དབུགས་ཀྱི་འོད་ཟེར་རྙེད༔ འཁོར་ལོ་རྩ་ཡི་ས་བོན་མཐོང་༔ འོད་གསལ་མ་བུ་ནུས་པ་མཉམ༔ ཕུང་པོ་ཟག་མེད་འོད་ཕུང་ཞུ༔ དུས་གསུམ་ལས་ནི་མ་འགགས་མཁྱེན༔ སྤྲུལ་པ་མཐའ་ཡས་སྣང་ཚུལ་སྟོན༔ ཆོས་རྣམས་ཐེག་པ་རིམ་གྱིས་དབྱེ༔ འགག་མེད་ཀློང་གིས་ཉམས་སྤྱོད་ལྡན༔ གསལ་སྟོང་ཆོས་ཉིད་ལས་མི་འདའ༔ ཡུངས་འབྲུ་ཙམ་ནས་སྐུ་ལྔར་ཡང་༔ སོ་སོར་གསལ་ཞིང་སྣང་གཉིས་ཟད༔ བདེ་བ་ཆེ་དང་བདེ་ཉམས་འགྱུར༔ ཉམས་ལེན་རྟགས་ཚད་དོན་གྱིས་ཤེས༔ གསུངས༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་འདི་ཡང་ཉམས་སུ་བླང་བའི་བུ་ལ༔ དབུགས་གྲོལ་བ་དང་བར་དོའི་དག་ཚུལ་ཅི་ལྟ་བུ་ཞིག་འོང་བ་ལགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ ལྷ་ལྕམ་རིགས་ལྡན་བུ་མོ་ཉོན༔ བདག་འདྲའི་བཤད་ཀྱིས་གོའམ་ཉོན༔ དབྱིངས་རིག་ཀློང་དུ་མ་གྱུར་ན༔ ཐམས་ཅད་སྐྱེ་ཤི་འགྱུར་བ་ཡིན༔ རྫོགས་ཆེན་སྐལ་བ་སུ་ལྡན་དེ༔ ཚེ་འདིའི་དབུགས་དེ་གྲོལ་བའི་ཚེ༔ ཧྲིལ་གྱིས་འདུས་པ་ཕྱི་ཡི་དབུགས༔ ཐིབས་ཀྱིས་འགག་པ་དམ་པོའི་སྒོ༔ རྒྱངས་ཀྱིས་འཕྲོ་བ་ནང་གི་རླུང་༔ ལམ་གྱིས་མཐོང་བ་སྣང་བའི་ཡུལ༔ ཧད་ཀྱིས་སྣང་སྔངས་བ་སྲོག་གི་སེམས༔ ཧྲིག་གེར་རིག་པ་འོད་གསལ་བུ༔ ལྷང་གིས་ཤར་བ་རིག་པའི་མདངས༔ ལྷན་གྱིས་ཞི་བ་སྟོང་དབྱིངས་ལ༔ སིང་ངེ་འཛིན་མེད་དོན་གྱི་རྩལ༔ ས་ལེར་མཁྱེན་པ་སྤྱོད་པའི་ཤུགས༔ ལྷང་ངེར་གནས་པ་བསྒོམ་པའི་བོགས༔ མི་གཡོ་བརྟེན་པ་ལྟ་བའི་གདིང་༔ ཀུན་ལས་འདས་པ་ཆོས་སྐུའི་འགྲོས༔ སྟོང་ཁམས་བདེ་བ་ལོངས་སྐུའི་གཤིས༔ ཅིར་ཡང་སྤྲུལ་པ་གཞན་སྣང་ཡུལ༔ ཟབ་མོའི་དོན་ལ་བརྗོད་པ་མེད༔ བཀའ་ཆེན་རྫོགས་པ་ཆེན་པོ་འདི༔ མཆོག་གསང་ཐེག་པའི་རྒྱལ་པོ་ཡིན༔ བློ་དམན་རྣམས་ཀྱི་སྤྱོད་ཡུལ་མིན༔ སྐལ་བ་ཆེ་དང་བཅུད་མཚུངས་ཏེ༔ རྒྱལ་བ་ཀུན་གྱི་ཐུགས་བཅུད་ཡིན༔ ཕལ་པ་རྣམས་དང་འདི་མི་འདྲ༔ མཐོང་ཐོས་དྲན་རེག་བདེ་བ་ཆེ༔ ཐ་མ་ལ་ཡང་བར་དོ་དག༔ འབྲིང་ལ་བར་དོ་ཆོས་ཉིད་སྟོན༔ རབ་ལ་བར་དོ་ཡེ་མ་གྲུབ༔ མཐོང་དང་གྲོལ་བ་དུས་མཉམ་ཡིན༔ གསུངས༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་འདི་ཉམས་ལེན་གྱི་མཐར་ཐུག་ཡིན་ཀྱང་༔ སྒོམ་མ་ཤེས་ན་གེགས་འབྱུང་ངམ་མི་འབྱུང་༔ དབང་པོ་ལ་རབ་འབྲིང་ཡོད་དམ་མེད༔ སྣང་བ་སེམས་ཀྱི་མཚན་ཉིད་གཅིག་གམ་མི་གཅིག༔ དངོས་གྲུབ་རིང་ཐུང་ཡོད་དམ་མེད་ལགས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ སྔགས་ཀྱི་སྣོད་ལྡན་ལྷ་ལྕམ་ཁྱོད༔ པདྨས་བཤད་དོ་ཡེངས་མེད་ཉོན༔ རྫོགས་པ་ཆེན་པོ་ཐེག་པའི་མཆོག༔ འདི་དང་གདམས་ངག་འདྲེས་པ་ན༔ ཉམས་ལེན་གཞུང་དང་མཐུན་པ་ཡིན༔ རྫོགས་པ་ཆེན་པོའི་མཚན་འདི་ཡིན༔ ལུས་ནི་མི་འགུལ་ལྟ་སྟངས་འཛིན༔ མི་སྨྲ་ངག་གིས་བརྗོད་པ་མེད༔ འདོད་པའི་སེམས་ཀྱིས་བྱར་མེད་འཛིན༔ མི་འཛིན་རླུང་ནི་རང་སར་གནས༔ དབྱིངས་རིག་ཐད་ཐེར་ལ་བརྟེན་བཏོན་ནས་བསྒོམ༔ ཉམས་ལེན་འདི་དང་སུ་མཐུན་པ༔ དེ་ལ་གེགས་ཀྱི་བརྗོད་པ་མེད༔ འདི་ཉིད་མཐོང་བས་དོན་ཡོད་ཅེས༔ དབང་པོའི་བྱེ་བྲག་ཅིར་ཡང་རུང་༔ འོན་ཀྱང་དབུགས་གྲོལ་ཟག་མེད་འགྱུར༔ སྣང་བ་སེམས་ཉིད་ཐ་མི་དད༔ སེམས་ཉིད་གློ་བུར་བཟུང་བའི་རྐྱེན༔ དེ་ཡང་རང་རྩལ་སྣང་བའི་ཡུལ༔ གློ་བུར་སེམས་དག་སྣང་བ་དག༔ ཡེ་ཤེས་བྱ་བ་སྟོང་པའི་མདངས༔ དེ་ཉིད་བརྟན་པ་སངས་རྒྱས་ཡིན༔ འོན་ཀྱང་སྣང་བའི་ཡུལ་དང་བསྟུན༔ ཐབས་ཀྱིས་འདུལ་བ་ཐུགས་རྗེ་ཆེ༔ དབྱིངས་རིག་ཟུང་དུ་ཉམས་ལེན་པས༔ སྐལ་བ་ཅན་དེ་སུ་ཡིན་པ༔ དེ་ལ་དངོས་གྲུབ་རིང་ཐུང་མེད༔ དམ་ཚིག་མོས་པ་གང་ཡིན་ན༔ དངོས་གྲུབ་གཏེར་གྱི་བུམ་པ་ཡོད༔ ལྷག་པར་རྫོགས་ཆེན་སུས་བསྒོམ་པ༔ དངོས་གྲུབ་གཉིས་ཀྱི་བདག་ཏུ་འགྱུར༔ མདོར་ན་རྫོགས་ཆེན་ཡང་བཅུད་འདི༔ ཆོས་རྣམས་ཀུན་གྱི་དབང་པོ་སྟེ༔ རྒྱས་པར་བསྟན་ན་བྱེ་བྲག་ཆེ༔ ཉུང་བར་བསྡུས་ན་ཉམས་ལེན་བདེ༔ ཚིག་ཉུང་དོན་ཆེ་གོ་བར་སླ༔ འདི་མཐོང་གཞན་ལ་ཡེང་མ་ཤོར༔ ལྷ་ལྕམ་ཁྱོད་ཀྱི་ཉམས་ལེན་ཆོས༔ དད་པ་བརྩོན་འགྲུས་མ་བྱེད་པར༔ ཟག་མེད་བདེ་བ་ཆེན་པོ་སྒོམས༔ གསུངས༔ ལྷ་ལྕམ་ནི་དེ་མ་ཐག་ཏུ་ཡིད་དཔྱོད་ཀྱི་ལྟ་བ་དང་བྲལ་ཏེ༔ བླུན་སྒོམ་གྱི་མུན་པ་ལས་སངས་སོ༔ ངེས་ཤེས་རྫོགས་པ་ཆེན་པོ་ལ་ཐོབ་སྟེ༔ ཟག་པ་མེད་པའི་ས་ཟིན༔ སྐྱེ་འཆི་མེད་པ་ཚེའི་དངོས་གྲུབ་བརྙེས་སོ༔ ལྷ་ལྕམ་གྱིས་ཨོ་རྒྱན་ལ་གདམས་པ་གླུའི་ཚིགས་སུ་བཅད་པ་ཞུས་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ལེའུ་བཞི་པ།
དེ་ནས་ཡང་མཆིམས་ཕུའི་དགེ་གོང་གི་ཕུག་པ་རུ་ཨོ་རྒྱན་ཆེན་པོ་ལ༔ ལྷ་ལྕམ་གྱིས་བཀའ་རྫོགས་པ་ཆེན་པོ་མཐའ་དག་ཞུས༔ གཡའ་མ་བྲག་ཏུ་བྱམས་མགོན་ཐུགས་རྗེ་ཆེན་པོའི་སྐོར་མཐའ་དག་མ་ལུས་པ་ཞུས༔ མཁའ་འགྲོ་བདེ་བའི་དུར་ཁྲོད་དུ་མཁའ་འགྲོ་རྒྱ་མཚོའི་ཆོས་སྐོར་མ་ལུས་པ་ཞུས༔ གསང་བ་ཡེ་ཤེས་ཀྱི་བྲག་ཕུག་ཏུ༔ ཞི་ཁྲོ་བདེ་ཆེན་འདུས་པའི་ཆོས་སྐོར་མཐའ་དག་མ་ལུས་པར་ཞུས༔ བློན་པོ་མགུལ་གྱི་རྫ་ཁྲོད་དུ༔ བསྟན་པ་སྤྱིའི་ལུང་བསྟན༔ གང་ཟག་སྒོས་ཀྱི་ལུང་བསྟན༔ ཐེག་པ་བྱེ་བྲག་གི་སྐོར་མདོ་དང་བཅས་པ་མཐའ་དག་ཞུས༔ བསམ་ཡས་དབུ་རྩེའི་ཁྲུས་ཁང་གླིང་དུ་འདུལ་བ་བླ་མ་དང་༔ འདུལ་བ་འོད་ལྡན་དང་༔ འདུལ་བ་ལུང་ཡོད་པར་བསྟན་པ་དང་༔ འདུལ་བ་བཞི་བརྒྱ་པར་བསྟན་པ་དང་༔ དེ་དག་ལ་སོགས་ཏེ་ཉན་ཐོས་ཀྱི་ཆོས་མཐའ་དག་ཞུས༔ འཇམ་དཔལ་གླིང་ཏུ་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་རྣམས་མཐའ་དག་ལ་སོགས་པ་རང་རྒྱལ་གྱི་ཆོས་མཐའ་དག་ཞུས༔ བྱམས་པའི་གླིང་དུ་སངས་རྒྱས་ཕལ་པོ་ཆེའི་འབུམ་དང་༔ དཀོན་མཆོག་བརྩེགས་པའི་འབུམ་དང་༔ མྱ་ངན་འདས་པའི་འབུམ་དང་༔ ལང་ཀར་གཤེགས་པའི་འབུམ་དང་༔ སྟོང་ཕྲག་བརྒྱ་པའི་འབུམ་དང་༔ དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཆོས་མཐའ་དག་མ་ལུས་པ་ཞུས༔ བསམ་གཏན་གླིང་དུ༔ སུ་སི་ཏི་ཀ་རའི་རྒྱུད་དང་༔ དཔུང་བཟང་གི་རྒྱུད་དང་༔ རིག་པ་མཆོག་གི་རྒྱུད་དང་༔ དཔུང་བཟང་རོལ་པའི་རྒྱུད་དང་༔ ཕྱག་ན་རྡོ་རྗེ་དབང་བསྐུར་གྱི་རྒྱུད་ལ་སོགས་ཀྲྀ་ཡའི་ཆོས་མཐའ་དག་མ་ལུས་པ་ཞུས༔ དབུ་རྩེའི་བར་ཁང་ཆེན་མོར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་༔ ཉི་མ་གཟི་བརྗིད་ཀྱི་རྒྱུད་དང་༔ རིག་འཛིན་སྡེ་སྣོད་ཀྱི་རྒྱུད་དང་༔ ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལ་སོགས་པ་ཨུ་པ་ཡའི་ཆོས་མཐའ་དག་ཞུས༔ དབུ་རྩེའི་གཙང་ཁང་དུ༔ དེ་བཞིན་གཤེགས་པ་འདུས་པ་ཆེན་པོའི་རྒྱུད་སང་ཀྲི་ཏ་དང་༔ དེ་བཞིན་གཤེགས་པ་གཟི་བརྗིད་ཀྱི་རྒྱུད་དང་༔ ངན་སོང་སྦྱོང་བའི་རྒྱུད་དང་༔ དཔལ་མཆོག་དང་པོ་པ་ར་མི་ཏའི་རྒྱུད་དང་༔ འཁོར་ལོ་རྣམ་པར་རྒྱལ་བའི་རྒྱུད་ལ་སོགས་པ་ཡོ་གའི་ཆོས་མཐའ་དག་ཞུས༔ དབུ་རྩེ་ཇོ་བོའི་དྲུང་དུ་སྐུའི་སྦྱོར་བ་སངས་རྒྱས་མཉམ་སྦྱོར་དང་༔ གསུང་གི་སྦྱོར་བ་ཟླ་གསང་ཐིག་ལེ་དང་༔ ཐུགས་ཀྱི་སྦྱོར་བ་གསང་བ་འདུས་པ་དང་༔ སྒྱུ་འཕྲུལ་དྲྭ་བ་དང་༔ སྒྱུ་འཕྲུལ་ལྷ་མོ་དང་༔ གཙུག་ལག་རྡོ་རྗེ་གདན་བཞི་དང་༔ བསྐལ་པ་མེ་ལྟར་འབར་བའི་རྒྱུད་དང་༔ ཁྲོ་བོ་པུན་དྷ་ཀ་རི་ཀའི་རྒྱུད་དང་༔ རིན་ཆེན་མ་གོལ་བའི་རྒྱུད་དང་༔ རྟ་མཆོག་རོལ་པའི་རྒྱུད་དང་༔ ལྷ་མོ་མ་གོལ་བའི་རྒྱུད་དང་༔ ཧེ་རུ་ཀ་འདུས་པའི་རྒྱུད་དང་༔ ཡ་མ་རཱ་ཙའི་རྒྱུད་དང་༔ སྲིད་པའི་རྒྱུད་ལུང་དང་༔ བམ་པོ་བརྒྱད་པ་ལ་སོགས་པའི་མ་ཧཱ་ཡོ་ཀའི་ཆོས་མཐའ་དག་ཞུས༔ ཧ་སྤུ་རིའི་རྩེ་ལ་སྒྱུ་འཕྲུལ་གསང་བའི་སྙིང་པོ་དང་༔ སྒྱུ་འཕྲུལ་ལེའུ་ལ་སོགས་དང་༔ ཐབས་ཀྱི་ཞགས་པ་པདྨའི་ཕྲེང་བ་ལ་སོགས་ཨ་ནུ་ཡོ་གའི་ཆོས་མཐའ་དག་ཞུས༔ བྱང་ཆུབ་སྨོན་རིང་གི་རྩེ་མོ་ན་ལྟ་བ་ནམ་མཁའ་ཆེ་དང་༔ བྱང་ཆུབ་སེམས་དཔའི་བསྒོམ་དང་༔ རིག་པ་ཁུ་བྱུག་དང་༔ བདེ་བ་ཆེན་པོའི་དོན་སྟོན་པ་དང་༔ ཡུལ་ཀུན་ལ་འཇུག་པ་དང་༔ དེ་དག་ལ་སོགས་པའི་ཨ་ཏི་ཡོ་གའི་ཆོས་མཐའ་དག་མ་ལུས་པ་ཞུས༔ ཐེག་པ་རིམ་དགུ་ཆུང་ངུ་ཡན་གྱི་ཆོས་རྣམས་མོས་པ་སྣང་ངོ་ཙམ་དུ་བསམ་ཡས་ཀྱི་སྐོར་ལ་རྫོགས་པར་ཞུས༔ མཆིམས་ཕུ་དགེ་གོང་གི་སྐོར་ལ་ཡང་གསང་བླ་ན་མེད་པའི་ཆོས་ཐེག་པ་ཆེན་པོའི་དོན་ཐམས་ཅད་མ་ལུས་པར་ཞུས༔ ཁྱད་པར་དུ་བླ་མ་རང་གི་ཆོས་སྐོར་ནོར་བུ་ཆེན་པོའི་མཛོད་དང་༔ ཡི་དམ་གྱི་ཆོས་སྐོར་ཡེ་ཤེས་འོད་མཆོག་གི་མཛོད་དང་༔ མཁའ་འགྲོའི་ཆོས་སྐོར་གསང་དབང་བདེ་བ་ཆེན་པོའི་མཛོད༔ གཞན་ཡང་རིག་འཛིན་གྱི་སྒྲུབ་སྐོར་མང་དུ་བཅས་ཏེ་མཆིམས་ཕུ་རྫའི་དུར་ཁྲོད་དུ་ཞུས༔ གཏིང་སྒྲོམ་ཏི་སྒྲོ་བྲག་དཀར་ལ་སོགས་ཏེ༔ ཙ་རི་གཡའ་གོང་གི་ཁྲོད༔ ཤ་འུབ་སྟག་སྒོ་དང་༔ ཁུང་ཐང་གངས་ར་དང་༔ སྟག་ཚང་སེངྒེའི་རྫོང་དང་༔ ཡངས་ལེན་ཤོད་དང་༔ དགའ་བ་ཚལ་དང་༔ བསིལ་བའི་ཚལ་དང་༔ བྷེ་ཏ་རྫ་ཕུག་དང་༔ པདྨ་སྟེང་ཕུག་ལ་སོགས་གནས་ཆེན་གནས་ཕྲན་རྣམས་ལ༔ ཐེག་པ་ཆེན་པོའི་གདམས་པ་མན་ངག་དང་བཅས་པ་ཡིད་ཚིམ་པར་ཞུས༔ ཨོ་རྒྱན་ཉིད་ཀྱི་སྤྲུལ་པས་གང་དུ་ཁྱབ་པ་དེར་ལྷ་ལྕམ་བདག་ཀྱང་ཞུ་བ་པོའི་འཁོར་དུ་ཁྱབ་པར་བྱས༔ ཨོ་རྒྱན་ཆེན་པོ་པདྨས་གང་གསུངས་པ་དེ་ཉིད༔ ལྷ་ལྕམ་བདག་གིས་ཁོང་དུ་ཆུད་པར་བླངས༔ ཐེག་པ་སོ་སོའི་ཆེ་བ་དང་སྤྱིར་ལྡན་ཀྱང་༔ དབྱིངས་རིག་གི་ངེས་ཤེས་རྫོགས་པ་ཆེན་པོ་ལ་ཐོབ་ནས་སྣང་སེམས་ཆོས་ཉིད་ཀྱི་སྐུ་རུ་འཕྲད་དོ༔ དུས་གསུམ་མཁྱེན་པའི་མངའ་བདག༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དེ་ཉིད་ཀྱིས་ཐེག་པ་རིམ་དགུའི་ཆོས་ཐམས་ཅད་རྫོགས་པར་གནང་ནས༔ གནས་ལུགས་ཀྱི་རང་མཚང་གཏན་ལ་ཕེབས་ནས༔ འོད་གསལ་མ་བུ་འཕྲད་པར་གྱུར༔ ལྷ་ལྕམ་གྱིས་ཨོ་རྒྱན་གྱི་དྲུང་དུ་ཐེག་པ་རིམ་པ་དགུའི་རྒྱུད་ལུང་ཞུས་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ལེའུ་ལྔ་པ།
དེ་ནས་མཆིམས་ཕུའི་དགེ་གོང་གསང་བའི་ཕུག་ཏུ༔ ནུབ་གཅིག་ཚོགས་ཀྱི་འཁོར་ལོ་བསྐོར་བའི་གྲལ་ལ་ལྷ་ལྕམ་བདག་དང་༔ བསམ་ཡས་རྒྱལ་པོའི་ལྷ་ལྕམ་ཁྲོམ་པ་རྒྱན་དང་༔ པདྨ་གསལ་དང་༔ ནུས་འབྱིན་གསལ་ལེ་དང་༔ ལེགས་སྨིན་བཟང་མོ་དང་༔ ཨོ་རྒྱན་ཉིད་ཀྱི་ཇོ་མོ་ཤེལ་དཀར་བཟའ་རྡོ་རྗེ་མཚོ་དང་༔ ཅོག་རོ་མཆོག་གནས་མ་དང་༔ འབྲོམ་ཟ་ཏི་པང་མ་དང་༔ ཅོག་རོ་རི་ནེ་བཙུན་དང་༔ རི་ནེ་གསལ་ལེ་འོད་དང་༔ རུ་ཡུང་ཟ་མ་གདིང་མ་དང་༔ གཞན་ཡང་མཚན་ཉིད་དང་ལྡན་པའི་བུ་མོ་མང་དུ་འཐུས་ནས་གསེར་གྱི་མཎྜལ་བདུན་ལ་གཡུའི་ཚོམ་བུ་བཀོད་ནས༔ ཨོ་རྒྱན་གྱི་ཕྱག་ཏུ་ཕུལ་ནས་མགྲིན་གཅིག་ཏུ་ཞུས་ནས༔ ཨོ་རྒྱན་ཆེན་པོ་ལགས༔ བདག་འདྲའི་བུད་མེད་རྣམས༔ སྐྱེ་བ་དམན་ལ་རང་མཐོང་ཆེ་རྒྱུད་ངན་ཅིང་༔ ཤེས་རབ་ཆུང་བ་ལགས་པས་ཚིག་ཉུང་ལ་དོན་ཆེ་བ༔ མྱུར་དུ་སངས་རྒྱ་བའི་གདམས་ངག་གཅིག་ཐུགས་རྗེས་འཛིན་པར་ཞུ་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ དད་ལྡན་དགེ་སེམས་མ་རྣམས་ཉོན༔ མྱུར་དུ་སངས་རྒྱས་པ་ལ་གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་སྒོར་ཞུགས་ནས༔ དམ་ཚིག་ལ་ཉམས་ཆག་མེད་པ༔ དབྱིངས་རིག་གི་དོན་ལ་བརྟན་པ་བཟུང་ནས་ཟག་མེད་ཀྱི་ལུས་ཐོབ་ནས༔ སྟོང་གསལ་འོད་ལྔའི་དབྱིངས་སུ་སངས་རྒྱས་པར་འགྱུར་རོ༔ གསུངས་ནས༔ རྫོགས་པ་ཆེན་པོ་ཀློང་གསལ་སྤྱོ་དི་བཀོད་པ་ཆེན་མོ་ཞེས་བྱ་བའི་དལ་ཉི་ཤུ་རྩ་ལྔ་ཞལ་ཕྱེས་ནས༔ དབང་བསྐུར་དོན་ཁྲིད་དུ་བསྟན་ནས་ཉམས་སུ་བླངས་ནས༔ ཟླ་རེ་རེ་ནས་ལྷུན་གྲུབ་ཀྱི་ཞིང་ཁམས་ལྔ་ལྔ་གཟིགས་ནས་སྐྱེ་དམན་གྱི་གྲུབ་པ་ཐོབ་པ་ཉི་ཤུ་རྩ་ལྔ་བྱུང་༔ སངས་རྒྱས་བན་དྷེ་ཡེ་ཤེས་དང་༔ གནུབས་ནམ་མཁའི་སྙིང་པོ་དང་༔ ངན་ལམ་རྒྱལ་བ་མཆོག་དང་༔ ཨ་ཙ་ར་ཡེ་ཤེས་དཔལ་སྦྱོང་དང་༔ བཱཻ་རོ་ཙ་ན་དང་༔ སྐ་བ་དཔལ་བརྩེགས་དང་༔ ཅོག་རོ་ཀླུའི་རྒྱལ་མཚན་དང་༔ མུ་ཏིག་བཙད་པོ་དང་༔ མཆོག་གྲུབ་རྩལ་དང་༔ སྤྲོལ་འུ་ཆུང་ལ་སོགས་ཏེ༔ སྐྱེ་རྒྱལ་གྱི་གྲུབ་པ་ཐོབ་པ་བརྒྱད་ཅུ་རྩ་གཅིག་བྱུང་༔ ཁྱད་པར་ལྷ་ལྕམ་གྱིས་ཉམས་སུ་བླངས་ནས་ཞག་བདུན་སོང་བའི་ནུབ་མོར་སྒྲུབ་ཁང་གི་མདུན་དུ༔ ཁྲོ་བོ་སྐུ་མདོག་སྔོན་པོ༔ ཕྱག་ན་གྲི་གུག་དང་ཐོད་ཁྲག་བསྣམས་པ༔ གཟུགས་མཁར་དང་མཉམ་པ་གཅིག་བྱུང་ནས༔ ལྷ་ལྕམ་ཁྱོད་ནི་རང་དོན་ཀློང་དུ་གྱུར་པ་གཅིག་འདུག་པས༔ གཞན་དོན་བྱེད་ནུས་སམ་གསུངས་ནས༔
ལྷ་ལྕམ་གྱིས་ཞུས་པ༔ གཞན་གྱི་དོན་བྱེད་ནུས༔ ཞིང་ཁམས་གང་དུ་འདུལ༔ ལུང་བསྟན་ཏུ་གསོལ་ཞུས་པས༔ ཁྲོ་བོ་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱིས་གཞན་གྱི་དོན་བྱེད་ནུས་ན༔ དམྱལ་བའི་ཁམས་སུ་སོང་ལ༔ སྔོན་གྱི་དུས་ནས་ལྷ་ལྕམ་ཁྱོད་ཀྱིས་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སྡིག་བློན་ཤནྟི་ཞེས་བྱ་བ་ཡོད་དེ༔ དེ་ནི་དམྱལ་བའི་ཁམས་མནར་མེད་པ་ཞེས་བྱ་བ་ན༔ ལས་ཀྱི་དབང་གིས་སྡུག་བསྔལ་བར་ཡོད་པས༔ དེ་ལ་ལྷ་ལྕམ་ཁྱོད་ཀྱིས་བསྐྱབས་ནས་སྡུག་བསྔལ་ལས་སྐྱོབ་པ་ཡོད་པས༔ འདི་ནས་སོང་ཞིག་གསུངས་ནས་བུག་པ་ནང་སྟོང་ངེ་བ་ཞིག་གི་ནང་ནས་སྐས་དཀར་པོ་གཅིག་བཙུགས་འདུག་པས་དེ་ལ་སྡིགས་མཛུབ་གཏད་ནས་བྱུང་༔ དེ་ནས་ལྷ་ལྕམ་གྱིས་བུག་པའི་ནང་གི་སྐས་ལ་མར་མར་འཛེགས་ནས་ཕྱིན་པས༔ ལྕགས་ཀྱི་རི་བོ་གཅིག་གི་ཞོལ་ནས་འདྲེ་དམག་སྟོང་ཕྲག་མང་པོ་ཚོགས་ཏེ་འདུག༔ དེ་རྣམས་ཀྱི་ཁྲོད་ནས་མི་མང་པོའི་སྐེ་ལ་གསོར་འཕེན་ཅིང་༔ རྐང་པ་ལ་ལྕགས་ཀྱི་འཛེར་མང་པོ་བརྒྱབས་ནས་མགོ་ལ་ཐོ་ལོག་གིས་གཟེར་ནས༔ ཁྱེད་རྣམས་ཀྱིས་བྱས་པ་ཡོད་པས་ད་རུང་གནག་གཅོད་དོ་ཟེར༔ མི་དེ་རྣམས་ནི་ཆོ་ངེ་རིང་རིང་འདེབས་སོ༔ ལྷ་ལྕམ་གྱིས་འདྲེ་དམག་རྣམས་ལ་སྨྲས་པ༔ མི་འདི་རྣམས་ཀྱིས་ཅི་བྱས་པ་ཡིན༔ འདི་ན་སྡིག་བློན་ཤན་ཏི་ཞེས་བྱ་བ་ཡོད་དམ་བྱས་པས༔ འདྲེ་དེ་རྣམས་ཀྱི་ནང་ནས་གཟུགས་ཐུང་ཞིང་སྟོད་སྒུར་བ༔ མི་དམར་བ་གཅིག་བྱུང་ནས༔ མི་འདི་རྣམས་ཀྱིས་མི་ལུས་ཐོབ་པའི་དུས་སུ༔ སེམས་ཅན་རེ་རེ་ཙམ་ལུག་རེ་ཙམ་བསད་པའི་རྣམ་པར་སྨིན་པ་ཡིན༔ སྡིག་བློན་ཤན་ཏི་ཞེས་བྱ་བ་འདི་ན་མེད༔ འདིའི་འོག་ཏུ་ངུ་འབོད་ཅེས་བྱ་བ་ཡོད༔ དེ་ནས་འོག་དེར་སོང་ཞིག་ཟེར༔ ལྷ་ལྕམ་གྱིས་མར་མར་ཕྱིན་ནས་རི་བོ་ཆེན་པོ་མདོག་དམར་བ་གསུམ་གྱི་སྟེང་ན༔ ཟངས་མོ་ཆེ་རྫིང་བུ་དང་མཉམ་པའི་ཆུས་མེར་གྱིས་ཁེངས་པ༔ འོག་ནས་མེ་འབར་བ༔ ཆུ་བོ་རྦ་འཚུབ་ཏུ་ལོང་ལོང་ཁོལ་བའི་ནང་ན་མི་མང་པོའི་ལུས་ལ་ཆུ་བུར་རམ་རམ་མཚེད་དོ༔ དེ་རྣམས་ཀྱང་ངེད་ཅག་ཅི་ཙུག་བྱེད་ཟེར་ནས་ཆོ་ངེ་རིང་རིང་སྐད་ཆེན་པོ་འདོན་ནོ༔ དེ་རྣམས་ལ་འདྲེ་དམག་སྟོང་ཕྲག་སྟོང་ཚོ་ཙམ་གྱིས་བསྐོར་ནས་ལག་ཏུ་ལྕགས་ཀྱི་སྤུ་གྲི་ཐོགས་ནས༔ ཟངས་ནང་གི་མི་རྣམས་ཀྱི་མགོ་བོ་གཅོད་ཟེར་ཞིང་ཁྱེད་རྣམས་ངུས་ཀྱང་མི་ཕན༔ རང་གིས་བྱས་པའི་ལས་ཡིན་པས་ཞེ་རེ་ཚིམ༔ ད་རུང་རྒྱོབ་ཅིག་ཟེར་རོ༔ ལྷ་ལྕམ་གྱིས་འདྲེ་དམག་རྣམས་ལ་སྨྲས་པ༔ མི་འདི་རྣམས་ཀྱིས་ཅི་བྱས་པ་ཡིན༔ འདི་རྣམས་ཀྱིས་ནང་ན་སྡིག་བློན་ཤན་ཏི་ཞེས་བྱ་བ་ཡོད་དམ་བྱས་པས༔ འདྲེ་དེ་རྣམས་ཀྱི་དཔོན་གླང་གི་མགོ་བོ་ཡོད་པ༔ ཁྲམ་ཤིང་གི་ཨོག་མཁར་བཙུགས་པ་གཅིག་བྱུང་ནས་མི་འདི་རྣམས་ཀྱིས་མི་ལུས་བླངས་པའི་དུས་སུ༔ དགེ་འདུན་གྱི་ནོར་རྫས་ཟ་ཞིང་སེམས་ཅན་ཐམས་ཅད་བརྡུང་ཞིང་བཙོག་པ་དང་༔ ངན་སེམས་ཀྱིས་ཁྲག་ཕྱུང་བའི་རྣམ་པར་སྨིན་པ་ཡིན༔ འདི་ན་སྡིག་བློན་ཤན་ཏི་ཞེས་བྱ་བ་མེད༔ འདིའི་འོག་རོལ་ན་མེ་མ་མུར་ཞེས་བྱ་བ་ཡོད་དེ༔ དེ་ན་ཡང་སོང་དང་ཟེར་ནས༔ ལྷ་ལྕམ་གྱིས་མར་མར་ཕྱིན་པ་ནས༔ ལྕགས་ཕྱེ་དམར་པོའི་ཐང་ཚ་ངར་ལྡན་པ་གཅིག་གི་དཀྱིལ་ན་མི་མང་པོས་རྔོས་ཤིང་དཀྲུགས་པ༔ ལུས་རྒྱ་གྲམ་དུ་ཚག་ཚག་གས་པ་དང་༔ ཡན་ལག་གཞོབ་ཏུ་ཐུལ་ཐུལ་ཚིག་པ་དང་༔ ཀེང་རུས་རྣམས་སོལ་བར་ནག་རོག་རོག་འགྲོ་བར་འདུག༔ ཨ་ཙ་མ་ངེད་ཚོ་རེ་སྡུག་ན་ཟེར་ཞིང་ཆོ་ངེ་རིང་རིང་བར་འདུག་གོ༔ ཐ་མ་ལ་འདྲེ་དམག་སྟོང་ཕྲག་ཙམ་གྱིས་བསྐོར་ནས༔ ཁྱོད་རང་གིས་ཉོས་པའི་ལས་ཡིན་པས་ཁུར་ཅིག་ཟེར་ནས་སྤུ་གྲི་ངར་མས་ལུས་ཀྱི་ལྤགས་པ་ཟིལ་ཟིལ་བཤུས་པར་འདུག༔ ལྷ་ལྕམ་གྱིས་འདྲེ་དམག་རྣམས་ལ་སྨྲས་པས༔ མི་འདི་རྣམས་ཀྱིས་ཅི་བྱས་པ་ཡིན༔ འདི་ན་སྡིག་བློན་ཤན་ཏི་ཞེས་བྱ་བ་ཡོད་དམ་བྱས་པ་ལ༔ འདྲེ་དམག་རྣམས་ཀྱི་ནང་ནས་གཟུགས་བཟང་བ༔ མདོག་ནག་པ་སྟག་གི་མགོ་བོ་ཅན་ཡོད་པ་གཅིག་གིས་མདུང་རྩེ་གསུམ་པ་ཐོགས་ཏེ་བྱུང་ནས༔ འདི་རྣམས་ཀྱིས་མི་ལུས་ཐོབ་པའི་དུས་སུ་སེམས་ཅན་ལོག་ལྟ་དང་ལྡན་ཞིང་སྐུའི་དམ་ཚིག་ཉམས་པའི་རྣམ་པར་སྨིན་པ་ཡིན་པས༔ འདི་ན་སྡིག་བློན་ཤན་ཏི་ཞེས་བྱ་བ་མེད༔ འདིའི་འོག་ན་མནར་མེད་པའི་གནས་ཞེས་བྱ་བ་ཡོད༔ དེ་ན་ཡོད་ཁྱོད་རང་སོང་དང་ཟེར་བས༔ དེ་ནས་ལྷ་ལྕམ་གྱིས་མར་མར་ཕྱིན་ནས་ས་གཞི་ཐམས་ཅད་མེ་འབར་བ༔ དེའི་དབུས་ན་ལྕགས་ཀྱི་ཁང་པ་སྒོ་མེད་པ༔ ཚ་ངར་དང་ལྡན་པ་གཅིག་འདུག༔ དེའི་ནང་ན་རེ་སྡུག་ན་ཟེར་ནས་ཀུ་ཅོ་རིང་རིང་འདེབས་སོ༔ ཁང་པ་དེའི་མཐའ་ལ་འདྲེ་དམག་འབུམ་ཕྲག་མང་པོས་བསྐོར་ནས་མི་མང་པོ་ཁྲིད་ཅིང་གྲོད་པ་ལ་མདུང་རྩེ་གསུམ་པ་གསོར་ཞིང་བརྡེགས༔ མགོ་ལ་ཐོ་བས་གཟེར་ཞིང་བརྡུངས༔ ལུས་ཐིག་བཏབ་ཅིང་དྲས༔ མིག་ཐིར་མས་འབྲུ་ཞིང་ཁྲག་འཐུང་ཞིང་འོག་ནས་མེ་འབུད༔ སྟེང་ནས་ལྕགས་ཁུ་ཁོལ་མ་བླུག༔ རལ་གྲི་དང་གསོར་འཕེན་ཞིང་ཡན་ལག་རྣམས་ཕྱོགས་བཅུར་འཐེན་ནོ༔
ལྕགས་ཀྱི་ཁང་པ་དེའི་ཕྱོགས་བཞི་ལ་བུག་པ་འདོམ་གང་བ་ཙམ་བཏོན་ནས༔ དེའི་ནང་ནས་མི་རེ་རེ་ཚུར་འཐེན་ནས་ལུས་དུམ་བུར་གཏུབས་ཏེ༔ ཤ་ཁྲག་ཉི་ཁྲི་བྱེད༔ རྐང་མཐིལ་ནས་ལྤགས་པ་བཤུས་ཤིང་༔ དེའི་ཤུལ་ཏུ་གནམ་ལྕགས་དམར་པོས་གསུར་ཏེ༔ རྐང་གི་ལྷ་བ་རྣམས་འདོན་ཞིང་འཐུང་བ་དང་༔ ལུས་ཀྱི་ཡན་ལག་རེ་རེའི་སྟེང་དུ་ལྕགས་ཀྱི་འཛེར་འགོ་བརྒྱ་བརྒྱ་གདབས་ནས་རྡུང་ངོ༔ མི་དེ་རྣམས་ནི་འདི་འདྲ་བའི་ལས་འོང་བ་རེད་ཟེར་ནས་ཆོ་ངེ་རིང་རིང་འདོན་ནོ༔ འདྲེ་དམག་དེ་རྣམས་ལག་ན་མདུང་རྩེ་གསུམ་པ་རྩེ་དགུ་པ་ཐོགས་ནས་ལུས་ཀྱི་རྒྱབ་མདུན་ལ་བཙུགས་ཤིང་ཞེ་རེ་ཚིམ༔ ད་རུང་རྒྱོབ་ཅིག་ཟེར་རོ༔ ལྷ་ལྕམ་གྱིས་འདྲེ་དམག་རྣམས་ལ་སྨྲས་པ༔ མི་འདི་རྣམས་ཀྱིས་ཅི་བྱས་པ་ཡིན༔ འདི་ན་སྡིག་བློན་ཤན་ཏི་ཞེས་བྱ་བ་ཡོད་དམ་བྱས་པས༔ འདྲེ་དེ་རྣམས་ཀྱིས་ནང་ནས་སེངྒེའི་གདོང་པ་ཅན༔ ལག་ཏུ་མདུང་གསོར་ཐོགས་པ་གཅིག་བྱུང་ནས་མི་འདི་རྣམས་ཀྱིས་མི་ལུས་ཐོབ་པའི་དུས་སུ༔ དཀོན་མཆོག་གསུམ་དང་༔ གནས་ལུགས་རྟོགས་པའི་རྣལ་འབྱོར་པ་ལ༔ ལོག་པར་ལྟ་ཞིང་དགེ་བ་ལ་བར་དུ་གཅོད་པའི་རྣམ་པར་སྨིན་པ་ཡིན༔ འདི་ན་སྡིག་བློན་ཤན་ཏི་ཞེས་བྱ་བ་ཨེ་འདུག་བལྟའོ་ཟེར་ནས་ལྕགས་ཀྱི་ཁང་པའི་ནང་དུ་སོང་༔ དེ་ནས་འདྲེ་དེ་ཚུར་ལོག་ནས་བྱུང་སྟེ༔ སྡིག་བློན་ཤན་ཏི་ཞེས་བྱ་བ་འདི་ན་འདུག༔ ཁྱེད་ཀྱིས་ཅི་བྱེད་ཟེར་ནས༔
ལྷ་ལྕམ་གྱིས་སྨྲས་པས༔ ཁོ་སྡིག་བློན་མི་ལུས་ཐོབ་པའི་དུས་སུ༔ སྡིག་པའི་ལས་ཚན་ཆེ་བས་སྙིང་རྗེས་མ་བཟོད་པ་ཡིན༔ དེའི་སྡུག་བསྔལ་སྐལ་པ་དེ་བདག་གིས་ཁུར༔ སྡིག་བློན་བདེ་བའི་གནས་སུ་འདྲེན་དུ་འོང་བ་ཡིན༔ ཁྱོད་ཀྱིས་སྡིག་བློན་ཤན་ཏི་ཐོང་ལ་དེའི་ཚབ་ཏུ་བདག་བཞུགས་སོ༔ གྲོས་གྱིས་ཤིག་བྱས་པས༔ འདྲེ་དེས་ན་རེ༔ ངེད་ལ་དེ་འདྲའི་དབང་མེད༔ རྒྱལ་པོའི་དྲུང་དུ་ཞུ་བ་ལ་འགྲོ་དགོས་ཟེར༔ དེ་ནས་ལྷ་ལྕམ་གྱིས་འདྲེ་དེ་ཁྲིད་ནས་ལས་ཀྱི་རྒྱལ་པོ་ཡིན་ཟེར་བ་གཅིག་གི་རྩར་ཕྱིན་པས༔ རྒྱལ་པོ་དེ་ནི་མདོག་ནག་ཅིང་གཟུགས་ཆེ་བ༔ གླང་གི་མགོ་བོ་ཅན༔ ཁྲམ་ཤིང་དང་མདུང་རྩེ་གསུམ་ཐོགས་པ༔ མིག་འབྲུ་ཚུགས་སུ་ཧ་རེ་ལྟ་བ་གཅིག་འདུག༔ རྒྱལ་པོ་དེས་ན་རེ༔ ལྷ་ལྕམ་ཁྱོད་འདི་རུ་ཅི་བྱེད་པ་ཡིན༔ ངན་སོང་གི་གནས་ན་སྡུག་བསྔལ་འབའ་ཞིག་ཡོད་པ་ལ༔ བག་ཆགས་ངན་པ་བྱུང་བ་ཡིན་ཟེར༔ ལྷ་ལྕམ་གྱིས་ལན་བཏབ་པ༔ རྒྱལ་པོ་ཆེན་པོ་ཁྱོད་ཉོན་དང་༔ བསྐལ་པའི་བར་དུ་སྡིག་པའི་ལས་འབའ་ཞིག་བྱས་པའི་སྡིག་བློན་ཤན་ཏི་ཞེས་བྱ་བ་གཅིག་མིའི་ཡུལ་ནས་དམྱལ་བའི་ཁམས་སུ་སོང་ཟེར་བ་ཐོས་པས༔ དེའི་སྡུག་བསྔལ་གྱི་སྐལ་བ་དེ་བདག་གིས་ཁུར་ནས་སྡིག་བློན་དེ་བདེ་བའི་གནས་སུ་འདྲེན་དུ་འོངས་པ་ཡིན་པས༔ ཤན་ཏི་མི་ཡུལ་དུ་ཅི་ནས་ཀྱང་གཏོང་བར་ཞུ་ཞུས་པས༔ རྒྱལ་པོ་དེས་ན་རེ༔ ཁྱོད་དེ་སྐད་ཟེར་བ་དེ་ལེགས་ཏེ༔ ཁོ་རང་གིས་བསགས་པའི་ལས་ཡིན་པས་ཕན་པ་བྱས་ཚད་གནོད་པར་འགྱུར་གྱིས་འདུག༔ ངེད་ལ་གནོད་པའི་སེམས་མེད་དེ༔ ཁྱེད་ཀྱིས་སྡུག་བསྔལ་ཁུར་བས་སྡིག་ཅན་ཁོ་ལ་གནོད་དུ་འགྲོ༔ དེ་བས་ཞི་ཁྲོ་ན་རཀ་དོང་སྤྲུགས་ཤེས་ན་ཕན་སྟོབས་ཆེ་ཟེར༔
དེ་ནས་ལྷ་ལྕམ་གྱིས་ཏིང་ངེ་འཛིན་ཟས་སུ་གསོལ་ཞིང་བཞུགས་ནས༔ ལྕགས་ཀྱི་ཁང་པ་དེའི་སྒོ་དྲུང་དུ༔ ཞི་ཁྲོའི་དཀྱིལ་འཁོར་བརྒྱ་དང་བཞི་བཅུ་བཞེངས་པས་ལྕགས་ཀྱི་ཁང་པ་ཚལ་བར་ཞིག༔ ཚ་བ་དང་ལྡན་པའི་མེ་དང་མཚོན་ཆ་རྣམས་ཀྱང་དངོས་མེད་དུ་བརླགས༔ ཐམས་ཅད་བསིལ་དྲོད་དུ་བསྙམས་ཤིང་ལུས་ངག་ཡིད་གསུམ་བདེ་བ་དང་ལྡན་པར་གྱུར༔ ལས་ཀྱི་འདྲེ་དམག་རྣམས་ཀྱང་ཞི་བའི་འཛུམ་སྟོན་ཅིང་ཕན་པའི་གྲོགས་བྱེད་དེ༔ སྡིག་བློན་ཤན་ཏི་ལ་སོགས་དམྱལ་བའི་ཁམས་ཀྱི་མི་འབུམ་ཕྲག་ཁྲི་ཚོ་བཅུ་གཅིག༔ བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་སྐྱབས་སུ་སོང་ནས་བདེ་བའི་ཞིང་ཁམས་སུ་བཀོད་དོ༔
དམྱལ་བའི་དཔོན་གྱི་རྒྱལ་པོ་དེས་ཀྱང་༔ ལྷ་ལྕམ་ལ་ཕྱག་བྱས་ཏེ་འདི་སྐད་ཟེར༔ ཁྱོད་ནི་རྒྱལ་བ་ཀུན་ལས་ཀྱང་༔ ཐུགས་རྗེ་ཆེ་བའི་སེམས་མ་ཁྱོད༔ མི་ཡི་ཡུལ་དུ་བསྡད་པའི་ཚེ༔ ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་མང་དུ་ཞལ་ཕྱེས་ཤིག་ཟེར་ནས༔ དེ་ནས་ལྷ་ལྕམ་གྱིས་སྨོན་ལམ་དང་༔ ཐུགས་བསྐྱེད་ཆེན་པོ་བསྐྱེད་ནས༔ ཡར་ཡར་བྱོན་ནས་མཆིམས་ཕུའི་སྒྲིབ་ཁང་སྒོ་དྲུང་དུ་ཆགས་ཕེབས་པའི་ཚེ༔ སྔོན་དུ་ལུང་བསྟན་པའི་ཁྲོ་བོ་དེ་ཡང་སྒོ་དྲུང་དུ་ཀྲོང་ངེ་བཞུགས་ནས༔ ཁྲོ་བོ་དེས་གསུངས་ནས༔ ལྷ་ལྕམ་ཁྱོད་ཀྱིས་སྡིག་བློན་ཤན་ཏི་དམྱལ་བའི་ཁམས་ནས་ཐོན་ནམ་གསུངས༔
ལྷ་ལྕམ་གྱིས་ཞུས་པ༔ སྡིག་བློན་ཤན་ཏི་ལ་སོགས་ཏེ་དམྱལ་བའི་མི་མང་པོ་བདེ་བ་ལ་བཀོད་ནས་ཡོད་ཞུས་པས༔ ཁྲོ་བོ་ཆེན་པོ་དེའི་གསུངས་ནས༔ ཁྱོད་ནི་རྟོགས་པ་ཀློང་དུ་གྱུར་ནས་ཆོས་ཉིད་མཁའ་ལ་རིག་པ་ཡེ་ཤེས་ཤུགས་ཀྱིས་འགྲོ༔ ཐུགས་རྗེས་འགྲོ་བ་སྣ་ཚོགས་འཚོ་ཞིང་༔ སྡུག་བསྔལ་ཀུན་ལས་རྒྱལ་བར་གྱུར་པ་ཡིན་པས་བདག་ཉིད་ཧེ་རུ་ཀ་ལ་སོགས་ཏེ༔ ཞི་ཁྲོ་རྒྱལ་བ་ཀུན་ལས་ཐུགས་རྗེའི་དཔུང་ཆེ་བ་ཡིན་པས༔ མཚན་ཀྱང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་སུ་གསོལ་གསུངས་ནས༔ ཁྲོ་བོ་དེ་ཉིད་མི་དམིགས་པར་མཚོ་རྒྱལ་གྱི་ཐུགས་ཀར་ཐིམ་མོ༔
ཨོ་རྒྱན་ཆེན་པོས་ཀྱང་མཚོ་རྒྱལ་ལ་བསྟོད་པ་མཛད་པ༔ མཚན་ཉིད་ལྡན་པའི་མཁའ་འགྲོ་ཁྱོད༔ རྒྱལ་བ་ཀུན་རྣམས་བསྐྱེད་པའི་ཡུམ༔ བདེ་གཤེགས་ཀུན་གྱི་དཔུང་ཆེ་བའི༔ འགྲོ་དྲུག་ཀུན་གྱི་བྱམས་མགོན་ཡུམ༔ བདག་འདྲ་པདྨའི་ཡོན་ཏན་ཀྱང་༔ ང་ལ་མ་བྱུང་ཁྱེད་ལ་བྱུང་༔ ཁྱེད་ནི་ཡོན་ཏན་ཀུན་འབྱུང་མ༔ བདེ་བར་སྟེར་རོ་དངོས་གྲུབ་མཛོད༔ ལྷུན་གྲུབ་ཚེ་ཡི་རིག་འཛིན་རྙེད༔ ཚེ་གཅིག་འདི་ལ་ཟག་མེད་རྫོགས༔ འཁོར་བ་དོང་ནས་མ་སྤྲུགས་པར༔ སྤྲུལ་པའི་ཞིང་ཁམས་རྒྱུན་མི་ཆད༔ མཛད་པའི་ཐུགས་རྗེས་ཅིར་ཡང་སྤྲུལ༔ ཀུན་བཟང་མ་ཡི་རིགས་མཆོག་ཁྱོད༔ བདེ་ཆེན་ལྷུན་གྲུབ་འཁྱིལ་པ་མོ༔ མཚུངས་མེད་མཁའ་འགྲོ་ཁྱོད་ལ་བསྟོད༔ ཅེས་བསྟོད་དོ༔ ལྷ་ལྕམ་གྱིས་དམྱལ་བའི་ཁམས་ནས་འགྲོ་བ་བཏོན་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ལེའུ་དྲུག་པ།
དེ་ནས་མཚོ་རྒྱལ་ལ༔ ཨོ་རྒྱན་ཆེན་པོས་ལུང་བསྟན་པས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཁྱོད༔ རང་སྣང་ཙམ་དུ་ཚེ་གཅིག་འདི་ལ༔ དཔལ་ཀུན་ཏུ་བཟང་མོ་དང་གོ་འཕང་མཉམ་ནས༔ གཞན་སྣང་གང་ལ་གང་འདུལ་དུ་སྤྲུལ་པ་ཇི་སྙེད་ཅིག་མཛད་ནས༔ ཁྱོད་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་གཅིག་འབྱུང་༔ འཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེར་སྤྲུལ་ནས༔ གང་ལ་གང་འདུལ་དུ་སྟོན་ཅིང་༔ འབྲེལ་ཚད་ཆོས་ཉིད་ཟད་པའི་ས་ལ་འགོད་པར་འགྱུར༔ མདོར་ན་འཁོར་བ་དོང་ནས་སྤྲུགས་མ་ཐུབ་ཀྱི་བར་དུ༔ ཁྱེད་ཀྱི་སྤྲུལ་པ་འཛད་པ་མེད་དོ༔ ཁྱད་པར་དུ་ཐུབ་པའི་བསྟན་ཞབས་སྙིགས་མ་ལྔ་བདོ་བའི་དུས་སུ༔ ཁྱོད་ཀྱི་སྐུའི་སྤྲུལ་པ་རིགས་ལྔ་རྟག་ཏུ་མངའ་གསོལ་ནས་འབྲེལ་ཚད་དོན་དང་ལྡན་པ་གཅིག༔ གངས་ཅན་བོད་ཀྱི་དབུས་སུ་འབྱུང་༔ གསུང་གི་སྤྲུལ་པ་བླ་མ་མཁའ་འགྲོ་མངའ་གསོལ་བས༔ འབྲེལ་ཚད་དོན་དང་ལྡན་པ་གཅིག་ནུབ་ཕྱོགས་གཙང་གི་དབུས་སུ་འབྱུང་༔ ཐུགས་ཀྱི་སྤྲུལ་པ་དཀོན་མཆོག་གསུམ་གྱི་མངའ་གསོལ་བས༔ འབྲེལ་ཚད་མཁའ་སྤྱོད་དུ་ཁྲིད་པ་གཅིག་ཤར་ཕྱོགས་ཀོང་པོའི་ཡུལ་དུ་བྱོན༔ ཁྱོད་ཀྱི་ཡོན་ཏན་གྱི་སྤྲུལ་པ་མཐོང་བ་དོན་ཡོད་མ༔ དཔའ་བོ་རིགས་ལྔས་མངའ་གསོལ་བའི་ངང་རྒྱུད་ཅན་གཅིག་ལྷོ་ནུབ་ཀྱི་མཚམས་སུ་འབྱུང་༔ ཁྱོད་ཀྱི་ཕྲིན་ལས་ཀྱི་སྤྲུལ་པ་དོན་ཡོད་མ༔ དཀོན་མཆོག་གསུམ་གྱི་མངའ་གསོལ་བས་ངང་ཚུལ་མཛེས་འོད་མཚན་དང་དཔེ་བྱད་ལྡན་མ་གཅིག་བྱང་ཕྱོགས་ཁ་བའི་ཡུལ་ཞེས་བྱ་བ་ན་འབྱུང་༔ མཚོ་རྒྱལ་ཁྱོད་ཀྱིས་ཞུས་པའི་གདམས་པ་ཟབ་ཆོས་རྣམས་དཀར་ཆག་ཏུ་བཏབ་ནས་གཏེར་དུ་སྦས་ནས་སྨོན་ལམ་བཏབ་ལ༔ ཁྱོད་ཀྱི་སྤྲུལ་པ་རྣམས་དང་དུས་མཚུངས་ནས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ༔ བདག་འདྲ་པདྨ་འབྱུང་གནས་ཀྱི་སྤྲུལ་པ་ཡང་མང་དུ་འབྱུང་༔ གསང་སྔགས་ཐེག་པ་ཆེན་པོའི་ཆོས་རྣམས་ཀྱང་དར་ཆ་ཡུད་ཙམ་འབྱུང་༔ ཉམས་ལེན་ལ་མོས་པ་ཡང་ཡུད་ཙམ་འབྱུང་༔ ལར་ཡང་བོད་འབངས་འདི་ལ་ཁྱོད་ཀྱི་དྲིན་ཡོད་དོ༔ སྐལ་ལྡན་མིན་པ་ལོག་ལྟ་ཅན་རྣམས་ཀྱིས་མི་གོ༔ ཁྱོད་ཀྱིས་པདྨ་ངའི་བཀའ་ལ་མངོན་ལྐོག་མེད་པར་ཟབ་ཆོས་ཀྱི་གདམས་པ་ཐམས་ཅད་ཉམས་སུ་བླངས་པས༔ ཚེ་འདིར་ཟག་པའི་སྒྲིབ་པ་ཟད་ནས་ཟག་མེད་ཚེའི་དངོས་གྲུབ་བརྙེས་པས༔ མི་ལོ་དྲུག་ཅུའི་བར་དུ་གཞོན་ནུའི་ལུས་དང་ལྡན་ནས་སྤྲུལ་པའི་གཟུགས་སུ་ཞིང་ཁམས་དེར་བཞུགས༔ དེ་ནས་ཟག་མེད་བདེ་བ་ཆེན་པོའི་དབྱིངས་སུ་འབྱུང་༔ ལྷ་ལྕམ་གྱི་ལུང་བསྟན་ཐོབ་པའི་ལེའུ་སྟེ་དྲུག་པའོ༔ ས་ཡ་ཡ༔ རྒྱ་རྒྱ་རྒྱ༔
ལེའུ་བདུན་པ།
དེ་ནས་མཚོ་རྒྱལ་ལ༔ ཨོ་རྒྱན་གྱིས་རྗེས་སུ་གནང་བའི་བཀའ་དྲིན་ལུང་བསྟན་ཏེ༔ དེ་རྣམས་ཀྱི་རྒྱབ་ཆོས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བདག་གི་སྤྲུལ་པ་དང་༔ ཁྱེད་ཀྱིས་གནང་བའི་གདམས་པ་རྣམས་དུས་གཅིག་ལ་འཛོམས་ཏེ༔ སྟོན་པ་དང་བསྟན་པའི་ཚུལ་གྱིས་མ་འོངས་པའི་སེམས་ཅན་རྣམས་སྨིན་གྲོལ་ལ་འཁོད་ནས༔ ཐམས་ཅད་དཀར་ཆག་ཏུ་བཏབ་སྟེ་ཟབ་མོའི་གཏེར་དུ་སྦས་ན་རུང་ལགས༔ གདམས་པ་འདི་རྣམས་ཀྱིས་ཕན་ཐོགས་པའི་དུས་སུ་བསྟན་པའི་འཕོ་འཆུག་ཅི་འདྲ་འོང་༔ ཆོས་བདག་བཟང་ངན་ཅི་འདྲ་འོང་༔ མཐར་སེམས་ཅན་བདེ་བར་ཅི་ཙམ་འཁོད༔ བཀའ་གནང་བར་ཞུ་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ མཁའ་འགྲོ་མཚོ་རྒྱལ་ཁྱོད་ཉོན་ཅིག༔ བདག་འདྲ་པདྨས་གནང་བའི་ཟབ་ཆོས་རྣམས་དང་༔ སྒོམ་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་ཁྱོད་རང་ལ་ཞུས་པའི་རྣམ་ཐར་རྣམས་དང་༔ བསྟན་པ་སྤྱིའི་ལུང་བསྟན༔ གཏེར་གྱི་ཁ་བྱང་ལྡེ་མིག༔ གང་ཟག་སྒོས་ཀྱི་ལུང་བསྟན་དང་བཅས་པ་དཀར་ཆག་ལ་ཐོབ་ལ་བཀའ་རྒྱ་དང་བཅས་པས་ཐོབ་ལ་གཏེར་དུ་སྦས་ནས་སྨོན་ལམ་བཏབ་པས༔ མ་འོངས་པའི་སྐལ་ལྡན་རྣམས་ལ་ཤིན་ཏུ་དྲིན་ཆེ་བས༔ དམ་ཆོས་འདི་རྣམས་ཀྱིས་འགྲོ་བ་སྨིན་པའི་དུས་སུ༔ སངས་རྒྱས་ཀྱི་བསྟན་པ་ཉམས་པས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཡང་ཆག༔ ཆོས་ཁྲིམས་དར་གྱི་མདུད་པ་ཡང་ཞིག༔ བློན་པོ་ཁྲིམས་ཀྱི་སྒྲོ་བ་ཡང་རལ༔ མི་ཆོས་སོག་མའི་ཕོན་ཐག་ཀྱང་ཆད༔ དཀོན་མཆོག་བསྟན་པའི་འོད་ཟེར་ཀྱང་ནུབ༔ ཉན་ཐོས་ཚུལ་ཁྲིམས་ཀྱི་མཁར་པོ་ཡང་ཞིག༔ བྱམས་སེམས་བསླབ་པའི་སྡོང་པོ་འགྱེལ༔ གསང་སྔགས་དམ་ཆོས་ཀྱི་རྫིང་བུ་ཡང་རྡོལ་བསྐམ༔ ཕས་ཟེར་བུས་མི་ཉན༔ རྗེས་ཟེར་འབངས་ཀྱིས་མི་ཉན༔ དཔོན་ཟེར་གཡོག་གིས་མི་ཉན༔ ལྟ་བ་སྐྱེ་དམན་མཐོ༔ ཆོས་སྐད་སྐྱེ་བོས་གཏོང་༔ ཟས་སུ་མནའ་ཟ༔ སྐོམ་དུ་དུག་འཐུང་༔ གོས་སུ་ཁྲབ་གོན༔ གྲོགས་སུ་ཟོག་པོ་བརྟེན༔ ནོར་དུ་སྡིག་པ་གསོག༔ སློབ་དཔོན་གྱིས་དམག་དཔོན་བྱེད༔ སློབ་བུ་དགྲ་རུ་ལྡང་༔ མཁན་པོས་ཁྲལ་དཔོན་བྱེད༔ དགེ་སློང་གིས་མཚོན་ཆ་འཛིན༔ གྲུབ་ཐོབ་གྲོང་ཡུལ་འགྲིམ༔ ཟོག་པོ་ཀུན་ཏུ་འགྲིམ༔ ཆོས་བྱེད་བདུད་ཀྱིས་བསླུ༔ བཟང་ལན་ངན་གྱིས་འཇལ༔ བཀའ་ལ་ར་ཆོད་བྱེད༔ རྟེན་རྣམས་མགོ་མཇུག་ཟློག༔ གཙུག་ལག་ཁང་ལ་འཐབ་རས་བསྐོར༔ མིང་སྲིང་ངོ་ཚ་ཤོར༔ ཕ་སྤུན་དམེ་འཁྲུག་དར༔ མི་སྨྱོན་དང་ཁྱི་སྨྱོན་འོང་༔ ནད་རིམས་ཀྱི་ཆར་བ་འབབ༔ སད་སེར་གྱི་མཚོན་རླུང་རྡོལ༔ ལྟས་ངན་དང་མུ་གེའི་སྐར་ཚོགས་འཁྲུགས༔ མི་རྣམས་ནི་མི་དྲན་དགུ་དྲན་འབྱུང་༔ མི་བྱེད་དགུ་བྱེད་འབྱུང་༔ མི་སྡུག་པ་སྣ་ཚོགས་འབྱུང་༔ མི་རུང་བ་སྣ་ཚོགས་འབྱུང་༔ སེམས་ཅན་རྣམས་ངན་ལྟོས་མང་༔ ལོག་པའི་བདུད་སྤྲུལ་རྣམས་ཁ་རྒྱལ་བར་འགྱུར༔ དེའི་དུས་སུ་སེམས་ཅན་རྣམས་ལ་སྐྱབས་མེད་པས༔ མཚོ་རྒྱལ་གྱི་སྤྲུལ་པ་དང་༔ པདྨའི་སྤྲུལ་པས་འགྲོ་བ་ཡོངས་སུ་སྐྱོབ་ཅིང་༔ སྨིན་གྲོལ་ལ་འགོད་པ་འབྱུང་ངོ༔ ཁྱད་པར་པདྨའི་ཟབ་ཆོས་སྤྱོད་པའི༔ ཁྱོད་ཀྱི་རྣམ་ཐར་འཛིན་པའི༔ འབྲེལ་ཚད་དོན་དང་ལྡན་པ་ལྔ་ཙམ་འོང་སྟེ་བོད་གངས་ཅན་ཁྲོད་དུ་འབྱུང་༔ ད་ལྟའི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འདི༔ སྐྱེ་བ་མང་དུ་སྤྱོད་པའི་མཐའ་མར་ལྷོ་མོན་གྱི་མཚམས་ཆོས་ཀྱི་དབང་ཕྱུག་ཅེས་པར་གྲགས༔ སེམས་ཅན་གྱི་དོན་བྱེད་པར་འགྱུར༔ དེ་ནི་སྐྱེ་མཐའི་སངས་རྒྱས་ཡིན༔ ད་ལྟའི་སྔགས་འཆང་མཆོག་གྲུབ་རྩལ་ནི༔ སྐྱེ་བ་མང་དུ་སྤྱོད་པའི་མཐའ་མར༔ གྲ་བོང་བ་པར་ཞེས་པའི་ལུང་པ་རུ༔ ཨོ་རྒྱན་གླིང་པ་ཞེས་པར་གྲགས༔ སེམས་ཅན་གྱི་དོན་བྱེད་པར་འགྱུར༔ དེའང་སྐྱེ་མཐའི་སངས་རྒྱས་ཡིན༔ ད་ལྟའི་ལྷ་ལྕམ་གསལ་ལེ་འདི༔ སྐྱེ་བ་མང་དུ་སྤྱོད་པའི་མཐར༔ མོན་པ་བུམ་པའི་ཐང་ཞེས་པའི་སར༔ དྲི་མེད་འོད་ཟེར་ཞེས་བྱ་བར་གྲགས་ཏེ༔ སེམས་ཅན་གྱི་དོན་བྱེད་པ་འགྱུར༔ དེ་ཡང་སྐྱེ་མཐའི་སངས་རྒྱས་ཡིན༔ ད་ལྟའི་ལེགས་སྨན་བཟང་མོ་འདི༔ སྐྱེ་བ་མང་དུ་སྤྱོད་པའི་མཐར༔ བཀྲ་ཤིས་གཤོང་ལུང་ཞེས་པའི་ཡུལ་དུ༔ པདྨ་བཛྲ་ཞེས་སུ་གྲགས་ཏེ༔ སེམས་ཅན་གྱི་དོན་བྱེད་པ་འབྱུང་༔ དེ་ཡང་སྐྱེ་མཐའི་སངས་རྒྱས་ཡིན༔ ད་ལྟའི་སྒོམ་ཆེན་སངས་རྒྱས་ཡེ་ཤེས་འདི༔ ཨོ་རྒྱན་ངའི་ཐུགས་ཀར་ཐིམ་སྟེ་ཟག་མེད་དུ་སངས་རྒྱས་ཀྱང་གཞན་སྣང་ཡང་མོས་པའི་ཡུལ་དུ༔ གྲ་མདའ་ཁང་དམར་ཞེས་པའི་སར༔ དྲི་མེད་ཀུན་དགའི་སྙིང་པོ་ཞེས་སུ་གྲགས་ཏེ༔ སེམས་ཅན་མང་པོའི་དོན་བྱེད་དོ༔ ཁྱད་པར་མཚོ་རྒྱལ་ཁྱོད་ཀྱི་ཐུགས་བཅུད་ལོངས་སྤྱོད་ནས་སྐྱེ་འགྲོ་འབུམ་ཕྲག་མཐའ་ཡས་པ༔ ལྷུན་གྲུབ་རིག་འཛིན་གྱི་ས་ལ་འགོད་པར་འགྱུར་རོ༔ གསུངས༔
དེ་ནས་ཨོ་རྒྱན་ཆེན་པོ་དང་༔ མཚོ་རྒྱལ་གཉིས་དབྱེར་མེད་དེ་ལོ་དྲུག་ཅུའི་བར་དུ་སྤྲུལ་པ་སྐུའི་ཞིང་ཁམས་ཉུལ༔ དེ་ནས་ཨོ་རྒྱན་ལྷོ་ནུབ་ཏུ་མ་བྱོན་བར་དུ༔ གང་ལ་གང་འདུལ་གྱིས་སྤྲུལ་ནས་བླ་ན་མེད་པའི་འཁོར་ལོ་བསྐོར༔ དེ་ནས་ས་ཕོ་སྤྲེལ་ལོའི་ཟླ་བ་ཚེས་བཅུའི་སྔ་དྲོའི་ཉིན་པར་ཉི་ཟེར་གྱི་རྟ་ལ་བཅིབས་ནས༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དུ་བྱོན་ནས་ཡོངས་སུ་ཨོ་རྒྱན་གྱི་རྒྱ་གར་ནུབ་ཏུ་མི་ལོ་སུམ་སྟོང་བཞུགས་སོ༔ བོད་དུ་མི་ལོ་བརྒྱ་དང་བཅུ་གཅིག་གི་བར་དུ་བཞུགས༔ མཚོ་རྒྱལ་གྱིས་ཨོ་རྒྱན་བོད་ཡུལ་དུ་ཆགས་ཕེབས་ནས་མི་ལོ་གསུམ་སོང་ནས༔ ཆགས་ཕྱིར་བསྙེགས་ཏེ༔ ལྷོ་ནུབ་ཏུ་མ་བྱོན་བར་དུ་ཞབས་ཏོག་མཛད་དོ༔ གཞོན་ནུའི་དུས་སུ་ལོག་རྟོག་གི་བདུད་བཏུལ༔ ལང་ཚོ་དར་བའི་གོང་ལ་བདེ་སྟོང་དུ་མཉམ་པར་བཞག༔ མཐར་ཐུག་མཁའ་འགྲོ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པར་སངས་རྒྱས་སོ༔ ལྷ་ལྕམ་གྱི་བསྟན་པ་མཆོག་ཏུ་རྒྱས་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཨེ་མ་མཚོ་རྒྱལ་ང་ཡི་རྣམ་ཐར་འདི༔ སྒོམ་ཆེན་སངས་རྒྱས་ཡེ་ཤེས་ཀྱིས༔ མོས་པར་ཞུས་པའི་ངོས་མ་བཟློག༔ སྐལ་ལྡན་དོན་དུ་ཡི་གེར་བཏབ༔ ཕྱི་རབས་དོན་དུ་གཏེར་ལ་སྦས༔ སྣོད་མེད་རྣམས་ལ་གསང་བར་བྱ༔ ཅལ་ཅོལ་སྨྲ་ན་དམ་ཚིག་ཉམས༔ མཁའ་འགྲོ་སྡེ་བཞིས་ཐུབ་པར་སྲུངས༔ ཁྱུ་མཆོག་དེ་ལ་དུས་སུ་གཏོད༔ གཏད་དོ་གཉེར་རོ་ས་མ་ཡ༔ གཏད་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔ མཁའ་འགྲོ་མཚོ་རྒྱལ་གྱི་རྣམ་ཐར༔ ཨོ་རྒྱན་དྲི་མེད་ཀུན་དགས་གཏེར་ནས་བཏོན་པའོ།། །།
འཁོར་བའི་མུན་ནག་གླིང་རུམ་ན། །མཚོ་རྒྱལ་སྐུ་གསུམ་ཉི་མ་ཤར། །ཁམས་གསུམ་སེམས་ཅན་མུན་སྨག་རྣམས། །འོད་ཟེར་གཅིག་གིས་གསལ་བར་བྱས། ། འོན་ཀྱང་སྐལ་མེད་ཆོས་ཅན་རེ། །གསལ་བའི་ནང་ནས་མུན་པ་ཉུལ། །ཉི་མ་ཤར་ཚེ་སྙིང་མེད་སྡུག །དེ་བཞིན་ཆེ་འགིང་ཟུར་ཟ་ཅན། །ཆོས་མེད་འཆི་ཁ་ནངས་པར་སྡུག །མི་ལུས་རིན་ཆེན་ཐོབ་པའི་དུས། །འཛམ་གླིང་སྟོང་སྐོར་མ་བྱས་ནས། ། དམ་ཆོས་མཛད་ན་ལེགས་པར་སེམས། །ཅི་འགལ་འཁྲུལ་བྱུང་ན་བཟོད་པར་གསོལ། །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། རྫོགས་སོ།། །།