མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
གངས་ཅན་རིག་པ་འཛིན་མ་དག་གི་རྣམ་ཐར་བཞུགས།
ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་སྐོར་ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མ་ལས་ཚན་བཤུས་བྱས།
དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཡོ་འབོག་ལྕམ་མེའི་ཐང་ལ་ཁྲི་བཤམས་ནས༔ བཀའ་དྲིན་གསོ་ཕྱིར་ལོ་པཎ་གྲལ་ལ་བཀོད༔ གསོལ་ཟས་ན་བཟའ་ལུས་གང་འཐེབ་རེ་ཕུལ༔ ཕོ་མཛོ་མོ་མཛོ་རྟ་རེ་དྲེའུ་རེ༔ གསེར་ཕྱེ་བྲེ་རེ་གསེར་གྱི་པ་ཏྲ་རེ༔ ཇ་རེ་ཁྲབ་རེ་གོས་ཡུག་དར་ཡུག་རེ༔ ཕྲུག་ཆེན་དོས་རེ་ཐེར་སྲབ་དོས་རེ་ཕུལ༔ རྒྱལ་པོའི་མངའ་འོག་བློན་འབངས་ཐམས་ཅད་ཀྱིས༔ ཆེ་འབྱོར་ཆུང་འབྱོར་ནོར་སྤུས་དག་པར་ཕུལ༔ ལོ་ཙཱ་རྣམས་ལ་ཆོས་རྩིས་བྱ་དགའ་གནང་༔ གཙུག་གི་ནོར་བུར་འགྱུར་པའི་བླ་མར་བཏོན༔ རྒྱལ་པོས་སྐུ་དྲིན་ཆེ་བའི་ལོ་རྒྱུས་གསུངས༔ པཎ་ཆེན་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་པ༔ སློབ་དཔོན་པདྨས་གཏམ་ལན་མདོ་བསྔོ་གསུངས༔ དེ་གོང་གཏམ་མེད་དེ་ནས་གཏམ་གཏོང་བྱུང་༔ ཡས་གཏམ་མས་གཏམ་གཉིས་ཀ་དེ་ནས་དར༔ བི་མ་མི་ཏྲ་རྒྱ་ནག་ཡུལ་དུ་བཞུད༔ རྒྱ་གར་པཎྜི་ཏ་རྣམས་རང་ཡུལ་གཤེགས༔ གཞན་ཡང་པཎྜི་ཏ་རྣམས་རང་ཡུལ་ལ༔ ལོ་ཙཱ་བ་རྣམས་འབངས་ཀྱིས་སོ་སོར་བསྐྱལ༔ རྒྱ་གར་ཆོས་མི་སྡོམ་པར་བཀའ་བཀྲོལ་ཕུལ༔ སངས་རྒྱས་གཉིས་པ་སློབ་དཔོན་པདྨ་དང་༔ བྱང་ཆུབ་སེམས་དཔའ་བོ་དྷི་ས་ཏྭ་གཉིས༔ སྐྱེ་བ་སྔ་མའི་ལས་འབྲེལ་སྤུན་ཡིན་པས༔ བཞུད་པར་མ་གནང་བཞུགས་པར་ཞལ་གྱིས་བཞེས༔ མཁན་ཆེན་བྱང་ཆུབ་གླིང་དུ་དགོངས་པར་མཛད༔ སློབ་དཔོན་བསམ་ཡས་མཆིམས་ཕུར་དགོངས་པར་བཞུགས༔ དེ་ནས་རྒྱལ་པོས་ཆོས་ལ་ཉམས་ལེན་ཞུས༔ བྱིན་རླབས་བརྒྱུད་པ་མ་ཆད་ལོ་རྒྱུས་དང་༔ དབང་བསྐུར་ཆུ་བོ་མ་ནུབ་བསྐུར་བའི་ཐབས༔ གདམས་ངག་གཟར་ཁ་མ་ལོག་ཁྲིགས་ཆགས་དང་༔ སྲིད་སྡེ་དགྲ་ལ་མ་ཤོར་ཉམས་ལེན་གནད༔ སྦོ་རླུང་ཕུགས་ནས་མ་ལངས་ཆོས་ཀྱི་བདག༔ ལྷ་འདྲེ་འདྲེ་རུ་མི་གནོད་བསྟན་པའི་དབྱེ༔ སློབ་དཔོན་བདུད་དུ་མ་བབས་ལུང་དུ་བསྟན༔ སྨན་འཐུང་དུག་ཏུ་མ་སོང་སྒྲུབ་པའི་ཐབས༔ བློ་ཁེལ་ངེས་པ་མང་པོ་རྒྱལ་པོར་གསུངས༔ སྒྲ་བསྒྱུར་ཕུལ་ཕྱིན་བཻ་རོ་ཙ་ན་དང་༔ ཡིག་རིགས་ཉེར་གཅིག་ཤེས་པའི་ལེགས་སྦྱིན་ཉི༔ ཡིག་སྐྱེན་མཐར་ཕྱིན་ལྡན་མ་རྩེ་མང་དང་༔ ནམ་མཁའི་སྙིང་པོ་ཨཱ་ཙར་ཡེ་ཤེས་དབྱངས༔ སྙིང་སྟོབས་དང་ལྡན་རྒྱས་བསྡུས་མང་ཞིག་བསྒྱུར༔ སྨན་རྩིས་ཕོ་མདོས་མོ་མདོས་ཀླུ་ཆོག་དང་༔ བསྲུང་བའི་ཡན་ལག་བརྒྱ་དང་རྩ་བརྒྱད་བསྒྱུར༔
དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ཚོགས་འཁོར་བརྒྱ་དང་རྩ་བརྒྱད་བྱས་པའི་དུས༔ རྒྱལ་པོའི་སྲས་མོ་པདྨ་གསལ་ན་སྟེ༔ ནམ་དགུང་རྒྱལ་པོ་གདན་འདྲེན་ཕོ་ཉ་བྱུང་༔ རྒྱལ་པོ་བྱོན་པས་སྲིན་ནད་ཕོ་ལང་འདུག༔ བྱིན་རླབས་ཞུ་དགོངས་རྒོད་མ་དཀར་མོར་བཀལ༔ གུ་རུའི་དྲུང་དུ་བྱིན་རླབས་ཞུ་རུ་འོངས༔ དེ་དུས་ཡེ་ཤེས་མཚོ་རྒྱལ་སྒོམ་བྱེད་པའི༔ མཁུར་ཚོས་གཡས་པར་ཁུ་འཕངས་འཇའ་འོད་ཕོག༔ ལུས་པོ་འདར་ཡེང་བྱུང་ནས་བསྒོམ་བཤིག་བལྟས༔ རྣ་བར་རྟ་གཉིས་ཁྲོག་ཁྲོག་སོང་བ་ཐོས༔ མཉམ་གཞག་ལྟ་སྟངས་བྱས་ནས་སྒོམ་པའི་དུས༔ གསེར་སྦྲམ་རྡོག་པོ་མགོ་ལ་ཕོག་ནས་བྱུང་༔ སློབ་དཔོན་དྲུང་གི་མཎྜལ་རྒྱན་དེར་འདུག༔ ང་ལ་ཤོག་གསུངས་ཡིན་འདུག་སྙམ་ནས་ཕྱིན༔ ཕུག་པའི་སྒོ་འགྲམ་གཡས་གཡོན་རྟ་རེ་བཏགས༔ སློབ་དཔོན་དྲུང་ན་ལྷ་ལྕམ་པདྨ་གསལ༔ དགུང་ལོ་བརྒྱད་ལོན་པ་དེ་ཤི་ནས་འདུག༔ དེ་ན་རྒྱལ་པོ་ཉིད་ཀྱང་བརྒྱལ་འདུག་པས༔ བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ནད་གདོན་ཉེན་ནམ་ཡབ་སྲས་ཅི་བྱུང་ཞུས༔ སློབ་དཔོན་ཞལ་ནས་དེ་ཙམ་མི་འོང་བར༔ མངའ་བདག་རྒྱལ་པོ་ཡར་ལ་སློང་དང་གསུངས༔ མཚོ་རྒྱལ་དར་དཀར་སླེ་འུས་དབུ་ནས་བསླངས༔ རྗེ་ལགས་བཞེངས་དང་ཞེས་པས་ཐུགས་གསོས་སོ༔ རྒྱལ་པོ་བརྒྱལ་སངས་ལྷ་ལྕམ་རོ་ལ་གཟིགས༔ མཆི་མས་གདོང་དག་བཤུམ་ཞིང་སྨྲེ་སྔགས་འདོན༔
སློབ་དཔོན་རྒྱལ་པོ་ཉིད་ལ་བཀའ་སྩལ་པ༔ འདུས་བྱས་རྟག་པ་མ་ཡིན་རྐྱེན་གྱིས་འཇིག༔ སྐྱེས་པའི་མཐའ་མཆི་འདུས་པའི་མཐའ་མ་འབྲལ༔ ས་སྟེང་འདུས་བྱས་ཐམས་ཅད་འདི་དང་འདྲ༔ ཉམས་ལེན་རང་ཐོག་དྲན་པ་གསལ་ཐོབ་མཛོད༔ སང་རེད་རྒྱལ་པོ་ཉིད་ཀྱང་གཤེགས་ན་གསུངས༔ དེ་ནས་རྒྱལ་པོས་ཨམ་གཙིགས་བསྡམས་ནས་བཞེངས༔ གསེར་སྐྱོགས་གཡུས་བཀང་སློབ་དཔོན་ཕྱག་ཏུ་ཕུལ༔ ཕྱག་ནི་དབུ་ཐོད་བུད་བུད་བཙལ་ནས་ཞུས༔ ཀྱེ་མ་རིག་འཛིན་སློབ་དཔོན་ཆེན་པོ་ལགས༔ འདུས་བྱས་ཆོས་རྣམས་ཐམས་ཅད་མི་རྟག་ན༔ བསྟན་གཞི་གཙུག་ལག་ཁང་ནི་ཇི་ལྟ་བུ༔ སྡུག་བསྔལ་འབྱུང་ཁུངས་རྒྱལ་ས་སུ་ཡིས་འཛིན༔ ང་ཡི་བུ་མོ་ལྷ་ལྕམ་པདྨ་གསལ༔ ཚེ་སྔོན་བསོད་ནམས་བསགས་ཏེ་ང་དང་འཕྲད༔ ཉིད་དང་ལོ་པཎ་མཁས་གྲུབ་རྣམས་དང་མཇལ༔ མ་བསགས་ཚེ་མཐར་མ་ཕྱིན་འགྲོགས་ཡུན་ཐུང་༔ ཚེ་དུས་བྱེད་པའི་རྒྱུ་རྐྱེན་ཅི་ལས་བྱུང་༔ ང་དང་ཕ་སྤད་ལས་འབྲེལ་ཇི་ལྟར་ལགས༔ ཕྱི་མའི་དུས་ན་སྐྱེ་བ་གང་དུ་ལེན༔ མཐོ་རིས་བྱང་ཆུབ་སྐབས་ནི་མཆིས་མ་མཆིས༔ མ་ཧཱ་གུ་རུ་རཏྣས་གསུངས་བར་ཞུ༔ སློབ་དཔོན་དར་ཅིག་ཅི་ཡང་མི་གསུང་བཞུགས༔ དེ་ནས་མངའ་བདག་རྒྱལ་པོ་གསོན་ཅིག་གསུངས༔ རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་འདི་ལ༔ ཞིག་རལ་བདག་ཏུ་འཛིན་པ་མང་དུ་འབྱུང་༔ དགག་སྒྲུབ་སྡུག་བསྔལ་མ་མཛད་ཡལ་དུ་ཆུག༔ མངའ་བདག་རྒྱལ་པོ་ཉིད་ཀྱི་རྒྱལ་ས་ཡང་༔ ད་ནས་གདུང་བརྒྱུད་མི་རབས་གཉིས་སོང་ནས༔ བོད་ཁམས་ཡོངས་ཀྱི་བསོད་ནམས་ཟད་པ་དང་༔ སྔོན་གྱི་གནོད་སྦྱིན་སྤུན་གསུམ་ཚེ་འཕོས་ནས༔ རྒྱལ་པོ་སེང་གེའི་མགོ་ཅན་དུད་འགྲོའི་མིང་༔ བློན་པོ་ཐེའུ་རང་སྤྲུལ་པ་སྤྲེའུ་མགོ་ཅན༔ ཞང་བློན་ཁྲ་ཡི་མགོ་ཅན་ཕུང་གསུམ་འབྱུང་༔ གཅེན་བཀྲོངས་གཅུང་སྤྱུག་དམ་པའི་ལྷ་ཆོས་བསྣུབས༔ ཆོས་པ་རབ་གསོད་འབྲིང་སྤྱུག་ཐ་མ་འཁོལ༔ གཙུག་ལག་ཁང་ཀུན་ཤ་ཁྲག་དམར་ལོང་འགེངས༔ ལྷ་ཡི་ཕྱག་ལ་པགས་པ་ནང་ཆ་འགེལ༔ བཟང་པོའི་སྤྱོད་ལམ་ན་བུན་བཞིན་དུ་ཡལ༔ ངན་པའི་སྤྱོད་ལམ་འཚུབ་མ་བཞིན་དུ་ལངས༔ རྒྱལ་ཁྲིམས་མདང་གི་རྨི་ལམ་བཞིན་དུ་སད༔ སྤྱི་གཅེས་དཀོན་ཅོག་མི་རོ་བཞིན་དུ་བོར༔ སྒོས་གཅེས་ཕ་མ་གྲི་མདུང་རྩེ་ལ་བསྐྱོན༔ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔ རྗེ་ཡིས་བཞེངས་པའི་ཆོས་འཁོར་ཐམས་ཅད་འཇིག༔ མ་ཉེས་པ་ལ་སྐྱོན་འབེབས་མི་དགེ་སྤྱོད༔ མི་མགོ་བྲན་བྱེད་ཇག་ཆོམ་རྐུན་མ་དར༔ རི་ཀླུང་མེད་པའི་སེམས་ཅན་མི་སྐྱིད་སྡུག༔ སྐྱིད་མེད་གཤེད་མ་སྲོག་གི་སག་བདར་འབྱུང་༔ བདུད་ཀྱི་རྒྱལ་པོའི་རྒྱལ་སྲིད་ལོ་ཟླ་གཅིག༔ བྱང་ཆུབ་སེམས་དཔས་ཐུགས་བསྐྱེད་གྲི་རུ་བཀུམས༔ གདུང་བརྒྱད་འོད་སྲུང་ཡུམ་བརྟན་གྲགས་པ་འབྱུང་༔ གཅེན་ལ་མི་འཆམ་དབུ་རུ་གཡུ་རུ་འཁྲུག༔ ཉིན་འཁྲུག་མཚན་འཁྲུག་ལོ་ནི་བཅུ་གཉིས་འཁྲུག༔ མི་ལ་བསད་ཤི་གཉིས་ལས་མེད་པ་འབྱུང་༔ ཅན་དགུ་ཡུམ་བརྟན་ཁྱེར་ཏེ་འབངས་རྣམས་འཁོལ༔ རྒྱལ་པོའི་གདུང་རབས་དགུ་བཅུ་གོ་བརྒྱད་ན༔ བསོད་ནམས་ཟད་པའི་རྒྱལ་པོ་ཞིག་ཀྱང་འབྱུང་༔ འབངས་རྣམས་ཁེངས་ལོག་རྗེ་ཡི་ལ་ཡོགས་འབྱུང་༔ སྟེང་ན་རྗེ་མེད་འོག་ན་འབངས་མེད་པ༔ མཐའ་ཤོར་དཀྱིལ་རྡོལ་འགྲིམ་འགྲུལ་སྐྱེལ་མ་དགོས༔ ལོ་ནི་བརྒྱའམ་བདུན་ཅུ་རྩ་ལྷག་འབྱུང་༔ ཁ་བ་ཅན་གྱི་བོད་ཡུལ་རྒྱལ་ཁམས་འདིར༔ གདུང་རབས་དྲུག་ཏུ་དམ་ཆོས་སྒྲ་མི་གྲག༔ ད་ལྟ་བསྒྱུར་བའི་མདོ་སྔགས་ཆོས་སོ་ཅོག༔ བརྒྱ་ཚར་སྟོང་ཚར་མང་པོ་བཞེངས་བྱས་ནས༔ ལ་ལ་གཏེར་སྦས་ལ་ལ་མཐའ་ལ་སྤྱུགས༔
དེ་ལྟར་མཛད་ན་ཕྱི་རབས་ཕན་ཆེར་ཐོགས༔ ལན་ཅིག་དམ་ཆོས་འདུལ་བའི་བསྟན་པ་ནི༔ མེ་རོ་ཙམ་ཞིག་མདོ་ཁམས་སྨད་ནས་འབྱུང་༔ འབྲས་བུ་གསང་སྔགས་ཆོས་ཀྱི་བསྟན་པ་ནི༔ གཞུ་རྒྱུད་ཙམ་ཞིག་སྟོད་ཀྱི་ཕྱོགས་ནས་འབྱུང་༔ དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནི༔ མ་ནུབ་ཙམ་ཞིག་མཐའ་ནས་དབུས་སུ་འབྱུང་༔ རྗེ་ཡི་གདུང་བརྒྱུད་མི་རབས་བརྒྱ་སོང་ནས༔ མངའ་རིས་སྐོར་གསུམ་མང་ཡུལ་སྤུ་རངས་སུ༔ གདུང་བརྒྱུད་རྒྱལ་པོ་མགོན་གསུམ་ཞེས་བྱ་འབྱུང་༔ དེ་འདས་ཕན་ཆད་རྒྱལ་ཁམས་མི་བདེ་སྟེ༔ རྩི་ཤིང་ནགས་སྐམས་མི་ཡི་ཟ་ཐང་བྲི༔ བཅུད་རྣམས་སས་འཐུངས་སྨན་རྣམས་ནུས་པ་ཡལ༔ འབྲས་བུ་མི་སྨིན་ཆར་ཆུ་དུས་མི་འབབ༔ སྐྱེ་ཁུངས་ཞན་ཅིང་ཕྱུགས་རྣམས་ཞོ་ཤེ་ཆུང་༔ ནད་མང་ཚེ་ཐུང་མུ་གེ་སྐབས་སུ་འབྱུང་༔ དེ་ནས་མི་རབས་བདུན་བརྒྱད་ཚུན་ཆད་དུ༔ མེས་དབོན་རྣམ་གསུམ་བཞེངས་པའི་གཙུག་ལག་ཁང་༔ མཐའ་ཉམས་དབུས་ཀྱི་ལྟེ་བ་ལུས་པ་ལ༔ མངའ་ཐང་ཉམས་པས་ལྷ་ཁང་ཕུག་རོན་འཛིན༔ ལྷ་ཁང་ནང་དུ་བྱ་བྲུན་མང་པོ་འབྱུང་༔ ལྷ་ལ་ཕུག་རོན་ཚང་འཆའ་བྱ་སྐྱག་འབྱུག༔ སྐབས་ཤིག་གཙུག་ལག་ཁང་སྒོ་རྩིག་པ་འབྱུང་༔ སྐབས་འགར་སྤྲང་པོའི་ཚང་བཅས་འཛིན་པ་དང་༔ ལྷ་ཡི་ཕྱག་ལ་སྤྲང་པོའི་ཟོ་བ་འདོགས༔ ཆོས་ལ་སྤྲང་སྤྲུག་ཤོག་འབག་བྱེད་པ་འབྱུང་༔ གཙུག་ལག་ཁང་ལ་ཞབས་ཏོག་མེད་པ་ཡིས༔ དཀར་པོའི་ཕྱོགས་ཕམ་ནག་པོ་རྒྱལ་གྱུར་པས༔ ཧོར་ཡུལ་ཤིན་ཁུན་ཏའི་ཏུར་གྲགས་པ་འབྱུང་༔ གནམ་ཐེའུ་དཀར་པོའི་སྤྲུལ་པའི་རྒྱལ་པོ་ཞིག༔ ལྕགས་ཕོ་ཁྱི་ལ་འགོང་པོའི་སྤྲུལ་པ་འགྱེད༔ བོད་ཡུལ་མི་བདེ་མཚོན་གྱི་ཆར་པ་འབབ༔ བོད་རྣམས་ཀྱེ་མ་ཀྱི་ཧུད་སྙིང་རེ་རྗེ༔ བཅུ་ལོན་ཡན་ཆད་མགོ་མེད་ཇ་སིག་འདྲ༔ རྨོས་བརྐོ་ཐོང་མཁན་མི་རྙེད་མོ་གླིང་འདྲ༔ ཤ་མཁར་བརྩིགས་ཤིང་ཁྲག་གི་རྫིང་བུ་བསྐྱིལ༔ ན་ཆུང་སྤྱོད་ཅིང་བུད་མེད་བྲན་དུ་བཀོལ༔ མཐའ་མི་དབུས་རྡིབ་བོད་ཁམས་སིལ་བུར་འགྲོ༔ དབུས་གཙང་ཁམས་གསུམ་ཐམས་ཅད་ཧོར་ཚང་འཆའ༔ གསེར་ཡིག་དངུལ་ཡིག་ཁ་བྱང་བཏབ་ནས་འགྲོ༔
དེར་ནི་རྒྱལ་པོ་ཐུགས་མུག་མང་དུ་བཤུམས༔ སློབ་དཔོན་སེམས་ཅན་ལས་ཡིན་མ་བཤུམས་གསུངས༔ མངའ་བདག་རྒྱལ་པོས་ཕྱག་བཙལ་ཞུས་པ་ནི༔ ཧོར་ཁྲིམས་ཙམ་གནས་ཇི་ཙམ་ན་འཇིག་ཞུས༔ སློབ་དཔོན་པདྨའི་ཞལ་ནས་རྒྱལ་པོ་ལགས༔ ཧོར་ཁྲིམས་བརྒྱ་དང་ཉི་ཤུ་རྩ་ལྷག་གནས༔ ཇིང་གེར་རྒྱལ་པོའི་ཁྲིམས་ཞེས་ཡུན་རིང་འབྱུང་༔ ཇིང་ནང་གྲུམ་ནས་རྒྱ་ནག་ཡུལ་ནས་འཇིག༔ སྨན་གྱི་ཡུལ་ནས་འཇམ་དཔལ་སྤྲུལ་པ་འབྱུང་༔ ས་ནང་གྲུམ་ནས་ཕག་གིས་ས་སློག་འཇིག༔ ཡར་ཀླུང་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་༔ ལྕགས་ཕོ་ཁྱི་ལ་ཧོར་དམག་བོད་དུ་འོང་༔ མདོ་སྟོད་མདོ་སྨད་སོག་ཆུ་རི་བྲག་སོགས༔ ཞིབ་པར་མི་བཀོད་སྐྱོ་བ་སྐྱེ་བའི་རྒྱུ༔ ཡུལ་གྲུ་བཅུ་དྲུག་བཅོམ་ནས་ཅུང་ཟད་བདེ༔ ཏའི་ཤིའི་ཕོ་བྲང་འབྱུང་བཞིའི་འཇིགས་པས་འཇོམས༔ མི་ལ་ཚེ་མེད་སོས་ཀའི་སྦྲང་མ་འདྲ༔ ནོར་ལ་བདག་མེད་ཚོང་དུས་མགྲོན་ཁང་འདྲ༔ ད་ལྟ་བཞིན་དུ་བོད་རྣམས་ཧོར་འོག་འཁོལ༔ མི་རབས་བཅོ་བརྒྱད་བར་དུ་བརྟན་པར་འགྱུར༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་གྱ་དགུ་པའོ༔
དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱལ་པོ་ཁྲི་སྲོང་ཉིད་ལ་བཀའ་སྩལ་པ༔ ཁྱོད་ཀྱི་ལྷ་ལྕམ་ཚེ་དུས་བྱེད་པ་ནི༔ སྐྱེ་བ་འདི་གོང་རྒྱ་གར་ཡུལ་གྱི་ཤར༔ ཀ་མ་ཤྲི་ཏ་ཞེས་བྱའི་གྲོང་ཁྱེར་དུ༔ རྒྱལ་པོ་བྷི་ལ་ཀུ་ཏྲའི་བཙུན་མོར་སྐྱེས༔ ཆུན་མར་བུ་ཡོད་ཆེན་མར་བུ་མེད་ནས༔ ཆུན་མའི་བུ་ལ་ཕྲག་དོག་བྱས་ཏེ་བསད༔ དེ་ཡི་རྣམ་སྨིན་ཚེ་མཐར་མ་ཕྱིན་ཡིན༔ སྐྱེ་བ་འདི་ལ་ཡབ་སྲས་འབྲེལ་པ་ནི༔ སྐྱེ་བ་འདི་ཡི་ཡང་སྔ་བལ་པོའི་ཡུལ༔ པདྨ་བདག་དང་མངའ་བདག་རྒྱལ་པོ་དང་༔ བོ་དྷི་ས་ཏྭ་འོ་སྐོལ་མཆེད་གསུམ་གྱིས༔ མ་གུ་ཏ་ཡི་མཆོད་རྟེན་བྱ་རུང་ཁར༔ བུམ་པ་བཏགས་ནས་སྨོན་ལམ་སོ་སོར་བཏབ༔ དེ་དུས་ལྷ་ལྕམ་སྦྲང་བུ་ཏྲེ་མའི་ལུས༔ རྒྱལ་པོ་ཉིད་ཀྱི་རྩེའུ་ཆུང་ལ་ཟོས༔ དྲན་མེད་ཕྱག་གིས་བཤད་པས་སྦྲང་བུ་ཤི༔ རྒྱལ་པོ་ཉིད་འགྱོད་སྙིང་རྗེ་རབ་ཏུ་སྐྱེས༔ དེ་ལ་དམིགས་པའི་སྨོན་ལམ་དྲག་པོ་བཏབ༔ དེ་ཡི་ཕྱི་མར་ལོ་སྟོང་དུཿཁ་སྤྱད༔ དེ་ཚོ་བཤད་ན་རྒྱལ་པོ་ཐུགས་ཁྲལ་འགྱུར༔ རྒྱལ་པོས་ཅིས་ཀྱང་གསུངས་བར་ཞུ་གསོལ་བས༔ རྒྱལ་པོ་དགྱེས་ནས་ལྷ་ལྕམ་པདྨ་འདི༔ སྐྱེ་བ་བདུན་གྱི་གོང་དུ་རྒྱ་གར་ཡུལ༔ ཀོ་ཏ་ལ་ཡི་གཙུག་ལག་ཁང་ཞེས་པར༔ བྲམ་ཟེའི་ཕྲུ་གུ་བྱ་ཏ་ལ་ཞེས་སྐྱེས༔ དགེ་སློང་བྱས་ནས་འཚོ་བ་ཀློག་འདོན་འཚོ༔ ཀོ་ཏ་ལ་ཡི་རྒྱལ་པོའི་བརྒྱ་ཚར་བཏོན༔ ཉི་མ་དུ་ཤར་ཕྱི་དྲོ་རྒྱལ་པོ་དང་༔ གཙུག་ལག་ཁང་གི་ཕྱི་རོལ་སྐུ་བསངས་འགྲོ༔ མེ་ཏོག་ལྡུམ་རར་ཀུཀྐུ་འཁྲིག་པ་མཐོང་༔ དགེ་སློང་ཆགས་པ་སྐྱེས་ནས་ཕོ་བྲང་ལོག༔ རྒྱལ་པོའི་བཙུན་མོར་སྤྱད་པས་ཚུལ་ཁྲིམས་ཉམས༔ ཆོས་ཀྱི་ཞལ་ཕྱེ་འདོན་གྱི་ཡོད་པའི་དུས༔ རྒྱལ་པོའི་སྤྱན་གཉིས་བླ་མཆོད་དག་ལ་གཟིགས༔ དུས་ངན་དགེ་སློང་སྤྱོད་པ་འདི་འདྲ་གསུངས༔ དགེ་སློང་ཀུཀྐུ་ར་ལ་ཞེ་སྡང་སྐྱེས༔ འབྲས་བགྲུའི་ཐོ་བས་ཀུཀྐུའི་རྡོ་རྗེ་བརྡུངས༔ ཀུཀྐུ་ཤི་བས་དགེ་སློང་མི་ཡིས་འཕྱས༔ ཁམས་འདུས་ཕོ་བྲང་རྩེ་ནས་ཕྱི་ལ་ལྕེབས༔ བྱོལ་སོང་མོ་ལུས་སྐྱེ་བ་ལྔ་བརྒྱ་བླངས༔ དུཿཁ་དཔག་ཏུ་མེད་པ་མྱོང་བར་གྱུར༔ གཙུག་ལག་ཁང་དེའི་མར་ཁུ་བརྐུས་བཙོངས་ནས༔ ཡི་དྭགས་སྐྱེ་བ་ལྔ་བརྒྱ་དུཿཁ་མྱོང་༔ སྲོག་བཅད་དམྱལ་བའི་སྐྱེ་བ་ལྔ་བརྒྱ་བླངས༔ ཆོས་འཆད་པ་ལ་ཚིག་རྩུབ་སྨྲས་པ་ཡིས༔ ལྷ་མ་ཡིན་གྱི་སྐྱེ་བ་བརྒྱ་བླངས་གྱུར༔ གཙུག་ལག་ཁང་ལ་མེ་ཏོག་བསྐོར་བ་བྱས༔ ལྷ་ཡི་སྐྱེ་བ་བརྒྱ་བླངས་དུཿཁ་སྤྱད༔ གྲུབ་ཐོབ་གཏེར་སྟོན་རྣལ་འབྱོར་པ་ཞིག་ལ༔ བཀའ་རྒྱ་དབང་མེད་ནན་ཞུས་ཆོས་འཕྲོགས་པས༔ སྤྲིན་ཀྲ་མེ་འཁོར་སྐྱེ་བ་བརྒྱ་བླངས་ནས༔ དེ་ནས་པདྨ་གསལ་དུ་སྐྱེས་པ་ཡིན༔ སྐྱེ་བ་འདི་ཡི་ཕྱི་མར་ཡར་ཀླུང་དུ༔ བུ་མོ་གཟུགས་མི་སྡུག་ཅིང་བསོད་ནམས་ཆུང་༔ སྤྲང་མོའི་རིགས་ཀྱི་སྐྱེ་བ་བཅུ་ལེན་གསུངས༔ དེ་ནས་འཕོས་ཏེ་བསམ་ཡས་མཐིལ་འདི་རུ༔ ཁྱི་མོ་དཀར་མོ་ལོང་མ་སྨད་འབུ་ཞུགས༔ ནུབ་ཀྱི་རེས་ལ་ཀེང་ཀེང་འདྲེ་ཟ་བྱེད༔ སྨད་ཁོག་འདྲུད་པ་ཞིག་གི་སྐྱེ་བ་ལེན༔ དེ་ནས་འཕོས་ཏེ་ལྷ་སའི་ཚོང་དུས་སུ༔ ལུག་མ་སྨད་ཁོག་འདྲད་ཅིང་སྦྲང་བར་སྐྱེ༔ དེ་ནས་འཕོས་དེ་སྒྲགས་ཀྱི་གྲོང་གསར་དུ༔ བུད་མེད་དབང་པོ་མ་ཚང་ལི་མགོ་མ༔ སྣ་ཉག་ཁ་ཆེ་ཤ་རྩུབ་མཆུ་ཤོ་བ༔ ཤིག་སྲོ་མང་ཞིང་གསེབ་དྲི་མནམ་པར་སྐྱེ༔ ལྷ་ས་བསམ་ཡས་གཉིས་བསྐོར་འབྲེལ་ཙམ་ཐོགས༔ དེ་ནས་འཕོས་ཏེ་ལྷོ་ནུབ་ལ་ཡག་ཏུ༔ བུ་མོ་སྤྲེའུའི་ལོ་པ་ཤེས་རབ་ཅན༔ སྐྱེས་མ་ཐག་ཏུ་ཕ་མ་གཉིས་ཀ་འཆི༔ ང་ཡི་སྤྲུལ་པ་ཉང་རལ་ཞེས་དང་འཕྲད༔ དེ་ལ་མོས་གུས་བྱས་ཏེ་ལམ་སྣ་ཟིན༔ དེ་ནས་གཙང་གི་གཡས་རུ་གྲོང་དམར་དུ༔ བན་སྒོམ་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེ༔ དེ་ཡང་བཞིན་མི་སྡུག་ཅིང་གཤིས་ངན་ཁྲོ༔ རབ་ཏུ་བྱུང་བའི་ཆ་ལུགས་ལོག་ལྟ་ཅན༔ ང་ཡི་སྤྲུལ་པ་ཆོས་དབང་ཞེས་དང་འཕྲད༔ གདམས་པ་བྱིན་པས་རིག་པའི་ངོ་བོ་མཐོང་༔ ཌཱ་ཀི་མ་ཡིས་རྗེས་སུ་འཛིན་པར་འགྱུར༔ སྐྱེ་བ་དེ་འཕོས་འདི་ནས་ཤར་ལྷོ་མཚམས༔ རྡོ་བོད་མཚམས་ཀྱི་འབྲིན་ཐང་ཞེས་བྱ་བར༔ སྔགས་བཙུན་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེ༔ ལྕགས་མོ་ཡོས་ཀྱི་ལོ་པ་མི་གཅིག་པུ༔ སྒོ་བཟང་སྐྱེ་མཆེད་དངས་པ་ཤེས་རབ་ཅན༔ ཕ་མེད་མ་མེད་ཤིན་ཏུ་དབུལ་ཉོན་མོངས༔ གང་ན་ཉེ་བ་ཐམས་ཅད་དགྲ་བྱེད་པ༔ སྐྱེ་བ་སྔ་མའི་བག་ཆགས་རབ་ཏུ་འབྱུང་༔ ཆུ་མོ་གླང་ལོར་ང་ཡི་ཟབ་གཏེར་འཕྲད༔ གཏེར་སྒོ་གསུམ་བཞི་འབྱེད་དེ་དོན་མི་འབྱུང་༔ སྦས་པའི་ཚུལ་དུ་ཉམས་ལེན་དུས་ཡིན་པས༔ ཨུ་རྒྱན་ང་ཡི་ཟབ་གཏེར་བདག་པོར་འགྱུར༔ དེ་ནས་ཚེ་འཕོས་མོན་ཡུལ་བུམ་ཐང་དུ༔ དགེ་གནས་རྩི་ལུང་ཐོ་སྐོར་སྐྱེ་བར་འགྱུར༔ སྤྲེའུ་ལོ་པ་ཤེས་རབ་བློ་གསལ་ཅན༔ ང་སྤྲུལ་རིན་ཆེན་གླིང་འཕྲད་རྗེས་སུ་འཛིན༔ ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཉམས་བླངས་པས༔ ཚེ་ཡང་མཐར་ཕྱིན་སྐུ་ཚེའི་སྨད་ཉིད་ལ༔ བུམ་ཐང་སྨད་ནས་གཏེར་གྱི་སྒོ་ཡང་འབྱེད༔ དེ་དུས་དྲི་མེད་འོད་ཟེར་ཞེས་བྱར་གྲགས༔ གཏེར་སྒོ་ལྔ་འབྱེད་འགྲོ་དོན་དཔག་མེད་མཛད༔ དེ་ཕྱིར་མཚོ་རྒྱལ་དཀར་ཆག་ཡི་གེར་ཐོབ༔ ཞིབ་པར་ལོགས་སུ་ཐོབ་ལ་སྦོས་ཤིག་གསུངས༔ མངའ་བདག་དགྱེས་ནས་ཕྱག་བསྐོར་གྲངས་མེད་མཛད༔ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས༔ ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོ༔
ལྷ་ལྕམ་པདྨ་གསལ་གྱི་ལོ་རྒྱུས། པདྨ་གླིང་པའི་གཏེར་མ།
༄༅། །ཨོ་རྒྱན་པདྨ་འབྱུང་གནས་ཀྱི་འཁྲུངས་རབས་སངས་རྒྱས་བསྟན་པའི་ཆོས་འབྱུང་མུན་སེལ་སྒྲོན་མེ་ལས་ལྷ་ལྕམ་པདྨ་གསལ་གྱི་ལོ་རྒྱུས་ཀྱི་སྐོར།
དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས༔ ཨོ་རྒྱན་མཁན་པོ་པདྨའི་དྲུང་དུ་ནི༔ དམ་པའི་ཆོས་ལ་ཉམས་ལེན་ཞུས་པ་ནི༔ བྱིན་རླབས་རྒྱུན་མ་ཆད་པའི་ལོ་རྒྱུས་དང་༔ དབང་བསྐུར་ཆུ་བོ་མ་ཆད་བསྐུར་བའི་ཐབས༔ གདམས་ངག་གཟར་ཁ་མ་ལོག་ཁྲིད་ཆགས་དང་༔ སྲིད་སྡེ་དགྲ་ལ་མ་ཤོར་ཉམས་ལེན་དང་༔ སྒོ་རླུང་ཕུག་ནས་མ་ལངས་ཆོས་ཀྱི་བདག༔ ལྷ་འདྲེ་འདྲེ་རུ་མི་གནོད་བསྟན་པའི་དབྱེ༔ སློབ་དཔོན་བདུད་དུ་མ་བབས་ལུང་དུ་བསྟན༔ རྩི་སྨན་དུག་ཏུ་མ་སོང་སྒྲུབ་པའི་ཐབས༔ བློ་ཁེལ་ངེས་པ་མང་པོ་ཨོ་རྒྱན་གྱིས༔ བཙན་པོ་ཁྲི་སྲོང་ལྡེ་བཙན་ཉིད་ལ་གསུངས༔ སྒྲ་སྒྱུར་མཁས་པ་ཕུལ་ཕྱིན་བཻ་རོ་དང་༔ ཡིག་རིགས་ཉེར་གཅིག་ཤེས་པའི་ལེགས་སྦྱིན་ཉི་མ་དང་༔ ཡི་གེ་སྐྱེན་པའི་མཐར་ཕྱིན་ལྡན་མ་རྩེ་མང་དང་༔ གྲུབ་ཐོབ་ཆེན་པོ་ནམ་མཁའི་སྙིང་པོ་དང་༔ སློབ་དཔོན་ཆེན་པོ་ཡེ་ཤེས་དབྱངས་ལ་སོགས༔ སྙིང་སྟོབས་དད་ལྡན་རྒྱས་བསྡུས་མང་ཞིག་བསྒྱུར༔ སྨན་རྩིས་ཕོ་མདོས་མོ་མདོས་ཀླུ་ཆོག་དང་༔ སྤུ་གྲི་ཡེ་ཤེས་བླ་མའི་རྒྱུད་དང་ནི༔ རྟོག་པའི་རྒྱལ་པོ་མཆོད་རྟེན་ཆེན་པོའི་རྒྱུད༔ ཀླུ་ཡིི་སྤང་སྐོང་ཀླུ་རྟ་བསྡམ་པ་སོགས༔ དེའི་སྒྲུབ་ཐབས་མང་དུ་བསྒྱུར་ཞིང་ཞུས༔ སྲུང་བའི་ཡན་ལག་བརྒྱ་དང་རྩ་བརྒྱད་བསྒྱུར༔ དེ་ཡི་དུས་ན་སྒྲགས་པའི་སྲས་མོ་ནི༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་བྱ་བ་དེས༔ ཕུར་པའི་སྒྲུབ་པ་མཛད་ནས་ལོ་གྲངས་ནི༔ སུམ་ཅུ་རྩ་དྲུག་ལོན་ནས་གྲུབ་པ་ཐོབ༔ སྣང་སྲིད་ཐམས་ཅད་བདེ་བ་ཆེན་པོར་ཤེས༔ བྲག་ལ་ཕུར་པ་བཏབ་ཅིང་མཁའ་ལ་འཕུར༔ བསད་པའི་མི་རོ་སློང་ཞིང་གཞན་སེམས་ཤེས༔ ཤིན་ཏུ་ཡ་མཚན་ཆེ་བའི་སྙན་པས་གང་༔ པད་འབྱུང་ཐུགས་སུ་བྱོན་པའི་མཁའ་འགྲོ་མ༔ ཟེར་ནས་ཐམས་ཅད་སྙན་པས་བརྗོད་པར་གྱུར༔
དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས༔ ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བཤམས་པའི་དུས༔ རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ༔ སྲིན་ནད་ཐེབས་ཏེ་བསྙུངས་ནས་གྲོངས་ལ་ཐུག༔ འབྲོ་བཟས་རྡོ་རྗེ་སྤྲེ་ཆུང་མཆིམས་ཕུ་རུ༔ ནམ་གུང་རྒྱལ་པོ་གདན་འདྲེན་ཕོ་ཉར་བྱུང་༔ ཡབ་ཀྱིས་བྱོན་པས་ཤིན་ཏུ་ན་བར་འདུག༔ སློབ་དཔོན་དྲུང་དུ་བྱིན་རླབས་ཞུ་དགོས་དགོངས༔ རྒོད་མ་དཀར་མོར་བསྐྱོན་ནས་ལང་རུས་ཁྲིད༔ རྡོ་རྗེ་སྤྲེ་ཆུང་བསྐྱོན་ནས་ཡབ་ཡུམ་བཅས༔ མཆིམས་ཕུ་དགེ་བོར་ཨོ་རྒྱན་དྲུང་དུ་སླེབས༔ དེ་དུས་ཡེ་ཤེས་མཚོ་རྒྱལ་སྒོམ་བྱེད་པའི༔ མཁུར་ཚོས་གཡས་ལ་ཁུ་འཕངས་འཇའ་འོད་ཕོག༔ ལུས་ཕུང་འདར་ཡེད་བྱུང་ནས་སྒོམ་བཤིགས་བལྟས༔ རྣ་བར་རྟའི་རྡོག་སྐད་ཁྲོག་ཁྲོག་ཐོས༔ མཉམ་བཞག་གཏན་ལ་ཕབ་སྟེ་བསྒོམས་པའི་དུས༔ གསེར་སྦྲམ་རྡོག་པོ་མགོ་ལ་ཕོག་ནས་བྱུང་༔ ཨོ་རྒྱན་དྲུང་གི་མཎྜལ་རྒྱན་དེར་འདུག༔ ང་ལ་ཤོག་གསུངས་ཡིན་འདུག་དགོངས་ནས་སུ༔ གསེར་སྦྲམ་ཁྱེར་ནས་དྲུང་དུ་ཕྱིན་པའི་དུས༔ ཕུག་པའི་སྒོ་འགྲམ་རྟ་འགའ་བཏགས་ནས་འདུག༔ སློབ་དཔོན་དྲུང་ན་ལྷ་ལྕམ་པདྨ་གསལ༔ དགུང་ལོ་བརྒྱད་ལོན་པ་དེ་ཤི་ནས་འདུག༔ མངའ་བདག་རྒྱལ་པོ་ཉིད་ཀྱང་བརྒྱལ་ནས་འདུག༔ བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ནད་གདོན་ཉེན་ནམ་ཡབ་སྲས་ཅི་ཉེས་ཞུས༔ ཨོ་རྒྱན་གསུངས་ནས་དེ་ཙམ་མི་ཡོང་བར༔ མངའ་བདག་རྒྱལ་པོ་ཡར་ལ་སློངས་དང་གསུངས༔ མཚོ་རྒྱལ་དར་དཀར་སླེ་འུས་དབུ་ནས་བསླངས༔ རྗེ་ལ་བཞེངས་དང་ཞེས་གསོལ་ཐུགས་གསོས་སོ༔
ལྷ་ཅིག་བརྒྱལ་སངས་ལྷ་ལྕམ་རོ་ལ་གཟིགས༔ མཆི་མས་གདོང་དག་བཤུམས་ཤིང་སྨྲེ་སྔགས་འདོན༔ ཨོ་རྒྱན་ཆེན་པོས་རྗེ་ལ་བཀའ་སྩལ་པ༔ འདུས་བྱས་རྟག་པ་མ་ཡིན་རྐྱེན་གྱིས་འཇིག༔ སྐྱེས་པའི་མཐར་འཆི་འདུས་པའི་མཐའ་མ་འབྲལ༔ ས་སྟེང་འདུས་བྱས་ཐམས་ཅད་དེ་དང་འདྲ༔ ཉམས་ལེན་རང་ཐོག་དྲན་པ་གསལ་ཐོབ་གསུངས༔ མངའ་བདག་ཉིད་ཀྱང་ནམ་ཞིག་གཤེགས་འགྲོ་བས༔ ཐུགས་ངལ་སྤོངས་ཤིག་ལྷ་སྲས་བཙན་པོ་གསུངས༔ དེ་ནས་ཨམ་གཙིགས་བསྡམས་ནས་རྒྱལ་པོ་བཞེངས༔ གསེར་སྐྱོགས་གཡུས་བཀང་སློབ་དཔོན་ཕྱག་ཏུ་ཕུལ༔ ཕྱག་ནི་དབུ་ཐོད་བུད་བུད་བཙལ་ནས་ནི༔ ཀྱེ་མ་ཀྱི་ཧུད་སློབ་དཔོན་ཆེན་པོ་ལགས༔ འདུས་བྱས་ཐམས་ཅད་མི་རྟག་པར་གྱུར་ན༔ གཡར་དམ་གཙུག་ལག་ཁང་ནི་ཇི་ལྟ་བུ༔ བོད་ཀྱི་སྡུག་བསྔལ་རྒྱལ་ས་སུ་ཡིས་འཛིན༔ བདག་གི་བུ་རྒྱུད་ཐ་མ་ཇི་ལྟར་འབྱུང་༔ ང་ཡི་བུ་མོ་ལྷ་ལྕམ་པདྨ་གསལ༔ བསོད་ནམས་བསགས་ཏེ་ང་ཡི་བུ་མོར་སྐྱེས༔ ཨོ་རྒྱན་མཁན་པོ་པདྨས་ཐོག་དྲངས་ཏེ༔ རྒྱ་བོད་ལོ་པཎ་མཁས་གྲུབ་ཀུན་དང་མཇལ༔ མ་བསགས་ཚེ་མཐར་མ་ཕྱིན་འགྲོགས་ཡུན་ཐུང་༔ ཚེ་དུས་བྱེད་པའི་རྒྱུ་རྐྱེན་ཅི་ལས་བྱུང་༔ ང་དང་ཕ་བུའི་ལས་འབྲེལ་ཇི་ལྟར་ལགས༔ ཕྱི་མའི་དུས་ན་སྐྱེ་བ་གང་དུ་ལེན༔ མཐར་ཐུག་བྱང་ཆུབ་སྐལ་བ་མཆིས་མ་མཆིས༔ དུས་གསུམ་མཁྱེན་པས་བདག་ལ་གསུང་དུ་གསོལ༔ སློབ་དཔོན་དར་ཅིག་ཅི་ཡང་མི་གསུང་བཞུགས༔ དེ་ནས་མངའ་བདག་རྒྱལ་པོ་གསོན་ཅིག་གསུངས༔ རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་འདི་དང་༔ ཡབ་མེས་གོང་མས་བཞེངས་པའི་ལྷ་ཁང་ལ༔ ཞིག་རལ་མང་ཞིང་མཐའ་ནས་འགྲིབ་པ་དང་༔ བདག་ཏུ་འཛིན་པ་མང་སྟེ་ཟིན་པ་ཉུང་༔ དགག་སྒྲུབ་སྡུག་བསྔལ་མ་མཛད་ཡལ་དུ་ཆུག༔ མངའ་བདག་རྒྱལ་པོ་ཉིད་ཀྱི་རྒྱལ་ས་ཡང་༔ དེ་ནས་གདུང་རྒྱུད་མི་རབས་གཉིས་སོང་ནས༔ བོད་ཁམས་ཡོངས་ཀྱི་བསོད་ནམས་ཟད་པ་དང་༔ སྔོན་གྱི་གནོད་སྦྱིན་སྤུན་གསུམ་ཚེ་འཕོས་པ༔ རྒྱལ་པོ་སེང་གེའི་མགོ་ཅན་དུད་འགྲོའི་མིང་༔ བློན་པོ་ཐེའུ་བྲང་སྤྲུལ་པ་སྤྲེལ་མགོ་ཅན༔ ཞང་བློན་ཁྲའི་མགོ་ཅན་ཕུང་སུམ་འབྱུང་༔ གཅུང་བཀྲོངས་གཅེན་སྤྱུགས་དམ་པའི་ལྷ་ཆོས་བསྣུབ༔ ཆོས་པ་རབ་གསོད་འབྲིང་སྤྱུགས་ཐ་མ་ཁོལ༔ གཙུག་ལག་ཁང་ཀུན་ཤ་ཁྲག་དམར་ལོང་འགེངས༔ ལྷ་ཡི་ཕྱག་ལ་པགས་པ་ནང་ཆ་འགེལ༔ བཟང་པོའི་སྤྱོད་ལམ་ན་བུན་བཞིན་དུ་ཡལ༔ ངན་པའི་སྤྱོད་པ་འཚུབ་མ་བཞིན་དུ་ལང་༔ རྒྱལ་ཁྲིམས་མདང་གི་རྨི་ལམ་བཞིན་དུ་བསངས༔ སྤྱིར་གཅེས་དཀོན་མཆོག་མི་རོ་བཞིན་དུ་བོར༔ སྒོས་གཅེས་ཕ་མ་གྲི་མདུང་རྩེ་ལ་སྐྱོན༔ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔ རྗེ་ཡིས་བཞེངས་པའི་ཆོས་འཁོར་ཐམས་ཅད་འཇིག༔ ཡབ་མེས་བཞེངས་པ་རྣམས་ཀྱང་འཇིག་པར་བྱེད༔ མ་ཉེས་པ་ལ་སྐྱོན་འབེབས་མི་དགེ་སྤྱོད༔ ངན་པ་ཁས་དྲག་ཇག་ཆོམ་རྐུན་མ་དར༔ རི་ཀླུང་མེད་པར་སེམས་ཅན་མི་སྐྱིད་སྡུག༔ སྐྱིད་མེད་གཤེད་མ་གློག་གི་སོག་བརྡར་འབྱུང་༔ བདུད་ཀྱི་རྒྱལ་པོས་རྒྱལ་སྲིད་ལོ་གཅིག་དང་༔ ཟླ་བ་གཅིག་གི་བར་དུ་འཛིན་པར་བྱེད༔ བྱང་ཆུབ་སེམས་དཔས་ཐུགས་བསྐྱེད་མཚོན་གྱིས་འགུམ༔ འོད་སྲུང་ཡུམ་བརྟན་ཞེས་བྱའི་སྲས་གཉིས་འབྱུང་༔ གཅེན་ལ་མི་འཆམ་དབུ་རུ་གཡོ་རུ་འཁྲུག༔ ཉིན་འཁྲུག་མཚན་འཁྲུག་ལོ་ནི་བཅུ་གཉིས་འཁྲུག༔ མི་ལ་བསད་ཤི་གཉིས་ལས་མེད་པར་འབྱུང་༔ བཙན་དགུ་ཡུམ་བརྟན་ཁྱེར་ཏེ་འབངས་རྣམས་འདུས༔ རྒྱལ་པོའི་གདུང་རབས་དགུ་བཅུ་གོ་བརྒྱད་ན༔ བསོད་ནམས་ཤིན་ཏུ་དམན་པའི་རྒྱལ་པོ་འབྱུང་༔ འབངས་རྣམས་ཁེང་ལོག་རྗེ་ཡི་ལ་ཡོགས་བྱུང་༔ སྟེང་ན་རྗེ་མེད་འོག་ན་འབངས་མེད་པས༔ མཐའ་ཤོར་དཀྱིལ་བརྡོལ་འགྲིམ་འགྲུལ་སྐྱེལ་མ་དགོས༔ ལོ་ནི་བརྒྱའམ་བདུན་བཅུ་རྩ་ལྷག་འབྱུང་༔ ཁ་བ་ཅན་གྱི་རྒྱལ་ཁམས་བོད་ཡུལ་འདིར༔ གདུང་རབས་དྲུག་ཏུ་དམ་ཆོས་མི་དར་ཏེ༔ ད་ལྟར་བསྒྱུར་བའི་མདོ་སྔགས་ཆོས་སོ་ཅོག༔ བརྒྱ་ཚར་སྟོང་ཚར་མང་པོ་བཞེངས་བྱས་ནས༔ ལ་ལ་གཏེར་སྦས་ལ་ལ་མཐའ་ལ་བཞུགས༔ དེ་ལྟར་མཛད་ན་ཕྱི་རབས་ཕན་ཆེར་ཐོགས༔ དམ་ཆོས་འདུལ་བའི་བསྟན་པ་སྨད་ནས་དར༔ བླ་ཆེན་ཀླུ་མེས་རྡོ་རྗེ་དབང་ཕྱུག་སོགས༔ འདུལ་འཛིན་སྐྱེས་བུ་ནམ་མཁའི་སྐར་ཙམ་འབྱུང་༔ འབྲས་བུ་གསང་སྔགས་ཆོས་ཀྱི་བསྟན་པ་ནི༔ སངས་རྒྱས་ཡེ་ཤེས་སློབ་རྒྱུན་གྲུབ་ཆེན་འགས༔ ཉི་ཟླ་ཤར་བ་བཞིན་དུ་རྒྱས་པར་བྱེད༔ དེ་ནས་མདོ་སྔགས་བསྟན་པ་དབུས་སུ་རྒྱས༔ རྗེ་ཡི་གདུང་རྒྱུད་མི་རབས་བརྒྱ་སོང་ནས༔ མངའ་རིས་སྐོར་གསུམ་མང་ཡུལ་སྤུ་རངས་སུ༔ གདུང་རྒྱུད་རྒྱལ་པོ་མགོན་གསུམ་བྱ་བ་འབྱུང་༔ དེ་འདས་ཕན་ཆད་རྒྱལ་ཁམས་མི་བདེ་སྟེ༔ རྩི་ཤིང་ནགས་བསྐམས་མི་ཡི་ཟ་ཐང་འབྲི༔ བཅུད་རྣམས་སས་འཐུང་སྨན་རྣམས་ནུས་པ་བྲི༔ འབྲུ་རྣམས་མི་སྨིན་ཆར་ཆུ་དུས་མི་འབེབས༔ སྐྱེ་ཁྲུང་ཞན་ཅིང་ཕྱུགས་རྣམས་ཞོ་ཤེ་ཆུང་༔ ནད་མང་ཚེ་ཐུང་སྐབས་སུ་མུ་གེ་འབྱུང་༔ དེ་ནས་མི་རབས་བདུན་བརྒྱད་ཚུན་ཆད་ནི༔ མེས་དབོན་རྣམ་གསུམ་བཞེངས་པའི་གཙུག་ལག་ཁང་༔ མཐའ་ཉམས་དབུས་ཀྱི་ལྟེ་བ་ཡོང་ཙམ་ལ༔ མངའ་ཐང་ཉམས་པས་ལྷ་ཁང་ཕུག་རོན་འཛིན༔ ལྷ་ཁང་ནང་དུ་བྱ་བྲུན་མང་པོ་འབྱུང༔ ལྷ་ལ་ཕུག་རོན་ཚང་འཆའ་བྱ་སྐྱག་ནོན༔ སྐབས་ཤིག་གཙུག་ལག་ཁང་སྒོ་རྩིག་པ་འབྱུང་༔ སྐབས་ཤིག་སྤྲང་པོའི་ཚང་ཡང་འཆའ་བར་བྱེད༔ ལྷའི་ཕྱག་ལ་སྤྲང་ཟོ་འདོགས་པར་བྱེད༔ ཆོས་ལ་སྤྲང་ཕྲུག་ཤོག་འབག་བྱེད་པ་འབྱུང་༔ གཙུག་ལག་ཁང་ལ་ཞབས་ཏོག་མེད་པ་འབྱུང་༔ དཀར་པོའི་ཕྱོགས་ཕམ་ནག་པོ་རྒྱལ་གྱུར་པས༔ ཧོར་ཡུལ་ཤིང་ཀུན་ཏ་རུ་གྲགས་པ་འབྱུང་༔ འགོང་པོ་གནམ་ཐེའུ་དཀར་པོའི་སྤྲུལ་པ་ཡི༔ རྒྱལ་པོ་གཅིག་ནི་ཧོར་གྱི་ཡུལ་དུ་འབྱུང་༔ ལྕགས་ཕོ་ཁྱི་ལ་འགོང་པོའི་སྤྲུལ་པ་འགྱེད༔ བོད་ཡུལ་མི་བདེ་མཚོན་གྱི་ཆར་བ་བབས༔ བོད་ཡུལ་མི་རྣམས་ཀྱི་ཧུད་སྙིང་རེ་རྗེ༔ བཅུ་ལོན་ཡན་ཆད་མགོ་མེད་ཇ་སིག་འདྲ༔ རྨོ་རྐོ་ཐོང་མཁན་མི་རྙེད་མོ་གླིང་འདྲ༔ ཤ་མཁར་རྩིག་ཅིང་ཁྲག་གི་རྫིང་བུ་སྐྱིལ༔ ན་ཆུང་སྤྱོད་ཅིང་བུད་མེད་བྲན་དུ་འཁོལ༔ ཧོར་དམག་དབུས་རྡིབ་བོད་རྣམས་སིལ་བུར་འགྲོ༔ དབུས་གཙང་ཁམས་གསུམ་ཐམས་ཅད་ཧོར་ཚང་འཆའ༔ གསེར་ཡིག་དངུལ་ཡིག་ཁ་བྱང་བཏགས་ནས་འགྲོ༔ དེར་ནི་རྒྱལ་པོ་ཐུགས་མུག་མང་དུ་བཤུམས༔ སློབ་དཔོན་སེམས་ཅན་ལས་ཡིན་མ་བཤུམས་གསུངས༔ མངའ་བདག་རྒྱལ་པོས་ཕྱག་བཙལ་ཞུས་པ་ནི༔ ཧོར་ཁྲིམས་ཙམ་གནས་ཙམ་ནས་འཇིག་ན་ཞུས༔ སློབ་དཔོན་པདྨའི་ཞལ་ནས་རྒྱལ་པོ་གསུངས༔ ཧོར་ཁྲིམས་བརྒྱ་དང་ཉི་ཤུ་རྩ་ལྷག་གནས༔ ཇིང་གིར་རྒྱལ་པོའི་ཁྲིམས་ཞེས་ཡུན་རིང་འབྱུང་༔ ཇིང་ནང་གྲུམ་ནས་རྒྱ་ནག་ཡུལ་ནས་འཇིག༔ སྨན་རྩེའི་ཡུལ་ནས་འཇམ་དཔལ་སྤྲུལ་པ་འབྱུང་༔ ས་ནང་གྲུམ་ནས་ཕག་གི་ས་སློག་འཇིག༔ ཡར་ལུང་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་༔ ལྕགས་ཕོ་ཁྱི་ལ་ཧོར་དམག་བོད་དུ་འབྱུང་༔ མདོ་སྟོད་མདོ་སྨད་སོག་ཆུ་རས་སྒྲེང་སོགས༔ ཞིབ་པར་མི་བཀོད་སྐྱོ་བ་སྐྱེ་བའི་རྒྱུ༔ ཡུལ་གྲོང་བཅུ་དྲུག་བཅོམ་པས་ཅུང་ཟད་བདེ༔ རྟ་ཤིའི་ཕོ་བྲང་འབྱུང་བཞིའི་འཇིགས་པས་འཇིག༔ མི་ལ་ཚེ་མེད་སོས་ཀའི་སྦྲང་མ་འདྲ༔ ནོར་ལ་བདག་མེད་ཚོང་དུས་མགྲོན་ཁང་འདྲ༔ ད་ལྟ་བཞིན་དུ་ཧོར་དམག་བོད་འོག་འཁོལ༔ མི་རབས་བཅོ་བརྒྱད་བར་དུ་བརྟན་པར་འགྱུར༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི༔ སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ་ལས༔ འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་གྱ་ལྔ་པའོ༔
དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཆོས་སྐྱོང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ༔ སྔ་ཕྱི་དུས་གསུམ་སྐྱེ་བ་བཀའ་སྩལ་པ༔ མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི༔ སྲས་མོ་ལྷ་ལྕམ་པདྨ་གསལ་འདི་ཉིད༔ ལོ་བརྒྱད་སྟེང་དུ་ཚེ་དུས་བྱེད་པ་དེ༔ སྐྱེ་བ་འདི་གོང་རྒྱ་གར་ཡུལ་གྱི་ཤར༔ ཀ་ལ་ཤྲི་ཏ་བྱ་བའི་གྲོང་ཁྱེར་དུ༔ རྒྱལ་པོ་བྷི་ལ་ཀུ་ཊའི་བཙུན་མོར་སྐྱེས༔ ཆུན་ལ་བུ་ཡོད་ཆེན་ལ་བུ་མེད་ནས༔ ཆུན་མའི་བུ་ལ་ཕྲག་དོག་བྱས་ཏེ་བསད༔ དེའི་རྣམ་སྨིན་ཚེ་ནི་མཐར་མ་ཕྱིན༔ སྐྱེ་བ་འདི་ལ་ཡབ་སྲས་འབྲེལ་བ་ནི༔ སྐྱེ་བའི་སྔ་རབས་དུས་ན་བལ་པོའི་ཡུལ༔ པདྨ་བདག་དང་མངའ་བདག་རྒྱལ་པོ་དང་༔ བོ་དྷི་ས་ཏྭ་འོ་སྐོལ་མཆེད་གསུམ་གྱིས༔ མ་ཡི་མཆོད་རྟེན་བྱ་རུང་ཁ་ཤོར་ལ༔ བུམ་པ་བཏགས་ཏེ་སྨོན་ལམ་སོ་སོར་བཏབ༔ དེ་དུས་ལྷ་ལྕམ་སྦྲང་བུ་ཏྲེ་མའི་ལུས༔ རྒྱལ་པོ་ཉིད་ཀྱི་རྩེ་ཆུང་པ་ལ་ཟོས༔ དྲན་མེད་ཕྱག་གིས་བཤུད་པས་སྦྲང་མ་ཤི༔ རྒྱལ་པོ་ཉིད་འགྱོད་སྙིང་རྗེ་དྲག་པོ་སྐྱེས༔ དེ་ལ་དམིགས་པའི་སྨོན་ལམ་དྲག་པོ་བཏབ༔ དེའི་ཕྱི་མ་ལོ་སྟོང་སྡུག་བསྔལ་སྤྱད༔ དེ་ཚོ་བཤད་ན་རྒྱལ་པོ་ཐུགས་ཁྲལ་འགྱུར༔ རྒྱལ་པོས་ཅིས་ཀྱང་གསུངས་བར་ཞུ་གསོལ་པས༔ རྒྱལ་པོ་དགྱེས་ན་ལྷ་ལྕམ་པདྨ་འདི༔ སྐྱེ་བ་བདུན་གྱི་གོང་དུ་རྒྱ་གར་ཡུལ༔ ཀོ་ཏ་ལའི་གཙུག་ལག་ཁང་བཞེངས་པར༔ བྲམ་ཟེའི་བུ་ཚ་བྱ་ཏ་ལ་ཞེས་སྐྱེས༔ དགེ་སློང་བྱས་ནས་འཚོ་བ་ཀློག་སྟོན་འཚོལ༔ ཀོ་ཏ་ལའི་རྒྱལ་པོའི་རྒྱ་ཚར་སྟོན༔ ཉི་མ་དུ་ཤར་ཕྱི་དྲོ་རྒྱལ་པོ་ཉིད༔ གཙུག་ལག་ཁང་གི་ཕྱི་རོལ་སྐུ་བསང་འགྲོ༔ མེ་ཏོག་ལྡུམ་རར་ཀུ་ཀུ་ར་ཙ་གཉིས༔ འཁྲིག་པ་མཐོང་ནས་དགེ་སློང་ཆགས་པ་སྐྱེས༔ ཕོ་བྲང་ལོག་སྟེ་རྒྱལ་པོའི་བཙུན་མོ་ལ༔ འཁྲིག་པ་སྤྱད་པས་དགེ་སློང་ཚུལ་ཁྲིམས་ཉམས༔ ཆོས་ཀྱི་ཞལ་ཕྱེ་འདོན་གྱིས་ཡོད་ཙམ་ན༔ རྒྱལ་པོའི་སྤྱན་གཉིས་བླ་མཆོད་པ་ལ་གཟིགས༔ དུས་ངན་དགེ་སློང་འདི་འདྲ་ཡོད་པ་གསུངས༔ དགེ་སློང་ཀུ་ཀུ་ར་ལ་ཞེ་སྡང་སྐྱེས༔ འབྲས་བུ་ཐོ་བས་ཀུ་ཀུའི་རྡོ་རྗེ་བརྡུངས༔ ཀུ་ཀུ་ཤི་བས་རྒྱལ་པོས་ཅི་ཡིན་གསུངས༔ ཁམས་འདུས་ཕོ་བྲང་རྩེ་ནས་ལྕེབས་ཏེ་ཤི༔ བྱོལ་སོང་མོ་ལུས་སྐྱེ་བ་བརྒྱ་བླངས་ནས༔ སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་གྱུར༔ གཙུག་ལག་ཁང་དེའི་མར་ཁུ་བརྐུས་བཙོངས་པས༔ ཡི་དྭགས་སྐྱེ་བ་བརྒྱ་བླངས་སྡུག་བསྔལ་མྱངས༔ ཀུ་ཀུའི་སྲོག་བཅད་དམྱལ་བའི་སྡུག་བསྔལ་མྱངས༔ སྐྱེ་བ་བརྒྱའི་བར་དུ་དམྱལ་བར་སྐྱེས༔ ཆོས་འཆད་པ་ལ་ཚིག་རྩུབ་སྨྲས་པ་ཡིས༔ ལྷ་མ་ཡིན་གྱི་སྐྱེ་བ་བརྒྱ་རྩ་བླངས༔ གཙུག་ལག་ཁང་ལ་མེ་ཏོག་ཕུལ་བ་དང་༔ སྐོར་བ་བྱས་པའི་ལྷའི་སྐྱེ་བ་བརྒྱ༔ གྲུབ་ཐོབ་གཏེར་སྟོན་རྣལ་འབྱོར་པ་ཞིག་ལ༔ བཀའ་བརྒྱད་དབང་མེད་ནན་ཞུས་ཆོས་ཕྲོགས་པས༔ སྲིན་བུ་མེ་འཁོར་སྐྱེ་བ་བརྒྱ་བླངས་ནས༔ དེ་ནས་གོང་བཞིན་པདྨ་གསལ་དུ་སྐྱེས༔ སྐྱེ་བ་འདི་ཡི་ཕྱི་མ་ཡར་ལུང་དུ༔ བུ་མོ་གཟུགས་མི་སྡུག་ཅིང་བསོད་ནམས་ཆུང་༔ སྤྲང་མོའི་ལུས་ཀྱི་སྐྱེ་བ་བཅུ་རུ་ལེན༔ དེ་ནས་འཕོས་ཏེ་བསམ་ཡས་མཐིལ་འདི་རུ༔ ཁྱི་མོ་དཀར་མོ་རོ་སྨད་འབུ་ཞུགས་པ༔ ནུབ་ཀྱི་རིགས་ལ་ཀང་ཀང་འདྲེ་ཟ་བྱེད༔ སྨད་ཁོག་འདྲུད་པ་ཞིག་གི་སྐྱེ་བ་ལེན༔ དེ་ནས་འཕོས་ཏེ་ལྷ་སའི་ཚོང་འདུས་སུ༔ ལུག་མོ་སྨད་ཁོག་འདྲུད་པ་ཞིག་ཏུ་སྐྱེ༔ དེ་ནས་འཕོས་ཏེ་སྒྲགས་ཀྱི་གྲོང་གསར་དུ༔ བུད་མེད་དབང་པོ་མ་ཚང་ལི་མགོ་མ༔ ཁ་ཆེ་སྣ་ཉག་ཤ་རྩུབ་མཆུ་ཤོ་བ༔ ཤིག་སྲོ་མང་ཞིང་བསེ་དྲི་མནམ་པར་སྐྱེ༔ ལྷ་ས་བསམ་ཡས་སྐོར་བ་འབྲེལ་ཙམ་ཐོགས༔ དེ་ནས་འཕོས་ཏེ་ལྷོ་ནུབ་ལ་ཡག་ཏུ༔ བུ་མོ་སྤྲེའུ་ལོ་པ་ཤེས་རབ་ཅན༔ ཕ་མ་གཉིས་ཀ་སྔ་མོར་ཤི་བར་སྐྱེ༔ མངའ་བདག་སྐྱེ་བ་ཉི་མ་འོད་ཟེར་ཞེས༔ བྱང་ཆུབ་སེམས་དཔའ་དེ་དང་མཇལ་བར་འགྱུར༔ ཡབ་སྲས་གཉིས་པོ་དེ་དུས་ཐེངས་གཅིག་མཇལ༔ དེ་དུས་བུ་མོས་ཡབ་ལ་མོས་གུས་བྱེད༔ དེ་ལ་བརྟེན་ནས་བུ་མོ་ལམ་སྣ་ཟིན༔ གཙང་གི་གཡས་སུ་གྲོང་དམར་ཞེས་བྱ་བར༔ བན་དེ་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེ༔ དེ་ཡང་བཞིན་མི་སྡུག་ཅིང་གཤིས་ངན་ཁྲོ༔ རབ་ཏུ་བྱུང་བའི་ཆ་ལུགས་ལོག་ལྟ་ཅན༔ ཁྲི་སྲོང་སྐྱེ་བ་ཆོས་དབང་ཞེས་དང་འཕྲད༔ གདམས་པ་བྱིན་པས་རང་སེམས་ངོ་བོ་མཐོང་༔ ཌཱ་ཀི་མ་ཡིས་རྗེས་སུ་འཛིན་པར་འགྱུར༔ སྐྱེ་བ་དེ་འཕོས་བསམ་ཡས་ཤར་ལྷོའི་མཚམས༔ རྡོ་བོད་མཚམས་ཀྱི་འབྲིང་ཐང་ཞེས་བྱ་བར༔ སྔགས་པ་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེས༔ ལྕགས་མོ་ཡོས་ཀྱི་ལོ་པ་མི་གཅིག་པོ༔ སྒོ་བཟང་སྐྱེ་མཆེད་དྭངས་པ་ཤེས་རབ་ཅན༔ ཕ་མ་ཤིན་ཏུ་དབུལ་ལ་ཉོན་མོངས་ཏེ༔གང་ན་ཉེ་བ་ཐམས་ཅད་དགྲ་བྱེད་པ༔ སྐྱེ་བ་སྔ་མའི་བག་ཆགས་རབ་ཏུ་འབྱུང་༔ ཆུ་མོ་གླང་གི་ལོ་ལ་པད་འབྱུང་ངའི༔ ཟབ་གཏེར་གཅིག་དང་དྭགས་པོའི་ཡུལ་དུ་འཕྲད༔ གཏེར་གྱི་སྒོ་ནི་གཉིས་གསུམ་བཞི་ཙམ་ཕྱེད༔ སྔོན་གྱི་ལས་དབང་གཞན་དོན་ཆེར་མི་འབྱུང་༔ སྦས་པའི་ཚུལ་དུ་ཉམས་ལེན་བྱེད་དུས་ཡིན༔ ཨོ་རྒྱན་ང་ཡི་ཟབ་ཆོས་བདག་པོར་འགྱུར༔
དེ་ནས་འཕོས་ཏེ་དབུས་རི་སྒྲགས་ཀྱི་ཕུར༔ རིགས་ལྡན་གཙང་མའི་རིགས་ཀྱི་ཕ་མ་ལ༔ ཡིད་འོང་མཚན་ཉིད་ལྡན་པའི་བུ་རུ་སྐྱེས༔ དྲི་མེད་འོད་ཟེར་ཞེས་བྱ་མཁྱེན་རབ་ཅན༔ མདོ་སྔགས་རྫོགས་ཆེན་གསུམ་གྱི་བདག་པོར་འགྱུར༔ དེ་ནས་འཕོས་ནས་མོན་གྱི་བུམ་ཐང་དུ༔ དགེ་གནས་རྩི་ལུང་མཆོད་ཁང་ཤར་གྱི་ཕྱོགས༔ ཆ་ལུང་བ་རི་སྒང་དུ་སྐྱེ་བ་ལེན༔ རྟའི་ལོ་པ་ཤེས་རབ་བློ་རྩལ་ཅན༔ ང་ཡི་སྤྲུལ་པ་གླིང་ཕྲན་རྗེས་སུ་འཛིན༔ ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཉམས་བླངས་པས༔ ཚེ་ཡང་མཐར་ཕྱིན་ཉི་ཤུ་རྩ་བདུན་སྟེང་༔ བུམ་ཐང་སྨད་ཀྱི་སེང་གེ་བྲག་དང་ནི༔ མེ་འབར་མཚོ་ནས་ཀློང་གསལ་གསང་བ་དང་༔ སྙིང་ཐིག་རྒྱས་པ་བཅུ་བདུན་རྒྱུད་རྣམས་འདོན༔ དྲི་མེད་འོད་ཟེར་པདྨ་གླིང་ཞེས་གྲགས༔ གཏེར་སྒོ་ལྔ་འབྱེད་འགྲོ་དོན་དཔག་མེད་མཛད༔ དེ་ཕྱིར་མཚོ་རྒྱལ་དཀར་ཆག་ཡི་གེར་ཐོབ༔ ཞིབ་པར་ལོ་རྒྱུས་ལོགས་སུ་ཐོབ་ལས་སྦོས༔ དེ་ནས་འཕོས་ཏེ་མངའ་བདག་རྒྱལ་པོ་དང་༔ པདྨ་ང་དང་ལྷ་ལྕམ་པདྨ་གསལ་དང་གསུམ༔ རྔ་ཡབ་གླིང་ཕྲན་པདྨ་འོད་དུ་མཇལ༔ ཨོ་རྒྱན་མཁན་པོས་དེ་སྐད་བཀའ་བསྩལ་པས༔ མངའ་བདག་དགྱེས་ཏེ་ཕྱག་སྐོར་གྲངས་མེད་མཛད༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི༔ སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ་ལས༔ ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་ལེའུ་སྟེ་གྱ་དྲུག་པའོ༔
སྣང་ས་འོད་འབུམ་གྱི་རྣམ་ཐར། མཛད་པ་པོ་མི་གསལ།
༄༅། །སྣང་ས་འོད་འབུམ་གྱི་རྣམ་ཐར་བཞུགས་སོ། །
དེ་ཡང་མྱང་སྟོད་རྒྱལ་རྩེ་ཁུལ་དུ་ལྗང་ཕད་ཁུད་ནང་པ་ཞེས་པའི་ཁྱིམ་ཚང་ཕལ་པ་ཞིག་ཡོད་པ་དེའི་བཟའ་འཚོ་ཀུན་བཟང་བདེ་ཆེན་དང་མྱང་ཚ་གསལ་སྒྲོན་གཉིས་ཀྱིས་རྒྱུན་དུ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་བསྟོད་པ་ཉིན་ལྟར་ཆག་མེད་མཛད་ཀྱིན་ཡོད། སྒྲོལ་མ་འབུམ་ཕྲག་སོང་མཚམས་ཀྱི་ནུབ་མོར་མྱང་ཚ་གསལ་སྒྲོན་ལ་སྒྲོལ་མའི་ཐུགས་ཀའི་ཏཾ་ཡིག་ནས་འོད་འཕྲོས་ཏེ་བདག་གི་ལུས་ལ་ཐིམ་པ་དང་། ལུས་ལ་མེ་ཏོག་པདྨ་ཞལ་ཕྱེ། བུང་བའི་ཚོགས་འཁོར། མཁའ་འགྲོས་མཆོད་པ་མཛད་པ་སོགས་རྨི་ལམ་དེ་འདྲ་ཞིག་རྨིས།
དེའི་སང་ཉིན་མྱང་ཚ་གསལ་སྒྲོན་གྱི་སྐུ་ཟླ་ཀུན་བཟང་བདེ་ཆེན་ལ་རྨི་ལམ་དེའི་དོན་འབྲས་ཅི་ཡིན་བཀའ་འདྲི་ཞུས་པས་ཀུན་བཟང་བདེ་ཆེན་གྱིས་འཛུམ་པའི་ངང་ནས་འདི་སྐད་སྨྲས། བཟང་ངོ་། །རྨི་ལམ་དེ་བཟང་ངོ་། །བདག་ཅག་བཟའ་འཚོ་གཉིས་པོར་གཞོན་སོ་དཀར་དུས་སུ་བུ་མེད་ཀྱང་། རྒན་སྐྲ་དཀར་དུས་སུ་བུ་མོ་བུ་ལས་ལྷག་པ་ཞིག་ཡོང་རྒྱུའི་རྨི་ལྟས་བཟང་པོ་བསྟན་པ་ཡིན་ནོ། །བཟའ་འཚོ་གཉིས་ཀྱིས་རིམ་གྲོ་རྒྱ་ཆེར་མཛད་པའི་མཐུ་ལས་ས་ཕོ་རྟ་ཡི་ལོ་སྤྲེལ་ཟླའི་ཡར་ངོ་ཚེས་བཅུ་རེས་གཟའ་ཕུར་བུ་དང་། རྒྱུ་སྐར་རྒྱལ་གཉིས་འགྲོགས་པའི་སྒྲུབ་སྦྱོར་ཉིན་བུ་མོ་ལྷ་ཡི་སྲས་མོ་འདྲ་བ་ཞིག་སྐུ་བལྟམས། འཁྲུངས་མ་ཐག་ཏུ་ཡུམ་གྱི་ནུ་ཞོའི་ཕུད་ནས་ནམ་མཁའ་ལ་གཏོར་ཏེ། ང་ནི་འགྲོ་བའི་དོན་དུ་སྣང༵་བ་ཡིན། །ས༵་སྟེང་འདི་ན་བཀྲ་ཤིས་བདེ་ལེགས་ཤོག །འཕྲིན་ལས་འོད༵་ཟེར་ཕྱོགས་ཀུན་སྤྲོས་ནས་ཀྱང་། །འགྲོ་བ་འབུམ་ཕྲག་ཆོས་ལ་འགོད་པར་ཤོག །ཅེས་གསུངས་པས་མཚན་ལ་སྣང་ས་འོད་འབུ༵མ་ཞེས་གསོལ། བྱིས་པ་གཞན་གྱི་ལོ་སྐྱེས་ལས་བུ་མོ་དེའི་ཟླ་སྐྱེས་ཆེ། གཞན་གྱི་ཟླ་སྐྱེས་ལས་བུ་མོ་དེའི་ཞག་སྐྱེས་ཆེ་བའི་ངང་དུ་མཚར་ཏེ་བུ་མོ་དེ་ནི་སྐྱེ་འབྲས་མཚར་ཞིང་། ཐུགས་གཤིས་འཇམ་པ་ཞིག་ཡོད་པས་ཡབ་ཡུམ་གཉིས་ཤིན་ཏུ་མཉེས་ནས་བདག་ཅག་ཕ་མ་རྒན་འཁོགས་ལ་ལྷ་མོ་ཁྱོད་འདྲ་འཁྲུངས་པ་ངོ་མཚར་ཆེ་ཞེས་གསུངས།
སྣང་སས་ཡབ་ཡུམ་གཉིས་ལ་བསྟོད་ཕྱག་འབུལ་བ་དང་ཆབས་ཅིག་བུ་མོའི་ཕྱི་ནང་གསང་གསུམ་གྱི་ཡབ་ཡུམ་ཅི་ཡིན་གསལ་བཤད་ཞུས་པ་ལ་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་གཉིས་ཧ་ལས་སོ། །བུ་མོ་སྣང་ས་འོད་འབུམ་ནི་ཉིན་མཚན་ཀུན་ཏུ་སྤྱན་རས་གཟིགས་ཀྱི་སྙིང་པོ་ཡིག་དྲུག་དང་། སྒྲོལ་མ་དཀར་སྔོན་གྱི་བསྟོད་པ་ཆག་མེད་མཛད་ཅིང་། ལྷ་ཆོས་མདོ་རྒྱུད་ཀྱི་དགོངས་དོན་མཐའ་དག་རྟོགས་པ་ཞིག་བྱུང་། སྣང་སས་འཇིག་རྟེན་བྱ་བ་ལའང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་ཟས་ཀྱི་གཡོས་སྦྱོར་དང་། སྣམ་ལས། ཞིང་ལས་སོགས་ལ་བརྩོན་ཏེ་མཁས་པར་གྱུར་པས་ཁྱིམ་ཚང་གི་འབྱོར་པ་ཡང་རིམ་བཞིན་ཕུན་སུམ་ཚོགས་པ་དང་ལྡན་པ་བྱུང་།
བུ་མོ་སྣང་ས་དགུང་ལོ་བཅོ་ལྔར་ལོན་པའི་ཚེ་སྙན་གྲགས་ཕྱོགས་བཞིར་ཁྱབ་པས་སློང་མི་མང་པོ་བྱུང་ཡང་གཙོ་བོ་བུ་མོའི་བློ་ལ་ལྷ་ཆོས་བྱེད་འདོད་ལས་འཇིག་རྟེན་མདུན་མར་འགྲོ་འདོད་གཏན་ནས་མེད་པས་སློང་མིར་མ་བྱིན། རྒྱལ་རྩེ་རི་ནང་མཚོ་ཆེན་དུ་དཔོན་པོ་སྒྲ་ཆེན་པ་དང་ཇོ་མོ་བསོད་ནམས་རྒྱལ་མོ་ལ་སྲས་སྲོས་གཉིས་ཡོད་པའི་སྲས་ཀྱི་མཚན་ལ་དཔོན་པོ་གྲགས་པ་བསམ་འགྲུབ་དང་། སྲས་མོའི་མཚན་ལ་སྙིད་མོ་ནེ་ཙོ་ལེགས་ཞེས་བྱ། སྲས་སྲོས་གཉིས་ཆུང་དུས་ནས་ཡུམ་སྐུ་ཚེ་མ་ཟིན། རྒྱལ་རྩེ་གནས་རྙིང་གཟུངས་སྒྲུབ་ཀྱི་ལོ་དུས་ཀྱི་ལྟད་མོ་བལྟ་བ་དང་། ཁྲོམ་དབང་ཞུ་བར་རྒན་སྐྲ་དཀར་མན་ཆད་ནས་གཞོན་སོ་དཀར་ཡན་ཆད་འགྲོ་སྲོལ་ཡོད། བུ་མོ་སྣང་ས་དེ་སྔོན་འགྲོ་མྱོང་མེད་སྟབས་ཕ་མ་གཉིས་པོས་གཡོག་མོ་འཛོམས་པ་སྐྱིད་སྦྲགས་ཏེ་ལྟད་མོ་བལྟ་བར་བཏང་།
གནས་རྙིང་བླ་བྲང་གི་རབ་གསལ་ནང་ནས་གཟིགས་མོ་གཟིགས་བཞིན་པའི་དཔོན་པོ་སྒྲ་ཆེན་གྱིས་མི་ཚོགས་དབུས་ཀྱི་བུ་མོ་སྣང་ས་གཟིགས་པ་དང་དེའི་མཛེས་སྡུག་ལ་ཐུགས་སེམས་དབང་མེད་དུ་ཤོར་ནས་བློན་པོ་བསོད་ནམས་དཔལ་བསྐྱེད་ལ་བཀའ་བསྒོས་ཏེ་སྣང་ས་འོད་འབུམ་མདུན་དུ་བསྐོངས། དཔོན་པོ་སྒྲ་ཆེན་གྱིས་བརྗོད་པ། ང་ནི་རི་ནང་དཔོན་པོ་སྒྲ་ཆེན་ཡིན། ང་ཡི་རིགས་ཀྱི་མྱུ་གུ་གྲགས་པ་ལང་ཚོ་དར་ལ་བབས་པས་དེའི་ཁྱིམ་ཐབ་ཏུ་བུ་མོ་ཁྱོད་བླངས་བས་ན་བུ་མོ་ཁྱོད་ཀྱི་མིང་ལ་ཅི་ཟེར། ཕ་མའི་མིང་ལ་ཅི་ཟེར། ཁྱིམ་ཚང་ག་ནས་ཡིན་པ་མ་གསང་དྲང་པོར་རྗོད་ཅིག །
སྣང་སས་དཔོན་པོའི་བཀའ་བཞིན་གཏམ་ལན་གསལ་པོར་ཞུས་རྗེས། དོ་ལོ་སྔོན་མོ་ཁ་དོག་མཚར་ན་ཡང་། །གྲུ་དམར་གཡུ་དང་མཐུན་སྡེབ་ཅི་ལ་ཡོང་། །ཕལ་པའི་བུ་མོ་སྣང་ས་འོད་འབུམ་ང་། །མི་ཆེན་དཔོན་པོའི་བཙུན་མོ་གང་ནས་ཡོང་། །མོ་སྣང་ས་ཆོས་ལ་འགྲོ་འདོད་ཡོད་པས་ཅི་ནས་ཀྱང་གཏོང་རོགས་ཞུ་ཞེས་བཤད། བློན་པོ་བསོད་ནམས་དཔལ་བསྐྱེད་ཀྱིས་དར་དམར་པོའི་འདོགས་ལུང་བརྒྱུད་པའི་རྒྱལ་པོའི་བླ་གཡུ་དང་། ཚོན་སྣ་ལྔ་ལྡན་གྱི་མདའ་དར་ཞིག་དཔོན་པོའི་ཕྱག་ལ་ཕུལ་ཏེ་སྨྲས་པ། བུ་མོ་མནའ་མར་འགྲོ་འདོད་ཀྱང་། །མི་ཚོགས་དཀྱིལ་ལ་སྤམ་རྫུ་བྱེད། །དེ་ལས་གཡུ་དང་མདའ་དར་འདི། །སྤྱི་བོར་བཙུགས་ཏེ་ཐག་གཅོད་གནང་། །དཔོན་པོ་སྒྲ་ཆེན་གྱིས་གཏམ་དེ་བདེན་ནོ་སྙམ་སྟེ་བུ་མོ་སྣང་སའི་སྤྱི་གཙུག་ལ་བླ་གཡུ་དང་མདའ་དར་གྱིས་བརྒྱན་ཏེ་འདི་སྐད་སྨྲས་པ། འདིར་ཚོགས་ཁྲོམ་གྱི་ལྷ་མི་ཀུན་ཉོན་ཅིག །མྱང་སྟོན་རི་ནང་གྲགས་པ་བསམ་འགྲུབ་ལ། །བུ་མོ་སྣང་ས་བག་མར་བསླངས་ཚར་བས། །ད་ནི་ཉི་མ་དེ་རིང་ནས་བཟུང་སྟེ། །མཐོ་བ་གནམ་ལ་འཕུར་སོང་ཟེར་ས་མེད། །དམའ་བ་ས་ལ་འཛུལ་སོང་ཟེར་ས་མེད། །
བུ་མོ་སྣང་ས་འོད་འབུམ་དང་གཡོག་མོ་འཛོམས་པ་སྐྱིད་གཉིས་པོ་ཡབ་ཡུམ་གྱི་དྲུང་དུ་ལོག་ནས་གནས་རྙིང་གཟུངས་སྒྲུབ་ཀྱི་གཟིགས་མོའི་ཐོག་བྱུང་བའི་གནས་ཚུལ་རྣམས་ཡབ་ཡུམ་གཉིས་ལ་གསང་བ་དང་། གཙུག་གཡུ་དང་མདའ་དར་གཉིས་པོ་སྦས་ཏེ་བཞག །དེ་ནས་ཉིན་ཤས་འདས་པའི་ཉིན་གཅིག་གི་སྔ་དྲོ་མྱང་སྟོད་རི་ནང་པའི་དཔོན་པོ་སྒྲ་ཆེན་དང་གཡོག་པོས་སློང་ཆང་དང་། རྒྱན་གྱི་བདོག་པ། ནུ་རིན་བཅས་བསྣམས་ཏེ་ལྗང་ཕད་ཁུད་ཁྱིམ་ཚང་གི་སྒོ་རྩར་ཕེབས། ཡུམ་མྱང་ཚ་གསལ་སྒྲོན་གྱིས་ཐོག་ཁའི་གཟིམ་ཆུང་ནང་ནས་རི་ནང་དཔོན་པོ་སྒྲ་ཆེན་སྒོ་རྩར་ཕེབས་པ་གཟིགས་ཏེ་ལམ་སེང་ཡབ་ཀུན་བཟང་བདེ་ཆེན་གྱི་སྙན་དུ་གསོལ།
ཡབ་ཀུན་བཟང་བདེ་ཆེན་གྱིས་སྨྲས་པ། དཔོན་པོ་སྒྲ་ཆེན་སྒོ་རྩར་འབྱོར་བ་དེ། །སྲིན་བྱ་ཐོག་ཁར་བབས་པ་ཁྱད་ཅིག་མེད། །དེ་ལ་ཁ་ཡ་གཏམ་ལན་ངས་མི་ཡོང་། །ང་ནི་བསྡད་མེད་གྱིས་ལ་ཕར་ལ་སློག །གལ་ཏེ་སྐུ་དབང་བཙན་པས་མི་འགྲོ་ན། །སྐུ་དོན་གང་ཡིན་ཁྱོད་ཀྱིས་ལེགས་པར་དྲིས། །ཡུམ་མྱང་ཚ་གསལ་སྒྲོན་ཕྱིར་ཕེབས་ཏེ་སྒོ་ཕྱེ་བ་ན། དཔོན་པོ་སྒྲ་ཆེན་དཔོན་གཡོག་གཉིས་ནས་སྣང་ས་མནའ་མར་སློང་བར་ཡོང་བའི་ལོ་རྒྱུས་རྣམས་ཡུམ་ལ་ཞུས། ཡུམ་ཐུགས་ལྷག་པར་དགྱེས་ཏེ་དཔོན་གཡོག་གཉིས་པོ་ནང་དུ་གདན་དྲངས། དཔོན་པོ་སྒྲ་ཆེན་དང་བློན་པོ་བསོད་ནམས་དཔལ་བསྐྱེད་ཀྱིས་སྣང་སའི་ཡབ་ཡུམ་གྱི་མདུན་དུ་རྒྱན་གྱི་བདོག་པ་ཤིན་ཏུ་མང་པོ་བཤམས། སློང་ཆང་དང་ནུ་རིན་གཉིས་པོ་ཡབ་ཡུམ་གཉིས་ཀྱི་ཕྱག་ཏུ་ཕུལ།
དཔོན་སྒྲ་ཆེན་གྱིས་སྨྲས་པ། གནས་རྙིང་ལྟད་མོའི་མི་ཚོགས་མང་པོའི་ཁྲོད། །སྣང་སའི་སྤྱི་བོར་མདའ་དར་བླ་གཡུ་བཙུགས། །དུས་དེ་ནས་བཟུང་བུ་མོ་སྣང་ས་འདི། །རི་ནང་དཔོན་པོའི་བག་མར་བསླངས་ཚར་བས། །ཕ་མ་གཉིས་ཀྱིས་མི་གཏོང་ཟེར་ས་མེད། །བུ་མོ་སྣང་སས་མི་འགྲོ་ཟེར་ས་མེད། །ཡབ་ཡུམ་གཉིས་ཀྱིས་གཏམ་དེ་གསན་པ་དང་ཐུགས་རབ་ཏུ་དགྱེས་ཏེ་བུ་མོ་སྟེར་ས་ཡག་འདུག །ཡུལ་འདི་ན་མྱང་སྟོད་རི་ནང་པ་ལས་ལྷག་པ་ནི་སུ་ཡང་མེད་པས་ཅིས་ཀྱང་ཁས་ལེན་བྱེད་དགོས་སྙམ་སྟེ་ཞལ་འཛུམ་པའི་ངང་བུ་མོ་སྣང་སའི་ཕྱོགས་ལ་གཟིགས།
བུ་མོ་སྣང་སས་ཡབ་ཡུམ་གཉིས་ལ་གསོལ་བ། གནས་རྙིང་ལྟད་མོའི་མི་ཚོགས་མང་པོའི་ནང་། །དབང་ཆེན་དཔོན་པོས་མདའ་དར་སྤྱི་བོར་བཙུགས། །རི་ནང་དཔོན་པོས་དབང་ཡོད་མཛད་ན་ཡང་། །ཡབ་ཡུམ་ཐུགས་ལ་གུས་མོས་མགོ་ཡང་བྱས། །དགོངས་པར་དོགས་ཏེ་བླ་གཡུ་མདའ་དར་སྦས། །ཡབ་ཀུན་བཟང་བདེ་ཆེན་གྱིས་སྣང་སར་བླ་གཡུ་དང་མདའ་དར་གང་དུ་ཡོད། འདིར་ཁྱེར་ཤོག་ཅེས་བཀའ་གནང་བ་དང་བུ་མོ་སྣང་ས་ཕྱིར་བསྐྱོད་དེ་བླ་གཡུ་དང་མདའ་དར་བླངས་བར་སོང་། སྣང་སས་བླ་གཡུ་དང་མདའ་དར་ཡབ་ཀྱི་ཕྱག་ཏུ་ཕུལ་བས། དཔོན་སྒྲ་ཆེན་གྱིས་མདའ་དར་ཚུར་བླངས་ཏེ་བསྐྱར་དུ་སྣང་སའི་སྤྱི་བོར་བཙུགས་ནས་འདི་སྐད་སྨྲས་པ། ཉི་མ་སང་དང་གཅིག་བྱས་གནངས་དང་གཉིས། །གཞིས་ཀྱི་ལྷ་ཉིན་དཀར་པོའི་དུས་ཚོད་ལ། །བསུ་མི་རྟ་པ་ལྔ་བརྒྱ་གཏོང་རྒྱུ་ཡིན། །བུ་མོའི་ནོར་སྐལ་རྣམས་ཚོ་རྫོང་གྲབས་གྱིས། །ཞེས་བཀའ་བསྒོས་ཏེ་ཕྱིར་ཕེབས། ཡབ་ཡུམ་གཉིས་པོས་རི་ནང་གི་དཔོན་གཡོག་གཉིས་པོར་ཕེབས་སྐྱེལ་ཞུས་ཏེ་ཁྱིམ་དུ་ཕེབས་ཏེ་གདན་ཐོག་ཏུ་འཁོད་མ་ཐག་བུ་མོ་སྣང་སས་ཡབ་ཡུམ་གཉིས་ལ་གསོལ་བ། འདུས་མཐའ་བྲལ་བའི་གྲོགས་པོ་མཐོང་ཙ་ན། །གྲགས་པ་བསམ་འགྲུབ་གཏན་གྲོགས་ང་མི་འདོད། །འདུ་འབྲལ་མེད་པའི་དཀོན་མཆོག་རྣམ་གསུམ་ལ། །བུ་མོ་གཏན་གྲོགས་བཅོལ་ནས་ལྷ་ཆོས་བྱེད། །ཡབ་ཡུམ་གཉིས་ཀྱིས་བུ་མོའི་རེ་བ་སྒྲུབས། །བུ་མོ་ཆོས་ལ་འགྲོ་བའི་རེ་བ་སྒྲུབས། །
ཡབ་ཀུན་བཟང་བདེ་ཆེན་གྱིས་དེའི་ལན་དུ་འདི་སྐད་གསུངས་སོ། །རི་ནང་དཔོན་པོ་གྲགས་པ་བསམ་འགྲུབ་དེ། །མེ་ལས་དབལ་ཚ་ཆུ་ལས་རྦ་ཡང་དྲག །ཅིས་ཀྱང་བུ་མོས་ལྷ་ཆོས་བྱེད་ངེས་ན། །རི་ནང་དཔོན་པོས་ཕ་མ་གཉིས་པོ་གསོད། །ཕ་མ་བསད་ན་བུ་མོས་ཆོས་བྱས་ཀྱང་། །ཐར་པའི་ལམ་སྣ་ཟིན་པ་ག་ནས་ཡོང་། །དེ་དོན་བུ་མོས་ཞིབ་མོའི་བློ་ཡིས་དཔྱོད། །
སྣང་སས་ཡབ་ཀྱི་གཏམ་དེ་ཐོས་པ་དང་ཐུགས་ལ་ཡབ་ཡུམ་གཉིས་ལ་ཐུགས་ཁག་རྩ་བ་ནས་མི་འདུག་དགོངས་ཏེ་ད་ནི་ཡབ་ཡུམ་གཉིས་པོའི་བཀའ་ལན་མ་ལྡོག་པར་མྱང་སྟོད་རི་ནང་པའི་ཁྱིམ་ཐབ་ལ་ཕེབས་རྒྱུར་ཐུགས་ཐག་བཅད། དེ་ནས་ཉིན་གསུམ་པའི་ཞོགས་པ་ཉི་མ་ཤར་རིའི་ཕྲག་པར་འཛེགས་པ་དང་རི་ནང་གི་བག་མ་བསུ་མི་མང་པོས་སྣང་ས་བསྐོར་ཏེ་བྲོ་གཞས་དང་གླུ་གར་ལ་སོགས་པ་དགའ་སྤྲོའི་རྣམ་པས་ཁེངས་བཞིན་སྣང་ས་འོད་འབུམ་མྱང་སྟོད་རི་ནང་གི་ཕྱོགས་སུ་གདན་དྲངས། མི་རིང་བར་མྱང་སྟོད་རི་ནང་པའི་གཟིམ་ཤག་ཏུ་དཔོན་གྲགས་པ་བསམ་འགྲུབ་དང་བུ་མོ་སྣང་ས་འོད་འབུམ་གྱི་གཉེན་སྟོན་རྒྱ་ཆེར་བཤམས་ཏེ་མགྲོན་པོ་རྣམས་བཅུད་ལྡན་ཟས་ཀྱི་ལོངས་སྤྱོད་དང་། གཞས་ཞབས་བྲོའི་འདྲེན་བྱེད་དགའ་སྟོན་ལ་རོལ་ཏེ་ཉིན་མཚན་མང་པོའི་དུས་འདས་སོ། །
སྣང་ས་འོད་འབུམ་སྲས་གྲགས་པ་བསམ་འགྲུབ་དང་ཁྲུང་ས་བསྐྱོན་ནས་ལོ་བདུན་ཙམ་སོང་བའི་རྗེས་སུ་མིའི་བུ་ལྷའི་སྲས་འདྲ་བ་ཞིག་སྐུ་འཁྲུངས་ནས་དེའི་མཚན་ལ་ལྷའུ་དར་པོ་ཞེས་གསོལ་ཏེ་བཙས་སྟོན་རྒྱ་ཆེ་བར་མཛད། དཔོན་མོ་སྣང་ས་དེ་ནི་མྱང་སྟོད་རི་ནང་པའི་ནང་འཁོར་གཡོག་ཕོ་མོ་དང་། མངའ་འབངས་མི་སེར་ལ་ཉེ་རིང་མེད་པའི་བྱམས་གཟིགས་སྐྱོང་མཛད་མཁས་པས་སྒྲ་ཆེན་ཡབ་སྲས་གཉིས་ཀྱིས་བང་མཛོད་ཀྱི་ལྡེ་མིག་སྣང་ས་ལ་སྤྲོད་རྒྱུར་ཐུགས་གཏན་འཁེལ། དེ་སྔ་བང་མཛོད་ཀྱི་ལྡེ་མིག་ཨ་ནེ་སྙིད་མོ་ནེ་ཙོ་ལེགས་ཀྱིས་བདག་པོ་བྱས་ཏེ་ཕྱི་ནང་ཚང་མའི་གཏོང་ཚོད་ཁ་བཀོད་བྱེད་མུས་ཡིན་སྟབས་མོ་ཡི་མི་རངས་བར་དཔོན་སྒྲ་ཆེན་ཡབ་སྲས་དང་སྣང་སའི་བར་སེལ་འཇུག་དཀྲུག་ཤིང་སྣ་ཚོགས་བྱས་པས་སྣང་ས་ནི་འཇིག་རྟེན་གྱི་བྱ་བ་ལ་ཡིད་རྨུགས་ཤིང་། དམ་པའི་ལྷ་ཆོས་དྲན་པར་གྱུར། སྣང་སའི་སྡུག་བསྔལ་དེ་དག་དཔོན་པོ་ཡབ་སྲས་ལ་ཞུ་མི་ཕོད་པར་གཟིམ་ཆུང་དུ་ལྷའུ་དར་པོ་སྐུ་པང་དུ་བསྣམས་ནས་སྤྱན་ཆབ་བསིལ་ཏེ་སྐྱོ་གླུ་འདི་ལྟར་བཞེས་སོ། །ལྷ་ཆོས་བྱེད་པར་བདག་པོས་གཙུག་གཡུ་བརྒྱབ། །མི་ཆོས་བྱེད་པར་ཨ་ནེས་ཕྲག་དོག་བྱེད། །ཕ་མའི་དྲུང་དུ་བུ་མོ་སྡོད་དབང་མེད། །ཀྱེ་མ་ཀྱེ་ཧུད་བུ་མོ་སེམས་པ་སྐྱོ། །སྣང་སས་ལྷའུ་དར་པོ་སྐུ་རྒྱབ་ཏུ་བསྣམས་ཏེ་མེ་ཏོག་ལྡུམ་རའི་ནང་དུ་སྐྱོ་བསངས་ལ་ཕེབས་པ་ན། ནམ་ཟླ་སྟོན་ཁར་སླེབས་པས་མེ་ཏོག་རྙིང་པ་རྣམས་བ་མོས་བརྡུངས། གསར་པ་རེ་གཉིས་ཡོད་པ་རྣམས་ལ་སྦྲང་མ་དི་རི་རིར་འཁོར་གྱི་འདུག་པས་སྣང་ས་ཐུགས་ལྷག་པར་སྐྱོ་བར་གྱུར་ཏེ་རང་དབང་མེད་པར་མཆི་མའི་རྡོག་པོ་ཕྲེང་ཐག་ཆད་པ་བཞིན་ལྷུངས།
ཉིན་ཞིག་དཔོན་གྲགས་པ་བསམ་འགྲུབ་དབུ་བསིལ་གནང་སྟེ་སྣང་སས་དབུ་ཤད་བསྐྱོན་པའི་སྐབས་སུ་དཔོན་པོའི་རྣ་བར་སྣང་ས་བཤུམས་པའི་སྒྲ་ཐོས་ནས་ཡ་མཚན་སྐྱེས་ཏེ་སྣང་སར་གཟིགས་ཏེ་འདི་སྐད་གསུངས་སོ། །རི་ནང་དཔོན་པོའི་ཇོ་མོ་བྱེད་བཞིན་དུ། །སྣང་ས་ཐུགས་སེམས་སྐྱོ་དོན་མ་མཆིས་པས། །སྤྱན་ཆབ་བསིལ་བའི་རྒྱུ་མཚན་ཅི་ཡིན་པ། །མ་གསང་དྲང་པོའི་གཏམ་ཞིག་བདག་ལ་གསུངས། །སྣང་སས་དཔོན་པོ་ལ་ཞུ་ལན་འདི་ལྟར་ཕུལ་ལོ། །རི་ནང་དཔོན་པོའི་ཇོ་མོར་སླེབས་པ་ནས། །དཔོན་ལ་གུས་ཤིང་གཡོག་ལ་བྱམས་པར་བྱས། །ལྷག་པར་ཨ་ནེའི་དགོངས་པ་མི་བསྟུན་མེད། །འོན་ཀྱང་བཟང་བྱས་ངན་ལན་ཤ་སྟག་བྱུང་། །སྡོད་བཟོད་མི་བདེའི་སྡང་ཟུག་སྣ་ཚོགས་བྱེད། །བུ་མོ་ཕ་མ་དྲན་ཏེ་སེམས་པ་སྐྱོ། །དཔོན་པོ་གྲགས་པ་བསམ་འགྲུབ་ཀྱིས་དེའི་ལན་དུ་འདི་སྐད་གསུངས་སོ། །སྣང་ས་ཡབ་ཡུམ་དྲན་པ་ཤིན་ཏུ་བདེན། །གང་མགྱོགས་གཉེན་འཕྲད་ཕེབས་པར་མི་ཆོག་མེད། །སྙིད་མོ་ནེ་ཙོའི་བྱ་བྱེད་བདེན་ངེས་ན། །བདག་གིས་ཁ་ཏ་བསླབ་བྱ་བྱས་པས་ཆོག །དེ་ལས་ཞིང་གི་བཙས་མ་རྔ་རན་འདུག །ལས་མི་རྣམས་དང་མཉམ་དུ་འགྲོ་རྩིས་གྱིས། །ཇོ་མོ་སྣང་ས་དང་ལས་མི་ཕོ་མོ་རྣམས་ཞིང་ཁའི་ནང་བཙས་མ་རྔ་བ་དང་ཨ་ནེ་སྙིད་མོ་ལས་མི་ཚོར་ལྟོ་ཆང་སྟེར་བ་དང་ལས་རྒྱབ་བྱེད་པར་ཞིང་ཁའི་ནང་དུ་སླེབས།
དེའི་སྐབས་སུ་ལ་སྟོད་དིང་རིའི་ཕྱོགས་ནས་ཕེབས་པའི་རས་པ་བླ་སློབ་གཉིས་བཙས་མ་བརྔ་སར་བྱོན་ཏེ་སྣང་སའི་ཕྱོགས་ལ་ཞལ་གཟིགས་ནས་མགུར་འདི་གསུངས་སོ། །ཁྱེད་སྣང་སའི་དལ་འབྱོར་མི་ལུས་འདི། །དབུས་ལྷ་ཁང་ལོགས་ཀྱི་ལོགས་རིས་འདྲ། །གཟུགས་མཚར་སྡུག་འཛོམས་ཀྱང་སྙིང་པོ་མེད། །ད་སྙིང་པོའི་ལྷ་ཆོས་བྱེད་རེ་རན། །
དཔོན་མོ་སྣང་སའི་ཐུགས་ལ་རས་པ་བླ་སློབ་ཀྱིས་གསུངས་པ་ཤིན་ཏུ་བདེན་སྙམ་ནས་དད་པ་ལྷག་པར་བསྐྱེད་དེ་ཡོན་འབུལ་འདོད་ཆེ་ཡང་ཨ་ནེ་སྙིད་མོ་ལས་རྒྱབ་ཏུ་ཡོད་པ་གཟིགས་ཏེ་འབུལ་མི་ནུས་པར་ཨ་ནེའི་ཕྱོགས་ལ་ཕྱག་མཛུབ་བཙུགས་ཏེ་དེར་སློང་ཤོག་གསུངས།
རས་པ་བླ་སློབ་གཉིས་ཨ་ནེའི་འགྲམ་དུ་ཕེབས་ཏེ་བསོད་སྙོམས་སློང་བས་ཨ་ནེས་ལག་གཉིས་སྐེད་གཟེར་བྱས་ཏེ་སྨྲས་པ། ཟོག་སྟོང་ཁྱེད་ཚོའི་སྣེ་ལེན་ངས་མི་ཤེས། །ཕར་ན་ཡོད་པའི་མཛེས་མ་ཀླུ་འདྲ་བ། །རི་ནང་དཔོན་པོའི་ཇོ་མོ་སྣང་ས་རེད། །དེ་ལ་ཞུས་ན་བསོད་སྙོམས་ཁོང་གིས་གནང་། །ང་ནི་ཁོང་གི་གཡོག་མོ་ཡིན་པས་སོ། །རས་པ་བླ་སློབ་གཉིས་བསྐྱར་དུ་སྣང་སའི་དྲུང་དུ་ཕེབས་པས་སྣང་ས་ཐུགས་མི་བཟོད་པར་ཚར་ཕོན་བདུན་ཁོང་རྣམ་གཉིས་ལ་ཕུལ་ནས་འདི་སྐད་གསུངས། རས་པ་བླ་སློབ་གཉིས་པོ་ག་ནས་ཕེབས། །ཡུལ་ལུང་གང་གི་ཕྱོགས་སུ་ཕེབས་རྩིས་ཡོད། །བུ་མོ་སྣང་སས་ཚེ་མཇུག་ལྷ་ཆོས་བྱེད། །དམ་པའི་ཆོས་དང་མཇལ་བ་ཐུགས་རྗེས་གཟིགས། །རས་པ་བླ་སློབ་གཉིས་པོས་སླར་ཡང་གསུང་ལན་དུ་མགུར་འདི་བཞེས་སོ། །ངེད་གཉིས་སྟོད་ལ་ཕྱི་སྒང་ནས་ཡོང་། །རྗེ་མི་ལ་རས་པའི་སློབ་མ་ཡིན། །ད་འགྲོ་བ་དབུས་ཀྱི་ཕྱོགས་ལ་འགྲོ། །ཚུར་ཟས་འབྲེལ་ཐོབ་པའི་སྣང་ས་དང་། །ཕར་ཆོས་འབྲེལ་འཐད་པའི་རས་པ་གཉིས། །ལྷ་ཆོས་དང་མཇལ་བའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྐྱབས་འཇུག་བྱེད། །
སྣང་སས་མགུར་དེ་གསན་པ་དང་དད་པ་ལྷག་པར་བསྐྱེད་དེ་ཡོན་དུ་ཡང་བསྐྱར་ཚར་ཕོན་གསུམ་ཕུལ། ཕྱག་འཚལ་བྱིན་རླབས་ཞུས། རས་པ་བླ་སློབ་གཉིས་ཀྱང་ཐུགས་མཉེས་ནས་བསྔོ་བ་སྨོན་ལམ་ཡང་དག་མཛད་དེ་ཕྱིར་བཞུད། དེ་དག་ཨ་ནེ་སྙིད་མོས་མཐོང་སྟེ་ཞེ་སྡང་དྲག་པོ་སྐྱེས་ནས་ལག་ཏུ་དབྱུག་པ་ཞིག་ཁྱེར་ཏེ་དཔོན་མོ་སྣང་སའི་མདུན་དུ་ཡོང་ནས་སྨྲས་པ། མྱང་སྟོད་རི་ནང་ཤོང་ཞིང་རིང་མོ་འདི། །འབྲུ་སྲན་གཉིས་པོའི་ཐོན་ཁུངས་དྲག་ཤོས་ཡིན། །ཚར་ཕོན་གང་ཡོད་སྤྲང་པོ་ལ་སྟེར་ན། །སྤྲང་མོ་ཁྱོད་ཀྱང་མི་སྡོད་མཉམ་དུ་སོང་། །དཔོན་མོ་སྣང་སས་དེའི་ལན་དུ་སྨྲས་པ། སྤྲང་པོ་གཏམ་འཁྱེར་ལུང་པའི་མདའ་དང་ནི། །ཕོ་རོག་ཤ་འཁྱེར་ལུང་པའི་ཕུ་བཞིན་དུ། །མྱང་སྟོད་རི་ནང་དཔོན་པོའི་གཏམ་དོན་ལ། །གནོད་དོགས་ཚར་ཕོན་ཁ་ཤས་བྱིན་པ་ཡིན། །ལྷག་དོན་དབང་ཕྱུག་མི་ལའི་བུ་སློབ་ལ། །སྤྲང་པོ་གསུངས་ན་སྡིག་པའི་རྒྱུ་ཡིན་ནོ། །དེ་ལ་བསྙེན་བཀུར་ཞུ་བ་དགེ་བའི་ལས། །རྗེས་སུ་ཡི་རངས་མཛད་དོ་ཨ་ནེ་ལགས། །ཨ་ནེ་སྙིད་མོས་གཏམ་དེ་ཐོས་པ་དང་ཁོང་ཁྲོས་མིག་རྩ་དམར་པོར་གྱུར་ཏེ་སྣང་སའི་མདུན་དུ་མཆོངས་ནས་སྨྲས་པ། སྔོན་ཆད་ཚིག་བརྡ་སྤྲོད་པ་ལ་མ་ཉན། ད་ཆ་ལག་བརྡ་སྤྲོད་པའི་དུས་ལ་བབས་ཞེས་བཤད་དེ་སྣང་སའི་དབུ་སྐྲ་ནས་འཇུས་ཏེ་ས་ལ་བརྡབས། འགྱེལ་ཐོག་དབྱུག་པས་ལན་མང་བརྡུངས། སྣང་སའི་དབུ་ནས་དབུ་སྐྲ་རྐང་བདུན་བཏོགས་ཏེ་ཨམ་ཕྲག་ཏུ་བཅུགས་ནས་ཁྱིམ་དུ་ལོག །
ཨ་ནེ་སྙིད་མོས་དཔོན་གྲགས་པ་བསམ་འགྲུབ་ཀྱི་དྲུང་དུ་ཕྱིན་ཏེ་ཨམ་ཕྲག་ནས་སྐྲ་རྐང་བདུན་པོ་དེ་བཏོན་ཏེ་དཔོན་གྱི་ཕྱག་ཏུ་ཕུལ། ངུ་ངག་དང་བཅས་ཏེ་སྨྲས་པ། ད་ནངས་ཞོགས་པ་རང་རེའི་ཤོང་ཞིང་སྟེང་། །རས་པ་ཡིན་ཟེར་ཟོག་སྟོང་མི་གཉིས་འབྱོར། །སྣང་ས་སེམས་ཤོར་ཚར་ཕོན་ཕལ་ཆེར་བྱིན། །ངོ་ཚ་ཁྲེལ་མེད་བྱེད་ལས་མང་པོ་སྤེལ། །ཤ་ཚས་མི་བཟོད་ཁ་ཏ་བྱས་པ་ན། །གདོང་དུ་མཆོངས་ནས་མགོ་སྐྱེས་ལན་བུ་བཏོགས། །ཤ་རུས་གཅིག་པའི་སྤུན་དང་མནའ་མ་གཉིས། །གདམ་ག་མ་ནོར་བ་ཞིག་ཇོ་ཇོས་མཛོད། །
དཔོན་གྲགས་པ་བསམ་འགྲུབ་ཀྱིས་གཏམ་དེ་གསན་པ་དང་ཐུགས་ལ་སྙིད་མོ་ནེ་ཙོ་ལེགས་ཀྱིས་ར་སྤྲོད་རྒྱུ་མེད་པར་ཧམ་པ་དེ་འདྲ་རང་བཤད་མདོག་མེད་དང་།དཔོན་མོ་སྣང་ས་ཟེར་བར་ངེད་རི་ནང་དཔོན་གཡོག་ཚང་མས་དགའ་བའི་འཛུམ་གྱིས་བསུས། བརྩེ་བའི་ཡིད་ཀྱིས་བསྐྱངས་བ་ཡིན་པས་དེ་སྐྱག་ལང་ཤོར་བ་ཡིན་སྲིད་སྙམ་སྟེ་དཔོན་མོ་སྣང་ས་གར་བཞུགས་ཀྱི་དྲུང་དུ་བྱོན། སྣང་ས་ཞིང་ཁའི་ཁུག་ཀྱོག་གཅིག་ན་སྤྱན་ཆབ་བསིལ་ཞིང་བཞུགས་འདུག་པ་དཔོན་གྲགས་པ་བསམ་འགྲུབ་ཀྱིས་གཟིགས་ཏེ་སྨྲས་པ། བཅོལ་བའི་ལས་ཀ་འདི་བྱས་ཁྱོད་ལ་བསྟན་རྒྱུ་མེད་པར། །མ་བཅོལ་ཟོག་སྟོང་རས་པར་སྣེ་ལེན་བྱས་པ་མི་ཆོག །ད་དུང་ང་ཡི་ནུ་མོར་ཉེས་བརྡུངས་བཏང་བ་གང་ཡིན། །དཔོན་མོ་སྣང་སའི་ཐུགས་ལ་ཨ་ནེ་སྙིད་མོས་དཔོན་ལ་སྙན་ཕྲ་ཞུ་ལོག་ཕུལ་བ་ཡིན་འདུག་ཀྱང་། གཏམ་དྲང་པོར་ཞུས་ན་ཁོང་རང་སྐུ་མཆེད་བར་དུ་སེལ་འཇུག་ལ་འགྲོ་ཉེན་འདུག་སྙམ་ནས་བཟོད་སྒོམ་གནང་སྟེ་ཚིག་གཅིག་མ་ཞུས། དཔོན་པོ་གྲགས་པ་བསམ་འགྲུབ་ཀྱི་ཐུགས་དགོངས་ལ་སྣང་སའི་གནོང་ཡོད་པའི་རྣམ་པ་ལ་བལྟས་ན་ནུ་མོ་སྙིད་མོ་ནེ་ཙོས་ཟེར་བ་བདེན་འདུག་སྙམ་ནས་ཐུགས་རབ་ཏུ་ཁྲོས་ཏེ་སྣང་སའི་དབུ་སྐྲ་ནས་འཇུས་ཏེ་ཕར་དྲུད་ཚུར་དྲུད་བྱས། ད་དུང་ཞབས་རྡོག་དང་གྲི་ལྟག་གིས་ལན་མང་བརྡུངས་པས་སྐུ་ལུས་ཀྱི་རྩིབས་མ་གསུམ་ཙམ་ཆག་སྟེ་བསྙུང་ཟུག་མི་བཟོད་པར་གསུང་སྐད་ལྷང་ལྷང་ཤོར།
ཚུལ་འདི་ཕོ་གཡོག་བསོད་ནམས་དཔལ་བསྐྱེད་དང་མོ་གཡོག་འཛོམས་པ་སྐྱིད་གཉིས་ཀྱིས་མཐོང་སྟེ་དཔོན་པོ་གྲགས་པ་བསམ་འགྲུབ་ལ་ཕྱག་འཚལ་ནས་ངོ་ཆེན་ཞུ་བ་ལན་མང་ཕུལ། གཡོག་ཕོ་མོ་གཉིས་ཀྱིས་དཔོན་པོ་གྲགས་པ་བསམ་འགྲུབ་དང་དཔོན་མོ་སྣང་ས་འོད་འབུམ་གཉིས་སོ་སོའི་གཟིམ་ཆུང་དུ་གདན་དྲངས། བླ་མ་བཟང་པོ་ཤཱཀྱ་རྒྱལ་མཚན་གྱིས་སྣང་ས་འོད་འབུམ་མཁའ་འགྲོ་ཡིན་པ་མཁྱེན་ཏེ་དེ་ཆོས་ལ་སྐུལ་ཕྱིར་སྤྲང་པོ་ཕོ་གཞོན་སྤྲེལ་རྩེད་མཁས་པ་ཞིག་ལ་སྤྲུལ་ཏེ་སྣང་སའི་གཟིམ་ཆུང་གི་རབ་གསལ་འོག་ཏུ་ཕེབས་ནས་གླུ་བླངས། སྣང་ས་འོད་འབུམ་ནི་སྤྲང་པོའི་གླུ་ལ་ཡིད་ཆགས། ལྷའུ་དར་པོ་ནི་སྤྲང་པོའི་སྤྲེལ་རྩེད་ལ་ཐུགས་གཡེངས་ནས་བཞུགས། དེ་ནས་སྣང་སས་སྤྲང་པོ་གཟིམ་ཆུང་ནང་ལྐོག་ཏུ་བོས་ཏེ་རང་གི་རྒྱན་གོས་ཁྲོད་ནས་སྣེ་ཁ་རེ་གཉིས་སྟེར། སྣང་སས་སྤྲང་པོ་ལ་སྐད་ཆ་འདི་ལྟར་དྲིས་པ། བུ་མོ་མི་སྡོད་དམ་པའི་ལྷ་ཆོས་བྱེད། །འོད་དེ་འབུམ་པ་དབེན་པའི་རི་ཁྲོད་འགྲིམས། །དགོན་པ་གང་ལ་བསྡད་ན་སྐྱིད་པ་ཡོང་། །བླ་མ་སུ་ལ་བཏུད་ན་བྱིན་རླབས་ཆེ། །མ་གསང་དྲང་པོའི་གཏམ་ལན་ད་ལྟ་མཛོད། །
སྤྲང་པོས་ཐལ་མོ་སྙིང་ཁར་སྦྱར་ཏེ་གཏམ་ལན་འདི་ལྟར་ཕུལ། འདི་ནས་རྩིས་པའི་ཉི་མའི་བྱང་ཕྱོགས་ན། །དགོན་པ་སྐྱིད་པོ་སེ་ར་གཡའ་ལུང་གནས། །བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་བཞུགས། །དཔོན་མོ་ཆོས་ལ་ཕེབས་ན་དེ་རུ་ཕེབས། །སྣང་སས་བླ་མ་མཇལ་ན་དེ་ག་མཇལ། །སྣང་སས་དེ་གསན་པ་དང་ཐུགས་ཤིན་ཏུ་མཉེས་ཏེ་སྤྲང་པོར་རང་གི་སྐུ་རྒྱན་གྱི་གྲས་ནས་བྱུ་རུ་ཆེ་བ་རྡོག་ལྔ་དང་གཡུ་སྤུས་ལེགས་རྡོག་གསུམ་གསོལ་རས་གནང་།
དེའི་སྐབས་སུ་སྒོ་རྩར་ཕེབས་པའི་དཔོན་སྒྲ་ཆེན་གྱིས་སྒོའི་སེར་སྲུབ་ནས་གཟིགས་ཏེ་ཐུགས་ལ་སྙིད་མོས་བུ་གྲགས་པ་བསམ་འགྲུབ་ལ་བཤད་པ་དེ་བདེན་འདུག །སྣང་སས་སྤྲང་པོ་ནང་དུ་བོས་ནས་རྒྱན་ཆ་ཕངས་མེད་སྟེར་བ་དེ་ལ་བལྟས་ན་མོ་དངོས་གནས་འཆལ་མོ་ལང་ཤོར་ཞིག་རེད་འདུག་སྙམ་ནས་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར། ཡབ་སྒྲ་ཆེན་ནང་དུ་འཛུལ་ཏེ་སྣང་སའི་དབུ་སྐྲ་ནས་འཇུས་ཏེ་ཕྱག་འཇུག་དྲག་པོ་གནང་བ་མ་ཟད། ལྷའུ་དར་པོ་ཡང་ཡབ་སྒྲ་ཆེན་རང་གིས་བསྣམས་ཏེ་སྣང་སའི་དྲུང་དུ་མ་བཞག་པར་མ་མར་བཅོལ། སྣང་ས་ཡབ་སྲས་གཉིས་ཀྱིས་ཉེས་རྡུང་དྲག་པོ་ཕོག་པའི་སྟེང་རང་གི་གཅེས་པའི་བུ་དང་བྲལ་བའི་གདུང་བས་མ་བཟོད་པར་ཉིན་དེའི་ནུབ་མོ་གཟིམ་མལ་དུ་སྙིང་རླུང་སྟོད་ལ་འཚངས་ཏེ་སྐུ་ཚེ་མ་ཟིན་པར་གྱུར། གཡོག་མོས་འཕྲལ་དུ་དཔོན་ཡབ་སྲས་གཉིས་ལ་ཞུས་པས་ཁོང་གཉིས་སྣང་སའི་གཟིམ་མལ་འགྲམ་དུ་ཕེབས་ཏེ་སྣང་སས་ན་རྫུ་ཤི་རྫུ་བྱས་པ་རེད་སྙམ་སྟེ་སྨྲས་པ། གཟིམ་ཆུང་སྐྱིད་པའི་དྲོ་འཇམ་མལ་སའི་ནང་། །དཔོན་མོ་སྣང་སས་ཤི་རོ་བྱེད་ཁུལ་བྱས། །ལུས་ལ་ན་ཚ་ཡོང་བ་ལོས་བདེན་ཡང་། །བུ་མོ་མི་རྟག་འཆི་བ་ཡོང་དོན་མེད། །
སྣང་སས་དེ་ལ་ལན་ཙམ་ཡང་མེད་པས་ཡབ་སྲས་གཉིས་ཀྱིས་ཞིབ་ཏུ་བརྟགས་པས་སྣང་སའི་དབུགས་ཀྱི་རྒྱུ་བ་ཆད་པ་མཁྱེན་ཏེ་འགྱོད་གདུང་དྲག་པོ་སྐྱེས་ཀྱང་བྱ་ཐབས་གཞན་གང་ཡང་མ་བྱུང་། དེ་ནས་སྣང་སའི་རྗེས་འཇུག་བྱ་བ་རྒྱས་པར་བྱས། དུར་གྱི་རྩིས་འབྲས་ནང་གསལ་བར་སྣང་སའི་སྐུ་གདུང་ཤར་ཕྱོགས་ཀྱི་སྤང་རི་གླང་ཆེན་སྣ་ཞགས་བརྐྱངས་པ་ལྟ་བུ་དེའི་སྟེང་དུ་བསྐྱལ་ནས་ཉི་མ་བདུན་གྱི་བར་ཐོ་ཐོ་རེག་རེག་མ་བྱེད།
དེ་ནས་མེར་བསྲེག་བྱ་གཏོར་གང་བྱས་བལྟས་ཆོག་ཅེས་པ་གཞིར་བཞག་བྱས། ཉིན་བདུན་འདས་པའི་མཚམས་སུ་ཕུང་པོ་སྐྱེལ་མི་རྣམས་ཀྱིས་ཨ་ཅེ་སྣང་སའི་གསུང་ལྷང་ལྷང་བྱོན་པ་ཐོས་ཏེ་འགྲམ་དུ་བལྟ་བར་འགྲོ་དུས་སྣང་ས་ནི་རོ་རས་དེས་སྟོད་གཡོགས་དང་སྣམ་དཀར་གྱིས་སྨད་གཡོགས་མཛད་ནས་སྐུ་ལུས་ཀྲོང་ངེར་བཞུགས་འདུག་པ་མཐོང་བས་ཧ་ལས་ཧང་སོང་སྟེ་མྱང་སྟོད་རི་ནང་པའི་དཔོན་པོར་གཏམ་སྙན་འབུལ་བར་ཕྱིན། རི་ནང་དཔོན་པོ་ཡབ་སྲས་གཉིས་ཀྱིས་ཤར་ཕྱོགས་རི་རྩེར་གཟིགས་པས་དེ་ཁུལ་ནམ་མཁར་འཇའ་གུར་ཕུབ་པ་དང་། རྣ་བར་ཌ་རུ་དང་སིལ་སྙན་འཁྲོལ་བའི་སྒྲ་ཐོས་ཏེ་ཡིད་ལ་འགྱོད་བཤགས་དྲག་པོ་སྐྱེས་ཏེ་སྨྲས་པ། རིགས་བཟང་མཁའ་འགྲོ་སྣང་ས་འོད་འབུམ་ལགས། །ཐུགས་དང་འགལ་བ་ཅི་བགྱིས་བཟོད་དུ་གསོལ། །རི་ནང་དཔོན་པོ་ཕ་བུ་མ་དགོངས་ཀྱང་། །ལྷའུ་དར་པོ་དགོངས་ཏེ་ལོག་རོགས་མཛོད། །ཚུལ་དེ་ལྷའུ་དར་པོས་གཟིགས་ཏེ་ཐུགས་ཤིན་ཏུ་སྐྱོ་བའི་ངང་ནས་སྨྲས་པ། དྲིན་ཅན་མ་དང་བྲལ་བའི་བུ་ཆུང་ང་། །གཤོག་རྩལ་མེད་པའི་འདབ་ཆགས་བྱ་དང་འདྲ། །གནམ་ལ་འཕུར་ཡང་ས་གཞིའི་སྟེང་དུ་ལྷུང་། །དེ་ཚོ་བསམ་ནས་མ་བུ་འབྲལ་མེད་མཛོད། །ཨ་མ་ཁྱིམ་ལ་ཅིས་ཀྱང་ལོག་རོགས་མཛོད། །
སྣང་ས་བུ་ཆུང་ལྷའུ་དར་པོ་ལ་ཤིན་ཏུ་སྙིང་རྗེ་སྐྱེས་ནས་སྤྱན་ཆབ་དབང་མེད་དུ་ཤོར། འོན་ཀྱང་བུའི་འདོད་པ་ལྟར་ཁྱིམ་ལ་ལོག་ན་ཆོས་ལ་བར་ཆད་བྱེད་པར་དགོངས་ཏེ་འདི་ལྟར་སྨྲས་པ། གསུང་སྙན་འགྱུར་བའི་ལྕང་གླིང་འཇོལ་མོ་ཁྱེད། །ལྕང་གླིང་གྲུ་བཞི་ང་ལ་མ་ཆགས་ཤིང་། །ང་ལས་ལྷག་པའི་སྐྱེད་ཚལ་ཀླུ་སྡིངས་ཡོད། །ལྕང་མ་ང་ནི་ནམ་མཇུག་བསྡུ་ཉེན་འདུག །གསན་པ་ཨེ་བྱུང་ཨ་མའི་སྙིང་གི་བུ། །ལྷའུ་དར་པོའི་ཐུགས་ལ་དེ་ལྟར་ཞོག །
དེའི་ལན་དུ་ལྷའུ་དར་པོས་སྨྲས་པ། བྱིའུ་ཆུང་འཇོལ་མོས་གསུང་སྙན་མ་ཤེས་བར། །ལྕང་གླིང་གྲུ་བཞི་ཅིས་ཀྱང་བཞུགས་རོགས་མཛོད། །བྱེའུ་ཆུང་མཇོལ་མོའི་སྙན་འགྱུར་ཤེས་པའི་དུས། །ལྕང་གླིང་བྱེའུ་ཆུང་བསྡེབས་ནས་ལྷ་ཆོས་བྱེད། །དེ་བར་ལྕང་གླིང་ནམ་མཇུག་མི་བསྡུ་བ། །དབྱར་སོས་ནམ་ཟླ་མགྲོན་དུ་བོས་པས་ཆོག །མྱང་སྟོད་རི་ནང་པའི་དཔོན་གཡོག་ཚང་མས་སྲས་ལྷའུ་དར་པོའི་ཞུ་བ་ལ་རྒྱབ་སྐྱོར་མང་དུ་བྱས་ཤིང་། ལྷག་དོན་ཨ་ནེ་སྙིད་མོས་རང་གི་སྔོན་བྱས་བྱ་བ་ལ་འགྱོད་པ་དྲག་པོས་བཤགས་ཏེ་སྣང་ས་ལོག་ཕེབས་རྒྱུའི་ཞུ་བ་ནན་པོ་ཁ་ཞེ་མེད་པ་ཕུལ། སྣང་སས་ཚུལ་དེ་དག་ལ་གཟིགས་ཏེ་མྱང་སྟོད་རི་ནང་པའི་དཔོན་གཡོག་ཚང་མས་ལྷག་བསམ་རྣམ་དག་གིས་ཞུ་བ་ཕུལ་བ་ཡིན་འདུག་པས་ད་ནི་ཁོང་རྣམས་ཀྱི་བློ་སྣ་ཆོས་ལ་དྲངས་ཐུབ་ན་དགའ་པོ་ཡོང་བ་འདུག་དགོངས་ཏེ་ཁྱིམ་དུ་ཕེབས་རྒྱུར་ཞལ་བཞེས།
སྣང་ས་ཁྱིམ་ལ་ཕེབས་ཏེ་དཔོན་པོ་ཡབ་སྲས་དང་ཨ་ནེ་སྙིད་མོ་བཅས་ལ་བཀུར་སྟི་ཞབས་ཏོག་ལེགས་པར་ཞུས་པ་དང་ཆབས་ཅིག་ཐེག་ཆེན་གྱི་ཆོས་སོ་སོའི་སྐལ་པ་དང་འཚམ་པ་ཅི་འདྲ་ཞིག་གསུངས་ཀྱང་། ཁོང་ཚོ་ནི་སྣང་ས་སླར་ཡང་ཆོས་ལ་བྱོན་དོགས་ཀྱིས་སྡུག་བསྔལ་ཁོ་ནའི་ཁྲོད་དུ་དུས་འདའ་བར་བྱས། དེ་ལྟའི་ཁྲོད་དུ་སྣང་ས་ཡང་ཐུགས་ཤིན་ཏུ་བག་མི་ཕེབས་པར་གྱུར་ཏེ་ཉིན་ཞིག་དཔོན་ཡབ་སྲས་ལ་ཞུ་བ་ཕུལ་ཏེ་ལན་གཅིག་ཕ་མ་དྲན་པས་གཏོང་རོགས་ཞུས་པར་དཔོན་སྒྲ་ཆེན་གྱི་ཐུགས་ལ་ཕ་མ་འཕྲད་དུ་བཏང་ན་སྣང་ས་ཕ་མར་ཆགས་ཏེ་ཆོས་ལ་འགྲོ་མི་ཐུབ་པ་ཞིག་ཡོང་རྒྱུ་རེད་སྙམ་ནས་སྐྱེས་ཀྱི་བདོག་པ་བཟང་པོ་བསྐུར་ཏེ་ལྗང་ཕད་ཁུད་དུ་གཉེན་འཕྲད་ལ་བཏང་། སྣང་ས་ཡུམ་སྲས་གཉིས་དང་གཡོག་མོ་བཅས་མྱང་སྟོད་རི་ནང་པའི་ཁྱིམ་ནས་ལྗང་ཕད་ཁུད་ཀྱི་ཕྱོགས་སུ་ཐོན་ཞིང་། དེ་སྐབས་མྱང་ཆུ་ཤིན་ཏུ་རྒྱས་ཏེ་ཟམ་ཆེན་ལ་མ་ཐར་བས་ཀོ་གྲུར་བཞུགས། སྣང་ས་ཡུམ་སྲས་གཉིས་ལྗང་ཕད་ཁུད་ཁྱིམ་དུ་ཕེབས་ཏེ་ཡབ་ཡུམ་གཉིས་དང་མཇལ་བས་སྤྲོ་བ་རབ་ཏུ་འཕེལ། ཡབ་ཀུན་བཟང་བདེ་ཆེན་གྱིས་བཀྲ་ཤིས་མཇལ་དར་བསྒྲོན། ཡུམ་མྱང་ཚ་གསལ་སྒྲོན་གྱིས་མཆོད་ཆང་བཏེགས་ཏེ་འདི་སྐད་གསུངས་སོ། །ཕ་མ་རྒན་རྒོན་འཆི་བ་མ་བྱུང་གོང་། །བུ་མོ་ཁྱིམ་ལ་ཕེབས་པ་བཀའ་དྲིན་ཆེ། །ཕ་མས་བུ་མོ་མ་མཇལ་ཡུན་རིང་སོང་། །བུ་མོ་སྣང་ས་སྐུ་ཁམས་བདེ་ལགས་སམ། །སྣང་སས་སྨྲས་པ། ཨ་མའི་བུ་མོ་སྣང་ས་འོད་འབུམ་ང་། །གློ་བུར་མི་རྟག་འཆི་བ་བྱུང་ལགས་ཀྱང་། །འདས་ལོག་བྱས་པའི་སླར་ཡང་བུ་མོ་ང་། །དྲིན་ཆེན་ཕ་མ་མཇལ་བ་ངོ་མཚར་ཆེ། །ཞེས་བྱ་བ་སོགས་མྱང་སྟོད་རི་ནང་པའི་ཁྱིམ་དུ་ཉེས་རྡུང་ཕོག་ནས་འདས་པ་དང་དེ་ནས་འདས་ལོག་བྱུང་བའི་ཚུལ་རྣམས་ཕ་མ་གཉིས་ལ་ཞིབ་པར་ཞུས། ཡབ་ཡུམ་གཉིས་ཀྱིས་གཏམ་དེ་དག་གསན་པ་དང་དགའ་སྐྱོ་ཟུང་འབྲེལ་གྱིས་སྤྱན་ཆབ་བསིལ་ཞིང་། བུ་མོའི་ཕྱག་ནས་འཇུས་ཏེ་འཇིག་རྟེན་ཁ་རྒྱུན་ལ་རོ་དུར་ཁྲོད་ནས་ལོག་ཟེར་བའི་གཏམ་དེ་ངའི་བུ་མོར་བྱུང་འདུག་ཅེས་གསུངས།
ཉིན་གཅིག་སྣང་ས་ཐགས་ར་ལ་ཕེབས་པས་ཐགས་ཁྲིའི་ཐོག་སྣམ་བུ་འཐག་འཕྲོ་ཡོད་པ་དེ་ལ་གཟིགས་ནས་དེ་ནི་ཡབ་ཡུམ་གཉིས་ཀྱི་ཞབས་དོར་ཡིན་པར་དགོངས་ནས་ཐགས་འཐག་རྩིས་མཛད། སྐབས་དེར་ན་མཉམ་གྱི་གྲོགས་མོ་མང་པོ་ཞིག་གིས་ཇ་ཆང་ཁྱེར་ཏེ་ཐགས་རར་འཛོམས། གྲོགས་མོ་ཚོས་ཕན་ཚུན་སོ་སོའི་རྒྱན་གོས་དགའ་སྡུག་དང་། གཏན་གྲོགས་བྱམས་ལོས་ཀྱི་གཏམ་མང་དུ་གླེང་བས་སྣང་སས་གྲོགས་མོ་དེ་དག་གི་བློ་ཁ་ཆོས་ལ་ཁུག་ན་ཅི་མ་རུང་སྙམ་སྟེ་ཐགས་ཆ་དཔེ་རུ་བླངས་ཏེ་གྲོགས་མོ་རྣམས་ཀྱི་བློ་ཁ་ཆོས་ལ་ཁུག་པའི་སྙིང་གཏམ་མང་པོ་སྨྲས་སོ། །དེའི་ཁྲོད་བུ་མོ་རེ་གཉིས་ཀྱི་བློ་ཁ་ཆོས་ལ་ཕྱོགས་ནས་སྡིག་སྤངས་དགེ་སྒྲུབ་ལ་བརྩོན་པ་བྱུང་ཡང་། དེ་བྱིངས་ཕལ་ཆེ་བའི་བློ་ལ་ད་ཆ་སྣང་ས་ལྟོ་གོས་གཏམ་གསུམ་འཛོམས་ཤིང་། ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྐབས་འདིར་ཆོས་ལ་ཕེབས་ནས་གང་ཡོང་སྙམ་སྟེ་གང་བསམ་པ་དེ་ཐད་ཀར་སྣང་ས་ལ་ཞུས། སྣང་སས་དེའི་ལན་དུ་འདི་སྐད་སྨྲས་སོ། །ཚེ་མི་རྟག་སྤང་རིའི་ལོགས་ཀྱི་འཇའ་ཚོན་འདྲ། །འཇའ་ཁ་དོག་མཚར་ཡང་སྙིང་པོ་སྤུ་ཙམ་མེད། །ཁྱོད་གྲོགས་མོ་རྣམ་པ་ལྷ་ཆོས་མི་བྱེད་ཀྱང་། །ང་སྣང་ས་མི་སྡོད་དབེན་པའི་རི་ཁྲོད་འགྲིམས། །ཡུམ་མྱང་ཚ་གསལ་སྒྲོན་གྱིས་བུ་མོའི་གཏམ་གསན་ཏེ་ཚིག་འཇམ་རྩུབ་གཉིས་ཐད་ནས་བུ་མོ་ཁྱིམ་ལ་བཞུགས་ཏེ་ཁྱིམ་ཐབ་ལེགས་པོ་སྐྱོང་དགོས་པའི་ཁ་ཏ་བྱས་ཀྱང་སྣང་སས་ཆོས་ལ་འགྲོ་རྒྱུའི་བློ་བརྟན་འགྱུར་བ་མེད་པའི་ལན་བྱས་པ་ལ་ཡུམ་རབ་ཏུ་ཁྲོས་ཏེ་གོ་ཐལ་སྦར་མོ་གང་སྣང་སའི་ཞལ་ལ་གཏོར།
གོ་ཡོག་སྣང་སའི་ཕྱོགས་ལ་རྒྱག་ཏུ་སོང་བར་གྲོགས་མོ་རྣམས་ཀྱིས་འཇུས་ནས་རྒྱག་མ་ཐུབ། དེ་ནུབ་ཡུམ་གྱིས་སྣང་ས་ཁྱིམ་གྱི་ཕྱིར་ཕུད་པས་སྣང་སས་ན་མཉམ་གྲོགས་མོ་ཞིག་གི་ཁྱིམ་དུ་བཞུགས། སྣང་ས་མལ་སར་གཟིམས་ཏེ་ཐུགས་ལ་འདི་ལྟར་ཤར་བ། འདས་ལོག་གི་སྣང་ས་ང་ད་དུང་འཁོར་བར་ཡིད་ཆགས་ནས་བསྡད་ན་ག་ལ་འགྲིག །ད་ནི་གཤིན་རྗེ་ཆོས་རྒྱལ་གྱི་བཀའ་ལྟར་འཁོར་བའི་འཆིང་ཐག་བཅད་ནས་ཆོས་ལ་འགྲོ་བའི་དུས་ལ་བབས་འདུག་དགོངས་ཏེ་མཚན་མོ་གནས་ཚང་གི་མི་རྣམས་གཉིད་དུ་ཡུར་བ་དང་སྒོ་ནས་ཐོན་ཏེ་ཕྱིར་ཕེབས།
སྣང་ས་རྩེ་ཆེན་དགའ་བཞིའི་མདུན་རྒྱུད་རྩེ་ཆེན་ཟམ་པའི་སྟེང་དུ་ཕེབས་པ་དང་། ཤར་རིའི་རྩེ་ནས་བཅོ་ལྔའི་ཟླ་བ་ཤར་བ་དུས་མཉམ་པས་རྟེན་འབྲེལ་ཤིན་ཏུ་ལེགས་སོ་དགོངས་ཏེ་མྱང་ཆུ་ནས་ཆུ་ཕུད་ལན་གསུམ་གཏོར་ཏེ་སེ་ར་གཡའ་ལུང་དགོན་གྱི་ཕྱོགས་སུ་ཕེབས། སེ་ར་གཡའ་ལུང་དགོན་གཤམ་དུ་ཕེབས་པ་དང་ཉི་མ་ཤར་བ་འགྲིག་ཅིང་བླ་མའི་སྒྲུབ་ཁང་འོག་ཏུ་འབྱོར་བ་དང་ཚོགས་དུང་བཏང་བ་དུས་མཉམ་པས་སྣང་ས་ནི་རྟེན་འབྲེལ་ཤིན་ཏུ་ལེགས་པོ་འགྲིག་བྱུང་སྙམ་སྟེ་བཞིན་ནས་དགའ་བའི་འཛུམ་མདངས་ཕྱུང་། བླ་མ་ཤཱཀྱའི་རྒྱལ་མཚན་གྱིས་སྣང་ས་ཕེབས་པ་མངོན་མཁྱེན་གྱིས་གཟིགས་ཏེ་བླ་མའི་ཉེ་གནས་ཚུལ་ཁྲིམས་རིན་ཆེན་བྱ་བ་བཏང་སྟེ་མ་གིའི་ལ་གཤམ་གྱི་བུ་མོ་དེས་ཅི་ཟེར་ལྟོས་ཤོག་ཅེས་གསུངས། ཉེ་གནས་ཚུལ་ཁྲིམས་རིན་ཆེན་སྣང་སའི་མདུན་དུ་ཕེབས་པ་དང་སྣང་སར་འདི་སྐད་དྲིས་སོ། །བུ་མོ་ཁྱོད་ནི་གང་ནས་འོང་བ་ཡིན། །བུ་མོ་ཁྱོད་ཀྱི་མིང་ལ་ཇི་སྐད་ཟེར། །འདི་རུ་ཡོང་བའི་དགོས་དོན་གང་ཡིན་པ། །དེ་རྣམས་མ་གསང་དྲང་པོར་ང་ལ་ཤོད། །
སྣང་སས་དེའི་ལན་དུ་སྨྲས་པ། བདག་ནི་མྱང་སྟོད་ལུང་པའི་ཕུ་ནས་ཡོང་། །བུ་མོའི་མིང་ལ་སྣང་ས་འོད་འབུམ་ཟེར། །འདི་ན་ལྷ་ཆོས་བྱེད་དུ་ཡོང་བ་ཡིན། །བླ་མའི་མཇལ་ཁ་ཅིས་ཀྱང་གཏོང་རོགས་མཛོད། །ཉེ་གནས་ཚུལ་ཁྲིམས་རིན་ཆེན་སྣང་སའི་སྐུ་ཡི་མཛེས་སྡུག་དང་། གསུང་གི་སྙན་འགྱུར། ཐུགས་ཀྱིས་ལྷ་ཆོས་ལ་མོས་པ་བཅས་ལ་ཧ་ལས་ཏེ་ཕྱིར་ལོག་ནས་བླ་མ་ཤཱཀྱའི་རྒྱལ་མཚན་ལ་མཐོང་ཐོས་བྱུང་བ་དེ་དག་ཞིབ་པར་ཞུས།
བླ་མ་ཤཱཀྱའི་རྒྱལ་མཚན་གྱིས་སྣང་ས་ལ་མཇལ་ཁ་བཏང་བ་ན་སྣང་སས་རང་གི་མགོ་རྒྱན་ཅི་ཡོད་བླ་མ་ལ་ཕུལ་ནས་ཕྱག་འཚལ་བྱིན་རླབས་ཞུས། བླ་མས་འདས་ལོག་སྣང་ས་འོད་འབུམ་འདི་ནི་རིགས་བཟང་མཁའ་འགྲོ་མ་སྐལ་ལྡན་ཞིག་ཡིན་པ་དང་། གསང་སྔགས་སྣོད་ལྡན་གྱི་སློབ་མ་ཞིག་ཡིན་པ་རྟོགས་ཏེ་ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར། རྒྱུད་བཤད་མན་ངག་རྣམས་གནང་སྟེ་སྒྲུབ་ཁང་ཆུང་ངུ་ཞིག་ནང་བསྒོམ་དུ་བཅུག །སྣང་སའི་ཡབ་ཡུམ་གཉིས་དང་སྲས་ལྷའུ་དར་པོ་བཅས་མྱང་སྟོད་རི་ནང་པར་ཕེབས་ཀྱང་སྣང་ས་དེར་ཡང་མ་བཞུགས་པ་གཞི་ནས་མཁྱེན་ཏེ་དཔོན་སྒྲ་ཆེན་ཡབ་སྲས་ལ་སྣང་ས་ཁྱིམ་དུ་ཕེབས་སྐབས་ཀྱི་ལོ་རྒྱུས་རྣམས་ཞིབ་པར་ཞུས།
དཔོན་སྒྲ་ཆེན་གྱིས་མངའ་འབངས་མི་སེར་རྣམས་བསྐུལ་ཏེ་སྣང་ས་གར་སོང་འཚོལ་དུ་བཅུག་པ་ན། དཔོན་མོ་སྣང་ས་འོད་འབུམ་ནི་དགོན་པ་སྐྱིད་པོ་སེ་ར་གཡའ་ལུང་དུ་བླ་མ་བཟང་པོ་ཤཱཀྱའི་རྒྱལ་མཚན་དྲུང་དུ་ཆོས་གནང་སྟེ་བཞུགས་ཡོད་པ་མཁྱེན། དཔོན་སྒྲ་ཆེན་ཡབ་སྲས་གཉིས་ཀྱིས་དམག་གི་སྣེ་དྲངས་ཏེ་དགོན་པ་སེ་ར་གཡའ་ལུང་ལ་གཡུལ་བཤམས་ནས་གྲྭ་བཙུན་ལ་མཚོན་བསྣུན་པས་ལ་ལ་ཤི་བ་དང་། ལ་ལ་རྨས་པ་སོགས་བལྟ་བས་མི་བཟོད་པའི་ཡ་ངའི་གནས་ཚུལ་ཐོན། ཉེ་གནས་ཚུལ་ཁྲིམས་རིན་ཆེན་གྱིས་བླ་མ་ཤཱཀྱའི་རྒྱལ་མཚན་རྒྱབ་ཏུ་ཁུར་ཏེ་བྲོས་རྩིས་བྱས་ཀྱང་དགོན་པའི་ཕྱོགས་ཐམས་ཅད་དམག་གིས་བསྐོར་ཟིན་པས་བྲོས་མ་ཐར་བར་དམག་མིས་བཟུང་བཀྱིག་བྱས་ཏེ་དཔོན་སྒྲ་ཆེན་གྱི་མདུན་དུ་ཁྲིད། འདས་ལོག་སྣང་ས་འོད་འབུམ་གྱིས་སྒྲུབ་ཁང་ནས་ཚུལ་དེ་གཟིགས་པ་དང་ཐུགས་ཡེ་ནས་མ་བཟོད་པར་སྐུ་ལུས་ལ་རས་དཀར་པོ་དང་སྒོམ་ཐག་མཆོད་བཞིན་པར་དཔོན་སྒྲ་ཆེན་ཡབ་སྲས་ཀྱི་མདུན་དུ་ཕེབས། སྣང་སས་དཔོན་སྒྲ་ཆེན་གྱི་རྟ་ཁ་ནས་འཇུས་ཏེ་འདི་སྐད་སྨྲས་སོ། །ཤཱཀྱའི་རྒྱལ་མཚན་བསྟན་འཛིན་སྐྱེས་བུ་ལ། །དཔོན་པོ་སྒྲ་ཆེན་གནོད་པ་མ་མཛད་ཅིག །བུ་མོ་སྣང་ས་ལྷ་ཆོས་བྱེད་པ་ལ། །གྲགས་པ་བསམ་འགྲུབ་གནོད་པ་མ་མཛད་ཅིག །གྲྭ་བཙུན་ཕོ་མོས་སྒོམ་སྒྲུབ་བྱེད་པ་ལ། །འདིར་ཚོགས་དམག་མིས་གནོད་པ་མ་མཛད་ཅིག །དཔོན་པོ་ཡབ་སྲས་གཉིས་ཀྱིས་སྣང་སའི་སྐུ་ལུས་ལ་གོས་རྒྱན་མེད་པར་རས་རྐྱང་དང་སྒོམ་ཐག་མཆོད་པ་གཟིགས་ནས་ཁོང་ཁྲོ་ཚད་མེད་པ་སྐྱེས་ཏེ་དཔོན་སྒྲ་ཆེན་པས་མདའ་གཞུ་བཀང་།
དཔོན་གྲགས་པ་བསམ་འགྲུབ་ཀྱིས་རལ་གྲི་འཕྱར་ཏེ་བླ་མ་ཤཱཀྱའི་རྒྱལ་མཚན་ལ་རྒྱག་རྩིས་བྱས། དེ་མ་ཐག་ཏུ་བླ་མས་རྫུ་འཕྲུལ་བསྟན་ཏེ་བར་སྣང་མཐོངས་ལ་འཕུར་ཏེ་རྡོ་རྗེ་སྐྱིལ་ཀྲུང་མཛད་དེ་སྨྲས་པ། ད་རེས་ཞིང་བཅུ་ཚང་བའི་བསྟན་དགྲ་རྣམས། །ཆོས་ལ་འཇུག་ཕྱིར་རྫུ་འཕྲུལ་བསྟན་པ་ཡིན། །སྣང་ས་ཁྱོད་ཀྱང་སྡིག་ཅན་ཡིད་ཆེས་ཤིང་། །དད་པ་སྐྱེ་ཕྱིར་སྒྲུབ་རྟགས་སྟོན་རེ་རན། །སྣང་ས་འོད་འབུམ་གྱིས་རས་གོས་དཀར་པོ་གཤོག་པའི་ཚུལ་དུ་བརྐྱངས་ཏེ་ནམ་མཁར་འཕུར་ཏེ་རྒོད་ལྟར་ལྡིང་བཞིན་འདི་སྐད་སྨྲས་པ། ཁྱོད་མྱང་སྟོད་རི་ནང་དཔོན་དམག་རྣམས། །ལས་མཚམས་མེད་སྡིག་པ་མ་བསགས་པར། །ངའི་བླ་མ་ཤཱཀྱའི་རྒྱལ་མཚན་ལ། །ཡིད་གུས་ཀྱིས་འགྱོད་བཤགས་བྱས་ན་དགའ། །མྱང་སྟོད་རི་ནང་པའི་དཔོན་སྒྲ་ཆེན་གྱིས་གཙོས་པའི་དམག་མི་རྣམས་སྣང་ས་འོད་འབུམ་གྱི་སྒྲུབ་རྟགས་ལ་ཧ་ལས་ཤིང་ཡིད་ཆེས་ཏེ་མཚོན་ཆ་རྣམས་ཞུ་རྟེན་དུ་ཕུལ་ཐོག་ཕྱག་གྱང་འགྱེལ་བ་ལྟར་འཚལ་བཞིན་དུ་འགྱོད་བཤགས་ཀྱི་རྣམ་པ་བསྟན།
བླ་མ་དང་སྣང་སའི་ཐུགས་ལ་སྡིག་ཅན་དེ་དག་ཆོས་ལ་འགོད་པའི་འགྲོ་དོན་ཡོང་བ་འདུག་དགོངས་ཏེ་ཐུགས་དགྱེས་བཞིན་པར་འདི་སྐད་གསུངས་སོ། །འཇིག་རྟེན་འཁོར་བའི་སྤྱི་དང་བྱེ་བྲག་གི །ཉེས་དམིགས་ལ་བསམས་གང་ལའང་མ་ཆོག་པར། །ཐར་པའི་ཕན་ཡོན་དྲན་ཏེ་དམ་པའི་ཆོས། །ལམ་བཟང་དེ་ལ་ཞུགས་པའི་ཀུན་སློང་སྐྱེ། །དཔོན་པོ་སྒྲ་ཆེན་ཡབ་སྲས་གཉིས་ཀྱིས་སྲས་ལྷའུ་དར་པོ་དགུང་ལོ་བཅོ་ལྔ་ལོན་པ་དང་བསྟུན་ཏེ་ཕ་གཞིས་ཕ་ནོར་དང་བཅས་པ་རྣམས་བུ་ལ་རྩིས་སྤྲད་དེ་བླ་མའི་དྲུང་དུ་དམ་པའི་ལྷ་ཆོས་བྱ་རྒྱུའི་དམ་བཅའ་ཕུལ། སྲས་ལྷའུ་དར་པོས་རྒྱལ་སྲིད་ཚུལ་བཞིན་བསྐྱངས་ཏེ་འབངས་རྣམས་བདེ་ལ་འཁོད་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི་གནས་ལ་འཁོད། རིགས་བཟང་གི་མཁའ་འགྲོ་མ་སྣང་ས་འོད་འབུམ་འདི་ཉིད་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་མུ་མཐུད་ཆོས་ལ་ཞུགས་ཏེ་མཐར་ཐུག་གི་ཕན་བདེ་ཟད་མི་ཤེས་པའི་དཔལ་ལ་ལོངས་སྤྱད་དེ་གནས་སོ།། །།
མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར། མཛད་པ་པོ་མི་གསལ།
༄༅། །མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར་བཞུགས་སོ། །
ན་མ་ཤྲཱི་ཀ་ལཱ་ཙཀྲཱ་ཨཱ། མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར་འདི། ནམ་ལངས་ཉི་མ་ཤར་བ་བྱས་པ་ལ་དམ་ཚིག་རྣམ་པ་གསུམ་དང་ལྡན་པ་སྟེ། དང་པོར་གུས་པའི་ཞུ་བ་དང་། བར་དུ་མ་ཡེངས་པར་ཉན་པ་དང་། ཐ་མར་འཆལ་དུ་མི་གཏོང་བ་དང་གསུམ་ཡིན་པས། དེ་ཡང་ཆོས་མ་འཆད་པར་སེམས་ཀྱིས་ཆོས་མ་ཤེས་ན་ཆོས་གཞན་རྣམས་དོན་མེད་དུ་འགྲོ་ཞིང་། ཉན་པ་པོ་རྣམས་ཀྱིས་བྱས་ན་ཉན་མཁན་རྣམས་ཀྱིས་ཀྱང་དོན་བདེ་བ་རུ་འགྲོ་བས་བསོད་ནམས་ཆེ་བ་རྣམས་ཀྱིས་ཀྱང་བྲག་སྟེང་ནས་ཆུ་འཕོ་བ་ལྟར་འཕྲལ་འཕྲལ་འཆད་དགོས་པ་ཞིག་གདའ་བ་ལགས། བཀའ་བཞིན་གསུངས་པ་བཞིན་གདའ་བ། ཞུ་བཞིན་གསན་དགོས་པ་ཞིག་གདའ་ལགས། མཁའ་འགྲོ་མ་འགྲོ་བ་བཟང་མོའི་ཚོགས་ན། །ཏཱཾ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །ཏཱཾ་ཡིག་འོད་ཀྱི་འགྲོ་བ་སྒྲོལ། །སྒྲོལ་མའི་ཡུམ་ལ་ཕྱག་འཚལ་ལོ། །སྙིགས་དུས་ཀྱི་མི་རྣམས་ཚེ་ཐུང་བའི་དུས་དང་། སྔ་དུས་ཀྱི་མི་རྣམས་ཚེ་ལོ་བརྒྱ་པའི་དུས། ཐུབ་པ་མྱ་ངན་ལས་འདས་ནས་ལོ་ནི་ཕྱེད་སྟོང་འདས། མུ་སྟེགས་ཀྱི་བསྟན་པ་རྣམས་ནུབ་པ་ལས།
དེའི་ཚེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལས། འཇའ་འོད་དང་སྤྲིན་དཀར་གྱི་གུར་ཕུབ་པའི་ནང་ནས་སེམས་ཅན་རྣམས་ལ་སྤྱན་གྱིས་གཟིགས་པས། འཇིག་རྟེན་གྱི་ཁམས་སུ་ཐུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་གནས་དུས་བཟང་པོར་འདུག་ཀྱང་ཡུལ་མཎྜལ་སྒང་ཞེས་བྱ་བ་དེར། ཆོས་ཀྱི་སྒྲ་མ་དར། དགེ་འདུན་གྱི་སྡེ་མ་ཚུགས། ལྷ་ཐུགས་རྗེ་ཆེན་པོ་སྒོམ་མི་ཤེས། གཟུངས་སྔགས་ཡི་གེ་དྲུག་མ་འདྲེན་མི་ཤེས་ཤིང་སེམས་ཅན་རྣམས་ང་བདག་དང་ང་རྩོད་བྱེད་ཅིང་། ཞེ་སྡང་དང་ཁོང་ཁྲོ་དང་ང་རྒྱལ་གྱི་དབང་དུ་སོང་བ་རྣམས། ངན་སོང་གི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་མང་པོ་གཟིགས་ནས། དེ་མ་ཐག་ཐུགས་ཁྲལ་དཔག་ཏུ་མེད་པའི་ཚུལ་མཛད། སླར་ཐུགས་དྲན་བསོས་ཏེ། སྐྱེ་འགྲོ་སེམས་ཅན་ཀུན་འཁོར་བ་དང་ངན་སོང་དུ་མི་འགྲོ་བའི་མཆོད་རྟེན་ལྟ་བུར་གྱུར་པའི་སྨོན་ལམ་བཟང་པོ་བྱུང་བ་དང་།
ཡུམ་བྲམ་ཟེ་མཛེས་མས་ནུབ་མོ་ཉལ་བའི་རྨི་ལམ་ཤིན་ཏུ་བཟང་ནས། ཡབ་བྲམ་ཟེ་བློ་བོའི་དྲུང་དུ་ཕྱིན་ཏེ། འདི་སྐད་ཅེས་ཞུས་སོ། །ཡབ་གཅིག་གསོན་དང་བྲམ་ཟེ་བློ་བོ་ལགས། །བདག་ལུས་སྔར་ལས་ཡང་ཞིང་དགའ་སྤྲོ་ཆེ། །ཁྱད་པར་རྨི་ལམ་བཟང་པོ་འདི་ལྟར་བྱུང་། །བདག་གི་སྙིང་ནས་ཉི་ཟླ་གཉིས་ཤར་ནས། །གླིང་བཞི་གླིང་ཕྲན་ཐམས་ཅད་མཐོང་བ་དང་། །དབུས་ཀྱི་རི་བོ་མཆོག་རབ་རྩེ་མོ་ནས། །དམ་པའི་ཆོས་ཀྱི་སྒྲ་ཆེན་བསྒྲགས་པ་དང་། །ལྷ་ཡི་བུ་དང་བུ་མོ་རྣམས་ཀྱིས་ཀྱང་། །བདག་ལ་ཁྲུས་ཆབ་གསོལ་མཁན་མི་གཅིག་བྱུང་། །བརྟག་པ་རྨི་ལམ་དེ་ཡི་བཟང་ལུགས་ཀྱིས། །བདག་ལ་བློ་འཁྲིད་བྱིས་པ་གཅིག་བྱུང་བ་འདྲ། །ཞེས་ཞུས་པས།
ཡབ་བྲམ་ཟེ་བློ་བོ་ཐུགས་མཉེས་ནས། ཡུམ་བྲམ་ཟེ་ལ་འདི་སྐད་ཅེས་གསུངས་སོ། །ཡུམ་གཅིག་གསོན་དང་བྲམ་ཟེ་མཛེས་མ་ལགས། །རྒན་རྒོན་གཉིས་ཀྱི་འདོད་པའི་དོན་འགྲུབ་བྱུང་། །ད་ནི་རང་ཟས་ཟོ་ལ་རང་གོས་གྱོན། །ཟས་ངན་སྤངས་ནས་མཚམས་ལ་ནན་ཏན་གྱིས། །བྱང་ཆུབ་སེམས་དཔའི་སྤྲུལ་པ་བྱོན་ལས་ཆེ། །ཞེས་གསུངས་པས་ཡུམ་བྲམ་ཟེ་མས་ཀྱང་། ཡབ་ཀྱི་བཀའ་བཞིན་སྐུ་མཚམས་དམ་པོའི་ངང་ལ་བཞུགས་སོ། །དེ་ནས་ཟླ་གསུམ་སོང་ནས་ཡུམ་གྱི་སོ་ལྷུམས་ནས་བྱིས་པས་འདི་སྐད་ཅེས་སྨྲས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ། འགྲོ་བ་སེམས་ཅན་ཐམས་ཅད་ངན་འགྲོའི་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་སྨྲས་པས།
ཡུམ་བྲམ་ཟེ་མཛེས་མ་ཤིན་ཏུ་འཇིགས་ཏེ་ཡབ་བྲམ་ཟེ་བློ་བོའི་དྲུང་དུ་ཕྱིན་ནས། འདི་སྐད་ཅེས་ཞུས་སོ། །ཡབ་གཅིག་གསོན་དང་བྲམ་ཟེ་བློ་བོ་ལགས། །བདག་གི་མངལ་དུ་བཞུགས་པའི་བྱིས་པ་འདིས། །ཟླ་གསུམ་སོང་ནས་འདི་སྐད་སྨྲས་ནས་བྱུང་། །ཨོྃ་མ་ཎི་པདྨེ་ཧཱུྃ། འགྲོ་བ་སེམས་ཅན་ཐམས་ཅད་ངན་འགྲོའི་སྡུག་བསྔལ་དང་བྲལ་ནས། བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་སྨྲས་བྱུང་བས། གཞོན་སོ་དཀར་ལ་བྱིས་པ་མ་བྱུང་བར། །རྒན་སྐྲ་དཀར་ལ་བྱིས་པ་ཡོང་བ་འདི། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ག་ལ་ཡིན། །པེ་ཧར་རྒྱལ་པོའི་ཆོ་འཕྲུལ་ཡིན་ཉེན་འདུག །རྒྱ་གར་རྒྱལ་པོ་ཁྲིམས་གནས་སྐུ་དབང་ཆེ། །ད་ནི་བདག་ལ་ལྟས་ངན་ཡོང་བ་འདུག །བདག་ལ་རྒྱ་ཁྲིམས་གཅིག་དང་བོད་ཁྲིམས་གཅིག །ཧོར་ཁྲིམས་གཅིག་སྟེ་གསུམ་ཙམ་ཡོང་བ་འདྲ། །བྲག་རི་མཐོན་པོའི་རྩེ་ནས་མཆོང་དགོས་བསམ། །ཆུ་བོ་ཆེན་པོའི་གཏིང་ལ་ལྕེབ་དགོས་བསམ། །རང་མཚོན་རང་ལ་བརྒྱབ་ནས་ཤི་དགོས་བསམ། །སྡུག་བསྔལ་ཅན་མ་བདག་ལ་སློབ་སྟོན་ཞུ། །ཞེས་ཞུས་པས།
ཡབ་ཀྱིས་འདི་སྐད་ཅེས་གསུངས་སོ། །ཡུམ་གཅིག་གསོན་དང་བྲམ་ཟེ་མཛེས་མ་ལགས། །ཨོྃ་མ་ཎི་པདྨེ་ཧཱུྃ། ཞེས་པ་འདི། བོད་ཁ་བ་ཅན་གྱི་བྱང་ཕྱོགས་ན། །ཡི་དམ་ཐུགས་རྗེ་ཆེན་པོ་བཞུགས་ནས་ཡོད། །སྐུ་མདོག་དཀར་ལ་རི་དྭགས་པགས་པ་བསྣམས། །ཞལ་ནས་ཡི་གེ་དྲུག་མའི་ཆོས་སྒྲ་སྒྲོག །བུ་རུ་སྐྱེས་ན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན། །བུ་མོ་སྐྱེས་ན་ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ཡིན། །ད་ནི་རང་ཟས་ཟོ་ལ་རང་གོས་གྱོན། །ཟས་ངན་སྤངས་ནས་མཚམས་ལ་ནན་ཏན་གྱིས། །བློ་ཕུག་བསམ་པའི་དོན་ཆེན་འགྲུབ་ནས་ཡོང་། །ཞེས་གསུངས་པས།
ཡང་ཡབ་ཀྱི་བཀའ་བཞིན་སྐུ་མཚམས་ལ་བཞུགས་སོ། །ཨོྃ་མ་ཎི་པདྨེ་ཧཱུྃ། དེ་ནས་ཟླ་བ་དགུ་རྫོགས་པའི་བཅུའི་ངོ་མཐོང་བའི་ཚེ། ས་ཕོ་སྤྲེའུའི་ལོ། དུས་བཟང་པོའི་ཚེས་བཅུའི་ཉིན། ཡུམ་གྱི་སྐུ་ལུས་ལ་སྙུང་ཟུག་མེད་པའི་ངང་ནས་མཆན་ཁུང་གཡས་པའི་རྩིབ་ལོགས་ནས་སྲས་མོ་གཅིག་སྐུ་བལྟམས་སོ། །དེ་མ་ཐག་ཏུ་ཨོྃ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་སོ། །བར་སྣང་ཁམས་སུ་འཇའ་འོད་སྤྲིན་དཀར་གྱི་གུར་ཁང་ཕུབ་པ་དང་། མ་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་མགྲིན་གཅིག་ཏུ་འདུས་ནས་མཚན་ཡང་མཁའ་འགྲོ་མ་འགྲོ་བ་བཟང་མོ་ཞེས་གསོལ། མཆོད་པའི་བྱེ་བྲག་མང་དུ་ཕུལ། ལུང་བསྟན་ཡང་འདི་ལྟར་གནང་ངོ་། །
བྲམ་ཟེའི་བུ་མོ་འགྲོ་བ་བཟང་མོ་ཁྱོད་ལ་བསྟན་པ་སྔ་དར་དང་བར་དར་ཕྱི་དར་གསུམ་ཡོང་། བསྟན་པ་སྔ་དར་གྱི་དུས་སུ་ཡུལ་མཎྜལ་སྒང་དུ་རྒྱལ་པོ་ཀཱ་ལ་དབང་པོ་དང་། བཙུན་མོ་ཧ་ཅང་བཅས་དུས་མཚུངས། བར་དར་དུས་སུ་སྲས་མིང་སྲིང་གཉིས་ཡོད། བསྟན་པ་ཕྱི་དར་དུས་སུ་བདུད་ཀྱི་བར་ཆད་ཆེན་པོ་ཡོང་པས། དྲིན་ཆེ་བའི་ཕ་མ་དང་གདོང་བལྟས་པའི་བཟའ་ཟླ། ཤ་ནས་མཆེད་པའི་བུ་ཚའི་ཚོགས་གང་ལ་ཡང་མ་ཆགས་པར། བར་སྣང་མཐོངས་སུ་འཕུར་ཤོག་ཅིག །གང་དུ་འཕུར་སྙམ་ན་ནུབ་ཕྱོགས་མཁའ་འགྲོའི་གླིང་དུ་མ་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་བསྒོམས་ནས་འཕུར་ཤོག་ཅེས་གསུངས་ཏེ་འཇའ་ལྟར་ཡལ་ནས་སོང་ངོ་། །སྲས་མོ་སྐུ་འཁྲུངས་མ་ཐག་ཡབ་ཡུམ་གཉིས་ལ་གཏམ་གཞན་ཅི་ཡང་མི་སྨྲ་བར། ཐོག་མ་རུ་ཡབ་ཡུམ་གཉིས་ལ་ཆོས་འདི་ལྟར་གསུངས་སོ། །ཡབ་གཅིག་གསོན་དང་བྲམ་ཟེ་བློ་བོ་ལགས། །ཚེ་འདི་མི་རྟག་ནམ་མཁའི་གློག་དང་འདྲ། །ཡུན་རིང་མི་སྡོད་འཆི་བ་མྱུར་དུ་ཡོང་། །སྤྱི་བོར་ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་དྲོངས། །རྟག་ཏུ་རང་གི་སེམས་ལ་ཡང་ཡང་ལྟོས། །རྒྱུན་དུ་བྱམས་དང་སྙིང་རྗེ་མ་བྲལ་བར། །སེམས་ཉིད་སྙིང་རྗེའི་ངང་ལ་ཆེར་གཏོད་ཅིག །ཅེས་གསུངས་པ་དང་། ཡང་ཡུམ་ལ་འདི་སྐད་ཅེས་གསུངས་སོ། །ཡུམ་གཅིག་གསོན་དང་བྲམ་ཟེ་མཛེས་མ་ལགས། །ཚེ་འདི་མི་རྟག་ལྡུམ་རྭའི་མེ་ཏོག་འདྲ། །ཡུན་རིང་མི་སྡོད་མྱུར་དུ་འཆི་དགོས་འདུག །ཉིན་གྱི་དུས་སུ་སྣང་སྟོང་དབྱེར་མེད་སྒོམས། །མཚན་གྱི་དུས་སུ་གསལ་སྟོང་འཛིན་མེད་སྒོམས། །འགྲོ་བ་ཀུན་ལ་བྱམས་དང་སྙིང་རྗེ་སྒོམས། །ནོར་ལ་སྙིང་པོ་མི་འདུག་སྦྱིན་པ་ཐོངས། །རྒྱུན་དུ་ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་དྲོངས། །ཞེས་གསུངས་པས།
ཡབ་ཡུམ་གཉིས་ཀྱང་ཐུགས་ཤིན་ཏུ་མཉེས། དེ་ནས་སྐྱེད་སྲིང་ནུ་ཞོ་སྟེར་དགོས་པས། ཀ་ཤི་ཀའི་རས་བཟང་པོའི་ན་བཟའ་གསོལ་ནས། གཟིམ་ཆུང་དུ་སྐུ་མཚམས་དམ་པོའི་ངང་ལ་བཞུགས་སོ། །དེ་ནས་དུས་ནམ་ཞིག་གི་ཚེ། ཡུལ་མཎྜལ་སྒང་གི་རྒྱལ་པོ་ཀཱ་ལ་དབང་པོས། དར་པོ་ཆེ་དགུང་སྔོན་མཐོངས་ལ་ཕྱར། དུང་མོ་ཆེ་བར་སྣང་མཐོངས་ལ་བུས། རྔ་བོ་ཆེ་ཕོ་བྲང་རྩེ་ནས་བརྡུངས་པས། ཡུལ་མཎྜལ་སྒང་གི་མངའ་འོག་བློན་འབངས་ཐམས་ཅད་འདུས་བྱུང་བས། རྒྱལ་པོས་བློན་འབངས་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཀྭ་ཡེ་གསོན་དང་འདིར་ཚོགས་བློན་འབངས་རྣམས། ཉི་མ་སང་དང་གཅིག་བྱས་གནངས་དང་གཉིས། གཞེས་ཀྱི་ལྷ་ཉིན་དཀར་པོ་ཤར་བའི་ཚེ། རི་བོ་ཆེན་པོའི་རྩེ་ལ་རི་སྐད་གདའ་བ་དང་མཉམ་ཤར་གྱི་རི་ལ་ཁྱི་ར་བྱེད་དུ་འགྲོ་དགོས་འདུག །མེ་མདའ་མདའ་གཞུ་རང་རང་སོ་སོའི་ཁྱིམ་ནས་འཁུར་རྒྱུ་ཡོད་ན་ཁུར་ཤོག་ཅིག །མེད་ན་རྒྱལ་པོའི་མཛོད་ནས་འདོན་པ་ཡིན། ཁྱེད་བློན་འབངས་རྣམས་ཀྱིས་འགྲོ་བའི་གྲབས་གྱིས་ཤིག །ཅེས་གསུངས་པས།
བློན་འབངས་རྣམས་ཀུན་འདུས་བྱུང་བས། དེའི་ཁྲོད་ན་བློན་པོ་ཏྲི་ན་འཛིན་ཞེས་བྱ་བ་ཞིག་ཡོད་པ་དེས་པུས་མོའི་ལྷ་ང་ས་ལ་བཙུགས། ལག་གཉིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེེ་གསོན་དང་རྒྱལ་པོ་རིན་པོ་ཆེ། །ཀཱ་ལ་དབང་པོ་བདག་ལ་སྙན་གསོན་དང་། །རྒྱལ་པོས་ཁྱི་ར་མ་བསྐྱོད་ཅིས་ཀྱང་ཞོག །རྒྱལ་པོ་ཁྱེད་ཀྱིས་ཁྱི་ར་བསྐྱོད་ཟེར་ན། །མཐའ་བཞིའི་རྒྱལ་ཁག་རྣམས་ཀྱིས་སྨད་ནས་ཡོང་། །གྲོང་པ་ཕལ་པས་ཁྱི་ར་བརྒྱབ་ཟེར་ན། །སྐྱེ་བོ་ཀུན་གྱིས་སྐྱུག་བྲོ་ཁྱད་གསོད་བྱེད། །རྒྱལ་པོས་ཁྱི་ར་ཅིས་ནས་ཞོག་པར་ཞུ། །ཞེས་ཞུས་པས།
རྒྱལ་པོ་ཤིན་ཏུ་མ་མཉེས་པར། འདི་སྐད་ཅེས་གསུངས་སོ། །ཀྭ་ཡེ་ཉོན་དང་འདིར་ཚོགས་བློན་འབངས་རྣམས། །ང་ཅག་རྒྱལ་པོས་སྨྲ་བ་ལན་གཅིག་ཡིན། །རྒྱལ་པོའི་བཀའ་དང་རི་གཟར་རྦབ་རྡོ་འདྲ། །རྦབ་རྡོ་གྱེན་དུ་ལྡོག་པའི་དཔེ་མི་སྲིད། །རྒྱལ་པོའི་བཀའ་དང་ཆུ་བོ་ཆེན་པོ་འདྲ། །ཆུ་བོ་གྱེན་དུ་ལྡོག་པའི་དཔེ་མི་སྲིད། །བློན་འབངས་ཀུན་གྱི་གཏམ་དེ་བདེན་ན་ཡང་། །མཐའ་བཞིའི་རྒྱལ་ཁག་རྣམས་ལ་ཕར་ལྟོས་དང་། །ནོར་བུ་དོན་ལྡན་རེ་རེ་ཀུན་ལ་འདུག །ང་ལ་ནོར་བུའི་རིགས་ནི་གང་ཡང་མེད། །ཁྱི་མོ་ལྕགས་ཕྲ་འབ་ཤེས་འདི་ལས་མེད། །ང་ཡིས་སྡིག་གཅོད་ཁྱི་ར་མ་བྱས་ན། །ང་ལ་ཁྱི་མོའི་དགོས་བྱེད་མི་འདུག་པས། །དེ་བས་ཁ་རོག་སྡོད་ལ་འགྲོ་གྲབས་གྱིས། །ཞེས་གསུངས་ནས། རྒྱལ་པོས་མ་གསན་པར། དེའི་གཞེས་ཉིན་རྒྱལ་བློན་འཁོར་འབངས་རྣམས་དང་བཅས། མེ་མདའ་མདའ་གཞི་ཁྲོབ་ཆི་ལི་བའི་ངང་ནས། ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ་ཁྲིད་དེ་ཁྱི་ར་ལ་བྱོན། རྒྱ་གར་གྱི་རི་ཐམས་ཅད་ལ་རི་དྭགས་བཙལ་ཀྱང་མ་རྙེད། རྒྱ་དང་མོན་གྱི་མཚམས་ཤིག་ན། རི་ཆེན་པོ་ཞིག་འདུག་པ་དེར། རི་དྭགས་ཁ་ཤ་མང་པོ་འདུག་པས། ཁྱི་མོ་དེ་བཏང་བས། དེའི་ཉིན་ཁ་ཤ་སུམ་ཅུ་སོ་བདུན་ཟིན། ཉི་མ་དགོང་མོའི་གྲིབ་སོ་ནག་ཚོམ་ལ། ཁྱི་མོ་ནམ་མཁའི་འཇའ་བཞིན་ཡལ་ནས་གར་སོང་མེད་པར།
རྒྱལ་པོ་ཐུགས་ཁྲལ་ཆེ་བར་གྱུར་ནས་འདི་སྐད་ཅེས་གསུངས་སོ། །ཀྱེེ་བློན་འབངས་ཚོགས་རྣམས་ཚུར་ཉོན་དང་། །དེ་རིང་ཉི་མའི་འཁོར་ལོ་ལ། །ལྕགས་ཕྲ་འབ་ཤེས་བྲལ་ནས་སོང་། །མེད་ཐབས་མེད་པའི་ནོར་བུ་ཡིན། །ལྕགས་ཕྲ་འབ་ཤེས་མ་རྙེད་བར། །ཁོ་བོ་ཡུལ་དུ་འགྲོ་རེ་ཤི །དོ་ནུབ་རི་རྩེ་འདི་རུ་ཉལ། །སང་ཉིན་ནམ་ལངས་ཉི་ཤར་ལ། །ལྕགས་ཕྲ་འབ་ཤེས་འཚོལ་དུ་འགྲོ། །ཞེས་གསུངས་ནས་དེའི་དགོང་མོ་རྒྱལ་བློན་འབངས་རྣམས་ཀྱིས། རང་རང་གི་མདའ་གཞི་སྔས་ལ་བཅུག་ནས་གཟིམས། དེའི་སང་ཉིན་ནམ་ལངས་བའི་ཚེ། རྒྱལ་པོས་བློན་པོ་ཏྲི་ན་འཛིན་ལ་འདི་སྐད་ཅེས་གསུངས་སོ། །ཀྭ་ཡེ་ཉོན་དང་བློན་པོ་ཏྲི་ན་འཛིན། །བློན་པོ་ཡར་ལ་ལོངས་ལ་སོ་གཅིག་ལྟོས། །མི་སྐད་ཁྱི་སྐད་ཅི་འདྲ་ཨེ་འདུག་ལྟོས། །ཁྱི་མོའི་རྐང་རྗེས་འདྲ་ཡང་ཨེ་འདུག་ཚོལ། །ཅེས་གསུངས་པས། ཏྲི་ན་འཛིན་གྱིས་རྒྱལ་པོའི་བཀའ་བཞིན་གུས་པས་བླངས་ཏེ་ཕྱོགས་ཐམས་ཅད་ལ་བལྟས་ཀྱང་། མི་སྐད་ཁྱི་སྐད་ནི་མ་ཐོས། ཁྱི་མོའི་རྐང་རྗེས་འདྲ་ནི་མ་རྙེད་པས། སླར་ཡང་ཏྲི་ན་འཛིན་གྱིས་རི་མཐོན་པོའི་རྩེ་ལ་འཛེགས་ནས་ཕྱོགས་ཀུན་ལ་ནན་ཆེ་བར་བལྟས་པས། དེར་ཤར་ཕྱོགས་ཀྱི་ནགས་གསེབ་སྟུག་པོ་ཞིག་ན། ས་གཞི་ཁོད་དུ་སྙོམས་པ་ལ། ཁང་ཆུང་བཀོད་པ་ལེགས་པ་ཞིག་ཏུ་དུ་བའི་གཡང་ཆགས་པ་ཞིག་མཐོང་།
བློན་པོའི་བསམ་པ་ལ་དེ་ན་ཁྱི་མོ་ཡོད་པ་འདྲ་བསམས་ནས། རྒྱལ་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་ཅེས་ཞུས་སོ། །ཀྱེེ་གསོན་དང་རྒྱལ་པོ་རིན་པོ་ཆེ། །མངའ་བདག་མི་དབང་ཆེན་པོ་བདག་ལ་གསོན། །མི་སྐད་ཁྱི་སྐད་གང་ཡང་མི་གདའ་ལ། །ཁྱི་མོའི་རྐང་རྗེས་འདྲ་ཡང་མི་འདུག་པས། །ཁྱི་མོ་འཚོལ་ཆེད་རི་བོ་མཐོན་པོར་འཛེགས། །རི་བོ་མཐོན་པོའི་རྩེ་ནས་ཕར་བལྟས་པས། །ཤར་ཕྱོགས་ནགས་གསེབ་སྟུག་པོ་ཞིག་གི་ཁྲོད། །ས་ཁོད་སྙོམས་ལ་ཁང་ཁྱིམ་བཀོད་པ་ལེགས། །ནམ་མཐོངས་དུ་ཞག་སྔོ་མོ་འཁྱིལ་ལེ་འདུག །དེ་ན་ཁྱི་མོ་ཡོད་པ་འདྲ་བཟོ་འདུག །ཅེས་ཞུས་པས།
རྒྱལ་པོ་ཐུགས་ཤིན་ཏུ་མཉེས་ནས། རྒྱལ་པོས་ཏྲི་ན་འཛིན་ལ་འདི་སྐད་ཅེས་གསུངས་སོ། །ང་ཡི་སྙིང་གི་ཟེའུ་འབྲུ་བློན་པོ་ཁྱོད་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པས་ཁྱོད་ཀྱིས་ཟེར་བ་ལྟར་ཁྱི་མོ་དེ་ན་ཡོད་པ་སྲིད་གསུངས་ནས། རྒྱལ་བློན་འབངས་འཁོར་རྣམས་ཀྱིས། རྒྱ་གར་ཙན་དན་ཧེ་རུ་ཀ་བྱ་བའི་ནགས་ཁྲོད་ལ་ཞལ་གཟིགས་ཏེ་བྱོན་པས། བྲམ་ཟེའི་སྒོ་རུ་ཕེབས་སྐབས། དེ་ན་ཁྱི་མོའི་རྐང་རྗེས་འདྲ་ཡོད་པ་རིག་སྟེ་བློན་པོ་ཏྲི་ན་འཛིན་གྱིས་ཁང་པའི་སྒོ་བརྡུངས་པས། ཡུད་ཙམ་ཞིག་ནས་ཁང་པའི་ཨོ་ཀར་ནས། བྲམ་ཟེ་རྒད་པོ་མགོ་བོ་དུང་ལྟར་དཀར་བ་མིག་གཡུ་ལྟར་སྔོ་བ། ཁ་ན་སོ་མུ་ཏིག་ཙམ་མེད་པ། ལུས་འཁར་བ་ལ་བརྟེན་ནས་ལངས་དགོས་པ་ཞིག་ན་རེ། དེ་ན་སུ་གདའ་ཟེར་བ་ལ། རྒྱལ་པོས་མགུལ་གའི་ནང་ན་བཀྲ་ཤིས་ཁ་བཏགས་ཁྱད་དུ་འཕགས་པ་གཅིག་ཡོད་པས། དེ་ཨོད་མའི་རྩེ་ལ་བཏགས་ནས། འདི་སྐད་ཅེས་གསུངས་སོ། །ཀྱེེ་བྲམ་ཟེ་རྒན་པོ་ཚུར་ཉོན་དང་། །ང་ནི་ཡུལ་ཕྱོགས་མཎྜལ་སྒང་ནས་ཡིན། །ང་ཡི་མིང་ལ་ཀཱ་ལ་དབང་པོ་ཟེར། །ཁ་སང་ཉི་མའི་སྔ་དྲོ་ལ། །དགོས་མེད་ལས་ངན་ཁྱི་ར་བྱས། །ཁ་ཤ་སུམ་ཅུ་སོ་བདུན་བསད། །ཉི་མ་དགོང་མོར་སོང་བའི་དུས། །ཁྱི་མོ་བོར་ནས་མ་རྙེད་པས། །དེ་རིང་ཉི་མའི་སྔ་དྲོ་ལ། །ཁྱི་མོ་ལྕགས་ཕྲ་འབ་ཤེས་འཚོལ་དུ་ཡོང་། །ཁྱི་མོའི་རྐང་རྗེས་བྲམ་ཟེའི་སྒོ་དྲུང་གསལ། །ང་ཡི་ཁྱི་མོ་འཕྲལ་མར་སྤྲོད་རོགས་མཛོད། །ཅེས་གསུངས་པས།
བྲམ་ཟེ་རྒན་པོ་ཤིན་ཏུ་འཇིགས་ཤིང་འཚབས་ནས། རྒྱལ་པོ་ཀཱ་ལ་དབང་པོ་ཁོང་ཁྲིམས་ལ་གནས་ཤིང་སྐུ་དབང་ཆེ་བ་མེ་ལས་དབལ་ཚ། ཆུ་ལས་རྦ་དྲག །རྟ་རྔ་ལས་ཉག་ཕྲ། ཉུང་དཀར་ལས་བྱུ་རིལ་བ། བག་ཕྱེ་ལས་རྩིས་ཞིབ་ཟེར་བ་སྔར་རྣ་བས་ཐོས་པ་མ་གཏོགས། མིག་གིས་ཀྱང་མ་མཐོང་། ད་ལན་སྒོ་དྲུང་དུ་བྱོན་དོན་མེད་བསམས་ཏེ་ལུས་འདར་བའི་ངང་ནས་སྒོ་ཕྱེ་སྟེ་ཕྱིར་ཡོང་ནས། པུས་མོའི་ལྷ་ང་ས་ལ་བཙུགས། ལག་གཉིས་ཐལ་མོ་སྦྱར་ཏེ། རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེེ་རྒྱལ་པོ་རིན་པོ་ཆེ། ཀཱ་ལ་དབང་པོ་སྙན་གསོན་དང་། །བདག་ཅག་རྒས་ཤིང་འཁོགས་པའི་བཟའ་མི་གཉིས། །གཞོན་གྱི་དུས་ནས་ཕེར་ཡོད་ཅན་ཞིག་མིན། །ད་ནི་རྒན་འཁོགས་འཆི་ལ་ཐུག་པའི་ཚེ། །རྒྱལ་པོའི་ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ། །མཐོང་ཡང་མ་མཐོང་ཤེས་ཀྱང་མ་ཤེས་ལགས། །མཐོང་ན་ཁྱི་མོའི་དགོས་བྱེད་མེད་ལགས་ཏེ། །རྒྱལ་པོ་ཆེན་པོ་ཐུགས་ཡིད་མ་ཆེས་ན། །བདག་གི་ཁྱིམ་ལ་གཟིགས་པར་ཞུ། །ཞེས་ཞུས་ནས་ཁང་པའི་སྒོ་དེ་ཕྱེ་བས།
རྒྱལ་པོ་དཔོན་གཡོག་རྣམས་ཀྱིས་ཁང་པའི་ནང་དུ་བྱོན་ནས། ཁྱིམ་ཁུག་གང་སར་ཁྱི་མོ་བཙལ་བས་མ་རྙེད་པས། སྒོ་གསུམ་འདུག་པའི་བར་གཅིག་ན། བྲམ་ཟེ་རྒན་མོ་མགོ་བོ་དུང་ལྟར་དཀར་བ། མིག་གཡུ་ལྟར་སྔོ་བ། ཁ་ན་སོ་མུ་ཏིག་ཙམ་ཡང་མེད་པ། ལུས་འཁར་བ་ལ་བརྟེན་ནས་ལངས་དགོས་པ་གཅིག་མ་ཎི་འདྲེན་བཞིན་འདུག་པས། རྒྱལ་པོའི་ཐུགས་དགོངས་ལ། བྲམ་ཟེ་རྒན་རྒོན་གཉིས་ཚེ་རིང་ཞིང་། ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི། ཡི་དམ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཡིན་པ་འདུག་པས། རྒྱལ་པོ་ཡང་དད་པ་ཤིན་ཏུ་སྐྱེས་མོད། འོན་ཀྱང་རྒྱལ་པོ་རང་གི་ཁྱི་མོ་མ་རྙེད་པའི་ཐུགས་ཁྲལ་ངང་ལ་ཡོད་པ་ན། སྒོ་གཅིག་སྒོ་ལྕགས་བརྒྱབ་ནས་འདུག་པས། སྒོ་དེ་རྒྱལ་པོས་གཟིགས་པ་དང་། སྒོ་དེ་ལ་ཞབས་རྡོ་བཞུས་ནས། བྲམ་ཟེ་རྒན་མོ་སྒོ་འདི་ཕྱེ་དང་། ངའི་ཁྱི་མོ་འདི་ན་ཡོད་པ་འདུག་ཅེས་གསུངས་པས། བྲམ་ཟེ་རྒན་མོས་རྒྱལ་པོ་ལ་ཕྱག་འཚལ། པུས་མོའི་ལྷ་ང་ས་ལ་བཙུགས། ལག་གཉིས་ཐལ་མོ་སྦྱར་ནས། འདི་སྐད་ཅེས་ཞུས་སོ། །ཀྱཻ་རྒྱལ་པོ་རིན་པོ་ཆེ། ཀཱ་ལ་དབང་པོ་བདག་ལ་སྙན་གསོན་དང་། །བདག་ཅག་རྒས་ཤིང་འཁོགས་པའི་བཟའ་མི་གཉིས། །གཞོན་དུས་ཕེར་ཡོད་ཅན་ཞིག་མ་ཡིན་ལགས། །ད་ནི་རྒན་འཁོགས་འཆི་ལ་ཐུག་པའི་དུས། །རྒྱལ་པོའི་ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ། །མཐོང་ཡང་མ་མཐོང་ཤེས་ཀྱང་མ་ཤེས་ལགས། །མཐོང་ན་ཁྱི་མོའི་དགོས་བྱེད་ཅི་ཡང་མེད། །རྒྱལ་པོ་ཆེན་པོ་ཐུགས་ཡིད་མ་ཆེས་ན། །སྒོ་འདི་ཕྱེ་དང་གསུངས་ན་ཕྱེ་བས་ཆོག །རྒྱལ་པོས་གཞན་གྱི་བཀའ་བཀྱོན་མ་གནང་ཞིག །ཅེས་ཞུས་པས། གཟིམ་ཆུང་དེའི་སྒོ་ཕྱེ་བྱུང་བས། རྒྱལ་པོས་དེའི་ནང་དུ་བྱོན་པས། གཡུ་ཁྲིའི་སྟེང་ན། མིའི་བུ་མོ་མི་འདྲ་བ། ལྷའི་སྲས་མོ་འདྲ་བ། ཀ་ཤི་ཀའི་རས་དྲི་མ་མེད་པའི་ན་བཟའ་གསོལ་བ། མདོག་དཀར་ལ་དྲི་བཟང་ཞིང་ཐུགས་བཙུན་པ། བལྟས་ན་གཟུགས་མཛེས་པ། ཉན་ན་གསུང་སྙན་པ། བསྣུམས་ན་དྲི་ཞིམ་པ། མཐོང་བ་ཙམ་གྱིས་ཡིད་ཕྲོག་པ། ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་ཞིག་འདུག་པས། རྒྱལ་པོའི་ཐུགས་དགོངས་ལ། ང་ཡི་ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ་གློ་བུར་ཉིད་དུ་དགོང་ལ་ཡལ་ལུགས་དང་། བྲམ་ཟེའི་སྒོ་དྲུང་རྐང་རྗེས་འདྲ་ཡོད་ལུགས་ཀྱིས། ང་ལ་མཁའ་འགྲོ་སྡེ་ལྔས་ལུང་བསྟན་པ་འདྲ་སྙམ་ནས་མགུལ་གའི་ནང་ན་གཡུ་མོ་ཚ་འོད་དང་ལྡན་པ་གཅིག་ཡོད་པ་དེ་འགྲོ་བ་བཟང་མོའི་སྤྱི་གཙུག་ཏུ་བཏགས་ནས།
བྲམ་ཟེ་རྒན་རྒོན་གཉིས་ལ་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཁྱེད་བྲམ་ཟེ་རྒན་རྒོན་གཉིས་ཀྱི་བུ་མོ་འདི། །ང་རྒྱལ་པོའི་བཙུན་མོར་སྟེར་དགོས་པས། །དེ་རིང་ཉིན་མའི་འཁོར་ལོ་འདི་ནས་བཟུང་། །མཐོ་བ་གནམ་ལ་འཕུར་སོང་མ་ཟེར་ཅིག །དམའ་བ་ས་ལ་འཛུལ་སོང་མ་ཟེར་ཅིག །དབང་པོ་ཆེ་ཡིས་ཕྲོགས་སོང་མ་ཟེར་ཅིག །ནོར་ཆེན་རྣམས་ཀྱིས་བསླུས་སོང་མ་ཟེར་ཅིག །ཧམ་པ་ཆེ་ཡིས་བརྐུས་སོང་མ་ཟེར་ཅིག །སྙོམས་ཆུང་ཞིག་གིས་བསླངས་སོང་མ་ཟེར་ཅིག །བུ་མོ་གང་དུ་མ་སོང་བ་གྱིས་ཤིག །བུ་མོ་འདི་ཉིད་གཞན་ལ་སོང་ཟེར་ན། །རྒན་རྒོན་གཉིས་ཀྱི་སྲོག་དང་བྲལ་ཡོང་ངོ་། །ཉི་མ་སང་དང་གཅིག་དང་གནངས་དང་གཉིས། །གཞེས་ཀྱི་ལྷ་ཉིན་དཀར་པོ་ཤར་བའི་ཚེ། །རྒན་རྒོན་གཉིས་ལ་བུ་མོའི་ནུ་རིན་སྤྲོད། །གཡོག་བྱེད་མེད་ན་གཡོག་འཁོར་གང་དགོས་སྟེར། །བུ་མོ་ང་ཡི་བཙུན་མོར་བསུ་བ་ཡིན། །གཏོང་བའི་གྲབས་མཛོད་བྲམ་ཟེ་རྒན་རྒོན་གཉིས། །ཞེས་གསུངས་ནས། རྒྱལ་པོ་དཔོན་གཡོག་རྣམས་རང་གི་ཡུལ་ལ་བྱོན་སོང་ངོ་། །
དེའི་དུས་སུ། འགྲོ་བ་བཟང་མོའི་ཐུགས་དགོངས་ལ། ང་སྡིག་སྤྱོད་རྒྱལ་པོའི་བཙུན་མོ་བྱེད་པ་ལས་ཤི་བ་དགའ་སྙམ་པའི་ངང་ལ་གནས་བཞིན་དུ་སྔར་མཁའ་འགྲོ་སྡེ་ལྔས་འཕུར་ཤོག་ཅེས་ལུང་བསྟན་པ་དང་བཅས་བྱིན་གྱིས་བརླབས་པ་ཐུགས་ལ་དྲན་པས། ང་ལ་བདུད་ཀྱི་བར་ཆད་ཡོང་གསུངས་པ་འདི་ག་ཡིན་པར་འདུག་དགོངས་ནས། གཟིམ་ཆུང་དེའི་ནང་ནས་ཧར་ཐོན་མཛད་དེ་རས་གོས་ཀྱིས་གཤོག་པ་མཛད་ནས་ནམ་མཁའ་ལ་འཕུར་ནས་འགྲོ་དགོས་དགོངས་པ་ལ། ཡབ་ཡུམ་གཉིས་ཀྱིས་མཁྱེན་ནས།
ཡབ་བྲམ་ཟེ་བློ་བོས་བུ་མོའི་དྲུང་དུ་བྱོན་ཏེ། རས་གོས་ཀྱི་ཐུ་བ་གཡས་ནས་འཇུས་ཏེ། འདི་སྐད་ཅེས་གསུངས་སོ། །ཕ་རྒན་བྲམ་ཟེའི་བུ་མོ་ཚུར་ཉོན་དང་། །འགྲོ་བ་བཟང་མོ་དར་གཅིག་ང་ལ་གསོན། །བུ་མོ་འཕུར་བ་ངོ་མཚར་ཆེ་ལགས་ཏེ། །བུ་མོས་ཆོད་པ་རིང་ཡང་ཤམ་ཤུལ་ལུས། །བུ་མོ་ཕེབས་ཀྱང་ཕ་མ་རྒན་རྒོན་ལུས། །ཡུལ་ཕྱོགས་མཎྜལ་སྒང་གི་རྒྱལ་པོ་ཁོང་། །ཁྲིམས་ལ་གནས་ཤིང་སྐུ་དབང་ཤིན་ཏུ་ཆེ། །ད་ལན་རྒྱལ་པོས་བཀའ་ནན་དེ་ཙམ་གནང་། །ད་ནི་འགྲོ་བ་བཟང་མོ་མ་བཞུགས་ན། །རྒན་རྒོན་གཉིས་ནི་སྲོག་དང་བྲལ་ངེས་གདའ། །བསམ་བློ་ཐོངས་དང་འགྲོ་བ་བཟང་མོ་ལགས། །ད་ལན་ཕ་མའི་དྲིན་ལན་འཇལ་ཕྱིར་དུ། །བུ་མོ་དགུང་ལ་མ་ཡལ་ཅིས་ཀྱང་བཞུགས། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་ཏེ་ཞུ་བ་ནན་གྱིས་ཕུལ་ལོ། །
དེ་ནས་ཡུམ་གྱིས་བུ་མོའི་རས་གོས་ཀྱི་ཐུ་བ་གཡོན་ནས་འཇུས་ཏེ་འདི་སྐད་ཅེས་གསུངས་སོ། །ཨ་མའི་བུ་མོ་ང་ལ་ཚུར་ཉོན་དང་། །བུ་མོ་འཕུར་བ་ཡ་མཚན་ཆེ་ལགས་ཏེ། །བུ་མོ་ཁྱེད་ནི་ཐོག་མར་སྐྱེས་པའི་དུས། །མཁའ་འགྲོ་སྡེ་ལྔའི་ལུང་བསྟན་བྱུང་བ་ལ། །བསྟན་པ་སྔ་དར་བར་དར་ཕྱི་དར་གསུམ། །སྔ་དར་དུས་སུ་འཕུར་ཤོག་མི་གསུངས་འདུག །ཕྱི་དར་དུས་སུ་འཕུར་ཤོག་གསུངས་ཀྱིན་འདུག །ད་ལྟ་བུ་མོའི་བསྟན་པ་སྔ་དར་ཡིན། །ད་ལྟ་འཕུར་བའི་དུས་ལ་མ་བབས་སོ། །བསམ་བློ་ཐོངས་དང་འགྲོ་བ་བཟང་མོ་ལགས། །ད་ལན་ཕ་མའི་དྲིན་ལན་འཇལ་ཕྱིར་དུ། །བུ་མོ་ཅིས་ཀྱང་མ་བྱོན་བཞུགས་པར་མཛོད། །ཅེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་བཞིན་ཞུ་བ་ནན་གྱིས་ཕུལ་ལོ། །
བུ་མོའི་ཐུགས་ལ། རང་གི་ཕ་མ་ཡབ་ཡུམ་གཉིས་ལ་ཡང་སྙིང་རྗེ་དགོངས་ནས། སྤྱན་ཆབ་མང་དུ་བསིལ་བཞིན། ཡབ་ཡུམ་གཉིས་ཀྱི་བཀའ་བཞིན་ཁྱིམ་ལ་བྱོན་པ་ཞལ་གྱིས་བཞེས་སོ། །དེར་ཡབ་ཡུམ་གཉིས་ཀྱང་ཐུགས་ཤིན་ཏུ་མཉེས་སོ། །དེ་ནས་གཞེས་ལྷ་ཉིན་དཀར་པོའི་དུས་སུ། ཡུལ་མཎྜལ་སྒང་ནས། རྒྱལ་པོ་དཔོན་གཡོག་རྣམས་ཀྱིས། རྟ་དང་གླང་པོ་ཆེ་སོགས་པ་ལ་ནོར་བུ་བསམ་འཕེལ་དང་། ནོར་བུའི་ཕྲེང་བ་དང་། གསེར་དངུལ་གོས་དར་ལ་སོགས་པ་ནོར་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་བཀལ་ཏེ། འཁོར་གཡོག་དང་བཅས་པ་རྣམས་བུ་མོའི་ནུ་རིན་དུ་གནང་ངོ་། །བུ་མོའི་ཡབ་ཡུམ་གཉིས་ཀྱང་ཐུགས་ཤིན་ཏུ་མཉེས་པའི་ངང་ནས། འགྲོ་བ་བཟང་མོ་ལ་དར་གོས་ཀྱི་ན་བཟའ་གསོལ་རིན་པོ་ཆེའི་རྒྱན་བསམ་གྱིས་མི་ཁྱབ་པ་བསྒྲོན་ཏེ། རྟ་ཕོ་རྟ་ནག་རྟིང་དཀར་ལ་ཆིབས། རྟ་ཕོ་ངང་པ་གསེར་ལྡན་ལ་རྒྱལ་པོ་ཀཱ་ལ་དབང་པོ་ཆིབས། རྟ་ཕོ་ཡིད་འཛིན་ལ་བློན་པོ་ཏྲི་ན་འཛིན་བཞོན། རྒྱལ་པོ་དང་བཙུན་མོ་བཅས་པ་ལ་བསུ་བ་བྱེད་དོ། །གླུ་གར་དང་རྩེད་འཇོ་དང་བཅས། བསུ་བ་སེར་ཕྲེང་དཔག་ཚད་བརྒྱད་ཀྱི་སར་མཛད། ཡུལ་མཎྜལ་སྒང་དུ་གདན་དྲངས་ནས། ཕོ་བྲང་ནང་དུ་བྱོན་པ་དང་། དེར་རྒྱལ་པོ་གསེར་ཁྲི་ལ་བཞུགས། བཙུན་མོ་གཡུ་ཁྲི་ལ་བཞུགས། གསེར་ཁྲིའི་མདངས་གཡུ་ཁྲི་ལ་ཕོག །དེ་གཉིས་ཀྱི་མདངས་ཕོ་བྲང་ལ་ཕོག་པས། ཕོ་བྲང་དེ་ཡང་། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ་ལྟ་བུའི་ཕྱི་ནང་མེད་པ་འོད་ཀྱིས་ཁེངས་ནས། གསལ་བའི་གཞལ་ཡས་ཁང་དུ་གྱུར་ཏོ། །དགའ་སྟོན་ཡང་རྒྱས་པར་མཛད་དོ། །དེའི་དུས་སུ་རྒྱལ་པོ་དང་བཙུན་མོ་གཉིས། དགའ་བདེའི་དཔལ་ལ་འདོད་དགུའི་ལོངས་སྤྱོད་ཀྱིས་བཞུགས་སོ། །
དེ་ནས་འགྲོ་བ་བཟང་མོའི་ཐུགས་དགོངས་ལ། ང་འདིར་སླེབས་པའི་དགོས་དོན་ལ། སྡིག་སྤྱོད་ཀྱི་རྒྱལ་བློན་འབངས་རྣམས། དམ་པའི་ཆོས་ལ་བཅུག་ན་ཅི་མ་རུང་དགོངས་ནས། རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེེ་རྒྱལ་པོ་རིན་པོ་ཆེ། །ཀཱ་ལ་དབང་པོ་སྙན་གསོན་དང་། །འཇིག་རྟེན་ཉམས་སུ་དགའ་ཡང་རྨི་ལམ་ཙམ། །འདོད་ཡོན་ལོངས་སྤྱོད་ཆེ་ཡང་སྡིག་པའི་རྒྱུ། །འདུས་བྱས་བྱ་བ་ཐམས་ཅད་མི་རྟག་པས། །ད་ནི་ཕྱི་མའི་དོན་ཆེན་སྒྲུབ་རེ་རན། །ནམ་འཆི་ཆ་མེད་ཚེ་ལ་ཡུན་མེད་པས། །སྤྱི་བོར་ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་དྲོངས། །མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས། །རྟག་ཏུ་བྱམས་དང་སྙིང་རྗེ་མ་བྲལ་བར། །སྟོང་ཉིད་སྙིང་རྗེའི་ངང་ལ་ལྷོད་པར་བཞུགས། །ཞེས་ཞུས་པས། རྒྱལ་པོ་ཤིན་ཏུ་མཉེས་ནས་འགྲོ་བ་བཟང་མོ་ལ་འདི་སྐད་ཅེས་གསུངས་སོ། །ཁྱོད་ཀྱིས་སྨྲས་པའི་གཏམ་དེ་ཤིན་ཏུ་བདེན། །དེ་བཞིན་ང་ཡི་དང་དུ་ལེན་པས་ཆོག །ཅེས་གསུངས་ཏེ། རྒྱལ་པོས་ཕོ་བྲང་རྩེ་ནས་དར་ཆེ་པོ་དགུང་སྔོན་མཐོངས་ལ་ཕྱར། དུང་མོ་ཆེ་བར་སྣང་མཐོངས་ལ་བུས། རྔ་བོ་ཆེ་ཕོ་བྲང་རྩེ་ནས་བརྡུངས་སྟབས། ཡུལ་མཎྜལ་སྒང་གི་མངའ་འོག་བློན་འབངས་ཐམས་ཅད་འདུས་བྱུང་བས།
རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྭ་ཡེ་ཉོན་དང་འདིར་ཚོགས་བློན་འབངས་རྣམས། །ང་ཡི་ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ། །སྐད་ཅིག་ཙམ་ལ་དགུང་དུ་ཡལ་ལུགས་དང་། །བྲམ་ཟེའི་སྒོ་དྲུང་རྐང་རྗེས་ཡོད་ལུགས་འདི། །འགྲོ་བ་བཟང་མོའི་སྤྲུལ་པ་ཡིན་ལས་ཆེ། །འགྲོ་བ་བཟང་མོ་དམ་པའི་ཆོས་ལ་དཀར། །ང་ཡང་དེ་བཞིན་དམ་པའི་ཆོས་ལ་དཀར། །བློན་འབངས་རྣམས་ཀྱང་དམ་པའི་ཆོས་ལ་འབུངས། །མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས། །སྤྱི་བོར་ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་དྲོངས། །བྱམས་དང་སྙིང་རྗེ་རྟག་ཏུ་མ་བྲལ་བར། །སྟོང་ཉིད་སྙིང་རྗེའི་ངང་ལ་ཅེ་རེ་ཞོག །གནག་སེམས་སྡིག་པའི་ལས་ལ་སྤྱད་བྱུང་ན། །ལུས་སྲོག་སྟེང་ལ་ཆད་པ་སྤྱོད་པར་བྱེད། །དེ་ལྟར་གོ་བར་གྱིས་ཤིག་བློན་འབངས་རྣམས། །ཞེས་གསུངས་སོ། །དེ་ནས་ཡུལ་མཎྜལ་སྒང་གི་རྒྱལ་བློན་འཁོར་འབངས་རྣམས་ཀྱང་དགེ་བ་བཅུ་ལ་ལོངས་སུ་སྤྱོད་པར་གྱུར་ཏོ། །དེའི་དུས་སུ་འདོད་ཡོན་ལོངས་སྤྱོད་སྔར་ལས་དར་ཞིང་རྒྱས་པར་བྱུང་ངོ་། །དེ་ནས་འགྲོ་བ་བཟང་མོས་འཇིགས་པ་བརྒྱད་ལས་སྐྱོབ་ཕྱིར་གཟིམ་ཆུང་སྒྲོལ་མ་ལྷ་ཁང་དུ་སྐུ་མཚམས་དམ་པོའི་ངང་ལ་བཞུགས་པའི་དུས། སྲས་མོ་གཅིག་སྐུ་འཁྲུངས་སོ། །མཚན་ལ་ཡང་ལྷ་གཅིག་ཀུན་ཏུ་བཟང་མོ་གསོལ་ལོ། །དེ་དགུང་ལོ་གསུམ་དུ་བཞེས་པ་དང་། ཡུམ་ལ་སྲས་རྒྱལ་བུ་གཅིག་འཁྲུངས་སོ། །མཚན་ལ་ཡང་ལྷ་སྲས་རྒྱལ་བུ་ཀུན་ཏུ་ལེགས་པ་གསོལ་ལོ། །ལྷ་སྲས་དེ་སྐུ་འཁྲུངས་ནས། ཡབ་ཡུམ་སྲས་བཅས་འདོད་དགུའི་ལོངས་སྤྱོད་ཀྱི་དགའ་བདེའི་དཔལ་ལ་རོལ་ནས་བཞུགས་པའི་ཚེ།
རྒྱལ་པོས་འགྲོ་བ་བཟང་མོ་ལ། ཀ་བཤད་ཀྱི་མགུར་འདི་གསུངས་སོ། །ཀ་མ་ལྷ་ཡི་མེ་ཏོག་ཡིད་འོང་མ། །ཁ་དོག་ལྡན་པའི་རྒྱལ་པོ་བདག་ལ་གསོན། །ག་ནས་བལྟས་ཀྱང་སྙིང་པོ་མི་འདུག་པས། །ང་ནི་དམ་པའི་ལྷ་ཆོས་ཤིན་ཏུ་མོས། །ཅ་ཅོའི་དབེན་པ་བསྟེན་པའི་ལྷ་ཁང་དུ། །ཆ་ལུགས་སྒོམ་ཆེན་ལྟ་བུའི་མཚམས་ཤིག་བྱེད། །ཇ་ཆང་འདོད་དགུ་འཛོམས་པའི་གཟིམ་ཆུང་དུ། །ཉ་ཆུང་ནད་མེད་བཅོམ་པའི་མིང་སྲིང་གཉིས། །ཏ་ར་དཀར་མོའི་འགྲོ་བ་བཟང་མོ་ཁྱོད། །ཐ་དད་མེད་པའི་མ་བུ་འཕྲད་དུ་ཡོང་། །ད་ནི་ལྷ་ཆོས་མཚམས་སུ་བཞུགས་པར་མཛོད། །ན་ཆུང་མཛེས་མའི་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་པ་དང་། ཡང་འགྲོ་བ་བཟང་མོས་འདི་སྐད་ཅེས་ཞུས་སོ། །པ་འུ་ལྟ་བུའི་རྒྱལ་པོ་བདག་ལ་གསོན། །ཕ་མའི་དྲུང་དུ་བུ་མོ་སྡོད་དབང་མེད། །བ་མོ་བཞིན་དུ་མགོ་ཐག་ཟུང་འབྲེལ་བྱེད། །མ་མོ་ལུ་གུའི་ཁྱུ་ནས་གཅིག་པུར་བཏོན། །ཙ་རི་འདྲ་བས་ཚ་གྲང་འཇིགས་པ་བརྒྱད། །ཚ་ཟེར་བདུད་མོའི་ས་སྟེང་འདི་རུ་སླེབས། །ཛ་འགྲོགས་བཞག་ནས་རྒྱལ་པོས་ཆོས་མཛད་ན། །ཝ་སྐྱེས་རྒྱལ་པོའི་ཐར་ལམ་དེ་ཡིས་བགྲོད། །ཞ་ཞུམ་སྤྱི་བོར་མཁས་ཀྱང་སྙིང་པོ་མེད། །ཟ་བཏུང་ལོངས་སྤྱོད་འདོད་ཡོན་ཆེ་ན་ཡང་། །འ་འུར་ངང་ནས་ལྷ་ཆོས་མ་བྱས་ན། །ཡ་མེད་ཅན་ནི་གཤིན་རྗེའི་ཁྲིམས་རར་སླེབས། །ར་མ་དཀར་མོ་ལུག་གིས་མཐའ་ནས་བསྐོར། །ལ་ལུང་བརྒལ་ཞིང་བདུད་ཀྱི་བཤས་རར་སླེབས། །ཤ་ཚ་ཅན་གྱི་གཏན་གྲོགས་ཡོད་ན་ཡང་། །ས་སྟེང་འདི་རུ་མ་བུ་སྐྱོ་བ་སྐྱེས། །ཧ་ཅང་བཙུན་མོས་མ་བུ་ཟ་བའི་ཚེ། །ཨ་མ་མི་སྡོད་མཁའ་འགྲོའི་གླིང་དུ་འགྲོ། །ཞེས་གསུངས་ནས། གཟིམ་ཆུང་སྐྱིད་པའི་སྒྲོལ་མ་ལྷ་ཁང་དུ། ཡུམ་སྲས་གསུམ་པོ་སྐུ་མཚམས་དམ་པོའི་ངང་ལ་བཞུགས་སོ། །
དེ་ནས་རེ་ཞིག་སོང་བས་དུས། སྔོན་རྒྱལ་པོ་ཀཱ་ལ་དབང་པོ་ལ། བཙུན་མོ་ཧ་ཅང་ཟེར་བ་གཅིག་ཡོད་པ་དེ་ལ་བྲན་གཡོག་གཟེ་མ་ར་མགོ་ཟེར་བ་ཞིག་ཡོད་པ་དེ་ཕོ་བྲང་གི་ཡང་ཐོག་ལ་ཕྱིན་པས། འགྲོ་བ་བཟང་མོ་ཡུམ་སྲས་གསུམ་པོ་མཐོང་ནས། ཨ་ཁ་ཁ་ང་ཡི་ཧ་ཅང་བཙུན་མོའི་ཞབས་འདྲེན་དུ་འགྲོ་བ་འདུག །རྒྱལ་པོ་ཀཱ་ལ་དབང་པོས། བཙུན་མོ་བཞེས་ནས། རྒྱལ་རྒྱུད་འཛིན་པའི་རྒྱལ་སྲས་འདུག །གཉེན་ཚན་སྤེལ་བའི་སྲས་མོ་འདུག་སྙམ་ནས། མྱུར་དུ་བཙུན་མོའི་དྲུང་དུ་ཕྱིན་ཏེ། འདི་སྐད་ཅེས་ཞུས་སོ། །ཀྱེེ་བཙུན་མོ་དམ་པ་བདག་ལ་སྙན་གསོན་དང་། །རྒྱལ་པོ་ཀཱ་ལ་དབང་པོ་ཡིས། །བཙུན་མོ་ཆུང་མ་བཞེས་ནས་འདུག །རྒྱལ་རྒྱུད་འཛིན་པའི་རྒྱལ་སྲས་འདུག །གཉེན་ཚན་སྤེལ་བའི་སྲས་མོ་འདུག །བཙུན་མོ་དམ་པ་ཁྱེད་རང་ལ། །སྲས་སྲོས་མེད་པའི་ཐུགས་ཁྲལ་མཛད་དགོས་མི་འདུག །ཅེས་ཞུས་པས། བདུད་མོའི་བསམ་པ་ལ། ཐག་རིང་གཏམ་ནི་ཕྱེད་བདེན་ཕྱེད་མི་བདེན། ད་ལན་ཐག་ཉེ་བའི་གཏམ་ཡིན་པས། གཟེ་མ་ར་མགོས་ཟེར་བ་ཤིན་ཏུ་བདེན། ཞེས་ཟེར་ནས་ཕོ་བྲང་ཡང་ཐོག་ལ་ཡར་ཕྱིན་ཏེ། གཟིམ་ཆུང་སྒྲོལ་མ་ལྷ་ཁང་གི་སྟེང་དུ་བལྟས་པས། འགྲོ་བ་བཟང་མོ་ཡུམ་སྲས་གསུམ་མཐོང་ནས། བདུད་མོ་ཞེ་སྡང་ལངས་ཏེ་འདི་སྐད་ཟེར། གཟེ་མ་ར་མགོས་ཟེར་བ་བདེན་པ་འདུག །ང་ཧ་ཅང་ཟེར་བའི་མིང་ཆེན་ལ། ཁྱོད་འགྲོ་བ་བཟང་མོ་དགྲ་རུ་བྱུང་། དེ་རིང་ཉི་མའི་འཁོར་ལོ་ལ། ཁྱོད་མ་བུ་གསུམ་པོ་ཟ་མ་ཐུབ་ན། ང་ཡུལ་འདིའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཞེས་ཤིག་ཟེར་ནས། བདུད་མོས་མཆེ་བ་ཉེར་ཉེར་ལན་གསུམ་བྱས་ཏེ། མོ་རང་གི་གཟིམ་ཆུང་དུ་ལོག་སོང་ངོ་། །
དེ་ནས་འགྲོ་བ་བཟང་མོའི་ཐུགས་དགོངས་ལ། ང་ལ་མཁའ་འགྲོ་སྡེ་ལྔའི་རས་གོས་འཕུར་ཤོག་ལུང་བསྟན་དང་བཅས་པ་བྱིན་གྱིས་རློབས་པའི་དུས་སུ། བདུད་ཀྱི་བར་ཆད་ཡོང་གསུངས་པ་དེ། བདུད་མོ་འདི་རང་ཡིན་པར་འདུག་དགོངས་ཏེ་དེ་ནས་ལྷ་སྲས་སྙིང་དང་འདྲ་བ་དེ། ཡབ་ཀྱི་དྲུང་དུ་བཏང་། ལྷ་ཅིག་མེ་ཏོག་པདྨ་ཁ་ཕྱེ་བ་དེ། སྐུ་པང་དུ་བཞེས་ནས། སྤྱན་ཆབ་བསིལ་ཞིང་། འདི་སྐད་ཅེས་གསུངས་སོ། །ཨ་མའི་བུ་མོ་ཚུར་ཉོན་དང་། །ཨ་མ་ང་ནི་སྐྱེས་པའི་དུས། །མཁའ་འགྲོ་སྡེ་ལྔའི་ལུང་བསྟན་ལ། །བདུད་ཀྱི་བར་ཆད་ཡོང་གསུངས་བྱུང་། །བདུད་མོ་འདི་རང་ཡིན་པ་འདུག །འདི་རུ་བསྡད་ན་མ་བུ་གསུམ་ཀ་བདུད་མོས་ཟ་བ་འདུག །ཨ་མའི་རྒྱན་གོས་བུ་མོ་ཁྱོད་རང་གྱིས་ལ། ཁྱེད་མིང་སྲིང་གཉིས་ཀྱི་སྐྱིད་སྡུག་ཡབ་ཆེན་རྒྱལ་པོ་ཁོང་ལ་རེ་ཞིག་གསུངས། ཨ་མ་མི་སྡོད་མཁའ་འགྲོའི་གླིང་ལ་འགྲོ་གསུངས་ཏེ་སྤྱན་ཆབ་མང་དུ་བསིལ་བའི་ངང་ནས། ཡུམ་གྱི་སྐུ་རྒྱན་རྣམས་བཀྲོལ་ཏེ་བཞག །དར་གོས་ཀྱི་ན་བཟའ་རྣམས་ཀྱང་ཕུད་དེ། སྐུ་གཅེར་བུར་འཕུར་གཤོག་གིས་བར་སྣང་མཐོངས་ལ་འཕུར་ནས། ནུབ་ཕྱོགས་མཁའ་འགྲོའི་གླིང་ལ་བྱོན་སོང་ངོ་། །
དེ་ནས་ལྷ་ཅིག་ཀུན་ཏུ་བཟང་མོས་ཡུམ་གྱི་ཕྱག་ཕྱིར་འགྲོ་དགོས་དགོངས་ཏེ། འཕུར་བས་འདོམ་གང་ཙམ་ལས་འཕུར་མི་ཐུབ་པར་སྤྱན་ཆབ་བསིལ་བའི་ངང་ཡུམ་གྱི་གཟིམ་ཆུང་དེར་བྱོན་པས། བྱ་ཚང་ནས་བྱ་འཕུར་བ་ལྟར། སྟོང་སང་ངེར་སོང་འདུག་རྒྱན་གོས་རྣམས་ཀྱང་ཁྲ་ཕུང་ངེ་འདུག་པ་དང་། ལྷ་ཅིག་ཀུན་ཏུ་བཟང་མོ་དེ་སྤྱན་ཆབ་བསིལ་ཞིང་གྲོངས་ཚད་ཚད་ཡོད་པ་ལ། དེ་ནས་ལྷ་སྲས་རྒྱལ་བུ་ཀུན་ཏུ་ལེགས་པ་དེ། ཡུམ་གྱི་གཟིམ་ཆུང་དུ་བྱོན་པས། ཡུམ་ཡང་མི་བཞུགས་པར་ཨ་ལྕེ་ཡང་གྲོངས་ཚད་ཚད་ཡོད་པ་ལ་གཟིགས་ནས།
ལྷ་སྲས་ཀྱིས་ཨ་ཅེ་ལ་འདི་སྐད་ཅེས་གསུངས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །ཡུམ་མཆོག་འགྲོ་བ་བཟང་མོ་གང་དུ་བྱོན། །ཨ་ཅེ་ཐུགས་ཁྲལ་མཛད་པ་ཅི་ལ་མཛད། །ཅེས་ཞུས་པས། ལྷ་ཅིག་ཀུན་ཏུ་བཟང་མོས། ལྷ་སྲས་ལ་འདི་སྐད་ཅེས་ཞུས་སོ། །ལྷ་སྲས་རྒྱལ་བུ་བདག་ལ་ཚུར་གསོན་དང་། །འོ་ཅག་ཡུམ་སྲས་གསུམ་པོ་ནི། །གཟིམ་ཆུང་སྒྲོལ་མ་ལྷ་ཁང་དུ། །དགའ་བདེའི་དཔལ་ལ་ལོངས་སྤྱོད་དུས། །ཧ་ཅང་ཟེར་བའི་བཙུན་མོ་དེའི། །བྲན་གཡོག་གཟེ་མ་ར་མགོ་དེས། །འོ་ཅག་མ་བུ་གསུམ་པོ་མཐོང་། །གཡོག་མོས་བཙུན་མོའི་དྲུང་དུ་ཞུས། །བདེན་རྫུན་བདུད་མོ་ལྟ་རུ་ཡོང་། །བདུད་མོས་མ་བུ་གསུམ་པོ་མཐོང་། །ཞེ་སྡང་ལངས་ནས་འདི་སྐད་ཟེར། །ང་ཧ་ཅང་ཟེར་བའི་མིང་ཆེན་ལ། །ཁྱོད་འགྲོ་བ་བཟང་མོ་དགྲ་རུ་བྱུང་། །དེ་རིང་ཉི་མའི་འཁོར་ལོ་ལ། །ཁྱོད་མ་བུ་གསུམ་པོ་ཟ་མ་ཐུབ་ན། །ང་ཡུལ་འདིའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཞེས་ཤིག་ཟེར། བདུད་མོས་སོ་ཐམ་མཆེ་ཉེར་ལན་གསུམ་བྱས། འཇིགས་པའི་མཆེ་ཉེར་འདུས་པའི་དུས། ཡུམ་གྱིས་བདུད་མོའི་ཚིག་རྐྱེན་མ་ཐེག་པར། ཞལ་ཏ་སློབ་སྟོན་འདི་ལྟར་གསུང་གིན་འདུག །ཨ་མ་ང་ལ་བདུད་ཀྱི་བར་ཆད་ཡོང་ངོ་གསུངས། བདུད་མོ་ཧ་ཅང་འདི་རང་ཡིན་པར་འདུག །འདི་རུ་བསྡད་ན་མ་བུ་གསུམ་ཀ་ཟ་མི་ཟ་ཐེ་ཚོམ་མི་འདུག་པས། ཨ་མ་མི་སྡོད་མཁའ་འགྲོའི་གླིང་དུ་འགྲོ། མ་ངའི་རྒྱན་གོས་བུ་མོ་ཁྱོད་རང་གྱིས། ཁྱེད་མིང་སྲིང་གཉིས་ཀྱི་སྐྱིད་སྡུག་ཡབ་ཆེན་རྒྱལ་པོ་ཁོང་ཉིད་ལ་རེ་ཞིག་གསུངས་ནས། ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་དེ། གློ་བུར་དགུང་སྔོན་མཐོངས་ལ་ཡལ་ནས་སོང་།
མིང་སྲིང་གཉིས་པོ་ཇི་ལྟར་བྱས་ན་དྲག་ཅེས་ཞུས་ཏེ་སྤྱན་ཆབ་མང་དུ་བསིལ་བས། ལྷ་སྲས་རྒྱལ་བུས་འདི་སྐད་ཅེས་གསུངས་སོ། །ཨ་ཅེ་དེ་ལྟར་ཡིན་ན་འདི་རུ་ག་ལ་སྡོད། བདུད་མོ་ཡོང་ན་མིང་སྲིང་གཉིས་ཀ་ཟ། འདི་རུ་མི་སྡོད་ཡབ་ཀྱི་དྲུང་དུ་འགྲོ་གསུངས་ནས། མིང་སྲིང་གཉིས་ཡབ་ཀྱི་དྲུང་དུ་བྱོན་ཏེ། ལྷ་སྲས་རྒྱལ་བུ་ཀུན་ཏུ་ལེགས་པས། ཡབ་ལ་ཕྱག་ཕུལ་ནས། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། སྤྱན་ཆབ་མང་དུ་བསིལ་བཞིན་འདི་སྐད་ཅེས་ཞུས་སོ། །ཡབ་ཅིག་གསོན་དང་ཀཱ་ལ་དབང་པོ་ལགས། །བདག་ཅག་ཡུམ་སྲས་གསུམ་པོ་ནི། །གཟིམ་ཆུང་སྒྲོལ་མ་ལྷ་ཁང་དུ། །དགའ་བདེའི་དཔལ་ལ་ལོངས་སྤྱོད་དུས། །ཧ་ཅང་ཟེར་བའི་བཙུན་མོ་དེའི། །བྲན་གཡོག་གཟེ་མ་ར་མགོ་དེས། །བདག་ཅག་མ་བུ་གསུམ་པོ་མཐོང་། །གཡོག་མོས་བཙུན་མོའི་དྲུང་དུ་ཞུས། །བདེན་རྫུན་བདུད་མོ་ལྟ་རུ་ཡོང་། །བདུད་མོས་ཡུམ་སྲས་གསུམ་པོ་མཐོང་། །ཞེ་སྡང་ལངས་ནས་འདི་སྐད་ཟེར། །ང་ཧ་ཅང་ཟེར་བའི་མིང་ཆེན་ལ། །ཁྱོད་འགྲོ་བ་བཟང་མོ་དགྲ་རུ་བྱུང་། །དེ་རིང་ཉི་མའི་འཁོར་ལོ་ལ། །ཁྱོད་མ་བུ་གསུམ་པོ་ཟ་མ་ཐུབ་ན། །ང་ཡུལ་འདིའི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཞེས་ཤིག་ཟེར། བདུད་མོས་མཆེ་ཉེར་ལན་གསུམ་བྱས། འཇིགས་པའི་མཆེ་ཉེར་འདུས་པའི་ཚེ། ཡུམ་གྱིས་བདུད་མོའི་ཚིག་རྐྱེན་མ་ཐེག་པར། ཞལ་ཏ་སློབ་སྟོན་འདི་ལྟར་གསུངས། ཨ་མ་སྐྱེས་པའི་དུས་ཙ་ན། མཁའ་འགྲོའི་ལུང་བསྟན་ལ་གློ་བུར་བདུད་ཀྱི་བར་ཆད་ཡོང་ངོ་གསུངས། བདུད་མོ་ཧ་ཅང་འདི་རང་ཡིན་པར་འདུག །འདི་རུ་བསྡད་ན་མ་བུ་གསུམ་པོ་བདུད་མོས་ཟ་མི་ཟ་ཐེ་ཚོམ་མི་འདུག་པས། ཨ་མའི་རྒྱན་གོས་བུ་མོ་ཁྱེད་རང་གྱིས་ཤིག །མ་ང་མི་སྡོད་མཁའ་འགྲོའི་གླིང་དུ་འགྲོ། ཁྱོད་མིང་སྲིང་གཉིས་ཀྱི་སྐྱིད་སྡུག་ཡབ་ཆེན་རྒྱལ་པོ་ཁོང་ཉིད་ལ་རེ་ཞིག་གསུངས་ནས། ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་དེ། གློ་བུར་དགུང་སྔོན་མཐོངས་ལ་འཕུར་ནས་ཡལ། བདག་མིང་སྲིང་གཉིས་ཀྱི་སྐྱིད་སྡུག་དེ། ཡབ་ཆེན་རྒྱལ་པོ་ཉིད་ཀྱིས་ཐུགས་རྗེས་གཟིགས། ཞེས་ཞུས་ནས།
མིང་སྲིང་གཉིས་ཀྱིས་ཕྱག་མཉམ་དུ་བཙལ་ཏེ་སྤྱན་ཆབ་མང་དུ་བསིལ། ཡབ་རྒྱལ་པོའི་སྙན་དུ། ཡུམ་འགྲོ་བ་བཟང་མོ་མ་བཞུགས་པའི་ལོ་རྒྱུས་རྣམས་གསན་པ་དང་། ཡབ་རྒྱལ་པོ་ཐུགས་དྲན་མེད་དུ་བརྒྱལ་ལོ། །དེར་འཁོར་འབངས་རྣམས་ཀྱིས་ཙན་དན་གྱི་ཐང་ཆུ་དྲངས་ནས། ཞལ་རས་ལ་གཏོར་བས། རྒྱལ་པོ་ཐུགས་དྲན་གསོས་ཏེ་སྤྱན་ཆབ་བསིལ་ཞིང་འདི་སྐད་ཅེས་གསུངས་སོ། །ཐག་རིང་གཏམ་དེ་ཕྱེད་བདེན་ཕྱེད་མི་བདེན། ད་ལན་ཐག་ཉེ་བའི་གཏམ་ཡིན་པས། ལྟ་རུ་འགྲོ་དགོས་དགོངས་ནས་མགྱོགས་པར་བྱོན་ཏེ། གཟིམ་ཆུང་སྒྲོལ་མ་ལྷ་ཁང་གི་སྒོ་དེ་ཕྱེ་ནས་བྱོན་པས། ཡུམ་གྱི་གཟིམ་ཆུང་དེ་ནི་བྱ་ཚང་ནས་སྒོ་ང་བཏོན་པ་ལྟར་སྟོང་སང་ངེར་སོང་འདུག །རྒྱན་གཡུ་གོས་རྣམས་ཀྱང་ཁྲ་ཕུང་ངེར་འདུག་པ་ལས། ཡབ་རྒྱལ་པོ་ཐུགས་དོན་འགྲོ་བ་ལྟ་བུའི་ངང་ནས། སྤྱན་ཆབ་བསིལ་ཞིང་གཟིམ་ཆུང་སྒྲོལ་མ་ལྷ་ཁང་གི་སྟེང་དུ་ན་བཟས་དབུ་བཏུམས་ནས་ཐུགས་ཁྲལ་ཆེན་པོའི་ངང་ལ་བཞུགས་སོ། །
དེ་ནས་ལྷ་སྲས་རྒྱལ་བུས་ཡབ་ཀྱི་སྐུ་པང་དུ་བྱོན་ནས་ཞལ་ལ་ཞལ་སྦྱར་ཐུགས་ལ་ཐུགས་སྦྱར་ཏེ། ཡབ་ཀྱི་ཐུགས་སེམས་གསོ་བའི་ཕྱིར། འདི་སྐད་ཅེས་ཞུས་སོ། །ཀྱཻ་ཡབ་གཅིག་གསོན་དང་ཀཱ་ལ་དབང་པོ་ལགས། །བདག་གི་ཨ་མ་དགུང་ལ་ཡལ་བ་དེ། །སྐུ་ཚེའི་དུས་ལ་བབ་པ་མིན་ལས་ཆེ། །འགྲོ་བའི་དོན་དུ་འཕུར་བ་ཡིན་པར་སྲིད། །དེ་ན་ཐུགས་ཁྲལ་མཛད་དགོས་མི་འདུག་པས། །ཐུགས་ཁྲལ་ཞོག་ལས་གསོལ་འདེབས་སྨོན་ལམ་མཛོད། །ཡུམ་ཆེན་ཨ་མ་མྱུར་དུ་བྱོན་ལས་ཆེ། །ཞེས་ཞུས་པས། ཡབ་ཀྱི་ཐུགས་དགོངས་ལ། ང་ཡི་བུ་འདི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དངོས་ཡིན་པས། ལོ་ངོ་གསུམ་ལོན་ཙམ་ལ་སེམས་གསོ་འདི་ཙམ་གཏོང་ཤེས་པ་འདུག་དགོངས་ནས།
ཡབ་ཀྱིས་ལྷ་སྲས་རྒྱལ་བུ་ཕྱག་གཡས་སུ་ཁྲིད། ལྷ་ཅིག་ཀུན་ཏུ་བཟང་མོ་ཕྱག་གཡོན་དུ་ཁྲིད་དེ། གཟིམ་ཆུང་སྒྲོལ་མ་ལྷ་ཁང་གི་སྟེང་ནས། བར་སྣང་ལ་སྤྱན་གཟིགས་ཏེ་གསོལ་འདེབས་ཀྱི་མགུར་འདི་གསུངས་སོ། །བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བདག་གི་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །འགྲོ་བ་བཟང་མོ་ང་ལ་ཚུར་ཉོན་དང་། །གློ་བུར་དགུང་སྔོན་མཐོངས་ལ་མ་ཡལ་བར། །ད་དུང་གཟིམ་ཆུང་འདི་རུ་བྱོན་པར་ཞུ། །ཞེ་སྡང་ཁོང་ཁྲོ་བདུད་མོའི་ང་རྒྱལ་ལ། །བདེན་པར་འཛིན་པའི་འགྲོ་བ་བཟང་མོ་ཁྱོད། །གློ་བུར་དགུང་སྔོན་མཐོངས་ལ་མ་ཡལ་བར། །གཟིམ་ཆུང་འདི་རུ་ད་དུང་བྱོན་པར་ཞུ། །ལྷ་སྲས་རྒྱལ་བུ་བསྐྱུར་བའི་སྙིང་ཕོད་མ། །ལྷ་ཅིག་ཀུན་བཟང་བསྐྱུར་བའི་ཕོད་མཚན་མ། །ཀཱ་ལ་དབང་པོ་བསྐྱུར་བའི་སྙིང་རིང་མ། །རྒྱན་གོས་ལོངས་སྤྱོད་བསྐྱུར་བའི་མན་ལོག་མ། །སེམས་ཅན་ཀུན་ལ་ཐུགས་རྗེ་སྙིང་རྗེས་གཟིགས། །ཀཱ་ལ་དབང་པོའི་ཞུ་དོན་སྨིན་པར་མཛོད། །ཅེས་གསུངས་པས། ཡུམ་གྱི་སྐུ་གཟུགས་མཐོང་རྒྱུ་ལྟ་ཞོག་གསུང་ལན་ཙམ་ཡང་མ་བྱུང་ངོ་། །དེར་ཡབ་སྲས་གསུམ་པོ་ཕོ་བྲང་གི་ཟུར་ཞིག་ཏུ་ན་བཟས་དབུ་བཏུམས་ནས་ཐུགས་ཁྲལ་ཆེན་པོའི་ངང་ལ་བཞུགས་སོ། །
དེའི་དུས་སུ་བདུད་མོ་ཧ་ཅང་གིས་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྭ་ཡེ་ཉོན་དང་འདིར་ཚོགས་བློན་འབངས་རྣམས། །སྔོན་དུས་རྒྱལ་པོ་ཀཱ་ལ་དབང་པོ་ཡིས། །བཙུན་མོ་ང་ལས་གཞན་པ་མི་ལེན་པའི། །ཁ་དན་ཚིག་གིས་དམ་བཅའ་བཞག་ནས་ཡོད། །ཁོ་བོས་སྔར་བྱས་གཏམ་ལ་མ་གནས་པར། །ལྐོག་ཏུ་འགྲོ་བ་བཟང་མོ་ཆུང་མར་བླངས། །བཙུན་མོ་ང་ལ་ལོ་དྲུག་མིག་མི་ལྟ། །འདི་འདྲའི་ལས་ལ་ཁོ་མོ་ཅི་ལ་བཟོད། །རྒྱ་གར་རྒྱལ་པོ་རྣམས་ལ་ཕར་ལྟོས་དང་། །བཙུན་མོ་མང་པོ་ཀུན་གྱིས་བཞེས་འདུག་ཀྱང་། །མཉམ་དུ་བསྐྱངས་ན་འགྱོད་པ་སྐྱེ་རྒྱུ་མེད། །ཉེ་རིང་འདི་འདྲ་རྒྱལ་པོས་བྱས་ཟེར་ན། །ཁོ་མོ་བདག་གི་སེམས་ཀྱིས་ཅི་ལ་བཟོད། །འགྲོ་བ་བཟང་མོ་དགུང་ལ་ཡལ་ན་ཡང་། །མོ་ནི་ཆོད་པ་རིང་ཡང་ཤམ་ཤུལ་ལུས། །རྒྱལ་པོ་ཀཱ་ལ་དབང་པོར་སྨྱོ་ཆུ་ཞུས། །རྒྱལ་པོ་སྨྱོ་བའི་སྨྱོ་ཚུལ་བསྟན་གྱུར་ན། །ལོ་དྲུག་བར་དུ་ཆད་པ་གཅོད་ལས་ཞོག །ཁྱོད་ཚོ་བློན་འབངས་རྣམས་ཀྱི་རྔན་པ་ལ། །འདོད་ཡོན་ལོངས་སྤྱོད་གང་ལ་གང་དགོས་སྟེར། །མངའ་འབངས་རྣམས་ལ་བགོ་བཤའ་གང་ཁྱབ་བྱེད། །བློན་པོའི་ཚོགས་རྣམས་ནན་ཏན་གོ་བར་གྱིས། །ཞེས་སྨྲས་པས། བློན་པོ་ཐམས་ཅད་བདུད་མོའི་དབང་དུ་སོང་ནས། གྲོས་གཅིག་ཏུ་མཐུན་ཏེ། རྒྱལ་པོ་བསླུ་བར་ཁ་འཆམས་སོ། །
དེ་ནས་བློན་པོ་རྣམས་ཀྱིས་སྨྱོ་ཆུ་ཁྱེར་ཏེ་རྒྱལ་པོའི་དྲུང་དུ་ཕྱིན་ནས། འདི་སྐད་ཅེས་ཞུས་སོ། །ཀྱཻ་གསོན་དང་རྒྱལ་པོ་རིན་པོ་ཆེ། །ཀཱ་ལ་དབང་པོ་ཚུར་ལ་སྙན་གསོན་དང་། །འགྲོ་བ་བཟང་མོ་དགུང་ལ་ཡལ་ན་ཡང་། །ཐུགས་ཡིད་མཐུན་པའི་བཙུན་མོ་ད་དུང་ཡོད། །རྒྱལ་རྒྱུད་འཛིན་པའི་ལྷ་སྲས་རྒྱལ་བུ་ཡོད། །གཉེན་འཁོར་སྤེལ་བའི་ལྷ་ཅིག་སྲས་མོ་ཡོད། །རྒྱལ་པོའི་སྐུ་ལ་འབྱུང་བཞིའི་གནོད་པ་མེད། །བདག་ཅག་བློན་འབངས་རྣམས་ནི་དར་ཞིང་རྒྱས། །དེས་ན་ཐུགས་ཁྲལ་མཛད་དགོས་མི་འདུག་པས། །ཐུགས་ཁྲལ་ཞོག་ལས་ཨ་རག་རྒུན་འབྲུམ་བཞེས། །ཨ་རག་བཞེས་ལ་ཆོས་ཀྱི་གླེང་མོ་མཛོད། །ཅེས་ཞུས་ནས་རྒྱལ་པོ་ལ་སྨྱོ་ཆུ་ཡང་ནས་ཡང་དུ་ཞུས། རྒྱལ་པོས་སྨྱོ་ཆུ་ཡིན་པ་མ་མཁྱེན་པར། བློན་པོ་རྣམས་ཀྱིས་ཨ་རག་རྒུན་འབྲུམ་ཁྱེར་ནས། ང་ཡི་སེམས་གསོ་རུ་ཡོང་བ་ཡིན་པར་དགོངས་ཏེ། ཐུགས་ཤིན་ཏུ་མཉེས་ནས་སྨྱོ་ཆུ་མང་དུ་བཞེས་པས། སྐད་ཅིག་ཉིད་དུ་རྒྱལ་པོ་སྨྱོས་ནས། རེ་ག་ནི་བཞེངས། རེ་ག་ནི་བཞུགས། རེ་ག་ནི་ང་ཡི་འགྲོ་བ་བཟང་མོ་ཟེར་ཏེ་བར་སྣང་ལ་སྤྱན་གཟིགས། རེ་ག་ནི་གླུ་ལེན། རེ་ག་ནི་གར་བྱེད། གཞན་ཡང་སྨྱོས་བའི་རྣམ་འགྱུར་མང་དུ་མཛད་བྱུང་བས། བདུད་མོ་ན་རེ། ཁྱོད་བློན་པོ་རྣམས་ཀྱིས་ཀཱ་ལ་དབང་པོ་བཙོན་ལ་ཆུག་ཅིག །བཙོན་གཉེར་གཟེར་མ་ར་མགོས་གྱིས་ཤིག །བཙོན་ལྟོ་ཞུར་ཐག་ལ་སྤྲོད་ཅིག །ཅེས་སྨྲས་སོ། །
དེ་ནས་དུས་ནམ་ཞིག་གི་ཚེ་བདུད་མོའི་བསམ་པ་ལ། མེ་སྟག་ཆུང་ངུའི་དུས་སུ་མ་བསད་ན། །རྩྭ་ཕུང་རི་རབ་ཙམ་དུ་ཚིག་པ་འདུག །ཆུ་ནི་ཆུང་ངུའི་དུས་མ་བཀག་ན། །ལུང་པ་ཆུ་ཡིས་གང་བའི་ཉེན་ཁ་ཡོང་། །ལྕམ་སྲིང་འདི་གཉིས་ཆུང་དུས་མ་བསད་ན། །ན་སོ་དར་ལ་ལོན་དུས་ངས་མི་ཐུབ། །དེ་བས་གསོད་པའི་ཐབས་ཤིག་བྱེད་པ་ལ། བློན་པོ་རྣམས་ལ་སྲས་ལྕམ་སྲིང་འདི་གཉིས་བཀྲོང་ཤོག་ཟེར་ན་བཀྲོང་མི་ཡོང་། འདི་གཉིས་མེད་པར་བྱེད་པའི་ཐབས་ཤིག་བྱེད་པ་ལ། ད་ནི་ན་བརྫུ་ཆེན་པོ་ཞིག་འདེབས་དགོས་སྙམ་ནས། མལ་ས་ཆེན་པོ་ཞིག་བཅས། གདན་ལ་ཀོ་རུལ་བཏིངས། ལུས་ལ་ཀླད་པ་རུལ་པ་བྱུགས། འགྲམ་སྦུག་གཡས་སུ་བཙག་བཅུག །གཡོན་དུ་རམ་བཅུག །ལུད་པ་སྔོ་དམར་ཁྱུག་ཁྱུག་བྱས་ནས། འཆི་བ་ལྟར་ཉལ་ཏེ་བསྡད་པས། བློན་པོའི་ཚོགས་རྣམས་ཀུན་འདུས་ནས། བདུད་མོའི་སྔས་མགོར་ཕྱིན་ཏེ། འདི་སྐད་ཅེས་ཞུས་སོ། །ཀྱཻ་བཙུན་མོ་རིན་པོ་ཆེ། །སྐུ་སྙུང་བའི་སྙུང་ཟུག་གང་འདྲ་འདུག །ཚ་བའི་ཚ་གཟེར་ཅི་འདྲ་འདུག །ཟློག་སྒྱུར་གསོལ་འདེབས་བྱས་ན་ཨེ་ཕན་ནམ། །སྨན་དཔྱད་རིམ་གྲོ་བྱས་ན་ཨེ་ཕན་ནམ། །ཐབས་ཤེས་ཇི་ལྟར་བྱས་ན་ཕན་པ་གདའ། །ཞེས་ཞུས་པས། བདུད་མོ་ན་རེ། ང་ཡི་སྒྱུ་ལུས་ན་ཚའི་ཟུག་གཟེར་ལ། །ཟློག་སྒྱུར་གསོལ་འདེབས་བྱས་པས་ཕན་མི་ཡོང་། །སྨན་དཔྱད་རིམ་གྲོ་བྱས་པས་ཅི་ལ་ཕན། །ང་ལ་ཕན་ཐབས་ཁྱེད་ཚོས་བྱེད་མདོག་མེད། །ཅེས་སྨྲས་པས།
བློན་པོའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱཻ་བཙུན་མོ་དམ་པ་སྙན་གསོན་དང་། །སྐུ་སྙུང་བའི་སྙུང་གཟེར་ལ། །ཐབས་ཇི་ལྟར་བྱས་ན་ཕན་པ་གདའ། །སྲས་ལྕམ་སྲིང་གཉིས་ནི་སྐུ་ན་གཞོན། །བདག་ཅག་བློན་པོའི་ཚོགས་རྣམས་ལ། །ལྟ་རྒྱུ་བསམ་རྒྱུ་བཙུན་མོ་ཁྱེད་ལས་མེད། །ཅེས་ཞུས་པས། ཡང་བདུད་མོས་འདི་སྐད་ཅེས་སྨྲས་སོ། །བློན་པོའི་ཚོགས་རྣམས་ང་ལ་ཚུར་ཉོན་དང་། །ང་ཡི་རྒྱུ་ལུས་ན་ཚའི་ཟུག་གཟེར་ལ། །ཐབས་ཇི་ལྟར་བྱས་ཀྱང་མི་ཕན་འདུག །ཐབས་ནི་ཡོད་ཀྱང་ཁྱོད་ཚོའི་བྱེད་མི་སྲིད། །ང་ལ་ཕན་པའི་སྨན་ནི་འདི་འདྲ་འདུག །ལྕམ་སྲིང་གཉིས་དང་ང་ཡི་ལོ་ཁམས་མི་མཐུན་པས། །མིང་སྲིང་གཉིས་ཀྱི་སྙིང་བཏོན་ནས། །ང་ལ་སྦྱིན་ན་ནད་ལ་ཕན་པ་འདུག །ཅེས་སྨྲས་པས།
དེར་བློན་པོའི་ཚོགས་རྣམས་ན་རེ། སྲས་ལྕམ་སྲིང་བཀྲོང་བ་ལས་འོས་མེད། ཅེས་ཞུས་པས། བདུད་མོས་འདི་སྐད་ཅེས་སྨྲས་སོ། །ཁྱོད་བློན་པོའི་ཚོགས་རྣམས་ཀྱིས་བཀྲོང་པའི་འོས་མིན་པས། ཡུལ་མཎྜལ་སྒང་གི་མངའ་འོག་ན་དགེ་སྡིག་སྤང་བླང་མི་ཤེས་པའི་ཤན་པ་སྤུན་གཉིས་བོས་ཤོག །ཅེས་སྨྲས་པས། དེ་ནས་བློན་པོ་རྣམས་ཀྱིས། བཙུན་མོའི་བཀའ་བཞིན་ཤན་པ་སྤུན་གཉིས་བོས་ནས། བདུད་མོའི་སྔས་མགོར་ཕྱིན་ཏེ་ཤན་པ་སྤུན་གཉིས་ལ་བཀའ་བསྩལ་དུ་གསོལ། ཞེས་ཞུས་པས། བདུད་མོས་འདི་སྐད་ཅེས་སྨྲས་སོ། །ང་ཡི་བཀའ་བཞིན་ཤན་པ་རྒན་གཞོན་གཉིས། །ལྕམ་སྲིང་མདུན་དུ་ད་ལྟ་མགྱོགས་པར་སོང་། །ཤན་པ་རྒན་པ་ཁྱོད་ཀྱི་བཤན་གྲི་ཡིས། །ལྷ་ཅིག་ཀུན་ཏུ་བཟང་མོའི་སྙིང་ཐོན་ཅིག །ཤན་པ་གཞོན་པ་ཁྱོད་ཀྱི་བཤན་གྲི་ཡིས། །ལྷ་སྲས་ཀུན་ཏུ་ལེགས་པའི་སྙིང་ཐོན་ཅིག །ཁོ་མོའི་ནད་ལ་ཕན་པའི་སྨན་ཡིན་པས། །ཚ་དྲོད་མ་ཡལ་སྔོན་ནས་ཚུར་ཁྱེར་ཤོག །རྔན་པར་འདོད་ཡོན་ལོངས་སྤྱོད་གང་དགོས་སྟེར། །མངའ་འབངས་རྣམས་ལ་ཚང་མ་བགོ་བཤའ་གྱིས། །མིང་སྲིང་གསོད་པར་ཁྱེད་གཉིས་མྱུར་དུ་སོང་། །ཞེས་སྨྲས་པས།
ཤན་པ་གཉིས་ཀྱིས་བདུད་མོའི་བཀའ་བཞིན་མགྱོགས་པར་ཕྱིན་ནས། སྲས་མིང་སྲིང་གཉིས་བཞུགས་པའི་གཟིམ་ཆུང་གི་སྒོ་དེ་ཧར་ཏེ་ཕྱེ་ནས་བལྟས་པས། མིང་སྲིང་སྐུ་ན་གཞོན་པའི་སྟབས་ཀྱིས། སྐུ་རྩེད་ཀྱི་རྣམ་པ་ལ་བཞུགས་འདུག་པས་ལྷ་སྲས་ཀྱིས་ཤན་པ་གཟིགས་པ་ཙམ་གྱིས་ཤིན་ཏུ་འཇིགས་ཏེ། འདི་སྐད་གསུངས་སོ། །
ཀྭ་ཡེ་གསོན་དང་ཤན་པ་རྒན་གཞོན་གཉིས། །སྔར་ཕན་ཁྱོད་གཉིས་ང་ཡི་རྩར་ཡོང་དུས། །སེམས་ལ་དགའ་སྤྲོ་ཆེན་པོ་ཡོང་གི་ཡོད། །ད་ལན་ཁྱོད་གཉིས་ང་ཡི་རྩར་ཡོང་དུས། །སེམས་ལ་འཇིགས་སྐྲག་ཆེན་པོ་བྱུང་ལགས་པས། །ཁྱོད་གཉིས་འདི་རུ་སྐུ་དོན་གང་ལ་བྱོན། །བློན་པོ་ཐམས་ཅད་བདུད་མོའི་དབང་དུ་སོང་། །བཙུན་མོ་བློན་པོའི་ཚོགས་རྣམས་བཀའ་གྲོས་མཛད། །ལྕམ་སྲིང་གཉིས་པོ་གསོད་པར་ཡོང་ལགས་སམ། །མིང་སྲིང་གཉིས་ལ་ཉེས་པ་གང་ཡང་མེད། །བསད་རང་བསད་ན་སྙིང་ཡང་མི་རྗེའམ། །ལས་ཀྱི་རྣམ་སྨིན་སྡིག་སྒྲིབ་མི་ཆེའམ། །བསམ་བློ་ཐོངས་དང་ཤན་པ་སྤུན་གཉིས་པོ། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་བས། ཤན་པ་གཞོན་པ་དད་པ་སྐྱེས་ཏེ། ཁོང་རང་ཡང་མཆི་མ་ལྷུག་པར་བཏང་ནས། འདི་སྐད་ཅེས་ཟེར་རོ། །ཨ་ཇོ་གསོན་དང་ཤན་པ་རྒན་པ་ལགས། །སྐྱེས་པའི་ལོ་གྲངས་རྒན་ནས་རྒན་རྒྱུ་མེད། །རྣམ་རིག་ཤེས་པ་རྒན་ན་རྒན་པ་ཡིན། །མིང་སྲིང་གཉིས་ཀྱི་ཡབ་ཡུམ་བཞུགས་པའི་དུས། །སྐུ་ལུས་གྲིབ་མ་ལ་ཡང་འགོམ་མི་ནུས། །ད་ནི་སྐུ་ལ་བསྡོ་བ་ག་ལ་ཕོད། །དེ་བས་མིང་སྲིང་གཉིས་པོ་ཚེ་མཐར་ཐོངས། །ཕོ་བྲང་རྒྱ་སྒོའི་འོག་གི་ཁྱིའུ་མིང་སྲིང་གཉིས་ཀྱི་སྙིང་བཏོན་ནས། བདུད་མོ་ལ་བྱིན་ན་ཡོང་འདྲ་བྱས་པས།
ཤན་པ་རྒན་པ་དགའ་སྟེ་གྲོས་གཅིག་ཏུ་མཐུན་ནས། མིང་སྲིང་གཉིས་ལ་འདི་སྐད་ཅེས་ཞུས་སོ། །ལེགས་པར་གསོན་དང་ལྷ་སྲས་ལྕམ་སྲིང་གཉིས། །བདུད་མོ་བློན་པོའི་ཚོགས་རྣམས་བཀའ་གྲོས་མཛད། །བདག་ཅག་སྡིག་ལ་བཀོད་པའི་ཤན་པ་གཉིས། །ལྷ་སྲས་ལྕམ་སྲིང་གཉིས་པོ་བཀྲོང་དུ་བཏང་། །ཡུམ་ཆེན་འགྲོ་བ་བཟང་མོ་བཞུགས་པའི་དུས། །སྐུ་ལུས་གྲིབ་མ་ལ་ཡང་འགོམ་མི་ནུས། །ད་ནི་སྐུ་ལ་བསྡོ་བ་ག་ལ་ཕོད། །སྲས་ཀྱི་མཆོག་གྱུར་མིང་སྲིང་རྣམ་པ་གཉིས། །མེ་ཏོག་ལྡུམ་རར་རྩེད་མོར་མ་བྱོན་ཅིག །གལ་ཏེ་ཧ་ཅང་བདུད་མོས་མཐོང་གྱུར་ན། །བཀྲོང་དང་མི་བཀྲོང་ཐེ་ཚོམ་མི་འདུག་པས། །ཕ་མ་ཡིན་ཀྱང་དེ་ལས་སློབ་རྒྱུ་མེད། །མིང་སྲིང་གཉིས་ཀྱི་ཐུགས་ལ་དེ་ལྟར་ཞོག །བདག་ཅག་ཤན་པ་གཉིས་ཀྱིས་བློན་པོ་ཚོར། །བསད་པ་སྔར་ལྟར་ཕག་ཏུ་ཁྱེར་ནས་ཞུ། །ཞེས་ཞུས་ནས། སྲས་ལྕམ་སྲིང་གཉིས་པོ་ཚེ་ཐར་བཏང་། དེ་ནས་ཕོ་བྲང་རྒྱ་སྒོའི་འོག་གི་ཁྱིའུ་གཉིས་བསད་དེ་སྙིང་བཏོན་ནས་བདུད་མོའི་སྔས་མགོར་ཁྱེར་ཏེ། འདི་སྐད་ཅེས་ཞུས་སོ། །ཀྱཻ་བཙུན་མོ་དམ་པ་སྙན་གསོན་དང་། བདག་ཅག་ཤན་པ་གཉིས་ཀྱིས་སྙིང་རྗེ་མེད་པར་ལྷ་སྲས་ལྕམ་སྲིང་བཀྲོངས། སྙིང་ཆེ་བ་དེ་ལྷ་ཅིག་ཀུན་ཏུ་བཟང་མོའི་སྙིང་ཡིན། སྙིང་ཆུང་བ་དེ་ལྷ་སྲས་རྒྱལ་བུ་ཀུན་ཏུ་ལེགས་པའི་སྙིང་ཡིན། བཙུན་མོ་དམ་པ་མཉེས་ཕྱིར་འབུལ་ལགས་སོ། །རྔན་པ་མངའ་རིག་ཕྱེད་ཀྱང་མི་ཞུ་ལགས། སྔར་རྒྱུན་ལྟར་བརྩི་བ་ཞུ་ཞུས་པས།
བདུད་མོས་སྙིང་གཉིས་ཚྭ་ལ་འདྲེས་ནས་བཟས་ཏེ། འགྲམ་སྦུག་གི་བཙག་དང་རམ་གཉིས་བཏོན་ནས། རྒྱན་གཡུ་གོས་ལེགས་པར་བསྒྲོན་ཏེ། ཤན་པ་སྤུན་གཉིས་ལ་ཟས་ནོར་བསམ་གྱིས་མི་ཁྱབ་པ་གནང་ནས་སྐུ་དྭངས་བའི་ཚུལ་བསྟན། ཉིན་རེ་བཞིན་དུ་ཕོ་བྲང་རྩེ་ལ་ཞབས་བསྐོར་གནང་བ་ལས། སྲས་ལྕམ་སྲིང་གཉིས་སྐུ་ན་གཞོན་པའི་སྟབས་ཀྱིས། ཉིན་གཅིག་མེ་ཏོག་ལྡུམ་རར་སྐུ་རྩེད་ལ་བྱོན་པ་དང་དུས་མཚུངས་ནས།
ཧ་ཅང་བདུད་མོས་མཐོང་སྟེ། མོའི་བསམ་པ་ལ། ཨ་ཁ་ཁ་དགེ་སྡིག་སྤང་བླང་མི་ཤེས་པའི་ཤན་པ་སྤུན་གཉིས་ཀྱིས། ལྷ་སྲས་མིང་སྲིང་གཉིས་མ་བཀྲོངས་པར་མེ་ཏོག་ལྡུམ་རར་སྐུ་རྩེད་ལ་ཕེབས་འདུག །བློན་པོ་ཐམས་ཅད་ལྕམ་སྲིང་གཉིས་ལ་བརྩེ་དུང་ཆེ་བར་འདུག་པས། ཡང་སྔར་ལྟར་ན་རྫུན་འདེབས་སྙམ་ནས་མལ་ས་ཆེན་པོ་ཞིག་བཅས་རྒྱན་གོས་རྣམས་སྔས་མགོར་ཁྲ་ཕུང་ངེ་བཞག་ནས། ཨ་ར་དང་ཨུ་རུའི་ཟུག་བཟོད་གླགས་མེད་པར་བྱས་ནས་ཉལ་བསྡད་པས། ཡང་བློན་པོ་རྣམས་བདུད་མོའི་སྔས་མགོར་ཕྱིན་ནས། འདི་སྐད་ཅེས་ཞུས་སོ། །ཀྱཻ་བཙུན་མོ་དམ་པ་སྙན་གསོན་དང་། །སྐུ་སྙུང་བའི་སྙུང་གཟེར་གང་འདྲ་འདུག །ཚ་བའི་ཚ་གཟེར་ཅི་འདྲ་འདུག །ཐབས་ཇི་ལྟར་བྱས་ན་དྲག་པ་འདུག །ཅེས་ཞུས་པས། བདུད་མོ་ཁྲོས་ནས་གཏམ་ལན་ཚིག་གཅིག་ཀྱང་མི་སྨྲ་བར། མགོ་བོ་གཡོན་དུ་གཡོས་ནས་ཉལ་སོང་ངོ་། །ཡང་བློན་པོ་རྣམས་ཀྱིས་གཡོན་དུ་ཕྱིན་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱཻ་བཙུན་མོ་དམ་པ་སྙན་གསོན་དང་། །ཁྱེད་བཙུན་མོ་སྙུང་བའི་སྙུང་གཞི་ལ། །ཐབས་ཇི་ལྟར་བྱས་ན་དྲག་པ་འདུག །ཡུམ་འགྲོ་བ་བཟང་མོ་དགུང་ལ་ཡལ་ནས་མེད། །ཡབ་རྒྱལ་པོ་ཁོང་ནི་ཁྱེད་ཀྱིས་བཙོན་ལ་བཅུག་ནས་མེད། །སྲས་ལྕམ་སྲིང་གཉིས་ནི་བཀྲོངས་ནས་མེད། །བདག་ཅག་བློན་པོའི་ཚོགས་རྣམས་ལ། །ལྟ་རྒྱུ་བསམ་རྒྱུ་བཙུན་མོ་ཁྱེད་ལས་མེད། །ཅེས་ཞུས་སོ། །
དེ་ནས་གཟེར་མ་ར་མགོས་སྐུ་ལུས་བསྐྱོར་ནས་བཞེངས་ཏེ། བདུད་མོས་འདི་སྐད་ཅེས་སྨྲས་སོ། །ཀྭ་ཡེ་ཉོན་དང་འདིར་ཚོགས་བློན་པོ་རྣམས། །ང་ལ་ཕན་ཐབས་ཁྱེད་ཚོས་བྱེད་མདོག་མེད། །ལྕམ་སྲིང་གཉིས་ཀྱི་སྙིང་ཡིན་ཟེར་ནས་ནི། །ཁྱིའུ་མིང་སྲིང་གཉིས་ཀྱི་སྙིང་དེ་བྱིན། །བཙུན་མོ་ང་ནི་ཟུག་གཟེར་ཤིན་ཏུ་ཆེ། །ཕལ་ཆེར་མི་གཙང་གྲིབ་ཅིག་ཡིན་པ་འདྲ། །ད་ནི་ང་རང་ན་བ་ན་རུ་ཆུག །ཁོ་མོ་འཆི་ཉེན་འདུག་པས་འཆི་རུ་ཆུག །ཟེར་ནས་འགྱེལ་སོང་ངོ་། །
དེ་ནས་བློན་པོ་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱཻ་བཙུན་མོ་དམ་པ་སྙན་གསོན་དང་། །རྒྱལ་རྒྱུད་འཛིན་པར་ལྷ་སྲས་མེད་ཐབས་མེད། །གཉེན་མཚན་སྤེལ་བར་ལྷ་ཅིག་མེད་ཐབས་མེད། །འོན་ཀྱང་ད་ནི་ཅིས་ཀྱང་བཀྲོང་གསུངས་ན། །དེ་ལྟར་བཀྲོང་བ་ལས་ཀྱང་འོས་མེད་དོ། །ཞེས་ཞུས་པས། ཡང་བདུད་མོས་འདི་སྐད་ཅེས་སྨྲས་སོ། །ཁྱོད་བློན་འབངས་རྣམས་ཀྱིས་བཀྲོང་པའི་འོས་མིན་པས། ཡུལ་མཎྜལ་སྒང་གི་མངའ་འོག་ན། དགེ་སྡིག་སྤང་བླང་མི་ཤེས་པའི་ཉ་པ་གཉིས་ཡོད་པས། ཁོང་གཉིས་ད་ལྟ་མྱུར་དུ་བོས་ཤོག་ཅིག་ཅེས་སྨྲས་པས། དེ་ནས་བློན་པོ་རྣམས་ཀྱིས་ཉ་པ་གཉིས་བོས་པས། ཉ་པ་གཉིས་ཀྱིས་བདུད་མོའི་སྔས་མགོར་ཕྱིན་ནས་བདག་ཉ་པ་གཉིས་ལ་བཀའ་བསྩལ་དུ་གསོལ། ཞེས་ཞུས་པས། བདུད་མོས་འདི་སྐད་ཅེས་སྨྲས་སོ། །ཉ་པ་རྒན་པས་ལྷ་ཅིག་ཀུན་ཏུ་བཟང་མོ་རྒྱ་མཚོ་ལ་སྐྱུར་ཅིག །ཉ་པ་གཞོན་པས་ལྷ་སྲས་རྒྱལ་བུ་ཀུན་ཏུ་བཟང་པོ་རྒྱ་མཚོ་ལ་སྐྱུར་ཅིག །རྔན་པ་ལ་འདོད་ཡོན་ལོངས་སྤྱོད་གང་དགོས་སྟེར། མྱུར་དུ་སོད་ཅིག །ཅེས་སྨྲས་པས། ཉ་པ་གཉིས་ཀྱིས་བདུད་མོའི་བཀའ་བཞིན་མྱུར་དུ་ཕྱིན་ནས། སྲས་ལྕམ་སྲིང་གཉིས་བཞུགས་པའི་གཟིམ་ཆུང་གི་སྒོ་དེ་ཧར་གྱིས་ཕྱེ་ནས་ཕྱིན་པས། སྲས་ལྕམ་སྲིང་གཉིས་ཡབ་ཡུམ་མེད་པའི་ཐུགས་ཁྲལ་ཆེན་པོའི་ངང་ལ་བཞུགས་འདུག་པ།
དེ་ནས་ལྷ་སྲས་ཀྱིས་ཉ་པ་གཉིས་ལ་འདི་སྐད་ཅེས་གསུངས་སོ། །ཉ་པ་སྤུན་གཉིས་ང་ལ་ཚུར་ཉོན་དང་། །སྔར་ཕན་ཁྱོད་གཉིས་ང་ཡི་རྩར་ཡོང་དུས། །སེམས་ལ་དགའ་སྤྲོ་ཆེན་པོ་ཡོང་གི་ཡོད། །ད་ལན་ཁྱོད་གཉིས་འདི་རུ་ཡོང་བ་ལ། །སེམས་ལ་འཇིགས་སྐྲག་ཆེན་པོ་བྱུང་ལགས་པས། །ཁྱོད་གཉིས་འདི་རུ་སྐུ་དོན་གང་ལ་ཡོང་། །མ་གསང་དྲང་པོའི་གཏམ་གཅིག་བདག་ལ་སྨོས། །བློན་པོ་ཐམས་ཅད་བདུད་མོའི་དབང་དུ་སོང་། །བདུད་མོ་བློན་པོའི་ཚོགས་རྣམས་བཀའ་གྲོས་མཛད། །ངེད་མིང་སྲིང་གཉིས་གསོད་པར་ཡོང་ལགས་སམ། །ཉེས་ཆད་མེད་པར་གསོད་པ་ཕོད་ལགས་སམ། །བསད་རང་བསད་ན་སྙིང་ཡང་མི་རྗེའམ། །སྡིག་པའི་ལས་ཀྱི་རྣམ་སྨིན་མི་ཡོང་ངམ། །ཐུགས་བསམ་བཞེས་དང་ཉ་པ་སྤུན་གཉིས་པོ། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་བས་ཉ་པ་གཉིས་ཀྱིས་འདི་སྐད་ཞུས་སོ། །ལེགས་པར་གསོན་དང་ལྷ་སྲས་ལྕམ་སྲིང་གཉིས། །བདུད་མོ་བློན་པོའི་ཚོགས་རྣམས་བཀའ་གྲོས་མཛད། །བདག་ཅག་སྡིག་ལ་བཀོད་པའི་ཉ་པ་གཉིས། །ཁྱེད་ཅག་ལྕམ་སྲིང་གཉིས་པོ་བཀྲོང་དུ་བཏང་། །ཡུན་རིང་མ་ཞོག་རྒྱ་མཚོར་སྐྱོར་ཞེས་ཟེར། །ཞེས་ཞུས་པས།
ལྷ་སྲས་རྒྱལ་བུས་འདི་སྐད་ཅེས་གསུངས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །ཚོགས་ནི་བསགས་པས་མི་ལུས་རིན་ཆེན་ཐོབ། །དེ་ཡི་ནང་ནས་རྒྱལ་པོའི་སྲས་སུ་སྐྱེས། །ཚོགས་ནི་མ་བསགས་ཉ་པའི་ལག་ཏུ་སྤྲད། །འོག་གི་ཤིང་སྡོང་མ་ལ་སྤྱན་གཟིགས་དང་། །སྐྱ་ཁྲ་སྐུ་དབང་ཆེ་ནས་སྟེང་ན་འདུག །བྱེའུ་ཆུང་སྐྱོ་བའི་ཚུལ་གྱིས་འོག་ན་འདུག །འདབ་ཆགས་ཡིན་ཀྱང་དཔོན་གཡོག་དེ་བཞིན་འདུག །ད་ནི་འདི་འདྲ་རྒྱལ་པོའི་སྲས་སྲོས་ལས། །ཁྲ་ཚང་འོག་གི་བྱེའུ་ཆུང་ཡིན་ན་དགའ། །མིང་སྲིང་གཉིས་ལ་ཨ་མ་མེད་པའི་ལན། །མིང་སྲིང་གཉིས་ཀྱི་ཨ་མ་དྲན་པ་ལ། །རྨི་ལམ་ནང་དུ་བྱུང་བའི་ཨ་མ་དེ། །ད་ལྟ་དངོས་སུ་ཡོད་ན་དགའ་བ་ལ། །ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་ལགས། །མིང་སྲིང་གཉིས་ལ་ཐུགས་རྗེས་གཟིགས་མཛོད་དང་། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ། ཉ་པ་གཉིས་ན་རེ། ཁྱེད་མིང་སྲིང་གཉིས་ཀྱིས་ཁ་བདེ་དང་ལྕེ་བདེ་བྱས་པས། སྔར་ཡང་ཤན་པ་སྤུན་གཉིས་ཀྱིས་ཚེ་ཐར་བཏང་ནས་འདུག །ངེད་གཉིས་ཀྱི་རྩར་དེ་བཞིན་བྱས་ཀྱང་ཚེ་ཐར་ལ་མི་གཏོང་ཟེར་ནས། ལྕམ་སྲིང་གཉིས་ཀྱི་ཕྱག་གཉིས་རྒྱབ་ཏུ་དམ་པར་བཀྱིགས། དགྲ་མི་ཤ་ཟིན་པ་ལྟར་སྔ་ཐག་ཕྱི་ཐག་བྱས་ཏེ། ཉ་པ་གཉིས་ཀྱིས་མར་ཁྲིད་ནས། སྐས་སུ་འདྲུད་མ་བཤལ་དུ་སོང་ངོ་། །གྲོང་ཁྱེར་གྱི་འགག་དེར་ཕེབས་པ་དང་། གྲོང་མི་རྒན་གཞོན་ཀུན་ཚོགས་ནས། མྱ་ངན་གྱི་སྨྲེ་ངག་འདི་སྐད་ཟེར་རོ། །ལྷ་སྲས་ཉི་ཟླ་ལྟ་བུའི་ལྕམ་སྲིང་གཉིས། །མེ་ཏོག་ཞལ་ཕྱེ་མཆོད་ཁང་མ་འགྲིམས་པར། །མེ་ཏོག་སད་ཀྱིས་ཁྱེར་བ་ཤིན་ཏུ་ཕངས། །ཟེར་ནས་མཆི་མ་མང་དུ་བཏང་སྟེ། སྡུག་བསྔལ་བཟོད་གླགས་མེད་པ་བྱུང་ན་ཡང་། བདུད་མོ་དབང་ཆེ་བས་བླུ་ཐབས་དང་བྱ་ཐབས་ནི་མེད། མི་ཀུན་ཁ་གདངས་ནས་ལུས་སོང་ངོ་། །
དེ་ནས་ཉ་པ་གཉིས་ཀྱི་སྲས་ལྕམ་སྲིང་གཉིས་ཁྲིད་ནས་ཕྱིན་པས། རྒྱ་མཚོ་ཆེན་པོའི་འགྲམ་དུ་ཐག་ཉེ་བར་ཕེབས་པ་ལས། ལྷ་སྲས་རྒྱལ་བུས་ཨ་ཅེ་ལ་འདི་སྐད་ཞུས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །རྒྱ་མཚོ་ཆེན་པོ་མ་ལ་སྤྱན་གཟིགས་དང་། །ངང་པ་ཨ་ཕ་ཡིན་པས་སྔོན་ལ་འགྲོ། །ངང་མོ་ཨ་མ་ཡིན་པས་རྗེས་ལ་འགྲོ། །ངང་ཕྲུག་ཚོགས་བསགས་ཕ་མའི་བར་ན་འདུག །འདབ་བྱ་ཡིན་ཡང་མ་བུའི་འདུ་ཤེས་འདུག །ད་ནི་འདི་འདྲའི་རྒྱལ་པོའི་སྲས་སྲོས་ལས། །ངང་པ་ཕོ་མོའི་ངང་ཕྲུག་ཡིན་ན་དགའ། །མ་བུ་མཉམ་དུ་སྡོད་རྒྱུ་བྱུང་ན་དགའ། །མིང་སྲིང་གཉིས་ལ་ཨ་མ་མེད་པས་ལན། །ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་ལགས། །ལྕམ་སྲིང་གཉིས་ལ་ཐུགས་རྗེའི་སྤྱན་གཟིགས་དང་། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་བས། དེ་ནས་ཉ་པ་གཉིས་ཀྱིས་ལྕམ་སྲིང་གཉིས་ཀྱི་མཛེས་པའི་རྒྱན་རྣམས་བཀྲོལ། འཇམ་པའི་ན་བཟའ་རྣམས་བཤུས་ཏེ། དེ་ནས་ཉ་པ་གཞོན་པས། ལྷ་སྲས་སྙིང་དང་འདྲ་བ་དེ་པང་དུ་འུབ་སྟེ། བསྡུས་ནས་རྒྱ་མཚོ་ལ་བསྐྱུར་གྲབ་བྱས་པས། ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཨ་ཇོ་གསོན་དང་ཉ་པ་གཞོན་པ་ལགས། །རྒྱ་མཚོ་འདི་ལ་བསྐྱུར་ལོང་ཡོང་བ་འདུག །འཆི་ཁར་སྨོན་ལམ་ཚིག་གསུམ་འདེབས་སུ་ཆུག །སྨོན་ལམ་ཐེབས་ན་བསམ་པ་དེ་གས་རྫོགས། །ཞེས་གསུངས་པས། ཉ་པ་ན་རེ། སྨོན་ལམ་བཟང་པོ་ཞིག་ཡིན་ན་ཐོབ། ངན་པ་ཞིག་ཡིན་ན་འདེབས་སུ་མི་འཇུག་ཟེར་བས།
ལྷ་སྲས་ཀྱི་ཞལ་ནས། ཉ་པ་གཞོན་པ་ལགས། སྨོན་ལམ་ངན་པ་ག་ལ་འདེབས། ཚེ་སྔོན་ཡང་སྨོན་ལམ་མ་ཐེབས་པའི་རྐྱེན། ད་ལན་ཚེ་ལ་བར་ཆད་བྱུང་བ་ཡིན། ངས་མཁའ་འགྲོ་སྡེ་ལྔ་ལ་དབྱངས་ཤིག་འབུལ་གྱི་ཡིན། ཞེས་གསུངས་ནས། གསོལ་འདེབས་ཀྱི་མགུར་འདི་བཞེས་སོ། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལགས། །ཤར་གྱི་དར་ཐག་ཤར་ནས་ཐོངས། །ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་ལགས། །ལྷོ་ཡི་དར་ཐག་ལྷོ་ནས་ཐོངས། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་ལགས། །ནུབ་ཀྱི་དར་ཐག་ནུབ་ནས་ཐོངས། །བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལགས། །བྱང་གི་དར་ཐག་བྱང་ནས་ཐོངས། །དབུས་སྣང་མཛད་རིགས་ཀྱི་མཁའ་འགྲོ་ལགས། །དབུས་ཀྱི་དར་ཐག་དབུས་ནས་ཐོངས། །ལྕམ་སྲིང་མཁའ་འགྲོའི་གླིང་དུ་དྲོངས། །མིང་སྲིང་གཉིས་ལ་ཨ་མ་མེད་པས་ལན། །ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་ལགས། །མིང་སྲིང་གཉིས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་བས་ཉ་པ་གཞོན་པས་ཀྱང་མཆི་མ་མང་དུ་བཏང་ནས། ཉ་པ་གཞོན་པས་འདི་སྐད་སྨྲས་སོ། །ཨ་ཇོ་གསོན་དང་ཉ་པ་རྒན་པ་ལགས། །ལྕམ་སྲིང་གཉིས་ཀྱི་ཡབ་ཡུམ་བཞུགས་པའི་དུས། །སྐུ་ལུས་གྲིབ་མ་ལ་ཡང་འགོམ་མི་ནུས། །ད་ནི་ཡབ་ཡུམ་བྲལ་བའི་དུས་འདི་རུ། །ལྷ་སྲས་ལྕམ་སྲིང་བཀྲོང་བ་ག་ལ་ཕོད། །ལྕམ་སྲིང་གཉིས་པོ་ཚེ་ཐར་གཏོང་ལ་ཞོག །འབྲུ་སྣ་འཛོམས་པ་འདི་མིན་གཞན་ན་ཡོད། །བཟའ་མི་བསྡོངས་ནས་རྒྱལ་ཁམས་གཞན་ན་འགྲོ། །ག་ནས་བལྟས་ཀྱང་ལྕམ་སྲིང་བཀྲོང་མི་ཕོད། །ཅེས་སྨྲས་པས།
ཉ་པ་རྒན་པས་ཀྱང་མཆི་མ་ལྷུག་པར་བཏང་ནས་ལྷ་སྲས་གཉིས་ལ་མཛེས་པའི་རྒྱན་བསྒྲོན། འཇམ་པའི་ན་བཟའ་ཕུལ་ནས། འདི་སྐད་ཅེས་སྨྲས་སོ། །ལེགས་པར་གསོན་དང་ལྷ་སྲས་ལྕམ་སྲིང་གཉིས། །བདུད་མོ་བློན་པོའི་ཚོགས་རྣམས་བཀའ་གྲོས་མཛད། །བདག་ཅག་སྡིག་ལ་སྤྱོད་པའི་ཉ་པ་གཉིས། །ལྷ་སྲས་ལྕམ་སྲིང་གཉིས་པོ་བཀྲོང་དུ་བཏང་། །ངེད་སྤུན་གཉིས་ཀྱིས་བཀྲོང་དུ་མི་ནུས་པས། །ད་ནི་ལྷ་སྲས་ལྕམ་སྲིང་གཉིས་པོ་རང་། །ཡུལ་ཕྱོགས་མཎྜལ་སྒང་དུ་མ་བྱོན་ཅིག །བདུད་མོ་བློན་པོའི་ཚོགས་རྣམས་ཐམས་ཅད་ཀྱིས། །བཀྲོང་དང་མི་བཀྲོང་ཐེ་ཚོམ་མི་འདུག་པས། །འདི་རུ་མི་བཞུགས་རྒྱ་གར་ཤར་ལ་བྱོན། །རྒྱ་གར་ཤར་ཕྱོགས་དམ་པའི་ཆོས་ལ་དཀར། །མི་རྣམས་ཆོས་སེམས་ཆེ་བས་སྦྱིན་པར་འབུངས། །ཇི་ལྟར་བྱས་ཀྱང་རྒྱ་གར་ཤར་ཕྱོགས་དྲག །རྒྱ་གར་ཤར་ལ་ཟས་སྐོམ་སློང་དུ་བྱོན། །ཕ་མ་ཡིན་ཀྱང་འདི་ལས་སློབ་རྒྱུ་མེད། །ཅེས་ཞུས་ནས་སྐྱེལ་མ་ཐག་རིང་པོའི་སར་བྱས་ནས། སེམས་སྐྱོ་བའི་ངང་ནས་ཕྱིར་ལོག་གོ །དེ་ནས་ཉ་པ་གཉིས་ཀྱང་ཡུལ་མཎྜལ་སྒང་ནས་བཟའ་ཟླ་བླངས་ནས་ཡུལ་ཕྱོགས་གཞན་དུ་སོང་ངོ་། །དེ་ནས་ལྕམ་སྲིང་གཉིས་ལུག་རྒྱ་ཡན་ལ་བཏང་བ་བཞིན། གར་ཡང་འགྲོ་ངོ་མ་ཤེས་པར། ཞལ་གདངས་གདངས་དར་ཅིག་ལུས། རྒྱལ་པོའི་སྲས་སུ་སོང་བས་གང་ལ་ཡང་བྱོན་ནི་མ་མྱོང་། ལམ་སྣ་ས་རྒྱུས་ནི་མེད་དགོངས་ནས། ལྷ་ཅིག་ཀུན་ཏུ་བཟང་མོས། ལྷ་སྲས་ལ་འདི་སྐད་ཅེས་ཞུས་སོ། །ལྷ་སྲས་རྒྱལ་བུ་བདག་ལ་ཚུར་གསོན་དང་། །འདི་རུ་བསྡད་ན་ཟས་དང་གོས་ནི་མེད། །ཉ་པ་གཉིས་ཀྱིས་ལུང་བསྟན་བྱས་པ་བཞིན། །འདི་རུ་མི་སྡོད་རྒྱ་གར་ཤར་ལ་འགྲོ། །རྒྱ་གར་ཤར་ལ་ཟས་སྐོམ་སློང་དུ་འགྲོ། །གསུངས་པས།
ལྷ་སྲས་རྒྱལ་པོས་ཨ་ཅེ་དེ་ལྟར་ལེགས་ན་ལམ་སྣ་མཛོད་ཅེས་གསུངས། དེ་ནས་ལྷ་ཅིག་ཀུན་ཏུ་བཟང་མོ་དགུང་ལོ་ལྔ་ལ་བཞེས་པ་དེས་ལམ་སྣེ་མཛད། ལྷ་སྲས་རྒྱལ་བུ་དགུང་ལོ་གསུམ་ལ་བཞེས་པ་དེས་མཇུག་ཏུ་བྱོན་ནས། རྒྱ་གར་གྱི་ཕྱོགས་ལ་ཞལ་གཟིགས་ནས་བྱོན་པས། ནགས་གསེབ་སྟུག་པོ་ཞིག་ཏུ་ཕེབས་པ་དང་། དེའི་དུས་ལྷ་སྲས་རྒྱལ་བུ་ཐུགས་སྐྱོ་བ་དང་། ཞལ་སྐྱེམས་པ། ཡབ་ཡུམ་གཉིས་དྲན་པ་བཅས་བྱུང་ནས། ལྷ་སྲས་ཀྱིས་ཞུས་པ། ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །དེ་རིང་འགྲོ་བའི་ལམ་བུའི་རིང་བ་ལ། །སང་ཉིན་འགྲོ་བའི་ལམ་ནི་རིང་ཐུང་ཡོད། །དེ་རིང་ཉི་མའི་བཟའ་བཏུང་དཀོན་པ་ལ། །སང་ཉིན་བཟའ་བཏུང་འབེལ་དཀོན་གང་འདྲ་ཡོད། །དེ་རིང་ཉིན་དེར་ཨ་མ་དྲན་པ་ལ། །སང་ཉིན་ཕྱིན་ན་ཨ་མ་ཨེ་འཕྲད་དམ། །མིང་སྲིང་གཉིས་ལ་ཨ་མ་མེད་པའི་ལན། །ཞེས་གསུངས་ནས་སྤྱན་ཆབ་མང་དུ་བསིལ་བས།
དེ་ནས་ཨ་ཅེ་ལྷ་ཅིག་ཀུན་ཏུ་བཟང་མོས། ལམ་རྒྱུས་མེད་ཀྱང་ཡོད་པ་ལྟར་བྱས་ཏེ། ལྷ་སྲས་ཐུགས་སེམས་གསོ་བའི་ཕྱིར། འདི་སྐད་ཅེས་ཞུས་སོ། །ལྷ་སྲས་རྒྱལ་བུ་ཚུར་གསོན་དང་། །དེ་རིང་འགྲོ་བའི་ལམ་ཐག་རིང་བ་ཡོད། །སང་ཉིན་འགྲོ་བའི་ལམ་ཐག་ཐུང་བ་ཡོད། །དེ་རིང་ཉིན་མོའི་ཟས་སྐོམ་དཀོན་པ་ཡོད། །སང་ཉིན་ཉིན་མོའི་ཟ་འཐུང་འབེལ་བ་ཡོད། །རོ་མཆོག་ལྡན་པའི་ཤིང་ཏོག་མང་པོ་ཡོད། །དེ་རིང་ཉིན་དེར་ཨ་མ་ལོས་ཀྱང་དྲན། །སང་ཉིན་ཕྱིན་ན་ཨ་མ་འཕྲད་ལས་ཆེ། །མིང་སྲིང་གཉིས་ལ་ཨ་མའི་སྐལ་བ་མེད། །ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་ལགས། །
མིང་སྲིང་གཉིས་ལ་ཐུགས་རྗེའི་སྤྱན་གཟིགས་དང་། །ཞེས་གསུངས་ནས་ཐུགས་ཁྲལ་ཆེན་པོས་སྤྱན་ཆབ་མིང་དུ་བསིལ་བཞིན་ལྷ་སྲས་སྙིང་དང་འདྲ་བ་དེ་ཁྲིད་ནས་རྒྱ་གར་གྱི་ཤར་ཕྱོགས་ཀྱི་ནགས་གསེབ་ལ་ཞལ་གཟིགས་ནས་བྱོན་པས། ནགས་གསེབ་སྟུག་པོ་མིག་གིས་མི་མཐོང་བ་ཞིག་ཏུ་ཕེབས་སོ། །
དེར་བྱ་བྱིའུ་ལ་སོགས་པའི་འདབ་བྱའི་རིགས་མང་པོས་སྐད་སྣ་ཚོགས་སྒྲོག་པ། སྤྲ་དང་སྤྲེའུ་གཅན་གཟན་ལ་སོགས་པ་མང་པོ་ཡོད་པ། དུག་སྦྲུལ་གདུག་པ་ཅན་ཡོད་པའི་ས་དེར་བྱོན་པས། དེའི་དུས་སུ་ལྷ་སྲས་དེ། བཀྲེས་པ་དང་། ཞལ་སྐྱེམས་པ། ཐུགས་སྐྱོ་བ་བཅས་བྱུང་ནས། སྤྱན་ཆབ་བསིལ་ཞིང་། འདི་སྐད་ཅེས་གསུངས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །བདག་ལ་བསམ་རྒྱུ་ཨ་ཅེ་ཁྱེད་ལས་མེད། །བཟའ་བཏུང་སྟེར་རྒྱུ་མེད་པས་ཐབས་དང་བྲལ། །སྔ་མོའི་ཆུ་གཅིག་ལུང་པ་གང་ན་ཡོད། །བདག་ལ་སྲོག་འཛིན་ཆུ་ཞིག་གནོང་དང་གསུངས། །ཨ་ཅེས་ཀྱང་སྤྱན་ཆབ་བསིལ་ཞིང་ལྷ་སྲས་ལ་འདི་སྐད་ཅེས་གསུངས་སོ། །ལྷ་སྲས་རྒྱལ་བུ་བདག་ལ་ཚུར་གསོན་དང་། །འདི་རུ་མི་བཞུགས་རི་རྩེ་ཡར་ལ་འགྲོ། །རི་རྩེ་ཡར་ལ་ཆུ་ཞིག་འཚོལ་དུ་འགྲོ། །དེ་ནས་རྒྱ་གར་ཤར་གྱི་ཕྱོགས་ལ་འགྲོ། །ཞེས་གསུངས་ནས། ལྕམ་སྲིང་གཉིས་ཀྱིས་རི་རྩེ་དེ་ན་གཟིགས་ནས་བྱོན་པས། རི་རྩེ་དེ་ལ་ཆུ་ནི་མི་འདུག་པས། ཨ་ཅེ་ཆུ་ཞིག་འཚོལ་དུ་འགྲོ་བས། དེའི་བར་དུ་ལྷ་སྲས་རང་ཅུང་ཟད་འདིར་བཞུགས་ཤིག་ཅེས་གསུངས་ཏེ་བྱོན་པས། དུས་དེར་ཡུམ་ནི་བྱ་རོག་གཅིག་ཏུ་སྤྲུལ་ནས་རི་རྩེ་དེར་བབས་པས། ལྷ་ཅིག་ནི་བྱ་རོག་བབས་ས་དེར་ཆུ་ཞིག་ཡོད་པ་འདྲ་ཐུགས་ལ་དགོངས་ནས་དེར་བྱོན་པས། ཆུ་ནི་མི་འདུག །ཆུ་དང་འདམ་འདྲེས་པ་ཅུང་ཟད་ཅིག་འདུག་པས། ཐོག་མར་ཨ་ཅེ་རང་གིས་བཞེས། ད་ཆུ་ཁུར་བའི་སྣོད་ནི་མེད་དགོངས་ཏེ། སྐུ་སྐེད་ལ་ཕྱག་གིས་བཅག་པས། ཡུམ་འགྲོ་བ་བཟང་མོས་གནང་བའི་སྐ་རགས་རྒྱ་དམར་གཅིག་ཡོད་པས། དེའི་ཁུག་ཏུ་ཆུ་དང་འདམ་འདྲེས་མ་ཅུང་ཟད་ཁྱེར་ནས། རི་ལོགས་དེར་ཡར་བྱོན་པས། རི་རྩེ་དེ་མཐོ་ནས་མྱུར་དུ་བྱོན་མི་ཐུབ་པར། དེའི་བར་ལ་ནི་ལྷ་སྲས་ལ། ཡོང་ངོ་སྙམ་པའི་ཨ་ཅེའི་ཆུ་ནི་མ་བྱུང་ལ། མི་ཡོང་སྙམ་པའི་དུག་སྦྲུལ་ནག་པོ་བྱུང་། ལྷ་སྲས་ལ་དུག་སྦྲུལ་གྱི་ཁ་རླངས་ཕོག་ནས། ཤིང་སྡོང་འགྱེལ་བ་ལྟར་གྲོངས་སོང་བས།
དེ་ནས་ལྷ་ཅིག་རི་རྩེ་དེར་བྱོན་པ་དང་། ལྷ་སྲས་རྒྱལ་བུ་གྲོངས་པ་དང་ཐུག་པས། ལྷ་ཅིག་གིས་སྐུ་ལུས་ལ་དྲོད་ཨེ་འདུག་གཟིགས་པས་དྲོད་ནི་མི་འདུག་པས། ལྷ་སྲས་ཀྱི་ཕུང་པོ་དེ་པང་དུ་བཞེས་ཏེ། ཞལ་ལ་ཞལ་སྦྱར་ཐུགས་ལ་ཐུགས་སྦྱར་ནས་མྱ་ངན་གྱི་སྨྲེ་སྔགས་འདི་ལྟར་འདོན་ནོ། །ཀྱེ་མ་ཀྱེ་མ་བཟང་མོ་བདག་གི་སྡུག་བསྔལ་ལ། །ཀྱེ་ཧུད་ཀྱེ་ཧུད་ཇི་ལྟར་བྱས་པ་དྲག །ད་ནི་ལྷ་ཅིག་ཀུན་བཟང་ང་ཡི་སྡུག་བསྔལ་ལ། །ཡུམ་འགྲོ་བ་བཟང་མོ་དགུང་ལ་ཡལ་བའི་དུས། །བསོད་ནམས་མེད་པའི་མིང་སྲིང་གཉིས་པོ་ལུས། །ཡབ་ཆེན་རྒྱལ་པོ་བཙོན་ལ་བཅུག་པའི་དུས། །སྐྱེ་ཕྲན་ནུས་མེད་མིང་སྲིང་གཉིས་པོ་ལུས། །ལྷ་སྲས་རྒྱལ་བུ་ལམ་གྲོགས་གཤེགས་པའི་ཚེ། །འཆི་འབྲེལ་མེད་པའི་སྡུག་བསྔལ་ཅན་མ་ལུས། །ཀྱེ་མ་ཀྱེ་མ་བདག་གི་སྡུག་བསྔལ་ལ། །ད་ནི་འདི་འདྲའི་སྡུག་བསྔལ་མྱོང་བ་ལས། །ཁ་སང་སྡིག་སྤྱོད་ཉ་པ་སྤུན་གཉིས་ཀྱིས། །རྒྱ་མཚོ་ཆེན་པོ་དེ་ལ་མི་བསྐྱུར་བ། །ཞེས་གསུངས་ནས། སྲས་ཀྱི་སྤུར་ལ་བཅངས་ནས་གྲོངས་ཚད་ཚད་ཡོད་པ་ལ།
དེའི་དུས་སུ་ཡུམ་འགྲོ་བ་བཟང་མོ་ནུབ་ཕྱོགས་མཁའ་འགྲོའི་གླིང་ན། མཁའ་འགྲོ་མ་རྣམས་ལ་ཆོས་འཆད་བཞིན་ཡོད་པས། སྤྱན་ཆབ་ཁྲ་བསིལ་ལེ་བྱུང་བས། མཁའ་འགྲོ་མ་རྣམས་ཀྱིས་ཞུས་པ། འགྲོ་བ་བཟང་མོ་སྤྱན་ཆབ་བསིལ་བ་ཇི་ལྟར་ལགས་ཞུས་པས། འགྲོ་བ་བཟང་མོའི་ཞལ་ནས་ཀྱང་། མཁའ་འགྲོ་ཐམས་ཅད་སྙན་གསོན་དང་། །མཁའ་འགྲོ་སྡེ་ལྔས་ལུང་བསྟན་མཛད་པ་བཞིན། །ཁོ་མོ་བདག་གི་མཐའ་འཁོབ་མོན་ཡུལ་དུ། །བྱ་སྙམ་མེད་པའི་རྒྱལ་པོའི་བཙུན་མོ་བྱས། །སྨོན་ལམ་དབང་གིས་མིང་སྲིང་གཉིས་བྱུང་བའི། །བདག་ལ་གློ་བུར་བདུད་ཀྱི་བར་ཆད་བྱུང་། །
ཧ་ཅང་ཟེར་བའི་བདུད་མོ་དེའི། །བྲན་གཡོག་གཟེར་མ་ར་མགོ་དེས། །བདག་ཅག་མ་བུ་གསུམ་པོ་མཐོང་། །གཡོག་མོས་བདུད་མོའི་དྲུང་དུ་ཞུས། །བདེན་རྫུན་བདུད་མོ་བལྟ་རུ་ཡོང་། །བདག་ཅག་མ་བུ་གསུམ་པོ་མཐོང་། །ཞེ་སྡང་ལངས་ནས་འདི་སྐད་ཟེར། །ང་ཧ་ཅང་ཟེར་བའི་མིང་ཅན་ལ། །ཁྱོད་འགྲོ་བ་བཟང་མོ་དགྲ་རུ་བྱུང་། །དེ་རིང་ཉི་མའི་འཁོར་ལོ་ལ། །ཁྱོད་མ་བུ་གསུམ་པོ་མ་ཐུབ་ན། །ང་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཞེས་ཤིག་ཟེར། །བདུད་མོས་སོ་ཐམ་མཆེ་ཉེར་ལན་གསུམ་བྱས། །འཇིགས་པའི་མཆེ་ཉེར་འདུས་པའི་དུས། །བདག་གི་བློ་ལ་འདི་ལྟར་ཤར། །མ་མཁའ་འགྲོའི་ལུང་བསྟན་མཛད་པ་བཞིན། །བདག་ནི་འགྲོ་བའི་དོན་དུ་འཕུར་ནས་ཡོང་། །སྙིང་ནས་བརྩེ་བའི་མིང་སྲིང་གཉིས་པོ་ལུས། །མིང་སྲིང་གཉིས་ལ་བདུད་མོའི་བར་ཆད་བྱུང་། །ཕོ་བྲང་ནང་ནས་ཕྱིར་སྤྱུགས་ཁྱི་ལྟར་འཁྱམས། །སྲས་ལ་དུག་སྤྲུལ་ནག་པོའི་ཁ་རླངས་ཕོག །གློ་བུར་སྐད་ཅིག་ཉིད་ལ་གྲོངས་ཚར་འདུག །སྲས་མོ་སྨྲེ་སྔགས་འདོན་ཞིང་གྲོངས་ལ་ཁད། །དམ་ཆོས་འཆད་འཕྲོ་དེ་རིང་འཆད་དགོས་འདུག །དེ་རིང་སྤྲུལ་པ་སྣ་གཅིག་སྟོན་དགོས་འདུག །ཅེས་གསུངས་ནས། ཐོག་མར་སྨན་སྦྲུལ་དཀར་པོ་གཅིག་ཏུ་སྤྲུལ་ཏེ། ལྷ་སྲས་ཀྱི་ཞབས་མཐིལ་ནས་འཇིབས་པས། ལྷ་སྲས་རྒྱལ་བུ་ཐུགས་དྲན་གསོས་ཏེ། ཨ་ཅེ་ལ་སྤྱན་གཟིགས་ནས། མིང་སྲིང་གཉིས་པོ་མཇལ། དེ་ནས་སྨན་སྦྲུལ་དེ་ཤིང་སྡོང་གཅིག་གི་རྩེ་ནས་ནམ་མཁའ་ལ་འཕུར་སོང་ངོ་། །
དེ་ནས་ལྷ་སྲས་ཀྱིས་ཨ་ཅེ་ལ་འདི་སྐད་ཅེས་ཞུས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །སྙམ་པའི་ཨ་ཅེའི་ཆུ་ནི་མ་བྱུང་ལགས། །མི་ཡོང་སྙམ་པའི་དུག་སྦྲུལ་ནག་པོ་བྱུང་། །ཁ་རླངས་ཕོག་ནས་དར་གཅིག་ཤི་བ་འདྲ། །གློ་བུར་བར་ཆད་ཆེན་པོ་བྱུང་ལགས་ཏེ། །བདག་ལ་བཤོལ་བྱའི་ཐབས་ནི་གང་ཡང་མེད། །བདག་གི་རྐང་མཐིལ་འཇིབས་པའི་སྨན་སྦྲུལ་དེ། །ཤིང་གི་རྩེ་ནས་བར་སྣང་མཐོངས་ལ་འཕུར། །སྨན་སྦྲུལ་དེ་ལྟར་ཨ་ཅེས་གཟིགས་ལགས་སམ། །ཡུམ་ཆེན་མཆོག་གི་སྤྲུལ་པ་ཡིན་ལས་ཆེ། །ཡུམ་སྲས་མཉམ་དུ་སྡོད་རྒྱུ་ཡོང་ལགས་ཏེ། །སྨན་སྦྲུལ་དེ་ནི་དགུང་སྔོན་མཐོངས་ལ་ཡལ། །བྱ་ཐབས་མེད་པ་ཇི་ལྟར་བྱས་ཀྱང་སྡུག །ཨ་ཅེས་བདག་ལ་ཆུ་ཞིག་གནང་མཛོད་དང་། །ཞེས་གསུངས་པས། ཨ་ཅེས་འདི་སྐད་ཅེས་ཞུས་སོ། །ལྷ་སྲས་རྒྱལ་བུ་བདག་ལ་ཚུར་གསོན་དང་། །ཉེ་ལོགས་འདི་ན་ཆུ་ནི་མི་འདུག་པས། །རི་རྩ་མ་ན་འདམ་ཆུ་ཅུང་ཟད་འདུག །ཆུ་སྣོད་མ་འབྱོར་སྐེ་རགས་ཁུག་ཏུ་ཁྱེར། །རི་རྩེ་མཐོ་བས་དུས་ལ་མ་འབྱོར་བས། །སླེབས་གདོང་ལྷ་སྲས་ཁྱེད་ཉིད་གྲོངས་དང་ཐུག །ཁྱེད་ཀྱི་སྐུ་སྤུར་བཅངས་ནས་སྨྲེ་སྔགས་འདོན། །གློ་བུར་སྨན་སྦྲུལ་གཅིག་གི་ཞབས་མཐིལ་འཇིབས། །ལྷ་སྲས་རྒྱལ་བུ་སྐུ་གསོས་དགའ་དྲགས་ནས། །སྨན་སྦྲུལ་འཛིན་པ་ཨ་ཅེས་མ་བྱུང་ངོ་། །ད་ནི་ཆུ་ཡང་འབོར་ནས་མི་འདུག་ལགས། །ཞེས་ཞུས་པས། ལྷ་སྲས་ཀྱི་ཞལ་ནས་ཆུ་ཁུར་བའི་སྣོད་དེ་སྟོན་དང་གསུངས་པས། ལྷ་ཅིག་གིས་སྐེ་རགས་དེ་ཕུལ་བས། ལྷ་སྲས་རྒྱལ་བུས་སྐེ་རགས་རློན་པ་དེ་ཞལ་དུ་འཇིབས་པས་མེ་ཏོག་ལ་ཆར་བབས་པ་བཞིན་བྱུང་བས།
ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །འདི་རུ་བསྡད་ན་དུག་སྦྲུལ་ནག་པོ་ཡོང་། །དུག་སྦྲུལ་བྱུང་ན་མིང་སྲིང་གཉིས་ཀ་ཟ། །འདི་རུ་མི་སྡོད་རྒྱ་གར་ཤར་ལ་འགྲོ། །རྒྱ་གར་ཤར་ལ་ཟས་སྐོམ་སློང་དུ་འགྲོ། །ཞེས་གསུངས་ནས་བྱོན་པས། ནགས་གསེབ་སྟུག་པོ་ཞིག་ཏུ་ཕེབས་པ་ལས། ཡུམ་ནི་སྤྲེའུ་ཞིག་ཏུ་སྤྲུལ་ནས་བྱོན་ཏེ། སྤྲེའུ་དེས་བྱམས་པའི་སྤྱན་གྱིས་གཟིགས་ནས་མིང་སྲིང་གཉིས་ཡིད་དུ་འོང་བ་ལ་གསུངས་པས། ལྷ་སྲས་ཀྱི་ཐུགས་ལ་ནགས་ཀྱི་བདག་པོ་སྤྲེའུ་ཡིན་པ་འདུག་དགོངས་ནས། སྤྲེའུ་ལ་འདི་སྐད་ཅེས་གསུངས་སོ། །སྤྲེའུ་ཁྱོད་ཀྱིས་ངེད་མིང་སྲིང་གཉིས་ལ། ཤིང་ཏོག་འབྲས་བུའི་ལུང་བསྟན་ཞིག་གནོངས་དང་གསུངས་པས། སྤྲེའུ་ན་རེ། ཁྱེད་མིང་སྲིང་གཉིས་ཤིང་དཔག་བསམ་སྡོང་པོའི་བསིལ་གྲིབ་ལ་བཞུགས་ཤིག་ཟེར་ནས། སྤྲེའུ་དེས་ཨ་མྲའི་སྡོང་པོའི་རྩེ་ལ་འཛེགས་ཏེ། བཅུད་ལྡན་ཤིང་ཏོག་མང་པོ་ཕབ་པས། མིང་སྲིང་གཉིས་ཤིང་ཏོག་གིས་ཡིད་ཚིམ་པར་གྱུར་ནས། ཤིང་ཏོག་ལ་ལོངས་སྤྱོད་ཀྱིས་བཞུགས་སོ། །གནས་དེར་ཤིང་ཏོག་རིགས་མི་འདྲ་བ་མང་དུ་འདུག་པར། རོ་བརྒྱ་དང་ལྡན་པའི་བཅུད་ཀྱིས་ངོམས་ནས་སྐྱིད་པའི་སྐལ་པ་དང་ལྡན་པའི་དུས་གཅིག་བྱུང་ངོ་། །
དེ་ནས་རེ་ཞིག་སོང་བའི་ཚེ། ཧ་ཅང་བཙུན་མོས་ཕོ་བྲང་ཡང་ཐོག་རྩེ་ལ་ཞབས་སྐོར་ལ་བྱོན་པས། རྒྱ་གར་ཤར་གྱི་ནགས་གསེབ་ན་མིང་སྲིང་གཉིས་ཡོད་པ་མཐོང་སྟེ། ཕོ་བྲང་རྩེ་ནས་དར་པོ་ཆེ་དགུང་སྔོན་མཐོངས་ལ་ཕྱར། དུང་མོ་ཆེ་བར་སྣང་མཐོངས་ལ་བུས། རྔ་བོ་ཆེ་ཕོ་བྲང་རྩེ་ནས་བརྡུངས་པས། བློན་འབངས་ཐམས་ཅད་འདུས་བྱུང་བས། བདུད་མོས་འདི་སྐད་སྨྲས་སོ། །ཀྱེ་མ་བློན་པོའི་ཚོགས་རྣམས་ཚུར་ཉོན་དང་། །སྡིག་གཅོད་མི་ངན་ཉ་པ་སྤུན་གཉིས་ཀྱིས། །སྲས་མཆོག་ལྕམ་སྲིང་རྒྱ་མཚོར་ག་ལ་སྐྱུར། །རྒྱ་གར་ཤར་གྱི་ནགས་གསེབ་སྟུག་པོའི་ཁྲོད། །ཤིང་ཏོག་ཟ་བཞིན་བསྡད་པ་ང་ཡིས་མཐོང་། །སྡིག་གཅོད་ཉ་པ་འཁོར་བཅས་ཡུལ་གྱར་འདུག །ད་ནི་ཁྱེད་རང་བློན་པོའི་ཚོགས་རྣམས་ཀྱིས། །ལག་ཏུ་མཚོན་ཆ་མང་དུ་ཁྱེར་ནས་ནི། །མིང་སྲིང་གཉིས་པོ་ད་ལྟ་ཁྲིད་ལ་ཤོག །བྱུང་ན་ན་བཟའ་ཕུད་ལ་ལག་གཉིས་བསྡམས། །སྔ་ཐག་ཕྱི་ཐག་བྱས་ཏེ་འདིར་ཁྲིད་ཤོག །ཅེས་ཟེར། དེར་བློན་པོའི་ཚོགས་རྣམས་ཀྱིས་དེ་ལྟར་ཞུ་ཟེར་ནས། ལག་ཏུ་མཚོན་ཆ་རིགས་མི་འདྲ་བ་ཁྱེར་ཏེ། རྒྱ་མཚོའི་འགྲམ་ལ་བྱོན་པའི་ཞབས་རྗེས་འཚོལ་གྱིན་དུ་ཕྱིན་པས། རྒྱ་གར་ཤར་གྱི་ནགས་གསེབ་དེར་སླེབས། དེ་ནས་ལྷ་སྲས་ཀུན་ཏུ་ལེགས་པས། བློན་པོ་རྣམས་གཟིགས་ནས། ཨ་ཅེ་ལ་འདི་སྐད་ཅེས་སྨྲས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །བདུད་མོའི་བློན་པོ་ཐམས་ཅད་སླེབས་བྱུང་བས། །མིང་སྲིང་གཉིས་པོ་གསོད་པར་ཡོང་བ་འདྲ། །ཞེས་གསུངས་པས།
དེ་ནས་བློན་པོ་རྣམས་ཀྱིས་རྒྱང་ཙམ་ཞིག་ནས། མིང་སྲིང་གཉིས་བསླུ་བའི་གླུ་འདི་ལྟར་བླངས་སོ། །ཀྱེ་མ་གསོན་དང་ལྷ་སྲས་ལྕམ་སྲིང་གཉིས། །ཡབ་ཆེན་རྒྱལ་པོ་མུན་པའི་བཙོན་ནས་བཏོན། །འགྲོ་བ་བཟང་མོ་མཁའ་འགྲོའི་གླིང་ནས་བྱོན། །ཡབ་ཡུམ་གཉིས་ཀྱིས་མིང་སྲིང་གར་སོང་གསུངས། །སྙིང་དང་འདྲ་བའི་མིང་སྲིང་གཉིས་པོ་ལ། །བདུད་མོས་ཚེ་ལ་བར་ཆད་བཏང་བ་འདྲ། །ཚེ་འདིར་ལྕམ་སྲིང་གཉིས་དང་འཕྲད་ལས་ཆེ། །མ་འཕྲད་རང་སྲོག་རང་གིས་གཅོད་པར་བྱེད། །ཅེས་གསུངས་ཤིང་ཡབ་ཡུམ་གཉིས་ཐུགས་ཁྲལ་ཆེ་བར་འདུག །བདག་ཅག་བློན་པོ་རྣམས་ཀྱིས། སེམས་ཀྱི་མ་བཟོད་པར་ལྕམ་སྲིང་གཉིས་གདན་འདྲེན་ལ་ཡོང་། ཞེས་ཞུས་པས། ལྷ་སྲས་ཀྱི་ཐུགས་དགོངས་ལ་དེ་ལྟར་བདེན་པ་སྲིད་དགོངས་ནས་དགྱེས་པའི་རྣམ་འགྱུར་མང་དུ་མཛད།
དེ་ནས་བློན་པོ་རྣམས་ཀྱིས་མིང་སྲིང་གཉིས་ཚུར་བཟུང་། ཐོག་ན་བཟའ་གྱོན་པ་རྣམས་ཕུད་ནས་ཡུལ་མཎྜལ་སྒང་དུ་ཁྲིད། དེ་ལྟར་བློན་པོ་རྣམས་ཀྱིས་མིང་སྲིང་གཉིས་ཀྱི་ཕྱག་རྒྱབ་ཏུ་དམ་པར་བཀྱིགས་ནས་སྔ་ཐག་ཕྱི་ཐག་བྱས་ཏེ་ཡུལ་མཎྜལ་སྒང་དུ་ཁྲིད་པའི་ཚེ། ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །ཡུན་རིང་མི་སྡོད་མྱུར་དུ་འཆི་དགོས་འདུག །དཀོན་མཆོག་གསུམ་པོ་སྤྱི་བོའི་གཙུག་ཏུ་སྒོམས། །སྤྱན་རས་གཟིགས་ལ་གསོལ་བ་མྱུར་དུ་ཐོབ། །མིང་སྲིང་གཉིས་ལ་ཨ་མ་མེད་པས་ལན། །ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་ལགས། །མིང་སྲིང་གཉིས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་བས། དེ་ནས་ལྷ་ཅིག་ཀུན་ཏུ་བཟང་མོས་བློན་པོ་རྣམས་ལ་འདི་སྐད་ཅེས་གསུངས་སོ། །བློན་པོའི་ཚོགས་རྣམས་བདག་ལ་ཚུར་གཟིགས་དང་། །མིང་སྲིང་ཡབ་ཡུམ་གཉིས་པོ་བཞུགས་པའི་དུས། །ཁྱེད་ཚོ་བློན་པོའི་ཚོགས་རྣམས་ཐམས་ཅད་ཀྱིས། །མིང་སྲིང་གཉིས་ལ་བརྩེ་དུང་ཆེ་ལགས་ཏེ། །ད་ནི་ཡབ་ཡུམ་གཉིས་དང་བྲལ་བའི་དུས། །འདི་འདྲ་ཕོད་དམ་བློན་པོའི་ཚོགས་རྣམས་ཀུན། །ཁོ་མོ་བསད་ཀྱང་ལྷ་སྲས་གཏོང་རོགས་མཛོད། །མིང་སྲིང་གཉིས་ཀྱིས་ཨ་མ་དྲན་པ་ལ། །རྨི་ལམ་ནང་དུ་བྱུང་བའི་ཨ་མ་དེ། །ད་ལྟ་དངོས་སུ་ཡོད་ན་དགའ་བ་ལ། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་ཀྱང་དེར་བློན་པོ་རྣམས་ཀྱིས་མ་ཉན་པར་ཡུལ་མཎྜལ་སྒང་གི་ཕོ་བྲང་རྒྱ་སྒོའི་འགག་ཏུ་ཁྲིད་པའི་དུས། དེར་གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྨྲེ་སྔགས་འདི་ལྟར་འདོན་ནོ། །ལྷ་སྲས་ཉི་ཟླ་ལྟ་བུའི་མིང་སྲིང་གཉིས། མེ་ཏོག་ཞལ་ཕྱེ་མཆོད་ཁང་མ་འགྲིམས་པར། མེ་ཏོག་སད་ཀྱིས་ཁྱེར་བ་ཤིན་ཏུ་ཕངས། ཟེར་ནས་ཐམས་ཅད་མྱ་ངན་གྱིས་མནན་ཀྱང་བདུད་མོ་དབང་ཆེ་བའི་སྟབས་ཀྱིས་བླུ་ཐབས་ནི་མེད།
དེའི་དུས་བདུད་མོ་ཧ་ཅང་མས་སྲས་ལྕམ་སྲིང་གཉིས་ཀྱི་མདུན་དུ་ཡོང་ནས་འདི་སྐད་སྨྲས་སོ། །ཀྭ་ཡེ་ཉོན་དང་དྭ་ཕྲུག་མིང་སྲིང་གཉིས། །རྩེ་མོ་རྩེ་རུ་མ་སླེབས་རྒྱན་མཚན་འདྲ། །གཡག་ཏུ་མ་སླེབས་རྩིད་པའི་ཞོལ་ཞོལ་བྱས། །ཕ་མ་མེད་པའི་དྭ་ཕྲུག་མིང་སྲིང་གཉིས། །དོ་ནུབ་ཁྱོད་གཉིས་ཉལ་བའི་ངལ་གསོ་གྱིས། །སང་ཉིན་ཉི་མ་ཤར་བའི་དང་པོ་ལ། །སྡིག་ལ་རྔམ་པའི་གདོལ་པ་གཉིས་ལ་བསྐུར། །རྒྱ་གར་ཤར་རིའི་རྩེ་ནས་བསྐྱུར་དུ་གཏོང་། རྒྱ་གར་ཤར་རིའི་རྩེ་དེ་དཀར་ས་ན་དཀར་བ་གངས་རི་ཐུགས་རྗེ་ཆེན་པོའི་སྐུ་འདྲ་བ། དམར་ས་ན་དམར་བ་གུ་རུ་བྲག་དམར་གྱི་ཞལ་འདྲ་བ། མཐོ་ས་ན་མཐོ་བ་རྩེ་མོ་དགུང་སྔོན་གྱི་མཐོངས་ལ་སླེབས་པ། དམའ་ས་ན་དམའ་བ་རྩ་བ་ཕྱིའི་རྒྱ་མཚོ་ལ་ཟུག་པ། བྱ་དང་གཅན་གཟན་གྱི་འཇིགས་པའི་སྐད་སྣ་ཚོགས་སྒྲོག་པ། ནག་ཆེན་གཡང་ལ་སྐྱུར་ས་ཡིན་པས། སང་སྔ་ས་རེ་བ་གཅིག་ལ་བསྐྱུར་གྱི་ཨང་། ཞེས་སྨྲས་ནས།
དེའི་ནུབ་མོ་བདུད་མོས་སྲས་ལྕམ་སྲིང་བཙོན་དུ་བཅུག །བཙོན་གཉེར་གཟེ་མ་ར་མགོས་བྱས། དེའི་དུས་མིང་སྲིང་གཉིས་ལ་གྱོན་རྒྱུ་དང་གསོལ་བ་བཞེས་རྒྱུ་མེད་པའི་སྟབས་ཀྱིས། གཅིག་གིས་གཅིག་ལ་འཇུས་ནས་གྲང་ཚད་ཚད་ཡོད་པ་ལ། ཡུམ་འགྲོ་བ་བཟང་མོ་དེ་སྤྱན་སྔར་ཡུད་ཙམ་ཞིག་བྱུང་བ་སྐུ་གསོས་སོ། །དེ་ནས་ནམ་ལངས་པའི་ཚེ། གདོལ་པ་སྤུན་གཉིས་ཀྱིས་བདུད་མོའི་དྲུང་དུ་ཡོང་ནས། བདག་གཉིས་ལ་བཀའ་བསྩལ་དུ་གསོལ་ཞེས་ཞུས་པས། བདུད་མོས་འདི་སྐད་སྨྲས་སོ། །ཁྱོད་གདོལ་པ་སྤུན་གཉིས་ཀྱིས་མིང་སྲིང་སྤུན་གཉིས་པོ་རྒྱ་གར་ཤར་རིའི་གཡང་ལ་བསྐྱུར་ཤོག་ཅིག །རྔན་པ་ལ་འདོད་ཡོན་ལོངས་སྤྱོད་གང་དགོས་སྟེར། མངའ་འབངས་རྣམས་ལ་བགོ་བཤའ་བྱེད། མྱུར་དུ་གསོད་ཅིག་ཅེས་སྨྲས་པས། གདོལ་པ་གཉིས་ཀྱིས་བདུད་མོའི་བཀའ་བཞིན། སྲས་ལྕམ་སྲིང་གཉིས་ཀྱི་ཕྱག་གཉིས་རྒྱབ་ཏུ་དམ་པར་བཀྱིགས་ནས། སྔ་ཐག་ཕྱི་ཐག་བྱས་ཏེ་གྲི་ལྕག་གིས་རྡུང་གིན་དུ་རྒྱ་གར་ཤར་རིའི་རྩེ་ལ་ཁྲིད་ནས་སོང་ངོ་། །དེའི་དུས་ཙ་ན། རྒྱ་གར་ཤར་རིའི་རྒྱུད་ཅིག་གི་སྤང་གཤོངས་ཤིག་ན། ཤྭ་བ་ཕོ་མོ་ཤྭ་ཕྲུག་དང་བཅས་པ་འགྲོ་བཞིན་འདུག་པས། ལྷ་སྲས་རྒྱལ་བུས་ཨ་ཅེ་ལ་འདི་སྐད་ཅེས་གསུངས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །སྤང་ཐོད་མཐོན་པོའི་ཕྱོགས་ལ་སྤྱན་གཟིགས་དང་། །ཤྭ་བ་ཨ་ཕ་ཡིན་ཟེར་སྔོན་ལ་འགྲོ། །ཤྭ་བ་ཨ་མ་ཡིན་པས་རྗེས་ལ་འགྲོ། །ཤྭ་ཕྲུག་ཚོགས་བསགས་ཕ་མའི་བར་ན་འདུག །བྱོལ་སོང་ཡིན་ཀྱང་མ་བུའི་འདུ་ཤེས་འདུག །ད་ནི་འདི་འདྲའི་རྒྱལ་པོའི་སྲས་སྲོས་ལས། །ཤྭ་བ་ཕོ་མོའི་ཤྭ་ཕྲུག་ཡིན་ན་དགའ། །མིང་སྲིང་གཉིས་ལ་ཨ་མ་མེད་པའི་ལན། །ལྕམ་སྲིང་གཉིས་ཀྱི་ཨ་མ་དྲན་པ་ལ། །ཞེས་གསུངས་ནས་སྤྱན་ཆབ་བསིལ་བའི་ངང་ནས་རྒྱ་གར་ཤར་རིའི་རྩེ་རུ་ཕེབས་སོ། །དེ་ནས་གདོལ་པ་གཞོན་པས་ལྷ་སྲས་སྙིང་དང་འདྲ་བ་དེ་པང་དུ་འུབ་སྟེ་བསྡུས་ནས་གཡང་བསྐྱུར་གྲབས་བྱས་པས།
ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཨ་ཇོ་གསོན་དང་གདོལ་པ་གཞོན་པ་ལགས། །རི་རྩེ་འདི་ནས་བསྐྱུར་ལོང་ཡོང་བ་འདུག །འཆི་ཁར་སྨོན་ལམ་ཚིག་གསུམ་འདེབས་སུ་ཆུག །སྨོན་ལམ་ཐེབས་ན་ང་རང་བསམ་པ་རྫོགས། །ཞེས་གསུངས་པས། ཁོ་ན་རེ། འོ་ན་སྨོན་ལམ་ཐོབ་ཅིག་ཟེར་བ་ལ། ལྷ་སྲས་རྒྱལ་བུས་སྨོན་ལམ་གྱི་མགུར་འདི་གསུངས་སོ། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བདག་གི་སྨོན་ལམ་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་མཁའ་འགྲོ་སྡེ་ལྔ་དགོངས་སུ་གསོལ། །ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །སྐུ་མདོག་དཀར་མོའི་མདངས་དང་ལྡན། །དར་གྱི་ཅོད་པན་ཐིབས་སེ་ཐིབ། །ཕྱག་གཡས་ཌ་རུ་ཁྲོ་ལོ་ལོ། །ཕྱག་གཡོན་དྲིལ་བུ་སི་ལི་ལི། །ཞབས་གཉིས་བྲོ་རྡུང་ཆེམས་སེ་ཆེམ། །ཤར་ནས་དར་ཐག་དཀར་པོ་རྐྱོངས། །ལྷ་སྲས་རྒྱལ་བུའི་ལམ་སྣ་ཆོས་ལ་དྲོངས། །ལྷ་ཅིག་ཀུན་བཟང་མ་ལ་ཐུགས་རྗེས་གཟིགས། །མིང་སྲིང་གཉིས་ལ་ཨ་མ་མེད་པས་ལན། །ཡུམ་གྱི་མཆོག་གྱུར་འགྲོ་བ་བཟང་མོ་ལགས། །མིང་སྲིང་གཉིས་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞེས་གསུངས་ནས། སྤྱན་ཆབ་མང་དུ་བསིལ་བས།
གདོལ་པ་རྒན་པ་སེམས་ཤིན་ཏུ་སྐྱོ་ནས། མཆི་མ་ལྷུག་པར་བཏང་སྟེ། གདོལ་པ་གཞོན་པ་ལ་འདི་སྐད་ཅེས་སྨྲས་སོ། །གདོལ་པ་གཞོན་པ་ང་ལ་ཚུར་ཉོན་དང་། །སྔར་ཤན་པ་རྒན་གཞོན་གཉིས་ཀྱིས་ཀྱང་། །སྲས་ལྕམ་སྲིང་ཚེ་ཐར་བཏང་ནས་འདུག །དེ་བཞིན་ཉ་པ་གཉིས་ཀྱིས་ཀྱང་། །ཁོ་གཉིས་ཚེ་ཐར་བཏང་ནས་འདུག །ལྕམ་སྲིང་གཉིས་ཀྱི་ཡབ་ཡུམ་བཞུགས་པའི་དུས། །སྐུ་གཟུགས་གྲིབ་མ་ལ་ཡང་འགོམ་མི་ནུས། །ད་ནི་གསོད་པ་སེམས་ཀྱིས་ག་ལ་ཕོད། །མིང་སྲིང་འདི་གཉིས་ཚེ་ཐར་བཏང་ན་དགའ། །བྱས་པས། གདོལ་པ་གཞོན་པ་ཁོ་རེ། ཨ་ཇོ་རང་ཉོན་དང་། ང་འཁོར་བ་ལ་བཅད་པ་རང་སྲོག་ཡིན་པས། ཨ་ཇོ་རང་གིས་བསྐྱུར་མི་ནུས་ན་ངས་བསྐྱུར་བས་ཆོག་ཟེར་བས། གདོལ་པ་རྒན་པ་ན་རེ། ཁྱོད་རང་གི་སྐལ་བ་ལྷ་སྲས་རྒྱལ་བུ་ཡིན། ང་ནི་འཆི་བའི་སྲོག་ལ་བབས་ཀྱང་། ལྷ་ཅིག་ཚེ་ཐར་ལ་གཏོང་བ་ཡིན་ཟེར་ནས་བཏང་ངོ་། །
དེ་ནས་ལྷ་ཅིག་གིས་གདོལ་པ་གཞོན་པའི་མདུན་དུ་ཕྱིན་ནས། ཕྱག་བཙལ་ཏེ་འདི་སྐད་ཅེས་གསུངས་སོ། །ཨ་ཇོ་གསོན་དང་གདོལ་པ་གཞོན་པ་ལགས། །ད་ལམ་ལྷ་སྲས་མ་བསྐྱུར་གཏོང་རོགས་མཛོད། །མིང་སྲིང་གཉིས་པོ་མ་ཤི་ཚེ་རིང་ན། །གདོལ་པ་ཁྱེད་ལ་རྔན་པ་མང་པོ་སྟེར། །ཞེས་གསུངས་ནས་སྤྱན་ཆབ་མང་དུ་བསིལ་ཀྱང་། ཁོས་མ་བཏང་ངོ་། །དེ་ནས་ལྷ་སྲས་ཀྱིས་ཨ་ཅེ་ལ་འདི་སྐད་ཅེས་གསུངས་སོ། །ཨ་ཅེ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །མིང་སྲིང་ཚེ་འདིར་མཇལ་བའི་རྟིང་མ་ཡིན། །ཨ་ཅེ་མ་ཤི་མི་ཡུལ་མུན་པ་དཀར། །ང་ནི་གཏང་བའི་སྐལ་བ་མ་བྱུང་བས། །ཚེ་འདིར་མིང་སྲིང་མཇལ་བའི་རྟིང་མ་ཡིན། །ཕྱི་མ་འོག་མིན་གནས་སུ་མཇལ་བར་སྨོན། །ཞེས་གསུངས་ནས་སྤྱན་ཆབ་བསིལ་བའི་ངང་ནས། ད་ནི་ཤི་རུང་ཁོ་བོ་འགྱོད་པ་མེད། བསྐྱུར་བ་གནང་གསུངས་པས་གདོལ་པ་གཞོན་པས། ལྷ་སྲས་སྙིང་དང་འདྲ་བ་དེ། པང་དུ་འུབ་ཏེ་བསྡུས་ནས་ཤར་རིའི་གཡང་ལ་བསྐྱུར་བས། བར་སྣང་མཐོངས་ལ་བྱ་ལྟར་ལྡིང་སོང་ངོ་། །
དེ་ནས་ཡུམ་འགྲོ་བ་བཟང་མོས་མཁའ་འགྲོའི་གླིང་ནས། སྤྱན་ཆབ་བསིལ་བའི་ངང་ནས་སྤྲུལ་པ་སྣ་གཅིག་བསྐྱེད་ནས། ཐོག་མར་བྱ་རྒོད་ཕོ་མོ་གཉིས་སུ་སྤྲུལ་ཏེ། ལྷ་སྲས་རྒོད་ཕོའི་གཤོག་སྟེང་དུ་བླངས་ནས། བྲག་ལ་མ་བརྡབས་པ་ཙམ་བྱུང་བས། རྒོད་པོ་ན་རེ། ལྷ་ཅིག་ཀུན་བཟང་མེད་པ་འདྲ་ཟེར་ནས་ཡལ་སོང་ངོ་། །དེ་ནས་ལས་ཀྱི་དབང་གིས་རྒྱ་མཚོ་དེ་ལ་ལྷུང་བའི་དུས། ཡུམ་གྱིས་ཉ་ཆེན་ཕོ་མོ་གཉིས་སུ་སྤྲུལ་ཏེ་ལྷ་སྲས་ཉ་ཕོའི་གཤོག་སྟེང་དུ་བླངས་ནས་ཆུ་འགྲོས་ཀྱིས་སྐམ་ལ་བཏོན་ཏེ་སྲོག་ལ་སྐྱོན་མ་བྱུང་བས།
ཉ་མོ་དེ་ན་རེ། ལྷ་ཅིག་ཀུན་བཟང་མེད་པ་འདྲ་ཟེར་ནས་ཡལ་སོང་ངོ་། །དེ་ནས་ལྷ་སྲས་ནི་མཚོ་དེའི་འགྲམ་དུ་ལུས་འདར་ཞིང་གར་ཡང་འགྲོ་ངོ་མ་ཤེས་པར། སྤྱན་ཆབ་བསིལ་ཞིང་ལམ་རྒྱུས་ནི་མེད་དགོངས་ནས་བཞུགས་ཡོད་པ་ལ། ཡུལ་པདྨ་ཅན་ནས་ཡུམ་གྱིས་ནེ་ཙོ་སྨྲ་མཁན་ཞིག་ཏུ་སྤྲུལ་ཏེ། གཤོག་འགྲོས་ཤིག་གིས་ངང་ནས་ཡོང་སྟེ། འདི་སྐད་ཅེས་ཞུས་སོ། །འདི་ན་བཞུགས་པའི་ཡིད་འོང་བྱིས་པ་ལགས། །ཁྱེད་རང་ཡོང་བ་དང་པོ་གང་ནས་ཡོང་། །དོ་ནུབ་བཞུགས་པའི་གནས་ནི་གང་དུ་བཞུགས། །ཡབ་ཡུམ་གཉིས་ཀྱི་མཚན་ལ་ཇི་སྐད་ཟེར། །མིང་སྲིང་ཚེ་ཟླ་ཅི་འདྲ་ཡོད། །ཅེས་ཞུས་པས།
ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ནེ་ཙོ་ཁྱོད་ཀྱིས་ང་ལ་སྙིང་ཚིམས་བྱ་རྒྱུ་ཨེ་ཡིན། ང་ནི་གཅིག་ཏུ་དལ་འབྱོར་གྱི་མི་ལུས་ཐོབ། །གཉིས་སུ་རྒྱལ་པོའི་སྲས་སུ་འཁྲུངས། །གསུམ་ནས་བདུད་ཀྱི་བར་ཆད་བྱུང་། །ཡུམ་འགྲོ་བ་བཟང་མོ་དགུང་སྔོན་མཐོངས་སུ་ཡལ། །ཡབ་ཀཱ་ལ་དབང་པོ་བདུད་མོས་བཙོན་དུ་བཅུག །ཨ་ཅེའི་མིང་ལ་ལྷ་ཅིག་ཀུན་བཟང་ཟེར། །ང་ཡི་མིང་ལ་ཀུན་ཏུ་ལེགས་པ་ཟེར། །བདུད་མོས་ཤན་པ་སྤུན་གཉིས་གསོད་དུ་བཏང་། ཤན་པས་མ་བསད་ཚེ་ཐར་བཏང་ནས་བྱུང་། །ན་སོ་གཞོན་པས་ལྡུམ་རར་རྩེད་མོར་ཕྱིན། །བདུད་མོས་མཐོང་ནས་ཉ་པའི་ལག་ཏུ་སྤྲད། །ཉ་པ་གཉིས་ཀྱིས་རྒྱ་མཚོའི་འགྲམ་དུ་ཁྲིད། །སྨོན་ལམ་བཏབ་པས་ཉ་པ་སྐྱོ་བ་སྐྱེས། །མིང་སྲིང་གཉིས་པོ་ཚེ་ཐར་བཏང་ནས་བྱུང་། །རྒྱ་གར་ཤར་གྱི་ནགས་ཁྲོད་སྟུག་པོར་ཕྱིན། །ནགས་ཀྱི་དཀྱིལ་ནས་བདུད་མོའི་བློན་པོས་བཟུང་། །སྡིག་ཅན་གདོལ་པ་གཉིས་ཀྱི་ལག་ཏུ་བསྐུར། །གདོལ་པ་གཞོན་པས་ཤར་རིའི་གཡང་ལ་བསྐྱུར། །བར་སྣང་མཐོངས་ནས་རྒོད་པོས་གཤོག་སྟེང་བླངས། །བྲག་ལ་མ་བརྡབ་ཙམ་ལ་རྒྱ་མཚོར་ལྷུང་། །རྒྱ་མཚོའི་ནང་ནས་ཉ་མོའི་སྒལ་སྟེང་བླངས། །སྐམ་ལ་ཐོན་ནས་སྲོག་སྐྱོན་མ་བྱུང་ཙམ། །དང་པོ་ཡོང་བ་མཎྜལ་སྒང་ནས་ཡོང་། །དོ་ནུབ་སྡོད་པ་རྒྱ་མཚོའི་འགྲམ་དུ་སྡོད། །ཁ་ལ་ཟས་དང་ལུས་ལ་གོས་ནི་མེད། །ལམ་སྣ་ས་རྒྱུས་བྱ་བ་གཅིག་ཀྱང་མེད། །ནེ་ཙོ་ཁྱོད་ཀྱིས་གྲོགས་ཤིག་གྱིས་དང་གསུངས་པས། ངའི་ཕྱི་ལ་བྱོན་ཅིག་ཟེར་ནས་གཤོག་འགྲོས་ཤིག་གིའི་ངང་ནས་སོང་ངོ་། །ལྷ་སྲས་རྒྱལ་བུས་ཀྱང་ནེ་ཙོའི་ཕྱི་ལ་བྱོན་པས། ཡང་ནེ་ཙོས་ཕྱི་བལྟས་ཤིག་བྱས་ནས། ལྷ་སྲས་ལ་འདི་སྐད་ཅེས་ཞུས་སོ། །ངེད་ཡུལ་པདྨ་ཅན་པ་རྣམས་། ལྷ་ཐུགས་རྗེ་ཆེན་པོ་ལ་མོས། སྙིང་པོ་ཡི་གེ་དྲུག་པ་ནི་འདྲེན། དེའི་སྟོབས་ཀྱིས་འཁོར་བ་སྟོང་ནས་རྒྱལ་རྒྱུད་རྫོགས་ནས་མེད། ད་ཁྱེད་རང་པདྨ་ཅན་གྱི་རྒྱལ་པོ་མཛད་ན་མི་ལེགས་སམ་ཞུས་པས།
ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ངས་རྒྱལ་པོ་ཡོང་བ་འདུག་གམ་གསུངས་པས། ཡང་ནེ་ཙོས་ཕྱོགས་བཞི་ལ་ཕྱག་འཚལ་བའི་ཚུལ་མགོ་སྒུར་སྒུར་ལན་རེ་བྱས་པ་དང་། ལྷ་སྲས་རྒྱལ་བུས་ཀྱང་དེ་བཞིན་ཕྱག་འཚལ་བའི་ཚུལ་མཛད་པས། དེ་ནས་བར་སྣང་ནས་ན་བཟའ་ངུར་སྨྲིག་གཅིག་དང་། སྐུ་སྐེད་རྒྱ་དམར་གཅིག་དང་། ཞབས་ཕྱགས་ཀོ་དཀར་གཅིག་དང་། དབུ་རས་ཁ་གང་དང་བཅས་པ་བབས་བྱུང་བས། ནེ་ཙོས་དབུ་རས་ཁ་གང་པོ་དེ་དབུ་ལ་གསོལ། ན་བཟའ་ངུར་སྨྲིག་དེ་སྲས་ཀྱི་སྐུ་ལ་གསོལ། སྐུ་སྐེད་དེ་སྐེད་ལ་བཅིངས། ཞབས་ཕྱགས་ཀོ་དཀར་དེ་ཞབས་ལ་གསོལ་བས། ལྷ་སྲས་ཀྱིས་ནེ་ཙོ་ལ་འདི་སྐད་ཅེས་གསུངས་སོ། །པདྨ་ཅན་གྱི་རྒྱལ་པོར་ཡོང་བ་འདུག་གམ་གསུངས་པས། ནེ་ཙོས་དེ་ལྟར་ཡོང་བ་འདུག་ལགས་ཞུས་པས། དེ་ནས་ནེ་ཙོས་གཤོག་འགྲོས་མགྱོགས་པའི་ངང་ནས། བྲམ་ཟེ་སྒོམ་ཆེན་པ་གཅིག་ཡོད་པ་དེའི་སར་ཕྱིན་ཏེ། འདི་སྐད་ཅེས་ཞུས་སོ། །རང་རེའི་པདྨ་ཅན་གྱི་རྒྱལ་རྒྱུད་རྫོགས་ནས་མེད་པ་ལ། ལྷ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དགུང་ལོ་གསུམ་དུ་བཞེས་པ་ཞིག །ཤིང་ཙན་དན་སྡོང་པོའི་བསིལ་གྲིབ་ལ་བཞུགས་འདུག་པས། དེ་སྤྱན་དྲངས་ནས་པདྨ་ཅན་གྱི་རྒྱལ་པོ་ལ་མངའ་གསོལ་ན་མི་ལེགས་སམ། ཞེས་ཞུས་པས། བྲམ་ཟེ་སྒོམ་ཆེན་དེ་དགའ་དྲགས་ནས། ལག་གི་འཁར་བ་བཞག་ནས་ཡུལ་པདྨ་ཅན་དུ་ཕྱིན་ཏེ། གྲོང་ཁྱེར་ལ་སྐོར་བ་ལན་གསུམ་བྱས་ནས་འདི་སྐད་ཅེས་སྨྲས་སོ། །རང་ཅག་ཡུལ་པདྨ་ཅན་པ་རྣམས་ལྷ་ཐུགས་རྗེ་ཆེན་པོ་ལ་མོས་པས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་དགུང་ལོ་གསུམ་དུ་བཞེས་པ་ཞིག་ཤིང་ཙན་དན་སྡོང་པོའི་བསིལ་གྲིབ་ལ་བཞུགས་འདུག་ཟེར་བ། ང་ལ་སྨྲ་མཁན་ནེ་ཙོས་ལུང་བསྟན་བྱུང་། དེ་པདྨ་ཅན་གྱི་རྒྱལ་པོ་ལ་གདན་དྲངས་ན། མངའ་ཐང་ལོངས་སྤྱོད་རྒྱས་པར་འགྱུར་རོ། །ཞེས་སྨྲས་པས།
པདྨ་ཅན་གྱི་གྲོང་ཁྱེར་གྱི་མི་རྣམས་ཀུན་འདུས་ནས། རྒྱལ་རྒྱུད་རྫོགས་པ་ལ་སྙིང་ཚིམས་བྱེད་མཁན་བྲམ་ཟེ་ཁྱོད་མིན་པ་མ་བྱུང་། ཁྱོད་གསོད་པ་ཡིན་ཟེར་ཏེ་རྟབ་རྟོབ་བྱེད་དུ་བྱུང་བ་ལ། མི་ལ་ལ་ན་རེ། དེ་འདྲ་མ་བྱེད་ཅིག །མི་རྒན་གྱིས་ཟེར་བ་ལ་ཉོན། བྱ་གཤོག་གྲོས་ལ་ལྟོས་བྱ་བ་ཡིན། སྨྲ་མཁན་ནེ་ཙོའི་ལུང་བསྟན་བྱུང་འདུག་ཟེར་བ་ལ། མི་ཀུན་ལྟ་རུ་ཕྱིན་པས། ཤིང་ཙན་དན་སྡོང་པོའི་བསིལ་གྲིབ་ལ་ལྷ་སྲས་རྒྱལ་བུ་བཞུགས་པ་མཐོང་ནས། ཐམས་ཅད་དགའ་མགུ་ཡི་རངས་ཏེ། ཡུལ་པདྨ་ཅན་ནས། ཆིབས་རྟ་ངང་པ་གསེར་ལྡན་ལ། སྒ་ཆ་ལེགས་པར་བསྒྲོན་ཏེ་གདུགས་དང་རྒྱལ་མཚན་དང་། བ་དན་དང་། རོལ་མོའི་བྱེ་བྲག་དང་། སྤོས་བཅས་བསུ་བ་སེར་ཕྲེང་བསམ་གྱིས་མི་ཁྱབ་པ་བྱས་ནས། ཡུལ་པདྨ་ཅན་དུ་གདན་དྲངས་ཏེ་གསེར་ཁྲི་ལ་མངའ་གསོལ་བས། སྔར་ལས་ཀྱང་དར་ཞིང་རྒྱས་པར་བྱུང་ངོ་། །དེ་ནས་ལྷ་ཅིག་གི་ཐུགས་དགོངས་ལ། ཁོ་མོ་ང་ཡི་སྙིང་དང་འདྲ་བའི་ལྷ་སྲས་རྒྱལ་བུ་ནི། རྒྱ་གར་ཤར་རིའི་གཡང་ལ་བསྐྱུར་ནས་མེད། ང་རང་ཡང་ལྕེབ་དགོས་དགོངས་ནས། ལྕེབ་པའི་གྲབས་བྱས་པས། ཁོང་རང་ཚེ་ཐར་ལ་གཏོང་བའི་གདོལ་པ་རྒན་པ་ཁོས་ལྕེབ་ཏུ་མ་བཅུགས་པར། ཁོས་ལྷ་ཅིག་ཀུན་ཏུ་བཟང་མོ་རྒྱབ་ཏུ་ཁུར་ནས། རི་རྩེ་དེ་ནས་མར་ལ་ཡོང་བའི་དུས་སུ།
ཁོའི་བསམ་པ་ལ་ངས་ཚེ་སྔོན་ལས་ངན་བསགས་པའི་རྣམ་སྨིན་གྱིས། ད་ལྟ་སྡིག་ཅན་གདོལ་པའི་ལུས་སུ་སྐྱེས། ཚེ་འདི་ལ་ཡང་སྡིག་པ་མང་པོ་བསགས་པའི་ཁར། མིང་སྲིང་གཉིས་ལ་འོ་བརྒྱལ་འདི་ཙམ་བཟོས། ང་ཤི་ན་རྡོ་རྗེ་དམྱལ་བ་མ་གཏོགས་འགྲོ་ས་མེད་པས། དེ་བས་ང་རང་ཤི་བ་དྲག་བསམས་ནས། ལྷ་ཅིག་ཀུན་ཏུ་བཟང་མོ་དེ་ས་ལ་བཞག་སྟེ། ཁོ་རང་ལ་གྲི་གུ་མཐོ་གང་བ་ཞིག་ཡོད་པ་དེ་ཁོ་རང་གི་ལུས་ལ་བརྒྱབ་ནས་འཆི་བ་ལ་ཐུག་པས། ལྷ་ཅིག་གི་ཐུགས་ལ། ང་བུ་མོ་སྤྲང་པོ་འདྲ་བ་ཞིག་གི་དོན་ལ། ཁོ་སྐྱེས་པ་ཁྱོ་གའི་སྲོག་བཅད་པས་མི་ཡོང་དགོངས་ཏེ། ལྷ་ཅིག་གི་ཕྱག་དར་ལས་འཇམ་པ་དེས། གདོལ་པའི་ལག་པ་བྱ་སྡེར་ལས་རྩུབ་པ་དེ་ལ་འཇུས་ནས། སྦྲང་མ་མེ་ལ་ལྕེབས་པ་ལྟར་བྱས་ཏེ། ངའི་སྲོག་ལ་མི་བབས་པ་ཁྱོད་ཀྱིས་བྱས་པ་ཡིན། ཁྱོད་ཀྱི་སྲོག་ལ་མི་བབས་པ་ཁོ་མོ་བདག་གིས་བྱེད། རང་སྲོག་རང་གིས་བཅད་གྱུར་ན། ཚེ་ལོ་ལྔ་བརྒྱའི་བར་ལ་འདི་ལྟར་བྱེད་དགོས་པས། ཁྱོད་ཀྱིས་ཤི་བའི་བསམ་བློ་བོར་ཅིག་ཅེས་གསུངས་སོ། །དེ་ནས་ཁོ་ཧར་ཏེ་ལངས་ནས་མཆི་མ་ལྷུག་པར་བཏང་སྟེ། འདི་སྐད་ཅེས་ཞུས་སོ། །ཀྱེ་མ་གསོན་དང་ལྷ་ཅིག་ཀུན་བཟང་ལགས། །འདི་རུ་མ་བཞུགས་པདྨ་ཅན་ལ་བྱོན། །འདི་ནས་ལ་གཅིག་བརྒྱབ་པའི་ཕར་རྒྱབ་ན། །པདྨ་ཅན་གྱི་འབྲོག་སྡེ་ཆེན་པོ་ཡོད། །དེ་ལ་ཟས་སྐོམ་སློང་དུ་བྱོན་པར་ཞུ། །ཞེས་ཞུས་ནས། ཁོ་རང་སེམས་སྐྱོ་བའི་ངང་ནས་ཡུལ་དུ་ལོག་སོང་ངོ་། །དེ་ནས་ལྷ་ཅིག་གིས་རིའི་ལོགས་དེ་ནས་མར་ལ་བབས་ནས་བྱོན་པས། སྔར་ཉ་པ་སྤུན་གཉིས་ཀྱིས་ཀྱང་ལ་ལུང་མང་པོ་ཁྲིད། བདུད་མོའི་བློན་པོ་རྣམས་ཀྱིས་ཀྱང་ལ་ལུང་མང་པོ་ཁྲིད། གདོལ་པ་སྤུན་གཉིས་ཀྱིས་ཀྱང་ལ་ལུང་མང་པོ་ཁྲིད་པ་དང་།
དེའི་སྟབས་ཀྱིས་ཞབས་སྙུང་ནས་བྱོན་མ་ཐུབ་པར་རི་ལོགས་དེ་རུ་ལུས་པས། དེ་ནས་ལྷའི་བུ་མོ་གཅིག་གིས་པུས་མོ་ནས་འཇིབས་བྱུང་བས། ཞབས་སྙུང་པ་གསོས་པས། དེ་ནས་ལྷ་ཅིག་གི་ཐུགས་ལ། སྙིང་དང་འདྲ་བའི་ལྷ་སྲས་དེ་ཤར་རིའི་གཡང་ལ་བསྐྱུར་བའི་རི་དེའི་འགྲམ་ན། རབ་ཏུ་སྐུ་སྤུར་དངོས་དང་མཇལ་བ་ཨེ་ཡོང་། དེ་ལྟར་མ་བྱུང་ན་ཡང་དབུ་སྐྲ་དང་སྐུ་རུས་ཀྱི་དུམ་བུ་འདྲ་ཡོད་དམ་སྙམ་ནས། རི་ལོགས་དེ་ནས་མར་བྱོན་ཏེ། མཚོ་དེའི་འགྲམ་དུ་ཕེབས་པས། དེ་ནས་ལྷ་སྲས་རྒྱལ་བུའི་སྐུ་སྤུར་ནི་མི་འདུག །གཞན་ཡང་མི་ནག་ཆེན་ཐམས་ཅད་གཡང་ལ་བསྐྱུར་བའི་རུས་པ་དཀར་ནག་ཁྲ་གསུམ་མང་དུ་འདུག་པས། དེ་ན་སྲས་ཀྱི་དབུ་སྐྲ་དང་སྐུ་རུས་རེད་བསམ་པ་ནི་མི་འདུག །སྐྲ་ཐུང་བ་དང་རུས་པ་ཆུང་བ་རྣམས་ཁུར་ནས། བྲམ་ཟེ་སྒོམ་ཆེན་གཅིག་འདུག་པ་དེའི་དྲུང་དུ་བྱིན་ཏེ། ལྷ་སྲས་རྒྱལ་བུའི་དོན་དུ་ཚ་ཚ་ལོ་གྲངས་གཅིག་བཏབ་ནས། ཚ་ཚ་དེ་རྣམས་མཆོད་རྟེན་གྱི་ནང་དུ་གདན་དྲངས་ཏེ། ཕྱག་དང་སྐོར་བ་མང་དུ་མཛད། དེ་ནས་པདྨ་ཅན་གྱི་འབྲོག་སྡེ་ཆེན་པོ་གཅིག་འདུག་པས། དེ་ལ་ཞལ་གཟིགས་ནས་ཟས་སྐོམ་སློང་དུ་བྱོན་ནས། སྤྲང་མོ་ལས་ངན་ཅན་མ་བདག་ལ་འཚོ་བ་ཞིག་གནང་བ་ཞུ་གསུངས་པས། འབྲོག་གཅིག་གིས་བཟའ་འཐུང་བྱིན། སློང་མོ་བྱེད་ཡུན་ལ་རྒྱབ་ནས་ཞབས་ལ་ཁྱིས་འཇུས་ཏེ་ཟླ་གསུམ་བར་དེ་རུ་ལུས། དེ་ནས་དྲག་མགོ་ཐོན་ནས། འབྲོག་མོ་རྣམས་ཀྱིས་ལྷན་པ་དཀར་ནག་ཁྲ་གསུམ་འདུས་པའི་བེམ་པོ་གཅིག་བྱིན། གཞན་ཡང་ཁྱི་སྲུང་བའི་མཁར་བ་གཅིག་དང་། ཕོར་ཐང་གཅིག་བཅས་བྱིན་ནས། ད་བུ་མོ་ཁྱེད་རང་འདི་ནས་ལ་གཅིག་བརྒྱབ་ནས་ཕྱིན་པའི་སར། པདྨ་ཅན་གྱི་རྒྱལ་པོའི་ཕོ་བྲང་ཡོད། པདྨ་ཅན་པ་དགེ་བའི་ལས་ལ་དཀར། བུ་མོ་ཁྱོད་རང་དེ་རུ་སློང་དུ་བྱོན། ཟེར་ནས་ལམ་ཡང་བསྟན་ཏོ། །
ལྷ་ཅིག་གིས་སྤྱན་ཆབ་བསིལ་བའི་ངང་ནས། པདྨ་ཅན་གྱི་ཕོ་བྲང་གི་སྒོ་དྲུང་དུ་བྱོན་ཏེ། རྒྱལ་པོའི་ཕོ་བྲང་ལ་ཁ་གཏད་ནས་སྐད་ཕྲ་ལ་རིང་བ་ཞིག་བརྒྱབ་སྟེ། འདི་སྐད་ཅེས་གསུངས་སོ། །ཀྱེ་མ་མངའ་བདག་རྒྱལ་པོ་བདག་ལ་དགོངས། སྤྲང་མོ་ལས་ངན་ཅན་མ་བདག་ལ་ཟས་ནོར་རྒྱན་གོས་ལ་སོགས་པ་གནང་བ་ཞུ་ཞུས་པས། ལྷ་སྲས་རྒྱལ་བུ་ཕོ་བྲང་ཡང་ཐོག་རྩེ་ལ་ཞབས་བསྐོར་མཛད་ཅིང་ཡོད་པས། ཨ་ཅེ་ལྷ་ཅིག་གི་གསུང་དེ། དཔའ་ཆེན་གྱིས་མདའ་འཕངས་པ་ལྟ་བུ་སྙན་དུ་ཐོས་ནས། ང་ཡི་ཨ་ཅེའི་གསུང་གི་འདྲ་བ་ཐུགས་ལ་འཁྲུངས་ཏེ། བློན་པོ་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་གསུངས་སོ། །བློན་པོ་སོང་ལ་ཕོ་བྲང་གི་སྒོ་དྲུང་གི་སྤྲང་མོ་མ་གིར་ཡུལ་གང་ནས་ཡིན། ཕ་མ་སྤུན་ཟླ་སོགས་ཇི་ལྟར་ཡོད་དྲིས་ཤོག་གསུངས་པས། དེ་ན་བློན་པོས་ཕོ་བྲང་གི་སྒོ་དྲུང་དུ་བྱོན་ནས། སྤྲང་མོ་ལ་འདི་སྐད་ཅེས་གསུངས་སོ། །སྤྲང་མོ་ཡོང་ཡོང་གང་ནས་ཡོང་། །བར་དུ་ཕྱིན་ཕྱིན་གང་དུ་ཕྱིན། །མཐའ་མ་འགྲོ་འགྲོ་བ་གང་དུ་འགྲོ། །ཕ་མ་སྤུན་ཟླ་ལ་སོགས་པ། །གཉེན་འཁོར་ཅི་དང་ཅི་འདྲ་ཡོད། །ང་ལ་མ་གསང་དྲང་པོ་ཤོད། །མངའ་བདག་རྒྱལ་པོར་ཞུ་དགོས་ཡོད། །ཅེས་གསུངས་པས། ཨ་ཅེ་ལྷ་ཅིག་གིས་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་གསོན་དང་བློན་པོ་ཆེན་པོ་ལགས། །བདག་གི་ཡུལ་ནི་མཎྜལ་སྒང་ནས་ཡིན། །ཡབ་ཀྱི་མཚན་ལ་ཀཱ་ལ་དབང་པོ་ཞུ། །དེ་ནི་བདུད་མོས་བཙོན་དུ་བཅུག་ནས་མེད། །ཡུམ་གྱི་མཚན་ལ་འགྲོ་བ་བཟང་མོ་ཞུ། །དེ་ནི་དགུང་སྔོན་མཐོངས་ལ་འཕུར་ནས་མེད། །མིང་པོའི་མཚན་ལ་ལྷ་སྲས་རྒྱལ་བུ་ཟེར། །དེ་ནི་ཤར་རིའི་གཡང་ལ་བསྐྱུར་ནས་མེད། །བདག་གི་མིང་ལ་ལྷ་ཅིག་ཀུན་བཟང་ཟེར། །ཁ་ལ་ཟས་དང་ལུས་ལ་གོས་ནི་མེད། །བློན་པོ་ཆེན་པོ་ཐུགས་ཀྱིས་དགོངས་མཛོད་དང་། །རྒྱལ་པོ་ཆེན་པོར་གསོལ་རས་ཞུ་རོགས་མཛོད། །ཅེས་གསུངས་ནས་སྤྱན་ཆབ་མང་དུ་བསིལ་ཞིང་ཕྱག་མང་དུ་ཕུལ་བས།
དེ་ནས་བློན་པོ་ཕོ་བྲང་ནང་དུ་ཕྱིན་ཏེ། ལྷ་སྲས་ལ་ཨ་ཅེ་ལྷ་ཅིག་གི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་པས། ལྷ་སྲས་རྒྱལ་བུ་སྤྱན་ཆབ་བསིལ་བའི་ངང་ནས། ང་ཡང་དང་པོ་མཎྜལ་སྒང་ནས་ཡིན། ང་ཡི་ཨ་ཅེ་དེ་ཡིན་པར་འདུག་གསུངས་ཏེ། སྐས་རིང་རྣམས་ལ་བབས། སྐས་ཐུང་བ་རྣམས་ལ་མཆོང་། ཕོ་བྲང་གི་སྒོ་དྲུང་དུ་བྱོན་པས། ཨ་ཅེ་ཡིན་པ་གཟིགས་པ་དང་། ལྕམ་སྲིང་གཉིས་གཅིག་གིས་གཅིག་ལ་འཐམས་ཏེ་དྲན་མེད་དུ་བརྒྱལ་སོང་བས། དེ་ནས་བློན་པོ་རྣམས་ཀྱིས་ཙན་དན་གྱི་ཐང་ཆུ་གཏོར་བས། སྐུ་དྲན་པ་གསོས་སོ། །དེ་ནས་ལྷ་ཅིག་ཀུན་ཏུ་བཟང་མོ་དེ་ལ་ཁྲུས་ཀྱི་རྫིང་བུ་རུ་སྐུ་ཁྲུས་ལེགས་པར་གསོལ་ནས། དར་དང་རིན་པོ་ཆེའི་རྒྱན་དང་། པན་ཙ་ལིའི་ན་བཟའ་ལ་སོགས་པ་རིན་པོ་ཆེའི་རྒྱན་བསྒྲོན་ཏེ། ཕོ་བྲང་ནང་དུ་གདན་དྲངས། ལྷ་སྲས་རྒྱལ་པོ་ཀུན་ཏུ་ལེགས་པ་གསེར་ཁྲི་ལ་བཞུགས། ལྷ་ཅིག་ཀུན་ཏུ་བཟང་མོ་གཡུ་ཁྲི་ལ་བཞུགས། གསེར་ཁྲི་དང་གཡུ་ཁྲིའི་སྟེང་དུ་བཞུགས་ནས་པདྨ་ཅན་གྱི་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། འདོད་ཡོན་ལོངས་སྤྱོད་སྔར་ལས་ཀྱང་དར་ཞིང་རྒྱས་པ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །
དེ་ནས་ཡུན་རིང་མ་ལོན་པར། ཡུལ་མཎྜལ་སྒང་དུ་བདུད་མོ་ཧ་ཅང་གིས། དར་པོ་ཆེ་དགུང་སྔོན་མཐོངས་ལ་ཕྱར། དུང་མོ་ཆེ་བར་སྣང་མཐོངས་ལ་བུས། རྔ་བོ་ཆེ་ཕོ་བྲང་རྩེ་ནས་བརྡུངས་པས། ཡུལ་མཎྜལ་སྒང་གི་འཁོར་འབངས་བློན་པོའི་ཚོགས་རྣམས་ཀུན་འདུས་བྱུང་བས། དེ་ནས་བློན་འབངས་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་གསོན་དང་བཙུན་མོ་དམ་པ་ལགས། །སྔར་མི་ཕྱར་བའི་དར་པོ་ཆེ་དེ་ཕྱར། །སྔར་མི་རྡུང་བའི་རྔ་བོ་ཆེ་དེ་བརྡུངས། །སྔར་མི་འབུད་པའི་དུང་མོ་ཆེ་བུས། །ད་རྒྱལ་ཁྲིམས་འཆལ་བའི་ལས་ནི་གང་འདྲ་འདུག །ཕ་རོལ་དགྲ་བོའི་དམག་དཔུང་གང་ལ་ཡོད། །བདག་ཅག་འཁོར་འབངས་རྣམས་ནི་དབུལ་ཞིང་ཕོངས། །ད་ནི་ཅི་འདྲ་ཞིག་འདུག་ཅེས་ཞུས་པས། བདུད་མོ་ཧ་ཅང་མས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བློན་པོའི་ཚོགས་རྣམས་ཚུར་ཉོན་དང་། །སྡིག་ལ་བཀོད་པའི་གདོལ་པ་སྤུན་གཉིས་ཀྱིས། །ལྷ་སྲས་རྒྱལ་བུ་ལྕམ་སྲིང་གཉིས་པོ་དེ། །རྒྱལ་གར་ཤར་རིའི་རྩེ་ནས་མ་བསྐྱུར་བར། །ད་ནི་པདྨ་ཅན་གྱི་རྒྱལ་པོར་གྱུར། །དེ་ལྟར་ཡིན་ན་མི་སྲིད་ཙམ་ཡིན་པས། །མེ་ནི་ཆུང་དུས་ཙམ་མ་བསད་ན། །རྩྭ་ཕུང་རི་རབ་ཙམ་ཞིག་འཇིག་ཉེན་ཡོད། །ཆུ་ནི་ཆུང་དུས་ཙམ་ནས་མ་བཀག་ན། །རྒྱ་མཚོ་ལུད་ན་ལུང་པ་གང་ཉེན་ཡོད། །ཉི་མ་སང་དང་གཅིག་བྱས་གནངས་དང་གཉིས། །གཞེས་ཀྱི་ལྷ་ཉིན་དཀར་པོ་ཤར་བའི་ཚེ། །མཎྜལ་སྒང་གི་དམག་ཆེན་འབུམ་མཚོ་དེ། །པདྨ་ཅན་གྱི་ཕྱོགས་སུ་རྒྱག་ངེས་ཡིན། །དེ་ཡི་དམག་དཔོན་བདུད་མོ་ང་ཡིས་བྱེད། །དེ་རྩིས་བློན་འབངས་ཚོགས་རྣམས་གྲབས་གྱིས་ཤིག །ཅེས་སྨྲས་ཏེ་བདུད་མོ་རང་གི་གཟིམ་ཆུང་དུ་བྱོན་ནས་སོང་ངོ་། །
དེ་ནས་གཞེས་ཀྱི་ལྷ་ཉིན་དཀར་པོ་ཤར་བའི་ཚེ་ན། ཡུལ་མཎྜལ་སྒང་གི་དམག་ཆེན་འབུམ་ཚོ་དེ། ཕོ་བྲང་མདུན་དུ་སྐད་ཅིག་ཙམ་དུ་འདུས་བྱུང་བས། ཧ་ཅང་བདུད་མོས་བདུད་རྟ་ནག་པོ་ལ་སྒ་ཆ་ལེགས་པར་བསྒྲོན། གོ་ཁྲབ་རྣམས་ལུས་ལ་གྱོན། ལྕགས་མདའ་ལྕགས་གཞུ་ལག་ཏུ་ཁྱེར་ནས། བདུད་རྟ་ནག་པོ་ལ་བཞོན་ཏེ། རྟ་སྟེང་ནས་མཆེ་བ་ཉེར་ཉེར་ལན་གསུམ་བྱས་པས་བདུད་བློན་རྣམས་དགའ་དྲགས། ཆོས་བློན་རྣམས་སེམས་སྐྱོ་སྐྱོ་ཡང་བདུད་མོ་དབང་ཆེ་བས་ཐབས་ནི་མེད། དེ་ནས་བདུད་མོས་རུ་སྣ་ཁྲིད་ནས་པདྨ་ཅན་གྱི་ལུང་པའི་མདའ་དེར་སླེབས་པ་དང་། པདྨ་ཅན་པ་རྣམས་ཀྱིས་ཚོར་ཏེ། རྒྱལ་བློན་འབངས་འཁོར་དང་བཅས་པ་མྱ་ངན་གྱིས་ནོན་སོང་བ་ལ།
དེར་བློན་པོ་ཟླ་བ་བཟང་པོས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་གསོན་དང་རྒྱལ་པོ་ཆེན་པོ་ལགས། །འདི་འདྲའི་ཐུགས་ཁྲལ་གང་ལ་མ་གནང་འཚལ། །རྒྱལ་པོས་ཐུགས་ཁྲལ་གཏན་ནས་གནང་མི་དགོས། །བདུད་དམག་ནག་པོའི་གདོང་ལེན་ལ། །བློན་པོ་བདག་གིས་དམག་དཔོན་བྱེད། །དམག་ཁྲི་ཚོ་གསུམ་གྱི་དཔུང་དང་བཅས། །བློན་པོ་བདག་གིས་འགྲོ་བར་ཞུ། །ཞུས་ཞུས་པས། དེ་ནས་ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཡབ་ཆེན་རྒྱལ་པོ་བདག་ལ་སྙན་གསོན་དང་། །ཡུམ་ཆེན་དགེ་བའི་པད་མོ་བདག་ལ་དགོངས། །ཤི་རུང་གསོན་རུང་དམག་ལ་བདག་རང་འགྲོ། །རྒྱལ་པོའི་གོ་མཛོད་ནང་ནས་གསེར་གྱི་ཁྲབ་ལ་པདྨ་ར་གའི་ཕྲ་བརྒྱབ་པ་དེ་བདག་ལ་གནང་བར་ཞུ། གསེར་གྱི་མདའ་ལ་གཡུ་ཡི་མདའ་སྒྲོ་ཅན། །ལྕགས་ཀྱི་མདའ་ལ་འུག་པའི་རྩེ་སྒྲོ་ཅན། །དེ་ལ་ཟངས་ཀྱི་མདེའུ་ཅན། །ལྟས་ངན་བྱུང་ན་རྒྱག་དགོས་འདུག །དེ་རྣམས་ཐམས་ཅད་བདག་ལ་གནང་བར་ཞུ། །སྟེང་ལྷ་ཡི་ལྷ་མོའི་ཚོགས་རྣམས་ཀྱིས། །ལྷ་རྟ་ངང་པ་འཕུར་ཤེས་དེ། །དུས་དེ་རིང་བདག་ལ་གནང་བར་ཞུ། །དམག་ཁྲི་ཚོ་གསུམ་གྱི་དམག་དཔོན་བྱེད། །དེ་རིང་རྒྱལ་བུ་བདག་གི་དམག་རོགས་བྱེད། །བློན་པོ་ཁྱེད་ཀྱིས་འདུལ་ཐབས་མེད། །བདུད་མོས་གཙོ་བྱས་བདུད་རོགས་རྣམས། །སྙིང་རྩ་གཅོད་པའི་དུས་ལ་བབ། །བདག་གིས་དེ་རིང་བདུད་མོ་མ་བཏུལ་ན། །འཛམ་གླིང་ཡུལ་ཁམས་བདུད་མོས་འཇིག་ཉེན་ཡོད་གསུངས་པས།
དེ་ནས་ཡབ་ཀྱི་ཞལ་ནས་བུ་ན་སོ་གཞོན་དུས་བློ་ཁོག་ཡངས་གསུངས་ནས་ཐུགས་ཤིན་ཏུ་མཉེས་སོ། །དེ་ནས་ལྷ་སྲས་ཀྱིས་སྐུ་ལུས་ལ་གོ་ཁྲབ་རྣམས་གྱོན། ལྕགས་མདའ་ལྕགས་གཞུ་ཕྱག་ཏུ་བསྣམས་ནས། ལྷ་རྟ་ངང་པ་འཕུར་ཤེས་ཅན་ལ་ཆིབས་ཏེ། དམག་ཁྲི་ཚོ་གསུམ་གི་དམག་དཔོན་མཛད་དེ། རུ་སྣ་ཁྲིད་ནས་པདྨ་ཅན་གྱི་མདའ་དེར་བྱོན་པ་དང་། བདུད་མོ་ཧ་ཅང་མས་ལྷ་སྲས་རྒྱལ་པོ་མཐོང་བ་ཙམ་གྱིས། ཞེ་སྡང་མེ་ལྟར་འབར་ཏེ། རྟ་སྟེང་ནས་མདའ་མོ་ལྟོང་ཁ་སྤྲད་དེ་འདི་སྐད་ཅེས་སྨྲས་སོ། །མི་ངན་ལྷ་སྲས་རྒྱལ་པོ་ཚུར་ཉོན་དང་། །མི་ནི་ཚེ་ཟད་སྲིན་པོའི་སྒོ་རུ་སླེབས། །འབུ་ནི་ཚེ་ཟད་གྲོག་མའི་སྒོ་རུ་སླེབས། །དེ་རིང་ཉི་མའི་གདུང་གང་ལ། །ཁྱོད་ཀྱི་སྙིང་ཁྲག་དྲོན་མོ་དེ། །ང་ཡིས་ཟ་གཅིག་མ་ཐུབ་ན། །ཡུལ་དེའི་ཆོས་སྐྱོང་སྲུང་མས་བཞེས་ཤིག །ཟེར་ནས། ཡས་ཀྱི་མཆེ་བ་མས་ལ་ཕྱེད་ཙམ་བཏོན། མས་ཀྱི་མཆེ་བ་ཡས་ལ་མདའ་ཙམ་ཟིང་ནས། སྐད་ཅིག་ལ་རྒྱུག་བྱུང་བས། ལྷ་སྲས་ཅུང་ཟད་འཇིགས་པའི་ངང་ནས། སྨོན་ལམ་གྱི་མགུར་འདི་གསུངས་སོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་དང་། །ཁྱད་པར་མཁའ་འགྲོ་སྡེ་ལྔ་དགོངས་སུ་གསོལ། །དེ་རིང་བདག་གི་མགོན་སྐྱབས་དཔུང་གཉེན་མཛོད། །བདག་གིས་དེ་རིང་བདུད་མོ་ཐུལ་བར་ཤོག །གཞུ་སྟོད་སྟེང་ཕྱོགས་ལྷ་ལ་ཆོལ། །གཞུ་སྨད་འོག་ཕྱོགས་ཀླུ་ལ་ཆོལ། །གཞུ་སྐེད་བར་ཕྱོགས་བཙན་ལ་ཆོལ། །གཞུ་རྒྱུན་དཀོན་མཆོག་གསུམ་པོས་འཐེན། །ང་ཡི་ལག་ཏུ་ཁྱེར་བའི་མདའ་མོ་འདི། །སྟེང་ལྷ་ལ་མི་རྒྱག་ལྷ་ཞལ་མཐོངས་ལ་བཞུགས། །འོག་ཀླུ་ལ་མི་རྒྱག་ཀླུ་ཞལ་རྒྱ་མཚོར་བཞུགས། །བར་བཙན་ལ་མི་རྒྱག་བཙན་གྲལ་ལོགས་ལ་བཞུགས། །སྟེང་ལྷ་ཡི་ལྷ་དམག་དེ་རིང་དཔུང་ལ་བྱོན། །བར་བཙན་གྱི་བཙན་དམག་དེ་རིང་དཔུང་ལ་བྱོན། །འོག་ཀླུ་ཡི་ཀླུ་དམག་དེ་རིང་དཔུང་ལ་བྱོན། །མདའ་སྣ་དཀོན་མཆོག་གསུམ་གྱིས་ཁྲིད། །ཅེས་གསུངས་ནས། ལྷ་སྲས་ཀྱིས་མདའ་གཅིག་འཕངས་པས། ལྕགས་མདའ་དེ་བདུད་མོའི་སྙིང་ཁར་ཕོག་ནས། རྟ་སྟེང་ནས་ཁ་བུབ་ཏུ་འགྲིལ་བྱུང་བས། དེ་ནས་མཎྜལ་སྒང་གི་དམག་མི་རྣམས་ཀྱིས། ལྷ་སྲས་རྒྱལ་བུ་ཡིན་པ་ཤེས་ནས། ཀུན་གྱིས་ལྷ་སྲས་ལ་ཕྱག་མང་དུ་ཕུལ་ཏེ། ཀུན་གྱིས་ཕྱག་རྟེན་ལ་ལྕགས་མདའ་ལྕགས་གཞུ་རྣམས་ཕུལ། དེ་ནས་ལྷ་སྲས་རྒྱལ་བུས་ལྷ་རྟ་ངང་པ་འཕུར་ཤེས་ཅན་གྱི་སྟེང་ནས་ཆིབས་གཞོལ་ཏེ་བདུད་མོའི་སྙིང་ཁར་ལྕགས་གཞུ་དེ་བཙུགས་ནས། འདི་སྐད་ཅེས་གསུངས་སོ། །ཀྱེ་མ་ཉོན་དང་བདུད་མོ་ཧ་ཅང་མ། །མི་ཕོ་ང་ཡི་ང་ངོ་མ་ཤེས་སམ། །ང་ངོ་ཤེས་ན་ལྷ་སྲས་རྒྱལ་བུ་ཡིན། །ཁྱོད་ཀྱིས་ང་ངོ་མ་ཤེས་ན། །ཡུལ་པདྨ་ཅན་གྱི་རྒྱལ་པོ་ཡིན། །ཞེས་གསུངས་པས། མོས་ཁ་ནས་མཛེས་མཛེས་ལྟར་བྱས་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་ལྷ་སྲས་རྒྱལ་བུ་བདག་ལ་དགོངས། །ཁྱེད་ནི་སངས་རྒྱས་ཡིན་པ་ངས་མ་ཤེས། །ཁྱེད་ནི་སངས་རྒྱས་དངོས་གཅིག་ཡིན་འདུག་པས། །ལན་གཅིག་ཁྱེད་ཀྱིས་ཚེ་ཐར་གཏོང་བར་ཞུ། །ང་ཡིས་ཁྱེད་ཀྱི་ཨ་མའི་ཚུལ་དུ་བྱེད། །ཁྱེད་ཀྱིས་ང་ཡི་བུ་ཡི་ཚུལ་དུ་བྱེད། །འོ་ཅག་གཉིས་ཀྱིས་མ་བུའི་ཚུལ་བཟུང་ནས། །མཎྜལ་སྒང་གི་རྒྱལ་ས་བསྐྱངས་པས་ཆོག །ཨ་ཅེ་ལྷ་ཅིག་ཀུན་ཏུ་བཟང་མོ་ཡིས། །པདྨ་ཅན་གྱི་རྒྱལ་ས་བཟུང་བས་ཆོག །རྒྱལ་གཞིས་དབྱེར་མེད་བཞིན་དུ་བསྐྱངས་པས་ཆོག །བདག་ཀྱང་དེ་རིང་ཚེ་ཐར་གཏོང་རོགས་མཛོད། །ཅེས་ཞུས་པས།
ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་མ་ཉོན་དང་བདུད་མོ་ཧ་ཅང་མ། །ང་ཡི་ཡུམ་ཆེན་འགྲོ་བ་བཟང་མོ་དེ། །གློ་བུར་དགུང་སྔོན་མཐོངས་ལ་འཕུར་ནས་སོང་། །ནུ་ཞོ་འཐུང་བའི་མིང་སྲིང་གཉིས་པོ་ལུས། །ང་ཡི་ཡབ་ཆེན་ཀཱ་ལ་དབང་པོ་ལ། །ཁྱོད་ཀྱིས་སྨྱོ་ཟས་སྨྱོ་ཆུ་ཞུས་པའི་ཐོག །ཁྱོད་ཀྱིས་ཉེས་མེད་མུན་པའི་བཙོན་ལ་བཅུག །དེ་འདྲ་བསམས་ན་ཚེ་ཐར་ག་ལ་གཏོང་། །དང་པོ་མིང་སྲིང་ཤན་པའི་ལག་ཏུ་སྤྲད། །གཉིས་པ་མིང་སྲིང་ཉ་པའི་ལག་ཏུ་སྤྲད། །གསུམ་པ་མིང་སྲིང་གདོལ་པའི་ལག་ཏུ་སྤྲད། །གདོལ་པ་གཞོན་པས་ཤར་རིའི་གཡང་ལ་བསྐྱུར། །དེ་གསུམ་དྲན་པས་ཚེ་ཐར་ག་ལ་གཏོང་། །ད་ནི་དགྲ་བོ་ལག་ཏུ་ཚུད་པས་ན། །ཚེ་ཐར་གཏོང་བ་ག་ལ་སྲིད། །ཅེས་གསུངས་ནས།
དེ་ནས་བདུད་མོ་ཤི་མ་རོ་ལ་མདའ་གྲི་མདུང་གསུམ་ཕྱོགས་བཞི་ནས་ཆར་བབས་པ་བཞིན་བརྒྱབ་སྟེ་བདུད་མོ་བསད། བདུད་མོའི་ཕུང་པོ་དེ་དོང་རིམ་པ་དགུའི་འོག་ཏུ་སྦས་ཏེ། དེའི་ཁར་མཆོད་རྟེན་ནག་པོ་གཅིག་བརྒྱབ་ནས། འདི་སྐད་ཅེས་གསུངས་སོ། །སྟོན་པའི་བསྟན་པ་མ་རྫོགས་བར། །བདུད་ནག་གི་བསྟན་པ་མི་དར་བ། །བདུད་རིགས་ཐམས་ཅད་འདིར་མནན་པས། །སེམས་ཅན་ཐམས་ཅད་བདེ་ལ་འཁོད། །བྱང་ཕྱོགས་ཁ་བ་ཅན་གྱི་ཞིང་ཁམས་སུ། །ང་ནི་རྒྱལ་བའི་བྱུང་གནས་བྱེད་པའི་དུས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །ཅེས་གསུངས་ནས། ཡུལ་མཎྜལ་སྒང་གི་དམག་མི་རྣམས་ལ་དམག་སྟོན་རྒྱ་ཆེ་བར་མཛད་དོ། །དེ་ནས་པདྨ་ཅན་དུ་བདུད་མོ་བསད་པའི་གཏམ་ཐོས་པས། རྒྱལ་བློན་འབངས་འཁོར་རྣམས་ཤིན་ཏུ་མཉེས་ནས། དགའ་སྟོན་ཡང་རྒྱ་ཆེར་མཛད་དོ། །
དེ་ནས་ལྷ་སྲས་ཀྱིས་འདི་སྐད་ཅེས་གསུངས་སོ། །འདི་རུ་མི་སྡོད་མཎྜལ་སྒང་དུ་འགྲོ། །བདག་གི་ཡབ་ཆེན་ཀཱ་ལ་དབང་པོ་དེ། །ཧ་ཅང་བཙུན་མོས་མུན་པའི་བཙོན་ལ་བཅུག །དེ་འདྲ་བསམས་ནས་མཎྜལ་སྒང་དུ་འགྲོ། །ད་ལྟ་ཉིད་དུ་ཟླ་བཟང་བློན་པོ་ཁྱོད། །ལྷ་རྟ་ངང་པ་འཕུར་ཤེས་ལ་སྒ་ཆ་རྒྱོབས་ཤིག །བློན་པོ་ཟླ་བ་བཟང་པོས་གཙོ་བྱས་པའི་འཁོར་གཡོག་སྟོང་དང་ལྔ་བརྒྱ་མཎྜལ་སྒང་ལ་འགྲོ་བའི་གྲབས་གྱིས་ཤིག་གསུངས་ཏེ། ཤི་གསོས་ཀྱི་སྨན་ཁུག་གསུམ་དང་བཅས་ཁྱེར་ནས། ཡུལ་མཎྜལ་སྒང་དུ་བྱོན་ཏེ། ཕོ་བྲང་སྒོ་དྲུང་དུ་ཕེབས་པ་དང་། བྲན་གཡོག་བཟེ་མ་ར་མགོ་བཟུང་ནས། མི་མེད་གྲོང་གཅིག་ལ་བརྫངས། དེ་ནས་ཕོ་བྲང་ནང་དུ་བྱིན་ནས། གཏིང་བཙོན་སྒོ་ཕྱེ་བའི་ནང་ན། ཡབ་ཆེན་རྒྱལ་པོ་སྐུ་ལུས་རུས་པ་ཁྲོམ་མེ་མ་ཤི་ཙམ་ལ་བཞུགས་འདུག་པས། ཡབ་ཀྱི་ཞལ་རས་གཟིགས་པ་ཙམ་གྱིས། ལྷ་སྲས་དྲན་མེད་དུ་བརྒྱལ། དེ་ནས་ཐུགས་དྲན་གསོས་ཏེ། ཡབ་ཀྱི་སྐུ་ལས་ལ་བཅངས་ནས། སྨྲེ་སྔགས་འདི་ལྟར་བརྗོད་དོ། །ཡབ་ཆེན་རྒྱལ་པོ་ཁྱེད་ལ་འོ་བརྒྱལ་འདི་འདྲ་བྱུང་བ་དེ། །ངན་པ་ཧ་ཅང་བཙུན་མོས་ལན་པ་ཡིན། །འདི་འདྲའི་ཁྲིམས་གཅོད་གཏོང་བ་ཕོད་ལགས་སམ། །ཡབ་ཀྱི་ཞལ་ཡང་མ་མཇལ་ལོ་ངོ་དེ་ཙམ་སོང་། །ཡབ་ཀྱིས་བདག་ལ་གསུངས་གནང་སྩལ་དུ་གསོལ། །ཞེས་ཞུས་པས།
ཡབ་ཀྱིས་མི་ཚོར་བར་སྤྱན་གཉིས་རུས་པའི་གཏིང་ནས་ཧྲིག་ཧྲིག་གཟིགས་ཏེ། གསུང་ཡང་སྨྲ་མི་ཐུབ་པ་དང་། དེ་ནས་ལྷ་སྲས་རྒྱལ་པོས་བང་མཛོད་དུ་བྱོན་ནས། མཛོ་མོ་དཀར་མོའི་འོ་མ་བཞོས་ཏེ། དེ་ལ་ཤི་གསོས་ཀྱི་སྨན་ཐུན་གཅིག་བཏབ་ནས། ཡབ་ཀྱི་ཞལ་དུ་གསོལ། ཐུན་གཅིག་སྐུ་ལུས་ལ་བྱུགས་པས། ཡབ་ཀྱི་སྐུ་ལ་དྲོད་རྙེད་བྱུང་། ཡང་ཐུན་གཅིག་ཞལ་དུ་གསོལ། ཐུན་གཅིག་སྐུ་ལུས་ལ་བྱུག་པས། ཡབ་ཀྱང་གསུང་སྨྲ་ཐུབ་པ་ཙམ་བྱུང་ནས། ཡབ་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་རིང་ང་ཡི་རྩ་ན་ཡོད་པའི་མི་ཕོ་དེ། །སྙིང་དང་འདྲ་བའི་ཀུན་ཏུ་ལེགས་པ་མ་ཡིན་ནམ། །འོ་ཅག་ཕ་བུ་གསུམ་གྱི་འོ་བརྒྱལ་ལ། །ངན་པ་བདུད་མོ་མོ་ཡིས་ལན་པ་ཡིན། །ཁ་སང་ཁ་ཡི་ཉི་མོ་ལ། །བདུད་མོ་བློན་འབངས་ཐམས་ཅད་དམག་ལ་སོང་། །ད་ནི་བདུད་མོ་སླེབས་ལ་ཁད་ཙམ་ཡོད། །འདི་རུ་མ་སྡོད་པདྨ་ཅན་ལ་ཕྲོས། །འདི་རུ་བསྡད་ན་བདུད་མོས་ཟ་ཉེན་ཡོད། །ཅེས་གསུངས་པས། ཡང་ལྷ་སྲས་ཀྱིས་ཞུས་པ། ཡབ་ཆེན་རྒྱལ་པོ་བདག་ལ་ཚུར་གསོན་དང་། །བདུད་མོའི་དམག་དེ་པདྨ་ཅན་དུ་བྱུང་། །པདྨ་ཅན་གྱི་རྒྱལ་པོའི་དམག་དཔུང་གིས། །བདུད་མོའི་དགྲ་སྲོག་དགྲ་སྙིང་བཅད་ནས་ཚར། །དེས་ན་བདག་ཀྱང་འདི་རུ་ཡོང་བ་ཡིན། །ཡབ་ཆེན་རྒྱལ་པོ་གཟིམས་ཆུང་ནང་དུ་ཕེབས། །ཞེས་གསུངས་ནས་ཡབ་སྲས་གཉིས་གསེར་ཁྲི་ལ་འཁོད་ནས་ཟླ་བ་གསུམ་ཙམ་བཞུགས་སོ། །
དེ་ནས་བློན་པོ་མཛེས་ལྡན་དང་བློན་པོ་ཏྲི་ན་འཛིན་དང་། བློན་པོའི་ཚོགས་རྣམས་ཀུན་འདུས་ཏེ། ལྷ་སྲས་ལ་ཕྱག་ཕུལ་ནས། འདི་སྐད་ཅེས་ཞུས་སོ། །ཀྱེ་མ་ཡབ་སྲས་གསུམ་པོ་ཐུགས་ཀྱིས་དགོངས། །བདག་ཅག་བློན་འབངས་བདུད་མོའི་དབང་དུ་ཤོར། །ཡབ་སྲས་གསུམ་ལ་སྐུ་ངལ་དེ་ཙམ་བཟོས། །ཡབ་ཆེན་རྒྱལ་པོ་དབང་མེད་བཙོན་དུ་བཅུག །ལྕམ་སྲིང་གཉིས་པོ་གསོད་ལུགས་མང་བྱས་ཀྱང་། །ད་ནི་མ་ཉེས་ནམ་དེ་མཐའ་ནས་ལངས། །དང་པོ་ལྕམ་སྲིང་ནགས་ཁྲོད་ཡོད་པའི་དུས། །བདག་ཅག་བློན་པོ་རྣམས་ཀྱིས་བསླུས་ནས་བཟུང་། །ད་ནི་རྒྱལ་པོ་གཏེར་ནས་སྐྱེས་བྱུང་བས། །ནོར་དང་ལོངས་སྤྱོད་གང་ཡོད་ཁྱེད་ལ་འབུལ། །ཞེས་ཞུས་ནས། བློན་པོ་རྣམས་ཀྱིས་གསེར་གྱི་དོང་ཙེ་དང་། ལ་ལས་དངུལ་གྱི་དོང་ཙེ་དང་གླང་པོ་ཆེ་དང་། རྟ་དང་མ་ཧེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཕུལ། དེ་ནས་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཀྭ་ཡེ་བློན་པོའི་ཚོགས་རྣམས་ཚུར་ཉོན་དང་། །སྔོན་ནས་དེ་འདྲ་བྱེད་བསམ་མེད་ན་ཡང་། །སྡིག་ཅན་བདུད་མོའི་གྲོས་དབང་ཤོར་བའི་ལན། །དེ་རྣམས་ད་ནས་སེམས་ལ་ལྷད་མི་བྱེད། །ཁྱེད་རྣམས་ད་ནི་སྡིག་པའི་ལས་མི་བྱ། །མི་དགེ་བཅུ་སྤོངས་དགེ་བཅུ་དང་དུ་ལོངས། །སྤྱི་བོར་ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །ཆོས་ཀྱི་སྙིང་པོ་ཡི་གེ་དྲུག་མ་དྲོངས། །ཞེས་གསུངས་པ་དང་། ཡང་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ང་ཡི་དྲིན་ཆེན་ཤན་པ་རྒན་གཞོན་དང་། །ཉ་པ་རྒན་བཞོན་གཉིས་དང་བཅས་པ་རྣམས། །ད་ལྟ་ཉིད་དུ་འདི་རུ་ཁྲིད་ནས་ཤོག །ཅེས་གསུངས་པས། བློན་པོ་གཅིག་གིས་མྱུར་དུ་ཕྱིན་ནས། ཁོང་ཐམས་ཅད་དེ་མ་ཐག་ཏུ་བོས་ཏེ་རྒྱལ་པོའི་མདུན་དུ་འཁོད་པ་དང་།
བློན་པོ་རྣམས་ཀྱིས་ཕུལ་བའི་གསེར་དངུལ་སོགས་དང་། གཞན་ཡང་འབུལ་བ་བྱུང་བ་རྣམས་དང་། རྒྱལ་པོའི་བང་མཛོད་ནས་ཀྱང་གསེར་དངུལ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་དང་འབྲུ་མཛོད་ནས་འབྲུ་སྣ་བསམ་གྱིས་མི་ཁྱབ་པ་གནང་ནས། འདི་སྐད་ཅེས་གསུངས་སོ། །ང་ཡི་དྲིན་ཆེན་ཤན་པ་རྒན་བཞོན་དང་། །ཉ་པ་རྒན་གཞོན་གཉིས་པོ་ཚུར་ཉོན་དང་། །ཁྱེད་ཅག་ཤན་པ་རྒན་གཞོན་གཉིས་པོ་ཡིས། །མཎྜལ་སྒང་གི་བློན་པོ་ནང་བློན་གྱིས། །ཁྱེད་ཅག་ཉ་པ་རྒན་གཞོན་གཉིས་པོ་ཡིས། །པདྨ་ཅན་གྱི་བློན་པོ་ནང་བློན་གྱིས། །ཞེས་གསུངས་ནས་བཀའ་བཀོད་གནང་།
དེ་ནས་ལྷ་སྲས་ཀྱིས་པདྨ་ཅན་ལ་འགྲོ་གསུངས་ཏེ། ཡབ་སྲས་གཉིས་དང་འཁོར་འབངས་ལྔ་བརྒྱ་དང་བཅས་བྱོན་ཏེ། ཡུལ་པདྨ་ཅན་དུ་ཕེབས་ནས། ཟླ་བ་གསུམ་གྱི་བར་དགའ་སྟོན་རྒྱས་པར་མཛད། དེ་ནས་རྒྱལ་བློན་འཁོར་འབངས་ཐམས་ཅད་བདེ་ཞིང་དགའ་སྤྲོའི་དཔལ་ལ་འདོད་དགུའི་ལོངས་སྤྱོད་དུ་བཞུགས་སོ། །བཀྲ་ཤིས།
མ་ཅིག་གི་རྣམ་ཐར་མཛད་པ་བཅོ་ལྔ་མ། བསྟན་པའི་རྒྱལ་མཚན།
༄༅། །མ་ཅིག་གི་རྣམ་ཐར་མཛད་པ་བཅོ་ལྔ་མ་བཞུགས་སོ། །
ཌཱ་ཀི་མནྟྲིཿ ཡུམ་ཆེན་ཤེར་ཕྱིན་ཐུགས་མཚོ་ལས། །ཉེར་བསྐྲུན་མ་ཅིག་པཥྤ་ཀ །མཚན་དཔེའི་ཟེའུ་འབྲུ་རབ་རྒྱས་པ། །བྱིན་རླབས་སྦྲང་རྩི་སྩོལ་དེར་བསྟོད། །ཁྱོད་སྔོན་དགའ་ལྡན་ལྷ་ཡི་ཡུལ། །ནོར་བུ་ཕུན་ཚོགས་ཞེས་བྱའི་གྲོང་། །རང་བྱུང་ཤེལ་གྱི་མཆོད་རྟེན་དྲུང་། །ཌཱ་ཀིའི་གཙོ་མོ་གསེར་མདོག་མ། །མཁའ་ལ་སྤྱོད་པའི་རྫུ་འཕྲུལ་གྱིས། །ཨོ་རྒྱན་གནས་ཉུལ་ཡུལ་ཆེན་གྱི། །མཁའ་འགྲོ་ཡོངས་ཀྱི་ཚོགས་དཔོན་མཛད། །སྤྲུལ་པའི་མཛད་པ་དངོས་པོར་བསྟོད། །འཕགས་ཡུལ་སེར་སྐྱའི་གྲོང་ཁྱེར་དུ། །གནས་ལྔ་རིག་པའི་པཎྜི་ཏ། །སྨན་མོ་གྲུབ་ཏུ་མཚན་གྲགས་པ། །མུ་སྟེགས་རྒོལ་བ་འབུམ་སྡེའི་ཚོགས། །ཚར་བཅད་སངས་རྒྱས་བསྟན་པ་སྤེལ། །དེ་ནས་པོ་ཏ་ལ་རུ་གཤེགས། །གཟུགས་སྐུའི་བསྡུ་བ་མཛད་ནས་ནི། །ངོ་མཚར་རྟེན་བཞག་གང་དེར་བསྟོད། །གང་དེའི་རྣམ་པར་སྤྲུལ་བ་ནི། །བོད་ཡུལ་གངས་རིའི་ཡུལ་ལྗོངས་འདིར། །བསམ་བཞིན་སྐྱེ་བ་ཡོངས་བཟུང་བ། །མཁར་ཆེན་བཟའ་ཡི་མཚོ་རྒྱལ་ཞེས། །ཨོ་རྒྱན་ཐུགས་སུ་བྱོན་པའི་ཡུམ། །གངས་ཆེན་ཆོས་ཀྱི་སྒོ་འབྱེད་མ། །འགྲོ་བ་ཡོངས་ཀྱི་དོན་མཛད་པའི། །མཁའ་འགྲོའི་དབང་མོ་དེ་ལ་བསྟོད། །སྙིགས་མ་རྩོད་པ་རྒྱས་པའི་དུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །ཤེས་རབ་ཕ་རོལ་ཕྱིན་མ་ཡི། །སྤྲུལ་པ་ལབས་སྒྲོན་ཞེས་བྱ་འབྱུང་། །ཞེས་གསུངས་ཡུལ་མིང་ལབས་ཞེས་པར། །ཁྱེད་ཅེས་གྲགས་པའི་གདུང་རིགས་སུ། །སྐུ་བལྟམས་མཚན་ནི་སྒྲོན་མེར་གྲགས། །མ་ཅིག་ཡེ་ཤེས་མཁའ་འགྲོ་བསྟོད། །ཡབ་ཡུམ་བཀའ་ཡིས་དབང་མེད་དུ། །འཇིག་རྟེན་ཁྱིམ་སོར་བཏང་བའི་ཚེ། །མཛེས་སྐུའི་ཁྲོམ་ཐོག་གཅོད་པའི་དུས། །རྒྱན་གོས་དང་བཅས་ཆུ་བོ་བརྒལ། །སྨྱོ་རྫུ་བཏབ་ཅིང་དབྱེ་མང་གིས། །ལུས་བྱུག་མཛེ་མོའི་ལུས་ཚུགས་བཟུང་། །མཐེ་བོང་བཅད་སོགས་ཞེ་བཅད་མཛད། །འཇིག་རྟེན་འཆིང་བ་སྤང་དེར་བསྟོད། །གྲྭ་པ་མངོན་ཤེས་ཅན་གྱི་དྲུང་། །བསྟོད་པ་མཛད་ནས་ཕར་ཕྱིན་བསླབ། །ཡུམ་དོན་མ་ལུས་ཐུགས་སུ་ཆུད། །བླ་མ་སྐྱོ་ལ་དབང་བཞི་ཞུས། །ཡེ་ཤེས་ཕབ་ཏུ་མཁའ་ལ་གཤེགས། །སྐུ་ཡི་གར་ནི་ཉེར་ལྔ་མཛད། །གསུང་ནི་སཾ་སྐྲྀ་ཏའི་སྐད་དུ་བསྒྱུར། །ཐུགས་ནི་ཤེས་བྱ་ཐམས་ཅད་མཁྱེན། །ངོ་མཚར་མཛད་པ་བསྟན་དེར་བསྟོད། །སྡོང་པོ་གསེར་ལག་ཅན་གྱི་དྲུང་། །རྗེ་བཙུན་སྒྲོལ་མས་རྗེས་བཟུང་སྟེ། །ཆུ་མིག་བརྒྱ་རྩར་སྒྲུབ་པ་གྱིས། །ཕྱི་རབས་རྗེས་འཇུག་ལམ་འདི་ལ། །བརྟེན་ནས་ཕྱིར་མི་ལྡོག་པའི་ས། །ངེས་པར་ཐོབ་ཅེས་ལུང་བསྟན་མཛད། །བདུད་གཅོད་ཟབ་མོའི་མན་ངག་གནང་། །རྩོད་བྲལ་ཀུན་གྱིས་མཆོད་ལ་བསྟོད། །ལ་སྟོད་དིང་རིར་བྱོན་པའི་མོད། །རྗེ་བཙུན་དམ་པ་སངས་རྒྱས་ལ། །ཏང་བུ་ལྔ་པའི་རྐས་ཕུལ་ཏེ། །ཕྱག་འཚལ་མཛད་དེ་དམ་པས་ཀྱང་། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྣམ་ཐར་གསུམ་གྱི་སྒོ་འབྱེད་མ། །བདུད་ཀྱི་དཔུང་རྣམས་འཇོམས་མཛད་མ། །ལབས་སྒྲོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་གུས་པས་ཕྱག་ལན་མཛད། །ཐུབ་དབང་ནས་བརྒྱུད་མདོ་སྤྱོད་དང་། །འཇམ་དཔལ་ནས་བརྒྱུད་ཕ་རྒྱུད་དང་། །ཕག་མོ་ནས་བརྒྱུད་མ་རྒྱུད་དང་། །སྒྲོལ་མ་ནས་བརྒྱུད་གཉིས་མེད་རྒྱུད། །གཅོད་སྐོར་དབང་ཁྲིད་རྫོགས་པར་གནང་། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི། །མན་ངག་ཐུགས་བཅུད་གང་དེར་བསྟོད། །གྲུ་ཆར་གྱིས་དབེན་རིའི་ལོངས་སྤྱོད། །བྲལ་ནས་ཕྱུག་ལས་བཅུད་བབས་རྒྱུན། །ཆད་པས་ཡིད་ལ་ཕྱུག་བསྲུང་གིས། །བས་མཐའ་ཉུལ་ཚེ་བྲག་ཕུག་ན། །སྐུ་ལུས་གཅེར་བུ་རུས་རྒྱན་ཅན། །ཅང་ཏེའུ་འཁྲོལ་ཞིང་རྐང་གླིང་འབུད། །ཁ་ཊྭཱཾ་འཆང་བའི་མཁའ་འགྲོ་གཅིག །མཚན་ཉིད་ལྡན་པའི་ཀ་པཱ་ལར། །རང་བྱུང་བདུད་རྩི་རོལ་བཞིན་དུ། །ཉམས་དབྱངས་འཐེན་པའི་དཔལ་ཡོན་མཐོང་། །རང་འདོད་དངོས་གྲུབ་ཞུས་པའི་མོད། །མཁའ་ལས་ཆར་བབས་རྩི་ཐོག་རྒྱས། །དཀར་བཞོན་འཛད་མེད་དངོས་གྲུབ་ཐོབ། །དེ་ལ་གནས་གཞིའི་མཁན་སློབ་ཚོགས། །མ་རུང་རྒོལ་བར་བརྩམ་པ་ན། །མ་ཅིག་སྐུ་གསུང་ཏིང་འཛིན་གྱིས། །ཟིལ་འོག་མནན་པས་མཁན་པོས་བཏུད། །ངེས་དོན་ལྟ་སྒོམ་སྤྱོད་འབྲས་ཀྱི། །ཆོས་འཁོར་དང་པོ་བསྐོར་ཏེ་བསྟོད། །ཟངས་རི་ཁང་དམར་དགོན་པ་རུ། །རིགས་བཞིའི་མཁའ་འགྲོ་བདུད་གཅོད་ཀྱི། །རྒྱུད་ཆུང་སྙན་བརྒྱུད་ཟབ་མོ་བསྟན། །གཉན་ཁྲོད་བརྒྱ་རྩ་འགྲིམས་བཞིན་སྤྱད། །གཟུགས་ཅན་མིའི་འགྲོ་དོན་ལས། །གཟུགས་མེད་ལྷ་འདྲེའི་འགྲོ་དོན་ཆེ། །མན་ངག་གཞན་རྣམས་ཕྱི་དུས་འདེབས། །འདི་ནི་རྐྱེན་དང་བསྲེ་བའི་ཆོས། །དེ་ཕྱིར་ཆོས་འདི་སྤྱོད་པ་རྣམས། །བདུད་ཀྱི་དབང་དུ་མི་འགྲོ་ཞིང་། །འགལ་རྐྱེན་ལམ་དུ་ལོངས་པ་ཡིན། །ཞེས་གསུངས་ལུང་བསྟན་ཐོབ་དེར་བསྟོད། །དེ་ནས་གཉན་ཁྲོད་འགྲིམས་པའི་ཚེ། །མཛེ་ནད་སྨྱོ་འབོད་འགོས་ནད་སོགས། །སྨན་པས་བོར་ཏེ་བྱར་མ་བཏུབ། །ཀུན་ཀྱང་དམིགས་པས་གྲོལ་བར་མཛད། །ཨ་མའི་བདུད་གཅོད་ཟབ་མོའི་གཏམ། །འཕགས་པའི་ཡུལ་དུ་གྲགས་པའི་ཚེ། །རྒྱ་གར་པཎ་གྲུབ་བཀའ་བགྲོས་ཏེ། །བོད་ན་དར་བའི་མཁའ་འགྲོའི་ཆོས། །བདུད་གཅོད་ཟབ་ཚུལ་གྲགས་པའི་ཕྱིར། །མཁས་པ་རྐང་མགྱོགས་གྲུབ་པ་འགའ། །ཕོ་ཉར་བཏང་བ་ཉིན་གཅིག་གི།རྐང་འགྲོས་བསྐྱོད་པས་བོད་དུ་སླེབས། །ཟངས་རིར་མ་ཅིག་དང་མཇལ་ཚེ། །ལེགས་སྦྱར་སྐད་ཀྱིས་བགྲོ་གླེང་མཛད། །འདི་ལྟར་སྤོབས་པ་ཐོགས་མེད་དུ། །འབྱུང་བའི་རྒྱུ་མཚན་དྲིས་པའི་ལན། །ང་སྔོན་རྒྱ་གར་པཎ་ཆེན་དུ། །སྐྱེ་བ་བླངས་པའི་བག་ཆགས་ཡིན། །ཞེས་གསུངས་དེ་ལ་རྐང་མགྱོགས་པས། །ཡིད་ཆེས་གཏན་ཚིགས་ཅི་ཞེས་དྲིས། །དེ་ཡི་ལན་དུ་འདི་སྐད་གསུངས། །པོ་ཏ་ལ་ཡི་བྲག་ཕུག་ན། །སྨོན་ལམ་གྲུབ་ཀྱི་སྐུ་གདུང་ལས། །འཁྲུངས་པའི་རིང་བསྲེལ་ཕུང་པོ་དང་། །དབུ་ལ་རྒྱལ་བ་རིགས་ལྔའི་སྐུ། །ཐུགས་ལ་ཐུབ་དབང་རང་བྱོན་ཡོད། །རྒྱུ་མཚན་རྗེས་སུ་བལྟས་པས་ཤེས། །ཞེས་གསུངས་རྐང་མགྱོགས་གྲུབ་དེ་དག །དད་པས་སྤུ་ཟིང་བྱས་ནས་ནི། །གདུང་བའི་དབྱངས་ཀྱིས་འདི་སྐད་གསོལ། །མ་སྐུ་ལུས་ཆུང་ལ་གཟི་མདངས་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འཕྲོ། །འོད་ཟེར་གྱིས་མ་རིག་མུན་པ་སེལ། །མ་ཅིག་ལབ་སྒྲོན་ལ་གསོལ་བ་འདེབས། །ཞེས་བརྗོད་རྐྱང་ཕྱག་དགུ་ཕྲུག་བཙལ། །དེ་ནས་དབུས་གཙང་ཁམས་གསུམ་ན། །སྐད་གཉིས་སྨྲ་བ་ཅི་ཡོད་དང་། །དོན་རྟོགས་རྣལ་འབྱོར་པ་ལ་སོགས། །དྲང་དོན་དང་ནི་ངེས་དོན་ལ། །སྤྱང་པོ་ཚད་ཐུབ་སྤྱན་དྲངས་ཏེ། །ཚོགས་པ་ལྔ་སྟོང་ཁྲི་གཉིས་ཀྱི། །ལྷག་པའི་འབུམ་སྡེ་བཞི་ཡི་དབུས། །བོད་ཡུལ་སྟོན་མ་ལབ་སྒྲོན་དང་། །རྒྱ་གར་སྟོན་པ་མཁས་པ་ཟུང་། །ཕན་ཚུན་ཆོས་ཀྱི་བགྲོ་བ་མཛད། །མ་ཡི་གསུང་ཀུན་དཔྱད་གསུམ་གྱིས། །དག་པའི་ལུང་དུ་ངེས་རྙེད་ནས། །ཆོས་འཁོར་བསྐོར་བར་གསོལ་བ་བཏབ། །བྱིན་རླབས་ནམ་མཁའ་སྒོ་འབྱེད་ཀྱི། །ཆོས་སྒོ་དབྱེ་ཚེ་ལས་ཅན་འགའ། །དེ་ཡི་མོད་ལ་བདེན་པ་མཐོང་། །བཀའ་ཚོམས་ཡང་ཚོམས་ཞུས་ལན་དང་། །བརྡ་ཆོས་ལ་ཟླའི་སྐོར་ལ་སོགས། །ཚེ་གཅིག་སངས་རྒྱས་སྟེར་བའི་ཆོས། །ཁྲིགས་ཆགས་ཁྲིགས་མེད་ཟབ་རྒྱས་ཀྱི། །ཆོས་འཁོར་བར་པ་བསྐོར་དེར་བསྟོད། །རྐང་མགྱོགས་དངོས་གྲུབ་བརྙེས་དེ་དག །དགའ་ཞིང་མགུ་སྟེ་ཡི་རང་གི །ཤིས་བརྗོད་རང་གནས་ཡུད་ཀྱིས་སོང་། །འཕགས་ཡུལ་པཎ་གྲུབ་ཚོགས་རྣམས་ལ། །མ་ཅིག་རྟོགས་བརྗོད་ལེགས་པར་བསྙད། །དེར་འཚོགས་གུས་པས་བྱང་ཕྱོགས་སུ། །ཐལ་སྦྱར་འདུད་ཅིང་མ་ཧཱ་ཌཱ་ཀི །ཕ་ལ་ཕ་ལ་སྭ་སྟི་ཞེས། །ཤིས་བརྗོད་དེ་ཚེ་ས་གཡོས་ཤིང་། །མཁའ་ལ་མེ་ཏོག་ཆར་ཡང་བབས། །པོ་ཏ་ལ་ཡི་རྟེན་གསུམ་ཡང་། །ཀུན་གྱིས་མངོན་གསལ་མཐོང་བ་ཡིས། །ཡིད་ཆེས་ཡུམ་ལས་ཤེར་ཕྱིན་ཆོས། །བྱང་ཕྱོགས་ནས་ནི་བྱང་ཕྱོགས་སུ། །རྒྱས་འགྱུར་ཞེས་ནི་ལུང་བསྟན་དོན། །གཏན་ལ་ཕབ་དེར་གུས་པས་བསྟོད། །ཁྱོད་ཀྱི་མཛད་པ་བསམ་མི་ཁྱབ། །སྤྲུལ་གཞི་སྐུ་ནི་གཅིག་ཉིད་ལ། །དུས་གསུམ་སྤྲུལ་པའི་སྐུ་ཇི་སྙེད། །པུ་ལི་ར་མ་ལ་ཡ་དང་། །ཛ་ལནྡྷ་ར་ཨོ་ཌྱི། །ར་མི་ཤོ་ར་ལ་སོགས་པའི། །ཡུལ་ཆེན་རྣམས་སུ་རིག་འཛིན་གྱི། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ། །ཟབ་ལས་ཆེས་ཟབ་ཡང་ཟབ་མཆོག །སྙན་བརྒྱུད་བརྡ་བཞིའི་བརྒྱུད་པ་ཡི། །ཆོས་འཁོར་གསུམ་པ་བསྐོར་བྱས་ཏེ། །སྐལ་ལྡན་སྨིན་གྲོལ་མཛད་དེར་བསྟོད། །ཡུམ་ཆེན་དེ་སྲས་ཕོ་བཞི་དང་། །མོ་བཞི་རང་མཉམ་སྲས་བརྒྱད་དེ། །ཡབ་ཡུམ་བཅུ་བདུན་ལས་བརྒྱུད་པའི། །གཅོད་ཀྱི་ཆོས་སྐོར་ཇི་སྙེད་པ། །རིག་པའི་སྒོ་ནས་དབྱེ་བ་ལ། །བཀའ་བརྒྱུད་དང་ནི་ཉམས་བརྒྱུད་གཉིས། །གནས་ཀྱི་སྒོ་ནས་དབྱེ་བ་ལ། །བཀའ་མ་དང་ནི་གཏེར་མ་གཉིས། །གཞུང་གི་སྒོ་ནས་དབྱེ་བ་ལ། །ཁྲིགས་ཆགས་དང་ནི་ཁྲིགས་མེད་གཉིས། །སྟོན་ཚུལ་སྒོ་ནས་དབྱེ་བ་ལ། །ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད། །སྤྱོད་ཚུལ་སྒོ་ནས་དབྱེ་བ་ལ། །ཕྱི་གཅོད་ཞི་བའི་སྤྱོད་ཚུལ་དང་། །ནང་གཅོད་ཞི་དྲག་ཕྱེད་མའི་སྤྱོད། །གསང་སྤྱོད་དྲག་པོའི་གཅོད་ཚུལ་གསུམ། །གཅོད་རིམ་སྒོ་ནས་དབྱེ་བ་ལ། །ཀུན་འདར་གསང་སྟེ་སྤྱོད་པ་དང་། །ཀུན་འདར་དངོས་སུ་སྤྱོད་པ་དང་། །རྒྱལ་བུ་གཞོན་ནུའི་སྤྱོད་པ་དང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་བཞི། །ལམ་ཁྱེར་སྒོ་ནས་དབྱེ་བ་ལ། །སྤྲོས་བཅས་དང་ནི་སྤྲོས་མེད་དང་། །ཤིན་ཏུ་སྤྲོས་མེད་སྤྱོད་ཚུལ་གསུམ། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བའི་ལམ་འདྲེན་མཛད་དེར་བསྟོད། །དགུང་ལོ་བརྒྱད་ཅུ་བཞེས་པའི་ཚེ། །ཟངས་རི་ཁང་དམར་དགོན་པ་རུ། །ལས་ཅན་དག་པའི་སློབ་འཁོར་ལ། །སྐྱེ་ཤི་སྒྱུ་མར་ངོ་སྤྲད་ཕྱིར། །མ་ཅིག་སྐུ་ནི་གཟི་མདངས་ལྡན། །ཕྱག་གཡས་ཅང་ཏེའུ་གཡོན་དྲིལ་བུ། །མཁའ་ལ་སྐྱོད་པའི་ཚུལ་དུ་འཁྲོལ། །ཞབས་གཉིས་གར་སྟབས་མཛད་དེ་བཞུགས། །མ་ཅིག་སྐུ་ཡི་ཤར་ཕྱོགས་ནས། །མཁའ་འགྲོ་དཀར་མོ་འབུམ་སྡེ་ཡིས། །དར་ལམ་འཇའ་དཀར་ཚུལ་དུ་བརྐྱངས། །མངོན་དགའི་ཞིང་དུ་སྤྱན་འདྲེན་ཟེར། །མ་ཅིག་སྐུ་ཡི་ལྷོ་ཕྱོགས་ནས། །མཁའ་འགྲོ་སེར་མོ་འབུམ་སྡེ་ཡིས། །དར་ལམ་འཇའ་སེར་ཚུལ་དུ་བརྐྱངས། །རིན་ཆེན་གདལ་བར་སྤྱན་འདྲེན་ཟེར། །མ་ཅིག་སྐུ་ཡི་ནུབ་ཕྱོགས་ནས། །མཁའ་འགྲོ་དམར་མོ་འབུམ་སྡེ་ཡིས། །དར་ལམ་འཇའ་དམར་ཚུལ་དུ་བརྐྱངས། །བདེ་བ་ཅན་དུ་སྤྱན་འདྲེན་ཟེར། །མ་ཅིག་སྐུ་ཡི་བྱང་ཕྱོགས་ནས། །མཁའ་འགྲོ་ལྗང་གུ་འབུམ་སྡེ་ཡིས། །དར་ལམ་ལྗང་གུའི་ཚུལ་དུ་བརྐྱངས། །ལས་རབ་རྫོགས་པར་སྤྱན་འདྲེན་ཟེར། །མ་ཅིག་སྐུ་ཡི་དབུས་སྟེང་ནས། །མཁའ་འགྲོ་སྨུག་མོ་འབུམ་སྡེ་ཡིས། །དར་ལམ་འཇའ་སྔོན་ཚུལ་དུ་བརྐྱངས། །མཁའ་སྤྱོད་ཞིང་དུ་སྤྱན་འདྲེན་ཟེར། །མ་ཤར་དུ་དགོངས་པ་བསྐྱོད་ཙམ་ན། །རྡོ་རྗེའི་མཁའ་འགྲོའི་ལྷ་ཚོགས་རྣམས། །དགའ་བའི་གླུ་ལེན་ཀྱུ་རུ་རུ། །ཕྱག་རྒྱ་གར་བྱེད་ཁྱུགས་སེ་ཁྱུག །ཞབས་གཉིས་བྲོ་བརྡུང་ཆེམས་སེ་ཆེམ། །མ་ལྷོ་རུ་དགོངས་པ་བསྐྱོད་ཙམ་ན། །རིན་ཆེན་མཁའ་འགྲོ་ལྷ་ཚོགས་རྣམས། །དགའ་བའི་གླུ་ལེན་ཀྱུ་རུ་རུ། །ཕྱག་རྒྱ་གར་བྱེད་ཁྱུགས་སེ་ཁྲུག །ཞབས་གཉིས་བྲོ་བརྡུང་ཆེམས་སེ་ཆེམ། །མ་ནུབ་ཏུ་དགོངས་པ་བསྐྱོད་ཙམ་ན། །པདྨ་མཁའ་འགྲོའི་ལྷ་ཚོགས་རྣམས། །དགའ་བའི་གླུ་ལེན་ཀྱུ་རུ་རུ། །ཕྱག་རྒྱ་གར་བྱེད་ཁྱུགས་སེ་ཁྱུག །ཞབས་གཉིས་བྲོ་བརྡུང་ཆེམས་སེ་ཆེམ། །མ་བྱང་དུ་དགོངས་པ་བསྐྱོད་ཙམ་ན། །ལས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས། །དགའ་བའི་གླུ་ལེན་ཀྱུ་རུ་རུ། །ཕྱག་རྒྱ་གར་བྱེད་ཁྱུགས་སེ་ཁྱུག །ཞབས་གཉིས་བྲོ་བརྡུང་ཆེམས་སེ་ཆེམ། །མ་དབུས་སུ་དགོངས་པ་བསྐྱོད་ཙམ་ན། །སངས་རྒྱས་རིགས་ཀྱི་མཁའ་འགྲོ་རྣམས། །དགའ་བའི་གླུ་ལེན་ཀྱུ་རུ་རུ། །ཕྱག་རྒྱ་གར་བྱེད་ཁྱུགས་སེ་ཁྱུག །ཞབས་གཉིས་བྲོ་བརྡུང་ཆེམས་སེ་ཆེམ། །དེ་ཚེ་སྲས་ཀྱི་མཐུ་བོ་ནི། །དཔའ་བོ་རྒྱལ་བ་དོན་གྲུབ་དང་། །གླང་ཅན་དུང་ཅན་པདྨ་ཅན། །རི་དྭགས་ཅན་དང་རི་མོ་ཅན། །མཚན་ལྡན་བུ་མོ་གཞོན་ནུ་ལྔས། །མཁའ་འགྲོ་མཉེས་པའི་དམ་རྫས་བཤམས། །ཡུམ་ཆེན་ཞིང་འདིར་གདན་བཞུགས་ཀྱི། །གསོལ་བ་བཏབ་ཅིང་དར་ལམ་བཅད། །སྐུ་ཚེ་རྒྱལ་མཚན་བརྟན་པ་དང་། །གསུང་གིས་འགྲོ་ལ་ཆོས་སྟོན་དང་། །ཐུགས་རྗེ་ཆེན་པོས་བྱིན་རློབས་པའི། །ཞལ་བཞེས་བཟང་པོ་ལན་གསུམ་མཛད། །དེ་ཚེ་མཁའ་འགྲོ་སྡེ་ལྔ་ཡིས། །འཆི་མེད་ཚེ་ཡི་དབང་བསྐུར་མཛད། །དེར་འདུས་སྐལ་བཟང་སློབ་ཚོགས་ལ། །ཚེ་ཡི་དངོས་གྲུབ་སྦྱིན་དེར་བསྟོད། །དགུང་ལོ་གོ་བརྒྱད་བཞེས་པའི་ཚེ། །གདུལ་བྱ་རབ་ཀྱི་སྣང་ངོ་རུ། །མ་ཅིག་སྐུ་ལུས་མ་སྤངས་པར། །འཇའ་ཚོན་སྣ་ལྔའི་འོད་ལམ་ནས། །དཔའ་བོ་མཁའ་འགྲོས་མདུན་བསུས་ཏེ། །ཨོ་རྒྱན་མཁའ་འགྲོའི་གླིང་དུ་གཤེགས། །ད་ལྟའི་དུས་ཀྱང་ལས་ཅན་ལ། །དངོས་སུ་ཞལ་སྟོན་ཆོས་ཀྱང་སྟོན། །གདུལ་བྱ་འབྲིང་གི་སྣང་ངོ་རུ། །སྐུ་ནི་འོད་ཀྱི་གོང་བུར་གྱུར། །དེ་ཡང་ཇེ་ཕྲ་ཇེ་ཕྲར་སོང་། །མཐར་ནི་ཟངས་རིའི་སྒྲུབ་ཁང་གི །གྱང་ལྡེམ་ངོས་ལ་ཡལ་བར་མཐོང་། །གདུལ་བྱ་དམན་པའི་སྣང་བ་ལ། །དུས་མཐའི་མཛད་པ་སྟོན་པའི་ཚེ། །མ་ཡི་གསུང་གི་ཐ་མ་ལ། །མ་རྒན་ང་ཡི་ཆོས་འདི་ལ། །སྙེམས་མེད་ཉལ་བའི་ཆོག་ལགས་ཏེ། །ཐག་ཆོད་མེད་པའི་ཆོས་པ་ཚོ། །བཀའ་ལ་དོན་ཆུང་བྱ་བས་བྲེལ། །ཆོས་ཅན་སྤངས་པའི་ཕ་རོལ་ན། །ཆོས་ཉིད་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མ་རྙེད་ཉོན་རེ་མོངས། །རང་ངོ་ཤེས་པ་ཆོས་ཀྱི་སྐུ། །མ་ངའི་རྗེས་འཇུག་ཇི་སྙེད་པོ། །བདུད་ཀུན་དབྱིངས་སུ་སྤྱད་པའི་ཕྱིར། །ལོག་པའི་ལམ་དུ་མི་འགྲོ་ཞིང་། །འཕོ་བས་མཁའ་སྤྱོད་འགྲུབ་པར་འགྱུར། །ཆོས་ལུགས་འདི་ལ་སྤྱོད་པ་རྣམས། །བསགས་པ་རབ་ཏུ་འགྱུར་བ་ཡིན། །འཕོ་བ་ནམ་མཁའ་སྒོ་འབྱེད་ཉིད། །ཟབ་པའི་རྟགས་ཤིག་སྟོན་ནོ་གསུངས། །ཞལ་རས་འཛུམ་མདངས་ཡལ་ལེ་བའི། །ངང་ནས་ཕཊ་གཅིག་གསུངས་པའི་མོད། །དབུ་ཡི་གཙུག་ནས་ཐོད་པ་ནི། །འཕང་ལོ་ཙམ་ཞིག་སྒོར་རེ་འཕགས། །ཇ་ཁོག་ཁོལ་མའི་ཁ་གཅོད་ཉིད། །བསམ་པ་ཙམ་གྱིས་བརླངས་པ་ནི། །ཁ་དོག་ལྔ་ལྡན་བུན་གྱིས་བྱུང་། །ནམ་མཁའ་འཇའ་དང་འོད་ཀྱིས་གང་། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །ལྷ་ཡི་མེ་ཏོག་ཆར་དུ་བབ། །སྐུ་གདུང་ཞུགས་ལ་ཕུལ་བའི་ཚེ། །གདུང་དང་རིང་བསྲེལ་མང་དུ་བྱོན། །དེ་ཀུན་ཟངས་ཀྱི་གའུར་བཅུག །ནང་རྟེན་ཐུགས་ཀར་བཞུགས་གསོལ་ཏེ། །ཟངས་རི་ཁང་དམར་རྟེན་གཙོ་ལ། །ད་ལྟའི་དུས་ནའང་བཞུགས་པ་ལགས། །ཨོ་རྒྱན་ལུང་བསྟན་ཀུན་གསལ་མེ་ལོང་ལས། །མཁའ་འགྲོ་སྡེ་བཞི་མཚོ་རྒྱལ་ཐུགས་ཀྱི་སྤྲུལ། །ལབ་ཀྱི་སྒྲོན་མ་སྣང་ས་འོད་དེ་འབུམ། །སྐྱེས་དམན་ཚུལ་འཆང་འགྲོ་བའི་ལམ་སྣ་འདྲེན། །ཞེས་གསུངས་གང་ལ་སྐྱབས་ན་བསླུ་མེད་པ། །རྒྱལ་བའི་ཡུམ་ཆེན་སྤྲུལ་པ་ལབ་སྒྲོན་གྱི། །རྣམ་ཐར་མཛད་པ་བཅོ་ལྔར་ལེགས་བསྡུས་ནས། །སྒྲོ་སྐུར་བྲལ་བའི་རང་བཞིན་བརྗོད་པ་ཡི། །བསྟོད་པ་འདི་ཉིད་གཤོངས་ཆེན་རི་ཁྲོད་པ། །མཁས་བཙུན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས། །སྦྱར་བའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །བཀྲ་ཤིས། དགེའོ།། །།
མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་པར་ཐར་བ། བརྩོན་འགྲུས་སེངྒེ།
རྣམ་གྲངས་དང་པོ།
༄༅། །ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་པར་བཤད་པ་ལས་མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་པར་ཐར་པ་མདོར་བསྡུས་པ་ཙམ་ཞིག་བཞུགས་སོ༔
ས་མ་ཡ༔ ཨོཾ་སྭ་སྟི༔ རྒྱལ་བའི་ཡུམ་ཆེན་རྡོར་འཆང་བསྟན་པའི་གཙོ༔ སྒྲོལ་མ་འཇམ་དཔལ་མི་ཕམ་མགོན་པོ་དང་༔ རྣལ་འབྱོར་འབིར་བ་སུ་ཀ་སུ་ཏི་མ༔ ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་སྐུ་མཆེད་དང་༔ ཨརྱ་དྷེ་བ་དམ་པ་རིན་པོ་ཆེ༔ ཤཱཀྱ་ཡེ་ཤེས་བསོད་ནམས་གྲགས་པ་དང་༔ མ་ཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པ༔ བཀའ་བརྒྱུད་དྲི་མེད་ཤེལ་འཕྲེང་ལྟར་གསལ་བ༔ རྩ་རྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ༔ དེང་ནས་བརྩམས་ཏེ་བྱང་ཆུབ་མ་ཐོབ་པར༔ འགྲོ་རྣམས་དོན་དུ་སྒོ་གསུམ་གུས་ཕྱག་འཚལ༔ གདོང་དམར་ཡུལ་གྱི་གངས་ཅན་རི་ཡི་རྩེར༔ སྒྲོལ་མའི་སྤྲུལ་པ་ལབ་སྒྲོན་སེང་གེ་འགྱིང་༔ མཁྱེན་བརྩེ་གཉིས་དང་ཐུགས་རྗེའི་དཔའ་རྩལ་རྫོགས༔ མདོ་རྒྱུད་བསྟན་ཆོས་རྣམ་དག་གཡུ་རལ་རྒྱལ༔ གདུལ་དཀའ་འདུལ་བ་ནུས་པའི་མཆེ་སྡེར་རྣོ༔ ཐེག་ཆེན་ཡང་སྙིང་ང་རོ་ཡིས༔ བ་གླང་བ་ཡི་ཚོགས་བཞིན་དམན་འཆིང་རྣམས༔ ཟིལ་གྱིས་མནན་ནས་ལམ་བཟང་སྲོལ་ཆེན་བཏོད༔ རིན་ཆེན་མེ་ཤེལ་རྡུལ་ཚོན་ལེན་པ་བཞིན༔ བློ་ཆེན་སྐལ་ལྡན་སྐད་ཅིག་ཉིད་ལ་གྲོལ༔ མུན་གླིང་རྟ་བདུན་རྒྱལ་པོ་བརྒྱུག་པ་བཞིན༔ བོད་ཁམས་མུན་སེལ་སྒྲོན་མ་དེ་ལ་འདུད༔ མཆོག་གི་སྤྲུལ་སྐུ་གངས་ལྗོངས་ལབ་སྒྲོན་གྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ སྤྲུལ་པའི་གྲངས་སོགས་བྱེད་ལས་སྣ་ཚོགས་རྣམས༔ གྲངས་མེད་རྒྱལ་བས་གཞན་གཞལ་ཀྱང་བརྗོད་ལས་འདས༔ འོན་ཀྱང་ཐུབ་པའི་བསྟན་པ་ལ༔ མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ནི༔ སྐུ་ཡི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡི༔ རེ་རེའི་མཛད་སྤྱོད་སྣ་ཚོགས་གྲངས་མང་ཡང་༔ ཁྱད་པར་གངས་ཅན་འདི་ཡི་སྤྲུལ་སྐུ་འདིའི༔ ཡོན་ཏན་གྲངས་མང་ཆུ་གཏེར་ཆེན་པོ་ལ༔ བླ་མ་རྣམས་དང་གསུང་རབ་བཀའ་དྲིན་གྱིས༔ ཆུ་གཏེར་ནང་ནས་ཆར་གྱི་འབྲུ་ཙམ་ཞིག༔ བདག་གིས་ཐོས་ཤིང་མཐོང་བས་འདིར་བཀོད་བྱ༔
དེ་ལ་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་ངེས་དོན་དང་༔ གསང་སྔགས་བླ་ན་མེད་པའི་ནང་ནས༔ ཁྱད་པར་དུ་འཕགས་པའི་མ་རྒྱུད་བླ་ན་མེད་པ་དང་གཉིས༔ བཀའ་ནས་བྱུང་བའི་བྱུང་ཚུལ་དང་༔ བླ་མ་རིམ་པར་བརྒྱུད་པའི་རྣམ་གྲངས་གཅིག་སྔོན་དུ་འགྲོ་བ་དང་༔ དངོས་གཞི་ལ་མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་ཐར་མདོར་བསྡུས་པ་ཞིག༔ རྣམ་གྲངས་བཅྭོ་བརྒྱད་ཀྱིས་བསྟན་པ་དང་༔ རྗེས་སུ་རྣམ་གྲངས་གཉིས་ཀྱིས་མཇུག་བསྡུས་ནས་རྫོགས་པར་བྱེད་པ་ལ་རྣམ་གྲངས་ཉེར་གཅིག༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་དུ་འདུས་པའོ༔ དེ་ཡང་གངས་ཅན་རིའི་ཁྲོད་རྣམས་སུ༔ གྲགས་ཆེ་བའི་ཆོས་ལུགས་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་གྱི་བླ་མ་བརྒྱུད་པའི་ཐོག་མར་ཡུམ་ཆེན་མོ་འོང་དགོས་པའི་ལོ་རྒྱུས་འདི་ནི༔ བསྟན་པ་འདིའི་བསྟན་པ་མ་ཡིན་ཀྱང་༔ བླ་མ་བརྒྱུད་པའི་ཐོག་མར་ཡུམ་ཆེན་མོ་འོང་དགོས་པ་དང་༔ རྒྱུ་མཚན་དང་ལོ་རྒྱུས་སྣང་བ་རྣམས་འོག་ཏུ་སྐབས་ལ་བབས་པ་དེར་འཆད་ཅིང་བརྗོད་པས་འདིར་མི་བརྗོད་དོ༔ ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་འདི་ལ༔ མདོ་སྔགས་གཉིས་ཀྱི་ཕུག་ཐུག་པའི་སྟོན་པ་ནི་གཉིས་གཉིས་ཏེ༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གནས་ནས༔ རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་ལོངས་སྐུའི་མཚན་ཉིད་དང་ལྡན་པ་དེ་ནི་ཉི་མའི་སྙིང་པོ་དང་འདྲ་བ་དེ་དང་༔ དེའི་སྤྲུལ་པའི་སྐུ་མཆོག་གི་མཚན་ཉིད་མཉམ་མེད་ཤཱཀྱའི་རྒྱལ་པོ་སྟེ༔ དེ་ནི་ཉི་མའི་ཟེར་དང་འདྲ་བའི་སྤྲུལ་པའི་སྐུ་མཆོག་ཆེན་པོ་དེ་ཉིད་དང་ལོངས་སྤྲུལ་གཉིས་ཏེ༔ རྒྱུ་གཅིག་ཀྱང་རྣམ་པར་སྣང་པའི་ལོངས་སྤྲུལ་དེ་གཉིས་ལས་བྱུང་བའི་མདོ་སྔགས་གཉིས་ཀྱི་དང་པོ་མདོ་ལུགས་ནི༔ སྤྲུལ་པའི་སྐུ་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོ་ནས་བརྒྱུད་པའི་རྒྱུད་འཛིན་ལ་བཞི་སྟེ༔ རྒྱལ་བ་ཤཱཀྱ་ཐུབ་པ༔ འཕགས་པ་འཇམ་དཔལ༔ ཀླུ་སྒྲུབ༔ རྒྱལ་སྲས་ཨརྱ་དྷེ་བ༔ དམ་པ་རིན་པོ་ཆེ༔ མ་ཅིག་ལབ་ཀྱི་སྒྲོན་མ་ནས་བརྒྱུད་པ་ནི་ཡུལ་སྟོང་པ་ཉིད་གཙོ་བོར་སྟོན་པའི་བརྒྱུད་པའོ༔
རྒྱལ་བ་ཤཱཀྱ་ཐུབ་པ་ནས་རྗེ་བཙུན་བྱམས་མགོན༔ ཐོགས་མེད་པ༔ དབྱིག་གཉེན་པ༔ དམ་པ་སངས་རྒྱས༔ ཤཱཀྱ་ཡེ་ཤེས༔ བསོད་ནམས་གྲགས་པ༔ མ་ཅིག་ལབ་ཀྱི་སྒྲོན་མ་ནས་བརྒྱུད་པ་ནི༔ ཡུལ་ཆེན་ཤེས་པ་གཙོ་བོར་སྟོན་པའི་བརྒྱུད་པ་ནི༔ རྒྱལ་བ་ཤཱཀྱ་ཐུབ་པ༔ འཇམ་དཔལ་འབིར་བ་པ༔ སུ་ཀ་སུ་ཏི་མ༔ བྲམ་ཟེ་ཨརྱ་དྷེ་བ་དམ་པ༔ རིན་པོ་ཆེ་མ་ཅིག་ལབ་ཀྱི་སྒྲོན་མ་ནས་བརྒྱུད་པ་ནི༔ ཡུལ་དང་ཡུལ་ཅན་དབྱེར་མེད་ཅིག་ཆར་དུ་སྟོན་པའོ༔ མཉམ་མེད་ཤཱཀྱ་ཐུབ་པ་ནས་རྗེ་བཙུན་སྒྲོན་མ༔ འཇམ་དཔལ༔ འབིར་བ་པ༔ སུ་ཀ་སི་ཏི་མ༔ བྲམ་ཟེ་ཨརྱ་དྷེ་བ༔ དམ་པ་སངས་རྒྱས༔ བསོད་ནམས་གྲགས་པ༔ མ་ཅིག་ལབ་ཀྱི་སྒྲོན་མ་ནས་བརྒྱུད་པ་ནི༔ མདོའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་བརྒྱུད་པ་དང་བཞི་པའོ༔ གསང་སྔགས་ཀྱི་བརྒྱུད་པ་ནི༔ རྡོ་རྗེ་འཆང་ཆེན་པོ་ནས་ལོངས་སྐུ་རྗེ་བཙུན་སྒྲོལ་མ་ལ༔ དེས་སྤྲུལ་སྐུ་ལབ་ཀྱི་སྒྲོན་མ་ལ་བརྒྱུད་པའོ༔ དེ་ཡང་ཕྱི་མཚན་ཉིད་ཐེག་པ་ཆེན་པོ་སྡེ་སྣོད་གསུམ་གྱི་ཡང་རྩེ་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་མན་ངག་འདི་སྟོན་པ་ལ༔ མཉམ་མེད་ཤཱཀྱ་ཐུབ་པ་ནས་བརྒྱུད་པའི་རིམ་པ་ལ་བཞི་དང་༔ རྒྱུད་སྡེ་བཞིའི་ཡང་རྩེ་བླ་ན་མེད་པའི་ནང་ནས་ཁྱད་པར་དུ་མ་རྒྱུད་བླ་ན་མེད་པ་འདི་ནི་རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པའི་རིམ་པ་ལ་གཅིག་དང་ལྔ་ནི༔ བཀའ་ནས་བརྒྱུད་པའི་རིམ་པ༔ བཀའ་བརྒྱུད་ཀྱི་རྣམ་ཐར་ཤིན་ཏུ་བསྡུས་པ་ཞིག་སྔོན་དུ་འགྲོ་བ་སྟེ་རྣམ་གྲངས་དང་པོའོ༔
རྣམ་གྲངས་གཉིས་པ།
གཉིས་པ་དངོས་གཞི་ལ་རྣམ་གྲངས་བཅོ་བརྒྱད་ཡོད་པའི་དང་པོ་མ་ཅིག་ལབ་ཀྱི་སྒྲོན་མ་འདིས་ནི༔ ཐོག་མར་བོད་དུ་ཐུགས་བསྐྱེད་ནས་སྤྲུལ་པ་མར་འགྱེད་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ༔ འཇའ་ལུས་འོད་ཀྱི་རང་བཞིན་ཅན༔ ཡེ་ཐོག་དང་པོའི་སངས་རྒྱས་འོད་མི་འགྱུར་པ་ཞེས་བྱ་བ༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བཞུགས་པའི་དུས་ན༔ སངས་རྒྱས་དེའི་མཚན་ཉིད་ཀྱི་རྣམ་གྲངས་ནི་འདི་ལྟ་སྟེ༔ བསྟན་པ་འདིའི་སྔོན་རོལ་གྱི་ཡང་སྔོན་རོལ༔ བསྟན་པ་ཡང་སྔའི་སྔོན་རོལ༔ བསྟན་པ་དྲུག་གམ་དེ་ལས་ཀྱང་བསྟན་པ་བཅུ་གཉིས་ཀྱི་སྔོན་རོལ་གྱི་དུས་སུ༔ ཡེ་ཐོག་དང་པོའི་སངས་རྒྱས་འོད་མི་འགྱུར་བའི་ཡུམ་ཀུན་ཏུ་བཟང་མོའམ༔ ཤེས་རབ་གཙོ་མོར་སྟོན་པར་བྱེད་པའི་བདག་མོའམ༔ གཙོ་མོ་ནི་ཡེ་ནས་ཀ་དག་ལྷུན་གྲུབ་འདུས་མ་བྱས༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས༔ དེ་ནི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའམ༔ རྗེ་བཙུན་རྡོ་རྗེ་ཕག་མོའམ༔ རྗེ་བཙུན་རྡོ་རྗེ་མཁའ་སྤྱོད་མའམ༔ རྗེ་བཙུན་རྡོ་རྗེ་བདག་མེད་མའམ༔ རྗེ་བཙུན་རྡོ་རྗེ་སྒྲོལ་མ་ཞེས་པའམ༔ དེ་རྣམས་ནི་དོན་དུ་གཅིག་ལ་མིང་གི་རྣམ་གྲངས་སོ་སོར་ཡིན་པ་ནི༔ འགྲོ་བའི་དོན་དུ་སེམས་ཅན་ཐམས་ཅད་ལ་ཐུགས་བསྐྱེད་ནས༔ གང་ལ་གང་འདུལ་གྱི་ཐབས་སུ་བསྟན་པ་ཡིན་ཞིང་༔ རྒྱུད་ཐ་དད་པ་ནི་མ་ཡིན་ནོ༔ མིང་ཇི་ལྟར་བཏགས་ཀྱང་༔ དོན་ལ་གཅིག་པས་ཡེ་ཐོག་དང་པོའི་སངས་རྒྱས་འོད་མི་འགྱུར་པའི་ཡུམ་ཀུན་ཏུ་བཟང་མོ༔ ཡེ་ཤེས་ཀྱི་ལྷ་མོ་དེ་ནི་དུས་རིང་པོ་ཞིག་གི་ཚེ་ན༔ མ་འགགས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་ལྷ་མོ་མཐིང་ག་ཞལ་གཅིག་ཕྱག་གཉིས་མ༔ ཁྲོ་མོ་ཡི་རྣམ་པ་ཅན་ཞིག་གི་སྐུར་གསལ་ལམ་མེ་བཞེངས་པ་དེ་ལ༔ རྡོ་རྗེ་སྒྲོལ་མ་ཞེས་བྱ་བ་ཞིག་མིང་གི་ཐ་སྙད་དུ་གྲུབ་པའོ༔
རྡོ་རྗེ་སྒྲོལ་མ་དེའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འབར་བ་ཞིག་འཕྲོས་ནས་མདུན་གྱི་ནམ་མཁའི་དབྱིངས་སུ་འཕྲོས་པ་ལས༔ ཐིག་ལེ་འོད་ཟེར་ལྔ་འབར་བ་གཉིས་བརྩེགས་པའི་སྟེང་དུ༔ ཐིག་ལེ་དམར་སེར་མུཾ་ཡིག་གི་མཚན་པ་ཞིག་ཏུ་གྱུར་ཏོ༔ མུཾ་ཡིག་ཐིག་ལེ་གསུམ་དང་བཅས་པ་ལ་འོད་ཟེར་འཕྲོས་པས༔ སྟོང་གསུམ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ཁྱབ་པར་བྱས༔ ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པ་རྣམས་ཁྱབ་པར་བྱས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱས༔ དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པ་རྣམས་འོད་ཟེར་གྱི་ཚུལ་དུ་ཚུར་བསྡུས༔ ཐིག་ལེ་གསུམ་ལ་ཐིམ༔ ཡང་ཐིག་ལེ་གསུམ་ལས་འོད་ཟེར་འཕྲོས༔ དེ་རྣམས་འོད་དུ་འབར་བ་ལས༔ དཔག་ཚད་བྱེ་བའི་བར་དུ་ཁྱབ་པར་བྱས༔ དེ་ནས་ཐིག་ལེ་འོག་མ་དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་སུ་གྱུར་པ་ནི༔ སྟོང་གསུམ་གྱི་སྟོང་ཆེན་པོ་རབ་འབྱམས་ཀྱི་ཚད་ལས་ཀྱང་ཆེར་ལྷག་པའི་དབུས་སུ༔ ཐིག་ལེ་བར་མ་དེ་འོད་དུ་ཞུ་བ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི༔ རྒྱན་རྟ་བབས་གདུགས་རི་དྭགས་ཆོས་འཁོར་དང་བཅས་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་གི་དབུས་སུ་རིན་པོ་ཆེ་ལས་གྲུབ་པའི་སྣ་ཚོགས་པདྨ་འདབ་མ་བཅུ་པའི་ལྟེ་བར་ཕྱོགས་བཞི་མཚམས་བཞི་དང་བརྒྱད་དུ༔ སེང་གེ་བཞི་བཞི་བརྒྱད་གདོང་ཕྱིར་ཕྱོགས་པའི་སྟེང་དུ༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ༔ ཐིག་ལེ་དམར་སེར་ཡོངས་སུ་གྱུར་པ་ལས༔ པདྨ་སེར་པོ་གསེར་ལྟར་སེར་བ༔ འདབ་མ་སྟོང་དང་ལྡན་པའི་ལྟེ་བར༔ ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུའི་སྟེང་དུ༔ མུཾ་ཡིག་དམར་སེར་ཡོངས་སུ་གྱུར་པ་ལས༔ ལྷ་མོ་སེར་མོ་གསེར་བཙོ་མའི་མདོག་ལྟར་རབ་ཏུ་སེར་བ༔ ཞལ་གཅིག་ཕྱག་བཞི་མ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ ཕྱག་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ༔ གཡོན་གྱི་དང་པོ་ན་སྟོང་ཕྲག་བརྒྱད་པའི་པོ་ཏི་བསྣམས་པ༔ འོག་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ༔ དར་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ༔ མཚན་དང་དཔེ་བྱད་ཀྱིས་སྤྲས་པ༔ སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ལྟར་གསལ་བ༔ འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ དཔག་ཚད་སྟོང་ཕྲག་བརྒྱད་ཁྲིར་ཁྱབ་པའི་སྐུར་གྱུར་ཏོ༔ སེང་གེའི་འོག་གི་པད་འདབ་བཅུ་པོའི་སྟེང་དུ༔ སེང་གེ་དང་རིན་པོ་ཆེའི་ཁྲི༔ པདྨ་དང་ཟླ་བའི་གདན་ལ༔ ཐུགས་ལས་སྤྲུལ་པའི་སངས་རྒྱས་བཅུ་པོ་ནི༔ སངས་རྒྱས་ཀྱི་ངོ་བོ་སྟེ་རྣམ་པ་ཡང་དེ་ལྟར་དུ་བཞུགས་པའི་འཁོར་དུ༔ ས་བཅུའི་བྱང་ཆུབ་སེམས་དཔའ་བཅུ་རེས་བསྐོར་བའི་མཐར་ཡང་༔ སེམས་དཔའ་དང་སེམས་མ་དང་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་ཀྱི་བྱེ་བྲག་དཔག་ཏུ་མེད་པས་མཆོད་པར་བྱེད་དོ༔
སྒོ་བཞིར་ཡང་འཕགས་སྐྱེས་པོ་ལ་སོགས་པའི་རྒྱལ་ཆེན་སྡེ་བཞི་དང་༔ གཞལ་ཡས་ཁང་གི་ཕྱི་རོལ་ཏུ་ཡང་མཆོད་པའི་ལྷ་མོ་རྣམས་དང་༔ དཔའ་བོ་དང་དཔའ་མོ་རྣམས་ལ་འཁོར་འབུམ་སྡེས་བསྐོར་བ་རྣམས་དང་༔ དེའི་ཕྱི་རོལ་ཏུ་བར་སྣང་ལ་སྤྲིན་ལ་གནས་པའི་ལྷའི་ཁྱེའུ་ཕོ་མོ་དཔག་ཏུ་མེད་པས༔ གླུ་གར་དང་རོལ་མོ་ལ་སོགས་པའི་མཆོད་པས་མཆོད་ཅིང་༔ མེ་ཏོག་གི་ཆར་ཕབ་པ་དང་༔ ཞིང་ཁམས་ཀྱི་མཐར་ཕྱོགས་སྐྱོང་དང་༔ ཞིང་སྐྱོང་ལ་སོགས་པའི་བསྟན་པ་སྐྱོང་བ་རྣམས་དང་༔ རང་རང་གི་འཁོར་དང་བཅས་པ་ཐམས་ཅད་ཀྱང་གཙོ་མོ་ལ་འདུད་པའི་ཚུལ་དུ་བཞུགས་པ་ནས་ཡོད་དོ༔ གཞལ་ཡས་ཁང་གི་ནང་དུ༔ ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིའི་ཡི་གེའི་རང་སྒྲ་རྣམས་བུང་བའི་ཚང་ཆེན་པོ་ལྟར་འུ་རུ་རུ་གྲགས་པ་ཡོད་དོ༔ ཞིང་ཁམས་ཀྱི་རྒྱ་ཁྱོན་ལ་འོད་ཟེར་ཁ་དོག་བརྒྱ་དང་ལྡན་པ་འབར་ཞིང་༔ རྒྱན་དང་ཁ་དོག་དབྱིབས་མི་འདྲ་བ་དུ་མ་བཀོད་ལེགས་པར་ཡོད་པ༔ ལྟ་བས་མི་ངོམས་ཤིང་མཛེས་ཤིང་ཡིད་དུ་འོང་བའི་ཞིང་དེ་ལ་ནི༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱའོ༔ ཞིང་ཁམས་དེའི་གཙོ་མོ་ནི༔ ཤེས་རབ་གཙོ་བོར་སྟོན་པའི་ཡེ་ཤེས་ཀྱི་ལྷ་མོ་ཡིན་པའི་ཕྱིར༔ སངས་རྒྱས་རྣམས་ཀྱི་ཡུམ་ཡིན་པས་ན༔ རྒྱལ་བའི་ཡུམ་ཆེན་མོ་ཞེས་སོ༔ ཡུམ་ཆེན་མོ་དེའི་ཞལ་ནས༔ མངོན་སུམ་དུ་ཆོས་གསུངས་པ་མ་ཡིན་ཀྱང་༔ ཐུགས་མཁྱེན་བརྩེ་ལས་བྱུང་བའི་སངས་རྒྱས་རྣམས་དང་༔ སྲས་མོ་ཡེ་ཤེས་ཀྱི་ལྷ་མོ་རྣམས་སྤྲོས་ཤིང་༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབས་པ་དང་༔ སྐུ་ལུས་ཀྱི་ཚིགས་བར་དང་༔ བ་སྤུ་ཡི་བུ་ག་ཐམས་ཅད་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་དུ་མ་འཕྲོས་པས༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་སེལ་བར་བྱེད་པ་དང་༔ སྐུའི་སྐྱེ་མཆེད་དང་གནས་ལྔ་ནས་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལ་སོགས་ཀྱིས༔ ཡེ་ཤེས་ཀྱི་ལྷ་མོ་མང་པོ་སྤྲོས་པའི་སྤྲུལ་པས༔ འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པར་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་སྒོ་ནས་ཆོས་སྟོན་ཅིང་༔ ཐབས་སྣ་ཚོགས་པའི་སྒོ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཡིན་ནོ༔
འཁོར་གྱི་སངས་རྒྱས་བཅུ་པོས་ནི༔ རང་རང་གི་འཁོར་བྱང་ཆུབ་སེམས་དཔའ་བཅུ་ལ་སོགས་པ་རྣམས་ལ་ཆོས་སྟོན་ཅིང་ཚོགས་སྐྱོང་བར་བྱེད་དོ༔ དེ་ལྟ་བུའི་སངས་རྒྱས་གཙོ་འཁོར་ཞིང་ཁམས་དང་བཅས་པ་ནི༔ འཕྲིན་ལས་ཀྱི་ལྷ་མོ་རྡོ་རྗེ་སྒྲོལ་མ་ཞེས་སམ༔ གཞི་ཀུན་ཏུ་བཟང་མོའི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུས་ཅིག་ཆར་དུ་གྲུབ་པའོ༔ དེ་ནས་རྡོ་རྗེ་སྒྲོལ་མའི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་ཅིག་འཕྲོས༔ ཡུམ་ཆེན་མོའི་ཐུགས་ཀར་ཕོག༔ ཐུགས་རྒྱུད་བསྐུལ༔ འོད་ཟེར་ཕྱིར་འཕྲོས༔ འཁོར་གྱི་སངས་རྒྱས་བཅུ་པོ་ཡི་ཐུགས་རྒྱུད་བསྐུལ༔ འོད་ཟེར་ཕྱིར་འཕྲོས༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་རྡོ་རྗེ་འཆང་གི་ཐུགས་རྒྱུད་བསྐུལ༔ འོད་ཟེར་ཕྱིར་འཕྲོས༔ འོག་མིན་གྱི་གནས་ནས་རྣམ་པར་སྣང་མཛད་དང་༔ གངས་ཆེན་མཚོ་རྒྱལ་གྱི་ཐུགས་རྒྱུད་བསྐུལ༔ ཡང་འོད་ཟེར་ཕྱིར་འཕྲོས༔ གཞན་ཡང་ཞིང་ཁམས་མཐའ་ཡས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ ཡང་འོད་ཟེར་ཕྱིར་འཕྲོས༔ སེམས་ཅན་མཐའ་ཡས་པའི་སྒྲིབ་པ་སྦྱང་༔ རྒྱལ་བ་སྲས་དང་བཅས་པ་རྣམས་མཉེས་པར་བྱས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་རྣམས་འོད་ཟེར་གྱི་ཚུལ་དུ་ཚུར་རིམ་གྱིས་བསྡུས་ནས་ཡུམ་ཆེན་མོའི་ཐུགས་ཀར་ཐིམ་ཞིང་འོད་དུ་འབར་བ་ལས༔ རྡོ་རྗེ་སྔོན་པོ་རྩེ་གཅིག་པའི་ཡར་རྩེ་ཁ་ཊྭཱཾ་ག་དང་ལྟེ་བར་གྲི་གུག་གི་མཚན་པ་ཞིག་ཏུ་འཕྲོས༔
དེ་ཡོངས་སུ་གྱུར་པ་ལས་ལྷ་མོ་སྔོ་སངས་མ་ནམ་མཁའི་མདོག་འདྲ་བ་ཞལ་གཅིག་ཕྱག་བཞི་མ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ཞིག་ཐུགས་ཀ་ནས་ཕྱིར་ཐོན་པས༔ ཕོ་བྲང་དེའི་མདུན་གྱི་ཐད་དུ་རང་གིས་སྤྲུལ་པའི་ཞིང་ཁམས་དང་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་དང་རོའི་གདན་ལ་གར་སྟབས་ཀྱིས་བཞེངས་པ་དེ་ལ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་སོ༔ པད་འདབ་བརྒྱད་ལ་མཁའ་འགྲོ་མ་བརྒྱད༔ སྟེང་དུ་མཁའ་འགྲོ་མ་སྔོན་མོ་ཞིག་སྟེ་མཁའ་འགྲོ་མ་གཙོ་འཁོར་བཅུ་བཞུགས་པའི་མཐར་ལྷ་མོ་དགུ་བཅུ་གོ་བརྒྱད་ཀྱིས་བསྐོར་བའི་མཐར་དཔའ་བོ་དང་དཔའ་མོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བར་གྱུར་ཏོ༔ རྡོ་རྗེ་དབྱིངས་ཕྱུག་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་མང་པོ་འགྱེད་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལས་ཐུགས་ཀྱི་སྤྲུལ་པ་ནི་མཁའ་འགྲོ་མ་མཐིང་ནག་རབ་ཏུ་ཁྲོས་པའི་ཆ་བྱད་ཅན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཕག་ཞལ་ནག་པོ་སྤྱི་བོར་རལ་པའི་དབུས་སུ་ཐོན་པ་ཞབས་གཉིས་བརྐྱང་བསྐུམ་གར་ཐབས་ཀྱིས་པདྨ་ཉི་མ་རོའི་གདན་ལ་བཞེངས་པ༔ འཁོར་མཁའ་འགྲོ་མ་སྡེ་བཞི་ལ་དཔའ་བོ་དང་དཔའ་མོ་མཁའ་འགྲོ་མའི་ཚོགས་དང་བཅས་པ་ནུབ་ཕྱོགས་ཨོ་རྒྱན་གྱི་དབུས་ཀྱི་སྟེང་གི་ཕོ་བྲང་དུ་བཞུགས་པ༔ དེ་ལ་ནི་མཁའ་འགྲོ་བདུད་འདུལ་མ་ཞེས་པའོ༔ བདུད་འདུལ་མ་དང་དབྱིངས་ཕྱུག་མ་གཉིས་ཀའི་སྤྲུལ་གཞིའམ་འབྱུང་གནས་ནི་ཡུམ་ཆེན་མོ་དང་༔ དེ་གསུམ་གའི་འབྱུང་གནས་ནི་རྡོ་རྗེ་སྒྲོལ་མ་དང་བཞི་པོ་འདི་ནི་ཐ་མལ་གང་གིས་ཀྱང་མཐོང་དུ་མི་བཏུབ་ཅིང་དབྱིངས་རང་བཞིན་རྣམ་པར་དག་པའི་ཞིང་རང་རང་གི་ཞིང་ཁམས་སུ་བཞུགས་པ་ལ་རྩ་བའི་མཁའ་འགྲོ་མ་བཞི་ཟེར་རོ༔
བདུད་འདུལ་མའི་ཐུགས་ཀྱི་སྤྲུལ་པ་ལ་མཁའ་འགྲོ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པའི་གཙོ་འཁོར་ལྔ་ནུབ་ཕྱོགས་ཨོ་རྒྱན་གྱི་ཕོ་བྲང་དུ་བྱོན་པ་དེ་ལ་མཁའ་འགྲོ་མ་གསེར་མིང་གླིང་མ་ཞེས་སོ༔ གསེར་མིང་གླིང་མའི་ཐུགས་ཀའི་སྤྲུལ་པ་ལ་མཁའ་འགྲོ་མ་སྔོན་མོ་ཞིག་སྲིད་རྩེའི་འོག་མིན་དུ་བྱོན་ནས༔ གྱ་ནོམ་པ་སྣང་བ་ཤིན་ཏུ་མཐོང་བ༔ མི་གདུང་བ༔ མི་ཆེ་བ་དང་བཞི་དེ་རྣམས་ཀྱི་གནས་སུ་མར་བྱོན་ནས་གཟུགས་བསྒྱུར་ཏེ༔ གཙང་མའི་ལྷ་བཞི་དང་མཐུན་པར་མཛད་ནས་ལྷའི་འགྲོ་དོན་མཛད་དོ༔ མཁའ་འགྲོ་མ་སྔོན་མོའི་ཐུགས་ཀྱི་སྤྲུལ་པ་མཁའ་འགྲོ་མ་དམར་མོ་ཞིག་མར་འབྲས་བུ་ཆེ་བའི་གནས་ནས་གཙང་མ་རིས་ཀྱི་བར་དུ་རིམ་གྱིས་བྱོན་ནས་གཟུགས་ཁམས་ཀྱི་གནས་རིས་བཅུ་དྲུག་རྣམས་སུ་རང་རང་གི་རྣམ་ཐར་དང་མཐུན་པའི་འགྲོ་དོན་མཛད་དོ༔ མཁའ་འགྲོ་མ་དམར་མོའི་ཐུགས་ཀྱི་སྤྲུལ་པ་ལ་མཁའ་འགྲོ་མ་དཀར་མོ་ཞིག་མར་འདོད་པའི་ཁམས་དང་༔ གཞན་འཕྲུལ་དབང་བྱེད་དང་༔ འཕྲུལ་དགའ་དང་དགའ་ལྡན་གྱི་བར་དུ་མར་བྱོན་ནས་འགྲོ་དོན་མཛད་དོ༔ མཁའ་འགྲོ་མ་དཀར་མོའི་ཐུགས་ཀྱི་སྤྲུལ་པ་ལ་མཁའ་འགྲོ་མ་སེར་མོ་ཞིག་མར་བྱོན་ནས་མཐའ་བྲལ་དང་༔ སུམ་ཅུ་རྩ་གསུམ་པ་དང་རྒྱལ་ཆེན་སྡེ་བཞིའི་བར་དུ་བྱོན་ནས་འགྲོ་དོན་མཛད་དོ༔ མཁའ་འགྲོ་མ་སེར་མོའི་ཐུགས་ཀྱི་སྤྲུལ་པ་ལ་མཁའ་འགྲོ་མ་ལྗང་སེར་ཞིག་ནུབ་ཕྱོགས་ཨོ་རྒྱན་དུ་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ༔
དེ་ནས་འཇིག་རྟེན་མིའི་རྣམ་པ་དང་མཐུན་པར་སྤྲུལ་ཏེ་རྡོ་རྗེའི་གདན་ལ་སོགས་པའི་གནས་ཆེན་རྣམས་དང་༔ གནས་ཕྲན་རྣམས་སུ་བྱོན་ནས་མིའི་འགྲོ་དོན་གྲངས་མེད་པ་མཛད་དོ༔ མཁའ་འགྲོ་མ་ལྗང་སེར་གྱི་ཐུགས་ཀྱི་སྤྲུལ་པ་མཁའ་འགྲོ་མ་སེར་མོ་ཞིག་འདོད་ལྷའི་གཟུགས་དང་མཐུན་པར་སྤྲུལ་ཏེ་ལྷ་གཞོང་ཐོགས་དང་༔ འཕྲེང་ཐོགས་དང་༔ རྟག་མྱོས་དང་༔ རི་རྩེ་རྐེན་དང་༔ རྒྱལ་ཆེན་སྡེ་བཞི་དང་༔ སུམ་ཅུ་རྩ་གསུམ་པ་དང་འཐབ་བྲལ་གྱི་བར་དུ་བྱོན་ནས་ནོར་བུ་ཕུན་སུམ་ཚོགས་པའི་གནས་དང་༔ ཀུན་དྷ་ཧ་ལའི་གནས་དང་༔ བུདྡྷ་ཧ་ལའི་གནས་དང་ཧ་ལ་དལ་སྐྱོབ་ཀྱི་གནས་ལ་སོགས་པ་རྣམས་སུ་ལྷའི་འགྲོ་དོན་ཡུན་རིང་པོར་མཛད་དོ༔ སྔར་ཐོག་མར་རྡོ་རྗེ་ཕག་མོའམ་ཀུན་ཏུ་བཟང་མོ་ལས་ཀྱི་མཁའ་འགྲོ་མ་རྡོ་རྗེ་སྒྲོལ་མར་སྤྲུལ་ནས་ཡུམ་ཆེན་མོ་ལ་སོགས་པའི་སྤྲུལ་པ་རྣམས་དེང་སང་བོད་དུ་བྱོན་ནས་ལབ་ཀྱི་སྒྲོན་མ་ཞེས་པར་བྱུང་བས་ན་དམ་ཆོས་བདུད་ཀྱི་གཅོད་ཡུལ་གྱི་སྒོ་ནས་འགྲོ་དོན་འབྱུང་བའི་རྟེན་འབྲེལ་དང་དགོས་ཆེད་ཀྱི་རྒྱུ་མཚན་ཡིན་ཚུལ་དང་གླེང་གཞིའི་རྣམ་ཐར་དང་བཅས་པ་ནི་ཐོག་མར་རྡོ་རྗེར་ཕག་མོའམ་ཡེ་ཐོག་དང་པོའི་སངས་རྒྱས་འོད་མི་འགྱུར་བའི་ཡུམ༔ གཞི་ཀ་དག་ཀློང་ཡངས་ཀྱི་ཀུན་ཏུ་བཟང་མོས་འགྲོ་བའི་དོན་ལ་སྤྲུལ་པ་མར་འགྱེད་ནས་བྱོན་ཚུལ་དང་༔ སྤྲུལ་པའི་བརྒྱུད་ཚུལ་དང་སྤྲུལ་པའི་རྣམ་གྲངས་བསྡུས་པ་ཞིག་བཤད་ཟིན་པ་འདི་ནི་ཡེ་ཐོག་དང་པོའི་སངས་རྒྱས་ནས་སྤྲུལ་པ་མར་འགྱེད་ནས་བྱོན་ཚུལ་གྱི་རྣམ་བཤད་དག་སྣང་གི་རྣམ་གྲངས་ཏེ་རྣམ་གྲངས་དང་པོའི་སྦྱོར་བ་ལས་གཅིག་པའོ༔
ཡེ་ཤེས་ཀྱི་མཁའ་འགྲོ་མ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་གསེར་གླིང་མ་ལ་ཐོག་མར་བཟུང་ནས་ཐ་མ་ལབ་སྒྲོན་གྱི་བར་ལ་སྐྱེ་བ་བརྒྱ་དང་བདུན་བཞེས་སོ་ཞེས་པ་འདི་ནི་བསྐལ་བཟང་འདིའི་སྔོན་རོལ་དང་བསྐལ་པ་འདི་ལས་བྱུང་བའི་གྲངས་ཀྱི་ཁྱད་པར་ནི་འདི་ལྟར་ཏེ༔ ཡེ་ཐོག་དང་པོའི་སངས་རྒྱས་འོད་མི་འགྱུར་བ་ཕྱིན་ཆོད་དང་སངས་རྒྱས་འཁོར་བ་འཇིག་གི་བསྟན་པའི་སྔོན་རོལ་ཡན་ཆད་དུ༔ སྐྱེ་བ་སུམ་ཅུ་ཐམ་པ་སོང་ངོ་༔ འཁོར་བ་འཇིག་གི་བསྟན་པ་ལ་ཉེར་གཉིས་སོང་༔ གསེར་ཐུབ་ཀྱི་བསྟན་པ་ལ་ཉེར་གཅིག་སོང་༔ འོད་སྲུང་གི་བསྟན་པ་ལ་ཉི་ཤུ་ཐམ་པ་སོང་༔ སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྐྱེ་བ་བཅུ་བཞི་སོང་བ་དང་སྐྱེ་བ་བརྒྱ་དང་བདུན་པོ་འདི་ནི་སྐྱེ་རྒྱུད་གཅིག་དེད་པ་ཡང་མ་ཡིན༔ སྤྲུལ་པ་དུ་མ་མཛད་པ་ཐམས་ཅད་བགྲངས་བ་ཡང་མ་ཡིན༔ དེས་ན་དུས་གཅིག་ལ་སྤྲུལ་པ་ལྔ་མཛད་པའི་ལྔ་པ་དང་༔ བཞི་པ་དང་༔ གསུམ་པ་དང་༔ གཉིས་པ་དང་གཅིག་པ་སྟེ་ལྔ་པ་ནས་གཅིག་པའི་བར་རྣམས་ཐོག་མར་གསེར་གླིང་མ་ནས་བཟུང་སྟེ་ཐ་མ་ལབ་སྒྲོན་ཡན་ཆོད་དུ་སྐྱེ་བ་རྣམས་རྫོགས་སོ༔ ཡིན་པས་བགྲངས་བས་བརྒྱ་དང་བདུན་སོང་བའོ༔ དེ་རྣམས་ཀྱི་ལོ་གྲངས་ནི་རང་རང་གི་ལུགས་ཀྱི་ཉི་ཤུ་དང་བརྒྱ་དང་སྟོང་དང་ཁྲི་དང་འབུམ་ཕྲག་གི་བར་དུ་བཤད་པས་ཚེ་རིང་ཐུང་གི་ཁྱད་པར་ཆེ་བར་གསུངས༔ སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་སྐྱེ་བ་བཅུ་བཞི་བཞེས་པའོ༔ སྐྱེ་བ་བཞི་པོ་འོག་ཏུ་སྐབས་ལ་བབས་དེར་འཆད་ཅིང་འདིར་མི་བརྗོད་དོ༔ སྐྱེ་བ་གསུམ་པོ་འདིར་འཆད་པ་འདི་ལྟར་ཏེ༔ སྔོན་ནོར་བུ་ཕུན་སུམ་ཚོགས་པའི་གླིང་དུ་འགྲོ་དོན་མཛད་པའི་ཚེ༔ ལྷ་མོ་སེར་མོ་གསེར་གྱི་མདོག་འདྲ་བ་དེས༔ དུས་གཅིག་ལ་སྐྱེ་བ་གསུམ་ལྡན་ཞིག་ཏུ་བཞེས་པ་ལ༔ དག་པའི་སྐྱེ་བ་གཅིག་མ་དག་པའི་སྐྱེ་བ་གཉིས་ཏེ༔ མ་དག་པའི་སྐྱེ་བ་བཞེས་ཚུལ་ནི༔ སྐྱེ་ཡུལ་ནི་མི་འདྲ་བ་ལ་འགྲོ་དོན་ནི་བོད་དུ་ལྷན་ཅིག་ཏུ་མཛད་པའི་སྐྱེ་བ་གཉིས་བོད་དུ་དུས་གཅིག་ལ་འཛོམས་པ་བོད་དུ་སྐྱེ་བ་བཞེས་པའི་ཐོག་མ་ཡིན་ནོ༔
དག་པའི་སྐྱེ་བ་ནི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དམར་མོ་གཙོ་འཁོར་ལྔར་སྤྲུལ་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ལྷོ་ནུབ་མཚམས༔ དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་འཁོར་བྱེ་བ་འབུམ་ཕྲག་རྣམས་ལ་གསང་བའི་རྒྱ་མཚོ་ལ་སོགས་པའི་མ་རྒྱུད་བླ་ན་མེད་པའི་ཟབ་ཆོས་རྣམས་སྟོན་པར་མཛད་པ་དེ་ནི་གསུང་གི་སྤྲུལ་པའོ༔ མ་དག་པའི་སྐྱེ་བ་གཉིས་པོའི་གཅིག་ནི་བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆ་ཞེས་བྱ་བའི་བུ་མོར་སྐྱེས་ནས་རྣམ་རིག་ཁྲིའི་རྗེ་བཙུན་མ་བལ་བཟའ་ཁྲི་བཙན་ཞེས་པར་གྲགས་ཏེ་དེ་ནི་སྐུའི་སྤྲུལ་པ་ཡིན་པ༔ དེ་ནི་སངས་རྒྱས་དངོས་ཉིད་བྱོན་པར་འདྲ་བའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་སྒྲོལ་མ་དང་༔ བྱམས་པ་དང་སྤྱན་རས་གཟིགས་ལ་སོགས་པའི་རྟེན་ཁྱད་པར་ཅན་མང་རབས་རྣམས་གདན་དྲངས་ནས༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོའི་ཆུང་མར་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་བོད་དུ་མཛད་དོ༔ གཅིག་ནི་རྒྱ་ནག་གི་རྒྱལ་པོ་སེང་གེ་འོད་ཟེར་སེང་གེའི་བུ་མོར་སྐྱེས་ནས༔ རྣམ་རིག་འཕྲུལ་གྱི་རྗེ་བཙུན་མ་རྒྱ་བཟའ་དབོན་ཆུང་མ་ཞེས་བྱ་བར་གྲགས་པ་དེ་ནི༔ ཇོ་བོ་ཤཱཀྱ་མུ་ནེ་རང་ཉིད་ལ་སོགས་པའི་རྟེན་མང་རབས་སྤྱན་དྲངས་ནས༔ འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོའི་ཆུང་མར་བྱོན་ནས༔ བོད་དུ་འགྲོ་དོན་མཐའ་ཡས་པར་མཛད་པ་དེ་ནི་ཐུགས་ཀྱི་སྤྲུལ་པ་ཡིན་ནོ༔
དེ་ནས་བལ་མོ་མཚོ་དང་རྒྱ་མོ་བཟའ་གཉིས་དུས་གཅིག་ལ་མཚམས་སྦྱོར་བའི་སྐྱེ་བ་ཕྱི་མ་བོད་དུ་སྐྱེས་པ་གཅིག་སྟེ༔ ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་སྤྲུལ་པ༔ ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཀུན་ཏུ་བཟང་མོའི་སྲས་པོ་སངས་རྒྱས་དངོས་ཉིད་མཚུངས་འདྲའི་ཨོ་རྒྱན་ཆེན་པོ་པདྨའི་རྒྱལ་པོས་གསང་སྔགས་ཀྱི་ལམ་ལ་ཁྲིད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་གསང་སྔགས་ཐམས་ཅད་ཀྱི་བདག་མོ༔ མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་ཞེས་བྱ་བར་སྐྱེ་བ་བཞེས་ནས་པདྨའི་རྒྱལ་པོས་བྱིན་གྱིས་བརླབས་པས༔ བོད་ཁམས་ཁ་བ་ཅན་ལ་སོགས་པའི་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་འགྲོ་དོན་མཐའ་ཡས་པར་མཛད་དོ༔ མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱི་འགྲོ་དོན་རྫོགས་ནས་ཐུགས་འཕོས༔ སུམ་ཅུ་རྩ་གསུམ་གྱི་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བར་སྐྱེ་བ་བཞེས་སོ༔ ལྷ་མོ་དེ་ནི་སྐུ་མདོག་ཤིན་ཏུ་དཀར་བ་གངས་རི་དང་འདྲ་བས་གངས་ཀྱི་ལྷ་མོ་ཡང་ཟེར་རོ༔ ལྷ་གཞན་ལས་ཆེར་ལྷག་ཅིང་འོད་འབར་ཞིང་གཟི་བརྗིད་ཆེ་བས་ལྷ་མོ་འོད་འཆང་མ་ཡང་ཟེར་རོ༔ ལྷ་མོ་གཟི་བརྗིད་ཅན་ཡང་ཟེར་རོ༔ མིང་གང་ལྟར་བཏགས་ཀྱང་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བར་གྲགས་པས༔ དེ་ནི་འཁོར་འབུམ་ཕྲག་དུ་མ་དང་བཅས་པ་དེས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་འགྲོ་དོན་དང་མི་ཡི་ཡུལ་དུ་ཡང་རྒྱ་གར་རྡོ་རྗེ་གདན་ལ་སོགས་པའི་བོད་ཀྱི་གནས་ཆེན་རྣམས་སུ་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ༔
དེ་ཡན་ཆད་ཀྱི་སྐྱེ་བ་བཞེས་ཚུལ་རྣམས་ནི་རྒྱུད་བུ་ཆུང་མཐའ་རྣམས་གསལ་བྱེད་ཀྱི་ཡིག་བཀྲ་ཆེན་མོའི་ནང་ནས་ཕལ་ཆེར་རྣམ་སྣང་བའི་ལུགས་དང་༔འགའ་ཞིག་ནི་སྐྱེས་རབས་འབྲིང་པོའི་ནང་ནས་བཏུས་པའི་ཡིག་ཆུང་རྣམ་སྣང་བའི་ལུགས་ལ་ཅི་ལྟ་བ་བཞིན་དུ་བཀོད་པ་ལགས་སོ༔ གསེར་གླིང་མ་ཡན་ཆད་ནི་དག་པ་ལྷའི་སྐྱེས་རབས་ཡིན་པར་གདའ་ལགས་སོ༔ འོག་མིན་གྱི་གནས་སུ་བཞུགས་པའི་མཁའ་འགྲོ་མ་སྐུ་མདོག་སྔོན་པོ་རྡོ་རྗེ་དབྱིངས་ཕྱུག་མ་མན་ཆད་དང་༔ ལྷ་མོ་འོད་འཆང་མ་ཡན་ཆད་རྣམས་ནི་རྣམ་པར་དག་པ་ལྷའི་སྐྱེས་རབས་དང་༔ མི་ལས་སྤྲུལ་པའི་སྤྲུལ་པ་འགྱེད་ཚུལ་གྱི་སྐྱེས་རབས་ཏེ་རྣམ་གྲངས་གཉིས་པའོ༔
རྣམ་གྲངས་གསུམ་པ།
དེ་ནས་ལྷ་མོ་འོད་འཆང་མ་གཟི་བརྗིད་ཅན་ཞེས་བྱ་བ་དེ་ཉིད་ལྷ་རྣམས་ཀྱི་འགྲོ་དོན་རྫོགས་པའི་དུས་ཀྱི་སྐབས་ལ་བབས་པ་དང་༔ དེ་ནས་རྒྱ་གར་དུ་སེར་སྐྱ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ཡོད་དེ༔ གྲོང་ཁྱེར་དེའི་གྲོང་སྟོད་ནས་ཝ་ཆུ་བབས་པ༔ གྲོང་གི་རྐེད་པ་ན་སླེབས་ནས་སྐྱ་རབ་ཚུགས་པ་ཙམ་ཡོད༔ གྲོང་ཁྱེར་གྱི་པདྨ་རུ་སླེབས་ནས་གྲུ་དང་གཟིངས་འཇུག་དགོས་པ་ཡོད་དེ༔ དེ་འདྲ་བའི་གྲོང་ཁྱེར་ལྔ་བརྒྱ་ལ་དབང་བསྒྱུར་བར་བྱེད་པའི་རྒྱལ་པོ་ཞིག་ཡོད་དེ༔ རྒྱལ་པོ་དེ་ཡི་མཚན་ལ་ནི་དཔལ་དབང་ཕྱུག་འཕགས་པ་ཞེས་བྱ་བ་ཡང་ཟེར་རོ༔ ཤཱཀྱའི་རིགས་ཡིན་པས་ཤཱཀྱའི་རིགས་ཨའི་དབང་ཕྱུག་ཡང་ཟེར་རོ༔ རྒྱལ་པོ་དེ་ལ་ནི་བཙུན་མོ་ལྔ་བརྒྱ་ཡོད་ཀྱང་སྲས་ནི་གཅིག་ཀྱང་མེད་པས༔ མོ་པྲ་མཁན་དང་༔ རྩིས་མཁན་དང་བྲམ་ཟེར་བརྟགས་མཁན་རྣམས་ལ་མོ་པྲ་དང་༔ མོ་རྩིས་དང་ལྟས་རྣམས་བརྟགས་པས་མོ་པྲ་མཁན་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ༔ ད་ལོ་རྒྱལ་པོ་ཚང་གིས་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཞིང་༔ ཡུལ་མི་དང་དགེ་འདུན་ལ་སྟོན་ཤིག་ཆེན་པོ་བྱེད་པ་དང་༔ ལྷ་ཀླུ་རྣམས་དང་ཡུལ་བདག་དང་༔ གནས་བདག་དང་དཀར་ཕྱོགས་སྐྱོང་བ་ལ་དགའ་བ་རྣམས་ལ་གསོལ་མཆོད་ཆེན་པོར་བྱེད་པ་དང་༔ གསོལ་བ་གདབ་པ་དང་སྨོན་ལམ་རྒྱ་ཆེར་གདབ་ན་བུ་ཞིག་བཙའ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ༔
དེ་ནས་མོ་པྲ་མཁན་རྣམས་ཀྱིས་ལུང་བསྟན་པ་དེ་བཞིན་དུ་བྱས་པ་ལ༔ སྟོན་ཤིག་དང་མཆོད་པ་ཆེན་པོ་བྱས་པའི་གོང་དུ༔ ལྷ་མོ་འོད་འཆང་མ་ལ་འཁོར་ལྷ་མོ་འབུམ་ཕྲག་གིས་བསྐོར་བའི་ཚོགས་དང་བཅས་པ་དང་༔ གཞན་ཡང་གཟུགས་ཁམས་ཀྱི་ལྷ་རྣམས་དང་༔ འདོད་ཁམས་ཀྱི་ལྷ་ལ་སོགས་པའི་ལྷ་མོ་འབུམ་ཕྲག་མང་པོའི་ཚོགས་དང་བཅས་པ་རྣམས་རྒྱ་གར་དུ་གཟིགས་མོར་ནམ་མཁའ་ལ་བྱོན་པའི་ཚེ༔ རྒྱལ་པོ་དང་༔ བཙུན་མོ་དང་༔ བློན་པོ་དང་དགེ་འདུན་གྱི་སྡེ་དང་༔ ཡུལ་མི་ཚོགས་པ་རྣམས་དང་བཅས་པས་བདེན་སྟོབས་བརྗོད་པ་དང་༔ གསོལ་བ་གདབ་པ་དང་༔ སྨོན་ལམ་རྒྱ་ཆེར་བཏབ་པའི་སྟོབས་དང་རྟེན་འབྲེལ་ལས་ཀྱི་མཐུས༔ ལྷ་མོ་འོད་འཆང་མ་ལ་ལྟུང་བ་ཕོག་པས་ལྷ་མོའི་ལུས་ཀྱི་འོད་རྣམས་ཉམས་པ་ལ་སོགས་པའི་ལྟས་རྣམས་རིག་ནས་ལྷ་མོས་ཐུགས་བསྐྱེད་དེ༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་ལྔའི་སྤྲུལ་པ་དཔག་ཏུ་མེད་པ་མཛད་ནས་ཁམས་གསུམ་པོ་ཁྱབ་པར་བྱས་ཤིང་༔ གཞན་ཡང་ས་གཡོས་པ་དང་༔ ཐུག་ཆོམ་དང་ལྷ་མོ་རྣམས་ཀྱིས་རྔ་བོ་ཆེ་བརྡུང་བ་ལ་སོགས་པའི་རོལ་མོ་སྣ་ཚོགས་སྒྲོག་པ་དང་༔ མེ་ཏོག་སྣ་ཚོགས་ཀྱི་ཆར་ཕབ་པ་དང་༔ དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་རྣམས་བྱུང་བས་དེ་དང་མཉམ་དུ་ལྷ་མོའི་ཐུགས་ཀའི་འོད་ཟེར་ཁ་དོག་ལྔ་འབར་བའི་རྣམ་པས་རྒྱལ་པོའི་ཕོ་བྲང་དུ་བབས་པས་རྒྱལ་བློན་འཁོར་བཅས་རྣམས་ཉམས་དགའ་ཞིང་བག་དྲོ་བར་བྱུང་ངོ་༔ དེ་ནས་རྒྱལ་བློན་ཡུལ་མི་འཁོར་འབངས་དང་༔ དགེ་འདུན་གཉེན་སྡེ་དང་བཅས་པ་རྣམས་ཉམས་དགའ་བ་དང་༔ བག་དྲོ་བ་དང་༔ སྣང་བ་དྭངས་བའི་ངང་ནས་དགེ་ལེགས་དང་༔ བཀྲ་ཤིས་དང་སྨོན་ལམ་བརྗོད་ཅིང་འགྲུབ་པར་གཟིགས་སོ༔
དེ་ནས་ལྷ་དང་མིའི་འདུ་ཚོགས་རྣམས་ནི་སོ་སོར་གྱེས་ཤིང་དགེ་ལེགས་སུ་གྱུར་ཏོ༔ དེའི་ནུབ་མོ་ཐོ་རངས་ཀྱི་དུས་སུ་རྒྱལ་པོའི་བཙུན་མོ་གནང་ཆེན་མ་དཔའ་མོ་མཚོའི་ལུས་ལ་ལྷ་མོའི་ཐུགས་ཞུགས་ཏེ༔ ལྷ་མོའི་རིགས་ཡིན་པས་ལྷ་བཟའ་ལྷ་སྒྲོན་མ་ཡང་ཟེར་རོ༔ མིང་དྲང་པོ་ནི་དཔལ་མོ་མཚོ་ཟེར་རོ༔ དེ་ནས་རྒྱལ་པོ་དང་༔ བཙུན་མོ་དང་ནང་བློན་རྣམས་ལ་ཡོན་ཏན་གྱི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ངོ་༔ ཁྱད་པར་དུ་ཡང་བཙུན་མོ་ཉིད་ལ་ལུས་ཡང་བ་དང་༔ ནད་མེད་པ་དང་ཤེས་པ་གསལ་ཞིང་རྨི་ལམ་རྣོ་བ་དང་སྒྲིབ་པ་དག་པའི་རྟགས་ལ་སོགས་པའི་ཡོན་ཏན་མཐའ་ཡས་པ་རྣམས་ལུས་སེམས་ལ་མྱོང་བར་བྱུང་བས་ཡུམ་ཡང་ཐུགས་ཤིན་ཏུ་དགྱེས་པར་གྱུར་ཏེ༔ ལུས་སེམས་ལ་བདེ་བ་ཁྱད་པར་ཅན་རྒྱས་སོ༔ དེ་ནས་ཡུམ་གྱི་ལྷུམས་སུ་འཇའ་འོད་ཀྱི་གཞལ་ཡས་ཁང་དུ་ལྷ་མོའི་ཐུགས་ནི་མིའི་གཟུགས་སུ་སྤྲུལ་ཏེ་ཁམས་འཕེལ་ཞིང་༔ བསྐྱེད་རིམ་གྱི་ངང་དུ་བཞུགས་པ་ནི་ལྷ་ལས་བབས་ནས་མིའི་ལྷུམས་སུ་ཞུགས་པ་སྟེ་རྣམ་གྲངས་གསུམ་པའོ༔
རྣམ་གྲངས་བཞི་པ།
དེ་ནས་ཟླ་བ་བཅུ་རྫོགས་ནས་ཕག་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ནམ་ལངས་སྐྱ་སང་ངེ་བ་ལ་སྐར་མ་རྒྱལ་ལ་སྐུ་འཁྲུངས་སོ༔ དེའི་ཚེ་ན་ནམ་མཁའ་ནས་ལྷས་རྔ་བོ་ཆེ་བརྡུངས་བ་ལ་སོགས་པའི་ཡོན་ཏན་དང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ངོ་༔ དེ་ནས་བཙས་སྟོན་ཡང་རྒྱ་ཆེན་པོ་རྒྱ་གར་ཤར་ནུབ་ཏུ་གྲགས་ཆེ་བ་ཙམ་བྱས་སོ༔ རྒྱལ་བློན་འཁོར་འབངས་ཡུལ་མི་གཉེན་སྡེ་དང་བཅས་པ་ཐམས་ཅད་ཀྱིས་རྒྱལ་བུ་འདི་སྨོན་ལམ་གྱིས་གྲུབ་པའི་སྲས་ཡིན་པས༔ འདི་ལ་སྨོན་ལམ་གྲུབ་མཚན་དུ་གསོལ་དགོས་ཟེར་ནས༔ རྒྱལ་བུ་ལ་མཚན་དུ་སྨོན་ལམ་གྲུབ་གསོལ་ལོ༔ དེ་ནས་རྒྱལ་བུ་འཚོ་སྐྱོང་བ་རྣམས་དང་༔ སྲུང་འཁོར་བ་རྣམས་དང་མ་མ་རྣམས་ཀྱིས་རིམ་པར་བསྐྱངས་ཏེ༔ རྒྱལ་བུ་ནར་སོན་ནས་ལོ་གསུམ་ལོན་ནས་ཡི་གེའི་ཚོགས་ཐམས་ཅད་དང་༔ གཏོང་བ་དང་༔ ཚུལ་ཁྲིམས་དང་༔ མང་དུ་ཐོས་པ་དང་༔ དྲན་པ་དང་༔ ཤེས་རབ་དང་༔ བྱམས་པ་དང་༔ སྙིང་རྗེ་དང་དུལ་བའི་ངང་ཚུལ་གྱིས་ཡབ་ཡུམ་དང་འཁོར་འབངས་ཐམས་ཅན་ལ་སེམས་བརྩེ་བ་དང་༔ མོ་རྩིས་དང་༔ སྒྱུ་རྩལ་དང་༔ གཟའ་སྐར་དང་༔ ལྟས་བཟང་ངན་དང་༔ མི་དང་དུད་འགྲོའི་མཚན་རྟགས་དང་༔ བཟོ་རིག་དང་གསོ་བ་རིག་པ་ལ་སོགས་པའི་རིག་པའི་གནས་རྣམས་ལ་མཁས་ཤིང་ཡུལ་ཁམས་ཀུན་ལ་ཕན་ཐོགས་པ་དང་༔ བསོད་ནམས་ཕུན་སུམ་ཚོགས་པ་དང་༔ སྐྱེ་བོ་མང་པོའི་ཚོགས་ལ་ཡི་གེའི་ཚོགས་ཐམས་ཅད་ཀྱི་འབྲི་ཀློག་དང་གཞན་ཡང་རིག་པའི་ཚོགས་རྣམས་ཀྱང་བསླབ་པ་ལ་བརྩོན་ཞིང་ཕན་པ་དང་༔ བརྩེ་བའི་སེམས་ཀྱིས་འཁོར་སྡེའི་རིགས་ཐམས་ཅད་བསྐྱངས་བས་སྐྱེ་བོ་ཐམས་ཅད་ཀྱང་དགའ་མགུ་ཡི་རང་སྟེ༔ རྒྱལ་བུ་སྨོན་ལམ་དོན་གྲུབ་འདི་སངས་རྒྱས་ཀྱི་རྣམ་སྤྲུལ་ཞིག་ཡིན་པར་འདུག་ཟེར་སྐད་དོ༔
དེ་ནས་རྒྱལ་བུ་ལོ་བཅུ་ལོན་ནས་ཡབ་ཡུམ་གཉིས་ལ་འདི་སྐད་ཞུས་པས༔ ཀྱེ་རྒྱལ་པོ་ཡབ་ཡུམ་ལགས༔ ད་ནི་བདག་རབ་ཏུ་བྱུང་དགོས་ལགས་ཞེས་ཞུས་པས༔ རྒྱལ་པོ་ཡབ་ཡུམ་གྱིས་བཀའ་གནང་ནས་པཎྜི་ཏ་སི་ཏི་བྷ་ཏྲའི་དྲུང་དུ་རབ་ཏུ་བྱུང་བས་མཚན་དུ་དོན་གྲུབ་བཟང་པོ་བཏགས་སོ༔ བླ་མའི་དྲུང་དུ་ལོ་གསུམ་བསྡད་ནས་སྒྲ་ཚད་མ་དང་༔ ཕར་ཕྱིན་དང་༔ འདུལ་བ་དང་༔ མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་ལ་མཁས་པར་བསླབ་པས་བླ་མ་བས་ཀྱང་ལྷག་པར་མཁས་པར་བྱུང་ནས༔ བླ་མས་ཀྱང་རིག་ལྡན་ཞིག་ཡིན་པར་དགོངས་ནས་རྒྱུད་སྡེ་བཞི་ལ་བསླབ་པས༔ རྒྱུད་སྡེ་བཞི་ལ་ཡང་ཁྱད་པར་དུ་མཁས་པ་བྱུང་ཞིང་བླ་མའི་དྲུང་དུ་སྡེ་སྣོད་གསུམ་ལ་གསེ་གཤག་ལེགས་པར་བྱས༔ རྒྱུད་སྡེ་བཞི་ལ་དབྱེ་བསལ་མང་དུ་བྱས་ཤིང་༔ ཁྱད་པར་དུ་ཡང་ཐུགས་ལས་འཁྲུངས་པའི་རྟོགས་པ་རྣམས་ཕུལ་བས་བླ་མ་ཤིན་ཏུ་མཉེས་པས་དོན་གྲུབ་བཟང་པོ་ཁྱོད་ཀྱི་བླ་མ་ད་ངས་མི་ནུས་པར་འདུག༔ ཁྱོད་རང་འདི་ནས་བྱང་ཕྱོགས་ཟངས་གླིང་ཞེས་བྱ་བ་ན་གྷུ་རུ་རཏྣ་བྱ་བ་འཁོར་ལོ་བདེ་མཆོག་གི་གྲུབ་ཐོབ་ཆེན་པོ་ཡེ་ཤེས་ཀྱི་ཞལ་མངོན་སུམ་དུ་སྤྲུལ་ནུས་པ༔ སྡེ་སྣོད་མ་ལུས་པ་ཐུགས་སུ་ཆུད་ཅིང་ཡོན་ཏན་ཐམས་ཅད་ཀྱི་རྒྱན་དང་ལྡན་པ་ཞིག་བཞུགས་ནས་ཡོད༔ ཁྱོད་དེའི་དྲུང་དུ་སོང་ལ་ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་ལེགས་པོར་ཆོད༔ ཁྱད་པར་དུ་ཡང་གསང་སྔགས་བླ་ན་མེད་པ་ཉམས་སུ་ལོངས་ལ་གྲུབ་པ་བརྙེས་པ་གྱིས་དང་༔ ཁྱོད་སེམས་ཅན་མང་པོ་ལ་ཕན་ཐོགས་པ་ཞིག་འདུག་གོ་གསུངས༔
དེ་ནས་དགུང་ལོ་བཅུ་གསུམ་གྱི་དུས་སུ་ཡབ་ཡུམ་གཉིས་ཀ་འདས་པས༔ དེ་ནས་མ་ཧེ་བཞོན་མ་ལྔ་བརྒྱ་དང་ལྔ་སྟོང་༔ མི་བཞོ་བ་ལྔ་སྟོང་དང་ལྔ་བརྒྱ༔ གཞན་མ་ལྔ་སྟོང་དང་ལྔ་བརྒྱ༔ གླང་པོ་ཆེ་ལྔ་སྟོང་དང་ལྔ་བརྒྱ༔ བ་ལང་ལྔ་སྟོང་དང་ལྔ་བརྒྱ༔ རྟ་མཆོག་ལྔ་སྟོང་དང་ལྔ་བརྒྱ༔ བང་འགྲོས་ལྔ་སྟོང་དང་ལྔ་བརྒྱ༔ གཞན་གྱི་བང་མཛོད་དང་ནོར་རྫས་ལ་སོགས་པ་རྣམས་གཅིག་ཀྱང་མ་ལུས་པ་ཡབ་ཡུམ་གཉིས་ཀྱིས་གཤེགས་རྫོངས་བྱས་སོ༔ བཙུན་མོ་རྣམས་དང་༔ བློན་པོ་རྣམས་དང་༔ ཡུལ་མི་འཁོར་འབངས་གཉེན་སྡེ་དང་བཅས་པ་རྣམས་ཀྱི་སོ་སོར་གང་འདོད་པའི་དགའ་བས་ཚིམ་པར་བྱས་སོ༔ ཕོ་བྲང་རྒྱལ་ས་སྡེ་འཁོར་དང་བཅས་པ་ཕ་སྤུན་འདོད་པ་ཆེ་བ་ཞིག་ལ་གཏད་ནས་ཐམས་ཅད་ཡི་རང་བར་བྱས་སོ༔
དེ་ནས་ཅི་ཡང་མེད་པར་བྱས་ནས་དོན་གྲུབ་བཟང་པོ་བྱང་ཕྱོགས་ཟངས་གླིང་ལ་དངོས་སུ་བྱོན་ནས༔ གྷུ་རུ་རཏྣ་ཞེས་བྱ་བའི་དྲུང་དུ་ཕྱིན་པས་བླ་མས་སྣོད་ལྡན་དུ་གཟིགས་ནས་ཡི་དམ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་མངོན་སུམ་དུ་སྤྲུལ་ཏེ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར༔ ཡི་དམ་འཁོར་ལོ་བདེ་མཆོག་གི་དངོས་གྲུབ་ཐོབ༔ སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བགྲོད་པ་ལ་ཐོགས་པ་མེད་པར་བྱུང་ནས་ལོ་གསུམ་བླ་མའི་དྲུང་དུ་བསྡད༔ མདོ་རྒྱུད་ཀྱི་ཆོས་ཐམས་ཅད་ལ་སྒྲོ་འདོགས་ལེགས་པར་ཆོད་པ་བྱས༔ ཁྱད་པར་དུ་གསང་སྔགས་བླ་ན་མེད་པའི་བསྐྱེད་རྫོགས་ལ་མཁས་ཤིང་གྲུབ་པ་བརྙེས་ཏེ༔ བླ་མའི་ཞལ་ནས་དོན་གྲུབ་བཟང་པོ་ཁྱོད་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཀྱི་གླིང་དུ་སོང་དང་མུ་སྟེགས་པ་ཐམས་ཅད་འདུལ་དགོས་པ་ཡོད༔ ཁྱོད་མིན་པ་དེང་སང་རྒྱ་གར་ཤར་ནུབ་ཏུ་མུ་སྟེགས་པ་ལ་རྩོད་ནུས་པ་གཞན་སུ་ཡང་མི་འདུག་ཅེས་གསུངས༔ ལག་པ་བཞིན་དུ་དགེ་སྡིག་རྩ་བ་ཡིན་ཞེས་སོ༔ དེ་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་དད་པ་ཡིན༔ དད་པ་ཡོད་ན་དཀར་པོའི་ཆོས་རྣམས་ཡོད༔ དད་པ་མེད་ན་དཀར་པོའི་ཆོས་རྣམས་མེད༔ དད་པ་འཕེལ་ན་དཀར་པོའི་ཆོས་རྣམས་འཕེལ༔ དད་པ་འགྲིབ་ན་དཀར་པོའི་ཆོས་རྣམས་འགྲིབ༔ དེས་ན་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་ལ་རག་ལས་སོ༔
དེ་ཡང་དད་པ་སྐྱེ་བའི་རྒྱུ་བཞི་ཡོད་དེ༔ དགེ་བའི་བཤེས་གཉེན་བསྟེན་པ་དང་གཅིག༔ གྲོགས་དད་པ་ཅན་དང་འགྲོགས་པ་དང་གཉིས༔ འཆི་བ་མི་རྟག་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་བསམ་པ་དང་གསུམ༔ མདོ་སྡེའི་ཆོས་ལ་ལྟ་བ་དང་བཞིའོ༔ དེ་ལ་དགེ་བའི་བཤེས་གཉེན་དོན་གྲུབ་བཟང་པོ་དགུང་ལོ་བཅུ་དྲུག་གི་དུས་སུ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས་སུ་བྱོན་ཏེ༔ པཎྜི་ཏ་ནང་པའི་སྡེ་ཚན་ལ་ལྔ་སྟོང་དང་ལྔ་བརྒྱ་ཙམ་འདུས་ནས་འདུག་པ་ལ་གཡས་གྲལ་བྱས་ནས་བསྡད༔ ཕྱི་པ་མུ་སྟེགས་པ་ལ་འབུམ་ཕྲག་ལྔ་དང་སྟོང་ཕྲག་ལྔ་བས་ལྷག་ཙམ་ཞིག་འདུག་པ་ལ་གཡོན་གྲལ་བྱས་སོ༔ དེ་ནས་ཟླ་བ་གཅིག་གི་རིང་ལ་རྩོད་པ་བྱས་པས༔ དོན་གྲུབ་བཟང་པོ་ལ་མུ་སྟེགས་པ་རྣམས་ཀྱིས་ཚིག་གཅིག་གིས་ཀྱང་རྒོལ་མ་ནུས་ནས་གླགས་མ་རྙེད་པས༔ མུ་སྟེགས་པ་ཐམས་ཅད་ཕམ་ནས་འབུམ་ཕྲག་ལྔ་པོ་དེ་ནང་པ་སངས་རྒྱས་པའི་སྡེ་ལ་ཚུད༔ དེ་རྗེས་ལྷག་མ་རྣམས་ཕྱིར་ལོག་སྟེ་སེམས་འགྱོད་པ་དང་བཅས་ས་མཐར་འཁྱམ་པར་སོང་ངོ་༔
མུ་སྟེགས་གཟི་ལྡན་ནག་པོ་ཞེས་བྱ་བ་མཐུ་ནུས་པ་དང་ལྡན་པ་རྫུ་འཕྲུལ་མཐའ་ཡས་པ་ཐོགས་པ་ཞིག་འདུག་པ་དེ་མ་ཐུལ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ་རི་རབ་ཀྱི་ཁོང་གསེང་ན་ཞུགས་ནས་པཎྜི་ཏ་དོན་གྲུབ་བཟང་པོའི་ཕྱིས་འབྱུང་བོད་དུ་འགྲོ་དོན་བྱེད་པའི་དུས་སུ་བསྟན་པ་ལ་གནོད་པར་དམ་བཅས་ཏེ་མཐུ་དང་ནུས་པས་དམོད་པ་བོར་བར་བྱས་སོ༔ དེ་ནས་ནང་པ་སངས་རྒྱས་པའི་བསྟན་པ་རྣམས་རྒྱས་པར་བྱས་ཏེ༔ རང་རང་གི་དགོན་གནས་རྣམས་སུ་སོང་ངོ་༔ པཎྜི་ཏ་དོན་གྲུབ་བཟང་པོ་ཡང་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་ལོ་བཞིར་བཞུགས་ནས་ཐུགས་དམ་སྐྱོང་བར་མཛད༔
དེ་ནས་དགུང་ལོ་ཉི་ཤུ་ལོན་ནས་རྟ་ལོ་ཟླ་དང་པོའི་ཚེས་བརྒྱད་ཀྱི་ནམ་ཐོ་རངས་ཁ་ལ་རྗེ་བཙུན་སྒྲོལ་མ་གཙོ་འཁོར་ཉི་ཤུ་རྩ་གཅིག་ནམ་མཁའ་ནས་བྱོན་ཏེ་པཎྜི་ཏ་དོན་གྲུབ་བཟང་པོ་སྒྲུབ་པ་མྱུར་དུ་གྱིས་དང་བོད་དུ་འགྲོ་དོན་ལ་མྱུར་དུ་འགྲོ་དགོས་པ་ཡོད་ཅེས་གསུངས་ནས་ལུང་བསྟན་པ་དང་༔ དོན་གྲུབ་བཟང་པོའི་ད་ནི་གནས་འགྲིམ་ཞིག་བྱེད་དགོས་དགོངས་ནས་བྱང་ཕྱོགས་ངོས་སུ་བྱོན་པས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་དུར་ཁྲོད་ཆེན་པོ་རོ་ལང་ཞེས་བྱ་བ་ཞིག་ཡོད་དེ༔ དེ་ན་ནི་སྟག་དང་༔ གཟིག་དང་༔ དོམ་དང་༔ དྲེད་དང་འཕར་བ་དང་༔ སྤྱང་ཀི་དང་༔ ལྕེ་སྤྱང་དང་༔ ཝ་དང་༔ རྦད་དང་༔ ཁྱི་དང་༔ གསའ་དང་༔ གསའ་རང་དང་༔ གུང་དང་༔ གཡུ་དང་༔ སྲེ་མོང་དང་༔ བྱ་རྒོད་དང་༔ འུག་པ་དང་༔ ཀང་ཀ་དང་༔ ཕོ་རོག་དང་༔ ཁྭ་ཏ་དང་༔ འུར་ཝ་དང་༔ ཤ་ཟ་དང་༔ མ་མོ་དང་༔ གཤིན་རྗེ་དང་༔ སྲིན་པོ་དང་༔ འབྱུང་པོ་དང་༔ ཕྲ་མེན་དང་༔ ཡི་དྭགས་དང་༔ དྲང་སྲོང་དང་༔ མཁའ་འགྲོ་དང་༔ ཤུགས་འགྲོ་དང་༔ ཞིང་སྐྱོང་དང་༔ མེ་སྒྲ་དང་༔ ཆུ་སྒྲ་དང་༔ རླུང་སྒྲ་ལ་སོགས་པ་རྣམས་ཀྱིས་ཧ་ཧ་དང་༔ ཧོ་ཧོ་དང་༔ ཧི་ཧི་དང་༔ སོད་སོད་དང་༔ རྒྱོབ་རྒྱོབ་དང་༔ ཟོ་ཟོ་དང་ཨ་ར་ལི་ཧོ༔ ཧ་ཧཱུཾ་ཕཊ༔ ཅེས་པའི་སྒྲ་མི་མཐུན་པ་སྣ་ཚོགས་པ་སྒྲོགས་ཤིང་༔ འཇིགས་ཤིང་ཡ་ང་བའི་དུར་ཁྲོད་ཆེན་པོ་དེར་བྱོན་ནས་ཉལ་ནས་བསྡད་པས་དེ་ཡི་ནུབ་མོ་ནམ་སྲོད་འཁོར་ཙམ་དུ་དུར་ཁྲོད་དེར་གནས་པའི་མཁའ་འགྲོ་མ་རུས་པའི་རྒྱན་དྲུག་དང་༔ གྲི་གུག་དང་ཐོད་ཁྲག་ཁ་ཊྭཱཾ་ཐོགས་པ་གཅིག་བྱུང་ནས༔ པཎྜི་ཏ་དོན་གྲུབ་བཟང་པོ་ཁྱོད་ང་ཡི་དུར་ཁྲོད་འདི་མིན་པ་ལ་ཉལ་ས་མ་རྙེད་པ་ཨེ་ཡིན༔ ཁྱོད་ངའི་དུར་ཁྲོད་འདིར་མ་འདུག་ངས་ཁྱོད་ཀྱི་མགོ་གཅོད༔ སྙིང་ཕྱུང་༔ ཡན་ལག་འབྲེག༔ མགོ་སྙིང་ཟ༔ ཀླད་པ་ལྡག་པ་ཡིན་ཟེར་ནས་ཆོ་འཕྲུལ་མི་འདྲ་བ་ཡ་མ་ཟུང་མང་པོ་བསྟན་པས༔ དོན་གྲུབ་བཟང་པོས་ཏིང་ངེ་འཛིན་གྱི་གཟིར་བས་མཁའ་འགྲོ་མའི་མ་བཟོད་ནས་སྲོག་སྙིང་ཕུལ་ཏེ་དམ་བཅས་སོ༔ དེའི་ཐོ་རངས་ཁར་ཡུམ་ཆེན་མོ་བདག་མེད་མ་ལྷ་མོ་བཅོ་ལྔ་བྱོན་ནས་བྱུང་སྟེ༔ རྣལ་འབྱོར་པ་ཁྱོད་པོ་ཏ་རིར་སོང་ལ་སྒྲུབ་པ་མྱུར་དུ་གྱིས་དང་༔ ཁྱོད་བོད་དུ་འགྲོ་དོན་ལ་འགྲོ་དགོས་པ་ཡོད་གསུངས་ནས༔ འཇའ་བཞིན་དུ་ཡལ་ནས་ཐལ་ལོ༔
དེ་ནས་དོན་གྲུབ་བཟང་པོའི་ཐུགས་དགོངས་ལ༔ ང་ལང་ཚོ་ཆུང་བས་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱེད་དགོས་དགོངས་ཏེ་སྒྲུབ་པ་ལྷ་གང་ལ་བྱེད་ནས་མཐར་ཕྱིན་པ་འོང་ངམ་བསམས་ནས་ཐུགས་དགོངས་བཏང་བས༔ ད་བོད་དམུ་རྒོད་པས་འདུལ་བ་ཡང་དཀའ་བས་ལྷ་གང་གི་སྒོ་ནས་འདུལ་དགོས་པ་ཡང་མི་ཤེས་སྙམ་ཙ་ན༔ ནམ་པན་པུན་དུས་སུ་མ་ཧ་མ་ཡ་ལྷ་ལྔ་བྱོན་ནས་བྱུང་སྟེ༔ རྣལ་འབྱོར་པ་ཁྱོད་པོ་ཏ་རིའི་བྲག་ཕུག་བྷ་ཏྲ་ཡ་ནར་སོང་ལ༔ ཐུགས་སྒྲུབ་ནག་མོ་ལྷ་ལྔའི་སྒྲུབ་པ་གྱིས་དང་༔ མྱུར་དུ་བོད་དུ་འགྲོ་དོན་ལ་འགྲོ་དགོས་པ་ཡོད་པས་བརྩོན་འགྲུས་མྱུར་དུ་སྐྱེད་ཅིག་གསུངས་ནས་འོད་དུ་ཡལ་ནས་ཐལ་ལོ༔
དེ་ནས་ནམ་ལངས་ཙ་ན་དུར་ཁྲོད་ཀྱི་བདག་མོ་མཁའ་འགྲོ་མ་དེས༔ ངས་ཁྱོད་ཀྱི་ལམ་མཁན་བྱེད་དོ༔ པོ་ཏ་རིར་ད་འགྲོ་ཞིག་ཟེར་ནས༔ དུར་ཁྲོད་ཀྱི་མཁའ་འགྲོ་མ་དེ་དང་འགྲོགས་ནས༔ རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་ནས་སོང་བས་སྐད་ཅིག་ཉིད་ལ་ཐོགས་པ་མེད་པར་པོ་ཏ་རིའི་བྲག་ཕུག་བྷ་ཏྲ་ཡའི་ནང་དུ་ཕྱིན་པས༔ དེར་བཞུགས་ནས་རྗེ་བཙུན་མ་ཕག་མོ་ལྷ་ལྔའི་སྒྲུབ་པ་མཛད་པས་ཞག་བཅུ་བཞི་ནས་ཐུན་མོང་གི་དངོས་གྲུབ་ཐོབ༔ ཟླ་བ་གཅིག་ནས་ཐུགས་སྒྲུབ་ལྷ་ལྔའི་ཞལ་གཟིགས་ཏེ་ཡེ་ཤེས་གསང་བའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས༔ བོད་དུ་འགྲོ་བ་འདུལ་བ་ལ་འགྲོ་དགོས་པ་ལ་སོགས་པའི་ལུང་བསྟན་མང་དུ་མཛད་ནས་འོད་དུ་ཞུ་ནས་རང་གི་སྙིང་ཁར་ཐིམ་པའི་ཚུལ་མཛད་དོ༔ དེ་ནས་ཟླ་བ་གཅིག་ནས་རྗེ་བཙུན་མ་སྒྲོལ་མ་བྱོན་ནས༔ སྒྲུབ་པ་མྱུར་དུ་གྱིས་དང་བོད་དུ་འགྲོ་དོན་ལ་འགྲོ་དགོས་པ་ཡོད་གསུངས་ནས༔ ལུང་བསྟན་མང་དུ་མཛད་ནས་རང་གི་སྙིང་ཁར་ཐིམ་ནས་བྱུང་ངོ་༔
དེ་ནས་ཡར་ངོའི་ཚེས་གསུམ་ལ་མགོན་པོ་ཚེ་དཔག་མེད་ལྷ་དགུ་བྱོན་ནས་ལུང་བསྟན་པ་དང་༔ རྗེས་སུ་གནང་བ་དང་བྱིན་གྱིས་རླབས་པ་མང་པོ་མཛད་ནས་རང་གི་སྙིང་ཁར་ཐིམ་ནས་བྱུང་ངོ་༔ ཚེས་བརྒྱད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་རྣམས་བྱོན་ནས༔ ལུང་བསྟན་མང་དུ་མཛད་ནས་རྗེས་སུ་གནང་བ་དང་༔ བྱིན་གྱིས་བརླབས་པར་མཛད་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔ ཚེས་བཅུ་ལ་པདྨ་བཛྲ་མཁའ་འགྲོ་མ་ཡི་ཚོགས་དང་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་བྱོན་ནས་ཆོས་ཀྱི་དྲི་བ་མང་དུ་མཛད་པ་ལ་མ་ཤེས་པ་ནི་གཅིག་ཀྱང་མ་བྱུང་ཞིང་༔ པདྨ་བཛྲ་གྱིས་རྟ་ཕག་གསང་བའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཏེ་ལུང་བསྟན་མང་དུ་བོད་དུ་མཛད་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔
པདྨ་བཛྲ་གྱི་འཁོར་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པ་ཕུལ་ཞིང་༔ བོད་དུ་འགྲོ་བ་འདུལ་བ་ལ་འགྲོ་དགོས་པར་གསོལ་བ་བཏབ་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔ ཚེས་བཅུ་བཞིའི་ནམ་སྲོད་འཁོར་ཙམ་དུ་དཔལ་གསང་བ་འདུས་པའི་ཞལ་ནམ་མཁར་བྱོན་ནས་དབང་བསྐུར་བ་དང་ལུང་བསྟན་པར་མཛད་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔ ནམ་ཕྱེད་ནས་དགྱེས་རྡོར་སྤྲུལ་པའི་ལྷ་དགུ་བྱོན་ནས༔ དབང་བསྐུར་བ་དང་རྗེས་སུ་གནང་བ་མང་དུ་མཛད་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔ ནམ་ཕྱེད་ཡོལ་ནས་ཡི་དམ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་བྱོན་ནས་དབང་བསྐུར་བ་དང་ལུང་བསྟན་པ་མང་དུ་མཛད་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔ ནམ་ཐོ་རངས་ཁ་ལ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་བྱོན་ནས་དབང་བསྐུར་བ་དང་ལུང་བསྟན་ཐམས་ཅད་བོད་དུ་མཛད་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔
ནམ་ལངས་སྔ་མ་ལ་མགོན་པོ་ཕྱག་དྲུག་པ་དང་རིགས་གསུམ་མགོན་པོ་རྣམས་བྱོན་ནས་རྗེས་སུ་གནང་བ་དང་ལུང་བསྟན་བོད་དུ་མཛད་ནས་སྙིང་ཁར་ཐིམ་ནས་བྱུང་ངོ་༔ ཉི་མ་རྩེ་ཤར་ཙམ་ན༔ བདེ་གཤེགས་འདུས་པ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ནམ་མཁར་མངོན་སུམ་དུ་བྱོན་ནས་དབང་བསྐུར་བ་དང་༔ ལུང་བསྟན་པ་དང་རྗེས་སུ་གནང་བ་བོད་དུ་མཛད་ནས་རང་གི་སྙིང་ཁར་ཐིམ་ནས་བྱུང་ངོ་༔ དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་བོད་དུ་འགྲོ་བ་འདུལ་བ་ལ༔ མྱུར་དུ་འགྲོ་དགོས་པར་རིམ་པ་བཞིན་དུ་བསྐུལ་ནས་བྱུང་ངོ་༔
ཚེས་བཅོ་ལྔ་ནས་ཐོ་རངས་ཁ་སྔ་མ་ལ་མཁའ་འགྲོ་མ་མཐིང་ནག་རུས་པའི་རྒྱན་དྲུག་ཐོགས་པ་ཁ་ཊྭཱཾ་ག་དང་གྲི་གུག་ཕྱར་བ་སྤྱི་བོར་ཕག་ཞལ་རལ་པའི་དབུས་སུ་ཐོན་པ་ཤིན་ཏུ་ཁྲོས་པའི་གཟུགས་ཅན་ཞིག་གིས་ཁ་ཊྭཱཾ་ག་སིལ་དི་རེ་བྱུང་ནས་རྣལ་འབྱོར་པ་ཁྱོད་ཀྱིས་བོད་དམུ་རྒོད་འདུལ་བ་ལ་འགྲོ་བའི་ཐུགས་བསྐྱེད་ཅིག་ངས་ཁྱོད་གསོད་པ་ཡིན་ནོ༔ རྣམ་ཤེས་ངའི་ཐུགས་ཀར་སྟིམས་ཤིག་ཅེས་གསུངས་ནས་ཁ་ཊྭཱཾ་གས་སྤྱི་བོར་བརྒྱབ་ནས་གྲི་གུག་གིས་སྙིང་ཁར་བརྡེགས་ནས་གསོད་པའི་ཚུལ་མཛད་པ་དང་དོན་གྲུབ་བཟང་པོའི་ཐུགས་ནི་མཁའ་འགྲོའི་ཐུགས་ཀར་བསྟིམས་ནས་དགུང་ལོ་ཉི་ཤུའི་དུས་ཀྱི་གདུང་ཡིན་པས་མི་ཉམས་པར་བྱིན་གྱིས་བརླབས་ཏེ༔ སྐུ་གཟི་བརྗིད་དང་ལྡན་པ་འདོམ་གང་ཙམ་དུ་འཇའ་འོད་ཀྱི་ནང་དུ་བཞུགས་སོ༔ ཐུགས་ནི་མཁའ་འགྲོ་མ་ལ་བསྟིམས་ཏེ་མཁའ་འགྲོ་མས་ལམ་མཁན་བྱས་ནས་ཐོགས་པ་མེད་པར་བོད་ཀྱི་ཡུལ་ཕྱི་དབྱེའི་གང་བར་དུ་སླེབས་ཏེ༔ རྟ་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁ་ལ་ཡུམ་གྱི་ལྷུམས་སུ་ཞུགས་སོ༔ དེའི་ཡུལ་དང་ཡབ་ཡུམ་ནི་ཡུལ་ལབ་ཕྱི་དབྱེའི་གང་བར་ངམ་ཤོད་བྱ་བའི་སྨད་དུ་གྲོང་ཁྱེར་མཚོ་མེར་བྱ་བའི་ཡུལ་ཆེན་པོ་ཞིག་ཡོད་དོ༔ ཡུལ་དེའི་རྗེ་བོ་ནི༔ མི་ཚན་ནི་འབྲོག་མི་ཡིན་པས་འབྲོག་མི་ཡང་ཟེར༔ དཔོན་པོ་ཡང་ཟེར༔ གཙོ་བོ་ཡང་ཟེར༔ ཁེར་གད་ཡང་ཟེར༔ ཇོ་བོ་ཡང་ཟེར༔ མཚན་དྲང་པོ་ནི་ཆོས་ཀྱི་རྒྱལ་པོ་ཟླ་བ་རྒྱན་ཟེར་ཏེ་དེ་ནི་ཡབ་ཡིན་ནོ༔ ཡུམ་གྱི་མཚན་ནི་ཕྱུག་ཚང་གི་བུ་མོ་འབུམ་ལྕམ་མ་བྱ་བ་ཡིན་ཏེ༔ ཕྱུག་ཚང་བཟའ་འབུམ་ལྕམ་མ་ཟེར་རོ༔
ཡབ་ཡུམ་དེ་གཉིས་ནི་རིགས་མཐོ་ཞིང་གཟུགས་ལེགས་པ་འབྱོར་པ་ཆེ་བ་ངང་ཚུལ་དལ་ཞིང་མི་སྡེ་འཁོར་འབངས་ལ་ཤིན་ཏུ་བྱམས་པ་ཅི་བྱེད་ཐམས་ཅད་ཆོས་དང་མཐུན་པར་སྤྱོད་ཅིང་༔ ཡོ་བྱད་ཐམས་ཅད་ཆོས་ལ་གཏོང་ཞིང་དཀོན་མཆོག་གསུམ་ལ་ལྷག་པར་དད་ཅིང་དགེ་འདུན་གྱི་ཞབས་ཏོག་ལ་རེམ་པ༔ རང་གིས་ཀྱང་ཆོས་ལ་སྤྱོད་ཅིང་ལུས་ངག་ཡིད་གསུམ་ཆོས་ལ་བསྐུལ་ནུས་པ་གཞན་ལ་ཡང་དེ་བཞིན་དུ་སློབ་ནུས་པའི་བྱང་ཆུབ་སེམས་དཔའི་རིགས་བཟང་ཤོས་ཀྱི་ཇོ་བོ་དང་ཇོ་མོ་གཉིས་ཡིན་པས་གྲོང་ཁྱེར་ཡང་ལྔ་བརྒྱ་ཙམ་ལ་དབང་བསྒྱུར་བ་ཡོད་དོ༔ དོན་གྲུབ་བཟང་པོའི་ཐུགས་ནི་ཡབ་ཡུམ་དེའི་ལྷུམས་སུ་ཞུགས་པའི་ཚེ༔ རྟ་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ནམ་ཐོ་རངས་ཁའི་དུས་སུ་ཡུམ་གྱི་རྨི་ལམ་དུ་མཁའ་འགྲོ་མ་ཡིན་ཟེར་བའི་བུ་མོ་དཀར་མོ་བཞིས་བུམ་པ་དཀར་པོ་བཞི་བཟུང་བ་བྱུང་ནས་ཡུམ་གྱི་ལུས་མགོ་མཇུག་ཐམས་ཅད་བཀྲུས་པས་ངང་སངས་ཀྱི་ཐལ་བ་རྨིས་སོ༔ ཡང་མཁའ་འགྲོ་མ་དཀར་མོ་དང་༔ སེར་མོ་དང་༔ དམར་མོ་དང་༔ ལྗང་མོ་དང་བདུན་བདུན་རེ་མང་པོས་ཡུམ་ལ་མེ་ཏོག་གཏོར་ཞིང་མཆོད་པ་དང་བསྟོད་ནས་ངེད་ཀྱི་ཡུམ་མ་མ་བཞུགས་པར་ཞུ་ཟེར་བ་རྨིས་སོ༔
ཡང་མཁའ་འགྲོ་མ་མཐིང་ནག་ཤིན་ཏུ་ཁྲོས་པའི་ཆ་བྱད་ཅན་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་གྲི་གུག་དང་ཐོད་ཁྲག་ཁ་ཊྭཱཾ་འཕྱར་བ་གཅིག་ལ་འཁོར་མཁའ་འགྲོ་མ་སྔོན་མོ་ནམ་མཁའི་མདོག་འདྲ་བ་སྤྱི་བོར་ཕག་ཞལ་རལ་པའི་དབུས་སུ་ཐོན་པ་གྲི་གུག་དང་༔ ཐོད་ཁྲག་ཁ་ཊྭཱཾ་བསྣམས་པའི་མཁའ་འགྲོ་མ་བཞིས་བསྐོར་བའི་གཙོ་འཁོར་ལྔ་བྱུང་ནས་མཁའ་འགྲོ་མ་བཞི་པོ་དེ་སྔོན་རྒྱབ་གཡས་གཡོན་དུ་ལངས་ཏེ་འཇིགས་ཚུལ་བསྟན་ནས་བྱུང་ངོ་༔ དེ་ནས་དབུས་ཀྱི་མཁའ་འགྲོ་མ་གཙོ་མོ་མཐིང་ནག་དེ་ཁྲུ་གང་གི་ནམ་མཁའ་ལ་བཞེངས་ནས་གྲི་གུག་གིས་ཡུམ་གྱི་བྲང་གི་དཀྱིལ་དུ་གཤག་སྟེ༔ གཤགས་ནས་ཁྱོད་ཀྱི་མ་རིག་པའི་མུན་སྙིང་དེ་དྲངས་ནས་ངེད་རྣམས་ཀྱིས་ཟའོ་ཟེར་ནས་༔ གྲི་གུག་གིས་བྲང་དམར་ཕྱ་ལེ་ཕྱེས་ནས་སྙིང་དེ་ཁྲག་དམར་ཙ་ར་ར་འཛག་པ་དྲངས་ནས་མདུན་གྱི་མཁའ་འགྲོ་མ་གཙོ་མོ་དེའི་ཐོད་པར་བཅུག་སྟེ༔ གྲི་གུག་གིས་གཏུབས་ནས་གཙོ་མོ་ཐམས་ཅད་ཀྱིས་གསོལ་ནས་ཐལ༔ གཙོ་མོ་དེའི་ཕྱག་ཏུ་དུང་དཀར་གཡས་སུ་འཁྱིལ་བ་ཞིག་བསྣམས་ནས་འདུག་པ་དེ་འབུད་དོ༔ སྟོང་གསུམ་འཛམ་བུའི་གླིང་དུ་ཐོས་པ་ཙམ་དུ་གྲགས་པར་འདུག་གོ༔ དུང་དཀར་དེའི་ལྟེ་བ་ན་ཨ་དཀར་པོ་འོད་ཟེར་ལྔ་འབར་བ་ཞིག་འདུག་པ་དེ་འདི་ཁྱོད་ཀྱི་སྙིང་གི་ཚབ་ཏུ་བཏང་ངོ་ཟེར་ནས་སྙིང་གི་མལ་དུ་སྦས་ནས་བྱུང་ངོ་༔ གཙོ་མོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་བྱུང་ནས་ངའི་སྤྱི་བོར་ཐིམ༔ སྤྱི་བོ་ནས་སྙིང་གར་བྱུང་ངོ་༔ མཁའ་འགྲོ་མ་སྔོན་མོ་བཞིའི་འོད་ཀྱིས་ངའི་ལུས་ཐམས་ཅད་ཁྱབ་པར་བྱུང་ངོ་༔
དེ་ནས་མཁའ་འགྲོ་མ་སྔོན་མོ་བཞི་ནི་འོད་དུ་ཞུ་ནས་ནག་མོ་ལ་ཐིམ་ནས་ཐལ༔ གཙོ་མོ་ནག་མོ་ཉིད་ཀྱང་ནམ་མཁའ་འོད་ཀྱིས་གང་བའི་གསེབ་ཏུ་ཐིམ་ནས་ཐལ༔ དེ་རྣམས་ལ་ཡབ་ཡུམ་ཉིད་ཀྱང་བྲེད་པ་དང་ཡིད་མི་བདེ་བ་གང་ཡང་མ་བྱུང་ཞིང་༔ སྙིང་བཏོན་ཀྱང་ན་ཚ་དང་སྡུག་བསྔལ་ཡེ་ནས་མ་བྱུང་སྟེ་ཉམས་དགའ་བ་དང་ལུས་སེམས་བདེ་བ་དང་༔ ཤེས་པ་གསལ་བ་དང་སྔར་དང་མི་འདྲ་བའི་བདེ་བ་ཁྱད་པར་ཅན་མང་པོ་རྒྱས་པ་རྨིས་སོ༔ མནལ་སད་ཀྱང་བདེ་བ་དེ་ལྟ་བུའི་ངང་དུ་འདུག་གོ༔ དེའི་ཕྱིར་ནངས་ཉི་མ་རྩེ་ཤར་ཙམ་ན་གྲོང་ཁྱེར་དེ་ན་ཡོད་པའི་བུད་མེད་ཨ་སྨན་མ་བྱ་བ༔ ཚིག་དང་སྤྱོད་ལམ་ཆོ་ལེ་བ་སྨྲ་བ་ཞིག་ཡོད་པ་དེ་བྱུང་ནས༔ ངས་ད་ནངས་དཔོན་ཚང་ལ་རྨི་ལམ་བཟང་པོ་ངོམ་ཆོག་པ་ཞིག་རྨིས་པ་དེ་བསྐྱལ་འོང་པ་ཡིན་ཟེར་བ་དེར་ཁྱི་བཀག་ནས་ཤོག་ཅིག་བྱས་པས༔ མཆོད་ཁང་ཆེན་པོ་ཞིག་ཡོད་པའི་ནང་དུ་ཕྱིན་པ་དང་ང་ལ་རྨི་ལམ་བཟང་པོ་ངོམ་ཆོག་པ་ཞིག་བཤད་རྒྱུ་ཡོད༔ ཁྱེད་དཔོན་ཚང་ལ་མི་རབས་མང་པོ་ལ་ཉམས་པ་མེད་ཅིང་བསོད་ནམས་ནམ་མཁའ་དང་མཉམ་པ་ཞིག་འོང་བར་འདུག་ཟེར་ཏེ༔ ཇོ་མོ་ན་རེ༔ མདང་ང་རང་ཡང་ཐང་སྐྱིས་དུས་རྒྱུན་དང་མི་འདྲ་བའི་རྨི་ལམ་བཟང་པོ་ཞིག་བྱུང་བས་ལུས་སེམས་དང་སྣང་བ་ཐམས་ཅད་ད་ལྟ་ཡང་དགའ་ཞིང་བདེ་བ་ཞིག་ཡོད་པས༔ ཨ་སྨན་མ་འདི་ལ་རྨི་ལམ་ཅི་འདྲ་བ་ཞིག་བྱུང་སྙམ་ནས༔ དཔོན་ཚང་ལ་བྱོན་བྱས་ནས་གདན་དྲངས་པ་དང་ཨ་སྨན་མ་ལ་ཀ་བབ་བཟང་པོ་ཞིག་བྱིན་ནས་རྨི་ལམ་བཟང་པོ་ཡོད་ན་ད་ཤོད་ཅིག་བྱས་པས༔
ཨ་སྨན་མ་ན་རེ༔ མདང་གཉིད་ཡུན་རིང་ལ་གསལ་བའི་ཐོ་རངས་ཀྱི་དུས་སུ་རང་རེ་དཔོན་ཚང་གི་སྐུ་མཁར་འདི་དེ་སྔ་བས་སུམ་འགྱུར་གྱིས་མཐོ་ལ་གསེར་ཁྲི་འདི་ཡང་དེ་སྔ་བས་སུམ་འགྱུར་གྱིས་མཐོ་བ་ཞིག་འདུག་པའི་རྩེ་མོར༔ གསེར་གྱི་གདུགས་རིམ་པ་གསུམ་རང་འཁོར་དུ་སྒ་ར་ར་འཁོར་ཞིང་འདུག༔ དེའི་ཕྱོགས་བཞིར་དངུལ་གྱི་མེ་ལོང་ཟླ་བ་ཙམ་བཞི་རླུང་གིས་བསྐྱོད་ཅིང་འདུག་གོ༔ དེའི་འོད་ཀྱིས་ཡུལ་ཁམས་ཐམས་ཅད་དུ་གསལ་བ་ས་ལེ་བ་བྱེད་དོ༔ དེའི་ཕྱོགས་བཞིར་མཁའ་འགྲོ་མ་ཡིན་ཟེར་བའི་བུ་མོ་བཞིས་དུང་དཀར་ཆེན་པོ་རེ་རེ་ཕྱོགས་བཞིར་ཁ་གཏད་ནས་འབུད་བདོ་ཙ༔ གླིང་བཞིར་ཐོས་པ་ཙམ་དུ་སྐད་གྲགས་སོ༔ མཁར་གྱི་ཟུར་བཞི་ནས་བ་དན་དཀར་པོ་ཆེན་པོ་བཞི་རང་རང་གི་ཕྱོགས་ཕྱོགས་སུ་རླུང་གིས་གཡབ་ཅིང་སྐྱོད་པར་སྣང་ངོ་༔
མཁར་གྱི་པད་ཞབས་ཀྱི་མགུལ་དུ་མར་མེ་ཆེན་པོ་ཕྲེང་བ་ལྟར་ནམ་མཁའ་གཏད་མེད་པ་ལ་བསྐོར་ནས་འབར་ཞིང་འདུག་གོ༔ མར་མེ་འབར་བའི་འོད་ཀྱིས་འཛམ་བུའི་གླིང་ཐམས་ཅད་གསལ་བར་བྱེད་དོ༔ ནམ་མཁའ་ནས་འོད་ཟེར་ཁ་དོག་མི་འདྲ་བ་དཔག་ཏུ་མེད་པ་མང་པོ་མཁར་ལ་ཟུག་ནས་འདུག་གོ༔ མཁར་གྱི་ཕྱོགས་བཞི་ནས་ཉི་མ་བཞི་དུས་གཅིག་ལ་ཤར་ནས་འདུག་གོ༔ ཟུར་བཞི་ནས་དར་པོ་ཆེ་བཞི་ཡང་རླུང་གིས་ཕྱོགས་ཕྱོགས་སུ་བསྐྱོད་བདོ༔ ནམ་མཁའ་ནས་ལྷའི་བུ་དང་བུ་མོ་ཡིན་ཟེར་བའི་ཁྱེའུ་ཕོ་མོ་དཔག་ཏུ་མེད་པ་མང་པོས་མེ་ཏོག་སྣ་ཚོགས་ཀྱི་ཆར་བ་མང་པོ་མཁར་ལ་གཏོར་རོ༔
ནམ་མཁའ་དང་བར་སྣང་དང་མཁར་གྱི་ནང་ལ་སོགས་པ་རྣམས་སུ་རོལ་མོའི་སྒྲ་སྙན་དཔག་ཏུ་མེད་པ་མང་པོ་ཡང་གྲགས་སོ༔ ངས་ཀྱང་ཁང་གཉའ་ཡ་ཐ་འདི་ན་སྣང་བས་བུ་མོ་དུང་དཀར་འབུད་མི་དེ་ལ༔ འདི་ན་ཅི་བྱེད་པ་ཡིན་བྱས་པས་བུ་མོ་དེས་འདི་ན་ཡུམ་ཆེན་མོ་བཞུགས་པ་བྱེད་པ་ཡིན་ཟེར་རོ༔ མཆོད་ཁང་ནང་དུ་ཡང་རོལ་ཆ་མང་པོ་དི་རི་རི་གྲགས་པ་དང་ཡུམ་དེ་སུ་ལ་ཟེར་བ་ཡིན་བྱས་པས༔ ཡུམ་ཆོས་དབྱིངས་བཟང་མོ་ལ་ཟེར་བ་ཡིན༔ ད་ལྟ་པོ་ཏ་རི་ནས་འོང་བ་ཡིན་ཟེར་རོ༔ ད་ཡང་མཆོད་ཁང་ནང་དུ་ལྟ་འགྲོ་བས་རྙེད་དམ་བསམ་ནས་འགྲོ་བའི་བསམ་པ་བྱུང་ཙ་ན་སོང་ཟེར་རོ༔ གཞན་ཡང་རྨི་ལམ་བཟང་པོ་རྨིས་ཟེར་བ་མང་པོ་བྱུང་ངོ་༔
དཔོན་མོ་འབུམ་ལྕམ་མ་ཁོ་རང་གི་སྲས་མོ་ལོ་བཅུ་དྲུག་ལོན་པའི་འབུམ་མེ་བྱ་བ་ཞིག་ཡོད་པ་དེས་ཀྱང་༔ དེའི་ནུབ་མོ་ནམ་མཁའ་ནས་འོད་དཀར་པོ་ཉི་མ་ཙམ་ཞིག་མ་ཡི་པང་དུ་ཟུག་ནས་འདུག་པས་ཁྱིམ་དང་ཡུལ་ཁམས་ཐམས་ཅད་གསལ་བར་མངོན་སུམ་དུ་མཐོང་༔ ཡང་རྨི་ལམ་དུ་བུ་མོ་ལོ་བརྒྱད་པ་ཙམ་ཞིག་གིས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་བཟུང་ནས་བྱུང་སྟེ༔ ཨ་ཅེ་སྐུ་ཁམས་བདེའམ་ཟེར་བས་ཁྱོད་གང་ནས་འོང་བ་ཡིན་བྱས་པས༔ ང་པོ་ཏ་རི་ནས་འོང་བ་ཡིན་ཟེར༔ པོ་ཏ་རི་གང་ན་ཡོད་བྱས་པས་རྒྱ་གར་ན་ཡོད་ཟེར༔ ཁྱོད་སུ་ཡིན་བྱས་པས༔ ང་ཁྱོད་ཀྱིས་མི་ཤེས་པ་ཨེ་ཡིན༔ རྗེ་བཙུན་སྒྲོལ་མ་ཡིན་ཟེར་རོ༔ དེ་བདེན་ནམ་མི་བདེན་སྙམ་ནས༔ ད་བཟུང་ནས་བལྟ་དགོས་སྙམ་ཙ་ན༔ མའི་པང་དུ་བྲོས་ནས་ཐལ་ཙ་འོད་ལམ་མེ་མ་ལ་ཐིམ་ནས་ཐལ་ལོ༔ དེ་དང་མཉམ་དུ་མནལ་སད་པའོ༔ དེ་ལ་སོགས་པའི་ཡོན་ཏན་གྱི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ངོ་༔
ཡུམ་འབུམ་ལྕམ་ཡང་དགུང་ལོ་བཞི་བཅུ་ཞེ་བརྒྱད་ལ་བྱོན་ཀྱང་གཉེར་མ་མ་སོང་ཞིང་༔ གཞོན་ཤ་རྒྱས་ཤིང་བཀྲག་མདངས་དང་ལྡན་པར་བྱུང་བས༔ ཡུལ་མི་ཀུན་གྱིས་ན་རེ༔ ཇོ་མོ་འབུམ་ལྕམ་མ་འདི་ཆོས་ལ་དཀར་བས་ཆོས་བྱས་པའི་བྱིན་རླབས་ཀྱིས་༔ ད་ནི་ཕྱིར་གཞོན་ནས་བུ་མོ་འབུམ་མེ་དང་ཡུམ་སྲས་གཉིས་ལ་ཁྱད་པར་མི་འདུག་ཟེར་བ་བྱུང་ངོ་༔ ཡུམ་ཁོ་རང་ཡང་ལུས་ཡང་བ་དང་སྣང་སེམས་ཐམས་ཅད་བདེ་ཞིང་༔ རྨི་ལམ་དུ་ཡང་དག་སྣང་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ངོ་༔ མཚན་མོ་ལ་ཡང་མེ་རི་བཀྱག་པ་བཞིན་དུ་ཡུམ་ས་ཕྱོགས་གར་བྱོན་ཀྱང་ཡུལ་སྣང་ཐམས་ཅད་སྒྲིབ་མེད་དུ་གསལ་ཝང་ཝང་མཐོང་བ་བྱུང་ངོ་༔
གཞན་གྱི་ལས་ལེགས་ཉེས་ཐམས་ཅད་ཀྱང་སྐབས་རེ་ལ་ཤེས་པ་བྱུང་བས་མི་ཐམས་ཅད་ཀྱིས་དཔོན་མོ་འབུམ་ལྕམ་མ་ད་ལོ་ནས་རྨི་ལམ་རྣོ་བར་འདུག་ཟེར་བ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་མ་མང་པོ་བྱུང་སྟེ༔ རྡོ་རྗེ་ཕག་མོ་ཀུན་ཏུ་བཟང་མོས་ཐོག་མར་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས༔ སྤྲུལ་པ་མར་འགྱེད་པའི་ཐུགས་ཀྱི་སྤྲུལ་པ་ལ་པཎྜི་ཏ་དོན་གྲུབ་བཟང་པོར་གྲགས་པ་དེ་བོད་དུ་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས༔ རྒྱ་གར་གྱི་པོ་ཏ་རི་ནས་ཐུགས་འཕོས་པས༔ བོད་ཀྱི་ཡུལ་ལབ་ཕྱི་དབྱེའི་གང་བར་ལྷ་གང་ངམ་ཤོད་ཀྱི་མཚོ་མེར་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོའི་དབུས་སུ༔ མཁར་ཕོ་བྲང་རིན་ཆེན་ལྡན་ཞེས་བྱ་བའི་དབུས་སུ༔ ལྷ་ཁང་ལྷུན་གྲུབ་རྩེགས་རྒྱལ་ཞེས་བྱ་བའི་བདག་མོ༔ རིགས་ལྡན་པདྨ་མཁའ་འགྲོའི་སྤྲུལ་པ་ཕྱུག་ཚང་བཟའ་འབུམ་ལྕམ་མའི་ལྷུམས་སུ་ཞུགས་པའི་རྣམ་ཐར་ཏེ་རྣམ་གྲངས་བཞི་པའོ༔
རྣམ་གྲངས་ལྔ་པ།
དེ་ནས་ཡུམ་གྱི་ལྷུམས་སུ་འོད་ཀྱི་གཞལ་ཡས་ཁང་དུ་བསྐྱེད་རིམ་གྱི་ཚུལ་དུ་ཁམས་རྣམས་རིམ་པར་འཕེལ་ནས༔ ལུས་ངག་ཡོངས་སུ་རྫོགས་ཤིང་གྲུབ་སྟེ༔ ལུག་ལོ་ཟླ་བ་གཉིས་པའི་ཉི་ཤུ་ལྔ་ལོན་ནས་མའི་ལྷུམས་ནས་ཨ་བགྲང་བ་དང་༔ ཧ་རི་ནི་ས་བགྲང་བ་དང་༔ པ་ར་ག་ཏེ་བགྲང་པ་དང་༔ སངས་རྒྱས་ཐུབ་པའི་སྙིང་པོ་བགྲང་བ་དང་༔ ཚེ་དཔག་མེད་ཀྱི་སྙིང་པོ་བགྲང་བ་དང་༔ ཡི་གེ་དྲུག་པ་བགྲང་བ་དང་༔ འཁོར་ལོ་བདེ་མཆོག་གི་སྙིང་པོ་བགྲང་བ་དང་༔ བཀའ་བརྒྱད་བདེ་གཤེགས་འདུས་པའི་སྙིང་པོ་བགྲང་བ་དང་༔ ཡི་གེ་བརྒྱ་པ་བགྲང་བ་ལ་སོགས་པའི་གསང་སྔགས་གསར་རྙིང་ཐམས་ཅད་ཀྱི་སྙིང་པོ་བགྲང་བ་རྣམས་ཡུམ་གྱིས་ཚོར་བ་དུས་རྒྱུན་དུ་བྱུང་ངོ་༔
དེ་ནས་ཟླ་བ་གསུམ་པའི་ཚེས་གསུམ་གྱི་ནམ་ལངས་སྔ་མ་ལ་ཡུམ་གྱི་ལྷུམས་ནས་ཨ་མ་ཟེར་ཏེ་བོས་ནས་བྱུང་ངོ་༔ ང་ཡི་གོས་ནི་རས་གོས་གསར་པ་ལ་སྤོས་དང་གུ་གུལ་གྱིས་བདུག་ལ་དེ་དྲི་བཟང་གིས་སྦག་པར་གྱིས་ལ་ཚགས་གྱིས་ཤིག་ཟེར་བ་བྱུང་ངོ་༔ དེ་ནས་རས་དེ་བཞིན་དུ་བྱས་ནས་ཚགས་བྱས་ཏེ༔ ལུག་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁ་སྐྱ་རེངས་སྔ་མ་ཤར་བའི་དུས་སུ་སྐུ་འཁྲུངས་ཏེ༔ དྲི་བཟང་དང་སྤོས་དུད་ཀྱིས་ཁྱིམ་དང་ཡུལ་ཁམས་ཐམས་ཅད་ཁྱབ་པ་དང་༔ འཇའ་འོད་ཀྱིས་བར་སྣང་དང་ནམ་མཁའ་ཐམས་ཅད་ཁྱབ་པ་དང་༔ ཐུག་ཆོམ་པ་དང་༔ ས་གཡོ་བ་དང་རོལ་མོའི་སྒྲ་སྙན་མང་པོ་ནམ་མཁའ་ལ་གྲགས་པ་དང་༔ མེ་ཏོག་གི་ཆར་བབ་པ་དང་བྱ་རིགས་སྣ་ཚོགས་ཀྱིས་རང་རང་གི་སྐད་སྙན་མང་པོ་སྒྲོག་པ་དང་༔ གཞན་ཡང་གནམ་ས་གཉིས་ན་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་བས༔ ཡུལ་ཁམས་ཐམས་ཅད་ཀྱིས་ད་ནངས་དཔོན་ཚང་གི་ལྷ་རྣམས་ལ་མཆོད་པ་ཕུལ་བས་བྱིན་རླབས་ཀྱིས༔ མེ་ཏོག་གི་ཆར་དང་༔ འཇའ་འོད་དང་ནམ་མཁའ་ན་ཡང་སྒྲ་སྙན་མང་པོ་གྲགས་སྐད་ཟེར་རོ༔ དེར་ངོ་མཚར་བའི་ལྟས་མང་པོ་བྱུང་བས་སྲས་ངོ་མཚར་བ་ཅི་འདྲ་བ་ཞིག་འོང་ངམ་སྙམ་པ་ལ་བུ་མོ་མིག་གསུམ་ཡོད་པ་ཞིག་འདུག་སྟེ༔ སྐུ་འཁྲུངས་མ་ཐག་ནས་མདུང་གང་ཙམ་གྱི་ནམ་མཁའ་ལ་འཕགས་ནས༔ ཞབས་གཡས་བསྐུམ་གཡོན་བརྐྱང་རྡོ་རྗེ་ཕག་མོའི་བཞུགས་ལུགས་བྱས་ནས་སྤྱན་གསུམ་བར་སྣང་ལ་ཁྲ་ལེ་གཟིགས་ནས་ལྗགས་འདྲིལ་ཞིང་བཞུགས་སོ༔
དེ་ནས་ཐང་དུ་བབས་ནས་ཨ་མ་སྐུ་ཁམས་བདེའམ་ཟེར༔ སྐུ་འཁྲུངས་མ་ཐག་ནས་དབུ་སྐྲ་ཡང་ནག་ལ་སྣུམ་པ་རྣ་བ་ཁེབ་པ་ཙམ་འདུག་གོ༔ དཔྲལ་བ་ན་སྤྱན་གསུམ་ཧྲིག་ཧྲིག་དཀར་ནག་འབྱེད་པར་འདུག་གོ༔ སྐུ་ཤ་ཡང་དཀར་ལ་གསལ་ཞིང་འོད་ཟེར་ཁ་དོག་ལྔ་འབར་བ་དང་འཇའ་འོད་སྣ་ལྔ་གསལ་བའི་ནང་དུ་འདུག་གོ༔ དེ་ནས་ཨ་བགྲང་བ་དང་༔ པ་ར་ག་ཏེ་དང་༔ ཧ་རི་ནི་ས་དང་༔ ཤཱཀྱ་མུ་ནེ་དང་༔ པུཎྱེ་དང་༔ བོ་དྷི་ཙིཏྟ་དང་༔ ཨ་མི་དྷེ་བ་དང་༔ ཡི་གེ་དྲུག་མ་དང་ཡི་གེ་བརྒྱ་པ་ལ་སོགས་པའི་སྔགས་རིགས་རྣམས་བགྲངས་ཤིང་འདུག་གོ༔ དེ་ནས་ཕྱོགས་བཞི་ནས་གོམ་པ་གསུམ་རེ་འདོར་ནས་ཕཊཿདྲག་པོ་བགྲངས་ནས་བྱུང་ངོ་༔ ལྕེ་ཐོག་ཏུ་ཡང་ཡི་གེ་ཧྲཱིཿདམར་པོ་ཚ་ཚེག་དྲག་དང་བཅས་པ་ཞིག་གཡས་སྐོར་དུ་སྒ་ར་ར་འཁོར་ཞིང་འདུག་གོ༔ ཡི་གེ་དེ་ལ་འོད་ཟེར་ཁ་དོག་སྣ་ལྔ་འབར་ཞིང་འདུག་གོ༔ དཔྲལ་བའི་སྤྱན་དབུས་མའི་དཀྱིལ་དུ་ཨ་དཀར་པོ་བ་སྤུའི་བྲིས་པ་ཙམ་ཞིག་ལ་འོད་ཟེར་ཁ་དོག་སྣ་ལྔ་རྟ་རྔ་ཉག་མ་ཙམ་ལྔ་འཇའ་བཞིན་དུ་གཤིབ་ནས་ཡར་སྤྱི་གཙུག་ཏུ་སོང་བ་དང་༔ སྤྱི་གཙུག་ཏུ་འོད་དཀར་པོ་ཐེའུ་ཆུང་གི་མགོ་ཙམ་ཞིག་ལ་ཨ་དཀར་པོ་ཞིག་གི་མཚན་པ་ཞིག་འདུག་པ་ཨ་དེ་ལ་ཟུག་ནས་འདུག་གོ༔ ཕྱག་སོར་དང་ཞབས་སོར་རྣམས་ཀྱི་ཚིགས་བར་མ་ཆད་དུ་དྲ་བའི་འབྲེལ་ནས་འདུག་གོ༔ སེན་མོ་རྣམས་ཀྱང་ཅུང་ཟད་དམར་ལ་ཉ་ཕྱིས་ལྟར་འོད་ཁ་དོག་སྣ་ཚོགས་པ་འཇའ་བཞིན་དུ་གསལ་བར་འདུག་པ་ལ༔ ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ་རེ་འཆར་བར་འདུག་གོ༔ ཕྱག་མཐིལ་དང་ཞབས་མཐིལ་ཐམས་ཅད་མི་མཉམ་པ་མེད་པ་ལ་པདྨ་འདབ་བརྒྱད་དམར་པོ་རེ་རེས་མཚོན་པར་འདུག་གོ༔ གཞན་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་རྣམས་ཚང་བར་འདུག་གོ༔
དེ་ནས་གསང་བ་དྲི་བཟང་གིས་སྦས་པས་བཀྲ་ཤིས་ནས༔ ཕུ་མོ་ཨ་ཅེ་འབུམ་མེས་པང་དུ་བླངས་ཏེ་ཕུ་མོའི་གདོང་ལ་ཅེ་རེ་བལྟས་ནས་ཨ་ཅེ་སྐུ་ཁམས་བདེའམ་ཟེར་རོ༔ དེ་ནས་ཡུད་ཙམ་རེ་ནས་ལྕེ་སྟེང་གི་ཧྲཱི་དེ་ཡང་ཕར་ལྕེ་ལ་ནུབ་ནས་མི་མངོན་པར་ཐལ་བ་དང་༔ མར་དཀར་དང་༔ རྒྱ་སྤོས་དང་རྒྱལ་མོ་ཀ་ར་གཉིས་སྦྱར་ནས་བྱིན་པས་ཟ་མ་འདོད་ནས་ཕྱིར་ཕྱུང་ནས་བྱུང་ངོ་༔ དེ་ནས་སྤྱན་གསུམ་ནམ་མཁའ་ལ་ཁྲ་ཟིམ་མེ་གཟིགས་ནས་འདུག་པ་དང་ཡུད་ཙམ་ཞིག་རེད་ནས་སྤྱི་བོའི་འོད་ཀྱང་མར་སྤྱི་བོར་ཐིམ་ནས་ཐལ༔ དཔྲལ་བའི་སྤྱན་གྱི་འོད་ལྔ་ཡང་ཕར་སྤྱན་ལ་ཐིམ་ནས་ཐལ༔ དེ་ནས་མགྲིན་པ་མར་ཅུང་ཟད་བཀུག་ནས་ཕུ་མོ་ཨ་ཅེ་འབུམ་མེའི་གདོང་ལ་ཧྲིག་གེར་གཟིགས་ནས་འདུག་གོ༔ ཡུད་ཙམ་ཞིག་རེད་ནས་རྐན་སྒྲ་ཐག་གེར་བརྡབས་ནས་བྱུང་བས་མར་དཀར་དང་རྒྱལ་མོ་ཀ་ར་གཉིས་སྦྱར་ནས་བྱིན་པས༔ ལེགས་པོར་གསོལ་ནས་ཐལ༔ དེ་ནས་སྐྱེ་པོ་ཤར་གྱིས་གནས་ནས་བྱུང་སྟེ༔ ཡུམ་ལ་བལྟས་ནས་ཞལ་འཛུམ་པར་མཛད་ནས་པ་ར་ག་ཏེ་དང་༔ མ་ཧ་མུ་ནེ་དང་༔ ཧ་རི་ནི་ས་དང་༔ ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་དང་༔ བོ་དྷི་ཙིཏྟ་དང་༔ ཡི་གེ་དྲུག་པ་དང་༔ ཨཱ་ལི་ཀཱ་ལི་དང་༔ ཡི་གེ་བརྒྱ་པ་དང་༔ གཞན་ཡང་ཨ་ལ་སོགས་པའི་སྔགས་རིགས་ཐམས་ཅད་ལ་ཚང་མར་ཚར་གཅིག་བགྲངས་ཏེ༔
དེ་ནས་ཕུ་མོ་ཨ་ཅེ་འབུམ་མེའི་པང་དུ་གཉིད་ནས་ཐལ་ལོ༔ ཡུམ་ལ་སྐུ་འཁྲུངས་བའི་དུས་སུ་ཡང་མ་གནོད་པར་བདེ་སྟོང་སྦྱོར་བའི་དུས་དང་ཁྱད་པར་མེད་པའི་དགའ་བདེ་རྒྱས་པར་བྱུང་ངོ་༔ དེའི་ཕྱིར་ནངས་ནམ་སྐྱ་ས་ལེ་གསལ་བ་དང་༔ ཕུ་མོ་འབུམ་མེའི་གདོང་ལ་ཅེ་རེ་བལྟས་ནས་འདུག་པས༔ འབུམ་མེས་མ་ལ་བོས་ཏེ་ཨ་མ་བུ་མོ་འདིས་ང་ལ་བལྟས་ནས་འདུག་ཙ༔ མིག་གསུམ་དང་མཛེས་པ་ལ་ངེད་རང་ཚང་ལ་བུ་མོ་འདི་འདྲ་བ་ཞིག་ཡོད་དོ་ཟེར་ནས་དགའ་ཚོར་ཆེན་པོར་བྱས་སོ༔ བུ་མོ་སྐུ་འཁྲུངས་བའི་དུས་སུ་ཡབ་ཆོས་ཟླ་དཔོན་གཡོག་རྣམས་ཡུལ་གཞན་དུ་དོན་གཉེར་ལ་བྱོན་ནས་དེར་མེད་པས་ད་ལྟ་ཆོས་ཟླ་དཔོན་གཡོག་རྣམས་འབྱོན་ཞིང་འདུག་ཟེར་བ་ཐོས་པས༔ འབུམ་མེས་ཨ་མ་བུ་མོ་འདི་ཡབ་ལ་སྦ་དགོས་ཟེར་ནས་བུ་མོ་རང་གི་རས་གོས་ནང་དུ་དྲིལ་ནས་མཆོད་ཁང་གི་སྒོ་སྐྱེས་ཀྱི་གྲིབ་ཏུ་སྦས་ནས་བཞག་གོ༔ དེ་ནས་ཡབ་མཆོད་ཁང་ནང་དུ་བྱོན་པ་དང་བུ་མོ་འབུམ་མེས་དཔོན་ཚང་ལགས་ཨ་མ་ལ་ནི་བུ་མོ་ངན་པ་མིག་གསུམ་ཡོད་པ་ཞིག་བཙས་ནས་བྱུང་སྟེ༔ ངེད་རྣམས་ཀྱིས་བོར་ནས་མེད་དོ་བྱས་པས༔ ཡབ་ཀྱིས་ན་རེ༔ དེ་མ་ཐང་བཟང་ཁ་རྩང་སོང་གིས་ལྟས་བཟང་པོ་དེ་རྣམས་བྱུང་བས་བུ་མོ་ལ་མིག་གསུམ་ཡོད་ཀྱང་བཟོད༔ འདིར་ཁྱེར་ལ་ཤོག་ཅིག་གསུངས༔
དེ་ནས་འབུམ་མེས་བུ་མོ་བླངས་ནས་ཡབ་ཀྱི་རྩར་ཁྱེར་བས་ཡབ་ཀྱིས་པང་དུ་བླངས་ནས༔ མཚན་རྟགས་རྣམས་ལེགས་པོར་བྱས་པས་བུ་མོ་འདིའི་མིག་དབུས་མ་འདིའི་དཀྱིལ་དུ༔ ཨ་དཀར་པོ་བ་སྤུའི་བྲིས་པ་ཙམ་ཞིག་འདུག༔ གཞན་ཡང་མཁའ་འགྲོ་མའི་མཚན་རྟགས་ཐམས་ཅད་ཚང་བར་འདུག་པས༔ བུ་མོ་འབུམ་མེ་ཁྱོད་ཀྱིས་བུ་མོ་འདི་སྒོར་མ་འཁྱེར་ལ་ཉ་ར་ལེགས་པོར་གྱིས་ཤིག༔ ཁྱོད་གྲོང་དུ་མ་རྒྱུགས་ལ་བུ་མོ་ལེགས་པོར་སྐྱོང་དང་འདི་ཅི་འདྲ་ཞིག་ཡིན་ཤེས་རྒྱུ་རང་མེད་པས་སྔོན་ཆད་ཀྱང་བོད་ན་མི་ལ་མིག་གསུམ་ཡོད་པའི་མི་སྐྱེས་ཟེར་བ་ཚོར་མ་མྱོང་༔
དེ་ཙ་ན་འདི་ནི་ཡང་ན་འོ་སྐོལ་གཉིས་ལ་གླགས་ཚོལ་བར་འོང་བའི་རྒྱལ་བསེན་གྱི་སྤྲུལ་པ་འཇིགས་སུ་རུང་བ་ཞིག་ཡིན་ངེས༔ ཡང་ན་ཡུམ་ཆེན་མོའི་སྤྲུལ་པ་འོ་སྐོལ་བོད་གངས་ཅན་པ་ལ་ཕན་ཐོགས་པ་ཞིག་ཡིན་ངེས་པས་ཇི་ལྟར་ཡིན་ཀྱང་ཟླ་བ་གསུམ་ན་རྟགས་ཤིག་འབྱེད་ནས་འོང་བ་ཡིན་པས་ཉ་ར་ལེགས་པོར་གྱིས་ལ་བྱས་ཤིང་བསྐྱངས་བས་ཞག་གསུམ་སོང་ནས་ཟླ་བ་གསུམ་གྱི་སྐྱེད་ཙམ་བྱུང་༔ ཟླ་བ་གསུམ་སོང་ནས་ལོ་གསུམ་གྱི་སྐྱེད་ཙམ་བྱུང་ངོ་༔ དེ་ལྟར་སྐྱེད་ཤིན་ཏུ་ཆེ་ཞིང་བསྐྱངས་བས་ལོ་གསུམ་ལོན་པ་དང་༔ ཡབ་ཀྱིས་ན་རེ༔ བུ་མོ་འདི་ལུས་ལ་ཡོད་པའི་དུས་སུ་སྒྲོན་མེ་ལ་སོགས་པ་རྣམས་རྨིས་པ་དང་བཙའ་བའི་དུས་སུ་ཡང་ཨ་ལ་སོགས་པའི་ལྟས་བཟང་པོ་རྣམས་འབྱུང་བས་འདི་ལ་ཨ་སྒྲོན་མིང་དུ་ཐོགས་ཤིག་ཟེར་རོ༔ ཡུམ་གྱི་བུ་མོ་འདི་ལ་སྒྲོན་མེ་ལ་སོགས་ཀྱི་ལྟས་བཟང་པོ་རྣམས་བྱུང་བས་སྒྲོན་ཚེ་མ་མིང་དུ་གདགས་དགོས་ཟེར་རོ༔
དེ་ནས་ཡུམ་གྱིས་ཡི་གེ་བསླབ་པས་བརྡ་བསྟན་པ་ཙམ་གྱིས་གཤར་ཡིག་ཐམས་ཅད་ལ་མཁས་པར་བྱུང་བ་དང་༔ དེ་ཕྱིན་ཆོད་ནས་ཨ་སྒྲོན་སྒྲོན་ཚེ་མས་ཀྱང་གཤར་ཡིག་གི་ཚོགས་ཐམས་ཅད་འདོན་པ་དང་༔ ཨ་བགྲང་བ་དང་༔ ག་ཏེ་བགྲང་བ་དང་༔ ཧ་རི་ནི་ས་བགྲང་བ་དང་༔ མཆོད་ཁང་གི་ལྷ་རྣམས་ལ་ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ ཕྱག་དར་ལ་བརྩོན་པ་ལ་སོགས་པའི་ངོ་མཚར་བའི་བྱེད་ལས་སྣ་ཚོགས་པ་རྣམས་བྱེད་པ་བྱུང་ངོ་༔
དེ་ནས་ལོ་ལྔ་ལོན་ནས་ཁོང་རང་ཚོང་ལ་མཆོད་གནས་ཇོ་བོ་དམ་པ་ཞིག་ཡོད་པས་ཡི་གེ་དབུ་ཅན་ཐམས་ཅད་བསླབ་པ་དང་བརྡ་བསྟན་པ་ཙམ་གྱིས་ཤེས་པ་བྱུང་སྟེ༔ ལོ་བརྒྱད་ལོན་ནས་རྒྱ་བོད་གཉིས་ཀའི་ཡི་གེའི་ཚོགས་ཐམས་ཅད་ཀྱི་འབྲི་ཀློག་དང་༔ སྒྲོས་འདོགས་ཐམས་ཅད་ལ་མཁས་པ་དང་ཉིན་རེ་བཞིན་དུ་བརྒྱད་སྟོང་པ་དུམ་པ་གཉིས་རེ་ཉི་མ་དགོང་མོ་ནས་ཀློག་ཐོན་པ་བྱུང་ངོ་༔ དེ་ནས་མཆོད་གནས་ཇོ་བོ་དམ་པ་ན་རེ༔ དཔོན་མོ་འབུམ་ལྕམ་མ་ཁྱོད་ཀྱི་བུ་མོ་འདི་ནི་ཐ་མལ་རང་རྒྱུད་པ་ཞིག་མ་བྱུང་༔ ཡུམ་ཆེན་མོའི་སྤྲུལ་པའམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཟང་མོ་ཞིག་ཡིན་པར་འདུག༔ ངས་ནི་བུ་མོ་འདིའི་ཤེས་རབ་ཀྱི་རྩིས་ནི་མི་ནོན་པར་འདུག༔ འདི་ཡི་ཤེས་རབ་ནི་ནགས་ཆེན་ལ་མེ་མཆེད་པ་བཞིན་དུ་རབ་ཏུ་འབར་བདོ་བས་འདི་ལ་ཤེས་རབ་སྒྲོན་མེ་མིང་དུ་ཐོགས་ཤིག་ཟེར་རོ༔ ཡུམ་གྱིས་སྔོན་ཡང་སྒྲོན་ཚེ་མ་མིང་བྱས་པས༔ དེ་ནས་སྒྲོན་ཚེ་མ་དང་ཤེས་རབ་སྒྲོན་དང་ཨ་སྒྲོན་ཞེས་པར་ཀུན་ལ་གྲགས་སོ༔ ཡུལ་མི་ཐམས་ཅད་ཀྱིས་ཇོ་མོ་འབུམ་ལྕམ་མ་ལ་བུ་མོ་མིག་གསུམ་ཡོད་པའི་ཀློག་མཁས་པ་ཞིག་འདུག་ཟེར་བ་ཐམས་ཅད་ཀྱིས་ཐོས་པས༔ དེར་རྣ་བས་ཐོས་ཚད་ཀྱི་མི་ཐམས་ཅད་གཟིགས་མོ་ལ་འོངས་བས་བུ་མོ་མཐོང་བས་ཐམས་ཅད་ཡིད་ཆགས་ཏེ་སྨོན་པ་དང་སྙན་པ་མཐའ་ཡས་པ་སྒྲོག་པ་བྱུང་ངོ་༔ དེ་ནས་ཡུལ་མི་ཀུན་གྱིས་ན་རེ༔ ཨ་སྒྲོན་ཤེས་རབ་སྒྲོན༔ སྒྲོན་ཚེ་མ་འདི་ནི་སངས་རྒྱས་ཀྱི་སྤྲུལ་པ་དངོས་ཡིན་པར་འདུག་ཟེར་ཞིང་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་བྱིན་རླབས་ཞུ་བ་བྱས་སོ༔
སྒྲོན་ཚེ་མ་འདི་ནི་དགུང་ལོ་གསུམ་ནས་བརྒྱད་ཀྱི་བར་ལ་ཡང་ནད་པ་དང་༔ རྐྱེན་ཆེན་དང་༔ སྲིད་ཆད་པ་དང་ཚེའི་བར་ཆད་བསོད་ནམས་ཉམས་པ་དང་འདོད་དོན་གང་འདོད་པ་ལ་སོགས་པ་རྣམས་ཀྱིས་རང་རང་གི་གང་འདོད་པའི་སྨོན་ལམ་ཞུས་པས་སྨོན་ལམ་གང་ཞུས་པ་ཐམས་ཅད་ཅི་ལྟ་བ་བཞིན་དུ་འགྲུབ་པར་བྱུང་ངོ་༔ དེ་ལ་སོགས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔ གཞན་དོན་ལ་བརྩོན་པའི་བརྩོན་འགྲུས་རྒྱ་ཆེན་མཛད་དོ༔ ཕུ་མོ་ཨ་ཅེ་འབུམ་མེ་ཡང་ཡི་གེའི་ཚོགས་ཐམས་ཅད་དང་༔ བཟོ་དང་གསོ་བ་ལ་སོགས་པ་ལ་མཁས་ཤིང་གཞན་དོན་ལ་བརྩོན་པ་རྒྱ་ཆེན་པོ་མཛད་དེ༔ ལོ་ཡང་ཉེར་བཞི་ལོན་ནས་དགེ་བཤེས་ཨ་སྟོན་བྱ་བ་ཞིག་ཡོད་པ་ལ་སྐྲ་སྤང་ནས་བཙུན་མ་བྱས་ཏེ༔ མིང་ཡང་སྟོན་མཚོ་རིན་ཆེན་འབུམ་བཏགས་སོ༔ སྡེ་སྣོད་གསུམ་གྱི་ཆོས་ལ་མཁས་པའི་གྲྭ་ཐོག་ཆོད་པ་ཞིག་བྱུང་ངོ་༔ དེ་ནས་མངའ་རིས་མངའ་བདག་གུ་གེ་རྒྱལ་པོ་ལས༔ སྟོན་ཤིག་ཆེན་པོ་ཞིག་བཤམས་པའི་དུས་སུ་དཔོན་ཚང་ཆོས་ཀྱི་ཟླ་བ་རྒྱལ་མཚན་དང་ཕྱུག་བཟའ་འབུམ་ལྕམ་མ་གཉིས་ལ་བུ་མོ་ཆུང་བ་མིག་གསུམ་དོད་པ་ཞིག་ཡོད་ཟེར་བ་དེ་འདིར་ཁྱེར་ལ་ཤོག་ཟེར་ནས་མངའ་བདག་གིས་ཞུ་བ་བཏང་བས༔ དེར་ཆོས་ཟླ་ཡབ་ཡུམ་དཔོན་གཡོག་ཉེར་གཉིས་གྱིས་སྒྲོན་ཚེ་མ་ཁྲིད་ནས་སོང་བས་མངའ་རིའི་མངའ་བདག་གུ་གེ་རྒྱལ་པོའི་ཡུལ་དུ་ཕྱིན་པས་མངའ་བདག་གིས་སྔར་བུ་མོའི་སྙན་པ་ཐོས་པའི་ཕྱིར༔ རྒྱལ་པོ་ཆོས་ཟླ་ཡབ་ཡུམ་རྣམས་ལ་བསུ་བ་དང་༔ ཇ་འདྲེན་བསམ་གྱིས་མི་ཁྱབ་པ་བྱས་སོ༔
དེ་ནས་མངའ་བདག་གིས་ཇོ་མོ་འབུམ་ལྕམ་མ་ལ་བུ་མོ་དེ་འདིར་ཁྲིད་ལ་ཤོག་གསུངས་པས༔ ཡུམ་གྱིས་སྒྲོན་ཚེ་མ་ཁྲིད་ནས་མངའ་བདག་གི་དྲུང་དུ་ཕྱིན་པས༔ མངའ་བདག་གིས་བུ་མོ་སྒྲོན་ཚེ་མའི་ལོ་རྒྱུས་དང་རྒྱུ་མཚན་ལ་སོགས་པ་རྣམས་ཞིབ་ཏུ་དྲིས་པས༔ འབུམ་ལྕམ་མ་ནི་བུད་མེད་ཡིན་པས་ཞེ་ཞུམ་དྲགས་པས་སྐད་འདར་བ་དང་༔ རྒྱལ་པོ་ནི་མངའ་ཐང་གཟི་བརྗིད་ཆེ་བས་ཞུ་བ་འབུལ་མ་ཕོད་པས༔ བུ་མོ་སྒྲོན་ཚེ་མས་མོ་རང་གི་ལོ་རྒྱུས་རྣམས་ཞིབ་ཏུ་ཕུལ་བས༔ མངའ་བདག་གི་དྲུང་དུ་རྒྱ་གར་གྱི་པཎྜི་ཏ་རྣམས་དང་དགེ་འདུན་པ་མང་ཆེན་བཞུགས་པ་རྣམས་དང་༔ རྒྱལ་ཕྲན་དང་དཔོན་སྐྱ་བཞུགས་པ་རྣམས་ཀྱིས་བུ་མོ་འདི་ནི་ངོ་དྲག་པ་དང་༔ མིག་གསུམ་དང་ན་ཆུང་ལ་སྨྲ་མཁས་པ་དང་༔ འདི་ཅི་འདྲ་ཞིག་ཡིན་ནའང་ཐ་མལ་གྱི་མི་དྲང་པོར་ནི་མ་ཡིན་པར་ཐག་ཆོད་ཟེར་སྐད་དོ༔ རྒྱལ་པོའི་ཞལ་ནས་ཁྱོད་ཀྱི་ཡི་གེ་འདྲ་བ་ཤེས་སམ་གསུངས་པས་སྒྲོན་ཚེ་མས་ངས་ཡི་གེ་ཤེས་ཟེར་ཏེ༔ འཕགས་པ་བསྡུས་པ་ཞིག་ལྟ་རུ་བཅུག་པས་སྐད་འགྱུར་མི་འདྲ་བ་གསུམ་གྱི་སྒོ་ནས་བཀླགས་པས་ཟན་ཆང་པ་གང་ཟ་བ་དང་མཉམ་དུ་ཐོན་པས༔ རྒྱལ་བློན་སྡེ་འཁོར་ཐམས་ཅད་ཀྱིས་ཡི་གེ་ལ་ཤིན་ཏུ་མཁས་པར་འདུག་ཟེར་རོ༔
དགེ་འདུན་པ་རྣམས་ཀྱིས་ཁྱོའི་སྒྲ་ཤེས་སམ༔ དོན་ཤེས་སམ་དྲིས་པས་སྒྲོན་ཚེ་མས་ངའི་སྒྲ་ཡང་ཤེས་ལ་དོན་ཡང་ཤེས་ཟེར་ནས་ཡི་གེའི་སྒྲ་དོན་དང་༔ ཚིག་གི་སྒྲ་དོན་དང་༔ དགོས་ཆེད་དང་༔ དབྱེ་བ་དང་དགོས་པའི་དོན་རྣམས་ལེགས་པོར་བཤད་པས་ཐམས་ཅད་ཡིད་ཆེས་ཏེ༔ བུ་མོ་འདི་ནི་རང་རྒྱུད་པ་ཞིག་མ་ཡིན་པ་ངེས་སོ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་ཡིན་པར་ཐག་ཆོད་དོ་ཟེར་སྐད་དོ༔
རྒྱལ་པོའི་ཞལ་ནས་བུ་མོ་འདིར་ཤོག་དང་ངས་མཚན་རྟགས་ལེགས་པོ་ཞིག་བྱེད་དོ་གསུངས་ནས༔ རྒྱལ་པོས་པང་དུ་བླངས་ཏེ་མཚན་རྟགས་རྣམས་ལེགས་པོར་མཛད་པས་དཔྲལ་བའི་སྤྱན་གྱི་དཀྱིལ་གྱི་ཨ་ལ་གཟིགས་ནས༔ གཞན་ཡང་མཁའ་འགྲོ་མའི་མཚན་རྟགས་རྣམས་རིམ་པར་གཟིགས་ནས་རྒྱལ་པོ་ཤིན་ཏུ་མཉེས་ཏེ༔ བུ་མོ་འདི་ལ་ཅི་མིང་གསུངས་པས་ཤེས་རབ་སྒྲོན་མེ་ཡང་ཟེར༔ ཨ་སྒྲོན་ཡང་ཟེར༔ སྒྲོན་ཚེ་མ་ཡང་ཟེར་སྨྲས་པས་རྒྱལ་པོའི་ཞལ་ནས་བུ་མོ་འདི་ལ་སྒྲོན་མེ་ལ་སོགས་པའི་མིང་དང་༔ ལབ་ཕྱིར་སྐུ་འཁྲུངས་པ་དང་དོན་མཚུངས་པས་བུ་མོ་འདི་ལ་ལབ་ཀྱི་སྒྲོན་མ་མིང་དུ་ཐོགས་དང་དེ་ལ་མིང་ཙམ་གྱིས་རྟེན་འབྲེལ་འགྲིག་ཅིང་༔ མིང་ཐོས་པ་ཙམ་གྱིས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པ་ཞིག་འོང་བར་འདུག་ཅེས་གསུངས་པ་དང་༔ པཎྜི་ཏ་རྣམས་དང་དགེ་འདུན་དཔོན་སྐྱ་རྣམས་དང་༔ ཁྲོམ་ཚོགས་འབུམ་ཚོ་གསུམ་ཙམ་འདུག་པ་ཐམས་ཅད་ཀྱིས་དེ་ལེགས་སོ་ཟེར་ནས་དེ་ཕྱིན་ཆོད་ནས་འཛམ་བུའི་གླིང་དུ་ལབ་ཀྱི་སྒྲོན་མ་ཞེས་པར་གྲགས་སོ༔ དེར་འདུས་པའི་ཁྲོམ་ཚོགས་རྣམས་ཀྱིས་ཀྱང་ལབ་སྒྲོན་མ་ཟེར་ཞིང་༔ ཐམས་ཅད་ཀྱིས་ལབ་སྒྲོན་མ་ལ་གཟིགས་མོ་བལྟས་པས་དེར་འདུས་པའི་ཚོགས་པ་རྣམས་ཀྱང་དགའ་ཞིང་མགུ་ནས༔ དད་ཅིང་མོས་པས་སྨོན་པ་རྒྱ་ཆེན་པོ་བྱས་སོ༔
དེ་ནས་མངའ་བདག་རྒྱལ་པོས་ལབ་སྒྲོན་གྱི་ན་བཟའ་དང་མཆིལ་ལྷམ་རྣམས་བརྗེས་ནས་ན་བཟའ་གསར་པ་ཕྱི་ནང་འཛོམས་པ་ཞིག་མཆིལ་ལྷམ་དང་བཅས་པ་གསོལ་ནས༔ རྙིང་པ་རྣམས་རྒྱལ་པོ་ཁོང་རང་གི་དད་རྟེན་ལ་བཞག་པ་དང་༔ དེ་ནས་རྒྱལ་པོ་ཆོས་ཟླ་ཡབ་ཡུམ་འཁོར་བཅས་ལ་རྟ་གསུམ་དང་༔ དེ་ལ་སོགས་པའི་སྣ་སྦོམ་སུམ་ཅུ་རྩ་གཅིག་གནང་བར་མཛད་ནས་འདི་གསུངས༔ ཁྱོད་དཔོན་གཡོག་རྣམས་ཀྱིས་བུ་མོ་ལབ་སྒྲོན་མ་འདི་གར་ཐོད་ཐོད་དུ་མ་བཏང་༔ མི་ངན་སྡིག་ཅན་དང་འཕྲད་ནས་གྲིབ་ཕོག་དོགས་ཡོད་པས་ཉ་ར་ལེགས་པོར་མཛོད་དང་༔ རང་རེ་བོད་གངས་ཅན་པ་ཐམས་ཅད་ལ་ཕན་ཐོགས་ངེས་པ་ཞིག་འདུག་ཅེས་གསུངས༔ དེ་ནས་རྒྱལ་པོ་ཡབ་ཡུམ་འཁོར་བཅས་རྣམས་མར་བྱོན་པས་ཡུལ་ངམ་ཤོད་མཚོ་མེར་གྱི་གཙུག་ལག་ཁང་དུ་ཕྱིན་པ་དང་༔ ལོ་ལྔའི་བར་དུ་ཡུམ་འབུམ་ལྕམ་མ་དང་༔ ལབ་སྒྲོན་མ་ཡུམ་སྲས་གཉིས་ཀ་སྒོ་བཅད་ནས་རྒྱས་འབྲིང་རྣམ་གསུམ་ལ་ཞལ་ཐོན་བྱེད་ཅིང་བཞུགས་པས༔ ལབ་སྒྲོན་མ་དགུང་ལོ་བཅུ་བཞེས་པའི་དུས་སུ་ཉིན་རེ་བཞིན་དུ་བརྒྱད་སྟོང་པ་དུམ་པ་བཞི་རེ་ཚར་བར་བྱུང་༔ དགུང་ལོ་བཅུ་གསུམ་བཞེས་ནས་ཉིན་རེ་བཞིན་དུ་དུམ་པ་བརྒྱ་རེ་ཚར་བར་བྱུང་ངོ་༔ དེ་ལ་སོགས་པའི་བློ་སྐྱེད་དང་དག་སྣང་ལྷའི་ཞལ་གཟིགས་དང་ལུང་བསྟན་མང་དུ་བྱུང་སྟེ༔ ལབ་ཕྱི་དབྱེའི་གང་བར་ངམ་ཤོད་མཚོ་མེར་གྲོང་ཁྱེར་གྱི་དབུས་སུ་མཁར་ར་ཕོ་བྲང་རིན་ཆེན་ལྷན་གྱིས་གད་འབྱམས་ཆེན་པོའི་ཤར་ཕྱོགས༔ གཟིམ་ཁང་གསལ་བ་ཁ་ཏོག་རྩེའི་འོད་འབར་ནང་དུ༔ རྒྱལ་བའི་ཡུམ་ཆེན་ལབ་ཀྱི་སྒྲོན་མ་སྐུ་འཁྲུངས་བའི་འཁྲུངས་ཚུལ་དང་༔ ཡབ་ཀྱིས་མཚན་བརྟག་ཚུལ་དང་༔ མངའ་བདག་གུ་གེ་རྒྱལ་པོས་མཁའ་འགྲོ་མའི་མཚན་བརྟག་ཚུལ་དང་༔ རྒྱལ་པོས་ལབ་སྒྲོན་དུ་མཚན་གསོལ་ཚུལ་ལ་སོགས་པ་སྟེ་ལབ་སྒྲོན་དགུང་ལོ་བཅུ་གསུམ་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་ལྔ་པའོ༔
རྣམ་གྲངས་དྲུག་པ།
དེ་ནས་དགུང་ལོ་བཅུ་གསུམ་ལོན་པའི་དུས་སུ་ཡུམ་དྲུག་ཅུ་རེ་གཅིག་ལ་བྱོན་ནས་སྐུ་གཤེགས་ནས་མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་ལ་སོགས་པའི་ཕྱི་ནང་གི་ལྟས་བཟང་པོ་མཐའ་ཡས་པ་རྣམས་བྱུང་ངོ་༔ དེ་ནས་སྲས་པོ་གཉིས་དང་སྲས་མོ་གཉིས་དང་བཞི་ཡབ་སྲས་ལྔ་པོས་སྟོན་ཤིག་དང་གཤེགས་རྫོངས་བསམ་གྱིས་མི་ཁྱབ་པར་བྱས་སོ༔ ཡུམ་མཁའ་འགྲོ་མ་རྣམས་ཀྱིས་བསུས་ནས་དག་པ་མཁའ་སྤྱོད་དུ་གཤེགས་སོ༔ དེ་ནས་ལབ་སྒྲོན་དགུང་ལོ་བཅུ་གསུམ་བཞེས་ནས༔ སྟོན་མཚོ་རིན་ཆེན་འབུམ་གྱིས་ཁྲིད་ནས་བླ་མ་ཨ་སྟོན་པའི་དྲུང་དུ་ཕྱིན་པས་བླ་མའི་ཞལ་ནས་འབུམ་མེ་ཁྱོད་ཀྱི་ནུ་མོ་འདི་ལ་མཁའ་འགྲོ་མའི་མཚན་རྟགས་ཐམས་ཅད་ཚང་ནས་འདུག་ཅིང་བུ་མོ་འདི་ཡི་གེ་ལ་མཁས་པར་གྲགས་པས༔ ཡི་གེ་དུམ་པ་ཞིག་ལྟ་བཅོལ་དགོས་གསུངས་ནས་བརྒྱད་སྟོང་པ་ཞིག་ཀློག་བཅོལ་བས༔ ནས་བྲེ་ལྔ་འཐག་པ་དང་མཉམ་དུ་བརྒྱད་སྟོང་པ་ཚར་གཅིག་ཐོན་ཏེ་བླ་མ་ཨ་སྟོན་པས་ཨ་ལ་ལ༔ བུ་མོ་འདིས་སྐད་འགྱུར་མང་པོ་མི་འདྲ་བ་བརྒྱད་ཀྱི་སྒོ་ནས་ཀློག་པར་འདུག་པས་འདི་ལ་ཀློག་མཁན་གྱི་དྲ་ཐོག་ཆོད་པ་ཞིག་བྱུང་ནས་འདུག༔ ད་འདི་ལ་དོན་བཤད་པར་བྱ་དགོས་ཞེས་གསུངས་པ་དང་༔ ལོ་གསུམ་ལ་སྟོན་པའི་དྲུང་དུ་ཨ་ཅེ་རིན་ཆེན་འབུམ་དང་ལྷན་དུ་བསྡད་པ་ལ༔ བླ་མ་ཨ་སྟོན་པའི་ཞལ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ས་བཅུ་ལམ་ལྔའི་ཚུལ་དུ་འཆད་པས༔ དེ་ལ་ལབ་སྒྲོན་གྱིས་དོན་ཐམས་ཅད་གོ་སྟེ༔ སྡེ་སྣོད་གསུམ་གྱི་དོན་བཤད་པ་ལ༔ བླ་མ་སྟོན་པ་རྣམས་དང་༔ མཁས་བཙུན་དགེ་བའི་བཤེས་གཉེན་རྣམས་དང་༔ ཡོན་ཏན་ཐམས་ཅད་དང་ལྡན་པ་སུས་ཀྱང་ལབ་སྒྲོན་ལ་གླགས་མི་རྙེད་པར་བྱུང་བས༔ བླ་མ་ཨ་སྟོན་པའི་ཞལ་ནས་ཇོ་མོ་ལབ་སྒྲོན་མ་ཁྱོད་ཀྱི་སློབ་དཔོན་ད་ངས་མི་ནུས་པར་འདུག་པས༔ ད་ཁྱོད་རང་གཡོ་རུ་གྲྭ་ཐང་དུ་གྲའི་རྡོ་ཕོ་བྲང་ཆེན་མོ་ཞེས་བྱ་བ་ན་བླ་མ་གྲྭ་པ་མངོན་ཤེས་ཅན་ཞེས་བྱ་བ་མཁྱེན་པ་དང་ལྡན་པ༔ ཡོན་ཏན་ཐམས་ཅད་དང་ལྡན་ཞིང་སྡེ་སྣོད་ཐམས་ཅད་ལ་ཟབ་པར་མཁྱེན་པའི་སྟོན་པ་གཅིག་གིས་གྲྭ་པ་མང་པོ་སྐྱོང་ཞིང་འཆད་ཉན་བྱེད་པ་ཞིག་ཡོད་པས༔ ཁྱོད་དེར་སོང་ལ་སྡེ་སྣོད་ཕྱི་ནང་གསང་གསུམ་གྱི་སྒྲོ་འདོགས་ལེགས་པོར་ཆོད་ཅིག་ཅེས་གསུངས་པ་དང་༔
ལབ་སྒྲོན་དགུང་ལོ་བཅུ་དྲུག་བཞེས་པས་ཕུ་མོ་ཨ་ཅེ་འབུམ་མེ་དང་འགྲོགས་ནས་གྲྭ་ཐང་དུ་བྱོན་པས་བླ་མ་གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་ཕྱིན་པས་བླ་མའི་ཞལ་ནས་རིན་ཆེན་འབུམ་ཁྱོད་ཀྱི་ནུ་མོ་ཡི་གེ་ལ་མཁས་པ་ཞིག་ཡོད་ཟེར་བ་དེ་འདི་ཡིན་ནམ་གསུངས་པས༔ རིན་ཆེན་འབུམ་གྱིས་འདི་ཡིན་ལགས་ཞུས་པས༔ འོ་ན་ངའི་མཆོད་གནས་དང་གང་མཁས་ཤིག་ཚད་དགོས་གསུངས་པས་བླ་མ་གྲྭ་པ་ལ་རྒྱ་ཕར་ཕྱིན་དྲུག་འགྱུར་མཁན་ཞེས་བྱ་བའི་སྐད་འགྱུར་མི་འདྲ་བ་དྲུག་གི་སྒོ་ནས་འབུམ་བཀླགས་པས་ཉིན་རེ་བཞིན་དུ་འབུམ་དུམ་པ་བཞི་རེ་ཚར་བ་ཞིག་ཡོད་པས༔ གཙང་དབུས་གཉིས་ན་གྲགས་ཆེ་བའི་མཆོད་གནས་དེ་དང་ཇོ་མོ་ལབ་སྒྲོན་གཉིས་ཀ་ལྷན་ཅིག་ཏུ་ཁྲི་བརྩེགས་ཏེ༔ ཉིན་ཞིག་མཉམ་པོར་བཞག་ནས་འབུམ་ཀློག་བཅོལ་བས༔ རྒྱ་ཕར་ཕྱིན་དྲུག་འགྱུར་མཁན་གྱིས་དེ་ནུབ་ཉི་མར་རྒལ་བ་དང་མཉམ་དུ་པོ་ཏི་བཞི་ཚར་རོ༔ ལབ་སྒྲོན་གྱིས་དེའི་ཁནངས་ཉི་མ་རྩེ་ཤར་བ་ནས་འབུམ་ཀློག་སྟེ་སྒྲ་རེ་དང་དོན་རེ་སྤྲད་ནས་བླ་མ་ལ་ཕུལ་ཞིང་༔ སྐད་འགྱུར་མི་འདྲ་བ་བརྒྱད་ཀྱི་སྒོ་ནས་འབུམ་བཀླགས་པས༔
དེ་ནུབ་ཉི་མ་དགོང་མོ་ནས་འབུམ་དུམ་པ་བཅུ་གཉིས་པོ་གླེགས་ཐག་དང་བཅས་པ་ཚར་ཏེ༔ བླ་མ་གྲྭ་པའི་ཞལ་ནས་ཨ་ལ་ལ་ཇོ་མོ་ཆུང་ཆུང་ལབ་སྒྲོན་མ་འདི་ནི༔ རྒྱ་ཕར་ཕྱིན་དྲུག་འགྱུར་མཁན་བས་སྐད་འགྱུར་གཉིས་ཀྱི་ལྷག་ཅིང་ལྕེ་ལྡབ་ལ་ནི་རྒྱ་ཕར་ཕྱིན་དྲུག་འགྱུར་མཁན་ཉེ་སར་ཡང་མི་འདུག་པས་ད་ཇོ་མོ་དཔོན་ཆུང་མ་ལབ་སྒྲོན་འདི་ལ་ངའི་བླ་མཆོད་བྱེད་དགོས་གསུངས༔ འབུམ་མེ་ན་རེ༔ ཨ་སྒྲོན་ངེད་རང་གཉིས་སྒྲུབ་པ་བྱེད་ནས་མཁའ་སྤྱོད་དུ་ཨེ་འགྲོ་ཟེར་བ་ལ༔ ལབ་སྒྲོན་གྱི་ཞལ་ནས་ན་རེ༔ ང་ནི་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོར་བྱེད་དགོས་པར་ཡོད་པས་ད་ལྟ་མི་འགྲོའོ༔ ཁྱོད་རང་མཁས་སྤྱོད་དུ་འགྲོ་བར་འདོད་ན་སྒྲུབ་པ་མྱུར་དུ་གྱིས་ལ་ཁམས་བདེ་བར་མཁའ་སྤྱོད་དུ་གཤེགས་དང་ངའི་འགྲོ་དོན་རྫོགས་ནས་དེར་མཁའ་སྤྱོད་དུ་འོང་གིས༔ དེ་ནས་ཁྱོད་དང་འཕྲད་པར་བྱེད་དོ་ཟེར་བ་དང་༔ སྟོན་མཚོ་རིན་ཆེན་འབུམ་གྱིས་སྒྲུབ་པ་ལོ་གསུམ་བྱས་པས་ཕུང་པོ་ལྷག་མ་མེད་པར་མཁའ་སྤྱོད་དུ་གཤེགས་སོ༔ བླ་མ་གྲྭ་པ་མངོན་ཤེས་ཅན་གྱིས་ལབ་སྒྲོན་སྣོད་ལྡན་དུ་གཟིགས་ནས་མདོ་མང་དང་༔ འབུམ་དང་༔ ཉི་ཁྲི་དང་༔ བརྒྱད་སྟོང་པ་དང་༔ མདོ་ཕྲན་མང་པོའི་ལུང་དང་དེ་རྣམས་ཀྱི་དོན་ཟབ་མོ་བཤད་པ་རྒྱ་ཆེན་པོ་མཛད་པས་ལབ་སྒྲོན་གྱིས་འབུམ་གྱི་འགྲེལ་ཆེན་དང་༔ ཉི་ཁྲིའི་འགྲེལ་ཆུང་ཡི་གེ་གཅིག་མ་ཡན་ཆོད་ཀྱི་དོན་རྣམས་བཤད་པ་ལ་མཁས་ཤིང་༔ ཉམས་རྟོགས་ཁྱད་པར་ཅན་རྣམས་རྒྱུད་ལ་སྐྱེ་བ་དང་༔ བླ་མ་ལ་རྟོགས་པ་ཕུལ་བས་བླ་མ་ཤིན་ཏུ་མཉེས་ཏེ་བླ་མའི་ཞལ་ནས་ཇོ་མོ་ཁྱོད་རྒྱས་འབྲིང་རྣམ་གསུམ་ཐུགས་སུ་ཆུད་ཅིང་མདོ་སྡེ་ལ་རང་དབང་ཐོབ་པར་འདུག༔ ངས་ནི་ཁྱོད་ཀྱི་དེ་ཙམ་བློ་ལ་ཆུད་པར་དཀའ་བར་གདའ་གསུངས༔
དེ་ནས་བླ་མས་ལི་བེར་དམར་སྨུག་པདྨ་རིས་སྦྱར་མ་གཅིག་ལ་ཕྱི་བྱས༔ ལིང་བེར་དཀར་པོ་གཅིག་ལ་ནང་བྱས་པའི་ཞྭ་མོ་ཞིག་བཟོས་པ་ལ༔ ཡར་ལ་པད་འདབ་བཅུ་བྱས་པ་ལ་གོས་ཆེན་ཁ་མ་མཉམ་པ་ལྔ་ལྔ་སྟེ༔ ཁ་དོག་སྣ་ལྔ་བྱས་པའི་རྒྱབ་ཏུ་ཁ་ལྔ༔ གཡས་གཡོན་དུ་ཁ་ལྔ་ལྔ་སྟེ༔ ཁ་བཅོ་ལྔ་བཏགས་ཏེ་དབུ་ལ་གསོལ་ཏེ༔ སྐུ་ལ་ཡང་ན་བཟའ་ཕྱི་ནང་ཆ་ཚང་བ་ཞིག་དང་༔ ཕྱིང་ལྷམ་ལེགས་པོ་ཞིག་དང་བཅས་པ་གསོལ་ལོ༔ གདན་འབོལ་སུམ་བརྩེགས་པའི་སྟེང་དུ་གྲུམ་ཙེ་གསར་པ་ཞིག་བཏིང་བའི་གདན་ལ་བཞུགས་པར་ཞུས་ནས༔ བླ་མ་གྲྭ་པའི་ཞལ་ནས་ད་དཔོན་ཆུང་མ་ངའི་བླ་མཆོད་བྱེད་ནས་ལོ་བཞིར་བཞུགས་པར་མཛོད་ཅེས་གསུངས་ཏེ༔ མི་ཚེ་གཅིག་ཏུ་བཞུགས་བཅོལ་ལོ༔ དེ་ནས་དར་ཞྭ་དེ་མནབས་པས་སྐེད་པ་ཡན་ཆད་དུ་ལྗང་དར་སྔོན་དམར་གྱིས་ཁེབ་ཅིང་དབུ་སྐྲ་ཡང་ཟིལ་བུ་ལ་སོགས་པ་འདབ་ནོན་ཅིང་༔ རྩེ་མོ་སྐེད་པར་སླེབ་པ་ལ༔ དེ་ལས་རིང་དུ་ཡང་མི་སྐྱེ་ཞིང་དགུང་ལོ་བཅུ་དྲུག་ནས་སྐྱེ་ཐག་ཆོད་པའི་ཚུལ་དང་༔ དབུ་སྐྲ་ཡང་དེའི་སྔོན་དང་༔ ཕྱི་དང་༔ གང་ལ་བཀྲུ་བ་དང་༔ བཤད་པ་དང་དེ་ལ་སོགས་པའི་སྐྲའི་ལས་བྱེད་མ་མྱོང་ཡང་༔ སྐྲ་ལ་ཆུན་བུ་དང་༔ ལིང་བ་དང་༔ འཕྱིང་བ་དང་གྲུག་པ་ལ་སོགས་པའི་སྐྱོན་མེད་ཅིང་བཤད་པ་ལྟར་སིལ་བུ་ཟིལ་ལི་ལི་བ་ཤིན་ཏུ་ནག་ཅིང་སྣུམ་ལ་འཇའ་འོད་ཆགས་པ་དང་༔ དར་སྔོ་དམར་རྣམས་འདྲེས་ནས་འཇའ་ཚོན་འཁྲིགས་པ་ལྟར་བཀྲག་དཔུང་ངེ་མཛེས་པར་འདུག་སྟེ༔ བླ་མའི་ཞལ་ནས་དཔོན་ཆུང་མ་ལབ་སྒྲོན་འདིའི་ཞྭ་ཆུང་འདི་གྱོན་ཙ་ན་ཤིན་ཏུ་མཛེས་པར་འདུག་གསུངས་པ་དང་༔
དེ་ལ་བརྟེན་ནས་ཁོང་རང་གི་གྲྭ་སྐོར་རྣམས་དང་ཡུལ་མི་གཉེན་སྡེ་ཐམས་ཅད་ཀྱིས་ཇོ་མོ་ཞྭ་ཆུང་མ་ཟེར་ཞིང་སྨོན་པ་བྱས་པས་དེ་ཕྱིན་ཆད་ནས་ཡུལ་ཁམས་ཐམས་ཅད་དུ་ཇོ་མོ་ཞྭ་ཆུང་མ་ཞེས་པར་གྲགས་སོ༔ དཔོན་ཆུང་མ་ལབ་སྒྲོན་ནི་ཚུལ་ཚགས་ཤིན་ཏུ་དམ་ཞིང་གཙང་སྦྲ་ཤིན་ཏུ་ཆེ་ཞིང་༔ ལུས་ངག་ཡིད་གསུམ་བསྙེན་ཞིང་བཙུན་ནས་བག་ཡོད་པའི་ངང་ཚུལ་དང་ལྡན་པར་དགེ་འདུན་གྱི་གྲལ་ལ་གནས་ཤིང་༔ ཡུལ་པའི་གསེབ་ཏུ་འགྲོ་མི་སྤྲོ་ཞིང་དགོན་པ་དང་རི་ཁྲོད་རྣམས་སུ་འདུག་པ་ལ་སྤྲོ་ཞིང་༔ རྟག་ཏུ་དགོན་པ་དང་རི་ཁྲོད་རྣམས་སུ་འདུག་པ་དང་༔ བླ་མ་དང་དགེ་འདུན་གྲྭ་སྡེ་རྣམས་ལ་ཤིན་ཏུ་གུས་ཤིང་དད་པ་བྱུང་ངོ་༔ དགེ་འདུན་གྲྭ་སྡེ་རྣམས་དང་རྒྱལ་ཁམས་གྱི་ཡུལ་མི་མཐོང་བ་དང་༔ ཐོས་པ་ཐམས་ཅད་ཀྱིས་ཀྱང་དཔོན་མོ་ཞྭ་ཆུང་མ་ལབ་སྒྲོན་ལ་དད་ཅིང་སྨོན་པ་དང་༔ སྙན་པ་མཐའ་ཡས་པ་གྲགས་པར་བྱུང་ངོ་༔ དེ་ནས་ལབ་སྒྲོན་གྱིས་བླ་མ་གྲྭ་པ་མངོན་ཤེས་ཅན་གྱི་བླ་མཆོད་ལོ་བཞི་བྱེད་པར་དམ་བཅས་ཏེ༔ བླ་མ་གྲྭ་པའི་མཆོད་ཁང་ནང་དུ་བཞུགས་པའི་ཚེ་ནངས་ཤིག་ཐོ་རངས་ཁ་ལ༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཞིག་བྱུང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་ལགས༔ དམ་པ་སངས་རྒྱས་རིན་པོ་ཆེ་དེ་ནི་དག་པ་མཁའ་སྤྱོད་དུ་གཤེགས་ལ་ཁད་ནས་ཡོད་ཁྱེད་བློ་བདེ་བ་ཨེ་ཡིན༔ སེང་གེ་འདི་ལ་ཞོན་ལ་གཤེགས་ཤིག་ཟེར་ནས་ནམ་མཁའ་ནས་སེང་གེ་དཀར་མོ་ཞིག་ལ་མཁའ་འགྲོ་དེས་སྣ་ཁྲིད་ནས་འདུག་པས༔ ལབ་སྒྲོན་དེ་མ་ཐག་ཏུ་སེང་གེ་ལ་ཞོན་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མཁའ་འགྲོ་མ་དེས་སྣ་དྲངས་ནས་བྱོན་པས་ཐོགས་པ་མེད་པར་བལ་པོར་སླེབ་ཏེ༔
དེ་ལ་རྒྱ་གར་ནས་དམ་པ་སངས་རྒྱས་རིན་པོ་ཆེ་དང་དམ་པ་ནག་ཆུང་བྱ་བ་གཉིས་ཡོད་པ་དེ་ཚུར་བོད་དུ་བྱོན་པ་ལ་བལ་པོར་སླེབས་པས༔ བལ་པོའི་ལུང་པ་ཞིག་ཏུ་ཕྱིན་པས་མི་ཕོ་མོ་ཐམས་ཅད་ནད་ཁམས་བཞིས་ཟིན་ནས་འདུག་པས༔ ཁོང་རྣམ་གཉིས་ཀྱིས་ཁྱེད་རྣམས་ལ་ནད་དྲག་པོ་འདི་འདྲ་ཅི་ལ་བྱུང་བ་ཡིན་བྱས་པས༔ དེ་རྣམས་ཀྱིས་ན་རེ༔ ངེད་ཚོའི་ལུང་ཕུ་ཡ་ཀི་ན་གླང་པོ་ཆེ་གཅིག་ཤི་ནས་དེའི་རོ་དེ་ཆུ་ནང་དུ་ལྷུང་ནས་ཡོད་པས༔ གླང་པོ་ཆེ་དེའི་ཁ་ཆུ་ཆུ་ནང་དུ་སོང་བ་དེ་ངེད་རྣམས་ཀྱིས་འཐུང་བས་འདི་ལྟར་བྱུང་བ་ཡིན་ཟེར་རོ༔ དེ་ནས་དམ་པ་རིན་པོ་ཆེ་ན་རེ༔ ངེད་རང་རྣམ་གཉིས་ཀྱིས་གླང་པོ་ཆེ་དེ་ཕར་ཁ་ལ་བསྐྱལ་ན་འཐད་དམ་ཟེར་ནས༔ དམ་པ་ནག་ཆུང་གིས་དེ་ལྟར་བྱས་ན་འཐད་དོ་ཟེར་རོ༔ དེ་ནས་དམ་པ་རིན་ཆེན་པོ་ཆེས་འོ་ན་ཁྱོད་གདམས་ངག་ལ་མཁས་པ་ཡིན་པས་གླང་པོ་ཆེ་ཕར་ཁ་ལ་སྐྱོལ་དང་༔ ངས་དེ་ཚེ་ཁྱེད་ཀྱི་རྩུད་པུའམ་ཙུད་པུ་ཉ་ར་བྱེད་ཟེར་བས༔ ནག་ཆུང་ན་རེ༔ ངས་དེ་མི་འོང་ལགས༔ ཁྱེད་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བོད་དུ་བྱོན་པ་ཡིན་པས་ཁྱེད་ཀྱིས་གླང་པོ་ཆེ་ཕར་ཁར་སྐྱོལ་དང་ངས་དེ་ཚེ་ཁྱེད་ཀྱི་རྩུད་པུ་སྲུང་བར་བྱེད་ཟེར་བས༔ དམ་པ་སངས་རྒྱས་རིན་པོ་ཆེ་ན་རེ༔ འོ་ན་ངའི་རྩུད་པུ་འདི་བྱ་ཁྱི་ལ་ལོངས་སྤྱོད་དུ་མ་འཇུག་ལ༔ ཁྱོད་ཀྱིས་ཉ་ར་ལེགས་པོར་གྱིས་ཤིག་གསུངས་ནས༔ དམ་པ་རིན་པོ་ཆེའི་སྐུ་ལུས་ནི་དཀར་གསལ་མདངས་དང་ལྡན་པ་དབུ་སྐྲ་ཡང་ནག་ལ་སྣུམ་པ་སྐུ་རྒྱབ་ཁེབ་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་སྤྲས་པ་སྐུ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པ་དེ་ནི༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་སྐུ་གཟི་བརྗིད་དང་ལྡན་པ་ཁྲུ་གང་ཙམ་དུ་ནམ་མཁའ་ལ་འཕགས་ནས་བཞུགས་བཅོལ་ཏེ༔ ཐུགས་ནི་གླང་པོ་ཆེའི་གསོབ་ཏུ་ཞུགས་ནས་ཕར་ཁར་བསྐྱལ་བ་སྟེ༔
དེའི་ཚེ་དམ་པ་ནག་ཆུང་གིས་ཁོང་རང་གི་གསོབ་དེ་ལྟ་ན་མི་སྡུག་པ་ཞིག་ཡོད་པ་དེ་གན་རྐྱལ་དུ་ཧྲལ་ཏེ་འགྱེལ་ནས་བསྐུར་ཏེ༔ དམ་པ་སངས་རྒྱས་རིན་པོ་ཆེའི་གསོབ་ཏུ་བཞུགས་ཏེ༔ དམ་པའི་གདུང་རྒྱ་གར་དུ་ཁྱེར་ནས་སོང་བས་དམ་པ་ནག་ཆུང་བྱ་བྱེད་ནི་མང་༔ སྤྱོད་པ་ནི་ཤིན་ཏུ་རྩིང་༔ སྐུ་ལུས་ནི་ལྟ་ན་མི་སྡུག་པ་ཞིག་ཡོད་པས༔ རྒྱ་གར་བ་ཐམས་ཅད་ཀྱིས་ན་རེ༔ འདིའི་སྐུ་ལུས་ནི་དམ་པ་རང་དུ་འདུག་པས༔ སྤྱོད་པ་ནི་ནག་ཆུང་རང་འདུག་པས་འདིས་དམ་པའི་སྐུ་ལུས་ཐོབ་པར་བྱུང་བ་ནི་མིན་ནམ་ཟེར་སྐད་དོ༔ དེར་དམ་པ་སངས་རྒྱས་རིན་པོ་ཆེ་དེ་གླང་པོ་ཆེའི་གསོབ་ཕར་ཁར་བསྐྱལ་ནས་ཚུར་སླེབས་པས༔ དམ་པ་རང་གི་གདུང་མི་འདུག་པས་ཐུགས་དགོངས་ལེགས་པོར་བཏང་བས་ག་རེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བྱེད་པ་ལ་སེམས་ཅན་ཐམས་ཅན་དད་ཅིང་མོས་པར་བྱེད་པའི་རྟེན་ཞིག་དགོས་པས་མི་འདུག་པས༔ ད་ཁོང་གི་གསོབ་ལྟ་ན་མི་སྡུག་པ་འདིའི་ནང་དུ་ཞུགས་པས་འགྲོ་བ་སེམས་ཅན་གང་གིས་ཀྱང་དད་པ་དང་མོས་པ་མི་འོང་བས་ངས་ད་ལན་སེམས་ཅན་གྱི་དོན་མི་འོང་པར་འདུག་པས་ལན་ཅིག་ལ་དག་པ་མཁའ་སྤྱོད་དུ་འགྲོ་དགོས་དགོངས་ཙ་ན༔ དེ་མ་ཐག་ཏུ་མ་ཅིག་གི་ཐུགས་དགོངས་ལ་དམ་པ་རིན་པོ་ཆེ་འདི་ནི་དག་པ་མཁའ་སྤྱོད་དུ་གཤེགས་ན༔ སེམས་ཅན་ཐམས་ཅད་ཀྱི་སྐལ་པ་ཆད་པ་ཡིན་པས་མི་འོང་བར་འདུག༔ དེ་ལས་དམ་པ་སངས་རྒྱས་རིན་པོ་ཆེའི་སྐུ་གདུང་ལ་བསྟོད་པ་ཞིག་བྱས་ན་ནག་ཆུང་གི་གསོབ་ཏུ་ཐུགས་ཞུགས་ནས་འོང་དགོངས་ཏེ༔ དམ་པའི་སྐུ་ལ་བསྟོད་པ་འདི་མཛད་དོ༔ ཧཱུྃ་ནག་པོ་ཆེན་པོ་གཟི་མདངས་ཅན༔ སྐུ་སྟོད་སེང་ཆེན་འགྱིང་བ་འདྲ༔ དེ་བདུད་བཞི་ཟིལ་གྱིས་གནོན་པའི་བརྡ༔ རྐེད་པ་རྡོ་རྗེ་འཁྲུངས་པ་འདྲ༔ དེ་འཁྲུལ་གཞི་རྩད་ནས་ཆོད་པའི་བརྡ༔ སྐུ་སྨད་རྨ་བྱ་འཛུམ་པ་འདྲ༔ ཞེས་པ་ལ་སོགས་པའི་བསྟོད་པ་ཚར་གཅིག་མཛད་པས༔
དམ་པ་སངས་རྒྱས་རིན་པོ་ཆེས་ཐུགས་དགོངས་ལེགས་པོར་བཏང་སྟེ༔ ད་ང་རང་གི་གསོབ་ལྟ་ན་སྡུག་པ་སེམས་ཅན་ཐམས་ཅད་དད་ཅིང་མོས་པའི་རྟེན་ཁྱད་པར་ཅན་ཞིག་ཡོད་པ་དེ་ནི་མི་འདུག་སྟེ༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཀུན་ཏུ་བཟང་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་འདིས་བསྟོད་པ་འདི་མཛད་ནས་བྱུང་བས༔ འདིའི་གསུང་འདི་བཟློག་པ་ཡེ་ནས་མི་རིག་གི་དགོངས་ནས་ནག་ཆུང་གི་གསོབ་ཏུ་དམ་པའི་ཐུགས་ཞུགས་ནས་བོད་དུ་བྱོན་པའོ༔ དེ་ནས་ཉི་མ་རྩེ་ཤར་ཙམ་དུ་ལབ་སྒྲོན་གནས་མལ་དུ་ཕེབས་ཏེ་འབུམ་ལ་ཞལ་ཐོན་མཛད་ཅིང་བཞུགས་པས་ཉིན་ཞིག་མི་ཀུན་གྱིས་ན་རེ༔ རྒྱལ་གྱི་ལྷ་ཁང་དུ་ཨ་ཙ་ར་ནག་པོ་ཞིག་ཕྱིན་ནས་རྒྱ་གར་གྱི་པོ་ཏ་རི་ཡི་བྲག་ཕུག་བྷ་ཏྲ་ཡ་ན་སྒོམ་པའི་པཎྜི་ཏ་དོན་གྲུབ་བཟང་པོ་འདིར་སྐྱེ་བ་བཞེས་ནས་ལབ་སྒྲོན་དུ་གྲགས་ཏེ༔ དེང་སང་གྲྭ་ཐང་ན་ཡོད་པ་ལ་མཇལ་དུ་འགྲོ་བ་ཡིན་ཟེར་བའི་མངོན་ཤེས་མཁྱེན་པ་བ་ཞིག་འདུག་ཟེར་སྐད་དོ༔
དེའི་ནུབ་མོ་ཇོ་མོ་ལབ་སྒྲོན་གྱི་རྨི་ལམ་དུ་མཁའ་འགྲོ་མ་དཀར་མོ་ཞིག་བྱུང་ནས་ཇོ་མོ་ལབ་སྒྲོན་མ་རྒྱ་གར་ནས་ཨ་ཙ་ར་ནག་པོ་ཞིག་བོད་འདིར་བྱོན་ནས་ཡོད་པས་སང་ཉི་མ་རྩེ་ཤར་དུ་ཁྱེད་ལ་མཇལ་དུ་འོང་བ་ཡོད་ཟེར་ནས་འོད་དུ་ཡལ་ནས་ཐལ་ལོ༔ དེ་ནས་ལབ་སྒྲོན་གྱི་ཐུགས་དགོངས་ལ་ག་རེ་ང་ལ་རྒྱ་གར་ནས་ཨ་ཙ་ར་མཇལ་དུ་འོང་བ་དེ་ཅི་ཡིན་ཨང་དགོངས་ཙ་ན་ཡང་མཁའ་འགྲོ་མ་དེར་བྱུང་ནས་ན་རེ༔ ཁྱོད་ཀྱི་མཚན་ནི་ཇོ་མོ་ལབ་སྒྲོན་མ་བྱ་བ་ཡིན༔ ཨ་ཙ་ར་དེ་དམ་པ་སངས་རྒྱས་བྱ་བ་ཡིན་ཟེར་ནས་ཡལ་ནས་ཐལ་ལོ༔
དེ་ནས་ལབ་སྒྲོན་མནལ་སངས་ཙ་ན་ཅི་ཡང་མི་སྣང་ངོ་༔ དེ་ནས་ལབ་སྒྲོན་གྱི་དགོངས་པ་ལ་རྨི་ལམ་འཁྲུལ་པ་ཡིན་ཀྱང་བདེན་པ་ཡང་མ་བཟུང་ཙམ་ཡོད་དེ་མཆི་དགོངས་ནས༔ དེའི་ཕྱིར་ནངས་ཉི་མ་རྩེ་ཤར་ཙམ་དུ་ལབ་སྒྲོན་སྒོ་ཕྱི་རོལ་ཏུ་བྱོན་ནས་གྲའི་རྡོ་འཕྲང་ཆེན་མོ་གནས་ལ་སྐོར་བ་མཛད་པས་ཨ་ཙ་ར་དང་ཐུག་སྟེ་མཇལ་བས་ལབ་སྒྲོན་གྱིས་ཕྱག་འཚལ་ཡང་ཕྱག་མ་བཞེས་ནས་དབུ་སྐྲ་གཏུག་རེས་མཛད་པ་དང་༔ ལབ་སྒྲོན་གྱིས་དམ་པ་སངས་རྒྱས་རིན་པོ་ཆེ་བོད་དུ་བྱོན་པ་ངོ་མཚར་ཆེ་ལགས་ཞུས་པས་དམ་པའི་ཞལ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་ཁྱོད་བོད་དུ་འགྲོ་དོན་ལ་བྱོན་པ་དེ་ལས་ཀྱང་ངོ་མཚར་ཆེ་ལ་རྗེས་སུ་ཡི་རང་ངོ་ཞེས་གསུངས་པ་དང་༔ ཡང་ལབ་སྒྲོན་གྱིས་ཞུས་པ༔ ཀྱེ་དམ་པ་སངས་རྒྱས་རིན་པོ་ཆེ་ལགས༔ ངས་འགྲོ་དོན་ཇི་ལྟར་བགྱིས་ནས་སེམས་ཅན་གྱི་དོན་ཅི་བཞིན་འབྱུང་ལགས་ཞུས་པས་ཡང་དམ་པའི་ཞལ་ནས༔ བུ་མོ་ཁྱོད་མཚང་ཡུལ་ནས་ཐོན༔ མི་ཕོད་པ་ལ་རྫིས༔ མི་ནུས་པ་ལ་ཁུར༔ འཁྲི་བ་ཆོད༔ ཞེན་པ་ཐོང་གཉན་ས་འགྲིམ༔ སེམས་ཉིད་ནམ་མཁའ་ལྟར་ཤེས་པར་གྱིས༔ གཉན་ཁྲོད་དུ་སངས་རྒྱས་རང་སེམས་ལ་ཆོད་དང་༔ ཁྱོད་ཀྱི་བསྟན་པ་ནི་མཁའ་ལ་ཉི་མ་ཤར་བ་བཞིན་དུ་འོང་བ་ཡིན་གསུངས་པ་ལ་སོགས་པའི་ལུང་བསྟན་གནང་བ་མང་དུ་མཛད་ནས་དམ་པ་ཡང་ལ་སྟོད་དུ་བྱོན་ནོ༔ ལབ་སྒྲོན་ཡང་གནས་མལ་དུ་བྱོན་ནས་མཆོད་ཁང་ནང་དུ་བྱོན་ནས་འབུམ་ལ་ཞལ་ཐོན་མཛད་ཅིང་བཞུགས་སོ༔ དེ་ཡན་ཆད་ནི་བླ་མ་གྲྭ་པའི་བླ་མཆོད་དམ་བཅས་པ་དང་དམ་པའི་ལུང་བསྟན་མཛད་པ་ནི་ལབ་སྒྲོན་དགུང་ལོ་བཅུ་གསུམ་ནས་བཅུ་དྲུག་གི་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་དྲུག་པའོ༔
རྣམ་གྲངས་བདུན་པ།
དེ་ནས་ཁྱི་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་ལབ་སྒྲོན་གྱིས་བླ་མ་གྲྭ་པའི་མཆོད་གནས་བྱས་ནས་མཆོད་ཁང་ནང་དུ་ཕར་ཕྱིན་ཀློག་པ་ལ་བཞུགས་པ་དང་༔ བྱི་བ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་ཉིན་པར༔ སྔ་དྲོ་ཉི་མ་རྩེར་དྲོས་པའི་དུས་སུ་སྐྱོ་ཟུར་པོ་ཆེ་ཤཱཀྱ་ཡེ་ཤེས་ཀྱི་དབོན་པོ་བསོད་ནམས་གྲགས་པ་ཞེས་བྱ་བ་ཕྱི་སྡེ་སྣོད་གསུམ་ལ་མཁས་པ༔ ནང་རྒྱུད་སྡེ་བཞི་ལ་མཁས་ཤིང་ནུས་པ་ཐོན་པ་གྲྭ་ཚན་བརྒྱ་ཕྲག་མང་པོ་སྐྱོང་བ་ཞིག་ཡོད་པ་དེས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་༔ ཆོས་ཉན་བཤད་དང་༔ འཁོར་དང་གྲྭ་ཚན་འགའ་ཞིག་ལ་སྐྱོ་བ་ཐུན་མོང་མ་ཡིན་པ་སྐྱེས་ནས༔ དེ་རྣམས་ལ་མ་ཆགས་པར་གཅིག་པུར་ཕྱོགས་མེད་དུ་རི་ཁྲོད་མཛད་པའི་སྐྱོ་སྟོན་བསོད་ནམས་བླ་མ་ཞེས་བྱ་བ་ཞིག་ཡོད་པ་དེར་བྱོན་ནས༔ ལབ་སྒྲོན་གྱི་མཆོད་ཁང་གི་གཟིགས་སྐར་གྱི་ཐད་དུ་བཞུགས་ནས་འདི་སྐད་གསུངས༔ དཔོན་མོ་ཆུང་ཆུང་ལབ་སྒྲོན་མ༔ ཁྱོད་ཕ་རོལ་ཏུ་ཕྱིན་པའི་ཚིག་ལ་མཁས་པར་འདུག་གོ༔ དེའི་དོན་ཤེས་སམ་གསུངས་པས་ལབ་སྒྲོན་གྱིས་དོན་ཤེས་བྱས་པས༔ འོ་ན་དོན་ཤོད་དང་གསུངས་པས་ལབ་སྒྲོན་གྱིས་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་དང་ལམ་ལྔའི་རྣམ་བཞག་དང་༔ ལམ་བགྲོད་ཚུལ་དང་དོན་ཉམས་སུ་བླངས་ཚུལ་དང་མཐར་ཐུག་འབྲས་བུ་སངས་རྒྱས་ཐོབ་ཚུལ་རྣམས་ཞིབ་ཏུ་བཤད་པས༔ བླ་མ་བསོད་ནམས་གྲགས་པས་ཁྱོད་ཀྱིས་དོན་གོ་ཞིང་དོན་བཤད་པ་ལ་མཁས་པར་འདུག་སྟེ༔ དོན་རང་རྒྱུད་ལ་མ་སྐྱེས་པར་འདུག་པའི་ཕྱིར༔ ལབ་སྒྲོན་གྱིས་དོན་རང་རྒྱུད་ལ་སྐྱེས་བྱ་བ་དེ་ཅི་ལྟ་བུ་ཞིག་ཡིན་ཞུས་པས༔
བླ་མའི་ཞལ་ནས༔ ཇོ་མོ་ཁྱོད་ཀྱིས་ད་ལྟ་གསུངས་པ་དེ་རྣམས་ལ་གོ་བ་ཟེར་བ་ཡིན་ཏེ༔ ཆོས་ཐམས་ཅད་ཀྱི་དོན་ཟབ་མོ་ཅི་ལྟ་བ་བཞིན་དུ་ལེགས་པོར་ཤེས་ཤིང་གོ་བ་ནི་མ་ཡིན་ཞིང་རྒྱུད་ལ་སྐྱེས་པ་ནི་མ་ཡིན་ནོ༔ དོན་ཟབ་མོ་དེ་རང་གི་རྒྱུད་ལ་སྐྱེས་ནས་འོང་ཙམ་ན༔ སྔར་གྱི་བློའི་འཛིན་སྟེང་དེ་དང་མི་འདྲ་བའི་བློ་གསར་པ་ཞིག་དྲུང་ངེ་སྐྱེས་ནས་འོང་བ་ཡིན་ནོ༔ དེའི་དུས་སུ་འཛིན་པ་ཐམས་ཅད་དང་བྲལ་བའི་བློ་ཞིག་སྐྱེས་ནས་འཛིན་མེད་དུ་ཁྲོལ་ཁྲོལ་བྱ་བྱེད་ཐམས་ཅད་དང་བྲལ་ཏེ་བྱར་མེད་ཤེས་རབ་ཆེན་པོའི་མེ་ཆེན་རྒྱས་ནས་བདག་འཛིན་མ་རིག་པའི་མུན་པ་འཇོམས་པར་བྱེད་པ་ཡིན་ནོ༔ དོན་དེའི་རྩ་བ་རང་སེམས་ལ་ག་དར་ལེགས་པོར་ཆོད་ཅིག་ཅེས་གསུངས་ནས༔ བླ་མ་བསོད་ནམས་གྲགས་པ་ཕྱིར་བྱོན་པ་དང་ལབ་སྒྲོན་གྱིས་བླ་མས་ཇི་ལྟར་གསུངས་པ་དེ་བཞིན་དུ་ཆོས་ལ་ཞལ་ཐོན་མཛད་ཅིང་དོན་ལ་སེམས་པས་བདུད་ཀྱི་ལེའུ་ཡི་ནང་ནས་དོན་ཞིག་རྙེད་ཏེ༔ སྔར་དང་མི་འདྲ་བའི་རྟོགས་པ་ཁྱད་པར་ཅན་ཞིག་རྒྱུད་ལ་སྐྱེས་ནས་བློ་ཡི་སྤྲོས་པ་ཐམས་ཅད་དང་བྲལ་ནས་བདག་མཛིན་གྱི་མདུད་པ་གྲོལ་ཏེ༔ བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཉི་མ་ཤར་བས་བདག་འཛིན་གྱི་མུན་པ་ཞེས་པའི་སྒྲ་ཡང་མི་གྲགས་པར་ཐལ་ལོ༔ དེར་བདག་འཛིན་ཆོད་པའི་རྟགས་སུ་སྔར་རྒྱན་གོས་བཟང་པོ་དང་༔ ཁ་དོག་བཀྲག་མདངས་དང་ལྡན་པ་ཅན་མིན་པ་མི་གྱོན་པ་ལ་ཕྱིས་སྤྲང་གོས་དང་དུག་པོ་ལ་སོགས་གང་རྩོགས་གྱོན་པ་ཞིག་བྱུང་བས་གོས་ཀྱི་སྲེད་པ་ཆོད་པའི་རྟགས་སོ༔
སྔར་གྲོགས་མཁན་སློབ་དང་བཙུན་པའི་གྲལ་མིན་པ་མི་འདུག་པ་ལ་ཕྱིས་མི་ནག་ཕོ་མོ་དང་༔ མཛེ་སྤྲང་ལ་སོགས་པ་གང་དང་ཡང་ལྷན་ཅིག་ཏུ་འདུག་པ་ཞིག་བྱུང་བས་དེ་ནི་གྲོགས་ཀྱི་སྲེད་པ་ཆོད་པའི་རྟགས་སོ༔ སྔར་དགོན་པ་དང་རི་ཁྲོད་མིན་པ་མི་འདུག་པ་ལ་ཕྱིས་ཡུལ་གྲོང་དང་༔ ལམ་འཕྲང་མཛེ་ཁང་ལ་སོགས་པ་གང་དུ་ཡང་འདུག་པ་ཞིག་བྱུང་བས་དེ་ནི་གནས་ཀྱི་ཞེན་པ་ཆོད་པའི་རྟགས་སོ༔ སྔར་དབྱེའི་གང་བ་ལ་སོགས་དང་ལྷ་ཆོས་ཀྱི་གཡོ་རུ་གྲ་ཐང་ལ་སོགས་རྣམས་སུ་འདུག་ཅིང་གཞན་དུ་མི་འགྲོ་བ་ལ་ཕྱིས་རྒྱལ་ཁམས་ཕྱོགས་མེད་དུ་འགྲོ་བ་ཞིག་བྱུང་བས་དེ་ནི་ཡུལ་གྱི་ཕྱོགས་རེས་ཞིག་པའི་རྟགས་སོ༔ སྔར་བཟའ་བ་དཀར་གསུམ་མངར་གསུམ་ལ་སོགས་པ་བཟང་པོ་གཙང་ཤས་ཅན་མིན་པ་མི་བཟའ་བ་ལ་ཕྱིས་ཤ་ཆང་སྒོག་གསུམ་མ་གཏོགས་པའི་བཟའ་བ་གཞན་ལ་བཟང་ངན་མེད་པར་ཟ་བ་ཞིག་བྱུང་བས་དེ་ནི་ཟས་ལ་སྙེམས་ཐག་ཆོད་པའི་རྟགས་སོ༔ སྔར་རང་ལ་གཞན་གྱིས་བསྟོད་བཀུར་ལ་སོགས་བྱེད་པ་དང་༔ བདེ་བ་བརྗོད་པ་ལ་དགའ་སྤྲོ་ཡོད་པ་ལ་ཕྱིས་རང་ལ་བཤད་འབར་དང་སྒྲོ་སྐུར་འདེབས་པ་དང་༔ སྡུག་བསྔལ་དང་མི་འདོད་པའི་ཕྱོགས་ཅི་བྱུང་ཡང་དེ་ལ་ཉམ་ང་དང་༔ ཞུམ་པ་མེད་པར་བདེ་སྡུག་དང་༔ ཉེ་རིང་དང་༔ ཆགས་སྡང་དང་བཟང་ངན་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་མཉམ་ནས་མི་བདེ་བ་གཅིག་ཀྱང་མེད་པ་ཞིག་བྱུང་ངོ་༔ དེས་ནི་འཇིག་རྟེན་ཆོས་བརྒྱད་གཏན་ནས་སྤངས་པའི་རྟགས་དང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་རྫོགས་པ་དང་ཐོས་པར་མཛད་པའི་ཚུལ་ལོ༔ བླ་མ་གྲྭ་པ་མངོན་ཤེས་ཅན་གྱི་བླ་མཆོད་མཛད་པའི་དུས་སུ་སྐྱོ་སྟོན་བསོད་ནམས་བླ་མས་ཕར་ཕྱིན་གྱི་ངོ་སྤྲོད་མཛད་པ་དང་༔ དགུང་ལོ་བཅུ་དྲུག་ནས་ཉི་ཤུའི་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བདུན་པའོ༔
རྣམ་གྲངས་བརྒྱད་པ།
བླ་མ་གྲྭ་པའི་བླ་མཆོད་ལོ་བཞི་མཛད་པའི་ལོ་གྲངས་ཚང་ནས་ལབ་སྒྲོན་དགུང་ལོ་ཉི་ཤུ་ལ་བྱོན་ཏེ་སྟག་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་བླ་མ་གྲྭ་པ་མངོན་ཤེས་ཅན་གྱིས་ཆོས་བཏོན་ཚར་ནས་བླ་མས་གཏང་རག་གི་གནང་བ་མཛད་ཏེ༔ ལབ་སྒྲོན་གྱིས་གནང་བ་མ་བཞེས་ནས་བླ་མ་ལ་དབང་ཞིག་ཞུ་ལགས་བྱས་པས་བླ་མ་གྲྭ་པས་རྟེན་འབྲེལ་གྱིས་མཁྱེན་པར་མཛད་ནས་ཇོ་མོ་ཁྱེད་ལ་ངས་དབང་བསྐུར་མི་ནུས་པར་འདུག༔ ཁྱེད་ཀྱིས་དབང་བསོད་ནམས་བླ་མ་ལ་ཞུས་དང་སྔོན་གྱི་སྨོན་ལམ་གྱི་རྟེན་འབྲེལ་འགྲིག་ཅིང་དབང་ལ་བར་ཆད་མེད་ཅིང་དངོས་གྲུབ་ཐོབ་པ་ཡིན་གསུངས་ནས་ལུང་བསྟན་མཛད་པ་དང་༔ ཁལ་ཤ་བུབས་བདུན༔ གོས་ཡུག་དམར་པོ་གཅིག༔ གསེར་སྲང་གང་དེ་རྣམས་བསྐུར་ནས་བཏང་ངོ་༔ དེ་ནས་ཇོ་མོ་ལབ་སྒྲོན་མ་ནི་ལན་ཅིག་ཕ་མིང་གི་ཡུལ་དུ་བྱོན་པས་མིང་པོ་ཆེ་བ་ཤཱཀྱ་རྒྱལ་མཚན་ལ་བླ་མ་གྲྭ་པ་མངོན་ཤེས་ཅན་གྱིས་ལུང་བསྟན་མཛད་པས་ངས་བླ་མ་བསོད་ནམས་གྲགས་པ་ལ་དབང་ཞིག་ཞུ་འགྲོ་བ་ཡིན་པས་ང་ལ་དབང་ཡོན་ཞིག་སྐུར་འཚལ་བྱས་པས༔ ཤཱཀྱ་རྒྱལ་མཚན་གྱིས་ནས་ཁལ་སུམ་ཅུ་བསྐུར་བ་དང་༔ སྔོན་གྱི་ཤ་བུབས་དང་གོས་ཡུག་རྣམས་ཁྱེར་ནས་སྐྱོ་སྟོན་བསོད་ནམས་བླ་མའི་དྲུང་དུ་ཕྱིན་པས༔ ང་ལ་བླ་མ་གྲྭ་པས་ལུང་བསྟན་ནས་ཁྱོད་སྐྱོ་སྟོན་བསོད་ནམས་བླ་མའི་དྲུང་དུ་སོང་ལ་དབང་ཞིག་ཞུས་གསུངས་ནས་འོང་བ་ཡིན་པས་ང་ལ་དབང་ཞིག་གནང་དགོས་ལགས་ཞུས་པས༔
བསོད་ནམས་བླ་མས་ལབ་སྒྲོན་མ་དབང་གི་སྣོད་དང་ལྡན་པའི་རྟེན་འབྲེལ་ཡོད་པར་དགོངས་ནས་ཇོ་མོ་ལབ་སྒྲོན་འདིར་བྱོན་པར་ལེགས་དེ་འདྲ་བྱས་པས་ཆོག་ཅེས་གསུངས་ནས༔ གློག་ལྷ་སྐྱབས༔ བྱ་ཁྲོམ་པ་འཛིན་ལྷ་བཟོ༔ ཞང་སྟོན་འོད་ཟེར་འབར་དང་བཞི༔ དེ་བཞི་པོ་ནི་དམ་ཚིག་ནུས་པ་སྣོད་དང་ལྡན་པར་གཟིགས་ནས་ཕ་ཇོ་བཞི༔ ལབ་སྒྲོན་དང་ལྔ་ལ་གཡེའི་གང་བར་ལྷ་ཁང་དུ་དབང་བསྐུར་བར་བརྩམས་པ་ལ༔ དེ་ཡང་དམ་པ་རིན་པོ་ཆེ་ནས་བྱུང་བའི་མདོ་ལུགས་ཀྱི་ཆོས་དབང་སེམས་ལ་བསྐུར་བར་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དབང་བཞི་ངོ་སྤྲོད་དང་༔ ནམ་མཁའ་གོ་འབྱེད་ཀྱི་དབང་བཞི་ངོ་སྤྲོད་དང་༔ ནམ་མཁའ་གོ་འབྱེད་ཀྱི་ངོ་སྤྲོད་ཤིན་ཏུ་བྱིན་རླབས་ཆེ་བའི་དབང་བསྐུར་སྔོན་དུ་མཛད་ནས༔ ཡང་དམ་པ་རིན་པོ་ཆེ་ནས་བྱུང་བའི་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་མ་ཧ་མ་ཡ་ལྷ་ལྔའི་དབང་བསྐུར་མཛད་པས་སྐར་མ་རྫོགས་ཙམ་ན་དབང་གི་ཡེ་ཤེས་དབབ་པའི་ཚེ་ན་ལབ་སྒྲོན་ལ་ཡེ་ཤེས་དབབ་ནས་ལུས་ཁྲུ་དོ་ཙམ་ས་ལ་མ་རེག་པར་ཞི་བའི་གར་ཐབས་ཉི་ཤུ་རྩ་བཞི་མཛད་ནས༔ སཾ་སྐྲྀ་ཏ་ལྷའི་སྐད་ཀྱིས་གསུང་དབྱངས་ཡན་ལག་དྲུག་ཅུ་རྩ་བཞི་མཛད་ནས༔ ཐུགས་ཆོས་ཉིད་ལ་ཐོགས་པ་མེད་པར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཉམས་དང་ལྡན་པ་ལ་ཤེས་རབ་ཐམས་ཅད་རྫོགས་ནས་ས་གཉིས་པ་ནས་བརྒྱད་པའི་བར་གྱི་རྟོགས་པ་སྐྱེས་པའི་ཚུལ་བསྟན་ནས༔ ཁང་པའི་གྱང་དང་རྩིགས་པ་ལ་ཐོགས་པ་མེད་པར་རླུང་ལྟར་དུ་ཕྱི་རོལ་ཏུ་བུད་ནས་ནམ་མཁའ་ལ་འཕུར་ཏེ༔ བྱང་ཕྱོགས་ངོས་སུ་བྱོན་པས་བྱང་ཕྱོགས་དེ་ན་ཤིང་སྡོང་པོ་གསེར་ལྷག་ཅན་ཞེས་བྱ་བའི་ཤིང་ཞིག་ཡོད་དེ་༔ ཤིང་དེའི་རྩ་བ་ནི་ཀླུ་ལ་ཐུག༔ རྩེ་མོ་ནི་དགུང་གི་ཉི་ཟླ་ལ་ཐུག་པ༔ ཡལ་ག་ནི་དཔག་ཚད་ཁྱབ་པ་ཞིག་ཡོད་དེ༔ ཤིང་དེའི་རྩ་བ་ན་ཆུ་མིག་འོད་པོ་གནམ་ཁོལ་བྱ་བའི་དུག་ཆུ་ནག་པོ་ཤིན་ཏུ་འཇིགས་པ་ཞིག་ཡོད་དེ༔ ཆུ་དེ་ལ་ཡར་མི་ལུས་སུམ་འགྱུར་ཙམ་ནམ་མཁའ་ལ་འཕྱུར་བ༔ ཆུ་མདའ་ལ་སྐྱ་རབ་ཀྱིས་ཚུགས་པ་ཙམ་ཡོད་པ༔ ཆུ་དང་ཤིང་དེའི་ཐད་དུ་ནམ་མཁའ་ལ་བྱ་འཕུར་བ་རྣམས་ཐང་དུ་ལྷུང་ནས་འོང་བའི་དུག་ཆུ་ནག་པོ་དེ་འདྲ་བ་ཞིག་ཡོད་དེ༔
དེ་ལ་ཀླུ་བཙན་དྲག་པོ་ཟླ་བ་སྐྱོང་བྱེད་ཞེས་བྱ་བ་ཤིན་ཏུ་གདུག་རྩུབ་ཅན་ཞིག་གནས་པས༔ ས་ཕྱོགས་དེར་མི་དང་སེམས་ཅན་གཅིག་ཀྱང་མི་གནས་ཤིང་ཉེ་མི་ཕོད་པ་ཞིག་ཡོད་དེ༔ ལབ་སྒྲོན་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ནས་སྐུ་གཅེར་བུར་དེར་བྱོན་ནས་ཆུ་མིག་དེའི་དབུས་སུ་ཤིང་དེ་ལ་སྐུ་རྒྱབ་གཏད་ནས་ཞབས་གཉིས་གར་ཐབས་སུ་བཞུགས་ཏེ༔ ཀླུ་རྒྱལ་ཟླ་བ་སྐྱོང་མཛད་ཏིང་ངེ་འཛིན་གྱིས་གཟིར་བས་ཀླུ་རྒྱལ་གྱིས་ཆོ་འཕྲུལ་མི་འདྲ་བ་འཇིགས་སུ་རུང་བ་སྣ་ཚོགས་དུ་མ་བསྟན་ཀྱང་ལབ་སྒྲོན་ལ་གླགས་མ་རྙེད་ནས་ཡུལ་ཁམས་གཞན་དུ་བརྒྱུགས་ནས་ལྷ་འདྲེ་སྟོབས་ཆེན་རྣམས་དམག་ལ་བསྐུལ་ནས༔ ལྷ་འདྲེའི་དམག་དཔུང་ཐམས་ཅད་བསྡུས་ཏེ་ས་གཡོ་བ་དང་༔ ཐོག་འབེབ་པ་དང་༔ ས་བསྒྱུར་བ་དང་༔ ཆུ་བོ་འཕྱུར་བ་དང་༔ གནམ་འགྱུར་བ་དང་༔ རི་འགུལ་བ་དང་རི་རབ་ཚོགས་སོར་འཕེན་པ་དང་༔ ཁྲེལ་བའི་གད་རྒྱངས་སྒྲོགས་པ་དང་༔ སྟོང་གསུམ་གྱི་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཀི་བསྭོ་ཆ་སྒྲ་འབེབས་པ་དང་༔ ནམ་མཁའ་དང་བར་སྣང་མེས་གང་༔ སྙིང་འདོན་པ་དང་༔ སྐེ་བྲེག་པ་དང་༔ མིག་འབྱིན་པ་དང་༔ ཤ་ཟ་བ་དང་༔ ཁྲག་འཐུང་བ་དང་༔ རུས་པ་མུར་བ་དང་༔ རྒྱུ་མ་འདྲེན་པ་དང་༔ ཀེང་རུས་འཁྲབ་པ་དང་དེ་ལ་སོགས་པའི་ཆོ་འཕྲུལ་འཇིགས་ཤིང་ཡ་ང་བ་དཔག་ཏུ་མེད་པ་བསྟན་ཀྱང་༔
ཇོ་མོ་ལབ་སྒྲོན་གྱིས་བེམ་རིག་ཕྲལ༔ དབྱིངས་རིག་བསྲེས་ནས་ལུས་པོ་ལྟོས་པ་མེད་པར་ལྷ་འདྲེ་རྣམས་ཀྱི་གཟན་དུ་བསྐྱུར་ཞིང་ཀླུ་རྒྱལ་གྱི་ཕོ་བྲང་དང་༔ ཡུལ་ཕྱོགས་དེ་ངོས་ཐམས་ཅད་ཤ་ཁྲག་གིས་དམར་ཉིལ་ལེ་བཀང་ནས་བཞག་པས་ཀླུ་རྒྱལ་དང་འདྲེ་དམག་ཐམས་ཅད་ཀྱིས་ལབ་སྒྲོན་ལ་གླགས་མ་རྙེད་ནས༔ ལྷ་འདྲེ་སྟོབས་ཆེན་ཐམས་ཅད་དང་གྲོས་ལ་དབང་བ་རྣམས་འདུས་ནས་གྲོས་བྱས་ཏེ་ན་རེ༔ སྔར་སངས་རྒྱས་གྲུབ་ཐོབ་ཇི་ལྟར་བྱུང་ཡང་ཡུལ་ཕྱོགས་འདིར་ཕུང་པོ་གཟན་དུ་བསྐྱུར་ནས་ཤ་ཁྲག་གིས་བཀང་བའི་ཆོས་ལུགས་མེད་པ་ལ༔ རྣལ་འབྱོར་མ་འདིས་བེམ་རིག་ཕྲལ་ནས་ཡུལ་ཕྱོགས་འདིར་ཤ་ཁྲག་གིས་བཀང་ནས་བྱུང་བས་ད་འདི་ལ་ཇི་ལྟར་བྱེད་ན་ཨང་༔ གཞན་མ་རྣམས་ལ་ནི་འོ་སྐོལ་ཚོས་བེམ་རིག་ཕྲལ་ནས་སྲོག་གཅོད་པ་ཡིན་པ་ལ༔ རྣལ་འབྱོར་མ་འདིས་ནི་བེམ་རིག་ནི་མོ་རང་གིས་ཕྲལ༔ སྲོག་ནི་མོ་རང་གིས་བཅད་ནས་ཤ་ཁྲག་ནི་འཕང་པ་མེད་པར་འོ་སྐོལ་ཚོ་ལ་སྦྱིན་པར་འདུག༔ འདིའི་ཤ་ཁྲག་ཟོས་པ་ལ་ཟད་པ་དང་མོ་ལ་གནོད་པ་ནི་མི་འདུག༔ སྲོག་གཅོད་རྒྱུ་ནི་མི་འདུག༔ འོ་སྐོལ་ཚོས་ཆོ་འཕྲུལ་ཇི་ལྟར་བསྟན་ཀྱང་རྣལ་འབྱོར་མ་འདི་ལ་གནོད་པ་དང་འཇིགས་པ་ནི་མི་འདུག་པས༔ ད་འདི་ལས་ཐུ་བའི་ཆོ་འཕྲུལ་འཇིགས་པ་ནི་རང་ཅག་རྣམས་ལ་སྟོན་རྒྱུ་མེད་ན༔ གཞན་གྱིས་འཇིགས་སྣང་དང་སྤྲུལ་པ་ཇི་ལྟར་བསྟན་ཀྱང་འདི་ལ་མི་འཇིགས་པར་འདུག་པས༔ ད་ནི་ཇི་ལྟར་བྱས་ཀྱང་རྣལ་འབྱོར་མ་འདི་མི་ཉམས་པར་རང་ཅག་རྣམས་ཉམས་པར་འདུག་པས་རང་ཅག་རྣམས་འདིས་བཏང་ནི་མི་ཉན་པར་འདུག་པས༔ ད་ནི་རང་ཅག་རྣམས་ཀྱིས་རྣལ་འབྱོར་མ་འདི་ལ་ཁས་ལེན་དང་དམ་བཅའ་དྲག་པོ་བྱས་པས་དྲག་ཟེར་ནས་ཁ་འཆམས་ཏེ༔ དེར་འཚོགས་པའི་ལྷ་འདྲེ་རྣམས་ཀྱིས་ལབ་སྒྲོན་ལ་གླགས་མ་རྙེད་ནས་དམ་བཅའ་དྲག་པོ་ཕུལ་ནས་སྲོག་སྙིང་ཕུལ་ཏེ༔
ཀླུ་རྒྱལ་ཟླ་བ་སྐྱོང་བྱེད་ལ་སོགས་པའི་ལྷ་འདྲེའི་དེད་དཔོན་རྣམས་ཀྱིས་དེ་ཕྱིན་ཆད་ནས་སེམས་ཅན་ལ་གནོད་པ་མི་བྱེད་པར་དམ་བཅས་ཤིང་༔ གདུག་སེམས་ཐམས་ཅད་སྤངས་ནས་དཔོན་མོ་ལབ་སྒྲོན་གྱི་བསྟན་པ་སྐྱོང་བར་ཁས་བླངས་ནས་དམ་བཅས་ཏེ༔ འདྲེའི་དམག་རྣམས་ཀྱང་དགའ་ཞིང་མགུ་བ་དང་ཡི་རང་ནས་སོ་སོར་གྱེས་ཏེ༔ ཀླུ་རྒྱལ་ཟླ་བ་སྐྱོང་མཛད་འཁོར་དང་བཅས་པ་རྣམས་ཞི་དུལ་དང་ལྡན་ཞིང་༔ ལབ་སྒྲོན་ལ་དད་པ་རྩོལ་མེད་དུ་ཐོབ་ནས་མཆོད་པའི་བྱེ་བྲག་སྣ་ཚོགས་པའི་ལབ་སྒྲོན་ལ་མཆོད་ནས་ལབ་སྒྲོན་གྱི་བཀའ་སྲུང་དུ་གྱུར་ཏོ༔ དེ་ནས་ནམ་གུང་ཅུང་ཟད་ཡོལ་ནས་འདུག་པས༔ མ་ཧ་མ་ཡ་ལྷ་ལྔ་མཐའི་ལྷ་མོ་རྣམས་དང་བཅས་པ་ནམ་མཁའ་ལ་བྱོན་ནས་བྱུང་སྟེ༔ དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས་བྱུང་ངོ་༔ དེའི་རྗེས་སུ་རྗེ་བཙུན་མ་ཕག་མོ་ནག་མོ་ལྷ་ལྔ་བྱོན་ནས་བྱུང་སྟེ༔ དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས་སྣང་སྲིད་མི་དང་མི་མིན་ཐམས་ཅད་དབང་དུ་བསྡུས་ལ༔ བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་ལས་ལ་མྱུར་དུ་བརྩོན་པར་གྱིས་ཤིག་གསུངས་ནས་ཡལ་ནས་ཐལ་ལོ༔ དེའི་རྗེས་སུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྐོར་བ་བྱས་ནས་ཕྱག་བརྐྱངས་ཏེ༔ མགྲིན་གཅིག་ཏུ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པར་མཛད་ནས་འདི་སྐད་གསུངས༔ རྣལ་འབྱོར་མ་ཁྱོད་ཀྱིས་གཉན་ཁྲོད་ཕྱོགས་མེད་དུ་འགྲིམ་པ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཐུགས་བསྐྱེད་རྒྱ་ཆེན་པོར་མཛོད་ཅིག༔ ཁྱོད་སངས་རྒྱས་ཐོད་པའི་སྤྲུལ་པ་ཐོད་པ་བྷ་ཏྲ་ཡ་ཞེས་བྱ་བའི་རྣལ་འབྱོར་པ་ཞིག་སྔོན་གྱི་སྨོན་ལམ་གྱིས་མཐུན་པས༔
དེང་སང་རྒྱ་གར་ནས་བོད་འདིར་བྱོན་ནས་ཡོད་པས་ཁྱོད་དེ་དང་ཐབས་ཤེས་འགྲིགས་པར་གྱིས་ལ་གཉན་ཁྲོད་ཆུ་མིག་བརྒྱ་རྩ་བརྒྱད་དུ་འགྲོ་དོན་གྱིས་དང་༔ ཁྱོད་ཀྱི་བསྟན་པ་ནི་ནམ་མཁའ་ལ་ཉི་མ་ཤར་བཞིན་དུ་འོངས་ནས་ཕྱིར་མི་ལྡོག་པའི་ས་ནོན་པ་ཡིན་གསུངས་ནས་ལུང་བསྟན་མང་དུ་མཛད་ནས་འཇའ་ཡལ་བ་བཞིན་དུ་ཡལ་ནས་ཐལ་ལོ༔ དེ་ལ་སོགས་པའི་ལུང་བསྟན་དང་ཡོན་ཏན་མཐའ་ཡས་པར་ཐོབ་ཅིང་༔ ས་བཅུ་ཡི་རྟོགས་པ་དང་ཡོན་ཏན་རྒྱུད་ལ་སྐྱེས་པ་དང་ཐོབ་པའི་ཚུལ་མཛད་དོ༔ དེ་ཕྱིན་ཆད་ནས་ཆུ་མིག་འོད་པོ་གནམ་ཁོལ་གྱེན་དུ་འཕྱུར་བ་ཡང་ཞི་ནས་ཁྲུ་གང་ཙམ་ལས་འཕྱུར་མི་ནུས་པར་བྱུང་ངོ་༔ དེ་ནས་མདུང་གང་ཙམ་གྱིས་ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་འཁྲིགས་པའི་ནང་དུ་ལབ་སྒྲོན་ནི་སྐུ་མདོག་ཤིན་ཏུ་དཀར་ལ་གསལ་བ༔ ཆུ་ཤེལ་དཀར་པོའི་མདོག་འདྲ་བའི་ཟླ་བའི་མདངས་ལྟར་ཤིན་ཏུ་དཀར་ལ་གསལ་ཞིང་་འོད་ཟེར་དུ་མ་འཕྲོ་བ་ཞིག་གྱུར་ནས༔ ཤིང་སྡོང་པོ་གསེར་ལྷག་ཅན་གྱི་རྩ་བའི་ཤར་ཕྱོགས་ངོས་སུ་མདུང་གང་ཙམ་གྱི་ནམ་མཁའ་ལ་གར་ཐབས་ལིང་ངེ་བཞུགས་ནས་ཌཱཀི་འབུམ་བསྐུལ་དང་༔ མཁའ་འགྲོ་འབུམ་བསྐུལ་དང་༔ མཛེས་མ་འབུམ་བསྐུལ་དང་༔ ཁྲོས་མ་འབུམ་བསྐུལ་དང་༔ དབང་སྡུད་འབུམ་བསྐུལ་ཆེན་མོ་རིགས་མི་འདྲ་བ་བརྒྱ་རྩ་བརྒྱད་དང་དེ་ལ་སོགས་པའི་འབུམ་བསྐུལ་དང་༔ དབང་སྡུད་དང་གསོལ་འདེབས་མང་དུ་མཛད་དོ༔
དེ་ནས་ནམ་ལངས་ནས་མཆེད་གྲོགས་རྣམས་ཀྱིས་བཙལ་བས་ཐག་རིང་པོ་ནས་མཐོང་སྟེ་ཀླུ་རྒྱལ་གདུག་རྩུབ་ཆེ་བས་རྩ་ན་འགྲོ་ནི་མ་ཕོད་པས་སྐད་མདའ་ཐོས་པར་ཙམ་བཏང་བས༔ དེ་མ་ཐག་ཏུ་ལབ་སྒྲོན་རྫུ་འཕྲུལ་གྱིས་ནམ་མཁའ་ནས་ཚུར་བྱོན་ནས་བྱུང་སྟེ་བླ་མའི་གཟིམ་ཁང་གི་སྒོར་སླེབས་ནས་མཆེད་གྲོགས་རྣམས་ཀྱིས་ཤ་གོན་སྒོར་ཁྱེར་ནས་གཏད་པས༔ ལབ་སྒྲོན་གྱིས་ཤ་གོན་རྐྱང་པ་མནབས་ནས་བླ་མའི་དྲུང་དུ་བྱོན་ནས་འདི་སྐད་སྨྲས་ནས་ཕྱག་འཚལ་བའོ༔ ཉོན་མོངས་མེད་ཅིང་གོས་མེད་གཅེར་བུ་ཡི༔ ཁྲེལ་མེད་ངོ་ཚ་བྲལ་བའི་ཕྱག་གཅིག་འཚལ༔ ངེས་པར་སྒྲིབ་པ་སེལ་མཛད་པའི༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ མཐོ་རིས་འདྲེན་ལ་ཕྱག་འཚལ་ལོ༔ ངན་སོང་སྐྱོབ་ལ་ཕྱག་འཚལ་ལོ༔ ཞེས་གསུངས་ནས་ཕྱག་འཚལ་བས་མཆེད་གྲོགས་རྣམས་ཀྱིས་ན་རེ༔ མདང་གསུམ་དཔོན་ཆུང་ལབ་སྒྲོན་མས་དབང་གི་དངོས་གཞི་མ་ཐོབ་ཟེར་བ་ལ་བླ་མའི་ཞལ་ནས་མདང་སུམ་འདུས་བྱས་ཀྱི་དབང་དེ་ཁྱེད་ཚོར་ཐོབ༔ ཆོས་ཉིད་དོན་གྱི་དབང་དེ་ཇོ་མོར་ཐོབ་ནས་ཐལ་གསུངས༔ དེ་ནས་དངོས་གཞི་དབང་གི་དོན་དུ་གསོལ་བ་གདབས་ནས་མཎྜལ་ཕུལ་བའི་དུས་སུ་ལབ་སྒྲོན་གྱིས་བུམ་དབང་གི་ཡོན་དུ་མཎྜལ་འདི་ཕུལ་ལོ༔ ཕྱི་སྣང་བ་རྒྱན་གྱི་མཎྜལ་ལ༔ ནང་འབྱུང་བ་བཞི་ཡི་ཆག་ཆག་གདབ༔ རིགས་དྲུག་སེམས་ཅན་ཚོམ་བུར་བཀོད༔ ཟད་མེད་རིན་ཆེན་གཏེར་དང་བཅས༔ སྐྱབས་གནས་དམ་པ་དཀོན་མཆོག་དང་༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ སྣང་བ་རྒྱན་གྱི་མཎྜལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཕུལ་ལོ༔
དེ་ནས་གསང་དབང་གི་ཡོན་དུ་འདི་ཕུལ་ལོ༔ ནང་ཕུང་པོ་ལུས་ཀྱི་མཎྜལ་ལ༔ རང་བྱུང་ལྷན་སྐྱེས་ཆག་ཆག་གདབ༔ རྣམ་ཤེས་ཚོགས་བརྒྱད་ཚོམ་བུར་བཀོད༔ ཀུན་གཞི་རིན་ཆེན་གཏེར་དང་བཅས༔ སྐྱབས་གནས་དམ་པ་དཀོན་མཆོག་དང་༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ ནང་ཕུང་པོ་ལུས་ཀྱི་མཎྜལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཕུལ་ལོ༔ དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཡོན་དུ་འདི་ཕུལ་ལོ༔ གསང་བ་ཆོས་ཉིད་ཀྱི་མཎྜལ་ལ༔ རང་རིག་འོད་གསལ་ཆག་ཆག་གདབ༔ འགག་མེད་ཉམས་མྱོང་ཚོམ་བུར་བཀོད༔ ཉམས་གསལ་སྟོང་བདེ་བའི་གཏེར་དང་བཅས༔ སྐྱབས་གནས་དམ་པ་དཀོན་མཆོག་དང་༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ གསང་བ་ཆོས་ཉིད་མཎྜལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ དེ་ནས་ཚིག་དབང་གི་ཡོན་དུ་འདི་ཕུལ་ལོ༔ མཐའ་བྲལ་ཆོས་སྐུའི་མཎྜལ་ལ༔ ལོང་སྐུ་མཚན་དཔེའི་ཆག་ཆག་གདབ༔ སྤྲུལ་སྐུའི་མཆོག་རྣམས་ཚོམ་བུར་བཀོད༔ སྐུ་གསུམ་འགྲོ་དོན་གཏེར་དང་བཅས༔ སྐྱབས་གནས་དམ་པ་དཀོན་མཆོག་དང་༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ དངོས་གཞི་དོན་གྱི་མཎྜལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་ཕྱི་ནང་གསང་གསུམ་གྱི་མཎྜལ་ཕུལ་བས་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ནས་གསང་སྔགས་ཀྱི་བསླབ་བྱ་རྣམས་ལེགས་པོར་བཤད་ནས་ལབ་སྒྲོན་གྱིས་གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པའི་ཆོ་ག་དང་༔ བསྐྱེད་རྫོགས་ཀྱི་དོན་རྣམས་མ་ལུས་པ་ཐུགས་སུ་ཆུད་ནས༔ བླ་མ་བསོད་ནམས་གྲགས་པ་ལ་ལྷག་པར་མི་ཕྱེད་པའི་དད་པ་རྩོལ་མེད་དུ་ཐོབ་ནས་གསང་སྔགས་ཉན་པ་དང་༔ འཆད་པ་དང་༔ རྩོད་པ་དང་རྩོམ་པ་ལ་སོགས་པའི་གསང་སྔགས་ལ་དབང་བའི་ཚུལ་མཛད་དོ༔ ལབ་སྒྲོན་གྱིས་སྟག་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་སྐྱོ་སྟོན་བསོད་ནམས་བླ་མ་ལ་མ་ཧ་མ་ཡ་ལྷ་ལྔའི་དབང་ཞུས་ནས་གསང་སྔགས་ལ་འཇུག་ཅིང་དབང་བའི་ཚུལ་མཛད་པའི་ཚེ༔ བླ་མ་དང་མ་ཧ་མ་ཡ་དབྱེར་མི་ཕྱེད་པའི་སྒོ་ནས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པས་མཆོག་གི་དངོས་གྲུབ་ཐོབ་པ་དང་ཡུམ་ཆེན་མོ་ལ་སོགས་པས་རྗེས་སུ་གནང་བ་དང་༔ ལུང་བསྟན་མང་པོ་ཐོབ་པ་དང་༔ བེམ་རིག་ཕྲལ་ནས་ཕུང་པོ་འདྲེ་རྣམས་ཀྱི་གཟན་དུ་བསྐྱུར་ཞིང་༔ ལུས་ཤ་ཁྲག་གི་གཏོང་བའི་སྒོ་ནས་ཀླུ་བཙན་ཟླ་བ་སྐྱོང་བྱེད་འདུལ་བ་དང་༔ ལབ་སྒྲོན་རང་གིས་ཆོས་ཀྱི་སྲོལ་བཏོད་ནས་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་གྱི་ཕྱི་ཙམ་སྟོན་པའི་ཐོག་མར་དང་༔ མ་ཅིག་གི་དགུང་ལོ་ཉི་ཤུའི་དུས་ཀྱི་རྣམ་ཐར་ཏེ་རྣམ་གྲངས་བརྒྱད་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་དགུ་པ།
དེ་ནས་བླ་མ་བསོད་ནམས་གྲགས་པ་ལ་དབང་ཞུ་ཚར་ནས་ཕ་ཇོ་བཞི་དང་༔ ལབ་སྒྲོན་དང་ལྔ་ནི་བླ་མའི་དྲུང་དུ་ཟླ་བ་གསུམ་བསྡད་ནས་སྔགས་ཀྱི་ཆོས་རྣམས་ཉན་ནོ༔ དེ་ནས་ཟླ་བ་བཞི་པའི་ཚེས་བཅུའི་ནངས་པར་ནས་བླ་མ་ཡང་ཡར་ལ་སྟོད་དུ་བྱོན༔ ཕ་ཇོ་བཞི་ཡང་རང་རང་གི་གནས་སུ་བྱོན༔ ལབ་སྒྲོན་ཡང་ཚོང་པ་དང་འགྲོགས་ནས་མར་འོངས་པས་བླ་མ་ཞྭ་དམར་བ་དང་མཇལ་ནས་ཆོས་ཤིག་ཞུ་ལགས་བྱས་པས་བླ་མས་ཨ་ལ་ལ་དེ་ལྟར་བྱེད་དོ་གསུངས༔ དེ་ནས་བྱམས་ཆོས་སྡེ་ལྔ་དང་སེམས་བསྐྱེད་ཀྱི་སྐོར་རྣམས་དང་སྒྲ་ཐལ་འགྱུར་གྱི་སྐོར་ལ་སོགས་པ་མང་དུ་གནང་ནས་ཐུགས་སུ་ཆུད་པར་མཛད་དོ༔ དེ་ནས་བླ་མ་སྦ་སྟོན་པ་ལ་བཀའ་རྫོགས་པ་ཆེན་པོ་ཨ་ཏི་ནུ་སྐོར་གསུམ་དང་༔ སངས་རྒྱས་མཉམ་སྦྱོར་དང་༔ རྒྱུད་བཅུ་བདུན་དང་༔ དགོངས་པ་ཟང་ཐལ་དང་༔ བདེར་གཤེགས་འདུས་པའི་སྐོར་ལ་སོགས་པ་རྣམས་མ་ལུས་པ་གསན་ནས་ཉམས་ལེན་དྲོད་ཚད་དང་བཅས་པ་ཐོབ་ནས་བཀའ་རྫོགས་པ་ཆེན་པོའི་ཆོས་སྐོར་རྣམས་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དོ༔ བླ་མ་ཡར་སྟིང་པ་ལ་ཕྱག་རྒྱ་ཆེན་པོ་བརྡ་ཆོས་ཀྱི་སྐོར་རྣམས་དང་༔ ཆོས་དྲུག་གི་སྐོར་རྣམས་དང་༔ རྗེ་བཙུན་མའི་ཆོས་སྐོར་རྣམས་དང་༔ དཔལ་དུས་ཀྱི་འཁོར་ལོ་སྦྱོར་བ་ཡན་ལག་དྲུག་གི་སྐོར་རྣམས་དང་༔ མདོ་ཧ་སྐོར་གསུམ་དང་༔ ཀྲི་ཡ་ཕྱི་ནང་གི་སྐོར་རྣམས་དང་༔ ཡོ་གའི་ཆོས་སྐོར་རྣམས་མ་ལུས་པ་གསན་ནས་ཐུགས་སུ་ཆུད་པར་མཛད་དོ༔
དེ་ནས་བླ་མ་གྲྭ་པ་མངོན་ཤེས་ཅན་གྱི་མདུན་དུ་བྱོན་ནས་བྱམས་ཆོས་སྡེ་ལྔ་ལ་ག་དར་བཅད༔ དེ་ནས་བླ་མས་མར་དབུས་སུ་སོང་༔ ལར་ལྷ་སར་ཇོ་བོ་ལ་མཇལ་བར་གྱིས་གསུངས་ནས་ལུང་བསྟན་མཛད་དོ༔ དེ་ནས་ལབ་སྒྲོན་གྱིས་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་རྣམས་དང་༔ གྲྭ་འཁོར་ལྔ་བརྒྱ་ཙམ་དང་བཅས་པ་བྱས་ནས་ལྷ་སར་བྱོན་ཏེ་ཇོ་བོ་ལ་མཆོད་པ་རྒྱ་ཆེན་པོ་བཀྱགས་པས་ནམ་མཁའ་ལ་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་དང་༔ ལྷའི་རྔ་བོ་ཆེ་བརྡུང་བ་ལ་སོགས་པའི་རོལ་མོའི་སྒྲ་སྙན་མང་པོ་གྲགས་པ་དང་༔ དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་བས༔ དེར་ལྷ་ས་སྐོར་གྱི་མི་རྣམས་དང་༔ གཞན་ཡང་རྣ་བས་ཐོས་ཚད་ཀྱི་མི་རྣམས་ལ་དད་པ་རང་དབང་མེད་པར་སྐྱེས་ནས་ཐམས་ཅད་ཀྱིས་ཆོས་ཞུ་བ་དང་༔ མཆོད་པ་འབུལ་བ་དང་གསོལ་བ་གདབ་པ་ལ་སོགས་པའི་གདུལ་བྱ་དང་གདུལ་ཞིང་དཔག་ཏུ་མེད་པ་བྱུང་ངོ་༔ དེ་ནས་ལབ་སྒྲོན་གྲྭ་ཐང་དུ་བྱོན་ནས་གནས་ལ་སྐོར་བ་མཛད་ཅིང་བཞུགས་པས་དམ་པ་རིན་པོ་ཆེ་འཕན་ཡུལ་གྱི་ཉི་ཕུག་ན་བཞུགས་པ་ལ༔ ནུབ་གཅིག་ཞིང་སྐྱོང་གི་མཁའ་འགྲོ་མ་ཞིག་བྱུང་ནས་ན་རེ༔ ཇོ་མོ་ལབ་སྒྲོན་མ་ནི་ད་ལྟ་གྲྭ་ཐང་ན་བཞུགས་ནས་ཡོད་ཟེར་བ་དང་༔
དེའི་ཕྱིར་ནངས་དམ་པ་རིན་ཆེན་གྲྭ་ཐང་དུ་བྱོན་པས་གྲྭ་ཐང་ཉིད་ལ་ལབ་སྒྲོན་གནས་ལ་སྐོར་བ་མཛད་པ་དང་འཕྲད་པས་ལབ་སྒྲོན་གྱིས་དམ་པ་རིན་པོ་ཆེ་ལ་ཕྱག་འཚལ་ནས༔ སེམས་ཅན་ཐམས་ཅད་བཙན་ཐབས་སུ་འགྲོ་བའི་གདམས་པ་ཞིག་ཞུ་ལགས་བྱས་པས༔ དམ་པ་རིན་པོ་ཆེས་ལབ་སྒྲོན་མ་ལ་བསྔགས་པ་བརྗོད་པས༔ ཤེས་རབ་བཞི་དང་ལྡན་པའི་མ༔ ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ཡི༔ ཡེ་ཤེས་མཁའ་འགྲོ་ཆེན་མོ་ཁྱོད༔ རྣམ་ཐར་གསུམ་གྱི་སྒོ་འབྱེད་ནས༔ བདུད་ཀྱི་དཔུང་རྣམས་ཕམ་མཛད་མ༔ ལབ་ཀྱི་སྒྲོན་མ་ཁྱོད་ལ་ནི༔ བདག་དང་ལྷར་བཅས་འགྲོ་རྣམས་ཀྱིས༔ གུས་པས་ཕྱག་འཚལ་འགྲོ་དོན་དུ༔ བདག་ཀྱང་ཁྱོད་ལ་ཡི་རང་ཕུལ༔ ཁྱེད་ཀྱི་ཡོན་ཏན་འཕྲིན་ལས་རྣམས༔ བསམ་པ་བརྗོད་པའི་ཡུལ་ལས་འདས༔ ཐུགས་རྗེའི་རྩལ་གྱི་ལྕགས་ཀྱུ་ཡིས༔ སྙིགས་མའི་སེམས་ཅན་འགྲོ་བ་རྣམས༔ སྨིན་ཅིང་གྲོལ་བར་མཛད་ལགས་ཀྱང་༔ ཕྱི་རབས་དོན་དུ་ངས་ཀྱང་གདམས་པ་བཤད་ཅེས་གསུངས་ནས་ཇོ་མོ་མཁར་སྒོམ་དང་༔ ཇོ་མོ་ཆོས་མཚོ་དང་༔ ཇོ་མོ་ལབ་སྒྲོན་དང་གསུམ་ལ་ཕ་རོལ་ཏུ་ཕྱིན་པའི་བཀའ་བརྒྱུད་དོན་གྱི་མན་ངག་གི་སྒོ་ནས་ཆོས་དབང་སེམས་ལ་བསྐུར་བའི་ཏིང་ངེ་འཛིན་གྱི་དབང་བཞི་ཟབ་པའི་དོན་གྱི་གདམས་པ་དྲོད་ཚད་ཞལ་ཤེས་ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད༔ འཕོ་བའི་གདམས་པ་དང་བཅས་པ་ལ་ལྷག་ལུས་མེད་པར་གནང་ངོ་༔
ལབ་སྒྲོན་རང་ཉིད་ལ་ཞི་བྱེད་སྐོར་གསུམ་དང་གཅོད་གྲོལ་ཚོགས་དྲུག་གི་གདམས་པ་དང་༔ ཞི་བྱེད་ཧཱུྃ་སྐོར་དང་༔ དམར་ཁྲིད་ཧཱུྃ་སྐོར་དང་༔ ཕཊ་ཆོས་སྐོར་གསུམ་དང་༔ ཨུ་པ་ལའི་བརྡ་ཆོས་དང་༔ སྒྱུ་འཕྲུལ་ཆེན་མོའི་སྐོར་དང་༔ ཇོ་མོ་ཞལ་གཉིས་མ་དང་༔ བཀའ་བརྒྱུད་བླ་མའི་རྣམ་ཐར་ཟབ་ལམ་མ་དང་༔ འཕོ་བ་གྲོང་འཇུག་གི་གདམས་པ་རླུང་སེམས་འདྲེས་པའི་གནད་ལྷག་པའི་ལམ་ཞུག་མ་དང་༔ སྒྱུ་ལུས་དང་འོད་གསལ་དང་༔ རྨི་ལམ་དང་བར་དོའི་སྦྱང་ཚུལ་ཅིག་ཆར་དུ་སྟོན་པ་དང་༔ ཕྲ་ཐིག་མན་ངག་གི་སྐོར་རྣམས་དང་༔ འཁྲུལ་གཅོད་བཀའ་བརྒྱ་མའི་མན་ངག་རྣམས་དང་དུར་ཁྲོད་ཆེན་པོའི་དམིགས་བྱ་རྣམས་དང་གདན་ཐོག་གཅིག་ཏུ་གཅོད་པའི་གདམས་པ་བརྒྱ་དང་བཅས་པ་ལ་ལྷག་ལུས་མེད་པར་གནང་ནས་ལབ་སྒྲོན་གྱིས་དེ་རྣམས་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པར་མཛད་དོ༔ དེ་ནས་ལབ་སྒྲོན་གྱིས་དམ་པ་རིན་ཆེན་ལ་བསྟོད་པ་འདི་མཛད་དོ༔ ཕ་ཀུན་ཤེས་ཀུན་རིག་དམ་པ་པོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྲས་མཆོག་འགྲོ་བའི་མགོན༔ སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ་ཞེས་པ་ལ་སོགས་པའི་བསྟོད་པ་མཛད་དོ༔ ཡང་དམ་པ་རིན་པོ་ཆེའི་ཞལ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ མ་རྒྱུད་མཁའ་འགྲོ་མ་ཐམས་ཅད་ཀྱི་གྲོལ་ཕུགས༔ ཤེས་རབ་ཡེ་ཤེས་གསང་བའི་བདེ་ཆེན་མ༔ བཅོམ་ལྡན་འདས་མ་རིག་པ་རྡོ་རྗེ་ཕག་མོ༔ བདག་མེད་གསང་ཆེན་མཁའ་འགྲོའི་གཙོ་མོ༔ ཆོས་དབྱིངས་འགྱུར་མེད་མཐིང་ནག་ཁྲོས་པའི་སྐུར་སྟོན་མ༔ མཁའ་འགྲོ་ཡོངས་ལ་དབང་བསྒྱུར་ཤེས་རབ་ཆེན་མོའི་གཙོ་མོ་མཆོག་ཏུ་གྱུར་པ་རྡོ་རྗེ་བདུད་འདུལ་མ་ཆེན་མོ་ཞེས་བྱ་བ་དེ་ཉིད་ནི་མཁའ་སྤྱོད་དག་པའི་ཞིང་ཁམས་ན་བཞུགས་ཀྱང་༔ སྨོན་ལམ་དང་རྟེན་འབྲེལ་གྱི་དབང་གིས་རྒྱ་གར་སེར་སྐྱའི་གྲོང་ཁྱེར་དུ་འགྲོ་བའི་དོན་ལ་དགོངས་ནས༔ ར་ཙ་ཤོ་ར་ཤྲྀ་ཨརྱའི་སྲས་སུ་སྐུ་འཁྲུངས་ནས་སྨོན་ལམ་དོན་གྲུབ་ཏུ་མཚན་ཐོགས་པ་དེ་བོད་དམུ་རྒོད་འདུལ་བའི་སྐབས་ལ་བབ་པར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པ་ནི༔
དེ་ཡང་མདོ་སྡེ་དྭངས་སྙིགས་འབྱེད་པའི་ལེའུ་བརྒྱད་ཅུ་རྩ་གཉིས་པ་ལ༔ སྙིགས་མ་རྩོད་པ་རྒྱས་པའི་དུས༔ བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་སུ༔ རྒྱལ་བའི་ཡུམ་གྱི་ཐུགས་སྤྲུལ་ནི༔ སྒྲོན་མའི་མཚན་ཅན་འབྱུང་བར་འགྱུར༔ ཞེས་པ་དང་༔ འཇམ་དཔལ་རྩ་བའི་རྒྱུད་རྒྱས་པ་ལ༔ ང་ཡི་བསྟན་པའི་སྙིགས་མ་ལ༔ ཁ་བ་ཅན་ལྗོངས་བྱང་ཕྱོགས་སུ༔ ཡུམ་ཆེན་ཤེར་ཕྱིན་ཐུགས་སྤྲུལ་ནི༔ ལབ་ཀྱི་སྒྲོན་མ་ཞེས་བྱ་འབྱུང་༔ སྐྱེ་མེད་སྙིང་པོའི་དོན་སྟོན་ཞིང་༔ གྲོང་དང་གྲོང་ཁྱེར་རི་སུལ་དང་༔ དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ༔ ཕྱིར་མི་ལྡོག་པའི་ས་འཐོབ་འགྱུར༔ དེ་ཡི་ཆོས་ནི་རྒྱས་པར་འགྱུར༔ ཞེས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་པཎྜི་ཏ་དོན་གྲུབ་རིན་ཆེན་གྱི་གདུལ་བྱའི་སྐལ་བ་བོད་དུ་གྱུར་པ་དང་༔ ཁྱད་པར་དུ་ཡང་མུ་སྟེགས་ཀྱི་མཁའ་འགྲོ་མ་བཞི་བོད་དུ་སྐྱེ་བ་བཞེས་པ་དེས་བོད་ཐམས་ཅད་ལོག་པའི་ལམ་ལ་བསྒྱུར་དགོངས་པ་དང་༔ མུ་སྟེགས་མ་བཞི་འདུལ་པའི་དུས་ལ་བབ་པར་དགོངས་ནས༔ པཎྜི་ཏ་དོན་གྲུབ་རིན་ཆེན་ཡེ་ཤེས་ཀྱིས་མཁའ་འགྲོ་མ་བཞིར་སྤྲུལ་ནས་བོད་དུ་བྱོན་པ་ནི༔ ལ་སྟོད་ཀྱི་མ་ཅིག་ཞལ་མ་སྟེ༔ དེས་ནི་ལམ་འབྲས་ཀྱི་སྒོ་ནས་མུ་སྟེགས་མ་འདུལ་བ་ཡིན༔ འབྲི་ལྕམ་གྱི་ཞང་ལྕམ་འབྲོ་ཆུང་མ་སྟེ༔ དེས་ནི་རྫོགས་པ་ཆེན་པོའི་སྒོ་ནས་མུ་སྟེགས་མ་འདུལ་བ་ཡིན༔ སྣ་ནམ་གྱི་ཤེལ་བཟའ་སྒྲོན་ནེ་མ་དེས་ཕྱག་རྒྱ་ཆེན་བརྡ་ཆོས་བཞི་སྲོལ་གྱི་སྒོ་ནས་མུ་སྟེགས་མ་འདུལ་བ་ཡིན༔ ལ་སྟོད་ཀྱི་མ་ཅིག་ལབ་སྒྲོན་མ་དེས་བདུད་བཞི་རང་སར་གཅོད་པའི་ཕུང་པོ་གཅེས་འཛིན་བཏང་ནས་ཤ་ཁྲག་གཟན་དུ་བོར་བའི་སྒོ་ནས་མུ་སྟེགས་མ་འདུལ་བ་ཡིན༔ མ་ཅིག་ལབ་སྒྲོན་ནི་མཁའ་འགྲོ་མ་བཞི་ཀའི་གཙོ་མོ་ཡིན་ཏེ༔ ཡུམ་ཆེན་ཤེས་རབ་ཕར་ཕྱིན་གྱི་ཐུགས་ཀྱི་སྤྲུལ་པ་ཡིན་ཏེ༔ འདུལ་རྒྱུའི་མུ་སྟེགས་མ་བཞི་ནི༔ སྤར་ཕུའི་སྦལ་པ་དཀར་མོ་དང་གཅིག༔ སྟོད་ལུང་གི་འཆད་མོ་ནམ་མཁའ་དང་གཉིས༔ གཙང་གི་ཤེས་མོ་རྒྱལ་ལྕམ་དང་གསུམ༔ ལྷ་སྟེང་གི་ཞང་མོ་ལྷ་ཁྲིད་དང་བཞི་འདུལ་བ་ལ༔ ཕྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཟང་མོ་རེ་རེ་བྱུང་བར་སྣང་ངོ་༔ དེ་རྣམས་དམ་པ་རིན་པོ་ཆེས་གྲ་ཐང་དུ་གསུངས༔ དེ་ནས་ལབ་སྒྲོན་ལ་སྟོད་ནས་མར་བྱོན་ནས༔ དབུས་ཁོག་ཏུ་ལོ་གསུམ་བཞུགས་པ་དང་༔ སྦྲུལ་ལོ་ཟླ་བ་དང་པོའི་ཚེས་གསུམ་ལ༔ ཡར་ལ་སྟོད་ཡབ་ཡུལ་ངོས་སུ་བྱོན་པ་དང་༔ བླ་མ་གྲྭ་པས་ལུང་བསྟན་པ་དང་༔ ཇོ་བོ་ལ་མཆོད་པ་འབུལ་བ་ལ་སོགས་པ་དང་༔ གྲ་ཐང་དུ་དམ་པ་རིན་པོ་ཆེས་ལུང་བསྟན་པ་ལ་སོགས་པ་ནི༔ ལབ་སྒྲོན་དགུང་ལོ་ཉི་ཤུ་ནས་ཉེར་གསུམ་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་དགུ་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅུ་པ།
དེ་ནས་ལབ་སྒྲོན་དགུང་ལོ་ཉེར་གསུམ་ལ་བྱོན་ནས༔ བླ་མ་གྲྭ་པ་མངོན་ཤེས་ཅན་ལ་མཇལ་དུ་ཕྱིན་པས༔ བླ་མ་གྲྭ་པ་མངོན་ཤེས་ཅན་ལ་ཡོན་བདག་མོ་ལྷ་མོ་སྒྲོན་ཞེས་བྱ་བའི་རབས་ཆད་ཕོ་མོ་འབྱོར་པ་ཆེ་བ་གཉིས་ཡོད་པས་བླ་མ་ལ་ཞུས་ནས༔ བླ་མ་ལགས༔ ཁྱེད་ཀྱི་མཆོད་གནས་དཔོན་ཆུང་ལབ་སྒྲོན་མ་དེ་ངེད་རྒན་རྒོན་གཉིས་ཀྱི་མཆོད་གནས་ཟླ་བ་གཅིག་མཛད་ནས་བཞུགས་པར་ཞུ༔ ངེད་གཉིས་ཀྱིས་ཟོག་དངོས་པོ་གང་ཡོད་ཐམས་ཅད་ཁོང་ལ་འབུལ་བའི་གཏོང་སྒོ་བྱེད༔ དེ་ཙ་ན་ཅིས་ཀྱང་མཆོད་གནས་མཛད་པའི་ཞུ་བ་འབུལ་བས་གནང་དགོས་ཟེར་བས༔ བླ་མའི་ཞལ་ནས་འོ་ན་དེ་ལྟར་བྱེད་པས་ཆོག་གསུངས་ནས༔ ལབ་སྒྲོན་ལ་འདི་སྐད་གསུངས༔ ཇོ་མོ་ལབ་སྒྲོན་མ་ཁྱེད་གཡེ་ཆུང་གི་གྲོང་དུ་ལྷ་མོ་སྒྲོན་མི་བཟའ་གཉིས་ཀྱི་བླ་མཆོད་བྱེད་པ་ལ་བྱོན་ལ༔ ཟླ་བ་གཅིག་བཞུགས་ལ་འབུམ་ཚར་སུམ་ཅུ་ཀློག་པར་མཛོད་དང་༔ ཁོང་གཉིས་ཀྱིས་དངོས་པོ་ཐམས་ཅད་ཁྱེད་ལ་འབུལ་བར་ཡོད་གསུངས་པས༔ ཡང་ལབ་སྒྲོན་བསོད་ནམས་བླ་མ་ལ་མཇལ་དུ་སོང་བས་ང་གཡེ་ཆུང་ན་ལྷ་མོ་སྒྲོན་གྱི་འབུམ་ཀློག་པ་ལ་འགྲོའམ་མི་འགྲོ་ལགས་ཞུས་པས༔ བསོད་ནམས་བླ་མའི་ཞལ་ནས་ཇོ་མོ་དེར་སོང་དང་སྔོན་གྱི་སྨོན་ལམ་གྱི་རྟེན་འབྲེལ་ཡོད་པས་འགྲོ་དོན་འབྱུང་བ་ཡོད་གསུངས་པ་དང་༔ བླ་མ་རྣམ་གཉིས་ཀྱིས་བཀའ་གནང་བས་ལབ་སྒྲོན་གྱི་དགོངས་པ་ལ༔ ད་ནི་གཡེ་ཆུང་དུ་འགྲོ་དགོས་སྙམ་པའི་ནུབ་ཐོ་རངས་ཁ་ལ་མཁའ་འགྲོ་མ་དམར་མོ་དཔྲལ་བ་ན་མིག་གཅིག་ཡོད་པ་ཞིག་བྱུང་ནས༔ ཇོ་མོ་རྒྱ་གར་ནས་འོང་བའི་ཐོད་པ་བྷ་ཏྲ་ཡ་ཞེས་བྱ་བའི་རྣལ་འབྱོར་པ་དེ་དང་ཁྱེད་གཉིས་ཐབས་ཤེས་འགྲིགས་པར་མཛོད་དང་༔ འགྲོ་དོན་རྒྱ་ཆེན་པོ་འོངས་ནས་ཕྱིར་མི་ལྡོག་པའི་ས་ནོན་པ་ཡིན་ཟེར་ནས་ཡལ་ནས་ཐལ་ལོ༔ ཡང་མཁའ་འགྲོ་མ་མཐིང་ནག་ཤིན་ཏུ་ཁྲོས་པའི་ཆ་བྱད་ཅན་གཅིག་བྱུང་ནས༔ ཇོ་མོ་སངས་རྒྱས་ཐོད་པའི་རྣམ་འཕྲུལ་ཐོད་པ་བྷ་ཏྲ་ཡ་ཞེས་བྱ་བའི་རྣལ་འབྱོར་པ་དེ་དང་ཁྱེད་གཉིས་ཐབས་ཤེས་འགྲིགས་པར་གྱིས་ལ་གསང་སྔགས་བླ་ན་མེད་པ་ལམ་དུ་བྱེད་པའི་ཆེད་དུ་སྙོམས་པར་འཇུག་ལ་རིགས་རྒྱུད་སྤེལ་དང་༔ ཁྱོད་ཀྱི་བསྟན་པ་ནི་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་འོངས་ནས་དར་རྒྱས་སུ་འབྱུང་ཞིང་ས་བཅུའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཡིན་ནོ༔ ཞེས་གསུངས་ནས་ནམ་མཁའ་ལ་ཡལ་ནས་ཐལ་ལོ༔ དེ་ནས་མནལ་སངས་ནས་བྱུང་ངོ་༔
དེའི་ཕྱིར་ནངས་ནམ་ལངས་ནས་གཡེ་ཆུང་དུ་སོང་ནས༔ དེ་ནུབ་བཙུན་མ་ཞིག་གི་རྩར་ཉལ་ནས་བསྡད་པས༔ ནམ་གུང་ཙམ་ལ་བུད་མེད་དཀར་མོ་བདུན་བྱུང་ནས༔ རྣལ་འབྱོར་མ་ཁྱོད་དང་རྒྱ་གར་གྱི་པཎྜི་ཏ་ཐོད་པ་བྷ་ཏྲ་ཡ་གཉིས་སྔོན་གྱི་སྨོན་ལམ་མཐུན་པས་ཁྱོད་སེམས་ཞུམ་པ་མེད་པར་ལས་ལ་སྤྱོད་ཅིག་ཅེས་བུད་མེད་བདུན་གས་མགྲིན་གཅིག་ཏུ་ཟེར་བ་དང་༔ ལབ་སྒྲོན་གྱི་དགོངས་པ་ལ་ལུང་བསྟན་འདི་རྣམས་ཅི་འདྲ་ཡིན་ཨང་༔ བདུད་ཀྱིས་བསླུ་བ་འདྲ་ཡང་ཨེ་ཡིན༔ བླ་མ་རྣམ་གཉིས་ཀྱིས་མ་མཁྱེན་པ་ཡིན་ནམ༔ མཁའ་འགྲོ་མ་བདུན་པོ་འདི་ལ་དྲི་བ་ཞིག་བྱེད་དགོས་སྙམ་ཙ་ན༔ བུད་མེད་བདུན་པོ་ཡལ་ནས་ཐལ་ལོ༔ དེ་ནས་མནལ་སངས་ནས་བྱུང་སྟེ༔ ཡང་ཐོ་རངས་ཁ་ལ་བུད་མེད་དཀར་མོ་ཞིག་གིས་དྲེལ་དཀར་མོ་ཞིག་ཞོན་ནས་བྱུང་སྟེ་འདི་སྐད་ཟེར་རོ༔ མ་ཅིག་གསང་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་བདུད་འདུལ་མ་ཆེན་མོ་ང་ཁྱེད་བསུ་བ་ལ་འོང་བ་ཡིན་པས་མགྱོགས་པར་འབྱོན་འཚལ་ཟེར་བས༔ ལབ་སྒྲོན་གྱིས་ཁྱེད་སུ་ཡིན་གང་ནས་འོང་བ་ཡིན་བྱས་པས༔ བུད་མེད་དཀར་མོ་དེ་དྲེའུ་ལས་བབས་ནས་ལབ་སྒྲོན་ལ་ཕྱག་ལན་གསུམ་འཚལ་ནས་འདི་སྐད་ཟེར་རོ༔ མ་ཅིག་གསང་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་ལགས༔ ང་ནི་དུང་སྐྱོང་གི་མཁའ་འགྲོ་མ་བྱ་བ་ཡིན༔ བླ་མ་ཐོད་པ་བྷ་ཏྲ་ཡའི་བཀའ་ཉན་མ་ཡིན་པས་ང་ཁྱེད་བསུ་བ་ལ་འོང་བ་ཡིན་ལགས༔ ཁྱེད་ནི་ངེད་ཀྱི་རྗེ་མོ་ཆེན་མོ་གསང་ཆེན་ཡེ་ཤེས་ཀྱི་ཡུམ་ཆེན་མོ་ཡིན་པས་མཁྱེན་པར་སྐད་ཟེར་རོ༔
ཡང་ལབ་སྒྲོན་གྱིས་ན་རེ༔ ཁྱོད་ཀྱི་བླ་མ་ཐོད་པ་བྷ་ཏྲ་ཡ་ཞེས་བྱ་བ་དེ་རིགས་རྒྱུད་གང་ཡིན༔ ཡུལ་གར་ཡོད་སྨྲས་པས༔ བུད་མེད་དཀར་མོ་དེ་ན་རེ༔ ང་ཡི་བླ་མ་ཐོད་པ་བྷ་ཏྲ་ཡ་ཞེས་བྱ་བའི་འཁྲུང་ཡུལ་ནི་རྒྱ་གར་གོ་པ་ལ་ཞེས་བྱ་བ་ཡིན༔ ཡབ་ནི་ཤཱཀྱ་བཙད་པོ་རད་ན་སི་ཏི་བྱ་བ་ཡིན༔ ཡུམ་ནི་ས་མ་ཏི་བྱ་བ་ཡིན༔ བླ་མ་ཁོ་རང་ནི་སངས་རྒྱས་ཐོད་པའི་སྤྲུལ་པ་བྷ་ཏྲ་ཡ་ཞེས་བྱ་བ་ཡིན་ཏེ༔ ཕྱི་སྡེ་སྣོད་གསུམ་དང་ནང་རྒྱུད་སྡེ་བཞི་མ་ལུས་པ་ཐུགས་སུ་ཆུད་ཅིང་༔ ཁྱད་པར་འཁོར་ལོ་བདེ་མཆོག་ལ་མངའ་བརྙེས་ནས༔ གྲུབ་པ་ཐོབ་རྣལ་འབྱོར་པ་ཆེན་པོ་ཡིན་ཏེ༔ ད་ལྟ་ཁྱེད་ལ་མཇལ་བའི་ཆེད་དུ་བོད་འདིར་བྱོན་ནས་གཡེ་ཆུང་ན་བཞུགས་ནས་ཡོད༔ ང་ཁྱེད་བསུ་བ་ལ་བཏང་བ་ཡིན་ཟེར་ནས་དྲེལ་དཀར་མོ་ལ་ཞོན་ནས་ད་ནི་མགྱོགས་པར་འབྱོན་པར་ཞུ་ཟེར་ནས་ཐལ་ལོ༔ དེ་ནས་ནམ་ལངས་སྔ་མ་ནས་ལབ་སྒྲོན་གཡེ་ཆུང་དུ་བྱོན་པས༔ ཉི་མ་ཕྱེད་ཙམ་རེད་ནས་ཤེལ་གྲང་བྱ་བའི་དགོན་པར་སླེབས་པས༔ དེ་ན་ནི་སྟོན་པ་ཤེས་རབ་འབུམ་ཞེས་བྱ་བའི་བཀའ་གདམས་པའི་དགེ་བཤེས་མཚན་ཉིད་དང་ལྡན་པ་སྡེ་སྣོད་གསུམ་ལ་རང་བྱན་བྱེད་པའི་མཁས་པ་ཆེན་པོ་གྲྭ་ཚན་སྟོང་ཕྲག་ལྷག་ཙམ་ལ་ཕར་ཕྱིན་གྱི་གཞུང་བཤད་བྱེད་པ་ཞིག་འདུག་པས༔ དེ་རྣམས་ཀྱི་ཐག་ཉེ་སར་སླེབ་པ་དང་༔ དགེ་བཤེས་མང་པོ་བྱོན་ནས་བྱུང་སྟེ་ལབ་སྒྲོན་གྱི་རྩར་ཕྱིན་པ་དང་༔
དགེ་བཤེས་གཅིག་གི་ན་རེ༔ ཇོ་མོ་ཁྱོད་རྒྱལ་པོ་ཆོས་ཀྱི་ཟླ་བ་རྒྱལ་མཚན་ལ་སྲས་མོ་མིག་གསུམ་ཡོད་པའི་ལབ་སྒྲོན་བྱ་བ་ཞིག་ཡོད་ཟེར་བ་དེ་ཡིན་ནམ་ཟེར་བས༔ ལབ་སྒྲོན་གྱིས་ང་ཡིན་སྨྲས་པས༔ དགེ་བཤེས་གཅིག་གི་ན་རེ༔ ལབ་སྒྲོན་མ་ཁྱོད་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་ཟེར་བར་གྲགས་ཤིང་༔ ཕར་ཕྱིན་ལ་ཤིན་ཏུ་མཁས་པར་གྲགས་པས༔ ད་ངེད་ཚོ་དང་ཕར་ཕྱིན་གྱི་བགྲོ་གླེང་དང་རྩོད་པ་བྱེད་དགོས་ཟེར་བས་ལབ་སྒྲོན་གྱིས་རྩོད་པ་བྱས་པས་ཆོག་སྨྲས་པས༔ དགེ་བཤེས་དེ་རྣམས་ཀྱི་ནང་ནས་གང་མཁས་པ་བདུན་དང་རྩོད་པ་བྱས་པས་དགེ་བཤེས་རྣམས་གྱིས་ལབ་སྒྲོན་ལ་ཚིག་གཅིག་གིས་ཀྱང་གླགས་མ་རྙེད་དེ༔ དགེ་བཤེས་མཁས་པ་གཅིག་གིས་ན་རེ༔ རྣལ་འབྱོར་མ་ཁྱོད་ཡུམ་ཆེན་མོའི་སྤྲུལ་པའམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་ཟེར་བར་གྲགས་པས་བདེན་པ་འདྲ་མོད༔ ད་ངེད་ཀྱི་བླ་མ་ལ་མཇལ་དུ་ཨེ་འགྲོ་ཟེར་བས་ལབ་སྒྲོན་གྱིས་བླ་མ་ལ་མཇལ་དུ་འགྲོ་བྱས་ནས་སོང་༔ དགེ་བཤེས་རྣམས་ཀྱིས་ད་རུང་ཡུད་ཙམ་ཞིག་ལ་མ་འབྱོན་ཟེར་བས་ལབ་སྒྲོན་གྱི་དགོངས་པ་ལ་ང་སྐྱེ་དམན་ཡིན་པས་ད་རུང་འགྲོ་ས་མེད་པ་ཨེ་ཡིན་སྙམ་ནས་དེར་བསྡད་པས༔ བཙུན་པ་མང་པོས་སྤོས་དུད་དང་རོལ་མོ་མང་པོ་དང་ངོ་མཚར་བའི་བསུ་བ་མང་པོ་བྱས་ནས་བྱུང་སྟེ༔ ལབ་སྒྲོན་ཡང་དེར་བྱོན་པས་བླ་མའི་མདུན་དུ་ཕྱིན་པས༔ ལབ་སྒྲོན་གྱིས་ཡར་གཟིགས་པས་བླ་མ་འཇམ་དཔལ་དམར་པོ་དངོས་སུ་མཐོང་ནས་ཕྱག་འཚལ་བས༔ བླ་མས་མར་གཟིགས་པས་ལབ་སྒྲོན་རྗེ་བཙུན་སྒྲོལ་མ་དངོས་སུ་ཞལ་གཟིགས་ནས་ཕྱག་མ་བཞེས་ཏེ༔ མ་ཅིག་སྒྲོལ་མ་བྱོན་ལགས་སམ་གསུངས་ནས་ཁྲི་ཐོག་ནས་ཐང་དུ་བཞེངས་ནས་ལྡང་བར་མཛད་དོ༔ དེ་ནས་བཞུགས་ཁྲིའི་མཆན་དུ་ཁྲིའུ་ཆུང་ཞིག་བརྩེགས་ནས༔
དེའི་སྟེང་དུ་གདན་འབོལ་སུམ་བརྩེགས་པའི་གདན་ལ་ལབ་སྒྲོན་བཞུགས་སུ་བཅོལ་ནས༔ བླ་མ་དང་ལབ་སྒྲོན་གཉིས་ཆོས་ཀྱིས་བགྲོ་གླེང་ཐོར་བུ་ཙམ་མཛད་པས༔ བླ་མས་ལབ་སྒྲོན་ལ་དག་སྣང་དཔག་ཏུ་མེད་པ་སྐྱེས་ནས་འདི་སྐད་གསུངས༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཐམས་ཅད་ཀྱི་གྲོལ་ཕུགས༔ རྡོ་རྗེ་བདུད་འདུལ་མ་ཁྱོད་ལ་བདག་ཀྱང་རྗེས་སུ་ཡི་རང་ངོ་ཞེས་གསུངས་སོ༔ དེ་ནས་ལབ་སྒྲོན་གྱིས་བླ་མ་ལ་ཆོས་འབྲེལ་ཞིག་ཞུ་ལགས་བྱས་པས༔ བླ་མས་ཁྱེད་ལ་མེད་པའི་ཆོས་གཞན་ཅི་ཡང་བདག་ལ་མེད་གསུངས་པས༔ ལབ་སྒྲོན་གྱིས་ཆོས་འབྲེལ་ཞུ་བ་ལ་གང་ཡང་རུང་ཞུས་པས༔ བླ་མས་འོ་ན་དེ་ལྟར་བྱེད་དོ་གསུངས་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་གི་ཚུལ་དུ་ལེགས་པོར་བཤད་པས་ཞག་བདུན་གཉིས་བཅུ་བཞི་ལ་གསན་ཅིང་༔ རྟེན་གཏན་ལ་ཕབ་པར་བྱས་ནས་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་དུ་གོ་བའི་ཚུལ་མཛད་ཅིང་༔ ཆོས་ཐམས་ཅད་རྟེན་འབྲེལ་གྱིས་རྣམ་བཞག་ཏུ་འཆད་པ་དང་༔ རྟེན་འབྲེལ་ལ་བརྟེན་ནས་གྲུབ་ཐོབ་མ་ཆེན་མོར་གྲགས་པར་བྱུང་ངོ་༔ དེ་ནས་ལབ་སྒྲོན་མ་གཡེ་ཆུང་ལ་བྱོན་པ་དང་༔ སྦྲུལ་ལོ་ཟླ་བ་གཉིས་པའི་ཚེས་གཅིག་ལ༔ ལབ་སྒྲོན་མ་གཡེ་ཆུང་དུ་ལྷ་མོ་སྒྲོན་གྱི་གནས་ཁང་དུ་ཕྱིན་པས་རྣལ་འབྱོར་པ་མིག་རྩ་དམར་ཆི་ལེ་བ་ཤ་མདོག་སྨུག་ཅིང་ཧུར་རེ་བ་ཞིག་གིས་ཡི་དམ་འཁོར་ལོ་བདེ་མཆོག་གི་དཀྱིལ་ཆོག་བླངས་ཤིང་འདུག་པས༔
རྣལ་འབྱོར་པ་དེ་ན་རེ༔ རྒྱ་གར་དུ་ཡུམ་འོ་མ་བརྒྱལ་བར་བྱོན་པ་ལགས་སམ་ཟེར་བས༔ ལབ་སྒྲོན་གྱིས་རྒྱ་སྐད་དུ་སྨྲས་ནས་རྣལ་འབྱོར་པ་རྒྱ་གར་ནས་བྱོན་པ་དབུ་མ་རྨོངས་ལགས་སམ་སྨྲས་ནས་ཁམས་འདྲི་ཕུལ་ལོ༔ དེ་ནས་རྒྱ་གར་གྱི་པཎྜི་ཏ་བྷ་ཏྲ་ཡ་ཡང་མིག་རྩེ་གཅིག་ཏུ་བཞུགས་ནས་ཆོ་ག་མཛད༔ ལབ་སྒྲོན་ཡང་མིག་རྩེ་གཅིག་ཏུ་བཞུགས་ནས་འབུམ་ཀློག་པར་མཛད༔ སྐབས་སྐབས་སུ་པཎྜི་ཏ་དང་ཆོས་ཀྱི་བགྲོ་གླེང་མཛད་པ་དང་༔ རྒྱ་གར་གྱི་ལོ་རྒྱུས་རྣམས་དྲི་བ་མཛད་དོ༔ དེ་ནས་སྦྲུལ་ལོ་ཟླ་བ་གཉིས་པའི་ཚེས་བཅུ་བདུན་གྱི་ཐོ་རངས་ཁ་ལ༔ མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཞིག་བྱུང་ནས༔ ལབ་སྒྲོན་མ་ཁྱོད་རྣལ་འབྱོར་པ་འདི་དང་ཐབས་ཤེས་མཛོད་དང་༔ ཁྱོད་ཀྱི་བསྟན་པ་དར་རྒྱས་སུ་འབྱུང་ངོ་ཟེར་རོ༔ ཡང་རྣལ་འབྱོར་པ་ལ་ཡང་དེ་བཞིན་དུ་ལུང་བསྟན་བྱས་པས༔ དེ་ནས་ཚེས་བཅྭོ་བརྒྱད་ཀྱི་ནམ་སྲོད་ཡོལ་ཙམ་དུ༔ པཎྜི་ཏ་ལབ་སྒྲོན་གྱི་རྩར་བྱོན་ནས༔ ལབ་སྒྲོན་དང་གཉིས་པོ་ཐབས་ཤེས་ཀྱིས་སྙོམས་པར་འདུག་པས་དགའ་བ་བཞིའི་བདེ་བས་འོད་དུ་ཞུ་ནས༔ འོད་ཟེར་ལྔ་འབར་བས་དེའི་གསལ་ཆ་ཁང་པའི་མཐོང་ཁུང་ནས་ཤོད་ཁང་དུ་ཤར་བས༔ དེ་ཡོན་བདག་མོ་ལྷ་མོ་སྒྲོན་གྱིས་མཐོང་པས་ཁྱིམ་དང་ཁང་པའི་སྟེང་ཤོད་དང་ཡུལ་ཁམས་ཐམས་ཅད་འོད་ཀྱིས་གང་ནས་ཟླ་བ་ཤར་བ་ལྟར་འདུག་པས་ཡོན་བདག་མོའི་སྙམ་པ་ལ༔ ཇོ་མོའི་མདུན་དུ་མར་མེ་ཡོད་པ་དེ་ཁྱིམ་ལ་འབར་ནས་ཇོ་མོའི་མ་ཚོར་བ་རེད་སྙམ་ནས་ཐོག་ཁར་ལྟར་འོང་པས་འོད་ཁ་དོག་སྣ་ལྔའི་ཁྱིམ་གང་ནས་འདུག་པའི་དཀྱིལ་དུ་ཁྱད་པར་དུ་ཇོ་མོའི་མལ་ས་ན་འོད་དཀར་པོ་ཕུབ་ཙམ་གཉིས་ཁ་སྦྱོར་བའི་དཀྱིལ་དུ་ཉི་ཟླ་གཉིས་ཁ་སྦྱོར་ནས་འོད་སྒ་ར་ར་འཁོར་ཞིང་འབར་བའི་རྣམ་པ་མཐོང་སྟེ༔ བླ་མ་དང་ལབ་སྒྲོན་དང་ཁང་པའི་སྟེང་ཤོད་གྱི་རྣམ་པ་ཅི་ཡང་མ་མཐོང་ནས༔ འོད་ཀྱིས་གང་ནས་འདུག་པས་ཡོན་བདག་མོ་ཡང་བྲོད་ནས་ཐོག་ཁང་གི་ཕྱི་ལོགས་སུ་སོང་ནས་མིག་རྩེ་གཅིག་ཏུ་བསྡད་པས་མནལ་དུ་སོང་ངོ་༔ ཐོ་རངས་ཁ་མནལ་སངས་ནས་བལྟས་པས་ཁང་པ་དང་མིག་རྩེ་རྣམས་སྔར་བཞིན་མལ་དུ་འདུག༔
དེ་ནས་ཡོན་བདག་མོ་ཡང་ལང་ནས་ཤོད་ཁང་དུ་འགྲོ་དགོས་སྙམ་ཙ་ན༔ པཎྜི་ཏ་ལབ་སྒྲོན་གྱི་མཆོད་ཁང་ནས་ཚུར་བྱུང་ནས༔ ཁོ་རང་གི་མིག་རྩེའི་ནང་དུ་བྱོན་ནས་ཐལ་བས་ཡོན་བདག་མོས་སྙམ་པ་ལ༔ ག་རེ་དེ་ཅི་ཡིན་ན་ཨང་༔ པཎྜི་ཏ་དང་ལབ་སྒྲོན་གཉིས་ཐབས་ཤེས་འགྲིགས་པ་རེད་སྙམ་ནས་འོག་ཁང་དུ་སོང་སྟེ༔ མོ་རང་གི་མི་ལ་ཡང་མ་བཤད་ནས་ཤིན་ཏུ་གསང་སྟེ༔ ནམ་ལངས་ནས་ཡོན་བདག་མོས་ཇོ་མོ་ལ་བཞེས་པ་ཁྱེར་ནས་འདི་སྐད་ཞུས་སོ༔ ཇོ་མོ་དམ་ཚིག་གཙང་ཟེར་བ་དེ་མི་བདེན་པ་འདྲ་མོད༔ མདང་སོང་ཆོ་ག་མཁན་པོས་ཁྱེད་སུན་ཕྱུང་ནས་ཐལ་མོད༔ ང་ཡང་ཁང་པ་མར་མེས་འབར་བ་རེད་སྙམ་ནས༔ ཐོག་ཁར་ལྟ་འོང་བས་མཐོང་བྱས་པས༔ ལབ་སྒྲོན་གྱིས་ཚིགས་སུ་བཅད་པ་འདི་གསུངས་སོ༔ ལུང་བསྟན་ཕལ་ཆེར་བདུད་ཀྱིས་བསླུ་བ་ཡིན༔ ཕོ་མོ་གཉིས་འགྲོགས་རྐྱེན་ངན་བདུད་དང་འཕྲད༔ ཡོན་བདག་མོ་ཡང་ཁྲེལ་འདྲེས་དེད་ནས་འོང་༔ འགྲོ་བའི་དོན་ཡང་ཅི་ནུས་ཆ་མེད་དམ༔ ཞེས་གསུངས་སོ༔ དེ་ནས་ཅུང་ཟད་ཐུགས་ཞུམ་པར་མཛད་ནས་གསོལ་འཚལ་མཛད་དོ༔ དེ་ནས་པཎྜི་ཏ་ཡང་ཞག་བདུན་བཞུགས་ནས་གནས་འགྲིམ་ལ་བཞུད་དོ༔ ལབ་སྒྲོན་ནི་ཟླ་བ་གཅིག་མལ་དུ་བཞུགས་ནས༔ འབུམ་ཚར་སུམ་ཅུ་ཀློག་པར་མཛད་དོ༔ དེ་ནས་འབུམ་ཚར་སུམ་ཅུ་ཀློག་ཚར་ནས༔ ཡོན་བདག་མོ་ལྷ་མོ་སྒྲོན་མི་བཟའ་གཉིས་ཀྱིས་རྒྱུ་དངོས་པོ་མང་དུ་ཕུལ་བས་དེ་རྣམས་ཁྱེར་ནས་བླ་མ་གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་བསྐྱལ་ལོ༔
ཡོན་བདག་མོ་ལྷ་མོ་སྒྲོན་གྱིས་ཀྱང་པཎྜི་ཏ་དང་ལབ་སྒྲོན་གཉིས་ཀྱི་རྒྱུ་མཚན་ཡང་མོ་རང་གིས་མི་དང་གཞན་སུ་ལ་ཡང་མ་བཤད་དོ༔ དེ་ནས་ལབ་སྒྲོན་བླ་མ་གྲྭ་པའི་མདུན་དུ་ཕྱིན་ནས་འདི་སྐད་ཞུས་སོ༔ བླ་མ་ལགས༔ ད་ང་སྔར་དང་མི་འདྲ༔ གཡེ་ཆུང་ན་པཎྜི་ཏ་བྷ་ཏྲ་ཡ་ཟེར་བའི་ཆོ་ག་མཁན་པོ་གཅིག་གིས་ང་གནག་གིས་ཞུས་པས༔ བླ་མའི་ཞལ་ནས་ཇོ་དེས་ཨ་འུ་ཙི༔ འགྲོ་དོན་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་ཡོད་པས་ཁྱོད་ཀྱི་སེམས་ཞུམ་པ་མ་མཛད་གསུངས༔ ཡང་འབུལ་བ་རྣམས་ཁྱེར་ནས་སྐྱོ་སྟོན་བསོད་ནམས་བླ་མ་ལ་མཇལ་དུ་སོང་བས་བླ་མ་ལགས༔ ད་ང་སྔར་དང་མི་འདྲ་གཡེ་ཆུང་ན་སོང་ནས་ཐོད་པ་བྷ་ཏྲ་ཡ་ཞེས་བྱ་བའི་ཆོ་ག་མཁན་པོ་གཅིག་གིས་ང་གནག་གིས་ཞུས་པས༔ བླ་མའི་ཞལ་ནས་ཇོ་མོ་ཁྱོད་རབ་ཏུ་བྱུང་བ་ཡིན་ན་གནག་པ་ཡིན་ཏེ༔ ཁྱོད་རབ་ཏུ་བྱུང་བ་ནི་མ་ཡིན་པས་གནག་པར་མི་འགྱུར་ཞིང་༔ ཐོད་པ་བྷ་ཏྲ་ཡ་ཡང་རིགས་རྒྱུད་ངན་པ་ནི་མ་ཡིན་པས༔ ད་ནི་བྷ་ཏྲ་ཡ་དང་ལྷན་ཅིག་ཏུ་སྡོད་ལ་རིགས་རྒྱུད་སྤེལ་དང་འགྲོ་དོན་རྒྱ་ཆེན་པོ་ཡུན་རིང་དུ་གནས་ཤིང་དར་རྒྱས་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་ཡོད་པས༔ མདང་སོང་ང་ཡི་རྨི་ལམ་ཡང་བཟང་བ་དང་རྟེན་འབྲེལ་ཡང་བཟང་པོ་བྱུང་གསུངས༔
དེ་ནས་ལབ་སྒྲོན་གྱི་དགོངས་པ་ལ༔ ག་རེ་བླ་མ་རྣམ་གཉིས་ལུང་བསྟན་པ་དང་༔ གཞན་ཡང་ལུང་བསྟན་མང་དུ་བྱུང་བས་ད་ནི་ཐོད་པ་བྷ་ཏྲ་ཡ་དང་རྟེན་འབྲེལ་ཞིག་བསྒྲིག་པར་བྱ་དགོས་སྙམ་ནས༔ ལབ་སྒྲོན་དགུང་ལོ་ཉེར་གསུམ་ལ་བྱོན་པས༔ སྦྲུལ་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ་ཐོད་པ་བྷ་ཏྲ་ཡ་དང་ལྷན་ཅིག་ཏུ་བཞུགས་ནས་ཁྱིམ་ཐབས་བཟུང་སྟེ་ཡབ་ཡུམ་གཉིས་མར་དབུས་ཁོག་ཏུ་བྱོན་ནས་བཞུགས་པས༔ དེ་ནས་རྒྱལ་ཁམས་ཀྱི་མི་སྡེ་ཐམས་ཅད་ཀྱིས་ཇོ་མོ་སྐལ་ལོག་མ་ཟེར་ཞིང་འབར་སོགས་ཆེན་པོ་བྱུང་བས༔ ལབ་སྒྲོན་གྱི་ད་ནི་ཐང་ཐེངས་གཅིག་མི་ཁ་འདི་བྱོལ་དགོས་དགོངས་ནས་མར་ཀོང་པོར་བྱོན་པའི་ལབ་སྒྲོན་དགུང་ལོ་ཉེར་བཞི་ལ་སྲས་ཤིག་འཁྲུངས་པས༔ ལབ་སྒྲོན་གྱིས་ན་རེ༔ ལུང་བསྟན་ཐམས་ཅད་ཀྱི་དོན་གྲུབ་པ་ཡིན་པས་བུ་འདི་ལ་མིང་དུ་གྲུབ་པེ་བཏགས་དགོས་གསུངས་ནས༔ སྲས་ཀྱི་མིང་ལ་གྲུབ་པེ་བཏགས་སོ༔ དེ་ནས་ཐོད་པ་བྷ་ཏྲ་ཡ་དང་ཁྱིམ་ཐབས་བཟུང་ནས་སྲས་འཁྲུངས་པས༔ ལ་སྟོད་དང་གཙང་དབུས་ཁམས་གསུམ་གྱི་མི་ཐམས་ཅད་ཀྱིས་ཇོ་མོ་སྐལ་ལོག་མ་ཟེར་ནས་འབར་སོགས་བསམ་གྱིས་མི་ཁྱབ་པ་བྱས་པས་ལབ་སྒྲོན་གྱིས་མི་ཁ་འདི་ཅིས་ཀྱང་བྱོལ་དགོས་དགོངས་ནས་དག་པོར་བྱོན་༔ དེ་ནས་ཉང་པོར་བྱོན་ནས་ཟླ་བ་གཅིག་བཞུགས༔ དེ་ནས་ཀོང་པོར་བྱོན་ནས་ལབ་སྒྲོན་དགུང་ལོ་ཉེར་བདུན་ལ་བྱོན་པས་ཡང་སྲས་ཤིག་འཁྲུངས་པས་དེ་ཡི་མིང་ལ་གྲུབ་པ་བཏགས་སོ༔ ལ་ལས་ཀོང་པོ་སྐྱབས་ཀྱང་ཟེར་རོ༔ དེ་ནས་ལབ་སྒྲོན་དགུང་ལོ་སུམ་ཅུ་ལ་བྱོན་པས་ཀོང་པོ་ང་ལའི་བཀྲ་ཏོ་མགོ་ལ་བྱོན་ནས་ཚོགས་འཁོར་ཆེན་པོ་ཞིག་མཛད་པས༔
དེའི་ཚེ་དཔའ་བོ་དང་མཁའ་འགྲོ་མ་རྣམས་སྤྲིན་དཔུང་ལྟར་དུ་འདུས་ཏེ༔ ཚོགས་འཁོར་ཚར་བའི་ནངས་པར༔ ནམ་སྐྱ་ས་ལེ་བ་ལ་སྲས་མོ་ཞིག་སྐུ་འཁྲུངས་པས་དེའི་མིང་ལ་གྲུབ་ཆུང་མ་བཏགས་ཏེ༔ ང་ལ་བཀྲ་ཏོ་མགོ་ན་མཁའ་འགྲོ་འདུས་པའི་སྐུ་འཁྲུངས་པས་སྤྲུལ་སྐུ་ལ་འདུས་མ་ཟེར་བ་གྲགས་ཆེ་བར་བྱུང་ངོ་༔ དེ་ནས་དགུང་ལོ་སུམ་ཅུ་སོ་བཞི་བྱོན་པས་ཡབ་ཡུམ་སྲས་འཁོར་ཐམས་ཅད་ཡར་དབུས་ཁོག་ལ་བྱོན་པས་འཕན་ཡུལ་གྱི་གླང་ཐང་དུ་བཞུགས་པ་ལ༔ བླ་མ་ཡི་དམ་མཁའ་འགྲོ་མ་རྣམས་ཀྱིས་གསང་སྔགས་བླ་ན་མེད་པ་ཉམས་སུ་ལེན་པའི་དོན་ཆེད་དུ་ལུང་བསྟན་པ་དང་༔ གསང་སྔགས་ཀྱི་ལམ་ལ་ཞུགས་ནས་ཁྱིམ་ཐབས་བཟུང་བ་དང་རིགས་རྒྱུད་སྤེལ་བ་ལ་སོགས་པའི་ལུང་བསྟན་པ་ནི༔ མ་ཅིག་དགུང་ལོ་ཉེར་གསུམ་ནས་སོ་བཞིའི་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བཅུ་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅུ་གཅིག་པ།
དེ་ནས་མ་ཅིག་དགུང་ལོ་སོ་བཞི་ལ་བྱོན་ནས་འབྲུག་ལོ་ཟླ་ལྔ་པའི་ཚེས་བརྒྱད་ལ༔ ཀོང་པོ་ནས་ཡར་དབུས་ཁོག་ཏུ་བྱོན་ནས་ལྷ་སར་ཕྱིན་ཏེ་སྔར་མི་ཁ་ངན་པ་རྣམས་ཀྱང་ཅུང་ཟད་ཞི་ནས་འདུག་སྟེ༔ ད་རུང་ཡང་སྡེ་པ་དང་གྲྭ་ཚན་རྣམས་ནི་འདུས་པར་མ་གྱུར་ཏེ༔ མི་ནག་ཕོ་མོ་ཕལ་པ་འགའ་ཞིག་ནི་སྔར་གྱི་མནལ་གཞུང་དང་དད་སེམས་ཅུང་ཟད་བྱས་ནས་དགའ་སྤྲོ་དང་བཅས་པས་བཟའ་བཏུང་ལ་སོགས་པའི་མཐུན་རྐྱེན་ཅུང་ཟད་བྱུང་པས་ལྷ་ས་ཆོས་འཁོར་དེར་ཞག་པོ་ཁ་ཡར་ཞིག་བསྡད་པས༔ ཉིན་ཞིག་སྲས་མིང་སྲིང་རྣམས་ལྷ་སའི་ལྕང་ཐང་དུ་རྩེད་མོ་རྩེ་བ་ལ་སོང་ནས་ཤིང་ལ་འཛེགས་པས་བུ་མོ་ཤིང་ལ་བྲུལ་བས་མགོ་ལ་རྨ་བྱུང་ནས་ཁྲག་མང་དུ་བབས་པ་ལ༔ སྲས་ཆུང་བ་དང་མིང་སྲིང་གཉིས་ངུ་ཞིང་སྐད་དྲག་པོས་མ་ལ་བོས་པས་དེའི་ཚེ་ལྷ་ས་སྐོར་གྱི་ས་ཕྱོགས་དེ་རྣམས་སུ་གནས་པའི་བྱ་དང་བྱེའུ་ལ་སོགས་པའི་འདབ་ཆགས་ཐམས་ཅད་སྲས་མཆེད་ལྕམ་རྣམས་ཀྱི་རྩར་འདུས་ནས་རང་རང་གི་སྐད་སྣ་ཚོགས་པ་བཏོན་པ༔
དེའི་ཚེ་ན་བུ་མོའི་སྟེང་གི་ནམ་མཁའ་ལ་འཇའ་ཚོན་སྣ་ལྔའི་གུར་གདུགས་ཕུབ་པ་ལྟར་དུ་ཕུབ་ཙམ་གསུམ་སྟེང་ནས་སྟེང་དུ་བརྩེགས་ནས་གཡས་སྐོར་དུ་ཀྱི་ལི་ལི་འཁོར་ཞིང་འདུག་པ་དང་༔ མེ་ཏོག་ཁ་དོག་སྣ་ཚོགས་པ་དག་གིས་ཆར་ཁ་བ་ལྟར་དུ་བབས་པ་དང་༔ ཐུག་ཆོམ་དང་༔ ས་གཡོ་བ་དང་ནམ་མཁའ་ལ་རོལ་མོའི་སྒྲ་མང་པོ་དྲག་པ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བས༔ ལྷ་ས་སྐོར་གྱི་མི་ཐམས་ཅད་དེར་འདུས་ནས་དད་པ་ཤུགས་དྲགས་པོ་སྐྱེས་ནས་བུ་མོའི་མགོ་ཡི་ཁྲག་ཐང་དུ་བོ་བའི་མལ་གྱི་ས་རྡོ་རྣམས་སུས་ཐོབ་བྱས་ནས་བསྡུས་པས་མི་རྣམས་ཀྱི་ལག་ཏུ་རིང་བསྲེལ་བདུན་བདུན་དང་༔ བཅུ་བཅུ་དང་ལྔ་ལྔ་དང་༔ གསུམ་རེ་ཙམ་དང་༔ གཉིས་རེ་དང་༔ རེ་རེ་དང་རྡོ་བ་རྣམས་ལ་ཡང་སྐུ་གཟུགས་ལ་སོགས་པ་མང་དུ་བྱུང་པས་སྔར་མི་དད་པའི་མི་ཐམས་ཅད་ཀྱང་དད་པ་རང་དབང་མེད་པར་སྐྱེས་ཏེ༔ དེ་ཕྱིན་ཆོད་ནས་སྙན་པ་དང་གྲགས་པ་མཐའ་ཡས་པས་ཡུལ་ཁམས་ཐམས་ཅད་ཁྱབ་པར་བྱུང་བས་དེའི་ཚེ་འཕན་ཡུལ་བ་རྣམས་ཀྱིས་ལབ་སྒྲོན་ཡབ་ཡུམ་རྣམས་གདན་དྲངས་ནས༔ འཕན་ཡུལ་གླང་ཐང་དུ་བཞུགས་པ་ལ་འགྲོ་དོན་དང་འབུལ་བ་དང་༔ བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་བྱུང་བས་དེར་ལོ་གཅིག་བཞུགས་སོ༔ དེ་ནས་སྦྲུལ་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ནས་བཅོ་ལྔའི་བར་དུ་མཁའ་འགྲོ་མ་རྣམས་ཀྱིས་རིམ་པ་བཞིན་དུ་ཡར་ལ་སྟོད་དུ་འབྱོན་པར་བསྐུལ་བ་དང་༔ དེ་ནས་མ་ཅིག་དགུང་ལོ་སོ་ལྔ་ལ་བྱོན་པའི་ཚེ༔ སྲས་ཆེ་བ་གྲུབ་པེ་ཡང་ལོ་བཅུ་གཉིས་ལོན་ནས་ཡོད་དེ༔ ལོ་གསུམ་ལོན་ནས་མི་སྡེའི་ར་རྣམས་བརྐུས་ཤིང་ཟོས་ནས་རི་ཉལ་ཁོ་ན་བྱས་ནས་ཁྲམ་པར་གྱུར་ནས་ཁྱིམ་དུ་མ་ཚུད་པས་ད་ལྟ་ཡང་ར་དང་རེའུ་རྣམས་བརྐུས་ནས་ཟ་ཞིང་ཁྱིམ་དུ་མི་འཁོར་ནས་རི་རྒྱུགས་ཁོ་ནར་བྱེད་ནས་ཁྲམ་པར་གྱུར་ནས་ཡོད་དོ༔
སྲས་འབྲིང་བ་གྲུབ་པ་ཡང་ལོ་དགུ་ལོན་པ་དང་སྲས་མོ་ཆུང་བ་ལ་འདུས་མ་ཡང་ལོ་དྲུག་ལོན་པ་དང་༔ ཡབ་སྲས་བཞི་པོ་གླང་ཐང་ན་བཞུགས་བཅོལ་ནས༔ མ་ཅིག་རང་ཉིད་འཁོར་བ་ལ་སྐྱོ་བ་སྐྱེ་བའི་ཚུལ་བསྟན་ནས་ཡར་ལ་སྟོད་ངོས་སུ་བྱོན་ནས་བླ་མ་བསོད་ནམས་གྲགས་པ་དང་མཇལ་བས་བླ་མ་ལ་ཕག་མོ་ཐུགས་སྒྲུབ་ལྷ་ལྔའི་དབང་ཞུས་པས༔ དེའི་ཚེ་ལབ་སྒྲོན་གྱིས་དབང་ཡོན་དུ་སྔོན་འགྲོ་ཡན་ལག་བརྒྱད་པ་འདི་ཕུལ་ལོ༔ རང་རིག་ཡེ་ཤེས་སྟོན་མཛད་པའི༔ བླ་མ་རྣམས་ལ་ཕྱག་འཚལ་ལོ༔ དངོས་གྲུབ་ངེས་པར་སྟེར་མཛད་པའི༔ ཡི་དམ་རྣམས་ལ་ཕྱག་འཚལ་ལོ༔ སྤང་རྟོགས་ཕུན་སུམ་ཚོགས་མཛད་པའི༔ སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ༔ ཞི་གྱུར་འདོད་ཆགས་བྲལ་བ་ཡི༔ དམ་ཆོས་རྣམས་ལ་ཕྱག་འཚལ་ལོ༔ གང་ལ་ཕུལ་བའི་དོན་ཆེན་པོའི༔ དགེ་འདུན་རྣམས་ལ་ཕྱག་འཚལ་ལོ༔ བརྩེ་གདུང་བར་ཆད་སེལ་མཛད་པའི༔ མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ༔ ཅི་སྲིད་བྱང་ཆུབ་མ་ཐོབ་པར༔ ཁྱེད་རྣམས་ལ་ནི་བདག་སྐྱབས་སོ༔ འདོད་ཡོན་ལྔ་པོ་མཆོད་པ་འབུལ༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་རྣམས་དགེ་ལ་རྗེ་ཡི་རང་༔ ཆོས་ཀྱི་འཁོར་ལོ་སྐོར་དུ་གསོལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་སེམས་ཅན་དོན་དུ་བསྔོ༔ འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག༔ ཅེས་པའི་ཡན་ལག་བདུན་པ་དེ་ཕུལ་བས་བླ་མ་ཡང་ཤིན་ཏུ་མཉེས་པ་དེའི་ཚེ་མཆེད་གྲོགས་ཀུན་གྱིས་ཀྱང་བློ་ལ་འཛིན་པར་བྱའོ༔
དེ་ནས་དབང་རྣམས་རྫོགས་པར་བསྐུར་ཏེ་བུམ་དབང་ནས་ཚིག་དབང་གི་བར་དུ་བླ་མ་ཉིད་ཕག་མོ་དངོས་སུ་ཞལ་གཟིགས་ཏེ༔ མ་ཅིག་གིས་ཀྱང་དབང་གི་དངོས་གྲུབ་རྣམས་ལེགས་པོར་ཐོབ་ཅིང་ཕག་མོའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་ཚུལ་མཛད་དོ༔ བླ་མས་ཀྱང་གསང་སྔགས་བླ་ན་མེད་པ་ཉམས་སུ་ལེན་པ་དང་༔ འཆད་པ་དང་༔ རྩོད་པ་དང་རྩོམ་པ་ལ་དབང་བའི་ལུང་ཕོག་ནས་གསང་མཚན་ལ་རྡོ་རྗེ་དབྱིངས་ཕྱུག་མ་བཏགས་ཏེ༔ དབང་གི་རྗེས་ཆོག་དང་བཅས་པ་རྫོགས་ནས་བླ་མའི་མདུན་དེར་ཞག་གསུམ་བཞུགས་སོ༔ དེ་ནས་མ་ཅིག་བླ་མ་གྲྭ་པ་མངོན་ཤེས་ཅན་ལ་མཇལ་དུ་བྱོན་པས་བླ་མ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒྲོག་གླེང་ཕུལ་ནས་བླ་མ་ཡང་ཤིན་ཏུ་མཉེས་ནས་བླ་མས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་གི་ཚུལ་དུ་བཤད་པ་དང་ཉམས་སུ་ལེན་ཚུལ་དང་༔ གོ་དོན་དང་གཏན་ལ་ཕབ་ཚུལ་དང་བཅས་པ་ལ་དེང་སང་གཙང་དབུས་གཉིས་ན་ཁྱོད་ལས་གྲགས་པ་སུ་ཡང་མེད་ཅིང་ཁྱོད་ནི་རྟེན་འབྲེལ་གྱི་གྲུབ་ཐོབ་མ་ཆེན་མོ་ཡིན་གསུངས༔
ཡང་མ་ཅིག་གིས་བླ་མ་ལགས༔ ང་ལ་སེམས་བསྐྱེད་ཀྱི་ཆོ་ག་གཅིག་གནང་བར་ཞུ་ལགས་བྱས་པས་བླ་མའི་ཞལ་ནས༔ ཇོ་མོ་ཁྱོད་ལ་སེམས་བསྐྱེད་ཀྱི་ཆོ་ག་ཕོག་དགོས་པ་མེད༔ ཁྱོད་རང་རྩོད་པ་ཐམས་ཅད་དང་བྲལ་བའི་ཆོས་བདག་མ་ཆེན་མོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་མོ༔ མདོ་རྒྱུད་གཉིས་ལ་རང་དབང་ཐོབ་པའི་རྣལ་བྱོན་མ་ཆེན་མོ༔ གསང་སྔགས་ཐམས་ཅད་ལ་རང་དབང་ཐོབ་པའི་རྒྱལ་མོ་ཆེན་མོ༔ སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་བརྩེ་བའི་མ་མ་ཆེན་མོ༔ ཆོས་ཐམས་ཅད་ཀྱི་གྲོལ་ཕུགས་གཏེར་མཛོད་ཆེན་མོ་ཡིན་པས་ཁྱོད་ལ་སེམས་བསྐྱེད་ཀྱི་ཆོ་ག་འབོག་མི་དགོས་ཞིང་༔ ང་ནི་ཁྱོད་ཀྱི་དྲུང་དུ་ཟླ་བའི་འོག་གི་སྐར་མ་དང་འདྲ་སྟེ༔ འོན་ཀྱང་ང་ཁྱོད་ཀྱི་སློབ་དཔོན་གྱི་ཚུལ་དུ་བྱས་པས་རྟེན་འབྲེལ་འགྲིགས་པའི་ཕྱིར་དུ་ངས་སེམས་བསྐྱེད་ཀྱི་ཆོ་ག་སྦྱིན་པས་ཆོག་གསུངས་ནས་དཀྱིལ་འཁོར་བཞེངས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པ་དང་༔
དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པའི་མདུན་དུ་ལབ་སྒྲོན་མས་སེམས་བསྐྱེད་ཀྱི་ཆོ་ག་བླངས༔ དགེ་བསྙེན་ཡོངས་རྫོགས་ཀྱི་སྡོམ་པ་བླངས་པ་དང་བླ་མས་ཀྱང་ཆོ་ག་དང་སྡོམ་པ་རྣམས་ཅི་ལྟ་བ་བཞིན་དུ་ཕོག་པ་དེའི་ཚེ་ལབ་སྒྲོན་གྱིས་བླ་མ་སངས་རྒྱས་ཤཱཀྱ་ཐུབ་པ་དངོས་སུ་ཞལ་གཟིགས་ཏེ༔ དེའི་གཡས་འཇམ་དཔལ༔ གཡོན་དུ་སྤྱན་རས་གཟིགས༔ རྒྱབ་ཏུ་ཕྱག་ན་རྡོ་རྗེ་དང་སངས་རྒྱས་གཙོ་འཁོར་བཞི་པོར་དངོས་སུ་ཞལ་གཟིགས་ནས་ཕྱག་འཚལ་བས་བསྟོད་པ་འདི་མཛད་དོ༔ འཛམ་བུའི་ཆུ་གསེར་ལྟ་བུར་བརྗིད་པའི་སྐུ༔ མགོན་པོ་ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ༔ གཞོན་ནུའི་ཚུལ་འཛིན་ཡོན་ཏན་ལྡན༔ འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ༔ སྙིང་རྗེ་ངེས་པར་དགོངས་མཛད་པའི༔ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ མཐུ་སྟོབས་ཆེན་པོས་གདུག་པ་འདུལ༔ རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་ཏེ༔ བླ་མ་དང་སངས་རྒྱས་དབྱེར་མེད་པས་སྡོམ་པའི་ལུང་ཕོག་པར་མཛད་པས༔ སངས་རྒྱས་དང་སྤྱན་རས་གཟིགས་གཉིས་ཀྱིས་ཕྱག་ན་རིལ་བ་རེ་རེ་བསྣམས་ནས་འདུག་པའི་ནང་ན་འོད་ཟེར་དཀར་པོའི་རྒྱུན་ངང་ན་ར་ར་བྱུང་ནས་ངའི་ལུས་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱས༔ འཇམ་དཔལ་གྱིས་ཕྱག་གཡས་པས་རལ་གྲི་སྔོན་པོ་ནམ་མཁའི་མདོག་འདྲ་བ་འོད་ཟེར་ལྔ་འབར་བ་ཞིག་ངའི་སྙིང་ཁར་ལྡིང་ནས་བསད་པའི་ཚུལ་མཛད༔
ཕྱག་ན་རྡོ་རྗེས་ཕྱག་གཡས་པས་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཞིག་ཕྱར་བ་ལ་རྡོ་རྗེའི་ར་ལ་མེའི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས་བགེགས་ཐམས་ཅད་བསྲེགས་པར་མཛད་པ་ལ་སོགས་པའི་མཐོང་སྣང་བསམ་གྱིས་མི་ཁྱབ་པར་བྱུང་སྟེ༔ བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་བ་དང་དགེ་བསྙེན་མ་བྱས་པའི་ཚུལ་མཛད་པའོ༔ དེ་ནས་བླ་མ་ན་རེ༔ ཇོ་མོ་ལབ་སྒྲོན་མ་ཁྱོད་ད་འདི་ནས་མར་དབུས་སུ་སོང་ལ་དབུས་སྨད་དུ་རི་དམར་པོ་ཟངས་དམར་གྱི་མདོག་འདྲ་བ་ཞིག་ཡོད་པས་དེར་ཁྱོད་ཀྱི་གདུལ་བྱ་འཕེལ་ཞིང་འགྲོ་དོན་རྒྱ་ཆེན་པོ་འོང་བར་ཡོད་པས་ཁྱོད་དེར་སོང་ལ་གདུལ་བྱ་སྐྱོངས་ཤིག་ཅེས་གསུངས་ནས་ལུང་བསྟན་མཛད་པས༔ ཡང་མ་ཅིག་གིས་ཞུས་པས༔ ང་ད་རུང་ལ་སྟོད་དུ་དམ་པ་རིན་པོ་ཆེ་ལ་མཇལ་དུ་འགྲོ༔ དེ་ནས་དབུས་སྨད་དུ་འགྲོ་ལགས་ཞུས་པས༔ བླ་མས་འོ་ན་དེ་ལྟར་དུ་མཛོད་གསུངས༔ དེ་ནས་བླ་མ་གྲྭ་པའི་མདུན་དུ་ཞག་བཅུ་བཞི་བཞུགས་པ་དང་ཡར་ལ་སྟོད་དུ་བྱོན་ནས་ཡབ་ཡུལ་དུ་ཟླ་བ་དྲུག་བཞུགས་པས་གདུལ་བྱ་དང་འགྲོ་དོན་ཡང་དཔག་ཏུ་མེད་པ་བྱུང་༔ དེ་ནས་དིང་རི་བླ་འཁོར་དུ་བྱོན་པས་དམ་པ་རིན་པོ་ཆེས་ལབ་སྒྲོན་འོང་ཞིང་ཡོད་པར་མཁྱེན་ནས་དིང་རི་བ་རྣམས་ལ་ལབ་སྒྲོན་འབྱོན་ཞིང་འདུག་པས༔ ཐམས་ཅད་ཀྱིས་བསུ་བ་ལེགས་པོར་གྱིས་གསུངས་པས༔ དེར་དིང་རི་བ་རྣམས་ཀྱིས་སྤོས་དུད་དང་རྔ་དང་༔ དུང་དང་ཌཱ་མ་རུ་ལ་སོགས་པའི་རོལ་མོ་མང་པོས་ཐག་རིང་པོ་ནས་བསུ་བ་བྱས་སོ༔ དམ་པ་རིན་པོ་ཆེ་ཡང་སྒོ་རྒྱབ་ཏུ་བྱོན་ནས་ལབ་སྒྲོན་ལ་ཁམས་འདྲི་དང་དབུ་གཏུག་མཛད་དོ༔
དེ་ནས་མ་ཅིག་གིས་འབུལ་བ་ཐམས་ཅད་སྒོ་འགྲམ་དེ་ཉིད་དུ་བྱས་ནས༔ དིང་རི་བ་རྣམས་ཀྱིས་ཀྱང་མ་ཅིག་ལ་ཇ་འདྲེན་བྱས་སོ༔ དམ་པ་དང་ལབ་སྒྲོན་དཔོན་སློབ་གཉིས་ཀ་ལ་ཐམས་ཅད་ཀྱིས་ཕྱག་དང་བྱིན་བརླབས་ཞུས་ནས་ནང་དུ་གདན་དྲངས་ཏེ་དམ་པ་རིན་པོ་ཆེ་ཡང་ཁྲི་ཐོག་ལ་བཞུགས༔ མ་ཅིག་ཡང་གདན་འབོལ་སུམ་བརྩེགས་པའི་སྟེང་དུ་བཞུགས་ནས་དང་པོ་བླ་མ་རྣམ་གཉིས་ཀྱིས་ལུང་བསྟན་ཚུལ་དང་པཎྜི་ཏ་བྷ་ཏྲ་ཡ་དང་འཕྲད་ཚུལ་དང་༔ སྲས་མཆེད་ལྕམ་རྣམས་འཁྲུངས་ཚུལ་དང་དྭགས་པོ་དང་ཀོང་པོ་རྣམས་སུ་སོང་ཚུལ་དང་དེ་ནས་ཡར་ལ་བྱོན་ཚུལ་དང་༔ བླ་མ་གྲྭ་པས་དབུས་སྨད་དུ་ལུང་བསྟན་ཚུལ་ལ་སོགས་པ་དང་གཞན་ཡང་ཆོས་དང་མཐུན་པའི་ཞུས་གནང་ཞག་གསུམ་མཛད་དོ༔ དེ་ནས་མ་ཅིག་གིས་དམ་པ་རིན་པོ་ཆེ་ལ་ཞུས་པ༔ ང་ལ་གདམས་པ་ཟབ་མོ་ཁྱད་པར་ཅན་ཞིག་གནང་བར་ཞུ་ལགས་བྱས་པས་དམ་པ་རིན་པོ་ཆེའི་ཞལ་ནས༔ ཇོ་མོ་གདམས་པ་སྔར་བཤད་པ་དེ་རྣམས་ལས་ཟབ་པ་ང་ལ་མེད་དོ༔ འོན་ཀྱང་ཕ་རོལ་ཏུ་ཕྱིན་པའི་དོན་གྱི་ཟབ་ལམ་མདོ་ལས་དྲངས་པའི་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་རྣམས་དང་༔ འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་༔ ཉན་ཐོས་ཆེན་པོ་མཆོག་བརྒྱད་དང་༔ རྒྱལ་པོ་ཆེན་པོ་སྡེ་བཞི་དང་མཆོད་པའི་ལྷ་མོ་མང་པོ་དང་བཅས་པའི་ཚོགས་ཀྱིས་བསྐོར་བའི་ཕོ་བྲང་ཆེན་པོ་ནས་སྤྱན་དྲངས་ནས༔ ཚོགས་དང་མཆོད་པ་འབུལ་ཞིང་བྱིན་རླབས་དབང་གིས་རྣལ་འབྱོར་བླངས་པས་ཚེའི་བར་ཆད་ལ་སོགས་པའི་རྐྱེན་བགེགས་ཐམས་ཅད་སེལ་ཞིང་༔ མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་ནུས་པ་ཞིག་ཡོད་དོ་གསུངས་པས༔ མ་ཅིག་གིས་འོ་ན་དེ་བདག་ལ་གནང་བར་ཞུ་ཞུས་པས༔
དམ་པའི་ཞལ་ནས་དེ་ལྟར་བྱེད་པས་ཆོག་གསུངས་ནས༔ དཀྱིལ་འཁོར་དང་མཆོད་པ་རྒྱ་ཆེན་པོ་བཤམས་ནས་སྤོས་དུད་རོལ་མོ་དང་བཅས་པས་ཡེ་ཤེས་པའི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་ནས་དཀྱིལ་འཁོར་ལ་བསྟིམས་པས༔ མ་ཅིག་གིས་ཡུམ་ཆེན་མོ་ལ་སོགས་པའི་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་དངོས་སུ་ཞལ་གཟིགས་པས་དེ་རྣམས་ལ་བྱིན་བརླབས་ཞུས་པས༔ ལྷ་ཚོགས་དེ་རྣམས་ཀྱིས་ལུང་བསྟན་མང་དུ་མཛད་དོ༔ དེ་ནས་མ་ཅིག་གིས་དམ་པ་རིན་པོ་ཆེ་ཉིད་འཇམ་དབྱངས་དམར་པོ་ལ་ཞལ་དངོས་སུ་གཟིགས་སོ༔ དེ་ལ་སོགས་པའི་ཡེ་ཤེས་པའི་ལྷ་ཚོགས་དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་རྒྱལ་ཆེན་ལ་སོགས་པའི་མཐའ་ཡས་པ་རྣམས་དངོས་སུ་ཞལ་གཟིགས་ནས༔ མ་ཅིག་གིས་མཆོད་པ་རྒྱ་ཆེན་པོ་རྣམས་བློས་སྤྲུལ་ནས་ཕུལ་བས་ཚིགས་སུ་བཅད་པ་འདི་མཛད་དོ༔ སྟོང་གསུམ་རབ་འབྱམས་ཐམས་ཅད་ཀྱི༔ གཟུགས་སུ་སྣང་བ་ཐམས་ཅད་ཀུན༔ སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ༔ སྐུ་འགྱུར་བ་མེད་པའི་དངོས་གྲུབ་རྩོལ༔ སྟོང་གསུམ་རབ་འབྱམས་ཐམས་ཅད་ཀྱི༔ སྒྲ་རུ་གྲགས་པ་ཐམས་ཅད་ཀུན༔ གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ༔ གསུང་འགགས་པ་མེད་པའི་དངོས་གྲུབ་རྩོལ༔ སྟོང་གསུམ་རབ་འབྱམས་ཐམས་ཅད་ཀྱི༔ ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན༔ ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ༔ ཐུགས་འཁྲུལ་པ་མེད་པའི་དངོས་གྲུབ་རྩོལ་ཞེས་པས་ཡིད་ཀྱི་སྤྲུལ་པ་དང་དངོས་སུ་འབྱོར་པ་ཡང་བཤམས་ནས་ཕུལ་བས༔ བླ་མ་ཡང་ཤིན་ཏུ་མཉེས་ནས་དབང་རྣམས་རྗེས་གནང་དང་བཅས་པ་ཡོངས་སུ་རྫོགས་པར་བསྐུར་བས༔
དེའི་སྒྲུབ་ཐབས་ལག་ལེན་དང་བཅས་པ་རྣམས་མ་ལུས་པ་ཐུགས་སུ་ཆུད་པར་མཛད་པ་དང་༔ བཀའ་བརྒྱུད་བླ་མའི་བྱིན་རླབས་ཀྱི་དབང་དང་གདམས་པ་ཟབ་མོ་ཐུན་མོང་མ་ཡིན་པའི་མན་ངག་དང་༔ ནང་རིག་པའི་དམར་ཁྲིད་དབུ་མའི་ལམ་དུ་ཞུགས་པའི་དོན་ཁྱད་པར་ཅན་དང་༔ ལུས་འཕྲུལ་འཁོར་ལ་གནས་ཤིང་རྩ་རླུང་ལས་སུ་རུང་བར་བྱེད་པ་ལ་སོགས་པའི་མན་ངག་མང་པོ་ཞུས་ནས་ཐུགས་སུ་ཆུད་པར་མཛད་དོ༔ དེ་ནས་དམ་པ་རིན་པོ་ཆེའི་མདུན་དུ་ཟླ་བ་གཅིག་དང་ཞག་བཅུ་གསུམ་བཞུགས༔ དེའི་ཚེ་བླ་མའི་སྐུའི་བསྟོད་པ་གཅིག་དང་༔ གནས་ཀྱི་བསྟོད་པ་ལ་སོགས་པའི་བརྩམ་ཆོས་མང་དུ་མཛད་དོ༔ དེ་ནས་དམ་པ་རིན་པོ་ཆེ་ཡང་མཉེས་ནས་ལབ་སྒྲོན་མ་ལ་འདི་སྐད་གསུངས་སོ༔ ཇོ་མོ་ཁྱོད་གཉན་ཁྲོད་བརྒྱ་དང་རྩ་བརྒྱད་བཅད་པ་དང་༔
དེ་ནས་མར་དབུས་སྨད་དུ་རི་གཉན་ཟངས་རི་འཁྱིལ་པའི་གནས་བདག་ལ་ཡོན་བདག་བྱེད་ནས༔ དེར་གདུལ་བྱ་བསྐྱང་ན་གདུལ་བྱ་དང་འགྲོ་དོན་ཤིན་ཏུ་རྒྱས་པར་འབྱུང་གསུངས་ནས་ལུང་བསྟན་མཛད་དོ༔ དེ་ནས་མ་ཅིག་མར་དབུས་སྨད་དུ་འབྱོན་པར་ཆས་པས་བླ་མས་སྐྱེལ་མའི་ཚུལ་དུ་སྨོན་ལམ་དང་རྟེན་འབྲེལ་གྱི་རྣམ་ཐར་དཔྱད་པ་དང་༔ འཕྲལ་གྱི་ཞལ་ཏ་དང་ཉམས་ཀྱི་མགུར་མ་དང་ཡིད་གཅུགས་པའི་ཐུགས་བརྩེ་བས་མཁའ་འགྲོའི་སྙིང་ཁྲག་སྙན་རྒྱུད་ཀྱི་མན་ངག་ཤིན་ཏུ་ཞིབ་ལ་རྒྱས་ཤིང་ཕྲ་བ་རྣམས་གནང་ནས་བླ་མ་དང་མ་ཅིག་ཕན་ཚུན་ཐུགས་དགྱེས་པར་ཡི་རང་སྟེ༔ མ་ཅིག་ལ་དིང་རི་བ་རྣམས་ཀྱིས་སྐྱེལ་མ་ཕུལ་ཞིང་སྨོན་ལམ་ཞུས་ནས་ཡི་རང་བར་གྱུར་ཏོ༔
དེ་ལྟར་མ་ཅིག་འཁོར་བ་ལ་སྐྱོ་བ་སྐྱེ་བའི་ཚུལ་དང་༔ མཁའ་འགྲོ་མ་རྣམས་ཀྱིས་ལུང་བསྟན་ནས་ཡར་ལ་སྟོད་དུ་བྱོན་ནས་བླ་མ་རྣམ་གཉིས་དང་མཇལ་ཚུལ་དང་༔ དབང་དང་བཀའ་ལུང་རྣམས་ཐོབ་ཚུལ་དང་༔ ལུང་བསྟན་རྣམས་མཛད་ཚུལ་དང་༔ ཡབ་ཡུལ་དུ་བྱོན་ནས་གཉེན་ཚན་རྣམས་ལ་གདུང་བའི་ཚུལ་གྱིས་ཆོས་ཀྱི་འབྲེལ་པ་བསྟན་ཚུལ་དང་༔ ལ་སྟོད་དིང་རིར་བྱོན་ནས་དམ་པ་རིན་པོ་ཆེས་དབང་དང་བྱིན་རླབས་ལུང་བསྟན་མང་པོ་མཛད་ཚུལ་ལ་སོགས་པ་སྟེ༔ མ་ཅིག་དགུང་ལོ་སོ་ལྔ་ནས་སོ་དྲུག་གི་མཐའི་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བཅུ་གཅིག་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅུ་གཉིས་པ།
དེ་ནས་མ་ཅིག་དགུང་ལོ་སོ་དྲུག་གི་མཐར་དིང་རི་ནས་མར་བྱོན་ཏེ༔ གངས་རིའི་ཇོ་མོ་རྗེ་ཆེན་དང་༔ དགེ་བསྙེན་ཀུ་ལ་ཁ་རི༔ གཉན་ཆེན་ཐང་ལྷ༔ ཡར་ལེགས་ལ་སོགས་པའི་གངས་གཉན་པོ་བརྒྱ་དང་ཉི་ཤུ་རྩ་བརྒྱད་ཀྱི་འཁོར་རྣམས་དང་བཅས་པ་ལ་གཉན་ས་བཅས་ཤིང་མར་ལྷོ་མོན་ངོས་སུ་བྱོན་པའོ༔ དེ་ནས་མ་ཅིག་དགུང་ལོ་སོ་བདུན་ལུག་ལོ་དང་པོའི་ཟླ་བའི་ཚེས་གཅིག་ལ་ཟངས་རི་མཁར་དམར་དུ་ཕེབ་པའོ༔ དེ་ནས་མཁར་གྱི་བདག་མོ་ཇོ་མོ་ཆོས་མཚོ་བྱ་བ་ཞིག་འདུག་པ་དེ་ན་རེ༔ ཇོ་མོ་ལབ་སྒྲོན་མ་ཁྱེད་ངའི་གནས་འདིར་བཞུགས་དང་༔ ངའི་མཁར་འདི་ཁྱེད་ལ་བཞུགས་གནས་སུ་འབུལ་བ་དང་༔ ངས་ཞབས་ཏོག་དང་བསྙེན་བཀུར་ཡང་གང་འགྲུབ་བྱེད༔ ངའི་གནས་འདིའི་བདག་པོ་ལ་ཡང་གནས་བདག་ཟངས་རི་འཁྱིལ་པ་བྱ་བའི་བཟང་པོ་གཅིག་ཡོད་པས་ཁྱེད་ལ་རོགས་དན་དང་མཐུན་རྐྱེན་དཔག་ཏུ་མེད་པ་བྱེད་དུ་ཡོང་༔
མདང་ངའི་རྨི་ལམ་ལ་ཡང་ཁྱེད་འདིར་བཞུགས་དང་གདུལ་བྱ་དང་འགྲོ་དོན་མཐའ་ཡས་པ་འོང་བར་ཡོད་ཟེར་ནས་ཁས་ལེན་དང་དམ་བཅའ་དྲག་པོ་བྱས་སོ༔ དེ་ནས་མ་ཅིག་དེ་ནུབ་མཁར་གྱི་ནང་དེར་གཟིམས་ནས་བཞུགས་པས༔ ནམ་ཐོ་རངས་ཁ་ལ་མི་དམར་པོ༔ རྟ་དམར་པོ་ཞོན་པ༔ མདུང་དར་དམར་པོ་ཕྲག་ལ་ཕྱར་བ༔ དར་དམར་པོའི་ཐོད་བཅིང་པ་དང་༔ ན་བཟས་བཀླུབས་པའི་སྟེང་ན་བསེ་ཁྲབ་སྨུག་པོ་མནབས་ནས་གོ་ཆ་སྤྲད་པ༔ དཔའ་བརྗིད་དང་ལྡན་པའི་སྐྱ་དམར་པོ་བདུན་བྱུང་ནས་མ་ཅིག་གི་མདུན་དུ་རྟ་ལས་བབས་ནས་ཕྱག་དང་སྐོར་བ་ལན་གསུམ་བྱས་ནས་འདི་སྐད་ཟེར་རོ༔ ཇོ་མོ་ལབ་སྒྲོན་མ་ཁྱོད་ངའི་གནས་འདིར་བཞུགས་དང་ངས་ཁྱེད་ཀྱི་རོགས་དན་དང་མཐུན་རྐྱེན་བྱེད༔ ཁྱེད་ཀྱི་གདུལ་བྱ་ནི་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་འོང་བ་ཡོད་ཟེར་བས༔
མ་ཅིག་གིས་ན་རེ༔ ཁྱེད་རྣམས་སུ་ཡིན་གང་ནས་འོང་བ་ཡིན་བྱས་པས༔ མི་དེ་རྣམས་ཀྱི་ནང་ནས་དཔོན་དེ་ན་རེ༔ ཇོ་མོ་ངེད་རྣམས་ཡ་ཏ་རི་དམར་པོ་འདིའི་བདག་པོ་ཡིན༔ ཟངས་རིགས་བཙན་རྒོད་འབར་བ་སྤུན་བདུན་ཟེར་བ་ཡིན་ཟེར་ནས༔ རྟ་ལ་ཞོན་ནས་དཔོན་གཡོག་རྣམས་རི་དེ་ལ་ཐིམ་ནས་ཐལ་སྙམ་ཙ་ན་མནལ་སངས་ནས་བྱུང་ངོ་༔ དེ་ནས་མ་ཅིག་གི་དགོངས་པ་ལ་ག་རེ་ལུང་བསྟན་འདི་རྣམས་ཅི་འདྲ་བ་ཡིན་ཨང་༔ ཐོད་པ་བྷ་ཏྲ་ཡ་ངེད་གཉིས་ཀྱི་ལུང་བསྟན་དང་ཨེ་མི་འདྲ༔ བདུད་ཀྱིས་བསླུ་བ་འདྲ་ཡང་ཨེ་ཡིན་སྙམ་ཙ་ན་༔ དེའི་ཕྱིར་ནུབ་ནམ་སྲོད་འཁོར་ཙམ་དུ་ཡང་མི་དེ་རྣམས་བྱུང་ནས་ངེད་རྣམས་ལ་སེམས་བསྐྱེད་ཀྱི་ཆོ་ག་གཅིག་གནོངས་ཟེར་བས་དེར་མ་ཅིག་གི་ཁོང་རྣམས་ལ་སེམས་བསྐྱེད་ཀྱི་ཆོ་ག་བྱིན་ནས་དགེ་བསྙེན་བྱས་ཏེ་ཁོང་རྣམས་ཀྱིས་ཀྱང་མ་ཅིག་གི་བསྟན་པ་སྐྱོང་བར་དམ་བཅས་ཏེ༔
དེ་ནས་མ་ཅིག་གིས་ལོ་གསུམ་དེར་བཞུགས་པའི་དམ་བཅའ་དང་ཞལ་བཞེས་མཛད་ནས་བཞུགས་སོ༔ དེ་ནས་ཇོ་མོ་ཆོས་མཚོ་དང་ཡོན་བདག་མོ་དར་སྒྲོན་བྱ་བ་ཞིག་འདུག་པས་གནས་བརྟན་གམ་གྲག་བྱ་བ་ཞིག་འདུག་པ་གསུམ་ལ་མོ་པྲ་མཁན་རྣམས་ཀྱིས་ལོ་གྲངས་དང་ཚེས་གྲངས་འདི་ལ་འཆི་ཟེར་བས༔ མ་ཅིག་ལ་དབང་ཟབ་པ་ཞིག་ཞུ་ལགས་ཟེར་ནས་དབང་གི་ཆས་ཀ་རྣམས་བྱིན་པ་དང་༔ མ་ཅིག་གིས་ཕག་མོ་ལྷ་ལྔའི་དབང་བརྒྱ་དང་ཚོགས་བརྒྱ་མཛད་པས་མོ་ངན་དང་༔ ལྟས་ངན་དང་༔ མཚན་མ་ངན་པ་རྣམས་འགྱུར་བའི་རྟགས་རྣམས་བྱུང་བས་དེ་ཉིད་རྣ་བའི་ཐོས་ཚད་ཀྱི་མི་ཐམས་ཅད་ཀྱིས་མ་ཅིག་ལབ་སྒྲོན་བྱིན་རླབས་ཆེ་བ་འདུག་ཟེར་བའི་སྙན་གྲགས་ཆེན་པོ་བྱུང་༔ དེ་ནས་ཟླ་བ་དེའི་ཚེས་བཅོ་ལྔའི་ཉི་མ་རྩེ་ཤར་ཙམ་ལ་གཞུ་སྙི་མོ་ཁུ་ནས་ཁུ་སྒོམ་ཆོས་ཀྱི་སེང་གེ་བྱ་བ་ཡིས༔ ཕྱི་སྡེ་སྣོད་གསུམ་ལ་མཁས་པའི་དགེ་བའི་བཤེས་གཉེན༔ ནང་ཐེག་པ་ཆེན་པོའི་ཆོས་ལ་ཡང་ཉམས་ལེན་བྱས་པའི་སྟོན་སྒོམ་ཁྱད་པར་དུ་འཕགས་པའི་ཆོས་སེང་བྱ་བ་ཞིག་ཡོད་པ་དེར་བྱོན་ནས་བྱུང་སྟེ༔ མ་ཅིག་ལ་ཆོས་ཀྱི་དྲི་བ་དང་རྩོད་པ་མང་དུ་བྱས་པས་མ་ཅིག་ལ་ཚིག་གཅིག་གིས་ཀྱང་གླགས་མ་རྙེད་ནས༔ ཆོས་སེང་གི་ན་རེ༔ ད་མ་ཅིག་ལ་ཆོས་འབྲེལ་ཞིག་ཞུ་ལགས་བྱས་ནས༔ ཆོས་དང་གདམས་ངག་ཞུས་ནས་དེ་ཕྱིན་ཆད་ནས་མ་ཅིག་གི་སློབ་མར་གྱུར་ཏོ༔
དེ་ནས་རིན་ཆེན་རྒྱན་ཉེར་གནས་སུ་ཡོད་པ་དང་༔ ཇོ་མོ་ཆོས་མཚོ་མ་དང་དཔོན་སློབ་བཞི་འཛོམས་པའོ༔ དེ་ནས་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་དཔལ་ལྡན་རྒྱན་དང་བསོད་ནམས་རྒྱན་གཉིས་ཕྱིན་ནས་སློབ་མར་གྱུར་ཏོ༔ དེ་ནས་ཟླ་བ་དགུ་པའི་ཚེས་གཅིག་ལ་སྟོང་སྡེ་དག་གིས་དབང་ཕྱུག་བྱུང་ནས་ཆོས་གཏམ་དང་སྒྲོག་གླིང་ཕུལ་བས་མ་ཅིག་ལ་ཚིག་གཅིག་གིས་ཀྱང་གླགས་མ་རྙེད་ནས་སློབ་མར་གྱུར་ཏོ༔ དེ་ནས་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་གྲོལ་སྡེ་རྒྱལ་བའི་འབྱུང་གནས་ཕྱིན་ནས་སློབ་མར་གྱུར་ཏོ༔ དེའི་ཕྱིར་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་རྩེ་སྟོན་དར་མ་དཔོན་སློབ་སུམ་ཅུ་ཙམ་བྱོན་ནས་མ་ཅིག་ལ་ཆོས་གཏམ་དང་སྒྲོག་གླེང་བྱ་དགོས་སྙམ་ཙ་ན༔ མ་ཅིག་གི་ཞལ་ནས་འོ་ལགས་སོ༔ ཁྱེད་རང་དཔོན་སློབ་རྣམས་འདིར་བྱོན་པ་ལེགས༔ ད་ཕྱག་རྒྱ་ཆེན་པོ་གཅོད་ལ་མཁས་པའི་རྣལ་འབྱོར་པ་རེ་བྱས་པས་དྲག་གསུངས་པས༔ སྟོན་པ་དཔོན་སློབ་རྣམས་ཀྱིས་དེ་ལྟར་ལགས་སོ་ཞུས་ནས་སློབ་མར་གྱུར་ཏོ༔ དེ་རྣམས་ནི་སྡེ་སྣོད་གསུམ་ལ་མཁས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་པས་མ་ཅིག་གི་སློབ་མ་མཆོག་ཏུ་གྱུར་པ་རེ་རེ་བྱུང་ངོ་༔ དེ་ནས་རིམ་པ་བཞིན་དུ་བུ་ཆེན་དུ་གྱུར་པ་མང་དུ་བྱུང་ངོ་༔ དེ་ནས་བླ་མ་ཡར་སྟེང་བ་དཔོན་སློབ་ཉི་ཤུ་རྩ་ལྔ་བྱོན་ནས་བྱུང་ངོ་༔ དེའི་རྒྱབ་ལ་ཤོ་པོ་ལོ་ཙཱ་བ་དཔོན་སློབ་བཅྭོ་བརྒྱད་བྱོན་ནས་བྱུང་༔ དེ་རྣམས་མདོ་རྒྱུད་གཉིས་ལ་ཤིན་ཏུ་མཁས་པའི་མཁས་བཙུན་དགེ་བའི་བཤེས་གཉེན་ཡོངས་སུ་གྲགས་པ་རྣམས་ཡིན་པས་མ་ཅིག་ལ་རྩོད་པ་དང་ཉམས་ཚད་བྱེད་པ་ལ་འོང་བ་ཡིན་པས་ཆོས་ཕྱི་ནང་གསང་གསུམ་གང་ལ་རྩོད་པ་བྱས་ཀྱང་༔ མ་ཅིག་ལ་ཚིག་གཅིག་གིས་ཀྱང་གླགས་མ་རྙེད་ནས་བླ་མ་དཔོན་སློབ་རྣམས་ཀྱིས་མ་ཅིག་ལ་དད་པ་རྩོལ་མེད་དུ་ཐོབ་ནས་ཆོས་ཞུས་པ་དང་ན་རེ༔ འདི་ནི་རྗེས་བཙུན་མ་དངོས་ཡིན་པར་འདུག་ཟེར་ཞིང་སྙན་པ་མཐའ་ཡས་བསྒྲགས་པར་བྱས་ནས༔ དེའི་ཕྱིན་ཆོད་ནས་ཐམས་ཅད་མ་ཅིག་གི་སློབ་མར་གྱུར་ཏོ༔
དེ་ནས་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་གྲུབ་ཐོབ་ཆེན་པོ་ཕ་འཐིང་བ་དཔོན་སློབ་བརྒྱ་ཐམ་པ་བྱོན་ནས་བྱུང་སྟེ་མ་ཅིག་ལ་ཆོས་ཀྱི་དྲི་བ་དང་རྩོད་པ་མང་དུ་བྱས་པ་ལ༔ མ་ཅིག་གིས་ལན་མ་ཐེབ་པ་ནི་ཚིག་གཅིག་ཀྱང་མ་བྱུང་ཞིང་༔ ཁྱད་པར་དུ་ཡང་མ་ཅིག་གི་ཐུགས་ལ་འཁྲུངས་པའི་མྱོང་ཆོས་ཀྱི་རྟོགས་པ་དང་༔ རང་ལུགས་ཀྱི་ཆོས་སྲོལ་བཏོད་ཚུལ་རྣམས་ཞིབ་ཏུ་ཞུས་པས་བླ་མ་ཡང་ཤིན་ཏུ་མཉེས་ནས་འདི་སྐད་གསུངས༔ མ་ཅིག་ལྷ་མོ་སྒྱུ་འཕྲུལ་གྱི་སྤྲུལ་པ་ཁྱེད་བོད་དུ་བྱོན་ནས་གངས་ཅན་ཁྲོད་ཀྱི་མི་དང་མི་མ་ཡིན་པའི་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་པར་བྱེད་པ་འདི་ནི་ངོ་མཚར་ཆེ་ལ་རྗེས་སུ་ཡི་རང་ངོ་༔ བདག་ཀྱང་ཁྱེད་ལ་ཕྱག་འཚལ་མཆོད་ཅིང་བསྟོད་པར་བྱ་ཞེས་གསུངས་ནས༔ གྲུབ་ཐོབ་ཕ་འཐིང་བས་དབུ་ཞྭ་ཕུད་ནས་ལབ་སྒྲོན་ལ་བསྟོད་པ་ཚར་ཅིག་མཛད་༔ འཁོར་གྲྭ་སློབ་རྣམས་ཀྱིས་མ་ཅིག་ལ་ཆོས་ཞུས་ནས་ཕལ་ཆེར་སློབ་མར་གྱུར་ཏོ༔ དེ་ནས་མ་ཅིག་གིས་བླ་མ་ལ་ཆོས་འབྲེལ་ཞིག་ཞུ་ལགས་བྱས་པས་བླ་མས་རྟེན་འབྲེལ་འགྲིག་པས་དེ་ལྟར་བྱ་ཆོག་གསུངས་ནས་མངོན་པ་གོང་འོག་གི་བཤད་པ་རྒྱས་པར་མཛད༔ ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་དྲི་མེད་མེ་ལོང་སྐོར་གསུམ་ལ་སོགས་པའི་མན་ངག་ཁ་ཅིག་གནང་བས་མ་ཅིག་གིས་ཐུགས་སུ་ཆུད་པར་མཛད་དོ༔
དེ་ནས་བླ་མས་ཕྱི་རབས་ཀྱི་རྒྱུད་འཛིན་རྣམས་དང་འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུ༔ ཁྱེད་རང་གིས་ཆོས་སྲོལ་རྣམས་ཡི་གེ་རིས་སུ་བཏབ་པར་མཛོད་གསུངས་པ་དང་༔ སྔར་བླ་མ་དམ་པ་རིན་པོ་ཆེ་དང་༔ བླ་མ་གྲྭ་པ་དང་༔ བླ་མ་བསོད་ནམས་གྲགས་པ་དང་བླ་མ་རྣམ་གསུམ་གྱིས་ཀྱང་མ་ཅིག་གི་ཆོས་ལུགས་ཡི་གེ་རིས་སུ་བཏབ་པར་བསྐུལ་མ་མཛད་པ་དང་༔ བླ་མ་རྣམ་པ་བཞི་ཀས་བསྐུལ་བས་མ་ཅིག་གིས་ཕྱིས་འབྱུང་རྣམས་ཀྱི་དོན་ལ་དགོངས་ནས་རང་ལུགས་ཀྱི་ཆོས་སྲོལ་ཡི་གེ་རིས་སུ་བཀོད་པ་སྟེ༔ དེ་ལ་ལབ་སྒྲོན་གྱི་ཆོས་ལུགས་འདི་ནི་རྣམ་གྲངས་ལྔའི་ཁོངས་སུ་འདུས་པ་ཞིག་གསུངས་པ་ནི་འདི་ལྟར་རོ༔ ཆོས་སྤྱི་ཙམ་པའི་མིང་འདོགས་པ་དང་གཅིག༔ ཆོས་དེའི་སྲོལ་གསུམ་དུ་བསྟན་པ་དང་གཉིས༔ ཆོས་ཀྱི་སྲོག་ཡི་གེ་གསུམ་གྱིས་འཛིན་པ་དང་གསུམ༔ ཆོས་སྲོལ་གསུམ་ཁའི་མདོར་བསྡུས་གཟན་བསྐྱུར་གྱིས་བསྡུས་པ་དང་བཞི༔ ཆོས་དེ་ཉམས་ལེན་པའི་གནས་གཉན་ས་རི་ཁྲོད་ལ་བརྟེན་པ་དང་ལྔའོ༔
དེ་ལ་དང་པོ་མིང་ནི༔ ཕྱི་སྡེ་སྣོད་གསུམ་གྱི་ཡང་རྩེ་ཕ་རོལ་ཏུ་ཕྱིན་པ་དང་༔ ནང་རྒྱུད་སྡེ་བཞིའི་ཡང་རྩེ་བླ་ན་མེད་པ་དང་གཉིས་གཅིག་ཏུ་དྲིལ་བའི་ཆོས་ལུགས་འདི་ལ་མིང་གཅིག་ཏུ་དྲིལ་བ་ལ་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བར་གྲགས་སོ༔ གཉིས་པ་སྲོལ་གསུམ་ནི༔ མདོ་ལུགས་དང་སྔགས་ལུགས་གཉིས༔ མདོ་སྔགས་ཟུང་འཇུག་གི་ལུགས་དང་གསུམ་མོ༔ གསུམ་པ་ཡི་གེ་གསུམ་ནི༔ ཧ་དང་ཧཱུཾ་དང་ཕཊཿདང་གསུམ་ནི་སྲོག་ཅེས་སོ༔ བཞི་པ་གཟན་བསྐྱུར་ནི༔ བེམ་རིག་ཕྲལ་ནས་ཕུང་པོ་མཆོད་སྦྱིན་བྱེད་པའོ༔
ལྔ་པ་གནས་ནི༔ དུར་ཁྲོད་ལ་སོགས་པའི་ལྷ་འདྲེ་སྟོབས་ཆེན་གནས་སར་སོང་ནས་ཆོས་ཉིད་སྐྱེ་བ་མེད་པ་ཉམས་སུ་ལེན་པ་དང་ལྔ་ནི་མ་ཅིག་གི་ཆོས་ལུགས་ཡིན་ཏེ༔ ཁྱད་པར་ཉམས་སུ་ལེན་བྱ་ནི༔ ཆོས་ཀྱི་སྲོལ་མཛད་པ་ཡིན་པར་སྣང་ངོ་༔ སྲོལ་གསུམ་གྱི་དང་པོ་ཕ་རོལ་ཏུ་ཕྱིན་པའམ༔ མདོ་ལུགས་ཞེས་པས་ཡི་གེ་རིས་སུ་བཀོད་ཅིང་བརྩམ་པར་མཛད་པ་ལ༔ དེ་ཡང་མ་ཅིག་གིས་ཐོག་མར་རྒྱལ་བའི་བཀའ་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བཀའ་ཐོག་ནས་གྲོལ་བའི་ཚུལ་མཛད་པས་ན༔ ཕ་རོལ་ཏུ་ཕྱིན་པ་རྒྱལ་བའི་བཀའ་བར་པ་ལ་བརྟེན་ནས་མདོ་ལུགས་ཀྱི་ཆོས་ཚན་བརྩམས་པ་སྟེ༔ བརྩམས་པ་དངོས་ཀྱི་ཡིག་ཚན་ལ་རྩ་བ་བཞི༔ ཡན་ལག་ཉེར་ལྔ་དེ་ཐམས་ཅད་ཀྱི་གཞུང་དོན་དང་༔ ཆོས་སྡེ་ཚན་སུམ་ཅུ་ཐམ་པ་མཛད་པའི་རྩ་བ་བཞི་ནི༔ ཕྱི་བཀའ་ཚོམས་ཆེན་མོ་ཞིབ་རྒྱས་སུ་བཤད་པ་དང་གཅིག༔ ནང་ལེའུ་ལག་མ་བུ་ངོ་སྤྲོད་དུ་གདམས་པ་དང་གཉིས༔ གསང་བ་བརྡ་ཆོས་ལ་བཟླ་བ་དང་གསུམ༔ དོན་ཁོང་སྒོམ་གནད་ཐེམས་སུ་བསྟན་པ་དང་བཞིའོ༔ ཡན་ལག་ཉེར་ལྔ་ལ༔ དང་པོ་བཀའ་ཚོམས་ལ་ཡན་ལག་གསུམ་སྟེ༔ དེ་ཡང་ཕྱི་བཀའ་ཚོམས་ཆེན་མོ་ཞེས་བྱ་བ་ནི་རྩ་བའི་ཡིག་སྣ་ཡིན་ལ༔ ཞིབ་རྒྱས་སུ་བཤད་པ་ཞེས་པ་ལ༔ ཡང་ཚོམས༔ ཉིང་ཚོམས༔ སྤྱི་ཆིངས་ཆེན་མོ་ཞེས་པ་དང་གསུམ་ནི་ཡན་ལག་གོ༔ གཉིས་པ་ལེའུ་ལག་ཅེས་པ་ནི་རྩ་བ་སྟེ༔
དེ་ལ་ཡང་ཡན་ལག་གསུམ་མོ༔ ཐུན་མོང་གི་ལེའུ་ལག༔ ཐུན་མོང་མ་ཡིན་པའི་ལེའུ་ལག༔ ཁྱད་པར་གྱི་ལེའུ་ལག་དང་གསུམ་མོ༔ མ་བུ་ངོ་སྤྲོད་དུ་གདམས་པ་ཞེས་པ་ལ་ཡང་ཡན་ལག་གསུམ༔ མ་ལྔ་པ་དང་བུ་ཉེར་གཅིག་དང་སྦས་པའི་གཟེར་བུ་བཅོ་ལྔ་དང་གསུམ་སྟེ༔ ནང་ལེའུ་ལག་གི་ཡན་ལག་དྲུག་གོ༔ གསུམ་པ་གསང་བ་བརྡ་ཆོས་ཞེས་པ་ཡང་རྩ་བ་སྟེ་དེ་ལ་ཡན་ལག་གསུམ༔ བེམ་རིག་ཕྲལ་བའི་བརྡ་དང་༔ སེམས་ཆོས་ཉིད་དུ་བསྲེ་བའི་བརྡ་དང་༔ ཆོས་རྣམས་ཟད་སར་སྐྱོལ་བའི་བརྡ་དང་གསུམ་མོ༔ ལ་བཟླ་བ་ཞེས་པ་ལ་ཡང་ཡན་ལག་བཞི་སྟེ༔ ལྟ་བ་ཟབ་པ་ལ་ཕྱོགས་ལྷུང་མེད་པ་ལ་བཟླ་བ་དང་༔ སྒོམ་པ་མིག་གཏད་ལས་གཞན་དུ་མི་ཡེངས་པར་ལ་བཟླ་བ་དང་༔ སྤྱོད་པ་ཕར་ཕྱིན་དྲུག་ལས་སྤང་བླང་མེད་པར་ལ་བཟླ་བ་དང་༔ འབྲས་བུ་ངོ་བོ་ཉིད་ཀྱི་དོན་ལ་རེ་དོགས་མི་མངའ་བ་ལ་བཟླ་བ་དང་བཞི་སྟེ༔ གསང་བ་བརྡ་ཆོས་ཀྱི་ཡན་ལག་བདུན་པའོ༔ བཞི་པ་དོན་ཁོང་རྒོལ་གནད་ཐེམས་སུ་བསྟན་པ་ནི་རྩ་བ་སྟེ༔ དེ་ཉིད་སོ་སོར་ཕྲལ་བ་ལ་ཡན་ལག་ཟེར་བས༔ དེའི་དང་པོ་དོན་གྱི་ལྟ་སྒོམ་གཉིས་བསྟན་པ་དང་༔ གཉིས་པ་ཁོང་རྒོལ་གྱི་གེགས་སེལ་བསྟན་པ་དང་༔ གསུམ་པ་གནད་ཀྱི་རྩལ་སྦྱོང་བསྟན་པ་དང་༔ བཞི་པ་ཐེབས་སུ་བོགས་འདོན་བསྟན་པ་དང་༔ ལྔ་པ་མཐར་ཐུག་གི་དགོངས་པ་བསྟན་པ་ནི༔ དོན་ཁོང་རྒོལ་ཞེས་པའི་ཡན་ལག་ལྔ་པའོ༔ རྩ་བ་བཞི་ལ་མ་གྱེས་པའི་ཡན་ལག་ལ་བཞི་སྟེ༔ ཆོས་ལུགས་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བའི་གནད་བསྟན་པ་དང་གཅིག༔ དེ་ཐམས་ཅད་ཀྱི་སྙིང་པོ་ཡང་དག་པའི་དོན་བསྟན་པ་གཉིས༔ ཇི་ལྟར་ཞུས་པ་ལ་ལན་བཏབ་པས་ལན་གྱི་སྐོར་བསྟན་པ་དང་གསུམ༔ མ་ཞུས་པ་བརྡའི་སྒོ་ནས་འཆད་པ་བརྡ་ཆོས་ཀྱི་སྐོར་བསྟན་པ་དང་བཞི་ཡང་ཡན་ལག་གོ༔ དེ་རྣམས་ནི་མི་འཆུག་པར་བྱ་བའི་ཕྱིར་དུ༔ ཆོས་ཚན་ཐམས་ཅད་ཀྱི་གཞུང་ཕྱོགས་གཅིག་ཏུ་བསྟན་པས་གཞུང་དོན་བསྟན་པ་ཞེས་བྱ་སྟེ་གཞུང་གཅིག་པའོ༔
དེ་ཡང་རྩ་བའི་དང་པོ་ལ་ཡན་ལག་གསུམ༔ གཉིས་པ་ལ་དྲུག༔ གསུམ་པ་ལ་བདུན༔ བཞི་པ་ལ་ལྔ༔ རྩ་བ་བཞི་མ་ཡིན་པའི་ཡན་ལག་བཞི་དང་༔ ཡན་ལག་ཉེར་ལྔ་དང་༔ རྩ་བ་བཞི་དང་དེ་ཐམས་ཅད་ཀྱི་གཞུང་དོན་དང་ལྔ་སྟེ༔ ཆོས་ཀྱི་སྡེ་ཚན་སུམ་ཅུ་པ་འདི་བརྩམས་པའི་སྐུལ་པ་པོ་ནི་བླ་མ་རྣམ་པ་བཞི་ཡིན༔ དུས་ནི་མ་ཅིག་དགུང་ལོ་སོ་བརྒྱད་ཀྱི་དུས་སུའོ༔ གནས་ནི་ཟངས་རི་མཁར་དམར་ཡིན༔ ཉན་པ་པོ་ནི་སྟོན་པ་རྣམ་གསུམ༔ ཡར་སྟིང་བ་དཔོན་སློབ༔ སྟོད་ལུང་པ་དཔོན་སློབ༔ ལོ་ཙཱ་བ་དཔོན་སློབ༔ ཆོས་ཀྱི་སེང་གེ་དཔོན་སློབ༔ སྲས་མོ་དཔལ་ལྡན་རྒྱན་ལ་སོགས་པའི་ལྔ་བརྒྱ་དང་ཉེར་བདུན་འཚོགས་པ་ལ་འཆད་ཅིང་༔ ཆོས་བརྩམས་པ་དང་བཅས་པ་ནི་སྤྲེལ་ལོ་ཟླ་བ་ལྔ་པའི་ཚེས་བརྒྱད་ནས་ཟླ་བ་བདུན་པའི་ཚེས་བརྒྱད་ལ་གྲུབ་པར་མཛད་པའི༔ ཡི་གེ་པ་ནི་སྟོང་སྡེ་ངག་གི་དབང་ཕྱུག་དང་༔ གྲོལ་སྡེ་རྒྱལ་བའི་འབྱུང་གནས་གཉིས༔ ཆོས་ཀྱི་སེང་གེ་ཡར་སྟིང་བ་དང་སྟོད་ལུང་བ་གཉིས་ཀྱི་གྲྭ་པ་གཉིས་དང་ལྔས་གྲུབ་པར་བྲིས་པའི་བསྟན་ཆོས་རྣམ་པར་དག་པ་འདི་ནི་མདོ་ལུགས་ཀྱི་ཆོས་སྡེ་ཚན་སུམ་ཅུ་པའོ༔ དེ་ལ་མདའ་ཚད་ཀྱི་ཤོག་གུ་བཞི་བརྒྱ་རེ་བྱས་པའི་གཞུང་འགྲེལ་ཆ་ལག་དང་བཅས་པ་ལ་པོ་ཏི་སུམ་ཅུ་ཐམ་པ་མཛད་པ་ལ༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་སོགས་པའི་རྒྱལ་ཆེན་སྡེ་བཞི་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་རྒྱུན་དུ་ཆོས་ཞུས་ནས་མ་ཅིག་གི་བསྟན་པ་སྐྱོང་བར་མཛད་དོ༔
བརྟན་མ་བཅུ་གཉིས་ཀྱིས་དངོས་སུ་མ་ཅིག་ལ་ཆོས་ཞུས་ནས༔ མ་ཅིག་གི་བཀའ་ཉན་ནས་བསྟན་པ་སྐྱོང་བར་དམ་བཅས་སོ༔ གཉན་ཆེན་ཐང་ལྷ་ཡར་ཞུར་དང་༔ འོད་དེ་གང་རྒྱལ་དང་༔ གངས་རིའི་ཇོ་མོ་རྗེ་ཆེན་དང་༔ ཀླུ་རྒྱལ་ཟླ་བ་སྐྱོང་མཛད་དང་༔ དགེ་བསྙེན་ཀུ་ལ་ཁ་རི་དང་ལྔ་པོ་དེས་མ་ཅིག་ལ་སེམས་བསྐྱེད་ཞུས་ཤིང་དགེ་བསྙེན་གྱི་སྡོམ་པ་བླངས་ནས་མ་ཅིག་གི་རྒྱུད་འཛིན་རྣམས་སྐྱོང་བར་ཁས་བླངས་ནས་མ་ཅིག་གི་མདུན་དུ་ཞག་ཉེར་གཅིག་གི་བར་དུ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་བསླབ་བྱ་རྣམས་ཉན་ནས་བསྡད་དོ༔
ཞིང་སྐྱོང་གི་མཁའ་འགྲོ་མ་བདུན་དུས་རྟག་ཏུ་མ་ཅིག་གི་མདུན་དུ་འདུག་པ་ཕལ་པ་མང་པོས་མཐོང་ངོ་༔ དེ་ནས་མ་ཅིག་གི་མདུན་དུ་རྒྱ་བོད་གཉིས་ཀྱི་ལོ་ཙཱ་ལ་མཁས་པའི་ཤོ་པོ་ལོ་ཙཱ་བ་ལ་སོགས་པའི་ལོ་ཙཱ་བ་མང་པོ་འདུས་པ་དང་༔ སྒྲ་དང་ཕར་ཕྱིན་དང་ཚད་མ་ལ་མཁས་པའི་དགེ་བའི་བཤེས་གཉེན་ཡང་ལྔ་སྟོང་དང་ལྔ་བརྒྱ་ལྷག་ཙམ་དུས་རྒྱུན་དུ་འཚོགས་ཤིང་འདུག་པས་མ་ཅིག་གི་སྐུ་བསོད་དང་སྙན་གྲགས་ནི་མདོ་དབུས་ཁམས་སུ་འབྲུག་ལྟར་ཁྱབ་པར་གྲགས་སོ༔ དེ་ལྟར་མ་ཅིག་ལ་དམ་པ་རིན་པོ་ཆེ་ལ་སོགས་པའི་བླ་མ་རྣམས་ཀྱིས་ལུང་བསྟན་པའི་གནས་སུ་གདུལ་བྱ་སྐྱོང་བའི་ཆེད་དུ་ལ་སྟོད་དིང་རི་ནས་མར་བྱོན་ནས་གཉན་ཆེན་བརྒྱ་རྩ་བརྒྱད་ལ་སོགས་འདུལ་བར་མཛད་ཅིང་༔ ཟངས་རི་མཁར་དམར་དུ་བྱོན་ནས་བུ་ཆེན་རྣམས་འཚོགས་པ་དང་གདུལ་བྱ་སྐྱོང་ཞིང་མདོ་ལུགས་ཀྱི་ཆོས་རྣམས་བརྩམས་པ་ནི༔ མ་ཅིག་དགུང་ལོ་སོ་དྲུག་ནས་སོ་བརྒྱད་ཀྱི་མཐའི་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བཅུ་གཉིས་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅུ་གསུམ་པ།
དེ་ནས་མ་ཅིག་དགུང་ལོ་སོ་བརྒྱད་ནས་བཞི་བཅུའི་བར་ལ་ཟངས་རི་མཁར་དམར་དུ་གདུལ་བྱ་སྐྱོང་བར་མཛད་ཅིང་བཞུགས་པས༔ དགུང་ལོ་བཞི་བཅུ་ལ་བྱོན་ནས་ཁྱི་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་འཆིང་ཕུག་གི་གྲུབ་གནས་ཕུག་བཟང་དུ་བྱོན་ནས་སྒྲུབ་པ་མཛད་དོ༔ དཔལ་ལྡན་རྒྱན་དང་༔ བསོད་ནམས་རྒྱན་དང་༔ འབུམ་ཚོ་རིན་ཆེན་རྒྱན་དང་གསུམ་མ་གཏོགས་པར་གཞན་གྱི་རྒྱུ་འགྲུལ་བཅད་ནས་མཚམས་དམ་པོར་མཛད་དོ༔
དེ་ནས་མ་ཅིག་དགུང་ལོ་ཞེ་གཅིག་ནས་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ཀྱི་ནུབ་མོ་ནམ་གུང་ཡོལ་ཙམ་དུ་རྗེ་བཙུན་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་འཁོར་མཁའ་འགྲོ་མ་འབུམ་ཕྲག་གིས་བསྐོར་ནས་ནམ་མཁར་བྱོན་ནས་བྱུང་སྟེ༔ གསང་སྔགས་ཀྱི་རྒྱུད་ཆེན་པོ་ཨུ་དུམ་ཝ་ར་དང་དུག་ལྔ་ཀླུ་འདུལ་དང་༔ ཐུགས་བཅུད་མ་རིག་མུན་སེལ་དང་གསུམ་གྱི་སྒོ་ནས་དབང་རྣམས་རིམ་པར་བསྐུར་ཞིང་དུག་ལྔ་ཀླུ་འདུལ་གྱི་རྒྱུད་ནས་སངས་རྒྱས་རིགས་ལྔ་རེ་རེའི་སྒོ་ནས་དབང་བཞི་ཡོངས་སུ་རྫོགས་པ་རེ་རེ་བསྐུར་བས༔ རིགས་ལྔ་ཀའི་སྦྱོར་ཡུམ་སྒྲོལ་མ་ཉིད་ཀྱི་མཛད་ཅིང་ལུང་བསྟན་འདི་སྐད་གསུངས༔ རྣལ་འབྱོར་མ་དུག་ལྔ་ཞི་ཞིང་ཀླུ་ལྔ་འདུལ་ནས༔ ཡེ་ཤེས་ལྔ་མངོན་དུ་གྱུར་པའི་རིགས་ལྔའི་དབང་ཟབ་མོ་འདི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་བྱ་བའི་ཕྱིར་དུ༔ རྣལ་འབྱོར་མ་ཁྱེད་ལ་དབང་འདི་འབོག་པའི་སྐལ་པ་དང་ལྡན་པས༔ རྣལ་འབྱོར་མ་ཁྱོད་ཀྱིས་གསང་སྔགས་ཨུ་དུམ་ཝ་ར་དང་༔ དུག་ལྔ་ཀླུ་འདུལ་དང་༔ ཐུགས་བཅུད་མ་རིག་མུན་སེལ་དང་གསུམ་ལས༔ དེ་གསུམ་ཉམས་སུ་ལེན་པའི་ནང་གི་ཟབ་ཆོས་གྱིས་ལ༔ གསང་སྔགས་ཀྱི་ཉིང་ཁུ་ཆོས་འདི་གསུམ་གྱི་བསྐྱེད་རྫོགས་སྲོལ་དུ་ཞུགས་ལ༔ རང་རྒྱུད་གྱོང་པོ་སྨིན་པར་གྱིས་དང་༔
ད་ནས་བཟུང་སྟེ་རྒྱུད་པ་བཅུའི་བར་དུ་མུ་ཏིག་གི་ཕྲེང་བ་ལྟར་དུ་རྣམ་པར་དག་པ་རྣམས་འོང་བའི་མཐར༔ གསང་སྔགས་ཀྱི་ཆོས་ནམ་མཁའི་དབྱིངས་སུ་ཐིམ་ནས༔
དེ་ནས་བསྐྱེད་རྫོགས་མེད་པར་གྱུར་ཀྱང་རྣལ་འབྱོར་མ་ཁྱོད་རང་གསང་སྔགས་དང་༔ རིག་སྔགས་དང་༔ གཟུངས་སྔགས་དང་གསུམ་གྱི་གཙོ་མོ་བདག་མོ་ཆེན་མོར་ད་ལྟ་ངས་མངའ་གསོལ་ནས་དཀྱིལ་འཁོར་གྱི་གཙོ་མོར་བཞུགས་ཤིང་གསང་བའི་མཁའ་འགྲོ་མ་མཐིང་ག་རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ༔ ཡེ་ཤེས་ཆེན་མོ་རྡོ་རྗེ་བདུད་འདུལ་མ་མཁའ་འགྲོ་མ་ཐམས་ཅད་ལ་དབང་བསྒྱུར་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཆེན་མོ་ཁྱེད་ཀྱིས་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ག་ལ་བརྟེན་ནས་གསང་བའི་བརྟུལ་ཞུགས་བསྐྱེད་ལ༔ སེམས་ཅན་སྐལ་བ་དང་ལྡན་པ་རྣམས་དཀྱིལ་འཁོར་དུ་བཅུག་ནས་སྨིན་ཅིང་གྲོལ་བར་གྱིས་ཤིག་ཅེས་གསུངས་སོ༔ དེ་ནས་མ་ཅིག་གིས་སངས་རྒྱས་རིགས་ལྔ་ལ་བསྟོད་པ་རེ་རེ་མཛད༔ སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་ཤོ་ལོ་ཀ་ཉི་ཤུ་རྩ་གཅིག་མཛད་ནས་འདི་སྐད་ཞུས་སོ༔ རྗེ་བཙུན་མ་ཆེན་མོ་ལགས༔ ཁྱེད་ཀྱིས་བདག་ལ་བརྩེ་བ་ཆེན་པོ་མཛད་པའི་ཐུགས་བསྐྱེད་ནས་དབང་བསྐུར་བ་དང་༔ བྱིན་གྱིས་བརླབས་པའི་ནུས་པ་ཐུན་མོང་མ་ཡིན་པ་གནང་བས༔ ང་འདྲའི་སྐྱེ་དམན་བླུན་རྨོངས་ཉམ་ཆུང་ཡང་༔ ད་ནི་ཁྱེད་ཀྱི་བཀའ་དྲིན་གྱིས་འགྲོ་བའི་དོན་ཡང་འབྱུང་བ་ཡིན་སྙམ་པའི་བློ་བསྐྱེད་པ་ཙམ་ཡོད་མོད་ཀྱང་ད་རུང་ཁྱོད་ཀྱིས་རྗེས་སུ་བཟུང་དུ་གསོལ་ཞུས་པས༔
རྗེ་བཙུན་སྒྲོལ་མ་ཞལ་མཛུམ་པར་མཛད་དེ་འཁོར་གྱི་མཁའ་འགྲོ་མ་རྣམས་ལ་དལ་ཅིག་གཟིགས་པར་མཛད་ནས་འདི་གསུངས་སོ༔ རྣལ་འབྱོར་མ་ཁྱོད་སེམས་ཞུམ་པར་མ་མཛད་ཅིག༔ ཁྱོད་ཀྱིས་སྔར་ལམ་གྱི་དུས་སུ་ན་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱོར་བ་མཐའ་ཡས་པར་མཛད་པས་དོན་གྱིས་མཐར་ཕྱིན་པ་ཡིན་པས༔ ངས་ད་ལྟ་ཁྱོད་ལ་བརྡ་བསྟན་པའི་ཚུལ་བྱེད་པ་ཡིན་པས་གོ་བར་གྱིས་ཤིག༔ ཁྱོད་ནི་ཡུམ་ཆེན་མོའི་སྤྲུལ་པ་ང་ཉིད་དང་དབྱེར་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ཆེན་མོ་བྱ་བ་ཡིན་པས་ཤེས་བྱའི་མཚན་ཉིད་ལ་ལྟོས་པའི་དམ་ཆོས་ཐམས་ཅད་ཀྱི་གྲོལ་ཕུགས་ཁྱོད་རང་ཡིན་པའི་དོན་ལ་རྣལ་འབྱོར་མ་ཁྱོད་བློ་མ་ཞུམ་པར་སེམས་རྒྱ་ཆེན་པོ་བསྐྱེད་ཅིག་ཅེས་གསུངས་སོ༔
ཡང་མ་ཅིག་གིས་ཞུས་པ༔ རྗེ་བཙུན་ཆེན་མོ་ལགས༔ ང་ཡུམ་ཆེན་མོའི་ཐུགས་ཀྱི་སྤྲུལ་པ་ཁྱེད་དང་དབྱེར་མེད་པས་ངའི་རྒྱུ་མཚན་གང་ལྟར་མཆིས་ལགས༔ དམ་ཆོས་ཐམས་ཅད་ཀྱི་གྲོལ་ཕུགས་ང་ལ་བྱུང་ཚུལ་ཇི་ལྟར་མཆིས་ལགས༔ ཡུམ་ཆེན་མོ་ཞེས་བྱ་བ་དེ་ད་ལྟ་གནས་གང་དུ་བཞུགས་ལགས་ཞེས་ཞུས་པས༔ ཡང་རྗེ་བཙུན་སྒྲོལ་མས་ཞལ་ནས་འཛུམ་པ་མཛད་ནས་འདི་སྐད་གསུངས༔ རྣལ་འབྱོར་མ་ཁྱོད་ཀྱིས་འདས་པ་དེ་རྣམས་མཁྱེན་མོད་ཀྱང་མི་མཁྱེན་པའི་ཚུལ་མཛད་པར་འདུག་པས་འོན་ཀྱང་ལེགས་པོར་ཉོན་དང་ངས་བཤད་པའི་ཚུལ་བྱེད་དོ༔
སྤྱིར་ཡུམ་ཆེན་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཅེས་པ་དང་བདག་མེད་པའི་ཤེས་རབ་སྟོང་པ་ཉིད་ཅེས༔ ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་པའི་ངོ་བོ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བའི༔ དོན་དམ་པའི་ཆོས་ཉིད་དེ་ལ་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཟེར་ཏེ༔ འོན་ཀྱང་སྒོས་ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་བསགས་ཤིང་མཆོད་པའི་ཡུལ་དུ་གྱུར་པའི་གཟུགས་སྐུའི་ཡུམ་ཆེན་མོ་ཞེས་བྱ་བ་ཞིག་ཡོད་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ ང་ཉིད་རྡོ་རྗེ་སྒྲོལ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ངས་སྨོན་པའི་མདུན་པ་དྲག་པོས་གསོལ་བ་གདབས་པས་སྨོན་ལམ་དང་ཐུགས་རྗེའི་ཤུགས་ལས་ཆོས་ཉིད་སྟོང་པའི་རང་མདངས་ལས་འོད་ཀྱི་ཐིག་ལེ་དམར་སེར་མུཾ་ཡིག་གི་མཚན་པ་འོད་དུ་འབར་བ་ལས༔
ཡུམ་ཆེན་མོ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་བཞི་མ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ་མཚན་དང་དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པའི་སྐུ་དྲང་པོར་བསྲིངས་ཤིང་བཞུགས་པ་ལ༔ སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སེམས་མ་རྣམས་ཀྱིས་བསྐོར་ནས༔ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཤིན་ཏུ་རྣམ་པར་དག་ཅིང་ཆེར་དག་པའི་གནས་ཀྱི་མཆོག་ཏུ་གྱུར་པའི་ཕོ་བྲང་དེར་བཞུགས་ནས་ཡོད་དོ༔ ཡུམ་ཆེན་མོ་དེའི་ཐུགས་ཀྱི་སྤྲུལ་པ་ལ༔ རྡོ་རྗེ་དབྱིངས་ཕྱུག་མ་ཞེས་བྱ་བའི་ཁྲོ་མོ་མཐིང་ནག་ཞལ་གཅིག་ཕྱག་བཞི་མ་ལོངས་སྐུའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་རབ་ཏུ་བརྒྱན་པ་ཞིག་བྱུང་ངོ་༔
རྡོ་རྗེ་དབྱིངས་ཕྱུག་མའི་ཐུགས་ཀྱི་སྤྲུལ་པ་ལས༔ རྡོ་རྗེ་བདུད་འདུལ་མ་ཞེས་བྱ་བའི་ལྷ་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་སྤྱི་བོར་ཕག་ཞལ་རལ་པའི་དབུས་སུ་ཐོན་པ༔ མཁའ་འགྲོ་མ་ཐམས་ཅད་དབང་དུ་སྡུད་ཅིང་སྲིད་པ་གསུམ་པོ་ཟིལ་གྱིས་ནོན་པ༔ དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་བར་བྱེད་པ་དེ་ནི༔ དམ་ཆོས་ཐམས་ཅད་ཀྱི་གྲོལ་ཕུགས་འབྱུང་བའི་མཁའ་འགྲོ་མ་ཡིན་ནོ༔ རྡོ་རྗེ་བདུད་འདུལ་མ་དེས་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་སྟོན་པའི་ཕྱིར་དུ་ཐ་མལ་པའི་སྐྱེ་བ་མང་པོ་བཞེས་ནས༔ དེའི་ཚེ་ཡང་གསུང་རབ་མཐའ་ཡས་པ་ལ་བློ་སྦྱངས་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པའི་མཐར་བོད་འདིར་ལབ་སྒྲོན་མ་ཁྱོད་ཉིད་ཡིན་ནོ་ཞེས་གསུངས་སོ༔
ཡང་མ་ཅིག་གིས་ཞུས་པ་རྗེ་བཙུན་ཆེན་མོ་ལགས༔ ཁྱེད་ཀྱིས་གསུངས་པ་དེ་རྣམས་ད་ནི་ངའི་ཡིད་ལ་ཤར་ནས་བྱུང་ལགས༔ ཁྱེད་ཀྱིས་བདག་ལ་གནང་བའི་གསང་སྔགས་ཀྱི་ཆོས་འདི་རྣམས་འཆད་ཆོས་བྱེད་ནས་དར་རྒྱས་སུ་འགྲོ་ནས་འགྲོ་བའི་དོན་རྒྱ་ཆེན་པོ་འབྱུང་བ་ལགས་སམ་ཞུས་པས༔ ཡང་རྗེ་བཙུན་སྒྲོལ་མའི་ཞལ་ནས༔ རྣལ་འབྱོར་མ་ངས་བཤད་པའི་གསང་སྔགས་བླ་ན་མེད་པའི་ཟབ་ཆོས་འདི་རྣམས་ལ་སྤྱིའི་འཆད་ཆོས་བྱེད་མི་འོང་ངོ་༔ འདི་ནི་སྦས་པའི་ཚུལ་གྱིས་ཉམས་སུ་ལེན་ཞིང་ཅིག་རྒྱུད་དུ་བྱས་ནས་སེམས་ཅན་སྐལ་བ་དང་ལྡན་པ་རེ་རེ་ཙམ་སྨིན་ཅིང་གྲོལ་བར་བྱེད་དགོས་སོ༔ ཁྱད་པར་དུ་ཆོས་ཀྱི་དར་ཆ་ནི༔ ངས་བསྟན་པའི་ཕྱག་རྒྱ་བཞིའི་དོན་གྱི་ཐབས་ཁྱད་པར་ཅན་དང་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་གྱི་ལྟ་བ་དང་གཉིས་མེད་དབྱེར་མེད་གཅིག་ཏུ་དྲིལ་ལ་འགྲོ་བའི་དོན་གྱིས་དང་༔ ཐུབ་པ་ཉིད་ཀྱིས་ལུང་བསྟན་པ་བཞིན་དུ་རྩོད་ལྡན་གྱི་དུས་འདིར་གངས་ཅན་ལྗོངས་ཀྱི་མི་དང་འབྱུང་པོ་མི་མ་ཡིན་ཐམས་ཅད་ཁྱོད་ཀྱིས་འདུལ་བའི་སྐལ་བ་དང་ལྡན་ཞིང་དུས་ལ་བབས་པ་ཡིན་པས་རྣལ་འབྱོར་མ་ཁྱོད་སེམས་རྒྱ་མ་ཆུང་དང་༔ ཁྱོད་ཀྱི་བསྟན་པ་ནི་དར་ཞིང་རྒྱས་ལ་འགྲོ་དོན་ཡུན་རིང་དུ་འབྱུང་ངོ་ཞེས་གསུངས་པ་དང་༔ སྒྲོལ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་སྤྲོས་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་བྱས༔ དེ་ནས་འོད་ཟེར་ཚུར་འདུས་ནས་མ་ཅིག་གི་སྙིང་ཁར་ཐིམ་པར་མཛད་དོ༔
དེ་ནས་རྗེ་བཙུན་སྒྲོལ་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ནམ་མཁའ་འོད་ཀྱིས་གང་བ་ལ་ཐིམ་ནས་ཐལ་སྙམ་ཙ་ན༔ ནམ་མཁའ་བུན་ནེ་གསལ་ནས་འདུག་གོ༔ དེ་ནས་དེའི་ལོ་ལ་འཆིང་ཕུག་གི་ཕུག་བཟང་དུ་བཞུགས༔ དེའི་ཕྱིར་ལོ་དགུང་ལོ་བཞི་བཅུ་ཞེ་གཉིས་བཞེས་པའི་ཟླ་བ་དང་པོའི་ཚེས་བཅུ་ལ་ཟངས་རི་མཁར་དམར་དུ་བྱོན་པའི་ལམ་དུ་མགོན་པོ་ནག་པོ་དར་ནག་གི་རལ་ཁ་གྱོན་པ་གཅིག་དང་ཆོས་སྐྱོང་བྲག་ལྷ་མགོན་པོ་དང་གཉིས་ལ་རང་རང་གི་འཁོར་གྱིས་བསྐོར་བ་དང་༔ རིགས་བཞིའི་མཁའ་འགྲོའི་ཚོགས་རྣམས་དང་༔ བརྟན་མ་བཅུ་གཉིས་དང་ཟངས་རིའི་བཙན་རྒོད་གནས་བདག་རྣམས་དང་བཅས་པས་བསུ་བ་བྱས་ནས་བྱུང་པ་དང་༔ ཟངས་རིའི་རི་པ་དང་དགོན་པ་དང་ཡུལ་མི་རྣམས་དང་བཅས་པས་བསུ་བ་བྱས་པས༔ ནམ་མཁའ་ལ་འཇའ་འོད་ཀྱི་གུར་དང་༔ མེ་ཏོག་གི་ཆར་བབ་པ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ངོ་༔
དེ་ནས་ཟངས་རི་མཁར་དམར་དུ་ཕེབས་ནས་ཇོ་མོ་ཆོས་མཚོ་དང་དཔལ་ལྡན་རྒྱན་ལ་སོགས་པའི་བུ་མོ་བཞི་དང་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་ལྔ་ལ་མཁའ་འགྲོ་གནས་འགྱུར་ལྷ་བཅུའི་དབང་བརྒྱ་དང་ཚོགས་བརྒྱ་མཛད༔ གཏོར་མ་རིན་ཆེན་སྤུང་པའི་དབང་བརྒྱ་དང་༔ ལྷའི་རྗེས་གནང་སྦྱིན་སྲེག་དང་བཅས་པ་རྣམས་གནང་ནས༔ རྗེ་བཙུན་སྒྲོལ་མ་ལ་ཐོབ་པའི་ཆེ་བ་དང་༔ གསང་སྔགས་ཀྱི་ཆོས་གཞན་ལས་ཟབ་པའི་ཆེ་བ་དང་༔ དམ་ཚིག་དང་སྡོམ་པ་ཆེ་བ་རྣམས་ཁོང་ཚོ་ལ་གསུངས་ཤིང་ཆོས་ཉན་པ་པོ་སྤྱི་ལ་ཡང་ཕར་ཕྱིན་གྱི་བཤད་པ་རྒྱས་པར་མཛད་དོ༔
དེ་ནས་དགུང་ལོ་བཞི་བཅུ་ཞེ་གཉིས་ལ་བྱོན་པའི་བྱི་བ་ལོ་ཟླ་བ་བཅུ་པའི་ཚེས་གསུམ་གྱི་ནུབ་མོ་མ་ཅིག་གི་རྣལ་ལམ་དུ༔ ས་ཕྱོགས་ཤིན་ཏུ་ཡངས་པ་རྣམ་པར་དག་ཅིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་ཚལ་ཞིག་ཏུ་ཕྱིན་ཏེ༔ མེ་ཏོག་ཁ་དོག་སྣ་ཚོགས་པའི་འདབ་མ་སྟོང་དང་ལྡན་པ་གཅིག་གི་སྟེང་དུ་སྐྱོ་སྟོན་བསོད་ནམས་བླ་མ་སྐུ་མདོག་དཀར་པོ་འཇའ་འོད་ཀྱི་རང་བཞིན་ཅན་ཞིག་ཏུ་བཞུགས་ནས་འདུག༔ དེའི་སྤྱི་བོར་དམ་པ་རིན་པོ་ཆེ་བཞུགས་ནས་འདུག༔ དམ་པའི་སྤྱི་བོར་རྡོ་རྗེ་འཆང་ཆེན་པོ་བཞུགས་ནས་འདུག༔ དེའི་གཡས་སུ་འཇམ་དཔལ་དམར་པོ༔ གཡོན་དུ་བྲམ་ཟེ་ཨརྱ་དྷེ་བ༔ རྒྱབ་ཏུ་སུ་ཀ་སུ་ཏི་མ༔ མདུན་དུ་རྗེ་བཙུན་སྒྲོལ་མ་དེ་རྣམས་ལོངས་སྐུའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་སྣང་ལ་རང་བཞིན་མེད་པར་བཞུགས་འདུག་པས་དེ་རྣམས་ཀྱིས་བདག་ལ་བྱིན་གྱིས་རླབས་ཤིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩོལ་བ་དང་༔ ལུང་གིས་རྗེས་སུ་གནང་བར་མང་པོ་མཛད་དོ༔ ང་ཡི་ཕྱོགས་བཞིར་མཁའ་འགྲོ་མ་དཀར་མོ་བཞིས་དུང་དཀར་བཞི་ཕྱོགས་ཕྱོགས་སུ་ཁ་གཏད་ནས་འབུད་བདོ་ཙ༔ གླིང་བཞིར་ཐོས་པ་ཙམ་དུ་གྲགས་སྙམ་པ་བྱུང་ཙ༔ དེ་མ་ཐག་ཏུ་རྣལ་སངས་ནས་བྱུང་ངོ་༔ དེའི་ཕྱིར་ནངས་ཉི་མ་རྩེ་ཤར་དུས་སུ་སྲས་ཆུང་བ་དང་སྲས་མོ་གཉིས་ཡབ་ཀྱིས་བསྐྱལ་ནས་བྱུང་སྟེ༔ ཟངས་རི་མའི་མདུན་དུ་ཕྱིན་པ་དང་༔ སྲས་མཆེད་ལྕམ་གཉིས་ཀྱིས་མ་ཅིག་ལ་ཕྱག་འཚལ་ནས་བྱིན་བརླབ་དང་སྨོན་ལམ་ཞུ་བར་བྱས༔ ཡབ་ཀྱིས་མ་ཅིག་ལ་ཁམས་འདྲི་མཛད༔ མ་ཅིག་ཡང་ཁྲི་ཐོག་ནས་བཞེངས་ནས་ལྡང་བ་དང་གུས་པར་མཛད༔ ཡབ་སྲས་གསུམ་ཀ་ལ་ཟངས་རི་བ་རྣམས་ཀྱིས་ཕྱག་འཚལ་བ་དང་བྱིན་རླབས་ཞུ་བར་བྱས་སོ༔
དེ་ནས་ཡབ་ཞག་པོ་ཉི་ཤུ་རྩ་གཅིག་ལ་ཟངས་རིར་བཞུགས་པ་ལ་ཟངས་རི་བ་རྣམས་ཀྱིས་དབང་དང་རྗེས་གནང་ལ་སོགས་པའི་ཆོས་འབྲེལ་མང་དུ་ཞུས་སོ༔ ཡབ་ཡུམ་གཉིས་ཀྱིས་ཀྱང་སོ་སོའི་རྟོགས་པ་བསྡུར་རེས་དང་ཆོས་ཀྱི་གསུང་གླེང་མང་དུ་མཛད་དོ༔ དེ་ནས་ཡབ་ཀྱིས་གསུངས་པ༔ མ་ཅིག་ལགས་ཁྱེད་ཀྱིས་གསང་སྔགས་ཀྱི་ཆོས་སྲོལ་བཏོད་པ་དང་༔ ཕྱི་འབྱུང་གི་རྒྱུད་འཛིན་རྣམས་ཀྱི་དོན་དུ་ཁྱེད་རང་གི་ཆོས་སྲོལ་ཐམས་ཅད་དཔེ་ཆ་ལ་བཀོད་པར་མཛོད་ཅིག་གསུངས་ནས༔ དཔེ་ཆ་བརྩམ་པར་བསྐུལ་བས་མ་ཅིག་གི་ཞལ་ནས༔ རྗེས་སུ་ནམ་ཁོམ་པའི་ཚེ་ལ་དེ་ལྟར་བྱའོ་གསུངས་ནས་དཔེ་ཆ་བརྩམ་པར་ཞལ་བཞེས་མཛད་དོ༔ དེ་ནས་ཡབ་ཡུམ་གཉིས་ཀྱིས་སོ་སོའི་འདོད་ཡོན་གྱི་སྨོན་ལམ་རེ་རེ་བཏབ་ནས་ཁམས་བཟང་གི་མགུར་མ་རེ་རེ་མཛད་ནས༔ དེ་ནས་བྱི་བ་ལོ་ཟླ་བ་བཅུ་པའི་ཚེས་གཅིག་ལ་ཡབ་ཐོད་པ་བྷ་ཏྲ་ཡ་རྒྱ་གར་དུ་འབྱོན་པ་ལ་ཆས་པ་དང་མ་ཅིག་གྲྭ་འཁོར་བརྒྱ་ལྷག་ཙམ་ཞིག་གིས་ལྷ་ས་བར་དུ་སྐྱེལ་མ་མཛད་དོ༔ དེ་ནས་རྣལ་འབྱོར་པ་བདུན་གྱིས་བལ་ཡུལ་དུ་བསྐྱལ་ནས་ཡབ་ཐོད་པ་བྷ་ཏྲ་ཡ་རྒྱ་གར་དུ་བྱོན་པའོ༔
དེ་ནས་སྲས་ཆེ་བ་གྲུབ་པེ་ནི་ལོ་གསུམ་ལོན་ནས་ཁྲམ་པར་གྱུར་ཏེ༔ ཡུལ་པའི་ར་ལ་སོགས་རྣམས་བརྐུས་ནས་ཟོས་ཤིང་ད་ལྟ་ཡང་དབུས་ཁོག་སྟོད་སྨད་དུ་ཡོད་པས་མ་ཅིག་གིས་མངའ་འོག་ཏུ་མ་ཚུད་དོ༔ སྲས་ཆུང་བ་གྲུབ་པ་ནི་ལོ་བཅུ་དྲུག་ལོན་ནས་ཡབ་ཀྱི་ལུགས་ཀྱི་འཁོར་ལོ་བདེ་མཆོག་དང་མཚོ་སྐྱེས་རྡོ་རྗེ་དང་མི་འཁྲུགས་པའི་ཆོས་སྐོར་དང་༔ རྡོ་རྗེ་རྣམ་པར་འཇོམས་གསར་པའི་སྒྲུབ་ཐབས་དང་༔ རྟེན་འབྲེལ་ནག་པོ་ལྕགས་རར་ཅན་གྱི་སྒྲུབ་ཐབས་རྣམས་ཤེས་སོ༔ སྲས་མོ་ལ་འདུས་མ་ཡང་ལོ་བཅུ་གཉིས་ལོན་པས་རྗེ་བཙུན་མ་དམར་མོའི་སྒྲུབ་ཐབས་དང་སྤྱན་རས་གཟིགས་ཁ་སར་པ་ཎིའི་སྒྲུབ་ཐབས་དང་༔ འབུམ་དང་ཉི་ཁྲི་དང་བརྒྱད་སྟོང་པ་ལ་སོགས་པའི་ཡི་གེ་མཐའ་དག་ལ་རྒྱ་བོད་གཉིས་ཀྱི་ཡི་གེའི་ཚོགས་ཐམས་ཅད་ལ་ཤིན་ཏུ་མཁས་པར་ཤེས་སོ༔ དེ་ནས་སྲས་གྲུབ་པ་ལ་ནད་སྨྱོ་བརྒྱལ་དྲག་པོ་གཅིག་གིས་ཟིན་ནས་བྱུང་སྟེ༔ ཐམས་ཅད་ཀྱིས་གྲུབ་སྨྱོན་ཟེར་བ་བྱུང་ངོ་༔ དེ་ནས་མ་ཅིག་གིས་ཉོན་མོངས་པ་དང་ནད་རྐྱེན་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་ཉེར་ཞི་རིན་ཆེན་སྒྲོན་མེ་ཞེས་བྱ་བའི་གདམས་པ་ཐུན་མོང་མ་ཡིན་པ་ཞིག་གནང་ནས༔ ཟངས་རིའི་འོག་ཏུ་དུར་ཁྲོད་ཅིག་ཡོད་པ་དེར་ཞག་བདུན་ཉལ་ནས་སྒོམ་དུ་བཅུག་པས་གྲུབ་པའི་ནད་སྨྱོ་བརྒྱལ་ཞི་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས་ཉེར་ཞི་རིན་ཆེན་སྒྲོན་མེའི་གདམས་པ་མ་ལུས་པ་ཐུགས་སུ་ཆུད་ཅིང་༔ མ་ཅིག་གི་ཆོས་ལུགས་གཞན་ལས་ཁྱད་པར་དུ་ལྷག་པའི་ལྷག་ཆོས་སུ་མཐོང་ནས་ངེས་ཤེས་གཏིང་ནས་འཁྲུངས་པས་དད་པ་རྩོལ་མེད་དུ་སྐྱེས་སོ༔ དེ་ནས་ལ་སྟོད་དིང་རི་ནས་དམ་པ་སངས་རྒྱས་རིན་པོ་ཆེ་ཟངས་རིར་གདན་དྲངས་ནས་དམ་པའི་དྲུང་དུ་སྲས་གྲུབ་པ་རབ་ཏུ་བྱུང་བས་ཟངས་རི་བ་ལ་ཆོས་སྟོན་ཡང་རྒྱ་ཆེན་པོ་བྱས་པ་དང་༔ མ་ཅིག་གི་ཞལ་ནས་དམ་པ་རིན་པོ་ཆེ་ལགས་ཁོ་རབ་ཏུ་བྱུང་བའི་སྡོམ་པ་དེ་ཁྱོས་གནོངས་དང་མིང་དེ་ངས་འདོགས་དགོས་པ་ཡོད་གསུངས་པས༔ དམ་པའི་ཞལ་ནས་དེའི་རྒྱུ་མཚན་ཇི་ལྟར་ལགས་གསུངས་པས༔
མ་ཅིག་གི་ཞལ་ནས་ཁོའི་མིང་དེ་ངས་འདོགས་དགོས་པའི་རྟེན་འབྲེལ་ཡོད་པས་ཁོ་ཡི་ཕ་དེ་སངས་རྒྱས་ཐོད་པའི་རྣམ་འཕྲུལ་ཐོད་པ་བྷ་ཏྲ་ཡ་ཡིན་པས་དེ་ལ་འདྲ་བའི་མིང་ཞིག་འདོགས་དགོས་པ་དང་གཅིག༔ ཁོ་ནད་སྨྱོ་བརྒྱལ་གྱིས་ཟིན་ནས་བྱུང་བས་དེ་ལ་འདྲ་བའི་མིང་ཞིག་འདོགས་དགོས་པ་དང་གཉིས༔ ད་ཁོའི་ནད་སོས་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ཁྱེད་ལྟ་བུ་དང་མཇལ་ནས་ཁོ་རབ་ཏུ་བྱུང་བ་ཐོབ་པས༔ ད་ཁོའི་བསམ་པ་ཐམས་ཅད་འགྲུབ་ནས་ཡོད་པས་མིང་འདི་གསུམ་བསྡོམ་པ་ལ་ཁོ་ལ་ཐོད་སྨྱོན་བསམ་འགྲུབ་མིང་དུ་འདོགས་དགོས་པ་དང་ངའི་སྔགས་ཀྱི་ཆོས་རྒྱུད་འཛིན་པ་ཡང་ཁོ་ལ་འོང་བ་ཡོད་པ་དང་༔ ལར་ཡང་ཁོ་མཆོག་གི་སྣོད་ལྡན་ཞིག་ཡིན་པར་སྣང་བས་ཁོ་འོང་བའི་ནུབ་མོ་ང་ཡི་རྨི་ལམ་དུ་མཁའ་འགྲོ་མ་དཀར་མོ་བཞིས་དུང་དཀར་བཞི་ཕྱོགས་སུ་ཁ་གཏད་ནས་འབུད་བདོ་ཙ༔ གླིང་བཞིར་ཐོས་པ་ཙམ་དུ་གྲགས་སྙམ་པ་བྱུང་ཙ་ན༔ དེའི་ཕྱིར་ནངས་ཉི་མ་རྩེ་ཤར་ལ་ཁོ་ཕྱིན་ནས་བྱུང་གསུངས་སོ༔ དེ་ནས་དམ་པ་རིན་པོ་ཆེས་ཐོད་སྨྱོན་བསམ་འགྲུབ་ལ་ཁོང་རང་གི་ཐུགས་དམ་འཇམ་དཔལ་གྱི་རྗེས་གནང་དང་རྗེ་བཙུན་མ་ཕག་མོ་ལྷ་ལྔ་དང་མ་ཧ་མ་ཡ་ལྷ་ལྔའི་དབང་རྣམས་རྫོགས་པར་བསྐུར༔ བླ་མའི་རྣལ་འབྱོར་ཟབ་ལམ་མ་དང་གཞུང་གྲོལ་ཚོགས་དྲུག་གི་གདམས་པ་རྣམས་ལྷག་ལུས་མེད་པར་གནང་ནས་མ་ཅིག་གི་བསྟན་པ་འཛིན་ཅིང་འགྲོ་བའི་དོན་འབྱུང་བ་ལ་སོགས་པའི་ལུང་བསྟན་མང་པོ་མཛད་དོ༔
དེ་ནས་དམ་པ་རིན་པོ་ཆེ་ལ་འབུལ་བ་རྒྱ་ཆེན་པོ་བྱས་ནས་ལ་སྟོད་དིང་རི་ལ་བྱོན་ནོ༔ སྲས་གྲུབ་པ་ཡང་དེ་ཕྱིན་ཆོད་ནས་འཛམ་བུའི་གླིང་དུ་ཐོད་སྨྱོན་བསམ་འགྲུབ་ཏུ་གྲགས་སོ༔ དེ་ནས་ཐོད་སྨྱོན་བསམ་འགྲུབ་ཀྱིས་དམ་པ་རིན་པོ་ཆེ་དང་༔ མ་ཅིག་གཉིས་ལ་དད་པ་རྩོལ་མེད་དུ་སྐྱེས་ནས་ང་ཡི་ཕ་ནི་དམ་པའོ༔ མ་ནི་ལབ་སྒྲོན་ཡིན་ཟེར་ནས་ཕ་དམ་པ་ལ་གསོལ་བ་འདེབས༔ མ་ལབ་སྒྲོན་ལ་གསོལ་བ་འདེབས་ཟེར་ཞིང་ཞག་གཅིག་ལ་ཐུན་དྲུག་ཏུ་བརྒྱ་རྩ་བརྒྱད་རེ་བཟླས་པས་གཞན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་དུ་གསོལ་བ་བཏབ་པས༔ དེ་ལ་ལྟོས་ནས་དེའི་ཕྱིན་ཆོད་ནས་ཕ་དམ་པ་དང་མ་ལབ་སྒྲོན་ཞེས་པ་འཛམ་བུའི་གླིང་དུ་གྲགས་སོ༔ དེ་ནས་ཐོད་སྨྱོན་བསམ་འགྲུབ་ལ་མ་ཅིག་གིས་ཕ་རོལ་ཏུ་ཕྱིན་པའི་མདོ་ལུགས་ཀྱི་ཆོས་དབང་སེམས་ལ་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དབང་བཞི་ནམ་མཁའ་གོ་འབྱེད་ཀྱི་ངོ་སྤྲོད་འཕོ་བའི་གདམས་པ་ཞལ་ཤེས་དམར་ཁྲིད་དང་བཅས་པ་རྣམས་མ་ལུས་པ་གནང་ནས༔ དེ་ནས་ཕྱོགས་བཅུའི་སངས་རྒྱས་གནས་འགྱུར་གྱི་དབང་བརྒྱ་དང་༔ མ་རྒྱུད་མཁའ་འགྲོ་གནས་འགྱུར་གྱི་དབང་བརྒྱ་དང་༔ གཏོར་མ་རིན་ཆེན་སྤུང་པའི་དབང་བརྒྱ་དང་དབང་སུམ་བརྒྱ་རྗེས་གནང་དང་བཅས་པ་རྣམས་གནང་ནས་སྨིན་པར་བྱས༔ དེའི་བསྐྱེད་རིམ་ལ་བསླབ་ཅིང་སྦྱངས་པས་ཟླ་བ་བཞི་ནས་བརྟན་པ་ཐོབ༔ རྫོགས་རིམ་ལ་བསླབ་ཅིང་སྦྱངས་པས་ཟླ་བ་གསུམ་ནས་དྲོད་ཚད་ཐོབ་སྟེ༔ བསྐྱེད་རྫོགས་ལ་ནུས་པ་ཐོན་པར་བྱུང་ངོ་༔ དེ་ནས་ཕྱག་རྒྱ་ཆེན་པོའི་གཅོད་ཀྱི་སྐོར་མ་ལུས་པར་གནང་བས་གཅོད་ཀྱི་སྐོར་རྣམས་མ་ལུས་པ་ཐུགས་སུ་ཆུད་ཅིང་ནུས་པ་ཐོན་པར་མཛད་དོ༔
སྲས་ཆེ་བ་གྲུབ་པེ་ནི་གླང་ཐང་བ་ཨར་རྦ་མགོ་ཡག་ཅེས་བྱ་བའི་བཙན་དར་ཅན་གཅིག་གི་བུ་མོ་སྒྲོལ་མ་མཚོ་ཞེས་བྱ་བ་ཞིག་ཡོད་པ་དེ་ཆུང་མར་བླངས་ནས་ད་ལྟ་ཡང་ཁྲམ་པའི་ཚུལ་དུ་ཡོད་པས་མི་ཐམས་ཅད་ཀྱིས་གྲུབ་པེ་ར་དགྲ་ཟེར་ཞིང་ཡོད་པས་ཆོས་ལ་མ་ཚུད་དོ༔ སྲས་མོ་ལ་འདུས་མས་ནི་སློབ་གཉེར་དང་འགྲོ་དོན་ལ་ཤིན་ཏུ་བརྩོན་ཞིང་དུས་རྒྱུན་དུ་མ་ཅིག་གི་མདུན་དུ་བཞུགས་སོ༔ དེ་ལྟར་མ་ཅིག་ཟངས་རི་ནས་འཆིང་ཕུར་བྱོན་ནས་སྒྲུབ་པ་མཛད་པའི་ཚེ༔ རྗེ་བཙུན་སྒྲོལ་མས་གསང་སྔགས་ཀྱི་ཆོས་རྣམས་གནང་ཞིང་ལུང་བསྟན་པ་དང་སྒྲུབ་པ་ཚར་ནས་ཟངས་རིར་བྱོན་ནས༔ སྣོད་ལྡན་གྱི་སློབ་མ་ལ་དབང་བསྐུར་ཞིང་སྔགས་ཆོས་རྣམས་གནང་ཞིང་ལུང་བསྟན་པ་དང་སྒྲུབ་པ་ཚར་ནས་ཟངས་རིར་བྱོན་ནས་སྣོད་ལྡན་གྱི་སློབ་མ་ལ་དབང་བསྐུར་ཞིང་སྔགས་ཆོས་འཆད་པ་དང་༔ ཡབ་ཡུམ་སྲས་འཁོར་རྣམས་མཇལ་ནས་སྲས་ཅུང་པོ་སྨིན་ཅིང་གྲོལ་བ་མཛད་པའི་བར་གྱི་མ་ཅིག་དགུང་ལོ་བཞི་བཅུ་ནས་ཞེ་གསུམ་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བཅུ་གསུམ་པའོ༔
རྣམ་གྲངས་བཅུ་བཞི་པ།
དེ་ནས་མ་ཅིག་དགུང་ལོ་ཞེ་གསུམ་གྱི་དུས་སུ་སྲས་ཐོད་སྨྱོན་བསམ་འགྲུབ་དགུང་ལོ་བཅུ་བདུན་བཞེས་པས་མ་ཅིག་གི་དགོངས་པ་ལ་ད་ནི་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་སྒྲུབ་པ་ཞིག་བྱེད་པའི་རྟེན་འབྲེལ་ཤམ་པོའི་གངས་ལ་ཡོད་དོ་གསུངས་ནས༔ སྲས་ཐོད་སྨྱོན་བསམ་འགྲུབ་ལ་གྲོགས་པོ་རྣལ་འབྱོར་པ་ནུས་པ་ཐོན་པ་གསུམ་དང་༔ ཁུ་སྒོམ་ཆོས་ཀྱི་སེང་གེ་དང་༔ དཔལ་ལྡན་རྒྱན་དང་༔ དེ་རྣམས་ནི་སྨིན་ཅིང་གྲོལ་བར་མཛད་པས་དག་པའི་སྒྱུ་ལུས་ཀྱི་དྲོད་ཚད་ཐོབ་ནས་འདོད་ཡོན་གྱི་ཟས་གོས་མེད་ཀྱང་གཏུམ་མོའི་བདེ་དྲོད་དང་ཏིང་ངེ་འཛིན་གྱི་ཟས་གོས་གྱིས་འཚོ་བར་གྱུར་ཏོ༔ དེ་ནས་གླང་ལོ་ཟླ་བ་བདུན་པའི་ཚེས་བཅུ་ལ་ཟངས་རི་ནས་ཆས་ཏེ་ཐོད་སྨྱོན་བསམ་འགྲུབ་དཔོན་སློབ་རྣམས་ཤམ་པོའི་གངས་ལ་བྱོན་པའོ༔
མ་ཅིག་རྗེས་སུ་བཞུགས་ནས་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཀྱི་ནངས་པར་ཐོ་རངས་ཁ་སྔ་མ་ལ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ནས་ཉི་མ་རྩེ་ཤར་བ་དང་མཉམ་དུ་ཤམ་པོའི་གངས་ཕུག་མོ་ཆེར་བྱོན་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོར་བཤམ་ཚར་བ་དང་༔ དེ་ནས་ཉི་མ་རྩེ་དྲོས་ཙམ་ལ་སྲས་ཐོད་སྨྱོན་བསམ་འགྲུབ་དཔོན་སློབ་རྣམས་ཕྱི་ནས་བྱུང་པས༔ མ་ཅིག་གི་ཞལ་ནས་ཁྱེད་དཔོན་སློབ་རྣམས་ཐང་མ་ཆད་དམ་གསུངས་པས༔ ཐོད་སྨྱོན་གྱིས་ན་རེ༔ ངེད་རྣམས་ཐང་མ་ཆད་པར་བྱུང་ལགས༔ མ་ཅིག་སྔོན་དུ་མ་བྱོན་པ་ལ་ད་ལྟ་འདིར་ཕེབས་ནས་འདུག་པས་ཐུགས་འདོགས་ཆེ་བ་ལགས་སོ་ཟེར་སྐད་དོ༔ དེ་ནས་མ་ཅིག་གིས་སྲས་ལ་བཀའ་བརྒྱུད་བླ་མའི་བྱིན་རླབས་དབང་མོ་ཆེ་དང་༔ རིགས་ལྔའི་དབང་མོ་ཆེ་དང་༔ ཕག་མོ་གསང་སྒྲུབ་ལྷ་ལྔའི་དབང་རྣམས་རྫོགས་པར་བསྐུར་ཏེ༔ སྙན་བརྒྱུད་ཀྱི་ཁང་རྣམས་ཐམས་ཅད་བཀྲོལ་ནས༔ གདམས་པ་རྣམས་མ་ལུས་པར་གནང་པ་དང་དེར་དཔའ་བོ་དང་མཁའ་འགྲོ་མ་རྣམས་དཔག་ཏུ་མེད་པ་འདུས་པ་དང་འཇའ་འོད་ཀྱི་གུར་དང་༔ མེ་ཏོག་གི་ཆར་བབ་པ་དང་༔ ནམ་མཁའ་ལ་རོལ་མོའི་སྒྲ་སྙན་མང་པོ་གྲགས་པ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔ དེ་ནས་མ་ཅིག་ཡང་ཞག་བདུན་དེར་བཞུགས་ནས་གནས་དང་ཕུག་པ་རྣམས་བྱིན་གྱིས་རླབས་པར་མཛད༔ ཤམ་པོའི་གནས་བདག་ལ་བཀའ་བསྒོ་མཛད་ནས་གནས་བདག་གིས་ཀྱང་སྲས་ཀྱི་སྒྲུབ་པ་ལ་བར་ཆད་མི་བྱེད་ཅིང་སྒྲུབ་པའི་གྲོགས་བྱེད་པར་དམ་བཅས་པ་དང་༔ པདྨའི་རིགས་ཀྱི་མཁའ་འགྲོ་དྲི་མེད་མ་ཞེས་བྱ་བ་གཅིག་ལ་ཁྱོད་ཀྱིས་ངའི་སྲས་འདི་ལ་འཚོ་བ་སྦྱོར་བའི་ཡོན་བདག་གྱིས་ཤིག་གསུངས་ནས་བཀའ་གནང་བར་མཛད་པས༔ མཁའ་འགྲོ་དྲི་མེད་མས་ཀྱང་ཡོན་བདག་བྱེད་པར་ཁས་བླངས་ནས༔
དེ་ནས་མ་ཅིག་གིས་སྲས་ལ་གསུངས་པ༔ ཐོད་སྨྱོན་བསམ་འགྲུབ་ཁྱོད་ལོ་བཅུ་གསུམ་གྱི་བར་ལ་ཕུག་པ་འདིའི་ནང་ན་བསྒྲུབ་པ་གྱིས་ལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་ཕོ་བྲང་དུ་གྱུར་ཅིང་༔ དག་སྣང་སངས་རྒྱས་ཀྱི་ཞིང་ཁམས་ལ་བློ་འབྱོང་ཞིང་བརྟན་པ་ཐོབ་པར་གྱིས་དང་༔ དེའི་ཚེ་ལ་ཁྱོད་ལ་འཚོ་བ་སྦྱོར་བའི་ཡོན་བདག་གཅིག་ཀྱང་འདིར་བསྐོས་ནས་ཡོད་དོ་གསུངས་པ་དང་༔ ཐོད་སྨྱོན་གྱིས་ན་རེ༔ འོ་ན་མ་ཅིག་ལགས་ངས་སྒྲུབ་པ་བྱེད་པའི་ཚེ་ལ༔ རང་རེ་མ་ཅིག་གིས་གསང་སྔགས་ཀྱི་བསྐྱེད་རྫོགས་ཀྱི་ཆོས་སྲོལ་ཐམས་ཅད་ཡི་གེ་ལ་བཀོད་པ་མཛོད་དང་༔ ད་ཕྱིན་ཆད་ངས་ཀྱང་ཚིག་གིས་མཁས་པར་བྱེད་ཅིང་ཁྱད་པར་དུ་ཡང་ཕྱིས་འབྱུང་གི་དུས་སུ་རྒྱུད་འཛིན་གྱི་སློབ་མ་རྨོངས་པ་རྣམས་ཀྱི་དོན་དུ་དགོས་ཆེད་ཆེ་བས་ཐུགས་མ་ཡེངས་པར་སྔགས་ཆོས་ཀྱི་དཔེ་ཆ་བཀོད་པ་མཛོད་འཚལ་ཞུས་པས༔ མ་ཅིག་གི་ཞལ་ནས་ཁྱོད་ཀྱིས་བསྒྲུབ་པ་རེམ་ལ་གྱིས་དང་ངས་དེ་ལྟར་བྱེད་དོ་གསུངས་ནས་ཐོད་སྨྱོན་བསམ་འགྲུབ་བྲག་ཕུག་གི་ནང་དུ་བྱོན་ནས་རྩ་ཀུ་ཤའི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་ནས་བཞུགས་ཏེ༔ མ་ཅིག་གིས་བྲག་ཕུག་གི་སྒོ་བྲག་གིས་བཅད་ནས་ཅི་ཡང་མི་མཐོང་བར་བྱས་ཏེ་མ་ཅིག་གིས་སྨོན་ལམ་དང་བཀྲ་ཤིས་བརྗོད་ནས༔ མ་ཅིག་འཁོར་བཅས་རྣམས་ཟངས་རིར་བྱོན་པའོ༔
དེ་ནས་ཟླ་བ་གསུམ་རེད་པ་དང་ཐོད་སྨྱོན་བསམ་འགྲུབ་ལ་བཀྲེས་པའམ་སྐོམ་པའི་སྣང་བ་ཞིག་བྱུང་བས་ཐོད་སྨྱོན་གྱི་བསམ་པ་ལ་ང་ལ་མ་ཅིག་གིས་འཚོ་བ་སྦྱོར་བའི་ཡོན་བདག་ཅིག་ཡོད་གསུངས་པ་ནི་མི་སྣང་སྟེ༔ གནས་འདི་ཡང་མ་ཅིག་གིས་བྱིན་གྱིས་བརླབས་པའི་གནས་ཡིན་ཞིང་༔ ང་ཡང་མ་ཡི་བྱིན་རླབས་ཞུགས་ཟིན་ཡིན་པས་ཏིང་ངེ་འཛིན་གྱི་ཟས་ལ་བརྟེན་པས་ཆོག་པས་ང་ལྟོག་ནས་འཆི་བ་ནི་མི་འོང་སྙམ་ནས་ཡོད་ཙ༔ དེ་མ་ཐག་ཏུ་བྲག་ཕུག་གི་སྒོ་ངོས་ནས་གསལ་ཆ་ཉི་མའི་སྲ་མདའ་འདྲ་བ་ཞིག་འོད་ཀྱུ་རེ་བའི་རྒྱུད་ལས་བུད་མེད་དམར་མོ་གཟི་བརྗིད་དང་ལྡན་པ་ཞིག་གིས་བདུད་རྩི་ཡིན་ཟེར་ནས་ཞལ་བུ་གང་བཟུང་ནས་བྱུང་སྟེ༔ སྒྲུབ་པ་པོ་འདི་གསོལ་ནས་སྒྲུབ་པ་རེམ་ལ་གྱིས་ལ་མཐར་ཕྱིན་པ་མཛོད་ཅིག་ཟེར་བས༔ ཐོད་སྨྱོན་གྱིས་བདུད་རྩི་བླངས་ནས་འཐུང་བས་རོ་མཆོག་བརྒྱ་དང་ལྡན་ཞིང་ལུས་སེམས་ཐམས་ཅད་བདེ་བས་རྒྱས་ནས་འཇིག་རྟེན་གྱི་ཟས་ལ་སྲེད་པ་མེད་པར་ཐལ་ཏེ༔
དེར་ཐོད་སྨྱོན་གྱི་དགོངས་པ་ལ་མཁའ་འགྲོ་མ་འདི་མ་ཅིག་གི་སྤྲུལ་པ་འདྲ་བ་ཞིག་ཨེ་ཡིན༔ གང་ལྟར་ཡིན་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་ཡིན་པར་འདུག་པས་ངས་འདི་ལ་སྒྲུབ་པའི་དྲོད་ཚད་ཅིག་བཤད་དགོས་བསམ་ཙ་ན༔ མཁའ་འགྲོ་མ་དེ་ན་རེ༔ ང་མ་ཅིག་གིས་ཁྱེད་ལ་འཚོ་བ་སྦྱོར་བའི་ཡོན་བདག་གྱིས་གསུངས་པ་ཡིན༔ ང་ཁྱོད་ཀྱི་སློབ་དཔོན་དུ་མ་ཡིན་པས་སྒྲུབ་པའི་དྲོད་རྟགས་ང་ལ་མ་བཤད༔ ཆོས་ཉིད་སེམས་ལ་སྦོས༔ ད་རུང་ཁྱོད་ཀྱི་སེམས་ལ་འཁུ་འཕྲིག་འདུག་པས་ལྟ་རྟོག་སེམས་ལ་གྱིས༔ དམར་ཐག་རིག་པ་ལ་ཆོད༔ ལྟ་སྤྱོད་ཟུང་འཇུག་ཏུ་གྱིས༔ དུ་མ་རོ་གཅིག་ཏུ་བསྲེས་ཟེར་ནས་མི་སྣང་བར་ཐལ་སྐད་དོ༔ དེ་ཕྱིན་ཆད་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་དང་ཡུལ་སྣང་ཐམས་ཅད་ཡེ་ཤེས་ལྷའི་ཞིང་ཁམས་སུ་སྣང་ཞིང་ཐུགས་ནི་ཡི་དམ་གྱི་ལྷ་དང་དབྱེར་མེད་པའི་འོད་གསལ་དང་བདེ་སྟོང་གི་ཏིང་ངེ་འཛིན་ལས་གཞན་དུ་མི་ཡེངས་བར་གྱུར་ཏོ༔
དེ་ནས་མ་ཅིག་དགུང་ལོ་བཞི་བཅུ་ཞེ་བཞི་ལ་བྱོན་པས་སྟག་ལོ་ཟླ་བ་བཞི་པའི་ཚེས་གཅིག་ལ་གསང་སྔགས་ཀྱི་དཔེ་ཆ་བརྩམས་པར་མཛད་པ་ལ༔ དེ་ཡང་རྗེ་བཙུན་སྒྲོལ་མས་གནང་བའི་རྒྱུད་ཆེན་པོ་གསུམ་ལ༔ དཀྱིལ་འཁོར་ལྷའི་སྒྲུབ་ཐབས་གསུམ་བྱུང་བའི་དང་པོ་ལ༔ རྒྱུད་ཆེན་པོ་ཨུ་དུམ་ཝ་ར་ཞེས་བྱ་བ་ལ༔ རྡོ་རྗེ་འཆང་གཅིག་པུའི་སྒྲུབ་ཐབས་ལས་མ་བྱུང་ཡང་ཡུམ་ཆེན་མོ་དང་མ་ཅིག་རང་ཡན་ཆད་ཀྱི་བླ་མ་བཅུའི་སྒྲུབ་ཐབས་མཛད་དོ༔ རྒྱུད་ཆེན་པོ་དུག་ལྔ་ཀླུ་འདུལ་ལས་རྒྱལ་བ་རིགས་ལྔའི་སྒྲུབ་ཐབས་ལས་མ་བྱུང་ཡང་༔ མ་ཅིག་གིས་འཇམ་དཔལ་སྤྱན་རས་གཟིགས་ཕྱག་ན་རྡོ་རྗེ་དང་གསུམ༔ འདས་པའི་སངས་རྒྱས་མར་མེ་མཛད༔ མ་འོངས་པའི་རྒྱལ་བ་བྱམས་པ་དང་ལྔ་བསྣན་ནས༔ རྒྱལ་བ་རིགས་ལྔ་དང་བཅུའི་སྒྲུབ་ཐབས་མཛད་པ་ལ༔ ཕྱོགས་བཅུའི་སངས་རྒྱས་ཀྱི་སྒྲུབ་ཐབས་ཟེར་ལ༔ མིང་ཡང་དཀོན་མཆོག་འབྱུང་གནས་ལ་སོགས་ཕྱོགས་བཅུའི་སངས་རྒྱས་ཀྱི་མིང་བརྗོད་པའོ༔ རྣམ་པ་ཡང་ཕྱོགས་བཅུའི་སངས་རྒྱས་ཅི་ལྟ་བ་བཞིན་དེ་ཉིད་ཡིན་པས་ན༔ ཕྱོགས་བཅུའི་སངས་རྒྱས་ཀྱི་སྒྲུབ་ཐབས་ཞེས་བྱ་བ་མཛད་པའོ༔
རྒྱུད་ཆེན་པོ་མ་རིག་མུན་སེལ་ལ༔ རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལྷ་བཅུ་དང་ཕག་མོ་ལྷ་ལྔ་མ་གཉིས་ཀྱི་སྒྲུབ་ཐབས་བྱུང་པ་ནི༔ རང་རང་གི་རྒྱུད་ནས་བྱུང་བ་བཞིན་ཡིན་ལ༔ མ་ཅིག་གིས་གོལ་དུ་མཛད་པ་ནི་ཅུང་ཟད་ཙམ་ཡང་མེད་དོ༔ རྡོ་རྗེ་དབྱིངས་ཕྱུག་མ་ལྷ་བཅུ་དང་ཕག་མོ་ལྷ་ལྔའི་སྒྲུབ་ཐབས་འདི་གཉིས་ལ་ནི༔ བསྐྱེད་རྫོགས་ཅི་ལྟ་བ་བཞིན་དུ་ཡོད་ལ༔ བླ་མ་བཅུ་དང་སངས་རྒྱས་བཅུ་ལ་ནི་བསྐྱེད་རྫོགས་ཅི་ལྟ་བ་བཞིན་མེད་ཀྱང་༔ ལྷའི་རྣལ་འབྱོར་སྒོམ་པ་དང་༔ གསལ་གདམས་པ་དང་བསྡུ་བའི་རིམ་པ་རྣམས་ལ་བསྐྱེད་རྫོགས་ཀྱི་ཐ་སྙད་འདོགས་པ་ཙམ་ཡོད་ལ༔ འོན་ཀྱང་རྫོགས་རིམ་ཁྲིད་ཀྱི་རིམ་པ་ནི་ཟབ་ལ་རྒྱ་ཆེ་བར་ཡོད་དོ༔ དེ་ཡང་བཀའ་བརྒྱུད་བླ་མ་བཅུའི་སྒྲུབ་ཐབས་ལ༔ བསྐྱེད་རིམ་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་ལ་ཤོ་ལོ་ཀ་ཉིས་བརྒྱ་དང་དྲུག་ཅུ་རེ་གཉིས་ཡོད་དོ༔ རྫོགས་རིམ་མཐའ་གཉིས་མུན་སེལ་ཉི་མའི་འོད་ཟེར་ཞེས་བྱ་བ་ལ༔ ཤོ་ལོ་ཀ་ཉིས་བརྒྱ་དང་བདུན་ཅུ་དོན་གཉིས་ཡོད་པ་ཚེག་བར་བཅུ་གསུམ་མ་ཡིན་ནོ༔ རྫོགས་རིམ་ཁྲིད་ཀྱི་རིམ་པ་ལ༔ ཕྱག་རྒྱ་ཆེན་པོ་རང་རིག་གསལ་བྱེད་ཅེས་པ་ལ་མ་བུ་གསུམ་ཡོད་དོ༔ སངས་རྒྱས་བཅུའི་སྒྲུབ་ཐབས་ལ་བསྐྱེད་རིམ་ཡེ་ཤེས་སྒྲོན་མེ་ཞེས་བྱ་བ་ལ་ཤོ་ལོ་ཀ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཡོད་དོ༔ རྫོགས་རིམ་གསལ་བྱེད་རིམ་གསུམ་ཟབ་ལམ་མཐར་ཕྱིན་ཅེས་བྱ་བ་ལ་ཤོ་ལོ་ཀ་བརྒྱ་དང་ལྔ་ཡོད་པ་ལ་ཡང་ཚེག་བར་བཅུ་གསུམ་མ་ཡིན་ནོ༔
རྫོགས་རིམ་ཁྲིད་ཀྱི་རིམ་པ་ལ་རྟོག་པ་ལམ་ཁྱེར་དམིགས་སྐོར་བཅུ་དྲུག་པ་མ་བུ་གསུམ་ཡོད་དོ༔ རྡོ་རྗེ་དབྱིངས་ཕྱུག་མ་ལྷ་མོ་བཅུའི་སྒྲུབ་ཐབས་ལ་བསྐྱེད་རིམ་རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་ལ་ཤོ་ལོ་ཀ་སྟོང་དང་ལྔ་བཅུ་ཡོད༔ རྫོགས་རིམ་རྡོ་རྗེའི་ཕྲ་ཐིག་ཅེས་བྱ་བ་ལ་ཤོ་ལོ་ཀ་ལྔ་སྟོང་དང་དྲུག་ཅུ་ཡོད༔ རྫོགས་རིམ་ཁྲིད་ཀྱི་རིམ་པ་ལ་རིག་པ་གཅེར་མཐོང་ཞེས་བྱ་བ་ལ་མ་བུ་གསུམ་ཡོད༔ དེའི་མན་ངག་ཡང་ཐིག་མེ་ལོང་སྐོར་གསུམ་ཞེས་བྱ་བ་ལ་ཤོ་ལོ་ཀ་སྟོང་དང་ཉི་ཤུ་ཡོད་པ་དེ་ཐམས་ཅད་ཀྱང་ཚེག་བར་བཅུ་གསུམ་མ་ཡིན་ནོ༔
ཕག་མོ་ལྷ་ལྔ་མའི་སྒྲུབ་ཐབས་ལ་བསྐྱེད་རིམ་ནོར་བུའི་གཏེར་མཛོད་ཅེས་བྱ་བ་ལ་ཤོ་ལོ་ཀ་བདུན་བརྒྱ་དང་ལྔ་ཡོད༔ རྫོགས་རིམ་རིག་པ་གཅེར་མཐོང་ཞེས་བྱ་བ་ལ་ཤོ་ལོ་ཀ་སྟོང་དང་སུམ་བརྒྱ་དང་བདུན་ཅུ་ཡོད་པ་ལ་ཡང་ཚེག་བར་བཅུ་གསུམ་མ་ཡིན་ནོ༔ རྫོགས་རིམ་ཁྲིད་ཀྱི་རིམ་པ་ལ་ཡང་རིག་པ་གཅེར་མཐོང་ཡིན་ནོ༔ རིམ་ལྔ་དམར་ཁྲིད་གསང་སྐོར་ཞེས་བྱ་བ་ཡང་ཚེག་བར་བཅུ་གསུམ་མ་ཡིན་ནོ༔ དེ་ལྟར་གསང་སྔགས་ཀྱི་བསྐྱེད་རྫོགས་བརྩམས་པ་དང་༔ རྒྱུད་ཆེན་པོ་གསུམ་ཡང་ཡི་གེར་བཀོད་པ་དང་བཅས་པའི་དུས་ནི༔ མ་ཅིག་དགུང་ལོ་ཞེ་བཞི་སྟག་ལོ་ཟླ་བ་བཞི་པའི་ཚེས་གཅིག་ནས་སྦྲུལ་ལོ་ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ལ་གྲུབ་པར་མཛད་པ་ནི་མ་ཅིག་དགུང་ལོ་ཞེ་བདུན་བཞེས་པའོ༔ དེ་ཡང་གསང་སྔགས་མ་ཡིན་པའི་བསྟན་ཆོས་གཞན་རྣམས་ནི་གཙོ་བོར་འཆད་ཅིང་༔ ཐབས་སྣ་ཚོགས་པའི་སྒོ་ནས་གཞན་དོན་ལ་བརྩོན་པ་རྒྱ་ཆེན་པོ་མཛད་པའི་ཞོར་ལ༔ གསང་སྔགས་ཀྱི་ཆོས་རྣམས་ནི་གསང་ཞིང་སྦས་ནས་བརྩམས་པ་ལ༔ ལོ་གསུམ་གྱི་བར་ལ་མ་ཟིན་པ་སྟེ་དེ་ལྟར་ལགས་སོ༔
དེ་ལྟར་མ་ཅིག་དགུང་ལོ་བཞི་བཅུ་ཞེ་བདུན་ལ༔ གསང་སྔགས་ཀྱི་ཆོས་ཐམས་ཅད་བརྩམས་ནས་གྲུབ་པར་མཛད་པའི་གནས་ནི་ཟངས་རིར་མཁར་དམར་ཡིན་ནོ༔ ཞུ་བ་པོ་ནི་ཐོད་སྨྱོན་བསམ་འགྲུབ་དང་༔ ཐོད་པ་བྷ་ཏྲ་ཡ་ཡབ་སྲས་གཉིས་ཡིན་ནོ༔ ཉན་པ་པོ་ནི་གང་པ་རྨུགས་སོང་གཅིག་པུ་ཡིན་ནོ༔ སྲས་མོ་རྒྱན་བཞིས་རྒྱབ་ཉན་བྱས་པ་དང་༔ ཁུ་སྒོམ་ཆོས་ཀྱི་སེང་གེས་ཡི་གེས་སྡེབ་སྦྱོར་དང་༔ འབྲུ་བཅོས་ལ་སོགས་པའི་ཡིག་གཉེར་མཛད་པ་དང་༔ ཡི་གེ་པ་བཞི་དང་བཅུ་ནི་རྒྱུད་རེ་རེ་བཞིན་དུ་ལྷ་ཡང་བཅུ་རེ་ཡོད་པ་དང་༔ དོན་མཚུངས་པ་དང་དོན་མཐུན་གྱིས་རྟེན་འབྲེལ་འགྲིག་པ་དང་བཅས་པ་གསང་སྔགས་ཀྱི་བསྐྱེད་རྫོགས་རྣམས་ལེགས་པོར་གྲུབ་པའོ༔
དེ་ནས་མཁའ་འགྲོ་དྲི་མེད་མས་ཀྱང་ལོ་གསུམ་རེ་རེ་ནས་སྲས་ཐོད་སྨྱོན་བསམ་འགྲུབ་ལ་སྔར་བཞིན་དུ་བདུད་རྩི་ཞལ་བུ་གང་རེ་དྲངས་ནས་འཚོ་བ་སྤྲད་པར་གྱུར་ཏོ༔ དེ་ནས་ལོ་ལྔ་ལོན་པ་དང་མ་ཅིག་གིས་སྔར་རྒྱུས་ཡོད་པའི་རྣལ་འབྱོར་པ་ཞིག་ལྟར་བཏང་ནས༔ ཁྱོད་སོང་ལ་ཐོད་སྨྱོན་བསམ་འགྲུབ་ཤི་ནས་ཨེ་འདུག་ལྟོས་ལ་ཤོག་གསུངས་པས༔ དེར་རྣལ་འབྱོར་པ་རླུང་ཤུགས་ཀྱི་སྟོབས་ཀྱིས་སོང་བས་སྐད་ཅིག་ཉིད་ལ་ཤམ་པོའི་གངས་ཕུག་མོ་ཆེའི་སྒོ་ཁར་ཕྱིན་པས༔ དེར་རྣལ་འབྱོར་པ་ཕུག་པའི་སྒོ་ཁར་ཡུད་ཙམ་ཞིག་ཉན་ནས་བསྡད་པས་ཅི་ཡང་མི་གྲག་པ་དང་རྣལ་འབྱོར་པས་ཐོད་སྨྱོན་བསམ་འགྲུབ་ཤི་བ་ཨེ་མ་ཡིན་སྙམ་ནས་ཐོད་སྨྱོན་བྱས་ནས་བོས་པས་ཨ་ཟེར་བ་གྲག་གོ༔ ཁྱོད་མ་འཁྱག་གམ༔ མ་ལྟོག་གམ༔ ཟུག་པ་མ་བྱུང་ངམ༔ ང་མ་ཅིག་གིས་ལྟར་བཏང་བ་ཡིན་བྱས་པས༔
ཐོད་སྨྱོན་བསམ་འགྲུབ་ཀྱིས་ན་རེ༔ ཁྱེད་འདིར་བྱོན་པ་འོ་མ་བརྒྱལ་བ་ལགས་སམ༔ ཨ་མ་སྐུ་ཁམས་བཟང་པོར་བཞུགས་ནས་ཨེ་ཡོད་ཟེར་བས༔ རྣལ་འབྱོར་པས་མ་ཅིག་ཉིད་དང་ཟངས་རི་བ་རྣམས་སྐུ་ཁམས་བཟང་བར་བཞུགས་ནས་ཡོད༔ ཁྱེད་སྐུ་ཁམས་བཟང་པོར་གསུང་བྱོན་པར་ངོ་མཚར་ཆེ་ལ་རྗེས་སུ་ཡི་རང་བྱས་པས༔ ཐོད་སྨྱོན་གྱིས་ན་རེ༔ མ་ཅིག་ཉིད་དང་ཟངས་རི་བ་རྣམས་སྐུ་ཁམས་བཟང་བ་དེ་རེ་དགའ་མོད༔ ང་ཏིང་ངེ་འཛིན་ཟས་སུ་ཟ་བ་ལ་ཟས་ཀྱི་སྲེད་པ་དང་བྲལ་ནས་ཐལ༔ གཏུམ་མོ་གོས་སུ་གྱོན་པ་ལ་གོས་ཀྱི་སྲེད་པ་དང་བྲལ་ནས་ཐལ༔ ཡུལ་སྣང་གྲོགས་སུ་འཆར་བ་ལ་གྲོགས་ཀྱི་སྲེད་པ་དང་བྲལ་ནས་ཐལ༔ བལྟས་པས་སངས་རྒྱས་ཀྱི་ཞིང་ཁམས་རྣམས་འབད་རྩོལ་མེད་པར་མཐོང་བ་ལ་ཐ་མལ་ཡུལ་སྣང་ཐམས་ཅད་ཀྱི་འདོད་ཞེན་སྲེད་པ་དང་བྲལ་ནས་ཐལ༔ དེའི་ཕྱིར་ན་ང་ལ་ཚུགས་དང་མི་ཚུགས་ཀྱི་ཐ་སྙད་ཅི་ཡང་མི་འདུག་གོ་ཞེས་ཟེར་བས༔ རྣལ་འབྱོར་པ་ན་རེ༔ ཁྱེད་ལ་དེ་ཙམ་གྱི་དམིགས་པའི་བོགས་འདོན་གྱི་ཡོན་ཏན་ཆེན་པོ་ཐོབ་པར་འདུག་པས་ངོ་མཚར་ཆེ་ཞིང་ཐུགས་དགོངས་དགའ་རབ་ཏུ་གདའ་བ་ལགས་སོ༔ ད་རུང་ཡང་ལོ་ལྔའི་བར་ལ་སྐུ་ཁམས་བཟང་ཞིང་ཐུགས་དམ་འཕེལ་བར་བཞུགས་འཚལ་ཞུས་པས༔ ཐོད་སྨྱོན་གྱིས་ན་རེ༔ མ་ཅིག་དང་ཁྱེད་ཟངས་རི་བ་རྣམས་སྐུ་ཁམས་བཟང་བ་དང་༔ སྐུ་མཚམས་པ་ཐུགས་དམ་འཕེལ་ཞིང་བཞུགས་པ་ནི་ངོ་མཚར་ཆེ་བ་ལགས་སོ༔ མ་ཅིག་གི་བསྟན་པ་དང་གདུལ་བྱ་རྣམས་འབྲུག་ལྟར་དུ་གྲགས་པ་དང་༔ གསང་སྔགས་ཀྱི་བསྐྱེད་རྫོགས་རྣམས་ཡི་གེ་བཀོད་ནས་གྲུབ་པར་མཛད་པ་ནི་རབ་ཏུ་དགའ་བ་ལགས་སོ༔ ད་རུང་ཡང་གདུལ་བྱ་རྣམས་ལ་ཐུགས་ཁུར་མཛད་ཅིང་བསྟན་པ་རྒྱས་པར་མཛད་པ་དང་༔ སྐུ་ཁམས་ཀྱང་འཚོ་བར་བཞུགས་པ་དང་༔ ངའི་སྒྲུབ་པ་ལ་ཡང་བར་ཆད་མེད་པར་མཛད་པའི་ཐུགས་འདོགས་ཞུ་བ་ལགས་པས་ཁྱེད་ཀྱིས་དགོངས་མཛོད་ཅིག༔ བདག་གིས་ཀྱང་ད་རུང་ལོ་ལྔའི་བར་ལ་བཀའ་བཞིན་དུ་བསྒྲུབ་པ་ལགས་སོ༔
ཁྱེད་ཀྱང་འདིར་འབྱོན་པས་ཐུགས་འདོགས་ཤིན་ཏུ་ཆེ་བས་ད་ནི་འོ་མ་བརྒྱལ་བར་འགྲོ་དོན་གྱི་ངང་ནས་ཟངས་རིར་འབྱོན་འཚལ་ཞེས་གསུངས་ནས་ཅི་ཡང་མི་སྨྲ་བ་བཞུགས་སོ༔ རྣལ་འབྱོར་པས་ཀྱང་དེ་ལྟར་བགྱིད་འཚལ་བ་ལགས་སོ་ཞེས་ཞུས་ནས་ཕྱིར་ལོག་སྟེ༔ ཞག་མང་དུ་མ་ལོན་པར་ཟངས་རིར་མའི་དྲུང་དུ་ཕྱིན་པ་དང་༔ མའི་མདུན་དུ་ཐོད་སྨྱོན་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་པས་མ་ཅིག་ཀྱང་ཤིན་ཏུ་དགྱེས་ནས་ཁོ་ལ་དེ་ཙམ་གྱི་ནུས་པ་གཅིག་ཡོད་པ་ཡིན་གསུངས༔ དེ་ལྟར་མ་ཅིག་གི་གདུལ་བྱ་དང་བསྟན་པ་ནི་ནམ་མཁའ་དང་མཉམ་སྟེ༔ རྩང་དབུས་ཁམས་གསུམ་གྱི་མངའ་རིས་མན་ཆད་བལ་པོ་ཚུན་ཆད༔ རྒྱ་ནག་ཡན་ཆད༔ ཧོར་ཡུལ་ཚུན་ཆད་ཀྱི་བླ་མ་གདུགས་ཐོག་མན་ཆད་དང་དགེ་བཤེས་གྲྭ་ཚན་གདིང་ལྷུང་ཐོགས་པ་འབུམ་ཕྲག་གསུམ་ཙམ་དུས་རྒྱུན་མར་འཁོར་བར་བྱུང་ངོ་༔ དེ་རྣམས་ཀྱི་ནང་ནས་ཀྱང་དགེ་བའི་བཤེས་གཉེན་གདུགས་ཐོགས་ནས་གྲྭ་ཚན་སྟོང་ཕྲག་ཙམ་བསྐོར་བའི་མཁས་བཙུན་འཆད་ཉན་བྱེད་ནུས་པ་ཡང་སྟོང་དང་ལྔ་བརྒྱ་ཙམ་བྱུང་༔
དེ་རྣམས་ཀྱི་ནང་ནས་ཀྱང་མ་ཅིག་རང་དང་འགྲོ་དོན་མཉམ་པའི་སེང་གེའི་མཚན་ཅན་བཞི་བྱུང་༔ མ་ཅིག་རང་དང་དགོངས་པ་མཉམ་པའི་བུ་མོ་རྒྱན་ནེ་མ་ལ་སོགས་པའི་བུ་མོ་ཆེན་མོ་བཞི་བྱུང་༔ མ་ཅིག་རང་དང་འཆད་རྩོད་མཉམ་པའི་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་༔ སྟོང་སྡེ་དང་གྲོལ་སྡེ་ལ་སོགས་པའི་སྟོན་པ་བརྒྱ་བྱུང་༔ གཞན་ཡང་མིའི་རྒྱལ་པོ་དཔོན་སྐྱ་རྣམས་དང་༔ བློན་པོ་རྣམས་དང་༔ ཧོར་འདྲ་རྣམས་དང་༔ བཙུན་མོ་རྣམས་དང་༔ སྐྱེ་བོ་ཕོ་མོ་རྣམས་དང་མཛེ་སྤྲང་ཡན་ཆད་རྣམས་ནི་གྲངས་དང་མཐའ་དང་མུ་མེད་པའི་བཟང་དགུ་ཡིས་གཏུགས༔ ངན་དགུ་ཡི་རྟེན་གནས་བྱེད་པ་བྱུང་ཞིང་དེ་ལྟ་བུའི་འཁོར་བཟང་ངན་མེད་པ་ལ་འབུམ་ཕྲག་བཅུ་གསུམ་ཙམ་དུས་རྒྱུན་མར་འཁོར་བར་བྱུང་ཞིང་༔ བལ་པོའི་ཡུལ་ནས་ཀྱང་ཐམས་ཅད་ཆོས་ཞུ་བ་ལ་འོང་བའི་སྐུ་བསོད་དང་ཆོས་ཀྱི་འཆད་ཉན་དང་༔ འཆད་རྩོད་རྩོམ་གསུམ་གྱི་སྙན་པ་ནི་ནམ་མཁའི་འབྲུག་ལྟར་དུ་གྲགས་ཤིང་ཡོད་པས༔ དེའི་སྙན་པ་ནི་བལ་པོ་ནས་རྒྱ་གར་དུ་ཁྱབ་པར་གྲགས་སོ༔ དེ་ལྟར་སྲས་ཐོད་སྨྱོན་བསམ་འགྲུབ་གངས་ཕུག་མོར་ཆེར་སྒྲུབ་པ་ལ་བཞུགས་པ་དང་༔ མ་ཅིག་གིས་ཟངས་རིར་གདུལ་བྱ་སྐྱོང་ཞིང་གསང་སྔགས་ཀྱི་གསུང་རབ་བརྩམས་པ་དང་༔ ཐོད་སྨྱོན་བསམ་འགྲུབ་ཀྱིས་སྒྲུབ་པའི་དྲོད་ཚད་ཉུལ་བ་དང་དྲོད་ཚད་འབྲིང་པོ་ཐོབ་པ་དང་༔ མ་ཅིག་གིས་དགུང་ལོ་བཞི་བཅུ་ཞེ་བདུན་ནས་ལྔ་བཅུ་ང་གཅིག་གི་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བཅུ་བཞི་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅོ་ལྔ་པ།
དེ་ནས་མ་ཅིག་གི་སྙན་པ་ནི་བལ་པོ་ནས་རྒྱ་གར་དུ་ཁྱབ་པས་རྒྱ་གར་བ་ཐམས་ཅད་བློ་མ་བདེ་ནས་རྒྱ་གར་རྡོ་རྗེ་གདན་དུ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་རྒྱ་གར་ཤར་ནུབ་ཀྱི་པཎྜི་ཏ་རྣམས་དང་༔ དགེ་འདུན་གྲྭ་ཚན་གྱི་སྡེ་རྣམས་དང་༔ རྒྱ་གར་ཤར་ནུབ་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་གྱི་ཚོགས་རྣམས་དང་བཅས་པ་ཐམས་ཅད་རྒྱ་གར་རྡོ་རྗེ་གདན་དུ་འདུས་ཏེ༔ རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་པཎྜི་ཏ་རྣམས་གྲོས་བྱས་ཏེ་འདི་སྐད་སྨྲས་སོ༔
ན་རེ༔ སྔོན་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་དང་༔ སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་དང་འབྱུང་གནས་ཐམས་ཅད་ངེད་རང་རྒྱ་གར་འདི་ཡིན་པས༔ འདི་ནས་ལོ་པཎ་མཁས་གྲུབ་རྣམས་ཀྱིས་བསྒྱུར་ནས་བོད་དུ་ཁྱེར་ནས་འགྲོ་བ་མ་གཏོགས་པ༔ དེ་སྔ་ཕན་ཆད་ལ་བོད་རང་ལ་བོད་ཆོས་ཞེས་བྱ་བ་གྲགས་པ་འོང་མ་མྱོང་པ་ལ་དེང་སང་བོད་དུ་ཕྱི་སྡེ་སྣོད་གསུམ་གྱི་མདོ་ཕ་རོལ་ཏུ་ཕྱིན་པ་དང་༔ ནང་རྒྱུད་སྡེ་བཞིའི་སྔགས་བླ་ན་མེད་པ་གཉིས་ཅིག་ཆར་དུ་བསྡེབས་ནས་མདོ་སྔགས་གཉིས་ཟུང་དུ་འཇུག་པ་ལས་ནད་བརྒྱ་གདུལ་བའི་སྨན་ཞིག༔ གདོན་བརྒྱ་འདུལ་བའི་གཉེན་པོར་གྱུར་པ་འབྲས་བུ་ཕྱི་དུས་ལ་མི་རེ་ནས་ཚེ་འདི་ཡི་འགལ་རྐྱེན་ཐམས་ཅད་ལམ་དུ་སློང་ཞིང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པའི་གདམས་པ༔ མིང་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བའི་ཆོས་སྲོལ་ཆེན་པོར་བཏོད་ནས་དེང་སང་བལ་པོ་མན་ཆད་ཀྱི་བོད་ཁམས་ཁ་བ་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་གཅོད་ཅེས་བྱ་བ་གྲགས་ནས་ཉམས་སུ་ལེན་ཞིང་བོད་ཁམས་ཐམས་ཅད་ལ་དབང་བསྒྱུར་བར་བྱེད་ནས༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ གདོན་རིགས་སྟོང་ཕྲག་བརྒྱ་ཅུའི་མི་ཚུགས་པའི་ཆོས་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བའི་དམ་ཆོས་དེ་འདྲ་བ་ཞིག་དར་བར་གྲགས་སོ༔
དམ་ཆོས་དེ་འཆད་པ་པོ་ནི་ཡུམ་ཆེན་མོའི་སྤྲུལ་པ་ཡིན་ཟེར་བའི་བུད་མེད་མིག་གསུམ་ཡོད་པ་ཞིག་གིས་འཆད་རྩོད་རྩོམ་གསུམ་བྱེད་པ་གྲགས་པས༔ འདི་ཡི་སྙན་གྲགས་དང་གདུལ་ཞིང་འདི་ཙམ་ཆེ་ལུགས་དང་མིག་གསུམ་ཡོད་ལུགས་དང་གང་ལྟར་ཡིན་ཀྱང་༔ འདི་ཡང་ན་ཡུམ་ཆེན་མོའི་སྤྲུལ་པ་ཞིག་ཡིན་པར་ངེས༔ ཡང་ན་བདུད་དང་རྒྱལ་བསེན་གཉིས་ཀྱི་སྤྲུལ་པ་སྔོན་མ་ཏྲཾ་རུ་ཏྲ་ཐར་པ་ནག་པོ་འདྲ་བའི་འཇིགས་སུ་རུང་བ་ཞིག་ཡིན་ངེས་པས༔ ད་འདི་འདུལ་བ་ཡང་དཀའ་ཞིང་འདུལ་བའི་གཉེན་པོ་གང་དགོས་ཀྱང་མི་ཤེས་པས་སྔར་སངས་རྒྱས་ཞལ་བཞུགས་དུས་དང་མི་འདྲ་བས་ད་བུད་མེད་འདིའི་རྩར་བཅད་ནས་མ་བཏུལ་ན༔ འདི་ཡུམ་ཆེན་མོའི་སྤྲུལ་པ་ཞིག་ཡིན་ན་ནི༔ བོད་མཐའ་འཁོབ་ཆོས་མ་དར་བའི་ཡུལ་མུན་པའི་སྨག་རུམ་ཡིན་ཞིང་སངས་རྒྱས་ཀྱིས་ཀྱང་ཞབས་ཀྱིས་མ་བཅག་པའི་ཡུལ་ཡིན་པས་འདི་སྐུ་ཡལ་ནས་འགྲོ་བ་ཡིན་པས༔ རྒྱ་གར་འདི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས༔ ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་རྒྱ་གར་འདི་ན་གདན་དྲངས་ནས༔ དེ་ནས་ལོ་ཙཱ་བ་རྣམས་ལ་ཕར་ལ་བསྒྱུར་འཇུག་དགོས་མ་གཏོགས་པ་བོད་རང་ལ་ཆོས་དེ་ཙམ་ལོངས་སྤྱོད་དུ་འཇུག་ལས་མེད༔ རྒྱལ་བསེན་གཉིས་ཀྱི་སྤྲུལ་པ་བདུད་འཇིགས་སུ་རུང་བ་ཞིག་ཡིན་ན༔ བུད་མེད་འདིས་དང་པོ་བོད་བརླབས༔ དེ་ནས་བལ་པོ་བརླག༔ དེ་ནས་རྒྱ་གར་འདིར་བསྒྱུར་ཏེ་འཇོམས་ནས་འོང་བ་ཡིན་པས༔ བུད་མེད་འདིའི་རྩད་བཅད་པ་ལ་མགྱོགས་པར་འགྲོ་དགོས་ཟེར་ནས་ཐམས་ཅད་ཁ་འཆམས་ཏེ༔ ད་སུ་རུང་རུང་གང་ཐོད་ཐོད་སོང་བས་མི་ཉན་པས༔ བུད་མེད་མཐུ་ཆེན་དེའི་རྩར་ཕྱིན་ནས་ཁ་ཕྱིར་རྗེས་སུ་ལོག་ཏུ་མི་སྟེར་བས༔ རྒྱ་གར་ཤར་ནུབ་འདི་ནས་མཁས་ཤིང་གྲུབ་པ་བརྙེས་པ་རླུང་སེམས་ལ་རང་དབང་ཐོབ་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ནུས་པ་གསུམ་འགྲོ་དགོས་ཟེར་ནས་གྲོས་མཐུན་པ་དང་༔
དེ་ནས་རྒྱ་གར་གྱི་རྒྱལ་བྱེད་ཚལ་ཞེས་བྱ་བ་ནས་རྣལ་འབྱོར་པ་མདོ་རྒྱུད་གཉིས་ལ་མཁས་ཤིང་གྲུབ་པ་བརྙེས་པ་རྫུ་འཕྲུལ་གྱི་སྟོབས་མཐའ་ཡས་པ་སྟོན་ནུས་པའི་པཎྜི་ཏ་ཆེན་པོ་གསུམ་འདུག་པས༔ བྱ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་རྒྱ་གར་རྡོ་རྗེ་གདན་ནས་ནམ་ལངས་སྐྱ་ས་ལེ་བ་ལ་ཁྲ་ཧོར་པས་གོང་སྲང་འགྲིམ་པ་ལྟར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ནས་བྱོན་པས་ཟངས་རི་མཁར་དམར་དུ་ཉི་མ་རྩེ་ཤར་བ་དང་མཉམ་དུ་སླེབས་པས༔ དེར་རྣལ་འབྱོར་པ་གསུམ་ཟངས་རིའི་བླ་དབྱེར་བཞུགས་པས༔ མ་ཅིག་གི་གསོལ་ཇ་མ་བསོད་ནམས་རྒྱན་གྱིས་གཟིགས་སྐར་གྱི་ཁ་ནས་བལྟས་པས་མཐོང་སྟེ༔ མ་ཅིག་གི་དྲུང་དུ་ཞུས་པས༔ ཀྱེ་མ་ཅིག་ལགས༔ ད་ནངས་རང་རེའི་བླ་དབྱེ་འདི་ན་སྔོན་ཆད་མཐོང་མ་མྱོང་བའི་མི་ཤ་མདོག་སྔོ་ལ་མིག་ཁུང་དུ་ཟབ་པ་སྣ་ཟོར་བ་གདོང་པ་ཉག་པའི་ཧུར་ཧུར་བ་དར་ནག་པོའི་སྟོད་གཡོགས་བྱས་པ་གསུམ་འདུག་པས་རང་རེ་བོད་ཁམས་འདིའི་མི་ནི་མ་རེད༔ མངའ་རིས་དང་བལ་པོ་ལ་སོགས་པའི་མི་ཡང་མ་རེད༔ འདི་གསུམ་གང་ནས་འོང་པ་ཡིན་ལགས་ཞུས་པས༔
མ་ཅིག་གི་ཞལ་ནས་འདི་གསུམ་རྒྱ་གར་གྱི་རྐང་མགྱོགས་པ་ཡིན་ལས་ཆེ༔ རྒྱ་གར་བ་ཐམས་ཅད་ང་དང་ངའི་ཆོས་ལུགས་ལ་ཡིད་མ་ཆེས་ནས་ཞག་སྔོན་ནས་རྒྱ་གར་རྡོ་རྗེ་གདན་དུ་ཐམས་ཅད་འདུས་ནས་གྲོས་འཆམས་ཏེ་ངའི་རྩད་གཅོད་པ་དང་༔ ངའི་ཆོས་ལུགས་ཀྱི་རྩད་གཅོད་པ་ལ་རྣལ་འབྱོར་པ་འདི་གསུམ་ནི་མཁས་ཤིང་གྲུབ་པ་བརྙེས་པ་མདོ་རྒྱུད་གཉིས་ལ་མཁས་པའི་པཎྜི་ཏ་ཡིན་པས༔ ད་ནངས་ནམ་ལངས་སྐྱ་ས་ལེ་བ་ལ་རྒྱ་གར་རྡོ་རྗེ་གདན་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ནས་ཁྲ་ཧོར་པས་གོང་སྲང་འགྲིམ་པ་ལྟར་བྱས་ནས་འོང་པ་ཡིན་པས༔ ད་ལྟ་འདིར་ཕེབ་པ་ཡིན་པས་ད་ཁྱེད་བུ་མོ་གསུམ་གྱིས་མཆོད་པ་ལེགས་པོར་ཤོམས༔ དེ་ནས་གདན་བཟང་པོ་ཤོམས་ལ་ཐོག་ཁར་སྤྱན་དྲོངས་གསུངས་པས༔
དེ་ནས་གདན་འབོལ་སུམ་བརྩེགས་པ་དང་མཆོད་པ་རྣམས་ཀྱང་ལེགས་པོར་བཤམས་ནས༔ བསོད་ནམས་རྒྱན་མས་རྣལ་འབྱོར་བ་གསུམ་ལ་ནང་དུ་འབྱོན་པར་ཞུ་བྱས་པས་ཅི་ཡང་མི་གོ་ནས་ཧུར་རེ་འདུག་པ་དང་༔ མ་ཅིག་ལ་ཅི་ཡང་མི་གོ་བ་འདུག་ལགས་ཞུས་པས༔ མ་ཅིག་གི་ཞལ་ནས་ཁྱེད་གསུམ་གྱིས་སྐད་བཏང་བས་མི་གོ༔ ལག་བརྡ་གྱིས་གསུངས་པས་དེས་ལག་བརྡ་བྱས་པས༔ ཨ་ཙ་ར་གསུམ་པོ་ཡང་ཐོག་ཁར་བྱོན་ནས་གདན་འབོལ་གྱི་སྟེང་དུ་བཞུགས་པ་ལ༔ མ་ཅིག་གི་ཞལ་ནས་རྒྱ་སྐད་དུ་སྨྲས་ནས༔ རྒྱ་གར་གྱི་ལོ་རྒྱས་རྣམས་ཞིབ་ཏུ་དྲིས་པས༔ ཨ་ཙ་ར་གསུམ་གྱིས་དྲིས་པའི་ལན་རྣམས་ལེགས་པོར་བཏབ་ནས༔ ཁྱོད་བོད་དུ་སྐྱེས་པའི་བུད་མེད་ཅིག་གིས་ངེད་རྒྱ་སྐད་ཤེས་པ་ཅི་ཡིན་ཟེར་བས༔ མ་ཅིག་གི་ཞལ་ནས༔ སྔར་ང་རྒྱ་གར་དུ་ལན་མང་པོ་སྐྱེས་པས་ད་ལྟ་ཡང་རྒྱ་སྐད་དུ་སྨྲ་ཤེས་པ་ཡིན་གསུངས་པས༔ ཨ་ཙ་ར་གསུམ་གྱིས་ན་རེ༔ ཁྱོས་སྐྱེ་བ་དྲན་པ་ཨེ་ཡིན་ཟེར་བས༔ མ་ཅིག་གི་ཞལ་ནས༔ ངས་སྐྱེ་བ་སྔ་ཕྱི་གཉིས་ད་ལྟ་དང་གསུམ་གྱི་བྱ་བ་བྱས་ཚད་ཐམས་ཅད་ད་ལྟ་བཞིན་དུ་དྲན་གསུངས་པས༔ ཨ་ཙ་ར་གསུམ་གྱིས་ན་རེ༔ འོ་ན་ཁྱོད་ཀྱིས་སྐྱེ་བ་འདི་ཕྱི་བར་གསུམ་ཐམས་ཅད་དྲན་ན་ཤོད་དང་ཟེར་བ་ལ༔
མ་ཅིག་གིས་ཐུགས་དགོངས་ལེགས་པོར་བཏང་ནས༔ ང་ཨ་ཙ་ར་འདི་གསུམ་དང་རྒྱ་སྐད་དུ་སྨྲས་ནས་གཏམ་ན་ལས་སླ་སྟེ༔ ངའི་བུ་སློབ་འདི་ཚོས་ཀྱང་མི་གོ༔ མ་འོངས་དུས་སུ་རྒྱུད་འཛིན་གྱི་བུ་སློབ་རྣམས་དང་བོད་གངས་ཅན་ཁྲོད་པ་རྣམས་གྱིས་ཀྱང་མི་གོ་སྟེ༔ ལར་ཡང་རྒྱ་གར་བ་ཐམས་ཅད་བོད་འདིར་ང་ལ་ཐོ་འཚམས་པ་དང་ཉམས་ལེན་པ་དང་ཆོས་ཀྱི་རྩོད་པ་ལ་ཕྱིན་ཀྱང་༔ ངས་ཨ་ཙ་ར་འདི་གསུམ་དང་ཆོས་ཀྱི་རྩོད་པ་བྱེད་པ་ལ་མི་དཀའ་སྟེ༔ བོད་ཁམས་ཐམས་ཅད་ལ་ཚོར་བའི་སྐྱེ་བ་བཤད་པ་དང་༔ ཆོས་དང་ཚིག་གི་ཐ་སྙད་རྒྱ་གར་དང་བལ་བོད་གསུམ་ག་ལ་གོ་ཆོད་པ་ཞིག་བྱེད་པའི་དུས་ལ་ད་ལྟ་བབས་པར་འདུག་དགོངས་ནས༔ ཨ་ཙ་ར་གསུམ་ལ་བྲང་ཁང་ཕྱེས་ནས་ཀ་ཆ་དང་བཅས་པ་སྤྲད་ནས་བཞུགས་བཅོལ་ནས༔ དེ་ནས་གཙང་དབུས་ཁམས་གསུམ་མངའ་རིས་བལ་པོ་ཧོར་ཡུལ་རྒྱ་ནག་ཡན་ཆོད་དུ་རྐང་མགྱོགས་པ་བཞི་བཏང་ནས༔ མ་ཅིག་ལ་རྒྱ་གར་ནས་ཆོས་ཀྱི་རྩོད་པ་བྱེད་མི་རྣམས་ཕྱིན་ནས་ཡོད་པས་ཆོས་ཀྱི་རྩོད་པ་བྱེད་པ་དང་མ་ཅིག་གི་སྐྱེ་བ་སྔ་ཕྱི་ད་ལྟ་བར་གསུམ་ག་བཤད་རྒྱུ་ཡིན་པས་དེར་འོང་འདོད་པ་ཡོད་ན༔ ཟླ་བ་གསུམ་གྱི་ཆས་ཀ་ཁྱེར་ལ་ཟངས་རིར་ཤོག་ཅིག་སྨྲས་ནས་བང་ཆེན་བཏང་བས༔ དེ་ནས་རྒྱ་དབུས་ཁམས་གསུམ་ཐམས་ཅད་འདུས་ཏེ་རྒྱལ་པོ་དང་དཔོན་སྐྱ་ལ་སོགས་པའི་ཁྲོམ་འཚོགས་འབུམ་ཕྲག་བཅུ་བདུན་ཙམ་འདུས་ནས་བྱུང་ངོ་༔
དེ་རྣམས་ཀྱི་ནང་ནས་ཀྱང་དགེ་བའི་བཤེས་གཉེན་ཁྲི་ཚོ་བདུན་ཙམ་འདུས་ནས་འདུག༔ དེ་རྣམས་ཀྱི་ནང་ནས་ཀྱང་གདུགས་ཐོགས་པ་སྟོང་ཕྲག་ལྷག་ཙམ་བཞུགས་ནས་འདུག༔ དེ་རྣམས་ཀྱི་ནང་ནས་ཀྱང་རྒྱ་བོད་གཉིས་ཀྱི་ལོ་ཙཱ་ལ་ཤིན་ཏུ་མཁས་པའི་ལོ་ཙཱ་བ་ཆེན་པོ་བཞི་འདུས་ནས་འདུག་པས༔ ཚོགས་པ་དེ་རྣམས་སྤྱི་དང་ཁྱད་པར་དུ་དགེ་འདུན་པའི་ཚོགས་པ་རྣམས་དང་བཅས་པ་ལ་མ་ཅིག་གིས་རྒྱུ་ཟས་ཀྱི་གཏོང་སྒོ་དང་ཆོས་སྟོན་ཡང་རྒྱ་ཆེན་པོ་བྱས་པ་དང་༔ ཁྱི་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་ལོ་ཙཱ་བ་བཞི་པོས་བསྒྱུར་ཏེ༔ ཨ་ཙ་ར་གསུམ་དང་མ་ཅིག་གཉིས་ལ་ཁྲི་མཉམ་པོར་བརྩེགས་ནས་བཞུགས་ཏེ༔ དེར་ཆོས་མདོ་རྒྱུད་གཉིས་གང་ལ་རྩོད་པ་དང་སྒྲོག་གླེང་བྱས་ཀྱང་ཨ་ཙ་ར་གསུམ་གྱིས་མ་ཅིག་ལ་ཚིག་གཅིག་གིས་ཀྱང་གླགས་མ་རྙེད་པ་དང་༔ དེར་ཨ་ཙ་ར་གསུམ་གྱིས་ན་རེ༔ ཆོས་ཐམས་ཅད་རྒྱ་གར་ནས་བོད་དུ་དར་ནས་འོང་བ་མ་གཏོགས་པ་རྒྱ་གར་ནས་ལོ་ཙཱ་བས་མ་བསྒྱུར༔ བོད་ཆོས་ནི་དེ་སྔ་ཕན་ཆད་ལ་བོད་དུ་གྲགས་མ་མྱོང་པ་ལ་ད་ལྟ་ཁྱོད་ཀྱི་ཆོས་ལུགས་འདི་ཅི་འདྲ་བ་ཞིག་ཡིན་ཟེར་བས༔
མ་ཅིག་གི་ཞལ་ནས༔ ཁྱེད་རྣམ་གསུམ་གྱིས་གསུངས་པ་དེ་བདེན༔ ང་ད་ལྟ་བོད་དུ་སྐྱེས་པའི་རྒན་མོ་ཡིན་པས་ཨ་ཀྱང་ཆེ་སྟེ༔ ད་ཁྱེད་རྣམ་གསུམ་རྒྱ་གར་ནས་བྱོན་ཟིན་ཡིན་པས་རྒྱ་གར་རྡོ་རྗེ་གདན་དུ་སྔོན་སངས་རྒྱས་གང་བྱོན༔ ཆོས་ཀྱི་འཁོར་ལོ་གང་བསྐོར༔ རྒྱལ་ཁྲིམས་དང་ཆོས་ཁྲིམས་དར་ནུབ་ཅི་ལྟ་བུ་བྱུང་༔ ད་སངས་རྒྱས་གང་འབྱོན་ཆོས་ཀྱི་འཁོར་ལོ་གང་བསྐོར༔ རྒྱལ་ཁྲིམས་དང་ཆོས་ཁྲིམས་གྱི་དར་ནུབ་ཇི་ལྟར་བྱུང་༔ ད་ལྟ་མཉམ་མེད་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ལོ་ཅི་ཙམ་གནས༔ སྔོན་དུ་རྒྱལ་ཁྲིམས་དང་ཆོས་ཁྲིམས་ལ་དར་ནུབ་ཅི་ལྟ་བུ་བྱུང་༔ ད་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀྱི་དར་ནུབ་ཅི་ལྟ་བུ་འབྱུང་༔ སྔོན་སངས་རྒྱས་བྱོན་པ་དང་ད་སངས་རྒྱས་འབྱོན་པ་རྣམས་ཀྱིས་ཚེ་ལོ་ཅི་ཙམ་ཐུབ༔ དེ་རྣམས་ཀྱི་བསྟན་པ་ལ་ཡུན་རིང་ཐུང་ཅི་ཙམ་གནས༔ དེ་རྣམས་ཁྱེད་རྣམ་གསུམ་གྱིས་གསལ་པོར་གསུང་འཚལ་ཞེས་གསུངས་པས༔
ཨ་ཙ་ར་གསུམ་གྱིས་ན་རེ༔ ངས་སྔོན་ཆད་སངས་རྒྱས་གང་བྱོན་དང་༔ ཆོས་ཀྱིས་འཁོར་ལོ་གང་བསྐོར་དང་༔ གདུལ་བྱ་སྐྱོང་ཚུལ་རྣམས་དང་༔ ཚེ་ལོ་ཅི་ཐུབ་དང་༔ བསྟན་པ་ཡུན་རིང་ཐུང་ཅི་ཙམ་གནས་དང་༔ རྒྱལ་ཁྲིམས་དང་ཆོས་ཁྲིམས་ཀྱི་དར་ནུབ་ཅི་ལྟ་བུ་འབྱུང་ཚུལ་རྣམས་དང་༔ ད་ཕྱིན་འབྱུང་གི་དུས་སུ་དར་ནུབ་ཅི་ལྟ་བུ་འབྱུང་ཚུལ་གྱི་འདས་མ་འོངས་ད་ལྟ་གསུམ་གའི་འབྱུང་ཚུལ་རྣམས་མི་ཤེས༔ ཁྱོད་ཡུམ་ཆེན་མོའི་སྤྲུལ་པ་ཡིན་ཟེར་བས་ཁྱོད་རྒྱ་གར་དུ་སྔོན་སངས་རྒྱས་གང་བྱོན༔ ད་གང་འབྱོན་རྒྱལ་ཁྲིམས་དང་ཆོས་ཁྲིམས་གྱི་དར་ནུབ་འབྱུང་ཚུལ་ཐམས་ཅད་དང་འདས་མ་འོངས་ད་ལྟ་གསུམ་ག་ཤེས་ན་ཤོད་དང་ཟེར་བ་ལ༔ དེ་ནས་ཁྲི་ཆེན་པོ་གཉིས་བརྩེགས་ནས༔ གཅིག་གི་སྟེང་དུ་མ་ཅིག་བཞུགས༔ གཅིག་གི་སྟེང་དུ་ཨ་ཙ་ར་གསུམ་བསྡད་ནས་ལོ་ཙཱ་བ་བཞི་པོས་བསྒྱུར་ཅིང་ཅོག་ཅོག་བྱས་ནས༔ མ་ཅིག་གིས་ཉི་མ་བདུན་ལ་བཤད་པས་ཀྱང་༔ ཨ་ཙ་ར་གསུམ་གྱིས་ན་རེ༔ ད་ཁྱོད་རང་གི་ཆོས་ལུགས་འདི་ཡི་རྒྱུ་མཚན་ཡིན་ལུགས་དང་འབྱུང་ཁུངས་དང་སྐྱེ་བ་དྲན་ཟེར་བ་རྣམས་ཀྱང་གསལ་པོར་ཤོད་དང་ཟེར་བ་ལ་མ་ཅིག་གི་ཞལ་ནས༔
འོ་འདིར་འཚོགས་པའི་ཁྲོམ་པ་རྣམས་ལེགས་པོར་ཉོན་དང་༔ རྒྱ་གར་ཤར་ནུབ་ཀྱི་རྒྱལ་པོ་རྣམས་དང་༔ པཎྜི་ཏ་རྣམས་དང་༔ དགེ་འདུན་གྲྭ་སྡེ་ཐམས་ཅད་ཀྱིས་ང་ཡི་ཆོས་ལ་ཡིད་མ་ཆེས་པ་དང་༔ ང་ལ་ཡང་ཡིད་མ་ཆེས་ནས་རྒྱ་གར་ཤར་ནུབ་ཐམས་ཅད་རྡོ་རྗེ་གདན་དུ་འདུས་ནས་གྲོས་བྱས་ཏེ༔ ངའི་རྩད་གཅོད་པ་དང་ངའི་ཆོས་ལུགས་ཀྱི་རྩད་གཅོད་པ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་པནྜི་ཏ་འདི་གསུམ་རྒྱ་གར་རྡོ་རྗེ་གདན་ནས་ནམ་སྐྱ་ས་ལེ་བ་ལ་ཁྲ་ཧོར་པས་གོང་སྲང་འགྲིམ་པ་ལྟར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ནས་འོང་པས་ངའི་བླ་དབྱེ་འདི་ན་ཉི་མ་རྩེ་ཤར་བ་དང་མཉམ་དུ་ཕྱིན་ནས་བྱུང་པ་ཡིན༔ ད་ཁོང་རྣམས་ཀྱིས་ང་ལ་ཁྱོད་ཀྱི་ཆོས་འདིའི་རྒྱུ་མཚན་དང་སྐྱེ་བ་དྲན་ཟེར་བ་རྣམས་ཤོད་དོ་ཟེར་བ་ཡིན་པས༔ ངའི་ཆོས་འདིའི་ལོ་རྒྱུས་མ་བཤད་ན་རྒྱ་གར་བ་ཐམས་ཅད་ཨ་ཀྱང་ཡང་ཆེ་སྟེ༔ ཁྱེད་ངའི་བུ་སློབ་རྣམས་དང་འདིར་འཚོགས་པའི་ཁྲོམ་པ་རྣམས་དང་མ་འོངས་པའི་རྒྱུད་འཛིན་གྱི་སློབ་མ་རྣམས་དང་༔
སྤྱིར་ཡང་བོད་གངས་ཅན་ཁྲོད་པ་ཐམས་ཅད་ཀྱིས་ངའི་གདམས་ངག་ལ་ཡིད་མི་ཆེས་པ་འོང་ཞིང་༔ ངའི་སྐྱེ་བ་མ་བཤད་ན་ང་ལ་ཡིད་མི་ཆེས་པ་འོང་བ་ཡིན་པས་ཁྱེད་འདིར་འཚོགས་པ་རྣམས་ཐམས་ཅད་ཉོན་དང་གསུངས་ནས༔ དང་པོར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་རྒྱས་འབྲིང་བསྡུས་གསུམ་ལ་གཟིགས་རྟོགས་མཛད་ནས་བཀའ་ཐོག་ནས་གྲོལ་བའི་ཚུལ་གྱིས་བཀའ་བར་པ་ལ་བརྟེན་ནས་གཅོད་བཀའ་ཚོམས་ཆེན་མོ་བརྩམས་པས༔ དེ་ལྟར་བཀའ་ཚོམས་ཆེན་མོའི་སྐོར་རྣམས་མ་ལུས་པར་བཤད༔ བླ་མ་རྣམས་ལ་ཞུས་པའི་ཆོས་རྣམས་ཀྱི་བརྒྱུད་ཚུལ་དང་བཅས་ཡང་མ་ལུས་པར་བཤད༔ མ་ཅིག་རང་ཉིད་ཀྱི་ཐུགས་ལས་འཁྲུངས་པའི་མྱོང་ཆོས་རྣམས་དང་༔ ཟུང་འཇུག་གི་སྐོར་རྣམས་མ་ལུས་པ་བཤད༔ རྗེ་བཙུན་སྒྲོལ་མ་ལ་སོགས་པའི་ཡི་དམ་གྱི་ལྷ་རྣམས་ཀྱིས་གནང་བའི་ཆོས་རྣམས་དང་༔ ལུང་བསྟན་མཛད་ཚུལ་རྣམས་ལ་ཡང་ཐོར་རེ་བ་ཞིག་བཤད༔ སྐྱེ་བ་དྲན་ཚུལ་རྣམས་ལ་ཡང་རྗེ་བཙུན་སྒྲོལ་མས་ཐུགས་བསྐྱེད་ནས་ཡུམ་ཆེན་མོའི་ཐུགས་ཀ་ནས་སྤྲུལ་པ་འགྱེད་ཚུལ་དང་༔ སྤྲུལ་པ་ལས་རྡོ་རྗེ་དབྱིངས་ཕྱུག་མ་དང་༔
དེའི་ཐུགས་སྤྲུལ་རྡོ་རྗེ་བདུད་འདུལ་མ་དང་༔ དེའི་ཐུགས་སྤྲུལ་གསེར་གླིང་མ་ནས་བཟུང་སྟེ་ད་ལྟ་ལབ་སྒྲོན་ང་ཉིད་ཡན་ཆད་དུ་སྐྱེ་བ་བརྒྱ་དང་བདུན་བཞེས་ཚུལ་རྣམས་རྒྱས་པར་བཤད་པ་དང་འདི་སྐད་གསུངས༔ ང་སྐྱེ་བ་འདི་ཡི་སྔོན་རོལ་དུ་རྒྱ་གར་སེར་སྐྱའི་གྲོང་ཁྱེར་དུ་སྐུ་འཁྲུངས་པའི་པཎྜི་ཏ་དོན་འགྲུབ་རིན་ཆེན་ཞེས་བྱ་བར་གྲགས་པ་དེ་ནི་དགུང་ལོ་ཉི་ཤུ་བཞེས་པའི་དུས་སུ༔ པོ་ཏ་རིའི་བྲག་ཕུག་བཟང་པོ་དཔལ་ཞེས་བྱ་བར་རྗེ་བཙུན་སྒྲོལ་མས་བྱིན་གྱིས་བརླབས་པའི་ཕུག་པར༔ སྔར་ངའི་སྐུ་གདུང་དེ་ནི་སྐུ་གཟི་བརྗིད་དང་ལྡན་པར་བཀྲག་མདངས་མ་ཉམས་པ་ལ་གཞོན་ཤ་རྒྱས་པའི་ལང་ཚོ་དང་ལྡན་པ་ལ༔ སྐུ་འདོམ་གང་ཙམ་གྱིས་ནམ་མཁའ་ལ་དཔག་ནས་འཇའ་འོད་ཀྱི་ནང་དུ་ད་ལྟ་ཡང་བཞུགས་ནས་ཡོད༔ དེ་ལ་ཙནྡན་དཀར་པོའི་མེ་སྦར་ནས་སྦྱོང་ན༔ དྲི་བཟང་གིས་ཡུལ་ཁམས་ཐམས་ཅད་ཁྱབ་པ་དང་ནམ་མཁའ་ལ་རོལ་མོ་སྣ་ཚོགས་པའི་སྒྲ་སྙན་དཔག་ཏུ་མེད་པ་གྲགས་པ་དང་༔ རིན་པོ་ཆེ་སྣ་ཚོགས་པའི་རྒྱུ་ལས་གྲུབ་པའི་གདུགས་ལ་སོགས་པའི་མཆོད་རྫས་སྣ་ཚོགས་དང་༔ འཇའ་ཚོན་ཁ་དོག་སྣ་ཚོགས་པའི་གུར་དང་བླ་རེ་རྣམས་གདུང་གྲབ་གཤིབ་པ་ལྟར་བར་སྣང་ཐམས་ཅད་གང་ཞིང་༔ མེ་ཏོག་ཁ་དོག་སྣ་ཚོགས་པའི་ཆར་ཆེན་པོ་འབབ་པ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔ ཁྱད་པར་དུ་ཡང་གདུང་ལ་སྐུ་གཟུགས་ལ་སོགས་པའི་རྟེན་ངོ་མཚར་ཅན་འདི་འདྲ་བྱུང་ངོ་༔ ངའི་མགོ་བོ་དུང་ཁང་ལ་རྣམ་པར་སྣང་མཛད་ཀྱིས་གཙོ་བྱས་པའི་རྒྱལ་བ་རིགས་ལྔ་ལ་ཡུམ་མ་མ་ཀི་ལ་སོགས་པའི་ལྷ་མོ་ལྔས་ཡབ་ཡུམ་འཁྲིལ་སྦྱོར་དུ་གནས་ནས་ཡབ་ཡུམ་བཅུ་པོ་བཞེངས་ཐབས་སུ་འབུར་དུ་དོད་ནས་འབྱོན་ནས་འོང་ངོ་༔ སྒལ་ཚིགས་ཉེར་བརྒྱད་ལ་རྣམ་པར་རྒྱལ་བའི་མཆོད་རྟེན་རེ་རེ་འབྱོན་ནས་འོང་ངོ་༔ སོ་རྣམས་ལ་དུང་དཀར་གཡས་འཁྱིལ་རེ་རེ་འབྱོན་ནས་འོང་ངོ་༔ མན་མཁས་ལ་ཨ་དཀར་པོ་རང་ཆས་སུ་འབྱོན་ནས་འོང་ངོ་༔
ཨ་ཆེན་དང་པོ་ལ་ཡུམ་ཆེན་མོ་འབྱོན་ནས་འོང་ངོ་༔ སྐེད་ཚིགས་ལ་རིགས་གསུམ་གྱི་མགོན་པོ་འབྱོན་ནས་འོང་ངོ་༔ དཔལ་ཁ་གཉིས་ལ་སྒྲོལ་མ་དཀར་ལྗང་གཉིས་འབྱོན་ནས་འོང་ངོ་༔ མགྲིན་པར་འོད་དཔག་མེད་ཀྱི་སྐུ་ཚོན་གང་པ་ཞིག་འབྱོན་ནས་འོང་ངོ་༔ བྲང་གི་དཀྱིལ་དུ་རྡོ་རྗེ་འཆང་གི་སྐུ་ཚོན་གང་པ་ཞིག་འབྱོན་ནས་འོང་༔ སྙིང་ལ་ཤཱཀྱ་ཐུབ་པའི་སྐུ་ཚོན་གང་པ་ཞིག་འབྱོན་ནས་འོང་ངོ་༔ གཞན་ཡང་སྐུ་གཟུགས་དང་ཡི་གེ་ལ་སོགས་པ་ལ་བསམ་གྱིས་མི་ཁྱབ་པ་འབྱོན་ནས་འོང་༔ རུས་པ་ལྷག་མ་རྣམས་ལ་རིང་བསྲེལ་ཁ་དོག་སྣ་ཚོགས་པ་གྲངས་ལས་འདས་པ་འབྱུང་ངོ་༔ གདུང་ཤ་རི་རམ་གྱི་རིང་བསྲེལ་སྲན་ཆེན་གྱི་འབྲུ་མ་ཙམ་ལ་རྒྱ་གར་གྱི་མ་ག་དྷའི་བྲེའི་ཁལ་གཅིག་དང་བྲེ་གང་འབྱོན་ནས་འོང་༔ རྟེན་དེ་རྣམས་ལ་ངས་ད་ལྟ་ཇི་ལྟར་བཤད་པ་བཞིན་དུ་འབྱོན་ནས་འོང་བར་ཡོད་པས་དེ་རྣམས་ལ་ལྷག་ཆད་མེད་པར་ཅི་ལྟ་བ་བཞིན་དུ་བྱོན་ནས་མ་བྱུང་ན༔ ངས་ད་ལྟ་བཤད་པའི་གདམས་པ་འདི་རྣམས་ཀྱང་རྫུན་ཡིན་ལ༔ ང་ཡང་བསླུ་བ་ཅན་ཞིག་ཡིན་པར་ཐག་ཆོད་པས་ཁྱེད་པཎྜི་ཏ་གསུམ་གྱིས་ངའི་གདམས་པ་དེ་རྣམས་ཀྱི་རྩད་ལེགས་པར་བཅད་མཛོད་དང་རྟགས་ཤིག་སྟོན་ནས་འོང་བར་ཡོད་དོ༔ ད་ནི་ངས་ཀྱང་འགྲོ་དོན་གྱི་ཕྱེད་ཙམ་རྫོགས་ནས་ཡོད༔ ལོ་ཡང་ལྔ་བཅུ་ང་གཉིས་ལ་ཕྱིན་ནས་ཡོད་པས་དགུ་བཅུ་གོ་དགུ་ནས་ལན་ཅིག་འོག་མིན་གྱི་གནས་སུ་འཕོ་ཚུལ་སྟོན་དགོས་པས༔ ཁྱེད་པཎྜི་ཏ་གསུམ་གྱིས་ཐུགས་ཁུར་ཆེན་པོ་ཞིག་མཛོད་ཅིག་ཅེས་གསུངས་པ་དང་༔
དེར་འཚོགས་པ་ཐམས་ཅད་ཀྱིས་མ་ཅིག་གི་ཆོས་ལུགས་ཐམས་ཅད་དང་སྐྱེས་རབས་ཀྱི་ལོ་རྒྱུས་དང་གླེང་གཞིའི་གདམས་པ་ལ་ཡིད་ཆེས་ཤིང་ཐམས་ཅད་ཀྱིས་ཐེ་ཚོམ་དང་ཡིད་གཉིས་སེལ་ཞིང་སྒྲོ་འདོགས་ངེས་པར་ཆོད་པར་བྱུང་བས༔ དེར་འཚོགས་པའི་ཁྲོམ་པ་ཐམས་ཅད་ཀྱིས་དམ་པ་རིན་པོ་ཆེ་ལ་ཞུ་བ་ཕུལ་ནས༔ དམ་པ་སངས་རྒྱས་རིན་པོ་ཆེ་ལགས༔ ཁྱེད་བོད་ལ་ཐུགས་བརྩེ་བ་ཤིན་ཏུ་ཆེ་བས་བོད་གངས་ཅན་ཁྲོད་པ་རྣམས་ཀྱི་དོན་ཆེད་དུ༔ རྒྱ་གར་གྱིས་པཎྜི་ཏ་འདི་གསུམ་དང་ལྷན་ཅིག་ཏུ་འགྲོགས་ལ་རྒྱ་གར་དུ་བྱོན་མཛོད་ལ༔ མ་ཅིག་གི་གདུང་སྦྱོང་པ་ལ་རྟེན་ངོ་མཚར་ཅན་མང་པོ་འབྱོན་གསུངས་པ་ལ༔ རྟེན་དེ་རྣམས་ཀྱི་ནང་ནས་གང་བཟང་བ་ཞིག་བོད་འདིར་གདན་དྲངས་ནས་འབྱོན་པར་ཐུགས་ལ་འདོགས་པ་ཞུ་ཞུས་པས༔ དམ་པ་རིན་པོ་ཆེའི་ཞལ་ནས་དེ་ལྟར་བྱེད་དོ་གསུངས་ནས་ཞལ་བཞེས་མཛད་དོ༔ དེ་ནས་དམ་པ་རིན་པོ་ཆེ་རྒྱ་གར་གྱི་པཎྜི་ཏ་རྐང་མགྱོགས་པ་གསུམ་དང་ལྷན་ཅིག་ཏུ་འགྲོགས་ནས་རྒྱ་གར་དུ་བྱོན་པའོ༔ དེ་ནས་ཟླ་བ་གཉིས་པའི་ཚེས་བཅུ་དྲུག་ལ་ཚོགས་པ་རྣམས་ཀྱང་སོ་སོར་གྱེས་ནས་སོང་ངོ་༔ དམ་པ་རིན་པོ་ཆེ་ཡང་རྐང་མགྱོགས་པ་གསུམ་དང་འགྲོགས་ཏེ༔ ལ་སྟོད་པ་རྣམས་དང་བལ་པོ་པ་རྣམས་དང་ལྷན་ཅིག་ཏུ་འགྲོགས་ནས་བྱོན་པས་དེར་ལ་སྟོད་ནས་བལ་པོར་སླེབ་པ་དང་༔ བལ་པོའི་རྣལ་འབྱོར་པ་གསུམ་དང་བདུན་བྱས་ནས་རྒྱ་གར་དུ་ཕྱིན་པས༔
དེ་ནས་རྒྱ་གར་རྡོ་རྗེའི་གདན་དུ་རྒྱ་གར་ཆོས་ཀྱི་རྒྱལ་པོའི་དྲུང་དུ་པཎྜི་ཏ་རྣམས་བསྡུས་ནས་སྔར་མ་ཅིག་གི་ལོ་རྒྱུས་རྣམས་རྒྱས་པར་བཤད་པས༔ དེར་རྒྱ་གར་ཤར་ནུབ་ཀྱི་པཎྜི་ཏ་ཐམས་ཅད་དང་དགེ་འདུན་གྲྭ་སྡེ་རྣམས་རྒྱ་གར་རྡོ་རྗེའི་གདན་དུ་འདུས་ནས་གྲོས་འཆམས་ཏེ༔ ན་རེ༔ བུད་མེད་དེའི་རྩད་དེ་མགྱོགས་པར་བཅད་དགོས༔ བུད་མེད་དེའི་གདུལ་ཞིང་དེ་ཙམ་ཆེ་ལུགས་དང་སྐྱེ་བ་དྲན་ཟེར་ལུགས་དང་ཆོས་ཀྱི་འཆད་ཉན་བྱེད་ལུགས་དེ་ལ་བརྟགས་ནས་ཡང་ན་ཡུམ་ཆེན་མོའི་སྤྲུལ་པ་དངོས་སུ་ཡིན་པར་འདུག༔ ཡུམ་ཆེན་མོའི་སྤྲུལ་པ་ཡིན་ན༔ བོད་མཐའ་འཁོབ་ཆོས་མ་དར་བའི་ཡུལ་ཡིན་པས༔ སྐུ་ཡལ་འགྲོ་བ་ཡིན༔ བོད་རང་ལ་ཆོས་དེ་ཙམ་ལོངས་སྤྱོད་དུ་བཅུག་ལས་ཀྱང་མེད་པས༔ ངེད་རང་རྒྱ་གར་འདིར་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་འདིར་སྤྱན་འདྲེན་དགོས་ཟེར༔ བདུད་དང་རྒྱལ་བསེན་གཉིས་ཀྱི་སྤྲུལ་པ་ཞིག་ཡིན་ན་ནི༔ འོ་སྐོལ་ཚོ་མགོ་བསྐོར་ནས་བཏང་བ་ཡང་ཨེ་ཡིན་པས༔ དེའི་རྩད་ལེགས་པོར་བཅད་དགོས་ཟེར་ནས་ཐམས་ཅད་ཁ་འཆམ་པ་དང་༔ དེ་ནས་པཎྜི་ཏ་ལྔ་བཅུ་དང་དགེ་འདུན་པ་ལྔ་བརྒྱ་དང་ལྔ་བཅུ་ང་གཉིས་ཀྱིས་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་ཐོགས་ནས་པོ་ཏ་རིའི་བྲག་ཕུག་བྷ་ཏྲ་ཡ་ནར་བྱོན་ནས་གཟིགས་པར་མཛད་པས༔ པཎྜི་ཏ་དོན་འགྲུབ་རིན་ཆེན་གྱི་གདུང་ནི་ལང་ཚོ་དར་ལ་བབ་པ་སྐུ་གཟི་བརྗིད་དང་ལྡན་པར་འདོམ་གང་ཙམ་གྱི་ནམ་མཁའ་ལ་དཔག་ནས་འཇའ་ཚོན་སྣ་ཚོགས་འཁྲིགས་པའི་ནང་དུ་གཞོན་ཤ་རྒྱས་པ་དང་བཅས་ནས་འོད་དཔུང་ངེ་བཞུགས་ནས་འདུག་པས༔
པཎྜི་ཏ་རྣམས་ཀྱིས་གཟིགས་མ་ཐག་ཏུ་རབ་ཏུ་དགའ་སྟེ༔ ལ་ལ་ནི་ཉམས་དགའ་བ་དང་༔ ལ་ལ་ནི་སེམས་གཡོ་བ་དང་༔ ལ་ལ་ནི་བ་སྤུ་གཡེང་བ་དང་༔ ལ་ལ་ནི་མཆི་མ་འཁྲུག་པ་དང་༔ ལ་ལས་ཕྱག་འཚལ་བ་དང་༔ ལ་ལས་ནི་མཆོད་པ་འབུལ་བ་དང་༔ ལ་ལས་ནི་གསོལ་བ་གདབས་པ་དང་༔ ལ་ལ་ནི་ཉམས་འབར་བ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔ དེ་ནས་པཎྜི་ཏ་དེ་རྣམས་དང་དགེ་འདུན་པ་རྣམས་ཀྱིས་ཕྱག་འཚལ་ཞིང་མཆོད་པ་ཕུལ་ནས་མགྲིན་གཅིག་ཏུ་སྐུ་གསུང་ཐུགས་ཀྱི་བསྟོད་པ་ལེགས་པོར་མཛད་ནས་དོན་འགྲུབ་བཟང་པོའི་གདུང་ནི་ཙནྡན་དཀར་པོའི་མེ་ལ་སྦྱོང་པས་དྲི་བཟང་གིས་ཡུལ་ཁམས་ཐམས་ཅད་ཁྱབ་པ་ལ་སོགས་པའི་མ་ཅིག་གི་ཞལ་ནས་ཇི་ལྟར་གསུང་པ་བཞིན་དུ་བྱུང་པས༔ དེ་ནས་མེའི་ཚ་རེག་ཡལ་མ་ཐག་ནས་བལྟས་པས་མ་ཅིག་གི་ཞལ་ནས་ཇི་ལྟར་གསུང་པ་བཞིན་དུ་ལྷག་ཆད་དང་ནོར་འཁྲུལ་མེད་པར་བྱུང་པས༔ ཞག་བདུན་གྱི་བར་ལ་མཆོད་པ་ཕུལ་ནས༔ དེ་ནས་སྐུ་གཟུགས་ལ་སོགས་པའི་རྟེན་རྣམས་མ་ལུས་པར་རྡོ་རྗེའི་གདན་དུ་གདན་དྲངས་ནས༔ དེ་ནས་རྒྱ་གར་ཤར་ནུབ་ཀྱི་པཎྜི་ཏ་རྣམས་དང་༔ རྒྱལ་པོ་རྣམས་དང་༔ བློན་པོ་རྣམས་དང་༔ དགེ་འདུན་གྲྭ་སྡེ་རྣམས་དང་༔ ཡུལ་མི་སྡེ་འཁོར་དང་བཅས་པ་རྣམས་ལ་རྟེན་རྣམས་མ་ལུས་པ་ངོམ་པས་ཐམས་ཅད་ལ་དད་པ་རྩོལ་མེད་དུ་རང་དབང་མེད་པར་སྐྱེས་པ་དང་༔ གནམ་ས་གཉིས་ནས་ཀྱང་འཇའ་འོད་ཀྱི་གུར་དང་༔ མེ་ཏོག་གི་ཆར་པ་དང་༔ ལྷའི་རྔ་བོ་ཆེ་བརྡུང་བ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་བ་དང་༔ དེ་ནས་པཎྜི་ཏ་རྣམས་དང་དགེ་འདུན་གྲྭ་སྡེ་རྣམས་དང་༔
རྒྱལ་བློན་ཡུལ་མི་འཁོར་འབངས་དང་བཅས་པ་རྣམས་ཀྱིས་མ་ཅིག་ལ་ཡིད་ཆེས་ཏེ་ཐེ་ཚོམ་སེལ་ནས་དད་པ་རྩོལ་མེད་དུ་སྐྱེས་ནས་འདི་སྐད་སྨྲས་སོ༔ ན་རེ་མ་ཅིག་དེ་ནི་ཡུམ་ཆེན་མོ་དངོས་ཡིན་པར་འདུག་པས་བོད་མཐའ་འཁོབ་ཆོས་མ་དར་བ་དང་༔ སངས་རྒྱས་ཀྱིས་ཞབས་མ་བཅག་པའི་སྨག་རུམ་ཡིན་པས་བོད་ལ་ཆོས་ཀྱི་སྣོད་མེད་པ་དང་༔ མ་ཅིག་ཀྱང་སྐུ་ཡལ་ནས་འགྲོ་བ་ཡིན་པ་དང་༔ བོད་རང་ལ་ཡང་ཆོས་དེ་ཙམ་ལོངས་སྤྱོད་དུ་བཅུག་ལས་མེད་པ་དང་༔ རྒྱ་གར་འདི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས༔ ཆོས་ཐམས་ཅད་ཀྱི་འབྱུང་ས་ཡིན་པས༔ མ་ཅིག་རྒྱ་གར་འདིར་སྤྱན་འདྲེན་དགོས་ཟེར་ནས༔ ཐམས་ཅད་ཁ་འཆམ་པ་དང་༔ དེ་ནས་མ་ཅིག་གི་སྐུ་གདུང་གི་རྟེན་རྣམས་ཆ་བགོས་ཏེ༔ དབུའི་རིགས་ལྔ་ཡབ་ཡུམ་འཁྲིལ་སྦྱོར་གྱི་རྟེན་དེ་རྡོ་རྗེ་གདན་དུ་བཞུགས་བཅོལ༔ ཨ་ཆེན་དང་པོའི་ཡུམ་ཆེན་མོའི་སྐུ་དང་༔ ཤ་རི་རམ་གྱི་མཆོད་རྟེན་གདུང་མཆོག་བདུན༔ རྒྱ་གར་ཆོས་ཀྱི་རྒྱལ་པོའི་ཕྱག་བཞེས་མཛད༔ བྲང་གི་དཀྱིལ་དུ་རྡོ་རྗེ་འཆང་གི་སྐུ་བྱོན་པ་དེ་རྐང་མགྱོགས་པ་གསུམ་ལ་བྱིན་ནས་རྒྱལ་བྱེད་ཚལ་དུ་བཞུགས་བཅོལ༔ དེ་ཤུལ་གྱི་རྟེན་རྣམས་ནི་རྒྱ་གར་ཤར་ནུབ་ཀྱི་པཎྜི་ཏ་རྣམས་དང་༔ དགེ་འདུན་གྲྭ་སྡེ་རྣམས་དང་རྒྱལ་བློན་འཁོར་འབངས་རྣམས་ཀྱིས་ཆ་བགོས་ནས་སོ་སོར་བདག་དུ་བཟུང་བར་མཛད༔ ཐུགས་ལས་བྱོན་པའི་ཤཱཀྱ་ཐུབ་པའི་སྐུ་དེ་ནི༔ ཕ་དམ་པའི་ཕྱག་ཏུ་བཞེས་པར་མཛད་ནས་བོད་དུ་གདན་དྲངས་ནས་བྱོན་ཏེ༔ དེ་ནས་སྔར་གྱི་རྣལ་འབྱོར་པ་གསུམ་ལ་གཅིག་བསྣན་ནས་བཞི་བྱས་ཏེ༔ མ་ཅིག་གདན་འདྲེན་པ་ལ་བཏང་པས༔ དམ་པ་སངས་རྒྱས་རིན་པོ་ཆེ་དང་ལྔ་བྱས་ནས་ཚུར་བོད་དུ་བྱོན་པས་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་ཟངས་རི་མཁར་དམར་དུ་མ་ཅིག་གི་དྲུང་དུ་ཕྱིན་པས༔
དེ་ནས་རྣལ་འབྱོར་པ་བཞི་པོས་མ་ཅིག་ལ་ཕྱག་རྩོལ་མེད་དུ་འཚལ་ཏེ༔ སྐོར་བ་ལན་གསུམ་བྱས་ནས་མཆོད་པ་ཕུལ་ནས་པུས་མོ་བཙུགས་ཐལ་མོ་སྦྱར་ནས་ཞུས་པ༔ ཀྱེ་མ་ཅིག་ལགས༔ ཁྱེད་ནི་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཐམས་ཅད་ཀྱི་གྲོལ་ཕུགས༔ གསང་སྔགས་ཐམས་ཅད་ཀྱི་གཏེར་མཛོད༔ དམ་ཆོས་ཐམས་ཅད་ཀྱི་བདག་མོ༔ ཡུམ་ཆེན་ཀུན་ཏུ་བཟང་མོའི་ཐུགས་ཀྱི་སྤྲུལ་པ་རྗེ་བཙུན་སྒྲོལ་མའམ་རྡོ་རྗེ་ཕག་མོ་ཀུན་ཏུ་བཟང་མོ་དངོས་ཡིན་པར་འདུག་པས༔ ངོ་མཚར་ཤིན་ཏུ་ཆེ་བ་ལགས་སོ༔ མ་ཅིག་གི་ཞལ་ནས་ཇི་ལྟར་གསུངས་པ་རྣམས་ལ་ལྷག་ཆད་དང་ནོར་འཁྲུལ་ཆ་ཤས་ཙམ་ཡང་མེད་པར་འདུག་ལགས༔ མ་ཅིག་གི་སྐུ་གདུང་ལ་བྱོན་པའི་རྟེན་རྣམས་ཀྱི་ནང་ནས་ཀྱང་ཁྱད་པར་མཆོག་ཏུ་གྱུར་པའི་སྐུ་གཟུགས་གཉིས་བྱོན་ནས་འདུག་སྟེ༔ ཐུགས་ཀའི་གདུང་རུས་ལ་བྱོན་པའི་རྡོ་རྗེ་འཆང་ཆེན་པོའི་སྐུ་དེ་ནི་ངེད་རྐང་མགྱོགས་པ་གསུམ་གྱི་དད་རྟེན་ལ་ཞུས༔
དེང་སང་རྒྱལ་བྱེད་ཚལ་དུ་བཞུགས་ནས་ཡོད་ལགས༔ ཐུགས་ལས་བྱོན་པའི་ད་ལྟའི་མཉམ་མེད་ཤཱཀྱ་ཐུབ་པའི་སྐུ་དེ་ནི་དམ་པ་སངས་རྒྱས་རིན་པོ་ཆེས་འདིར་གདན་དྲངས་ནས་ཡོད་ལགས་ཞེས་ཞུས་པ་དང་༔ དེ་ལ་སོགས་པའི་སྔར་གདུང་ལ་ལྟར་སོང་ཚུལ་དང་༔ གདུང་མཐོང་ཚུལ་དང་༔ རྟེན་རྣམས་བྱོན་ཚུལ་དང་རྟེན་རྣམས་ཆ་བགོས་ཚུལ་ལ་སོགས་པའི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་པས༔ མ་ཅིག་གིས་ཀྱང་དེའི་ལན་རྣམས་ལེགས་པོར་གསུངས་ནས༔ གསུང་གླེང་ཞིབ་ཏུ་མཛད་དོ༔
དེ་ནས་དེར་འཚོགས་པ་རྣམས་ལ་ཤཱཀྱ་ཐུབ་པའི་སྐུ་དེ་ངོམ་ཞིང་ཐམས་ཅད་ཀྱིས་བྱིན་རླབས་ཞུས་པ་དང་༔ དེ་ནས་ཤཱཀྱ་ཐུབ་པའི་སྐུ་དེ་ལྷ་ས་ལ་སོགས་པའི་མདོ་དབུས་ཁམས་གསུམ་དུ་བསྟན་ཞིང་བྱིན་རླབས་མཛད་པ་དང་༔ དེ་ནས་དམ་པ་རིན་པོ་ཆེའི་ཞལ་ནས་ད་ནི་མ་ཅིག་གི་ཐུགས་ལ་བྱོན་པའི་རྟེན་མཆོག་ཁྱད་པར་ཅན་འདི༔ ངེད་ཐམས་ཅད་ཀྱི་རྟེན་བྱེད་དགོས་གསུངས་ནས་ལ་སྟོད་དིང་རིར་གདན་དྲངས་ནས་དམ་པ་སངས་རྒྱས་རིན་པོ་ཆེ་ཡང་ལ་སྟོད་དིང་རིར་བྱོན་ནས་དེང་སང་ཡང་ལ་སྟོད་དིང་རིར་བཞུགས་ནས་ཡོད་དོ༔ དེ་ནས་རྣལ་འབྱོར་པ་བཞི་པོས་ཀྱང་མ་ཅིག་ལ་རྒྱ་གར་བ་རྣམས་ཀྱིས་ཞུ་བ་བསྐུར་ཚུལ་དང་རྒྱ་གར་དུ་འབྱོན་དགོས་ཚུལ་གྱི་ཞུ་བ་ནན་ཏན་དུ་ཕུལ་བས༔
མ་ཅིག་གི་ཞལ་ནས་ང་ད་ལན་ལུས་ཐོག་འདི་ལ་རྒྱ་གར་དུ་མི་ཕྱིན༔ གལ་ཏེ་ཕྱིན་ཀྱང་འགྲོ་དོན་རྒྱ་ཆུང་བས་ང་ད་ལན་གདུལ་བྱའི་སྐལ་བ་བོད་འདིར་རང་འདུལ་བའི་དུས་ལ་བབ་པར་འདུག་པས༔ ད་ལྟའི་དུས་ཀྱི་སྐབས་འདིར་ཡིན་པས་ངའི་ལུས་ཐོག་འདི་ལ་རྒྱ་གར་དུ་མི་ཕྱིན་པས༔ ཁྱེད་རྒྱ་གར་བ་དེ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་དང་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཞིང་༔ ཆོས་ཐམས་ཅད་ཁྱེད་རྒྱ་གར་ནས་བོད་འདིར་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་ནས་འོང་དགོས་པར་འདུག་པ་མ་གཏོགས་པ༔ བོད་ནས་བོད་ཆོས་ཕར་ལ་རྒྱ་གར་དུ་དེ་སྔ་ཕན་ཆད་ལ་དར་བ་མེད་ཀྱང་༔ ང་སྐྱེ་བ་མང་པོ་ལ་རྒྱ་གར་དུ་སྐྱེས་པས་ཁྱེད་རྒྱ་གར་བ་རྣམས་ཀྱིས་ང་ལ་ཆོས་འབྲེལ་མང་དུ་ཡོད་པས༔
དེའི་ཕྱིར་དུ་ང་ད་ལྟ་བོད་འདིར་སྐྱེས་ཀྱང་དེ་སྔ་ཕན་ཆད་ལ་ཁྱེད་རྒྱ་གར་དུ་གྲགས་མ་མྱོང་པའི་དམ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་ཅེས་བྱ་བ་འཆད་པ་འདི་ནི༔ སྤྲང་མོ་ང་ཡི་ཆོས་ལུགས་བོད་གངས་ཅན་ཁྲོད་དུ་གྲགས་ཤིན་ཏུ་ཆེ་བ་ཡིན་པས་ཁྱེད་རྒྱ་གར་བ་རྣམས་ལ་ཡང་གཟིགས་ཕུལ་གཅིག་བྱེད་དགོས་གསུངས་ནས༔ མ་ཅིག་གི་ཐུགས་ལ་འཁྲུངས་པའི་མྱོང་ཆོས་ཁྱད་པར་ཅན་རྣམས་རྒྱ་གར་དུ་བསྐུར་བ་མཛད་པ་ལ་ཐོག་མར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཕ་རོལ་ཏུ་ཕྱིན་པའི་མདོ༔ བཀའ་རྒྱས་འབྲིང་བསྡུས་གསུམ་ལ་གཟིགས་རྟོག་མཛད་པས་བདུད་ཀྱི་ལེའུ་སྐབས་ལ་བབ་པའི་ཚེ་ན༔ གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གང་ལ་ཆགས་ན་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་པ་ལ་སོགས་པ་དང་༔ གཟུགས་ནི་དཀར་པོ་དང་༔ སེར་པོ་དང་༔ དམར་པོ་དང་༔ སྔོན་པོ་དང་༔ ལྗང་གུ་དང་ལེབ་བརྒན་ཡང་མ་ཡིན་ནོ༔ ཞེས་པ་ལ་སོགས་པ་དང་གཟུགས་ནི་གང་ནས་ཀྱང་འོང་བ་མེད་པ་གང་དུ་ཡང་འགྲོ་བ་མེད་པ༔ གར་ཡང་གནས་པ་གྱུར་པ་མེད་དོ་ཞེས་པ་ལ་སོགས་པ་དང་༔ ཆོས་ཐམས་ཅད་མཉམ་པ་ཉིད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་དོ་ཞེས་པ་ལ་སོགས་པ་གཟིགས་ནས་གྲོལ་བའི་ཚུལ་མཛད་པས༔ བདུད་བཞི་རང་སར་གྲོལ་བའི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མྱོང་ཆོས་ཤིན་ཏུ་ཟབ་པའི་མན་ངག༔ མ་ཅིག་གིས་མཛད་པ་ལ་བཀའ་ཚོམས་ཆེན་མོ༔ ཡང་ཚོམས་ཆེན་མོ༔ ཉིང་ཚོམས་ཆེན་མོ་ལེའུ་ལག་གནད་ཐེམ༔ ཁོང་རྒོལ་གསང་བ་བརྡ་ཆོས་ལ་བཟླ་སྐོར་གསུམ༔ གཞི་སློང་ལམ་སློང་ཁྱད་པར་གྱི་མན་ངག་ལ་ཆོས་ཚན་བརྒྱ་དང་བཅྭོ་བརྒྱད་རྒྱ་གར་དུ་བསྐུར་ནས་རྒྱ་གར་བ་ཐམས་ཅད་ཀྱིས་མ་ཅིག་གི་ཆོས་ལུགས་ལ་ཡིད་ཆེས་ནས་རྒྱ་གར་བ་ཐམས་ཅད་ཀྱིས་ཉམས་སུ་བླངས་པས་རྒྱ་གར་དུ་གཅོད་ཅེས་བྱ་བར་གྲགས་ཏེ༔ བོད་ཆོས་རྒྱ་ལ་དར་བར་བྱས་སོ༔ དེ་ནས་མ་ཅིག་གི་ཞལ་ནས་རྒྱ་ཆོས་བོད་ལ་དར་བ་ནི་ཀུན་གྱི་ལུགས་ཡིན་ཏེ༔ བོད་ཆོས་རྒྱ་ལ་དར་བ་ནི་ཁོ་མོ་ཙམ་ཞེས་གསུངས་སོ༔
དེ་ནས་རྒྱ་བོད་གཉིས་ཀས་མ་ཅིག་ལ་དད་པ་རྩོལ་མེད་དུ་ཐོབ་ཅིང་སྒྲོ་སྐུར་དང་བཤད་འབར་བྱེད་མི་རྣམས་ཀྱང་ཐེ་ཚོམ་གྱི་སྙེམས་ཐག་ཆོད་ནས་མ་ཅིག་ལ་འདུན་པ་དང་༔ དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་ནི་རྒྱ་བོད་གཉིས་ཀ་ལ་དར་ཞིང་གྲགས་ཆེ་བར་མཛད་པའོ༔ མ་ཅིག་གིས་རྒྱ་གར་བ་དང་ཆོས་ཀྱི་རྩོད་པ་མཛད་པས་རྩོད་པ་ལས་རྒྱལ་བ་དང་༔ བོད་ཆོས་རྒྱ་ལ་དར་བར་མཛད་པ་ནི་མ་ཅིག་དགུང་ལོ་ང་གཅིག་ནས་ང་གཉིས་ཀྱི་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བཅོ་ལྔ་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅུ་དྲུག་པ།
དེ་ནས་མ་ཅིག་དགུང་ལོ་ལྔ་བཅུ་ང་གཉིས་ནས་ང་དྲུག་གི་བར་དུ་ཆོས་ཉན་བཤད་དང་བཅས་པས་གདུལ་བྱ་རྣམས་ལེགས་པོར་སྐྱོང་བར་མཛད་པ་དང་༔ དེ་ནས་ཤ་ཐུད་མར་གསུམ་ལ་སོགས་པའི་བཟའ་བའི་བྱེ་བྲག་ཁལ་བརྒྱ་ལྔ་བཅུ་ང་ལྔ་བཀལ་ནས་སྲས་མོ་རྒྱན་ནེ་མ་དང་༔ བསོད་ནམས་རྒྱན་དང་༔ དཔལ་ལྡན་རྒྱན་དང་༔ འབུམ་ཚོ་རིན་ཆེན་རྒྱན་དང་བཞིའི་མགོ་བྱས་པའི་རྣལ་འབྱོར་མ་བདུན་དང་བུད་མེད་བརྒྱ་དང་བཅུ་གསུམ་ཞྭ་དམར་བས་གཙོ་བྱས་པའི་དགེ་འདུན་པའི་གྲྭ་ཚན་བརྒྱ་དང་ལྔ་བཅུ༔ མི་ནག་པ་ལྔ་བཅུ་དང་སུམ་བརྒྱ་ལ་ཞལ་ཏ་མཛད་ནས་སྟག་ལོ་ཟླ་བ་གཉིས་པའི་ཚེས་བཅོ་ལྔ་ལ་གངས་ཕུག་མོ་ཆེར་བརྫངས་བས་ཞག་ཉི་ཤུ་རྩ་ལྔ་ལོན་པ་དང་༔
ཟླ་བ་གསུམ་པའི་ཚེས་ལྔའི་ཐོ་རངས་ཁ་སྔ་མ་ལ་མ་ཅིག་སེང་གེ་དཀར་མོ་གཅིག་ལ་བཅིབས་ནས༔ རིགས་བཞི་མཁའ་འགྲོའི་ཚོགས་ལ་སོགས་པའི་མཁའ་འགྲོ་མ་འབུམ་སྡེ་ཡི་ཚོགས་དང་བཅས་པས་བསྐོར་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ནས་ནུབ་ཕྱོགས་ཨོ་རྒྱན་དུ་བྱོན་ནས་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞག་གསུམ་བཞུགས༔ ཨོ་རྒྱན་གྱི་དཔའ་བོ་དཔའ་མོ་མཁའ་འགྲོ་མ་ཡི་ཚོགས་དང་བཅས་པས་བསྐོར་ནས་ལྷ་གནས་ནོར་བུ་ཕུན་སུམ་ཚོགས་པའི་གླིང་དུ་བྱོན་ནས་གསང་སྔགས་ཀྱི་རྒྱུད་ཨུ་དུམ་ཝ་ར་བཤད༔ དབང་གི་ཆོ་ག་དང་ཚོགས་ཀྱི་འཁོར་ལོ་བསྐོར་ཏེ༔ ཞག་བདུན་བཞུགས་ནས་ལྷ་སྐལ་བ་དང་ལྡན་པ་རྣམས་གྲོལ་བར་མཛད་དོ༔ དེ་ནས་ནོར་བུ་ཕུན་སུམ་ཚོགས་པའི་གླིང་གི་ལྷ་རྣམས་དང་བཅས་པས་བསྐོར་ནས༔ ཡུལ་འཁོར་སྲུང་ལ་སོགས་པའི་རྒྱལ་ཆེན་སྡེ་བཞིའི་གནས་སུ་ཉིན་ཞག་རེ་རེ་བཞུགས་ནས་ཆོས་སྟོན་མཛད་དོ༔
དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞིའི་དཔུང་ཚོགས་དང་བཅས་པས་བསྐོར་ནས་ནམ་མཁའི་དབྱིངས་ནས་མར་བྱོན་པས༔ ཚེས་བཅོ་ལྔའི་ཉི་མ་རྩེ་ཤར་བ་དང་མཉམ་དུ་གངས་ཕུག་མོ་ཆེར་ཆགས་ཕེབས་སོ༔ དེའི་ཚེ་ན་མ་ཅིག་དཔའ་བོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བ་དང་བཅས་པ་རྣམས་ནམ་མཁའ་སྤྲིན་གྱི་མཐོང་བར་ནས་མར་བྱོན་པས༔ སྲས་ཐོད་སྨྱོན་བསམ་འགྲུབ་ཀྱིས་ཕུག་པའི་ནང་ནས་མཐོང་བས་ལོང་པས་ལྡང་བར་བྱས་སོ༔
དེ་ནས་མ་ཅིག་གིས་བྲག་ཕུག་གི་སྒོ་ཤག་སྟེ་ཕྱེས་པ་དང་༔ སྒྲུབ་པ་པོ་སྒྲུབ་པ་མཐར་ཕྱིན་ནས་ཨེ་ཡོད་གསུངས་པས༔ ཐོད་སྨྱོན་བསམ་འགྲུབ་ཀྱིས་ན་རེ༔ མ་ཅིག་འཁོར་བཅས་ནམ་མཁའ་ནས་བྱོན་པ་སྐུ་ཁམས་བདེ་ལགས་སམ༔ ངས་ཀྱང་སྒྲུབ་པའི་དྲོད་ཚད་བར་མ་ཙམ་ལ་ཕྱིན་ནས་ཡོད་ལགས་ཞུས་ནས༔ ཉམས་ལེན་གྱིས་དྲོད་རྟགས་ཕུལ་བས་མ་ཅིག་ཀྱང་ཤིན་ཏུ་མཉེས་ནས་འདི་སྐད་གསུངས་སོ༔ ང་ནམ་མཁའ་ནས་འོང་བ་ཁྱོས་ཕུག་པའི་ནང་ནས་མཐོང་བ་ཡིན་ནམ༔ ཡང་ན་ཁྱོད་ཀྱིས་ཡིད་ལ་ཤར་བ་ཡིན་ནམ་གསུངས་པས༔
ཐོད་སྨྱོན་གྱིས་ན་རེ༔ ངས་ཡུལ་སྣང་ཐམས་ཅད་སྒྱུ་མ་བཞིན་དུ་རྟོགས་པས་ང་ལ་ཡུལ་གྱིས་མི་བསྒྲིབ་པས་ཁོང་ཁོལ་པ་རྣམས་ཀྱང་མིག་རྒྱང་གང་ནས་བྱུང་བ་མཐོང་༔ ཁྱོད་མ་ཅིག་ཀྱང་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་རྒྱལ་ཆེན་སྡེ་བཞིའི་གནས་ནས་བྱོན་ནས་བྱུང་བ་མཐོང་ཞེས་ཟེར་རོ༔ སྲས་མོ་རྒྱན་ནེ་མ་ཕུག་པའི་སྒོར་ཕྱིན་པ་ལ་ཐོད་སྨྱོན་གྱིས་ཨ་མ་ནི་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ལ༔ རྒྱལ་ཆེན་སྡེ་བཞིའི་དཔུང་གིས་བསྐོར་ནས་སང་ཉི་མ་རྩེ་ཤར་ཙམ་ལ་འདིར་སླེབས་པར་འདུག་སྨྲས་པ་ལ་སོགས་པའི་གཏམ་མང་དུ་བྱུང་ཟེར་སྐད་དོ༔ དེ་ནས་མ་ཅིག་གིས་རྒྱུད་རིན་པོ་ཆེ་སྤུང་པའི་དཀྱིལ་འཁོར་ཆེན་མོ་བཞེངས་ནས་སྲས་ཐོད་སྨྱོན་བསམ་འགྲུབ་དང་གང་པ་རྨུགས་སངས་དང་༔ སྲས་མོ་རྒྱན་བཞི་དང་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་བདུན་ལ་རྒྱུད་རིན་པོ་ཆེ་སྤུངས་པའི་དབང་བཞི་ཡོངས་སུ་རྫོགས་པར་བསྐུར༔ ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་མཛད༔ ཁྲོམ་ཚོགས་ཀྱང་སྟོང་ཕྲག་གསུམ་ལྷག་ཙམ་འདུག་པ་རྣམས་ལ་ཡང་དག་པར་སྣང་བ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔ སྲས་མོ་རྒྱན་བཞིའི་ཡང་མ་ཅིག་ཉིད་དཀྱིལ་འཁོར་གྱི་གཙོ་མོར་མཐོང་བས༔ ཕྱོགས་བཞི་མཚམས་བཞི་དང་བརྒྱད་དུ་མཁའ་འགྲོ་མ་བརྒྱད༔ སྟེང་དུ་མཁའ་འགྲོ་མ་གཅིག་དང་གཙོ་འཁོར་བཅུ་ལ་དངོས་སུ་མཐོང་༔
གཞན་ཡང་ནམ་མཁའ་ལ་འཇའ་འོད་ཀྱི་གུར་དང་༔ མེ་ཏོག་སྣ་ཚོགས་ཀྱི་ཆར་བབ་པ་དང་༔ རོལ་མོའི་སྒྲ་སྙན་མང་པོ་ནམ་མཁའ་ལ་གྲག་པ་དང་༔ སྤྲིན་ཁ་དོག་སྣ་ཚོགས་མི་འདྲ་བ་དུ་མ་རྣམས་ལིང་ངེ་ཤིན་ཏུ་གསལ་བར༔ བར་སྣང་དམར་སེར་ཆགས་ནས་འདུག་པ་ལ་སྦྲང་ཆར་ཟིམ་བུ་ཟི་ལི་ལི་བབས་ནས་བྱུང་བའི་སྟོབས་ཀྱིས་ཉི་མའི་ཚ་གདུང་སེལ་ཞིང་ས་གཞི་ལ་ཡང་གཤེར་མ་ཡིན་པས་སྣུམ་ཆགས་པ་དང་༔ རླངས་པ་སྲབ་བུ་ཁ་དོག་སྣ་ཚོགས་པ་ཁྲ་མེར་རེ་རེ་འོད་ཀྱི་རང་བཞིན་ཅན༔ སྨིག་རྒྱུ་འཁྲིག་པ་ལྟ་བུ་འཁྲིགས་པ་དང་༔ དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་རྣམས་ཡུལ་ཕྱོགས་དེ་སྐོར་ཐམས་ཅད་ཀྱིས་མཐོང་ངོ་༔ དེ་ལ་ཐམས་ཅད་ཀྱིས་དད་ཤུགས་དྲག་པོ་རྩོལ་མེད་དུ་སྐྱེས་སོ༔ དེའི་ཚེ་ན་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་མགོ་བོ་ན་ནས་ཅུང་ཟད་ཅིག་སྨྱོས་པས༔ རྣལ་མ་ཁད་ལྟར་དུ་ཡུད་ཙམ་ཞིག་ལ་དྲན་པ་མེད་པར་གྱུར་ཏོ༔ དེ་ནས་རྣལ་སད་པ་ལྟར་དུ་སོང་ནས་ཁམས་དང་དབང་པོ་ཤིན་ཏུ་གསལ་ཞིང་དྭངས་བ་ཞིག་བྱུང་ནས་བལྟས་པས་མདུན་གྱི་ནམ་མཁར་མདུང་གང་ཙམ་གྱི་སྟེང་ན༔ སྤྲིན་ཁ་དོག་སྣ་ཚོགས་པ་འོད་ཀྱི་རང་བཞིན་ཅན་ཕྱིང་པ་ཙམ་ཞིག་མཐུག་ལིང་ངེ་འདུག་གོ༔ སྤྲིན་དེའི་སྟེང་ན་འོད་ཀྱི་སྦུ་གུ་ཁང་པའི་གད་ཁ་ཐུང་ངུ་ཙམ་ཞིག་འདུག་པའི་རྩེ་མོར༔ སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར༔ ངོ་བོ་མ་ཅིག་ལ་རྣམ་པ་ནི་རྡོ་རྗེ་དབྱིངས་ཕྱུག་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་མ་སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་རབ་ཏུ་བརྒྱན་ནས་ཞབས་གཉིས་བརྐྱང་བསྐུམ་གྱི་གར་ཐབས་ཀྱིས་བཞེངས་ནས་འདུག༔
དེའི་སྟེང་དུ་མཁའ་འགྲོ་མ་མཐིང་ག༔ ཤར་དུ་མཁའ་འགྲོ་མ་དཀར་མོ༔ ལྷོར་རུ་མཁའ་འགྲོ་མ་སེར་མོ༔ ནུབ་ཏུ་མཁའ་འགྲོ་མ་དམར་མོ༔ བྱང་དུ་མཁའ་འགྲོ་མ་ལྗང་མོ་ཤར་ལྷོར་དཀར་སེར༔ ལྷོ་ནུབ་ཏུ་དམར་སེར༔ ནུབ་བྱང་དུ་དམར་ལྗང་༔ བྱང་ཤར་དུ་དཀར་ལྗང་༔ དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་༔ ཁ་ཊྭཱཾ་ག་ལ་འཁྱུད་ནས་ཞབས་གཉིས་བརྐྱང་བསྐུམ་གྱི་གར་ཐབས་སུ་བཞེངས་པ་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་ཅན༔ འོད་ཟེར་དུ་མ་འཕྲོ་བ་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ དེ་རྣམས་ཀྱི་སྟེང་གི་མདུང་གང་ཙམ་དུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ དེའི་སྟེང་དུ་མདུང་གང་ཙམ་གྱི་སོ་ན་རྡོ་རྗེ་འཆང་ལ་རྩ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ རྡོ་རྗེ་འཆང་གི་གཡོན་ཕྱོགས་ཀྱི་ཐད་རིང་བ་གཅིག་ན༔ སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཉན་ཐོས་ཆེན་པོ་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ ཤཱཀྱ་ཐུབ་པའི་གཡོན་ཕྱོགས་སུ་སངས་རྒྱས་འོད་དཔག་མེད་ལ་ཉེ་བའི་བྱང་ཆུབ་སེམས་དཔའ་བརྒྱད་དང་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔
གཞན་ཡང་སངས་རྒྱས་རེ་རེ་ལ་ཡང་རང་རང་གི་འཁོར་སངས་རྒྱས་བཅུ་རེས་བསྐོར་བ་ལ་ཡང་ས་བཅུའི་བྱང་ཆུབ་སེམས་དཔའ་བརྒྱད་རེས་བསྐོར་ནས་བཞུགས་ནས་འདུག༔ དེ་རྣམས་ཀྱི་མཐར་དཔའ་བོ་དང་དཔའ་མོ་དང་༔ མཁའ་འགྲོ་དང་༔ ཤུགས་འགྲོ་དང་༔ བསྟན་སྲུང་དང་༔ ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པའི་མཐའ་ཡས་པ་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ རྡོ་རྗེ་འཆང་གི་གཡས་ཕྱོགས་སུ་འཁོར་ལོ་བདེ་མཆོག༔ སངས་རྒྱས་ཐོད་པ༔ གཤིན་རྗེ་གཤེད་དམར་པོ་ལ་སོགས་པའི་གསང་སྔགས་བླ་མེད་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔
དེ་རྣམས་ཀྱི་མཐའ་སྐོར་དུ་རང་རང་གི་བསྟན་པ་སྲུང་བའི་དམ་ཅན་སྲུང་མ་མཐའ་ཡས་པས་བསྐོར་ནས་བཞུགས་ནས་འདུག༔ རྡོ་རྗེ་འཆང་གི་མདུན་ཕྱོགས་སུ་ཁྲོས་མ་ནག་མོ་ལྷ་ལྔ་དང་གསང་བ་ཆེན་མོ་མ་ཧ་མ་ཡ་དང་རྡོ་རྗེ་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་རང་རང་གི་འཁོར་གྱིས་བསྐོར་བ་དང་༔ དེ་ལ་མཁའ་འགྲོ་མ་འབུམ་སྡེའི་ཚོགས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ རྡོ་རྗེ་འཆང་གི་རྒྱབ་ཕྱོགས་སུ་འོད་ཁ་དོག་སྣ་ཚོགས་པ་འཇའ་ཚོན་ལྟ་བུའི་འཁོར་ལོ་ལུ་གུ་རྒྱུད་མང་པོ་འབྲེལ་ནས་འདུག་པའི་འོད་ཀྱི་ཐིག་ལེ་རེ་རེའི་ནང་དུ་སངས་རྒྱས་ཀྱི་སྐུ་གསེར་གྱི་མདོག་ཅན་རེ་རེ་བཞུགས་ནས་འདུག་པའི་དབུའི་སྟེང་དུ་གསེར་གྱི་གདུགས་གསུམ་རེ་འཁོར་ཞིང་འདུག་གོ༔ མ་ཅིག་མཁའ་འགྲོ་ལྷ་བཅུའི་འོག་ཏུ་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་རང་རང་གི་འཁོར་གྱིས་བསྐོར་ནས་བཞུགས་ནས་འདུག༔ དེ་རྣམས་ཀྱི་མཐར་ཕྱོགས་སྐྱོང་བཅུ་ལ་རང་རང་གི་འཁོར་གྱིས་བསྐོར་ནས་བཞུགས་ནས་འདུག༔ དེ་རྣམས་ཀྱིས་སྤྲིན་གྱི་གསེབ་དུ་གསལ་པོར་མཐོང་བས་ཐོད་སྨྱོན་གྱི་བསམ་པ་ལ༔ ལྷ་ཚོགས་ཀྱི་འདི་རྣམས་ཐམས་ཅད་མ་ཅིག་སྤྲུལ་པ་ཡིན་ནམ༔ ཡང་ན་མ་ཅིག་གིས་ལྷ་ཚོགས་འདི་རྣམས་སྤྱན་དྲངས་པ་ཡིན་ནམ༔ ཡང་ན་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་འདིར་ཡོད་པ་ལ༔ དེ་སྔ་ཕན་ཆད་ལ་ངས་མ་མཐོང་བ་ཨེ་ཡིན༔ མ་ཅིག་ལ་དྲི་དགོས་སྙམ་ཙ་ན༔ སྲས་མོ་རྒྱན་བཞིས་ཚོགས་བསྟབ་ཅིང་གར་བྱེད་ནས་ལུས་གྲུ་གང་ཙམ་ས་ལ་མ་རེག་པ་ལ༔ གསུང་དབྱངས་ཡན་ལག་དྲུག་བཅུའི་དབྱངས་དང་བཅས་ནས་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ་ཞིང་འདི་སྐད་དོ༔
ཨེ་མ་རྗེ་བཙུན་ཟིལ་ནོན་ཁྱེད༔ དཔའ་བོ་རྟ་མཆོག་སྤྲུལ་པ་སྟེ༔ མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས༔ གྲུབ་ཐོབ་བརྒྱད་ཀྱིས་བྱིན་རླབས་པས༔ དཔའ་བོ་དཔའ་མོའི་ཚོགས་དང་བཅས༔ ཚོགས་ལ་མངའ་བས་ཚོགས་ལ་རོལ་ཞེས་བཞི་ཀས་མགྲིན་གཅིག་ཏུ་སྨྲ་ཞིང་འདུག་པས༔ དེའི་ཚེ་ངའི་རྒྱབ་ཕྱོགས་ཀྱི་ནམ་མཁའ་ནས་འོད་ཆེན་པོ་ཞིག་ཤར་ཏེ་ངའི་མདུན་དུ་བབས་ནས་བྱུང་སྟེ༔ ཡར་ལ་བལྟས་པས་ནམ་མཁའ་ལ་སྤྲིན་ཁ་དོག་སྣ་ཚོགས་འཁྲིགས་པའི་གསེབ་ན་ཀླུ་སྒྲུབ་ཡབ་སྲས༔ ལུ་ཧི་པ་མཚོ་སྐྱེས་རྡོ་རྗེ༔ གུ་གུལ་པ་སངས་རྒྱས་ཡེ་ཤེས༔ དམ་པ་སངས་རྒྱས༔ འཇམ་དཔལ་བཤེས་གཉེན༔ འབིར་བར་པ་དགའ་རབ་རྡོ་རྗེ༔ བྷི་མ་ལ་མི་ཏྲ༔ ཤྲཱི་སིང་ཧ༔ པདྨ་བཛྲ་ལ་སོགས་པའི་གྲུབ་ཐོབ་རྣམས་དང་རིག་འཛིན་བསམ་གྱིས་མི་ཁྱབ་པ་མང་པོ་རུས་པའི་རྒྱན་གྱིས་བརྒྱན་ནས༔ སྤྲིན་གྱི་གསེབ་ཏུ་གསལ་པོར་བཞུགས་ནས་འདུག་པར་མཐོང་བས༔ དེ་ནས་ཚོགས་འཁོར་དང་དཀྱིལ་འཁོར་གྱི་རྗེས་ཆོག་དང་བཅས་པ་རྣམས་ཚར་ནས༔ ལྷ་ཚོགས་རྣམས་ཀྱང་སྤྲིན་ལ་ཐིམ་ནས་ཐལ༔ སྤྲིན་ཀྱང་འོད་དུ་ཡལ་ནས་ནམ་མཁའ་ལ་ཐིམ་ནས་ཐལ་ཏེ༔ ཅི་ཡང་མི་སྣང་བར་གྱུར་ཏོ༔ དེ་ནས་མ་ཅིག་གིས་གཅོད་གྱི་ངེས་དོན་ཚིག་གསལ་གསུངས་ཏེ༔
དེའི་རྗེས་སུ་སྔགས་ཀྱི་རྣམ་བཤད་ཆེན་མོ་བརྩམས་པ་ལ༔ གཞུང་འགྲེལ་གཉིས་ཀྱི་གཞུང་ལ༔ རྩ་ཚིག་བརྒྱད་ཀྱིས་བསྟན་པ་ལ༔ དེ་ལ་བཤད་སྲོལ་སུམ་ཅུ་སོ་གཉིས་ཀྱིས་བཤད་པ་ལ༔ མདའ་ཚད་ཀྱི་ཤོག་གུ་བཞི་བརྒྱ་དང་བཞི་བཅུ་ཡོད་པ་ལ་མིང་རྡོ་རྗེའི་རྫོང་བརྒྱད་ཅེས་ཟེར་རོ༔ འགྲེལ་པ་ལ་ཤོག་གུ་བཞི་བརྒྱ་དང་བཞི་བཅུ་ཞེ་བརྒྱད་ཡོད་པ་ལ་མིང་སྒྲོན་གསལ་ཞེས་ཟེར་རོ༔ གཞུང་འགྲེལ་གཉིས་ཀ་ལ་རྡོ་རྗེའི་རྫོང་བརྒྱད་སྒྲོན་གསལ་ཞེས་ཟེར་རོ༔ སྔགས་ཀྱི་རྣམ་བཤད་ཆེན་མོ་འདི་ནི་རྗེ་བཙུན་སྒྲོལ་མས་གནང་བའི་རྒྱུད་ཆེན་པོ་གསུམ་དང་༔ དམ་པ་སངས་རྒྱས་རིན་པོ་ཆེ་དང་བསོད་ནམས་གྲགས་པ་ནས་བྱུང་བའི་སྔགས་ཆོས་རྣམས་ལ་བརྟེན་ནས་གསང་སྔགས་སྤྱིའི་དོན་མཐུན་དང་བཅས་པ་རྣམས་ཞག་བཅུ་དྲུག་ནས་གྲུབ་པར་མཛད་པའི་དུས་ནི༔ མ་ཅིག་དགུང་ལོ་ལྔ་བཅུ་ང་བདུན་གྱི་དུས་ཡིན༔ གནས་ནི་ཤམ་པོའི་གངས་ཕུག་མོ་ཆེ་ཡིན༔ ཞུ་བ་པོ་ནི་སྲས་ཐོད་སྨྱོན་བསམ་འགྲུབ་དང་མཚན་ལྡན་གང་པ་རྨུགས་སངས་གཉིས་ཡིན༔ འཕགས་སྐྱེས་པོ་ལ་སོགས་པའི་རྒྱལ་ཆེན་སྡེ་བཞིའི་ཡང་བསྐུལ་བ་པོ་མཛད་དོ༔ དེ་ནས་ཁྲོམ་ཚོགས་སྤྱི་རྣམས་ནི་སོ་སོར་གྱེས༔ ཆོས་ཉན་པ་པོ་ནི་བརྒྱ་དང་བདུན༔ ཞུ་བ་པོ་ནི་དྲུག་དང་༔ ཡི་གེ་པ་ནི་བརྒྱད་བྱུང་བ་དང་༔ ཐམས་ཅད་ལ་བརྒྱ་དང་ཉེར་གཅིག་འདུག་གོ༔ ཡི་གེ་པ་ནི་ཆོས་ཀྱི་སེང་གེ༔ རྡོ་རྗེ་སེང་གེ༔ གང་པ་རྨུགས་སངས༔ སྟོན་པ་རིན་ཆེན་རྒྱལ་མཚན༔ བུ་མོ་རྒྱན་བཞི་དང་བརྒྱད་དེ་རྩ་ཚིག་བརྒྱད་དང་ཐབས་ཤེས་ཀྱི་རྟེན་འབྲེལ་གྱི་ཆ་ལ་བརྟེན་ནས་གྲུབ་པར་མཛད་དོ༔ ཆོས་ཚར་བའི་ཉིན་པར་ཚོགས་འཁོར་ཆེན་པོ་ཞིག་མཛད་པའི་ཚོགས་གྲལ་དུ༔
སྲས་ཐོད་སྨྱོན་བསམ་འགྲུབ་ཀྱིས་མ་ཅིག་ལ་ཞུས་པ་ཀྱེ་མ་ཅིག་ལགས༔ རང་རེ་མ་ཅིག་ལ་མི་ཐམས་ཅད་ཀྱིས་མཐོང་ལུགས་མི་འདྲ་བ་སྣ་ཚོགས་ལ་མཐོང་བར་སྣང་བ་དང་༔ བུ་མོ་རྒྱན་བཞི་དང་ངས་ཀྱང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དངོས་སུ་མཐོང་བ་དང་༔ གཞན་ཡང་ཕ་རྒྱུད་མ་རྒྱུད་ལ་སོགས་པའི་ལྷ་ཚོགས་རྣམས་དང་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་རྣམས་དང་༔ རྒྱལ་ཆེན་སྡེ་བཞི་དང་བསྟན་སྲུང་ཕྱོགས་སྐྱོང་ལ་སོགས་པ་རྣམས་དང་༔ ལུ་ཧི་པ་ལ་སོགས་པའི་གྲུབ་ཆེན་རྣམས་དང་༔ རྡོ་རྗེ་འཆང་ལ་སོགས་པའི་རྩ་རྒྱུད་ཀྱི་བླ་མ་རྣམས་དང་དེ་ལ་སོགས་པའི་མཐོང་སྣང་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་བས་འདི་རྣམས་མ་ཅིག་ཉིད་ཀྱིས་སྤྲུལ་པ་ཡིན་ནམ༔ ཡང་ན་མ་ཅིག་ཉིད་ཀྱིས་ལྷ་ཚོགས་འདི་རྣམས་སྤྱན་དྲངས་པ་ཡིན་ནམ༔ ཡང་ན་སྒྲིབ་པ་དག་པ་རྣམས་ཀྱིས་གང་དུ་ལྷ་ཚོགས་འདི་འདྲ་མཐོང་བ་ཡིན་ནམ༔ ཡང་ན་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་འདིར་ཡོད་པ་ཡིན་ནམ་ལགས་ཞུས་པས༔ མ་ཅིག་གི་ཞལ་ནས་འདི་སྐད་གསུངས༔ བུ་ཤེས་རབ་རིག་ལྡན་ལས་འཕྲོ་ཅན༔ འདི་ལྟར་ཡིན་ནོ་ཡིད་ལ་ཟུངས༔ སངས་རྒྱས་ཞིང་ཁམས་མཐོང་བ་དེ༔ ཉོན་མོངས་སྒྲིབ་པ་བྲལ་བ་ཡིན༔ ཉོན་མོངས་ཀྱི་སྒྲིབ་པ་བྲལ་བ་ན༔ སངས་རྒྱས་ཀྱི་ཞིང་ཁམས་གར་ཡང་མཐོང་༔ དཔེར་ན་ཆུ་སྣོད་གང་དུ་གནས་པ་ལ༔ ཟླ་བའི་གཟུགས་བརྙན་འཆར་རོ་བུ༔ ང་ཉིད་གང་དུ་གནས་གྱུར་ཀྱང་༔ ཡི་དམ་ལྷ་ཚོགས་འཁོར་བ་ཡིན༔ དྲི་ལྡན་པདྨའི་ཚལ་རབ་རྒྱས་པ་ན༔ གཟི་ལྡན་བུང་བའི་ཚོགས་རྣམས་རང་བཞིན་འཁོར༔ དེ་བཞིན་ང་ཉིད་གང་དུ་གནས་གྱུར་ཀྱང་༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས་མ་ལུས་འཁོར༔ ང་ཉིད་ཡེ་ཤེས་དབྱིངས་ཀྱི་ལྷ་མོ་ཡིན༔ འདོད་པར་སྤྲུལ་ན་ལྷ་ཚོགས་ང་ལ་འབྱུང་༔ ས་གཞི་གཤེར་དང་དྲོད་ཀྱིས་བསྐུལ་བ་ན༔ ལོ་ཐོག་རྩི་བཅུད་འབྱུང་ངོ་རིགས་ཀྱི་བུ༔ ང་ཉིད་ཡེ་ཤེས་ལྷ་མོ་སྒྱུ་འཕྲུལ་ཡིན༔ ང་ཕྱི་ལྟར་རྒྱལ་བའི་ཡུམ་ཆེན་ཡིན༔ ནང་ལྟར་རྗེ་བཙུན་སྒྲོལ་མ་ཡིན༔ གསང་ལྟར་རྡོ་རྗེ་ཕག་མོ་ཡིན༔ དབྱིངས་ལྟར་ཀུན་ཏུ་བཟང་མོ་ཡིན༔ ཐུབ་བསྟན་ཐོག་མར་ཀུན་ཏུ་བཟང་མོ་གང་གའི་ལྷ་མོ་ཡིན༔ བར་དུ་མཁའ་འགྲོ་བདེ་བའི་དངོས་གྲུབ་ཡིན༔ ཕྱིས་འབྱུང་བོད་དུ་ཡེ་ཤེས་མཚོ་རྒྱལ་ཡིན༔ ད་ལྟ་ང་ཉིད་ཡིན་ནོ་རིགས་ཀྱི་བུ༔ དེ་ལས་ཞིབ་པར་བཤད་མི་ལོང་༔ ཞེས་གསུངས་པས༔ ཡང་ཐོད་སྨྱོན་གྱིས་ཞུས་པས༔ ཀྱེ་མ་ཅིག་ལགས༔ ཁྱེད་དེ་ལྟ་བུའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་མོ་དེ་ལ་སྐུ་མདོག་དང་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་ནི༔ ཡུལ་ཕྱོགས་འདི་ཉིད་མ་ཡིན་པའི་ཡུལ་གཞན་དུ་ཡང་ཨེ་ཡོད་ཞུས་པས༔ ཡང་མ་ཅིག་གི་ཞལ་ནས་བུ་ཉོན་དང་ང་ཡི་སྤྲུལ་པ་ནི་ཡུལ་ཕྱོགས་གཞན་དུ་ཡང་ང་ཉིད་ཅི་ལྟ་བ་བཞིན་དུ་ཡོད་དོ༔ དེ་ནས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པའི་སྙིགས་མ་ལ༔ འཛམ་གླིང་བྱེ་བ་ཕྲག་བརྒྱའི་བྱང་ཕྱོགས་སུ་བོད་ཁམས་ཀྱང་བྱེ་བ་ཕྲག་བརྒྱ་བྱུང་ནས་གངས་རིའི་ལྗོངས་སུ་ཐུབ་པ་ཉིད་ཀྱིས་ལུང་བསྟན་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་ཡང་བྱེ་བ་ཕྲག་བརྒྱ་བྱུང་ལ༔ ང་ཉིད་ཡང་བྱེ་བ་ཕྲག་བརྒྱ་བྱུང་ནས་གཟུགས་ཅན་དང་གཟུགས་མེད་ཀྱི་སེམས་ཅན་གང་ལ་ཡང་གནོད་པ་བྱེད་མི་རྣམས་དང་ཁྱད་པར་ཡང་སེམས་ཅན་མ་རུངས་པ་གདུག་པ་ཅན་རྣམས་འདུལ་བའི་དུས་ལ་བབས་པའི་ཕྱིར་དུ༔ དམ་ཆོས་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་བསྟན་ནས༔ འགྲོ་བ་བཟང་ངན་མེད་པ་ཐམས་ཅད་ཀྱི་དོན་བྱེད་པ་ཡིན་ཅིང་སྙིགས་མ་ལྔ་པོ་བདོ་བའི་དུས་སུ་ཡང་༔ སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པ་བཞིན་དུ༔ རྣལ་འབྱོར་མ་ངའི་ཆོས་ལུགས་ཀྱིས་བོད་གངས་ཅན་ཁྲོད་པ་ཐམས་ཅད་འདུལ་བའི་དུས་ལ་བབ་པ་འདི་རང་ཡིན་ནོ༔ སྐལ་ལྡན་རིགས་ཀྱི་བུ་ཞེས་གསུངས་སོ༔
དེ་ནས་ཚོགས་འཁོར་ཚར་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་དགེ་ལེགས་དང་བཅས་པ་རྣམས་ལེགས་པོར་གྲུབ་པར་མཛད་པ་དང་༔ མ་ཅིག་འཁོར་བཅས་རྣམས་ཟངས་རི་མཁར་དམར་བྱོན་ནས་ས་དཀར་ལོགས་ཀྱི་ནེལ་ཐང་དུ་ཟླ་བ་གཅིག་དང་ཞག་མ་བདུན་བཞུགས་ནས༔ ཆོས་སྤྱི་ཙམ་པའི་བཤད་པ་རྒྱས་པར་མཛད་པ་དང་༔ དེ་ནས་ཕ་རོལ་ཏུ་ཕྱིན་པའི་མདོ་ལུགས་ཀྱི་རྣམ་བཤད་ཆེན་མོ་བརྩམས་པར་མཛད་པ་ལ༔ གཞུང་འགྲེལ་གཉིས་ཏེ༔ གཞུང་ལ་མདའ་ཚད་ཀྱི་ཤོག་གུ་བརྒྱ་དང་དྲུག་ཅུ་རེ་དྲུག་ཡོད་པ་ལ་མིང་དྲི་མེད་ཟླ་མདངས་ཞེས་སོ༔ འགྲེལ་པ་ལ་ཤོག་གུ་དྲུག་བརྒྱ་དང་དྲུག་ཅུ་ཡོད་པ་ལ་མིང་མ་རིག་མུན་སེལ་ཞེས་ཟེར་ཏེ༔ གཞུང་འགྲེལ་གཉིས་ཀའི་མིང་བསྡོམ་པ་ལ་ཟླ་འོད་མུན་སེལ་ཞེས་ཟེར་རོ༔ མདོའི་རྣམ་བཤད་ཆེན་མོ་འདི་བརྩམས་པའི་དུས་ནི༔ མ་ཅིག་དགུང་ལོ་ང་བདུན་གྱི་དུས་ཡིན༔ གནས་ནི་ས་དཀར་ལོགས་ཡིན༔ ཞུ་བ་པོ་ནི་སྟོན་པ་རྣམ་པ་བཞི་ཡིན༔ ཁུ་སྒོམ་ཆོས་ཀྱི་སེང་གེ༔ མལ་གྲོལ་བ་དང་དྲུག་ཡིན་ཏེ༔ ཡི་གེ་པ་ཡང་དེ་དྲུག་གིས་བྲིས་ནས་གྲུབ་པར་མཛད་པ་དང་༔ ཚོགས་འཁོར་ཆེན་པོ་ཞིག་མཛད་པས་མི་ཐམས་ཅད་ལ་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔
མི་སྡེ་ཀུན་གྱིས་ཀྱང་འབུལ་བ་དཔག་ཏུ་མེད་པ་བྱུང་བ་རྣམས་ལྷ་སར་བསྐུར་ནས་ཇོ་བོ་ལ་མཆོད་པ་ཆེན་པོ་བཀྱག་གོ༔ དེ་ནས་ཞྭ་དམར་བ་དཔོན་སློབ་ལྔ་བཅུ་ཙམ་ཞིག་ལྷ་སར་བྱོན༔ མ་ཅིག་འཁོར་བཅས་རྣམས་ལྷོ་བྲག་ཏུ་བྱོན་ནས་འབྲུག་ཐང་དུ་ཟླ་བ་དགུར་བཞུགས་ནས༔ རིན་པོ་ཆེའི་རྒྱ་མདུད་མ་དང་དམ་ཚིག་ཉི་ཤུ་རྩ་གཅིག་དང་༔ རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་གསུམ་ལ་བཤད་པ་རྒྱས་པར་མཛད་དོ༔ ནང་རིག་པའི་དམར་ཁྲིད་ལ་སོགས་པའི་ཆོས་ཚན་མང་དུ་བཤད་པར་མཛད༔ ཞིབ་པོ་ཧུར་ཐོན་གྱིས་མཐོང་ལམ་ཐོབ་པ་ལ་སོགས་པའི་སློབ་མ་བརྒྱ་ལ་ཕན་ཐོགས་ནས་གཞན་ཕན་ནུས་པ་ཁོ་ན་བྱུང་ངོ་༔ ཟླ་འོད་མུན་སེལ་མ་བཏུས་ནས་ཉམས་ཁྲིད་ཟླ་ཟེར་མ་མཛད་དོ༔ དེ་ནས་མདོ་སྔགས་ཟུང་འཇུག་གི་རྣམ་བཤད་ཆེན་མོ་བརྩམས་པར་མཛད་པ་ལ༔ དེ་ཡང་གཞུང་འགྲེལ་གཉིས་ཏེ༔ གཞུང་ལ་ཤོག་གུ་ཉིས་བརྒྱ་དང་སུམ་ཅུ་ཡོད༔ འགྲེལ་པ་ལ་བདུན་བརྒྱ་དང་དྲུག་ཅུ་རེ་ལྔ་ཡོད་པ་ལ༔ གཞུང་འགྲེལ་གཉིས་ཀའི་མིང་ལ་གསལ་བྱེད་མཐའ་གཉིས་ཟིལ་ནོན་ཞེས་ཟེར་རོ༔ མདོ་སྔགས་ཟུང་གིས་རྣམ་བཤད་ཆེན་མོ་དེ་བརྩམས་པའི་དུས་ནི་མ་ཅིག་དགུང་ལོ་ང་བདུན་གྱི་དུས་ཡིན༔ གནས་ནི་ལྷོ་བྲག་གི་བྲག་འབྲུག་ཐང་ཡིན༔ ཞུ་བ་པོ་ནི་སྟོང་སྡེ་ངག་གི་དབང་ཕྱུག་དང་༔ གྲོལ་སྡེ་རྒྱལ་བའི་འབྱུང་གནས་དང་གཉིས༔ དཔལ་ལྡན་རྒྱན་དང་གསུམ༔ ཁུ་སྒོམ་ཆོས་ཀྱི་སེང་གེ་དང་བཞིའོ༔ ཡི་གེ་པ་ནི་སྟོན་པ་རྣམ་པ་བཞི༔ སྲས་མོ་རྒྱན་བཞི་ཆོས་ཀྱི་སེང་གེ༔ རྡོ་རྗེ་སེང་གེ༔ གང་པ་རྨུགས་སངས༔ སྐྱེ་མེད་ཟང་ཐལ་དང་བཅུ་གཉིས་ཀྱིས་གྲུབ་པར་མཛད་དོ༔ སྔགས་ཀྱི་རྣམ་བཤད་དང་༔ མདོའི་རྣམ་བཤད་དང་༔ མདོ་སྔགས་ཟུང་གི་རྣམ་བཤད་དང་གསུམ་གྱི་ས་བཅད་རྣམས་དང་བསྡུས་དོན་གསུམ་ནི་རྗེ་བཙུན་ཟིལ་གནོན་ཅེས་སམ་ཐོད་སྨྱོན་བསམ་འགྲུབ་ཀྱིས་མཛད་པར་འདུག་གོ༔
དེ་ནས་ཆོས་ཚན་རྣམས་བཤད་ཚར་ནས་སྲས་ཐོད་སྨྱོན་བསམ་འགྲུབ་དང་༔ གང་པ་རྨུགས་སངས་དཔོན་སློབ་ལྔ་གངས་ཕུག་མོ་ཆེར་བཞུད་དོ༔ མ་ཅིག་འཁོར་བཅས་རྣམས་ཟངས་རི་མཁར་དམར་དུ་བྱོན་ནོ༔ དེ་ནས་ཐོད་སྨྱོན་བསམ་འགྲུབ་དཔོན་སློབ་རྣམས་གངས་ཕུག་མོ་ཆེར་བྱོན་ནས༔ ཟླ་བ་གསུམ་རེད་པའི་ནུབ་ཅིག་རྨི་ལམ་དུ་བུད་མེད་འོད་ཟེར་ཁ་དོག་སྣ་ལྔ་འབར་བ་ཞིག་བྱུང་ནས་འདི་སྐད་ཟེར་རོ༔ རྣལ་འབྱོར་པ་ཁྱོད་ཀྱིས་མ་ཅིག་ལབ་སྒྲོན་མའི་ཆོས་སྐོར་ལ་མ་ཤེས་པ་ཡོད་དམ་ཟེར་བས༔ ཐོད་སྨྱོན་བསམ་འགྲུབ་ཀྱིས་ན་རེ༔ ངས་མ་ཅིག་གི་ཆོས་ལུགས་ལ་མ་ཤེས་པ་གཅིག་ཀྱང་མེད་སྨྲས་པས༔ བུད་མེད་དེ་ན་རེ༔ རྣལ་འབྱོར་པ་ཁྱོད་ཀྱིས་མ་ཅིག་ལབ་ཀྱི་སྒྲོན་མའི་ཆོས་ལུགས་སྤྱི་ལ་མཁས་ཤིང་ཁྱད་པར་དུ་ཡང་གསང་སྔགས་ཀྱི་ཆོས་ལ་མཁས་ཤིང་གྲུབ་པ་ཐོབ་པར་འདུག་སྟེ༔ ད་རུང་མ་ཅིག་གི་ཆོས་སྲོལ་གསུམ་ཁའི་མདོ་དོན་ཉམས་སུ་ལེན་བྱའི་རྩ་བ་ཕུང་པོ་གཟན་དུ་བསྐྱུར་ནས་ལུས་ཀྱི་མཆོད་སྦྱིན་བྱེད་ཚུལ་ལ་ད་ལྟ་རྩད་དར་ལེགས་པོར་ཆོད་ཅིག༔ ཁྱོད་ཟངས་རི་མཁར་དམར་དུ་སོང་ཞིག་ཟེར་ནས་འོད་དུ་ཡལ་ནས་ཐལ་ལོ༔
དེ་ནས་ཐོད་སྨྱོན་བསམ་འགྲུབ་ཀྱིས་དགོངས་པ་ལ༔ བུད་མེད་འདི་མ་ཅིག་གི་སྤྲུལ་པ་གཅིག་ཡིན་ནམ༔ ད་རུང་ངས་མ་ཅིག་གི་ཆོས་ལུགས་ལ་ཕུང་པོ་ལུས་ཀྱི་མཆོད་སྦྱིན་བྱེད་ཚུལ་ལ་མ་ཤེས་པ་ཞིག་འདུག་པ་སྟེ༔ ད་ལྟ་མ་ཅིག་ལ་ཞུ་འགྲོ་དགོས་སྙམ་ནས༔ ཐོད་སྨྱོན་བསམ་འགྲུབ་དཔོན་སློབ་རྣམས་ཟངས་རི་མཁར་དམར་དུ་བྱོན་པས༔ མ་ཅིག་གིས་ཕག་མོ་ལྷ་ལྔའི་དབང་མཛད་པ་དང་ཐུག་པས༔ ཐོད་སྨྱོན་གྱིས་མ་ཅིག་ཕག་མོ་ལྷ་ལྔ་དངོས་སུ་ཞལ་གཟིགས་ནས་རྡོ་རྗེ་ཕག་མོ་དམར་མོའི་ཌཱ་ཀི་འབུམ་བསྐུལ་མཛད་དོ༔
དེའི་ཚེ་སྲས་མོ་རྒྱན་བཞིས་ཀྱང་མ་ཅིག་ཕག་མོར་མཐོང་བའི་ཕྱོགས་བཞིར་འོད་དཀར་པོ༔ སེར་པོ༔ དམར་པོ༔ ལྗང་གུ་མེ་ལོང་ཙམ་བཞི་འབར་བའི་རྣམ་པར་མཐོང་༔ དེ་ནས་དབང་ཚར་བའི་ཕྱིར་ནངས་ཉི་མ་རྩེ་ཤར་ཙམ་དུས་སུ་མ་ཅིག་གི་ཞལ་ནས་ཐོད་སྨྱོན་ཁྱེད་དཔོན་སློབ་རྣམས་འདི་ན་ཅི་ལ་འོང་པ་ཡིན་གསུངས་པས༔ ཐོད་སྨྱོན་གྱིས་ན་རེ༔ ངེད་དཔོན་སློབ་རྣམས་བུད་མེད་ལུས་ལ་འོད་ཁ་དོག་སྣ་ཚོགས་འཕྲོ་བ་ཞིག་གིས་ལུས་མཆོད་སྦྱིན་གྱི་བྱེད་ཚུལ་ཞུ་བ་ལ་སོང་ཟེར་ནས་འོང་བ་ཡིན་ལགས་ཞུས་པས༔ མ་ཅིག་གི་ཞལ་ནས༔ དེ་ཞིང་སྐྱོང་གི་མཁའ་འགྲོ་མ་སྣ་ཚོགས་གཟུགས་ཅན་ཞེས་བྱ་བ་ཡིན་ཏེ༔ འདིར་བྱུང་ནས་ཐོད་སྨྱོན་བསམ་འགྲུབ་དཔོན་སློབ་རྣམས་འོང་ཞིང་ཡོད་ཟེར་བ་བྱུང་གསུངས༔ དེ་ནས་ཐོད་སྨྱོན་བསམ་འགྲུབ་དང་སྲས་མོ་རྒྱན་བཞིས་སྔར་མ་ཅིག་ཕག་མོར་མཐོང་ཚུལ་རྣམས་ཞིབ་ཏུ་ཞུས་པས༔ མ་ཅིག་གི་ཞལ་ནས༔ ང་ཕྱི་ལྟར་རྒྱལ་བའི་ཡུམ་ཆེན་ཡིན༔ ནང་ལྟར་རྗེ་བཙུན་སྒྲོལ་མ་ཡིན༔ གསང་ལྟར་རྡོ་རྗེ་ཕག་མོ་ཡིན༔ དབྱིངས་ལྟར་རྡོ་རྗེ་བདག་མེད་ཡིན༔ འཁོར་གྱི་མཁའ་འགྲོ་བཞི་པོ་ཡང་༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ ང་ཕྱི་ལྟར་འབྱུང་བ་ལྔ་རུ་གསལ༔ ནང་ལྟར་ཡེ་ཤེས་མཁའ་འགྲོ་ལྔ༔ གསང་ལྟར་ཡི་གེ་རྣམ་པ་ལྔ༔ ང་ས་ནི་སངས་རྒྱས་མཁའ་འགྲོ་ཡིན༔ ཆུ་ནི་རིན་ཆེན་མཁའ་འགྲོ་ཡིན༔ མེ་ནི་པདྨ་མཁའ་འགྲོ་ཡིན༔ རླུང་ནི་ལས་ཀྱི་མཁའ་འགྲོ་ཡིན༔ ནམ་མཁའ་དབྱིངས་ཕྱུག་ང་ཉིད་ཡིན༔ དེ་ལྟར་འབྱུང་བ་ལྔ་པོ་ཡང་༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ གཙོ་འཁོར་ལྔ་པོ་འབྱུང་བ་ལྔ༔ སངས་རྒྱས་མཁའ་འགྲོ་སྐུ་མདོག་དཀར༔ རིན་ཆེན་མཁའ་འགྲོ་སྐུ་མདོག་སེར༔ པདྨ་མཁའ་འགྲོ་སྐུ་མདོག་དམར༔ ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་༔ ང་ཉིད་ཕག་མོ་སྐུ་མདོག་མཐིང་༔ གཙོ་བོ་ལྔ་པོ་མཁའ་འགྲོ་ལྔ༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ སངས་རྒྱས་མཁའ་འགྲོ་ཧ་ཡིག་དཀར༔ རིན་ཆེན་མཁའ་འགྲོ་རི་ཡིག་སེར༔ པདྨ་མཁའ་འགྲོ་ནི་ཡིག་དམར༔ ལས་ཀྱི་མཁའ་འགྲོ་ས་ཡིག་ལྗང་༔ ང་ཉིད་བཾ་ཡིག་མཐིང་ག་སྟེ༔ གཙོ་བོ་ལྔ་པོ་ཡི་གེ་ལྔ༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ ཞེས་གསུངས་སོ༔ ཡང་མ་ཅིག་གི་ཞལ་ནས༔ ང་ཉིད་གཙོ་འཁོར་ལྔ་པོ་ཡང་༔ ཕྱི་ལྟར་སྐུ་ལྔའི་རང་བཞིན་ལ༔ ནང་ལྟར་སྟེང་མཚམས་མཁའ་འགྲོ་ལྔ༔ གསང་བ་ལྟར་ན་ཡེ་ཤེས་ལྔ༔ སངས་རྒྱས་མཁའ་འགྲོ་ཆོས་ཀྱི་སྐུ༔ རིན་ཆེན་མཁའ་འགྲོ་ལོངས་སྤྱོད་རྫོགས༔ པདྨ་མཁའ་འགྲོ་སྤྲུལ་པའི་སྐུ༔ ལས་ཀྱི་མཁའ་འགྲོ་ངོ་བོ་ཉིད༔ ང་ཉིད་མངོན་པར་བྱང་ཆུབ་སྐུ༔ གཙོ་འཁོར་ལྔ་པོ་སྐུ་ལྔར་གསལ༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ དམ་ཚིག་མཁའ་འགྲོ་དཀར་སེར་གཟུགས༔ ལྷ་ཚོགས་མཁའ་འགྲོ་དམར་སེར་གཟུགས༔ ཐམས་ཅད་མཁའ་འགྲོ་དམར་ལྗང་གཟུགས༔ འཇིག་རྟེན་མཁའ་འགྲོ་དཀར་ལྗང་གཟུགས༔ བདེ་གཤེགས་མཁའ་འགྲོ་ནམ་མཁའི་གཟུགས༔ གཙོ་འཁོར་ལྔ་པོ་སྣ་ཚོགས་གཟུགས༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ སངས་རྒྱས་མཁའ་འགྲོ་མེ་ལོང་ཉིད༔ རིན་ཆེན་མཁའ་འགྲོ་མཉམ་པ་ཉིད༔ པདྨ་མཁའ་འགྲོ་སོར་རྟོགས་ཉིད༔ ལས་ཀྱི་མཁའ་འགྲོ་བྱ་གྲུབ་ཉིད༔ ང་ཉིད་ཆོས་དབྱིངས་ཡེ་ཤེས་ཏེ༔ གཙོ་བོ་ལྔ་པོ་ཡེ་ཤེས་ལྔ༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་སྐུ་ནི་སངས་རྒྱས་མཁའ་འགྲོ་ཡིན༔ གསུང་ནི་པདྨ་མཁའ་འགྲོ་ཡིན༔ ཐུགས་ནི་རྡོ་རྗེ་མཁའ་འགྲོ་ཡིན༔ ཡོན་ཏན་རིན་ཆེན་མཁའ་འགྲོ་ཡིན༔ འཕྲིན་ལས་ལས་ཀྱི་མཁའ་འགྲོ་ཡིན༔ ང་ཉིད་གཙོ་འཁོར་ལྔ་ལས་གྲུབ༔ ལྟ་སྒོམ་སྤྱོད་འབྲས་དམ་ཚིག་ལྔ༔ ང་ཉིད་ཕག་མོའི་ལྟ་བ་སྟེ༔ སྒོམ་པ་སངས་རྒྱས་མཁའ་འགྲོ་མ༔ སྤྱོད་པ་པདྨ་མཁའ་འགྲོ་མ༔ འབྲས་བུ་རིན་ཆེན་མཁའ་འགྲོ་མ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་མ༔ གཙོ་འཁོར་ལྔ་པོ་ཉམས་ལེན་མཆོག༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ ཐ་མལ་བུད་མེད་ལབ་སྒྲོན་ང་༔ ཕུང་པོ་ལྔ་པོ་སངས་རྒྱས་ལྔ༔ གཟུགས་ཕུང་རྣམ་པར་སྣང་མཛད་ཡིན༔ ཚོར་བ་རིན་ཆེན་འབྱུང་ལྡན་ཡིན༔ འདུ་ཤེས་སྣང་བ་མཐའ་ཡས་ཡིན༔ འདུ་བྱེད་དོན་ཡོད་གྲུབ་པ་ཡིན༔ རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡིན༔ དེ་ལྟར་རྒྱལ་བ་རིགས་ལྔ་རྣམས༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ བྱ་གྲུབ་བྱམས་སེམས་མཁའ་འགྲོ་ལྔ༔ བྱམས་སེམས་མཁའ་འགྲོ་བཅོ་ལྔ་ལ༔ ཤ་རུས་སངས་རྒྱས་མཁའ་འགྲོ་ཡིན༔ དྲོད་ནི་རིན་ཆེན་མཁའ་འགྲོ་ཡིན༔ ཁྲག་ནི་པདྨ་མཁའ་འགྲོ་ཡིན༔ དབུགས་ནི་ལས་ཀྱི་མཁའ་འགྲོ་ཡིན༔ རྣམ་ཤེས་རྡོ་རྗེ་མཁའ་འགྲོ་ཡིན༔ དེ་ལྟར་ཐ་མལ་བུད་མེད་ལབ་སྒྲོན་ང་༔ སངས་རྒྱས་ཡབ་ལྔ་ཡུམ་ལྔ་དང་༔ དཔའ་བོ་དཔའ་མོ་མཁའ་འགྲོ་དང་༔ ཡེ་ཤེས་དཔལ་མགོན་མ་ལུས་རྣམས༔ བཞུགས་སམ་འདུས་པའི་ཕོ་བྲང་ནི༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན༔ དཔེར་ན་རྟེན་བྱེད་ས་གཞི་ལ༔ རྩི་བཅུད་འདོད་དགུ་འབྱུང་བ་བཞིན༔ ང་ཡི་ཕུང་ཁམས་སྐྱེ་མཆེད་རྣམས༔ ལྷ་དང་ལྷ་མོའི་རང་བཞིན་ཡིན༔ དཔེར་ན་རྩི་བཅུད་མེ་ཏོག་ལ༔ བུང་བའི་ཚོགས་རྣམས་རང་བཞིན་འདུས༔ དེ་བཞིན་ང་ཉིད་གར་གནས་ཀྱང་༔ ལྷ་ཚོགས་སྤྲིན་བཞིན་འདུས་པ་ཡིན༔ ཤེས་པར་གྱིས་ཤིག་རིག་པ་ཅན༔
དེ་ནས་ཐོད་སྨྱོན་བསམ་འགྲུབ་ཀྱིས་མ་ཅིག་གི་མདུན་དུ་པུས་མོ་བཙུགས༔ ཐལ་མོ་སྦྱར་ནས་ཞུས་པ༔ ཀྱེ་མ་རྒྱལ་བའི་ཡུམ་ཆེན་གྱི༔ ཐུགས་སྤྲུལ་ལབ་ཀྱི་སྒྲོན་མ་ཁྱེད༔ མ་དག་སེམས་ཅན་སྣང་ངོས་སུ༔ ཐ་མལ་བུད་མེད་ལབ་སྒྲོན་མཐོང་༔ དག་སྣང་སངས་རྒྱས་ངོ་བོ་ལ༔ རྡོ་རྗེ་ཕག་མོ་ཉིད་དུ་མཐོང་༔ སངས་རྒྱས་རིགས་ལྔ་ཡབ་ཡུམ་དང་༔ དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས༔ བྱེ་བ་དཔག་མེད་འཕྲོ་ཞིང་འདུས༔ གང་འདུལ་ཐབས་མཁས་འཕྲིན་ལས་ཀྱིས༔ གྲངས་མེད་འགྲོ་བ་འདྲེན་མཛད་མ༔ གངས་ཅན་ཁྲོད་འདིར་སྙིགས་མའི་དུས༔ བཀའ་དྲིན་ཆེ་བའི་ཡུམ་ཆེན་མ༔ བདག་ནི་སྒོ་གསུམ་གུས་ཕྱག་འཚལ༔ སྨོན་ལམ་ལས་དང་རྟེན་འབྲེལ་གྱིས༔ བདག་ཀྱང་ཁྱེད་ཀྱི་སྲས་སུ་གྱུར༔ ཐེག་ཆེན་གཅོད་ཀྱི་བསྟན་ལ་འཇུག༔ དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི༔ མ་ཡིས་ཇི་ལྟར་གསུངས་པ་བཞིན༔ སྤར་ཟིན་བྱས་ནས་ཉམས་སུ་བླངས༔ རྟགས་དང་དྲོད་ཚད་གཉིས་ཀ་ལ༔ བརྟན་ཐོབ་བྱུང་བ་མ་ཡི་དྲིན༔ ཡང་ཡང་དྲན་ནོ་བྱིན་གྱིས་རློབས༔ དྲིན་ལན་མཐའ་མེད་མ་ཅིག་གིས༔ དགོངས་པ་ཐུགས་ཀྱི་སྒོ་ཕྱེས་ནས༔ གདམས་པ་གསུང་གི་ཟབ་ཆོས་རྣམས༔ ལུས་པ་མེད་པ་གནང་ལགས་ཀྱང་༔ ད་རུང་བཀའ་དྲིན་ཞུ་བ་ལགས༔ ཞིང་སྐྱོང་མཁའ་འགྲོས་ལུང་བསྟན་པས༔ ལུས་ཀྱི་མཆོད་སྦྱིན་བྱེད་ཚུལ་རྣམས༔ སྒྲིབ་མེད་གསལ་པོར་གནང་བར་ཞུ༔ བདག་དང་བདག་འདྲའི་འགྲོ་ཀུན་གྱི༔ ཡིད་གུས་བློ་བརྟན་དང་བས་ཉན༔ ཉན་བློ་གཞན་དོན་ཆེད་དུ་ལགས༔ ཞེས་ཞུས་པས༔
ཡང་མ་ཅིག་གི་ཞལ་ནས༔ བུ་དད་བརྩོན་ཤེས་རབ་ལྡན་པ་ཡིས༔ རིག་པ་ལས་འཕྲོ་སྐལ་བ་ཅན༔ མཚུངས་མེད་སྐྱེས་བུ་དམ་པ་ཁྱོད༔ དམ་ཆོས་བདུད་རྩིའི་ཆུ་རྒྱུན་ལ༔ ངོམས་མེད་འཐུང་བ་ངོ་མཚར་ཆེ༔ ཁྱད་པར་དམ་ཆོས་གཅོད་ཡུལ་གྱི༔ ལུས་ཀྱི་མཆོད་སྦྱིན་བྱེད་ཚུལ་རྣམས༔ ཞུ་བ་ནན་ཏན་ཆེ་བ་དེ༔ ཐེག་པ་གོང་མའི་ཁྱད་ཆོས་ཡིན༔ ལེགས་སོ་རྗེས་སུ་ཡི་རང་ངོ་༔ མ་ཡེངས་གུས་པས་ཉོན་ཅིག་དང་༔ ལུས་ཀྱི་མཆོད་སྦྱིན་བྱེད་ཚུལ་རྣམས༔ སྔར་ནས་བཤད་པ་ཡིན་མོད་ཀྱང་༔ ད་རུང་ལུས་ཀྱི་མཆོད་སྦྱིན་གྱི༔ གོ་རིམ་དམིགས་པའི་བྱེད་ཚུལ་རྣམས༔ ཞིབ་པར་བཤད་ཀྱིས་ཡིད་ལ་ཟུངས༔ ཞེས་གསུངས་ནས་ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་བཤད་ཆེན་མོ་བརྩམས་པར་མཛད་དོ༔ དེ་ལྟར་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱིས་སྒྲུབ་པའི་ལོ་གྲངས་ཀྱི་དམ་བཅའ་ཚང་ནས་བསྒྲུབ་ཕུག་གི་སྒོ་ཕྱེས་པ་དང་༔ རྒྱུད་ཆེན་པོ་གསུམ་གྱི་དབང་བསྐུར་ཞིང་༔ གསང་སྔགས་ཀྱི་རྣམ་བཤད་ཆེན་མོ་བརྩམས་པ་དང་༔ མདོ་ལུགས་ཀྱི་རྣམ་བཤད་ཆེན་མོ་བརྩམས་པ་དང་༔ མདོ་སྔགས་ཟུང་གི་རྣམ་བཤད་ཆེན་མོ་གསལ་བྱེད་ཉི་མའི་འོད་ཟེར་མཐའ་གཉིས་ཟིལ་ནོན་ཅེས་བྱ་བ་ལ་སོགས་བརྩམས་པར་མཛད་ཅིང་༔ ཞོར་ལ་ཆོས་གཞན་གྱི་ཡང་འཆད་ཉན་དང་བཅས་པ་མཛད་ནས༔ གདུལ་བྱ་སྐྱོང་བར་མཛད་ཅིང་འགྲོ་བ་ལ་ཕན་ཐོགས་མཐའ་ཡས་པར་བྱུང་ཞིང་༔ ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་པར་བཤད་པ་བརྩམས་པར་མཛད་པ་ནི༔ མ་ཅིག་དགུང་ལོ་ང་དྲུག་ནས་ང་བདུན་བར་གྱི་རྣམ་ཐར་ཏེ་རྣམ་གྲངས་བཅུ་དྲུག་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅུ་བདུན་པ།
དེ་ནས་མ་ཅིག་དགུང་ལོ་ང་བདུན་ཡོས་བུ་ལོ་ཡི་དབྱར་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་མགོ་བཙུགས་ནས༔ ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་བཤད་ཆེན་མོ་བརྩམ་པར་མཛད་པ་ལ༔ དེ་ལ་ལེའུ་བཅུ་གཉིས་ཀྱི་ཚུལ་དུ་བརྩམས་པར་མཛད་ནས་བཤད་པ་ལ༔ ཆོས་ཀྱི་གཞུང་ཙམ་དུ་ཕྱིན་པ་དང་༔ ཉིན་ཞིག་ནམ་མཁའ་དྭངས་ཤིང་ཉི་མ་དྲོ་བ་དང་༔ བསེར་བུ་ཅུང་ཟད་བསིལ་བ་ཞིག་བྱུང་བའི་སྔ་དྲོ་ཉི་མ་ཕྱེད་དྲོས་ཀྱི་དུས་སུ༔ རྣལ་འབྱོར་པ་ཧུར་རེ་བ་བློ་སྣ་ཐུང་སང་ངེ་བ་ཞིག་གིས་ཁྱི་ལྤགས་ཀྱི་ཐུལ་པ་ཁྲ་ཉེ་ལེ་བ་ཞིག་གྱོན་ཟིན༔ མི་ལྤགས་ཀྱི་གཡང་གཞི་ཞིག་ཕྲག་ལ་ཁུར༔ དབྱི་དཀར་ཀྱི་རྐྱལ་པ་གཅིག་རྒྱབ་ཏུ་ཁུར༔ རི་དྭགས་ཀྱི་གཙོས་རུ་ངར་མ་གཅིག་ལག་ཏུ་བཟུང་༔ རྐྱང་གི་རྔོག་མ་ཞིག་ཐོད་དུ་བཅིང་༔ ཁམས་རགྴའི་ཕྲེང་བ་ཞིག་ལག་ཏུ་བགྲངས་ཤིང་༔ འཇམ་དཔལ་དམར་པོའི་སྙིང་པོ་གྱེར་གླུ་བྱེད་ཅིང་བྱུང་པས༔ ཐོགས་པ་མེད་པར་མ་ཅིག་གི་དྲུང་དུ་བྱུང་ནས་ཕྱག་འཚལ་ཏེ་ཁམས་འདྲི་ཕུལ་ལོ༔ དེ་ནས་མ་ཅིག་གི་ཞལ་ནས་ཁྱེད་བྱོན་པ་ལགས་སམ༔ ཁ་བས་འོ་བརྒྱལ་མ་གཏད་དམ༔ ཁྱེད་ཀྱི་ཕྱིང་ལྷམ་གཡང་ལ་ཤོར་རམ་ཞེས་གསུངས་པས༔ རྣལ་འབྱོར་པ་དེ་ལྷག་པར་ཡང་དད་པ་རྩོལ་མེད་དུ་སྐྱེས་ནས་མཆི་མ་འཁྲུགས་ཤིང་ཕྱག་མང་པོ་རྩོལ་མེད་དུ་འཚལ་ནས༔ མ་ཅིག་ལ་འོ་དོད་འབོད་ཅིང་གསོལ་བ་དྲག་ཏུ་བཏབ་པས༔ མ་ཅིག་གི་ཞལ་ནས༔ ཞིག་པོ་ཉི་མ་སེང་གེ་ད་བཞུགས་ཤིག་གསུངས་པ་དང་༔
དེ་ནས་ཁམས་འདྲི་བྱས་ཏེ༔ ཁྱེད་གང་ནས་བྱོན་པ་ཡིན༔ ཁྱེད་ལ་མིང་ཅི་སྐད་བྱ་བ་ཡིན་གསུངས་ནས་དྲིས་པས༔ རྣལ་འབྱོར་པ་དེ་ལ་བསྡད་ནས་མཆི་མ་ཕྱིས་ནས༔ ངའི་ཡུལ་ནི་ལ་སྟོད་ཀྱི་ཡང་སྟོད་འཕེན་དྲུག་ཅེས་བྱ་བ་ཡིན༔ ང་རང་ལ་སེང་གེ་རྡོ་རྗེ་ཡང་ཟེར༔ ཉི་མ་སེང་གེ་ཡང་ཟེར་བ་ཡིན༔ ཆུང་ངུ་དུས་ན་འཕགས་པ་འཇམ་དཔལ་ལ་ལྷ་སྐལ་བྱས་ནས་བསྙེན་སྒྲུབ་ལོ་བཅུ་གསུམ་ལ་བྱས་པས་ནུས་པ་ཡང་བཟང་པོ་ཐོན་ནས་རླུང་སེམས་སྦྱོང་བའི་སྐབས་གཅིག་ན༔ རྔོན་པར་འགའ་བྱུང་ནས་བཅིང་བརྡུངས་བྱས་པས་དེའི་རྐྱེན་བྱས་ནས་སེམས་གེགས་ཆེན་པོ་བྱུང་བས༔ བྱིན་རླབས་དང་ནུས་པ་ཆེ་ཟེར་བ་དང་མན་ངག་ལ་མཁས་པ་ཡིན་ཟེར་བ་སུས་བཅོས་ཀྱང་ང་ཡི་སེམས་གེགས་ནུས་པ་སུ་ཡང་མ་བྱུང་བས༔ མ་ཅིག་ལབ་སྒྲོན་བྱིན་རླབས་དང་ནུས་པ་ཆེ་བར་འདུག་ཟེར་བའི་སྙན་པར་ཐོས་པས་ཟླ་བ་བཞིའི་ལམ་ལ་བཅད་ནས་འོང་སྟེ༔ ཟླ་བ་གཉིས་ལ་ཁ་བ་འབོག་དགོས་བྱུང་བས༔ ཉིན་ཞིག་བྲག་ལམ་ཞིག་ལ་མ་ཐོན་པས༔ ཕྱིང་ལྷམ་ཞིག་ཡོད་པ་ཡང་གཡང་ལ་ཤོར་བས་དེ་ཕྱིན་ཆད་ནས་རྐང་པའི་མཛུབ་མོ་རྣམས་ཀྱང་ཕྱིད་ནས་ཐལ་ཏེ༔ ཕར་ཆེར་ཆད་ནས་ཐལ་ནས་ད་སོས་ཐུབ་པ་མེད༔ མ་ཅིག་རང་ལ་མོས་པ་བྱས་ནས་འོང་ཚུན་ཆད་ལ་སེམས་ཟུག་ཆེན་པོ་ཙམ་ཡང་མ་བྱུང་ལགས༔ དེ་རིང་ཕ་ཀི་ནས་གནས་འདི་མཐོང་ནས་སེམས་ཟུག་ཡེ་ནས་མ་བྱུང་ལགས༔ ད་ལྟ་མ་ཅིག་གི་མདུན་འདིར་ཕྱིན་ནས་སེམས་ཟུག་ཐམས་ཅད་ཞི་ནས་སེམས་ལ་དགའ་བདེ་དཔག་ཏུ་མེད་པ་སྐྱེས་པ་དང་༔ ད་ལྟ་ལུས་སེམས་ཁྱད་པར་དུ་ཡང་བདེ་ཞིང་སེམས་འཛིན་ཐམས་ཅད་དང་བྲལ་བའི་གསལ་སྟོང་ས་ལེ་བ༔ ཡི་དམ་གྱི་ལྷ་དང་དབྱེར་མེད་པའི་བདེ་གསལ་ཤིག་གེ་བ༔ སེམས་རང་མལ་དུ་གནས་པ་འདི་འདྲ་བ་ཞིག་སྔར་ཡང་ཡོད་པ་ཡིན་ཙ༔ དེ་སྔ་ཕན་ཆོད་ལ་སེམས་ཟུག་མ་ཞི་བས༔ མི་ཐམས་ཅད་ཀྱིས་སྨྱོན་པ་ཕོ་སྨྱོན་སེང་གེ་ཟེར་བར་བྱུང་ལགས༔ ད་ནི་རང་སེམས་རྙེད་པ་འདི་རང་ཡིན་ནོ་ཟེར་བས༔
ཡང་མ་ཅིག་གི་ཞལ་ནས་ན་རེ༔ ཁྱོད་ང་ལ་དད་པ་བྱས་ནས་ཉི་མ་གཅིག་ཚུར་ལ་བྱུང་ནས་དེ་ནུབ་གད་ཕུག་སྐྱ་མོར་ཉལ་བའི་ནུབ་མོ་ནས་ངས་ཁྱོད་ཀྱི་གེགས་སེལ་བྱས་པ་ཡིན་གསུངས་པ་དང་༔ དེ་ནས་ཕྱི་དྲོ་ཆོས་ཐུན་ཚར་བ་དང་རྣལ་འབྱོར་པ་ལ་བཟའ་བ་མང་པོ་ཞིག་བྱིན་ནས་འདི་སྐད་གསུངས༔ རྣལ་འབྱོར་པ་ཁྱོད་དོ་ནུབ་སྤྱི་ཁང་དུ་ཉོལ་ལ་སྡོད་དང་༔ སང་ནངས་པར་ཉི་མ་རྩེ་ཤར་བ་དང་ཁྱོད་ཀྱི་གྲོགས་པོ་གཉིས་ཡོང་བར་ཡོད་པས༔ དེར་ཁྱེད་གསུམ་ལ་དམིགས་པ་ལྷན་ཅིག་ཏུ་བསྟན་ནས་བསླབ་བྱ་རྣམས་ཀྱང་སློབ་གསུངས་པ་དང་༔ དེ་ནས་རྡོ་རྗེ་སེང་གེ་ཡང་དེ་ནུབ་སྤྱི་ཁང་དུ་ཉལ་ནས་བསྡད་པས༔ ནངས་པར་ཉི་མ་རྩེ་ཤར་བ་དང་བླ་དབྱེའི་དཀྱིལ་དུ་རྣལ་འབྱོར་པ་བལ་ཐུལ་སྐྱ་ཉི་ལེ་བ་གྱོན་པ་བལ་གྱི་དྲ་བ་རྒྱབ་ཏུ་ཁུར་བ༔ མི་རྐང་གི་གླིང་བུ་རྐེད་དུ་བཅུག་པ༔ རི་དྭགས་གཉན་གྱི་རྭ་ཅོ་ལྟོ་ཕོར་ལ་ཐོགས༔ རྩྭའི་ཞྭ་མོ་མགོ་ལ་གྱོན་པ༔ ལག་ན་བལ་གྱི་ལི་ཁྲི་ཐོགས་ནས་མིག་མཐོ་མཐོར་ལྟ་བ་ཞིག་དང་༔ ཡང་རྣལ་འབྱོར་པ་རེ་བའི་ཐུལ་པ་ལ་རྔ་མ་ནག་པོའི་ཤམ་ལྷུབ་ལྷུབ་བཏགས་ནས་གྱོན་པ༔ མགོ་ལ་རེ་བའི་ཞྭ་མོ་ནག་པོ་ལ་རྔ་མ་ནག་པོའི་ཤམ་བཏགས་ནས་གྱོན་པ༔ རྒྱབ་ན་རས་ཀྱི་སླུད་བུ་ཁུར་བ༔ ལག་ན་བ་མན་གྱི་རྭ་ཅོ་ལྟོ་ཕོར་ལ་ཐོགས་པ༔ ཨ་ག་རུ་ནག་པོའི་ཌཱ་མ་རུ་མཆན་ཁུང་དུ་བཏགས་པ༔ ཁྱི་ཤིང་ནག་པོའི་དབྱུག་པ་ལག་ཏུ་ཐོགས་པ་ཞིག་དང་༔ རྣལ་འབྱོར་པ་དེ་གཉིས་བླ་དབྱེ་ཕྱིན་ནས་འདུག་པས༔ རིན་ཆེན་རྒྱན་གྱིས་གཟིགས་སྐར་དུ་བལྟས་པས་མཐོང་སྟེ༔ མ་ཅིག་གི་མདུན་དུ་ཞུས་པས༔
ཀྱེེ་མ་ཅིག་ལགས༔ རང་རེའི་བླ་དབྱེ་འདི་ན་རྣལ་འབྱོར་པ་མིག་མཐོ་མཐོར་ལྟ་བའི་བལ་ཐུལ་གྱོན་པ་ཞིག་དང་༔ ཡང་རྣལ་འབྱོར་པ་རེ་བ་ནག་པོའི་གོས་ལ་རེ་བ་ནག་པོའི་ཤམ་བཏགས་ནས་གྱོན་པ་ཞིག་གིས་ཆ་ལུགས་མི་འདྲ་བ་རེ་རེ་བྱས་ནས་ཕྱིན་ནས་འདུག་པས་འདི་གཉིས་གང་ནས་འོང་བ་ཡིན་ལགས་ཞུས་པས༔ ཡང་མ་ཅིག་གི་ཞལ་ནས་ན་རེ༔ བལ་ཐུལ་གྱོན་པའི་རྣལ་འབྱོར་པ་དེ་ནི་བྱང་སྟོད་ཀྱི་ཕྱི་བྱང་རྨ་ཐོང་ཞེས་བྱ་བ་ནས་འོང་པ་ཡིན༔ དེ་ཡང་ཁམས་འདུས་པ་གཅིག་ཡིན་པས་སྨྱོན་པ་རང་སྣང་ཡང་ཟེར༔ བལ་པོ་ཡེ་ཤེས་སེང་གེ་བྱ་བ་ཡིན་པས་ཟླ་བ་དྲུག་གི་ལམ་ལ་བཅད་ནས་འོང་པ་ཡིན༔ རེ་ཐུལ་གྱོན་པ་དེ་ནི་རྗེ་བཙུན་ཟིལ་ནོན་ཡང་ཟེར་ཏེ༔ རྒྱལ་བ་རིན་ཆེན་ཡང་ཟེར༔ ཕོ་སྨྱོན་སེང་གེ་བྱ་བ་ཡིན་པས་ཀོང་པོ་ནས་ཡར་ལ་འོང་བ་ཡིན༔ ཁོང་གཉིས་མདང་གནས་མལ་དུ་འཕྲད་པ་ཡིན་གསུངས༔ དེ་ནས་མ་ཅིག་གིས་ཆོས་འཆད་པ་ལ་གློ་སྐར་དུ་བྱོན་པས་ཆོས་ཉན་པ་པོ་རྣམས་ཀྱང་དེར་འཚོགས་པ་དང་༔ རྣལ་འབྱོར་པ་གཉིས་ཀྱང་དེར་ཕྱིན་ནས་མ་ཅིག་དང་མཇལ་བས་ཞུ་གནང་ཞིབ་ཏུ་མཛད་པ་དང་༔ དེ་ནས་སེང་གེ་རྡོ་རྗེ་དང་ཁོང་རྣམ་པ་གསུམ་ལ་བླ་མའི་རྣལ་འབྱོར་ཟབ་ལམ་མ་དང་ནམ་མཁའ་གོ་འབྱེད་ཅེས་སམ་རྫས་གྲུབ་འཕོ་བའི་ལུང་བསྟན་མཛད་ནས༔ ད་ཁྱེད་གསུམ་ལ་དམིགས་པ་ཆོས་ཐུན་འདི་ཚར་ནས་བསྟན་གསུངས་པ་དང་༔ དེ་ནས་ཆོས་ཐུན་ཚར་ནས་ཁོང་གསུམ་ལ་དམིགས་པ་བསྟན་པས་ཁྱེད་སོ་སོས་གེགས་སེལ་ནས་གྲུབ་ཐོབ་པའི་རྣལ་འབྱོར་པ་རྫུ་འཕྲུལ་ལ་ཐོགས་པ་མེད་པ་གསུམ་བྱུང་ངོ་༔
དེ་ནས་མ་ཅིག་གི་ཞལ་ནས་ན་རེ༔ དེ་རིང་ནས་ཁྱེད་རྣམ་པ་གསུམ་ཡང་ང་ཡི་ཆོས་ལུགས་ལ་འཇུག་པ་ཡིན་པས༔ ཁྱེད་གསུམ་པོའི་གོས་དང་ཆ་ལུགས་རེ་ཟུང་ཙམ་རེ་སྤང་དགོས་པས༔ ཁྱེད་སེང་གེ་རྡོ་རྗེའི་ཁྱི་ཐུལ་དེ་དང་༔ མིའི་ལྤགས་པ་དེ་དང་༔ གཙོས་རུ་ངར་མ་དེ་དང་འདི་གསུམ་པོ་གཏན་ནས་སྤང་དགོས་པས༔ ཁྱིའི་ལྤགས་པ་འདི་ནི་ཉེས་པ་མང་པོ་དང་ལྡན་པས་སྐད་ཅིག་ཀྱང་རྩར་ཉེ་མི་རུང་ངོ་༔ མིའི་ལྤགས་པ་འདི་ནི་དགོས་པའི་དུས་ཤིག་ཀྱང་ཡོད་དེ༔ གདམས་པ་ཐོབ་ནས་སྙེམས་རྩ་མ་ཆོད་ཀྱི་བར་དུ་སྦ་བར་གྱིས༔ གདམས་པ་ཟབ་མོ་ཐོབ་ཅིང་སྙེམས་རྩ་ཆོད་ནས་ཀྱང་༔ དེར་བུ་མོ་མཚན་བཟང་ལོ་བརྒྱད་པ་ནས་བཅུ་དྲུག་གཉིས་ཀྱི་བར་དང་༔ སྐྱེས་པ་དར་མ་གྲི་ཁར་བསད་པའི་ལྤགས་པ་རྣམས་ནི་ལྟོས་མེད་ཀྱི་སྤྱོད་པ་བྱེད་པའི་རྫས་ལ་འཆང་དུ་རུང་ཡང་ཕ་རོལ་པོ་གཞན་གྱི་ཡིད་ལ་མི་འདོད་པའི་ཕྱིར་དུ༔ ཕ་རོལ་པོ་གཞན་ལ་མི་སྟོན་ནས་གསང་དགོས་ཏེ་སྦ་བར་གྱིས་ལ་ཆོངས༔ གཙོས་རུ་འདི་ནི་དྲག་པོའི་རྫས་ལ་གཅིག་ཆོག་ཡིན་པས༔ ཕ་རོལ་པོ་གཞན་ལ་མི་འདོད་པའི་ཕྱིར་དུ་འཆང་དུ་མི་རུང་བས་སྤང་བར་བྱ༔ རྐྱང་གི་རྔོག་མ་འདི་ནི་གྲིབ་དང་མིག་ལ་ཁ་བའི་གནོད་པ་འབྱུང་བ་རྣམས་བསྲུང་བས་འཆང་དུ་རུང་སྟེ༔ རབ་ཏུ་བྱུང་བ་ཡིན་ན་ནི་འཆང་མི་རུང་པས་ཆོས་རར་གནས་ཚེ་རེ་ཞིག་སྐུང་འཐད་གསུངས་སོ༔ རྒྱལ་བ་རིན་ཆེན་གྱི་རེ་ཐུལ་དང་མགོ་ལ་གྱོན་པའི་རེ་ཞྭ་འདི་ནི་ཁྱེད་རང་ཡུལ་གྱི་ཆ་ལུགས་ལྟ་བུ་ཡིན་ཀྱང་རེ་བ་འདི་ནི་ཕྱི་པ་མུ་སྟེགས་པའི་བདུད་གོས་ནག་པོ་ཡིན་པས་ནང་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་འགལ་བས་གྱོན་དུ་མི་བཏུབ་པས་རེ་བ་འདི་ལ་འོག་གདན་བཟོ་རུ་བཏུབ་པས་འོག་གདན་གྱིས་གསུངས༔ ཁྱི་ཤིང་ནག་པོའི་འཁར་བ་འདི་ནི་སྒྲིབ་ཤིང་ཡིན་པས་ལན་ཅིག་ཕར་ལ་སྐུང་གསུངས༔ ཨ་ག་རུའི་ཌཱ་མ་རུ་འདི་ནི་བོད་ན་དཀོན་པའི་མཆོད་རྫས་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བའི་ལྷ་རྫས་ཡིན་པས་ཁྱོད་བསོད་ནམས་དང་ལྡན་པ་ཡིན་པས་ལེགས་པར་དཀྲོལ་ཅིག་གསུངས༔
ལྟོ་ཕོར་བ་མན་གྱི་ཞལ་བུ་འདི་ནི་བྷནྡྷ་བཅུད་དང་ལྡན་པ་ཡིན་ཏེ་ཤིན་ཏུ་ལེགས་ཤིང་ཡོན་ཏན་མང་པོ་དང་ལྡན་པས་ཁྱད་པར་ངའི་ཆོས་ལུགས་དང་མཐུན་པས་ཉ་ར་གྱིས་གསུངས༔ ཡེ་ཤེས་རང་སྣང་གི་བལ་ཐུལ་འདི་ནི་ཤིན་ཏུ་ལེགས་པས་ལེགས་པོར་གྱོན༔ གཉན་གྱི་རྭ་ཅོ་འདི་ནི་རྫས་ངན་པ་ཡིན་པས་སྤོངས་ཤིག་གསུངས༔ ལར་ཡང་ངའི་ཆོས་ལུགས་ལ་ཕ་རོལ་པོ་གཞན་ལ་གནོད་པའི་ཆས་ཀ་གང་དང་གང་ཡིན་པ་ཐམས་ཅད་དང་༔ ཁྱད་པར་དུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དང་འགལ་བའི་ཆ་ལུགས་ངན་པ་གང་ཡིན་པ་ཐམས་ཅད་སྤང་བར་བྱའོ༔ ལར་ཡང་སྤྲང་མོ་ང་རང་དགེ་བསྙེན་གྱི་ཆ་ལུགས་རྣལ་འབྱོར་མ་ཡིན་པས་བྱང་ལུགས་ཀྱི་གཡང་དུག་ལིང་བ་དང་༔ ཕྱིང་པ་དང་༔ སྣམ་བུ་དང་༔ རས་དང་༔ རས་ཆེན་དང་དེ་རྣམས་ནི་ཁ་དོག་མ་བསྒྱུར་ཀྱང་ཆོག་ཅིང་༔ ཕྱིང་ལྷམ་གྱི་རྐང་པ་ལྕིབ་པ་དང་༔ ལྟོ་ཕོར་བ་མན་གྱི་རྭ་ཅོ་ལ་བྱེད་པ་ནི་སྤྲང་མོ་ང་ཡི་ཆོས་ལུགས་ཡིན་པས་ཁྱེད་ཕྱི་རབས་པའི་བུ་སློབ་ངའི་རྗེས་སུ་འཇུག་པ་རྣམས་ཀྱིས་ཀྱང་རས་དང་ཕྱིང་པ་དང་སྣམ་བུ་རྣམས་ནི་ཁ་དོག་དམར་སེར་དུ་བསྒྱུར་ནས་གྱོན་ན་ཡང་ལེགས་པས༔ སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་མཐུན་པ་ལེགས་སོ༔ ཁ་དོག་མ་བསྒྱུར་ཀྱང་ཆོག་པས་སྤྲང་མོ་ངས་ཆོས་ལུགས་དང་མཐུན་པས་ཆོག་གོ༔
གཅན་གཟན་གྱི་པགས་པ་དང་གོས་ལྷམ་དང་ཁྱད་པར་དུ་ཁྱིའི་ལྤགས་པ་ནི་སྤང་བྱའི་གཙོ་བོ་ཡིན་པས༔ སེང་གེ་རྡོ་རྗེའི་ཁྱི་ལྤགས་དེ་ནི་གཙང་པོའི་འགྲམ་དུ་ཁྱེར་ལ་བྱེ་མའི་གཏིབ་ཞབས་སུ་ནོན་ལ་ཞོག་དང་ཁྱི་ལྤགས་ཀྱི་གཉེན་པོ་བྱེ་མ་ཡིན་པས་དེས་ཐུབ་པ་ཡིན་གསུངས༔ ཁོང་སེང་གེ་རྡོ་རྗེ་དང་རྒྱལ་བ་རིན་ཆེན་གཉིས་ལ་ཕྱིང་ཐུལ་རེ་རེ་གཏོད༔ ཡེ་ཤེས་རང་སྣང་དང་སེང་གེ་རྡོ་རྗེ་གཉིས་ལ་བ་མན་གྱི་ཞལ་བུ་རེ་རེ་གཏོད༔ ཁོང་གསུམ་ཁ་ལ་ཕྱིང་ལྷམ་རེ་རེ་གཏོད་གསུངས་ནས་དེ་ལྟར་དུ་བྱས་སོ༔ དེ་ནས་ཁུ་སྒོམ་ཆོས་ཀྱི་སེང་གེས་ཞུས་པ༔ ཀྱེ་མ་ཅིག་ལགས༔ སྤྱིར་གཅན་གཟན་གྱི་པགས་པ་ལ་ཉེས་པ་ཡོད་ཅིང་ཁྱད་པར་དུ་ཁྱིའི་ལྤགས་པ་ལ་ཉེས་པ་མང་པོ་ཡོད་གསུངས་པའི་ཉེས་པ་རྣམས་གསལ་པོར་གསུང་འཚལ་ཞུས་པས༔ མ་ཅིག་གི་ཞལ་ནས་བུ་སློབ་ཀུན་ཉོན་དང་སྤྱིར་གཅན་གཟན་ཁ་ཅིག་གི་ལྤགས་པ་ནི་རྫས་ངན་པ་མ་རུངས་པ་ཡིན་པས་འཆང་དུ་མི་རུང་༔ ལ་ལ་ནི་འཇིག་རྟེན་པ་ཀུན་གྱི་འདོད་དོན་ཡིན་པས་རློམ་སེམས་དང་སེར་སྣ་དང་མཚོན་སྒྲིབ་ཀྱི་དྲི་མ་དང་བཅས་པའི་ཉེས་པ་མང་དུ་ཡོད་པས་འཆང་དུ་མི་རུང་༔ ཁ་ཅིག་གཅན་གཟན་ཁྲོ་བོ་རྣམས་ཀྱི་ལྤགས་པ་ནི་གསང་སྔགས་བླ་མེད་ཐེག་པ་ཆེན་པོའི་ལྷ་རྫས་ཁྱད་པར་དུ་འཕགས་པ་ཡིན་ཏེ༔ འོན་ཀྱང་གཅན་གཟན་ཁྲོ་བོ་རྣམས་ཡིན་ཀྱང་༔ གནོད་སེམས་དང་དུས་རྒྱུན་པར་འགྲོགས་པར་ལྤགས་པ་གྱོན་ན་ནི་སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་འགལ་ཆ་ཆེ་ལ༔ ཁྱད་པར་དུ་འཇིག་རྟེན་པ་ཀུན་དང་ཡང་མཐུན་སྣང་དུ་མི་འགྲུབ་ཅིང་༔ ཁྱད་པར་དུ་ངའི་ཆོས་ལུགས་དང་འགལ་ཆ་ཤིན་ཏུ་ཆེ་བས་ང་ཡི་ཆོས་ལུགས་ཀྱི་གཙོ་བོ་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བྱེད་པ་ཡིན་པས༔
ངའི་ཆོས་ལུགས་འཛིན་པ་རྣམས་ཀྱིས་གཅན་གཟན་གྱི་ལྤགས་པ་གྱོན་ན་ནི༔ པགས་པ་གྱོན་མཁན་ཁོ་རང་ལ་ཡང་དྲེགས་པ་སྐྱེ་ལ༔ ཕ་རོལ་པོ་གཞན་གྱི་བློ་ལ་ཡང་མི་འདོད་ནས་བྱམས་སེམས་ཀྱི་གེགས་སུ་འགྱུར་བ་ཡིན་པས་གཅན་གཟན་གྱི་ལྤགས་པ་ཅི་ནས་ཀྱང་སྤང་དགོས་སོ༔ འོན་ཀྱང་བདག་འཛིན་དང་བྲལ་ནས་བདག་འཛིན་མེད་པའི་ལྟ་བ་རྣམ་དག་དང་ལྡན་ནས་རང་དོན་ཀྱི་དྲི་མས་མ་གོས་ནས་གཞན་དོན་ཁོ་ན་ལ་བློ་ཚིམ་པ་མེད་པའི་ཡོན་ཏན་རྒྱས་པའི་དོན་ཆེན་པོ་འགྲུབ་ཅིང་༔ རང་གཞན་གྱི་དོན་དེ་གཉིས་ལ་གྲུབ་པ་ཐོབ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་པས་འགྲོ་བའི་དོན་དཔག་ཏུ་མེད་པ་བྱེད་ནུས་པའི་གང་ཟག་གཅིག་གིས་གཅན་གཟན་གྱི་ལྤགས་པ་གྱོན་ཀྱང་རུང་སྟེ༔ དེ་ཡང་གང་ཟག་ཁོ་རང་ལ་སྐྱོན་མི་འགྱུར་ཡང་ཕ་རོལ་པོ་གཞན་གྱི་བློ་ལ་མི་འདོད་པས་གཞན་སྣང་འདུལ་བའི་རྟེན་འབྲེལ་ལ་དགོས་པ་བྱུང་ན་མ་གཏོགས་པ་གཅན་གཟན་གྱི་ལྤགས་པ་སྤང་དགོས་སོ༔ དེ་ལྟར་གང་ཟག་ནུས་པ་དང་ལྡན་པ་མ་ཡིན་པའི་གང་ཟག་ལས་དང་པོ་བ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་གཅན་གཟན་གྱི་ལྤགས་པ་ཤིན་ཏུ་ནས་སྤང་དགོས་ཏེ༔ མདོར་ན་བྱང་ཆུབ་ཀྱི་སེམས་འཆོར་བས་ཐར་བའི་གེགས་སུ་འགྱུར་བ་དང་༔ གཞན་ཡང་སྐྱོན་ཕལ་པ་མང་དུ་ཡོད་པས་གཅན་གཟན་གྱི་ལྤགས་པ་སྤང་དགོས་སོ༔ དེ་ལ་ཁྱད་པར་ཡང་ཁྱིའི་ལྤགས་པ་ལ་སྐྱོན་ཆེ་བར་གདའ་སྟེ༔ ཉེས་པ་དགུ་དང་ལྡན་པས་ཤིན་ཏུ་ནས་སྤང་དགོས་ཏེ༔
དེ་ཡང་ཉེས་པ་དགུ་ནི་འདི་ལྟར་རོ༔ ལས་ཀྱིས་མནར་བའི་ལས་ངན་པ་ཁྱི་ལ་སྐྱེས་པས་ལས་ཀྱི་སྒྲིབ་པ་ངན་པའི་དབང་གིས་ཡེ་ཤེས་པའི་ལྷ་མི་འཁོར་བའི་ཉེས་པ་དང་གཅིག༔ དྲི་མ་ངན་པས་དཔའ་བོ་མཁའ་འགྲོ་དང་དཔལ་མགོན་ཆོས་སྐྱོང་རྣམས་མི་འཁོར་བའི་ཉེས་པ་དང་གཉིས༔ དྲི་མ་ངན་པས་མནབ་ཁུས་གཙང་མ་རིས་མགྲོན་རྣམས་མི་འཁོར་བའི་ཉེས་པ་དང་གསུམ༔ མི་གཙང་བའི་རྫས་ངན་པ་ཡིན་པས་གང་དང་འཕྲད་ཚད་ཐམས་ཅད་མནོལ་ཐུབ་ཅིང་ཉམས་པར་འགྱུར་པའི་སྟོབས་ཀྱིས་ས་བདག་དང་༔ གཞི་བདག་དང་༔ ཡུལ་བདག་དང་༔ གནས་བདག་དང་གྲོང་བདག་ལ་སོགས་པའི་དཀར་ཕྱོགས་ལ་དགའ་བ་རྣམས་ཀྱིས་མི་འདོད་ཅིང་མི་དགའ་ནས་ཁྲོ་ཞིང་འཁྲུགས་ནས་ཐམས་ཅད་ལ་གནོད་པ་སྐྱེལ་བའི་ཉེས་པ་དང་བཞི༔ དུག་ངན་པའི་རླངས་པས་སྦྲང་བུ་དང་སྲིན་བུ་ཕྲའུ་ཕལ་པ་རྣམས་འཆི་བའི་ཉེས་པ་དང་ལྔ༔ བཤུལ་ངན་པའི་དྲི་མས་མི་ཡ་རབས་རྣམས་ཀྱིས་ཞེན་པ་ལོག་ཅིང་ཐམས་ཅད་ཀྱི་ཡིད་ལ་མི་འདོད་པའི་ཉེས་པ་དང་དྲུག༔ གྲོང་ཡུལ་གྱི་ཁྱི་ཐམས་ཅད་ཀྱིས་མཐོང་ཞིང་དྲི་མ་ཚོར་བ་ཙམ་གྱིས་སྐྲག་ཅིང་སྔངས་ཡར་དུ་བྲོས་པ་དང་སྡང་བའི་ཉེས་པ་དང་བདུན༔ ནང་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དང་འགལ་ཞིང་བསྟན་པའི་གྲལ་མི་ཚུད་པའི་ཉེས་པ་དང་བརྒྱད༔ ཁྱད་པར་དུ་ང་ཡིས་བསྟན་པ་དང་འགལ་ཞིང་ང་ཡིས་ཆོས་ལུགས་དང་མི་མཐུན་ནས༔ ཐར་པ་བྱང་ཆུབ་བསྒྲུབ་པའི་གེགས་སུ་གྱུར་པའི་ཉེས་པ་དང་དགུའོ༔
དེ་ལྟ་བུའི་ཉེས་སྐྱོན་ཆེ་བས་ཁྱིའི་ལྤགས་པ་ནི་ངེས་པར་དུ་སྤང་དགོས་སོ་བུ་སློབ་ཀུན་ཞེས་གསུངས་སོ༔ དེ་ནས་ཆོས་ཀྱི་སེང་གེ་ལ་སོགས་པའི་ཆོས་ཉན་པ་པོ་འཁོར་བུ་སློབ་རྣམས་ཀྱང་རེ་བ་དང་ཁྱི་ལྤགས་ལ་སོགས་པའི་ཉེས་པར་སྐྱོ་ནས་དེ་ཕྱིན་ཆད་ནས་རེ་བ་དང་ཁྱི་ལྤགས་ལ་སོགས་པའི་ཆས་ངན་པ་རྣམས་སྤང་བ་ལ་དགའ་མགུ་ཡི་རང་སྟེ༔ ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་པར་བཤད་པར་ཉན་པ་ལ་ལྷག་པར་ཡང་གུས་པར་གྱུར་ཏོ༔ དེ་ནས་མ་ཅིག་གིས་ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་བཤད་ཆེན་མོ་བརྩམས་པ་ལ་ལེགས་པར་གྲུབ་པ་དང་༔ དེའི་ཞོར་ལ་རྡོ་རྗེ་དབྱིངས་ཕྱུག་མ་ལྷ་མོ་བཅུའི་སྒྲུབ་ཐབས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་དང་༔ དེའི་དཀྱིལ་ཆོག་གསལ་བྱེད་རིན་ཆེན་སྤུང་པ་ཞེས་བྱ་བ་དང་༔ བཀའ་བརྒྱུད་གནས་འགྱུར་བླ་མ་བཅུའི་སྒྲུབ་ཐབས་དང་༔ དེའི་དཀྱིལ་ཆོག་དང་༔ ཕྱོགས་བཅུའི་སངས་རྒྱས་གནས་འགྱུར་གྱི་སྒྲུབ་ཐབས་དང་༔ དེའི་དཀྱིལ་ཆོག་དང་གཉིས་པོ་ནི༔ རྡོ་རྗེ་དབྱིངས་ཕྱུག་མ་ལྷ་མོ་བཅུ་སྒྲུབ་པའི་དཀྱིལ་འཁོར་དེ་ལ་ལྟོས་དགོས་ཤིང་༔ བླ་མ་བཅུ་དང་སངས་རྒྱས་བཅུ་ལ་ནི་རང་རང་ལ་སྒྲུབ་ཐབས་ཁ་ལོང་བ་མེད་དོ༔ ཕག་མོ་ལྷ་ལྔ་མ་ལ་ཕྱི་སྒྲུབ་དཀར་མོ་དང་གསང་སྒྲུབ་དམར་མོ་དང་ནང་སྒྲུབ་ནག་མོ་དང་གསུམ་བྱུང་བ་ལ༔ དེ་ལ་དཀར་མོ་སྐུའི་སྒྲུབ་ཐབས་དང་༔ དམར་མོ་གསུང་གི་སྒྲུབ་ཐབས་དང་༔ ནག་མོ་ཐུགས་ཀྱི་སྒྲུབ་ཐབས་དང་གསུམ་བྱུང་བ་ལ་ཡང་༔ འདི་གསུམ་ལ་ནི་སོ་སོའི་སྒྲུབ་ཐབས་དང་དཀྱིལ་ཆོག་དང་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་དང་ལས་བཞིའི་མེ་མཆོད་ལས་ཁ་ཚར་དང་བཅས་པ་མཛད་པའོ༔ ཆོས་ཚན་དེ་རྣམས་ཀྱི་ཞུ་བ་པོ་ནི་རྗེ་བཙུན་ཆེན་པོ་ཟིལ་ནོན་ཞེས་སམ་སྲས་ཐོད་སྨྱོན་བསམ་འགྲུབ་དང་༔ སངས་རྒྱས་ཡོན་ཏན་ཞེས་སམ༔ གང་པ་རྨུགས་སངས་དང་ཆོས་ཀྱི་སེང་གེ་ཞེས་སམ་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་གསུམ༔ རྣལ་འབྱོར་པ་རྡོ་རྗེ་སེང་གེ་དང་བཞི༔
སྲས་མོ་རྒྱན་ནེ་མ་དང་༔ དཔལ་ལྡན་རྒྱན་དང་བསོད་ནམས་རྒྱན་དང་འབུམ་ཚོ་རིན་ཆེན་རྒྱན་དང་བཞི་སྟེ་དཔོན་སློབ་བརྒྱད་ཀྱིས་ཡི་གེ་པ་ཡང་མཛད་པ་དང་༔ ཁྱད་པར་དུ་ཡང་བསྐུལ་པ་པོ་ནི༔ སྲས་ཐོད་སྨྱོན་བསམ་འགྲུབ་དང་༔ གང་པ་རྨུགས་སངས་དཔོན་སློབ་གཉིས་ཀྱིས་གཙོ་བོར་མཛད་ནས་བསྐུལ་ཏེ་ཆོས་ཚན་དེ་རྣམས་གྲུབ་པར་མཛད་པའི་གནས་ནི་ཟངས་རི་མཁར་དམར་ཡིན༔ དུས་ནི་མ་ཅིག་དགུང་ལོ་ང་བདུན་ནས་ང་བརྒྱད་ཀྱི་དུས་སུ་ཟླ་བ་དང་པོའི་ཚེས་གསུམ་ལ་གྲུབ་པར་མཛད་པའོ༔ དེ་ལྟར་མ་ཅིག་གི་ཆོས་ལུགས་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་དབྱེ་བ་ལ༔ སྤྱི་ནི་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་མིང་དུ་བཏགས་པ་སྟེ༔ བེམ་རིག་བྲལ་ནས་ལུས་ཤ་ཁྲག་ལ་མཆོད་སྦྱིན་བྱེད་ནས་ཕཊ་བརྗོད་པ་ལ་ཆོས་སྤྱི་ཙམ་གྱིས་མིང་ཞེས་སོ༔ གཉིས་པ་བྱེ་བྲག་ལ་ཡང་བྱེ་བྲག་ཆེན་པོ་ཞེས་སམ༔ གཞུང་ཀྲིག་ཆེན་དང་༔ བྱེ་བྲག་ཆུང་ངུ་ཞེས་སམ༔ ཁ་འཐོར་ཀྲིག་མེད་དང་གཉིས་བྱུང་པ་ལ༔ དེ་ལ་བྱེ་བྲག་ཆེན་པོ་ནི༔ ཆོས་སྲོལ་གསུམ་དང་གསང་སྔགས་ཀྱི་བསྐྱེད་རྫོགས་རྣམས་དང་༔ གསང་སྔགས་ཀྱི་རྣམ་བཤད་ཆེན་མོ་དང་༔ མདོའི་རྣམ་བཤད་ཆེན་མོ་དང་༔ མདོ་སྔགས་ཟུང་གི་རྣམ་བཤད་ཆེན་མོ་དང་༔ དེ་རྣམས་ནི་གཞུང་ཀྲིག་ཀ་དང་བཅས་པའི་ཆ་ལག་ཚང་བ་རེ་ཡོད་པ་ལ༔ གཞུང་ཀྲིག་ཆེན་ཞེས་སམ༔ དེ་ལ་བྱེ་བྲག་ཆེན་མོ་ཟེར་རོ༔
གཉིས་པ་བྱེ་བྲག་ཆུང་ངུ་ཁ་འཐོར་བ་ནི༔ ཆོས་སྲོལ་གསུམ་ཀ་ལ་སོ་སོར་རྟོགས་པའི་བྱེ་བྲག་ཆུང་ངུ་ཡིན་ཏེ༔ དེ་ལ་སྡེ་ཚན་སོ་སོར་སྟོན་པ་ལ༔ དང་པོ་ནི་སྒྱུ་འཕྲུལ་ཆེན་མོ་རིག་པའི་རྩལ་འདོན་ནང་རིག་པའི་དམར་ཁྲིད་བླ་མའི་རྣལ་འབྱོར་ཟབ་ལམ་མ༔ འཕོ་བ་ལྷག་པའི་ལམ་ཞུགས་མ༔ འཇམ་དཔལ་ལ་སོགས་རིགས་གསུམ་མགོན་པོ་ལ་བརྟེན་པའི་དམིགས་པ་སྐོར་གསུམ༔ སྤྱན་རས་གཟིགས་སྒོམ་པའི་སྙིང་རྗེ་སྐོར་གསུམ་དང་༔ རྡོ་རྗེའི་ཚིག་རྐང་ལས་བཞི་ཡི་སྦྱོར་བ་ཞེས་པ་དང་༔ དེ་རྣམས་ནི་སྔགས་ལུགས་ལ་གཏོགས་པའི་རགས་རྩིས་ཙམ་ཡིན་ནོ༔ ཡང་གདམས་པ་གསུང་གི་ཤོག་དྲིལ་དང་༔ ཞལ་གདམས་ཐུགས་ཀྱི་བདུད་རྩི༔ སྙིང་གཏམ་གནད་ཀྱི་ཐེམ་པ༔ དགོས་འདོད་བཅུད་ཀྱི་སྙིང་པོ༔ དམར་ཁྲིད་དོན་གྱི་མན་ངག༔ སྲོ་མ་གཡས་ཁུག་དང་གཡོན་ཁུག༔ འཁྲུལ་གཅོད་བཀའ་བརྒྱ་མ༔ རིན་ཆེན་སྒྲོན་མེ༔ རིན་པོ་ཆེའི་རྒྱ་མདུན་མ༔ ལྟོས་གཡོས་ཆེན་མོ༔ དོན་གསལ་རིན་ཆེན་ཕྲེང་བ༔ གསང་བ་ཡེ་ཤེས་སྒྲོན་མེ༔ ངེས་དོན་ཚིག་གསལ༔ རིག་པ་དྲི་མེད་མེ་ལོང་སྐོར་གསུམ༔ དུར་ཁྲོད་ཆེན་པོ་གསང་གཅོད་ཀྱི་སྐོར་ལ་རྣམ་པ་བཞི༔ རྩ་བ་གསུམ༔ དེའི་ཡན་ལག་གསུམ༔ ཉོན་མོངས་པ་དྲུག་གདན་ཐོག་གཅིག་ཏུ་གཅོད་པའི་གདན་ཐོག་གཅིག་མའི་སྐོར་ལ་དྲུག༔ ཞི་བྱེད་དམར་ཁྲིད་ཧུཾ་སྐོར༔ སྙན་བརྒྱུད་ནོར་བུའི་གཏེར་མཛོད་ཀྱི་སྐོར༔ དེ་རྣམས་ནི་མདོ་སྔགས་ཟུང་འཇུག་ལ་རྟོགས་ཤིང་ཟུང་གིས་ཉམས་ལེན་དངོས་ཀྱང་དེ་རྣམས་ཡིན་ནོ༔ ཡང་ཟླ་བའི་འོད་ཟེར་མ་དང་ལྟ་བ་ཁྱུང་ཆེན༔ ལྟ་བའི་ཁྲིད་ཡིག་དང་དུག་ལྔ་ནད་སེལ་གྱི་གདམས་པ༔ དུག་གསུམ་རྩད་གཅོད་ཀྱི་གདམས་པ་མ་རིག་མུན་སེལ་གྱི་གདམས་པ༔ རིག་པ་གཅེར་མཐོང་གི་གདམས་པ་དེ་རྣམས་ནི་མདོ་ལུགས་ལ་གཏོགས་པའི་ཆོས་ཚན་ཡིན་ནོ༔ དེ་ཡན་ཆད་ནི་གཞུང་སོ་སོའི་སྲོལ་དུ་གཏོགས་པའི་ཆོས་ཚན་ཡིན་ལ༔ འདི་མན་ཆད་ནི་བྱེ་བྲག་ཐུན་མོང་པ་ཞེས་པ་ལ་ཡང་ཚ་གྲང་ནད་ཀྱི་ཤན་འབྱེད་གསལ་བྱེད་སྒྲོན་མ༔ བར་ཆད་རྐྱེན་གྱི་གེགས་སེལ་རྡོ་རྗེའི་ཐོག་མདའ༔ སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་བཟང་ངན་རྟོག་དཔྱོད་ཕག་སྣ༔ མཐའ་གཏད་རང་གནད་འཁོར་ལོ༔ ནད་སེལ་ཉེར་ཞི་ཆེ་ཆུང་༔ རྐྱེན་སེལ་དྲག་སྔགས་ཆེ་ཆུང་༔ མཛེ་གཅོད་རིན་ཆེན་ཕྲེང་བ༔ བྱད་གཅོད་གསེར་གྱི་འཁོར་ལོ༔ དུར་གཅོད་གེགས་མདུད་བཀྲོལ་བའི་མན་ངག༔ ཚེ་བསྲིང་རྡོ་རྗེའི་རྫོང་ཆེན༔ བསྟན་དགྲ་བསྒྲལ་བའི་མན་ངག་གནམ་ལྕགས་ཀྱི་ཐོག་མདའ༔ འཆི་བསླུ་བླུ་དམར་གཏད་གཤིན་རྗེའི་གདོང་བཟློག༔ ས་གཅོད་གསེར་གྱི་མིག་གསལ༔ ཟིལ་གནོན་སེང་གེ་དཔལ་འབར༔ ཐོག་བབ་ཀླུ་ཚང་ཁྱུང་ཞུགས༔ ནད་དབབ་མེ་ཆུའི་འཁོར་ལོ༔ རོ་གཅོད་རྡོ་རྗེའི་རྩལ་སྦྱོང་༔ གསང་བ་དྲག་གཅོད་དམར་མོ༔ དམིགས་ཐུན་གནམ་ལྕགས་ཐོག་མདའ༔ དེ་ལ་སོགས་པའི་གཞན་ཡང་རྐང་གཉིས་པ་དང་རྐང་བཞི་པ་ལ་སོགས་པའི་འགྲོ་བ་རྣམས་དང་༔ ལོ་ཐོག་དང་བཅས་པ་ལ་སྤྱི་སྒོས་ཀྱི་གནོད་པ་བྱུང་བ་རྣམས་ལ་སོ་སོ་ཡི་སྒོ་ནས་སྲུང་བའི་ཐབས་སྣ་ཚོགས་མཛད་པའི་དགོས་དམིགས་དང་བཅས་པ་དེ་རྣམས་ལ་ནི་གནས་དང་དུས་ཀྱི་ངེས་པ་མེད་ཅིང་༔ ཞུ་བ་པོ་ལ་ཡང་ངེས་པ་མེད་ཅིང་རང་རང་གི་རྐྱེན་གྱིས་དེད་པ་རྣམས་ཡིན་པས་ཡི་གེ་པ་ལ་ཡང་ངེས་པ་མེད་དོ༔ བྱེ་བྲག་ཆུང་ངུ་ཁ་འཐོར་བ་འདི་རྣམས་ནི་གང་ཟག་བློ་རྨོངས་པ་དང་༔ གཞུང་མི་ཆུན་པ་དང་དབང་དང་རྗེས་གནང་དང་ལུང་ཙམ་ཡང་མ་ཐོབ་པས་ཟབ་ཆོས་གཞུང་ཆེན་པོ་རྣམས་ཉམས་སུ་ལེན་དུ་མི་བཏུབ་པ་ནི༔ གང་ཟག་རྐྱེན་གྱིས་དེད་པ་རྣམས་ཀྱི་སོ་སོའི་ངོས་སྐལ་གྱི་དམིགས་པ་དང་གདམས་ངག་སྐོར་རེ་ཙམ་ཡིན་པའི་ཕྱིར་དུ་ཁ་འཐོར་བ་ཞེས་ཟེར་རོ༔ ཁ་འཐོར་གྱི་དམིགས་པ་ཕལ་ཆེར་འགའ་ཞིག་ལ་ནི༔ ཆོས་ཀྱི་མིང་མི་འདོགས་པས་ཡི་གེ་ལ་ཡང་མ་ཐེབ་པ་མང་ཞིང་༔ འདི་ཙམ་ཡོད་ཅེས་གྲངས་ཀྱིས་ཆོད་པ་དཀའ་བས་གཅོད་ཁ་འཐོར་བ་ནི་ཤིང་བུ་དང་༔ རྡེའུ་དང་དྲོ་ཤུན་དང་རས་ལ་སོགས་པ་རྣམས་ལ་ཡང་བྲིས་ནས་བཏང་བས་ཐམས་ཅད་བརྗོད་པས་མཐའི་རྒྱ་མཚོ་དང་འདྲ་སྟེ༔ གྲངས་ཀྱིས་མི་རྙེད་ལ་འདིར་བགྲང་བ་རྣམས་ནི་ཁ་འཐོར་གྲགས་ཆེ་བ་ཡི་རགས་རྩིས་པ་ཙམ་ཡིན་ནོ༔
ཁ་འཐོར་གྱི་དམིགས་སྐོར་འགའ་ཞིག་ནི་མ་ཅིག་གིས་གཞན་ལས་ཐོས་པ་དང་གཞན་གྱི་ཆོས་ལ་ལྟོས་པ་གང་ཡང་མ་ཡིན་པས༔ མ་ཅིག་ཉིད་ཀྱི་ཐུགས་ལ་འཁྲུངས་པའི་མྱོང་ཆོས་རྣམས་ཡིན་པས་ཁ་འཐོར་ཉམས་ཀྱི་གཅོད་ཅེས་ཟེར་རོ༔ ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་བཤད་ཆེན་མོ་དང་༔ དམ་ཚིག་ཉི་ཤུ་རྩ་གཅིག་པ་དང་ས་གཅོད་དང་༔ ཕཊ་ཆོས་སྐོར་གསུམ་དང་ལུས་ཚོགས་དང་བླ་མའི་རྣལ་འབྱོར་ཐུན་མོང་པ་དང་དྲུག་པོ་འདི་ནི༔ མ་ཅིག་གི་རྒྱུད་འཛིན་པ་ཐམས་ཅད་ཀྱི་ཐུན་མོང་གི་ཆོས་ཡིན་ལ་ཕུང་པོ་གཟན་བསྐྱུར་དང་༔ ཕཊ་རྐྱང་གཉིས་ནི་མ་ཅིག་ལ་གསོལ་བ་གདབ་ཚད་ཐམས་ཅད་ཀྱི་སྤྱི་ཆོས་ཆེན་མོ་ཡིན་ནོ༔ དེ་ལྟར་མ་ཅིག་གི་ཞལ་ནས་གསུངས་པའི་ཆོས་ཚན་རྣམས་གྲངས་སུ་བཅད་ན་སྔགས་ལུགས་ལ་ལྟོས་པའི་ཆོས་ཚན་བདུན༔ ཟུང་འཇུག་ལ་ལྟོས་པའི་སྡེ་ཚན་བཅྭོ་བརྒྱད༔ མདོ་ལུགས་ལ་ལྟོས་པའི་སྡེ་ཚན་ཉི་ཤུ༔ ཐམས་ཅད་ཀྱི་ཐུན་མོང་ལ་ལྟོས་པའི་སྡེ་ཚན་དྲུག་དང་༔ སྤྱིར་གྱི་ཆོས་སྡེ་ཚན་ལྔ་བཅུ་ང་བདུན་ཡོད་པར་སྣང་བ་ནི༔ མ་ཅིག་གི་ཞལ་ནས་གསུངས་པའི་ཆོས་སྤྱིའི་རྣམ་གྲངས་ཡིན་པས་ཆོས་སྡེ་ཚན་དེ་རྣམས་ལ་རེ་རེ་ལ་ཡང་རང་རང་གི་ལུགས་ཀྱི་ཆ་ལག་ཚང་བའི་མདའ་ཚད་ཀྱི་ཤོག་གུ་བཞི་བརྒྱ་རེ་བྱས་པའི་པོ་ཏི་བཞི་བཅུ་ཞེ་གཉིས་རེ་དང་༔ བཞི་བཅུ་རྩ་གཅིག་རེ་དང་༔ སུམ་ཅུ་རེ་དང་༔ ཉི་ཤུ་རེ་དང་༔ བཅྭོ་བརྒྱད་རེ་དང་༔ བཅུ་རེ་དང་༔བདུན་རེ་དང་༔ ལྔ་རེ་དང་༔ གསུམ་རེ་དང་མདོར་ན་པོ་ཏི་བརྒྱད་ཅུ་རྩ་བཞི་བ་ཚན་པ་གཉིས་བྱུང་བར་འདུག་པས༔
དེ་རྣམས་ནི་གཞུང་ཀྲི་ཀ་ཆེན་མོ་བཞི་ལ་ལྟོས་པའི་རགས་རྩིས་པ་རྣམས་ཡིན་པར་འདུག་གོ༔ ཁ་འཐོར་བ་ནི་གོང་དུ་བཤད་པ་ལྟར་འདིར་བགྲང་བས་གྲངས་ཀྱིས་མི་ལང་སྟེ༔ དཔེར་ན་རྟ་མོག་རོའི་སྤུ་དང་འདྲའོ༔ དེ་ཡང་རྟ་མོག་རོ་ཞེས་པ་ནི་ནམ་མཁའི་མཐའ་ལ་ཟེར་བ་ཡིན་པས༔ ནམ་མཁའི་མཐའ་ལ་ཆོད་པའི་དཔེ་མེད་པས་དེ་བཞིན་དུ་མ་ཅིག་གི་ཞལ་ནས་གསུངས་པའི་དམ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་ཅེས་བྱ་བ་འདི་ཡི་མཐའ་ནི་རྙེད་པར་དཀའ་བར་སྣང་ངོ་༔ དེ་ལྟར་ཕུང་པོ་གཟན་དུ་བསྐྱུར་བའི་རྣམ་པར་བཤད་པ་བརྩམ་པར་མཛད་པ་དང་༔ ལ་སྟོད་འཕན་དྲུག་གི་ཉི་མ་སེང་གེ་འདུལ་བ་དང་༔ བྱང་རྨ་ཐང་གི་སྨྱོན་པ་རང་སྣང་བལ་པོ་ཡེ་ཤེས་སེང་གེ་འདུལ་བ་དང་༔ རྐང་པོའི་རྗེ་བཙུན་ཟིལ་ནོན་ཕོ་སྨྱོན་སེང་གེ་འདུལ་བ་དང་༔ གཅོད་ཁ་འཐོར་གྱི་དཔེ་ཆ་བརྩམས་པ་དང་༔ དམིགས་པ་མན་ངག་ཕྲན་བུ་རྣམས་མཛད་ཅིང་གཞན་ཕན་མཐའ་ཡས་པ་བསྒྲུབས་ནས་གདུལ་བྱ་སྐྱོང་བར་མཛད་པ་ནི༔ མ་ཅིག་དགུང་ལོ་ང་བདུན་ནས་དྲུག་ཅུ་རེ་དྲུག་བར་གྱིས་རྣམ་ཐར་ཏེ་རྣམ་གྲངས་བཅུ་བདུན་པའོ༔ སཱ་མཱ་ཡཱ༔
རྣམ་གྲངས་བཅོ་བརྒྱད་པ།
དེ་ནས་མ་ཅིག་དགུང་ལོ་དྲུག་ཅུ་རེ་དྲུག་བྱི་བ་ལོ་ཟླ་བ་བཞི་པའི་ཚེས་གཉིས་ལ༔ སྲས་ཆེ་བ་གྲུབ་པེ་མ་ཅིག་གི་མདུན་དུ་མཇལ་བ་ལ་ཟངས་རིར་བྱོན་པས༔ དེ་ཡང་སྲས་གྲུབ་པེ་ནི་དགུང་ལོ་བཞི་བཅུ་ཞེ་གཉིས་ཀྱི་དུས་སུ་ཁྲམ་པ་བཅུ་གཉིས་དང་འགྲོགས་ནས་འོང་སྟེ༔ ནུབ་ཆོས་ལུང་གི་ཡང་དགོན་རྩེ་འདུས་ཡང་དབེན་ཁྲ་མོ་ཞེས་བྱ་བ་ན༔ གཤིན་རྗེ་འཆར་ཁ་ནག་པོ་ལ་སྒྲུབ་པ་བྱེད་ནས་ནུས་པ་ཐོན་པའི་སྔགས་པ་མི་བཅུ་གཉིས་ཡོད་པ་ལ༔ གཏོར་ཆུ་འགེལ་བའི་གླང་བུ་ནག་པོ་གྲུས་ཚིགས་བཅུ་གཉིས་ལོན་པ་ཞིག་ཡོད་པས་ཟླ་བ་བཅུ་གཉིས་པའི་ཉི་ཤུ་གཉིས་ཀྱི་ནུབ་མོ་ལ་ར་དགྲ་གྲུབ་པེས་མགོ་བྱས་པའི་ཁྲམ་པ་མི་བཅུ་གཉིས་འོངས་ནས་གླང་བུ་འཕྲོག་ནས་འོང་སྟེ༔ ནུབ་ཆོས་ལུང་གི་ལུང་པའི་ཕུ་རུ་བསད་པས༔ དེའི་ཚེ་ན་གླང་བུས་འབུ་སྐད་ཆེན་པོ་བཏོན་པས་ས་འོག་ཏུ་ཡང་འབུ་སྐད་ཆེན་པོ་དི་རི་རི་གྲགས་པས༔ ཁྲམ་པ་རྣམས་ནི་བྲེད་ནས་འདར་ཞིང་སྔངས་བར་གྱུར་ཏོ༔ སྲས་གྲུབ་པེ་ཡང་ནི་སྙིང་རྗེ་ཚད་མེད་པ་ཞིག་ཐུགས་ལ་འཁྲུངས་སོ༔ དེར་ཁྲམ་པ་རྣམས་ནི་གླང་ཤས་རྐྱེན་བྱས་ཏེ༔ དེ་ཉིན་ནས་ནད་དང་རྐྱེན་ཞུགས་པས་ལྟས་ངན་སྣ་ཚོགས་པ་བྱུང་བས༔ ཟླ་བ་གཉིས་ཚུན་ལ་ཁྲམ་པ་མི་བཅུ་གཅིག་པོ་ཐམས་ཅད་ཤི་ནས་གཅིག་ཀྱང་མ་ལུས་པས་དེའི་ཤུལ་གྱི་མི་རྣམས་ཀྱང་བྲེད་ཅིང་སྔངས་བར་གྱུར་ཏོ༔ དེའི་ཚེ་ན་ར་དགྲ་གྲུབ་པེ་འཆི་མ་ཐུབ་པས་སྔགས་པ་རྣམས་ཀྱིས་ཀྱང་ར་དགྲ་གྲུབ་པེ་འདིར་ཁུག་ཅིག་ཟེར་ཞིང་ཐམས་ཅད་ཀྱིས་ཉིན་མཚན་མེད་པ་ལ་སྲུང་བ་དང་བཟློག་པ་ལ་འབད་པར་བྱས་སོ༔
དེ་ནས་སྲས་གྲུབ་པེས་རྩམ་པ་ཁལ་རྒྱབ་གཉིས་ཤ་མར་ཐུད་གསུམ་ཁལ་རྒྱབ་གཉིས༔ གཞན་ཡོ་བྱད་ཁལ་རྒྱབ་གཉིས་དང་༔ ཁལ་རྒྱབ་དྲུག་བཀལ་ནས་གཡོག་པོ་མི་གསུམ་དང་དཔོན་གཡོག་བཞི་བྱས་ནས་ཟངས་རི་མཁར་དམར་དུ་མ་ཅིག་གི་དྲུང་དུ་བྱོན་པས༔ དེའི་ནུབ་མོ་རྒྱན་ནེ་མའི་རྨི་ལམ་དུ་ན་རེ༔ ཀྱེ་མ་ཅིག་ལགས༔ མདང་བུད་མེད་དཀར་མོ་ཞིག་བྱུང་ནས་སྲས་གྲུབ་པེ་འོང་ཞིང་ཡོད་ཟེར་བར་རྨིས་ཟེར་བས་མ་ཅིག་གི་ཞལ་ནས༔ བསྟན་དགྲ་དམ་ཉམས་དེ་ནངས་པར་འོང་བར་ཡོད་པས་ཁྱེད་རྣམས་གཅིག་ཀྱང་བླ་དབྱེ་མ་བལྟ༔ ཁལ་མ་འཕོག༔ རོགས་སུས་མ་བྱེད་གསུངས་པས༔ དཔལ་ལྡན་རྒྱན་གྱིས་ཁལ་མ་ཡོད་པ་ཨེ་ཡིན་ལགས་ཞུས་པས༔ མ་ཅིག་གི་ཞལ་ནས་ཁལ་མ་དྲུག་ཡོད༔ མི་རྐང་གཤར་བཞི་ཡོད་པས་ཁྱེད་རྣམས་སུ་ཡང་དེར་མ་འགྲོ༔ གཞན་ཟངས་རི་བ་རྣམས་ལ་ཡང་དེ་ལྟར་དུ་སྨྲོས་ཤིག་གསུངས༔ དེ་ནས་ཉི་མ་རྩེ་དྲོས་ཙམ་ལ་སྲས་གྲུབ་པེ་དཔོན་གཡོག་རྣམས་ཕྱི་ནས་བྱུང་སྟེ་ཞག་མ་བདུན་གྱིས་བར་ལ་ཟངས་རི་བ་རྣམས་སུས་ཀྱང་མ་བལྟས་སོ༔ དེ་ནས་ཞག་བདུན་གྱི་ནངས་པར་སྲས་གྲུབ་པེ་ཡང་མ་ཅིག་གི་མདུན་དུ་མཇལ་བས་ཕྱག་ལན་གསུམ་འཚལ་ནས་ཞུས་པ༔ ཀྱེ་མ་ཅིག་ལགས༔ སྔར་ཁྲམ་པ་རྣམས་དང་འགྲོགས་ནས་སོང་སྟེ༔ སྔགས་པ་རྣམས་ཀྱི་གླང་བརྐུས་ནས་ཟོས་རབས་དང་༔ སྔགས་པ་རྣམས་ཀྱིས་མཐུ་བྱས་ནས་རོགས་ཟླ་བོ་རྣམས་ཤི་རབས་དང་༔ ཁོ་ལ་ཡང་ལྟས་ངན་པ་བྱུང་ལུགས་ལ་སོགས་པ་རྣམས་རྒྱས་པར་ཞུས་པས༔ མ་ཅིག་གི་ཞལ་ནས་ན་རེ༔ ར་དགྲ་ཁྱོད་ཤི་འཕྱིས་པ་ཡིན༔ འོན་ཀྱང་འདིར་ཕྱིན་ནས་འདུག་པས་ད་འོག་ཁང་དུ་སོང་ལ་གནས་སྤྱི་ལ་སྐོར་བ་གྱིས༔ ནུབ་མོ་གྲྭ་ཁང་དུ་ཉོལ་ལ་ཞག་བདུན་གྱི་བར་ལ་འདིར་མ་འོང་དང་དེ་ནས་དམིགས་པ་བསྟན་གསུངས་པ་དང་༔ གྲུབ་པེས་དེ་ལྟར་ལགས་སོ་ཞུས་ནས་འོག་ཁང་དུ་བྱོན་ནས་དཔོན་གཡོག་བཞི་པོས་ཉིན་མོ་གནས་ལ་སྐོར་བ་བྱས༔ ནུབ་མོ་གྲྭ་ཁང་དུ་ཉལ་བ་བྱས་ཤིང་བཞུགས་སོ༔
དེ་ནས་བྱི་བ་ལོ་དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་ནངས་སྔ་མོ་ལ་མ་ཅིག་གི་ཞལ་ནས་བུ་མོ་བཞི་ལ་གསུངས་པ༔ ཁྱེད་བུ་མོ་བཞི་པོས་གནས་ཁང་འདི་ལ་ཕྱག་དར་ལེགས་པོར་གྱིས༔ མཆོད་པའི་ཡོ་བྱད་དང་ཚོགས་འཁོར་རྒྱས་པར་ཤོམས་ཚོགས་ཀྱི་ཆོ་ག་འདོན་མི་བཞི་བཅུ་ཞེ་གཉིས་བྱོན་གྱིས༔ གཞན་མ་རྣམས་ཀྱང་ཚོགས་གྲལ་དུ་བྱོན་གྱིས་ལ་བརྡ་ཐོང་གསུངས༔ དེ་ནས་སྲས་གྲུབ་པེ་དཔོན་གཡོག་བཞི་ལ་མདོ་ལུགས་ཀྱི་ཏིང་ངེ་འཛིན་གྱི་དབང་བཞི་གཏོར་དབང་དང་བཅས་པ་རྣམས་མ་ལུས་པ་གནང་ནས་གྲུབ་པེས་ཁལ་མ་དྲུག་པོ་རྒྱབ་དང་བཅས་པ་དང་༔ གཞན་ཡང་དངོས་པོ་གང་ཡོད་རྣམས་ཟངས་རི་བ་རྣམས་ལ་གཏོང་སྒོ་བྱས༔ བུ་ཚ་གསུམ་པོ་ཡང་སྟོང་སྡེ་ངག་གི་དབང་ཕྱུག་ལ་གཏད་ནས་སློབ་གཉེར་ལ་འཇུག་པར་བྱས་སོ༔ དེ་ནས་སྲས་གྲུབ་པེ་ལ་དྲག་པོའི་ངན་སྔགས་བཟློག་པའི་དམིགས་པ་བསྟན་པས་ཞག་བཅུ་གཉིས་ནས་དམིགས་པ་ཆུན་པས༔ དེ་སྔར་གྱི་གླང་བརྐུས་པའི་མལ༔ སྔགས་པ་རྣམས་ཀྱི་ཐད་དུ་སོང་ནས་དམིགས་པ་གཅུན་པས་ཟླ་བ་གཅིག་དང་ཞག་བཅུ་གཉིས་སོང་ནས་སྔགས་པའི་དཔོན་དེ་ཀུམ་མོ༔ དེ་ནས་ཞག་གཉིས་རེ་སོང་ནས་སྔགས་པ་རེ་རེ་ཀུམ་སྟེ༔ ཟླ་བ་གཉིས་ནས་སྔགས་པ་བཅུ་གཉིས་པོ་ཐམས་ཅད་ཀུམ་པས་སྔགས་པའི་དབེན་ཁང་སྟོང་པར་གྱུར་ཏོ༔
དེ་ནས་གྲུབ་པེ་ཟངས་རིར་བྱོན་པས་རྒྱལ་ཁམས་ཀྱི་མི་ཐམས་ཅད་ཀྱིས་མཐུ་ཆེན་ར་དགྲ་ཟེར་བའི་གྲག་པ་ཆེན་པོ་མདོ་དབུས་ཁམས་གསུམ་ལ་ཁྱབ་པས༔ གྲུབ་པེ་མ་ཅིག་གི་དྲུང་དུ་ཕྱིན་ནས་གཅོད་དྲག་སྔགས་རིང་མོ་ཉམས་སུ་བླང་ཚུལ་རྣམས་ཞིབ་ཏུ་ཞུས་པས༔ མ་ཅིག་གི་ཞལ་ནས་དམིགས་པ་ཧ་ཅང་དྲག་ཐལ་བ་ཡིན་གསུངས་ནས་དེ་ནས་སྲས་གྲུབ་པེ་ལ་འདི་གསུངས༔ ད་ཁྱོད་ཀྱིས་དྲག་སྔགས་རིང་མོའི་དམིགས་པ་ངན་པ་རྣམས་ཞི་བར་བྱེད་པའི་ཕྱིར་དུ་ཞི་བྱེད་དྲག་སྔགས་རིང་མོ་ཞེས་བྱ་བའི་དམིགས་པ་འདི་གཅུན་ལ༔ སྔགས་པ་སྡིག་ཅན་རྣམས་ཀྱི་སྡིག་པ་དག་པར་གྱིས་གསུངས་ནས་ཞི་བྱེད་དྲག་སྔགས་རིང་མོ་ཞེས་བྱ་བའི་དམིགས་པ་རྣམས་གནང་ནས༔ ཟངས་རིའི་འོག་ཏུ་དུར་ཁྲོད་རོ་གླིང་བྱ་བ་ཞིག་ཡོད་པ་དེར་བཞུགས་ནས་དམིགས་པ་གཅུན་པས༔ ཟླ་བ་གཉིས་ནས་སྔགས་པ་སྡིག་ཆེན་རྣམས་ཀྱི་སྡིག་པ་དག་ནས་དག་པ་མཁའ་སྤྱོད་དུ་དྲངས་བའི་རྟགས་མངོན་སུམ་དུ་བྱུང་ངོ་༔ གྲུབ་པེ་ཁོ་རང་ལ་ཡང་ཉམས་དང་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་པས༔ དེ་ནས་མ་ཅིག་གི་མདུན་དུ་ཕྱིན་ནས་དེ་ལྟར་ལོ་རྒྱུས་ཞིབ་ཏུ་ཞུས་པས་མ་ཅིག་གི་ཞལ་ནས༔ དེ་ལྟར་བྱུང་བའི་ངོ་མཚར་ཆེ་གསུངས་ནས་ཟངས་རི་བ་རྣམས་བསྡུས་ནས་ཆོས་སྟོན་རྒྱ་ཆེན་པོ་མཛད་དོ༔ དེ་ནས་སྲས་གྲུབ་པེ་ལ་ཁྱིམ་པའི་ལུགས་ཀྱི་དགེ་བསྙེན་གྱི་སྡོམ་པ་ཕོག་ནས༔ ད་ནི་གྲུབ་པེ་ཁྱོད་དགྲ་སྔགས་པ་ལས་རྒྱལ་ཞིང་༔ བདུད་བཞི་ལས་ཀྱང་རྒྱལ་བ་ཞིག་འོང་བ་ཡོད་པས་ཁྱོད་ལ་རྒྱལ་བ་མིང་དུ་འདོགས་དགོས་པ་དང་གཅིག༔ རང་གཞན་གཉིས་ཀའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཞིག་འོང་བར་ཡོད་པས༔ ཁྱོད་ལ་དེ་རིང་ནས་རྒྱལ་བ་དོན་འགྲུབ་མིང་དུ་བཏགས་དགོས་དང་རྟེན་འབྲེལ་འགྲིགས་ཤིང་༔ མིང་འདི་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་ལ་ཕན་ཐོགས་མཐའ་ཡས་པ་འོང་བར་ཡོད་པས་དེ་རིང་ཕྱིན་ཆད་ནས་རྒྱལ་བ་དོན་འགྲུབ་མིང་དུ་ཐོགས་ཤིག་གསུངས་པས༔
དེ་ཕྱིན་ཆད་ནས་འཛམ་བུའི་གླིང་དུ་སྲས་མཆོག་རྒྱལ་བ་དོན་འགྲུབ་ཅེས་བྱ་བར་གྲགས་སོ༔ དེ་ནས་སྲས་རྒྱལ་བ་དོན་འགྲུབ་ལ་བཀའ་བརྒྱུད་བླ་མའི་གནས་འགྱུར་གྱི་བྱིན་རླབས་དབང་མོ་ཆེ་རྒྱས་པར་མཛད༔ བཀའ་བརྒྱུད་དོན་གྱི་མན་ངག་གི་སྙན་བརྒྱུད་ཀྱི་ཁུངས་ཐམས་ཅན་བཀྲོལ་ནས་གདམས་པ་ཐམས་ཅད་མ་ལུས་པར་གནང་ནས་གསུངས་པ་ད་ཁྱོད་རྒྱལ་བ་དོན་འགྲུབ་ཀྱིས་ང་ལ་དད་པ་རྩོལ་མེད་དུ་ཐོབ་ཅིང་༔ དེ་རིང་ཕྱིན་ཆད་ནས་ངའི་བསྟན་པ་ལ་འཇུག་པ་ཡིན་པས་ངའི་ཆོས་ལུགས་ཀྱི་བསླབ་བྱ་དང་དམ་ཚིག་ཉི་ཤུ་རྩ་གཅིག་པ་རྣམས་བསྲུང་དགོས་པས་ངས་ཁྱོད་ལ་བསླབ་བྱ་རྣམས་བཤད་ཙ༔ ཁྱེད་སྟོང་སྡེ་ངག་གི་དབང་ཕྱུག་དང་གྲོལ་སྡེ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་ཡི་གེ་ལ་ཐོབ་ལ་བྱིན་མཛོད་དང་༔ ཁོས་ཡི་གེ་མི་ཤེས་ཀྱང་ཟླ་བོ་རྣམས་ལ་འདོན་དུ་འཇུག་པས་ཁོ་ལ་གསལ་འདེབས་འོང་བ་ཡིན་གསུངས་ནས་དམ་ཚིག་ཉི་ཤུ་རྩ་གཅིག་པའི་བསླབ་བྱ་རྣམས་རྒྱས་པར་བཤད་ནས༔ ཡི་གེ་ལ་བཀོད་ནས་སྲས་རྒྱལ་བ་དོན་འགྲུབ་ལ་གཏད་པས་སྲས་ཀྱིས་ཤིན་ཏུ་གཅེས་པར་མཛད་ནས་ཐུགས་ཉམས་སུ་བཞེས་པའོ༔ དེ་ལྟར་མདོ་ལུགས་ཞེས་སམ་ཕ་རོལ་དུ་ཕྱིན་པ་དང་མདོ་སྔགས་ཟུང་གི་གདམས་པ་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུད་པར་མཛད་དེ༔ དེ་ནས་མ་ཅིག་གི་ཞལ་ནས་རྒྱལ་བ་དོན་འགྲུབ་ཁྱོད་ཀྱིས་ད་ནི་སྒྲུབ་པ་ཞིག་གྱིས་གསུངས་པས༔
དེ་ནས་རྒྱལ་བ་དོན་འགྲུབ་ཀྱིས་ནུབ་ཆོས་ལུང་གི་པདྨ་༔ སྔར་གླང་བསད་པའི་མལ་དུ་སོང་ནས་གཞིའི་དམ་ཚིག་དྲུག་གི་གདམས་པ་རྣམས་ཉམས་སུ་བླངས་ནས་ལོ་གཅིག་བཞུགས༔ གླང་ལུང་གི་སྐད་དུ་ལམ་གྱི་དམ་ཚིག་བཅུ་དང་སྦྱར་ནས་ལོ་གཅིག་བཞུགས༔ གླང་ལུང་གི་ཕུག་ཏུ་འབྲས་བུའི་དམ་ཚིག་ལྔ་དང་སྦྱར་ནས་ལོ་གཅིག་བཞུགས༔ ནུབ་ཆོས་ལུང་དུ་ལོ་གསུམ་བཞུགས་པ་དང་༔ སྔར་མ་ཅིག་གི་དྲུང་དུ་ལོ་གཅིག་གཉིས་བཞུགས་པ་དང་ལོ་ལྔ་སྟེ༔ ལོ་བཞི་བཅུ་ཞེ་བདུན་ནས་གྲུབ་པ་ཐོབ་སྟེ༔ ནང་དུ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་༔ ཐུགས་མཁྱེན་པ་གཉིས་ལ་ཐོགས་པ་མི་མངའ་བར་ངག་རྡོ་རྗེའི་གླུ་མཛོད་རྡོལ་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མི་མངའ་བར༔ ཕྱི་རུ་སྐུ་ནི་དག་སྣང་སྒྱུ་མ་ལྟ་བུར་གྱུར་ཅིང་༔ ཡུལ་སྣང་ཐམས་ཅད་དག་སྣང་བདེན་མེད་སྟོང་པའི་གཟུགས་བརྙན་དུ་ཤར་ནས་རི་བྲག་ཆུ་གསུམ་ལ་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་ནུས་པ་ལ་སོགས་པའི་གྲུབ་རྩལ་མཐའ་ཡས་པ་སྟོན་པའི་ཡོན་ཏན་གྱི་སྙན་པ་དང་གྲགས་པ་ནི་རྩང་དབུས་ཁམས་གསུམ་ལ་སོགས་པ་འཛམ་བུའི་གླིང་དུ་འབྲུག་ལྟར་དུ་ཁྱབ་ཅིང་བཟང་དགུའི་གཏུག་ས༔ ངན་དགུའི་རྟེན་གནས༔ འགྲོ་བ་མཐོང་ཐོས་འདྲེན་པའི་འདྲེན་མཆོག་དམ་པ་དཔག་ཏུ་མེད་པར་གྱུར་ཏོ༔
དེ་ནས་རྒྱལ་བ་དོན་འགྲུབ་ཀྱིས་གྲུབ་པ་ཐོབ་པའི་དགའ་སྟོན་ཆེན་པོ་བྱས་པ་ལ༔ མ་ཅིག་ནུབ་ཆོས་ལུང་དུ་བྱོན་ནས་སྦྲུལ་ལོ་ཟླ་བ་འབྲིང་པོའི་ཚེས་གཅིག་ནས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གི་བར་དུ་ཚོགས་འཁོར་རྒྱ་ཆེན་པོ་མཛད་དེ༔ བལ་པོ་ཚུན་ཆད་མངའ་རིས་མན་ཆད་ཀོང་པོ་ཡན་ཆད་ཀྱི་མ་ཅིག་གི་བུ་སློབ་རྣམས་ལ་དེར་མ་འདུས་པ་ནི་གང་ཡང་མེད་པ་ལ༔ སྤྱིར་ཁྲོམ་ཚོགས་འབུམ་ཁྲག་བཞི་ལྷག་ཙམ་འདུས་ནས་འདུག༔ སྒོས་སུ་ཡང་མ་ཅིག་གི་རྒྱུད་འཛིན་དངོས་ལ་སྟོང་དང་ལྔ་བརྒྱ་དང་སུམ་ཅུ་ཙམ་བྱུང་བའི་ནང་ནས་ཆོད་ཚད་ཆེན་པོ་ཞེས་སམ༔ ས་བརྒྱད་པ་ཐོབ་པའི་རྣལ་འབྱོར་པ་བཞི་འདུག༔ ཆོད་ཚད་འབྲིང་པོ་ཞེས་སམ་ས་དྲུག་པ་ཐོབ་པའི་རྣལ་འབྱོར་པ་བཅུ་བཞི༔ ཆོད་ཚད་ཆུང་ངུ་ཞེས་སམ་ས་གཅིག་པ་ཐོབ་པའི་རྣལ་འབྱོར་པ་དྲུག་ཅུ་རེ་བཞི་འདུག་པ་དང་༔ རྣལ་འབྱོར་པ་བརྒྱད་ཅུ་གྱ་གསུམ་དང་སྲས་མོ་རྒྱན་བཞི་ལ་སོགས་པའི་བུ་སློབ་ལ་བུད་མེད་མཐོང་ལམ་ཐོབ་པ་ཉི་ཤུ་རྩ་དྲུག་དང་༔ གྲུབ་ཐོབ་ཕོ་མོ་བརྒྱ་དང་བརྒྱད་འདུག་པ་ལ༔
མ་ཅིག་ཡུམ་སྲས་གྲྭ་སློབ་རྣམས་ཤིན་ཏུ་ཚོགས་པ་རྒྱས་པའི་ཚེ༔ སྲས་རྒྱལ་བ་དོན་འགྲུབ་ཀྱིས་རྩལ་བསྟན་པ་ནི༔ དཔྱིད་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་ཉི་མ་ཕྱེད་ཡོལ་ཙམ་དུ་མེ་ཏོག་པདྨ་དཀར་པོ་འདབ་མ་བརྒྱད་པ་ཁྲུ་སྐོར་ཙམ་ལ༔ ཡུ་བ་ནི་སྡོང་པོ་མི་ལུས་ཙམ་ཡོད་པ་བརྒྱ་བར་སྤྲུལ་ནས༔ མེ་ཏོག་པདྨ་རེ་རེའི་སྟེང་དུ་སྲས་རྒྱལ་བ་དོན་འགྲུབ་ཡང་ཁོང་དང་འདྲ་བ་བརྒྱ་སྤྲུལ་ནས་བཞུགས༔ དེའི་དབུ་ཐོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ་བརྒྱར་སྤྲུལ་ནས་བཞུགས༔ དེའི་དབུ་ཐོག་ཏུ་སངས་རྒྱས་འོད་དཔག་མེད་བརྒྱར་སྤྲུལ་ནས་བཞུགས་པར་མཛད་དེ༔ དེ་ལ་ལས་དག་པ་རྣམས་ཀྱིས་མེ་ཏོག་དང་རྒྱལ་བ་དོན་འགྲུབ་བརྒྱ་པོ་ལྷ་དང་བཅས་པ་རྣམས་ཅི་ལྟ་བ་བཞིན་དུ་མཐོང་ངོ་༔ ཡང་ལ་ལས་ལྷ་ཚོགས་རྣམས་མ་མཐོང་༔ མེ་ཏོག་བརྒྱ་པོ་དང་རྒྱལ་བ་དོན་འགྲུབ་བརྒྱ་པོ་རྣམས་མཐོང་སྟེ༔ རྒྱལ་བ་དོན་འགྲུབ་བརྒྱ་པོ་མཐོང་༔ ཡང་ལ་ལས་རྒྱལ་བ་དོན་འགྲུབ་བརྒྱ་པོ་ལ་སོགས་རྣམས་ཅི་ཡང་མ་མཐོང་སྟེ༔ རྒྱལ་བ་དོན་འགྲུབ་ཁོ་རང་གཅིག་པོ་མཐོང་༔ ཡང་ལ་ལས་འོད་ལྷོ་འུར་འདྲ་བས་བསྒྲིབས་ནས་ཅི་ཡང་མ་མཐོང་བ་ལ་སོགས་པའི༔ མཐོང་ལུགས་མི་འདྲ་བ་སྣ་ཚོགས་དུ་མ་བྱུང་ཞིང་སྲས་རྒྱལ་བ་དོན་འགྲུབ་ཀྱིས་གྲུབ་རྩལ་བསྟན་བའི་སྙན་གྲགས་ནི་འབྲུག་ལྟར་དུ་ཁྱབ་ནས་རྩང་དབུས་ཁམས་གསུམ་རྒྱ་བོད་ཐམས་ཅད་ཀྱིས་སངས་རྒྱས་དངོས་སུ་བྱོན་པ་ཙམ་གྱི་འདུ་ཤེས་དང་༔ དད་པ་རྩོལ་མེད་དུ་སྐྱེས་སོ༔
དེ་ལྟར་སྲས་མཆོག་རྒྱལ་བ་དོན་འགྲུབ་ཀྱིས་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པ་དུས་རྒྱུན་དུ་བསྒོམས་པས༔ སྤྱན་རས་གཟིགས་ལ་གྲུབ་པ་ཐོབ་ནས༔ ཉིན་ཞག་ཕྲུགས་གཅིག་ལ་ཐུན་བརྒྱད་དུ༔ ཐུན་རེ་ལ་ཡང་ཡི་གེ་དྲུག་པ་སྟོང་ཚོ་ལྔ་རེ་མ་ཆག་པར་འདོན་པའི་དམ་ཚིག་མ་ཅིག་གི་མདུན་དུ་ཁས་བླངས་ནས་མ་ཅིག་གི་དམ་ཚིག་ཉི་ཤུ་རྩ་གཅིག་པའི་བསླབ་བྱ་རྣམས་གསུངས་པ་ལ༔ སེལ་མ་ཞུགས་པར་མཛོད་གསུངས་པས༔ སྲས་ཀྱིས་ཀྱང་དེ་ལྟར་བཀའ་བཞིན་དུ་བསྒྲུབ་པར་མཛད་དོ༔ དེ་ནས་ཚེས་པ་བཅྭོ་བརྒྱད་ནས་ཚོགས་པ་སྤྱི་རྣམས་ཀྱང་སོ་སོར་བྱེར་ཏེ༔ མ་ཅིག་གི་རྒྱུད་འཛིན་སློབ་མ་རྣམས་ལམ་དུ་ཞུགས་ནས་འདུག་པས་སྲས་རྒྱལ་བ་དོན་འགྲུབ་ཀྱིས་མ་ཅིག་ལ་འདི་སྐད་ཅེས་སོ༔ ཀྱེ་མ་ཅིག་ལགས༔ རང་རེ་མ་ཅིག་གི་དེ་སྔ་ཕན་ཆད་ཀྱི་བུ་སློབ་རྣམས་ལ་གྲུབ་ཐོབ་ཕོ་མོ་འདི་ཙམ་ཞལ་འཛོམ་པའི་ངོ་མཚར་ཆེ་ཞིང་དགེ་བ་ལགས༔ ད་འདི་ནས་སོ་སོར་གྱེས་པའི་རྗེས་ལ་འདི་ལྟར་ཐམས་ཅད་ཞལ་འཛོམ་པ་ཡང་དཀའ་ལ༔ ཡུམ་ཉིད་ཀྱང་སྐུ་ནས་ལ་བྱོན་ཞིང་འགྲོ་དོན་ཡང་རྫོགས་ལ་ཁད་ཡིན་པས༔ ད་ལྟ་ཐམས་ཅད་ཞལ་འཛོམས་པ་འདི་ནས་བཟུང་སྟེ་མཐར་ཐུག་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་ཡུམ་ཉིད་ཀྱིས་ཐུགས་རྗེས་ངེས་པར་དུ་འཛིན་པའི་སྨོན་ལམ་དང་ཐུགས་བཞེས་མཛད་པར་ཞུ༔ ད་རང་རེ་མ་ཅིག་གི་བསྟན་པའི་མཐར་མུ་སྟེགས་ཀྱིས་དམོད་པ་བོར་བས་ཆོས་ལོག་ཅིག་འབྱུང་གསུངས་པ་དེ་ལ་ད་ལྟ་རང་རེ་ཡུམ་སྲས་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་བདེན་པ་བདར་བ་དང་༔ སྨོན་ལམ་གྱི་སྟོབས་བརྗོད་ན་བཟློག་པར་ནུས་སམ༔
དེ་ལྟར་བཟློག་པར་མི་ནུས་ན༔ མ་འོངས་ཆོས་ལོག་འབྱུང་བའི་དུས་སུ༔ ད་ལྟའི་ཁུ་སྒོམ་ཆོས་ཀྱི་སེང་གེ་འདི་འབྱུང་གསུངས་པས༔ ཁུ་སྒོམ་ཆོས་ཀྱི་སེང་གེ་ཡུལ་གང་དུ་འབྱུང་༔ ཚུལ་ཅི་ལྟ་བུར་འབྱུང་༔ སྤྱོད་ལམ་ཇི་ལྟར་བྱེད་ནས་འབྱོན༔ ཐབས་གང་ལྟར་དུ་བྱས་ནས་ཆོས་ལོག་སེལ་དགོས་པ་རྣམས་དང་༔ ཆོས་ལོག་འབྱུང་བའི་དུས་སུ༔ ཆོས་ལོག་སེལ་བའི་དཔེ་ཆ་མི་འཆུག་པ་ཅི་ལྟ་བུ་འབྱུང་བ་དང་༔ ཕྱག་རྒྱ་ཆེན་པོ་གཅོད་ཅེས་བྱ་བ་འདི་ལ་སྤུ་རིས་སུ་དབྱེ་ན་གྲངས་དང་མིང་ཅི་ཙམ་ཞིག་ཡོད་པ་དང་༔ ད་ལྟ་འདིར་བཞུགས་པའི་བུ་ཆེན་རྣམས་ནི་ཞིང་ཁམས་གང་དུ་སྐྱེས་ནས༔ འགྲོ་དོན་ཅི་ལྟ་བུ་འབྱུང་ཚུལ་དང་༔ དེ་རྣམས་རང་རེ་ཡུམ་སྲས་རྣམས་ཞལ་འཛོམ་པའི་གང་འདིར་གསལ་པོར་ཐུགས་ལ་འདོགས་པར་ཞུ་ཞེས་ཞུས་པས༔ དེ་ནས་མ་ཅིག་གིས་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེར་གཟིགས་ནས་སྐུ་འདོམ་གང་ཙམ་གྱི་ནམ་མཁའ་ལ་འཕགས་ནས་བཞུགས་པ་དང་༔ ཞལ་འཛུམ་པར་མཛད་ནས་འདི་སྐད་གསུངས༔ བུ་སྦྱོང་བའི་ལས་སད་སྐལ་བ་ཅན༔ སྐྱེས་བུ་དད་བརྩོན་རིག་པ་ཅན༔ ཁྱོད་ཀྱིས་དྲི་བ་བྱེད་ལུགས་ལེགས༔ ཇི་ལྟར་ཁྱོད་ཀྱིས་ཟེར་བ་བཞིན༔ ངས་ཀྱང་འགྲོ་དོན་རྫོགས་ལ་ཁད༔ ད་ནི་ཡུན་རིང་མི་སྡོད་པར༔ དག་པ་མཁའ་སྤྱོད་གནས་སུ་འགྲོ༔ ཁྱེད་བུ་སློབ་གྲྭ་འཁོར་ཐམས་ཅད་ཀུན༔ ད་ལན་འདི་འདྲ་འཛོམ་པ་དཀའ༔ བཀྲ་ཤིས་སྨོན་ལམ་འདེབས་པ་དང་༔ མ་འོངས་ཆོས་ཁྲིམས་འཆུག་རྟགས་རྣམས༔ ལུང་བསྟན་བཤད་པའི་དུས་རྣམས་ཀྱང་༔ ད་ལྟ་ཡིན་པས་ལེགས་པར་ཉོན༔ ངས་ཀྱང་རྒྱས་པར་བཤད་པར་བྱ༔ ཞེས་གསུངས་ནས་ཁྱེད་བུ་སློབ་རྣམས་ཀྱང་ལེགས་པར་ཉོན་དང་ངས་ཆོས་སྤྱོད་དང་ཉམས་ལེན་གྱི་རིམ་པ་ནི་འདི་ལྟར་བྱེད་པ་ཡིན་ནོ༔ ཉིན་ཞག་ཕྲུགས་གཅིག་ལ༔ ཐུན་བརྒྱད་དམ་དྲུག་ཏུ་རྣམ་གྲངས་བཅུ་མ་ཆག་པར་བྱ་བ་ནི་འདི་ལྟར་བྱེད་པ་ཡིན་པས༔ ཁྱེད་ང་ཡིས་རྗེས་སུ་འཇུག་པའི་བུ་སློབ་རྣམས་ཀྱང་འདི་ལྟར་མཛོད་ཅིག༔ འཆི་བ་མི་རྟག་པ་ཐམས་ཅད་དེ་བཞིན་རང་ཡིན་ནོ་སྙམ་པ་དང་༔ ལས་དགེ་སྡིག་གཉིས་ལ་རྩིས་བགྲང་བྱེད་པ་དང་༔ འཁོར་བ་སྤྱི་དང་བྱེ་བྲག་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་མཐོང་བར་བྱེད་པ་དང་༔ དེ་རྣམས་ལ་དུས་རྒྱུན་དུ་བསམ་བློ་ཡང་ཡང་དུ་གཏང་བར་བྱེད་པ་དང་གཅིག༔ གཉན་ས་རི་ཁྲོད་དུ་དུས་རྟག་ཏུ་འདུག་ཅིང་ལུས་ཀྱིས་མཆོད་སྦྱིན་བྱེད་པ་དང་༔ ཚེ་འདིའི་བྱ་བ་ལ་སྐད་ཅིག་ཀྱང་བློ་མི་འཇུག་པར་སེམས་པ་དང་གཉིས༔ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་དང་སྐད་ཅིག་ཀྱང་མི་འབྲལ་བར་སེམས་པ་དང་གསུམ༔ བླ་མའི་རྣལ་འབྱོར་ཟབ་ལམ་མ་ལ་ཐུན་དྲུག་དང་ནམ་མཁའ་གོ་འབྱེད་རྫས་གྲུབ་འཕོ་བ་ལ་ཐུན་ཉེར་གཅིག་རེ་བྱེད་པ་དང་བཞི༔ ཡི་དམ་ལྷའི་སྙིང་པོ་བརྒྱ་རྩ་རེ་འདོན་པ་དང་༔ ཡི་གེ་དྲུག་པ་བརྒྱ་རྩ་རེ་འདོན་པ་དང་༔ རླུང་འགྲོ་འོང་གནས་གསུམ་ཡི་གེ་གསུམ་གྱིས་བཟླས་པ་བྱེད་པ་དང་ལྔ༔ འཇམ་དཔལ་གྱི་གཏོར་མ་དང་ཕ་རོལ་དུ་ཕྱིན་པའི་གཏོར་མ་དང་༔ གཏོར་མ་བརྒྱ་རྩ་ལྷག་མ་དང་བཅས་པ་ལ༔ ཉིན་རེ་བཞིན་དུ་ཚར་གསུམ་རེ་བཏང་བ་དང་དྲུག༔ ཟླ་བ་རེ་རེ་བཞིན་དུ་ཚེས་གཅིག་དང་༔ ཚེས་བཅུ་དང་༔ ཉི་ཤུ་ལྔ་དང་༔ བཅུ་བཞི་དང་༔ བཅྭོ་བརྒྱད་དང་༔ གནམ་གང་དང་༔ ཚེས་བརྒྱད་དང་༔ ཚེས་བཅོ་ལྔ་དང་བརྒྱད་པོ་འདི་ལ་ཤ་ཆང་གཙང་མ་དང་༔ རྩམ་པ་གཙང་མ་དང་དཀར་གསུམ་མངར་ལ་སོགས་པའི་བྱེ་བྲག་ཚོགས་ཆེན་ལ་ཚོགས་འཁོར་རྒྱས་པ་རེ་བྱེད་པ་དང་༔ ཞི་བའི་སྦྱིན་སྲེག་རྒྱས་པ་རེ་བྱེད་པ་དང་༔ མར་མེ་བརྒྱ་རེ་དང་༔ ཐ་ན་ཡང་དེ་རྣམས་ལ་ཚན་པ་བདུན་རེ་བྱེད་པ་དང་བདུན༔ ཉིན་རེ་བཞིན་དུ་ལུས་ཚོགས་ཚར་བདུན་རེ་དང་༔ ཕྱག་བདུན་རེ་དང་༔ སྐོར་བ་བདུན་རེ་དང་༔ ཚ་ཚ་བདུན་རེ་དང་༔ ལྟུང་བཤགས་ཚར་བདུན་རེ་དང་༔ ཟབ་མདོ་ཚར་བདུན་རེ་དང་༔ སྒྲོལ་མ་ཚར་བདུན་རེ་དང་དེ་རྣམས་ལ་མ་ཆག་པར་བྱེད་པ་དང་བརྒྱད༔ ཤ་ཆང་སྒོག་གསུམ་གཏན་ནས་སྤང་ཞིང་མི་འཆང་བ་དང་དགུ༔ རྫས་ཐུན་དང་དྲག་སྔགས་དང་དྲག་པོའི་ཐེམ་ལ་ལེན་པའི་སྒོ་ནས་ལྷ་འདྲེ་གདུག་པ་ཅན་རྣམས་མི་བསྲེག་མི་གཟིར་མི་བརྡུང་ཞིང་ཡལ་བར་ཡང་མི་དོར་ནས་ལུས་ཤ་ཁྲག་དྲོན་མོས་ལྷ་འདྲེ་གདུག་པ་ཅན་རྣམས་སྐྱོང་ཞིང་བུ་བཞིན་དུ་གཅེས་པར་སྐྱོང་བ་དང་བཅུ་པོ་འདི་ནི་ངའི་དགེ་སྦྱོར་གྱི་གཙོ་བོ་གཞུང་ཤིང་གི་དམ་བཅའ་ཡིན་པས༔ ངའི་རྗེས་སུ་འཇུག་པའི་བུ་སློབ་རྣམས་ཀྱང་དོན་བཅུ་པོ་འདི་སྲོག་ལ་བབ་ཀྱང་སྲུང་དགོས་སོ༔ མ་བསྲུང་ན་ང་དང་འགལ་ཞིང་དམ་ཚིག་ཉམས་པར་འགྱུར་པས་དོན་བཅུ་པོ་འདི་བརྩོན་པར་སྲུང་དང་༔ ང་དང་མི་འབྲལ་འགྲོགས་པ་ཡིན་ནོ་བུ་སློབ་ཀུན་ཞེས་གསུངས་སོ༔
མ་ཅིག་གི་ཞལ་ནས་ལུས་སྲོག་ལོངས་སྤྱོད་ཁ་རྗེ་ཀུན༔ གཞན་དོན་སེམས་ཕྱིར་བཏང་བ་ན༔ ང་དང་ནམ་ཡང་མི་འབྲལ་བར༔ འགྲོགས་པ་ཡིན་ནོ་བུ་སློབ་ཀུན༔ སྣང་སྲིད་ལྷ་འདྲེ་གདུག་པ་ཅན༔ བུ་བས་གཅེས་པར་བརྩེ་བར་བསམ༔ རབ་ཏུ་གདུངས་པས་འཁོར་དུ་བསྐོར༔ ཤ་ཁྲག་དྲོན་མོས་རྟག་ཏུ་སྐྱོངས༔ བྱམས་དང་སྙིང་རྗེའི་ལྕགས་ཀྱུ་ཡིས༔ ནམ་ཡང་མི་གཏོང་འགྲོགས་པ་དང་༔ ལྷག་བསམ་རྣམ་དག་བྱམས་སེམས་ཀྱིས༔ དམ་པའི་ཆོས་ཀྱི་འབྲེལ་བ་ཡི༔ གྲོལ་ནས་བདེ་ལ་བཀོད་པ་དང་༔ ལྷ་འདྲེ་འགྲོ་དོན་མཐའ་ཡས་པ༔ བརྩོན་འགྲུས་དྲག་པོས་བྱས་པ་ན༔ ཁྱེད་བུ་སློབ་གང་ཡིན་དེ་དག་ཀུན༔ ང་དང་ནམ་ཡང་མི་འབྲལ་བར༔ འགྲོགས་པ་ཡིན་ནོ་བུ་སློབ་ཀུན་ཅེས་གསུངས་པ་དང་༔ ང་དང་མི་འབྲལ་འགྲོགས་པར་འདོད་ན༔ ངས་ཇི་ལྟར་བཤད་པ་དེ་བཞིན་དུ་གོ་བར་གྱིས་ཤིག་བུ་སློབ་ཀུན་ཞེས་གསུངས་སོ༔ ད་ནི་ང་ཡི་བསྟན་པ་ལ་ཆོས་ལོག་འོང་བའི་རྒྱུ་མཚན་རྣམས་བཤད་པས་ཁྱེད་བུ་སློབ་རྣམས་ལེགས་པར་ཉོན་དང་འདི་ལྟར་འབྱུང་གི༔ སྔར་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་ང་ལྷའི་ཡུལ་ནོར་བུ་ཕུན་སུམ་ཚོགས་པའི་གླིང་ཞེས་བྱ་བ་ཞིག་ན་ལྷའི་འགྲོ་དོན་བྱེད་ཅིང་ཡོད་པས་ང་ལ་ལྷ་མོ་བདུན་གྱིས་འཁོར་གྱིས་བསྐོར་ནས་མེ་ཏོག་དང་རིན་པོ་ཆེ་ལ་སོགས་པའི་མཆོད་རྫས་མང་པོ་ཐོགས་ནས༔ སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་དང་མཆོད་པ་འབུལ་བའི་ཕྱིར་དུ་རྒྱ་གར་དུ་འོང་ནས༔ བཅོམ་ལྡན་འདས་ལ་མེ་ཏོག་ལ་སོགས་པ་མཆོད་ནས་མགོ་བོས་ཞབས་ལ་གཏུགས་ནས་ཕྱག་འཚལ་ཏེ༔ སྐོར་བ་ལན་གསུམ་བྱས་ནས་མདུན་དུ་འཁོད་པ་ལ༔
བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ༔ ལྷ་མོ་ཁྱོད་འདི་ན་འོང་བ་ཤིན་ཏུ་ལེགས་སོ༔ ང་ཡོངས་སུ་མྱ་ངན་ལས་འདས་པའི་དུས་རིང་པོ་ཞིག་ནས༔ རྒྱ་གར་རྡོ་རྗེའི་གདན་འདི་ན་མུ་སྟེགས་པ་རྣམས་ཁ་འཕྱོ་ནས་འོང་བར་ཡོད་པས༔ དེའི་དུས་སུ་རྒྱ་གར་ཤར་ནུབ་འདི་ན་ཁྱོད་མིན་པ་མུ་སྟེགས་པ་འདུལ་ཐུབ་པ་སུ་ཡང་མི་འོང་བས་ཁྱོད་ཀྱིས་མུ་སྟེགས་པ་འདུལ་དགོས་ཤིང་༔ དེ་ནས་མ་འོངས་པའི་དུས་སུ་ཡང་བོད་གངས་ཅན་གྱི་ཁྲོད་དུ་འབྱུང་པོ་མི་དང་མི་མ་ཡིན་གདུག་པ་ཅན་ཐམས་ཅད་ཁྱོད་ཀྱིས་འདུལ་བའི་སྐལ་བ་ཡོད་པས༔ ད་ལྟ་འདིར་སྨོན་ལམ་ལེགས་པོར་ཐོབ་ཅིག་ཅེས་བཀའ་སྩལ་པ༔ ངས་ཞུས་པ༔ བདག་བློ་ཞུམ་པས་དེ་ལྟར་མི་ནུས་ལགས་ཞུས་པས་བཅོམ་ལྡན་འདས་ཀྱིས་བཀའ་མ་གནང་སྟེ༔ གནས་བརྟན་རབ་འབྱོར་གྱིས་ན་རེ༔ སྨོན་ལམ་ཐོབ་དང་བདག་གིས་སྨོན་ལམ་གྱི་གྲོགས་བྱེད་དོ་ཞེས་གསུངས་པས༔ དེ་ནས་ལྷ་མོས་སངས་རྒྱས་ཀྱི་མདུན་དུ་པུས་མོ་བཙུགས་ཐལ་མོ་སྦྱར་ནས༔ མུ་སྟེགས་པ་རྣམས་འདུལ་བའི་སྨོན་ལམ་བརྒྱ་རྩ་བརྒྱད་བཏབ་པའི་སྐབས་སུ་བྱ་གཅན་གཅིག་གིས་ཕུག་རོན་ཞིག་བཀར་ནས་ངའི་མདུན་དུ་ཕོག་ནས་བྱུང་བས་ངས་བྱ་གཅན་དང་ཕུག་རོན་གཉིས་བཤུག་པས༔ དེའི་ཚེ་ཨ་ལི་ནག་པོ་ཞིག་བྱུང་ནས་ཕུག་རོན་བསུབ་པས༔ ངས་ཨ་ལི་དང་ཕུག་རོན་གཉིས་བཤུག་པས་ལི་ལིས་ངའི་ལག་མགོ་བྲད་ནས་བྱུང་པས༔ ངས་ཨ་ལིའི་རྣ་རྡོག་ལ་སེ་གོལ་ཞིག་བཏབ་པས་ཨ་ལི་བརྒྱལ་དུ་ཐལ་ལོ༔ དེའི་ཚེ་ན་ཕུག་རོན་སྐྱབས་ཀྱང་བདག་གི་སྨོན་ལམ་གྱི་བར་ཆད་པས༔ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་ལྷ་མོ་ཁྱོད་ཀྱིས་རྒྱ་གར་རྡོ་རྗེ་གདན་དུ་མུ་སྟེགས་པ་ཐམས་ཅད་ཐུལ་བར་འདུག་སྟེ༔ ཕྱི་འབྱུང་གི་དུས་སུ་བོད་གངས་ཅན་གྱི་ཁྲོད་དུ་འབྱུང་པོ་མི་དང་མི་མ་ཡིན་པ་གདུག་པ་ཅན་ཐམས་ཅད་འདུལ་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཐའ་ཡས་པ་བྱེད་པའི་དུས་སུ་ཁྱོད་ཀྱི་བསྟན་པའི་ཆ་སྨད་དུ་མུ་སྟེགས་ཀྱིས་གནོད་པ་ཞིག་འོང་ནས་ཆོས་ལོག་ཅིག་འོང་བར་འདུག་གསུངས༔ ཡང་ལྷ་མོས་ཞུས་པ༔ དེ་མི་འབྱུང་བར་གསོལ་ལགས་ཞུས་པས༔ བཅོམ་ལྡན་འདས་ཀྱི་ཞལ་ནས་རྟེན་འབྲེལ་ལས་ཀྱི་གནོད་པ་འོང་བ་ལ་མི་འབྱུང་བའི་ཐབས་དང་མི་ལྡན་ནོ་ཞེས་གསུངས་སོ༔ དེ་ནས་སངས་རྒྱས་ཀྱི་གནས་བརྟན་རབ་འབྱོར་ལ་དལ་ཅིག་གཟིགས་པ་མཛད་པས་རབ་འབྱོར་གྱིས་དལ་ཅིག་ལ་ཅི་ཡང་མི་སྨྲ་བར་སེམས་སོ༔ དེ་ནས་མུ་སྟེགས་ཝ་ཚོགས་སེང་གེའི་སྒྲ་ནི་རབ་ཏུ་བཅོམ་ཞེས་གསུངས་པས་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་ལྷ་མོ་རང་རེ་ཡུམ་སྲས་རྣམས་ཀྱིས་ལན་ཅིག་ལ་བཟློག་པར་མི་ནུས་པར་འདུག་སྟེ༔ མ་འོངས་ཆོས་ལོག་འབྱུང་བའི་དུས་སུ་སེང་གེའི་མིང་ཅན་གཅིག་གིས་བཟློག་པ་འདུག་གསུངས་པས༔ ད་ལྟ་ངའི་རྒྱུད་འཛིན་གྱི་བུ་སློབ་རྣམས་ཀྱི་ནང་ནས་སེང་གེའི་མིང་ཅན་གྲུབ་པ་ཐོབ་པ་གསུམ་དང་གྲུབ་པ་མ་ཐོབ་ཀྱང་ཡོན་ཏན་ཤིན་ཏུ་ཆེ་བའི་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་བཞི་འདུག་པ་ལ༔ མ་འོངས་དུས་སུ་ཆོས་ལོག་གང་གིས་སེལ་རྟེན་འབྲེལ་བརྟགས་པས༔ ཁུ་སྒོམ་ཆོས་ཀྱི་སེང་གེས་ཆོས་ལོག་སེལ་བའི་རྟེན་འབྲེལ་འགྲིགས་པ་བྱུང་བས༔ དེ་ཡང་མ་འོངས་ཆོས་ལོག་འབྱུང་བའི་དུས་སུ་ད་ལྟའི་ཁུ་སྒོམ་ཆོས་ཀྱི་སེང་གེ་འདི་ནི་ཁམས་ཀྱི་སྨད་སྨར་གཞོང་ཞེས་བྱ་བར་སྐྱེས་ནས་སྦས་པའི་ཚུལ་འཛིན་དམན་པའི་ལས་སྤྱོད་ཅན་ཁྱིམ་ཐབ་དང་ལྡན་པར་འོང་ནས་ཆོས་ལོག་ངེས་པར་དུ་མཐའ་ནས་སེལ་བའི་རྟེན་འབྲེལ་ཡོད་ཅིང་ཆོས་སེང་འབྱུང་ཚུལ་དེ་ལྟར་ཡིན་ནོ་ཞེས་གསུངས་སོ༔
ད་ནི་ངའི་བསྟན་པ་ལ་གནོད་པ་བྱེད་པའི་མུ་སྟེགས་གཟིགས་ལྡན་ནག་པོ་ཞེས་བྱ་བའི་མུ་སྟེགས་ཀྱི་སྟོན་པ་ཤིན་ཏུ་མཐུ་སྟོབས་ཆེ་བའི་སྤྲུལ་པ་ལ་མུ་སྟེགས་ཀྱི་སྟོན་པ་བདུད་ཕོ་མོ་མ་རུངས་པ་འདི་འདྲ་གཉིས་འབྱུང་ངོ་༔ དེ་ཡང་འདི་ནས་མི་ལོ་ལྔ་བཅུ་རྩ་ལྔ་སོང་པ་དང་༔ ང་འོག་མིན་གྱི་གནས་སུ་གནས་འཕོ་ཚར་ནས་མི་ལོ་ཉི་ཤུ་རྩ་ལྔ་སོང་བ་དང་༔ རྒྱ་གར་ཁ་ཆེའི་གྲོང་ཁྱེར་བརྟན་པ་ཞེས་བྱ་བ་གཅིག་ན༔ མི་བདག་མེད་པའི་བུད་མེད་སྨད་འཚོང་མ་བཟང་སྐྱིད་བྱ་བ་ཞིག་ལ་བུ་གཅིག་བཙས་ནས་འོང་སྟེ༔ བུ་དེའི་དཔྲལ་བ་ན་ཕག་གི་གཟུགས་ཤ་མཚན་ནག་པོ་ཞིག་དོད་ནས་འོང་སྟེ༔ རྒྱ་གར་ན་ཕག་གི་མིང་ལ་འབའ་ར་ཟེར་བ་ཡིན་པས་བུ་དེའི་ཐོད་པ་ན་འབའ་ར་དོད་ནས་འདུག་པས་ཐམས་ཅད་ཀྱིས་བུ་འདི་ལ་ཐོད་པ་འབའ་ར་ཐོགས་ཟེར་ནས་ཐམས་ཅད་ཀྱིས་ཐོད་པ་འབའ་ར་མིང་དུ་འདོགས་པར་བྱེད་དོ༔ དེ་ནས་བུ་དེ་ནར་ཕྱིན་ནས་སྟོད་མངའ་རིས་ཕྱོགས་ནས་མར་འོང་སྟེ༔ ང་བོད་གངས་ཅན་གྱི་ཁྲོད་དུ་མ་ཅིག་ལབ་ཀྱི་སྒྲོན་མའི་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་སྐྱེ་བ་ཡིན་པས༔ ང་ལ་ཐོད་པ་འབའ་ར་ཞེས་སམ་དྲེགས་པ་ཟིལ་ནོན་ཟེར་བ་ཡིན་པས༔ ང་ཕྱག་རྒྱ་ཆེན་པོ་གཅོད་ལ་མཁས་པ་ཡིན༔ སྣང་སྲིད་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ལས་ཐབས་ལ་མཁས་པ་ཡིན་ཟེར་ནས་དུས་མ་ཡིན་པ་ལ་ཡང་ཁྲག་ཐབ་དང་༔ དུག་ཐབ་དང་༔ རྫས་ཐབ་དང་༔ སྔོ་ཐབ་དང་ཕྱུར་ལུད་བཏང་བ་ལ་སོགས་པའི་ཐབས་སྣ་ཚོགས་པས་བཟློག་ཅིང་༔ གཞོབ་ཆེན་དང་གསུར་ཆེན་དང་ངན་ཐབས་སྣ་ཚོགས་པ་བྱེད་ཅིང་བལ་བོད་གཉིས་ཀྱི་ས་མཚམས་ནས་ཚུར་ལ་འོངས་ནས་ལོག་ཆོས་མཐའ་ཡས་པ་བྱེད་པར་འབྱུང་ངོ་༔
མུ་སྟེགས་ཀྱི་སྤྲུལ་པ་བདུད་ཕོ་དེ་ནི་ཧོར་ནག་གི་ཡུལ་མཐའ་འཁོབ་ལྗོང་བཀྲ་ཞེས་བྱ་བའི་གྲོང་ཁྱེར་གཅིག་ཏུ་ཡང་མི་བདག་མེད་པའི་བུད་མེད་སྨད་འཚོང་མ་ཞིག་ལ་བུ་མོ་གཅིག་བཙས་ནས་འོང་སྟེ༔ བུ་མོ་དེའི་པགས་པ་ནི་མདོག་ཤིན་ཏུ་དཀར་ལ་གཟུགས་དང་བྱད་བཞིན་ཡང་ཤིན་ཏུ་ལེགས་པ་དཔྲལ་བ་ན་ཡུལ་བདག་ཅོག་ལ་ཚལ་གྱི་གཟུགས་དམར་པོ་མི་རྟ་གཉིས་ཤ་མཚན་དུ་དོད་ནས་འོང་བ་ལ༔ བུ་མོ་དེའི་མ་དེ་ན་རེ༔ ངའི་བུ་མོ་འདི་ནི་ཅོག་ལ་ཟོ་དོར་གྱིས་བྱིན་པའི་བུ་མོ་ཡིན༔ མིའི་བུ་མོ་མིན་པས་འདི་ལ་ཅོག་ལ་ཟོ་དོར་སྒྲོན་མིང་དུ་བཏགས་དགོས་ཟེར་རོ༔
བུ་མོ་དེས་ན་རེ༔ ང་བོད་གངས་ཅན་གྱི་ཁྲོད་དུ་མ་ཅིག་ལབ་ཀྱི་སྒྲོན་མའི་སྐྱེ་བ་ཕྱི་མ་ཡིན་པས་ཕྱག་རྒྱ་ཆེན་པོ་གཅོད་ལ་མཁས་པ་ཡིན་ཟེར་ནས་ཁ་ནས་ཕཊ་སྒྲ་དྲག་པོ་འདོན་པར་བྱེད་དོ༔ བུ་མོ་ཡི་གཟུགས་ཤིན་ཏུ་ལེགས་པས་ཡུལ་མི་དང་དཔོན་སྐྱ་རྣམས་ཀྱིས་རྩོད་པར་བྱེད་ནས་བསླངས་ཀྱང་བུ་མོ་གནས་ལ་མི་ཆགས་ནས་བཙུན་མ་བྱེད་ཟེར་ནས་སྐྲ་སྤང་སྟེ༔ རས་དཀར་པོའི་ཤམ་ཐབས་དང་རྒྱན་གོས་བཟང་པོ་གྱོན་ནས༔ རྣ་བ་ལ་གསེར་གྱི་སྒོར་མོ་རྣ་ཆ་ལ་བཏགས་ནས་ལུས་ལ་རྒྱན་སྣ་ཚོགས་པས་བརྒྱན་པས་ཁ་ནས་ཕཊ་སྒྲ་འདོན་ཞིང་ལ་སྟོད་ཏེ་ཙེ་ནས་མར་ལ་འོང་ནས་དེ་ནས་རིམ་གྱིས་མར་ལ་འོང་སྟེ༔ བལ་བོད་གཉིས་ཀྱི་མཚམས་སུ་ཕྱིན་པ་དང་༔ བདུད་ཐོད་པ་འབའ་ར་དང་གཉིས་འཕྲད་སོར་བྱེད་ནས༔ ལ་སྟོད་རྩང་གི་ཕྱོགས་ནས་མར་ལ་འོང་སྟེ༔ དེ་ནས་མར་ལ་ལྷ་སར་འོང་ནས༔ ཆགས་པའི་དབང་གིས་སྐྱེས་པ་མཐའ་ཡས་པ་བསྡུས་ནས་ཆགས་པ་སྤྱོད་དུ་འཇུག་ནས་ངས་ལུས་ཀྱིས་སྦྱིན་པ་བཏང་བ་ཡིན་ཟེར་ནས༔ ཐམས་ཅད་ལོག་པའི་ལམ་ལ་སྦྱོར་བར་བྱེད་ནས་ལོག་ཆོས་མཐའ་ཡས་པ་བརྩམས་པར་མཛད་བྱེད་དེ༔ འཇིག་རྟེན་པའི་མི་ཐམས་ཅད་མི་དགེ་བ་སྣ་ཚོགས་པའི་ལས་ལ་སྦྱོར་ནས༔ དུས་མ་ཡིན་པ་ལ་ཡང་ཁྲག་ཐབ་དང་༔ དུག་ཐབ་དང་༔ གཞོབ་ཆེན་དང་༔ གསུར་ཆེན་དང་༔ འཕྱུར་ལུད་བཏང་བ་དང་རྐང་གླིང་ལ་རྭ་ཅོ་སྤྲད་ནས་འབུད་པ་དང་ཁྱིའི་ལྤགས་པ་ལུས་ལ་འཆང་བ་ལ་སོགས་པའི་ཆས་ངན་པ་མ་རུངས་པ་སྣ་ཚོགས་པ་ལུས་ལ་འཆང་ནས་ངས་དྲག་པོའི་གཅོད་བྱེད་པ་ཡིན་ཟེར་ནས་མི་དགེ་བ་སྣ་ཚོགས་པ་བསྒྲུབས་ནས་ངའི་བསྟན་པ་ལ་གནོད་པའི་ལས་དང་སྤྱོད་པ་ངན་པ་མཐའ་ཡས་པ་བྱེད་པ་འབྱུང་བས་འཛམ་བུའི་གླིང་པའི་མི་ཐམས་ཅད་ཀྱིས་འདི་མ་ཅིག་ལབ་ཀྱི་སྒྲོན་མའི་སྐྱེ་བ་ཡིན་པར་འདུག་ཟེར་ནས་བོད་གངས་ཅན་ཁྲོད་པ་ཐམས་ཅད་ཀྱིས་ང་ཡིན་པར་སེམས་སོ༔ དོན་མེད་མཁས་བཙུན་དགེ་བཤེས་རྣམས་ཀྱིས་སྐུར་པ་ངན་པ་ང་ལ་འདེབས་པ་འོང་༔ ངའི་ཆོས་ལུགས་འདི་ལ་ད་ལྟ་གཏེར་འོག་ཏུ་མ་སོང་པ་རྣམས་ལ་ནི་བདུད་ཕོ་མོ་དེ་གཉིས་ཀྱིས་བསླད་ནས་བཟང་ངན་ཕྱེ་རྒྱུ་མེད་པར་རྟ་སྤུ་དང་བ་སྤུ་འདྲེས་པའམ་ཁྱི་ར་ཕག་གསུམ་འདྲེས་པའམ་ཁྱི་ནག་པོ་བསྐྱུག་པའི་སྐྱུག་པ་བཞིན་དུ་འདྲེས་ནས་འོང་ངོ་༔ བདུད་ཕོ་མོ་དེ་གཉིས་འདུལ་བ་ལ༔ ཐོད་སྨྱོན་བསམ་འགྲུབ་དང་ངེད་མ་བུ་གཉིས་འོང་སྟེ༔ དེ་ཡང་ཐོད་སྨྱོན་བསམ་འགྲུབ་ནི་དག་པའི་སྒྱུ་ལུས་འོད་གསལ་ཆེན་པོ་ལམ་དུ་བྱེད་ནས་འཇའ་ལུས་འོད་དུ་ཡལ་ནས་འོག་མིན་གྱི་གནས་སུ་སངས་རྒྱས་པ་ཡིན་ཀྱང་སྤྲུལ་པ་ཆ་གཅིག་དཔོན་ཚེ་དབང་རྒྱལ་གྱི་སྲས་སུ་སྐྱེས་ནས་མིང་ཡང་ཐོད་སྨྱོན་བསམ་འགྲུབ་དུ་གྲགས་ནས་འོང་སྟེ༔ བལ་ཡུལ་གྱི་ཡར་མོ་ཐང་སྟོད་དུ་བདུད་ཐོད་པ་འབའ་ར་འདུལ་བར་བྱེད་དོ༔ ངས་ཀྱང་འཇིག་རྟེན་མི་ཡུལ་གྱི་འགྲོ་དོན་རེ་ཞིག་རྫོགས་ནས་སྐྱེ་མེད་ཆོས་ཀྱི་སྐུ་ལ་གནས་པ་ཡིན་ཏེ༔ སྤྲུལ་པ་ཆ་གཅིག་ཐོད་སྨྱོན་བསམ་འགྲུབ་ཀྱི་བུ་མོར་སྐྱེས་ནས་མིང་ཡང་ལེན་ཐོ་མ་ཞེས་བྱ་བར་གྲགས་ནས་འོང་སྟེ་མོན་བུམ་ཐུན་མོང་གི་ཕྱོགས་སུ་ཧོར་མོ་ཅོག་ལ་སྒྲོན་འདུལ་བར་བྱེད་དོ༔
དེ་ནས་ནི་ནམ་ཞིག་གི་དུས་སུ་རྒྱལ་ཁྲིམས་དང་ཆོས་ཁྲིམས་འཆུག་ཅིང་༔ སྙིགས་མ་ལྔ་བདོ་བ་ནས་བཟུང་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་མ་རྫོགས་ཀྱི་བར་དུ་བདུད་ཀྱི་སྤྲུལ་པ་ཆེན་པོ་དེ་འདྲ་བ་ནི་མི་འོང་སྟེ༔ འདྲ་མིན་གྱི་ལོག་ཆོས་དུམ་པ་རེ་རྩོམ་པ་དང་ཆ་ལུགས་ངན་པ་མི་འདྲ་བ་སྣ་ཚོགས་དུ་མ་བྱེད་པ་ནི་མང་དུ་འབྱུང་ངོ་༔ ཞེས་གསུངས་པ་ལ་སོགས་པའི་མ་འོངས་པར་ལུང་བསྟན་པ་མང་དུ་མཛད་ནས་ནི༔ ཕྱག་རྒྱ་ཆེན་པོ་གཅོད་ཅེས་བྱ་བ་འདི་ནི་སྤུ་རིས་སུ་དབྱེ་ནས་བཤད་པས་དེ་ཟུང་བརྒྱད་ཡ་བཅུ་དྲུག་ཏུ་གྲགས་པས༔ དེ་ལ་དང་པོ་ཕ་རྒྱུད་མ་རྒྱུད་གཉིས༔ ས་ཆོས་གནམ་ཆོས་གཉིས༔ བོད་ཆོས་རྒྱ་ཆོས་གཉིས༔ གཞུང་ཀྲིག་ཆེན་དང་ཁ་འཐོར་ཀྲིག་མེད་གཉིས༔ མདོ་ལུགས་དང་སྔགས་ལུགས་གཉིས༔ ཟུང་འཇུག་དང་ཁ་འཐོར་གཉིས༔ བཀའ་མ་དང་གཏེར་མ་གཉིས༔ བཀའ་དང་བསྟན་བཅོས་གཉིས་ཟུང་བརྒྱད་དང་ཡ་བཅུ་དྲུག་པོ་འདི་ལ་མ་ལྟོས་པའི་གཞན་ནས་བྱུང་བའི་ཆོས་ལུགས་ནི་གཏན་ནས་མེད་དོ་བུ་སློབ་ཀུན་ཅེས་གསུངས་སོ༔
དེ་ནས་བུ་སློབ་གཞན་མ་རྣམས་ནི་སོ་སོར་བྱེར་ནས་མ་ཅིག་འཁོར་བཅས་རྣམས་མལ་དུ་བཞུགས་པ་དང་༔ དེའི་ཕྱིར་ལོ་སོས་ཀར་སོང་བ་དང་མ་ཅིག་འཁོར་བཅས་རྣམས་ཟངས་རིར་ངོས་སུ་བྱོན་ནས༔ ཟངས་རི་དང་གླང་ལུང་གཉིས་ཀྱི་བར་དུ་གཉན་ཁྲོད་དུ་གཅིག་ཏུ་བཞུགས་པས་ཉིན་ཞིག་ཡུལ་པའི་ཕྱོགས་སུ་སྐྱོ་བསང་དང་གཟིགས་མོ་ལ་བྱོན་ནས་ལམ་ཟུར་ཞིག་ཏུ་བཞུགས་ནས་ཡོད་ཙ་ན༔ བཙུན་པ་གཞོན་ནུ་ཆོས་གོས་བཟང་པོ་གྱོན་པ་ཞིག་གིས་བལ་གྱི་དྲ་བ་དམར་པོ་ཞིག་རྒྱབ་ཏུ་ཁུར༔ པན་ཞུ་སེར་པོ་ཞིག་མགོ་ལ་གྱོན༔ པོ་ཏི་རྒྱབ་ཏུ་ཁུར༔ ཆོས་གོས་ཞིག་ཕྲག་ལ་བཀལ་ནས་འགྲོས་སྟབས་གཟབ་ཞིང་བྱུང་བས་མ་ཅིག་གིས་མདུན་དུ་དེར་ཕྱིན་ནས་འདི་སྐད་ཟེར་རོ༔ རྣལ་འབྱོར་མ་རྒན་མོ་ཁྱོད་གང་ནས་འོང་པ་ཡིན༔ ད་གར་འགྲོ་ཕ་མ་དང་རིགས་རྒྱུད་སུ་ཡིན༔ རི་སྟོང་འདི་ནས་ཅི་ལ་བསྡད་པ་ཡིན༔ ཤེས་པ་དང་ཐོས་པ་ཅི་ཤེས་ཟེར་བ་ལ༔ མ་ཅིག་གི་ཞལ་ནས་ང་ལ་འོང་ས་དང་འགྲོ་ས་འདུག་གནས་ཅི་ཡང་མེད༔ ཕ་མ་དང་རིགས་རུས་འབྱུང་ཁུངས་མེད་ཅེས་པ་དང་ཐོས་པ་ཁབ་ཙམ་ཡང་མེད༔ རི་སྟོང་འདི་ན་སྣང་བ་གདོང་དེད་བྱེད་ཅིང་བསྡད་པ་ཡིན༔ ཁྱེད་བཙུན་པ་གཞོན་ནུ་ལང་ཚོ་དང་ལྡན་པ་གཅིག་འདུག་པས་སུ་ཡིན་གང་ནས་བྱོན་པ་ཡིན༔ ད་གར་འབྱོན་གསུངས་པས་བཙུན་པ་དེ་ན་རེ༔ ང་མཁས་པ་གཉེན་ཆུང་ལོ་ཙཱ་བ་བྱ་བ་ཡིན༔ རྒྱ་གར་གྱི་ཡུལ་དུ་ལན་གསུམ་སོང་༔ སྒྲོ་འདོགས་མ་ལུས་པ་ཐམས་ཅད་བཅད་དེ་སོང་རྒྱ་གར་ནས་འོང་བ་ཡིན་པས༔ ད་ལྟ་བོད་འདིར་ཕྱིན་པ་ཡིན༔ ཁྱོད་ཀྱིས་མ་ཚོར་བ་རྣ་བ་བཅད་པ་ཨེ་ཡིན༔ ད་ང་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ལ་འགྲོ་བ་ཡིན༔ ཁྱོད་ལ་ཕ་མ་དང་རིགས་རུས་མེད་ན་རྫུས་སྐྱེས་ཨེ་ཡིན༔ རི་སྟོང་དུ་འདུག་ཅིང་འོང་ས་དང་འགྲོ་ས་མེད་ན་འདྲེ་ཨེ་ཡིན༔ ཤེས་པ་དང་ཐོས་པ་མེད་ན་རོ་ཨེ་ཡིན་ཟེར་ནས་ཁྲོས་ནས་བྱུང་བ་ལ༔
མ་ཅིག་གིས་དགོངས་པ་ལ་འདི་མཁས་པ་གཉེན་ཆུང་ལོ་ཙཱ་བ་ཟེར་བ་ཞིག་གྲགས་པ་དེ་འདི་ཡིན་པ་འདྲ༔ ཁོ་རྒྱ་གར་དུ་སོང་ཟེར་ཡང་ངས་སེམས་ཅན་གྱི་འགྲོ་དོན་བྱེད་ཟེར་ནས་ང་རྒྱལ་སྐྱེས་ནས་འདུག་སྟེ་ཡོན་ཏན་རྒྱུད་ལ་མ་སྐྱེས་པ་འདི་སྙིང་རེ་རྗེ་དགོངས་ནས་འདི་སྐད་གསུངས༔ ངའི་ཕ་མ་ཐབས་དང་ཤེས་རབ་ཡིན༔ འོང་ས་འགྲོ་ས་ཆོས་ཉིད་ཡིན༔ ཤེས་པ་ཐོས་པ་སྙན་བརྒྱུད་ཡིན༔ དམ་ཆོས་བདུད་ཀྱི་གཅོད་ཡུལ་ཡིན༔ འདུག་ས་གཉན་ས་རི་ཁྲོད་ཡིན༔ འཁོར་འདབ་མཛེ་ལོང་སྤང་གསུམ་ཡིན༔ ཡོན་བདག་སྣང་སྲིད་ལྷ་འདྲེ་ཡིན༔ ང་རང་ལབ་ཀྱི་སྒྲོན་མ་ཡིན༔ ཁྱོད་མཁས་པ་གཉེན་ཆུང་ལོ་ཙཱ་བ༔ རྒྱ་གར་གྱི་ཡུལ་ནས་བྱོན་པ་སྐད༔ མཁས་འདོད་ཀྱི་པཎ་ཞུ་དེ་མགོ་ལ་གྱོན༔ ང་རྒྱལ་གྱི་དྲ་ཆུང་དེ་རྒྱབ་ཏུ་ཁུར༔ ཁ་ལྟའི་སེར་གོས་དེ་ལུས་ལ་གྱོན༔ ལུང་མེད་ཀྱི་པོ་ཏི་དེ་རྒྱབ་ཏུ་ཁུར༔ འཕྱོར་འདོད་ཀྱི་ཆོས་གོས་དེ་ཕྲག་ལ་བཀལ༔ ནེ་ཙོའི་ཆོས་བཤད་དེ་ཁ་ནས་འདོན༔ ཐ་སྙད་ཀྱི་ཚིག་འབྲེལ་དེ་སེམས་ལ་འཕྲང་༔ ཚུལ་འཆོས་གོམ་པའི་འགྲོ་སྟབས་གཟབ་པ་དེ༔ རང་རྒྱུད་གྱོང་པོར་སོང་པ་ཡིན༔ སེམས་ཅན་དོན་བྱེད་ཟེར་བ་ཀུན༔ ཨ་ཧ་ཧ་གསུངས་པས༔ གཉེན་ཆུང་ལོ་ཙཱ་བས་ཅི་ཡང་མ་སྨྲས་ནས་ཡུན་རིང་ཞིག་ནས་བལྟས་ནས་བསྡད་པ་དང་༔ ཁྱོད་ལབ་ཀྱི་སྒྲོན་མ་བྱ་བ་དེ་ཡིན་ན་རྒྱ་གར་བྱ་རྒོད་ཕུང་པོའི་རི་ལ་ལྕགས་ཀྱི་པར་བུ་སྲུབ་མེད་པ་ཞིག་རྡོལ་བ་དེ་པཎྜི་ཏ་དོན་འགྲུབ་བཟང་པོའི་སྐྱེ་བ་ཕྱི་མ་ལ༔ དེང་སང་བོད་དུ་ལབ་ཀྱི་སྒྲོན་མ་ཞེས་བྱ་བ་འབྱུང་ནས་ལྕགས་ཀྱི་པར་བུ་ཁ་ཕྱེ་བ་ཡིན་ཟེར་བའི་ཁ་བྱང་འདུག་པ་དེ་ཁྱོད་ཀྱིས་ཆ་ཡོད་དམ་ཟེར་བས་མ་ཅིག་གི་ཞལ་ནས་དེར་ང་ཆ་ཡོད༔ ད་ཁྱེད་འབྱོན་མི་རང་བཞིན་ངེད་ཀྱི་གཉན་ཁྲོད་དུ་འབྱོན་དང་དེ་ནས་ངས་དེའི་ལོ་རྒྱུས་རྣམས་བཤད་གསུངས་ནས་གཉེན་ཆུང་ལོ་ཙཱ་བ་དང་དཔོན་སློབ་གཉིས་མ་ཅིག་གི་གནས་མལ་གཉན་ཁྲོད་དུ་བྱོན་ནས་ལོ་ཙཱ་བ་ལ་འཚོ་བ་དྲངས་པ་དང་༔
དེ་ནས་མ་ཅིག་གི་ཞལ་ནས་འདི་སྐད་གསུངས༔ སྔར་ང་རྒྱ་གར་ནས་ལན་མང་དུ་སྐྱེས་པའི་ཐ་མ་ལ༔ དུས་གཅིག་གི་ཚེ་ན་རྒྱ་གར་བྱ་རྒོད་ཕུང་པོའི་རི་བོའི་བྱང་ཕྱོགས་ངོས་སུ༔ ལ་ཆས་གཡོགས་པའི་ལྕགས་ཀྱི་པར་བུ་སྲུབ་མེད་པ་གཅིག་གི་ནང་དུ་ཕྱག་རྒྱ་ཆེན་པོ་གཅོད་ཀྱི་སྐོར་རྣམས་ཤོག་སེར་གྱི་ངོས་ལ་མཚལ་དཀར་གྱིས་སཾ་སྐྲྀ་ཏའི་སྐད་དུ་བྲིས་ནས་ཡོད་པ་ཡིན༔ ལྕགས་ཀྱི་པར་བུ་དེ་རྡོལ་ཙ་ན་ང་ཡང་བོད་འདིར་འགྲོ་དོན་གྱི་དུས་ལ་བབ་ཅིང་དཀྱིལ་ལ་ཕྱིན་པ་ཡིན༔ ད་ཁྱེད་ལོ་ཙཱ་བ་ཐུགས་བསྐྱེད་མི་ཆུང་ན་རྒྱ་གར་དུ་བྱོན་ལ་པར་བུ་ཁྱེར་ལ་ཤོག་དང་ངས་པར་བུ་ཁ་ཕྱེ་ནས་དཔེ་ཆ་རྣམས་གཟིགས་ཕུལ་བྱེད་གསུངས་པས༔ དེ་ནས་མཁས་པ་གཉེན་ཆུང་ལོ་ཙཱ་བས་དམ་པ་སངས་རྒྱས་རིན་པོ་ཆེ་ལ་ཞུ་བ་ཕུལ་བས་དམ་པ་སངས་རྒྱས་རིན་པོ་ཆེས་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྒྱ་གར་དུ་བྱོན་ནས་ཞག་བཅུ་གསུམ་ནང་ནས་ལྕགས་ཀྱི་པར་བུ་བསྣམས་ནས་ཚུར་ལ་སླེབས་པས༔ པར་བུ་མ་ཅིག་གི་ཕྱག་ཏུ་ཕུལ་བས་མ་ཅིག་གིས་པར་བུ་ཁ་ཕྱེས་པས་སྔར་མ་ཅིག་གིས་ཇི་ལྟར་གསུངས་པ་བཞིན་དུ་ཆད་ལྷག་དང་ནོར་འཁྲུལ་མེད་པར་འདུག་པས༔
དེ་ནས་དམ་པ་སངས་རྒྱས་རིན་པོ་ཆེ་དང་གཉེན་ཆུང་ལོ་ཙཱ་བ་དང་༔ བུ་ཆེན་བཅུ་བཞི་ལ་སཾ་སྐྲྀ་ཏ་ཡི་སྐད་དུ་གསུངས་ཤིང་བོད་སྐད་དུ་ཡང་ཐམས་ཅད་ལ་གསུངས་པ་དང་༔ དེ་ནས་ཤོག་དྲིལ་ཞིག་དམ་པ་རིན་པོ་ཆེ་ལ་གཏད་ནས་དམ་ཆོས་འདིའི་བདག་པོ་ནི་ཁྱེད་དམ་པ་སངས་རྒྱས་དང་ཨརྱ་དྷེ་བ་གཉིས་ཡིན་པས་ཁྱེད་དམ་པ་སངས་རྒྱས་རིན་པོ་ཆེའི་དཔེ་ཆ་འདི་སྤེལ་ལ་བཤད་མཛོད་ཅིག་གསུངས༔ ཤོག་དྲིལ་གཅིག་ལོ་ཙཱ་བ་ལ་བསྐུར་ནས་དཔེ་ཆ་འདི་ཁྱེད་ལོ་ཙཱ་བས་རྒྱ་གར་དུ་ཁྱེར་ལ་ཨརྱ་དྷེ་བ་ལ་གཏོད༔ ཁྱེད་ལོ་ཙཱ་བ་འོ་བརྒྱལ་ཡང་རྒྱ་གར་དུ་བྱོན་འཚལ་གསུངས༔
དེ་ནས་དམ་པ་སངས་རྒྱས་རིན་པོ་ཆེའི་ཤོག་དྲིལ་ཞལ་ཕྱེས་ནས་བཤད་པས་ཆོས་བཀའ་གཉན་པའི་སྟོབས་ཀྱིས་དམ་པ་སངས་རྒྱས་རིན་པོ་ཆེ་ལ་ཤངས་མཚལ་ཉིན་མཚན་བདུན་ལ་བྱུང་བས་མ་ཅིག་གིས་གཟན་སྐྱུར་དང་ལས་ཚོགས་མང་དུ་མཛད་པས་དེར་ཤངས་མཚལ་ཆད་པ་དང་མན་ངག་བཤད་ཅིང་ལ་སྟོད་དུ་བྱོན་ནོ༔ དེ་ནས་གཉེན་ཆུང་ལོ་ཙཱ་བ་ཡང་རྒྱ་གར་དུ་བྱོན་ནས་ཆོས་པར་བུ་དང་བཅས་པ་ཨརྱ་དྷེ་བ་ལ་གཏད་ནས་དེ་ནས་ཚུར་བོད་དུ་བྱོན་ནས་འོང་སྟེ༔ མ་ཅིག་འཁོར་བཅས་རྣམས་ཟངས་རིར་མཁར་དམར་དུ་བཞུགས་པ་དང་མཇལ་བས་དེར་མ་ཅིག་གི་མདུན་དུ་ཨརྱ་དྷེ་བ་དང་མཇལ་ཚུལ༔ ཆོས་པར་བུ་གཏད་ཚུལ་ལ་སོགས་པ་རྣམས་ཞིབ་ཏུ་ཞུས་པས༔ དེ་ནས་ལོ་ཙཱ་བས་མ་ཅིག་ལ་དད་པ་རྩོལ་མེད་དུ་སྐྱེས་ནས་ཞབས་སྤྱི་བོར་བཏུད་ནས་ཞུས་པ༔ ཀྱེ་མ་ཅིག་ལགས་ཁྱེད་ཀྱིས་པར་བུའི་གཏེར་ཆོས་འདི་ནི་ཐུག་ས་གང་ཡིན་ལགས༔ རྒྱུད་པ་གང་ནས་བརྒྱུད་པ་ཡིན་ལགས་ཞུས་པས༔
མ་ཅིག་གི་ཞལ་ནས་རྒྱུད་པའི་ཐུག་པ་མེད༔ ཆོས་བདག་ང་རང་ཡིན༔ གཏེར་དུ་སྦ་མི་ཡང་ང་རང་ཡིན༔ བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་གསང་སྔགས་ཐེག་ཆེན་གྱི་ལམ་ལ་ཁྲིད་མི་ཡང་ང་རང་ཡིན༔ དགའ་བ་བཞི་བསྐྱེད་པའི་གཙོ་མོ་རྡོ་རྗེ་ཕག་མོ་ཡང་ང་རང་ཡིན་ཞེས་གསུངས་སོ༔ དེ་ནས་གཉེན་ཆུང་ལོ་ཙཱ་བས་མདོ་ལུགས་ཀྱི་གདམས་པ་རྣམས་མ་ལུས་པར་ཞུས་ནས་ཉམས་སུ་བླངས་པས་དུག་ལྔའི་དགྲ་བདེ་བླག་ཏུ་ཐུལ་ནས་ཉམས་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས༔ ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བས་མ་ཅིག་གི་ཆོས་ལུགས་ལ་ཡིད་ལྷན་གྱིས་ཆེས་ནས་ཆོས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པར་མཐོང་ནས་འདི་སྐད་ཞུས་སོ༔ ཀྱེ་མ་ཅིག་ལགས༔ རང་རེ་མ་ཅིག་གི་ཆོས་ལུགས་འདི་ལ་ཚེ་འདི་ལ་ཡང་འགལ་རྐྱེན་དང་༔ བྱད་ཁ་དང་༔ རྦོད་གཏོང་དང་༔ ནད་གདོན་དང་དགྲ་བགེགས་ཀྱི་གནོད་པ་ཐམས་ཅད་ལ༔ ཚེ་སྒྲུབ་དང་༔ སྲུང་བཟློག་དང་༔ སྨན་སྦྱར་དང་གསང་གནད་ལ་སོགས་ཅི་ཡང་མི་དགོས་ཤིང་རང་བཞིན་དུ་ཞི་བ་དང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་ངེས་པའི་ཆོས་ལུགས་འདི་ནི་གཞན་གྱི་ཆོས་ལུགས་གང་ལས་ཀྱང་མཆོག་ཏུ་གྱུར་པ་ལགས་སོ་ཞེས་ཞུས་པས༔
ཡང་མ་ཅིག་གི་ཞལ་ནས་བྱད་བཟློག་ཚེ་སྒྲུབ་སྨན་སྦྱར་རྣམས་མི་དགོས་ཁྱད་པར་འཕགས་པ་ཡིན༔ འདྲེ་རྣམས་བྲན་དུ་བཀོལ་བ་ཡིན༔ དགྲ་རྣམས་གཉེན་དུ་ཆོད་པ་ཡིན༔ ཁམས་གསུམ་འཁོར་བའི་ཟིལ་གནོན་ཡིན༔ ཐར་པ་བགྲོད་པའི་ཐེམ་སྐས་ཡིན༔ བཙན་ཐབས་གྲོལ་བའི་གདམས་པ་ཡིན༔ བླ་མ་དམ་པའི་དགོངས་པ་ཡིན༔ རྒྱུད་སྡེ་བཞི་ཡི་ཉིང་ཁུ་ཡིན༔ མདོ་རྒྱུད་ཀུན་ཀྱི་དོན་བསྡུས་ཡིན༔ ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན༔ ཧྲིལ་གྱིས་དྲིལ་ཞིང་བསྡུས་པ་ན༔ ལྟ་སྒོམ་རྣམ་རྟོག་གསེབ་ཏུ་ཆོད༔ ལྷི་གེའི་སྐམ་ཐག་ཆུ་ལ་ཆོད༔ མེས་ཚིག་མེ་ལ་རབ་མདའ་བཟློག༔ ཚ་ནད་མེ་ལ་བསྟན་ན་གྲོལ༔ གྲང་བའི་ནད་ལ་ཆུ་གྲང་རྩི༔ སེམས་ཉིད་ཕུ་ཐག་མ་ཆོད་པར༔ ཡིན་སྙམ་སྒོམ་པའི་སྒོམ་པ་དེ༔ རི་བོང་མགོ་ཡི་རྭ་དང་འདྲ༔ རྡོ་དང་རུས་པ་མ་འཕྲད་པ༔ རུས་པ་ཆག་པ་ག་ལ་འགྱུར༔ ལྟོག་པས་ཟས་སྐོམ་མ་ཟོས་ན༔ གཡོ་ལུགས་མཁས་ཀྱང་ཅི་ལ་ཕན༔ རང་སེམས་རང་གིས་མ་བསྒོམ་ན༔ བསྒོམ་སྒོམ་པ་གཅིག་སུ་ཡིས་གཏད༔ རང་དོན་རང་ལ་མ་རྙེད་ན༔ གཞན་དུ་ཚོལ་བ་བླུན་པོ་ཡིན༔ སྙིང་རུས་གྱིས་ལ་སེམས་ལ་ལྟོས༔ གསོལ་བ་ཐོབ་ཅིང་གཉན་ས་འགྲིམ༔ ཚོགས་སོག་ཤ་ཁྱེར་ཁྲག་ཁྱེར་གྱིས༔ ངས་ཟེར་དེ་ཚོ་ཉན་སྤྱོད་ན༔ འཁོར་བ་མི་འཁྱམས་གན་ཁུར་བྱེད༔ ཁྱེད་བུ་སློབ་གང་ཡིན་དེ་དག་ཀུན་ཅེས་གསུངས་པས༔ མཁས་པ་གཉེན་ཆུང་ལོ་ཙཱ་བ་ཡི་རངས་ནས་འདི་སྐད་སྨྲས་སོ༔ མཆིམས་ཕུའི་གཉེན་ཆུང་ལོ་ཙཱ་ང་༔ རྒྱ་གར་གྱི་ཡུལ་དུ་ལན་གསུམ་ཕྱིན༔ སྒྲོ་འདོགས་མ་ལུས་ཐམས་ཅད་བཅད༔ སྒྲ་བསྒྱུར་སྐད་འགྱུར་མང་དུ་བསླབས༔ སྡེ་སྣོད་གསུམ་ལ་ཕུགས་སུ་བཅད༔ མཁས་པ་ཡིན་སྙམ་ང་རྒྱལ་སྐྱེས༔ དུག་ལྔ་མ་ཐུལ་ཇེ་རྒྱས་ཐལ༔ བདག་འཛིན་མ་ཆོད་ཇེ་རགས་ཐལ༔ ཉོན་མོངས་མ་ཞི་ཇེ་འཕེལ་ཐལ༔ ད་ལྟ་བོད་ཀྱི་ཡུལ་དུ་ཕྱིན༔ བདག་འཛིན་ཟངས་རིས་དགོན་དུ་ཆོད༔ གདམས་པ་མཁའ་འགྲོའི་སྙིང་ཁྲག་དེ༔ བོད་ཀྱི་རྒན་མོ་གཅིག་ལས་ཐོབ༔ འབད་རྩོལ་མ་དགོས་དུག་ལྔ་ཐུལ༔ བདག་མེད་གནས་ལུགས་མངོན་དུ་གྱུར༔ སང་ཉིན་འཆི་ཡང་ང་རེ་བྲོད༔ ཅེས་གསུངས་ནས་གཉེན་ཆུང་ལོ་ཙཱ་བས་ནང་དུ་ཆོས་ཉིད་ཀྱི་བདེན་པ་མཐོང་༔
ཕྱིའི་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས༔ ངག་རྡོ་རྗེའི་གླུ་མཛོད་རྡོལ༔ ཡོན་ཏན་ཐམས་ཅད་མ་ལུས་པར་རྫོགས་ནས་ཕྱིས་བཀྲ་ཤིས་གླང་ལུང་དུ་སྲས་མཆོག་རྒྱལ་བ་དོན་འགྲུབ་ཀྱི་རྒྱུད་པ་བཟུང་ནས་གྲྭ་པ་ཧར་སྟོན་ཞེས་བྱ་བར་གྲགས་སོ༔ དེ་ལྟར་མ་ཅིག་གི་བུ་སློབ་རྣམས་ཀྱི་ནང་ནས་མདོ་རྒྱུད་གཉིས་ཀྱི་བཀའ་བསྟན་ཆོས་དང་༔ མ་ཅིག་གི་ཆོས་ལུགས་དང་བཅས་པ་ལ་མཁས་པའི་རྩེ་སྟོན་དར་མ་ལ་སོགས་པའི་མཁས་པ་ཆེན་པོ་བརྒྱད་འདུག༔ མ་ཅིག་ཉིད་ཀྱི་ཆོས་ལུགས་སྲོལ་གསུམ་ལ་སོགས་པ་ཐམས་ཅད་ལ་མཁས་པ་ནི༔ སྲས་ཐོད་སྨྱོན་བསམ་འགྲུབ་དང་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་གཉིས་འདུག་གོ༔ སྲས་རྒྱལ་བ་དོན་འགྲུབ་དང་སྟོན་པ་དར་མ་དང་རིན་ཆེན་རྒྱལ་མཚན་ལ་སོགས་པའི་སྟོན་པ་བཞི་དང་དྲུག༔ ཆོས་ཀྱི་སེང་གེ་ལ་སོགས་པ་དང་བདུན༔ ཉི་མ་སེང་གེ་ལ་སོགས་པའི་སེང་ཆེན་གསུམ་སྲས་མོ་རྒྱན་བཞི་དང་བཅུ་དྲུག་པོ་ནི་མ་ཅིག་གི་ནང་འདུག་ཡིན་པས་ན༔ མ་རང་དང་མཉམ་པའི་སྲས་བཅུ་དྲུག་གོ་ཞེས་སོ༔ དེ་ལ་སོགས་པའི་སྦྱོར་ལམ་ཐོབ་པ་ལ་སྟོང་དང་སུམ་བརྒྱ་དང་དྲུག་ཅུ་ཙམ་བྱུང་༔ ཚོགས་ལམ་ལ་ཞུགས་པ་ནི་འབུམ་ཁྲག་བཅུ་དྲུག་ཙམ་བྱུང་༔ གཞན་ཡང་མཛེ་སྨིན་པ་བཞི་བརྒྱ་དང་སུམ་ཅུ་ཙམ་སོས་པར་བྱུང་༔ སྲས་ཀྱི་ཤ་ཚད་ལ་ཕྱིན་པ་ལ་སོགས་པའི་ནད་དང་རྐྱེན་གྱིས་ཉེས་པ་ནི་བསམ་གྱིས་མི་ཁྱབ་སྟེ༔ མཐའ་དང་གྲངས་ལས་འདས་པ་ལ་ཕན་ཐོགས་པར་བྱུང་༔ སྤྱིར་མ་ཅིག་གི་མདུན་དུ་དུས་རྒྱུན་མར་དགེ་བའི་བཤེས་གཉེན་གདིང་ལྷུང་ཐོགས་པ་འབུམ་ཕྲག་བཅུ་གསུམ་ཙམ་རེ་བྱུང་ངོ་༔
དེ་ལྟར་མ་ཅིག་དགུང་ལོ་དགུ་བཅུ་གོ་དགུའི་བར་དུ་བོད་དུ་གདུལ་བྱ་བསྐྱངས་བར་མཛད་དོ༔ དེ་ལྟ་བུའི་མ་ཅིག་ལབ་ཀྱི་སྒྲོན་མ་དེ་ཉིད་དགུང་ལོ་བཅུ་གསུམ་གྱི་དུས་སུ་ཡུམ་འདས་པས་མཁའ་སྤྱོད་དུ་གཤེགས་སོ༔ བཅུ་དྲུག་གི་དུས་སུ་ཡབ་འདས་པས་རྒྱ་གར་དུ་འཁྲུངས་ནས་སེམས་ཅན་གྱི་དོན་མཐའ་ཡས་པ་བྱེད་ནུས་པའི་པཎྜི་ཏ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་བྱུང་ངོ་༔ ཉི་ཤུའི་དུས་སུ་ཨ་ཅེ་འབུམ་མེ་ཕུང་པོ་ལྷག་མ་མེད་པར་མཁའ་སྤྱོད་དུ་གཤེགས་ནས་ཡུམ་དང་མཇལ་ནས་སྟབས་གཅིག་ཏུ་བཞུགས་སོ༔ མིང་པོ་ཆེ་བ་ཤཱཀྱ་རྒྱལ་མཚན་ནི་མཁས་པའི་གྲ་ཐོག་ཆོད་ནས་གྲ་སྐྱོང་མཛད་པ་དང་༔ གསང་སྔགས་ལ་གྲུབ་པ་བརྙེས་ནས་དག་པའི་སྒྱུ་ལུས་ཀྱི་དྲོད་ཚད་ཐོབ་པར་བྱུང་ངོ་༔
ཆུང་བ་ཁྲི་སྡེ་དཔལ་འོད་བྱ་བ་དེ་ནི་ཡབ་ཀྱི་མལ་དུ་གདུལ་བྱ་བསྐྱངས་ཤིང་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཏོག་ལ་བརྩོན་པ་དང་བསོད་ནམས་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་ངོ་༔ དེ་ལྟ་བུའི་གདུལ་བྱ་དང་འགྲོ་དོན་མཐའ་ཡས་པར་མཛད་པའོ༔ དེ་ནས་མ་ཅིག་དགུང་ལོ་དགུ་བཅུ་གོ་དགུ་ལ་བྱོན་ཏེ༔ དགུང་སྙིང་ནི་ལུག་ཡིན་པས་གཤེགས་པའི་ལོ་ནི་ཁྱིའི་ལོ༔ ལོ་ཐོག་རྣམས་ཀྱང་སྐྱ་ས་ལེ་བ་ཡོད་པའི་དུས་སུ་རམ་ཟླ་ཡི་ཚེས་བཅུ་ལ་བབ་པའི་ཉི་མ་རྩེ་ཤར་གྱི་དུས་སུ་མ་ཅིག་གི་ཞལ་ནས་ང་ཡང་ན་ནས་བྱུང་༔ ད་ཉི་མ་ལྔ་ཡི་ཉིན་པར་འཆི་བ་ཡིན་གསུངས༔ དེ་ནས་སྲས་རྒྱལ་བ་དོན་འགྲུབ་ཀྱིས་མ་ཅིག་གིས་ཇི་ལྟར་སྙུངས་ཞུས་པས་མ་ཅིག་སྐུ་གཟི་བརྗིད་མདངས་དང་ལྡན་པར་འདོམ་གང་ཙམ་དུ་ནམ་མཁའ་ལ་འཕགས་ནས་འདི་སྐད་དུ་གསུངས་སོ༔ ང་སྐྱེ་མེད་ཀྱི་ངང་ནས་འགགས་མེད་ན༔ མ་བཅོས་ངང་ནས་གཉུག་མ་ན༔ གཞི་མེད་ངང་ནས་རྩ་བྲལ་ན༔ ལྟ་བའི་ངང་ནས་མཐའ་བྲལ་ན༔ སྒོམ་པའི་ངང་ནས་བློ་འདས་ན༔ སྤྱོད་པའི་ངང་ནས་ཤུགས་འབྱུང་ན༔ དམ་ཚིག་ངང་ནས་དྲི་མེད་ན༔ འབྲས་བུའི་ངང་ནས་ལྷན་སྐྱེས་ན༔ འཁོར་བའི་རང་བཞིན་མྱང་འདས་ན༔ ཀུན་རྫོབ་ངང་ནས་དོན་དམ་ན༔ སྣང་བའི་ངང་ནས་སྟོང་པ་ན༔ དྲན་མེད་ངང་ནས་ཡེངས་མེད་ན༔ གང་ཤར་ངང་ནས་རང་གྲོལ་ན༔ མཉམ་བཞག་ངང་ནས་རྗེས་ཤེས་ན༔ དོན་དམ་ངོ་བོ་སྟོང་ཉིད་ཁྱབ་བརྡལ་ན༔ ད་ན་བས་མི་ཚད་གཟེར་ཡང་གཟེར༔ ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར༔ རྫོགས་པ་ཆེན་པོས་མདུན་ནས་གཟེར༔ དབུ་མ་ཆེན་པོས་དབུས་ནས་གཟེར༔ རང་རིག་ལྟ་བས་ཐད་ནས་གཟེར༔ སྐྱེ་མེད་ངང་ལ་འགགས་མེད་གཟེར༔ སྐྱེ་ཤིའི་མཚན་མ་རང་སར་གྲོལ་ཞེས་གསུངས་སོ༔
དེ་ནས་སྲས་རྒྱལ་བ་དོན་འགྲུབ་ཀྱིས་ཆིབས་ལ་བསྐྱོན་ནས་དབྱེ་ཆུང་གླང་ལུང་དུ་གདན་དྲངས་ནས་གཉན་ཁྲོད་དུ་མཛད་དེ་གུར་ལ་བརྟེན་ནས་བཞུགས་སོ༔ དེ་ནས་སྲས་རྒྱལ་བ་དོན་འགྲུབ་ཀྱིས་ཡུམ་སྐུ་མི་འཚེར་བ་མཁྱེན་ནས་མ་ཅིག་དགོངས་པ་ཇི་ལྟར་གཤེགས་ལགས༔ ད་རུང་སྐུ་རིམ་འདྲ་བ་བྱས་ན་འཐད་དམ་ཞེས་ཞུས་པས་ཡང་མ་ཅིག་གི་ཞལ་ནས༔ ཀྱེ་ཧོ་འདིར་འཚོགས་བུ་སློབ་ཀུན༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ ང་ལ་གནོད་པའི་གདོན་འདྲེ་གསུམ་ཡོད༔ ཕོ་གདོན་མོ་གདོན་སྤྱི་གདོན་གསུམ༔ ཕོ་གདོན་ཆོས་སྐུ་ཀུན་བཟང་གདོན༔ མོ་གདོན་ཡུམ་ཆེན་ཤེར་ཕྱིན་གདོན༔ སྤྱི་གདོན་ཕྱོགས་བཅུའི་སངས་རྒྱས་གདོན༔ རུས་འདྲེ་རིགས་ལྔ་བདེ་གཤེགས་གདོན༔ གདོན་པས་མི་ཚད་འཆི་ཡང་འཆི༔ སྐྱེ་མེད་ཆོས་སྐུའི་ངང་ལས་འཆི༔ འགགས་མེད་ལོངས་སྐུའི་ངང་ལ་འཆི༔ ལྷུན་གྲུབ་སྤྲུལ་སྐུའི་ངང་ལ་འཆི༔ མཐའ་བྲལ་ལྟ་བའི་ངང་ལས་འཆི༔ བློ་འདས་སྒོམ་པའི་ངང་ལས་འཆི༔ ཤུགས་འབྱུང་སྤྱོད་པའི་ངང་ལས་འཆི༔ དམ་ཚིག་དྲི་མེད་ངང་ལ་འཆི༔ ལྷུན་གྲུབ་འབྲས་བུའི་ངང་ལས་འཆི༔ དོན་ངོ་བོ་སྨྲ་བསམ་བརྗོད་མེད་འཆི་ཞེས་གསུངས་སོ༔
ཡང་མ་ཅིག་གི་ཞལ་ནས་རྒན་མོ་ང་ནི་འདི་ལྟར་འཆི༔ དུག་གསུམ་སྐུ་གསུམ་ཐུགས་སུ་འཆི༔ དུག་ལྔ་ཡེ་ཤེས་ལྔ་རུ་འཆི༔ ལྟ་བ་ཆོས་ཉིད་ཀློང་དུ་འཆི༔ སྒོམ་པ་ལྷུན་གྲུབ་ངང་ནས་འཆི༔ སྤྱོད་པ་མ་འགགས་ཤུགས་འབྱུང་འཆི༔ ཕུང་པོ་རྒྱལ་པ་རིགས་ལྔ་འཆི༔ ཁམས་ལྔ་རིགས་ཀྱི་ཡུམ་ལྔ་འཆི༔ ཚོགས་དྲུག་ཐུབ་པ་དྲུག་ཏུ་འཆི༔ ཚོགས་བརྒྱད་སེམས་དཔའ་བརྒྱད་དུ་འཆི༔ ཡུལ་བརྒྱད་སེམས་མ་བརྒྱད་དུ་འཆི༔ ཀུན་གཞི་ཆོས་ཉིད་ཀློང་དུ་འཆི༔ སེམས་ཉིད་སྐྱེ་བ་མེད་པར་འཆི༔ འགྱུ་བ་དྲན་བསམ་བྲལ་བར་འཆི༔ ལུས་ནི་གསལ་སྟོང་སྐུ་རུ་འཆི༔ ངག་ནི་གྲག་སྟོང་གསུང་དུ་འཆི༔ ཡིད་ནི་དྲན་སྟོང་ཆོས་སུ་འཆི༔ རིག་པ་ཀ་དག་སྐྱེ་མེད་འཆི༔ འཆི་དུས་བཅོ་ལྔའི་ཉི་ཤར་ཡིན༔ འགྲོ་ས་དག་པ་མཁའ་སྤྱོད་དང་༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཡིན༔ རྒན་མོ་ང་ལ་འདུན་པ་དང་༔ གདམས་པ་འདི་ལ་མོས་པ་ན༔ བར་དོ་མི་མཐོང་ང་རང་ཀན༔ ཁྱེད་བུ་སློབ་གང་ཡིན་དེ་དག་ཀུན༔ མ་ཡེངས་ཐུགས་ལ་དེ་ལྟར་ཞོག་ཅེས་གསུངས་སོ༔
དེ་ནས་བསོད་ནམས་རྒྱན་མས་ཞུས་པ༔ ཀྱེ་མ་ཅིག་ལགས༔ ཡུམ་ཞིང་ཁམས་ནས་ཞིང་ཁམས་སུ་གཤེགས་པས༔ ད་ཤུལ་དུ་མཆིས་པའི་ངེད་བུ་སློབ་རྣམས་ཀྱི་གོ་བདེ་ལ་ཚིག་ཉུང་བ་དོན་འདུས་པ་བློ་གསལ་བ་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་པས༔ ཡང་མ་ཅིག་གིས་སྐུ་དྲང་པོར་བསྲངས༔ ཐུགས་ཆོས་ཉིད་ལ་གཡོ་བ་མེད་པར་མཛད་ནས་འདི་སྐད་གསུངས༔ ཀྱེ་བུ་སློབ་ཀུན་ཉོན་དང་༔ རིག་པ་ཁྱབ་བརྡལ་གཞི་མ་འདི༔ ཀ་དག་ལྷུན་གྲུབ་འདུས་མ་བྱས༔ རང་བྱུང་འོད་གསལ་སྒྲིབ་གཡོགས་མེད༔ བདེ་ཆེན་བྱང་ཆུབ་སེམས་ལ་འདུད༔ རྒན་མོ་ང་ཡི་གདམས་པ་འདི༔ རྒྱུད་སྡེ་བཞི་ཡི་སྙིང་པོ་ཡིན༔ དུས་གསུམ་སངས་རྒྱས་དགོངས་པ་ཡིན༔ ཐེག་པ་དགུ་ཡི་དགོངས་འདྲིལ་ཡིན༔ སྡེ་སྣོད་གསུམ་གྱི་ཉིང་ཁུ་ཡིན༔ མ་དང་མཁའ་འགྲོའི་སྙིང་ཁྲག་ཡིན༔ གཅོད་རྒྱུད་ཀུན་གྱི་རྒྱལ་པོ་ཡིན༔ ཐེག་ཆེན་ལྟ་བའི་ལ་དོན་ཡིན༔ དམིགས་མེད་སྒོམ་པའི་གཟེར་འདེབས་ཡིན༔ འགག་མེད་སྤྱོད་པའི་རྩལ་སྦྱོང་ཡིན༔ ཉམས་ལེན་དམ་ཚིག་མདུང་འདོན་ཡིན༔ མཐར་ཕྱིན་འབྲས་བུའི་ལ་བཟླ་ཡིན༔ མན་ངག་ཀུན་གྱི་ཡང་སྙིང་ཡིན༔ དགོངས་པ་ཀུན་གྱི་མཐར་ཐུགས་ཡིན༔ ལྟ་སྒོམ་ཀུན་གྱི་སྒྲོན་མེ་ཡིན༔ དམིགས་པ་ཀུན་གྱི་གཟེར་བུ་ཡིན༔ མ་རྒྱུད་ཌཱ་ཀིའི་སྲོག་སྙིང་ཡིན༔ བཀའ་བརྒྱུད་བླ་མའི་གདམས་ངག་ཡིན༔ རྟོགས་ལྡན་རྣམས་ཀྱི་ཉམས་ཁྲིད་ཡིན༔ སྒོམ་ལམ་པ་ཡི་མཐུན་འགྱུར་ཡིན༔ མ་རིག་གསལ་བའི་སྒྲོན་མེ་ཡིན༔ བཀའ་སྒྲོམ་འབྱེད་པའི་ལྡེ་མིག་ཡིན༔ སྦས་པ་ཕྱུང་པའི་གསལ་བྱེད་ཡིན༔ སྡོམ་པ་བཤིག་པའི་སིལ་བུ་ཡིན༔ མན་ངག་སྤྲོས་པའི་གཏེར་ཆེན་ཡིན༔ ཚིག་དོན་གསལ་བའི་ཉི་ཟླ་ཡིན༔ བཀའ་རྒྱ་ཆེ་བའི་ནམ་མཁའ་ཡིན༔ ལུང་རིགས་མང་བའི་གཟའ་སྐར་ཡིན༔ མི་འགྱུར་བརྟན་པའི་ས་གཞི་ཡིན༔ དགོངས་པ་དག་པའི་གསེར་གླིང་ཡིན༔ དགོས་འདོད་འབྱུང་བའི་ནོར་བུ་ཡིན༔ ནད་བརྒྱ་སེལ་བའི་སྨན་གཅིག་ཡིན༔ གདོན་བརྒྱ་འདུལ་བའི་གཉེན་པོ་ཡིན༔ དུག་ལྔ་འདུལ་བའི་ཡེ་ཤེས་ཡིན༔ འཕྲུལ་གཅོད་ཤེས་རབ་རལ་གྲི་ཡིན༔
ཡང་རྒྱ་ཆོད་པའི་ཁྱུང་ཆེན་ཡིན༔ དཔའ་རྩལ་ཆེ་བའི་སེང་གེ་ཡིན༔ སྟོབས་དང་ལྡན་པའི་གླང་ཆེན་ཡིན༔ ཟུག་རྔུ་སྦྱོང་པའི་མགོན་སྐྱབས་ཡིན༔ དམིགས་པ་རྣོ་བའི་སྤུ་གྲི་ཡིན༔ ཚོང་པ་རིན་ཆེན་ཕུང་པོ་ཡིན༔ དཔེར་ན་ནོར་བུ་ཐོགས་པའི་མིས༔ ལོངས་སྤྱོད་འདོད་དགུ་ལྷུན་གྲུབ་འབྱུང་༔ དེ་ཡི་ཕྱིར་ན་གཅོད་ཅེས་བྱ༔ ཚོགས་དྲུག་ལྷུག་པར་ཐོགས་བཅས་གཅོད༔ ཕན་གནོད་མེད་པས་ཐོགས་མེད་གཅོད༔ རང་འབྱུང་ཤེས་པས་དགའ་བྲོད་གཅོད༔ རང་གྲོལ་ཤེས་པས་སྙེམས་བྱེད་གཅོད༔ རེ་བ་མེད་པའི་སངས་རྒྱས་གཅོད༔ དོགས་པ་མེད་པའི་འཁོར་བ་གཅོད༔ ཉམ་ང་མེད་པའི་འདྲེ་གདོན་གཅོད༔ འཛེམ་དོགས་མེད་པའི་ནད་ཡམས་གཅོད༔ འཇིག་རྟེན་འཁོར་བའི་འཁྲུལ་སྣང་གཅོད༔ སྤྲོས་བཅས་སྟོན་པའི་བློ་ལ་གཅོད༔ སྤྲོས་མེད་སྒོམ་ཆེན་གྱི་ཉམས་ལ་གཅོད༔ སྤྲོས་བྲལ་ལྟ་བའི་ཕྱོགས་འཛིན་གཅོད༔ དམིགས་མེད་སྒོམ་པའི་བྱིང་རྒོད་གཅོད༔ འགག་མེད་སྤྱོད་པའི་བླང་དོར་གཅོད༔ མངོན་འགྱུར་འབྲས་བུའི་རེ་དོགས་གཅོད༔ དེ་ལྟར་ཆོད་པའི་རྣལ་འབྱོར་པས༔ རྟོག་པ་བྲལ་བའི་ལྟ་བ་རྟོགས༔ བྱིང་རྒོད་སངས་བས་སྒོམ་པ་ཤར༔ ཤུགས་འབྱུང་རང་གྲོལ་སྤྱོད་པ་སྐྱོང་༔ སྤང་བླང་མེད་པས་དམ་ཚིག་དག༔ འདོད་པ་ཟད་པས་སངས་རྒྱས་འགྲུབ༔ བསྒྲུབ་བྱ་བྲལ་བས་ལྷ་ཚོགས་གསལ༔ རྩ་རླུང་འབྱུང་བས་འདུ་བ་ཞི༔ ཐིག་ལེ་འཕེལ་བས་མ་ཚོགས་འདུ༔ ཆོས་ཟད་སྟེང་དུ་ཆོས་སྐྱོང་འཁོར༔ སྟེང་འོག་བར་གསུམ་དབང་དུ་འདུ༔ སྡེ་བརྒྱད་ཚོགས་རྣམས་འཁོར་དུ་འོང་༔ ཡོན་བདག་སྣང་སྲིད་ལྷ་འདྲེས་བྱེད༔ དངོས་གྲུབ་མ་སྲིང་མཁའ་འགྲོས་སྟེར༔ བདག་དོན་འགྲུབ་ནས་གཞན་དོན་འཕེལ༔ རྣམ་རྟོག་སངས་ནས་ཡེ་སངས་རྒྱས༔ མི་རྟོགས་ལྟ་བའི་གདེང་དང་ལྡན༔ འཁོར་འདས་གཉིས་ལ་ཁྱད་པར་མེད༔ དེ་ལྟར་གདམས་པའི་ཁྱད་ཆོས་འདི༔ རྒན་མོ་ང་ཡི་ཆོས་ལུགས་ཡིན༔ ཁྱེད་རྗེས་སུ་འཇུག་པའི་བུ་སློབ་ཀུན༔ མ་ཡེངས་དེ་ལྟར་ཉམས་སུ་ལོང་༔ བར་དོ་མི་མཐོང་ང་རང་ཀན་ཞེས་གསུངས་སོ༔ ཡང་རྒྱལ་བ་དོན་འགྲུབ་ཀྱིས་ཀྱེ་མ་ཅིག་ལགས༔
དེ་ལྟར་གསུངས་པ་ལ་དུམ་པ་རེ་གོ་བས་ཐུགས་ལ་བཏགས་ཀྱིས༔ ད་རུང་ཡང་ངེད་ཤུལ་དུ་མཆིས་པའི་བུ་སློབ་རྣམས་ལ༔ ཚིག་ཉུང་ལ་དོན་འདུས་པ་གཅིག་ཐུགས་ལ་ཐོགས་གྱིས་ཞུས་པས༔ ཡང་མ་ཅིག་གི་ཞལ་ནས་བཀའ་བཀྱོན་བརྒྱད་ཀྱི་ཞལ་ཆེམས་འདི་གསུངས་སོ༔ ཀྱེ་ཧོ་འདིར་ཚོགས་བུ་སློབ་ཀུན༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ ཆོས་པ་རྣམས་ཀྱང་ཆོས་ཀྱིས་འཆིང་༔ གཅོད་ཡུལ་འདོད་པ་མང་ལགས་ཀྱང་༔ ཚེ་འདིར་ཁེ་དྲེགས་མ་ཆོད་པས༔ སྐྱེ་ཤི་འཇིག་པ་མ་བྱུང་ན༔ གཉན་ས་འགྲིམ་པ་མང་ལགས་ཀྱང་༔ གནས་སུ་ཕྱིན་པ་མ་བྱུང་ན༔ སེར་མོ་ཆག་པ་མང་ལགས་ཀྱང་༔ འདུ་བ་འཛིན་པ་མ་བྱུང་ན༔ སྙེམས་ཐག་ཆོད་པ་མང་ལགས་ཀྱང་༔ ཉོན་མོངས་ཆོད་པ་མ་བྱུང་ན༔ འདྲེ་བདུད་ཆོད་པ་མང་ལགས་ཀྱང་༔ དངོས་འཛིན་ཆོད་པ་མ་བྱུང་ན༔ ངན་རྟོག་ཆོད་པ་མང་ལགས་ཀྱང་༔ བཟང་རྟོག་ཆོད་པ་མ་བྱུང་ན༔ མཛེ་པོ་སོས་པ་མང་ལགས་ཀྱང་༔ དུག་ལྔའི་ནད་སོས་མ་བྱུང་ན༔ ཕ་ཡུལ་སྤང་པ་མང་ལགས་ཀྱང་༔ གཟུང་འཛིན་སྤང་པ་མ་བྱུང་ན༔ རྒན་མོ་ང་ཡིས་ཆོས་བཤད་ཀྱང་༔ ཉལ་དུ་མ་བཏུབ་ཉལ་མ་ནུས༔ བློ་བདེར་ཉལ་བའི་ཆོས་ཡོད་དེ༔ ཁྱེད་སློབ་མ་རྣམས་ལ་ཡིད་མ་ཆེས༔ མི་ཚེ་འདི་ལ་མངོན་ཞེན་ནས༔ འཇིག་རྟེན་ཕྱི་མའི་སྨོན་ལམ་འདེབས༔ ཕྱི་མའི་དོན་བྱེད་ཟེར་ནས་ཀྱང་༔ ད་ལྟ་ཆགས་སྡང་མེ་ལྟར་འབར༔ འདོད་པས་ནང་ནས་བཅིངས་ནས་ཀྱང་༔ ཕ་རོལ་གཞན་ལ་ཆོས་སྐད་བྱེད༔ སེམས་དོན་མི་བསྒོམ་ཚིག་སློབ་དགའ༔ རང་དོན་མ་འགྲུབ་གཞན་དོན་བྱེད༔ དམ་ཆོས་སྙིང་ནས་མི་བསྒྲུབ་ནས༔ ཕ་རོལ་ཆེ་འདོད་ཆོས་སྐད་སྨྲ༔ ནམ་འཆི་ཅི་དྲག་མི་བསམ་ནས༔ ཕྱི་ཆས་བསོག་འཇོག་འདུག་ཆས་བྱེད༔ མི་ཚེ་ལོང་མེད་མི་བསམ་ནས༔ ཚེ་འདིར་རྟག་པར་འཛིན་ཡུལ་བྱེད༔ འཆི་དུས་ཅི་འོང་མི་བསམས་ནས༔ ད་ལྟ་གད་རྒྱངས་བག་མེད་བྱེད༔ ཤི་ནས་གར་འགྲོ་མི་བསམས་ནས༔ ད་ལྟ་བྱིས་པའི་སྤྱོད་བཞིན་བྱེད༔ དེ་ལ་གདམས་པ་བསྟན་གྱུར་ཀྱང་༔ རྒན་མོ་ང་ནི་ཡིད་མ་ཆེས༔ ད་གཅིག་པུར་འདུག་པའི་དུས་ལ་བབས༔ ལྐུག་པ་བཞིན་དུ་འདུག་ལ་དགའ༔ བཀའ་བཀྱོན་བརྒྱད་ཀྱི་གདམས་པ་འདི༔ ཕྱི་རབས་རྗེས་སུ་འཇུག་པའི་ཁྱེད༔ བུ་སློབ་རྣམས་ཀྱིས་ཐུགས་ལ་ཞོག་ཅེས་གསུངས་སོ༔ ཡང་མ་ཅིག་གི་ཞལ་ནས་ཁྱེད་རྗེས་སུ་འཇུག་པའི་བུ་སློབ་ཀུན༔ མ་ཡེངས་སེམས་ཀྱི་དྲན་པས་ཟུངས༔ བདུད་གཅོད་འདྲེ་ལ་བཅད་ནས་ཀྱང་༔ རློམ་སེམས་བདུད་དང་འགྲོག་པ་ཡི༔ བདུད་གཅོད་འདིས་ཀྱང་མི་འོང་ན༔ བླ་མའི་བཀའ་དྲིན་ཁྱད་བསད་ནས༔ དྲིན་ལན་བརྗོད་ནས་རང་ཆེ་བསྒྲུབས༔ བྱིན་རླབས་འདིས་ཀྱང་མི་འོང་ན༔ བཀའ་ལུང་མན་ངག་ཁྱད་བསད་ནས༔ རིག་པ་མེ་ཐུང་གདམས་ངག་འདེབས༔ དམུ་བཟོ་འདིས་ཀྱང་མི་འོང་ནས༔ རང་བདུད་ནང་ནས་བཞག་ནས་ཀྱང་༔ བདུད་གཅོད་གཞན་ནས་ཚོལ་བ་ཡི༔ གདམས་ངག་འདིས་ཀྱང་མི་འོང་ན༔ སངས་རྒྱས་རང་ལ་བཞག་ནས་ཀྱང་༔ ཡིད་ཀྱིས་མཉམ་པར་བཞག་པ་ཡི༔ ཞི་གནས་འདིས་ཀྱང་མི་འོང་ན༔ རང་གྲོལ་གདམས་ངག་མི་ཤེས་པས༔ རྣམ་རྟོག་བཙན་གཅོད་བྱེད་པ་ཡི༔ ཉམས་ལེན་འདིས་ཀྱང་མི་འོང་ན༔ རང་སེམས་འདྲེ་རུ་བཟུང་ནས་ཀྱང་༔ དྲག་སྔགས་གཞན་དུ་བྱེད་པ་ཡི༔ འདྲེ་འདུལ་འདིས་ཀྱང་མི་འོང་ན༔ རང་ལ་བྱིན་གྱིས་མ་བརླབས་པས༔ གཞན་ལ་བྱིན་རླབས་བྱེད་པ་ཡི༔ ཉམས་ལེན་འདིས་ཀྱང་མི་འོང་ན༔ རིག་པ་རང་གནས་མི་ཤེས་པས༔ སེམས་ཀྱིས་སེམས་ཉིད་ཚོལ་བ་ཡི༔ གཏི་མུག་འདིས་ཀྱང་མི་འོང་ན༔ ཚེ་འདིར་སངས་རྒྱས་ཐོབ་འདོད་ཀྱང་༔ ལྟ་སྒོམ་ཡིད་ཡུལ་དྲན་པ་ཙམ༔ ཕྱི་དུས་འདིས་ཀྱང་མི་འོང་ན༔ ལྟ་སྒོམ་བློ་ལས་འདས་ཟེར་ཞིང་༔ དངོས་པོ་རང་ཁར་འཛིན་པ་ཡི༔ ཁ་ལྟ་འདིས་ཀྱང་མི་འོང་ན༔ གཉིས་མེད་དོན་རྟོགས་ཟེར་ནས་ཀྱང་༔ གཉིས་འཛིན་ཞེན་པས་བཅིངས་པ་ཡི༔ ཐེ་ཚོམ་འདིས་ཀྱང་མི་འོང་ན༔ མཚན་མའི་ཚིག་ལ་ཞེན་ནས་ཀྱང་༔ ཁོང་པར་སྙིང་རྗེ་མེད་པ་ལ༔ ཁོང་སྟོང་འདིས་ཀྱང་མི་འོང་ན༔ རིག་པ་བཙོན་དུ་བཟུང་ནས་ཀྱང་༔ ཞི་གནས་སྟུག་པོ་སྒོམ་པ་ཡི༔ བླུན་སྒོམ་འདིས་ཀྱང་མི་འོང་ན༔ སྟོང་པ་ཙམ་ཞིག་བློར་བཞག་ནས༔ འདོད་ཡོན་རང་ཁར་བསྒྲུབ་པ་ཡི༔ སྟོང་ལྟ་འདིས་ཀྱང་མི་འོང་ན༔ རང་དོན་སྙིང་ཐག་མ་ཆོད་པའི༔ བླ་མ་བཟང་པོའི་ཁ་སྐད་ཀྱི༔ ཆོས་སྐད་འདིས་ཀྱང་མི་འོང་ན༔ རང་གཞན་ཕྱོགས་མེད་མི་ཤེས་པའི༔ ཕྱོགས་འཛིན་གཅིག་སྡོམ་སྤྲང་བ་ཡི༔ བྱ་བཏང་འདིས་ཀྱང་མི་འོང་ན༔ བར་དོ་འདི་ལ་མ་ཆོད་པའི༔ ད་གཟོད་བར་དོ་ཆོད་འདོད་པའི༔ རེས་འཇོག་འདིས་ཀྱང་མི་འོང་ན༔ རང་གིས་ཡེ་ནས་མ་རྟོགས་པའི༔ སངས་རྒྱས་གསར་བུ་འདོད་པ་ཡི༔ འབྲས་བུ་འདིས་ཀྱང་མི་འོང་ན༔ འཁོར་བར་རང་གྲོལ་མི་ཤེས་པས༔ ལོགས་སུ་མྱང་འདས་ཚོལ་བ་ཡི༔ གོ་ལོ་འདིས་ཀྱང་མི་འོང་ན༔ ལུང་ཡོད་གདམས་ངག་མི་དྲན་པའི༔ འཆི་ཁར་ལམ་སྣ་ཟིན་རེ་བའི༔ རེས་འཇོག་འདིས་ཀྱང་མི་འོང་ན༔ རང་སེམས་ནོར་བུ་མ་ཤེས་ནས༔ ལྷ་ལ་དངོས་གྲུབ་རེ་བ་ཡི༔ གདམས་ངག་འདིས་ཀྱང་མི་འོང་ན༔ རྒན་མོ་ང་ཡི་དབྱངས་ཆུང་འདི༔ ཁྱེད་བུ་སློབ་རྣམས་ཀྱིས་ཡིད་ལ་ཞོག༔ ཅེས་གསུངས་སོ༔
ཡང་སྲས་རྒྱལ་བ་དོན་འགྲུབ་ཀྱིས༔ ཀྱེ་མ་ཅིག་ལགས༔ ཡུམ་ཞིང་ཁམས་སུ་བྱོན་ནས་བདག་གིས་སྤྱོད་ལམ་ཇི་ལྟར་བགྱི་ཞུས་པས༔ མ་ཅིག་གི་སྐུ་གཟི་བརྗིད་དང་ལྡན་པ་ཁྲུ་གང་ཙམ་དུ་འཕགས་ནས༔ ཀྱེ་ཧོ་འདིར་འཚོགས་སྐལ་ལྡན་བུ་སློབ་ཀུན༔ མ་ཡེངས་སེམས་ཀྱི་དྲན་པས་ཟུངས༔ འདི་ལྟར་ཡིད་ལ་ཟུངས་ཤིག་བུ༔ གཉན་ས་རི་ཁྲོད་འགྲིམ་ཙ་ན༔ ལྟ་བ་གདིང་གིས་ཆོད་ཅིག་བུ༔ གདོན་གནོད་སྦྱིན་ཆོ་འཕྲུལ་བྱུང་ཙ་ན༔ ཕུང་པོ་གཟན་དུ་སྐྱུར་ཅིག་བུ༔ ལུས་ལ་ན་ཚ་བྱུང་ཙ་ན༔ རིག་པ་རྟེན་དང་ཕྲོལ་ཅིག་བུ༔ གཡའ་རི་གངས་ཁྲོད་འགྲིམ་ཙ་ན༔ རོ་སྙོམས་ཀྱི་སྤྱོད་པ་གྱིས་ཤིག་བུ༔ རང་ཉིད་གཅིག་པུར་འདུག་ཙ་ན༔ མ་ཡེངས་དོན་ལ་ལྟོས་ཤིག་བུ༔ རིག་པ་འཕྲོ་རྒོད་བྱུང་ཙ་ན༔ དེ་ཉིད་རྩ་བ་ཆོད་ཅིག་བུ༔ དགེ་སྦྱོར་བྱེད་ཁ་འཚེར་བ་ན༔ གནས་ལུགས་ཀྱི་ཐོག་ཏུ་ཞོག་ཅིག་བུ༔ རང་ཉིད་གཅིག་པུར་འདུག་ཙ་ན༔ བྱིང་རྨུག་འཐིབ་གསུམ་བྱུང་ཙ་ན༔ སེམས་ཉིད་ནམ་མཁར་བསྲེས་ཤིག་བུ༔ ཉམས་ལེན་ལ་ཐེ་ཚོམ་བྱུང་ཙམ་ན༔ གོང་མའི་ཞལ་གདམས་ལ་ལྟོས་ཤིག་བུ༔ གེགས་དང་གོལ་ས་བྱུང་བ་ན༔ མཆེད་གྲོགས་ལ་ག་དར་ཆོད་ཅིག་བུ༔ འཇིགས་པའི་ས་རུ་ཉལ་ཙམ་ན༔ སེམས་ཀྱིས་འཁུ་འཕྲིག་ཆོད་ཅིག་བུ༔ ལྷ་འདྲེ་ཆོ་འཕྲུལ་བྱུང་ཙམ་ན༔ ཉམས་ལེན་གྱི་གྲོགས་སུ་ཁྱེར་ཅིག་བུ༔ སྙེམས་དང་རྟོགས་པ་བྱུང་ཙམ་ན༔ སླར་ལ་ཐོག་འགེལ་གྱིས་ཤིག་བུ༔ མི་གཙང་མགོ་འཛེམ་བྱུང་ཙམ་ན༔ མཛེ་པོ་ཡི་མཆན་དུ་ཉོལ་ཅིག་བུ༔ སེམས་ཉིད་ལྟ་བ་གཅོད་ཙམ་ན༔ ལྷ་འདྲེ་རང་སར་གྲོལ་ཅིག་བུ༔ སྒོམ་པ་ཉམས་སུ་ལེན་ཙ་ན༔ རྣམ་རྟོག་ལ་ཐོག་བརྫིས་གྱིས་ཤིག་བུ༔ རྟོག་མེད་སྤྱོད་པ་བྱེད་ཙ་ན༔ མཛེ་ཀླད་དྲོན་མོ་འཐུངས་ཤིག་བུ༔ སྐུ་གསུམ་གྱི་འབྲས་བུ་ཚོལ་ཙ་ན༔ ཐེ་ཚོམ་གྱི་མདུད་པ་གྲོལ་ཅིག་བུ༔ རྐྱེན་ངན་གྲོགས་སུ་འཁྱེར་ཙམ་ན༔ ལྟས་ངན་གཡང་དུ་ལོངས་ཤིག་བུ༔ རྒྱལ་ཁམས་ཕྱོགས་མེད་འགྲིམ་ཙམ་ན༔ ཕ་ཡུལ་གྱི་འཁྲི་བ་ཆོད་ཅིག་བུ༔ འཁོར་དུ་མཛེ་སྤྲང་གིས་བསྐོར་ཙམ་ན༔ བྱམས་དང་སྙིང་རྗེ་སྒོམས་ཤིག་བུ༔ ཡིད་ཆེས་གཙོ་བོར་འཛིན་ཙམ་ན༔ ཐེ་ཚོམ་གྱི་མདུད་པ་ཁྲོལ་ཅིག་བུ༔ སྤྱོད་ལོག་གཡང་ལ་བསྐྱུར་ཙམ་ན༔ ཕྱོགས་ངན་ཐོགས་ཤིག་ཟས་ངན་ཟོས་ཤིག་བུ༔ རིགས་དྲུག་གཡང་ལ་བསྐྱུར་ཙམ་ན༔ བདུད་བཞི་ཡི་དཔུང་རྣམས་འཇོམས་ཤིག་བུ༔ གནས་ལུགས་སྟེང་དུ་འཇོག་ཙམ་ན༔ གཉིས་མེད་རང་སར་གྲོལ་ཅིག་བུ༔ ཡུལ་ལ་ཞེན་ཆགས་བྱུང་ཙམ་ན༔ རོ་སྙོམས་ཀྱི་ལྡོམ་བུ་གྱིས་ཤིག་བུ༔ ཕྱི་ཆས་བསོག་འཇོག་དྲན་ཙམ་ན༔ ལོང་མེད་རྒྱུད་ལ་སྒོམས་ཤིག་བུ༔ དྲིན་ཆེན་བླ་མ་དྲན་ཙམ་ན༔ འབྲལ་མེད་སྤྱི་བོར་སྒོམས་ཤིག་བུ༔ མཆེད་གྲོགས་ཆོས་མཛད་མཐོང་ཙམ་ན༔ དག་སྣང་ཕྱོགས་མེད་གྱིས་ཤིག་བུ༔ ཕ་རོལ་འཆི་བ་མཐོང་ཙམ་ན༔ རང་ཡང་ནམ་མཆི་སྒོམས་ཤིག་བུ༔ སེམས་ཅན་ཉམ་ཐག་མཐོང་ཙ་ན༔ ཨ་ཙ་མ་ན་སྒོམས་ཤིག་བུ༔ ཟས་ནོར་ལོངས་སྤྱོད་མཐོང་ཙམ་ན༔ རྩྭ་མགོའི་ཟིལ་པ་སྒོམས་ཤིག་བུ༔ སྐྱེ་རྒ་ན་འཆི་མཐོང་ཙམ་ན༔ རང་ཡང་འདི་བཞིན་སྒོམས་ཤིག་བུ༔ དུར་ཁྲོད་ཀྱི་ཀེང་རུས་མཐོང་ཙམ་ན༔ ཐམས་ཅད་འདི་བཞིན་སྒོམས་ཤིག་བུ༔ ཁ་ཟས་ཞིམ་ལྟོ་དྲན་ཙམ་ན༔ སྙིང་རྗེ་མེད་པར་སྒོམས་ཤིག་བུ༔ ཕ་རོལ་གྱིས་བསྟོད་བཀུར་བྱས་ཙམ་ན༔ རང་ཉིད་དམན་ས་ཟུངས་ཤིག་བུ༔ དགེ་སྦྱོར་ཡོན་ཏན་འཕེལ་བ་ན༔ དམ་བཅའ་ཡང་ཡང་གྱིས་ཤིག་བུ༔ གནས་ལ་ཞེན་ཆགས་བྱུང་ཙམ་ན༔ རི་དྭགས་ཀྱི་སྤྱོད་པ་གྱིས་ཤིག་བུ༔ བདེ་སྟོང་ཉམས་སུ་མྱོང་འདོད་ན༔ ལས་ཀྱི་ཕྱག་རྒྱ་བསྟེན་ཅིག་བུ༔ ཐམས་ཅད་སྒྱུ་མའི་རང་བཞིན་ལ༔ རྟག་འཛིན་རྡུལ་ཙམ་མེད་དོ་བུ༔ སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ ངོ་བོ་སེམས་སུ་འདུས་ཤིག་བུ༔ རྒན་མོ་ང་ཡི་དབྱངས་ཆུང་འདི༔ ཁྱེད་བུ་སློབ་རྣམས་ཀྱིས་ཐུགས་ལ་ཞོག༔ ངས་ནི་སུ་ལ་ཅི་མ་བསླབས༔ ཁྱོས་ཀྱང་སུ་ལ་ཅི་མ་སློབས༔ བསླབ་པས་མི་ལོབ་སྐྱུར་དང་གསལ༔ རྒན་མོ་ང་ཡི་ཆོས་བཤད་ཀྱང་༔ དེ་རིང་ཕྱིན་ཆད་དེ་ཙམ་བྱེད༔ ལར་ཐམས་ཅད་སྐྱེས་ནས་འཆི་བ་ལ༔ ཀུན་ཀྱང་མི་རྟག་འདི་བཞིན་ནོ༔ སྐྱེ་ཤི་ཉི་མ་ཤར་ནུབ་འདྲ༔ ཀུན་ལ་འོང་བ་ཐུབ་པས་གསུངས༔ རྒན་མོ་ང་ཡང་ལན་ཅིག་ཏུ༔ དག་པ་མཁའ་སྤྱོད་གནས་སུ་འགྲོ༔ ཁྱེད་བུ་སློབ་རྣམས་ཀྱིས་ཐུགས་ལ་དེ་ལྟར་ཞོག༔ ཅེས་གསུངས་སོ༔ དེ་ནས་ཁྱིའི་ལོ་ལ་ནམ་ཟླ་ནི་ལོ་སྐྱ་ཙམ་མེ་བ་ཡོད་པའི་དུས་ཡིན་པས༔ དེའི་ལོ་ལ་གླང་ལུང་གི་སྟོད་སྨད་ཕུ་མདའ་དང་ཟངས་རིའི་སྟོད་སྨད་ཕུ་མདའ་ཐམས་ཅད་དུ་ཉིན་མཚན་མེད་པ་ལ༔ ནམ་མཁའ་ལ་འཇའ་འོད་ཀྱི་གུར་དང་མེ་ཏོག་གི་ཆར་འབབ་པ་དང་༔ ལྷའི་རྔ་བོ་ཆེ་རྡུང་བ་ལ་སོགས་པའི་རོལ་མོའི་སྒྲ་སྙན་མང་པོ་གྲགས་པ་དང་ནམ་མཁའ་ལ་ཡང་སྤྲིན་ཁ་དོག་མི་འདྲ་བ་སྣ་ཚོགས་དུ་མ་ལ་གདུགས་འདྲ་བ་དང་༔ རྒྱལ་མཚན་འདྲ་བ་དང་༔ བ་དན་འདྲ་བ་དང་༔ བླ་བྲེ་འདྲ་བ་དང་༔ ཕྱེ་མ་ཕུར་མ་འདྲ་བ་དང་༔ དཔལ་བེའུ་འདྲ་བ་དང་༔ འཁོར་ལོ་འདྲ་བ་དང་༔ ནོར་བུ་འདྲ་བ་དང་༔ དར་པོ་ཆེ་འདྲ་བ་དང་༔ དུང་འདྲ་བ་དང་མེ་ཏོག་འདྲ་བ་དང་༔ རྡོ་རྗེ་འདྲ་བ་དང་༔ དྲིལ་བུ་འདྲ་བ་དང་༔ གསེར་ཉ་འདྲ་བ་དང་༔ མཆོད་རྟེན་འདྲ་བ་དང་༔ གསེར་འཕྲུ་འདྲ་བ་དང་༔ རྔ་བོ་ཆེ་འདྲ་བ་དང་༔ སེང་གེ་འདྲ་བ་དང་༔ ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་འདྲ་བ་དང་༔ ལྗོན་ཤིང་འདྲ་བ་དང་༔ ལྷ་བཤོས་འདྲ་བ་དང་༔ མཁར་རྔ་འདྲ་བ་དང་༔ ཆ་ལང་འདྲ་བ་དང་༔ གཞན་ཡང་མཆོད་རྫས་མི་འདྲ་བ་སྣ་ཚོགས་དུ་མ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ལ་ཁྲ་ཆི་ལེ་བ་ཉིན་མཚན་མེད་པར་རྒྱུན་དུ་གནས་པ་དང་༔ རི་མགོ་ཐམས་ཅད་དུ་ཡང་འཇའ་འོད་ཁ་དོག་མི་འདྲ་བ་སྣ་ཚོགས་དུ་མ་འཁྲིགས་ནས་ཁྲ་ཤིག་ཤིག་ཤར་བ་བྱུང་ངོ་༔ ས་རྡོ་རྣམས་ཀྱི་ཐོག་ཏུ་ཡང་འཇའ་འོད་ཁ་དོག་མི་འདྲ་བ་སྣ་ཚོགས་དུ་མ་ལ་མཆོད་རྫས་དང་སྐུ་གཟུགས་མི་འདྲ་བ་སྣ་ཚོགས་དུ་མ་འོད་ལམ་ལམ་འཆར་བ་བྱུང་ངོ་༔ རིའི་ཞོལ་མན་ཆད་དུ་ཆར་མ་ཡིན་པའི་ས་ལ་སྣུམ་ཆགས་པ་དང་ནམ་ཟླ་ཡང་དྲོད་བབ་པ་བཞིན་དུ་དྲོ་ཆི་ལེ་བ་བྱུང་ངོ་༔ ནམ་མཁའ་དྭངས་པའི་ནང་ནས་ལྷོ་འུར་འཁྲིགས་པ་བཞིན་དུ་བག་དྲོ་ཆི་ལེ་བ་སྣང་བ་དྭངས་སང་ངེ་བ་ཉམས་ཡང་དགའ་ཏིང་ངེ་བ་རིག་པ་ཡང་སྐྱོ་ཕྱོད་དེ་བ་རེད་ནས་བྱུང་ངོ་༔ སྤྱིར་ཡང་བོད་ཁམས་སུ་བཀྲ་ཤིས་པའི་རྟགས་བརྒྱད་དང་༔ གནམ་ས་གཉིས་ན་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་བས་རྒྱལ་ཁམས་ཀྱི་མི་ཐམས་ཅད་ཀྱིས་ན་རེ༔ ད་ལོ་གནམ་ས་གཉིས་ན་བཀྲ་ཤིས་པའི་རྟགས་བརྒྱད་དང་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་འདི་འདྲ་བྱུང་བས་འདི་རྣམས་ཅི་ཡིན་ན་ཨང་ཟེར་བ་བྱུང་ངོ་༔ ཡུམ་ཞིང་ཁམས་སུ་གཤེགས་པ་ནི་སུས་ཀྱང་མ་ཚོར་རོ༔
དེ་ནས་སྲས་རྒྱལ་བ་དོན་འགྲུབ་ཀྱིས་ཡུམ་སྐུ་མི་འཚོ་བ་མཁྱེན་ནས་མ་དགོངས་པ་ཇི་ལྟར་གཤེགས་ལགས་ཞུས་པས༔ མ་ཅིག་གིས་སྐུ་གཟི་མདངས་དང་ལྡན་པར་མཛད་ནས་འདི་སྐད་གསུངས༔ ང་སྐྱེ་མེད་ཀྱི་ངང་ནས་འགགས་མེད་འཆི༔ སྐྱེ་ཤི་ཡི་མཚན་མ་རང་སར་གྲོལ༔ བདག་ལ་གཤེགས་པའི་གཤེགས་ཤུལ་མེད༔ མཐའ་བྲལ་ལྟ་བའི་ངང་ལ་འཆི༔ བློ་འདས་སྒོམ་པའི་ངང་ལ་འཆི༔ ཤུགས་འབྱུང་སྤྱོད་པའི་ངང་ལ་འཆི༔ དམ་ཚིག་དྲི་མེད་ངང་ལ་འཆི༔ ལྷུན་གྲུབ་འབྲས་བུའི་ངང་ལ་འཆི༔ དོན་ངོ་བོ་སྨྲ་བསམ་བརྗོད་མེད་འཆི༔ བདག་ལ་གཤེགས་པའི་གཤེགས་ཤུལ་མེད༔ འོན་ཀྱང་མོས་བློས་བཏགས་པ་ཙམ༔ དམིགས་མེད་ངང་ནས་རང་གྲོལ་ནས༔ ལྷམ་མེ་ལྷན་ནེ་ཙམ་དུ་འགྲོ༔ བདག་ལ་གཤེགས་པའི་གཤེགས་ཤུལ་མེད་ཅེས་གསུངས་ནས༔ ངས་ཐོག་མ་གསེར་གླིང་མ་ནས་བཟུང་སྟེ་ད་ལྟར་ཡན་ཆད་དུ་སྐྱེ་བ་བརྒྱ་དང་བདུན་ལ་འགྲོ་དོན་ཡུན་རིང་པོར་བྱས་པས་སྤྲུལ་པ་ཡང་མི་འདྲ་བ་དུ་མ་དང་མཐོང་ལུགས་ཡང་མི་འདྲ་བ་སྣ་ཚོགས་དུ་མ་ལ་མཐོང་བ་ཡིན་པས་དེ་ཅིའི་ཕྱིར་ཞེ་ན༔ ང་སངས་རྒྱས་ཡིན་ཆོས་ཡིན་དགེ་འདུན་ཡིན་པས་ང་ལ་སྐུར་བ་བཏབ་ན་ཕྱོགས་བཅུའི་སངས་རྒྱས་ལ་སྐུར་བ་བཏབ་པ་ཡིན༔ ཆོས་ལ་སྐུར་པ་བཏབ་པ་ཡིན༔ དགེ་འདུན་ལ་སྐུར་བ་བཏབ་པ་ཡིན༔ ང་ལ་དད་ཅིང་མོས་པ་བྱས་ན༔ ཕྱོགས་བཅུའི་སངས་རྒྱས་ལ་མོས་པ་བྱེད་པ་ཡིན༔ ཆོས་ལ་མོས་པ་བྱེད་པ་ཡིན༔ དགེ་འདུན་ལ་མོས་པ་བྱེད་པ་ཡིན༔
ད་ཡང་དགུ་བཅུ་གོ་དགུའི་བར་དུ་འགྲོ་དོན་ཡུན་རིང་དུ་བྱས་པས་ད་ནི་རེ་ཞིག་ལ་འགྲོ་དོན་ཡང་རྫོགས་ཟིན་ཡིན་པས་ང་འཇིག་རྟེན་མིའི་ཡུལ་དུ་ད་ལན་ལས་མངོན་མཚན་ཅན་གྱི་སྐྱེ་བ་ཡང་མི་ལེན་ལ་ད་ལྟ་ཡང་སྐུ་གདུང་དང་རིང་བསྲེལ་ཡང་མི་འབྱུང་ངོ་༔ ང་ཡི་སྤྲུལ་པ་ནི་འཛམ་བུའི་གླིང་འདིར་གྲངས་མེད་པར་འབྱུང་ངོ་༔ ད་ལན་ང་ལ་འཆི་བའི་འཆི་ཤུལ་ཡང་མེད་དོ༔ འོན་ཀྱང་ཁྱེད་སློབ་མ་རྣམས་ཀྱིས་མཐོང་ལུགས་མི་འདྲ་བ་དུ་མ་ལ་མཐོང་ནས་འོང་ངོ་༔
དེ་ཡང་ལས་དག་པ་དང་མ་དག་པ་གཉིས་ཀྱི་མཐོང་ལུགས་འོང་བས་བུ་ཁྱོད་ཀྱི་ཤེས་པར་གྱིས་ཤིག༔ ཅེས་གསུངས་ནས་ཡང་འདི་སྐད་གསུངས༔ སྐལ་ལྡན་བུ་ཁྱོད་སྙིང་ལ་ཞོག༔ ང་ཡི་གདམས་ངག་གཅོད་ཡུལ་འདི༔ དམ་ཆོས་ཕྱག་རྒྱ་ཆེན་པོ་ཡིན༔ ཕྱག་རྒྱ་ཆེ་ལ་བསྟན་དུ་མེད༔ བསྟན་དུ་མེད་ཀྱང་འདི་ལྟར་རོ༔ ཕྱག་ཅེས་སྟོང་པའི་རང་བཞིན་ལ༔ རྒྱ་ཞེས་འཁོར་བའི་རྒྱ་ལས་གྲོལ༔ ཆེན་པོ་ཟུང་འཇུག་གཉིས་མེད་ཡིན༔ གདོད་ནས་ལྷན་ཅིག་སྐྱེས་པ་འདི༔ དཔེར་ན་ནམ་མཁའ་སྟོང་པ་ལ༔ གང་གིས་གང་ལ་བརྟེན་ནས་གདབ༔ དེ་བཞིན་རང་གི་སེམས་ཉིད་འདི༔ གང་གི་གང་ལ་རྟེན་ཡུལ་མེད༔ མ་བཅོས་གཉུག་མར་ལྷོད་ལ་ཞོག༔ བཅིངས་པ་དག་ནི་ཀློད་ནས་ཀྱང་༔ གྲོལ་ནས་གྲོལ་བ་ཐེ་ཚོམ་མེད༔ དཔེར་ན་ནམ་མཁའི་དཀྱིལ་ལ་བལྟས་ཙ་ན༔ མཐོང་བ་ཐམས་ཅད་འགག་པར་འགྱུར༔ དེ་བཞིན་རང་གི་སེམས་ཉིད་འདི༔ སེམས་ཀྱིས་སེམས་ལ་བལྟས་གྱུར་ཀྱང་༔ རྣམ་རྟོག་ཚོགས་འགག་བྱང་ཆུབ་འཐོབ༔ དཔེར་ན་ནམ་མཁའི་སྤྲིན་ཚོགས་རྣམས༔ ནམ་མཁའ་རང་ལ་དེངས་པའོ༔ གར་ཡང་མ་སོང་སོང་པ་མེད༔ གང་དུ་མི་གནས་གནས་པ་མེད༔ དེ་བཞིན་སེམས་ཀྱི་རྟོག་ཚོགས་ཀྱང་༔ སེམས་ཀྱི་སེམས་ལ་བལྟས་པ་ན༔ སེམས་ཀྱི་རྟོགས་པའི་རྦ་རླབས་དོང་༔ དཔེར་ན་ནམ་མཁའ་སྟོང་པ་ལ༔ ཁ་དོག་གཟུགས་བརྙན་དབྱིབས་ལས་འདས༔ དེ་བཞིན་རང་གི་སེམས་ཉིད་ཀྱང་༔ གཟུགས་དང་ཁ་དོག་དབྱིབས་ལས་འདས༔ དཔེར་ན་ཉི་མའི་སྙིང་པོ་དེ༔ སྐལ་པའི་མུན་པས་བསྒྲིབ་མི་ནུས༔ དེ་བཞིན་རང་སེམས་རྟོགས་གྱུར་ན༔ སྐལ་པའི་འཁོར་བས་བསྒྲིབ་མི་ནུས༔ དཔེར་ན་ནམ་མཁའ་སྟོང་པ་ལ༔ མིང་དང་ཐ་སྙད་བཏགས་གྱུར་ཀྱང་༔ འདི་འདྲ་ཞེས་བྱ་བརྗོད་དུ་མེད༔ དེ་བཞིན་རང་སེམས་འོད་གསལ་འདི༔ སེམས་ཀྱི་མཚན་ཉིད་བརྗོད་གྱུར་ཀྱང་༔ འདི་འདྲ་གྲུབ་ཅེས་ཐ་སྙད་བྲལ༔ དེ་ལྟར་སེམས་ཀྱི་མཚན་ཉིད་ནི༔ གདོད་ནས་ནམ་མཁའ་སྟོང་པ་འདྲ༔ དེ་ལྟར་རང་སེམས་རྟོགས་གྱུར་ན༔ ཆོས་རྣམས་མ་ལུས་དེ་རུ་འདུས༔ རྣམ་རྟོག་སྤང་པའི་ཕ་རོལ་ན༔ ཆོས་སྐུ་བྱ་བ་ལོགས་ན་མེད༔ དུག་ལྔ་སྤང་པའི་ཕ་རོལ་ན༔ ཡེ་ཤེས་ལྔ་པོ་ལོགས་ན་མེད༔ དུག་གསུམ་སྤང་པའི་ཕ་རོལ་ན༔ སྐུ་གསུམ་བྱ་བ་ལོགས་ན་མེད༔ རང་སེམས་སྤང་པའི་ཕ་རོལ་ན༔ སངས་རྒྱས་བྱ་བ་ལོགས་ན་མེད༔ འཁོར་བ་སྤང་པའི་ཕ་རོལ་ན༔ མྱང་འདས་བྱ་བ་ལོགས་ན་མེད༔ འགྱུ་བ་སྤང་པའི་ཕ་རོལ་ན༔ ཐབས་ཞེས་བྱ་བ་ལོགས་ན་མེད༔ གནས་པ་སྤང་པའི་ཕ་རོལ་ན༔ ཤེས་རབ་བྱ་བ་ལོགས་ན་མེད༔ བདེ་བ་སྤང་པའི་ཕ་རོལ་ན༔ ཐབས་ཞེས་བྱ་བ་ལོགས་ན་མེད༔ སྟོང་པ་སྤང་པའི་ཕ་རོལ་ན༔ ཤེས་རབ་བྱ་བ་ལོགས་ན་མེད༔ རང་སེམས་སྤང་པའི་ཕ་རོལ་ན༔ གཉན་ས་བྱ་བ་ལོགས་ན་མེད༔ དགེ་སྡིག་སྤང་པའི་ཕ་རོལ་ན༔ ལྷ་འདྲེ་བྱ་བ་ལོགས་ན་མེད༔ ཚོགས་དྲུག་སྤང་པའི་ཕ་རོལ་ན༔ རིགས་དྲུག་བྱ་བ་ལོགས་ན་མེད༔ ཚོགས་བརྒྱད་སྤང་པའི་ཕ་རོལ་ན༔ སྡེ་བརྒྱད་བྱ་བ་ལོགས་ན་མེད༔ འགྱུ་དྲན་སྤང་པའི་ཕ་རོལ་ན༔ ཆོ་འཕྲུལ་བྱ་བ་ལོགས་ན་མེད༔ མཉམ་བཞག་སྤང་པའི་ཕ་རོལ་ན༔ ཐུན་བཞིའི་དགེ་སྦྱོར་ལོགས་ན་མེད༔ རྣམ་རྟོག་ཆོད་པའི་ཕ་རོལ་ན༔ གཅོད་ཅེས་བྱ་བ་ལོགས་ན་མེད༔ དྲན་ཤེས་རིག་པའི་ཕ་རོལ་ན༔ ཚར་ཚད་བྱ་བ་ལོགས་ན་མེད༔ རང་སེམས་རྟོགས་པའི་ཕ་རོལ་ན༔ ཆོད་ཚད་བྱ་བ་ལོགས་ན་མེད༔ ལུས་ཀྱི་བྱ་བྱེད་ཀུན་སྤངས་ལ༔ སོག་ཕོན་ཐག་པ་ཆད་བཞིན་སྡོད༔ ངག་གི་སྨྲ་བརྗོད་ཀུན་སྤངས་ལ༔ པི་ཝང་རྒྱུན་ཐག་ཆད་བཞིན་སྡོད༔ ཡིད་ལ་ཅི་ཡང་མི་བསམ་པ༔ དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན༔ རྒན་མོ་ང་ཡི་ཆོས་ལུགས་ལ༔ དེ་ལས་བྱ་རྒྱུ་ཅི་ཡང་མེད༔ ཀྱེ་ཧོ་འདིར་ཚོགས་བུ་སློབ་དད་ལྡན་ཀུན༔ རང་ལུས་མི་རྟག་ལ་ཁའི་བྱ་སྒྲོ་འདྲ༔ རང་སེམས་སྟོང་པ་ནམ་མཁའི་དཀྱིལ་ལྟར་གསལ༔ དེའི་ངང་ལ་མ་བཅོས་ཀློད་ལ་ཞོག༔ སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོའོ༔ དེ་ལ་གོམས་ཤིང་འདྲིས་ན་སངས་རྒྱས་ས་རུ་སླེབ༔ སྔགས་སྒྲུབ་གཏོར་མའི་ལས་ལ་བརྩོན་པ་དང་༔ འདུལ་བ་ལ་སོགས་སྡེ་སྣོད་ཆོས་རྣམས་ཀུན༔ རང་རང་གཞུང་ལུགས་གྲུབ་མཐའ་འཛིན་འདོད་ཀྱང་༔ རང་སེམས་ཕྱག་རྒྱ་ཆེན་པོ་རྟོགས་མི་འགྱུར༔ རང་འདོད་འཛིན་པས་རང་སེམས་འོད་གསལ་བསྒྲིབ༔ རྟོགས་པས་སྲུང་སྡོམ་དམ་ཚིག་དོན་ལས་ཉམས༔ ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་ཕྲོལ༔ རང་བྱུང་རང་ཞི་ཆུ་ཡི་རྦ་རླབས་བཞིན༔ མི་བསམ་མི་གནས་གདོད་ནས་རྣམ་པར་དག༔ དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན༔ ཞེ་འདོད་འཛིན་བྲལ་མཐའ་ལ་མི་གནས་ན༔ སྡེ་སྣོད་ལ་སོགས་རྒྱུད་སྡེའི་ཆོས་རྣམས་ཀུན༔ མ་ལུས་སྐད་ཅིག་ཉིད་ལ་རྟོགས་པར་འགྱུར༔ ལམ་འདིར་མོས་ན་འཁོར་བའི་མཐའ་ལས་ཐར༔ ལམ་འདིར་ཞུགས་ན་ཉོན་མོངས་སྡུག་བསྔལ་འཇོམས༔ དོན་འདི་བསྒྲུབ་ན་བླ་མེད་བྱང་ཆུབ་འཐོབ༔ ལམ་འདིར་མི་མོས་བླུན་པོ་གླང་བུ་ཡིན༔ ལམ་འདིར་མི་ཞུགས་དམུས་ལོང་མིག་མེད་ཡིན༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ཐར་མེད་མྱོང་༔ སྡུག་བསྔལ་མི་ཟད་བླུན་པོ་སྙིང་རེ་རྗེ༔ འཁོར་བ་སྡུག་བསྔལ་གནས་ནས་ཐར་འདོད་ན༔ བླ་མ་མཁས་བཙུན་བཤེས་གཉེན་རྟག་ཏུ་བསྟེན༔ མོས་གུས་གསོལ་འདེབས་ཞབས་ཏོག་མན་ངག་ཞུས༔ བླ་མས་ཅི་གསུངས་ཚད་མར་བཀའ་བཞིན་བསྒྲུབ༔ བྱིན་རླབས་སྙིང་ལ་ཞུགས་ནས་རང་སེམས་མཐོང་བར་འགྱུར༔ ཨེ་མ་འཁོར་བའི་ཆོས་ལ་སྙིང་པོ་མེད༔ སྡུག་བསྔལ་དར་རྒྱལ་ཡུན་རིང་མྱོང་པའི་རྒྱུ༔ ཚེ་འདི་ཡང་ཡེངས་ཟད་པ་མ་ཚོར་རམ༔ ཆོས་ལུང་ཡོད་དུ་བཞག་ན་སྐལ་བ་ཆད༔ ཆོས་ད་བྱེད་ཀྱི་ངང་ལ་མི་ཚེ་ཟད༔ བཙན་ཐབས་སུ་ཤི་ན་ཅི་བྱེད་ན༔ ད་ལྟ་འབད་ནས་མ་བསྒོམས་ན༔ སང་ཤི་དུས་དམ་ཆོས་སུ་ཡིས་གཏད༔ རང་གིས་དཀའ་སྤྱད་མ་བྱས་ན༔ གཞན་གྱིས་ཆོས་བྱས་ཅི་ལ་ཕན༔ དཔེར་ན་སྤྲང་པོའི་རྨི་ལམ་བཞིན༔ མདང་སོང་ཟས་ནོར་ལོངས་སྤྱོད་རྨིས༔ གཉིད་སད་བྱ་ལམ་རྗེས་མེད་འདྲ༔ འཇིག་རྟེན་འདུས་བྱས་ཐམས་ཅད་ཀུན༔ དཔེར་ན་དེ་དང་འདྲ་བའོ༔ ད་ལྟ་རང་དབང་ཡོད་པའི་ཚེ༔ སྙིང་པོ་ཡོད་པའི་སེམས་དོན་ལྟོས༔ བལྟས་པས་ཅི་ཡང་མཐོང་པ་མེད༔ མ་མཐོང་བ་དེ་ཉིད་མཐོང་བ་ཡིན༔ གཟུང་འཛིན་ཀུན་ལས་འདས་ན་ལྟ་བའི་མཆོག༔ ཡེངས་པ་མེད་ན་སྒོམ་པའི་མཆོག༔ བྱ་རྩོལ་མེད་ན་སྤྱོད་པའི་མཆོག༔ རེ་དོགས་མེད་ན་འབྲས་བུའི་མཆོག༔ དམིགས་གཏད་མེད་ན་ལྟ་བའི་མཆོག༔ བློ་ལས་འདས་ན་སྒོམ་པའི་མཆོག༔ བྱར་མེད་དུ་སྐྱོང་བ་སྤྱོད་པའི་མཆོག༔ མཐའ་ལས་འདས་པ་འབྲས་བུའི་མཆོག༔ དེ་དོན་རྟོགས་ན་བྱང་ཆུབ་ཐོབ༔ ལམ་དེར་ཞུགས་ན་བཙན་ས་ཟིན༔ ཕྱི་ནང་བར་གསུམ་སྒྲོ་འདོགས་ཆོད༔ ཐེག་པ་གོང་འོག་ཆོས་རྣམས་གོ༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས༔ ཚར་སློངས་ཆོད་གསུམ་དུས་གཅིག་རྫོགས༔ འཁོར་བའི་རྒྱ་མཚོ་བརྒལ་བའོ༔ རྒན་མོ་ང་ཡི་གདམས་ངག་ལ༔ དེ་ལས་ཟབ་པ་སྟོན་རྒྱུ་མེད༔ ཅེས་གསུངས་སོ༔
དེ་ནས་ཁྱིའི་ལོ་རམ་ཟླའི་ཚེས་བཅོ་ལྔའི་ནངས་པར་རིའི་རྩེ་ལ་ཉི་ཟླ་སེར་ལྷག་སྟེ་ཤར་བ་དང་མཉམ་དུ༔ མ་ཅིག་གི་ཞལ་ནས་ཁྱེད་བུ་སློབ་ཐམས་ཅད་འདིར་འདུས་དང་དཔའ་བོ་དང་མཁའ་འགྲོ་མ་རྣམས་དགྱེས་པའི་ཚོགས་འཁོར་བཟང་པོ་གཅིག་བཤམས༔ ངས་ནི་ལོ་དགུ་བཅུ་གོ་དགུའི་བར་ལ་འགྲོ་དོན་རྒྱ་ཆེར་བྱས་ནས་ཡོད༔ ད་ནི་དག་པ་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བ་ཡིན་གསུངས་ནས་སྐུ་ལུས་དཀར་དམར་གྱི་མདངས་ཆགས་པ་ཉི་ཟླའི་འོད་ཟེར་འཕྲོ་བ་ལྟ་བུར་མཛད་ནས༔ སྐུ་ཁྲུ་གང་ཙམ་དུ་ནམ་མཁའ་ལ་དཔག་ནས་འདི་སྐད་གསུངས༔ ང་དམ་ཆོས་སྐྱེ་མེད་གཅིག་ཆོད་ཡིན༔ གདམས་ངག་གཞན་ལས་ཁྱད་པར་འཕགས༔ བྱིན་རླབས་ལུས་སེམས་འཕོ་བ་འདི༔ འཕོ་བ་གཞན་ལས་ཁྱད་པར་འཕགས༔ ཕུང་པོ་ལུས་ཀྱི་མཆོད་སྦྱིན་འདི༔ སྟོན་མོ་གཞན་ལས་ཁྱད་པར་འཕགས༔ དབེན་གནས་གཉན་ས་རི་ཁྲོད་འདི༔ དགོན་པ་གཞན་ལས་ཁྱད་པར་འཕགས༔ འཁོར་དུ་སྣང་སྲིད་ལྷ་འདྲེས་བསྐོར༔ ཡོན་བདག་གཞན་ལས་ཁྱད་པར་འཕགས༔ ཉམས་ལེན་རེ་དོགས་མཐའ་བྲལ་འདི༔ དགེ་སྦྱོར་གཞན་ལས་ཁྱད་པར་འཕགས༔ སྤྱོད་པ་མ་འགག་རོ་སྙོམས་འདི༔ སྤྱོད་ལམ་གཞན་ལས་ཁྱད་པར་འཕགས༔ དོན་ངོ་བོ་སྨྲ་བསམ་བརྗོད་མེད་འདི༔ ཆོས་སྤྱོད་གཞན་ལས་ཁྱད་པར་འཕགས༔ ང་རང་ལབ་ཀྱི་སྒྲོན་མ་འདི༔ མི་མོ་གཞན་ལས་ཁྱད་པར་འཕགས༔ ད་ལྟ་སྐྱེ་མེད་ཀྱི་ངང་ལ་འཆི༔ འཆི་ལུགས་གཞན་ལས་ཁྱར་པར་འཕགས༔ ཞེས་གསུངས་ནས་སྐུ་ལུས་ལིང་ལིང་ལན་གསུམ་འཕག་སྟེ༔ སྐུ་འདོམ་གང་ཙམ་གྱི་ནམ་མཁའ་ལ་གར་ཐབས་ལིངས་སེ་བཞུགས་ནས་འདི་སྐད་གསུངས་སོ༔ སེམས་ཉིད་མཐོང་བའི་མཐོང་བ་འདི༔ མཐོང་བ་གཞན་གྱིས་དོ་ཟླ་མིན༔ རྒྱུ་མེད་རང་བཞིན་བྲལ་བ་མཐོང་༔ སྐྱེ་མེད་རྟོགས་པའི་ཉམས་མྱོང་འདི༔ སྐྱེ་འགག་གནས་གསུམ་བྲལ་བར་རྟོགས༔ རྟོགས་པ་གཞན་གྱིས་དོ་ཟླ་མིན༔ དྲན་དུ་མེད་པའི་ཉམས་མྱོང་འདི༔ བརྗོད་མེད་དོན་ཞིག་ཉམས་སུ་མྱོང་༔ ཉམས་མྱོང་གཞན་གྱིས་དོ་ཟླ་མིན༔ འགྱུར་མེད་ཐོབ་པའི་འབྲས་བུ་འདི༔ རྒྱུ་མེད་སྐུ་གསུམ་མངོན་དུ་ཐོབ༔ འབྲས་བུ་གཞན་གྱིས་དོ་ཟླ་མིན༔ རེ་དོགས་མཐའ་བྲལ་གྱི་ཆོས་སྐུ་འདི༔ འཁོར་འདས་གཉིས་མེད་ཀྱི་ངང་དུ་རྟོགས༔ སྐུ་གཟུགས་གཞན་གྱིས་དོ་ཟླ་མིན༔ སྒྱུ་ལུས་བོར་བའི་སྲུང་བ་འདི༔ སྲུང་བ་གཞན་གྱིས་དོ་ཟླ་མིན༔ ད་ནི་སྒྱུ་ལུས་ཞིག་ཀྱང་ཉམ་ང་མེད་གསུངས་ནས་དྲག་ཤུགས་དང་ལྡན་པའི་ཕཊ༔ ལན་གསུམ་གསུངས་པ་དང་༔ གཞི་ཆོས་ཉིད་ལ་གཡོ་བ་མེད་པའི་ངང་ནས༔ ཐུགས་སྤྱི་བོར་ཚངས་པའི་བུ་ག་ནས་ནམ་མཁའ་གཏད་མེད་པ་ལ་འཇའ་འོད་ཀྱི་ནང་དུ་ཡར་ལ་རྒྱངས་ཏེ་ཆོས་ཀྱི་ངང་ལ་གཤེགས་སོ༔ དེའི་ཚེ་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱིས་ཡར་ལ་གཟིགས་པས་ནམ་མཁའ་ལ་སྤྲིན་དཀར་པོ་ཁ་དོག་སྣ་ལྔ་ཚང་པ་གཅིག་ལིང་ངེ་འདུག༔ སྤྲིན་དེའི་གསེབ་ཏུ་རང་བཞིན་ལྷུན་གྱིས་གྲུབ་པའི་འཇའ་འོད་ཀྱི་རྣམ་པ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་དར་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་གཅིག་འདུག༔
དེའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་རིམ་པ་གསུམ་དང་ལྡན་པ་གཅིག་འདུག༔ དེའི་དབུས་ཀྱི་པད་འདབ་ཀྱི་སྟེང་དུ་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་སྔོ་ལ་དྭངས་པའི་མདངས་ཆགས་པ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་འཛུམ་ཁྲོའི་རྣམ་པ་ཅན་ཕྱག་གཡས་ཀྱི་དང་པོ་ན་ཌཱ་མ་རུ་བསྣམས་པ༔ གཡོན་གྱི་དང་པོ་ན་དངུལ་དཀར་གྱི་དྲིལ་བུ་བསྣམས་པ༔ གཡས་ཀྱི་འོག་མ་ན་གྲི་གུག་བསྣམས་ཞིང་གཡོན་གྱི་འོག་མ་ན་ཐོད་ཁྲག་བསྣམས་ནས་ཐུགས་ཀར་སྟེང་འོག་ཏུ་བསྣོལ་པ༔ ཐོད་པ་སྐམ་རློན་རྙིང་པ་གསུམ་གྱིས་མགུལ་པ་བརྒྱན་པའི་ཁ་ཊྭཱཾ་ག་གྲུ་མོ་གཡོན་པའི་མཆན་ཁུང་དུ་བཅུག་པ༔ སྐུ་ལ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཞིང་༔ དབུ་ལ་ཐོད་སྐམ་དང་རིན་པོ་ཆེའི་རྩེ་ཕྲན་ལྔས་བརྒྱན་པ་དང་༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་རབ་ཏུ་བརྒྱན་ནས་གར་དགུའི་ཉམས་དང་ལྡན་ནས་ཞབས་གཉིས་བརྐྱང་བསྐུམ་གྱིས་གར་ཐབས་ལིངས་སེ་བཞུགས་ནས༔ དེའི་མདུན་དུ་སངས་རྒྱས་མཁའ་འགྲོ་མ་སྐུ་མདོག་དཀར་མོ༔ གཡས་སུ་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ༔ རྒྱབ་ཏུ་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ༔ གཡོན་དུ་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ༔ ཤར་ལྷོར་དམ་ཚིག་མཁའ་འགྲོ་མ་སྐུ་མདོག་དཀར་སེར༔ ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ་མ་སྐུ་མདོག་དམར་སེར༔ ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ་མ་སྐུ་མདོག་དམར་ལྗང་༔ བྱང་ཤར་དུ་འཇིག་རྟེན་མཁའ་འགྲོ་མ་སྐུ་མདོག་དཀར་ལྗང་༔ སྟེང་དུ་བདེ་གཤེགས་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་གཅིག་ལ་འཁོར་མཁའ་འགྲོ་མ་རིགས་བཞིས་བསྐོར་བའི་གཙོ་འཁོར་ལྔ་འདུག་པ་ལ་རྒྱན་ཆ་ལུགས་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གཙོ་མོ་དང་མཚུངས་པར་བཞུགས་ནས་འདུག༔
དེའི་སྟེང་དུ་མདུང་གང་ཙམ་དུ་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ དེའི་སྟེང་མདུང་གང་ཙམ་དུ་སེང་གེ་བཞི་ཁ་ཕྱིར་ཕྱོགས་པའི་ཁྲིའི་སྟེང་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཉེ་བའི་སྲས་བརྒྱད་དང་ཉན་ཐོས་ཆེན་པོ་རྣམས་དང་གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་རྣམས་ཀྱིས་བསྐོར་ནས་བཞུགས་ནས་འདུག༔ དེའི་ཕྱིར་རིམ་མུ་ཁྱུད་ལ་སེང་གེ་དང་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སངས་རྒྱས་སྟོང་རྩ་གཉིས་ལ་རང་རང་གི་འཁོར་གྱིས་བསྐོར་ནས་བཞུགས་ནས་འདུག༔ དེའི་སྟེང་དུ་མདུང་གང་ཙམ་དུ་དར་དང་རིན་པོ་ཆེ་སྣ་ཚོགས་པའི་ཁྲིའི་སྟེང་དུ་རྡོ་རྗེ་འཆང་ལ་ཏེ་ལོ་པ༔ ན་རོ་པ༔ གུ་གུ་རི་པ༔ པདྨ་འབྱུང་གནས༔ ལུ་ཧི་པ༔ ས་ར་ཧ༔ འབིར་བ་པ༔ སུ་ཀ་སུ་ཏི་མ༔ ཨརྱ་དྷེ་བ༔ ཀླུ་གྲུབ་ཡབ་སྲས༔ དམ་པ་སངས་རྒྱས༔ བསོད་ནམས་བླ་མ་ལ་སོགས་པའི་རྒྱ་བོད་ཀྱི་གྲུབ་ཆེན་དཔག་ཏུ་མེད་པས་བསྐོར་ནས་བཞུགས་ནས་འདུག༔ རྡོ་རྗེ་འཆང་གི་མདུན་ཕྱོགས་སུ་ནམ་མཁའ་ལ་རིན་པོ་ཆེ་སྣ་ཚོགས་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་རིགས་ལྔའི་སངས་རྒྱས་རྣམས་དང་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱིས་བསྐོར་ནས་འདུག༔
དེའི་མདུན་ཕྱོགས་སུ་དཔལ་རྡོ་རྗེ་སེམས་དཔའ་དང་༔ དགའ་རབ་རྡོ་རྗེ་དང་༔ འཇམ་དཔལ་བཤེས་གཉེན་དང་༔ ཤྲཱི་སིང་ཧ་དང་༔ པདྨ་བཛྲ་དང་༔ བྷི་མ་ལ་མི་ཏྲ་དང་ཨིནྡྲ་བྷོ་ཏི་ལ་སོགས་པའི་གྲུབ་ཐོབ་རིག་འཛིན་བརྒྱད་ཅུས་བསྐོར་ནས་འདུག༔ རྡོ་རྗེ་འཆང་གི་གཡས་ཕྱོགས་སུ་དཔལ་གསང་བ་འདུས་པ་ལ་སོགས་པའི་ཕ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་བཀྲ་དཔུང་ངེ་བཞུགས་ནས་འདུག༔ རྡོ་རྗེ་འཆང་གི་གཡོན་ཕྱོགས་སུ་མ་ཧ་མ་ཡ༔ ཀྱེ་པ་རྡོ་རྗེ༔ འཁོར་ལོ་བདེ་མཆོག་ལ་སོགས་པའི་མ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་བཀྲ་དཔུང་ངེ་བཞུགས་ནས་འདུག༔ ལྷ་ཚོགས་དེ་རྣམས་ཀྱང་མ་འདྲེས་པར་སོ་སོར་འཇའ་འོད་ཀྱི་རྣམ་པར་གསལ་བར་འདུག༔ དེ་རྣམས་ཀྱི་ཕྱི་རིམ་དུ་ཡང་དཔའ་བོ་དང་༔ དཔའ་མོ་དང་༔ མཁའ་འགྲོ་དང་༔ ཤུགས་འགྲོ་དང་༔ རྒྱལ་པོ་ཆེན་པོ་སྡེ་བཞི་དང་༔ ཕྱོགས་སྐྱོང་དང་༔ ཞིང་སྐྱོང་དང་༔ ཕྲ་མེན་དང་༔ བསྟན་སྲུང་དང་༔ དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་བཀྲ་དཔུང་ངེ་བཞུགས་ནས་འདུག་པར་མཐོང་བས་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱིས་སྤྱི་གཙུག་རྒྱན་བཞུགས་མའི་གསོལ་འདེབས་གཅིག་མཛད་དོ༔ དེ་ལ་ལས་དག་པ་རྣམས་ཀྱིས་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱིས་ཇི་ལྟར་མཐོང་བ་དེ་བཞིན་དུ་མངོན་སུམ་དུ་མཐོང་༔ ཡང་ལ་ལས་ལྷ་ཚོགས་གཞན་རྣམས་མ་མཐོང་མ་ཅིག་གཙོ་འཁོར་དང་སྤྲུལ་སྐུའི་སངས་རྒྱས་རྣམས་མཐོང་༔ ལ་ལས་སངས་རྒྱས་རྣམས་ཡང་མ་མཐོང་༔ མ་ཅིག་གཙོ་འཁོར་རྣམས་གསལ་བ་མཐོང་༔ ལ་ལས་མ་ཅིག་གཙོ་འཁོར་ཡང་མ་མཐོང་འཇའ་འོད་དང་ནམ་མཁའ་ལ་སྒྲ་སྙན་མང་པོ་གྲག་པ་རྣམས་ཐོས༔ ལ་ལས་སྒྲ་སྙན་ཡང་མ་ཐོས་འཇའ་འོད་དང་མེ་ཏོག་གི་ཆར་བབས་པ་རྣམས་མཐོང་༔ ཡང་ལ་ལས་དེ་རྣམས་ཅི་ཡང་མ་མཐོང་བས༔ མུན་པ་འཁྲིགས་པ་ལྟར་དུ་ནག་ཐིབས་སེ་བསྡད་པ་ལ་སོགས་པའི་མཐོང་ལུགས་མི་འདྲ་བ་དུ་མ་བྱུང་ངོ་༔
དེ་ནས་གདུང་ཕྱིར་ལ་ཁྲི་ཐོག་ཏུ་བབས་ཏེ་ནས་བྲེ་ལྔའི་ཟན་ཙམ་ཞིག་རེད་ནས་སྣང་ངོ་༔ དེ་ནས་ཞག་གསུམ་གྱི་རིང་ལ་གདུང་མཆོད་བཟུང་སྟེ༔ དཔལ་གསང་བ་འདུས་པ་ལ་སོགས་པའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་བཞེངས་ནས་མཆོད་པ་ཕུལ་བས་མེ་ཏོག་གི་ཆར་པ་དང་ནམ་མཁའ་ལ་རོལ་མོའི་སྒྲ་སྙན་མང་པོ་ཉིན་མཚན་མེད་པར་གྲག་པ་དང་༔ འཇའ་འོད་ཀྱི་གུར་དང་བྱ་རིགས་སྣ་ཚོགས་ཀྱི་རང་སྐད་ཀྱིས་སྒྲ་སྙན་མང་པོ་སྒྲོགས་པ་དང་༔ ས་གཡོ་བ་དང་ཐུག་ཆོམ་དང་ཆུ་བོ་འཕྱུར་བ་དང་དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་ངོ་༔ དེ་ནས་ཚེས་བཅུ་དྲུག་གི་ནངས་པར་སློབ་མ་རྣམས་ཀྱིས་གདུང་ཞལ་བལྟས་པས་ལས་དག་པ་དང་མ་དག་པའི་ཁྱད་པར་གྱིས་ལ་ལས་མཆོད་རྟེན་ཞིག་འདུག་ཟེར༔ ལ་ལས་བུམ་པ་གཅིག་འདུག་ཟེར༔ ལ་ལས་རྡོ་རྗེ་ཞིག་འདུག་ཟེར༔ ལ་ལས་དྲིལ་བུ་ཞིག་འདུག་ཟེར༔ ལ་ལས་འཁོར་ལོ་ཞིག་འདུག་ཟེར༔ ལ་ལས་གདུགས་ཤིག་འདུག་ཟེར༔ ལ་ལས་རྒྱལ་མཚན་ཞིག་འདུག་ཟེར༔ ལ་ལས་བ་དན་ཞིག་འདུག་ཟེར༔ ལ་ལས་རྔ་ཡབ་ཅིག་འདུག་ཟེར༔ ལ་ལས་དཔལ་བེའུ་ཞིག་འདུག་ཟེར༔ ལ་ལས་དུང་ཞིག་འདུག་ཟེར༔ ལ་ལས་ནོར་བུ་ཞིག་འདུག་ཟེར༔ ལ་ལས་ཕ་བོང་ཞིག་འདུག་ཟེར༔ ལ་ལས་རླུང་ཞིག་འདུག་ཟེར༔ ལ་ལས་མེ་དཔུང་ཞིག་འདུག་ཟེར༔ ལ་ལས་ཆུ་མིག་ཅིག་འདུག་ཟེར༔ ལ་ལས་ཚ་ཚ་ཞིག་འདུག་ཟེར༔ ལ་ལས་མེ་ཏོག་གཅིག་འདུག་ཟེར༔ ལ་ལས་འོད་ཆེན་པོ་གཅིག་འདུག་ཟེར༔ ལ་ལས་མར་མེ་ཞིག་འདུག་ཟེར༔ ལ་ལས་རལ་གྲི་ཞིག་འདུག་ཟེར༔ ལ་ལས་ཅི་ཡང་མི་འདུག་ཟེར་བ་ལ་སོགས་པའི་མཐོང་ལུགས་མི་འདྲ་བ་སྣ་ཚོགས་དུ་མ་བྱུང་ངོ་༔
དེ་རྣམས་ནི་ལས་དག་མ་དག་གི་ཁྱད་པར་དང་༔ བཀྲ་ཤིས་པའི་རྟགས་བརྒྱད་དུ་མཐོང་བར་བྱུང་ངོ་༔ དེ་ནས་མ་ཅིག་གི་གདུང་སྦྱོང་བར་འདུག་པས་སློབ་མ་རྣམས་ཁ་མ་འཆམས་ཏེ༔ ལ་ལས་གཟིམ་མལ་དུ་སྦྱོང་དགོས་ཟེར༔ ལ་ལས་གླང་ལུང་གི་ཕུ་རུ་སྦྱོང་དགོས་ཟེར༔ ལ་ལས་གླང་ལུང་གི་སྐེད་པར་སྦྱོང་དགོས་ཟེར༔ ལ་ལས་གླང་ལུང་གི་སྨད་དུ་སྦྱོང་དགོས་ཟེར༔ ལ་ལས་སྐུ་གདུང་ཧྲིལ་བུ་ལ་འཇོག་དགོས་ཟེར་བ་ལ་སོགས་པའི་ཁ་མ་འཆམས་ཏེ༔ ནམ་མཁའ་ནས་གཟུགས་མེད་པའི་སྒྲ་སྙན་པོ་གཅིག་གིས་འདི་སྐད་ཟེར་རོ༔ ཨེ་མ་འཇིག་རྟེན་མི་རྣམས་ཀུན༔ དལ་འབྱོར་མི་ལུས་ཐོབ་ནས་ཀྱང་༔ དམ་ཆོས་སྙིང་ནས་མ་བསྒྲུབས་ན༔ འཇིག་རྟེན་བྱ་གཞག་ཅི་མཁས་ཀྱང་༔ རྟུག་པའི་བཙོ་གཡོ་བྱས་དང་འདྲ༔ རྣམ་ཤེས་དྲན་རིག་གསལ་བའི་དུས༔ དགེ་སྡིག་གི་རྩིས་བགྲང་མ་བྱས་ན༔ དཔའ་རྩལ་ཕོ་ཤེད་ཆེ་གྱུར་ཀྱང་༔ གཅན་ཟན་ལུང་སྟོང་འགྲིམ་པ་འདྲ༔ བླ་མ་མཁས་བཙུན་རྙེད་པའི་དུས༔ ཞབས་ཏོག་དང་གདམས་ངག་མ་ཞུས་ན༔ དད་པ་མོས་གུས་ཡོད་ཟེར་ཀྱང་༔ ལོང་བས་འཐོམ་འགྲོས་བྱས་པ་འདྲ༔ བསྟན་པ་དར་རྒྱས་འཛོམས་པའི་དུས༔ བྱང་ཆུབ་ཀྱི་ཐར་ལམ་མ་བཙལ་ན༔ བསམ་མེད་ཕྲུ་གུ་འབྱིལ་པ་འདྲ༔ ནམ་མཁའི་འཇའ་ལ་བལྟས་པ་འདྲའི༔ དམ་ཆོས་ཐང་མ་བདལ་པའི་དུས༔ རང་དོན་སྙིང་པོ་མ་བླངས་ན༔ གོ་མེད་བླུན་པོའི་མི་ཞིག་གིས༔ རིན་ཆེན་གླིང་ནས་སྟོང་ལོག་བྱས་པ་འདྲ༔ སྐྱིད་བརྒྱགས་ཕུན་སུམ་ཚོགས་པའི་དུས༔ ཡར་མཆོད་མར་སྦྱིན་མ་བཏང་ན༔ ཟས་ནོར་ལོངས་སྤྱོད་བཟང་གྱུར་ཀྱང་༔ ཆུ་རྡོ་དར་གྱིས་བཏུམ་པ་འདྲ༔ དབང་པོ་རྣམ་ལྔ་གསལ་བའི་དུས༔ རང་སེམས་སངས་རྒྱས་མ་ཤེས་ན༔ འདུས་བྱས་དྲེགས་པའི་ཆོས་རྣམས་ཀུན༔ ཡུད་ཙམ་ངལ་ཞིག་གསོས་པ་འདྲ༔ དབང་བསྐུར་གདམས་ངག་ཐོབ་ནས་ཀྱང་༔ དམ་ཚིག་ཚུལ་བཞིན་མ་བསྲུང་ན༔ ལོང་གཡོག་བྲལ་བའི་ལོང་བ་ཞིག༔ མུ་མེད་མཐའ་ལ་མཆོང་བ་འདྲ༔ སངས་རྒྱས་བསྟན་པ་མ་བསམ་ན༔ སེར་ཆགས་ཡང་ལ་སྨད་པ་ན༔ བསྐལ་པ་ཆགས་པའི་མུན་གླིང་ན༔ སྣང་གསལ་སྒྲོན་མེ་བསད་པ་འདྲ༔ མན་ངག་ཟབ་མོ་རྙེད་པའི་དུས༔ རང་གིས་ཉམས་སུ་མ་བླངས་ན༔ རང་སེམས་ངོ་ཤེས་ཟེར་གྱུར་ཀྱང་༔ མ་མཐོང་ཕྱོགས་རིས་ཚོར་བ་འདྲ༔ ཉམས་རྟོགས་རྒྱུད་ལ་མ་སྐྱེས་ན༔ ལྟ་བ་མཐོན་པོ་ཡོད་ཟེར་ཡང་༔ རང་གིས་དངོས་པོ་མ་མཐོང་བའི༔ རྫུན་མའི་མི་དང་ལབ་པ་འདྲ༔ དྲན་མེད་ཡེངས་མེད་མ་བསྐྱངས་ན༔ མཚམས་དང་སྨྲ་བཅད་བྱས་ཟེར་ཡང་༔ སྒོམ་ཆེན་མིང་གིས་བཏགས་པ་ཙམ༔ ལ་ཁའི་ཐོ་ཡོར་བརྩེགས་པ་འདྲ༔ འདི་ཕྱི་དགེ་སྡིག་བཞི་པོ་ལ༔ རྩིས་བགྲང་འདོར་ལེན་མ་བྱས་ན༔ དད་མོས་ཚོགས་བསོག་བྱེད་ཟེར་ཡང་༔ ལུང་སྟོང་ནང་གི་ཀི་འདེབས་འདྲ༔ རང་སེམས་གདོད་ནས་མཐའ་བྲལ་འདི༔ གཏིང་ནས་རྩ་བ་མ་ཆོད་ན༔ སངས་རྒྱས་ས་ལ་སླེབ་འདོད་ཀྱང་༔ ཞ་བོས་རི་དྭགས་མཐོང་བ་འདྲ༔ བློ་ཟད་ཆོས་ཟད་ཚེ་ཟད་གསུམ༔ འདི་གསུམ་མཐའ་རུ་མ་བསྐྱལ་ན༔ སྟོང་སྐད་མཐོན་པོ་སྨྲས་གྱུར་ཀྱང་༔ རྒྱ་མཚོའི་ཁ་ཡི་ལྦུ་བ་འདྲ༔ རང་གི་སེམས་རྒྱུད་གྱོང་པོ་འདི༔ ངེས་པར་ནང་ནས་མ་དུལ་ན༔ གཞན་ལ་ཆོས་བཤད་སྒྲོགས་གླིང་རྣམས༔ ནེ་ཙོའི་ཁ་ཡི་ཆོས་འདོན་འདྲ༔ ཡུམ་ཆེན་ཐུགས་སྤྲུལ་ལབ་སྒྲོན་གྱིས༔ དམ་ཆོས་ཐང་མ་བདལ་བའི་དུས༔ རང་དོན་སྐལ་བ་མི་ལེན་པའི༔ ད་ལྟར་གདུང་ལ་རྩོད་པ་རྣམས༔ མི་རོ་གསེར་ཆུས་བྱུག་པ་འདྲ༔ གདུང་ལ་མ་རྩོད་མལ་སར་སྦྱོང་༔ ཞེས་གསུངས་པ་ཞིག་བྱུང་པས་དེ་ནས་གདུང་གཟིམས་མལ་དུ་སྦྱོང་བར་བརྩམས་པས༔ གདུང་ཁང་ལ་ས་རྡོ་མ་བརྩེགས་ཏེ༔ གསེར་དངུལ་དང་༔ གཡུ་དང་༔ བྱུ་རུ་དང་༔ དུང་དང་༔ ཤེལ་དང་༔ མཆོང་དང་༔ མུ་ཏིག་དང་༔ མུ་མེན་དང་༔ དར་དང་༔ གོས་ཆེན་དང་༔ ཟ་འོག་དང་༔ འཕྲུག་དང་རས་ལ་སོགས་པ་དར་ཟབ་སྣ་ཚོགས་པ་དང་རིན་པོ་ཆེ་སྣ་ཚོགས་དང་༔ ཏིལ་དང་༔ འབྲས་དང་༔ གྲོ་དང་ནས་ལ་སོགས་པའི་འབྲུ་རིགས་སྣ་ཚོགས་པ་དང་༔ ཟངས་དང་༔ ཁྲབ་དང་རལ་གྲི་ལ་སོགས་པའི་གོ་མཚོན་སྣ་ཚོགས་པ་དང་རིན་པོ་ཆེ་སྣ་ཚོགས་པའི་བརྩེགས་པ་ཆེན་པོ་བྱས་ཏེ༔ སྤུར་ཁང་གི་ལོགས་རེ་རེ་ལ་འདོམ་པ་བཞི་རེ་བྱས་སོ༔
དེ་ནས་གདུང་འདྲེན་པ་བརྩམས་པས་སྐུ་གདུང་ལ་སུས་ཀྱང་འཇུ་མ་ཕོད་ནས་ལུས་པས༔ ཚེས་བཅུ་བདུན་གྱི་ཐོ་རངས་ཁ་ལ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་འཁོར་མཁའ་འགྲོ་མ་བཞིས་བསྐོར་བའི་གཙོ་འཁོར་ལྔ་འོད་ཟེར་ཁ་དོག་སྣ་ལྔ་ཉི་མའི་སྲབ་མདའ་འདྲ་བ་འོད་ཀྱི་རེ་བ་ཞིག་གི་རྒྱུད་ལ་བྱུང་ནས་རྒྱལ་བའི་ཡུམ་ཆེན་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས་ཟེར་བའི་དབྱངས་སྒྲ་དི་རི་རི་མགྲིན་གཅིག་བྱས་ནས༔ མཁའ་འགྲོ་མ་གཙོ་འཁོར་ལྔ་པོ་དེས་གདུང་སྤུར་ཁང་ནང་དུ་གདན་དྲངས་ནས་འཇའ་འོད་ཀྱི་རྒྱུད་ལ་གསོལ་འདེབས་ཀྱི་དབྱངས་སྒྲ་དི་རི་རི་བྱེད་ཅིང་ནམ་མཁའ་ལ་ཐིམ་ནས་ཐལ་ལོ༔
དེ་ནས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ལ་སོགས་པའི་ཕ་རྒྱུད་ཀྱི་དཀྱིལ་འཁོར་དང་མ་ཧ་མ་ཡ་དང་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་མ་རྒྱུད་ཀྱི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་བཞེངས་ནས༔ གདུང་ལ་འོད་ཕུལ་བར་བརྩམས་པས་སྐུ་གདུང་གཅེས་དྲགས་པས་སུས་ཀྱང་འོད་ཕུལ་མ་ཕོད་པས༔ ཚེས་བཅྭོ་བརྒྱད་ཀྱི་ཉི་མ་རྩེ་ཤར་བ་དང་མཉམ་དུ་ཤར་ཕྱོགས་ཀྱི་ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་འཁྲིགས་པའི་ནང་ནས་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་རུས་པའི་རྒྱན་དྲུག་དང་༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པའི་གཙོ་འཁོར་ལྔ་བྱུང་ནས་མགྲིན་གཅིག་དུ༔ དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྒྱལ་བའི་ཡུམ་ཆེན་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས་ཟེར་བའི་དབྱངས་སྒྲ་དི་རི་རི་བྱེད་ཅིང་ཡེ་ཤེས་ཀྱི་མེ་འོད་ཧྲི་ལེ་བ་ཞིག་ཤར་ཕྱོགས་ཀྱི་གདུང་སྒོ་ནས་ཕུལ་ཏེ༔ གསོལ་འདེབས་ཀྱི་དབྱངས་བྱེད་ཅིང་ནམ་མཁའ་ལ་ཐིམ་ནས་ཐལ་ལོ༔ དེ་ནས་ཐུགས་ཀ་འོད་ཀྱི་གའུ་ནས་མེ་བྱུང་སྟེ༔ སྐུའི་དབྱིབས་བརྒྱུད་ནས་སྤྱི་བོར་ཚངས་པའི་བུ་ག་ནས་མེ་དཀར་ཧྲི་ལེ་བྱུང་ངོ་༔ དེ་ནས་གདུང་སྦྱོང་པའི་རྣམ་པར་ཇི་ལྟར་བྱས་ཀྱང་༔ གདུང་གི་དངོས་པོ་དང་གསུར་དུད་ལ་སོགས་པ་ཅི་ཡང་མ་བྱུང་ཞིང་༔ ཡུལ་ཁམས་ཐམས་ཅད་སྤོས་དུད་ཀྱིས་ཁྱབ་པ་དང་༔ དྲི་བཟང་པོ་སི་ལེའི་དྲི་མ་ལྟར་ཁམས་དྭངས་སང་ངེ་བས་ཁྱབ་པར་བྱུང་ངོ་༔ ནམ་མཁའ་ལ་ཡང་འཇའ་འོད་ཀྱི་གུར་ཁང་དང་མེ་ཏོག་ཁ་དོག་སྣ་ཚོགས་པའི་ཆར་དང་༔ ལྷའི་རྔ་བོ་ཆེ་རྡུང་བ་ལ་སོགས་པའི་རོལ་མོ་ཡི་སྒྲ་སྙན་སྣ་ཚོགས་དཔག་ཏུ་མེད་པ་གྲག་པ་དང་༔ ལྷའི་ཁྱེའུ་ཕོ་མོ་ཡིན་ཟེར་བའི་སྤྲིན་ཁ་དོག་སྣ་ཚོགས་པའི་གསེབ་ནས༔ ཁྱེའུ་ཕོ་མོ་ལོ་བཅོ་ལྔ་ལོན་པ་ཙམ་རྒྱན་སྣ་ཚོགས་པས་བརྒྱན་པ་དཔག་ཏུ་མེད་པ་བྱུང་ནས༔ མཆོད་རྫས་སྣ་ཚོགས་དུ་མ་ཐོགས་ནས་མཆོད་པའི་དབྱངས་དཔག་ཏུ་མེད་པ་བྱེད་ཅིང་གདུང་ལ་མཆོད་པ་ཕུལ་ནས་གར་སྣ་ཚོགས་པ་བྱེད་ཅིང་སྤྲིན་ལ་ཐིམ་པར་བྱུང་ངོ་༔
དེ་ནས་རྒྱལ་བ་དོན་འགྲུབ་ལ་སོགས་པའི་བུ་ཆེན་རྣམས་དང་བུ་མོ་བསོད་ནམས་རྒྱན་ལ་སོགས་པའི་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་གསེར་དང་༔ དངུལ་དང་༔ གཡུ་དང་༔ བྱུ་རུ་དང་༔ དུང་དང་༔ ཤེལ་དང་༔ མཆོང་དང་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་དང་༔ དར་དང་༔ རས་དང་གོས་ཆེན་ལ་སོགས་པའི་དར་ཟབ་སྣ་ཚོགས་པ་དང་༔ ཀ་ར་དང་༔ བུ་རམ་དང་༔ སྦྲང་རྩི་དང་འབྲས་ལ་སོགས་པའི་བཟའ་བའི་བྱེ་བྲག་སྣ་ཚོགས་པ་དང་མར་ཁུ་གསེར་སྐྱོགས་རེ་རེ་ཐོགས་ནས་སྲས་རྒྱལ་བ་དོན་འགྲུབ་ཀྱིས་མ་ཅིག་ལ་སྐུ་བཞི་དབྱེར་མེད་ཀྱི་བསྟོད་པ་འདི་མཛད་པའི་རམ་འདེགས་བུ་སློབ་ཐམས་ཅད་ཀྱིས་མཛད་དོ༔ ཀྱེ་མ་རིག་པ་གཞི་ནས་ཤར་བའི་མ༔ སྙེམས་ཐག་གཏིང་ནས་ཆོད་པའི་མ༔ ལུས་སྲོག་གཟན་དུ་བོར་བའི་མ༔ མས་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མ་མདོ་རྒྱུད་ཀྱི་དགོངས་པ་ཐུགས་སུ་ཆུད༔ ལབ་ཀྱི་སྒྲོན་མའི་སྐུ་ལ་ཕྱག་འཚལ་བསྟོད༔ མ་རང་བཞིན་རྣམ་དག་ཐུགས་སུ་ཆུད༔ ཐུགས་ནི་དབྱིངས་དང་མཚུངས་པས་ཁྱབ༔ ཐོག་མཐའ་གཉིས་པོ་གཞི་ནས་དག༔ བདག་ཏུ་འཛིན་པ་རང་སར་གྲོལ༔ མ་ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ མ་ཤེས་རབ་ནམ་མཁའི་དབྱིངས་ནས་ཤར༔ སྤྱོད་ལམ་རྣམ་རྟོག་མི་མངའ་བས༔ སྙེམས་བྱེད་ཉམ་ང་གཞི་ལ་དག༔ རྣམ་རྟོག་མཚན་མ་རང་སར་གྲོལ༔ མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ མ་མངོན་ཤེས་དྲུག་པོ་ཤེས་བྱ་མཁྱེན༔ ཟག་མེད་བདེ་སྟོང་རྒྱུད་ལ་སྐྱེས༔ སྒོམ་མཚན་མར་འཛིན་པ་གཞི་ལ་དག༔ སྣང་སྲིད་ལྷ་འདྲེ་རང་སར་གྲོལ༔ མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད༔ མ་སྐྱེ་བ་བུད་མེད་ལུས་སྤྲུལ་ནས༔ དོན་བཟང་ངན་མེད་པར་འགྲོ་དོན་མཛད༔ ཆགས་སྡང་གཉིས་པོ་གཞི་ལ་དག༔ ཟོག་ཟོག་གཉིས་པོ་རང་སར་གྲོལ༔ མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད་ཅེས་བསྟོད་པའོ༔
ཡང་མར་ཁུ་གསེར་སྐྱོགས་གང་དང་མཆོད་རྫས་རྣམས་ཐོགས་ནས༔ གདུང་ཁང་གི་ལྷོ་སྒོ་ནས་སྐུ་ལྔའི་བསྟོད་པ་འདི་མཛད་དོ༔ ཀུན་གྱིས་མ་ཅིག་ཇོ་མོ་ནི༔ མ་སྒྲིབ་པ་བྱང་ནས་སྟོང་ཉིད་རྟོགས༔ མ་ཤེས་རབ་ཅན་ལ་ཕྱག་འཚལ་བསྟོད༔ མ་ལུས་སེམས་ཕྲལ་ནས་གཅེས་འཛིན་ཐོང་༔ མ་གདམས་ངག་ཅན་ལ་ཕྱག་འཚལ་བསྟོད༔ མ་དུར་ཁྲོད་འགྲིམ་ཡང་ཉམ་ང་མེད༔ མ་ཉམས་རྟོགས་ཅན་ལ་ཕྱག་འཚལ་བསྟོད༔ མ་སྙེམས་ཐག་ཆོད་པས་བདུད་རྣམས་ཞི༔ མ་ནུས་པ་ཅན་ལ་ཕྱག་འཚལ་བསྟོད༔ མ་བདུད་རྣམས་ཞི་བས་ཡེ་ཤེས་འཕེལ༔ མ་རྟོགས་ཚད་ཅན་ལ་ཕྱག་འཚལ་བསྟོད༔ མ་སྟོང་ཉིད་རྟོགས་ནས་ས་རྣམས་ནོན༔ མ་ཚོགས་གཉིས་རྫོགས་ལ་ཕྱག་འཚལ་བསྟོད༔ མ་གདམས་ངག་བཀའ་དང་མཐུན་པར་སྟོན༔ མ་ལུང་སྟོན་རྫོགས་ལ་ཕྱག་འཚལ་བསྟོད༔ མ་ཉམས་མགུར་བཞེས་པས་ཡེ་ཤེས་སྐྱེ༔ མ་བྱིན་རླབས་ཅན་ལ་ཕྱག་འཚལ་བསྟོད༔ མ་ཞབས་ཏོག་མེད་ཀྱང་གདམས་ངག་སྟོན༔ མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཡང་མར་ཁུ་དང་མཆོད་རྫས་ཐོགས་ནས་ནུབ་སྒོ་ནས་བསྟོད་པ་འདི་མཛད་དོ༔ ཀུན་གྱིས་མ་ཅིག་ཇོ་མོ་ནི༔ མ་ངན་སོང་འཁོར་བའི་བདུད་ལས་ཐར༔ ངན་འགྲོའི་ཕྱོགས་ཀྱི་བདུད་ལས་ཐར༔ མ་མཐོ་རེས་འགྲིམ་ལ་ཕྱག་འཚལ་བསྟོད༔ མ་བདེ་འགྲོའི་གནས་ལ་མི་ཞེན་པས༔ བདེ་བའི་ལས་རྣམས་དབྱིངས་སུ་གྲོལ༔ ལྷ་མི་འཁོར་བའི་བདུད་ལས་ཐར༔ མ་ཐར་ལམ་བགྲོད་ལ་ཕྱག་འཚལ་བསྟོད༔ མ་ལོག་འདྲེ་བགེགས་ཀྱི་མི་འཇིགས་པའི༔ འདྲེ་གདོན་རང་སྣང་གི་སེམས་སུ་ཤེས༔ གདོན་གནོད་སྦྱིན་ཕོ་མོའི་བདུད་ལས་ཐར༔ མ་བར་ཆད་སེལ་ལ་ཕྱག་འཚལ་བསྟོད༔ ཡང་མར་ཁུ་དང་མཆོད་རྫས་རྣམས་ཐོགས་ནས་བྱང་སྒོ་ནས་བསྟོད་པ་འདི་མཛད་དོ༔
ཀུན་གྱིས་མ་ཅིག་ཇོ་མོ་ནི༔ མ་དང་པོར་ལུས་སེམས་བསྐྱེད་པའི་མ༔ བར་དུ་གདམས་ངག་སྟོན་པའི་མ༔ ཐ་མ་ལམ་སྣ་འདྲེན་པའི་མ༔ མ་བཀའ་དྲིན་ཅན་ལ་ཕྱག་འཚལ་བསྟོད༔ མ་ལུས་སྲོག་གཟན་དུ་བོར་བའི་མ༔ རིག་པ་གཞི་ལ་ཤར་བའི་མ༔ མ་དབྱིངས་ལ་གཤེགས་བཞུགས་མི་མངའ་ཡང་༔ བུ་ད་རུང་སྙེམས་ཐག་མ་ཆོད་པ༔ མ་བཞུགས་པའི་ཚེ་ལ་དགའ་མ་ཚོར༔ གཤེགས་པའི་ཚེ་ན་སྙིང་མ་དགའ༔ མ་ཤཱཀྱ་ཐུབ་པའི་བསྟན་པ་ལ༔ མ་ཅིག་སྤྲུལ་པའི་སྐུ་རུ་བྱོན༔ མ་རིག་པ་ནང་ནས་ཤར་བའི་མ༔ བློ་ཡི་སྙེམས་ཐག་ཆོད་པའི་མ༔ མ་བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ མས་ལུས་ལ་བདེ་བ་བསྐྱེད་དུ་གསོལ༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ ཀ་དག་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས་ཅེས་མཆོད་ཅིང་བསྟོད་དོ༔ གཞན་ཡང་སྲས་རྒྱལ་བ་དོན་འགྲུབ་ཀྱིས་ཕ་རོལ་ཕྱིན་དྲུག་གི་བསྟོད་པ་དང་༔ དགོངས་སྤྱོད་མ་ལ་སོགས་པའི་བསྟོད་པ་མི་འདྲ་བ་བརྒྱ་རྩ་བརྒྱད་མཛད་དོ༔ བུ་ཆེན་གཞན་མ་རྣམས་ཀྱིས་ཀྱང་སྒོ་བཞིའི་བསྟོད་པ་མི་འདྲ་བ་མང་དུ་མཛད་དོ༔
གང་པ་རྨུགས་སངས་དང་གཉེན་ཆུང་ལོ་ཙཱ་བ་ལ་སོགས་པའི་བུ་ཆེན་རྣམས་ཀྱིས་ཀྱང་༔ བསྟོད་ཕྱག་རིང་མོ་ལ་སོགས་པའི་བསྟོད་པ་བསམ་གྱིས་མི་ཁྱབ་པ་མཛད་དོ༔ དེ་ནས་སྤུར་སྦྱོང་པའི་མེ་ལྕེ་རྣམས་ནི་རྡོ་རྗེ་འདྲ་བ་དང་༔ དྲིལ་བུ་འདྲ་བ་དང་༔ འཁོར་ལོ་འདྲ་བ་དང་༔ གདུགས་འདྲ་བ་དང་༔ རྒྱལ་མཚན་འདྲ་བ་དང་༔ བ་དན་འདྲ་བ་དང་༔ བླ་བྲེ་འདྲ་བ་དང་༔ ཕྱེ་ཕུར་འདྲ་བ་དང་༔ མཆོད་རྟེན་འདྲ་བ་དང་༔ དཔལ་བེའུ་འདྲ་བ་དང་༔ དུང་དཀར་འདྲ་བ་དང་༔ མེ་ཏོག་འདྲ་བ་དང་༔ དར་པོ་ཆེ་འདྲ་བ་དང་དེ་ལ་སོགས་པའི་མཆོད་རྫས་སྣ་ཚོགས་དུ་མ་འདྲ་བ་ལ༔ ཁ་དོག་སྣ་ཚོགས་སུ་འབར་བར་བྱུང་ངོ་༔ དུ་བ་རྣམས་ནི་འཇའ་ཚོན་སྣ་ལྔའི་རང་བཞིན་ཅན་ལ་གདུགས་ལྟར་དུ་ཕུབ་པ་དང་༔ ཡར་ལ་མཆོད་རྟེན་ལྟར་དུ་བརྩེགས་པ་དང་༔ བླ་བྲེ་ཕུབ་པ་འདྲ་བ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔ དེ་ནས་སློབ་མ་རྣམས་ཀྱིས་ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ གསོལ་བ་དྲག་ཏུ་བཏབ་ཅིང་མཆི་མ་ཕྱུང་པས༔ སྤུར་ཁང་གི་ཐོག་ཏུ་ཐུགས་ལྗགས་སྤྱན་གསུམ་འབྲེལ་མར་བྱོན་ནས་བྱུང་སྟེ་དེ་ལ་ཐམས་ཅད་ཀྱིས་མཆོད་པ་ཕུལ་ཞིང་གསོལ་བ་དྲག་ཏུ་བཏབ་པས་སྤྱན་གཉིས་པོ་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ཡོངས་སུ་རྫོགས་པ་འཇའ་འོད་ཀྱི་རྣམ་པ་ཅན་ཞིག་བྱུང་ངོ་༔ དེའི་སྟེང་དུ་ལྗགས་དེ་ལ་སྣ་ཚོགས་པདྨ་འདབ་མ་བཞི་པ་ཁ་དོག་སྣ་ལྔ་ལྡན་པ་འཇའ་འོད་ཀྱི་རྣམ་པ་ཅན་ཞིག་བྱུང་ངོ་༔ དེའི་དབུས་ཀྱི་པད་འདབ་ཀྱི་སྟེང་དུ་ཐུགས་དེ་ལ་བཾ་ཡིག་མཐིང་ག་འོད་ཟེར་ཁ་དོག་ལྔ་འབར་བར་ཞིག་བྱུང་ངོ་༔ བཾ་ཡིག་དེ་ལ་གསོལ་བ་དྲག་ཏུ་བཏབ་པ་དང་བཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་མ་ཅིག་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ཁྲོ་འཛུམ་དང་ལྡན་པ་རུས་པའི་རྒྱན་དྲུག་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ སྐུ་མཁྱུད་གང་པ་ཙམ་ཞིག་བྱུང་ངོ་༔
དེའི་གནས་ལྔ་ནས་འོད་ཟེར་ཁ་དོག་སྣ་ལྔ་བྱུང་ནས་ཕྱོགས་བཞིའི་པད་འདབ་བཞི༔ སྟེང་དང་ལྔ་ལ་འཕྲོས་པས་ཡི་གེ་ལྔ་བྱུང་ངོ་༔ དེ་ལ་མདུན་གྱི་པད་འདབ་ཀྱི་སྟེང་དུ་ཧ་ཡིག་དཀར་པོ་གཡས་ཀྱི་པད་འདབ་ཀྱི་སྟེང་དུ་རི་ཡིག་སེར་པོ༔ རྒྱབ་ཀྱི་པད་འདབ་ཀྱི་སྟེང་དུ་ནི་ཡིག་དམར་པོ༔ གཡོན་གྱི་པད་འདབ་ཀྱི་སྟེང་དུ་ས་ཡིག་ལྗང་གུ༔ སྟེང་གི་ནམ་མཁའ་ལ་ཨ་མཐིང་ག་འོད་ཟེར་ལྔ་འབར་བ་གཅིག་དང་ཡི་གེ་ལྔ་བྱུང་ངོ་༔ དེ་ལ་ལ་ལས་ཕྱག་འཚལ་ལ་ལས་མཆོད་པ་ཕུལ༔ ལ་ལས་གསོལ་བ་གདབ༔ ལ་ལས་བསྟོད་པ་བྱས༔ ལ་ལས་མཆི་མ་ཕྱུང་ཞིང་གསོལ་བ་གདབ་པས༔ གཙོ་འཁོར་དྲུག་པོ་གདན་ཁྲི་དང་བཅས་པ་ཇེ་མཐོ་ཇེ་མཐོ་ལ་སྤྲིན་གྱི་གསེབ་ཏུ་མི་མངོན་པར་འགྲོ་ལ་ཁད་པ་དང་༔ སྲས་ཐོད་སྨྱོན་བསམ་འགྲུབ་ཀྱིས་སྤྱི་གཙུག་རྒྱན་བཞུགས་མ་ཞེས་བྱའི་གསོལ་འདེབས་ཅིག་མཛད་པའི་རམ་འདེབ་བུ་སློབ་ཐམས་ཅད་ཀྱིས་མཛད་པས་ཡང་མ་ཅིག་གཙོ་འཁོར་རྣམས་ནམ་མཁའ་ནས་ཚུར་ལ་གསལ་པོར་བྱུང་སྟེ༔ བུ་སློབ་རྣམས་ཀྱི་ཐད་དུ་འཇའ་འོད་ཀྱི་ནང་དུ་གནས་ནས་འདི་སྐད་གསུངས༔ ཀྱེ་ཧོ་འདིར་འཚོགས་བུ་སློབ་ཀུན༔ མ་ཡེངས་ཡིད་ཀྱི་དྲན་པས་ཟུངས༔ ཆོས་སྐུ་སྐྱེ་མེད་ཀྱི་ངང་ནས་གནས་པ་དང་༔ ཞི་གནས་མཐོན་པོའི་རྫིང་ལ་ཞེན་པ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ཐ་མལ་གྱི་ཤེས་པ་གཏན་ཕེབས་དང་༔ ཉོན་མོངས་དུག་ལྔ་འཕྲོ་འདུ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ མ་འགག་ཆོས་སྐུའི་རང་རྩལ་དང་༔ འཐད་འཐད་ཀྱིས་བློ་བཟོ་བྱས་པ་འདྲ༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ འགྲོ་དོན་ཆོས་འཁོར་སྐོར་བ་དང་༔ ཟ་འདོད་རྫུན་མགོ་སྐོར་བ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ལས་ཀྱི་ཕྱག་རྒྱ་བརྟེན་པ་དང་༔ ཉོན་མོངས་འདོད་པས་གདུང་བ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ཡི་དམ་ལྷ་ཡི་ལུང་བསྟན་དང་༔ ས་བླ་འབྱུང་པོའི་ལྟག་འབོད་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ དུས་གསུམ་ས་ལེ་མཁྱེན་པ་དང་༔ འགོང་པོ་སྙིང་ལ་ཞུགས་པ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ མ་དང་མཁའ་འགྲོའི་ལུང་བསྟན་དང་༔ རྒྱལ་བསེན་འབྱུང་པོའི་ཆོ་འཕྲུལ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ལབ་སྒྲོན་ཆོས་འཁོར་བསྐོར་བ་དང་༔ གཟི་ལྡན་ནག་པོའི་ལོག་ཆོས་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ཉམས་རྟོགས་ནང་ནས་སྐྱེས་པ་དང་༔ བླ་མ་བཟང་པོའི་ཁ་སྐད་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ སྣང་བ་དཔེར་འདྲེན་ཤེས་པ་དང་༔ མཁས་འདོད་ཀྱིས་དཔེ་ལ་བལྟས་པ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ སྙན་རྒྱུད་ཀྱི་ཞལ་གདམས་ཐོབ་པ་དང་༔ གཞན་གྱི་ཁ་ཟག་སྐྱུག་པ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ཀ་དག་རང་བྱུང་གི་ཐུགས་ལྗགས་དང་༔ ལས་ངན་བསླུ་བའི་རིང་བསྲེལ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ཡེ་ཤེས་མཁའ་འགྲོའི་ཞལ་སྟོན་དང་༔ མ་མོ་ཌཱ་ཀིའི་ཆོ་འཕྲུལ་གཉིས༔ མ་ནོར་རྟོགས་ཤིག་བུ་སློབ་ཀུན༔ ཡུམ་ཆེན་ཐུགས་སྤྲུལ་ལབ་སྒྲོན་གྱི༔ འགྲོ་དོན་རེ་ཞིག་རྫོགས་པ་ལ༔ ཐུགས་ལྗགས་རིང་བསྲེལ་འབྱུང་དོན་མེད༔ འོན་ཀྱང་དད་མོས་ཤུགས་བསྐྱེད་ནས༔ ཁྱོད་ཐོད་སྨྱོན་གྱི་གཙོས་བྱས་བུ་སློབ་ཀྱིས༔ གསོལ་བ་ཡང་ཡང་བཏབ་བཏབ་པས༔ ལབ་སྒྲོན་བདག་གིས་ཞལ་སྟོན་ནོ༔ གསོལ་བ་ཐོབ་ཅིང་གཉན་ས་འགྲིམ༔ བར་དོ་མི་མཐོང་ང་རང་ཀན་ཞེས་གསུངས་སོ༔
དེ་ནས་ཡར་ལ་ཇེ་མཐོ་ཇེ་མཐོ་ལ་སྤྲིན་གྱི་གསེབ་ཏུ་མི་མངོན་པར་ཐལ་བ་དང་༔ ཡང་སྲས་རྒྱལ་བ་དོན་འགྲུབ་ཀྱིས་དགོངས་སྤྱོད་མའི་གསོལ་འདེབས་ཅིག་མཛད་པས༔ མཁས་པ་གཉེན་ཆུང་ལོ་ཙྭ་བས་ངས་མ་ཅིག་ལ་ལྟ་སྒོམ་སྤྱོད་པའི་ངོ་སྤྲོད་གཅིག་ཀྱང་ཞུ་མ་འཕྲོད་ཟེར་བ་ལ༔ ཡང་སྤྲིན་གྱི་མཐོང་བར་ནས་མ་ཅིག་གཙོ་འཁོར་རྣམས་ཚུར་གསལ་བར་མངོན་ནས་འདི་སྐད་གསུངས་སོ༔ ང་ཕྱི་ལྟར་རྒྱལ་བའི་ཡུམ་ཆེན་ཡིན༔ ནང་ལྟར་རྡོ་རྗེ་ཕག་མོ་ཡིན༔ གསང་བ་ཀུན་ཏུ་བཟང་མོ་ཡིན༔ ང་རང་ལབ་ཀྱི་སྒྲོན་མ་ཡིན༔ ང་ཡི་ཐུགས་ནི་རྡོ་རྗེ་མཁའ་འགྲོ་ཡིན༔ སྐུ་ནི་སངས་རྒྱས་མཁའ་འགྲོ་ཡིན༔ གསུང་ནི་པདྨ་མཁའ་འགྲོ་ཡིན༔ ཡོན་ཏན་རིན་ཆེན་མཁའ་འགྲོ་ཡིན༔ ཕྲིན་ལས་ལས་ཀྱི་མཁའ་འགྲོ་ཡིན༔ རིགས་ཀྱི་ཡུམ་ལྔ་ང་རང་ཡིན༔ ངའི་རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡིན༔ ཚོར་བ་རིན་ཆེན་འབྱུང་ལྡན་ཡིན༔ འདུ་ཤེས་སྣང་བ་མཐའ་ཡས་ཡིན༔ འདུ་བྱེད་དོན་ཡོད་གྲུབ་པ་ཡིན༔ ཕུང་པོ་རྣམ་པར་སྣང་མཛད་ཡིན༔ སངས་རྒྱས་རིགས་ལྔ་ང་རང་ཡིན༔ ངའི་ས་ཁམས་སངས་རྒྱས་མཁའ་འགྲོ་ཡིན༔ ཆུ་ཁམས་རིན་ཆེན་མཁའ་འགྲོ་ཡིན༔ མེ་ཁམས་པདྨ་མཁའ་འགྲོ་ཡིན༔ རླུང་ཁམས་ལས་ཀྱི་མཁའ་འགྲོ་ཡིན༔ ནམ་མཁའ་རྡོ་རྗེ་མཁའ་འགྲོ་ཡིན༔ མཁའ་འགྲོ་སྡེ་ལྔ་ང་རང་ཡིན༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ནི༔ ང་ཉིད་ཡིན་ནོ་སྐལ་ལྡན་ཀུན་ཅེས་གསུངས་སོ༔
ཡང་ཡུམ་གྱི་ཞལ་ནས༔ ཀུན་གཞི་བྱང་ཆུབ་སེམས་ཉིད་འདི༔ མཐའ་དང་བྲལ་ན་ལྟ་བ་ཡིན༔ སྣང་སེམས་དབྱེར་མེད་སྒོམ་པ་ཡིན༔ གཟའ་གཏད་བྲལ་ན་སྤྱོད་པ་ཡིན༔ འཁྲུལ་སྣང་དག་ན་དམ་ཚིག་ཡིན༔ རྫུན་ཁུང་རྡིབ་ན་འབྲས་བུ་ཡིན༔ དམིགས་གཏད་བྲལ་ན་ལྟ་བ་ཡིན༔ སྒོམ་འདོད་བྲལ་ན་སྒོམ་པ་ཡིན༔ ཉེས་སྐྱོན་གྱིས་མ་གོས་ན་སྤྱོད་པ་ཡིན༔ ངོ་ལྐོག་མེད་ན་དམ་ཚིག་ཡིན༔ རེ་དོགས་མེད་ན་འབྲས་བུ་ཡིན༔ འཁོར་འདས་གཉིས་མེད་ལྟ་བ་ཡིན༔ ཟག་མེད་བདེ་ཆེན་སྒོམ་པ་ཡིན༔ མ་འགགས་ཟང་ཐལ་སྤྱོད་པ་ཡིན༔ གདོད་ནས་རྣམ་དག་དམ་ཚིག་ཡིན༔ རང་སེམས་རྟོགས་ན་འབྲས་བུ་ཡིན༔ རང་སེམས་གདོད་ནས་མཐའ་བྲལ་འདི༔ རང་བཞིན་ཤེས་ན་ལྟ་བ་ཡིན༔ ངོ་བོ་མཐོང་ན་སྒོམ་པ་ཡིན༔ མཚན་ཉིད་ཤེས་ན་སྤྱོད་པ་ཡིན༔ དབྱེར་མེད་ཤེས་ན་དམ་ཚིག་ཡིན༔ མངོན་དུ་གྱུར་པ་འབྲས་བུ་ཡིན༔ ཆོས་རྣམས་སེམས་སུ་ཤེས་ན་ལྟ་བ་ཡིན༔ དུ་མ་རོ་གཅིག་རྟོགས་པ་སྒོམ་པ་ཡིན༔ ཚོགས་དྲུག་ལྷུག་པ་ཤར་ན་སྤྱོད་པ་ཡིན༔ རྟོག་པ་མཁའ་ལྟར་དག་ན་དམ་ཚིག་ཡིན༔ གཅིག་ཤེས་ཀུན་ལ་མཁས་ན་འབྲས་བུ་ཡིན༔ ཆོས་སྐུ་མཁའ་ལྟར་དག་ན་ལྟ་བ་ཡིན༔ སྣང་སྲིད་སེམས་སུ་ཤེས་ན་སྒོམ་པ་ཡིན༔ སེམས་འཛིན་སྤྲོས་པ་ཞི་ན་སྤྱོད་པ་ཡིན༔ དགེ་སྡིག་ཁྱད་མེད་དུ་ཤེས་ན་དམ་ཚིག་ཡིན༔ ཐམས་ཅད་བྱར་མེད་དུ་གོ་ན་འབྲས་བུ་ཡིན༔ ལྟ་སྒོམ་སྤྱོད་པའི་རྣམ་བཤད་འདི༔ ལབ་སྒྲོན་ང་ཡི་གདམས་ངག་ཡིན༔ མ་བརྗེད་སྙིང་གི་དཀྱིལ་དུ་ཞོག༔ གཉན་ས་འགྲིམ་ལ་ཉམས་སུ་ལོང་༔ བར་དོ་མི་མཐོང་ང་རང་ཀན་ཞེས་གསུངས་སོ༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་༔ དཔའ་བོ་དང་མཁའ་འགྲོ་མ་རྣམས་སྤྲིན་ལྟར་དུ་གཏིབས་ནས་བསུས་ཏེ༔ རོལ་མོ་ཡི་སྒྲ་དཔག་ཏུ་མེད་པ་དང་༔ མཆོད་པའི་དབྱངས་དང་བཅས་པས་ཆོས་སྐུ་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས༔ ལོང་སྐུ་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས་ཟེར་བའི་དབྱངས་སྒྲ་དི་རི་རི་ཐོས་པ་ཙམ་དུ༔ སྤྲིན་གྱི་གསེབ་ཏུ་ཐིམ་ནས་མི་མངོན་པར་ཐལ་ལོ༔ སྤྲིན་ཡང་ནམ་མཁའ་ལ་ཐིམ་ནས༔ ནམ་མཁའ་དྭངས་པའི་ངང་ལ་ཅི་ཡང་མི་སྣང་བར་གྱུར་ཏོ༔
གདུང་སྦྱོང་བའི་མལ་དུ་ཡང་མེ་དང་༔ ཐལ་བ་དང་༔ སོལ་བ་དང་༔ རྡོ་བ་ལ་སོགས་པའི་རྗེས་ཡང་མེད་པར་དག་པ་མཁའ་སྤྱོད་ཀྱི་གནས་སུ་གཤེགས་ནས་རྗེས་ཀྱང་མི་སྣང་ངོ་༔ དེ་ནས་དེར་འཚོགས་པའི་བུ་སློབ་རྣམས་ལ་ཟླ་བ་གཅིག་གི་རིང་ལ་ཉིན་མཚན་མེད་པར་སྣང་བར་འགྱུར་ཏེ༔ བཟའ་བཏུང་གི་ལོངས་སྤྱོད་ཀྱང་བྱེད་མ་དགོས་པ་ལ༔ དང་ཁ་མེར་ཆི་ལེ་བ༔ ཁམས་དྭངས་སང་སང་བ་བྱུང་ངོ་༔ ཕར་ཆེར་ཏིང་ངེ་འཛིན་ལ་ཡེངས་པ་དང་ལ་ལ་ནི་རོལ་མོའི་སྒྲ་དང་མཆོད་པའི་དབྱངས་རྣམས་ལ་ཆགས་ནས་ཡེངས་པ་དང་༔ ལ་ལ་ནི་ཉམས་འབར་བ་དང་༔ བྲོ་གར་དང་གླུ་དབྱངས་གི་ངང་དུ་སོང་ནས་ནམ་ཟླ་གར་སོང་ཡང་མ་ཚོར་བ་བྱུང་ངོ་༔ སྔར་གྱི་གནམ་ས་གཉིས་ན་ངོ་མཚར་བའི་ལྟས་དེ་རྣམས་ནི་ལོ་གསུམ་གྱི་བར་ལ་རྒྱུན་མ་ཆད་པར་བྱུང་ངོ་༔ ལོ་ཡག་པ་དང་ནད་མུག་མཚོན་གསུམ་ཆད་པ་ལོ་བཅུ་གསུམ་ལ་བྱུང་ངོ་༔ དབྱར་དགུན་མེད་པར་ཆར་བབ་པ་ལོ་གསུམ་ལ་བྱུང་ངོ་༔ སྤྱིར་ཡང་བོད་དང་དྭགས་རྐོང་གི་ཕྱོགས་སུ་ལོ་ཡག་པ་དང་ཆོས་གྲྭ་དང་རྟེན་གསུམ་མང་བ་བྱུང་ངོ་༔ ཁྱད་པར་དུ་ཡང་བོད་ཁམས་འདིར་མ་འོངས་པའི་དུས་ན་རྒྱལ་བསེན་གདུག་པ་ཅན་རྣམས་ཁ་འཕྱུར་ནས་སེམས་ཅན་ཉམ་ཐག་པ་རྣམས་ཀྱི་སྲོག་ལ་འཚེ་བར་བྱེད་པ་ལ༔ དེ་འདུལ་བའི་གཉེན་པོར་དམ་ཆོས་བདུད་ཀྱི་གཅོད་ཡུལ་འདིས་འདུལ་བའི་སྐལ་བ་བྱུང་ངོ་༔ དེ་ནས་རིམ་པ་བཞིན་དུ་ཡུམ་སྲས་རྣམས་ཀྱི་གདུང་རྟེན་རྣམས་ཀྱང་ཟངས་རི་མཁར་དམར་དུ་བཞེངས་ནས་ཡོད་དོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔
མ་ཅིག་གི་ཡུམ་འབུམ་ལྕམ་མ་དང་༔ ཨ་ཅེ་འབུམ་མེ་དང་༔ ཇོ་མོ་ཆོས་མཚོ་དང་༔ སྲས་མོ་རྒྱན་བཞི་དང་བདུན་ནི༔ སྔོན་མ་ཅིག་ལྷ་ཡུལ་ནས་རྒྱ་གར་དུ་སངས་རྒྱས་བཅོམ་ལྡན་འདས་ལ་མཇལ་ཕྱིན་པའི་དུས་སུ་འཁོར་གྱི་ལྷ་མོ་བདུན་པོ་ཡིན་པར་འདུག་གོ༔ སྲས་རྒྱལ་བ་དོན་འགྲུབ་འདུལ་ནས་གྲུབ་པ་ཐོབ་པ་ལ་སོགས་པ་དང་མཁས་པ་གཉེན་ཆུང་ལོ་ཙཱ་བ་འདུལ་ནས་གྲུབ་པར་ཐོབ་པ་ལ་སོགས་ནས༔ མཐར་གདུལ་བྱ་རྫོགས་པ་ནི་མ་ཅིག་དགུང་ལོ་དྲུག་ཅུ་རེ་དྲུག་ནས་དགུ་བཅུ་གོ་དགུའི་བར་གྱི་རྣམ་ཐར་ཏེ་དངོས་གཞིའི་རྣམ་ཐར་རྫོགས་པ་ནི་རྣམ་གྲངས་བཅྭོ་བརྒྱད་པ་རྫོགས་སོ།། །།སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔
༈ མ་ཅིག་གི་རྣམ་གྲངས་བཅྭོ་བརྒྱད་པ་རྫོགས་པ་དང་༔ དེ་ནས་སྲས་ཀྱི་རྣམ་ཐར་བསྡུས་པར་ཙམ་ཞིག་བརྗོད་པ་ལ༔ དེ་ཡང་སྲས་མཆེད་ལྕམ་གསུམ་གྱི་གདུང་རུས་ནི༔ རྒྱ་གར་བྲམ་ཟེའི་རིགས་ཡིན་ཏེ༔ ཡབ་བྲམ་ཟེའི་རིགས་ཡིན་ནོ༔ ཁ་ཅིག་གིས་ཤཱཀྱའི་རིགས་ཡིན་ཟེར་བ་ཡང་ཡོད་དོ༔ དེ་ལ་རྒྱལ་བ་དོན་འགྲུབ་ཀྱི་དགུང་སྙིང་ནི་རྟ་ཡིན༔ ཐོད་སྨྱོན་བསམ་འགྲུབ་བྱ་ལོ་བ་ཡིན༔ སྲས་མོ་ལ་འདུས་མ་ནི་བྱི་བ་ལོ་པ་ཡིན༔ མ་རང་ཉིད་ནི་དགུང་སྙིང་ལུག་ཡིན་པས་ཁྱི་ལོ་ལ་གཤེགས་སོ༔ སྲས་རྒྱལ་བ་དོན་འགྲུབ་ལ་སྲས་གཉིས་བྱུང་སྟེ༔ སྲས་ཆེ་བ་ནི་སྒྲོན་མ་མཚོའི་སྲས་ཡིན་ཏེ༔ དེ་ལ་དབོན་སྔོན་ཡང་ཟེར༔ བཙན་པོ་ཁུ་བྱུག་ཡང་ཟེར༔ མཚན་དྲང་པོ་ནི་ཚེ་དབང་རྒྱལ་ཞེས་པར་གྲགས་སོ༔ སྲས་ཆུང་བ་ནི་པདྨ་མཚོའི་སྲས་ཡིན་ཏེ༔
དེ་ལ་ཆུང་ངུའི་དུས་སུ་ཁམས་འབུ་ཡག་ལེགས་མཚན་པས་ཕྱིས་རབ་ཏུ་བྱུང་བའི་མཚན་ལ་བསོད་ནམས་རིན་ཆེན་ཞེས་པར་གསོལ་ཏེ༔ བསོད་ནམས་རིན་ཆེན་བྱ་བ་ནི་གྲགས་ཆུང་ལ༔ ཁམས་འབུ་ཡག་ལེགས་ཞེས་པ་ནི་ཐམས་ཅད་ལ་གྲགས་ཆེ་བར་བྱུང་ངོ་༔ དེ་ནི་ཡོན་ཏན་ཐམས་ཅད་ཀྱི་རྒྱན་དང་ལྡན་ཞིང་༔ འགྲོ་དོན་ཡང་མཐའ་ཡས་པ་བྱུང་ཞིང་ཡབ་ཀྱི་ཆོས་རྒྱུད་འཛིན་ནས༔ ཕྱིས་བཀྲ་ཤིས་གླང་ལུང་དུ་སྒྲུབ་པ་མཐར་སྐྱོལ་ནས་ཡབ་ཀྱི་གདན་ས་བསྐྱངས་ནས་གཤེགས་སོ༔ སྲས་ཚེ་དབང་རྒྱལ་ནི་ཁྱིམ་པ་ཡིན་ཏེ༔ སྐྱོ་བཟའ་མ་གཅིག་ཆུང་མ་ལ་བླང་པ་ལ༔ མིང་ལ་དབོན་མོ་ཡང་ཟེར༔ ཇོ་མོ་ཡང་ཟེར༔ ཕྱིས་བཙུན་མ་བྱས་པས་སྐྱོ་དགེ་མ་ཡང་ཟེར༔ མིང་དྲང་པོར་ལ་དགེ་འདུན་མཚོ་ཟེར་རོ༔ ཚེ་དབང་རྒྱལ་ནི་རབ་བྱུང་གི་ཆ་ལུགས་ཡིན་པས༔ ཚེ་དབང་རྒྱལ་ཟེར་བ་མེད་ཅིང་བླ་མ་དབོན་སྔོན་ཚང་ཞེས་པར་གྲགས་སོ༔ ཚེ་དབང་རྒྱལ་ལ་སྲས་པོ་གཅིག་བྱུང་པ་ལ་མིང་ཐོད་སྨྱོན་བསམ་འགྲུབ་ཏུ་བཏགས་ཏེ༔ སྔར་ཨ་མྱེ་ཐོད་སྨྱོན་བསམ་འགྲུབ་ཀྱི་སྐྱེ་བ་ཡིན་པས་མ་ཅིག་ཉིད་ཀྱི་སྐྱེས་རབས་ཆེན་མོ་དང་གླེང་གཞི་གོང་འོག་རྣམས་དང་ཕྱི་མ་རྒྱུད་བུ་ཆུང་གི་གླེང་གཞི་རྣམས་སུ་གསལ་བས་མིང་ཡང་ཨ་མྱེ་ཐོད་སྨྱོན་བསམ་འགྲུབ་ཀྱི་མིང་ཐོགས་པ་ནི་མ་ཅིག་ཉིད་ཀྱི་ལུང་བསྟན་ཆེ་ཆུང་འབྲིང་གསུམ་ཐམས་ཅད་ལ་གསལ་ལོ༔ དེ་ལྟར་མ་ཅིག་ཉིད་ཀྱིས་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་སྐྱེ་བ་ཕྱི་མ་ནི༔ ཁོང་རང་གི་ཚ་བོ་ཚེ་དབང་རྒྱལ་ཀྱི་སྲས་པོར་སྐྱེས་ནས༔ མིང་ཡང་ཐོད་སྨྱོན་བསམ་འགྲུབ་ཏུ་གྲགས་པ་དེ་ནི༔ སྔོན་མ་ཅིག་གི་སྲས་སུ་གྱུར་དུས་སུ་རྟེན་དགེ་སློང་ཡིན་ཏེ༔ ད་ལན་བདུད་ཐོད་པ་འབར་ར་འདུལ་བའི་ཆེད་དུ་ཁྱིམ་པའི་ཚུལ་བཟུང་ནས༔ བལ་པོའི་ཡུལ་ནས་འདོགས་པ་སྤྱི་རུང་བའི་སྲས་མོ་བལ་མོ་བཟའ་རིན་ཆེན་སྒྲོན་བྱ་བ་གཅིག་ཆུང་མར་བླང་བའོ༔
དེ་ནས་ཐོད་སྨྱོན་བསམ་འགྲུབ་དཔོན་སློབ་རྣམས་བལ་པོའི་ཡུལ་དུ་བྱོན་ནས༔ བདུད་ཐོད་པ་བྷ་ར་བཏུལ་ནས་ཡར་ལ་བྱོན་པའི་ལམ་དུ༔ སྔར་ཨ་མྱེ་རྒྱལ་བ་དོན་འགྲུབ་ཀྱིས་དགྲ་ཡ་སྔགས་པ་རྣམས་ཤི་བའི་ཤུལ་གྱི་མི་ཆོས་པ་རྣམས་ཀྱི་དམགས་མང་རབ་བསགས་ནས༔ ཐོད་སྨྱོན་དཔོན་སློབ་རྣམས་ལ་རྩོད་པ་བྱས་པས་ཐོད་སྨྱོན་བསམ་འགྲུབ་ཀྱིས་ཡང་རང་ཕྱོགས་དམགས་མང་རབ་བསགས་ནས་རྩོད་པ་བྱས་པས༔ དེར་དགྲ་ཡ་རྣམས་ཕམ་ནས་ཐོད་སྨྱོན་བསམ་འགྲུབ་དཔོན་སློབ་རྣམས་རྒྱལ་བ་དང་༔ དེ་ནས་འདུན་མ་བྱས་པས་ལན་མ་ལན་གྱི་ཞལ་ལྕེ་གཏམ་པའི་སྐབས་སུ་གཞི་ན་རིན་ཆེན་སྒྲོན་མ་ལ་བུ་མོ་ཞིག་བཙས་ནས་ཡོད་ཟེར་བ་ཐོས་པས་ཡབ་ཐོད་སྨྱོན་གྱིས་ན་རེ༔ བུ་མོ་དེ་ལ་ལེན་ཐོ་མ་མིང་དུ་ཐོགས་ཤིག་གསུངས༔ དེ་ཕྱིན་ཆོད་ནས་བུ་མོ་ལ་ལེན་ཐོ་མ་ཞེས་པར་གྲགས་སོ༔ དེ་ནས་བུ་མོ་ལོ་བཅུ་དྲུག་ལོན་ནས་མཉམ་མེད་རྡོ་རྗེ་རྒྱལ་མཚན་བྱ་བའི་མཁས་བཙུན་གཅིག་ཡོད་པའི་དྲུང་དུ་རབ་ཏུ་བྱུང་ནས་བཙུན་མ་བྱས་པས་མིང་ལ་རྡོ་རྗེ་སྒྲོན་ཞེས་པར་བཏགས་སོ༔ རྡོ་རྗེ་སྒྲོན་ནི་མ་ཅིག་གིས་སྐྱེ་བ་ཕྱི་མ་ཡིན་པར་ལུང་བསྟན་ཐམས་ཅད་ལས་གསལ་ལོ༔ རྡོ་རྗེ་སྒྲོན་དགུང་ལོ་བཅུ་དྲུག་གི་དུས་སུ་རབ་ཏུ་བྱུང་ནས་ཧོར་མོ་ཅོག་ལ་སྒྲོན་འདུལ་བར་མཛད་ནས་ཕྱིས་བལ་པོ་དང་མོན་དང་བོད་གསུམ་གྱི་སོ་མཚམས་བལ་པོ་ལ་ཐག་ཉེ་བའི་རྡོ་རྗེའི་གུར་ཁང་བྱ་བའི་བྲག་རི་རྡོ་རྗེ་འདྲ་བ་གཅིག་ཡོད་པ་དེར་བསྒྲུབ་པ་མཛད་ནས་གདུལ་བྱ་སྐྱོང་བར་མཛད་དོ༔
ཐོད་སྨྱོན་བསམ་འགྲུབ་དང་༔ རིན་ཆེན་སྒྲོན་གཉིས་ལ་སྲས་མིང་སྲིང་གསུམ་ཡོད་པ་ལ༔ ཆེ་བ་ལ་ལེན་ཐོ་མ་རྡོ་རྗེ་སྒྲོན་བྱ་བར་གྲགས་སོ༔ ཆུང་བ་གཉིས་ནི་སྲས་པོ་ཡིན་ཏེ༔ གཉིས་ཀ་ཁྱིམ་པ་ཡིན་པ་དང་༔ ཐོད་སྨྱོན་བསམ་འགྲུབ་དང་ཡབ་སྲས་གསུམ་ཀ་བལ་པོའི་ཡུལ་དུ་བྱོན་ནས་ཐོད་སྨྱོན་ཁོ་རང་ནི་བལ་པོ་ཤིང་ཀི་རི་ཞེས་བྱ་བར་བཞུགས་སོ༔ སྲས་འབྲིང་བ་ནི་ཕར་འཐིལ་དུ་བཞུགས་སོ༔ སྲས་ཆུང་བ་ནི་སྔར་མ་ཅིག་གིས་ཡབ་ཡུལ་དུ་གདན་དྲང་ནས་བཞུགས་སོ༔ དམ་པ་སྟོན་ཆུང་ནི་རྒྱ་གར་ཁ་ཆེའི་ཡུལ་དུ་བྱོན་ནོ༔ སྐྱེ་མེད་འོད་གསལ་ནི་མངའ་རིས་ལ་བྱོན་ནོ༔ དབོན་སྔོན་ཚེ་དབང་རྒྱལ་ཁོ་རང་ནི་ཕྱིས་ལྷོ་བྲག་ཏུ་བྱོན་ནོ༔ ཁམས་འབུ་ཡག་ལེགས་ནི་ཟངས་རི་མཁར་དམར་དང་གླང་ལུང་ལ་སོགས་དབུས་སྨད་དུ་བཞུགས་ཤིང་༔ ཕྱིས་པོ་ཏ་རི་ནས་ཕུང་པོ་ལྷག་མེད་དུ་གཤེགས་སོ༔ མ་ཅིག་གི་སྲས་མོ་རྒྱལ་མཚན་མ་ཡང་ཟེར༔ ལ་འདུས་མ་ཞེས་བྱ་བ་དེ་ནི་མོན་བུམ་ཐོང་སྐོར་དང་ཉང་པོ་དང་དྭགས་པོ་ལ་སོགས་པ་ལ་བཞུགས་ཤིང་༔ ཕྱིས་ཟངས་རི་མཁར་དམར་ནས་མཁའ་སྤྱོད་དུ་གཤེགས་སོ༔ མ་ཅིག་གི་སྲས་ཐོད་སྨྱོན་བསམ་འགྲུབ་ནི༔ གངས་ཕུག་མོ་ཆེ་ནས་འཇའ་ལུས་འོད་དུ་ཡལ་བའོ༔ རྒྱལ་བ་དོན་འགྲུབ་ནི་གླང་ལུང་དུ་སྐུ་ཡལ་ཏེ་གདུང་སྦྱོང་པས་སྐུ་གཟུགས་དང་ཐུགས་ལྗགས་སྤྱན་གསུམ་དང་༔ ཤ་རི་རམ་ལ་སོགས་པའི་རིང་བསྲེལ་དང་རྟེན་མཐའ་ཡས་པ་བྱོན་ནོ༔
ཡུམ་སྲས་བཞི་ཀའི་གདུང་རྟེན་རྣམས་ཟངས་རི་མཁར་དམར་དུ་བཞེངས་ནས་ཡོད་དོ༔ ཕར་འཐིལ་དང་ལ་ཕྱི་བ་གཉིས་ལ་ཡང་སྲས་པོ་ལྔ་རེ་བྱུང་བ་རྣམས་ལ་ཡང་ཡོན་ཏན་དང་ནུས་པ་དང་འགྲོ་དོན་ཡང་མཐའ་ཡས་པ་བྱུང་ཞིང་༔ ཕྱིས་མ་ཅིག་གི་རྒྱུད་པའི་མི་རིགས་ཐམས་ཅད་ཕར་རྒྱ་གར་གྱི་ཕྱོགས་སུ་འདུས་ནས་སོང་སྟེ་བོད་འདིར་གཅིག་ཀྱང་མེད་དོ༔ སྲས་རྒྱུད་རྣམས་ཀྱི་རྣམ་ཐར་ལ་འདི་ལས་ཞིབ་པ་མང་དུ་ཡོད་དེ་ཡི་གེར་འཇིགས་པས་མ་བྲིས་སོ༔ སྲས་རྒྱུད་ཀྱི་རྣམ་ཐར་བསྡུས་པ་འདི་ནི་རྗེས་ཀྱི་རྣམ་ཐར་བསྡུས་པ་ཡིན་ཞིང་༔ རྗེས་ཀྱི་རྣམ་ཐར་གཉིས་པའི་དང་པོའོ༔ རྗེས་ཀྱི་རྣམ་ཐར་གཉིས་པ་ལ་སྲས་རྒྱུད་ཀྱི་རྣམ་ཐར་རྫོགས་ནས་གཉིས་པ་ནི་མ་ཅིག་མན་ཆད་སློབ་རྒྱུད་ཀྱི་རྣམ་ཐར་ཅུང་ཟད་གཅིག་བརྗོད་པ་ལ༔ དེ་ཡང་མ་ཅིག་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་བརྒྱ་དང་བརྒྱད་ལ་སོགས་པའི་བུ་སློབ་མང་དུ་ཡོད་ཀྱང་མ་ཅིག་གི་ཆོས་སྲོལ་གསུམ་འཛིན་པའི་རྒྱུད་འཛིན་ལ་གསུམ་ལས་མེད་དེ༔ དེ་ལ་མདོ་ལུགས་ཀྱི་རྒྱུད་འཛིན་ནི་རྒྱལ་བ་དོན་འགྲུབ༔ སྔགས་ལུགས་ཀྱི་རྒྱུད་འཛིན་ཐོད་སྨྱོན་བསམ་འགྲུབ༔ མདོ་སྔགས་ཟུང་གི་རྒྱུད་འཛིན་ནི་ཁུ་སྒོམ་ཆོས་ཀྱི་སེང་གེ་དང་གསུམ་མོ༔ དེ་ལ་རྒྱལ་བ་དོན་འགྲུབ་ལ་རྒྱུད་འཛིན་གསུམ་ཡོད་དེ༔ བཤད་རྒྱུད་འཛིན་པ་གཉིས་སྒྲུབ་རྒྱུད་འཛིན་པ་གཅིག་དང་གསུམ་མོ༔ དེ་ལ་བཤད་རྒྱུད་འཛིན་པ་ནི་མཁས་པ་གཉེན་ཆུང་ལོ་ཙཱ་བ་ཞེས་སམ༔ གྲྭ་པ་ཧར་སྟོན་དང་སངས་རྒྱས་སྣང་ཞིག་བྱ་བ་གཉིས་ཡིན་ནོ༔ སྒྲུབ་རྒྱུད་འཛིན་པ་ནི༔ ཁོ་རང་གི་སྲས་ཁམས་འབུ་ཡག་ལེགས་གཅིག་པུའོ༔ དེ་ནས་གཉེན་ཆུང་ལོ་ཙཱ་བས་དཔལ་ཆེན་འོད་ཟེར་ལ་གནང་ངོ་༔ དེས་ཆོས་དབྱིངས་རྡོ་རྗེ་ལ་གནང་ནས་བརྒྱུད་པའོ༔ སངས་རྒྱས་སྣང་ཞིག་གིས་རྡོ་རྗེ་རྒྱལ་མཚན་ལ་གནང་༔ དེས་མཁས་གྲུབ་ཆེན་པོ་ཉི་མ་སེང་གེ་ལ་གནང་ནས་རིམ་པར་བརྒྱུད་པའོ༔ ཁམས་འབུ་ཡག་ལེགས་ཀྱིས་རིན་ཆེན་སེང་གེ་ལ་གནང་དེས་འཁྲུལ་ཞིག་ཁམས་པ་ལ་གནང་ནས་རིམ་པར་བརྒྱུད་པའོ༔ ཡང་གཉེན་ཆུང་ལོ་ཙཱ་བས་རྡོ་རྗེ་སེང་གེ་ལ་གནང་༔ དེས་བརྩོན་འགྲུས་སེང་གེ་ལ་གནང་༔ དེས་མར་པ་ཡེ་ཤེས་རྡོ་རྗེ་ལ་གནང་ནས་རིམ་པར་བརྒྱུད་པ་དང་དེ་རྣམས་ནི་མདོ་ལུགས་ཀྱིས་རྒྱུད་པའོ༔ རྗེ་བཙུན་ཐོད་སྨྱོན་བསམ་འགྲུབ་ལ་ནི་རྒྱུད་འཛིན་གང་པ་རྨུགས་སངས་གཅིག་པུ་ལས་མེད་དོ༔
དེ་གང་པ་རྨུགས་སངས་ལ་རྒྱུད་འཛིན་གསུམ་བྱུང་སྟེ༔ གང་པ་ལྷུན་གྲུབ༔ སངས་རྒྱས་བསྟན་སྲུང་༔ རྡོ་རྗེ་རྒྱལ་མཚན་དང་གསུམ་མོ༔ སྔགས་ཀྱི་བཤད་སྒྲུབ་གཉིས་ཀའི་རྒྱུད་པ་རྣམས་ནི༔ གྲུབ་ཆེན་ཀརྨ་པ་ནས་བརྒྱུད་པ་སྟེ༔ དཀྱིལ་འཁོར་མཆོད་ཅིང་སྒྲུབ་པ་དང་ཚོགས་དང་དབང་རྣམས་ཀྱི་བརྒྱུད་པ་ཡིན་ནོ༔ ཡང་གྲགས་པ་རྒྱལ་མཚན་ནས་ཉང་པ་བློ་གྲོས་ལ་བརྒྱུད་པ་ནི༔ སྒྲུབ་རྒྱུད་པ་ཁོ་ན་ཡིན་ཏེ་སྔགས་ཀྱི་རྒྱུད་པ་ཡིན་ནོ༔ ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་རྒྱུད་འཛིན་གསུམ་བྱུང་སྟེ༔ དོལ་པ་ཟང་ཐལ༔ རྒྱ་ནག་གཅེར་བུ༔ སངས་རྒྱས་གཉན་སྟོན༔ དེས་བརྩོན་འགྲུས་སེང་གེ་ལ་བརྒྱུད་པ་ནི་བཤད་རྒྱུད་རྣམ་དག་གི་རྒྱུད་པ་ཡིན་ནོ༔ ཡང་རྒྱལ་སྲས་ཞིག་པོ༔ དེས་རིན་ཆེན་སེང་གེ་ལ་བརྒྱུད་པ་དང་༔ ཡང་འཇམ་དབྱངས་མགོན་པོ༔ དེས་གཞོན་ནུ་བཟང་པོ་ལ་བརྒྱུད་པ་དང་༔ བརྒྱུད་པ་ཕྱི་མ་འདི་གཉིས་ནི་སྒྲུབ་རྒྱུད་པ་ཁོ་ན་ཡིན་ཏེ་མདོ་སྔགས་ཟུང་གི་བརྒྱུད་པའོ༔
རྒྱལ་བ་དོན་འགྲུབ་ཀྱི་མཛད་ཆོས་རྣམས་ནི་ཡི་གེ་མི་ཤེས་པ་དང་རྒན་ཞུགས་ཡིན་པའི་ཕྱིར་དུ༔ མ་ཅིག་གིས་བསྟོད་པ་རྣམས་མཛད་པ་ཡིན་པས་ཕ་རོལ་ཕྱིན་དྲུག་གི་སྒོ་ནས་བསྟོད་པ་མི་འདྲ་བ་བཞི་མཛད༔ དེ་ལ་སོགས་པའི་ཡོན་ཏན་བཅུ་གཉིས་ཀྱི་བསྟོད་པ༔ ངོ་མཚར་ལྔའི་བསྟོད་པ༔ དྲིན་ལན་ལན་གྱི་བསྟོད་པ༔ མཚན་བཀྲ་ཡོན་ཏན་གྱི་བསྟོད་པ༔ འཕྲིན་ལས་མཐུ་རྩལ་གྱི་བསྟོད་པ༔ ཞི་བདེ་བཤེས་གཉེན་སྐུའི་བསྟོད་པ༔ གསུང་དབྱངས་ཡན་ལག་དྲུག་ཅུའི་བསྟོད་པ༔ ཐུགས་མཁྱེན་བརྩེ་ཡེ་ཤེས་ལྔའི་བསྟོད་པ༔ སྐུ་གསུམ་དྲི་མེད་ཀྱི་བསྟོད་པ༔ སྐུ་ལྔ་ཡོངས་རྫོགས་ཀྱི་བསྟོད་པ༔ རྒྱལ་བ་གཉིས་མེད་ཀྱི་བསྟོད་པ༔ མཚན་དང་དཔེ་བྱད་ཀྱི་བསྟོད་པ༔ བྱིན་རླབས་ནུས་པ་བཀའ་དྲིན་གྱི་བསྟོད་པ༔ ཡོན་ཏན་སྣ་ཚོགས་ཀྱི་བསྟོད་པ༔ རྣམ་ཐར་སྒོ་གསུམ་གྱི་བསྟོད་པ༔ གདུལ་བྱ་གང་ལ་གང་འདུལ་གྱི་ཐབས་ལ་ཐ་མལ་བུད་མེད་ཀྱི་ལུས་འཛིན་པ་ལ་ཡོན་ཏན་གྱི་བསྟོད་པ༔ སྒོ་བཞིའི་བསྟོད་པ་དེ་འདྲ་བའི་བསྟོད་པ་ལྔ་དགོངས་སྤྱོད་མ་རིག་མི་འདྲ་བ་བརྒྱད་ཅུ་ཐམ་པ་མཛད་དོ༔ འཁྲུལ་བཤགས་ལ་སོགས་པའི་བཤགས་པ་མི་འདྲ་བ་སུམ་ཅུ་མཛད་དོ༔ དེ་ལ་སོགས་པའི་བསྟོད་འབུམ་པོ་ཏི་གསུམ་ཐམ་པ་མཛད་དོ༔ ཐོད་སྨྱོན་བསམ་འགྲུབ་ཀྱི་མཛད་ཆོས་ལ༔ སོ་སོའི་འགྲེལ་པ་ལ་པོ་ཏི་ཆེན་པོ་གསུམ༔ བསྐྱེད་རྫོགས་རྣམས་ལ་འགྲེལ་ཆུང་གསལ་པོ་རེ་རེ༔ མཁའ་འགྲོ་བརྒྱ་རྩའི་སྒྲུབ་ཐབས་དང་ལྷ་སུམ་ཅུ་མ་རྣམས་ལ་གསལ་བར་མཛད་པ་དང་སྔགས་ཀྱི་རྣམ་བཤད་ཆེན་མོའི་གསལ་གདབ༔ རྣམ་བཤད་གསལ་བའི་མེ་ལོང་ཞེས་པ་དང་༔ གཞན་ཡང་སྔགས་སྡེའི་སྐོར་མང་དུ་མཛད་དོ༔ ཁུ་སྒོམ་ཆོས་ཀྱི་སེང་གེའི་མཛད་ཆོས་ལ་མཐའ་གཉིས་མུན་སེལ་ལ་སོགས་པ་དང་༔ ཟུང་འཇུག་དང་མདོ་ལུགས་ཤས་ཆེ་བའི་དཔེ་ཚན་རྣམས་ལ་པོ་ཏི་ཉི་ཤུ་རྩ་ལྔ་མཛད་དོ༔ དེ་མན་ཆོད་ཀྱི་རྒྱུད་འཛིན་རྣམས་ཀྱི་ཡང་སོ་སོའི་མཛད་ཆོས་མང་དུ་སྣང་བ་དང་མ་ཅིག་གི་རྒྱུད་འཛིན་གསུམ་པོ་མན་ཆོད་ཀྱི་རྒྱུད་པ་རྣམས་ལ་ནི༔ འདིར་བགྲང་བ་རྣམས་ལ་ཡང་རང་རང་གི་རྣམ་ཐར་ལེགས་པ་རྣམས་ཡོད་པར་སྣང་སྟེ་འདིར་བྲིས་པ་མ་ལོང་པས་རེ་ཞིག་ཏུ་བཞུགས་པ་ལགས༔ འདིར་མ་ཅིག་གི་རྒྱུད་འཛིན་སློབ་མ་རྣམས་ཀྱི་རྣམ་ཐར་ཅུང་ཟད་ཅིག་བརྗོད་པ་འདི་ནི༔ རྗེས་ཀྱི་རྣམ་ཐར་གཉིས་ཀྱི་ཐ་མ་སྟེ་རྣམ་གྲངས་གཉིས་པའོ༔ སྐྱེས་རབས་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱི་རྣམ་གྲངས་ཉི་ཤུ་རྩ་གཅིག་གི་ཁོག་ཏུ་བསྡུས་པ་རྫོགས་སོ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔
གཤོག་ཐོག་ར་དང་ནོར་བུ་མཆུ་སྡེར་རྣལ་འབྱོར་པས་ཀླུ་བདུད་འདུལ་ཕྱིར་སྦྲུལ་གདུག་གསོད་པར་མཐོང་ནས་ནི༔ ར་དང་ནོར་བུ་མཆུ་སྡེར་མི་ཐོགས་གཤོག་ཐོགས་འགས༔ ལྟོ་ཕྱིར་འབུ་སྲིན་བསད་པས་ཀླུ་བདུད་འདུལ་བ་མིན༔ དེ་བཞིན་སྐལ་ལྡན་རིག་རྩལ་ཤེས་རབ་ལྡན་པ་ཡི༔ དུག་ལྔ་དམར་ལེན་བྱེད་པ་མ་ཡི་ཆོས་སྲོལ་ཡིན༔ དེ་ཉིད་མཐོང་ནས་སྐལ་དམན་ཐོས་ཆུང་བློ་རྨོངས་འགས༔ དུག་ལྔ་རང་ཁར་སྤྱོད་པ་མ་ཡི་ཆོས་སྲོལ་མིན༔ གཤོག་སྒྲ་ཟིར་ཟིར་སྦྲང་མའི་ཚོགས་རྣམས་མང་ལགས་ཀྱང་༔ དྲི་བཟང་མདངས་ལྡན་པདྨའི་བཅུད་འདི་ལེན་པ་ནི༔ མདུང་འཛིན་སྟག་ཤམ་ལྡན་པ་གཅིག་པུ་མ་གཏོགས་པ༔ སྦྲང་ཚོགས་གཞན་རྣམས་མི་གཙང་དྲི་ངན་སྤྱོད་པ་བཞིན༔ ཕཊཿསྒྲ་ཏིར་ཏིར་གཅོད་མཁན་ཁས་ལེན་མང་ལགས་ཀྱང་༔ མའི་ཆོས་ལུགས་མདོ་རྒྱུད་སྙིང་པོའི་ལམ་བཟང་འདི༔ མཐོང་བས་སྐལ་ལྡན་ཤེས་རབ་ཅན་ཞིག་མ་གཏོགས་པ༔ དམུས་ལོང་གཞན་རྣམས་ལོག་པའི་ལམ་དུ་ཞུགས་པ་ལ༔ ཐེག་ཆེན་གཅོད་ཡུལ་ལམ་བཟང་ཞུགས་པ་མིན༔ མཁའ་ལྡིང་རྣམས་ཀྱང་མཁའ་ལ་བགྲོད་གྱུར་ཀྱང་༔ མཐར་ནི་རང་རྩལ་ཉམས་པས་སླར་ལ་ལྡོག་གྱུར་པ༔ ནམ་མཁའི་མཐའ་ལ་ཐུག་ནས་ལྡོག་གྱུར་མ་ལགས་བཞིན༔ མ་ཡི་རྣམ་ཐར་བརྗོད་པ་དེ་ལྟར་མང་ལགས་ཀྱང་༔ གངས་ཅན་ཆོས་ལུགས་ཕྱག་རྒྱ་ཆེན་པོའི་གཅོད་ཡུལ་གྱི༔ བཀའ་ནས་བརྒྱུད་པའི་བླ་རྣམ་གྱི་རིམ་པ་ནི༔ དྲི་མེད་སྐྱོན་བྲལ་ཤེལ་ཕྲེང་ལྟ་བུའི་རྣམ་ཐར་བརྗོད་པ་མ་ལགས་རྒྱུད་རིམ་བཀོད་པའོ༔
ཁྱད་པར་གངས་ཅན་ལབ་སྒྲོན་རྣམ་ཐར་བརྗོད་སྤྲོ་ཡང་༔ རྣམ་ཐར་ཡོན་ཏན་རབ་འབྱམས་རྡུལ་གྱི་གྲངས་འདས་ལ༔ བློ་ཆུང་བློ་རྨོངས་བདག་གིས་རྟོགས་དཀའ་ཡང་༔ དད་གུས་སྒོ་བསྐྱེད་ཕྲ་རྡུལ་ཙམ་ཞིག་འདིར་བཀོད་ལ༔ གོང་འོག་འཁྲུགས་སྡེབ་སྦྱོར་མ་ལེགས་ཉེས་མཆིས་གང་༔ བླ་མ་རྣམས་དང་མ་ཅིག་མཁའ་འགྲོའི་ཚོགས་ལ་བཤགས༔ ཅུང་ཟད་ལེགས་ཆ་ཡོད་ན་དེའི་དགེ་བ་དེས༔ འགྲོ་རྣམས་དོན་བསྔོ་སངས་རྒྱས་མྱུར་ཐོབ་ཤོག༔ དེ་ལྟར་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་རྒྱུད་རིམ་དང་༔ ཁྱད་པར་དུ་ཡང་མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་ཐར་མདོར་བསྡུས་པ་གཅིག་བརྗོད་པ་རྫོགས་པ་འདི་ནི༔ མ་ཅིག་གིས་མཛད་པའི་གཟན་བསྐྱུར་གྱི་རྣམ་བཤད་ཆེན་མོ་དོན་གསལ་བྱེད་ཀྱི་སྟོད་དུ༔ མ་ཅིག་གི་རྣམ་ཐར་མདོར་བསྡུས་པ་ཞིག་སྣང་བ་དེ་ཉིད་ལ་གཞི་བྱས་ནས༔ གཞན་དུ་ཡང་གསལ་སྒྲོན་དང་མཐའ་རྣམས་གསལ་བའི་ཡིག་བཀྲ་དང་དམ་ཚིག་ཉི་ཤུ་རྩ་གཅིག་པ་དང་གཅོད་ཀྱི་ལོ་རྒྱུས་ཆེན་མོ་དང་རྣམ་ཐར་བསྡུས་དོན་ལྔ་པ་དང་དེ་རྣམས་ཀྱི་ནང་ནས་གང་སྣང་བའི་དགོས་ཚོད་ཙམ་གྱིས་ཁ་བསྐང་བ་དང་༔ གཞན་ཡང་ཤོག་དྲིལ་ཕྱོགས་ཙམ་མཐོང་བ་དང་བླ་མ་རྣམས་ཀྱི་ཞལ་ནས་ཀྱང་མ་ཅིག་གི་རྣམ་ཐར་ཡིན་ངེས་པའི་ཅུང་ཟད་ཙམ་རེ་ཐོས་པ་དང་༔ རྒྱུད་ཕྱི་མ་རྡོ་རྗེ་སྒྲོན་གྱིས་མ་ཅིག་གི་རྣམ་ཐར་ཐུན་མོང་མ་ཡིན་པར་བཀོད་ནས་གཏེར་ལ་སྦས་པ་དང་༔
དེ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་མང་ཉུང་རན་ཚོད་ཙམ་ཞིག་འགྲིག་ཆོག་ཏུ་བཀོད་པ་ལ་གོང་འོག་མ་འགྲིག་པ་དང་༔ སྡེབ་སྦྱོར་མ་ལེགས་པ་ལ་སོགས་མཆིས་ན་བདག་འཇུག་པར་མཆིས་ལ་ཐོས་པ་ཆུང་ཞིང་བློ་སྦྱོང་ཅན་གྱི་རྟེན་ལ་ཕབ་པ་ལགས་པས༔ མཁས་པ་རྣམས་ཐུགས་ཀྱིས་མི་བཅའ་བར་བཟོད་པར་གསོལ༔ མི་ཤེས་བཞིན་དུ་བརྩམ་པར་འདོད་པ་ནི༔ མ་ཅིག་ལ་དད་པ་རྩོལ་མེད་དུ་སྐྱེས་པས་བརྩམས་པ་ལགས་པས་རྩོལ་བ་རང་དགེ༔ འདི་བརྩམས་དགེ་བས་བདག་གཞན་འགྲོ་བ་མ་ལུས་ཀུན༔ འདི་ནས་བཟུང་སྟེ་དུས་རྣམས་ཐམས་ཅད་དུ༔ བླ་མེད་ཐེག་ཆེན་བྱང་ཆུབ་སྙིང་པོའི་ཆོས་རྣམས་ལ༔ འགལ་རྐྱེན་མེད་པར་རྟག་ཏུ་བརྩོན་པར་སྤྱོད་པར་ཤོག༔ བཀའ་བརྒྱུད་བླ་མའི་རྣམ་ཐར་དྲི་མེད་ཤེལ་འཕྲེང་འདིར་བཀོད་ཀྱིས༔ འཕྲིན་ལས་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འགྱེད་པ་ནི༔ རྟ་བདུན་རྒྱལ་པོ་མཁའ་ལ་རྒྱུ་བའི་འོད་ཟེར་ལྟར༔ རབ་འབྱམས་གྲངས་འདས་ཞིང་ཀུན་བདེ་སྐྱིད་བཀྲ་ཤིས་ཤོག༔ དམ་ཆོས་འདི་ཡི་སྣོད་རུང་སློབ་མ་ནི༔ བླ་མ་ལ་གུས་སྐྱེ་ཤིའི་འཇིགས༔ ཚེ་འདིར་འཇིག་རྟེན་བྱ་གཞག་རྒྱབ་ཏུ་བོར༔ རྟག་ཏུ་རི་ཁྲོད་དགོན་པ་དང་དུ་ལེན༔ འཚོ་བ་བྱ་ཚོལ་དཀའ་ཐུབ་བཅུད་ལེན་བྱེད༔ བླ་མ་མཆེད་གྲོགས་བཤེས་གཉེན་རྟག་ཏུ་བརྟེན༔ གནས་ལ་ངེས་མེད་རི་དྭགས་སྤྱོད་བཞིན་བྱེད༔ ལྟོ་གོས་གཉིས་ལ་གྱོང་སྐུར་འཕྲལ་མཁོ་ཙམ་ལ་བརྟེན༔ བླ་མའི་ཞལ་གདམས་དམ་ཆོས་བདུད་རྩིའི་ཆུ་ལ་ངོམ་མེད་འཐུང་༔ ཚེ་གཅིག་སྒྲུབ་པ་དཀའ་སྤྱད་མཐའ་རུ་སྐྱོལ༔ ཁྱད་པར་དམ་ཆོས་འདི་ཡི་ཕྱོགས་ལ་མོས་ཤིང་འདུན་པ་དང་༔ གཉན་ས་རི་ཁྲོད་འགྲིམས་ཤིང་སྒྱུ་ལུས་ཚོགས་མཆོད་འབུལ༔ ནམ་འཆི་ཆ་མེད་མི་རྟག་རྒྱུན་དུ་བསྒོམས༔ ལུས་སྲོག་ལྟོས་མེད་དམ་ཆོས་ཕྱིར་དུ་བཏང་༔ དེས་སོགས་ཡོན་ཏན་ཚང་བའི་སློབ་མ་ལ༔ ཞལ་གདམས་བཀའ་བརྒྱ་ཡིག་རིས་བཅས་པ་བསྟན༔
དེ་ལས་བཟློག་པའི་དམ་ཉམས་སློབ་མ་ནི༔ སློབ་དཔོན་གསང་ནས་རང་ཆེ་བསྒྲུབས༔ བླ་མའི་ཡོན་ཏན་སྐྱོན་དུ་བརྟགས༔ དཔེ་འཁྱར་བསགས་ནས་མཁས་པར་བྱེད༔ ལུང་མེད་དཔེ་ཆས་ཆོས་བཤད་བྱེད༔ བླ་མའི་གདམས་ངག་ཟོང་དུ་བཙོང་༔ རི་ཁྲོད་དགོན་པ་རྒྱབ་ཏུ་བོར༔ བླ་མ་མཆེད་གྲོགས་ཐབས་ཀྱིས་སྤངས༔ ཟབ་ཆོས་མཐོང་ན་ཕྱི་བཤོལ་བྱེད༔ མི་ནག་ཕོ་མོ་ཐབས་ཀྱིས་བསླུས༔ མ་མཐོང་བ་ཡིས་མཐོང་ལོ་བྱེད༔ མ་མཇལ་བ་ཡིས་མཇལ་ལོ་བྱེད༔ མཁས་པ་མཐོང་ན་ཐབས་ཀྱིས་བྱོལ༔ ཡོན་ཏན་ཅན་ལ་སྐུར་བ་བཏབ༔ ཞབས་ཏོག་མི་བྱེད་མི་ཁ་བཀྲམ༔ སྒྲུབ་པ་མི་བྱེད་ཁས་ལེན་མང་༔ ངོས་དགའ་གསར་འགྲོགས་ཨ་རྒུ་མཁས༔ ཕྱི་ཐག་ཐུང་ཞིང་གཞུང་ངན་པོ༔ དམ་ཉམས་རྒྱུད་གྱོང་ལྟ་ངན་པོ༔ མི་རྩིས་མེད་པར་རང་རྩིས་ཅན༔ དོན་མ་རྟོགས་པའི་ཁ་རྒྱང་ཅན༔ གདེང་མེད་རླུང་ཁྱེར་འཕྱོར་སྐད་ཅན༔ དེས་སོགས་སྐྱོན་རྣམས་ཚང་བ་ཡི༔ སློབ་མ་དེ་འདྲ་བྱུང་གྱུར་ན༔ དམ་ཆོས་འདི་ཉིད་རྣ་བར་བསྒྲག་པར་མི་བྱའོ༔ གལ་ཏེ་དེ་ལ་གདམས་པ་བསྟན་གྱུར་ན༔ ཡེ་ཤེས་མགོན་པོ་ལག་དྲུག་ལ་སོགས་ཆོས་སྐྱོང་དང་གཟའ་བདུད་གདོང་རྒུ་ལ་སོགས་སྡེ་བརྒྱད་ཚོགས༔ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཆད་པ་ཆོད༔ སཱ་མཱ་ཡཱ༔
ཞེས་པ་མ་ཅིག་གིས་རྣམ་ཐར་དྲི་མེད་ཤེལ་འཕྲེང་ཞེས་བྱ་བ་འདི་ནི་མ་ཅིག་ལ་ཅུང་ཟད་མོས་པའི་ཀུན་སྤངས་ཀྱི་མིང་ཅན་བརྩོན་འགྲུས་སེང་གེ་པས༔ ཆུ་ཕོ་རྟ་ཡི་ལོ་སྟག་ཟླ་ར་བའི་ནང་དུ་གཏན་ལ་ཕབ་པས་དགེ་ལེགས་སུ་གྱུར་ཅིག༔ གངས་ཅན་འགྲོ་དང་ཕ་མས་ཐོག་དྲངས་འགྲོ་བ་མ་ལུས་དོན་ཀུན་བསྔོ༔ འགྲོ་ཀུན་ཕྱག་རྒྱ་ཆེན་པོའི་མཆོག་ཐོབ་ཤོག༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག༔ དམ་ཆོས་འདི་བཞེངས་དགེ་བའི་རྩ་བ་དེས༔ ཕ་མས་གཙོ་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བགྱིའོ༔ དེ་རྣམས་ཐམས་ཅད་རྗེ་བཙུན་ལབ་ཀྱིས་སྒྲོན་མའི་འཁོར་གྱི་ཐོག་མར་སྐྱེ་བར་ཤོག༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀ་དག་ས་ཐོབ་ཤོག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ མ་ཅིག་ལབ་ཀྱིས་སྒྲོན་མའི་རྣམ་ཐར་འདི་ཡི་བརྒྱུད་པ་ནི༔ ཡུམ་ཆེན་མོ༔ ཤཱཀྱ་ཐུབ་པ༔ འཇམ་དཔལ་སྨྲ་བའི་སེང་གེ༔ རྗེ་བཙུན་སྒྲོལ་མ༔ སུ་ཀ་སུ་ཏི༔ ཨརྱ་དྷེ་བ༔ དམ་པ་སངས་རྒྱས༔ མ་ཅིག་ལབ་སྒྲོན༔ གཏེར་སྟོན་བརྩོན་འགྲུས་སེང་གེ༔ སྒོ་གཅོད་ཉི་ཟླ་རྒྱལ་མཚན༔ མོན་གཅོད་བརྩོན་འགྲུས་སེང་གེ༔ མཐའ་བཞི་ཀུན་དགའ་སེང་གེ༔ དེས་བདག་ནམ་མཁའ་བློ་གྲོས་ལ་གདམས་པའོ༔ ཌཱ་ཀི་རྒྱ༔ ཤོག་སེར་གྱི་བུ་ཚའོ༔ འདིར་ཚན་གྲངས་ཁ་དབྱངས་ཀྱི་མཆན་དུ་ཡིན་ཏེ་པོ་ཏི་ཆེ་ཆུང་གི་རྒྱུ་ལ་སོང་བས་འདིར་མི་འགྲིགས་པའི་ནོར་འཁྲུལ་འགལ་བ་སོང་ན་སྐུ་གསུང་ཐུགས་ལ་མཐོལ་ལོ་བཤགས། མ་ཅིག་ལབ་ཀྱི་སྒྲོན་མའི་རྣམ་ཐར་འདིའི་མ་དཔེ་ཡིག་རྙིང་མི་གསལ་བས་གོང་འོག་མི་འགྲིག་པ་དང་ཆད་ལྷག་སོགས་ཡོད་སྙམ།
མ་ཅིག་ལབ་ཀྱི་སྒྲོན་མའི་ལོ་རྒྱུས།
མ་ཅིག་དེའི་ལོ་རྒྱུས་ནི། ཡུམ་གྱི་ཐུགས་རྒྱུད་གླིང་བཞིའི་སྐུ་ཡི་བཀོད་པ། ཡུམ་གྱི་ཐུགས་སྤྲུལ་གྲངས་མེད་བྱུང་། གླིང་བཞི་ལས་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡི་ཡུལ་དང་གཅིག །འགྲོ་དོན་རྡོ་རྗེ་གདན་གྱི་ཡུལ་དང་གཉིས། འཛམ་གླིང་བོད་ཀྱི་ཡུལ་དང་གསུམ། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དང་བཞི། གླིང་བཞི་ལ་འགྲོ་དོན་མཛད་ལུགས་ནི། ཡུམ་གྱི་ཐུགས་སྤྲུལ་དཔའ་བོའི་ཚོགས་དང་། དཔའ་མོའི་ཚོགས་དང་འགྲོ་བ་འདྲེན་པའི་སྤྲུལ་སྐུ་དཔག་མེད་འབྱུང་། སུམ་ཅུ་རྩ་གསུམ་ལྷ་གནས་འོག་མ་ན། ཡུམ་གྱི་ཐུགས་སྤྲུལ་རིགས་ལྡན་མང་དུ་འབྱུང་། ལྷ་རྣམས་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་འགྲོ་བ་ཐབས་ཀྱིས་འདུལ། སུམ་ཅུ་རྩ་གསུམ་ལྷ་གནས་ལ། གླིང་ཆེན་པོ་གདལ་སྐྱོབ་བྱ་བ་ཡིན། གླིང་དེ་ལ་བསྐོར་བཞི་ཡོད་དེ། དབུས་ཀྱི་གླིང་ནི་མཚོ་ཧ་ལ་གདལ་སྐྱོབ་ཀྱི་གླིང་། ལྷ་རྣམས་ཀྱི་ལོངས་སྤྱོད་དང་། རོལ་མོ་དང་མཆོད་པ་འབུལ་བའི་ས་དེར་ལྷའི་རྒྱལ་པོ་གཅིག་བཞུགས་ཏེ། ཡུམ་གྱི་སྐུའི་སྤྲུལ་པས་ལྷ་རྣམས་བདེ་བ་ལ་བཀོད་པ་ཡིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཞུགས་ཏེ། ལྷ་ལོངས་སྤྱོད་ལ་ཡེངས་བར་སྣང་། གླིང་ཆེན་པོ་གདལ་སྐྱོབ་བྱ་བའི་ཤར་ཕྱོགས་ན་བཀྲ་ཤིས་སྒོ་མང་བྱ་བའི་གླིང་གཅིག་ཡོད་དེ། དེའི་གྲོང་ཁྱེར་ན་ཡུམ་གྱི་གསུང་གི་སྤྲུལ་པས་འདུལ་བའི་ཞིང་ཡོད། གདལ་སྐྱོབ་ཀྱི་ལྷོ་ཕྱོགས་ན་ནོར་བུ་ཕུན་ཚོགས་ཀྱི་གླིང་བྱ་བ་ཡོད། ཡུམ་གྱི་ཐུགས་ཀྱི་སྤྲུལ་པས་འདུལ་བའི་ཞིང་ཡོད། གདལ་སྐྱོབ་ཀྱི་ནུབ་ཕྱོགས་ཀྱི་གླིང་ནི། སྐྱོ་ངལ་མེད་པ་བདལ་བའི་གླིང་བྱ་བ་ཡོད། ཡུམ་གྱི་ཡོན་ཏན་གྱིས་འདུལ་བའི་གླིང་ཡོད། གདལ་སྐྱོབ་ཀྱི་བྱང་ཕྱོགས་ཀྱི་གླིང་ནི། ཀུན་དྷ་ལི་དྷ་ནའི་གླིང་བྱ་བ་ཡིན། ཡུམ་གྱི་ཕྲིན་ལས་ཀྱིས་འདུལ་བའི་ཞིང་ཡོད། གླིང་ཆེན་པོ་གདལ་སྐྱོབ་བྱ་བ་ལ་གླིང་ཆེན་པོ་བཞིས་བསྐོར་བ་ནི། གླིང་རེ་རེ་ལ་ཡང་འཛམ་བུ་གླིང་ཙམ་བརྒྱ་བརྒྱ་ཡོད། དེ་ལ་སྒྲ་སྙན་གྱི་གླིང་། དྲི་མཆོག་གི་གླིང་། རོ་མཆོག་གི་གླིང་། ཀུན་དྷ་ར་ཕུན་ཚོགས་ཀྱི་གླིང་། ཀུན་དྷརྨའི་གླིང་རྣམས་ཡོད། དེ་ཡན་ཆད་ན་ལྷའི་གླིང་དང་གྲོང་ཁྱེར་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་ཡོད། ལྷ་རྣམས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་དང་རྒྱན་ལ་ཡེངས་བ་མང་ངོ་། །ལྷ་འགའ་ཞིག་གིས་རྒྱ་གར་གྱི་ཡུལ་དུ་འགྲོ་དོན་བྱེད་པ་ཡང་མང་ངོ་། །ལྷ་འགའ་ཞིག་བོད་ཡུལ་དུ་ལྟུང་བས་ཕོག་པ་ཡང་མང་ངོ་། །ལྷ་འགའ་ཞིག་བར་དོར་འཁྱམས་པ་ཡང་མང་ངོ་། །ལྷ་འགའ་ཞིག་ཕུན་ཚོགས་སངས་རྒྱས་ཀྱི་བརྒྱུད་པ་ཟམ་མ་ཆད་པ་ཡང་མང་ངོ་། །
གདལ་སྐྱོབ་ཀྱི་ཤར་ཕྱོགས་ཀྱི་གླིང་བཀྲ་ཤིས་སྒོ་མང་གི་དབུས་སུ། ཕུན་ཚོགས་དཔལ་རིའི་གླིང་བྱ་བ་གཅིག་ཡོད། གླིང་ཆེན་པོ་དེའི་རྒྱུད་ལ་སྐྱེས་པ་ཡིན་ཏེ། གླིང་ཆེན་པོ་དེའི་དབུས་སུ་ལྷུན་གྲུབ་ཀྱི་མཆོད་རྟེན་གཅིག་བཞུགས་ཏེ། དེ་ལ་རང་བྱུང་གི་མཆོད་རྟེན་སྟོང་རྩ་གཉིས་བྱོན། ལྷའི་བུ་དང་བུ་མོས་མཆོད་པའི་ལོངས་སྤྱོད་ཀྱི་གཏེར་འབུལ། གླིང་དེ་ནི་ཡུམ་གྱི་གསུང་གིས་འདུལ་བའི་གླིང་ཡིན། ཡུམ་གྱི་གསུང་གི་རྣམ་སྤྲུལ་དཔའ་མོའི་ཚོགས། ཌཱ་ཀི་མ་གཅིག་ལ་འཁོར་ཡང་ཌཱ་ཀི་མ་དཔག་མེད་ཀྱིས་བསྐོར་བ་བཞུགས་སོ། །གླིང་ཆེན་པོ་གདལ་སྐྱོབ་ཀྱི་ལྷོ་ཕྱོགས་ཀྱི་གླིང་ན། ནོར་བུ་ཕུན་ཚོགས་ཀྱི་གླིང་དེ་ལ་རང་བྱུང་གི་ལོ་པན་ཤེལ་གྱི་མཆོད་རྟེན་གཅིག་ཡོད། ཕྱོགས་བཞི་ན་མེ་ཏོག་གི་གླིང་ཆེན་པོ་བཞི་ཡོད། མེ་ཏོག་གི་གླིང་དེ་ལ་ལྷའི་བུ་དང་བུ་མོས་མཆོད་པ་འབུལ་ལོ། །དེ་ན་ཡུམ་གྱི་ཐུགས་སྤྲུལ་དཔའ་བོ་མཁའ་འགྲོའི་ཚོགས་མཁའ་འགྲོ་མ་སྐུ་མདོག་སེར་མོ་གཅིག་གི་འདུལ་ཞིང་ཡོད་པའི་དུས་སུ། ཉི་མ་ཐང་གཅིག་ཙ་ལྷའི་བུ་དང་བུ་མོ་རྣམས་ཀྱིས་མཆོད་པ་རོལ་མོ་མང་པོ་བྱས་ནས་འོག་མིན་གྱི་དབུས་སུ་ཡུམ་གྱི་དྲུང་དུ་སླེབས་ཏེ་བྱོན། ཡུམ་གྱི་ཞལ་ནས། ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་འགྲོ་དོན་ལ་མི་བཞུགས་ནས་འདིར་བྱོན་པ་ཅི་ཡིན་གསུངས། མཁའ་འགྲོ་དེའི་ཞལ་ནས། ལྷ་ལོངས་སྤྱོད་ལ་ཡེངས་བར་སྣང་། ངས་ཀྱང་ལོ་ཁྲི་ཚོ་གཅིག་འདུལ་ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་གྲངས་མེད་གསུངས། ད་ནི་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་འགྲོ་དགོས་གསུངས་ནས་འཇའ་དང་འོད་ཀྱི་ཚུལ་དུ་ཡལ་སྐད།
དེ་ནས་ཡུམ་གྱི་ཐུགས་སྤྲུལ་འགྲོ་བ་འདུལ་བའི་དྷཱ་ཀི་མ་དེ་ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་བྱོན་ནས་ལྷའི་སྐུ་རུ་སྤྲུལ་ཏེ། འགྲོ་བ་འདུལ་བའི་གཞན་སྣང་མེད་རིག་པ་དྲི་མེད་ཡུམ་ལ་ཞུགས་ཏེ་ཡབ་ནི་ལྷ་བདེ་སྐྱོབ་བྱ་བ་ཡིན། ཡུམ་ནི་བལ་མོ་མཚོ་བྱ་བ་ཡིན། དེ་གཉིས་ལྷུམས་སུ་ཞུགས་པའི་ཌཱ་ཀི་མ་དེ་ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་བྱོན་ནས་མཁའ་འགྲོ་མ་དེ་ལྷའི་ལོ་གསུམ་རེད་ཙ་ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་འགྲོ་དོན་བྱེད་ཅིང་བཞུགས་སོ། །ཁོང་གི་ལུས་ནི་ལྷའི་ལུས་ཡིན། སེམས་ནི་ཡུམ་གྱི་ཐུགས་ཡིན། ལྷ་རྣམས་ཐབས་ཀྱིས་འདུལ་ཞིང་མ་རྒྱུད་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད། ལོ་པན་ཤེལ་གྱི་མཆོད་རྟེན་ལ་ལྷ་རྣམས་ཀྱིས་མཆོད་པ་འབུལ་ཞིང་སྨོན་ལམ་འདེབས་པ་ཡང་མང་འདུག། རོལ་མོ་དང་། ལྷ་ཆ་དང་། ནོར་བུ་ཕུན་ཚོགས་ཀྱི་གླིང་དེས་མཆོད་པ་འབུལ་ཞིང་ཕྱག་འཚལ་བ་དང་། སྐོར་བ་བྱེད་པ་ཡང་མང་འདུག །ཡུམ་གྱི་ཐུགས་སྤྲུལ་མཁའ་འགྲོ་མ་དེས། ཡུམ་གྱི་ཐུགས་བཅུད་ཆོས་རྣམས་དང་། སྔ་མའི་ཆོས་ཀྱི་གླིང་སྡེ་དང་། གསང་སྔགས་ཨུ་དུམ་ཝ་རའི་རྒྱུད་དང་། ཐུགས་བཅུད་མ་རིག་མུན་སེལ་གྱི་རྒྱུད་དང་རྒྱུད་ཚན་ལྔ་འཆད་ཅིང་བཞུགས་སོ། །ནུབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དཔའ་བོ་དང་མཁའ་འགྲོའི་ཚོགས་མཆོད་དེ། ཨུ་རྒྱན་གྱི་གནས་སུ་ཡང་ཚོགས་ཀྱི་ལོངས་སྤྱོད་དང་། གཏོར་ཆེན་ཡང་མཆོད་ནས་ལྷའི་ལོ་ཁྲི་ཚོ་ཕྱེད་གཉིས་བཞུགས་སོ། །
དུས་ཀྱི་ཐ་མ་ཉིན་གཅིག་ཙ་མཁའ་འགྲོ་མ་སྐུ་མདོག་སྔོ་སང་ངེ་བ་གཅིག་མདུན་དུ་བྱོན་ནས་ལྷའི་ཡུལ་དུ་འགྲོ་དོན་མ་རྫོགས་སམ། ལོགས་སུ་འགྲོ་དོན་བྱེད་རྒྱུ་མེད་དམ་ཟེར། སྤྲོས་པ་ཉེར་བར་ཞི་བར་གྱིས་ཤིག་ཟེར་སྐད། ཁོང་གིས་དགོངས་པ་ལ། ཕུན་ཚོགས་ཀྱི་གླིང་འདི་ལྟ་བུའི་ཡུལ་ལ་ཡོད། ཕ་མ་ནི་ལྷའི་དབང་པོ་སྡེ་ཚོགས་ཡོད། ཆོས་ལ་ནི་མཁའ་འགྲོ་མའི་གསང་སྤྱོད་ཀྱི་ཆོས་འདི་ལྟ་བུ་འགྲོ་བ་འདྲེན་པ་ལ། ལོགས་སུ་ཅི་འདྲ་བ་འདྲེན་དགོས་ཨང་བསམ་པ་བྱུང་། མདུན་གྱི་མཁའ་འགྲོ་མ་དེ་མེད་སྐད། དེའི་ཕྱིར་ཉིན་རྒྱ་གར་རྡོ་རྗེ་གདན་དུ་ཆོས་ཀྱི་མཆོད་པ་བྱེད་པའི་རྡོ་རྗེ་གདན་གྱི་དུང་དང་། ཆ་ལང་དང་། པི་ཝང་དང་། ཅོང་གི་སྒྲ་དང་། ལྷ་ཆའི་སྒྲ་བསམ་གྱིས་མི་ཁྱབ་པ་གྲགས་ནས། དེར་ལྷ་གནས་ཀྱི་ལྷ་རྣམས་ལྟད་མོ་ལ་བྱོན་ཏེ། ཕུན་ཚོགས་རིན་ཆེན་གྱི་གླིང་ནས་ཀྱང་། ཡུམ་གྱི་ཐུགས་སྤྲུལ་དེ་ཡང་འཁོར་ནི་ལྷའི་བུ་དང་བུ་མོ་ལྔ་བརྒྱ་དང་འགྲོགས་ནས་རྡོ་རྗེ་གདན་དུ་ལྟད་མོ་དང་ཤཱཀྱ་ཐུབ་པ་མཆོད་པ་ལ་བྱོན་ཏེ། རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་སེར་སྐྱ་བྱ་བ་ན། རྒྱ་གར་གྱི་ཤཱཀ་རིགས་ཨའི་དབང་ཕྱུག་བྱ་བ་དང་། ཡུམ་ལྷ་བཟའ་ཀླུ་སྒྲོན་གཉིས་ཀྱིས་མཆོད་པ་བྱེད་པའི་ཚོགས་མང་པོ་བཤམས། སེར་སྐྱའི་གྲོང་ཆེན་པོའི་དབུས་སུ་ཡུམ་ཆེན་མོ་མན་ཆད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་ཅིང་། ངེད་བཟའ་མི་འདི་གཉིས་བྲམ་ཟེའི་རིགས་རྒྱ་གར་ཤཱཀ་རིགས་ཀྱི་བརྒྱུད་པ་འདི་ལ། བརྒྱུད་པ་ཆད་ལ་ཁད་པས་དེའི་མྱ་ངན་གྱིས་གདུང་ཞིང་ཡོད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་མན་ཆད་ཀྱི་ལྷ་རྣམས་དང་། ངེད་རྒྱ་གར་རྡོ་རྗེ་གདན་གྱི་ཤཱཀ་རིགས་ཨའི་དབང་ཕྱུག་འདི། སྔོན་ནས་སྨོན་ལམ་མཐུན་པ་ཡིན་པས་སྨོན་ལམ་བཏབ་དགོས་ཟེར་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ། ཕུན་ཚོགས་ཀྱི་གླིང་ནས་བྱོན་པའི་མཁའ་འགྲོ་མ་དེ་ཡུམ་གྱི་ཐུགས་སྤྲུལ་ཡིན་གྱིས། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་གནས་སུ་འགྲོ་དོན་རྫོགས་པ་དང་། སེར་སྐྱའི་བཟའ་མི་གཉིས་ཀྱིས་སྨོན་ལམ་བཏབ་པ་དང་དུས་མཚུངས་རེད་པས། སྔོན་གྱི་སྨོན་ལམ་གྱི་དབང་གིས་རྐྱེན་གྱིས་མཁའ་འགྲོ་མ་དེ་ལྟུང་བས་ཕོག་ནས། བྲམ་ཟེའི་བཟའ་མི་གཉིས་ཀྱི་སྨོན་ལམ་འགྲུབ་དེའི་ལྷུམས་སུ་ཞུགས་སོ། །དེ་ཡན་ཆད་དགའ་ལྡན་ལྷ་ཡུལ་སུམ་ཅུ་རྩ་གསུམ་ལྷ་གནས་སུ་སྐྱེས་པའི་ལེའུ་སྟེ་དང་པོའོ། །
དེ་ནས་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན་སེར་སྐྱ་བྱ་བའི་གླིང་གཅིག་ཡོད་དེ། གླིང་དེའི་གྲོང་ཁྱེར་ལ་འབུམ་ཚོ་གསུམ་ཡོད་སྐད། གྲོང་སྟོད་ན་ཆུ་མིག་འབབ་པ་དེ་གྲོང་དཀྱིལ་ན་རྟ་རབ་ཀྱིས་མི་ཆོད་པ། གྲོང་སྨད་ན་གྲུ་རྫིངས་དགོས་སྐད། གྲོང་ཁྱེར་དེ་ལ་རྒྱ་གར་ཤཱཀ་རིགས་ཀྱི་རྒྱལ་བརྒྱུད་གསུམ་ཡོད། རྒྱ་གར་གྱི་གྲོང་ཁྱེར་དེའི་དབུས་སུ་ཕོ་བྲང་ཆེན་པོ་ཤིང་རྟ་གཟིངས་བྱ་བ་གཅིག་ཡོད། དེ་རྒྱ་གར་ཤཱཀ་རིགས་ཨའི་དབང་ཕྱུག་བྱ་བ་དང་། ལྷ་བཟའ་ཀླུ་སྒྲོན་བྱ་བ་གཉིས་སུ་སྐུ་འཁྲུངས་པའི་སྲས་གཅིག་ཡོད་དེ། དེ་ནི་ཨོ་རྒྱན་གྱི་རིན་ཆེན་ཕུན་ཚོགས་ཀྱི་གླིང་ཡུམ་ཆེན་མོའི་ཐུགས་སྤྲུལ་མཁའ་འགྲོ་མ་དེ་ལྟུང་བས་ཕོག་པའི་དུས་ན་བྲམ་ཟེ་བཟའ་མི་གཉིས་ཀྱིས་སྨོན་ལམ་བཏབ་པ་དང་། རྒྱ་གར་ཤཱཀ་རིགས་སུ་སྐུ་འཁྲུངས་སྐད། རྒྱ་གར་གྱི་ཨ་ཙ་ར་པཎྜི་ཏ་གཅིག་གིས་མིང་བཏགས་པས། ཡབ་རྒྱ་གར་གྱི་ཨའི་དབང་ཕྱུག །ཡུམ་ལྷ་བཟའ་ཀླུ་སྒྲོན་མ་གཉིས་ཀྱིས་སྨོན་ལམ་བཏབ་པའི་བུ་ཡིན་པས་སྨོན་ལམ་གྲུབ་ཐོགས་གསུངས། ཁོང་ཡབ་ཡུམ་གཉིས་སྐྱིད་པ་དང་། དགའ་བ་དང་། དུས་གསུམ་གྱི་སངས་རྒྱས་ལ་སྨོན་ལམ་བཏབ་ཅིང་མཆོད་པ་ཕུལ་བའི་ཡོན་ཏན་ཡིན་པས་ད་ཡང་མཆོད་པ་འབུལ་ཞིང་སྨོན་ལམ་བཏབ་ཟེར་ཞིང་། མཆོད་པ་རྒྱ་ཆེན་པོ་ཤུགས་ལྡན་གྱི་སྤྲིན་ཙམ་བཤམས། རྒྱལ་རྒྱུད་ཡ་ཏ་མ་ཐ་གཉིས་བོས། ཁོ་རང་གི་འཁོར་འབངས་རྣམས་བོས། སྲས་འཁྲུངས་པའི་ཕྱེ་མར་བྱས། ཐམས་ཅད་ཀྱིས་སྨོན་ལམ་གྲུབ་པ་ལགས་སོ་ཟེར་སྐད། ཁོང་རང་ལ་ཡང་དཀོར་ནོར་གླང་ཆེན་སྟོང་དང་། མ་ཧེ་ཡོད་པ་བརྒྱ་བརྒྱ་མིན་པ་ཀུན་བཀྱེས།
དེ་ནས་ལོ་བཅུ་ལོན་ཙ་མ་བསླབས་པའི་ཡི་གེ་ཤེས། མ་བསྒྲུབས་པའི་སྒོམ་དང་རྟོགས་པ་འཆར། སློབ་དཔོན་བྷ་ར་སིདྡྷི་བྱ་བའི་དྲུང་དུ་སོང་། སྒོམ་དང་རྟོགས་པ་ཕུལ། རྒྱུད་སྡེའི་དབྱེ་བསལ་བྱས། པཎྜི་ཏ་དེས་ཁྱོད་ཕའི་མིང་ཅི་ཡིན་གསུངས། ངའི་ཕའི་མིང་ནི་ཤཱཀ་རིགས་ཨའི་དབང་ཕྱུག་བྱ་བ་ཡིན། ཡུམ་ནི་ལྷ་བཟའ་ཀླུ་སྒྲོན་བྱ་བ་ཡིན། དེ་གཉིས་ཀྱིས་སྨོན་ལམ་གྲུབ་པ་ཡིན་སྐད། ང་རང་ལ་ཡང་སྨོན་ལམ་གྲུབ་ཏུ་བཏགས་པ་ཡིན། དེ་ནས་སློབ་དཔོན་གྱིས་དེ་ཡང་ལས་དང་སྨོན་ལམ་ལ་རྟེན་འབྲེལ་འགྲིགས་པའི་མིང་ཡིན། ད་ཡང་འདུལ་བའི་ཁྲིམས་བསྲུང་ན་དེས་ཆོག་གསུངས། དེ་ནས་ལོ་བཅུ་གསུམ་ལ་བླ་མའི་དྲུང་དུ་བསྡད། སྒྲ་ཚད་མ་དང་ཕ་རོལ་ཏུ་ཕྱིན་པ་རྒྱུད་ལ་ཤར། དེ་ནས་ཕྱི་རོལ་དུ་བྱོན་ནས་རྒྱ་གར་རྡོ་རྗེ་གདན་དུ་ཁ་བལྟས་ནས་སོང་། ཕྱི་པ་མུ་སྟེགས་པའི་གླིང་དང་དུ་རུ་ཀའི་གླིང་ཆུང་རྣམས་ཀྱིས་ནང་ནས་སངས་རྒྱས་པ་ལ་ཆོས་བྱེད་པ་རྫུན་ཡིན་ཟེར་ནས་སྒྲོ་སྐུར་འདེབས་ནས་སྣང་། ཁོང་ལ་མུ་སྟེགས་ཀྱི་ཆས་ནི་མེད། སྔར་ནི་མུ་སྟེགས་པ་དང་རྩོད་གླེང་ཅི་འདྲ་ཡོད་ནི་ཆ་མེད། དེ་ནས་ནང་པའི་སྡེ་ཨ་ཙ་ར་གཅིག་དེར་སྣང་བ་དང་འཕྲད། ཁྱོད་གང་ནས་འོང་ཟེར། ང་འདི་འདྲ་ཡིན་ཟེར་ཙ། ད་ཁྱོད་མུ་སྟེགས་ཀྱི་སྡེ་ལ་ཐེ་མདོག་གྱིས། དེ་མིན་ཁྱོད་བསད་པ་ཡིན་ཟེར། དེ་ནས་མུ་སྟེགས་ཀྱིས་རྩོད་པ་བྱེད་དུ་བྱུང་པ་ལ། ང་ཡང་ཁྱེད་ཀྱི་སྡེ་ལ་འོང་བྱས་པ་ལས་ཁོང་རྣམས་དགའ་ནས་སང་ནངས་པར་སྡོམ་པ་འབོགས་ཀྱིས་ཟེར། དེ་ནུབ་ཞབས་ཏོག་གཟབ། མུ་སྟེགས་རྣམས་ཁོ་རང་ཆོས་སྤྱོད་ཚར་ནས་མཚན་ལ་རྡོ་རྗེ་གདན་ལ་འགྲོ་དགོས་བསམ་ཙ། སྒོ་རྣམས་འདན་པས་འགྲོ་ས་མ་རྙེད། སྒོ་སྲུང་རྣམས་ལ་ཡུའུ་སྒོའི་ཕྱི་རོལ་ན། ཀ་ཀ་ལི་ལ་ཕྱག་དང་སྐོར་བ་བྱེད་དུ་འགྲོ་བྱས་ཙ། སྒོ་སྲུང་དེས་དད་པ་ཆེ་བ་ཡིན་ནོ་སྙམ་ནས་སྒོ་ཕྱེས། ཁོ་རང་ཡང་ཕྱི་རོལ་ཏུ་ཀ་ཀ་ལི་ལ་ཕྱག་དང་སྐོར་བ་བྱེད་ཅིང་བསྡད།
དེ་ནས་རྡོ་རྗེ་གདན་དུ་ཁ་བལྟས་ནས་འོང་པ་ལ། ཉི་མ་དྲོས་ཙ་ན་རྡོ་རྗེ་གདན་དུ་ཕྱིན་ནས་ཁྱོད་གང་ནས་འོང་ཟེར་བས། སེར་སྐྱ་ཆེན་པོའི་གྲོང་ཁྱེར་དུ་སྐྱེས་པ་ཡིན། ངའི་ཕ་ལ་ཨའི་དབང་ཕྱུག་བྱ་བ་ཡིན། མ་ནི་ལྷ་བཟའ་ཀླུ་སྒྲོན་བྱ་བ་ཡིན། སློབ་དཔོན་ནི་དྷརྨ་སིདྡྷི་བྱ་བ་ཡིན། རྡོ་རྗེ་གདན་དུ་རྩོད་པ་ལ་ཡོང་བ་ཡིན་བྱས་ཙ། དེར་ནང་པ་དང་རྩོད་པ་བྱས་ཙ། ཁོང་ལ་བརྟེན་པ་གཅིག་ཀྱང་མ་བྱུང་། ཕྱི་པ་མུ་སྟེགས་པའི་ཆས་བྱས་ནས་རྩོད་ཙ་ཁོང་རྒྱལ་དུ་སོང་། དེ་ནས་མུ་སྟེགས་ཀྱི་གླིང་དུ་རྐང་མགྱོགས་པ་བཏང་ནས་མུ་སྟེགས་ཀྱི་སྡེ་ཚན་རྩོད་པ་ལ་ཡར་ཤོག་བྱས་པས། ཞག་གསུམ་དུས་ཐོག་ལ་སླེབ་ནས་ཕྱིན། ནང་པའི་གྲལ་གཡས་སུ་བྱས། མུ་སྟེགས་ཀྱི་གྲལ་གཡོན་དུ་བྱས། ནང་པའི་སྡེ་ཚན་འབུམ་ཚོ་བཅུ་གསུམ་འདུས། ཕྱི་པ་ལ་འབུམ་ཚོ་བཅོ་བརྒྱད་འདུས། ཟླ་བ་གཅིག་དང་ཞག་བདུན་གྱི་བར་དུ་རྩོད་པ་བྱས། མུ་སྟེགས་ཀྱི་སྡེ་ཚན་འབུམ་ཚོ་བཅུ་བདུན་དེ་ནང་པ་ལ་བཙུད། འབུམ་ཚོ་གཅིག་དེ་ཁོ་རང་གི་ཡུལ་ལ་སླར་ལྡོག །དེར་ཡང་འགྲོ་དོན་རྒྱ་ཆེན་པོ་འཕེལ་ལོ། །དེ་ནས་སེར་སྐྱའི་ཡུལ་དུ་བྱོན། ཡབ་གྲོངས་པ་དང་དུས་གཅིག་ལ་སེར་སྐྱའི་པཎྜི་ཏ་འབུམ་ཚོ་གསུམ་བསྡུས་ནས། དེར་ཡང་འགྲོ་དོན་རྒྱ་ཆེན་པོ་འཕེལ་ལོ། །ཡབ་ཀྱི་དགེ་བ་གྲངས་མེད་པ་བྱས། དགེ་རྩ་དེ་ཚར་ནས་ཡུམ་ཡང་གྲོངས། དེ་ལ་ཡང་དགེ་རྩ་གྲངས་མེད་བྱས། གླང་ཆེན་སྟོང་། མ་ཧེ་བཞོ་མ་སྟོང་། མི་བཞོ་བ་སྟོང་དང་སུམ་སྟོང་། རྒྱལ་པོའི་དཀོར་ཆ་ཐམས་ཅད་བླ་མ་དང་པཎྜི་ཏའི་ཕྱོགས་སུ་བཏང་། ཀུན་ལ་འགྱེད་དང་མཆོད་པ་བྱས། དཀོར་མཛོད་བྲན་གཡོག་དང་བཅས་པ་ཕའི་སྤུན་ལ་གཏད། ནམ་གྱི་ཐོ་རངས་ལ་གཅིག་པུར་ཟངས་གླིང་གི་གྲོང་ཁྱེར་དུ་བྱོན། ཟངས་གླིང་དུ་གུ་རུ་རཏྣ་བྱ་བའི་དྲུང་དུ་རྒྱུད་ལ་ཤར་བའི་རྟོགས་པ་ཕུལ། ལོ་གསུམ་བསྡད་ནས་ཉམས་ལེན་ག་དར་མཛད། དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་པུརྣ་ཉེ་བའི་དུར་ཁྲོད་གཅིག་ཡོད། དུར་ཁྲོད་ཀྱི་གླིང་དེར་ཉལ་ནས་བསྡད་ཙ། དུར་ཁྲོད་ཀྱི་མཁའ་འགྲོ་མ་གཅིག་རུས་པའི་རྒྱན་ཆ་དྲུག་ཐོགས་ནས་རྒྱ་གར་གྱི་ཨ་ཙ་ར་ཁྱོད་ངའི་དུར་ཁྲོད་ཀྱི་གླིང་མིན་པ་ཉལ་ས་མ་རྙེད་པ་ཨེ་ཡིན་ཟེར་ནས་འཇིགས་པའི་སྐད་དུ་མ་སྟོན། དེ་ནས་ཁོང་གིས་གསོལ་བ་བཏབ་ཅིང་བསྒོམས། མཁའ་འགྲོ་མ་དེའི་ཞལ་ནས། ཨ་ཙ་ར་ཁྱོད་དུར་ཁྲོད་དུ་ཉལ་བའི་ཆོས་མི་ཤེས་པ་གཅིག་ཟེར། དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་པོ་ཏ་ལའི་རི་ལ་བྱོན་ཏེ་བྲག་ཕུག་པ་ཏྲ་བྱ་བ་སྣང་། དེར་རྒྱ་གར་གྱི་པཎྜི་ཏ་གཅིག་བསྒོམས་ཤིང་བཞུགས་ཟིན། དེའི་དྲུང་དུ་ཕྱིན་ནས་སེམས་ལ་ཕན་པའི་ཆོས་ཤིག་ཞུ་བྱས་པས། ཨ་ཙ་ར་དེའི་ཞལ་ནས། ལར་ལྟ་རྟོག་སེམས་ལ་གྱིས་དང་འོད་གསལ་ནང་ནས་འཆར་གསུངས། བོད་ཀྱི་ཡུལ་དུ་འགྲོ་དོན་བྱེད་དགོས་པས། དགེ་སྦྱོར་མྱུར་དུ་སྐྱོངས་ཤིག་གསུངས། ཨ་ཙ་ར་དེ་སྐད་གསུངས་ནས་མི་སྣང་སྐད། དེ་ནས་ཁོང་གིས་སེམས་བུན་ལོང་གིས་སོང་ནས་ཐུགས་ལ་མི་བདེ་བ་མང་དུ་བྱུང་། དབུ་བཏུམ་ནས་མལ་དུ་གཟིམ་ཙ། ནམ་གྱི་ཐོ་རངས་ཁར་བྲག་གི་གློ་ནས་བུད་མེད་གཅིག་གིས་སྐད་ལྷང་གིས་འབོད་པ་གཅིག་བྱུང་ཙ། ཨ་ཙ་ར་ཁྱེད་མྱ་ངན་གྱི་མཚོ་ལ་བྱང་ཆུབ་ཀྱི་སེམས་རྐྱལ་དུ་མ་བཅུག་ལ་ཡར་ལོང་དང་། ཁྱེད་ཀྱི་སེམས་དེ་བོད་རིགས་ངན་གྱི་ཡུལ་དུ་འགྲོ་དགོས་ཟེར་བ་སྙམ་བྱུང་སྟེ། བོད་ཡུལ་དུ་འགྲོ་དོན་མཛད་ནས་ཕྱིར་མི་ལྡོག་པའི་ས་ཐོབ་སྐད། ཁོང་གི་ཐུགས་ལ་དེ་བས་ཀྱང་སེམས་འཁྲུགས་ཏེ་གཟིམས་ནས། ནམ་ལངས་ཙ་ན་བུད་མེད་དམར་མོ་གཅིག་གིས་ང་བོད་ཡུལ་ནས་འོང་བ་ཡིན་ཟེར། རིགས་ལྡན་སྐྱེས་བུ་ཨ་ཙ་ར། ཁྱེད་དང་པོ་སྐུ་འཁྲུངས་པ་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་གནས་སུ་སྐུ་འཁྲུངས། དེ་ནས་རྒྱ་གར་སེར་སྐྱ་རུ་སྐུ་འཁྲུངས། འགྲོ་དོན་མང་དུ་མཛད། ད་བོད་ཡུལ་དུ་འགྲོ་དོན་མཛད་ནས་སུ་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡིན་གསུངས་སོ། །རྒྱ་གར་གྱི་ཆོས་ཐམས་ཅད་བོད་ཡུལ་དུ་དར་བ་ཡིན་གསུངས། མཁའ་འགྲོ་ལྔའི་སྒྲུབ་པ་གྱིས་ཤིག་གསུངས་ནས་ལུང་བསྟན་ནོ། །
དེ་ནས་མལ་དུ་བཞུགས་ནས་མཁའ་འགྲོ་མ་ལྔའི་སྒྲུབ་པ་མཛད་ཙ་ཞག་གསུམ་ནས་འཚོ་བ་འདྲེན་པ་བྱུང་། ཟླ་བ་གསུམ་ན་མཁའ་འགྲོ་མ་ལྔའི་ཞལ་མངོན་སུམ་དུ་མཐོང་སྟེ། མཁའ་འགྲོ་མ་ལྔས་ཨ་ཙ་ར་སྨོན་ལམ་འགྲུབ་ཀྱི་ཐུགས་བསྒྱུར་ཏེ། ད་ནི་བོད་ཡུལ་དུ་འགྲོ་དོན་ལ་ཡ་ང་སྤང་དགོས་པ་གཅིག་བྱུང་། ཁོང་གི་ཐུགས་བསྒྱུར་ནས་འགྲོ་དོན་རན་ཀྱང་རྒྱ་གར་གྱི་ཡུལ་དུ་ཆགས་པའི་སེམས་དང་མ་བྲལ་ནས། རྒྱ་གར་གྱི་ཡུལ་ན་མཁའ་འགྲོ་མ་ལྔ་བསྒྲུབ་སྟེ་ཁོང་གིས་ཐུགས་བསྒྱུར་ཐུབ་སྟེ། དེ་ནས་ཉིན་གཅིག་ཙ་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཅིག་གིས། ཨ་ཙ་ར་སྨོན་ལམ་གྲུབ་ཁྱེད་རིག་པ་དྲི་མེད་ངང་ལ་སྟིམས་ཤིག་གསུངས། ཁོང་གིས་རྒྱབ་ཏུ་སིལ་ཟེར་བའི་སྣང་བ་ཞིག་བྱུང་བ་དང་། ཕྱི་མིག་གཅིག་བལྟས་ཙ། མཁའ་འགྲོ་མ་སྐུ་མདོག་མཐིང་ནག་གཅིག་སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན་པ། གཡས་ན་གྲི་གུག། གཡོན་ན་ཐོད་ཁྲག་བསྣམས་པ། ཁ་ཊྭཱཾ་ག་གྲུ་མོ་རུ་བཅུག་པ་གཅིག་སྣང་བས། ཨ་ཙ་ར་སྨོན་ལམ་གྲུབ་ཁྱོད་བོད་ཡུལ་དུ་འགྲོ་དོན་ལ་ཤོག་ཅིག་ཟེར་ནས། གྲི་གུག་སྐེ་ལ་བརྒྱབ་སྟེ་མགོ་ལུས་ཕྱེས། བེམ་རིག་ཕྲལ་ནས་མཁའ་འགྲོ་མ་ལ་རིག་པ་ཞུགས་ཏེ་བོད་ཡུལ་དུ་འོང་ངོ་། །དེ་ནས་བོད་ཀྱི་དབུས་ངམ་ཤོད་ཀྱི་ཡུལ་སྨད་གྲོང་ཚོ་མེར་རེ་བྱ་བ་ཡབ་ཁེར་གད་ཆོས་ལྷ་བྱ་བ་དང་། ཡུམ་ཕྱུག་མོ་འབུམ་ལྕམ་གཉིས་ཀྱི་ལྷུམས་སུ་ཞུགས་སོ། །དེ་ཡན་ཆད་རྒྱ་གར་རྡོ་རྗེ་གདན་དང་སེར་སྐྱའི་གྲོང་ཁྱེར་ཆེན་པོ་དང་། མུ་སྟེགས་པ་རྣམས་ནང་པའི་སྡེ་ལ་བཀོད་པ་དང་། བོད་ཡུལ་དུ་འགྲོ་དོན་ལ་བྱོན་པའི་ལུང་སྟོན་དང་གླེང་གཞིའི་ལེའུ་ལས། གླིང་གཉིས་སུ་འགྲོ་དོན་ཚར་བའི་ལེའུ་སྟེ་གཉིས་པའོ། །
ངམ་ཤོད་སྨད་ཀྱི་ཡུལ་གྲོང་མཚོ་མེར་མེར་བྱ་བར་ཡབ་ཁེར་གད་ཆོས་ལྷ་བྱ་བ། ཡུམ་ཕྱུག་མོ་འབུམ་ལྕམ་བྱ་བ་གཉིས་ཀྱི་ལྷུམས་སུ་ཞུགས་པའི་ལུས་པོ་གཅིག་ཡོད་དོ། །མའི་ལུས་ལ་ཡོད་པའི་དུས་སུ་ཟླ་བ་གསུམ་རེད་ཙ། ལུས་ལ་སྒྲོན་མེ་བཏེགས་པ་རྨིས། ཟླ་བ་དྲུག་རེད་ཙ་ཁྱིམ་ཡང་སྒྲོན་མེས་གང་བ་རྨིས། ཟླ་བ་དགུ་རེད་ཙ་ངམ་ཤོད་ཀྱི་ཡུལ་སྨད་གྲོང་ཚོ་མེར་མེར་བྱ་བ་སྒྲོན་མེས་གང་བ་རྨིས། ཟླ་བ་བཅུ་ངོ་ལོན་ཙ་ག་ཏེའི་སྔགས་དང་ཧ་རི་ནི་སའི་སྔགས་བཟླ་བ་དང་། མ་རྒྱུད་ཀྱི་སྔགས་བགྲང་བ་རྣམས་མས་ཐོས་ནས་ཡབ་ལ་དྲིས་ཏེ། ངའི་ལུས་ལ་ཡོད་པ་དེ་ནི་ལྷ་མི་གང་གི་སྤྲུལ་པ་ཡིན་མི་ཤེས། བདུད་ཀྱི་སྤྲུལ་པ་ཨེ་ཡིན། སྔོན་ནས་ཡོད་པ་དེ་དང་མི་འདྲ་བ་གཅིག་བྱུང་ཟེར། ཡབ་ཀྱིས་ཅི་འདྲ་བ་གཅིག་བྱུང་ཟེར་ཙ། ངའི་ལུས་པོའི་ནང་དུ་ག་ཏེའི་སྔགས་དང་། ཧ་རི་ནི་སའི་སྔགས་བཟློ་བ་དང་དེ་འདྲ་བ་གྲག་ཟེར། དེ་ནས་ཡབ་ཀྱིས་ཟེར་བ། ག་ཏེའི་སྔགས་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་ཡིན། ཧ་རི་ནི་ས་ནི་མཁའ་འགྲོ་ཡོངས་རྫོགས་ཀྱི་སྙིང་པོ་ཡིན། བདུད་ཀྱི་སྤྲུལ་པ་ནི་ཨེ་བོ་ཡིན། མི་ལ་མ་བཟློ་གསུངས།
དེ་ནས་ཟླ་བ་བཅུ་ལ་བཙས་ཏེ། མས་བལྟས་ཙ་ཤ་མདོག་དཀར་བ་གཅིག་སྣང་། དཔྲལ་བ་ན་སྤྱན་གསུམ་སྣང་། ཁ་ན་ཨ་བགྲང་འདུག །ལྕེ་ཐོག་ན་ཡི་གེ་ཧྲཱིཿདམར་པོ་གཅིག་གིས་འཁོར་ཞིང་སྣང་བ་མཐོང་། མས་བླངས་བས་མཛོད་ཀྱི་སྒོ་ཕག་ཏུ་བྷ་ཏོ་ཧྲུལ་པོ་གཅིག་གི་ནང་དུ་བཏུམ་ནས་བཞག །ཕྱིར་ཉིན་ཉི་མ་ཤར་དྲོས་ཙ།
ཡབ་རྩར་ཕྱིན་ཏེ། ང་ལ་ཁར་སང་བཙས་པ་དེ་ནི་བུ་མོ་གཅིག་སྣང་། བཙས་མ་ཐག་ན་ཁ་ལ་ཨ་བགྲང་འདུག །དཔྲལ་བ་ན་མིག་གསུམ་སྣང་། ལྕེ་ཐོག་ན་ཡི་གེ་ཧྲཱིཿདམར་པོ་གཅིག་འཁོར་སྣང་། འདི་མི་མ་ཡིན་གྱི་སྤྲུལ་པ་ཨེ་ཡིན། འོ་ཅག་གཉིས་ཀྱི་ཉམས་ལེན་ལ་འོང་བ་ཨེ་ཡིན་གསུངས། དེ་ནས་ཡབ་ཀྱིས་ཁྱེར་ལ་ཤོག་གསུངས། ཡབ་ལ་བསྟན་ཏེ་ཡབ་ཀྱིས་ཟེར་ནས་འདི་གང་ཡིན་ཤན་མ་ཕྱེད་ཀྱི་བར་མི་ལ་གསང་ངོ་། །ཁྱེད་ཀྱང་སྒོར་མ་རྒྱུག་ཟེར། མ་ཡང་ཟླ་བ་གསུམ་ལ་ངོ་མ་སྤྲད་ནས་གསོས་ཙ་སྐྱེད་ཆེ་ལ་ཡིད་དུ་འོང་བ་གཅིག་བྱུང་། མས་ཡིད་དུ་འོང་བ་ཞིག་བཟླས་ཙ་ཡབ་ཡུམ་གཉིས་ཀྱིས་མཚན་གསོལ་ནས། སྒྲོན་རྩེ་མ་མིང་བཏགས།
དེ་ནས་ལབ་ལུང་དེ་ན་འཁྲུགས་པ་དང་། ནད་ཡམས་རྣམས་ཀྱང་རྒྱུན་ཆད་དོ། །དེར་ལོ་བཞི་ལོན་ནས་ཕོ་མོ་གཉིས་དགེ་བཤེས་ཨན་སྟོན་གྱི་རྩར་ཡོད་པ་རབ་ཏུ་བྱུང་ནས། མིང་ཡང་འབུམ་རྩེར་བཏགས། དེའི་རྩར་ཕྱིན་ཙ། དགེ་བཤེས་ཨན་སྟོན་གྱི་ཞལ་ནས། འབུམ་མེ་ཁྱོད་ཀྱི་བུ་མོ་འདི་ལ་མཁའ་འགྲོ་མའི་མཚན་རྟགས་རྣམས་ཚང་ནས་འདུག་པས། འདི་ལ་ཀློག་གཅིག་སློབ་དང་། ཆོས་སྐལ་བཟང་པོ་གཅིག་འོང་བར་སྣང་གསུངས། དེ་ནས་ཡི་གེ་བསླབ་པས་ལོ་ངོ་བཅུ་ལོན་ནས་ཀློག་མཁས་པའི་གྲགས་ཐག་ཆོད་པ་བྱུང་ངོ་། །དགེ་བཤེས་རྣམས་དང་ཐམས་ཅད་ཀྱི་ཡིད་དུ་འོང་བ་གཅིག་བྱུང་ངོ་། །དེ་ནས་དབྱེའི་ཕྱི་རོལ་ཏུ་རྒྱལ་གྱི་སྟོན་མོ་གཅིག་བྱུང་། དེའི་དབུས་སུ་ཐམས་ཅད་སྟོན་མོ་ལ་སོང་བས། དེར་འདུས་པའི་ཁྲོམ་པ་རྣམས་ཀྱིས་བུ་མོ་འདི་གང་ནས་འོང་བ་ཡིན་ཟེར། འདི་ནི་ལབ་བྱ་བ་ནས་འོང་བ་ཡིན། མའི་ལུས་ལ་ཡོད་པའི་དུས་སུ་སྒྲོན་མེ་བཏེགས་པ་དང་། ཁྱིམ་སྒྲོན་མེས་གང་བ་དང་། ལབ་ལུང་པ་ཡང་སྒྲོན་མེས་གང་བ་རྨིས་སྐད། དེ་ནས་ཁྲོམ་པ་རྣམས་ཀྱིས་འདི་འོང་ཡང་ལབ་ནས་འོང་། མིང་ཡང་སྒྲོན་རྩེ་མིང་། ད་ལབ་སྒྲོན་མིང་ཐོགས་ཟེར། ཁྲོམ་པ་རྣམས་ཀྱིས་མིང་ལབ་སྒྲོན་དུ་གསོལ་ལོ། །དེ་ནས་གཡུ་རུ་གྲྭ་ཐང་དུ་བྱོན། གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་རབ་ཏུ་བྱུང་ནས་བཙུན་མ་བྱས། གྲྭ་པ་མངོན་ཤེས་ཅན་གྱི་རྩར་བཀའ་རྒྱས་འབྲིང་བསྡུས་གསུམ་ཀློག་ཅིང་བསྡད་ཙ། རྒྱ་འཕོ་བ་གྲོང་འཇུག་གི་འབུམ་ཆ་གཅིག་བཀླགས། དེའི་ཉིན་པར་གྲྭ་པ་མངོན་ཤེས་ཅན་གྱིས་གསུངས་པ། ཇོ་མོ་ཁྱོད་དར་ཞྭ་འདི་གྱོན་ལ་ཀློག་དང་། ཆོས་སྐད་བཟང་པོ་གཅིག་འདུག་སྐད། མིང་ཡང་ཇོ་མོ་ཞྭ་ཆུང་ཅན་དུ་བཏགས། རྒྱ་འཕོ་བ་གྲོང་འཇུག་གི་ཀློག་སྐད་དང་། ཇོ་མོ་ཞྭ་ཆུང་ཀློག་སྐད་གཉིས་འགྱུར་གྱིས་བཟང་ཟེར་ནས་ཐག་ཆོད་པ་བྱུང་ངོ་། །
དེ་ནས་གཡུ་རུ་གྲྭ་ཐང་དུ་གྲྭ་པ་མངོན་ཤེས་ཅན་གྱིས་གཟིགས་ནས་བླ་མཆོད་བྱེད་ཅིང་འདུག་ཙ། རྒྱལ་གྱི་ལྷ་ཁང་དུ་རྒྱ་གར་གྱི་ཨ་ཙ་ར་གཅིག་ཕྱིན་ཟིན་ཟེར་བའི་སྐད་ཅིག་གྲག །ཨ་ཙ་རས་མངོན་ཤེས་ཀྱིས་གཟིགས་ནས་རྒྱ་གར་གྱི་ཡུལ་སེར་སྐྱའི་གྲོང་ཁྱེར་དུ་སྐྱེས་པའི་པཎྜི་ཏ་ཨ་ཙ་ར་གཅིག་པོ་ཏ་ལའི་ཏ་ལའི་བྲག་ཕུག་ཏུ་སྒོམ་ཞིང་བཞུགས་ཙ། མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཅིག་གིས་ལུང་བསྟན་བྱས། དེ་ནས་མཁའ་འགྲོ་མས་ལས་མཁན་བྱས་ནས་བསྒྲལ། དེས་ཚེ་འཕོས་ནས་ལབ་ཀྱི་ལུང་པར་སྐུ་འཁྲུངས་ཏེ། དེང་སང་གྲྭ་པ་མངོན་ཤེས་ཅན་གྱི་དྲུང་རབ་ཏུ་བྱུང་ནས་བླ་མཆོད་བྱེད་ཅིང་ཡོད་པར་གཟིགས། དེ་ལ་སང་ནངས་པར་མཇལ་དུ་འགྲོ་དགོས་བསམ་པའི་ཐུགས་དགོངས་ཅིག་བྱུང་། དེ་ནུབ་ཇོ་མོའི་རྨི་ལམ་ན། མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཞིག་བྱུང་བས་རྒྱ་གར་ནས་བྱུང་བའི་ཨ་ཙ་ར་གཅིག་བོད་ཡུལ་དུ་འགྲོ་དོན་ལ་བྱོན་པ་དེ་སང་ནངས་པར་མཇལ་དུ་འོང་བར་ཡོད་གསུངས། ཁོང་གི་ཐུགས་ལ་ང་ལ་ཨ་ཙ་ར་མཇལ་དུ་འོང་བ་འདི་ཅི་ཡིན་ཨང་རྨི་ལམ་ལ་དགོངས་ནས། ཁྱོད་ལ་མཚན་ཇོ་མོ་བྱ་བ་ཡིན། ཨ་ཙ་ར་ནག་པོ་དེ་ལ་དམ་པ་རྒྱ་གར་བྱ་ཡིན་ཟེར། དེ་ནས་ཡར་སད་ཙ་ཅི་ཡང་མི་སྣང་སྐད། རྨི་ལམ་འཁྲུལ་པ་ཡིན་གྱིས་འཛིན་པ་མེད་དོ་གསུངས་སྐད། དེ་ནས་ཕྱི་ནངས་ཉི་མ་ཤར་ཙ་ན་གཡུ་རུ་གྲྭ་ཐང་གི་སྒོ་ཆེན་ལ་ཏུག་སྟེ་བྱོན་ཙ། དམ་པ་ཡང་རྒྱལ་གྱི་ལྷ་ཁང་གྲྭ་དྷེའི་འཕྲང་ལ་ཉུག་སྟེ་བྱོན་ནས་འོང་བ་ཏུག་གིས་མཇལ་ལོ། །ཕྱག་བྱས་ཤིང་ཁ་ཁར་སོང་། དབུ་གཉིས་གཏུག་རེས་བྱས་སྐད། ཇོ་མོས་གསུངས་ནས་དམ་པ་བོད་ཡུལ་དུ་འགྲོ་དོན་ལ་བྱོན་པ་ངོ་མཚར་ཆེ་གསུངས།
དམ་པའི་ཞལ་ནས་ཀྱང་། ཁྱེད་ཡེ་ཤེས་མཁའ་འགྲོ་མ་ཡིན་ཏེ། ལབ་ཏུ་སྐུ་འཁྲུངས་ནས་བོད་ཡུལ་དུ་འགྲོ་དོན་ལ་བྱོན་པ་ངོ་མཚར་ཆེ། ཁྱེད་ཀྱི་ཆོས་རྒྱུད་འདི་དུས་མཐར་མཁའ་ལ་ཉི་མ་ཤར་བ་ལྟར་འོང་བ་ཡིན་གསུངས། དེ་ན་ཨ་ཙ་ར་ནག་པོ་དམ་པ་རྒྱ་གར་བོད་ཡུལ་དུ་གྲགས་པ་ཡིན་གསུངས། དེ་ནས་ཨ་མ་ཇོ་མོ་ཡང་ནང་དུ་བྱོན་ནས་ཉི་ཁྲི་ཀློག་པའི་སྐབས་སུ་གཟིགས་རྟོགས་མཛད་ནས་བདུད་ཀྱི་ལེའུ་ལས་བློ་གཅིག་རྟོགས་ནས་གྲོལ་ཏེ། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོ། །བཀའ་ཐོག་ནས་གྲོལ་བའི་གྲོལ་ལུགས་བཀའ་དང་མི་འགལ་བའི་ཕྱོགས་འགའ་ཞིག་འབྱུང་སྟེ། དང་པོ་ཟས་ལ་ཕྱོགས་རིས་མེད་པའི་རྟགས་སུ། སྔར་ཟས་དཀར་གསུམ་མངར་གསུམ་མིན་པར་མི་ཟ་བ་ལ། དེ་ཕྱིན་ཆད་མཛེ་ཟས་དང་སྤྲང་ཟས་ཟ་བ་གཅིག་བྱུང་། གཉིས་པ་གོས་ཀྱི་ཕྱོགས་རིས་ཞིག་པའི་རྟགས་ལ། སྔར་ཆོས་གོས་ངུར་སྨྲིག་མིན་པ་མི་གོན་པ་ལ། ཕྱིས་མཛེ་གོས་དང་སྤྲང་གོས་གྱོན་པ་གཅིག་བྱུང་ངོ་། །གསུམ་པ་གནས་ཀྱི་ཕྱོགས་རིས་ཞིག་པའི་རྟགས་སུ། སྔར་གནས་སྡེ་དགོན་མིན་པ་མི་འདུག་པ་ལ། ཕྱིས་མཛེ་གནས་དང་སྤྲང་གནས་ལམ་འཕྲང་སྲང་དུ་འདུག་པ་གཅིག་བྱུང་། བཞི་པ་གྲོགས་ཀྱི་ཕྱོགས་རིས་ཞིག་པའི་རྟགས་ལ། སྔར་མཁན་སློབ་དང་མཚུངས་པའི་སྡེ་དང་འགྲོགས་པ་ལ། ཕྱིས་མཛེ་སྤྲང་དང་འགྲོགས་པ་གཅིག་བྱུང་། ལྔ་པ་ཡུལ་གྱི་ཕྱོགས་རིས་ཞིག་པའི་རྟགས་སུ། སྔར་མི་ཆོས་ཀྱི་ཡུལ་དབྱེའི་ལབ་དང་། ལྷ་ཆོས་ཀྱི་ཡུལ་གཡུ་རུ་གྲྭ་ཐང་དུ་འདུག་པ་ལ། དེ་ཕྱིན་ཆད་རྒྱལ་ཁམས་ཕྱོགས་མེད་དུ་གཤེགས་པ་གཅིག་བྱུང་། དེ་ལ་བཀའ་དངོས་དང་མི་འགལ་བ་ཉི་ཁྲིའི་ནང་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པས་གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་ལ་གཉིས་སུ་མེད་དོ། །གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་སོ། །དེ་ནས་དགུང་ལོ་སུམ་ཅུ་རྩ་བདུན་ལོན་ཙ། བླ་མ་རིན་པོ་ཆེའི་ངོ་སྤྲོད་ཀྱི་བརྒྱུད་པ་མ་ཆད་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ། ན་བུན་མ་ཡལ་བ་ཡིན་སྐད།
གཉིས་པ་ཉེ་བའི་བརྒྱུད་པ་ནི། ཨ་མ་ཇོ་མོ་ཡན་ཆད་དུ་ཆོས་སྤྱིའི་བརྒྱུད་པ་ནི་ཡོད། གཅོད་ཡུལ་དུ་གྲགས་པའི་བརྒྱུད་པ་ནི་མེད། ཨ་མ་ཇོ་མོ་ནི་གང་ཟག་རང་རྒྱུད་པ་མ་ཡིན། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན། སྙིགས་མར་གདུལ་བྱར་དུས་ལ་བབ་པ་ཡིན་ནོ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བཀའ་རྒྱས་འབྲིང་གཟིགས་རྟོགས་མང་དུ་མཛད། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། དེ་ནས་གྲྭ་པ་མངོན་ཤེས་ཅན་ལ་དབང་གཅིག་ཞུ་བྱས་ཙ། ངས་ཁྱོད་ལ་དབང་བསྐུར་མི་ནུས། དབང་སྐྱོ་སྟོན་བསོད་ནམས་བླ་མ་ལ་ཞུས་ཟེར་ནས་ལུང་བསྟན། དེ་ལ་བར་ཆད་མི་འོང་ངམ་བྱས་པས་མི་འོང་གསུངས། དེ་ལ་བརྟེན་ནས་སྐྱབས་འགྲོ་ཡན་ལག་བརྒྱད་པ་མཛད། ཕྱིས་སྐྱོ་སྟོན་བསོད་ནམས་བླ་མ་དང་མཇལ་ནས་འབུལ་བ་ཆེན་པོ་བྱས་ཏེ་ང་ལ་དབང་བསྐུར་གཅིག་ཞུ་ཞུས་པས། གྲྭ་པ་མངོན་ཤེས་ཅན་གྱི་ལུང་བསྟན་ཡིན་ཞུས། དགེ་བཤེས་ཀྱིས་སྣོད་ལྡན་དུ་གཟིགས་ནས་དབྱེའི་ལྷ་ཁང་དུ་དབང་བཞི་རྫོགས་པར་གནང་།
དེའི་ནུབ་མོ་ཇོ་མོས་ལུས་ཁྲུ་གང་གི་ས་ལ་མ་རེག་པར་ཞི་བའི་གར་སྟབས་ཉི་ཤུ་རྩ་གཅིག་མཛད། གསུངས་སཾ་སྐྲྀ་ཏའི་སྐད་མཛད། ཐུགས་ཐོགས་པ་མེད་པ་ཏིང་ངེ་འཛིན་དུ་མ་མཛད། ཁང་པའི་གྱང་ལ་ཐོགས་པ་མེད་པར་ཏལ་གྱིས་བྱོན་ནས། སྡོང་པོ་གསེར་གླག་ཅན་དུ་ཀླུ་རྒྱལ་དྲག་པོ་ལག་སྐྱོང་བྱ་བ་གནས་པར་ཐོགས་པ་མེད་པའི་ཏིང་ངེ་འཛིན་མཛད། ཀླུ་དྲག་པོ་ལག་སྐྱོང་ན་རེ། སྔར་འདི་འདྲ་བའི་ཆོས་བརྒྱུད་ཡོད་མ་མྱོང་། ཁྱོད་ཤ་ལ་དགའ་བའི་ཀླུ་རིགས་རྣམས་འདིར་འདུས་དང་ཟེར་ནས་ཀླུ་རྣམས་ཀྱིས་ཆོ་འཕྲུལ་སྣ་ཚོགས་བསྟན། ཁོང་གིས་ལུས་པོ་སྦྱིན་པར་བཏང་། སེམས་ཆོས་ཉིད་གཏེར་དུ་སྦས། ཀླུ་རྣམས་ཀྱིས་ཆོ་འཕྲུལ་ཇི་ལྟར་བསྟན་ཀྱང་མ་ཚུགས། ཀླུ་རྣམས་ཀྱིས་ཕྱག་འཚལ་བ་དང་སྐོར་བ་བྱེད་པ་བྱུང་ངོ་། །སྲོག་སྙིང་ཕུལ་བྱུང་ངོ་། །ཐོ་རངས་སྐྱ་རེངས་ཤར་བའི་དུས་སུ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས། ལབ་ཀྱི་སྒྲོན་མ་ཁྱོད་ཆུ་མིག་གཉན་ཁྲོད་བརྒྱ་རྩ་བརྒྱད་ལ་སྒྲུབ་པ་མཐར་སྐྱོལ་དང་། ཕྱིར་མི་ལྡོག་པའི་ས་ནོན་པ་ཡིན། གཞན་ཡང་ལུང་བསྟན་མང་དུ་མཛད། ཕྱིར་ནངས་མཆེད་གྲོགས་རྣམས་ཚོལ་དུ་ཕྱིན་ཏེ་བླ་མའི་དྲུང་དུ་ཁྲིད་ནས། མདང་ཇོ་མོས་དབང་མ་ཐོབ་བྱས་ཙ། བླ་མའི་ཞལ་ནས་མདང་འདུས་བྱས་རྫས་ཀྱི་དབང་དེ་ཁྱེད་རྣམས་ཀྱིས་ཐོབ། ཆོས་ཉིད་དོན་གྱི་དབང་དེ་ཇོ་མོ་འདིས་ཐོབ་གསུངས། དགེ་བཤེས་དབྱེན་སྟོན་ལས་ཡང་རྫོགས་ཆེན་གྱི་ཆོས་སྐོར་རྣམས་གསན་ནོ། །གྲྭ་པ་མངོན་ཤེས་ཅན་ལས་ཕར་ཕྱིན་གྱི་ཞལ་བཀའ་གདམས་ཀྱི་ཆོས་རྣམས་གསན་ནོ། །
དགེ་བཤེས་ཤུད་བུ་ཞྭ་དམར་ཅན་ལ་དབང་སེམས་སྒོམ་གྱི་སྐོར་རྣམས་གསན་ནོ། །དགེ་བཤེས་ཡང་རྩེ་བ་ལས་ཕྱག་རྒྱ་ཆེན་པོའི་སྐོར་རྣམས་གསན་ནོ། །དེ་རྣམས་ཀྱི་ནང་ནས་དགེ་བཤེས་བསོད་ནམས་བླ་མ་དེ་རྩ་བའི་བླ་མ་ཡིན་ནོ། །ཐོས་བསམ་གྱི་སྒྲོ་འདོགས་ཀྱང་དེ་ཙམ་གཅིག་བཅད། ལོ་སུམ་ཅུ་རྩ་གསུམ་ཚུན་ཆད་ལ་བཙུན་མའི་གྲགས་ཐག་ཆོད་པ་གཅིག་བྱས་སོ། །སུམ་ཅུ་རྩ་གསུམ་ལོན་པའི་དུས་དབྱེ་ཆུང་ན། ཡོན་བདག་ལྷ་མོ་སྒྲོན་བྱ་བ་གཅིག་དང་བཟའ་མི་གཉིས་རབས་ཆད་དུ་འདུག་པས་ཟས་ནོར་གང་ཡོད་ཆོས་ལ་བཏང་ཞིང་སྣང་། ཁོང་གིས་འབུམ་དང་ཉི་ཁྲི་བཀླགས་ནས་ཡོད་ཙ། ཡུལ་ཕྱོགས་དེ་ན་ཐོད་པ་བྷ་རེ་བྱ་བ་གཅིག་སྣང་། དེ་ཡོན་བདག་གི་ཆོ་ག་ལ་སྙག །དེའི་ལོ་རྒྱུས་ཅུང་ཟད་ཙམ་བཤད་ན། རྒྱ་གར་ཡུལ་དུ་སྐྱེས་པའི་པཎྜི་ཏ་གཅིག་བོད་ཡུལ་དུ་བྱོན་པ་ཡིན་སྐད། དབྱེའི་རབ་ཁ་བྱ་བར་སྐུ་འཁྲུངས་ཡབ་ནི་རཏྣ་སིདྡྷི་བྱ་བ་ཡིན། ཡུམ་ནི་ས་མ་ཏི་བྱ་བ་ཡིན། མཚན་ནི་བྷ་རེ་བྱ་བར་གྲགས་ཡིན། ཡོན་བདག་དེའི་རྩར་ཇོ་མོས་ཀློག་བྱས། བྷ་རེས་ཆོ་ག་བྱས་ཙ། བྷ་རེས་ཡང་ཆོ་ག་བྱེད་མི་འདོད་པ་ཧ་རེ་ལྟ་འདུག །ཡོན་བདག་མོ་ན་རེ། བརྟེན་པ་ཆོ་ག་མི་མཛད་ཅི་ཡིན་ཟེར། ངས་ཆོ་ག་བྱེད་སྙིང་མི་འདོད་པ་ཞིག་འདུག་ཟེར། བློ་བདེ་འབོལ་ལེ་སོང་སྐད། ཡོན་བདག་མོ་ན་རེ། ངེད་བཟའ་མི་གཉིས་ཀྱང་དེ་འདྲ་ཟེར། དེ་ཅི་ཡིན་ཨང་ཟེར། ཁོང་ན་རེ། ཅི་ཡང་མ་ཡིན་ཇོ་མོ་འདི་བྱིན་རླབས་ཅན་གཅིག་འདུག་པས་དེའི་བྱིན་རླབས་ཡིན་ནོ། །རང་ཅག་རྣམས་ལ་བྱིན་རླབས་ཀྱི་འོད་ཟེར་ཕོག་པ་ཡིན་སྐད། དེའི་ནུབ་མོ་མཁའ་འགྲོ་མ་སྐུ་མདོག་དམར་མོ་དཔྲལ་བ་ན་མིག་ཡོད་པ་གཅིག་གིས་ཇོ་མོ་ཁྱོད་ཆོ་ག་མཁན་པོ་འདི་དང་སྔོན་གྱི་སྨོན་ལམ་དང་། ད་ལྟར་གྱི་ལས་འཕྲོ་མཐུན་པས་ཐབས་ཤེས་རབ་མཛོད་ཅིག་གསུངས། ངས་བཙུན་མ་གྲགས་ཐག་ཆོད་པས་དེ་འདྲ་བ་བྱས་ན་མིས་མི་འབར་རམ་ཞུས་པས། སྐུ་མདོག་དམར་མོ་དེ་དཀར་མོ་གཅིག་ཏུ་གྱུར་ནས། འགྲོ་བའི་དོན་འབྱུང་བ་ཡིན་པས་ད་རེས་ཕྱིར་མི་ལྡོག་སྟེ། མཁའ་སྤྱོད་ཀྱི་གནས་སུ་ཕྱིན་པ་ཡིན་གསུངས།
གཞན་ཡང་ལུང་བསྟན་མང་དུ་མཛད་ནས་འཇའ་དང་འོད་དུ་ཡལ་ནས་ཐལ། དེའི་ཕྱིར་ཉིན་འབའ་རེ་བྱུང་ནས་ཕྱག་དང་སྐོར་བ་མང་དུ་བྱས། ནུབ་མོ་མུན་རུབ་ཙ་ཁོང་གི་རྩར་ཕྱིན་པ་དང་། ཁྱེད་ཀྱིས་ཀློག་འདོན་མཛད་པའི་བྱིན་རླབས་དང་། གསུང་དྲི་མ་མེད་པའི་བྱིན་རླབས་དང་། གསུང་སྙན་པ་དང་སངས་རྒྱས་ཀྱི་ཐུགས་ཀྱི་བདེན་པ་རྣམས་ཀྱིས་བྱིན་རླབས་ང་ལ་ཞུ་ཟེར། ཇོ་མོས་ཉི་ཁྲི་དུམ་པ་གཅིག་མགོ་ལ་བཞག་ཅིང་། ཁོས་ལག་པ་ལ་འཇུས་ནས་ང་ལ་ཐོགས་པ་མེད་པའི་བྱིན་རླབས་ཤིག་ཞུ་ཟེར། བྷ་རེ་ལ་ཤེད་ཀྱིས་མ་ཐུབ་ནས་ཐོག་ཏུ་བསྡད་ཙ། ཡོན་བདག་མོ་ཆོས་ལ་མར་མེ་སྐྱེལ་དུ་བྱུང་ནས། ཨ་མ་ཇོ་མོ་ཡང་འདུལ་ཁྲིམས་གཙང་ཟེར་བ་བདུད་ཀྱིས་བསླུས་པ་མ་ལགས་སམ་ཟེར། ཁོང་ལ་རྐང་མཐིལ་ནས་སྦྲིད་ཅིག་བྱུང་བ་དེ་སྤྱི་གཙུག་ཏུ་སིང་གིས་བུད་ནས་ཐལ་ཏེ། ཇོ་མོས་ཚིགས་བཅད་བྱས་ནས་གསུངས་པ། ལུང་བསྟན་ཕལ་ཆེར་བདུད་ཀྱིས་བསླུས་པ་ཡིན། །ཕོ་མོ་གཉིས་འགྲོགས་བདུད་ཀྱིས་ཁྱེར་བ་ཡིན། །ཡོན་བདག་མོ་ཡང་རྐྱེན་གྱིས་དེད་པ་ཡིན། །འགྲོ་བའི་དོན་ཡང་ཅི་ནུས་ངས་མི་ཤེས། །སྐད། ཡོན་བདག་མོས་ནི་མོ་རང་གི་མི་ལ་ཡང་མ་བཟླས་ཟིན། བྷ་རེ་ཡང་ཞག་བདུན་ལ་ཆོ་ག་བྱས། ཇོ་མོས་ཟླ་བ་གཅིག་ལ་འབུམ་ཚར་བཅུ་གསུམ་བཀླག །དེ་ནས་ཇོ་མོ་ལ་ཡོན་འགའ་རེ་བརྫངས་ནས། གཡུ་རུ་གྲྭ་ཐང་དུ་གྲྭ་པ་མངོན་ཤེས་ཅན་ལ་འབུལ་བ་བྱས་ནས་ཞུས། གྲྭ་པ་མངོན་ཤེས་ཅན་གྱིས་ཇོ་མོ་ཞྭ་ཆུང་ཅན་ཁྱོད་ངའི་དྲུང་དུ་བྱུང་ནས་འདུལ་ཁྲིམས་གཙང་། སྔོན་གྱི་ལས་ཀྱི་བྷ་རེ་ཟེར་བ་དང་སྔོན་གྱི་ལས་འཕྲོ་མཐུན་པས། ལས་ཀྱིས་འབྲེལ་བ་ཡིན་པས་ཞུམ་པ་མ་བྱེད་ཅིག་གསུངས།
དེ་ནས་སྐྱོ་སྟོན་བསོད་ནམས་བླ་མ་ལ་མཇལ་དུ་ཕྱིན། འབུལ་བ་ཕུལ་ནས་ཞུས་པས། ཐེངས་ཅིག་ང་ཕྱོགས་མེད་དུ་འགྲོ་ཟེར། བྷ་རེ་བྱ་བའི་ཆོ་ག་མཁན་པོ་གཅིག་གིས་ང་ལ་གནག་ནས་ཡོད་པས། དབུས་ཀྱི་ཁྲོམ་པ་ཚོས་འབར་ནས་སྣང་། གཏམ་ངན་རླུང་ཞོན་བྱ་བ་ཡིན་སྐད། མདང་གི་རྨི་ལམ་ལ་ཁྱེད་ཀྱི་འགྲོ་དོན་ཕྱོགས་མེད་ལ་འབྱུང་བ་ཡིན། ཞུམ་པ་མ་བྱེད་གསུངས། དེ་ནས་ཇོ་མོས་རྩ་བའི་བླ་མ་གཉིས་ཀྱིས་དེ་གསུངས་བསམ་ནས་ཞུམ་པ་མ་བྱས་ཏེ། ཇོ་མོ་བཀའ་ལོག་མ་ཟེར་ཏེ་ཀུན་གྱིས་འབར་ཤ་བྱེད་པ་བྱུང་ངོ་། །དུས་ཐེངས་ཅིག་དབུས་སུ་མི་འདུག་ནས་ཉང་དག་ཀོང་གསུམ་ལ་འགྲོ་དགོས་བསམ་པ་གཅིག་བྱུང་། དེ་ནས་ཀོང་ཡུལ་ལ་བྱོན། བུ་གསུམ་ཡོད་པའི་ཆེ་བ་ལ་གྲུབ་པེ། དེ་འོག་གྲུབ་ཆུང་། དེ་འོག་ཡང་གྲུབ་གསུམ་ཡོད། ཀོང་ཡུལ་དུ་ཇོ་མོས་ཀློག་བྱས། བྷ་རེས་ཆོ་ག་བྱས་དེར་ལོ་མང་དུ་བསྡད། དེར་ལོ་ལྔ་བཅུ་རེད་ནས་བྷ་རེ་ཕ་ཡུལ་དུ་འོང་ནས་བུ་ནོར་ཐམས་ཅད་དེར་བཞག་གོ །དེ་ནས་དབུས་གཙང་གི་རྒྱལ་ཁམས་ཕྱོགས་མེད་དུ་བྱོན། ལ་སྟོད་དིང་རིར་བྱོན་ནས་དམ་པ་རྒྱ་གར་དང་མཇལ་དུ་བྱོན། དམ་པ་མངོན་ཤེས་ཅན་གྱིས་གཟིགས་ནས། ཡེ་ཤེས་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་བྱོན་པར་གདའ་གསུངས། དིང་རི་བ་རྣམས་བསུ་བ་ལ་བྱོན།
དེ་ནས་དིང་རིར་ཞག་གསུམ་བཞུགས། དམ་པ་དང་ཉམས་བསྡུར་མཛད། དམ་པ་ཡང་ཐུགས་མཉེས་ཏེ་མ་ཇོ་མོ་ཁྱོད་ཀྱི་བསྟན་པ་ནི་ཡུན་རིང་དུ་འབྱུང་གིས་གསུངས། དེ་ནས་ཟངས་རི་མཁར་དམར་དུ་བྱོན་ཏེ། ཡོན་བདག་མོ་ཆོས་མཚོ་བྱ་བ་གཅིག་གིས་ལུས་ནི་བཙུན་མར་འདུག་སྟེ་ཆོས་ནི་མི་ཤེས་པར་སྣང་། གཉའ་ན་རི་དམར་པོ་ཟངས་རི་འདྲ་བ་གཅིག་སྣང་། གཞི་བདག་དེའི་མིང་ལ་ཟངས་རི་འཁྱིལ་པ་བཏགས། ཡོན་བདག་མོ་དེའི་རྩར་བཞུགས་ཤིང་ཡོད་ཙ་ན། སྲོད་ལ་གཞི་བདག་དེ་བྱུང་ནས་ཇོ་མོ་ཁྱོད་ཀྱི་མཚན་ལབ་སྒྲོན་དུ་སྣང་། སྟེང་ཡར་དེ་ལ་དུར་ཁྲོད་ཡོད་ས་དེ་ལ་དགོན་ས་ཐོབ་ལ་སྡོད་དང་། ངས་ཀྱང་ཡོན་བདག་བྱེད་པ་ཡིན་སྐད། མི་དམར་རྟ་དམར་ཅན་ཞིག་བྱུང་བ་དེ་ཟངས་རིའི་གཞི་བདག་ཡིན་པར་སྣང་། མཁར་འདི་ལ་མཁར་དམར་བྱ་བ་ཡིན། ཇོ་མོ་བཙུན་མ་འདིའི་བདག་པོ་ཡིན། རི་ཕ་རི་དེ་ལ་ང་འདུག་ས་ཡིན། འདི་གཉིས་ཀྱི་བར་ལ་བཞུགས་མཛོད་དང་ཟེར་ནས་ལུང་བསྟན་སྐད། ཁོང་གི་དགོངས་པ་ལ་བྷ་རེ་ངེད་གཉིས་ཀྱི་ལུང་བསྟན་དང་ཨེ་མི་འདྲ་དགོངས་ནས་འཁོར་བའི་སྡུག་བསྔལ་འགའ་ཞིག་ཀྱང་དྲན་པ་བྱུང་། ཁྲོམ་པའི་མི་རྣམས་ཀྱིས་འབར་ཤ་བྱུང་ནས་སྙེམས་མཛད། དེའི་ཕྱིར་ནངས་ཡོན་བདག་མོ་དེ་བྱུང་ནས་ངེད་གཉིས་ཀྱི་གཞི་བདག་ཕ་རི་དེ་ཁྱེད་ལ་བཟང་བ་གཅིག་འདྲ་ཟེར། ཅི་འདྲ་བྱས་པས་བཙུན་མས་གཞི་བདག་དེ་རྨིས་ན་བཟང་བ་གཅིག་ཡིན། མདང་གི་རྨི་ལམ་ལ་གཞི་བདག་དེ་བྱུང་ནས། ཐོག་ན་ཡོད་པའི་ཇོ་མོ་དེ་ལབ་སྒྲོན་མ་བྱ་བ་ཡིན། ཁྱོད་ཀྱིས་ཡོན་བདག་གྱིས་ལ་ཞབས་ཏོག་གྱིས་དང་། ངས་ཀྱང་སྡོང་གྲོགས་བྱེད་སྐད། ཁོང་གིས་གཞི་བདག་དེ་ཅི་འདྲ་བ་ཡིན་བྱས་པས། མི་དམར་རྟ་དམར་གཅིག་ཡིན་ཟེར། དེ་ནས་ཁོང་བཞུགས་པས། ཐོག་ཁ་ཡ་ཏ་ན་བཞུགས་དང་བཙུན་མ་ངས་ཞབས་ཏོག་བྱེད་ཟེར་ནས་ཁས་བླངས།
དེ་ནས་ཁོང་གིས་དགོན་གནས་མཛད་ནས་བཞུགས་པས་ལོ་གསུམ་ཙ་ན་བསྟན་པ་ནམ་མཁའ་ལ་ཉི་མ་ཤར་འདྲ་གཅིག་བྱུང་། སྐུའི་སྙན་པ་འབྲུག་ལྟར་གྲགས། ཟངས་རི་མཁར་དམར་ལ་མ་ཅིག་ལབ་སྒྲོན་བཞུགས་ཟེར་ནས་བཟང་དགུའི་བཏུག་ས། ངན་དགུའི་རྟེན་ས་བྱུང་སྐད། དུས་དེ་ཙ་ན་རྒྱ་ཆོས་དང་བོད་ཆོས་གཉིས་ཀྱི་ངོས་བཟུང་བ་དང་། གནམ་ཆོས་དང་ས་ཆོས་གཉིས་ཀྱི་ངོས་བཟུང་བ་དང་། བཀའ་མ་དང་གཏེར་མ་གཉིས་ཀྱི་ངོས་བཟུང་བ་དང་། ཕོ་གཅོད་དང་མོ་གཅོད་གཉིས་ཀྱི་ངོས་བཟུང་བ་དང་བཞིའོ། །དེ་ལ་ཆོས་འདིའི་བརྒྱུད་པ་བཤད་ན། རྒྱ་ཆོས་བོད་ཆོས་གཉིས་ཀྱི་ངོས་བཟུང་ནི། ཆོས་རྒྱ་གར་ནས་བོད་ལ་དར་བ་ཡིན་ཏེ། བོད་ཀྱི་ཆོས་རྒྱ་གར་ན་གྲགས་པ་ཡང་ཡོད་གསུངས། རྒྱ་གར་རྡོ་རྗེ་གདན་དུ་ཐམས་ཅད་འདུས་ནས་ཆོས་ཐམས་ཅད་རྒྱ་གར་ནས་བོད་དུ་གྲགས་པ་ཡིན། བོད་ལ་ཆོས་མེད་པ་ཅི་འདྲ་ཡིན་ཟེར་ནས་བདུད་ཀྱིས་བསླུ་བ་ཨེ་ཡིན་ཟེར་ནས་མིང་ལ་ཕྱག་རྒྱ་ཆེན་པོ་གྲགས་པའི་གཅོད་ཟེར་བ་གཅིག་ཡོད་ཟེར་བ་ཅི་འདྲ་ཡིན། རྐང་མགྱོགས་པ་གསུམ་འགྲོ་དགོས་ཟེར་ནས་ཐམས་ཅད་གྲོས་བྱས། རྐང་མགྱོགས་པ་གསུམ་བཏང་། ཁྲ་ཧོར་པ་གོང་སང་འགྲིམ་པ་ཙམ་ཞིག་བྱུང་བ་ཞག་གཉིས་ཙ་ཟངས་རི་མཁར་དམར་དུ་མའི་དྲུང་དུ་ཕྱིན། རྒྱ་གར་གྱི་ཨ་ཙ་ར་གསུམ་བླ་དབྱེར་ཕྱིན་ཟེར་བ་དང་། མའི་ཞལ་ནས་ཨ་ཙ་ར་གསུམ་གཟུགས་ཅི་འདྲ་བ་གཅིག་སྣང་། གོས་ཅི་འདྲ་བ་གོན་ཟིན་གསུངས། ཉེ་གནས་ན་རེ། ཨ་ཙ་ར་གཞན་གྱི་གོས་མ་གོན་ཟིན། དར་གྱི་ལའུ་གསུམ་གོན་ཟིན། མའི་ཞལ་ནས། རྒྱ་གར་གྱི་རྐང་མགྱོགས་པ་གསུམ་བྱུང་ཟེར་ནས། ཨ་ཙ་རས་རྒྱ་གར་གྱི་སྐད་བྱེད་པ་ལོ་ཙ་མེད། མའི་རྩར་ཤོག་ཟེར་ནས་འཚོ་བ་དྲངས། བགྲོ་གླེང་བྱས་ཙ། མས་རྒྱ་གར་གྱི་སྐད་འགྱུར་ཐམས་ཅད་གསུངས། ཨ་ཙ་རས་ཁྱོད་བོད་ཀྱིས་རྒྱ་གར་གྱི་སྐད་འགྱུར་ཤེས་པ་ཅི་ཡིན་ཟེར། མའི་ཞལ་ནས། ཚེ་སྔོན་མ་རྒྱ་གར་ན་སྐྱེས་པ་ཡིན་ཟེར། ཨ་ཙ་རས་སྐྱེ་བ་དྲན་པ་ཡིན་ནམ་གསུངས། མས་སྐྱེ་བ་སྔ་ཕྱི་ད་གསུམ་དྲན་གསུངས། ཨ་ཙ་རས་ཁྱོད་ཤོད་ཟེར། མའི་ཐུགས་ཀྱིས་དགོངས་པ་ལ། ཨ་ཙ་ར་འདི་གསུམ་གྱི་རྒྱ་སྐད་དུ་གཏམ་པས། ངའི་གྲྭ་སློབ་རྣམས་ཀྱིས་མི་གོ །ཁོང་གསུམ་ལས་ཤག་ཁ་ང་རྒྱལ་ཡང་དགོས་པ་ཆུང་བསམ་པ་བྱུང་། ཨ་ཙ་ར་གསུམ་གྱི་རྒྱ་བྲང་ཁ་ཕྱེས་སྐད། ཞབས་ཏོག་བྱས་དབུས་གཙང་རུ་བཞིའི་མཁས་བཙུན་རྣམས་དང་། ཡུལ་མི་རྣམས་དང་། ཕྱོགས་ཕྱོགས་ཀྱི་གྲྭ་སྐོར་བ་རྣམས་དང་། ཡོན་བདག་རྣམས་དང་། རྒྱ་གར་དང་བོད་ཀྱི་ལོ་ཙཱ་བ་རྣམས་དང་། ཀུན་ལ་ཕོ་ཉ་བཏང་ནས་བསྡུས། འབུམ་ཚོ་གཅིག་དང་བདུན་བརྒྱ་འཚོགས། དེ་ནས་མཆོད་པ་ཆེན་པོ་བཤམས། སྟོན་མོ་དང་སྤོང་དག་བྱས་ནས། འཚོགས་པ་དེའི་གོང་དུ་ཨ་ཙ་ར་གསུམ་དང་བགྲོ་གླེང་གིས་བཤད་པ་བཏང་སྟེ། དབུས་གཙང་གཉིས་ཀྱི་ས་ཆ་ལ་ལོ་ཙཱ་བ་བཞི་བྱུང་སྟེ། འཚོགས་པ་དེ་ལ་ལོ་ཙ་བས་བསྒྱུར་ནས་མའི་ཆོས་རྣམས་སྙེམ་ཐག་ཆོད་པར་འདུག་གསུངས། ཨ་ཙ་ར་གསུམ་གྱིས་གསུངས་ནས། ཆོས་ཐམས་ཅད་རྒྱ་གར་ནས་མ་བྱུང་བའི་བོད་ལ་ཆོས་མེད་ཟེར། མའི་ཞལ་ནས་རྒྱ་གར་བ་འདི་བོད་ལ་དྲིན་ཆེ། ཆོས་ཐམས་ཅད་རྒྱ་གར་གྱི་ཆོས་དར་ལུགས་དེ་ཁྱོད་གསུམ་གྱིས་ཤོད་དང་ཟེར། ཨ་ཙ་རས་དར་ལུགས་ངས་མི་ཤེས་ཟེར། ཁྱེད་ཀྱིས་ཤེས་པ་ཨི་ཡིན་ཟེར། མའི་ཞལ་ནས། ང་ནི་ཡུམ་གྱི་ཐུགས་སྤྲུལ་ཡིན་པས་ཤེས་གསུངས། རྒྱ་གར་ཆོས་ཀྱི་རྒྱལ་པོ་ཛ་ཞེས་བྱ་བ་བཞུགས་པའི་དུས་སུ་གདམས་ངག་དང་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཆར་བཞིན་དུ་བབས་པ་ཡིན། དེ་ཡང་ཡུམ་གྱི་བྱིན་རླབས་ཡིན་གསུངས། དེ་ནས་ཨ་ཙ་ར་གསུམ་གྱིས་ཁྱོད་སྐྱེ་བ་སྔ་ཕྱི་དྲན་ཟེར་བ་ཡང་ཤོད། ཆོས་འདིའི་བརྒྱུད་པ་ཡང་ཤོད་ཟེར་བ་ལོ་ཙཱ་བས་བསྒྱུར་སྐད།
དེ་ནས་མའི་ཞལ་ནས། འོ་སྐོལ་འདིར་ཚོགས་པའི་ཁྲོམ་པ་རྣམས་གསོན་དང་། འཚོགས་གོང་འདི་ལ་སྐྱེ་བ་སྔ་ཕྱི་ད་གསུམ་གྱི་སྐྱེ་ལུགས་ཤོད་ཟེར་བས། སྐྱེས་པའི་ལུགས་མ་བཤད་ན། ངའི་བརྒྱུད་པ་འཛིན་པ་འདི་རྣམས་ཡིད་མི་ཆེས། ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་འདིའི་བརྒྱུད་པ་མ་བཤད་ན། གདམས་ངག་ལ་ཡིད་མི་ཆེས། རྒྱ་གར་རྡོ་རྗེ་གདན་ལ་ཐམས་ཅད་འདུས་ནས། ཆོས་ཐམས་ཅད་རྒྱ་གར་ལ་འོང་བ་ཡིན། ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་འདི་རྒྱ་གར་ལ་མི་གྲགས་བོད་དུ་གྲགས་པ་ནི། བོད་ལ་བདུད་དང་རྒྱལ་བསེན་བསྡོངས་ནས་བོད་བརླག་པ་ཡིན་པས། རྒྱ་གར་གྱི་ཆོས་ཐམས་ཅད་བསྣུབ་ཆས་ཨེ་ཡིན། འདི་ཅི་འདྲ་བ་ཡིན་ལྟ་རུ་འགྲོ་ཟེར་ནས་རྐང་མགྱོགས་པ་འདི་གསུམ་བཏང་ཟིན་པས། ཆོས་འདིའི་བརྒྱུད་པ་བཤད་པ་ཡིན་པས་ཉོན་ཅིག་གསུངས། དེའི་ཉིན་པར་བཀའ་ཚོམ་ཆེན་མོ་ཞིབ་རྒྱས་སུ་བཤད། ཡང་ལེའུ་ལག་ས་མ་ཏི་འགྲེལ་པ་སཾ་ཀྲྀ་ཏའི་སྐད་དུ་གཅོད་ཡུལ་ཟླ་བ་གཅིག་བཤད། དབུས་གཙང་མདོ་ཁམས་རྣམས་དང་། དེར་ཚོགས་ཀྱི་ཁྲོམ་པ་རྣམས་ཡིད་ཆེས། ཚིག་གི་སྒྲོ་སྐུར་ཆོད་པ་བྱུང་། དེ་ནས་མའི་སྐྱེས་རབས་གསུངས་ཏེ། དང་པོ་ཡུམ་གྱི་ཐུགས་སྤྲུལ་ཡིན་ཏེ། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་གནས་ནས། གླིང་ཆེན་པོ་གདལ་སྐྱོབ་བྱ་བའི་ལྷོ་ཕྱོགས་ནས་ནོར་བུ་ཕུན་ཚོགས་ཀྱི་གླིང་ཞེས་བྱ་བ་ཡོད་དེ། ཡུམ་གྱི་ཐུགས་ཀྱིས་འདུལ་བའི་གླིང་ཡིན། དེ་རུ་སྐྱེས་པའི་ཡབ་ནི་རྒྱལ་པོ་བདེ་སྐྱོང་བྱ་བ་ཡིན། ཡུམ་བལ་མོ་མཚོ་བྱ་བ་ཡིན། དེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ། ལྷའི་ཡུལ་དུ་འགྲོ་དོན་ཡུན་རིང་དུ་བྱས།
དེ་ནས་རྡོ་རྗེ་གདན་དུ་ལྷ་རྣམས་ལྟད་མོ་ལ་བྱོན་ཏེ། ལྷའི་ཡུལ་དུ་འགྲོ་དོན་རྫོགས་པ་དང་། རྡོ་རྗེ་གདན་དུ་འགྲོ་དོན་དགོས་པས་དེར་འཛོམས་ནས། འཇའ་དང་འོད་ཀྱི་ཚུལ་དུ་སྐྱེ་བ་བཞེས། དེ་ནས་རྡོ་རྗེ་གདན་གྱི་སེར་སྐྱའི་གྲོང་ཁྱེར་དུ་འགྲོ་དོན་བྱས་ཏེ། ཡབ་ནི་ཨ་ཡི་དབང་ཕྱུག །ཡུམ་ནི་ལྷ་བཟའ་ཀླུ་སྒྲོན་མ་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཡང་སྨོན་ལམ་གྲུབ་ཏུ་བཏགས། རྒྱ་གར་གྱི་མུ་སྟེགས་པ་ཐམས་ཅད་བཏུལ་ནས་ནང་པའི་སྡེ་ལ་བཀོད། ཡབ་ཡུམ་གྱིས་གཤེགས་རྫོང་བྱས། ཐོས་བསམ་གྱིས་སྒྲོ་འདོགས་དེར་བཅད། པོ་ཏའི་རི་ལ་པ་ཏྲའི་བྲག་ཕུག་ཏུ་བསྒོམས་ཤིང་བཞུགས་ཙ། མཁའ་འགྲོ་མས་ལས་མཁན་བྱས་ནས། ངའི་བེམ་རིག་ཕྲལ་བས་ངའི་ལུས་དེ་བྲག་ཕུག་དེའི་ནང་དུ་ཡོད་པ་ལ། མགོ་ལ་རྣམ་པར་སྣང་མཛད་ཀྱི་དབུ་བྱས་པའི་རིགས་ལྔ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་ལྔས་འཁྲིལ་སྦྱོར་བྱས་པ་སྐུ་ཞི་བའི་ཚུལ་དུ་དོད་ནས་ཡོད། ངའི་སྙིང་དེ་ལ་ཤཱཀྱ་ཐུབ་པ་རང་བྱོན་དུ་བྱོན་ནས་ཡོད། ངའི་རུས་བུ་དེ་ལ་གདུང་ཤ་རི་རམ་སྲན་མ་ཙམ་འབུམ། དེ་མིན་རིང་བསྲེལ་ཁ་དོག་སྣ་ལྔ་ཚང་བ་རྒྱ་གར་རྡོ་རྗེ་གདན་གྱི་བྲེ་ཚད་མ་གང་བྱོན་ནས་ཡོད། འདིར་ཡང་བོད་ཀྱི་ཡུལ་དུ་འགྲོ་དོན་བྱེད་པ་འདི་ཀ་ཡིན། འགྲོ་དོན་ཕྱེད་ཚར་ཙམ་ལ་ཕྱིན་ནས་ཡོད། ལོ་ཡང་དྲུག་ཅུ་རྩ་གསུམ་རེད། དགུ་བཅུ་གོ་དགུ་ལ་ཕྱིན་ཙ། ནུབ་ཕྱོགས་ཨུ་རྒྱན་གྱི་གནས་སུ་འགྲོ་དོན་རྫོགས་ནས་ཐར་པ་ཐོབ། སྲིན་པོའི་གྲོང་ཁྱེར་ཁ་མི་བརྒྱུད་གསུངས།
དེ་ནས་དེར་ཚོགས་པ་རྣམས་ཀྱིས་གྲོས་བྱས་ནས། རྒྱ་གར་གྱི་རྐང་མགྱོགས་པ་གསུམ་པོ་དེ་རྡོ་རྗེ་གདན་དུ་སོང་ནས་རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། པཎྜི་ཏ་དེ་རྣམས་འདུས་ནས་ཐམས་ཅད་ཀུན་ལ་མ་ཅིག་གི་གདམས་པའི་བརྒྱུད་ལུགས་དང་། གདམས་ངག་གི་འདེབས་ལུགས་དང་། མ་ཡི་སྐྱེ་བའི་ལོ་རྒྱུས་དང་། པོ་ཏའི་རི་ལ་པ་ཏྲའི་བྲག་ཕུག་ནང་ཁང་གི་གདུང་རུས་ཀྱི་ལོ་རྒྱུས་འབྲི་བཀོལ་མེད་པར་ཞུས་སོ། །རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། པཎྜི་ཏ་རྣམས་ཀྱི་ཞལ་ནས་འདིའི་ཆོས་བརྒྱུད་དེས་ཡང་ན་ཡུམ་གྱི་ཐུགས་སྤྲུལ་ཡིན་ངེས། ཡང་ན་རྒྱལ་བསེན་གྱི་ཆོ་འཕྲུལ་ཨེ་ཡིན། འདི་གང་ཡིན་ཆ་མེད་གདམས་པ་རྣམས་གུད་དུ་མ་ལུས་པ་ལེན་དགོས། པོ་ཏ་ལའི་རི་ལ་པ་ཏྲའི་བྲག་ཕུག་ཏུ་སོང་ལ་ཨེ་བདེན་ལྟོས་གསུངས། པཎྜི་ཏ་མང་དུ་ཚོགས་ནས་སོང་ནས་བལྟས་ཙ། ལབ་སྒྲོན་གྱིས་གསུངས་པ་བཞིན་སྣང་སྐད། གདན་དྲངས་ནས་རྡོ་རྗེ་གདན་དུ་ཕྱིན་ཏེ། རྒྱ་གར་ཆོས་ཀྱི་རྒྱལ་པོས་ཕྱོགས་ཕྱོགས་སུ་རྐང་མགྱོགས་པ་བཏང་ནས་ཐམས་ཅད་འདུས་སོ། །དེར་འདུས་པ་ཐམས་ཅད་ལ་རྟེན་རྣམས་བསྟན་པས་ཐམས་ཅད་ངོ་མཚར་སྐྱེས་སོ། །བདུད་དང་རྒྱལ་བསེན་མ་བྱུང་བས། འདིའི་ཆོས་བརྒྱུད་གདན་དྲོངས་གསུངས་ནས་གྲོས་འཆམས་སོ། །གདུང་རུས་ཀྱི་རིང་བསྲེལ་ལ་མ་ག་དྷའི་བྲེ་ཚད་མ་གང་སྣང་། རྒྱ་གར་གྱི་རྒྱལ་པོ་དེའི་རེ་རེ་ལ་བདུན་ཆ་རེ་དད་པའི་རྟེན་ལ་བགོས་ཙ། རིང་བསྲེལ་ཡང་ཟད། རྒྱ་གར་གྱི་རྒྱལ་པོ་ཐམས་ཅད་ཀྱང་ཚིམས་པ་གཅིག་བྱུང་ངོ་། །དབུ་ལ་རིགས་ལྔའི་སྐུ་བྱོན་པ་དེ་རྡོ་རྗེ་གདན་དུ་བཞུགས་སོ། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་དད་པའི་རྟེན་མཛད་དོ། །ཐུགས་ལ་ཤཱཀྱ་ཐུབ་པ་བྱོན་པ་དེ་བོད་ཡུལ་བྱིན་རླབས་ཞུ་བའི་རྟེན་དང་། མདོ་ཁམས་དབུས་གསུམ་དུ་ཚིག་ཐ་སྙད་ཀྱི་སྒྲོ་འདོགས་གཅོད་པ་དང་། སྐྱེ་བ་སྔ་ཕྱི་ད་གསུམ་གྱི་བདེན་པའི་ངོ་བོ་སྟོན་པའི་ཕྱིར། བོད་ཡུལ་དབུས་སུ་གདན་དྲངས་པ་ལགས་སོ། །
དམ་པ་རྒྱ་གར་དང་རྐང་མགྱོགས་པ་གསུམ་དང་བཞི་པོ་དེ་ཟངས་རི་མཁར་དམར་དུ་མ་ཡི་དྲུང་དུ་ཕྱིན་ནས་ཕྱག་འཚལ། པུས་མོ་བཙུགས། སྐོར་བ་བྱས། མཆོད་པ་འབུལ་ནས། ཁྱོད་ཡུམ་ཆེན་ཐུགས་སྤྲུལ་ངོ་མཚར་ཆེ། ཞལ་ནས་ཇི་ལྟར་གསུངས་པའི་རྒྱུད་རྣམས་ལ་ཚིག་གཅིག་ཀྱང་ནོར་འཁྲུལ་མི་འདུག་སྐད། ཐུགས་ལ་བྱོན་པའི་ཤཱཀྱ་ཐུབ་པ་དེ་མདོ་དབུས་ཁམས་གསུམ་ཚོགས་པ་རྣམས་ལ་ཞལ་བསྟན་བྱིན་རླབས་མཛད། དམ་པའི་ཞལ་ནས། ངའི་ཐུགས་རྟེན་བྱེད་པ་ཡིན་གསུངས་ནས་གདན་དྲངས་སོ། །དེ་ནས་ཕྱོགས་ཐམས་ཅད་ཀྱི་ངོ་མཚར་ཆེ་ཟེར་ནས་ཀུན་དང་ས་ལ་བཙུད་དོ། །ཀུན་གྱིས་སྒྲོ་སྐུར་དང་གཤེ་བ་མི་བྱེད་ནས་སྙེམ་ཐག་ཆོད་དོ། །འཛམ་བུའི་གླིང་དུ་དམ་ཆོས་བདུད་ཀྱི་གཅོད་ཡུལ་དར་རོ། །མ་ཇོ་མོའི་བསྟན་པ་ནི་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་སོང་།
དེ་ནས་རྒྱ་གར་རྡོ་རྗེ་གདན་ནི་འཛམ་བུའི་གླིང་གི་དབུས་ཡིན་པས། ཆོས་ཐམས་ཅད་རྒྱ་གར་ནས་འབྱུང་སྟེ། ལབ་སྒྲོན་ངའི་ཆོས་བརྒྱུད་འདི་བོད་ཡུལ་གྱི་དབུས་སུ་ཟངས་རི་མཁར་དམར་ནས། རྒྱ་གར་ན་བོད་ཀྱི་ཆོས་འདི་དར་བ་གཅིག་བྱེད་དགོས་སྙམ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉམས་སུ་ལེན་ན། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི་ལ་ཡིད་ཆེས་པར་བྱེད་པའི་ལོ་རྒྱུས་ཀྱི་དོན་ལ་བཞི་སྟེ། ཕ་རྒྱུད་བརྡའི་བརྒྱུད་པ་དང་གཅིག །མ་རྒྱུད་བྱིན་རླབས་ཀྱི་བརྒྱུད་པ་དང་གཉིས། སྙིང་པོ་དོན་གྱི་བརྒྱུད་པ་དང་གསུམ། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་དང་བཞིའོ། །དེའང་ཕ་རྒྱུད་ནི་ཐབས་གཙོ་ཆེར་སྟོན། མ་རྒྱུད་ནི་ཤེས་རབ་གཙོ་ཆེར་སྟོན། སྙིང་པོ་དོན་གྱི་བརྒྱུད་པ་ནི་གཉིས་མེད་དོན་གྱི་བདེ་བ་ཆེན་པོ་གཙོ་ཆེར་སྟོན། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་ནི། ཨ་མ་ཇོ་མོའི་ཉམས་མྱོང་རྒྱུད་ལ་སྐྱེས་པའི་དོན་མངོན་དུ་གྱུར་ཏེ། བཀའ་དང་མི་འགལ་བའི་གྲོལ་ལུགས་སོ། །ཨ་མ་ཇོ་མོའི་བརྒྱུད་པ་འདི་ལ་ཡང་རིང་རྒྱུད་དང་ཉེ་རྒྱུད་གཉིས་ལས། རིང་རྒྱུད་ཀྱི་དབང་དུ་བྱས་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་དྲུག་པ་རྡོ་རྗེ་འཆང་ཆེན་ལ་བརྒྱུད། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། དེས་འཇམ་དཔལ་སྨྲ་བའི་སེངྒེ་ལ། དེས་ཨརྱ་དེ་བ་ལ། དེས་དམ་པ་རྒྱ་གར་ལ། དེས་སྐྱོ་སྟོན་བསོད་ནམས་བླ་མ། དེས་སྐྱེ་མེད་ཟང་ཐལ་ལ། ཉེ་བརྒྱུད་ནི། ཐུགས་དམ་རྗེ་བཙུན་སྒྲོལ་མ། དེས་མ་ཅིག་ལབ་སྒྲོན་ལ། དེས་སྲས་མིང་སྲིང་གསུམ་ལ་བརྒྱུད་པ་ལགས་སོ། །དེ་རྣམས་རྒྱ་ཆོས་བོད་ལ་བསྒྱུར་བའོ། །
བོད་ཆོས་རྒྱ་ལ་བསྒྱུར་བ་ངོས་བཟུང་བ་ནི། དབུས་ནས་ཡར་ལ་བཀའ་བརྒྱུད་དོན་གྱི་བརྒྱུད་ལུགས་དང་། དབང་བཞིའི་བསྐུར་ལུགས་དང་། མཁའ་འགྲོ་ཉམས་ཀྱི་གདམས་ངག་དང་། གཞི་ལམ་སློང་བྱ་བ་དང་། ཕྱི་བཀའ་ཚོམ་ཞིབ་རྒྱས་བྱ་བ་དང་། ནང་མཁོ་དགུའི་ལེའུ་ལག་གནད་ཀྱི་ཐེམ་ཡིག་བྱ་བ་དང་། གསང་བ་བརྡ་ཆོས་ལ་བཟླའི་སྐོར་བྱ་བ་དང་། སྒོམ་པ་ཞལ་གདམས་གནད་ཐེབས་སུ་བསྟན་པ་དང་། ཡང་ཚོམས་སྐོར་དང་། ཉིང་ཚོམ་སྐོར་དང་། ཆོས་ངོ་མཚར་ཅན་རྒྱུད་བཅུ་རྒྱ་གར་གྱི་རྐང་མགྱོགས་པ་གསུམ་ལ་རྒྱ་གར་རྡོ་རྗེ་གདན་དུ་བསྒྱུར། རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྣམས་རྒྱུན་དུ་དར་ནས་ཡོད། བོད་ཆོས་རྒྱ་གར་དུ་གྲགས་པའི་གཏན་ཚིགས་དེ་ལྟར་ལགས་སོ། །
ས་ཆོས་གནམ་ཆོས་གཉིས་ཀྱི་ངོས་བཟུང་བ་ནི། ཆོས་ཀྱི་རྒྱུད་ཐམས་ཅད་རྒྱ་གར་དུ་ཆར་དུ་བབས། ཙ་རག་སྡེ་བཞི། གསང་སྔགས་ཀྱི་ཆོས་བརྒྱུད་གནམ་ཆོས་ཡིན། ས་ཆོས་ནི་གཏེར་མ་ཐམས་ཅད་ཡིན་ཏེ། སེམས་དཔའ་རྣམས་ཀྱི་འགྲོ་བའི་དོན་དུ་སྦས་པ་ཡིན་ནོ། །བཀའ་མ་གཏེར་མ་གཉིས་ཀྱི་ཆོས་ངོས་བཟུང་བ་ནི། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་མི་འགལ་བ་གསུངས་པས་གཏེར་མའི་བརྒྱུད་ཡིན། ཕོ་གཅོད་མོ་གཅོད་གཉིས་ཀྱི་ངོས་བཟུང་བ་ནི། ཕོ་གཅོད་ནི་ཕ་རྒྱུད་བརྡ་ལས་བསྒྱུར་བ་ཙམ། མོ་གཅོད་ནི་ཡུམ་གྱི་ཐུགས་སྤྲུལ་ཏེ། མ་ཅིག་ལབ་སྒྲོན་ལ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་བསྟན་ཅིང་སྙན་དུ་བརྒྱུད་པ་ལགས་སོ། །དེ་ནས་ཡུམ་གྱི་སྲས་ལ་བརྒྱུད་པ་ལགས་སོ། །སྲས་ལ་གྲུབ་པེ། ཡང་གྲུབ། གྲུབ་ཆུང་གསུམ་ལ། གྲུབ་པེ་བྱ་བ་ནི་སྲས་ཐོད་པ་དོན་གྲུབ་བྱ་བ་འཛམ་བུའི་གླིང་དུ་གྲགས་པ་ཡིན་ནོ། །གྲུབ་ཆུང་བྱ་བ་ནི་ལོ་བཅུ་ལོན་ཚེ་གཟའ་ནད་ཕོག་སྟེ་སྨྱོ་རྒྱལ་དུ་སོང་། ཐོད་པ་བྷ་རེས་ཟངས་རི་མཁར་དམར་དུ་མའི་དྲུང་དུ་བསྐྱལ། མས་སྣོད་ལྡན་དུ་དགོངས་ནས་དེ་ནུབ་ཀྱི་རྨི་ལམ་ལ་མའི་ཕྱོགས་བཞིར་དུང་དཀར་བུས་ཙ་གླིང་བཞིར་ཐོས་པ་ཙམ་བྱུང་། དེའི་ཕྱིར་ཉིན་སྲས་སླེབས་ནས་ཕྱིན། བཀའ་བརྒྱུད་འཛིན་པའི་སྣོད་ལྡན་དུ་གཟིགས་ནས་མས་གསུངས་པའི་དམིགས་པ་བརྒྱ་རྩ་བརྒྱད་བསྟན། དུར་ཁྲོད་དུ་ཞག་བདུན་ཉལ་བས་སྨྱོ་བརྒྱལ་གྱི་ནད་ཀྱང་སོས་སྐད།
དེ་ནས་དམ་པ་རྒྱ་གར་ཟངས་རི་མཁར་དམར་དུ་གདན་དྲངས། སྲས་རབ་ཏུ་བྱུང་། མས་མཚན་གསོལ་ཏེ། ཁོ་ཡི་ཕ་དེ་ཐོད་པ་བྷ་རེ་ཡིན། སྨྱོ་རྒྱལ་བྱས་ནས་འདི་རུ་ཁྲིད་ནས་ཕྱིན། དམ་པ་རྒྱ་གར་དང་མཇལ། ཁོའི་བསམ་པ་འགྲུབ། མིང་ཡང་ཐོད་སྨྱོན་བསམ་འགྲུབ་ཏུ་བཏགས། དེ་ནས་མའི་ཐུགས་ལ་གང་ཡོད་པའི་གདམས་པ་རྣམས་བསྟན། དབང་རིན་ཆེན་སྤུང་པའི་བརྒྱུད། ཚེ་ཡི་དབང་བསྐུར། མ་རྒྱུད་མཁའ་འགྲོའི་གཏེར་མ་རིན་ཆེན་སྤུང་པའི་དབང་། མའི་ཐུགས་ལ་གང་ཡོད་རྣམས་གནང་ནས་ལུང་བསྟན། ཤམ་པོའི་གངས་ལ་ཕུག་མོའི་དབེན་གནས་སུ་སོང་། སྒྲུབ་པ་སྐོར་འདི་རྣམས་ཉམས་སུ་ལོངས་ལ་སྒྲུབ་པ་ལོ་བཅུ་གསུམ་ལ་འདག་ཆར་ལ་སྡོད་གསུངས། འཚོ་བ་དྲངས་པའི་ཡོན་བདག་ཅིག་ཀྱང་ངས་གཏོང་ཟེར་ནས་ལུང་བསྟན། བ་མེན་གྱི་ལྷུང་བཟེད་གཅིག་ཀྱང་ཐོགས་སུ་བཅོལ། གདམས་ངག་སྙན་བརྒྱུད་སྐོར་རྣམས་ཐུགས་སུ་ཆུད་པར་བྱས། གཞན་གདམས་ངག་གི་སྐོར་དཔུང་ཆུང་བ་རྣམས་ཐུགས་སུ་ཆུད་པར་བྱིན་ནས་གྲོགས་པོ་བཞི་དང་འགྲོགས་ནས་བཏང་། ཁྱེད་བཞིས་ཁོང་བྲག་ཕུག་ནང་དུ་ཆུག་ལ་སྒོ་ཕ་བོང་རྣམས་ཀྱིས་ཆོད་ལ་ཞོག་གསུངས་ནས་ལྐོག་ཏུ་བགོས། ཁོང་ལྔ་འགྲོགས་ནས་གཤེགས་སོ། །
མ་ཅིག་གིས་སེངྒེ་དཀར་མོ་ལ་བཅིབས་ནས་མཁའ་འགྲོ་མ་གྲངས་མེད་པས་བསྐོར་ནས། ཤམ་པོའི་ཕུག་མོ་གངས་ལ་བྱོན་ནས་བརྒྱུད་དབང་མཛད་ནས་ཡོད་ཙ། རྣལ་འབྱོར་པ་ལྔ་ཡང་སླེབས་ནས་ཕྱིན། ཤམ་པོའི་གངས་ལ་སུའང་མེད་གསུངས་ཙ་སྤོས་ངད་དང་། ལྷ་ཆའི་སྒྲ་དང་མི་མང་པོ་ཡང་སྣང་། འདིར་ཡང་སྒྲུབ་པ་མཐར་སྐྱོལ་བ་གཅིག་ཡོད་པ་ངོ་མཚར་ཆེ་བསམ་པ་བྱུང་། དེ་ཡང་སྒོར་ཕྱིན་ཙ་བུད་མེད་རྒྱན་ལྡན་གཅིག་བྱུང་ནས་རྣལ་འབྱོར་པ་ལ་ནང་དུ་བྱོན་གསུངས་ནས་ནང་དུ་ཕྱིན་ཙ། སེངྒེའི་ཁྲི་སྟེང་ན་མ་ཅིག་ལབ་སྒྲོན་དང་འཁོར་མཁའ་འགྲོའི་ཚོགས་དང་བཅས་པ་བཞུགས་ཟིན། མ་ཅིག་གི་ཞལ་ནས། བུ་ཐང་མ་ཆད་དམ། ལྟོ་མ་ལྟོག་གམ། བཀའ་བསྟན་བཅོས་ཀྱི་རྒྱུད་དང་བཅས་པ་ཞུས་ཤིག་སྐད། དེ་ནས་ཐོད་སྨྱོན་བསམ་འགྲུབ་ལ་བརྒྱུད་པའི་དབང་དང་། ཚེ་སྒྲུབ་ཀྱི་དབང་དང་། མ་རྒྱུད་མཁའ་འགྲོའི་ཚོགས་དབང་། སྙན་བརྒྱུད་ཀྱི་ལུང་ཐམས་ཅད་བཀྲོལ་ནས་དབང་མཛད། བཀའ་བརྒྱུད་ཀྱི་བྱིན་རླབས་དང་བཅས་པའི་དབང་མཛད། བྱིན་ཕབ་ཤམ་པོའི་གཞི་བདག་དམ་ལ་བཏགས་ཏེ། བཀའ་བགོ་མཛད། གཞི་བདག་གིས་ཀྱང་བར་ཆོད་མི་འབྱུང་ཞིང་སྡོང་གྲོགས་བྱེད་པར་ཞལ་གྱིས་བཞེས། དེ་ནས་ཡུམ་ནི་ཟངས་རི་མཁར་དུ་བྱོན། བྲག་ཕུག་གི་སྒོ་བྲག་གིས་བཅད། ཅི་ཡང་མི་མཐོང་བ་གཅིག་རེད། ཟླ་བ་གསུམ་རེད་ཙ་སྣང་བ་ལ་བཀྲེས་པ་དང་། སྐོམ་པ་འདྲ་བ་ཞིག་བྱུང་། གནས་འདིར་མས་བྱིན་གྱིས་བརླབས་པའི་གནས་ཡིན། མའི་ཞལ་ནས་ངས་འཚོ་བ་སྦྱོར་བའི་ཡོན་བདག་གཅིག་བཏང་ཟེར་བ་ཞིག་ཡིད་ལ་ཤར། ལོ་གསུམ་རེད་ཙ་སྔར་གྱི་རྣལ་འབྱོར་རྒྱུས་ཡོད་གཅིག་བཏང་སྟེ། ཐོད་སྨྱོན་བསམ་འགྲུབ་ཟེར་ནས་བོས་ཙ་ཨ་ཟེར་གྲགས། ཁྱོད་ལྟོག་ནས་མ་ཤི་འམ་བྱས་ཙ། ཏིང་འཛིན་ཟས་སུ་ཟ་བ་ལ། །མུ་གེས་ལྟོག་ནས་ཅི་ལ་ཤི །ཟ་མའི་སྲེད་པ་མེད་དོ་ཟེར། །གཏུམ་མོའི་མེ་དྲོད་བསྒོམ་པ་ལ། །གོས་ཀྱི་སྲེད་པ་མེད་ནས་ཐལ། །སྣང་བ་གྲོགས་སུ་འཆར་བ་ལ། །ཉོན་མོངས་ཟིལ་གྱིས་ནོན་ནས་ཐལ། །ཅིར་སྣང་གྲོགས་སུ་འཆར་བ་ལ། །གྲོགས་ཀྱི་གདུང་སེམས་བྲལ་ནས་ཐལ། །བལྟས་པས་སྐུ་དང་ཡེ་ཤེས་ཀྱིས། །ཞིང་ཁམས་ཅི་ཡང་མཐོང་བ་ལ། །ཞིང་ཁམས་གཞན་གྱི་སྲེད་པ་བྲལ་ནས་ཐལ། །ངའི་ཨ་མ་སྐུ་ཁམས་བཟང་ལགས་སམ། །གསུངས་སྐད།
དེ་ནས་ཡར་དྲི་རྨེད་ཅི་བྱས་ཀྱང་གསུང་གླེང་མེད་སྐད། ལོ་བདུན་རེད་ཙ་ཉི་མ་ཤར་ཁ་བྲག་ལ་ཉི་མ་སྲབ་མདའ་ཙམ་བྱུང་སྙམ་པ་ལ། མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཅིག་གིས་ཕྱག་ན་བདུད་རྩི་ཞལ་བུ་གང་བཟུང་ནས། སྒྲུབ་པ་པོ་འདི་གསོལ་ལ་སྒྲུབ་པ་མཐའ་རུ་སྐྱོལ་གསུངས། ཁོང་གིས་བླངས་ནས་གསོལ་ཏེ། ཁོང་གིས་ཐུགས་དགོངས་ལ་འདི་མ་ཅིག་གི་ཐུགས་སྤྲུལ་གཅིག་ཨེ་ཡིན། འདི་ལ་སྒྲུབ་པའི་དྲོད་རྟགས་གཅིག་བཤད་བསམ་ཙ། བུད་མེད་ན་རེ། མ་ཅིག་ལབ་སྒྲོན་གྱི་ཞལ་ནས། ངས་ཁྱོད་ཀྱི་ཞབས་ཏོག་གྱིས་གསུངས་པས་འཚོ་བ་དྲང་དུ་འོང་བ་ཡིན། ང་ལ་སྒྲུབ་པའི་དྲོད་ཚད་ཀྱི་རྟགས་མ་བཤད། ཆོས་ཉིད་གཏེར་དུ་སྦོས། ང་ནི་མི་མ་ཡིན་ཡིན། ཁྱོད་ཀྱང་ད་རུང་ཁོང་ཁྲིག་སྣང་བས་ལྟ་རྟོག་སེམས་ལ་གྱིས། དམར་ཐག་དྲང་མལ་ཆོད། ལྟ་སྤྱོད་ཟུང་འཇུག་དང་། དུ་མ་རོ་གཅིག་ཏུ་སྲེས་ཤིག་གསུངས། དེ་ནས་ལོ་གསུམ་ལོན་ཙ་བྲག་ཕུག་གི་སྒོ་དེ་ཧར་གྱིས་ཕྱེས་ནས་ཐལ་ཙ། ཨ་མ་ལབ་ཀྱི་སྒྲོན་མ་སེངྒེ་དཀར་མོ་ལ་བཅིབས་ནས་བྱོན་ཏེ། ཁོང་ཡར་བཞེངས་ཙ་བླ་དང་སྒྱིད་པ་འབྱར་ནས་བར་དུ་ཁག་ཁག་ཟེར་ནས་འགྱེལ་ནས་སྣང་ངོ་། །
དེ་ནས་ལངས་ཏེ་བསྒྲུབས་པའི་དྲོད་ཚད་དང་རྟོགས་པ་མ་ལ་ཕུལ། མ་ཡང་ཐུགས་མཉེས་ཏེ། སྣོད་ལྡན་དུ་གཟིགས་ནས་མའི་ཐུགས་ལ་གང་ཡོད་པའི་གདམས་པ་གནང་ནས། ཟངས་རི་མཁར་དམར་ནས་ཤ་ཐུད་ཁལ་རྒྱབ་མང་པོ་བཀལ་ནས་ཚོགས་འཁོར་ཆེན་པོ་བསྐོར་ནས་རྒྱུད་རིན་ཆེན་སྤུང་པའི་དབང་བརྒྱ་རྩ་བརྒྱད་མཛད་ནས། མ་རྒྱུད་ཚེའི་དབང་བརྒྱ་རྩ་བརྒྱད་མཛད། བརྒྱུད་པ་འཛིན་པའི་དབང་བསྐུར་ལུགས་རྣམས་གངས་པ་རྨུག་སངས་ལ་དབང་བརྒྱ་རྩ་བརྒྱད་མཛད་ནས། ཐོད་སྨྱོན་བསམ་འགྲུབ་ཀྱི་སྒོམ་རོགས་ལ་བཞུགས་ཙ། ཤམ་པོ་གངས་ལ་ཆོས་བརྒྱུད་འཛིན་པ་རིན་པོ་ཆེའི་བརྒྱུད་པ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་འོང་གསུངས། མིང་ཡང་གངས་པ་རྨུག་སངས་སུ་བཏགས། མ་ཅིག་ཀྱང་ལོ་དགུ་བཅུ་གོ་དགུ་ལོན། མའི་ཞལ་ནས་གསུངས། ང་ཡང་ལོ་དགུ་བཅུ་གོ་དགུ་ལོན་ཙ་ནུབ་ཕྱོགས་ཨུ་རྒྱན་ཡུལ་དུ་འགྲོ་དགོས། འདིར་ཡང་འགྲོ་དོན་རྫོགས་པས་སྲིན་པོའི་གྲོང་ཁྱེར་ཁ་མི་བརྒྱུད་གསུངས། གླིང་བཞིའི་ལེའུ་སྟེ་རྫོགས་སོ།། །།
དེ་ནས་མ་ཅིག་ལོ་དགུ་བཅུ་གོ་དགུ་ལོན་པའི་དུས་སུ་སྲས་རྒྱལ་བ་དོན་འགྲུབ། ཐོད་སྨྱོན་བསམ་འགྲུབ་ལ་སོགས་དབུས་གཙང་རུ་བཞིའི་གྲྭ་སློབ་ཐམས་ཅད་བསྡུས་ནས། ཚོགས་བརྒྱ་མང་དུ་མཛད། དབང་དང་བྱིན་རླབས་མཛད། རྫས་རྣམས་འགྱེད་བྱས། འབྲུག་ལོའི་དགུན་ཟླ་ཐ་ཆུང་གི་བཅོ་ལྔའི་ནུབ་མོ་ཟངས་རི་མཁར་དམར་གྱི་ཐོག་ཏུ་ཡར་བྱོན་ནས་ཐོ་རངས་སྐྱ་རེངས་ཤར་ནས་སྐུ་གཤེགས་ཆས་བྱེད་པའི་དུས་སྲས་གཉིས་ལ་ལག་པ་ཟེད་གསུངས་ནས། ཞལ་མཆིལ་རེ་གནང་ནས། རྒྱལ་བ་དོན་འགྲུབ་ཀྱི་ཕྱག་ཏུ་དུང་གཡས་སུ་འཁྱིལ་པ་གཅིག་བྱོན། ཐོད་སྨྱོན་བསམ་འགྲུབ་ཀྱི་ཕྱག་ཏུ་ཚེམས་གསུམ་བྱོན་པ་ལ། གཅིག་ལ་ཐུབ་པའི་སྐུ་བྱོན། བཀའ་བརྒྱུད་ཀྱི་དབང་དང་ལྡན་པར་གྱུར་ཅིག །གཅིག་ལ་རྗེ་བཙུན་སྒྲོལ་མའི་སྐུ་གཅིག་བྱོན། མ་རྒྱུད་ཀྱི་དབང་དང་ལྡན་པར་གྱུར་ཅིག །གཅིག་ལ་དུང་གཡས་སུ་འཁྱིལ་བ་གཅིག་བྱོན། འགྲོ་བའི་དོན་ཡུན་རིང་དུ་གནས་པར་གྱུར་ཅིག་གསུངས།
དེ་ནས་མ་ཅིག་སེངྒེ་ལ་བཅིབས་ཏེ། འཁོར་མཁའ་འགྲོ་མ་དཔག་མེད་ཀྱིས་བསྐོར་ནས་ལུས་ལྷག་མེད་དུ་གཤེགས་སོ། །ནུབ་ཕྱོགས་ཨོ་རྒྱན་གྱི་གནས་སུ་བྱོན། དེ་ནས་ཐོད་སྨྱོན་བསམ་འགྲུབ་ནི་ཤམ་པོ་གངས་ལ་མྱུར་བར་གཤེགས་སོ། །རྒྱལ་བ་དོན་འགྲུབ་དང་། ཟངས་རི་མཁར་དམར་དུ་འཚོགས་པའི་གྲྭ་སྐོར་རྣམས་ཀྱིས་མའི་ན་བཟའ་འགའ་ཞིག་དེ་མེ་མཆོད་བྱས། དགེ་འདུན་པ་འགའ་ཞིག་གིས་ནང་རྟེན་བཞེངས། འགའ་ཞིག་གིས་ཀུན་རིགས་རྒྱས་པར་བྱས། ཐམས་ཅད་ཀྱིས་མཆོད་པ་རྒྱ་ཆེན་པོ་བཤམས་ནས། མ་ལ་ངོ་མཚར་གྱིས་གསོལ་བ་འདེབས་ཤིང་བཞུགས་སོ། །དེ་ནས་རྒྱལ་བ་དོན་འགྲུབ་གླང་ལུང་དུ་གཤེགས་སོ། །
སྤྱིར་མ་ཅིག་ལ་སྲས་མང་དུ་ཡོད་ཀྱང་། བརྒྱུད་འཛིན་གྱི་སྲས་བཅུ་དྲུག་ཏུ་གྲགས་ཏེ། དེ་ལ་སྲས་པོ་བཞི། སྲས་མོ་བཞི། རང་དང་མཉམ་པར་བརྒྱད་དེ། བཅུ་དྲུག་ཏུ་གྲགས་སོ། །སྲས་པོ་བཞི་ཡང་། འཁྲུངས་པའི་སྲས་རྒྱལ་བ་དོན་འགྲུབ། བརྒྱུད་འཛིན་གྱི་སྲས་སྟོང་སྡེ་ངག་གི་དབང་ཕྱུག །ཐུགས་འཛིན་གྱི་སྲས་གྲོལ་སྡེ་རྒྱལ་བའི་འབྱུང་གནས། སྐལ་ལྡན་གྱི་སྲས་ཁུ་སྒོམ་ཆོས་སེང་དང་བཞིའོ། །སྲས་མོ་བཞི་ནི། ལབ་ལུང་གི་འགྲོ་པ་རྒྱན། གངས་བར་ལྕེ་གྲོང་གི་ཞང་ལྕམ་དཔལ་རྒྱན། སྣོན་པའི་སྟོང་ཚ་འབུམ་རྒྱན། འཕན་ཡུལ་གྱི་ཉང་མོ་བསོད་རྒྱན་དང་བཞི་ཡིན། རང་མཉམ་གྱི་སློབ་མ་རྒྱན་བཞི་བྱ་བར་གྲགས་སོ། །དེ་ཚོའི་ལོ་རྒྱུས་ནི་གཅོད་གཏེར་མའི་དབུས་ན་བཞུགས་སོ། །རང་དང་མཉམ་པའི་སྲས་བརྒྱད་ལ། མཁྱེན་པ་རང་དང་འདྲ་བ་དྭགས་པོ་སྲོང་ཁའི་སྐྱེ་མེད་དགའ་ཡན་དང་གཅིག །རྟོགས་པ་རང་དང་མཉམ་པ་ལ་སྟོན་ལྷ་དྲུག་གི་ཕོ་སྨྱོན་སེངྒེ་དང་གཉིས། བྱིན་རླབས་རང་དང་མཉམ་པ་བྱང་མི་ཏིའི་སྨྱོན་པ་རང་སང་དང་གསུམ། བརྟུལ་ཞུགས་རང་དང་མཉམ་པ་བསམ་ཡས་ཀྱི་དོ་པ་ཟང་ཐལ་དང་བཞི། ནུས་པ་རང་དང་མཉམ་པ་ལྷོ་བྲག་གཏུམ་ཤུལ་གྱི་ཞིག་པོ་ཧུར་ཐོན། ཐུགས་རྗེ་རང་དང་མཉམ་པ་འཕན་ཡུལ་གྱི་སྐལ་ལྡན་སེངྒེ། ཙི་སྟོན་དར་མ་ཡང་ཟེར། མངོན་ཤེས་རྫུ་འཕྲུལ་རང་དང་མཉམ་པ་མལ་གྲོའི་རྒྱ་སྒོམ་ཧག་ཐོན། འགྲོ་དོན་རང་དང་མཉམ་པ་རྐང་པོའི་རྗེ་བཙུན་ཟིལ་གནོན་དང་བརྒྱད་འབྱུང་ངོ་། །སྲས་རྒྱལ་བ་དོན་འགྲུབ་ནས་བརྒྱུད་པ་ཚོ་དབུས་ན་དར་ཆ་ཆེ། སྟོང་སྡེ་ཚོ་ལྷོ་བྲག་ངོས་ནས་དར་ཆ་ཆེ། ཁུ་སྒོམ་གྱིས་ཚོ་གཙང་ན་དར་ཆ་ཆེ། རང་དང་མཉམ་པའི་སྲས་བརྒྱད་ནས་བརྒྱུད་པ་ཚོ་ཉང་པོ་རོང་ལ་སོགས་པ་ཕྱོགས་ཐམས་ཅད་ན་ཅོ་ལོ་ཁྱབ་ཡོད། སྲས་མོ་རྒྱན་བཞི་ལ་སོགས་པའི་ཚོ་ལ་བྱིན་རླབས་ཀྱི་བཀའ་བབས་པས་མ་རྒྱུད་གཏེར་མའི་སྐོར་བྱ་བ་གྲགས་ཏེ། ཁམས་ན་དར་ཆ་ཆེའོ། །སྲས་དེ་ཚོའི་ལོ་རྒྱུས་དང་བརྒྱུད་ལུགས་ཞིབ་པར་ལོགས་སུ་ཤེས་སོ། །འདིར་ཡི་གེ་མང་པོས་འཇིགས་པའི་ཕྱིར་མ་བྲིས་སོ། །སྲས་དེ་རྣམས་ཀྱི་ནང་ནས་ཁྱད་པར་དུ་ཐུགས་ཀྱི་སྲས་ཁུ་སྒོམ་ཆོས་སེང་དང་། ནུབ་ལོ་ཉིལ་ཆུང་མ་ཡིན་གསུངས།
དེ་ལ་ཡང་ཐུགས་ཟིན་པ་ནི་ཁུ་སྒོམ་ཡིན་སྐད། ཁུ་སྒོམ་གྱིས་མ་ཅིག་གི་གཟིམ་གཡོག་འགའ་ཞིག་མཛད་པས། མ་ཅིག་ཤིན་ཏུ་མཉེས་པ་ཡིན་གསུངས། ཕྱིས་སྐུ་གཤེགས་ཁར་ཁུ་སྒོམ་གྱིས་མ་ཅིག་ལ་ཞུས་པ། མ་ཅིག་ཁྱེད་ཀྱིས་སྔར་གསུངས་པའི་ཆོས་འདི་རྣམས་མ་ཅིག་ཉིད་ཀྱིས་ཐུགས་བརྒྱུད་ལ་འཁྲུངས་པའི་མན་ངག་ཏུ་འདུག་པ་ལ། སངས་རྒྱས་ནས་བརྒྱུད་པའི་ཆོས་གཅིག་ཡོད་ཐང་བ་གཅིག །ཉིད་ཀྱིས་གང་ལ་གསང་ཞུ་ལགས་ཞུས་པས། མ་ཅིག་གི་ཞལ་ནས། ཁྱེད་དེ་བདེན། ང་ལ་སངས་རྒྱས་ནས་བཀའ་བརྒྱུད་པའི་དགོངས་པ་ཡོད། སངས་རྒྱས་ནས་ད་ལྟའི་བར་དུ་བརྒྱུད་པ་ཟམ་མ་ཆད་པ། གདམས་ངག་གི་བཅུད་མ་ཉམས་པ། བྱིན་རླབས་ཀྱི་དྲོད་མ་ཡལ་བ། བཀའ་བརྒྱུད་དོན་གྱི་གདམས་པ་འདི་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་གཅོད་གསུམ་ནང་དྲོད་ཚད་དང་ལྡན་པས་ཆོ་འཕྲུལ་རང་ཞིར་གཏོང་བའི་ལུས་ཚོགས་ཕྲིན་ལས་དང་བཅས་པ་ཡོད་དེ། དེ་སྔ་སུས་ཞུ་ཟེར་མི་ཡང་མ་བྱུང་། གདམས་པ་ཟབ་པ་དང་ཕར་ལ་ཡང་སུ་ལ་རང་དད་ཀྱིས་མ་བསྟན་པ་ཡིན། ད་ཁྱོད་ལ་བསྟན་པར་བྱ་གསུངས་ནས་གནང་བའོ། །ཁུ་སྒོམ་གྱིས་མ་ཅིག་གྲོངས་ནས་སྲས་ཐོད་པ་དོན་འགྲུབ་ལ་སྨྲས་པ། མ་ཅིག་ལ་གདམས་ངག་འདི་ལྟ་བུ་གཅིག་འདུག་པ་ངས་ཞུས་ནས་ཡོད་པ་སློབ་དཔོན་ལ་ཞབས་ཏོག་ཏུ་འབུལ་བཟླས་པས། སྲས་ན་རེ། མ་ལ་གདམས་ངག་ཡོད་ན་བུ་ལ་སྟེར་མཆིས། ང་ལ་མ་བསྟན་པའི་གདམས་ངག་ཁྱེད་ལ་མེད་དེ་མཆིས་གསུངས་ནས། མ་ཞུས་པས། སྲས་ལ་བཀའ་བརྒྱུད་དོན་གྱི་གདམས་པ་མེད་པའི་རྒྱུ་མཚན་དེ་ལགས། ཁུ་སྒོམ་ལ་དོལ་པ་ཟང་ཐལ་གྱིས་ཞུས། དོལ་པ་ཟང་ཐལ་དེས་དང་པོ་གཙང་ན་མཚན་ཉིད་ཀྱི་ཆོས་བསླབ་ནས་འདུག་པ་ལ། ཆེ་འདོན་དཀར་ཡོལ་བའི་ཡུལ་མི་རྣམས་ཀྱིས་སྙད་ཚོལ་བས་བསྡད་དབང་མ་སྟེར་བས་སྐྱོ་བ་སྐྱེས་ཏེ། ཡར་གཙང་ན་བྱོན་པས་དེའི་ལམ་དུ་བུད་མེད་གཅིག་གིས་ཞོ་སྐྱོགས་གང་དྲངས། མར་གྲོག་གཅིག་ཕུལ་ནས་གདམས་ངག་གཅིག་ཞུ་ཟེར་བ་ལ། ཁོང་གིས་མཚན་ཉིད་ཀྱི་ཆོས་ཤེས་ཀྱང་། གདམས་ངག་ཚིག་གསུམ་བསྟན་མ་ཤེས་པ་དང་། ཀྱེ་མ་མཚན་ཉིད་ཀྱི་ཆོས་ཀྱིས་ཀྱང་ཅུང་ཞིག་མི་ཕན་པར་འདུག་སྙམ་ནས་སྐྱོ་བ་སྐྱེས་ཏེ། ཡུལ་དབུས་ནས་མར་བྱོན་ནས། བླ་མ་ཁུ་སྒོམ་ཆོས་སེང་དང་མཇལ་ནས་གདམས་ངག་འདི་ཞུས་ནས་ཉམས་ལེན་བྱས་པས། ལས་ཚོགས་ཀྱི་ནུས་པ་ཡང་སྟོན། ཡུལ་གྱི་དགྲ་ལ་མཐུ་སེར་བ་གཉིས་ཀ་བྱས་པས། དགྲ་ཐམས་ཅད་དབང་དུ་འདུས་པ་བྱུང་གསུངས། དེས་རྒྱ་ནག་གཅེར་བུ་ལ་གནང་བ་ཡིན་ཏེ། དེ་ནས་དོལ་པ་ཟང་ཐལ་གྱི་སྔོན་མཐུ་སེར་ཚོ་བྱས་པས་ཤིན་ཏུ་འགྱོད་པ་སྐྱེས་ཏེ། ཇོ་མོ་གཅིག་ཡོད་པ་དང་གཉིས། རྒྱ་ནག་གཅེར་བུ་ལ་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་ཞུ་རུ་ཕྱིན་པས། ཀུལ་ཕྱིང་རང་ལ་སློབ་དཔོན་བཞུགས་ནས་ཚོགས་མཛད་པའི་སར་མཇལ་ནས་སྡུག་བསྔལ་ཞི་བར་བྱེད་པའི་ཆོས་ཞུས་པ་ལ། ཁོང་གིས་ཅོག་ཆུང་གཅིག་ཀྱང་བྱས་ནས་ཆོས་ཉན་ཞིང་བཤད་ཅིང་འདུག་པ་ལ། ཆོས་ཐུན་གྱི་གཤམ་དུ་གཅོད་ཁ་འཐོར་ཉམས་ཀྱི་མན་ངག་བག་རེ་ཙམ་བཤད་ཅིང་འདུག །ཁྱོད་ཀྱི་གཅོད་ཁ་འཐོར་འདི་སུ་ལ་ཞུས་དྲིས་ཙ། སློབ་དཔོན་ཐོད་པ་གྲུབ་པེ་ལ་ཞུས་གསུངས། འོ་ན་བཀའ་བརྒྱུད་དོན་གྱི་གདམས་པ་ཞེས་བྱ་བ་སངས་རྒྱས་ནས་ད་ལྟའི་བར་དུ་བརྒྱུད་པ་ཟམ་མ་ཆད་པ། ནང་དྲོད་ཚད་དང་ལྡན་པས་ཆོ་འཕྲུལ་རང་ཞིར་འགྲོ་བ་ཡོད་པའི་གདམས་པ་མཁྱེན་ལགས་སམ་ཞུས་ནས། དེར་བླའོ་བྱས་པས་ཁྱོད་ཀྱིས་ཀྱང་ཤེས་སམ་གསུངས་པས། ཤེས་ལགས་བཀའ་བརྒྱུད་དོན་གྱི་གདམས་པ་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ནས་ད་ལྟའི་བར་བརྒྱུད་པ་ཟམ་མ་ཆད་པ། གེགས་སེལ་དྲོད་ཚད་ཞལ་ཤེས་ཀྱི་བྱ་བ་གཉིས་དང་བཅས་པ། ནང་མན་ངག་གི་གདམས་པ་ཟབ་མོའི་གནད་ཀྱི་ཆོ་འཕྲུལ་རང་ཞིར་འགྲོ་བའི་མན་ངག་འདི་འདྲ་བ་ཤེས་བཟླས་པས། སློབ་དཔོན་དད་པ་སྐྱེས་ཏེ་ཞུ་དགོས་གསུངས་པ་ལ། ཆོས་ཕར་བསླབ་ཚུར་བསླབ་མཛད་ནས་དོལ་པ་ཟང་ཐལ་གྱི་རྒྱ་ནག་གཅེར་བུ་ལ་གཅོད་སྐོར་བཤད་པས། ཕྱིས་རྒྱ་ནག་གཅོད་མཁན་ཆེན་པོར་གྲགས་ནས་གཅོད་ཀྱི་སློབ་མ་མང་པོ་བྱུང་སྐད། དེས་བླ་མ་སངས་རྒྱས་རབ་སྟོན་ལ་གནང་སྟེ། མཁྱེན་པ་མཐོ་ཞིང་ཡོན་ཏན་དུ་མ་དང་ལྡན་ནས་གྲུབ་ཐོབ་ཆེན་པོར་གྱུར། ལོ་ཡང་བརྒྱ་དང་མང་པོ་ལོན་སྐད། དེས་ཟལ་མོ་པ་དད་པའི་ཤེས་རབ་ལ་གནང་སྟེ། དེ་ཡང་དང་པོ་ཨརྱ་དྷེ་བའི་གཞུང་ཆུང་གཟིགས་པས། དད་པ་སྐྱེས་ནས་འདི་སུས་ཤེས་དྲིས་པས། བླ་མ་སངས་རྒྱས་རབ་སྟོན་གྱིས་མཁྱེན་ཟེར་བས་དྲུང་དུ་ཕྱིན་ནས་ཞུས་པས་གནང་སྟེ། ཁོང་ཐུགས་རྗེ་ཤེས་རབ་ཤིན་ཏུ་ཆེ་བ་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ། འཕགས་སྐོར་ཡོ་ག་དུས་འཁོར་ཀྱེེ་རྡོར་ལ་སོགས་པའི་སྔགས་རྣམས་མཁྱེན། བྱང་ཆུབ་ཀྱི་སེམས་འབྱོངས་པས་ཆོས་བརྒྱད་མེད་པར་འགྲོ་དོན་མཛད་པའི་གྲུབ་ཐོབ་ཆེན་པོ་ཡིན་ནོ། །དེས་གདམས་ངག་གཅིག་བརྒྱུད་རྣམས་བླ་མ་སུམ་པ་རས་པ་ལ་གནང་ནས། གཉན་ཁྲོད་འགྲིམས་པས་མཛེ་ནད་ཐོན་པ་དང་། སྐྱེ་མེད་ཀྱི་དོན་ཁོང་དུ་ཆུད་ནས་སེམས་ཅན་མང་པོ་ལ་སྨིན་གྲོལ་མཛད་དོ། །དེས་སངས་རྒྱས་གཉན་སྟོན། དེས་རས་པ་ཆོས་སེང་། དེས་གཡུང་གཞེར་སྟོན་པ། དེས་ཀཿཐོག་པ་ཤེས་རབ་བླ་མ། དེས་རྗེ་བཙུན་དཔལ་འབར་བ། དེས་རྟོགས་ལྡན་ནམ་མཁའ་རྡོ་རྗེ། དེས་བླ་མ་ཡང་ཁྲོད་པ། དེས་མཁས་བཙུན་ཡེ་ཤེས་རྒྱན་པ། དེས་བདག་ལའོ། །དེ་ལྟ་བུའི་བརྒྱུད་པ་ངོ་མཚར་ལོ་རྒྱུས་ཀྱི་རིམ་པའི་དོན་དང་ལྡན་ནམ་མི་ལྡན་གྱི་སློབ་དཔོན་བརྟགས་པ་དང་། སློབ་དཔོན་དེས་ཆོས་གསུངས་པའི་གནད་དུ་རུང་མི་རུང་གི་སློབ་མ་བརྟགས་པ་རྣམས་ནི་གཞན་དུ་ཤེས་སོ། །གོང་དུ་བཤད་པ་དེ་རྣམས་ནི་མ་ཅིག་གི་རྣམ་ཐར་རྒྱས་པ་གླིང་བཞི་མ། རྣམ་ཐར་བསྡུས་པ་ཟབ་དོན་ཐུགས་སྙིང་གི་ལོ་རྒྱུས། བཀའ་བརྒྱུད་དོན་གྱི་ལོ་རྒྱུས་བསྡུས་པ། དེ་རྣམས་ཀྱི་ནང་ནས་བཏུས་སོ། །དེས་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་དུ་བརྒྱུད་པའི་ལོ་རྒྱུས་ཀྱི་རིམ་པ་ཟུང་བཞི་ཡ་བརྒྱད་ཀྱི་ཁོག་ཕུབ་པ་དེ་སོང་ངོ་།། །།