← Search

མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།

ཨ་པཾ་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ། སྟག་ཤམ་ནུས་ལྡན་རྡོ་རྗེ། གཏེར་ཆེན་པདྨ་གླིང་པ། ཀོང་སྤྲུལ་པདྨ་གར་དབང་བློ་གྲོས་མཐའ་ཡས། གཏེར་སྟོན་ཨོ་རྒྱན་ཤེས་རབ། ཨོ་རྒྱན་རིན་ཆེན་གླིང་པ།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སྐོར་བཞུགས།

ཡེ་ཤེས་མཁའ་འགྲོའི་རྣམ་ཐར་བསྡུས་པ་ཨུཏྤལ་ཕྲེང་བ། ཨ་པཾ་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་གཏེར་མ།

༄༅། །ཟབ་ཏིག་དགོངས་པ་འདུས་པ་ལསཿ ཡེ་ཤེས་མཁའ་འགྲོའི་རྣམ་ཐར་བསྡུས་པ་ཨུཏྤལ་ཕྲེང་བ་བཞུགས་སོཿ

རྒྱ་གར་སྐད་དུཿ ན་མོ་ཌཱཀྐི་ཛྙཱ་ན་སཾ་ག་རཿ བོད་སྐད་དུཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོཿ ཨེ་མ་ཧོཿ ངོ་བོ་ཀ་དག་བཟང་མོ་ཡུམ་ཆེན་དབྱིངསཿ རང་བཞིན་ལྷུན་གྲུབ་སྒྱུ་འཕྲུལ་མཁའ་འགྲོའི་ཚོགསཿ ཐུགས་རྗེ་ཟུང་འཇུག་ཡེ་ཤེས་མཚོ་རྒྱལ་ལཿ རྟག་ཏུ་མི་ཕྱེད་དད་པས་ཕྱག་འཚལ་ལོཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་འདི་ཉིད་ཀྱིསཿ འཇིག་རྟེན་འདི་དང་ཞིང་ཁམས་བསམ་ཡས་སུཿ རྫུ་འཕྲུལ་མཛད་པ་ཚད་བཟུང་ལས་འདས་ཀྱངཿ འདི་རུ་ཤིན་ཏུ་བསྡུས་ཏེ་ཅུང་ཟད་བསྟནཿ སྐྱེ་མེད་ཆོས་སྐུ་རྒྱལ་ཡུམ་ཀུན་བཟང་མོཿ འགགས་མེད་ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མཿ སྤྲུལ་སྐུའི་རོལ་རྩལ་ཌཱཀྐི་དབྱངས་ཅན་ཞེསཿ ཁ་བའི་ལྗོངས་འདིར་གདུལ་བྱ་དུས་བབས་ཚེཿ གཟིགས་སྟངས་དང་བཅས་བརྡ་རྟགས་འཇའ་ཐིག་ཚུལཿ ཡབ་མིང་མཁར་ཆེན་དྲན་པ་ནམ་མཁའ་དངཿ ཡུམ་མིང་གནུབས་མོ་དགེ་མ་འབུམ་ཞེས་པརཿ སྒྲགས་གྲོང་མེ་ཕོ་སྤྲེལ་ལ་ལྷུམས་སུ་ཞུགསཿ གནས་ཁང་ཕྱོགས་ལྔར་ཨུཏྤལ་ཁ་དོག་ལྔཿ ཕུབ་ཙམ་དྲི་བསུང་འོད་ཀྱིས་འཇིག་རྟེན་ཁྱབཿ ཉི་ཟླས་རྒྱན་བྱེད་བདུད་རྩིའི་ཟས་ལ་སྤྱོདཿ འདོད་འབྱུང་ནོར་རྙེད་སྟོང་གསུམ་ཞིང་དུ་རྨོཿ དེ་སོགས་ཡབ་ཡུམ་རྨི་ལྟས་དྲུག་དྲུག་བྱུངཿ རྒྱབ་རིའི་བྲག་ལ་ཧཿརིཿནིཿསཿཤརཿ ཡང་རྫོང་ཕུག་ཏུ་མཁའ་འགྲོའི་སྐུ་བརྙན་སྣངཿ དུས་བཟང་དཔའ་བོ་མཁའ་འགྲོས་མངོན་སུམ་མཆོདཿ དབང་ཆེན་བྱ་ལོ་གླང་ཟླའི་ཉེར་ལྔའི་དུསཿ འཇའ་འོད་དྲ་བས་དབུས་གཙང་གླིང་དགུ་འབྲེལཿ དྲི་ཞིམ་ངད་པས་ཕྱོགས་རྣམས་ཐམས་ཅད་ཁྱབཿ ཡུམ་ལ་བསྙུན་མེད་བདེ་སྟོང་ལྡན་པའི་ངངཿ མགོ་མཇུག་མ་ལྡོག་ལེགས་པར་བཙས་མ་ཐགཿ ཡབ་ཡུམ་བསྙུན་གསོལ་ཕྱག་ཀྱང་ལན་གསུམ་འཚལཿ འཇམ་དཔལ་སྒྱུ་འཕྲུལ་དུམ་པུ་ཚར་གཅིག་བཀླགསཿ ལྟེ་བ་གཅོད་ཚེ་ངོ་མཚར་ཚིག་བཞི་བྱུངཿ དབུ་སྐྲ་ལྕང་ལོས་སྟོད་ཁེབས་ཚེམས་ཕྲེང་དཀརཿ པདྨའི་འདབ་ལྟར་སྲབ་མཉེན་ལྗགས་སྟེང་ཧྲཱིཿ ཤིན་ཏུ་རྣམ་མཛེས་སྤྱན་གསུམ་ཁྲ་ཧྲིག་འདུགཿ ཁང་པའི་སྒོ་དྲུང་གཡུང་དྲུང་རིས་སུ་བྱོནཿ དེ་ལ་མེ་ཏོག་སྣ་ཚོགས་དེ་བཞིན་འཁྲུངསཿ ལྷ་རྣམས་རོལ་མོའི་སྒྲ་བསྒྲགས་མཆོད་སྤྲིན་བཅསཿ སྤྲིན་དཀར་ཀློང་ནས་མངོན་སུམ་མཆོད་ཅིང་བལྟཿ གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱིསཿ མེ་ཏོག་ཆར་ཕབ་བདུད་རྩིའི་ཁྲུས་ཆབ་གསོལཿ རྒྱ་མཚོའི་གོས་ཀྱང་རྣམ་པ་དྲུག་ཏུ་གཡོསཿ སྒྲགས་མདའི་ཆུ་མིག་དེ་ནུབ་མཚོ་རུ་རྡོལཿ ནངས་བར་མཚོ་ལ་འཇའ་འོད་དྲ་བའི་འབྲེལཿ མཚོ་དེའམ་བླ་ཕྱོགས་ཤ་མ་སྦས་པའི་སརཿ ཙནྡན་སྡོང་པོ་ཧཿརིཿནིཿསའི་སྔགསཿ ལོ་འདབ་བརྒྱན་པ་ཤད་ཀྱིས་སྐྱེས་པར་གྱུརཿ གྲོང་རྣམས་ལྟད་མོར་འདུས་ཏེ་ངོ་མཚར་གླེངཿ འོན་ཀྱང་དཔྲལ་བའི་མིག་འདིར་ཐེ་ཚོམ་ཡོདཿ ཅེས་སྨྲས་ཉིད་ཀྱིས་ཕྱག་གཡོན་བཀབ་པའི་མོདཿ ཟུམ་ཞེས་གསུངས་འཕྲལ་དེ་ཡང་འཇའ་ལྟར་ཡལཿ སླར་ཡང་སྤྱན་ཟུང་ལས་ནི་འོད་ཟེར་གཉིསཿ འཕྲོས་ཏེ་སྦས་ལུང་དང་ནི་ལབ་ཏུ་སོངཿ ཟླ་ཞག་སྐྱེད་འཕེལ་ཡ་མཚན་གཞན་ལས་ཆེཿ མཐོང་བས་ཡིད་འཕྲོག་ལྷ་ཡི་བུ་མོ་འདྲཿ བཅུ་གཅིག་ལོན་ཚེ་སྡིག་བློན་ཤནྟི་ཡིཿ ཆུང་མ་བྱེད་སྨྲས་དྲག་ཐབས་བཙོན་དུ་བཟུངཿ རྐང་ལག་ལྕགས་རྒྱབ་ཁང་བ་སྒོ་འཆར་བཅུགཿ ཞག་སོང་བལྟས་པས་མ་མཐོང་འོད་དམར་འཁྲིགསཿ སླར་ཡང་བལྟས་པས་མདའ་གང་ནམ་མཁའ་ལཿ གཟི་བརྗིད་ལྟར་མི་བཟོད་སྤྲུལ་སྐྱིལ་ཀྲུང་བཞུགསཿ ལྕགས་སྒྲོག་ཞི་བའི་ཐིགས་པ་ཧྲིལ་ཧྲིལ་འབབསཿ དེ་མཐོང་སྡིག་བློན་ཤནྟི་ཁྲོས་ནས་སུཿ འདི་ནི་བདུད་དབང་བགེགས་ཀྱིས་བརླབས་སོ་སྨྲསཿ དྲག་ཤུལ་ང་རོས་སྐུ་ལ་བརྡུངས་བརྡེགས་བྱསཿ དེ་ནུབ་བཙོན་སྲུང་གོ་མཚོན་ལྡན་པ་འགསཿ བསླངས་ཀྱང་ནངས་བར་ཉི་མའི་ཟེར་དང་འགྲོགསཿ ལྭ་བ་དཀར་གསོལ་བདེན་མོད་མགུར་དབྱངས་བཅསཿ སྒོ་ཕྲེང་ལྔ་ལ་ཟང་ཐལ་ཚལ་དུ་བྱོནཿ མཁར་ཆེན་གདོང་དུ་ཕ་བོང་དཀར་པོ་ལཿ སྐུ་ཞབས་རྗེས་ཀྱང་ཤིན་ཏུ་གསལ་བོར་བཞགཿ མངའ་བདག་རྒྱལ་པོའི་དྲུང་དུ་ཐབས་ཀྱིས་བྲོསཿ མཁན་ཆེན་བོ་དྷི་ས་ཏྭ་ལ་སོགས་པའིཿ དམ་པ་མང་པོས་རྡོ་རྗེའི་གསུང་གིས་བསྔགསཿ དཔལ་གྱི་དབང་ཕྱུག་དྲུང་ནས་ཡི་གེར་སློབཿ ལོ་ལྔར་རིག་གནས་ཀུན་བསླབ་མཁས་པར་སྦྱངསཿ ཆུ་མིག་མཚོར་བྱུང་མཚན་དུ་མཚོ་རྒྱལ་གསོལཿ མངའ་བདག་བཙུན་མོ་མཁར་ཆེན་བཟའ་ཞེས་གྲགསཿ མཚོ་རྒྱལ་རྣམ་ཐར་ཨུཏྤལ་ཕྲེང་བ་ལསཿ འཇིག་རྟེན་མཛད་མཐུན་ལེའུ་དང་པོའོཿ

ཨེ་མ་ཧོཿ དེ་ནས་གུ་རུ་དུས་གསུམ་མཁྱེན་པ་རྗེཿ སྨོན་ལས་མཐུ་ཡིས་བོད་དུ་སྤྱན་དྲངས་ཤིངཿ ས་གཞི་བྱིན་རླབས་སྐུ་རྟེན་གཙུག་ལག་ཁངཿ གསུང་རྟེན་དམ་ཆོས་ཐུགས་རྟེན་དགེ་འདུན་སྡེ༔ རྨད་བྱུང་སངས་རྒྱས་བསྟན་པ་ཕུན་ཚོགས་མཛདཿ མུན་པའི་གླིང་དུ་ཉི་ཟླ་ཤར་བ་བཞིནཿ འཕགས་ཡུལ་ལོ་པཎ་མདོ་སྔགས་དམ་ཆོས་བསྒྱུར། དེ་ཚེ་མངའ་བདག་རྒྱལ་པོས་ཚེ་གཅིག་འདིར། སངས་རྒྱས་གདམས་པའི་སྨིན་གྲོལ་གསང་སྔགས་ཆོསཿ ཞུ་བའི་ཆེད་དུ་བཀའ་དྲིན་གསོ་བའི་ཕྱིརཿ བཅུ་དྲུག་གཞོན་ནུ་མ་སོགས་རྒྱལ་སྲིད་བདུནཿ གུ་རུ་ཉིད་ལ་ཕུལ་བས་དགྱེས་བཞིན་དུཿ རྒྱལ་པོར་འཕྲད་ཆོག་ཟབ་གནད་མང་པོ་གནངཿ མཚོ་རྒྱལ་བརྩེ་བ་ཆེན་པོས་རྗེས་སུ་བཟུངཿ ཏི་སྒྲོའི་ཚོགས་ཁང་བདེ་སྟོང་ཡེ་ཤེས་བསྒོམསཿ དབང་བསྐུར་རྒྱུད་བཤད་རྒྱུད་ནི་སྨིན་གྲོལ་མཛདཿ སླར་ཡང་མཆིམས་ཕུ་གེའུའི་བྲག་ཕུག་བྱོནཿ འཆི་མེད་མགོན་པོ་བསྒྲུབས་པས་ཚེ་དབང་གྲུབཿ དེ་ནས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུཿ གུ་རུ་ཉིད་ཀྱིས་སྒྲུབ་ཆེན་བཀའ་བརྒྱད་ཀྱིཿ དཀྱིལ་འཁོར་ཞལ་ཕྱེས་རྗེ་འབངས་ཉེར་ལྔ་ལཿ སྨིན་བྱེད་དབང་བསྐུར་མེ་ཏོག་གར་བབ་བརྟགསཿ ཉིད་ཀྱི་མེ་ཏོག་བྱང་གི་དལ་དུ་བབསཿ བི་ཏོ་ཏ་མའི་ཟབ་གནད་ཀུན་བསྡུས་ནསཿ བསྐྱེད་རྫོགས་ཟུང་འཇུག་བསྟན་ནས་ཉམས་སུ་བླངསཿ ཟླ་བ་དྲུག་ནས་མཆོག་གི་དངོས་གྲུབ་ཐོབཿ ཕུར་བ་གདོང་ཙམ་ཞིང་བཅུའི་དགྲ་དང་བགེགསཿ གྲངས་མང་དུས་གཅིག་གསོད་དང་འདྲེན་པར་ནུསཿ གཙང་བོ་གྱེན་བཟློག་རི་བྲག་ཟང་ཐལ་གཤེགསཿ དངོས་ཡོད་དངོས་མེད་པའང་ཡོད་པར་བསྒྱུརཿ རྫུ་འཕྲུལ་ཡ་མ་ཟུང་གིས་འཇིག་རྟེན་བཀངཿ ཕ་མྱོས་ཟ་འདྲེ་བཏུལ་ཞིང་སྲི་འགབ་བཅདཿ བྱང་ཕུའི་བྲག་ལ་ཕུར་པས་ལན་འགའ་བཏབཿ སྙིང་པོའི་སྔགས་ཕྲེང་བྲག་ལ་རང་བྱོན་བབསཿ དེ་སྐབས་བོན་གྱིས་གསེར་བཙོ་ཞོ་གང་འཕངས༔ མེ་ཆུ་གོ་བཟློག་དེ་ཡང་གཡུ་མཚོར་བསྒྱུརཿ ཆོས་མིན་རྩོད་པས་ཕམ་བྱས་ཕྱོགས་སུ་བསྐྲདཿ རྫུ་འཕྲུལ་མཚོ་བྲག་གངས་ཆེན་བཞི་བཞི་རུཿ གྲུབ་རྟགས་ངོ་མཚར་རྨད་བྱུང་རེ་རེ་བཞགཿ ཤམ་པོར་ཞག་བདུན་ཉི་མ་སྟོད་ལ་མནནཿ ཀླུ་ཤམ་ཆུ་བོ་བྱེ་མའི་སྦུབས་སུ་དྲངསཿ བོད་ཁམས་ཕན་བདེའི་མཛད་པ་རྒྱ་ཆེར་བསྟནཿ སུམ་ཅུ་རྩ་དྲུག་བར་དུ་རྗེ་དང་འགྲོགསཿ དེ་ནས་གུ་རུ་རྗེ་ཡིས་ལུང་བསྟན་བཞིནཿ རྒྱ་གར་ཨ་ཙར་ས་ལེ་འཚོལ་དུ་བྱོནཿ རྒྱ་བལ་མཚམས་ནས་ཇག་པ་མི་ལྔར་འཕྲདཿ སྐུ་ཡི་རྒྱན་འཕྲོག་ཆགས་སྤྱོད་ཁོང་རྣམས་ལཿ དགའ་བཞིའི་ཡེ་ཤེས་ངོ་སྤྲད་དེ་གར་རྟོགསཿ ལྔ་པོ་ལུས་མ་སྤང་བར་བྱང་ཆུབ་ཐོབཿ དེ་ནས་རྒྱ་གར་ནུབ་ཕྱོགས་ཤིནྟཾ་གྲོངཿ སླེབ་ཚེ་རྒྱལ་པོའི་བུ་བསད་ཞག་གསུམ་ལོནཿ ཀུན་གྱིས་སྨྲེ་སྔགས་འདོན་པར་ཅི་ཉེས་དྲིསཿ རྒྱལ་བུ་གཡུལ་ངོར་བསད་ཟིན་དེ་གསོ་མཁནཿ རྙེད་ན་རྒྱལ་སྲིད་ཕྱེད་སྟེར་ཕྲད་དང་འཕྲལཿ ཉིད་ཀྱིས་བསད་གསོ་ནུས་ཀྱི་བྱོན་གྱིས་ཁྲིདཿ ཡུར་གྱི་སྔས་བཞུགས་ཛཿཞེས་ལྕགས་ཀྱུའི་རྒྱསཿ ལན་གསུམ་དེ་འཕྲལ་དབུགས་ཀྱིས་རྒྱུ་འགྲུལ་བྱསཿ སླར་ལ་གསོན་བྱུང་ངོ་མཚར་ལོ་རྒྱུས་བགྲངཿ ཐམས་ཅད་ཡིད་ཆེས་ཕྱག་འཚལ་གསོལ་བ་བཏབཿ རྒྱལ་པོས་ཅི་འདོད་བྱ་དགའ་སྟེར་ཅིག་གསུངསཿ ཤར་ཕྱོགས་བློན་པོའི་བུ་འདོད་བྱས་པ་ཡིསཿ ཐམས་ཅད་འཛུམ་རྒོད་ཁྲེལ་མེད་གཏམ་གླེང་སྨྲཿ བུ་གཅིག་ལས་མེད་དེ་ཡང་ལྷ་ལྟར་མཛེསཿ གསེར་དང་ལྕི་མཉམ་བླུས་ཀྱང་ལོན་རེ་ཀནཿ རྒྱལ་པོས་འོན་ཏེ་རྒྱལ་སྲིད་ཕྱེད་འདི་ཡིསཿ བློན་ལ་ཞུ་རྟེན་མཛོད་གསུངས་དེ་བཞིན་བྱསཿ གུ་རུའི་ལུང་བསྟན་དགོས་པའི་གྲོས་བཏབ་ཀྱངཿ ཁྲེལ་བགད་མང་བྱས་བུ་དང་ཉིས་འགྱུར་གསེརཿ ལྕི་མཉམ་རྙེད་ན་སྟེར་ཞེས་རྒྱལ་ཁྲིམས་དཔངཿ མཚོ་རྒྱལ་དུར་ཁྲོད་གནས་བྱོན་རོ་ལངས་གསེརཿ བསྒྱུར་ཏེ་དེ་ཡི་བརྔན་བྱས་བུ་ཡང་སྦྱིནཿ ཨ་ཙར་ས་ལེ་དཔའ་བོ་མཐོང་རོག་གིསཿ ཟག་མེད་བདེ་སྟོང་ཡེ་ཤེས་ཆེས་ཆེར་འཕེལཿ བདེ་ཆེན་དོན་བསྒོམས་དེ་ཡང་གྲུབ་པ་ཐོབཿ ཡབ་ཡུམ་ཛྭ་ཀིའི་ཆས་བཟུང་རྒྱ་གར་སོགསཿ ཕྱོགས་ཀྱི་མཐའ་འཁོབ་ཞབས་བཅགས་བྱིན་གྱིས་བརླབསཿ མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡནཿ འགྲོ་བ་མང་པོ་ཐར་པའི་ལམ་དུ་བཀོདཿ བཞི་བཅུ་རྩ་བརྒྱད་བར་དུ་དེ་དང་འགྲོགསཿ དེ་ནས་ཨ་ཙར་ཡེ་ཤེས་དྭངས་མའི་ལུསཿ གྲུབ་སྟེ་ཨོ་རྒྱན་ཡུལ་སོགས་མཁའ་སྤྱོད་ཉུལཿ མཚོ་རྒྱལ་བལ་ཡུལ་ཤང་སྒོའི་བྲག་ཕུག་ཏུཿ ཏིང་འཛིན་གཡོ་མེད་རྡོ་རྗེ་ལྟར་བཞུགས་ཀྱངཿ དེ་ཚེ་ཉིན་མཚན་མི་དང་མི་མིན་གྱིསཿ རྒྱུ་འགྲུལ་སྐབས་ལྟ་གླགས་འཚོལ་མང་དུ་བྱུངཿ དང་པོ་མེ་ནང་བཅུག་པས་དེ་མདོག་བསྒྱུརཿ ཆུ་ནང་བསྐུར་བས་ཆུ་སྟེང་སྐྱིལ་ཀྲུང་བཞུགསཿ ས་འོག་མནན་པས་སྟེང་དུ་ཡང་ཡང་བྱུངཿ བྲག་ཀྱང་བསྒྲིལ་བས་གྱེན་ལོག་རང་གནས་བཞུགསཿ དུག་དྲངས་གསོལ་བས་སྔར་བས་གཟི་མདངས་རྒྱསཿ མཚོན་གྱིས་བརྒྱབ་ནས་རྟེན་མེད་ནམ་མཁའ་ལྟརཿ དེ་མཐོང་ཐམས་ཅད་ངོ་མཚར་བླ་མར་བཀུརཿ ཆོས་དང་གདམས་ངག་ཞུས་པར་རྫུ་འཕྲུལ་གྱིསཿ ཆེ་བ་མང་བསྟན་སྨིན་གྲོལ་རྒྱ་ཆེར་བསྩལཿ མཐོང་ཐོས་དྲན་རེག་འབུམ་ཕྲག་བཅོ་བརྒྱད་གྲངསཿ དགེ་སྦྱོང་འབྲས་བུ་བཞི་ཐོབ་ས་ལ་བཀོདཿ ཁ་ཅིག་འཕོ་མེད་དགོངས་པ་མངོན་དུ་གྱུརཿ དངོས་བསྒྱུར་བསྟན་འགྲོའི་དོན་ཡང་དཔག་མེད་བྱུངཿ དེ་ནས་མོན་ཡུལ་བྲག་དཀར་རྫོང་དུ་བྱོནཿ ཡུལ་རྗེའི་སྲས་མོ་བཀྲ་ཤིས་ཁྱེའུ་འདྲེན་གྱིསཿ ཅི་མཉེས་ཞབས་ཏོག་བསྒྲུབས་ནས་རྗེས་སུ་འབྲངཿ སྟག་ཚང་ཕུག་པར་གུ་རུའི་གཟུངས་མར་ཕུལཿ སླར་ཡང་པདྨའི་ལུང་བསྟན་བལ་ཡུལ་བྱོནཿ གནོད་སྦྱིན་གསུམ་བརྟུལ་རིན་ཆེན་གཏེར་ལྔ་སྦསཿ ཀ་ལ་སིདྡྷི་རྙེད་ནས་ལྷོ་བྲག་ཏུཿ གུ་རུ་རྗེ་ལ་ཕུལ་བས་སྔར་བཞིན་དགྱེསཿ དེ་ནས་སྔོན་གྱི་སྡིག་བློན་ཚེའི་དུས་བྱསཿ ངུ་འབོད་དམྱལ་བར་སྐྱེས་ཤིང་འོ་བརྒྱལ་གཟིགསཿ དམྱལ་གནས་བྱོན་ནས་ཞི་ཁྲོའི་དལ་ཞལ་ཕྱེསཿ སྒྲུབ་པ་མཛད་པས་ཚ་གྲང་སྡུག་བསྔལ་ཞིཿ ཤནྟིའི་གཙོར་བྱས་འདྲེན་སྟོབས་རྒྱ་ཆེར་མཛདཿ སྐབས་སུ་སེམས་ཅན་དམྱལ་བའི་འཁོར་བ་སྟོངཿ སླར་ཡང་རིགས་དྲུག་སོ་སོའི་གནས་སུ་བྱོནཿ སྣ་ཚོགས་གང་འདུལ་ཕྲིན་ལས་བསམ་མི་ཁྱབཿ དེ་ནས་རྒྱ་གར་ནུབ་ཕྱོགས་མཁའ་འགྲོའི་གླིངཿ བྱོན་ནས་ལྷ་ཀླུ་གནོད་སྦྱིན་གྲོགས་བྱས་ཏེཿ རིན་ཆེན་དུ་མའི་གུ་རུའི་སྐུ་ཚབ་ནིཿ འབུམ་ཕྲག་བདུན་བཞེངས་མི་མཇེད་ཁམས་སུ་སྤེལཿ མ་འོངས་འགྲོ་བའི་བསོད་ནམས་རྟེན་དུ་བཞགཿ འཇོག་པོའི་གནས་གཤེགས་རྒྱུ་འབྲས་ཆོས་བཤད་ཅིངཿ ཀླུ་ཡི་འགྲོ་མང་བྱང་ཆུབ་ལམ་ལ་བཀོདཿ མཁའ་ལྡིང་བྱེ་ཚན་གནོད་པའི་རྒྱུན་ཡང་བཅདཿ གངས་རིའི་ཕོ་བྲང་དབང་ཕྱུག་ཡབ་ཡུམ་གྱིཿ སྤྱན་དྲངས་བླ་མེད་ཆོས་བསྟན་ཕྱོགས་བཞི་ཡིསཿ མུ་སྟེགས་སངས་རྒྱས་བསྟན་ལ་དད་གུས་བྱུངཿ འཇིག་རྟེན་དྲེགས་ཆེན་གཏེར་བདག་ལ་སོགས་པསཿ སོ་སོའི་གནས་སུ་སྤྱན་དྲངས་བསྙེན་བཀུར་བྱསཿ སྲོག་སྙིང་ཕུལ་ནས་དམ་བཞག་སྲུང་མར་བསྐོསཿ རྩེ་གསུམ་གངས་ནས་གསོ་རིགས་རྒྱུད་བཞི་བཏོནཿ ཕྱོགས་བཅུའི་ཁམས་ནས་དམ་ཆོས་བསྡུ་བ་མཛདཿ མཁའ་སྤྱོད་ཞིང་ཉུལ་དབང་དང་གདམས་པ་ཞུསཿ རྟག་ཏུ་འགྲོ་དོན་སྐྱོ་ངལ་མེད་པར་མཛདཿ བསིལ་ལྡན་འགྲོ་བའི་གཉེན་གཅིག་མཚུངས་པ་མེདཿ མཚོ་རྒྱལ་རྣམ་ཐར་ཨུཏྤལ་ཕྲེང་བ་ལསཿ འཇིག་རྟེན་འདིའི་མཛད་ལེའུ་གཉིས་པའོཿ

ཨེ་མ་ཧོཿ དེ་ནས་པདྨའི་བཀའ་བསྡུ་མཛད་ཙ་ནཿ ཤར་ཕྱོགས་གུ་རུ་རྣམ་པར་སྣང་བ་དངཿ ལྷོ་ཕྱོགས་གུ་རུ་རིན་ཆེན་རྒྱལ་པོ་དངཿ ནུབ་ཕྱོགས་གུ་རུ་པདྨ་གརྫན་དངཿ བྱང་ཕྱོགས་གུ་རུ་དྲི་མེད་འོད་གསལ་བཿདབུས་ཕྱོགས་གུ་རུ་འོད་ཟེར་མཐའ་ཡས་པཿ སྐུ་ལྔའི་བཀོད་པ་ཆོས་སྐུའི་ཞིང་ཀུན་ཁྱབཿ དེ་ལས་ལོངས་སྐུའི་སྤྲིན་མང་རབ་འཕྲོ་བཿ དེ་ཡི་བ་སྤུའི་ཁུང་བུ་གཅིག་ནའངཿ སྤྲུལ་སྐུའི་ཞིང་ཁམས་རབ་ཏུ་མང་པོ་ཡོདཿ དེ་དག་ཀུན་ལ་གུ་རུ་པདྨ་རེཿ ཟབ་གཏེར་འཛད་མེད་ནམ་མཁའི་མཛོད་དུ་གནསཿ གུ་རུའི་གསུང་ཡང་ནམ་མཁའི་མཐར་ཁྱབ་སྟེཿ འཇིག་རྟེན་འདིར་གནས་བཀའ་ཡིས་བསྡུ་བ་བྱསཿ གཏེར་རིགས་བཅོ་བརྒྱད་ཚུལ་གྱིས་སྦས་ཤིང་གཏདཿ མ་འོངས་ལས་ཅན་འཕྲད་པའི་སྨོན་ལམ་བཏབཿ དེ་ནས་པད་འབྱུང་རྗེ་ཡང་སྲིན་ཡུལ་གཤེགསཿ མཚོ་རྒྱལ་ཉིད་ཀྱང་ཞིང་འདིར་ལོ་ཉིས་བརྒྱརཿ བཞུགས་ནས་བསྟན་འགྲོའི་དོན་མཛད་གཏེར་ཞབས་བསྡམསཿ ཕྲིན་ལས་མཛད་པ་བསམ་མི་ཁྱབ་པར་བསྟནཿ སྐུ་དངོས་འགྲོ་དོན་རྫོགས་ཚེ་མཚོ་རྒྱལ་ཡུམཿ བཀྲ་ཤིས་ཁྱེའུ་འདྲེན་ཀ་ལ་སིདྡྷི་དངཿ རྣམ་གསུམ་ཤངས་ཀྱི་ཟབ་ལུང་རི་ཡི་རྩེརཿ སྤྲེལ་ཟླའི་མར་ཕྱོགས་ཚེས་བཅུར་ཆགས་ཕེབས་ནསཿ མཁའ་སྤྱོད་གཤེགས་གསུངས་བོད་འབངས་ཕོ་མོ་འདུསཿ རང་རང་འཚོལ་པའི་ཆོས་གསུངས་ཚོགས་འཁོར་བསྐོརཿ བཞེས་པ་ཟིན་ནས་ཉིད་ཀྱི་ཕྱག་གཉིས་གྱིསཿ མཁའ་འགྲོ་གཉིས་ལ་རོག་ནས་ཀུ་མུད་ཏཿ བཅུ་དྲུག་འདབ་ལྡན་གཉིས་གྱུར་ཐུགས་ཀར་བསྣམསཿ ནམ་མཁར་འཕགས་ཤིང་སྐུ་ཡི་གནས་དང་ཆའིཿ འོད་ཟེར་ཁ་དོག་དྲུག་འཕྲོས་ཕྱོགས་བཅུར་ཁྱབཿ ཉི་མ་ཟླ་བའི་འོད་ཀྱང་མོག་མོག་གྱུརཿ དེ་ཚེ་རྔ་ཡབ་གླིང་ནས་དཔའ་བོ་དངཿ མཁའ་འགྲོའི་ཚོགས་རྣམས་སྤྲིན་ཕུང་གཏིབ་བཞིན་བྱོནཿ ནམ་མཁའ་བར་སྣང་འཇའ་འོད་ཐིག་ལེས་ཁྱབཿ དྲི་བསུངས་ངད་ལྡན་མེ་ཏོག་ཆར་བ་བབསཿ ལྷ་ཡི་མཆོད་ཕྲིན་རོལ་མོའི་སྒྲས་བསུས་ཏེཿ སྐུ་ལུས་འོད་ཕུང་རྣམ་པར་མཁའ་ལ་གཤེགསཿ སླར་ཡང་ལས་སྐལ་ལྡན་པའི་སྣང་བའི་ངོརཿ སྐུ་མདོག་དམར་པོ་སྤྱན་གསུམ་རུས་རྒྱན་ཅན། ཌ་མ་རུ་འཁྲོལ་ཚངས་པའི་གསུང་དབྱངས་ཀྱིསཿ གདམས་ངག་ཞལ་ཆེམས་མང་གནང་འཇའ་ལྟར་ཡལཿ བོད་འབངས་ཉ་མོ་བྱེ་ཚན་བཏོན་པ་བཞིནཿ ཕྱག་འཚལ་ལ་ལ་སྨྲེ་སྔགས་གསོལ་འདེབས་བཏོནཿ ཞག་བདུན་བར་དུ་དབྱངས་ཅན་སྒྲོལ་བསྟོད་སོགསཿ རྒྱུད་མངས་སྒྲ་སྙན་གདངས་བཞིན་རང་སྒྲ་གྲགསཿ དེ་བཞིན་གཡའ་བྲལ་མཁའ་ལ་འཇའ་སྤྲིན་འཁྲིགསཿ འོད་དང་སྒྲ་ཡིས་རྣམ་པར་འཁྱུད་ཅིང་འགེངསཿ དགུན་གྲང་ཟུག་པ་སེལ་ཞིང་དབྱར་དུས་བཞིནཿ ཆུ་ཀླུང་དལ་འབབས་ལྗོན་འབྲས་མེ་ཏོག་འཁྲུངསཿ བོད་ཁམས་ཀུན་ཀྱང་ཕན་བདེའི་དཔལ་ལ་སྤྱོདཿ མ་འོངས་སྤྲུལ་པ་རྒྱ་མཚོའི་འགྲོ་དོན་བྱེདཿ མཚོ་རྒྱལ་རྣམ་ཐར་ཨུཏྤལ་ཕྲེང་བ་ལསཿ རྫུ་འཕྲུལ་མཛད་པ་ལེའུ་གསུམ་པའོཿ

ཨེ་མ་ཧོཿ དེ་ལྟར་གུ་རུའི་ཐུགས་བྱོན་གཟུངས་མ་ལྔའིཿ མཆོག་གྱུར་དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་གྱིཿ རྣམ་ཐར་བསྡུས་པ་ཨུཏྤལ་ཕྲེང་མཛེས་འདིཿ མ་འོངས་དད་མོས་དྭངས་པ་འདྲེན་པའི་ཕྱིརཿ མཁའ་འགྲོ་མང་པོས་འཕྲུལ་གྱི་ཡི་གེར་བྲིསཿ དྲང་སྲོང་གཉེར་གཏད་འབྱུང་བའི་ཁམས་སུ་སྦསཿ ཤེས་རབ་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ སྦས་རྒྱཿ གཏད་རྒྱཿ ཞེས་དཔའ་བོའི་ཆོས་དབྱིངས་རྡོ་རྗེས་གཏེར་བྱོན་དག་པར་ཕབ་པའི་ཡི་གེ་པ་ནི་བླ་མ་འཇིགས་མེད་ཕྲིན་ལས་ཀྱིས་བགྱིས་པའོཿ སརྦ་མངྒ་ལཾཿ

གནས་གསུམ་མཁའ་འགྲོའི་གཙོ་མོ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཐོས་པ་དོན་ལྡན།

གླེང་གཞི།

༄༅། །གནས་གསུམ་མཁའ་འགྲོའི་གཙོ་མོ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཐོས་པ་དོན་ལྡན་ཞེས་བྱ་བ་བཞུགས།

རྒྱལ་ཀུན་བསྐྱེད་ཡུམ་ཆོས་དབྱིངས་ཀུན་བཟང་མོ། །བོད་ཁམས་སྐྱོང་བའི་མ་གཅིག་དྲིན་མོ་ཆེ། །དངོས་གྲུབ་མཆོག་སྩོལ་བདེ་ཆེན་མཁའ་འགྲོའི་གཙོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །གསང་སྔགས་རྒྱལ་པོ་བླ་མེད་མཆོག་གྲུབ་ནས། །མཐའ་ཡས་ཞིང་དུ་རྣམ་འཕྲུལ་རྒྱ་མཚོ་དང་། །མཁའ་འགྲོ་མི་ཟད་འབར་བའི་སྤྲིན་འཕྲོ་བས། །གསང་སྔགས་སྤྱོད་པ་རྒྱ་མཚོ་མཐའ་ཡས་ཤོག། ཅེས་འདོད་དོན་གསོལ་བ་བཏབ་སྟེ། རྒྱ་གར་གཞུང་གི་རྒྱལ་ཁབ་ཆེན་པོ་འདིར་སྔོན་བྱོན་རྒྱལ་བ་དེ་བཞིན་གཤེགས་པ་མཐའ་ཡས་པའི་ནང་ཚན་རྣམ་འདྲེན་བཞི་པ་ཤཱཀྱའི་དབང་པོའི་བསྟན་པར་མདོ་སྔགས་ཟུང་འཇུག་གི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད། སྔར་ཡང་སྟོན་པ་ཉིད་ཐེག་དམན་གདུལ་བྱའི་སྣང་ངོར་མྱ་ངན་ལས་འདས་ཚུལ་བསྟན་མོད་དེ། ཞལ་ཆེམས་རྡོ་རྗེའི་བཀའ་ལུང་ལས། ང་ནི་མྱ་ངན་འདས་འོག་ཏུ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་འབྱུང་གནས་ཞེས་བྱ་བ༔ ང་ལས་ལྷག་པའི་སྐྱེས་བུ་འབྱུང་༔ གསང་སྔགས་བླ་མེད་སྟོན་པར་འགྱུར༔ ཞེས་གསུངས་པ་བཞིན། གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པ་མ་ཧཱ་གུ་རུ་པདྨ་སམ་བྷ་ཝ། དྷ་ན་ཀོ་ཤའི་མཚོ་གླིང་དུ་ངོ་མཚར་པདྨའི་སྟེང་དུ་རང་བྱུང་སྤྲུལ་པའི་སྐུར་འབྱུང་ཞིང་གནས་པ་ཉིད། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷིས་སྤྱན་དྲངས་པ་ནས་རྒྱ་གར་དུ་གདུལ་བྱ་འགྲོ་དོན་སྣ་ཚོགས་སྤྲུལ་པའི་ཟློས་གར་གྱིས་ལོ་ངོ་ཆིག་སྟོང་བརྒྱད་བརྒྱ་མཛད། དེ་ནས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་དྲངས། རྒྱ་གར་པཎ་ཆེན་གྱིས་རྒྱ་གར་ཆོས་ཀྱི་བསྟན་པ་བོད་དུ་གསར་དུ་བཙུགས་པར་མཛད་དེ། རྒྱ་ཆོས་རྣམས་བོད་སྐད་དུ་བསྒྱུར་བར་མཛད། བཤད་སྒྲུབ་ཀྱི་སྲོལ་བཏོད་དོ། །ཞལ་སློབ་འཇའ་ལུས་གྲུབ་པ་དང་། གྲུབ་པ་ཐོབ་པ་ནམ་མཁའི་སྐར་ཚོགས་ལྟར་མང་བ་བྱུང་ཡང་ཐམས་ཅད་ཀྱི་གཙུག་ཕུད་དུ་གྱུར་བ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མི་མོར་སྣང་བ་ཡེ་ཤེས་མཚོ་རྒྱལ་མ་སྟེ། གང་གི་རྣམ་ཐར་རི་རྒྱལ་ལྷུན་པོ་ལྟར་ལྷ་མི་ཀུན་གྱིས་དཔག་པར་དཀའ་བའི་གནས་ལགས་ཀྱང་། འདིར་རྡུལ་ཕྲན་ཙམ་ཞིག་དགོད་དེ། སྐལ་ལྡན་འགའི་དད་པ་འདྲེན་པའི་རྟེན་ཞིག་ཏུ་འགྱུར་རམ་སྙམ། ཡེ་ཤེས་རྒྱ་མཚོ་གཏིང་དཔག་མི་མངོན་ཀློང་། །རྒྱལ་ཀུན་དགོངས་པའི་ཡིད་བཞིན་ནོར་བུས་མཛེས། །དགོས་འདོད་རེ་སྐོང་འོད་སྟོང་འབར་བ་ལས། །འགྲོ་ཁམས་མུན་སེལ་དཔལ་སྩོལ་རྒྱལ་བའི་ཡུམ། །ཨེ་གསང་སྐྱེ་མེད་བླ་མ་ཀུན་བཟང་མོ། །ཀ་ལྷུན་འགགས་མེད་ཡི་དམ་ཝ་ར་ཧི། །ཛཿབདེ་ཟག་མེད་མཁའ་འགྲོ་ཁྲོས་མ་ནག །ཏི་ལར་སྲིད་ཞིའི་བདག་མོས་དབང་བཞི་བསྐུར། །བདུད་བཞིའི་འཇིགས་བཅོམ་བདེ་ཆེན་དགའ་བཞིའི་ཀློང་། །སྣང་བཞིའི་རྩལ་རྫོགས་འཆི་མེད་སྐུ་བཞི་འགྲུབ། །ཆུ་བཞིའི་མཚོ་ལས་ཆད་མེད་ལས་བཞིའི་གྲུས། །རྒྱུད་བཞིའི་འགྲོ་སྒྲོལ་དུས་བཞིར་རྟག་བརྩོན་ཤོག །སྤྱིར་མདོ་ཡི་བསྟན་པ་ཚུལ་འཆོས་འཛིན་པའི་སྐབས་སུ་ཐུག །སྒོས་དམ་སྲི་འབྱུང་པོས་རྒྱལ་ཁམས་ཅི་མི་འདོད་པར་རྨོངས་མུན་རུབ་གནས་དུས་འདིར། གསང་ཆེན་བླ་ན་མེད་པའི་འོད་བརྒྱ་འཆར་བའི་སྔ་ལྟས་བཟང་པོའི་སྐྱ་རེངས་བཏེག་པས་ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ་མཆོག་རིགས་སྔགས་འཆང་ཡབ་ཡུམ་གྱི་ཐུགས་རྗེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་ཐར་ལྟ་ཅི་སྨོས། མཚན་ཙམ་ཐོས་པ་ཡང་དོན་ཆེན་དང་ལྡན་ཞིང་། སྙིགས་མའི་རྒུད་པ་སེལ་བ་ལ་མཆོག་ཏུ་བསྔགས་ཕྱིར་རྒྱ་གར་གཞུང་ནས་རྫོགས་ལྡན་དགའ་སྟོན་གསར་དུ་སྤེལ་བའི་མཐུན་རྐྱེན་ལས་ཁུངས་སུ་འདུ་བྱེད་བསྒྱུར་བ་དགེ་ལེགས་འཕེལ།

༈ ཐོག་མའི་སངས་རྒྱས་ནས་ཡས་སྤྲུལ་སྐུ་དང་ཞིང་ཁམས་བཀོད་ཚུལ་ཙམ།

ཨ་ཧཾ་ཧྲཱིཿ གདོད་ནས་རྣམ་དག་རང་བྱུང་གསང་བའི་དབྱིངས། །བརྡལ་བ་ཆེན་པོ་ཆོས་རྣམས་འབྱུང་བའི་གནས། །རྣམ་ཀུན་མཆོག་ལྡན་ཆོས་ཉིད་འདུས་མ་བྱས། །ཆོས་སྐུ་ཀུན་ཏུ་བཟང་མོའི་དགོངས་རྒྱུད་འཕོག །རིག་གདངས་འོད་གསལ་ཡེ་ཤེས་སྙིང་པོའི་སྤྲིན། །མཁའ་ཁྱབ་ཞིང་དང་སྐུ་ཡི་བཀོད་པ་རྫོགས། །དབྱིངས་ཕྱུག་ལོངས་སྐུ་རྡོ་རྗེ་ཕག་མོ་ཡིན། །བརྡ་རྒྱུད་རིག་པ་འཛིན་པའི་དབང་མཆོག་སྐུར། །བདེ་སྟོང་རོལ་པ་རིགས་ལྔའི་ཕྱག་རྒྱར་བཞེངས། །སྲིད་ཞིའི་སྤྱི་དཔལ་གནས་གསུམ་མཁའ་འགྲོའི་གཙོ། །བདེ་གཤེགས་སྤྲུལ་སྐུ་དགྱེས་མ་རྣལ་འབྱོར་མས། །སྙན་བརྒྱུད་ཟབ་མོའི་བྱིན་རླབས་དངོས་གྲུབ་སྩོལ། །དྷུ་མ་ཐ་ལར་གསང་བ་ཡེ་ཤེས་མ། །ཐུབ་པའི་སྤྱན་སྔར་གང་གཱའི་ལྷ་མོར་གྲགས། །ཟ་ཧོར་རྒྱལ་སྲས་ལྷ་ལྕམ་མནྡ་ར། །སུ་ཁ་སིདྡྷི་འཆི་མེད་གྲུབ་བྱའི་མོ། །བལ་རྒྱལ་སྲས་མོ་ཤཱཀྱ་དེ་མས་སྐྱོངས། །ཞེས་གསོལ་འདེབས་ཀྱི་ཚུལ་དུ་ས་བོན་ཙམ་ཐོག་མར་བཀོད་པ་ལས་དེ་སོགས་མཚན་དང་སྐུའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བའི་ཟློས་གར་གང་ལ་གང་འདུལ་དུ་བསྒྱུར་བར་མཛད་དེ། མི་མཇེད་འཇིག་རྟེན་འདི་ཙམ་མ་ཡིན་པར་ཕྱོགས་བཅུར་སྤྲུལ་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་ཚུལ་ནི། གང་ཟག་དབང་པོ་རབ་ཀྱི་སྤྱོད་ཡུལ་ལས། བདག་འདྲ་བློ་དམན་གྱི་བློ་ཡུལ་ལས་འདས་པས་སྨོས་མ་སྤོབས། ཐོག་མའི་སངས་རྒྱས་ནས་ཡས་སྤྲུལ་བྱོན་པའི་ལེའུ་སྟེ་དང་པོའོ།། །།

༈ སྐུ་འཁྲུངས་པ།

གངས་ཅན་བོད་ཀྱི་ཡུལ་དུ་སྐུ་འཁྲུངས་ཚུལ་ནི། འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསིལ་ལྡན་རྒྱལ་ཁབ་ལ་དབང་བསྒྱུར་བའི་སྐབས་སུ། ལྷ་མོ་དབྱངས་ཅན་མའི་དགོངས་པ་ལ་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས་ཉིད་བོད་ཁམས་གདུལ་བྱའི་དཔལ་དུ་བྱོན་ནས་ཁོ་མོས་ཀྱང་། རྗེ་ཡི་བཙུན་མོར་སྤྲུལ་ཏེ་འགྲོ་དོན་སྐྱོང་དགོས་སོ་སྙམ་སྟེ། དེ་ནས་སྐར་མདའ་འཁྱུག་པ་ལྟར་སྒྲགས་མདའ་བྱ་བའི་ཡུལ་གྲུར་ཡབ་ཀྱི་མཚན་མཁར་ཆེན་ནམ་མཁའ་ཡེ་ཤེས་དང་ཡུམ་དགེ་བ་འབུམ་བྱ་བ་གཉིས་རིགས་མཆོག་ཏུ་གཟིགས་ཏེ་ལྷུམས་སུ་ཞུགས། ཤིང་མོ་བྱ་ཡི་ལོ་སྐར་མ་རྒྱལ་གྱི་ཉིན་སྲས་མོ་ཡིད་དུ་འོང་བ་ལྷ་ཡི་བུ་མོ་འདྲ་བ་ཞིག་སྙུན་མེད་པར་བལྟམས། དེ་མ་ཐག་མཚོ་ཆུང་ཞིག་ཀྱང་རྡོལ་བྱུང་། དེའི་མཐར་ཙནྡན་དཀར་པོའི་སྡོང་པོ་ཞིག་ཀྱང་སྐྱེས། དེ་ལ་ནུ་མ་ཞིག་ཀྱང་ཡོད་པ་ལས་འོ་མ་འཛགས་པས་བུ་མོ་དེའི་མ་མར་གྱུར། མཚན་ལ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཞེས་སུ་གསོལ། སྲས་མོ་དེས་འོ་ཞོ་ནི་ཙནྡན་སྡོང་པོ་ལས་རྟག་པར་བཞེས་པས་གཞན་གྱི་ཟླ་བསྐྱེད་ལས་ཞག་བསྐྱེད་ཆེ་བ་བྱུང་། ཟླ་བ་སོང་བ་དང་ལོ་ལོན་མ་དང་མཚུངས། བྱིས་པའི་སྐུ་རྩེད་སྐབས་སྣང་སེམས་འདྲེས་པའི་རྟགས་སུ་རྡོ་ལ་ཞབས་རྗེས་བྱུང་། བོད་ཡིག་ནི་མ་བསླབ་པར་ཤེས་ཤིང་ཀློག་པས་ཡབ་ཀྱིས་ཇི་ལྟར་ཤེས་བཀའ་འདྲིས་མཛད་པས་ན། ང་ནི་དབྱངས་ཅན་གྲུབ་པའི་རྒྱལ་མོའོ་གསུངས། ཆུང་ངུ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པར་བཞེད། ངེས་འབྱུང་སྐྱོ་ཤས། སྙིང་རྗེ། བྱམས་པ་དང་བརྩེ་བ་ཤིན་ཏུ་ཆེ་བ་ཅན་ཡོད། སེམས་ཅན་རྣམས་སྙིང་མ་རྗེ་རྒྱུན་དུ་གསུངས་བར་མཛད། ཀུན་ལ་བྱམས་སྐྱོང་གཏོང་ཕོད་ཆེ། རང་གཤིས་ཞི་བ་དུལ་བ། ཁྲེལ་དང་ངོ་ཚ་ཅན། ཤེས་རབ་དང་དད་པ་ཆེ་བ། ཆོས་ལ་མོས་པ་བརྟན་པས། སྐུ་གསུང་ཐུགས་རྟེན་ལ་ཕྱག་མཆོད་གཙང་བ། རྒྱུན་དུ་མཉམ་པར་བཞག་སྟེ་བཞུགས་པ་ན་སྐུ་ན་ཕྲ་ཡང་མི་རྟོགས་པའི་ཏིང་ངེ་འཛིན་རང་བཞིན་གྱིས་འབྱམས་ཀླས་ཏེ་ཕལ་ཆེར་གནས་སོ། །རྣམ་ཐར་ཐོས་པ་དོན་ལྡན་ལས་སྐུ་འཁྲུངས་པའི་ལེའུ་སྟེ་གཉིས་པའོ།། །།

༈ རྒྱལ་སྲས་སྤྲུལ་སྐུ་མཇལ་ཞིང་ཆོས་ལ་བྲོས་པ།

དེ་ནས་སྲས་མོ་ཉིད་ནས་ཆོས་ཀྱི་བག་ཆགས་ཆེ་བས་དགུང་ལོ་བདུན་བརྒྱད་ལོན་པ་ན། མཆོད་ཁང་དུ་སྐུ་གསུང་ཐུགས་རྟེན་གྱི་མདུན་ལ་ཉིན་རེ་བཞིན་ཕྱག་འཚལ་ཏེ། མེ་ཏོག །བདུག་སྤོས། མར་མེ། མཎྜལ་སོགས་ཕུལ་ཏེ། སེམས་ཅན་ཐམས་ཅད་ལ་ཚེ་རིང་ཞིང་ནད་དང་མུ་གེ་སོགས་ཀྱི་སྡུག་བསྔལ་མེད་པའི་སྨོན་ལམ་དང་། དེ་ཀུན་ལ་ཁོ་མོས་ཕན་ཐོགས་པའི་ཡོན་ཏན་སྩོལ་ཅིག་ཅེས་གསོལ་བ་འདེབས་པར་མཛད། སྐུ་ན་ཕྲ་ཡང་སྐུའི་རྣམ་འགྱུར། ཡབ་ཡུམ་ཉེ་འཁོར་དང་གསུང་གླེང་སྣང་ཚུལ། ཐུགས་དགོངས་བྱམས་པ་དང་སྙིང་རྗེས་གཏམས་པའི་བརྩེ་གདུང་ཆེ་བས་སུས་མཐོང་ཡིད་འཕྲོག་པའི་རང་བཞིན་དུ་མཇལ་བས། དགུང་ལོ་བཅུ་གཅིག་ནས་ཕྱོགས་ཀྱི་རྒྱལ་བློན་མང་པོ་མནའ་མར་སློང་བ་མང་དུ་བྱུང་རུང་། ཡབ་ཡུམ་གྱིས་ཀྱང་ག་ལ་གཏང་བར་ཕོད། སུ་ལའང་ཞལ་གྱིས་མ་བཞེས་སོ། །

སྲས་མོ་ཉིད་ཀྱིས་ནི། ངས་མི་ཚེ་འདིར་དམ་པའི་ཆོས་བྱེད་ནས་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་མཁྱེན་པ་ཞིག་བྱས་ཏེ། སངས་རྒྱས་ཇི་བཞིན་སེམས་ཅན་ལ་ཕན་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་པ་ཁོ་ན་གསུངས། དགུང་ལོ་བཅུ་གཉིས་ལ་སོན་སྐབས་བོད་སྐྱོང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། ཡེ་ཤེས་མཚོ་རྒྱལ་གྱི་མཚན་སྙན་དང་། སྐུའི་ལང་ཚོ་བཞིན་རས་ཀྱི་མཛེས་ཆ་ལྷ་ཡི་སྲས་མོ་ལས་མཚར་བའི་ལོ་རྒྱུས་གསན་ནས་བློན་པོ་བཀུག་ཏུ་བཏང་བས། སྲས་མོ་ཉིད་བྲོས་ཏེ་མི་མེད་ཀྱི་དབེན་པ་ཞིག་ཏུ་སླེབས། དེར་རང་གི་གཡུ་བྱུ་རུ་མུ་ཏིག་གིས་རྒྱན་ཆས་རྣམས་བཀྲོལ་ཏེ་རྡོ་ཡིས་བརྡུངས་ཏེ། ཕྱོགས་བཅུར་གཏོར་ནས་སྨོན་ལམ་བཏབ་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་སེམས་བདེན་པའི་དཀོན་མཆོག་རྒྱ་མཚོས་ཡེ་ཤེས་སྤྱན་གྱིས་གཟིགས་ཤིག །ཁོ་མོའི་དམ་པའི་ལྷ་ཆོས་སྒྲུབ་པའི་བར་ཆད་སེལ་ལ་ཐར་པའི་ལམ་སྣ་བསྟན་དུ་གསོལ་ཞེས་སྙིང་ནས་གསོལ་བ་བཏབ་སྟེ་མཉམ་བཞག་མཛད་དེ་བཞུགས། དེ་མ་ཐག་ལྷ་ཡི་བུ་ལྟ་བུའི་གཞོན་ནུ་ལོ་བརྒྱད་གཉིས་ལོན་པ་འདྲ་བ་མཚན་དཔེས་སྤྲས་པ་ཤིན་ཏུ་མཛེས་པ། ཕྱག་གཡས་ཤེལ་གྱི་ཕྲེང་བ་བསྣམས་པ་ཞིག་བྱུང་ནས་གསུངས་པ། རིགས་ཀྱི་བུ་མོ། ཆོས་ཀྱིས་གདུང་བས་ངུས་པའི་མཆི་མའི་དར་དཀར་བརྐྱངས་ཏེ། ཕངས་མེད་རིན་ཆེན་རྒྱན་ཆའི་ཕྱེ་མ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་ཕུལ་ཏེ་གསོལ་བ་སྙིང་ནས་འདེབས་པ་དོན་ཡོད་པས་ན་སྡུག་བསྔལ་མ་བྱེད། ངས་ཁྱེད་ལ་ཐར་པའི་ལམ་སྟོན་ནོ། །ངའི་རྗེས་སྙོགས་གསུངས་ཏེ། ཕྱག་གིས་ཕྱག་མཐུད་པ་ཙམ་གྱིས་གཙང་གི་ཇོ་མོ་ཁ་རག་ཞེས་པའི་གནས། ཁ་རག་བརྟན་པ་ཁྱུང་བཙུན་མའི་རྟེན་གངས་རི་ཇོ་བོ་ཇོ་མོའི་མགུལ། ཤིན་ཏུ་དབེན་ཞིང་ཉམས་དགའ་བ། སྤང་མེ་ཏོག་སྣ་ཚོགས་རང་སྐྱེས་ཡོད་པ། གཡའ་ཆུ་བསིལ་མ་སྐྱ་ཁྲོལ་ཁྲོལ་འབབ་པ། སྨན་གྱི་རིགས་དུ་མ་སྐྱེ་བའི་གནས་སུ་སླེབས། དེར་རྒྱལ་བའི་སྲས་དེས། ཐུན་མོང་གི་ཆོས་བག་ཙམ་གནང་ནས། ཁྱོད་འདིར་སྡོད་ལ་ཆོས་གྱིས་གསུངས། མཁའ་འགྲོ་མས་ཞུས་པ། བཀའ་དྲིན་ཆེའོ་སྤྲུལ་པའི་སྐུ་གསོན་དང་། ཁོ་མོ་ཇི་ལྟར་འདུག །ཆོས་ནི་ཅི་འདྲ་བྱེད་གསུངས་པས། རྒྱལ་སྲས་དེས་སེམས་ཀྱི་བྱུང་གནས་འགྲོ་གསུམ་གསུངས་ཏེ་སེམས་ངོ་སྤྲད་ནས་བཀའ་སྩལ་པ། འདི་ལྟར་ཡིད་ཀྱི་ཡུལ་དུ་འགྱུ་བ་ཡི༔ ཉོན་མོངས་དུག་ལྔའི་རྟོག་པ་ཅི་ཤར་ཡང་༔ སྔོན་བསུ་རྗེས་དཔྱོད་བློ་ཡིས་བཅོས་མི་གཞུག༔ སྒྱུ་མ་རང་སར་བཞག་པས་ཆོས་སྐུར་གྲོལ༔ རིག་པ་རང་གྲོལ་གྱི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་གསོལ་བ་ཐོབ་ལ་ཚིག་དོན་ཉམས་སུ་ལོངས་ཤིག་གསུངས། ཡང་མཁའ་འགྲོས་ཞུས་པ། རྒྱལ་སྲས་སྤྲུལ་པའི་སྐུ། གདམས་ངག་དང་གསོལ་འདེབས་གནང་བ་ཐུགས་རྗེ་ཆེ། ཁོ་མོས་ཉིན་མཚན་ཁོར་ཡུག་ཏུ་བརྩོན་པར་བྱ་ཡི། ཉིད་ཀྱིས་ག་ནས་བྱོན། མཚན་ལ་ཅི་ཞུ། རྟག་ཏུ་གང་བཞུགས་ཞེས་ཞུས་པས། རྒྱལ་སྲས་ཀྱིས། རིགས་ལྡན་མ། ང་ནི་ཆོས་ཀྱི་དབྱིངས་ནས་ཡོང་། །ང་ནི་བདེ་བའི་དངོས་གྲུབ་བོ། །རྟག་ཏུ་དབྱིངས་རིག་ཀློང་ན་བཞུགས། །གསོལ་བ་འདེབས་ལ་ཐུགས་རྗེས་སྐྱོངས་གསུངས། འོ་ན་འདི་ན་ཁོ་མོའི་བླ་མ་མཛོད་ལ་ཆོས་གསུང་བཞིན་བཞུགས་པར་ཞུ་ཞུས་པས། རྒྱལ་སྲས་ཀྱིས། མཚན་ལྡན་མ། ད་ལྟ་སྡོད་པའི་དུས་ལ་མ་འབབ། ནམ་ཞིག་ཚེ་ན་དངོས་སུ་མཇལ་བའི་དུས་ཤིག་ཡོང་། མ་བརྗེད་པར་གསོལ་བ་ཐོབ་ཅེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །

དེ་ནས་ཡེ་ཤེས་མཚོ་རྒྱལ་ཉིད་དགའ་སྤྲོ་དང་སྐྱོ་བ་འདྲེས་མ་ལྟ་བུས་སྤྱན་ཆབ་མང་དུ་བསིལ། རང་གིས་རང་ལ་སེམས་པ། འདི་ནི་རྨི་ལམ་ཡིན་ནམ། དངོས་ཡིན། དངོས་ཡིན་ན། ལྷ་ཡི་བུ་འདྲ་བའི་སྤྲུལ་པའི་བླ་མ་དེ་དག་ན། ང་རང་ཡང་སྔར་མ་མཐོང་བའི་གནས་འདི་ལྟ་བུར་སླེབས། རྨི་ལམ་ཡིན་ན། གཉིད་ནི་མི་འདུག །ཅི་ཡིན་རུང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཡིན་སྙམ་སྟེ། མཉམ་པར་བཞག ། ཡང་གསོལ་བ་འདེབས་པར་མཛད། སེམས་ཀྱི་གནས་ལུགས་སྒོམ་པར་མཛད། རེ་ཞིག་ན། ད་ཁོ་མོ་ལ་གནས་འདིར་ཟ་བའི་ཟ་མ་ནི་མེད། གྱོན་པའི་གོས་ཀྱང་འདི་ལས་མེད། ཅི་བྱས་ཏེ་འཚོ་སྙམ་པ་བྱུང་བས། རི་དྭགས་མང་པོ་རྩྭ་ཟ་ཆུ་འཐུང་བ་གཟིགས་ཏེ། ཁོ་མོས་ཀྱང་དེ་ལྟར་བྱ་སྙམ་ནས། གཡའ་ཆུ་བསིལ་མ་བཏུང་ཞིང་། སྨན་རྩྭ་རྟག་ཏུ་ངུ་དང་ར་མོ་ཤ་ཀ །དབང་པོ་ལག་པ་སོགས་མཆོད་ཅིང་བཞུགས་པས། གཉིད་ཆུང་ཞིང་། སྔར་དང་མི་འདྲ་བའི་སྐུ་གཟུགས་ལ་ཉམས་མྱོང་ཅི་ཡང་ཤར་རུང་། བཤད་ས་ནི་མེད། རྒྱལ་སྲས་སྤྲུལ་པའི་སྐུ་དེ་ནི་ཡལ་ནས་མེད། ད་ཚེ་འདི་ལ་བསམ་རྒྱུ་བླ་མ་དང་། བྱེད་རྒྱུ་དམ་པའི་ཆོས་ཡིན་པས། སྐལ་བ་ནི་བཟང་སྙམ་ནས་ཉིན་མཚན་འདའ་བ་ལ། ཆར་འབབ་དུས་བྲག་ཕུག་གཅིག་འདུག་པ་དེར་བཞུགས། ཉི་མ་ལ་སྤང་གཤོངས་ཁར་མཉམ་པར་བཞག་ཅིང་ཡོད། དེ་ཙ་ན། ཡབ་ཡུམ་གཉིས་ནི་བུ་མོ་གར་སོང་ཆ་མེད་དུ་གྱུར་ཏེ་ཤིན་ཏུ་སྡུག་བསྔལ་བར་ཡོད། བདུད་བློན་ཤནྟི་བྱ་བར། ཆོས་རྒྱལ་གྱིས་སློང་དུ་བཏང་བ་དེར་ཁ་གཏོང་མཛད་དེ། ངེད་ཀྱི་བུ་མོ་བསྟན་རྒྱུ་མེད་པར་གར་བསྐྱལ་གསུངས། ཁོ་ན་རེ། བདག་གིས་མ་ཤེས། གར་སོང་ཆ་མ་ཐིག་ཟེར་ནས་རྒྱལ་པོའི་སྐུ་མདུན་དུ་སོང་སྟེ་ལོ་རྒྱུས་ཞུས་པས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ནས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་འཚོལ་བའི་མི་ཀྲོམས། སུས་རྙེད་དེ་རྒྱལ་པོའི་སྤྱན་སྔར་འབུལ་ན། དེ་ལ་བརྔན་པ་ཆེན་པོ་སྩལ་ཡོང་ཞེས་སྒྲ་བསྒྲགས། བདུད་བློན་ཤནྟིས་ཀུན་ནས་ཀུན་ཏུ་འཚོལ་བའི་མི་མངགས་སོ། །རྒྱལ་སྲས་སྤྲུལ་སྐུ་མཇལ་ཞིང་ཆོས་ལ་བྲོས་པའི་ལེའུ་སྟེ་གསུམ་པའོ།། །།

༈ བདུད་བློན་ཤནྟིས་ཆོས་ལ་བར་ཆད་བརྩམས་པ།

དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཉིད་ཤིན་ཏུ་དབེན་པའི་གནས་དེར་བླ་མ་ལ་གསོལ་བ་བཏབ་ཅིང་། སེམས་ཀྱི་གནས་ལུགས་སྒོམ་བཞིན་བཞུགས་པ་ལ། ཉིན་ཞིག་གནས་སྐོར་ལ་འགྲོ་བའི་མི་རེ་གཉིས་དེར་སླེབས་ཏེ། མཁའ་འགྲོ་དང་མཇལ་བས་ཡ་མཚན་སྐྱེས་ཚེ། ལོ་ན་ཕྲ་བའི་བུ་མོ་འདི་ཡི་མཚར་སྡུག་ལ་བལྟས་ན་མི་ཡི་བུ་མོ་དང་མི་འདྲ་ལྷ་ཡི་སྲས་མོ་དང་འདྲ་བས། དབེན་པའི་གནས་འདིར་ག་ནས་ཡོང་། ཅི་ཕྱིར་བཞུགས་སྙམ་སྟེ་བཀའ་འདྲི་ཞུས་པས། སྲས་མོའི་ཐུགས་དགོངས་ལ་དྲང་པོར་བཤད་ན། འཚོལ་མཁན་ཡོང་སྟེ་འཁྲིད་དོགས་ཡོད། དེ་བས་རྫུ་བག་བྱ་དགོངས་ཏེ། ང་ནི་སུ་ཡིན། ག་ནས་ཡོང་། ང་རང་ལའང་ཆ་མེད། གནས་འདིར་དམ་པའི་ཆོས་ལ་མོས་ཏེ་བསྡད་པ་ཡིན། ཁྱེད་རང་རྣམས་ཅི་ལ་ཡོང་། གར་འགྲོ་གསུངས་པས། དེ་ཚོས་ཞུས་པ། རང་ག་ན་ཡོང་མི་ཤེས་གསུངས་པ་ནི་གསང་བ་ཡིན་འདུག །སྦ་གསང་བྱེད་མཁན་ནི་ཉེས་པ་ཅན་ཞིག་ཡིན་པར་ངེས། གནས་འདིར་བྲོས་ནས་ཡོང་པའང་སྲིད། ད་ས་འདིར་ཆོས་ལ་མོས་པས་ཇོ་མོ་ཞིག་ཡིན་འཐད། ཇོ་མོ་བྲོས་ཟེར། འདིར་ཟ་བ་གང་ཡང་མེད་པར་ཅིས་འཚོ་ཟེར་བས། སྲས་མོ་ན་རེ། ཟ་མ་རྩྭ་དང་བཏུང་བ་ཆུ་ནི་རང་སྐྱེས་རང་འགྲིག་ལ་རྩོལ་མེད་འདུག་པས་དེ་ཀས་ཆོག །ལྟོ་གོས་ཕྱིར་དཀའ་ལས་ཆེ་བ་དང་། སྒྲུབ་པ་ནི་སྡིག་དང་མ་འདྲེས་པ་ནི་ཅི་ཡང་མེད་པས། འཁོར་བའི་གྲོང་དུ་སྐྱིད་མེད་སྡུག་བསྔལ་གྱིས་བྲེལ། ཤི་བའི་མཇུག་ཏུའང་། ལས་འབྲས་རྣམ་པར་སྨིན་པས་སྡུག་བསྔལ་ལའང་སྡུག་བསྔལ་མྱོང་བས། བདེ་བ་ཁབ་ཀྱི་རྩེ་ཙམ་ཡང་མེད། རང་དབང་མེད་པར་གར་སྐྱེ་འདི་མེད་ཅིང་། བྱས་ཚད་འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག །སེར་སྣའི་རྒྱུ་རྐྱེན་གྱིས་འཁོར་བ་རིགས་དྲུག་ཏུ་རེ་མོས་ཀྱིས་འཁོར་བ་ཡིན། ངས་དེ་དག་དུག་གི་ཟ་མ་དང་འདྲ་བར་མཐོང་སྟེ་སྤངས་པ་ཡིན་ཞེས་སོགས་གསུངས་པས། དེ་རྣམས་ན་རེ། ངོ་མཚར་ཆེ། ཡིན་རུང་ངེད་རྣམས་ཀྱི་ཚོགས་རྫོགས་ཕྱིར། རྩམ་པ། ཇ་མར་ཕྲན་བུ་རེ་བཞེས་རོགས་གནང་ཞུས་ཏེ་ཕུལ་ནས་སོང་། མཁའ་འགྲོ་ཉིད་ཀྱང་མི་ཟས་དང་འཕྲད་པས། ཅུང་ཟད་བཀྲེས་སྐོམ་སེལ་ཏེ་མནལ་བྲོ་བ་བྱུང་།

དེ་ནས་མི་དེ་དག་ཡུལ་དུ་སླེབས་ནས་ལོ་རྒྱུས་བཤད་པས། གཅིག་ནས་གཅིག་བརྒྱུད་དེ། བདུད་བློན་ཤནྟིས་གོ་སྟེ་འཚོལ་དུ་སླེབས་ནས་མཁའ་འགྲོ་མཇལ། ཁོ་ན་རེ། བུ་མོ་ཁྱེད་བཙལ་ཞིང་བཙལ་ཏེ་ངལ་བ་བྱུང་། ད་རེས་ཟིན་པ་གློ་བ་དགའ། ད་འདིར་མི་མེད་ཁྱི་མེད་ཀྱི་སར་ཟ་བཏུང་ནི་ཆུ་ལས་མི་འདུག །རང་སྡུག་རང་གིས་མ་མྱོང་པར་ང་དང་མཉམ་དུ་འདོང་། འཇིག་རྟེན་འདི་ན་དབང་ཆེ། ང་བཙན་མི་རྗེ་རྒྱལ་པོ་ཡིན་པས་མཚར་བ་ལྷ་ཡི་བུ་དང་འདྲ་བ་ཡོད་ལ། མཚན་ནས་བརྗོད་ན་ཁྲི་སྲོང་ལྡེའུ་བཙན་ཞུ། དེའི་བཙུན་མོར་འོས་པ་ཡིན། དགའ་བར་མཛོད་ཞུས་སོ། །མཁའ་འགྲོ་ན་རེ། དེ་སྐད་མ་ཟེར་ཅིག །འཇིག་རྟེན་འཁོར་བའི་ཁྱིམ་དག་ན། །སྡུག་བསྔལ་ཁྱབ་པ་འདུ་བྱེད་ལས། །བདེ་བ་ཁབ་ཀྱི་རྩེ་ཙམ་མེད། །བརྩིགས་པ་ཐམས་ཅད་འགྱེལ་བ་ཡིན། །འདུས་པ་ཐམས་ཅད་འབྲལ་བ་ཡིན། །བསགས་པ་ཐམས་ཅད་འཛད་པ་ཡིན། །བྱས་ཚད་ཐམས་ཅད་སྡིག་པ་ཡིན། །སྡིག་པའི་འབྲས་བུ་སྡུག་བསྔལ་ཡིན། །སྐྱེས་ཚད་ཐམས་ཅད་འཆི་བ་ཡིན། །གང་ལ་བསམས་ཀྱང་སྙིང་པོ་མེད། །མི་རྟག་ཆོས་ཅན་དེ་རྣམས་ད་ལྟ་ནས་བློས་བཏང་སྟེ། དེའི་དབང་དུ་མ་སོང་བར་དབེན་པའི་གནས་འདི་ལྟ་བུར་གནས་ཏེ། བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་། ཐུགས་རྗེ་བསྐུལ་ན། བྱིན་རླབས་ཀྱིས་ཐར་པའི་ལམ་ཐོབ། བདེ་ཆེན་སངས་རྒྱས་དང་མཇལ་བ་ཡིན། འཆི་བ་དང་ན་བ་སོགས་དོགས་པའི་སྐབས་སུ། སྐྱབས་དང་སྐྱོབ་པ་མཛད་པ་ཡིན་པས། ང་ནི་འདི་རང་དུ་སྡོད། གར་ཡང་མི་འགྲོ། རྒྱལ་པོའི་བཙུན་མོར་ང་མི་འགྲོ། ང་ཡི་ཆོས་ལ་བར་ཆད་མ་བརྩམ་པར་ལོག་ནས་རྒྱུགས་ཤིག་ཅེས་གསུངས་སོ། །ཁོ་ན་རེ། བུ་མོ་ཁྱེད་ལ་ཕན་པའི་ཕྱིར། ཡབ་ཡུམ་གཉིས་ལའང་སློངས་དེས་ཀྱང་བྱིན་པ་ཡིན། ད་རེས་ཅིས་ཀྱང་ང་དང་མཉམ་དུ་འགྲོ། ཡབ་ཡུམ་མཇལ་བ་དང་ཐུགས་སེམས་དགའ་ཞིང་སྤྲོ་བ་ཡིན། དེ་མིན་ད་ལྟ་ཁྱེད་ཀྱི་ཡབ་ཡུམ་ཤིན་ཏུ་སྡུག་བསྔལ་ཞིང་། སེམས་གཅོང་ནས་ཉིན་མཚན་དུ་བཤུམ་པ་ལས་ཟས་མི་ཟ། བཏུང་བ་མི་དྲན། བུ་མོ་དྲན་པ་ཁོ་ནར་ཡོད་ཅེས་ཟེར་རོ། །མཁའ་འགྲོ་ནི། རི་ལྟར་བརྟན་པས་མ་གཡོས་ཀྱང་། བདུད་བློན་ཁོ་ཁྲོས་ཏེ་སྨྲས་པ། ད་བུ་མོ་ཁྱོད་ཞི་བས་དྲང་པོའི་གཏམ་བཤད་པ་མི་གོ་ན། སྤྱིར་མི་དབང་རྒྱལ་པོའི་བཙུན་མོར་འོས་པ་ཡིན་པས། གནམ་ལ་འཕུར་བའི་གཤོག་རྩལ་ཡོད་ཀྱང་མི་ཐར། ས་ལ་འཛུལ་བའི་ཐབས་ཡོད་ཀྱང་མི་ཐར། སྐབས་འདིར་མི་ང་དབང་ཆེ་ཞིང་རྒྱལ་པོའི་བློན་པོ་གོ་ཆོད་ཟེར་བ་དེ་ཡིན་པས་བཤད་པ་མང་མ་དགོས། སྒོས་བྱ་བ་འདི་ལ་འོངས་ནས་ཆུ་ལེན་དུ་འོངས་ནས་སྣོད་སྟོང་ཁྱེར་འགྲོ་བའི་དཔེ་མེད་པ་ཡིན། ཁྱོད་རྐང་བཙུགས་ཏེ་མ་འགྲོ་རུང་། ངེད་ཀྱིས་བཏེག་ནས་འཁྱེར་བ་ཡིན་ཟེར། ཕྱག་ནས་འཇུས། མི་བཞིས་ཏོ་ལིར་བཏེག་སྟེ་དབང་མེད་དུ་ཁྱེར་སོང་ངོ་། །སྲས་མོ་ནི་བཤུམ་ཞིང་གསུང་སྐད་འདོན་རུང་། བྱ་དབང་ནི་གང་ཡང་མ་བྱུང་བར། ཉིན་ཤས་ཉིན་མོ་ཁུར་ནས་ཁྱེར་མཚན་མོ་བསྲུང་བཞིན་མེལ་ཙེས་གཟིམས་སུ་བཅུག །དེ་ནས་དཔལ་བསམ་ཡས་ཀྱི་ཕོ་བྲང་དགའ་བའི་བསམ་གླིང་ན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་མདུན་ལ་བསྐྱལ་བྱུང་བས་རྒྱལ་པོ་མཇལ། དགའ་སྟོན་དཔག་མེད་དང་བཅས་བཙུན་མོར་མངའ་གསོལ་ཏོ། །དེའི་ཚེ་དགུང་ལོ་བཅུ་གསུམ་སོན་པ་ཡིན། བདུད་བློན་ཤནྟིས་ཆོས་ལ་བར་ཆད་བརྩམས་པའི་ལེའུ་སྟེ་བཞི་པའོ།། །།

༈ མ་ཧཱ་གུ་རུའི་གཟུངས་མར་མངའ་གསོལ་བ།

དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཆོས་ཀྱི་ཐུགས་དགོངས་འཁྲུངས་ཏེ་རྒྱ་གར་ནས་མཁན་ཆེན་བོ་དྷི་ས་ཏྭའམ་ཞི་བ་འཚོ་སྤྱན་དྲངས། སླར་ཡང་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་གཙོས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་མངའ་འོག་ནས་རིག་པ་ཅན་མང་པོ་རྒྱ་རུ་སྒྲ་བསླབ་ཏུ་བརྫངས། སངས་རྒྱས་བསྟན་པའི་གཞི་མ་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་བཏབ། མདོ་སྔགས་ཀྱི་ཆོས་བཀའ་འགྱུར་བསྟན་འགྱུར་བརྗོད་ལས་འདས་པ་བསྒྱུར་བ་མཛད། བཤད་སྒྲུབ་ཀྱི་སྡེ་བཙུགས། དེའི་ཚེ་ཆོས་རྒྱལ་གྱིས་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ལུང་ཞུ་བའི་ཡོན་དུ་རྒྱལ་སྲིད་མངའ་ཐང་ལོངས་སྤྱོད་བཙུན་མོ་དང་བཅས་པ་ཕུལ། སངས་རྒྱས་གཉིས་པས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། བསམ་ཡས་མཆིམས་ཕུ་རུ་ལས་ཅན་མི་དགུ་ལ་ཡེ་ཤེས་ཀློང་དགུའི་སྨིན་གྲོལ་བསྩལ།

དེའི་ཚེ་མཁའ་འགྲོའི་མེ་ཏོག་རྡོ་རྗེ་ཕུར་པར་བབས། གསང་མཚན་བདེ་ཆེན་རྒྱལ་མོར་གསོལ། སྒྲུབ་གནས་ནེ་རིང་སེང་གེ་རྫོང་དུ་དངོས་གྲུབ་ཐོབ་པར་མ་ཧཱ་གུ་རུས་ལུང་བསྟན་པ་ལྟར་བྱོན་ཏེ་བསྒྲུབས། ལྷ་དང་དབྱེར་མེད་མཆོག་གི་གྲུབ་པ་བརྙེས་ཀྱང་། རྗེས་འཇུག་དོན་དུ། སྟག་ཚང་། ཤམ་པོའི་གངས། ཟབ་ལུང་། ཁམ་བུ་ཏི་སྒྲོ། སྟག་ཚང་སོགས་སྒྲུབ་གནས་སྟོང་རྩ་ལྷག་ཙམ་དུ་སྒྲུབ་པ་མཛད་ཅིང་། བར་ཆད་བགེགས་རྣམས་རྡོ་རྗེ་ཕུར་པས་བསྒྲལ་བ་དང་། གནས་རྣམས་བྱིན་གྱིས་བརླབས། ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་དུ་བདེ་སྟོང་གསང་བའི་མེ་ཏོག་ཡོན་ཕུལ་ཏེ། ཟབ་ཆོས་སྙིང་པོ་མཁའ་འགྲོ་སྙིང་ཐིག་གསན། གཞན་ཡང་མ་ཧཱ་གུ་རུ་དང་ཉི་མ་ཟེར་བཞིན་འགྲོགས་ཏེ་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་རྣམས་མ་ལུས་པ་མེད་པར་ཞུས་ཤིང་། མི་བརྗེད་པའི་གཟུངས་སུ་བཟུང་ཞིང་མཐར་ཕྱིན་པ་མཛད་དེ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུར་སྨིན་ཅིང་གྲོལ་ནས། བགྲེས་རྒུད་ཀྱི་སྐྱོན་མི་མངའ་བ་བཅུ་དྲུག་ལང་ཚོའི་བདག་ཉིད་དུ་གྱུར། འབུམ་ཕྲག་མཁའ་འགྲོའི་གཙོ་མོར་མ་ཧཱ་གུ་རུ་དགྱེས་པའི་གཟུངས་མའམ་གསང་བའི་ཡུམ་མཆོག་ཏུ་མངའ་གསོལ་བའི་ལེའུ་སྟེ་ལྔ་པའོ།། །།

༈ བསད་པའི་མི་རོ་བསླངས་བ།

དེ་ནས་གཞན་དོན་མཛད་ཚུལ་ནི། དང་པོ་ཆོས་ལ་བར་གཅོད་གཏོང་མཁན་བདུད་བློན་ཤནྟི་འདྲེན་ཕྱིར་རྫུ་འཕྲུལ་ཤུགས་ཀྱིས་དམྱལ་བར་མངོན་སུམ་བྱོན། ཞི་ཁྲོའི་དཀྱིལ་འཁོར་ལ་བརྟེན་ནས་ཤནྟི་ལ་སོགས་དམྱལ་བ་ཡི་དྭགས་ཚད་ལས་འདས་པ་འདྲེན་པར་མཛད་དོ། །

དེ་ནས་སངས་རྒྱས་གཉིས་པའི་བཀའ་བཞིན་བལ་ཡུལ་དུ་ལས་ཅན་གྱི་བུ་ཨ་ཙར་ས་ལེ་རྗེས་སུ་འཛིན་ཕྱིར་བྱོན་པའི་ལམ་བར་དུ་ཇག་པ་མི་བདུན་དང་འཕྲད་དེ་གསེར་བཅོམ་པར་རྩོམ་པ་ན། ཡི་དམ་ལྷར་དམིགས་ཏེ་གསེར་རྣམས་ཕུལ་ནས་མགུར་བཞེངས་པས། ཇག་པ་མི་བདུན་ནི་མཁའ་འགྲོའི་གསུང་ཚངས་པའི་དབྱངས་ཐོས་ཤིང་། སྐུ་མཚན་དཔེའི་དཀྱིལ་འཁོར་མཐོང་བས་ཡིད་འཕྲོག་སྟེ། དབང་མེད་དུ་སྙོམས་པར་ཞུགས་པའི་དུས་རྙེད་ཚེ། བཟོད་མེད་སྙིང་རྗེ་ཆེན་པོས་རྗེས་སུ་དགོངས་ཏེ། ཁ་སྦྱོར་བཞི་ལྡན་ངང་ནས་དབང་བཞི་བསྐུར་ཏེ་བྱིན་གྱིས་བརླབས་པས་ཇག་པ་མི་བདུན་ནི་ལས་བཞིའི་སྡིག་སྒྲིབ་སྐད་ཅིག་དེ་མོད་དུ་དག་སྟེ། སྐུ་བཞིའི་རྟོགས་པ་སྐྱེས་ཏེ་སྨིན་པར་གྱུར་ནས་གཏིང་ནས་འགྱོད་པ་སྐྱེས་ཏེ་བཤགས་པ་བྱས། ཕྱིན་ཆད་གཞན་དོན་མཛད་པའི་གྲུབ་ཐོབ་ཆེན་པོ་བཞིར་གྱུར་བ་ནི། རིག་གྲོལ་ཉིད་ཀྱི་ཕྱིར་རོ། །དེ་ནས་བལ་ཡུལ་ཐིལ་དུ་སླེབས་ཏེ་འཚོལ་ཞིང་འཚོལ་ཞིང་བྱོན་པས། བུ་ཆུང་ཡིད་དུ་འོང་བ་ཞིག་གིས་ཨ་མ་ང་ལེན་དུ་བྱོན་ནམ་ཞེས་ཞུས་པས། མཁའ་འགྲོས་དགོངས་པ། མ་ཧཱ་གུ་རུས་ལུང་བསྟན་པའི་ལས་ཅན་གྱི་བུ་ནི་འདི་རང་ཡིན་ནམ་མིན་བརྟག་པར་བྱ་སྙམ་སྟེ། དེའི་རྗེས་རྗེས་ལ་ཕེབས་པས། ཕ་མ་རྒན་རྒོན་གཉིས་ཡོད་པའི་ཁྱིམ་དུ་ཕྱིན། དེར་གནས་ཚང་ཞིག་གཡོར་དང་གསུངས་པས། ཕྱི་གཡབ་བསིལ་ཁང་ཞིག་ཏུ་བཞུགས་སུ་གསོལ། དེར་བཞུགས། བླ་མར་གསོལ་བ་འདེབས་པའི་མགུར་དབྱངས་འཐེན་པར་མཛད་ཚེ། བུ་དེའི་ཕ་མ་གཉིས་ནི་མཁའ་འགྲོའི་སྐུའི་མཛེས་སྡུག་གསུང་གི་སྙན་འཇེབས། ཐུགས་ཀྱི་བརྩེ་གདུང་ལ་དད་མོས་མཆོག་ཏུ་སྐྱེས་ཏེ་ཞུས་པ། བུ་མོ་ན་ཆུང་ཁྱེད་ནི་མི་ཡི་བུ་མོ་ཡིན་ནམ་མི་འདྲ། ལྷ་ཡི་སྲས་མོ་འདྲ་བས་མི་ཡིན་ན་ལང་ཚོ་འདི་ཁུར་ཏེ་གཅིག་པུ་རྒྱལ་ས་འདི་ན་རྒྱུ་བ་མི་རུང་། ངེད་ལ་བུ་གཞོན་ནུ་འདི་བདོག་པས། ཁྱེད་གཉིས་ལས་ཀྱིས་འཛོམས་པའི་གྲོགས་སུ་བསྡེབ་པར་རིགས་ཞེས་ཞུས་སོ། །མཁའ་འགྲོ་ན་རེ། ཕ་མ་ཁྱོད་རང་གསུངས་པ་བཞིན་བྱེད་དེ། བུ་འདི་བདག་ལ་གནང་པར་མཛོད། ཁོ་མོས་བོད་དུ་བླ་མའི་དྲུང་དུ་འཁྲིད་དེ། དམ་པའི་ཆོས་ཀྱི་བདུད་རྩིས་བསྐྱང་བར་བྱ་ཞེས་གསུངས་པས། ཕ་མ་གཉིས་ནས་གཏོང་བར་མ་འདོད་ནས་སྨྲས་པ། བུ་ཐག་རིང་དུ་གཏོང་བ་མི་ཡོང་། བུ་མོ་ཉིད་ནང་འདི་རུ་བཞུགས་ཤིག །ཁྱེད་གཉིས་དགའ་མགུ་མཆོག་དང་ལྡན་ཞིང་སྐྱིད་དེ་འོང་ཞུས་པས། མཁའ་འགྲོས་གསུངས་པ། ང་ལ་བུ་འདི་མ་འབྱུང་བའི་ཐབས་མེད་དེ། འདི་རུ་སྡོད་པར་ཡང་བླ་མའི་བཀའ་མེད་པས་མི་རུང་། དེ་ཕྱིར་ཁྱེད་ཡབ་ཡུམ་གཉིས་ཀྱིས་ཐུགས་བརྩེ་བས་གཟིགས་ཏེ། རིན་ཆེན་དང་པོ་འདི་བཞེས་ལ་བུ་འདི་ཁོ་མོར་བྱིན་ཅིག །འདིས་ཆོས་བྱེད་ནས་ཡབ་ཡུམ་གཉིས་མྱུར་དུ་འཁོར་བ་ལས་འདྲེན་པར་ངེས་ཞེས་གསུངས་ཏེ་གསེར་བསྐྱལ་པ་གནང་བས། ཡབ་ཡུམ་གཉིས་ནས་བུ་མི་གཏོང་བའི་སྙད་ཀྱིས། གསེར་འདི་འདྲ་བ་བུ་དང་སྐར་ཏེ་རིན་སྦྱིན་ཐུབ་ན་བུ་སྟེར་བར་ཁས་བླངས་ཚར་བ་ཡིན་ཞུས་པས། མཁའ་འགྲོས་ཀྱང་དེ་ལྟར་བྱ། ཁ་ཆོད་དང་བུ་ལོན་འདྲ་འདྲ་ཟེར་བ་ཡིན་པས་གསེར་འདི་ཉར་བར་མཛོད། ཁོ་མོ་གསེར་འཚོལ་དུ་འགྲོ་གསུངས་ཏེ་བྱོན་ནོ། །

ཡུལ་དེར་དེའི་ཚེ་མི་ཚང་ཕྱུག་པོ་ཞིག་ལ་བུ་གཅིག་པུ་ཞིག་མཆིས་པ་གློ་བུར་གྱི་རྐྱེན་ནད་ཅིག་གིས་ཤི་བས་ཤིན་ཏུ་སྡུག་བསྔལ་གྱིས་སྨྲེ་ངག་ཀུ་ཅོ་འདོན་ཞིང་ངུ་སྒྲ་མང་པོར་གྲག་པ་ཐོས་ཏེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཉིད་ཧ་ཅང་ཐུགས་སྙིང་རྗེ་ཆེན་པོས་གཡོས་ཏེ། ཅི་དྲག་ཁོ་མོས་དེའི་ནང་དུ་སོང་ནས་ཕན་ཐབས་འདྲ་ཅང་བྱེད་དུ་ཡོད་དམ་གསུངས་ཏེ་བྱོན་པས་ནང་དུ་གདན་དྲངས། བུ་ཤི་བའི་རོ་ལ་གཟིགས་ཏེ་གསུངས་པ། ཁོ་མོས་ཤི་བའི་རོ་འདི་སློང་བར་ནུས་ན་ལེགས་གསོལ་ཅི་སྦྱིན་པར་འགྱུར། དེ་སྐད་ཐོས་ཏེ་ཕ་དེ་ན་རེ། མི་ཚང་འདིའི་རྒྱུ་ནོར་ལ་ནི་དཔག་ཏུ་མེད། བུ་གཅིག་པུ་འདི་ཤི་བས་བདག་པོ་སུས་བྱེད། དེ་ལྟར་མི་སྲིད། སྲིད་ནས་བུ་ཤི་བ་སློང་ཐུབ་པ་ན། ཅི་དགོས་ཀྱི་ནོར་སྦྱིན་ཆོག་མྱུར་དུ་མཛོད་ཅིག་ཅེས་ཞུས་པས། ཁ་ཆད་ལེགས་པར་གྱིས་དང་གསུངས། ཕ་དེ་ན་རེ། འོ་ན་ཁྱེད་བུ་སློང་བའི་བརྔན་པར་ཅི་འདོད་ཞུས། མཁའ་འགྲོ་ན་རེ། བུ་འདི་དང་མཉམ་པའི་གསེར་དགོས་ཟེར་རོ། །མི་ཚང་གི་ཕ་དེས། བུ་ཤི་བ་སླར་གསོ་ཐུབ་པ་འབྱུང་ན། གསེར་བུ་དང་མཉམ་པ་མི་དགོས་ལྷག་པའང་སྦྱིན་ཆོག་མྱུར་དུ་སློང་ཞིག་ཞུས་ནས་མཁའ་འགྲོའི་ཞབས་ལ་འཇུས་ཏེ་ངུས་པས་མཁའ་འགྲོ་ན་རེ། འོ་ན་བླ་མ་ལ་གསོལ་བ་འདེབས་པ་ཡིན་གསུངས་ཏེ་མཉམ་པར་བཞག་གོ །ཏིང་ངེ་འཛིན་གྱིས་བར་དོའི་རྣམ་ཤེས་འགུག་བསྟིམ་མཛད་པས་ཟིལ་པ་ཁྲོམ་མེ་རྡུལ་ནག་ཐོན་ཞིང་། རོ་ལ་རླངས་པ་ཕྱུར་བ་དང་བཅས་འགུལ་བྱུང་། རེ་ཞིག་ནས་དབུགས་རྔུབ་ཅིང་། མིག་སྲབ་སྲབ་བྱེད་པ་བྱུང་། ལར་མིག་ཕྱེས་ཏེ་ཧྲིག་ཧྲིག་བལྟ་བར་གྱུར་ནས། ཨ་མ་བཱ་ན་ཟེར་བས་མཁའ་འགྲོས་དེའི་མགོ་ལ་ཕྱག་བཞག་སྟེ་བྱིན་གྱིས་བརླབས། ཚེ་ཡི་དབང་བསྐུར་མཛད་དོ། །དེའི་ཚེ་ཕ་མ་གཙོས་པའི་དེར་འདུས་ཚད་རྣམས་ངུ་སྒྲ་དོར་ནས་ངོ་མཚར་གད་མོས་ཁེངས། སྙན་པར་གྲགས་པའི་གཏམ་གྱིས་བལ་ཡུལ་རྒྱལ་ཁམས་ཀུན་ཁྱབ་པར་གྱུར། མཁའ་འགྲོ་མཆོག་ལ་འདོད་ཡོན་ལོངས་སྤྱོད་རྒྱ་ཆེན་པོས་མཆོད་ཅིང་། ཅི་འདོད་ཀྱི་གསེར་མ་ཟད་མི་ཚང་འདི་རང་ཉིད་ལ་འབུལ་བས་བཞེས་ཤིག་ཞུས་པས་གསེར་མིན་པ་ཅི་ཡང་མི་དགོས་གསུངས་ཏེ་མ་བཞེས་སོ། །བསད་པའི་མི་རོ་སློང་བའི་ལེའུ་སྟེ་དྲུག་པའོ།། །།

༈ གྲོགས་ཀྱི་མཆོག་རྙེད་པ་དང་གཞན་དོན་མཛད་པ།

དེ་ནས་མཁའ་འགྲོས་གསེར་དེ་བསྣམས་ཏེ་ཨ་ཙར་ས་ལེའི་ཡབ་ཡུམ་གཉིས་ལ་གནང་སྟེ། རིན་ཆེན་དང་པོ་འདི་བཞེས་ལ་ཡིད་འོང་བུ་འདི་བདག་ལ་སྩོལ་གསུངས་པས། ཕ་མ་གཉིས་ནི་གཅིག་ཏུ་ཁ་ཆོད་པ་དང་། ལྷག་པར་ཤི་བ་གསོས་ཐུབ་པའི་མཐུ་ནུས་པ་དད་པ་ཆེན་པོ་ཐོབ་སྟེ་གསེར་གྱི་དགོས་པ་མེད་རུང་། བུ་རང་འདི་ལྟ་བུའི་གྲོགས་བཟང་རྙེད་པ་བསྐལ་བ་བཟང་པོར་མཐོང་ནས་དགའ་སྤྲོ་དང་བཅས་ཏེ་ཕུལ་ནས་ཞུས་པ། ཡིད་འཕྲོག་ལྷའི་སྲས་མོ་འདྲ་བ་ཁྱེད་ལ་རང་དབང་མེད་པའི་དད་པ་སྐྱེས་པས། གཅེས་པའི་སྙིང་དང་འདྲ་བའི་བུ་མ་ཕུལ་བ་ཐབས་མེད་བྱུང་བ་ཡིན་མ་གཏོགས་གསེར་གྱི་འདོད་པས་བཙོང་པ་མིན། གསེར་ཡང་ཁྱེད་གཉིས་ཀྱི་ཆོས་ཀྱི་མཐུན་རྐྱེན་དུ་བཞེས་ཤིག །མཁའ་འགྲོ་ན་རེ། དྲིན་ཅན་ཕ་དང་མ་གཉིས་གསོན་དང་། དལ་རྟེན་རྡོ་རྗེའི་ལུས་འདི་རིན་ཆེན་འབུམ་ལས་རིན་ཐང་ཆེ་བས་རྙེད་པར་དཀའ་བ་རྙེད། འཇིག་རྟེན་སྒྱུ་མའི་ནོར་གྱིས་ཅི་ཞིག་བྱ། །འཕགས་པའི་ནོར་བདུན་ཕྱུག་པའི་བུ་མོ་ངའི། །སྣང་བ་གཟུང་འཛིན་ཞེན་བྲལ་གསེར་ལས་ལྷག །བདག་གཉིས་བླ་མའི་དྲུང་དུ་འགྲོ་བ་ཡིན། །ཕྱི་མ་དག་པའི་ཞིང་དུ་མཇལ་བར་སྨོན། །ཞེས་གསུངས་ཕན་ཚུན་ཐུགས་ཕྲེང་པའི་ངང་ནས་འབྲལ་མི་ཕོད་བཞིན་གྱིས་སོ་སོར་གྱེས་ཏེ་བྱོན་ནོ། །

དེ་ནས་དཔལ་བསམ་ཡས་སུ་བྱོན། ཨོ་རྒྱན་སངས་རྒྱས་གཉིས་པའི་ཞབས་དྲུང་དུ་ཕྱག་དང་མཎྜལ་ཕུལ་ནས་མཇལ། བྱིན་རླབས་ཞུས། མ་ཧཱ་གུ་རུས་བཀའ་སྩལ་པ། མཚོ་རྒྱལ་ཁྱོད་ཀྱིས་དཀའ་སྤྱད་སྙིང་རུས་དང་། ལས་འཕྲོ་བཟང་པོས་མཚན་ལྡན་རིགས་ཀྱི་བུ་འདི་འཁྲིད་ཐུབ་པ་ཤིན་ཏུ་ལེགས། ད་ནི་གསང་བ་ཆེན་པོའི་དབང་རྣམས་རིམ་པས་བསྐུར་བས་དགའ་བར་གྱིས་ཤིག་གསུངས་སོ། །ཁོང་རྣམ་གཉིས་ལ་དབང་ལུང་ཁྲིད་གསུམ་རྫོགས་པར་བསྩལ་ཏེ། ཉེ་རྒྱུའི་བརྟུལ་ཞུགས་སྤྱོད་པ་སྐྱོང་བར་ལུང་བསྟན་མཛད་པ་ལྟར། ཨ་ཙར་ས་ལེ་གྲོགས་དང་བཅས་ལོ་གསུམ་དབེན་པར་སྒྲུབ་པ་ལ་བཞུགས་པས་གསང་ཆེན་བླ་ན་མེད་པའི་ཏིང་ངེ་འཛིན་མཐར་ཕྱིན་ཏེ་སངས་རྒྱས་ཀུན་དང་དགོངས་པ་མཉམ་པར་གྱུར་ཏོ། །དེ་ནས་རྒྱལ་བ་བྱང་ཆུབ། ཀ་ལ་སིདྡྷི། བཀྲ་ཤིས་ཁྱེའུ་འདྲེན། ཤེལ་དཀར་ཆོས་སྒྲོན་སོགས་མཚན་ལྡན་དང་རིགས་ལྡན་རྣམས་སྨིན་གྲོལ་ལ་བཀོད་ཅིང་། ཁྱད་པར་མཚན་ལྡན་གྱི་མཁའ་འགྲོ་རྣམས་མ་ཧཱ་གུ་རུའི་གཟུངས་མར་ཕུལ་ཏེ། རྟེན་འབྲེལ་དབང་གིས་གསང་སྔགས་ཆོས་ཀྱི་སྙིང་པོས་རྒྱལ་ཁམས་ཀུན་ཏུ་ཁྱབ་པར་མཛད་དོ། །དེའི་ཚེ་ལྷ་དབང་བརྒྱ་བྱིན་གྱི་ཐུགས་དགོངས་ལ། འཇིག་རྟེན་མི་ཡུལ་ན་སངས་རྒྱས་གཉིས་པ་གུ་རུ་པདྨའི་གསང་ཡུམ་ཡེ་ཤེས་མཚོ་རྒྱལ་ཉིད་མཚན་སྙན་གྲགས་ཆེ་བར་གདའ་བས། དེའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་གཞན་ཕན་རླབས་པོ་མཛད་ནུས་པ་ཞིག་ཨེ་འདུག་བལྟ་བར་བྱ་སྙམ་སྟེ། མཚོ་རྒྱལ་བཞུགས་པའི་ཉེ་སར་མཛེ་ནད་ཀྱིས་གཟུགས་པོ་རྣམས་རྨ་ཤུ་ཁྲག་རྣག་གིས་གཡོགས་པ་ཞིག་ཏུ་བརྫུས་ཏེ་ཉིན་མཚན། ཨ་ཚ། ཨ་མ་ཟེར་ཞིང་ངུ་སྐད་རྒྱུན་མ་ཆད་པར་འདོན་བཞིན་ཡོད་པར་མཛད། མཚོ་རྒྱལ་གྱིས་གསན་ཏེ་གཟིགས་སུ་བྱོན་པས་དེ་མཐོང་ནས་བཟོད་མེད་ཀྱི་སྙིང་རྗེ་འཁྲུངས། འདི་ལ་ཕན་པའི་སྨན་བཅོས་ཤིག་མཛད་དགོངས་ཏེ་གསུངས་པ། མི་ཁྱོད་ཀྱི་ལུས་ཀྱི་རྨ་དང་ཁྲག་རྣག་ལ་བལྟས་ཚེ་སྐད་ངན་མི་ཤོར་བའི་ཐབས་མི་འདུག་མོད། ཡིན་རུང་སྐད་འདོན་པ་ཙམ་གྱིས་མི་ཕན། ནད་འདིའི་རྒྱུ་རྐྱེན་ལོག་རྟོག་སེམས་ཀྱི་དབང་དུ་སོང་ནས་འདོད་ཆགས་ཞེ་སྡང་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་འབྲས་སྨིན་པར་ཤེས་ནས་དེ་ལ་འགྱོད་སེམས་སྐྱེས་ཤིང་། བླ་མ་དཀོན་མཆོག་ལ་སྙིང་ཐག་པ་ནས་བཤགས་པ་བྱེད་དགོས། དེ་ཕན་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་དྲག་ཏུ་འདེབས་དགོས་པ་ཡིན་པས་དེ་ལྟར་གྱིས། ངས་ཅི་ཕན་གྱི་སྨན་བཅོས་ཤིག་ཨེ་ཐུབ་ལྟ་ཡི་གསུངས་པ། མཛེ་ཕོ་དེ་ན་རེ། མཛེས་མ་ཡིད་འོང་མ། ཁྱོད་ཀྱིས་ང་ཡི་ནད་ལ་ཕན་པའི་བཅོས་མི་ནུས། སྔར་ཡང་དེ་ལྟར་ཟེར་མཁན་མང་དུ་བྱུང་རུང་། དགོས་པའི་སྨན་བཅོས་སུས་ཀྱང་མ་ནུས་ཤིང་། ཁས་བླངས་མཁན་ཡང་སུ་གཅིག་ཀྱང་མ་ཡོང་པ་ཡིན། དེ་བས་ཁྱོད་ཀྱང་ང་ཡི་མིག་གིས་མཐོང་སར་མ་སྡོད། རྣ་བས་ཐོས་སར་མ་འདུག་པར་གཞན་དུ་དེངས་ཤིག་ཞུས་སོ། །མཁའ་འགྲོས་གསུངས་པ། ང་གཞན་དུ་འགྲོ་དགོས་པའི་རྒྱུ་རྐྱེན་ཅི་འདུག །ངས་ནི་ཁྱོད་ལ་ཕན་པ་ལས་གནོད་སྐྱེལ་དུ་མ་ཡོང་གསུངས་སོ། །མཛེ་ཕོ་ན་རེ། གནོད་ཅི་ལ་མི་སྐྱེལ། ཁྱོད་རང་འདྲ་བ་ང་ཡི་ཆུང་མ་དེ་གྲོངས་ནས་ལོ་མ་སོང་། དེ་དང་བྲལ་བའི་སེམས་ཀྱི་སྡུག་བསྔལ་སྙིང་ཕྱི་ལ་བཏོན་པ་འདྲ་ཡོད་པའི་ཁར། ཁྱོད་གཉིས་མཐོང་བས་སླར་ཡང་དྲན་གསོས་ཏེ་ཚུགས་ཐབས་མི་འདུག །སེམས་ནད་དེ་ལས་ཆེ་བ་མཛེ་ནད་འདི་མིན། འདི་ལ་བཅོས་ཐབས་ནི་མི་གསོན་པོའི་པུས་མོའི་མེ་ལོང་ཚབ་ཏུ་བཅུག་ན་ཕན་ཟེར་ཏེ། དེ་ནི་གཏོང་ཕོད་ཅན་ས་སྟེང་འདི་ན་མི་འོང་བས་ན་བཟོད་བསྲན་ཐེག་པ་ཡིན། ཆུང་མ་དྲན་པའི་གདུང་སེམས་ནི་ཤི་བའི་སྟེང་ནའང་མི་འགོག་པར་གདའ་བས། དེ་ཕྱིར་དྲན་རྟེན་ཁྱོད་ངའི་མདུན་ན་མ་འདུག་པར་ད་ལྟ་རང་སོང་ཞིག་ཅེས་ཞུས་ཚེ། མཚོ་རྒྱལ་ནི་སེམས་ཅན་དེའི་སེམས་དང་ལུས་ཀྱི་སྡུག་བསྔལ་གཟིགས་ཏེ་ལྷག་པར་སྙིང་རྗེ་འཁྲུངས་ཏེ་གསུངས་པ། ཁྱོད་ཉོན་དང་། སྤྱིར་འཁོར་བ་མི་རྟག་པའི་རང་བཞིན་སོམས་དང་སེམས་ལ་ཕན་ངེས། སྒོས་ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་ན། རྣམ་སྨིན་འདག་པའི་དུས་ཡོང་། ངས་ཁྱོད་ལ་ཕན་ན་རང་གི་པུས་མོའི་མེ་ལོང་ཡང་སྦྱིན་ཆོག་པས་རིང་དུ་སོང་མ་ཟེར་ལ་བདག་གིར་གྱིས་གསུངས་སོ། །མཛེ་ཕོ་ན་རེ། མིག་ཕྱིས་བཞིན་ཞལ་གདོང་ལ་ཡང་ཡང་བལྟས་ཏེ་ཞུས་པ། ཁྱོད་ཀྱི་གསུངས་དེ་ཡི་སྙན་འཇེབས་ཞལ་དེ་མཐོང་བས་རང་གི་ཆུང་མ་དེ་དྲན་གསོ་བའི་གདུང་བ་ཆེར་བསྐྱེད་པས་སྡུག་བསྔལ་སྣོན་མར་གྱུར་གདའ་བས་པུས་མོ་སྦྱིན་ནས་ལུས་པོ་ཙམ་གསོས་རུང་། ཅི་བྱེད་སེམས་ཀྱི་འདོད་པ་མི་ཆོག་པས་སྡུག་བསྔལ་འགོག་ཐབས་མེད་པ་ཡིན་ཞེས་ཞུས་སོ། །མཁའ་འགྲོས་གསུངས་པ། འོ་ན་ཁྱོད་ཀྱི་སྡུག་བསྔལ་ཇི་ལྟར་སངས། ཤི་བ་ལོག་ནས་ཡོང་བའི་དཔེ་མེད་། དེ་བས་ཁོ་ཐག་ཆོད་པས་ཞི་བ་ཡིན་གསུངས། མཛེ་ཕོ་ན་རེ། ང་ལ་ཆུང་མ་ཤི་བ་ལོགས་ཏེ་མི་ཡོང་བ་ཤེས་ནས་ཞུས་པ་ཡིན། དེའི་ཚབ་ཁྱོད་འདྲ་ཆུང་མར་འབྱུང་ན་ངའི་འདོད་པའི་གདུང་བ་སངས་པ་ཡིན་ཏེ། དེ་འདྲ་དཀོན་པས་ཐབས་ཟད་པ་ཡིན་ཟེར་རོ། །མཚོ་རྒྱལ་གྱིས་སྙིང་རྗེ་བཟོད་མེད་ཀྱིས་ཕྱག་བརྐྱངས། མཛེ་ཕོའི་ལག་ནས་བཏེག །ཞལ་སྦྱར་ཏེ། མི་ཁྱོད་ལ་ཕན་སྲིད་ན། ཁོ་མོས་ཁྱེད་ཀྱི་ཆུང་མའི་ཚབ་བྱེད་དོ། །དགའ་འམ་པུས་མོ་འདི་ཡང་སྦྱིན་ནོ་གསུངས་པས། མཛེ་ཕོ་ཤིན་ཏུ་དགའ་བའི་མདངས་ཕྱུངས་ཏེ། རིང་སྟབས་ཀྱིས་ཁྱེད་ཀྱིས་ངས་ཅི་ཟེར་མཉན་ནམ་ཟེར། མཉན་ནོ་གསུངས་པས། འོ་ན་དང་པོ་པུས་མོ་སྦྱིན། དེ་ནས་ངའི་ཆུང་མ་གྱིས་ཞུས་སོ། །དེ་ལྟར་བྱ་གསུངས་ཏེ་གྲི་ཆུང་གིས་པུས་མོའི་ཤ་ལྤགས་བཅད་དེ་གཤགས། པུས་མོའི་མེ་ལོང་ཁྲག་ན་རེ་བཏོན་ཏེ། ཁོའི་རྐང་པར་བཅུགས་པར་མཛད། ཁྲག་འཛག་མང་བ་དང་སྙུང་གཞིས་རེ་ཞིག་ཐུགས་དྲན་མེད་འོད་གསལ་དུ་ཐིམ་སོང་བ་དང་། མཛེ་ཕོ་ན་རེ། མི་མཆོག་འདི་ནི་རྒྱལ་བར་གྱུར་ཟེར། དེ་མ་ཐག་ལྷ་ཡི་དབང་པོར་ཀྲོང་གིས་བྱུང་བཅོ་ལྔའི་ཟླ་བ་གཟའ་ལས་གྲོལ་བ་ལྟར་གྱུར་གསུངས་ཏེ་ཕུས་བཏབས་པ། མཁའ་འགྲོ་ཧར་བཞེངས་པ་དང་བརྒྱ་བྱིན་གཟིགས། མཛེ་ཕོ་གར་སོང་གསུངས་པས་ལྷའི་དབང་པོས། དབྱིངས་ཡུམ་ཆོས་སྐུ་ཀུན་ཏུ་བཟང་མོ་ཉིད། །བདེ་ཆེན་ལོངས་སྐུ་རྡོ་རྗེ་ཕག་མོའི་ཡུམ། །གང་འདུལ་དེར་སྟོན་སྤྲུལ་སྐུ་རྣལ་འབྱོར་མ། །དབྱེར་མེད་ངོ་བོ་ཉིད་སྐུ་མཚོ་རྒྱལ་མ། །གུས་པས་ཕྱག་འཚལ་བདག་ནོངས་བཟོད་པར་གསོལ། །ད་ནས་ཁྱེད་ཀྱི་འབངས་མཆི་བསྟན་པ་སྐྱོང་། །ཞེས་ཞུས་པས་མཁའ་འགྲོས་ཀྱང་བཟོད་པར་བཞེས་ཏེ། གསང་སྔགས་རྡོ་རྗེ་ཐེག་པའི་རྗེས་འཇུག་སྐྱོང་བར་བཀའ་སྩལ་ཏོ། །གྲོགས་ཀྱི་མཆོག་རྙེད་པ་དང་གཞན་དོན་མཛད་པའི་ལེའུ་སྟེ་བདུན་པའོ།། །།

༈ མཁའ་འགྲོ་ཟུང་བཅས་འཆི་མེད་འཇའ་སྐུར་གཤེགས་པ།

དེ་ནས་མ་འོངས་གདུལ་བྱའི་དོན་ལ་དགོངས་ཏེ། སངས་རྒྱས་གཉིས་པའི་ཐུགས་ཀྱི་གསང་སྒོ་ཕྱེས་ཏེ། རྒྱུད་ལུང་མན་ངག་ཟབ་མོའི་ཆོས་རྣམས་ཇི་སྙེད་མཆིས་པ་རྣམས་ཞུས། མཚོ་ལ་ཁ་བ་བབས་པ་ལྟར་གཉིས་མེད་ཐུགས་སུ་ཆུད། མི་བརྗེད་གཟུངས་སུ་བཏབ་ནས། རིན་ཆེན་ཤོག་བུར་མཁའ་འགྲོའི་བརྡ་རིས་དང་། ཡིག་རིགས་བཅུ་གཅིག་ལ་སོགས་གླེགས་བམ་བྲིས། རིན་ཆེན་སྒྲོམ་བུར་བཅུགས་ནས་གཏེར་དུ་སྦས། འདོན་པའི་དུས་དང་གཏེར་སྟོན་ལུང་བསྟན་རྣམས་ཀྱང་མིང་ཅན་དང་མིང་མེད་བསམ་གྱིས་མི་ཁྱབ་པ་མཛད་དེ། བོད་ཁམས་མཐའ་དབུས་གནས་ཆེན་གངས་བྲག་དང་འཛམ་གླིང་གི་ས་ཕྱོགས་གར་ཡང་གཏེར་དུ་སྦས་ཤིང་། བྱིན་གྱིས་བརླབས། ཐུགས་སྨོན་མཛད། ལྷག་པར་གཏེར་ལ་སྤྱོད་པའི་གང་ཟག་ལས་ཅན་དད་པ་ཅན་ལ་རབ་འབྲིང་ཐ་མའི་སྐལ་བར་མཚུངས་པའི་རྒྱུ་དང་ཡེ་ཤེས་ཀྱི་རོལ་གར་གྱིས་རྗེས་སུ་འཛིན་པར་ཞལ་གྱིས་བཞེས། ཡང་ཐ་མཚན་ཐོས་པ་རྣམས་ཀྱང་ངན་སོང་ལས་གྲོལ་ཏེ་སྐྱེ་བ་བརྒྱུད་དེ་བྱང་ཆུབ་པའི་བདེན་ཚིག་བརྗོད་པར་མཛད། སྐུ་ལུས་གཅིག་ལ་བཀོད་པ་བསམ་གྱིས་མི་ཁྱབ་པའི་སྤྲུལ་སྒྱུར་གྱིས་རྫུ་འཕྲུལ་ཡ་མ་ཟུང་སྟོན་ཅིང་། བོན་ཆོས་རྣམས་རྩོད་པས་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་ཉི་ཟླ་ལྟར་ཁྱབ་ཅིང་དར་རྒྱས་མཛད་དོ། །དགུང་གྲངས་དྲུག་ཅུ་རེ་དགུར་སོན་སྐབས་སངས་རྒྱས་གཉིས་པ་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་ཁར་བཀའ་སྩལ་པ། པདྨ་ང་ནི་སྲིན་པོ་འདུལ་དུ་འགྲོ། །མཚོ་རྒྱལ་ཁྱེད་ཀྱིས་ད་རུང་བོད་ཁམས་སྐྱོངས། །ཆོས་རྣམས་ཐམས་ཅད་ཡི་གེར་ཐོབ་ལ་གཏེར་ལ་སྦོས། །དགུང་གྲངས་ཉིས་བརྒྱ་བཅུ་གཅིག་ལོན་པའི་ཚེ། །ངས་ཀྱང་དཔའ་བོ་མཁའ་འགྲོའི་བསུ་མ་གཏང་། །དེ་ཚེ་རྔ་ཡབ་པདྨ་འོད་དུ་བྱོན། །སྐྱེ་འཆི་བགྲེས་རྒུད་མེད་པའི་ཞིང་མཆོག་ཏུ་ཚོགས་ཀྱི་རྗེ་མོར་པདྨ་བདག་དང་འདུ་འབྲལ་མེད་པར་ཇི་སྲིད་འཁོར་བ་མ་སྟོངས་བར་དུ་འགྲོ་དོན་མཛད་དོ་ཞེས་སོགས་ལུང་བསྟན་རྒྱས་པར་བསྩལ་ཏེ། མ་ཧཱ་གུ་རུ་རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས་འཇའ་འོད་ནམ་མཁའི་ཀློང་དུ་གཤེགས་སོ། །བོད་ཀྱི་རྗེ་འབངས་རྣམས་ཉ་མོ་བྱེ་ཐང་ལ་བོར་བ་ལྟར། གུང་ཐང་ལ་ཁར་ལུས་ཚེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྨྲེ་དབྱངས་གསོལ་བ་འདེབས་པར་མཛད་པ་ནི། ཨེ་མ་ཧོ༔ ཡོན་ཏན་དུ་མས་བརྒྱན་པའི་པདྨ་འབྱུང་༔ བསྐལ་པ་གྲངས་མེད་སངས་རྒྱས་མཛད་ཚུལ་བསྐྱངས༔ སྐྱེ་བ་དུ་མར་སྤྲུལ་པའི་སྐུ་རུ་བརྒྱུད༔ འདིར་འཁྲུངས་གོང་དུ་མཱ་རི་རཱ་ཛར་འཁྲུངས༔ འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ འཇམ་དཔལ་སྤྲུལ་པའི་ཞིང་ཁམས་འདི་རུ་དྲངས༔ བོད་བྱོན་ཙ་ན་རང་ལོ་བཅུ་གསུམ་ལོན༔ སྒྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚན༔ གནུབས་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚན༔ ཤིང་མོ་བྱ་ཡི་ལོ་ལ་མཚོ་རྒྱལ་འཁྲུངས༔ མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལ༔ མི་བརྗེད་གཟུངས་ཐོབ་ཆོས་རྣམས་སློབ་མ་དགོས༔ བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བསྒྲུབས༔ ཕྲུ་གུ་ཕོ་མོ་གང་ཡང་བདག་ལ་མེད༔ དགེ་སློང་མ་ཡིན་འཁོར་བའི་སྐྱོན་མ་གོས༔ སྐུ་གསུམ་བླ་མ་པདྨ་འབྱུང་གནས་དེ༔ བོད་ཁམས་ཡོངས་ལ་ཐུགས་རྗེས་ཁྱབ་པར་གཟིགས༔ རྗེ་འབངས་ཡོངས་ལ་བཀའ་དྲིན་ཆེ་བར་མཛད༔ རི་བྲག་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབས༔ སྐལ་ལྡན་རྣམས་ལ་ཆོས་ཀྱི་ཆར་པ་ཕབསཿ ཤེས་རབ་ཅན་ལ་ཐེག་པ་མཐའ་དག་བསྟན༔ སྣོད་ལྡན་རྣམས་ལ་གདམས་ངག་རྫོགས་པར་གནང་༔ མོས་གུས་ཅན་ལ་བྱིན་རླབས་ཉི་མ་ཤར༔ ལས་འཕྲོ་ཅན་ལ་མ་འོངས་ལུང་དུ་བསྟན༔ ཐུགས་རྗེ་ཕྱོགས་རིས་མེད་པའི་པད་འབྱུང་དེ༔ རྔ་ཡབ་གླིང་དུ་སྲིན་པོ་འདུལ་དུ་བཞུད༔ དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཅུའི་ཉིན༔ སྤྲིན་རྣམས་འཇའ་ཚོན་བཞིན་དུ་མཁའ་ལ་ཡལ༔ མོས་གུས་ཅན་གྱི་མཚོ་རྒྱལ་གང་དགར་བཞག༔ སྙིགས་མའི་སྐྱབས་མགོན་པདྨ་འབྱུང་གནས་བཞུད༔ འཛམ་གླིང་སྐྱབས་མེད་སེམས་ཅན་ཤུལ་དུ་བཞག༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་བཞུད༔ དད་གུས་ཅན་གྱི་མཚོ་རྒྱལ་ཤུལ་དུ་བཞག༔ ལྷ་མིའི་མཆོད་འོས་པད་འབྱུང་དགུང་ལ་ཡལ༔ རྗེ་འབངས་དད་གུས་ཅན་རྣམས་ཤུལ་དུ་བཞག༔ འདི་ཕྱིའི་རེ་སའི་སྡོང་པོ་སྲིན་ཡུལ་བཞུད༔ རེ་ལྟོས་མེད་པའི་མཚོ་རྒྱལ་ཤུལ་དུ་བཞག༔ མེད་ཐབས་མེད་པའི་ཨོ་རྒྱན་པད་འབྱུང་བཞུད༔ ཀྱེ་མ་ཀྱེ་ཧུད་ཨོ་རྒྱན་རིན་པོ་ཆེ༔ ཁྱོད་འདྲའི་སྤྲུལ་སྐུ་བཞུད་པ་ཅང་བདེན་ནམ༔ བོད་དུ་བྱོན་ནས་གཏན་དུ་མི་བཞུགས་པར༔ ཡེ་ཤེས་རྟ་མཆོག་ཆིབས་པ་ཅང་བདེན་ནམ༔ འཛམ་གླིང་རྒྱལ་པོའི་བླ་མཆོད་མི་མཛད་པར༔ བོད་ཡུལ་སྟོང་པར་བཞག་པ་ཅང་བདེན་ནམ༔ ལོ་ཙཱ་རྣམས་ལ་མདོ་སྔགས་མི་གསུངས་བར༔ རྗེ་འབངས་ཕྱོགས་སུ་གྱེས་པ་ཅང་བདེན་ནམ༔ ཆོས་ཀྱི་སྙིང་ཁུ་གསང་སྔགས་མི་གསུང་པར༔ མཚོ་རྒྱལ་སྟོང་ལོག་བྱེད་པ་ཅང་བདེན་ནམ༔ ཉམས་ལེན་མཐར་ཐུག་རྫོགས་ཆེན་མི་གསུང་བར༔ གདམས་ངག་ཞུ་ས་མེད་པ་ཅང་བདེན་ནམ༔ ཀྱེ་མ་ཀྱེ་ཧུད་ཨོ་རྒྱན་རིན་པོ་ཆེ༔ གསལ་བྱེད་ཉི་མའི་འོད་ཀྱི་དཀྱིལ་འཁོར་ནུབ༔ ཉོན་མོངས་གདུང་སེལ་ཆུ་ཤེལ་ཟླ་བ་འདས༔ དུག་ལྔའི་ནད་སེལ་སྨན་གྱི་སྡོང་པོ་བསྐམས༔ ཐུགས་རྗེ་ཉེ་རིང་མེད་པའི་ཕ་དེ་བཞུད༔ འཁོར་བའི་རྒྱ་མཚོ་སྒྲོལ་མི་མཉན་པ་འདས༔ མ་རིག་མུན་པ་སེལ་བའི་སྒྲོན་མེ་ཤི༔ ཐམས་ཅད་གསོལ་བ་འདེབས་པའི་རྟེན་དེ་མེད༔ སྣོད་ལྡན་སྨིན་མཛད་དབང་གི་བུམ་པ་ཆག༔ ཐེག་པ་ཀུན་ལ་མཁས་པའི་པད་འབྱུང་བཞུད༔ རང་སེམས་ཆོས་སྐུར་སྟོན་པའི་བླ་མ་བཞུད༔ སྡོམ་པ་གསུམ་གྱིས་བརྒྱན་པའི་བླ་མ་བཞུད༔ བླ་མ་ཁྱོད་ཀྱི་མཛད་པ་དྲན་ཙ་ན༔ མིག་ནས་མཆི་མ་རང་དབང་མེད་པར་ཤོར༔ དབུགས་ཁར་མ་ཤོང་བྲང་ཁོག་སྟོད་དུ་བརྒྱངས༔ གློ་སྙིང་ཁོང་པར་མ་ཤོང་ཁ་རུ་འཚངས༔ རྐང་པ་ས་ལ་མ་འཚུགས་ཐང་ལ་འགྱེལ༔ མཚོ་རྒྱལ་བསམ་པའི་སེམས་ལ་ཚུགས་ཐབས་མེད༔ ཀྱེ་མ་ཀྱེ་ཧུད་སྙིང་ནས་བླ་མ་དྲན༔ མ་འོངས་སེམས་ཅན་དོན་དུ་མི་བཞུགས་པར༔ ཆོས་རྣམས་གཏེར་དུ་སྦེད་པའི་དུས་ཀྱང་བྱུང་༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབེན་གནས་སུ༔ སྒྲུབ་པའི་རྒྱལ་མཚན་བོད་དུ་མི་ཚུགས་པར༔ དབེན་གནས་སྟོང་པར་འཇོག་པའི་དུས་ཀྱང་བྱུང་༔ སྐྱེ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་འདི༔ མ་ཁྲིད་བོར་ནས་ཨོ་རྒྱན་པད་འབྱུང་བཞུད༔ མོས་གུས་ཅན་གྱི་བུ་སློབ་སྐྱོང་འཕྲོ་བཅད༔ ཀྱེ་མ་ཀྱེ་ཧུད་ད་ནི་སུ་ལ་རེ༔ ཨོ་རྒྱན་པད་འབྱུང་བཞུད་པའི་དུས་ཀྱང་བྱུང་༔ རྒྱལ་ཁམས་ཐམས་ཅད་ཕ་མེད་དྭ་ཕྲུག་གང་༔ ཉིན་མཚན་མེད་པར་གདུང་བའི་སྒྲ་ཡིས་འབོད༔ གུང་ཐང་ལ་ཁར་ཐམས་ཅད་རོ་བཞིན་འགྱེལ༔ རྒྱུན་ཆད་མེད་པར་མཆི་མ་ཁྲག་ཏུ་འཛག༔ རྐང་པས་གར་ཕྱིན་དོན་མེད་ས་ལ་འགྱེལ༔ བསྡད་པས་མ་ཚུགས་ཕྱིན་པས་དོན་མ་མཆིས༔ བསམ་པས་རྗེས་དྲན་ཉལ་བས་གཉིད་མ་བྱུང་༔ གང་ལ་བསམས་ཀྱང་པད་འབྱུང་མེད་ཐབས་མེད༔ ཀྱེ་མ་ཀྱེ་ཧུད་ཨོ་རྒྱན་རིན་པོ་ཆེ༔ སྐྱེ་དམན་མཚོ་རྒྱལ་སྙིང་ནི་མི་རྗེའམ༔ སྤྲིན་གྱི་གསེབ་ནས་བྱུང་བའི་རྟ་སྔོན་ཁྱོད༔ བདག་གི་བླ་མ་གང་དུ་གདན་འདྲེན་ན༔ བར་སྣང་དཀར་དམར་ལྷ་དང་ལྷ་མོས་གང་༔ ཨོ་རྒྱན་པད་འབྱུང་ནམ་མཁའི་དབྱིངས་སུ་གཤེགས༔ མཚོ་རྒྱལ་གདུང་བ་ཞི་བར་མ་གྱུར་ནས༔ སྨྲེ་སྔགས་གདུང་བས་ཕྱོགས་བཅུར་བོས་ལགས་ཀྱང་༔ སྐད་ཅིག་ཙམ་ཡང་རྗེ་ཉིད་མ་བྱོན་ན༔ ས་སྟེང་འགྲོ་བ་མི་ཡི་གནས་འདི་ན༔ བདག་ལས་སེམས་པ་སྐྱོ་བ་སུ་ཞིག་ཡོད༔ བོད་ཀྱི་ས་གཞི་ཐམས་ཅད་སྟོང་པར་སོང་༔ རྗེ་འབངས་བུ་སློབ་ཐམས་ཅད་ཆོ་ངེ་འདེབས༔ གང་དུ་ཕྱིན་ཀྱང་ཨོ་རྒྱན་པད་འབྱུང་དྲན༔ ཉིན་དྲན་མཚན་དྲན་ཅི་ལ་བསམས་ཀྱང་དྲན༔ བུད་མེད་ངན་མ་མཁར་ཆེན་མཚོ་རྒྱལ་གྱིས༔ གཞོན་ནུའི་དུས་ནས་སློབ་དཔོན་གཟུངས་མ་བྱས༔ བསམ་པ་རྙེད་ནས་བླ་མ་མིག་བཞིན་བསྟེན༔ དམ་ཚིག་གཙང་བས་ཆོས་རྣམས་མ་ལུས་གནང་༔ ད་ལྟའི་དུས་ན་ཆོས་རྣམས་ཉམས་ལེན་བདེ༔ རྒས་པས་དུས་བྱུང་ཤི་ཡང་འགྱོད་མེད་བྱས༔ གུ་རུའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་༔ མ་འོངས་སེམས་ཅན་མོས་གུས་རྟེན་ཙམ་ལ༔ ལྷུན་པོའི་དྲུང་དུ་རི་ཕྲན་ཙམ་ཞིག་བཀོད༔ འདི་བཀོད་དགེ་བས་འགྲོ་དྲུག་སེམས་ཅན་རྣམས༔ ཨོ་རྒྱན་པད་འབྱུང་ཞབས་དྲུང་སྐྱེ་བར་ཤོག༔ སྐྱེས་ནས་གཞན་དོན་དཔག་མེད་འགྲུབ་པར་ཤོག༔ སྐྱེ་ཤི་གཉིས་སྤངས་ཁྱེད་ཀྱི་བྱིན་རླབས་ཀྱིས༔ བདག་གིས་སྨོན་ལམ་གང་བཏབ་འགྲུབ་པར་ཤོག༔ དེ་ལྟར་གསོལ་བ་བཏབ་སྟེ་མཉམ་པར་བཞག་པས་མ་ཧཱ་གུ་རུ་ཉི་དང་ཟེར་བཞིན་འདུ་འབྲལ་མེད་པའི་དགོངས་པ་ཤར་རོ། །དེ་ནས་གསུང་རབ་མཐའ་དག་ཀུན་གྱི་བསྡུ་བ་མཛད་དེ། གཏེར་ཆེན་གཏེར་ཕྲན་གྲངས་ལས་འདས་པ་མཛད་ནས་གཏེར་བདག་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏད་དོ། །མ་འོངས་ལས་འཕྲོ་ཅན་ལ་སྤྲོད་པའི་བཀའ་བགོས་དང་འཕྲད་པའི་སྨོན་ལམ་མཛད་དེ། ཞལ་སློབ་རྣམས་ལ་གསུངས་པ། ད་ལྟ་སངས་རྒྱས་གཉིས་པ་མ་ཧཱ་གུ་རུའི་སྐུ་དྲིན་ལ་བོད་ཁམས་འདིར་མདོ་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས། རྒྱལ་བློན་རྣམས་ཆོས་དང་མཐུན་པས་མངའ་འབངས་ཀྱང་དགེ་བཅུ་ལ་སྤྱོད་ཅིང་དགེ་ཞིང་སྐྱིད་ཀྱང་། མ་འོངས་སྙིགས་མའི་ཡང་མཐར་དུས་རྒུད་ནད་མུག་དམག་འཁྲུག་རྒྱུན་མི་ཆད་པ་འབྱུང་བར་འགྱུར། དེ་དུས་སངས་རྒྱས་གཉིས་པའི་ཟབ་ཆོས་འདོན་པའི་གང་ཟག་སྤྲུལ་པའི་གཏེར་སྟོན་རྣམས་རིམ་བཞིན་བྱོན་ནས། གདུལ་བྱ་ལྷག་མ་རྣམས་གཏེར་གྱིས་སྐྱོང་སྟེ། སྔ་ཕྱི་ཀུན་ཏུ་བོད་འབངས་ལ་བརྩེ་བས་བདག་ཀྱང་སྤྲུལ་པ་འཛམ་གླིང་མཐའ་དབུས་གང་འདུལ་གཟུགས། གདོལ་བ་གཡུང་མོ་སྨད་འཚོང་ཆང་འཚོང་དང་༔ ཐ་བང་ཚོས་མཁན་མོ་དང་བྲན་མོའི་ཚུལ༔ སྤྲུལ་པ་རྒྱུན་ཆད་མེད་པའི་སྨོན་ལམ་ཡོད༔ གསང་མཆོག་བདེ་བ་ཆེན་པོའི་ཡེ་ཤེས་ལ༔ བརྟེན་ནས་ཞི་བའི་ལམ་གྱིས་འོད་སྐུར་གྲུབ༔ སྐྱེ་འཆི་འཕོ་འགྱུར་བྲལ་བའི་པདྨ་འོད༔ གདོད་ནས་ཚོགས་ཀྱི་རྗེ་མོར་ལུང་བསྟན་ཐོབ༔ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་མཛད༔ ཤ་ཟ་སྲིན་པོའི་སྣང་ངོར་མཐིང་འོད་འབར༔ གུ་རུའི་དྲུང་ནས་བདེ་ཆེན་རྒྱལ་མོ་ཞེས༔ ཉི་དང་ཟེར་བཞིན་འདུ་བྲལ་མེད་པར་བཞུགས༔ རྟག་ཏུ་བོད་འབངས་འགྲོ་ལ་ཐུགས་རྗེས་གཟིགས༔ ཁྱད་པར་ལས་ཅན་རྗེས་འཇུག་ཡོངས་ལ་བརྩེ༔ སྐལ་ལྡན་ཀུན་ལ་དབང་བསྐུར་བྱིན་གྱིས་བརླབས༔ སྐལ་དམན་རྒྱུད་ལ་ཐར་པའི་ས་བོན་འདེབས༔ ལས་ཅན་ཀུན་ལ་བླང་དོར་ལུང་བསྟན་བསྩལ༔ ཆོས་དྲིན་སྐུ་དྲིན་སྐུ་ཆེའོ་བོད་འབངས་རྣམས༔ དྲིན་ལན་རང་གཞན་དོན་དུ་ཆོས་ལ་འབུངས༔ གསུངས་སོ། །དགུང་ལོ་ཉིས་བརྒྱ་དང་བཅུ་ཕྲག་ཉེ་བ་ན། ཟབ་བུ་ལུང་དུ་ཟླ་བའི་ཚེས་བཅུའི་ཉིན་ནམ་མཁའ་ཐམས་ཅད་འཇའ་དང་འོད་ཟེར་གྱིས་ཁེངས། ས་གཞི་ཐམས་ཅད་ཞལ་སློབ་དང་བོད་ཀྱི་རྒྱལ་བློན་མོས་འབངས་གྲངས་མེད་ཚོགས་པས་ཁེངས་པའི་དུས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བའི་སྐབས། མདུན་གྱི་ནམ་མཁར་རྩ་གསུམ་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས་པ་མངོན་སུམ་མཇལ་བའི་དགའ་སྟོན་མཛད། མཁའ་འགྲོས་མཆོད་ཆང་བདུད་རྩི་ཀ་པཱ་ལ་གང་གིས་བྲི་གང་མེད་པར་ཀུན་ལ་འགྱེད་ནས། མཁའ་འགྲོ་བཀྲ་ཤིས་ཁྱེའུ་འདྲེན་དང་བལ་འབངས་ཀ་ལ་སིདྡྷི་གཉིས། ཕྱག་གཡས་གཡོན་གྱིས་རེག་པ་དང་མེ་ཏོག་རེར་གྱུར། དེ་གཉིས་ཐུགས་ཀྱི་གཡས་གཡོན་ནུ་མ་གཉིས་ལ་བསྟིམས་པར་མཛད་དེ། བོད་འབངས་རྗེས་འཇུག་རྣམས་མ་བརྗེད་པར་གསོལ་བ་ཐོབ་ཅིག་ཨ་མས་ཐུགས་རྗེས་རྟག་ཏུ་གཟིགས་པ་ཡིན་ནོ་ཞེས་བརྩེ་བས་དབུགས་འབྱིན་སྩོལ་བཞིན་ནམ་མཁའ་འཇའ་འོད་ཀྱི་ཀློང་དུ། འབུམ་ཕྲག་མཁའ་འགྲོ་སྡེ་ལྔས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་སྒྲ་རོལ་མོ་གླུ་དབྱངས་དང་བཅས། ཡེ་ཤེས་རྨ་བྱའི་སྟེང་དུ་ཆིབས་ཏེ་སྐུ་གསུམ་སྤྲུལ་པའི་ཞིང་མཆོག་ཟངས་མདོག་དཔལ་གྱི་རི་བོའི་གྲོང་པདྨ་འོད་ཀྱི་གླིང་དུ་མངོན་སུམ་རོལ་པས་གཤེགས་སོ། །ཨ་ཧཾ་ཧྲི༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ གསང་གསུམ་ཡོན་ཏན་གཅིག་གྱུར་པདྨ་འབྱུང་༔ དགྱེས་སྐྱེད་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ གང་གི་རྣམ་ཐར་ཐོས་པ་དོན་ལྡན་ནི༔ མཐོང་ཐོས་མི་ལ་ངན་སོང་ཡོད་རེ་ཀན༔ དེ་ཕྱིར་རྗེས་འཇུག་དད་ལྡན་ཕོ་མོ་རྣམས༔ ཡབ་ཡུམ་རྣམ་ཐར་འཛིན་ཀློག་ཉན་བསམ་པ༔ མངོན་སུམ་གུ་རུས་དབང་བསྐུར་བྱིན་རླབས་འགྱུར༔ སྤྱིར་ན་རྒྱལ་བ་གཞན་ལས་ཐུགས་རྗེ་མྱུར༔ ཁྱད་པར་བོད་འབངས་འགྲོ་ལ་བཀའ་དྲིན་ཆེ༔ དེ་ཕྱིར་བློ་གཏད་གཅིག་ཆོག་ཡབ་ཡུམ་གྱིས༔ འདི་ཕྱིར་བསླུ་བ་མེད་པའི་ཕྱི་རབས་རྣམས༔ འདིས་མཚོན་རང་གཞན་དུས་གསུམ་དགེ་བའི་མཐུས༔ རྒྱ་གར་འཕགས་པའི་མཐའ་དབུས་ལྗོངས་ཀུན་བདེ༔ རྒྱལ་བློན་ཆོས་ལྡན་སྐུ་ཚེ་ཉི་ཟླ་བཞིན༔ རྣམ་དཀར་མཛད་པ་བརྒྱ་སྟོང་ཕྱོགས་བཅུར་འཕྲོ༔ བསམ་སྦྱོར་ལོག་མུན་རང་སངས་བདེ་སྐྱིད་འཕེལ༔ རྡོ་རྗེ་སྙིང་པོས་ཁམས་གསུམ་དབང་འདུས་ཤོག༔ དུས་གསུམ་དབྱིངས་གཅིག་རང་བྱུང་ཡེ་ཤེས་མཁའ༔ མཚོ་སྐྱེས་རྒྱལ་ཡུམ་གསང་གསུམ་འོད་གསལ་ཀློང་༔ ལྷ་སྲིན་སྡེ་བརྒྱད་གཟའ་སྐར་ཟིལ་གནོན་དཔལ༔ རྒྱུད་དྲུག་སྣང་བཞིའི་རྩེས་གྲོལ་བཀྲ་ཤིས་ཤོག༔

རྣམ་ཐར་ཐོས་པ་དོན་ལྡན་རྫོགས་སོ། །དཔལ་རི་གཉིས་པ་དཔལ་གྱི་འབྲས་མོའི་གཤོངས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་དྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ རྡོ་རྗེ་སྙིང་པོར་འུབ་ཆུབ་རྟག་བརྟན་ཤོག༔ མཁའ་འགྲོ་ཟུང་བཅས་འཆི་མེད་འཇའ་སྐུར་གཤེགས་པའི་ལེའུ་སྟེ་བརྒྱད་པའོ། །ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝ་ར་ཧི་ཧཱུྃ༔

ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཚུལ་རྣམ་ཐར་གབ་པ་མངོན་ཕྱུང་དྲི་ཟའི་གླུ་ཕྲེང། མཛད་པ་པོ་སྟག་ཤམ་ནུས་ལྡན་རྡོ་རྗེ།

གདུལ་བྱར་གཟིགས་ནས་སྤྲུལ་པ་མཛད་ཚུལ་གྱི་སྐབས་ཏེ་དང་པོ།

༄༅༔ བོད་ཀྱི་ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་མཛད་ཚུལ་རྣམ་པར་ཐར་པ་གབ་པ་མངོན་ཕྱུང་རྒྱུད་མངས་དྲི་ཟའི་གླུ་ཕྲེང་བཞུགས་སོ༔

ཇོ་མོའི་རྣམ་ཐར་སྐབས་དོན་བརྒྱད་པ༔ ཨྠྀིན་མོ་གུ་རུ་དྷེ་བ་ཌཱཀྐི་ནིབྷཻ༔ བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ སྣང་བ་མཐའ་ཡས་མགོན་པོ་སྤྱན་རས་གཟིགས༔ གང་དེའི་ཐུགས་རྗེའི་རྣམ་འཕྲུལ་པདྨ་འབྱུང་༔ སྐུ་གསུམ་སྟོན་པ་མཆོག་གསུམ་འགྲོ་བའི་མགོན༔ བརྒྱུད་པའི་བླ་མ་ཐམས་ཅད་བདག་གིས་མཆོད༔ བདེ་ཆེན་དཀར་མོ་དུས་གསུམ་རྒྱལ་བའི་ཡུམ༔ ཆོས་སྐུའི་མཁའ་འགྲོ་བདེ་ཆེན་ཀུན་ཏུ་བཟང་༔ ལོངས་སྐུའི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མ་ལ་འདུད༔ དུས་གསུམ་རྒྱལ་བ་མཉེས་མཛད་བརྡ་གར་བསྒྱུར༔ ཨོ་རྒྱན་ཆེན་པོས་བཀའ་ཡིས་གཉེར་གཏད་ཅིང་༔ མི་བརྗེད་གཟུངས་ཐོབ་ཟབ་གཏེར་འབྱུང་བའི་ཡུམ༔ དངོས་གྲུབ་མཆོག་བརྙེས་འཇའ་ལུས་རྡོ་རྗེའི་སྐུ༔ བླ་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས༔ དེ་ཡི་རྣམ་ཐར་མཛད་ཚུལ་ལོ་རྒྱུས་དང་༔ གསུང་འབུམ་འཐོར་བུ་མཁའ་འགྲོའི་ཐུགས་ཁྲག་སྐོར༔ མ་འོངས་འགྲོ་མང་དོན་དུ་བཀོད་དེ་སྦས༔ སྙོང་ཁ་ནག་པོ་བདུད་རྗེ་འབར་བ་དང་༔ བདུད་མགོན་སེང་གེའི་གདོང་ཅན་རྣམས་ཀྱིས་སྲུངས༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ཨེ་མ་ཧོ༔ དེ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་ངོ་བོ་སྔགས་འཆང་པདྨ་ཐོད་ཕྲེང་རྩལ་ཞེས་བྱ་བ༔ གྲུབ་ཐོབ་ཆེན་པོ་མངལ་གྱིས་མ་གོས་པ་སྐྱེ་བ་པདྨའི་སྦུབས་སུ་སྐུ་འཁྲུངས་ནས༔ མཛད་པ་ཐུབ་དབང་ཉིད་ལས་ལྷག་པ་དུས་གསུམ་ཀའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་འཛིན་པ༔ ཁྱད་པར་དར་དཀའ་བ་སྔགས་ཀྱི་བསྟན་པ་དར་ལ་ཡུན་རིང་དུ་སྐྱོང་བ༔ གདུལ་དཀའ་བ་བོད་སྲིན་དང་ལྷོ་ནུབ་ཀྱི་སྲིན་པོ་སོགས་ནས་བདུད་དང་མུ་སྟེགས་ལྷ་སྲིན་ཐམས་ཅད་བསམ་པ་ཙམ་གྱིས་འདུལ་བ༔ སྟོན་པར་དཀའ་བ་དུས་གཅིག་ལ་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ༔ ཐོབ་པར་དཀའ་བ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་དེ་ལ༔ གསང་སྔགས་དར་བར་བྱ་བའི་ཐབས་ལ་བརྟེན་ནས་འོག་མིན་ནས་དུར་ཁྲོད་དང་གནས་ཆེན་དང་མི་ཡུལ་ལྷ་ཡུལ་ཀླུ་དང་དྲི་ཟའི་ཡུལ་ཐམས་ཅད་དུ་མཚན་ལྡན་གྱི་གསང་ཡུམ་ཁང་པ་ཀ་བ་བཞི་པའི་ནང་དུ་ཏིལ་གྱིས་བཀང་བའི་གྲངས་ལས་མང་བ་ཡོད་ཅིང་༔ ཁྱད་པར་དུ་འཛམ་གླིང་འདིའི་དབང་དུ་བྱས་ན༔ རྒྱ་གར་རྒྱ་ནག་བོད་གན་འཇང་ལི་ཧོར་སོགས་ཐམས་ཅད་དུ་མཚན་ལྡན་གྱི་བུ་མོ་ཁྲི་ཕྲག་བདུན་ལས་མི་ཉུང་བར་ཡོད་པ་དང་༔ ཁྱད་པར་དུ་རྡོ་རྗེ་ཕག་མོའི་སྤྲུལ་པ་ལྔ་དང་དུས་རྣམ་ཀུན་ཏུ་འབྲལ་བ་མེད་པར་གནས་སོ༔ དེ་ཡང་སྐུའི་སྤྲུལ་པ་མནྡ་ར་བ༔ གསུང་གི་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ༔ ཐུགས་ཀྱི་སྤྲུལ་པ་ཤཱཀྱ་དེ་མ༔ ཡོན་ཏན་གྱི་སྤྲུལ་པ་ཀ་ལ་སིདྡྷི༔ ཕྲིན་ལས་ཀྱི་སྤྲུལ་པ་བཀྲ་ཤིས་སྤྱི་འདྲེན༔ དེ་ཁོ་ན་ཉིད་ཀྱི་སྤྲུལ་པ་མཁའ་འགྲོ་འོད་འཆང་སྟེ༔ སྤྲུལ་པའི་སྐུ་ཆེན་རྣམ་པ་དྲུག་གོ༔ དེ་དག་ཐམས་ཅད་ཀྱི་ནང་ནས་རྒྱ་གར་གྱི་མནྡ་ར་བ་དང་༔ བོད་ཀྱི་ཡེ་ཤེས་མཚོ་རྒྱལ་གཉིས་མཆོག་ཡིན་ནོ༔ དེ་ཡང་མནྡ་ར་བའི་རྣམ་ཐར་ནི་གཞན་དུ་གསལ་ཞིང་༔ འདིར་ཡེ་ཤེས་མཚོ་རྒྱལ་ཉིད་ཀྱི་ལོ་རྒྱུས་མཛད་ཚུལ་རྣམས་ཅུང་ཟད་ཟིན་བྲིས་སུ་བྱའོ༔

དེ་ཡང་འདིར་སྤྲུལ་སྐུ་མཚོ་རྒྱལ་གྱིས་གདུལ་བྱ་གཟིགས་ནས་སྤྲུལ་པ་མཛད་ཚུལ་དང་༔ སྤྲུལ་པའི་ཡུལ་ལ་བབ་ཚུལ་དང་༔ མི་རྟག་པར་གཟིགས་ནས་སློབ་དཔོན་བསྟེན་ཚུལ་དང་༔ ཆོས་དང་གདམས་པ་གསན་ཚུལ་དང་༔ སྒྲུབ་པ་མཛད་ཚུལ་དང་༔ གྲུབ་རྟགས་བྱུང་ཚུལ་དང་༔ འགྲོ་དོན་མཛད་ཚུལ་དང་༔ སླར་སྨོན་ལམ་གྱིས་མཐའ་བསྡུས་ནས་ཆོས་དབྱིངས་ཀྱི་སྦུབས་སུ་སངས་རྒྱས་ཚུལ་ལོ༔ དེ་ལ་དང་པོ་གདུལ་བྱ་དུས་བབས་སུ་གཟིགས་ནས་སྤྲུལ་པ་མཛད་ཚུལ་ནི༔ དུས་གསུམ་རྒྱལ་བའི་ཡུམ་གྱུར་སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་ཞེས་བྱ་བ་མཚན་ཡོངས་སུ་གྲགས་པ་འདི་ཉིད་ནི༔ སྔོན་བསྐལ་པ་གྲངས་མེད་དང་གྲངས་ཅན་གཉིས་ནས་ཚོགས་བསགས་ཤིང་སྒྲིབ་པ་བྱང་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་དང་༔ ཁྱད་པར་འཕགས་པ་རྟག་ངུའི་དུས་སུ་ཚོང་དཔོན་གྱི་བུ་མོར་སྐྱེས་ནས་བུ་མོ་ལྔ་བརྒྱ་དང་བཅས་པ་ཐབས་གཅིག་ཏུ་ཆོས་འཕགས་ཀྱི་དྲུང་དུ་བྱོན་ནས་ཕྱིར་མི་ལྡོག་པའི་སྨོན་ལམ་ཆེན་པོ་ཐེབས་པས༔ དེ་ཚེ་འཕོས་ནས་ལོངས་སྐུའི་ཞིང་ཁམས་མང་པོ་ཉུལ་ནས༔ སླར་བཅོམ་ལྡན་འདས་ཀྱི་དྲུང་དུ་གང་གཱའི་ལྷ་མོ་ཞེས་པར་སྤྲུལ་ནས་བཀའ་ཡི་བསྡུ་བ་པོ་མཛད་ནས༔ ལོངས་སྐུའི་ཞིང་དུ་ལྷ་མོ་དབྱངས་ཅན་མ་ཞེས་པ་འགྲོ་བ་སྣ་ཚོགས་ཀྱི་དོན་མཛད་ནས་བཞུགས་པའི་དུས་སུ༔ བོད་འདིར་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་བྱ་བ་དོན་དུ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་དེས༔ དམ་པ་ཆོས་ཀྱི་སྲོལ་བཏོད་པའི་ཕྱིར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་སྐུ་ལ་སྐྱེ་འཆི་དང་བྲལ་བ༔ དོན་དམ་པར་སངས་རྒྱས་འོད་དཔག་མེད་མི་ཡུལ་དུ་བྱོན་པ་དེ་སྤྱན་དྲངས་ནས༔ ཐུགས་དམ་དཔལ་གྱི་བསམ་ཡས་ལ་སོགས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་ལ་སོགས་དཔག་ཏུ་མེད་པ་བཞེངས་ནས་དམ་པ་ཆོས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད་པའི་དུས༔ དེའི་ཚེ་སློབ་དཔོན་ཆེན་པོའི་ཐུགས་དགོངས་ལ༔ བདག་གིས་གསང་སྔགས་ཀྱི་བསྟན་པ་དར་བའི་ཆེད་དུ་ལྷ་མོ་དབྱངས་ཅན་གྱི་སྤྲུལ་པ་སྟོན་པའི་དུས་ལ་བབས་སོ་སྙམ་ནས་སྐད་ཅིག་དེ་ཉིད་དུ༔ གཟའ་ཆེན་རྒྱ་མཚོར་ལྷགས་པ་ལྟར་ཨོ་རྒྱན་སྤྲུལ་པའི་གནས་སུ་གཤེགས་སོ༔ དེ་ཚེ་བོད་ཀྱི་བློན་པོ་རྣམས་ཀྱིས་སློབ་དཔོན་ལ་ཁྲིམས་བྱས་ནས་ཡུལ་མཐའ་འཁོབ་ཐོ་གར་ཡུལ་དུ་སྤྱུགས་ཞེས་གྲགས་སོ༔ ཆོས་ཀྱི་རྒྱལ་པོས་ནི་མོན་སེང་གེ་རྫོང་གསུམ་དུ་སྒྲུབ་པ་ལ་བཞུགས་པར་གྲགས་སོ༔ སྐྱེ་བོ་ཕལ་པ་རྣམས་ཀྱིས་རྒྱལ་པོའི་བཙུན་མོ་དུམ་བཅད་དུ་ཁྲིད་ནས་རྒྱ་གར་དུ་ལོག་ཅེས་གྲགས་པར་གྱུར་ཏོ༔ དེའི་དུས་སུ་གུ་རུ་ཉིད་ནི་སྤྲུལ་སྐུའི་ཞིང་ཁམས་ཕྲག་བརྒྱར་ཉུལ་ཞིང་མི་ལོ་བདུན་བར་བཞུགས་སོ༔

དེའི་དུས་སུ་གུ་རུས་རྡོ་རྗེ་རྣལ་འབྱོར་མ་དང་༔ ལྷ་མོ་དབྱངས་ཅན་དང་༔ སྒྲོལ་མ༔ ཁྲོ་གཉེར་ཅན༔ རིགས་བཞི་མཁའ་འགྲོ་དང་༔ གནས་ཡུལ་གྱི་མཁའ་འགྲོ་སོགས་མ་ལུས་པ་བསྡུས་ནས༔ ཐམས་ཅད་ལ་བདེ་བར་རོལ་ཞིང་བདེ་བའི་གླུ་འདིས་བསྐུལ་ལོ༔ ཧྲཱིཿ མ་ཆགས་ཆགས་པ་ཆེན་པོའི་མཁའ་གསང་དུ༔ ཆགས་མེད་ཆགས་པ་བདེ་བའི་རྡོ་རྗེ་ཡི༔ ཟག་མེད་ཟག་པ་ཆེན་པོའི་འོད་ཟེར་གྱིས༔ ཟབ་གསང་བདེ་ཆེན་རོལ་བའི་དུས་ལ་བབས༔ ཞེས་དང་༔ དེ་ཚེ་ལྷ་མོའི་ཚོགས་དབུས་དེ་ཉིད་ནས༔ དབྱངས་ཅན་ལྷ་མོ་བཞེངས་ནས་ལན་གསོལ་པ༔ ཧོ་ཧེ་རུ་ཀ་པ་དཔའ་བོ་བདེ་བའི་ལྷ༔ གར་ཆེན་ཁྱེད་ཀྱིས་གར་དགུར་བསྒྱུར་ནུས་ན༔ པདྨ་དམ་པ་བདེ་ཆེན་ཀུན་ནས་བདེ༔ བྷ་གའི་ཀློང་དུ་མི་བདེའི་སྡུག་བསྔལ་མེད༔ མཐའ་འཁོབ་ཡོངས་ལ་སྤྲུལ་པ་དུས་ལ་བབས༔ ཞེས་དང་༔ ཡབ་ཀྱིས༔ ས་མ་ཡཱ་ཧོ༔ ཡུམ་གྱིས༔ ས་མཱ་ཡཱ་སྟྭཾ༔ ཡང་ཡབ་ཀྱིས༔ ས་མ་ཡཱ་ཧྲཱིཿ ཡང་ཡུམ་གྱིས༔ ས་མ་ཡཱ་ཏིཥྛ༔ ཡབ་ཀྱིས༔ ར་ཧོ༔ ཧཾ༔ ཡུམ་གྱིས༔ ར་ག་ཡ་མི༔ ཞེས་ཡབ་ཀྱི་རྡོ་རྗེ་ཡུམ་གྱི་པདྨར་སྦྱར་ནས་སྙོམས་པར་ཞུགས་པས༔ སྤྱན་མ་ལ་སོགས་ལྷ་མོ་ལྔས་མཆོད་ཅིང་བསྟོད་ནས༔ ཡབ་ཧེ་རུ་ཀ་རྣམས་ཀྱིས་བགེགས་བསྐྲད༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད༔ ཏ་ཀྲིཏ་ཆེན་པོ་རྣམས་ཀྱིས་བར་ཆད་བསྲུངས༔ སྒོ་མ་བཞིས་མཚམས་བཅད༔ ཡུམ་རྡོ་རྗེ་ལྷ་མོ་རྣམས་ཀྱིས་གར་མཛད༔ ཕྱོགས་བཅུའི་མགོན་པོ་དང་མ་མོ་ཆོས་སྐྱོང་རྣམས་ཀྱིས་བསྟན་པ་བསྲུང་བར་ཁས་བླངས་པའི་ཚེ༔ ཡབ་ཡུམ་བདེ་བ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་ཤིང་འགུལ་ཡང་རབ་ཏུ་འགུལ་བར་གྱུར་ཏོ༔ དེའི་ཚེ་དེའི་དུས་སུ༔ ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་འོད་ཟེར་སྐར་མདའ་ཆད་པ་ལྟ་བུ་ཡི་གེ་ཨཿདམར་པོ་ལ་ཨཱ་ལི་དཀར་པོའི་ཕྲེང་བས་བསྐོར་བ༔ ཡི་གེ་བཾ་དཀར་པོ་ལ་ཀཱ་ལི་དམར་པོས་བསྐོར་བའི་ཕྲེང་བ་རྣམས་བོད་ཡུལ་གྱི་སྒྲགས་ཀྱི་སེའུ་ལུང་བྱ་བར་ཆད་དོ༔ ཞེས་གདུལ་བྱར་གཟིགས་ནས་སྤྲུལ་པ་མཛད་ཚུལ་གྱི་སྐབས་ཏེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

སྤྲུལ་པའི་སྐུ་གདུལ་བྱའི་ཡུལ་དུ་བབ་ཚུལ་གྱི་སྐབས་ཏེ་གཉིས་པ།

དེ་ནས་སྤྲུལ་པའི་སྐུ་བོད་ཡུལ་དུ་བྱོན་ཚུལ་ནི༔ དེ་ཡང་བོད་ཀྱི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོའི་དུས་ནས་རིམ་པ་བཞིན་དུ་བརྒྱུད་པའི་ཐ་མ་གནམ་རི་སྲོང་བཙན་གྱི་དུས་སུ་ཡ་གྱེས་ཀྱི་རྒྱལ་ཕྲན་བདུན༔ གདུང་འཛིན་གྱི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོ་སོགས་བྱུང་བ་ལས༔ ཆོས་རྒྱལ་ཆེན་པོ་ནི་བོད་སྤྱིའི་རྒྱལ་པོར་མངའ་བ་སྟེ༔ བྱས་པ་ལག་རྗེས་ཆེ་བ༔ བོད་སྤྱིའི་ཆོས་རྒྱལ་ཆེན་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་བསྐོས་པའི་རྒྱལ་ཕྲན་བདུན་གྱི་ནང་ནས་མཁར་ཆེན་པ་དང་༔ ཟུར་མཁར་བ་དང་༔ མཁར་ཆུ་བ་དང་༔ གོང་ཐང་པ་དང་༔ རྩེ་པ༔ སྒྲགས་པ༔ རོང་པ་དང་བདུན་ཡོད་པའི་ནང་ནས་མཁར་ཆེན་པས་ནི་བོན་གྱི་སྡེ་ཆེན་པོ་བཙུགས་པ་ཡོད་དོ༔ དེའི་སྲས་མཁར་ཆེན་གཞོན་ནུ་པ༔ དེའི་སྲས་མཁར་ཆེན་རྡོ་རྗེ་མགོན་བྱ་བ་ཡིན༔ དེའི་སྲས་མཁར་ཆེན་དཔལ་གྱི་དབང་ཕྱུག་ཡིན༔ དེ་ཡང་མཁར་ཆེན་དཔལ་གྱི་དབང་ཕྱུག་ནི་དགུང་ལོ་བཅོ་ལྔ་ལ་གནུབས་བཟའ་དགེ་མཚོ་བྱ་བ་ཁབ་ཏུ་བཞེས་ནས་ཡབ་ཀྱི་ལས་ཀ་ཐམས་ཅད་ཕོག༔ ཡབ་ནི་དགུང་ལ་གཤེགས་སོ༔ མཁར་ཆེན་དཔལ་གྱི་དབང་ཕྱུག་དེ་ཆོས་ལ་མོས་པས་འཛམ་གླིང་རྒྱལ་པོའི་བཀའ་དང་མཐུན་པར་རང་གི་མངའ་འོག་པ་ཐམས་ཅད་ཆོས་ལ་བཙུད་དོ༔

དེ་ནས་དགུང་ལོ་ཉི་ཤུ་རྩ་ལྔ་ལ་ཡབ་ཡུམ་གཉིས་པོ་ལྷན་ཅིག་ཏུ་བདེ་བར་རོལ་བའི་དུས༔ ཡུམ་གྱི་གཟིགས་སྣང་ལ་ནུབ་ངོས་ནས་གསེར་གྱི་བུང་བ་སྒྲ་པི་ཝང་གི་རྒྱུན་ལས་སྙན་པ་གཅིག་ཡབ་གྱི་སྤྱི་བོར་ཐིམ་སྣང་བྱུང་བ་དང་༔ ཡབ་ཀྱི་སྣང་བ་ལ་རང་གི་ཡུམ་དེ་ལ་སྤྱན་གསུམ་འདུག་པ་དང་༔ བུད་མེད་པི་ཝང་འཛིན་པ་ལོ་བརྒྱད་ལོན་པ་ཞིག་གིས༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨ༔ ཞེས་དང་༔ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ཟེར་རང་གི་རྩ་བ་དེར་བྱུང་ནས་གར་ཐལ་ཆ་མེད་དུ་བྱུང་བ་དང་༔ དེ་མ་ཐག་ཏུ་ས་གཡོས་དང་༔ འོད་ཟེར་དང་༔ ཐུག་ཆོམ་དང་༔ འུར་སྐད་ཀྱང་བྱུང་༔ མཁར་གྱི་ལོགས་སུ་ཆུ་མིག་གཅིག་ཡོད་པ་དེ་མཚོར་གྱུར་པ་སོགས་དང་༔ དེ་ནུབ་རྨི་ལམ་དུ་ཡང་༔ ཡབ་ཀྱིས་པདྨ་འདབ་བརྒྱད་གཅིག་ཕྱག་ཏུ་བསྣམས་པ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་སྟོང་གསུམ་ཐམས་ཅད་དུ་འོད་ཟེར་དེས་མ་ཁེངས་པ་མེད་ཟེར་བ་དང་༔ ཡང་སྤྱི་བོར་བྱི་རུའི་མཆོད་རྟེན་གཅིག་སྐྱེས་བྱུང་བ་དང་༔ རྒྱ་འཇང་ཧོར་བོད་ཁམས་སོག་མོན་བལ་སོགས་ཐམས་ཅད་འདུས་ནས་ལ་ལས་མཆོད་རྟེན་མཇལ་བ་ལ་ཡིན་ཟེར༔ ལ་ལས་བསླང་བ་ལ་ཡིན་ཟེར༔ ལ་ལས་རྐུ་བ་ལ་ཡིན་ཟེར༔ ལ་ལས་འཕྲོག་པ་ལ་ཡིན་ཟེར་ནས་བྱུང་བ་དང་༔ ཡང་པི་ཝང་གཅིག་འདུག་པ་དེ་ལག་ཏུ་བླངས་པའི་རང་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་ལ་གྲགས་པས༔ དེ་ཐམས་ཅད་ནས་ཁྲོམ་བསམ་གྱིས་མི་ཁྱབ་པ་འདུས་ནས་སྒྲ་དེ་ལ་ཚིམ་པ་མེད་པར་ཉན་འདུག་པ་རྣམས་རྨིས་སོ༔ ཡང་ཡུམ་གྱི་རྨི་ལམ་དུ་ལག་ཏུ་དུང་དང་བྱི་རུའི་ཕྲེང་བ་གཅིག་བླངས་པས་བྱི་རུ་ལས་ཁྲག་མང་དུ་བབས༔ དུང་ལས་འོ་མ་མང་དུ་བབས་བྱུང་བས༔ ཁྲོམ་བསམ་གྱིས་མི་ཁྱབ་པ་མང་པོ་ལ་སྦྱིན་པས་ཐམས་ཅད་ཀྱིས་མང་དུ་བཏུང་ཡང་ཟད་མ་ཐུབ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་བདུད་རྩི་དཀར་དམར་གྱིས་ཁེངས་པ་དང་༔ ད་བསྐལ་པ་མ་འཇིག་གི་བར་དུ་བདུད་རྩི་འཛད་པ་མེད་ཟེར་བ་རྣམས་རྨིས་སོ༔

དེ་ནས་ཕྱིས་ཉི་མ་ཤར་བ་དང་དུས་སྟབས་སུ་བུད་མེད་དཀར་མོ་མཐོང་མ་མྱོང་བ་ལྷའི་བུ་མོ་འདྲ་བ་གཅིག་བྱུང་ནས༔ ཡབ་རྒྱལ་པོ་ཚང་ན་སངས་རྒྱས་བྱོན༔ ཆོས་བྱོན༔ དགེ་འདུན་བྱོན༔ ཨ་ལ་ལ༔ ཟེར་ནས་གར་སོང་ཆ་མེད་དུ་སོང་ངོ་༔ དེ་ནས་ཟླ་བ་དགུའི་དུས་སུ་ཨཱ་ལི་དང་༔ ཧྲཱིཿགུ་རུ་པདྨ་བཛྲ་ཨཱ༔ ཞེས་པའི་སྒྲ་སྐད་གསལ་བོ་དང་༔ ཡང་གསང་སྔགས་ཀྱི་རྒྱུད་ཕལ་ཆེར་རྒྱ་སྐད་དུ་ཟེར་བ་ནི་རྒྱུན་ལྡན་དུ་གྲགས་སོ༔ དེ་ནས་བྱ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་མ་ཤར་བ་དང་དུས་མཚུངས་སུ་ཡུམ་ལ་གནོད་པ་མེད་པར་སྐུ་འཁྲུངས་སོ༔ དེའི་དུས་སུ་ས་གཡོ་བ་དང་༔ འབྲུག་ལྡིར་བ་དང་༔ མེ་ཏོག་གི་ཆར་བབ་པ་དང་༔ མཚོ་དེ་ཡང་རབ་ཏུ་རྒྱས་པ་དང་༔ མཚོའི་ཁར་མེ་ཏོག་གི་རིགས་བསམ་གྱིས་མི་ཁྱབ་པ་དཀར་དམར་ཁྲ་ཆེམ་ཆེམ་འཁྲུངས་པ་དང་༔ ཕོ་བྲང་དེ་ཡང་འཇའ་ཚོན་སྣ་ལྔའི་དྲ་བ་དང་གུར་དང་འོད་ཟེར་འཐིབས་པ་ནི་མི་ཀུན་གྱིས་མཐོང་བ་བྱུང་ངོ་༔ དེའི་ཚེ་སྒྲ་དང་རོལ་མོ་ཡང་ནམ་མཁའ་གང་བར་བྱུང་བའི་ནང་ནས་པི་ཝང་གི་སྒྲ་ནི་ཡུན་རིང་པོར་བྱུང་ཞིང་༔ ནམ་མཁའི་སྤྲིན་གསེབ་ནས་ལྷ་མོ་མང་པོས་སྐུ་ཕྱེད་མངོན་པར་མཛད་ནས་བཀྲ་ཤིས་པའི་ཚིགས་བཅད་འདི་ལྟར་བྱུང་ངོ་༔

ཧྲཱིཿ ཆོས་སྐུ་བདེ་ཆེན་ཀུན་ཏུ་བཟང་མོའི་ངང་༔ ལོངས་སྐུ་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུ་རྒྱལ་ཡུམ་མཆོག་ཁྱེད་བདེ་ལེགས་ཤོག༔ ཆོས་སྐུ་རྡོ་རྗེ་མཁའ་འགྲོ་སྟོང་པའི་དབྱིངས༔ ལོངས་སྐུ་དབྱངས་ཅན་དུས་གསུམ་རྒྱལ་བའི་ཡུམ༔ སྤྲུལ་སྐུ་མཚན་ལྡན་མཆོག་ཁྱེད་རྒྱལ་གྱུར་ཅིག༔ ཆོས་སྐུ་ཡེ་ཤེས་དབྱིངས་ཀྱི་རང་བཞིན་ཅན༔ ལོངས་སྐུ་སྒྲོལ་དཀར་སྤྱན་བདུན་འཕགས་པའི་ཡུམ༔ སྤྲུལ་སྐུ་ཡིད་ལྡན་མཆོག་ཁྱེད་ལ་ཕྱག་འཚལ༔ ཞེས་ཟེར་ནས་མེ་ཏོག་གི་ཆར་བ་ཕབས་ནས་མཁའ་དབྱིངས་སུ་ཐིམས་པར་གྱུར་ཏོ༔

དེ་ནས་སྤྲུལ་སྐུ་ཉིད་སྐུ་བཙས་མ་ཁད་དུ་དབྱངས་གསལ་དང་༔ ཨོ་རྒྱན་ཆེན་པོ་མཁྱེན་ཟེར་ནས་ཕྱེད་སྐྱིལ་དང་པུས་བཙུགས་མཛད་ནས་ལྟ་སྟངས་ཧྲིག་གེ་བཞུགས་པ་དང་༔ སྐུ་ལུས་མངལ་གྱི་དྲི་མས་མ་གོས་ཏེ་དཀར་དམར་མདངས་དང་ལྡན་པར་འདུག༔ ཁྱད་པར་དུ་དུང་སོ་འཁོར་མ་དང་དབུ་སྐྲ་ཡང་མཐིང་མདོག་སྐེད་པ་ནོན་པར་འདུག༔ དེར་ཡུམ་གྱིས་འབྲི་མར་དྲངས་པའི་དུས་སུ་གསུངས་པ༔ སྤྲུལ་སྐུ་བུ་མོ་རྣལ་འབྱོར་ང་༔ ཟག་མེད་བཅུད་ཟས་ཟོས་ཟོས་ནས༔ ཟག་བཅས་ཟས་དེ་བརྗེད་ཐལ་ཡང་༔ ཨ་མའི་ཚོགས་ཆེན་རྫོགས་ཕྱིར་བཟའ༔ བཟའ་བ་མན་ངག་ཟས་ལྟར་ཟ༔ མིད་པ་འཁོར་བ་འུབས་ཀྱིས་མིད༔ འགྲངས་པ་ཡེ་ཤེས་རིག་པས་འགྲངས༔ ཨ་ཡེ༔ ཞེས་གསུངས་ནས་གསོལ་བ་དང་༔ དེར་ཡབ་ཀྱིས་བུ་མོ་འདི་གཞན་ལས་ཁྱད་འཕགས་སུ་འདུག་པས༔ ཡང་ན་ཆོས་བོན་གང་ཡིན་གྱི་གྲུབ་ཐོབ་མོ་ཞིག་འོང་བར་འདུག༔ ཡང་ན་འཛམ་གླིང་རྒྱལ་པོའི་བཙུན་མོ་འོང་བར་འདུག༔ འདི་སྐྱེས་པ་དང་མཚོ་ཡང་རྒྱས་འདུག་པས་མཚོ་རྒྱལ་ཐོགས་ཞེས་གསུངས་སོ༔ དེ་ནས་ཟླ་གཅིག་ནས་ལོ་བརྒྱད་ཀྱི་ན་ཚོད་ཙམ་བྱུང་བས༔ ཕ་མ་གཉིས་ཀྱིས་གཞན་གྱིས་རིག་ན་མི་ཉན་བསམས་ནས་ལོ་བཅུའི་བར་དུ་སྦ་བར་བྱས་སོ༔ དེར་ལོ་བཅུ་ལོན་པ་དང་༔ གཟུགས་བྱད་ལེགས་པས་རྒྱལ་ཁམས་ཐམས་ཅད་ཁེངས་པར་བྱུང་བས༔ བོད་རྒྱ་ཧོར་འཇང་གན༔ བལ་པོ་ཐམས་ཅད་ནས་མཚོ་རྒྱལ་ལྟ་བ་ལ་ཁྲོམ་དུ་འཚོགས་པར་བྱུང་ངོ་༔ ཞེས་སྤྲུལ་པའི་སྐུ་གདུལ་བྱའི་ཡུལ་དུ་བབ་ཚུལ་གྱི་སྐབས་ཏེ་གཉིས་པའོ༔ ས་མ་ཡཱ༔ ཨྠྀི༔

མི་རྟག་པར་གཟིགས་ནས་སློབ་དཔོན་བསྟེན་ཚུལ་གྱི་སྐབས་ཏེ་གསུམ་པ།

དེ་ནས་མི་རྟག་པར་གཟིགས་ནས་སློབ་དཔོན་བསྟེན་ཚུལ་ནི༔ དེའི་ཚེ་དེའི་དུས་སུ་ཡབ་ཡུམ་འབངས་གསུམ་གྱིས་བཀའ་བགྲོས་བྱས་པས༔ ཐམས་ཅད་ཀྱི་གྲོས་འཆམས་ནས་བོད་འཛམ་གླིང་རྒྱལ་པོས་བསླངས་ན་མ་གཏོགས་པ་གཅིག་ལ་སྟེར་ན་གཅིག་མི་དགའ་བས་འཁྲུག་པའི་གཞི་ཆེན་པོ་འོང་བར་འདུག་པས་ཐམས་ཅད་ལ་བུ་མོ་མ་བྱིན་ནས་རང་རང་སོ་སོར་བརྫངས་སོ༔ དེའི་དུས་སུ་མཁར་ཆུ་དཔལ་གྱི་གཞོན་ནུས་བུ་མོ་སློང་བ་ལ༔ རྟ་ཁལ་དྲེལ་ཁལ་སོགས་སུམ་བརྒྱ་ཙམ་དང་༔ ཟུར་མཁར་རྡོ་རྗེ་དབང་ཕྱུག་གིས་ཀྱང་བུ་མོ་སློང་བ་ལ་དེ་ཙམ་ཞིག་བྱུང་བས༔ དེ་གཉིས་ཀྱང་གཅིག་ལ་བྱིན་ན་གཅིག་མི་དགའ་འདུག་པས་བུ་མོ་རང་ལ་འདྲི་ཆད་བྱས་ནས་དྲིས་པས༔ བུ་མོ་ན་རེ༔ ང་ནི་དེ་ཚོ་གང་ལ་ཡང་མི་འགྲོ་སོང་ན་འཁོར་བ་སྡུག་བསྔལ་གྱི་བཙོན་རར་ཚུད་པས་ཉེས་ཆེ༔ ཐར་བར་དཀའ་བས་ཡབ་ཡུམ་གྱིས་དགོངས་པ་གནང་བར་ཞུ་ཞེས་ནན་དུ་ཞུས་ཀྱང་མ་གནང་ནས༔ ཡབ་ཀྱིས་གོ་ཡུལ་དུ་ཁྱོད་ཀྱི་གནས་ཚང་འདི་གཉིས་ལས་དྲག་པ་མེད༔ མ་རབས་བུ་མོ་ལ་ཤ་ཚ་ཡེ་ནས་མེད༔ ངས་རྒྱ་ཧོར་གཉིས་གཅིག་ཏུ་ཡང་སྦྱིན་མ་ནུས་པ་ཡིན༔ ད་གང་རུང་གཅིག་ཏུ་སྦྱིན་གྱི་ཟེར་ནས༔ གཉེན་ཡ་གཉིས་ལ་ངག་བཅུག་པ༔ བུ་མོས་ནི་ཁྱེད་གཉིས་གང་ལ་ཡང་མི་འགྲོ་ཟེར་བས༔ ཁྱེད་གཉིས་གཅིག་ལ་སྦྱིན་ན་གཅིག་མི་དགའ་བར་རྩོད་ན་བུ་མོ་ངའི་བུ་མོ་ཡིན་པ་ལ༔ ཁྱེད་ཚོས་ཐུན་མོང་དུ་རྩོད་འདུག་པས་ངས་བུ་མོ་ཕྱིར་ཕུད་པས་གང་གིས་ཐོབ་པ་དེའི་གྱིས༔ མ་ཐོབ་པ་དེས་འཁྲུག་པ་མ་བྱེད༔ འཁྲུགས་ན་ངས་འཛམ་གླིང་རྒྱལ་པོ་ལ་ཁྲིམས་གཅོད་དུ་འཇུག་ཅེས་བཟླས་ནས་བུ་མོ་དེ་དར་ཟབ་ཀྱི་གོས་དང་༔ འཕྲལ་རྐྱེན་དུ་རྟ་ཁལ་མཛོ་ཁལ་བརྒྱ་ཙམ་བརྫངས་ནས་དབང་མེད་དུ་ཕྱིར་ཁྲིད་དོ༔ ཁྲིད་མ་ཁད་དུ་ཡ་བོ་གཉིས་གང་མགྱོགས་བྱས་ནས་བྱུང་བས་དེར་མཁར་ཆུ་བའི་བློན་པོ་ཤན་ཏི་པ་མགྱོགས་ནས་མཚོ་རྒྱལ་གྱི་ཐོང་རྩར་བསྡུས་ནས་ཁྲིད་པས༔ མཚོ་རྒྱལ་གྱིས་ཕ་བོང་གཅིག་ལ་ཞབས་བརྫིས་ཤིང་འདྲེད་པས་འདམ་པ་བཞིན་དུ་བྱས་སོ༔ དེར་མཚོ་རྒྱལ་ནི་རི་ལ་འཇུས་པ་དང་འདྲ་བར་གང་གིས་ཀྱང་མ་ཐུབ་པས༔ སྡིག་བློན་རྣམས་ཀྱིས་ལྕག་གི་ཚེར་མས་ལུས་གཅེར་བུར་ཕྱུང་ནས་བྲབ་ཅིང་༔ བུ་མོ་དྲེད་མ་ཕ་མས་མ་ཐུབ་པ་ཁྱོད་འདོང་ན་འདོང་༔ མི་འདོང་ན་གསོད་ཟེར་ནས་བརྡུངས་པས༔ བུ་མོས་ན་རེ༔ བསྐལ་པ་ཁྲི་ཕྲག་མང་པོར་བསྒྲུབས་པའི་ལུས༔ རྟེན་དུ་བྱང་ཆུབ་སྒྲུབ་པར་མ་གྱུར་ན༔ སྡུག་བསྔལ་འཁོར་བ་སྒྲུབ་རྟེན་ཅི་ཕྱིར་བྱ༔ མཁར་ཆུ་དཔལ་ཆེ་མངའ་ཐང་མཐོ་ན་ཡང་༔ ཉིན་གཅིག་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་བྲལ༔ དེ་བས་བསད་ཀྱང་ཁོ་མོས་བློས་བཏང་ནུས༔ ཞེས་གསུངས་པས༔ བློན་པོ་ཤན་ཏི་ཀས༔ བུད་མེད་ཕྱི་གཟུགས་ལེགས་པ་ནང་རུལ་ཅན༔ ཕྱི་ལྤགས་ལེགས་པས་སྡེ་བའི་དཀྲུག་ཐུར་མཁན༔ ཕྱི་སྲབ་ནང་སྲ་སྲན་མ་འདྲ་བ་ཡི༔ བུ་མོ་ཁྱོད་ནི་མཁར་ཆུའི་ཟུང་ལ་འདོང་༔ ཞེས་སྨྲས་པས༔ ཡང་ན་རེ༔ དལ་འབྱོར་མི་ལུས་ཐོབ་པར་དཀའ་ན་ཡང་༔ ཁྱོད་འདྲའི་ལུས་འདི་ཐོབ་པ་ཅི་ལ་དཀའ༔ སྡིག་བྱེད་ལུས་ཁྱེད་མི་ལུས་མ་ལགས་སོ༔ མཁར་ཆུའི་ཟུང་ལ་ང་ནི་ཅི་བྱེད་འགྲོ༔ ཞེས་སྨྲས་པས༔ ཡང་བློན་པོ་རྣམས་ཀྱིས་ལྕག་གི་ཚེར་མ་རྣམས་དམར་ཟིང་ཟིང་དུ་འོང་བར་བྱས་ནས་བྲབས་པས༔ མཚོ་རྒྱལ་ཡང་ཚ་ན་མ་བཟོད་ནས་སླར་བཞེངས་ནས་ཕེབས་སོ༔

དེར་དེ་ནུབ་དཔོན་གཡོག་རྣམས་སྒྲགས་མདའ་རུ་ཕེབས་ནས་ཐམས་ཅད་ཀྱང་དགའ་ནས་གླུ་བྲོ་མང་དུ་བྱས་སོ༔ མཚོ་རྒྱལ་ནི་ཤིན་ཏུ་ཡི་མུག་ཅིང་མཆི་མ་ཁྲག་ཏུ་བབས་ནས་བསམ་བློ་མང་དུ་བཏང་ཡང་ཐར་བའི་ཐབས་མ་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ལ་གདུང་དབྱངས་ཀྱིས་ཆོ་མ་དབྱངས་འདི་བྱས་སོ༔ ཀྱེ་མ་ཧུད༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་འགྲོ་བའི་མགོན༔ མགོན་པོ་ཐུགས་རྗེ་ཅན་དང་ནུས་མཐུ་ཅན༔ ཡེ་ཤེས་སྤྱན་ལྡན་རྫུ་འཕྲུལ་དཔུང་ལྡན་རྣམས༔ ཐུགས་དམ་ཐུགས་བསྐྱེད་ཆེན་པོའི་དུས་ལ་བབས༔ བསམ་པ་དཀར་པོ་གངས་ལས་དཀར་བ་འདི༔ ཕ་རོལ་བདུད་ཀྱི་གཡའ་ལས་ནག་ཏུ་བྱུང་༔ བདག་ལ་ཐུགས་རྗེ་མ་ཆུང་སྤྱན་གྱིས་གཟིགས༔ བསམ་པ་བཟང་པོ་གསེར་དང་འདྲ་བ་འདི༔ ཕ་རོལ་བདུད་ཀྱི་ཁྲོན་ལས་ངན་དུ་བྱུང་༔ ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་མཁྱེན་པས་གཟིགས༔ སེམས་བསྐྱེད་བཟང་པོ་ནོར་བུ་འདྲ་བ་འདི༔ ཕ་རོལ་བདུད་ཀྱི་རྡོ་ལས་ངན་དུ་བྱུང་༔ ནུས་ལྡན་རྣམས་ཀྱིས་ནུས་པའི་རྩལ་སྐྱེད་ཅིག༔ ཚེ་གཅིག་ལུས་གཅིག་དམ་པའི་ཆོས་བསམ་རུང་༔ ཕ་རོལ་བདུད་ཀྱིས་འཁོར་བའི་འདམ་དུ་བཅུག༔ ཐུགས་རྗེ་ཅན་གྱིས་ལམ་འདི་མྱུར་དུ་ཟློག༔ ཅེས་གསུངས་པའི་མོད་དེར་མི་ཐམས་ཅད་ཆང་གིས་ར་རོ་བ་ལྟར་སོང་ནས་ཐམས་ཅད་གཉིད་དོ༔ དེར་མཚོ་རྒྱལ་ནི་རླུང་བས་མགྱོགས་པར་བྱས་ནས་ལ་ལུང་མང་པོ་བརྒལ་ནས་ལྷོ་ཕྱོགས་སུ་བྱོན་ནོ༔ ཕྱིར་ནངས་མི་ཐམས་ཅད་ཀྱིས་འགྱོད་བྲེད་མང་པོ་བྱས་ནས་ཕྱོགས་ཐམས་ཅད་དུ་ཉུལ་ཡང་མ་རྙེད༔ དེ་ནས་མཁར་ཆེན་ན་ཁུངས་བཅད་ཀྱང་མ་མཐོང་བར་མཁར་ཆུར་ལོག་གོ༔ དེའི་ཚེ་དེའི་དུས་སུ་སློབ་དཔོན་ཉིད་སྐད་ཅིག་གིས་བསམ་ཡས་མཆིམས་ཕུར་ཕེབས་པས༔ བདུད་བློན་རྣམས་ཀྱིས་ཚོར་ནས་སློབ་དཔོན་གསོད་པ་ལ་ཐམས་ཅད་སོང་བས༔ ཡུལ་དེར་མེ་དཔུང་འབར་བར་མཐོང་ནས་ཐམས་ཅད་བྲེད་ནས་ཕྱིར་ལོག་ནས་རྒྱལ་པོ་ལ་ཞུས་པ༔ ཀྱེ་ཧོ༔ འཛམ་གླིང་རྒྱལ་པོ་མི་རྗེ་ལྷ་ཡི་སྲས༔ འོ་སྐོལ་ཚང་གི་མཐའ་མི་འཁྱམ་པོ་དེ༔ ཁྲིམས་བྱས་ཐོ་གར་ཡུལ་དེར་སྤྱུགས་ན་ཡང་༔ སྤྱུགས་སར་མ་སོང་མཆིམས་ཕུར་ཕྱིན་ནས་འདུག༔ ད་ནི་གསོད་དམ་སླར་སྤྱུགས་ཇི་ལྟར་བྱ༔ ཞེས་ཞུས་པས༔ ཆོས་ཀྱི་རྒྱལ་པོ་ཐུགས་དགྱེས་ནས༔ སློབ་དཔོན་ལ་ཉོན་མོངས་མ་སྤངས་སངས་རྒྱས་པའི་གདམས་ངག་ཡོད་འདུག་པ་དེ་ཞུ་དགོས་བསམས་ནས་སློབ་དཔོན་སྤྱན་འདྲེན་དུ་ལོ་ཙཱ་བ་གསུམ་ལ་གསེར་གྱི་པ་ཏྲ་གསུམ་བསྐུར་ནས་བཏང་ངོ་༔ དེར་སློབ་དཔོན་ཉིད་མར་ཕེབས་པས༔ བདུད་བློན་རྣམས་ཀྱིས་འཕྲང་དུ་མཚོན་མང་པོ་དང་བཅས་ནས་བསྒུགས་སོ༔ སློབ་དཔོན་ཉིད་ཀྱིས་མཁྱེན་ནས་ལོ་ཙཱ་བ་གསུམ་སྔོན་ལ་བཏང་ནས་ཉིད་ཕྱིར་ཕེབས་པ་དང་ཕྱག་གིས་སྡིགས་མཛུབ་མཛད་ནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་གསུངས་ནས་བར་སྣང་ཁམས་སུ་བྱོན་ནས་མེ་རི་སྲིད་རྩེར་འབར་བའི་ནང་ནས་གུ་རུ་དྲག་པོར་བཞེངས་པས་ཐམས་ཅད་བརྒྱལ་ཐབས་སུ་སོང་ངོ་༔

དེ་ནས་སློབ་དཔོན་ཉིད་རྒྱལ་པོའི་སར་བྱོན་པས་རྒྱལ་པོ་ཡང་བྲེད་ནས་དྲན་མེད་དུ་སོང་ཞིང་༔ གཞན་ཐམས་ཅད་ཀྱང་མཐོང་སྣང་དུ་མ་བྱུང་ངོ་༔ དེར་སློབ་དཔོན་གྱིས་སྤྲུལ་པ་བཤིག་ནས་གུ་རུའི་དཀྱིལ་འཁོར་དུ་བཞུགས་པས༔ རྒྱལ་པོ་ཡང་བརྒྱལ་སད་པས་ཕྱག་དང་སྐོར་བ་གྲངས་མེད་བྱས་ཤིང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ནས་ཞུ་བ་ཕུལ་པས༔ སློབ་དཔོན་གྱི་ཞལ་ནས༔ ད་རུང་གསང་སྔགས་སྟོན་པའི་དུས་མ་ཡིན་པས་ཐེག་པའི་ཆོས་ལ་བློ་སྦྱོང་མཛོད་དང་༔ སང་ད་ཙམ་དུ་འབུལ་ཞེས་གསུངས་སོ༔ དེའི་དུས་སུ་ཡང་མཚོ་རྒྱལ་ཉིད་ཀྱང་འོན་ཕུ་སྟག་ཚང་གི་རོང་ཞིག་ཏུ་ཤིང་ཐོག་གསོལ་ཞིང་ཤིང་བལ་མནབས་ནས་བཞུགས་ཡོད་པའི་ཚེ༔ ཟུར་མཁར་བས་མཚོ་རྒྱལ་དེར་སོང་བ་ཐོས་ནས་བཙལ་བ་ལ་ཕོ་སྐྱེས་སུམ་བརྒྱ་བཏང་བས་སླར་མཚོ་རྒྱལ་རྙེད་ནས་དབང་མེད་དུ་ཁྲིད་ནས་ཕྱིན་པས༔ དེའི་ཚེ་མཁར་ཆུ་བས་དེ་ཚོར་ནས་མཁར་ཆེན་པ་ལ་ཡི་གེ་སྤྲིང་པ༔ རྒྱལ་པོ་དམ་པ་དཔལ་གྱི་དབང་ཕྱུག་མཆོག༔ ཁྱོད་ཀྱི་བུ་མོ་ང་ལ་བྱིན་ཚར་ཀྱང་༔ བུ་མོ་ལམ་ནས་གར་སོང་ཆ་མེད་བོར༔ ཐག་རིང་ཡུལ་ནས་ཟུར་མཁར་ཚང་གིས་རྙེད༔ ཅེས་ཟེར་ཐོས་པས་བདེན་ནམ་ལོ་རྒྱུས་གང་༔ ཁྱོད་བློ་ཡོད་ན་ཁྱོད་དང་རྩོད་པར་གྲབས༔ ཁྱོད་བློ་མེད་ན་ཟུར་མཁར་བ་དང་རྩོད༔ ཅེས་ཟེར་ནས་དམག་མང་བསགས་པར་བྱས་པའི་ཚེ་མཁར་ཆེན་དཔལ་གྱིས་ཕྲིན་ལན་བཏབ་པ༔ མཁར་ཆུ་རྡོ་རྗེ་དཔལ་ལ་སྤྲིངས་དོན་ནི༔ གོ་མ་བརྡ་ཡི་ཚིག་ངན་བརྗོད་པ་མིན༔ བུ་མོ་ཁྱིམ་ནས་ཐལ་ནས་ངའི་བློ་མེད༔ རྩོད་པར་བྱས་ན་ཁྱོད་ཉིད་ཅི་ལ་རྒྱལ༔ ཞེས་ཟེར་དམག་མང་བསགས༔ དེའི་ཚེ་ཟུར་མཁར་བས་སླར་ཡང་ཕྲིན་བསྐུར་བ༔ རྒྱལ་པོ་དམ་པ་དཔལ་གྱི་དབང་ཕྱུག་པ༔ ཁྱོད་ཀྱི་བུ་མོ་ཐག་རིང་ཡུལ་མཐའ་ནས༔ བདག་གིས་བཙལ་བས་རྙེད་ནས་འདིར་མཆིས་པས༔ ནོར་དང་ལོངས་སྤྱོད་དཔག་མེད་ཕུལ་བས་ན༔ བུ་མོ་དམ་པ་བདག་ལ་སྟེར་རམ་ཅི༔ ཞེས་ཕུལ་བས་སླར་སྤྲིང་ལན་དུ༔ སྔོན་གྱི་ཆད་དོན་བཙན་པོ་དེ་བཞིན་དུ༔ ཁྱེད་གཉིས་གང་སྔ་རྒྱལ་བ་བྱས་པ་ཡོད༔ བུ་མོའི་རིན་བླངས་རྩོད་ལ་ཆས་དགོས་ཡོད༔ དེ་བས་རང་གཞན་བདེར་ཆུག་བུ་མོ་དེ༔ ས་མཐའ་ཡུལ་མཐའ་གར་དགའ་འཁྱམ་དུ་ཆུག༔ ཅེས་བསྐུར་བས་ཟུར་མཁར་བས་ནི་ཅི་ཡིན་ཡང་བུ་མོ་འདི་མི་གཏོང་ཟེར་ནས་བུ་མོ་ལ་ལྕགས་བརྒྱབས་ནས་བཞག་པ་དང་༔ འཁྲུག་པའི་ཤོམ་བྱས་ནས་དམག་མང་བསགས་པས༔ སླར་འཛམ་གླིང་རྒྱལ་པོས་གསན་ནས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་ཡི་གེ་སྤྲིང་པ༔ མཁར་ཆེན་དཔལ་གྱི་དབང་ཕྱུག་བྱ་བ་ཉོན༔ འཛམ་གླིང་རྒྱལ་པོའི་ངག་ལ་མི་ཉན་ན༔ དེ་ཡི་སྟོབས་རྣམས་མྱུར་དུ་རླག་ཏ་རེ༔ ཁྱོད་ལ་བུ་མོའི་མཆོག་གྱུར་དམ་པ་ཞིག༔ ཡོད་པར་འདུག་དེ་བདག་གི་བཙུན་མོར་འོས༔ ང་ཡི་མངའ་འོག་སྐྱེ་བོ་སུ་འཁྲུག་ཀྱང་༔ དེ་ཉིད་སྲོག་དང་བྲལ་བའི་ཁྲིམས་ཡོད་དོ༔

ཞེས་བློན་པོ་བདུན་དང་བཅས་བཏང་བྱུང་བས༔ མཁར་ཆེན་དཔལ་གྱི་དབང་ཕྱུག་གིས་གོང་གི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་ནས་བུ་མོ་ཡང་རྒྱལ་པོ་ལ་ཕུལ་བའི་ཡི་གེ་ནི༔ ཧོ༔ འཛམ་གླིང་རྒྱལ་པོ་མི་དབང་དམ་པ་ལགས༔ བདག་གི་བུ་མོ་གཞན་ལས་ཆེས་ལྷག་དེ༔ རྒྱལ་པོས་བཙུན་མོར་བཞེས་པ་ཅིར་མི་སྤྲོ༔ འོན་ཀྱང་རྩོད་པར་ཆས་པ་བདག་དོགས་ན༔ འཛམ་གླིང་རྒྱལ་པོའི་དཔུང་དུ་ལྷག་པར་བདོག༔ ཅེས་ཕུལ་བས་རྒྱལ་པོ་དགྱེས་ནས་རྟ་པ་དགུ་བརྒྱ་དང་བཅས་ནས་ཟུར་མཁར་དུ་ཕེབས་པས་ཟུར་མཁར་བ་ཡང་སྐྲག་གོ༔

དེ་ནས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བུ་མོ་གསུམ་ཡོད་པས༔ ཆེ་བ་བདེ་ཆེན་མཚོ་བྱ་བ་དེ་མཁར་ཆུ་རྡོ་རྗེ་དཔལ་ལ་བྱིན་པས་ཁོ་ཡང་རབ་ཏུ་དགའ་ནས་ཚིམ་མོ༔ འབྲིང་བ་ཉི་མ་མཚོ་བྱ་བ་དེ་ཟུར་མཁར་གཞོན་ནུ་དཔལ་ལ་བྱིན་པས་ཁོ་ཡང་དགའ་ནས་ཚིམ་པས་བདེའོ༔ ཆུང་བ་མཚོ་རྒྱལ་ནི༔ རྒྱལ་པོ་ཉིད་ཀྱིས་ཁབ་ཏུ་བཞེས་པས་གཉིས་ཀའི་རེ་བ་ཆད་དོ༔ འཁྲུག་པ་ཡང་རང་ཞི་ལ་སོང་ནས་ཐམས་ཅད་མཐུན་པར་གྱུར་ཏོ༔

དེ་ནས་མཚོ་རྒྱལ་ལ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་ཤིང་དར་ཟབ་ཀྱི་གོས་ཀྱང་རིམ་པར་གསོལ་ནས་བསུ་བ་དང་བཅས་ནས་བསམ་ཡས་སུ་ཕེབས་སོ༔ དེར་ཕེབས་པ་དང་རྒྱལ་པོས་བག་སྟོན་ཟླ་བ་གསུམ་བྱས་སོ༔ མཚོ་རྒྱལ་ཡང་ཆོས་ལ་དད་པས་ཆོས་ཀྱི་གཉེར་མོར་བསྐོས་ཤིང་མཁས་པ་རྣམས་ཀྱིས་ཡི་གེ་དང་སྒྲ་དང་རིག་པའི་གནས་ཆེན་ལྔ་དང་ཕྱི་ནང་གི་ཡོན་ཏན་རྣམས་བརྡ་བསྟན་པ་ཙམ་གྱིས་ཆོག་པ་བྱུང་ངོ་༔ དེའི་དུས་སུ་རྒྱལ་པོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ནས་རིན་པོ་ཆེའི་ཁྲི་བཤམས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཕུལ་ནས་འཇིག་རྟེན་གྱི་དངོས་པོ་ཡང་རི་ལྟར་སྤུངས་ཤིང་༔ དངུལ་གྱི་མཎྜལ་ལ་གསེར་གྱི་ཚོམ་བུ་བཀོད་པ་དང་༔ གསེར་གྱི་མཎྜལ་ལ་གཡུ་ཡི་ཕྲ་བཀོད་པ་དང་༔ ཁྱད་པར་དུ་དབུས་གཙང་རུ་བཞི་རི་རབ་ཀྱི་ཚུལ༔ རྒྱ་འཇང་ཁམས་གསུམ་ཤར་གྱི་གླིང་གླིང་ཕྲན་གླིང་གཡོག་གི་ཚུལ་དུ་ཕུལ༔ བྱར་ཀོང་མོན་གསུམ་ལྷོའི་གླིང་གླིང་ཕྲན་གླིང་གཡོག་གི་ཚུལ་དུ་ཕུལ༔ མངའ་རི་སྐོར་གསུམ་ནུབ་ཀྱི་གླིང་གླིང་ཕྲན་གླིང་གཡོག་གི་ཚུལ་དུ་ཕུལ༔ ཧོར་སོག་འབྲོག་གསུམ་བྱང་གི་གླིང་གླིང་ཕྲན་གླིང་གཡོག་གི་ཚུལ་དུ་ཕུལ༔ གཞན་ཡང་རྒྱལ་སྲིད་ཇོ་མོ་དང་བཅས་པ་འདོད་ཡོན་གྱི་ཚུལ་དུ་བྱས་ཏེ་ཕུལ་ནས་ཞུས་པ༔ མ་ཧཱ་གུ་རུ་རིན་པོ་ཆེ་ལགས༔ འདི་ལྟར་བདག་གི་དབང་དུ་གྱུར་པ་ཐམས་ཅད་མཎྜལ་དུ་བཤམས་ནས་གུ་རུ་རིན་པོ་ཆེ་ལ་འབུལ་གྱི༔ ཐུགས་རྗེ་ཆེན་པོས་འགྲོ་བ་མི་དང་ལྷ་དང་བཅས་པ་ཐམས་ཅད་ལ༔ དུས་དང་རྣམ་པ་ཀུན་ཏུ་རྗེས་སུ་བཟུང་ནས༔ ལས་དང་རྒྱུ་འབྲས་ལས་འདས་པའི་དམ་ཆོས་གསང་སྔགས་ཐུན་མོང་གི་ཆོས་སུ་མ་སོང་བའི་ཚེ་གཅིག་ལུས་གཅིག་ཏུ་རྩོལ་བ་སྐད་ཅིག་མ་ལ་བརྟེན་ནས་སངས་རྒྱས་པའི་གདམས་པ་ཁྱད་པར་ཅན་གནང་དུ་གསོལ༔ ཞེས་དགུ་ཕྱག་དགུ་སྤྲུགས་སུ་འཚལ་ནས་ཞུས་པས༔ མ་ཧཱ་གུ་རུའི་ཞལ་ནས༔ ཚིགས་སུ་བཅད་པ་འདི་སྐད་གསུངས་སོ༔

ཨེ་མ་ཧོ༔ ཆོས་ཀྱི་རྒྱལ་པོ་ཆེན་པོ་ལེགས་པར་གསོན༔ བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ང་༔ ཕྱོགས་མེད་ཕྱོགས་བྲལ་བདེ་ཆེན་པདྨོའི་ཞིང་༔ སྐྱེ་མེད་འཆི་བྲལ་སྣང་བ་མཐའ་ཡས་ཀྱི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་འོད་གོང་ལས༔ མཐའ་མེད་དབུས་བྲལ་རྒྱ་མཚོའི་ཀློང་དཀྱིལ་དུ༔ རྒྱུ་མེད་རྐྱེན་བྲལ་པདྨའི་སྡོང་པོ་ལས༔ ཡབ་མེད་ཡུམ་མེད་རིགས་རུས་མེད་པ་ཡི༔ ངོ་མཚར་རང་བྱུང་ལས་འཁྲུངས་སྐྱེ་འཆི་བྲལ༔ མཁའ་འགྲོ་མ་ཚོགས་དབང་བསྒྱུར་བདག་ཉིད་ཀྱིས༔ རྒྱུ་འབྲས་ལས་འདས་གསང་སྔགས་ཡང་གསང་དང་༔ རྒྱུད་ལུང་མན་ངག་ལག་ལེན་དམར་ཁྲིད་སོགས༔ བརྗེད་འཕང་སྲོག་གི་དམ་ཚིག་བདོག་པ་ཡང་༔ རྒྱལ་པོ་མངའ་ཐང་མཐོ་བའི་ཡོན་བཟང་ཡང་༔ ཟང་ཟིང་ཡོན་དང་བརྗེ་བའི་ཆོས་མིན་པས༔ ཆོས་དང་ཟོག་བརྗེས་རྩ་བའི་དམ་ཚིག་ཉམས༔ བདག་གཞན་འཕུང་སྦྱར་སྲོག་ཆད་དམྱལ་བར་ལྟུང་༔ འོན་ཀྱང་འཛམ་གླིང་བདག་གི་དབང་དུ་ཡོད༔ རྒྱལ་པོའི་འབུལ་བ་ཆེ་ཡང་གསང་སྔགས་ཉིད༔ བསྟན་པར་མི་རིགས་གསང་སྔགས་སྣོད་བཟང་དགོས༔ དཔེར་ན་གངས་ཀྱི་སེང་གེའི་བཅུད་མཆོག་དེ༔ རིན་ཆེན་གསེར་བཟང་སྣོད་མཆོག་མ་གཏོགས་པ༔ གཞན་དུ་བླུག་ན་སྣོད་ཆག་བཅུད་ཀྱང་འབོ༔ དེ་བས་བདག་ཉིད་ཐུགས་སུ་གུ་ཧྱ་རྒྱ༔ ཞེས་གསུངས་ནས་སྐུ་སྟོད་འདོད་ཁམས་སུ་སླེབས་པ༔ སྐུ་སྨད་ན་རཀ་ཆེན་པོར་སླེབས་པའི་ཆོ་འཕྲུལ་གཅིག་མཛད་ནས་ཁྲིའི་སྟེང་དུ་བླ་མ་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པས༔ དེར་རྒྱལ་པོས་ཕྱག་གྱང་འགྱེལ་བ་ལྟར་འཚལ་ནས་ཡང་ཞུས་པ༔ མ་ཧཱ་གུ་རུ་ལགས༔ བདག་རྒྱལ་པོ་འདྲ་བ་གསང་སྔགས་ཀྱི་སྣོད་དུ་མི་རུང་བའི་སྐལ་ཆད་ལགས་ན༔ ཞེས་གསུངས་ནས་སྐུ་ལུས་ས་ལ་བརྡབས་ནས་སྐད་ཆེན་པོས་བཤུམས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ རྒྱལ་པོ་ཆེན་པོ་ལགས༔ གསོན་མཛོད་ཅེས་གསུངས་ནས་འདི་སྐད་དོ༔ ཨེ་མ་ཧོ༔ གསང་སྔགས་གསང་ཞེས་བྱ་བ་དེ༔ སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ༔ བློ་ཆུང་ཐེག་པ་དམན་ལ་གསང་༔ རྒྱལ་པོ་སྐལ་ཆད་མ་ཡིན་ཀྱང་༔ གོ་བ་ཤེས་རབ་བློ་ཆེ་བ༔ དད་པ་དམ་ཚིག་འགྱུར་ལྡོག་མེད༔ གསང་སྔགས་བླ་མ་ལ་གུས་བསྟེན༔ བདག་ཉིད་འདོད་ཆགས་དྲི་མ་སོགས༔ ཆགས་པའི་སྐྱོན་ངན་མེད་ལགས་ཏེ༔ གསང་སྔགས་རྫས་ལ་མི་མོ་ནི༔ རིགས་བཟང་དད་ལྡན་དམ་ཚིག་ཅན༔ གཟུགས་མཛེས་ཐབས་མཁས་ཤེས་རབ་ཆེ༔ སྙིང་རྗེ་ཆེ་ལ་གཏོང་ཕོད་ཆེ༔ མཚན་ལྡན་ཡེ་ཤེས་མཁའ་འགྲོ་དགོས༔ དེ་མེད་སྨིན་གྲོལ་རྫས་ལ་འགག༔ གསང་སྔགས་སྒྲུབ་པའི་འབྲས་བུ་གཡེལ༔ འོན་ཀྱང་བོད་ཁམས་ཉི་འོག་འདིར༔ གསང་སྔགས་སྤྱོད་པ་མང་ན་ཡང་༔ འབྲས་བུ་ཐོབ་པ་ཉིན་སྐར་ཙམ༔ དེ་ཕྱིར་རྒྱལ་པོ་ཆེན་པོ་ལགས༔ གསང་སྔགས་ཆོས་ཀྱི་སྒོ་དབྱེའོ༔ ཞེས་གསུངས་ནས་རྡོ་རྗེ་འཆང་གི་བཀོད་པ་མཛད་དེ་བཞུགས་སོ༔

དེར་རྒྱལ་པོས་ཕྱག་དབུ་ཐོད་བུད་བུད་དུ་འཚལ་ནས་ཇོ་མོ་མཚོ་རྒྱལ་སོགས་དེ་དང་མཐུན་པའི་དམ་རྫས་ལྔ་དང་བཅས་པ་ཕུལ་བས༔ སློབ་དཔོན་ཡང་ཤིན་ཏུ་དགྱེས་སོ༔ དེ་ནས་སློབ་དཔོན་གྱི་ཇོ་མོ་རུ་མཚོ་རྒྱལ་མ་མངའ་གསོལ་ཞིང་དབང་བསྐུར་ནས་ཡབ་ཡུམ་གཉིས་ཐོག་མར་མཆིམས་ཕུ་དགེ་འུ་རུ་གསང་སྤྱོད་ལ་གཤེགས་སོ༔ ཞེས་མི་རྟག་པར་གཟིགས་ནས་སློབ་དཔོན་བསྟེན་ཚུལ་གྱི་སྐབས་ཏེ་གསུམ་པའོ༔ ས་མ་ཡཱ༔ ཨྠྀི༔ རྒྱ་རྒྱ་རྒྱ༔

ཆོས་དང་གདམས་པ་གསན་ཚུལ་གྱི་སྐབས་ཏེ་བཞི་པ།

དེ་ནས་སློབ་དཔོན་ལ་ཆོས་དང་གདམས་པ་ཞུས་ཚུལ་ནི༔ དེ་ཡང་དང་པོ་མཆིམས་ཕུ་དགེ་གོང་དང་གཡའ་མ་ལུང་རྣམས་སུ་བཀའ་ངེས་པ་བདེན་པ་བཞི་ཡི་ཆོས་ཀྱིས་དགེ་བ་ལ་བསྐུལ་ཏེ༔ མདོ་སྡེ་འདུལ་བ་མངོན་པ་སོགས་དྲང་དོན་ལས་རྒྱུ་འབྲས་ཀྱི་དོན་མ་ནོར་བ་སྤང་བྱ་ཚུལ་བཞིན་དང་༔ བླང་བྱ་ཚུལ་བཞིན་དང་༔ གཙང་མ་དགེ་བ་ལ་རབ་ཏུ་བྱུང་བ་གནང་ནས༔ ཐེག་པ་འོག་མ་དྲུག་གི་ཆོས་ཐམས་ཅད་གསན་ནས་ཐུགས་སུ་ཆུད་པར་མཛད་ཅིང་༔ བསྒྲུབ་བྱ་ཚུགས་ཐུབ་པ་དང་༔ བཤད་བྱ་ཁོང་ཁྲོལ་བ་དང་༔ ཤེས་བྱ་ཕུལ་དུ་ཕྱིན་པར་མཛད༔ ལྷ་མོ་དབྱངས་ཅན་མ་ཡང་རང་བཞིན་གྱིས་ཞལ་གཟིགས་ནས་མི་བརྗེད་པའི་གཟུངས་ཀྱི་དངོས་གྲུབ་ཐོབ༔ འཛམ་གླིང་ཐམས་ཅད་ཤ་ཡི་སྤྱན་གྱིས་གཟིགས༔ ཟག་བཅས་ཟག་མེད་ཀྱི་མངོན་ཤེས་དང་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ་བྱུང་ངོ་༔ གསན་ཡིག་བཀའི་གྲངས་ནི་འདིར་ཡི་གེའི་བོངས་ལ་འཇིགས་ནས་མ་བཀོད་ཀྱང་༔ མདོར་ན་སངས་རྒྱས་ཀྱི་བཀའ་རྣམས་ནི་བུམ་པ་གང་བྱོའི་ཚུལ་ལྟ་བུར་གུ་རུ་རིན་པོ་ཆེ་པདྨ་སཾ་བྷ་ཝ་ལ་བཞུགས༔ དེ་ལ་གང་བཞུགས་པ་ཐམས་ཅད་ནི་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས་མཉེས་པ་གསུམ་གྱིས་ཞབས་ཏོག་ཡུན་རིང་དུ་ཕུལ་བ་ལ་བརྟེན་ནས་བུམ་པ་གང་བྱོའི་ཚུལ་དུ་གནང་བ་ཡིན་ནོ༔ དེ་ནས་བདག་ཁོ་མོ་ཅག་ཀྱང་དགེ་བའི་ཆོས་ལ་བློ་བབ་ཀློད་དུ་སོང་༔ ཐེག་པ་དགུ་ལ་ཤན་འབྱེད༔ ཆོས་དང་ཆོས་མ་ཡིན་པའི་དོན་གྱི་ཤན་འབྱེད་ཁོང་དུ་ཆུད༔ ལས་རྒྱུ་འབྲས་ཀྱི་མཚང་རིག་ནས་ལས་དང་རྒྱུ་འབྲས་ལས་འདས་པ་བླ་ན་མེད་པ་ཡང་དག་པའི་ཆོས་འདོད་པའི་བསམ་པ་རྙེད་ནས་གུ་རུ་རིན་པོ་ཆེ་ལ་ཞུས་པ༔ ཀྱེ་མ་རྗེ་བཙུན་སྤྲུལ་པའི་སྐུ༔ ཨོ་རྒྱན་ཡུལ་དུ་སྐུ་འཁྲུངས་ནས༔ རྒྱ་གར་ཡུལ་དུ་མཁས་པའི་མཆོག༔ བོད་ཡུལ་སྟོན་པའི་རྒྱལ་ཚབ་ལགས༔ ཁོ་མོ་ལོ་གཞོན་མྱོང་བ་ཅན་བཅུ་གཉིས་ལོན་ནས་སྡུག་བསྔལ་རྡོལ༔ ཕ་དང་མས་ཀྱང་བཀའ་མ་གནང་༔ མི་ཆོས་བུ་མོ་བག་མར་བཏང་༔ འཁོར་བའི་ཆོས་ལ་སེམས་མ་ཕེབས༔ འོན་ཕུ་སྟག་ཚང་རོང་དུ་བྲོས༔ ཁྱོ་དེའི་འདོད་པས་བསྐུལ་ནས་བཙལ༔ དབང་མེད་བཙོན་ཁྲིད་སྡུག་ལ་གཏད༔ གུ་རུ་རྗེ་ཁྱེད་ཐུགས་རྗེ་ཡིས༔ ཆོས་རྒྱལ་ཆེན་པོས་དབང་དུ་བདག༔ ཇོ་མོར་མངའ་གསོལ་བསམ་ཡས་སླེབས༔ བཅུ་དྲུག་ལོན་ཚེ་ཆོས་རྒྱལ་གྱིས༔ དབང་གསུམ་རྟེན་དུ་ཉིད་ལ་ཕུལ༔ ད་ནི་རྒྱུ་འབྲས་མཚང་གཅིག་རིག༔ རྒྱུ་འབྲས་ལས་འདས་དམ་པའི་ཆོས༔ ཁོ་མོ་བདག་ལ་བཀའ་སྩལ་ཞུ༔ ཞེས་ཞུས་པས༔ གུ་རུས་ཞལ་འཛུམ་པའི་མདངས་ཕྱུང་༔ གསུང་སྙན་པའི་གླུ་ལ་བསྐྱོན་ནས་འདི་སྐད་གསུངས༔ ལེགས་སོ་བུ་མོ་མཁར་ཆེན་བཟའ༔ བུད་མེད་བཅུ་དྲུག་ལོན་པ་ཁྱོད༔ བརྒྱད་ཅུ་མ་ཡི་སྡུག་ཡུན་མཐོང་༔ དེ་ཡང་སྔོན་ལས་ཤེས་པར་མཛོད༔ འདི་ནས་ལས་ཀྱི་ལྷག་རོ་སྦྱངས༔ དེ་ནས་ནམ་ཡང་བདེ་བ་རྙེད༔ ལས་ཀྱི་ལུས་ངན་ལེན་མི་སྲིད༔ ད་ནི་རྒྱུ་འབྲས་མཚང་རྟོགས་ནས༔ ཐེག་ཆེན་བླ་མེད་མོས་པ་ལེགས༔ ཞེས་གསུངས་ནས་གསང་སྔགས་ཀྱི་ཕྱོགས་དེར་ཞུགས་ནས་རྩ་བ་ཡན་ལག་གི་དམ་བཅའ་དང་བཅས་པ་བླངས་ཏེ༔ བཀའ་སྩལ་པ༔ ཀྱེ་མ་ཉོན་དང་བུ་མོ་མཁར་ཆེན་བཟའ༔ མ་ཡེངས་གསོན་དང་བཙུན་མོ་ཀུན་ཏུ་བཟང་༔ གསང་སྔགས་ཐེག་ཆེན་རྩ་བ་དམ་ཚིག་སྟེ༔ འདི་ཉིད་ཉམས་ན་གཉིས་ཕུངས་སེ་ཞིག་འགྲོ༔ དེ་བས་དམ་བཅའ་འདི་ལ་གནས་པར་གྱིས༔ ཞེས་གསུངས་ནས་ཐོག་མར་རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་ཉི་ཤུ་རྩ་ལྔ་དང་བཞི་མནོས་ཏེ༔ ཐོག་མར་རྩ་བ་བྱང་སེམས་ཀྱི་དམ་ཚིག་ནི༔ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་ཐེབ་ཅིང་༔ ཡེ་གདོད་མ་ནས་ལུས་ལྷའི་རང་བཞིན༔ ངག་སྔགས་ཀྱི་རང་སྒྲ༔ སེམས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལས་མི་འདའ་བའི་ཕྱིར༔ དང་པོ་སྐུའི་དམ་ཚིག་ལ་གསུམ་སྟེ༔ སློབ་དཔོན་གྱི་དབྱེ་བ༔ སློབ་མའི་དབྱེ་བ༔ དམ་ཚིག་བསྲུང་བའི་ཐབས་སོ༔ དང་པོ་ནི༔ སྤྱི་ཡི་བླ་མ་དང་གཅིག༔ འདྲེན་པའི་བླ་མ་དང་གཉིས༔ དམ་ཚིག་གི་བླ་མ་དང་གསུམ༔ ཆག་ཉམས་བསྐང་བའི་བླ་མ་དང་བཞི༔ ཤེས་རྒྱུད་གྲོལ་བའི་བླ་མ་དང་ལྔ༔ མན་ངག་ལུང་གི་བླ་མ་དང་དྲུག་གོ༔ མཆེད་གྲོགས་བཞི་ཡི་དབྱེ་བ་ནི༔ སྤྱི་ཡི་མཆེད༔ རིང་བའི་མཆེད༔ ཉེ་བའི་མཆེད༔ འདྲེས་པའི་མཆེད་དོ༔ བསྲུང་བའི་ཐབས་ནི༔ སྐུ་ཡི་དམ་ཚིག་ཏུ་ཕྱི་ལྟར་དུ་རང་གི་རྗེ་དཔོན་ལྟ་བུ༔ ཕ་མ་ལྟ་བུ༔ ཁུ་བོ་མཛའ་གཉེན་ལྟ་བུའོ༔ ནང་ལྟར་དུ་མིག་ལྟ་བུ༔ སྙིང་ལྟ་བུ༔ ལུས་སྲོག་ལྟ་བུའོ༔ གསང་བ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཡོ་སྒྱུ་ཟོལ་ཁྲམ་མེད་པར་ཡི་དམ་གྱི་ལྷ་ལྟ་བུ་སྟེ༔ མདོར་ན་ལུས་ཀྱི་སྒོ་ནས་བླ་མ་དང་མཆེད་ཐམས་ཅད་ལ་ཕྱག་དང་སྐོར་བ༔ གདན་བཏིང་བ་སོགས་བྲན་དང་ཁོལ་མོའི་ཚུལ་དུ་བཀུར༔ ཟས་ནོར་ལུས་ལོངས་སྤྱོད་དང་བཅས་པ་ཅི་མཉེས་སུ་འབུལ༔ ཁྱད་པར་དུ་བླ་མའི་སྐུའི་ཆ་ལ་གཏོགས་པའི་ཇོ་མོ༔ སྲས་པོ༔ སྲས་མོ༔ མཆེད་ཡ༔ ཡབ༔ ཡུམ༔ ལྕམ་མོ་སོགས་ཐ་ན་ཕྱག་གཡོག་པ་ལའང་བླ་མ་དང་ཁྱད་མེད་པའི་བཀུར་སྟི་འབུལ་ཞིང་༔ དམ་པའི་དམ་ཚིག་བསྲུང་བའོ༔

དེ་བཞིན་དུ་བླ་མའི་བཀའ་སྩལ་ཉན་ཅིང་ལུས་ཀྱིས་ཞབས་ཏོག་སྒྲུབ་མཁན་གྱི་སློབ་བུ་གྲྭ་པ་ཡོན་བདག་སོགས་ལའང་བརྙས་པ་སྤང་བ་སྟེ༔ མདོར་ན་བླ་མ་ཉིད་ཀྱི་ཐུགས་ལ་གང་བརྩེ་བ་དེ་བླ་མ་དང་ཁྱད་མེད་པའི་བཀུར་སྟི་འབུལ༔ དེ་བཞིན་དུ་ཆིབས་པ༔ སྒོ་ཁྱི༔ བྲན་རྣམས་ལའོ༔ ཁྱད་པར་དུ་བླ་མ་དང་མཆེད་ཀྱིས་བཀའི་གནང་བ་ཐོབ་པ་མ་གཏོགས་ཟས་ནོར་ལོངས་སྤྱོད་ཏིལ་འབྲུ་ཙམ་ལ་མི་སྤྱོད་པ་དང་༔ རློམས་སེམས་ཙམ་ཡང་མི་སེམས་པའོ༔ དེ་བཞིན་དུ་དབུ་ཞྭ༔ ན་བཟའ༔ ཆ་གའུ༔ བཞུགས་གདན༔ གཟིམ་མལ༔ བཞུགས་གནས༔ སྐུའི་གྲིབ་མ་སོགས་ནི༔ རང་གིས་འགོང་ངམ༔ འོག་ཏུ་བཞག་ན་མཆོད་རྟེན་ནམ་སྐུ་བཤིག་པ་དང་ཁྱད་མེད་གསུངས༔ དེ་སོགས་བརྡེག་པ་དང་༔ གསོད་པ་དང་༔ རྐུ་འཕྲོག་སོགས་དངོས་སུ་ནི་བླ་མའི་སྤྱན་ལམ་དུ་བྱེད་པ་ལྟ་ཞོག༔ ཀུ་རེ་ཀྱལ་ཀའི་ཚུལ་ཙམ་ཡང་མ་བྱེད་གསུངས༔ དེ་བཞིན་བླ་མ་ལ་སྐྱོན་གང་ཡོད་གཞན་ལ་བཤད༔ མེད་པ་ལ་སྒྲོ་བཏགས༔ བཀའ་བཀྱོན་ལ་ཚིག་ལན་བཟློག་པ་སོགས་བྱས་ན༔ སྟོང་གསུམ་གྱི་བདེ་བར་གཤེགས་པ་ལ་བསྙེན་བཀུར་བྱས་ཀྱང་ཕན་པ་མེད་པར་རྡོ་རྗེ་དམྱལ་བར་སྐྱེ་བར་གདོན་མི་ཟའོ༔ དེ་བཞིན་དུ་བླ་མ་དང་མཆེད་ལྕམ་རྣམས་ལ༔ གཡོ་སྒྱུ༔ ངན་སེམས༔ འཕྱ་སེམས༔ ལོག་ལྟ༔ གནོད་སེམས༔ ཡིད་བཅད་ལ་སོགས་སྐུ་ཡི་དམ་ཚིག་དེ་དག་ནི་བླ་མ་དང་མཆེད་ལ་བསྲུང་ཞིང་འགལ་བ་ནི་སྐད་ཅིག་སྤུའི་རྩེ་མོ་ཙམ་ཡང་ཤོར་མ་མྱོང་བའོ༔

གཉིས་པ་གསུང་གི་དམ་ཚིག་ནི་ཡི་དམ་ལྷ་ལ་ཡིན་ཏེ༔ དེ་ཡང་དབྱེ་བ་བསྲུང་ཐབས་གཉིས་ལས༔ དང་པོ་རྒྱུ་མ་ནོར་བ་རྩ་བའི་སྔགས༔ བསྐྱེད་པ་རྐྱེན་གྱི་སྔགས༔ བཟླས་པ་ལས་ཀྱི་སྔགས་དང་གསུམ་ཡིན་ཏེ༔ ཕྱག་རྒྱ་དང་སྦྱར་ན༔ ཐུགས་དམ་ཚིག་གི་ཕྱག་རྒྱ༔ ཡེ་ཤེས་ལས་ཀྱི་ཕྱག་རྒྱ༔ ཆོས་ཀྱི་ཕྱག་རྒྱ༔ ཕྱག་རྒྱ་ཆེན་པོ་དང་བཞིའོ༔

གཉིས་པ་ནི༔ རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ལ་སྦྱར་ཏེ༔ རྣལ་འབྱོར་རབ་འབྲིང་ཐ་མའི་ཚུལ་ལོ༔ དེ་ཡང་བདག་ཁོ་མོས་ཀྱང་གུ་རུས་གནང་བའི་གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་འབུམ་ཕྲག་བདུན་གྱི་རྣམ་གྲངས་ལའང་༔ རབ་འབྲིང་ཐ་མ་གསུམ་གྱི་ཚལ་དུ་བསྒྲུབས་ཏེ༔ དབང་པོ་རབ་ཀྱི་ཚུལ་སྤྲོས་བྲལ་བདེ་བ་ཆེན་པོའི་ས་མ་ཏི་དང་༔ རབ་ཀྱི་འབྲིང་གི་ཚུལ་སྣང་སྲིད་ལྷ་དང་ལྷ་མོའི་ས་མ་ཏི་དང་༔ རབ་ཀྱི་ཐ་མའི་ཚུལ་ཆུ་བོ་རྒྱུན་གྱི་ས་མ་ཏི་དང་མ་བྲལ་ཏེ༔ དེའང་རབ་ཀྱི་རབ་ཡི་དམ་རྟ་ཕག་ལྟ་བུའི་དཀྱིལ་འཁོར་ཆུ་བོའི་རྒྱུན་ལྟ་བུར་ཉམས་སུ་བླངས༔ རབ་ཀྱི་འབྲིང་རྡོ་རྗེ་ཕུར་པ་ལའང་ཉིན་ཐུན་གསུམ༔ མཚན་ཐུན་གསུམ་དང་ཐུན་དྲུག་ཆག་མེད་ཀྱི་དམ་ཚིག༔ རབ་ཀྱི་ཐ་མ་སྒྲུབ་ཆེན་བཀའ་བརྒྱད་ལའང་ཉིན་ཞག་ཕྲུགས་རེ་ལ་བཟླས་པ་སྔགས་ཀྱི་འཕྲུལ་འཁོར་དང་བཅས་པ་ཚོགས་མཆོད་ཆོ་ག་སོགས་གཞུང་ཚར་རེ་ཅིས་ཀྱང་འབད་པར་བྱས༔ དེ་བཞིན་དུ་ལྷ་གཞན་ཡང་དཀྱིལ་འཁོར་གྱི་རྣམ་གྲངས་གང་ཐོབ་རྣམས་ལ་ཐོབ་ཆོག་ཏུ་ཡིད་ཙམ་ཡང་བཞག་པ་མེད་དེ༔ རབ་རྣམས་ལ་ཟླ་བ་རེ་རེའི་ཁོངས་སུ་བསྙེན་སྒྲུབ་དུས་མཆོད་ཆག་མེད༔ འབྲིང་ལ་ཡང་ཉ་སྟོང་ཚེས་བརྒྱད་བཅུ་སོགས་གཞུང་ཚར་རེ༔ ཐ་མའང་ཟླ་བ་ངོ་རེ་ལ་ཆོ་ག་ཆག་མེད༔ ཡང་མཐའ་ལ་ཡང་ལོ་རེའི་ནང་དུ་གཞུང་རྫོགས་པ་ཚར་རེ་ཆག་མེད་དུ་བྱས་སོ༔ གསུམ་པ་ཐུགས་ཀྱི་དམ་ཚིག་ནི༔ ལྟ་སྒོམ་སྤྱོད་པ་གསུམ་སྟེ༔ དབྱེ་བ་བསྲུང་ཐབས་གཉིས་ལས༔ དང་པོ་ནི༔ ལྟ་བ་ཟབ་མོ༔ སྒོམ་པ་ཉམས་མྱོང་གི་སྒོ་ནས་སྤྱོད་པ་ཏ་ན་ག་ན་ཕྱི་ནང་གསང་སྤྱོད་རྣམས་སོ༔ གཉིས་པ་ནི༔ སྤྱིར་གསང་བཞི༔ བར་གསང་བཞི༔ གསང་བར་འོས་པ༔ གསང་གཉེར་གཏད་པ་དང་བཞི་ལས༔ སྤྱིར་གསང་བཞི་ནི༔ ཡི་དམ་ལྷའི་མཚན་སྙིང་པོ་ལས་སྔགས་དང་བཅས་པ༔ གྲུབ་པའི་རྟགས་དང་བཞིའོ༔ བར་གསང་བཞི་ནི༔ སྒྲུབ་པ་བྱེད་པའི་གནས༔ སྒྲུབ་པའི་དུས༔ སྒྲུབ་པའི་གྲོགས༔ སྒྲུབ་པའི་རྫས་དང་བཞིའོ༔ གསང་བར་འོས་པ་ནི༔ ནང་མཆོད༔ གསང་མཆོད༔ སྨན་གཏོར་སོགས་མཆོད་རྫས་དང་༔ བྷནྡྷ༔ ཕུར་པ༔ ཁ་ཊྭཱཾ༔ རྡོ་དྲིལ་ཕྲེང་བ་སོགས་ཕྱག་མཚན་དང་༔ དམ་རྫས་དཀྱིལ་འཁོར༔ དུར་ཁྲོད་ཆས་བརྒྱད་རུས་རྒྱན་སོགས་གསང་སྔགས་བླ་མེད་ཀྱི་རྟེན་རྫས་རྣམས་དང་༔ ཁྱད་པར་ཐོད་རྔ་ཐོད་པ༔ རྐང་གླིང་རྣམས་སོ༔ གསང་བར་གཉེར་གཏད་པ་ནི༔ མཆེད་ལྕམ་ཕོ་མོའི་གསང་སྤྱོད་ལ་སོགས་མཚང་གྱུར་རྣམས་དང་༔ སྐྱེ་བོ་ཕོ་མོའི་ངན་སྤྱོད་མདོར་ན་བླ་མ་མཆེད་ལྕམ་འགྲོ་བ་གང་གིས་ཀྱང་གསང་འོས་ཀྱི་སྤྱོད་པའི་རིགས་མཐའ་དག་གཞན་དུ་བསྒྲགས་པར་མི་བྱ་བ་རྣམས་སོ༔ དེ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསང་བ་བཅུ་སྟེ༔ སློབ་དཔོན་གྲོགས་མཆེད་བཞི་ཡི་སྐུ་དང་༔ སྔགས་གསུམ༔ ཕྱག་རྒྱ་བཞི་གསུང་༔ ཕྱི་གསང་བཞི༔ བར་གསང་བཞི༔ གསང་འོས་དང་གཉེར་གཏད་དེ༔ བཞི་བཞི་རྣམས་ལ་སློབ་དཔོན་ལས་མནོས་ནས་སྐད་ཅིག་ཡུད་ཙམ་བ་སྤུ་བརྒྱར་གཤག་པའི་རྡུལ་ཕྲ་བ་ཙམ་ཡང་མ་ཉམས་པར་བསྲུང་བའོ༔

དེའི་སྟེང་དུ་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་གསུངས་པ་ནི༔ སྤྱད་པར་བྱ་བ་ལྔ་ནི༔ སྦྱོར་སྒྲོལ་བྱ་བ༔ མ་བྱིན་ལེན་པ༔ རྫུན་དུ་སྨྲ་བ༔ ངག་བརླང་པོར་སྤྱོད་པ་དང་ལྔའོ༔ དང་དུ་བླང་པ་ལྔ་ནི༔ དྲི་ཆེན༔ བྱང་ཆུབ་ཀྱི་སེམས༔ མཾ་ས༔ རཀྟ༔ དྲི་ཆུ་དང་ལྔའོ༔ བསྒྲུབ་པར་བྱ་བ་ལྔ་ནི༔ རིགས་ལྔ༔ ཡེ་ཤེས་ལྔ༔ ཡབ་ལྔ༔ ཡུམ་ལྔ༔ སྐུ་ལྔའོ༔ མི་སྤང་བ་ལྔ་ནི༔ འདོད་ཆགས༔ ཞེ་སྡང་༔ གཏི་མུག༔ ང་རྒྱལ༔ ཕྲག་དོག་དང་ལྔའོ༔ ཤེས་པར་བྱ་བ་ལྔ་ནི༔ ཕུང་པོ་ལྔ༔ འབྱུང་བ་ལྔ༔ དབང་པོ་ལྔ༔ ཡུལ་ལྔ༔ ཁ་དོག་ལྔའོ༔ དེ་ཡང་རྒྱས་པ་ནི་གཞན་ནས་འབྱུང་བ་བཞིན་དམ་མནོས་ཏེ༔ མནོས་པ་དེ་བཞིན་དུ་སྐད་ཅིག་ཙམ་ཡང་དམ་ཚིག་གཅིག་གི་ཡན་ལག་ཕྱོགས་ཙམ་ཉེ་བ་ཙམ་ཡང་ཆག་མ་མྱོང་བས༔ ཨོ་རྒྱན་གུ་རུའི་ཐུགས་རྗེས་རྒྱུན་དུ་བཟུང་ནས་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་ཚུད་དོ༔ དེ་ཡང་གསང་སྔགས་ཀྱི་འཇུག་སྒོ་དབང་༔ དབང་གི་རྩ་བ་དམ་ཚིག་ཏུ་འདུག་པས་ཚུལ་དེ་ལ་དཔག་ནས་བཀོད་པའོ༔ དེ་ནས་བསམ་ཡས་གཡའ་མ་ལུང་དུ་གསང་སྔགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་གནང་ནས་བཞུགས་སོ༔

དེའི་སྐབས་སུ་བོད་ཀྱི་ལོ་གསར་བྱས་ནས་ཐམས་ཅད་འཚོགས་པས༔ བློན་པོ་རྣམས་ཀྱིས་བདག་མཚོ་རྒྱལ་མི་འདུག་པས་གང་དུ་སོང་༔ ཅི་ཉེས་ཀྱི་ཁུངས་བཅད་པས༔ སུས་ཀྱང་ཏིག་པོར་མ་ཤེས་རྒྱལ་པོ་རང་ལ་འདྲི་བ་བྱས་པས་གསང་མ་ཐུབ་ནས་གུ་རུ་རིན་པོ་ཆེའི་གཟུངས་མར་ཕུལ་བའི་ལོ་རྒྱུས་ཞིབ་པར་གསུངས་པས༔ ཞང་བློན་ཆོས་ལ་གནག་པ་རྣམས་དང་༔ བློན་ཆེན་པོ་ཀླུ་གུང་བཙན་པོ་དང་༔ སྟག་ར་ཀླུ་བཙན་དང་༔ ཞང་སྟོང་དབོན་དང་༔ རྒྱུང་རྒྱུང་རིང་མོ་དང་༔ མ་མ་ཞང་དང་༔ བྱ་རོག་རྒྱུང་དང་༔ ཤན་ཁྲ་མགོ་སོགས་ཆོས་ལ་གནག་པ་རྣམས་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་རྒྱལ་པོ་ལ་གསོལ་པ༔ ཀྱེ་རྒྱལ་པོ་ཆེན་པོ་ལགས༔ བོད་མགོ་ནག་ཡོངས་ཀྱི་རྗེ་བོ་ལགས༔ ཐུགས་ལ་གདོན་གྱིས་མ་གསོས་སམ༔ རྒྱལ་ཁྲིམས་འོ་སྤྲིས་འདྲ་བ་འདི་མ་དབྲལ༔ བོད་མགོ་ཁྲག་ཏུ་མ་སྣུབས༔ བོད་མཇུག་རླུང་ལ་མ་སྐུར༔ བོད་བློན་ཁྱི་གྲལ་དུ་མ་འཇོག༔ བོད་རྒྱལ་འཕུང་རྫས་འདྲ་བ་མ་བྱེད༔ ཡབ་རྗེ་ལྷའི་གདུང་རྒྱུད་ཀྱི་བཀའ་སྲོལ་གསེར་གྱི་གཉའ་ཤིང་འདི༔ མཐའི་མོན་བུ་པདྨ་འབྱུང་གནས་བྱ་བ་ཨ་ཙ་ར་འཁྱམ་པོ་ངན་སྔགས་ཀྱི་བདག་པོ་འདི་ལ་འཆོར་བ་ལ་ད་ནི་དཀའ་ཚེགས་ཅི་ཡང་དགོས་པ་མི་གདའ་ན༔ བོད་འབངས་རྣམས་རེ་སྡུག་རེ་ཕམ༔ བུ་མོ་མཁར་ཆེན་བཟའ་འདིས་དང་པོ་ཕ་མིང་ཕུང་བཅུག༔ བར་དུ་རྣ་བ་ཕུང་བཅུག༔ ད་ནི་བོད་ཡུལ་འཕུང་བཅུག་པ་ལས་འོས་ཅི་ཡོད༔ ད་ཁྱེད་བློན་ཆེན་ཁོག་པའི་སྟོད་དུ་དབུགས་གནས་ཚད་རྣམས་བསམ་མནོ་རེ་གྱིས་ཤིག༔ བློན་ཁྲིམས་ཀྱི་སྒྲོ་བ་མ་རལ་ན༔ རྒྱལ་པོའི་སྙིང་བུད་ཀྱང་བཙུད་པའི་ཐབས་ཡོད༔ བྱ་བ་ཡིན་པས་གྲོས་ཤོམས་ཤིག༔ ཅེས་ཟེར་ནས་ཐམས་ཅད་ཁྲོས་པས༔ དེར་རྒྱལ་བློན་གང་གིས་ཀྱང་གསུངས་ལོང་མེད་པར་འགོས་རྒན་གྱིས་སྨྲས་པ༔ ཀྱེ་རྗེ་ལགས༔ ད་བློན་པོ་རྣམས་གྲོས་རྒྱུན་གྱིས་རྒྱུན་སྲིངས༔ རྒྱལ་པོའི་མདུན་གྲོས་ནི་ཐེངས་གཅིག་བྱ་བ་ལགས་ཏེ༔ ཐམས་ཅད་ཕྱིར་བྱོལ་ལ་གྲོས་བྱའོ་ཞེས་གསུངས་པས༔ ཐམས་ཅད་དེ་འཐད་པར་ཁས་བླངས་ནས་བློན་པོ་རྣམས་ཕྱི་རོལ་ཏུ་གྲོས་ལ་འཚོགས་པས༔ དེར་རྒྱལ་པོ་ནི་ཐུགས་རབ་ཏུ་མ་བདེ་སྟེ༔ བྲག་དམར་གཡའ་མ་ལུང་དུ་གུ་རུའི་དྲུང་དུ་ལྐོག་ཡིག་སྤྲིངས་ཏེ༔ དེར་འབྱོར་པ་དང་༔ གུ་རུའི་ཞལ་ནས་བཀའ་སྩལ་པ༔ ཀྱེ་མ་མི་དབང་ལྷ་ཡི་རྗེ༔ ད་དུང་བར་ཆད་བརྩམས་ན་ཡང་༔ བདག་ཉིད་པདྨ་འབྱུང་གནས་ནི༔ སྐྱེ་དང་འཆི་ལ་ཉམ་མི་ང་༔ རྡོ་རྗེ་ལྟ་བུའི་སྐུ་མཆོག་ལ༔ འཇིགས་པ་བརྒྱད་ཀྱིས་ཅི་བྱར་ཡོད༔ འཛམ་གླིང་ཐམས་ཅད་དགྲར་ལངས་ཀྱང་༔ པདྨ་འབྱུང་གནས་ཅི་ལ་འཇིགས༔ མི་རྒན་ཨ་ལི་སྟོན་པ་ལ༔ འཇིགས་ན་བྱིས་པ་གང་གིས་སྐྱོབ༔ བདག་ནི་འགྲོ་བའི་སྐྱབས་གནས་ཏེ༔ ལྟོས་བཅས་སེམས་ཅན་མ་སྐྱོབ་ན༔ རིས་མེད་སེམས་ཅན་ཅི་ཕྱིར་འདྲེན༔ དེ་བས་རྒྱལ་པོ་ཆེན་པོ་ལགས༔ དོགས་སེམས་སྤངས་ལ་གསོལ་བ་ཐོབ༔ ཅེས་གསུངས་པས་རྒྱལ་པོ་ཡང་ཐུགས་རྣལ་དུ་ཕེབས་ཏེ༔ བོད་འབངས་སྤྱི་ལ་གྲོས་བཏབ་པ༔ ཀྱེ་ཉོན་ཅིག་བོད་འབངས་དཀར་ནག་ཁྲ༔ ང་ཡིས་ཆོས་སྤྱོད་ཆོས་སྤེལ་ཞིང་༔ སངས་རྒྱས་བསྟན་པ་འཛུགས་པ་ལ༔ རང་སྣང་བོན་གྱིས་མ་བསྒྲིབས་ལ༔ ཆོས་སྐྱོང་རྒྱལ་པོའི་བཀའ་ལ་ཉོན༔ བོད་ཡུལ་ཉི་འོག་གླིང་ཁམས་འདིར༔ མདོ་སྡེ་སྔགས་སྡེ་ཟུང་འཇུག་གི༔ ཆོས་ཀྱི་གྲྭ་སྡེ་སྒྲུབ་སྡེ་སྤེལ༔ གལ་ཏེ་ལ་ལ་མི་ཉན་ན༔ རྒྱལ་བློན་བཀའ་འགལ་ཁྲིམས་ལ་འཇུག༔ དེ་བས་རྗེ་བཙུན་ཨོ་རྒྱན་ཉིད༔ གདན་དྲངས་མཆོད་བཤགས་བྱས་ན་ལེགས༔ ཞེས་བཀའ་བསྩལ་པས༔ སྟག་ར་ཀླུ་གོང་གཉིས་ཀྱིས་རྒྱལ་པོ་ལ་ལན་གསོལ་པ༔ རྗེ་གཅིག་མི་དབང་ལྷ་ཡི་སྲས༔ ལེགས་པར་སྤྱད་ཅིང་ལེགས་པར་གཟིགས༔ ལེགས་པར་གྲོས་གནང་རྗེ་གཅིག་ལགས༔ ཡབ་མེས་གོང་མའི་སྲོལ་མ་བསུབ༔ བོད་ཀྱི་རྒྱལ་ཁྲིམས་གཞུང་མ་དབྲལ༔ འབངས་གྱུར་རྣམས་ཀྱི་ཡིད་མ་གཅོད༔ བོད་ཡུལ་བདེ་སྐྱིད་བོན་ལ་རག༔ གཡུང་དྲུང་ལྷ་མེད་བོད་སུས་སྐྱོབ༔ ཅིས་ཀྱང་བོད་མགོ་འདོན་པར་ཞུ༔ རྒྱལ་པོའི་བཙུན་མོ་ནང་ནས་མཆོག༔ ཚངས་པའི་བུ་མོ་དངོས་འདྲ་བ༔ ཡེ་ཤེས་མཚོ་རྒྱལ་གང་དུ་ཐལ༔ མཐའ་མི་ཨ་ཙ་ར་དེ་ཡིས༔ སྲོག་དབང་མ་ཤོང་མིན་ནམ་ཅི༔ རྒྱལ་པོ་ཁྱེད་ཉིད་སྨྱོའམ་བརྒྱལ༔ དྲན་པས་མ་ཟིན་མིན་ནམ་ཅི༔ འདི་འདྲར་གྱུར་ན་རྒྱལ་ཁྲིམས་ནི༔ ཡུན་དུ་མི་ཐོགས་མྱུར་དུ་འཇིག༔ དེས་ན་མཚོ་རྒྱལ་མལ་དུ་ཞོག༔ མཐའ་མི་ཁྲིམས་ཀྱི་ལས་ལ་སྦྱོར༔ ཞེས་ཟེར་ནས༔ ངན་སྔགས་ཕུགས་བཅུག་གོད་ཁ་རྒྱུན་མི་ཆད༔ གཅོང་ནད་ནང་ལུས་ཨ་ན་རྒྱུན་མི་ཆད༔ བྱ་བ་ཡིན་པས་མཐའ་མི་དེ་ཟིན་ན་ཁྲིམས་ལ་སྦྱར༔ བྲོས་ན་སོད་ལ་ཞོག༔ ཁྱེད་བློན་པོ་རྣམས་ཀྱིས་ངའི་གྲོས་སྟེང་དུ་ཁྱོག༔ གྲོས་འགབ་སྡུས་ཤིག༔ གྲོས་དབང་འདི་ལ་མི་ཞུགས་ན་དེང་ཕྱིན་བློན་གྲལ་ནས་ཕྱིར་ཕྱུང་བ་ཡིན༔ རྒྱལ་པོ་ཕག་ཐོང་འདྲ་བ་འདིས་བློན་པོ་སེང་ཁྱུ་འགྲོགས་པ་འདྲ་བ་འདི་རྣམས་ཕུང་བར་ཡོད་པས༔ རྒྱལ་པོ་རང་གསུང་དབང་ཆེ་བ་ཡིན་པས་གང་གསུང་གསུང་ཆུག༔ བློན་པོ་རྣམས་གྲོས་དབང་ཆེ་བས་གྲོས་ཐག་ཆོད་ཅིག་ཅེས་ཟེར་བས༔ བོན་བློན་ཕལ་ཆེར་ཐམས་ཅད་ནི་དེ་རང་ཡིན་པའི་གྲོས་བཏབ༔ དེར་ཆོས་ཀྱི་བློན་པོ་ཤུད་བུ་དཔལ་སེང་༔ གྲུ་གུ་ཨུ་བེ༔ ཀ་ཅོག་གཉིས༔ ནམ་མཁའི་སྙིང་པོ༔ ལང་གྲོ༔ འབྲེ༔ གཡུང་༔ སྣུབས་སོགས་རྣམས་ཀྱིས༔ ད་ནི་དུས་ངན་བསྟན་པའི་ཆག་སྒོ་ལ་བབས་འདུག་པས༔ སློབ་དཔོན་སངས་རྒྱས་གཉིས་པ་ལ་ཚད་མི་དགོས་བརྗོད་དུ་མི་རུང་བའི་གྲོས་ངན་ནི་ཤོམ༔ ཆོས་ཀྱི་རྒྱལ་པོ་ཆེན་པོ་ནམ་མཁའི་ནོར་བུ་ལྟ་བུ་འདི་བཅོས་མིན་དུ་བཏང་༔ ཆོས་མི་དར་བསྟན་པ་མི་ཚུགས་པའི་སྟེང་དུ་མཚམས་མེད་པ་ལྔའི་ལས་བསགས་པ་འདི་ཡིས་གྲོས་མགོ་བཏང་བ་བས༔ རང་རྣམས་ཤི་བ་ལ་ཅི་མི་འཚེར༔ དེ་བས་བོད་ཡུལ་སྟོང་པར་སོང་ཡང་གཡས་རུ་བཟུང་ལ་སློབ་དཔོན་ཡབ་ཡུམ་གྱི་མགོ་འདོན་གང་བྱུང་ལྟ༔ ཞེས་གླེང་ནས་འཐེན༔ ཆོས་རྒྱལ་ཆེན་པོས་ནི༔ སློབ་དཔོན་རྡོ་རྗེ་འཆང་དངོས་ལྟ་བུ་འདི་ལ་དད་འདུན་བཀུར་སྟི་མི་བྱེད་པའི་སྟེང་དུ་མཚམས་མེད་པའི་ལས་འདི་ཤོམ་ན༔ སློབ་དཔོན་ལ་གང་ཤོམ་པའི་ཆད་པ་ལས་དགུ་འགྱུར་དུ་བློན་པོ་རྣམས་ལ་ངེས་པར་འབེབ་པས༔ ས་འདི་ནི་ང་རང་དབང་ཆེ་ཞེས་གསུངས་ནས་འཐེན༔ ཇོ་མོ་ཚེ་སྤོང་བཟའ་ཡང་སྡིག་བློན་རྣམས་དང་གྲོས་ཕུགས་བསྡུར་ནས་འཐེན་པས༔ དེར་ཐམས་ཅད་མ་འཆམས་ནས་ཟིང་ཟིང་དུ་གྱུར་པས༔ འགོས་རྒན་གྱིས་ཆོས་རྒྱལ་ཆེན་པོ་ལ་གྲོས་བཏབ་པ༔ ཀྱེ་ལྷ་གཅིག་ལགས༔ བོད་ཡུལ་སིལ་བུར་བཏང་བ་བས༔ གྲོས་ཁོག་བློན་དང་བསྟུན་ན་མི་འཐད་དམ༔ ཞུས་པས་རྒྱལ་པོས་ཀྱང་འཐད་པར་གནང་༔ དེར་སྡིག་བློན་རྣམས་ལ་གྲོས་བཏབ་པ༔ ཀྱེེ་གྲོགས་པོ་བོད་ཀྱི་བློན་ཆེན་རྣམས༔ འཇིག་རྟེན་འདི་ན་ཆེ་བ་རྒྱལ་པོ་ཡིན༔ རྒྱལ་པོ་ཆེ་ན་བློན་པོ་ཤུགས་ཀྱིས་ཆེ༔ རྒྱལ་པོ་མེད་ན་བློན་པོས་ཅི་བྱར་ཡོད༔ དེ་བས་རྒྱལ་པོའི་ཞལ་ངོ་མ་སྐྱུང་ལ༔ མདུན་གྲོས་ཞུ་ཞུ་མཁས་པ་མི་འཐད་དམ༔ ཞེས་སྨྲས་པས་བློན་པོས་ཀྱང་འཐད་པར་བྱས༔ ཡང་ཆོས་བློན་རྣམས་ལ་སྨྲས་པ༔ ཀྱཻ་མ་ཆོས་ཕྱོགས་ཁ་འཛིན་ཆེ་ཡང་འདོད་པས་དགག༔ ཆོས་ཕྱིར་སྡིག་པ་བསགས་ན་བཤགས་ཐབས་མེད༔ སློབ་དཔོན་རྡོ་རྗེའི་སྐུ་ལ་སུ་ཡིས་ཚུགས༔ དེ་བས་རྒྱལ་བློན་གྲོས་ལ་མི་འཐད་དམ༔ ཞེས་སྨྲས་པས་འཐད་པར་འཆམས་ནས༔ ཐམས་ཅད་ཆོས་རྒྱལ་ཆེན་པོའི་མདུན་དུ་འཚོགས་ནས་བཀའ་གྲོས་ཞིབ་ཏུ་བཏབ་པས༔ རེ་ཞིག་རྒྱལ་པོ་རང་གིས་ལུས་ངག་ལ་ཐུག་པའི་དུས་མ་བྱུང་བར་སློབ་དཔོན་ཡང་རྒྱ་གར་དུ་གསེར་གྱི་རྫོངས་བཏབ་སྟེ་གཏོང་བའི་ཆད་དང་༔ མཚོ་རྒྱལ་མ་ལྷོ་བྲག་ཏུ་སྤྱུགས་ཆད་བྱས་ནས་ཐམས་ཅད་གྲོས་འཆམས་ཏེ༔ དེ་ལྟར་བློན་པོ་རྣམས་ཀྱི་སྣང་ངོར་མཛད་ནས༔ དོན་ལ་གཞོ་སྟོད་ཏི་སྒྲོའི་བྲག་མཁའ་འགྲོའི་ཚོགས་ཁང་ཆེན་མོ༔ མཐར་བྱེད་དྲིལ་བུ་ལྗང་མོའི་གནས༔ བར་ཆད་གང་གིས་ཀྱང་མི་ཚུགས་པའི་གནས་སུ་ཡབ་ཡུམ་གཉིས་གསང་སྤྱོད་ལ་གཤེགས་སོ༔

དེར་ཆོས་རྒྱལ་ཆེན་པོས་ཡབ་ཡུམ་གཉིས་ལ་གསེར་ཕྱེ་བྲེ་གསུམ་གསེར་གྱི་པ་ཏྲ་བདུན་སོགས་ཕུལ་ཏེ་བྱིན་རླབས་དང་ལུང་བསྟན་ཞུས༔ དེ་ནས་གཡའ་མ་ལུང་ནས་མར་བཏེགས་ཏེ༔ བྲག་བྱ་རོག་འདྲ་བའི་མགུལ་དུ་གཏེར་ཁ་གཅིག་སྦས་ཏེ༔ མ་འོངས་པའི་ལུང་བྱང་བཏབ་པས༔ དེར་བརྟན་མ་བཅུ་གཉིས་ཀྱིས་འོད་ཀྱི་འདོ་ལེ་དཀར་པོ་ཞིག་འོད་ཀོ་ལོ་ལོ་ལམ་གྱིས་བྱུང་བས༔ གུ་རུ་ཡམ་ཡུམ་གཉིས་བཞུགས་ཏེ་ནམ་མཁའ་ལ་བཏེགས་ནས་གཤེགས་པས༔ བོད་ཀྱི་རྒྱལ་བློན་དེར་འཚོགས་པ་ཐམས་ཅད་དད་པ་ཐོབ༔ རི་དེ་ལ་དིང་ཕྱིན་ཆད་ཨོ་དཀར་ཡང་ཟེར་འོད་དཀར་བྲག་ཟེར་རོ༔ དེ་ནས་གུ་རུ་ཡབ་ཡུམ་སྐད་ཅིག་དེ་ཉིད་ལ་གནས་དེར་ཕེབས་ཏེ༔ ཐོག་མར་ཏི་སྒྲོའི་ཚོགས་ཁང་ཆེན་མོར་བཞུགས་ནས༔ བདག་བུད་མེད་མཚོ་རྒྱལ་གྱིས་ཐུན་མོང་གི་མཎྜལ་བཤམས་ཏེ༔ ཕྱག་ཀྱང་དགུ་ཕྲུགས་ཅིག་ཏུ་འཚལ་ནས་ཞུས་པ༔ ཀྱེ་མ་རྗེ་བཙུན་ཨོ་རྒྱན་རྗེ༔ རྡོ་རྗེ་ལྟ་བུའི་སྐུ་བརྙེས་ནས༔ འཆི་བདག་བདུད་ལ་ཡ་མི་ང་༔ སྒྱུ་མ་ལྟ་བུའི་སྐུ་བརྙེས་ནས༔ ལྷ་བུའི་བདུད་ལས་གཡུལ་རྒྱལ་ཞིང་༔ འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ནས༔ ཕུང་པོའི་བདུད་ཀྱང་འུབས་ཀྱིས་བཅོམ༔ ཏིང་འཛིན་རྩལ་གྱི་སྐུ་བརྙེས་ནས༔ ཉོན་མོངས་བདུད་རྣམས་གྲོགས་སུ་གྲོལ༔ འཆི་མེད་གུ་རུ་པདྨ་སྐྱེས༔ ད་ནི་ཁོ་མོ་མཚོ་རྒྱལ་གྱིས༔ མི་ཕྱེད་དད་པ་སྙིང་ནས་སྐྱེས༔ གསང་སྔགས་བླ་མེད་ཞུ་བསམ་རུང་༔ གཡའ་མ་ལུང་དུ་བདུད་ཀྱིས་བཅོམ༔ རྗེ་བཙུན་ཁྱེད་ཀྱི་ཐུགས་རྗེ་ཡིས༔ མཁའ་ལ་འཕགས་ནས་གནས་འདིར་མཆིས༔ ད་ནི་ཐུགས་རྗེས་མཁྱེན་གཟིགས་ནས༔ སྨིན་གྲོལ་དཀྱིལ་འཁོར་བསྩལ་ཏུ་གསོལ༔ བདག་ཀྱང་བྱང་ཆུབ་མ་བརྙེས་བར༔ བར་ཆད་མེད་པའི་བཀའ་དྲིན་ཞུ༔ ཞེས་ཞུས་པས༔ མ་ཧཱ་གུ་རུས་བཀའ་བསྩལ་པ༔ ལེགས་འོང་བུ་མོ་མཁར་ཆེན་བཟའ༔ གསང་སྔགས་བླ་མེད་དཀྱིལ་འཁོར་འདི༔ ཨུ་དུམ་ཝ་རའི་མེ་ཏོག་འདྲ༔ འབྱུང་བར་དཀོན་ལ་ཡུན་མི་གནས༔ སྐལ་ལྡན་རེ་རེ་མ་གཏོགས་པ༔ འདི་འཕྲད་དཀའོ་སྤྲོ་བར་སོམས༔ དེས་ན་གསང་བའི་མཎྜལ་ཕུལ༔ ཞེས་གསུངས་པས༔ བདག་གིས་ཀྱང་གནོང་དང་འཇིག་རྟེན་གྱི་ཚུལ་མ་ཡིན་པ༔ སྤྲོ་ཞིང་གུས་པ་དང་བཅས་ནས་གསང་བའི་མཎྜལ་དུ་བཤམས་ནས་ཕུལ་བས་ཐུགས་རྗེ་འཛུམ་པའི་མདངས་ལས་འོད་ཟེར་ལྔ་འཕྲོས་པས༔ སྟོང་གསུམ་ཐམས་ཅད་གསལ་བའི་འོད་ཀྱིས་ཁྱབ་ཅིང་སླར་གུ་རུའི་ཞལ་དུ་བསྡུས༔ གསུང་ཛ་ཧཱུྃ་གི་སྒྲས་བསྐུལ་ནས་སྐུ་ཡི་དབྱིབས་བརྒྱུད་དེ་གསང་བའི་རྡོ་རྗེ་ཁྲོ་བོར་བཞེངས་ནས༔ ཞི་བའི་པདྨ་ལ་སྙོམས་པར་ཞུགས་ཤིང་༔ བདེ་བའི་གར་གྱི་རྣམ་པར་རོལ་པའི་འགྲོས་ལས་ཡབ་ཡུམ་གཉིས་ཀྱི་རྩའི་འཁོར་ལོ་བརྒྱད་དུ་ཉི་ཟླའི་དཀྱིལ་འཁོར་རིམ་གྱིས་འོད་དུ་འབར་ཞིང་༔ ལྷ་ཚོགས་རྣམས་ལ་བཅུ་དྲུག་བཅུ་དྲུག་གི་བཅུད་བཞི་བརྒྱད་ཀྱིས་མཆོད་ཅིང་༔ རྣམ་པར་གསལ་བའི་བདེ་བ་བསྲན་དཀའ་བའི་དངོས་གྲུབ་ཀྱི་ཉམས་འབར་བའི་ངང་དུ་མཁའ་འགྲོ་སྙིང་གི་ཐིག་པ་ཞེས་བྱ་བའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ གུ་རུ་སྐུའི་དཀྱིལ་འཁོར་དུ་རིགས་ལྔ་ཡབ་ཡུམ་བཅུ་རྡོ་རྗེ་འཆང་ཆེན་པོ་དང་བཅས་པའི་ཞལ་དངོས་སུ་བསྟན་ནས་བླ་མ་སྐུའི་དབང་བསྐུར་ཞིང་༔ ཕུང་པོ་ལྔ་གནས་སུ་དག་སྐུ་ལྔ་མངོན་དུ་གྱུར༔ འབྱུང་བ་ལྔ་གནས་སུ་དག༔ ཡུམ་ལྔར་གྱུར་ཏེ་གུ་རུ་རིགས་ལྔའི་སྒྲུབ་ཐབས་དབང་དང་བཅས་པ་གནང་ངོ་༔ དེར་ཕྱི་ལྟར་ཞི་བ་རིགས་ལྔར་སྒྲུབ་པའི་ཐབས་དང་༔ བུམ་པ་ཕྱི་ཡི་དབང་བསྐུར་ནས་ཕྱི་སྣོད་གཞལ་ཡས་ཁང་༔ ནང་བཅུད་ལྷ་ཚོགས་སུ་ངོ་སྤྲད་ནས་ཞག་བདུན་གྱི་བར་དུ་སྒྲུབས་ཤིག༔ ཅེས་གསུངས༔ བདག་གིས་ཀྱང་གུ་རུའི་བཀའ་ལྟར་ཞག་བདུན་དུ་ཕྱི་སྣོད་ལྷའི་གཞལ་ཡས༔ ནང་བཅུད་ལྷ་དང་ལྷ་མོར་བསྒྲུབས་པས༔ རྩོལ་བ་མེད་པར་ཕྱི་སྣོད་ཐམས་ཅད་ལྷའི་གཞལ་ཡས་སུ་ལམ་ལམ་འཆར་བ་དང་༔ ནང་བཅུད་ཀྱི་གཟུགས་སྣང་ཐམས་ཅད་རིགས་ལྔ་ཡབ་ཡུམ་དུ་ཞལ་སྦྱོར་ཁྲ་ལམ་ལམ་འཆར་ཞིང་༔ སྣང་བ་ཉིན་མཚན་བྲལ་བ་རིགས་ལྔའི་རང་བཞིན་དུ་བྱུང་བས༔ ཡང་དེར་བླ་མས༔ ད་ནི་ཕྱི་ཡི་ནང་དབང་བསྐུར་བའི་དུས་ལ་བབས་འདུག་པས༔ ཡང་གོང་ལྟར་གྱི་མཎྜལ་ལན་བདུན་དུ་ཤོམས་ཤིག༔ ཅེས་གསུངས་བྱུང་བས༔ དེར་བདག་གིས་ཀྱང་གུས་ཤིང་སྤྲོ་བ་དང་བཅས་ནས་མཎྜལ་ལན་བདུན་དུ་བཤམས་ཤིང་ཕུལ་བ༔ ཨེ་མ་ཧོ༔ ལུས་དབང་རི་རབ་གླིང་བཞི་ཡན་ལག་ལྔ༔ བདེ་ཆེན་པདྨོ་འཁོར་འདས་གཉིས་ཀྱི་གཞི༔ བདེ་བ་ཆེན་པོ་བླ་མེད་དཀྱིལ་འཁོར་འདི༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཞེས་ཕུལ་བས༔ ཡང་གུ་རུས་དགྱེས་པའི་གད་མོའི་གདངས་ཆེན་པོས་ས་གསུམ་པོ་ཐམས་ཅད་འགུལ༔ ཡང་རབ་ཏུ་འགུལ་ཞིང་༔ རྡེག་ཀྱང་རབ་ཏུ་རྡེག་ཅིང་གཡོས་པ་དང་༔ དབང་དྲག་པདྨ་ཧེ་རུ་ཀའི་རྣམ་པར་བཞེངས་ནས་ཧ་ཧ་དང་ཧི་ཧི་སོགས་རྔམས་པའི་སྒྲས་བསྐུལ་ཏེ་གསང་རྟགས་ཀྱི་ཧེ་རུ་ཀ་ཉིད་པདྨ་ཡུམ་གྱི་ལྷུམས་སུ་ཞུགས་ཏེ༔ བདག་གི་བཞིན་ཡང་ཕག་མོར་བསྒྱུར་ནས་གུ་རུ་ཉིད་ཀྱི་སྐུ་ཡང་ཁྲོ་རྒྱལ་དཔག་ཏུ་མེད་པའི་གཙོ་བོ་ཧེ་རུ་ཀ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་བཞེངས་ཏེ༔ རྟ་མགྲིན་སྙིང་གི་ཐིག་ལེ་ཞེས་བྱ་བའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་ཏེ༔ གུ་རུའི་དཀྱིལ་འཁོར་དཔལ་རྟ་མགྲིན་དུ་གྱུར་པའི་འཁོར་ལོ་ལྔར་དཔའ་བོ་ཡབ་ཡུམ་ལྔ་ཞལ་སྦྱོར་ཏེ་དཀྱིལ་འཁོར་བཀྲ་ལམ་མེ་ཞལ་དངོས་སུ་བསྟན་ནས་བླ་མ་གསུང་གི་དབང་བསྐུར་ཞིང་༔ རང་ལུས་ཕག་མོའི་སྐུར་གྱུར༔ སྣང་བ་རྟ་མགྲིན་དང་འབྲལ་བ་མེད་ཅིང་རྩ་རླུང་ཐིག་ལེའི་དོན་རྟོགས༔ ཉོན་མོངས་པ་ལྔ་གནས་གྱུར་ནས༔ ཡེ་ཤེས་ལྔ་མངོན་དུ་གྱུར༔ བདེ་སྟོང་ཟག་པ་མེད་པའི་ཏིང་ངེ་འཛིན་དུ་གྱུར་ནས་གསང་བའི་དབང་ཐོབ༔ ས་བརྒྱད་ནོན༔ གུ་རུ་ཡབ་ཡུམ་རྟ་མགྲིན་དུ་བསྒྲུབ་པའི་ཐབས༔ ཐོད་རྒལ་དུ་གནང་༔ དེར་གུ་རུ་ནང་ལྟར་ཡི་དམ་དུ་སྒྲུབ་པའི་ཐབས་དང་༔ གསང་བ་ནང་གི་དབང་བསྐུར་ནས༔ རང་ལུས་ལྷའི་དཀྱིལ་འཁོར་དང་༔ རྩ་རླུང་ཐིག་ལེ་ལྷ་སྔགས་ཕྱག་རྒྱ་ཆེན་པོར་ངོ་སྤྲད་ནས་ཞག་བདུན་ནམ་གསུམ་བར་དུ་སྒྲུབས་ཤིག༔ ཅེས་གསུངས་ནས་ལུས་ལ་མར་མེས་རྒྱས་བཏབ་ནས་དབང་དོན་གྱི་ཡེ་ཤེས༔ བརྟན་པར་མ་གྱུར་བར་དུ་བསྒྲུབས་པས༔ ཐོག་མར་སྡུག་བསྔལ་གྱིས་ནོན༔ རྗེས་ནས་རྩ་གནས་ཀྱི་ཡི་གེའི་རང་སྒྲ་གྲགས་པ་དང་༔ རླུང་རང་དབང་བྱན་དུ་ཚུད་ཅིང་ཐིག་ལེ་ཕྱག་རྒྱ་ཆེན་པོའི་དོན་རྟོགས་ནས་ཟག་མེད་བདེ་དྲོད་ཀྱི་རྩལ་རྫོགས་པར་གྱུར་ཏོ༔

འདི་ནས་ལས་རླུང་གི་འགྱུ་བ་ཟད་དེ༔ ཡེ་ཤེས་ཀྱི་རླུང་དབུ་མར་ཚུད་དེ་གྲུབ་པའི་རྟགས་ཀྱང་འགའ་རེ་མཛད་པས༔ གུ་རུའི་ཞལ་ནས༔ ནས་སྔ་སྲུབས་སུ་མ་གཟད་ཅིག༔ ད་རུང་ཡང་དབང་མ་རྫོགས་པ་ཡིན་གསུངས་པས༔ ཡང་བདག་གིས་གུ་རུ་རིན་པོ་ཆེ་ལ་སངས་རྒྱས་ལས་ལྷག་པའི་དད་པས་ཞུས་པ༔ ཀྱེ་མའོ༔ དུས་གསུམ་སངས་རྒྱས་ལས་ལྷག་པའི༔ རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ བདག་སོགས་དམན་གྱུར་སེམས་ཅན་ལ༔ དབང་བསྐུར་མཆོག་དེ་སྩལ་ཏུ་གསོལ༔ ཞེས་ཞུས་པས༔ གུ་རུ་ཉིད་ཧེ་རུ་ཀ་དམར་པོའི་དཀྱིལ་འཁོར་དུ་བཞེངས་ཏེ༔ ཐུགས་ལས་ཧཱུྃ་ཡིག་གི་འོད་ཟེར་རབ་ཏུ་གཏུམ་པ་འཕྲོས་ནས་སླར་གུ་རུའི་དཀྱིལ་འཁོར་དུ་འདུས་ཤིང་དོན་དམ་པའི་ཧེ་རུ་ཀ་ཉིད་ཕྱག་གིས་གསོར་ནས་བཀའ་སྩལ་པ༔ ར་ཧཾ༔ མ་ཡེངས་ཉོན་དང་མཁའ་འགྲོ་མཚོ་རྒྱལ་མ༔ ལེགས་པར་གསོན་དང་བཙུན་མོ་ཀུན་ཏུ་བཟང་༔ དྭངས་མ་ནང་གི་དཀྱིལ་འཁོར་འཇུག་སྤྲོའམ༔ གསང་བ་བདེ་བའི་མཎྜལ་ད་ཕུལ་ཅིག༔ ཚུལ་འདི་སྨྲས་ན་དམ་ལས་འགལ་བར་འགྱུར༔ ཞེས་གསུངས་པས༔ བདག་བུད་མེད་མཚོ་རྒྱལ་ཡང་འཇིག་རྟེན་གྱི་སྣང་བ་ནུབ་སྟེ༔ བདེ་བ་ཆེན་པོས་གཅེར་བུར་བུད་ནས་གསང་བ་བདེ་བའི་མཎྜལ་ལ་དམ་རྫས་ལྔའི་ཆག་ཆག་བཏབ་ནས་སླར་ཞུས་པ༔ བདེ་ཆེན་དཔའ་བོ་དགོངས་སུ་མཆི༔ བདེ་བ་ཆེན་པོ་གུ་རུ་རྗེ༔ དྭངས་མ་ནང་གི་དཀྱིལ་འཁོར་དུ༔ ངེས་པར་སྤྲོ་བས་འཇུག་པར་འཚལ༔ ཚུལ་གྱི་དམ་ཚིག་སྲོག་ལ་འཆང་༔ ཞེས་ཞུས་ཏེ༔ ཉིང་ལག་སོར་མོ་དགུ་པདྨའི་ཟེའུ་ལ་དཀྲུགས་ནས་བླ་མ་སྐུའི་དཀྱིལ་འཁོར་དུ་འཁྱོག་ཁྲི་འབར་བའི་གར་གྱིས་མཎྜལ་ཕུལ་བས༔ དབྱིངས་ཀྱི་དཀྱིལ་འཁོར་པདྨ་ཧེ་རུ་ཀ་ཆེན་པོ་ཉིད༔ ཡན་ལག་གི་འཁོར་ལོའི་ལྕགས་ཀྱུས་བསྡུས་ནས༔ དོན་གྱི་ཧེ་རུ་ཀ་རྡོ་རྗེ་འབར་བ་ཆེན་པོ་རྒོད་པ་དང་གཤེ་བ་རྔམས་པའི་ཀློང་གི་སྟབས་ཀྱིས༔ ཁྲོ་གཉེར་བརྫིས་ཤིང་རབ་ཏུ་འཕྲོ་བའི་རྣམ་པས་པདྨའི་གདན་ལ་གད་རྒྱང་འགྱིང་བའི་ང་རོས་བདེ་བ་ཆེན་པོ་སྣང་བ་ཟིལ་གྱིས་གནོན་ཅིང་བཞུགས་ཏེ༔ ཀློང་གསལ་ཉི་མ་འབར་མའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་ཏེ༔ གུ་རུ་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་དུ༔ རྩ་འཁོར་བཞི་ཡི་བདག་ཉིད་ཧེ་རུ་ཀ་བཞི་ཡི་ཞིང་ཁམས་ཆེན་པོ་སྐུ་དང་ཐིག་ལེ་ཡིག་འབྲུའི་རང་བཞིན་བྱེ་བ་ཕྲག་བརྒྱ་གསལ་བའི་དཀྱིལ་འཁོར་དུ་དགའ་བ་བཞིའི་དབང་བསྐུར་ཏེ༔ དེ་ཡང་བདག་དང་བླ་མ་གཉིས་མེད་ཀྱི་དཔྲལ་བའི་རྩ་གནས་ཀྱི་བྱིན་རླབས་ལས༔ དགའ་བའི་ཡེ་ཤེས་ཀྱི་ཉམས་འབར་བའི་ངང་དུ་དལ་དཀར་པོའི་རང་བཞིན་ཞིང་ཕྲན་སུམ་ཅུ་རྩ་གཉིས་ལ༔ ཡབ་ཡུམ་ཧེ་རུ་ཀ་དཀར་པོ་སུམ་ཅུ་རྩ་གཉིས་ལ་འཁོར་རང་འདྲ་གྲངས་ལས་འདས་པ་འབུམ་ཕྲག་དུ་མས་བསྐོར་བའི་དབུས་སུ༔ ཧེ་རུ་ཀ་ཐམས་ཅད་ཀྱི་བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་དགའ་བའི་ཡེ་ཤེས་ཀྱི་ངོ་སྤྲོད་གནང་སྟེ༔ ཉོན་མོངས་པ་ཞེ་སྡང་དག༔ བག་ཆགས་ལུས་ཀྱི་དྲི་མ་དག༔ སྦྱོར་བའི་ལམ་གྱི་ཡན་ལག་མཐོང་ནས༔ ཕྱོགས་བཅུའི་འཇིག་རྟེན་བདུན་གྱི་དོན་བྱེད་པར་ནུས་ཤིང་༔ གསང་མཚན་བདེ་ཆེན་དཀར་མོ་མཚོ་རྒྱལ་མ་ཐོགས་གསུངས༔ དེ་བཞིན་དུ་མགྲིན་པར་དལ་སེར་པོ་ཞིང་ཕྲན་བཅུ་དྲུག་ལ༔ ཡབ་ཡུམ་ཧེ་རུ་ཀ་སེར་པོ་བཅུ་དྲུག་ལ་འཁོར་འབུམ་ཕྲག་སོགས་གོང་ལྟར་བསྐོར་བའི་དབུས་སུ༔ ཧེ་རུ་ཀ་ཐམས་ཅད་ཀྱི་བདག་ཉིད་རཏྣ་དཔའ་བོ་ཡབ་ཡུམ་གྱི་རབ་ཏུ་དགའ་བ་ཡོན་ཏན་མཐའ་ཡས་པའི་ངོ་སྤྲོད་གནང་སྟེ༔ ཉོན་མོངས་པ་འདོད་ཆགས་དག༔ བག་ཆགས་ངག་གི་དྲི་མ་དག༔ ཚོགས་ཀྱི་ལམ་གྱི་ཡན་ལག་མཐོང་༔ ཕྱོགས་བཅུའི་འཇིག་རྟེན་ཉི་ཤུའི་དོན་བྱེད་ནུས་ཤིང་༔ གསང་མཚན་ཡོན་ཏན་རྒྱས་བྱེད་སེར་མོ་མཚོ་རྒྱལ་མ་ཐོགས་གསུངས༔ དེ་བཞིན་དུ་སྙིང་ཁ་དལ་མཐིང་ནག་ཞིང་ཕྲན་བརྒྱད་ལ༔ ཡབ་ཡུམ་ཧེ་རུ་ཀ་མཐིང་ནག་བརྒྱད་ལ་འཁོར་འབུམ་ཕྲག་སོགས་གོང་དང་འདྲ་བ་ལ༔ དབུས་སུ་ཧེ་རུ་ཀ་ཐམས་ཅད་ཀྱི་བདག་ཉིད་བུདྡྷ་དཔའ་བོ་ཡབ་ཡུམ་གྱིས༔ མཆོག་ཏུ་དགའ་བ་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་གནང་སྟེ༔ ཉོན་མོངས་པ་ཡིད་ཀྱི་བག་ཆགས་དག༔ སྒྲོལ་བའི་ལམ་གྱི་ཡན་ལག་མཐོང་ནས༔ ཕྱོགས་བཅུའི་འཇིག་རྟེན་སུམ་ཅུ་རྩ་དྲུག་གི་དོན་བྱེད་ནུས་སོ༔ གསང་མཚན་སྒྲོལ་བྱེད་དམ་ཚིག་མཚོ་རྒྱལ་ཐོགས་གསུངས༔ དེ་བཞིན་དུ་ལྟེ་བའི་དལ་དམར་པོ་ཞིང་ཕྲན་དྲུག་ཅུ་རྩ་གཅིག་ལ༔ ཡབ་ཡུམ་ཧེ་རུ་ཀ་དྲུག་ཅུ་རྩ་གཅིག་གིས་བསྐོར་བའི་དབུས་སུ༔ དེ་དག་ཡོངས་ཀྱི་གཙོ་བོ་ཧེ་རུ་ཀ་དམར་པོ་ཡབ་ཡུམ་གྱི་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སུ་ངོ་སྤྲད་པས༔ ཉོན་མོངས་པ་འཛིན་པའི་དྲི་མ་དང་བཅས་པ་དག༔ བག་ཆགས་ནི་སྒོ་གསུམ་ཐ་མི་དད་ཀྱི་དྲི་མ་དག༔ ལམ་ཡོངས་སུ་བྱང་བའི་ཡན་ལག་མཐོང་༔ ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་མུ་མེད་པའི་དོན་བྱེད་ནུས་པས༔ གསང་མཚན་མཐའ་ཡས་ཡེ་ཤེས་མཚོ་རྒྱལ་ཐོགས་ཞེས་གསུངས་ཤིང་དགའ་བཞི་དོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡེ་ཤེས་བཞིའི་བདག་དབང་ཞག་བདུན་གྱི་བར་དུ་བསྐུར་ནས༔ རྗེས་སུ་ཆགས་པ༔ ཡེ་ཤེས་ལུགས་བཟློག་ཏུ་སྒོམས་ཤིག༔ ཅེས་གསུངས་པས༔ དབང་དོན་གྱི་ཡེ་ཤེས་ལ་རྗེས་ཆགས་དགའ་བཞིའི་འགྲོས་མ་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་ཉམས་སུ་བླངས་པ་ནི༔ དེ་ཡང་བྱང་སེམས་རྣམས་ཕྱིར་ཤོར་ན་རྒྱལ་བ་འོད་མི་འགྱུར་བ་བསད་པར་བྱ་བ་ཡིན་པས༔ ཉེས་པ་བཤགས་ཡུལ་དང་བྲལ་ལ༔ མནར་མེད་པའི་ལས་སོག་པ་ཡིན་པས༔ དེ་ནས་གྱེན་དུ་ཟློག་པའི་ནུས་པས་རྗེས་སུ་ཆགས་པ་སྲོག་རྩོལ་གྱིས་འོག་རླུང་འཐེན་ཞིང་བུམ་པ་ཅན་བཟུང་ཞིང་༔ རྗེས་དྲན་གྱི་བདེ་བ་ཆགས་པ་དང་མ་འདྲེས་པར༔ ཏིང་ངེ་འཛིན་བློས་བྱས་སྤངས་ནས་ལེ་ལོ་དར་ཅིག་ཀྱང་མ་ཤོར་བར་ཉམས་སུ་བླངས་པས༔ རྗེས་དྲན་གྱི་བྱང་སེམས་བྷ་གའི་པདྨར་འཆིང་བས་མ་རིག་པ་ཐམས་ཅད་དག༔ དུས་སྦྱོར་ཅིག་གི་རླུང་སྟོང་དང་བརྒྱད་ཅུ་འགགས་པས་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་མཐོང་ལམ་དུ་གྱུར་ཅིང་༔ ས་དང་པོ་ཐོབ༔ མངོན་པར་ཤེས་པ་སྣ་ཚོགས་འཆར་བར་བྱུང་༔ དེ་ནས་བྱང་སེམས་གསང་བའི་འཁོར་ལོར་ལྡོག་ཅིང་འཆིང་བས༔ རྟེན་འབྲེལ་འདུ་བྱེད་དག༔ དུས་སྦྱོར་གཉིས་པའི་རླུང་འགགས་པས་ས་གཉིས་པ་ཐོབ༔ དེ་ནས་གསང་བ་དང་ལྟེ་བའི་བར་དུ་འཆིང་བས་རྣམ་ཤེས་དག༔ དུས་སྦྱོར་གསུམ་གྱི་རླུང་འགགས་པས་ས་གསུམ་པ་ཐོབ༔ དེ་བཞིན་དུ་ལྟེ་བར་འཆིང་བས་མིང་དང་གཟུགས་དག༔ དུས་སྦྱོར་བཞི་ཡི་རླུང་འགགས༔ ས་བཞི་པ་ནོན༔ འཁོར་འདས་སེམས་དང་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་དགའ་བ་དག་སྟེ་ངོ་བོ་ཉིད་ཀྱི་སྐུར་གྱུར༔ དེ་ནས་ལྟེ་བ་དང་སྙིང་ཁའི་བར་དུ་འཆིང་བས༔ སྐྱེ་མཆེད་དྲུག་དག༔ དུས་སྦྱོར་ལྔའི་རླུང་འགགས༔ ས་ལྔ་པ་ཐོབ༔ དེ་ནས་སྙིང་ཁར་འཆིང་བས་རེག་པ་དག༔ དུས་སྦྱོར་དྲུག་གི་རླུང་འགགས༔ ས་དྲུག་པ་ཐོབ༔ གཉིད་ཐ་མལ་གྱི་སེམས་དང་ཁྱད་པར་གྱི་དགའ་བ་དག་ནས༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའོ༔ དེ་ནས་སྙིང་ཁ་དང་མགྲིན་པའི་བར་དུ་འཆིང་བས༔ ཚོར་བ་དག༔ དུས་སྦྱོར་བདུན་གྱི་རླུང་འགགས༔ ས་བདུན་པ་ཐོབ་པའོ༔

དེ་ནས་མགྲིན་པའི་འཁོར་ལོར་འཆིང་བས༔ སྲེད་པ་དག༔ དུས་སྦྱོར་བརྒྱད་ཀྱི་རླུང་འགགས་པས༔ ས་བརྒྱད་པ་ནོན༔ རྨི་ལམ་དང་མཆོག་དགའ་དག་ནས༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའོ༔ དེ་ནས་མགྲིན་པ་དང་དཔྲལ་བའི་བར་དུ་འཆིང་བས༔ ལེན་པ་དག༔ དུས་སྦྱོར་དགུའི་རླུང་འགགས་པས༔ ས་དགུ་པ་ཐོབ་པའོ༔ དེ་ནས་དཔྲལ་བའི་འཁོར་ལོ་འཆིང་པས༔ སྲིད་པ་དག༔ དུས་སྦྱོར་བཅུའི་རླུང་འགགས༔ ས་བཅུ་པ་ཐོབ༔ གཉིད་སད་པའི་དུས་ཀྱི་སྒོ་ལྔའི་རྣམ་ཤེས་ལུས་རྩ་དང་བཅས་པ་དགའ་བའི་ཡེ་ཤེས་དག་ནས༔ འབྲས་བུ་དྲི་མ་མེད་པ་སྤྲུལ་པའི་སྐུ་ཐོབ་པའོ༔ དེ་ནས་དཔྲལ་བ་དང་གཙུག་ཏོར་གྱི་བར་དུ་འཆིང་བས༔ སྐྱེ་བ་དག༔ དུས་སྦྱོར་བཅུ་གཅིག་གི་རླུང་དག་ནས༔ ས་བཅུ་གཅིག་པ་ཐོབ་པའོ༔ དེ་ནས་གཙུག་ཏོར་དུ་བྱང་སེམས་བཟློག་ཅིང་འཆིང་བས༔ རྒ་ཤི་བར་གྱི་རྟེན་འབྲེལ་བཅུ་གཉིས་དག་སྟེ༔ དུས་སྦྱོར་གྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཐམ་པ་འགགས༔ ཆགས་སེམས་གཉིད་དང་རྨི་ལམ་དང་༔ སད་དང་བཅས་པའི་མ་དག་པའི་སྐབས་བཞི༔ རྩ་རླུང་ཐིག་ལེའི་སེམས་དང་དགའ་བ་བཞི་དག་ནས༔ ས་བཅུ་གཉིས་པ་ནོན་ཅིང་༔ སངས་རྒྱས་ཀྱི་སྐུ་དང་ཡོན་ཏན་མཐའ་དག་ལྡན་ཅིང་མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པའི་སྐུར་གྱུར་ཏེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་རང་བྱན་ཚུད་པར་གྱུར་པའོ༔ དེ་ལྟར་དབང་གསུམ་པའི་དོན་ཡང་ཟླ་དྲུག་གིས་རྟོགས་པ་དང་༔ ཡང་གུ་རུ་རིན་པོ་ཆེའི་ཞལ་ནས་བཀའ་སྩལ་པ༔ ཀྱེ་མ་མི་མོ་ཌཱཀྐི་མ༔ སྨིན་པའི་ལུས་མཆོག་གཞོན་ནུ་མ༔ བཅུ་དྲུག་དྲུག་ལྡན་དལ་ལུས་མ༔ བརྩོན་འགྲུས་དང་ལྡན་སྙིང་ལུས་མ༔ ཤེས་རབ་ཆེན་མོ་དབྱངས་ཅན་མ༔ གསང་སྔགས་གྲུབ་པའི་ཕག་གདོང་མ༔ ད་ནི་བདག་གཞན་བཅུད་སྨིན་ནས༔ སྨིན་བྱེད་གསང་སྔགས་སྒོ་དབྱེ་བས༔ སེམས་མ་ཆེན་མོས་དཔའ་བོ་སྤྱོད༔ ཅེས་གསུངས་པ་དང་༔ བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ གུ་རུ་རིན་པོ་ཆེ་ལ་ཚོགས་ཀྱི་འཁོར་ལོ་ལུས་ལོངས་སྤྱོད་དང་བཅས་པ་ཕུལ་ནས་ཞུས་པ༔ རྗེ་བཙུན་ཨོ་རྒྱན་ཐོད་ཕྲེང་རྩལ༔ གསང་སྔགས་སྡོང་པོ་རྡོ་རྗེ་འཆང་༔ བཀའ་དྲིན་ཆེའོ་འཁོར་ཐབས་བྲལ༔ ཁྱེད་ཉིད་དགྱེས་པའི་བྱ་བ་གང་༔ ལུས་དང་སྲོག་ལ་ལྟ་རི་ཤི༔ ད་དུང་རྫོགས་པ་ཆེན་པོ་ཡི༔ ཚིག་དབང་མཆོག་དེ་བཀའ་སྩལ་ནོད༔ དེ་རིང་གུ་རུས་བཞི་པ་སྩོལ༔ ཅེས་ཞུས་པས་བཀའ་སྩལ་པ༔ ད་དུང་རྩོལ་མེད་ཨ་ཏིའི་ཐེག་པར་འཇུག་པའི་དུས་ལ་མ་བབ་པས༔ ཐེག་ཆེན་གསང་སྔགས་ཀྱི་ཆོས་ལ་ནན་ཏན་དུ་སྦྱོངས་ཤིག༔ ཅེས་གསུངས་ཏེ་བཀའ་ལས༔ ད་བུ་མོ་རང་ཐབས་ཀྱི་གྲོགས་དཔའ་བོ་ཉིད་མེད་ན་གསང་སྔགས་ཉམས་སུ་ལེན་པའི་ཐབས་མེད་དེ༔ དཔེར་ན་རྫ་མ་སོ་མ་བཏང་ན་རྐྱེན་མི་ཁྱག་པ་དང་༔ ཤིང་གི་ཡུལ་མེད་ན་མེ་ཆེན་པོ་མཆེད་པའི་དོན་མེད་པ་དང་༔ རླན་གྱིས་གསོས་བྲན་མེད་ན་མྱུ་གུ་འབྱིན་པའི་དོན་མེད་པ་དང་འདྲ་བས༔ འདི་ནས་བལ་པོའི་ཡུལ་དུ༔ རྒྱ་གར་གསེར་གླིང་ནས་འཁྱམས་པའི་ཨ་ཙ་ར་ས་ལེ་བྱ་བ་དཔའ་བོ་རྟ་མགྲིན་གྱི་སྤྲུལ་པ༔ སྙིང་ཁ་ལ་སྨེ་དམར་ཡོད་པ༔ ལོ་བཅུ་བདུན་ལོན་པ་ཞིག་ཡོད་པས་དེ་ཚོལ་ལ་གྲོགས་གྱིས་ཤིག༔ བདེ་ཆེན་གྱི་ས་ལ་སྐད་ཅིག་གིས་སླེབ་པ་ཡིན་ནོ༔ ཞེས་གསུངས་ནས་ལུང་བསྟན་པས༔ དེར་བདག་བུད་མེད་མཚོ་རྒྱལ་གྱིས་གསེར་གྱི་པ་ཏྲ་གཅིག༔ གསེར་ཕྱེ་བྲེ་གང་ཁྱེར་ཏེ་བལ་པོའི་ཡུལ་དུ་གཅིག་པོར་བརྟོལ་ནས་ཕྱིན་པས༔ ཨེ་རོང་ཕྱོགས་ཀྱི་ཁྲམ་པ་མི་བདུན་དང་འཕྲད་དེ༔ གསེར་རྣམས་འཕྲོག་པར་བརྩམས་ནས་ཐམས་ཅད་ཁྱི་ཡིས་ཤྭ་བ་མཐོང་བ་ལྟར་བྱས་ནས་དེད་བྱུང་བས༔ མ་ཇོ་མོས་གུ་རུ་ཡིད་ལ་བྱས༔ ཁྲམ་པ་རྣམས་ཡི་དམ་དུ་བསྒོམས༔ ཆས་ཀ་རྣམས་མཎྜལ་ཕུལ་བའི་བསམ་པ་ཡང་དག་པས་ངག་གི་གདངས་ལ་བསྐྱོན་ནས་སྨྲས་པ༔ ཀྱེ་མ་ཨེ་རོང་ཕྱོགས་ཀྱི་ཡི་དམ་བདུན༔ དེ་རིང་གནས་འདིར་མཇལ་བ་ལེགས༔ བདག་གི་ཚོགས་ཆེན་རྫོགས་པ་དང་༔ སེམས་ཅན་བསམ་པ་ཡོངས་ཁེངས་ནས༔ ལན་ཆགས་མྱུར་དུ་བྱང་གྱུར་ཅིག༔ ཨེ་མ་བླ་མའི་ཐུགས་རྗེ་ལ༔ མཇལ་བའི་ངོ་མཚར་ཆེར་ལྷག་གོ༔ སྤྲོ་བའི་བསམ་པ་ཁོང་ནས་རྡོལ༔ སྦྱིན་པས་སྐྱེ་བོ་གྲོལ་གྱུར་ཅིག༔ ཅེས་གསུངས་ནས་ཕྱག་རྒྱ་ཐལ་མོ་སྦྱར་ནས་གསེར་རྣམས་ཚོམ་བུ་རུ་བཀྲམ་པས༔ དེར་ཁྲམ་པ་མི་བདུན་ཡང་རེ་ཞིག་ཚིག་མ་གོ་ཡང་མ་ཇོ་མོའི་གསུང་གི་དབྱངས་དེ་ཡིད་ལ་འཇུག་ནས་བསམ་གཏན་དང་པོའི་ས་མ་ཏི་དང་ལྡན་ཅིང་ཀུན་གྱིས་མ་ལ་ཅེ་རེར་བལྟས་ནས༔ བལ་སྐད་དུ༔ ཨ་མ་ཇོ་མོ༔ ཁྱོད་ཀྱི་ཡུལ་གང་ཡིན༔ ཡབ་གང་ཡིན༔ ཡུམ་གང་ཡིན༔ བླ་མ་གང་ཡིན༔ འདིར་ཅི་ཕྱིར་བྱོན༔ ཡང་གསུང་གི་གདངས་ཤིག་མཛད་པར་ཞུ་ཞུ༔ ཞེས་ཟེར་ནས་ཞེ་སྡང་གི་སྤུ་གཟེངས་པ་རྣམས་ཕབ༔ དགའ་བའི་འཛུམ་གྱི་ཕྲེང་བ་ནི་ངོམ༔ ཁོང་ཁྲོའི་གདོང་ཁྲོས་པ་ནི་ཞི༔ སེམས་དགའ་བའི་སོ་ཡི་ཕྲེང་བ་རྣམས་བསྟན་ནས་མདུན་དུ་ཐམས་ཅད་འདུས་ནས་འདུག་པས༔ དེར་ཇོ་མོས་ཀྱང་སྦ་མཁར་ཚིག་གསུམ་པ་ཞིག་ཡོད་པ་དེས་སྐུ་ལ་བརྟེན་ནས་སྨྲས་པ༔ བལ་སྐད་དུ་གསུངས་བར་གདའོ༔

ཨེ་མ་ཧོ༔ སྔོན་ལས་རྐྱེན་གྱིས་འབྲེལ་པའི་ཙོ་ར་བ་བདུན་པོ༔ ཞེ་སྡང་གདུག་སེམས་དེ་མེ་ལོང་ཡེ་ཤེས་རང་ཡིན་ནོ༔ དགྲ་ལ་ཞེན་ཅིང་ཁོང་ཁྲོའི་སྡང་སེམས་དེ་བས༔ གསལ་ཞིང་དྭངས་པ་ཞིག་གཞན་དག་ནས་མི་འཆར༔ རྐྱེན་ངོ་ལ་ལྟོས་དང་རྡོ་རྗེ་ཡི་སེམས་དཔའ༔ སྣང་ངོ་ལ་མ་ཞེན་སྟོང་པ་རུ་སྦྱང་ངོ་༔ བུ་མོ་ངའི་ཕ་ཡུལ་མངོན་པར་དགའ་བ༔ ཞི་ཞིང་གི་སྟོང་པ་ལོངས་སྐུའི་ཡུལ་ཡིན༔ མཚན་མའི་མིང་གཟུགས་ལ་ཆགས་མཁན་ཞིག་མིན་པས༔ ཨ་མའི་ཡུལ་བཟང་དེར་སྤྲོ་ན་མ་ངས་འཁྲིད་དོ༔ སྔོན་ལས་རྐྱེན་གྱིས་འབྲེལ་པའི་ཙོ་ར་བ་བདུན་པོ༔ ང་རྒྱལ་རང་མཐོང་དེ་མཉམ་ཉིད་ཡེ་ཤེས་རང་ཡིན་ནོ༔ ང་རང་ཉིད་རྒྱལ་ཞིང་ཆེ་འདོད་ཀྱི་སེམས་པས༔ མཉམ་གཞག་ལ་གཉུག་མ་ཞིག་དེ་བས་ཡེ་མི་འཆར༔ གཉུག་མ་ལ་ལྟོས་དང་རིན་ཆེན་གྱི་འབྱུང་གནས༔ སྟོང་ཉམས་ལ་མ་ཞེན་སྣང་བ་ཉིད་སྦྱང་ངོ་༔ བུ་མོ་ངའི་ཕ་ནི་དགོས་འདོད་ཉིད་ཀུན་འབྱུང་༔ ཡིད་བཞིན་དུ་བསམ་འགྲུབ་ནོར་བུ་ཉིད་ཕ་ཡིན༔ སྒྱུ་མའི་ནོར་རྫས་ལ་ཆགས་མཁན་ཞིག་མིན་པས༔ ཨ་མའི་ཕ་རྒན་དེ་འདོད་ན་ངས་སྟེར་རོ༔ སྔོན་ལས་རྐྱེན་གྱིས་འབྲེལ་བའི་ཙོ་ར་བ་བདུན་པོ༔ འདོད་ཆགས་རློམས་སེམས་དེ་སོར་རྟོག་ཡེ་ཤེས་རང་ཡིན་ནོ༔ ཕ་རོལ་དེ་འདོད་ཅིང་ཡུལ་བཟང་ལ་ཆགས་པའི་སེམས་པས༔ སོ་སོར་རྟོགས་པ་ཞིག་གཞན་དག་ནས་མི་འཆར༔ སོ་མ་ལ་ལྟོས་དང་སྣང་བ་ཡི་མཐའ་ཡས༔ གསལ་ངོ་ལ་མ་ཞེན་བདེ་བ་ཉིད་སྦྱང་ངོ་༔ བུ་མོ་ངའི་མ་ནི་སྣང་བ་འདི་མཐའ་ཡས༔ བདེ་ཆེན་ནི་དཔག་མེད་ཨ་མ་རུ་ཡིན་ནོ༔ བདེ་སྡུག་གི་རོ་ལ་ཆགས་མཁན་ཞིག་མིན་པས༔ ཨ་མའི་མ་དེ་འདོད་ན་ངས་སྟེར་རོ༔ སྔོན་ལས་རྐྱེན་གྱིས་འབྲེལ་བའི་ཙོ་ར་བ་བདུན་པོ༔ ཕྲག་དོག་གཉིས་འཛིན་དེ་བྱ་གྲུབ་ཡེ་ཤེས་རང་ཡིན་ནོ༔ ཕྲག་ལ་དོག་པའི་སེམས་རྟོག་ཕྲ་ཕྲོ་དེ་བས༔ བྱས་ཤིང་གྲུབ་པ་ཞིག་གཞན་དག་ནས་ཡེ་མི་འཆར༔ རྟོག་པ་ལ་ལྟོས་དང་དོན་ཡོད་གྲུབ་པ༔ ཕྲ་རགས་ལ་མ་ཞེན་གང་ཤར་དེ་སྦྱང་ངོ་༔ བུ་མོ་ངའི་བླ་མ་དོན་རྣམས་ཀུན་གྲུབ༔ བྱ་བ་ནི་རྫོགས་པའི་བླ་མ་དེ་ཡིན་པས༔ བྱ་བྱེད་ཀྱི་ཡུལ་ལ་ཆགས་མཁན་ཞིག་མིན་པས༔ ཨ་མའི་བླ་མ་དེ་འདོད་ན་ངས་བཏང་ངོ་༔ སྔོན་ལས་རྐྱེན་གྱིས་འབྲེལ་པའི་ཙོ་ར་བ་བདུན་པོ༔ མ་རིག་གཏི་མུག་དེ་ཆོས་དབྱིངས་ཡེ་ཤེས་ཡིན་ནོ༔ གཏིང་ནས་མ་རིག་ཅིང་འཐུམས་པའི་ཤེས་པ་དེ་བས༔ ཆོས་ལ་སྒྲིབ་པ་ཞིག་ལོགས་ནས་མི་འཆར༔ མ་རིག་པ་ལ་ལྟོས་དང་རྣམ་པར་སྣང་མཛད༔ རིག་རིག་ལ་མ་ཞེན་གང་ཤར་དེ་སྦྱང་ངོ་༔ བུ་མོ་ངའི་གྲོགས་པོ་རྣམ་པ་རུ་སྣང་བས༔ མཛད་པ་ནི་མཐར་ཕྱིན་གྲོགས་པོ་དེ་འདོད་པས༔ ཀུན་སྣང་གི་གཟུང་འཛིན་ལ་ཆགས་མཁན་ཞིག་མིན་པས༔ ཨ་མ་ཡི་མཛད་པ་འདི་འདོད་ན་ངས་སློབ་བོ༔ ཞེས་གསུངས་པས་ཐམས་ཅད་ཀྱིས་མི་ཕྱེད་པའི་དད་པ་ཐོབ་ནས༔ འཁོར་བ་ལ་བློ་ལྡོག༔ དེར་ཇོ་མོ་ལ་ཆོས་དང་གདམས་པ་ཞུས་ནས་གྲོལ་བར་གྱུར་ཏོ༔

དེ་ནས་ཇོ་མོ་ལ་ཁྲམ་པ་བདུན་གྱིས་ཡུལ་དུ་འབྱོན་པའི་ཞུ་བ་ཕུལ་བས་དེར་མ་ཕེབས་ནས་སླར༔ སྔོན་གྱི་མོན་ཕྲུག་གསུམ་གྱིས་བཞེངས་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་དྲུང་དུ་བྱོན་ཏེ༔ མཆོད་རྟེན་ལ་གསེར་ཕྱེ་སྤར་ཐབས་གང་ཕུལ་ནས་སྨོན་ལམ་བཏབ་པ༔ ཨོཾ་ཨཱཿཧཱུྃ༔ རྒྱལ་བའི་ཞིང་ཁམས་དག་པ་བལ་པོའི་ཡུལ༔ སེམས་ཅན་ཀུན་གྱི་མགོན་གྱུར་ཆོས་སྐུའི་གདུང་༔ མ་འོངས་བསྐལ་པ་རྒྱ་མཚོ་ཇི་སྙེད་དུ༔ འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་དོན་དུ༔ ཆོས་འཁོར་བླ་མེད་བསྐོར་ཞིང་བཞུགས་གྱུར་ནས༔ ལུས་ཅན་ལུས་མེད་ཡོངས་གྱུར་འགྲོ་བ་ཀུན༔ ཐར་མེད་གླིང་ནས་ཐར་པའི་ཞིང་མཆོག་ཏུ༔ མགོན་པོ་ཁྱེད་ཀྱིས་འདྲེན་པའི་མཐུ་ལྡན་ཤོག༔ ཅེས་གསུངས་པས༔ མཆོད་རྟེན་ལས་འོད་ཟེར་བྱེ་བ་དུ་མ་འཕྲོས་པས༔ སྤྲིན་དང་ན་བུན་གྱི་རྒྱུན་འཁྲིགས་པའི་ཀློང་ནས༔ གུ་རུ་པདྨ་ལ༔ མཁན་ཆོས་སོགས་མཁའ་འགྲོ་མ་དུ་མས་བསྐོར་ནས་བཀའ་སྩལ་པ༔ ཀྱེ་མ་ཉོན་དང་བུ་མོ་མཁར་ཆེན་བཟའ༔ ཚུལ་ཁྲིམས་ལུས་ལྡན་བཟོད་ཅིང་ཁྲོ་བ་བྲལ༔ ཤེས་རབ་ཆེན་མོས་འགྲོ་བ་འདྲེན་མཛད་ནས༔ སྦྱིན་པས་ཡོངས་གྲོལ་བརྩོན་འགྲུས་མཐར་ཕྱིན་ནས༔ བསམ་བཏན་ས་ལམ་བགྲོད་པ་ཁྱོད་གྱུར་ཅིག༔ ད་ནི་ཡུན་དུ་གནས་འདིར་མ་འཁྱམས་ལ༔ དགོས་པའི་དཔའ་བོ་ཁྲིད་ལ་བོད་དུ་འདོངས༔ གསང་སྔགས་ཟབ་པའི་སྒོ་ཡང་འབྱེད་པར་བྱ༔ ཞེས་ལུང་བསྟན་ནས་མི་སྣང་བར་གྱུར་ཏོ༔ དེ་ནས་རིམ་གྱིས་ཉུལ་བས༔ གང་དུ་ཡོད་ཏིག་པོ་ཞིག་མ་བྱུང་བས༔ ཁོ་ཁོམ་ཧན་གྱི་གྲོང་ཁྱེར་དེའི་ལྷོ་སྒོ་ཚོང་འདུས་ཆེན་པོ་ཞིག་འདུག་པའི་འགྲམ་ན་ཡར་སོང་བས༔ བུ་ཆུང་མཛེས་ལ་ཡིད་དུ་འོང་བ༔ ཤ་ཚན་དམར་ལ་སྣུམ་པའི་མདངས་ཐོན་པ༔ མདུན་སོ་རྣམས་དུང་གི་ས་ལེ་བསྒྲིགས་པ་འདྲ་བ༔ མཆེ་བ་བཞི་དུང་དཀར་གཡས་སུ་འཁྱིལ་བ་འདྲ་བ༔ མིག་དྲུང་ལ་མིག་རྩ་དམར་བ༔ སྣ་རྩེ་རྣོ་ལ་སྨིན་མ་སྔོ་བ༔ སྐྲ་རྣམས་འཇུར་བུ་གཡས་སུ་འཁྱིལ་བ༔ ལག་པའི་སོར་མོ་རྣམས་བྱ་ངང་པའི་སོར་མོ་ལྟར་འབྲེལ་བ་ཞིག་འདུག་པ་དེས་ངའི་དྲུང་དུ་སྐྱུས་ཐབས་སུ་བྱུང་སྟེ༔ ཨ་མ་གང་ནས་བྱོན༔ ང་བླུ་བ་ལ་བྱོན་ནམ༔ ཞེས་ཟེར་ནས་བྱུང་བས༔ དེ་ལ་ལན་སྨྲས་པ༔ ཟངས་གླིང་གི་སྐད་མཛད་པར་སྣང༌༔

ཨེ་མ་ཧོ༔ མ་ཡེངས་ཉོན་དང་དཔའ་བོ་ཡིད་འཕྲོག་བུ༔ ཨེ་མ་ང་ནི་བོད་ཡུལ་དབུས་ནས་ཡིན༔ རྗེ་བཙུན་པདྨ་འབྱུང་གནས་ཇོ་མོ་ལགས༔ ཁྱོད་ཀྱི་མིང་ནི་ཅི་སྐད་བྱ་བ་ཡིན༔ ཡུལ་ནི་གང་ཡིན་འདི་རུ་ཅི་བྱར་སྡོད༔ ཅེས་དྲིས་པས༔ བུ་དེས་ལན་སྨྲས་པ༔ ང་ནི་འཕགས་ཡུལ་གསེར་གླིང་སྲང་ནས་ཡིན༔ མུ་སྟེགས་ཤིག་གིས་ཕ་མའི་ལྐོག་ནས་བརྐུས༔ གྲོང་ཁྱེར་འདི་རུ་མི་ཡི་ཁོལ་པོར་བཙོང་༔ མིང་ནི་ཨརྱ་ས་ལེ་ཕ་མས་བཏགས༔ ང་ཡི་ལོ་ནི་བདུན་སོང་མི་གཡོག་བསྡད༔ ཅེས་ཟེར་བས༔ དེར་འཚོགས་པའི་གྲོང་ཁྱེར་པའི་ཚོང་པ་ཐམས་ཅད་ཀྱིས་ཇོ་མོའི་གདངས་ལ་ཡིད་ཆགས་ཏེ༔ དར་ཅིག་ལུས་ནས་སླར་སྨྲས་པ༔ མ་མ་ཇོ་མོ་ཁྱོད་ཀྱིས་ད་དུང་ཅིག་གསུང་དང་༔ ངེད་རྣམས་ཡིད་དགའ་བས་བྱ་དགའ་ཆེན་པོ་སྟེར་གྱི༔ ཞེས་ཟེར་བས་དེར་ཇོ་མོས་མགུར་འདི་གསུངས་སོ༔

ན་མོ་གུ་རུ་པདྨ་སིདྡྷི་ཧྲཱི༔ དཔལ་ཀུན་ཏུ་བཟང་པོ་མཁའ་ཀློང་ཆེ༔ དབྱིངས་རྫོགས་པ་ཆེན་པོའི་ཉི་མ་ཤར༔ མ་འགྲོ་དྲུག་མུན་པར་སྡོད་དབང་མེད༔ ཕ་པདྨ་འབྱུང་གནས་མ་ལགས་སམ༔ དབྱིངས་འཕོ་འགྱུར་བྲལ་བ་རྡོ་རྗེའི་ཞིང་༔ སྐུ་སྐྱེ་འཆི་མེད་པ་ཐུགས་རྗེ་ཆེ༔ ལས་བཟང་ངན་མེད་པ་སངས་རྒྱས་འགྲུབ༔ ཕ་པདྨ་འབྱུང་གནས་མ་ལགས་སམ༔ གཞི་འོག་མིན་གནས་བཟང་ཏི་སྒྲོའི་བྲག༔ ཕས་ཐུགས་རྗེས་བསྐུལ་བའི་མཁའ་འགྲོ་མ༔ རྐྱེན་བདེ་དང་ལྡན་པ་གང་འབྲེལ་བུ༔ མ་ཡེ་ཤེས་མཚོ་རྒྱལ་མ་ལགས་སམ༔ ཡུལ་སྣང་བའི་ཆར་གནས་བལ་པོའི་གནས༔ ཆོས་ཡུམ་ཆེན་ཕེབས་པ་ཁོ་མོ་བདག༔ བུ་ལས་ལྡན་བསམ་པ་སྡོད་དབང་མེད༔ དོན་གཉེར་མཁན་མཚོ་རྒྱལ་མ་ལགས་སམ༔ ཞེས་གསུངས་པས༔ དེར་འདུས་པ་ཐམས་ཅད་ཀྱིས་དོན་མ་གོ་ཡང་དབྱངས་ལ་ཚིམ་པ་མེད་པར་ཉན་ནས༔ ཀུན་གྱིས་དབྱངས་སྙན་མཁའ་འགྲོ་ཞེས་གྲགས་སོ༔

དེ་ནས་ཨ་ཙ་ར་ས་ལེའི་གནས་ཚང་དུ་བྱོན་ནས༔ དེ་ནུབ་ཕྱི་སྒོའི་རྩ་བར་བཞག་ནས་ཁྱོད་གང་ནས་ཡིན༔ འདིར་ཅི་བྱ་བ་ལ་ཡིན་ཟེར་ནས་དྲིས་པས༔ ཇོ་མོས་ལོ་རྒྱུས་རྣམས་ཐོར་བ་རེ་བཤད་ནས༔ ང་གུ་རུ་པདྨ་སཾ་བྷ་ཝས་ཁྱེད་ཚང་གི་ཨ་ཙ་ར་འདི་བླུ་བ་ལ་བཏང་བ་ཡིན་པས༔ བླུ་བཏང་བར་དྲག་པ་ཡོད་བྱས་པས༔ ན་རེ༔ ཨ་ཙ་ར་འདི་ཁོལ་པོ་ཡིན་ཀྱང་རང་གི་བུ་དང་འདྲ༔ འདི་ལ་རིན་ཡང་གསེར་མང་པོ་བཏང་བ་ཡིན་པས་བླུ་རུ་མི་གཏོང་༔ ཁྱོད་རང་གི་འདོད་པ་ཡིན་ན་འདི་ཡི་ལྷན་དུ་བཞག༔ ཁྱེད་རང་གཉིས་ཀས་ངའི་གཡོག་བྱས་པས་ཆོག་ཟེར༔ ཡང་ཇོ་མོས་སྨྲས་པ༔ ཉི་མའི་དཀྱིལ་འཁོར་གང་བཞུགས་དེར༔ མུན་པའི་སྣང་བ་མི་སྣང་སྟེ༔ ཉི་མ་བརྒལ་ནས་སྐར་མ་སྣང་༔ དེས་ན་སང་ནས་ཉི་མ་འབྱོན༔ ཡིད་བཞིན་ནོར་བུ་གང་བཞུགས་དེར༔ གསེར་གྱིས་དགོས་པ་མི་སྣང་སྟེ༔ ནོར་བུ་མེད་པར་གསེར་ཉིད་བརྩི༔ དེས་ན་སང་ནས་ནོར་བུ་བཙལ༔ རྫོགས་པའི་སངས་རྒྱས་གང་བཞུགས་དེར༔ ཐབས་ཀྱིས་དགོས་པ་མི་སྣང་སྟེ༔ སངས་རྒྱས་གཤེགས་ནས་ཐབས་ལ་བརྟེན༔ དེས་ན་སང་ནས་ཐབས་ཤེས་འབྲེལ༔ མངོན་དུ་གྱུར་པའི་འབྲས་བུ་ལ༔ ས་ལེས་དགོས་པ་མི་སྣང་སྟེ༔ མངོན་གྱུར་ལམ་གྲོགས་ས་ལེ་དགོས༔ དེས་ན་ཅིས་ཀྱང་བླུ་བར་ཞུ༔ ཞེས་གསུངས་པས༔ དེར་མ་བུ་ཕ་སོགས་ཐམས་ཅད་འཚོགས་ནས༔ ཨ་མའི་དབྱངས་ལ་ཡིད་ཤོར་བྱུང་བས་ད་ནང་དུ་འདོང་ཞེས་ཟེར་ནས་ནང་དུ་བྱོན་པས་བཟའ་བ་ཕུན་སུམ་ཚོགས་པ་དྲངས་ནས༔ བདག་མོ་དེས་ན་རེ༔ ཨ་ཙ་ར་འདི་བླུས་ནས་ཁྱོད་ཀྱི་ཁྱོ་བྱེད་དམ༔ ཡང་ན་ཅི་བྱེད༔ ཁྱོ་འདོད་ན་ཁྱོད་བུད་མེད་རིགས་བཙུན་ལ་ཡིད་ཆགས་པ་ཞིག་འདུག་པས་ངའི་བུ་འདི་དང་ལྷན་ཅིག་ཏུ་བཞག་ཟེར༔ དེ་ལ་ལན་སྨྲས་པ༔ ཨ་ཙ་ར་འདི་གུ་རུ་པདྨས་ལུང་བསྟན་པ་ཡིན་པས་རྫས་ཤིག་ལ་མཁོ་བ་ཡིན༔ བླུ་མ་གསེར་ཡོད༔ ཅིས་ཀྱང་བླུ་གཏོང་བ་དྲག་བྱས་པས༔ མོ་ན་རེ༔ གསེར་ཅི་ཙམ་ཡོད༔ འདི་ཚུར་ཉོ་དུས་གསེར་སྲང་ལྔ་བརྒྱ་བཏང་བ་ཡིན་པས་ད་ནི་དེ་བས་མང་བ་དགོས་ཞེས་ཟེར༔ ཇོ་མོས་སྨྲས་པ༔ གསེར་གང་དགོས་པ་འབུལ༔ འདི་ནི་ཅིས་ཀྱང་བླུ་བ་ཡིན་བྱས་ནས་གསེར་ཕྱེ་རྣམས་བརྩིས་པས༔ ལྔ་བརྒྱ་མི་དགོས་བརྒྱ་ཙམ་ལས་མ་བྱུང་༔ དེར་ད་གང་དྲག་བྱས་པས༔ བླུ་ནི་གཏང་༔ གསེར་ནི་དགོས༔ འདིས་ནི་ཨ་ཙ་རའི་ལག་པ་ཙམ་ཡང་བླུར་མི་བཏུབ༔ གསེར་ཡོད་ན་མིན་པ་ཅི་མི་དྲག་ཟེར༔ དེའི་སྐབས་སུ་ཡུལ་དེར་གཡུལ་འཁྲུག་ཅིག་འདུག་པས༔ གྲོང་ཁྱེར་དེའི་ནང་ནས་ཕྱུགས་ལ་ཚད་བྲལ་བ༔ དེད་དཔོན་དྷ་ན་ཨ་ཡུ་བྱ་བ་ཞིག་གི་བུ༔ ནཱ་ག་ནི་བྱ་བ༔ ལོ་ཉི་ཤུ་ལོན་པ་ཞིག་གཡུལ་དེར་ཤི་ནས༔ རོ་དེ་ཕ་མས་ཁྱིམ་དུ་དྲངས་ཏེ་བཀུར་སྟི་མང་པོ་འབུལ༔ ཕ་མ་གཉིས་ཀྱང་མྱ་ངན་གྱིས་ནོན་ནས་བུ་རོ་གཏོར་བ་དང་མཉམ་དུ་གཏོར་ཟེར་ཞིང་འདུག་པས༔ ཇོ་མོས་དེར་བཟའ་མི་གཉིས་ལ་སྙིང་རྗེ་བསྲན་མི་བཟོད་པ་སྐྱེས་ནས་དྲུང་དུ་བྱོན་ནས་སྨྲས་པ༔ ཁྱོད་གཉིས་འདི་ཙམ་གྱིས་སེམས་ནད་མི་དགོས༔ ཁྱེད་རང་གཉིས་ཀྱིས་ང་ཡི་བུ་ཨ་ཙ་ར་ས་ལེ་བྱ་བ་གྲོང་ཁྱེར་འདིར་འདུག་པས་བླུ་ཆ་གསེར་མང་པོ་བྱིན་དང་༔ ངས་ཁྱོད་གཉིས་ཀྱི་བུ་འདི་བསླང་བྱས་པས༔ དེར་བཟའ་མི་གཉིས་དགའ་དྲག་ནས༔ ངའི་བུ་འདི་ད་ལྟ་བསླངས་བྱུང་ན༔ ཨ་ཙ་ར་མི་དགོས་རྒྱལ་པོའི་བུ་ཡང་བླུ་བའི་ཆས་ཀ་འབུལ་བས་ཆོག་སྟེ༔ ཡེ་མི་དག་ཟེར་བས༔ དེར་བུ་བསླང་ཆད༔ གསེར་སོགས་གང་དགོས་སྟེར་ཆད་བྱས་ནས༔ ཇོ་མོས་བུའི་རོ་དེ་དར་དཀར་ཆེན་པོ་ཞིག་བཞི་ལྟེབས་བྱས་པའི་ཁར་བཞག་སྟེ༔ མགུར་གསུངས་པ༔ ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་ཧྲཱི༔ གཞི་འཁྲུལ་བྲལ་ཀ་དག་ཀུན་ཏུ་བཟང་༔ ལམ་སྣ་ཚོགས་འཁྲུལ་གཟུགས་འགྲོ་བ་དྲུག༔ ལས་བདེ་སྡུག་སྤྱོད་པ་རྒྱུ་འབྲས་དོན༔ འདི་ཤེས་བཞིན་བྱ་བ་ཅི་ལ་སྤྱོད༔ ང་གསང་སྔགས་གྲུབ་པའི་རྣལ་འབྱོར་མ༔ ཕ་པདྨ་འབྱུང་གནས་ཐུགས་རྗེས་ཟིན༔ སྐྱེ་འཆི་བ་གཉིས་ལ་ཉམ་མི་ང་༔ གཞན་བར་ཆད་ངན་པ་འཕྲལ་དུ་ཟློག༔ ད་གསོལ་བ་ཐོབ་དང་བྱིན་རླབས་འབྱུང་༔ ཞེས་གསུངས་ནས་ཐུགས་ཀར་ཕྱག་མཛུབ་གཏད་པས་རོ་དེ་ཇེ་བཀྲག་ཇེ་བཀྲག་ཏུ་བྱུང་༔ ཁར་ཞལ་ཆབ་ཅིག་བླུགས༔ རྣ་བར་ཨ་ཡུརྫྙཱན་བྷྲཱུཾ་ཞེས་གསུངས་ནས༔ གྲི་རྨ་ཆེན་པོ་འདུག་པ་རྣམས་ཕྱག་གིས་བྱུགས་པས་སྔར་ལྟར་སོས་པ་དང་༔ བུ་དེ་ཡང་རིག་པ་ཇེ་གྲུང་ཇེ་གྲུང་དུ་གྱུར་ཏེ་མཐར་སོས་པས༔ ཐམས་ཅད་ཡིད་དགའ་ལ་ངོ་མཚར་བར་གྱུར་ནས་ཇོ་མོ་ལ་ཕྱག་བྱས་སོ༔

དེར་བུ་དེ་ཡང་སྔ་མ་ལྟར་གྱུར་པས་ཕ་མ་གཉིས་དགའ་ནས་བུ་ཡི་སྐེ་ནས་འཁྱུད་ཅིང་ངུས་པ་དང་༔ ཇོ་མོ་ལ་བྱ་དགའ་ཆེན་པོས་ཚོགས་འཁོར་རྒྱ་ཆེན་པོ་ཕུལ༔ དེར་ཨ་ཙ་ར་ས་ལེའི་རིན་ལ་གསེར་སྲང་སྟོང་བཏང་ནས་བླུས་ཏེ་ཇོ་མོ་ལ་ཕུལ༔ ཇོ་མོའི་གྲགས་པས་རྒྱལ་ཁམས་ཐམས་ཅད་ཁེངས་པས༔ རྒྱལ་པོས་ཀྱང་གདན་དྲངས་ནས་བསྙེན་བཀུར་ཕུལ༔ ཡུན་དུ་མཆོད་གནས་ལ་བཞུགས་པའི་གསོལ་བ་བཏབ་ཀྱང་མ་གནང་ནས་སླར་བལ་ཡུལ་ཨེ་ཡི་གཙུག་ལག་ཁང་དུ་ཡབ་ཡུམ་གཉིས་བྱོན་ནས༔ བལ་པོ་བྷ་སུ་དྷ་ར་ཞེས་གུ་རུ་པདྨའི་སློབ་བུ་ཞིག་ཡོད་པ་དེར་མཇལ་ཏེ་གསེར་གྱི་པ་ཏྲ་དང་གསེར་ཕྱེ་ཞིག་ཕུལ༔ ཆོས་དང་གདམས་པ་ཁ་ཡར་ཞུས༔ བྷ་སུ་དྷ་རས་ཀྱང་གུ་རུ་རིན་པོ་ཆེའི་ཇོ་མོ་ཡིན་པར་མཁྱེན་ནས་ཞབས་ཏོག་བསྙེན་བཀུར་མང་དུ་ཕུལ་ཞིང་ཆོས་དང་མན་ངག་མང་དུ་ཞུས་པས་ཕུལ༔ དེ་ནས་ཨ་སུ་ར་དང་ཡང་ལེ་ཤོད་དུ་ཤཱཀྱ་དེ་མ་དང་༔ ཇི་ལ་ཇི་ཕ་སོགས་བཞུགས་འདུག་པས་ཕྱག་རྟེན་གསེར་དུ་བཏང་ནས་མཇལ་ཏེ་ཞུས་པ༔ ཀྱེ་མ་ཧོ༔ གསང་སྔགས་མཆེད་དུ་གཏོགས་པའི་ལྕམ་གཅིག་པུ༔ བོད་མོ་མཚོ་རྒྱལ་ང་ལ་གསན་པར་འཚལ༔ སེམས་ཉིད་མི་ཟད་དགོས་འདོད་ཀུན་ཏུ་འབྱུང་༔ གང་འདོད་ཕྱོགས་རིས་མེད་པར་འགྱེད་པ་དེ༔ བོད་མོ་མཚོ་རྒྱལ་ང་ཡི་སྦྱིན་པ་ལགས༔ རང་སེམས་དྲི་མེད་དམ་ཚིག་མངོས་ལྐོག་བྲལ༔ ཚུལ་བཞིན་ཁྲིམས་ལ་གནས་ཤིང་སྲུང་བ་འདི༔ བོད་མོ་མཚོ་རྒྱལ་ང་ཡི་ཚུལ་ཁྲིམས་ལགས༔ རང་སེམས་ཕྱོགས་རིས་དགའ་སྡུག་བཏང་སྙོམས་བྲལ༔ བཟང་ངན་གང་ཡང་ཐེག་ཅིང་བཟོད་པ་འདི༔ བོད་མོ་མཚོ་རྒྱལ་ང་ཡི་བཟོད་པ་ལགས༔ རང་སེམས་འདུ་འབྲལ་མེད་པ་ཆུ་བོའི་རྒྱུན༔ བདེ་སྟོང་གཉིས་མེད་སྦྱངས་ཤིང་བརྩོན་པའི་འགྲོས༔ བོད་མོ་མཚོ་རྒྱལ་ང་ཡི་བརྩོན་འགྲུས་ལགས༔ རང་སེམས་གང་ཤར་བསྐྱེད་རྫོགས་ཟུང་དུ་འཇུག༔ ཕྱག་རྒྱ་ཆེན་པོར་བསམ་ཞིང་བརྟན་པ་འདི༔ བོད་མོ་མཚོ་རྒྱལ་ང་ཡི་བསམ་གཏན་ཡིན༔ རང་སེམས་བདེ་ཆེན་གཉུག་མའི་ཡེ་ཤེས་འགྲོས༔ ཐབས་ལ་བརྟེན་ནས་ཤེས་རབ་ཕ་རོལ་ཕྱིན༔ བོད་མོ་མཚོ་རྒྱལ་ང་ཡི་ཤེས་རབ་ཡིན༔ རིགས་བཟང་ཁྱོད་ཀྱི་གདམས་ངག་གང་ཡོད་པ༔ མཆེད་གྱུར་ཁོ་མོ་བདག་ལ་གཉིས་མེད་ནོད༔ ཅེས་ཕུལ་པས༔ ཤཱཀྱ་དེ་མས་ཀྱང་ཤིན་ཏུ་དགྱེས་ཏེ་ལན་གསུངས་པ༔

ཨེ་མ་ཧོ༔ གུ་རུ་གཅིག་གི་མཆེད་ཁྱེད་བྱོན་པ་ལེགས༔ ང་ལ་མན་ངག་མང་པོ་མི་བདོག་སྟེ༔ རྗེ་བཙུན་ཨོ་རྒྱན་སཾ་བྷའི་ཐུགས་རྗེ་ལས༔ སྐྱེ་དང་འཆི་ལ་དགོས་པའི་མན་ངག་སྟེ༔ བསྐྱེད་དང་རྫོགས་པ་ཟུང་འཇུག་ཕྱག་རྒྱ་ཆེ༔ འོད་གསལ་སྒྱུ་མ་འཕྲུལ་གྱི་མན་ངག་བདོག༔ བར་དོ་ཞེས་པའི་མངལ་ཁ་སྟོང་པར་འགྱུར༔ བལ་མོ་ཤཱཀྱ་དེ་མའི་མན་ངག་ལགས༔ འཕོ་དང་གཤེགས་ལ་དགོས་པའི་མན་ངག་དེ༔ སྲོག་རྩོལ་རླུང་ལ་བརྟེན་ནས་དྷཱུ་ཏི་སྦྱང་༔ གཏུམ་མོ་ཨ་ཤད་འབར་འཛག་མན་ངག་བདོག༔ འཕོ་དང་འཆི་བ་གཉིས་ལ་དོགས་པ་བྲལ༔ བལ་མོ་ཤཱཀྱ་དེ་མའི་མན་ངག་ལགས༔ ཉོན་མོངས་ལམ་དུ་འཁྱེར་བའི་མན་ངག་དེ༔ ཐབས་ཤེས་ཐིག་ལེར་བརྟེན་ནས་བདེ་སྟོང་སྦྱང་༔ དགའ་བཞི་ཡེ་ཤེས་བསྐྱེད་པའི་མན་ངག་བདོག༔ ཉོན་མོངས་དགྲ་དཔུང་ལངས་ཀྱང་དོགས་པ་བྲལ༔ བལ་མོ་ཤཱཀྱ་དེ་མའི་མན་ངག་ལགས༔ གཏི་མུག་གཉིད་ལ་དགོས་པའི་མན་ངག་དེ༔ རྫོགས་པ་ཆེ་ལ་བརྟེན་ནས་རྨི་ལམ་སྦྱང་༔ འོད་གསལ་སྦུབས་སུ་བཅུག་པའི་མན་ངག་བདོག༔ བསྐལ་པའི་མུན་པས་བསྒྲིབས་ཀྱང་དོགས་པ་བྲལ༔ བལ་མོ་ཤཱཀྱ་དེ་མའི་མན་ངག་ལགས༔ ཆོས་ཉིད་རང་ལ་དགོས་པའི་མན་ངག་སྟེ༔ སྒྲོན་མ་དྲུག་ལ་བརྟེན་ནས་འོད་གསལ་སྦྱང་༔ གདེང་བཞི་ཚད་ལ་ཕེབས་པའི་མན་ངག་བདོག༔ སངས་རྒྱས་དགྲ་རུ་ལངས་ཀྱང་དོགས་པ་བྲལ༔ བལ་མོ་ཤཱཀྱ་དེ་མའི་མན་ངག་ལགས༔ ད་ནི་རྒྱུ་འབྲས་ས་ལམ་མི་བརྩི་སྟེ༔ སྐད་ཅིག་མངོན་པར་སངས་རྒྱས་དེས་འགྲུབ་བོ༔ འབྲས་བུ་བླ་མེད་མཆོག་ཏུ་ངོ་མཚར་ཆེ༔ མཚན་ལྡན་ཁྱོད་ལ་གདམས་ངག་གང་བདོག་པ༔ སྣོད་ལྡན་ཁོ་མོ་བདག་ལ་གཉིས་མེད་ནོད༔ ཅེས་གསུངས་ནས་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ༔ ཆོས་དང་གདམས་པ་མང་པོ་གསན་རེས་མཛད་ནས་སླར་བོད་ཡུལ་དུ་བྱོན་ནོ༔

དེ་ནས་གཙང་ཕྱོགས་སུ་ཇོ་མོ་ཡབ་ཡུམ་བརྟོལ་ནས༔ སླར་ཏི་སྒྲོར་བྱོན་ནས་མཁའ་འགྲོའི་ཚོགས་ཁང་དུ་བཞུགས་ཤིང་༔ དེའི་ཕྱོགས་ཀྱི་ཡོན་བདག་རྣམས་ཀྱིས་བསྙེན་བཀུར་ཕུལ་ཀྱང་༔ ལ་ལས་ད་ཇོ་མོ་ཡང་བདུད་ཀྱིས་བསླུས་ཟིན༔ གུ་རུ་པདྨ་འདྲ་བའི་ཞབས་ཏོག་མི་སྒྲུབ་ནས༔ ཨ་ཙ་ར་འཁྱམ་པོ་ཞིག་རྙེད་འདུག་ཅེས་ཟེར་བའི་མི་ཁ་ཆེན་པོ་བྱུང་ངོ་༔ དེ་ནས་ཚེས་བཅུའི་དུས་མཆོད་བྱས་ནས་བླ་མ་གསང་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིང་༔ སྤྱན་འདྲེན་གྱི་སྐབས་སུ་ཨོ་རྒྱན་གུ་རུ་ཡང་ཉི་ཟེར་ལ་ཆིབས་ནས་དེར་ཕེབས་པ་དང་༔ བདག་ཇོ་མོ་ཡང་དགའ་ཞིང་ཡུས་ཆེ་བ་ཞིག་བྱུང་ནས་གུ་རུ་ལ་ཕྱག་འགྱེལ་ཐབས་སུ་འཚལ་ནས་ཞུས་པ༔ ཀྱེ་མ་གུ་རུ་ཐུགས་རྗེ་ཅན༔ བདག་བུད་མེད་མ་རིག་འཁྲུལ་འཁོར་ཅན༔ ལས་ངན་པར་འཁྱམས་ལ་ཐུགས་རྗེས་ཟུང་༔ ད་ཅིས་ཀྱང་གནས་ངན་སྦྱང་བ་དང་༔ རྗེ་ཁྱེད་དང་འབྲལ་མེད་ཐུགས་རྗེས་གཟིགས༔ བདག་བལ་ཡུལ་ཕྱོགས་སུ་འཁྱམས་དོན་དུ༔ བུ་ཨ་ཙར་ས་ལེ་མ་ནོར་རྙེད༔ ད་གསང་སྔགས་འཇུག་སྒོ་བཀའ་སྩལ་ཞུ༔ ལམ་བར་ཆད་མེད་པར་ཐུགས་རྗེས་གཟིགས༔ ཞེས་ཞུས་པས༔ གུ་རུས་དགྱེས་པའི་མདངས་ཕྱུང་ནས༔ ཞལ་འཛུམ་པ་དང་བཅས་ནས་བཀའ་སྩལ་པ༔ ཀྱེ་མ་བུ་མོ་མཁར་ཆེན་བཟའ༔ མ་ཡེངས་ཉོན་དང་དད་པ་ཅན༔ འཁོར་བའི་རྒྱ་མཚོ་མཐའ་མེད་འདི༔ ལུས་ཅན་བསྒྲལ་བར་འདོད་པ་ན༔ དེད་དཔོན་བླ་མ་མཚན་ལྡན་བསྟེན༔ བཀའ་བརྒྱུད་བསྟན་པའི་གྲུ་བོར་ཞུགས༔ མན་ངག་ཟབ་མོའི་དར་ཆེན་ཕྱར༔ གདམས་ངག་བྱ་རོག་རྩད་ཆོད་ཐོང་༔ བར་ཆད་ཆུ་སྲིན་དུང་གིས་སྒྲོལ༔ མི་འདོད་ལས་རླུང་ཞ་ཉེས་གནོན༔ འདོད་པའི་རླུང་པོ་དད་པས་སྐྱོད༔ དམ་ཚིག་རྣམ་དཀར་བུག་པ་བསལ༔ སྨིན་གྲོལ་སྐད་ཅིག་རླབས་ཀྱིས་ཆོད༔ འདོད་ལྡན་ནོར་བུའི་གླིང་དུ་བགྲོད༔ གང་འདོད་ལོངས་སྤྱོད་བྱས་ཆོག་སྤྲོ༔ སྣང་བ་རིན་ཆེན་ཁེངས་པས་དགའ༔ མི་འདོད་ས་རྡོ་ནུབ་པས་སྐྱིད༔ ད་ནི་གཏན་བདེ་འབྱུང་གནས་ལེགས༔ ཞེས་གསུངས་ནས་སླར་ཡང་བཀའ་ལས༔ བུ་མོ་ཉིད་དཀའ་བ་ཅི་ཙམ་བྱུང་༔ བར་ཆད་མེད་པར་བདེའམ༔ འདིར་སླེབས་ནས་ཅི་ཙམ་སོང་གསུངས༔ སླར་ཞུས་པ༔ དེ་ནས་བདག་གིས་ཀྱང་ལམ་དུ་དཀའ་བ་མང་ཙམ་བྱུང་བའི་ལོ་རྒྱུས༔ བལ་ཡུལ་དུ་གསེར་ལ་དཀའ་བ་བྱུང་ཞིང་༔ མི་བསད་པ་གསོས་ནས་གསེར་སྲང་སྟོང་བཏང་དགོས་བྱུང་ཚུལ་སོགས་ཞིབ་ཏུ་ཞུས་པས༔ གུ་རུས་ལེགས་སོ་ལེགས་སོ༔ དཀའ་བ་ནི་ཅི་བྱུང་ཡང་བཟང་༔ ལས་སྒྲིབ་དཔག་མེད་དག༔ བུད་མེད་ཁྱོ་འདོད་ཀྱི་དད་པ་ནི་མ་ལགས༔ གོང་ཆེ་རུང་བཟང་༔ ཚོགས་དཔག་ཏུ་མེད་པ་རྫོགས༔ བུད་མེད་འདོད་ཆགས་ཀྱི་དད་པ་ནི་མ་ལགས༔ མི་བསད་པ་གསོ་བ་སོགས་ཐུན་མོང་གི་དངོས་གྲུབ་ཙམ་ཡིན་ཀྱང་༔ རློམ་སེམས་མ་སྐྱེད་མཛོད༔ དེ་ནི་ཁྱོ་གཞན་ལས་ཆེས་འཕགས་པས་འཕགས་པ༔ རིན་དུ་གསེར་སོང་བས་གསེར་འོད་ཐོགས་གསུངས་ནས༔ བྱིན་རླབས་བླ་མའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཨ་ཙ་ར་ཡང་སྨིན་པར་བྱས༔ དབང་རྟེན་དུ་ཇོ་མོ་རང་མཛད༔

དེ་ནས་ཨ་ཙ་ར་ས་ལེ་ཡང་སྨིན་པས་སྨིན༔ གྲོལ་བའི་ལམ་ལ་བཀོད་ནས༔ དྲང་ངེས་ཀྱི་ཆོས་ཁོང་གྲོལ་བར་བྱས་ནས༔ མཚོ་རྒྱལ་གྱི་གྲོགས་སུ་བཅོལ་ནས་ད་ནི་གསང་སྔགས་ཀྱི་གྲུབ་པ་མ་ཐོབ་བར་དུ་སྦྱོངས་ཤིག་གསུངས་ནས་གུ་རུ་ཉིད་ལྷོ་བྲག་ཏུ་གཤེགས༔ དེར་ཇོ་མོ་ཡུམ་སྲས་གཉིས་ནི་སྒྲུབ་ཕུག༔ མཚོ་རྒྱལ་གསང་ཕུག་ཟེར༔ ཟུར་ཞིག་ཏུ་གང་གིས་ཀྱང་མི་མཐོང་བ་ཞིག་འདུག་པས་དེ་རུ་བྱོན་ནས༔ ཟླ་བ་བདུན་དུ་དགའ་བ་བཞི་ཡི་དོན་ལ་སྦྱངས་པས༔ ཇོ་མོས་ནི་དངོས་པོ་གང་ལའང་ཐོགས་མེད་དུ་འགྲོ་བ་དང་༔ ལུས་ལ་བགྲེས་རྒུད་ནད་སོགས་རྐྱེན་གྱིས་མི་ཚུགས་པ་སོགས༔ མདོར་ན་འབྱུང་བ་ལྔ་ལ་རང་དབང་ཐོབ་ཅིང་དགའ་བ་བཞི་མངོན་དུ་གྱུར་ནས་སྐུ་བཞི་ཐོབ་པའོ༔

དེ་ནས་གུ་རུ་ཡང་ཕེབས་ཏེ༔ ཕུག་མོ་ཆེར་བྱོན་ནས་བཞུགས་ཤིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ བོད་ཆོས་སྐྱོང་རྒྱལ་པོ་ལ༔ སྔོན་གུ་རུ་རིན་པོ་ཆེས་གཤིན་རྗེ་ཨེ་གཅིག༔ རྟ་མགྲིན་དཔའ་བོ་གཅིག༔ ཡང་དག་མར་མེ་གཅིག༔ ཕྲིན་ལས་ཕུར་པ་གཅིག༔ བདུད་རྩི་ཐོད་གཅིག༔ མ་མོ་ཁྲམ་གཅིག་སོགས་གསང་སྔགས་ཀྱི་དཀྱིལ་འཁོར་འགའ་ཞིག་གནང་༔ རྒྱལ་པོས་བསྙེན་སྒྲུབ་མཛད་པས་རྟགས་དང་མཚན་མ་ཡ་མཚན་པ་འགའ་ཞིག་བྱུང་བས༔ ཐུགས་དད་གཏིང་ནས་སྐྱེས་ཏེ་ད་དུང་གསང་སྔགས་ཡང་ཟབ་མང་དུ་ཞུ་དགོས་དགོངས་ནས་གུ་རུ་ཡབ་ཡུམ་གདན་འདྲེན་དུ་ཤུད་བུ་དཔལ་སེང་དང་༔ རྒྱ་ཚ་ལྷ་སྣང་དང་༔ རྨ་རིན་ཆེན་གསུམ་ལ༔ ཕྱག་རྟེན་གསེར་དུ་རྫོངས་ནས་བཏང་བས༔ དེ་གསུམ་ཡང་ཏི་སྒྲོའི་ཚོགས་ཁང་དུ་སླེབས་ནས་ཞུས་པ༔ ཀྱེ་མ་གུ་རུ་ཡབ་ཡུམ་ལགས༔ བདག་ཅག་བོད་རྒྱལ་རྐང་མགྱོགས་ཏེ༔ བོད་ཀྱི་ལྷ་གཅིག་ཁྲི་སྲོང་གིས༔ གསང་སྔགས་ཡང་ཟབ་ཐེག་པ་མཆོག༔ འཛུགས་པར་དགོངས་པས་གདན་འདྲེན་ནོ༔ ཐུགས་རྗེས་དགོངས་ཏེ་མྱུར་དུ་གཤེགས༔ ཞེས་གསེར་རྣམས་ཕྱག་རྟེན་དུ་ཕུལ་བས༔ དེར་གུ་རུས་བཀའ་སྩལ་པ༔ ཀྱེ་ཧོ༔ དད་ལྡན་རྐང་མགྱོགས་གསུམ༔ སྐལ་ལྡན་བུ་གསུམ་ལེགས་པར་འོངས༔ བདག་ཉིད་པདྨ་སཾཾ་བྷ་ཝ༔ བཞུགས་པ་མི་ཡི་ཡུལ་དུ་བཞུགས༔ དགོངས་པ་སངས་རྒྱས་རྣམས་དང་མཉམ༔ རྡོ་རྗེ་འཆང་དང་གཉིས་སུ་མེད༔ སྤྲུལ་པས་འཇིག་རྟེན་ཁྱབ་པར་མཛད༔ ཆོས་རྒྱལ་ཆེན་པོའི་ཐུགས་བསྐྱེད་བཟང་༔ ད་ནི་གསང་སྔགས་དར་བར་འོང་༔ ཞེས་གསུངས་ནས་ཡབ་ཡུམ་སྲས་བཅས་འབངས་གསུམ་དང་དྲུག་བསམ་ཡས་སུ་ཐེགས་ཏེ༔ གཞོ་གྲོད་དུ་ཕེབས་པ་དང་༔ ལོ་ཙཱ་བ་གསུམ་སྔོན་དུ་སོང་ལ་རྒྱལ་པོ་ཆེན་པོ་ལ་བསུ་བ་ཤོམས་ཤིག་གྱིས༔ ངེད་གསུམ་རྗེས་སུ་འོང་གསུངས་ནས་བོད་འབངས་གསུམ་སྔོན་དུ་བྱོན་ནས་རྒྱལ་པོ་ལ་སློབ་དཔོན་ཕེབས་པའི་ལོ་རྒྱུས་དང་༔ བསུ་བ་ལ་འབྱོན་དགོས་ཡོད་ཞུས་པས༔ དེར་བོད་ཀྱི་བློན་པོ་རྣམས་ཀྱིས༔ ད་ནི་པདྨ་འབྱུང་གནས་བྱ་བ་དེ་ནི་ནམ་མཁའ་དང་འདྲ་འདུག༔ མེད་རྒྱུ་ཡང་མི་འདུག༔ ཆུ་བོ་དང་འདྲ་འདུག༔ གྲི་མཚོན་གྱིས་མི་གནོད༔ མེ་དཔུང་དང་འདྲ་འདུག༔ སྐུ་ཟིལ་གྱིས་ཚིག༔ རླུང་པོ་དང་འདྲ་འདུག༔ བཟུང་རྒྱུ་ནི་མི་འདུག༔ འདི་ནི་དངོས་པོར་སྣང་བ་དང་དངོས་མེད་འདྲ་འདུག་པས་ད་ལམ་ནས་ངན་པ་གང་ཡིན་པ་གང་ཡང་མི་ཤོམ༔ ཆོས་རྒྱལ་གྱིས་གང་གསུངས་པའི་གྲོས་དང་བསྟུན༔ འོ་སྐོལ་ཚང་གི་ཇོ་མོ་གོ་མ་ཆོད་དེ་བྱུང་ན་གང་འོས་ཤིག་མ་བྱེད་ན་མཐར་རྒྱལ་ཁྲིམས་ལ་གནོད་པར་འདུག༔ ཅེས་གླེང་པས༔ གུ་རུ་རིན་པོ་ཆེས་མཁྱེན་ནས༔ གསང་སྔགས་ཞེས་བྱ་བ་ཐབས་མང་ལ་དཀའ་བ་མེད་པ་ཞིག་དགོས་པ་ཡིན་གསུངས་ནས་བདག་བུད་མེད་མཚོ་རྒྱལ་ཡང་གཞན་གྱི་སྣང་ངོར་ཁ་ཊྭཱཾ་རྩེ་གསུམ་པ་གཅིག་ཏུ་བརྫུས་ནས་བོད་དུ་བྱོན་པ་དང་༔ དེར་ཆོས་རྒྱལ་ཀྱི་སྐུ་ཚབ་སྟག་ར་གུང་བཙན་ལ༔ བློན་ཆེན་བརྒྱ་ཡི་རྟ་བསུ་དང་བཅས་པ་གཞོ་མདར་ཕེབས་པ་དང་མཇལ༔ སླར་རིམ་གྱིས་བསམ་ཡས་སུ་བྱོན་པས༔ མཆོད་རྟེན་ཆེན་པོའི་སྒོ་དྲུང་དུ་རྒྱལ་བློན་འཁོར་དང་བཅས་པས་བསུ་བ་ཆེན་པོ་མཛད་ནས༔ ཆོས་རྒྱལ་གྱིས་གུ་རུ་ལ་ཕྱག་བྱས་ནས༔ ཕྱག་རྟེན་དུ་དར་དཀར་པོ་ཡུག་གཅིག་ལ་གསེར་གྱི་བུམ་པ་འབྲས་ཆང་གསར་བུ་ཞིག་གིས་བཀང་བ་ཕུལ་པས༔ གུ་རུའི་ཞལ་ནས༔ ད་ལྟ་འཕྲལ་དུ་གསང་སྔགས་འདི་ཁ་གསར་ལ་ནུས་པ་ཆེ་ཡང་མ་འོངས་ཙ་ན་དར་ལ་མ་སྨིན་པ་འཆོལ་མར་སྤྱོད་པ་ཞིག་འོང་བ་འདུག༔ ཅེས་གསུངས་ནས་དབུ་རྩེར་ཕེབས༔ དེར་བོད་འབངས་རྣམས་ཀྱིས་མཚོ་རྒྱལ་མི་འདུག༔ ཕྱག་ཕྱི་བ་ཨ་ཙ་ར་ཞིག་ཁྲིད་འདུག༔ ཅེས་གླེ་ངོ་༔

དེར་རྒྱལ་པོས་དགོངས་པ་ལ༔ ད་གསང་སྔགས་ཞུ་བ་ལ་མཚོ་རྒྱལ་མེད་ན་ཐབས་ལ་འགགས་པས༔ ད་ལྟ་མཚོ་རྒྱལ་ཡང་མི་འདུག་པས༔ གུ་རུ་རིན་པོ་ཆེ་ལ་མཚོ་རྒྱལ་གང་དུ་བཞུགས་རྩད་ཅིག་བཅད་ནས་སླར་མཇལ་ཡང་འདོད་པས་གདན་ཅིས་ཀྱང་འདྲེན་སྙམ་ནས་ཞུས་པ༔ མ་ཧཱ་གུ་རུ་ལགས༔ ད་ལམ་མཚོ་རྒྱལ་གང་དུ་བཞུགས༔ འདིར་མི་ཕེབས་པ་ཅི་ལགས༔ ཨ་ཙ་ར་འདི་གུ་རུ་ཉིད་ཀྱི་སློབ་མ་ལགས་སམ༔ མན་ངག་འདྲ་ཅི་དགོངས༔ ཞེས་ཞུས་པས༔ མ་ཧཱ་གུ་རུས་ཞལ་འཛུམ་པ་དང་བཅས་ནས་བཀའ་སྩལ་པ༔ ཀྱེ་མ་ཧོ༔ བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་ལགས༔ བདག་གི་བཀོད་པ་ནམ་མཁའི་རང་བཞིན་ལ༔ ནམ་མཁའི་བདག་པོ་ཆོ་འཕྲུལ་གྲངས་ཅིར་ལང་༔ བུ་མོ་མཚོ་རྒྱལ་ནམ་མཁའི་ཀློང་དུ་གཤེགས༔ ད་ལྟ་འཁོར་འདས་གཉིས་ཀྱི་མཚམས་སུ་འདུག༔ བདག་གི་བཀོད་པ་ཆོས་ཀྱི་འབྱུང་གནས་ལས༔ ཆོས་ལ་མི་འོང་བྱ་བ་ཅི་ཡང་མེད༔ བུ་མོ་མཚོ་རྒྱལ་ཆོས་སྐུའི་ཀློང་དུ་གཤེགས༔ ད་ལྟ་ཀུན་ཏུ་བཟང་མོའི་ངང་དུ་སྡོད༔ བདག་གི་བཀོད་པ་སྟོང་པའི་བདེ་བ་ལ༔ སྟོང་པའི་ཆོ་འཕྲུལ་ཅིར་ཡང་འདོད་པ་འགྲུབ༔ བུ་མོ་མཚོ་རྒྱལ་བདེ་སྟོང་ཀློང་དུ་གཤེགས༔ ད་ལྟ་སྐུ་གསུམ་བདེ་བའི་ཕོ་བྲང་བཞུགས༔ ཞེས་གསུངས་ནས་ཕྱག་གི་ཁ་ཊྭཱཾ་ལ་རེག་པས་མཚོ་རྒྱལ་དུ་གྱུར་པས་རྒྱལ་པོ་ཡང་ཤིན་ཏུ་ངོ་མཚར་རོ༔ དེར་བཙུན་མོ་སོགས་ཕལ་གྱིས་མཐོང་པས༔ བློན་པོ་རྣམས་ལ་འདི་སྐད་གླེང་ངོ་༔ ཨ་ཙ་ར་ཟེར་བྱ་བ་མང་པ༔ མཚོ་རྒྱལ་མ་མདུང་རྩེ་གསུམ་ནང་དུ་བསྐུངས་འདུག༔ ཅེས་སྨྲས་པ༔ བློན་པོ་ལ་ལ་ནི་ངོ་མཚར་སྐྱེས༔ ཕལ་ཆེ་བས་ནི་ད་ནི་བཙུན་མོ་འདིས་གང་ཟེར་ལ་རྟོལ་མི་འདུག༔ མདུང་ནང་དུ་བུ་མོ་མཚོ་རྒྱལ་མི་དགོས༔ མཚོ་རྒྱལ་གྱི་ལག་པ་ཡང་ཤོང་བའི་ཐབས་མེད༔ དེ་སྤྲུལ་པ་ཞིག་ཡིན་ཡོང་བས་མཚར་ཟེར་ནས་སྔོན་གྲོས་ངན་ཤོམ་པ་ཡང་བཤོལ་ནས་བོད་འབངས་ཕལ་ཆེར་གྱིས་དད་འདུན་བྱས་སོ༔ དེ་ནས་མཆིམས་ཕུ་དགེ་བའི་ཁང་བུར་ཕེབས་ཏེ༔ རྗེ་འབངས་ཉི་ཤུ་རྩ་གཅིག༔ མཆན་བུ་སུམ་ཅུ་སོ་གཉིས༔ རིགས་ལྡན་མ་བདུན༔ ཡོངས་དྲིལ་སུམ་བརྒྱ་རྩ་ལྔ་ཙམ་ལ༔ གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་བརྒྱ་དང་ཉི་ཤུ་ཞལ་ཕྱེས་ནས་སྨིན་གྲོལ་ལ་བཀོད༔ ཁྱད་པར་དུ་སྒྲུབ་ཆེན་བཀའ་བརྒྱད༔ མ་གཤིན་ཕུར་པ༔ བདུད་རྩི་ཡང་དག༔ བླ་མ་དགོངས་འདུས༔ ཡི་དམ་དགོངས་འདུས༔ སྒྱུ་འཕྲུལ་ཞི་ཁྲོ༔ ཡང་དག་ཞི་ཁྲོ༔ པདྨ་ཞི་ཁྲོ་སོགས༔ ཁྱད་པར་དུ་སྙིང་ཐིག་དྲུག་ཅུ་རྩ་གཅིག༔ དགོངས་འདུས་བྱེ་བྲག་བདུན་པོ༔ བཀའ་བརྒྱད་རྒྱས་བསྡུས་བཅུ་གཅིག༔ ཐུགས་སྒྲུབ་བརྒྱ་དང་རྩ་གཉིས༔ མན་ངག་བདུན་ཅུ་རྩ་དྲུག༔ རྒྱུད་ཀྱི་དགོངས་པ་བརྒྱ་དང་སུམ་ཅུ་སོགས་འགའ་ཞིག་གནང་ཞིང་༔ ཁྱད་པར་དུ་རྒྱལ་པོ་ཉིད་ལ་བདུད་རྩི་ཡོན་ཏན་གྱི་སྒྲུབ་ཐབས་རྩ་བ་བདུན༔ མན་ངག་ཉི་ཤུ་གནང་ནས་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ གནུབས་ཡུལ་གྱི་ནམ་མཁའི་སྙིང་པོ་ལ་ཡང་དག་མར་མེ་དགུ་པ༔ བགེགས་འདུལ་ཕུར་ནག་ཉི་ཤུ་སོགས་གནང་ནས་ལྷོ་བྲག་ཏུ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ སངས་རྒྱས་ཡེ་ཤེས་དང་༔ རྡོ་རྗེ་བདུད་འཇོམས་གཉིས་ལ་འཇམ་དཔལ་གཤིན་རྗེ་གཤེད་རྩ་བ་ཕྱག་རྒྱ་ཟིལ་གནོན་ལྷ་དྲུག་གི་སྒྲུབ་ཐབས་སོགས༔ མན་ངག་ཉི་ཤུ་རྩ་བ་ཡན་ལག་དང་བཅས་པ་གནང་ནས་སྒྲགས་ཡང་རྫོངས་སུ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ ཁུང་ལུང་གི་རྒྱལ་བ་མཆོག་དབྱངས་དང་༔ འབྲེ་ཡི་རྒྱལ་བ་བློ་གྲོས་གཉིས་ལ༔ རྟ་མགྲིན་ཡང་གསང་རོལ་པ༔ རྩ་བ་ཡོ་ག་གསུམ་གྱི་སྒྲུབ་ཐབས༔ ཡན་ལག་གི་མན་ངག་ཉི་ཤུ་རྩ་ལྔ༔ རྒྱུད་བཅུ་གཉིས༔ ཕྲ་མེན་མའི་སྒྲུབ་ཐབས་དང་བཅས་པ་གནང་ནས༔ མཆིམས་ཕུ་རང་དུ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ བཻ་རོ་ཙ་ན་དང་ལྡན་མ་རྩེ་མང་གཉིས་ལ་དམོད་པ་དྲག་སྔགས་ཀྱི་སྒྲུབ་ཐབས༔ དཔལ་སྟོབས་ལྡན་ནག་པོ་རྩ་བ་སྡེ་བརྒྱད་ཡན་ལག་དྲེགས་པ་བཅོ་བརྒྱད་ཀྱི་སྒྲུབ་ཐབས་གནང་ནས༔ གཡའ་མ་ལུང་དུ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ སྐ་བ་དཔལ་བརྩེགས་དང་འོ་བྲན་དབང་ཕྱུག་གཉིས་ལ་མ་མོ་རྩ་བའི་སྒྲུབ་ཐབས་ཕྱི་ནང་གསང་གསུམ༔ གནད་དབབ་ལས་འགྱེད་སོགས་གནང་ནས༔ ཡེར་པའི་བྲག་ལ་སྒྲུབས་ཤིག༔ ཅེས་ལུང་བསྟན༔ ཛྙཱ་ན་ཀུ་མཱ་ར་བཛྲ་དང་སོག་པོ་ལྷ་དཔལ་གཞོན་ནུ་གཉིས་ལ༔ ཡང་ཕུར་གསང་བའི་མན་ངག་ཅིག་དང་༔ ཕྱག་རྒྱ་ཆེན་པོ་ཚེའི་སྒྲུབ་ལུང་གནང་ནས་སྙེ་མོ་བྱེ་མའི་བྲག་ལ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ དཔལ་གྱི་སེང་གེ་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ལ༔ དྲེགས་པ་རྩ་བའི་སྒྲུབ་ཐབས་ཁྲོ་བོ་བཅུས་བརྒྱན་པ་དང་༔ ཡན་ལག་གི་སྒྲུབ་ཐབས་དྲེགས་དཔོན་སུམ་ཅུའི་བསྐང་ཐབས༔ ལས་ཀྱི་མན་ངག་དང་བཅས་པ་གནང་ནས༔ དཔལ་ཆུ་བོ་རིའི་སྒྲུབ་ཕུག་ཏུ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ ལོ་ཙཱ་རིན་ཆེན་བཟང་པོ་དང་ཏིང་འཛིན་བཟང་པོ་གཉིས་ལ་ཐུགས་རྗེ་ཆེན་པོ་གསང་བའི་སྒྲུབ་ཐབས་དང་རིག་འཛིན་བླ་མ་སྒྲུབ་པའི་ཐབས་དང་༔ རིག་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་ལུང་གནང་ནས༔ དབུ་རུའི་སྒྲུབ་ཕུག་ཏུ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ ལང་གྲོ་དཀོན་མཆོག་འབྱུང་གནས་དང་༔ རྒྱལ་བ་བྱང་ཆུབ་གཉིས་ལ༔ བྱིན་རླབས་བླ་མའི་སྒྲུབ་ལུང་དང་༔ རྟ་མགྲིན་གསང་བ་ཀུན་འདུས༔ རྟ་ནག་དྲེགས་པའི་སྒྲུབ་ཐབས་དང་བཅས་པ་གནང་ནས༔ གཡས་རུ་ཤང་གི་བྲག་ལ་སྒྲུབས་ཤིག་གསུངས་ནས་ལུང་བསྟན༔ དྲན་པ་ནམ་མཁའ་དབང་ཕྱུག་དང་༔ ཁྱེའུ་ཆུང་མཁའ་ལྡིང་གཉིས་ལ༔ པདྨ་ཞི་ཁྲོ་གསང་བའི་སྒྲུབ་ཐབས་དང་༔ རྡོ་རྗེ་སེམས་དཔའ་རྩ་བ་ལྷ་དྲུག༔ དཔའ་གཅིག་སྒོམ་པའི་ཐབས༔ ཧེ་རུ་ཀ་སུམ་ཅུ་རྩ་དྲུག་སྒོམ་པའི་ལུང་གནང་ནས༔ བྱང་གི་གནམ་མཚོ་དོ་རུ་སྒྲུབས་ཤིག་གསུངས་ནས་ལུང་བསྟན་ཏོ༔

རྨ་རིན་ཆེན་མཆོག་དང་རྒྱལ་མོ་གཡུ་སྒྲ་སྙིང་པོ་གཉིས་ལ༔ ཕྱག་ན་རྡོ་རྗེ་གསང་བ་འདུས་པའི་སྒྲུབ་ཐབས༔ ལུང་ཉི་ཤུ་མན་ངག་བརྒྱ་ཐམ་པ༔ ཁྱད་པར་དུ་ཡོ་ག་ཚེའི་སྒྲུབ་ལུང་མན་ངག་དང་བཅས་པ་གནང་ནས༔ མཆིམས་ཕུ་རང་གི་སྒྲུབ་ཕུག་ཏུ་སྒོམས་ཤིག་གསུངས་ནས་ལུང་བསྟན༔ བདག་མཚོ་རྒྱལ་ལའང་གུ་རུ་ཉིད་ཀྱི་ཐུགས་སྒྲུབ་ཕྱི་ནང་གསང་བ་དེ་ཉིད་དང་བཅས༔ རྩ་བ་པདྨ་དབང་གི་སྒྲུབ་ཐབས་ཁོང་འདྲ་ལ༔ བསྒྱུར་ཁ་མི་འདྲ་བ་བདུན༔ གུ་རུའི་དཀྱིལ་འཁོར་དང་འབྲེལ་བ་སྟེ༔ མདོར་ན་རྩ་བ་གསུམ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་ཐབས་སུ་གནང་ནས༔ འོན་ཕུའི་སྟག་ཚང་དང་༔ མོན་སྟག་ཚང་དང་༔ ཁམས་ཀྱི་སྟག་ཚང་སོགས༔ གུ་རུ་རིན་པོ་ཆེའི་སྐུ་བརྙན་རང་གྲུབ་ཏུ་ཡོད་པ་རྣམས་དང་༔ ཁྱད་པར་དུ་ཏི་སྒྲོ་རང་དུ་སྒྲུབས་ཤིག༔ མི་བདེ་བ་ནམ་བྱུང་དུས་ཁོ་བོ་ལ་གསོལ་བ་ཐོབ་དང་ང་རང་འོངས་ནས་བསླབ་བྱ་བྱའོ༔ གྲོགས་པོ་ཨ་ཙ་ར་ས་ལེ་འདི་དང་ནམ་ཡང་འབྲལ་དུ་མི་རུང་བ་ཡིན་ནོ༔ ཞེས་གསུངས་ནས་ལུང་བསྟན་ཏོ༔

དེར་ཆོས་རྒྱལ་ཆེན་པོས་ཀྱང་གུ་རུ་ལ་བཀའ་དྲིན་ཞུ་བའི་དགའ་སྟོན་དུ་ཕུན་སུམ་ཚོགས་པ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་དཀྱིལ་འཁོར་གྱི་གྲངས་དང་མཉམ་པ་བསྐོར༔ གསེར་དང་དར་ཟབ་སོགས་འཇིག་རྟེན་གྱི་དངོས་པོ་ཡང་རི་ལྟར་དུ་སྤུངས་ནས་ཞུས་པ༔ ཀྱེ་མ་མ་ཧཱ་གུ་རུ་ལགས༔ གསང་སྔགས་བླ་མེད་དཀྱིལ་འཁོར་ནི༔ བསྐལ་པར་ཐོབ་དཀའ་ད་ལྟ་ཐོབ༔ སྐུ་དྲིན་ཆེའོ་འཁོར་ཐབས་བྲལ༔ ད་ནི་བྱང་ཆུབ་མ་ཐོབ་པར༔ རྗེ་ཁྱོད་ཐུགས་རྗེས་མ་བཏང་ལ༔ བདག་འདྲ་རྒྱལ་པོ་གཡེང་བ་ཅན༔ མི་ཁོམ་གནས་སུ་འཁྱམས་པ་ལ༔ ནམ་ཡང་ཐུགས་རྗེས་གཟིགས་པར་འཚལ༔ ཞེས་གསོལ་ནས་གུ་རུའི་སྐུ་ལ་གསེར་སྤར་ཐབས་བདུན་འཐོར༔ དེར་འདུས་པ་ལོ་ཙཱ་བ་ཕྱོགས་ཕྱོགས་སུ་སྒྲུབ་པ་བྱེད་དུ་གུ་རུས་ལུང་བསྟན་པ་ཐམས་ཅད་ལ་འཕྲལ་གྱི་ཆ་རྐྱེན་དུ་གསེར་ཕྱེ་བྲེ་རེ༔ གསེར་གྱི་པ་ཏྲ་རེ༔ ཟ་འོག་དཀར་དམར་མཐིང་སོགས་ཡུག་རེ༔ ཆས་གོས་རེ༔ ཆིབས་རེ་དང་ཁལ་རེ་བརྫངས་ནས༔ གྲུབ་པ་མ་ཐོབ་བར་དུ་སྒྲུབ་པའི་འཚོ་བ་སྦྱར་བའི་དམ་བཅའ་ཕུལ་པས༔ མ་ཧཱ་གུ་རུ་ཉིད་དགྱེས་པའི་མདངས་ཕྱུང་ནས་རྒྱལ་པོ་ལ་བཀའ་སྩལ་པ༔ ཀྱེ་མ་རྒྱལ་པོ་ཆེན་པོ་ལགས༔ བྱེད་ལུགས་ཡིན་ནོ་ལྷ་ཡི་རྗེ༔ བདག་ཉིད་པདྨ་འབྱུང་གནས་ལ༔ ཆས་ཀྱི་དགོས་པ་མི་བདོག་ཀྱང་༔ གསང་བ་སྔགས་ཀྱི་དམ་ཚིག་དང་༔ རྒྱལ་པོ་བསོད་ནམས་བསག་ཕྱིར་བླངས༔ འདི་ལྟར་འབངས་གྱུར་ཉི་ཤུ་བཞི༔ དོན་ལྡན་འགྲུབ་བོ་བར་ཆད་བྲལ༔ ཆོས་རྒྱལ་འཚོ་བ་སྦྱོར་པ་ལེགས༔ འདི་ནི་བྱང་ཆུབ་སེམས་དཔའ་ཡི༔ མཛད་པ་ཡིན་ནོ་ཤིན་ཏུ་ལེགས༔ དད་ལྡན་སྙིང་རུས་སྒྲུབ་པ་དང༔ པདྨ་འབྱུང་གནས་མན་ངག་དང་༔ ཆོས་རྒྱལ་ཆེན་པོའི་འཚོ་བ་གསུམ༔ འབྱོར་པས་ཡོན་ཏན་ཟད་མེད་འཕེལ༔ སྨོན་ལམ་རྟེན་འབྲེལ་ལས་དག་པས༔ སངས་རྒྱས་ཡོན་ཏན་རྒྱ་མཚོ་འགྲུབ༔ ཅེས་གསུངས་ནས༔ རྗེ་འབངས་རྣམས་ལ་ཞལ་གདམས་བསླབ་བྱ་རེ་གནང་ཡང་འདིར་མ་བཀོད༔ རང་རང་སོ་སོའི་དཀྱུས་ལའང་གསལ་ཞིང་༔ དེ་ནས་ཐམས་ཅད་གུ་རུས་ལུང་བསྟན་པའི་གནས་སུ་སྒྲུབ་པ་ལ་གཤེགས་ནས་བསྒྲུབས་སོ༔ བདག་གིས་ཀྱང་ཐོག་མར་ཏི་སྒྲོར་སོང་ནས་རྩ་བ་གསུམ་འདུས་པའི་དཀྱིལ་འཁོར་ལ་ཞུགས་སོ༔ གསན་ཡིག་སོགས་གསང་སྔགས་སྤྱི་དང་བྱེ་བྲག་གྲངས་གཞལ་བར་དཀའ་བ་ཐོབ་ཀྱང་ཐོས་པས་ཁོང་གྲོལ་བར་གྱུར་ཕྱིར་མང་དུ་ཡོད་པ་རྣམས་ནི་ཡིག་བོངས་ལ་འཇིགས་ནས་མ་བཀོད་དོ༔ ཆོས་དང་གདམས་པ་གསན་ཚུལ་གྱི་སྐབས་ཏེ་བཞི་པའོ༔ ས་མ་ཡ༔ ཨྠྀི༔ རྒྱ་རྒྱ་རྒྱ༔

སྒྲུབ་པ་མཛད་ཅིང་དཀའ་བ་སྤྱད་པའི་སྐབས་ཏེ་ལྔ་པ།

དེ་ནས་སྒྲུབ་པ་མཛད་ཚུལ་ཅུང་ཟད་བཤད་པ་ནི༔ དེ་ཡང་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་དང་༔ མཚོ་རྒྱལ་གསང་བའི་ཕུག་པ་སོགས་ལ་བསྒྲུབས་ཏེ༔ ཡུལ་དེའི་ཡོན་བདག་རྣམས་ཀྱིས་ཁ་ཞེ་མེད་པའི་མཐུན་རྐྱེན་སྦྱར་བས༔ དང་པོ་ཚོགས་ཁང་གི་ཟུར་གཅིག་ཏུ་སྒྲུབ་ཕུག་འགོལ་ས་གཅིག་ལ་བརྟེན་ནས༔ གུ་རུ་ཞི་བ་པདྨ་འབྱུང་གནས་བཅོས་མིན་དུ་སྒྲུབ་པའི་ཐབས་ལ་འབད་པས༔ ལུས་ལྷའི་རྣམ་པར་སོང་བས་ཡི་དམ་ཡང་ཞལ་གཟིགས༔ རྩ་རླུང་མཁའ་འགྲོའི་དཀྱིལ་འཁོར་དུ་ཤེས་པས་ཕྲིན་ལས་གང་བརྩམས་པ་འགྲུབ༔ ཐིག་ལེ་རང་སེམས་བླ་མའི་རོལ་པར་ཤར་བས་བྱིན་རླབས་ཀྱི་བཀའ་བབ༔ སྣང་བ་ཐམས་ཅད་བླ་མའི་རྣལ་འབྱོར་དང་འབྲལ་མེད་དུ་བྱུང་ཞིང་༔ བླ་མ་བཅོས་མ་མིན་པའི་མོས་གུས་རང་བཞིན་དུ་ཤར་བ་དང་དུས་མཚུངས༔ ཕྱི་ཡི་དཀྱིལ་འཁོར་དེ་ཡང་འོད་ཟེར་བཀྲ་ལམ་མེ༔ དཔའ་བོ་མཁའ་འགྲོ་རྣམས་སྣང་ཡུལ་དུ་ཁྲ་ཁྱུགས་ཁྱུགས༔ འོད་མེར་མེར་འཕྲོ་བ་བྱུང་བའི་ཉམས་སྣང་དེར༔ ཨོ་རྒྱན་མཁའ་འགྲོའི་གླིང་ཡིན་ཟེར་བའི༔ རྩི་ཤིང་ཐམས་ཅད་སྤུ་གྲི་ངར་མ་འདྲ་བ༔ ས་གཞི་ཐམས་ཅད་མཱཾ་ས་ཡི་ཞལ་བ༔ བྲག་རི་ཐམས་ཅད་ཀེང་རུས་གཟེངས་པ༔ རྫ་རྡོ་ཐམས་ཅད་རུས་དུམ་འཐོར་བ་ཞིག་ཏུ་སླེབས༔ དེའི་དབུས་དེར་བྷནྡྷ་སྐམ་རློན་ཚར་གསུམ་གྱིས་བརྩིགས་པའི་གཞལ་ཡས་ཁང་༔ སྟེང་ཕྱོགས་ཐམས་ཅད་ཞིང་ལྤགས་ཕུབ་པ་སྒོ་ཡང་ཞིང་ལྤགས༔ དེའི་ཕྱི་རོལ་དཔག་ཚད་འབུམ་ཕྲག་གི་ས་ནས་མེ་རི་དང་༔ རྡོ་རྗེ་དྲྭ་གུར་དང་༔ མཚོན་ཆའི་ཐོག་འབེབས་ཤིང་༔ དུར་ཁྲོད་བརྒྱད༔ པདྨ་མཛེས་པའི་ལྕགས་རི་སོགས་རིམ་པས་བསྐོར་འདུག༔ དེ་ཐམས་ཅད་ཀྱི་གླིང་དུ་བྱ་ཤ་ཟན༔ གཅན་ཁྲག་འཐུང་༔ སྲིན་པོ་དང་སྲིན་མོ་སོགས་མ་རུངས་པའི་ཚོགས་ཀྱིས་བསྐོར་ནས་ཧྲཾ་ཧྲཾ་འདུག༔ ཚུར་ང་ལ་དགྲ་ཡང་མི་བྱེད་གྲོགས་ཀྱང་མི་བྱེད་འདུག༔ ཡར་སོང་བས༔ སྒོ་ཁྱུད་རིམ་པ་གསུམ་གྱིས་བསྐོར་བའི་ནང་ཐམས་ཅད་མཁའ་འགྲོ་མ་མི་མོའི་ཆ་བྱད་འདྲ་བ་ཁ་དོག་སྣ་ཚོགས་ཀྱི་མདོག་མང་པོ་འདུག་པ་རྣམས་ཀྱིས་མཆོད་རྫས་མང་པོ་ཐོགས་ནས་གཙོ་བོ་ལ་མཆོད་འདུག༔ ལ་ལས་ནི་རང་གི་ཤ་རྣམས་སྤུ་གྲིའི་ཚལ་བུ་ཚལ་བུར་གཏུབས་ནས་ཚོགས་སུ་བཤམ་ནས་འབུལ་འདུག༔ དེ་བཞིན་དུ་ལ་ལས་ཁྲག་ཕྱུང་༔ ལ་ལས་མིག་འབྱིན༔ ལ་ལས་སྣ༔ ལ་ལས་ལྕེ༔ ལ་ལས་རྣ་བ༔ ལ་ལས་སྙིང་༔ ལ་ལས་དོན་སྣོད༔ ལ་ལས་ཕྱི་ཤ༔ ལ་ལས་ནང་རོལ༔ ལ་ལས་རྐང་དང་སླ་བ༔ ལ་ལས་སྲོག༔ ལ་ལས་དབུགས༔ ལ་ལས་མགོ༔ ལ་ལས་ཡན་ལག་སོགས་བྲེག་ཅིང་ཚོགས་སུ་བཤམ་ནས་གཙོ་བོ་ཡབ་ཡུམ་ལ་འབུལ་ནས་དད་པའི་ཚོགས་སུ་བསྔོ་འདུག༔ དེར་བདག་གིས་དྲིས་པ༔ ཁྱེད་རྣམས་འདི་ཙམ་གྱི་སྡུག་བསྔལ་བྱ་བ་ཅི་ཡི་དོན༔ ཆོས་རང་མ་ཤི་ན་མུས་སུ་བྱ་མི་ཆོག་པ་ཅི་ཡིན༔ ཞེས་སྨྲས་པས་དེ་རྣམས་ཀྱིས་ན་རེ༔ ཨེ་མ་བུད་མེད་བློ་རེངས་པོ༔ མཚན་ལྡན་བླ་མ་དམ་པ་དེ༔ ཐུགས་རྗེ་སྐད་ཅིག་ཡུད་ཙམ་ཡིན་གཟིགས་ཚེ་གང་མཉེས་མི་འབུལ་ན༔ ཕྱི་དུས་བྱེད་པ་ཚོགས་མི་རྫོགས༔ ཕྱི་བཤོལ་བར་ཆད་དེ་བས་ཆེ༔ རང་གི་ངེས་ཤེས་སྐད་ཅིག་ཙམ༔ བཅོས་མིན་དད་པ་ཡུད་ཙམ་ཡིན༔ ཡེ་ཤེས་བྱོན་ཚེ་མི་འབུལ་ན༔ ཕྱི་དུས་བྱས་པས་ཚོགས་མི་རྫོགས༔ ཕྱི་ཤོལ་བར་ཆད་དེ་བས་ཆེ༔ མི་ལུས་ཐོབ་པ་ད་རེས་ཙམ༔ ཆོས་བྱར་ཡོད་པ་ཡིད་ཙམ་ཡིན༔ མཚན་ལྡན་མཇལ་ཚེ་མི་འབུལ་ན༔ ཕྱི་ཤོལ་བར་ཆད་དེ་བས་ཆེ༔ སྟོན་པ་འབྱོན་པ་ད་རེས་ཙམ༔ གསང་སྔགས་སྒོར་ཞུགས་སྲིད་ཙམ་ཡིན༔ དམ་ཆོས་ཐོབ་ཚེ་མི་འབུལ་ན༔ ཕྱི་ཤོལ་བར་ཆད་དེ་བས་ཆེ༔ ཞེས་ཟེར་བས༔ རང་ལ་རང་གིས་ཁྲེལ་བ་ཞིག་བྱུང་༔ དེ་རྣམས་ཀྱིས་ཚོགས་བསྔོ་བ་དང་དུས་མཚུངས་སུ་རང་རང་གི་མདུན་དུ་རྡོ་རྗེ་རྣལ་འབྱོར་མ་རེ་རེ་འབྱོན་ནས་སེ་གོལ་རེ་བཏབ་འདུག་པས༔ སྔོན་མ་དེ་རྣམས་ཀྱང་སྔར་དང་འདྲ་བ་རེ་གྱུར་ནས༔ གཙོ་མོ་ལ་ཆོས་ཐུན་རེ་ཞུས་ནས་ཡང་རང་སར་བསྒོམས་ནས་འདུག་པ་སོགས་ཐུན་བཅུ་གཉིས་སུ་བྱེད་འདུག༔ དེ་ནས་སྒོ་ཡི་ནང་དེར་སྒོ་སྲུང་རེ་འདུག༔ དེ་ནས་དབུས་དེར་རྡོ་རྗེ་རྣལ་འབྱོར་མ་ཡང་མེ་དཔུང་གི་ཀློང་དུ་བལྟ་དཀའ་བ་ཙམ་འདུག༔ འདིར་ཞིང་ཁམས་སོགས་རྒྱ་ཆེར་གཟིགས་ཚུལ་ནི་གཞན་དུ་བཀོད་པས་འདིར་ཡི་གེ་ལ་འཇིགས་ནས་མ་བྲིས༔ དེ་ནས་སླར་གུ་རུ་རིན་པོ་ཆེ་དང་མཇལ་བས༔ ཉམས་གོང་གི་ལོ་རྒྱུས་ཞུས་ཤིང་༔ བདག་གིས་ཀྱང་དཀའ་བ་དུམ་པར་སྤྱད་འདོད་པས་དམ་བཅའ་འབུལ་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ དེ་རྣམས་ཐམས་ཅད་ཀྱང་ཉམས་ཀྱི་བརྡ་ཙམ་ཡིན༔ ད་ཤ་ཚོགས་སུ་བཤམས་པའི་དཀའ་བ་སྤྱད་མ་དགོས༔ དེ་བས་དཀའ་བ་འདི་རྣམས་སྤྱོད་གསུངས་ནས་བཀའ་སྩལ་པ༔ ཨེ་མ་ཉོན་དང་ལྷ་མོ་མཚོ་རྒྱལ་མ༔ མ་ཡེངས་གསོན་དང་མཐོང་བས་ཡིད་འཕྲོག་མ༔ མི་ལུས་རིན་ཆེན་གསེར་སྡོང་ཐོབ་ཚེ་ལ༔ སྤྱད་དུ་ཤེས་ནས་གཏན་གྱི་མདུན་རྒྱགས་རྙེད༔ སྤྱད་མི་ཤེས་དེས་ཉིན་གཅིག་གྲོ་རྒྱགས་ཆད༔ ངོ་མ་ཤེས་ཚོ་མུ་གེས་འཆི་བར་འདུག༔ དེས་ན་དམ་བཅའ་འདི་བཞིན་བྱས་ན་ལེགས༔ རྡོ་དང་བདུད་རྩི་ལྡུམ་བུའི་བཅུད་ལེན་དང་༔ རླུང་གི་ཟས་ཟ་ཟས་ཀྱི་དཀའ་བ་སྤྱད༔ རས་རྐྱང་རུས་རྒྱན་རྒྱན་མེད་གཅེར་མོ་དང་༔ གཏུམ་མོ་བརྟེན་པ་གོས་ཀྱི་དཀའ་བ་སྤྱད༔ བསྙེན་སྒྲུབ་ཆོས་སྤྱོད་སྔགས་རླུང་སྨྲ་བཅད་དང་༔ ལོང་གཏམ་ཀུན་སྤངས་ངག་གི་དཀའ་བ་སྤྱད༔ ཕྱག་དང་སྐོར་བ་ལུས་སྦྱོང་སྐྱིལ་ཀྲུང་སོགས༔ མཉམ་པར་བཞག་པ་ལུས་ཀྱི་དཀའ་བ་སྤྱད༔ བསྐྱེད་དང་རྫོགས་པ་བདེ་སྟོང་ཐིག་ལེ་སྦྱངས༔ ཟུང་འཇུག་ཏིང་འཛིན་ཡིད་ཀྱི་དཀའ་བ་སྤྱད༔ སངས་རྒྱས་བསྟན་འཛིན་བསྟན་སྐྱོང་ཕྲིན་ལས་བསྒྲུབ༔ བཤད་རྩོད་རྩོམ་སོགས་བསྟན་པའི་དཀའ་བ་སྤྱད༔ གཞན་དོན་ཕན་སེམས་ཐེག་ཆེན་སྨོན་ལམ་དང་༔ ལུས་སྲོག་ལྟོས་མེད་གཞན་ཕན་དཀའ་བ་སྤྱད༔ དགྲ་དང་བུ་མཉམ་གསེར་དང་བོང་བ་མཉམ༔ བདག་བས་གཞན་གཅེས་སྙིང་རྗེའི་དཀའ་བ་སྤྱད༔ དེ་ལྟར་བྱས་ན་སངས་རྒྱས་ཆོས་དང་འདྲེས༔ ངོ་མཚར་མཆོག་ཆེན་བདེ་ཆེན་འགྲུབ་པར་འགྱུར༔ དེ་ལྟར་མ་ལགས་མུ་སྟེགས་རྒྱང་འཕེན་དང་༔ གཉིས་སུ་མེད་དེ་དཀའ་བ་ལོག་ལམ་ཡིན༔ དེ་བས་བུ་མོ་མཁར་ཆེན་གོ་བ་ལོངས༔ ཞེས་གསུངས་པས༔ བདག་གིས་ཀྱང་གུ་རུས་གསུངས་པའི་དཀའ་ཆེན་བརྒྱད་དུ་སྤྱད་པའི་དམ་བཅའ་ཕུལ་པ༔ ཀྱེ་མ་ཧོ༔ མི་དགེའི་གླིང་འདིར་སངས་རྒྱས་བསྟན་པ་བྱོན༔ མུན་པའི་གླིང་འདིར་མེ་ཤེལ་གསལ་སྒྲོན་བྱོན༔ སྲིན་ཡུལ་བོད་དུ་རྗེ་བཙུན་ཨོ་རྒྱན་བྱོན༔ ཆོས་མེད་སེམས་ཅན་དམ་ཆོས་ཐེག་ཆར་ཕབ༔ སྐལ་མེད་རྣམས་ནི་སྐལ་ལྡན་གྱེན་ལ་སྟོན༔ འདི་འདྲའི་མཛད་ཕྲིན་སངས་རྒྱས་དངོས་བཞུགས་དུས༔ རྡོ་རྗེ་གདན་དུ་བྱུང་བ་ངས་མ་ཚོར༔ ཅིས་ཀྱང་གུ་རུའི་བཀའ་དྲིན་འཁོར་ཐབས་བྲལ༔ ད་ནི་བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གསང་སྔགས་ཡང་གསང་དཀྱིལ་འཁོར་སྒོར་ཞུགས་ནས༔ གུ་རུས་བཀའ་སྩལ་ཟུར་ཡང་བཅག་རེ་ཤི༔ དེས་ན་དཀའ་ཆེན་བརྒྱད་ནོད་དེ་བཞིན་དུ༔ ལུས་དང་སྲོག་དང་དབང་ཐང་མི་ལྟ་བར༔ གུ་རུ་རྗེ་ཡི་བཀའ་ལ་ལྟ་བ་སྟེ༔ ཅིས་ཀྱང་དམ་པའི་དམ་ལས་འགལ་རེ་ཤི༔ ལྟོ་གོས་ཟས་གསུམ་ལུས་ངག་ཡིད་གསུམ་དང་༔ སངས་རྒྱས་བསྟན་དོན་འགྲོ་བ་སེམས་ཅན་དོན༔ བདག་བས་གཞན་གཅེས་སྙིང་རྗེའི་དཀའ་བ་བརྒྱད༔ ཇི་བཞིན་ཟོབ་མིན་གཅིག་དྲིལ་མི་སྤྱད་རི༔ ཞེས་པའི་དམ་བཅའ་མནའ་གསུམ་དཀའ་བ་བརྒྱད་ཕུལ་བས༔ གུ་རུ་དགྱེས་ནས་ཇོ་མོ་ལ་བསླབ་བྱ་དང་ལུང་བསྟན་མཛད་ནས་སླར་འཛམ་གླིང་རྒྱལ་པོའི་མཆོད་གནས་ལ་བྱོན་ནོ༔ དེ་ནས་ཇོ་མོས་ཐོག་མར་གཏུམ་མོ་གོས་ཀྱི་དཀའ་བ་སྤྱད་ནས་བསྒྲུབས་ཏེ༔ ཏི་སྒྲོ་རི་ཡི་རྩེ་མོ༔ གཡའ་དང་གངས་ཀྱི་མཚམས་སུ༔ རས་རྐྱང་གཅིག་ལ་བརྟེན་ནས་ལོ་གཅིག་ཏུ་བསྒོམས་པས༔ ཐོག་མར་ནང་ནས་གཏུམ་མོའི་དྲོད་ཀྱིས་མ་སླེབས༔ ཕྱི་ནས་ལོ་གསར་གྱི་ལྷགས་པ་ནི་སྐྱེས༔ དེ་ཡི་སྟེང་དུ་ཁ་བ་དང་བ་མོ་ནི་བཟོད་པར་དཀའ་བར་བྱུང་བས༔ ཨ་ཙ་ར་ནི༔ གུ་རུའི་ཆག་ཕྱིར་འབྲངས་པ་ལས་ཡེ་མ་ཚུགས་ཏེ༔ ཇོ་མོས་ནི་དམ་བཅའ་རང་ལ་དཔང་པོར་བཞག་སྟེ་བསྒོམས་པས༔ སྐུ་ལུས་ཐམས་ཅད་ཆུ་བུར་དུ་གྱུར་པ་དང་༔ ཁོང་ནང་ཐམས་ཅད་ཀྱང་གཟེར་ཀྱུར་ཀྱུར་དུ་གྱུར་ཏེ༔ ཨིག་ཨིག་ཅེས་པའི་སྒྲ་བསྒྲགས་ཏེ་འཆི་བ་ལ་ཐུག་པར་གྱུར་ནས༔ རྗེ་བཙུན་གུ་རུ་ཉིད་ཡིད་ལ་བྱས་ནས་གསོལ་བ་བཏབ་པ༔ ཨོ་རྒྱན་ཆོས་རྗེ་འགྲོ་བའི་མགོན་པོ༔ ཐུགས་རྗེའི་ཉི་མ་བདག་ལ་གཟིགས་དང་༔ གོས་མེད་བུ་མོ་གྲོགས་བྲལ་གཅིག་པུར༔ གཡའ་ཁང་ནག་པོ་ཧར་བ་རླུང་འབོད༔ ཁ་ཆར་འཚུབས་ཚེ་གང་གི་བུ་མོ༔ ཉལ་མལ་བླ་གབ་རྡོ་བཞི་འཁྱག་རོགས༔ བྱ་སྤྱོད་ཀུན་ཤོར་ས་ཕུང་རྡོ་འདྲ༔ ཕྱི་ནང་བར་མེད་གོས་དཀར་མི་གནས༔ ད་ནི་ཐུགས་རྗེའི་འོད་ཀྱི་ཉི་མས༔ བྱིན་རླབས་གཏུམ་མོ་སྦར་རོགས་མཛོད་དང་༔ ཞེས་སྨྲས་པས༔ ལས་རླུང་ཅུང་ཟད་འགྱུ་ནུས་པ་བྱུང་བ་ལ་བརྟེན་ནས༔ སླར་གཏུམ་མོའི་དྲོད་སྐྱེས་ནས༔ བླ་མ་ལ་བཅོས་མིན་གྱི་ངེས་ཤེས་ཀྱང་ལྷག་པར་སྐྱེས་བྱུང་བས༔ སྨྲས་པ༔ གསང་སྔགས་རྡོ་རྗེའི་ཐེག་པ༔ བྱིན་རླབས་ནུས་པའི་ཞུན་ཁུ༔ མཚན་ལྡན་བླ་མས་སྩལ་ཚེ༔ རྡོ་རྗེ་སེམས་དཔའི་ཡེ་ཤེས༔ སྙིང་ནང་དགའ་བཞི་འཁྲབ་ཚེ༔ གོས་དཀར་མོ་རང་ས་བཞེངས་ནས༔ བདེ་དྲོད་ཀྱི་མཆོད་པ་འདྲ་ཕུལ་བྱུང་༔ ཁོ་མོ་ད་ནི་ཡེ་དགའོ༔ ད་དུང་བཀའ་དྲིན་དུ་ཞུའོ༔ ཞེས་གསུངས་པའི་ཉམས་སུ༔ བླ་མ་ཨོ་རྒྱན་ཉིད་ཧེ་རུ་ཀའི་ཆ་བྱད་དུ་བྱུང་ནས༔ ཆང་ཀ་པཱ་ལ་གང་བྱིན་བྱུང་བ་དང་གར་སོང་ཆ་མི་སྣང་༔ ང་རང་ནི་ཉམས་ཀྱི་རྒྱུན་བརྟན་ཏེ༔ བདེ་བ་ནི་བདེ༔ དྲོས་པ་ནི་དྲོས༔ སྤྲོ་ལ་ཉམས་དགའ་བ་ཞིག་བྱུང་༔ དེ་ནས་སྔོན་ལུས་འཁྱགས་པ་སོགས་ཐམས་ཅད་སྦྲུལ་གྱི་ཤུན་པ་ལྟ་བུ་ལིང་གིས་བརྗེས་ཐལ་བ་དང་༔ ད་ནི་རུས་རྒྱན་གྱི་དཀའ་བའི་དུས་ལ་བབས་སམ་བསམས་ནས༔ རས་གོས་དེ་ཕུད་ནས་རུས་རྒྱན་རྣམས་གྱོན་ནས་ཡང་མན་ངག་སུམ་སྒྲིལ་བྱ་བ་སྤྱད་ནས་ལོ་གཅིག་ཏུ་དཀའ་བ་སྤྱད་པས༔ དེའི་སྐབས་ཟས་ཀྱི་དངོས་པོ་ནི་ནས་འབྲུ་གཅིག་ཀྱང་མེད་པས༔ ལྟོ་ནི་རྡོ་ལ་བརྟེན༔ སྐོམ་པ་ནི་ཆུ་ལ་བརྟེན་ནས་བསྒོམས་པས༔ རེ་ཞིག་སྔོན་གྱི་ཉམས་མྱོང་རྟོགས་པ་དང་བཅས་པ་ཐམས་ཅད་ཉམས༔ ཡན་ལག་གིས་ལུས་མི་ཐེག༔ ལུས་ཀྱིས་མགོ་མི་ཐེག༔ རླུང་ཁ་སྣ་ལས་ཆད༔ སེམས་ཀྱང་ཟུངས་ཟད་པ་འདྲ་བ་ཞིག་བྱུང་༔ དེར་ཡང་ཇེ་ངན་དུ་གྱུར་ནས་མཐར་འཆི་བ་ལ་ཐུག་པར་གྱུར་པས༔ བླ་མ་ལ་གསོལ་བ་བཏབ༔ ཡི་དམ་ལ་གདུང་ཡུས་བཏོན༔ མཁའ་འགྲོ་ལ་ཚོགས་རྒྱུན་གྱི་དམིགས་པ་རྒྱུན་མ་བཅད་ནས་སྨྲས་པ༔ ལུས་ནི་ཡེ་ནས་བླ་མ་ལ་ཕུལ་ཚར༔ སྐྱིད་སྡུག་གི་བྱ་བ་བླ་མ་རང་ཤེས་སོ༔ ངག་ནི་ཡེ་ནས་དམ་ཆོས་ལ་འགྲོ་ཚར༔ དབུགས་རྒྱུན་འདི་ཅི་བྱེད་ཁྱེད་རང་གིས་ཤེས་སོ༔ སེམས་ནི་ཡེ་ནས་དགེ་བ་ལ་བསྐུར་ཚར༔ དགེ་དང་མི་དགེ་ཁྱེད་རང་གིས་ཤེས་སོ༔ ལུས་ནི་ཡེ་ནས་ཡི་དམ་གྱི་ཕོ་བྲང་༔ བཞུགས་ཡུལ་འདི་ཅི་མཛད་ཁྱེད་རང་གིས་ཤེས་སོ༔ རྩ་རླུང་འདི་ཡེ་ནས་མཁའ་འགྲོའི་རྒྱུ་ལམ༔ ལམ་རྒྱུན་འདི་ཅི་མཛད་ཁྱེད་རང་གིས་ཤེས་སོ༔ ཐིག་ལེ་འདི་ཡེ་ནས་བདེ་གཤེགས་ཀྱི་ངོ་བོ༔ མྱ་ངན་ལས་འདས་སམ་ཆོས་འཁོར་དུ་བསྐོར་མཛད༔ མ་གྱུར་གྱི་སེམས་ཅན་འཁྲུལ་ལུགས་ལ་གཟིགས་མཛོད༔ བུ་མོ་ངས་འཁོར་འདས་གང་བྱུང་དེ་གདམས་ཆོག༔ ཅེས་གསུངས་པས༔ བུད་མེད་དམར་མོ་རུས་རྒྱན་མེད་ཅིང་གཅེར་བུ་ཅན་གཅིག་འདུག་པ་དེ༔ བྷ་ག་ངའི་ཁར་བསྣུན་ནས་ཁྲག་གི་རྒྱུན་མང་དུ་འཐུངས་བའི་སྣང་བ་ལ༔ ཁམས་ཐམས་ཅད་བདེ་བས་གང་སྟེ༔ ལུས་ཀྱི་སྟོབས་སེང་གེ་དང་མཉམ་སྙམ་པ་ཞིག་ཏུ་སོང་ནས༔ བསམ་གཏན་ནི་བརྗོད་བྲལ་གྱི་དོན་རྟོགས་པས༔ དེ་ནས་གཅེར་བུར་ཕྱུང་ཞིང་རླུང་ཟས་ལ་བརྟེན་པའི་དུས་ལ་བབས་པར་དགོངས་ནས༔ སླར་ཡང་ལུས་གཅེར་བུ༔ ངག་རླུང་ཟས་ཁོ་ན་ལ་བརྟེན་ནས་ལོ་གཅིག་ཏུ་བསྒྲུབས་པས༔ ཐོག་མར་རླུང་འགྲོ་འོང་བདེ་བ༔ ཤེས་པ་གསལ་བ་ཉམས་སྣ་ཚོགས་རིག་རྩལ་ཐོགས་མེད་དུ་འཆར་བར་བྱུང་༔ བར་དེ་སེམས་ལ་ཁུ་འཕྲིག་ཅིག་གིས་རྐྱེན་བསླངས་ནས༔ དབུགས་འགྱུ་རྒྱུ་མེད་པ༔ མིད་པ་ཐམས་ཅད་སྐམ་ཐགས་སུ་སོང་བ༔ སྣ་མཚུར་རྣམས་བལ་རྡུད་ཀྱིས་འཚངས་པ་འདྲ་བ༔ ཕོ་བ་ཡང་ཁྲོག་ཁྲོག་ཟེར་ཞིང་༔ རྒྱུ་མ་རྣམས་ཤང་ཤང་དུ་སོང་ནས་འཆི་ལ་ཐུག་པ་ལན་གཅིག་བྱུང་བས༔ དེར་སྙིང་རུས་དཔའ་བཀོང་ཞིང་གུ་རུ་རིན་པོ་ཆེ་ལ་རྒྱང་འབོད་མགུར་དུ་སྨྲས་པ༔ བུ་མོ་ཁྱོད་གྲངས་མེད་ནས་ལུས་བླངས་འཁོར་བ་རུ་འཁྱམས་ནས༔ སྐྱེ་ཤིའི་ཁ་འཁོར་ངན་སོང་གི་སྡུག་བསྔལ༔ ཚ་གྲང་དང་བཀྲེས་སྐོམ་བཀོལ་སྤྱོད་ཚོ་བཟོད་བསྲན་དུ་འདུག་ན༔ མི་ལུས་དོན་ལྡན་གྱི་སྙིང་པོ༔ དམ་ཆོས་གསང་སྔགས་ཀྱི་ཉེ་ལམ༔ མྱུར་མགྱོགས་དཀའ་སྤྱད་དེ་ཅི་ཕྱིར༔ ཇི་ལྟར་ཡིན་ཀྱང་མི་བཟོད༔ བྱ་བ་གཞན་ཅི་བྱར་ཡོད་དོ༔ འཆི་བ་ལས་དེ་མིན་ཅི་མཐའ༔ ད་དུང་དཀའ་བ་རང་སྤྱོད་ཅིག་སྙིང་རུས་མ་མཚོ་རྒྱལ༔ ཀྱེ་མ་ཧོ༔ བརྫུས་སྐྱེས་སྤྲུལ་སྐུ་པདྨའི་གེ་སར་སྟེང་༔ རང་བྱུང་གི་བླ་མ་ཨོ་རྒྱན་གྱི་མཁན་པོ༔ ཐུགས་རྗེ་མངའ་བ་ཞལ་ཕྱག་གི་རྣམ་པ༔ འཇའ་ལུས་ཀྱི་དཀྱིལ་འཁོར་རྡོ་རྗེའི་སྐུ་མཆོག༔ ཐུགས་རྗེས་གཟིགས་དང་ལུས་ཅན་གྱི་སེམས་ཅན༔ ཐ་མལ་དུ་ལུས་པའི་ཁོ་མོ་ལ་སྐྱོབས་དང་༔ གདོས་པ་ཅན་ངས་ཇི་ལྟར་དུ་བྱ་ཡི༔ བྱམས་པའི་ཐུགས་རྗེས་གང་བཞུགས་ནས་གཟིགས་མཛོད༔ ཅེས་བྱས་མ་ཁད་དུ་གུ་རུ་ཉིད་འོད་ཀྱི་ལི༔ འཛུམ་མེ་རེ༔ མདུན་གྱི་ནམ་མཁའི་ལུས་ཚད་ཙམ་ཉེ་བར་མཛད་ནས་བཀའ་སྩལ་པ༔ ཀྱེ་མའོ༔ ཉོན་དང་རིགས་ལྡན་བུ་མོ་མཁར་ཆེན་བཟའ༔ རྒྱལ་པོའི་བུ་མོ་འཕྱོར་འདོད་འདོད་སྲེད་ཅན༔ རྐྱེན་ངན་མི་ཁྱག་སྔ་མ་དེ་ལྟར་ཡིན༔ ད་ནི་སྐྱིད་སྡུག་ལམ་དུ་སློང་རན་པས༔ གང་བྱུང་སྡུག་བསྔལ་བདེ་ཆེན་ལམ་དུ་ཁྱེར༔ བདེ་འདོད་མ་ཆེ་དད་ལྡན་དགེ་མ་ལྕམ༔ ཀྱེ་མ་ཉོན་དང་བུ་མོ་མཁར་ཆེན་བཟའ༔ རྒྱལ་པོའི་བཙུན་མོ་གཞོན་ནུ་ཨང་འདིར་ཅན༔ རང་འདོད་ཅིང་བ་སྔ་མ་དེ་ལྟར་ཡིན༔ ད་ནི་དགོས་མེད་བྱ་བ་བཏང་རན་ཡིན༔ མི་རྟག་སྒོམས་ཤིག་ངན་སོང་སྡུག་བསྔལ་སོམས༔ ཆེ་འདོད་མ་ཆེ་དད་ལྡན་དགེ་མ་ལྕམ༔ ཀྱེ་མ་ཉོན་དང་བུ་མོ་མཁར་ཆེན་བཟའ༔ བླ་མའི་ཇོ་མོ་རང་མཐོང་ཁེངས་པ་ཅན༔ རང་སྣང་མཐོ་བ་སྔ་མ་དེ་ཙམ་ཡིན༔ ད་ནི་རང་སྐྱོན་རང་གིས་འདོན་རན་ཡིན༔ རང་མཚང་མ་སྐུངས་སྐྱོན་གྱུར་ཐེར་དུ་ཐོན༔ གྲགས་འདོད་མ་ཆེ་དད་ལྡན་དགེ་མ་ལྕམ༔ ཀྱེ་མ་ཉོན་དང་བུ་མོ་མཁར་ཆེན་བཟའ༔ ཆོས་ཕྱོགས་རློམ་པའི་དགེ་མ་གཡོ་སྒྱུ་ཅན༔ ཟོག་གིས་བརྒྱང་བ་སྔ་མ་དེ་ཙམ་ཡིན༔ ད་ནི་གཡོ་སྒྱུ་ཟོལ་འགྲོས་བསྐྱུར་རན་ཡིན༔ ཡབ་ཡོབ་མ་ཆེ་སྙིང་ལ་རུས་པ་ཐོན༔ ངས་བྱས་མ་ཆེ་དད་ལྡན་དགེ་མ་ལྕམ༔ ཞེས་གསུངས་ནས༔ སླར་ཡང་ས་ལ་བབ་སྟེ༔ བྲག་གི་གདན་ལ་བཞུགས་ནས༔ ད་ནི་ཨ་ཀྱང་བག་ཆེ་བ་ཡིན་པས༔ སྔོ་དང་ལྡུམ་བུ་སོགས་བཅུད་ལྡན་ཡོངས་ཀྱི་བཅུད་ལོན་པར་གྱིས་ལ་རིག་རྩལ་སྦྱངས་ཤིང་ལུས་སོས་པར་གྱིས་ཤིག༔ པདྨ་འབྱུང་གནས་འགྲོ་བའི་དོན་ལས་མེད་པས༔ མ་འོངས་ཇི་སྲིད་འཁོར་བ་མ་སྟོངས་བར་དུ༔ དེ་སྲིད་ཡེ་ནས་མི་ཟད་པའི་དམ་པའི་ཆོས་གཏེར་མང་པོ་སྦས་ནས༔ སླར་རྔ་ཡབ་མཁའ་འགྲོའི་གླིང་དུ་འགྲོ་དགོས་པ་ཡིན་པས༔ ཇོ་མོ་རང་གིས་ཟབ་གཏེར་རྣམས་ཀྱི་གཉེར་བྱ་དགོས་པ་ཡིན་པས༔ སང་ནས་གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་མང་པོ་ཞལ་ཕྱེས་ནས་འགྲོ་བའི་དོན་བྱ་བའི་དུས་ལ་བབ་འདུག་པས༔ དེ་ལྟར་དུ་ཤོམས་ཤིག༔ ཅེས་སོགས་བསླབ་བྱ་རྒྱས་པ་གནང་ནས་གཤེགས་སོ༔ དེ་ནས་བདག་མཚོ་རྒྱལ་གྱིས་ཨ་ཙ་ར་ས་ལེ་དང་༔ བུ་མོ་བདེ་བ་མོ་གཉིས་གྲོགས་སུ་ཁྲིད་ནས་མོན་གྱི་སེང་གེ་རྫོང་གསུམ་དུ་སོང་ནས་བསྒྲུབས་ཏེ༔ དང་པོ་མོན་ཁ་སེངྒེ་རྫོང་དུ་བྱོན་ནས་སྨན་ལྡུམ་སྣ་ཚོགས་ཀྱི་བཅུད་ལེན་མཛད་པས༔ དང་པོ་རྡོའི་བཅུད་བླངས་ཏེ༔ རྡོ་ཐམས་ཅད་ཀྱི་བཅུད་ཅུང་ཞི་ལ་ཡོད་པར་གཟིགས་ནས་རྡོའི་བཅུད་ལེན་བྱས་པས༔ ལུས་ནི་མཚོན་གྱིས་མི་ཕུག་པ་རྡོ་རྗེ་ལྟ་བུར་གྱུར༔ ངག་ནི་ཚངས་པའི་དབྱངས་དང་ལྡན་ཏེ་ང་རྒྱལ་གྱི་སྟག་མོས་ཀྱང་ཞི་ནས་ཉན་པར་གྱུར༔ ཡིད་ནི་ཟག་མེད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་གྱུར་ཏོ༔

དེའི་ཚེ་མཚོ་རྒྱལ་གྱི་ཐུགས་དགོངས་ལ༔ ད་ནི་ཡང་ངག་གི་དཀའ་བ་སྤྱད་པའི་དུས་ལ་བབ་འདུག་དགོངས་ནས༔ ཐོག་མར་ངག་གི་སྒྲིབ་པ་བྱང་བའི་ཆེད་དུ༔ བསྙེན་པའི་བསྙེན་པ་དང་༔ སྒྲུབ་པས་བསྒྲུབས་ཤིང་༔ ཆོས་སྤྱོད་ཆོ་གའི་ཚུལ་གྱིས་ཉིན་མཚན་ཐུན་དུ་མེད་པ་སྒྲ་ཡི་རྒྱུན་ཆད་མེད་དུ་བཟླས་ཤིང་༔ དེ་ཡང་ཐོག་མར་ཡིག་བརྒྱ་སོགས་རིག་སྔགས་དང་གཟུངས་སྔགས་ཀྱི་རིགས་ཏེ་ཀྲི་ཡོག་སྡེ་གསུམ་གྱི་སྒོ་ནས་བཤགས་སྦྱང་དང་༔ བར་དུ་རིགས་ལྔ་རིགས་གསུམ་སོགས་ཨུ་པ་དང་ཡོ་གའི་གཟུངས་སྔགས་དཀྱིལ་འཁོར་གྱི་བཟླས་པ༔ མཐའ་མར་མདོ་སྡེའི་ཁ་ཏོན་བཤགས་སྡོམ༔ འདུལ་བའི་ཚུལ་ལུགས་བྱ༔ ཚེ་དཔག་མེད་སྤྱོད༔ མངོན་པའི་བློ་སྦྱོང་སྒྲ་ཚད་སོགས་མཐར་ཆགས་ལ་བརྩོན་པས༔ ཐོག་མར་ངག་དིག་པ་དང་༔ གྲེ་བ་རལ་ནས་ཁྲག་དང་རྣག་མང་དུ་ཁོལ་བ་དང་༔ མིད་པ་གཟེར་ཞིང་འཆུས་ནས་རེངས་པ་དང་༔ སྐམ་པ་དང་༔ རྣག་ཁྲག་སོགས་སྐྲངས་པ་སྣ་ཚོགས་ཀྱིས་འཆི་ལ་ཐུག་པར་བྱུང་༔ མཐར་ཅི་ཙམ་སྨྲས་ཀྱང་མི་བདེ་བ་མེད་པ་དང་༔ སྨྲ་བ་རྣམས་སྒྲོས་ཐོན་ལ་ཚིག་དག་པ་དབྱངས་སྙན་ལ་རྒྱུན་རིང་བ༔ ཆེ་འབྲིང་ཆུང་བ༔ དལ་བྲེལ་རན་གསུམ་གང་བྱས་ཀྱང་རང་དབང་ཡོད་པ་སོགས་མདོར་ན་ཡན་ལག་དྲུག་ཅུའི་སྒྲ་དང་ལྡན་པར་གྱུར་ཅིང་༔ མི་བརྗེད་པའི་གཟུངས་བདུན་ཐོབ་པར་བྱུང་བའོ༔

དེ་ནས་མ་ཧཱ་ཡོ་གའི་ཚུལ་ལུགས་ལྟར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས༔ བསྙེན་པས་ལྷ་ཚོགས་ཐམས་ཅད་ཞལ་མ་གཟིགས་ཀྱི་བར་དུ་བསྙེན༔ དེ་ནས་སྒྲུབ་པས་གཉིས་མེད་གཅིག་ཏུ་མ་གྲུབ་པར་དུ་བསྒྲུབས་ཏེ༔ ཕྱག་མཉམ་བཞག༔ ཞབས་སྐྱིལ་ཀྲུང་གི་འཁྲུལ་འཁོར་ལ་བཞུགས་ཤིང་ལྷ་ཚོགས་ཐམས་ཅད་ཐོག་མར་ཞལ་གཟིགས༔ དེ་ལའང་འོད་དུ་འབར་བ་སོགས་རྟགས་ཡོན་མང་དུ་བྱུང་༔ བར་དུ་ཡི་དམ་གྱི་ལུང་བསྟན་དང་གནང་བ་ཐོབ༔ ཐུན་མོང་གི་དངོས་གྲུབ་གྲུབ་ཆེན་བརྒྱད་ཐོབ༔ མཆོག་ནི་རྡོ་རྗེ་ལྟ་བུ་དང་༔ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དུ་ཐོབ་ནས་མཐར་ཐུག་ཀུན་ཏུ་བཟང་མོའི་ཀློང་དུ་གྲོལ་བའི་ལུང་བསྟན་པར་གྱུར་ཏོ༔ དེ་ནས་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ ལུང་ཨ་ནུ་ཡོ་གའི་ཚུལ་ལུགས་ལྟར་དུ་བསྒྲུབས་ཏེ༔ དེ་ཡང་སྔགས་རླུང་ཏིང་ངེ་འཛིན་གསུམ་གྱིས་གཅུན་ནས༔ རང་ལུས་དགོངས་པ་འདུས་པའི་དཀྱིལ་འཁོར་རྩའི་འཁོར་ལོ་རྣམས་སུ་བཀོད་ནས་བསྒྲུབས་ཏེ་རྩ་རླུང་ཐིག་ལེ་གསུམ་གྱི་གནད་མ་འཁྲུལ་བར་ཉམས་སུ་བླངས་པས༔ ཐོག་མར་རྩ་ཟུག་རླུང་ལོག་ཐིག་ལེ་རེངས་པ་སོགས་ཀྱིས་ཀྱང་འཆི་བ་ལ་ཐུག་པའི་ཟུག་གཟེར་བྱུང་ཡང་སྐྱོན་དུ་མ་བལྟས་པར་བསྒྲུབས་པས༔ རེ་ཞིག་ནས་ལྷ་ཚོགས་ཞལ་གཟིགས༔ རྩ་རླུང་ཐིག་ལེ་གསུམ་རང་དབང་ཐོབ་ཅིང་སྐྱེ་རྒ་ན་འཆིའི་ཆུ་བོ་བཞིའི་རྒྱུན་ཆད་དེ༔ གྲུབ་པ་ཐོབ་བྱ་བ་དེ་རང་ཐོག་ཏུ་བྱུང་བས༔ གུ་རུ་རིན་པོ་ཆེའི་བཀའ་དྲིན་འཁོར་ཐབས་མེད་པའི་བསམ་པ་སྐྱེས་ནས་སྨྲས་པ༔ ཀྱེ་མའོ༔ གུ་རུ་རྗེ་པདྨ་སཾ་བྷ་ལ་ཕྱག་འཚལ་ལོ༔ ཐོག་མེད་ནས་རྡུལ་ཕྲན་བསགས་པའི་ཕུང་པོ་ལ༔ རི་རྒྱལ་ལྷུན་པོ་རུ་བསྒྱུར་མཁན་གུ་རུ་རྗེ༔ ལྷུན་པོ་ངས་ད་ནི་གཞན་དོན་ཞིག་འགྲུབ་འགྲུབ་འདྲ༔ བསོད་ནམས་ཅན་བརྒྱ་བྱིན་ཁྱོད་འདིར་ཤོག་ཡོན་བདག་གྱིས༔ གཅོང་རོང་གི་ཁ་འཐོར་འགའ་སྔོན་ལས་མེད་པ་འདྲ༔ རྒྱལ་ཆེན་སོགས་ལྷ་གནས་ཀུན་བདེ་སྐྱིད་ཚིམ་པར་འདུག༔ ཐོག་མེད་ནས་ཐིགས་པ་རེ་བསགས་པའི་རྒྱ་མཚོ་ལ༔ རོལ་པའི་མཚོ་བདུན་དུ་བསྒྱུར་མཁན་གུ་རུ་རྗེ༔ མཚོ་མོ་ངས་ད་ནི་གཞན་དོན་ཞིག་འགྲུབ་འགྲུབ་འདྲ༔ བསོད་ནམས་ཅན་དགའ་བོ་ཁྱོད་འདིར་ཤོག་ཡོན་བདག་གྱིས༔ ཀོ་མོག་གི་ཉ་སྦལ་འགའ་སྔོན་ལས་མེད་པ་འདྲ༔ ཀླུ་བརྒྱད་སོགས་ཀླུ་གནས་ཀུན་བདེ་སྐྱིད་ཚིམ་པར་འདུག༔ ཐོག་མེད་ནས་ཚོགས་ཆེན་རེ་བསགས་པའི་ཐུབ་དབང་ལ༔ ཡོན་ཏན་མི་ཟད་པར་སློབ་མཁན་གུ་རུ་རྗེ༔ ཐུབ་དབང་ངས་ད་ནི་གཞན་དོན་ཞིག་འགྲུབ་འགྲུབ་འདྲ༔ མི་དབང་ཆོས་རྒྱལ་ཁྱོད་འདིར་ཤོག་ཡོན་བདག་གྱིས༔ མཐའ་འཁོབ་ཀྱི་སྐྱེ་བོ་འགའ་སྔོན་ལས་མེད་པ་འདྲ༔ ཉན་ཐོས་སོགས་འཛམ་གླིང་ཀུན་བདེ་སྐྱིད་ཚིམ་པར་འདུག༔ ཐོག་མེད་བསགས་པའི་བསོད་ནམས་ཀྱི་འབྲས་བུ་ལ༔ མི་ལུས་དོན་ལྡན་དུ་བསྒྱུར་མཁན་གུ་རུ་རྗེ༔ བུ་མོ་ངས་ད་ནི་གཞན་དོན་འགྲུབ་འགྲུབ་འདྲ༔ སྐལ་ལྡན་གྱི་བུ་ཚོ་ཚུར་ཤོག་ཡོན་བདག་གྱིས༔ ལོག་ལྟ་མཁན་སྡིག་ལྡན་འགའ་ཆོས་ལ་མི་ཚུད་འདྲ༔ དད་པ་ཅན་བོད་འབངས་སོགས་བོད་ཁམས་ཀུན་བདེ་བར་འདུག༔ ཅེས་གསུངས་ནས་སྨན་དང་ལྡུམ་བུའི་རིགས་མི་འདྲ་བ་བརྒྱ་དང་རྩ་བརྒྱད་ཀྱི་བཅུད་ལེན་མཛད་པས༔ ལྷའི་དྲང་སྲོང་ཆེན་པོ་སྡེ་བཞི༔ དེ་ལ་སྨན་གྱི་ལྷ་མོ་བཞི་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ཏེ༔ ནུས་པ་རྐྱང་སེལ་གྱི་བདུད་རྩི་སྨན་གྱི་ལྷ་མོ་རེ་རེས་བུམ་པ་རེ་ཐོགས་ནས་མཚོ་རྒྱལ་ལ་ཕུལ་ནས་ཚིགས་སུ་བཅད་པས་བསྟོད་པ༔ ཀྱེ་མའོ༔ མི་ཡི་བུ་མོ་ཡ་མཚན་མཆོག་བརྙེས་པའི༔ སྔོན་ཚེ་ལྷའི་དུས་ན་བདག་གི་མཆེད༔ རྒྱུ་མཐུན་སྨོན་ལམ་དག་པས་ཤེས་རབ་ཆེ༔ རྒྱུད་མང་སྒྲ་ཡིས་དྲི་ཟའི་འགྲོ་བ་འདྲེན༔ དབྱངས་ཅན་མཚོ་རྒྱལ་ཁྱོད་ལ་ངོ་མཚར་བསྟོད༔ བར་དུ་ཐུབ་དབང་ཆོས་ཀྱི་འཁོར་ལོ་བསྐོར༔ རྒྱུ་མཐུན་དག་པས་ཉན་ཐོས་དགེ་སློང་མ༔ སྙིང་རྗེའི་སྤྱན་གྱིས་འགྲོ་བ་མ་ལུས་འདྲེན༔ གང་གཱའི་ལྷ་མོ་མཚོ་རྒྱལ་ཁྱེད་ལ་བསྟོད༔ ད་ལྟ་རྡོ་རྗེ་འཆང་ཆེན་པད་འབྱུང་གི༔ སློབ་དཔོན་ཚུལ་གྱིས་ཆོས་འཁོར་བསྐོར་བའི་དུས༔ གསང་སྔགས་སྒོ་འབྱེད་ཐེག་ཆེན་བཀའ་རྣམས་བསྡུ༔ འགྲོ་བའི་དོན་དུ་དཀའ་སྤྱད་མཚོ་རྒྱལ་བསྟོད༔ ཆོས་རྣམས་ཐམས་ཅད་ཐུགས་ཀྱི་ཀློང་དུ་རྡོལ༔ སྨན་དུག་སྣ་ཚོགས་བཅུད་བླངས་བདུད་རྩིར་རོལ༔ འཆི་མེད་གཞོན་ནུའི་སྐུ་ལ་མཚན་དཔེ་རྫོགས༔ དུས་གསུམ་འགྲོ་བའི་མ་མ་ཁྱེད་ལ་བསྟོད༔ སྐྱེ་དགུའི་གཅོང་ནད་ངན་པ་དྲུངས་ནས་འབྱིན༔ འཆི་མེད་བདུད་རྩི་སྨན་གྱི་རྩིས་གསོ་ཞིང་༔ སྨན་གྱི་ལྷ་མོ་ཡོན་ཏན་ཀུན་གྱི་མ༔ གཅིག་གྱུར་མཚོ་རྒྱལ་ཁྱོད་ཉིད་མ་ལགས་སམ༔ ཞེས་ཟེར་ནས་མཁའ་ལ་གཤེགས་སོ༔

དེར་ཕྱི་ནང་གི་རྟེན་འབྲེལ་གཅིག་པའི་སྟབས་ཀྱིས༔ མི་ཡི་བུ་མོ་ཁྱེ་འདྲེན་ཡང་བྱུང་ནས་སྦྲང་རྩི་མང་པོ་ཕུལ་བས༔ དེ་རྣམས་གསོལ་ནས་ཡང་ལུས་ཀྱིས་དཀའ་བ་སྤྱད་དོ༔ དེ་ལ་ཐོག་མར་སྐོར་བ༔ དེ་ནས་ཕྱག་སོགས་ཀྱིས་ཉིན་མཚན་ཐུན་ལས་འདས་པ་སྤྱད་པས༔ དབུ་ཐོད་ཞབས་ཕྱག་གི་མཐིལ་ཐམས་ཅད་བུག་ནས་རུས་པ་དོན་ཏེ༔ ཁྲག་རྣག་གི་རྒྱུན་ཆེན་པོ་བབ་པ་བྱུང་༔ དེ་ནས་ལུས་སྦྱང་གི་རིགས་མི་འདྲ་བ་གྲངས་ལས་འདས་པ་དང་༔ ཕལ་ཆེར་ནི་མན་ངག་སོ་སོའི་དཀྱུས་སུ་འདུག་པ་ལྟར་ཉམས་སུ་བླངས་པས༔ དང་པོ་ལུས་ཆད་ངལ་དུབ་གསུམ་དུ་གྱུར༔ དེ་ནས་ཡན་ལག་གི་ཚིགས་ཐམས་ཅད་ཀྱི་ཐིག་ལེ་རྣམས་ཆུ་སེར་དུ་གྱུར་ནས་ཁོལ་ཞིང་གཟེར་འཆུས་བསྐྲངས་རྩ་བྱེར་པ་དང་༔ རྩ་སྣ་རྣམས་ཀློད་པས་ལུས་ཀྱི་ཟུངས་ཤོར་བ་བྱུང་༔ དེ་ནས་སླར་ཐིག་ལེ་ཡང་དྭངས་སྙིགས་ཕྱེ་བས་ཤེས་པ་སྤྲོ༔ དེ་ནས་ཐིག་ལེ་ཡེ་ཤེས་ཀྱི་རང་བཞིན་དུ་རྒྱུན་བརྟན༔ རྩ་རྣམས་ཀྱི་མདུད་པ་གྲོལ༔ ཞ་བ་རང་༔ གུད་པ་སོས༔ ཆད་པ་མཐུད༔ རྡོལ་བ་ཕྲད༔ བྱེར་བ་ཚུད་ནས་གསང་སྔགས་གྲུབ་པའི་རྟེན་གཞི་ཚུགས་པར་བྱུང་བའོ༔

དེ་ནས་སེང་གེ་ནེའུ་རིང་སོགས་ཤིན་ཏུ་དབེན་པའི་སྒྲུབ་ཕུག་རྣམས་སུ་སྐྱིལ་ཀྲུང་མི་བཤིག་ལྟ་སྟངས་མི་ཕབ༔ ལུས་གནད་མི་གློད༔ སྨྲ་བ་རྒྱུན་བཅད་པའི་ཏིང་ངེ་འཛིན་དུ་དམ་བཅས་ནས་བཞུགས་པས༔ དེའི་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཇོ་མོའི་ཏིང་ངེ་འཛིན་གྱི་ཟིལ་མ་བཟོད་ནས་ཆོ་འཕྲུལ་དུ་མ་བྱུང་སྟེ༔ ཞི་བ་དྲག་པོ༔ གཟུགས་མེད་གཟུགས་ཅན་སོགས་དུ་མས་བསྡིགས་ཏེ༔ ཐོག་མར་ཟས་སྣ་ཚོགས་སུ་སྤྲུལ་ནས་མདུན་དེར་ཡང་ཡང་དུ་བྱུང་༔ དེ་བཞིན་དུ་གོས༔ རྟ་གླང་སོགས་འཇིག་རྟེན་འདིར་སྲིད་ཚད་ཀྱི་ཟོང་དངོས་པོར་བརྫུས་ནས་བྱུང་བས༔ ཇོ་མོས་དེ་ཐམས་ཅད་ཏིང་ངེ་འཛིན་གྱི་ཟིལ་གྱིས་མནན་ཏེ༔ ལ་ལ་ནི་སྒྱུ་མའི་རང་བཞིན་དུ་གཟིགས་པས་འཇིག་རྟེན་གྱི་དངོས་པོ་ལ་ཆགས་མེད་ཀྱི་ཞེན་པ་གཏིང་ནས་ལོག་པ་ཙམ་ལ་ཡལ་སོང་༔ ལ་ལ་ནི་ཏིང་ངེ་འཛིན་གྱིས་ས་རྡོ་སོགས་བོང་བ་རུ་བསྒྱུར་བས་འགྱུར་སོང་༔ ལ་ལ་ནི་མ་འོངས་པར་ཡུལ་དེར་ཟས་ནོར་གྱི་གཏེར་དུ་སྨོན་པས་འགྲུབ་པར་གྱུར་ནས་ཡལ༔ ཡང་སྐབས་ཤིག་ཏུ་སྐྱེས་པ་གཞོན་ནུ་ཡིད་དུ་འོང་བ༔ བཞིན་ལེགས་པ༔ མདོག་བཟང་བ༔ དྲི་ཞིམ་པ༔ ལྷུན་ཆགས་པ༔ བརྟེན་ཐུབ་པ༔ ལྟ་ན་སྡུག་པ་མང་དུ་སྤྲུལ་ནས༔ ཐོག་མ་ནས་ཨ་མ་ཇོ་མོ་སོགས་ཟེར་ནས་མིང་ནས་བོས༔ དེ་བཞིན་དུ་བུ་མོ་མཚོ་རྒྱལ་ཟེར་ནས་ཆགས་པའི་གཏམ་སྣ་ཚོགས་གླེང་༔ སྐབས་སུ་རྩེད་མོའི་རྣམ་པ་མང་དུ་བྱས༔ དེ་ནས་རིམ་གྱིས་མཚན་མའི་རྡོ་རྗེ་སྟོན་ནས་བུ་མོ་རང་འདི་འདོད་དམ༔ གཞོ་བཏང་ངམ་སོགས་ཟེར་ནས་རྐེ་ནས་འཁྱུད༔ ནུ་མ་མཉེ༔ མཚན་མ་སློག༔ འོ་བྱ་བ་སོགས་ཆགས་པའི་ལས་སྣ་ཚོགས་ཤོམ་པ་དང་༔ ལ་ལ་ནི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་པས་ཡལ་སོང༔ ལ་ལ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཏབ་པས་བདེན་མེད་དུ་ཡལ༔ ལ་ལ་ནི་བྱང་ཆུབ་སེམས་དཔའི་ཟློག་བསྒོམས་བྱས་ནས༔ ལ་ལ་རོ་ནག་པོར་བསྒྱུར༔ ལ་ལ་རྒན་པོ་གྱ་གུད་ཅན་དུ་བསྒྱུར༔ ལ་ལ་ནད་པ་མཛེ་ཅན༔ ལ་ལ་ལོང་པ་ཞ་བོ་ལྐུགས་པ་གཟུགས་མི་སྡུག་པར་བསྒྱུར་བས་འགྱུར་ནས་མི་སྣང་བར་ཐམས་ཅད་ཡལ༔ དེ་ནས་དྲག་པོའི་ཆོ་འཕྲུལ་དུ་བསྟན་ཏེ༔ ས་གཞི་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་ཏུ་འགུལ་ཞིང་༔ འུར་ཆོམ་སྟོང་སྒྲ་སོགས་འབྲུག་སྟོང་དུས་གཅིག་བསྒྲགས་པའི་སྒྲ་བས་ཆེ་བ་དང་༔ ཟེར་ཡང་ནག་པོ་ཆེམ་ཆེམ༔ དཀར་ཤར་ཤར༔ དམར་ཀྱུར་ཀྱུར༔ སེར་ཏང་ཏང་༔ སྔོ་བལ་བལ༔ ཁྲ་ཁྱུག་ཁྱུག༔ འོད་མེར་མེར་སོགས་བཟོད་པར་དཀའ་བ་དང་༔ དེ་བཞིན་དུ་མཚོན་རྩེ༔ ཕུར་རྩེ་མདུང་གྲི་སྣ་ཚོགས་སྔོན་དུ་སྔོ་ཧྲཾ་ཧྲཾ༔ ཟེང་ཟེངས༔ འཚུབ་འཚུབ་སོགས་བཟོད་པར་དཀའ་བ་བྱུང་ཞིང་༔ དེ་ཐམས་ཅད་ཀྱང་ཏིང་ངེ་འཛིན་གྱི་གདེང་གིས་འཆི་ཞིང་གཏུབས་པར་གྱུར་ཀྱང་ཉམ་ང་མེད་པའི་བློ་གདིང་གིས་ཡལ་སོང་ངོ་༔ དེ་ནས་ཀྱང་ཞག་པོ་ཁ་ཡར་ནས༔ སྟག་གཟིག་དོམ་དྲེད་སོགས་གཅན་གཟན་སྣ་ཚོགས་ཀྱིས་ང་རོ་སྒྲོག་གཟུགས་སུ་ཕུག་པའི་སྒོ་སྟེང་དང་སྒོ་འགག་དང་༔ གཡས་གཡོན་མདུན་སོགས་ཁེངས་པར་ངར་ཟུག༔ ཆོ་ངེ་སྣ་ཚོགས༔ ཁྱད་པར་དུ་ལ་ལས་ཟ་བ་ལ་རྔམས་པའི་ཁ་གདངས་མཆེ་བ་གཉེར༔ མཇུག་མ་རྡེག༔ སྡེར་མོས་བྲད༔ ལུས་སྤྲུག༔ སྤུ་གཟེང་༔ གྲ་བསླང་སོགས་མང་དུ་བྱུང་བས༔ ཐམས་ཅད་ལ་ལུས་གཅེས་འཛིན་བློས་བཏང་བའི་གདིང་གིས་སྙིང་རྗེ་ཁོང་ནས་སྐྱེས་པས་ཡལ་སོང་༔ དེ་ནས་བཏུད་མར་འབུ་དང་སྲིན་བུའི་རིགས་མི་འདྲ་བ་བྱེ་བ་ས་ཡ་མང་པོ་ལ་སྡོམ་སྡིག་སྦྲུལ་གསུམ་གྱིས་དམག་དཔོན་བྱས་ནས་ཡུལ་ཁེངས་པ་དང་༔ ལ་ལ་དབང་པོའི་སྒོ་རྣམས་ནས་འཛུལ༔ ལ་ལས་རྨུག༔ ལ་ལས་བརྩེ༔ ལ་ལས་བྲད༔ ལ་ལ་འཛེག༔ ལ་ལ་མཆོང་༔ ལ་ལས་གཅིག་གིས་གཅིག་ལ་འཚེ་ནས་ཟ་བ་ཚལ་བུར་གཏོར་བ་སོགས་མི་བྱེད་དགུ་བྱེད་ཀྱི་ཆོ་འཕྲུལ་བསྟན་ནས་བྱུང་བས༔ དེ་ནས་ཇོ་མོ་ཅུང་ཟད་སྐྱི་གཡའ་ཞིང་སྙིང་རྗེ་བའི་སེམས་ཤར་བས༔ སླར་དེ་ཐམས་ཅད་ཆེར་འཇིགས་ཤིང་རྔམས་པར་གྱུར་པ་དང་༔ ད་ཅི་ནས་ལུས་ངག་ཡིད་གསུམ་གང་ལ་ཡང་མི་ཆགས་པའི་ཁ་ཚིག་མང་པོ་ཐལ་ཟིན་པས༔ སེམས་ཅན་འབུ་བྱ་བ་ལས་ཀྱི་ཀློང་རྡོལ་བ༔ འབྱུང་པོའི་ཆོ་འཕྲུལ་འདི་འདྲ་བ་ལ་སྐྱི་གཡའ་བའི་དོན་ཅི་ལ་ཡོད༔ བྱ་བ་ཐམས་ཅད་བཟང་ངན་གྱི་རྟོགས་པས་བྱས་ཟིན་པས༔ དེ་བས་བཟང་ངན་གང་བྱུང་དེ་རྟོག་པར་ཤེས་ཤིང་མགོ་སྙོམས་པར་བྱའོ་སྙམ་པའི་གདིང་རྙེད་ནས་སྨྲས་པ༔ སྣང་སྲིད་བྱ་བ་སེམས་ཀྱི་ཆོ་འཕྲུལ་ཙམ༔ ནམ་མཁའི་ཀློང་ལ་འཇིགས་པ་ངས་མ་མཐོང་༔ དེས་ན་འདི་ཀུན་གསལ་བའི་རང་མདངས་ལས༔ གཞན་མིན་ཅི་ཕྱིར་བྱ་བ་གང་ཡང་མེད༔ བྱ་བ་ཐམས་ཅད་ཁོ་མོའི་རྒྱན་དུ་ལགས༔ དེས་ན་སྨྲ་མེད་མཉམ་པར་བཞག་ན་ལེགས༔ ཞེས་གསུངས་ནས་བཟང་ངན་བླང་དོར་མེད་པ་ཕྱམ་བརྡལ་བའི་ཏིང་ངེ་འཛིན་དུ་ཞུགས་པས་དེ་ཐམས་ཅད་ཡལ་སོང་༔ དེ་ནས་ཡང་གཟུགས་རྣམ་པ་སྣ་ཚོགས་དང་༔ གཟུགས་མེད་པའི་ཡན་ལག་མང་པོས་ཡུག་ཡུག་དང་༔ ཡིད་མི་སྡུག་པ་མང་པོས་ར་རི་གྱ་གྱི་བྱས་ནས་ཟིང་ཟིང་དང་༔ ལུས་མེད་པའི་མགོ་གཟུགས་ཆེན་པོ་ཞིག་ཡ་མགལ་གནམ་མ་མགལ་ས༔ ལྕེ་བར་སྣང་དུ་ཡུག་ཡུག་བྱེད་ཅིང་མཆེ་བ་རྣམས་སྐྱ་ཟིང་ཟིང་དུ་ཇེ་ཉེ་ཇེ་ཉེར་བྱུང་བ་དང་༔ སྐབས་སུ་ཡུངས་དཀར་ཙམ་གྱི་མཁར་ནང་དུ་མི་མང་པོ་གཡུལ་འཁྲུག་པ་དང་༔ ཡང་མེ་མཆེད༔ ཆུ་རྡོལ༔ བྲག་ཉིལ༔ ཤིང་འཆག༔ རླུང་འུར་བ་སོགས་བྱུང་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གཡོ་མེད་དུ་བཞུགས་པས་ཡལ་བར་གྱུར་ཏོ༔

དེ་ནས་བལ་ཡུལ་ཨེ་མན་ཆད་དང་༔ མོན་ཡུལ་འཇའ་ཡན་ཆད༔ ཀློ་ཡུལ་ཁ་བཀྲ་དང་རྐང་ཁྲ་ཚུན་གྱི་ལྷ་འདྲེའི་དམག་མང་པོ་ཡོད་ཟེར་ནས༔ ལ་ལ་ངུ་བའི་སྐད༔ ལ་ལ་རྔམས་པའི་སྐད༔ ལ་ལ་མྱ་ངན་གྱི་སྐད༔ ལ་ལ་དྲག་པོའི་སྒྲ་སོགས་བསྒྲགས་ནས༔ སྟེང་ནས་ཐོག་བཅས༔ འོག་ནས་མེ་བཏེག༔ བར་དུ་ཆུ་བསྒྱུར༔ དེ་བཞིན་དུ་མཚོན་རྣམ་པ་སྣ་ཚོགས་ཀྱི་བུ་ཡུག་འཚུབས་ནས་བར་ཆད་བརྩམས་པས༔ ཇོ་མོས་རྟོགས་པ་ལ་ངར་ཐོན༔ རིག་པའི་ཀློང་རྡོལ༔ ཤེས་རབ་ཀྱི་རྩ་ཕྱེ་ནས་སླར་མི་ཕྱེད་པའི་དད་པ་ཐོབ་ནས་སྨྲས་པ༔ ཨེ་མའོ༔ ཆོས་སྐུ་ཡུམ་ཆེན་གྱི་དགོངས་པ༔ ཕ་རོལ་ཕྱིན་བཅུའི་སྙིང་པོ༔ ཤེས་རབ་ཟབ་མོ་ཉིད་སྤྱོད་པ༔ ཁོ་མོ་ང་ཚད་ལྡན་དུ་ཕྱིན་པས༔ སྣང་བ་ལ་འཇིགས་མཁན་ཞིག་མིན་པས༔ གང་ཤར་དེ་ཆོས་སྐུའི་ཡོ་ལངས༔ ཆོ་འཕྲུལ་རྣམས་བླ་མ་ཡི་ཐུགས་རྗེ༔ ད་དུང་ཡང་རྩལ་སྤྲུག་རེ་མཛད་ཞུ༔ ཨེ་མ་ཧོ༔ བླ་མ་ཀུན་བཟང་གི་དགོངས་པ༔ ལྟ་སྒོམ་འབྲས་བུའི་སྙིང་པོ༔ གང་ཤར་བཟོ་མེད་ཉིད་སྤྱད་པ༔ ཁོ་མོ་ང་ཚད་ལྡན་དུ་ཕྱིན་པས༔ རྣམ་རྟོག་ལ་སྐྲག་མཁན་ཞིག་མིན་པས༔ གང་སྐྱེས་དེ་རྟོག་པའི་ཡོ་ལངས༔ རྣམ་རྟོག་རྣམས་བླ་མའི་ཐུགས་རྗེ༔ ད་དུང་ཡང་རྩལ་སྤྲུག་རེ་མཛད་ཞུ༔ ཨེ་མ་ཧོ༔ བླ་མ་པདྨའི་དགོངས་པ༔ ཨ་ཏི་ཁྱབ་གདལ་གྱི་སྙིང་པོ༔ རང་སེམས་དྲི་མེད་ཀྱི་སྤྱོད་པ༔ ཁོ་མོ་ང་ཚད་ལྡན་དུ་ཕྱིན་པས༔ དྲི་མ་ལ་སེམས་མཁན་ཞིག་མིན་པས༔ དྲི་ཚོགས་རྣམས་ཆོས་ཉིད་ཀྱི་ཡོ་ལངས༔ མཐོང་ཚུལ་ཀུན་བླ་མའི་ཐུགས་རྗེ༔ ད་དུང་རྩལ་སྤྲུག་རེ་མཛད་ཞུ༔ ཨེ་མ་ཧོ༔ བུ་མོ་མཚོ་རྒྱལ་གྱི་ཉམས་ལེན༔ ཐེག་མཆོག་གསང་སྔགས་ཀྱི་སྙིང་པོ༔ བདེ་སྡུག་རོ་སྙོམས་སུ་སྤྱོད་པ༔ ཁོ་མོ་ང་ཚད་ལྡན་དུ་ཕྱིན་པས༔ བཟང་ངན་ལ་འདམ་མཁན་ཞིག་མིན་པས༔ བཟང་ངན་རྣམས་ཉམས་མྱོང་གི་བོགས་འདོན༔ སྣང་ཚད་འདི་བླ་མའི་ཐུགས་རྗེ༔ ད་དུང་ཡང་རྩལ་སྤྲུག་རེ་མཛད་ཞུ༔ ཞེས་གསུངས་པས་སླར་ཡང་རྒྱ་བལ་བོད་གསུམ་ཀའི་ལྷ་འདྲེའི་དམག་ཚོགས་བྱུང་ཞིང་༔ དམག་དཔོན་དུ་དམར་ནག་སྔོན་པོ་གསུམ་གྱིས་བྱས་ནས་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བར་ཆད་བརྩམས་ཀྱང་ཅི་ཡང་བྱར་མ་བཏུབ་པས༔ སླར་དེ་ཐམས་ཅད་ཀྱིས་མི་ལ་བསྐུལ་ནས་མི་ཐོ་འཚམས་སུ་བྱུང་སྟེ༔ དེ་ཡང་ལྷ་འདྲེ་རྣམས་ཀྱི་འཚུབས་དེས་མོན་ཡུལ་ཐམས་ཅད་ཉིན་མཚན་ངོ་མི་ཤེས་པའི་མུན་པ་འཁྲིགས་པ་དང་༔ ཤོ་རྦུད་ཐོག་སེར༔ ཁ་ཆར༔ ནད་སོགས་འཁྲུགས་ཀྱང་༔ རབ་ཏུ་འཁྲུགས་ཤིང་མི་བདེ་བ་སྣ་ཚོགས་བྱུང་བས༔ དེ་ཐམས་ཅད་ཀྱིས་གང་གིས་གནོད༔ ཅི་ལས་བྱུང་སོགས་གླེང་པས༔ མོན་པའི་ལིང་པ་ཞིག་གིས༔ མཚོ་རྒྱལ་མ་ཉིད་མཐོང་བས༔ སླར་སྨྲས་པ༔ ཕ་གི་ན་རིང་བྲག་གི་ཕུག་པའི་ནང་དུ་བོད་མོ་ལྐུགས་མ་འདྲ་བ་ཞིག་འདུག་པ་དེས་ལན་ནམ༔ དེ་བས་ཅི་འོས་མི་འདུག་སྨྲས་པས༔ ཐམས་ཅད་ཀྱིས་དེས་ལན་པར་གྲོས་འཆམས་ནས་གསོད་པ་ལ་དམག་ཏུ་ཆས་ནས་ཕུག་པ་རུ་བྱུང་ནས་ན་རེ༔ བོད་མོ་ལྟོགས་རོ་མ་ཁྱོད་ཀྱིས་ངན་སྔགས་བསྒྲུབས་པས༔ ད་ངེད་མོན་ཡུལ་ལ་མུན་པ་འཁྲིགས༔ འཐིབས་ཡུལ་དུ་བཏང་༔ ཐོག་དང་སེར་བ་བབ༔ ནད་དང་མི་བདེ་བ་སྣ་ཚོགས་བྱུང་བས༔ ཁྱོད་ཀྱི་ངན་སྔགས་རྣམས་ཕྱིར་ཕྱུངས་ཤིག༔ དེ་མི་འདོན་ན་ཁྱོད་ད་ལྟ་རང་དུ་གསོད་པ་ཡིན་ནོ༔ ཞེས་ཟེར་བས༔ ཇོ་མོའི་དགོངས་པ་ལ༔ ད་ལྷ་འདྲེ་རྣམས་ཀྱི་ལྷོངས་ཁོང་རྣམས་ལ་ཕོག་པ་ཡིན་འདུག་པས་ཅི་ཡང་ཕན་མེད་པས་གང་བྱུང་དེ་ལམ་ཁྱེར༔ གང་ཤར་དེས་བློ་བྱེད༔ ཅི་ལ་ཐུག་ཀྱང་དམ་བཅའ་མི་འདོར་བར་བྱེད་བསམས་ནས་ལན་མེད་པར་རང་སར་བལྟ་སྟངས་ཧྲིག་གེར་བསྡད་པས༔ དེར་ལ་ལས་གནོང་ཡོད་འདུག་ཟེར༔ ལ་ལས་སྐད་མ་ཐོས་པར་འདུག་ཟེར་ནས༔ མིག་ལ་ཐལ་བ་བཏབ༔ རྣ་མཆོག་ཏུ་གྲི་བརྒྱུས་པས༔ ཇོ་མོ་འཛིན་རྟོག་མེད་པར་དེ་ཀ་རུ་བསྡད་པས༔ ཨ་ཙི་དྲེད་མ་ཟེར་ནས་ལ་ལས་མདའ་བཀང་༔ ལ་ལས་དབྱུག་པས་བརྡུངས༔ ལ་ལས་མདུང་གཟིར༔ ལ་ལས་གྲི་བཏབ་པས༔ ཇོ་མོའི་སྐུ་ལ་ཅི་དང་གང་གིས་ཀྱང་མ་ཚུགས་པས༔ བོད་མོ་འཇིགས་མེད་མ་ཐོགས༔ ད་ནི་ཅི་བྱེད་རྒྱུ་མི་འདུག་ཟེར་ནས་ཐམས་ཅད་རང་སར་དེངས་པ་དང་༔ དེར་སྔོན་དུས་སྦྲང་རྩི་ཕུལ་མཁན་གྱི་བུ་མོ་དེ་ཡང་དེར་ཡོད་པས༔ འདི་མོན་ཡུལ་གྱི་རྒྱལ་པོའི་བུ་མོ་ཡིན་པས་དབང་འབྱོར་ཆེ་བར་འདུག༔ མོ་ཡང་དད་པ་རབ་ཏུ་ཐོབ་ནས་ཇོ་མོ་ལ་ཕྱག་བྱས་ནས་སླར་ལོག་ནས་ལན་རེ་མ་ཧེའི་འོ་མ་ཕུལ༔ ལན་རེ་སྦྲང་རྩི་ཕུལ་ཏེ༔ ཇོ་མོ་གང་མཉེས་ཀྱི་ཞབས་ཏོག་བསྒྲུབས་ཤིང་གནས༔ དེ་ནས་ཡུན་མི་རིང་ཙམ་ནས་བདུད་བཙན་ཀླུ་གསུམ་གྱིས་ཐོག་དྲངས༔ སྔོན་ཆོ་འཕྲུལ་སྟོན་མཁན་ལྷ་འདྲེ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ཞིང་༔ ཁྱད་པར་དུ་བདུད་བཙན་ཀླུ་གསུམ་གྱིས་ཇོ་མོའི་བསྟན་པ་སྲུང་ཞིང་སྐུ་དགྲ་ཐམས་ཅད་བསྒྲལ་བའི་དམ་བཅའ་ཕུལ་ནས་སྨྲས་པ༔ ཨེ་ཧོ་ཧོ༔ པདྨ་ཐོད་ཕྲེང་དགྱེས་པའི་ལྕམ་གཅིག་ལགས༔ སུས་ཀྱང་གཞོམ་མེད་དཔའ་མོ་ཧེ་རུ་ཀ༔ ཁྱེད་ལ་ཐོ་འཚམ་ནོངས་པ་མཆིས་རྣམས་བཤགས༔ ད་ནི་འབངས་གྱུར་སྲོག་གི་སྙིང་པོ་ཕུལ༔ ཅི་བསྒོའི་བཀའ་ཉན་དམ་ལ་འདའ་རེ་ཀན༔ ཞེས་སོགས་ཟེར་ནས་སོ་སོའི་སྲོག་སྙིང་ཕུལ་ནས་གཤེགས༔ དེ་བཞིན་དུ་གཟའ་དང་དམ་ཅན་སོགས་བོད་ཀྱི་ལྷ་འདྲེ་ཆེ་དགུ་གཉན་གྱུར་ཐམས་ཅད་ཀྱིས་སྲོང་སྙིང་ཕུལ་ཞིང་བསྟན་པ་སྲུང་བར་ཁས་བླངས་ནས་བྱེར་རོ༔

དེ་ནས་ཡུལ་དེའི་སྐྱེ་བོ་ཕོ་མོ་སྔོན་ངན་པ་ཤོམ་མཁན་ཐམས་ཅད་དེར་འདུས་ནས་བཤགས་པ་སོགས་བྱས༔ ཁྱད་པར་དུ་མོན་ཡུལ་གྱི་རྒྱལ་པོ་ཧཾ་རས་བྱ་བས་ཀྱང་དད་པ་དང་ངོ་མཚར་བའི་གནས་བྱས་པས༔ དེའི་བུ་མོ་ལོ་བཅུ་གསུམ་ལོན་པ༔ མཛེས་ལ་མཁའ་འགྲོའི་མཚན་རྟགས་ཚང་བ་ཁྱི་འདྲེན་ཟེར་བ་ཞིག་འདུག་པ་དེ་བསླངས་པས༔ རྒྱལ་པོ་དེས་མཚོ་རྒྱལ་ལ་དད་པའི་སྟོབས་ཀྱིས་བུ་མོ་ཁྱི་འདྲེན་ཕུལ་བྱུང་བས༔ དེ་ལ་བཀྲ་ཤིས་སྤྱི་འདྲེན་དུ་མཚན་གསོལ་ནས་སླར་སྤ་གྲོ་སྟག་ཚང་དུ་བྱོན་ནས་རང་དོན་གྱི་དཀའ་བ་ཐ་མ་བདེ་སྟོང་ཟུང་འཇུག་ཐིག་ལེའི་དཀའ་བ་སྤྱད་དེ༔ གྲོགས་པོ་ཨ་ཙ་ར་ས་ལེ་དང་༔ མོན་བུ་ས་ལེ་དང་༔ ཨ་ཙ་ར་དཔལ་དབྱངས་གསུམ་ལ་བཅུད་ལྡན་གྱི་རྩི་སྨན་གྱིས་གསོས་ནས༔ ཉིན་མཚན་ཐུན་གྱིས་མ་ཆོད་པར༔ ཟླ་བདུན་དུ་རྩལ་སྦྱངས་པས༔ ཐོག་མར་ལུས་ཐམས་ཅད་འཁྲུགས་ནས་ཟུངས་ཆད༔ ཡིད་ཐོམ་མྱོས་སོགས་བྱུང་ནས༔ ལུས་སྟོད་སྨད་ཐམས་ཅད་ཆུ་སེར་བརྒྱུགས་ཏེ་ན་བ་དང་༔ ཚ་བ་དང་༔ གཙེ་བ་དང་༔ ཤིག་ཤིག་ཏུ་གྱུར་ཏེ་འཆི་ལ་ཐུག་པར་བྱུང་༔ དེ་ནས་ཆུ་སེར་ཐམས་ཅད་ཐིག་ལེའི་ངོ་བོར་གྱུར་ནས་ལུས་ཐམས་ཅད་བདེ་བས་ཁྱབ༔ དེ་ཡང་ཐོག་མར་ཉོན་མོངས་པ་དང་འདྲེས་པའི་བདེ་བ༔ བར་དུ་ཡེ་ཤེས་རྒྱ་ཆེ་བའི་བདེ་བ༔ མཐར་ཡེ་ཤེས་རྒྱུན་བརྟན་པའི་བདེ་བ་དང་༔ དེ་ནས་རིམ་གྱིས་ཐིག་ལེ་དཀར་དམར་གཉིས་འདྲེས་པར་བསྲེས་ཤིང་འབྲས་བུ་གཉིས་སྣང་དུ་སྨིན་པའི་སྐལ་བ་རུ་མ་བཞག་སྟེ༔ ཕུང་པོ་རྒྱལ་བའི་དཀྱིལ་འཁོར་ལ་ཁྲེམ་པར་བཀྲམ་ནས༔ བདེ་བར་མཆོད་པས་བདེ་ཆེན་གྱིས་ལུས་ལ་བདེ་ཆེན་གྱི་ཡུལ་ཐེབས་ཏེ༔ ལུས་དཀར་ལ་དམར་བའི་མདངས་ཐོན་པ༔ གཞོན་ལ་སྒེག་པ་བཅུ་དྲུག་གི་ལང་ཚོ་ལས་མ་གཡོས་ཤིང་ཧེ་རུ་ཀ་དཔའ་མོའི་སྐུར་གྱུར་ཏེ༔ འདིའི་དུས་སུ་ཚེ་དཔག་མེད་དཀྱིལ་འཁོར་ཞལ་གཟིགས་ནས༔ ཇི་སྲིད་རྡོ་རྗེའི་སྐུ་ལ་བསྒྲེས་རྒུད་མེད་པར་ཚེའི་རིག་འཛིན་ཐོབ༔ འཇིག་རྟེན་འདིར་ཉིས་བརྒྱ་ཉེར་ལྔ་འདུག་པའི་ལུང་བསྟན༔ དཔལ་རྟ་མགྲིན་དང་ཕག་མོ་གཉིས་ཀྱིས་བགེགས་བསྐྲད༔ དཔའ་བོ་ལྔ་དང་ཌཱཀྐི་མ་ལྔ་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཕྲིན་ལས་སྒྲུབ༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་པ་བརྗོད་ཅིང་ཚེ་ལ་དབང་བའི་རིག་འཛིན་མར་འདུག་པས་ཚེ་བདག་མཐིང་འོད་འབར་མ་ཞེས་བྱ་བར་མཚན་གསོལ་ཏོ༔

དེ་ནས་སླར་ཡང་མཚོ་རྒྱལ་དཔོན་སློབ་དྲུག་པོ་འོན་ཕུ་སྟག་ཚང་དུ་ཕེབས༔ དེར་གུ་རུ་རིན་པོ་ཆེ་བཞུགས་འདུག་པ་དང་མཇལ་ནས་ཇོ་མོས་ཕྱག་འཚལ་བ་དང་༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ དཔའ་མོ་ཧེ་རུ་ཀ་བྱོན་ནམ༔ འོ་མ་བརྒྱལ་ལམ༔ ཞེས་གསུངས་ནས་བཀའ་སྩལ་པ༔ ཀྱེ་མ་ཧོ༔ གསང་སྔགས་གྲུབ་པའི་རྣལ་འབྱོར་མ༔ མི་ལུས་བྱང་ཆུབ་སྒྲུབ་གཞི་ལ༔ ཕོ་མོ་དམན་ལུས་ཁྱད་པར་མེད༔ སེམས་བསྐྱེད་ལྡན་ན་མོ་ལུས་ལྷག༔ ཐོག་མེད་དུས་ནས་ཚོགས་གཉིས་བསགས༔ ད་ལྟ་སྐྱོན་བྲལ་ཡོན་ཏན་ལྡན༔ བུད་མེད་མཆོག་གྱུར་སེམས་མའི་ལུས༔ བདེ་བ་མོ་ཁྱོད་མ་ལགས་སམ༔ ད་ནི་རང་དོན་ཚགས་སུ་ཆུད༔ གཞན་དོན་འགྲོ་བའི་དོན་ལ་བརྩོན༔ ཁྱེད་འདྲའི་བུད་མེད་ཡ་མཚན་ཅན༔ མི་ཡུལ་སྐོར་འདིར་སྲིད་པ་ཙམ༔ སྔར་ཡང་མ་བྱོན་ད་མི་འབྱོན༔ ཕྱིན་ཆད་འབྱོན་པ་ངས་མ་ཚོར༔ ཡེ་ཤེས་མཚོ་རྒྱལ་ཨ་ལ་ལ༔ འདི་ནས་མ་འོངས་ཐ་མའི་དུས༔ ཁྱོད་ཀྱིས་སྤྲུལ་པ་རྣམ་ལྔ་འགྱེད༔ སངས་རྒྱས་བསྟན་པ་སུམ་ཅུར་བསྲིང་༔ ཁྱད་པར་དྭགས་ཡུལ་ལབ་ཞེས་སར༔ སྒྲོལ་མའི་མཚན་ཅན་བུད་མེད་འབྱུང་༔ ཡུམ་ཆེན་གདམས་པའི་བཅུད་རྣམས་གསོལ༔ ཟབ་མོ་གཅོད་ཀྱི་བསྟན་པ་སྤེལ༔ འགྲོ་བའི་དོན་མཆོག་བསྟན་པ་འབྱུང་༔ དེ་དུས་ཨ་ཙ་ར་ས་ལེ་འདི༔ ཐོད་པའི་མིང་ཅན་བན་དྷེ་འབྱུང་༔ ཇོ་མོའི་ཡབ་གྱུར་གསང་སྒོ་དབྱེ༔ མོན་མོ་བཀྲ་ཤིས་སྤྱི་འདྲེན་འདི༔ སྐུ་ཡི་བུ་མོ་ལྕམ་ཅིག་འབྱུང་༔ མོན་བུ་ས་ལེ་བྱ་བ་ཡང་༔ བསྙོན་པའི་ཚུལ་ཅན་སྲས་སུ་འབྱུང་༔ ཨ་ཙ་ར་ནི་དཔལ་དབྱངས་འདི༔ གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ཇོ་མོའི་གསང་བའི་ཡབ་བྱེད་ནས༔ བདག་གཞན་དོན་མཆོག་འགྲུབ་པ་འབྱུང་༔ ད་ལྟའི་པདྨ་འབྱུང་གནས་ང་༔ རྒྱ་གར་དམ་པའི་མཚན་འཛིན་ནས༔ ལ་སྟོད་ཕྱོགས་ནས་ཞི་བྱེད་སྤེལ༔ ཇོ་མོ་ཁྱོད་དང་བདག་འཕྲད་ནས༔ གསང་བ་སྔགས་ཀྱི་རྟེན་འབྲེལ་འབྱུང་༔ ཐབས་ལམ་ཟབ་མོ་ཞི་བྱེད་ཀྱི༔ བསྟན་པས་འཇིག་རྟེན་དར་ཅིག་བདེ༔ དེ་ནས་ཡུན་དུ་མི་གནས་ཏེ༔ སླར་ཡང་པདྨ་འོད་མཆོག་ཏུ༔ བདག་དང་ཁྱེད་གཉིས་གཉིས་མེད་འགྱུར༔ ལོངས་སྐུས་འགྲོ་བའི་དོན་བྱེད་དོ༔ ཞེས་སོགས་ལུང་བསྟན་དང་བཅས་པ་གནང་ནས་དབུགས་དབྱུང་བར་ཡང་མཛད་པས༔ མཚོ་རྒྱལ་གྱིས་གུ་རུ་རིན་པོ་ཆེ་ལ་བཀའ་དྲིན་ཞུ་བ་འདིའང་ཕུལ་ལོ༔

ཨེ་མ་ཧོ༔ གསང་སྔགས་སྡོང་པོ་རྡོ་རྗེ་འཆང་༔ འཆི་མེད་རྐྱེན་བྲལ་ཚེ་དཔག་མེད༔ མཐུ་སྟོབས་མངའ་བདག་ཧེ་རུ་ཀ༔ པདྨ་འབྱུང་གནས་ཁྱེད་གཅིག་པུ༔ གཞན་ན་མ་རྙེད་བདག་འཁུམས་པས༔ འདྲེན་པ་མཆོག་ཁྱོད་བཀའ་དྲིན་ལས༔ གསང་བ་སྔགས་ཀྱི་དངོས་གྲུབ་ཐོབ༔ གྲུབ་ཆེན་བརྒྱད་ཀྱི་རྫུ་འཕྲུལ་འགྲུབ༔ མདོ་སྔགས་གཉིས་ཀྱི་བདག་མོར་གྱུར༔ སྐྱེ་བ་དམན་ཡང་བསོད་ནམས་ཆེ༔ ད་ལྟ་ལུས་ནི་ལྷ་རུ་གྱུར༔ ཐ་མལ་སྣང་བ་གཏན་ནས་ནུབ༔ སྒྱུ་མ་ལྟ་བུའི་ཏིང་འཛིན་ཤར༔ འབྱུང་བ་ལྔ་པོར་རང་དབང་འགྲུབ༔ ད་ལྟ་ངག་ནི་སྔགས་སུ་གྱུར༔ དགོས་མེད་ལོང་གཏམ་འཆོལ་མ་ནུབ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ཤར༔ མདོ་སྔགས་ཆོས་རྣམས་རང་བྱན་ཚུད༔ ད་ལྟ་སེམས་ནི་སངས་རྒྱས་གྱུར༔ ཐ་མལ་རྣམ་རྟོག་དབྱིངས་སུ་ནུབ༔ དཔའ་བར་འགྲོ་བའི་ཏིང་འཛིན་ཤར༔ རྡོ་རྗེ་འཆང་དང་དགོངས་པ་མཉམ༔ བཀའ་དྲིན་ཆེའོ་བླ་མ་རྗེ༔ འདི་ནས་དུས་དང་རྣམ་པ་དང་༔ སྐྱེ་བ་ཚེ་རབས་ཇི་སྙེད་དུ༔ ཁྱེད་ཞབས་པདྨོ་སྤངས་བྱས་ནས༔ གཙོ་བོ་གཞན་ན་མི་ཚོལ་བས༔ ནམ་ཡང་འབྲལ་མེད་ཐུགས་རྗེས་གཟིགས༔ བཀའ་དྲིན་ཆེའོ་འཁོར་ཐབས་བྲལ༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་ཆར་གཏོགས་སྔོན་དུས་སུ༔ མ་རིག་དབང་གིས་འགལ་གྱུར་བཤགས༔ ཕྱིན་ཆད་ཆ་ཤས་ཕྲའུ་ཙམ༔ ཉམས་པར་མི་བགྱིད་དམ་བཅའ་འབུལ༔ ད་དུང་འགྲོ་བ་ཐམས་ཅད་དོན༔ གསང་སྔགས་ཆོས་འཁོར་སྐོར་བ་ཡི༔ གུ་རུའི་བཀའ་དྲིན་བསྩལ་ཏུ་གསོལ༔ ཞེས་ཞུས་ནས༔ སླར་ཡང་དཀའ་བ་སྤྱད་ཚུལ༔ གྲུབ་པ་ཐོབ་ཚུལ་༔ ལྷ་འདྲེ་དང་མི་ཡི་ཆོ་འཕྲུལ་བྱུང་ཚུལ་དང་༔ ཁྱད་པར་སྤ་གྲོ་སྟག་ཚང་དུ་གསང་སྔགས་ཉམས་སུ་བླངས་པས༔ ཚེ་དཔག་མེད་ཀྱི་ལྷ་ཚོགས་ཞལ་གཟིགས་ཚུལ་སོགས་ཞིབ་ཏུ་ཞུས་པས༔ གུ་རུ་ཉིད་དགྱེས་པའི་མདངས་ཕྱུང་ནས༔ ཕྱག་གཡས་པ་ཇོ་མོའི་མགོ་ཐོག་ཏུ་བཞག་ནས་བཀའ་སྩལ་པ༔ ད་དེ་བུ་མོ་རང་གནས་འདིར་ཡོ་ག་ཚེའི་རིག་འཛིན་སྒྲུབ་པའི་དུས་ལ་བབ་འདུག་གོ༔ སྔོན་སྤ་གྲོར་བྱུང་བ་དེ་ནི་བླ་མའི་ཐུགས་རྗེས་འདི་ལྟར་བྱས་ན་འདི་འབྱུང་ཟེར་བའི་བརྡ་རུ་འདུག་པས༔ ངས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་ལ༔ ཁྱེད་རང་ཚེ་རྟེན་དུ་དཔའ་བོ་ཞིག་ཚོལ་ཅིག༔ མོན་གྱི་བུ་མོ་ཁྱི་འདྲེན་འདི་ནི་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་ལས་མའི་མཚན་རྟགས་ཚང་པ་ཞིག་འདུག་པས༔ ང་ལ་ཕུལ་དང་ངས་གསང་སྔགས་རྡོ་རྗེ་ཕུར་པའི་གཟུངས་མ་བྱས་ནས༔ རྡོ་རྗེ་གཞོན་ནུའི་མན་ངག་མང་པོ་སྤེལ་དགོས་པར་འདུག༔ དེ་མིན་བོད་བླུན་པོ་འདིར་གསང་སྔགས་མི་དར་ཞིང་རྣལ་འབྱོར་པ་རྣམས་རང་སྲོག་ཀྱང་མགོ་མི་ཐོན་པར་འདུག༔ ཁྱད་པར་བོད་ཡུལ་སྤྱི་ཡི་ལྷ་འདྲེ་ཆོས་ལ་དགྲར་བལྟ་བ་མང་པོས་བར་བཅད་ནས་གསང་སྔགས་ཀྱི་བསྟན་པ་ཡེ་མི་དར༔ དར་ཀྱང་འཕྲལ་དུ་ནུབ་པར་འདུག་གསུངས་སོ༔

དེ་ལ་བདག་ཇོ་མོས་ཕྱག་འཚལ་ནས་བཀའ་དྲིན་དུ་གསེར་གཡུའི་མཎྜལ་དང་བུ་མོ་བཀྲ་ཤིས་སྤྱི་འདྲེན་བཅས་པ་ཕུལ་ནས་ཞུས་པ༔ མ་ཧཱ་གུ་རུ་ལགས༔ བདག་བུད་མེད་མཚོ་རྒྱལ་ལ་ཡོ་ག་ཚེའི་མན་ངག་གནང་བ་བཀའ་དྲིན་ཆེ་ལགས༔ ཚེའི་རྟེན་དཔའ་བོ་ཅི་འདྲ་བ་དགོས༔ ཨ་ཙ་ར་ས་ལེས་མི་ཉན་ནམ༔ གསང་སྔགས་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་བ་ནི་ཅིས་ཀྱང་བཀའ་དྲིན་ཆེ་བས༔ བུ་མོ་ཁྱེ་འདྲེན་བཅས་ཕུལ་བས་ཐུགས་རྗེས་འཛིན་ནས་གསང་སྔགས་ཀྱི་སྒོ་དབྱེ་བར་ཞུ་ཞུ༔ བདག་བུད་མེད་འདྲ་བ་ཁ་ཉེན་ལ་ནུས་པ་ཆུང་༔ སྐྱེ་བ་དམན་པས་ཀུན་གྱིས་སྡང་༔ སློང་མོ་ལ་སོང་ན་ཁྱིས་སྡང་༔ ཟས་ནོར་ཡོད་ན་རྐུན་མས་སྡང་༔ སྐྱེ་གཟུགས་ལེགས་ན་བྱི་ཕོས་སྡང་༔ བྱ་བ་མང་ན་ཡུལ་བས་སྡང་༔ མ་བྱས་པ་ལ་མི་ཁས་སྡང་༔ འགྲོས་སྟབས་ཉེས་ན་སུས་ཀྱང་སྡང་༔ གང་བྱས་ཀྱང་སྟབས་མ་བདེ་བ་བུད་མེད་ཀྱི་ཆོས་འདི་འདུག་པས༔ ཆོས་མགོ་ཐོན་པ་ནི་ལྟ་ཞོག༔ སྲོག་མགོ་ཡང་ཐོན་དཀའ་བར་འདུག་པས་བདག་ཀྱང་རྡོ་རྗེ་ཕུར་པའི་གདམས་པ་དེ་ཐུགས་ལ་འདོགས་པར་ཞུ་ཞུ༔ ཞེས་ཞུས་པས༔ གུ་རུས་ཡུད་ཙམ་ཞིག་དགོངས་པ་ལ་བཞུགས་པས༔ སླར་བཀའ་སྩལ་པ༔ ད་ཡོ་ག་ཚེ་སྒྲུབ་པ་ནི་དེད་དཔོན་དང་འདྲ་ལ༔ ཕུར་པ་ནི་མགོ་འདོན་གྱི་སྐྱེལ་མ་དང་འདྲ་བས༔ ཐོག་མར་གསང་སྔགས་གང་བསྒྲུབ་ཀྱང་བར་ཆད་སེལ་བྱེད་ཕུར་པ་སྒྲུབ་པ་གལ་ཆེ་ཞིང་༔ ཁྱད་པར་དུ་ཁྱོད་རང་གི་ལྷ་ཡང་ཕུར་པར་འདུག་པས་དེ་བྱ་ཆོག་གསུངས་ནས་ཕུར་པ་དང་ཚེ་སྒྲུབ་གང་བྱས་ཅི་ལའང་སྒྲུབ་པའི་གྲོགས་དགོས་པ་ཡིན་པས༔ འདིའི་བོད་ཡུལ་དབུ་རུ་དེར་སོང་དང་༔ ཡབ་ལྷ་དཔལ༔ ཡུམ་ཅོག་རོ་བཟའ༔ རུས་པ་རླངས་ཡིན་པ༔ བུ་ལོ་བཅུ་བཞི་ལོན་པ་ཞིག་ཡོད་པས་དེ་སྒྲུབ་པའི་གྲོགས་གྱིས་ལ༔ ལྷར་སྒྲུབས་ཞེས་གསུངས་པས༔ བདག་གིས་གུ་རུའི་བཀའ་བཞིན་གྱི་བུ་དེ་རྙེད་ནས་སླར་གུ་རུའི་དྲུང་དུ་འོང་བས༔ སློབ་དཔོན་གྱིས༔ འདི་ནི་ཕུར་པ་གྲུབ་པའི་རིག་འཛིན་ཏེ༔ རྡོ་རྗེ་ཚེ་བརྙེས་གཞན་གྱིས་གཞོམ་པར་དཀའ༔ ལྷ་ཡི་ལུང་བསྟན་བདུད་འདུལ་དཔའ་བོ་སྟེ༔ སྟོབས་ལྡན་སེང་གེ་ལྟ་བུར་མངའ་གསོལ་ནས༔ མིང་ཡང་ལྷ་ལུང་དཔལ་གྱི་སེང་གེར་ཐོགས༔ ཞེས་གསུངས་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་བཙུད་ནས་སྨིན་པར་མཛད་དོ༔ དེ་ནས་ལྷ་ལུང་དཔལ་གྱི་སེང་གེ་དང་༔ ལྷོ་བྲག་གི་ནམ་མཁའི་སྙིང་པོ་དང་༔ རྨ་རིན་ཆེན་མཆོག་དང་༔ བདག་མཚོ་རྒྱལ་དང་༔ རྡོ་རྗེ་བདུད་འཇོམས་སོགས་རྩ་བའི་བུ་ལྔ་དང་༔ བུ་མོ་བདེ་བ་མོ་འདི་དཔལ་གྱི་མཆོད་གནས་མར་ཐོགས་གསུངས་ནས་རྡོ་རྗེ་བྱན་མོར་བསྐོས༔ ཨ་ཙ་ར་ས་ལེ་འདི་དང་ཨ་ཙ་ར་དཔལ་དབྱངས་གཉིས་རྡོ་རྗེ་གིང་པར་བསྐོས་ནས༔ ཀརྨ་དོན་འགྲུབ་དང་ཀརྨ་མཐར་བྱེད་ཐོགས་གསུངས༔ མོན་བུ་ས་ལེ་འདི་བྱམས་པ་དཔལ་བཟང་ཐོགས་གསུངས་ནས་རྡོ་རྗེ་ལས་པར་བསྐོས་ནས༔ ཐོག་མར་རྩ་བའི་གཟུངས་མ་མཚོ་རྒྱལ་རང་མཛད་ནས༔ དེ་ནས་སྒྲོལ་བའི་གཟུངས་མ་བཀྲ་ཤིས་ཁྱེ་འདྲེན་མཛད་དེ༔ གུ་རུ་ཡབ་ཡུམ་གསུམ་གྱི་རྡོ་རྗེ་ཕུར་པའི་རྒྱུད་བྱི་ཏོ་ཏ་མ་དང་འབྲེལ་བའི་དཀྱིལ་འཁོར་ཨེ་ཁྲམ་བཞི་བཅུ་རྩ་གཉིས༔ ཕུར་པ་བདུན་ཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཞག་བདུན་བསྒྲུབས་པས༔ དེར་རྟགས་དང་མཚན་མ་ཐམས་ཅད་རྫོགས་ཏེ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐམས་ཅད་ཞལ་མཐོང་༔ ཀུན་རྫོབ་རྫས་ཀྱི་ཕུར་པ་རྣམས་འཕར་བཞད༔ ལྡིང་སོགས་མེ་འབར་དྲི་བཟང་འཐུལ༔ དེ་བཞིན་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་བའི་སྲོད་དུ་གུ་རུ་ཉིད༔ མཚོ་རྒྱལ་སྦྱོར་ཡུམ་ཨེ་ཀ་ཛཱ་ཏིར་བཞེངས། ཁྱེ་འདྲེན་སྟག་མོར་གྱུར་ཏོ༔ རྡོ་རྗེ་གྲོ་ལོད་དུ་སྐུར་བཞེངས་ནས་སྟོང་གསུམ་བོད་ཁམས་གླིང་བཞིའི་ལྷ་འདྲེ་རྣམས་དབང་དུ་བསྡུས་ཏེ༔ བུ་མོ་ཁྱེ་འདྲེན་སྟག་མོའི་རྣམ་པར་གྱུར་པའི་སྟེང་དུ་གུ་རུ་ཡབ་ཡུམ༔ སྦྱོར་ཡུམ་མཚོ་རྒྱལ་གཉིས་རྡོ་རྗེ་ཕུར་པའི་ཏིང་ངེ་འཛིན་གྱིས་ཕྱག་གཡས་རྡོ་རྗེ་རྩེ་དགུ་གདེངས་ཤིང་གཡོན་པས་འཁར་བའི་ཕུར་བུ་བསྒྲིལ་ནས༔ ཁྲོ་བོ་རྔམས་པའི་སྐུའི་ཆ་བྱད་ལས་རང་འདྲ་གྲངས་མེད་པ་སྤྲོ་ཞིང་༔ ཁྱད་པར་མཐིང་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་གཅིག་སྟག་ཚང་སྤ་གྲོ་རུ་གཤེགས་ནས་མོན་བལ་རྒྱ་གར་ལྷོ་སོགས་མཐའ་འཁོབ་ཡང་འཁོབ་ཀྱི་ལྷ་མ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ནས་དམ་ལ་བཏགས༔ སྨུག་ནག་རྡོ་རྗེ་ཁྲོ་ཕུར་བྱ་བ་ཞིག་ཁམས་ཀྱི་སྟག་གཙང་གཉིས་ཀྱི་མཚམས་སུ་བྱོན་ནས་ཁམས་འཇང་རྒྱ་ནག་ཧོར་སོག་མཐའ་འཁོབ་ཡང་འཁོབ་ཚུན་གྱི་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ནས་དམ་ལ་བཏགས་ཏེ་སྲོག་སྙིང་བླངས་པས༔ དེའི་ཚེ་མ་དྲོས་ཀྱི་ཟུར་ཞིག་ཏུ་གནས་པའི་ཀླུ་གདུག་པ་ཅན་དེ་གླང་བུ་དམར་པོ་ཞིག་ཏུ་བརྫུས་ནས་ཆོས་རྒྱལ་གྱི་དྲུང་དུ་སྐྱབས་ཞུ་བ་ལ་སོང་སྟེ༔ དེ་ཡང་གླང་བུ་དམར་པོ༔ ཡན་ལག་ཐམས་ཅད་ལྕགས་ཀྱིས་བཏབ་པ༔ མགོའི་སྲུབ་གས་པའི་བར་ནས་ཁྲག་དང་ཀླད་སྤྲི་འབབ་པ༔ ལྕེ་ནར་ནར་བྱེད་ཅིང་མིག་བུད་དམ་སྙམ་པ་བྱས་ནས་བྱུང་བས༔ དེར་ཆོས་རྒྱལ་གྱིས་ཁྱོད་ལ་ཅི་ཉེས་ཞེས་དྲིས་པས༔ མཐའ་ཡི་མོན་ཕྲུག་པདྨ་འབྱུང་གནས་ཀྱིས༔ འོ་སྐོལ་བོད་ཀྱི་ལྷ་མི་གཉིས་ཀ་གཏན་ནས་བརླག་པར་ཡོད་ཅིང་༔ ཁྱད་པར་ད་ལྟ་བོད་ཀྱི་ལྷ་འདྲེ་རྣམས་ལ་མ་ཉེས་པའི་ཁྲིམས་འདི་ཙམ་གྱིས་མནར་ཞིང་ཡོད་པས༔ རྒྱལ་པོ་ཆེན་པོ་ཁྱེད་ལ་བདག་སྐྱབས་སུ་འོང་བ་ཡིན་ཟེར་བས༔ དེར་ཆོས་རྒྱལ་གྱིས་སྙིང་རྗེ་ཆེན་པོ་ཞིག་ཤོར་ནས་ད་ཁྱོད་རང་འདིར་སྡོད་གསུངས་མ་ཁད་དུ་གར་སོང་ཆ་མེད་དུ་ཐལ་བས༔ ཆོས་རྒྱལ་གྱིས་ཅི་ཡིན་ནམ་དགོངས་སོ༔ དེར་གུ་རུའི་ཞལ་ནས༔ ཆོས་རྒྱལ་ཆེན་པོའི་སྙིང་རྗེ་གོ་ལོག་གྱུར༔ ད་ནི་རྒྱལ་པོའི་སྐྱེ་ཕྲེང་ཐམས་ཅད་དུ༔ བར་ཆད་དངོས་གྲུབ་འདྲེས་མར་རྒྱུན་མི་ཆད༔ མ་འོངས་ཆོས་བྱེད་ཚེ་ཐུང་རྐྱེན་ངན་མང་༔ འདི་ནས་ཚིགས་གསུམ་དུས་ན་བདུད་གླང་དམར༔ རྒྱལ་པོ་གླང་གི་མིང་དུ་བརྫུས་བྱས་ནས༔ གཅེན་པོ་བཀུམ་ནས་སྡིག་སྤྱོད་ཁྲིམས་འཛུགས་ཤིང་༔ མདོ་སྡེ་སྔགས་སྡེ་མིང་མེད་བཏང་བ་ཡོད༔ འོན་ཀྱང་ལས་ཡིན་དེ་ལ་བྱ་ཐབས་བྲལ༔ ཞེས་གསུངས་པས༔ དེར་དཔལ་གྱི་རྡོ་རྗེས་དེ་ཉིད་ང་ཡིས་འདུལ་ནུས་པར་ཤོག༔ ཅེས་སྨོན་ལམ་བཏབ་པས༔ གུ་རུས་ལེགས་སོ་བརྗོད་ནས་འདུལ་བར་ལུང་བསྟན༔ དབང་བྱིན་ནས་དཔལ་གྱི་རྡོ་རྗེར་བཏགས་སོ༔ འདི་ལ་ཞིབ་པར་ལུང་བསྟན་ཤོག་དྲིལ་ཞལ་གདམས་དང་བཅས་པ་གནང་བའོ༔ དེ་ལ་ནུས་པ་ཆེ་བ་ཀཱི་ལ་ཡ་ཉི་ཤུའི་སྒྲུབ་ཐབས་སོགས་གནང་ནས་སྒྲུབས་ཤིག་གསུངས༔ དེར་བདག་བུད་མེད་མཚོ་རྒྱལ་དང་༔ བུ་དཔལ་སེང་གཉིས་ཀྱིས་རྡོ་རྗེ་ཕུར་པ་བསྒྲུབས་པས་ལྷ་ཚོགས་རྣམས་རིང་པོར་མ་ལོན་ཙ་ནས་ཞལ་གཟིགས་ཤིང་དངོས་གྲུབ་ཐོབ་བོ༔ དེ་ནས་ཡང་གཞུང་རྡོ་རྗེ་གཞོན་ནུ་དང་འབྲེལ་བ་ཕུར་པ་སྤྱི་འདུས་དབང་སྒྲུབ་སྒྲུབ་ཆེན་དང་བཅས་པ༔ སྟོད་བྱང་ཆུབ་སྒྲུབ་པའི་ཐབས་རྡོ་རྗེ་སེམས་དཔའ་དང་འབྲེལ་བ་ཞི་བའི་སྒྲུབ་ཐབས༔ སྨད་ལས་བསད་པ་སོགས་ལས་ལ་སྦྱར་བའི་ཐབས༔ སྲས་ཀི་ལ་ཡ་དང་འབྲེལ་བ་སྒྲོལ་བའི་ལས་དུག་ཕུར་ནག་པོ་དང་བཅས་པ་གནང་ནས༔ རྡོ་རྗེ་ཕུར་པའི་སྐོར་ལ་འདི་བས་ཟབ་པ་ནི་བདག་པདྨ་འབྱུང་གནས་ལ་མེད་པས་སྒྲུབ་ལ་ནུས་པ་ཐོན་པར་བགྱིས་ནས༔ ཆ་གཅིག་བཀའ་རྒྱུད་དུ་ཞོག༔ ཆ་གཅིག་གཏེར་དུ་སྦོས་ཤིག་གསུངས་ནས་ལུང་བསྟན༔ དེ་ནས་ཚེ་དཔག་མེད་འཆི་མེད་འོད་ཀྱི་ཕྲེང་བ༔ རྡོ་རྗེའི་ཕྲེང་བ༔ གསང་བ་ཀུན་འདུས༔ རྒྱལ་བ་ཀུན་འདུས༔ ལྷ་གཅིག་བུམ་གཅིག༔ ཚེ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སོགས་གནང་བས༔ དཔལ་རྡོར་དང་ངེད་མཆེད་ལྕམ་གཉིས་ཀྱིས་ལེ་ལོ་དར་ཅིག་ཀྱང་མ་སོང་བར་བསྒྲུབས་པས༔ ལྷ་ཚོགས་ཞལ་གཟིགས་ཤིང་འཆི་མེད་ཚེའི་རིག་འཛིན་བདེ་བླག་ཏུ་འགྲུབ་པར་གྱུར་ཏོ༔ འདིའི་སྐབས་ལོག་བོན་རྣམས་བསྣུབས་པ་ཡིན་ཀྱང་འོག་ཏུ་སྟོན་ནོ༔ དཀའ་བ་ཐ་མའི་ཐ་མ་ནི་འོག་ནས་འབྱུང་བའོ༔ དེ་ནས་བོད་ཡུལ་སྤྱིའི་གནས་ནི༔ ཏི་སེ་མན༔ བྱམས་གླིང་ཡན༔ གངས་ར་ཉི་ཤུ་རྩ་ལྔ༔ རྫོང་ཆེན་བཅོ་བརྒྱད༔ གནས་ཕྲན་བརྒྱ་དང་རྩ་བརྒྱད༔ སྦས་ཡུལ་ཆེན་པོ་བཅུ་གཉིས༔ ངོ་མཚར་གྱི་གནས་བདུན༔ གསང་བའི་གནས་ལྔ༔ གཏེར་གནས་བྱེ་བ་ཕྲག་བདུན་སོགས་ལ་སྒྲུབ་པ་མཛད་ཚུལ་བསམ་གྱིས་མི་ཁྱབ་ཀྱང་༔ ལ་ལ་ནི་འོག་ནས་འཆད་པའོ༔ ཞིབ་པ་ནི་ཡི་གེ་ལ་འཇིགས་ནས་མ་བྲིས་སོ༔ སྒྲུབ་པ་མཛད་ཅིང་དཀའ་བ་སྤྱད་པའི་སྐབས་ཏེ་ལྔ་པའོ༔ སཱ་མ་ཡཱ༔ རྒྱ་རྒྱ་རྒྱ༔

གྲུབ་རྟགས་བྱུང་ནས་གྲུབ་པ་ཐོབ་ཚུལ་བསྟན་པའི་སྐབས་ཏེ་དྲུག་པ།

དེ་ནས་བསྒྲུབ་པས་རྟགས་བྱུང་ཚུལ་དང་༔ གྲུབ་པ་ཐོབ་ནས་གྲུབ་རྟགས་བསྟན་ཚུལ་གཉིས་ལས༔ དང་པོ་རྒྱས་པ་ནི་གོང་གི་ཞོར་ལ་བྱུང་བས་མ་བྲིས་ཤིང་༔ མདོར་ན་ཚིགས་སུ་བཅད་པ་འདི་སྨྲས་ཏེ༔ ཏི་སྒྲོར་མཁའ་འགྲོའི་བརྡས་བསྐུལ་ནས༔ དཀའ་བ་བརྒྱད་སྤྱད་གྲུབ་རྟགས་ཐོན༔ གཡའ་གངས་གཏུམ་མོའི་མེ་དྲོད་བརྙེས༔ འཇིག་རྟེན་འཁོར་བའི་གོས་དང་བྲལ༔ ཚོགས་ཁང་དབང་བཞི་དྲོད་དང་ལྡན༔ མཐོང་སྣང་བླ་མའི་དག་སྣང་འབྱོངས༔ བལ་ཡུལ་མི་བསད་རོ་བསླངས་ནས༔ ཨ་ཙ་ར་ནི་ཐབས་ཀྱིས་བསླུས༔ ཟབ་ལམ་བཅུད་ཀྱི་དངོས་གྲུབ་ཐོབ༔ ངག་ནི་ཚངས་པའི་དབྱངས་དང་ལྡན༔ ལུས་ནི་འཇའ་ལུས་མཁའ་སྤྱོད་འགྲུབ༔ སེམས་ནི་དུས་གསུམ་དགོངས་པར་ལྡན༔ སེང་གེ་རྫོང་དུ་སྨན་བཅུད་ལོན༔ སྨན་གྱི་ལྷ་ཚོགས་རང་ཞལ་མཇལ༔ ནེའུ་རིང་བདུད་ཀྱི་ཚོགས་ཀུན་བཏུལ༔ སློང་ཚར་རྫོགས་ནས་དངོས་གྲུབ་བརྙེས༔ ཡི་དམ་གང་བསྒྲུབས་ཞལ་གཟིགས་ནས༔ དེ་ཡི་དངོས་གྲུབ་བདེ་བར་ཐོབ༔ སྤ་གྲོ་སྟག་ཚང་ཟབ་ལམ་སྤྱོད༔ གྲོགས་གསུམ་བདེ་ཆེན་ཧེ་རུ་ཀ༔ རྩ་ཐིག་རླུང་གསུམ་རང་དབང་ཐོབ༔ འབྱུང་བ་ལྔ་ནི་བདག་དབང་བསྒྱུར༔ ལུས་ངག་ཡིད་གསུམ་སྐུ་གསུམ་གྱུར༔ ཚེ་དཔག་མེད་ཀྱི་ལུང་བསྟན་ཐོབ༔ ཕག་མོ་ཉིད་དང་དབྱེར་མ་མཆིས༔ དཀྱིལ་འཁོར་ཀུན་གྱི་གཙོ་མོར་གྱུར༔ འོན་ཕུ་སྟག་ཚང་ཕུར་པ་གྲུབ༔ སྟོང་གསུམ་ལྷ་འདྲེའི་སྲོག་སྙིང་ལོན༔ ཚེ་དཔག་མེད་ཀྱི་ལྷ་ཚོགས་གཟིགས༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ རྡོ་རྗེ་ལྟ་བུར་གཞོམ་གཞིག་མེད༔ བོད་ཡུལ་འཛམ་གླིང་སྟོད་སྨད་བར༔ ཁོ་མོ་སྒྲུབ་པའི་གནས་མཐའ་ཡས༔ བདག་གིས་བྱིན་གྱིས་མ་བརླབས་པའི༔ ས་ཁོལ་སྙིམ་པ་གང་ཡང་མེད༔ ཨེ་བདེན་མ་འོངས་རིམ་གྱིས་རྡོལ༔ བདེན་རྟགས་གཏེར་རེ་འབྱིན་པར་འོང་༔ དེ་ལྟར་གནས་ཕྲན་བསམ་ཡས་སུ༔ རྡོ་ལ་ཕྱག་ཞབས་རྗེས་ཀྱིས་བཀང་༔ སྔགས་དང་ཡིག་འབྲུ་སྐུ་བརྙན་བཀོད༔ མ་འོངས་དད་པའི་རྟེན་དུ་བཞག༔ འབྲེལ་ཚད་དོན་ལྡན་སྨོན་ལམ་བཏབ༔ གྲུབ་རྟགས་བདུད་དང་ཕྱིན་ལོག་རྣམས༔ བསྣུབས་ཚུལ་ཞིབ་པར་འོག་ནས་གསལ༔ འབྱུང་བ་ལྔ་ལ་བྱན་ཆུད་པས༔ ས་འོག་ཐམས་ཅད་གཏེར་གྱིས་བཀང་༔ མི་བརྗེད་པ་ཡི་གཟུངས་ཐོབ་པས༔ པདྨའི་བཀའ་རྣམས་བསྡུ་བར་གྱུར༔ མི་འཇིགས་པ་ཡི་གདིང་བརྙེས་པས༔ མ་འོངས་ལུང་བསྟན་ལས་ཅན་སྐྱོང་༔ སངས་རྒྱས་ཀུན་དང་མཉམ་གྱུར་པས༔ དུས་གསུམ་བདེ་གཤེགས་མཛད་ཕྲིན་རྫོགས༔ དེ་ཕྱིར་ཁོ་མོ་གྲུབ་པའི་རྒྱན༔ ཐུན་མོང་མདོར་བསྡུས་སྣང་སྲིད་དབང་༔ རྐང་མགྱོགས་མིག་སྨན་རིལ་བུ་གྲུབ༔ མཁའ་སྤྱོད་ས་སྤྱོད་གསང་སྤྱོད་གྲུབ༔ མཆོག་ནི་ཏིང་འཛིན་གསུམ་དང་ལྡན༔ དགོངས་པ་ཀུན་ཏུ་བཟང་མོའི་ཀློང་༔ མ་བསྐུངས་ཆོས་ཉིད་རྒྱན་དུ་རོལ༔ ཡར་ལ་མི་རེ་མར་མི་དོགས༔ མུ་སྟེགས་ཆད་ལྟ་མ་ལགས་ཏེ༔ སྟོང་ཉིད་ཟབ་མོའི་གདིང་དང་ལྡན༔ རྫོགས་ཆེན་བྱ་བྲལ་འབྲས་བུ་བརྙེས༔ ཨ་ཏི་ཁྱབ་གདལ་ལྷུན་གྱིས་གྲུབ༔ དགོངས་པ་ནམ་མཁའ་མཉམ་པར་ཁྱབ༔ ཐུགས་རྗེ་ཉི་མ་ལས་ལྷག་གསལ༔ བྱིན་རླབས་སྤྲིན་ཆེན་ལྟར་བས་ཟབ༔ དངོས་གྲུབ་སྦྲང་ཆར་བས་ཀྱང་མྱུར༔ དེས་ན་མ་འོངས་དད་ལྡན་རྣམས༔ གསོལ་བ་ཐོབ་དང་གནད་ཀ་ཆེ༔ རྟེན་འབྲེལ་ཟབ་མོ་བསྒྲིགས་ནས་ཡོད༔ ངན་སོང་གནས་ཀྱང་ཁོ་མོས་འདྲེན༔ འདི་སྤངས་རྒྱལ་བ་ཀུན་སྤོང་སྟེ༔ ལོག་ལྟའི་དབང་གིས་སྡུག་བསྔལ་མྱོང་༔ དེ་ཡང་ཐུགས་རྗེས་མི་གཏོང་སྟེ༔ ལས་ཟད་ཁོ་མོའི་གདུལ་བྱར་གྱུར༔ ཞེས་པའི་ཚིགས་སུ་བཅད་པ་ཇོ་མོའི་བཀའ་སྟེ་གྲུབ་རྟགས་བྱུང་ནས་གྲུབ་པ་ཐོབ་ཚུལ་བསྟན་པའི་སྐབས་ཏེ་དྲུག་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔

འགྲོ་དོན་མཛད་ཚུལ་གྱི་སྐབས་ཏེ་བདུན་པ།

དེ་ནས་འགྲོ་བའི་དོན་མཛད་པའི་ཚུལ་ནི༔ འགྲོ་བའི་དོན་ནི་སངས་རྒྱས་ཀྱི་བསྟན་དོན་ལས་མེད༔ སངས་རྒྱས་ཀྱི་མཛད་པ་ནི་འགྲོ་བའི་དོན་ལས་མེད་པའི་ཕྱིར་ཡང་འདི་ལ་སྤྱི་དོན་གསུམ་སྟེ༔ སངས་རྒྱས་ཀྱི་བསྟན་པ་རིན་ཆེན་གཞུང་ཚུགས་པར་བཙུགས་ཤིང་༔ དེ་བཙུགས་པ་ལ་བདུད་དང་ལོག་པ་རྣམས་བསལ་བའི་ཚུལ་དང་༔ གཞུང་ཚུགས་ནས་རྒྱ་ཆེ་རབ་འབྱམས་སུ་བཏང་བ་མདོ་སྔགས་གཉིས་ཀའི་སྒོ་ནས་དགེ་འདུན་གྱི་སྡེ་སྤེལ་ཞིང་བསྐྱངས་པའི་ཚུལ་དང་༔ མ་འོངས་ཇི་སྲིད་འཇིག་རྟེན་ཆགས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱལ་བའི་བཀའ་མི་ནུབ་ཅིང་འཕེལ་བའི་ཆེད་དུ་མི་ཟད་པའི་ཆོས་གཏེར་ཆེན་པོ་སྦས་པའི་ཚུལ་དང་གསུམ་ལས༔ དང་པོ་ནི༔ བོད་འདིར་རྒྱ་གར་ཤཱཀྱའི་རིགས་ལས་གདུང་ཆད་པའི་གཉའ་ཁྲི་ནས་བོད་སྤྱིའི་རྗེ་བོར་མངའ་གསོལ་ཏེ༔ ཆོས་ལུགས་ནི་བོན་དར༔ དེ་ནས་རིམ་གྱིས་བརྒྱུད་པའི་ཐ་མ་ལྷ་ཐོ་ཐོ་རི་ནས་ཆོས་ཀྱི་དབུ་བརྙེས༔ རྒྱ་གར་ཤཱཀྱའི་མཚན་གྱིས་བོད་དུ་བཞིར་ཁྱབ༔ ཆོས་དགེ་བ་བཅུ་སྒྲུབ་པའི་ལུང་ཐོབ་སྟེ༔ འདིའི་སྐབས་བོན་ནང་པའི་བསྟན་པ་དར་བས་ཆོས་དང་ཚུལ་མཐུན༔ སངས་རྒྱས་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་གཉིས་ངོ་བོ་གཅིག་ལ་རྣམ་པ་གཉིས་སུ་འདོད༔ ཅེས་གླེང་ནས་སྐུ་གཟུགས་རིས་སུ་བྲིས་པ་དར༔ ཞང་ཞུང་གསར་འགྱུར་ཟེར༔ ཆོས་ཀྱི་རྒྱལ་པོ་ཆེན་པོ་འཕགས་པ་ལོ་ཀི་ཤྭ་རའི་སྤྲུལ་པ་སྲོང་བཙན་གྱི་སྐུ་རིང་དུ་ཇོ་བོ་ཤཱཀྱ་རྣམ་གཉིས་བོད་ལ་བྱོན་ནས༔ ལྷ་ས་ར་མོ་ཆེ་གཉིས་ཀྱིས་ཐོག་དྲངས་མཐའ་འདུལ་དང་རུ་བཞི་མནན་པའི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས༔ ལྷ་ཐམས་ཅད་འབུར་སྐུ་ལུགས་སྐུ་རི་མོ་སོགས་བལ་འགྱུར་རྒྱ་འགྱུར་གཉིས་ཀ་དར༔ ཁྲ་འབྲུག་གི་ཇོ་མོ་ཞལ་ཟས་མ་རང་བྱོན་དུ་འཁྲུངས་པས་རྒྱལ་པོ་ངོ་མཚར་ནས་གཙུག་ལག་ཁང་ཁྱད་འཕགས་སུ་བཞེངས༔ ལྷ་དཀོན་མཆོག་གསུམ་གྱི་མཚན་དང་༔ ཆོས་ཡི་གེ་དྲུག་མ༔ སྐུ་ཐུགས་རྗེ་ཆེན་པོས་བོད་ཁམས་རྒྱ་ནག་ཡན་ཁྱབ༔ བོན་ནང་པ་དང་ཆོས་གཉིས་ཀ་དར༔ འདིའི་སྐབས་བོན་ཆོས་གཉིས་རིས་མེད་པས༔ སྐོར་བ་སོགས་ལ་གཡས་སུ་བསྐོར་བ་ཕྱག་རྒྱ་ཆེན་པོ༔ གཡོན་དུ་བསྐོར་བ་རྫོགས་པ་ཆེན་པོ༔ ཕྱག་འཚལ་བ་ནི་དབུ་མ་ཆེན་པོ་ཞེས་གླེང་ནས་ཁྱད་མེད་དུ་འབད་དོ༔ རྒྱལ་པོས་ཆོས་དགེ་བ་བཅུའི་ཁྲིམས་བཅས༔ རྒྱས་འབྲིང་ཐ་གསུམ་སོགས་ཐུགས་རྗེ་ཆེན་པོའི་རྒྱུད་མང་པོ་ཐོན་མི་སཾ་བྷོ་ཊས་བསྒྱུར་ནས་རྒྱལ་བློན་འབངས་ཇོ་མོ་དང་བཅས་པས་ཐུགས་དམ་ཡང་དག་པ་མཛད༔ ལྷ་གཅིག་འདི་གཤེགས་ནས་ལོ་ཉི་ཤུ་རྩ་ལྔ་ཙམ་ནས་རྒྱུ་བོན་ལོག་པ་རྣམས་དར་ཏེ༔ ཆོས་དང་བོན་ནང་པ་གཉིས་ཀ་བསྣུབས༔ བོན་ནང་པ་ནི་ད་ལྟ་ཡང་སྐད་མེད་དུ་སྡོད་དགོས་བྱུང་བ་ཡིན་ཏེ༔ བོན་ལ་ལ་ཁམས་སུ་སྤྱུགས༔ ལ་ལ་ཀོང་པོར་སྤྱུགས༔ ལ་ལ་གཙང་༔ ལ་ལ་བྱར་སོགས་ས་མཐར་སྤྱུགས༔ ཆོས་ནི་རྩ་བ་ནས་བསྣུབ་པར་བརྩམས་པས༔ རྒྱལ་བློན་གྲོས་མ་འཆམས་ནས་ཕྱོགས་འཐེན་པས་ཆེད་དུ་མ་བསྣུབས་ཀྱང་དར་བར་མ་གྱུར་ནས་རང་སར་ལུས༔ རྒྱུ་བོན་ལྟ་ལོག་གི་གྲུབ་མཐའ་ངན་པས་ཡུལ་འདི་བསླད་དེ༔ ཕྱིས་ཆོས་རྒྱལ་སྐབས་སུ་ཆོས་དར་དཀའ་བའི་རྐྱེན་དུ་མ་བྱུང་བའོ༔ རྒྱུ་བོན་གྲུབ་མཐའ་ལོག་པ་འདི་རྣམས་ཀྱི་ཆོས་ལུགས་ནི༔ ཞིང་ཁམས་བྱ་བ་མ་ཡིན་གྱི་གནས་རྣམས་ཡིན་ཟེར༔ ལྷ་ནི་མི་མ་ཡིན༔ རྒྱལ་པོ༔ འགོང་པོ་སོགས་སྡེ་བརྒྱད་རིགས་དང་༔ ཡུལ་ལྷ༔ གཞི་བདག་ཕྱྭ་གཡང་སོགས་འཇིག་རྟེན་པ་ཡིན་ཟེར༔ ཆོས་ནི་བུ་མོ་ཕར་བཏང་༔ མནའ་མ་ཚུར་ལེན༔ ཤག་སྟོན་རྒྱ་ཆེར་བྱེད༔ ཆོས་སུ་གནའ་སྒྲུང་མང་པོ་འཆད༔ བྲོ་དང་གླུ་ལེན་བྱས་པས་ཕྱྭ་གཡང་རྣམས་དགྱེས་པ་ཡིན་ཟེར༔ དེ་བཞིན་དུ་སྟོན་ཤྭ་བོ་རུ་རྐྱང་རྐེ་དམར་སྟོང་མཆོད༔ དཔྱིད་ཡུ་མོའི་བྱིན་བྲེག༔ སྲོག་གླུད་སྤུས་འགྱེད༔ དགུན་བོན་ལྷ་དམར་མཆོད༔ དབྱར་བོན་སྟོན་བསང་མཆོད་དགོས་ཟེར་ནས་མི་དགེ་བ་བཅུ༔ མཚམས་མེད་པ་དང་བཅས་པའི་ལས་བསགས༔ ལྟ་བ་ནི་ཐམས་ཅད་སེམས་དངོས་མེད་ལྷ་འདྲེའི་གཟུགས་ཡིན་པས༔ ལྷ་འདྲེ་གང་སེམས་པ་དེ་ཡིན་ཟེར༔ འབྲས་བུ་ནི་རབ་ཅི་ཡང་མེད་པའི་གནས་སུ་སྐྱེ༔ འབྲིང་མཐའ་ཡས་པའི་གནས་སུ་སྐྱེ༔ ཐ་མའང་ཡོད་མིན་མེད་མིན་གྱི་གོ་འཕང་འགྲུབ་ཟེར༔ གྲུབ་རྟགས་ནི༔ ལྷས་དངོས་སུ་གཟུགས་བསྟན་ནས་རབ་སེམས་ཅན་བསད་པའི་ཤ་ཟ་བ་དང་༔ འབྲིང་ཁྲག་འཐུང་བ་དང་༔ ཐ་མའང་འཇའ་ཟུག་ཙམ་ནུས་པ་ཡིན་ཟེར་ནས་དེ་ལ་བདེན་པར་འཛིན་ནས་བློ་ཆུང་ཕལ་གྱིས་བོན་ཕྱི་པའི་གྲུབ་མཐའ་ངན་པ་བཟུང་ནས་ཕུང་ངོ་༔ དེ་ལྟར་གྱི་རྒྱུ་བོན་ངན་པས་བོད་ཁམས་ཐམས་ཅད་ཁྱབ་ཅིང་༔ སྦྱིན་བདག་ནི་ཞང་བློན་ཕལ་གྱིས་བྱས་སོ༔

འདིའི་སྐབས་ནས་ལྷ་བྲིས་འབུར་ཐམས་ཅད་ནུབ༔ ཆོས་བཤད་ཉན་མེད༔ ལྷ་ས་ཁྲ་འབྲུག་རྣམས་ཀྱང་ཅུང་གོག་ནས་མཐའ་འདུལ་ཐམས་ཅད་འཇིག༔ བོད་ཡུལ་ཆོལ་བུར་གནས་པས༔ དེ་ནས་འཕགས་པ་འཇམ་དཔལ་ཉིད་སངས་རྒྱས་བསྟན་པའི་སྲོལ་གཏོད་ཕྱིར་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དུ་སྤྲུལ་ནས་སྐུ་འཁྲུངས༔ རྒྱ་གར་ནས་མཁས་པ་མང་པོ་དང་༔ ཟ་ཧོར་གྱི་བོ་དྷི་སཏྭ་ཡང་སྤྱན་དྲངས་ཏེ༔ བོད་ཆོས་རྒྱལ་སྲོང་བཙན་གྱིས་ཐུགས་དམ་ལྷ་ས་ཁྲ་འབྲུག༔ ར་མོ་ཆེ་རྣམས་འཇིག་གསོས་མཛད་ཅིང་རབ་གནས་བསྐྱར༔ སླར་བསམ་ཡས་བཞེངས་པར་གྲབས་པས༔ བོད་ཀྱི་ལྷ་མི་བོན་གསུམ་ཀས་བར་བཅད་དེ་རེ་ཞིག་བཤོལ༔ དེ་ནས་མཁན་པོས་ལུང་བསྟན་ཏེ༔ གཟུགས་ཅན་མི༔ གཟུགས་མེད་ལྷ་འདྲེ་གང་གིས་ཀྱང་གཏན་ནས་མི་ཚུགས་པ༔ རྡོ་རྗེའི་སྐུ་བརྙེས་པ༔ སྐྱེ་ས་པདྨ་ལས་འཁྲུངས་པའི་ཨོ་རྒྱན་གྱི་སློབ་དཔོན་སྤྱན་དྲངས་ན་མ་གཏོགས་འོ་སྐོལ་ཡོན་མཆོད་གཉིས་ཀར་བར་ཆད་དུ་འགྲོ་བར་འདུག་གསུངས་པ་ལ་བརྟེན་ནས༔ བོད་ཀྱི་འབངས་ཆོས་ལ་དཀར་བ་གསུམ་ལ་ལོ་ཙཱ་བསླབས་ནས་ཨོ་རྒྱན་གུ་རུ་རིན་པོ་ཆེ་སྤྱན་འདྲེན་དུ་རྒྱ་གར་དུ་བརྫངས༔ ལོ་ཙཱ་བ་གསུམ་བར་ཆད་མེད་པར་གུ་རུའི་དྲུང་དུ་བརྟོལ་ནས་སླར་སྤྱན་དྲངས་ཏེ་བོད་ཡུལ་དུ་ཕེབས༔ བོད་ཀྱི་རྒྱལ་པོ་བློན་འབངས་བཙུན་མོ་དང་བཅས་པས་རང་དབང་མེད་པར་དད་ནས་བསུ་རིང་གཞོང་མདར་སླེབས༔ བསུ་ཐུང་ལྷ་སར་སླེབས༔ ཆོས་རྒྱལ་དང་བཅས་པ་འོམ་བུའི་ཚལ་དུ་ཆིབས་ཁ་བླངས༔ ཡོན་མཆོད་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས༔ བོད་ཀྱི་རྒྱལ་བློན་འབངས་བཙུན་མོ་དང་བཅས་པས་གུ་རུ་ལ་དད་པས་ལྟ་ཞིང་༔ སྐུའི་ཟིལ་གྱིས་ནོན་ནས་གང་གསུངས་པ་ལ་བཟློག་ཏུ་མེད་པར་བསྒྲུབས་དགོས་བྱུང་༔ མཁན་པོས་ཀྱང་གུ་རུ་ལ་ཕྱག་མཛད་ནས་ཆོས་ཀྱི་བགྲོ་གླེང་གིས་དུས་འདའ་བར་མཛད༔ སླར་ཡང་བསམ་ཡས་སུ་རྒྱལ་བློན་འབངས་དང་བཅས་པ༔ མཁན་སློབ་ལོ་ཙཱ་དང་བཅས་པ་བྱོན་ནས་གུ་རུས་ས་དཔྱད་མཛད་ནས་ལུང་བསྟན༔ དེ་ལ་ཆོས་རྒྱལ་གྱིས་ཞུས་པ༔ ངའི་ཡབ་མེས་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔ གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་པ་ཡིན་ཀྱང་༔ ཕྱོགས་སུ་འཐོར་ཆེ་བས་ཞབས་ཏོག་མ་ཐུབ་ནས་འཇིག་སོང་བས༔ བདག་གིས་ནི་ལྕགས་རི་གཅིག་གི་ནང་དུ་གཙུག་ལག་ཁང་དེ་ཙམ་ཞིག་ཚུད་པ་བཞེངས་འདོད་ཞུས་པས༔ གུ་རུས་དེ་ཆོག་གསུངས་ནས༔ གླིང་བཞི་གླིང་ཕྲན་བཞི༔ གླིང་གཡོག་བཞི་དང་བཅུ་གཉིས༔ དབུ་རྩེ་རི་རབ༔ མཐའི་ལྕགས་རི་དང་བཅས་པས་བརྒྱན་པ་གཅིག་ཏིང་ངེ་འཛིན་གྱིས་སྤྲུལ་ནས་མངོན་སུམ་དུ་བསྟན་ཏེ༔ རྒྱལ་པོ་ཆེན་པོ་ལགས༔ འདི་ཙམ་བྱས་ན་རྒྱལ་པོའི་ཐུགས་དགྱེས་སམ་གསུངས་པས༔ རྒྱལ་པོ་ནི་ཤིན་ཏུ་དགྱེས་ཏེ༔ འདི་ནི་བསམ་པ་ལས་འདས་པ་ཞིག་འདུག་པས༔ གྲུབ་པའི་མཐའ་ཡོད་དམ༔ གྲུབ་ན་འདི་ཇི་ལྟ་བ་བཞིན་དུ་བཞེངས་ནས་མཚན་ཡང་བསམ་ཡས་བཏགས་གསུངས་པས༔ གུ་རུའི་ཞལ་ནས༔ རྒྱལ་པོ་ཆེན་པོ་ལགས་ཐུགས་རྒྱ་མ་ཆུང་སྤྱོད་མཛོད་དང་མི་འགྲུབ་པའི་ཐབས་མེད༔ ཅི་སྟེ་བོད་ཁམས་ཀྱི་གཟུགས་ཅན་མི་རྣམས་རྒྱལ་པོ་རང་གིས་དབང་གཟུགས་མེད་ཀྱི་ལྷ་འདྲེ་རྣམས་ང་ཡིས་དབང་བ་ཡིན་པས་ཅིའི་མི་འགྲུབ༔ གསུངས་ནས་སླར་བསམ་ཡས་བཞེངས་པས་ཕྱི་ཚགས་ཐམས་ཅད་འབྱོངས་ནས་སྐུ་གསུང་ཐུགས་རྟེན་གྱིས་བྱུར་བུར་བཀང་སྟེ༔ དགེ་འདུན་གྱི་སྡེ་བསྒྲིགས་ནས༔ ལོ་ཙཱ་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་ནི་གུ་རུས་ལུང་བསྟན་ཡིན་པས་ལས་ཅན་ཤ་སྟག་བྱུང་ཞིང་༔ གཞན་ཡང་བོད་ཁྲི་སྐོར་བཅུ་གསུམ་ནས་སྟོང་སྡེ་གསུམ་བསྡུས༔ སྟོང་སྡེ་གསུམ་ནས་བརྒྱ་ཕྲག་གསུམ་བན་གསར་མཛད༔ མཁན་པོར་རབ་ཏུ་བྱུང་༔ གུ་རུས་སློབ་དཔོན་མཛད༔ ལོ་ཙཱ་བས་ཆོས་བསྒྱུར་བས༔ བོན་བློན་ཆོས་ལ་གནག་པ་དང་༔ གོང་དུ་སྨོས་པའི་བོན་རྣམས་ཀྱིས་བར་ཆད་བརྩམས་ཏེ༔ ལན་མང་དུ་ལོ་ཙཱ་བ་ཁ་ཡར་སྤྱུགས་དགོས་བྱུང་བ་དང་༔ ཆོས་མཚམས་སུ་བཞག་པ་ལན་གསུམ་གྱི་མཐར༔ བན་བོན་གཉིས་ཀའི་སྡེ་བཙུགས་ཏེ༔ བོན་གྱིས་བང་སོ་ཡར་ལུང་དུ་བཏབ་པའི་ཆད་བྱས་ནས༔ རྒྱལ་བློན་ཐམས་ཅད་གྲོས་གཅིག་བློ་གཅིག་ཏུ་གྱུར་ནས༔ རྒྱ་གར་ནས་མཁས་པ་ཉི་ཤུ་རྩ་གཅིག་དུས་གཅིག་ལ་གདན་དྲངས༔ ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འཐོར་བ་རྣམས་བསམ་ཡས་སུ་བསྡུས༔ བོད་ཁྲི་སྡེ་བཅུ་གསུམ་གྱི་ནང་ནས་སྟོང་ཕྲག་གསུམ་བན་གསར་དུ་དུས་གཅིག་མཛད༔ ཞང་ཞུང་སོགས་ནས་བོན་གྱི་མཁས་པ་མི་བདུན༔ མཐུ་ཆེན་མི་བདུན་སོགས་འོ་བུར་སྤྱན་དྲངས༔ དེའི་ཚེ་དེའི་དུས་སུ་གུ་རུ་ཡབ་ཡུམ་འོན་ཕུ་སྟག་ཚང་དུ་བཞུགས་པས༔ ཆོས་རྒྱལ་གྱིས་ལོ་ཙཱ་བ་ཆེན་པོ་དྲན་པ་ནམ་མཁའ་ལ་འབངས་གསུམ༔ གུ་རུ་རིན་པོ་ཆེའི་ཆིབས་ཆེན་ཁྱུང་ནག་དགུ་འགྲོས་བྱ་བ་སོགས༔ གཞན་སྤྱི་ལའང་ཆིབས་རེ་ཁལ་རེ་བཅས་གདན་འདྲེན་དུ་བྱུང་བས༔ དེར་མྱུར་བར་བསམ་ཡས་སུ་ཕེབས༔ གུ་རུའི་ཞལ་ནས༔ རེ་ཞིག་ལྷ་སར་བཏེགས་གསུངས་ནས་གསང་སྔགས་ཀྱི་བསྟན་པ་ཚུགས་པའི་རྟེན་འབྲེལ་བདུན་མཛད་པས་ཤཱཀྱ་མུ་ནེས་གསུང་འབྱོན་ནས་ལུང་བསྟན༔ དེ་ནས་རིམ་གྱིས་ཕེབས་པས་ཟུར་མཁར་རྡོའི་འབུམ་པའི་མདུན་དུ་བསུ་བ་རྣམས་བྱས༔ བསམ་ཡས་ཡོ་འབོག་གི་ཐང་དུ་ཁྲི་ཆེན་པོ་བརྩེགས་ཏེ་གུ་རུ་རིན་པོ་ཆེ་བཞུགས་ནས༔ རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག༔ བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཕྱག་བྱས་ནས༔ སློབ་དཔོན་ཆེན་པོ་བྷི་མ་ལ་མི་ཏྲ་སོགས་མཁས་པ་ཉི་ཤུ་རྩ་གཅིག་གི་ཞལ་གཅིག་དབྱངས་གཅིག་ཏུ༔ ཨ་ལ་ལ༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་དངོས་སུ་མཇལ་བ་ད་རེས་ཙམ༔ ཨ་ལ་ལ༔ བསྐལ་པ་མང་པོར་བསགས་པའི་བསོད་ནམས་འདི་ཡིན་ནོ་ཟེར་ནས༔ ཐམས་ཅད་མཆི་མ་ཕྲུ་ལེར་གུ་རུའི་ཞལ་དཀྱིལ་ལ་ལྟའོ༔

ཁྱད་པར་དུ་གུ་རུ་བྷི་མ་ལ་མི་ཏྲ་དང་ཕ་བུ་འཕྲད་པ་ལྟ་བུའི་སྤྲོ་བ་ཆེན་པོ་མཛད་ནས༔ གཅིག་གིས་གཅིག་ལ་ཕྱག་གིས་འཇུས་ནས་སླར་དབུ་རྩེར་བྱོན༔ ཆོས་རྒྱལ་འབངས་མཁན་པོ་དང་བཅས་པས་བར་ཁང་དུ་ཕྱག་བྱས་ནས་སྟེང་ཁང་རྣམ་སྣང་དུ་བཞུགས༔ ཆོས་དར་བའི་རབ་གནས་ལན་གསུམ༔ བདུད་ནུབ་པའི་སྦྱིན་སྲེག་ལན་གསུམ་བྱ་གསུངས་པས༔ རབ་གནས་འགྲུབ༔ སྦྱིན་སྲེག་ཕྱི་མ་ཆོས་རྒྱལ་གཡེང་བས་ཁྱེར་ནས་མ་ཞུས་པས༔ གུ་རུས་མ་གནང་ངོ་༔ ད་མ་འོངས་ཙ་ན་ཆོས་དར་ཡང་བདུད་ཀྱང་དར་བར་མཆི་གསུངས༔ དེ་ནས་བོད་ཀྱི་ལོ་ཟད་ཟླ་ཟད་ཟེར་བའི་དུས་ལ་སླེབས་ནས༔ བོད་ཀྱི་ཆོས་རྒྱལ་ཆེན་པོའི་སྐུ་རིམ་དུ་བན་བོན་གཉིས་ཀ་བསམ་ཡས་སུ་འཚོགས་པས༔ བོན་གྱི་མཁས་པ་མི་ལྔ་བསམ་ཡས་སུ་སྤྱན་དྲངས་པས༔ སྐུ་གསུང་ཐུགས་རྟེན་རྣམས་ངོ་མ་ཤེས་ཤིང་ཆོས་དགེ་བ་བཅུ་བློར་མ་ཤོངས་ནས༔ ཕྱག་དང་སྐོར་བ་གང་ཡང་མི་བྱེད་ནས་ལྷ་རྟེན་རྣམས་ལ་རྒྱབ་བརྟེན་ནས་གྲལ་བསྒྲིགས་པས༔ རྒྱལ་བློན་ཕལ་ཆེར་ཡི་མ་རང་༔ དེ་ནས་སང་རྒྱལ་པོའི་ཚ་བའི་གོང་དུ་དབུ་རྩེ་རྣམ་སྣང་གི་མདུན་དུ་རྒྱལ་པོ་དང་བོན་རྣམས་མཇལ་འཕྲད་མཛད་པས༔ བོན་རྣམས་ན་རེ་རྗེ་ལྷ་གཅིག་ལགས༔ དབུས་ཡ་ཀིའི་དཔོན་པོ་གཅེར་ཧྲང་དུ་འདུག་པ༔ འཁོར་ཡང་གཅེར་ཧྲང་མི་བརྒྱད་ཀྱིས་བསྐོར་བ་འདི་ཅི་ཡི་དོད་ཡིན་ལགས༔ འདི་རྣམས་གང་ནས་བྱུང་བ་ཡིན༔ རྒྱ་གར་གྱི་པཎྜི་ཏ་མིན་ནམ་ཞེས་ཟེར་བས༔ ཆོས་རྒྱལ་ཆེན་པོའི་ཞལ་ནས༔ དབུས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་ཀྱི་སྐུ་ཚབ་ཡིན༔ འཁོར་རྣམས་སེམས་དཔའ་བརྒྱད་ཡིན་ཏེ༔ སངས་རྒྱས་ཀྱི་སྐུ་བྱ་བ་འདི་ཡིན་པས་ཕྱག་འཚལ་བ་དང་༔ མཆོད་པ་ཕུལ་བས་ལས་མི་དགེ་བ་འཛད་ལ་དགེ་བའི་ཚོགས་གསོག་པ་ཡིན་གསུངས༔ དེར་ཡང་ན་རེ༔ མས་ཀྱི་སྒོ་འགག་ཨ་རྫི་བ་ཁྲོ་བོ་གཉིས་འདུག་པ་འདི་ཅི་ཡིན༔ མི་གསོད་མཁན་མ་ཡིན་ནམ༔ འདི་རྣམས་ཐམས་ཅད་རྒྱུ་ཅི་ལས་གྲུབ་དགོས་པ་ཅི་ཡོད་ན་དྲིས་པས༔ ཆོས་རྒྱལ་གྱིས༔ སྒོ་མ་གི་འདི་གཉིས་ཁྲོ་བོ་ཆེན་པོ་ཀུན་གྱི་མཐུ་མངའ་བ་དཔལ་ལེགས་ལྡན་ནག་པོ་ཡིན༔ དམ་ཉམས་པའི་གཤེད་བྱེད༔ ཆོས་མཛད་ཀྱི་གྲོགས་བྱེད་མཁན་ཡིན༔ འདི་རྣམས་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ རྐྱེན་ལྷ་ཆེན་མཁས་པས་བཞེངས་ནས་རྒྱ་གར་གྱི་མཁས་པ་ཆེན་པོ་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་ནས༔ དགོས་པ་ནི་སངས་རྒྱས་ཀྱི་བསྟན་པ་དར་བའི་ཆེད་དང་སེམས་ཅན་རྣམས་སྒྲིབ་པ་སྦྱང་ཕྱིར་དགོས་པ་ཡིན་གསུངས་པས༔ རྒྱུ་འཇིམ་པ་ལ་མི་མཁས་པས་བཅོས་པ་ལ་འོང་རྒྱུ་ཅི་ཡོད༔ རྒྱལ་པོ་ཁྱེད་རེ་བསླུས༔ སང་ངོ་མཚར་བའི་ལྟད་མོ༔ ཚོགས་རྫོགས་པའི་མཆོད་པ༔ ཡིད་ཆེས་པའི་དངོས་སུ་གྲུབ་རྟགས་སྟོན་ནུས་པ་ངེད་བོན་རྣམས་ལ་ཡོད་པ་ཡིན་ཟེར༔ དེ་ནས་ཕྱི་རོལ་ཏུ་སྐྱོ་བསངས་ལ་སྐུ་འཆག་པས་མཆོད་རྟེན་རྣམས་མཐོང་ནས་ན་རེ༔ ཕ་གིའི་རྩེ་མོ་བྱ་ཐུལ་ཅན༔ རྐེད་པ་གཉེར་མ་ཅན༔ རྩ་བ་ཁྱི་ལུད་སྤུང་བ་འདྲ་བ་འདི་ཅི་ཡིན་ཞེས་ཟེར༔ ཡང་ཆོས་རྒྱལ་གྱི་ཞལ་ནས༔ ཕ་གི་བདེ་གཤེགས་ཀྱི་གདུང་བྱ་བ་ཆོས་སྐུའི་སྐུ་ཚབ་བྱ་བ་ཡིན༔ མིང་ལ་དོན་ཆགས་པ༔ ལོངས་སྐུ་མིན་སྤྲུལ་སྐུ་འགྲོ་བ་ཡོངས་ཀྱིས་མཆོད་པའི་རྟེན་མཆོད་རྟེན་བྱ་བ་ཡིན༔ རྩེ་མོ་ཆོས་འཁོར་རིམ་པ་བཅུ་གསུམ་ལ༔ དཔེ་བྱད་གདུགས་དང་ཏོག་གིས་བརྒྱན་པ༔ རྐེད་པ་བུམ་པ་ཆོས་སྐུའི་གཞལ་ཡས་ཚད་མེད་བཞིའི་མཚན་པ༔ རྩ་བ་སེང་ཁྲི་ཐེག་པས་བརྒྱན་ཅིང་དགོས་འདོད་ནོར་གྱི་བང་མཛོད་ཡིན་གསུངས༔ བོན་རྣམས་ན་རེ༔ དཀའ་བ་སྤྱད་ནས་བཟོས་པ་ལ་དགོས་པ་ཅི་ཡང་མེད་པ༔ དཔའ་བོས་འཐབ་ར་མི་ཉན་པ་སྡར་མས་བྲོས་ས་མི་ཉན་པ་མཚར་འདུག༔ རྒྱ་གར་པ་སྙིང་ངན་ནས་རྒྱལ་པོ་ལ་ངན་བྱས་འདུག༔ ཅེས་གླེང་བས༔ རྒྱལ་བློན་ཐམས་ཅད་ཡིད་མ་ཆེས་སོ༔ དེ་ནས་བོན་རྣམས་ཇོ་མོ་གླིང་གསུམ་རྒྱལ་པོའི་སྐུ་རིམ་ལ་འདུས༔ བོན་རྣམས་གླིང་བརྒྱད་དང་པཎྜི་ཏ་རྣམས་རྟ་མགྲིན་གླིང་དུ་བཞུགས་པས༔ བོན་རྣམས་ཀྱིས་ན་རེ༔ རྒྱལ་པོ་ཆེན་པོའི་སྐུ་རིམ་ཡིན་པས༔ ཤྭ་བ་ཕོ་རྭ་རྒྱས་དང་༔ ཡུ་མོ་གཡུ་མཐུར་ཅན༔ གཡག་ལུག་ར་གསུམ་ཕོ་སྟོང་༔ མོ་སྟོང་༔ རྒྱལ་པོའི་སྐུ་ཆས་ཡོངས་རྫོགས་དགོས་ཟེར་བས༔ དེ་ཐམས་ཅད་རྒྱལ་པོས་མྱུར་བར་སྤྲད༔ དེ་བཞིན་འཇིག་རྟེན་འདིར་སྲིད་ཚད་དགོས་ཟེར་བས་ཆས་རྣམས་སྤྲད༔ ཆང་སྣ་བརྒྱད་འབྲུ་སྣ་དགུ་དགོས་ཟེར་བས་སྤྲད་པས༔ ད་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་བོན་མཇལ་ལ་བྱོན་ཟེར་བས༔ རྒྱལ་པོ་བཙུན་མོ་བློན་འབངས་འཁོར་དང་བཅས་པ་བྱོན་ནས་གཟིགས་པས༔ དབུས་དེར་བོན་མཁས་པ་མི་དགུ་གྲལ༔ གཡས་གཡོན་དུ་མཐུ་ཆེན་མི་དགུ་དང་གཞན་རྣམས་གྲལ༔ མཆོད་གཡོག་པ་ཡིན་ཟེར་བའི་གཤེན་བོན་མང་པོས་གྲི་རེ་ཁྱེར༔ བཀྲུ་བོན་ཡིན་ཟེར་བ་མང་པོས་གསེར་སྐྱོགས་ནང་དུ་ཆུ་མང་པོ་ཁྱེར་ནས་ཤྭ་བ་སོགས་སེམས་ཅན་རྣམས་ལ་ཁྲུས་བཏབ༔ ནག་བོན་ཡིན་ཟེར་བ་འགས་འབྲུ་སྣ་བཏབ༔ ཞུ་བོན་ཡིན་ཟེར་བ་འགའ་ཞུ་བ་ཞུ་ལན་མང་པོ་ལྷ་འདྲེ་རྣམས་དང་བསྐོར༔ གཤེན་བོན་རྣམས་ཀྱིས་ཤྭ་བ་རུ་རྐྱང་ཡིན་ཟེར་ནས་ཤྭ་བའི་སྐེ་གཅོད་ནས་མཆོད༔ དེ་བཞིན་གཡག་ལུག་ར་སོགས་སུམ་སྟོང་གི་སྐེ་དུས་ཅིག་བཅད་ནས་མཆོད༔ དེ་བཞིན་ཡུ་མོའི་རྐང་བཞི་བྲེགས་ནས་མཆོད༔ འབྲི་ལུག་ར་སོགས་མོ་རོག་ཡིན་ཟེར་ནས་སུམ་སྟོང་གི་ཡན་ལག་བཞི་མ་ཤི་བར་བཤུས་ནས་མཆོད༔ དེ་བཞིན་རྟ་གླང་མཛོ་དྲེའུ་ཁྱི་བྱ་ཕག་རྣམས་ནི་བསད་ལུགས་མི་འདྲ་བ་མང་དུ་བྱེད་ནས་སྤུ་གཞོབ་ཀྱིས་བསམ་ཡས་ཁྱབ་པར་བྱས་ནས་ཤ་སྣས་མཆོད༔ བཤིག་བོན་ཡིན་ཟེར་བ་དེས་ཐམས་ཅད་སོ་སོར་བཤིག༔ བསེ་བོན་ཡིན་ཟེར་བ་དེས་ཤ་རྣམས་གསེས་ནས་དེར་གནས་པ་ཐམས་ཅད་ལ་འགྱེད༔ གྲངས་བོན་ཡིན་ཟེར་བ་དེས་རྩི༔ དེ་ནས་ཁྲག་གཟིར་བ་རྣམས་ཀྱིས་ཟངས་མང་པོ་བཀང་ནས༔ པགས་པའི་སྟེང་དུ་བསྒྲིག༔ ཡང་པགས་པ་ལ་ལའི་སྟེང་དུ་ཤ་ཐམས་ཅད་སྤུངས་ནས༔ བོན་གྱེར་འདུག་པས༔ དེར་རྒྱལ་པོ་བཙུན་མོ༔ བློན་པོ་རྣམས་ཡི་མ་རང་ཞིང་བལྟས་པས༔ ཁྲག་ལ་རླངས་པ་ཁོལ༔ རླངས་པ་ལས་འཇའ་འདྲ་བ་མང་པོ་འཁྱུག་ཅིང་༔ གཟུགས་མེད་ཀྱི་སྒྲ་ངན་པ་རྩིར་སྒྲ་དང་༔ མྱོས་སྒྲ་དང་༔ ཧུ་ཤུ་ཞེས་པ་དང་༔ ཧ་ཧ་ཞེས་པ་སོགས་མང་དུ་གྲགས་པས༔ ཁོ་རང་རྣམས་ཀྱིས་གཡུང་དྲུང་གི་ལྷ་བསྒྲག༔ ཕྱྭ་བསྒྲག༔ གཡང་བསྒྲག་སོགས་ཡིན་ཟེར་ནས་ངོ་མཚར་ནས་ཤ་ཁྲག་ཐམས་ཅད་དམར་མྱོག་མྱོག་ཏུ་མཆོད་འདུག༔ དེར་རྒྱལ་པོས་མཆོད་པ་ངན་པ་འདི་ལེགས་སམ༔ དྲིས་པས༔ རྒྱལ་པོ་ལ་ལེགས༔ ངེད་བོན་ལ་ཅུང་མ་བཟང་༔ རྒྱལ་པོ་ཆེན་པོ་ཐུགས་མ་ཆེས་སམ༔ ངོ་མི་མཚར་རམ༔ ཞེས་ཟེར༔ དེར་ཆོས་རྒྱལ་ནི་ཐུགས་ཡེ་མ་རང་༔ གཞན་རྣམས་ཀྱིས་ཅི་ཡིན་ནམ་བསམས་ནས་ཐེ་ཚོམ་མེ་པ་ལ་དབུ་རྩེར་ཕེབས༔ དེ་ཐམས་ཅད་ལོ་པཎ་རྣམས་ཀྱིས་གཟིགས་པས༔ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་གནས༔ ཤར་དམའ་བར་གྱུར་ན་ནུབ་མཐོ་བའི་རང་བཞིན༔ མེ་དང་ཆུ་གཉིས་གྲོགས་མི་འོང་༔ སངས་རྒྱས་ཀྱི་ཆོས་དང་མུ་སྟེགས་པ་འདྲེས་པའི་དོན་མི་འདུག་སྟེ༔ སྡིག་པའི་གྲོགས་པོ་རིང་དུ་སྤང་བར་བྱ༔ ལོག་པར་ལྟ་དང་སྐད་ཅིག་ཙམ་མི་འགྲོག༔ དམ་ཉམས་གནས་པའི་ལུང་པའི་ཆུ་མི་བཏུང་༔ དེས་ན་བས་མཐར་ཞི་བདེ་སྒྲུབ་ལ་བརྩོན༔ ཞེས་གསུངས་ཏེ༔ རྒྱལ་པོ་ལའང་ཡང་ན་བོད་ཡུལ་དུ་ཆོས་ཀྱི་བསྟན་པ་གནས་པ༔ ཡང་ན་བོན་རང་འཇགས་བྱེད་པ་བས་མཉམ་དུ་སྐད་ཅིག་ཀྱང་མི་འདུག་པའི་ཞུ་བ་དྲག་པོ་ལན་དགུ་ཕུལ་བས༔ ལན་ཕྱི་མ་ལ་ཆོས་རྒྱལ་གྱིས་བློན་པོ་འབངས་དང་བཅས་པ་མདུན་དུ་བོས་ནས་བཀའ་སྩལ་པ༔ ཀྱེ་མ་ཧོ༔ བོད་ཀྱི་བློན་འབངས་རྣམས་གསན་འཚལ༔ བོན་རྣམས་ཀྱིས་མཛད་ལུགས་དང་༔ ཆོས་ཀྱི་བྱེད་ལུགས་གཉིས་ནི་ལག་པ་ལྟོ་རྒྱབ་ལས་ཀྱང་སྤང་བླང་བཞག་ལེན་དུ་འདུག་པས་སུས་ཀྱང་ཡིད་ཆེས་མཐོང་ན༔ རྒྱ་གར་གྱི་མཁས་པ་རྣམས་དང་༔ བོད་ཀྱི་ལོ་ཙཱ་བ་རྣམས་དང་༔ སྟོང་སྡེ་གསུམ་གྱི་བན་གསར་ཀུན་གྱིས་གྲོས་འདི་ལྟ་བུ་བཏབ་འདུག་པས་ཅི་བྱ༔ ཞེས་གསུངས་པས༔ བོན་བློན་ཞང་རྣམས་ན་རེ༔ རྗེ་ལྷ་གཅིག་ལགས༔ ཆུ་དང་གྲམ་པ་མཉམ་དུ་ཆགས་ན་དགའ༔ སྔར་ཡང་འདི་འདྲ་བྱས་པས་ལོ་ཙཱ་པ་མང་པོ་སྤྱུགས་དགོས་པ་བྱུང་༔ ད་ཡང་འདི་ལྟར་བྱས་ན་བོན་རང་མལ་ཆོས་རང་མལ་མཛོད་དང་བདེ་བར་འདུག༔ ཅེས་ཟེར༔ དེ་ལ་འགོས་རྒན་གྱིས་ཞལ་ལྕེ་བཅད་དེ༔ ད་བོན་དར་ན་རྒྱལ་པོའི་ཐུགས་མ་རང་པས་ཐེ་ཚོམ༔ ཆོས་དར་ན་བློན་པོ་ཡིད་མ་ཆེས་པས་དོན་གཡེང་༔ གཉིས་ཀ་མཉམ་དུ་བཞག་ན་མེ་ཆུ་འདྲ་སྟེ་དགྲ་གཤེད་གྱུར༔ དེས་ན་ལྷ་དགོས་ཉམ་ཐག་ཚར་ཆོད༔ བདེན་རྫུན་ཁྲིམས་རར་ཕྱེས༔ དྲངས་བདེན་རྡེའུས་ཕྱེས༔ ཆོས་ཆོས་མིན་ལ་ཤན་ཕྱེས་ན་འབྱེད་པས་གཞན་ཅི་ཡང་བྱར་མེད་པས༔ སང་ནས་རྒྱལ་པོ་གོང་གྲལ་གྱིས༔ བློན་འབངས་མདུན་གྲལ་གྱིས༔ ཆོས་བན་གཡས་གྲལ་གྱིས༔ བོན་པོ་རྣམས་གཡོན་གྲལ་གྱིས་ལ་རྩོད་པའི་མགོ་ཕུབ༔ གྲུབ་མཐའ་ཡི་ཤན་ཕྱེས༔ བདེན་པ་ལ་སྐྱེམས་གསོལ༔ མ་བདེན་པ་ལ་རིས་ཆོད༔ བདེན་རྟགས་ཀྱི་རྫུ་འཕྲུལ་སྟོན༔ ནུས་པ་ཡིས་རྩལ་རེ་དྲོངས༔ དེ་ནས་ཆོས་བདེན་ན་ཆོས་སྐྱོང་ལ་བོན་རྣམས་རྩ་བ་ནས་བསྣུབས༔ བོན་བདེན་ན་ཆོས་བསྣུབས་ལ་བོན་འཛུགས་པའི་ཁྲིམས་ཤོམས་ཤིག༔ དེ་ལ་རྒྱལ་བློན་འབངས་བཙུན་མོ་གང་གིས་འཐེན་ན་ཁྲིམས་ལ་སྦྱོར་བས་ཐམས་ཅད་ཀྱི་རང་དམ་ཆོས་ཤིག༔ ཅེས་ཟེར་བས་རྒྱལ་བློན་བཙུན་མོ་འབངས་དང་བཅས་པས་དེ་འཐད་ཅིང་བྱེད་པའི་དམ་བཅས་ཤིང་༔ བོན་བློན་རྣམས་ཀྱིས་ཀྱང་དེ་ལྟར་བྱས་ན་ཅི་དང་གང་བྱས་ཀྱང་ནུས་པ་དང་རྫུ་འཕྲུལ་ལ་བོན་གྱི་དོ་ཡ་ཆོས་ཀྱིས་མི་འོང་སྙམ་ནས༔ དེ་རང་འཐད་པར་གྲོས་བཏབ་བོ༔ དེ་ནས་ཆོས་རྒྱལ་གྱིས་པཎྜི་ཏ་རྣམས་ལ་ལན་གསོལ་བ༔ ཨེ་མ་ཧོ༔ མཁྱེན་དང་གྲུབ་པའི་བདག་ཉིད་ལྷ་རྣམས་དགོངས༔ བན་བོན་གཉིས་ནི་གཤེད་མ་འཕྲད་དང་མཚུངས༔ གཅིག་གིས་གཅིག་ལ་ངག་ནི་མི་སྟེར་ན༔ རྒྱལ་བློན་བཙུན་མོ་ཀུན་ཀྱང་ཡིད་མི་ཆེས༔ ཆོས་བོན་གཉིས་ཀ་ཐེ་ཚོམ་དབང་གྱུར་པས༔ དེས་ན་སང་ནས་ཆོས་བོན་རྩོད་པར་ཆས༔ བདེན་རྟགས་གྲུབ་རྟགས་རྫུ་འཕྲུལ་ནུས་པ་འགྲན༔ རྒྱལ་བློན་ཡིད་ཆེས་བདེན་པ་གང་ཐོབ་ལ༔ དད་པ་བྱེད་ཅིང་དེ་ཡི་རྗེས་སུ་འཇུག༔ མི་བདེན་པ་ནི་ངེས་པར་སུན་ཕྱུང་ནས༔ མཐའ་འཁོབ་ཀླ་ཀློའི་ཡུལ་དུ་སྤྱུགས་པ་ཡི༔ རྒྱལ་བློན་ཁྲིམས་བཅས་མཁྱེན་པས་དགོངས་མཛོད་གཟིགས༔ ཞེས་གསུངས་པས་པཎྜི་ཏ་རྣམས་ཐམས་ཅད་དགྱེས་ཏེ༔ རྒྱལ་པོ་ལ་ལན་གསོལ་བ༔ ལེགས་སོ་མི་དབང་ལྷའི་རྗེ་དམ་པ༔ བྱེད་ལུགས་ཡིན་ནོ་ཆོས་རྒྱལ་ཀུན་གྱི་སྲོལ༔ ཆོས་མ་ཡིན་རྣམས་ཆོས་ཀྱིས་བཅོམ་པ་དང་༔ བདུད་དང་ལོག་པ་བདེན་པས་ངེས་པར་བཅོམ༔ མཁས་དང་གྲུབ་པ་ཐམས་ཅད་འདིར་མཆིས་པས༔ རྡོ་རྗེ་གདན་ནའང་འདི་བས་ལྷག་སུ་ཞིག༔ སྔོན་ཚེ་མུ་སྟེགས་བདེན་པས་མང་བཅོམ་ནས༔ བོན་ཞེས་སྐྱེ་བོ་བཅོམ་ལ་ཅི་ལ་འཚེར༔ གང་གི་ཕམ་ན་ཕམ་ཐོག་ཆད་པས་ཕོག༔ ཡུལ་འདིར་མི་བཞག་གཞན་སྤྱུགས་ཁྲིམས་མཛད་ལེགས༔ ཞེས་པའི་ཞུས་ལན་ཕུལ་པས་ཆོས་རྒྱལ་ཡང་ཤིན་ཏུ་དགྱེས་སོ༔

དེ་ནས་བོན་རྣམས་ལ་ཡང་དེ་དག་གི་ལོ་རྒྱུས་ཞིབ་པར་བཤད་ནས་དེའི་གྲབས་ཤོམས་ཤིག་གསུངས་པས༔ མཁས་པ་མི་དགུས་རྩོད་ན་ཐུབ་ཟེར་ནས་ཁས་བླངས༔ མཐུ་ཆེན་མི་དགུས་ནུས་པས་ཐུབ་ཟེར་ནས་ཁས་བླངས་ནས༔ དེ་ནས་ལོ་གསར་གྱི་ཚེས་བཅོ་ལྔ་ལ་བསམ་ཡས་ཡོ་འབོག་ཆེན་པོའི་ཐང་དཀྱིལ་དུ་རྒྱལ་པོས་ཁྲི་ཆེན་པོ་བཤམས་ནས་ཆོས་རྣམས་གཡས་སུ་བརྩེགས༔ ལོ་པཎ་རྣམས་དེ་ཕྱོགས་སུ་བཞུགས་སུ་བཅུག༔ བོན་རྣམས་གཡོན་དུ་བརྩེགས་ནས་བོན་པོ་རྣམས་དེ་ཕྱོགས་སུ་གྲལ༔ བློན་འབངས་རྣམས་མདུན་དུ་གྲལ་ཏེ་གཞན་ཡང་བོད་རུ་བཞིའི་ཁྲོམ་དམར་ནག་ཏུ་འཁྱིལ་བར་བསགས་ཏེ༔ དང་པོ་ཆོས་རྒྱལ་གྱི་བཀའ་ལས༔ ཧོ་བོད་ཡུལ་ངའི་མངའ་འོག་ཏུ་འདུས་པ་དག༔ ལྷ་སྡེ༔ མི་སྡེ༔ ཆོས་སྡེ༔ བོན་སྡེ༔ བློན་བཙུན་འབངས་དང་བཅས་པ་རྣམས་ཀྱིས་དགོངས་འཚལ༔ སྔོན་ཆད་ཀྱི་རྒྱལ་པོ་རྣམས་ཀྱིས་ཆོས་བོན་འདྲེས་མར་བཙུགས༔ བར་དུ་བོན་དར༔ ངས་ཀྱང་ཡབ་མེས་སྲོང་བཙན་གྱི་སྲོལ་ལྟར་ཆོས་བོན་ཟུང་དུ་འཛུགས་པར་གྲབས་ཀྱང་༔ ཆོས་བོན་གཉིས་ནི་གཤེད་མ་ལྟ་བུར་འདུག་པས༔ སྤང་བླང་བཞག་ལེན་དུ་བྱུང་བས་རྒྱལ་བློན་རྣམས་ཐེ་ཚོམ་པས༔ ད་ནི་གྲུབ་མཐའ་ཤན་ཕྱེ་བ་ཡིན་པས་ཡིད་ཆེས་གང་ཐོབ་པ་དེ་ཡི་ལུགས་བྱེད་པ་མ་གཏོགས་གང་འཐེན་ན་དེ་ཉིད་ཁྲིམས་ཀྱིས་འཇིགས་པ་ཡིན་ནོ༔

ཆོས་བོན་གང་མ་བདེན་ན་ས་མཐར་སྤྱུགས་ནས་བོད་ཡུལ་དུ་མིང་ཙམ་ཡང་མི་གྲགས་པར་བསྣུབ་པའི་བཅའ་ཁྲིམས་ཡོད་པས་ཕམ་པོས་ཕམ་ཀ་ལོངས༔ རྒྱལ་ན་རྒྱལ་ཁ་རུ་བསྟོད་པ་བྱས་ནས་ཐམས་ཅད་དེའི་རྗེས་སུ་ཞུགས་སོ༔ ཞེས་ལན་དགུ་བསྒྲགས༔ ཁྲིམས་ཡིག་རིང་མོ་ཡང་བློན་པོ་རྣམས་ཀྱིས་བསྒྲགས་ནས་ཐམས་ཅད་གནས་སོ༔ དེར་ཨོ་རྒྱན་ཆེན་པོ་ཉིད་ཤིང་ཏཱ་ལ་གང་གི་བར་སྣང་དུ་བཞུགས་ནས་བཀའ་སྩལ་པ༔ ཀྱེ་བན་བོན་ཆོས་ཀྱི་གྲུབ་མཐའ་ཕྱེ་བ་ལེགས་པས༔ ཐོག་མར་རྩོད་པ་ཀུན་གྱི་སྣ་འདྲེན་ཡིན་པས་ཤག་ཐོང་༔ བར་དུ་བརྒྱུད་པ་ཀུན་གྱི་སྤྲོ་བསྐྱེད་ཡིན་པས་བཤད་སྲོལ་གྱི་ཁོག་ཕུབ༔ ཐ་མ་གྲུབ་མཐའི་ལ་ཤན་ཡིན་པས་རྩོད་པ་རྩོད་གཞི་རྩོད་འབྲས་རྩོད་པའི་བདེན་རྫུན་ཕྱེས༔ རྗེས་སུ་རྒྱལ་བློན་ཡིད་ཆེས་པ་དང་ནུས་པ་ཡི་རྩལ་ཡིན་པས་གྲུབ་པའི་རྟགས་ཕྱུངས༔ ཞེས་གསུངས་ནས་སྐུའི་ངོ་བོ་ཤཱཀྱའི་དབང་པོ་ལྟར་བཞུགས་པས༔ རྒྱལ་བློན་བོན་དང་བཅས་པ་གཟི་བརྗིད་ཀྱིས་ནོན༔ གསུང་གི་སྤྲུལ་པ་ཞིག་པཎྜི་ཏའི་ཚོགས་དཔོན་དུ་པདྨ་སཾ་བྷ་བར་བཞུགས་པས་ལོ་པཎ་རྣམས་ཀྱིས་སྤོབས་པ་བསྐྱེད༔ ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་གྲོ་ལོད་དུ་སྤྲུལ་ཏེ་ལོག་པར་ལྟ་བ་རྣམས་བཅོམ་ཞིང་རྫུ་འཕྲུལ་ཡ་མ་ཟུང་བསྟན་པས༔ བོན་རྣམས་ཀྱང་མི་ཕྱེད་པའི་དད་པས་ཨོ་རྒྱན་ལ་བསྔགས་པ་བརྗོད་པར་གྱུར་ཏོ༔

དེ་ནས་ཨ་ཙ་ར་དཔལ་དབྱངས་དང་བོན་རྣམས་ཤག་ཀ་བཀྱེས་ནས་རྩོད་པས༔ ཤག་རྣམས་བོན་གྱིས་ཐོབ་པས༔ བོན་འཁོར་དང་བཅས་པས་དར་ཕྱར་ལྷ་གསོལ་རྒྱལ་པོས་སྐྱེམས་བཏང་བས་བོན་བློན་རྣམས་དགའ་སྟེ༔ བོན་ཤག་མཁན་རྣམས་ལ་བྱ་དགའ་ཆེན་པོ་སྟེར༔ ཆོས་རྒྱལ་ཐུགས་མ་བདེ་བས༔ སློབ་དཔོན་གྱི་ཞལ་ནས༔ ཟ་སྔ་བ་སྡུག་མགྱོགས་པའི་སྔ་ལྟས་ཡིན༔ ཤག་ཀ་རྒྱལ་ཡང་ཆོས་ལ་མི་འགྲོ༔ ད་ནི་བོན་མཁས་པ་མི་དགུ་དང་པཎ་ཆེན་རྣམས་ཆོས་བགྲོ་བ་གླེང་གསུངས་པས༔ མཁས་པ་ཆེན་པོ་བྷི་མ་ལ་མི་ཏྲ་གོང་གྲལ་ནས་བཞེངས་ཏེ༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༔ དེ་རྒྱུ་དེ་བཞིན་གཤེགས་པས་གསུངས༔ རྒྱུ་ལ་འགོག་པ་གང་ཡིན་པ༔ དགེ་སྦྱོང་ཆེན་པོས་འདི་སྐད་གསུངས༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ དགེ་བ་ཕུན་སུམ་ཚོགས་པར་སྒྲུབ༔ རང་གི་སེམས་ནི་ཡོངས་སུ་འདུལ༔ ཞེས་གསུངས་ནས་འོད་ཀྱི་ལེ་མཁའ་ལ་སྐྱིལ་ཀྲུང་དུ་བཞུགས་ཤིང་སེ་གོལ་ལན་གསུམ་བཏབ་པས་མཐུ་ཆེན་མི་དགུ་བརྒྱལ་བར་གྱུར་ཏོ༔ མཁས་པ་མི་དགུ་ཡིས་སྨྲ་བའི་ལྕེ་ཆད་ནས་ལན་མེད་དུ་ཐོམ་མེར་བསྡད་དོ༔

དེ་བཞིན་དུ་རྒྱ་གར་གྱི་མཁས་པ་ཉི་ཤུ་རྩ་ལྔ༔ བོད་ཀྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་མི་རེས་གཞུང་གི་བཤད་པས་མགོ་ཕུབ༔ རྩོད་པའི་གཞི་བླང་༔ བདེན་པའི་གྲུབ་རྟགས་ཡ་མ་ཟུང་བསྟན་པས༔ བོན་རྣམས་སྨྲ་བའི་ལྕེ་ཆད༔ བདེན་པའི་རྫུ་འཕྲུལ་མེད་པར་ནག་ཐོམ་མེར་ལུས་པས༔ དེར་བོན་བློན་རྣམས་ཀྱིས་ན་རེ༔ ད་རྩོད་པ་ལས་རྒྱལ་ཡང་རྫུ་འཕྲུལ་རེ་སྟོན་ཅིག༔ བན་དེ་རྣམས་བོད་ལྷ་མི་བདུན་ངོ་མཚར་བའི་རྫུ་འཕྲུལ༔ གཏམ་སྙན་པའི་བགྲོ་གླེང་༔ ཡིད་སྤྲོ་བའི་རྣམ་འགྱུར༔ བག་དྲོ་བའི་བྱིན་འབེབས་འདི་འདྲ་བ་དངོས་སུ་འདུག་པ་ལ་ངེད་བློན་པོ་རྣམས་རེ་བསླུས༔ གྲུབ་རྟགས་དང་ནུས་པ་མཐུ་ངན་སྔགས་གང་བྱེད་རྒྱུ་ཡོད་ན་མྱུར་དུ་གྱིས་ཤིག༔ ཅེས་སེམས་ནི་སྡུག༔ ཁོང་ཁྲོ་ནི་སྐྱེས༔ ཚིག་པ་ཟ་བའི་ཚིག་དྲག་པོས་བསྐུལ་བས༔ བོན་རྣམས་ན་རེ༔ རྒྱ་གར་ཀླ་ཀློའི་མི་རིགས་ཀྱི་གྲིབ་བོན་ལྷ་གཡུང་དྲུང་རྣམས་ལ་ཕོག་འདུག་པས༔ ད་པཎྜི་ཏ་རྣམས་དང་མི་རྩོད༔ རྒྱབ་སོར་མཐུ་བྱེད་ནས་གསོད་པ་ཡིན༔ བོད་ཀྱི་མི་ཡིན་པས་ལོ་ཙཱ་བ་རྣམས་དང་རྩོད་པ་ཡིན་ཟེར་རོ༔ དེར་ཆོས་རྒྱལ་གྱིས་པཎ་ཆེན་རྣམས་ལ་གསེར་ཕྱེ་བྲེ་རེ༔ གསེར་གྱི་པ་ཏྲ་རེ༔ ཟ་འོག་གི་ན་བཟའ་རེ་ཕུལ་ནས་བསྟོད༔ ཆོས་ཀྱི་དར་ཕྱར༔ དུང་བུས༔ ཡ་མཚན་པའི་མེ་ཏོག་གི་ཆར་དངོས་སུ་བབ༔ ལྷ་རྣམས་ཀྱིས་ནམ་མཁའ་ནས་ཚིགས་སུ་བཅད་པ་བརྗོད་ཅིང་སྐུ་དངོས་སུ་བསྟན་ནས་དེར་བོད་འབངས་ཐམས་ཅད་ངོ་མཚར་ཞིང་ཆོས་ལ་དད་པའི་མཆི་མ་ཆར་དུ་བབས་སོ༔ བོན་པོའི་གྲལ་ཕྱོགས་སུ་སེར་བ་དང་རྡོ་ཆར་ཕབ་པས་བདེན་རྟགས་ལྷ་ཡིས་ཕྱེས་པ་ཡིན་འདུག་ཟེར་ནས་བོན་བློན་རྣམས་ཀྱིས་ཆོས་ལ་ཕྱག་བྱས༔ པཎྜི་ཏ་རྣམས་ཀྱི་ཞབས་སྤྱི་བོར་བླངས༔ ལོ་ཙཱ་བ་རྣམས་ལ་བཤགས་པ་ཕུལ་བས༔ ཆོས་རྒྱལ་ལ་འཇམ་དཔལ་ཞལ་གཟིགས་ནས༔ ཆོས་དང་ཆོས་མིན་ཐམས་ཅད་ཐུགས་སུ་མཁྱེན་པར་གྱུར་ཏོ༔

དེ་ནས་བོད་ཕལ་ཆེར་གྱིས་ད་ཆོས་རྣམས་རྒྱལ་ཁ་ཟིན་ཐལ༔ ངོ་མཚར་ཡང་ཆོས་ཆེ༔ ངེད་རང་ཐམས་ཅད་ཆོས་བྱེད་ཟེར་ནས་བྱེར༔ དེར་ཆོས་རྒྱལ་གྱིས༔ ད་དུང་ལོ་ཙཱ་བ་རྣམས་དང་བོན་རྣམས་རྩོད་པ་ལ་ཤོམས་ཤིག་གསུངས་པས༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་ཐང་ནག་གཉིས་རྩོད༔ སྟོང་རྒྱུས་དང་ནམ་མཁའི་སྙིང་པོ་གཉིས་རྩོད༔ དེ་བཞིན་དུ་བོན་རེ་དང་ལོ་ཙཱ་བ་རེ་རྩོད་པས༔ བོན་གང་གིས་ཀྱང་ལོ་ཙཱ་བའི་ཞལ་ཡ་མ་བྱུང་སྟེ༔ ཆོས་རྒྱལ་གྱིས་བདེན་པ་ལ་རྡེའུ་དཀར་བཞག༔ མ་བདེན་པ་ལ་རྡེའུ་ནག་བཞག་པས༔ བཻ་རོ་བདེན་པའི་རྡེའུ་དཀར་དགུ་བརྒྱ༔ ཐང་ནག་རྫུན་པའི་རྡེའུ་ནག་སྟོང་རྩ་ལྔ་ཕོག་པས་ལོ་ཙཱ་བ་རྣམས་བསྭོ་བཏང་ནས་དར་ཕྱར༔ གནུབས་ནམ་མཁའི་སྙིང་པོ་བདེན་པའི་རྡེའུ་དཀར་སུམ་སྟོང་༔ སྟོང་རྒྱུས་རྫུན་པའི་རྡེའུ་ནག་ཁྲི་གསུམ་ཕོག་པས༔ ཡང་ལོ་ཙཱ་བ་རྣམས་དར་ཕྱར༔ ཅོག་རོ་བཟའ་གཡུང་དྲུང་བོན་མོ་མཚོ་དང་མཚོ་རྒྱལ་གཉིས་རྩོད་པས༔ མཚོ་རྒྱལ་རྒྱལ་ནས་རྫུ་འཕྲུལ་ཡང་འོག་ནས་བྱུང་བ་ལྟར་མཛད་པས་བོན་མོ་མཚོ་ཡང་སྨྲ་བ་འགགས་པར་གྱུར་ཏོ༔ དེ་བཞིན་དུ་ལོ་ཙཱ་བ་བརྒྱ་དང་ཉི་ཤུ་རྒྱལ་ཏེ༔ བོན་མཁས་པ་མི་དགུས་གཙོས་པ་ཐམས་ཅད་ཕམ་ནས་སྨྲ་བའི་སྒོ་འགག༔ ལྕེ་རྩ་བ་ནས་འཁུམས༔ ཁ་རི་ཤོ་བས་གྱོང་༔ ངོ་རྔུལ༔ སྒྱིད་འདར༔ སྐད་ཡེ་མ་ཐོན་པར་བྱུང་༔ དེ་ནས་གྲུབ་རྟགས་འགྲན་པའི་དུས་ལ་བབ་པས༔ བཻ་རོ་ཙ་ནས་སྲིད་གསུམ་ལག་མཐིལ་དུ་བཅངས༔ ནམ་མཁའི་སྙིང་པོས་ཉི་མའི་ཟེར་ལ་ཆིབས་ནས་རྫུ་འཕྲུལ་དུ་མ་བསྟན༔ སངས་རྒྱས་ཡེ་ཤེས་ཀྱིས་བགེགས་ལ་ཕུར་པ་གཟིར་བས་ཁུག༔ དགྲ་ལ་ཕུར་པ་བཏབ་པས་གུམ༔ རྡོ་ལ་ཕུར་པ་བཏབ་ནས་བསྣུན༔ རྡོ་རྗེ་བདུད་འཇོམས་ཀྱིས་རླུང་དང་བང་མཉམ༔ གླིང་བཞི་སྐད་ཅིག་གིས་འཁོར༔ བདེན་རྟགས་མཐའི་ནོར་སྣ་བདུན་རྒྱལ་པོ་ལ་ཕུལ༔ རྒྱལ་བ་མཆོག་དབྱངས་སྤྱི་བོར་རྟ་མགྲིན་ཕྱུང་ནས་རྟ་སྐད་ལན་གསུམ་བསྒྲགས་པས་སྟོང་གསུམ་རྟ་སྐད་ཀྱིས་ཁེངས༔ གཙང་རིས་ཀྱི་མགོན་པོ་སོགས་སྲིད་པ་གསུམ་སྐད་ཅིག་གིས་འདུལ༔ བདེན་རྟགས་སུ་ལྷ་ཚངས་པའི་གསེར་གྱི་འཁོར་ལོ་རྩིབས་དགུ་བ་ཕུལ༔ རྒྱལ་བའི་བློ་གྲོས་ཀྱིས་ཆུ་ལ་མི་བྱིང་བར་འགྲོ༔ ལྡན་མ་རྩེ་མང་གིས་བོན་རྣམས་ལ་ཆོས་ཀྱི་བགྲོ་གླེང་གིས་ཚར་བཅད༔ བཀའ་འགྱུར་རོ་ཅོག་ཐུགས་ནས་འཆད༔ ཨཱ་ལི་ཀཱ་ལི་བར་སྣང་དུ་དངོས་སུ་སྟོན་ནུས༔ སྐ་བ་དཔལ་བརྩེགས་ཀྱིས་དྲེགས་པ་ཅན་བྲན་དུ་དངོས་སུ་ཁོལ༔ འོ་བྲན་གཞོན་ནུས་མཚོ་ལ་ཉ་ལྟར་འཕྱོ༔ ཛྙཱ་ན་ཀུ་མཱ་རས་བྲག་ནས་བདུད་རྩི་བཏོན༔ རྨ་རིན་ཆེན་མཆོག་གིས་ཕ་བོང་ཟན་ལྟར་བཅད་ནས་གསོལ༔ དཔལ་གྱི་རྡོ་རྗེ་ནི་རི་བྲག་ལ་ཐོགས་མེད་དུ་ཟང་ཐལ་དུ་བཏོན༔ སོག་པོ་ལྷ་དཔལ་གྱིས་ལྕགས་ཀྱུའི་ཕྱག་རྒྱ་དང་བསྒོ་བའི་སྔགས་ཏིང་ངེ་འཛིན་གསུམ་གྱིས་ལྷོ་ནས་སྟག་མོ་དྲུས་མ་དངོས་སུ་དགུག༔ དྲན་པ་ནམ་མཁས་ཀྱང་བྱང་ནས་གཡག་རྒོད་དགུག༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རིགས་གསུམ་མགོན་པོ་མདུན་གྱི་ནམ་མཁར་དངོས་སུ་སྤྱན་དྲངས༔ ལང་གྲོ་དཀོན་མཆོག་འབྱུང་ལྡན་གྱིས་ཐོག་སྨད་བཅུ་གསུམ་དུས་གཅིག་ལ་ཕབ་ནས་མདའ་ལྟར་གར་གཏད་དུ་འཕངས༔ ཁྱེའུ་ཆུང་གིས་མཁའ་འགྲོ་མ་ཐམས་ཅད་ཏིང་ངེ་འཛིན་གྱིས་བཟུང་ནས་བཅིངས༔ རྒྱལ་མོ་གཡུ་སྒྲ་སྙིང་པོས་སྒྲ་ཚད་རིག་པས་ཐམས་ཅད་བཏུལ་ཞིང་༔ ཏིང་ངེ་འཛིན་རྟོགས་པས་གཞན་སྣང་ཟིལ་གྱིས་མནན་ཅིང་བཅད་བསྒྱུར་དུ་མ་མཛད༔ རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་དུ་བཞུགས༔ ཏིང་འཛིན་བཟང་པོས་མཁའ་ལ་གཤེགས་ཤིང་གླིང་བཞི་དུས་གཅིག་ལ་གཟིགས་པ་སོགས་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔས་དེ་ལྟར་དང་༔ གཞན་ཡང་ཡེར་བའི་གྲུབ་ཐོབ་བརྒྱ་རྩ༔ ཤེལ་བྲག་གི་སྔགས་པ་སུམ་ཅུ༔ ཡང་རྫོང་གི་རྟོགས་ལྡན་ང་ལྔ་སོགས་མི་རེས་གྲུབ་རྟགས་མི་འདྲ་བ་སྣ་ཚོགས་ཏེ༔ མེ་ཡང་ཆུར་བསྒྱུར་བ་དང་༔ ཆུ་ཡང་མེར་བསྒྱུར་བ་དང་༔ ནམ་མཁའ་ལ་སྤྱོད་པ་དང་༔ རི་བྲག་ལ་ཟང་ཐལ་དང་༔ ཆུ་ལ་མི་བྱིང་བ་དང་༔ མང་པོ་ལ་ཉུང་ངུ་དང་༔ ཉུང་ངུ་ལ་མང་པོ་སོགས་བྱས་པས་བོད་ཐམས་ཅད་ཆོས་ལ་རང་དབང་མེད་པར་དད་ནས༔ བོན་རང་དབང་མེད་པར་བསྣུབས་སོ༔

བློན་བོན་ལ་དགའ་བ་རྣམས་སྨྲ་བའི་ལྕེ་ཆད་དོ༔ ཁྱད་པར་དུ་ཇོ་མོ་མཚོ་རྒྱལ་དང་བོན་རྣམས་ཀྱང་རྩོད་དེ༔ བོན་རྣམས་ཕམ༔ དེའི་སྟེང་དུ་བོན་རྣམས་ཀྱིས་སྲེ་མོང་གི་སྦོས་མཐུ༔ ཁྱི་ཁ་ཟན་བོར༔ མར་མེ་ཁྲག་སྣུབ༔ ཀོ་མཐུ་ནག་པོ༔ བཙན་འགྱེད་དང་༔ བདུད་འགྱེད་སོགས༔ ངན་སྔགས་དགུ་བྱས་ནས་བན་ཕྲུག་དགུ་དུས་གཅིག་ལ་སྦུབས་ཤི་བརྒྱབས་པས༔ དེ་ཐམས་ཅད་ཇོ་མོས་ཞལ་ཆབ་རེ་ཁར་བཏབ་པས༔ སྔར་བས་ཤེས་རབ་ཀྱི་རྩལ་རྡོལ་བ་དགུ་བྱུང་ནས་སོས་པས་བོན་རྣམས་ཕམ༔ ཇོ་མོས་ཀྱང་སྡིགས་མཛུབ་མཐུ་ཆེན་མི་དགུ་ལ་གཏད་ནས་ཕཊ་དགུ་གསུངས་པས་རེངས་ནས་བརྒྱལ༔ ཧཱུྃ་དགུ་གསུངས་པས་སླར་སོས༔ དེ་བཞིན་དུ་མཁའ་ལ་སྐྱིལ་ཀྲུང་བཞུགས་པ་སོགས་འབྱུང་བ་ལྔ་ལ་དབང་བསྒྱུར༔ གཡས་ཀྱི་ཕྱག་སོར་ལྔ་ཡི་རྩེ་མོར་མེ་ཁ་དོག་ལྔའི་འཁོར་ལོ་བསྐོར་བས་བོན་ཐམས་ཅད་སྐྲག༔ གཡོན་པའི་སོར་མོ་ལྔ་ལས་ཆུ་ཁ་དོག་ལྔ་བབ་ནས་མཐའ་ཡི་རྒྱ་མཚོར་འཁྱིལ༔ མཆིམས་ཕུའི་ཕ་བོང་རྣམས་མར་བཞིན་དུ་ཕྱག་གིས་བཅད་བྲུ་བཟོ་བཅོས་སྣ་ཚོགས་མཛད༔ མཚོ་རྒྱལ་འདྲ་བའི་སྤྲུལ་པ་ཉི་ཤུ་རྩ་ལྔ་མཛད་ནས་གྲུབ་རྟགས་མི་འདྲ་བ་ཉི་ཤུ་རྩ་ལྔ་མཛད་པས༔ བོན་རྣམས་བུད་མེད་ཀྱི་ཞལ་ཡ་ཡང་མ་བྱུང་ཟེར་ནས་བོད་ཆེན་པོས་སྨད་ཁ་སྒྲོག་པར་གྱུར་ཏོ༔ དེར་བོན་རྣམས་ན་རེ༔ ད་དེ་སང་ནས་མཐུ་ཆེན་མི་དགུས་ཐོག་དུས་གཅིག་ལ་ཕབ་ནས་བསམ་ཡས་ཐལ་ཕུང་དུ་གཏོང་ཟེར་ནས༔ ཧས་པོ་རིར་གཤེགས་ནས་ཐོག་ཕབ་པས༔ མཚོ་རྒྱལ་གྱིས་ཐོག་ཐམས་ཅད་སྡིགས་མཛུབ་ཀྱི་རྩེ་མོར་དཀྲིས་ཏེ་སླར་འོ་བུའི་བོན་གླིང་དུ་འཕངས་པས་ཐམས་ཅད་ཕུང་༔ བོན་ཐོག་ཏུ་ཐོག་སྨད་བཅུ་གསུམ་ཕབ་པས་བོན་རྣམས་སླར་བསམ་ཡས་སུ་ལོག་ནས་བབ་བཏང་བའོ༔

དེ་བཞིན་དུ་བོན་རྣམས་རྩལ་ནུས་ལས་ཕམ་ནས་སྤྱུགས་པར་བྱས་ཚེ༔ སྟག་ར་ཀླུ་གོང་སོགས་བློན་རྣམས་ཁས་བཙན་པས་སྤྱུག་ཏུ་མ་བཏུབ་ནས་སླར་ཡང་འོ་བུ་རུ་གཤེགས་ནས་དཔལ་མོའི་ལས་ཕྲན་སྐོར་དགུ༔ ལས་ཆེན་སྐོར་དགུ༔ མེ་གཏད་ཆུ་གཏད༔ ས་གཏད༔ རླུང་འཁོར་སོགས་མཐུ་ཡི་རྩལ་ཕྱུང་སྟེ་བོད་ཐམས་ཅད་འཕུང་བའི་ཤོམས་ཆེན་པོ་བྱས་པས༔ དེར་ཆོས་རྒྱལ་གྱིས་ལོ་ཙཱ་དང་པཎྜི་ཏ་རྣམས་ལ་ལོ་རྒྱུས་བཤད་ནས་ཟློག་པའི་ཐབས་ཞུས་པས༔ དེར་གུ་རུས་ལུང་བསྟན་ནས༔ ཇོ་མོ་སོང་ལ་རྒྱལ་པོའི་སྐུ་སྲུང་མཛོད་གསུངས་པས༔ དེར་དབུ་རྩེར་ཇོ་མོ་མཚོ་རྒྱལ་གྱིས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབས་པས༔ ཞག་བདུན་ནས་ལྷ་ཚོགས་ཞལ་གཟིགས༔ ནུས་པའི་རྟགས་ཐོན་ནས༔ བྱད་མ་རང་གཤེད་དུ་བབ་སྟེ༔ བོན་རྣམས་རང་གཤེད་རང་འཁོར་དུ་སོང་སྟེ༔ སྟག་ར་ཀླུ་གོང་གཉིས་སོགས་བོན་བློན་ཆོས་ལ་གནག་པ་བདུན་དུས་ཅིག་ཏུ་གུམས༔ མཐུ་ཆེན་མི་དགུ་ཡི་ནང་ནས་བརྒྱད་ཤི་གཅིག་ལུས༔ དེ་སོགས་བོན་གྲ་སྟོངས་པར་གྱུར་ཏེ་མཐུ་ཡིས་ཕམ༔ དེ་ནས་ཆོས་རྒྱལ་ཆེན་པོས་འཕྲལ་དུ་བོན་ཐམས་ཅད་བསམ་ཡས་སུ་བསྡུས༔ ཅུང་ཟད་ཁྲིམས་ཀྱིས་མནར་བས༔ གུ་རུའི་ཞལ་ནས༔ བོན་ནང་པ་ནི་ཆོས་དང་མཐུན་པས་རང་མལ་དུ་བཞག་མཛོད༔ ལོག་བོན་འདི་རྣམས་མུ་སྟེགས་པ་དང་ཁྱད་མེད་པས་བསད་ན་མི་ཉན་པས༔ ཡུལ་མཐར་སྤྱུགས་ཤིག་གསུངས་པས༔ ཆོས་རྒྱལ་གྱིས་གུ་རུའི་གསུང་ལྟར་བོན་དཔེ་རྣམས་ཕྱི་ནང་ཕྱེས༔ ཕྱི་བོན་ཐམས་ཅད་ཀྱི་དཔེ་རྣམས་མེ་ལ་བསྲེགས༔ ནང་བོན་རྣམས་གཏེར་དུ་བཞག༔ དེ་ནས་བོན་ནང་པ་རྣམས་ཞང་ཞུང་དང་བོད་ཀྱི་མཐར་སྤྱུགས༔ ཕྱི་བོན་རྣམས་ནི་སོག་པོ་སྤྲེའུ་སླག་ཅན་གྱི་ཡུལ་དུ་སྤྱུགས་ནས༔ དེང་ཕྱིན་ཆད་རྒྱལ་བློན་འབངས་གསུམ༔ བོད་དང་བོད་མ་ཡིན་པ་ཆོས་རྒྱལ་གྱི་མངའ་འོག་ཏུ་གཏོགས་པ་ཐམས་ཅད་བོན་མི་བྱེད་པའི་ཁྲིམས༔ ཆོས་བྱེད་པའི་ཁྲིམས་ལ་བརྟེན་ནས་བོད་ཁམས་རྒྱ་ནག་པོའི་ཁྲི་སྒོ་ཡན་ཆད་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ༔ དགེ་འདུན་གྱི་སྡེ༔ ཆོས་ཀྱི་སྒྲ་བཤད་དང་སྒྲུབ་པའི་སྡེ་ཡིས་ཁྲིགས་ཀྱིས་ཁེངས་པར་གྱུར་ཏོ༔

དེ་ནས་ཆོས་རྒྱལ་ཆེན་པོས་ཁྲིམས་བར་བ་བསྡམས་ནས༔ བསམ་ཡས་སུ་ཆོས་ཀྱི་རྔ་བརྡུངས༔ ཆོས་ཀྱི་དུང་བུས༔ ཆོས་ཀྱི་དར་ཕྱར༔ ཆོས་ཀྱི་ཁྲི་བཤམས་ཏེ༔ རྒྱ་གར་གྱི་མཁས་པ་ཉི་ཤུ་རྩ་གཅིག་རྣམས་ཟ་འོག་གི་འབོལ་དགུ་བརྩེགས་སྟེང་དུ་བཞུགས༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་༔ ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏྭ་དང་༔ ཁ་ཆེའི་མཁས་པ་བི་མ་ལ་མི་ཏྲ་དང་རྣམ་པ་གསུམ་ནི་གོང་དུ་གསེར་ཁྲི་ཆེན་པོ་ལ་བཞུགས༔ ལོ་ཙཱ་བ་བཻ་རོ་ཙ་ན་དང་ནམ་མཁའི་སྙིང་པོ་གཉིས་ཟ་འོག་དགུ་བརྩེགས་ཀྱི་སྟེང་དུ་བཞུགས་ཤིང་༔ གཞན་ལོ་ཙཱ་བ་རྣམས་ལ་ཟ་འོག་གི་གདན་ཉིས་བརྩེགས་དང་སུམ་བརྩེགས་ཀྱི་སྟེང་དུ་བཞུགས༔ དེ་དག་ཐམས་ཅད་ལ་གསེར་སོགས་དངོས་པོའི་སྐྱེམས་སྐྱེས་གྱ་ནོམས་པ་ཕུལ་ཞིང་༔ རྒྱ་གར་གྱི་མཁན་ཆེན་རྣམས་ལའང་ཟ་འོག་ཡུག་དགུ་རེ༔ གསེར་གྱི་པ་ཏྲ་གསུམ་རེ༔ གསེར་ཕྱེ་བྲེ་གསུམ་རེ་སོགས་དངོས་པོའི་ཚོགས་ཀྱིས་རི་ལྟར་དུ་སྤུངས་ཤིང་༔ ཨོ་རྒྱན་ཟ་ཧོར་ཁ་ཆེ་གསུམ་གྱི་མཁན་པོ་རྣམས་ལ་ནི་གསེར་གཡུའི་མཎྜལ་དར་ཟབ་ཀྱི་ཕུང་པོ་སོགས་གྲངས་ལས་འདས་པས་ཞབས་ཏོག་ཕུལ་ནས༔ བོད་ཡུལ་དུ་མདོ་སྡེ་སྔགས་སྡེ་གཉིས་ཀྱི་གཞུང་སྲོལ་སྤེལ་བའི་ཞུ་བ་ཕུལ་བས༔ པཎ་ཆེན་ཐམས་ཅད་དགྱེས་པའི་ཞལ་འཛུམ་པ་དང་བཅས་པས་ལགས་སོ་བརྗོད༔ མཁན་སློབ་བི་མ་ལ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་ཆོས་རྒྱལ་གྱི་ཐུགས་དགོངས་མ་རྫོགས་བར་དུ་སྐྱོང་བའི་ཞལ་མཆིད་ཟབ་མོ་གནང་ནས༔ བསམ་ཡས་སུ་བཤད་པའི་གྲྭ་སྡེ་སྟོང་ཕྲག་བདུན༔ མཆིམས་ཕུར་སྒྲུབ་པའི་གྲྭ་སྡེ་བརྒྱ་ཕྲག་དགུ༔ ཁྲ་འབྲུག་ཏུ་བཤད་པའི་གྲྭ་སྡེ་སྟོང་ཕྲག་གཅིག༔ ཡང་རྫོང་དུ་སྒྲུབ་པའི་གྲྭ་སྡེ་བརྒྱ་ཕྲག་གཅིག༔ ལྷ་སར་བཤད་པའི་གྲྭ་སྡེ་སྟོང་ཕྲག་གསུམ༔ ཡེར་བར་སྒྲུབ་པའི་གྲྭ་སྡེ་བརྒྱ་ཕྲག་ལྔ་སྟེ༔ ཆོས་སྡེ་གསུམ་པོ་ཟུང་དྲུག་འདི་ལོ་གཅིག་ནང་དུ་དུས་གཅིག་འགྲིགས་པར་གྱུར་ཏོ༔ གཞན་ཡང་ཁམས་ཀྱི་གླང་ཐང་༔ མི་ཉག་གི་རབ་སྒང་༔ འཇང་གི་རྒྱལ་ཐམ༔ སྨར་གྱི་བྱ་ཚང་༔ རོང་བཞི༔ སྒང་དྲུག༔ སྤུ་བོའི་མདོང་ཆུ༔ བར་ལམ་གྱི་རོང་ལམ༔ ཀོང་པོའི་བུ་ཆུ༔ མཆིམས་ཡུལ༔ དྭགས་པོའི་དྭངས་ལུང་༔ བོད་རུ་བཞིའི་གཙུག་ལག༔ གཙང་གི་སྟག་གདན་ཇོ་མོ་ནང་༔ ལ་ཕྱི་སོགས་གཙང་དང་གཙང་རོང་མངའ་རིས་མན༔ ཆོས་སྡེ་དང་སྒྲུབ་སྡེའི་ཚོགས་བསམ་གྱིས་མི་ཁྱབ་པ་བཙུགས་པའོ༔

སྤྱི་དོན་གཉིས་པ་བདག་ཇོ་མོས་འགྲོ་བའི་དོན་དུ་དགེ་འདུན་གྱི་སྡེ་བསྐྱངས་པའི་ཚུལ་ནི༔ དེ་ནས་སངས་རྒྱས་ཀྱི་བསྟན་པ༔ དགེ་འདུན་གྱི་སྡེ༔ སྔགས་ཀྱི་གྲྭ༔ ཆོས་ཀྱི་བཤད་སྲོལ་ནི་བོད་ཡུལ་དུ་དར་ཞིང་རྒྱས་ལ་འགྲན་པ་དང་བྲལ་བར་གྱུར་ནས༔ རྒྱ་གར་རྒྱ་ནག་བལ་ཡུལ་སོགས་ཀྱི་མཁས་པ་རྣམས་ལ་སྐུ་དྲིན་གཏང་རག་ཏུ་གསེར་དང་ནོམ་པས་དགྱེས་པ་བསྐངས་ནས་རང་ཡུལ་དུ་བྱོན༔ མཁན་སློབ་བི་མ་ལ་བཅས་མལ་དུ་བཞུགས་ནས་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ༔ ཆོས་རྒྱལ་ཆེན་པོའི་ཐུགས་ཀྱི་དགོངས་པ་ནི་ཡོངས་སུ་རྫོགས༔ མངའ་ཐང་དང་མངའ་རིས་ནི་དགུང་བས་མཐོ༔ མཐའ་བཞིའི་དགྲ་ཐམས་ཅད་ནི་ཐུལ༔ ལོག་པའི་བོན་ནི་ནུབ༔ བསམ་པ་ཕྲའུ་ཙམ་ཡང་མ་ལུས་པར་གྲུབ་ནས༔ རྒྱལ་སྲས་མུ་ནེ་བཙན་པོ་རྒྱལ་ཁྲི་ལ་བསྐོས་ནས༔ ཆོས་རྒྱལ་ཉིད་ཉོན་མོངས་པའི་བསྙུན་ཕྲའུ་ཙམ་གྱི་ཟུག་རྔུས་ཀྱང་མ་ནོངས་ཏེ༔ བདེ་བ་ནས་བདེ་བར་གཤེགས་པའི་ངང་ཚུལ་གྱིས་སྲོད་དང་པོ་ལ་རྒྱལ་བུ་བཙུན་མོ་འབངས་བློན་རྣམས་ལ་ཞལ་གདམས་གནང་ངོ་༔ གུང་ལ་ལྷ་ཁང་ཡོངས་ལ་རབ་གནས་ཀྱི་མེ་ཏོག་ཕུལ་ཞིང་བཀྲ་ཤིས་མཛད༔ ཐོ་རངས་དང་པོ་ལ་ལྷའི་བསྐྱེད་རིམ་གྱི་མངོན་རྟོགས་གསུངས༔ ནམ་གསེང་བ་དང་དུས་མཚུངས་འོད་གསལ་གྱི་ངང་དུ་འཕགས་པ་འཇམ་དཔལ་གྱི་ཐུགས་ཀ་རུ་ཐིམ་ནས་མི་སྣང་བར་གྱུར་ཏོ༔ དེ་ནས་རྒྱལ་སྲས་ལ་བཙུན་མོས་ཕྲ་མས་དུག་བཏང་ནས་བཀྲོངས༔ དེའི་རྗེས་སུ་རྒྱལ་སྲས་མུ་ཁྲི་བཙན་པོ་ཁྲི་ལ་བསྐོས་ནས་མངའ་གསོལ༔ དེའི་སྐབས་སུ་བཙུན་མོ་རྣམས་ཆོས་ལ་གནག་པས༔ དགེ་འདུན་སྡེ་གཉིས་ཀྱི་བར་དུ་དབྱེན་བཅུག་སྟེ་འཁྲུགས་པའི་ཚེ༔ ཇོ་མོས་ཐབས་དང་ཐུགས་རྗེས་བསྡུས་ནས་འདུམས་པར་མཛད་ཅིང་༔ སླར་མི་འཁྲུག་པའི་ཁྲིམས་བྱས༔ ཡང་དེའི་སྐབས་སུ༔ བསམ་ཡས་ཧས་པོ་རི་ལ༔ བོན་ནང་པར་གཏོགས་པའི་ཅོག་རོ་བཟའ་བོན་མོ་མཚོ་བྱ་བ་མཚོ་རྒྱལ་མ་དང་ཆུང་ནས་འདྲིས་ཆེ་བ་ཞིག་ཡོད་པ་དེས་ཀྱང་མཚོ་རྒྱལ་ལ་རྩི་དུག་བཟང་པོ་བཏང་བས༔ མཚོ་རྒྱལ་གྱིས་མཁྱེན་བཞིན་དུ་གསོལ་ནས་བཀའ་སྩལ་པ༔ ཀྱེ་མ་ཉོན་དང་སྙིང་གི་གྲོགས༔ རྩི་ལྡན་བཅུད་འདི་ཤིན་ཏུ་ལེགས༔ ང་ནི་ཟག་མེད་རྡོ་རྗེའི་སྐུ༔ རྩི་ཉིད་རྩིར་གྱུར་ངོ་མཚར་ཆེ༔ ཁྱོད་ཀྱི་བསམ་པ་མི་རྫོགས་ཀྱང་༔ བདག་ལ་ཚོགས་ཆེན་རྫོགས་པར་གྱུར༔ ད་ནི་མིག་སེར་མ་བསགས་ལ༔ བན་བོན་ཕྱོགས་རིས་མེད་པར་སྦྱོངས༔ གསོལ་བ་ཡི་དམ་ལྷ་ལ་ཐོབ༔ དག་སྣང་གྲོགས་མཆེད་ཡོངས་ལ་གྱིས༔ སྙིང་རྗེ་མ་ནུས་པ་ལ་ཐོང་༔ མོས་གུས་བླ་མ་རྗེ་ལ་མཛོད༔ ཅེས་གསུངས་པས་སྐུ་ཐམས་ཅད་འཇའ་ཚོན་སྤུང་སྤུང་༔ འོད་ཟེར་ཁྲུག་ཁྲུག༔ བ་སྤུའི་ཁུང་བུ་ཐམས་ཅད་རྡོ་རྗེས་ཁྲིགས་ཤིགས་གང་བར་གྱུར་པས༔ མོ་ཡང་སྐྱེངས་ཆེས་ནས་དེར་མ་བཞུགས་ཏེ་ཡུལ་གཞན་དུ་བཞུད་དོ༔ དེར་བཙུན་མོ་རྣམས་ཀྱིས་དེའི་ཞེ་ནད་ཀྱིས་མཚོ་རྒྱལ་ཡང་གཙང་དུ་སྤྱུགས་པས༔ དེར་དང་པོ་ཁ་རག་གངས་སུ་བཞུགས་པས༔ གནས་དེར་སྒྲུབ་པའི་སྡེ་སུམ་བརྒྱ་ཙམ་འདུས་པས༔ ཕྱིས་སུ་ཇོ་མོ་ཁ་རག་ཟེར་བ་བྱུང་ངོ་༔ གྲུབ་པ་ཐོབ་ཅིང་རྫུ་འཕྲུལ་སྟོན་ནུས་པ་སུམ་ཅུ་རྩ་དགུ་བྱུང་བས༔ དེའི་ནང་ནས་འགྲོ་དོན་ནུས་པ་ཉི་ཤུ༔ མ་ཇོ་མོ་དང་མཉམ་པ་བདུན་བྱུང་སྟེ་འགྲོ་བའི་དོན་ཚད་མེད་པ་འགྲུབ་པའོ༔ དེ་ནས་ཇོ་མོ་ནང་དུ་བསྒྲུབས་པས༔ བཙུན་མ་སྟོང་ཕྲག་གཅིག་འདུས་པས༔ འགྲོ་དོན་ནུས་པ་བརྒྱ༔ ཇོ་མོ་དང་མཉམ་པ་བདུན༔ གྲུབ་པ་ཐོབ་པ་ལྔ་བརྒྱ་བྱུང་སྟེ་མིང་ཡང་ཇོ་མོ་ནང་ཞེས་གྲགས་སོ༔

དེ་ནས་གསང་སྔགས་འུག་པ་ལུང་དུ་བྱོན་ནས་བསྒྲུབས་པས༔ གཙང་ཕྱོགས་ཐམས་ཅད་མ་ཇོ་མོའི་སྙན་པས་ཁྱབ་ནས་སྔགས་བཙུན་སྟོང་ཕྲག༔ བཙུན་མ་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གསུམ་འདུས་པས༔ དེ་ཐམས་ཅད་གསང་སྔགས་བླ་མེད་ཀྱིས་སྨིན་གྲོལ་ལ་བཀོད་ཅིང་ཕྱིར་མི་ལྡོག་པ་ཤ་སྟག་ཏུ་གྱུར་ཅིང་གཙང་གི་ལས་ཅན་མི་བདུན༔ གྲུབ་ཆེན་བརྒྱད་ཅུ་ཟེར་བ་བྱུང་༔ ཁྱད་པར་དུ་དེ་ཐམས་ཅད་ལ་བཀའ་བརྒྱུད་ཀྱི་ཚུལ་གྱིས་གདམས་པ་སྤེལ༔ ཇོ་མོ་ནང་དུ་སྙན་རྒྱུད་མན་ངག་གི་ཚུལ་དུ་སྤེལ་བས༔ གཞུང་ཚུགས་པ་འུག་པ་ལུང་དུ་བྱུང་༔ གྲུབ་ཐོབ་པ་ཁ་རག་དང་ཇོ་མོ་ནང་དུ་མང་བ་བྱུང་བའོ༔ དེ་ནས་ཤམ་པོ་གངས་སུ་བཞུགས་པས༔ ཇག་པ་མི་བདུན་བྱུང་ནས་ཇོ་མོའི་ཆས་རྣམས་འཕྲོགས༔ ཇོ་མོ་ལ་སྦྱོར་བ་བྱས་པས༔ ཇོ་མོས་དགའ་བ་བཞི་ངོ་སྤྲད་པའི་མགུར་འདི་གསུངས་སོ༔

ན་མོ་གུ་རུ་པདྨ་སིདྡྷི་ཧྲཱི༔ མ་ཡུམ་ཆེན་ང་དང་འཕྲད་པའི་བུ༔ སྔོན་བསོད་ནམས་མང་པོ་བསགས་པའི་མཐུས༔ དུས་ད་ལྟ་དབང་བཞི་རྐྱེན་གྱིས་བླངས༔ དགའ་བཞིའི་འགྲོས་ལ་མ་ཡེངས་བུ༔ མ་ཡི་དཀྱིལ་འཁོར་མཐོང་བ་དང་༔ ཁྱོད་ཆགས་པའི་འདུ་ཤེས་ཏུར་གྱིས་སྐྱེས༔ དེ་བུམ་དབང་ཐོབ་པའི་དད་པ་ཡིན༔ ཆགས་པའི་ངོ་བོ་ཉམས་སུ་ལོངས༔ བསྐྱེད་རིམ་ལྷ་དང་གཉིས་མེད་སྲེས༔ ཡི་དམ་ལྷ་ཞེས་གཞན་མེད་པས༔ ཆགས་སེམས་ལྷ་ཡི་སྐུར་སྒོམས་བུ༔ མ་ངའི་དཀྱིལ་འཁོར་མཁའ་དང་སྦྱོར༔ བདེ་བ་ཆེན་པོས་རྩ་ནས་གཡོས༔ སྡང་སེམས་ཞི་ནས་བྱམས་སེམས་སྐྱེས༔ དེ་གསང་དབང་ཐོབ་པའི་ནུས་པ་ཡིན༔ དགའ་བའི་ངོ་བོ་ཉམས་སུ་ལོངས༔ རླུང་དང་བསྲེས་ལ་ཅུང་ཞིག་བསྐྱིལ༔ ཕྱག་རྒྱ་ཆེན་པོ་ལོགས་ན་མེད༔ བདེ་བ་ཕྱག་ཆེན་ཉམས་ལོངས་བུ༔ མ་ང་ཡི་བདེ་ཆེན་དབྱིངས་དང་སྦྱོར༔ བརྩོན་འགྲུས་རང་དབང་མེད་པས་བསྐུལ༔ ཁྱོད་དང་ང་གཉིས་ཐུགས་ཡིད་འདྲེས༔ དེ་ཤེར་དབང་ཐོབ་པའི་བྱིན་བརླབས་ཡིན༔ བདེ་བའི་ངོ་བོར་མ་ཡེངས་སྐྱོངས༔ བདེ་ཆེན་སྟོང་པ་ཉིད་དང་སྲེས༔ བདེ་སྟོང་ཟག་མེད་ལོགས་ན་མེད༔ བདེ་ཆེན་མཆོག་དགའ་ཉམས་ལོངས་བུ༔ མ་ང་ཡི་བདེ་བའི་རྩ་དང་སྦྱར༔ བྱང་སེམས་གཅིག་འཕྲོ་གཉིས་པ་ཉམས༔ བདག་དང་གཞན་གྱི་སྣང་བ་འགག༔ དེ་རྩལ་དབང་ཐོབ་པའི་ཡེ་ཤེས་ཡིན༔ སྣང་བའི་ངང་དུ་གཉུག་མ་སྐྱོངས༔ རྗེས་ཆགས་སྟོང་པ་ཉིད་དང་སྲེས༔ རྫོགས་པ་ཆེན་པོ་ལོགས་ན་མེད༔ ལྷན་སྐྱེས་དགའ་བྲལ་ཉམས་ལོངས་བུ༔ འདི་ནི་མན་ངག་ཁྱད་དུ་འཕགས༔ ཐུག་འགྱེལ་འཕྲད་གྲོལ་ངོ་མཚར་ཅན༔ དབང་བཞི་གདན་ཐོག་གཅིག་ཏུ་ཐོབ༔ གྲུབ་པ་དགའ་བ་བཞི་ཡིས་སྨིན༔ ཞེས་གསུངས་པ་དང་དུས་མཉམ་ཇག་པ་བདུན་སྨིན་གྲོལ་དུས་གཅིག་ཏུ་གྱུར་ནས༔ རྩལ་རླུང་རང་དབང་ཐོབ་ཅིང་དགའ་བཞིའི་འགྲོས་ལ་མཁས་ཏེ༔ གྲུབ་ཆེན་ཇག་པ་བདུན་པོས་ལུས་མ་སྤངས་པར་ཨོ་རྒྱན་ཡུལ་དུ་བྱོན་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་གྱུར་ཏོ༔

དེ་ནས་ཡང་ཇོ་མོ་དཔོན་སློབ་བདུན་མཛད་ནས་བལ་པོ་རུ་བྱོན་པས༔ སྔོན་གྱི་ཡོན་བདག་རྣམས་དང་བལ་པོའི་རྒྱལ་པོ་ཇི་ལ་ཇི་པས་ཇོ་མོ་ལ་ཡོན་བདག་བྱས་ནས་གུ་རུའི་མན་ངག་མང་པོ་སྤེལ༔ དེར་ཡབ་བྷ་དན་ན་དང་༔ ཡུམ་ན་གི་ནི་བྱ་བའི་བུ་མོ་ཌཱཀྐི་ནཱི་བྱ་བ་ལོ་བཅུ་བཞི་ལོན་པ་ཞིག་འདུག་པ་དེ་རྗེས་སུ་བཟུང་སྟེ༔ མིང་དུ་སྐུའི་ཌཱཀྐི་རིགས་ལ་སྔགས་ཀྱི་དངོས་གྲུབ་བརྙེས་པ་ཞིག་འོང་བར་འདུག་པས་ཀ་ལཱ་སིདྡྷི་ཐོགས་གསུངས་ནས་སླར་ཁོ་ཤོད་ནས་རིམ་གྱིས་མང་ཡུལ་དུ་བྱོན་ནས་ལོ་གཅིག་ཏུ་གསང་སྔགས་བླ་མའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབས་ཤིང་ཀ་ལཱ་སིདྡྷི་དང་༔ བློ་གྲོས་སྐྱིད་དང་༔ བདེ་ཆེན་མོ་དང་༔ གསལ་བཀྲ་སོགས་ལ་གདམས་པ་བཏབ་པས་གྲུབ་པ་ཐོབ་སྟེ༔ ཡང་དྲིལ་ཆོས་ལྡན་བརྒྱ་ཕྲག་གཉིས་ཙམ་འདུས་པས་ཡུལ་ཕྱོགས་དེར་སྔར་ཆོས་ཆེར་མ་དར་ཀྱང་དེ་ནས་ཆོས་དང་ལྡན་ཅིང་སྐྱེ་བོ་ཕོ་མོ་རྣམས་ཀྱང་ལས་རྒྱུ་འབྲས་ཀྱི་གནད་ཤེས་པ་བྱུང་ངོ་༔

དེའི་ཚེ་ཆོས་རྒྱལ་མུ་ཁྲི་བཙན་པོས་འབངས་གསུམ་ཇོ་མོ་སྤྱན་འདྲེན་དུ་བཏང་བྱུང་བས༔ བཙུན་མ་བློ་གྲོས་སྐྱིད་ནི་མཚོ་རྒྱལ་ཉིད་ཀྱི་སྐུ་ཚབ་ཏུ་བཞག་ནས༔ ཀ་ལཱ་སིདྡྷི་སོགས་དཔོན་སློབ་བཅུ་གསུམ་བོད་ཡུལ་དུ་ཕེབས་ནས༔ ཁ་རག་ཇོ་མོ་ནང་འུག་པ་ལུང་པ་རྣམས་ཀྱིས་ཞབས་ཏོག་བསྙེན་བཀུར་ཕུལ་ནས་བསམ་ཡས་སུ་བྱོན་པས༔ རྒྱལ་པོས་བསུ་བ་དང་སེར་ཕྲེང་སོགས་ངོ་མཚར་བ་བྱས་ནས་དབུ་རྩེར་ཕེབས༔ སྔོན་གྱི་བློན་འབངས་ལོ་ཙཱ་བ་ཐམས་ཅད་ཀྱིས་ཤི་གསོན་འཕྲད་པ་ལྟ་བུའི་དགའ་སྤྲོ་ཆེན་པོ་མཛད་ནས༔ མཁན་ཆེན་ཞི་འཚོའི་གདུང་ལ་ཇོ་མོས་གསེར་སྤར་ཐེབས་བདུན༔ དར་ཡུག་དགུ་མཎྜལ་དུ་ཕུལ་ནས་སྤྱན་ཆབ་བསིལ་ཞིང་འདི་གསུངས་སོ༔ ཀྱེ་མ་ཀྱེ་ཧུད་སྟོན་པ་མཆོག་དམ་པ༔ ནམ་མཁའ་རྒྱ་ཆེར་སྐར་ཚོགས་གྲངས་མང་ཡང་༔ རྟ་བདུན་མེད་ན་རྨོངས་མུན་སུ་ཡིས་སེལ༔ མུན་གླིང་བོད་ཡུལ་གསལ་སྒྲོན་གང་ལ་རེ༔ མེ་ཤེལ་དཀྱིལ་འཁོར་དྲི་མེད་གང་དུ་གཤེགས༔ ད་དུང་ཐུགས་རྗེའི་ཟེར་གྱིས་མི་སྐྱོང་ན༔ ཧར་རེ་ལྟ་བའི་ལོང་པ་སུ་ཡིས་ཁྲིད༔ རྒྱལ་པོའི་བང་མཛོད་ནོར་གྱིས་གང་ནའང་༔ ཡིད་བཞིན་མེད་ན་དགོས་འདོད་གང་གིས་སྟེར༔ པྲེ་ཏ་བོད་ཡུལ་གདུང་སེལ་གང་ལ་རེ༔ ཡིད་བཞིན་ནོར་བུ་རིན་ཆེན་གང་དུ་གཤེགས༔ ད་དུང་དགོས་འདོད་གཏེར་གྱིས་མི་སྐྱོང་ན༔ འགུལ་ཤེས་རྐང་གཉིས་ཞ་བོ་གང་གིས་སྐྱོང་༔ སྟོང་གསུམ་ས་སྟེང་མི་དབང་མང་ན་ཡང་༔ འཁོར་ལོས་སྒྱུར་རྒྱལ་མེད་ན་གང་གིས་སྐྱོབ༔ མཐའ་འཁོབ་བོད་ཡུལ་སྐྱབས་གནས་སུ་ལ་རེ༔ འཁོར་ལོས་སྒྱུར་རྒྱལ་རྗེ་ཁྱེད་གང་དུ་གཤེགས༔ ད་དུང་ཁྲིམས་ལྡན་ཆོས་ཀྱིས་མི་སྐྱོང་ན༔ སྨྲ་ཤེས་དོན་མེད་ལྐུགས་པ་སུ་ཡིས་སྐྱོབ༔ འཛམ་གླིང་ཡུལ་དབུས་མཁས་གྲུབ་མང་ན་ཡང་༔ མཁན་ཆེན་ཁྱེད་མེད་བསྟན་པ་གང་གིས་འཛིན༔ སྟོན་པའི་རྒྱལ་ཚབ་མཆོག་ཁྱོད་གང་དུ་གཤེགས༔ ད་དུང་མདོ་སྔགས་ཆོས་ཀྱིས་མི་སྐྱོང་ན༔ བསམ་ཤེས་འགུལ་བའི་རོ་ཚོ་སུ་ཡིས་སྐྱོབ༔ ཀྱེ་མ་ཀྱེ་ཧུད་མཁས་མཆོག་ཞི་བ་འཚོ༔ བྱང་ཆུབ་སེམས་དཔའ་ལྷ་ཡི་ལྷར་གྱུར་པ༔ མགོན་པོ་ཁྱེད་ཀྱི་ཐུགས་རྗེས་བདག་སོགས་རྣམས༔ སྐྱེ་བ་ཀུན་ཏུ་བསྟན་པའི་སྒོར་ཞུགས་ནས༔ མདོ་སྔགས་ཆོས་ཀྱིས་སྨིན་གྲོལ་བདེ་བ་ཐོབ༔ བསྡུ་བ་བཞི་ཡིས་འགྲོ་བའི་དོན་འགྲུབ་ཅིང་༔ རྒྱལ་སྲས་སྤྱོད་པ་ཐམས་ཅད་རབ་རྫོགས་ནས༔ བསྟན་དང་སྟོན་པའི་གཙོ་བོར་བདག་གྱུར་ཅིང་༔ བསྟན་པའི་རྒྱལ་མཚན་ནུབ་མེད་ཚུགས་གྱུར་ཅིང་༔ བསྟན་འགྲོར་ལུས་ཅན་གྲུ་ཡིས་མཚོ་བསྒྲལ་ནས༔ འགྲོ་བའི་བླ་མ་དེད་དཔོན་བདག་འགྲུབ་ཤོག༔ ཅེས་གསུངས་པས་གདུང་གི་སྐུ་སྟོད་ནས་སྐུ་མི་སྣང་བར་གསུང་འདི་ཐོས་སོ༔ ཨོཾ་ཨཱཿཧཱུྃཿ དུས་གསུམ་རྒྱལ་བའི་མཛད་པ་ཀུན་སྤྱོད་ཅིང་༔ མཛད་ཕྲེང་ནམ་མཁའི་མཐའ་མཉམ་མི་ཟད་འཕེལ༔ འཕེལ་རྒྱལ་བསྟན་པའི་རྩ་ལག་ཕྱོགས་བཅུར་ཁྱབ༔ ཁྱབ་མཛད་དུས་གསུམ་རྒྱལ་ཡུམ་ཁྱོད་ཤིས་སྐྱོངས༔ ཞེས་པའི་སྒྲ་དེ་དེར་འདུས་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པས་དགའོ༔

དེ་ནས་ཆོས་རྒྱལ་ཆེན་པོའི་མཆོད་གནས་མཛད་དེ་མཆིམས་ཕུར་གུ་རུ་རྗེ་དང་འདུ་འབྲལ་མེད་པར་ལོ་བཅུ་གཅིག་བཞུགས་ཏེ༔ བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཞིང་༔ གསང་སྔགས་ཀྱི་ཆོས་དང་མན་ངག་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་གསང་མཛོད་བྲུས་ནས་ལྷག་མ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་སྟེ༔ ཁྱད་པར་དུ་གུ་རུ་རིན་པོ་ཆེའི་ཞལ་ནས༔ ད་ནི་རིང་པོར་མི་ཐོགས་པར་ང་ཡང་རྔ་ཡབ་མཁའ་འགྲོའི་གླིང་དུ་འགྲོ་བའི་དུས་ལ་བབ་པས༔ བོད་ཁམས་ཡོངས་ལ་མི་ཟད་པའི་ཆོས་ཟབ་ལ་རྒྱ་ཆེ་བ་བཞག་དགོས་པས་གཏེར་གྱི་ཚགས་སྡོམ་མཛོད༔ བུ་མོ་སིདྡྷི་འདི་མིང་ལ་དོན་ཆགས་པ༔ སྐུའི་ཌཱཀྐི་དུང་ཆེན་མའི་རིགས་ལ་གསང་བ་སྔགས་ཀྱི་དངོས་གྲུབ་བརྙེས་པ་ཞིག་འདུག་པས་ངའི་གཟུངས་མ་བྱས་ནས་གསང་སྔགས་གཞན་དུ་མ་གྲགས་པའི་ཟབ་མོ་མན་ངག་གི་བྱེ་བྲག་མང་པོ་སྤེལ་ནས་གཏེར་དུ་སྦས་དགོས་པ་ཡིན་ཨང་གསུངས་པས༔ དེ་ལའང་བདག་གིས་གུ་རུའི་བཀའ་ལྟར་བུ་མོ་སིདྡྷི་སྐུའི་ཕྱག་རྒྱ་མར་ཕུལ་ནས་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཆོས་རྒྱལ་མུ་ཁྲི་བཙན་པོ་སྨིན་གྲོལ་ལ་བཀོད་ནས༔ སྔར་ཡབ་སྲོལ་གྱི་རྒྱུན་གྱི་ཆོས་ཀྱི་བསྟན་པ་སྤེལ་བར་བྱས་སོ༔ འདིའི་སྐབས་སུ་གཏེར་དུ་སྦས་པའི་ཆོས་ཐམས་ཅད་གུ་རུ་རིན་པོ་ཆེས་གནང་ནས༔ ཡི་གེ་མགྱོགས་པ་ཕུལ་ཕྱིན་ནམ་མཁའི་སྙིང་པོ་དང་༔ སྐྱེན་པ་ཕུལ་ཕྱིན་ཨ་ཙ་ར་དཔལ་དབྱངས་དང་༔ དག་མགྱོགས་སྐྱེན་གསུམ་ཕུལ་ཕྱིན་ལྡན་མ་རྩེ་མང་དང་༔ དག་པ་ཕུལ་ཕྱིན་སྐ་བ་དཔལ་བརྩེགས་དང་༔ གཙང་བ་ཕུལ་ཕྱིན་ཅོག་རོ་རྒྱལ་མཚན་དང་༔ སྒྲ་ཚད་ཕུལ་ཕྱིན་གཡུ་སྒྲ་སྙིང་པོ་དང་༔ ཐམས་ཅད་ཀློང་རྡོལ་བཻ་རོ་ཙ་ན་དང་༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་བདག་སོགས་གཞན་ཡང་རྗེ་འབངས་ཉི་ཤུ་རྩ་ལྔ་དང་མཆན་བུ་མང་པོས་ལ་ལས་རྒྱ་ཡིག༔ ལ་ལས་མཁའ་འགྲོའི་ཡིག་རིགས༔ ལ་ལས་བལ་ཡིག༔ ལ་ལས་མེ་ཡིག༔ ལ་ལས་ཆུ་ཡིག༔ ལ་ལས་རླུང་ཡིག༔ ལ་ལས་ཁྲག་ཡིག༔ ལ་ལས་བོད་ཡིག་དབུ་ཅན་དང་དབུ་མེད༔ ལྕགས་ཀྱུ་རིང་ཐུང་༔ བརྗིད་ཡིག་ཁ་ནག༔ འབྲུ༔ འབྲུ་ཚ༔ ཁོང་སེང་༔ ཁྱི་ཉལ༔ རྐང་རིང་༔ རྐང་ཐུང་༔ ཚག་ཕྲོག་ཤད་ཐིག་ཅན་དུ་བྲིས་ཤིང་ཐུགས་སྒྲུབ་སྐོར་བྱེ་བ༔ སྙིང་ཐིག་སྐོར་ཁྲི་ཕྲག༔ རྒྱུད་དང་ལུང་དང་མན་ངག་སོགས་ཟབ་ལ་ཆེས་ཟབ་པ་མང་ཡང་གནད་ཆེ་བ༔ ཉུང་ཡང་ཆ་ཚང་བ༔ ལག་ལེན་བདེ་ལ་བྱིན་རླབས་ཆེ་བ༔ ཟབ་ལ་མྱུར་ཞིང་གང་དགོས་ཚང་བ༔ ཡིད་ཆེས་བསྐྱེད་ཕྱིར་ཁ་བྱང་ཡང་བྱང་སྙིང་བྱང་ལུང་བྱང་སོགས་ཀྱིས་མནན་ཏེ་ཆ་རྣམས་བསྒྲིགས་པའོ༔

དེ་བཞིན་དུ་གུ་རུ་ཡབ་ཡུམ་གཉིས་ནི་ཐུགས་ཀྱི་དགོངས་པ་མཉམ་ནས་ཐབས་དང་ཤེས་རབ་ཀྱིས་འགྲོ་བའི་དོན་མཛད༔ གསུང་གི་མཛད་འཕྲིན་མཉམ་ནས་མདོ་སྔགས་ཆོས་ཀྱི་ཀློང་རྡོལ༔ སྐུའི་རྫུ་འཕྲུལ་མཉམ་ནས་སྣང་སྲིད་ཐམས་ཅད་དབང་བསྒྱུར༔ ཡོན་ཏན་ཤེས་བྱ་མཉམ་སྟེ་བསྟན་དང་འགྲོ་བའི་དོན་གྲུབ༔ ཕྲིན་ལས་མཛད་པ་མཉམ་སྟེ་རྣམ་པ་བཞིས་ལས་ལ་མངའ་བསྒྱུར༔ དེ་ཁོ་ན་ཉིད་དུ་ཀུན་བཟང་པད་འབྱུང་ཡབ་ཡུམ་ཞེས་བྱ་བར་གྱུར་ཏེ༔ ནམ་མཁས་གར་ཁྱབ་ཏུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་ཁྱབ་པར་གྱུར་ཏོ༔

དེ་ནས་མཆིམས་ཕུ་ནས་རིམ་གྱིས་བོད་ཡུལ་སྤྱི་ཡི་གནས་ཐམས་ཅད་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་ཏེ༔ ཐོག་མར་སྟག་ཚང་གསུམ་དུ་བྱོན་ཏེ༔ མོན་གྱི་སྤ་གྲོ་སྟག་ཚང་དུ་བྱོན་ནས་གཏེར་ཐམས་ཅད་སིལ་བུར་བཀྲམ་ཞིང་ལུང་བྱང་བཏབ༔ འདི་ནི་ཐུགས་ཀྱི་གནས་ཡིན་པས་འདིར་གང་གིས་སྒྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་གསུངས༔ གུ་རུ་འོག་མིན་དུ་བཞུགས་པ་དང་དུས་མཚུངས་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་རང་བྱོན་དུ་བྱུང་བ་ཡིན་གསུངས་ཏེ༔ རྡོ་རྗེ་གྲོ་ལོད་ཀྱི་སྐུ་རྟེན་དང་༔ མཆོད་རྟེན་རང་བྱོན་དང་༔ ཡིག་དྲུག་རང་བྱོན་འདུག་པ་རྣམས་ལ་སྨོན་ལམ་དང་བཀྲ་ཤིས་མཛད༔ དེ་ནས་བོད་ཀྱི་འོན་ཕུ་སྟག་ཚང་དུ་ཕེབས་ཏེ༔ གཏེར་བདག་ཐམས་ཅད་དབང་དུ་བསྡུས་ནས་བཀའ་གཏད་ཅིང་སྙིང་བྱང་བཏབ༔ འདི་ནི་སྐུ་ཡི་གནས་ཡིན་པས་འདི་ལ་གང་གིས་སྒྲུབ་ཀྱང་ཚེ་ཡི་དངོས་གྲུབ་ཐོབ་སྟེ༔ དྷ་ན་ཀོ་ཤར་ང་སྐུ་འཁྲུངས་པ་དང་དུས་མཚུངས་སུ་འདི་རྣམས་རང་བྱོན་དུ་བྱུང་བ་ཡིན་གསུངས་ཏེ༔ གོང་ལྟར་སྐུ་དང་གསུང་འབྲུ་གསུམ་དང་རུ་ལུ་འབྲུ་དགུ་མཆོད་རྟེན་རྡོ་རྗེ་བཅས་ལ་སྨོན་ལམ་དང་བཀྲ་ཤིས་མཛད་དོ༔ དེ་ནས་ཁམས་ཀྱི་སྟག་ཚང་དུ་ཕེབས་ཏེ༔ གཏེར་རྣམས་སོ་སོར་སྦས་ཏེ་གཏེར་བདག་རྣམས་ལ་མནའ་དང་དམ་བཅའ་བླངས་ནས་ལུང་བསྟན་ནས་ཁ་བྱང་བཏབ༔ འདི་ནི་གསུང་གི་གནས་ཡིན་པས་སྙན་གྲགས་ཆེ་ལ་བྱིན་རླབས་ཀྱང་ཆེ༔ དམ་ཚིག་དང་མི་ལྡན་པ་ལ་འཁུ་ལྡོག་ཀྱང་ཆེ་ཞིང་མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་པས༔ ང་རྡོ་རྗེ་གདན་སོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བདུད་བཏུལ་བ་དང་༔ ལོག་ལྟ་བཏུལ་བ་དང་དུས་མཚུངས་སུ་སྐུ་གསུམ་རང་བྱོན་དུ་བྱུང་ཞིང་ཡི་གེ་དྲུག་པ་འབྲུ་གསུམ་པ༔ བཅུ་གཉིས་པ་སོགས་རྟེན་དང་བཅས་པ་བྱུང་བ་ཡིན་གསུངས་ནས་སྨོན་ལམ་དང་བཀྲ་ཤིས་མཛད༔ སླར་ཡང་གནས་མང་པོ་ལ་བྱོན་ཚུལ་ནི་གུ་རུ་རིན་པོ་ཆེའི་རྣམ་ཐར་སོགས་ལ་བལྟ་བར་བྱའོ༔

དེ་ནས་ཡང་གུ་རུ་ཡབ་ཡུམ་བོད་ཡུལ་ཆོས་རྒྱལ་ཆེན་པོའི་མཆོད་གནས་སུ་དབུ་རྩེར་བཞུགས་ནས༔ རྒྱལ་བློན་བཙུན་མོ་འབངས་ལོ་ཙཱ་བ་ཐམས་ཅད་ལ་ཞལ་གདམས་ལུང་བྱང་བསླབ་བྱ་རྒྱས་པར་གནང་ནས༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་ལྷོ་ནུབ་རྔ་ཡབ་ཀྱི་གླིང་དུ་གུ་རུ་ཉི་ཟེར་ལ་ཆིབས་ནས་གཤེགས༔ མཚོ་རྒྱལ་ད་དུང་ཆོས་རྒྱལ་སོགས་ཆོས་སྡེ་ཟུང་དྲུག་གིས་གཙོས་པའི་དོན་དུ་བཞུགས་ཤིང་འགྲོ་བའི་དོན་མཛད་དེ་ས་འོག་ཐམས་ཅད་གུ་རུའི་ཆོས་གཏེར་གྱིས་བཀང་བར་མཛད་དོ༔ དེ་ནས་གུ་རུའི་སྐྱེལ་ཐུང་དུ་ཆོས་རྒྱལ་ཡོན་མཆོད་འཁོར་དང་བཅས་པ་གུང་ཐང་ལ་ཐོག་ཏུ་ཐེགས་ཏེ་གུ་རུ་རིན་པོ་ཆེ་ལ་ལུང་བསྟན་ཞལ་གདམས་མང་དུ་ཞུས་ནས་ཡིད་སྐྱོ་བའི་ངང་ནས་ཕྱིར་ལྡོག༔ བདག་མཚོ་རྒྱལ་ཡང་ཉི་ཟེར་ལ་ཆིབས་ནས་བལ་བོད་མཚམས་ཀྱི་ཚ་ཤོད་རོང་བར་དུ་གུ་རུ་དང་འདུ་འབྲལ་མེད་པར་བྱོན་ནས༔ ཚ་ཤོད་རོང་གི་གསང་ཕུག་ཏུ་བབ་ནས་ཞག་བདུན་གསུམ་གྱི་བར་དུ་བཞུགས་ནས༔ རྫོགས་པ་ཆེན་པོ་ཨ་ཏི་ཁྱབ་གདལ་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བསྐུར་ཏེ༔ དེར་མཆོད་གནས་མའི་རྟེན་འབྲེལ་ཐེ་ཚོམ་ཞིག་དང་མཉམ་འགྲོགས་ལ་བརྟེན་ནས་འཆུགས་ཏེ༔ གུ་རུའི་ཞལ་ནས༔ ད་བོད་འདིར་གསང་སྔགས་ཀྱི་བསྟན་པ་དར་ཀྱང་༔ ཐེག་ཆེན་ཨ་ཏིའི་ཆོས་འདི་རྩོད་པ་ཅན་དུ་གྱུར་ནས་གྲོལ་བ་ཐོབ་པ་བཀའ་བརྒྱུད་གཏེར་རྒྱུད་གང་ལའང་རེ་རེ་ཙམ་བས་མི་འོང་༔ དེས་ཀྱང་འགྲོ་དོན་མི་འབྱུང་སྟེ༔ དེའི་རྟེན་འབྲེལ་གྱིས་གསང་སྔགས་སྤྱི་ཡང་ནུས་པ་ཆུང་ལ་དར་ནུབ་སྐྱེན་པ་འབྱུང་བར་འདུག་གསུངས་ནས་མཆོད་གནས་མའི་དབང་སྐལ་ཆད་དེ༔ བདག་མཚོ་རྒྱལ་ལ་ལྷག་མ་མ་ལུས་པ་ཚང་སྤྲུགས་ཀྱི་ཚུལ་དུ་གནང་སྟེ༔ ད་ནི་ཐེག་པ་ཐུན་མོང་མ་ཡིན་པ་ཡིད་དཔྱོད་ལྟ་བ་ནུབ་པའི་གདམས་པ་འདི་ཁྱོད་ལ་གདབ་པའི་ཚད་དུ་ཕེབས་པ་ཡིན་ནོ༔ འདི་ནི་ཚད་དང་མ་ལྡན་ཅིང་སྔ་ཕྱི་སོགས་གྱུར་ན༔ ལོ་ཐོག་བཙས་མ་གདབ་པ་དང་འདྲ་བ་ཡིན་པས༔ འབྲས་བུ་ཚད་དུ་ཕྱིན་ནས་ཡུན་རིང་དུ་འཇིག་རྟེན་འདིར་འདུག་པའི་ཐབས་མེད་དེ༔ འདི་ལ་ལས་བཟང་ངན་མེད༔ སྐྱེ་བ་མཐོ་དམན་མེད༔ ན་སོ་གཞོན་རྒན་མེད༔ དབང་པོ་རྣོ་རྟུལ་མེད༔ འབྲས་བུ་ཆོས་ཟད་ཀྱི་དབྱིངས་སུ་འུབ་ཆུབ་བྱ་བ་ཡིན་པས༔ ཁྱོད་ལྟ་བུ་ལ་བཏབ་སྔ་ན་འགྲོ་བ་ལུས་ཅན་གྱི་དོན༔ སངས་རྒྱས་ཀྱི་བསྟན་པ༔ ཟབ་མོ་གཏེར་གྱིས་འགྲོ་དོན་ཚུགས་པ་དཀའ་བ་ཡིན་ནོ༔ ཅིའི་ཕྱིར་ན༔ ཟག་བཅས་ཀྱི་ཕུང་པོ་སྐད་ཅིག་གིས་ཟད་པའི་ཕྱིར༔ ད་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་འདི་དང་སྐད་ཅིག་ཀྱང་མི་འབྲལ་བར་ཉམས་སུ་ལོངས་དང་ཕུང་པོ་ལྷག་མ་དང་བཅས་ཏེ་མྱུར་དུ་སངས་རྒྱའོ༔

དེ་ཡང་འདི་ནས་ཟབ་བུ་དང་༔ ཏི་སྒྲོ་སོགས་ལ་སྒྲུབས་དང་ལོ་གསུམ་ནས་ཉམས་སྣང་གོང་དུ་འཕེལ༔ དྲུག་ནས་རིག་པ་ཚད་དུ་ཕེབས་པར་འགྱུར་བས༔ འདིའི་སྐབས་སུ་གཏེར་ཞབས་མ་ལུས་པ་བསྡོམ༔ མན་ངག་གིས་གཞན་དོན་རྫོགས་པར་མཛོད༔ དེ་ནས་ལྷོ་བྲག་མཁར་ཆུར་བསྒྲུབས་པས་རྫུ་འཕྲུལ་ཡ་མ་ཟུང་སྟོན་ཅིང་རེས་སྣང་རེས་མི་སྣང་སྟེ་ལས་ཅན་ཁ་ཡར་གྱི་དོན་བྱེད་ཅིང་སྤྱི་དྲིལ་ལོ་ཉིས་བརྒྱ་ཉེ་བ་དང་ཕུང་པོ་མི་སྣང་སྟེ་ཡེ་ཤེས་ཆེན་པོའི་ངང་དུ་རྔ་ཡབ་མཁའ་འགྲོའི་གླིང་དུ་བདག་དང་འཕྲད་ནས༔ གཉིས་སུ་མེད་པའི་འགྲོ་དོན་འབྱུང་ཞིང་འཚང་རྒྱའོ༔ ཞེས་ལུང་བསྟན་ནས་གུ་རུ་ཉིད་ཉི་ཟེར་ལ་ཆིབས་ཏེ་གཤེགས་པར་བརྩམ་པ་དང་༔ ཡང་བདག་གིས་ངུ་དབྱངས་གལ་པོ་ཆེ་ཡིས་ཞུ་བ་འདི་ཕུལ་ནས་གུ་རུ་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱི་ཧུད་ཨོ་རྒྱན་རྗེ༔ ད་ལྟ་བཞུགས་ནས་ད་ལྟ་གཤེགས༔ སྐྱེ་འཆིའི་འཕོ་འགྱུར་འདི་མིན་ནམ༔ སྐྱེ་འཕོ་ལ་ཟློག་ཐབས་གང་དུ་མཆིས༔ ཀྱེ་མ་ཀྱི་ཧུད་ཨོ་རྒྱན་རྗེ༔ འབྲལ་མེད་སྔོན་དུས་དེ་ཙམ་ལས༔ ད་ལྟ་འབྲལ་བ་ཡད་ཡུད་ཙམ༔ འདུ་འབྲལ་བྱ་བ་འདི་མིན་ནམ༔ འབྲལ་མེད་འགྲོགས་ཐབས་ཇི་ལྟར་བྱ༔ ཀྱེ་མ་ཀྱི་ཧུད་ཨོ་རྒྱན་རྗེ༔ སྔོན་དུས་བོད་ཡུལ་ཐམས་ཅད་གུ་རུས་ཁྱབ༔ ད་ལྟ་བྱོན་པའི་ཤུལ་རྗེས་ཙམ༔ མི་རྟག་བྱ་བ་འདི་མིན་ནམ༔ ལས་རླུང་ཟློག་ཐབས་ཇི་ལྟར་ལགས༔ ཀྱེ་མ་ཀྱི་ཧུད་ཨོ་རྒྱན་རྗེ༔ སྔོན་དུས་བོད་ཡུལ་གདམས་པས་སྐྱོངས༔ ད་ལྟ་ཐོས་པའི་རྣ་སྒྲུང་ཙམ༔ འགྱུར་ལྡོག་བྱ་བ་འདི་མིན་ནམ༔ གདིང་ལྡན་བཅའ་ཐབས་ཇི་ལྟར་བྱ༔ ཀྱེ་མ་ཀྱི་ཧུད་ཨོ་རྒྱན་རྗེ༔ ཁྱེད་དང་ད་བར་འབྲལ་མེད་འགྲོགས༔ ད་ནི་གུ་རུ་དགུང་དུ་གཤེགས༔ བུད་མེད་ལས་ངན་མལ་དུ་ལུས༔ དབང་དང་བྱིན་རླབས་སུ་ལ་ཞུ༔ ཀྱེ་མ་ཀྱི་ཧུད་ཨོ་རྒྱན་རྗེ༔ གདམས་པ་ཟབ་མོའི་བཀའ་གནང་ཡང་༔ ད་ནི་འཆི་མེད་མཁའ་ལ་གཤེགས༔ ལུས་ཅན་བུད་མེད་མལ་དུ་ལུས༔ གེགས་སེལ་བོགས་འདོན་སུ་ལ་ཞུ༔ ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཅན༔ ད་རུང་ཞལ་གདམས་ཚིག་གསུམ་ཞུ༔ འབྲལ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས༔ སྨོན་ལམ་སྤྱན་གྱིས་བོད་ལ་གཟིགས༔ ཞེས་ཞུས་ཤིང་གསེར་ཕྱེ་སྤར་ཐབས་བཅུ་གསུམ་གུ་རུའི་སྐུ་ལ་གཏོར་ནས་སྨྲེ་སྔགས་བཏོན་པས༔ གུ་རུ་ཉིད་ཉི་ཟེར་ལ་ཆིབས་ནས་འདོམ་གང་ཙམ་དཔག་ནས་བཀའ་སྩལ་པ༔ ཀྱེ་མ་ཉོན་དང་བུ་མོ་ཡོན་ཏན་མཚོ༔ པདྨ་འབྱུང་གནས་སྲིན་པོའི་ཁ་གནོན་གཤེགས༔ སྐུ་གསུམ་ཡོངས་རྫོགས་རྩལ་གྱི་སྤྱོད་པ་འདི༔ སེམས་ཅན་ཆུ་བུར་འཐོར་བའི་དོ་ཟླ་མིན༔ སྐྱེ་འཆི་འཇིགས་ན་དམ་པའི་ཆོས་ལ་སྒྲིམས༔ བསྐྱེད་རྫོགས་རྩ་རླུང་རང་དབང་ཐོབ་གྱུར་ན༔ སྐྱེ་འཆི་ཟློག་ཐབས་དེ་བས་མ་མཆིས་སོ༔ ཀྱེ་མ་ཉོན་དང་དད་ལྡན་དགེ་མ་ལྕམ༔ པདྨ་འབྱུང་གནས་འགྲོ་བའི་དོན་ལ་གཤེགས༔ ཐུགས་རྗེ་ཕྱོགས་རིས་མེད་པས་ཀུན་ཁྱབ་ལ༔ སེམས་ཅན་འཁྲུལ་པས་སྒྲིབ་པའི་དོ་ཟླ་མིན༔ འབྲལ་མེད་འགྲོགས་ཐབས་བླ་མའི་རྣལ་འབྱོར་སྒོམས༔ དག་སྣང་ཐམས་ཅད་བླ་མར་ཤར་གྱུར་ན༔ འདུ་འབྲལ་མེད་པའི་གདམས་པ་དེ་བས་མེད༔ ཀྱེ་མ་ཉོན་དང་མཐོང་བས་ཡིད་འཕྲོག་མ༔ པདྨ་འབྱུང་གནས་གཞན་དོན་གདུལ་བྱར་གཤེགས༔ ཟག་མེད་སྐུ་མཆོག་ཟག་པ་ཟད་པ་འདི༔ སེམས་ཅན་ལས་ངན་དེད་པའི་དོ་ཟླ་མིན༔ བོད་ཡུལ་ས་སྟེང་བུ་སློབ་གྲུབ་ཐོབ་བཀང་༔ མི་རྟག་མཐོང་ན་ཕྱག་རྒྱ་ཆེན་པོ་སྒོམས༔ སྣང་སྲིད་འཁོར་འདས་རང་སར་གྲོལ་གྱུར་ན༔ ལས་རླུང་ཟློག་ཐབས་དེ་བས་ལྷག་པ་མེད༔ ཀྱེ་མ་ཉོན་དང་དད་ལྡན་གཞོན་ནུ་མ༔ པདྨ་འབྱུང་གནས་སྲིན་ཡུལ་ཆོས་བསྒྱུར་གཤེགས༔ རྡོ་རྗེའི་སྐུ་མཆོག་འཕོ་འགྱུར་མེད་པ་འདི༔ སེམས་ཅན་ནད་ཀྱིས་མནར་བའི་དོ་ཟླ་མིན༔ བོད་ཡུལ་ས་འོག་ས་སྟེང་ཆོས་ཀྱིས་བཀང་༔ བཤད་སྒྲུབ་ནུས་ན་ཆོས་ཀྱིས་ཕོངས་པ་མེད༔ ཐོས་བསམ་སྒོམ་པས་སངས་རྒྱས་བསྟན་སྐྱོང་དང་༔ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ན༔ འགྱུར་འགྲོ་ཟློག་ཐབས་དེ་བས་ཟབ་པ་མེད༔ ཀྱེ་མ་ཉོན་དང་བུ་མོ་མཁར་ཆེན་བཟའ༔ པདྨ་འབྱུང་གནས་པདྨ་འོད་དུ་གཤེགས༔ དུས་གསུམ་བདེ་གཤེགས་དགོངས་པས་བསྐུལ་བ་འདི༔ སེམས་ཅན་གཤིན་རྗེས་དེད་པའི་དོ་ཟླ་མིན༔ བུད་མེད་ལུས་མཆོག་གྲུབ་པ་ཐོབ་ནས་ཡོད༔ དབང་དང་བྱིན་རླབས་རང་སེམས་རྗེ་ལ་ཞུས༔ གུ་རུ་པདྨའི་བླ་ཚབ་དེ་བས་མེད༔ ཀྱེ་མ་ཉོན་དང་ཡེ་ཤེས་མཚོ་རྒྱལ་མ༔ པདྨ་འབྱུང་གནས་བདེ་ཆེན་གནས་སུ་གཤེགས༔ འཆི་མེད་ལྷ་དེ་ཆོས་སྐུར་བཞུགས་པ་འདི༔ སེམས་ཅན་ལུས་སེམས་བྲལ་བའི་དོ་ཟླ་མིན༔ མན་ངག་ཟབ་མོས་མཚོ་རྒྱལ་གྲོལ་བར་ཡོད༔ ལུས་ཅན་བཟད་ཐབས་རྫོགས་ཆེན་ཨ་ཏི་སྒོམས༔ གེགས་སེལ་བོགས་འདོན་གསོལ་འདེབས་མཉམ་གཞག་གྱིས༔ བླ་མའི་ཐུགས་རྗེ་གེགས་སེལ་དེ་བས་མེད༔ ཀྱེ་མ་ཉོན་དང་མཚན་ལྡན་མཐིང་འོད་འབར༔ ཞལ་གདམས་བསླབ་བྱ་སྔ་མ་མང་དུ་བྱས༔ དོན་འདུས་འགག་དོན་བླ་མའི་རྣལ་འབྱོར་སྒོམས༔ སྤྱི་བོར་ཁྲུ་གང་པད་ཟླའི་འཇའ་འོད་ཀློང་༔ པདྨ་འབྱུང་གནས་འགྲོ་བའི་བླ་མ་ཉིད༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བྷནྡྷ་བསྣམས༔ གསང་གོས་ཕོད་ཀ་མཐང་ཤམ་ཆོས་གོས་དང་༔ སྣམ་སྦྱར་བེར་ཕྱམ་ཐེག་པ་ཡོངས་རྫོགས་བརྡར༔ སྙན་ཞུ་རྒོད་སྒྲོ་སྙན་རྒྱན་མགུལ་རྒྱན་སྤྲས༔ སྐྱིལ་ཀྲུང་འོད་འབར་མཚན་དང་དཔེ་བྱད་ལྡན༔ འཇའ་ཚོན་སྣ་ལྔ་མཁའ་འགྲོ་འཁྲུགས་པའི་དབུས༔ ལྷམ་མེ་ལྷང་ངེ་རང་སེམས་མདངས་ཙམ་གསལ༔ གསལ་བའི་ཚེ་ན་དབང་བླང་མཉམ་པར་གཞག༔ མ་གསལ་བར་དུ་འབད་ནས་བསྒོམ་པར་བྱ༔ སྙིང་པོ་ཡང་སྙིང་གུ་རུ་སིདྡྷི་བགྲོངས༔ མཐར་ནི་རང་དང་སྒོ་གསུམ་དབྱེར་མེད་སྲེས༔ བསྔོ་བ་སྨོན་ལམ་བླ་མ་ཉིད་ལ་ཐོབ༔ རྫོགས་ཆེན་བྱ་བྲལ་ཐིག་ལེའི་ངང་དུ་ཞོག༔ དེ་བས་ལྷག་པ་མེད་དོ་མཚོ་རྒྱལ་མ༔ པདྨ་འབྱུང་གནས་ཐུགས་རྗེར་ཤར་ནུབ་མེད༔ བོད་ཡུལ་ཐུགས་རྗེའི་ཟེར་ཐག་ཆད་མི་སྲིད༔ གསོལ་འདེབས་བུ་ལ་པད་འབྱུང་མདུན་དེར་གནས༔ དད་པ་ཅན་ལ་ནམ་ཡང་འདུ་འབྲལ་མེད༔ ལོག་ལྟ་ཅན་ལ་དངོས་པོར་བཞུགས་ཀྱང་སྒྲིབ༔ ལུང་བསྟན་བུ་ལ་ཐུགས་རྗེའི་རྒྱུན་བསྲིངས་སྐྱོབ༔ དེས་ན་མ་འོངས་ཚེས་བཅུ་ནམ་བྱུང་དུས༔ པདྨ་འབྱུང་གནས་ཉིན་མོའི་མགོན་པོར་ཆིབས༔ དུས་བཞིར་ཞི་རྒྱས་དབང་དྲག་སྐུར་གྱུར་ནས༔ དེ་དང་མཐུན་པའི་དངོས་གྲུབ་བུ་ལ་སྦྱིན༔ མར་ངོའི་ཚེས་བཅུར་བྱ་བ་གོང་དང་མཚུངས༔ ཁྱད་པར་དབང་དང་དྲག་པོའི་ལས་ཀུན་འགྲུབ༔ བཅོ་ལྔའི་དུས་སུ་ཟླ་བའི་ཟེར་ལ་ཆིབས༔ སྨོན་ལམ་ཐུགས་རྗེས་འཁོར་བ་དོང་ནས་དཀྲུག༔ ངན་སོང་གནས་ཀྱང་མ་ལུས་སྟོང་པར་བྱེད༔ འགྲོ་དོན་སྟོབས་དང་མཛད་ཕྲིན་ཡོངས་སུ་རྫོགས༔ ཚེས་བརྒྱད་ནམ་བྱུང་སྲོད་དང་ཐོ་རངས་དང་༔ ནམ་གསེང་ཉི་ནུབ་ཅང་ཤེས་རྟར་ཆིབས་ནས༔ འཛམ་གླིང་གནས་ཉུལ་དངོས་གྲུབ་སྣ་ཚོགས་སྦྱིན༔ སྲིན་མོའི་ཡུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ མཐའ་འཁོབ་གླིང་ཕྲན་ཉི་ཤུ་རྩ་གཅིག་དང་༔ ཡང་འཁོབ་སུམ་ཅུའི་འགྲོ་བ་རིས་མེད་རྣམས༔ ཞི་རྒྱས་དབང་དྲག་མེར་སྤྲུལ་ཆུ་རླུང་དང་༔ ནམ་མཁའ་འཇའ་ཚོན་ས་གཡོས་སྒྲ་སྣ་ཚོགས༔ སྤྲུལ་པ་བྱེ་བ་བཀྱེ་ནས་བདེ་བར་འདྲེན༔ དེ་བཞིན་འགྲོ་བའི་དོན་ལ་རྒྱུན་ཆད་མེད༔ བུ་མོ་ཁྱེད་ནི་འདི་ནས་བརྒྱ་ལྷག་པར༔ བོད་ཡུལ་སེམས་ཅན་བདེ་བའི་བྱ་བ་སྒྲུབས༔ བརྒྱ་དང་གཅིག་ནས་རྔ་ཡབ་གླིང་དུ་གཤེགས༔ པད་འབྱུང་ང་དང་མཉམ་དུ་གདུལ་བྱ་སྐྱོངས༔ རིག་འཛིན་མཐིང་འོད་འབར་མ་ཞེས་བྱ་འབྱུང་༔ ཇི་སྲིད་བདག་དང་སྐུ་གསུང་ཐུགས་མཉམ་སྟེ༔ སྐྱེ་དང་འཆི་བའི་རྒྱུན་ཆད་ལས་རླུང་འགག༔ མ་འོངས་འགྲོ་བའི་དོན་དུ་སྤྲུལ་པ་འགྱེད༔ བོད་ཡུལ་ཁམས་སུ་སྤྲུལ་པ་རྒྱུན་མི་འཆད༔ འགྲོ་བའི་དོན་ལ་སྐྱོ་དང་དུབ་པ་མེད༔ དེས་ན་ད་ནི་མཚོ་རྒྱལ་མཉམ་པར་ཞོག༔ ཁྱོད་དང་བདག་གཉིས་སྐད་ཅིག་འདུ་འབྲལ་མེད༔ ཀུན་རྫོབ་ཙམ་དུ་རེ་ཞིག་བདེ་བར་བྱོས༔ སྨོན་ལམ་ཐུགས་རྗེས་བོད་ཡུལ་བདེ་གྱུར་ཅིག༔ ཅེས་གསུངས་ནས་དཔའ་བོ་དང་ཌཱཀྐིའི་ཚོགས་ཀྱིས་ནམ་མཁའ་བར་སྣང་ཐམས་ཅད་ཁེངས་ནས༔ སྒྲ་དང་རོལ་མོ་དང་༔ གདུགས་དང་༔ རྒྱལ་མཚན་དང་༔ བ་དན་དང་༔ ཕྱེ་མ་དང་༔ ཕུར་མ་དང་༔ ལྡ་ལྡི་དང་༔ ཕེག་རྡོབ་དང་༔ ཐུག་དང་༔ རྔ་ཡབ་དང་༔ འཕན་དང་༔ གཡབ་དང་༔ ཕྱར་དར་དང་༔ བླ་བྲེ་དང་༔ ཡོལ་འགྲིག་དང་༔ སིལ་སྙན་དང་༔ ཕེམས་དང་༔ རྔ་དང་༔ དུང་དཀར་དང་༔ དུང་དང་༔ རྐང་གླིང་དང་༔ ཐོད་རྔ་དང་༔ རྔ་བོ་ཆེ་དང་༔ པི་ཝང་དང་༔ སྒྲ་སྙན་དང་༔ རྫ་རྔ་དང་༔ ཏིང་ཏིང་ཤག་དང་༔ འུར་དང་༔ ཚལ་དང་༔ པི་པི་སོགས་རོལ་མོའི་རིགས་བསམ་གྱིས་མི་ཁྱབ་པ་དང་༔ མཆོད་པའི་སྤྲིན་གྱི་དབུས་སུ་འོད་མེ་རེ་རེ༔ གདན་དྲངས་ནས་ཐལ་བས༔ བདག་མཚོ་རྒྱལ་གྱིས་ཅིས་ཀྱང་བཟོད་ཐབས་དང་བྲལ་ནས་གུ་རུ་རིན་པོ་ཆེ༔ སངས་རྒྱས་བསྟན་གཅིག་ལགས༔ འགྲོ་བའི་ཕ་གཅིག་ལགས༔ བོད་ཡུལ་མིག་གཅིག་ལགས༔ ཁོ་མོའི་སྙིང་གཅིག་ལགས༔ ཐུགས་རྗེ་རེ་ཆུང་༔ མཛད་པ་རེ་ངན༔ ཀྱེ་ཧུད་ཀྱེ་ཧུད་སོགས་ཀྱིས་ཞུ་བ་ཕུལ་ཞིང་ལུས་བརྐྱང་ཕྱག་དུ་མ་བྱས་པས༔ ཞལ་ཕྱིར་བཟློག་ཅིག་མཛད་ནས་ཞལ་ཆེམས་དང་པོ་གནང་ནས་སླར་འོད་ཟེར་ཁྲུག་ཁྲུག༔ འོད་སྤུང་སྤུང་གི་དབུས་སུ་སྒ་ར་ར་ལྷོ་ནུབ་ཏུ་ཞལ་གཟིགས་ནས་གཤེགས་པ་དང་༔ ཡང་བདག་གིས་ལུས་རྣམས་ས་ལ་བརྡབས༔ སྐྲ་འབལ༔ གདོང་བྲད༔ ལུས་ཤད་ཤད་དུ་འགྲེ་ཞིང་འདི་ཞུས་སོ༔ ཀྱེ་མ་ཧོ༔ ཀྱེ་མ་ཧུད༔ ཨོ་རྒྱན་རྗེ༔ བོད་ཡུལ་སྟོངས་པར་བཞག་གམ༔ ཐུགས་རྗེའི་ཟེར་གྱིས་བཏང་ངམ༔ ཤཱཀྱའི་བསྟན་པ་བསྐྱུར་རམ༔ བོད་འབངས་ཁྲེལ་མེད་བོར་རམ༔ མཚོ་རྒྱལ་སྐྱབས་མེད་བོར་རམ༔ ཐུགས་རྗེས་གཟིགས་དང་༔ ད་ལྟ་རུ་གཟིགས་དང་༔ ཀྱི་ཧུད་ཅེས་ངུ་དབྱངས་ཆེན་པོ་བྱས་པས༔ སྐུ་མི་སྣང་བར་གསུང་ལྷང་ལྷང་དུ་ཞལ་ཆེམས་གཉིས་པ་གནང་ངོ་༔ དེ་ནས་ཡང་ནམ་མཁའ་ཐམས་ཅད་འོད་ཀྱིས་ཁེངས་ཤིང་༔ ས་གཞི་ཐམས་ཅད་ཟེར་གྱིས་ཁྱབ༔ འོད་ཕུང་གི་དྲ་བ་ཟེར་སྤུང་ཆེ་བར་འཁྲིགས་པའི་ཀློང་དུ་ཁྲུག་ཁྲུག་མཁའ་འགྲོ་མའི་སྐུ་དང་བཅས་པ་ནུབ་ནས་ཐལ་བས༔ ཡང་བདག་གིས་ལུས་ཐམས་ཅད་རྡོ་ལ་བརྡབས༔ ཁྲག་དང་ཤ་ཚལ་བུ་མང་པོ་ཕྱུང་ནས་ཚོགས་སུ་བཤམས་ཏེ་གུ་རུ་ལ་གདུང་ཡུས་ཀྱིས་འབོད་རྒྱང་འདི་བྱས་སོ༔ ཀྱེ་མ་ཀྱི་ཧུད་ཐུགས་རྗེའི་ཀློང་༔ གུ་རུའི་མཛད་ཕྲིན་ནམ་མཁའི་མཐའ་མཉམ་ཡང་༔ དེ་རིང་བོད་ཡུལ་གུ་རུའི་རྣམ་ཐར་རྫོགས༔ མགོ་ནག་མི་ལ་བསྐོས་པ་ཐ་དད་ཀྱང་༔ དེ་རིང་བོད་ཡུལ་བསྐོས་པའི་སྟེང་དུ་བབ༔ འགྲོ་བ་ཡོངས་ལ་སྐྱིད་སྡུག་རེས་ཡིན་ཀྱང་༔ དེ་རིང་སྡུག་རེས་ཁོ་མོ་བདག་ལ་བབ༔ ཀྱེ་མ་ཀྱེ་ཧུད་ཐུགས་རྗེས་མྱུར་མར་གཟིགས༔ ཞེས་ཞུས་པས༔ སྐུ་མི་སྣང་བའི་སྒྲ་ལས༔ མཚོ་རྒྱལ་དེར་ལྟོས་ཤིག་ཟེར་བའི་སྒྲ་གྲག་པས་སླར་བལྟས་པས༔ བར་སྣང་ནས་འོད་ཀྱི་གོང་བུ་མགོ་ཙམ་ཞིག་མདུན་དུ་བབ་པའི་ནང་དུ་འདས་རྗེས་དང་པོ་བབས་སོ༔ དེ་ནས་བོད་ཁམས་སུ་ཁྱབ་པའི་འོད་ཐམས་ཅད་འུབས་སུ་བསྡུས་ཏེ༔ ལྷོ་ནུབ་གུ་རུའི་ཕྱོགས་འོད་ལམ་ལམ་བྱས་ནས་བྱོན་ཐལ་བས༔ ཡང་བསྲན་ཐབས་ཡེ་ནས་མ་བྱུང་སྟེ་གསོལ་པ༔ རྗེ་བཙུན་ཨོ་རྒྱན་ཐུགས་རྗེས་མ་བཏང་ཁོ་མོ་ལ་གཟིགས་དང་༔ འབྲལ་བ་ཅང་སྲིད༔ ཅེས་བྱས་པས་ཡང་སྒྲ་སྔ་མ་ལྟར་བྱུང་བའི་མོད་ནས་འོད་ལག་མགོ་ཙམ་གྱི་ཟ་མ་ཏོག་ནང་དུ་འདས་རྗེས་གཉིས་པ་བབས་སོ༔

དེ་ནས་འོད་དང་ཟེར་ཉི་མ་དང་བཅས་པ་ལྷོ་ནུབ་ཏུ་འུབས་ཀྱིས་བསྡུས་ནས་སྲོད་དང་པོར་ཟིན་ནས་གུ་རུ་མཁའ་འགྲོའི་ཚོགས་དང་བཅས་པ་མི་སྣང་ནས་དཔེར་ན་མདང་གི་རྨི་ལམ་སད་པ་ལྟར་དུ་བྱུང་འདུག་པས༔ ཡིད་ཕྱོ་ལ་ངུ་འདོད་པ་གུ་རུ་ཉིད་དྲན་ནས་མཆི་མ་འཁྲུག་པ་ཞིག་བྱུང་ནས་ཆོ་མ་དབྱངས་འདི་བྱས་སོ༔ ཀྱེ་མ་རྗེ་བཙུན་ཨོ་རྒྱན་རིན་པོ་ཆེ༔ བོད་ཡུལ་སྐྱོང་བའི་ཡབ་གཅིག་ལགས༔ ད་ནི་མཁའ་འགྲོའི་གླིང་དུ་བྱོན༔ བོད་ཡུལ་ཐམས་ཅད་སྟོངས་པར་སོང་༔ བཅུད་ཀྱི་ནོར་བུ་གང་དུ་གཤེགས༔ དོན་ལ་གཤེགས་བཞུགས་མི་མངའ་ཡང་༔ དེ་རིང་ཨོ་རྒྱན་དབྱིངས་སུ་གཤེགས༔ བོད་ཁམས་ལྷ་མི་ཐམས་ཅད་ཀྱི༔ མི་རེའི་མགོ་ནས་ཉི་རེ་ནུབ༔ གོས་མེད་གཅེར་བུ་སུ་ཡིས་དྲོས༔ མི་རེའི་དཔྲལ་ནས་མིག་རེ་ཕྱུང་༔ ཅེ་རེ་ལོང་ཚོ་སུ་ཡིས་ཁྲིད༔ མི་རེའི་ཁོང་ནས་སྙིང་རེ་ཕྱུང་༔ བསམ་ཤེས་རོ་ཚོ་སུ་ཡིས་འདྲེན༔ འགྲོ་བའི་དོན་ལ་འདིར་བྱོན་ནས༔ ཡུན་དུ་མི་བཞུགས་ཇི་ལྟར་ལགས༔ ཀྱེ་ཧུད་ཨོ་རྒྱན་རིན་པོ་ཆེ༔ བོད་ཡུལ་མུན་པ་འཁྲིགས་པའི་དུས་ཀྱང་བྱུང་༔ དབེན་གནས་སྟོངས་པར་ལུས་པའི་དུས་ཀྱང་བྱུང་༔ ཆོས་ཁྲི་ཡན་པར་ལུས་པའི་དུས་ཀྱང་བྱུང་༔ དབང་བུམ་སྟོངས་པར་ལུས་པའི་དུས་ཀྱང་བྱུང་༔ ངོ་སྤྲོད་ཕོ་ཚོད་སྦྱར་བའི་དུས་ཀྱང་བྱུང་༔ གདམས་ངག་དཔེ་ལ་རེ་བའི་དུས་ཀྱང་བྱུང་༔ བླ་མ་བསམ་སྒོམ་དགོས་པའི་དུས་ཀྱང་བྱུང་༔ སྐུ་ཚབ་རས་རིས་དགོས་པའི་དུས་ཀྱང་བྱུང་༔ དག་སྣང་རྨི་ལམ་རེ་བའི་དུས་ཀྱང་བྱུང་༔ དུས་ངན་འདི་འདྲ་ཐོག་ཏུ་བབ་པ་བྱུང་༔ ཀྱེ་མ་ཀྱེ་ཧུད་རྗེ་བཙུན་ཨོ་རྒྱན་རྗེ༔ ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་ཆོས་ཀྱི་རྗེ༔ ཞེས་གསོལ་བ་བཏབ་པས་ལྷོ་ནུབ་ནས་འོད་ཀྱི་ཟེར་ཐག་ལམ་གྱིས་བྱུང་བའི་སྣེ་ལ་འོད་ཀྱི་ཟ་མ་ཏོག་ཚོན་གང་བ་ཞིག་བབ་པའི་ནང་ནས་འདས་རྗེས་གསུམ་པ་བབ་པས༔ དེ་ནས་མི་འཇིགས་པའི་གདེང་བརྙེས༔ རེ་དོགས་ཀྱི་མཚང་ཞིག༔ ཉོན་མོངས་པའི་གདུང་བ་སེལ༔ བླ་མ་དང་འདུ་འབྲལ་མེད་པའི་ཉམས་སྐྱེས་ཏེ༔ མོས་པ་དུ་མའི་སྒོ་ནས་བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཟླ་བ་གསུམ་བསྒྲུབས་པས༔ གུ་རུ་དང་ཉིན་མཚན་དུས་དྲུག་ཏུ་མཇལ་ཏེ་ལུང་བསྟན་བསླབ་བྱ་སྙན་རྒྱུད་མང་དུ་ཞུས་སོ༔ དེ་ནས་མཆོད་གནས་མས་གུ་རུའི་ཉམས་པ་བསྐང་བའི་ཕྱིར་དུ་ཡང་ཕུར་སྦྲགས་མ་བྱ་བ༔ བསྟོད་བཤགས་ཚན་དུ་བྱ་བ་གཞུང་ཡང་དག་དང་འབྲེལ་བ༔ སྨད་བར་ཆད་སེལ་བྱེད་རྡོ་རྗེ་གཞོན་ནུ་དང་འབྲེལ་བ་ཞིག་གུ་རུ་ལ་གནང་བ་ཐོབ་ནས་མཚོ་རྒྱལ་གྱིས་མཛད་ནས་བདེ་བ་མོ་སོགས་དད་ལྡན་མང་པོ་ལ་སྤེལ་ཏེ༔ བཀའ་བརྒྱུད་གཏེར་རྒྱུད་གཉིས་སུ་བཞག་གོ༔ དེ་ནས་མང་ཡུལ་དུ་བྱོན་ནས་དེར་སྔོན་གྱི་གྲྭ་སློབ་རྣམས་དང་༔ དད་ལྡན་མ་བློ་གྲོས་ཀྱིས་དགའ་བའི་ཚུལ་གྱིས་ཇོ་མོ་ཕེབས་པའི་ཚོགས་འཁོར་བཏང་ནས་དེར་གཏན་དུ་བཞུགས་པའི་ཞུ་བ་ཕུལ་བས༔ ཟླ་བ་གཅིག་ཏུ་བཞུགས་ནས་སྔོན་གྱི་བུ་སློབ་རྣམས་ལ་གེགས་སེལ་བསླབ་བྱ་བོགས་འདོན་སོགས༔ མཐར་ཐུག་པའི་གདམས་པ་མང་དུ་སྤེལ་ནས་སླར་གཙང་ཕྱོགས་སུ་ཐེགས༔ དེར་ཡང་དེ་ཕྱོགས་ཀྱི་ཡུལ་མི་ཐམས་ཅད་ཀྱིས་གུ་རུ་སྲིན་ཡུལ་དུ་བྱོན་ཀྱང་ཇོ་མོ་ཕེབས་པས་དགའ་ཟེར་ནས་གུ་རུ་དང་ཁྱད་མེད་པའི་དད་པས་ལམ་མི་ཐར་བར་བྱུང་བས༔ དེ་ཐམས་ཅད་ལ་དབང་དང་གདམས་པ་གསུངས་ཏེ་འགྲོ་བ་རིས་མེད་པའི་དོན་མཛད་དོ༔

དེ་ནས་ཟུར་པའི་སར་བྱོན་ནས་ལོ་གཅིག་བཞུགས་ནས༔ གཉེན་དཔལ་དབྱངས་དང་༔ བྷེ་ཡེ་ཤེས་སྙིང་པོ་དང་༔ ལ་གསུམ་རྒྱལ་བ་བྱང་ཆུབ་དང་༔ འོ་བྲན་དཔལ་གྱི་གཞོན་ནུ་ཕྱི་མ་དང་༔ ལང་ལབ་བྱང་ཆུབ་རྡོ་རྗེ་དང་༔ འདའ་ཆ་རུ་པ་རྡོ་རྗེ་བྱ་བ་ལོ་བདུན་ལོན་པའི་བྱིས་པ་ཞིག་འདུག་པ་རྣམས་སྣོད་ལྡན་དུ་གཟིགས་ནས་རྗེས་སུ་བཟུང་ནས་སྨིན་གྲོལ་མཛད༔ དེ་ནས་ཤང་དུ་བྱོན་ནས་སྤ་མ་གང་གི་ཕུག་པ་རྣམས་སུ་ལོ་གསུམ་བཞུགས་ནས་འགྲོ་བའི་དོན་ཡང་རྒྱ་ཆེར་མཛད༔ དེ་ནས་ཟབ་བུ་རུ་བྱོན་ནས་ཐེག་ཆེན་ཨ་ཏི་རྩོལ་མེད་ཀྱི་དོན་ལ་མཉམ་པར་བཞག་པས་ལོ་གཅིག་ནས་ཉམས་སྣང་གོང་དུ་འཕེལ་ཞིང་ཤིན་ཏུ་སྤྲོ་བ་དང་ཐུགས་དམ་ཡང་འཕེལ་བར་བྱུང་ཞིང་༔ དེར་གཏེར་ཁ་ཆེན་པོ་བཅུ་གསུམ་སྦས༔ དེ་ནས་གཞོ་ཡི་ཏི་སྒྲོ་རུ་ལོ་དྲུག་བཞུགས་པས༔ དེར་རིག་པ་ཚད་ལ་ཕེབས་ནས་རྫོགས་ཆེན་ཁོང་དུ་ཆུད༔ མཁའ་འགྲོ་མ་མང་པོའི་དོན་བྱས་ཤིང་༔ ཞིང་ཁམས་དྲུག་ཅུ་རྩ་གཉིས་ཉུལ་བའི་ལོ་རྒྱུས་ཡོད་ཀྱང་གཞན་དུ་གབ༔ འདིའི་སྐབས་སུ་དཀའ་བ་ཐ་མ་བདག་གཞན་བརྗེ་བའི་མཛད་པ་ནི༔ སྔོན་ང་ལ་སྡུག་ཏུ་གཏད་མཁན་བདུད་བློན་ཤན་ཏི་པ་དམྱལ་བ་རབ་ཏུ་ཚ་བར་སྐྱེས་འདུག་པས༔ སྙིང་རྗེ་ཁོང་ནས་སྐྱེས་པའི་བརྩོན་འགྲུས་ཀྱིས་དམྱལ་བ་ནས་བཏོན་ཅིང་༔ དམྱལ་བའི་སེམས་ཅན་འབྲེལ་ཐོབ་དང་རིས་མེད་ཀྱང་དོང་ནས་དཀྲུགས་པའི་ཚུལ་ཞིབ་པར་ལོགས་སུ་ཡོད་པས་བལྟ་བར་བྱའོ༔

གཞན་ཡང་གཅན་གཟན་རྣམས་ལ་ལུས་སྦྱིན་པ༔ ལྟོག་པ་རྣམས་ལ་ཟས་སྦྱིན་པ༔ འཁྱག་པ་རྣམས་ལ་གོས་སྦྱིན་པ༔ ནད་པ་རྣམས་ལ་སྨན་སྦྱིན་པ༔ ཕོངས་པ་རྣམས་ལ་ནོར་སྦྱིན་པ༔ མ་ནུས་པ་ལ་སྐྱབས་སྦྱིན༔ ཆགས་སེམས་ཅན་ལ་སྨད་སྦྱིན་པ་སོགས་མདོར་ན་གཞན་ལ་ཕན་པ་ནི་ལུས་དང་སྲོག་གི་སྦྱིན་པ༔ དབང་པོ་རྣམས་ལའང་ཐུག་ཀྱང་རང་ལ་ལྟོས་མེད་ཞེན་མེད་ཀྱི་སྦྱིན་པས་ཕན་པར་བྱས་པས༔ ལྷ་བརྒྱ་བྱིན་དང་༔ ཀླུ་དགའ་བོ་གཉིས་ཀྱིས་ངའི་ཚོད་ཉུལ་དུ་བཏང་སྟེ༔ རེ་ཞིག་ཏི་སྒྲོ་རུ་ཡོད་པའི་ཚེ༔ མི་ཞ་བོ་ཞིག་མི་གསུམ་གྱིས་ཁུར་རེས་བྱས་ནས་དེར་བྱུང་བས༔ ཁྱེད་རྣམས་གང་ནས་ཡིན༔ ཅི་བྱེད་དུ་ཕྱིན་བྱས་པས༔ ངེད་རྣམས་བོད་ཀྱི་འོན་བུ་ནས་ཡིན༔ རྒྱལ་པོས་མ་ཉེས་པའི་ཆད་པས༔ ཁོའི་པུས་མོའི་འཕངས་ལོ་གཉིས་ཀ་རྒྱལ་པོས་ལེན་ཤོར་ནས༔ བོད་ཀྱི་ལྷ་རྗེ་མཁས་པ་རྣམས་ཀྱིས་ཕོ་ལ་བུད་མེད་ཀྱི་འཕང་ལོ་ཡོད་ན་བཙུད་པའི་ཐབས་ཡོད༔ དེ་མིན་ན་ཐབས་ཅི་ཡང་མེད་ཟེར་བས༔ ཇོ་མོ་ཁྱོད་ཀྱིས་གང་དགོས་ཐམས་ཅད་སྦྱིན་པ་བཏང་འདུག་ཟེར་བས༔ སློང་དུ་འོང་བ་ཡིན་པས་གནང་བའི་ཐབས་ཡོད་དམ་ཟེར་ནས་ཤུགས་རིང་ནར་ནར་འདོན་ཅིང་འདུག་པས༔ སྙིང་རྗེ་ཁོང་ནས་སྐྱེས་ཏེ༔ ད་ཁྱེད་རང་རྣམས་ལ་གང་མཁོ་བ་སྦྱིན་པས་ཁྱེར་ཅིག༔ ངས་ལུས་ངག་ཡིད་གསུམ་འདི་འགྲོ་བའི་དོན་བྱེད་པ་ནི་གུ་རུ་ལ་དམ་བཅའ་ཕུལ་བ་ཡིན་བྱས་པས་དེ་རྣམས་ཀྱིས་གྲི་གུ་བཏོན་ནས༔ ངེད་ཚོས་ལེན་ཙ་ན་སྐུ་ལ་རྨ་ཆེན་པོ་བྱེད་དགོས་འདུག་པས་ཁྱེད་ཀྱིས་ཚ་ན་འདོན་དུ་ཨེའུ་འོང་ཟེར༔ ད་གང་བྱུང་ཡང་ཕྱུངས་ཤིག་བྱས་པས༔ དེར་པུས་མོ་རྣམས་རྒྱ་གྲམ་དུ་གཤག་ནས་འཕང་ལོ་གཉིས་ཀག་སྒྲ་དང་བཅས་པས་བཀོག་ནས་དམར་ཧྲི་ལེ་མདུན་དུ་བཞག་འཕྲོ་ནས་ཅུང་ཟད་རླུང་ཐུམ་སོང་ནས་སླར་སོས་བྱུང་༔ ད་ཁྱེད་རང་རྣམས་ཁྱེར་ཅིག་བྱས་པས་ཐམས་ཅད་དགའ་ནས་ཕྱིར་དེངས༔ དེ་ནས་པུས་མོ་སོས་པ་དང་༔ མཛེ་ཕོ་གཞན་པས་ཆེས་ངན་པ༔ ལུས་ཐམས་ཅད་ཁྲག་རྣག་འཛག་ཅིང་༔ རྣ་མཚུལ་ཡང་རུལ་ནས་རྨ་དོང་ཆེན་པོར་སོང་བ༔ ཁ་ལ་རུལ་དྲི་དཔག་ཚད་ཁྱབ་པ་ཞིག་བྱུང་ནས་ངུ་བ་ཁོ་ན་བྱེད་འདུག༔ ཁྱོད་ཅི་ལ་ངུ་༔ ད་སྔོན་གྱི་ལས་ལ་ཐུག་པ་ཡིན་པས་ངུས་པས་ཕན་པ་མེད༔ དེ་བས་ཡི་དམ་ལ་བསྙེན་སྒྲུབ་བྱས་ན་ཕན་ལས་ཆེ་བྱས་པས༔ དེས་ན་རེ༔ ནད་ཕོག་པ་འཇིག་རྟེན་འདིས་བསྐོས་པ་ཡིན་ཏེ༔ ང་ལ་དེ་བས་ཐུ་བ་ཞིག་ཡོད་ཟེར༔ དེ་བས་ཐུ་བ་ཅི་ཡོད་བྱས་པས༔ ང་ལ་ནད་འདི་བཙན་ཐབས་སུ་ཕོག་བྱུང་ནས༔ ང་ལ་ཆུང་མ་ཁྱོད་ལྟ་བུ་ལྷའི་བུ་མོ་འདྲ་བ་ཞིག་ཡོད་པ་དེས་ང་མ་འདོད་ནས་ཁྱོ་གཞན་དང་བསྡོངས་ཤོར་ནས་ང་སྒོར་ཕྱུང་བ་ལགས༔ ཁྱེད་ནི་སེམས་ཅན་གྱི་དོན་ལས་མེད་པ་རེད་པས་ངའི་ཆུང་མ་བྱེད་དུ་ཨེའུ་ཐུབ་བསམ་པ་ལགས༔ ཟེར་ཞིང་ངུ་ནས་འདུག་པས་དེ་ལའང་སྙིང་རྗེ་ཁོང་ནས་སྐྱེས་ནས༔ ད་མ་ངུ་དང་ངས་ཁྱེད་རང་གི་གང་ཟེར་བའི་གཡོག་བྱེད་བྱས་ནས་གང་ཟེར་བ་ལྟར་བསྒྲུབས་ནས་གནས་སོ༔

དེ་བཞིན་དུ་སྙིལ་མང་དུ་བཅད་པའི་ཚུལ་ནི༔ པགས་པ་གཡང་གི་བླུད་བུ་བྱེད་རྒྱུ་དགོས་ཟེར་ནས་བོན་པོ་བདུན་གྱིས་བསླངས་པས་བཤུས་ནས་བྱིན༔ དེ་བཞིན་དུ་མིག་བསླངས་པ་དང་༔ མགོ༔ ཡན་ལག༔ ལག་མགོ༔ རྐང་གཉིས༔ ལྕེ་སོགས་སློང་མཁན་མང་དུ་བྱུང་བས་ཐམས་ཅད་ལ་སྤྲོ་བའི་སྨོན་ལམ་དང་བཅས་ནས་བྱིན་པས༔ རེ་ཞིག་ནས་བརྒྱ་བྱིན་གྱིས་ལྷ་ཡི་ལོངས་སྤྱོད་མང་པོ་དང་༔ ལྷའི་གོས་ཆེན་པོ་ལྔ་དང་༔ བདུད་རྩིའི་བུམ་པ༔ ལྷའི་ནོར་སྣ་བདུན་བཅས་ཕུལ་ནས་བསྟོད་པ༔ མི་ཡི་བུ་མོ་ཡ་མཚན་མཆོག་གི་སྐུ༔ སྔོན་བྱོན་བྱང་ཆུབ་སེམས་དཔའི་མཛད་ཕྲིན་ཅན༔ ལུས་དང་སྲོག་ལ་ལྟོས་མེད་གཞན་ལ་སྟེར༔ སྙིང་རྗེའི་དཔལ་མོ་ཁྱོད་ལ་བདག་སྐྱབས་གསོལ༔ ངོ་མཚར་མཆོག་ཏུ་ཆེའོ་མངོན་པར་བསྟོད༔ དེང་ནས་བཟུང་སྟེ་ཇི་སྲིད་བསྐལ་པའི་བར༔ དབང་མོ་ཁྱོད་ཀྱིས་ཆོས་འཁོར་གང་བསྐོར་བ༔ དེ་དང་དེ་ཡི་སྐུལ་བདག་ངས་བགྱིའོ༔ ཞེས་ཟེར་ནས་མི་སྣང་བར་གྱུར་པས༔ བདག་གི་ལུས་ཐམས་ཅད་སྔར་དང་འདྲ་བར་གྱུར་ཏོ༔ དེ་ནས་མཛེ་ཕོ་དེ་ཡང་ཀླུ་དགའ་བོར་གྱུར་ནས་ཀླུའི་ནོར་བུ་བསམ་གྱིས་མི་ཁྱབ་པ་མང་པོ་མདུན་དུ་སྤུངས་ཤིང་༔ དད་པས་ཐལ་མོ་སྦྱར་མཆི་མ་ཕྱུང་ནས་གསོལ་པ༔ ཀྱེ་མ་གུ་རུ་ཡེ་ཤེས་མཚོ་རྒྱལ་མ༔ པདྨ་འབྱུང་གནས་གསང་བའི་ལྡེ་མིག་སྟེ༔ སྙིང་རྗེས་གཞན་གྱི་སྡུག་བསྔལ་དང་དུ་བླངས༔ གཙང་དང་རྨེ་བ་མི་མངའ་འཛིན་རྟོག་བྲལ༔ གཞན་དོན་ལྷུར་ལེན་རང་གཅེས་དོང་དུ་སྦ༔ བསྟན་པའི་བདག་མོ་རྒྱལ་ཡུམ་ཁྱོད་ལ་འདུད༔ པདྨ་ཐོད་ཕྲེང་བདག་གི་བླ་མ་སྟེ༔ མཆེད་ཁྱེད་བདག་ལ་བརྩེ་བས་གཟིགས་དགོངས་ནས༔ བསྟན་པ་རྒྱ་མཚོ་ཇི་སྙེད་གསང་བ་སྔགས༔ པདྨའི་བཀའ་གཏེར་ཟབ་མོའི་དོན་འབྱུང་བ༔ མི་ནུབ་འཕེལ་མཛད་ཁྱེད་ཉིད་ཅིག་པུར་འཁུམས༔ བདག་ཀྱང་ཇི་སྲིད་གནས་པ་དེ་སྲིད་དུ༔ ཁྱེད་ཀྱི་རྗེས་སུ་འཇུག་ལ་སྐྱོང་ཞིང་སྲུང་༔

ཕན་པ་བསྒྲུབས་ནས་གནོད་པ་ཐམས་ཅད་ཟློག༔ ཅེས་ཟེར་ནས་དེ་ཉིད་དུ་ས་ལ་ཐིམ་མོ༔

དེའི་སྐབས་སུ་ལྷ་སྲས་ཀྱིས་ཇོ་མོ་ཏི་སྒྲོ་རུ་བཞུགས་པ་གསན་ནས་གདན་དྲངས་པས་བསམ་ཡས་སུ་བྱོན་ནས་མཆིམས་ཕུར་ལོ་དྲུག་བཞུགས་ནས༔ ཆོས་རྒྱལ་ཆེན་པོ་མུ་ཁྲི་བཙན་པོས་གཙོས་པའི་ལོ་ཙཱ་བློན་འབངས་བཙུན་མོ་དང་བཅས་པས་ཞབས་ཏོག་བསྙེན་བཀུར་ཞུས་ཤིང་༔ སྔོན་གྱི་མཆིམས་ཕུ་སོགས་སྒྲུབ་སྡེ་རྣམས་ན༔ རང་དོན་རྫོགས་པའི་གྲུབ་ཆེན་རྣམས་ནི་ཕྱོགས་གཞན་ཐམས་ཅད་དུ་འགྲོ་དོན་ལ་གཤེགས༔ ལ་ལ་ནི་འབྱུང་བ་རྒས་ནས་མྱ་ངན་ལས་འདས་པས་ཅུང་ཟད་ཉམས་འདུག་པས༔ དེ་ཐམས་ཅད་སླར་ཡང་ཆོས་རྒྱལ་ཆེན་པོའི་བཀས་བན་གསར་ལྔ་བརྒྱ་ཕྲག་གསུམ་དུས་གཅིག་ལ་བཅད་ནས་རྒྱ་གར་གྱི་མཁས་པ་ཀ་མ་ལ་ཤཱི་ལས་མཁན་པོ་མཛད༔ ཇོ་མོས་གདམས་པ་བཏབ་ནས་མཆིམས་ཕུ་རང་དུ་སྒོམ་བཅུག་པས་ཐམས་ཅད་དོན་དང་ལྡན་པ་ཤ་སྟག་བྱུང་ཞིང་གྲུབ་པ་ཐོབ་ནས་གྲུབ་རྟགས་འདོན་ནུས་པ་ཡང་མང་དུ་བྱུང་༔ གཞན་ཡང་འདིའི་སྐབས་སུ་སྟོན་མིན་རྩད་མིན་གཉིས་རྩོད་དེ༔ ཧ་ཤང་བྱ་བ་ལྟ་བ་ངན་པའི་གྲུབ་མཐའ་ཞིག་བྱུང་བ་དེས་སུན་ཕྱུང་ནས་བསྣུབས་པ་ལ་བརྟེན་ནས་བསམ་ཡས་ཀྱི་ཆོས་སྡེ་ཆ་གཉིས་སུ་གྱེས་ཏེ༔ སློབ་དཔོན་ཀ་མ་ལ་ཤཱི་ལས་རྟ་མགྲིན་གླིང་བཟུང་༔ ཧ་ཤང་གིས་བྱམས་པ་གླིང་བཟུང་ནས་ཅུང་ཟད་འཁྲུགས་པས༔ དེ་ལ་མཆིམས་ཕུ་ནས་བདག་མཚོ་རྒྱལ་འཁོར་བརྒྱ་ཕྲག་དང་བཅས་བསྡུམ་པར་སོང་ཡང་ཁ་ལ་མ་ཉན་པས༔ གྲུབ་རྟགས་ཡ་མ་ཟུང་མང་དུ་བསྟན་པས་སྟོན་མིན་རྩེན་མིན་གཉིས་ཀས་དད་པ་བྱས་ཏེ་འདུས་པས༔ དེ་ཕྱིན་ཆད་ནས་ཆོས་དང་གྲུབ་མཐའ་སློབ་དཔོན་ཀ་མ་ལ་ཤཱི་ལའི་ལུགས་སུ་བྱེད་པའི་ཆོས་ཀྱི་ཁྲིམས་ཕྱི་མ་བསྡམས་ནས༔ ཧ་ཤང་དཔོན་གཡོག་རྣམས་ལ་གསེར་གྱི་རྫོང་བཏབ་ནས་རྒྱ་ནག་རང་ཡུལ་དུ་བྱོན་བཅུག༔ ཆོས་རྒྱལ་ཆེན་པོས་དགེ་འདུན་གྱི་སྡེ་ལྷ་ས་བསམ་ཡས་ཁྲ་འབྲུག་སོགས་ཐམས་ཅད་དར་རྒྱས་སུ་བཏང་སྟེ༔ སྟོང་ཕྲག་བཅུ་གསུམ་བན་གསར་དུ་བཅུག༔ བདག་མཚོ་རྒྱལ་ནི་མཆིམས་ཕུ་རང་དུ་བཞུགས་ནས༔ མངའ་རིས༔ མང་ཡུལ༔ པུ་རང་༔ མོན་གཙང་༔ བྱར༔ ལོ་རོ༔ ཀོང་པོ༔ དབུས་གཙང་རུ་བཞི༔ བྱང་ཁ་བཞི༔ མདོ་ཁམས་སྒང་དྲུག༔ རྒྱ་འཇང་ཧོར་དང་མེ་ཉག་སོགས་ཀྱི༔ སྔོན་གུ་རུའི་དངོས་སློབ་དང་༔ བན་གསར་བུ་དང་༔ བདག་ཇོ་མོ་རང་གི་སློབ་རིགས༔ གཞན་ཡང་གུ་རུ་རིན་པོ་ཆེ་ལ་དད་པ་ཐོབ་ཚད་ཀྱི་ཆོས་དང་གདམས་པའི་ཁུངས་མཛད་ཅིང་འགྲོ་དོན་ནི་ནམ་མཁའི་མཐའ་དང་མཉམ་ཞིང་༔ ཇོ་མོའི་སློབ་རྒྱུད་ཀྱིས་འཛམ་གླིང་འདི་ཡོངས་སུ་ཁྱབ་ཅིང་ཁེངས་པར་གྱུར་ཏོ༔

སྤྱི་དོན་གསུམ་པ་ཆོས་གཏེར་རྣམས་ཞབས་བསྡམས་ཤིང་འགྲོ་བ་རིས་མེད་ཀྱི་དོན་བྱེད་ཕྱིར་གནས་ཕྲན་རྣམས་དང་༔ སྦས་ཡུལ་རྫོང་དང་བཅས་པ་ཞབས་ཀྱིས་བཅགས་ཤིང་གཏེར་སྦས་ཚུལ་ཅུང་ཞིག་བཤད་པ་ནི༔ དེ་ནས་ཇོ་མོ་དེ་ཉིད་ཀྱི་དགོངས་པ་ལ༔ ད་ནི་འགྲོ་དོན་དང་བསྟན་དོན་ནི་གྲུབ༔ གུ་རུའི་ལུང་བསྟན་པའི་ཚེ་ཕྱེད་དེ་རྫོགས༔ རིག་པ་ཡང་ཚད་དུ་ཕེབས་ཏེ༔ སྤྱོད་པ་ཡང་ཚད་དུ་ཕེབས་པ་ཡིན་པས༔ སྔོན་གུ་རུ་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་གནས་མཐའ་དག་ལ་གཏེར་ཞབས་རྣམས་བསྡམ་པ་དང་༔ བཀྲ་ཤིས་སྨོན་ལམ་གདབ་ཅིང་སྒྲུབ་པ་རུ་གཤེགས་དགོངས་ནས༔ ཐོག་མར་ཏི་སྒྲོ་རང་དུ་བྱོན་ནས་ཟླ་བ་བདུན་དང་ལོ་གཅིག་བཞུགས་ནས་གཏེར་ཁ་བཅུ་ཐམ་པ་སྦས་ཤིང་འབྲེལ་ཚད་དོན་ལྡན་དུ་འབྱུང་བའི་སྨོན་ལམ་དང་ཤིས་པ་བརྗོད་ནས༔ སླར་ཕྱོགས་ཀྱི་གནས་སུ་སྤྱོད་དེ༔ ཡར་ལུང་ཤེལ་གྱི་བྲག་ཏུ་གཏེར་ཁ་ལྔ་སྦས་ནས་ཟླ་བ་བཅུ་གསུམ་བཞུགས་ནས་སྨོན་ལམ་མཛད༔ ཡང་རྫོང་དུ་ལོ་གཅིག་བཞུགས་ནས་གཏེར་ཁ་བཅུ་གསུམ་སྦས༔ ཡེར་པར་ཟླ་བ་གཅིག་བཞུགས་ནས་གཏེར་ཁ་བཅུ་ཐམ་པ་སྦས༔ དེ་ནས་རིམ་བཞིན་ཤར་ཕྱོགས་ཙ་རི་གངས་སུ་བྱོན་ནས་ལོ་གཅིག་ཟླ་བ་བཞི་བཞུགས་ནས་གཏེར་ཁ་ཆེན་པོ་བཅུ་ཕྲག་གསུམ་དུ་སྦས༔ སྤྱིར་ནི་ཀོང་པོའི་ཡུལ་དུ་གཏེར་ཁ་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་ལྔ་སྦས་སོ༔ དེ་ནས་ལྷོའི་བལ་ཡུལ་གངས་ཀྱི་ར་བ་རུ་བྱོན་ནས་ཟླ་བ་བཅུ་གསུམ་དུ་བཞུགས་ནས་གཏེར་ཁ་ལྔ་ཕྲག་བདུན་སྦས་སོ༔

དེ་ནས་ནུབ་ཀྱི་ལ་ཕྱི་གངས་ཀྱི་ར་བར་བྱོན་ནས་ཟླ་བ་བཞི་དང་ཞག་བདུན་བཞུགས་ནས་གཏེར་ཁ་བརྒྱད་སྦས་སོ༔ དེ་ནས་བྱང་ཕྱོགས་གནོད་སྦྱིན་གངས་ཀྱི་ར་བ་རུ་བྱོན་ནས་ཟླ་གསུམ་ཞག་ལྔར་བཞུགས་ནས་གཏེར་ཁ་གསུམ་སྦས་སོ༔ དེ་ནས་ཤར་ལྷོའི་རྒྱལ་གྱི་མཁན་པ་ལུང་དུ་བྱོན་ནས་ལོ་གཅིག་ཟླ་ཕྱེད་བཞུགས་ནས་གཏེར་ཁ་བཅུ་ཕྲག་གཅིག་སྦས་སོ༔ དེ་ནས་ལྷོ་ནུབ་ཀྱི་གྲ་ཕུ་ལུང་དུ་བྱོན་ནས་ཟླ་བ་ལྔ་དང་ཞག་བཅུ་བཞུགས་ནས་གཏེར་ཁ་བདུན་སྦས་སོ༔ དེ་ནས་ནུབ་བྱང་གི་འཇག་མ་ལུང་དུ་ལོ་གཅིག་ཟླ་བ་ལྔར་བཞུགས་ནས་གཏེར་ཁ་ཆེན་པོ་དགུ་སྦས་སོ༔ དེ་ནས་བྱང་ཤར་གྲོ་མ་ལུང་དུ་བྱོན་ནས་ཟླ་བ་བཅུ་གཅིག་བཞུགས་ཤིང་གཏེར་ཁ་ལྔ་སྦས་སོ༔ དེ་ནས་ཡར་བུ་གངས་ཀྱི་ར་བ་རུ་ཟླ་བ་གཅིག་དང་ཞག་བཅུ་བཞུགས་ནས་གཏེར་ཁ་གསུམ་སྦས་སོ༔ དེ་བཞིན་དུ་གསལ་རྗེ་གངས་ཀྱི་ར་བ་ལ་ལོ་གཅིག་བཞུགས་ནས་གཏེར་ཁ་བཅུ་སྦས་སོ༔ གཡུ་ལུང་གངས་ཀྱི་ར་བ་རུ་ཟླ་བ་གསུམ་བཞུགས་ནས་གཏེར་ཁ་གསུམ་སྦས་སོ༔ འབྲོང་རྗེ་གངས་ཀྱི་ར་བ་རུ་ཞག་བཅུ་བཞུགས་ནས་གཏེར་ཁ་གསུམ་སྦས་སོ༔ གཡུལ་ལུང་གངས་ཀྱི་ར་བ་རུ་ཟླ་བ་གསུམ་བཞུགས་ནས་གཏེར་ཁ་བཞི་སྦས་སོ༔ ཇོ་མོ་གངས་ཀྱི་ར་བ་རུ་ཟླ་བ་ལྔར་བཞུགས་ནས་གཏེར་ཁ་བཅུ་སྦས་སོ༔ སྙེ་བོ་གངས་ཀྱི་ར་བ་རུ་ཟླ་བ་ལྔར་བཞུགས་ནས་གཏེར་ཁ་བཞི་སྦས་སོ༔ རྫ་ཡུལ་གངས་ཀྱི་ར་བ་རུ་ཞག་བདུན་ཕྲག་གསུམ་བཞུགས་ནས་གཏེར་ཁ་གཅིག་སྦས་སོ༔ སྣ་ནམ་གངས་ཀྱི་ར་བ་རུ་བདུན་ཕྲག་གཅིག་བཞུགས་ནས་གཏེར་ཁ་ལྔ་སྦས་སོ༔ ལྷོ་རོང་གངས་ཀྱི་ར་བ་རུ་ཟླ་བ་གསུམ་དང་ཞག་བདུན་ཕྲག་གཅིག་བཞུགས་ནས་གཏེར་ཁ་བཅུ་གསུམ་སྦས་སོ༔ རོང་བཙན་གངས་ཀྱི་ར་བ་རུ་ཟླ་བ་བདུན་བཞུགས་ནས་གཏེར་ཁ་བཅུ་ཕྲག་གཅིག་དང་ལྔ་སྦས་སོ༔

ཤེལ་བཟང་གངས་ཀྱི་ར་བ་རུ་ཟླ་བ་གཉིས་དང་ཞག་བཅུ་བཞུགས་ནས་གཏེར་ཁ་ལྔ་སྦས་སོ༔ སྐམ་པོ་གངས་ཀྱི་ར་བ་རུ་ལོ་གཅིག་དང་ཟླ་གཅིག་ཞག་གཅིག་བཞུགས་ནས་གཏེར་ཁ་བཅུ་ཕྲག་གཉིས་སྦས་སོ༔ བྱེ་ཕུ་གངས་ཀྱི་ར་བ་རུ་ཟླ་གཅིག་བཞུགས་ནས་གཏེར་ཁ་བདུན་ཕྲག་གཉིས་སྦས་སོ༔ བུ་འབོལ་གངས་ཀྱི་ར་བ་རུ་བདུན་ཕྲག་གསུམ་བཞུགས་ནས་གཏེར་ཁ་གསུམ་སྦས་སོ༔ སེང་ཕྲོམ་གངས་ཀྱི་ར་བ་རུ་ཞག་བདུན་བཞུགས་ནས་གཏེར་ཁ་གཉིས་སྦས་སོ༔ མཚོ་ནག་གངས་ཀྱི་ར་བ་རུ་ཞགས་དགུ་ཟླ་ཕྱེད་བཞུགས་ནས་གཏེར་ཁ་གཅིག་སྦས་སོ༔ དེ་བཞིན་དུ་ཤར་གྱི་མ་ཀུང་ལུང་དུ་ཟླ་གཅིག་བཞུགས་ནས་གཏེར་ཁ་བཅུ་གསུམ་སྦས་སོ༔ ལྷོའི་རྦ་ལྕགས་ཤྲཱི་ལོ་གཅིག་བཞུགས་ནས་གཏེར་ཁ་བདུན་སྦས་སོ༔ ནུབ་ཀྱི་སྦྲང་སྨན་ལུང་དུ་ཟླ་གཅིག་བཞུགས་ནས་གཏེར་ཁ་གསུམ་སྦས་སོ༔ བྱང་གི་སེ་མོ་དོ་རུ་ཟླ་གསུམ་བཞུགས་ནས་གཏེར་ཁ་བཞི་སྦས་སོ༔

གཞན་ཡང་སྟོད་ཀྱི་ཙ་རི་རྫོང་དང་༔ བར་གྱི་ཁ་རག་རྫོང་དང་༔ སྨད་ཀྱི་ཀེ་རེ་རྫོང་དང་༔ མོན་གྱི་ཕག་རི་རྫོང་དང་༔ ཀོང་པོའི་བུ་ཆུ་རྫོང་དང་༔ སྤུ་བོའི་བག་ཡུལ་རྫོང་དང་༔ ལྡན་གྱི་རྡོ་རྗེ་རྫོང་དང་༔ ཕྱམས་ཀྱི་ན་བུན་རྫོང་དང་༔ ནེའུ་རིང་སེང་གེ་རྫོང་དང་༔ གཡའ་རི་བྲག་དམར་རྫོང་༔ ཀ་ལིང་སྲིན་པོ་རྫོང་དང་༔ ལྷ་རི་གཡུ་རུ་རྫོང་དང་༔ ལྟོ་ལའི་དཔལ་འབར་རྫོང་དང་༔ རེ་ཁའི་བུ་མོ་རྫོང་དང་༔ གླིང་གི་བྲག་དམར་རྫོང་དང་༔ འབྲི་ཡི་ལྷ་བྲག་རྫོང་དང་༔ ཀོང་སྨད་བྲག་དཀར་རྫོང་སོགས་རྣམས་ལའང་ཟླ་རེ་ཞག་རེ་སོགས་གནས་འབྲེལ་མཛད་ཅིང་གཏེར་ཁ་རེ་སྦས་སོ༔ དེ་བཞིན་བལ་ཡུལ་གྱི་འབྲས་མོ་གཤོང་དང་༔ ཀློ་ཡུལ་གྱི་པདྨ་བཀོད་དང་༔ ཤངས་ཀྱི་ཟབ་བུ་ལུང་དང་༔ སྨད་ཀྱི་གོ་བོ་ལྗོངས་དང་༔ རྒྱལ་མོ་རྨུ་རྡོ་ལྗོངས་དང་༔ ལྷ་མོ་དངུལ་ཁང་ལྗོངས་དང་༔ རྒྱལ་ལུང་འཇོག་པོ་ལུང་དང་༔ མོན་གྱི་བུ་ལྡུམ་ལུང་སྟེ་སྦས་ཡུལ་ཆེན་པོ་བརྒྱད་དུའང་ལོ་ཁ་ཡར་བཞུགས་ཤིང་གནས་དང་འཚམས་པའི་གཏེར་ཁ་མང་དུ་སྦས་ཤིང་༔ སྤྱིར་ཡང་གངས་རི་ཆེན་པོ་ཉི་ཤུ་རྩ་ལྔ༔ བྱིན་རླབས་ཀྱི་གནས་བཞི༔ རྫོང་ཆེན་གྱི་གནས་བཅོ་བརྒྱད༔ གུ་རུ་རིན་པོ་ཆེའི་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་དུ་བྱོན་ནས་ལོ་སྒྲུབ་ཟླ་སྒྲུབ་ཞག་སྒྲུབ་མཛད་ཅིང་གཏེར་སྦས་ནས་བཀྲ་ཤིས་སྨོན་ལམ་དང་བཅས་པ་མཛད་དོ༔ ཁྱད་པར་མདོ་ཁམས་ཀྱི་ཕྱོགས་སུ་གུ་རུའི་བྱིན་གྱིས་བརླབས་པའི་མཚན་བརྒྱད་ཀྱི་གནས་བརྒྱད༔ ཐོད་ཕྲེང་རྩལ་སྡེ་ལྔའི་གནས་ལྔ༔ ངོ་མཚར་ཕྲིན་ལས་ཀྱི་གནས་བཅུ་གཉིས༔ ལུང་བསྟན་བྱིན་གྱིས་བརླབས་པའི་གནས་གསུམ་སོགས༔ ཁ་བྱང་རྒྱས་པ་ལོགས་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ཤིང་གཏེར་ཁ་རེ་སྦས་སོ༔ སྤྱིར་བོད་ཁམས་ཡོངས་སུ་དྲིལ་བ་གནས་ཆེན་བརྒྱ་དང་རྩ་ལྔ༔ གནས་ཕྲན་སྟོང་དང་བདུན་ཅུ༔ བྱེ་བ་མང་དུ་སྨོས་ཀྱང་དེ་དག་གི་མིང་དོན་གྲངས་ནི་ཡི་གེ་མང་དོགས་ནས་འདིར་མ་སྨོས་སོ༔ གཞན་ཡང་བོད་ཡུལ་སྤྱི་དང་བསམ་ཡས་ལྷ་ས་ཁྲ་འབྲུག་སོགས་ལ་གཏེར་ཁ་སྦས་ཚུལ་ནི་གཏེར་གྱི་ཁ་བྱང་རྣམས་དང་གུ་རུའི་རྣམ་ཐར་ཆེན་མོ་རྣམས་སུ་བལྟ་བར་བྱའོ༔ ཞེས་འགྲོ་དོན་མཛད་ཚུལ་གྱི་སྐབས་ཏེ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ གུ་ཧྱ༔ ཁ་ཐམ༔ མཎྜ༔ ཟབ་རྒྱ༔

སྨོན་ལམ་གྱིས་མཐའ་བསྡུས་ནས་ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཚུལ་བསྟན་པའི་སྐབས་ཏེ་བརྒྱད་པ།

དེ་ནས་སྨོན་ལམ་གྱི་མཐའ་བསྡུས་ནས་ཆོས་དབྱིངས་སྦུབས་སུ་སངས་རྒྱས་པའི་ཚུལ་ནི༔ དེ་ལྟར་འཛམ་གླིང་གནས་ཆེན་རྣམས་ལ་བྱིན་གྱིས་བརླབས་ཤིང་གཏེར་ཁ་སྦས་ནས༔ སླར་བོད་དབུས་འཛམ་གླིང་རྒྱལ་པོའི་མཆོད་གནས་སུ་མཆིམས་ཕུར་བྱོན་ནས་རེ་ཞིག་བཞུགས་ཏེ༔ འགྲོ་བའི་དོན་སྔར་བས་ཆེས་ལྷག་པར་བསྐྱངས་ཤིང་༔ སྐར་ཆུང་རྡོར་དབྱིངས་ཀྱི་གཙུག་ལག་ཏུ་ཆོས་རྒྱལ་མུ་ཁྲི་བཙན་པོ་དང་༔ ལྷ་སྲས་མུ་རུག་བཙན་པོ་དང་༔ ངང་ཆུང་དཔལ་གྱི་རྒྱལ་མོ་སོགས་སྣོད་ལྡན་བདུན་ལ་སྨིན་གྲོལ་བླ་མེད་ཀྱི་ཆོས་ཟབ་ལ་རྒྱ་ཆེ་བ་མང་པོ་གནང་ཞིང་༔ ཁྱད་པར་དུ་བླ་མ་བཀའ་གསང་འདུས་པ༔ ཡི་དམ་དགོངས་པ་འདུས་པ༔ རྫོགས་ཆེན་ཨ་ཏི་འདུས་པ་སོགས་ཞལ་ཕྱེས་ནས་གནང་ཞིང་སྨིན་གྲོལ་ལ་བཀོད་དོ༔ དེར་བླ་མ་གསང་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབས་པས༔ ཞག་བདུན་སོང་བའི་ཐོ་རངས་ན་གཞུང་གི་དབུ་བཙུགས་ནས༔ སྤྱན་འདྲེན་གྱི་སྐབས་སུ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བྱས་པའི་ཚིག་མཚམས་སུ་བབ་པའི་ཚེ༔ ལྷོ་ནུབ་ནས་གུ་རུ་འཁོར་དང་བཅས་པ་རོལ་མོའི་སྒྲ༔ སྤོས་ཀྱི་དྲི༔ སྙན་པའི་དབྱངས༔ མཛེས་པའི་གར༔ ཉམས་ཀྱི་གླུ་དང་བཅས་ནས་འོད་མེ་རེ་རེ་བྱོན་ནས་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པས༔ བདག་གིས་ཆོས་རྒྱལ་ཆེན་པོ་ལགས་གུ་རུ་བཞུགས་པའི་ཁྲི་ཤོམས་ཤིག་བྱས་ཀྱང་༔ ཆོས་རྒྱལ་ཉིད་དད་པའི་ཡུས་ཀྱིས་བརྒྱལ་ནས་ཁྲི་བཤམ་པར་མ་གྱུར་པས༔ དེར་གུ་རུའི་ཞལ་ནས༔ ད་ནི་རིང་པོར་མི་ཐོགས་མྱུར་ཙ་ན་ལྷ་སྲས་ཀྱི་ཚ་བོ་མ་རུངས་པ་འབྱུང་ནས༔ ཆོས་རྒྱལ་ཆེན་པོའི་གདུང་རྒྱུད་ཡབ་མེས་ཀྱི་གདན་ས་མི་ཟིན་པར་འདུག༔ འོན་ཀྱང་ཆོས་རྒྱལ་ཉིད་ནི་དད་པའི་སྟོབས་ཀྱིས་ལས་ལུས་ལེན་མི་དགོས་ཏེ༔ སྤྲུལ་པས་འགྲོ་དོན་ནུས་པ༔ རྟོགས་གྲོལ་དུས་མཉམ་དུ་འབྱུང་བ་ཡོད་གསུངས༔ དེར་རྒྱལ་བུ་མུ་རུག་གིས་གདན་མང་དུ་བཤམ་ནས་གུ་རུ་བཞུགས་སུ་གསོལ༔ དེ་ནས་རྒྱལ་པོ་མུ་ཁྲིས་གུ་རུ་རིན་པོ་ཆེ་ལ་གསེར་གཡུའི་མཎྜལ་བཅུ་ཕྲག་བཅུ་བཤམ་སྟེ་ཕྱག་འཚལ་ནས་ཞུས་པ༔ ཨེ་མ་ཧོ༔ རྗེ་བཙུན་ཨོ་རྒྱན་པདྨ་སྤྲུལ་པའི་སྐུ༔ བོད་ཁམས་འགྲོ་བ་ཡོངས་ཀྱི་ཡབ་གཅིག་ལགས༔ ལས་ངན་ཁུར་གྱིས་ལྗིད་པར་ནོན་གྱུར་ནས༔ འདམ་རྫབ་གཡེང་བས་ཁྱེར་བ་བདག་ལྟ་བུ༔ ཐུགས་རྗེས་ནམ་ཡང་མི་དོར་སྐྱོང་མཛད་ནས༔ དེ་རིང་གནས་འདིར་བྱོན་པ་བཀའ་དྲིན་ཆེ༔ ད་དུང་ཡུན་དུ་བཞུགས་པའི་བཀའ་གནང་འཚལ༔ ཆོས་ཀྱི་འཁོར་ལོ་དག་ཀྱང་བསྐོར་བར་མཛོད༔ ཅེས་ཞུས་པས༔ གུ་རུའི་ཞལ་ནས༔ བཀའ་ལ་ཉོན་དང་ཆོས་རྒྱལ་ལྷ་ཡི་རྗེ༔ དད་པ་ཆེ་བ་འབྱོར་ལྡན་བསོད་ནམས་ཞིང་༔ སྨིན་པར་གྱུར་ཅིག་བླ་མས་བྱིན་གྱིས་བརླབས༔ གྲོལ་བར་གྱུར་ཅིག་ཇོ་མོའི་གསང་སྒོ་དབྱེ༔ རྟོགས་པར་གྱུར་ཅིག་རང་སེམས་ཕྱག་རྒྱ་ཆེ༔ འགྲུབ་པར་གྱུར་ཅིག་སྐུ་གསུང་ཐུགས་ཀྱི་ཀློང་༔ ཞེས་གསུངས་ནས་རྒྱལ་བུའི་དབུ་ལ་ཕྱག་བཞག་པ་དང་ཆོས་རྒྱལ་ཆེན་པོ་རྟོགས་གྲོལ་དུས་མཉམ་སྐད་ཅིག་དེ་ཉིད་དུ་གྱུར་ཏོ༔

དེ་ནས་རྒྱལ་སྲས་མུ་རུག་བཙན་པོས་ཕྱག་དང་སྐོར་བ་བྱས་ཤིང་༔ གསེར་ཤྭ་བའི་རླུད་བུ་གང་༔ གཡུ་ཆེན་ནམ་མཁའ་གོ་ཕྱེད་ཀྱིས་གཙོས་པའི་གཡུ་སིལ་མ་ཟངས་གཞོང་བཅུ་གསུམ་བཀང་ཞིང་༔ གཞན་ཡང་དངོས་པོ་རི་ལྟར་དུ་སྤུངས་ནས་ཞུས་པ༔ བདག་རྒྱལ་བུ་འདྲ་བ་དྲེགས་པ་ཆེ་བ༔ ལེ་ལོ་དང་གཡེང་བ་ཆེ་བ༔ སྡིག་ལ་དགའ་བ༔ གཡུལ་ལ་དགའ་བ༔ ཁྲིམས་ལ་དགའ་བ༔ ཅི་དང་གང་བྱས་ཀྱང་སྡིག་པའི་ཡོ་ལང་དུ་འདུག་པས་ཆོས་ཟབ་ལ་འདུས་པ༔ གོ་སླ་ལ་ཁྱེར་བདེ་བ༔ བྱིན་རླབས་ཆེ་ལ་དངོས་གྲུབ་མྱུར་བ༔ སྡིག་པ་ཟད་ལ་ཉམས་པ་སྐོང་བ་ཞིག་ཞུ་འཚལ་ལགས༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ལེགས་སོ་ལེགས་སོ་རྒྱལ་བའི་སྲས༔ སྨོན་ལམ་དག་ཅིང་ལས་དག་གོ༔ དད་ལྡན་དམ་འཛིན་སད་ན་ལེགས༔ འདི་ནས་སྐྱེ་བ་བདུན་བརྒྱུད་ནས༔ ལས་ལུས་མི་ལེན་སྤྲུལ་པས་འདུལ༔ དུས་གསུམ་སངས་རྒྱས་དགོངས་པ་མཉམ༔ དེ་འདས་བསྐལ་པ་ཕྲག་གཅིག་ནས༔ སངས་རྒྱས་སྐར་མ་འོད་དུ་འགྱུར༔ ཞེས་གསུངས་ནས་ལྷ་དངོས་གྲུབ་མྱུར་བ་ཡང་དག་གི་དཀྱིལ་འཁོར་ཞལ་ཕྱེས་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་བྱ་བའི་གདམས་པ་ཁྱད་པར་ཅན་གནང་ནས་སྨིན་གྲོལ་ལ་བཀོད༔ དྭགས་པོ་གདར་གྱི་རི་སྣ་དེར་སྦོས་ཤིག་མ་འོངས་འགྲོ་དོན་མང་པོ་འབྱུང་གསུངས༔ གཞན་ཡང་བླ་མ་ནོར་བུ་པདྨའི་ཕྲེང་བ་སོགས་བླ་མ་སྒྲུབ་པའི་ཐབས་ཁྱད་པར་ཅན་གནང་ནས་ར་མོ་ཆེའི་བྲག་ལ་སྦོས་ཤིག་གསུངས༔ དེར་སྐར་ཆུང་གི་ལྷ་ཁང་ལ་རབ་གནས་འཐོར་ཞིང་ཞག་བདུན་བཞུགས་པའི་ཐོ་རངས་སླར་ཨོ་རྒྱན་ཡུལ་དུ་འབྱོན་ཁར༔ བདག་ཇོ་མོས་ཞུས་པ༔ ཀྱེ་མ་མཐོང་ཐོས་དྲན་རེག་སྡིག་ལྡན་སྐྱེ་བོ་ཡང་༔ ཉོན་མོངས་འདམ་སྐེམ་མྱུར་གྲོལ་ཐུགས་རྗེ་ཅན༔ པདྨ་འབྱུང་གནས་རྒྱལ་བའི་ཕོ་ཉ་བ༔ ད་དུང་མཐའ་མེད་བོད་ཡུལ་ཐུགས་རྗེས་གཟིགས༔ ཁོ་མོ་བདག་ཀྱང་གདུལ་བྱ་ཀུན་རྫོགས་པས༔ ད་ནི་རྗེ་ཁྱེད་ཐུགས་རྗེའི་དྲུང་དུ་སྙོགས༔ སྐད་ཅིག་འདུ་འབྲལ་མེད་པའི་སྨོན་ལམ་ཞུ༔ ཞེས་ཞུས་པས་བཀའ་བསྩལ་པ༔ ཀྱེ་མ་ཉོན་དང་བུ་མོ་མཁར་ཆེན་བཟའ༔ མེ་ཤེལ་དཀྱིལ་འཁོར་རླུང་གིས་བསྐྱོད་པ་ལ༔ ཉིན་མཚན་དུས་བཞི་རིམ་བཞིན་བྱུང་བ་ཡིན༔ མཁའ་ལ་གཟུང་དང་འཛིན་པ་ཅིར་མི་རིག༔ འབྲས་བུ་ཚད་དུ་རྡོལ་བའི་འབྲས་ཆེན་ལ༔ སོ་ནམ་མཁན་པོས་སྤྱོད་ཀྱང་སྡོད་དབང་བྲལ༔ ཡེ་ཤེས་མཚོ་རྒྱལ་ཡེ་ཤེས་རྒྱས་འདུག་པས༔ ཉོན་མོངས་དྲི་ཚོགས་ལྷག་མས་བཅིང་གྲོལ་བྲལ༔ ཟག་པ་ཟད་པའི་ཕུང་པོ་རྒྱ་བྲལ་ལ༔ ཟག་བཅས་བློ་ཡིས་བཟུང་ཡང་སྡོད་དབང་མེད༔ བསྐྱེད་རྫོགས་རྫོགས་ཆེན་འབྲས་བུ་རྩལ་རྫོགས་ལ༔ སེམས་ཅན་མོས་པས་བསྐྱེད་ཀྱང་སྡོད་དབང་མེད༔ ད་ནི་ལས་ཟད་ཆོས་ཟད་གདུལ་བྱ་ཟད༔ ཕུང་པོ་ཟད་པས་ཁམས་ལྔ་འབྱུང་ལྔ་ཟད༔ མྱ་ངན་འདས་སར་ཕྱིན་པ་ངོ་མཚར་ཆེ༔ འདི་ནས་བཅུ་ཕྲག་ལྔ་འདས་བྱ་ཟླའི་ཚེས་བརྒྱད་ལ༔ མཚོ་རྒྱལ་པདྨ་འོད་དུ་གཤེགས་བྱ་སྟེ༔ མཁའ་འགྲོ་དཔའ་བོ་རྒྱ་མཚོ་བསུ་རུ་འོང་༔ ད་དུང་དེ་བར་འགྲོ་དོན་རྩལ་སྤྲུགས་མཛོད༔ ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ༔ དེ་ནས་བདག་མཚོ་རྒྱལ་ཡང་ལྷོ་བྲག་མཁར་ཆུའི་ཕུག་མོ་ཆེར་ཕེབས་ཏེ༔ འདིར་ནམ་མཁའི་སྙིང་པོ་ལ་རྩ་རླུང་གི་བོགས་འབྱིན་ཅིང་འཆི་མེད་ཀྱི་དངོས་གྲུབ་སྟེར་ནས་དགེ་སློང་ཡང་མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་པར་གྱུར་ཏོ༔

དེ་ནས་རྫོགས་ཆེན་བྱ་བྲལ་གྱི་དགོངས་པ་ལ་མཉམ་པར་བཞག་པས༔ ཆོས་ཉིད་ཟད་པའི་སྣང་བ་ཤར་ཏེ༔ གདུལ་བྱའི་སེམས་ཅན་རྣམས་ཀྱིས་མཐོང་སྣང་སྣ་ཚོགས་སུ་གྲུབ་སྟེ་འགྲོ་བའི་དོན་མཛད་པ་ནི༔ དེ་ཡང་གང་ཞིག་སེམས་ཅན་ལྟོགས་པ་རྣམས་ལ་ཟས་སོགས་འདོད་ཡོན་གྱི་ཕུང་པོར་སྤྲུལ་ཏེ་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་འཁྱག་པ་རྣམས་ལ་མེ་དང་ཉི་མ་རུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་དབུལ་ཕོངས་ཅན་རྣམས་ལ་ནོར་སྣ་ཚོགས་སུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་གོས་མེད་རྣམས་ལ་གོས་སྣ་ཚོགས་སུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་བུ་མེད་པ་རྣམས་ལ་བུ་དང་བུ་མོ་རུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་བུད་མེད་འདོད་པ་དག་ལ་བུད་མེད་ཡིད་དུ་འོང་བ་རེར་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་ཁྱོ་འདོད་པ་ལ་སྐྱེས་པ་ཡིད་དུ་འོང་བར་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་རྫུ་འཕྲུལ་འདོད་པ་རྣམས་ལ་གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་སྟེར་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་ནད་ཀྱིས་གདུང་བ་དག་ལ་སྨན་དུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་སྡུག་བསྔལ་གྱིས་གདུང་བ་རྣམས་ལ་ཡིད་ལ་འདོད་པ་དེ་རུ་སྤྲུལ་ནས་བདེ་བ་བཀོད་དོ༔ གང་ཞིག་སེམས་ཅན་རྒྱལ་པོའི་ཆད་པས་གདུང་བ་དག་ལ་བྱམས་པའི་གྲོགས་མཐུན་པའི་ཡུལ་དུ་དྲངས་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་གཅན་གཟན་སོགས་འཇིགས་པས་མནར་བ་རྣམས་ལ་དེའི་གཉེན་པོར་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་གཡང་དུ་ལྷུང་བ་རྣམས་ལ་གཡང་ལས་བཟློག་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་མེ་ཡིས་མནར་བ་རྣམས་ལ་ཆུ་རུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔

གང་ཞིག་སེམས་ཅན་འབྱུང་བ་ལྔ་ཡིས་མནར་བ་རྣམས་ལའང་དེའི་གཉེན་པོར་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་ལོང་པ་རྣམས་ལ་དབང་པོ་རུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་ཞ་བོ་རྣམས་ལ་རྐང་པ་རུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་ལྐུགས་པ་རྣམས་ལ་ལྕེ་དབང་དུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་འཆི་བ་ལ་འཚེར་བག་ཅན་ལ་འཆི་མེད་དུ་བསྒྱུར་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་འཆི་འགྱུར་རྣམས་ལ་འཕོ་བའི་ལམ་ལ་དྲངས་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་བར་དོར་འཁྱམས་པ་རྣམས་ལ་ཡི་དམ་དུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་དམྱལ་བ་རུ་འཁྱམས་པ་རྣམས་ལ་ཚ་བའི་སྡུག་བསྔལ་རྣམས་ལ་བསིལ་བ༔ གྲང་བའི་སྡུག་བསྔལ་རྣམས་དྲོད་དང་དེ་བཞིན་དུ་གང་ལ་གང་གིས་སྡུག་བསྔལ་སྐྱོབ་ཐབས་སྣ་ཚོགས་སུ་བསྒྱུར་ནས་བདེ་བ་ལ་བཀོད་དོ༔

གང་ཞིག་སེམས་ཅན་ཡི་དྭགས་སུ་འཁྱམས་པ་རྣམས་ལ་ཟས་སྐོམ་སྣ་ཚོགས་སུ་སྤྲུལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་དུད་འགྲོ་རུ་འཁྱམས་པ་རྣམས་ལ་གླེན་ལྐུགས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ལས་གྲོལ་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་མི་ཀླ་ཀློ་སོགས་ལོག་པ་རུ་སྐྱེས་པ་རྣམས་ལོག་ལམ་ལས་བཟློག་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་ལྷ་མིན་དུ་སྐྱེས་པ་རྣམས་ལ་འཐབ་རྩོད་ལས་བསྐྱབས་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་ལྷ་རུ་སྐྱེས་པ་རྣམས་ལ་ཕམ་ལྟུང་གི་སྡུག་བསྔལ་ལས་བསྐྱབས་ནས་བདེ་བ་ལ་བཀོད་དོ༔ གང་ཞིག་སེམས་ཅན་མི་མཐུན་པ་གང་གིས་གདུང་བ་དེ་ལས་བསྐྱབས་ནས་བདེ་བ་ལ་བཀོད་དོ༔ མདོར་ན་ནམ་མཁས་གར་ཁྱབ་འབྱུང་བས་ཁྱབ༔ འབྱུང་ལྔས་གར་ཁྱབ་སེམས་ཅན་གྱིས་ཁྱབ༔ སེམས་ཅན་གྱིས་གར་ཁྱབ་ལས་དང་ཉོན་མོངས་པས་ཁྱབ༔ ཉོན་མོངས་ཀྱིས་གར་ཁྱབ་ཐུགས་རྗེས་ཁྱབ་པས་འགྲོ་བའི་དོན་ཡང་མཛད་པ་དེ་ཙམ་གྱིས་ཁྱབ་པར་མཛད་དེ༔ རེས་སྣང་ལ་རེས་མི་སྣང་བར་གྱུར་ཏེ་ལོ་བཅུ་ཕྲག་གཉིས་སུ་བཞུགས་སོ༔ དེའི་ཚེ་དེའི་དུས་སུ་རྒྱ་གར་ནས་སྔོན་གུ་རུ་རིན་པོ་ཆེའི་སྐུ་ཡི་གཟུངས་མ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ༔ གྲུབ་པའི་རྒྱལ་མོ་རིག་འཛིན་དུང་སྨན་རྒྱལ་མོའམ༔ མཚན་གཞན་ལྷ་ལྕམ་མེ་ཏོག་མནྡ་ར་བ་དཔོན་སློབ་བདུན་ནམ་མཁའ་ནས་བྱོན་ཏེ་མཚོ་རྒྱལ་དང་མཇལ་ནས་མིའི་ཞག་སུམ་ཅུ་རྩ་དགུར་བཞུགས་ནས་གདམས་ངག་གི་ག་དར་དང་༔ ཆོས་ཀྱི་བགྲོ་བ་མཐའ་ལས་འདས་པ་མཛད་ཅིང་ཁྱད་པར་དུ་མནྡ་ར་བས་རྒྱ་གར་དུ་མ་གྲགས་པའི་གུ་རུའི་ཁྱད་ཆོས་མན་ངག་ཉི་ཤུ་རྩ་བདུན་མཚོ་རྒྱལ་ལ་ཞུས་པས་ཕུལ༔ མནྡ་ར་བ་ནི་ཚེའི་མཁའ་འགྲོ་ཚེ་བདག་ཏུ་འདུག་པས་ཚེ་ཡི་མན་ངག་བདུན༔ གཞན་ཡང་རྟ་མགྲིན་སོགས་མན་ངག་བཅུ་གསུམ་མཚོ་རྒྱལ་གྱིས་ཞུས་ནས་གཏེར་དུ་སྦས༔ དེ་ལ་མཚོ་རྒྱལ་གྱིས་ཚིགས་སུ་བཅད་པ་འདི་ཕུལ་ལོ༔ ཨོཾ་ཨཱཿཧཱུྃ༔ འཆི་མེད་རྡོ་རྗེའི་སྐུ་བརྙེས་མཁའ་འགྲོ་མ༔ ཕུང་པོ་འཇའ་ཚོན་ལྟ་བུ་མཁའ་ལ་སྤྱོད༔ དངོས་པོ་གང་ལ་ཐོགས་མེད་རྩལ་གྱིས་འགྲོ༔ འཆི་བདག་བདུད་བཅོམ་ཕུང་པོའི་བདུད་ལས་རྒྱལ༔ ཉོན་མོངས་འཆིང་གྲོལ་ལྷ་བུ་ཆམས་ལ་ཕབ༔ ཚེ་བདག་མཁའ་འགྲོ་ཁྱེད་ཉིད་མ་ལགས་སམ༔ འོག་མིན་མན་ནས་སྲིད་པ་གསུམ་གྱི་བར༔ བཅུད་མཆོག་ཀུན་བདག་བདེ་ཆེན་སྐུ་བརྙེས་མ༔ སྟོང་ཉིད་ཕྱག་རྒྱ་ཆེན་མོ་མནྡ་ར༔ འགྲོ་བའི་ཨ་མ་ཁྱོད་ལ་བདག་འདུད་དོ༔ སྐྱེ་འགྲོ་སྐྱེ་ཤི་ཁ་བརྒྱུད་ལས་རྒྱུན་ཅན༔ མ་དག་འཁྲུལ་རྒྱུན་ཟོ་ཆུའི་འཁྱུད་མོ་ཡུག༔ འབབ་པའི་སྒོ་གཅིག་གཅོད་མཛད་ཁྱེད་ལྟ་བུར༔ བདག་ཀྱང་འགྲུབ་པའི་སྨོན་ལམ་འགྲུབ་གྱུར་ཅིག༔ ལས་ཟད་བདེ་བ་ཟད་ཅིང་འཁྲུལ་རྫབ་ཟད༔ ཁམས་གསུམ་འཁོར་བ་ཀུན་ཟད་ཀུན་རྟོག་ཟད༔ བདེ་ཆེན་དབྱིངས་སུ་བདེ་བའི་རྒྱས་ཐེབས་པ༔ བདེ་ཆེན་ཀུན་བཟང་མོ་དང་དབྱེར་མེད་ཤོག༔ ཅེས་གསུངས་ནས་སྨོན་ལམ་མཛད་དེ༔ བོད་ཡུལ་དུ་མ་གྲགས་པའི་མན་ངག་མང་དུ་ཞུས་སོ༔ དེ་ནས་ལྷ་ལྕམ་གྲུབ་པའི་རྒྱལ་མོ་མནྡ་ར་བས་ལན་གསོལ་པ༔ ཀྱེ་ཧོ་གསང་སྔགས་གྲུབ་པ་བརྙེས་པའི་མཁའ་སྤྱོད་མ༔ ཟག་བཅས་ཟག་མེད་དབྱིངས་སྡུད་འཕྲུལ་མོ་ཆེ༔ པདྨའི་གདམས་ངག་རྩི་གསོལ་བཅུད་རྣམས་སྡུད༔ ཡུམ་ཆེན་ཤེས་རབ་ཕར་ཕྱིན་ཁྱོད་མིན་ནམ༔ ཆོས་ཀྱི་བདེན་པ་མཐོང་བའི་ལམ་ཞུགས་ནས༔ ཚེ་འདིའི་ཆོས་བརྒྱད་ངེས་པར་སུན་དུ་ཕྱུང་༔ དཀའ་སྤྱད་བཅུད་བླངས་སྣང་སྲིད་ཆམས་ལ་འབེབས༔ གཞོན་ནུ་ཟག་མེད་མཚོ་རྒྱལ་ཁྱོད་ལ་འདུད༔ ལས་རླུང་སྟོབས་ཆེན་འཁོར་བ་མཐའ་མེད་ཀྱི༔ སྡིག་ཆེན་སྐྱེ་བོ་བརྟུལ་ཞུགས་རྩལ་གྱིས་དྲངས༔ ལོག་མིན་གདོན་གཟུགས་བོན་བསྣུབས་ཆོས་སྲོལ་བཙུགས༔ མཐུ་སྟོབས་མངའ་བདག་ཁྱོད་དང་བདག་གཅིག་གྱུར༔ འདི་ནས་དག་པ་དག་པའི་དབྱིངས་རབ་འབྱམས༔ ཁྱོད་ལྡན་པདྨ་འོད་ཀྱི་ཞིང་དེ་རུ༔ པདྨ་ཐོད་ཕྲེང་ཐུགས་རྗེའི་ཟེར་སྣང་དུ༔ ཁྱོད་དང་བདག་གཉིས་ཕྲིན་ལས་སྤྲུལ་པ་བཀྱེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག༔ ཅེས་སྨོན་ལམ་མཛད་ནས་དབྱིངས་སུ་གཤེགས་སོ༔

དེ་ནས་སྦེ་ཡེ་ཤེས་སྙིང་པོ༔ རྨ་རིན་ཆེན་མཆོག༔ འོ་བྲན་དཔལ་གྱི་གཞོན་ནུ་དང་༔ ལང་ལབ་རྒྱལ་བ་བྱང་ཆུབ་རྡོ་རྗེ༔ འདར་ཆ་རྡོ་རྗེ་དཔའ་བོ༔ དབུས་ཀྱི་སུརྱ་ཐད་པ༔ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན༔ བལ་འབངས་ཀ་ལ་སིདྡྷི༔ ལི་བཟའ་བྱང་ཆུབ་སྒྲོལ་མ༔ ཤེལ་དཀར་རྡོ་རྗེ་མཚོ་མོ༔ མཁར་ཆེན་གཞོན་ནུ་སྒྲོལ་མ་སོགས་རྩ་བའི་སློབ་མ་བཅུ་གཅིག༔ དད་ལྡན་རྗེས་སུ་འབྲང་བ་བདུན་ཅུ་རྩ་དགུ་དང་བཅས་པ་ཤངས་ཀྱི་ཟབ་བུ་ལུང་དུ་བྱོན་ནས་ཡོངས་དྲིལ་ལོ་ཡང་བཅུ་ཕྲག་གཅིག་ཏུ་གདུལ་བྱའི་དོན་རྒྱ་ཆེ་བར་མཛད་ནས༔ ཆོས་རྣམས་ཐམས་ཅད་ཟད་པར་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་པས༔ དེ་ལ་སྦེ་ཡེ་ཤེས་སྙིང་པོས་གཙོས་པའི་ལས་ཅན་བུ་དྲུག༔ དད་ལྡན་འཁོན་སོགས་ཀྱིས་ད་དུང་མྱ་ངན་ལས་མི་འདའ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞུ་བ་ཕུལ་པ༔ ཀྱེ་མ་ཧོ༔ ཡུམ་ཆེན་ཕར་ཕྱིན་ཆོས་སྐུ་མཚན་ལྡན་ཁྱེད༔ ཉི་ཟླའི་གཟི་བརྗིད་དབྱིངས་སུ་གར་བསྡུ་བ༔ ས་སྟེང་འགུལ་བའི་རྐང་གཉིས་སུ་ལ་རེ༔ ད་དུང་མཁྱེན་རབ་དཀྱིལ་འཁོར་དབྱེ་བར་མཛོད༔ བཅོམ་ལྡན་འདས་མ་ལོངས་སྐུ་ཆར་སྤྲིན་ཁྱེད༔ བདུད་རྩིའི་མན་ངག་དབྱིངས་སུ་གར་བསྡུ་བ༔ ས་སྟེང་མྱུ་གུ་ལྗང་བུ་སུ་ལ་རེ༔ ད་དུང་ཆོས་ཀྱི་བདུད་རྩི་དབབ་པར་མཛོད༔ སྐྱབས་གནས་མཚོ་རྒྱལ་སྤྲུལ་སྐུ་སྟོན་པ་ཁྱེད༔ མཚན་དང་དཔེ་བྱད་དབྱིངས་སུ་གར་བསྡུ་བ༔ ལྟོས་བཅས་ཆོས་མེད་བདག་འདྲ་སུ་ལ་རེ༔ ད་དུང་གདུལ་བྱ་སྨིན་གྲོལ་མཛད་དུ་གསོལ༔ ཀྱེ་མ་ཀྱེ་ཧུད་མཚན་ལྡན་མཚོ་རྒྱལ་མ༔ ཞེས་གདུང་བའི་ཡུས་ཀྱིས་གསོལ་བ་བཏབ་པས༔ ཇོ་མོའི་ཞལ་ནས༔ འོ་བུ་རྣམས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཤོམས་ཤིག༔ ད་དུང་གསང་སྔགས་ཆེས་ཟབ་པ་མང་པོའི་དཀྱིལ་འཁོར་ཞལ་ཕྱེ་ནས་གདམས་པ་གདབ༔ འདིའི་ཚེས་བརྒྱད་ལ་ཇོ་མོའི་མིང་བོད་ཡུལ་དུ་བཞག་པ་ཡིན་ནོ༔ ཞེས་གསུངས་པས༔ ཐམས་ཅད་ཡིད་མ་དགའ་བག་མ་དྲོ་ཞིང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ནས་དབུས་སུ་ཇོ་མོ་བཞུགས་པའི་མདུན་དུ་སློབ་བུ་དང་མཆེད་ལྕམ་རྣམས་གདོང་སྨད་ཅིང་ཇོ་མོའི་ཞལ་ལ་བལྟ་ཞིང་མཆི་མ་འཁྲུགས་པར་གནས་པས༔ དེ་ལ་ཇོ་མོས་བཀའ་སྩལ་པ༔ ཀྱེ་མ་ཧོ༔ ཁྲོམ་ཀོ་ལེ་འཚོགས་པ་ཀྱི་ལེར་ཉོན༔ ཡིད་རྣ་བའི་དབང་པོ་སྒྲ་ལ་གཏོད༔ སེམས་ཞུམ་པ་མི་དགོས་སྤྲོ་བ་བསྐྱེད༔ ཚེ་འདུས་བྱས་ཡིན་པས་རྟག་པ་མེད༔ ཡུལ་སྣང་བ་ཡིན་པས་གྲུབ་པ་མེད༔ ལམ་འཁྲུལ་པ་ཡིན་པས་བདེན་པ་མེད༔ གཞི་གཤིས་ལུགས་ཡིན་པས་དངོས་པོ་མེད༔ སེམས་རྣམ་རྟོག་ཡིན་པས་གཞི་རྩ་མེད༔ དོན་ཅི་ཡང་གྲུབ་པ་ངས་མ་མཐོང་༔ ཁྱོད་འདིར་འཚོགས་ཀྱི་དད་ལྡན་མཆེད་ལྕམ་རྣམས༔ མ་ང་ལ་མ་ཡེངས་གསོལ་བ་ཐོབ༔ དབྱིངས་བདེ་བ་ཆེན་པོར་བྱིན་གྱིས་བརླབས༔ དུས་ནམ་ཡང་འདུ་འབྲལ་ཡོད་མ་ཡིན༔ ལས་འབྲེལ་ཐོག་ཁོ་མོས་ཤུགས་ཀྱིས་འདྲེན༔ གཞན་རིས་མེད་ཐུགས་རྗེའི་སྤྲུལ་པས་སྐྱོབ༔ མ་ང་ལ་འཆི་འཕོའི་སྡུག་བསྔལ་མེད༔ སེམས་ཞུམ་པ་མི་དགོས་མཆེད་དང་ལྕམ༔ ས་འདི་སྐོར་དངོས་ཀྱི་གདུལ་བྱ་རྫོགས༔ དཔལ་ཨོ་རྒྱན་རྗེ་ཡི་ལུང་བསྟན་ལས༔ ཚེ་འདི་ཡི་གདུལ་བྱ་ཉིས་བརྒྱ་གསུངས༔ ད་ཉིས་བརྒྱ་མི་དགོས་ལྷག་ཙམ་སོང་༔ བོད་བསྐྱངས་ཡུན་མི་ཐུང་བསྐྱངས་ཡུན་རིང་༔ ལོ་བཅུ་གསུམ་ནས་རྗེ་ཡི་རྒྱལ་མོ་བྱས༔ བཅུ་དྲུག་ནས་གུ་རུའི་ཐུགས་རྗེས་བཟུང་༔ ཉི་ཤུ་ནས་དབང་རྫོགས་དཀའ་སྤྱད་བསྒྲུབས༔ སུམ་ཅུ་ནས་གྲུབ་ཐོབ་འགྲོ་དོན་བསྐྱངས༔ བཞི་བཅུ་ནས་གུ་རུའི་དགོངས་པ་བསྒྲུབས༔ ལྔ་བཅུ་ནས་བདུད་བཅོམ་བསྟན་པ་བསྐྱངས༔ དྲུག་ཅུ་ནས་གཞུང་ཚུགས་དགེ་འདུན་སྤེལ༔ བདུན་ཅུ་ཡི་དུས་སུ་ཆོས་ཉིད་བརྙེས༔ བརྒྱད་ཅུ་ནས་གུ་རུ་ལྷོ་ནུབ་བྱོན༔ དགུ་བཅུ་ནས་ཆོས་ཉིད་མངོན་སུམ་མཐོང་༔ བཅུ་ཕྲག་ནས་རིག་པ་ཚད་ལ་ཕེབས༔ ཉི་ཤུ་ནས་ཆོས་རྒྱལ་མཆོད་གནས་བགྱིས༔ སུམ་ཅུ་དུས་བོད་ཡུལ་མ་ལུས་ཉུལ༔ ལྔ་བཅུ་ལ་གཏེར་སྦས་གཞན་དོན་གྲུབ༔ དྲུག་ཅུ་ལ་མུ་ཁྲི་དགུང་གཤེགས་པས༔ བདུན་ཅུ་ནས་གདུལ་བྱའི་ལྷག་མ་བསྐྱངས༔ བརྒྱད་ཅུ་ལ་ལྷོ་བྲག་ཏུ་སྤྲུལ་པ་བཀྱེས༔ དགུ་བཅུ་ལ་མཆེད་ཅིག་གྲུབ་རྒྱལ་མཇལ༔ མན་ངག་མཆོག་ཚེ་ཡི་དངོས་གྲུབ་ཐོབ༔ སྐྱེ་འཆིའི་མཚན་མ་རང་སར་གྲོལ༔ ད་ནི་ཉིས་བརྒྱ་བཅུ་གཅིག་སོང་༔ བོད་ཁམས་བསྐྱངས་ཡུན་ཨ་རེ་རིང་༔ དྲིན་དུ་གཟོ་འམ་ལྷ་མི་ཀུན༔ དེ་ཀུན་སྐྱིད་སྡུག་བཟླ་བོ་ཡིན༔ ད་དུས་སོང་ནས་འབྲལ་འབྲལ་འདྲ༔ གྲོགས་རྣམས་མྱ་ངན་མ་མཛད་ལ༔ གསོལ་བ་ཕུར་ཚུགས་ནེར་ཚུགས་ཐོབ༔ རྫོགས་ཆེན་བྱ་བྲལ་ཉམས་སུ་ལོངས༔ མྱ་ངན་འདའ་ཐབས་འདི་བས་མེད༔ ཨོ་རྒྱན་པདྨའི་ཐུགས་ཁྲག་ཡིན༔ ཁོ་མོ་བདག་ལ་གནང་བ་ཡིན༔ ད་ནི་ཁྱོད་ལ་སྟེར་བར་བྱ༔ ཉམས་སུ་ལོངས་དང་གྲུབ་པ་ཐོབ༔ སྣོད་ལྡན་འགྲོ་བ་ཡོངས་ལ་བྱིན༔ སྣོད་མེད་རྣམས་ལ་མ་སྤེལ་ཅིག༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ལོག་ལྟ་ཅན་ལ་ཨ་ཐཾ་རྒྱ༔ ཞེས་གསུངས་ནས་བཀའ་རྒྱས་བཏབ་ནས་རྩ་བའི་སློབ་མ་བཅུ་གཅིག་ལ་རྫོགས་པ་ཆེན་པོ་ཨ་ཏིའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ ཇོ་མོའི་སྙན་བརྒྱུད་ཐ་མ་སྤེལ་བ་སྙིང་ལྟ་བུའི་མན་ངག་བརྒྱ་ཐམ་པ་གནང་ནས་ཐམས་ཅད་ཀྱང་སྐད་ཅིག་དེ་ཉིད་ལ་གྲོལ་བ་ཐོབ་པར་གྱུར་ཏོ༔

དེ་ནས་སྤ་མ་གངས་ཀྱི་ཕུག་པ་གོང་མ་རུ་བཞུགས་ཏེ༔ དགུང་ལོ་ཉིས་བརྒྱ་དང་བཅུ་གཅིག་སྟེང་དུ་བབ་ཚེ་བྱ་ཟླ་བའི་ཚེས་གསུམ་ནས་ཇོ་མོའི་ཞལ་ནས༔ ད་འདིའི་ཚེས་བརྒྱད་ལ་ཟབ་བུའི་རི་རྩེར་ལྟད་མོ་ལ་ཆས༔ ཟངས་མདོག་དཔལ་རི་ཡང་དེར་བཞུགས་གསུངས་པས༔ དེ་ནས་འཁོར་ལས་ཅན་བཅུ་གཅིག་ཀྱང་འཁོར་ལྔ་བཅུ་ཙམ་བྱས་ནས་ཟབ་བུའི་རྩེ་མོར་བྱོན་ནོ༔ དེར་ཚེས་བདུན་ལ་ཟབ་བུའི་རིའི་རྐེད་པ་དེར་ཕྱག་རྒྱ་སྦྱར་བ་འདྲ་བའི་ཕུག་པ་རུ་ཕེབས་པས་དེར་བཞུགས་ནས་ཆོས་ཚན་ཉི་ཤུ་རྩ་ལྔའི་མན་ངག་རྣམས་གནང་ནས་བླ་མ་སྒྲུབ་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་ཐམས་ཅད་མཚོ་རྒྱལ་གྱི་མདུན་དུ་འདུས་པས༔ ཇོ་མོའི་ཞལ་ནས༔ སེམས་ཅན་མི་རྟག་བྱ་བ༔ གདུལ་བྱའི་མཚན་ཉིད་ཅེས་གསུངས་པས༔ དེ་ལ་བཀྲ་ཤིས་ཁྱེའུ་འདྲེན་གྱིས་གསེར་གྱི་མཎྜལ་ཕུལ་ནས་ཞུས་པ༔ ཨ་མ་ཇོ་མོ་དྲིན་ལྡན་ལགས༔ ཁམས་གསུམ་སེམས་ཅན་མ་གཅིག་པུ༔ ད་དུང་བུ་རྒྱུད་མི་སྐྱོང་ན༔ ཁ་ལག་འཕྲོད་རྣམས་མགོ་ཐོན་ཀྱང་༔ ཁ་དམར་མང་པོ་ཅིར་མི་འཆི༔ དབྱིངས་ཀྱི་ནོར་བུ་གསེར་ཆེན་ཁྱེད༔ ད་དུང་འགྲོ་མུན་མི་བསལ་ན༔ ཡེ་ཤེས་སྤྱན་ལྡན་ལམ་ཐོབ་ཀྱང་༔ ཆུ་བུར་མིག་ཅན་གཡང་དུ་ལྟུང་༔ མཚན་ལྡན་སྟོན་པའི་རྒྱལ་ཚབ་ཁྱེད༔ ད་དུང་ཉན་ཐོས་མི་སྐྱོང་ན༔ འཕགས་པ་དགྲ་བཅོམ་མགོ་ཐོན་ཀྱང་༔ བཙུན་ཆུང་ཐོས་རྨོངས་གང་གིས་སྐྱོབ༔ ཚངས་པའི་དབྱངས་ལྡན་མཁའ་འགྲོ་ཁྱེད༔ ད་དུང་འདུས་པ་མི་སྐྱོང་ན༔ ལོ་ཙཱ་མཁས་གྲུབ་མགོ་ཐོན་ཀྱང་༔ སྐྱེ་བོ་མཐའ་མེད་གང་གིས་འདྲེན༔ ཀྱེ་མ་ཇོ་མོ་མཚན་ལྡན་མ༔ ད་དུང་འཁོར་ལ་ཐུགས་རྗེས་གཟིགས༔ འདིར་འདུས་མཆེད་དང་ལྕམ་གྲལ་ལ༔ ཞལ་གྱི་བདུད་རྩི་བསྩལ་ཏུ་གསོལ༔ ཞེས་ཞུས་ནས་ཕྱག་གྲངས་མེད་པ་འཚལ་ནས་གནས་པ་ལ༔ ཇོ་མོས་བཀའ་སྩལ་པ༔ ཀྱེ་མ་ཉོན་དང་དད་ལྡན་མོན་བུ་མོ༔ བདག་ཉིད་ཇོ་མོ་མཚོ་རྒྱལ་གྱིས༔ འགྲོ་བའི་དོན་ལ་སྐྱོ་དུབ་མེད༔ བོད་ཡུལ་ཐམས་ཅད་ཆོས་ཀྱིས་བསྐྱངས༔ ལོ་ཡང་ཉིས་བརྒྱ་བཅུ་གཅིག་སོང་༔ ད་ནི་གདུལ་བྱ་ངེས་པར་རྫོགས༔ སྡོད་པའི་ཐབས་བྲལ་བཤོལ་བ་དཀའ༔ སེམས་ཅན་ཕ་རོལ་འགྲོ་དང་མཚུངས༔ དེས་ན་ཁ་ཆེམས་ཚིག་གསུམ་བཞག༔ འདིར་འདུས་མཆེད་ལྕམ་གསན་པར་འཚལ༔ མགོ་ནག་སེམས་ཅན་གྲངས་མེད་ཀྱང་༔ བསྟན་པར་ཞུགས་པ་གྲངས་ལྡན་ཙམ༔ ཆོས་ལྡན་དགེ་འདུན་དེ་བས་ཉུང་༔ གྲུབ་པ་ཐོབ་པ་ཉིན་སྐར་ཙམ༔ སངས་རྒྱས་གྲུབ་པ་སྲིད་ཙམ་ཟད༔ དེས་ན་མདོ་དོན་ཆོས་ལ་དྲིལ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་༔ གྲངས་མེད་བཞི་སྟོང་སྨོས་ན་ཡང་༔ བསྡུས་པ་ཐེག་པ་དགུ་ལ་འདུས༔ ཐེག་དགུ་རིམ་གསུམ་ཨ་ཏི་སྟེ༔ ཨ་ཏིའི་དོན་ནི་ལྟ་སྒོམ་སྤྱོད༔ འབྲས་བུ་བླ་མེད་ཆོས་ལ་འདུས༔ ལྟ་བ་ཡིད་དཔྱོད་འཛིན་པ་བྲལ༔ སྒོམ་པ་ཉམས་མྱོང་གཉུག་མའི་གཤིས༔ སྤྱོད་པ་ཡེངས་མེད་ལྷུག་པར་འདུས༔ འབྲས་བུ་སྐུ་གསུམ་རང་རྩལ་རྫོགས༔ འདི་རྣམས་ཆོས་ཀྱི་འགག་དོན་ཡིན༔ ཕྱི་ཚུགས་འདུལ་བའི་ཆོས་དང་བསྟུན༔ གཞན་སྐྱོན་དྲི་མ་ངང་གིས་ཆུང་༔ ནང་དུ་ཆོས་སྤྱོད་མདོ་དང་བསྟུན༔ བསོད་ནམས་རྒྱུ་མཐུན་ངང་གིས་སོག༔ གྲུབ་མཐའི་གཤག་ཕྱེ་མངོན་པར་བསྟུན༔ ཐེ་ཚོམ་སྒྲོ་འདོགས་ངང་གིས་ཆོད༔ འདི་གསུམ་བསྟན་པའི་གཞི་མ་ཡིན༔ བསྟན་པ་འཛིན་ལ་མེད་ཐབས་མེད༔ གཙང་སྤྱོད་ཀྲི་ཡའི་གཞུང་དང་བསྟུན༔ བག་ཆགས་དྲི་མ་བྱང་བར་འགྱུར༔ བློ་སྦྱངས་ཨུ་པ་ཡ་གཞུང་དང་བསྟུན༔ ཆོས་ལ་གོམས་འདྲིས་ངང་གིས་འཇུག༔ ལྟ་སྒྲུབ་ཡོ་གའི་གཞུང་དང་བསྟུན༔ བྱིན་རླབས་ཐུགས་རྗེ་ངང་གིས་འཇུག༔ བསྙེན་སྒྲུབ་མ་ཧཱ་ཡོ་གར་འཇུག༔ ལྟ་སྒོམ་སྤྱོད་པ་ངང་གིས་འཆར༔ རྩ་རླུང་ཨ་ནུ་ཡོ་གར་འཇུག༔ ནུས་པ་གྲུབ་པ་ངང་གིས་ཐོབ༔ ཐིག་ལེ་ཨ་ཏི་ཉིད་ལྟར་སྦྱང་༔ སངས་རྒྱས་སྐད་ཅིག་ཉིད་ཀྱིས་འགྲུབ༔ དེ་བས་ཞལ་གདམས་མི་དགོས་ཏེ༔ མ་ང་ཡི་རྗེས་སུ་འཇུག་པ་ཀུན༔ མ་ངའི་རྣམ་ཐར་བརྟུལ་ཞུགས་བརྟེན༔ དེ་ཡིས་དོན་བརྙེས་འབྲས་བུ་འགྲུབ༔ ཅེས་གསུངས་སོ༔ དེ་ནས་བལ་འབངས་ཀ་ལ་སིདྡྷིས་ཕྱག་དང་སྐོར་བ་མང་དུ་བྱས་ནས་ཞུས་པ༔ མ་ཁྱོད་དབྱིངས་སུ་གཤེགས་པ་ན༔ བོད་ཡུལ་སྔགས་ལ་འཇུག་པ་ཡི༔ ཟབ་ལམ་བདག་པོས་ཇི་ལྟར་བགྱི༔ གེགས་སེལ་བོགས་འདོན་སུ་ཡིས་བྱེད༔ ད་དུང་བོད་ཁམས་ཐུགས་རྗེས་སྐྱོངས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱེ་མ་ཉོན་དང་རིགས་ལྡན་མ༔ སྔགས་སྐྱེས་གཞོན་ནུ་སིདྡྷི་མ༔ འགྲོ་ལ་དགེ་བའི་ཆོས་སྟོན་མ༔ སེམས་བསྐྱེད་ལྡན་པའི་དལ་ལུས་མ༔ འདིར་འདུས་མ་འོངས་སྔགས་ལམ་ཅན༔ ཟབ་ལམ་ཉམས་སུ་ལེན་པ་ཀུན༔ ཐོག་མར་བླ་མ་མཚན་ལྡན་བཙལ༔ མཚན་ཉིད་ཀུན་ལྡན་བླ་མ་ལ༔ དབང་ཞུ་དམ་བཅའ་རྫོགས་པར་ཕུལ༔ རྩ་རླུང་རང་དབང་ཐོབ་པར་སྦྱང་༔ དབང་གསུམ་ཞུས་ནས་རྗེས་ཆགས་སྦྱོང་༔ དགའ་བཞིའི་དོན་ལ་ཟླ་དྲུག་གམ༔ རང་ལུས་རྟགས་ཚད་རྫོགས་པར་སྦྱང་༔ ཕོ་རླུང་མོ་རླུང་འདྲེས་པར་སྲེས༔ སྟེང་འོག་རླུང་གཉིས་བསྲེས་ཐབས་བརྟེན༔ ཕོ་གྲོགས་མོ་དང་མོ་གྲོགས་ཕོ༔ གང་འཇུག་སོ་སོར་དཀྱུས་ལྟར་བྱ༔ བོགས་འདོན་བདེ་བ་རྩ་སྤེལ་སྦྱང་༔ བདེ་དང་སྟོང་པ་མ་འདྲེས་ན༔ དོན་མེད་སྔགས་ལམ་ལོག་པ་སྟེ༔ བདེ་སྟོང་ལྷན་སྐྱེས་ཉམས་སུ་ལོངས༔ ཡབ་ཡུམ་དམ་ཚིག་མིག་ལྟར་བསྲུངས༔ དམ་རྫས་ལྔ་ལ་ཐབས་ཀྱིས་རོལ༔ ཐིག་ལེ་མ་ཉམས་རྩལ་རྫོགས་སྦྱོངས༔ བར་ཆད་བདུད་ལ་འཛེམ་སྦྱང་བྱ༔ ཉམས་པ་བྱུང་ན་བསྐང་ཐབས་འབད༔ ལུས་ཉིད་ཐ་མལ་ཡེངས་མ་ཤོར༔ ཡེངས་ན་སྐྱེ་བོ་ཕོ་མོ་འདྲ༔ ལྷ་ཡི་གདིང་ལྡན་ངར་འདོགས་སྒོམས༔ རྩ་འཁོར་ལྷ་ཚོགས་གཙོ་འཁོར་མོས༔ ངག་ནི་གསང་སྔགས་རླུང་ལ་འབད༔ རླུང་མེད་ཐ་མལ་ཆགས་སྤྱོད་ཡིན༔ འདྲེན་བཀྲམ་འཁྲུལ་འཁོར་གནད་དུ་བསྣུན༔ རྒྱས་འདེབས་དམིགས་པས་གཟེར་བཏབ་བྱ༔ སེམས་ནི་ཐིག་ལེ་ཉིད་དང་སྲེས༔ ཐིག་ལེ་མཚན་མར་ཉམས་གྱུར་ན༔ སངས་རྒྱས་བསད་པའི་ལས་ཡིན་པས༔ ཅིས་ཀྱང་རང་དབང་ཐོབ་པར་གྱིས༔ རྗེས་ཆགས་ཉམས་ལེན་གནད་དུ་དྲིལ༔ དེ་མེད་གསང་སྔགས་དོན་མེད་ཀྱང་༔ བདེ་ཆེན་ཆགས་པ་འབྲས་བུར་རྫོགས༔ ཉམས་ཀྱི་གཉུག་མ་རྗེས་ཤེས་སྐྱོངས༔ དམ་ཚིག་ལུས་དང་སྲོག་ལྟར་སྲུངས༔ ཉམས་ན་འདི་ལ་བཤག་ཡུལ་བྲལ༔ དེ་ཀུན་ཉམས་ལེན་བསླབ་བྱ་ཡིན༔ སྤྱིར་ནི་གསང་སྔགས་སྒོར་ཞུགས་རྣམས༔ ཆེ་འདོད་ཨང་འདིར་དོང་དུ་སྦོས༔ ཟོལ་འགྲོགས་ང་རྒྱལ་ཆུ་ལ་སྐྱུར༔ ཆགས་སྲེད་ཡིད་ཆགས་མེ་ལ་སྲེག༔ ཁེ་དྲག་ལོག་སྤྱོད་རླུང་ལ་སྐུར༔ ཐོ་ཅོ་མགོ་སྐོར་དབྱིངས་སུ་དེངས༔ གསང་སྤྱོད་གཞན་གྱིས་མ་མཐོང་སྦོས༔ གསང་སྒོ་མ་འཆལ་བསྡམ་པར་བྱ༔ དྲོད་རྟགས་མཚན་མ་མ་ངོམ་སྐུངས༔ རྩ་གསུམ་འབྲལ་མེད་ཡི་དམ་བརྟེན༔ མཆོད་གཏོར་ཚོགས་འཁོར་རྒྱུན་མ་བཅད༔ སྙིང་རྗེ་བྱང་སེམས་གཞན་དོན་སྐྱོངས༔ དམིགས་མེད་བསྔོ་བ་རྒྱུན་མ་བཅད༔ དེ་ཀུན་སྤྱི་ཡི་སྤྱོད་པ་ཡིན༔ སིདྡྷིའི་ཐུགས་ལ་དེ་ལྟར་ཞོག༔ ཁྱོད་དང་ང་གཉིས་ངོ་བོ་གཅིག༔ སྤྲུལ་པས་མ་འོངས་འགྲོ་དོན་སྐྱོངས༔ ཞེས་གསུངས་སོ༔ དེ་ནས་སྦེ་ཡེ་ཤེས་སྙིང་པོས་ཞུས་པ༔ ཨེ་མ་ཡེ་ཤེས་མཚོ་རྒྱལ་མ༔ བདག་དང་བདག་འདྲའི་འགྲོ་བའི་དོན༔ ཞལ་གྱི་གདམས་པ་བཀའ་སྩལ་ཞུ༔ ད་དུང་ཐུགས་རྗེའི་བྱིན་བརླབས་ཀྱིས༔ ནམ་ཡང་འབྲལ་མེད་སྐྱོང་བར་ཞུ༔ ཞེས་ཞུས་པས་བཀའ་སྩལ་པ༔ ཀྱེ་ཧོ་ཉོན་དང་ཡེ་ཤེས་སྙིང་པོ་ཁྱེད༔ བྱིན་རླབས་བླ་མ་རྗེ་ལ་ཞུས༔ དངོས་གྲུབ་ཡི་དམ་ལྷ་ལ་ཞུས༔ འཕྲིན་ལས་མཁའ་འགྲོ་བཞི་ལ་ཞུས༔ ནུས་རྟགས་དགོས་པའི་དུས་སུ་ཕྱུང་༔ དེ་ཀུན་སྤྱོད་པའི་བརྡ་སྤྲོད་ཙམ༔ ཡང་གཅིག་གསོན་དང་ཡེ་ཤེས་སྙིང་༔ གདུལ་བྱ་བཙུན་ལུགས་འདུལ་བས་སྐྱོངས༔ གཞན་གྱིས་དྭངས་བ་འདྲེན་པ་ཡིན༔ ཉམས་ལེན་གསང་བ་སྔགས་ལ་འབད༔ གྲུབ་པ་མྱུར་དུ་ཐོབ་པ་ཡིན༔ ཆོས་སྤྱོད་མདོ་སྡེ་ཉིད་ལྟར་བརྩོན༔ བསྟན་པའི་གཞུང་ལུགས་ཚུགས་པ་ཡིན༔ ཡི་དམ་བསྙེན་སྒྲུབ་དྲིལ་ལ་སྒྲུབས༔ གང་འདོད་དངོས་གྲུབ་ཐོབ་པ་ཡིན༔ སྒྲོ་འདོགས་མངོན་པའི་གཞུང་ལྟར་ཆོད༔ ཐེ་ཚོམ་མེད་པར་གྲོལ་བ་ཡིན༔ ཉམས་ལེན་རྩ་རླུང་ཐིག་ལེར་དྲིལ༔ དྲོད་རྟགས་མྱུར་དུ་རྫོགས་པ་ཡིན༔ སྦྱང་བགྲོད་ཀྲི་ཡོའི་ཚུལ་དུ་སྒྲུབས༔ དྲི་མ་མྱུར་དུ་དག་པ་ཡིན༔ ལྟ་སྒོམ་སྤྱོད་གསུམ་གནད་དུ་བསྣུན༔ རང་དོན་ཚགས་སུ་ཚུད་པ་ཡིན༔ འབྲས་བུ་རྫོགས་ཆེན་བྱ་བྲལ་སྒོམས༔ ཆོས་ཟད་བློ་འདས་རྫོགས་པ་ཡིན༔ སྨོན་ལམ་ཕྱོགས་རིས་མེད་པར་ཐོབ༔ འགྲོ་དོན་དཔག་མེད་འགྲུབ་པ་ཡིན༔ ཅེས་གསུངས་སོ༔ དེ་ནས་རྨ་རིན་ཆེན་མཆོག་གིས་ཞུས་པ༔ བླ་མ་ཇོ་མོ་མཚོ་རྒྱལ་མ༔ ཁྱེད་ཉིད་ཨོ་རྒྱན་ཡུལ་འབྱོན་ན༔ འདིར་འདུས་མཆེད་ལྕམ་ཇི་ལྟར་བགྱི༔ གསོལ་བ་འདེབས་ཐབས་ཇི་ལྟར་བགྱི༔ ཁྱེད་དང་འབྲལ་མེད་འགྲོགས་ཐབས་ཞུ༔ ཞེས་མཆི་མ་ཕྱུང་ནས་ཞུས་པས༔ བཀའ་སྩལ་པ༔ ཀྱེ་ཧོ་ཉོན་དང་རྣལ་འབྱོར་པ༔ སྔགས་ཀྱི་གྲུབ་པ་བརྙེས་པ་ཁྱོད༔ འགྲོ་བའི་དོན་དུ་སེམས་པ་ལེགས༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ང་༔

གུ་རུའི་ཐུགས་རྗེས་བྱིན་བརླབས་པས༔ ད་ནི་འབྲས་བུ་རྩལ་རྫོགས་ཟིན༔ སང་ནས་ཨོ་རྒྱན་ཡུལ་དུ་འགྲོ༔ གསོལ་བ་ཐོབ་དང་བྱིན་རླབས་འབྱུང་༔ འདིར་འདུས་མཆེད་དང་ལྕམ་དྲལ་རྣམས༔ རང་དོན་དམ་པའི་ཆོས་ལ་སྒྲིམས༔ གཞན་དོན་རློམ་སེམས་མེད་པར་སྐྱོངས༔ ལྟ་སྒོམ་སྤྱོད་པས་གྲོལ་བར་གྱིས༔ གསོལ་འདེབས་ངག་གི་གདངས་ལ་སྐྱོན༔ མོས་གུས་རུས་པའི་གཏིང་ནས་བཏོན༔ བླ་མ་རིག་པའི་མདངས་ཙམ་བསྒོམ༔ ཕར་བསྲེ་ཚུར་བསྟིམས་གཉིས་མེད་ཀློད༔ ཉམས་མྱོང་སྐྱེས་ན་ངང་དེར་ཞོག༔ བདག་ནི་འཁོར་འདས་ཀུན་གྱི་གཙོ༔ ཡེ་ཤེས་མཚོ་རྒྱལ་ངོ་ཤེས་ན༔ སེམས་ཅན་ཀུན་གྱི་ཙིཏྟར་གནས༔ སྤྲུལ་པས་ཁམས་དང་སྐྱེ་མཆེད་འགྱེད༔ ཡང་སྤྲུལ་རྟེན་འབྲེལ་བཅུ་གཉིས་ཤར༔ འབྲལ་མེད་ཡེ་ནས་ཡོད་མོད་ཀྱང་༔ ངོ་མ་ཤེས་པས་གཞན་སྣང་བཟུང་༔ དེས་ན་རྩ་བ་ཆོད་གྱུར་ན༔ ནང་ནས་ཤར་བའི་སེམས་གཅིག་པུ༔ ཡེ་ཤེས་ཆེན་པོས་སྤྱི་ལ་ཁྱབ༔ གཉུག་མའི་བདེ་བ་མཚོ་ལྟར་འཁྱིལ༔ ལྷག་མཐོང་ཉ་མོའི་གསེར་མིག་རྒྱས༔ ཉམས་དང་བདེ་བའི་སྤྱོད་པ་སྐྱོང་༔ རྩལ་རྫོགས་གཤོག་པས་ཕ་རོལ་བརྒལ༔ སྣང་བའི་སྤངས་ལ་རྒྱུག་འདྲིལ་བྱས༔ ནམ་མཁའི་ཀློང་དུ་འཕུར་ནས་ཐལ༔ ཡེ་ཤེས་ཆེན་པོའི་ཀློང་ཡངས་སུ༔ བདེ་ཆེན་ཐིག་ལེ་མཚོ་ལྟར་འཁྲིགས༔ སྐུ་དང་ཐིག་ཕྲན་སྒ་ར་ར༔ ཡིག་འབྲུ་ཟེར་ཕྲེང་ཤིགས་སེ་ཤིག༔ ཆོས་ཉིད་ཉམས་ཀྱི་སྣང་བ་རྒྱས༔ ཚད་དུ་ཕེབས་པའི་བཙན་ས་ཟིན༔ ཆོས་ཟད་གདོད་མའི་ཀློང་དུ་ཐིམ༔ ང་དང་འབྲལ་མེད་འགྲོགས་ཐབས་ཡིན༔ ཞེས་གསུངས་སོ༔

དེ་ནས་འོ་བྲན་གཞོན་ནུ་དཔལ་གྱིས་ཞུས་པ༔ ཀྱེ་མ་ཡེ་ཤེས་མཚོ་རྒྱལ་མ༔ ཁྱེད་ཉིད་ཨོ་རྒྱན་ཡུལ་འབྱོན་ན༔ བདག་སོགས་ཐ་མལ་དྲེད་པོ་རྣམས༔ ལྟ་སྒོམ་སྤྱོད་པ་ཇི་ལྟར་བགྱི༔ ཞལ་གྱི་གདམས་པ་ཉུང་ངུ་ཞུ༔ ཞེས་ཞུས་པས་བཀའ་སྩལ་པ༔ ཨེ་མ་ཧོ༔ ཉོན་དང་དད་ལྡན་གཞོན་ནུ་དཔལ༔ བྲག་ལ་བཅས་པའི་མཁའ་འགྲོ་དེས༔ ཐེལ་ཕྲུག་རྩལ་དུ་མ་རྫོགས་བར༔ འཕུར་སྟབས་བདེ་མོ་ངས་མ་མཐོང་༔ རྩལ་རྫོགས་གཤོག་རླབས་ཁོང་ཤེད་ཀྱིས༔ རླུང་གི་སྤུ་གྲིའང་རྩིབས་བཅད་ནས༔ གང་དུ་འདོད་པའི་གནས་དེར་སླེབས༔ དེ་བཞིན་བུ་མོ་མཚོ་རྒྱལ་ཡང་༔ ཉམས་ལེན་རྩལ་ཁ་མ་རྫོགས་བར༔ སངས་རྒྱས་འདོད་ཀྱང་ཅུང་ཟད་ལུས༔ བསྐྱེད་རྫོགས་རྫོགས་ཆེན་རྩལ་རྫོགས་ནས༔ གདོས་བཅས་ཕུང་པོ་འོད་དུ་ཡལ༔ ཨོ་རྒྱན་གུ་རུའི་དྲུང་དུ་འགྲོ༔ ཞལ་ཆེམས་ཚིག་གསུམ་ཁྱོད་ལ་བཞག༔ ལྟ་བ་ཆོས་སྤྱིའི་མཚན་ཉིད་ཙམ༔ དོན་ལ་དྲིལ་ཞིང་མྱོང་བའི་ཚེ༔ སྟོང་པ་མ་ཡིན་རིག་ཅིང་གསལ༔ རྟག་པར་མ་གྲུབ་རང་བཞིན་སྟོང་༔ ངོ་བོའི་མིང་ལ་ལྟ་བ་ཟེར༔ ལྟ་བ་དེ་ཡི་བྱེད་ལུགས་ནི༔ བསྐྱེད་པའི་ཚེ་ན་ལྷ་ཉིད་ཡིན༔ སྤྲོ་བསྡུའི་ཚེ་ན་ཐུགས་རྗེ་ཡིན༔ རྫོགས་པའི་ཚེ་ན་ཕྱག་རྒྱ་ཆེ༔ རྟག་ཆད་བྲལ་བའི་ངོ་བོ་ཡིན༔ དོན་ལ་རང་གིས་རང་ལ་བལྟ༔ རང་གིས་རང་ལ་མཐོང་མི་མཐོང་༔ མཐོང་བའི་ཤེས་པ་དེ་ཉིད་ལ༔ ལྟ་བ་བྱ་བ་བཏགས་པ་ཡིན༔ སྒོམ་པ་བྱ་བ་ཆོས་སྤྱིའི་གཞི༔ དོན་ལ་དྲིལ་ཞིང་ཉམས་བླངས་ན༔ ལྟ་བའི་ངོ་བོ་མཐོང་བའི་དོན༔ ཡེངས་མེད་དྲན་པས་བཅིངས་མེད་བསྒོམ༔ མཉམ་པར་གཞག་པའི་མིང་ཡིན་ནོ༔ སྒོམ་པ་དེ་ཡི་བྱེད་ལུགས་ནི༔ བསྐྱེད་དང་རྫོགས་པ་གང་བྱེད་ཀྱང་༔ ཉམས་མྱོང་སྨྲ་མེད་དོན་སྟོན་ཅིང་༔ སྣ་ཚོགས་ཉམས་སུ་བླང་བའོ༔

དོན་ལ་བསྐྱེད་རྫོགས་གང་བསྒོམ་ཡང་༔ བྱིང་རྨུགས་འཐིབ་གསུམ་རྐྱེན་མེད་དུ༔ ཡེངས་མེད་བརྗེད་མེད་རྩིས་ཟིན་ནས༔ མཉམ་པར་གཞག་ན་སྒོམ་པ་ཡིན༔ སྤྱོད་པ་བྱ་བ་ཆོས་སྤྱིའི་ལུགས༔ དོན་ལ་དྲིལ་ཞིང་ཉམས་བླངས་ན༔ ལྟ་བའི་གདེང་ལྡན་སྒོམ་པའི་རྩིས་ཐེབས་ནས༔ དེ་ཡི་དོན་ལ་ཡེངས་མེད་ལྷུག་པའི་ངང་༔ སྤྱོད་ཚུལ་མི་འདྲ་སྣ་ཚོགས་མཐོང་བ་ཡིན༔ སྤྱོད་པ་དེ་ཡི་བྱེད་ལུགས་ནི༔ སྤྱོད་ཚུལ་མ་ངེས་ཅི་བྱས་ཀྱང་༔ ཉམས་དང་མི་འགལ་གཉུག་མ་བརྟེན༔ ཉམས་ལ་བོགས་ཐོན་བྱེད་པའོ༔ དོན་ལ་བྱ་སྤྱོད་འགྲོ་འཆག་ཉལ༔ ཟ་འདུག་སྤྱོད་ལམ་ཐམས་ཅད་དུ༔ བསྐྱེད་རྫོགས་རྫོགས་ཆེན་ལ་སོགས་པའི༔ ཉམས་ལེན་དོན་དང་འབྲལ་མེད་དུ༔ སྤྱོད་པས་སྤྱོད་པ་ཚད་ལྡན་ཡིན༔ དེ་ལས་ཞལ་གདམས་མ་མཆིས་སོ༔ ང་ནི་རྔ་ཡབ་གླིང་འགྲོ་ཡང་༔ གདམས་པས་བོད་ཡུལ་ཁྱབ་པར་བཞག༔ མོས་ལྡན་ཀུན་གྱིས་གསོལ་བ་ཐོབ༔ ཅེས་གསུངས་སོ༔ དེ་ནས་ཡང་ཤེལ་དཀར་བཟའ་རྡོ་རྗེ་མཚོ་ཡིས་ཞུས་པ༔ ཀྱེ་མ་བོད་ཡུལ་ཡོངས་ཀྱི་མ༔ ཁྱད་པར་བདག་གི་ལྟོས་བཅས་རྗེ༔ ཁྱེད་མིན་གཞན་ན་མི་སྣང་བས༔ བདག་ལའང་ཐུགས་རྗེས་མི་འདོར་བར༔ པདྨ་འོད་དུ་ཁྲིད་པར་ཞུ༔ ཅིས་ཀྱང་ལས་ངན་ལྗིད་ཆེ་ནས༔ རྗེས་སུ་འཛིན་པར་མ་གྱུར་ན༔ བསླབ་བྱ་མན་ངག་མང་གནང་ཞུ༔ ཞེས་ཞུས་ཤིང་མཆི་མས་བརྣངས་ཤིང་ཡུས་ཀྱིས་བརྒྱལ་པར་གྱུར་ནས་སླར་སོས་པ་དང་ཇོ་མོས་བཀའ་སྩལ་པ༔ ཨེ་མ་ཧོ༔ ཉོན་དང་དད་ལྡན་ཤེལ་དཀར་བཟའ༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་མཚོ༔ ལུས་ནི་ཤ་ཁྲག་རང་གཟུགས་ལ༔ གདོས་པས་མནན་པའི་དམན་ལུས་དེ༔ མཁའ་ལ་སྤྱོད་ཐབས་རྩ་རླུང་སྒོམས༔ རླུང་སེམས་རང་དབང་ཐོབ་གྱུར་ན༔ གྲུབ་པ་ཐོབ་ཅེས་ལོགས་ན་མེད༔ རང་སེམས་དུག་ལྔ་གྱ་གྱུ་ཅན༔ རང་རྒྱུད་གྱོང་པོ་གཤིས་ལ་ལངས༔ ཐ་མལ་རྣམ་རྟོག་རང་ཁ་མ༔ དག་ནས་སངས་རྒྱས་ཐོབ་འདོད་ན༔ ཕྱག་རྒྱ་ཆེ་ལ་མཉམ་པར་ཞོག༔ སྟོང་ཉིད་ཡེ་ཤེས་གྲོལ་གྱུར་ན༔ སངས་རྒྱས་བྱ་བ་ལོགས་ན་མེད༔ ཟག་བཅས་ཕུང་པོ་ཟབ་ཟོག་ཅན༔ བཟང་ངན་ཀུན་གྱི་གཞི་རྟེན་ཕུངས༔ ཟད་ནས་འཇའ་ལུས་ཐོབ་འདོད་ན༔ རྫོགས་ཆེན་ཨ་ཏི་ཉམས་སུ་ལོངས༔ ཆོས་ཉིད་ཟད་སར་སྐྱོལ་གྱུར་ན༔ ལྷུན་གྲུབ་བྱ་བྲལ་ལོགས་ན་མེད༔ དེ་བས་མཁའ་ལ་སྤྱོད་ཐབས་བྲལ༔ ཅུང་ཞིག་རགས་ལུས་སངས་ཀྱི་བར༔ པདྨ་འོད་དུ་ཁྲིད་ཐབས་དབེན༔ དེས་ན་བསླབ་བྱ་འདི་ལ་ཉོན༔ རང་གི་རྩ་བའི་བླ་མ་ལ༔ མཉམ་འགྲོགས་སྐད་ཅིག་མ་ཤོར་ལ༔ དག་སྣང་མོས་གུས་དད་པ་ཡིས༔ གསོལ་འདེབས་བྱིན་རླབས་དབང་བཞི་ཞུས༔ འབྲལ་མེད་སྙིང་དབུས་ལྷམ་མེར་སྒོམས༔ སྒོ་གསུམ་དབྱེར་མེད་གཅིག་ཏུ་སྲེས༔ མཉམ་གཞག་ཕྱག་རྒྱ་ཆེ་ལ་ཞོག༔ ལམ་འཁྱེར་རྗེས་ཤེས་ལྷག་མཐོང་སྐྱོངས༔ བོགས་འདོན་བདེ་སྟོང་རྩལ་སྦྱོང་རེམས༔ ཆགས་ཡུལ་ཕྲོལ་ལ་ལམ་དུ་ཁྱེར༔ གདིང་ལྡན་རྫོགས་པ་ཆེ་ལ་སྦྱོངས༔ ཨ་ཏི་ཟད་པའི་སར་ཆུད་གྱིས༔ འདི་ནས་སྐྱེ་བ་བཅུ་གཅིག་བར༔ བོད་ཁམས་འགྲོ་བ་འདུལ་ཐབས་སྟོན༔ དེ་ནས་པདྨ་འོད་དུ་གཤེགས༔ རྡོ་རྗེ་བདེ་ཆེན་པདྨ་མཚོ༔ བྱ་བར་གྱུར་ནས་སྤྲུལ་པ་འགྱེད༔ དགེ་སློང་ནམ་མཁའི་སྙིང་པོ་དང་༔ གཉིས་མེད་ཐབས་དང་ཤེས་རབ་འབྲེལ༔ མཐའ་ཡི་གླིང་བར་སྲིན་པོའི་ཚོགས༔ ཁ་ཐོར་བྱེ་བྲག་དུང་ཕྱུར་བཅུ༔ འདུལ་ནས་འགྲོ་དོན་བརྗོད་མི་ལང་༔ ནམ་མཁའི་སྙིང་པོ་ཆིང་གི་ཆེ་འཇིང་མིར་གན་ཟེར་མིང་༔ དེ་ཡི་སྐུ་ཡི་གཟུངས་མར་འགྱུར༔ མི་ལོ་ཁྲི་ཕྲག་བཅུ་གསུམ་འདུག༔ དེ་འདས་པདྨ་འོད་ཕུང་དུ༔ གུ་རུ་རྗེ་དང་འབྲལ་མེད་འགྱུར༔ ཞེས་ལུང་བསྟན་ནས་བསླབ་བྱ་མང་དུ་གནང་ངོ་༔ དེ་ནས་ལ་གསུམ་གྱི་རྒྱལ་བ་བྱང་ཆུབ་ཀྱིས་ཕྱག་དང་སྐོར་བ་མང་དུ་བྱས་ཤིང་༔ བླ་གཡུ་སྟོང་འོད་འབར་བས་གཙོས་པའི་གཡུ་བདུན་མཎྜལ་དུ་བཤམ་ནས་ཞུས་པ༔ ཨེ་མ་ཧོ༔ མི་བརྗེད་གཟུངས་བརྙེས་པདྨའི་བཀའ་གསང་བདག༔ ཤེས་རབ་ཆེན་མོ་བདེ་ཆེན་དབྱངས་ཅན་མ༔ བོད་ཡུལ་མུན་གླིང་ཉི་གཅིག་མཚོ་རྒྱལ་མ༔ ད་ནི་ངེས་པར་ལྷོ་ནུབ་གཤེགས་ཙ་ན༔ བདག་ལ་ཚིག་ཉུང་དོན་འདུས་བྱིན་རླབས་ཆེ༔ ཁ་ཚང་གནད་ཟབ་ཉམས་ལེན་རྣོ་ལ་མྱུར༔ ཚེ་གཅིག་སངས་རྒྱུས་འགྲུབ་པའི་གདམས་པ་ཞུ༔ འདི་ནས་བདག་ཀྱང་སྐྱེ་བ་དུ་ཙམ་ལེན༔ མཁའ་སྤྱོད་ཁྱེད་དང་མཇལ་བ་ནམ་ཙམ་འོང་༔ ད་དུང་འབྲལ་མེད་ཐུགས་རྗེས་གཟུང་བར་ཞུ༔ ཞེས་ཞུས་པས༔ མཁའ་སྤྱོད་སྤྲུལ་སྐུའི་སྙིང་ཐིག་ཅེས་བྱ་བ་སྤྱི་མདོ་དང་བསྟུན་པ་མཁའ་འགྲོ་སྐུ་གསུམ་རྐྱང་སྒྲུབ༔ སྤྱོད་ཡུལ་འདུལ་བ་དཀར་པོ༔ ཐོག་འབེབས་དྲག་སྤྱོད་རྣམ་གསུམ༔ བླ་མ་སྐུ་གསུམ་རྐྱང་སྒྲུབ༔ བྱིན་རླབས་དབང་གི་སྒོ་མོ༔ གཟེར་འཇོམས་ལྟ་བ་ཅིག་ཆོད༔ རྟགས་ཚད་སོ་པ་དགུ་འདྲེས༔ གནད་ཀྱི་མེ་བཙའ་རྣམ་གསུམ༔ རྫས་སྔགས་དམིགས་ཡུལ་བརྒྱ་རྩ༔ རྗེས་གཅོད་ལྕམ་བུ་གཟེར་ཐེམ་སོགས་སྤྱི་ཚན་བཅུ༔ ནང་གསང་སྔགས་དང་བསྟུན་པ་བླ་མ་མཁའ་འགྲོ་ཟུང་འཇུག་ཏུ་སྒྲུབ་ཐབས༔ སྒོམ་པ་སྒྱུ་མ་འཕྲུལ་འགྲོས༔ རྩ་རླུང་འགག་དོན་བཅུ་པ༔ མན་ངག་གཅིག་ཆོག་ཟབ་མོ༔ བསྒྱུར་སྦྱང་སྤེལ་བ་རྣམ་གསུམ༔ མཁའ་འགྲོའི་བང་མཛོད་མིག་གཅིག༔ མཁའ་འགྲོའི་དམར་བ་སྙིང་གཅིག༔ མཁའ་འགྲོ་གཉེན་པོ་སྲོག་གཅིག༔ མན་ངག་སྔགས་ཁ་སུམ་སྦྲེལ༔ འོད་ཟེར་ཞགས་པ་རྣམ་གསུམ༔ དཔའ་བོ་གྱད་སྟོབས་རྣམ་གསུམ་སྤྱི་ཚན་བཅུ་གཅིག༔ གསང་བ་མན་ངག་ལྟར༔ བླ་མ་མཁའ་འགྲོ་རང་ལུས་དབྱེར་མེད་དུ་སྒྲུབ་ཐབས༔ ལྟ་བ་ཕྱག་རྒྱ་ཆེན་པོ༔ འབྲས་བུ་རྫོགས་ཆེན་ཆིག་ཆོད༔ མན་ངག་གཏུམ་མོ་སུམ་སྦྲེལ༔ གདམས་ངག་ཐོས་ཆོག་རྣམ་གསུམ༔ ཉམས་ལེན་སྒོམ་པ་རྣམ་གསུམ༔ གཅིག་ཆོག་མུན་ཆོས་རྣམ་གསུམ༔ ལས་ཕྲན་དགོས་པ་རྣམ་གསུམ༔ རྟེན་འབྲེལ་མེ་ལོང་རྣམ་གསུམ༔ རྒྱབ་ཆོས་དགོས་པ་རྣམ་གསུམ༔ བཀའ་སྲུང་མྱུར་མགྱོགས་རྣམ་གསུམ༔ དྲག་སྔགས་གནད་ཁ་རྣམ་གསུམ་སོགས་མཐར་ཐུག་པའི་ཆོས་སྣ་བཅུ་གཉིས་སོགས་གནང་བས་རྒྱལ་བ་བྱང་ཆུབ་སོགས་འཁོར་བདུན་ལྷག་མེད་འོད་གསལ་དུ་གྲོལ་བའི་དབུགས་དབྱུང་ནས་གྲོལ་བར་གྱུར་ཏོ༔ དེ་ལ་ཞལ་གདམས་ལུང་བསྟན་དང་བཅས་པ་འདི་གསུངས་སོ༔

ཨེ་མ་ཧོ༔ མ་ཡེངས་ཉོན་དང་རྒྱལ་བ་བྱང་ཆུབ་པ༔ ལེགས་པར་གསོན་དང་ཆོས་བློ་མགོན་པོ་སྟེ༔ ཐབས་ཀྱི་དཔའ་བོ་ཨརྱ་ས་ལེ་ཁྱེད༔ སྔོན་དུས་ཨ་ཙ་ར་ནི་ས་ལེའི་དུས༔ ཁྱོད་དང་ང་གཉིས་ཐབས་དང་ཤེས་རབ་འབྲེལ༔ གསང་སྔགས་ཟབ་དགུའི་རྟེན་འབྲེལ་མང་པོ་འགྲིགས༔ དེ་ཡིས་བྱིན་རླབས་ཚེ་འདིར་གྲོལ་བ་ཐོབ༔ འོན་ཀྱང་སྐབས་འགར་ང་ལ་མཉམ་འགྲོགས་དང་༔ འཕྱ་སེམས་འཕྱོ་སེམས་ཐེ་ཚོམ་འགའ་སོང་བས༔ མ་འོངས་སྐྱེ་བ་རྒྱུད་མར་ཀུན་ཏུ་ཡང་༔ གསང་སྔགས་གྲུབ་པ་བརྙེས་ཀྱང་བར་ཆད་མོད༔ མི་ཁ་སྣ་རླུང་སྒྲོ་སྐུར་ངན་བརྗོད་མང་༔ འགྲོ་དོན་རེ་དང་བར་ཆད་འདྲེས་མར་འབྱུང་༔ དེ་དག་གང་བྱུང་སྔོན་ལས་ཤེས་པར་བགྱི༔ པད་འབྱུང་མཚོ་རྒྱལ་གཉིས་མེད་གསོལ་བ་ཐོབ༔ འདི་ནས་སྐྱེ་བ་བཅུ་གསུམ་འགྲོ་དོན་སྐྱོང་༔ དེའི་མཐའ་རྩུབ་འགྱུར་འགའ་ལ་སྤྲུལ་པ་སྟོན༔ མ་འོངས་ལྷུན་པོ་འདི་ཡི་ནུབ་ཕྱོགས་སུ༔ ནམ་མཁའི་མིང་ཅན་རྡོ་རྗེ་དཔའ་གཏུམ་གཟུགས༔ སྟག་ཤམ་ཞེས་བྱའི་སྐྱེ་བ་གསུམ་བརྒྱུད་དུ༔ ལས་རླུང་འགག་སྟེ་པདྨ་འོད་དུ་འབྱུང་༔ དེ་ནས་བདག་དང་འབྲལ་མེད་ཐབས་ཤེས་ཀྱི༔ འགྲོ་བའི་སྐྱེ་རྒྱུན་ཟད་པར་སྤྲུལ་པ་འགྱེད༔ སྨོན་ལམ་བཟང་པོའི་མཐུ་བཙན་དེ་དུས་འགྲུབ༔ གསང་སྔགས་ཟབ་དགུའི་བཅུད་དགུ་དེ་དུས་རྒྱས༔ ཉམས་ལེན་ཟབ་མོའི་འབྲས་བུ་དེ་དུས་སྨིན༔ བསྐྱེད་རྫོགས་ཟབ་མོའི་རྩལ་སྤྲུག་དེ་དུས་བསྐྱེད༔ ལས་འཕྲོ་ཟབ་མོའི་བཟང་འབྲས་དེ་དུས་འཁྲུངས༔ བྱིན་རླབས་ཟབ་མོའི་སྤྲིན་ཆེན་དེ་དུས་གཡོ༔ ཐུགས་རྗེ་ཟབ་མོའི་དབྱིངས་ཆར་དེ་དུས་འབེབས༔ འགྲུབ་པར་འགྱུར་རོ་ཨརྱ་ས་ལེ་བ༔ བདེན་མཐུ་འབྱུང་ངོ་རྒྱལ་བ་བྱང་ཆུབ་པ༔ ད་ནི་གསོལ་བ་རེམས་ཐོབ་ཉམས་སུ་ལོངས༔ ཞེས་གསུངས་པས་དེའི་ཚེས་བརྒྱད་ཀྱི་སྲོད་ལ་བབ་པའི་ཚེ༔ ཨོ་རྒྱན་མཁའ་འགྲོའི་གླིང་གི་ཉུལ་ལེ་བཅུ་གཉིས་སོགས་ཁ་འཐོར་མཁའ་འགྲོ་མ་བྱེ་བ་བཅུ་གཉིས་ཡོད་ཟེར་ནས་བྱུང་༔ ནམ་ཕྱེད་དུ་སྲོག་བདག༔ དབུགས་ལེན༔ ཤ་ཟ༔ ཁྲག་འཐུང་རུས་མུར་སོགས་ཕུང་པོ་ལྟོ་ལེན་གྱི་མཁའ་འགྲོ་མ་བཅུ་གཉིས་སོགས་བྱེ་བ་ཕྲག་ལྔ་དང་སྟོང་ཕྲག་ལྔ༔ བརྒྱ་ཕྲག་ལྔ་ཡོད་ཟེར་ནས་ནམ་མཁའ་ས་གཞི་ཐམས་ཅད་གཅན་གཟན་གྱིས་གང་ནས་བྱུང་༔ ཕྱེད་ཡོལ་ནས་འཇིག་རྟེན་གྱི་མཁའ་འགྲོའི་ཚོགས་དང་དུས་ཚོད་བཅུ་གཉིས་ཀྱི་མཁའ་འགྲོ་མ་བྱེ་བ་བཅུ་གཉིས་དང་ཁྲི་ཕྲག་བཅུ་གཉིས་ཡོད་ཟེར་ནས༔ སེང་གེ་སོགས་གཅན་གཟན་སྣ་ཚོགས་ལ་ཆིབས་པ༔ ཁྱུང་སོགས་འདབ་ཆགས་སྣ་ཚོགས་ལ་ཆིབས་པ༔ གླང་ཆེན་སོགས་གཡུང་དྭགས་སྣ་ཚོགས་ལ་ཆིབས་པ༔ ཤྭ་བ་དང་བསེ་རུ་སོགས་རི་དྭགས་སྣ་ཚོགས་ལ་ཆིབས་པ༔ དེ་བཞིན་དུ་གཟུགས་ཀྱང་རྣམ་པ་སྣ་ཚོགས་ཏེ༔ མགོ་བརྙན་སྣ་ཚོགས་མི་སོགས་རིགས་སྣ་ཚོགས་ཀྱིས་ཁེངས་པར་བྱུང་ངོ་༔

དེ་ནས་ཐོ་རངས་སུ་ཨོ་རྒྱན་གྱི་ཕྱོགས་བཞིའི་མཁའ་འགྲོ་དང་གླིང་བཅུ་གཉིས་ཀྱི་མཁའ་འགྲོ་ཡོད་ཟེར་ནས༔ དཀར་མོའི་ཚོགས་ལ་དཀར་པོ་དང་དམར་ལྗང་སྔོན་མོ་སོགས་སྣ་ཚོགས་ཕྱེད་གཟུགས༔ དེ་བཞིན་སེར་མོ་དམར་མོ་ལྗང་མོ་མཐིང་སྨུག་རྣམས་ལ་དཀར་པོའི་དཀར་པོ༔ དཀར་པོའི་དམར་པོ༔ དཀར་པོའི་སེར་པོ༔ དཀར་པོའི་ལྗང་མདོག༔ དཀར་པོའི་མཐིང་སྔོན༔ དཀར་པོའི་ཕྱེད་གཟུགས་སོགས་ནི་དམར་མཐིང་སེར་ལྗང་ལའོ༔ དེ་བཞིན་དུ་ཕྱག་མཚན་ལ་རང་རྟགས་ཀྱི་མཚོན་ཆའི་རིགས་མི་འདྲ་བ་སྣ་ཚོགས་དང་༔ དར་དཔྱངས༔ རུས་རྒྱན༔ དབུ་རྒྱན༔ སྟོད་གཡོགས༔ སྨད་དཀྲིས༔ དྲིལ་ཆུང་༔ གཡེར་ཁ༔ རྐང་གླིང་༔ ཐོད་རྔ་སོགས་རོལ་མོའི་རིགས་བྱེ་བྲག་མི་འདྲ་བ་བྱེ་བའི་གྲངས་ཀྱིས་གཞལ་དཀའ་བ་མང་པོ་བྱུང་སྟེ༔ འབུམ་ཕྲག་གཉིས་དང་བྱེ་བ་ལྔ་ཡོད་པ་ཡིན་ཟེར་རོ༔ དེ་ནས་ནམ་གསེང་དང་ཉི་ཤར་གྱི་བར་དུ་དཀྱིལ་འཁོར་དྲུག་བཅུ་རྩ་བརྒྱད་ཀྱི་མཁའ་འགྲོ་མ་དང་གཙོ་མོ་པདྨ་གར་དབང་ལྷུན་མཛེས་དང་བཅས་པ་ཡོད་ཟེར་ནམ་མཁའ་ཐམས་ཅད་འཇའ་ཚོན་ཁྲུག་ཁྲུག༔ ས་གཞི་ཐམས་ཅད་སྤོས་དྲི་ཚུབ་ཚུབ༔ བར་སྣང་ཐམས་ཅད་མཁའ་འགྲོས་ཁེངས་པར་བྱུང་༔ དེ་ནས་གུང་དང་སྲོད་ཀྱི་བར་དུ་ཡུལ་སུམ་ཅུ་སོ་གཉིས༔ ཧེ་རུ་ཀའི་གནས་བཅུ༔ དུར་ཁྲོད་ཆེན་པོ་བརྒྱད༔ འཐུང་སྤྱོད་ཚན་རྡོ་ཉེ་བའི་གནས་ཚུན་གྱི་མཁའ་འགྲོ་མ་རྣམས་རྩལ་སྤྲུགས་སུ་ཡོད་པ་ཡིན་ཟེར་ནས༔ དེ་ཐམས་ཅད་གར་མི་འདྲ་བ་སྣ་ཚོགས༔ བརྡ་མི་འདྲ་བ་སྣ་ཚོགས་༔ རོལ་མོ་མི་འདྲ་བ་སྣ་ཚོགས༔ གླུ་མི་འདྲ་བ་སྣ་ཚོགས༔ བྲོ་མི་འདྲ་བ་སྣ་ཚོགས༔ རྩལ་མི་འདྲ་བ་སྣ་ཚོགས༔ མཆོད་པ་མི་འདྲ་བ་སྣ་ཚོགས༔ སྤྱན་གཟིགས་མི་འདྲ་བ་སྣ་ཚོགས་དུ་མས་ཇོ་མོ་མཆོད་ཅིང་བསྟོད་ནས་ས་གཞི་འགག་ཙམ་དུ་གནས་སོ༔ དེ་ལ་ཇོ་མོས་ཀྱང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་༔ རྫུ་འཕྲུལ་གྱིས་བུ་རམ་རྣལ་མ་གཅིག་གིས་གཟུགས་ཅན་གྱི་མི་དེར་འདུས་པ་ཐམས་ཅད་ངོམས་པར་འགྱེད་ཅིང་༔ མཁའ་འགྲོ་རྣམས་ལའང་དེ་བས་ཆེས་འཕགས་པ་འགྱེད༔ ཆང་ཀ་པཱ་ལ་གང་གིས་ཀྱང་དེ་ཙམ་དུ་ཐེབས་པར་འགྱེད་དེ་གནས་སོ༔ དེ་ནས་མཁའ་འགྲོ་གསང་བའི་བརྡ་དབང་གསུངས༔ དེར་འདུས་པ་ཐམས་ཅད་མཁའ་འགྲོ་མ་དང་ཁྱུ་འདྲེས་ཆོག་པའི་ཉམས་འབར་ནས་མཐར་ཐུག་ཏུ་ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ༔ དེ་ནས་ཟབ་བུའི་རི་རྐེད་ཐུགས་ཀའི་ཕུག་པ་ནས་ཚེས་དགུའི་སྲོད་ལ་རྩེ་མོ་ཟངས་མདོག་དཔལ་གྱི་བཀོད་པའི་རྩར་བྱོན་ནས༔ ཐོ་རངས་དང་པོ་ལ་བླ་མ་ཐུགས་ཀྱི་སྒྲུབ་པ་འབྲུ་གཅིག་གི་དཀྱིལ་འཁོར་ཞལ་ཕྱེས་པ་དང་དུས་མཚུངས་སྲིན་པོའི་ཚོགས་ནི་གྲངས་ལས་འདས་པ༔ གཞལ་དུ་མེད་པ་མང་པོ་ཡང་ལྷགས་ཏེ༔ དེ་ཡང་མགོ་གསུམ་པའི་ཚན་དང་༔ མགོ་གཅིག་པའི་ཚན་དང་༔ མགོ་མེད་པའི་ཚན་དང་༔ མགོ་ལྔ་པའི་ཚན་དང་༔ མགོ་དགུ་བའི་ཚན་དང་༔ མགོ་བརྒྱ་པའི་ཚན་སོགས་ལའང་ལག་པ་རྐང་པ་ཡང་གཅིག་པ་ནས་བརྒྱ་སྟོང་བར་ཡོད་པའི་ཚན་གྲངས་ལས་འདས་པ་མང་པོས་སྲིན་མོའི་རྒྱལ་མོ་མཐིང་འོད་འབར་མ་སྤྱན་འདྲེན་དུ་གུ་རུ་པདྨས་བཏང་བ་ཡིན་ཟེར་བ་རྣམས་ཀྱང་ཁྲོམ་དུ་འཚོགས་པར་གྱུར་པས༔ དེའི་ཉིན་མོ་དེར་ཚོགས་ཀྱི་འཁོར་ལོ་བསྐོར་ནས་བདག་དད་ལྡན་གྱི་བུ་བཅུ་གཅིག་སོགས་མིའི་རིགས་རྣམས་དང་༔ གཞན་ཡང་དཔའ་བོ་མཁའ་འགྲོ་སྲིན་པོ་ལྷ་འདྲེ་ཐམས་ཅད་ཀྱིས་ཇོ་མོ་ལ་དད་པས་ཕྱག་འཚལ༔ ཡུས་ཀྱི་མཆི་མ་ཕྱུང་ཞིང་ཞུས་པ༔ ཀྱེ་མ་ཀྱེ་ཧུད་ཡེ་ཤེས་མཁའ་འགྲོ་མ༔ མི་ཡི་གུ་རུ་ཡེ་ཤེས་མཚོ་རྒྱལ་མ༔ བོད་ཡུལ་ཡུམ་གཅིག་མ་ཁྱེད་མཁའ་ལ་གཤེགས༔ དྭ་ཕྲུག་ཁ་དམར་ལྟོས་མེད་ཇི་ལྟར་བགྱི༔ ད་དུང་བོད་ཁམས་ཡུན་དུ་སྐྱང་བར་ཞུ༔ ཅིས་ཀྱང་མི་བཞུགས་འབྱོན་པར་ཆས་གྱུར་ན༔ བོད་ཡུལ་བསྟན་པ་འཕེལ་འགྲིབ་ཇི་ལྟར་འབྱུང་༔ བསྟན་འཛིན་སྐྱེས་བུ་ཇི་སྐད་བྱ་བ་འབྱུང་༔ འཇིག་རྐྱེན་བདུད་སྤྲུལ་མ་རུངས་ཅི་འདྲ་འོང་༔ ཟློག་ཐབས་རྟེན་འབྲེལ་ཅི་ཡོད་གསུང་བར་ཞུ༔ ཁྱད་པར་ཉིད་ཀྱི་སྤྲུལ་པ་ཇི་ལྟར་འབྱུང་༔ མིང་དོན་ས་ཕྱོགས་འགྲོ་དོན་བསྟན་པ་གང་༔ མི་སྦས་མི་གསང་བརྡ་མིན་སིལ་བུ་རུ༔ ཀུན་མཁྱེན་དབང་མོ་ཁྱེད་ཀྱིས་གསུང་བར་ཞུ༔ ཁྱད་པར་ཉིད་ཀྱི་རྣམ་ཐར་རྒྱས་བསྡུས་གསུམ༔ སྙན་རྒྱུད་གོང་འོག་མ་བུ་ཐེམ་གཅིག་དང་༔ ཁྱད་པར་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་རྣམས༔ བཀའ་གཏེར་ཅི་བྱེད་ལས་ཅན་གང་ལ་གཏད༔ གཏེར་དུ་སྦས་ན་ས་ཕྱོགས་གང་དུ་སྦ༔ གཏེར་སྟོན་གང་འོང་དེ་དུས་ཇི་ལྟར་འབྱུང་༔ བསླབ་བྱ་ལུང་བྱང་ཞིབ་ཅིང་རྒྱས་པར་ཞུ༔ འདིར་འདུས་མཆེད་རྣམས་ད་ནི་བྱ་བ་གང་༔ བློ་གཏད་རེ་ལྟོས་ས་ཕྱོགས་གང་ལ་བགྱི༔ འཆི་ཁ་གསལ་འདེབས་བར་ཆད་གང་གིས་སེལ༔ ཀྱེ་མ་ཀྱེ་ཧུད་ཐུགས་རྗེས་མྱུར་མར་གཟིགས༔ ཞེས་ཞུས་པས༔ འདིར་རྒྱས་པ་ལུང་བྱང་ཆེན་མོ་ལ་བལྟ་བར་བྱའོ༔ མདོར་བསྡུས་སུ་འདི་གསུངས་སོ༔ ཨེ་མ་ཧོ༔ མ་ཡེངས་ཉོན་དང་བོད་ཁམས་ལྷ་དང་མི༔ ལེགས་པར་གསོན་དང་དད་ལྡན་ལས་འཕྲོ་ཅན༔ བདག་ཉིད་ཆེན་མོ་ཡེ་ཤེས་མཚོ་རྒྱལ་མ༔ བརྒྱ་དང་བཅུ་གཅིག་བོད་ཡུལ་བསྐྱངས་པའི་རྗེས༔ ཆོས་སྐྱོང་རྒྱལ་པོ་ཁྲི་རལ་ཕྱག་རྡོར་གྱིས༔ མདོ་སྔགས་བསྟན་པ་རྩལ་སྤྲུགས་དགུང་དང་མཉམ༔ གཅུང་པོ་བདུད་སྤྲུལ་གླང་དང་བློན་པོ་བསྡོངས༔ གཅེན་པོ་བཀྲོང་ནས་རྒྱལ་ས་གླང་གིས་འཛིན༔ སྔོན་གྱི་ཆོས་སྡེ་མདོ་སྡེ་མིང་མེད་བཏང་༔ མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སོགས༔ སངས་རྒྱས་བསྟན་ལ་གནོད་པའི་ཁྲིམས་བཙུགས་ནས༔ ཆོས་བྱེད་ཆེ་གསོད་ཆུང་སྤྱུགས་ཐ་མ་ཁོལ༔ གྲོང་སྔགས་རྡོ་རྗེའི་སྤུན་གྱིས་བསྟན་སྲོག་འཛིན༔ ལྷ་ས་བསམ་ཡས་གོག་པོ་ཧྲལ་ཧྲུལ་བཏང་༔ དཔལ་གྱི་རྡོ་རྗེས་ལུང་བསྟན་རྗེས་དྲན་ནས༔ བདུད་རྒྱལ་བཀུམ་ནས་སྨད་ཁམས་ཕྱོགས་སུ་འགྲོ༔ རྨར་གཡོ་གཉིས་ཀྱིས་འདུལ་བསྟན་སྣུམ་གསོས་བྱེད༔ གླང་ཐང་སྒྲོལ་མར་དགེ་འདུན་བཅུ་ཕྲག་འཚོགས༔ དབུས་གཙང་ཡོངས་ལ་བསྟན་པའི་གསལ་སྒྲོན་འཛུགས༔ བོད་ཡུལ་ཆོས་ལྡན་བསྟན་པ་ཡར་ལ་བཏེགས༔ གསང་སྔགས་མཁས་བཙུན་ནུས་པས་ས་སྟེང་ཁྱབ༔ འོན་ཀྱང་འཆོལ་སྤྱོད་མང་སྐྱོན་འགའ་ཡང་འབྱུང་༔ ཨོ་རྒྱན་གསུང་སྤྲུལ་ཞི་འཚོའི་སྐྱེ་མཐའ་ཞིག༔ ཨ་ཏི་ཤ་ཞེས་མདོ་སྔགས་རྒྱ་ཆེར་སྤེལ༔ མཚོ་རྒྱལ་བདག་ནི་ཛ་ཡ་ཀ་ར་ཞེས༔ འབྲོམ་རིགས་ལོ་ཙཱ་ཉེ་གནས་བྱེད་པ་འབྱུང་༔ ཚེ་ལོ་བདུན་བཅུའི་བསྟན་པ་ཡར་ལྡན་སྤེལ༔ མདོ་སྔགས་བཤད་པས་འཛམ་གླིང་དཀར་པོར་ཁྱབ༔ དེ་འདས་ཚེ་ལོ་དྲུག་ཅུའི་དུས་སུ་ནི༔ ས་ཞེས་ཆོས་རྒྱལ་སྤྲུལ་པས་བསྟན་པ་འཛིན༔ མངའ་བདག་གདུང་ཉམས་ཧོར་དང་ཡོན་མཆོད་འབྲེལ༔ འབྲོག་མི་ཞེས་བྱ་པད་འབྱུང་སྐུ་སྤྲུལ་འབྱུང་༔ ལམ་འབྲས་སྤེལ་ཞིང་མདོ་སྔགས་གཞུང་སྲོལ་འཛུགས༔ མཉམ་མེད་ཤཱཀྱའི་དབང་པོ་ཕེབས་དང་མཚུངས༔ དེ་འདས་ས་རྣམས་དུམ་བུར་འཐོར་བའི་དུས༔ ཕག་གི་བསྟན་པ་ལྔ་བཅུ་ཁ་རལ་འབྱུང་༔ ཆོས་ཁྲིམས་སྔར་སྲོལ་ཚུགས་ནས་ད་ལྟ་འདྲ༔ ལྷོ་རོང་ཕྱོགས་ནས་པད་འབྱུང་ཐུགས་སྤྲུལ་འབྱུང་༔ མར་པ་ཞེས་བྱས་གསང་སྔགས་བསྟན་པ་སྤེལ༔ མཚོ་རྒྱལ་ང་ཡང་སྐུ་ཡི་གཟུངས་མར་འབྱུང་༔ མི་ལ་བྱ་བ་དཀའ་སྤྱད་གྲུབ་པ་ཐོབ༔ པད་འབྱུང་ཡོན་ཏན་སྤྲུལ་པ་དྭགས་པོར་འབྱུང་༔ འབྲི་སྟག་ཀར་འབྲུག་ཏི་སེའི་ཆུ་ལྟར་རྡོལ༔ བསྟན་པ་རྒྱ་མཚོ་མཐར་གནས་བདེ་བར་འདྲེན༔ བཞི་བཅུའི་ཁ་རལ་བསྟན་པ་དུམ་བུར་འཐོར༔ ཧོར་སོག་མཐའ་མི་རྒྱབ་བརྟེན་བསྟན་པ་རག༔ བོད་ཡུལ་ཁོལ་བུ་ཁོལ་བུར་ས་བཅད་དར༔ ཕོ་མིག་ལྟ་བུས་འཛམ་གླིང་ཁྱབ་པའི་དུས༔ པད་འབྱུང་ཕྲིན་ལས་སྤྲུལ་པ་ཀརྨར་སྤྲུལ༔ བོད་ཡུལ་བསྟན་དར་བསྟན་པ་སུམ་ཅུར་བསྲིང་༔ རྒྱལ་ཁམས་ཡོངས་ལ་མ་ཎིའི་ཆོས་སྒྲས་ཁེངས༔ དེ་འདས་སུམ་ཅུ་དགེ་ལྡན་བསྟན་པ་འབྱུང་༔ པད་འབྱུང་ཉིད་སྤྲུལ་དབུས་ཀྱི་ཕྱོགས་ནས་འབྱོན༔ བོད་ཡུལ་བདེ་སྐྱིད་ལྷ་ཡི་ཡུལ་དང་མཚུངས༔ ཟ་ཧོར་གདུང་མཐའ་མི་ཡི་དབང་པོ་ཡི༔ བསྟན་པ་དབུས་གཙང་ཁམས་སུ་འཛུགས་པར་འགྱུར༔ བོད་ཡུལ་མི་བདེ་ཐམས་ཅད་སིལ་བུར་འགྲོ༔ ཀུན་གྱིས་རྒྱབ་རྟེན་ཧོར་སོག་རྣམས་ལ་འཆའ༔ ཉི་ཤུའི་ཁ་རལ་པད་འབྱུང་གསུང་སྤྲུལ་ཞིག༔ ལྷོ་བྲག་ཕྱོགས་འབྱུང་འགྲོ་ཀུན་བདེ་བར་བཀོད༔ ལི་ཡུལ་ཆོས་རྒྱལ་དཔུང་སྨེ་ཅན་ཞིག་འབྱུང་༔ བསྟན་པ་མཐར་གནས་བཅུ་བར་བསྡུད་བྱས་ནས༔ དེ་ནས་བསྐལ་ཁུག་སྤྲུལ་པས་ས་བཅུད་སྡུད༔ བདུད་འཇོམས་ནག་པོ་གྱ་ཆུ་མུན་བསྐལ་ཏེ༔ དེ་ནས་བྱམས་པ་འབྱོན་ནས་ཡར་ལ་བཏེགས༔ མར་གྱི་ཁུག་པ་ཡར་གྱི་བསྐལ་པ་གཉིས༔ ཁུག་གསུམ་འཁྱུད་བཞི་རིང་ཐུང་ཡིན་ཞེས་གསུངས༔ དེ་རྣམས་སྤྱི་ཡི་མཚན་ཉིད་ཙམ་ཞིག་སྟེ༔ འཕོ་འཆུག་ཟློག་ཐབས་པད་འབྱུང་བཀའ་ལ་དྲིས༔ བདེན་པའི་བཀའ་ཡིས་ནམ་ཡང་བསླུ་མི་སྲིད༔ ཁྱད་པར་བདག་ཉིད་ཡེ་ཤེས་མཚོ་རྒྱལ་ཡང་༔ བོད་ཡུལ་ཐུགས་རྗེས་ནམ་ཡང་མི་བཏང་སྟེ༔ སྤྲུལ་པས་མ་འོངས་འགྲོ་བ་མ་ལུས་པ༔ ཐབས་ཀྱི་འོད་ཟེར་བཀྱེ་ནས་བདེ་བར་འདྲེན༔ ཁྱད་པར་སྐུ་ལྔ་གསུང་ལྔ་ཐུགས་སྤྲུལ་ལྔ༔ ཡོན་ཏན་ཕྲིན་ལས་སྤྲུལ་པ་ལྔ་ལྔ་སྟེ༔ ཉི་ཤུ་རྩ་ལྔས་བོད་ཡུལ་གཉུག་ཏུ་སྐྱོང་༔ དེ་དག་རྣམས་ཀྱང་ལྔ་ལྔ་ཕྲག་བྱེ་བ༔ ཡང་སྤྲུལ་ཉིང་སྤྲུལ་སེམས་ཅན་ཟད་ཀྱི་བར༔ འགྱེད་དེ་ཐམས་ཅད་བདེ་ལྡན་ཡུམ་ཆེན་མོ༔ ཀུན་བཟང་མཁའ་དབྱིངས་བདེ་བའི་ཀློང་དུ་སྡུད༔ མདོར་བསྡུས་འདི་ནས་ལྔ་བརྒྱ་ཕྲག་གཅིག་ནས༔ བོད་ཡུལ་རྫོང་ཆེན་མདུང་ཚོམ་ལྟ་བུ་འོང་༔ ས་མདོ་རི་སྣ་ཕུང་རྫོང་ཁེངས་པའི་དུས༔ མུ་སྟེགས་བདུད་མོས་འགྲོ་བ་ལོག་ལམ་ཁྲིད༔ གཅོད་ལོག་བསྟན་པས་ས་སྟེང་ཁྱབ་པའི་དུས༔ སྐུ་ཡི་གསུང་སྤྲུལ་སྒྲོལ་མའི་མཚན་ཅན་འབྱུང་༔ སྐུ་ཡི་སྐུ་སྤྲུལ་ཀུན་དགའ་བཟང་མོ་འབྱུང་༔ སྐུ་ཡི་ཐུགས་སྤྲུལ་དབུས་ཀྱི་དཔལ་མོ་འབྱུང་༔ སྐུ་ཡི་ཡོན་ཏན་གཡས་རུར་བུ་མིང་འབྱུང་༔ སྐུ་ཡི་ཕྲིན་ལས་ཁམས་ཕྱོགས་ཏམ་ཡུལ་འབྱུང་༔ ཟབ་མོ་གསང་སྔགས་བསྟན་པའི་གཞུང་སྲོལ་འཛུགས༔ ཟབ་དོན་ཕར་ཕྱིན་གཅོད་ཀྱི་བསྟན་པ་འབྱུང་༔ བཀའ་བབ་སེང་བཞི་བུ་ཡིས་འགྲོ་བ་འདུལ༔ དེ་འདས་བོད་ཁམས་ས་ཧོར་དུར་གྱིས་ཟས༔ དབུས་གཙང་སྡེ་སྲིད་ཤོ་མིག་བཞག་འདྲ་འོང་༔ སངས་རྒྱས་དག་བསྟན་མར་མེ་བལྟམས་པ་འདྲ༔ ལོག་པའི་བར་ཆད་ཐལ་རླུང་འཚུབས་འདྲའི་དུས༔ པད་མའི་ལུང་བསྟན་གཏེར་སྟོན་བརྒྱ་རྩ་འབྱོན༔ གཏེར་ཆོས་གསང་སྔགས་འཛམ་གླིང་བདེ་ལ་བཀོད༔ གཏེར་ལོག་བརྒྱ་རྩས་འདྲ་མིན་རང་བཟོས་བསླད༔ ཕྲ་མེན་ངན་གཏེར་འཕུང་རྫས་སྤེལ་བའི་དུས༔ མཚོ་རྒྱལ་གསུང་གི་སྐུ་སྤྲུལ་མངའ་རིར་འབྱུང་༔ སྙན་གྲགས་མིང་ཅན་གཏེར་དང་གཏེར་མིན་ཕྱེད༔ གསུང་གི་གསུང་སྤྲུལ་དབུས་ཕྱོགས་བཙུན་མ་འབྱུང་༔ ཨོ་རྒྱན་མཚན་ཅན་སྒྲུབ་པའི་སྡེ་བཙུགས་ནས༔ གསང་སྔགས་གྲུབ་པའི་ནུས་རྟགས་སྟོན་པ་འབྱུང་༔ གསུང་གི་ཐུགས་སྤྲུལ་རྟ་ཤོད་ཕྱོགས་སུ་འབྱུང་༔ པདྨའི་མཚན་ཅན་ཟབ་མོའི་གཏེར་ལ་སྤྱོད༔ འབྲེལ་ཚད་དོན་ལྡན་གང་ཟག་དངོས་གྲུབ་སྦྱིན༔ གསུང་གི་ཡོན་ཏན་ཀོང་པོའི་ཕྱོགས་སུ་འབྱུང་༔ བུ་ཡི་མིང་ཅན་དམན་ལུས་དབུགས་རྣམས་དབྱུང་༔ གཏེར་སྟོན་རྣམས་ཀྱི་བར་ཆད་མཐའ་དག་ཟློག༔ ཕྲིན་ལས་སྤྲུལ་པ་གཙང་གི་ཕྱོགས་སུ་འབྱུང་༔ ཇོ་མོའི་མིང་ཅན་ཕག་མོའི་སྒྲུབ་སྡེ་འཛུགས༔ ཕག་གདོང་མཆོད་པས་འཛམ་གླིང་ཁྱབ་པར་འགྱུར༔ དེ་འདས་མཐའ་དམག་དབྱར་མཚོ་བསྐྱོད་འདྲ་འབྱུང་༔ ས་འབྲི་གཉིས་རྩོད་རུ་མ་མཐའ་ནས་ལང་༔ གྲུབ་མཐའ་མི་འདྲ་རང་རང་ཕྱོགས་ཆོས་བཟུང་༔ གསར་རྙིང་རིས་གཅོད་ཆགས་སྡང་མགོ་བཙུགས་ནས༔ ཆོས་དང་ཆོས་མིན་འཆོལ་བུར་སྤྱོད་པའི་དུས༔ ཐུགས་ཀྱི་སྐུ་སྤྲུལ་ཉག་སའི་ཕྱོགས་ནས་འབྱུང་༔ ཨོ་རྒྱན་མིང་ཅན་གྲུབ་ཆེན་ཉམས་རྟོགས་སྤེལ༔ ཐུགས་ཀྱི་གསུང་སྤྲུལ་བསོད་ནམས་དཔལ་འདྲེན་ཞེས༔ ཐ་མལ་ཚུལ་བཟུང་བྱང་གི་ཕྱོགས་སུ་འབྱུང་༔ འབྲེལ་ཚད་དོན་ལྡན་འཆི་ཁ་གྲུབ་རྟགས་འཇོག༔ སྐལ་ལྡན་མང་པོར་བསྒྲིབས་ནས་དངོས་གྲུབ་སྦྱིན༔ ཐུགས་ཀྱི་ཐུགས་སྤྲུལ་དབུས་ཕྱོགས་ཨེ་ཡི་མིང་༔ འགྲོ་བ་འབྲེལ་ཚད་མཁའ་སྤྱོད་གནས་སུ་ཁྲིད༔ རྩ་རླུང་རྣལ་འབྱོར་མང་པོའི་ལམ་གྲོལ་སྟོན༔ ཐུགས་ཀྱི་ཡོན་ཏན་ལྷོ་བྲག་ཕྱོགས་སུ་འབྱུང་༔ མ་ངེས་སྤྲུལ་བསྒྱུར་གང་འབྲེལ་བདེ་ལ་བཀོད༔ ཐུགས་ཀྱི་ཕྲིན་ལས་བལ་པོའི་ཡུལ་དུ་འབྱུང་༔ འགྲོ་བ་མང་པོ་ཐབས་ཀྱིས་ཆོས་ལ་བཀོད༔ དེ་འདས་ཆོས་རྒྱལ་སྤྲུལ་པ་རྣམ་ལྔར་འགྱེད༔ གཙང་དུ་སྡེ་སྲིད་སྲིན་བུ་མེ་ཁྱེར་འདྲ༔ ཁྲ་མོའི་མཁར་རྣམས་སྒྱུ་མའི་གྲོང་ཁྱེར་འདྲ༔ སྙན་པའི་གཏམ་ལ་དྲི་ཟའི་རྒྱང་གླུ་འདྲ༔ མཁས་པའི་ངན་གྲོས་དུག་གི་རྩི་བཀབ་འདྲ༔ བསྟན་པའི་སྟོན་པ་མར་མེ་འཆི་ཁ་འདྲ༔ ཧོར་སོག་ཡོན་མཆོད་ཟ་འོག་ཁ་སྤྲོད་དུས༔ ཡོན་ཏན་སྐུ་སྤྲུལ་དབུས་ནས་མཁའ་འགྲོ་འབྱུང་༔ ཡོན་ཏན་གསུང་སྤྲུལ་ཁམས་ནས་སྒྲོལ་མ་འབྱུང་༔ ཡོན་ཏན་ཐུགས་སྤྲུལ་སྙེ་མོར་སྤྲུལ་སྐུ་འབྱུང་༔ ཡོན་ཏན་ཡོན་སྤྲུལ་བྱང་ཕྱོགས་སྟོན་པ་འབྱུང་༔ ཡོན་ཏན་ཕྲིན་ལས་གཙང་རོང་ཕྱོགས་སུ་འབྱུང་༔ དེ་ཀུན་མ་ངེས་སྤྲུལ་བསྒྱུར་རྫུ་འཕྲུལ་དང་༔ མངོན་ཤེས་སྣ་ཚོགས་གང་འབྲེལ་བདེ་ཆེན་འདྲེན༔ དེ་འདས་སྟོད་སྨད་ཐམས་ཅད་སིལ་བུར་འགྲོ༔ ལ་ལུང་འཕྲང་གསུམ་ངས་ཐོབ་ས་བཅད་དར༔ སྡེ་ལ་རྩིས་འབྱུང་ཡུལ་ལ་ངས་བདག་བྱེད༔ ཟོག་རྣམས་ཧོར་སྡུད་ཀུན་གྱིས་ཧོར་ཆས་བྱེད༔ ཆོས་བྱེད་ཀུན་འཁྲུགས་དམག་དཔོན་དགེ་སློང་དར༔ དམག་ལ་བན་དེ་ཁལ་དུ་རྔ་མོང་འགེལ༔ ཨར་པོ་བཙུན་མ་སྐྱེ་བོས་ཆོས་སྐད་འདོན༔ བྱིས་པས་རང་ཆས་སྡུག་ལས་བྱེད་པའི་དུས༔ ལྷ་ས་ཆུས་འཇིག་བསམ་ཡས་རླུང་གིས་འཇིག༔ ཁྲ་འབྲུག་མི་རྟག་རུ་བཞི་འཇིག་པའི་དུས༔ ཕྲིན་ལས་སྐུ་སྤྲུལ་མཆིམས་ཕུའི་ཕྱོགས་སུ་འོང་༔ ཕྲིན་ལས་གསུང་སྤྲུལ་མངའ་རིར་སྤྲུལ་པ་སྟོན༔ ཕྲིན་ལས་ཐུགས་སྤྲུལ་སྤུ་བོའི་ཕྱོགས་སུ་འོང་༔ ཕྲིན་ལས་ཡོན་ཏན་མདོ་ཁམས་ཕྱོགས་ནས་འགྱེད༔ ཕྲིན་ལས་ཕྲིན་སྤྲུལ་དབུས་ནས་དཔོན་མོ་འབྱུང་༔ དེ་དག་ཀུན་ཀྱང་མ་ངེས་སྣ་ཚོགས་གཟུགས༔ འགྲོ་བ་མཐའ་མེད་མཐའ་ཅན་གནས་སུ་འདྲེན༔ གང་འབྲེལ་ཐམས་ཅད་བདེ་ཆེན་གནས་སུ་འདྲེན༔ མ་ངེས་ཉིད་སྤྲུལ་སྦས་ཡུལ་རྣམས་སུ་འགྱེད༔ ལས་ཅན་ཡོངས་ཀྱི་དོན་བྱེད་བར་ཆད་སེལ༔ ཁྱད་པར་འདི་ནས་འཁོར་བ་མ་སྟོངས་བར༔ སྤྲུལ་པ་ཡང་སྤྲུལ་གྲངས་མེད་རྒྱུན་མི་ཆད༔ ཁྱད་པར་མ་འོངས་རྩ་རླུང་གང་སྒོམ་གྱི༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་གཟུགས༔ ཡང་ན་རང་བཞིན་ཡང་ན་ཕྱག་རྒྱར་བརྫུ༔ དམ་ལྡན་རྣམས་ཀྱི་གེགས་སེལ་བོགས་འདོན་ནས༔ བདེ་དྲོད་མྱུར་བསྐྱེད་གྲུབ་པ་ཐོབ་གྲོགས་བྱེད༔ ཨ་མ་ང་ཡི་རྣམ་ཐར་རྒྱས་བསྡུས་གསུམ༔ རྒྱས་པར་ཟབ་བུ་རི་རྩེ་འདི་རུ་སྦོས༔ བསྡུས་པ་ལྷོ་བྲག་གནམ་སྐས་ཅན་དུ་སྦོས༔ འབྲིང་པོ་འདི་ནི་ལྷོ་རོང་ཁམས་སུ་སྦོས༔ སྙན་བརྒྱུད་གོང་འོག་མཁའ་འགྲོའི་སྙིང་ཐིག་རྣམས༔ སོ་སོར་ལུང་བྱང་བཏབ་བཞིན་བྱས་པས་ལེགས༔ ལས་ཅན་སྦེ་དང་བྱང་ཆུབ་རྨ་གསུམ་ཡིན༔ མ་འོངས་དེ་དུས་སོ་སོས་སྤྱོད་པ་འབྱུང་༔ ཁྱད་པར་རྣམ་ཐར་འདི་ལ་རྟེན་འབྲེལ་དགུ༔ དང་པོ་ཆོས་དབང་མིང་གིས་གཏེར་ཐོན་ན༔ འགྲོ་དོན་སྙན་གྲགས་རྒྱལ་ཁམས་ཡོངས་ལ་ཁྱབ༔ ཐ་མ་རྒྱ་ནག་ཚུན་ལ་གདུལ་བྱ་འབྱུང་༔ དེ་དང་རྟེན་འབྲེལ་མ་འགྲིགས་ལུས་གྱུར་ན༔ བཀྲ་ཤིས་མིང་ཅན་ལ་སྟོད་ཕྱོགས་ནས་འབྱུང་༔ རལ་པ་ལྕང་ལོ་ཅན་དེས་ཐོན་གྱུར་ན༔ འགྲོ་དོན་གདུལ་བྱ་དབུས་གཙང་ཁམས་སུ་ཁྱབ༔ ཐ་མ་བལ་པོར་གདུལ་བྱ་རྒྱས་པར་འབྱུང་༔ དེ་དང་རྟེན་འབྲེལ་མ་འགྲིགས་ལུས་གྱུར་ན༔ དཔའ་བོ་ཞེས་བྱ་རྡོ་རྗེའི་མིང་ཅན་ཞིག༔ ལྷོ་རོང་གངས་རའི་ལྷོ་ཕྱོགས་དེ་རུ་འབྱུང་༔ དེ་ཡིས་ཐོན་ན་མདོ་ཁམས་ཡོངས་ལ་ཁྱབ༔ གདུལ་བྱ་ཐ་མ་ཧོར་གྱི་ཡུལ་དུ་འབྱུང་༔ དེ་དང་མ་འགྲིགས་ཤམ་པོའི་ཕྱོགས་དེ་ཡི༔ ར་ཛའི་མིང་ཅན་བརྟུལ་ཞུགས་ཅན་གྱིས་འདོན༔ དེ་བཞིན་སྤུ་བོར་རྡོ་རྗེའི་མིང་ཅན་དང་༔ ཤར་ནས་ཀུན་དགའི་མིང་གིས་བཏོན་གྱུར་ན༔ འགྲོ་དོན་གཉིས་ཆ་གཉིས་ཆ་འབྲི་བ་འབྱུང་༔ དེ་ཡིས་མ་ཐོན་ཡང་གཅིག་ཐ་མའི་དུས༔ བུད་མེད་གསུམ་གྱིས་བཏོན་ནམ་རང་ཕྱེད་འབྱུང་༔ དེ་བྱུང་ཡུལ་ཕྱོགས་དེར་ཕྱོགས་དར་ཙམ་འབྱུང་༔ དེ་ནས་མ་འོངས་ལུང་བསྟན་བུ་དགུ་ཉིད༔ དུས་གཅིག་འཛོམས་ནས་བསྟན་པ་དར་རྒྱས་བཏང་༔ ཁྱད་པར་མ་འོངས་ལྔ་བརྒྱ་ཕྲག་ལྔའི་དུས༔ འདི་ནས་ཤར་ཕྱོགས་ཀཿཐོག་ཅེས་བྱ་བ༔ གུ་རུ་སེང་གེ་སྒྲ་སྒྲོག་བསྟན་པའི་གཞི༔ པདྨ་འབྱུང་གནས་རབ་གནས་བཅུ་གསུམ་མཛད༔ རི་བོ་སེངྒེ་འགྱིངས་འདྲའི་མགུལ་བ་རུ༔ ཡང་ཟབ་གཏེར་སྦས་མ་འོངས་རྟེན་འབྲེལ་བསྒྲིགས༔ པད་འབྱུང་ཡབ་ཡུམ་འགྲོ་དོན་དེ་ཕྱོགས་དར༔ དམ་པ་རྒྱལ་མཚན་མཚོ་རྒྱལ་ང་ཉིད་སྤྲུལ༔ གསང་སྔགས་ཨ་ཏིའི་བསྟན་པ་མཐའ་རུ་གནས༔ སྐབས་སྐབས་འཇིག་ཀྱང་ལས་ཅན་རིམ་བཞིན་འབྱུང་༔ མཚོ་རྒྱལ་གདུལ་བྱ་ཐ་མ་དེ་རུ་བབ༔ བསླབ་བྱ་ཞལ་བཀོད་མང་དུ་བྱས་ཟིན་ཏོ༔ ད་ནི་མཚོ་རྒྱལ་མང་དུ་སྡོད་ཐབས་བྲལ༔ གསོལ་བ་འུར་ཐོབ་མཉམ་པར་བཞག་པར་མཛོད༔ འདིར་འདུས་རྣམས་དང་མ་འོངས་གདུལ་བྱ་རྣམས༔ ལུང་བསྟན་བསླབ་བྱ་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་ནས་ཕྱག་གཡས་པས་མོན་མོ་བཀྲ་ཤིས་སྤྱི་འདྲེན་ལ་རེག་པས་ཨུཏྤལ་སྔོན་པོ་འདབ་མ་བརྒྱད་པ་ཞིག་ལ་ཧཱུྃ་ཕཊཿདགུས་མཚན་པ་ཞིག་ཏུ་གྱུར་ནས་ཇོ་མོའི་ཐུགས་ཀ་གཡས་སུ་ཐིམ༔ ཕྱག་གཡོན་པས་བལ་འབངས་ཀཱ་ལ་སིདྡྷི་ལ་རེག་པས་པདྨ་དམར་པོ་འདབ་མ་བཅུ་དྲུག་ལ་ཨཱ་ལི་བཅུ་དྲུག་དང་ཧྲཱིསཿམཚན་པ་ཞིག་ཏུ་གྱུར་ནས་ཐུགས་ཀ་གཡོན་དུ་ཐིམ་པར་གྱུར་ཏོ༔

དེ་ནས་ཚེས་དགུའི་སྲོད་ནས༔ རྒྱལ་ཆེན་བཞིའི་གཙོས་ནས་ཕྱི་ནང་གསང་བ་བཏགས་ཆགས་སོགས་སྡེ་བརྒྱད་བཅུ་གཉིས་ཀྱི་བསུ་བ་རྣམས་བྱུང་སྟེ༔ ད་ནི་རྔ་ཡབ་མཁའ་འགྲོའི་གླིང་གི་བསུ་མ་ཐམས་ཅད་རྫོགས་པ་ཡིན་པས་རིག་འཛིན་མཐིང་འོད་འབར་མ་གཤེགས་ཤིག་ཟེར༔ དེ་ལ་བོད་ཀྱི་ལྷ་མི་རྣམས་ཀྱིས་བཤོལ་བ་སོགས་ཞུས་ལན་དགུ་སྐོར་བྱས་ཚུལ་ལོགས་ནས་བྱུང་བ་ལྟར་བྱས་པའི་རྗེས་སུ༔ གཙང་གི་རྡོ་རྗེ་ལེགས་པ༔ ཤར་གྱི་རྨ་ཆེན་སྤོམ་ར༔ ལྷོའི་རོང་བཙན་མེ་འབར༔ བྱང་གི་མཚོ་སྨན་རྒྱལ་མོ༔ ནུབ་ཀྱི་གང་བཟང་ཧའོ༔ དབུས་ཀྱི་ལེགས་བྱིན་ཧར་ལེགས༔ གཉན་གྱི་ཐང་ལྷ་གང་བཙན་སོགས་བོད་སྤྱིའི་གཞི་བདག་ཆེ་དགུ་གཉན་དགུ་ཐམས་ཅད་རང་རང་གི་འཁོར་དང་བཅས་པ་ལྷགས་ཤིང་༔ ཁྱད་པར་བསྟན་མ་བཅུ་གཉིས་དང་བཅས་པས་ཞུས་ལན་ལྷ་འདྲེའི་ལུང་བསྟན་སོགས་མང་དུ་གནང་ཡང་ཡི་གེ་ལ་འཇིགས་ནས་འདིར་མ་བཀོད་དོ༔ དེ་ནས་ཚེས་བཅུའི་ཐོ་རངས་ནམ་ལངས་པ་དང་དུས་མཚུངས་མཁའ་འགྲོ་མ་བཞིས་འོད་ཀྱི་འདོ་ལེ་པདྨ་འདབ་བརྒྱད་འདྲ་བ་ཞིག་ཇོ་མོའི་མདུན་དུ་ན་ར་ར་དྲངས་ནས་བྱུང་བ་དང་༔ ཇོ་མོ་ཡང་སྐུ་བཞེངས་ཏེ་ཕྱག་གཡས་ཌ་མ་རུ༔ གཡོན་པས་བྷནྡྷ་བསྣམས་ནས་འོད་ཀྱི་འདོ་ལེའི་དབུས་དེར་ཀྱི་ལེར་བཞུགས་ཐལ་བ་དང་དུས་མཚུངས་དེར་འདུས་པ་རྣམས་ཀྱིས་ཆོ་ངེ་དི་རེ་ངུས་ནས༔ ངེད་རྣམས་ཀྱིས་བོད་ཡུལ་སྤྱི་ལ་ཅི་བཤད༔ ཅི་བྱེད༔ ཅེས་ཞུས་པས༔ བཀའ་སྩལ་པ༔ ཀྱེ་མ་ཉོན་དང་བོད་ཀྱི་དད་ལྡན་རྣམས༔ བདག་ཉིད་ཀུན་གཞི་དབྱིངས་སུ་བསྡུ་བ་ལ༔ ཕུང་པོ་ཁམས་ཀྱི་ཟུག་རྔུ་མི་སྣང་གྱིས༔ ཟག་བཅས་མཚོ་རྒྱལ་ཟག་མེད་རྒྱས་པ་ལ༔ ཟག་པའི་གཟེར་འཆུས་འཁུན་བུ་མི་སྣང་གྱིས༔ སྒྱུ་མའི་ཕུང་པོ་རང་གཟུགས་བསྡུ་བ་ལ༔ གཏོ་དགེ་སྨན་དཔྱད་གཏར་སྲེག་མི་སྣང་གྱིས༔ གདུལ་བྱའི་མཚན་ཉིད་དུས་ལ་བབ་འདུག་པས༔ རྟག་འཛིན་དངོས་པོ་མཚན་མ་མི་སྣང་གྱིས༔ དམ་པའི་ཆོས་ཀྱི་རྩིས་ཟིན་འོད་ལུས་ལ༔ ཆུ་སེར་རྐྱལ་བུ་རོ་ནག་མི་སྣང་གྱིས༔ ཨ་མ་མཚོ་རྒྱལ་ཨ་ལ་ཐིམ་པ་ལ༔ ཨ་ན་ཟེར་བའི་སྒྲ་སྐད་མི་སྣང་གྱིས༔ འབྱུང་བ་ཕྱི་ནང་མ་བུ་འདྲེས་པ་ལ༔ ལྷག་མ་གདོས་བཅས་ས་རྡོ་མི་སྣང་གྱིས༔ གུ་རུའི་ཐུགས་རྗེས་ནམ་ཡང་མ་བཏང་བས༔ སྤྲུལ་པས་འཛམ་གླིང་ཁྱབ་ནས་བསུ་བྱུང་གྱིས༔ ཇོ་མོ་དྲེད་མ་མི་བྱེད་དགུ་བྱེད་དེ༔ མི་འོང་དགུ་འོང་བྱུང་ནས་མི་སྣང་གྱིས༔ བོད་ཀྱི་བུ་མོ་གནས་གོ་མ་ཆོད་དེ༔ ཀུན་བཟང་ཆོས་སྐུའི་རྒྱལ་མོ་བྱས་སྣང་གྱིས༔ རང་མཐོང་ཟོབ་ཀྱིས་བརྒྱང་བའི་ནག་མོ་དེ༔ ཟོབ་ཀྱིས་ཁྱེར་ནས་ལྷོ་ནུབ་གཤེགས་ཐལ་གྱིས༔ གྱ་མ་གྱུ་དགུ་ལྷུང་བའི་སྡུག་ཡུས་དེ༔ གྱ་གྱུ་བྱས་ནས་ཆོས་དབྱིངས་ཐིམ་ཐལ་གྱིས༔ བོད་ཡུལ་མི་དགུས་བོར་བའི་ཡུགས་ས་དེ༔ སངས་རྒྱས་ས་ལ་གཏན་སྲིད་ཟིན་སྣང་གྱིས༔ ད་ནི་མྱ་ངན་མ་བྱེད་གསོལ་བ་ཐོབ༔ དད་པ་ཅན་ལ་མཚོ་རྒྱལ་ཡེ་མ་བྱོན༔ གསོལ་བ་བཏབ་ཚེ་ངེས་པར་དེར་སྣང་བས༔ དེས་ན་གྲོགས་ཚོ་གསོལ་བ་ཐོབ་ལ་ལོག༔ ཁྱེད་རྣམས་བདེ་ཤིས་བདེ་ལེགས་རྒྱས་གྱུར་ཅིག༔ ཅེས་གསུངས་པ་དང་འོད་ཟེར་བལྟ་དཀའ་བ་ཁ་དོག་ལྔ་འཕྲོ་བ་ལ༔ དབྱིབས་ཟར་མའི་སྒང་བུ་འདྲ་བ་སྔོ་ཏིང་ངེ་བ་ཞིག་གི་ནང་དུ་མཚོ་རྒྱལ་མ་ནུབ་ནས་མི་སྣང་བར་གྱུར་ཏེ༔ མཁའ་འགྲོ་བཞིས་པདྨའི་འདབ་མ་ལས་བསྐྱོད་དེ་འོད་ལམ་ལམ་བཀྱག་ནས་ཇེ་མཐོ་ཇེ་མཐོར་ཐལ་བས༔ དེར་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་འདི་ཞུས་སོ༔ ཀྱེ་མ་ཀྱེ་ཧུད་ཡེ་ཤེས་མཚོ་རྒྱལ་མ༔ མཛད་པ་རེ་ངན་ཐུགས་རྗེ་རེ་ཆུང་ངོ་༔ ད་དུང་བོད་ཁམས་ཡུན་དུ་མི་སྐྱོང་ན༔ སེམས་ཅན་ལས་ངན་རྣམས་ཀྱིས་སུ་ལ་རེ༔ མ་ཁྱོད་དག་པའི་ཞིང་དུ་གཤེགས་གྱུར་ཀྱང་༔ མ་དག་ཚབ་ཆེན་བོད་ཁམས་སུ་ཡིས་སྐྱོབ༔ མ་ཁྱོད་རྣམ་དག་དབྱིངས་སུ་གཤེགས་གྱུར་ཀྱང་༔ རྣམ་སྨིན་ཚན་ཆེན་ལས་ངན་སུ་ཡིས་འདྲེན༔ མ་ཁྱོད་བདེ་ཆེན་ཞིང་དུ་གཤེགས་གྱུར་ཀྱང་༔ སྡུག་བསྔལ་འཁོར་བར་འཁྱམས་རྣམས་སུ་ཡིས་འདྲེན༔ མ་ཁྱོད་པདྨ་འོད་དུ་གཤེགས་གྱུར་ཀྱང་༔ གཅོང་རོང་བོད་ཡུལ་སེམས་ཅན་སུ་ཡིས་འདྲེན༔ མ་ཁྱོད་པདྨའི་དྲུང་དུ་གཤེགས་གྱུར་ཀྱང་༔ སྐྱབས་མེད་ཐང་བོར་འདི་རྣམས་སུ་ཡིས་སྐྱོབ༔ ཀྱེ་མ་ཀྱེ་ཧུད་ཐུགས་རྗེས་ད་རུང་གཟིགས༔ བོད་ཁམས་བདེ་བའི་སྨོན་ལམ་ཚིག་གསུམ་ཞུ༔ བོད་ཡུལ་སྤྱི་ལ་ཞལ་ཆེམས་ཚིག་གསུམ་ཞུ༔ འདིར་འདུས་ངེད་རྣམས་གདུང་བ་སེལ་ཐབས་གང་༔ ཨ་མ་ཇོ་མོས་ད་དུང་ཐུགས་རྗེས་ཟུང་༔ མཁའ་སྤྱོད་པདྨ་འོད་དུ་ཁྲིད་པར་ཞུ༔ ཞེས་ཆོ་མ་དབྱངས་རྒྱང་རིང་དུ་བྱས་ནས་ལུས་ས་ལ་བརྡབས་ཤིང་ཆོ་ངེ་དི་རེ་ངུས་པས༔ དེར་འོད་མེ་རེ་བཞུགས་ནས་སྐུ་མི་སྣང་བར་འདི་གསུངས་སོ༔

ཀྱེ་མ་ཧོ༔ ཀྱེ་མ་ཉོན་དང་དད་ལྡན་བོད་འབངས་རྣམས༔ བདག་ཉིད་ཆེན་མོ་ཡེ་ཤེས་མཚོ་རྒྱལ་ང་༔ ཟག་བཅས་ཕུང་པོ་ཟག་མེད་དབྱིངས་སུ་སྡུད༔ ཆོས་དབྱིངས་པདྨ་འོད་དུ་སངས་རྒྱས་པས༔ ཁྱེད་རྣམས་མྱ་ངན་མ་བྱེད་བདེ་བར་སོམས༔ སྡུག་བསྔལ་མཐའ་མེད་བོད་ཀྱི་སེམས་ཅན་རྣམས༔ ལས་ངན་སྣ་ཚོགས་བྱ་བ་མང་སྐྱོན་གྱིས༔ རང་སྡུག་རང་གིས་བསྒྲུབས་པ་མཐོང་ལགས་ན༔ སྡུག་བསྔལ་སྐྱབས་གནས་དཀོན་མཆོག་གསུམ་པོ་ཡིན༔ རེ་ལྟོས་གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ༔ བདག་ཉིད་ཆེན་མོ་ཡེ་ཤེས་མཚོ་རྒྱལ་མ༔ འབྱུང་བའི་སྙིགས་མ་དག་ནས་མཁའ་ལ་གཤེགས༔ རྫུ་འཕྲུལ་སྤྲུལ་པས་འགྲོ་དོན་བྱེད་པ་ལ༔ ཁྱེད་རྣམས་མྱ་ངན་མ་བྱེད་སྤྲོ་བར་སོམས༔ མ་དག་རྣམ་སྨིན་ལྗིད་པའི་ཕུང་པོ་འདི༔ ཉོན་མོངས་ཚོགས་རྟེན་ལས་ངན་རྒྱུར་མཐོང་ན༔ རྣམ་སྨིན་ཟད་ཐབས་དམ་པའི་ཆོས་ཡིན་པས༔ དགེ་བཅུ་མན་ངག་བརྩོན་འགྲུས་ཉམས་ལེན་འབུངས༔ བདག་ཉིད་ཆེན་མོ་ཡེ་ཤེས་མཚོ་རྒྱལ་ང་༔ རྣམ་སྨིན་འབྲས་བུ་དཀར་པོའི་དབྱིངས་སུ་གཤེགས༔ བྱ་བ་བསྟན་དོན་ཟད་མེད་རྗེས་སུ་བཞག༔ ཁྱེད་རྣམས་མྱ་ངན་མ་བྱེད་དགའ་བར་སོམས༔ རྣམ་པ་མང་པོའི་བྱ་བ་ལས་ངན་གྱིས༔ རྣམ་སྨིན་དམྱལ་བའི་རྒྱུ་རུ་མཐོང་གྱུར་ན༔ ངན་སོང་སྦྱོང་ཐབས་ལུས་ངག་དགེ་ལ་སྦྱོར༔ སྒོ་གསུམ་གཅིག་དྲིལ་དགེ་བའི་ཆོས་ལ་འབུངས༔ བདག་ཉིད་ཆེན་མོ་ཡེ་ཤེས་མཚོ་རྒྱལ་ང་༔ རྡུལ་བྲལ་བདེ་བ་ཆེན་པོའི་ཞིང་དུ་གཤེགས༔ གང་འབྲེལ་ཕྱིར་མི་ལྡོག་པའི་ཐབས་བསྟན་པས༔ ཁྱེད་རྣམས་མྱ་ངན་མ་བྱེད་སྐྱིད་གླུ་ལོངས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་མཐའ་མེད་འདི༔ འཇིགས་མཐོང་སྡུག་བསྔལ་རང་མཚང་རིག་གྱུར་ན༔ འཁོར་བ་བསྒྲལ་ཐབས་བླ་མ་དམ་པ་ཡིན༔ མཚན་ལྡན་མ་ནོར་ཚོལ་ལ་གང་གསུངས་སྒྲུབས༔ བདག་ཉིད་ཆེན་མོ་ཡེ་ཤེས་མཚོ་རྒྱལ་མ༔ མཁའ་དབྱིངས་པདྨ་འོད་ཀྱི་ཞིང་དུ་གཤེགས༔ རྣམ་དག་པདྨའི་སྦུབས་སུ་འཁྲུངས་པ་ལ༔ ཁྱེད་རྣམས་མྱ་ངན་མ་བྱེད་དད་པར་གྱིས༔ མཐའ་འཁོབ་བོད་ཡུལ་སྡུག་བསྔལ་འཁྲུག་རྩོད་ཅིང་༔ གཅོང་རོང་གནས་ལ་ཞེན་པ་ལོག་གྱུར་ན༔ དགོས་མེད་བྱ་བ་ཐོང་ལ་དབེན་པ་བརྟེན༔ རྩ་རླུང་ཐིག་ལེ་ཕྱག་རྫོགས་ཉམས་སུ་ལོངས༔ བདག་ཉིད་ཆེན་མོ་ཡེ་ཤེས་མཚོ་རྒྱལ་མ༔ མོས་པས་གྲུབ་ནས་ཐུགས་རྗེས་རྗེས་སུ་བཟུང་༔ བླ་མ་པད་འབྱུང་དྲུང་དུ་གཤེགས་པ་ལ༔ ཁྱེད་རྣམས་མྱ་ངན་མ་བྱེད་གསོལ་བ་ཐོབ༔ མགོན་མེད་ཆུ་བུར་ལྟ་བུའི་ལས་ལུས་དེ༔ ནམ་འཆི་ཆ་མེད་མི་རྟག་མཐོང་གྱུར་ན༔ རྟག་འཛིན་བོར་ལ་ཚེ་དང་སྒྲུབ་པ་སྙོམས༔ ཨ་ཏི་ཟད་སར་སྐྱོལ་བའི་ཉམས་ལེན་མཛོད༔ ཀྱེ་ཧོ་ཉོན་དང་སྨྲེ་སྔགས་མ་འདོན་ཅིག༔ ང་ཡི་ཐུགས་རྗེ་ནམ་ཡང་འཕོ་འགྱུར་མེད༔ ཚུལ་འདི་རྟག་འཛིན་ཅན་གྱི་མཐོང་ཚུལ་ཙམ༔ ཁོ་མོ་མ་ཤི་མ་བོར་གར་མ་སོང་༔ གསོལ་བ་ཐོབ་དང་ཞལ་དངོས་མི་སྟོན་རེ༔ རྩེ་གཅིག་མོས་ལ་གང་འདོད་དངོས་གྲུབ་སྦྱིན༔ འདི་ནས་ཕྱི་རབས་མཐར་ཐུག་བར་དུའོ༔

བོད་ཡུལ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ལ༔ གུ་རུ་པདྨའི་གདུལ་བྱར་གྱུར་ནས་སྨིན༔ འཕགས་པ་འཇམ་དཔལ་བསྟན་པའི་བདག་མཛད་ནས༔ གསང་བདག་ཕྱག་རྡོར་མཐུ་སྟོབས་གཟི་བྱིན་གྱིས༔ ནམ་ཡང་བསྟན་པ་རྒྱ་མཚོ་གཡོ་མེད་ཅིང་༔ མུ་སྟེགས་ཕྱི་ལོག་ཀུན་གྱིས་འཚེ་བ་བྲལ༔ བདུད་དང་བདུད་ཀྱི་སྟོབས་ཀུན་རབ་ཞི་ནས༔ མདོ་སྡེའི་ཆོས་འཁོར་བསྟན་པ་འཛིན་བྱེད་ཅིང་༔ གསང་སྔགས་གྲུབ་པས་ནུས་པ་ཐོབ་གྱུར་ནས༔ རྒྱལ་ཁམས་ཀུན་ཏུ་སྒྲུབ་པའི་སྡེས་ཁྱབ་ཤོག༔ བོད་ཡུལ་དབུས་སུ་གནས་པའི་གང་ཟག་རྣམས༔ འདི་ཕྱིའི་བདེ་སྡུག་དཔང་པོར་དཀོན་མཆོག་ཞོག༔ དགེ་བཅུ་བརྩོན་ནས་མི་དགེ་བཅུ་བོ་དོར༔ ཕྱི་ནང་བྱ་བ་འཕགས་པའི་བཀའ་ལ་དྲིས༔ ལེགས་ཉེས་བྱ་བཞག་པདྨས་གང་གསུངས་སྒྲུབས༔ མི་ཆོས་སྡེ་ཆོས་ཆོས་རྒྱལ་སྲོལ་དང་བསྟུན༔ བོད་ཁམས་རུ་བཞི་རྒྱལ་ཁྲིམས་ཆོས་ཀྱིས་འཚོལ༔ མཐའ་བཞིའི་དགྲ་ལ་མཐུ་དང་ནུས་པས་ཐུལ༔ ལྷ་དང་དཀོན་མཆོག་ཐུགས་རྗེས་ངེས་པར་ཟློག༔ ཆོས་བྱེད་གྲྭ་སྡེ་གཞུང་ལུགས་ཚུལ་མཐུན་སྒྲུབས༔ སྐྱེ་བོ་ཕོ་མོ་དག་སྣང་ཆོས་ལ་སྦྱོངས༔ མོས་གུས་ཚད་མེད་གོང་མ་ཡོངས་ལ་གྱིས༔ སྦྱིན་གཏོང་གང་ཡོད་འོག་མ་འགྲོ་ལ་འགྱེད༔ ཀུན་གྱིས་རང་དོན་ཡི་གེ་དྲུག་མ་བགྲོངས༔ གསོལ་འདེབས་བློ་གཏད་པད་འབྱུང་རྗེ་ལ་གྱིས༔ འདིར་འདུས་གདུང་བས་མོས་གུས་དབང་བཞི་ལོངས༔ གསོལ་འདེབས་འུར་དིར་མཚོ་རྒྱལ་མཚན་ནས་བོས༔ དབང་བཞི་ཞུས་ལ་སེམས་དང་དབྱེར་མེད་སྲེས༔ ཅི་ཡང་མ་སེམས་མཉམ་གཞག་ཐུན་དུ་ཆོད༔ སྤྱིར་ཡང་མ་འོངས་བོད་ཡུལ་སེམས་ཅན་རྣམས༔ བླ་མའི་སྐལ་བ་པདྨ་འབྱུང་གནས་ཡིན༔ གང་ཟག་ཡོངས་ཀྱིས་བླ་མ་སྒྲུབ་ལ་བརྩོན༔ རང་རང་བླ་མ་པདྨའི་རྣམ་པར་སྒྱུར༔ བྱིན་རླབས་ཐུགས་རྗེ་ལྷག་ཏུ་ཆེ་བ་འབྱུང་༔ ཐུགས་སྒྲུབ་རྒྱས་བསྡུས་ཡོངས་ཀྱི་གཞུང་ལྟར་སྒྲུབས༔ ཚེ་གཅིག་སངས་རྒྱས་མ་གྲུབ་ཁོ་མོས་མནའ༔ སྙིང་པོའི་ཡང་སྙིང་གུ་རུ་སིདྡྷི་བགྲོངས༔ ཡར་མར་ཚེས་བཅུ་བརྒྱད་དང་བཅོ་ལྔའི་དུས༔ ཚོགས་ཀྱི་འཁོར་ལོ་སྐོར་ལ་མཆོད་པ་ཕུལ༔ ཚོགས་འཁོར་གཅིག་གིས་ངན་སོང་སྐྱེ་སྒོ་ཆོད༔ ཕྱིར་མི་ལྡོག་པའི་ས་རུ་མི་སྐྱོལ་རི༔ ངེས་པའི་གཏན་ཚིགས་ཡིན་ནོ་གོ་བ་ལོངས༔ བླ་མའི་སྙིང་པོ་གུ་རུ་སིདྡྷི་འདི༔ དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་སྲོག་ཧཱུྃ༔ ཡི་དམ་རྒྱལ་བ་ཀུན་གྱི་དངོས་གྲུབ་དྷཱི༔ མཁའ་འགྲོ་དམ་ཅན་ཡོངས་ཀྱི་ཕྲིན་ལས་སིད༔ མ་གྱུར་འགྲོ་བའི་འཁྲུལ་གཅོད་ཡི་གེ་མ༔ དུས་གསུམ་སངས་རྒྱས་ཞིང་མཆོག་ཡི་གེ་པད༔ ལས་རླུང་སྒོ་མོ་གཅོད་པའི་ཡི་གེ་རུ༔ ཡེ་ཤེས་ཐུགས་རྗེའི་དབང་བསྐུར་ཡི་གེ་གུ༔ མི་ཤིགས་སྟོང་ཉིད་ཕྱག་ཆེན་ཡི་གེ་ཛར༔ མཚན་མ་དབྱིངས་ཡེས་ཕྱག་མཚན་ཡི་གེ་བ༔ སྤྲུལ་པས་འགྲོ་འདུལ་གཟུགས་སྐུ་ཡི་གེ་ཧཱུྃ༔ དམ་ཆོས་ལོངས་སྤྱོད་རྫོགས་འདུས་ཡི་གེ་ཨཱ༔ ཀུན་བཟང་ཀ་དག་ཆོས་སྐུ་ཡི་གེ་ཨོཾ༔ པདྨ་འབྱུང་གནས་ཡང་སྙིང་འབྲུ་བཅུ་གཉིས༔ ལུགས་བཟློག་ལྕེ་ཡི་དབང་པོས་ཀློག་གྱུར་ན༔ འབུམ་ཕྲག་གཅིག་གིས་སྒོ་གསུམ་སྡིག་པ་དག༔ གཉིས་ཀྱིས་དེ་བཞིན་དུས་གསུམ་ལས་ངན་ཟད༔ གསུམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་འཁོད༔ བདུན་འབུམ་ཚེ་འདིར་པདྨ་འབྱུང་གནས་མཇལ༔ འབུམ་ཕྲག་བཅུ་ཡིས་ལས་བཞིའི་ཕྲིན་ལས་འགྲུབ༔ འབུམ་ཕྲག་དྲུག་ཅུས་འཁོར་བ་དོང་ནས་སྤྲུག༔ འབུམ་ཕྲག་བརྒྱ་ཡིས་སྣང་མཐའ་ཉིད་དང་མཉམ༔ ཅི་འདོད་དངོས་གྲུབ་ཐོབ་པར་གདོན་མི་ཟ༔ དེ་བཞིན་གྲངས་འདས་ཕན་ཡོན་འདྲེས་ཀྱིས་ཤེས༔ ལུགས་འབྱུང་མྱ་ངན་འདས་ཐབས་ཟློག་ཚུལ་ནི༔ ཨོཾ་ཉིད་སྐུ་ལྔ་བདེ་གཤེགས་ཀུན་འདུས་ཡིན༔ ཨཱ་ནི་གསུང་ལྔ་སྙིང་པོ་ཀུན་འདུས་ཡིན༔ ཧཱུྃ་ཉིད་ཐུགས་ལྔ་ངོ་བོ་ཉིད་སྐུ་སྟེ༔ བ་ནི་མི་འཇིགས་ཕྱག་རྒྱས་མཚན་པའོ༔ ཛར་ནི་རྡོ་རྗེའི་ཐུགས་རྗེའི་ཕྲིན་ལས་ཡིན༔ གུ་ནི་དུས་གསུམ་བླ་མ་ཧེ་རུ་ཀ༔ རུ་ནི་སྨིན་གྲོལ་བཅུད་ཀྱི་ཐིགས་པ་སྟེ༔ པད་ནི་བདེ་བའི་ཞིང་ཁམས་དབྱེ་བའོ༔ མ་ནི་བདེ་བའི་ལྷུམ་ཞུགས་གཡོ་མེད་པ༔ སིད་ནི་ཐུགས་རྗེའི་རྩལ་སྤྲུག་ཆེན་པོ་སྟེ༔ དྷི་ནི་ཅི་འདོད་སྦྱིན་པའི་དངོས་གྲུབ་བོ༔ ཧཱུྃ་ནི་གཞི་ཐོག་གཏན་སྲིད་ཟིན་གྱུར་པས༔ ཡིད་བཞིན་ནོར་བུ་ལྟ་བུའི་གཟུངས་ཡིན་ནོ༔ ཡང་ན་རྟེན་འབྲེལ་བཅུ་གཉིས་དག་བྱེད་ནས༔ ཕ་རོལ་ཕྱིན་བཅུའི་བདག་ཉིད་ཡུམ་ཆེན་ལགས༔ དེ་བཞིན་གང་ལྟར་བསམ་པ་དེས་འགྲུབ་ན༔ འདི་རུ་ཡོད་དང་མ་འོངས་འགྲོ་བ་རྣམས༔ སྙིང་པོ་འདི་ལ་ནན་ཏན་སྒྲུབ་པར་གྱིས༔ ད་ནི་རེ་ཞིག་གཉིས་བློ་མ་ཞིག་བར༔ ང་དང་འབྲལ་འབྲལ་འདྲ་བས་བདེ་བར་བྱོས༔ གཉིས་བློ་ཞིག་ནས་ང་དང་གཉིས་མེད་འགྱུར༔ བཀྲ་ཤིས་བདེ་ལེགས་ནམ་མཁའི་མཐའ་ཁྱབ་ཤོག༔ ཅེས་གསུངས་ནས་འོད་ཙེ་རེ་རེ༔ ཁྲ་མེར་མེར་བྱིན་ཐིབ་ཐིབ་བྱས་ནས་ལྷོ་ནུབ་རྔ་ཡབ་ཀྱི་ཕྱོགས་སུ་སྒ་ར་ར་བྱོན་ནས་མི་སྣང་བར་གྱུར་ཏོ༔ དེ་ནས་དེར་ཡོད་པ་ཐམས་ཅད་ཀྱིས་རྗེས་སུ་ཕྱག་གྲངས་མེད་པ་འཚལ་ནས་སྨོན་ལམ་དང་བཅས་ཏེ༔ ཡིད་སྐྱོ་ཞིང་དབུགས་རྣམས་སྟོད་དུ་རྒྱས༔ གློ་སྙིང་རྣམས་ཁར་འཚངས༔ མཆི་མས་ལམ་བསྒྲིབས༔ འགྲོ་སྟབས་ཀྱིས་རྐང་པ་འཁྱོར༔ ལུས་ཀྱང་ཟུངས་མི་ཐུབ་ཅིང་ཤུགས་རིང་ནར་ནར་བཏོན་ནས་ཟབ་བུའི་ཐུགས་ཀའི་སྒྲུབ་ཕུག་ཏུ་དེ་ནུབ་ཕྱིན་ནས༔ སྦེ་ཡེ་ཤེས་སྙིང་པོ་དང་༔ ལ་གསུམ་རྒྱལ་བ་བྱང་ཆུབ་དང་༔ རྨ་རིན་ཆེན་གསུམ་གྱིས་མཁའ་འགྲོ་བླ་མ་གཉིས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་ཟླ་བ་བདུན་དུ་བཞུགས་ནས་བསྒྲུབས་པས་བླ་མ་མཁའ་འགྲོ་གཉིས་མེད་དུ་འགྲུབ་ཅིང་ལུང་བསྟན་དང་གནང་བ་ཐོབ་སྟེ༔ དེའི་ཚེ་བོད་ནས་ཆོས་སྐྱོང་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་ཁྲིམས་དང་པོ་བཅས་པས་ལོ་ཙཱ་བ་རྣམས་དེར་གདན་དྲངས་སོ༔ འདིར་གང་ཟག་ལ་ལའི་མཐོང་ཚུལ་དུ་མུ་ཏིག་སྦ་མ་གངས་ཕུག་དེར་མཚོ་རྒྱལ་ཉིད་ཆོས་ཉིད་ཟད་པའི་སྣང་བ་བསྟན་ནས༔ སྣ་ཡི་གཤོག༔ སོ་དང་སེན་མོ༔ སྐྲ་དང་བ་སྤུ་རྣམས་མལ་དུ་ལུས་ཏེ༔ དེ་ཐམས་ཅད་རིང་བསྲེལ་དུ་གྱུར་ནས་འགྲོ་བའི་དད་རྟེན་དུ་བཞག༔ དེ་ནས་སྐུ་མི་སྣང་བར་སངས་རྒྱས་པར་གླེང་ངོ་༔ ལ་ལས་ཡང་བྱ་ལོ་བྱ་ཟླའི་ཚེས་བརྒྱད་ལ་ཞལ་གདམས་གནང་ནས༔ ཚེས་བཅུའི་སྲོད་ལ་བདུད་བཏུལ༔ གུང་དུ་ཆོས་འཁོར་བསྐོར༔ ཕྱེད་ཡོལ་དུ་མཉམ་པར་བཞག༔ ཐོ་རངས་བྱང་ཆུབ་ཐོབ༔ ནམ་ལངས་པ་དང་སྐུ་དྲང་པོར་བསྲངས་ནས་མྱ་ངན་ལས་འདས་པས༔ སྤུར་ལ་རིང་བསྲེལ་གྱི་ཕུང་པོར་གྱུར་པས༔ བོད་ཆོས་སྐྱོང་རྒྱལ་པོས་གདན་དྲངས་ནས་འབུམ་པ་རུ་བཞུགས་པར་བཤད་ནའང་༔ དོན་ལ་བདག་རྒྱལ་བ་བྱང་ཆུབ༔ སྦེ་ཡེ་ཤེས་སྙིང་པོ༔ རྨ་རིན་ཆེན་མཆོག༔ འོ་བྲན་དཔལ་གྱི་གཞོན་ནུ༔ འདའ་ཆ་རུ་པ་རྡོ་རྗེ་དཔའ་བོ༔ དབུས་ཀྱི་ཉི་མ༔ ལི་བཟའ་བྱང་ཆུབ༔ ཤེལ་དཀར་བཟའ་རྡོ་རྗེ་མཚོ་སོགས་གཞན་ཡང་ལས་ཅན་བརྒྱ་ཕྲག་ལས་མི་ཉུང་ཙམ་བཞུགས་པ་རྣམས་ཀྱིས་མཐུན་སྣང་ལ་བྱུང་བ་བཞིན་བྲིས་པའོ༔ ཨྠྀི༔ གུཧྱ༔ ཨེ་ཝཾ༔ མཎྜ༔ ཞེས་བོད་ཀྱི་ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་ཐར་པ་མཛད་ཚུལ་གབ་པ་མངོན་དུ་ཕྱུང་བ་ལས༔ སྨོན་ལམ་གྱིས་མཐའ་བསྡུས་ནས་ཆོས་དབྱིངས་སྦུབས་སུ་སངས་རྒྱས་ཚུལ་བསྟན་པའི་སྐབས་ཏེ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨ་ཨ་ཨ༔

ཚེ་གཅིག་གྲུབ་པ་བརྙེས་ཤིང་མཚོ་རྒྱལ་གྱི་བྱིན་གྱིས་བརླབས་པའི་བདག་རྒྱལ་བ་བྱང་ཆུབ་དང་༔ སྐྱེ་ཤིའི་མཚན་མ་དང་བྲལ་བའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་དབྱེར་མ་མཆིས་པའི་ལྷོ་བྲག་གི་ནམ་མཁའི་སྙིང་པོས༔ ཇོ་མོའི་གསུང་ལ་བསྣན་ཕྲི་མེད་པ༔ མཛད་པ་ལ་སྒྲོ་བཏགས་མེད་པར་ཤོག་གུ་སེར་པོའི་ལེབ་ཏུ་བྲིས་ནས༔ ཆུ་བདག་ནག་པོ་སྟོང་རྒྱུག་གི་ལག་ཏུ་གཏད་ནས་མ་འོངས་ཇོ་མོས་ལུང་བསྟན་པའི་བུའི་ལག་ཏུ་སྤྲོད་ཅིག༔ ཅེས་བཀའ་རྒྱས་བཏབ་བོ༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དྷཐིཾ༔ ཨྠྀི༔ ཟབ་རྒྱ༔ གཏད་རྒྱ༔

༈ བདག་འདྲ་ལྷོ་རྒྱུད་ལྷོ་ཕྱོགས་ཀྱི། །གཅོང་རོང་དོག་མོའི་གླིང་བར་དུ། །

ཡིད་ཆད་པདྨའི་ཐུགས་རྗེས་དབེན། །ལས་ངན་སྡིག་པ་སྒྲིབ་པའི་སྦར། །མིག་སྲོལ་ཆོས་ཕྱོགས་དབེན་པའི་སྲུབ། །མི་དགེ་སྡིག་རྔོན་བྱེད་པའི་ས། །མི་ནག་གོས་ནག་གྱོན་པའི་ཡུལ། །ཟས་ནག་ཆང་ནག་འཐུང་བའི་ལུང༌། །ལས་ནག་འཁོར་བ་སྤེལ་བའི་གནས། །ཁྱིམ་ནག་སྐྱེ་བོ་ངན་པའི་གྲོང༌། །གྲོགས་ནག་ཕ་མ་ངན་པའི་བུར། །སྐྱེས་ནག་ལས་ཀྱིས་སྐྱེས་པའི་མི། །མིང་ནག་དཔའ་བོ་སྟག་ཤམ་ངས། །ཆུ་ནག་བདག་པོའི་ལག་ནས་བཏོན། །སྣག་ནག་ཤོག་གུའི་ལེབ་ཏུ་བཤུས། །གནས་ནག་ནགས་ཀྱི་ཁྲོད་དུ་བསྒྲུབས། །ཚེས་ནག་ཉི་ཤུ་དགུ་ལ་གྲུབ། །འགྲོ་ནག་སེམས་ཅན་མ་ལུས་པ། །ལས་ནག་ཟད་ནས་སངས་རྒྱས་ཤིང༌། །མི་ནག་སྐྱེ་བོ་གྲོལ་གྱུར་ཅིག །དཀོར་ནག་སྡིག་སྒྲིབ་ཀུན་དག་ནས། །མཐིང་ནག་འོག་མིན་གནས་ཆེན་དུ། །མཐིང་མདོག་མཁའ་འགྲོ་མཐིང་འོད་འབར། །ཁྱེད་དང་གཉིས་མེད་འགྲུབ་པ་ཡི། །བདེན་ཚིག་སྨོན་ལམ་དེང་འདིར་ཤོག །ཅེས་རང་བཞིན་གང་དྲན་དུ་སྨྲས་སོང་བས་མཚར་ཧེ་ཧེ། དཔའ་བོ་སྟག་ཤམ་རྡོ་རྗེའི་གཏེར་མའོ། །མངྒལཾ། ཨེ་བཾ། བྷ་ཏི། སོ་ཏི༔ ཧྲི་ཏེ༔ ཁ་ཐཾ༔

ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་རྒྱས་པར་བཀོད་པ༔ གཏེར་ཆེན་པདྨ་གླིང་པའི་གཏེར་མ།

ལྷ་ལྕམ་གྱིས་རྒྱལ་སྲིད་སྤངས་པའི་ལེའུ།

༄༅། །བླ་མ་ནོར་བུ་རྒྱ་མཚོ་ལས་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་རྒྱས་པར་བཀོད་པ་བཞུགས་སོ། །

ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ སྐུ་གསུམ་འགྱུར་མེད་ཀྱི་ལྷ་ལ་ཕྱག་འཚལ་ལོ༔ མི་བརྗེད་པའི་གཟུངས་ཐོབ་པ་དབྱངས་ཅན་མའི་སྤྲུལ་པ༔ ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་ཐར་པ་རྒྱས་པར་བཀོད་པ་འདི༔ མ་འོངས་པའི་སེམས་ཅན་ཆོས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་གསུངས་སོ༔ ཁ་བ་ཅན་གྱི་རྒྱལ་ཁམས༔ བོད་ཡུལ་དབུས་ཀྱི་སྒྲགས་ཀྱི་ནང་༔ ཚ་ལུང་མཁར་ཞེས་བྱ་བའི་གྲོང་མོ་ཆེར༔ རྒྱ་གར་བེ་ཏ་ལའི་ཡུལ་དང་མཉམ་པ༔ ཡོན་ཏན་དུ་མས་སྤྲས་པ༔ རྩི་ཤིང་ནགས་ཚལ་གྱིས་བསྐོར་བ༔ མེ་ཏོག་ཀུ་མུ་ཏ་དང་༔ པུཎྜ་རི་ཀ་སྐྱེས་པའི་དབུས༔ ཡིད་དུ་འོང་བའི་ཚལ་ལུ་སྐོར་ཞེས་བྱ་བ་ཡོད་པ༔ དེའི་དབུས་སུ་རྒྱལ་པོའི་ཕོ་བྲང་ལྟ་ན་སྡུག་ཅིང་ཉམས་དགའ་བ༔ ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལྷའི་འབྱོར་བ་ལྟར་ཡོད་པ༔ དེའི་ཡུལ་གྱི་རྒྱལ་པོ་སངས་རྒྱས་ཡེ་ཤེས་ཞེས་བྱ་བ་དང་༔ བཙུན་མོ་དགེ་མཚོ་མ་ཞེས་བྱ་བ་གཉིས་ལ་སྲས་ནི་རྒྱལ་བུ་གཉིས་དང་༔ ལྷ་ལྕམ་བདུན་ཡོད་པ༔ དེ་རྣམས་ཀྱི་ནང་ནས་སྲས་མོ་ཆུང་བ་ལྷ་ལྕམ་པདྨ་ལྕམ་ཞེས་བྱ་བ་ངང་རིང་ཞིང་རྒྱུད་དུལ་བ༔ མཛེས་ཤིང་ཡིད་དུ་འོང་བ༔ སྐུ་ལ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ༔ ངག་སྙན་སྨྲ་བ་ལ་མཁས་པ༔ ཐུགས་ལ་ཏིང་ངེ་འཛིན་ནི་རྒྱུན་ལ་འཆར་བ༔ བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ལྷ་ལྕམ་དེ་ཡང་༔ ཕྱི་ལྟར་ན་གཟུགས་ཀྱི་མཁའ་འགྲོ་མ༔ ནང་ལྟར་ན་རྡོ་རྗེ་ཕག་མོ༔ གསང་བ་ལྟར་ན་ཀུན་ཏུ་བཟང་མོའི་རོལ་པ༔ རྒྱལ་བས་གང་ལ་གང་འདུལ་དུ་སྤྲུལ་ནས༔ འགྲོ་བའི་དོན་དུ་ལྷ་ལྕམ་དུ་སྐྱེ་བ་བཞེས་པ༔ དེ་ལྟ་བུའི་ལྷ་ལྕམ་དེ་ཡང་ཐུགས་ཆོས་དབྱིངས་ན་བཞུགས་ཀྱང་༔ གཟུགས་སྐུ་རྣམ་གཉིས་ཀྱིས་འགྲོ་བའི་དོན་མཛད་པར་དགོངས་ནས༔ བཙུན་མོ་གསལ་བྱེད་སྒྲོན་མའི་ལྷུམས་སུ་ཞུགས་སོ༔ དེའི་དུས་སུ་ངོ་མཚར་བའི་ལྟས་མང་པོ་བྱུང་ངོ་༔ དེ་ཡང་ནམ་མཁའ་ནས་དངུལ་དཀར་གྱི་དྲིལ་བུ་སྤྱི་གཙུག་ཏུ་ཐིམ་པ་དང་༔ ཡུམ་གྱི་ལྷུམས་སུ་ཞུགས་ནས་ཟླ་བ་གཅིག་ན༔ ཉམས་སྣང་དང་རྨི་ལམ་དུ་བུད་མེད་དཀར་མོ་མང་པོས་ཁྲུས་གསོལ་བ་དང་༔ སྔོན་མོ་ཚོགས་ནས་མེ་ཏོག་འཐོར་བ་དང་༔ སེར་མོ་ཚོགས་ནས་སྤོས་དུད་འཐུལ་བ་དང་༔ དམར་མོ་ཚོགས་ནས་རྒྱན་འདོགས་པ་དང་༔ ལྗང་མོ་ཚོགས་ནས་སྐོར་བ་བྱེད་པ་དང་༔ ཁྱེའུ་ཚོགས་ནས་གསོལ་བ་འདེབས་པ་དང་༔ ཡུམ་གྱི་ལུས་ཀྱང་འོད་དང་ལྡན་པར་གྱུར་ཏེ༔ ཟླ་བ་བརྒྱད་ལོན་པ་དང་༔ ཉིན་མོ་འཇའ་འོད་ཀྱིས་གུར་ཕུབ་པ་དང་༔ ནུབ་མོ་གཞོན་ནུ་ཚོགས་ནས་རོལ་རྩེད་མཛད་པ་དང་༔ དེ་ནས་ཟླ་བ་དགུ་ངོ་བཅུ་ལོན་ནས་བྱའི་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་སྔ་དྲོ་ཉི་ཤར་དུས་སུ་སྐུ་བལྟམས་སོ༔

གཞན་གྱི་ཟླ་སྐྱེད་ལས་མོའི་ཞག་སྐྱེད་མཐོ་བར་གྱུར༔ གཞན་གྱི་ལོ་སྐྱེད་བས་མོའི་ཟླ་སྐྱེད་ཆེ་བར་གྱུར་ཏེ༔ ལོ་གཅིག་ལོན་ནས་གསང་ཆེན་རོལ་པའི་པདྨོར་སྤྱོད༔ ལོ་བརྒྱད་ལོན་ནས་མངོན་ཤེས་རྫུ་འཕྲུལ་ལྡན༔ བཅུ་གཅིག་ལོན་ནས་བླ་མེད་ཆོས་གསུངས༔ ཡིད་ཀྱིས་སྤྱོད་ལམ་སྐྱེ་བོ་དབང་དུ་སྡུད༔ བཅུ་དྲུག་ལོན་ནས་ཆོས་ཀྱི་བསམ་པ་སྐྱེས༔ དེ་དུས་རྒྱ་གར་བེ་ཏ་ལའི་རྒྱལ་པོས་ངའི་བཙུན་མོ་ལ་ལྷ་ལྕམ་སྟེར་དགོས་ཟེར་བའི་བང་ཆེན་པ་བཏང་སྟེ༔ བང་ཆེན་པས་རྒྱལ་པོ་རྗེ་འབངས་དང་བཅས་པ་རྣམས་ལ་ཞུས་པ༔ ཀྱཻ་རྒྱལ་པོ་རྗེ་འབངས་དང་བཅས་པ་ཐམས་ཅད་གསན་དུ་གསོལ༔ རྒྱལ་པོའི་སྲས་མོ་དེ་ངེད་རྒྱ་གར་རྒྱལ་པོའི་བཙུན་མོར་འོས་པས༔ ཅིས་ཀྱང་གཏོང་བར་འཐད་པས་རྒྱལ་པོས་གནང་བ་བསྟན་དུ་གསོལ༔ ཞེས་ཞུས་པས༔ སྲས་དང་ཡབ་ཡུམ་བློན་འབངས་རྣམས་ཀྱིས་གྲོས་བསྟུན་པས༔ ཡབ་ཀྱི་ཞལ་ནས༔ ཀྱཻ༔ ལྷ་ལྕམ་པདྨ་འདི༔ ཡོན་ཏན་ལྡན་པའི་བུ་མོ་ཡིན༔ རྒྱལ་བུ་མིན་པས་གཞན་མི་དབང་༔ བེ་ཏ་ལ་ཡི་རྒྱལ་པོ་ལ༔ བཙུན་མོར་གཏོང་ན་བློས་ཐོངས་པས༔ ཁྱོད་ཕྱི་བློན་རྣམས་ཀྱིས་གྲོས་གྱིས་ལ༔ རྫོངས་དང་བཅས་ཏེ་ཐོངས་ཤིག་གསུངས༔ ཕྱི་བློན་རྣམས་ཀྱི་ཞལ་ནས༔ བུ་མོ་དགའ་ཡང་ཕ་ཡུལ་བཟུང་བ་མེད༔ རྒྱ་གར་ཡུལ་གྱི་མི་ནི་ཤིན་ཏུ་བཟང་༔ བུ་མོ་རྒྱ་གར་རྒྱལ་པོའི་བཙུན་མོར་སོང་༔ བློན་པོ་རྣམས་ཀྱིས་སྐྱེལ་ཐུང་བྱེད༔ རྒྱ་གར་ཡུལ་ཕྱོགས་བསྐྱངས་ན་ཤིན་ཏུ་ལེགས༔ གལ་ཏེ་བུ་མོ་མི་འགྲོ་ན༔ ཡབ་ཡུམ་བཀའ་བཅགས་མིང་པོས་ཆད་པ་གཅོད༔ ཅེས་སྨྲས་སོ༔

ནང་བློན་རྣམས་ན་རེ༔ འདི་འདྲའི་ལྷ་ལྕམ་ངོ་མཚར་རྨད་བྱུང་འདི༔ ཐག་རིང་སྤྱུགས་པ་སེམས་ཀྱིས་ཕོད་ལགས་སམ༔ དབང་མེད་སྤྱུགས་ན་ཡུལ་གྱི་གཡང་ཡང་འཆོར༔ ཐག་རིང་གཉེན་ལས་གྲོང་མི་ཁྱིམ་མཚེས་དགའ༔ རང་ཡུལ་བོད་བཟུང་འཁོར་འབངས་སྐྱོང་དུ་ཆུག༔ ཡབ་ཡུམ་ཕྱི་བློན་རྣམས་ཀྱིས་བཀའ་གནང་ཞུ༔ གལ་ཏེ་ནང་བློན་གྲོས་ལ་མི་གསན་ཅིང་༔ ལྷ་ལྕམ་མི་བཞུགས་རྒྱ་གར་བཏང་གྱུར་ན༔ ནང་བློན་རྣམས་ཀྱང་ལྷ་ལྕམ་ཕྱི་ལ་འགྲོ༔ ཉེ་བོ་རྣམས་དང་ཡབ་ཡུམ་གྲོས་གྱིས་ལ༔ བོད་ཡུལ་འདི་རུ་ལྷ་ལྕམ་ཨེ་འཇོག་ལྟོས༔ གལ་ཏེ་མི་བཞུགས་ནང་བློན་གྲོས་སྣ་ཟད༔ ཅེས་ནང་བློན་གྲོས་ཁ་འཆམས་སོ༔ མིང་པོ་གཉིས་དང་ཡབ་ཡུམ་གྱིས་གསུངས་པ༔ ཡོན་ཏན་ཀུན་དང་ལྡན་པའི་ལྷ་ལྕམ་འདི༔ སེམས་ཀྱིས་མི་ཆོད་རྒྱ་གར་ཡུལ་མི་གཏོང་༔ རང་ཡུལ་ཡིན་པས་བོད་ཡུལ་དབུས་སུ་འཇོག༔ རྒྱལ་བུ་བས་ཀྱང་རིགས་ལྡན་བུ་མོ་ལྷག༔ ཆོམ་རྐུན་འཇིགས་པའི་ཡུལ་དུ་མི་གཏོང་ཞིང་༔ ཕོ་བྲང་ནང་དུ་ལོ་ཤས་བཞུགས་སུ་ཆུག༔ གསོལ་བ་བཏབ་ན་དགོས་འདོད་འབྱུང་བར་ངེས༔ ཞེས་གསུངས་སོ༔ ཕྱི་བློན་རྣམས་ཀྱིས་སྨྲས་པ༔ ཡུམ་སྲས་རྣམས་ཀྱིས་གསུངས་པ་ཇི་བཞིན་དུ༔ རིགས་དང་ལྡན་པའི་ལྷ་ལྕམ་ཡིད་འོང་མ༔ ཀུན་དང་མི་འདྲ་ངོ་མཚར་རྨད་བྱུང་ཡང་༔ ཕ་ཡུལ་མི་ཟིན་གཏན་ཡུལ་བཙལ་བ་འཐད༔ བོད་ཡུལ་ས་ངན་བྱེ་མའི་ཞིང་ཁམས་འདིར༔ ཡོན་ཏན་མི་ལྡན་རིགས་ངན་དབུལ་བས་ནོན༔ དེ་བས་ཡུལ་ཕྱོགས་རྒྱ་གར་ཡུལ་དུ་རྫོངས༔ བདེ་སྐྱིད་འབྱུང་གནས་བང་མཛོད་དགོས་འདོད་ཚང་༔ བེ་ཏའི་རྒྱལ་པོ་ཤཱཀྱའི་གདུང་ལས་ཆད༔ དེ་ཡི་བཙུན་མོར་ལྷ་ལྕམ་འདི་ཉིད་བཟང་༔ རྫོང་དང་བཅས་ནས་བང་ཆེན་ལག་ཏུ་སྤྲོད༔ ཅེས་སྨྲས་སོ༔ ཕོ་བྲང་ནང་མི་དང་ཡུལ་མི་རྣམས་ཀྱིས་ངུ་འབོད་བྱེད་ཅིང་སྨྲས་པ༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་འདི་འདྲ་བ༔ མི་ལས་མ་སྐྱེས་ལྷ་ཡི་སྲས་འདྲ་བ༔ མཚན་དཔེ་ཀུན་སྤྲས་ཡོན་ཏན་ཀུན་ཚང་འདི༔ བོད་དུ་མི་འཇོག་རྒྱ་གར་གཏོང་གྱུར་ན༔ བོད་ཀྱི་བཅུད་ཉམས་ས་འདིའི་མདངས་ཀྱང་འཆོར༔ རྗེ་འབངས་ཀུན་ཀྱང་བཀྲེས་སྐོམ་ནད་ཀྱིས་གཟིར༔ བསོད་ནམས་ཐམས་ཅད་རྒྱ་གར་ཕྱོགས་སུ་འབོ༔ བསོད་ནམས་ཉམས་ན་རྒྱལ་སྲིད་གང་ལ་འཛིན༔ དེ་བས་ལྷ་ལྕམ་བོད་དུ་བཞུགས་སུ་ཆུག༔ ཅིས་ཀྱང་མི་ཉན་རྒྱ་གར་གཏོང་བ་ན༔ འབངས་མི་རྣམས་ནི་ལྷ་ལྕམ་ཕྱི་ལ་འགྲོ༔ ཞེས་ཟེར་ནས་ནང་བློན་རྣམས་དང་༔ ཡུམ་ཁ་འཆམས་ཀྱང་དབང་ཆུང་སྟེ༔ ལྷ་ལྕམ་བོད་དུ་འཇོག་པའི་དབང་མ་ཐོབ༔ ཡབ་སྲས་དང་༔ ཕྱི་བློན་དབང་ཆེ་བའི་སྟོབས་ཀྱིས༔ ལྷ་ལྕམ་རྒྱ་གར་དུ་གཏོང་བ་ལ་ཐག་བཅད་ནས༔ རྒྱ་གར་བེ་ཏ་ལའི་རྒྱལ་པོའི་བང་ཆེན་རྣམས་ཀྱིས་གསེར་གྱི་དོང་ཙེ་ལྔ་བརྒྱ་རྒྱལ་པོའི་ཕྱག་ཏུ་རིན་དུ་ཕུལ༔ ཡབ་རྒྱལ་པོས་གསེར་དངུལ་ཟངས་ལྕགས་དང་༔ གཡུ་དང་༔ མན་ཤེལ༔ བྱི་རུ༔ རྟ་ཕྱུགས་དང་བཅས་པ་རྣམས་ལྷ་ལྕམ་ལ་རྫོངས་སུ་བརྫངས་པའོ༔

རྩེ་རོགས་བྱེད་པའི་བུ་མོ་ལྔ་བརྒྱ་ནི༔ རྒྱན་འདོགས་པའི་བུ་མོ་དང་༔ གོས་གཡོགས་པའི་བུ་མོ་དང་༔ ཀ་ཅ་དང་ནོར་དབང་བའི་བུ་མོ་དང་༔ གཞོན་ནུ་སུམ་བརྒྱ་དང་བཅས་པ་ནེའུ་གསིང་ནགས་ཀྱི་ལྗོངས་ལ༔ ཤིང་མོ་ཡོས་ཀྱི་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉིན་པར་བརྫངས་སོ༔ རྒྱ་གར་ནུབ་ཕྱོགས་ཀྱི་སློབ་དཔོན་སོར་ཐང་ཞེས་བྱ་བ༔ ཤིན་ཏུ་རྩིས་ལ་མཁས་པ་གཅིག་ཡོད་པ་ནས་བག་རྩིས་བྱས་པས༔ འབྱུང་བ་འཁྲུགས་ནས་རྒྱ་གར་དུ་འགྲོ་བར་མ་བཏུབ་སྟེ༔ སང་ཕོད་སློང་བར་ཐག་བཅད་ནས་བང་ཆེན་པ་རྣམས་རང་ཡུལ་དུ་ལོག་གོ༔ དུས་གཅིག་ཡབ་རྒྱལ་པོའི་ཕོ་བྲང་ལས་ཉེ་བའི་ཤར་ཕྱོགས་ན༔ ཆུ་འཕྲང་ཟུང་མོ་མཁར་ཞེས་བྱ་བ་ཤིང་ཡུལ་བྱེ་མའི་ཐང་ཆེན་པོ་དེ་ན༔ རྒྱལ་པོ་ཟླ་བའི་འོད་ལ༔ བུ་ནོར་བུ་དཀར་གསལ་ཞེས་བྱ་བ་གཅིག་ཡོད་དེ༔ ལྷ་ལྕམ་གྱི་སྙན་གྲགས་ཐོས་ཏེ༔ འབངས་ཀྱི་བློན་པོ་ལྔ་བརྒྱ་ལ་ནོར་བུ་བསྐུར་ནས༔ དུས་གཅིག་ཡབ་རྒྱལ་ཕོ་བྲང་ཚ་ལུང་མཁར་རྒྱལ་པོ་རྡོ་རྗེ་འདྲེན་པའི་སྤྱན་སྔར་ཕྱིན་ནས༔ རྒྱལ་པོ་ཆེན་པོ་ཁྱེད་ལ་སྲས་མོ་ལྷ་ལྕམ་གཅིག་ཡོད་ཟེར་བ་ཐོས་ནས༔ ཟུང་མོ་མཁར་ནས་རྒྱལ་པོ་ཟླ་འོད་ཀྱི་སྲས་ནོར་བུ་དཀར་གསལ་ཞེས་བྱ་བ་ལ་ཁྱེད་ཀྱི་སྲས་མོ་སློང་བའི་བང་ཆེན་ཡིན༔ ནོར་བུ་ལོངས་ལ་ལྷ་ལྕམ་གཏོང་བར་ཞུ་ཞུས་པས༔ རྒྱལ་པོས་ལྷ་ལྕམ་རང་ལ་དྲིས་གསུངས་སོ༔

དེ་ནས་ལྷ་ལྕམ་གྱི་དྲུང་དུ་བློན་པོ་རྣམས་ཀྱིས་ཕྱིན་ནས་ཞུས་པ༔ ལྷ་ལྕམ་ཉིད་ངེད་ཀྱི་རྒྱལ་པོའི་བཙུན་མོར་འོས་པས༔ ཟུང་མོ་མཁར་དུ་རྒྱལ་བུ་ནོར་བུ་དཀར་གསལ་གྱི་བཙུན་མོར་གཤེགས་ཤིག༔ ལྷ་ལྕམ་གྱིས་སྨྲས་པ༔ བློན་ཆེན་རྣམས་ཀྱིས་བདག་ལ་གསོན༔ རྒྱལ་བུ་མཚར་ཡང་རྣམ་གཡེང་ཆོས་ཀྱི་བསླུ་བྲིད་ཡིན༔ རྣམ་གཡེང་སྤངས་ནས་ལྷ་ལྕམ་ཕྱི་མའི་འདུན་མ་སྒྲུབ༔ རྒྱལ་བུའི་བཙུན་མོ་བྱེད་མི་ཁོམ༔ བློན་པོ་རྣམས་ཀྱང་བདེ་བར་ལོག༔ བྱས་པ་དང་༔ རྒྱལ་བུ་ནོར་བུ་དཀར་གསལ་གྱིས༔ སྙིང་གྲོགས་སྙེ་བོ་ཁྲིད་དེ་ལྷ་ལྕམ་གྱི་རྩ་བར་བྱོན་ནས༔ ནོར་བུ་ལྷ་ལྕམ་གྱི་ཕྱག་ཏུ་ཕུལ་ནས་ཞུས་པ༔ ལྷ་ལྕམ་ནོར་བུ་བཞེས་ལ་ཟུང་མཁར་དུ་གཤེགས༔ ཞེས་ཞུས་པ་དང་༔ ལྷ་ལྕམ་གྱིས་གསུངས་པ༔ ཀྱཻ༔ རྒྱལ་པོ་དཀའ་བའི་ནོར་བུ་རིན་ཆེན་དེ༔ བུ་མོ་ང་ལ་རིན་དུ་མི་འོས་ཀྱང་༔ སྔོན་གྱི་ལས་དང་སྨོན་ལམ་མཚམས་སྦྱར་ནས༔ རྒྱལ་པོ་ཁྱེད་ལ་ངན་ཡོད་མ་ཡིན་ཏེ༔ ཚེ་འདིའི་གྲོགས་ལ་ཁྱེད་བས་ལྷག་པ་མེད༔ འོན་ཀྱང་ལྷ་ལྕམ་ང་ནི་དམ་ཆོས་ཡིད་ལ་སྨོན༔ སོ་སོའི་ནོར་རྫས་རང་རང་ཡུལ་དུ་ལོག༔ གསུངས་པ་དང་༔ རྒྱལ་བུ་བློན་འབངས་དང་བཅས་པ་རྣམས་ཀྱིས༔ འདི་སྐད་ཅེས་སྨྲས་སོ༔ དེ་སྐད་མ་གསུངས་ལྷ་ལྕམ་ཡིད་འོང་མ༔ བེ་ཏ་ལའི་རྒྱལ་པོའི་བཙུན་མོ་རུ༔ ཡབ་ཡུམ་གཉིས་ཀྱིས་དབང་མེད་གཏོང་བ་སྲིད༔ ལམ་རིང་རྒྱུས་མེད་མི་ཡུལ་འགྲིམས་པ་བས༔ རང་ཡུལ་ས་ཕྱོགས་སྡོད་ལ་མི་སྤྲོའམ༔ དེ་བས་ཟུང་མོ་མཁར་དུ་བཞུགས་པ་ན༔ ལྷ་ལྕམ་རྒྱལ་བུའི་བཙུན་མོ་མཛད་ནས་ནི༔ གང་བསམ་ཆོས་ལ་རྩོལ་བ་རབ་བགྱིས་ནས༔ བྱམས་པས་འབངས་འཁོར་ཐར་པའི་ལམ་ལ་བཙུད༔ སྨྲས་པ་དང་༔ ལྷ་ལྕམ་གྱིས་གསུངས་པ༔ རིགས་ལྡན་རྒྱལ་པོ་མཚར་མཛེས་ཡིད་འོང་ཡང་༔ ཐར་པ་བྱང་ཆུབ་སྒྲུབ་འདོད་ལྷ་ལྕམ་ལ༔ བར་ཆད་འཁོར་བའི་ཚིག་དེ་ཡ་མི་མཐུན༔ བར་ཆད་མ་བྱེད་ཕྱི་མ་མཇལ་བར་སྨོན༔ ཉེ་འཁོར་ཐམས་ཅད་ཁ་ངོམས་ལྟོ་འགྲངས་པའི༔ བཟའ་བཏུང་ཡོད་པ་ཕོངས་པ་མེད་པར་སྐྱོངས༔ ལྷ་ལྕམ་ང་ཡི་ཆོས་ལ་དཀའ་སྤྱད་ནས༔ ཕྱི་མ་འོག་མིན་གནས་སུ་མཇལ་བར་སྨོན༔ ཞེས་པའི་བཀའ་ཤོག་ཡི་གེ་དང་བཅས་ཕུལ་ནས༔ འཕྲིན་མི་རྣམས་རང་ཡུལ་དུ་ལོག་གོ༔ ཡང་རྒྱ་གར་བེ་ཏའི་རྒྱལ་པོས་བཏང་བའི་འཕྲིན་མི་རྣམས་ཀྱིས༔ བློན་པོ་བློ་རྣོ་བ་རྣམས་ལོགས་སུ་བསགས་ནས༔ ལྷ་ལྕམ་ལ་སྨྲས་པ༔ གཟུགས་མཛེས་ཡིད་འོང་ལྷ་མོའི་གཟུགས་འདྲ་བ༔ རྒྱ་གར་ཆོས་ཀྱི་བསྟན་པ་འཛིན་དོན་དུ༔ རྒྱལ་བུ་ཆོས་ལྡན་བཙུན་མོར་གཤེགས༔ ཞེས་སྨྲས་སོ༔

ལྷ་ལྕམ་གྱིས་བེ་ཏ་ལའི་རྒྱལ་པོ་ལ༔ བློན་པོ་རྣམས་ཀྱི་ཕྱག་ཏུ་བཀའ་ཤོག་འདི་བསྐུར་རོ༔ ཀྱཻ་རྒྱལ་བུ་ཆོས་ལྡན་ཤཱཀྱའི་གདུང་ལས་ཆད༔ བསོད་ནམས་གངས་རི་འདོད་ཡོན་ཆུ་རྒྱུན་འབབ༔ མཛེས་པའི་སྐུ་ལུས་ལྟ་བས་ཆོག་མི་ཤེས༔ སྙན་པའི་གྲགས་པས་རྒྱལ་ཁམས་ཀུན་ལ་ཁྱབ༔ འཛུམ་པའི་མདངས་ཀྱིས་འཁོར་འབངས་བདེ་བར་སྐྱོང་༔ རྒྱལ་བུ་ཁྱོད་ཉིད་གྲོགས་སུ་འོས་ལེགས་ཤིང་༔ དགའ་བའི་སེམས་ཀྱིས་འབྲལ་བར་མི་ཕོད་ཀྱང་༔ ལྷ་ལྕམ་ང་ནི་དམ་པའི་ཆོས་ལ་སྨོན༔ གཅིག་པུར་ལུང་སྟོང་གཅིག་ཏུ་བསམ་གཏན་བསྒོམ༔ དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་ནས༔ བཅུད་ལྡན་ཟས་སུ་བསམ་གཏན་འཚོ་བ་ཟ༔ ཚེ་འདིའི་ཟས་ནོར་ཡིད་ལ་སྨོན་རྒྱུ་མེད༔ མི་མེད་གནས་སུ་ཏིང་འཛིན་བསམ་གཏན་སྒྲུབ༔ ཕོ་བྲང་ལོངས་སྤྱོད་རྨི་ལམ་སྒྱུ་མ་འདྲ༔ རྒྱལ་བུ་མཛེས་ཀྱང་བར་སྣང་འཇའ་ཚོན་འདྲ༔ ཚེ་འདིའི་གྲོགས་ཀྱི་ཚུལ་དུ་འབྲེལ་མི་བྱ༔ ཕྱི་མ་འོག་མིན་གནས་སུ་མཇལ་བར་སྨོན༔ ཞེས་ཡི་གེར་བཏབ་སྟེ་བློན་པོ་འཕྲིན་སྐྱེལ་གྱི་ལག་ཏུ་བསྐུར་ནས་བློན་པོ་རྣམས་རང་ཡུལ་དུ་ལོག་གོ༔ གཞན་ཡང་ཡུལ་ཕྱོགས་ཀྱི་འདོད་མི་རྣམས་ལ་ཡབ་ཡུམ་དང་༔ བློན་འབངས་རྣམས་ཀྱིས་སྟེར་བར་ཁས་བླངས་ཤིང་༔ རྫོང་ནོར་བུ་བང་མཛོད་དང་བཅས་པ་ཅི་འདོད་ལྷ་ལྕམ་ལ་མགུ་བར་བྱིན་ན་ཡང་༔ ལྷ་ལྕམ་ནི་དམ་ཆོས་ཡིད་ལ་བྱེད་པས་ཁྱིམ་ཐབ་ལ་མི་འགྲོ་བར་བློ་ཐག་བཅད༔ ཕྱོགས་ཀྱི་བང་ཆེན་པ་འཕྲིན་མི་རྣམས་ཀྱང་ལྷ་ལྕམ་མ་ཐོབ་པས་ངོ་ནག་ཏིང་ངེ་བ་ལ་ལོག་སོང་ངོ་༔ རྒྱལ་བློན་འབངས་འཁོར་རྣམས་ཀྱང་བློ་མ་བདེ་ནས༔ ལྷ་ལྕམ་འདི་ནི་བཏང་སར་མི་འགྲོ་བསླབས་པས་མི་ཉན༔ གཏོང་བར་ནི་ཁས་བླངས་ཤིང་༔ རིན་ཡང་བླངས་ཟིན༔ ལྷ་ལྕམ་འཁྲིད་མི་རྣམས་ཀྱང་ཐག་རིང་ནས་ཡིན་པས་ཡུས་ཆེ༔ བུ་མོ་མ་བཏང་ན་དམག་དཔུང་གིས་ཡུལ་ཁམས་འཇོམས་ངེས༔ ནོར་རྫས་ཐམས་ཅད་ཕྲོགས་ནས་ལྷ་ལྕམ་དབང་མེད་དུ་འཁྱེར་སྲིད་པས༔ དེ་བས་ལྷ་ལྕམ་ལ་ད་དུང་གྲོས་བྱེད་པ་འཐད་ཅེས་སྨྲས་སོ༔ ཡབ་ཀྱིས་གསུངས་པ༔

ཀྱཻ༔ བློན་པོ་རྣམས་ཀྱིས་བསམ་བློ་ལེགས་པར་ཐོངས༔ ད་ལྟའི་ཚིག་རྩུབ་ཕྲ་མ་སྐྱེལ་བ་ཡིས༔ ལོག་པའི་ཚིག་གིས་ལྷ་ལྕམ་ཡིད་མི་དཀྲུག༔ བཏང་སར་མི་འགྲོ་ཕོ་བྲང་ཁར་སྡོད་པས༔ ཅུང་ཟད་བློན་པོས་སེམས་ལ་འདམ་ཁ་ཐོང་༔ ལེགས་ཉེས་བྱུང་ན་བློན་ལ་ཐུག་སྲིད་པས༔ དེ་བས་བློན་པོ་རྣམས་ཀྱིས་གྲོས་ཐོབ་ཅིག༔ གསུངས་སོ༔ ཕྱི་བློན་རྣམས་ཀྱི་ཞལ་ནས༔ ཀྱཻ༔ རྒྱལ་པོ་ཡབ་སྲས་ནོར་ལ་ཕངས་པས་ལན༔ རྫོངས་ཀྱིས་མ་བཏང་ནོར་རྫས་ངན་པས་ལན༔ ནོར་གྱིས་མ་སོས་རྐང་མགྱོགས་འགྲོས་ལ་ངན༔ འདོད་ཚད་མ་བྱིན་བུ་ཡང་འཁང་བར་བྱེད༔ སྐལ་བ་ཕམ་ན་མགྲོན་ཡང་དགའ་མི་འགྱུར༔ ནོར་གྱིས་མ་མགུ་ལྷ་ལྕམ་ག་ལ་འགྲོ༔ མགུ་བར་བྱིན་ལ་རྒྱལ་པོས་གྲོས་ཐོབ་ཅིག༔ ཞུས་པ་དང་༔ དེའི་སྐབས་སུ་ལྷ་ལྕམ་གྱིས་བསམ་པ་ལ༔ སྐད་ཅིག་ཉིད་ལ་ལྷ་ཆོས་མ་བྱས་ན༔ མི་ཚེ་ད་རེས་སྟོང་ཟད་འགྲོ་བ་སྲིད༔ དེ་བས་དཀའ་བ་ཆོས་ཕྱིར་སྤྱད་ན་འཐད༔ ཐབས་དང་གཡོ་ལ་མ་བརྟེན་དོན་མི་གྲུབ༔ ཞུ་བ་ནན་གྱིས་བྱས་ན་གསན་སྙམ་ནས༔ ཡབ་ཡུམ་དྲུང་དུ་ཞུ་བ་འདི་ལྟར་བྱས༔

ཀྱཻ༔ དྲིན་གྱིས་བསྐྱངས་པའི་ཕ་མ་བཀའ་དྲིན་ཅན༔ གདུང་སེམས་བདག་ལ་བརྩེ་བའི་ཡབ་ཡུམ་གཉིས༔ དམ་ཆོས་ཕྱོགས་སུ་ཐུགས་ཁྲེལ་མ་མཛད་ཅིག༔ དགོངས་པ་འགལ་མེད་བདག་གིས་ངེས་སྒྲུབ་ན༔ དེ་དུས་ཡབ་ཡུམ་ཀུན་ཀྱང་བློ་སེམས་བདེ༔ དམ་ཆོས་བྱེད་ལ་མ་བཀག་བཀའ་གནང་ཞུ༔ བདག་གིས་བསམ་གཏན་གནས་ལུགས་འབྱོངས་པ་ན༔ དེ་ཡི་བྱིན་རླབས་རྗེ་འབངས་བཀྲ་ཡང་ཤིས༔ མི་མེད་ལུང་སྟོང་འགྲིམ་ལ་བཀས་གནང་ཞུ༔ ཞེས་ཞུས་པས༔ རྒྱལ་པོ་བློན་འབངས་ཐམས་ཅད་གདོང་གནག༔ ལག་ངར་བསྒྲེངས༔ ཚིག་རྩུབ་མོས་འདི་སྐད་ཅེས་རིམ་པར་སྨྲས་སོ༔ ཡབ་ཀྱིས་སྨྲས་པ༔ ཀྱཻ༔ རྨད་བྱུང་རིགས་ལྡན་ཡིད་འོང་ལྷ་ལྕམ་ཁྱོད༔ ཆུང་ངུའི་དུས་ན་དགའ་བར་བརྩེ་བས་གསོས༔ ད་ལྟ་ཆེར་སྐྱེས་རང་དབང་ཐོབ་པའི་དུས༔ ཡབ་ཀྱི་བཀའ་དེ་བཅག་པར་མ་བྱས་ན༔ རྒྱ་གར་ཡུལ་དེ་མཛེས་པའི་གྲོང་ཁྱེར་ལ༔ ཡོན་ཏན་མ་ཚོར་ལྷ་ལྕམ་ཡིད་རེ་མུག༔ རྒྱལ་བུ་རྗེ་འབངས་རིན་ཆེན་དཀོར་མཛོད་ལ༔ ངེས་ཤེས་མ་སྐྱེས་ལྷ་ལྕམ་དྲན་པ་ནུབ༔ ཕྱོགས་ཀྱི་བང་ཆེན་བློན་པོ་སེམས་ཀྱི་འཕྲེང་༔ བསམ་བློ་མི་གཏོང་ལྷ་ལྕམ་ཞེ་རེ་ཁྲེལ༔ ཕ་ལ་ཅི་ཡོད་ལྷ་ལྕམ་ཁྱོད་ལ་བྱིན༔ བཟང་ལན་ངན་གྱིས་འཇལ་བ་ཞེ་རེ་ཁྲེལ༔ བསམ་མནོ་ཡོད་ན་ཡབ་ཀྱི་བཀའ་མ་བཅག༔ སྐྱིད་པའི་ཡུལ་ཡིན་རྒྱ་གར་ཡུལ་དུ་སོང་༔ གསུངས་སོ༔

ཡུམ་གྱི་ཞལ་ནས༔ ཀྱཻ༔ ཤ་ལས་ཆད་པའི་ལྷ་ལྕམ་ཡིད་འོང་ཁྱོད༔ བསམ་མནོ་མ་ཆུང་ཡུམ་གྱི་བཀའ་མ་བཅག༔ གཏོང་སར་མི་འགྲོ་ཚིག་རྗེས་དོན་མ་གསུབ༔ རྒྱ་གར་ཡུལ་ནི་ས་ཐག་རིང་སྙམ་ན༔ ཟུང་མོ་མཁར་ནི་བདེ་སྐྱིད་འབྱུང་བའི་གནས༔ ཕོ་བྲང་གྲོང་ཡུལ་ནོར་བུའི་བང་མཛོད་འདྲ༔ སྐལ་བ་མི་ཕམ་ཁྱོད་ཀྱི་གྲོགས་སུ་བཟང་༔ ཡུམ་གྱི་བང་མཛོད་ནོར་སྐལ་ཁྱོད་ལ་བྱིན༔ ཁྱིམ་ཐབ་བཟུང་ན་བཀྲ་ཤིས་བསམ་པ་འགྲུབ༔ དེ་བས་རྒྱལ་སྲིད་ཆོས་ཀྱི་འཁོར་ལོ་བསྐོར༔ ཡུས་བུ་མོ་མ་ཆེ་ཡུམ་གྱི་བཀའ་ལ་ཉོན༔ ཞེས་གསུངས་སོ༔ རྒྱལ་བུ་དང་ཕྱི་བློན་རྣམས་ཀྱིས་ཞུས་པ༔ ང་རྒྱལ་ལྟ་བ་མཐོ་བའི་ལྷ་ལྕམ་ཉོན༔ བསླབས་ཀྱང་མི་ཉན་བཏང་སར་མི་འགྲོ་ན༔ ཁྲེལ་མེད་ཕ་མིང་དགྲ་བོའི་ལག་ཏུ་གཏོད༔ བསྐོས་པའི་ཁྱིམ་ཐབ་རྒྱལ་སྲིད་མི་འཛིན་པར༔ དོན་མེད་སེམས་འཁྲུལ་ལུང་སྟོང་འགྲིམ་ཞེས་སྨྲ༔ གཅེས་ཁ་མ་ཆེ་རྒྱ་གར་ཡུལ་དུ་སོང་༔ ཅིས་ཀྱང་མི་ཉན་ལྷ་ལྕམ་ཁྲིམས་ལ་གཏུག༔ བསམ་མནོ་ཡོད་ན་རང་ལ་གྲོས་ཐོབ་ཅིག༔ བུ་མོ་དམུ་རྒོད་ཕ་མིང་འཕུང་འདྲེ་ཡིན༔ གལ་ཏེ་ལྷ་ལྕམ་རྒྱ་གར་མི་འགྲོ་ན༔ ཕ་མིང་རྣམས་ཀྱང་གཉེན་བྲལ་དགྲ་ཡིས་བཅོམ༔ གཉེན་དང་གྲོགས་ཀྱང་སྡང་བའི་དགྲ་རུ་འགྱུར༔ ཕ་མིང་རྒྱལ་བློན་དགྲ་ཡི་ལག་ཏུ་ཚུད༔ དེ་འདྲའི་ལྷ་ལྕམ་ཆོས་ལས་སྡིག་རྔམས་ཆེ༔ ཁྱོད་ཀྱིས་ཆོས་བྱས་མི་ཕན་བསམ་མནོ་ཐོང་༔ བསླབ་པ་ཉན་ན་ཟས་ནོར་ཕངས་མེད་སྟེར༔ ཡབ་ཡུམ་རྗེ་འབངས་ལྷ་ལྕམ་ཅི་དགོས་བྱེད༔ ཅེས་སྨྲས་སོ༔

དེ་ནས་ལྷ་ལྕམ་གྱི་བསམ་པ་ལ༔ ཡབ་ཡུམ་དང་རྗེ་འབངས་འདི་རྣམས་ལ་འཇམ་པའི་ཚིག་གིས་ཞུས་ན་མི་ཉན༔ རྩུབ་མོའི་ཚིག་གིས་མི་འཇིགས་ཤིང་༔ རྒྱལ་བློན་རྣམས་ཆོས་ལ་མི་དད་ཅིང་དུག་ལྔ་རགས་པས༔ བདག་གི་ནོར་རྫས་ཐམས་ཅད་དང་༔ ལུས་ཀྱི་རྒྱན་གོས་ཐམས་ཅད་བཀྲོལ་ནས༔ ཡབ་ཡུམ་རྗེ་འབངས་འཁོར་དང་བཅས་པ་ལ་ཕུལ་ནས༔ ཐབས་མཁས་པ་དང་༔ གཡོ་ཆེ་བའི་སྒོ་ནས་ཞུ་བ་ནན་གྱིས་ཡང་ཡང་བྱས་ན་ཆོས་ཤིག་བྱེད་སྟེར་རམ༔ ཅིས་ཀྱང་མི་སྟེར་ན་མི་ལུས་ཐོབ་པ་དོན་མེད་པས༔ གཙུག་ལག་ཁང་དང་རྟེན་ཁྱད་པར་ཅན་གྱི་དྲུང་དུ༔ ང་རང་གི་ལུས་སྲོག་ཕུལ་ནས་སྨོན་ལམ་བཏབ་སྟེ༔ སྐྱེ་བ་ཕྱི་མ་ལ་ཕོ་ལུས་ཐོབ་ནས་ཆོས་དང་འཕྲད་པར་ཤོག་ཅེས་སྨོན་ལམ་བཏབ༔ ང་རང་ཡང་ལྕེབ་དགོས་བསམས་ནས༔ ལྕེབ་པར་ཐག་ཆོད་ཀྱང་ད་རུང་བསམ་སྟེ༔ གལ་ཆེན་སྒྲུབ་པ་ལ་ངང་ཆེན་བསྲིངས༔ བློ་ཆེ་བས་གྲོས་ཀྱིས་ནན་ཏན་བྱེད་དགོས་སྙམ་སྟེ༔ གསེར་གཡུའི་ལན་ཚར་དང་༔ རྣ་ཆ་སོར་གདུབ་ནོར་བུའི་མཆོང་གཡུ་དང་༔ མགུལ་རྒྱན་ནོར་བུའི་ཕྲེང་བ་དང་༔ གཙུག་རྒྱན་ནོར་བུ་འབར་བ་དང་བཅས་པ་ཡབ་ལ་ཕུལ༔ ལག་སོར་གདུབ་བུ་དངུལ་དཀར་མེ་ལོང་དང་བཅས་མིང་པོ་གཉིས་ལ་ཕུལ༔ ན་བཟའ་ཕྲུག་ཆེན་འཇམ་ཕྲུག་མུ་ཏིག་གིས་སྤྲས་པ་དང་༔ ཟབ་དར་སྲུབ་མེད་གཡུས་སྤྲས་པ་དང་༔ སྐ་རགས་མུ་ཏིག་གི་ཐན་ལོ་ཅན་དང་༔ ཕྱི་རས་ཉ་ཕྱིས་ཀྱི་མཐོན་ལྡིང་ཅན་དང་༔

སྐྲ་ལོ་གཡུ་ཕྲའི་རྒྱ་མདུད་ཅན་དང་༔ གསེར་གྱི་གྲི་ཐུར་མུ་མེན་གྱི་ཡུ་བ་ཅན་དང་༔ ཞབས་ལྷམ་གཡུ་ཕྲའི་མུ་ཁྱུད་ཅན་རྣམས་ཡུམ་ལ་ཕུལ༔ གསེར་དངུལ་ཟངས་ལྕགས་ལ་སོགས་པ་རྣམས་ཕྱི་བློན་རྣམས་ལ་ཕུལ༔ གཞན་ཡང་ཕྲན་ཚེགས་ཀྱི་སྐོར་རྣམས་ཅི་ཡོད་འབངས་འཁོར་ཡུལ་མི་མཛེ་སྤྲང་རྣམས་ལ་བྱིན༔ བཟའ་བཏུང་ལོངས་སྤྱོད་ཀྱིས་ངན་ལོང་རྣམས་ཚིམས་པར་བྱས་ནས༔ རྒྱལ་བློན་འབངས་འཁོར་དང་བཅས་པ་རྣམས་བླ་ཤིང་པདྨ་འཛུམ་པའི་འཚོགས་སར་འདུས་ཏེ༔ ལྷ་ལྕམ་གྱི་སེམས་ཕམ་ཞིང་སྨྲེ་ངག་བཅས་ནས་མིག་ནས་མཆི་མ་ཁྲག་ལྟར་འཛག་ཅིང་༔ བྱང་ཁོག་སྟོད་དུ་དབུགས་རྔམས་བཞིན་ཞུས་པ༔ ཀྱེ་མ་ཡབ་ཀྱི་བཀའ་ལས་འགལ་དུ་མི་རུང་ཡང་༔ ང་སེམས་དད་པ་མ་ཅིག་ཡུས་ཆེ་བས༔ དམ་ཆོས་མེད་ན་མི་ཚེ་སྟོང་ཟད་ཡིན༔ འཁྲུལ་སྣང་འཁོར་བའི་ལས་འདིས་ལུས་སེམས་སྦྱངས༔ ལུས་ཀྱི་ངལ་དུབ་ཆེ་བས་སྣང་བ་སྐྱོ༔ ལས་ལ་ཟིན་མེད་ཆུ་ཡི་གཉེར་མ་འདྲ༔ ཚེ་འདི་ཕྱི་གཉིས་ལ་དགོས་པ་དམ་ཆོས་ཡིན༔ སྐྱེ་བ་དམའ་བའི་ལྷ་ལྕམ་ང་ཉིད་ཀྱི༔ སེམས་ཀྱི་སྣང་བའི་སྐྱོ་ཕྱོགས་ཆོས་ལ་མོས༔ གདུང་བའི་ཤུགས་ཀྱིས་དཀའ་བ་ཆོས་ཕྱིར་སྤྱོད༔ འཁོར་བ་ཟས་ནོར་འཕེལ་ཡང་སྡུག་བསྔལ་རྒྱུ༔ རྒྱལ་བུ་མཛེས་ཀྱང་བདུད་ཀྱི་བློ་བྲིད་ཡིན༔ གཉེན་པོ་དཔུང་བཟང་སྡུག་བསྔལ་སྐྱོབ་མི་ནུས༔ ཁྱིམ་ཐབ་འདི་ལ་སྣང་བ་མ་བྱུང་བས༔ ཡབ་ཀྱིས་ལྷ་ལྕམ་རྒྱ་གར་མི་གཏོང་འཚལ༔ བདག་གིས་ཕ་མའི་དྲིན་ལན་ཆོས་ཀྱིས་འཇལ༔ ཅིས་ཀྱང་ཡབ་ཀྱིས་ཞུ་བ་མི་གསན་ཅིང་༔ ལྷ་ལྕམ་དབང་མེད་རྒྱ་གར་གཏོང་བ་ན༔ བདག་སྲོག་མི་ཕངས་ཕྱི་མ་ཞལ་མཇལ་སྨོན༔ ཞེས་ཞུས་སོ༔ ཡུམ་ལ་གསུངས་པ༔ དྲིན་ཆེན་ཤ་ཁྲག་འབྲེལ་བའི་ཨ་མ་ཁྱོད༔ ཐུགས་སེམས་བརྩེ་བའི་སེམས་ཀྱིས་ཡུས་ཆེ་ཡང་༔ མ་དག་ལྷ་ལྕམ་ང་ལ་ཕོད་མ་ཆེ༔ རྒྱལ་བའི་གསུང་བཞིན་ཕ་མའི་དྲིན་ལ་ཕོག༔ དེ་ཕྱིར་ཡུམ་གྱི་བཀའ་དེ་གཉན་ན་ཡང་༔ ལྷ་ལྕམ་ཆོས་ཀྱི་ཕྱིར་དུ་བཀའ་གནང་ཞུ༔ རྫོངས་དང་ནོར་རྫས་མང་ཡང་སྡུག་བསྔལ་ཞིང་༔ རྒྱན་དང་གཡུ་གོས་འཛོམས་ཀྱང་དགོས་པ་མེད༔ ད་ལྟ་ལྷ་ལྕམ་ཆོས་བྱེད་མ་སྟེར་ན༔ ཆགས་ཤིང་ཞེན་པའི་སྣང་བ་ང་ཡིད་མེད༔ མ་ཁྱོད་ང་ཡི་ཞུ་བ་མི་གསན་ན༔ ཚེ་འདིར་ང་ལ་འགྲོགས་པའི་དབང་སྐལ་མེད༔ སྐྱེ་བ་ཕྱི་མ་འོག་མིན་ཞལ་མཇལ་སྨོན༔

ཨེ་མ་ཚེ་རབས་སྨོན་ལམ་མཚམས་སྦྱར་བའི༔ གདུང་སེམས་ཡིད་ཀྱིས་འབྲེལ་བའི་རྒྱལ་བློན་རྣམས༔ བདག་ལ་མི་མཉེས་བཀའ་བཀྱོན་བྱས་ན་ཡང་༔ ལྷ་ལྕམ་ང་ལ་གནོང་ཞིང་འགྱོད་པ་མེད༔ ཐམས་ཅད་བསམ་པ་མ་གཅིག་སེམས་མ་མཐུན༔ རང་རང་སྣང་བ་གང་མེད་གང་དགར་སྤྱོད༔ རྒྱ་གར་ཡུལ་ནི་ས་ཐག་རིང་བ་སྟེ༔ བེ་ཏ་ལ་ཡི་རྒྱལ་པོ་ང་རྒྱལ་ཆེ༔ འབངས་དང་འཁོར་གཡོག་ཁ་མཁས་ལག་པ་དམ༔ ནོར་བུ་བང་མཛོད་ཡི་དྭགས་གཏེར་སྲུང་འདྲ༔ བཀའ་བློན་བྲན་ཁོལ་ཐམས་ཅད་སྡུག་ཡུས་ཆེ༔ དགྲ་ལྷར་རྒྱལ་པོ་འདུལ་བ་ཤིན་ཏུ་དཀའ༔ འཁྲུལ་གཞི་ལས་ངན་བསྟན་པ་དེ་ན་དར༔ དམ་པ་ཆོས་ཀྱི་བསྟན་པ་དེ་ན་ནུབ༔ བདག་གི་བསམ་པའི་དོན་དང་དེ་ན་འགལ༔ དེ་འདྲའི་གནས་སུ་ལྷ་ལྕམ་ང་མི་འགྲོ༔ ཐག་རིང་ཡུལ་དུ་སྣང་སེམས་སྐྱོ་བ་སྐྱེ༔ ཡབ་ཡུམ་མིང་སྲིང་བློན་འབངས་མི་འཕྲད་ཅིང་༔ སྐད་རིགས་མི་གཅིག་བདུད་ཀྱི་ཡུལ་དང་མཚུངས༔ ཉིན་དང་མཚན་མེད་བསམས་ཀྱང་ཕོ་བྲང་དྲན༔ དེ་ཚེ་གྲོས་བློན་སྡིག་ཅན་རྣམས་ཀྱིས་ནི༔ ལྷ་ལྕམ་ང་ནི་སེམས་ཕམ་ཡིད་ཆད་མུག༔ དེ་བས་རྒྱལ་བློན་རྣམས་ཀྱིས་ཆོས་ལ་ཐོང་༔ ཞེས་ཞུས་སོ༔ ཅིས་ཀྱང་ཆོས་ལ་མི་གཏོང་རྒྱ་གར་ཡུལ་དུ་བརྫངས་གྱུར་ན༔ དེ་བས་ཁྲིམས་བློན་ལག་ཏུ་གཏོད༔ ལྷ་ལྕམ་སྲོག་ལ་མི་ཕངས་པས༔ ཁྲིམས་བློན་གཤེད་མས་མྱུར་དུ་སྒྲོལ༔ ང་ཡི་ཤ་རུས་དབུགས་རྣམས་ཀྱིས༔ རྒྱལ་བློན་རྗེ་འབངས་ཚིམ་པར་གྱིས༔ ཚེ་འདིར་འགྲོག་དབང་མ་མཆིས་པས༔ ཕྱི་མ་ཞལ་མཇལ་སྨོན་ལམ་འཚལ༔ ཞེས་གསུངས་པས༔

རྒྱལ་པོ་ཡབ་ཡུམ་སྲས་འབངས་འཁོར་དང་བཅས་པ་རྣམས་ཕྱོགས་གཅིག་ཏུ་འདུས་ནས༔ བཀའ་གྲོས་བྱས་པས༔ ལྷ་ལྕམ་རྒྱ་གར་དུ་མ་ཕྱིན་ཀྱང་༔ ཟུང་མཁར་གྱི་རྒྱལ་པོ་ལ་གཏོང་དགོས༔ ནོར་རྫས་ཀྱིས་མགུ་བར་བྱིན་ན་འགྲོའམ་བྱས་ཏེ༔ ཡབ་ཡུམ་གཉིས་ཀྱིས་གྲོས་བྱས་སོ༔ དེ་ཡང་མི་འགྲོ་ན་ནག་ཁྲིམས་ལ་གཏུག༔ ལྷ་ལྕམ་མགོ་བོ་འབྲེག་རྟིང་པ་བཅད་དགོས་སོ༔ ད་རུང་ཡང་ལྷ་ལྕམ་དང་སྙིང་ཉེ་བ་ངོ་ཆེ་བ་རྣམས་ཀྱིས་གྲོས་བཏབ་པ་འཐད་ཅེས་ཁ་འཆམས་ནས༔ ལྷ་ལྕམ་དང་ཡིད་མཐུན་པའི་བུ་མོ་མང་དུ་ཚོགས་ནས་སྨྲས་པ༔ སྐྱེ་འབྲས་ལེགས་ཤིང་གཞན་གྱི་ཡིད་འཕྲོག་མ༔ གདུང་རུས་རྒྱུད་གཙང་བསམ་ཤེས་བློ་དང་ལྡན༔ ཐུགས་དགོངས་དག་པས་རྒྱལ་བློན་ངག་ལ་གསོན༔ བུ་མོ་བཟང་ཡང་ཕ་ཡུལ་བཟུང་བ་མེད༔ ལྷ་ལྕམ་ཆེ་ཡང་རྒྱལ་པོའི་ཐུགས་མ་གཅོག༔ བཀའ་ལས་འདས་ན་བློན་པོའི་ནག་ཁྲིམས་འཕོག༔ དེ་བས་བདག་གི་གྲོས་ལ་གསན་པར་ཞུ༔ རྒྱ་གར་ཡུལ་དུ་ཅིས་ཀྱང་མི་འགྲོ་ན༔ ཟུང་མོ་མཁར་དུ་མི་འགྲོ་ཁ་ཐབས་མེད༔ དེ་ཕྱིར་དེ་ལ་ཞུས་ལན་གསལ་བར་བསྐུར༔ ཞེས་ཞུས་པས༔ ལྷ་ལྕམ་གྱིས་སྨྲས་པ༔ ཀྱི་ཧུད་ཡིད་འཕྲོག་བུ་མོ་ལྔ་བརྒྱ་ཁྱོད༔ གདུང་བའི་ཤུགས་ཀྱིས་བདག་མདུན་འོངས་ནས་ཀྱང་༔ བདག་ལ་ཕན་པའི་བསླབ་བྱར་སྨྲ་ན་ཡང་༔ བདག་གི་བསམ་པ་མི་འགྲུབ་ཤིན་ཏུ་འགལ༔ ཕན་པའི་བསླབ་བྱ་མ་ཡིན་ཆོས་ཀྱི་བར་ཆད་ཡིན༔ ཕོ་བྲང་ཟས་ནོར་ཆེ་ཡང་སྨོན་རྒྱུ་མེད༔ རྒྱལ་བུ་སྙིང་དུ་སྡུག་ཀྱང་བདུད་དངོས་ཡིན༔ ཕོ་བྲང་བཟང་ཡང་ཉོན་མོངས་བཙོན་ར་ཡིན༔ ལྷ་ལྕམ་ང་ནི་མི་མེད་ལུང་སྟོང་འགྲིམ༔ དམ་ཆོས་མེད་ན་ང་ལ་ཁྲིམས་གཏུག་འོས༔ བསམ་པའི་ཐག་ཆོད་སེམས་ལ་ཐེ་ཚོམ་མེད༔ རྒྱལ་བློན་རྣམས་ལ་འཕྲིན་ལན་དེ་སྐད་མཛོད༔ ཅེས་གསུངས་པས༔ གྲོས་འདེབས་ཀྱི་བུ་མོ་ལྔ་བརྒྱས་ལྷ་ལྕམ་གྱི་གསུང་ཞལ་ཏ་ལྷག་ཆད་མེད་པར་རྒྱལ་པོ་ཡབ་སྲས་རྗེ་འབངས་རྣམས་ལ་ཞུས་པས༔ རྒྱལ་བློན་ཐམས་ཅད་ངོ་ནག་ཅིང་མ་མཉེས་སོ༔

དེ་ནས་ཕྱི་བློན་ཆོས་ལ་གནག་པ་རྣམས་ཀྱིས་རྒྱལ་པོ་ལ་ཞུས་པ༔ རྒྱལ་པོ་ཁྲིམས་ཀྱི་སྡོམ་པོ་ཡིན་པ་ལ༔ ཉེས་ན་མཆན་གྱི་བུ་ཡང་གསོད་དགོས་ན༔ ལྷ་ལྕམ་འདི་ཡང་གཏོང་སར་མི་འགྲོ་ཞིང་༔ བཞག་སར་མི་སྡོད་རྒྱལ་པོའི་བཀའ་བཅག་པས༔ ད་ནི་ཁྲིམས་ལ་སྦྱོར་ཞེས་ཞུས་པ་དང་༔ རྒྱལ་པོས་གསུངས་པ༔ ཁྲག་ཚོགས་མིག་ཐོན་སྒྱིད་པ་ཆོད༔ པགས་པ་བཤུས་ཞེས་བཀས་གནང་ངོ་༔ དེ་ནས་ཕྱི་བློན་སྡིག་ཅན་རྣམས་ཀྱིས༔ ལྷ་ལྕམ་བཟུང་ནས་རྒྱབ་ལག་བཅིངས༔ གཅེར་བུར་ཕྱུང་༔ སྐེ་ལ་ཐག་པ་བཏགས༔ ལུས་ལ་ཚེར་ལྕག་གིས་བྲབ་ཅིང་དྲུད་དེ་ཕོ་བྲང་གི་མཐའ་ལ་བསྐོར༔ ཡུལ་མི་རྣམས་ནི་ལྷ་ལྕམ་ལ་བལྟ་ཞིང་ངུ་༔ རང་རེའི་ལྷ་ལྕམ་ལ་དེ་འདྲ་ཕོད་པ༔ སྙིང་མ་དགའ༔ ཞེས་ཟེར་ཞིང་ངུ་འབོད་ཆེན་པོ་བཏབ་བོ༔ བློན་པོ་བྲེས་སྣ་དཀར་ར་ཞེས་ཆོས་ལ་མོས་པ་ཞིག་གིས༔ རྒྱལ་པོའི་དྲུང་དུ་སོང་སྟེ་འདི་སྐད་ཅེས་ཞུས་པ༔ ཀྱེ་མ་རྒྱལ་པོ་ཁྱོད་ལ་ཐུགས་དགོངས་ཅི་འདྲ་འཚལ༔ ཤ་ལས་ཆད་པའི་བུ་མོ་འབངས་ལ་གཏད༔ སྙིང་རྗེ་མེད་པའི་བདུད་བློན་གཤེད་མ་བྱེད༔ ཤ་ཚའི་ལྷ་ལྕམ་གཅེར་བུར་ཕྱུང་ནས་གདའ༔ མཛེས་བྱེད་ལུས་ལ་ཚེར་ལྕག་བྲབ་པ་དང་༔ འཇམ་མཛེས་མགུལ་ལ་སྲོ་མའི་ཐག་པ་བཏགས༔ དེ་འདྲ་མཐོང་བས་མི་བཟོད་སྐྱོ་བ་སྐྱེ༔ ཡུལ་མི་རྣམས་ཀྱང་ལྷ་ལྕམ་ལྟ་ཞིང་ངུ༔ བློ་ཡོད་ཅན་རྣམས་དྲན་པ་མེད་པར་བརྒྱལ༔ བྱ་དང་རི་དྭགས་ཀུན་ཀྱང་ཕྱི་ལ་འབྲང་༔ གཟུགས་མེད་མཁའ་འགྲོ་ལྷ་འདྲེ་སྒྲ་སྐད་འདོན༔ འབྱུང་བའི་ཁམས་འཁྲུགས་ཉི་ཟླའི་འོད་ཀྱང་འགྲིབ༔ དེ་འདྲའི་ལས་དེ་སུ་ལ་སྲིད༔ དགྲ་ལ་ཡིན་ཀྱང་ཧ་ཅང་ཆེས་པ་ཡིན༔ རྒྱལ་པོས་སྲས་ལ་དེ་འདྲ་ཕོད་བཟོད་ན༔ འབངས་བློན་ཁྲིམས་མེད་རྣམས་ལ་བཀའ་གནང་ནས༔ ཤ་ལས་ཆད་པའི་ལྷ་ལྕམ་སྲོག་དང་འབྲལ་བ་བས༔ མི་མེད་ཡུལ་དུ་སྤྱུག་པར་ཞུ༔ ཞེས་ཞུས་སོ༔ རྒྱལ་པོས་གསུངས་པ༔ ཀྱི་ཧུད་ནང་བློན་ཁྱོད་ཀྱིས་སྨྲས་པའི་གཏམ༔ རྫུན་དུ་མ་བཤད་དྲང་པོར་བརྟགས་ལ་ཤོད༔ ཐོས་ཚད་གཏམ་ལས་ཕྱེད་བདེན་ཕྱེད་མི་བདེན༔ ཕོ་བྲང་ནང་དུ་ལྷ་ལྕམ་ཁྲིད་ལ་ཤོག༔ ཡིན་མིན་འདྲིའོ་བདེན་ན་ལྷ་ལྕམ་འདི༔ ནང་བློན་ཁྱོད་ཀྱིས་སྨྲས་པ་ཇི་བཞིན་དུ༔ ལོ་ཤས་གཅིག་ཙམ་མི་མེད་གནས་སུ་སྤྱུག༔ ཅེས་གསུངས་ནས་ནང་བློན་དེ་ལ་འཕྲིན་བྱས་སོ༔ དེ་ནས་ནང་བློན་དེ་ཕོ་བྲང་གི་ཕྱིར་སོང་ནས༔ ཁྲིམས་བློན་རྣམས་དང་ལྷ་ལྕམ་ལ་སྨྲས་པ༔ ཀྱེ་མ་ཡིད་འོང་འཛུམ་ལྡན་ལྷ་ལྕམ་ཁྱོད༔ རིགས་བཟང་ཁུངས་བཙུན་ལྷ་མོའི་གཟུགས་འདྲ་མ༔ རྣམ་དག་ནོར་བུའི་རྨ་བྱའི་མདོངས་འདྲ་ཁྱོད༔ དེ་འདྲ་མཚན་བརྗོད་མཐོང་ཡང་ཡིད་སྨོན་འཆོར༔ མ་ཉེས་འཛུམ་པའི་སྐུ་ལ་རེག་པར་མི་ནུས་ན༔ ད་ལྟའི་དུས་ན་ཁྲིམས་གཅོད་ལག་ན་ཚུད༔ ཕངས་མེད་སེམས་ཀྱིས་ཐག་པས་བཀྱིག་བྱེད་ཅིང་༔ ལྷ་ལྕམ་སྐུ་ལ་ཚེར་ལྕག་བྲབ་པ་མཐོང་༔ བསམ་ཞིང་ཡིད་སྐྱོ་བྱང་ཁོག་སྙིང་མ་དགའ༔ ལྷ་ལྕམ་ཁྱོད་ལ་དེ་འདྲའི་ལས་བྱུང་བ༔ སྔོན་ལས་མ་ཡིན་འཕྲལ་གྱི་རྐྱེན་ལས་བྱུང་༔ ཁྲིམས་པ་རྣམས་ཀྱང་རང་རང་བསམ་མནོ་ཐོང་༔ འབངས་ཀྱི་རྗེ་བས་ལྷག་པའི་ལྷ་ལྕམ་ལ༔ བཀྱིག་པ་ཁྲོལ་ལ་རྒྱན་དང་ན་བཟའ་གསོལ༔ ཡབ་ཀྱི་བཀའ་ཡིན་ཕོ་བྲང་ནང་དུ་གཤེགས༔ ཞེས་སྨྲས་པ་དང་༔ ལྷ་ལྕམ་སྡིག་བློན་དང་བཅས་པ་ཕོ་བྲང་ནང་དུ་ཕྱིན་ནོ༔ ཡབ་རྒྱལ་པོའི་སྤྱན་སྔར་གཏུགས་སོ༔ ཕོ་བྲང་གི་ཕྱི་ན་གནས་པའི་མི་རྣམས་ཀྱི་བསམ་པ་ལ༔ ལྷ་ལྕམ་ཕོ་བྲང་གི་ནང་དུ་ཁྲིད་ནས་གསོད་ཀྱིས་དོགས་ཏེ༔ སེམས་སྡུག་བསྔལ་གྱིས་ནོན༔ ལུས་ས་ལ་རྡེབ་ཅིང་ངུ་འབོད་ཆེན་པོར་གྱུར་ཏོ༔

རྒྱལ་པོ་ཡབ་ཡུམ་བློན་འབངས་ཐམས་ཅད་ཀྱིས༔ རང་རེའི་ལྷ་ལྕམ་ཡིད་འོང་དེ་འདྲ་ལ༔ སེམས་ཀྱིས་ཕོད་པ་རེ་འཇིགས་ན་གསུངས་ཤིང་ས་ལ་འགྱེལ་ལོ༔ རྒྱལ་པོས་ལྷ་ལྕམ་ལ་གསུངས་པ༔ ཀྱི་ཧུད་ལྷ་ལྕམ་ཡིད་འོང་ཡུས་རེ་ཆེ༔ བཀྱིག་ཐག་བཀྱིག་དང་རྡུང་ཐག་སེམས་ཕམ་ཡང་༔ བཏང་སར་མི་འགྲོ་རང་གིས་ལན་པ་ཡིན༔ རང་རེའི་མི་བས་ཤ་ལས་ཆད་པའི་སྲས༔ རྒྱལ་པོའི་ཁྲིམས་ལ་གསང་ཐབས་མེད༔ ལོ་ཤས་མི་མེད་ཡུལ་དུ་སོང་༔ དེ་ནས་ལོ་དགའ་ལོན་ནས་མཇལ་འཕྲད་བྱེད༔ ཁྲིམས་བློན་རྣམས་ཀྱང་སྐྱེལ་ཐུང་གྱིས༔ ཡང་ལྷ་ལྕམ་གྱིས་རྒྱལ་པོ་ལ་ཞུས་པ༔ ཀྱཻ་རྒྱལ་པོ་ཆེན་པོའི་བཀའ་བྱོན་ན༔ བློན་པོ་རྣམས་ལ་དབང་ཅི་ཡོད༔ རྒྱལ་པོ་ཡབ་ཡུམ་ཁྲེལ་ཆུང་བས༔ ཕངས་མེད་ལྷ་ལྕམ་ཁྲིམས་ལ་གཏུགས༔ སྡིག་བློན་མ་རུང་ལག་ཏུ་གཏད༔ མཛེས་པའི་ལུས་ལ་ཚེར་ལྕག་བྲབས༔ ལུས་ལས་རྣག་ཁྲག་ཆུ་སེར་བབ༔ མི་རྣམས་ང་ལ་ལྟ་ཞིང་ངུ་༔ མི་བཟོད་ལུས་སེམས་འདར་ཞིང་སྐྲག༔ བསམ་ཞིང་ཡིད་ལ་སྐྱོ་བ་སྐྱེ༔ ཡབ་ཡུམ་སེམས་ཀྱིས་ཕོད་པ་ལ༔ ང་ལ་མི་བཟོད་དབང་ཅི་ཡོད༔ དམ་ཆོས་བྱེད་དུ་མི་སྟེར་ན༔ ཤི་གསོན་ལས་ལ་འགྱོད་རྒྱུ་མེད༔ མི་མེད་ཡུལ་དུ་སྤྱུགས་ཀྱང་རུང་༔ ཡབ་ཡུམ་གཉིས་ཀྱི་བཀའ་མི་གཅོག༔ མི་མེད་འདྲེ་ཡུལ་སོང་བའི་ཚེ༔ བཟའ་བཏུང་གོས་ཀྱི་སྐལ་བ་གཅིག༔ སྟེར་ན་བླང་ངོ་མི་སྟེར་བསྲན༔ ཚེ་འདིར་འཕྲད་པའི་སྐབས་མེད་དེ༔ ཕྱི་མ་འོག་མིན་གནས་སུ་མཇལ༔ ཁྲིམས་བློན་རྣམས་ཀྱིས་སྨྲས་པ༔ ཀྱེ་རྒྱལ་པོ་ཁྱེད་ལ་ཐུགས་དགོངས་མེད༔ གཏོང་སར་མི་འགྲོ་བསླབ་མི་ཉན༔ དགོས་པ་ཅི་ཡོད་ལྷ་ལྕམ་འདི༔ གསད་རྒྱུ་ཡིན་ཏེ་གསོད་མ་ནུས༔ ལྷ་ལྕམ་བསད་པར་མ་ནུས་ན༔ རྒྱལ་པོའི་བཀའ་ལས་འགལ་རྒྱུ་མེད༔ མི་མེད་ཡུལ་དུ་སྤྱུགས་པ་ན༔ སྡུག་ཡུན་རིང་ན་ཞེ་སྙིང་ཚིམ༔ ཞེས་སྨྲས་སོ༔

དེ་ནས་ལྷ་ལྕམ་རྟ་ལ་ཆིབས་ནས་ཕོ་བྲང་དེའི་བྱང་ཕྱོགས༔ མི་མེད་བདུད་ལུང་ཤིང་རོང་ནག་པོར་སྤྱུགས་སོ༔ མཛོ་དང་དྲེལ་ལ་ཁལ་བཀལ་ནས༔ ཁྱེའུ་དང་བུ་མོ་མང་པོས་སྐྱེལ་ཐུང་བྱས་སོ༔ སྐྱེར་ཤིང་གྲ་མ་ཅན་གྱི་ལུང་མདོ་ནས་སྐྱེལ་མི་རྣམས་ལོག་སྟེ༔ ལྷ་ལྕམ་དང་འབྲལ་མ་ཕོད་པར་མིག་ནས་མཆི་མ་ཁྲག་ཏུ་འཛག་ཅིང་ཕྱིར་མིག་བལྟས་ཏེ༔ ལྷ་ལྕམ་ཁྱོད་དང་འབྲལ་བ་ལས་རེ་ངན་ཞེས་ཟེར་ཞིང་ལོག་གོ༔ དེ་རྣམས་ཀྱི་ནང་ནས་ཀརྞ་ཤེལ་ཐོད་ཅན་ཞེས་བྱ་བ་གཅིག༔ སྔར་གྱི་དུས་ན་ལྷ་ལྕམ་དང་ཡིད་མཛའ་བ་གཅིག་ཡོད་པས༔ དེ་ལྷ་ལྕམ་དང་འབྲལ་མ་ཕོད་ནས༔ ལྷ་ལྕམ་གྱི་ན་བཟའ་ནས་འཇུས་ཤིང་༔ མིག་མཆི་མ་དང་བཅས་ནས་སྨྲས་པ༔ མཛེས་པའི་ལུས་ལ་སྙན་པའི་གཏམ་སྨྲ་བ༔ ཡིད་ཀྱི་སྤྱོད་པ་གཞན་ལ་ཕན་སེམས་ཅན༔ མཛའ་བའི་གྲོགས་ལ་བརྩེ་བའི་སེམས་བྱེད་མ༔ གཞོན་ནུའི་ལུས་ལ་བཅུ་དྲུག་ལང་ཚོ་ཅན༔ པུཎྜ་རི་ཀའི་མེ་ཏོག་དང་འདྲའི་མདོག༔ དཀར་རྩི་དམར་ལྗང་པདྨའི་དྲི་ངད་ལྡན༔ དབུ་ལ་ཐོད་བཅིངས་མེ་ཏོག་ལི་ཁྲིས་བརྒྱན༔ སྤྱན་གཉིས་ཨུཏྤལ་སྔོན་པོ་བཞིན་དུ་ལྟ༔ སྨིན་མ་རབ་རིབ་ནམ་མཁའ་སྨིག་སྒྱུ་འདྲ༔ སྙན་གཉིས་མེ་ཏོག་ས་ལའི་མདོག་དང་འདྲ༔ ཤངས་རྩེ་རབ་ཟླུམ་ནོར་བུ་རཱ་གའི་མདོག༔ ཞལ་གྱི་འོད་ཟེར་པདྨོའི་འཛུམ་དང་ལྡན༔ ཚེམས་ནི་ངང་མདོག་སྲིན་མེད་དུང་དང་འདྲ༔ ལྗགས་ནི་མཉེན་འབོལ་པདྨའི་ལོ་འདབ་བསྐྱེད༔ སྐུ་ཡི་རེག་བྱ་དཀར་འཇམ་འབོལ་ལ་སྣུམ༔ མགུལ་གྱི་མགྲིན་པ་རྒྱལ་མཚན་དར་དཔྱངས་འཛིན༔ སྐུ་སྐེད་མཛེས་ཕྲ་རྨ་བྱའི་མདོངས་འདྲའི་ཚུལ༔ ཞབས་ནི་ངང་སེར་གཞོན་ནུ་དལ་གྱིས་འགྲོ༔ ཞལ་འཛུམ་མཛེས་པ་སྟོན་ཀའི་ཟླ་བ་འདྲ༔ གང་ན་བཞུགས་སར་འཇའ་འོད་འདོམ་གང་འཁྱིལ༔ མཐོང་བས་ཡིད་འཕྲོག་དྲན་པས་སྣང་བ་གཡོ༔ འགྲོགས་དབང་ཐོབ་ན་ཡིད་ཀྱི་དྭངས་པ་སྤྲོ༔ ད་ལྟ་ཕན་ཆད་སྨོན་ལམ་འབྲེལ་བ་ཙམ༔ སེམས་འབྲེལ་ཡོད་ཀྱང་ལུས་འབྲེལ་དབང་མ་ཐོབ༔ སེམས་མནོ་ལ་ནི་འགྲོགས་དབང་ཐོབ་ཏུ་རེ༔ ད་ལྟའི་དུས་ན་བློན་གྱི་སེམས་ངན་རྒྱུས༔ ཤ་ལས་ཆད་ཀྱང་ཕ་ལས་དབང་མེད་སྤྱུགས༔ མི་མེད་ཡུལ་དེ་འཇིགས་ཤིང་སྣང་བ་སྐྱོ༔ ཤིང་རོང་ཡུལ་དེ་གདུག་པའི་གཅན་གཟན་མང་༔ ལུང་སྟོང་ནགས་དེར་ལྷ་འདྲེ་གདུག་རྩུབ་ཆེ༔ བྱ་སྐད་སྣ་ཚོགས་སྐད་ངན་སེམས་ལ་གཟན༔ དེ་འདྲའི་གནས་སུ་ལྷ་ལྕམ་གཏོང་མི་ཕོད༔ ཕོ་བྲང་ནང་དུ་བཞུགས་དབང་མ་ཐོབ་ཀྱང་༔ སྐྱིད་པའི་ཞིང་ཁམས་གཞན་དུ་ཡོད་ལགས་པས༔ ང་དང་ལྷ་ལྕམ་འབྲལ་མེད་འགྲོག་པར་འཚལ༔ རྒྱལ་བློན་མེད་པས་སྣང་སེམས་གཞན་ན་བདེ༔ ཞེས་ཞུས་པ་དང་༔ ལྷ་ལྕམ་གྱིས་ཁྱེའུ་ལ་སྨྲས་པ༔ གཞོན་ནུ་ཁྱེའུ་ཡིད་འོང་དར་ལ་བབ༔ པདྨ་རྒྱས་འདྲ་འཛུམ་པའི་ཞལ་རས་ཅན༔ གསུང་ནི་སྨྲ་མཁས་ཕན་པའི་གཏམ་སྨྲ་ཞིང་༔ གདུང་བའི་ཤུགས་ཀྱིས་འཆང་བར་རློམ་ན་ཡང་༔ ཕ་མའི་བཀའ་ཡིན་བདག་གིས་འགལ་མི་ནུས༔ སྔོན་གྱི་ལས་སམ་ལས་ངན་གང་ཡིན་ཀྱང་༔ མི་མེད་ལུང་སྟོང་འདྲེ་ཡུལ་ནག་པོ་འདིར༔ དཀའ་བ་ཅི་སྤྱད་ཕྱི་མའི་དོན་དུ་བསྔོ༔ མི་མེད་ཡུལ་དུ་སྤྱུགས་ཀྱང་འགྱོད་རྒྱུ་མེད༔ ལོ་ཤས་འགའ་ཞིག་ལུང་སྟོང་གནས་སུ་འགྲོ༔ དེ་བར་ཁྱེའུ་སྐུ་ཁམས་ཅི་བདེར་བཞུགས༔ བར་ཆད་མེད་པར་མྱུར་དུ་མཇལ་བར་སྨོན༔ ཞེས་སྨྲས་པ་དང་༔

ཡང་ཁྱེའུས་སྨྲས་པ༔ ལས་ཀྱིས་འབྲེལ་ཞིང་ཡིད་ལ་བཅགས་པ་ཡི༔ མཛེས་ཤིང་ཡིད་འོང་ལྷ་ལྕམ་ཁྱོད་ཉོན་ཅིག༔ བདག་གིས་སྨྲས་པའི་ཚིག་ལ་ཉན་ནས་ནི༔ བདེ་བའི་ཡུལ་ཕྱོགས་གཞན་ལ་མི་འགྲོ་ན༔ མི་མེད་འདྲེ་ཡུལ་ཤིང་རོང་ནག་པོ་རུ༔ སྔོན་གྱི་ལས་ཡིན་ཟོལ་མེད་འགྲོ་ཞེས་ན༔ དེ་འདྲ་ཡིན་ན་ལྷ་ལྕམ་ཁྱོད་ཕྱིར་འགྲོ༔ ལྷ་ལྕམ་མ་མཐོང་བདག་ནི་བློ་སྙིང་སྟོར༔ ཁྱེད་དང་བྲལ་ན་ང་སེམས་སྣང་བ་སྐྱོ༔ ལྷ་ལྕམ་ཁྱོད་དང་ནམ་ཞིག་འབྲལ་སྲིད་ན༔ འཇིག་རྟེན་གསེར་གྱིས་ཁེངས་ཀྱང་བློ་སྙིང་སྟོང་༔ དགོས་འདོད་སྣ་དགུ་འཛོམས་ཀྱང་བདག་ཡིད་སྐྱོ༔ དེ་བས་མི་མེད་འདྲེ་ཡུལ་ཡིན་ཡང་རུང་༔ ལྷ་ལྕམ་གར་འབྱོན་གང་དུ་བཞུགས་པ་དེར༔ གདུང་སེམས་ལྡན་པའི་སེམས་ཀྱིས་འབྲལ་མེད་དུ༔ སྐད་ཅིག་གཅིག་ཏུ་མི་འབྲལ་སྨོན་ལམ་འཚལ༔ ཞེས་སྨྲས་པ་དང་༔ ལྷ་ལྕམ་གྱིས་གསུངས་པ༔ གཞོན་ནུ་མཛེས་པ་ཤིན་ཏུ་བདེན་ན་ཡང་༔ གཅིག་ཕྱིར་གཉིས་ཀྱིས་སྡུག་བསྔལ་བྱེད་དོན་མེད༔ ལྷ་ལྕམ་ང་ནི་སྔོན་གྱི་ལས་ཡིན་པས༔ ཕ་མའི་བཀའ་ཡིན་བློན་པོའི་ཁྲིམས་ལ་གཏུགས༔ རང་གིས་ལན་པས་རང་གནོང་སེམས་ཀྱིས་འཁུར༔ ཁྱེའུ་མི་མེད་ཡུལ་དུ་ཅི་ལ་འབྱོན༔ དེ་བས་ཁྱོད་རང་ཕོ་བྲང་ནང་དུ་ལོག༔ རང་གི་ཡུལ་དུ་འཁོར་དང་ལོངས་སྤྱོད་འཛོམས༔ ཡིད་འོང་མཛའ་བའི་གྲོགས་ཀྱིས་བཀུར་སྟི་བྱེད༔ རྗེ་འབངས་འཁོར་བཅས་བསོད་ནམས་དེ་ན་འདུ༔ ཁྱེའུ་ཁྱེད་ཀྱང་སྣང་སེམས་དེ་ན་བདེ༔ ང་ལ་སེམས་ཀྱིས་འབྲལ་བར་མི་ཕོད་ཅིང་༔ མཛའ་བའི་ཡིད་དང་བརྩེ་བ་ཡོད་གྱུར་ན༔ བདག་གི་སོར་གདུབ་ནོར་བུའི་ཕྲེང་ཅན་འདི༔ ཁྱེའུ་ཁྱེད་ཀྱི་ཡིད་ཀྱི་སེམས་རྟེན་མཛོད༔ རྟ་དྲེལ་རྒྱབ་ཁལ་རྫོངས་ཀྱི་ལོངས་སྤྱོད་རྣམས༔ ཁྱོད་ཀྱི་འཁོར་འབངས་དབུལ་ཕོངས་སེལ་ཕྱིར་འབུལ༔ ང་ནི་ཆགས་ཞེན་སུ་དང་གང་ལའང་མེད༔ ཆོས་དང་མཐུན་ན་ཆོག་ཤེས་སྐྱིད་པའི་མཆོག༔ འཛིན་མེད་མ་ཆགས་ཆོས་དབྱིངས་ཞལ་མཇལ་སྨོན༔ གཞོན་ནུ་འཁོར་བཅས་རང་གི་ཡུལ་དུ་ལོག༔ དེ་ནས་ལྷ་ལྕམ་གྱིས་ཤིང་རོང་ནག་པོར་བྱོན་ནས༔ སེ་བའི་ཤིང་གི་འབྲས་བུ་ཟ༔ ལོ་མ་གོས་དང་གདན་དུ་བཏིང་༔ སྐོམ་དུ་ཤིང་སེ་བའི་ལོ་མ་གཙགས་པའི་ཁུ་བ་འཐུང་༔ བྱ་དང་གཅན་གཟན་རྣམས་དང་འགྲོགས་ནས་རྩེད་མོ་རྩེ་ཞིང་༔ མ་དང་བུ་ཡི་ཚུལ་དུ་འགྲོགས༔ ཤིང་སྙན་རྩེ་ནས་བྱ་སྙན་མཛེས་པ་ཡིས༔ སྐད་སྙན་སྒྲོག་ཅིང་དགའ་བའི་རྣམ་འགྱུར་སྟོན༔ ཤིང་གི་སྡོང་པོ་ཡལ་ག་ཐམས་ཅད་ཀྱང་༔ ལྷ་ལྕམ་བཞུགས་པའི་ཕྱོགས་སུ་གཡོ་ཞིང་འགུལ༔ ལུང་པའི་ཆུ་ཡང་ལྷ་ལྕམ་གང་ཡོད་འཁྱིལ༔ སྔར་མེད་མེ་ཏོག་མང་པོ་དུས་དེར་སྐྱེས༔ ནམ་མཁའི་མཐོངས་ནས་གཟུགས་མེད་སྐད་སྙན་སྒྲོག༔ མི་མ་ཡིན་དང་དཔའ་བོ་མཁའ་འགྲོ་ཡིས༔ ཕྱག་དང་སྐོར་བ་བྱེད་ཅིང་མཆོད་པ་འབུལ༔ ལུང་པ་འདི་ལ་སྤོས་ཀྱི་དྲི་མ་ཞིམ༔ ཡོན་ཏན་ཕུན་སུམ་ཚོགས་པའི་རྟགས་མང་བྱུང་༔ དེ་ནས་ལྷ་ལྕམ་བདུད་ལུང་དེར་སླེབས་ནས་ཟླ་བ་ཁ་ཡར་གཅིག་སོང་བ་དང་༔ ཟུང་མོ་མཁར་གྱི་རྒྱལ་པོས་ལྷ་ལྕམ་བདུད་ལུང་དུ་སྤྱུགས་ཟེར་བ་ཐོས་ནས༔ རྒྱལ་བུ་ཐུགས་སྐྱོ་ནས་གྲོས་ཆེ་བའི་བློན་པོ་བསྡུས་ནས༔ ཞིམ་པའི་ཟས་དང་༔ དགའ་བའི་གཏམ་གྱིས་རྒྱལ་བུས་གྲོས་དྲིས་ཏེ༔ ཀྱཻ་བློན་པོ་ཆེན་པོ་ཁྱོད་རྣམས་གྲོས་གྱིས་ཤིག༔ མཁས་ཤིང་ཤེས་རབ་ལྡན་པས་གྲོས་གྱིས་ལ༔ ཚ་ལུང་མཁར་གྱི་རྒྱལ་པོའི་སྲས་མོ་ནི༔ བདུད་ཡུལ་ཤིང་རོང་ནག་པོར་སྤྱུགས་ཟེར་ཐོས༔ ལྷ་ལྕམ་ལེན་པའི་ཐབས་ནི་སུ་མཁས་ལ༔ བརྔན་པ་དགའ་སྟོན་གཟབས་ནས་བྱེད་པ་ཡིན༔ རྒྱལ་བློན་ཕྱིན་ལ་བསླང་ན་འཐད་ལགས་སམ༔ དམག་དཔུང་བཏང་ནས་འཕྲོག་ན་འཐད༔ རྒྱན་དང་ཆ་ལུགས་མཛེས་པ་ཡིས༔ ལྷ་ལྕམ་ཉིད་ལ་ཕུལ་ནས་ནི༔ མགོ་བོ་བསྐོར་ནས་འཁྲིད་པར་འཐད༔ གང་འཐད་གྲོས་ཤིག་བགྱིད་དུ་གསོལ༔ ཞེས་བྱས་པས༔

བློན་པོ་རྣམས་ཀྱིས་གྲོས་བྱས་པས༔ ལྷ་ལྕམ་དེ་ནི་ཤིན་ཏུ་རྒྱུད་པ་ཆེ༔ སྔར་ཡང་རྒྱ་གར་བེ་ཏའི་རྒྱལ་པོ་ལ༔ བློན་པོ་རྣམས་ཀྱིས་གྲོས་ལ་གཟབས་ན་ཡང་༔ ལྷ་ལྕམ་བཀའ་ལ་མ་ཉན་པས༔ དེ་ནས་བདུད་ཡུལ་སྤྱུགས་པ་ཡིན༔ ངེད་བློན་པོ་རྣམས་ཀྱིས་ལྷ་ལྕམ་སློང་པ་ན༔ རྒྱལ་བློན་རྣམས་ཀྱིས་སྟེར་བར་གྱུར་ན་ཡང་༔ ལྷ་ལྕམ་མི་ཉན་འཁོན་གཞི་ཆེན་པོའི་རྒྱུ༔ རྒྱལ་བུ་ཉིད་ཀྱིས་རྒྱན་རྣམས་ལེགས་བྱས་ཏེ༔ ལྷ་ལྕམ་མགོ་སྐོར་ནན་གྱིས་གྲོས་ཆེར་བྱས༔ དེ་ལྟར་བྱས་ན་ལྷ་ལྕམ་ཁུག་པ་སྲིད༔ ཅེས་བྱས་ནས༔ རྒྱལ་བུ་བློན་འབངས་དྲུག་ཅུ་ལ་ལྷ་ལྕམ་གྱི་རིན་དུ་ནོར་བུ་རིན་ཆེན་མང་དུ་བསྐུར་ནས་ཚ་ལུང་མཁར་གྱི་རྒྱལ་བློན་རྣམས་ལ་འདི་སྐད་བརྗོད༔ ནོར་བུ་འདི་བཞེས་ལྷ་ལྕམ་གཏོང་བར་འཐད༔ ཅེས་ཞུས་ཤིག་ཅེས་སྨྲས་པ་དང་༔ རྒྱལ་བུ་བློན་འབངས་ཀྱིས་དེ་བཞིན་ཞུས་སོ༔ རྒྱལ་བློན་རྣམས་ཀྱི་ཞལ་ནས༔ ངེད་ཀྱི་ལྷ་ལྕམ་རབ་མཛེས་ཡིད་འོང་འདི༔ ཁྱེད་རྒྱལ་བུའི་བཙུན་མོར་ཤིན་ཏུ་འོས༔ ང་ཡིས་བློས་ཐོང་རྒྱལ་བུའི་བཙུན་མོར་སྟེར༔ ངེད་ཀྱིས་བསླབས་ཀྱང་ལྷ་ལྕམ་མ་ཉན་ན༔ རྒྱལ་བུས་བྲིད་ན་ལྷ་ལྕམ་ཉན་པ་སྲིད༔ སྟེར་བར་ཁས་བླངས་ཕོ་བྲང་ནང་དུ་བཅུག༔ ཅེས་གསུངས་སོ༔

རྒྱལ་བུ་གཞོན་ནུ་དཀར་གསལ་གྱིས་རོགས་གཞོན་ནུ་མང་པོ་ལ་མཛེས་པའི་རྒྱན་གྱིས་བརྒྱན་ནས༔ རྟ་དང་དྲེའུ་མང་པོ་ལ་ཁལ་བཀལ་ནས་བདུད་ལུང་ཤིང་རོང་ནག་པོར་མྱུར་དུ་སོང་ནས་ཕྱིན་པ་དང་༔ བདུད་ལུང་གི་སྟག་གཟིག་དོམ་དྲེད་ཐམས་ཅད་ཀྱིས་དེར་བགྲོད་མ་སྟེར་ཏེ༔ དེར་དུས་མ་ཡིན་པའི་རླུང་དང་༔ ཆར་ཆེན་འཁྲུགས༔ ནགས་ཁྲོད་ཐམས་ཅད་འགགས་ནས་འགྲོ་མ་སྟེར༔ ནེའུ་གསིང་འགྲམ་དུ་ཤིང་གི་རིགས་བསལ་ནས༔ འཁོར་རྣམས་ཐམས་ཅད་གནས་དེར་བཞག་ནས་ནི༔ རྒྱལ་བུས་འཁོར་གཉིས་ཁྲིད་ནས་ཤིང་གསེབ་ཕྱིན༔ བཙལ་ཀྱང་ལྷ་ལྕམ་གར་བཞུགས་མ་རྙེད་ནས༔ ཉིན་གཅིག་ཉི་མ་རྩེ་ཤར་བྱ་སྤྲེལ་གྱིས༔ ཤིང་ཐོག་མང་པོ་ཁུར་ནས་དགའ་འཛུམ་ལྡན༔ ལུང་པའི་ཕུ་ན་ཡར་ལ་ཐ་ལེར་སོང་༔ དེ་རྣམས་ཤུལ་དུ་རྒྱལ་བུ་དཔོན་གཡོག་གསུམ༔ ཕྱི་བཞིན་འབྲངས་པས་ནགས་ཀྱི་ར་བསྐོར་ནས༔ མེ་ཏོག་སྣ་ཚོགས་སྐྱེས་པའི་མཛེས་དབུས་ན༔ ཆུ་ཡི་བྱ་རྣམས་སྐད་སྙན་སྒྲོག་པའི་གནས༔ ཤིང་སེ་སྔོན་པོ་རྐང་གཅིག་པ་ལ་ནི༔ ལྷ་ལྕམ་རྒྱབ་བརྟེན་ཏིང་འཛིན་མི་གཡོ་བཞུགས༔ ཡལ་ག་ལོ་འདབ་མཛེས་པའི་བསིལ་གྲིབ་ཏུ༔ སྐུ་ནི་སྟོན་ཀའི་ཟླ་བ་གངས་ལྟར་མཛེས༔ ལྟ་བས་ཆོག་མི་ཤེས་ཤིང་ཡིད་དུ་འོང་༔ པུཎྜ་རི་ཀའི་མེ་ཏོག་མདོག་འདྲ་བའི༔ བྱ་དང་གཅན་གཟན་རི་དྭགས་མང་པོས་བསྐོར༔ དཔའ་བོ་མཁའ་འགྲོ་བྲག་སྲིན་ལ་སོགས་ཀྱིས༔ མཆོད་པ་འབུལ་ཞིང་གླུ་གར་རྩེ་ཞིང་འདུ༔ ལྷ་ལྕམ་མཉམ་ཉིད་ཏིང་འཛིན་ངང་ལ་བཞུགས༔ ལྷ་ལྕམ་མཐོང་བ་ཙམ་གྱིས་ཡིད་ཀྱང་སྤྲོ༔ གདུང་བའི་སེམས་ཀྱིས་ལྷ་ལྕམ་ལ་བལྟ་ཞིང་༔ འདི་སྐད་ཅེས་སྨྲས་སོ༔

ཀྱེ་ལྷ་ལྕམ་མཐོང་བས་ཡིད་འཕྲོག་མ༔ ཁྱེད་ལ་ལྟ་ཞིང་ང་ཡི་བག་ཆགས་ཤར༔ ཐོས་པའི་ཚིག་ལ་ངེས་འབྱུང་དྲན་པས་བསྐུལ༔ སེམས་ལ་འཕྲེང་བས་ཁྱོད་དྲན་སྣང་བ་སྐྱོ༔ དངོས་སུ་མཐོང་ན་ཡད་ཡུད་ཡིད་ཀྱིས་ཤེས༔ གདུང་བའི་སེམས་ཀྱིས་ལྟོ་དང་གོས་མ་དྲན༔ ལྷ་ལྕམ་ཁྱོད་ལ་སེམས་བཞིན་དྲན་པ་གཡོ༔ ལུས་ཀྱི་དགའ་བདེ་རྩ་རླུང་ཐིག་ལེ་འབར༔ དྲན་པ་ཙམ་གྱིས་བག་ཆགས་ཡིད་ལ་སྐྱེས༔ ཐོས་པའི་དུས་ན་དུངས་བའི་རྨི་ལམ་འདྲ༔ མཐོང་བའི་དུས་ན་སེམས་ཀྱི་བག་ཆགས་ངོམས༔ སེམས་ཀྱི་བློ་ཐག་འདོད་པའི་ཞེ་བློ་བདེ༔ ཁྱེད་དང་ཞལ་མཇལ་གསུང་གླེང་བག་ཙམ་ཞུ༔ ཞེས་སྨྲས་སོ༔ ལྷ་ལྕམ་གྱིས་རྒྱལ་བུ་ལ་བལྟ་ཞིང་སྨྲས་པ༔ གཞོན་ནུ་མཛེས་པ་པདྨའི་མྱུ་གུ་འདྲ༔ གསུང་སྙན་ཚིག་གཙང་ཐུགས་དགོངས་འོད་གསལ་ངང་༔ ཁྱེད་ཀྱི་ང་ལ་གདུང་བས་སྨྲ་ན་ཡང་༔ མི་མེད་ལུང་སྟོང་འདྲེ་ཡུལ་འདི་རུ་ནི༔ གཞོན་ནུ་ཁྱེད་འདྲ་མི་ཡི་བུ་མ་ཡིན༔ ལྷ་འདྲེ་ཆོ་འཕྲུལ་མགོ་སྐོར་བྱེད་ལ་མཁས༔ ང་ནི་རིགས་ངན་མི་མེད་ཡུལ་སྟོང་འགྲིམས༔ ཞལ་མཇལ་བྱེད་ཀྱི་ཚིག་དོན་མ་ཤེས་སོ༔ གཞོན་ནུ་ཅི་ཟེར་འདི་ན་དོན་མ་མཆིས༔ བུ་མོ་ང་ནི་བྲག་སྲིན་བྱ་དང་འགྲོགས༔ རི་དྭགས་བུ་འདྲ་མི་གཙང་གྲིབ་ལ་འཛེམ༔ ཁྱེད་དང་ང་གཉིས་མི་སྡེབ་སོ་སོར་འཚལ༔ ཞེས་སྨྲས་སོ༔

ཡང་རྒྱལ་བུས་ལྷ་ལྕམ་ལ་སྨྲས་པ༔ ཡིད་འོང་མཛེས་མ་ལྷ་ལྕམ་ཁྱོད་ཉོན་ཅིག༔ ཁྱེའུ་བདག་ནི་ནོར་བུ་དཀར་གསལ་ཡིན༔ མི་ཡི་བུ་ཡིན་ལྷ་འདྲེའི་ཆོ་འཕྲུལ་མིན༔ ཟུང་མོ་མཁར་ནས་མྱུར་བའི་གྲོས་ཀྱིས་ཕྱིན༔ མཛའ་བའི་སེམས་ཀྱིས་རིང་པོའི་ལམ་ལ་བགྲོད༔ སྲོག་ལ་མི་ཕངས་གཅན་གཟན་ཚོགས་ལ་བདོས༔ ལ་ལུང་བརྒལ་ནས་ལྷ་ལྕམ་དྲུང་དུ་ཕྱིན༔ མི་གཙང་དྲི་བྲལ་སྤོས་ཀྱི་དྲི་ངད་ལྡན༔ ལྷ་ལྕམ་ཁྱེད་དང་ང་གཉིས་ཅིས་མི་འགྲོགས༔ ཡིད་ལ་ཆགས་པའི་དགའ་བའི་གླེང་བརྗོད་འཚལ༔ འདི་འདྲའི་ལུང་སྟོང་མི་མེད་གནས་སྤངས་ཏེ༔ ལོངས་སྤྱོད་ལྡན་པའི་ཕོ་བྲང་ནང་དུ་བྱོན༔ ཁྱེད་དང་ང་གཉིས་སྣང་བ་ཅི་དགར་བྱེད༔ ཅེས་སྨྲས་པས༔ ལྷ་ལྕམ་ན་རེ༔ གཞོན་ནུ་ཁྱེད་ནི་བདེན་པར་སྨྲས་ན་ཡང་༔ ལྷ་ལྕམ་ང་ནི་འདི་ནས་གཞན་མི་འགྲོ༔ གོ་མ་ཆོད་པས་ཕ་མས་ལུང་སྟོང་སྤྱུགས༔ སེམས་ལ་མ་གཅེས་འདྲེ་ཡི་ཡུལ་དུ་བཏང་༔ ཁྱེད་ནི་རིགས་བཙུན་རྒྱལ་པོའི་སྲས་ཡིན་གྱི༔ ང་ནི་སྣང་བ་རི་དྭགས་གྲོགས་ལ་དགའ༔ རྒྱལ་པོའི་ཕོ་བྲང་ལོངས་སྤྱོད་ཅི་ཆེ་ཡང་༔ ང་ནི་མི་མེད་ལུང་སྟོང་དགེ་སྦྱོར་འཕེལ༔ འབངས་དང་འཁོར་གཡོག་ཞབས་ཏོག་ཅི་མཐོ་ཡང་༔ བསམ་གཏན་ཞབས་ཏོག་སྤྲེའུ་བྲག་སྲིན་མཐོ༔ རྒྱན་དང་ཆ་ལུགས་གསེར་གཡུ་མདོག་བཟང་ཡང་༔ ཤིང་གི་ལོ་འདབ་སྡིག་པའི་རྣམ་སྨིན་ཆུང་༔ བཟའ་བཏུང་ཤ་ཆང་ཁ་ལ་ཞིམ་མོད་ཀྱང་༔ ལུས་ཀྱི་བདེ་བ་ཤིང་གི་འབྲས་བུ་ཆེ༔ གྱི་ལིང་རྟ་དེ་འགྲོ་ལ་མགྱོགས་ན་ཡང་༔ རྩ་རླུང་གནད་དེ་ཐར་པའི་ལམ་ལ་མགྱོགས༔ གདུང་རྒྱུད་ཆེ་བ་རྒྱལ་པོའི་སྲས་ཡིན་ཀྱང་༔ དངོས་གྲུབ་ཆེ་བས་ཆོས་བྱེད་ནོར་བུ་བཟང་༔ འཁོར་བའི་ཆོས་ལ་སྣང་བ་མ་དབྱུང་བས༔ དམ་ཆོས་སྒྲུབ་པའི་བར་ཆད་མི་མཛད་ཞུ༔ རྒྱལ་བུ་ཁྱེད་ཀྱང་དམ་ཆོས་མཛད་པར་ཞུ༔ ཞེས་གསུངས་པ་དང་༔ ཡང་རྒྱལ་བུས་འདི་སྐད་སྨྲས་སོ༔ ཡིད་འོང་མཛེས་པའི་ལྷ་ལྕམ་ཁྱོད༔ བདག་གིས་སྨྲས་པའི་ཚིག་འདིར་ཉོན༔ ཅིས་ཀྱང་ཆོས་ལ་ཡིད་སྨོན་ན༔ ཕོ་བྲང་བཟུང་ཡང་ཆོས་པའི་དགའ༔ བླ་མ་རྣམས་ལ་ཞབས་ཏོག་གྱིས༔ དཀོན་མཆོག་རྟེན་ལ་བཀུར་སྟི་གྱིས༔ བྲན་ཁོལ་གཡོག་ལ་བྱམས་སེམས་གྱིས༔ ངན་ལོང་རྣམས་ལ་སྦྱིན་པ་ཐོང་༔ ལུས་ཀྱིས་ཕྱག་འཚལ་སྐོར་བ་གྱིས༔ ངག་གིས་འདོན་པ་སྐྱབས་འགྲོ་གྱིས༔ སེམས་ཀྱིས་ཏིང་འཛིན་བྱང་སེམས་སྒོམས༔ ཤེས་ན་ཆོས་བྱེད་ཕལ་ཆེ་བས༔ ཁྱིམ་པ་དགེ་བ་སྒྲུབ་པ་ཆེ༔ བདག་གིས་བསླབས་པའི་བསླབ་བྱ་འདིས༔ སྙིང་གཏམ་ཤ་ཚ་ཕན་པ་ཡིན༔ ལྷ་ལྕམ་ཕོ་བྲང་མི་འབྱོན་ན༔ དགེ་བ་ལས་ཀྱང་སྡིག་པ་ཆེ༔ བདག་ལ་ཅིས་ཀྱང་ཉན་པར་ཞུ༔ ཞེས་སྨྲས་སོ༔

ལྷ་ལྕམ་གྱིས་གསུངས་པ༔ རྒྱལ་བུ་ཁྱེད་ཀྱིས་བསླབ་བྱ་གསུངས་པ་ལེགས༔ ཁྱིམ་བཟུང་ཆོས་དེ་བཟང་ཡང་ང་མི་བྱེད༔ རྒྱལ་བུ་ཁྱེད་ལ་ལེགས་པར་སྨྲ་ཡིས་ཉོན༔ རྒྱ་མཚོའི་འགྲམ་ན་དྭངས་ཤིང་སྤྲོ་བའི་གནས༔ ནེའུ་གསིང་ལྗོངས་ལ་མེ་ཏོག་སྨན་གྱི་ལྗོངས༔ རྐང་དྲུག་བུང་བས་སྙན་པའི་སྒྲ་སྒྲོགས་པ༔ སྤོས་ཀྱི་དྲི་ལྡན་མི་མེད་དབེན་པའི་ས༔ དེ་འདྲའི་གནས་སུ་ཁྱེད་དང་བདག་ཅག་གཉིས༔ ལྷན་ཅིག་ཚོགས་ན་འདོད་པ་ཚིམ་ཚིམ་འདྲ༔ འོན་ཀྱང་སེམས་ཀྱི་ལྟད་མོ་མ་མཐོང་ན༔ བདེ་བ་མི་ཐོབ་འཁྲུལ་པའི་རྒྱུ་ཡིན་པས༔ སུ་དང་གང་ལ་མི་ཆགས་ལུང་སྟོང་འགྲིམ༔ ལྷ་ལྕམ་བདག་ལ་རྒྱལ་བུ་མ་འཁང་ཞིག༔ རིགས་ངན་བདག་ལ་རྒྱལ་བུའི་གྲོགས་མི་འོས༔ རྒྱལ་བུ་རིགས་བཟང་རང་སར་བཙུན་པ་ཡིན༔ རྒྱལ་སྲིད་འཁོར་ལ་ཆོས་དང་མཐུན་པར་སྐྱོངས༔ རྒྱལ་བུ་འཁོར་བཅས་རང་གི་གནས་སུ་བྱོན༔ སྐྱེ་བ་འདི་ལ་འགྲོགས་པའི་སྐབས་མེད་དེ༔ ཕྱི་མའི་དུས་སུ་འོག་མིན་ཞལ་མཇལ་སྨོན༔ ཞེས་གསུངས་པ་དང་༔ རྒྱལ་བུས་སྨྲས་པ༔ ཁྱོད་ཀྱི་བསླབ་བྱ་ཤ་རེ་ཚ༔ ལྷ་ལྕམ་བདག་གི་ཡིད་ལ་མཛེས༔ རང་གི་འདོད་པ་མ་ཚིམ་ན༔ མཁས་པའི་མཐོང་ཡིད་བླུན་པོ་ཡིན༔ ཡིད་འོང་མཛེས་པའི་ལྷ་ལྕམ་ཁྱོད༔ བདག་གི་གྲོགས་སུ་མི་འོང་ན༔ བདག་གིས་ཅི་སྨྲས་བྲག་ཆ་འདྲ༔ ད་རུང་གསོན་དང་ལྷ་ལྕམ་ཁྱོད༔ མི་མེད་ལུང་སྟོང་ནགས་ཁྲོད་འདིར༔ བྱ་དང་སྤྲེའུ་སྟག་གཟིག་གནས༔ ལྷ་ལྕམ་བཞུགས་པའི་གནས་འདི་མིན༔ ཁྱོད་ནི་ཕོ་བྲང་ལོངས་སྤྱོད་ལ༔ བདག་ལ་བརྩེ་བའི་སེམས་ཀྱིས་བྱོན༔ ཨུ་ཚུགས་མ་ཆེ་ངོ་མ་ལྡོག༔ ཁྱོད་དང་ང་ནི་འབྲལ་མེད་འཚལ༔ དགེ་བའི་ལས་ལ་ངས་མི་འགོག༔ ཅིས་ཀྱང་ད་ལྟ་ཉིད་དུ་བྱོན༔ ཞེས་སྨྲས་ཏེ༔ རྒྱལ་བུ་མིག་མཆི་མས་གང་བའི་ཕྱག་གཉིས་ཀྱིས་ལྷ་ལྕམ་ལ་འཇུས་ནས་སྨྲས་པ༔ འདི་ནས་ལྷ་ལྕམ་ཅིས་ཀྱང་མི་འབྱོན་ན༔ ང་ཡི་སྙིང་འདི་དུས་འདིར་ཚལ་པར་འགས༔ སྲོག་ལ་བར་ཆད་བྱུང་ན་ཅི་དགའ་གྱིས༔ ཞེས་སྨྲས་སོ༔

འཁོར་གཉིས་ཀྱི་བསམ་པ་ལ༔ རྒྱལ་བུ་དང་ལྷ་ལྕམ་གཉིས་ལ་བལྟས་པས་སྐྱོ་བར་གྱུར་ཏེ་གྲོས་བྱས་སོ༔ ལྷ་ལྕམ་ཕོ་བྲང་དུ་མ་བྱོན་ན༔ རྒྱལ་བུ་ཐུགས་ཆད་ནས་སྐུ་ཚེ་ལ་བར་ཆད་བྱེད་པར་འདུག༔ དེ་བས་ལྷ་ལྕམ་ཁྲིད་ནས་འགྲོ་བསམས་ནས༔ ལྷ་ལྕམ་གྱི་ཕྱག་གཉིས་ལ་འཇུས་ཏེ་སྨྲས་པ༔ སྨོན་ལམ་ལས་ཀྱིས་མཚམས་སྦྱར་བའི༔ མེ་ཏོག་རྩི་དང་དྲི་བཞིན་དུ༔ རྒྱལ་བུ་དང་ནི་ལྷ་ལྕམ་གཉིས༔ ཕན་ཚུན་མཆོག་གི་མཆོག་ཏུ་གྱུར༔ ད་ལྟ་ཉིད་དུ་མྱུར་དུ་བྱོན༔ ཞེས་སྨྲས་ཞིང་༔ ལུང་པའི་མདོ་ན་མར་ལྷ་ལྕམ་དྲུད་ནས་ཕྱིན་པས༔ གནས་ཀྱི་གཞི་བདག་ཐམས་ཅད་མ་དགའ་ནས་ཐོག་སེར་དང་༔ རླུང་ནག་ཆེན་པོ་འཁྲུགས་སོ༔ ནགས་ཀྱི་སྤྲེའུ་དང་དོམ་དྲེད་བྱ་ལ་སོགས་པ་རྣམས་ཕྱིར་འབྲངས་སོ༔ མེ་ཏོག་རྣམས་ཁ་སྦུབས༔ ཤིང་གི་ཡལ་ག་རྣམས་ཆག༔ ལུང་པའི་མདངས་ཡལ༔ དེ་དུས་ལྷ་ལྕམ་གྱིས་འཁོར་གཉིས་ལ་སྨྲས་པ༔ ལས་ཀྱིས་བསྐོས་པའི་བློན་ཆེན་གཉིས༔ མི་རྒོད་བཞིན་དུ་ཤུགས་དང་ལྡན༔ ཆོམ་རྐུན་བཞིན་དུ་གདུག་རྩུབ་ཆེ༔ ཆོས་བྱེད་ཕན་གྲོགས་མི་བྱེད་པར༔ ལས་ངན་བློན་པོ་སྡིག་པོ་ཆེ༔ གཞན་ལ་གནོད་བྱས་རང་ལ་སྨིན༔ དེ་ཕྱིར་སྡུག་བསྔལ་ལས་ཀྱི་རྒྱུ༔ དེ་བས་ང་ལ་གནོད་མ་བྱེད༔ མི་མེད་ཡུལ་དུ་གནས་པར་བྱ༔ ཞེས་སྨྲས་ཤིང་ལག་པས་ས་དང་ཤིང་ལ་འཇུས༔ རྐང་པ་རྡོ་ལ་རྡེབ༔ མིག་མཆི་མས་གང་ནས་སྨྲེ་ངག་འདོན་ནོ༔ ཡང་འཁོར་གཉིས་ཀྱིས་ལྷ་ལྕམ་གྱི་ལུས་ལ་ཚེར་ལྕག་གིས་བྲབ་ཅིང་སྨྲས་པ༔ ཡིད་དུ་འོང་བའི་མཛེས་མ་ཁྱོད༔ ལྷ་ལྕམ་ཡིན་པས་བཀའ་གཉན་ཡང་༔ རྒྱལ་བུ་ལ་ནི་མི་ཉན་ཅིང་༔ ཕོ་བྲང་ནང་དུ་མི་འགྲོ་ན༔ ཁ་ཅང་མཁས་པས་ཅི་ལ་ཕན༔ དེ་བས་ད་ལྟ་ཉིད་དུ་བྱོན༔ ཞེས་སྨྲས་ནས༔ ལ་ལུང་ཐམས་ཅད་མྱུར་དུ་རྫོགས་པར་ཁྲིད་ནས་ལུང་པའི་མདར་སླེབས་ཏེ༔ དེ་ན་ཡོད་པའི་འཁོར་རྣམས་ཀྱིས་བསུ་བ་བྱས་ཏེ་ལྷ་ལྕམ་ལ་བསྟོད་པ༔ ཡིད་དུ་འོང་ཞིང་འཛུམ་པའི་མདངས༔ གཞོན་ནུའི་སྐུ་ལ་ལང་ཚོ་རྒྱས༔ དྭངས་ལ་དཀར་བ་སྣུམ་པའི་མདོག༔ ལུས་ཀྱི་དྲི་དང་ངག་གི་སྒྲ༔ དལ་བའི་སྤྱོད་ལམ་ངོ་མཚར་ཆེ༔ ཐོས་པས་སེམས་དགའ་མཐོང་ཡིད་འཕྲོག༔ རྒྱལ་བུའི་བཙུན་མོ་དྲིན་རེ་ཆེ༔ ཕོ་བྲང་བྱོན་པ་ངོ་མཚར་ཆེ༔ ཞེས་སྨྲ་ཞིང་༔ ལྷ་ལྕམ་ལ་ན་བཟའ་དང་རྒྱན་རྣམས་གསོལ༔ བྲོས་ཀྱིས་དོགས་ནས་ལྕགས་སྒྲོག་གིས་རྐང་པ་གཉིས་བསྡམས་ནས་རྟ་ལ་བསྐྱོན་ནོ༔ དེ་ནས་རྒྱལ་བུ་དང་བློན་འབངས་རྣམས་ཀྱང་རྟ་ལ་ཞོན་ནས༔ ལྷ་ལྕམ་གྱི་མཐའ་བསྐོར་ཞིང་ལ་ལུང་མང་པོ་བརྒལ་ནས༔ ཕོ་བྲང་ཟུང་མོ་མཁར་དུ་ཉི་མ་གཅིག་གིས་སླེབས་པའི་ཙ་ན༔ ཡུལ་མི་རྣམས་ཀྱིས་བསུ་བ་ཆེན་པོ་བྱས་སོ༔ ཁྱེའུ་དང་བུ་མོ་དང་འཁོར་འབངས་རྣམས་ཀྱིས་ཤ་ཆང་མར་ཐུད་བུ་རམ་ཀ་ར་ལ་སོགས་ཀྱི་ཟས་ཀྱི་རིགས་སླེབས་སོ༔

དེ་ནས་ཟ་འོག་གི་གུར་ཆེན་ཕུབ༔ ཤིང་གི་ར་བས་བསྐོར་ནས༔ ལྷ་ལྕམ་འདི་ལྟ་བུ་རྒྱལ་བུའི་བཙུན་མོ་ལ་ཁུག་པ་རེ་དགའ་ཟེར་ཞིང་༔ ཤ་ཆང་གི་ལོངས་སྤྱོད་བྱེད་ཅིང་དགའ་བའི་གླུ་ལེན༔ སྐྱིད་པའི་བྲོ་བརྡུངས་བྱས་སོ༔ ལྷ་ལྕམ་གདན་འདྲེན་པ་རྣམས་ཀྱིས་ཀྱང་ས་ཐག་རིང་པོ་ནས་ལྷ་ལྕམ་ནི་ཁུག༔ བློན་འབངས་རྣམས་བསུ་བ་ལ་ནི་སླེབས༔ ད་ནི་བསམ་པའི་དོན་གྲུབ་བསམས་ནས༔ ཇ་ཆང་གིས་ངོམས་ཤིང་ཚིམ་ནས་བློ་བདེ་བར་ཉལ་ལོ༔ རྒྱལ་བུའི་ཐུགས་དགོངས་ལ༔ ལྷ་ལྕམ་ནི་ཁུག༔ བློན་འབངས་རྣམས་ནི་ངོམས་ཤིང་ཚིམ༔ ཕོ་བྲང་དུ་ནི་སླེབས༔ ད་ནི་ལྷ་ལྕམ་འདི་འདྲ་བ་གྲོགས་སུ་ཡོད་པས་རེ་དགའ་ན་བསམས་ནས༔ ཟ་འོག་གུར་ཆེན་གྱི་ནང་དུ་ལྷ་ལྕམ་དང་ལྷན་ཅིག་ཏུ་ཉལ་ལོ༔ དེ་ཡི་ནུབ་མོ་ཐོ་རངས་ཁ་ནས་ལྷ་ལྕམ་དྲན་པ་ཤིན་ཏུ་གསལ་བ་བྱུང་ནས༔ རང་གིས་རང་ལ་བསམས་པ༔ ལས་ངན་པའི་ལུས་འདི་འདྲ་བ༔ རང་དབང་རང་གིས་མི་ཐོབ་པ་སྐྱེ་བ་དམན་ཞིང་དབང་པོ་རྟུལ་བ༔ ཤེས་རབ་ཆུང་ལ་རྐྱེན་ངན་མང་བ༔ ཆོས་དྲན་ཀྱང་བྱེད་དབང་མེད་པ་འདི་འདྲ་ལྷ་ལྕམ་ང་ལ་འོང་བ་སེམས་རེ་ཕམ་ན༔ བླ་མ་མཁྱེན༔ བླ་མ་དང་དཀོན་མཆོག་མ་དང་མཁའ་འགྲོ་ལ་ཐུགས་རྗེ་ཞིག་ཡོད་ན༔ བདག་གི་བསམ་པ་བསྒྲུབ་དགོས་པར་འདུག་བསམས་ནས༔ ངག་སྨྲེ་ངག་དང་ལྡན་པས་གསོལ་བ་འདི་ལྟར་དུ་བཏབ་བོ༔

ཀྱཻ་དུས་གསུམ་རྒྱལ་བ་ཐུགས་རྗེ་ཅན༔ བྱམས་མགོན་སྤྱན་གྱིས་གཟིགས་མི་གཟིགས༔ མ་རིག་ལས་ངན་ང་འདྲ་མ༔ མུན་རུམ་འཁོར་བའི་གནས་སུ་འཁྱམས༔ དུག་གསུམ་གཅོང་ནད་ཟིན་པ་ཡི༔ འཇིགས་པའི་འཕྲང་ནས་སྒྲོལ་མི་སྒྲོལ༔ གྲོགས་ངན་རྐྱེན་དང་འཕྲད་ཙ་ན༔ སྐྱབས་མེད་མ་ལ་བསྐྱབ་ཏུ་གསོལ༔ བྱམས་མགོན་ཐུགས་རྗེ་མ་ཆུང་བར༔ མ་རིག་འཁོར་བའི་འདམ་ནས་དྲོངས༔ མྱུར་དུ་བདེ་བའི་ལམ་ལ་བཀོད༔ ཅེས་གསོལ་བ་མོས་གུས་དང་ལྡན་པས་བཏབ་པས༔ ཁྱེའུ་དཀར་པོ་ཤེལ་གྱི་ཐོར་ཚུགས་ཡོད་པ་གཅིག༔ གཡུའི་བུམ་པ་བསྣམས་པ་གཅིག་གིས་འདི་སྐད་གསུངས༔ སྔོན་གྱི་ལས་ལྡན་སྐལ་བ་ཅན༔ དགེ་སེམས་དད་པའི་མཆོག་གྱུར་མ༔ དྲན་དང་བྱེད་པ་དད་པའི་གཞི༔ ལུས་ངག་རྩོལ་བ་དད་པའི་གྲོགས༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ༔ སྣང་བ་རྨི་ལམ་སྒྱུ་མ་འདྲ༔ སེམས་ཉིད་དངོས་མེད་ནམ་མཁའ་མཚུངས༔ མི་ཕམ་དངོས་གྲུབ་སྐལ་བ་ཡོད༔ རྐྱེན་ངན་གྲོགས་སུ་འཆར་བར་སྒོམས༔ ཞེས་གསུངས་སོ༔ ལྷ་ལྕམ་གྱི་བསམ་པ་ལ་འདི་འདྲ་བའི་ཁྱེའུ་མི་ཡི་བུ་མ་ཡིན༔ རྒྱལ་བའི་རྣམ་སྤྲུལ་གཅིག་ཡིན་སྙམ་ནས་འདི་སྐད་ཅེས་སྨྲས་སོ༔ ཁྱེད་ལྟ་བུའི་ཁྱེའུ་ཡིད་འོང་འདི༔ སྔོན་ཆད་བདག་གིས་མ་མཐོང་བས༔ ཁྱེད་མིའི་བུ་ནི་མིན་པ་འདྲ༔ སྡོད་ས་ཞིང་ཁམས་གང་ནས་ཡིན༔ ཁྱེད་ཀྱི་མཚན་ལ་ཇི་སྐད་ཟེར༔ འདི་རུ་དོན་ཆེན་ཅི་ལ་བྱོན༔ ཞེས་ཞུས་པས་ཁྱེའུའི་ཞལ་ནས༔ ང་ནི་ཨོ་རྒྱན་རྒྱ་མཚོའི་གླིང་ནས་ཡོང་༔ རིགས་ནི་ཀུན་ཏུ་བཟང་པོའི་རིགས་སུ་གཏོགས༔ མིང་ནི་པདྨ་འབྱུང་གནས་ཞེས་སུ་གྲགས༔ གདུལ་བྱ་རྒྱ་གར་ཤར་ནུབ་ཕྱོགས་ན་དར༔ འདོད་པའི་དགོས་བྱེད་ལྷ་ལྕམ་ཁྱོད་ཉིད་ཀྱིས༔ གསོལ་བ་བཏབ་པའི་དོན་དུ་འོངས་པ་ཡིན༔ བོད་ཡུལ་བསམ་ཡས་མཆིམས་ཕུ་བྱ་བ་རུ༔ བདག་གིས་སླེབས་ནས་ལོ་གསུམ་སོང་ནས་ཐལ༔ ཁྱོད་ཀྱིས་མཐོང་ངམ་གསུངས་སོ༔

ལྷ་ལྕམ་གྱིས་ཞུས་པ༔ ཁྱེད་ཨོ་རྒྱན་པད་འབྱུང་ཡིན་པ་ན༔ ལྷ་ལྕམ་ང་ཉིད་ཆོས་བྱེད་པའི༔ གྲོགས་སུ་ཐུགས་རྗེས་བཟུང་དུ་གསོལ༔ གྲོགས་བཙོན་དོང་འདི་ལས་ཐར་ཐབས་ཞུ༔ ཞུས་པས༔ ཨོ་རྒྱན་གྱི་ཞལ་ནས་ལྷ་ལྕམ་ཁྱོད༔ ཆོས་ཤིག་བྱེད་ན་ངས་གྲོགས་བྱའོ༔ རིན་ཆེན་སོར་གདུབ་ཕྱག་ཏུ་བཞེས༔ སྲིན་ལག་གཡས་ལ་གོན་གྱིས་ལ༔ རྣལ་འབྱོར་ང་ཉིད་སྤྱི་གཙུག་སྒོམས༔ ང་འགྲོའི་རྗེས་སུ་འབྲངས་བྱས་ནས༔ ཡིད་ལ་ཐེ་ཚོམ་མེད་པར་ཤོག༔ རྒྱལ་བུ་འཁོར་བཅས་མཐོང་མི་འགྱུར༔ གསུངས་སོ༔ ལྷ་ལྕམ་གྱིས་སོར་གདུབ་གྱོན་པ་དང་༔ ཡན་ལག་བཞི་ཡི་ལྕགས་སྒྲོག་རྣམས་རང་སར་གྲོལ་ནས་ལུས་སེམས་བདེ༔ ཨོ་རྒྱན་རྗེས་སུ་འབྲངས་ནས་ནི༔ བསམ་ཡས་མཆིམས་ཕུ་ཞེས་བྱ་རུ༔ སྐད་ཅིག་ཡུད་ལ་སླེབས་ནས་ཕྱིན༔ དེ་དུས་རྒྱལ་པོའི་རྨི་ལམ་ན༔ དཔའ་བོ་མཁའ་འགྲོ་གཉིས་བསྡེབས་ནས༔ ནམ་མཁའི་མཐོངས་ལ་འཕུར་ནས་ནི༔ རྒྱ་གར་ཕྱོགས་སུ་འགྲོ་བར་མཐོང་༔ འཁོར་ལས་དག་པ་རྣམས་ཀྱི་སྣང་བ་ལ༔ རྡོ་རྗེ་དྲིལ་བུ་ཟུང་དག་གཅིག༔ བསམ་ཡས་ལུང་པར་བབས་པ་མཐོང་༔ ལས་ངན་སྒྲིབ་པ་ཅན་རྣམས་ཀྱིས༔ ཁྲ་ཡིས་ཕུག་རོན་གཅིག་བཟུང་ནས༔ ནམ་མཁར་འཕུར་ནས་ཁྱེར་བ་མཐོང་༔ དེ་དུས་རྒྱལ་བུ་གཉིད་སད་ནས༔ ལྷ་ལྕམ་ཤུལ་ན་མི་སྣང་ཞིང་༔ བཙལ་བས་རྙེད་པར་མ་གྱུར་ཏོ༔ ཤིང་གི་ར་བར་བཙལ་ཡང་མ་རྙེད་དེ༔ རྒྱལ་བུ་གདོང་ནག་སེམས་ཕམ་གྱུར༔ བློན་པོ་རྣམས་ནི་རྒྱལ་པོར་ལྟ་ཞིང་ངུ་༔ འབངས་འཁོར་རྣམས་ཀྱང་རང་ལུས་ས་ལ་བརྡབས༔ ཐམས་ཅད་སྡུག་བསྔལ་ཉིད་ཀྱིས་ནོན་པར་གྱུར༔ ཀུན་མཐུན་པར་ནི་འདི་སྐད་ཅེས་སྨྲས་སོ༔ རང་རེས་དཀའ་ལས་བྱས་པའི་ལྷ་ལྕམ་དེ༔ ཡང་ན་ཕ་མིང་གི་སར་བྲོས་སམ༔ ཡང་ན་རྒྱ་གར་བེ་ཏ་ལའི་རྒྱལ་པོས་ཕྲོགས་སམ༔ ད་ནི་སྔོན་གྱི་ལས་ངན་ཡིན་པས་ཐམས་ཅད་རང་རང་གི་ཕོ་བྲང་དུ་ལོག༔ སྒྲགས་ཚ་ལུང་མཁར་གྱི་རྒྱལ་པོ་རྗེ་འབངས་དང་བཅས་པས༔ ཟུང་མོ་མཁར་གྱི་རྒྱལ་པོས་ལྷ་ལྕམ་ཕོ་བྲང་དུ་ཁྲིད་ནས་ཐལ་ཟེར་བ་ཐོས་ནས་དགའ་ཞིང་དྲི་བའི་གཏམ་ཡང་མང་པོ་ཚུར་བཏང་ངོ་༔ ཟུང་མོ་མཁར་གྱི་རྒྱལ་པོའི་བསམ་པ་ལ༔ ལྷ་ལྕམ་ཕ་མིང་གི་སར་བྲོས་སྙམ་ནས༔ རྒྱལ་བློན་རྣམས་ལ་རིན་ནི་བསྩལ་ཟིན༔ ད་ལྷ་ལྕམ་འཕྲོག་པ་ཞེ་རེ་ཁྲེལ༔ ངོ་ཚ་མ་ཆུང་བར་ལྷ་ལྕམ་ངེད་ལ་གཏོད་ཟེར་བའི་བང་ཆེན་པ་བཏང་བ་དང་༔ བང་ཆེན་པ་རྣམས་ལམ་དུ་འཕྲད་པ་དང་༔ ལྷ་ལྕམ་བྲོས་ནས་མ་རྙེད་པའི་ལོ་རྒྱུས་གླེང་བས༔ གཉིས་ཀ་ཕར་ཚུར་ཐུགས་སྣང་སོ་སོར་བྱུང་ནས་གཅིག་གིས་གཅིག་ལ་ཚིག་རྩུབ་སྨྲས་པས༔ ཁ་སྨྲས་རྒྱ་ཆེར་སོང་སྟེ་དམག་འདྲེན་རེས་བྱས་སོ༔ ཟུང་མོ་མཁར་གྱི་རྒྱལ་པོས༔ ཚ་ལུང་མཁར་གྱི་རྒྱལ་པོ་ཕོ་བྲང་དང་བཅས་པ་འཇོམས་ཞེས་སྨྲས༔ ཚ་ལུང་མཁར་གྱི་རྒྱལ་པོས་ཟུང་མོ་མཁར་གྱི་རྒྱལ་པོ་རྗེ་འབངས་དང་བཅས་པ་འཇོམས་ཞེས་སྨྲས་སོ༔ གཅིག་གིས་གཅིག་ལ་ཞེ་སྡང་གིས་ང་རོ་ཆེན་པོ་བྱེད་དོ༔ དེའི་སྐབས་སུ་སེམས་ཅན་མང་པོ་སྲོག་གཅོད་པའི་ལས་ངན་པོ་བྱེད་པ༔ ཨོ་རྒྱན་གྱིས་མཁྱེན་ནས༔ སྙིང་རྗེ་ཆེན་པོས་གཟིགས་ཏེ༔ མཚན་ཉིད་དང་ལྡན་པའི་ལྷ་ལྕམ་གཉིས་སུ་སྤྲུལ་ནས༔ གཅིག་གིས་ཚ་ལུང་མཁར་དུ་ཡབ་ཡུམ་རྗེ་འབངས་དང་བཅས་པ་ཚིམ་པར་བྱས་སོ༔ གཅིག་གིས་ཟུང་མོ་མཁར་དུ་རྒྱལ་པོ་རྗེ་འབངས་དང་བཅས་པ་ཚིམ་པར་བྱས་སོ༔ ས་ཕྱོགས་དེ་གཉིས་སུ་ཡང་༔ བཀྲ་ཤིས་པ་དང་༔ བདེ་སྐྱིད་ཆོས་དང་ལྡན་པར་བྱས་སོ༔ ལྷ་ལྕམ་དང་ཨོ་རྒྱན་གཉིས་བསམ་ཡས་མཆིམས་ཕུ་བྱ་བ་དེར་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པ་ལ་སྐད་ཅིག་ཀྱང་འདུ་འབྲལ་མེད་པར་བཞུགས་སོ༔ ལྷ་ལྕམ་གྱིས་རྒྱལ་སྲིད་སྤངས་པའི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ལྷ་ལྕམ་གྱིས་ཨོ་རྒྱན་གྱི་ཡུལ་རྣམས་བསྐོར་བའི་ལེའུ།

མཆིམས་ཕུ་ཨོ་རྒྱན་གླིང་གི་དུར་ཁྲོད་ན༔ ལྷ་ལྕམ་གྱིས་དངུལ་གྱི་མེ་ལོང་གི་སྟེང་དུ༔ གཙུག་གཡུ་ནོར་བུ་འབར་བའི་ཚོམ་བུ་བཀོད་ནས་གུ་རུའི་སྤྱན་སྔར་ཕུལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་འདྲའི་བུད་མེད་སྐྱེ་བ་དམའ་བ༔ རང་འདོད་ཆེ་བ༔ ཚོགས་བསགས་ལ་མ་བསགས་པ༔ སྙིང་རུས་དང་དད་པ་ཆུང་བ༔ ཚོགས་བསགས་ནས་བླ་མ་ཁྱེད་དང་མཇལ༔ མ་བསགས་སྡིག་རྒྱལ་བུ་མོར་སྐྱེས༔ ལར་བུད་མེད་ཀྱི་ལུས་འདྲ་བ༔ ཤེས་རབ་ཆུང་ལ་རྒྱུད་ངན་པ༔ ལས་ངན་མ་བདག་ལ་ཚིག་ཉུང་བ༔ གོ་སླ་བ༔ འཁྱེར་བདེ་བ༔ དོན་ཆེ་བ༔ མྱུར་དུ་སངས་རྒྱ་བའི་ཆོས་ཤིག་ཞུ་ཞེས་ཞུས་པས༔ ཨོ་རྒྱན་གྱིས་གསུངས་པ༔ དད་ལྡན་དགེ་སེམས་མ༔ ལྷ་ལྕམ་ཡིད་འོང་བདག་ལ་གསོན༔ ཁྱེད་བུད་མེད་ཀྱི་ལུས་འདི་ནི་ཚོགས་མ་བསགས་པས་མྱུར་དུ་སངས་རྒྱ་བར་དཀའ༔ མཛེ་ཕོའི་སྐྱེ་འབྲས་དང་༔ བུད་མེད་ཀྱི་སྙིང་རུས་གཉིས་ལེགས་བྱས་ཀྱང་ཉེས་པའི་སྐྱོན་གཅིག་ཡོད༔ འོན་ཀྱང་དད་པ་དང་བརྩོན་འགྲུས་ཡོད་ན༔ སྐྱེ་བ་དམའ་ཡང་སངས་རྒྱས་སྒྲུབ་ཏུ་ཡོད་པས༔ ལྷ་ལྕམ་ཁྱེད་ཀྱང་ཚེ་འདིའི་བྱ་བ་བློས་ཐོང་ལ་ལུས་སྲོག་ལ་ཕངས་པ་མེད་པར་གདམས་པ་ཉམས་སུ་ལོངས༔ མཆིམས་ཕུ་འདི་མ་དང་མཁའ་འགྲོ་འདུ་བའི་གནས་ཡིན་པས༔ མི་ལོ་བཅུ་གཉིས་ཀྱི་བར་དུ་གདམས་པ་ཉམས་སུ་ལོངས་ཤིག༔ ང་རྒྱ་གར་དུ་མྱུག་གཅིག་འགྲོ་ནས་མྱུར་དུ་སླེབ་ཡོང་གིས༔ ང་མ་སླེབས་ཀྱི་བར་དུ་གྲུབ་པ་ཐོབ་པ་གྱིས་ཤིག༔ ཅེས་གསུངས་སོ༔ ད་རུང་ལྷ་ལྕམ་བདག་ལ་གསོན༔ སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ ས་དེ་མ་འཆུགས་ཁ་བ་ཅན༔ ཡུལ་དེ་མ་འཆུགས་ཡར་ཀླུང་ནང་༔ སྐྱེ་བ་མ་ནོར་རྒྱལ་པོའི་སྲས༔ དབང་པོ་ཚང་ཞིང་རིགས་རྒྱུད་བཟང་༔ ལན་གཅིག་ཐོབ་པའི་མི་ལུས་འདི༔ དོན་མེད་སྟོང་ལོག་མ་བྱེད་ཅིག༔ ཚེ་འདིར་སངས་རྒྱས་མ་ཐོབ་ན༔ ཕྱི་མ་གར་སྐྱེ་མི་ཤེས་པས༔ བྱ་ལོང་ཡོད་དུས་སྒྲུབ་པ་མཛོད༔ གཏན་གྱི་འདུན་མ་ད་རེས་ཡིན༔ སྣང་སྟོང་གཉིས་མེད་རིག་པའི་རྩལ༔ ཅི་ཤར་ཅིར་སྣང་སེམས་ཀྱི་མིང་༔ ནང་དུ་ལོག་ནས་བལྟས་ཙ་ན༔ ཐམས་ཅད་དངོས་མེད་བརྗོད་དང་བྲལ༔ བརྗོད་མེད་རིག་པ་མཁའ་ལྟར་དྭངས༔ འདས་དང་མ་བྱོན་ད་ལྟར་གྱི༔ དུས་གསུམ་རྒྱལ་བའི་རིག་པའི་ངོ་༔ རིག་པ་ཁྱབ་བྱེད་མ་འགགས་པ༔ འཇིག་རྟེན་ཤེས་བྱ་ཟིལ་གྱིས་གནོན༔ ངོ་བོ་མིང་མེད་མཐའ་དང་བྲལ༔ རང་བཞིན་ལྷུན་གྲུབ་རིག་པ་འདི༔ མ་སྐྱེས་མ་བྱུང་སྟོང་གསལ་ངང་༔ རང་བཞིན་ཙིཏྟའི་ནང་ན་མཆིས༔ སངས་རྒྱས་རང་ལ་མ་བཙལ་ན༔ གཞན་ནས་སངས་རྒྱས་བསྒྲུབ་རྒྱུ་མེད༔ བརྩོན་འགྲུས་ཅན་གྱི་ལྷ་ལྕམ་ཁྱོད༔ དེ་བཞིན་སངས་རྒྱས་ནང་དུ་ཚོལ༔ ཞེས་གསུངས་སོ༔ དེ་ནས་ཨོ་རྒྱན་གྱི་འཁོར་དུ་མཁའ་འགྲོ་མ་བཞི་དང་བཅས་ཏེ་ནམ་མཁའ་ལ་བཞུད་དོ༔ ལྷ་ལྕམ་མཆིམས་ཕུའི་བྲག་ཕུག་ཏུ༔ རྩྭ་གདན་ལ་བཏིང་༔ ཟས་སུ་ཤིང་ཐོག་ཟ༔ སྐོམ་དུ་ཆུ་འཐུང་ནས་ཕྱིར་མི་འགྲོ་བར་དམ་བཅས་ནས་བསམ་གཏན་ལ་བཞུགས་སོ༔ དེ་ནས་ཟླ་བ་གཅིག་སོང་བ་དང་༔ སྔ་དྲོ་ཕུག་པའི་སྒོ་འགྲམ་དུ་བུད་མེད་དཀར་མོ་གཅིག་བྱུང་ནས༔ ཤེལ་གྱི་འཁར་བ་གཅིག་གིས་ཕུག་པའི་སྒོ་བརྡུངས་ཤིང་༔ ལྷ་ལྕམ་ཅི་བྱེད་ཀྱིན་ཡོད་ཟེར་བ་དང་༔ ལྷ་ལྕམ་གྱིས་སྒོ་ཕྱེ་ནས་བདག་ནི་ཏིང་འཛིན་སྒྲུབ་པ་ཡིན༔ ཁྱོད་ལ་དད་པ་ཡོད་དམ་ཞུས་པ་དང་༔ བུད་མེད་དེ་ན་རེ༔ ཁྱོད་ཀྱི་དད་པ་དེ་ཡང་དག་པའི་དད་པ་མ་ཡིན༔ དད་པ་ཡང་དག་པ་ངེད་ཀྱི་ཡུལ་ན་ཡོད་པ་ཡིན་ཟེར་རོ༔ དེར་ལྷ་ལྕམ་གྱི་ཐུགས་དགོངས་ལ༔ ཨོ་རྒྱན་སངས་རྒྱས་དངོས་སུ་མཐོང་བའི་དད་པ་དེ་ལས་ལྷག་པའི་དད་པ་གཅིག་རང་མེད་དམ་སྙམ་ནས་ལྟ་བ་ཆེན་པོ་སྐྱེས་སོ༔ དེ་བུད་མེད་དེས་མཁྱེན་ནས༔ ལྷ་ལྕམ་ཁྱོད་བདག་གི་རྗེས་སུ་འདོངས་དང་༔ ངས་དད་པའི་མཚན་ཉིད་སྟོན་གསུངས་ནས༔ ལྷ་ལྕམ་གྱི་ཕྱག་ནས་འཇུས་ཏེ་ལུང་པ་ཞིག་ཏུ་ཕྱིན༔ དེ་ན་ཡུལ་ཁ་དོག་དཀར་བ༔ རིན་པོ་ཆེའི་རྩིག་པ་མུ་ཏིག་གི་ཕྲ་བཀོད་པ༔ དར་གྱི་ལྷབ་ལྷུབ་དང་༔ གཡེར་ཁའི་དྲ་བས་བརྒྱན་པ༔ གདུགས་ཆོས་འཁོར་ནོར་བུའི་ཏོག་དང་༔ གསེར་གྱི་གྷཉྫི་ར་བཙུགས་པ༔ འཇའ་འོད་ཀྱི་གུར་ཕུབ་པའི་ཕོ་བྲང་གི་མཐའ་ལ་ལོངས་སྤྱོད་དང་ལྡན་པའི་གྲོང་ཁྱེར་མང་པོས་བསྐོར་བ༔ མེ་ཏོག་པདྨ་དང་ཙན་དན་གྱི་ལྗོན་ཤིང་དྲི་ངད་དང་ལྡན་པའི་དབུས་ན༔ སྐྱེད་མོས་ཚལ་ཡ་མཚན་པ་གཅིག་ཏུ་སླེབས་སོ༔ དེ་ན་བལྟ་ཞིང་ཉམས་དགའ་བའི་ཁྲོམ་མང་པོ་ཡོད་པ༔ དེའི་དབུས་ན་གསེར་གྱི་ཁྲི་ཆེན་པོའི་སྟེང་ན༔ གཡུ་ཡི་ཀ་བ་དང་རིན་ཆེན་སྣ་ལྔའི་ཐོག་ཕུབ་པ༔ པདྨ་དང་ཉི་ཟླའི་གདན་གྱི་སྟེང་ན༔ རྒྱལ་པོ་ཆེན་པོ་མཛེས་ཤིང་ཡིད་དུ་འོང་བ༔ ན་སོ་གཞོན་ཅིང་ལུས་ཀྱི་རྒྱན་མཛེས་པ་གཅིག་བཞུགས་སོ༔

ཁྲོམ་དུ་ཚོགས་པའི་མི་རྣམས་ཀྱང་༔ རྒྱལ་པོ་ལ་བལྟ་ཞིང་གུས་པ་དང་༔ རང་གི་ལུས་ཀྱི་རྒྱན་རྣམས་བཀྲོལ་ཞིང་འབུལ་ལོ༔ ཕ་མ་དང་བུ་མོ་འཁོར་གཡོག་ལ་སོགས་པ་རྣམས་ཀྱང་བཟུང་ཞིང་འབུལ༔ རང་གི་ནོར་རྫས་ལོངས་སྤྱོད་རྣམས༔ ཅི་ཡོད་རྒྱལ་པོ་ལ་འབུལ་ཞིང་ཡོད་པ་དང་༔ ལྷ་ལྕམ་གྱི་ཐུགས་དགོངས་ལ༔ རྒྱལ་པོ་དེ་ལ་ཆོས་ནི་མེད༔ ཕངས་མེད་ཀྱི་ནོར་རྫས་འབུལ་ཞིང་༔ མོས་གུས་བྱས་ནས་ཅི་བྱེད་པ་ཡིན་ཟེར་ནས༔ ལྷ་ལྕམ་རང་དང་འགྲོགས་པའི་བུ་མོ་ལ་དྲིས་པ༔ རྒྱལ་པོ་དེ་འདི་ལ་ཆོས་ཡོད་པ་ལགས་སམ༔ ཕངས་མེད་ཀྱི་ནོར་རྫས་ཕུལ་བས་བསོད་ནམས་ཅི་ཐོབ༔ ཡུལ་འདི་ལ་ཅི་ཟེར༔ ཕོ་བྲང་འདིའི་མིང་གང་ལགས༔ རྒྱལ་པོ་འདི་ལ་ཅི་སྐད་ཟེར༔ གྲོང་ཁྱེར་འདིའི་མི་རྣམས་ཅི་བྱེད་པ་ཡིན་ཞེས་དྲིས་པ་དང་༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཉོན་ཅིག༔ ཡུལ་འདི་ལ་པདྨོ་བཀོད་པ་ཟེར་བ་ཡིན༔ ཕོ་བྲང་འདི་ལ་བདེ་ཆེན་འཁྱིལ་པ་ཟེར་བ་ཡིན༔ རྒྱལ་པོ་འདི་ལ་རིག་འཛིན་གཞོན་ནུ་ཟེར་བ་ཡིན༔ གྲོང་ཁྱེར་གྱི་མི་རྣམས་ཀྱིས་དད་པ་དང་གུས་པས་རྒྱལ་པོ་མཉེས་པའི་ཆེད་དུ་འབུལ་བ་ཡིན་གསུངས༔ བུད་མེད་ཀྱིས་ལྷ་ལྕམ་ཁྲིད་ནས༔ རྒྱལ་པོ་ཆེན་པོ་ལགས༔ ལྷ་ལྕམ་འདི་མྱུར་དུ་ངན་སོང་ལས་ཐར་བའི་ཐབས་ཤིག་ཞུ་ཞེས་ཞུས་པས༔ རྒྱལ་པོའི་ཞལ་ནས༔ ལྷ་ལྕམ་དད་པ་དང་དམ་ཚིག་ལྡན་པ་ཡོད་དམ༔ དད་པ་ཡོད་ན་བདག་གིས་བྱིན་གྱིས་བརླབ་པར་ནུས་གསུངས༔

ལྷ་ལྕམ་གྱི་ཞལ་ནས༔ ང་ལ་དད་པ་དང་དམ་ཚིག་ལྡན་པ་ཡོད་ཞུས་པས༔ རྒྱལ་པོའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱི་ཅི་བསམ་ངེད་ཀྱིས་ཤེས༔ ཁྱོད་ཀྱི་དད་པ་མཚན་ཉིད་དང་ལྡན་པ་མ་ཡིན༔ ཁྱོད་ཀྱི་དད་པ་ཐེ་ཚོམ་དུ་འདུག་པས༔ དེས་ལམ་དུ་མི་འགྲོ༔ དད་པ་ལམ་དུ་འགྲོ་བ་རེང་བར་བྱེད་པ༔ བླ་མས་ཅི་མཛད་ལེགས་པར་མཐོང་བ་དང་༔ ཅི་གསུངས་ཚད་མར་འཛིན་པ་དང་༔ ཅི་བྱིན་ཟ་ནུས་པ་དང་༔ ཅི་བཅོལ་བྱེད་ནུས་པ་དང་༔ ཅི་ཡོད་ཐམས་ཅད་འབུལ་ནུས་པ་གྲོང་ཁྱེར་འདིའི་མི་འདྲ་བ་གཅིག་དགོས་པ་ཡིན་གསུངས་སོ༔ ལྷ་ལྕམ་གྱི་ཐུགས་དགོངས་ལ་ང་རང་གི་དད་པ་ཐེ་ཚོམ་ཅན་དུ་འདུག་པ་ཞེ་རེ་ཁྲེལ༔ གྲོང་ཁྱེར་གྱི་མི་རྣམས་ཆེ་ཆུང་མེད་པར་དད་པ་འདི་འདྲ་བ་ཡོད་པ་ངོ་མཚར་ཆེ་བསམས་སོ༔ རྒྱལ་པོ་འདི་རིགས་ལྡན་གྱི་རྒྱལ་པོ་ཡིན་པར་འདུག༔ འདི་ལ་མྱུར་དུ་སངས་རྒྱ་བའི་གདམས་ངག་གཅིག་ཞུ་དགོས་སྙམ་ནས༔ བུད་མེད་ལ་ཞུས་པ༔ རྒྱལ་པོ་འདི་མིའི་རྒྱལ་པོ་ཞིག་ཡིན་ནམ༔ ཞེ་སྡང་གི་དབང་ཆེན་པོ་དང་ལྡན་པས་ཟས་ནོར་ཐམས་ཅད་སྡུད་པ་ཞིག་ཡིན་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ལ་དད་པ་མེད་ལས་ཆེ༔ རྒྱལ་པོ་འདི་ལ་ཆོས་ལོས་ཡོད༔ གྲོང་ཁྱེར་གྱི་མི་ཐམས་ཅད་ལ་དད་པ་ཡོད་པས༔ ཆོས་ཀྱི་རྒྱལ་པོར་མཐོང་བ་ཡིན༔ རྒྱལ་པོ་མཉེས་པར་བྱ་བའི་ཕྱིར་གྲོང་ཁྱེར་གྱི་མི་རྣམས་སྲོག་ལ་ཕངས་པ་མེད་པར་འབུལ་བས༔ རང་གི་བསམ་པ་རྣམ་པར་དག་ན་རྒྱལ་པོའི་ཐུགས་རྗེ་ལ་ཕྱོགས་རིས་མེད་དོ༔ ཡང་རྒྱལ་པོས་མི་མང་པོ་བསད་ནས་ཤ་ཟ་བ་དང་༔ ཁྲག་འཐུང་བ་དང་༔ རུས་པ་མུར་བ་དང་༔ པགས་པ་གྱོན་པ་ལ་སོགས་བྱས་ཀྱང་༔ གྲོང་ཁྱེར་གྱི་མི་རྣམས་རྒྱལ་པོ་ལ་བལྟ་ཞིང་མོས་གུས་དང་ལྡན་པར་གྱུར་པ་དང་༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ རྒྱལ་པོ་འདིས་མི་མང་པོ་བསད་ནས་ཟ་ཡང་གྲོང་ཁྱེར་གྱི་མི་རྣམས་མོས་གུས་དང་ལྡན་པ་ཅི་ཡིན་ཞུས་པས༔ བུད་མེད་དེའི་ཞལ་ནས༔ རྒྱལ་པོས་ཅི་མཛད་ཐམས་ཅད་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ལེགས་པར་མཐོང་བ་ཡིན༔ ཡང་རྒྱལ་པོས༔ གྲོང་ཁྱེར་གྱི་མི་རྣམས་ལ་རྡོ་ཐམས་ཅད་ཟན་ཡིན་པས་ཟོ་ཞིག་ཟེར་རོ༔

དེ་ནས་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཁའི་སོ་ཆག་ཆག་རྡོ་ཟ་བ་དང་༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་ཁའི་སོ་ཆག་ཆག་རྡོ་ཟ་བ་ཅི་ལགས༔ རྒྱལ་པོས་བཀའ་གནང་བ་བསྔངས༔ རང་དབང་མ་བྱུང་བ་ཡིན་ནམ་ཞུས་པས༔ བུད་མེད་ཀྱི་ཞལ་ནས༔ ལྷ་ལྕམ་ཁྱོད་ལ་དད་པ་མི་འདུག༔ གྲོང་ཁྱེར་གྱི་མི་རྣམས་ཀྱིས་རྒྱལ་པོས་ཅི་གསུངས་ཐམས་ཅད་བདེན་པར་གོ་བ་ཡིན་གསུངས༔ ཡང་གྲོང་ཁྱེར་གྱི་མི་རྣམས་ཁྲོམ་དུ་ཚོགས་ཏེ༔ དུག་ཆུ་རེ་བྱིན་ནས་འདི་མྱུར་དུ་འཐུངས་ཤིག་བྱས་སོ༔ གྲོང་ཁྱེར་གྱི་མི་རྣམས་ཀྱི་ལུས་གས་ཤིང་བརྒྱལ་ན་ཡང་༔ སྙིང་རུས་དང་བཅས་ནས་དུག་འཐུང་བ་དང་༔ ལྷ་ལྕམ་གྱིས་བུད་མེད་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་སྲོག་ལ་བབ་ཀྱང་དུག་ཆུ་འཐུང་བ་ཅི་ལགས་ཞུས་པས༔ བུད་མེད་ཀྱི་ཞལ་ནས༔ ལྷ་ལྕམ་ཁྱོད་ཉོན་ཅིག༔ གྲོང་ཁྱེར་གྱི་མི་རྣམས་རྒྱལ་པོས་ཅི་བྱིན་ཟས་སུ་མཐོང་བ་ཡིན་གསུངས༔ ཡང་ཉིན་གཅིག་གྲོང་ཁྱེར་གྱི་མི་མང་ཚོགས་ཏེ༔ རྒྱལ་པོའི་ཞལ་ནས༔ མེ་མ་མུར་ལ་མཆོང་བ་དང་༔ ཐལ་ཚན་ཆུས་ཁྲུས་བྱེད་པ་དང་༔ རྒྱ་མཚོའི་ནང་གི་རྡོ་བ་སྨུག་ཆུང་ཁུར་ལ་ཤོག་ཅིག་ཅེས་བྱས་སོ༔

གྲོང་ཁྱེར་གྱི་མི་རྣམས་ནི་ལུས་ལ་ཆུ་བུར་རམ་རམ་བརྡོལ་ཀྱང་མེ་ལ་མཆོང་བ་དང་༔ ཐལ་ཚན་གྱི་ཆུས་ཁྲུས་བྱེད་པ་དང་༔ རྒྱ་མཚོའི་ནང་གི་རྡོ་བ་སྨུག་ཆུང་ལེན་པ་ལ་སོགས་རང་རང་གི་སྲོག་ལ་ཕངས་པ་མེད་པར་ཅི་མྱུར་དུ་བྱས་སོ༔ ལྷ་ལྕམ་གྱིས་བུད་མེད་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་སྲོག་ལ་མི་ཕངས་པར༔ མེ་ལ་མཆོང་བ་དང་༔ ཐལ་ཆུས་ཁྲུས་བྱ་བ་དང་༔ རྒྱ་མཚོའི་ནང་གི་རྡོ་ལེན་པ་ཅི་ལ་བྱེད་པ་ཡིན་ཞུས་པས༔ བུད་མེད་ཀྱི་ཞལ་ནས༔ གྲོང་ཁྱེར་གྱི་མི་རྣམས་རྒྱལ་པོས་ཅི་བཅོལ་བྱེད་ནུས་པ་ཡིན་གསུངས༔ ལྷ་ལྕམ་ཁྱོད་ཀྱིས་བླ་མའི་བཀའ་བྱུང་ན་འདི་བཞིན་ནུས་སམ་ཟེར་རོ༔ ཡང་གྲོང་ཁྱེར་གྱི་མི་རྣམས་ཚོགས་ཏེ༔ རྒྱལ་པོའི་ཞལ་ནས༔ དེ་རིང་སྔ་དྲོ་འདི་ལ་ལོངས་སྤྱོད་ཀྱི་འབུལ་བ་ཆེན་པོ་གྱིས་ཤིག་གསུངས་པ་དང་༔ མི་རྣམས་ཀྱིས་རང་ལ་གང་ཡོད་པའི་ནོར་རྟ་དང་གསེར་དངུལ་གཡུ་མན་ཤེལ་བྱི་རུ་ལ་སོགས་དང་༔ རང་གི་ལུས་ངག་ཡིད་གསུམ་འབུལ་བ་དང་༔ ལྷ་ལྕམ་གྱིས་བུད་མེད་ལ་ཞུས་པ༔ གྲོང་ཁྱེར་གྱི་མི་རྣམས་ཀྱིས་ནོར་རྫས་ལུས་སྲོག་དང་བཅས་པ་རྒྱལ་པོ་ལ་འབུལ་བ་ཅི་ལགས་ཞུས་པས༔

བུད་མེད་ཀྱི་ཞལ་ནས༔ ལྷ་ལྕམ་ཉོན་དང་༔ གྲོང་ཁྱེར་གྱི་མི་རྣམས་རང་ལ་ཅི་ཡོད་འབུལ་ནུས་པ་ཡིན༔ ལྷ་ལྕམ་ཁྱོད་ཀྱིས་དེ་བཞིན་ཅི་ཡོད་བླ་མ་ལ་འབུལ་ནུས་སམ་གསུངས༔ རྒྱལ་བུ་འཁོར་བཅས་རྣམས་ཕོ་བྲང་དུ་རྡོ་རྗེ་རྩེ་ལྔའི་རྟ་ལ་ཆིབས་ནས་བཞུད་དོ༔ བུད་མེད་ཀྱིས་ལྷ་ལྕམ་ཕྱག་ནས་ཁྲིད་དེ་ཕྱིན་པས༔ བུད་མེད་ཀྱི་ཞལ་ནས་ལྷ་ལྕམ་ཉོན་དང་༔ ཁྱོད་ཀྱི་དད་པ་ཚད་དུ་མ་ཕྱིན་པས་རྒྱལ་པོ་ཞལ་མཇལ་དུ་མེད་པ་དེ་ལ་ལྟོས་དང་༔ དེ་ལས་ཡ་མཚན་པ་ཕ་གིའི་ནང་ན་ཡོད་གསུངས་ནས༔ ལུང་པ་སེར་ཏིང་ངེ་བ་ཞིག་གི་ནང་དུ་ལྷ་ལྕམ་གྱི་ཕྱག་ནས་འཇུས་ཏེ་ཁྲིད་སོང་ངོ་༔ ལུང་པ་དེའི་ནང་ན་གསེར་གྱི་ཕ་གུ་བརྩིགས་པའི་ཕོ་བྲང་ནང་གཡུའི་ཐོག་ཕུབ་པ༔ མུ་ཏིག་དང་ནོར་བུ་དང་༔ གཡེར་ཁས་བརྒྱན་པ༔ ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་མཐའ་མ་ལྕགས་རིས་བསྐོར་བ༔ ཕོ་བྲང་གི་ལྷོ་ཕྱོགས་ན་ཁྲུས་ཀྱི་རྫིང་བུ་འོད་ལྔའི་ཁ་དོག་དང་ལྡན་པ༔ དེའི་མཐའ་ལ་མེ་ཏོག་གིས་བསྐོར་བ༔ དྲི་ཞིམ་བྲོ་བའི་རྫིང་བུ་ན༔ བུ་མོ་དང་ཁྱེའུ་མང་པོ་ཚོགས་ནས་ཁྲུས་བྱེད་ཅིང་བཟའ་བཏུང་གི་ལོངས་སྤྱོད་ཆེན་པོ་བྱེད་དོ༔ དེ་རྣམས་ཀྱི་ནང་ནས་བུ་མོ་མཛེས་ཤིང་ཡིད་དུ་འོང་བ་ལང་ཚོ་དང་ལྡན་པ་གཅིག་གིས་རྒྱུན་ཆད་མེད་པར་སྦྱིན་པ་གཏོང་བ་དང་༔ ངག་གིས་ཡེངས་མེད་དུ་གསོལ་བ་འདེབས་པ་དང་༔ མིག་གིས་རིགས་ངན་ལ་ལྟ་ཞིང་མཆི་མ་ཁྲག་ཏུ་འཛག་པ་དང་༔ རྐང་པས་མ་དལ་བར་རྫིང་བུའི་ཁ་ལ་སྐོར་བ་བྱེད་པ་དང་༔ ལུས་ལ་གོས་མེད་པ་གཅིག་མཐོང་ནས༔ ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ གྲོང་ཁྱེར་འདིའི་ནང་ན་འདུས་པའི་ཁྱེའུ་ཕོ་མོ་རྣམས་རྫིང་བུའི་འགྲམ་དུ་ཚོགས་ནས་ཅི་བྱེད༔ འདི་རྣམས་ཀྱི་ནང་ནས་བུ་མོ་གཅེར་བུ་གཅིག་སྤྱོད་ལམ་ངལ་དུབ་མེད་པར་སྐོར་བ་བྱེད་པ་དང་༔ གསོལ་བ་འདེབས་པ་ཅི་བྱེད་པ་ཡིན༔ ཞུས་པ་དང་༔ བུད་མེད་ཀྱི་གསུངས་ནས༔ ལྷ་ལྕམ་ཁྱོད་ཉོན་ཅིག༔ ཁྱེའུ་ཕོ་མོ་འདི་རྣམས་ཀྱིས་ཁྲུས་ཀྱི་རྫིང་བུ་ལ་ཁྲུས་བྱས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་ཤེས་པ་ཡིན༔ སྦྱིན་པ་མྱུར་དུ་གཏོང་བ་ནི་སྦྱིན་པ་གཏོང་བའི་ལོང་མ་བྱུང་གིས་དོགས་ནས་འཇིགས་པ་ཡིན༔ ངག་ནས་གསོལ་བ་ཡེངས་མེད་དུ་འདེབས་པ་ནི༔ ངན་སོང་གསུམ་གྱི་སྐྱབས་གནས་ཡིན་པས་བླ་མ་ལ་གསོལ་བ་འདེབས་པའི་ལོང་མ་བྱུང་གིས་དོགས་པ་ཡིན༔ མིག་གིས་རིགས་ངན་ལ་ལྟ་ཞིང་མཆི་མ་ཁྲག་ཏུ་འཛག་པ་ནི༔ ཁོ་རང་ཆོས་མ་ཐོབ་པར་རིགས་ངན་དུ་སྐྱེས་ཀྱིས་དོགས་ནས་བྲེད་པ་ཡིན༔ རྐང་པ་གཉིས་མི་དལ་བར་སྐོར་བ་བསྐོར་བ་ནི༔ རྫིང་བུ་ཁ་དོག་ལྔ་དང་ལྡན་པ་ཡོན་ཏན་འབྱུང་བའི་གནས་ཡིན་པས་དངོས་གྲུབ་མྱུར་དུ་ལེན་པའི་བསམ་པ་ཡོད་པ་ཡིན༔ གཅེར་བུར་ཧུར་ནས་རྒྱུག་པ་འདི༔ བསོད་ནམས་ཀྱི་ཚོགས་གསོག་པ་ལ་ལུས་ལ་གོས་མ་གྱོན་པ་འདི་ལུས་ལ་སྙིང་པོ་མེད་པ་ས་རྡོ་དང་འདྲ་བར་ཤེས་པ་ཡིན་གསུངས་སོ༔

ལྷ་ལྕམ་གྱིས་བུད་མེད་ལ་ཞུས་པ༔ ཕོ་བྲང་འདིའི་ནང་ན་ཅི་ཡོད་ཞུས་པས༔ བུད་མེད་ཀྱིས་གསུངས་ནས༔ ཕོ་བྲང་འདིའི་ནང་ན་ཡ་མཚན་ཆེ་བ་མང་པོ་ཡོད་ལྟ་བ་ལ་འདོང་གསུངས་ནས༔ དེ་ནས་ཕོ་བྲང་དུ་ཕྱིན་པས་ཁྱམས་ཆེན་པོའི་དབུས་སུ་རིན་པོ་ཆེའི་ཁྲིའི་སྟེང་ན་ཁྱེའུ་ཡིད་དུ་འོང་བ་གཅིག་བཞུགས་སོ༔ འཁོར་དུ་ལུས་ཆེ་ཞིང་མགྲིན་པ་ཕྲ་བ་མཛེས་ཤིང་འཐད་པ་སྣ་ཚོགས་ཀྱིས་བསྐོར་བ་ཡོད་པ་དང་༔ ཁྱེའུས་རྐང་པ་གཡས་གཡོན་ནས་ཤ་བཅད་ནས་དབུལ་བ་རྣམས་ལ་སྦྱིན་པ་མཐོང་༔ རེས་འགའ་ནི་ལུས་ཀྱི་ཤ་རྣམས་བཅད་ནས་སྦྱིན་པ་དང་༔ རེས་འགའ་ནི་མཉམ་པར་བཞག་པ་ལ་གནས་སོ༔ མིག་གིས་ལྷ་ལྕམ་དང་བུད་མེད་གཉིས་ལ་ལྟ་ཞིང་༔ ངག་ནས་འདི་སྐད་ཅེས་སྨྲས་སོ༔ ཁྱེད་གཉིས་འདིར་ཅི་བྱེད་པ་ལ་འོངས༔ ཚེ་ལ་ལོང་ཡོད་དམ༔ མིའི་བུ་མོ་ཡིན་ན་སྐྱེ་བ་དང་འཆི་བ་མི་འབྱུང་ངམ་ཟེར་རོ༔ དེ་ནས་ལྷ་ལྕམ་གྱིས་རྒྱལ་པོ་དེ་ལ་ལན་བཏབ་པ༔ བདག་ནི་མིའི་བུ་མོ་ཡིན༔ སྐྱེ་བ་དང་འཆི་བ་ཡང་ཡོད་ལ༔ ཚེ་ལ་ལོང་མེད་པ་ཡང་ཤེས༔ ཕོ་བྲང་འདི་དང་ཁྱོད་ལ་བལྟ་བ་ལ་ཡོང་བ་ཡིན་ཞེས་སྨྲས་སོ༔ རྒྱལ་པོ་དེས་ལྷ་ལྕམ་དང་བུད་མེད་གཉིས་ལ་འདི་སྐད་ཅེས་ཟེར་རོ༔

ལྷ་ལྕམ་དང་བུད་མེད་གཉིས་ཀྱིས་ཚེ་ལ་ལོང་མེད་པར་ཤེས་ན༔ འདིར་ཡོང་བ་དང་ཕོ་བྲང་དང་བདག་ལ་བལྟ་བའི་ལོང་ཡོད་པ་ཞེ་རེ་ཁྲེལ༔ ངེད་ལ་བལྟ་རྒྱུ་ཅི་ཡོད༔ འཆི་བ་འོང་བ་མ་ཤེས་སམ༔ ང་ནི་འཆི་བ་ནམ་འོང་མི་ཤེས་པས་སྐྲག་པ་ཡིན་པས༔ ནོར་གྱི་བང་མཛོད་སྦྱིན་པ་གཏོང་ལོང་མེད་པས༔ ལུས་ཀྱི་ཤ་གཞོགས་ཤིང་གཏོང་དགོས་པ་བྱུང་༔ ལར་བུད་མེད་ཁྱེད་གཉིས་དང་གཏམ་སྨྲ་བའི་ལོང་མེད༔ ནམ་འཆི་མི་ཤེས་པས་བར་ཆད་མ་བྱེད་ཕོ་བྲང་གི་ཕྱིར་སོང་ཟེར་རོ༔ བུད་མེད་ཀྱི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱིས་རྫིང་བུའི་འགྲམ་གྱི་བུ་མོ་དང་༔ ཕོ་བྲང་གི་རྒྱལ་པོ་ལ་ལྟོས་དང་༔ ཁྱེད་ཚེ་འདི་ལ་ཡེངས་པས་སངས་རྒྱས་པའི་དུས་མི་འོང་གསུངས་པ་དང་༔ ལྷ་ལྕམ་རང་ཉིད་བརྩོན་འགྲུས་ཆུང་བ་ལ་སྐྱོ་ཞིང་སེམས་ཕམ་པར་གྱུར་ཏེ༔ བརྒྱལ་ཞིང་འགྱེལ་ལོ༔ བརྒྱལ་སངས་ནས་དྲན་པ་སླར་རྙེད་ནས་བལྟས་པས༔ རྒྱལ་པོ་འོད་ཕུང་དུ་ཞུ་ནས་སངས་རྒྱས་པ་མཐོང་༔ ཕོ་བྲང་གི་ཕྱིར་བྱོན་ནས་རྫིང་བུའི་འགྲམ་དུ་ཕྱིན་པ་དང་༔ གཅེར་བུར་རྒྱུག་པའི་བུ་མོ་དེ་ཡང་༔ རྡོ་རྗེ་དང་དྲིལ་བུ་བསྣམས་ནས་རྡོ་རྗེའི་སྟེང་དུ་བཞུགས་ཏེ་ནམ་མཁའི་མཐོངས་ལ་བྱོན་པ་མཐོང་ངོ་༔ དེ་ནས་ལྷ་ལྕམ་ལ་བུད་མེད་དེས་གསུངས་པ༔ འདི་ནས་མར་ལ་འདོང་ངོ་ཟེར་རོ༔ དེ་ནས་མར་ལ་ཕྱིན་པས་ལུང་པ་སྔོ་ལྗང་ཞིག་འདུག༔ ལུང་པའི་མདའ་རྒྱ་མཚོའི་འགྲམ་ན་མེ་ཏོག་པདྨའི་ནགས་ཚལ་གྱི་གླིང་ཞིག་འདུག༔ དེའི་དབུས་ན་རིན་པོ་ཆེའི་རི་བོ་ཞིག་འདུག༔ རི་དེའི་མཐའ་རྣམས་གྲོང་ཁྱེར་གྱིས་བསྐོར་ལ༔ ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པ༔ མཚམས་བཞི་ན་དྲི་མཆོག་རོ་ངད་དང་ལྡན་པའི་འབྲས་བུ་མང་པོ་སྐྱེ་བ༔ རྩེ་ན་ནོར་བུའི་ཏོག་ཡོད་པ༔ གང་ནས་བལྟས་ཀྱང་ཡིད་དུ་འོང་བ༔ རི་དེའི་ལྷོ་ཕྱོགས་ན་གྲོང་ཁྱེར་མདོག་སྔོ་ལ་ཕ་གུས་བརྩིགས་པ་ཡོད་པ༔ གསེར་གྱི་མུ་ཁྱུད་ཀྱིས་བརྒྱན་པ༔ གཡུའི་ཐོག་ཕུབ་ནས་ཡོད་པའི་ཕོ་བྲང་དེའི་སྲང་སྒོར་ཕྱིན་པས༔ བུད་མེད་གཉིས་ཀྱིས་གར་འགྲོ་ཅི་བྱེད་ཟེར་ནས་ལྕགས་ཀྱི་བུམ་པ་རེ་རེ་ཁུར༔ པང་དུ་མི་རོ་རེ་རེ་ཐོགས༔ བཞིན་གཉེར་ཞིང་མིག་འབྲུ་ཚུགས་སུ་ལྷ་ལྕམ་ཉིད་ལ་ལྟ་བ་དང་༔ ལྷ་ལྕམ་གྱིས་སྨྲས་པ༔ ངེད་ནི་མཆིམས་ཕུའི་དུར་ཁྲོད་བྱ་བ་ནས་ཡིན༔ ཕོ་བྲང་ལྟད་མོ་ལ་ཡོང་བས་ལམ་མ་དགག་པར་བདེ་མོར་ཐོངས་ཤིག༔ བུད་མེད་གཉིས་ན་རེ༔ ཁྱེད་གཉིས་ཕོ་བྲང་དུ་འགྲོ་ན༔ ཁུར་འདི་ཐེག་གམ༔ སྤྱོད་ལམ་འདི་ལ་ཞུགས་སམ་ཟེར་ནས༔ ལྕགས་ཀྱི་བུམ་པ་མི་རོས་བཀང་བ་གཅིག་རྒྱབ་ཏུ་བསྐུར་ནས་བྱུང་ངོ་༔ ལྷ་ལྕམ་ཉིད་ཀྱིས་སྨྲས་པ༔ ངེད་ཀྱིས་ཁུར་ན་མི་ཐེག༔ མ་ཁུར་བར་འགྲོ་བའི་ཐབས་མེད་དམ༔ འདི་ཁུར་ནས་ཅི་བྱེད་པ་ཡིན་ཞེས་དྲིས་པས༔ བུད་མེད་གཉིས་ན་རེ༔ བུམ་པ་འདི་མ་ཁུར་བར་འགྲོ་བའི་ཐབས་མེད༔ བུམ་པ་འདི་སྣོད་ཡིན༔ མི་རོ་འདི་དངོས་གྲུབ་ཡིན༔ ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཐབས་ཡིན་གྱིས༔ དངོས་གྲུབ་མི་འདོད་ན་ཕྱིར་སོང་ཟེར་ནས་བུད་མེད་གཉིས་ཀྱིས་སྒོ་བསྡམས་ནས་ཕོ་བྲང་དུ་ལོག་གོ༔ ལྷ་ལྕམ་གྱིས་ཞུས་པ༔ ངེད་རང་གཉིས་ཕོ་བྲང་དུ་ཐར་པའི་ཐབས་ཡོད་དམ་ཞུས་པས༔ བུད་མེད་ཀྱིས་གསུངས་པ༔ ཐར་པའི་ཐབས་འོང་༔ ཚོང་འདུས་ལ་ལྟད་མོ་ལ་འདོང་ངོ་གསུངས༔ དེ་ནས་ཚོང་སར་ལྟད་མོ་ལ་ཕྱིན་པ་དང་༔ མི་མང་པོས་གསེར་གྱི་ཕ་གུ་མི་དང་མཉམ་པ་ཁུར་ནས་ཡན་ལག་བཞི་དང་རུས་པའི་ཚིགས་རྣམས་ཆག་ནས༔ སྐད་ངན་ལྷང་ལྷང་འདོན་གྱིན་འདུག་པ་དང་༔ ལྷ་ལྕམ་གྱིས་སྨྲས་པ༔ ཁྱེད་རྣམས་ལུས་ཀྱི་རུས་པ་ཆག་ཀྱང་གསེར་གྱི་ཕ་གུ་འདི་རྣམས་འཁུར་བ་ཅི་ཡིན་སྨྲས་པ་དང་༔ མི་དེ་རྣམས་ཀྱིས་འདི་སྐད་ཟེར་རོ༔ ངེད་ཕོ་བྲང་དུ་རྒྱལ་པོའི་ཡུམ་ལ་འབུལ་བ་བྱས་ན་དངོས་གྲུབ་ཐོབ་པར་འདོད་པ་ཡིན༔ དངོས་གྲུབ་ཅི་ཐོབ་དྲིས་པས༔ མི་རྣམས་ན་རེ་ངེད་དེ་རིང་གི་གྲོ་འདོད་པ་ཡིན༔ གསེར་གྱི་ཕ་གུ་འདི་འདྲ་བ་ཁུར་ནས་ཕྱིན་ཡང་རྒྱལ་པོའི་ཡུམ་ཐུགས་ཁྲེལ་ནས་གྲོ་མི་སྟེར་ཟེར་རོ༔ ལྷ་ལྕམ་གྱི་ཐུགས་དགོངས་ལ་མི་རྣམས་ལྟོ་གོས་ཕྱོགས་སུ་སྙིང་རུས་འདི་ཙམ་ནུས་པར་འདུག༔ ང་རང་གིས་ཆོས་བྱེད་པའི་སྙིང་རུས་མ་ནུས་པར་འདུག་བསམ་མོ༔

དེ་ནས་བུད་མེད་དེ་དང་འགྲོགས་ནས་སླར་ཕོ་བྲང་གི་སྒོ་དྲུང་དུ་ལོག་ནས་ཕྱིན༔ བུད་མེད་དེའི་ཞལ་ནས༔ རྣལ་འབྱོར་མ་ཆེན་པོ་ཕོ་བྲང་གི་སྒོ་འདི་ཕྱེ་དང་ཟེར་བ་དང་༔ སྔོན་གྱི་བུད་མེད་ཆེན་མོ་གཟུགས་བཟང་ཞིང་མིག་དམར་བ༔ སྐྲ་ལི་ཞིང་གཅེར་བུ་གཟི་བརྗིད་དང་ལྡན་པ་གཅིག་བྱུང་ནས༔ སྒོ་ཕྱེ་སྟེ་ནང་དུ་ཕྱིན་པ་དང་༔ ཐོག་འོག་མའི་སྟེང་ན་བུད་མེད་ཀྱི་ཚོགས་མང་པོ་འདུས་ན་ཆེ་བ་རྣམས་ཀྱིས་ཤ་ཟ༔ ཁྲག་འཐུང་༔ ཆུང་བ་རྣམས་ཀྱིས་རང་གི་ཤ་ཟ་བ་མཐོང་ནས༔ ལྷ་ལྕམ་བྲེད་དེ་གྲོགས་ཀྱི་བུད་མེད་ལ་འདི་འདྲ་ཅི་ལགས་ཞུས་པས༔བུད་མེད་ཀྱིས་སྨྲས་པ༔ འདི་ནི་མཁའ་འགྲོའི་གནས་ཡིན༔ གཙོ་ཆེ་བ་རྣམས་ཤ་ཟ་ཁྲག་སྤྱོད་པ་ནི་དབང་ཆེ་བ་ཡིན༔ ཆུང་བ་རྣམས་རང་གི་ཤ་བྲེགས་ནས་ཟ་བ་ནི་གཙོ་བོའི་གྲལ་དུ་ཨེ་ཚུད་ལྟ་བ་ཡིན༔ ཁྱེད་ཀྱིས་གོའམ་གསུངས་པ་དང་༔ ལྷ་ལྕམ་གྱི་བསམ་པ་ལ་སྙིང་རུས་འདི་ལྟ་བུ་ཡོད་ན་ཡོན་ཏན་སྣ་རེ་ལེན་པ་ལ༔ བདག་འདྲའི་ལས་ངན་མ་ཆོས་དྲན་ཀྱང་མི་ནུས་པ་སྐྱོན་ཆེ་བསམ་མོ༔ དེ་ནས་ཕོ་བྲང་གི་བར་ཁང་དུ་ཕྱིན་པ་དང་༔ གསེར་གྱི་ཁྲི་ཆེན་པོ་ལ་གཡུའི་ཕྲ་བཀོད་པ་གཅིག་གི་སྟེང་ན༔ རྒྱལ་པོ་གཟི་བརྗིད་དང་ལྡན་པ་གཅིག་བཞུགས་འདུག༔ རྒྱལ་པོ་དེ་ནི་གཟུགས་ཆེ་ཞིང་མདོག་སྔོ་བ༔ དབུ་སྐྲ་སྤྱི་གཙུག་ཏུ་བཅིངས་པ༔ ལུས་ལ་མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ ཀེང་རུས་ཕྲག་ལ་བཀལ་ཞིང་༔ ཕྱག་གཉིས་ཉི་ཟླ་བཟུང་བ༔ མིག་འབྲུ་ཚུགས་སུ་ལྟ་བ་གཅིག་གཟི་མདངས་ཡལ་ལེ་ཡོད་པ༔ རྒྱལ་པོ་དེའི་དྲུང་ན་བུད་མེད་གཅིག་གི་ཐུགས་ཀ་ནས་མེ་ཏོག་དམར་པོ་འདབ་མ་ལྔ་དང་ལྡན་པ་འོད་འཕྲོ་བ་དང་༔ རྒྱལ་པོའི་མདུན་ནས་རིལ་བུ་རེ་རེ་བླངས་ནས་མི་མང་ལ་བྱིན་པས༔ མི་དེ་རྣམས་ལུས་འོད་དུ་ཞུ་ནས་ནམ་མཁའ་ལ་ཡལ་བ་མཐོང་ངོ་༔

ལྷ་ལྕམ་གྱི་ཐུགས་དགོངས་ལ་རིལ་བུ་གཅིག་ཁོང་དུ་སོང་ནས་ཆོས་བྱེད་མི་དགོས་པར་སངས་རྒྱས་པ་གཅིག་ཡིན་པ་སྲིད༔ བདག་ཀྱང་རིལ་བུ་གཅིག་ཞུ་དགོས་སྙམ་ནས༔ བཙུན་མོ་ང་ལའང་རིལ་བུ་གཅིག་ཞུ་ཞེས་ཞུས་པ་དང་༔ བཙུན་མོ་དེས་འདི་སྐད་གསུངས༔ ཁྱོད་ཀྱིས་ལྕགས་ཀྱི་བུམ་པ་མི་རོས་གང་བ་འཁུར་མ་ནུས་པས༔ རིལ་བུ་ཐོབ་པའི་དབང་མ་བྱུང་༔ སྙིང་རུས་ཡོད་པ་རྣམས་ཀྱིས་ཐོབ་པ་ཡིན་གསུངས༔ ལྷ་ལྕམ་ནི་ཐུགས་མུག་ཅིང་གནོང་བར་གྱུར་ཏོ༔ དེ་ནས་ལྷ་ལྕམ་དང་བུད་མེད་གཉིས་ཕོ་བྲང་གི་སྟེང་དུ་བྱོན་ནོ༔ ཕོ་བྲང་གི་རྩེའི་ཕྱོགས་བཞི་ན༔ མི་རོའི་རྒྱལ་མཚན་ཕྱར་བ༔ ཟུར་བཞི་ན་ཙིཏྟའི་ཏོག་བཙུགས་པ༔ ཐོད་པ་སྐམ་པོའི་བ་གམ་བཀལ་བ༔ ཕྱི་རིན་པོ་ཆེ་ལ༔ ནང་དུར་ཁྲོད་ཀྱིས་བརྒྱན་པ་གཅིག་ཡོད༔ དེའི་དབུས་ན་བུད་མེད་མང་པོ་འདུས་ནས་ཡོད་པ་ལ༔ ལྷ་ལྕམ་དང་འགྲོགས་པའི་བུད་མེད་དེ་ལ་བལྟ་ཞིང་ཕྱག་འཚལ་ལོ༔ རང་རེ་རྣམས་ཀྱི་གཙོ་མོ་ཞི་བ་འཚོ་བོད་ཀྱི་དུར་ཁྲོད་རྣམས་བསྐོར་ནས་ཕྱག་ཕེབས་ཞེས་ཟེར་ཞིང་དགའ་བ་དང་སྤྲོ་བ་ཆེན་པོ་བྱེད་ཀྱིན་འདུག༔ ལྷ་ལྕམ་རང་དང་འགྲོགས་པའི་བུད་མེད་དེ་ན་རེ༔ འདིར་སྡོད་པའི་གནས་མ་ཡིན༔ ལུང་པ་ཕ་གིར་སོང་དང་༔ ཡ་མཚན་དང་དངོས་གྲུབ་ཡོད་ཀྱིས་ཞེས་ཕོ་བྲང་གི་རྩེ་ནས་མཛུབ་མོ་བཙུགས་ཏེ་བསྟན་ཏོ༔ ལྷ་ལྕམ་གྱི་ཞལ་ནས༔ ཕ་གིར་འགྲོ་བ་ལ་གྲོགས་མེད་འགྲོ་བའི་གྲོགས་དན་མཛད་པར་ཞུ་ཞུས་པས༔ བུད་མེད་དེའི་ཞལ་ནས༔ ངེད་ལ་ཁྱོད་ཀྱི་གྲོགས་བྱེད་པའི་ལོང་མེད༔ དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་སྲོག་སྐྱོབ་པ་ལ་སྡོད་དགོས༔ ཁྱེད་རང་སྙིང་རུས་གྱིས་ལ་སོང་༔ སྔར་ཡང་སྙིང་རུས་མེད་པས་སྐྱོན་བྱུང་༔ ཟག་མེད་ཀྱི་རིལ་བུ་མ་ཐོབ་པའི་རྒྱུས་མེད་དམ༔ ཐེ་ཚོམ་མ་བྱེད་པར་སོང་གསུངས་སོ༔ ལྷ་ལྕམ་གྱིས་ནུབ་ཕྱོགས་སུ་བྱོན་པས༔ ལུང་པ་ཡངས་ཤིང་རྒྱ་ཆེ་བ༔ ཁ་དོག་དམར་ཞིང་འོད་ཀྱི་གུར་ཕུབ་པ༔ རི་རྣམས་ཀྱི་རྩེ་ནས་མེ་འབར་བ༔ ས་གཞི་གློ་སྙིང་དང་ཀེང་རུས་བཀྲམ་པ་འདྲ་བ༔ ཆུ་བོ་དང་རྒྱ་མཚོ་ཁྲག་ཏུ་འབབ་ཅིང་འཁྱིལ་བ༔ ཉི་ཟླའི་ཆར་པ་འབབ་པའི་རིན་པོ་ཆེའི་གྲོང་ཁྱེར་མང་པོའི་དབུས་ན༔ ཕོ་བྲང་ཆེན་པོ་རིགས་ལྔའི་ཚུལ་དུ་ཕྱོགས་བཞི་ན་ཡོད་པ༔ ཤར་གྱི་ཕོ་བྲང་དཀར་ཞིང་དྭངས་པ༔ ལྷོའི་ཕོ་བྲང་སེར་ཞིང་བཀྲག་པ༔ ནུབ་ཀྱི་ཕོ་བྲང་དམར་ཞིང་སྣུམ་པ༔ བྱང་གི་ཕོ་བྲང་ལྗང་ཞིང་རྔམ་པ༔ དབུས་ཀྱི་ཕོ་བྲང་མཐིང་ཞིང་འོད་འཕྲོ་བ༔ ཕྱི་རྣམས་ལ་ནོར་བུ་དང་གཡེར་ཁའི་དྲ་བས་བརྒྱན་པ༔ སྟེང་ན་གདུགས་དང་འཁོར་ལོའི་རྒྱན་གྱིས་མཛེས་པ༔ དེའི་ཕྱི་ན་ཙན་དན་དང་མེ་ཏོག་གི་ར་བས་བསྐོར་བ༔ རྡོ་རྗེ་བརྩེགས་པའི་ལྕགས་རིས་བསྐོར་བ༔ ཕྱོགས་བཞི་ན་སྒོ་ཆེན་པོ་བཞི་ཡོད་པ༔ མི་རྣམས་ལ་ལ་ནི་འཇིགས་ཤིང་ཁྲོ་བ༔ ལ་ལ་ནི་མཛེས་ཤིང་ཡིད་དུ་འོང་བ་ཡོད་པ་ལ༔ ལྷ་ལྕམ་གྱིས་ཤར་གྱི་སྒོ་དྲུང་དུ་ཕྱིན་པ་དང་༔ བུད་མེད་གཟུགས་རིང་ཞིང་མདོག་ནག་པ་མང་པོ་ཡོད་པའི་བུད་མེད་དེ་རྣམས་ན་རེ༔ ཁྱེད་ཅི་བྱེད་གར་འགྲོ་འདི་སོད་ཅིག་ཟེར་བ་དང་༔ ལག་པ་གཉིས་ནས་འཇུས་ཏེ༔ ཡར་བླངས་ཤིང་མར་བརྡབས་པས༔ ན་བ་དང་ཚ་བའི་ཟུག་གཟེར་གྱིས་དྲན་པ་མེད་པར་བརྒྱལ་ལོ༔ བརྒྱལ་སངས་པ་དང་༔ བུད་མེད་དེ་རྣམས་ཀྱིས་ཧ་དིར་གྱིས་གད་མོ་ཆེན་པོ་བགད་དོ༔

ལྷ་ལྕམ་གྱིས་སྨྲས་པ༔ བདག་ནི་བསམ་ཡས་མཆིམས་ཕུ་ནས་ཡིན༔ ཕོ་བྲང་འདིར་དངོས་གྲུབ་འདོད་ནས་འོངས་པ་ཡིན་བྱས་པས༔ བུད་མེད་དེ་རྣམས་ན་རེ༔ ཁྱོད་ལ་གནས་པོ་སུ་ཡོད་ཟེར་བ་དང་༔ ལྷ་ལྕམ་གྱིས་སྨྲས་པ༔ ངེད་བོད་ཀྱི་ཡུལ་ན་ཨོ་རྒྱན་པདྨ་ཞེས་བྱ་བའི་རྣལ་འབྱོར་པ་བཟང་པོ་གཅིག་ཡོད༔ དེའི་གསུངས་ནས་དུར་ཁྲོད་དེར་ལོ་བཅུ་གཉིས་སྒོམས་ཤིག་གསུངས་པ་དང་༔ ངེད་ཀྱིས་གནས་དེར་སྒྲུབ་པ་ལ་བསྡད་པའི་དུས་སུ༔ བུད་མེད་གཅིག་བྱུང་ནས་དབང་མེད་དུ་ཁྲིད་དེ༔ ཞིང་ཁམས་འདིར་སོང་ཟེར་བས་འོངས་པ་ཡིན་ལགས་བྱས་པས༔ རྣལ་འབྱོར་མ་ཆེན་མོ་གཅིག་ན་རེ༔ ཕོ་བྲང་དུ་འགྲོ་བ་ལ་བརྔན་པ་ཅི་སྟེར་ཟེར་ནས་ལག་པ་ལ་འཇུས་སོ༔ ལྷ་ལྕམ་གྱིས་སྨྲས་པ༔ བརྔན་པ་སྟེར་བའི་བསམ་པ་ཡོད་དེ༔ ནོར་རྫས་མེད་པ་ཡན་ལག་གི་ཤ་འདོད་ན་བྲེགས་ནས་སྟེར་རོ༔ ཞེས་སྨྲས་པ་དང་༔ བུད་མེད་དེ་རྣམས་ན་རེ༔ ཡན་ལག་གི་ཤ་མི་འདོད༔ ནགས་གསེབ་ཀྱི་སྟག་མོ་གསོད་དགོས་ཟེར་རོ༔

ལྷ་ལྕམ་གྱི་དགོངས་པ་ལ༔ སྟག་མོ་བསད་ན་སྡིག་པའི་རྣམ་སྨིན་ཆེ༔ མ་བསད་ན་དངོས་གྲུབ་མི་ཐོབ་པར་འདུག༔ སྟག་མོའི་ཤ་མེད་ན་འདི་རྣམས་ཀྱིས་ཕོ་བྲང་དུ་མི་གཏོང་བར་འདུག༔ ཇི་ལྟར་བྱས་ཀྱང་དངོས་གྲུབ་ལོན་པར་མི་འདུག༔ དངོས་གྲུབ་ལེན་པའི་ཐབས་ཇི་ལྟར་བྱས་ཀྱང་མི་འོང་བ་འདྲ༔ ནགས་གསེབ་ཏུ་ཕྱིན་ན་སྟག་ཕྲུག་ཤི་བའི་རོ་ཡོད་པ་སྲིད་བསམས་ནས༔ ནགས་གསེབ་གཅིག་ན་ཡར་ཕྱིན་པ་དང་༔ སྟག་མོ་གཅིག་ལ་སྟག་ཕྲུག་བཅོ་བརྒྱད་བཞིབས་ཤིང་འདུག་པ་དང་༔ ལྷ་ལྕམ་གྱིས་དེའི་དྲུང་དུ་ཕྱིན་པ་དང་༔ སྟག་ཕྲུག་རྣམས་མའི་ནུ་མ་ཟད་ནས་འཐུང་རྒྱུ་མེད་པར་ཤི་ལ་ཁད་ཡོད་པ་དང་༔ མ་ཡང་ཤ་ཟད་རུས་ཟད་ལ་སོང་ནས་ཤི་ལ་ཁད་ཡོད་པ་དང་༔ དེ་རྣམས་ཀྱི་སྲོག་འཚོ་བའི་ཐབས་ཇི་ལྟར་བྱེད་བསམས་ནས༔ སྙིང་རྗེས་མ་བཟོད་པར་བདག་གི་ཤ་རུས་བྱིན་དགོས་བསམས་ཏེ༔ ལྷ་ལྕམ་གྱིས་ཙན་དན་གྱི་ཡལ་ག་བཅད་ནས་སྟག་མོ་མ་བུ་ལ་བྱིན་པས་སྟག་མོ་མ་བུ་འཚོ་བར་གྱུར་ཏེ༔ ལྷ་ལྕམ་ཡང་ལུས་ཀྱི་ཤ་ཟད་དེ་ཀེང་རུས་སུ་སོང་༔ ལྷ་ལྕམ་ཚེའི་དུས་བྱེད་པ་ལ་ཐུག་པ་དང་༔ སྟག་མོས་ལྷ་ལྕམ་རིགས་ལྡན་ཡིན་པར་མཐོང་ནས་ཙནྡན་གྱི་ཐང་ཆུ་དང་མེ་ཏོག་གི་རྩི་རྣམས་བསྡུས་ནས་ཤ་བཅད་པའི་རྨ་ལ་བྱུག་པས་རྨ་ཡང་སོས་སོ༔ ལྷ་ལྕམ་དྲན་པ་རྙེད་ནས་གཟིགས་པས༔ སྟག་མོ་མྱ་ངན་ཆེན་པོ་བྱེད་པ་མཐོང་བ་དང་༔ རི་དྭགས་རྣམས་ཀྱང་བྱམས་པའི་མི་ལ་སེམས་བརྩེ་ཞིང་སྡུག་བསྔལ་གྱིས་ནོན་པར་འདུག༔ གལ་ཏེ་བདག་ཤི་བར་གྱུར་ན༔ སྟག་མོ་མྱ་ངན་གྱིས་ནོན་དེ་འཆི་བར་འདུག་བསམས་ནས་སྙིང་རྗེ་ཆེན་པོ་སྐྱེས་ཏེ༔ ཙན་དན་གྱི་ཡལ་ག་ལ་འཇུས་ཏེ༔ ལྷ་ལྕམ་གྱིས་སྟག་མོ་མ་སྨད་ལ་སྨྲས་པ༔ ཤིང་སྣ་འཛོམས་པའི་ནགས་ཀྱི་ཁྲོད༔ ཙན་དན་པདྨའི་དྲི་ངད་ལྡན༔ ལས་ལྡན་སྟག་མོ་མ་བུ་རྣམས༔ ལས་ཀྱི་དབང་གིས་འདིར་འཛོམས་ཏེ༔ ཕན་པའི་སེམས་ཀྱིས་སྙིང་རྗེ་ཡིན༔ མ་བཟོད་སྲོག་ལ་མི་ཕངས་པར༔ ཤ་ལས་བཅད་དེ་ཁྱོད་ལ་བྱིན༔ ཁྱོད་ཀྱི་སྲོག་ལ་ཕན་པ་ན༔ ལྷ་ལྕམ་ང་ལ་འགྱོད་པ་མེད༔ སྟག་མོ་མྱ་ངན་མ་བྱེད་ཅིག༔ བདེན་པས་མི་སླུ་འཆི་མི་སྲིད༔ ཅེས་སྨྲས་པ་དང་༔ ཅུང་ཟད་སྟག་མོས་གོ་བར་གྱུར་ཏེ༔ སྟག་མོ་ངོ་དཀར་བར་གྱུར་ཏོ༔ དེ་ནས་ཞག་ཁར་ལོན་པ་དང་༔ ཤ་བཅད་པའི་རྨ་རྣམས་སོས་ཏེ༔ སྔར་བས་ཀྱང་མཚར་བར་གྱུར་ཏོ༔

སྟག་མོས་བསམ་པ་ལ༔ བདག་གི་རོགས་གཅིག་ཤི་ནས་ཡོད་སྲིད་བསམས་ནས༔ ནགས་གསེབ་ན་ཡར་ཕྱིན་པ་དང་༔ ལུང་པའི་སུལ་ན་སྟག་མོ་ཤི་བའི་རོ་གཅིག་མཐོང་ནས༔ ལྷ་ལྕམ་གྱི་དྲུང་དུ་འོངས་ནས་ཕུལ་ལོ༔ ངས་བསམ་པའི་དངོས་གྲུབ་ཐོབ་པར་འདུག་བསམས་ནས༔ སྟག་མོའི་རོ་ཁུར་ཏེ་ཕོ་བྲང་གི་སྒོ་དྲུང་དུ་ཕྱིན་ནས༔ སྒོ་དྲུང་གི་རྣལ་འབྱོར་མ་ལ་དགོས་པའི་སྟག་མོའི་ཤ་དེ་ཡོད་དོ༔ ཤ་འདི་བཞེས་ལ་ཕོ་བྲང་དུ་ཐོང་ཞེས་སྨྲས་པ་དང་༔ རྣལ་འབྱོར་མ་ཆེ་བ་གཅིག་ན་རེ༔ ཕོ་བྲང་ནང་དུ་འགྲོ་ན་བདག་གིས་ལམ་སྣ་བྱེད་དོ༔ སྟག་མོའི་ཤ་ལོན་པ་ལེགས་སོ་ཟེར་ནས༔ སྒོ་ཕྱེ་ནས་ཚོང་འདུས་ཆེན་པོ་གཅིག་ཏུ་བསྐྱལ་ལོ༔ ཁྱེད་རང་འདིར་སྡོད་ཅིག༔ ངེད་སྒོ་དྲུང་དུ་འགྲོའོ་ཟེར་ནས་ལོག་སོང་ངོ་༔ ལྷ་ལྕམ་གྱིས་ཚོང་འདུས་སུ་ལྟད་མོ་ལ་ཕྱིན་པས༔ ཚོང་འདུས་ཀྱི་མི་རྣམས་ལྷ་ལྕམ་ལ་ལྟ་ཞིང་༔ འདི་འདྲའི་བུ་མོ་ཡིད་དུ་འོང་བ་ཅི་ཡིན་ཟེར་ནས་གད་མོ་ཆེན་པོ་དགོད་དོ༔ ལྷ་ལྕམ་གྱིས་ཚོང་འདུས་ཀྱི་མི་རྣམས་ལ་སྨྲས་པ༔ ཕོ་བྲང་འདིར་ཕྱིན་ན་རྒྱལ་པོ་དང་མཇལ་རྒྱུ་ཡོད་དམ་མེད༔ དགེ་སེམས་ཅན་གཅིག་གིས་བདག་ལ་ལམ་སྣ་སྟོན་ཞེས་སྨྲས་སོ༔ ཚོང་འདུས་ཀྱི་དབུས་ན་བུད་མེད་དམར་པོ་གཅིག་བྱུང་ནས༔ ངེད་ཀྱིས་ལམ་སྣ་སྟོན་པ་ཡིན་ཟེར་རོ༔

དེ་དང་འགྲོགས་ནས་ཕྱིན་པས༔ ཕོ་བྲང་གི་བར་ཁྱམས་སུ་སླེབས་སོ༔ ཕོ་བྲང་དེའི་ནང་གི་མི་རྣམས་ནི༔ ལ་ལ་ནི་སྐྱིད་ཅིང་དགའ་བར་འདུག༔ ལ་ལ་ནི་གཅིག་གིས་གཅིག་ཁུར་ཞིང་ནམ་མཁའ་ལ་འཕུར་བ་དང་༔ ལ་ལ་ནི་མགོ་མཇུག་ལྡོག་ནས་འགྲོ་བ་དང་༔ ལ་ལ་ནི་ལོངས་སྤྱོད་ཆེན་པོ་བྱེད་པ་དང་༔ ལ་ལ་ནི་བཟའ་བཏུང་གི་ཚོགས་ལ་རོལ་པ་དང་༔ ལ་ལ་ནི་ན་བ་དང་༔ ལ་ལ་ནི་འཐབ་རྩོད་དང་དམག་འཁྲུག་བྱེད་པ༔ དེ་རྣམས་མཐོང་བས་ལྷ་ལྕམ་ཡིད་མི་བདེ་བར་གྱུར་ཏེ༔ བུད་མེད་དམར་མོ་དེ་ལ་དྲིས་པ༔ འདི་ལྟ་བུའི་སྤྱོད་ལམ་སྣ་ཚོགས་བྱེད་པ་ཅི་ལགས་ཞུས་པས༔ བུད་མེད་དེས་གསུངས་པ༔ ཁྱེད་རང་གི་རྩ་རླུང་འཁྲུགས་པ་ཡིན༔ རང་རྒྱུད་མ་དག་པར་འདུག་པ༔ ད་རུང་དྲན་པ་ལེགས་པར་ཟུངས་ཤིག༔ ཕོ་བྲང་འདི་ནི་མཁའ་འགྲོ་མའི་རང་བཞིན་ཡིན་གསུངས་པས༔ ལྷ་ལྕམ་གྱིས་ཞུས་པ༔ ངའི་རྩ་རླུང་འཁྲུགས་པ་ཁྱེད་ཀྱིས་མཁྱེན་ལགས་སམ༔ མངོན་པར་ཤེས་པ་དང་ལྡན་ནམ་ཞུས་པས༔ བུད་མེད་དེས་གསུངས་པ༔ ཁྱོད་རང་ཉོན་ཅིག༔ ངས་བཤད་དོ༔ ཁྱེད་ཀྱི་རྩ་རླུང་འཁྲུགས་པའང་ཤེས༔ མངོན་པར་ཤེས་པ་དང་ཡང་ལྡན༔ སྔོན་བསྐལ་པ་དང་པོའི་དུས་ན༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་པདྨ་ཅན་ཞེས་བྱ་བ༔ ཡོན་ཏན་མ་ལུས་པར་འབྱུང་བའི་གནས་ན༔ ཕོ་བྲང་འོག་མིན་གྱི་བཀོད་པ་དང་འདྲ་བ་གཅིག་ཡོད་དོ༔ དེ་ན་རྒྱལ་པོ་ནོར་བུ་འོད་འབྱུང་བ་བྱ་བ་གཅིག་ཡོད་དོ༔ བུ་མོ་བདུན་ཡོད་པའི་ནང་ནས་ཆུང་ཤོས༔ ལྷ་ལྕམ་འོད་ལྡན་མ་བྱ་བ་ཆོས་ལ་དཀར་བ༔ ཤིན་ཏུ་སྙིང་རྗེ་ཆེ་བ༔ སྦྱིན་པ་ལ་གཙོ་བོར་བྱེད་པ༔ བརྩོན་འགྲུས་དང་དད་པ་མཆོག་ཏུ་གྱུར་པ༔ ཤེས་རབ་ཆེ་བ་གཅིག་ཡོད་པ་ལ༔ མཆོད་གནས་སྟོབས་སེངྒེ་རྣམ་འགྱིང་ཞེས་བྱ་བ་ཞིག་ཡོད་པས༔ དཔྱིད་ར་བའི་ཉ་སྟོང་གི་དུས་སུ་མཆོད་པ་ཆེན་པོ་བྱེད་པ་ལ༔ མཆོད་གནས་དེ་ཙན་དན་ཟིལ་ཆུའི་དྲི་དང་རོ་ལ་མཉེས་པས༔ བུ་མོས་ཙན་དན་གྱི་ཟིལ་པ་བཞར་དུ་ཕྱིན་པས༔ ཙན་དན་ལ་ཟིལ་པའི་ཆུ་མེད་དེ་མཚོན་གྱིས་བཅད་པས༔ ཙན་དན་གྱི་སྙིང་པོ་ལ་མཛེས་པའི་ལྷ་མོ་དཀར་མོ་ཕྱག་ན་མི་མགོ་སྐམ་པོའི་ཐོད་པ་བདུད་རྩིས་གང་བ་ཞིག་བསྣམས་ནས་བྱོན་ཏེ༔

ལྷ་མོས་ཞལ་ནས༔ ཁྱེད་ཙན་དན་གྱི་སྡོང་པོ་བཅད་ནས་ཅི་བྱེད༔ འདོད་པ་ཅི་འདོད་ས་ཕྱོགས་གང་ནས་འོངས་པ་ཡིན་གསུངས་པས༔ བུ་མོས་ཞུས་པ༔ བདག་ནི་ནོར་བུ་འོད་འབྱུང་གི་བུ་མོ་ཡིན༔ ངེད་ལ་མཆོད་གནས་སེངྒེ་རྣམ་འགྱིང་ཞེས་བྱ་བའི་སངས་རྒྱས་གཅིག་ཡོད་པས༔ དེ་ལ་མཆོད་པ་ཆེན་པོ་དུས་བཟུང་ནས་བྱེད་པ་ལ་ཙན་དན་གྱི་ཟིལ་པའི་ཆུ་ལ་མཉེས་པ་གཅིག་ཡོད་པས༔ དེའི་དོན་དུ་ཙན་དན་གྱི་ཡལ་ག་དང་ལོ་མ་ལ་ཆུ་བཙལ་བས་མ་རྙེད་པས༔ སྡོང་པོ་བཅད་པ་ཡིན་ཞུས་པས༔ ལྷ་མོ་དེའི་ཐུགས་ཀ་ནས་རྡོ་རྗེའི་འོད་འཕྲོས་པས༔ སྟེང་གི་ནམ་མཁའ་ལ་འཕངས་པས་རྡོ་རྗེའི་གུར་ཁང་གི་ནང་ན༔ སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་ལྷ་དང་ལྷ་མོ་མང་པོ་བཞུགས་སོ༔ དེ་རྣམས་ཀྱི་ཞལ་ནས་ཕྱོགས་གཅིག་ཏུ་འདི་སྐད་བསྒྲགས་སོ༔ བུ་མོ་གཞོན་ནུ་ཁྱེད་ཀྱིས་བསྙེན་བཀུར་བྱས་པའི་བདེན་པའི་སྨོན་ལམ་གང་བཏབ་པ་ཐེབས་པས་སེམས་སྟོབས་མ་ཆུང་བར་སེམས་ཅན་གྱི་དོན་དུ་སྨོན་ལམ་ཐོབ་ཅིག༔ ཅེས་སྒྲ་ཆེན་པོ་གསུངས་པར་གྱུར་ཏོ༔

དེར་བུ་མོས་སྨོན་ལམ་འདི་སྐད་ཅེས་བཏབ་བོ༔ ཆོས་དབྱིངས་མཐའ་དབུས་བྲལ་བའི་བདེན་པ་དང་༔ སངས་རྒྱས་སྣང་མཐའི་ཐུགས་རྗེ་དཔག་མེད་ཀྱིས༔ བདག་གི་མཆོད་པ་རྣམ་དག་བརྩམས་པ་འདིས༔ དགེ་བ་ཟག་མེད་ས་བོན་རབ་མྱུར་བས༔ སེམས་ཅན་མ་ལུས་ཀུན་གྱི་དོན་བྱེད་ཅིང་༔ བདག་དང་སེམས་ཅན་བླ་མེད་མྱུར་བགྲོད་ཤོག༔ ཅེས་སྨྲས་སོ༔ སྨོན་ལམ་བཏབ་པའི་བདེན་ཚིག་གིས༔ ད་ལྟ་ལྷ་ལྕམ་ཁྱོད་དུ་སྐྱེས༔ སྔོན་ལོངས་སྤྱོད་ཆེ་བའི་བག་ཆགས་ཀྱིས༔ ད་ལྟ་ཡར་ལུང་རྒྱལ་པོའི་བུ་མོ་རུ༔ ལྷ་ལྕམ་ཁྱོད་ཀྱི་སྐྱེ་བ་བླངས་པ་ཡིན༔ སྔོན་མཆོད་གནས་ལ་བསྙེན་བཀུར་བྱས་པའི་བག་ཆགས་ཀྱིས༔ ད་ལྟ་ཨོ་རྒྱན་པདྨ་འབྱུང་གནས་བླ་མར་བརྟེན་པ་ཡིན༔ སྔོན་གྱི་སྨོན་ལམ་བག་ཆགས་ཀྱིས་ཐུན་མོང་མ་ཡིན་པར་ད་ལྟ་སེམས་ཅན་གྱི་དོན་བྱེད་པ་ཡིན༔ འོན་ཀྱང་མངལ་གྱི་གྲིབ་ལ་བརྟེན་ནས་རིགས་དྲུག་གི་སྤྱོད་པ་མ་འགགས་པར་བྱེད་པ་ཡིན༔ རྩ་རླུང་ཐིག་ལེའི་རྐྱེན་གྱིས་གཡོ་ཞིང་འཁྲུལ་པར་ཡོད་པ་ཡིན༔ དེ་བས་མི་འཁྲུལ་པར་བྱེད་པ་ལ༔ དབུ་མའི་ནང་དུ་རླུང་བུམ་པ་ཅན་སྒོམས་ཤིག༔ རིག་པ་སྟོང་གསལ་འགག་མེད་འཕོ་འགྱུར་མེད་པར་སྙིང་གི་དཀྱིལ་དུ་སྒོམས་ཤིག༔ བུད་མེད་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ་ལྷ་ལྕམ་གྱིས་རླུང་བསྒོམས་པས་འོད་གསལ་གྱི་སྣང་བ་ཅུང་ཟད་གཏན་ལ་ཕེབས་པས༔ དཔའ་བོ་མཁའ་འགྲོ་མང་པོ་འདུས་ཏེ༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡང་མཐོང་ངོ་༔ བུད་མེད་ཀྱིས་གསུངས་པ༔ ལྷ་ལྕམ་ཁྱོད་ཀྱི་རྩ་རླུང་ཐིག་ལེ་གསུམ་གཏན་ལ་ཕེབས་སམ༔ ཕེབས་པར་གྱུར་ན་འོད་གསལ་མ་བུ་འཆར་བའི་སྣོད་དུ་རུང་བས༔ ཕོ་བྲང་གི་ཤར་སྒོ་ནས་འགྲོ་ཟེར་ཕྱིན་པས༔ ཤར་ཕྱོགས་ཀྱི་ཕོ་བྲང་དུ་སླེབས་ཏེ༔ དེའི་ནང་ནས་དཔའ་བོ་མཁའ་འགྲོ་མང་པོ་འདུས་པའི་དབུས་ན༔ དཀྱིལ་འཁོར་ཆེན་པོ་ཞི་ཁྲོའི་ལྷ་ཚོགས་རྣམས་ལ༔ འོད་ཟེར་རྣམ་ལྔའི་གུར་ཕུབ་ནས་ཡོད་པ༔ དཀྱིལ་འཁོར་གྱི་འགྲམ་ན་ས་ལ་གནས་པའི་རིག་འཛིན་ཡིན་ཟེར་བ་མདོག་དཀར་བ་འཛུམ་པའི་མདངས་དང་ལྡན་པ་གཅིག་ཡོད༔ རིག་འཛིན་དེས་ལྷ་ལྕམ་དང་བུད་མེད་ལ་ཞི་ཁྲོ་བུམ་པའི་དབང་ཉི་ཤུ་རྩ་གཅིག་རྫོགས་པར་བསྐུར༔ གསང་མཚན་ཡང་རྡོ་རྗེ་བདུད་འདུལ་མར་བཏགས་སོ༔

དེ་ནས་ལྷོ་ཕྱོགས་ཀྱི་ཕོ་བྲང་དུ་ཕྱིན་པས༔ ཕོ་བྲང་དེའི་དབུས་ན་དཔའ་བོ་མཁའ་འགྲོ་མང་པོ་འདུས་པའི་དབུས་ན༔ དཀྱིལ་འཁོར་ཆེན་པོ་རིན་པོ་ཆེས་སྤྲས་པ་ཞིག་ཡོད༔ དཀྱིལ་འཁོར་དེའི་འགྲམས་ན་ཚེ་ལ་དབང་བའི་རིག་འཛིན་ཡིན་ཟེར་བ་སྐུ་མདོག་སེར་ལ་གཟི་བརྗིད་དང་ལྡན་པ་གཅིག༔ རིག་འཛིན་དེས་ལྷ་ལྕམ་དང་ངེད་བུད་མེད་གཉིས་ལ་ཚེ་དཔག་ཏུ་མེད་པའི་བདུད་རྩིའི་དབང་བཅུ་གཅིག་བསྐུར་རོ༔ གསང་མཚན་རྡོ་རྗེ་ཚེ་དབང་རྩལ་མར་བཏགས༔ དེ་ནས་ལྷ་ལྕམ་དང་བུད་མེད་གཉིས་ནུབ་ཕྱོགས་ཀྱི་ཕོ་བྲང་དུ་བྱོན༔ དེའི་ནང་ན་དཔའ་བོ་དང་མཁའ་འགྲོ་མང་པོ་འདུས་པའི་དབུས་ན༔ དཀྱིལ་འཁོར་ཆེན་པོ་ཐིག་ལེ་ཐིག་ཕྲན་གྱིས་བསྐོར་བ་ཞིག་ཡོད༔ དེའི་འགྲམ་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན་ཟེར་བ༔ སྐུ་མདོག་དམར་ལ་འཛུམ་པ་དང་ལྡན་པ་གཅིག་ཡོད༔ རིག་འཛིན་དེས་ལྷ་ལྕམ་དང་བུད་མེད་གཉིས་ལ༔ སྒྱུ་འཕྲུལ་ཆེན་པོའི་དབང་བསྐུར་རོ༔ གསང་མཚན་རྡོ་རྗེ་གར་དབང་མར་བཏགས་སོ༔

ཡང་ལྷ་ལྕམ་དང་བུད་མེད་གཉིས་བྱང་ཕྱོགས་ཀྱི་ཕོ་བྲང་དུ་བྱོན༔ ཕོ་བྲང་གི་ནང་ན་དཔའ་བོ་དང་མཁའ་འགྲོ་མང་པོ་ཚོགས་པའི་དབུས་ན་དཀྱིལ་འཁོར་ཆེན་པོ་རྡོ་རྗེའི་ར་བས་བསྐོར་བ་ཞིག་ཡོད༔ དཀྱིལ་འཁོར་དེའི་འགྲམ་ན་ལྷུན་གྱིས་གྲུབ་པའི་རིག་འཛིན་ཡིན་ཟེར་བ་སྐུ་མདོག་སྔོ་ཞིང་ཁྲོས་པའི་ལྟ་སྟངས་དང་ལྡན་པ་གཅིག་ཡོད༔ རིག་འཛིན་དེས་ལྷ་ལྕམ་དང་བུད་མེད་གཉིས་ལ༔ བདེ་ཆེན་དགའ་བ་བཞིའི་དབང་བསྐུར༔ གསང་མཚན་རྡོ་རྗེ་དྲག་རྩལ་མར་བཏགས་སོ༔ དེ་ནས་ལྷ་ལྕམ་དང་བུད་མེད་གཉིས་དབུས་ཀྱི་ཕོ་བྲང་དུ་བྱོན་ནོ༔ དེའི་ནང་ན་དཔའ་བོ་དང་མཁའ་འགྲོ་མང་པོ་ཚོགས་པའི་དབུས་ན༔ དཀྱིལ་འཁོར་ཆེན་པོ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ཞིག་ཡོད༔ དེའི་འགྲམ་ན་བླ་མེད་གར་དབང་གི་རྒྱལ་པོ་ཡིན་ཟེར་བ༔ སྐུ་ལྔ་དང་མདོག་ལྔའི་མདངས་དང་ལྡན་པ༔ ཡུམ་མཁའ་འགྲོ་མ་དམར་མོ་དང་འཁྲིལ་བ༔ གྲི་ཁུག་ཐོད་ཁྲག་གར་སྟབས་མཛད་ཅིང་༔ ལྟ་སྟངས་ཕྱག་རྒྱ་ནམ་མཁར་མཛད་པ་གཅིག་གིས༔ ལྷ་ལྕམ་དང་བུད་མེད་གཉིས་ལ་བླ་ན་མེད་པའི་དབང་༔ ལྷ་མོ་སྡེ་བཞིས་བསྐུར༔ གསང་མཚན་ཡེ་ཤེས་མཚོ་རྒྱལ་མ་རུ་བཏགས༔ དེ་ནས་བུད་མེད་དེས་གསུངས་ནས་ལྷ་ལྕམ་ང་ལ་ཉོན༔ ཁྱོད་ཀྱིས་སྔོན་གྱི་དུས་ནས་སྨོན་ལམ་བཏབ་པ་ཡིས༔ ད་ལྟའི་དུས་འདིར་འབྲས་བུ་སྨིན་བྱས་ནས༔ སྲོག་ལ་ཕངས་མེད་ཆོས་ཕྱིར་དཀའ་བ་སྤྱད༔ པདྨ་བཀོད་པའི་གནས་མཆོག་དམ་པ་རུ༔ འདི་ནི་དམ་ཚིག་དྲི་མ་མེད་པའི་གནས༔ ཁྱོད་ཀྱི་མངོན་ཤེས་ང་ཡིས་བཤད་དོ་ཉོན༔ ཁྱེད་ཀྱི་དུར་ཁྲོད་མཆིམས་ཕུ་བྱ་བ་ནས༔ འདིར་སླེབས་ཕན་ཆད་ཟླ་བ་བཅུ་གཅིག་སོང་༔ འདི་ནི་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ཡིན༔ ཕོ་སྐྱེས་ཐམས་ཅད་དཔའ་བོའི་རང་བཞིན་ལ༔ མོ་སྐྱེས་ཐམས་ཅད་དཔའ་མོའི་རང་བཞིན་ལ༔ ཟས་ནི་ཏིང་འཛིན་ཟས་སུ་ཟ་བ་ཡིན༔ སྐོམ་དུ་བདུད་རྩིའི་ཆུ་ལ་འཐུང་བ་ཡིན༔ སྤྱོད་པ་བརྟུལ་ཞུགས་སྤྱོད་པ་སྐྱོང་བ་ཡིན༔ བོད་ཀྱི་ཡུལ་ན་ཨོ་རྒྱན་པདྨ་ཞེས་བྱ་བ་བཞུགས་པས༔ ཁྱེད་རང་གི་དངོས་གྲུབ་ཀྱི་སྐལ་བ་དེ་ན་ཡོད་པས་དེར་སོང་ཞིག༔ ཐོད་པ་འདི་ལ་བཟའ་བ་དང་བཏུང་བའི་ཡོ་བྱད་མང་དུ་ཡོད་པས༔ ཐེ་ཚོམ་མེད་པར་ལག་ཏུ་ལོངས་ལ་མཆིམས་ཕུའི་དུར་ཁྲོད་དྲན་པར་གྱིས་ཤིག༔ གསུངས་ནས་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་གཅིག་དར་ལྗང་ཁུས་དྲིལ་ནས་ལག་ཏུ་གཏད་དོ༔

ལྷ་ལྕམ་གྱིས་བུད་མེད་དེ་ལ་ཞུས་པ༔ ཁྱེད་ལྟ་བུའི་རྣལ་འབྱོར་མ་དང་མཇལ་ནས༔ ཕོ་བྲང་གི་རིག་འཛིན་རྣམས་ལ་དབང་སོ་སོར་ཐོབ་པ་བཀའ་དྲིན་ཆེ༔ གནས་ཕུན་སུམ་ཚོགས་པ་འདི་རུ་བདག་བསྡད་ན་རུང་ངམ༔ བོད་ཀྱི་ཡུལ་ན་རྐྱེན་ངན་མང་བར་གདའ་ཞུས་པས༔ བུད་མེད་ཀྱིས་གསུངས་པ༔ ཨོ་རྒྱན་གྱི་བཀའ་གཅོག་ཐབས་མེད་པས་འདིར་སྡོད་ན་ཉེས་པ་ཡོང་བོད་དུ་སོང་ཞིག༔ མྱུར་དུ་རང་རེ་གཉིས་འཕྲད་དེ་མཁའ་སྤྱོད་དག་པའི་ཞིང་དེ་ཡང་ཁྱེད་ཀྱི་དབང་བྱེད་པར་འགྱུར་གསུངས་པས༔ ལྷ་ལྕམ་གྱིས་ཐོད་པ་ལག་ཏུ་བླངས་ནས༔ མཆིམས་ཕུའི་དུར་ཁྲོད་ཡིད་ལ་དྲན་པར་བྱས་པས་སྐད་ཅིག་ཉིད་ལ་མཆིམས་ཕུའི་དུར་ཁྲོད་བྲག་ཕུག་མཚམས་ཁང་དུ་སླེབས་སོ༔ དེ་ནས་ལོ་གཅིག་ལོན་ནས༔ ཆོམ་རྐུན་གྱི་ཇག་པ་མི་བདུན་བྱུང་ནས༔ ལྷ་ལྕམ་འཚོ་བའི་ནས་ཕྱེ་བྲེ་གསུམ་ཡོད་པ་དེ་ཕྲོགས་ཏེ་ལྷ་ལྕམ་ལ་འདི་སྐད་ཅེས་སྨྲས་སོ༔ བུད་མེད་ཁྱེད་འདི་རུ་ཅི་བྱེད༔ རིགས་གང་ཡིན༔ བཟའ་བ་དང་བཏུང་བའི་ལོངས་སྤྱོད་མེད་པ་ཅི་ཡིན༔ ཁྱོད་ཀྱི་སྐྱེ་འབྲས་དང་བྱད་ལེགས་པོ་འདུག་པ་ལ༔ ཁྱིམ་པོས་ཀྱང་ཕོ་བ་ཡིད་དུ་འོང་བ་གཅིག་མི་མེད་ལུང་སྟོང་དུ་སྡོད་པ་ཕངས༔ ངེད་རྣམས་ཀྱི་རྗེས་སུ་འདོང་ངོ་༔

བཟའ་བ་དང་བཏུང་བ་ངེད་ཀྱིས་ཕོངས་པ་མེད་པར་བྱེད་དོ་ཟེར་རོ༔ དེའི་དུས་སུ་ལྷ་ལྕམ་གྱིས་བསམ་པ་ལ༔ ང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་འདི་འདྲ་བ་ཅི་ཡིན་ན༔ དེ་ཟློག་པའི་ཐབས་རྒྱལ་བས་ཐུགས་རྗེས་གཟུང་དུ་གསོལ་ཞེས་སྨྲས་པས༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་སྤྱི་གཙུག་ཏུ་བསྒོམས་ནས༔ ལུས་ངག་ཡིད་གསུམ་བརྩེ་བའི་སྙིང་རྗེས་ཇག་པ་ལ་གཏད་ནས་སྨྲས་པ༔ ངེད་ཀྱི་རིགས་བསམ་གཏན་སྒོམ་པ་ཉམས་ཆུང་གི་རིགས་ཡིན༔ བདག་གི་ཕ་མའང་རིགས་ངན་གྱི་རིགས་ཡིན༔ བཟའ་བཏུང་ཡེ་མེད་པས་ཤིང་གི་མེ་ཏོག་ཟ་བ་ཡིན༔ བདག་རིགས་ངན་གྱི་བུ་མོ་ཡིན་པས་ཁྱེད་རྣམས་དང་ལྷན་ཅིག་ཏུ་མི་འོང་༔ ཁྱེད་རྣམས་དང་བསམ་པའི་བློ་མི་མཐུན༔ ནས་ཕྱེ་དེ་ལ་ཆགས་སེམས་མེད༔ དངོས་པོ་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན་པས༔ དེའི་མཚན་ཉིད་ངས་བཤད་ཀྱིས་ཉོན༔ སྟོང་ཉིད་ཡུལ་དང་མི་ལྡན་ན༔ འཇིག་རྟེན་ཁམས་འདི་རྨི་ལམ་འདྲ༔ བསམ་གཏན་ནོར་དང་མི་ལྡན་དང་༔ ཟས་ནོར་རྩྭ་ཁའི་ཟིལ་པ་འདྲ༔ སྣང་བ་སེམས་དང་མ་འདྲེས་ན༔ རྩེ་གྲོགས་མེ་ཏོག་སད་ཁྱེར་འདྲ༔ ཏིང་འཛིན་བརྟན་པ་མ་ཐོབ་ན༔ འདུས་བྱས་ནམ་མཁའི་སྨིག་རྒྱུ་འདྲ༔ ཆོམ་རྐུན་ཇག་པ་ཆོས་ཕྱིར་མི་དཀར་ན༔ ལུང་སྟོང་འགྲིམ་པའི་གཅན་གཟན་འདྲེ་ཚོགས་འདྲ༔ ཆོས་མེད་འགྲོ་བ་མི་ཚེ་སྟོང་པར་ཟད༔ སྦྱངས་པ་དོན་མེད་སེམས་ཅན་སྙིང་རེ་རྗེ༔ སྐྱེ་དང་འཆི་བ་མིག་གིས་མ་མཐོང་ངམ༔ ན་དང་ཚ་བ་སེམས་ཀྱིས་བཟོད་ལགས་སམ༔ རང་ལ་དཔེ་ལོང་གཞན་ལ་གནོད་མ་བྱེད༔ ལྷ་ལྕམ་བདག་ནི་ཆོས་ཕྱིར་དཀའ་བ་སྤྱོད༔ འདོད་ན་མི་ཕངས་ཤ་དང་ཁྲག་ལ་ཟོ༔ ཞེས་གསུངས་པས་ཆོམ་རྐུན་ཐམས་ཅད་གནོང་ཞིང་འགྱོད་དེ་ཕྱིས་མི་བྱེད་པར་དམ་དེ་ཡང་བཅས་སོ༔

ལྷ་ལྕམ་ལ་རྗེས་སུ་ཡི་རངས་ནས་འཁོར་བའི་བྱ་བྱེད་ལ་བལྟས་པས་སྙིང་པོ་མེད༔ ངེད་རྣམས་ཀྱང་རིལ་བུ་ལ་དཀའ་ཐུབ་བྱེད༔ ལོ་བདུན་གྱི་དམ་བཅའ་གནང་བར་ཞུ༔ མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་རྫོགས་པ་ཆེན་པོ་ཟག་མེད་སྒོམ་པའི་དམ་བཅའ་གནང་བར་ཞུ་ཞུས་པས༔ ལྷ་ལྕམ་གྱིས་རིག་པའི་གནས་ལུགས་བསྟན་ནས་སྒོམ་དུ་བཅུག་གོ༔ དེ་ནས་ཟླ་བ་བདུན་ལོན་པའི་དུས་ཉིན་གཅིག་ཚེས་བཅུའི་སྔ་དྲོར་བུད་མེད་ཀྱི་ཚོགས་མང་པོ་འདུས་ནས་ལྷ་ལྕམ་དང་ཆོམ་རྐུན་རྣམས་ལ༔ ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ༔ ཚེས་བཅུ་ལ་འགྲོའམ་ཟེར་རོ༔ ལྷ་ལྕམ་གྱིས་ངེད་རྣམས་ལ་སྒྲུབ་པའི་དམ་བཅའ་ཡོད་པས་མི་འགྲོ་བྱས་པས༔ བུད་མེད་དེ་རྣམས་ཀྱི་ཞལ་ནས༔ གདན་འདིའི་སྟེང་དུ་བཞུགས་དང་ཟེར་ནས༔ དར་ཡུག་དཀར་པོ་གཅིག་བཏིང་ངོ་༔ དེའི་སྟེང་དུ་ལྷ་ལྕམ་གྱིས་བསྡད་པ་དང་༔ ཆོམ་རྐུན་མི་བདུན་ཡང་བསྡད་དགོས་ཟེར་བས་མི་བདུན་སྒྲུབ་ཁང་ནས་བཏོན་ཏེ་གདན་ལ་བསྡད་དོ༔ དེ་ནས་བུད་མེད་རྣམས་ཀྱིས་དར་ཡུག་གི་སྣ་ནས་བཟུང་སྟེ་ནམ་མཁའི་དབྱིངས་ལ་ཁྱེར་བས༔ ཨོ་རྒྱན་ཛ་གད་གླིང་བྱ་བར་སླེབས་ནས༔ དེ་ན་རིག་འཛིན་ཐོར་ཅོག་ཅན་ཞེས་བྱ་བ་སྔགས་པའི་ཆ་བྱད་ཅན་སྐུ་ཆེ་ལ་གཟི་བརྗིད་དང་ལྡན་པ་གཅིག་བཞུགས་ཡོད༔ དེའི་དྲུང་ན་མཁའ་འགྲོའི་ཚོགས་མང་པོ་འདུས་ནས༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་གྱིན་ཡོད་དེ༔ ལྷ་ལྕམ་དང་ཆོམ་རྐུན་རྣམས་ལ་རིག་འཛིན་གྱི་ཞལ་ནས༔ ཁྱེད་རྣམས་འདིར་ཤོག་གསུངས་ནས༔ རིག་འཛིན་གྱི་ཕྱག་སོར་བརྒྱད་ཀྱིས་ཐུགས་ཀ་ཕྱེས་ནས་ལྷུན་གྲུབ་ཞི་ཁྲོའི་དལ་དང་༔ རིག་འཛིན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དང་༔ མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་དཀྱིལ་འཁོར་རྣམས་ཞལ་ཕྱེས་ནས་ལྷ་ཡོངས་སུ་རྫོགས་པ་བཞིའི་དབང་བསྐུར་རོ༔ མཚན་ཡང་མཁར་ཆེན་བཟའ་རུ་བཏགས་སོ༔

ཇག་པ་མི་བདུན་ཡང་འོད་ཕུང་དུ་ཡལ་ལོ༔ རིག་འཛིན་དང་ལྷ་ལྕམ་གཉིས་ཉིན་ཞག་གཅིག་བདེ་བར་རོལ་ལོ༔ རིག་འཛིན་གྱིས་ཡུལ་དེའི་མཁའ་འགྲོ་མ་རྣམས་ལ༔ འདི་ནི་ཨོ་རྒྱན་གྱི་རྒྱལ་པོའི་བཙུན་མོ་ཡིན༔ ལྷ་ལྕམ་ལ་ཕྱག་འཚོལ་ཅིག་སྨྲས་པ་དང་༔ མཁའ་འགྲོ་མ་རྣམས་ཀྱིས་ཕྱག་འཚལ་ཞིང་མེ་ཏོག་དོར༔ རིག་འཛིན་དེའི་ཞལ་ནས༔ ལྷ་ལྕམ་ཁྱེད་རྒྱལ་བ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་པས་སེམས་ཅན་གྱི་དོན་འབྱུང་བར་ངེས་སོ༔ ཐོད་པ་བདུད་རྩིས་གང་བ་འདི་ཁྱེར་ལ༔ སྡོད་པའི་གནས་དྲན་པར་གྱིས་ཤིག༔ གསུངས་ནས་ཐོད་པ་དཀར་པོ་གཅིག་བྱིན་ནོ༔ ལྷ་ལྕམ་གྱིས་ཐོད་པ་ཕྱག་ཏུ་བསྣམས་ནས༔ མཆིམས་ཕུ་ཡིད་ལ་བྱས་པས༔ སྐད་ཅིག་ལ་བསམ་ཡས་མཆིམས་ཕུར་སླེབས་སོ༔ ལྷ་ལྕམ་གྱིས་ཨོ་རྒྱན་ཛ་གད་ཀྱི་གླིང་ཡང་འཁོར་རོ༔ དེ་ནས་སྒྲུབ་པ་ལ་ཞུགས་ཏེ༔ སྙིང་རྗེ་དྲག་པོ་སྐྱེས་པས་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་བ་ལ་གཟིགས་ནས༔ ལྷ་ལྕམ་གྱིས་རིགས་དྲུག་གི་སེམས་ཅན་ལ་སྨོན་ལམ་གྱི་བདེན་པ་མང་པོ་བརྗོད་དོ༔ ལྷ་ལྕམ་གྱིས་ཨོ་རྒྱན་གྱི་ཡུལ་རྣམས་བསྐོར་བའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ལྷ་ལྕམ་ལ་ཨོ་རྒྱན་གྱིས་གདམས་པ་གླུ་ཚིགས་སུ་བཅད་དེ་ཞུས་པའི་ལེའུ།

དེ་ནས་ཨོ་རྒྱན་པདྨ་རྒྱ་གར་ནས་བྱོན་ཏེ་ལྷ་ལྕམ་དང་ལྷན་ཅིག་ཏུ་བཞུགས་སོ༔ ལྷ་ལྕམ་གྱིས་ཨོ་རྒྱན་ལ་ཕྱག་ཕུལ་ནས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ ཁྱེད་ཀྱི་བཀའ་ལས་མ་འདའ་བར༔ མི་ལོ་བཅུ་གཉིས་ཀྱི་བར་རྫོགས་པ་ཆེན་པོའི་སྒྲུབ་པ་ལ་བསྡད་པ་དེའི་ཚེ༔ ཨོ་རྒྱན་གྱི་ཞིང་ཁམས་ཀྱང་མང་དུ་འཁོར༔ ཉམས་དང་རྟོགས་པའི་རྩ་ཁ་ཡང་ཕྱེས༔ འགྲོ་བ་སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང་ལྡན༔ བླ་ན་མེད་པའི་ཐེག་པ་ཆེན་པོའི་ཆོས་ལ་ངེས་ཤེས་ཀྱང་སྐྱེས༔ བླ་མེད་ཀྱི་ཆོས་ཐམས་ཅད་ཀྱང་ཁོང་དུ་ཆུད་ལགས་ཞུས་པས༔ གུ་རུས་གསུངས་པ༔ ལྷ་ལྕམ་ཉོན་ཅིག༔ གསང་སྔགས་ཁོང་དུ་ཆུད་ན་མཁྱེན་པ་དང་རྟོགས་པ་ཟུང་འཇུག་ཏུ་འོང་བ་ཡིན༔ ཁྱེད་ལ་ད་རུང་མཁྱེན་པ་དང་རྟོགས་པའི་གོ་བ་ཙམ་ལས་མེད་ངས་བཤད་དོ༔ ཉམས་ཀྱི་གླུ་འདི་ལ་ཉོན་ཅིག་གསུངས་ནས༔ དོན་འདི་ལ་སེམས་ཤིག་པདྨ་ལྕམ༔ འཆི་བ་བསམ་ན་སྒྲུབ་པ་རིང་༔ རིང་པས་མི་ཚད་འཕྱིས་པ་ཙམ༔ སྨྲས་པའི་ཚིག་ལ་སྙིང་གཏམ་ཡོད༔ མཚན་ལྡན་བུ་མོས་གཞིག་པ་ཐོང་༔ དད་ལྡན་མ་ཁྱོད་འདི་ལྟར་མཛོད༔ དང་པོ་འཁོར་བའི་རྒྱུ་དེ་ཡང་༔ འདོད་ཆགས་ཉོན་མོངས་འདུས་པ་ལས༔ གཏི་མུག་རོ་ཡི་བྲག་ཚང་ལ༔ ཞེ་སྡང་ཁོག་པར་ཁྱེའུ་ཆགས༔ ང་རྒྱལ་ང་རོས་བག་ཆགས་འཛིན༔ ཕྲག་དོག་རླུང་ལ་སྐྱིད་རླུང་ཞོན༔ འདོད་ཆགས་དང་ལྡན་ལྷན་ཅིག་འགྲོགས༔ འཛིན་པའི་སེམས་ཀྱི་བུ་དང་ལྡན༔ གཟུགས་སུ་སྣང་བའི་དགྲ་བོ་དེ༔ མེད་ལ་ཡོད་པར་ཆགས་བྱས་ནས༔ རིགས་དྲུག་འཁོར་བའི་སེམས་ཅན་བྱུང་༔ ཤེས་ན་དེ་ཡང་གཅིག་གིས་གྲོལ༔ མ་ཤེས་སྡུག་བསྔལ་སོ་སོར་ཐོབ༔ གནས་སྐབས་བར་དོའི་ཞིང་ཁམས་ཉུལ༔ འཁྲུལ་པའི་རྐྱེན་དང་འཕྲད་ཙམ་ནང་༔ སྐྱེ་བ་དང་རྒ་བ་ཟུང་དུ་ཆུག༔ ན་དང་ཚ་བ་ལས་ཀྱི་ཁུར༔ འཆི་དང་འཕོ་བ་མྱང་འདས་མཚོ༔ དེ་འདྲའི་སྐྱིད་པོ་སྡུག་བསྔལ་ཅན༔ དམུ་རྒོད་སེམས་འདི་མ་མཐོང་ངམ༔ དད་པའི་ཆོས་རྣམས་མ་དྲན་ནམ༔ ཡིད་འོང་མེད་དོ་པདྨ་ལྕམ༔ ཆོས་དབྱིངས་བརྟན་པ་མ་ཐོབ་པའི༔ རྣམ་ཤེས་སེམས་དེ་རླུང་དང་འདྲ༔ སེམས་ཀྱི་བག་ཆགས་ངན་པ་འདི༔ རྐྱེན་དུ་སྣང་བ་བདུད་ཀྱི་རིགས༔ སྣང་བའི་ཡུལ་འདི་འབྲིད་པ་མཁས༔ བརྩོན་འགྲུས་སྐྱེད་ཅིག་པདྨ་ལྕམ༔ འཁོར་བའི་རྒྱ་མཚོ་གཏིང་ཐག་རིང་༔ ཉོན་མོངས་སྡུག་བསྔལ་རྦ་རླབས་ཆེ༔ ཁྱེའུ་ཆུང་སེམས་ཀྱི་རྐྱེན་རེ་ངན༔ བདེ་བའི་ལུས་དེ་འབྲལ་ཉེན་ཆེ༔ ངན་སོང་གསུམ་དེ་གཡང་རེ་ཆེ༔ བརྩོན་འགྲུས་མེད་པའི་ལེ་ལོ་འདི༔ སངས་རྒྱས་ཐོབ་པའི་དུས་མེད་འདྲ༔ ལྟ་སྤྱོད་ཡ་བྲལ་རྣལ་འབྱོར་འདི༔ སྒོམ་པའི་འཕྲང་ལས་ལྷུང་ཉེན་ཡོད༔ ནེ་ཙོའི་ཁ་ཡི་ཆོས་བཤད་འདིས༔ ཁ་ཡི་ཆོས་དང་སེམས་མི་འདྲེས༔ ལྟོས་ཤིག་སེམས་ཀྱི་རྩ་བ་ཆོད༔ ད་རུང་ཉམས་ལེན་འབྲལ་ཐབས་མེད༔ ནན་ཏན་མཛོད་ཅིག་པདྨ་ལྕམ༔ ཞེས་གསུངས་པས༔ ལྷ་ལྕམ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས་འཁོར་བ་འདི་ལས་མྱུར་བར་ཐར་པའི་ཐབས་ཤིག་ཞུ་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ བདག་ལ་ཉོན་དང་པདྨ་ལྕམ༔ མཚན་ལྡན་བུ་མོ་རིགས་བཟང་མ༔ འཁོར་བའི་གནས་ནས་ཡར་བྲོས་ནས༔ དབེན་པར་རི་ཁྲོད་འབྲལ་མེད་སྟེ༔ མཚན་ལྡན་བླ་མའི་རྣམ་ཐར་སྐྱོངས༔ དད་པ་ཆོས་ཀྱི་ཞིང་ས་ཡིན༔ འཕོ་འགྱུར་མེད་པར་གཏན་ལ་ཕོབ༔ དམ་ཚིག་དངོས་གྲུབ་སྲོག་ཤིང་ལ༔ ངོ་ལྐོག་མེད་པར་གཏན་ལ་ཕོབ༔ སྙིང་རྗེ་འགྲོ་བའི་ཕ་མ་ཡིན༔ འབྲལ་བ་མེད་པར་གཏན་ལ་ཕོབ༔ བཟོད་པ་ལུས་ཀྱི་མཚོན་ཆ་ཡིན༔ འབྲལ་མེད་བསམ་ལ་གཏན་ལ་ཕོབ༔ བརྩོན་འགྲུས་ལེ་ལོའི་ཁ་གནོན་ཡིན༔ ཕྱི་བཤོལ་མེད་པར་གཏན་ལ་ཕོབ༔ སྙིང་རུས་མི་འགྱུར་ཟམ་པ་ཡིན༔ བསམ་གཏན་གནས་པར་གཏན་ལ་ཕོབ༔ འོད་གསལ་གཞི་ཡི་ས་བོན་ཡིན༔ ཐུན་སྒོམ་བློ་བྲལ་གཏན་ལ་ཕོབ༔ ཞི་གནས་ལམ་གྱི་རྟེན་བུ་ཡིན༔ རྗེས་ཤེས་ཡིན་མིན་གཏན་ལ་ཕོབ༔ ལྷག་མཐོང་དོན་གྱི་རྩེ་མོ་ཡིན༔ ཐེ་ཚོམ་གཉིས་མེད་གཏན་ལ་ཕོབ༔ ཚོགས་དྲུག་སྣང་བ་རང་ཤར་ཡིན༔ སེམས་ཉིད་སྐྱེ་མེད་གཏན་ལ་ཕོབ༔ དུག་ལྔ་ཡེ་ཤེས་སྐུ་ལྔའི་རྩལ༔ འགག་མེད་ཆགས་བྲལ་གཏན་ལ་ཕོབ༔ ལས་ཀྱི་རྣམ་ཤེས་རིག་པའི་རྩལ༔ བློ་ཟད་ཆོས་དབྱིངས་གཏན་ལ་ཕོབ༔ དབྱིངས་དང་རིག་པ་ཐ་མི་དད༔ རྒྱུ་རྐྱེན་གཉིས་གྲོལ་གསལ་ལ་སྟོང་༔ སྐད་ཅིག་རིག་པ་གཏན་ལ་ཕོབ༔ ཅེས་གསུངས་སོ༔

ཡང་ལྷ་ལྕམ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ སྣང་བ་ཡེ་ཤེས་ཐ་མི་དད་པའི་རིག་པ་གཏན་ལ་ཕེབས་ནས་ཐེག་པའི་འཇུག་སྒོ་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ མཚན་ལྡན་བུ་མོ་པདྨ་ལྕམ༔ དད་ལྡན་མ་ཁྱོད་ཚུར་ཉོན་ཅིག༔ སྣོད་དང་ལྡན་པའི་སློབ་བུ་ནི༔ གནས་ལུགས་དོན་ལ་གཏན་ཕེབས་ནས༔ བླ་མེད་ཐེག་པའི་རྫོགས་ཆེན་བསྒོམ༔ ལས་ཀྱི་འཇུག་སྒོ་ནོར་མི་སྲིད༔ འོན་ཀྱང་གྲུབ་པའི་གང་ཟག་གིས༔ དམ་ཆོས་རྫོགས་པ་ཆེན་པོ་འདི༔ ལྟ་སྤྱོད་ཡ་བྲལ་དོན་མི་མཐུན༔ དེ་འདྲས་ལམ་གྱི་འཇུག་སྒོ་ནོར༔ ཆོས་དང་གང་ཟག་མཐུན་པ་ན༔ རྫོགས་པ་ཆེན་པོ་ཐེག་པའི་མཆོག༔ ཚིག་སྤྱོད་རྟོག་གེའི་སྤྱོད་ཡུལ་མིན༔ སྔོན་གྱི་ལས་ཅན་དམ་ཚིག་ཅན༔ ཡང་ན་ཚིག་གི་དོན་གྲུབ་ཅིང་༔ དམ་ཚིག་དད་པ་དེ་གཉིས་ཀྱིས༔ ཐེག་མཆོག་རྫོགས་ཆེན་སྒོམ་པའི་ཡུལ༔ དཔེ་དང་དོན་གྱིས་གཏན་ལ་ཕོབ༔ ཀ་དག་ཆོས་དབྱིངས་ནམ་མཁའི་ངོ་༔ ལྷུན་གྲུབ་སྟོང་གསལ་ཉི་ཟླའི་འོད༔ འགག་མེད་རང་རྩལ་ཅིར་ཡང་འཆར༔ ཁྲེགས་ཆོད་ཐོད་རྒལ་ཟུང་དུ་འབྲེལ༔ བར་དོའི་སྣང་བ་དབྱིངས་སུ་རྫོགས༔ ན་རཀ་འཁོར་བ་དོང་ནས་སྤྲུགས༔ བདེ་བ་ཀུན་བཟང་ཟབ་མོའི་དོན༔ དམ་ཆོས་དེ་དང་སུ་འཕྲད་པ༔ དམ་ཚིག་ཅན་དེ་སྐལ་བ་ཆེ༔ ཞེས་གསུངས་སོ༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ རྫོགས་པ་ཆེན་པོ་བླ་མེད་ཐེག་པའི་མཆོག་ཡིན་ན་ཐེག་པའི་འཇུག་སྒོ་གང་ལགས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ མཚན་ལྡན་བུ་མོ་པདྨ་ལྕམ༔ དགེ་སེམས་མ་ཁྱོད་བདག་ལ་ཉོན༔ ཐེག་མཆོག་རྫོགས་པ་ཆེན་པོ་འདི༔ སྐལ་ལྡན་བུ་ཡིས་ཉམས་ལེན་ཡིན༔ དག་པའི་ཡུལ་ནི་གངས་ཁྲོད་ཡིན༔ གཡའ་མའི་ཁྲོད་དུ་བསྒོམ་ཡང་རུང༔ མདོར་ན་ངེས་ཤེས་སྐྱེ་བའི་གནས༔ སུ་ཡང་མེད་པ་དབེན་པའི་གནས༔ རྫ་དང་གཡའ་སྤང་འདྲེས་པའི་གནས༔ མི་མེད་དུར་ཁྲོད་ཡངས་པའི་རི༔ སྤྲིན་དང་ཁུ་རླངས་མེད་པའི་ཡུལ༔ དབྱར་དང་དགུན་ཆུང་སྟོན་ཁའི་དུས༔ ཉི་མ་ཤར་མདངས་དགའ་བའི་ཟེར༔ ཆོས་ཉིད་མིག་གིས་དེ་དུས་ལྟོས༔ དབེན་པའི་གནས་སུ་གནས་ལུགས་མཐོང་༔ སྟོང་ཉིད་ཀ་དག་གཏན་ལ་ཕོབ༔ སྟོང་དང་འོད་ལྔའི་རིག་པ་རྫོགས༔ ལས་ཀྱི་དབྱིངས་སུ་འགྱུ་བ་ཟད༔ བར་དོ་ལྔ་ལ་འོད་གསལ་མཐོང་༔ ཞེ་སྡང་གྲོགས་ཀྱི་ཐག་པ་ཆད༔ ལྷག་མཐོང་རོ་ཡི་དོང་རྩེ་ཉལ༔ ཡིད་དཔྱོད་ལྟ་བའི་དགྲ་བོ་བཅོམ༔ མངོན་སུམ་མཆོག་གི་གཏན་ལ་ཕོབ༔ སྣང་སེམས་དྲི་མའི་གཡའ་དང་བྲལ༔ གསལ་ལ་སྟོང་པ་སྐལ་པ་ཆེ༔ ཞེས་གསུངས་སོ༔

ཡང་ལྷ་ལྕམ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་ཅིང་༔ རིག་པ་ཐར་ལ་འདོན་པ་ལ་བླ་མ་ཅི་འདྲ་བ་གཅིག་བསྟེན་ན་ལེགས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ལྷ་ལྕམ་རིགས་བཟང་པདྨ་ལྕམ༔ དད་ལྡན་མ་ཁྱོད་བདག་ལ་ཉོན༔ ཐེག་མཆོག་རྫོགས་ཆེན་སྒོམ་པ་ལ༔ འབྲལ་མེད་བླ་མ་བསྟེན་ན་ལེགས༔ བོགས་འདོན་གེགས་སེལ་དུས་སུ་གཅེས༔ དེ་ལ་བླ་མའི་མཚན་ཉིད་ནི༔ བརྒྱུད་པའི་བླ་མ་ཐུགས་རྗེ་ཆེ༔ ལྷ་དང་ཞལ་མཇལ་དངོས་གྲུབ་བརྙེས༔ ལུང་བསྟན་མཁའ་འགྲོའི་བྱིན་རླབས་ལྡན༔ སྨིན་བྱེད་དབང་གི་དོན་ལ་མཁས༔ གྲོལ་བྱེད་ཁྲིད་ཀྱི་ལག་ལེན་མཁས༔ ཐོས་པ་ཡོད་པས་ཡོན་ཏན་ཚང་༔ རྟོགས་པ་མཐོ་ཞིང་བློ་དང་ལྡན༔ ཆོས་མཐུན་བུ་ལ་ཐབས་ཀྱིས་སྐྱོང་༔ སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ༔ ཡོན་ཏན་ཀུན་ལ་མཁས་པ་དང་༔ ཆགས་སེམས་ཆུང་ལ་ཐེག་བློ་ཆེ༔ མཚན་ཉིད་འདི་དང་ལྡན་པ་གང་༔ བཅུད་ལྡན་བླ་མ་དེ་དང་འགྲོགས༔ རྩོལ་མེད་ལྷུན་གྲུབ་ཉམས་མྱོང་སྐྱོངས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཆོས་དབྱིངས་སྒྲོན་མ་དབྱིངས་སུ་འཕེལ༔ རྫོགས་ཆེན་ལྟ་བའི་དོན་དང་ལྡན༔ ཞེས་གསུངས་སོ༔

ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ༔ གྲོགས་མཚན་ཉིད་དང་ལྡན་པ་ཅི་འདྲ་བསྟེན་ན་ལེགས་ཞུས་པས༔ གུ་རུས་གསུངས་པ༔ མཚན་ལྡན་བུ་མོ་པདྨ་ལྕམ༔ དད་ལྡན་མ་ཁྱོད་ཚུར་ཉོན་དང་༔ གྲོགས་ཀྱི་མཚན་ཉིད་འདི་འདྲ་ལེགས༔ དད་པ་སྡུག་བསྲན་སྙིང་རྗེ་ཆེ༔ དམ་ཚིག་གཙང་ཞིང་བློ་སྣ་ཐུང་༔ མོས་གུས་བརྟན་པས་གསང་སྒོ་ཐུབ༔ ཚེ་འདིར་སྣང་ཤས་ཞེན་པ་ཆུང་༔ མི་དགེ་རྣམ་སྨིན་ཀུན་ལ་འཛེམ༔ སྒྲུབ་པ་བརྟེན་ཅིང་དམན་ས་འཛིན༔ བློ་ཆེ་ཁོག་ཡངས་ངང་རྒྱུད་རིང་༔ ཟབ་མོའི་དོན་ལ་མཁས་པ་དང་༔ ཐེག་པའི་བྱེ་བྲག་ཕྱེ་བ་་དང་༔ ཉམས་རྟོགས་ཚད་དུ་ཕྱིན་པ་དང་༔ འགྲོ་བའི་དོན་ལ་སྨོན་པ་དང་༔ ཚིག་རྩོད་ཐ་སྙད་ཕྱིར་མི་འབྲང་༔ བྱ་བ་བྱེད་པའི་བློ་སྣ་ཐུང་༔ ཁྱད་གསོད་ཐེ་ཚོམ་མི་བྱེད་ཅིང་༔ གཡེང་བའི་ཕྱོགས་ལ་མི་དགྱེས་ཤིང་༔ དབེན་པའི་གནས་སུ་བརྟན་པ་དང་༔ ཁྲོ་གཏུམ་ང་རྒྱལ་ཆུང་བ་སྟེ༔ གྲོགས་མཆོག་འདི་འདྲ་བསྟེན་པ་ན༔ ཡོན་ཏན་མ་ལུས་འབྱུང་བའི་གཞི༔ འབྲལ་མེད་ལྷན་ཅིག་འགྲོགས་པའི་མཆོག༔ སེམས་ལ་བརྟན་པ་ཐོབ་པ་ཡིན༔ ཞེས་གསུངས་སོ༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ༔ སྤྱོད་ལམ་གྱི་རྣལ་འབྱོར་ཇི་ལྟར་བྱས་ན་ལེགས་ཞུས་པས༔ གུ་རུས་གསུངས་པ༔ རིགས་ལྡན་བུ་མོ་པདྨ་ལྕམ༔ དད་ལྡན་མ་ཁྱོད་བདག་ལ་ཉོན༔ རྫོགས་པ་ཆེན་པོ་སྒོམ་པ་ལ༔ སྤྱོད་ལམ་ཆ་ལུགས་འདི་འདྲ་གྱིས༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི༔ ཀླད་པ་དུང་ཁང་གཞལ་ཡས་སུ༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་གནས༔ བདུད་རྩིའི་ཚོགས་ཀྱིས་མཉེས་པར་བྱ༔ ཙིཏྟ་སྙིང་གི་གཞལ་ཡས་ན༔ ཞི་བ་བཞི་བཅུ་རྩ་གཉིས་གནས༔ ཏིང་འཛིན་མཆོད་པས་མཉེས་པར་བྱ༔ རྩ་འཁོར་དྲུག་གི་ཐིག་ལེ་ན༔ འགྲོ་དྲུག་སྤྲུལ་པའི་ཐུབ་པ་དྲུག༔ འཚོ་བ་ཟས་ཀྱིས་མཉེས་པར་བྱ༔ ལྟ་སྟངས་གསུམ་དང་ལྡན་པ་ན༔ ནམ་མཁའ་རྐྱེན་བྲལ་དུས་སུ་ནི༔ རང་གསལ་སྟོང་པ་འོད་ལྔ་ཡི༔ ཆིག་ཆོག་ཆེན་པོ་ཐིག་ལེའི་སྐུ༔ རིག་པ་ལུ་གུ་རྒྱུད་ལ་བརྟེན༔ ཆོས་ཉིད་མངོན་སུམ་གཏན་ལ་ཕབ༔ ཐུན་གཅིག་ཉམས་ཀྱི་རྣལ་འབྱོར་ནི༔ རིག་པ་མངོན་སུམ་ཡུལ་ལ་གཏོད༔ ཐིག་ལེ་ཐིག་ཕྲན་འོད་ལྔའི་ཀློང་༔ སྐུ་དང་ཞིང་ཁམས་རྩལ་རྫོགས་ཤར༔ སྣང་བཞི་ཚད་དུ་ཕྱིན་པའི་དུས༔ ཆོས་ཉིད་ཟད་པའི་དབྱིངས་སུ་སྐྱོལ༔ མ་འགགས་རིག་པའི་འཆར་སྒོ་ལ༔ ཡེངས་མེད་གནས་ལུགས་ངང་དུ་གཞག༔ དུས་གསུམ་རྟོག་པ་དབྱིངས་སུ་བསྲེ༔ གཡོ་མེད་ངང་དུ་ལྷོད་ཀྱིས་ལྷོད༔ ཏི་ལ་ཉག་ཅིག་རིག་པ་འདི༔ གློ་བུར་མ་ཡིན་གདོད་ནས་གྲུབ༔ ཆད་པ་མ་ཡིན་རང་བྱུང་ཤར༔ སལ་ལེ་སིང་ངེ་དངོས་པོ་མེད༔ སྣང་བ་བཞི་ཡི་ངོ་བོ་གཅིག༔ རྐྱེན་གྱིས་མ་གོས་དུས་མེད་གཡོ༔ དེ་དུས་རིག་པས་གཏན་ས་བཟུང་༔ ལྟ་སྤྱོད་གཉིས་པོ་ཟུང་དུ་སྦྲེལ༔ རྫོགས་པ་ཆེན་པོའི་ལམ་དུ་འགྱུར༔ ཞེས་གསུངས་སོ༔

ཡང་ལྷ་ལྕམ་གྱིས་ཞུས་པ༔ བཀའ་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ་བོགས་འདོན་པའི་ཐབས་ཇི་ལྟར་ལགས༔ ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ལྷ་ལྕམ་རིགས་ལྡན་བུ་མོ་ཉོན༔ རྫོགས་པ་ཆེན་པོ་སྒོམ་པ་ལ༔ ཕྱག་རྒྱ་ལས་ལྡན་བཙལ་བར་བྱ༔ གཞན་ཡང་གཞོན་ནུ་མཛེས་མའི་ལུས༔ བཅུ་དྲུག་ལོན་ཅིང་ལང་ཚོ་ལྡན༔ བདེ་བའི་སྐད་འབྱིན་ཡིད་འོང་མ༔ དཀར་རྩི་དམར་བའི་མདངས་མདོག་ལྡན༔ དད་དང་ཤེས་རབ་སྙིང་རྗེ་ཆེ༔ གསང་སྒོ་ཐུབ་ཅིང་བློ་སྣ་ཐུང་༔ ཐེ་ཚོམ་མི་བྱེད་སྤྱོད་ལམ་དལ༔ བདག་ཏུ་མ་བཟུང་མཚན་ལྡན་མ༔ སྒྲུབ་པའི་གྲོགས་སུ་བསྟེན་བྱས་ནས༔ རྩ་བའི་འཁྲུལ་འཁོར་རྣམ་པ་ལྔ༔ ཟག་མེད་རྒྱུ་ཡིས་འཛིན་སྒོ་བཅད༔ ཐིག་ལེ་གཉིས་ནི་དབྱེར་མེད་འདྲེས༔ འདོད་ཆགས་སྡུག་བསྔལ་བདེ་བར་འགྱུར༔ རླུང་གི་འདྲེན་ཁུག་རྣམ་གསུམ་གྱིས༔ མ་དག་སེམས་ཀྱི་འཁྲུལ་པ་བཅད༔ ཡེ་ཤེས་ལྔ་པོ་བདེ་དྲོད་རྒྱས༔ གསང་སྔགས་ཟབ་མོའི་རྟོགས་པ་རྒྱས༔ སྒྲུབ་པ་ཕལ་ཆེར་ཟིལ་གྱིས་གནོན༔ ལྷ་སྔགས་གཉིས་པོ་ཤུགས་ཀྱིས་རྫོགས༔ འབྱུང་བ་ལྔ་ལ་ཐོགས་མེད་རྒྱུ༔ རྩ་རླུང་ཐིག་ལེའི་འཁྲུལ་འཁོར་འདི༔ སྒྲོན་མ་བཞི་དང་ཉམས་ལེན་བསྲེ༔ བོགས་འདོན་ཐབས་ཀྱི་ཡང་རྩེ་ཡིན༔སྣང་སྲིད་ཐམས་ཅད་འོད་གསལ་ཁམས༔ གཅིག་ཆོག་རྒྱལ་པོ་རིགས་སྐུར་རྟོགས༔ ཞེས་གསུངས་སོ༔

ཡང་ལྷ་ལྕམ་གྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ རྫོགས་པ་ཆེན་པོ་ཉམས་སུ་ལེན་ན་མཐར་འཁྱོལ་བའི་རྟགས་མཚན་ཇི་ལྟར་ལགས་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ལྷ་ལྕམ་བུ་མོ་རིགས་བཟང་མ༔ སྐལ་ལྡན་མ་ཁྱོད་བདག་ལ་ཉོན༔ ཨ་ཏི་རྫོགས་པ་ཆེན་པོ་འདི༔ སྐལ་ལྡན་བུ་ཡིས་ཉམས་བླང་དུས༔ འོད་གསལ་བདེ་བས་ཉིན་མཚན་འདྲེས༔ རིག་པ་དབྱིངས་སུ་ཚུད་པའི་རྟགས༔ རིག་སྟོང་འགྱུར་མེད་རྟགས་ཚད་བཟུང་༔ མཐར་ཐུག་ཚད་དུ་འཁྱོལ་བའི་རྟགས༔ སྣང་སྲིད་སྒྱུ་མའི་གྲོགས་སུ་འགྲོ༔ སྒྲོན་མ་བཞི་པོ་ཀློང་གྱུར་ནས༔ ལྷུན་གྲུབ་ཞིང་ཁམས་གནད་ལ་ཕེབས༔ སྣང་སྲིད་སེམས་སུ་གོ་བ་དང་༔ རྒྱུ་རྐྱེན་ཡལ་ལ་ལོངས་སྤྱོད་མཁས༔ སེམས་ཉིད་མངོན་སུམ་རྫོགས་པ་ན༔ གོང་འཕེལ་གནད་དུ་ཕྱིན་པ་ཡིན༔ རིག་པ་ཚད་དུ་ཕེབས་ཙ་ན༔ ཆོས་ཉིད་ཟད་པས་བདེན་པ་མཐོང་༔ སྣང་བ་བཞི་པོ་ཀློང་དུ་གྱུར༔ བར་དོའི་སྣང་བ་དབྱིངས་སུ་རྫོགས༔ རྐྱེན་བྲལ་ནམ་མཁའ་སྟོང་པ་ལ༔ ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད༔ སྐུ་དང་ཞིང་ཁམས་འོད་དང་ཟེར༔ སྲོག་རླུང་དབུ་མའི་བུམ་པར་ཟད༔ ལས་རླུང་འགྱུ་བྱེད་ལྔ་པོ་དེ༔ རང་བཞིན་ཙིཏྟའི་དབྱིངས་སུ་གྲོལ༔ འབྱུང་བ་ལྔ་དང་ཤ་ཁྲག་ལུས༔ འོད་གསལ་མ་བུ་གཉིས་སུ་འདྲེས༔ ཕུང་པོ་ཟག་བཅས་འོད་ཕུང་ཞུ༔ དུས་གསུམ་མ་འགགས་ས་ལེར་མཁྱེན༔ སྤྲུལ་པས་ཁམས་གསུམ་ཟིལ་གྱིས་གནོན༔ རིག་པ་གཞི་ནས་མི་འགྱུར་བ༔ སྟོང་གསལ་ཆོས་སྐུའི་དགོངས་པར་གནས༔ ཉམས་ལེན་རྟགས་ཚད་དེ་ལྟར་རོ༔ ཞེས་གསུངས་སོ༔

ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ རྫོགས་ཆེན་ཉམས་སུ་བླང་པའི་མི༔ དབུགས་བྲལ་དུས་སུ་ཇི་ལྟར་འབྱུང་༔ ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ལྷ་ལྕམ་རིགས་ལྡན་ང་ལ་ཉོན༔ འཆི་ཁའི་དུས་ཀྱི་མཚན་ཉིད་ནི༔ གང་ཟག་དབུགས་དང་བྲལ་བའི་དུས༔ དབྱིངས་རིག་ཚད་དུ་མ་འཁྱོལ་ན༔ ཐམས་ཅད་སྐྱེ་ཞིང་འགྱུར་བ་ཅན༔ རྫོགས་ཆེན་བརྟན་པ་སུས་ཐོབ་དེས༔ ཚེ་ཡི་འདུ་བྱེད་དབུགས་བྲལ་ཚེ༔ ཧྲིལ་གྱིས་འདུས་པ་ཕྱི་ཡི་དབུགས༔ ཐིབས་ཀྱིས་འགགས་པ་དབང་པོའི་སྒོ༔ རྒྱངས་ཀྱིས་འཕོ་བ་ནང་གི་རླུང་༔ ལམ་གྱིས་མཐོང་བ་སྣང་བའི་ཡུལ༔ ལྷོད་ཀྱིས་ཀློད་པ་སྲོག་གི་སེམས༔ ཧྲིག་གིས་རིག་པ་འོད་གསལ་བུ༔ ལྷག་གིས་ཤར་བ་རིག་པའི་མདངས༔ ལྷན་གྱིས་ཞིག་པ་སྟོང་པའི་དབྱིངས༔ ས་ལེར་འཛིན་མེད་དོན་གྱི་རྩལ༔ ས་ལེར་མཁྱེན་པ་སྤྱོད་པའི་ཤུགས༔ ལྷང་ངེར་གནས་པ་སྒོམ་པའི་གདེང་༔ མི་གཡོ་གནས་པ་ལྟ་བའི་གདེང་༔ ཀུན་ལས་འདས་པ་ཆོས་སྐུའི་ངང་༔ སྟོང་གསལ་འགག་མེད་ལོངས་སྤྱོད་རྫོགས༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་གདོད་མར་ཐིམ༔ གསང་མཆོག་ཐེག་པའི་རྒྱལ་པོ་ཡིན༔ བློ་དམན་རྣམས་ཀྱི་སྤྱོད་ཡུལ་མིན༔ རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་བཅུད༔ ཕལ་པས་དེ་ཡི་དོན་མི་རྟོགས༔ མཐོང་ཐོས་དྲན་རེག་བདེ་བ་ཆེ༔ ཐ་མ་ཆོས་ཉིད་བར་དོར་གྲོལ༔ འབྲིང་ནི་འཆི་ཁ་མ་རུ་གྲོལ༔ རབ་ནི་ཟག་བཅས་མི་སྣང་གྲོལ༔ མཐོང་དང་གྲོལ་བ་དུས་མཉམ་ཡིན་གསུངས་སོ༔ ཡང་ལྷ་ལྕམ་གྱིས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བཀའ་རྫོགས་པ་ཆེན་པོ་འདི་ཐེག་པའི་མཐར་ཐུག་ཡིན་ཀྱང་༔ སྒོམ་མ་ཤེས་ན་གེགས་འབྱུང་ངམ་མི་འབྱུང་༔ དབང་པོ་རབ་འབྲིང་ཡོད་དམ་མེད༔ སྣང་སེམས་གཉིས་གཅིག་གམ་མི་གཅིག༔ དངོས་གྲུབ་ལ་རིང་ཐུང་ཡོད་དམ་མེད་ཞུས་པས༔ ཨོ་རྒྱན་གྱིས་གསུངས་པ༔ གསང་སྔགས་སྣོད་ལྡན་ལྷ་ལྕམ་ཁྱོད༔ པདྨ་ངས་བཤད་ལེགས་པར་ཉོན༔ རྫོགས་པ་ཆེན་པོ་ཐེག་པའི་མཆོག༔ འདི་དང་གང་ཟག་འདྲེས་པ་ན༔ ཉམས་ལེན་གཞུང་དང་མཐུན་པ་ཡིན༔ རྫོགས་པ་ཆེན་པོའི་མཚན་ཉིད་ནི༔ ལུས་ནི་མི་འགུལ་འདུག་སྟངས་ཡིན༔ ངག་ནི་མི་སྨྲ་བརྗོད་པ་མེད༔ སྡོད་པ་སེམས་ཀྱི་བྱར་མེད་འཛིན༔ མི་འཛིན་རླུང་གི་རང་སར་གནས༔ དབྱིངས་རིག་ཐར་ལ་ཐོན་ལ་བསྒོམ༔ ཉམས་ལེན་འདི་དང་སུ་མཐུན་པ༔ དེ་ལ་གནས་ཀྱི་དབྱེ་བ་མེད༔ འདི་ཉིད་མཐོང་བ་དོན་ཡོད་ཅེས༔ དབང་པོ་བྱེ་བྲག་ཅིར་ཡང་རུང་༔ འོན་ཀྱང་དབུགས་གྲོལ་ཐོགས་མེད་འགྱུར༔ སྣང་བ་སེམས་ཉིད་ཐ་དད་མེད༔ སེམས་ཉིད་གློ་བུར་བྱུང་བའི་སེམས༔ དེ་ཡི་རང་རྩལ་སྣང་བའི་ཡུལ༔ གློ་བུར་སེམས་དག་སྣང་བ་དག༔ ཡེ་ཤེས་བྱ་བ་སྟོང་པའི་མདངས༔ དེ་ཉིད་བསྟན་པ་སངས་རྒྱས་ཡིན༔ འོན་ཀྱང་སྣང་བའི་ཡུལ་དང་བསྟུན༔ ཐབས་ཀྱིས་འདུལ་བ་ཐུགས་རྗེ་ཆེ༔ དབྱིངས་རིག་ཟུང་འཇུག་ཉམས་ལེན་པ༔ སྐལ་བ་ཅན་དེ་སུ་ཡིན་པ༔ དེ་ལ་དངོས་གྲུབ་རིང་ཐུང་མེད༔ དམ་ཚིག་མོས་པ་གང་ཡོད་པ༔ དངོས་གྲུབ་གཏེར་གྱི་བུམ་པ་ཡིན༔ ལྷག་པར་རྫོགས་ཆེན་སུས་བསྒོམ་པ༔ དངོས་གྲུབ་གཉིས་ཀྱི་བདག་པོར་འགྱུར༔ མདོར་ན་རྫོགས་ཆེན་ཡང་བཅུད་འདི༔ ཆོས་རྣམས་ཀུན་ཀྱི་སྙིང་པོ་འདི༔ རྒྱས་པར་བསྟན་ན་བྱེ་བྲག་ཆེ༔ ཉུང་བར་བསྡུས་ན་ཉམས་ལེན་བདེ༔ ཚིག་ཉུང་དོན་ཆེ་གོ་བ་སླ༔ འདི་མཐོང་གཞན་ལ་ཡིད་མི་ཆེས༔ ལྷ་ལྕམ་ཁྱོད་ཀྱི་ཉམས་ལེན་ཆོས༔ དད་པ་བརྩོན་འགྲུས་མ་འདྲེད་པར༔ ཟག་མེད་བདེ་བ་ཆེན་པོར་སྒོམས༔ ཞེས་གསུངས་པས༔ ལྷ་ལྕམ་དེ་མ་ཐག་ཏུ་ཡིད་དཔྱོད་ཀྱི་ལྟ་བ་དང་བྲལ་ཏེ༔ བླུན་སྒོམ་གྱི་སྐྱོན་སངས་སོ༔ ངེས་ཤེས་རྫོགས་པ་ཆེན་པོ་ལ་ཐོབ་སྟེ༔ ཟག་མེད་ཀྱིས་ཟིན༔ སྐྱེ་འཆི་མེད་པ་ཚེའི་དངོས་གྲུབ་བརྙེས༔ ལྷ་ལྕམ་ལ་ཨོ་རྒྱན་གྱིས་གདམས་པ་གླུ་ཚིགས་སུ་བཅད་དེ་ཞུས་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ལྷ་ལྕམ་གྱིས་ཨོ་རྒྱན་གྱི་དྲུང་དུ་ཐེག་པ་རིམ་དགུའི་ཆོས་ལུང་ཞུས་པའི་ལེའུ།

དེ་ནས་མཆིམས་ཕུ་དགེ་གོང་ཕུག་པར༔ ཨོ་རྒྱན་རིན་པོ་ཆེ་ལ་ལྷ་ལྕམ་གྱིས༔ བཀའ་རྫོགས་པ་ཆེན་པོ་མཐའ་དག་མ་ལུས་པར་ཞུས༔ གཡའ་མ་བྲག་ཏུ་བྱམས་མགོན་ཐུགས་རྗེ་ཆེན་པོ་མཐའ་དག་མ་ལུས་པར་ཞུས༔ མཁའ་འགྲོ་མ་འདུ་བའི་དུར་ཁྲོད་དུ༔ མཁའ་འགྲོ་རྒྱ་མཚོའི་ཆོས་སྐོར་མ་ལུས་པར་ཞུས༔ གསང་བ་ཡེ་ཤེས་ཀྱི་བྲག་ཕུག་ཏུ༔ ཞི་ཁྲོ་བདེ་གཤེགས་འདུས་པའི་ཆོས་སྐོར་མ་ལུས་པར་ཞུས༔ བློན་པོ་མགུལ་གྱི་རྫ་ཁྲོད་དུ༔ བསྟན་པ་སྤྱིའི་ལུང་བསྟན་དང་༔ གང་ཟག་སྒོས་ཀྱི་ལུང་བསྟན༔ ཐེག་པ་བྱེ་བྲག་གི་སྐོར་མདོ་དང་བཅས་པ་ཞུས༔ བསམ་ཡས་ཁྲུས་ཁང་གླིང་དུ༔ འདུལ་བ་བླ་མ་དང་༔ ལང་ཀར་གཤེགས་པ་འདུལ་བ་དང་༔ འོད་ལྡན་འདུལ་བ་དང་༔ ལུང་ཡོད་པར་བསྟན་པ་དང་༔ འདུལ་བ་གཞི་རྒྱས་པར་བསྟན་པ་དང་༔ དེ་ལ་སོགས་པ་ཉན་ཐོས་ཀྱི་ཆོས་སྐོར་མཐའ་དག་ཞུས༔ འཇམ་དཔལ་གླིང་དུ༔ སངས་རྒྱས་ཕལ་པོ་ཆེའི་འབུམ་དང་༔ དཀོན་མཆོག་བརྩེགས་པའི་འབུམ་དང་༔ ལང་ཀར་གཤེགས་པའི་འབུམ་དང་༔ དེ་ལ་སོགས་ཏེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཐའ་དག་མ་ལུས་པར་ཞུས་སོ༔ བསམ་གཏན་གླིང་དུ༔ སུ་སིདྡྷི་ཀ་རའི་རྒྱུད་དང་༔ རིག་པ་མཆོག་གི་རྒྱུད་དང་༔ དཔུང་བཟང་གི་རྒྱུད༔ ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་༔ དེ་ལ་སོགས་པ་ཀྲི་ཡའི་ཆོས་མཐའ་དག་ཞུས༔ དབུ་རྩེའི་བར་ཁང་ཆེན་པོར༔ རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་༔ ཏི་ལ་གཟི་བརྗིད་ཀྱི་རྒྱུད་དང་༔ ཏིང་ངེ་འཛིན་གྱི་སྡེ་སྣོད་ཀྱི་རྒྱུད་དང་༔ ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ལ་སོགས་པ་ཨུ་པ་ཡ་ཡི་ཆོས་མཐའ་དག་ཞུས་སོ༔ དབུ་རྩེའི་རྩེ་མོར༔ དེ་བཞིན་གཤེགས་པ་འདུས་པ་ཆེན་པོའི་རྒྱུད༔ སཾ་གྲ་ཧ་དང་༔ དེ་བཞིན་གཤེགས་པ་གཟི་བརྗིད་ཀྱི་རྒྱུད་དང་༔ ངན་སོང་སྦྱོང་རྒྱུད་དང་༔ དཔལ་མཆོག་དང་པོ་ས་མ་དྷིའི་རྒྱུད་དང་༔ ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལ་སོགས་པ་ཡོ་གའི་ཆོས་མཐའ་དག་ཞུས༔ དབུ་རྩེ་ཇོ་བོའི་དྲུང་དུ༔ སྐུ་ཡི་འབྱོར་བ་རྒྱས་པ་སངས་རྒྱས་མཉམ་སྦྱོར༔ གསུང་དབྱངས་ཀྱིས་གྲོལ་བ་ཟླ་གསང་ཐིག་ལེ༔ ཐུགས་ཀྱི་ཐེག་པ་གསང་བ་འདུས་པ་དང་སྒྱུ་འཕྲུལ་དྲ་བ༔ སྒྱུ་འཕྲུལ་བླ་མ་དང་༔ གཙུག་ལག་རྡོ་རྗེ་གདན་བཞི་ལ་བསྐལ་པ་མེ་ལྟར་འབར་བའི་རྒྱུད༔ ཁྲོ་བོ་པུཎྜ་རི་ཀའི་རྒྱུད༔ རིན་ཆེན་མ་གོ་ལའི་རྒྱུད༔ རྟ་མཆོག་རོལ་པའི་རྒྱུད༔ ལྷ་མོ་མ་གོལ་ལའི་རྒྱུད༔ ཧེ་རུ་ཀ་འདུས་པའི་རྒྱུད༔ ཡ་མ་ར་ཛའི་རྒྱུད༔ སྲིད་པའི་རྒྱུད་ལུང་དང་༔ ལུང་བམ་པོ་བརྒྱད་ལ་སོགས་པ་ཡོ་གའི་རྒྱུད་མཐའ་དག་ཞུས༔ ཧས་པོ་རི་རྩེ་ལ་སྒྱུ་འཕྲུལ་གསང་བ་སྙིང་པོ་དང་༔ སྒྱུ་འཕྲུལ་གའུ་ལ་སོགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལ་སོགས་པ་ཨ་ནུ་ཡོ་གའི་ཆོས་མཐའ་དག་ཞུས༔ ནུབ་སྨན་རིའི་རྩེར་ལྟ་བ་ནམ་མཁའ་ཆེ་དང་༔ བྱང་ཆུབ་སེམས་དཔའི་སྒོམ་པ་དང་༔ རིག་པ་ཁུ་བྱུག་དང་༔ བདེ་བ་ཆེན་པོའི་དོན་སྟོན་དང་༔ དཔལ་ཀུན་ལ་འཇུག་པ་དང་༔ དེ་ལ་སོགས་པ་ཨ་ཏིའི་ཆོས་མཐའ་དག་ཞུས༔ ཐེག་པ་རིམ་དགུ་ཆུང་ངུའི་ཆོས་རྣམས་མོས་པའི་སྣང་ངོ་ཙམ་དུ་བསམ་ཡས་ཀྱི་སྐོར་རྣམས་སུ་རྫོགས་པར་ཞུས༔ མཆིམས་ཕུ་དགེ་གོང་གི་སྐོར་ལ༔ ཡང་གསང་བླ་ན་མེད་པའི་ཐེག་པ་ཆེན་པོ་མཆོག་གི་ཆོས་ཀྱི་དོན་ཐམས་ཅད་མ་ལུས་པར་ཞུས༔ ཁྱད་པར་དུ་བླ་མ་རང་གི་བླ་མ་ནོར་བུའི་སྐོར་མཛོད༔ ཡི་དམ་གྱི་ཆོས་སྐོར་ཡེ་ཤེས་འོད་ཀྱི་མཛོད་དང་༔ མཁའ་འགྲོའི་ཆོས་སྐོར་ཡང་གསང་བདེ་བ་ཆེན་པོའི་མཛོད་དང་༔ གཞན་ཡང་རིག་འཛིན་གྱི་ཆོས་སྐོར་མང་པོ་མཆིམས་ཕུའི་རྫ་ཁྲོད་དུ་ཞུས༔ ཏི་སྒྲོ་བྲག་དཀར་ལ་སོགས་ཏེ་རྫ་རི་གཡའ་གོང་གི་རི་ཁྲོད་དང་༔ ཤ་འུག་ལྟག་སྒོ་དང་༔ མཁོ་མཐིང་གངས་མཐའ་དང་༔ སྟག་ཚང་སེངྒེ་རྫོང་དང་༔ ཡང་ལེ་ཤོད་དང་༔ བསིལ་བ་ཚལ་དང་༔ དགའ་བ་ཚལ་དང་༔ བི་ཏ་རྫ་ཕུག་དང་༔ པདྨ་འོད་ཕུག་ལ་སོགས་པ་གནས་ཆེན་དང་གནས་ཕྲན་རྣམས་སུ་ཡང་༔ ཐེག་པ་ཆེན་པོའི་ཆོས་གདམས་པ་མཐའ་དག་མན་ངག་དང་བཅས་པ་ཡིད་ཆེས་པར་ཞུས༔ ཨོ་རྒྱན་གྱི་སྤྲུལ་པས་གར་ཁྱབ་པ་དེར༔ ལྷ་ལྕམ་བདག་གིས་ཀྱང་ཞུ་བ་པོའི་འཁོར་དུ་ཁྱབ་པར་བྱས༔ ཨོ་རྒྱན་ཆེན་པོས་གང་གསུངས་པ་འདི་ཉིད་ལྷ་ལྕམ་བདག་གིས་ཀྱང་ཁོང་དུ་ཆུད་པར་བྱས༔ ཐེག་པ་ཆེན་པོའི་ཆེ་བ་སྤྱི་ལྡན་དང་༔ དབྱིངས་རིག་ཡེ་ཤེས་རྫོགས་པ་ཆེན་པོ་ལ་ཐོབ་ནས༔ སྣང་སེམས་ཆོས་ཀྱི་སྐུར་ངོ་འཕྲོད༔ དུས་གསུམ་མཁྱེན་པའི་མངའ་བདག་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དེ་ཉིད་ཀྱིས༔ ཐེག་པ་རིམ་དགུའི་ཆོས་ཐམས་ཅད་རྫོགས་པར་གནང་བས༔ གནས་ལུགས་རང་མཚང་གཏན་ལ་ཕབ་ནས་འོད་གསལ་མ་བུ་འཕྲོད་པར་གྱུར་ཏོ༔ ལྷ་ལྕམ་གྱིས་ཨོ་རྒྱན་གྱི་དྲུང་དུ་ཐེག་པ་རིམ་དགུའི་ཆོས་ལུང་ཞུས་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ལྷ་ལྕམ་གྱིས་དམྱལ་བའི་གནས་ནས་འགྲོ་དོན་བསྟན་པའི་ལེའུ།

དེ་ནས་བསམ་ཡས་མཆིམས་ཕུ་དགེ་གོང་གི་གསང་བ་ཕུག་ཏུ་ནུབ་ཅིག་ཚོགས་འཁོར་མཛད་པའི་གྲལ་ལ་ལྷ་ལྕམ་དང་༔ བསམ་ཡས་རྒྱལ་པོའི་སྲས་མོ་ལྷ་ལྕམ་ཁྲོམ་པ་རྒྱན་དང་༔ པདྨ་གསལ་དང་༔ ནུས་སྦྱིན་གསལ་ལེགས༔ ལེགས་སྤྱིན་བཟང་མོ་དང་༔ ཨོ་རྒྱན་རང་གི་ཤེལ་དཀར་རྡོ་རྗེ་མཚོ་མོ་དང་༔ ལྕོག་རོ་མཆོད་གནས་མ་དང་༔ འབྲོམ་བཟའ་རིན་ཆེན་པདྨ་དང་༔ ཅོག་རོ་རིན་ཆེན་གཙུག་དང་༔ རིན་ཆེན་ས་ལེ་འོད་དང་༔ རུ་ཡོང་བཟའ་མ་ཏི་དང་༔ གཞན་ཡང་མཚན་ཉིད་དང་ལྡན་པའི་བུ་མོ་མང་དུ་འདུས་ནས༔ གསེར་གྱི་མཎྜལ་བདུན་ལ་གཡུའི་ཚོམ་བུ་བཀོད་ནས༔ ཨོ་རྒྱན་གྱི་ཕྱག་ཏུ་ཕུལ་ནས་མགྲིན་གཅིག་ཏུ་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བདག་འདྲ་བུད་མེད་རྣམས་སྐྱེ་བ་དམའ་ལ་རང་མཐོང་ཆེ་བ༔ རྒྱུད་ངན་ཞིང་ཤེས་རབ་ཆུང་བ་ལགས་པས༔ ཚིག་ཉུང་ལ་དོན་ཆེ་བ༔ མྱུར་དུ་སངས་རྒྱ་བའི་གདམས་ངག་ཅིག་ཞུ་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ དད་ལྡན་དགེ་སེམས་མ་ཁྱོད་རྣམས་ཉོན་ཅིག༔ མྱུར་དུ་སངས་རྒྱ་བ་ལ༔ གསང་སྔགས་ཐེག་པ་ཆེན་པོའི་སྒོར་ཞུགས་ནས༔ དམ་ཚིག་ལ་ཆག་ཉམས་མེད་པར་དབྱིངས་རིག་གི་དོན་རྩ་བར་བཟུང་ན༔ ཟག་མེད་ཀྱི་ལུས་ཐོབ་ནས་སྟོང་གསལ་འོད་ལྔའི་དབྱིངས་སུ་སངས་རྒྱ་བར་འགྱུར་རོ༔ ཞེས་གསུངས་ནས༔ རྫོགས་པ་ཆེན་པོ་ཀློང་གསལ་སྤྱི་ཏི་བཀོད་པ་ཞེས་བྱ་བའི་དཀྱིལ་འཁོར་ཉི་ཤུ་རྩ་ལྔ་ཞལ་ཕྱེས་ནས་དབང་བསྐུར༔ དོན་ཁྲིད་དུ་བསྟན་ནས་ཉམས་སུ་བླངས་པས༔ ཟླ་བ་རེ་རེ་ནས་ལྷུན་གྲུབ་ཀྱི་ཞིང་ཁམས་ལྔ་ལྔ་གཟིགས་ནས་སྐྱེ་དམན་གྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་བྱུང་༔ བན་དེ་སངས་རྒྱས་ཡེ་ཤེས་དང་༔ ནམ་མཁའི་སྙིང་པོ་དང་༔ ཁྱད་པར་ངན་ལམ་རྒྱལ་བ་མཆོག་དབྱངས་དང་༔ ཨ་ཙར་ས་ལེ་དང་༔ བཻ་རོ་ཙ་ན་དང་༔ སྐ་བ་དཔལ་བརྩེགས་དང་༔ ཅོག་རོ་ཀླུའི་རྒྱལ་མཚན་དང་༔ མུ་ཏིག་བཙན་པོ་དང་༔ མཆོག་གྲུབ་རྩལ་དང་༔ སྤྲེའུ་ཆུང་ལ་སོགས་ཏེ༔ གྲུབ་ཐོབ་བརྒྱད་ཅུ་རྩ་གཅིག་བྱུང་༔ ཁྱད་པར་དུ་ལྷ་ལྕམ་གྱིས་ཉམས་སུ་བླངས་པས༔ ཞག་བདུན་སོང་བའི་ནུབ་མོ་སྒྲུབ་ཁང་གི་མདུན་དུ༔ ཁྲོ་བོ་སྐུ་མདོག་སྔོན་པོ་ཕྱག་ན་གྲི་གུག་དང་ཐོད་ཁྲག་བསྣམས་པ༔ གཟུགས་མཁར་དང་མཉམ་པ་གཅིག་བྱུང་ནས༔ ལྷ་ལྕམ་ཁྱོད་ཀྱི་རང་དོན་མངོན་དུ་གྱུར་ནས་འདུག་པས༔ གཞན་གྱི་དོན་བྱེད་ནུས་སམ་གསུངས༔

ལྷ་ལྕམ་གྱིས་ཞུས་པ༔ གཞན་གྱི་དོན་བྱེད་ནུས༔ ཞིང་ཁམས་གང་འདུལ་ལུང་བསྟན་དུ་གསོལ༔ ཞེས་ཞུས་པས༔ ཁྲོ་བོ་དེའི་ཞལ་ནས༔ ལྷ་ལྕམ་ཁྱོད་ཀྱིས་དོན་བྱེད་ནུས་ན༔ དམྱལ་བའི་གནས་སུ་སོང་ལ༔ སྔོན་གྱི་དུས་ན་ལྷ་ལྕམ་ཁྱོད་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སྡིག་བློན་ཤནྟི་ཞེས་བྱ་བ་ཡོད་དོ༔ དམྱལ་བའི་གནས་མནར་མེད་པ་ཞེས་བྱ་བ་ན༔ ལས་ཀྱི་དབང་གིས་སྡུག་བསྔལ་བར་ཡོད་པས་དེ་ལྷ་ལྕམ་ཁྱོད་ཀྱིས་བསྐྱབ་ན་སྡུག་བསྔལ་ལས་སྐྱོབ་པར་ཡོད་པས༔ དེ་རུ་སོང་ཞིག་གསུངས་ནས༔ བུག་པ་ནག་ཏིང་ངེ་བ་ཞིག་གི་ནང་ན་སྐས་ཀ་དཀར་པོ་ཞིག་བཙུགས་ནས་འདུག་སྟེ༔ དེ་ལ་སྡིགས་མཛུབ་གཏད་ནས་བྱུང་༔ དེ་ནས་ལྷ་ལྕམ་གྱིས་བུག་པའི་ནང་གི་སྐས་ལས་མར་བབས་ནས་ཕྱིན་པས༔ ལྕགས་རི་ནག་པོ་གཅིག་གི་ཞོལ་ན༔ འདྲེའི་དམག་སྟོང་ཕྲག་ཙམ་ཚོགས་ནས་འདུག་སྟེ༔ མི་མང་པོའི་སྐེ་ལ་གསོར་འཐེན་ཞིང་༔ ལྕགས་ཀྱི་གཟེར་མང་པོ་བཏབ་ནས་མགོ་ཐོ་བས་རྡུང་ཞིང་༔ ཁྱེད་རྣམས་ཀྱིས་བྱས་ཡོད་པས་ད་རུང་ནག་གཅོད་ཟེར་ཏེ༔ མི་དེ་རྣམས་ཀྱིས་མི་ལུས་ཐོབ་པའི་དུས་སུ༔ སེམས་ཅན་ར་ཕག་ལུག་གསུམ་རེ་རེ་བསད་པའི་རྣམ་པར་སྨིན་པ་ཡིན་ཟེར་ཏེ༔ ཆོ་ངེས་འདེབས་སོ༔ ལྷ་ལྕམ་གྱིས་འདྲེ་དེ་རྣམས་ལ་སྨྲས་པ༔ མི་དེ་རྣམས་ཀྱིས་ཅི་བྱས་པ་ཡིན༔ འདི་ན་སྡིག་བློན་ཤནྟི་ཞེས་བྱ་བ་ཡོད་དམ་བྱས་པས༔ འདྲེ་དེ་རྣམས་ཀྱི་ནང་ནས་གཟུགས་ཐུང་ཞིང་སྟོད་སྒུར་བ༔ མིག་དམར་བ་གཅིག་བྱུང་ནས༔ མི་འདི་རྣམས་ཀྱིས་མི་ལུས་ཐོབ་པའི་དུས་སུ་སེམས་ཅན་ར་ཕག་ལུག་གསུམ་རེ་རེ་ཙམ་བསད་པའི་རྣམ་སྨིན་ཡིན༔ སྡིག་བློན་ཤནྟི་འདི་ན་མེད༔ འདིའི་འོག་ན་ངུ་འབོད་ཅེས་བྱ་བའི་གནས་ངན་ཡོད༔ དེར་སོང་ཞིག་ཟེར༔ ལྷ་ལྕམ་གྱིས་མར་མར་ཕྱིན་པ་ན༔ རི་བོ་མདོག་དམར་ནག་གྲུ་གསུམ་གྱི་སྟེང་ན༔ ཟངས་མོ་ཆེ་རྫིང་བུ་དང་མཉམ་པ་ཆུས་མེར་གྱིས་བཀང་བའི་ནང་ན་མེ་འབར་བས་ཆུ་རྦ་འཚུབས་ལོང་ལོང་ཁོལ་བཞིན་པའི་ནང་ན༔ མི་མང་པོ་ལུས་ཆུ་བུར་རཾ་རཾ་འཚོད༔ མི་དེ་རྣམས་ངེད་ཅི་ཚུག་བྱེད་ན་ཟེར༔ ཆོ་ངེ་རིང་རིང་འདེབས་སོ༔ མི་དེ་རྣམས་འདྲེ་དམག་སྟོང་ཕྲག་ཙམ་གྱིས་བསྐོར་ནས་ལག་ན་ལྕགས་ཀྱི་ཐོ་ལུམ་ཐོགས་ནས་ཟངས་ནང་གི་མི་རྣམས་ཀྱི་མགོ་བོ་ལ་རྡེག་ཅིང་༔ ཁྱེད་རྣམས་ཀྱིས་ངུས་པས་མི་ཕན༔ རང་གིས་ཉོས་པའི་ལས་ཡིན་པས་ཞེ་རེ་ཚིམ༔ ད་རུང་རྒྱོབ་ཅིག་སོད་ཅིག་ཟེར་རོ༔ ལྷ་ལྕམ་གྱིས་འདྲེ་དེ་རྣམས་ལ་སྨྲས་པ༔ མི་འདི་རྣམས་ཀྱིས་ལས་ཅི་བྱས་པ་ཡིན༔ མི་འདི་རྣམས་ཀྱི་ནང་ན་སྡིག་བློན་ཤནྟི་བྱ་བ་ཞིག་ཡོད་དམ་བྱས་པས༔ འདྲེ་དེ་རྣམས་ཀྱི་དཔོན་གླང་གི་མགོ་ཡོད་པ༔ ཁྲམ་ཤིང་ཨོག་རྩར་བཙུགས་པ་གཉིས་བྱུང་ནས༔ མི་འདི་རྣམས་ཀྱིས་མི་ལུས་ཐོབ་པའི་དུས་སུ་དགེ་འདུན་གྱི་དཀོར་ཟས་ལ་ཟོས་ཤིང་༔ སེམས་ཅན་རྣམས་བརྡུངས་ཤིང་འཚོག་པ་དང་༔ སེམས་ཅན་གྱི་ཁྲག་ཕྱུང་བའི་རྣམ་སྨིན་ཡིན༔ འདི་ན་སྡིག་བློན་ཤནྟི་ཞེས་བྱ་བ་མེད༔ འདིའི་འོག་རོལ་ན་མེ་མ་མུར་ཞེས་བྱ་བ་ཡོད་དེ་ན་ཡོད་འོང་སོང་དང་ཟེར་རོ༔

ལྷ་ལྕམ་གྱིས་མར་མར་ཕྱིན་པས༔ ས་ཐམས་ཅད་ལྕགས་ཀྱི་ཕྱེ་མ་དམར་པོ་ཚ་ངད་དང་ལྡན་པ་འདུག༔ ཡན་ལག་གཞོབ་ཏུ་ཐུལ་ཐུལ་ཚིག་པ་དང་༔ རུས་པ་རྣམས་སོལ་བར་ནག་རོག་རོག་འགྲོ་བར་འདུག༔ ཨ་ཙ་མ་ན་ངེད་ཚོ་སྡུག་ན་ཞེས་ཟེར་ཞིང་ཆོ་ངེས་རིང་རིང་འདུག༔ ཐ་མ་འདྲེ་དམག་སྟོང་ལྔ་ཙམ་གྱིས་བསྐོར་ནས་ཁྱོད་རང་གིས་ཉོས་པའི་ལས་ཡིན་ཟེར༔ སྤུ་གྲི་ངར་མས་ལུས་ཀྱི་ལྤགས་པ་ཟུལ་ཟུལ་བཤུ་བར་འདུག༔ ལྷ་ལྕམ་གྱིས་འདྲེ་དམག་དེ་རྣམས་ལ་སྨྲས་པ༔ མི་འདི་རྣམས་ཀྱིས་ཅི་བྱས་པ་ཡིན༔ འདི་ན་སྡིག་བློན་ཤནྟི་ཞེས་བྱ་བ་ཡོད་དམ་དྲིས་པས༔ འདྲེ་དེ་རྣམས་ཀྱི་ནང་ནས་གཟུགས་བཟང་བ་མདོག་ནག་པ་སྟག་གི་མགོ་ཅན་ལག་ན་རྩེ་གསུམ་ཐོགས་པ་གཅིག་བྱུང་ནས༔ མི་འདི་རྣམས་ཀྱིས་མི་ལུས་ཐོབ་དུས་སེམས་ལོག་ལྟ་དང་ལྡན་ཞིང་༔ སྐུ་ཡི་དམ་ཚིག་ཉམས་པའི་རྣམ་སྨིན་ཡིན༔ འདི་ན་སྡིག་བློན་ཤནྟི་ཞེས་བྱ་བ་མེད༔ འདིའི་འོག་ན་མནར་མེད་པ་བྱ་བ་ཡོད༔ དེ་ན་ཡོད་ཡོང་༔ ཁྱོད་རང་སོང་དང་ཟེར་རོ༔ ལྷ་ལྕམ་གྱིས་མར་ཕྱིན་པས༔ ས་གཞི་ཐམས་ཅད་མེ་འབར་བའི་དབུས་ན་ལྕགས་ཀྱི་ཁང་པ་སྒོ་མེད་པ་ཚ་བའི་ངར་དང་ལྡན་པ་གཅིག་འདུག༔ དེའི་ནང་ན་ང་རེ་སྡུག་ན་ཟེར༔ ཆོ་ངེ་རིང་རིང་འདུག་གོ༔ ཁང་པ་དེའི་ཐ་མ་ན་འདྲེ་དམག་སྟོང་ཕྲག་མང་པོས་བསྐོར་ནས་མི་མང་པོ་ཁྲིད་ཅིང་འདུག་པ་ལ༔ མདུང་རྩེ་གསུམ་པ་གསོར་ཞིང་འདེབས༔ མགོ་ལ་ཐོ་བས་གཟིར་ཞིང་བརྡུངས༔ ལུས་ལ་ཐིག་བཏབ་ཅིང་དྲ༔ མིག་ཐུར་མས་འབྲུ་ཞིང་ཁྲག་འཐུང་༔ མགོ་ནས་མེ་བུས་ཏེ་རྨ་ལ་ལྕུགས་ཁུ་བླུགས༔ རལ་གྲི་དང་གསོར་འཕེན་ཞིང་ཡན་ལག་ཕྱོགས་བཅུར་འཐེན་ནོ༔ ལྕགས་ཀྱི་ཁང་པ་དེའི་ཕྱོགས་བཞི་ལ་བུག་པ་འདོམ་གང་ཙམ་བཏོན་ནས་དེའི་ནང་ནས་མི་རེ་རེ་འཐེན་ཞིང་༔ ལུས་དུམ་བུར་གཏུབས་ནས་ཉ་ཁྲིད་ཤ་ཁྲིད་བྱེད་དོ༔ རྐང་མཐིལ་ནས་ལྤགས་པ་བཤུས་པའི་ཤུལ་གནམ་ལྕགས་དམར་པོས་ཨུར༔ རྐང་མཐིལ་གྱི་ལྷ་བ་རྣམས་འདོན་ཞིང་འཐུང་བ་དང་༔ ལུས་ཀྱི་ཡན་ལག་རེ་རེའི་སྟེང་དུ་ལྕགས་ཀྱི་གཟེར་མགོ་བརྒྱ་བརྒྱ་བཏབ་ནས་བརྡུང་ངོ་༔ མི་དེ་རྣམས་ནི་འདི་ལྟ་བུའི་ལས་འོང་བ་ཟེར་ནས་ཆོ་ངེ་རིང་རིང་འདེབས་ཤིང་ངུའོ༔ འདྲེ་དམག་དེ་རྣམས་ཀྱིས་ལག་ན་མདུང་རྩེ་གསུམ་པ་དང་༔ རྩེ་དགུ་པ་ཐོགས་ནས་ལུས་ཀྱི་རྒྱབ་མདུན་དུ་བརྒྱབ་ཅིང་༔ ཞེ་རེ་ཚིམ་ན་ད་རུང་རྒྱོབ་ཅིག་སོད་ཅིག་ཟེར་རོ༔

ལྷ་ལྕམ་གྱིས་འདྲེ་དམག་རྣམས་ལ་སྨྲས་པ༔ མི་འདི་རྣམས་ཀྱིས་ལས་ཅི་བྱས་པ་ཡིན༔ འདི་ན་སྡིག་བློན་ཤནྟི་བྱ་བ་ཡོད་དམ་བྱས་པས༔ མི་དེ་རྣམས་ཀྱི་ནང་ནས་སེང་གེའི་གདོང་པ་ཅན་ལག་ན་གསོར་ཐོགས་པ་གཅིག་བྱུང་ནས༔ མི་འདི་རྣམས་ཀྱིས་མི་ལུས་ཐོབ་པའི་དུས་སུ་དཀོན་མཆོག་གསུམ་དང་གནས་ལུགས་རྟོགས་པའི་རྣལ་འབྱོར་རྣམས་ལ༔ ལོག་པར་བལྟས་ཤིང་བར་གཅོད་བྱས་པའི་རྣམ་སྨིན་ཡིན༔ འདི་ན་སྡིག་བློན་ཤནྟི་ཨེ་འདུག་ངེད་ཀྱིས་བལྟའོ་ཟེར་ནས༔ ལྕགས་ཀྱི་ཁང་པ་དེའི་ནང་དུ་སོང་ནས་འདྲེ་དེ་ཚུར་ལོག་བྱུང་བ་དང་༔ སྡིག་བློན་ཤནྟི་བྱ་བ་འདུག༔ ཁྱོད་ཅི་བྱེད་ཟེར་རོ༔ ལྷ་ལྕམ་གྱིས་སྨྲས་པ༔ ཁོ་མོར་སྡིག་བློན་ཤནྟི་ཞེས་བྱ་བས་མི་ལུས་ཐོབ་པའི་དུས་སུ༔ སྡིག་པའི་ལས་ཚན་ཚ་བས་སྙིང་རྗེས་མ་བཟོད་པ་ཡིན༔ དེའི་སྡུག་བསྔལ་གྱི་སྐལ་བ་བདག་གིས་ཁུར་ནས་སྡིག་བློན་བདེ་བའི་གནས་སུ་འདྲེན་དུ་འོང་བ་ཡིན༔ ཤནྟི་མིའི་གནས་སུ་ཅིས་ཀྱང་གཏོང་བར་ཞུ་ཞུས་པས༔ རྒྱལ་པོ་དེ་ན་རེ༔ ཁྱེད་དེ་སྐད་ཟེར་བ་དག་ལེགས་ཏེ༔ ཁོ་རང་གིས་བསགས་པའི་ལས་ཡིན་པས༔ ཕན་གནོད་མེད་པར་འགྱུར་གྱིན་འདུག༔ ངེད་ལ་གནོད་པའི་སེམས་མེད་དེ༔ ཁྱོད་ཀྱི་སྡུག་བསྔལ་ཁུར་བས་སྡིག་ཅན་ཁོ་ན་ལ་གནོད་དུ་འོང་བས༔ ན་རཀ་དོང་སྤྲུགས་ཀྱི་ཆོ་ག་ཤེས་ན་ཕན་སྟོབས་ཆེའོ་ཟེར་བས༔ ལྷ་ལྕམ་གྱིས་ཏིང་ངེ་འཛིན་ཟས་སུ་ཟ་ཞིང་ལྕགས་ཀྱི་ཁང་པའི་སྒོ་དྲུང་དུ་ཕྱིན་ནས་ཞི་ཁྲོའི་དཀྱིལ་འཁོར་བརྒྱ་དང་བཅུ་གཅིག་བཞེངས་པས༔ ལྕགས་ཀྱི་ཁང་པ་ནི་ཚལ་པར་ཞིག་ནས་ཚ་བ་དང་ལྡན་པའི་མེ་དམར་མཚོན་ཆ་རྣམས་སོ་མེད་དུ་ལྷགས་ཐལ་ནས༔ ཐམས་ཅད་བསིལ་དྲོད་སྙོམས་ཤིང་༔ ལུས་ངག་ཡིད་གསུམ་བདེ་བ་དང་ལྡན་པར་གྱུར༔ ལས་ཀྱི་འདྲེ་དམག་རྣམས་ཀྱང་ཞི་བའི་འཛུམ་སྟོན་ཞིང་ཕན་པའི་གྲོགས་བྱེད་དོ༔ སྡིག་བློན་ཤནྟི་ལ་སོགས་པའི་དམྱལ་བའི་མི་འབུམ་དང་ཁྲི་ཚོ་གཅིག་གཙོས༔ ཞི་ཁྲོ་རབ་འབྱམས་ལ་སྐྱབས་སུ་སོང་ནས་བདེ་བའི་ཞིང་ཁམས་ལ་བཀོད་ནས་དམྱལ་བའི་དཔོན་གྱི་རྒྱལ་པོ་དེས་ཀྱང་ལྷ་ལྕམ་ལ་ཕྱག་བྱས་ཏེ་འདི་སྐད་ཟེར་རོ༔ ཁྱོད་ནི་ཀུན་ལ་དྲིན་རེ་ཆེ༔ སྔོན་གྱི་རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཆེ་བའི་སེམས་མ་ཁྱོད༔ བདེ་བའི་ཡུལ་དུ་སྡོད་པའི་ཚེ༔ ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཤིག༔ དེ་ནས་ལྷ་ལྕམ་གྱིས་སྨོན་ལམ་དང་ཐུགས་རྒྱ་ཆེན་པོ་བསྐྱེད་ནས་ཡར་ལ་བྱོན༔ མཆིམས་ཕུའི་དུར་ཁྲོད་དུ་ཕེབས་པའི་ཚེ༔ ལུང་སྟོན་པའི་ཁྲོ་བོ་ཡང་སྒོ་དྲུང་ན་འགྲེངས་ནས་འདུག་གོ༔ ཁྲོ་བོ་དེའི་གསུངས་ནས༔ ལྷ་ལྕམ་ཁྱོད་ཀྱིས་སྡིག་བློན་ཤནྟི་དམྱལ་བའི་གནས་ནས་ཐོན་ནམ་གསུངས་པས༔ ལྷ་ལྕམ་གྱིས་ཞུས་པ༔ སྡིག་བློན་ཤནྟི་ལ་སོགས་པ་དམྱལ་ཁམས་ཀྱི་མི་མང་པོ་བདེ་བ་ལ་བཀོད་ནས་ཡོད་ཞུས་པས༔ ཁྲོ་བོ་དེས་ཞལ་ནས༔ ཁྱོད་རྟོགས་པ་ཀློང་དུ་གྱུར་པས་ཆོས་ཉིད་ཀྱི་ནམ་མཁའ་ལ་རིག་པ་ཡེ་ཤེས་ཀྱིས་འགྲོ༔ ཐུགས་རྗེས་འགྲོ་བ་འཚོ་ཞིང་༔ སྡུག་བསྔལ་ཀུན་ལས་རྒྱལ་བར་འགྱུར་བས༔ བདག་ཉིད་ཧེ་རུ་ཀ་ལ་སོགས་པ་ཞི་ཁྲོ་རྒྱལ་བ་ཀུན་ལས་ཐུགས་རྗེའི་དཔུང་ཆེ་བ་ཡིན་ནོ༔ མཚན་ཡང་ཡེ་ཤེས་མཚོ་རྒྱལ་ཞེས་སུ་གསོལ༔ གསུངས་ནས་ཁྲོ་བོ་དེ་ཉིད་མི་དམིགས་པར་མཚོ་རྒྱལ་གྱི་ཐུགས་ཀར་ཐིམ་མོ༔ ཨོ་རྒྱན་ཆེན་པོས་ཀྱང་༔ མཚོ་རྒྱལ་ལ་བསྟོད་པ་མཛད་པ༔ མཚན་ཉིད་ལྡན་པའི་མཁའ་འགྲོ་ཁྱོད༔ རྒྱལ་བ་ཀུན་ཡང་བསྐྱེད་པའི་ཡུམ༔ བདེ་གཤེགས་ཀུན་གྱི་དཔུང་ཆེ་བའི༔ འགྲོ་དྲུག་ཀུན་གྱི་བྱམས་མགོན་ཡུམ༔ བདག་འདྲ་པདྨའི་ཡོན་ཏན་ཀྱང་༔ ང་ལས་མ་བྱུང་ཁྱོད་ལས་བྱུང་༔ ཁྱོད་ནི་ཡོན་ཏན་ཀུན་འབྱུང་མ༔ བདེ་བ་སྟེར་བའི་དངོས་གྲུབ་མཛོད༔ ལྷུན་གྲུབ་ཚེ་ཡི་རིག་འཛིན་བརྙེས༔ ཚེ་གཅིག་འདི་ལ་ཟག་མེད་རྫོགས༔ འཁོར་བ་དོང་ནས་མ་སྤྲུགས་པར༔ སྤྲུལ་པའི་ཞིང་ཁམས་བསམ་མི་ཁྱབ༔ མཛད་པའི་ཐུགས་རྗེར་ཅིར་ཡང་བསྒྱུར༔ ཀུན་ཏུ་བཟང་མོའི་རིགས་མཆོག་ཁྱོད༔ བདེ་ཆེན་ལྷུན་གྲུབ་འཁྱིལ་བ་མོ༔ མཚུངས་མེད་མཁའ་འགྲོ་ཁྱོད་ལ་བསྟོད༔ ཅེས་བསྟོད་དོ༔ ལྷ་ལྕམ་གྱིས་དམྱལ་བའི་གནས་ནས་འགྲོ་དོན་བསྟན་པའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ལྷ་ལྕམ་གྱིས་ལུང་བསྟན་ཐོབ་པའི་ལེའུ།

དེ་ནས་མཚོ་རྒྱལ་ལ༔ ཨོ་རྒྱན་ཆེན་པོས་ལུང་བསྟན་པ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཁྱོད༔ རང་སྣང་དུ་ཚེ་འདི་ལ་དཔལ་ཀུན་ཏུ་བཟང་མོ་དང་དགོངས་པ་མཉམ་ནས༔ གཞན་སྣང་དུ་གང་ལ་གང་འདུལ་དུ་སྤྲུལ་ཞིང་༔ སྤྲུལ་པ་ཇི་སྙེད་གཅིག་བཀྱེ་ནས༔ ཁྱེད་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ༔ འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ན༔ སེམས་ཅན་རེ་རེའི་མདུན་ན༔ སྤྲུལ་པ་རེ་རེ་གང་ལ་གང་འདུལ་དུ་སྤྲུལ་ཞིང་༔ འབྲེལ་ཚད་དོན་དང་ལྡན་ནས་ཟད་པའི་ས་ལ་བཀོད་པར་འགྱུར་རོ༔ མདོར་ན་འཁོར་བ་དོང་ནས་མ་སྤྲུགས་ཀྱི་བར་དུ་ཁྱོད་ཀྱི་སྤྲུལ་པ་ལ་ཟད་པ་མེད་དོ༔ ཁྱད་པར་ཐུབ་པའི་བསྟན་པ་སྙིགས་མ་ལྔ་བདོ་བའི་དུས་སུ༔ ཁྱོད་ཀྱི་སྤྲུལ་པ་རིགས་ལྔའི་རྟགས་ཀྱིས་མངའ་གསོལ་བ༔ འབྲེལ་ཚད་དོན་དང་ལྡན་པ་གཅིག་གངས་ཅན་གྱི་དབུས་སུ་འབྱུང་༔ གསུང་གི་སྤྲུལ་པ་བླ་མ་དང་མཁའ་འགྲོས་མངའ་གསོལ་བ༔ མཚན་ཉིད་ལྡན་པ་གཅིག་ནུབ་ཕྱོགས་གཙང་གི་ཕྱོགས་སུ་འབྱུང་ངོ་༔ ཐུགས་ཀྱི་སྤྲུལ་པ་དཀོན་མཆོག་གསུམ་གྱིས་མངའ་གསོལ་བ༔ འབྲེལ་ཚད་དོན་དང་ལྡན་པ་གཅིག་ཤར་ཕྱོགས་ཀོང་པོའི་ཡུལ་དུ་འབྱུང་ངོ་༔ ཡོན་ཏན་གྱི་སྤྲུལ་པ་མཐོང་བས་དོན་ཡོད་པ༔ རིགས་ལྔས་མངའ་གསོལ་བ་ངང་རྒྱུད་ཅན་གཅིག་ལྷོ་ནུབ་མཚམས་སུ་འབྱུང་༔ ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྤྲུལ་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་མངའ་གསོལ་བ༔ རྡོ་རྗེ་པདྨའི་མིང་ཅན་སྙིགས་མའི་འགྲོ་བ་ཐམས་ཅད་ཀྱི་དེད་དཔོན་དམ་པར་གྱུར་པ་གཅིག༔ བསམ་ཡས་འདིའི་ནུབ་ཕྱོགས་ཡུལ་སྒྲགས་ཞེས་བྱ་བ་ནས་འབྱུང་༔ མཚོ་རྒྱལ་ཁྱོད་ཀྱིས་ཞུས་པའི་གདམས་ངག༔ ཟབ་མོའི་ཆོས་རྣམས་བཀའ་རྒྱས་ཐོབ་ལ༔ གཏེར་དུ་སྦས་ནས་སྨོན་ལམ་བཏབ་ན་ཁྱོད་ཀྱི་སྤྲུལ་པ་རྣམས་དང་དུས་མཚུངས་སུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ༔ བདག་འདྲ་པདྨའི་སྤྲུལ་པ་ཡང་མང་དུ་འབྱུང་༔ གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཀྱང་ཡད་ཡུད་ཙམ་འབྱུང་༔ ཉམས་ལེན་དང་མོས་པ་ཡང་ཡད་ཡུད་ཙམ་འབྱུང་༔ ལར་བོད་འབངས་འདི་རྣམས་ལ་ཁྱོད་ཀྱི་དྲིན་ཡོད་དེ་སྐལ་མེད་ཀྱིས་མི་གོ༔ ཁྱོད་ཀྱིས་པདྨ་ངའི་བཀའ་ལ་ངོ་ལྐོག་མེད་པར་ཟབ་ཆོས་གདམས་པ་ཐམས་ཅད་ཉམས་སུ་བླངས་པས༔ ཚེ་འདིར་ཟག་པའི་སྒྲིབ་པ་ཐམས་ཅད་ཟད་ནས་ཟག་མེད་ཚེའི་དངོས་གྲུབ་བརྙེས་པས༔ མི་ལོ་དྲུག་ཅུའི་བར་དུ་གཞོན་ནུའི་ལུས་དང་ལྡན་ནས་སྤྲུལ་པ་སྐུའི་ཞིང་ཁམས་འདིར་བཞུགས༔ དེ་ནས་ཟག་མེད་བདེ་བ་ཆེན་པོའི་དབྱིངས་སུ་མངོན་པར་རྫོགས་པར་འཚང་རྒྱའོ༔ ལྷ་ལྕམ་གྱིས་ལུང་བསྟན་ཐོབ་པའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པའི་ལེའུ།

དེ་ནས་མཚོ་རྒྱལ་གྱིས༔ ཨོ་རྒྱན་ལ་རྗེས་སུ་གནང་བའི་བཀའ་དྲིན་གྱི་ལུང་བསྟན་ཐོབ་སྟེ༔ དེ་རྣམས་ཀྱི་རྒྱབ་ཆོས་ཞུས་པ༔ ཨོ་རྒྱན་ཆེན་པོ་ལགས༔ བདག་གི་སྤྲུལ་པ་དང་༔ ཁྱོད་ཀྱིས་གནང་བའི་གདམས་པ་རྣམས་དུས་གཅིག་ཏུ་འཛོམས་ཏེ༔ སྟོན་པ་དང་བསྟན་པའི་ཚུལ་གྱིས༔ མ་འོངས་པའི་སེམས་ཅན་རྣམས་སྨིན་གྲོལ་ལ་བཀོད་ནས༔ ཐམས་ཅད་དཀར་ཆག་ལ་བཏབ་ནས་ཟབ་མོའི་གཏེར་དུ་སྦས་ན་རུང་ལགས་སམ༔ གདམས་པ་འདི་རྣམས་ཀྱིས་ཕན་ཐོགས་པའི་དུས་དང་བསྟན་པའི་འཕོ་འགྱུར་ཅི་འདྲ་ཡོང་༔ ཆོས་བདག་གང་ཟག་ཅི་འདྲ་ཡོང་༔ མཐར་གང་ཟག་གིས་སེམས་ཅན་བདེ་ལ་ཅི་འདྲ་འཁོད་བཀའ་གནང་བར་ཞུ་ཞུས་པས༔ ཨོ་རྒྱན་གྱིས་གསུངས་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཁྱོད་ཉོན་ཅིག༔ བདག་འདྲ་པདྨས་གནང་བའི་ཟབ་ཆོས་རྣམས་དང་བནྡེ་སངས་རྒྱས་ཡེ་ཤེས་ཀྱིས་ཁྱོད་རང་ལ་ཞུས་པའི་རྣམ་ཐར་དང་༔ བསྟན་པ་སྤྱིའི་ལུང་བསྟན་དང་༔ གང་ཟག་སྒོས་ཀྱི་ལུང་བསྟན་དང་༔ གཏེར་གྱི་ཁ་བྱང་ལྡེ་མིག་དང་བཅས་པ་དཀར་ཆག་ལ་ཐོབ་ཅིག༔ བཀའ་རྒྱ་དང་བཅས་གཏེར་དུ་སྦས་ཏེ་སྨོན་ལམ་བཏབ་པས༔ མ་འོངས་སྐལ་ལྡན་རྣམས་ལ་ཤིན་ཏུ་ནས་ཀྱང་དྲིན་ཆེའོ༔ དམ་ཆོས་འདི་རྣམས་ཀྱིས་འགྲོ་བ་སྨིན་པའི་དུས་སུ༔ སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བས༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཡང་ཆག༔ ཆོས་ཁྲིམས་དར་གྱི་མདུད་པ་ཡང་ཞིག༔ བློན་པོ་ཁྲིམས་བགྲོས་ཀྱི་སྒྲོན་མེ་ཡང་ཡལ༔ མི་ཆོས་སོག་མའི་ཕོན་ཐག་ཀྱང་ཆད༔ དཀོན་མཆོག་བསྟན་པའི་འོད་ཀྱང་འགྲིབ༔ ཉན་ཐོས་བྱང་སེམས་ཀྱི་ཁྲིམས་ཀྱང་ཞིག༔ བྱང་སེམས་བསླབ་པ་སྙིང་རྗེའི་སྡོང་པོ་ཡང་འགྱེལ༔ གསང་སྔགས་དམ་ཚིག་གི་སྡོང་བུ་ཡང་སྡེབ༔ ཕ་ཟེར་ལ་བུ་ཡང་མི་ཉན༔ དཔོན་ཟེར་ལ་གཡོག་མི་ཉན༔ ལྟ་བ་སྐྱེ་དམན་མཐོ༔ ཆོས་སྐད་མི་ནག་པས་བྱེད༔ ཟས་སུ་མནའ་ཟ༔ སྐོམ་དུ་དུག་འཐུང་༔ གོས་སུ་ལྕགས་ཁྲབ་གྱོན༔ གྲོགས་སུ་ཟོག་པོ་བརྟེན༔ ནོར་དུ་སྡིག་པ་གསོག༔ སློབ་དཔོན་གྱིས་དམག་དཔོན་བྱེད༔ སློབ་མ་དགྲར་ལངས༔ མཁན་པོས་གྲལ་ཁྲིམས་གཏོང་༔ དགེ་སློང་མཚོན་ཆ་འཛིན༔ གྲུབ་ཐོབ་གྲོང་ཡུལ་འགྲིམ༔ ཟོག་པོས་རྒྱལ་ཁམས་གང་༔ ཆོས་བྱེད་བདུད་ཀྱིས་བསླུ༔ བཟང་ལན་ངན་གྱིས་འཇལ༔ བཀའ་ལ་རལ་ཆོད་བྱེད༔ རྟེན་རྣམས་མགོ་མཇུག་སློག༔ གཙུག་ལག་འཐབ་རས་བསྐོར༔ མིང་སྲིང་ངོ་ཚ་ཤོར༔ ཕ་སྤུན་དམེ་འཁྲུག་བྱེད༔ མི་སྨྱོན་ཁྱི་སྨྱོན་འབྱུང་༔ ནད་རིམས་ཆར་ལྟར་འབེབས༔ སད་སེར་མཚོ་ལྟར་འཁྲུག༔ ལྟས་ངན་དང་མུ་གེའི་སྐར་ཚོགས་འཁྲུགས་པ་རྣམས་མི་དྲན༔ མི་རྣམས་མི་དྲན་དགུ་དྲན༔ མི་བྱེད་དགུ་བྱེད༔ མི་སྡུག་དགུ་སྡུག༔ མི་རུང་སྣ་ཚོགས་འབྱུང་༔ སེམས་ཅན་རྣམས་ལ་ལས་ངན་རྡོལ་བས༔ ལོག་པའི་བདུད་སྤྲུལ་ངན་པ་ཁ་རྒྱལ་བར་འགྱུར་ཏེ༔ དེའི་དུས་སུ་སེམས་ཅན་རྣམས་ལ་སྐྱབས་མེད་པས༔ མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་དང་༔ པདྨ་ང་ཡི་སྤྲུལ་པས་འགྲོ་བ་མང་དུ་སྐྱོབ་ཅིང་༔ སྨིན་གྲོལ་ལ་འཁོད་པར་འབྱུང་ངོ་༔ ཁྱད་པར་པདྨ་ངའི་ཟབ་ཆོས་རྣམས་ལ་ལོངས་སྤྱོད་པ༔ ཁྱོད་ཀྱི་རྣམ་ཐར་འཛིན་པའི་འབྲེལ་ཚད་དོན་ལྡན་མང་དུ་འོང་སྟེ༔ བོད་གངས་ཅན་གྱི་ཁྲོད་དུ་འབྱུང་༔ ད་ལྟའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་འདི༔ སྐྱེ་བ་མང་དུ་སྤྱད་པའི་མཐར༔ ལྷོ་མོན་གྱི་ཕྱོགས་སུ་ཆོས་ཀྱི་དབང་ཕྱུག་ཅེས་པར་གྲགས༔ སེམས་ཅན་གྱི་དོན་མང་དུ་བྱེད་པར་འགྱུར་རོ༔ དེ་ཡང་སྐྱེ་མཐའི་སངས་རྒྱས་ཡིན་ནོ༔ ད་ལྟའི་སྔགས་འཆང་མཆོག་གྲུབ་རྩལ་འདི༔ སྐྱེ་བ་མང་དུ་སྤྱད་པའི་མཐར༔ གྲ་མོངས་ཡར་ཞེས་བྱ་བའི་ལུང་པར༔ ཨོ་རྒྱན་གླིང་པ་ཞེས་གྲགས་ཏེ༔ སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ༔ དེ་ཡང་སྐྱེ་མཐའི་སངས་རྒྱས་ཡིན་ནོ༔ ད་ལྟའི་ལྷ་ལྕམ་པདྨ་གསལ་འདི༔ སྐྱེ་བ་མང་དུ་སྤྱད་པའི་མཐར༔ མོན་བུམ་ཐང་ཞེས་བྱ་བའི་ནང་དུ༔ དྲི་མེད་འོད་ཟེར་ཞེས་གྲགས་ཏེ༔ སེམས་ཅན་གྱི་དོན་བྱེད་པ་འབྱུང་ངོ་༔ དེ་ཡང་སྐྱེ་མཐའི་སངས་རྒྱས་ཡིན་ནོ༔ ད་ལྟའི་ལེགས་སྦྱིན་བཟང་མོ་འདི༔ སྐྱེ་བ་མང་དུ་སྤྱད་པའི་མཐར༔ བཀྲ་ཤིས་ཞེ་ལུང་ཞེས་པའི་ནང་དུ༔ པདྨ་བཛྲ་ཞེས་སུ་གྲགས་ཏེ༔ སེམས་ཅན་གྱི་དོན་བྱེད་དོ༔ དེ་ཡང་སྐྱེ་མཐའི་སངས་རྒྱས་ཡིན་ནོ༔ ད་ལྟའི་བན་དེ་སངས་རྒྱས་ཡེ་ཤེས་འདི༔ ངའི་ཐུགས་ཀར་ཐིམ་ནས་ཟག་མེད་དུ་སངས་རྒྱས་ཀྱང་༔ གཞན་སྣང་མོས་པའི་ཡུལ་དུ་གྲྭ་མདའ་ཁང་དམར་ཞེས་པའི་ཡུལ་དུ༔ དྲི་མེད་ཀུན་དགའ་སྙིང་པོ་ཞེས་སུ་གྲགས་ཏེ༔ སེམས་ཅན་མང་པོའི་དོན་བྱེད་དོ༔ ཁྱད་པར་དུ་མཚོ་རྒྱལ་ཁྱོད་ཀྱི་ཐུགས་དམ་དབྱེར་མེད་ཐམས་ཅད་ལོངས་སྤྱད་ནས༔ སྐྱེ་འགྲོ་འབུམ་ཕྲག་མཐའ་ཡས་པ་ལྷུན་གྲུབ་རིག་འཛིན་གྱི་ས་ལ་འཁོད་པར་འགྱུར་རོ༔ གསུངས་སོ༔ དེ་ནས་ཨོ་རྒྱན་ཆེན་པོ་དང་༔ མཚོ་རྒྱལ་གཉིས་ལོ་དྲུག་ཅུའི་བར་དུ༔ སྤྲུལ་པའི་སྐུས་ཞིང་ཁམས་ཉུལ༔ དེ་ནས་ཨོ་རྒྱན་ལྷོ་ནུབ་ཏུ་མི་འབྱོན་བར་དུ་གང་ལ་གང་འདུལ་དུ་སྤྲུལ་ནས་བླ་ན་མེད་པའི་ཆོས་འཁོར་བསྐོར༔ དེ་ནས་ས་ཕོ་སྤྲེའུའི་ལོ༔ སྤྲེལ་ཟླའི་ཚེས་བཅུའི་སྔ་དྲོར་ཉི་ཟེར་གྱི་རྟ་ལ་ཆིབས་ནས༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དུ་བྱོན༔ ཡོངས་གྲགས་ཨོ་རྒྱན་ཆེན་པོས༔ རྒྱ་གར་དང་རྒྱ་ནག་ཏུ་སུམ་སྟོང་བཞུགས་སོ༔ བོད་དུ་བརྒྱ་དང་བཅུ་གཅིག་བཞུགས༔ མཚོ་རྒྱལ་གྱིས་ཕྱག་ཕེབས་ནས་མི་ལོ་བཅུ་གསུམ་སོང་ནས་ཕྱག་ཕྱིར་འབྲངས་ཏེ༔ ལྷོ་ནུབ་སྲིན་ཡུལ་དུ་མ་བྱོན་པར་ཞབས་ཏོག་མཛད་དོ༔ གཞོན་ནུའི་དུས་སུ་ལོག་པའི་བདུད་བཅོམ༔ ལང་ཚོ་དར་ལ་བབ་པའི་དུས་སུ་བདེ་སྟོང་ལ་མཉམ་པར་བཞག༔ མཐར་ཐུག་མཁའ་འགྲོ་ཀུན་ཏུ་བཟང་མོ་དང་དབྱེར་མེད་པར་སངས་རྒྱས་སོ༔ སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཨེ་མ་ཧོ༔ མཚོ་རྒྱལ་ང་ཡི་རྣམ་ཐར་འདི༔ བན་དེ་སངས་རྒྱས་ཡེ་ཤེས་ཀྱིས༔ མོས་པས་ཞུས་པའི་ངོ་མ་ལྡོག༔ སྐལ་ལྡན་དོན་དུ་ཡི་གེར་བཀོད༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ སྣོད་མིན་རྣམས་ལ་གསང་བར་བྱ༔ བབ་བཅོལ་སྨྲས་ན་དམ་ཚིག་ཉམས༔ མཁའ་འགྲོ་སྡེ་བཞིས་ཐུབ་པར་སྲུངས༔ ཁྱུ་མཆོག་དེ་ལ་དུས་སུ་གཏོད༔ གཉེར་རོ་གཏད་དོ་ས་མ་ཡ༔ གབ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔

བདག་འདྲ་རིག་འཛིན་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའོ། །

ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་མདོར་བསྡུས་སྒོ་ནས་གསོལ་བ་འདེབས་པ་མོས་གུས་གདུང་བའི་ཏམྦུ་ར། ཀོང་སྤྲུལ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་གཏེར་མ།

༄༅། །མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་མདོར་བསྡུས་སྒོ་ནས་གསོལ་བ་འདེབས་པ་མོས་གུས་གདུང་བའི་ཏམྦུ་ར་བཞུགས་སོ། །

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། ཀུན་ཏུ་བཟང་མོ་ཤེས་རབ་ཕ་རོལ་ཕྱིན། །དབྱིངས་ཕྱུག་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །དབྱངས་ཅན་ལྷ་མོ་ཡེ་ཤེས་མཚོ་རྒྱལ་ཞབས། །བླ་མ་སྐུ་གསུམ་མཁའ་འགྲོར་གསོལ་བ་འདེབས། །ཆོས་འཕགས་དྲུང་དུ་སྨོན་ལམ་ཆེན་པོ་ཐེབས། །ཐུབ་པའི་སྤྱན་སྔར་གངྒཱའི་ལྷ་མོར་སྤྲུལ། །དག་པའི་ཞིང་དུ་འཕགས་མ་དབྱངས་ཅན་མའི། །སྐུ་ཡི་བཀོད་པར་བསྟན་ལ་གསོལ་བ་འདེབས། །གངས་ཅན་གདུལ་བྱ་འདུལ་བའི་དུས་བབས་ཚེ། །མཁའ་ལས་ཐབས་ཤེས་ཡིག་འབྲུའི་རྣམ་པ་ཡིས། །སྒྲགས་ཡུལ་མཁར་ཆེན་རིགས་ཀྱི་ལྷུམས་སུ་ཞུགས། །ལྟས་བཟང་དཔག་མེད་སྣང་ལ་གསོལ་བ་འདེབས། །བྱ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་ཤར་དུས། །སྐུ་བལྟམས་ཚེ་ན་ས་གཡོས་འབྲུག་སྒྲ་ལྡིར། །མེ་ཏོག་ཆར་བབས་བླ་ཡི་མཚོ་མོ་རྒྱས། །འཇའ་འོད་གུར་ཆེན་ཕུབ་ལ་གསོལ་བ་འདེབས། །བལྟམས་མ་ཐག་ནས་དབྱངས་གསལ་ཚིགས་བཅད་གསུངས། །མཁའ་ལས་ལྷ་མོ་མང་པོས་ཤིས་པ་བརྗོད། །ཟླ་བ་གཅིག་ནས་ལོ་བརྒྱད་ན་ཚོད་རྫོགས། །རྒྱལ་ཁམས་སྙན་པས་ཁྱབ་ལ་གསོལ་བ་འདེབས། །འཁོར་བའི་བཙོན་རར་ངེས་འབྱུང་ཤུགས་དྲག་པས། །རྒྱལ་ཕྲན་སློང་བ་པོ་ལས་རིང་དུ་བྲོས། །མངའ་བདག་ཁྲི་སྲོང་ཐུགས་ཀྱི་བཞེད་པ་ལྟར། །ཁབ་ཀྱི་དམ་པར་བྱོན་ལ་གསོལ་བ་འདེབས། །འབྲི་ཀློག་རིག་པའི་གནས་ཆེན་ལྔ་ལ་སོགས། །མཁས་པའི་བརྡ་བསྟན་ཙམ་གྱིས་ཐུགས་སུ་ཆུད། །སྔོན་སྦྱངས་ལས་འཕྲོ་ཆོས་ལ་སད་པ་ཡིས། །ཆོས་ཀྱི་གཉེར་འཛིན་བསྐོས་ལ་གསོལ་བ་འདེབས། །སློབ་དཔོན་པད་འབྱུང་མཆིམས་ཕུར་བཞུགས་པ་ཉིད། །རྒྱལ་པོའི་སྤྱན་དྲངས་རྒྱལ་སྲིད་མནྜལ་ཕུལ། །རྩོལ་མེད་ཐེག་པར་གནང་བར་གསོལ་བཏབ་པས། །གསང་སྔགས་དཀོན་པར་བསྟན་ལ་གསོལ་བ་འདེབས། །སླར་ཡང་མཚོ་རྒྱལ་དེ་མཐུན་དམ་རྫས་ཀྱི། །ཚོགས་འཁོར་ཕུལ་བས་དགྱེས་བཞིན་གནང་བ་བསྩལ། །ཇོ་མོར་མངའ་གསོལ་དབང་གིས་རྒྱུད་སྨིན་མཛད། །མཆིམས་ཕུར་གསང་སྤྱོད་གཤེགས་ལ་གསོལ་བ་འདེབས། །སྡེ་སྣོད་གསུམ་སོགས་ཐེག་པ་ཆེ་ཆུང་གི །དྲང་དོན་རྒྱུ་འབྲས་ཆོས་ལ་བློ་སྦྱངས་ཤིང་། །དབྱངས་ཅན་ཞལ་གཟིགས་མི་བརྗེད་གཟུངས་མཆོག་ཐོབ། །མངོན་ཤེས་རྫུ་འཕྲུལ་བརྙེས་ལ་གསོལ་བ་འདེབས། །བསྒྲུབ་བྱ་ཚུགས་ཐུབ་བཤད་བྱ་ཁོང་ཁྲོལ་ཅིང་། །ཤེས་བྱ་ཕུལ་ཕྱིན་ཐེག་དགུའི་ལ་ཤན་ཕྱེད། །ཆོས་དང་ཆོས་མིན་ཤན་འབྱེད་ཀློང་ནས་བརྡོལ། །ལས་འབྲས་རང་མཚང་གཟིགས་ལ་གསོལ་བ་འདེབས། །རྒྱུ་འབྲས་ལ་ཟློའི་ཟབ་གསང་བཙལ་བཞེད་ནས། །གུ་རུ་རྗེ་ལས་འདའ་དཀའི་དམ་ཚིག་ནོད། །གཡའ་ལུང་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡི། །ཐོག་མར་རྒྱུད་སྨིན་མཛད་ལ་གསོལ་བ་འདེབས། །གཞོ་སྟོད་ཏི་སྒྲོར་རྗེ་དང་ལྷན་ཅིག་ཕེབས། །ཚོགས་ཁང་ཆེན་མོར་བདེ་ཆེན་མནྜལ་ཕུལ། །གསང་བའི་དབང་བཞིས་སྐུ་གསུང་ཐུགས་སུ་སྨིན། །བླ་མའི་དག་སྣང་འབྱོངས་ལ་གསོལ་བ་འདེབས། །ཟླ་བ་དྲུག་ཏུ་དབང་དོན་རྩལ་སྦྱངས་པས། །དུས་སྦྱོར་རླུང་འགག་རྟེན་འབྲེལ་བཅུ་གཉིས་དང་། །གནས་སྐབས་བཞི་དག་བཅུ་གཉིས་ས་མཆོག་ནོན། །བསམ་ཡས་ཡོན་ཏན་ལྡན་ལ་གསོལ་བ་འདེབས། །གུ་རུའི་ལུང་བཞིན་བལ་པོའི་ཡུལ་དུ་བྱོན། །མི་བསད་རོ་བསླངས་གསེར་གྱིས་རིན་གཞལ་ནས། །ཐབས་ཀྱིས་དཔའ་བོ་ཨ་ཙར་ས་ལེ་བསླུས། །

གདུལ་དཀའི་འགྲོ་མང་བཏུལ་ལ་གསོལ་བ་འདེབས། །བ་སུ་བྷ་ར་ཤཱཀྱ་དེ་མ་སོགས། །ཕན་ཚུན་ཆོས་གསན་སླར་ཡང་ཏི་སྒྲོར་ཕེབས། །དགའ་བཞིའི་རྩལ་སྦྱངས་བཅུད་ཀྱི་དངོས་གྲུབ་ཐོབ། །འབྱུང་ལྔར་རང་དབང་བསྒྱུར་ལ་གསོལ་བ་འདེབས། །ཆོས་རྒྱལ་གསོལ་བཏབ་ཡབ་ཡུམ་མཆིམས་ཕུར་ཕེབས། །བླ་མེད་དཀྱིལ་འཁོར་བརྒྱད་དང་ཉི་ཤུ་ཡི། །ཞལ་ཕྱེས་སྐལ་ལྡན་སུམ་བརྒྱ་སྨིན་པར་མཛད། །ཐུགས་སྒྲུབ་བཀའ་ཆེན་བབས་ལ་གསོལ་བ་འདེབས། །ཏི་སྒྲོར་བླ་མ་བསྒྲུབས་པས་བྱིན་ཆེན་ཐོབ། །སྣང་བ་ཐམས་ཅད་བླ་མའི་རོལ་པར་ཤར། །ཨོ་རྒྱན་མཁའ་འགྲོའི་གླིང་སོགས་ཞིང་མཆོག་བགྲོད། །ངོ་མཚར་བརྡ་ཆོས་གཟིགས་ལ་གསོལ་བ་འདེབས། །ཟས་གོས་ལུས་ངག་ཡིད་དང་སངས་རྒྱས་བསྟན། །གཞན་དོན་སྙིང་རྗེའི་དཀའ་བ་ཆེན་པོ་བརྒྱད། །གུ་རུའི་བཀའ་ལུང་ཇི་བཞིན་མཐར་ཕྱིན་ནས། །སོ་སོའི་གྲུབ་རྟགས་ཐོན་ལ་གསོལ་བ་འདེབས། །གཡའ་གངས་མཚམས་སུ་གཏུམ་མོའི་བདེ་དྲོད་བརྙེས། །ཕལ་པའི་གོས་བྲལ་རུས་པའི་རྒྱན་དྲུག་མཛེས། །སེང་གེ་རྫོང་དུ་སྨན་གྱི་བཅུད་ལོན་པས། །དྲང་སྲོང་སྨན་ལྷས་མཆོད་ལ་གསོལ་བ་འདེབས། །གདོས་བཅས་ལུས་ཟད་འཇའ་ལུས་མཁའ་སྤྱོད་བརྙེས། །ངག་ནི་ཚངས་དབྱངས་ཡན་ལག་དྲུག་ཅུ་རྫོགས། །སེམས་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ལྡན། །མཆོག་ཐུན་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། །ནེའུ་རིང་རྫོང་དུ་མི་དང་མི་མིན་གྱི། །དཔུང་ཚོགས་བཏུལ་ནས་དད་པའི་གཞི་ལ་བཀོད། །མཐུ་ཆེན་ལྷ་འདྲེ་རྣམས་ཀྱི་སྲོག་སྙིང་ཕུལ། །བསྟན་པའི་སྲུང་མར་བསྐོས་ལ་གསོལ་བ་འདེབས། །སྤ་གྲོ་སྟག་ཚང་ཟབ་ལམ་བརྟུལ་ཞུགས་སྤྱོད། །སྒོ་གསུམ་བདེ་ཆེན་རྡོ་རྗེ་གསུམ་དུ་གྱུར། །བཅུ་དྲུག་ལང་ཚོས་སྒེག་པའི་གཟི་མདངས་འབར། །དཔའ་མོ་ཧེ་རུ་ཀ་ལ་གསོལ་བ་འདེབས། །ཚེ་དཔག་མེད་པས་དབང་བསྐུར་ལུང་བསྟན་ཐོབ། །བགྲེས་རྒུད་མི་མངའ་ཚེ་ཡི་རིག་འཛིན་བརྙེས། །མཐའ་ཡས་དཀྱིལ་འཁོར་ཀུན་གྱི་གཙོ་མོར་གྱུར། །ཚེ་བདག་མཐིང་འོད་འབར་མར་གསོལ་བ་འདེབས། །མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་རྗེས་སུ་བཟུང་། །འོན་ཕུ་སྟག་ཚང་རྡོ་རྗེ་ཕུར་བ་གྲུབ། །སྟོང་གསུམ་ལྷ་འདྲེ་ཀུན་གྱི་སྲོག་སྙིང་ལོན། །དབྱིངས་ཕྱུག་ཚོགས་རྗེ་མ་ལ་གསོལ་བ་འདེབས། །ལོག་པའི་བོན་རྣམས་རྫུ་འཕྲུལ་ནུས་པས་བཅོམ། །སྡིག་བློན་མང་པོའི་ལས་ངན་སྐྱེ་རྒྱུན་བཅད། །དགེ་འདུན་དབྱེན་སེལ་ཐབས་དང་ཐུགས་རྗེས་བཏུལ། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས། །ཁ་རག་གངས་དང་གཙང་གི་ཇོ་མོ་ནང་། །འུག་པ་ལུང་དུ་སྙན་བརྒྱུད་བཀའ་བརྒྱུད་སྤེལ། །ལས་ཅན་མི་བདུན་གྲུབ་ཐོབ་ལྔ་བརྒྱ་སོགས། །སྨིན་གྲོལ་དཔག་མེད་མཛད་ལ་གསོལ་བ་འདེབས། །ཤམ་པོ་གངས་སུ་ཇག་པ་མི་བདུན་ལ། །ངོ་སྤྲད་གྲུབ་བརྙེས་ཨོ་རྒྱན་ཡུལ་དུ་བཏང་། །བལ་ཡུལ་མཁའ་འགྲོ་ཀ་ལ་སིདྡྷི་མ། །རྗེས་བཟུང་གདམས་པས་གྲོལ་ལ་གསོལ་བ་འདེབས། །མཆིམས་ཕུར་གུ་རུ་རྗེ་དང་ལྷན་ཅིག་ཏུ། །ལོ་གྲངས་བཅུ་གཅིག་བཞུགས་ནས་ཐུགས་ཀྱི་མཛོད། །ལྷག་མེད་བུམ་པ་གང་བྱོའི་ཚུལ་དུ་བཞེས། །བཤད་སྒྲུབ་བསྟན་པ་སྤེལ་ལ་གསོལ་བ་འདེབས། །ཐུགས་སྒྲུབ་བྱེ་བ་སྙིང་ཐིག་ཁྲི་ཕྲག་སྐོར། །རྒྱུད་ལུང་མན་ངག་ཟབ་ཅིང་རྒྱ་ཆེའི་ཆོས། །ཤོག་སེར་ངོས་སུ་བརྡ་ཡིག་དུ་མར་བཀོད། །ཟབ་གཏེར་བཅའ་གཞི་བསྒྲིགས་ལ་གསོལ་བ་འདེབས། །ཡབ་ཡུམ་གྲུབ་རིགས་ལྷན་ཅིག་དབུས་གཙང་ཁམས། །ཞབས་ཀྱིས་བཅགས་ནས་བསྒྲུབས་པས་བྱིན་གྱིས་བརླབས། །ས་འོག་གཏེར་གྱིས་བཀང་ནས་ཁ་བྱང་བཞག །ལས་ཅན་ལུང་བསྟན་མཛད་ལ་གསོལ་བ་འདེབས། །གུ་རུ་སྲིན་ཡུལ་ཕེབས་པའི་སྐྱེལ་མའི་ལམ། །ཚ་ཤོད་རོང་དུ་ཨ་ཏི་ཁྱབ་བརྡལ་ཆེའི། །གདམས་པ་ཡོངས་རྫོགས་ལུང་བསྟན་མཐར་ཐུག་དང་། །འདས་རྗེས་རྣམ་གསུམ་ཐོབ་ལ་གསོལ་བ་འདེབས། །ཤངས་དང་ཟམ་བུར་བཞུགས་ནས་སྐལ་ལྡན་རྣམས། །སྨིན་གྲོལ་སར་བཀོད་ཨ་ཏིའི་དགོངས་པ་ལ། །མཉམ་པར་བཞག་པས་རིག་པ་ཚད་ལ་ཕེབས། །ཞིང་ཁམས་དྲུག་ཅུར་ཉུལ་ལ་གསོལ་བ་འདེབས། །བདུད་བློན་ཤནྟི་དམྱལ་བའི་གནས་ནས་དྲངས། །ཟས་གོས་སྨན་ནོར་ལུས་སྲོག་སྐྱབས་སྦྱིན་སོགས། །བདག་གཞན་བརྗེ་བའི་མཛད་པ་ངོ་མཚར་བས། །ལྷ་ཀླུའི་དབང་པོས་བཏུད་ལ་གསོལ་བ་འདེབས། །མཆིམས་ཕུར་ལྷ་སྲས་རྒྱལ་པོའི་མཆོད་གནས་མཛད། །བོད་ཡུལ་གུ་རུའི་རྗེས་སུ་འབྲངས་ཚད་ཀྱི། །གདམས་པའི་ཁུངས་གྱུར་ཆོས་རྒྱུད་འཛམ་གླིང་ཁྱབ། །འགྲོ་དོན་ནམ་མཁའ་མཉམ་ལ་གསོལ་བ་འདེབས། །བོད་ཡུལ་མཐའ་དབུས་ཀུན་ཏུ་སྒྲུབ་པ་མཛད། །ཕྱག་ཞབས་རྗེས་དང་ཡིག་འབྲུ་སྐུ་རྟེན་བཀོད། །མ་འོངས་དད་གུས་ལྡན་པའི་སྐྱེ་འགྲོ་ཀུན། །འབྲེལ་ཚད་དོན་ལྡན་མཛད་ལ་གསོལ་བ་འདེབས། །གནས་ཆེན་བརྒྱ་རྩ་གནས་ཕྲན་བྱེ་བ་བདུན། །གངས་རི་ཉེར་ལྔ་རྫོང་ཆེན་བཅོ་བརྒྱད་དང་། །སྦས་ཡུལ་བཅུ་གཉིས་ངོ་མཚར་གནས་མཆོག་བདུན། །གསང་བའི་གནས་ལྔར་གཤེགས་ལ་གསོལ་བ་འདེབས། །དེ་དག་རྣམས་སུ་ཆོས་ནོར་དམ་རྫས་ཀྱི། །གཏེར་ཁ་གྲངས་མེད་སྦས་ཤིང་གཏེར་ཞབས་བསྡམས། །སྨོན་ལམ་ཤིས་པ་བརྗོད་པས་དུས་ཀུན་ཏུ། །དགེ་ལེགས་རྒྱས་པར་མཛད་ལ་གསོལ་བ་འདེབས། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཏུ། །ལྷ་སྲས་མཆེད་གཙོས་སྐལ་ལྡན་མཆེད་ལྕམ་རྣམས། །འདུས་པ་སྐོར་གསུམ་ལ་སོགས་ཟབ་རྒྱས་ཀྱི། །ཆོས་སྒོས་སྨིན་གྲོལ་མཛད་ལ་གསོལ་བ་འདེབས། །གསང་འདུས་སྒྲུབ་ཚེ་གུ་རུ་དངོས་སུ་བྱོན། །ཞག་བདུན་བཞུགས་ནས་ལྷ་སྲས་སྨིན་གྲོལ་མཛད། །དགོངས་པ་རང་གྲོལ་ལ་སོགས་སྔོན་མེད་ཀྱི། །གདམས་ཟབ་ཐུགས་རྗེས་སྩལ་ལ་གསོལ་བ་འདེབས། །མཁར་ཆུར་ཕེབས་ནས་དགོངས་པ་མཉམ་བཞག་པས། །ཆོས་ཉིད་ཟད་པའི་སྣང་བ་མངོན་དུ་གྱུར། །རིགས་དྲུག་གནས་སུ་གང་འདུལ་སྤྲུལ་པ་ཡིས། །འཁོར་བ་དོང་ནས་སྤྲུགས་ལ་གསོལ་བ་འདེབས། །འཕགས་པའི་ཡུལ་ནས་མནྡ་ར་བ་བྱོན། །གདམས་ངག་ག་དར་ཆོས་ཀྱི་བགྲོ་བ་མཛད། །ཕན་ཚུན་ཆོས་གསན་བསྔགས་བརྗོད་མེ་ཏོག་འཐོར། །ཤིས་པའི་དབྱངས་སྙན་སྤེལ་ལ་གསོལ་བ་འདེབས། །སླར་ཡང་ཤངས་ཀྱི་ཟམ་བུ་ལུང་དུ་བྱོན། །ཚོགས་འཁོར་ཆེར་མཛད་རྩ་སློབ་བཅུ་གཅིག་ལ། །སྙན་བརྒྱུད་དམར་བ་སྙིང་འདྲའི་མན་ངག་ནི། །བརྒྱ་རྩ་གནང་བར་མཛད་ལ་གསོལ་བ་འདེབས། །ལས་ལྡན་སོ་སོས་གསོལ་བ་བཏབ་པ་ལས། །ཞལ་གདམས་ལུང་བསྟན་ཕྱི་ཚིག་བསླབ་བྱ་སྩལ། །ཡོངས་དྲིལ་དགུང་ལོ་ཉིས་བརྒྱ་བཅུ་གཅིག་ཏུ། །བོད་ཡུལ་གདུལ་བྱ་བསྐྱངས་ལ་གསོལ་བ་འདེབས། །བྱ་ཟླའི་ཚེས་བརྒྱད་གནས་གསུམ་མཁའ་འགྲོ་དང་། །རྔ་ཡབ་སྲིན་པོ་སྡེ་བརྒྱད་བསུ་བར་སླེབས། །བོད་ཁམས་ལྷ་མིས་ཞུ་ལན་དགུ་སྐོར་སོགས། །ཆེ་དགུར་ལུང་བསྟན་གནང་ལ་གསོལ་བ་འདེབས། །མོན་བལ་མཁའ་འགྲོ་ཐུགས་ཀའི་གཡས་གཡོན་བསྡུས། །ཚེས་བཅུར་མཁའ་འགྲོ་སྡེ་བཞིས་བཏེག་པ་ཡི། །འོད་ཀྱི་འདོ་ལེར་འོད་ཀྱི་གང་བུར་བཞུགས། །བརྩེ་བས་ཞལ་ཆེམས་བསྩལ་ལ་གསོལ་བ་འདེབས། །ངོ་བོ་གཞོན་ནུ་བུམ་སྐུར་མངོན་བྱང་ཆུབ། །རྣམ་པ་རྔ་ཡབ་པདྨ་འོད་དུ་བྱོན། །མཁའ་འགྲོ་མཐིང་འོད་འབར་མའི་ཚུལ་བཟུང་ནས། །སྲིན་རྒྱལ་གཟུངས་མ་མཛད་ལ་གསོལ་བ་འདེབས། །གང་གི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནི། །གུ་རུ་རྗེ་དང་མཉམ་པ་ཉིད་གྱུར་ནས། །ནམ་མཁའི་གར་ཁྱབ་མི་བཟད་རྒྱན་འཁོར་ལྔས། །ཁྱབ་ཅིང་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ཁྱད་པར་བོད་ཡུལ་འགྲོ་ལ་རྗེས་བརྩེ་བས། །རྣམ་འཕྲུལ་ཉེར་ལྔས་གཙོར་མཛད་དུས་རྟག་ཏུ། །རྒྱུན་མི་འཆད་པར་སྤྲུལ་དང་ཡང་སྤྲུལ་སོགས། །གང་ལ་གང་འདུལ་སྟོན་ལ་གསོལ་བ་འདེབས། །ལས་ཅན་རྣམས་ལ་སྤང་བླང་ལུང་བསྩལ་ཅིང་། །བར་ཆད་སེལ་དང་དངོས་གྲུབ་སྩོལ་བ་ཡི། །སྡོང་གྲོགས་མཛད་སོགས་བོད་ཁམས་རྟག་སྐྱོང་བའི། །མ་གཅིག་དྲིན་མོ་ཆེ་ལ་གསོལ་བ་འདེབས། །དགོངས་པ་ཟབ་མོ་ནམ་མཁའ་མཉམ་པར་ཁྱབ། །ཐུགས་རྗེ་ཉི་མའི་དཀྱིལ་འཁོར་ལས་ལྷག་གསལ། །བྱིན་རླབས་སྤྲིན་དང་དངོས་གྲུབ་སྦྲང་ཆར་ལས། །མྱུར་བའི་ཡུམ་ཆེན་མོ་ལ་གསོལ་བ་འདེབས། །དད་ཅིང་གུས་པས་གསོལ་བ་བཏབ་པའི་མཐུས། །དྲི་མེད་ཡེ་ཤེས་སྤྱན་གྱིས་རབ་གཟིགས་ལ། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་བཟུང་ནས་ཀྱང་། །མཁའ་སྤྱོད་དག་པའི་ཞིང་དུ་འདྲེན་པར་མཛོད། །སྐྱེ་དང་ཚེ་རབས་ཀུན་ཏུ་ཐུགས་རྗེས་ཟུངས། །དུས་དང་རྣམ་པ་ཀུན་ཏུ་བྱིན་གྱིས་རློབས། །འདི་དང་གཏན་དུ་བདག་གི་བླ་མ་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །ཀུན་བཟང་པད་འབྱུང་ཡབ་ཡུམ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ཀྱང་མྱུར་འགྲུབ་སྟེ། །རྣམ་ཐར་རྒྱལ་བ་ཀུན་དང་དབྱེར་མེད་པས། །མཁའ་མཉམ་འགྲོ་ཀུན་སངས་རྒྱས་སར་འགོད་ཤོག །

ཅེས་པ་འདིའང་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་གནད་གལ་ཆེ་བའི་བཀའ་སྩལ་ཕེབས་པ་དང་། རྣལ་འབྱོར་དབང་མོ་རྡོ་ཤུལ་མཁའ་འགྲོ་ཆེན་མོས་རྟེན་དང་བཅས་ནན་ཏན་བསྐུལ་མ་མཛད་པ་ལ་བརྟེན། གུ་རུ་ཡབ་ཡུམ་ལ་རྩེ་གཅིག་ཏུ་དད་པའི་ཀུ་སཱ་ལི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཤྲཱི་དེ་བཱི་ཀོ་ཊའི་སྒྲུབ་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཆུ་སྦྲུལ་གནམ་ལོ་གསར་ཚེས་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གཏེར་ཆེན་བསམ་གཏན་གླིང་པའི་གཏེར་བྱོན་རྣམ་ཐར་འབྲིང་པོའི་དོན་བསྡུས་སུ་བྲིས་ཏེ་གསོལ་བ་བཏབ་པ་དགེ་ལེགས་འཕེལ། སརྦ་ཐཱ་མངྒ་ལཾ།

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཨུཏྤལ་པདྨའི་ཕྲེང་བ། གཏེར་སྟོན་ཨོ་རྒྱན་ཤེས་རབ་ཀྱི་གཏེར་མ།

༄༅། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཨུཏྤལ་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ༔

ན་མོ་ཌཱ་ཀི་ཛྙཱ་ན་ས་གྷ་ར༔ ཨེ་མ་ཧོ༔ དབྱིངས་སྣང་ཁྱབ་བརྡལ་འོག་མིན་ཞིང་ཁམས་སུ༔ ཡུམ་ཆེན་ཆོས་སྐུ་ཀུན་ཏུ་བཟང་མོ་ཉིད༔ མ་འགགས་རོལ་རྩལ་ལྷུན་གྲུབ་བཀོད་པའི་ཞིང་༔ སྒྱུ་འཕྲུལ་ལོངས་སྐུ་བཛྲ་ཝ་ར་ཧི༔ གང་སྣང་ཕྱོགས་བཅུར་དག་པའི་ཞིང་ཁམས་ནས༔ སྤྲུལ་བའི་ཟློས་གར་དབྱངས་ཅན་ལྷ་མོ་ཞེས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གུས་ཕྱག་འཚལ༔ མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་༔ གང་འདུལ་སྤྲུལ་བའི་མཛད་པ་བསམ་མི་ཁྱབ༔ དེ་ཉིད་ཆ་ཤས་སྐྲ་རྩེའི་ཟག་མ་ཙམ༔ འདི་རུ་སྤྲོས་པ་ལྷག་བསམ་དག་པའི་མཐུས༔ མ་འོངས་དད་གུས་དང་བ་འདྲེན་ཕྱིར་བཀོད༔ མ་ཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས༔ རྗེས་བརྩེའི་བསྟན་དང་འགྲོ་བའི་གཉེན་གཅིག་པུ༔ གངས་ཅན་ཡུལ་དབུས་འཕགས་པའི་གདུལ་ཞིང་འདིར༔ དབང་ཆེན་བྱ་ལོ་རྒྱལ་གྱི་ཚེས་བཟང་དུས༔ མཁར་ཆེན་དཔལ་གྱི་དབང་ཕྱུག་ཅེས་བྱའི་ཡབ༔ ཡུམ་མིང་གནུབས་བཟའ་དགེ་མ་ལྕམ་གཉིས་ཟུང་༔ གདུང་རིགས་དབྱངས་ཅན་དངོས་སྤྲུལ་སྐྱེ་སྲིད་བཟུང་༔ ཡབ་ཡུམ་རྨི་ལྟས་ངོ་མཚར་ཆེ་བར་སྣང་༔ ལུས་སེམས་དགའ་བདེའི་དྲོད་ཐོབ་རིགས་ཁམས་གསལ༔ ཡུལ་ལ་བཀྲ་ཤིས་དགེ་མཚན་དཔལ་ཡོན་འབར༔ ཆར་ཆུ་ལོ་ལེགས་མི་ཕྱུགས་གཡང་བཅུད་འཁྱིལ༔ ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་འབྱོར༔ ཟླ་བདུན་ཚེས་བཅུའི་ཉི་ཤར་དུས་ཀྱི་ཚེ༔ དབུས་གཙང་རུ་བཞི་འོད་དང་འཇའ་ཐིག་སྦྲེལ༔ སྨན་སྤོས་དྲི་བསུང་ངད་པའི་ལུང་པ་ཁྱབ༔ ཡུལ་ཁམས་ཨུཏྤལ་པདྨའི་འཕྲེང་བ་བཞད༔ གནས་ཆེན་བྲག་དཀར་ཧ་རི་ནི་ས་ཡི༔ ཡིག་རིས་འབུར་དོད་རང་བྱུང་མཚན་རྟགས་ཤར༔ སྒྲགས་མདོའི་ཆུ་མིག་རང་རྡོལ་མཚོ་མོ་རྒྱས༔ མཚན་ཡང་མེ་ཏོག་མཚོ་མོ་རབ་རྒྱལ་གསོལ༔ མཁར་གྱི་བྱང་ཤར་ལྗོན་འཁྲུངས་མེ་ཏོག་ནི༔ དམར་པོ་ཕུབ་འདྲའི་དབྱིབས་ཅན་དུ་མའི་སྟེང་༔ སྤྲུལ་བའི་བྱེའུ་དུ་མས་མགྲིན་འགྱུར་དབྱངས༔ སྙན་པའི་སྐད་དང་གཡུ་སྦྲང་ཟེར་མ་ཡིས༔ བརྡ་དཔེ་ཆོས་ཚིག་སྔགས་ཀྱིས་གླུ་དབྱངས་འདྲེན༔ བར་སྣང་སྦྲང་ཆར་དབྱར་རྔ་དལ་གྱིས་ལྡིར༔ སྒོ་འགྲམ་ཀུ་མུད་དཀར་པོའི་མེ་ཏོག་ཚལ༔ རབ་ཏུ་བཞད་པའི་མིག་དབང་ལྟད་མོ་མཐོང་༔ གང་ལ་བལྟས་ཀྱང་ཡ་མཚན་མཆོག་ཏུ་གྱུར༔ དེ་ཚེ་ཡུམ་ལ་ཟུག་མེད་དགའ་བདེའི་ངང་༔ མགོ་མཇུག་མ་ལོག་ཙོག་པུར་ཕྱེད་སྐྱིལ་བཞུགས༔ མངལ་གྱི་གྲིབ་བྲལ་སྐུ་མདོག་བཀྲག་མདངས་འབར༔ དབུ་སྐྲ་གཡས་འཁྱིལ་ལྕང་ལོའི་ཟར་བུ་བཀྲམས༔ སྨིན་མ་དཀྱུས་རིང་སྤྱན་ཟུང་ཧྲཱིག་གེར་གཟིགས༔ བྲམ་ཟེས་མཚན་བརྟག་མཁན་གྱིས་མཚན་དཔྱད་བརྟགས༔ ཤིན་ཏུ་ངོ་མཚར་གུས་པའི་ཐལ་མོ་སྦྱར༔ ཏིང་འཛིན་ཉམས་དང་ཤངས་ནི་ལྷང་ངེ་བ༔ མཆུ་སྒྲོས་པད་མའི་འདབ་ལྟར་མཛེས་པའི་དབྱིབས༔ ལྗགས་སྟེང་ཧྲཱིཿཡིག་ཆོས་ལ་སྦྱང་བརྩོན་ཆེ༔ སྤྱན་ཟུང་སྨིན་མ་དཀྱུས་ཐོག་རིང་བ་ནི༔ དད་སེམས་སྙིང་རྗེ་རྩོལ་མེད་འབྱུང་བའི་རྟགས༔ སྐུ་མདོག་བཀྲགས་མདངས་འོད་ཟེར་འབར་བ་ནི༔ འཁོར་བའི་ཁྱིམ་འཛིན་བྱ་བ་སྤང་བའི་རྟགས༔ དབུ་སྐྲ་གཡས་འཁྱིལ་ཟར་བུ་བཀྲམས་པ་ནི༔ མཚན་ལྡན་བླ་མའི་རྗེས་སུ་འཛིན་པའི་རྟགས༔ སྙན་ནི་པདྨ་ལྟར་མཉེན་སྲབ་པ་ནི༔ ཤེས་རབ་སྒོ་འབྱེད་དབང་པོ་རྣོ་བའི་རྟགས༔ མགྲིན་མཚམས་བུམ་མགུལ་ཕྱག་སོར་སྦྲེལ་བ་ནི༔ དཀའ་སྤྱད་ཆོས་ལ་སྙིང་རུས་བདོ་བའི་རྟགས༔ གནས་གསུམ་ཡིག་འབྲུ་སྨེ་དཀར་མཚན་རྟགས་རྣམས༔ ཞལ་བཙུན་རྒྱུད་ལྷོད་འདོད་སྲེད་ཆུང་བའི་རྟགས༔ མདོར་ན་མཚན་དཔེའི་ཡོན་ཏན་དུ་མས་བརྒྱན༔ གངས་ལྗོངས་ཡུལ་འདིར་འགྲན་ཟླ་བྲལ་བའི་མཆོག༔ ཌཱཀྐི་རིགས་འཆང་གཞན་ལས་ཡོན་ཏན་མངོན༔ སྨྲ་བ་མ་མང་གསང་སྒོ་དམ་དུ་ཆོངས༔ འོན་ཀྱང་བདུད་ཀྱིས་བར་ཆད་འབྱུང་ཉེན་ཆེ༔ ཁྲུས་གསོལ་མཆོད་པ་བསང་སྦྱངས་བཙས་སྟོན་བྱས༔ རྟེན་འབྲེལ་རང་འགྲིགས་ལོངས་སྤྱོད་ངང་གིས་འདུ༔ གཞན་གྱི་ཁྱེའུ་ཀུན་ལས་སྐྱེ་སྟོབས་ལྷག༔ གཟུགས་མཛེས་ཡིད་འཕྲོག་མི་མངོན་ལྟ་ན་སྡུག༔ རེ་སྨོན་གཏམ་གླེང་ཡུལ་མིས་བསྔགས་པ་བརྗོད༔ ཁམས་དང་དབང་པོ་གསལ་ཞིང་ཆོས་ལ་མོས༔ གསུང་དབྱངས་མགུར་མ་འདྲེན་ཞིང་ཡིག་དྲུག་བཟླཿ གླུ་བྲོ་གར་དང་རྩེད་མོའི་གཡེང་བ་སྤངས༔ འདོད་ཆུང་ཆོག་ཤེས་རྟག་ཏུ་བྲན་གཡོག་བྱམས༔ ཕོ་གཟོ་མི་ལྡང་རང་སྣང་རྣལ་དུ་ཕབ༔ བཅུ་གསུམ་བར་དུ་རྒན་དང་ཕ་མ་བཀུར༔ ཡ་རབས་སྤྱོད་མཐུན་ལུགས་གཉིས་ཀུན་སྤྱོད་བཙུན༔ མང་པོའི་ཁྱུར་བུད་ཁྲེལ་གནོང་མངོན་ལྐོག་ཐུབ༔ བུད་མེད་སྐྱོན་ཟད་ཡོན་ཏན་ཀུན་དང་ལྡན༔ སྐྱེ་མཆེད་ལང་ཚོ་བཞིན་མཛེས་ལྷ་དང་མཉམ༔ ཕྱི་གླིང་ཡུལ་དང་དཔོན་བློན་ཆེ་འབྲིང་གིས༔ མཁར་ཆེན་དཔོན་ལ་སྲས་མོ་སློང་དུ་བྱུང་༔ ནོར་དང་རིན་ཆེན་རྒྱུ་ཡིས་གཏམ་མདུན་བསྲིངས༔ གནུབས་ཀྱི་ཟུར་མཁར་འགྲམ་གྱི་མཁར་ཆུ་གཉིས༔ ཧབ་ཐོབ་རྩོད་ཅིང་ཐོབ་དང་ཐམ་ག་གཏམ༔ རྒྱུ་ནོར་དངོས་རྫས་སྒོ་འགྲམ་གཡས་གཡོན་སྤུངས༔ མ་གནང་མཁར་ཆེན་དཔོན་ལ་དོ་བདོ་སྐད༔ གང་འདེམས་ཆེར་སྒྲོགས་བཙན་ཤེད་དཔུང་པ་བསྡུར༔ ཞེས་སྨྲས་འཕྲིན་བསྐྱལ་ཡབ་ཀྱི་བཀའ་ལན་དུ༔ རང་ཅག་མི་རྩོད་རྒྱལ་པོའི་ཐུགས་ཁམས་འཁྲུགས༔ དོན་མེད་བྱ་བ་དམག་གི་ཡོ་ལང་འདི༔ ཡུལ་སྡེ་མི་སྐྱིད་ཕུངས་དཀྲུག་ཆེ་བའི་རྒྱུ༔ གཅིག་ལ་མི་སྦྱིན་བློན་གྱི་གྲོས་མགོ་བསྡུས༔ ཐོབ་ཤོར་རྩོད་མེད་བང་སྣ་སུ་མགྱོགས་གྱིས༔ ལས་སྨོན་དབང་ཐང་གནང་སྐལ་སུ་ཐོབ་ཡིན༔ དེ་ཀ་འཐད་མིན་ཕྱོགས་གཉིས་གྲོས་ཐོབ་གསུངས༔ མཁར་ཟུར་གཉིས་གྲོས་དེ་ཀ་རང་ཡིན་སྐད༔ དུས་སྟོན་ཚེས་བཟང་གྲོ་གཞིན་ཟླ་བའི་ཉིན༔ མཚོ་རྒྱལ་སྐུ་ལ་རྒྱན་གོས་ལེགས་པར་གསོལ༔ ཉིད་ཀྱིས་ཐུགས་སུན་འཁོར་བའི་སྐྱོན་མཚང་གཟིགས༔ འགྲོ་མ་འཐད་ཅིང་ཡབ་ཀྱི་བཀའ་མ་གཅོག༔ ཡིད་ཁམས་སེམས་སྐྱོ་སྒོ་འགྲམ་དྲུང་ངེར་བཞེངས༔ དད་པས་གདུང་ཡས་དཀོན་མཆོག་ལྷ་ལ་བཅོལ༔ རབ་ཏུ་བཤུམ་ཞིང་སྤྱན་ཆབ་སོར་མོས་གཏོར༔ བློན་ཁག་གཉིས་ཀྱིས་མགྱོགས་པའི་བང་སྣ་གཤིབས༔ སྡིག་བློན་ཨུད་པ་ཏ་ཞེས་གདུག་རྩུབ་ཅན༔ སྔོན་མར་སླེབས་ཤིང་མཚོ་རྒྱལ་ཕྱག་ལ་འཇུས༔ འགྲོ་འགྲོ་སྨྲས་པས་ཉིད་ཀྱིས་ལན་མ་སྟེར༔ ཁོང་ཁྲོ་འབར་བས་བརྡུང་བརྡེག་དྲག་ཏུ་བསྣུན༔ གཡོ་མགུལ་མ་ནུས་ཀུན་གྱིས་འཚང་རུབ་བརྒྱབས༔ མཁར་སྒོའི་བྲག་ལ་སོར་མོའི་འཕྲུལ་ཡིག་བཏབ༔ ཕ་བོང་རྡོ་ཆེན་སྟེང་དུ་ཞབས་རྗེས་བཞག༔ ཡབ་ཡུམ་གཉིས་ལ་ཕྱི་ཕྱག་འཚལ་ནས་བྱོན༔ རབ་ཀས་མཚར་ཐང་ཚྭ་གྲོ་བཏབ་པ་ན༔ གསོལ་འདྲེན་མ་བཞེས་དབུ་བཏུམ་བཤུམ་མོ་མཛད༔ ཀུན་གྱིས་ལ་ཉེ་མི་བཟང་གནས་འགྲོ་སྐབས༔ ཁ་སྨྲས་གླེང་ཞིང་མཚོ་རྒྱལ་ཞལ་ན་རེ༔ འཁོར་བ་མཐོ་དམན་མེ་འོབས་ཁྲ་མུན་བཙོན༔ དེ་ལ་སྡུག་དང་མཆི་མ་ཟག་ཡས་ཆེ༔ ང་རང་གང་བྱུང་བུ་མོ་སྐྱབས་དང་བྲལ༔ ཁྱོད་རྣམས་ཅི་བདེར་གྱིས་ལ་ལམ་དུ་བཞུད༔ ཅེས་གསུངས་ནུབ་དེར་སྒྲགས་ཀྱི་ཐང་སྒར་བཏབ༔ རྒྱན་དང་ཤག་འདེབས་གླུ་དང་རྐང་བྲོ་ཁྲབ༔ བཏུང་སྐོམ་འབྲས་ཆང་ཐམས་ཅད་ར་རོར་གྱུར༔ སྲོད་འཁོར་ཕག་ཡོན་ནམ་སྟོད་ཕྱེད་ཆ་རུ༔ ཉིད་ཀྱང་གཟིམ་མལ་ཧར་གྱིས་བཞེངས་ནས་སུ༔ གོས་རྒྱན་ཤུལ་བཞག་རྗེན་མོ་རེའུ་རྐྱང་༔ འཇབས་ནས་སྤ་གྲོས་གནས་ལ་མཚན་བྲོས་བརྒྱབ༔ ཕྱིར་ཉིན་བཙལ་བས་མ་རྙེད་རང་གནས་ལོག༔ བྲག་གི་གཡང་བསྐྱུར་ཆུ་ལ་བྱང་ངམ་ཅི༔ རྩར་མ་ཆོད་ཟེར་ཀུན་གྱིས་ཆོ་ངེ་སྒྲོགས༔ ཉིད་ནི་བག་དྲོ་སེམས་ཁམས་རིགས་པ་དྭངས༔ བཏུང་སྐོམ་ཆུ་དང་འཚོ་བ་ལྡུམ་ཤིང་འབྲས༔ བརྟེན་ནས་བྲག་ཕུག་རྩ་གདན་ཤིང་ལོ་ནབ༔ མཁར་ཆེན་དཔོན་དང་མཁར་ཆུ་བ་གཉིས་ལ༔ རྩོད་པ་མི་འབྱུང་ལྷ་ལ་གསོལ་བ་བཏབ༔ དེ་ལྟར་སོང་ནས་ཟླ་བ་གསུམ་མཚམས་ན༔ མཁར་ཆུས་ཚོང་མགྲོན་སྤ་གྲོ་གནས་ལམ་བརྒྱུད༔ བྲག་དང་ཤིང་ལོའི་གསེབ་ཏུ་གབ་པ་མཐོང་༔ མིའམ་ལྷ་འདྲེ་གང་ཡིན་ཆ་མ་ཆོད༔ གཅིག་གླེང་གཉིས་གླེང་ཡུལ་མི་ཀུན་གྱིས་གླེང་༔ མཁར་ཆེན་ཡབ་ཡུམ་ཤིན་ཏུ་དགྱེས་པར་གྱུར༔ ཐམས་ཅད་རྨ་བྱའི་དབྱར་རྔའི་སྒྲ་ཐོས་བཞིན༔ དཔོན་འབངས་ཀུན་གྱིས་ལ་འུར་བསུ་མར་ཆས༔ རྙེད་ནས་ཤི་གསོན་ངོ་ཐུག་འཕྲད་པ་ལྟར༔ དགའ་བའི་སེམས་སྤྲོ་ངོ་མཚར་ཆེ་བར་གྲགས༔ ཡབ་ཡུམ་དཔོན་འབངས་ཀུན་གྱིས་བསུ་བ་བྱས༔ གླུ་བྲོ་གར་དང་རྩེད་འཇོས་ཟློས་གར་བསྒྱུར༔ མཁར་ཆུས་བང་ཆེན་མཁར་ཆེན་དཔོན་ལ་བཏང་༔ རྩོད་འདུན་གང་བྱེད་འཕྲིན་ཡིག་སྐྱེལ་མ་བྱུང་༔ དེ་མཚམས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རྟ་ཞོན་སྐྱ་དམག་ཅིག་བརྒྱའི་སྣ་དྲངས་ནས༔ ཤར་སྒོའི་གཡས་ལོག་ཐང་དུ་དམག་སྒར་བབས༔ རྒྱ་འཇང་ཧོར་མོན་ཞང་ཞུང་སྡེ་མཚམས་ཚུན༔ བོད་ཀྱི་མངའ་བདག་རྒྱལ་པོ་ང་མིན་སུ༔ ཆེ་བཙན་གཏམ་བསྒྲགས་གསུང་ཤོག་ཐམ་ག་བཅས༔ སོ་སོར་བཏང་བས་མཁར་ཆེན་བུ་མོ་འདིས༔ སྡེ་དཀྲུགས་མི་མཐུན་ཕམ་ཉེས་འབྱུང་དོགས་ཆེ༔ དེ་བས་རྒྱལ་པོ་ང་རང་བཙུན་མོར་འོས༔ ཞེས་གསུངས་ཁ་གཉིས་འཐད་པ་ཁས་བླངས་ཕུལ༔ ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན༔ འགྲན་ཟླ་ཕོད་བཙུགས་གང་གིས་མ་ནུས་པར༔ ཅི་གསུང་དང་ལེན་ལྷ་འབངས་རྩོད་པ་ཞི༔ མཚོ་རྒྱལ་སྲས་མོ་དཔོན་གཡོག་བཅུ་གསུམ་བཅས༔ སྔོན་མར་བཏང་ཞིང་དམག་རྣམས་དེ་རྗེས་གཤར༔ འཇའ་སྤྲིན་འཁྲིགས་ཤིང་དྲི་བསུང་ངད་པ་འཐུལ༔ དགེ་མཚན་དཔལ་འབར་བཀྲ་ཤིས་ངོ་མཚར་རྟགས༔ མཐོང་བའི་ཡིད་སྤྲོ་ཀུན་གྱིས་གུས་བཏུད་ཕུལ༔ རྒྱལ་པོའི་ཕོ་བྲང་སྤྱན་དྲངས་ཁྲི་ལ་གསོལ༔ བདའ་བའི་གསོལ་འདྲེན་བཙུན་མོའི་མཆོག་དམ་པ༔ སྐྱེ་དགུའི་ཡིད་འཕྲོག་མཛེས་ཤིང་ལྟ་ན་སྡུག༔ གཟུགས་མཛེས་བཞིན་བཟང་ལྷ་ཡི་བུ་མོ་འདྲ༔ ཕན་ཚུན་ཡིད་མཐུན་འདུན་མས་མཆོག་དམན་བསྐྱངས༔ སུ་དང་མི་མཁོན་རང་ཚུགས་གཞན་མི་བསྲེལ༔ ལྷོད་འཇམ་གཤིས་རྒྱུད་དྲང་ཞིང་སྨྲ་བ་བཙུན༔ མཛའ་བཤེས་གདུང་སེམས་རྒན་འཁོགས་ཕ་མར་བྱམས༔ དེ་ནས་མཁན་ཆེན་བོ་ཏི་ས་ཏྭའི་དྲུང་༔ སྤང་བླང་གནས་དང་ཉེས་ལྟུང་སྡོམ་པ་བསྲུངས༔ སྦྱང་བརྩོན་ཤེས་བྱ་འབྲི་ཀློག་གཉིས་ལ་བསླབས༔ ཤེས་རབ་རྩལ་འབར་མི་ཤེས་རྨོངས་མུན་སངས༔ རྟག་ཏུ་དད་གུས་དམ་པའི་ཆོས་ལ་མོས༔ དགྲ་གཉེན་ཕྱོགས་རིས་མི་འཛིན་བློ་ཁོག་ཡངས༔ དངོས་རྫས་འདོད་ཡོན་ནོར་ལ་སྲེད་པ་ཆུང་༔ མཆོད་སྦྱིན་གཏོང་ཕོད་ཆེ་ཞིང་དམན་སློང་རིགས༔ ཁྱད་པར་བྱམས་པའི་ཟས་གོས་ཕངས་སེམས་བྲལ༔ དེ་ཚེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སྤྱན་དྲངས་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་༔ མཁན་སློབ་ལོ་པཎ་པདྨའི་དགའ་ཚལ་བཞིན༔ བགྲོ་གླེང་ཆོས་བསྒྱུར་སྨིན་གྲོལ་དབང་བསྐུར་མཛད༔ ཡོན་འབུལ་གཏང་རག་བཀའ་དྲིན་གསོ་བའི་ཕྱིར༔ རྒྱལ་སྲིད་རིན་ཆེན་བཀྲ་ཤིས་རྫས་རྟགས་བརྒྱད༔ ཤེས་རབ་རིག་མ་བཅུ་དྲུག་ལང་ཚོ་ཅན༔ མཁར་ཆེན་མཚོ་རྒྱལ་བཙུན་མོའི་མཆོག་དམ་པ༔ ཕངས་སེམས་བློ་བྲལ་གུ་རུ་རྗེ་ལ་ཕུལ༔ དཔལ་ཆེན་སྒྲུབ་སྡེ་དགུ་ཡི་དལ་ཞལ་ཕྱེས༔ ཐུགས་སྲས་བརྒྱད་དང་བཀའ་བབས་བུ་དགུ་བྱུང་༔ ཉིད་ཀྱི་མེ་ཏོག་བྱང་གི་དལ་ལ་བབས༔ ཕུར་བའི་སྒྲུབ་ཐབས་གནམ་ལྕགས་ཐོག་མདའ་དང་༔ བདུད་དཔུང་གཡུལ་འཇོམས་རྡོ་རྗེའི་ཐོ་ལུམ་ཞེས༔ གདུག་པ་ཀུན་འདུལ་མེ་དཔུང་འཁོར་ལོ་དང་༔ རྣམ་རྒྱལ་བླ་མེད་བདེར་གཤེགས་ཀུན་འདུས་མཆོག༔ ཕྱི་ནང་གསང་གསུམ་བྷི་ཏོ་ཏ་མའི་རྒྱུད༔ རྟ་གོན་རྗེས་གནང་མ་ལུས་དབང་བསྐུར་མཛད༔ ཉམས་ལེན་གནད་དྲིལ་བསམ་གཏན་སྒྲུབ་ལ་བརྩོན༔ ཞེས་གསུངས་སོ་སོར་དགོངས་པའི་གཏད་རྒྱ་མཛད༔ དེ་ནས་གུ་རུ་དུས་གསུམ་མཁྱེན་པ་ཉིད༔ བདེ་ཆེན་གཟུངས་མ་ཡེ་ཤེས་མཚོ་རྒྱལ་མཆོག༔ ཐབས་ཤེས་དབྱེར་མེད་བདེ་སྟོང་སྙོམས་འཇུག་གིས༔ མན་ངག་ལམ་ཁྱེར་སྙིང་པོའི་དོན་ལ་སྦྱངས༔ མཆིམས་ཕུའི་གནས་དང་སྤ་གྲོ་སྟག་ཚང་ཕུག༔ སྒྲགས་ཀྱི་ཡང་རྫོང་ལྷོ་བྲག་མཁར་ཆུ་རྫོང་༔ ཏི་སྒྲོའི་གནས་མཆོག་བསམ་ཡས་གཡའ་མ་ལུང་༔ གསང་སྤྱོད་དོན་བསྒོམས་རྩ་རླུང་ཐིག་ལེའི་ཁམས༔ གནས་སུ་དག་ཅིང་ཆོས་ལོངས་སྤྲུལ་སྐུའི་ཞིང་༔ འོད་གསལ་མངོན་གྱུར་ས་ལམ་ཅིག་ཆར་རྫོགས༔ དགོངས་པ་མི་ངོམ་འབྲས་བུ་ཡེ་སངས་རྒྱས༔ སྟེང་འོག་སྒོ་འབྱེད་ཡེ་ཤེས་རོལ་རྩལ་འབར༔ གང་ལའང་ཐོགས་མེད་མ་དག་འཁྲུལ་རྟོག་ཅིག༔ ཟབ་གསལ་དབྱེར་མེད་ཐུགས་ཡིད་གཅིག་ཏུ་འདྲེས༔ སྣང་སྲིད་དག་མཉམ་དཀྱིལ་འཁོར་གསུམ་གྱི་ངང་༔ རིག་རྩལ་འགགས་མེད་རྣམ་གཟིགས་ཆོས་སོ་ཅོག༔ རང་སྣང་བརྡ་དཔེར་ཤར་བའི་མཚོན་བྱེད་རྟགས༔ དོན་དཔྱད་བྱང་ཆུབ་དགོངས་པའི་རང་རྩལ་ཐོབ༔ འཁོར་འདས་བདེན་མེད་ལྟ་བའི་གཏན་སྲིད་ཟིན༔ རི་བྲག་ཟང་ཐལ་འབྱུང་ལྔའི་འཇིགས་པ་བྲལ༔ མི་བརྗེད་གཟུངས་བརྙེས་ཆོས་རྣམས་ཐུགས་སུ་ཚུད༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་༔ ཤེས་རབ་གཟུངས་མ་ཡེ་ཤེས་མཚོ་རྒྱལ་ཉིད༔ མཆིམས་ཕུའི་གནས་སུ་རིག་འཛིན་ཚེ་དབང་བསྒྲུབས༔ སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་མཆོག་བརྙེས༔ ཡར་ལུང་ཤེལ་བྲག་བདུད་རྩི་ཆོས་སྨན་བསྒྲུབས༔ ལྷ་ཚོགས་ཞལ་གཟིགས་སྔགས་ཀྱི་རང་སྒྲ་ལྡིར༔ སྒྲགས་ཀྱི་ཡང་རྫོང་རིན་ཆེན་གཏེར་སྦས་བརྩམས༔ དབྱིངས་ཡེ་འཇིག་རྟེན་མཁའ་འགྲོ་སྤྲིན་ལྟར་འཁྲིགས༔ བརྡ་དཔེའི་འཕྲུལ་ཡིག་མི་འདྲ་སོ་སོར་བཏབ༔ རིན་ཆེན་སྣ་ལྔ་མཆོང་གཡུ་གཟི་མུན་དུང་༔ རྡོ་སྒྲོམ་ཨ་དྲུང་རྫ་ཡི་བུམ་པ་བཅས༔ གསེར་ཞུན་མཚལ་སྣག་མཁའ་འགྲོའི་གསང་ཁྲག་གིས༔ མགྱོགས་རྐྱེན་ཕུལ་ཕྱིན་ལོ་ཙཱ་རྣམ་ལྔའི་གཙོས༔ ཤེལ་ཤོག་ཤིང་ཤུན་མ་ངེས་དུ་མའི་རིགས༔ དབུ་ཕུལ་སུམ་ཕབ་གཟབ་བྲིས་གཤལ་རིས་བཀོད༔ དེ་ཚེ་བོན་བློན་སྡིག་སྤྱོད་བློ་རྨོངས་མཁན༔ ཀུན་གྱིས་གཤེ་སྐུར་ངན་སྒྲོག་ཚིག་གིས་དམོད༔ རྒྱལ་པོ་ཅོལ་ཆུང་མཐའ་མི་འཁྱམ་པོ་ལ༔ རིན་ཆེན་ནོར་དང་བཙུན་མོའི་མཆོག་དམ་པ༔ གཟུགས་མཛེས་ཡིད་འོང་ལྷའི་བུ་མོ་དེ༔ བློན་ལ་མ་གྲོས་རྒྱལ་པོའི་རང་ཐག་བཅད༔ ཕར་རྒོལ་ལུས་སེམས་ཆད་པས་མ་གཙེས་ན༔ ཕུངས་དཀྲུགས་སྡེ་འབངས་བློན་ཁ་བསྒྱུར་ཉེན་ཆེ༔ མ་ཐུབ་ཤོར་ཚེ་ཁ་ཁྲས་ཡུལ་ལོག་སྐད༔ ཟེར་ཞིང་ལ་ལུང་སོ་དང་ཉུལ་མ་བཏང་༔ དེ་ཚེ་བསམ་ཡས་བྲག་དམར་གཡའ་མ་ལུང་༔ མཉམ་ཉིད་ཏིང་འཛིན་སྒོམ་ལ་གཞོལ་བའི་ཚེ༔ བང་མི་ཕྱིར་ལོག་སྡིག་སྤྱོད་བློན་ལ་བསྒྲགས༔ མདའ་གཞུ་མཚོན་ཐོགས་དཔའ་རྔམ་ཁྲིག་གེར་ཆས༔ གུ་རུའི་བཀའ་སྩལ་བུ་མོ་མཁར་ཆེན་བཟའ༔ འཇིགས་མེད་གདེང་ལྡན་ཏིང་འཛིན་ཉམས་རྟོགས་འཕེལ༔ དགྲ་འདྲེ་གང་གིས་མི་ཚུགས་སྤོབས་པ་མཐོ༔ དེ་ཕྱིར་ཆོ་འཕྲུལ་དགྲ་ལ་ཐོངས་ཤིག་གསུངས༔ སྲུང་བའི་ཕྱག་རྒྱའི་སོར་མོ་རྩེ་སྤྲད་ཅིང་༔ ཞལ་ནས་ཧཱུྃ་ཕཊ་བསྒྲགས་པས་རི་བྲག་བསྙིལ༔ ཕྱི་རོལ་མེ་དཔུང་རྡོ་རྗེའི་རྭ་གུར་འཁྲིགས༔ ཅི་བྱ་གཏོལ་མེད་གནོད་འཚེའི་བསམ་པ་བྲལ༔ ཐམས་ཅད་རང་གནས་ལོག་ནས་སྙིང་ཁམས་འཁྲུགས༔ སྐབས་སུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ རྩོད་པའི་གཞི་བསླང་གཡོ་རྫུན་ཕྲ་མས་བསླད༔ བན་བོན་འགགས་གཏུགས་གྲུབ་མཐའ་རྩོད་གླེང་བརྩམས༔ གཡས་གྲྭལ་ལོ་པཎ་གཡོན་གྲྭལ་བོན་གྱིས་བཟུང་༔ གོང་གྲལ་རྒྱལ་བློན་གྲལ་གཤམ་དམར་ནག་ཁྲོམ༔ བོད་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བཀའ་སྲོལ་གསུང་ཤོག་ཁྲིམས་ཡིག་ཞལ་ལྕེ་བསྲིངས༔ ཆེ་བཙན་རྗེ་བློན་དམན་སློང་སྤྲང་པོ་བཅས༔ འོན་པ་ལྐུགས་པོ་མ་གཏོགས་ཀུན་ལ་བསྒྲགས༔ བན་བོན་བསྟན་པ་ཐོབ་ཤོར་རྒྱན་ལ་བཞག༔ རྩོད་གླེང་ཕམ་རྒྱལ་གླུ་ཤག་གཏམ་ཁུང་ཆོད༔ སུ་རྒྱལ་བླ་ཡི་མཆོད་གནས་ཆེན་པོར་བཀུར༔ ཁྲི་བརྩེགས་གདན་རབ་ཐོབ་འོས་གང་བབས་བསྟུན༔ ཡོན་འབུལ་གཏང་རག་ཞབས་ཏོག་གུས་བཏུད་ཕུལ༔ སུ་ཕམ་ཁང་ཞབས་སྐས་རྔ་སྒོ་རྒྱབ་ཕུད༔ ལྷག་མ་བཤལ་གཤེགས་སྙིགས་རོ་ཟས་སྐལ་གནང་༔ ཞེས་གསུངས་རྒྱལ་པོ་ཆེན་པོའི་བཀའ་ཡིས་བཅད༔ དེ་ཚེ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་༔ མཁན་ཆེན་ཞི་འཚོ་བྷི་མ་ལ་མི་ཏྲ༔ བོད་ཀྱི་ལོ་ཙཱ་བེ་རོ་ཙ་ན་དང་༔ གྲུབ་དབང་ནམ་མཁའི་སྙིང་པོ་མཁར་ཆེན་བཟའ༔ སངས་རྒྱས་ཡེ་ཤེས་རྡོ་རྗེ་བདུད་འཇོམས་རྩལ༔ གླང་ཆེན་དཔལ་སེང་འབྲོག་བན་ཁྱེའུ་ཆུང་མཆོག༔ རྒྱལ་བ་མཆོག་དབྱངས་ལ་གསུམ་བྱང་ཆུབ་རྒྱལ༔ ཨ་ཙར་དཔལ་དབྱངས་གཡུ་སྒྲ་སྙིང་པོ་དང་༔ རྨ་བན་རིན་ཆེན་འབྲོག་མི་དཔལ་ཡེ་ཤེས༔ སོག་པོ་ཨ་དཔལ་རྒྱལ་བའི་བློ་གྲོས་དང་༔ ཉང་བན་ཏིང་འཛིན་ལང་གྲོ་དཀོན་མཆོག་འབྱུང་༔ སྐ་བ་དཔའ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན༔ ཟླ་ཤར་གཞོན་ནུ་ཚངས་པ་ལྷའི་མེ་ཏོག༔ ལྷ་ལུང་དཔལ་རྡོར་ལྡན་མ་རྩེ་མང་སོགས༔ རྗེ་འབངས་གྲོགས་གསུམ་མཁན་སློབ་ལོ་པཎ་བཅས༔ བསྟན་པའི་གྲུབ་མཐའ་གཏམ་གླེང་ཤག་འགྱེད་སོགས༔ ཀུན་ཀྱང་ཚར་བཅད་སྟོབས་དང་རྫུ་འཕྲུལ་འགྲན༔ བོན་གྱིས་ངན་སྔགས་རྫས་ཐབས་སྣ་ཚོགས་སྦྱར༔ ལྷ་ཀླུ་དྲེག་བསྐུལ་མེ་ཧོམ་རླུང་རྒྱ་བཙུགས༔ རྔམ་ཟོར་གཏོར་སྒྲུབ་དམོད་པ་དྲག་ཏུ་བརྡར༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཉིད༔ གཡོ་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ བོན་གྱི་སྐྱབས་བྲལ་སྤྱད་མ་ནུས་མཐུ་སྡུད༔ དེ་ཚེ་གུ་རུ་དུས་གསུམ་མཁྱེན་པ་དང་༔ སྤྲུལ་བའི་རྗེ་འབངས་ཉི་ཤུ་རྩ་ལྔ་ཡིས༔ རྫུ་འཕྲུལ་གྲུབ་རྟགས་མཚན་གྱི་ཆེ་བ་བསྒྲགས༔ བོད་འབངས་དད་གུས་མིག་ནས་མཆི་མ་ཟག༔ དེ་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་༔ གྲུབ་པའི་དབང་ཕྱུག་རྒྱལ་བ་མཆོག་དབྱངས་རྗེ༔ སྣ་ནམ་སྔགས་པ་རྡོ་རྗེ་བདུད་འཇོམས་དང་༔ མངོན་སྤྱོད་མཐུ་གྲུབ་བེ་རོ་ཙ་ན་དང་༔ གྲུབ་པའི་དབང་ཕྱུག་གནུབས་བན་ནམ་མཁའི་སྙིང་༔ གླང་ཆེན་དཔལ་སེང་དྲག་པ་བྲན་འཁོར་དང་༔ བདེ་སྟོང་གསང་ཡུམ་ཡེ་ཤེས་མཚོ་རྒྱལ་རྣམས༔ ཐུགས་དགོངས་གཅིག་མཐུན་བསྟན་པའི་རཱུ་ཊ་ནི༔ བསྒྲལ་བའི་ཞིང་བཅུ་ཚང་ལ་མ་རྦད་ན༔ བསྟན་པའི་སེར་བསླད་མི་རྟག་ཀླ་ཀློས་འཛིན༔ རྨོངས་མུན་འགྲོ་བ་ངན་འགྲོའི་གནས་སུ་ལྟུང་༔ དགོངས་ནས་མངོན་སྤྱོད་དྲག་པོའི་མཐུ་དཔུང་བསྐྱེད༔ མཚོ་རྒྱལ་ཐོག་སྨད་བཅུ་གཉིས་དུས་གཅིག་ཕབ༔ བོན་གྱི་མཐུ་ཆེན་མི་དགུའི་གཙོ་བྱས་པས༔ སྲོག་བྲལ་འོན་ལོང་འདར་ལྐུགས་དབང་པོ་དུབ༔ རྗེ་འབངས་སོ་སོའི་མངོན་སྤྱོད་དྲག་པོའི་ལས༔ དབང་འབྱོར་མཐུ་སྟོབས་མངའ་བའི་མཆོག་ཏུ་བསྔགས༔ བསྟན་པའི་གསེར་ཞལ་མི་ཉམས་འོད་སྟོང་འབར༔ ས་སྟེང་དཀར་པོ་དམ་པའི་ལྷ་ཆོས་སྤེལ༔ འགྲོ་བའི་བདེ་སྐྱིད་རྫོགས་ལྡན་དཔལ་ལ་བཀོད༔ རྗེ་བློན་རྩོལ་མེད་བློ་སེམས་གཅིག་ཏུ་དྲིལ༔ ངོ་མཚར་དད་གུས་ཡ་མཚན་མཆོག་ཏུ་གྱུར༔ གུ་རུ་ཡབ་ཡུམ་བསྒྲུབ་གནས་སོ་སོ་རུ༔ བསྟན་འགྲོའི་དོན་གཉེར་མཛད་པ་མཐའ་ཡས་བསྐྱངས༔ གངས་བྲག་མཚོ་རུ་བསྒྲུབ་གནས་བྱིན་གྱིས་བརླབས༔ བོད་ཡུལ་ཞབས་བཅགས་གཙུག་ལག་ལྷ་ཁང་སོགས༔ རིན་ཆེན་གཏེར་སྦས་མ་འོངས་བསྟན་པའི་གསོས༔ སྐུ་ཚབ་སྤྲུལ་བའི་གཏེར་སྟོན་བསམ་མཐའ་ཡས༔ དུས་འཁྲུགས་ཕུངས་རྒུད་ཉམ་ཐག་འགྲོ་བའི་མགོན༔ དགོས་འདོད་ཀུན་འབྱུང་ནོར་བུ་དབང་རྒྱལ་དང་༔ དཔག་བསམ་འཁྲི་ཤིང་བུམ་པ་བཟང་པོ་ལྟར༔ མཐོང་ཐོས་དྲན་རེག་རྣམ་གྲོལ་ལམ་སྟོན་མཆོག༔ རྗེ་འབངས་བུ་སློབ་དགོངས་པའི་གཏད་རྒྱ་མཛད༔ གུ་རུས་བཀའ་བསྩལ་མཁར་ཆེན་བུ་མོ་ཁྱོད༔ བསྙེན་སྒྲུབ་ལྷ་སྔགས་སྙིང་པོ་གྲངས་ཟིན་གྱིས༔ གཅིག་པུར་དབེན་པའི་གནས་སུ་སྒྲུབ་ཚུགས་སྐྱོངས༔ རྩ་རླུང་སྒྲུབ་སྦྱོང་བསམ་གཏན་རྩེ་གཅིག་སྒོམས༔ ཞེས་གསུངས་གངས་རི་གཡའ་མ་མཐོ་སྒང་གནས༔ བྱ་དང་རི་དྭགས་མ་གཏོགས་རྒྱུ་འགྲུལ་སྤངས༔ གཏུམ་མོས་དྲོད་བསྐྱེད་གྲང་ལྷགས་ཉམ་ང་བྲལ༔ ཨང་རག་རས་རྐྱང་ལུས་སེམས་བདེ་དྲོད་འབར༔ ཏིང་འཛིན་སྟོབས་ཀྱིས་རིག་པ་ཆོས་སྐུར་སྨིན༔ སྣང་སེམས་དབང་སྡུད་ལྷ་འདྲེ་བྲན་དུ་བཀོལ༔ འབྱུང་བཞིའི་བཅུད་བསྡུས་འཚོ་བའི་སྨན་རིལ་བརྟེན༔ ལྟོག་སྐོམ་བོར་ནས་ལང་ཚོའི་བཀྲགས་མདངས་རྒྱས༔ གང་སྣང་རྟོག་པ་བླ་མའི་རྣམ་རོལ་ཤར༔ དཀའ་སྤྱད་ཆོས་ལ་འབད་པ་སྙིང་རུས་བསྐྱེད༔ འདོད་ཡོན་ཞེན་མེད་རང་སེམས་ཁོ་ཐག་ཆོད༔ རྐྱེན་འཇིག་བདེ་སྡུག་རང་སྣང་ཆོ་འཕྲུལ་ལས༔ ཡེ་སྟོང་ཡེ་གྲོལ་ཉེར་ལེན་འཁྲུལ་བ་སངས༔ དད་སེམས་སྙིང་རྗེ་ཤེས་རབ་རང་རྩལ་འབར༔ ཟས་སུ་ནས་འབྲུ་སྐོམ་དུ་ཆུ་ཐིགས་ཙམ༔ མ་བཙལ་ལོ་གསུམ་དཀའ་ཐུབ་དུ་མ་མཛད༔ བླ་མའི་ཐུགས་བཞེད་མ་ལུས་ཡོངས་སུ་འགྲུབ༔ དགྱེས་པའི་ཞལ་ཕྱོགས་བྱམས་པའི་གསུང་ངག་འབྱོན༔ ད་ནི་ཁྱོད་ཀྱིས་དོན་ཆེན་གྲུབ་ཟིན་པས༔ བལ་ཡུལ་ཕ་མ་བསྒྲེས་སོང་རྒན་འཁོགས་གཉིས༔ དབུལ་པོ་རྒྱུ་མེད་མི་དང་ཕྱུགས་ཀྱིས་ཕོངས༔ རིགས་རྒྱུད་རྒྱ་གར་བྷི་ན་ཨ་ཤའི་གླིང་༔ རྐང་འཁྱམས་བུ་ཆུང་ལོ་ནི་བཅུ་གཉིས་པ༔ བཞིན་མཛེས་རྒྱུད་དྲངས་བློ་རིག་དབང་པོ་གསལ༔ ཕུར་བ་སྒྲུབ་པའི་ཐབས་གྲོགས་མེད་ཐབས་མེད༔ དབང་སྐལ་ལས་སྨོན་དམ་ཚིག་ཁྱོད་དང་མཐུན༔ མིང་ལ་ཡུལ་མའི་ཨ་ཙར་ས་ལེ་ཞེས༔ དོན་དུ་གསང་སྤྱོད་ཐབས་ཀྱི་དཔའ་བོ་མཆོག༔ རེག་གྲོལ་ཕྱག་རྒྱའི་དགའ་བཞིའི་ཡེ་ཤེས་འཆར༔ རྩ་རླུང་ཐིག་ལེར་དབང་འབྱོར་ལས་སུ་རུང་༔ ཞེས་གསུངས་བལ་བོའི་ཡུལ་དུ་བྱོན་ཙ་ན༔ ཆུ་འགགས་འཕྲང་དང་ལམ་སོ་ཁ་བས་བཟུང་༔ ངལ་བ་ཁྱད་བསད་བདེ་སྡུག་དང་ལེན་བྱས༔ གཅན་གཟན་སྦྲུལ་གདུག་ཞེ་སྡང་སེམས་ཅན་རྣམས༔ མཐོང་བའི་གསུང་མགུར་སྙན་པའི་དབྱངས་ཀྱིས་འདྲེན༔ ཞུམ་ཞིང་གུས་པའི་ཚུལ་གྱིས་གནོད་སེམས་བྲལ༔ ལམ་བར་ཇག་མི་བདུན་གྱིས་འཁྲིག་པ་སྤྱད༔ ཚངས་སྤྱོད་དགའ་བཞིའི་ཡེ་ཤེས་རང་ངོ་སྤྲད༔ ལུས་མ་སྤང་བར་མཁའ་སྤྱོད་འོད་སྐུར་གྲོལ༔ བལ་ཡུལ་འབྱོར་ནས་ཀུན་ལ་གཏམ་གླེང་དྲིས༔ བརྡ་མ་འཕྲོད་པའི་ལོ་ཙཱ་གསེར་གྱིས་བརྔན༔ བཙལ་ནས་ཨ་ཙར་ས་ལེ་ཉིད་དང་འཕྲད༔ མཛེས་སྡུག་ལྷ་ཡི་བུ་ཆུང་གཞོན་ནུ་དེས༔ ཕ་མ་གཏམ་ཁུང་ཆོད་ནས་དེ་གར་བྱིན༔ ཕན་ཚུན་གཏམ་གླེང་བླ་མའི་ལུང་ཡང་བསྟན༔ བདག་ནི་ཁྱོད་ཀྱིས་བུ་འདི་སློང་མི་ཡིན༔ ཞེས་གསུངས་ཕ་མ་གཉིས་ནི་མ་འཐད་པར༔ རིན་ཚབ་གསེར་དང་དོ་བདོ་མི་སྟེར་ཟེར༔ ཡུལ་དེས་རྒྱལ་བུ་གཡུལ་ཉེས་གྲི་རུ་འགུམ༔ མཆོག་དམན་ཀུན་གྱིས་མྱ་ངན་ཆེན་པོ་བྱས༔ འཚོགས་པའི་གྲལ་དབུས་མཚོ་རྒྱལ་ཞལ་ན་རེ༔ བདག་ལ་གསེར་གྱིས་བརྔན་པའི་ཡོན་འབུལ་ན༔ རྒྱལ་པོའི་སྲས་འདི་བསླང་བའི་ཐབས་ཡོད་གསུངས༔ བུ་འདི་ངེས་པར་བསླང་བའི་ཐབས་ཡོད་ན༔ རྒྱལ་སྲིད་ཕྱེད་ཀ་ཡོན་དུ་འབུལ་བའི་ཆོག༔ མ་བྱུང་བུ་མོ་ཁྲ་མུན་བཙོན་དུ་ཆུག༔ ཟེར་ཞིང་རྒྱལ་བློན་བཀའ་ཡིས་གྲོས་ཐག་བཅད༔ མཚོ་རྒྱལ་མཁའ་འགྲོ་རྒྱལ་བའི་སྤུར་རྩར་བྱིན༔ གོས་བཤུས་སྙིང་ཁར་མཚལ་གྱི་ཎིཿཡིག་བྲིས༔ འགུགས་པའི་ཕྱག་རྒྱ་མགྲིན་པའི་རྩ་ལ་བཙུགས༔ ཉིད་ཀྱི་ལྗགས་མཆིལ་སྤུར་གྱི་ཁ་རུ་བཏབ༔ དགོངས་པ་གཏད་པའི་མིག་གཉིས་ཧྲིག་ཧྲིག་ཕྱིས༔ དབུགས་ཡང་སོར་ཆུད་གཏམ་གླེང་བྱས་ཙ་ན༔ ཐམས་ཅད་ངོ་མཚར་དད་པ་དཔག་མེད་ཐོབ༔ རིན་ཆེན་གསེར་ནི་སྤུར་དང་དོ་མཉམ་བྱས༔ དེ་ནས་རྒན་འཁོགས་ཕོ་མོའི་གན་དུ་ལོག༔ བུ་དང་དོ་མཉམ་མགོ་བོ་ཉིས་འགྱུར་ཚད༔ བྱིན་པའི་དབུལ་ཕོངས་སྡུག་བསྔལ་གནས་ནས་གྲོལ༔ ཤིན་ཏུ་དགའ་བའི་བུ་དེ་གུས་པའི་ཕུལ༔ ཡུལ་མིས་གུས་བཏུད་ཡོན་འབུལ་སྐྱེལ་མ་བཅས༔ ཆོས་གསུངས་སྨོན་ལམ་ཟབ་མོའི་གདམས་པ་གནང་༔ གཞི་བྱེས་གནས་མགྲོན་འབྲལ་མི་ཕོད་པའི་ངང་༔ ཐམས་ཅད་རང་རང་གནས་སུ་ལོག་ནས་བཞུད༔ ཕུལ་ཕྱིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི༔ སྐུ་ཡི་ཡོན་ཏན་མཚན་གྱི་གྲགས་པ་རྒྱས༔ ཟུང་གཉིས་རྡེབས་པའི་གུ་རུའི་དྲུང་དུ་ཕྱིན༔ དགྱེས་ཚུལ་འཛུམ་པའི་རྟེན་འབྲེལ་ལེགས་སོ་གསུངས༔ ཁྲུས་གསོལ་བྱིན་རླབས་དབང་བསྐུར་གཏད་རྒྱ་མཛད༔ གངས་བྲག་བསྒྲུབ་གནས་ཕུར་བའི་དཀྱིལ་འཁོར་ཕྱེས༔ ལྷ་ཚོགས་ཞལ་གཟིགས་མཆོག་གི་དངོས་གྲུབ་བརྙེས༔ བདེ་སྟོང་ཕྱག་རྒྱའི་ཡེ་ཤེས་མངོན་དུ་གྱུར༔ ཟག་པ་ཁམས་དག་རླུང་སེམས་དབུ་མར་ཐིམ༔ ཞིང་ཁམས་རྒྱན་བཀོད་ལུས་གནས་རྩ་ཁམས་དྲངས༔ རིག་པ་གཏང་གསལ་འོད་ལྔའི་ཚོམ་བུར་ཤར༔ སྟེང་སྒོ་བདེ་ཆེན་འོག་སྒོ་མཁའ་གསང་རོལ༔ ཟབ་པ་མཆོག་ལྡན་མན་ངག་གནད་དུ་དྲིལ༔ གདམས་པ་ངོ་སྤྲད་དོན་དམ་བྱང་ཆུབ་སེམས༔ འབྲས་བུ་ཉག་གཅིག་ཆོས་སྐུ་གདོད་མའི་དབྱིངས༔ རྩོལ་མེད་ཡེ་གྲོལ་ས་ལམ་ཅིག་ཆར་རྫོགས༔ བརྩེ་བའི་བླ་མ་བྱམས་པའི་གྲོགས་མཆོག་མས༔ མཚུངས་མེད་བརྗོད་བྲལ་ཐུགས་རྗེས་བཀའ་དྲིན་བསྩལ༔ ཡང་ཡང་དྲན་བཞིན་གདུང་བའི་འབོད་ལགས་ན༔ གསང་གསུམ་དབྱེར་མེད་ཚེ་རབས་དུས་ཀུན་ཏུ༔ འབྲལ་མེད་བརྩེ་བའི་ཐུགས་རྗེས་ཉེར་དགོངས་ནས༔ བདག་བློ་མི་ཉམས་པདྨའི་དགའ་ཚལ་དྲུང་༔ བྱིན་རླབས་བདུད་རྩི་བསིལ་མས་རྒྱུན་འབེབས་ཤིང་༔ ངད་པའི་དྲི་བསུང་རྐང་དྲུག་བོང་བུའི་ཁྱུར༔ སྦྲང་བཅུད་སྐོམ་སེལ་འདོད་དགུ་འཇོ་བའི་གཏེར༔ ནམ་མཁའི་མཐའ་ཀླས་ཕ་མ་སེམས་ཅན་ཁམས༔ ཕན་བདེའི་རླབས་ཆེན་འགྲོ་བའི་དོན་བྱེད་ཤོག༔ ངོ་མཚར་དཔག་ཡས་ཡེ་ཤེས་མཚོ་རྒྱལ་མོས༔ མཛད་པའི་རྣམ་ཐར་གྲངས་ཀྱིས་མི་ལངས་ཤིང་༔ ཟུར་ཙམ་བཀོད་པ་བདག་བློ་མོས་པའི་ངོར༔ དག་སྣང་དྲན་ཤེས་རིག་རྩལ་རྒྱན་དུ་ཤར༔ ཡིན་མིན་བརྟག་པ་མཐའ་བཟུང་ཡུལ་ལས་དབེན༔ དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ སླར་ཡང་དབང་བསྐུར་བྱིན་རླབས་གདམས་པ་གནང་༔ ཡར་འབྲོག་བྱང་ཐང་མི་མིན་ལྷ་འདྲེའི་བཟུང་༔ གདུག་ཅིང་རྩུབ་པས་ཆོ་འཕྲུལ་རྫུ་བག་ངོམས༔ བདེན་མེད་རང་སྣང་དོན་གྱིས་མགུར་མ་གསུངས༔ སོར་མོས་རིན་ཆེན་གསེར་གྱི་གདུབ་བུ་འཕངས༔ དྭངས་མཚོ་བཻཌཱུརྱ་གཡུ་ཡི་ཁང་བཟང་བསྒྱུར༔ འདོད་དགུའི་ལོངས་སྤྱོད་མཛད་མཐའ་མེད་པར་གཏམས༔ གནོད་འཚེའི་སེམས་བྲལ་བྱང་ཆུབ་དགེ་བློ་ལྡན༔ ལ་ཕྱིའི་གངས་ལ་མཁའ་འགྲོའི་གསང་ཕུག་བཏོན༔ གནས་གསུམ་དཔའ་བོ་མཁའ་འགྲོའི་འདུ་གླིང་བཀོད༔ ཉིན་སྣང་དག་པ་འོད་གསལ་ཁོར་ཡུག་ངང་༔ མཚན་སྣང་དག་པ་སྤྲུལ་བའི་ཞིང་ཁམས་ཀུན༔ དབང་དང་བྱིན་རླབས་གདམས་པའི་དངོས་གྲུབ་ཐོབ༔ སྡིག་ཅན་ལས་ངན་དམྱལ་གནས་སེམས་ཅན་རྣམས༔ ཐེར་འབུམ་གྲངས་ལྡན་ཐར་བའི་ལམ་སྟོན་མཛད༔ རྫུ་འཕྲུལ་མངོན་ཤེས་ཆོས་རྣམས་ཆག་ཐོགས་བྲལ༔ མི་མཁྱེན་མི་གཟིགས་པ་ནི་གང་ཡང་མེད༔ འཕོ་མེད་དགོངས་པ་ཨོ་རྒྱན་རྗེ་དང་མཉམ༔ ཏི་གྲོའི་གནས་སུ་པདྨས་བཀའ་བསྡུ་མཛད༔ རི་བྲག་བསྒྲུབ་གནས་བསམ་གཏན་རྩེ་གཅིག་བསྒོམས༔ འབྱུང་པོ་གདུག་པས་སྐབས་ལྟས་གླགས་མ་ཚུགས༔ གཡོ་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས༔ དེ་ནས་ཨོ་རྒྱན་སྤྲུལ་བའི་སྐུ་མཆོག་ཉིད༔ མི་ལོ་བརྒྱ་དང་བཅུ་གཅིག་བོད་ལ་བཞུགས༔ མཛད་པའི་བཀའ་དྲིན་ཐུགས་རྗེ་བསམ་མི་ཁྱབ༔ ས་འོག་གཏེར་དང་ས་སྟེང་ཆོས་ཀྱིས་བཀང་༔ མ་འོངས་བསྟན་འགྲོའི་མགོན་གྱུར་སྤྲུལ་བའི་སྐུས༔ ས་རྟགས་དུས་ཀྱི་འཕེལ་འགྲིབ་གསོ་བའི་ཕྱིར༔ གཏེར་རིགས་བཅྭོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིང་༔ རྗེ་འབངས་བུ་སློབ་ལས་སྨོན་དམ་ཚིག་བསྒྲགས༔ བོད་ཡུལ་མུན་གླིང་གསལ་བའི་སྒྲོན་མེ་སྦར༔ མཆོག་དམན་འགྲོ་ལ་ཟབ་རྒྱས་ཆོས་འཁོར་བསྐོར༔ ཁོ་མོ་ལོ་གྲངས་བརྒྱད་ཅུ་རྩ་བཞིའི་དུས༔ དབང་ཆེན་སྤྲེལ་ལོ་ས་ག་ཟླ་བའི་ཚེས༔ བཅོ་ལྔ་སྨིན་དྲུག་རྒྱལ་གྱི་ཉི་མ་ལ༔ ད་ནི་བོད་དུ་འགོར་ཡུན་རིང་ནས་སོང་༔ ལྷོ་ནུབ་ལང་གྷ་པུ་རིའི་སྲིན་པོ་རྣམས༔ གནོད་ཅིང་གདུག་པས་སྐྱེ་འགྲོའི་ཤ་ཁྲག་རྔམས༔ པདྨ་བདག་མིན་གཞན་གྱིས་མི་ཐུལ་གསུངས༔ རྗེ་འབངས་གདུང་ཡས་བཤུམས་པས་བཤོལ་མ་ཐེབ༔ བདག་གི་དྲན་པ་ཁོག་པའི་སྙིང་དང་བྲལ༔ དཔྲལ་བའི་མིག་གཉིས་དམུས་ལོང་མགོ་བོ་འཐོམས༔ རབ་ཏུ་གུས་པའི་དབུ་གཏུགས་མཆི་མ་ཕྱུང་༔ བྱམས་པའི་བླ་མས་བརྩེ་བའི་ཐུགས་ཀྱིས་དགོངས༔ དགོངས་སྔོན་ཁྲི་གདུགས་རྟ་བདུན་ཉི་མའི་ཟེར༔ ཆུ་འཛིན་སྤྲིན་ནག་གྲིབ་མས་བསྒྲིབས་གྱུར་ན༔ གཅོང་རོང་གྲང་འཁྱགས་སྡུག་བསྔལ་སུ་ཡིས་སེལ༔ བར་སྣང་འོད་དཀར་ངང་ཆུང་གཞོན་ནུའི་དལ༔ དགྲ་གཅན་ཁ་རླངས་དུག་གིས་ཟིན་གྱུར་ན༔ སྨག་རུམ་མུན་པས་སྒྲོན་མ་སུ་ཡིས་བསལ༔ བོད་ཡུལ་ཨོ་རྒྱན་དུས་གསུམ་འགྲོ་བའི་མགོན༔ མ་རུངས་སྲིན་པོའི་གླིང་དུ་གཤེགས་གྱུར་ན༔ སྐྱབས་མེད་བོད་འབངས་རེ་ལྟོས་གང་དུ་བཅོལ༔ བརྩེ་བའི་བླ་མ་བྱམས་པའི་སེམས་ལྡན་མཆོག༔ མཚོ་རྒྱལ་བུ་མོ་ཐུགས་ཀྱིས་འདོར་ཕོད་དམ༔ ལས་དམན་བཤེས་བྲལ་དྭ་བུ་འཁྱམ་པོ་བདག༔ ཉམ་ཆུང་མཆི་མས་གདུངས་ཡས་སུ་ལ་བཅའ༔ ཞེས་ཀྱང་ཁོ་མོ་ཉིད་དང་མི་འབྲལ་བར༔ གུ་རུའི་ཐུགས་རྗེས་བདག་ཉིད་འཛིན་པར་ཞུ༔ ཞུས་པའི་སྤྱན་ཆབ་ལོ་མའི་ཟེར་འཕྲེང་བཞིན༔ རབ་ཏུ་བཤུམ་པས་དྲན་མེད་ཡས་ཀྱིས་བརྒྱལ༔ སྣང་བ་གནས་འགྱུར་བར་སྣང་ས་གཞིའི་ཁམས༔ སྒེག་བཞད་གླུ་འཕྲེང་གར་མས་མཆོད་རྫས་ཐོགས༔ ཕྱོགས་མཚོན་རང་མདོག་ལྷ་མོ་བཅུ་དྲུག་དང་༔ གིང་ཆེན་བརྒྱད་དང་གིང་བྲན་ཕོ་མོའི་ཚོགས༔ དར་གདུགས་རྒྱལ་མཚན་རོལ་མོའི་སྒྲ་དང་བཅས༔ ནམ་མཁའ་བར་སྣང་ཐམས་ཅད་འོད་ཆེམ་ཆེམ༔ དེ་འདྲའི་དུས་སུ་གུ་རུ་ཨོ་རྒྱན་རྗེས༔ བདག་གི་མགོ་བོ་སྐུ་པང་བཏེགས་ནས་སུ༔ རིག་པ་སོར་ཆུད་དམིགས་པའི་བསྙེན་སྔགས་བཏབ༔ ཁྱོད་ཀྱི་ད་རུང་འགྲོ་དོན་མ་རྫོགས་པས༔ སེམས་ཅན་བློས་བཏང་བྱང་ཆུབ་སྤྱོད་པའི་ལམ༔ འགལ་བའི་ཉེས་ལྟུང་དམ་ཚིག་མི་དྲན་ནམ༔ ང་ཉིད་ལྷོ་ནུབ་སྲིན་ཡུལ་གཤེགས་གྱུར་ཀྱང་༔ མཚོ་རྒྱལ་རྗེ་འབངས་མ་འོངས་སྙིགས་མས་འགྲོར༔ དད་མོས་གང་ཐོབ་སྐད་ཅིག་འདུ་འབྲལ་མེད༔ སྡུག་བསྔལ་མ་མཛད་བརྩེ་བའི་གྲོགས་མཆོག་མ༔ འདུས་བྱས་མི་རྟག་འབྲལ་བ་ཆོས་ཉིད་ཡིན༔ མི་ལུས་རིན་ཆེན་རྙེད་པ་སྲིད་མཐའ་ཙམ༔ སྙིང་པོ་དོན་ཡོད་བསམ་གཏན་སྒྲུབ་ལ་གཞོལ༔ གཞན་ཕན་འགྲོ་ལ་བླང་དོར་དགེ་སྡིག་གནས༔ གསལ་བའི་སྒྲོན་མེ་མ་རིག་ལམ་སྟོན་མཛོད༔ ཅེས་གསུངས་སེམས་གསོས་ལུགས་གཉིས་ཚུལ་མཐུན་པས༔ ཞལ་གདམས་བསླབ་བྱ་མཆོག་དམན་ཡོངས་ལ་གནང་༔ རྗེ་བློན་ལོ་པཎ་ཚོགས་ཀྱིས་སྐྱེལ་མ་བྱས༔ གུ་རུའི་མཛད་པའི་ཡོན་ཏན་བསམ་མཐའ་ཡས༔ དྲན་པས་ཐམས་ཅད་གདུང་བའི་མཆི་མ་འཁྲུགས༔ ཟས་སྐོམ་བརྗེད་ནས་བླ་མ་ཡིད་མྱོང་བྱས༔ ཕྱིར་ཉིན་ཉི་ཤར་མང་ཡུལ་གོང་ཐང་ལར༔ འཇའ་སྤྲིན་འཁྲིགས་ཤིང་དྲི་བསུང་ངད་པ་འཐུལ༔ རོལ་མོའི་དབྱངས་སྙན་མེ་ཏོག་སིལ་མའི་ཆར༔ ལྷ་ལམ་སྤྲིན་དཀར་གསེབ་ནས་རྟ་མཆོག་ནི༔ སྔོན་པོ་ཤུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས༔ ཧཱུྃ་ཧཱུྃ་ཕེམ་ཕེམ་རྟ་སྐད་ལྷང་ལྷང་བཏོན༔ དཔའ་བོ་མཁའ་འགྲོའི་མངོན་སུམ་བརྡ་གླུས་བསྐུལ༔ ངོ་མཚར་རྨད་བྱུང་ཡ་མཚན་མཆོག་ཏུ་གྱུར༔ དེ་ཚེ་ཨོ་རྒྱན་དུས་གསུམ་འགྲོ་བའི་མགོན༔ ཆིབས་ཀྱི་སྒ་ཁར་བར་སྣང་ཏ་ལེར་བསྐྱོད༔ འོད་དཀར་འཇའ་ལམ་མཁའ་འགྲོའི་དར་ཐག་བརྒྱུད༔ ཅང་ཤེས་རྟ་མཆོག་སྟེང་དུ་རྗེ་འབངས་ཚོགས༔ ལྟ་སྒོམ་འབྲས་བུ་ནམ་མཁའ་ཀློང་འབྱམས་དོན༔ གནས་ལུགས་ངོ་སྤྲད་གདམས་དོན་སྙིང་པོ་ལོངས༔ ཞེས་གསུངས་ལྷོ་ནུབ་ཕྱོགས་སུ་འཇའ་ལྟར་གཤེགས༔ རྗེ་འབངས་ཤུལ་བཞག་འབའ་དིར་ཅུང་ངེ་ལུས༔ ཁོ་མོའི་ཏིང་འཛིན་དགོངས་པའི་མཉམ་བཞག་མཛད༔ རྒྱ་མཚོའི་ཕ་མཐར་རིན་ཆེན་གསེར་ཕྱེའི་འགྲམ༔ རྟ་མཆོག་འགྲེ་ལྡོག་ལྗོན་ཤིང་པདྨའི་ཚལ༔ རྗེས་ཉིད་ངལ་གསོས་ཚུལ་བཞུགས་ས་ལེར་གཟིགས༔ སྐྱོ་གདུངས་གུས་པའི་སྨོན་ལམ་ཡང་ཡང་བཏབ༔ སྐྱེལ་མ་པ་རྣམས་རང་རང་ཡུལ་དུ་ལོག༔ ཞལ་གསུང་གདམས་ངག་སྒྲུབ་པ་ཉམས་ལེན་མཛད༔ རྗེ་འབངས་རེ་ལྟོས་མཚོ་རྒྱལ་མཆོག་ཏུ་བསྟེན༔ སླར་ཡང་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་མཐུས༔ དགུང་གྲངས་སུམ་བཅུར་ལང་ཚོས་བཀྲགས་མདངས་འབར༔ ཐམས་ཅད་ངོ་མཚར་དད་གུས་དཔག་མེད་ཐོབ༔ འཁོར་སློབ་འདུས་སྡེ་པདྨའི་དགའ་ཚལ་བཞིན༔ མི་ཉམས་དྲི་བསུང་ཟབ་རྒྱས་ཆོས་ཆར་ཕབ༔ བཤད་དང་སྒྲུབ་པའི་འཆད་ཉན་སྒོམ་གྲྭ་བཙུགས༔ རྩེ་གསུམ་གངས་ལ་གསོ་རིག་རྒྱུད་བཞི་སྦས༔ ཙ་རུའི་གཡུ་མཚོར་སྒྲོལ་མའི་ལས་ཚོགས་སྦས༔ རྩང་འགྲམ་ཟངས་ཡག་རྒྱལ་པོའི་རྟོགས་བརྗོད་སོགས༔ དགོས་པའི་དོན་བསྟུན་གཏེར་ཁ་དུ་མ་མཛད༔ སྤྲུལ་བསྒྱུར་སྣ་ཚོགས་ཐབས་ཀྱིས་འགྲོ་བ་རྣམས༔ མོས་བློ་དགེ་བསྐུལ་དམ་པའི་ཆོས་ལ་བཀོད༔ དེ་ལྟར་སོང་ནས་བརྒྱ་དང་བརྒྱད་བཅུའི་བར༔ འགྲོ་དོན་རྒྱ་ཆེན་མཛད་པ་མཐའ་ཡས་བསྐྱངས༔ ལྷ་ཀླུ་མིའམ་སྣང་སྲིད་དྲེགས་པའི་ཚོགས༔ ཀུན་ཀྱང་མ་ལུས་བདེ་ཆེན་དག་པའི་ཞིང་༔ དགོངས་པའི་རྒྱས་གདབ་ཐུགས་བསྐྱེད་སྨོན་ལམ་མཛད༔ ཟམ་བུ་ཤིང་ལོས་དབེན་གནས་སྒྲུབ་པ་མཛད༔ ཉིད་ཀྱི་ཐུགས་བཞེད་ཤཱཀྱ་དེ་ཝ་དང་༔ བཀྲ་ཤིས་ཁྱེའུ་འདྲེན་ཤེལ་དཀར་རྡོ་རྗེ་མཚོ༔ ཀ་ལ་སིདྡྷི་ཨ་ཙར་ས་ལེ་དང་༔ རིན་ཆེན་མཆོག་དང་དཔལ་དབྱངས་དམ་པ་མཆོག༔ ལས་ཅན་རྗེ་འབངས་བུ་སློབ་ཚོགས་དང་བཅས༔ ཡངས་མེད་རྩེ་གཅིག་འོད་གསལ་སྙིང་པོའི་དོན༔ ཀློང་ཆེན་ལྟ་བ་སྙིང་གི་ཐིག་ལེ་གདམས༔ ནང་གསལ་འོད་སྐུར་ལྷུན་གྲུབ་གདོད་མའི་དབྱིངས༔ དགའ་རབ་རྡོ་རྗེའི་དགོངས་པའི་ཐུགས་བཅུད་མཐུལ༔ སྤང་བླང་ཡེ་གྲོལ་གདམས་པའི་གཏན་སྲིད་ཟིན༔ ཕྱིས་འབྱུང་དུས་དང་བསྐལ་བའི་འཕེལ་འགྲིབ་ལ༔ བསྟན་པའི་གསེར་ཞལ་སྤྲིན་གསེབ་ཉི་འོད་བཞིན༔ སྐབས་རེ་གསལ་ཞིང་འོད་སྣང་མུན་པ་སངས༔ སྐབས་རེ་ཆུ་འཛིན་གྲིབ་མས་ཡོལ་གྱིས་བསྒྲིབས༔ འགྲོ་རྣམས་མགོ་རྨོངས་བླང་དོར་ཕྱིན་ཅི་ལོག༔ དེ་བཞིན་ཆོས་རྒྱལ་རེ་དང་བདུད་རྒྱལ་རེ༔ སེམས་ཅན་བདེ་སྡུག་ལས་དང་འབྲས་བུའི་དབང་༔ རྒུད་པའི་གདུང་སེལ་ལས་ལྡན་སྐྱེས་བུ་རེས༔ པདྨས་བཀའ་གཏད་ཟབ་གཏེར་དུས་བབས་རེ༔ དགོངས་པའི་ཀློང་རྡོལ་བསྐལ་ངན་འཇིགས་པ་སྐྱོབས༔ དད་སེམས་སྙིང་རྗེ་ཆེ་ཞིང་དམན་ས་འཛིན༔ ངན་སྤྱོད་རྫི་བག་མ་ངེས་ཡ་མ་ཟུང་༔ སྨོན་ལོག་བདུད་སྤྲུལ་བསླུ་བྱེད་གཡོ་སྒྱུ་མཁན༔ དཀོར་ནག་རྫས་རྔམས་སློབ་དཔོན་མཆེད་ལྕམ་སྨད༔ རང་སྣང་འུ་ཚུགས་བཤོལ་སོང་དུད་འགྲོ་འདྲ༔ ཤེས་རབ་རྣམ་དཔྱོད་ཅན་གྱིས་གོ་བར་འགྱུར༔ གཞན་ཕན་དོན་བྱེད་བྱང་ཆུབ་སྤྱོད་པའི་ལམ༔ འགལ་མིན་རྟག་ཏུ་བསྟན་འགྲོའི་གསོས་སུ་སྨིན༔ དེ་ལ་དད་གུས་དག་སྣང་མ་སྦྱངས་ན༔ དགོས་འབྱུང་ནོར་བུ་ཕྱི་རོལ་དོར་དང་མཚུངས༔ ང་ཉིད་སྤྲུལ་པ་ཇི་སྲིད་འགྲོ་བའི་ཁམས༔ ལྕམ་དང་སེམས་དཔའ་དམངས་དང་སྤྲང་པོའི་ཚུལ༔ གང་འདུལ་ཐབས་ཀྱིས་བསྟན་འགྲོའི་བདེ་སྐྱིད་སྤེལ༔ ལས་ཅན་བུ་སློབ་པད་འབྱུང་མཚོ་རྒྱལ་གྱི༔ དགོངས་པའི་གཏད་རྒྱ་ལས་སྨོན་དམ་ཚིག་ཅན༔ དུས་རྣམ་རྟག་ཏུ་སྐད་ཅིག་འབྲལ་བ་མེད༔ གསོལ་འདེབས་གདུང་བའི་དབྱངས་ཀྱིས་འབོད་ལགས་ན༔ བྱིན་རླབས་བདུད་རྩིའི་དྲི་ཆར་རྟག་ཏུ་འབེབས༔ གཅེས་པའི་བུ་ཆུང་མ་ཡིད་འཕྲེང་བ་བཞིན༔ གསང་གསུམ་དབྱེར་མེད་ཕྱི་ནང་ཉེར་འཚེའི་རྐྱེན༔ རབ་དཀར་དྲི་བྲལ་ཟླ་གཞོན་མདངས་བཞེད་འབར༔ གདུག་པའི་དགྲ་གཅན་མི་ཉེན་རྒྱང་དུ་བྱེར༔ ཕྱི་ཡུལ་གནས་གསུམ་ནང་དུ་རྩ་ཁམས་རླུང་༔ ལྷན་སྐྱེས་དབྱིངས་ཡེ་ཌཱཀྐིའི་བརྡ་སྒོ་འབྱེད༔ བྱིན་རླབས་རྣོ་ནུས་བསམ་གཅོད་རལ་གྲི་བཞིན༔ ཕ་རོལ་དགྲ་གདོན་གདུག་པས་གཡུལ་ངོ་འཇོམས༔ ང་ཉིད་གཤེགས་བཞུད་གང་དུའང་མ་སོང་བས༔ ཐུགས་རྗེས་གསལ་ཁྱབ་ཉེ་རིང་ཕྱོགས་རིས་བྲལ༔ ཞལ་ཏ་མན་ངག་གདམས་པའི་གཅེས་ནོར་གནང་༔ དེ་ནས་མཁན་ཆེན་བྱང་ཆུབ་སེམས་དཔའ་མཆོག༔ དགུང་གྲངས་སུམ་བརྒྱ་སུམ་བཅུ་རྩ་ལྔའི་དུས༔ གཟུགས་སྐུའི་བཀོད་པ་ཆོས་དབྱིངས་གནས་སུ་བསྡུས༔ ནམ་མཁའ་བར་སྣང་འཇའ་འོད་དྲི་བསུང་འཐུལ༔ བོད་ཁམས་རུ་བཞི་ངོ་མཚར་དད་གུས་ལྡན༔ འཇའ་ལུས་འོད་སྐུར་གདུང་དང་རིང་བསྲེལ་བབས༔ དེ་ཚེ་མཚོ་རྒྱལ་ཉིད་ཀྱིས་འདི་ལྟར་གསུངས༔ ཨེ་མ་ཧོ༔ དུས་གསུམ་རྒྱལ་བའི་སྲས་ཀྱི་ཐུ་བོ་མཆོག༔ མ་རིག་རྨོངས་མུན་བསལ་བའི་སྒྲོན་མེ་མཁན༔ ཐར་བའི་ལམ་བཟང་བགྲོད་པའི་དེད་དཔོན་ཉིད༔ རྗེ་ཉིད་དག་པའི་ཞིང་གཞན་གཤེགས་གྱུར་ཀྱང་༔ སླར་ཡང་བསྟན་དང་འགྲོ་བའི་དོན་སླད་དུ༔ གཟུགས་སྐུ་མཚན་དཔེའི་ཡོན་ཏན་མངའ་བའི་མཆོག༔ མ་འོངས་འགྲོ་བའི་དཔལ་དུ་བདག་གྱུར་ཅིག༔ ཅེས་གསུངས་བདེན་ཚིག་སྨོན་ལམ་ཟབ་རྒྱས་མཛད༔ དེ་ལྟར་དགུང་གྲངས་ཉིས་བརྒྱ་ཉེར་ལྔའི་བར༔ བསྟན་འགྲོའི་དོན་དུ་རླབས་ཆེན་མཛད་པ་བསྐྱངས༔ དགོངས་པ་ཆོས་ཟད་དགོངས་བཅས་འོད་སྣང་ལས༔ གདུལ་བྱ་སྐྱེས་རྫོགས་ཞིང་སྣང་བཀོད་པ་གསལ༔ ད་ནི་ཁོ་མོ་མི་སྡོད་མཁའ་སྤྱོད་འགྲོ༔ མི་ལོ་ཉིས་བརྒྱ་ཉེར་ལྔའི་བར་དུ་བཞུགས༔ བླ་མའི་བྱིན་རླབས་དགོངས་བརྒྱུད་གདམས་པ་ཐོབ༔ གདུལ་བྱ་སྨིན་གྲོལ་ཐར་བའི་ལམ་སྟོན་མཛད༔ པདྨའི་བཀའ་བསྡུ་ཟབ་གཏེར་ས་བཅུད་སྦས༔ མ་འོངས་དད་རྟེན་ཕྱག་ཞབས་སྐུ་རྗེས་བཞག༔ ཁོ་མོ་བསྡད་ཀྱང་དེ་ལས་ལྷག་པ་མེད༔ བླ་མའི་རྣལ་འབྱོར་ཉམས་ལེན་སྙིང་པོ་དྲིལ༔ ཚེ་འདི་བློས་བཏང་བདེ་སྡུག་གང་སྣང་ཡང་༔ བདེན་མེད་རང་སྣང་རྣམ་རྟོག་འཁྲུལ་པ་ལས༔ ཡེ་ནས་རང་བྱུང་རིག་པ་ཆོས་སྐུའི་ངང་༔ མི་གཡོ་དགོངས་པ་འོད་གསལ་གཉུག་མའི་གཤིས༔ མ་བཅོས་རང་བབས་གསལ་སྟོང་མཉམ་པ་ཉིད༔ རེ་དོགས་སྤང་བླང་གཉིས་འཛིན་ཡུལ་ལས་འདས༔ རྟོགས་པ་མངོན་གྱུར་ཆོས་དབྱིངས་ནམ་མཁའི་ཀློང་༔ འོད་སྣང་ཁྱབ་བརྡལ་ཉི་གཞོན་གསལ་བའི་མདངས༔ གདམས་པའི་མན་ངག་སྙིང་གི་གཅེས་ནོར་ཆོངས༔ པད་འབྱུང་མཚོ་རྒྱལ་གསོལ་བ་ཡང་ཡང་ཐོབ༔ རྣམ་ཐར་འབྲི་ཀློག་སྦྱང་བརྩོན་དད་གུས་བསྐྱེད༔ སྙིང་པོའི་དོན་མཆོག་བཛྲ་གུ་རུ་བགྲོངས༔ འབུམ་ཕྲག་བཅུ་ཡིས་ངན་སོང་སྐྱེ་སྒོ་ཁེགས༔ ཚོགས་མཆོད་གྲངས་ཟིན་ཉེས་ལྟུང་སྡིག་སྒྲིབ་བྱང་༔ ཚིག་བདུན་འབུམ་ཁེལ་བྱད་མའི་ཆོ་འཕྲུལ་ཞི༔ སྐྱབས་ཡུལ་གསལ་འདེབས་བསྐྱེད་རྫོགས་རིམ་གཉིས་འཆར༔ མ་འོངས་བསྟན་འགྲོའི་མགོན་གྱུར་སྤྲུལ་བའི་སྐུ༔ རིམ་པར་བྱོན་ནས་འགྲོ་བའི་དོན་མཛད་པར༔ ང་ཉིད་སྤྲུལ་པ་ཕྲིན་ལས་བྱེད་པོ་རུ༔ རྟག་ཁྱབ་ལྷུན་གྲུབ་འགྲོ་བའི་དོན་བྱེད་འབྱུང་༔ ཞེས་གསུངས་བཞེངས་སྟབས་ལྷོ་ནུབ་ཕྱོགས་སུ་གཟིགས༔ འཇའ་འོད་དྲི་བསུང་རོལ་མོའི་དབྱངས་སྙན་ལྡིར༔ ཉིད་སྐུ་གནས་འགྱུར་མཁའ་འགྲོ་དམར་གསལ་མོ༔ གཅེར་བུ་རུས་རྒྱན་མེ་ཏོག་སིལ་མས་སྤྲས༔ རིགས་ལྔ་ཅོད་པན་དབུ་སྐྲའི་ཟར་བུ་བཀྲམས༔ སྤྱན་གསུམ་ཧྲིག་གེར་ནམ་མཁའི་དབྱིངས་སུ་གཟིགས༔ ཁྱེད་འདྲེན་དེ་ཝ་ཀ་ལ་སིདྡྷི་རྣམས༔ འོད་དང་འཇའ་ཐིག་ཕྱག་མཚན་པདྨའི་དབྱིབས༔ མངོན་སུམ་སོ་སོར་ཉིད་དང་དབྱེར་མེད་དུ༔ ཐུགས་ཀློང་རོལ་གཅིག་མཁའ་སྤྱོད་གནས་སུ་གཤེགས༔ མཚོ་རྒྱལ་རྣམ་ཐར་ཨུཏྤལ་པདྨའི་ཕྲེང་༔ ལས་ཅན་བུ་ལ་དགོངས་པའི་གཏད་རྒྱ་མཛད༔ ཕྱིས་འབྱུང་དུས་སུ་འདི་འཕྲད་སྐལ་ལྡན་མཆོག༔ གངས་ལྗོངས་བསྟན་འགྲོའི་གསོས་སྨན་སྤྲུལ་པའི་སྐུ༔ སྦས་པའི་རྣལ་འབྱོར་བསྟན་འཛིན་ཆོས་རྗེ་ཡིཿ སྐུ་ཚེ་འགལ་རྐྱེན་མི་མཐུན་ཉེས་པ་ཀུནཿ གཞོམ་བྱེད་མི་འཇིགས་རྡོ་རྗེའི་ཕ་ལམ་འདྲཿ སྐྱེས་བུ་དམ་པ་བརྒྱད་ཀྱི་ཚེ་འཛིན་བཅུདཿ སླེབས་ཆོག་འཆི་མེད་ལྷ་ཡི་བདུད་རྩི་བཞིནཿ མཐོང་ཐོས་དྲན་པའི་དུས་མིན་ཉེར་འཚེའི་རྐྱེནཿ འབྱུང་གདོན་བྱད་མ་གདུག་པའི་ཆོ་འཕྲུལ་སེལཿ ཞེས་གསུངས་དབུགས་དབྱུང་མི་འགྱུར་དགོངས་རྒྱས་བཏབཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཞེས་ཨོ་རྒྱན་མིང་གིས་དགོངས་བརྡ་ལས་བསྒྱུར་བ་འདི་ཡིས་བསྟན་འགྲོ་སྤྱི་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིགཿ སརྦ་མངྒ་ལཾཿ

ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དོན་བསྡུས་སྙིང་པོ། ཨོ་རྒྱན་རིན་ཆེན་གླིང་པའི་གཏེར་མ།

༄༅། །ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དོན་བསྡུས་སྙིང་པོ་བཞུགསཿ

སྐབས་ལྔ་པའོཿ ཨོ་རྒྱན་མཁའ་འགྲོའི་སྐད་དུཿ དྷུ་མ་ག་ཡ་ས་ཐ་ནཱ་མཿ བོད་སྐད་དུཿ མཚོ་རྒྱལ་གྱི་རྣམ་ཐར་དོན་བསྡུས་སྙིང་པོ་ཞེས་བྱ་བཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱིཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་པའི་དཔལཿ མཁའ་འགྲོ་ཡོངས་ཀྱི་སྤྱི་དཔལ་ཧེ་རུ་ཀཿ མ་ཧཱ་གུ་རུ་མཚོ་སྐྱེས་རྗེ་ལ་འདུདཿ ད་ལྟ་བཞུགས་དང་ཕྱི་རབས་སྐལ་ལྡན་གྱིཿ དད་དང་མོས་གུས་དྭངས་བ་འདྲེན་པའི་ཕྱིརཿ ཁོ་མོའི་རྣམ་ཐར་དོན་བསྡུས་སྙིང་པོ་ཞིགཿ འདི་རུ་བཀོད་པས་སྐལ་བཟང་དགའ་བས་ཉོནཿ གདོད་མའི་ཡུམ་གྱུར་ཆོས་སྐུ་ཀུན་བཟང་མོཿ རྒྱལ་ཀུན་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིནཿ རིགས་ཀུན་འདུས་པའི་བདག་ཉིད་དབྱིངས་ཕྱུག་མཿ ཐུབ་པའི་སྤྱན་སྔར་གངྒཱའི་ལྷ་མོར་གྲགསཿ རྒྱལ་ཀུན་དགྱེས་བསྐྱེད་རྡོ་རྗེ་སྒེག་མོ་སྟེཿ དྷུ་མ་ཐ་ལར་གསང་བ་ཡེ་ཤེས་མཿ འཕགས་པའི་ཡུལ་དུ་སུ་ཁ་སིདྡྷི་དངཿ ཟ་ཧོར་ཡུལ་དུ་ལྷ་ལྕམ་མནྡ་རཿ རྡོ་རྗེའི་སྐུ་བརྙེས་མ་ཅིག་གྲུབ་པའི་རྒྱལཿ མི་མཇེད་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་འདིརཿ རྣམ་འཕྲུལ་དུ་མའི་འགྲོ་དོན་དཔག་མེད་མཛདཿ ཁ་བ་ཅན་དུ་མཁར་ཆེན་རིགས་སུ་ནིཿ གྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚནཿ གནུབས་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚནཿ རྡོ་རྗེ་བཙུན་མོའི་ཐུགས་ཀྱི་འོད་ཟེར་ནིཿ མངོན་བྱང་ལྔ་ཡི་ཚུལ་གྱིས་སྐུ་བལྟམས་ནསཿ ཤིང་མོ་བྱ་ལོ་སྐར་མ་རྒྱལ་ལ་ནིཿ རིགས་ཀྱི་མྱུ་གུ་སྨིན་པས་ལྷ་ཀླུ་མིསཿ མངོན་པར་བསྔགས་ཤིང་མཚོ་ཆུང་ཞིག་རྡོལ་བསཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་སུ་གྲགསཿ སྣང་སེམས་འདྲེས་པས་རྡོ་ལ་ཞབས་རྗེས་བྱོནཿ མཚན་དཔེའི་ལང་ཚོ་ལྷ་ཡི་བུ་མོ་འདྲཿ འཁོར་བའི་སྐྱོན་སྤངས་འཕགས་ནོར་བདུན་གྱིས་ཕྱུགཿ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལསཿ གྲངས་མེད་གོང་ནས་མངོན་པར་སངས་རྒྱས་ཤིང་ཁ་བ་ཅན་དུ་རིགས་ཀྱི་མྱུ་གུ་བཟུང་པའི་སྐབས་ཏེ་དང་པོའོཿ རྒྱ་རྒྱ་རྒྱཿ

དེ་ཚེ་འཇིག་རྟེན་སྐྱེ་བོ་ཐམས་ཅད་ཀྱིསཿ མཐོང་བས་ཡིད་འཕྲོག་ཀུན་གྱིས་ཐོབ་ཤ་བྱེདཿ སྨོན་ལམ་དབང་གིས་གསང་སྔགས་ཆོས་ལ་དདཿ འཁོར་བར་ངེས་འབྱུང་ཆོས་བྲོས་བྱོན་པ་ལསཿ བདུད་བློན་ངན་པས་བར་ཆད་རྐྱེན་གྱིས་བཤོལཿ སུ་ལ་མ་ཐོབ་མངའ་བདག་རྒྱལ་པོ་ཡིསཿ བཅུ་གསུམ་ལོན་ཚེ་ཐུགས་བརྩེའི་བཙུན་མོར་གྱུརཿ གསང་ཆེན་སྙིང་པོའི་བསྟན་པ་འཇིག་རྟེན་དུཿ འདྲེན་ཕྱིར་མཁན་ཆེན་བོ་དྷི་ས་ཏྭ་དངཿ འཛམ་གླིང་ཆེ་བའི་རིག་སྔགས་འཆང་ཆེན་པོཿ སངས་རྒྱས་གཉིས་པ་སློབ་དཔོན་བོད་དུ་ཕེབསཿ འཇིག་རྟེན་དྲེགས་པ་ཀུན་གྱི་སྲོག་སྙིང་ཕུལཿ འགྲོ་བའི་མཆོད་སྡོང་དཔལ་གྱི་བསམ་ཡས་བཞེངསཿ རྒྱལ་པོས་གསང་སྔགས་ཆོས་འཁོར་བསྐོར་ཕྱིར་དུཿ བཅུ་དྲུག་ལོ་ལ་གུ་རུའི་གཟུངས་མར་ཕུལཿ ལས་ཅན་ཐུགས་ཟིན་ཡོངས་ཀྱི་གཙོ་མོར་གྱུརཿ སྒོ་གསུམ་ཞབས་ཏོག་ཕུལ་ཞིང་མངའ་བདག་རྗེསཿ དགོངས་བཞེད་ཐོག་མར་ལས་ཅན་མི་དགུ་ལཿ བསིལ་བའི་ཚལ་མཚུངས་བསམ་ཡས་མཆིམས་ཕུ་རུཿ ཡེ་ཤེས་ཀློང་དགུའི་སྨིན་གྲོལ་རྩལ་བའི་ཚེཿ ཁོ་མོ་མེ་ཏོག་རྡོ་རྗེ་ཕུར་པར་བབསཿ གསང་བའི་མཚན་ནི་བདེ་ཆེན་རྒྱལ་མོར་གསོལཿ སྒྲུབ་གནས་ནེེ་རིང་སེངྒེ་རྫོང་གསུམ་དུཿ སོང་དང་དངོས་གྲུབ་བརྙེས་པར་ལུང་བསྟན་ཐོབཿ དེ་བཞིན་སྒྲུབ་པའི་གཟུགས་ཅན་གཟུགས་མེད་ཀྱིསཿ བར་ཆད་བྱུང་རྣམས་རྡོ་རྗེ་ཕུར་པས་བསྒྲལཿ ལྷ་དང་དབྱེར་མེད་མཆོག་གི་དངོས་གྲུབ་ནིཿ སྟག་ཚང་གནས་སུ་དབང་བསྐུར་གྲུབ་པ་ཐོབཿ ཤམ་པོ་གངས་དང་ཟབ་ལུང་མཁར་ཆུའི་བྲགཿ ཏི་སྒྲོ་ཁམས་བུ་ཚེ་ཆུ་བྲག་ལ་སོགསཿ རྗེས་འཇུག་དོན་དུ་ཉེ་རྒྱུའི་བརྟུལ་ཞུགས་བསླབསཿ རྒྱལ་སྲས་ཀུན་དང་དགོངས་པ་མཉམ་ན་ཡངཿ འགྲོ་དོན་སྙིང་སྟོབས་ཀུན་ལས་འཕགས་པར་བསྟནཿ ཕྱི་རབས་ཚེ་ལུས་གཅིག་ལ་སངས་རྒྱས་ཐོབཿ གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་དུཿ བདེ་སྟོང་གསང་བའི་མེ་ཏོག་ཡོན་ཕུལ་ནསཿ ཟབ་ཆོས་སྙིང་པོ་མཁའ་འགྲོའི་སྙིང་ཐིག་གསནཿ གཞན་ཡང་གནས་ཆེན་གངས་བྲག་ཐམས་ཅད་དུཿ གུ་རུ་ཉིད་དང་ཉི་དང་ཟེར་བཞིན་དུཿ འགྲོགས་ནས་གསང་སྔགས་ཟབ་ཆོས་མཐའ་དག་ཞུསཿ དམན་པའི་རྟེན་ལ་མངོན་པར་བྱང་ཆུབ་བརྙེསཿ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལསཿ རང་དོན་སྒྲུབ་པ་མཐར་ཕྱིན་མཛད་པའི་སྐབས་ཏེ་གཉིས་པའོཿ རྒྱ་རྒྱ་རྒྱཿ

དེ་ནས་གཞན་དོན་ཐུགས་རྗེས་མཛད་ཚུལ་ནིཿ གཞོན་ནུའི་དུས་ན་ཆོས་ལ་བར་གཅོད་མཁནཿ བདུད་བློན་ཤནྟི་འདྲེན་ཕྱིར་དམྱལ་བར་བྱོནཿ ངན་སོང་དོང་སྤྲུག་ཞི་ཁྲོའི་དཀྱིལ་འཁོར་ལཿ བརྟེན་ནས་ངན་སོང་ལན་གཅིག་སྟོངས་པར་མཛདཿ ཡབ་མོ་ཟ་འདྲེ་བྱང་ཆུབ་ལམ་ལ་བཀོདཿ ལྟ་ལོག་བོན་བསྣུབས་ངན་སྔགས་མཚོ་རུ་བསྒྱུརཿ ཁ་རག་ཕུག་ཏུ་རྔོན་པ་མི་བདུན་ནིཿ བདེ་སྟོང་ལམ་གྱིས་ཕྱག་རྒྱ་ཆེན་པོར་བཀོདཿ སྐབས་ཚོལ་གླགས་ལྟ་བར་ཆད་འབྱུང་པོ་རྣམསཿ ཕྱག་རྒྱ་རྣམ་བཞིས་དམ་འོག་ཚུད་པར་མཛདཿ འཕགས་པའི་ཡུལ་ཕྱིན་བསད་པའི་མི་རོ་བསླངསཿ གྲོགས་ཀྱི་མཆོག་རྙེད་ལས་ཅན་རྗེས་སུ་བཟུངཿ རྒྱལ་བ་བྱང་ཆུབ་ལ་སོགས་སྐལ་ལྡན་དངཿ མཚན་ལྡན་རིགས་ལྡན་སྣོད་ལྡན་དུ་མ་ལཿ རང་རང་འཚམ་པའི་ཆོས་ཀྱི་རྗེས་བཟུང་ནསཿ ཕལ་ཆེར་བདག་དང་དགོངས་པ་མཉམ་པ་བྱུངཿ ཀཱ་ལ་སིདྡྷི་བཀྲ་ཤིས་ཁྱེའུ་འདྲེན་སོགསཿ སྤྲུལ་པའི་མཚན་ལྡན་གུ་རུའི་གཟུངས་མར་ཕུལཿ རྟེན་འབྲེལ་དབང་གིས་ཆོས་སྒོ་གྲངས་མེད་ཕྱེས། བོད་ལ་བུ་ལྟར་བརྩེ་བའི་མ་རུ་གྱུརཿ ཆོས་དྲིན་སྐུ་དྲིན་ཆེའོ་བོད་འབངས་རྣམསཿ དྲིན་ལན་རང་གཞན་དོན་དུ་ཆོས་ལ་འབུངསཿ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལསཿ གཞན་དོན་ཐུགས་རྗེས་རྗེས་འཛིན་མཛད་པའི་སྐབས་ཏེ་གསུམ་པའོཿ རྒྱ་རྒྱ་རྒྱཿ

དེ་ནས་མ་འོངས་གདུལ་བྱའི་དོན་སླད་དུཿ གུ་རུའི་ཐུགས་ཀྱི་གསང་བའི་སྒོ་ཕྱེས་ནསཿ ཆོས་སྒོ་མ་ལུས་མི་བརྗེད་གཟུངས་སུ་བཏབཿ མ་འོངས་ལས་ཅན་ཆོས་བདག་དོན་དུ་ནིཿ རིན་ཆེན་ཤོག་བུར་མཁའ་འགྲོའི་བརྡ་ཡིག་སོགསཿ ཡིག་རིགས་དུ་མས་མི་འགྱུར་ཕྱག་རྒྱས་བཏབཿ ཁ་བྱང་ཡང་བྱང་ཞལ་ཆེམས་སྙིང་གཏམ་སོགསཿ བརྩེ་བས་ཚིག་ཉུང་དོན་གསལ་མང་དུ་སྦསཿ དམ་རྫས་ཚན་ཆེར་སྐུ་གསུང་ཐུགས་རྟེན་བཅསཿ འཛམ་གླིང་ཀུན་དང་ཁྱད་པར་བོད་ཡུལ་གྱིཿ སྒྲུབ་གནས་གངས་བྲག་མཚོ་གླིང་ཐམས་ཅད་དུཿ མིང་ཅན་མིང་མེད་གཏེར་ཁ་གྲངས་མེད་སྦསཿ བྲག་ཆེན་བཞི་དང་སྟག་ཚང་བཅུ་གསུམ་དངཿ གངས་རི་ཉེར་གཅིག་སྦས་ཡུལ་ཆེན་པོ་ལྔཿ ཡང་དབེན་བྲག་ཕུག་བརྒྱད་དང་དུར་ཁྲོད་བརྒྱདཿ གནས་མཆོག་ཉེར་ལྔ་ལ་སོགས་ཞབས་ཀྱིས་བཅགསཿ གནས་ཕྲན་སྟོང་རྩ་འཛམ་གླིང་མཐའ་དབུས་སོགསཿ རྫུ་འཕྲུལ་སྟོབས་ཀྱིས་བྱིན་གྱིས་མ་བརླབས་མེདཿ མཐོང་ཐོས་དོན་ལྡན་སྐུ་དང་ཕྱག་ཞབས་རྗེསཿ ངོ་མཚར་བཀོད་པ་བསམ་ལས་འདས་པར་མཛདཿ སྤྲུལ་པ་འཛམ་གླིང་མཐའ་དབུས་གང་འདུལ་གཟུགསཿ གདོལ་བ་གཡུང་མོ་སྨད་འཚོང་ཆང་འཚོང་མཿ ཐ་ག་ཚོས་མཁན་མོ་དང་བྲན་མོའི་ཚུལཿ སྤྲུལ་པ་རྒྱུན་ཆད་མེད་པའི་སྨོན་ལམ་ཡོདཿ གསང་མཆོག་བདེ་བ་ཆེན་པོའི་ཡེ་ཤེས་ལཿ བརྟེན་ནས་བཞི་པའི་ལམ་གྱིས་འོད་སྐུར་གྲུབཿ སྐྱེ་འཆི་འཕོ་འགྱུར་བྲལ་བའི་པདྨ་འོདཿ གདོད་ནས་ཚོགས་ཀྱི་རྗེ་མོར་ལུང་བསྟན་ཐོབཿ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལསཿ གཉིས་དོན་བསྟན་པ་མཐའ་རྒྱས་མཛད་པའི་སྐབས་ཏེ་བཞི་པའོཿ རྒྱ་རྒྱ་རྒྱཿ

དེ་ནས་ཁོ་མོ་དྲུག་ཅུ་རྩ་གསུམ་ལོརཿ ད་ཕྲུག་ཕ་མས་བོར་བཞིན་གུ་རུ་ཡིསཿ བདག་ཅག་བོར་ནས་རྔ་ཡབ་གླིང་དུ་གཤེགསཿ ཤུལ་དུ་ལྷག་པའི་དམན་མོ་མཚོ་རྒྱལ་གྱིསཿ གསུང་རབ་མཐའ་དག་ཀུན་གྱི་བསྡུ་བ་མཛདཿ གཏེར་ཆེན་གཏེར་ཕྲན་མ་ལུས་ཞབས་བསྡམས་ནསཿ བོད་ཡུལ་བགྲང་བྱ་ཉིས་བརྒྱ་ཉེ་བ་ནཿ ཟབ་བུ་ལུང་དུ་བྱ་ཟླའི་ཚེས་བཅུ་ལཿ དཔའ་བོ་ཌཱཀྐིའི་མཆོད་སྤྲིན་རྒྱ་མཚོར་བཅསཿ བཀྲ་ཤིས་ཁྱེའུ་འདྲེན་ཀཱ་ལ་སིདྡྷི་གཉིསཿ ཐུགས་ཀྱི་གཡས་གཡོན་འོད་ཀྱི་གོང་བུར་བསྡུསཿ བོད་ཡུལ་སྤྱི་དང་བྱེ་བྲག་བུ་སློབ་ལཿ ཞལ་གདམས་ཐུགས་བརྩེའི་བསླབ་བྱ་རྒྱས་པར་བསྩལཿ པདྨ་འོད་དུ་མངོན་སུམ་རོལ་པས་ཕེབསཿ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་མཛདཿ ཤ་ཟ་སྲིན་པོའི་སྣང་ངོར་མཐིང་འོད་འབརཿ གུ་རུའི་དྲུང་ན་བདེ་ཆེན་རྒྱལ་མོ་ཞེསཿ ཉི་དང་ཟེར་བཞིན་འདུ་འབྲལ་མེད་པར་བཞུགསཿ རྟག་ཏུ་བོད་འབངས་འགྲོ་ལ་ཐུགས་རྗེས་གཟིགསཿ ཁྱད་པར་ལས་ཅན་རྗེས་འཇུག་ཡོངས་ལ་བརྩེཿ སྐལ་ལྡན་ཀུན་ལ་དབང་བསྐུར་བྱིན་གྱིས་བརླབསཿ སྐལ་དམན་རྒྱུད་ལ་ཐར་པའི་ས་བོན་འདེབསཿ ལས་ཅན་ཀུན་ལ་བླང་དོར་ལུང་བསྟན་བསྩལཿ སྒྲུབ་པ་པོ་ལ་བདེ་ཆེན་ཡེ་ཤེས་བསྐྱེདཿ རྟག་ཏུ་གསོལ་བ་འདེབས་ལ་ཞལ་སྟོན་ཅིངཿ བསམ་ཡས་རྒྱུན་ཆད་མེད་པའི་བཀའ་དྲིན་ཅནཿ བོད་འབངས་བུ་ལྟར་བརྩེ་བའི་མ་གཅིག་མཿ བདག་ལ་མོས་པའི་མ་འོངས་རྗེས་འཇུག་རྣམསཿ པདྨ་འོད་དུ་ང་དང་འདུ་འབྲལ་མེདཿ དེ་ཕྱིར་ང་ལ་རྟག་ཏུ་གསོལ་བ་ཐོབཿ ཉེར་ལྔ་ནམ་བྱུང་ཚོགས་ཀྱི་འཁོར་ལོ་གྱིསཿ ས་ལམ་བར་ཆད་མ་ལུས་དེ་ཡིས་སེལཿ ཕྱི་ནང་འདུ་བ་འཛོམ་པའི་རྟེན་འབྲེལ་ལསཿ ཉམས་རྟོགས་ཡོན་ཏན་མ་འབད་ཤུགས་ཀྱིས་སྐྱེཿ བདེ་ཆེན་ལྷན་སྐྱེས་རྟོགས་པ་ནང་ནས་འཆརཿ སྨྲ་བརྗོད་བྲལ་བས་མངོན་སུམ་དོན་མཐོང་ཚེཿ ཆོས་ཉིད་དོན་གྱི་བཟང་མོ་དེ་ཁོ་ནཿ དགོངས་བརྒྱུད་བྱིན་རླབས་འཕོ་བ་ཐོབ་པ་ཡིནཿ ཚེ་འདིར་མངོན་སུམ་འོད་སྐུར་མ་གྲུབ་ཀྱངཿ འཆི་བའི་སྡུག་བསྔལ་མི་ཚོར་ང་དང་མཇལཿ མ་བུ་ལྷན་གཅིག་པདྨ་འོད་དུ་འདོངཿ འབྲེལ་ཚད་དོན་ལྡན་ཡིན་ནོ་ཕྱི་རབས་རྣམསཿ ད་ལྟ་བཞུགས་དང་སླད་ནས་འབྱོན་པ་ཡིསཿ བོད་འབངས་སྤྱི་མཐུན་ཐུགས་ལ་དེ་ལྟར་ཞོགཿ མཚོ་རྒྱལ་རྣམ་ཐར་དོན་བསྡུས་སྙིང་པོ་ལསཿ རྔ་ཡབ་པདྨ་འོད་དུ་སྐུའི་བཀོད་པ་བསྡུ་ཚུལ་དང་ཞལ་གདམས་བསླབ་བྱ་རྩལ་བའི་སྐབས་ཏེ་ལྔ་པའོཿ རྒྱ་རྒྱ་རྒྱཿ ཁ་ཐིམཿ གུ་ཧྱཿ ཞེས་རབ་ཚེས་ཤིང་ཕོ་སྟག་གི་ལོ་ཁམས་པ་ཨོ་རྒྱན་རིན་ཆེན་གླིང་པས་ཕྲུ་གུ་ལྷོ་བྲག་ཤེལ་གྱི་ཡང་རྫོང་ནས་སྤྱན་དྲངས་པའི་ཤོག་སེར་ལས་དེ་འཕྲལ་ཉིད་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་གྲུབ་པའི་དབང་ཕྱུག་ཤཱཀྱ་ཤྲཱིའི་རིགས་སྲས་ཨཱ་མུངྒའི་མིང་ཅན་གྱིས་བགྱིས་པའོཿ དགེའོ།། །

Pecha page