མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
གངས་ཅན་རིག་པ་འཛིན་མ་དག་གི་རྣམ་ཐར་བཞུགས།
ཨ་མ་ལབ་སྒྲོན་གྱི་རྣམ་ཐར་ལོ་རྒྱུས་ཆེན་མོ། མཛད་པ་པོ་བཙུན་པ་བཀྲ་ཤིས་བཟང་པོ།
༄༅། །ཨ་མ་ལབ་སྒྲོན་གྱི་རྣམ་ཐར་ལོ་རྒྱུས་ཆེན་མོ་བཞུགས་སོ། །ཤཱཀ་ཐུབ་ཡུམ་སྲས་རྣམས་ལ་ཕྱག་འཚལ་ལོ། །རང་དགའི་དགོས་པ་སྤང་བའི་ཕྱིར། བླ་མའི་རྣམ་ཐར་ལོ་རྒྱུས་ཟུར་ཙམ་བརྗོད་པར་བྱ། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེའང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ནི། འདོད་ཆགས་ཉི་ཁྲི་ཆིག་སྟོང་། དེའི་གཉེན་པོར་དམ་པའི་ཆོས་འདུལ་བ་ཉི་ཁྲི་ཆིག་སྟོང་། གཏི་མུག་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། མདོ་སྡེ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། མངོན་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་སྙོམས་གཉེན་པོར་འབྲས་བུ་གསང་སྔགས་ཀྱི་ཆོས་ཉི་ཁྲི་ཆིག་སྟོང་། དེ་ལྟར་བརྒྱད་ཁྲི་བཞི་སྟོང་དུ་གསུངས་སོ། །
གསུང་ངོ་གསུང་པར་འགྱུར་རོ། །གསང་སྙིང་ལས་དེ་རེ་རེ་ལའང་ཆ་གསུམ་གསུམ་དུ་གསུངས་པ་ནི། འདི་ནི་མངོན་པའི་མངོན་པ་ཁོ་ནའོ། །འདི་ནི་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཀའ་རྫོགས་པ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་དང་། དབུ་མ་ཆེན་པོ་དང་། ཆོས་མཐའ་དག་ནས་གསུངས་པ་ནི། ཕ་རོལ་ཏུ་ཕྱིན་པ་རྒྱས་པ་དང་སྡུམ་པ་ནས། གང་ཡང་ཡིད་ལ་མི་བྱེད་དེ། གང་ཡང་ཡིད་ལ་བྱེད་པ་དེ་ནི་འདོད་པའི་ཁམས་སུ་འདྲེ་བར་འགྱུར་རོ། །གཟུགས་ཀྱི་ཁམས་སུ་འདྲེ་བར་འགྱུར་རོ། །གཟུགས་མེད་པའི་ཁམས་སུ་འདྲེ་བར་འགྱུར་ཏེ། གང་ཡང་ཡིད་ལ་མི་བྱེད་པ་དེ་ནི། གང་དུའང་འདྲེ་བར་མི་འགྱུར་རོ། །དེ་བས་ན་རབ་འབྱོར། བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པའོ་ཞེས་པ་དང་། རྒྱས་པ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པའོ། །དགེ་འདུན་རྗེས་སུ་དྲན་པའོ། །ཞེས་པ་དང་། གནས་ནི་དུར་ཁྲོད་དང་ཤིང་དྲུང་དང་བླ་གབ་མེད་པ་དང་། གཉན་ས་ཞེས་པ་ལ་སོགས་གསུངས་སོ། །རྒྱས་པ་ལས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་སེམས་པ་དེ་ནི། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པར་འདོད་དོ། །
མཛོད་ལས་ཀྱང་། བར་ཆད་ཆོ་འཕྲུལ་བཟློག་པའི་ཕྱིར། བདུད་ཀྱི་གཅོད་ཡུལ་ཤེས་པར་བྱ། ཞེས་དང་། སེམས་ལུང་ཆེན་མོ་ལས་ཀྱང་སྔོན་འགྲོ་ཡན་ལག་བདུན་པ་དང་ཞེས་དང་། ནམ་མཁའ་ཆེ་ལས། འགྲོ་བ་ལས་ཀྱི་མ་སྐོར་བའི་སྐབས་ཞེས་སོ། །ཕྱག་རྒྱ་ཆེན་པོ་ལས། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་དོ། །ཞེས་དང་བློ་དང་བྲལ་བའོ་ཞེས་སོགས་གསུངས། དབུ་མ་ཆེན་པོ་ལས་ཀྱང་། མཐའ་དབུས་དང་བྲལ་བའོ་ཞེས་གསུངས། གཉིས་སྣང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དོ་ཞེས་གསུངས།
བརྒྱད་སྟོང་པའི་ལེའུ་དགུ་པ་ལས། བཅོམ་ལྡན་འདས་རྟོག་པ་མ་མཆིས་པའི་སླད་དུ་འདི་ནི་ཡང་དག་པ་ཇི་ལྟ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་སོ། །དེ་ཁོ་ནའི་དོན་ཉམས་སུ་མྱོང་བ་ནི། མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྤྲུལ་པ་མོ་ཇོ་མོ་ལབ་སྒྲོན་གྱི་ཐུགས་དགོངས་ལ། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་མངའ་རིས་བོད་ཀྱི་རྒྱལ་ཁམས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་གྲྭ་དར་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རང་ལ་རང་ཆས་སུ་ཡོད་པའི་དོན་གོ་ཞིང་ཤེས་པ་དང་། རྟོགས་པ་ནི་ཉུང་བར་གཟིགས་ཏེ། འགྲོ་བ་སེམས་ཅན་ལ་ཕན་འདོགས་པའི་ཆ་མཐུན་དུ། སྤྱིར་རྒྱ་གར་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་བྱོན་པ་ལ། མཁའ་འགྲོ་མ་རྣམས་ཀྱིས་ཆོས་ལ་ལ་ནི་དངོས་སུ་བསྟན། ལ་ལ་ནི་རྗེས་སུ་བསྟན། ལ་ལ་ནི་ལུང་བསྟན། ལ་ལར་ཆོས་ཀྱི་སྒྲ་གྲགས། ལ་ལས་ཆོས་ཀྱི་ཆར་ཕབ་ཀྱང་། གདུལ་བྱ་ལས་མ་དག་པ་རྣམས་ཀྱིས་མ་མཐོང་ནས། མཁའ་འགྲོ་མ་བཞིས་བཀའ་བགྲོས་མཛད་ནས།
སྐྱེ་བ་མི་ལུས་སུ་བཞེས་པ་ནི། གཅིག་ནི་གཙང་སྟོད་ཀྱི་ཞང་མོ་རྒྱ་ཐོད་པ་སྐམ་པོ་དེ་དྲན་ནམ། ཐོ་སོད་ཀྱི་གནས་སུ་ཐ་མལ་གྱི་གྲོགས་མ་ཁྲིད། ནོར་བུ་རིན་ཆེན་རྙེད་པའི་དུས་སུ། ཐེ་ཚོམ་གྱི་སྒྲོག་ཁྲོལ། བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་ན། སེང་གེའི་སྙིང་ཁུང་དུ་ཆུག་ཅིག །མཐིང་ཡིན་ཏེ། རྐྱེན་རྣམས་གཞི་ཐོག་ཏུ་སྐྱུར། གཞི་རྐྱེན་སྦྲགས་མ་ལམ་དུ་བླངས། སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། སྟོན་ཆེན་ཐམས་ཅད་ཟིལ་གྱི་གནན། སྐྱེས་ཆོས་སུ་བློ་དངོས་འབྲེལ་མེད་གསུངས་སོ། །མ་མོ་དེ་བྱིན་རླབས་ཤིན་ཏུ་ཆེ་བས། མ་རིག་པ་ཡེ་ཤེས་སུ་བསྒྱུར་བ། གང་ཟག་མི་མིན་དུ་གཏོང་བའི་རྣལ་འབྱོར་མ་ཞིག་བྱུང་ངོ་། །
གཅིག་ནི་དབུས་སུ་ས་ན་སྨྱོན་མ་རྒྱ་ལྕམ་ཡིན་ཡ་གི་ཡར་འབྲོག་གླང་བུའི་དགོན་པ་བྱ་བ་ན། སྤྲུལ་སྐུ་སེ་ཇོ་སྲས་བྱ་བ་ལ། མཆོད་གནས་ཞིག་པོ་བཞི་ཡོད་པར་གདའ་སྟེ། ཁྱད་པར་དུ་མ་ཇོ་རྒྱལ་མོ་ལྕམ་ཟེར་བའི་མངོན་ཤེས་ཅན་ཞིག་རྒོད་བྲོ་བའི་སྤྲང་མོ་རྒན་མོ་ཞིག་འདུག་ཟེར། དེ་བལྟ་རུ་ཕྱིན་པས་ཡེ་ཤེས་ཀྱི་མཁའ་འགྲོ་མངོན་ཤེས་ཅན་ཞིག་འདུག་གོ །དེ་ཐུགས་རྣམ་དག་གི་དབྱིངས་ལས། ནག་པོའི་ཕྱོགས་ཀྱི་དགའ་བའི་སྟོབས་པོ་ཆེ་ཐམས་ཅད་ཟིལ་གྱིས་མནན་ནས། མ་རུངས་པ་གདུག་པ་ཅན་ཚར་བཅད། ཆོས་མཛད་རྣམས་ཀྱི་བློ་བཀོལ་དུ་བཏུབ་པ་ཞིག་བྱུང་ངོ་། །མ་མོ་དེ་ཤིན་ཏུ་སྟོབས་ཆེ་བས། ཡུལ་ཁམས་ཐམས་ཅད་བཀྲ་ཤིས་པར་བྱིན་གྱིས་རློབས་ནུས། འཁོར་འདས་ཐམས་ཅད་རོ་གཅིག་ཏུ་ཟིལ་གྱིས་མནན་ནས། ཕྱོགས་མེད་ཡོངས་སུ་གྲོལ་བར་བྱེད་པའི་རྣལ་འབྱོར་མ་གཅིག་བྱུང་ངོ་། །
གཅིག་གཉལ་སྟོད་ཀྱི་ཤེལ་མོ་རྒྱལ་ལྕམ་ཡང་ཟེར། ཤེལ་མོ་བྱང་ཆུབ་ཡང་ཟེར་ཏེ། མོ་གློ་བུར་གྱི་དྲི་མ་ནི་དབྱིངས་སུ་དྭངས། རྣམ་དག་གི་དགོངས་པ་ནི་ཐུགས་ལ་གསལ། གནས་ལུགས་གཉུག་མའི་དོན་ལས་མ་གཡོས་པར། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ཞིག་བྱུང་བ་ལས། སྐུ་ཚེ་ཐུང་པས་མིང་མ་གཅིག་ཏུ་གོལ་ལོ་ཡང་ཟེར་རོ། །གཅིག་ངམ་ཤོད་སྨད་དུ་ཇོ་མོ་ལབ་སྒྲོན་ཏེ། སྙེམས་ཐག་ནི་ཕྱོགས་མེད་དུ་བཅད། བདུད་ལ་ཐོག་རྫིས་བྱེད། ཉོན་མོངས་པ་རང་སར་གྲོལ། འཁྲུལ་པ་དབྱིངས་སུ་ཞིག །ཡུམ་ཆེན་མངོན་དུ་གྱུར། སྐྱེས་ཆོས་སུ་ལྟ་བ་བདུད་ཀྱི་གཅོད་ཡུལ་དུ་མ་གྱུར་པར་བྱེད་པའི་གདམས་ངག་གསུངས་སོ། །
མ་ཇོ་མོ་དེ་བཞིན་དུ་དཔལ་ཆེ་བས་མི་མཐུན་པ་གྲོགས་སུ་ཁྱེར་ཅིང་། ལྟས་ངན་གཡང་དུ་ལེན་པ། བདེ་ཆེན་ཡོངས་སུ་རྒྱས་པའི་རྣལ་འབྱོར་མ་ཞིག་བྱུང་ངོ་། །མ་ཇོ་མོ་དེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་པས་མ་ཇོ་མོས་མཛད་པ་དེ་ཆོས་ཚད་མ་ཡིན་ནོ། །མ་ཇོ་མོ་དེ་ངེས་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་ཏེ། དགོངས་པ་ནི་ལྷུན་གྱིས་གྲུབ། རྟོགས་པ་ནི་རང་ལ་ཤར། སྒྲོ་འདོགས་ནི་སེམས་སུ་ཆོད། དབང་གི་བྱིན་རླབས་ཞུགས། ཡིད་ཆེས་ནི་བཀའ་ལུང་བརྒྱད་སྟོང་པའི་ལེའུ་བཅྭོ་བརྒྱད་པ་ནས། ངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་བཤད་དམ་ཞེས་གསུངས་སོ་ལ་མཛད། བྱུང་ཁུངས་ནི་ཡུམ་ཆེན་མོ་དང་། དུས་གསུམ་སངས་རྒྱས་ལ་མཛད་པ་ཡིན། དེ་ཁོ་ནའི་དོན་ཉམས་སུ་མྱོང་བ་ནི། བོད་ཡུལ་ཨེའི་ལབ་ན། ཡུལ་ནི་འདམ་ཞེས་བྱ་བ། གྲོང་མཚོ་མེར་མོ། རུས་ཁེར་གད། ཕ་ཁེར་གད་ལྷ་པོ། མ་རླུང་མོ་འབུམ་ལྕམ། མིང་པོ་འཁོར་ལོ། བུ་མོ་ཁེར་སྟོན་མ་ཉག་གེ་མ་ཇོ་མོའི་མིང་ནི་མེ་ཏོག་སྒྲོན་ཞེས་བྱའོ། །ཁེར་སྟོན་མ་ཉག་གེའི་སློབ་དཔོན་སྤྱན་ཆེན་ཞེས་བྱ་བ་རྫོགས་པ་ཆེན་པོའི་ཆོས་ལ་མཁས་པ་གཅིག་གིས། ཆོས་མང་དུ་བཤད་དོ། །མ་ཇོ་མོ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། ཞག་གསུམ་མའི་རྨི་ལམ་དང་གཉིད་སད་པ་གཉིས་ཀ་ན། ལབ་ཀྱི་ལུང་པ་ཐམས་ཅད་མེ་ཏོག་པདྨ་ཁ་ཕྱེ་བ་ལྟ་བུར་རྩེ་ནེར་སོང་འདུག །ནུབ་མོ་སྒྲོན་མེ་སྟེག་པ་བཞིན་བྱུང་། སྐྱེ་བའི་ཞག་གསུམ་ནངས་པར་ཚུག་པ་བྱུང་བས། མི་ལ་བཤད་པས་མིའི་ལབ་སྒྲོན་དུ་བཏགས། བོས་པས་ལབ་སྒྲོན་དུ་གྲགས་སོ། །ཕ་མའི་སློབ་དཔོན་ན་རེ། སྔོན་རྒྱལ་འབྱུང་གི་བུ་མོ་གཉིས་ལ། ཡིག་རྩིས་བསླབ་པས་ངོ་སྤྲད་པ་ཙམ་གྱིས་ཤེས། ཀློག་མཁས་པ་གཅིག་ཀྱང་ཤེས། ལོ་བརྒྱད་ལོན་པ་དང་། ཕ་མ་ལ་ར་སྒོ་ཁྱུ་ཡོད་པས། ར་ལུག་འཚོར་བཅུག་པས། ལོ་གཉིས་འཚོས་ནས། ལོ་བཅུ་གཉིས་ལོན་ཙ་ན་ར་ལུག་ཐམས་ཅད་ཉི་མའི་རིགས་ལ་གར་དགར་ཡན་དུ་བཅུག་ནས། མོའི་སྡོད་ས་ན། སྡེའུའི་ཕུང་པོ་བྱས་ནས་སྣུམ་རུག་གེ་འདུག་གོ །ར་ལུག་ལའང་གཏོར་བརླག་མ་བྱུང་། གཅན་གཟན་མ་བྱུང་། གྲོང་པ་རྣམས་ན་རེ། ལྷ་པོ་ཁྱེད་ཀྱི་བུ་མོ་འདིས་མི་ཡོང་ར་རྣམས་གར་དགར་ཡན་དུ་འཇུག་མོ་རང་སྡེར་མོ་འགྲེམས་ཀྱིན་སྡོད། གཅན་གཟན་དང་དགྲས་གཏོར་བརླག་ཡོང་ཉེན་ཡོད་ཟེར་བས། ཕས་ལྟར་ཕྱིན་དུས། དེ་བཞིན་དུ་འདུག་གོ །ཕས་བུ་མོ་ལ་དྲིས་པ། རྡེའུ་འདི་ཚོའི་ཅི་བྱེད་བྱས་པས། ཆོས་ཀྱི་རྐང་གྲངས་ཐེམས་སམ་འདྲེན་པ་ཡིན་ཟེར་རོ། །བུ་མོ་ཁྱོད་ཀྱིས་ཆོས་ཤེས་སམ་བྱས་པས། ངས་ཆོས་མང་པོ་ཤེས་ཟེར་རོ། །ཁྱོད་ར་ལུག་གར་འགྲོར་བཏང་ནས་དགོང་མོ་གཏོར་བརླག་མི་འོང་བ་ཅི་ཡིན་བྱས་པས། མཁའ་འགྲོ་མ་རྣམས་ཀྱིས་འཚོས་ནས་དེད་ཡོང་གིན་ཡོད་པ་ཡིན། ཁོང་གིས་ཕྱི་གཉེར་བྱས་ནས་མ་གཏོར་བ་ཡིན་ཟེར་རོ། །ཕ་ན་རེ་འོ་ན་ངས་སྡིག་པ་མང་པོ་བསགས་འདུག་ཁྱོད་རང་སང་ནས་ར་ལུག་མ་འཚོ་ཟེར་རོ། །
ཡང་ཕ་ན་རེ། བུ་མོ་ཁྱོད་ཀྱིས་ཆོས་ཀྱི་དོན་ཅི་རྟོགས། རྒྱལ་པོས་བྱིན་གྱིས་བརླབས་པ་མིན་ནམ་བྱས་པས། བརྒྱད་སྟོང་པའི་ལེའུ་བདུན་པ་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ལམ་ལོག་པར་མཆིས་པའི་སེམས་ཅན་རྣམས་ལམ་དུ་འཛུད་པ་ལེགས་སོ། །ཞེས་གསུངས་སོ། །རྒྱལ་པོས་བྱིན་གྱིས་བརླབས་པ་མིན། དེ་ངས་ཆོས་ཐམས་ཅད་གཅིག་ཏུ་སྡུད་ཤེས་ཟེར་རོ། །སྡེ་སྣོད་གསུམ་གྱི་ཆོས་ཐམས་ཅད་བསྡུས་ན་གཅིག་ཏུ་འདུས་པ་ཡིན། དེའང་སྒྱུ་མ་ལྟ་བུར་ཤེས། གཅིག་པུ་དེ་གཟུང་འཛིན་གྱི་བློ་དང་བྲལ་བར་ཤེས་ཟེར་རོ། །
དེའང་ཉི་ཁྲི་ལས། རབ་འབྱོར་གྱིས་དོན་རྫོགས་པ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཞེས་པ་ལ་སོགས་དང་། དེ་ངོས་གང་དུ་འཛིན་བྱས་པས། བར་སྣང་གི་ནམ་མཁའ་ལྟོས་དང་། སྐྱེ་འགག་མེད་དེར་ངོས་འཛིན་ཟེར་རོ། །ཡང་ཕ་ན་རེ། ཨ་ཕ་དོན་དམ་པའི་བདེན་པ་མཐོང་འདུག་ངའི་བུ་མོ་འདི་ངོ་མཚར་ཆེ། ང་རའི་མཆོད་གནས་བྱེད་དགོས་ཟེར་རོ། །ལོ་བཅུ་གཉིས་ནས་ཀློག་བྱས། ལོ་བཅུ་དྲུག་བཅུ་བདུན་བཅྭོ་བརྒྱད་ཙམ་ལོན་དུས། བྱེ་ཅན་གཟིགས་མོ་ལ་ཕྱིན་པས་ལབ་ནས་ཡོངས་པའི་མི་ལ་སྒེག་ཅིང་སྐྱེ་འབྲས་ལེགས་པས། མིང་ལའང་ལབ་སྒྲོན་ཞེས་ཟེར་རོ། །དེ་ནས་བོད་ཀྱི་མི་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་དགོངས་པ་ལས། བོད་གྲུབ་མཐའ་བློས་བསྒྱུར་བ་རྣམས་ཀྱི་བློར་མ་ཤོང་དོགས་ནས། ཕ་མའི་ཀློག་བྱེད་ཅིང་། གསང་སྤྱོད་དུ་བཞུགས་སོ། །དེའི་དུས་ན་གངས་སར་གཅེས་གྲོང་ན། དགེ་བཤེས་ཉི་ཤུ་རྩ་གཅིག་རྒྱུན་མ་ཆད་པ་ལ། ཐོད་པ་ནམ་སྙིང་བྱ་བའི་སྲས། ཐོད་པ་འདའ་རེ་བྱ་བ། དགེ་བཤེས་ཀྱི་ཡོན་ཏན་དང་ལྡན་པ། གཟི་བརྗིད་ཅན་ཞིག་ཡོད་པ་ལས། ཡ་གི་ན་ཁེར་གད་མེ་ཏོག་སྒྲོན་བྱ་བ་ལོ་བཅུ་དགུ་ལོན་པ་ཞིག་ཡོད་པ་དེ་ཆུང་མར་འདོད་དུ་ཕྱིན་པས། ཕ་ན་རེ་བུ་མོ་ལ་ང་རང་གི་མཆོད་གནས་བྱེད་ཟེར་རོ། །
མ་ན་རེ་བུ་མོ་སྐྱེས་པ་ལ་མི་གཏོང་ན་སུ་ལ་གཏོང་། བུ་མོ་ཆོས་མཐར་ཕྱིན་པ་སུ་འདུག་ཟེར་རོ། །བུ་མོ་ན་རེ་འོ་ན་རང་ཡང་ཐོང་། འགྲོ་བ་སེམས་ཅན་ལ་ཕན་ཐོགས་པ་ཞིག་འོང་ཟེར་རོ། །དེར་བག་མར་བཏང་བས་ལོ་བཅུ་དགུ་ལ་ཀོང་པོར་ཁྲིད་ནས་རྙེད་པ་འཚོལ་དུ་ཕྱིན་པས། སྔར་གོང་མ་མ་ཕྱིན་པའི་ཡུལ་དུ་ལོ་བདུན་བསྡད་པས། རྟ་བཅུ་བཞི་ཁལ་དང་བཅས་པ་རྙེད། བུ་མོ་གཉིས་ཀྱང་ཀོང་པོར་སྐྱེས། ཀོང་ལྕམ་དང་། ལ་ལྕམ་ཞེས་བཏགས་སོ། །ལ་ཁར་ཇོ་མོས་དབྱངས་བླངས་པ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ། །འབྱུང་ཆེན་བཞི་པོ་ཤོང་ཡང་ཤོང་། །ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས། །སེམས་ཉིད་ཡངས་པའི་དཀྱིལ་འཁོར་དུ། །ལྷ་སྲིན་སྡེ་བརྒྱད་ཤོང་ཡང་ཤོང་། །ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས། །ཞེས་གསུངས་སོ། །དེ་ནས་གངས་བར་གཅེས་གྲོང་དུ་བྱོན། གངས་བར་སེལ་ཞིག་མོ་རུ་བུ་གསུམ་སྐྱེས། གྲུབ་བེ་ཡང་གྲུབ་གྲུབ་ཆུང་གསུམ་སྐྱེས་པའི་ཆེ་ཤོས་རྒྱལ་བ་གྲུབ་བེ་ཡིན། མ་མོས་མཚན་ཡང་སྙིང་པོ་གྲུབ་བེར་བཏགས་སོ། །དོན་དམ་པའི་སྙིང་པོ་ཡོང་པའི་རྟགས་སུ་མིང་ཡང་དེ་ལྟར་བཏགས་སོ། །དེ་ནས་ཚ་ཁ་མོ་རྣམས་དང་གླེང་མོ་བྱས་པས།
ཇོ་མོ་ན་རེ། ད་ང་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཉན་ཤེས་བཤད་ཤེས་སྒོམ་ཤེས་པ་ཞིག་བྱུང་ན། དེར་འགྲོ་བ་ཡིན་པ་ལ་བྱས་པས། ཚ་ཁ་མོ་བྲས་པ་མོ་གཅིག་ན་རེ། སྤྱིར་རྗེ་བཙུན་མ་འདི་ལ་བཀའི་འབས་སོ་གསུམ་ཡོད་པ་ཡིན་ཏེ། ཐོག་མར་དམ་པ་ཉིད་དང་། བླ་མ་མངོན་ཤེས་གཉིས་ཀྱིས་མ་ཇོ་མོ་ལ་གསུངས་པའོ། །དེ་གྲྭ་ཐང་སྐྱ་མོ་ན། དགེ་བཤེས་གྲྭ་པ་མངོན་ཤེས་བྱ་བ། ཉན་ཤེས་བཤད་ཤེས་སྒོམ་ཤེས་པ་ཞིག་ཡོད་ཟེར་བས། དེ་ནས་མ་ཇོ་ཡག་མོ་བྱ་བ། གོ་འཁོལ་བྱིས་པའི་ཡི་གེ་འབྲི་ཀློག་གཉིས་ཀ་ཤེས་པ་ཞིག་ཡོད་པ་དེ་ཁྲིད། གསེར་སྲང་བཅུ་བཞི་ཁྱེར་ནས་ནམ་ལ་བྲོས་ཕྱིན་པས། གྲྭ་ཐང་དུ་སླེབ་པ་དང་། དགེ་བཤེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་དང་འཕྲད་དོ། །དེར་ཆོས་ཉན་པ་དང་། དགེ་བཤེས་ཀྱི་ཞལ་ནས། ཆོས་བྱེད་པ་ལ་རྟེན་རབ་ཏུ་བྱུང་ན་ལེགས་གསུངས་ནས་རབ་ཏུ་བྱུང་། མིང་ཡང་བཙུན་མ་ཚུལ་ཁྲིམས་རྒྱན་ཞེས་བཏགས་སོ། །དེར་ཆོས་ལོ་བདུན་ཉན་ནོ། །དེར་ཉན་པ་དེས་ཆོག་ད་ལོ་བདུན་ཀློག་ཅིག་གསུངས་ནས། ལོ་བདུན་ཀླག་དེར་ལོ་བཅུ་བཞི་ལོན་པ་དང་། དགེ་བཤེས་ཀྱི་གསུངས་ནས། འགྲོ་དོན་བྱེད་པ་ལ་དབང་ཞིག་ཐོབ་དགོས་གསུངས། ཉན་བཤད་དེས་ཆོག་གསུངས། དེར་མ་ཇོ་མོས་སེམས་ལ་བལྟས་པས། དཔེ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ངོ་སྤྲོད་དུ་ལྷག་ལྷག་ཤར། ཆོས་དྲིས་པ་རྣམས་ལ་ལན་དུ་མ་ཐེབས། དེ་དགེ་བཤེས་ལ་དྲིས་པས། དགེ་བཤེས་ཀྱི་ཞལ་ནས། རྟོགས་པ་ནང་ནས་ཤར་བ་བྱ་བ་ཡིན། སྔར་མ་མཐོང་བའི་ཆོས་ཀྱི་དོན་མཐོང་བ་དང་། དོན་གོ་བ་དང་། དྲི་བ་རྣམས་ཀྱི་ལན་ཐེབས། འཁོར་བའི་སྡུག་བསྔལ་དང་། དེའི་མིང་རྟོགས་པ་ནང་ནས་ཤར་བ་བྱ་བ་ཡིན། གཞན་ལ་གསུངས་ཤིག་གསུངས། ད་སེམས་ཅན་ལ་ཕན་འདོགས་པའི་དབང་ཞིག་ཞུ་བྱས་པས།
དགེ་བཤེས་ན་རེ། ཁྱོད་ཀྱི་དབང་བསྐུར་བའི་སློབ་དཔོན་ང་མིན། ཁྱོད་ཀྱི་སློབ་དཔོན་གཙང་ན་སྐྱོ་སྟོན་རྣམ་གཉིས་བྱ་བ་ཡོད། དེར་སོང་ཞིག་གསུངས་ནས་ལུང་བསྟན་ནོ། །གསེར་སྲང་བཅུ་བཞི་ཁྱེར་ནས། མ་ཇོ་ཡག་མོ་ཁྲིད་ནས་གཙང་དུ་ཕྱིན་པ་དང་། དགེ་བཤེས་སྐྱོ་སྟོན་ཤཱཀ་ཡེས་དང་མཇལ། གསེར་སྲང་བཅུ་གཅིག་ཕུལ་ནས། དབང་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཁོང་གིས་མཁར་གཞོང་ཞིག་ཏུ་བླུགས་ནས། ངས་དོ་ནུབ་ཡི་དམ་ལ་དྲི་ཡི་གསུངས་ནས། ནངས་པར་སྔ་མོ་གསེར་ཚོ་ཁྱེར་བྱུང་སྟེ། ངའི་དབང་མ་བསྐུར་བའི་ཡོན་མི་འདོད། ཁྱོད་དང་དགེ་བཤེས་བསོད་ནམས་བླ་མ་ཆོས་འབྲེལ་ཡོད་པ་ཡིན། ང་དང་མི་འདུག་གསུངས་ནས་གསེར་ཚོ་གཏད་དོ། །འོ་ན་སློབ་དཔོན་བསོད་ནམས་བླ་མ་ལ་དབང་དང་ཆོས་འབྲེལ་ཞུ་བས་དེ་གང་ན་བཞུགས་པ་ལགས་ཞུས་པས། ཁོང་བྱ་ཡུལ་ན་སྐོར་བ་བྱེད་ཀྱིན་ཡོད། དེར་སོང་དང་ཁོང་གིས་གནང་ནས་ཡོང་གསུངས་སོ། །དེར་མ་ཇོ་ཡག་མོ་ཁྲིད་ནས། དབུ་རུའི་ཀླུད་བཤག་ནས་ཕྱིན་པ་དང་། སློབ་དཔོན་བསྐོར་བ་བྱེད་པ་དང་མཇལ་ལོ། །གསེར་སྲང་བདུན་ཕུལ་ནས་དབང་ཞིག་ཞུ་བ་ཕུལ་བས། གསེར་བསྣམས་ཏེ་ངས་དོ་ནུབ་ཡི་དམ་ལ་འདྲིའོ་ཟེར། ནངས་པར་སྔ་བར་བྱོན་ནས། ང་ད་ལོ་དབང་བསྐུར་བའི་དུས་ལ་མ་བབ་པར་འདུག་པས། སང་ཕོད་གངས་བར་ན་ཡར་ཡོང་ཞིག །དེའི་བར་གསོལ་བ་དྲག་ཏུ་ཐོབ་ཅིག །དེ་དུས་བསྐུར་རོ་གསུངས་སོ། །
མ་ཇོ་མོའི་ཞལ་ནས། སྐད་ཅིག་ཡུད་ཙམ་ལའང་བར་ཆད་མང་པོ་ཡོང་ན། དེའི་བར་ཆད་སྲུང་བ་ཞིག་ཞུ་བྱས་པས། སྲུང་བ་འདི་ལ་གྱིས་གསུངས་ནས། ཚིག་བཞི་པ་འདི་གནང་ངོ་། །འཇུག་པ་སྐྱབས་འགྲོ་སེམས་བསྐྱེད། བྱིན་རླབས་ལུས་སེམས་སྦྲལ་བ། སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། ལྟ་བ་བདུད་ཀྱི་གཅོད་ཡུལ་དུ་མ་གྱུར་པའོ། །སྐྱབས་འགྲོ་སེམས་བསྐྱེད་ནི་ཚིག་རྐང་བཅྭོ་བརྒྱད་མ་དེའོ། །འོག་མ་རྣམས་ནི་མ་ཇོ་མོ་ཉིད་ཀྱིས་མཛད་པ་དེའོ། །བྱིན་རླབས་ལུས་ཆུ་ཀླུང་ཆེན་པོ་ནས། སེམས་ཀྱི་ངོ་བོ་སྟོང་པ་ནམ་མཁའ་ཆེན་པོའི་སྒོ་ཕྱེ་ནས། སེམས་སྦྲལ་བ་ནི་ཕ་རོལ་ཏུ་ཕྱིན་དེའང་ཉི་ཁྲི་ནས། ནམ་མཁའ་ཚད་མེད་གྲངས་མེད་པའི་སྒོ་འབྱེད་པ་བཞིན་དུ། ཐེག་པ་ཆེན་པོ་ཡང་ཚད་མེད་གྲངས་མེད་པའི་སྒོ་འབྱེད་ཅེས་སོ། །དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་སེམས་མེད་པའི་ཕྱིར་ནམ་མཁའ་ཡང་མེད་པར་རིག་པར་བྱའོ། །རྒྱས་པ་ནས། ནམ་མཁའ་སེམས་ཅན་ཚད་མེད་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་ཚད་མེད་གྲངས་མེད་པའི་སྒོ་འབྱེད་དོ་པ་དང་། སེམས་ལུང་ཆེན་མོའི་སྐབས་ནས། རིག་པ་ནམ་མཁའ་ལ་འཕང་བ་ནི་དེ་ནས་བཤད་དོ། །སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་དབུ་མ་ནས་གང་གཟུགས་ཡིད་ལ་མི་བྱེད་དོ། །ཚོར་བ་ཡིད་ལ་མི་བྱེད་དོ། །འདུ་ཤེས་ཡིད་ལ་མི་བྱེད། འདུ་བྱེད་ཅེས་པ་ནས། གང་ཡིད་ལ་མི་བྱེད་པ་དེ་ནི་འདོད་པའི་ཁམས་སུ་གཟུགས་དང་གཟུགས་མེད་པའི་ཁམས་སུ་འདྲེ་བར་འགྱུར་རོ། །གང་ཡིད་ལ་མི་བྱེད་པ་དེ་ནི་འདྲེ་བར་མི་འགྱུར་རོ། །ཞེས་བཤད་ཡོད་དོ། །དེ་བས་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པའོ་ཞེས་སོ། །ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་ནི། བང་མཛོད་ལས། བར་ཆད་ཆོ་འཕྲུལ་བཟློག་པའི་ཕྱིར། །བདུད་ཀྱི་གཅོད་ཡུལ་ཤེས་པར་བྱ། །ཞེས་གསུངས་སོ། །
ཇོ་མོས་དྲིས་པ། བར་ཆད་བསྲུང་བའི་ཆོས་འདི་ནི། སློབ་དཔོན་གྱི་ཐུགས་ལས་འཁྲུངས་པ་ཞིག་ཡིན་ནམ། རྒྱུད་པའི་སློབ་དཔོན་ཞིག་ཡོད་པ་ལགས་ཞུས་པས། འདི་སྐད་གསུངས། ཇོ་མོ་ཉོན་ཅིག་སྟག་འཚལ་ཀླུང་ན་སློབ་དཔོན་མ་བརྟོགས་བྱང་འབར་བྱ་བ་ལ། སློབ་མ་ཀ་བཞི་གདུང་དྲུག་བྱ་བ་ཞིག་ཡོད། སྟག་འཚལ་ལྷ་ཁང་བཞེངས་བའི་ཤིང་མ་འདངས་མ་རྙེད་པ་དང་། ཉི་མ་དྲོ་སྐད་དཀྱིལ་ན། སྟག་འཚལ་རྐྱང་ལུང་བྱ་བ་ལུང་པ་སྟོང་པ། རླུང་དང་ཤིང་རྩི་དང་མཚོ་ཆུང་དང་། ཆུ་ལྟང་སྟེང་མང་བ། ཤིན་ཏུ་གཉན་པ་ཞིག་ཡོད་པས། དེ་ན་སྲ་སྟེ་ཤིང་ཆེན་བྱ་བ། མཐའ་སྐོར་དུ་འདོམ་བདུན་ཡོད་པ། ཡན་ལག་ལ་གདུང་ཆེན་བདུན་ཡོད་པ། ཤིན་ཏུ་གཉན་པ་ཞིག་ཡོད་པ་དེ་གཅོད་པ་ལ། སློབ་མ་སུམ་ཅུ་ཐམ་པ་ལ། སྟ་རེ་དང་འབྱོར་ཟན་བསྐུར་ནས་གཅད་དུ་བཏང་བས། རི་དུར་རྡོ་འཁྲོག་མཚོ་འཁྲུག་ཆུ་ཁོལ། སྦལ་ལྕོང་ཐམས་ཅད་སྐད་འདོན་ཅིང་། ནམ་མཁའ་ལ་འཕུར། ཤིང་སྡོང་སྐད་འདོན་ཅིང་འཁུན་པ་ལ། སློབ་མ་རྣམས་ཀྱིས་གཅོད་མ་ནུས་པར་ལོག་ཕྱིན་ནས། སློབ་དཔོན་ལ་བཤད་པས། ང་དང་མཉམ་པའི་སློབ་མ་མེད་དམ་གསུངས་ནས། ནངས་པར་སློབ་དཔོན་རང་གིས་སྟ་རེ་ཕྲག་ལ་བཀལ། ཟན་སྐེད་སྤྲག་བཅུག་ནས་ཕྱིན་ནོ། །དེར་ཆོ་འཕྲུལ་སྔ་མ་ལྟར་བྱུང་ནས། ཁྱོད་ཀྱང་སྲ་ཏེ་ཤིང་ཆེན་ཡིན། ང་ཡང་མ་བརྟོགས་བྱང་འབར་བྱ་བ་ཡིན་བྱས་ནས། སྟ་རེ་སྡོང་པོ་ལ་རྒྱབ་པས་སྐད་ཆེན་པོ་བྱུང་ངོ་། །ཁྲག་ཡང་བརྒྱངས་པ་ཞིག་བྱུང་། དེར་སློབ་མ་ཚོ་ཡང་བྱུང་སྟེ། སྟ་རེ་ཁྱེར་ནས་ཤིང་བཅད་པས། ཉི་མ་མྱུར་བ་ན་ཤིང་འགྱེལ་བ་དང་། ཤིང་གི་ནང་ནས་ཁྱེའུ་གཡུའི་ཟུར་ཕུད་མངའ་བ། ཤིན་ཏུ་མཛེས་པ་ཞིག་བྱུང་སྟེ། སློབ་དཔོན་མ་བརྟོགས་བྱང་འབར། ངའི་གནས་ཕྲོག་ནས་ད་ང་གར་སྡོད་ཟེར་རོ། །སློབ་དཔོན་གྱི་ཞལ་ནས། ཁྱེད་རང་ཤིང་འདི་གར་བཞག་པའི་ས་དེར་སྡོད་ཅིག་གསུངས་ནས། དེ་ལ་ལྷ་ཁང་གི་ཤིང་བྱས་པས། ལྷ་ཁང་ཡང་ཤིན་ཏུ་གཉན་པ་ཞིག་བྱུང་ངོ་། །ཁྱེའུ་དེ་ཉིད་སྦྲུལ་དུ་སོང་སྟེ། ཤུལ་དུ་སྦྲུལ་གྱི་པགས་པ་བཞག་འདུག་པས། ལྤགས་པ་དེ་ལྷ་ཁང་གི་གདུང་མ་ལ་བཟེད་པས་འདོམ་བཞི་དང་མདའ་གང་བྱུང་ངོ་། །
དེར་སློབ་མ་རྣམས་ལ་ལ་ཤི་ལ་ལ་མཛེས་ཁྱེར་བ་དང་། གཅོད་ཀྱི་རྩ་བ་ཐམས་ཅད་ཀྱི་བསྡུས་དོན་འདི་རང་ཡིན། དེ་ནས་གདམས་ངག་གི་ནང་ནས་ཀྱང་འདི་རྣམས་བསྡུས་པ་ཡིན་ནོ། །དེ་ལ་བདག་གིས་ཞུས། ཇོ་མོ་ལ་གནང་བ་ཡིན་གསུངས་སོ། །དེ་ནས་མར་ལ་བྱོན། ཟངས་རི་ལྷན་སྟག་ན་ཀློག་འདོན་གྱིན་ཡོད་ཙ་ན། སློབ་དཔོན་བསོད་ནམས་བླ་མ་གསང་སྤྱོད་དུ་བྱོན་ནས། གཉིས་པ་སྐྱོ་བསོད་ནམས་བླ་མའི་ཁུ་བོ། སྐྱོ་ཤྭཀ་ཡེས་དམ་པ་དངོས་ཀྱི་སློབ་དཔོན་ཡིན་པས། ཁོང་གིས་ཟངས་རིར་དབང་བསྐུར་ནས་གསུངས་སོ། །ཇོ་མོ་ལ་མི་ཟས་ཟོས་ནས་རང་སྡུག་མ་བསགས་གསུངས་སོ། །
ཇོ་མོའི་ཞལ་ནས། ངས་ཚེ་སྟོད་གྲྭ་པ་མངོན་ཤེས་ཀྱི་ཐད་དུ་ཉི་ཁྲིའི་འགྲེལ་པ་མན་ཆད་འཆད་ཤེས་པར་བསླབས། ཀློག་འདི་ཀུན་ལྟ་རྟོག་གི་ཚུལ་དུ་བྱེད་པ་ཡིན་གསུངས། དགེ་བཤེས་ཀྱི་ཞལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞུང་ལམ་དོན་གསུམ་ཤོད་དང་གསུངས། གཞུང་དང་ལམ་གཉིས་བཤད་དོ། །དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རིག་པ་རྩལ་འབྱེད་ཀྱི་དབང་དེ་ཁྱེད་ལ་ཞུ་ཞུས་པས། དེར་བཀའ་རྒྱུད་དོན་གྱི་གདམས་པ་དེ་སྟན་ཐོག་གཅིག་ཏུ་གསུངས། ཁོང་གི་གསུང་དང་། མ་ཇོ་མོའི་དགོངས་པ་གཉིས་གཅིག་ཏུ་མཐུན། མ་ཇོ་མོ་ཡང་དེར་འཁྲུལ་ཞིག་ཏུ་སོང་སྐད། གཟའ་གཏད་མེད་པར་ཐལ་སྐད།
དེ་ནས་གངས་བར་གཅེས་གྲོང་དུ་བྱོན། ཕུག་མོ་ཆེར་ལོ་གཅིག་བསྒོམས་པ་ལ། དེར་མ་ཇོ་མོ་དྲོད་པ་སོ་ཅན་གཅིག་གིས་ཁར་བཅུག་ནས། མཚན་ཡལ་ལེ་བསྡམས་པ་ལ། མ་ཇོ་མོའི་བསམ་པ་ལ། ལུས་འབྱུང་བ་བཞི་ལས་གཡར་བས། བེམ་པོ་ས་རྡོ་ལྟ་བུར་འདུག་སེམས་སྟོང་པ་ཉིད་དུ་འདུག་པས། དེའང་ཉི་ཁྲི་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དང་། ལྷའི་བུ་དང་བུ་མོ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་འཆང་བ་དང་། ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་གཞན་ལ་རྒྱ་ཆེར་བཤད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་དེ་དག་ནི། བདུད་དམ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་གླགས་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྫོགས་པས། སྟོང་པ་ཉིད་ཀྱི་སྟོང་པ་ཉིད་ལ་གླགས་མི་རྙེད་དོ། །ཞེས་པས། ཁྱེད་རྣམས་ཤ་འདོད་ཤ་ཁྱེར། ཁྲག་འདོད་ཁྲག་ཁྱེར་བྱས་ནས་ཤ་ཁྱེར་ཁྲག་ཁྱེར་དུ་བཏང་བས། རང་སེམས་ལ་གཡོ་འགུལ་མི་འདུག་སྟེ། ཐུགས་ཀྱི་སྙིང་པོ་ཞེས་གྲགས་སོ། །གདམས་ངག་གཉིས་པོ་དེ་ནས་བྱུང་། ངོ་སྤྲོད་བཅུ་གསུམ་ཡང་དེའི་དུས་སུ་གསུངས་སོ། །དེ་ནས་ལོ་ལོན་པ་དང་། སློབ་དཔོན་བྱོན་པ་ཐུགས་ཀྱིས་ཚོར་ནས། ནངས་པར་གཡོག་མོ་ཡར་ལོངས། ངེད་རང་འདེངས་སློབ་དཔོན་བྱོན་གསུངས། ལྟོ་སྔར་བྱས་ཏེ་ཁུར་ཁུར་ནས་ཕྱིན་པ་དང་། རང་སེམས་ལ་ཆོས་ཉིད་སྐྱེ་བ་མེད་པའི་དོན་དེ་བསྟན་པར་འདུག་པ། སྤྲ་བར་འདུག་པས། ཤེས་རབ་ཀྱི་བཀྲ་རྩི་ཞེས་བཏགས་སོ། །དེ་ནས་ལྕང་ཚིགས་ལྷ་ཁང་སྟག་ཏུ་ཕྱིན་པ་དང་། བནྡེ་ཧལ་པོ་གཅིག་བྱུང་སྟེ་དབང་ཕྱིན་དུ་བྱུང་ངོ་། །
དེ་དང་འགྲོགས་ནས་ཕྱིན་པ་དང་། གངས་བར་ལྷ་ཁང་དུ་སྔགས་པ་བཞིས་སྤྱན་དྲངས་འདུག་གོ །སྔགས་པ་བཞི་ནི་ཞང་སྟོན་འོད་དཔལ། ཀློག་ལྷ་སྐྱབས། ཇ་ཁྲོམ་པོ། འཇའི་ལྷ་བཟོ་བཞིས་དབང་ཞུས། ཆོས་སྒྱུ་འཕྲུལ་གྱི་དབང་ཞུས་ཏེ། ས་ཆོག་དང་ལྟ་གོན་ལ་ཞུགས། ལས་རྒྱལ་མཆོག་ནུབ་མོ། མ་ཇོ་མོས་གཅེར་བུར་བྲོ་བརྡུང་ཞིང་ཕྱིར་བྲོས་ནས་སོང་ངོ་། །དེ་ནུབ་ནི་མ་རྙེད། ནངས་པར་ཁང་རྒྱབ་ཀྱི་ན་གཉན་པོ་ཞིག་གི་ཁ་ན་ཉལ་བའི་རྗེས་འདུག་གོ །ཁྱིམ་དུ་གདོང་པ་སྣུམ་ཞུང་ངེ་ལ་བྱུང་ངོ་། །མཆེད་བཞི་ན་རེ། ཇོ་མོ་སྟངས་ཞན་ངེད་ཀྱི་དབང་ཐོབ་པ་ལ། ཇོ་མོས་དབང་མ་ཐོབ་ཟེར་བ་ལ་སློབ་དཔོན་མ་གཅིག་གིས་གདོང་དུ་སྤྱན་ཅེ་རེ་གཟིགས་ནས། ཞལ་འཛུམ་མཛད་ནས། ཉེ་གནས་ལ་གཙང་པོ་མ་གི་ནས་ཆུ་བུམ་པ་འདི་གང་ལོང་ཤོག་གསུངས། ཐིགས་རེ་ཐིགས་རེ་མཛད་ནས། ཆུ་འདི་ཙམ་ཞིག་ཡོད་པ་ལ། འོ་ཅག་ཚོས་འདི་ཙམ་རེ་ལས་མ་ཐོབ། ཇོ་མོས་རིག་པ་རྩལ་གྱི་དབང་ཐོབ་ཟེར་རོ། །རྟོགས་པ་ཤར་ན་འདི་ཙུགས་འོང་པ་ཡིན་ཏེ། ཁྱེད་ཚོ་ལ་ཡོང་དུ་མི་བཏུབ་གསུངས་སོ། །སློབ་དཔོན་གྱི་ཞལ་ནས། ཇོ་མོ་ལ་མདང་ཁྱེད་ལ་རྟོགས་པ་ཅི་འདྲ་ཤར་བྱས་པས། མ་ཇོ་མོ་ན་རེ། གཞན་ངས་ཅིའང་མ་དྲན། ང་ཨུ་རྒྱན་གྱི་ཡུལ་མཁའ་འགྲོ་མའི་གནས་སུ་ཕྱིན། མཁའ་འགྲོ་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་བྱས། བཟའ་བཏུང་མང་པོའང་བྱུང་། མཁའ་འགྲོ་མ་རྣམས་ཀྱིས་ཆོས་མང་པོ་ཡང་བཤད། ངས་ཀྱང་ཆོས་མང་པོ་ཐོབ། ད་ལྟ་ཡང་བློ་ལ་འདུག་གསུངས།
སློབ་དཔོན་གྱིས་དེ་གསུངས་དང་ཞུས་པས། ངའི་བློ་ལ་རྒྱུད་རྣམ་པ་བཞི་ཡོད། ལྟ་བ་ནམ་མཁའ་སྤྲོས་བྲལ་གྱི་རྒྱུད་དང་། སྒོམ་པ་སེམས་ཉིད་དྲི་མ་མེད་པའི་རྒྱུད་དང་། སྤྱོད་པ་སེང་གེ་རྩལ་རྫོགས་ཀྱི་རྒྱུད་དང་། མ་ཚང་བ་ཁ་སྐོང་བ་ཉི་མ་མུན་སེལ་གྱི་རྒྱུད་དང་། མན་ངག་མེ་ལོང་ཉི་ཤུ་རྩ་གཅིག་དང་བཅས་པ་གསུངས། མ་ཇོ་མོའི་ཞལ་ནས། ངས་སྐྱོའི་བསོད་ནམས་བླ་མ་ལ་དབང་བཞི་གདན་ཐོག་གཅིག་ཏུ་རྫོགས་པར་ཞུས། དབང་བཞིའི་གདམས་ངག་ལ། ཕྱི་བུམ་པའི་དབང་བསྐུར་བས། ལུས་ལ་བདེ་བའི་དབང་ཐོབ། བསྐྱེད་རིམ་མ་བསྒོམས་ཀྱང་གཟུགས་རང་སྣང་དུ་གྲོལ་ནས། ཡི་དམ་མཁའ་འགྲོ་རང་བཞིན་གྱིས་འདུ་བར་གདའ། ངག་ལ་གསང་བའི་དབང་བསྐུར་བས། ངག་ལ་ནུས་པའི་དབང་ཐོབ། ངག་སྒྲ་གྲགས་སྟོང་དུ་ཤེས། བསྙེན་སྒྲུབ་དང་དྲག་སྔགས་མ་བཟླས་ཀྱང་། མི་མ་ཡིན་ངང་གིས་ཕྱུན་པར་གདའ། སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། རིག་པ་ལ་བདེ་བ་སྐྱེས། ཐིག་ལེ་རླུང་སེམས་གསུམ་ཐ་དད་མེད་ན། ཕྱག་རྒྱ་ལ་མ་བསྟེན་ཀྱང་བདེ་བ་རྒྱུན་དུ་འབར་བར་གདའ། རིན་པོ་ཆེ་ཚིག་གི་དབང་ཐོབ་པས། དེ་ཁོ་ན་ཉིད་དང་མ་བྲལ་བས། མཆོག་ཐུན་མོང་གི་དངོས་གྲུབ་དེ་ངང་གིས་འཕེལ་བར་གདའ་གསུངས། དེར་སློབ་དཔོན་གྱི་ཞལ་ནས། འདི་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་སུ་འདུག་གོ་གསུངས་ནས། ཁྱེད་ཀྱི་གསུང་ཐོས་པ་དང་། ཞལ་མཐོང་བ་ཙམ་གྱིས་ངན་སོང་དུ་མི་འགྲོ་བ་ཡིན་པས། གསང་སྤྱོད་བྱ་བར་འཕངས་སོ། །ད་འགྲོ་དོན་མཛོད་ཅིག་གསུངས་ནས། དེར་སློབ་དཔོན་གྱིས་རྒྱུད་པ་ཉི་ཤུ་རྩ་ལྔ་དང་། རྒྱ་མཚོ་ཀློང་ཡངས་ཀྱི་གདམས་ངག་ཐམས་ཅད་མཛུབ་ཁྲིད་དུ་གསུངས་སོ། །
དེ་ནས་མཁར་འོག་ཏུ་བྱོན། ཁོ་མོ་ཁེར་སྒོམ་མས། ཤཱཀ་ཡེ་ཤེས་ཀྱི་གམ་དུ་ལོ་སྐོར་དུ་བཞུགས་ནས་ཆོས་བསླབས། ཁོ་དང་ཡང་དགོངས་པ་བསྡུར། སྤྱན་སྟོན་རྫོགས་ཆེན་བྱ་བ། ཤེས་རབ་ཕ་རོལ་ཕྱིན་པ་མཁྱེན་པ་གཅིག་དང་ཡང་དགོངས་པ་བསྡུར་བས། དེ་ཚོ་ཐམས་ཅད་ཚིག་དང་ན་ཡར་སོང་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རང་ལ་རང་ཆས་སུ་ཡོད་པ། རྩོལ་སྒྲུབ་དང་བྲལ་བ། བྱིན་རླབས་དང་ནུས་པ་ཤུགས་ལ་འབྱུང་བ། ཉོན་མོངས་དང་རྣམ་པར་རྟོག་པས་མ་གོས་པ་རི་ཁྲོད་དང་གཉན་ཁྲོད་དུ་གཅིག་སྐྱ་ཕེར་བ། ཉམ་ང་བ་དང་སྙེམས་འགྱུར་བ་མེད་པ། འཁོར་གྱིས་མ་གོས་པ་འདི། ཕྱི་དུས་སུ་འདེབས་པར་དགོངས་ནས། ཇོ་མོ་ཉིད་ད་རུང་གསང་སྤྱོད་བྱ་བར་དགོངས་པ་ལ། ཨོ་ཆུང་རོང་གི་ཐོད་པ་མོན་གྲགས་དང་གཅིག །ལྷུང་ཀར་གྱི་སྙོག་རྡོག་གེ་དང་གཉིས། གངས་བར་གྱི་ཐོད་པ་འབུམ་མེ་དང་གསུམ། ཟངས་རིའི་རྦ་ལེ་པོ་དང་བཞིའི་ཀློག་མཛད་ཀྱིན་བཞུགས་ཙ་ན། ཉིན་མོ་རྦ་ལེ་པོའི་ཀློག་སྟོན། ནུབ་མོ་རི་ཁྲོད་འགྲིམས། ནུབ་གཅིག་ཁྱིམ་དུ་གཟིམས་པས། དེའི་ནུབ་མོ་རྦ་ལེ་པོའི་ཉེ་ཕྱོགས་ཀྱི་བུད་མེད་ཅིག་འདུག་པ་ལ། མོ་འདར་ཞིང་ངུ་ཡིན་ངའི་ཟ་འཕྲོ་དང་འཐུང་འཕྲོ་ཁ་སྒོག་གམ་ཟེར། ཁྱོད་སུ་ཡིན་དྲིས་པས། ང་རྒྱལ་པོ་སྲོག་བདག་ཡིན་ཟེར། རྦ་ལེ་པོའི་ཕྲུ་གུ་བྱུང་ཚད་ང་ཟ་བ་ཡིན་པ་ལ། ད་ནི་ང་ལ་བཟར་དབང་མི་ཡོང་བར་འདུག་ཟེར་སྐད། དེ་ནས་རྦ་ལེ་པོ་མ་ཅིག་ལ་ངེས་ཤེས་སྐྱེས་ནས། འོ་ཅག་ཚོས་ཀློག་མ་ལས་མ་གོད། མ་བྱིན་རླབས་དང་ནུས་པ་ཅན་དུ་འདུག་ཀློག་བྱེད་པ་འོ་རྒྱལ་ཟེར་ནས། ངའི་བུད་མེད་ཀྱི་སྲུང་སྐྱོབ་མཛད་པར་ཞུ་ཟེར་ནས། འབུལ་བཞེས་དང་མེ་ཏོག་ཕུལ་བར་གདའ།
དེ་ནས་ཇོ་མོས་ཉིན་པར་ཆབ་གཏོར་སྔགས་དྲུག་མ་བཏང་། ནུབ་མོ་རི་ཁྲོད་འགྲིམས་ནས། ཡོན་བདག་མོ་ལ་བྱིན་རླབས་ནན་ཆེར་བྱས་པས། སང་ཕོད་བུ་གཅིག་མཐོང་། མིང་རྡོ་རྗེ་གྲོགས་སུ་བཏགས་སོ། །དེ་ནས་ཇོ་མོས་རི་ཁྲོད་གཉན་ཁྲོད། མཛེ་པོ་དང་ཡུགས་ས། མི་ཐོང་སོགས་གཙང་རྩོག་ཐམས་ཅད་མཉམ་པོར་བྱས་པས། བྱིན་རླབས་དང་ནུས་པ་ཆུ་འབུར་སས་མི་ནོན་པ་ལྟ་བུར་བྱུང་གསུངས། མ་གཅིག་ཇོ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གྲོལ་བ་ཡིན་ཞེས་བོད་དུ་གྲགས་སོ། །
མ་ཇོ་མོའི་བུ་ཆེན་བཞི་ནི། གྲང་བའི་ཤུད་བུ་ལོ་ཙྪ་བ། ཡར་སྟོད་ཀྱི་སྙོགས་གྲགས་པ་རྒྱལ་མཚན། ཡར་སྨད་ཀྱི་དབོན་སྟོན་རིན་ཆེན་འབར། བར་ན་གྲང་བ་རྩ་རླུང་བཞི་ནི། དགེ་བཤེས་བཞི་ཡིན། ཁོང་བཞིས་ཞུས་པ། ཇོ་མོ་ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མ་ནོར་བ་གཅིག་མངའ་བར་འདུག་གི །དེ་ངེད་ཚོ་ལ་གནང་བར་ཞུ་ཟེར་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་གདམས་ངག་གསུངས་སྐད། དགེ་བཤེས་ཤུད་བུ་ལོཙྪ་བས་ཇོ་མོ་ལ་ལྟ་བའི་མཐར་ཐུག་གཅིག་ཞུ་ཞུས་པས། མའི་ཞལ་ནས། དྲི་ཟའི་གྲོང་ཁྱེར་ལ་ཐོགས་པ་མི་གདའ། སྒྱུ་མའི་སྐྱེས་བུ་ལ་བསམ་པ་མི་གདའ། མོ་གཤམ་གྱི་བུ་ཚ་ལ་དྲག་ཞན་མི་གདའ། གཅོད་ཡུལ་གྱི་ལྟ་བ་ལ་མཐོ་དམན་མི་གདའ། རྒན་མོ་ང་ལ་ལྟ་བ་མི་རྡོག །ཐམས་ཅད་ནམ་མཁའི་མེ་ཏོག་དང་འདྲ་བ་ཡིན། འཁོར་བ་ཇི་སྲིད་དུ་སངས་རྒྱས་མ་བཏུབ་པའི་གྱོད་ཐམས་ཅད་ལྟ་བ་ལ་ཐུག་པ་ཡིན། ལོཙྪ་བ་ཁྱོད་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བར་འདོད་ན། གང་ལའང་ཆེད་དུ་མི་འཛིན་པར་ཞུ་གསུངས།
དགེ་བཤེས་སྙགས་ཀྱིས་བདུད་ཀྱི་ཕྱོགས་ཐམས་ཅད་ལས་རྒྱལ་བའི་ཆོས་ཤིག་ཞུ་བྱས་པས། མ་ཇོ་མོའི་ཞལ་ནས། འཁོར་བ་ལ་དངོས་པོ་མེད་པས་སྐྱོན་དུ་མི་ལྟ། གཉེན་པོ་ལ་རང་བཞིན་མེད་པས་ཡོན་ཏན་དུ་མ་འཛིན། དེ་ཁོ་ན་ཉིད་ལ་འདི་ཡིན་དང་འདི་མིན་གྱི་ངེས་པ་མེད་པས། བློ་གང་ལའང་མ་བཞག་འབྲས་བུ་ངོས་བཟུང་མེད་པས། རེ་བ་དང་དོགས་པ་མ་བྱེད། གཉིས་མེད་རྟོགས་པ་དེ་ལ་བདུད་ཀྱང་མེད། བདུད་རྣམས་ཐམས་ཅད་རང་འཛིན་དེ་ལས་བྱུང་། སྙགས་ང་རྒྱལ་རློམ་སེམས་མེད་པར་མཛོད་གསུངས། དགེ་བཤེས་གྲང་པས། མ་ཇོ་མོ་ལ་བློ་བདེ་བའི་གདམས་ངག་གཅིག་ཞུ་བྱས་པས། མ་ཇོ་མོའི་ཞལ་ནས། དོན་ཐག་ཆོད་པ་ཤེས་རབ་ཀྱི་གདེང་། ཉམས་སུ་མྱོང་བ་གོམས་འདྲིས་ཀྱི་གདེང་། ཉམ་ང་མེད་པ་ཀློང་དུ་གྱུར་པའི་གདེང་། གདེང་ཆེན་གསུམ་དང་མ་བྲལ་ན། བློ་བདེ་བར་མཆིས་སོ། །ཇོ་སྲས་དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་ལ་སྤྱོད། བྱ་བ་ཡིན་གསུངས་སོ། །དགེ་གཤེས་རིན་ཆེན་འབར་གྱིས་ལྟ་སྒོམ་བཞི་ཞུས་པས། ཇོ་མོའི་ཞལ་ནས། ནམ་མཁའ་ལ་དཔེ་བྱས་པས། ལྟ་བ་གཟའ་གཏད་མི་གདའ། བར་སྣང་ལ་དཔེ་བྱས་པས་སྒོམ་པ་ངོས་བཟུང་མི་གདའ། བུ་ཆུང་ལ་དཔེ་བྱས་པས་སྤྱོད་པ་ལ་སྡིགས་གཏད་མི་གདའ། ཉི་ཟླ་ལ་དཔེ་བྱས་པས་དགོངས་པ་ལ་འཕེལ་འགྲིབ་མི་གདའ། སངས་རྒྱས་ལ་དངོས་གཞི་མེད་པས་འབྲས་བུ་ལ་སྒྲུབ་རྒྱུ་མི་གདའ། རྒན་མོ་ང་གཡས་མེད་དུ་བཞག་པས་གཏད་མེད་དུ་ཐལ། ད་ང་ལ་ལྟ་སྒོམ་ཡང་མི་གདའ། ལྟ་སྒོམ་གྱི་ཆོས་ཡང་མི་གདའ། ཨས་སྟོན་ཆོས་ལ་སངས་རྒྱས་རེ་ན་མཆིས། ཅི་སྟེ་ཡེ་སངས་རྒྱས་པའི་ཕྱིར་གསུངས་སོ། །
ལས་ཀྱི་མཁའ་འགྲོ་མ་ལ་སོགས་པ་འཇིག་རྟེན་གྱི་མི་མ་ཡིན་རྣམས། གདམས་ངག་ཞུར་བྱུང་བ་ལ་སོགས་པའི་ལོ་རྒྱུས་ཀྱང་ཡོད་དོ། །ཟངས་རི་ཁང་དམར་དུ་མཁའ་འགྲོ་མ་ཐམས་ཅད་ཀྱིས་མཆོག་ཐུན་མོང་གི་དངོས་གྲུབ་གང་འདོད་འབུལ་དུ་བྱུང་བའི་ལོ་རྒྱུས་ཀྱང་ཡོད་དོ། །ཟངས་རི་ལྷམ་ཆུང་བྲག་ལ་ཇོ་མོ་བཞུགས་ཙ་ན། བྱ་སྟོན་གྱི་ཞལ་ནས། ཆོས་དང་གདམས་ངག་ངེད་ལའང་ཡོད་དོ། །རི་ཁྲོད་དང་གཉན་སར་འགྲོ་མ་ནུས། གཅིག་སྐྱ་མ་ཕེར་བས། མ་ཇོ་མོ་ཁྱེད་ལ་གདམས་ངག་གདེང་ཇི་ལྟ་བུ་ཡོད་ཟེར་བ་ལ། རྫོགས་པ་ཆེན་པོའི་འགྱིངས་གླུ་དང་། ཤེས་རབ་ཕ་རོལ་ཕྱིན་པའི་གདམས་ངག་གང་ལའང་ཉམ་ང་བ་དང་། བག་ཚ་བ་མེད་པའི་མགུར་བཞེངས་པར་གདའ་སྐད། ཇོ་མོ་ལ་ཇོ་བོས་དྲིས་པས། རིན་པོ་ཆེ་གླུ་དབྱངས་གསུངས་པར་གདའ། ཤེས་རབ་ཕ་རོལ་ཕྱིན་པའི་དོན་ལ་སྐྱོལ་ཙ་ན། །སྟོན་ཆེན་མང་པོས་སྐོར་ཡང་ཉམ་ང་མེད། །རང་རིག་རྟོགས་པ་ཁོང་ནས་ཤར་ཙ་ན། །མཁས་བཙུན་མང་པོ་ཚོགས་ཀྱང་ཉམ་ང་མེད་གསུངས་སྐད། མ་ཇོ་མོའི་བྱིན་རླབས་ལ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ནད་རིགས་བཞི་བརྒྱ་རྩ་བཞི། གློ་བུར་བརྒྱད་ཅུ་རྩ་གཅིག་ཡེད་འགྲོགས་སུམ་བརྒྱ་དྲུག་ཅུ། རྐྱེན་ཉི་ཁྲི་གཅིག་སྟོང་ལ་ཇོ་མོས་ཕྱག་གིས་ཅབ་ཅབ་བྱས་པ་ཙམ་དང་། ཞལ་ཆབ་བཏབ་པ་ཙམ་ལ་གྲངས་མེད་པ་སེས་སྐད། དེ་ནས་ཡང་རི་ཁྲོད་འགྲིམས་སོ། །ཚ་ཁ་མ་མོ་གསུམ་ན་རེ། མེ་ཏོག་སྒྲོན་ཇོ་མོ་མ་བྱས་པ་འདིར་སྡོད་ཕོད་པ་ཟེར། ཐོད་པ་འབའ་རེ་ན་རེ། མོ་ཁྱོ་གཞན་ལ་ནི་མ་སོང་། ཆོས་བྱས་པ་ལ་རྒྱགས་དགོས་ན་ང་རང་ཡང་སྟེར། བུ་ཚ་མིང་སྲིང་ལྔའི་མ་ཡིན་ཟེར། དེ་ནས་བུ་གྲུབ་བེས། ཀྲང་ངའི་དཔོན་བྱས་ནས། སྔོན་ཡང་ཚ་ཁ་མོས་ཕྲག་དོག་བྱས། ད་རུང་གྲུབ་བེ་རྦུད་ནས།
དེ་ནས་ཆེར་མ་ལོན་པར། གྲུབ་བེས་ཨ་མའི་ཞྭ་བཤུས་ནས། ཆང་རྟར་བཅུག་དེར་ཡང་འཆམ་ཚེ། ཐང་བ་སྐ་རགས་ཤམ་ཐབས་རྣམས་བཤུས། དེར་མ་ཡི་མུག་ནས། བུ་ལ་སྡུག་བསྔལ་ཏེ་གཅེར་བུར་སོང་ངོ་། །མ་ཇོ་ཡག་མོས་ཁྱི་ཐུལ་གོག་པོ་ཞིག་བྱིན། དེ་གྱོན་ནས་གྲབ་ཀྱི་ནང་དུ་ཕྱིན་པ་དང་། མ་ཇོ་མོས་སྤོངས་པར་ཕྱིན་ནས་དབྱངས་བླངས་པས། བུ་མོ་གཉིས་ཀྱིས་དུང་ཤལ་གཅིག་དང་མེ་ལོང་གཅིག་ཕུལ། དེ་ནུབ་ཁྱིམ་དུ་གཏོང་མཁན་མ་བྱུང་ནས། སོག་ཁང་ཞིག་ཏུ་ཉལ། ཀ་བ་ལ་མེ་ལོང་དང་དུང་ཤལ་བཟེད། ཀ་བའི་རྩར་ཉལ་དུས། དེ་ནུབ་ཤར་པོ་བཞི་སོག་མ་རྐུ་རུ་བྱུང་བས། ཁོང་ཚོ་བྲེད་དེ། ཀ་བ་དང་ཇོ་མོ་འདྲེར་མཐོང་། མེ་ལོང་མིག་ཏུ་མཐོང་། དུང་ཤལ་མཆེ་བར་མཐོང་སྟེ། ཁོང་ཚོ་གླང་ཐབས་སུ་ན། གཅིག་པོ་གླང་གིས་ཤི་ནངས་པར་གླེང་མོ་བྱུང་བས། ཇོ་མོས་ཁྱེད་དུ་ཡོད་བྱས་པས་གསུམ་ཡོད་ཟེར། འོ་ན་ཁྱེད་ཚོ་འདིར་ཤོག །ང་ལ་ཐབས་ཡོད་ཀྱིས་བྱས་པས། དེར་མི་ཐམས་ཅད་ཚོགས་པ་དང་། ཇོ་མོ་ན་རེ་འདྲེ་མིན་ང་ཡིན། མེ་ལོང་དང་དུང་ཤལ་མིག་དང་མཆེ་བར་མཐོང་བ་ཡིན་བྱས་པས། དེར་ཡིད་ཆེས་ཏེ། ཕྱི་མ་གསུམ་པོ་ཇོ་མོས་སོས་སོ། །དེར་ཇོ་མོའི་ཞལ་ནས། དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། དུག་དེ་ཁོང་དུ་སོང་བ་མེད་ཀྱང་རྒྱལ་བར་འགྱུར། ཞེས་སྡུད་པ་ནས་ལུང་གསུངས་སོ། །དེར་དོགས་པ་དང་དགོངས་པ་གཉིས་སུ་དུག་ལྔ་ཡེ་ཤེས་སུ་འཁྱེར་བའི་གདམས་ངག་བྱ་བ་ཡང་གསུངས་སོ། །མཁའ་འགྲོ་སྙན་རྒྱུད་བྱ་བ་ཡང་གསུངས་སོ། །ཟླ་བ་གསུམ་གསུངས་དེར་ཇོ་མོའི་ཞལ་ནས། རྣམ་རྟོག་ཡེ་ཤེས་སུ་ཤར་ཙ་ན། དུག་ལྔ་རང་སངས་རྒྱས་ཏེ་ཐལ། གསུངས་སོ། །
དེར་གྲབས་ཀྱི་མི་རྣམས་མགུ་ནས། སྒོམ་མ་སྤྲང་མོ་གཅིག་ཡིན་སྙམ་ཙ་ན། མ་གྲུབ་ཐོབ་མ་གཅིག་འདུག་པ། འོ་ཅག་ཚོ་ཚོགས་བསགས་བསོད་ནམས་རེ་ཆེ་ཟེར་ནས། འོ་ཅག་ཚོ་ལ་ཚེ་འདིར་སྐྱིད་པའི་ཐབས། ཕྱི་མ་བདེ་བའི་ཆོས་ཤིག་ཞུ་ཟེར་བ་ལ། མ་ཇོ་མོའི་ཞལ་ནས། ཝ་སྤྱང་གི་གྲོང་ས་ལོ་གསུམ་བྱེད་ནུས་ན། ཚེ་འདིར་འོག་ཏུ་འབོལ་བའི་ཁྲི་ཡོང་། སྟེང་དུ་འཇམ་པའི་གོས་ཡོང་། མདུན་དུ་ཤ་ཆང་གི་མཚོ་འཁྱིལ། དེ་ཙ་ན་ཚེ་འདི་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་བར་གདའ་སྟེ། བསོད་ནམས་ཆུང་བའི་གང་ཟག་གིས་མི་ནུས་གསུངས། མ་ཇོ་མོའི་ཞལ་ནས། ཕྱི་མ་ལ་བདེ་བའི་ཆོས་འདོད་ན། ངའི་རྗེས་སུ་ཞུགས་ནས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འདི། འཇིགས་སུ་རུང་བའི་གནས་ཀྱི་རྒྱལ་པོ་རུ། །གདམས་ངག་རྒྱལ་པོ་སྐྱེ་མཆེད་གཅིག་ཆོད་བརྒྱད་སྟོང་པ་ལེའུ་དགུ་པ་ནས། བཅོམ་ལྡན་འདས་ཤིན་ཏུ་མ་ཞུམ་པའི་སླད་དུ། འདི་ནི་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་དང་། ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་མ་གྲུབ་པའི་སླད་དུ། འདི་ནི་མི་སྐྱེ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་སོ་ཀྱིས། །བདུད་ཀྱི་རྒྱལ་པོ་དུག་གསུམ་རྩད་ནས་གཅད། །ཉམས་ལེན་རྒྱལ་པོ་སྐྱེ་མེད་འཕྲིག་མེད་འདིས། །ལྷོད་ཀྱིས་གློད་ལ་ཅོག་གིས་ཞོག །བྱར་མེད་ཀྱི་དོན་ལ་གོམ་འདྲིས་གྱིས། །གོ་བ་ལོང་ལ་འགྲོ་དོན་འབུངས། །དུས་གསུམ་རྒྱལ་བའི་དགོངས་པ་འདི། །བཙལ་བས་མི་རྙེད་དེ་རང་ཡིན། །གསུངས་སོ། །དེ་ནས་ཟངས་རིར་འགྲོ་འདོད་ནས་གྲུ་ཁར་ཕྱིན། མཉན་པ་ལ་གྲུ་སྒྲོལ་བྱས་པས། གྲུ་ཟན་ག་རེ་ཟེར་གྲུ་ཟན་མེད་བྱས་པས། འོ་ན་ཁྱོད་རང་ལོག་གྲུ་མི་སྒྲོལ་ཟེར། དེར་ཇོ་མོས་ཐུལ་གོག་ཕུད་ནས། ཆུ་ལ་བཏིང་སྟེ་ཕར་ཁར་ཐོན་སོང་ངོ་། །ཕར་ཁར་ཐུལ་གོག་སྤྲུགས་ནས་རྟུལ་རིང་ངེ་བྱས་ཏེ་སོང་བས། མཉན་པ་ན་རེ། ང་རེ་འགྱོད། ཁྱོད་གྲུབ་ཐོབ་མ་ཡིན་གོངས་མ་བཅུག་ད་ཐུགས་རྗེས་བཟུང་དུ་གསོལ་ཟེར་ནས་ཕྱག་མང་པོ་འཚལ། ཞབས་སྤྱི་བོར་བླངས། བསྐོར་བ་དང་བཤགས་པ་བྱས་སོ། །དེར་ཟངས་རིར་ཡོན་བདག་གི་གམ་དུ་མ་ཕྱིན་པར། ལྷན་སྟག་རྒྱབ་ཏུ་རེ་ཧྲུལ་དཔེ་དམར་བྱ་བ་འདྲེ་ཆེ་བར་གྲགས་པ་ཞིག་ཡོད་པ་དེར་ཞག་བདུན་ཉལ་ནས་བཞུགས་སོ། །སྐྱི་སྒང་དུ་ཡོན་བདག་གཅིག་གིས་བ་དང་ཁོ་རང་ན་ནས། ནམ་ཟླ་སྟོན་ཁར་སོང་ནས། ཡོན་ཏན་མཁན་གཞན་མ་རྙེད་ནས། ཆུང་མ་ན་རེ། རི་ཧྲུལ་ཁྲོད་ཡ་གི་ན་སྒོམ་པ་ཞིག་འདུག་དེ་བོས་ན་ཕན་ནམ། གཞན་མི་རྙེད་པར་འདུག་ཟེར། ཁོ་ན་རེ་བོས་ལ་ཤོག་ཟེར་བས། འབོད་པ་ལ་ཕྱིན་དུས། མ་ཇོ་མོས་ཕ་རོལ་ཏུ་ཕྱིན་དྲུག་གི་བྲོ་བརྡུངས་པས། བ་དང་བདག་པོ་གཉིས་ཀ་དྲག །སླར་རི་ཧྲུལ་འདྲེ་ཅན་དེར་དགེ་སྦྱོར་འཕེལ་བས་མང་དུ་བཞུགས་སོ། །དེར་མི་མ་ཡིན་མང་པོ་ཆོས་ཞུ་རུ་བྱུང་། དཔེ་དམར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཐམས་ཅད་འདུས་པས། ས་ཡང་ཐུལ་བྱིན་ཡང་ཆགས་པས། ཇོ་བས་ཕྲག་དོག་བྱས་ནས། མ་ཇོ་མོ་ལ་ཇོ་བས་དྲིས་པ་ལ། རིན་པོ་ཆེ་ཀློག་དབྱངས་བྱིན་དབྱངས་ཆེན་མོ་མཛད། ལྟ་སྒོམ་ཟུར་ཙམ་ཡང་གསུངས་སོ། །མ་ཇོ་མོས་ཇོ་བ་ཟིལ་གནོན་གྱི་རི་སྐྱེད་མ་གསུངས་པས། བཙུན་པ་ཐམས་ཅད་རིག་པ་འུར། གོས་ཐམས་ཅད་ས་ལ་བསྐྱུར་ནས། ཉིན་རྩེ་རི་བྲོ་འཁྲབས་སོ། །དེ་ནས་བཙུན་པས་བླ་མཆོད་བྱས་ཏེ། ཡོན་མཆོད་དུ་གྱུར་རོ། །དེ་ནས་ཨེའི་ཚ་སྟང་རི་བོར་བྱོན། མ་ཇོ་ཡག་མོ་སྣུབས་མོ་དགེ་ལྡན་སྣུབས་མོ་ནམ་མཁའ་གསལ་དང་གསུམ་གྱིས་མ་ཇོ་མོའི་ཉེ་གནས་བྱས་ནས། མགུར་མ་ལེན་པའི་རམ་བུ་སྟེག་ཐང་དཀར་བྲག་ལ་དུས་བཟང་ལ་ཐོ་རངས་ཁ། བར་སྣང་ལ་སིལ་སྙན་དང་། བྲོ་དབྱངས་ཀྱིས་སྒྲ་གྲགས་དུས་ཉེ་གནས་མ་གཉིས་ཀྱིས་མ་ཇོ་མོ་མི་འདུག་ནས་བཙལ་བས། རིན་པོ་ཆེའི་ལྡིང་ཁང་པདྨའི་གདན་དང་བཅས་པའི་སྟེང་ན། མ་ཇོ་མོ་བཞུགས་ནས་མཁའ་འགྲོ་མས་བྱིན་འབེབས་ཀྱི་བྱིན་དབྱངས་ཆེན་མོ། མགུར་མོ་ཆེ་དགོངས་བསྐྱོད་མ་མཛད་ཅིང་འདུག་པ་མཐོང་ངོ་། །ནམ་ལངས་ནས་ཉེ་གནས་མ་གཉིས་ཀྱིས་སྐོར་བ་བྱེད་ཅིང་ཕྱག་འཚལ་ལོ། །དྲན་པ་རྙེད་པ་དང་མ་ཇོ་མོ་གཟིམས་མལ་ན་འདུག་གོ །ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་ངེས་པས། ཡར་ལུངས་རོག་པ་ཙ་ན། རྒྱ་གར་གྱི་བླ་མ་རྣལ་འབྱོར་པ་གཅིག་ཡོད་པ་ཐུགས་ལ་མཇལ། ནངས་པར་གཡོག་མོ་ཡར་ལོངས། གྲུབ་ཐོབ་ཀྱི་རྩ་རུ་འདེང་གསུངས། དེར་རོག་པ་རྩར་བྱོན་པ་དང་། དམ་པ་ཡང་མཁའ་འགྲོ་མ་བསུ་རུ་བྱུང་། ཚིག་མ་འདྲེས་པ་ལ་དབུ་ཐུག་བྱས་སོ། །ཇོ་མོས་དམ་པ་ལ་ཆོས་གཅིག་ཞུ་བྱས་པས། དམ་པའི་ཞལ་ནས། ཁྱེད་ལ་ཆོས་མི་དགོས། ཁྱེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་གསུངས། འོན་ཀྱང་ལ་ལ་ཐེ་ཚོམ་ཟ། ང་དང་ཁྱོད་གཉིས་ཁྱད་མེད་ཆུ་དང་ཆུ་སྲེས་པས་དབྱེར་མེད་དེ། འོན་ཀྱང་གཞན་སྣང་འདུལ་བ་དང་། ཉེ་གནས་མ་ཀུན་གྱིས་ཀྱང་། སངས་རྒྱས་ཡིན་པར་མཐོང་རྒྱུ་མེད་པས། འདི་གཞན་ལ་སྟོན་གསུངས། རྗེ་དམ་པའི་གསུངས་ནས། ཆོས་ལ་གཉིས་ལས་མེད། མངོན་མཐོ་ལྷ་མིའི་ལམ་དང་། ཐར་པ་བྱང་ཆུབ་ཀྱི་ལམ་གཉིས་ཡིན་གསུངས། མ་ཇོ་མོས་ལྷ་མིའི་ལམ་དེ་གང་ཡིན་ཐར་པ་བྱང་ཆུབ་ཀྱི་ལམ་དེ་གང་ཡིན་ཞུས་པས། ལྷ་མིའི་ལམ་དེ་ཆོས་དགེ་བ་བཅུ་དང་དུ་ལེན། མི་དགེ་བཅུ་སྤོང་ཡན་ལག་བརྒྱད་ལ་རྒྱུན་དུ་གནས་པ་དེ་ཡིན། ཐར་པ་བྱང་ཆུབ་ཀྱི་ལམ་ལ་གསུམ་སྟེ། བྱིན་རླབས་ནམ་མཁའ་སྒོ་འབྱེད། སྒོམ་པ་དྲན་མེད་བློ་བྲལ། ལྟ་བ་བདུད་ཀྱི་སྤྱོད་ཡུལ་གྱིས་མ་ཁྱེར་བ་དེ་ཡིན་གསུངས། དེར་སྒྲོ་སྐུར་ནི། དམ་པ་རྒྱ་གར་གྱིས་བསལ་ལོ། །ཆོས་འདི་ལ་སློབ་དཔོན་གྱི་རྒྱུད་པ་ཡོད་དམ་བྱས་པས། རྒྱུད་པ་ཡོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མཁའ་འགྲོ་མ་སུ་ཀ་སིདྡྷི་ལ། དེས་དམ་པ་རྒྱ་གར་ལ། དེས་སྐྱོ་སྟོན་རྣམ་གཉིས་ལ། དེ་ལ་བཀའ་རྒྱུད་པ་ཅན་ཞེས་བྱའོ། །སྤྱིར་བཀའ་རྒྱུད་དོན་གྱི་གདམས་ངག་དང་། ཁ་ཐོར་ཉམས་ཀྱི་རྒྱུད་པ་གཉིས་ལས། རྒྱུད་པ་དང་བཤད་པ་མི་འདོད་པ་ནི། རྗེ་རྒྱལ་བ་བཞུགས་པ་ཡིན་པས། མ་ཇོ་མོས་དགོངས་པ་ཁ་འཐོར་ཤུལ་ཚོ་ལག་ལེན་གྱི་ཆོས་གསུངས་སོ། །ཤེས་རབ་ཅན་སྒྲོག་ཏུ་མི་འཇུག་པ་དང་། དད་པ་ཅན་གཡང་ལ་མི་སྐྱུར་བ་ཡང་གསུངས་སོ། །དེ་ནས་མ་ཇོ་མོས་ངའི་གདམས་ངག་ཚོས་མ་ལུས་པའི་སེམས་ཅན་ལ་ཕན་གདག་དགོས་སྙམ་ནས། སེམས་ཀྱིས་ལྟ་རྟོག་བྱས་ཏེ། ཚིག་དོན་ཅན་ཚོ་ཕྱོགས་གཅིག་ཏུ་བསྡེབས་པ་ནི་ཁ་འཐོར་ཤུལ་ཚོ་དྲུག་གོ་དེ་ནས་མར་ལོག་ནས་ཚ་ཏང་རི་ལ་བྱོན་པ་དང་། བུ་གྲུབ་བེས་ཀྲང་ངའི་དཔོན་བྱས་ནས། ཀྲང་ང་རྣམས་ཀྱིས་གནས་མི་མངོན་བྱ་བའི་སྔགས་པའི་ར་མང་པོ་ཕྱགས་པས། སྔགས་པ་རྣམས་ཀྱིས་མཐུ་བྱས་ཏེ། ཀྲང་ང་ཟླ་བོ་ཡང་ཤི་རང་ལའང་ཆོ་འཕྲུལ་ཆེན་པོ་བྱུང་བས། བྲེད་ནས་ཨ་མའི་དྲུང་དུ་ཕྱིན་པ་དང་ང་ལ་ཕྱིར་ཟློག་ཞུ་བྱིན་རླབས་ཞུ་བྱས་པས། ཨ་མ་ན་རེ། ཁྱོད་ཤི་བ་རང་རུང་ཟེར་ནས། རི་ལ་སོང་བས་ཕྱིར་འབྲངས་ཏེ། ཨེའི་རི་རྩེ་ཐམས་ཅད་སྐོར་ནས། བུས་ཀྱང་རྗེས་ཆོད་དེ། དགུང་མོ་ཚ་ཐང་ཕུག་ཏུ་མཉམ་ཁྲིག་བྱུང་། ཨ་མ་ན་རེ། ཁྱོད་སྐལ་ཟད་པོར་མི་འདུག་གསུངས་ནས། ཕུང་པོ་གཟན་སྐྱུར་བསླབས་ཏེ། ཁྱོད་སྔགས་པའི་གཏོར་སྟེགས་འོག་ཏུ་ཞག་ཉི་ཤུ་རྩ་གཅིག་ཉོལ་གསུངས་སོ། །ཞག་བཅུ་བདུན་ཉལ་བ་དང་། སྔགས་པ་རྣམས་ལ་ཉེས་པ་ཆེན་པོ་བྱུང་ངོ་། །ཨ་མའི་གསུང་བཞིན་བྱས་པས། སྡེ་སྔགས་ཚུར་ལ་མཐུ་བྱེད་པ་ཐམས་ཅད་ཁོ་རང་ཤི་ནས་སོང་ངོ་། །གདམས་ངག་འདི་བསྲུང་བ་གཞན་ལས་ལྷག་པར་གོ་ཉམས་ལེན་དྲག་པོ་བྱས་པས། རང་རྒྱུད་ཐུལ་དུ་མ་བཏུབ། རྨི་ལམ་ལོག་ནས་ཨ་མ་ལ་མོས་གུས་བྱེད་དུ་ཕྱིན་པས། རྒྱལ་བ་ཐོད་པའི་ཞལ་ནས། ང་བློ་ལོག་གིས་ལོག་པ་ནི་བློ་བཞི་བཅུ་ཞེ་གཅིག་ལ་ལོག་པ་ཡིན། གནས་བཞི་སྟེང་ཀ་བ་འདོན་པར་བྱས་ཙ་ན། མགར་གཅེས་སེ་འབར་ཁོང་གིས་ཇོ་བ་ལ་ཆོས་སྟོན་བྱས་ནས། གསེགས་ཤགས་སེ་སོང་། ཁོང་དད་པ་ཅན་ཆོས་སྟོན་ཡང་འདྲེན། ང་ཁོང་ཚོ་འདོན་པ་ང་རེ་འཁྲུལ་སྙམ་ནས་བློ་ལོག་གོ །ཆུང་མས་ཀྱང་བརྡུངས་ནས་ཅིག་ཆར་ལ་མའི་དྲུང་དུ་ཕྱིན། ཡུལ་དང་མཁར་མཐོང་མི་མཐོང་གི་མཚམས་སུ་ཕྱིན། བུ་སྨད་དང་ཉེ་དུ་ལ་མ་ཞེན་མ་ཆགས་གཅིག་པའི་མགུར་གསུངས།
དེ་ནས་མ་ཇོ་མོའི་དྲུང་དུ་བཏངས་སོ། །མ་ཇོ་མོའི་ཐུགས་དགོངས་ལ། བུ་ལས་སད་པར་ཚོར་ནས། ད་ནི་ཁྲམ་པ་ལ་ཆོས་ཡོང་གསུངས། གོས་ཀྱང་བསྲིངས། ཆོས་སྡེབ་ཀྱང་སྐོན། གདམས་ངག་ལ་ནན་ཏན་ཡང་ནས་ཡང་དུ་མཛད། རི་ཁྲོད་འགྲིམ་དུ་བཅུག་གོ །ཨ་མ་ན་རེ། ཆོས་རང་གྱིས་ཤིག་གསུངས་ནས། དཔའ་བོ་ཞལ་གདམས་ཀྱི་ཆོས་རྣམས་གནང་། དཔའ་མོ་བྱིན་རླབས་ཀྱི་ཆོས་སྐོར་རྣམས་ཀྱང་གནང་ངོ་། །ད་ཉམས་ལེན་དྲག་པོ་གྱིས་གསུངས། དེ་ན་ཐང་སྒོར་ཕྱིན་པ་དང་། སྔགས་པ་གཅིག་ན་རེ། ཁྱེད་ཀྱི་ཨ་མ་ལ་གདམས་ངག་ཅི་འདྲ་ཞུས་ཟེར་འདྲིར་བྱུང་བ་ལ། ལན་མ་ཐེབས་ནས། ལོག་སྟེ་མ་གཅིག་ལ་དྲིས་པས། རྒལ་ལན་རྩོད་པའི་སྐོར་གནང་། མདོ་ལུང་དུ་ལེའུ་ལག་བརྒྱད་པ་གསུངས་སོ། །
དེར་མ་ཇོ་མོས་ཉ་མ་རྣམས་ལ་དབྱངས་བླངས་པས། མ་མོའི་དབྱངས་ལ་སོགས་པ། རྫོགས་པ་ཆེན་པོའི་འགྱིང་དབྱངས། ཇོ་བ་ཟིལ་གནོན་གྱི་རེ་སྐྱིད་མ། བུ་ལ་བསླབས་པའི་བསྐུལ་མ། ཉ་མས་ཞུས་པའི་མཆོད་སྒྲིགས། བྱ་སྟོན་ཞུས་པའི་འཇིགས་མེད། རིན་པོ་ཆེའི་གླུ་དབྱངས། བྱིན་དབྱངས་ཆེན་མོ། གནས་དང་ཚོགས་བྱིན་གྱིས་བརླབས་པ། རྒྱལ་བ་ཐོད་པ་ལ་མ་མོ་དྲན་པའི་བསྟོད་པ་བཞི། རིང་ཐུང་གསུམ་གྱི་ཤོར་རྒྱངས། དཔེ་ལ་གྲས་པའི་མཆིད་འཚལ། ཆུང་མས་བརྡུངས་པའི་བཟོད་དབྱངས། མ་ཇོ་མོ་ལ་གཡོག་མོས་ཚིག་ལ་དགོས་པ་མི་འདུག་ཆོས་ཐམས་ཅད་དོན་དུ་བསྡུས་པ་ཞིག་ཞུ་བྱས་པས། བཀའ་ཚོམས་ཆེན་མོ་བྱུང་། སྣུབས་མོས་ཡང་ཡང་ཞུས་པས་ཡང་ཚོམས་ཉི་ཤུ་རྩ་ལྔ་བྱུང་། རྒྱལ་བ་གྲུབ་བེས། སྟོང་ལྡན་ཏེལ་པོ། སངས་རྒྱས་གཉན་ཆུང་། ཁུ་སྒོམ་ཆོས་སེང་། ཕྱིས་གྲགས་པའི་བུ་ཆེན་མང་པོ་ཡང་ཡོད། གྲུབ་བེ་ལའང་། མ་ཇོ་མོའི་ཞལ་ནས། ཕུང་པོ་རེ་ཡིན་སྐྱུར་ཐོང་བྱ་བ་གསུངས་སོ། །གཉན་ལ་ཨ་མའི་ཞལ་ནས། རྐང་ལག་ཆག་པ་ལྟ་བུའི་ཆོས་གསུངས་སོ། །དོལ་པ་ལ་མའི་ཞལ་ནས། དང་པོ་སྡིག་ལས་ལྡོག་པ་ལ་སོགས་པ་གསུངས་སོ། །ཁུ་སྒོམ་ལ་མ་ཇོ་མོའི་ཞལ་ནས། ངའི་ཆོས་འདི་ལ་སློབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོད་ན། དགེ་བ་བཅུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་གསུངས་སོ། །ཡང་རྒྱལ་བའི་ཞལ་ནས། འདི་ཚིག་ཉུང་ལ་དོན་འདྲིལ། སློབ་པ་སླ་ལ། གོ་བ་དཀའ་འདི་བཀའ་ཕྱི་ནང་གསང་སྔགས་གསར་རྙིང་། ཐེག་པ་མཐོ་དམན། མདོར་ན་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེལ་སོ་ཡིན་པས། ཨ་མའི་ཆོས་འདི་སྦྲ་དཀར་གྱི་སྤྱི་བོ་དང་འདྲ་བར་འདུག་གསུངས། སངས་རྒྱས་གཉན་ཆུང་པའི་ཞལ་ནས། འདི་མཛེ་པོ་མི་ཁྱུར་འཇུག་པའི་གདམས་ངག་ཡུགས་ས་ཕོ་མོའི་ཁྲུས་ཆེན་སྐྱབས་མེད་ལྷ་ལ་འདོགས་པའི་ཆོ་ག་བཟའ་མེད་ཟས་དང་སྤྲོད་པའི་ལག་སྡེ་ཡིན་གསུངས། ཡང་རྟོགས་ལྡན་དོལ་པོའི་ཞལ་ནས། བཙན་ཕྱུག་ཟིལ་གྱིས་གནོན་པའི་མངའ་ཐང་ཆེན་པོ། །དགེ་བཤེས་སློབ་མར་སྤྱོད་པའི་ཐབས་མཆོག་དམ་པ། །འབད་རྩོལ་མི་དགོས་པའི་སྒྲུབ་ཐབས་ཟབ་མོ། །ཡོན་ཏན་ཐམས་ཅད་འདི་ལ་རྫོགས། མཆོག་ཡིན་དངོས་གྲུབ་ཡིན་གསུངས་པ་གོར་ལང་གྲོའི་ཞལ་ནས། འཁོར་བའི་གཡུལ་ངོ་ཟློག་པའི་དཔའ་བོ་གཅིག་ཐུབ། ལོག་ལྟ་ཕྱམ་ལ་འབེབས་པ་གྲུབ་མཐའི་རྒྱལ་པོ། མཁས་པའི་ང་རྒྱལ་བཅོམ་པ་ལྟ་བའི་མཐར་ཐུག་ཡིན་གསུངས། ཡང་རྒྱལ་བ་གླེ་སྟོན་གྱི་ཞལ་ནས། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགོངས་པ་ཡང་འདི་ལས་ལྷག་པ་མི་འདུག་ཙ་ན། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་ཆོས་གཅིག་པུ་འདི་ཡིན་གསུངས། ཁུ་སྒོམ་ཆོས་སེང་གི་ཞལ་ནས། ཆོས་འདི་ལ་བློ་བཀལ་ན། བླ་མ་དང་དཀོན་མཆོག་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བུ་གཅིག་པའི་ཕ་བཞིན་གྲོགས་བྱེད་པར་གསུངས་སོ། །བ་རི་སྒོམ་ཆེན་གྱི་ཞལ་ནས། མ་ཇོ་མོའི་གདམས་ངག་འདི་ཉིད་ཉམས་སུ་བླང་ན། སྟེང་གི་ལྷ་རྣམས་དབང་དུ་འདུས། འོག་གི་ཀླུ་རྣམས་དམ་ལ་ཐོགས། གདོན་གནོད་སྦྱིན་ཕོ་མོ་རྣམས་བྲན་དུ་འཁོལ་བདུད་དང་མུ་སྟེགས་འབྱུང་པོའི་ཚོགས་རྣམས་ཀྱིས་མི་ཚུགས་ཤིང་། དབང་དུ་འདུས་གསུངས། ཉི་ཁྲི་ལས། སྟོང་པ་ཉིད་ལ་གནས་པས་བདུད་ལ་སོགས་པས་མི་ཚུགས་པའི་ཕན་ཡོན་ནི། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་ལ་སོགས་པ་ནི། ཁྱིམ་སྟོང་ན་འདུག་ཀྱང་རུང་། འཇིགས་པའམ་དངངས་པར་མི་འགྱུར་རོ། །ཅིའི་ཕྱིར་ན། སྟོང་པ་ཉིད་ཅིག་ཅར་སྒོམ་པའི་ཕྱིར་རོ། །ཞེས་བཤད་དོ། །
སངས་རྒྱས་སྒོམ་ཆུང་གི་ཞལ་ནས། སྡིག་པ་འཕྱག་པའི་ཕྱགས་མ། ཚེ་བསྲིང་བའི་བཅུད་ལེན། དམ་ཚིག་ཉམས་པའི་བསྐངས་གསོ། ནད་གདོན་གྱིས་མི་ཚུགས་པའི་སྲུང་བའི་མཆོག་ཡིན་གསུངས། ཡང་ཐོད་སྨྱོན་བསམ་འགྲུབ་ཀྱི་ཞལ་ནས། འདི་མི་གཅིག་པོའི་ཆོས་གཅིག་པུ། ཆོས་གཅིག་པུའི་གོ་ཆོད་པོ། རྣམ་པར་རྟོག་པའི་བགེགས་གཅིག་པུ། མྱ་ངན་འདས་པའི་བུ་གཅིག་པུ། འཆི་ཀ་མའི་ཆོས་གཅིག་པུ། འདའ་ཀ་མའི་སྒོམ་གཅིག་པུ་ཡིན་གསུངས། ཡང་ངོམ་བསེ་བོའི་ཞལ་ནས། ཚེ་འདི་དང་ཕྱི་མ་བར་དོ་གསུམ། འཇིག་རྟེན་འདི་དང་འདས་པ། གནས་སྐབས་དང་མཐར་ཐུག་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཅིག་ཅར་དུ་འགྲུབ་པའི་ཆོས་ཡིན་གསུངས། ཡང་བྱ་སྟོན་ཀླུ་སྒྲུབ་ཀྱི་ཞལ་ནས། མ་ཇོ་མོའི་གདམས་ངག་འདི། གདམས་ངག་གཞན་དང་མི་འདྲ། གཞན་ནི་རྣམ་རྟོག་རིམ་གྱིས་སྤོང་། འདི་ནི་ད་ལྟ་ཉིད་དུ་བསྲེ། འགལ་རྐྱེན་བྱུང་ན་ཐོག་ཏུ་སྐྱུར། གོ་རྟོགས་ཆེ་ཆུང་འགྲན་པ་ཡིན། ཡིན་རུང་མིན་རུང་ཕོ་ཤན་མོ་ཤན་འབྱེད་པའི་གདམས་ངག་ཡིན། ནོར་བས་ཁྱད་དུ་འཕགས། གཅིག་སྐྱ་ཐུབ་ན་རྣལ་འབྱོར་ཡིན། མ་ཇོ་མོའི་གདམས་ངག་འདི། ཐེག་པ་ཀུན་གྱི་ཡང་རྩེ་ཡིན། །བསྟན་པ་ཡོངས་ཀྱི་སྒྲོན་མེ་ཡིན། །ལྟ་བ་ཀུན་གྱི་མཐར་ཐུག་ཡིན། །དགོངས་པ་ཀུན་གྱི་ཕུལ་ཕྱིན་ཡིན། །ལྷུན་གྱིས་གྲུབ་པའི་ཉམས་མྱོང་ཡིན། །སྐལ་མེད་རྣམས་ཀྱི་སྡིག་སྣོད་ཡིན། །སྐལ་ལྡན་ཐར་ལམ་གཤེགས་པའི་གསེག་ལམ་ཡིན། །སྡུད་པ་ལས། ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས། དེ་ནས་སྲས་རྒྱལ་བས་ཐུགས་གཉེར་མཛད་ནས། གངས་སར་ཡང་ཆུང་དུ་ཚོགས་འཁོར་ཞིག་ཞུས་ནས། མཛད་པའི་དུས་སུ། མ་ཇོ་མོས་བྱིན་དབྱངས་ཆེན་མོ་མཛད་ནས། གྲུབ་བེ་ཁྱོད་ཀྱིས་སྡིག་པ་བསགས། ང་ལོ་གཉིས་ལ་འགྲོ་སེམས་པ་ལ། ད་ཚོགས་འཁོར་དེས་ལན་པ་ཡིན་ནམ། ལོ་འགའ་ཐུབ་པར་འདུག་གསུངས། ཅི་གསུང་དགེ་བ་འཕེལ་བ་དེ་ཞུས་པས། མི་འཕེལ་ང་ལ་བསྟེན་ནས་སྡིག་པ་མང་པོ་གསོག །ང་ཕ་རོལ་ཕྱིན་པའི་དོན་ཉམས་སུ་ལེན་པ་ལ། གཅོད་ཆོས་ཚན་གཅིག་ལོག་ཆོས་ཡིན་ཟེར་ཏེ། གཤེ་སྐུར་མང་པོ་འདེབས། ང་ལ་བསྟེན་ནས་སྡིག་པ་མང་པོ་གསོག །ང་ལ་འུར་འདས་པ་རུང་གསུངས། ངའི་ལུས་འདི་དགེ་འདུན་ཡིན། ངའི་ངག་ནི་གདམས་ངག་ཡིན། ངའི་སེམས་ནི་སངས་རྒྱས་ཀྱི་དགོངས་པ་ཡིན། ང་ལ་སྐུར་པ་བཏབ་ན་དཀོན་མཆོག་གསུམ་ལ་སྐུར་པ་བཏབ་པར་འགྲོ་བ་ཡིན། དེས་ངན་སོང་ལས་འགྲོ་ས་མེད་གསུངས་སོ། །བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐུར་པ་བཏབ་ན། ཐམས་ཅད་མཁྱེན་པ་ཉིད་ལ་སྐུར་པ་བཏབ་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་ལ་སྐུར་པ་བཏབ་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐུར་པ་བཏབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་རྒྱལ་བ་གྲུབ་བེ་ཡབ་སྲས་ཀྱིས། ལོ་ལྔ་ལ་སྤྱན་དྲངས། ནམ་ལ་སྟོན་སེར་ཁ་ལོ་ཏོག་སེར་ཆོམ་པའི་དུས་སུ། མ་ཇོ་མོ་གློ་ནད་ཞིག་གིས་སྙུང་ནས། ཆིབས་ཁ་སྣུབས་མོ་ནམ་མཁའ་གསལ་བྱེད་ཀྱིས་བྱས་ནས། གླང་ལུང་དུ་སྤྱན་དྲངས་ཏེ། ཞག་འགའ་ཡར་བཞུགས། སྲས་ཀྱི་མི་འཚོ་བར་ཤེས་ནས། མ་ལ་གདམས་ངག་གི་གནད་རྣམས་ཞུས་པ། མ་གཅིག་མི་རྟག་འགྱུར་དུས་སུ། །དགོངས་པ་ཇི་ལྟར་གནས་པ་ལགས། །གྲོངས་ནས་གང་དུ་གཤེགས་པ་ལགས་ཞེས་ཞུས་པས།
མ་ཇོ་མོའི་ཞལ་ནས། ང་ནི་མི་རྟག་འགྱུར་དུས་སུ། །ང་ལ་འགྲོ་བའི་ལམ་ཡང་མེད། །ང་ལ་གནས་པའི་ཡུལ་ཡང་མེད། །ང་ལ་བསྟེན་པའི་ས་ཡང་མེད། །འོན་ཀྱང་ལྟ་སྤྱོད་ཟད་སར་སྐྱོལ། །དམིགས་མེད་ངང་དུ་ཅི་རིགས་གསལ། །སྐྱེ་མེད་ངང་ལ་དགོངས་པ་མེད་གསུངས། །ཡང་མ་ཇོ་མོ་ལ་བུས་གདམས་ངག་ཞུས་པ། མ་གཅིག་ཡེ་ཤེས་མཁའ་འགྲོ་མ། །སངས་རྒྱས་ས་ན་ཡེ་ཤེས་ཡོད་དམ་མེད། །རྟོགས་པའི་དུས་ན་རང་སྣང་ཡོད་དམ་མེད། །གྲུབ་ཆེན་ཐོབ་ན་རྩོལ་སྒྲུབ་དགོས་མི་དགོས། །ལམ་སྣ་ཟིན་ནས་ཕྱི་ལ་ལྡོག་མི་ལྡོག །ཞུས་པས། དྲི་བ་ལེགས་ངས་ལན་ཐེབས་ཡོང་གསུངས། སངས་རྒྱས་ས་ན་ཡེ་ཤེས་ནི། རང་སྣང་ལ་མེད་པར་ཐག་ཆོད། གཞན་སྣང་ལ་ཡོད་པར་ཐག་ཆོད་ཅིག །སྡུད་པ་ལས། ཡོན་ཏན་འཕེལ་མེད་ཡེ་ཤེས་མེད། །ཅེས་གསུངས། རྟོགས་པའི་དུས་ན་རང་སྣང་ཤ་མོའི་སུལ་བཞིན་ཡོད་པ་ཡིན། གྲུབ་ཆེན་ཐོབ་ནས་རང་སྣང་ལ་རྩོལ་སྒྲུབ་ཀྱི་དགོས་པ་ཅིའང་མེད། གཞན་སྣང་ལ་བག་ཙམ། ལམ་ཆེན་ཐོབ་ན་ཕྱིར་ལ་ལྡོག་པའི་གནས་མ་མཆིས་དེ་དུས་ས་ལམ་དུས་གཅིག་རྫོགས། སངས་རྒྱས་པའི་བར་དུའང་། ངེས་དོན་མཐར་ཐུག་ལོག་པ་མེད་གསུངས། དགོན་པ་འོག་མར། མ་ཇོ་མོའི་ཞལ་ནས། ཐོ་རངས། སེམས་ཉིད་མཐོང་བའི་མཐོང་ས་འདི། །མཐོང་ས་གཞན་གྱི་དོ་ཟླ་མིན། །སྐྱེ་མཆེད་རྟོགས་པའི་རྟོགས་པ་འདི། །རྟོགས་པ་གཞན་གྱི་དོ་ཟླ་མིན། །དྲན་མེད་མྱོང་བའི་མྱོང་ས་འདི། །མྱོང་ས་གཞན་གྱི་དོ་ཟླ་མིན། །འགྱུར་མེད་ཐོབ་པའི་འབྲས་བུ་འདི། །འབྲས་བུ་གཞན་གྱི་དོ་ཟླ་མིན། །ཞེས་གསུངས་སོ། །དེ་ནས་ཉི་མ་ལྷན་དྲོས་ཙ་ན། མའི་ཞལ་ནས་འདི་མ་ཞུས་པར་གསུངས་སོ། །དམ་ཆོས་སྐྱེ་མཆེད་གཅིག་ཆོད་ནི། །གདམས་ངག་གཞན་ལས་ཁྱད་པར་འཕགས། །བྱིན་རླབས་ལུས་སེམས་སྦྲལ་བ་འདི། །ཕོ་བ་གཞན་ལས་ཁྱད་པར་འཕགས། །ང་རང་རྒན་མོ་ལབ་སྒྲོན་ནི། །རྒན་མོ་གཞན་ལས་ཁྱད་པར་འཕགས། །ད་སྒྱུ་ལུས་ཕུང་པོ་འདི་བོར་ཡང་ཉམ་མི་ང་། གསུངས་ནས་ཐུགས་ཚངས་པའི་བུ་ག་ན་ཡར་འོང་དུ་ཕྱུང་ནས་གཤེགས་སོ། །
དེར་རྒྱལ་བ་གྲུབ་བེ་དཔོན་སློབ་ཚོས། སྤུར་མཆོད་ཞག་འགའ་བཟུང་། དེ་ནས་སྤུར་ཁང་དུ་གདན་དྲངས། དེར་རྒྱལ་བ་གྲུབ་བེ་ལ་སོགས་པའི་རྣལ་འབྱོར་པ་འཚོགས་ནས། ཚོགས་འཁོར་མཛད། སྲས་ཀྱི་སྤྱན་ཆབ་བསིལ་ནས་ཞུས་པ། མ་གཅིག་བཞུགས་པའི་དུས་ན་དགར་མ་ཚོར། གྲོངས་པའི་དུས་ན་སྙིང་མ་དགའ། བུ་ད་རུང་བློའི་ཐག་མ་ཆོད། ད་རུང་སྙེམས་ཀྱི་ཐག་མ་ཆོད། གསུངས་ནས། ཤར་ཕྱོགས་ནས་མར་ཁུ་ཟངས་དཀར་གང་ཐོགས་ནས། སྐུ་བཞི་དབྱེར་མེད་ཀྱི་བསྟོད་པ་མཛད། ལྷོ་ཕྱོགས་ནས་གླ་རྩི་འགོར་པོ་བདུན་དང་། ཙན་དན་ཨ་ཀ་རུ་དང་། དུ་རུ་ཀ་ལ་སོགས་པའི་སྤོས་མང་པོ་ཐོགས་ནས། སྐུ་ལྔ་ཡོན་ཏན་ལྔའི་བསྟོད་པ་མཛད། ནུབ་ཕྱོགས་ནས་ག་པུར་ལ་སོགས་བཟང་དྲུག་ཡོད་ཚད་ཐོགས་ནས། ཡོན་ཏན་སུམ་ཅུའི་བསྟོད་པ་མཛད། བྱང་ཕྱོགས་ནས་ཨ་ཀ་རུ་དང་། དུ་རུ་ཀ་ལ་སོགས་པ་དྲི་མཆོག་གི་མཆོད་པ་མཛད་ནས། ཡོན་ཏན་བཅུའི་བསྟོད་པ་མཛད། ཕ་རོལ་ཕྱིན་དྲུག་གི་བསྟོད་པའང་མཛད། མགུར་ཆེན་བཞི་པོ་འདི། ཚོགས་མཆོད་དང་། ཉམས་མྱོང་སྐྱོང་བའི་དུས་སམ། དབང་བསྐུར་བའི་དུས་སུ་གསུངས་པ་ཡིན། སྲས་ཀྱི་མ་ནམ་དྲན་ཙ་ན་གསུངས་པར་གདའོ། །ཡོངས་ཀུན་གྱི་མ་གཅིག་ཇོ་མོ་འདི། །མ་རང་བཞིན་སྐྱེ་མེད་ཐུགས་སུ་ཆུད། །ཐུགས་ནི་དབྱིངས་དང་མཚུངས་པར་ཀུན་ལ་ཁྱབ། །ཐོག་མཐའ་གཉིས་པོ་གཞི་ལ་དག །བདག་ཏུ་འཛིན་པ་རང་སར་གྲོལ། །མ་ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་ཤེས་རབ་ནམ་མཁའི་དཀྱིལ་ནས་ཤར། །སྤྱོད་ལམ་རྣམ་བཞི་རྟོག་མི་མངའ། །སྙམ་བྱེད་དང་སྙེམ་བྱེད་གཞི་ལ་དག །རྣམ་པར་རྟོག་པ་རང་སར་གྲོལ། །མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་མངོན་ཤེས་དྲུག་པོ་ཤེས་བྱར་མཁྱེན། །ཆོས་ཟག་མེད་ཀྱི་བདེ་སྟོང་རྒྱུད་ལ་ཤར། །སྒོམ་མཚན་མར་འཛིན་པ་གཞི་ལ་དག །སྣང་སྲིད་ཀྱི་ལྷ་འདྲེ་རང་སར་གྲོལ། །མ་ལོངས་སྤྱོད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཟ་མ་བུད་མེད་དུ་སྐྱེ་བ་སྤྲུལ། །བཟང་ངན་མེད་པར་འགྲོ་དོན་མཛད། །ཆགས་སྡང་གཉིས་པོ་གཞི་ལ་དག །ཟོལ་ཟོག་གཉིས་པོ་རང་སར་གྲོལ། །མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །མས་ཀྱང་བུ་བཞིན་ཐུགས་ལ་ཐོགས། །བུ་ལ་མོས་གུས་རྒྱུན་མི་འཆད། །མ་གཅིག་སྤྱི་གཙུག་རྒྱན་དུ་བཞུགས། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ངེད་མོས་པའི་བུའི་བར་ཆད་སོལ། །འགྲོ་དྲུག་ལམ་སྣ་འདྲེན་དུ་གསོལ། །དོན་བདེ་བ་ཆེན་པོ་སྤར་དུ་གསོལ། །སྐུ་གསུམ་ལྷུན་གྲུབ་ཀྱི་དངོས་གྲུབ་ཞུ། །ཡོངས་ཀུན་གྱི་མ་གཅིག་ཇོ་མོ་འདི། །མ་ངན་འགྲོའི་ཕྱོགས་ལ་མི་འཇིགས་པ། །ཆོས་དགེ་བ་བཅུའི་སྒོ་རུ་བཞུགས། །ངན་འགྲོ་རྣམ་གསུམ་ཟིལ་གྱིས་མནན། །མ་ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་ངན་འགྲོའི་ཕྱོགས་ལ་མི་འཇིགས་པ། །ཆོས་རྫོགས་པ་ཆེན་པོའི་སྒོ་རུ་ཞུགས། །མི་ཡུལ་གླིང་བཞི་ཟིལ་གྱིས་མནན། །མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟོད། །མ་སྐྱེ་ཤི་གཉིས་ལ་མི་འཇིགས་པ། །ཆོས་མི་རྟོག་ཡེ་ཤེས་སྒོ་རུ་ཞུགས། །རྣམ་རྟོག་ཕྲ་མོ་ཟིལ་གྱིས་མནན། །མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་སྡུག་བསྔལ་གྱི་ཕྱོགས་ལ་མི་འཇིགས་པ། །ཆོས་བདེ་བ་ཆེན་པོའི་སྒོ་རུ་ཞུགས། །སྡུག་བསྔལ་ཕྲ་མོ་ཟིལ་གྱིས་མནན། །མ་བདེ་ཆེན་གྱི་སྐུ་ལ་ཕྱག་འཚལ་བསྟོད། །མ་ལོག་འདྲེན་བགེགས་ལ་མི་འཇིགས་པ། །ཆོས་བདུད་ཀྱི་གཅོད་ཡུལ་སྒོ་རུ་ཞུགས། །གདོན་གནོད་བྱེད་ཕོ་མོ་ཟིལ་གྱིས་མནན། །མ་ནུས་པ་ཅན་ལ་ཕྱག་འཚལ་བསྟོད། །སྐུ་ལྔ་ཡོན་ཏན་ལྔའི་སྒོ་ནས། །ཇོ་མོ་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །མས་ཀྱང་བུ་བཞིན་ཐུགས་ལ་ཐོགས། །ཀུན་གྱི་མ་གཅིག་ཇོ་མོ་ནི། །མ་གཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་སེར་སྣ་མེད། །མ་སྦྱིན་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་གཅིག་སྟོང་པ་ཉིད་ལ་ཕྱག་འཚལ་བསྟོད། །སྟོང་པ་ཉིད་ལ་འཆལ་པ་མེད། །མ་ཚུལ་ཁྲིམས་རྫོགས་ལ་ཕྱག་འཚལ་བསྟོད། །མ་སྟོང་པ་ཉིད་ལ་ཕྱག་འཚལ་བསྟོད། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །མ་བཟོད་པ་ཅན་ལ་ཕྱག་འཚལ་བསྟོད། །མ་སྟོང་པ་ཉིད་ལ་ཕྱག་འཚལ་བསྟོད། །སྟོང་པ་ཉིད་ལ་ལེ་ལོ་མེད། །མ་བརྩོན་འགྲུས་ཅན་ལ་ཕྱག་འཚལ་བསྟོད། །མ་སྟོང་པ་ཉིད་ལ་ཕྱག་འཚལ་བསྟོད། །སྟོང་པ་ཉིད་ལ་གཡེང་བ་མེད། །མ་བསམ་གཏན་རྫོགས་ལ་ཕྱག་འཚལ་བསྟོད། །མ་སྟོང་པ་ཉིད་ལ་ཕྱག་འཚལ་བསྟོད། །སྟོང་པ་ཉིད་ལ་གཏི་མུག་མེད། །མ་ཤེས་རབ་རྫོགས་ལ་ཕྱག་འཚལ་བསྟོད། །ཕ་རོལ་ཕྱིན་དྲུག་སྒོ་ནས་མ་ལ་ཕྱག་འཚལ་བསྟོད། །མས་ཀྱང་བུ་བཞིན་ཐུགས་ལ་ཐོགས། །ཀུན་གྱི་མ་གཅིག་ཇོ་མོ་ནི། །སྒྲིབ་པ་སྦྱངས་པས་སྟོང་ཉིད་རྟོགས། །ཐབས་ཤེས་རབ་ཅན་ལ་ཕྱག་འཚལ་བསྟོད། །མས་ཀྱང་བུ་བཞིན་ཐུགས་ལ་ཐོགས། །ལུས་སེམས་ཕྲལ་བས་སྐྱེ་མཆེད་རྟོགས། །མ་གདམས་ངག་ཅན་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་འགྲིམས་པས་ཉམ་ང་མེད། །མ་ཉམས་མྱོང་ཅན་ལ་ཕྱག་འཚལ་བསྟོད། །བདུད་བཞི་བཅོམ་པས་ཡེ་ཤེས་འཕེལ། །མ་རྟོགས་རྩལ་ཅན་ལ་ཕྱག་འཚལ་བསྟོད། །མ་སྙེམས་ཐག་ཆོད་པས་བདུད་རྣམས་ཐུལ། །མ་ནུས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་སྐྱེ་མེད་བསྒོམས་པས་མངོན་ཞེན་ལྡོག །མ་འཁོར་བ་སྤོང་ལ་ཕྱག་འཚལ་བསྟོད། །མ་སྟོང་ཉིད་རྟོགས་པས་ས་རྣམས་སྒྲོལ། །མ་ཚོགས་གཉིས་རྫོགས་ལ་ཕྱག་འཚལ་བསྟོད། །མ་གདམས་ངག་བཀའ་དང་བསྟུན་ནས་གསུངས། །མ་ལུང་བསྟན་རྫོགས་ལ་ཕྱག་འཚལ་བསྟོད། །ཞབས་ཏོག་མེད་ཀྱང་གདམས་ངག་གནང་། །མ་ཞེན་མེད་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །མགུར་ཆེན་བཞེངས་པས་ཡེ་ཤེས་འཕེལ། །མ་བྱིན་རླབས་ཅན་ལ་ཕྱག་འཚལ་བསྟོད། །ཡོན་ཏན་བཅུའི་སྒོ་ནས་མ་གཅིག་ཇོ་མོ་ཁྱེད་ལ་ཕྱག་འཚལ་བསྟོད། །མས་ཀྱང་བུ་བཞིན་ཐུགས་ལ་ཐོགས། །མ་ནད་དང་བགེགས་ཀྱིས་མི་ཚུགས་རྡོ་རྗེའི་སྐུ། །ཚིག་དང་ཡི་གེར་བྲལ་བས་བྲག་ཆའི་གསུང་། །སྤྲོས་མཐའ་བརྒྱད་བྲལ་ཆོས་ཉིད་ཐུགས། །ཨ་མ་ཇོ་མོའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །
ཨ་མ་ཇོ་མོའི་རྣམ་ཐར་འདི་བཤད་པའི་དགོས་པ་ནི། བྱུང་ཁུངས་ལ་ཡིད་ཆེས། མན་ངག་ལ་ཁུངས་བཙུན། བརྒྱུད་ཚུལ་ལ་ངོ་མཚར་སྐྱེ། དཀའ་སྤྱད་ལ་དང་སྤྲོ། ངེས་ཤེས་གཏིང་ནས་ཐོབ། དང་བ་ནང་ནས་འདྲེན། དད་གུས་དབང་མེད་དུ་སྐྱེ། བྱིན་རླབས་ཐུན་མོང་མ་ཡིན་པ་འཇུག །གོ་རྟོགས་ཇེ་ཆེ་ལ་འགྲོ། ཉམས་མྱོང་ཤུགས་ཀྱིས་འབྱོང་། ཉོན་མོངས་ངང་གིས་འཛད། འཁྲུལ་པ་བཙན་ཐབས་སུ་འཇིགས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་། བར་ཆད་གང་ཡང་མི་འབྱུང་ངོ་། །མ་ཇོ་མོའི་རྣམ་ཐར་གདམས་ངག་དང་བཅས་པ་འདི། མ་ཇོ་གཡོག་མོ་དང་། ཚེ་མགོ་མཇུག་ཏུ་འགྲོགས་པའི་སྲས་དང་གཉིས་ཀྱིས་ལེགས་པར་བཀོད་དོ། །སྲས་གྲུབ་བེ་ཡང་གྲུབ་ཐོབ་ཆེན་པོར་འགྱུར་རོ། །ཕུ་ཐང་གི་སངས་རྒྱས་སྒོམ་ཆུང་། གྲྭ་པ་ཧག་སྟོན། ངོ་སྒོམ་པོའོ་ལ་སོགས་པ་བུ་ཆེན་མང་པོ་ཡོད། མ་ཇོ་མོའི་སྲས་གྲུབ་བེ། གྲུབ་ཆུང་། ཡང་གྲུབ་གསུམ་ཡིན། རྒྱལ་བ་གྲུབ་བེ་ལ་ཇོ་མོ་གཉིས་ཡོད། ཇོ་མོ་སྔོན་མ་ཕྱེ་སྨན། ཕྱི་མ་མགར་མོ་ཡོན་སྐྱིད། སྲས་ཁུ་ཡུག་རྣལ་འབྱོར་གྲགས་ཚེ་དབང་དང་གསུམ་ཀ་བུ་ཡིན། སློབ་དཔོན་ཡ་ལེ་ཕྱེད་བུ་ཡིན། ཁུ་ཡུག་དང་རྣལ་འབྱོར་གྲགས་ལ་མི་ཆོས་ཀྱི་བརྒྱུད་པ་ཡོད་ལོ། ཚེ་དབང་ལ་སྲས་གསུམ། རྒྱལ་བ་སྲས་གསུམ། རྒྱལ་བ་སྟོན་ཟུངས། ཐོད་པ་བསམ་གྲུབ། སྐྱེ་མེད་འོད་གསལ། སྲས་ཡང་གྲུབ་ལ་མི་ཆོས་ཀྱི་བརྒྱུད་པ་ཡོད་ལོ། གྲུབ་ཆུང་གི་སློབ་དཔོན་གཞུ་དཀར་དྭགས་པོ་སྟོད་ན་བཞུགས། རྒྱལ་བ་གྲུབ་བེའི་སྲས། སློབ་དཔོན་ཡ་ལེ་རིགས་ཀྱི་གདུང་བརྒྱུད་འཛིན། ཐུགས་ཀྱི་སྲས་ཐོད་སྨྱོན་བསམ་གྲུབ་རྟོགས་པ་ནམ་མཁའ་དང་མཉམ། ཕྲིན་ལས་བྱས་པས་ཐུགས་ཟིན་པའི་སྐུ་གསུང་ཐུགས་གསུམ་ཀའི་སྲས་ཕུ་ཐང་གི་སངས་རྒྱས་སྒོམ་ཆུང་ཡིན། འགྲོ་བ་སེམས་ཅན་ལ་ཕན་ཐོགས། གསུང་གི་སྲས་གྲྭ་པ་ཧག་སྟོན་ཕྱག་དཔེ་བསྡུད། སློབ་དཔོན་ཐོད་སྨྱོན་བསམ་གྲུབ་ཀྱིས་སྐུའི་བྱིན་གྱིས་བརླབས་པའི་སྲས། གངས་པ་རྨུ་ཡན་ཡིན་སྣང་བ་ཟིལ་གྱིས་གནོན། གསུང་གི་བྱིན་གྱིས་བརླབས་པའི་སྲས་སློབ་དཔོན་ནམ་སེང་ཡིན། བརྗོད་པའི་གསུང་སྒྲོས་མ་ནོར་བར་སྟོན་ཤེས། ཐུགས་ཀྱི་བྱིན་གྱིས་བརླབས་པའི་སྲས། སྲས་མོ་ལ་ཟློས་ཡིན། དགོངས་པ་ལྷུན་གྱིས་གྲུབ། ཕའི་སྐུའི་བྱིན་རླབས་ཞུགས་པས་གཟི་བརྗིད་ཆེ། གསུང་གི་བྱིན་རླབས་ཞུགས་པས་ནུས་པ་རྒྱས། ཐུགས་ཀྱི་བྱིན་རླབས་རྟོགས་པ་ཕུལ་དུ་ཕྱིན། ཕྲིན་ལས་ཀྱིས་འགྲོ་བ་སེམས་ཅན་ལ་ཕན་ཐོགས། ཇི་སྲིད་འཁོར་བ་གནས་ཀྱི་བར། །ནམ་མཁའ་དང་མཉམ་པའི་སེམས་ཅན་ལ། །རྒྱུན་ཆད་མེད་པར་ཕན་ཐོགས་ཤོག །འདི་ལ་དད་མོས་བྱེད་པ་ཀུན། །རྒྱལ་བའི་སྲས་མཆོག་ཐོབ་པར་ཤོག །གཅོད་ཀྱི་ལོ་རྒྱུས་ཆེན་མོ་འདི། །གཞན་ན་མེད་པར་བློ་ཐག་ཆོད། །གཞན་གྱིས་སྦར་ཚོད་བཤད་པ་ཡིན། །འདི་ལ་དད་མོས་བྱེད་པ་རྣམས། །ཡུམ་ཆེན་དགོངས་པ་ལོན་པར་ཤོག །གཅོད་ཀྱི་དཀར་ཆགས་འདིའི་ཁོངས་སུ་ཚང་ངོ་།། །།ཨྠྀི།
མ་ཇོ་མོ་ལབ་ཀྱི་སྒྲོན་མེའི་རྣམ་ཐར་ལོ་རྒྱུས་དང་བཅས་པ་འདི་ཉིད། བཀའ་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་རྣལ་འབྱོར་པ་ཧབ་ཀྱི་བཙུན་པ་བཀྲ་ཤིས་དཔལ་བཟང་པོ་ཞེས་པའི་རི་ཁྲོད་པས། རྫ་སྟིངས་དཔལ་གྱི་ཡང་དགོན་དུ། ས་མོ་གླང་གི་ལོ་ཟླ་བ་བཅུ་གཅིག་པའི་དུས་སྦྱོར་བཟང་པོ་ལ་ཡི་གེར་སྒྲུབ་པ་འདིས་ཀྱང་། བསྟན་པ་དང་ལུས་ཅན་འགྲོ་བ་མང་པོ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །
སྤྲུལ་བའི་གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོའི་ལོ་རྒྱུས་བསྡུས་པ་བཞུགས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བ་ལས་བཏུས།
དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་ཆེན་བཀའ་ཡི་སྡུད་པ་མོ་དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་དངོས་བྱོན་མཚན་ལྡན་མཁའ་འགྲོ་རྣམ་གཉིས་ཀྱི་ཡ་གྱལ། སྤྲུལ་པའི་གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོར་གྲགས་པ་ནི། རང་གཏེར་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལུང་བྱང་ལས། ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་པ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང་༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ ཅེས་དོན་གྱི་རྣམ་པར་ཐར་བ་དང་བཅས་གསལ་བར་ལུང་བསྟན་པ་ལྟར། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་གུ་རུའི་སྒྲུབ་ཕུག་གཟར་མོ་ལུང་དང་ཉེ་བར། ཡབ་དྭགས་བརྒྱུད་སྔགས་པ་རྡོ་རྗེ་རྒྱལ་པོ་དང་། ཡུམ་མཁའ་འགྲོའི་རིགས་ཅན་པདྨ་དཔལ་འཛོམས་ཞེས་པའི་རིགས་སུ་ས་ཕོ་སྤྲེལ་གྱི་ལོར་སྤྲུལ་བའི་པདྨོ་བཞད། ཡབ་ཡུམ་གྱིས་མཚན་པདྨ་མཚོ་སྐྱིད་ཅེས་བཏགས། ཡབ་གཞིས་འབྱོར་པ་མཐའ་གཉིས་སུ་མ་ལྷུང་བས་ཆུང་དུས་གཅེས་སྤྲས་སུ་བསྐྱངས་ནའང་དགུང་ལོ་ལྔ་པར་ཡུམ་གཤེགས་པའི་རྐྱེན་གྱིས། ཡབ་ཀྱིས་བུད་མེད་གཞན་བཞེས་པས་བར་སྐབས་སུ་ཕྱུགས་མ་སྐྱོང་བར་མངགས་པ་སོགས་གྲོང་པའི་ལས་ཅི་རིགས་ལ་བཀོལ་བས་ཅུང་ཟད་འོ་བརྒྱལ་གྱི་རྣམ་པར་བཞུགས་པའི་སྐབས། དགུང་ལོ་བཅུ་གསུམ་པར་ཨེ་གཟར་མོ་ལུང་ཁྱུང་ཆེན་ལྡིང་བའི་ཕྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་ཕུག་གི་ཉེ་འདབས་སུ་སོས་ཀ་ཞིག་ལ་ཕྱུགས་མ་སྐྱོང་ནས་བཞུགས་པའི་སྐབས་ཅུང་ཟད་མནལ་དུ་སོང་བ་ན། བྲག་དེ་ནས་སྒྲ་སྙན་པོ་ཞིག་གྲགས་པའི་རྐྱེན་གྱིས་མནལ་སད་པ་ན་གསང་ཕུག་གི་སྒོ་ཧར་གྱིས་ཕྱེ་བ་མཐོང་སྟེ་ཐུགས་སྣང་འགྱུར་ནས་ནང་དུ་ཐོགས་མེད་དུ་ཞུགས་པ་ན་དུར་ཁྲོད་ཀྱི་བཀོད་པ་འཇིགས་སུ་རུང་བར་གྱུར་པའི་དབུས་ན་མཁའ་འགྲོའི་ཚོགས་གྲལ་དུ་སླེབས། ཚོགས་ཀྱི་གཙོ་མོ་རྡོ་རྗེ་ཕག་མོ་དངོས་སུ་སྣང་བས། རིགས་ཀྱི་བུ་མོ་འོངས་པ་ལེགས་ཞེས་དབུགས་དབྱུང་། སྐུ་རྒྱབ་ཀྱི་བྲག་ནས་བཞེས་པའི་ཚུལ་གྱིས་གླེགས་བམ་ཆུང་ངུ་ཞིག་བླངས་ཏེ་སྤྱི་བོར་བཞག་ཅིང་སྨིན་གྲོལ་ཆིག་རྫོགས་སུ་བསྩལ། ཕྱག་ཏུ་གཏད་ནས། འདི་ནི་མཁའ་འགྲོ་མའི་གསང་བ་ཀུན་འདུས་པའི་གདམས་ངག་སྟེ་ཁྱོད་ཀྱིས་ཤིན་ཏུ་གསང་ལ་ཉམས་སུ་བླངས་ན་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་པ་བརྙེས་པས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་ཆེན་མོར་གྱུར།
དེར་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱད་ནས་སྤྲུལ་པའི་དཀྱིལ་འཁོར་མི་སྣང་བར་བསྡུས་པ་དང་རང་གནས་སུ་ཕེབས། རྡོ་རྗེ་བཙུན་མོའི་བྱིན་རླབས་ཀྱི་བདུད་རྩི་རྒྱུད་ལ་སྨིན་པས་ཉིན་མཚན་ཀུན་ཏུ་ཆོས་ཀྱི་ཚིག་མང་པོ་ཐོལ་བྱུང་དུ་བརྡོལ་ཏེ་རྡོ་རྗེའི་གླུ་བྲོ་དང་གཞན་སེམས་མཁྱེན་པའི་མངོན་ཤེས་ཐོགས་མེད་དུ་གསུངས་པས་འགའ་ཞིག་དང་། ཕལ་ཆེར་གྱིས་འདི་རི་ཁར་ཉལ་བས་སྨན་མོས་བརླམས་པར་འདུག་ཅེས་ཇོ་མོ་སྨན་མོའི་མཚན་བླ་དྭགས་སུ་ཆགས། དེ་ལྟ་བུའི་རྐྱེན་གྱིས་ཐུགས་སུན་པའི་རྣམ་པས་རང་ཡུལ་ལ་མ་ཆགས་པར་གནས་ངེས་མེད་དུ་འབྱོན་པར་བཞེད་ནས་ལྷོ་བྲག་ནུབ་ལ་ཡག་སྤང་གྲོང་དུ་ཕེབས། གུ་རུ་ཆོས་ཀྱི་དབང་ཕྱུག་དང་མཇལ་བ་ཙམ་གྱིས་ལྷན་སྐྱེས་ཡེ་ཤེས་རྩོལ་མེད་དུ་འཁྲུངས། ཆོས་དབང་རིན་པོ་ཆེས་ཀྱང་གུ་རུས་ལུང་བསྟན་པའི་མཚན་ལྡན་གཟུངས་མ་ལྔའི་ཡ་གྱལ་དུ་དགོངས་ནས་གསང་བའི་ལས་རྒྱར་བཞེས་པས་སྔོན་ཆད་གཏན་ལ་ཕབ་མ་ནུས་པའི་བཀའ་བརྒྱད་གསང་བ་ཡོངས་རྫོགས་མན་ངག་གི་རྒྱུད་ཆེན་པོ་རྩ་མདུད་གྲོལ་བའི་རྐྱེན་གྱིས་བརྡ་དོན་ཐམས་ཅད་དགོངས་ཏེ་བོད་སྐད་དུ་བསྒྱུར་བ་ལ་བརྟེན་ཕན་ཚུན་གཉིས་ཀ་གཅིག་གྲོགས་གཅིག་གི་སྨན་ཡོན་བླ་ན་མེད་པར་གྱུར།
དེར་ཡུན་མི་རིང་བ་ཙམ་བཞུགས་ནས་སྨིན་གྲོལ་གདམས་པའི་སྙིང་པོ་ཅི་རིགས་པ་གསན་པའི་མཐར་གཏེར་སྟོན་ཆེན་པོས། ཁྱོད་ཀྱི་ཟབ་ཆོས་མཁའ་འགྲོའི་གླེགས་བམ་དེ་ཁྱོད་རང་གི་སྐྱེ་བ་སྔ་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་སྙིང་པོ་ངོ་མཚར་ཅན་དུ་སྣང་ནའང་ད་ལྟ་འགྲོ་དོན་སྤེལ་བའི་དུས་ལ་མ་བབས། ཤིན་ཏུ་གསང་ལ་རང་ཉམས་སུ་ལོངས། དབུས་གཙང་གི་ཕྱོགས་ཀུན་ཏུ་འཁྱམས་ལ་འབྲེལ་ཚད་བདེ་ཆེན་གྱི་སར་སྦྱོར་བའི་སྦས་ཚུལ་གྱིས་འགྲོ་དོན་སྒྲུབས་ཤིག་དང་མཐར་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་དངོས་གྲུབ་བརྙེས་པར་འགྱུར་རོ་ཞེས་པའི་ཞལ་བཀོད་ནན་དུ་བསྩལ་བ་ལྟར། སྐལ་བར་ལྡན་པའི་རྣལ་འབྱོར་མ་གཉིས་བཅས་གཙང་ལ་སྟོད་དིང་རི་མན་ཆད་ཡུལ་ཡུལ་ཕྲན་ཐམས་ཅད་དུ་བྱོན། སྦས་ཚུལ་གྱི་འགྲོ་དོན་ལྷུན་གྱིས་གྲུབ་ནས་མཐར་དགུང་གྲངས་སོ་དྲུག་ཏུ་སོན་པའི་སྟོན་ཟླ་ར་བའི་ཚེས་བཅུ་ཉིན་ཡུལ་དབུས་སྒྲགས་ལྷ་རིའི་རྩེ་མོར་ཕེབས། དཔོན་གཡོག་གསུམ་གྱིས་ཚོགས་ཀྱི་མཆོད་པ་ཞིག་མཛད་དེ་གསུམ་གས་ལུས་མ་སྤངས་པར་འདབ་ཆགས་རྒྱལ་པོ་མཁའ་ལ་འཕུར་བ་ལྟར་ནམ་མཁའི་དབྱིངས་སུ་ཇེ་མཐོ་ཇེ་མཐོར་ཨོ་རྒྱན་ཟངས་མདོག་དཔལ་རིའི་མཁའ་འགྲོའི་ཚོགས་གྲལ་ལ་ཐོགས་མེད་དུ་གཤེགས་པ་ན། ཕྱོགས་དེའི་ཕྱུགས་མ་སྐྱོང་བ་རྣམས་ཀྱིས་མངོན་སུམ་དུ་མཐོང་སྟེ་དེར་འོངས་པ་ན་ཚོགས་རྫས་འགའ་ཞིག་འཐོར་བ་ཟོས་པས་རང་བཞིན་གྱིས་བསམ་གཏན་ལ་གནས་པའང་བྱུང་ངོ་། །
དེ་ལྟ་བུའི་རྨད་དུ་བྱུང་བའི་གསང་བ་ཆེན་པོ་མཁའ་འགྲོ་གསང་བ་ཀུན་འདུས་སུ་གྲགས་པ་འདི་ཉིད་རེ་ཞིག་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་འདུལ་བའི་སྐབས་སུ་བབས་ཤིང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། སྔོན་ཆོས་དབང་རིན་པོ་ཆེའི་གསང་གྲོགས་སུ་གྱུར་པའི་རྒྱུ་དང་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལ་བརྟེན་ཏེ་ཚིག་དོན་གྱི་བཀའ་བབས་ཤིང་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་པར་མཛད་པའི་སྐབས། ཞལ་སྤོད་གནང་རིམ་བཞིན་ཁོ་བོས་ཡི་གེར་བཀོད་དེ་ཐོག་མ་ཁོ་ནར་སྨིན་གྲོལ་གྱི་གདམས་པ་ཚང་སྤྲུགས་སུ་བསྩལ་བའི་སྐལ་པ་བཟང་པོས་ཡིད་རབ་ཏུ་ཚིམས་ཤིང་། སླད་ནས་བསྙེན་སྒྲུབ་འབྲེལ་འཇོག་དང་སྒྲུབ་ཆེན་དང་སྒྲུབ་ཕྲན་ལན་གྲངས་བགྱིས་པས་བྱིན་རླབས་ཀྱི་མཚན་མའང་ཐོབ་པ་བཅས་ཁོ་བོའི་རྗེས་འཇུག་གསང་བ་ཆེན་པོ་ལ་ཡིད་རྟོན་པ་དག་གིས་ཉམས་ལེན་སྙིང་གི་ནོར་བུར་བཟུང་བར་རིགས་ལ། གཞན་ཡང་ཉེར་མཁོའི་ཡིག་ཆ་ཅི་རིགས་གསར་སྤེལ་བཅས་སྤར་དུ་བསྒྲུབས་ཤིང་སྨིན་གྲོལ་ལན་གྲངས་བགྱིས་པ་སོགས་ཟབ་ཆོས་འདི་ཉིད་ལ་ཞབས་ཏོག་ཅུང་ཟད་གྲུབ་པ་ཡིན་ནོ། །ཡེ་ཤེས་མཁའ་འགྲོ་འདི་ཤིན་ཏུ་གྲགས་ཆུང་བས་གཏེར་འབྱུང་སྔ་མ་རྣམས་སུ་མཚན་ཙམ་ལས་སྔ་ཕྱི་ནམ་བྱོན་ཡང་མ་གསལ་སྟབས་འདིར་གཏེར་ལུང་དངོས་དང་རྗེ་བླ་མའི་ཞལ་ལུང་དཔང་པོར་བྱས་ཏེ་ཅུང་ཟད་རྒྱས་པར་བཀོད་པ་ཡིན་ནོ།། །།
རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་གཉིས་ཀྱི་ཕྱི་མ་མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་ལོ་རྒྱུས། ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻཌཱུརྱའི་ཕྲེང་བ་ལས་བཏུས།
རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་གཉིས་ཀྱི་ཕྱི་མ་མཁའ་འགྲོ་མ་ཀུན་དགའ་འབུམ་པ་ནི་འོན་གྱི་བཀྲ་ཤིས་རྡོ་མཁར་དུ། ཡབ་གཙང་པ་རྡོ་རྗེ་དབང་ཕྱུག་དང་། ཡུམ་ཤེལ་དཀར་བཟའ་རྡོ་རྗེ་མཚོའི་སྐྱེ་བ་མཚན་ལྡན་ལྷ་སྐྱིད་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྤྲེའུ་ལོར་འཁྲུངས། དགུང་ལོ་དྲུག་པར་གདན་ས་མཐིལ་གྱི་སྤྱན་སྔ་ཚེས་བཞི་རྙིང་མ་གྲགས་པ་རྒྱལ་མཚན་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་འབུམ་དུ་གསོལ།
དེ་ལ་སོགས་པའི་བླ་མ་མང་དུ་བསྟེན་ཅིང་། གསང་སྔགས་གསར་རྙིང་གི་ཆོས་ཚུལ་མང་པོ་དང་དབང་ཁྲིད་གདམས་པ་མཐའ་ཡས་པ་གསན་ཞིང་སྒྲུབ་པ་ཁོ་ན་མཛད་པས། ཐུགས་དམ་གྱི་རྟོགས་པ་ཀློང་དུ་གྱུར། ཁྱད་པར་དུ་ནུབ་གཅིག་གི་སྲོད་འཁོར་ཙམ་ལ། ཀྱེ་སྐལ་ལྡན་ལས་ཅན་མ་ཁྱོད། སྒྲགས་ཡང་རྫོང་གི་འོད་གསལ་ཕུག་ཅེས་བྱ་བར། ལོ་བདུན་ཟླ་བ་བདུན་ཞག་བདུན། ཟ་མ་བདུན་དུ་སྒྲུབ་པ་མཛོད་ཅིག་དང་། ཌཱ་ཀིའི་ལུང་བསྟན་དང་། མཁའ་སྤྱོད་ཀྱི་ཞིང་སོགས་མཇལ་བ་ཡོད་དོ། །ཟེར་བ་ཞིག་གསན་ནས། སྒྲགས་ཡང་རྫོང་གི་ཤེལ་བྲག་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་ལོ་བདུན་དུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་པས། རྡོ་རྗེ་ཕག་མོས་ལུང་བསྟན་ནས་ཕུག་པ་དེ་ཉིད་ནས་མ་རྒྱུད་གསང་བ་ལམ་ཁྱེར་གྱི་ཆོས་སྐོར་ཆ་ལག་དང་བཅས་གཏེར་ནས་གདན་དྲངས། དབུས་སྟོད་སྨད་ཀུན་ཏུ་སྐལ་ལྡན་མང་པོ་ལ་གནང་བས་སྨིན་གྲོལ་ལ་བཀོད། ཁྱད་པར་དུ་གཏེར་ལུང་ལས་བྱུང་བ་བཞིན་འགྲོ་མགོན་དུང་མཚོ་རས་པ་ལ་གནང་། དེ་ནས་ཕྱོགས་ཀུན་ཏུ་རྒྱ་ཆེར་འཕེལ་ནའང་དེང་སང་དཔེ་ལུང་གི་རྒྱུན་ཤིན་ཏུ་དཀོན་པ་ལ་ཁོ་བོས་ཡར་ལུང་ཤེལ་བྲག་ནས་དཔེ་རྙིང་ཞིག་རྙེད། གཏེར་ཆེན་མཆོག་གྱུར་གླིང་པས་སྔོན་གནས་རྗེས་དྲན་དང་བྱིན་རླབས་ཉེ་བརྒྱུད་དུ་བཀའ་བབས་པའི་སྨིན་གྲོལ་གདམས་སྐོར་རྫོགས་པར་ཞུས་ནས་གཞན་ལའང་སྤེལ། མཁའ་འགྲོ་མ་འདིས་སྒྲགས་ཡང་རྫོང་གི་གནས་སྒོ་ཡང་གཏེར་འདོན་པ་དང་ལྷན་ཅིག་ཏུ་ཕྱེས་པ་ཡིན་ཏེ་དེ་དུས་གྲ་དོལ་གཞུང་གསུམ། སྐྱི་གཡོར་ཡར་འོན། ཀློ་རྡོ་བསམ་ཡས་ཟུར་མཁར་རྣམས་སུ་མེ་ཏོག་གི་ཆར་བབས་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་རོལ་མོའི་སྒྲ་སྒྲོགས་པ་བྱུང་། ཕྱོགས་དུས་ཀྱི་བླ་མ་མི་དཔོན་དགེ་བའི་བཤེས་གཉེན་སོགས་གྲྭ་པ་བུ་སློབ་ཀྱང་མང་དུ་འདུས་ཤིང་ཆོས་དང་གདམས་པ་ཞུ་བ་བགྲང་བ་ལས་འདས། མཛད་པ་མཐར་ཕྱིན་ནས། འོན་གྱི་བཀྲ་ཤིས་ཡང་དགོན་དང་། རྗེ་མོ་མཆོད་རྟེན་གྱི་དགོན་པར་ཞག་བདུན་དུ་སྐུ་མཚམས་མཛད་ནས། སྒྲ་དང་འོད་དང་མེ་ཏོག་གི་ཆར་འབབས་པ་ལ་སོགས་པའི་ངོ་མཚར་གྱི་ལྟས་བཟང་བསམ་གྱིས་མི་ཁྱབ་པ་དང་བཅས། སྐུ་ལུས་མ་སྤངས་པར་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པར་མཛད་པ་ཡིན་ནོ།། །།
ཇོ་མོ་ཉི་ཤུ་རྩ་བཞིའི་ཞུས་ལན་ལོ་རྒྱུས་དང་བཅས་པ་བཞུགས། གྲུབ་ཐོབ་རྒྱལ་བ་རྟེན་ནེ།
གུ་རུ་ན་མོ། ཨ་ཙ་ར་ནག་པོ་གཟི་མདངས་ཅན་ལ་ཕྱག་འཚལ་ལོ། །དམ་པས་གསུངས་པའི་གདམས་པ་དེ། །ཁོ་པ་རྣམས་ཀྱིས་གོའམ་མ་གོ་ཆ་མེད་ཀྱིས། །ངན་བུ་ལ་ཅུང་ཟད་མང་པོ་ཕན་པ་འདི་ལྟར་བྱུང་། །བདག་གིས་མནོ་བསམ་བཏང་བས་དམ་པས་མཁྱེན་ནས་བྱུང་། །རྗེས་སུ་སྣང་བ་དུ་མའི་འཕྲང་གསལ་ལགས། །གཞན་གྱི་རྐྱེན་ལས་བྱུང་བ་ཕྱར་ཆེན་ལ་སོགས་པ། །བླ་འཁོར་དག་ན་བཞུགས་པའི་བུ་ཆེན་རྣམས། །ཁོ་པ་རྣམས་ཀྱི་ཞུ་ལན་དང་། །ཁོ་པ་རྣམས་ལ་བརྡར་བསྟན་པ། །རྟེན་འབྲེལ་བྱིན་རླབས་མངོན་ཤེས་སོགས། །ཀུན་ལ་ཤིན་ཏུ་སྨན་དུ་མཆི། །བདག་ལ་ཤིན་ཏུ་ཕན་བར་བྱུང་། །སྐྱེས་བུ་དེ་ཚོའི་གདམས་པ་རྣམས། །ཁོ་པ་རང་གིས་སྤེལ་བ་ཡིན། །བུད་མེད་བསགས་པ་ཆུང་ལགས་པས། །ཁོང་ཡང་བདག་ལ་དད་པ་དང་། །བདག་གི་ཁོ་པ་ཆ་མེད་རྣམས་ལ་དྲིས། །དུས་མཚུངས་རྣམས་ལ་ཆ་ཡོད་པས། །འཕངས་པས་བདག་གིས་ཡི་གེར་བཀོད། །དེ་རྣམས་བདག་ལ་ཕན་བར་བྱུང་། །དམ་པས་ང་ལ་ལུང་ཡང་བསྟན། །ཤྭ་ཆུ་ཀུན་དགའི་ཕྱོགས་སུ་བསྒྱུར་ན་བཟང་གསུངས། །ང་ལ་མང་པོའི་ཆོས་ཀྱང་མེད། །ང་རང་ཉིད་ལ་ཕན་བར་བྱུང་། །གཞན་མ་སྐུར་པ་འདེབས་ཀྱང་བཟོད། །ཁོ་པས་བཤད་པའི་ཆོས་རྣམས་ལ། །ང་ཡིས་སྐུར་པ་འདེབས་མ་མྱོང་། །ཀུན་དགའ་བདག་ལ་ཐམས་ཅད་མཉམ་བར་གདའ། །ཕྱེ་སྟོར་བ་ལ་དགོས་པ་མེད། །ཡི་གེ་དམ་དུམ་འདི་རྣམས་སྦས། །ཁོ་པ་མཁས་པ་མང་པོ་ལ། །ཨ་ཙ་རའི་རྒྱུད་པ་བཅོལ། །རང་ཅག་རྒྱུད་པ་ཟིན་པ་མེད། །ཤེས་རབ་དམན་ཞིང་ཐོས་པ་ཆུང་། །བླ་མའི་བྱིན་རླབས་ཞུགས་པ་ཙམ་རྗེ་ཇི་ལེགས་ཆེན་པོའི་དཀའ་དྲིན་དུ་གདའ། དམ་པས་ཇོ་མོ་སངས་རྒྱས་ལ་བོས་པས། མོ་ཨ་ཟེར་བས་དམ་པ་བཞད། ལོ་གསུམ་མཛེ་པོ་བྱས། ས་ལ་སྟན་བྱས། ནམ་མཁའ་གོས་སུ་གོན། དམིགས་ཀྱིས་མི་ངོ་མི་ཤེས་པར་བྱས། ལྕེས་རོ་མི་ཚོར་བར་བྱས། གོས་སུ་བ་སྤུ་གོན། ལེགས་ཉེས་ཀྱི་རྟོག་པ་ཕྲེལ་ན། སངས་རྒྱས་སུ་འབོད་པ་ལ་ཨ་གྱིས། དེ་ཀུན་དགས་གོ་བར་གདའ་གསུངས། མོ་བདག་ལ་འདྲི་བར་བཤད་པས། དམ་པའི་ཞལ་ནས་ཡིན་དུ་མཆི་གསུངས།
ཇོ་མོ་གསེར་བཙུན་མ་ལ་དམ་པའི་ཞལ་ནས། །ཁྱོད་རང་ཁྱོད་རང་གིས་ངོ་ཤེས་སམ་གསུངས། བདག་ནི་གསེར་བཙུན་མའོ། །མིང་ཡིན་ནམ་དོན་ཡིན་གསུངས། ལས་དང་ཉོན་མོངས་པ་ཕ་མས་བཏགས་སོ། །དོན་དམ་པ་ཉིད་ཀྱིས་གསེར་ཞོ་ཞིག་བཏང་ནས། གསེར་དེ་སྤེལ་བ་ཡིན། མཐར་དམ་པ་ཙམ་གྱི་ཕྱུག་པོ་ཞིག་བྱེད་ཟེར། དམ་པ་ན་རེ་གསེར་ཀུན་མོས་ཁྱེར་ཏེ་མཆིའོ་གསུངས་ཏེ། མོས་མིང་བརྡ་དེ་ཁྲོལ་ལོ། །དེར་མོ་ཀུན་མོ་ལ་དྲིམས་པར་གདའ་གསུངས། ཀུན་དགས་ཀྱང་དུས་དེ་ནས་བར་ཆོད་ལ་དྲིམས་པར་འདུག་གསུངས། དམ་པའི་ཞལ་ནས་བླན་ཆུང་མ་ལ་བོས་ནས་འདི་སྐད་གསུངས། རྟེན་འབྲེལ་འཛོམ་ན་དགོས་འདོད་འགྲུབ། སེར་སྙོམས་པ་ལ་ས་བོན་སྐྱེ། འདུག་ཚུགས་ན་སྐྱིད་ཕུགས་སུ་མཆི། སྐྱིད་ན་ལམ་འཁོར་བར་གདའ། སྒྲུབ་མ་ནུས་པའི་ཆོས་ཁ་ལ་འཆོར། སྒྲུབ་ནུས་ན་སྡུག་བསྔལ་བླ་མར་བྱོན། སྣང་བས་གདམས་པ་འདེབས། དྲན་པ་རྐྱེན་ཐོག་ཏུ་སད། དཀའ་ཐུབ་བྱས་ན་རང་གྲོལ། འཚོ་བ་བྱ་འཚོལ་བདེ། འབྱུང་བ་གོས་སུ་གོན། ཚུལ་འཆོས་ཀྱི་གོ་ཆས་ཅི་བྱ། དེ་ལྟར་བྱེད་པར་འདུག་གེ་གསུངས། གདམས་ངག་གདབ་བོ་སྙམ་པ། ཀུན་ཀྱང་དེ་ལྟར་ལགས་མོད་གསུངས། ཇོ་མོ་འབར་མ་ལ་འབེན་བྱས་ནས། མཁན་པ་ཁྲོད་ཀྱི་མཆོན་མ་ཀུན་ལ་སྨྲས་པ། ཀར་མ་མུ་ཏྲ་ལ་དགའ་བ། ལ་ལ་དམིགས་ལ་བྱེད། ལ་ལ་ཁ་ལ་བྱེད། ལ་ལ་ལག་པ་ལ་བྱེད། ལ་ལ་སྦོ་ལ་ཀ་ཀོ་ལ་སྦྱོར། ལ་ལ་ཚིག་ཏུ་སྦྱོར། དགོས་པ་མི་གདའ་གསུངས། འབར་མས་དེ་ལྟར་མི་བགྱིད་པའི་ཆོས་ཤིག་ཞུ་ཞུས་པས། ཆུ་མི་འདོད་ན་སངས་རྒྱ། མར་མི་འདོད་ན་སངས་འདྲེ། ནམ་ཀ་ལ་འགྲོ་ན། མི་འདྲིས་སྤངས་ན། གཅིག་པུར་འདུག་ན། ངོ་སྲུང་མེད་ན། ཆགས་པ་ཆོད་ན། ལྟོ་གོས་ཀྱིས་མ་བསྐོལ་ན། སྨན་རང་ཟོས་ན། སྣང་བ་དྲས་ཐེབས་ན། འཇིག་རྟེན་བློས་ཐོང་ན་སངས་རྒྱས་ཏེ། འབར་མ་དེ་ལྟར་བྱས་ན་ཉམས་དང་བྱིན་རླབས་དེ་མཆིའོ་གསུངས།
རི་མ་ལ་དམ་པའི་ཞལ་ནས། རང་རྒྱུད་ཐུལ་ན་ཐུགས་རྒྱུད་རིང་། རང་ལ་གནོད་པར་འདུག་པ་དེ་གཞན་ལ་མ་བྱེད། རང་ལ་ཕན་པ་དེ་གཞན་ཐམས་ཅད་ལ་སྦྱོར། དད་པའི་རླན་དང་བྲལ་ན་དགེ་བའི་ལོ་ཏོག་མི་སྐྱེ། མོས་གུས་ཀྱི་རྩ་བ་ཤོར་ན་དམ་པའི་རྒྱུད་པ་མི་ཟིན། དམིགས་པའི་མཐར་ཤོར་ན་སངས་རྒྱས་ཐག་རིང་། དར་དྲག་ལ་སྙུགས་སྲིངས་ན་དངོས་གྲུབ་ཉེ། སྣང་བ་ཞེན་པ་ལོག་ན་སྒོམ་པ་རང་བྱུང་དུ་འཆར། རང་གིས་མ་སྒྲུབ་ན་གཞན་ལ་མི་ཕན། དགེ་སྦྱོར་ལ་བློ་གཏད་པའི་མི་དེ་མདུན་མ་བཟུང་། གོ་ནས་བྱེད་ན་ཆོས་བྱ་བ་དེ་དེ་ཡིན། སྙན་ངག་ཟེར་བའི་གླུ་མཁན་མེད་གསུངས། ཇོ་མོ་ཡེ་ཤེས་ལྕམ་གྱིས་མཆོད་པ་ཞིག་ཞུས་པས། ཁྱོད་ཀྱིས་མཆོད་པ་ཆུད་འཛའ། ངས་སངས་རྒྱས་ངོ་མི་ཤེས་སུ་ལ་མཆོད། འོན་ཀྱང་ང་ཅག་ལ་བྱིན་བ་དེ་མཆོད་པ་ཡིན། གཅིག་མཆོད་ན་ཀུན་མཉེས་གསུངས། ཡུལ་མེད་པའི་ནམ་མཁའ་ལ་དངོས་པོ་རང་གྲོལ་གྱི་བུ་ཚ་ཤེས་སམ། མྱོང་བ་མེད་པའི་འདོད་ཡོན་དེས། ཆོས་སྐུ་རང་གྲོལ་མཉེས་སུ་ཡོད་དེ། རྩ་བ་ཟིན་ན་མཆོད་པ་ཡིན། བླ་མ་མཉེས་ན་ཚོགས་བསག་མཁས། དེས་དེ་ནས་ཉམས་ལེན་དང་བླ་མ་ཁུར་བས་ངེས་ཤེས་ཁྱད་པར་ཅན་སྐྱེས་སོ། །ཀུན་དགའི་ཇོ་མོ་ལ་ཀུན་དགའི་སློབ་དཔོན་མ་ཟེར། དེ་ཙུག་ལགས་ཞུས་པས། ཀུན་དགའ་དེ་ལ་སྒོམ་བྱེད་གཉེན་པོ་གཏེར། ཉིན་རེ་ལ་གསེར་སྲང་རེ་ཙམ་པ་དེ་བརྒྱ་བརྒྱ་ཙམ་དུ་སྤེལ་ཤེས། དིང་རི་བའི་བུད་མེད་ལ་ཀུན་དགའ་གསོ་བ་མོ་མཁས་གསུངས།
བླ་མ་ལ་མོས་ཆོས་ཤིག་ཞུས་པས། ཁྱོད་ཆོས་བྱེད་པ་བས་ཀུན་དགའི་སྐུལ་མ་མོ་ཡིན་གསུངས། ཅུག་བྱ་ཞུས་པས། བཅོས་སུ་མི་བཏབ་ཤ་བ་སྐྱེས་པའི་འདྲེ་མོ་ཆེ། རང་གི་འདྲེ་ལ་རྗེས་མི་འཛིན། ཁྱོད་ཞེ་སྡང་དྲག་པོ་སྐྱེས་པ་དེ། ཡེ་ཤེས་མེ་རུ་འབར་བ་ཡིན། ཁྱོད་ལ་གོ་ན་དེ་ལས་མེད། དེ་ཀ་ཡིན་གསུངས། ཇོ་མོ་མ་གཅེས་ཀྱིས་ཞུས་པ། ཁྱོད་མ་གཅེས་བྱ་བ་དེ་ཡིན་ནམ་གསུངས། ལགས་བྱས་པས་ཁྱོད་མིན་གསུངས། མ་གཅེས་བྱ་བ་འཛམ་བུའི་གླིང་ན་ཡང་དཀོན། ཙ་ར་སི་ང་ནས་ཡོངས་པའི་མ་གཅེས་བྱ་བ་ཞིག་ཙ་ན་མངོན་སུམ་དུ་འདུག་གསུངས། འོ་ན་གང་ལ་ཟེར་ཞུས་པས། མགོ་ལ་ཁུར་ཆེན་པོ་ཁུར་བ་ལ་ཟེར། རིགས་ཆེ་ལེགས་པའི་དེད་དཔོན་བྱེད་པ་ལ་ཟེར། མིག་མདུན་རྒྱབ་མེད་པར་ལྟ་བ་ལ་ཟེར། སངས་རྒྱས་མི་འདོད་འཁོར་བ་དག་པ་ལ་ཟེར། རང་བས་གཞན་ལ་གཅེས་པར་བྱེད་པ་ལ་ཟེར། ཁྱོད་ཅང་རང་ཡིན་ནམ་གསུངས་པས། མོས་བརྡར་གོ་བས། དམ་པ་ལ་བདག་གིས་མ་གཅེས་སུ་བྱ་བར་ཞུ་ན་བྱས་པས། ཁྱོད་ཀྱིས་ཅང་ཡོང་ངམ། ཁྱོད་ཀྱི་སྤྱོད་པ་ནི་བྲེ་ཁ་དང་སྲང་ཁ་ལ་ང་རྒྱལ་བྱེད། ལྕེ་ལ་ཁ་ཟིན་ཆེ་ཕྱོགས་འཛིན་ཆེ། རང་མཐོང་ཆེ། བདག་ལྟ་ཆེ། སྙན་པར་མི་སྨྲ། བློ་མི་བརྟན། དོན་མི་སྤྱོད། སེར་སྣ་ཆེ། མ་གཅེས་བྱེད་ན་རང་ལ་མཛེ་པོ་བྱས་ནས། གཞན་ལ་རྒྱལ་པོ་བྱེད་དགོས། རྩ་བ་རང་དོན་གྲུབ་ན་མ་གཅེས་ཞར་ལ་མཆི་གསུངས། ཇོ་མོ་ཆོས་སྐྱབས་ལ་དམ་པའི་ཞལ་ནས། འདོད་པས་མི་མྱོང་། ཚོགས་སོགས། གཏོང་ཕོད་ཀྱིས། སེར་སྣ་ཆོད་དེ་ཙུག་བྱས་ན་རྫས་དང་། སྨན་དང་། ནམ་ཀ་ནས་གཏེར་བ་མཆི། འཕོངས་ཀྱིས་ཚུགས་ན་ལྟོགས་གྲིར་མི་འཆི། སོ་ནམ་བྱེད་པ་གཞན་ན་ཡོད། ཞེན་པ་བཙན་ཐབས་སུ་བཟློག །བདག་འཛིན་ཕྲོལ། མངོན་ཞེན་ཆུང་དུ་གྱིས། དགེ་སྦྱོར་ལ་བརྩོན་དུ་གྱིས། རེམ་ལ་གསོལ་བ་ཐོབ། སྡིག་སྒྲིབ་སྦྱོངས། བྱིང་རྨུགས་སོལ། བྱིན་རླབས་གྱིས། ནད་འདྲེ་ཞི་ན། ཆོས་སྐྱབས་མར་གདའ་གསུངས། ཇོ་མོ་ཆོས་སྐྱབས་འཚོ་བ་ཆད་ནས་ཅུང་ཞིག་ལོན་པ་ལས། དམ་པའི་ཞལ་ནས། སོ་ནམ་སེམས་ལ་བྱས་པས་འཚོ་བ་གཞན་གྱིས་སྦྱོར། ཟན་ས་ཕུག་གིས་གཏེར། དེར་འདུག་ཚུགས་ན་སྐྱིད་དུ་མཆི། ཤར་ཕྱོགས་སུ་འགྲོ་བའི་འགྲུལ་དཀོན། དགྲ་མདུན་ནས་མངོན་སུམ་དུ་སྒུག་པ་མང་། ནམ་ཞིག་གྲོགས་པོ་བཟང་ཙམ་ན། རྒྱགས་ཡོད་ཀྱང་འགྲོ་དགོས། ཕ་འོང་ལ་རྟ་གྱིས། རྣམ་ཤེས་ཡུལ་དང་ཕྲོལ། མཆུ་ལ་ལྕགས་ཆུག །ལྕེ་ཡན་ལ་གཏོད། བསམ་གཏན་ཐུན་གྱིས་འཚོ། བཟང་པོ་ལ་འགྲོན་གསུངས། མོས་ཚིག་དེ་ལྟར་གོ་བས་འདུག་ཚུགས་ལ་སོགས་པ་ཡོན་ཏན་མང་པོ་ཤར་བ་ཞིག་བྱུང་གསུངས་སོ། །ཇོ་མོ་འགུར་མོ་ལ་དམ་པའི་ཞལ་ནས། རང་ཡུལ་སྤངས་པའི་མི་སྐྱིད། ལོ་ཆོལ་ཟ་བ་འཚོ་བ་བདེ། ཤ་མར་ཟ་བ་སྐྱིད་ཆུང་། འཚོ་བ་ནམ་མཁའི་དཀྱིལ་ནས་སྦྱོར། སོ་ནམ་སྣང་སྲིད་ལྷ་འདྲེ་བྱེད། བདེ་བའི་གོས་གོན། ཏིང་འཛིན་ཟས་རྟེན། བར་ཆད་རྐྱེན་སོལ། མཐུན་འཇུག་གི་བློ་ཕྲོལ། འགྱུ་བའི་འཕྲང་ཆོད། དཀའ་ཐུབ་བྱས་ན་རྩ་བར་རྙེད། སྡོམ་པ་གནས་ན་ལུས་ངག་གཙང་། མི་རྩིས་ཆུང་ན་རང་རྟོགས་འཕེལ་གསུངས། ཨ་ཙ་རས་བདེན་བར་སྨྲས་ཀྱང་ཉན་པ་ཉུང་། ཆོས་ཕར་བཤད་པ་ཐམས་ཅད་རང་ཐོག་ཏུ་ཐོགས་གསུངས་སོ། །
ཇོ་མོ་ལྷ་མོས་ཞུས་པས། དམ་པའི་ཞལ་ནས། ཁྱོད་ཟན་ཅིག །ཆུ་ཞིག་ཕར་གཏེར་ཚུར་གཏེར་འདོད། འཁང་འདུང་ཆེ། འགྱུར་ལྡོག་མང་། ལྕེ་ལ་ཁ་ཟིན་ཆེ། འཆི་བ་མི་འོང་བས། ལག་པ་ལྕགས་སུ་ཆུག །ཆོས་ཁ་ལ་འབྱམས། བཟང་ཚུལ་ཆེ། རང་སྟོད་མང་། མགོ་བསྐོར་མཁས། ཞེ་ཁྲམ་ཆེ། གཡོ་རྒྱུ་མང་། ཁྱོད་ལྷ་མོར་མི་གདའ་འདྲེ་མོར་གདའ་གསུངས། བདག་གིས་ཅུག་བགྱི་ཞུས་པས། བཟུང་བ་ཐོང་། འཆི་བ་སྒོམས། བཅིངས་པ་ཁྲོལ། འབྲེལ་ཆོད། ལྕགས་ཕྱེ། འདྲེ་ལ་མ་ཆགས་པར་གྱིས། ཁྱོད་རང་སྤྱོད་ཚོད་ལས་ཟློག་ནུས་ན། བུད་མེད་མིན་ཁྱོ་ཀ་རང་ཡིན། ཨ་ཙ་ར་ཡི་ཁ་ལ་ཉན་ནས། ཉན་ན་ལྷ་མོར་བྱ་གསུངས། ཇོ་མོ་མྱང་རོ་མ་ལ། དམ་པའི་ཞལ་ནས། ཁྱོད་ཀྱིས་མིང་དེ་ཚོ་ལོ་ཚའམ་གསུངས། མྱང་བའི་ལྕེ་བཅད་ལ། རོ་མི་ཚོར་བར་བྱ་འཚལ། ཨ་ཙ་རས་ལྕེ་བཅད་པས་ཟས་ལ་ཆགས་པའི་རོ་མེད། ཅི་དགའ་བ་ལ་འདོད་པ་མེད། རོ་མེད་ཀྱི་ལྕེ་ལ་ཟླས་པའི་ལས་འཚོལ། མྱོང་བ་མེད་པའི་ཐབས་ལ་གཉེན་པོ་ཕྲོལ། ཆོས་ལ་ལེགས་ཉེས་ཀྱི་ཞལ་མཆུ་མ་འདེབས། མྱོང་བ་གཅིག་པུ་འདྲེས་ན་ཅི་བྲོ་ཆ་མེད། རྟོག་པ་ཕྲལ་ན་ཅི་དགའ་རྟེན། ཞེ་འདོད་ཕྲེལ་ན་ཚུལ་འཆོས་འཇིག །བཅོས་མ་བྲལ་ན་ལྷུག་པ་ཡིན། གཉེན་པོ་བྲལ་ན་ཡུལ་རྣམས་ཐུབ། ཞེན་པ་ཆོད་ན་སངས་རྒྱས་ཡིན། མཐུན་འཇུག་མང་ན་འདྲེ་ལ་བསྐུར། ཨ་ཙ་ར་བདེན་སྙམ་ནས་གདའ་འམ་གསུངས། ཇོ་མོ་དབང་ཕྱུག་ལྕམ་གྱིས། བྱིན་རླབས་ཡིད་ཀྱིས་ཞུས་པས། དམ་པའི་ཞལ་ནས། རྟོགས་པའི་བྱིན་བརླབས་བྱའོ། །ཡོང་ཅིག་བྱུང་ངོ་། །ཤར་རོ་སྙམ་ན། དེ་ལ་དགོས་པ་མི་གདའ། ལྷ་ལ་རེ་ན་བདུད་འོང་། མཁའ་འགྲོ་ལ་རེ་ན་འདྲེ་མོ་འོང་། མི་ལ་རེ་ན་མགོ་སྐོར་འོང་། རང་སེམས་རང་གིས་བྱིན་གྱིས་བརླབས་པ་རུང་། རེ་ལྟོས་ཀྱི་དམིགས་པ་མེད་ན། རྩ་བའི་བྱིན་རླབས་འབྱུང་། མོས་གུས་ཀྱི་སྣང་བ་དག་ན་བླ་མའི་བྱིན་རླབས་འབྱུང་། ཀུན་བཏགས་ཀྱི་དམིགས་པ་དག་ན། ཡིད་ཀྱི་བྱིན་རླབས་འབོ། ལུས་ངག་གི་དཀའ་ཐུབ་ཙང་ན། མཁའ་འགྲོས་བྱིན་གྱིས་རློབས། མི་དང་བློ་མ་བསྟུན་དམ་པ་དང་འགྲོགས། དཀའ་ཐུབ་རེམ་གསོལ་བ་ཐེབས་ན་འབྱུང་བར་གདའོ། །བོད་ཀྱི་བྱིན་རླབས་ལ་ཡིད་མ་ཆེས། ཨ་ཙ་ར་མགུ་དཀའ་གསུངས། ཇོ་མོ་རྡོ་རྗེ་རྒྱན་ལ་དམ་པའི་ཞལ་ནས། མཐེ་བོང་གཅད་དགོས། སོར་མོ་ལྔ་མཁྲིག་མར། དཔུང་པར་གཅད་དགོས། བཅད་ནས་མ་མཐུད་པར་སྡུག་དེ་བྱ་དགོས། གྲོང་ཁྱེར་གསུམ་འཇོམས་འཚལ། ལག་སྣངས་ནམ་མཁའ་ལ་སྦ་འཚལ། བྱ་ར་རླུང་ལ་བཅོལ་འཚལ་ལོ་གཞོན་ནུ་མ་ལ་སྤྱོད་དུ་གཞུག་འཚལ། དེ་ཙུག་བྱེད་ནུས་ན། རྡོ་རྗེ་རྒྱན་ཡིན། བདམས་པ་དང་མ་བཏབ་འདུག་སྟེ། མི་དོན་སྲེ་ནུས་པའི་ཞུ་ཡུལ་བ་ཞིག་ལས་མེད་གསུངས། ཇོ་མོ་ནམ་མཁའ་གསལ་གྱིས་ཞུས་པ། གདམས་པ་རང་གི་མིང་ལ་དྲིས་དང་གསུངས། ནམ་མཁའ་ལ་ཆོས་དང་ཆོས་མ་ཡིན་བའི་མྱིང་བདོག་གེ ནམ་མཁའ་རྟོག་མེད་ཕྱེད་ལ། ཉི་ཟླ་གསལ་བའི་གདའ། གསལ་སྙམ་བའི་རྟོག་པ་ཡང་ཡོད་དེ་མི་མཆི། རང་རིག །རང་གོ །རང་སངས་རྒྱས་པ་དེ་ཀུན་ཏུ་བཟང་པོ་ཁོས་ཤེས་གདའ། རང་ཅག་གཉེན་པོ་ཞོག །ལྷུག་པར་ཐོངས། བྱ་ར་ཐོང་། དགྲ་མེད་པར་བཙོན་མི་མཆི། ཡོད་ནས་དགྲ་ཟིན་འདྲེ་ཤེས་ན། མཐུན་འཇུག་མཁས། བྲོས་ན་ཐར་དུ་རང་ཡུལ་སྤོངས། ཤི་ནས་ཉི་མ་ཤར་ཕྱོགས་སུ་སྐྱས་ཐོབ་གསུངས། ཀུན་དགའ་ལ་ནམ་མཁའ་གསལ་གྱིས་ཕྱིས་དྲིས་པས། ཐ་སྙད་འདི་ཚོ་བརྗེད་འདུག་གསུངས། ཇོ་མོ་སྒྲོན་ནེ་ལ་དམ་པའི་ཞལ་ནས། སྟོན་མ་ཡི་ལྕེ་བཅད་འཚལ། ཆོས་བཙོངས་པ་ལ་སྐྱིད་མེད། ཟས་ནོར་བདུད་དུ་འབབས། སློབ་མས་མཐུར་དུ་ཁྲིད། ཆོས་ཀྱིས་འཚོ་བ་དཀོན། ལོག་འཚོར་འགྲོ་བ་མང་། ཆོས་རང་ལ་ཤོད། ཞལ་ཏ་སེམས་ལ་ཐོང་། སྣང་བའི་རྗེས་མ་གཅོད། མི་འདོད་ཙ་ན་ཞབས་ཏོག་མང་། འདོད་པ་ལ་ཆོས་མཁས་མོ་དེ་ཞོག །རྗེ་བཙུན་མ་ཟེར་བ་དེ་རྣ་བར་ཁྱོད་ལ་སྙན་ནམ། དེ་ནི་ཕྱེ་གཏོར་ཡིན་ན། གཏད་མེད་མོ་ཟེར་ན་དགའ་བ་ཡིན། ལི་ཡུལ་བའི་ཞལ་ཏ་ཡིན། ཕན་བ་ཟེར་བ་དཀོན་པ་ཡིན། དེ་བས་ཉན་པ་ཤིན་ཏུ་དཀོན། ཇོ་མོ་འཕན་མོས་ཞུས་པ། རྟོག་པ་མེད་པ་ལ་ནད་འདྲེ་ཡི་ཉམ་ང་དང་། བག་ཚ་ཡོད་དེ། ཚོགས་གསོག་པ་ལ་དགའ་ན་ཡོ་བྱད་ཀྱིས་མི་འབོར་ཅིག །ཁྱོད་སྨན་མ་འཚོང་། ཆང་མ་ཉོ། སྣང་བ་ལ་ཁ་ཕྱིས་མ་གཏང་། རང་ལ་མ་སྟོད། གཞན་ལ་མ་སྨོད། ཏིང་ངེ་འཛིན་ལ་ཁའི་བྱ་སྒྲོག་གཞག །གསོལ་བ་ཐོབ། ཕྱི་མ་ལ་དོན་གྲུབ་སྟེ་འོང་གསུངས། ཕ་པད་མོས་ཞུས་པ་སྦྱད་རྒྱུ་ཡི་ཚོགས་གསོག་པ་མེད། དབུས་སུ་ཕྱིན་ན་དམ་པ་དང་འབྲལ། བདག་གིས་ཇི་ལྟར་བགྱི་ཞུས་པས། བླ་ས་ནས་ཟ་བ་ར་རྫི་རྒྱལ་པོ་ཡིན། །འཚོ་བ་ནམ་མཁའི་དབྱིངས་ནས་སྦྱོར། །མཛོད་དེ་དིང་རི་སྡོང་ན་ཡོད། །སྒྲུབ་པ་མོ་ལ་ཕྱག་ཙང་མཁའ་འགྲོ་སྡེ་བཞིས་བྱེད། གཟད་དཔོན་ནག་པོ་ཨ་ཙ་ར། དེར་འཕགས་ཆོས། ཟས་གོས་ཕྱིད་ཅིང་ཡོན་ཏན་དུ་ཤར་རོ། །ཇོ་མོ་རྗེའུ་ལ་དམ་པའི་ཞལ་ནས། ཁྱོད་རྒྱ་ཟོར་ཞིག་བརྡུངས་ལ་རྩྭ་རྔར་གཏང་། རྩྭ་གཤིན་མི་གཤིན་མེད་ཅིག །ཐུག་འཕྲད་དུ་བྲོགས་ལ་ཤོག་ཅིག །སྟ་ཁྲ་རྩྭ་གང་ཡང་ཟའོ། །ཁུ་འུར་དེ་སྙིང་གར་ཁུར་ལ་ཤོག་ཅིག་བྱས་པས། མོ་རྩྭ་ལ་རྔས་པར་བཅད་འབྱོར་གྱི་སྨན་ཞིག་བླ་མ་ལ་ཕུལ་བས། བླ་མ་མཉེས་ཏེ། མོས་བརྡ་དེ་ཁྲོལ་ནས་ཐུག་ཕྲད་ལ་གཅོད་ཤེས་པ་ཞིག་བྱུང་ངོ་། །
རོ་ཟན་མོས་ཞུས་པ། རི་ཡི་བུ་ཡིས། བྱས་ན་འདི་ལས་ཟློག་ནུས། འཁེང་བའི་ང་རྒྱལ་འཆག་ནུས། འདོད་པ་སྤངས་ན་ཚོགས་རྫོགས་ནུས། བྱ་བ་བཏང་ན་ཡེ་ཤེས་འཆར་ཞེས་གསུངས། མོ་དེས་གྲོལ་ལོ་ཤངས་ཆུང་མ། དམ་པས་གུད་དུ་ཁྲིད་དེ། ང་ཡི་སྦྲ་དཀར་ནང་དུ། ཁྭ་ནག་ཕུད་ལ་ལས་བྱའོ། །དྲི་བཟང་པོས་བྱུགས་ལ་ཤོག་ཅིག །གོས་བཟང་པོ་གོན་ལ་ཤོག་ཅིག །ལྷན་ཅིག་སྐྱེས་པའི་ལྟད་མོ་སྟོན་ནོ་གསུངས་བས། མོས་བརྡ་དེ་གོ་བས། ཤངས་ཆུང་མ་ནི་གྲོལ་ལོ་མཁས་སོ་གསུངས། མོ་དུས་དེ་ནས་གྲོལ་བ་ཞིག་བྱུང་ངོ་། །ཇོ་མོ་ཞྭ་ཆུང་མས་ཞུས་པས། དམ་པའི་ཞལ་ནས། བར་ཆོད་སོལ། དབང་གི་ཡོན་ཕུལ། དཀའ་ཐུབ་ཚད་དུ་སྐྱོལ། གདམས་པ་སྲངས་ནས་ཐོན། དེ་ལྟར་བྱས་ན་འབྲུག་གི་རྟ་ལ་ཞོན་ནས་ནམ་མཁའ་ལ་འགྲོ་བར་མཆི་གསུངས། བུ་མོ་གཞོན་ནུ་ཞིག་གི་མེ་ལོང་དམ་པས་སྐག་ནས་བཏོན་ནས། འདི་ཁྱོད་རང་གི་མེ་ལོང་ཡིན་ནམ། ལྟ་ཤེས་སམ་བྱས་པས་ཤེས་ཟེར། ལྟ་ཤེས་ན་ཞེན་པ་ལོག །འཁྲུལ་པ་འཇིག །ལས་འཛད། བདེ་བ་འབྱུང་། རང་གི་མེ་ལོང་ལྟ་བ་ཁྱོད་ལས་མེད། མོ་ལ་བྱིན་རླབས་ཞུགས་པས་མོས་བརྡ་ཁྲོལ་ནས། རང་གྲོལ་ཏེ་ཁྱིམ་སྤངས། སྒོམ་པ་མི་བྱེད་ཐ་མལ་དུ་ཡོད། ངག་བཅད་སྒྲུབ་པ་མོར་གྱུར་ཏེ། སུས་ཀྱང་མ་ཚོར་བ་ཞིག་ཡོད་དོ། །ཉ་མ་ཁྱིམ་པ་མོ་ཞིག་གིས་ཞུས་པས། ལོངས་སྤྱོད་སྒྱུ་མར་ཁྱེར། བུ་ཁྱོད་སངས་རྒྱས་དང་འདྲ་བར་མཆོད་གནས་སུ་ཁུར། དངོས་པོའི་ཆགས་ཞེན་སྐྱུངས། ཤི་ནས་མི་དགའི་འདུ་ཤེས་ཞོག །རང་ལ་ཡོད་ན་ཚོགས་བསོག་གྱིས། བླ་མ་ཡི་མཆོད་གནས་རྒྱུན་དུ་ཐེག །ཡུལ་མི་སུན་མ་དབྱུང་། ཉེ་ཐུང་ཆོས་ལ་ཁོད། ཆོས་པའི་ལ་ཀ་ཟུང་། ཁུར་རྩ་བཟང་པོ་ཁུར། རྒན་མོ་འཆི་ཀར་མི་འགྱོད་ཨང་། བཀྲ་ཤིས་ཉམས་དགའ་གྲོང་མོ་ཆེར། ཡོན་བདག་དད་པ་ཅན་གྱི་རྒ་ཆུང་གྱིས། མཁྱེན་རྒྱ་བསོད་ནམས་ལྡན་པའི་དགེ་བཤེས་སྙོས། སྤྱན་དྲངས་ཆོས་ཀྱི་འཁོར་ལོ་བསྐོར། བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨ་ཙ་ར་ནག་པོ་གཟི་མདངས་ཅན་ལ་ཕྱག་འཚལ་ལོ། །ཉི་མ་ལ་སྟོད་དཔལ་གྱི་དིང་རི་གླང་འཁོར་དུ། རྗེ་བཙུན་ཆེན་པོས་གདན་ཕབ་དགུང་ལོ་ཉི་ཤུ་རྩ་ཤས་བར་དུ་བཞུགས། ཞལ་མཐོང་གསུང་ཐོས་རྟེན་འབྲེལ་སྣང་བ་དང་། མི་རིགས་ཡུལ་དང་བསྟུན་ནས་བརྡའི་ངོ་སྤྲོད་མཛད། སྐལ་ལྡན་ངེས་ཤེས་སྐྱེས་ཏེ་འཁྲུལ་བ་ཞིག་པ་མང་པོ་མང་པོ་བྱུང་། ཁྱད་པར་ཀུན་དགའ་བདག་ལ་མོས་ཤིང་གློ་སྐལ་བ། ཇོ་མོ་ཉི་ཤུ་རྩ་བཞིའི་ལོ་རྒྱུས་ངེས་ཤེས་སྐྱེད་པའི་གཏམ། ཕྱི་རབས་བུད་མེད་རྣམས་ལ་འཕྲིན་གྱི་ཚུལ་དུ་བྲི།
དེ་ལ་དང་པོར་ཇོ་མོ་སངས་རྒྱས་ནི། ཡུལ་རྩིབས་རི་ཆུ་བཟང་མ་ཡིན། ཕ་མ་ལ་མདོ་སྡེ་ཡོད་པའི་གཅེས་ཕྲུག་མ་ཡིན་ཀྱང་། དད་པ་ཆེ་བས་དམ་པའི་ཅན་དུ་འགྲོ་སྙིང་འདོད་ནས། བུ་མོ་ཟླ་མོ་བརྒྱད་དགུ་དང་འགྲོགས་ནས་འོངས་ཏེ། མོས་དེ་ནས་ཡུལ་དུ་མ་ཕྱིན་པར། ལོ་དགུ་དམ་པ་ལ་གདམས་པ་ཞུས་བསྒོམས་པས། རྟོགས་པ་ཤར་ཏེ་གྲུབ་པ་ཐོབ་ནས། དམ་པས་མོ་གྲོངས་སུ་འགྲོ་བ་མཁྱེན་ནས། དམ་པའི་ཞལ་ནས། ཀུན་དགའ་དེ་རིང་ནི་ཁྱོད་ཀྱི་ཐོ་སྐོར་དུ། སངས་རྒྱས་དང་འཕྲད་པའི་མི་ཞིག་མཆི་སྟེ། དེ་ཁྱོད་ཀྱིས་ངོ་ཤེས་སམ་གསུངས། དམ་པ་ཉིད་རང་མ་ལགས་སམ། ང་མིན། ང་དང་འགྲན་པ་ཞིག་འདུག་གསུངས་ནས། ཨེ་ཙམ་ཞིག་ལོན་ཙམ་ན་ཇོ་མོ་སངས་རྒྱས་གྲོངས་ཏེ། སྤུར་སྦྱངས་པས་ནམ་མཁའ་འཇའ་འོད་ཀྱིས་ཁེངས་སོ། །
གཉིས་པ་གསེར་བཙུན་མ་ནི། ཡུལ་ཞ་མ་ཕ་དྲུག །གྲོང་ནི་ཉ་ར་ལུང་གི་གནས་ཆུང་ཞིག་གི་བཙུན་མ་ཡིན་ཏེ། བདག་དམ་པའི་སྤྱན་སྔར་འགྲོ་བྱས་ནས་གྲོས་ཞུས་པས། ཕ་ན་རེ་མ་འགྲོ་རྣལ་འབྱོར་པ་དང་། བཙུན་མ་གཉིས་ཆོས་ལུགས་མི་མཐུན་ཟེར་ཀྱང་། མ་ཉན་པར་ཕྱིན་ནས་གདམས་པ་ཞུས་པས། དམ་པས་མིང་བརྡ་རུ་སྐྲོས་ཏེ། ངོ་སྤྲད་པས་རྟོགས་པ་ཤར་ཏེ། ཤིན་ཏུ་སྒྲུབ་ལ་བརྩོན་པ། ངག་ཏུ་ཡང་ཀུན་མ་འོང་ཀུན་མ་འོང་ཞི་ཙེ་ཟེར་བ་ཞིག་བྱུང་ངོ་། །ལོ་བརྒྱ་ཐམ་པ་ཐུབ་སྟེ་གྲོངས་པའི་དུས་སུ། བླ་མ་ཕྱར་གྱི་ཁང་རྒྱབ་ཏུ་བསྲེགས་པས། ནམ་མཁའ་འཇའ་འོད་ཀྱིས་ཁེངས། རྡོ་རྗེ་སེམས་དཔའི་སྐུ་དང་། རིང་བསྲེལ་མང་པོ་བྱོན་ནོ། །
གསུམ་པ་ཇོ་མོ་རླན་ཆུང་མ་ནི་རུས་རླན་མོ་ཡིན། ཡུལ་ལ་སྟོད་སྟག་སྡེ་ས་སྔོན་མ་ཡིན་པ་ལ། དམ་པ་ཡབ་སྲས་གཉིས་ཀ་ལ་གདམས་པ་ཞུས་ནས། ཉམས་སུ་བླངས་པས་གྲུབ་པ་ཐོབ། དམ་པ་གྲོངས་ནས་ཀྱང་ལོ་གཉིས་གླང་འཁོར་དུ་བསྒོམས། ལོ་ཉི་ཤུ་རྩ་གཅིག་ལ་འདས་ནས། རོ་ཟན་མའི་སྒོ་རྩར་བསྲེགས་པས། ཨུ་རྒྱན་ནས་མཁའ་འགྲོ་མ་མང་པོ་བྱོན་པ་མི་མང་པོས་མཐོང་ནས། བླ་མ་ཕྱར་ཆེ་ཆུང་ལ་སོགས་རྣམས་ཉམས་སྐྱེས་ནས་སྐྲབས། རིང་བསྲེལ་མང་པོ་ཡང་བྱོན།
བཞི་པ་ཇོ་མོ་འབར་མ་ནི། ཡུལ་ཉང་སྟོད་ཙུག་པ་མོ་ཡིན་ཏེ། དམ་པ་ཞིག་གིས་ཇོ་མོ་བྱས་ནས་དམ་པ་ལ། གདམས་པ་ཞུས། དེ་ནས་ལོ་གསུམ་ནས་རི་དྭགས་ལྟར་གཅིག་པུར་རི་ལ་བྲོས་ཤིང་ཉམས་སུ་བླངས་པས། རྟོགས་པ་ཤར་ཏེ་གྲུབ་པ་ཐོབ། དམ་པ་གྲོངས་ནས་རང་ཡུལ་འགྲོ་བར་ལུང་བསྟན་ཏེ། མོས་ཀྱང་མར་བྱོན་ནས་ཉང་སྟོད་ཚེ་སྤོང་སར་འདས་པས། རིང་བསྲེལ་མང་པོ་བྱོན་ནོ། །
ལྔ་པ་ཇོ་མོ་རི་མ་ནི། ཡུལ་གཙང་རོང་གི་གནར་པ་མོ་གཅེས་ཕྲུག་མ་ཡིན་པ་ལ། ཁྱིམ་ཐབ་བྱས་པས་ཁྱོ་ཕོ་མ་རུངས་པས། ཨ་ར་དང་ཇག་རྐུན་བྱེད་པ། བུད་མེད་ལ་སྡང་བ་ཞིག་བྱུང་ནས། སོ་སོར་བྱས་ཏེ་ཚོང་པའི་ཕྱིར་འབྲངས་ནས། ལས་སྟོད་དུ་དམ་པ་དང་མཇལ་ཏེ་ལོ་བདུན་གྱི་བར་དུ་གདམས་པ་ཞུས་ཉམས་སུ་བླངས་པས། རྟོགས་པ་ཤར་ཀྱང་གྲུབ་ཐོབ་ཏུ་གཞན་གྱིས་མ་རིག་པས། དེར་གྲོངས་ནས་སྤུར་སྦྱོང་བའི་སྤུར་ཁང་ལ་དམ་པས་སྐོར་བ་མང་པོ་མཛད་པས། གླང་སྐོར་དུ་འཚོགས་པ་རྣམས་ཀྱིས་མར་མང་པོ་བསྐྱུར། ཕྱག་མང་པོ་ཡང་བཙལ་བས། རིང་བསྲེལ་མང་པོ་བྱོན་ཏེ། ཐམས་ཅད་ངོ་མཚར་སྐྱེས་སོ། །
དྲུག་པ་ཇོ་མོ་ཡེ་ཤེས་ལྕམ་ནི། ཡུལ་མང་ཡུལ་གུང་ཐང་གི་ཇོ་མོ་རྗེའུ་ཞེས་བྱ་བ་གྲུབ་ཐོབ་མར་གྲགས་ཤིང་ལོ་བརྒྱ་དང་བཞི་ལ་འདས་པ་དེ་ཡི་ཉེ་གནས་མ་ཡིན་ནོ། །མོ་བླ་མ་མཆོད་པ་ལ་མཁས་ཤིང་། ཁྱད་པར་དུ་དམ་པ་ལ་མོས་པས། རྟོགས་པ་ཤར་ཏེ། ཕྱིས་གུང་ཐང་དུ་གྲོངས་པས། སྒྲ་འོད་དང་འཇའ་ཚོན་མང་པོ་བྱོན་ནོ། །
བདུན་པ་ཇོ་མོ་ཆོས་སྒྲོན་ནི། ཡུལ་ལ་སྟོད་ཀྱི་འདོག་པ་མོ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ཇོ་མོ་བྱས་ཏེ། མོ་ཀུན་དགའ་དམ་པའི་སྤྱན་སྔར་ཡུན་རིང་པ་ལ་ཚིག་གྱིན་ཅོས་པུ་ནས་འཐུར་ཞི་ཙེ་ལ་འགྲུད་དོ། །དེ་ལ་ཀུན་དགའ་བཟོད་པའི་བླ་མར་ཁུར་ནས་མི་སྐྱོན་བར། གུ་ལེ་མཛོད་ཅིག་གུ་ལེ་མཛོད་ཅིག །ད་རེས་ཐུགས་ཚིམ་མམ་གསུངས་ཀྱང་། ཇོ་མོ་ལ་དམ་ཚིག་གི་ཉེས་པས་འཆི་ཁའི་སྡུག་བསྔལ་ཉམས་སུ་མྱོང་ནས། ཤི་ནས་རོ་སྤུར་ཀྱང་རྟགས་མེད་དེ། ཉི་ཤུ་རྩ་བཞིའི་ནང་ན་ངན་ཤོས་སུ་སོང་ངོ་། །
བརྒྱད་པ་ཇོ་མོ་མང་གཅེས་ནི། ཡུལ་ལ་སྟོད་མང་འཁར་མ། མིང་པོ་བདུན་གྱི་སྲིང་གཅིག་མ་མདོ་མངས་ཀྱི་བདག་མོ་གཅེས་ཕྲུག་མ་ཡིན་བས། ཀུན་དགའ་ཇོ་མོར་བཟུང་ནས་ཡབ་སྲས་གཉིས་ཀ་ལ་གདམས་པ་ཞུས་ཏེ། ཉམས་ལེན་དྲག་པར་བྱས་པས། གྲུབ་པ་ཐོབ་ཅིང་ཕྱིས་མར་བྱོན་ནས་མྱངས་སྟོད་བྱང་རིར་འདས་ཏེ། བསྲེགས་པས་རྡོ་རྗེ་སེམས་དཔའི་སྐུ་དང་། རིང་བསྲེལ་མང་པོ་བྱོན་ནོ། །
དགུ་པ་ཇོ་མོ་ཆོས་སྐྱབས་ནི། ཉངས་སྟོད་ཁུ་ལེ་མ་ཡིན། ཁྱིམ་ཐབ་བྱས་ནས་ཕྱུག་མོར་ཡོད་པ་ལ་དད་པ་སྐྱེས་ནས་གླང་འཁོར་དུ་ཕྱིན། ཡུལ་ན་ནོར་ཀ་ཆ་ཆེན་པོ་ཡོད་པ་སྤངས་ནས། ཆུ་འཐུང་ལོ་བཅུ་གཉིས་བྱས་ནས་ཉམས་སུ་བླངས་པས། རྟོགས་པ་ཤར་ནས་གྲུབ་པ་ཐོབ། འདས་པའི་དུས་སུ་གསལ་བའི་ནང་དུ་བསྲེགས་པས་འོད་དང་རིང་བསྲེལ་མང་པོ་བྱུང་ངོ་། །
བཅུ་པ་ཇོ་མོ་ཆོས་སྐྱིད་ནི། ཡུལ་ཡར་འབྲོག་ཁོབ་ལེ་མ་ཡིན། མིང་པོ་དགེ་བཤེས་དམྱལ་སྟོན་བྱ་ཡོད། མོས་ཁྱིམ་ཐབ་བྱས་ནས། བུ་ནོར་འཛོམས་པར་ཡོད་ཀྱང་དད་པ་སྐྱེས་ནས། ཆོས་ལ་འགྲོ་བྱས་པས་མིང་པོ་ན་རེ་ཁྱོད་ཆོས་གཤའ་མར་བྱེད་ན། ལ་སྟོད་དཔལ་གྱི་དིང་རི་བྱ་བ་ན་རྗེ་དམ་པ་རྒྱ་གར་བྱ་བ། སངས་རྒྱས་དངོས་ཤིག་བཞུགས་ཟེར་བ་དེར་སོང་ཟེར་ནས་ཕྱིན་ཏེ། གླང་འཁོར་དུ་ཡུན་རིང་པོར་བཞུགས། དམ་པ་འདས་ནས་ལོ་གཉིས་ན། མོ་གྲོངས་ཏེ་བྱང་ཆུབ་སེམས་དཔའི་རྡོ་དབྱིལ་གྱི་རྒབ་ཏུ་བསྲེགས་པས། རིང་བསྲེལ་མང་པོ་བྱུང་ངོ་། །
བཅུ་གཅིག་པ་ཇོ་མོ་སྒུར་མོ་ནི་ལུས་སྒུར་བས་མིང་ཡིན། ཡུལ་ལ་སྟོད་རྩིབ་རི་ཆུ་བཟང་མ་ཡིན། རང་ཡུལ་སྤངས་ནས་གླང་འཁོར་དུ་ལོ་བཅུ་བཞུགས་ནས་འདས་ཏེ། མཆོད་རྟེན་ཀེ་རུའི་རྩར་བསྲེགས་པས་རིང་བསྲེལ་མང་པོ་བྱོན་ནོ། །
བཅུ་གཉིས་པ་ཇོ་མོ་ལྷ་མོ་ནི། དབུ་རུ་སྟོད་ལུང་གི་རིལ་མ་ཡིན། མོ་རིས་བྷེ་མོ་ཡིན་བས་ཇོ་མོ་བྷེར་མོ་ཡང་ཟེར། རང་ཡུལ་སྤངས་ནས་གླང་འཁོར་དུ་ལོ་དྲུག་བཞུགས། དེར་དམ་པ་འདས་ནས་ཡུལ་དུ་བྱོན་ཏེ། ལོ་གསུམ་བཞུགས་ནས། ཕྱིས་ཡར་ལ་བྱོན་ནས་ཡུན་རིང་བཞུགས་ནས་འདས་ཏེ། བྱང་རི་ལ་བརྐྱལ་བས་འཇའ་འོད་མང་པོ་བྱུང་ངོ་། །
བཅུ་གསུམ་པ་ཇོ་མོ་ཉང་རོ་མ་ནི། ཡུལ་ཤབ་ཀྱི་ཚ་བ་རོང་བ་མོ་ཡིན་བས། ཉང་རོལ་ཡུན་རིང་པོ་བསྡད་པས་ཉང་རོ་མ་ཟེར། མོའི་ཕ་ནས་སྟོང་ཚོ་མང་པོ་འགྱེད་པའི་གཉེར་བྱས་པས། མོ་ལ་སྟོང་མ་དར་མ་སྟེན་ཀྱང་ཟེར། དེ་ནས་དད་པ་སྐྱེས་ནས། དམ་པ་དང་མཇལ། གླང་འཁོར་དུ་ལོ་བཅུ་བཞུགས་ནས་འདས། བླ་མ་བཛྲ་ཀྲོ་ཏཱི་ཁང་པ་དང་། བླ་མ་ལྕུག་གི་ཁང་པའི་བར། གྲོག་པོར་བསྲེགས་པས། ཞལ་གཉིས་མའི་སྐུ་དང་། འཇའ་འོད་མང་པོ་བྱུང་ངོ་། །
བཅུ་བཞི་པ་ཇོ་མོ་དབང་ཕྱུག་ལྕམ་ནི་ཡུལ་སྟོད་ལུང་སྟོད་ཁུང་མ་ཡིན་ཏེ། བལ་པོ་ལྟར་ཕྱིན་པའི་ལམ་བཀའ་དམ་པ་དང་མཇལ་ནས། ངེས་ཤེས་སྐྱེས་པས་གླང་འཁོར་དུ་ལོ་བཅུ་གཅིག་བསྡད་ནས་འདས་ཏེ། དིང་རི་གྲོགས་པོ་སུམ་མདོ་ཞིག་ཏུ་རོ་བསྲེགས་པས། རྟགས་བཟང་པོ་བྱུང་ངོ་། །
བཅོ་ལྔ་པ་ཇོ་མོ་རྡོ་རྗེ་རྒྱན་ནི་ཡུལ་དིང་རི་སྡོང་པ་མོ་ཐལ་མོ་རྡོ་རྗེ་རྒྱན་བྱ་བ་ཤིན་ཏུ་སྒེག་པ་ཞིག་ཡིན་པ་ལ། དམ་པའི་གསུངས་ལ་དད་ནས་གླང་འཁོར་དུ་ལོ་བཅོ་ལྔ་བསྡད། ཕྱིས་འཁྲུལ་ཞིག་ཏུ་སོང་བ་ལ་ཐམས་ཅད་ཀྱིས་སྨྱོན་མར་མཐོང་ནས་མར་ཁུ་མང་པོ་བྱིན། འདས་པའི་ཚེ་ན་བསྲེགས་པའི་མདུན་མ་བྱས་པས། དེའི་ནུབ་མོ་འོད་ཀྱི་ཕུང་པོ་ཞིག་གིས་སྣ་དྲངས་ནས། བྱང་རིའི་རྩེ་ལ་སོང་བ་ཐམས་ཅད་ཀྱིས་མཐོང་། དེར་མཁའ་འགྲོ་མའི་ལུང་བསྟན་པར་གླེང་སྟེ་ནངས་པར་ཐོ་རངས་བྱང་རིའི་རྩེ་ལ་བསྐྱལ་བས་ཀྱང་རོ་སྣ་འོད་ཀྱིས་དྲངས། དེ་ནས་ཀྱང་ཞག་བདུན་དུ་འོད་ཀྱི་ཕུང་པོ་མ་ཡལ་བར་འདུག་པ་ཡུལ་མི་ཐམས་ཅད་ཀྱིས་མཐོང་སྟེ། ངོ་མཚར་སྐྱེས་ནས། ཞབས་ཏོག་མ་བྱས་པ་ལ་འགྱོད་པ་སྐྱེས་ནས་བཤགས་པ་བྱས་སོ། །
བཅུ་དྲུག་པ་ཇོ་མོ་ནམ་མཁའ་གསལ་ནི། ཡུལ་དབུས་ཀྱི་འོལ་ཀ་མ་ཡིན། མདོག་དཀར་ལ་ཤེས་པ་གསལ་བ་ཞིག་ཡོད་དེ། དམ་པའི་ཐད་དུ་ལོ་དྲུག་གླང་འཁོར་དུ་བསྡད་ནས། དམ་པ་ལ་ཆོས་ཞུས་བསྒོམས་པས་གྲུབ་པ་ཐོབ། དམ་པ་འདས་ནས་ཀྱང་ལོ་བཞི་བསྡད་པས། དྲི་ཆུ་ཡང་སྦྲང་རྩིར་གྱུར་ནས། ཐམས་ཅད་ཧབ་ཐོབ་བྱེད་ཅིང་འཐུང་བ་ཞིག་བྱུང་། དེ་ནས་དབུས་སུ་བྱོན་ཏེ། ལོ་བརྒྱད་ཅུ་རྩ་གཉིས་ལ་གཡོ་རུ་བྱར་དུ་འདས་ནས་སྤུར་བས། གདུང་ཐམས་ཅད་རིང་བསྲེལ་དུ་སོང་ངོ་། །
བཅུ་བདུན་པ་ཇོ་མོ་སྒྲོན་ནེ་ནི། ཡུལ་དང་རིགས་ཆ་མེད་མོ་རང་ཆེ་བཅོས་ལ་དགའ། ཕྱེ་གཏོར་ལ་རྩི། འཁོར་མང་པོ་ཡོད། ཨག་ཆེ་བས། དམ་པ་མོའི་ཕྱག་ལེན་ཙམ་ན་བཞེངས་ནས། ཨུ་ལགས་གསུངས་ནས་ལེགས་མོར་ལེན་བས། མོ་དམ་པ་ལ་མོས་གུས་ཚུད་དེ། བྱིན་རླབས་ཕོག་ནས། འཁོར་ཐམས་ཅད་སྤངས་ནས་སྒྲུབ་པ་ལ་ཞུགས་ནས། ཕྱིས་བཟང་མོ་ཞིག་བྱུང་ངོ་། །
བཅོ་བརྒྱད་པ་ཇོ་མོ་འཕན་མོ་ནི། ཡུལ་དབུ་རུ་འཕན་ཡུལ་མ་ཡིན། ཤིན་ཏུ་སྒེག་ལ་གསོལ་བ་ཞིག་ཡིན། དཀོན་མཆོག་མཆོད་པ་ལ་མཁས་ཤིང་བརྩོན་པ། སྤོས་སྦྱོར་བ་ལ་རེམ་བས། བལ་འཁམས་ཀྱི་ཚོང་པ་སྨན་འབུལ་བ་མང་པོ་འོང་། མོ་དང་ཉེ་གནས་མ་གཉིས་ཀས་ལོ་དུ་མ་གླང་འཁོར་དུ་བཞུགས་ནས། དེ་རང་དུ་མཉམ་དུ་གྲོངས་པས་ལུང་པ་སྨན་དྲི་རུ་སོང་། རྟགས་བཟང་པོ་མང་པོ་བྱུང་སྟེ། ཐམས་ཅད་ངོ་མཚར་སྐྱེས་སོ། །
བཅུ་དགུ་པ་ཇོ་མོ་རྗེའུ་མ་ནི། ཡུལ་ཨོང་པོ་མ་ཞིག་ཡིན་པ་ལ། ལས་རེམས་པ། ཐགས་མཁས་པ། བསྐོལ་བདེ་བ། དམ་པ་ལ་ཉན་པ་ཞིག་ཡོད་པས། དིང་རིར་མང་དུ་བཞུགས་ནས། ཕྱིས་གུང་ཐང་དུ་ལོ་དུ་མ་ལོན་ནས་འདས་ཏེ། རོ་རི་ལ་བསྐྱལ་བའི་ཤུལ་ནས། སྒྲོལ་མའི་སྐུ་ཞིག་བྱོན་ནོ། །
ཉི་ཤུ་པ་ཇོ་མོ་ཟན་མ་ནི། ཡུལ་གུང་ཐང་མ། རྒྱ་སྒོམ་མའི་མནའ་མ་ཡིན་པས་གོང་ནས་དམ་པས་འོང་བར་ལུང་ཡང་བསྟན། བྱོན་ནས་ཀྱང་ཡུན་རིང་པོར་བཞུགས། རྟོགས་པ་ཤར། གྲུབ་པ་ཐོབ། རྟོག་པ་ཆོམས། ཕྱིས་གོང་ཐང་རང་དུ་འདས་ནས། སྤུར་བས་དུ་བ་ཐམས་ཅད་འོད་ཟེར་དུ་སོང་ངོ་། །
ཉེར་གཅིག་པ་ཇོ་མོ་ཤངས་ཆུང་མ་ནི། ཡུལ་ཤངས་ཕུའི་མགོ་ཡུལ་མ་ཡིན། སྐྱེ་འབྲས་ལེགས་པ། སྒོ་དྲུང་པ། ཕོ་དུང་ཆུང་བ། དད་པ་ཆེ་བ་ཞིག་ཡིན་པས། ཡུན་རིང་པོར་གོ་རྒས་སུ་ལུས་ནས། དེར་ཡུལ་གཏད་ལ་ཕྱིན་ནས། དམ་པ་དང་མཇལ་ཏེ་མོས་གུས་སྐྱེས་ནས་ཆོས་སྒོ་རུ་ཞུགས། ལོ་དྲུག་གླང་འཁོར་དུ་བསྡད་ནས། དམ་པ་སྐུ་འདས་ཏེ། མར་བྱོན་ནས་ཤངས་སུ་བཞུགས། དང་པོ་ནས་སྐྱེས་པ་དང་ལུས་འབྲེལ་བྱེད་མ་མྱོང་བ། ཕྱི་ནས་སྡོམ་པ་ལ་གནས་པ་ཞིག་ཡིན་པས། གྲོངས་པའི་ཚེ་ན་ཡང་སྤུར་བའི་སྐུ་དང་རིང་བསྲེལ་དུ་སོང་སྟེ། ཐམས་ཅད་ངོ་མཚར་སྐྱེས་པ་ལགས་སོ། །
ཉེར་གཉིས་པ་ཇོ་མོ་ཞྭ་ཆུང་མ་ནི། ཡུལ་དིང་རི་ཤར་ཕྱོགས་དམན་ཆུ་རྒྱབ་པ་མོ་ཞིག་ཡིན། མིང་པོ་ཞ་མ་སྟོན་པས་སྣ་དྲངས་པའི་སྤུན་བདུན་ཡོད། མོ་རང་སྐྱེ་གཟུགས་ལེགས་པས་ལོ་ཙཱ་བ་བན་ཆོས་འབར་གྱི་ཞབས་ཏོག་བྱས་ཏེ། པཎྜི་ཏ་གྷ་ཡན་དྷ་ར་ལ། ལམ་འབྲས་ཀྱི་དབང་རྫོགས་ཞུས་ནས་བསྒོམས། དེ་ནས་དམ་པས་སྒོམ་སྐྱོན་སེལ་ནས་གྲུབ་པ་ཐོབ། དམ་པ་གྲོངས་ནས་སྤུར་ཙ་ན་མོ་ཤིང་ཐུན་མར་རྫུས་ནས། ཤིང་ཕོན་ཞིག་དང་གསེར་སྲང་ཞིག་སྤུར་ཁང་དུ་གྱུར་ནས་ཕར་ལམ་ལ་ཕུ་སྒྲོན་ཞིག་ཏུ་བྱས་ནས་འཕུར་ནས་སོང་སྐད།
ཉེར་གསུམ་པ་དིང་རི་སྡོང་གི་བུ་མོ་གཞོན་ནུ་མ་ནི། མོའི་ཡུལ་གཡོ་རུ་དངོས་ཀྱི་མར་མ་ཡིན། ཕ་མེ་ཉག་དཀོན་ནེ་བྱ་བ་ཚོང་དཔོན་ཞིག་ཡོད། མོས་ཕའི་བརྡ་ལ་ཚོང་ལ་འོངས་པས་དམ་པ་དང་མཇལ། གསུང་ལ་ངེས་ཤེས་སྐྱེས་པས་བྱིན་རླབས་ཞུགས་ནས། རྟོགས་པ་ཤར་ཏེ། མོས་ཆ་ལུགས་མ་བསྒྱུར་ཤར་མོ་རང་དུ་ཡོད། ངག་བཅད་ཀུག་མར་ཉམས་སུ་བླངས་པས། སུས་ཀྱང་ངོ་མ་ཤེས། རིང་པོ་མ་ལོན་བར་མོ་གྲོལ་ཏེ། གྲོངས་ཀར་དམ་པའི་ཞལ་ནས། དོ་ནུབ་ནངས་པར་འུ་ཅག་གི་འདིར་གྲུབ་པ་ཐོབ་པ་ཞིག་འདའ་བར་གདའོ་གསུངས། དམ་པ་ཉིད་གྲོངས་སུ་འགྲོ་བ་མ་ལགས་སམ་ཞུས་པས། ཨུ་རྒྱན་དུ་འགྲོ་རིངས་པའི་བུ་མོ་ཞིག་གདའ་གསུངས་ཏེ། ནངས་པར་བུ་མོ་དེ་ན་ཚ་མེད་པར་ཤི་སྐད།
ཉེར་བཞི་པ་ཉ་མ་ཁྱིམ་པ་མོ་ནི། ཡུལ་བོང་ཤོད་ཀྱི་ཉ་མ་རྡོར་གསལ་བྱ་བ། བུ་ཁྱོ་ནོར་དུ་འཛོམ་བ་སྙིང་རྗེ་གཏོང་ཕོད་དུ་ལྡན་པ་ཡིན་པས། མོ་ཤི་བས་ལུང་བ་འཇའ་འོད་དང་། རིང་བསྲེལ་དུ་སོང་ནས་ཐམས་ཅད་ཡ་མཚན་སྐྱེས་སོ། །ཇོ་མོ་ཉི་ཤུ་རྩ་བཞིའི་ལོ་རྒྱུས་སོ།། །།
མ་ན་ཨོང་ཇོའི་རྣམ་ཐར་ཟུར་ཙམ་བཞུགས་སོ། །མཛད་པ་པོ་མི་གསལ།
མ་གཅིག་ཨོང་ཇོའི་ཡོན་ཏན་གཉིས་ཏེ། རིགས་དང་འབྲེལ་བ་དཀའ་བ་སྤྱད་པའི་ཡོན་ཏན་དང་། ཏིང་ངེ་འཛིན་དང་འབྲེལ་བ་ཉམས་སུ་མྱོང་བའི་ཡོན་ཏན་ནོ། །དང་པོ་སྐུ་འཁྲུངས་པའི་ཡུལ་འུ་ཡུག་བོད་འབྲོག་འཛོམས་པའི་ཕྱུག་པོ་ཆེན་པོ་གཅིག་གི་སྲས་མོ། གདུང་རྒྱ་མོ། མཚན་ཨོང་ཇོ། གཞོན་ནུ་མའི་དུས་སུ་ཤིན་ཏུ་སྐྱོ་ཤས་ཆེ་བ། ཆོས་ཟངས་རྐྱང་ཞིག་མཛད་པའི་བློ་ཤར། ཁྱིམ་དུ་སྡོད་མི་ཚུགས་པར་རི་ལ་བྲོས། དད་པའི་སྟོབས་ཀྱིས་ཆོས་སྒོར་ཞུགས་ནས། སྤྱིར་ཡང་གདམས་ངག་ལ་ཐོས་བསམ་མང་དུ་མཛད། ཁྱད་པར་དུ་དཔལ་ལྡན་ཁྱུང་ཚང་པ་དང་མཇལ། ཡེ་ཤེས་ཀྱི་མཁའ་འགྲོ་བདེ་སྟེར་མའི་སྤྲུལ་པ་ཡིན་གསུངས་ནས་ཐུགས་རྗེས་བཟུང་། དབང་བྱིན་རླབས་ཆིག་རྒྱུད་ཀྱི་གདམས་པ་རྣམས་ཚང་བར་གནང་ནས། འགྲོ་དོན་མ་བྱེད། སྙན་བརྒྱུད་ཀྱི་དོན་དུ་ལན་གསུམ་ཡོང་བ། དེ་ཡང་དང་པོ་དགེ་བསྙེན་ཕྱིས་དགེ་སློང་དུ་ཡོང་། དེ་སྣོད་ལྡན་ཡིན་པས་བྱིན་གསུངས་སོ། །
གཉིས་པ་ཏིང་ངེ་འཛིན་དང་འབྲེལ་བ་ཉམས་སུ་མྱོང་བའི་ཡོན་ཏན་ལ་དྲུག་གོ ། ཕངས་མེད་སྦྱིན་པའི་གནད་ཀྱིས་བླ་མ་བསྟེན་པ་དང་། གསུམ་ལྡན་སྡོམ་པའི་གནད་ཀྱིས་དལ་འབྱོར་དོན་ཡོད་པ་དང་། ཁྲོ་མེད་བཟོད་པའི་གནད་ཀྱིས་གདམས་པ་མཐར་ཕྱིན་པ་དང་། གཡེངས་མེད་བརྩོན་འགྲུས་ཀྱི་གནད་ཀྱིས་ཉམས་སུ་མྱོང་བ་དང་། མ་ཡེངས་བསམ་གཏན་གྱི་གནད་ཀྱིས་རང་སེམས་ལས་སུ་རུང་བ་དང་། སྐྱེ་མེད་ཤེས་རབ་ཀྱི་གནད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཡོན་ཏན་ནོ། །དང་པོ་ནི། ནོར་ཆ་རྐྱེན་ཐམས་ཅད་བླ་མ་ལ་ཕུལ་བས། ཁྱེད་རང་ལ་ཡང་མི་དགོས་སམ་གསུངས་པས། བླ་མ་སངས་རྒྱས་ཀྱི་རང་བཞིན་ལ། །མོས་གུས་མི་བྱེད་ག་ལ་རུང་། །ཟང་ཟིང་སྒྱུ་མའི་རང་བཞིན་ལ། །སེར་སྣ་བྱེད་པ་ག་ལ་རུང་། །གསང་སྔགས་གནད་ཀྱི་ལྡེ་མིག་ལ། །ཉམས་སུ་མི་ལེན་ག་ལ་རུང་། །འཆི་བ་ནམ་ཡོང་ཆ་མེད་པས། །སྙོམ་ལས་བྱེད་པ་ག་ལ་རུང་། །གསུངས་སོ། །གཉིས་པ་ནི་ག་གོང་ན་བཞུགས་དུས། དབང་བྱས་པས་ཉམས་སྐྱེས་ནས། བདག་བསྐལ་པ་མང་པོར་ཚོགས་བསགས་པས། །མཚན་ལྡན་བླ་མ་རྗེ་དང་མཇལ། །དལ་འབྱོར་མི་ལུས་རིན་ཆེན་འདི། །དམ་པའི་ཆོས་ལ་ལོངས་སྤྱོད་པས། །གསུམ་ལྡན་སྡོམ་པ་རྒྱུད་ལ་སྐྱེས། །ཤི་བས་ཆོག་པ་བློ་རེ་བདེ། །ཞེས་སོ། །
གསུམ་པ་ནི་རྔོ་སར་བཞུགས་དུས། སྙན་བརྒྱུད་ཀྱི་བཀའ་ང་ལ་བབས་ཤེས་འདི་གསུངས། ཆོས་ཉིད་མཁའ་ལྟར་དག་པ་དེ། །རང་སེམས་དྲི་མེད་གསལ་བར་གོ །རང་བཞིན་རྩོལ་བྲལ་གཉུག་མའི་ངང་། །གནད་ཀྱི་གདམས་པ་དེ་ལྟར་རྟོགས། །སྙན་བརྒྱུད་ཡིད་བཞིན་ནོར་བུ་ལ། །བཀའ་བབས་སྒྲོ་འདོགས་ཆོད་པར་བྱས། །གསུངས་སོ། །
བཞི་པ་ནི། བུལ་སྔགས་སུ་བཞུགས་དུས་སུ། རྩ་རླུང་ལ་དབང་ཐོབ། ཟག་མེད་ཀྱི་བདེ་བ་བརྙེས། ཏིང་འཛིན་རྒྱུན་ཆད་མེད་པར་ཤར་ནས་འདི་གསུངས། ཐུན་བཞི་འབྲལ་མེད་བསྐྱེད་རིམ་དེ། །སྒོ་གསུམ་སྐུ་གསུང་ཐུགས་སུ་ཤེས། །མ་ཡེངས་བསྒོམ་པའི་རྩ་རླུང་དེ། །རང་བཞིན་ཟག་མེད་བདེ་ཆེན་རྟོགས། །ཐུན་དུ་འཇོག་པའི་བསམ་གཏན་དེ། །ད་ལྟ་ཆུ་བོའི་གཞུང་བཞིན་ཤེས། །ཞེས་སོ། །
ལྔ་པ། རྫ་ར་ན་བཞུགས་དུས། འཁོར་ལོ་སྡོམ་པའི་ལྷ་ཚོགས་ཞལ་གཟིགས་ནས་འདི་གསུངས། རང་སེམས་རིག་པའི་ངོ་བོ་དེ། །སྣ་ཚོགས་སྒྱུ་མའི་བྱེད་པ་བཞིན། །བྱིན་གྱིས་རློབ་བྱེད་བླ་མའི་སྐུ། །གསལ་སྟོང་གཉིས་མེད་ཡི་དམ་ལྷ། །དཔེར་ན་མེ་ལོང་གཡའ་མེད་བཞིན། །རང་བཞིན་འགྱུར་མེད་འདོད་དགུར་བསྒྱུར། །ཞེས་སོ། །
དྲུག་པ་ཁྱུང་ཚང་དུ་བཞུགས་དུས། རང་སེམས་ཆོས་སྐུར་རྟོགས་ནས་འདི་སྐད་གསུངས། །ཆོས་རྣམས་རང་བཞིན་མཚན་མས་སྟོང་གྱུར་པས། །ལྷུན་གྱིས་གྲུབ་པའི་བདེ་བ་ཆེན་པོ་ཉིད། །མིང་ཚིག་ལས་འདས་སྐྱེ་མེད་ཆོས་ཀྱི་སྐུ། །སྤྲོས་དང་བྲལ་བ་བླ་མའི་དྲིན་གྱིས་འཁུམས། །ལྷན་ཅིག་སྐྱེས་པ་གཉུག་མའི་རང་བཞིན་དེ། །འབྲལ་མེད་རང་ལ་ཡོད་པས་བློ་རེ་བདེ། །ཞེས་སོ། །དེ་ལྟར་དོན་རྣམ་པ་གཉིས་ཀྱིས་ཚེ་གཅིག་གི་གྲུབ་པ་བརྙེས་པ་མ་གཅིག་ཨོང་ཇོའི་རྣམ་ཐར་ཅུང་ཟད་ཟུར་ཙམ་སྨྲས་པ་རྫོགས་སོ།། །།
དྲིན་ཅན་རས་མའི་རྣམ་ཐར་བཞུགས། མཛད་པ་པོ་དགེ་སློང་གཟི་བརྗིད་རྒྱལ་མཚན།
དྲིན་ཅན་རས་མ་ཞིག་མོའི་རྣམ་ཐར་ལོ་རྒྱུས་ལ་གཉིས་ཏེ། རིགས་དང་འབྲེལ་པ་དཀའ་བ་སྤྱད་པ་དང་། ཏིང་ངེ་འཛིན་དང་འབྲེལ་པ་ཉམས་སུ་མྱོང་བའི་ཡོན་ཏན་ནོ། །
དང་པོ་ནི་འཁྲུངས་པའི་ཡུལ་ནི་གཙང་ཚོང་འདུས་འགུར་མོའི་རྩ་དགོན་པ་རི་ཆུང་། གདུང་རྦ། ཡབ་དགེ་བའི་བཤེས་གཉེན་བྱང་སེམས་བསོད་རྒྱལ། ཡུམ་སྲས་མོ་ཆོས་དར་གཉིས་ལ། སྲས་ཕོ་གསུམ་སྲས་མོ་གཉིས། ལྕམ་སྲིང་ལྔ་བྱུང་བའི་སྲས་མོ་གཅིག་དྲིན་ཅན་མ་ཡིན། མཚན་ཡེ་ཤེས་ཀུན་ལྡན་དུ་བཏགས། སྐུ་ཚེ་སྔ་མའི་ལས་འཕྲོ་སད་པས། ཆུང་ངུའི་དུས་ནས་འཆི་བ་མི་རྟག་པ་དྲན་འཁོར་བ་ལ་སྐྱོ་བ་སྐྱེས། འཇིག་རྟེན་གྱི་ཁྱིམ་ཐབ་སྡུག་བསྔལ་གྱི་རང་བཞིན་དུ་གོ་ནས། མདུན་མ་ཤི་ལ་ཐུག་ཀྱང་ཁྱིམ་ཐབ་བྱེད་པའི་དུས་མི་ཡོང་སྙམ་པའི་ཞེ་སྤྱོད་ཆེན་པོ་བྱུང་གསུངས།
དགུང་ལོ་བཅུ་གསུམ་པའི་དུས་སུ་འབྲི་ཀློག་དང་། ཞི་ཁྲོའི་ཆོ་ག་དང་། ཆ་གསུམ་གནས་ཆོག །རོ་བསྲེག་ལ་སོགས་པ་མཁྱེན། དགུང་ལོ་བཅུ་བཞི་པའི་དུས་སུ་ང་འཇིག་རྟེན་གྱི་བྱ་བ་བཏང་ལ། ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་ཤིང་། ཟས་སུ་ཆུ་འཐུང་ཞིང་གོས་སུ་རེ་བ་གོན་ལ་མི་ཚེ་སྒྲུབ་པ་ལ་སྐྱལ་སྙམ་ནས། ཕ་ཇོ་ལ་བདག་ཆོས་བྱེད་པའི་གདམས་ངག་འདྲ་ཞུ་བྱས་པས། ཡབ་ན་རེ་ད་རུང་གཞོན་པ་ཡིན་པས་རི་ཁྲོད་མི་ཡོང་། ལར་ཁྱོད་རྡོ་རྗེ་ཕག་མོའམ། མཁའ་འགྲོ་མ་གཅིག་གིས་བྱིན་གྱིས་བརླབས་པ་གཅིག་ཡིན་པ་འདྲ། ངའི་རྨི་ལམ་ན་ཁྱོད་ཀྱི་ལྟག་ཟུར་ན་ཕག་མགོ་གཅིག་སྐྱེས་ནས་དེས་ངུར་ངུར་བྱས་ཙ་ན་རྩ་ན་ཡོད་པ་ཚོ་སྐྲག་ཆུམ་ཆུམ་འདུག་པ་རྨིས་གསུངས། མ་ཅིག་ན་རེ་སྐྱེ་དམན་གྱིས་ཆོས་ཀྱང་མི་ཡོང་། དེ་བས་ད་ལྟ་ཟུར་པ་ལ་སོགས་པ་སློང་བ་མང་ཐོག་ལ་ཁྱིམ་ལ་བཏང་བ་དྲག་ཟེར། དྲིན་ཅན་མའི་ཐུགས་ལ་ཆོས་མགོ་ཐོན་མི་ཐོན་གཏན་གྱི་བསམ་པ་བྱུང་གསུངས་སོ། །
དེ་དུས་སུ་སྙན་བརྒྱུད་ཀྱི་མགོན་པོ་གྲི་གུག་མ་རྨི་ལམ་དུ་ཞལ་གཟིགས་ནས་སྒྲུབ་པ་ལ་སྐུལ་བ་བྱུང་གསུངས། དེ་ནས་དགུང་ལོ་བཅྭོ་བརྒྱད་ལོན་ཙམ་ན། གསེར་འོད་དམ་པ་ཚར་གཅིག་གཟིགས་པས། ཉམས་བཟང་པོ་འཁྲུངས་ཏེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་འདུག །དོན་དམ་དུ་སེམས་ཉིད་ཅིར་ཡང་མ་གྲུབ་པ་གཤིས་འགྱུར་བ་མེད་པ་འདི་རང་ཡིན་སྙམ་པ་འཁྲུངས། དེ་ལ་བརྟེན་ནས་ཕྱིས་གསེར་འོད་དམ་པ་བཞེངས། བླ་མ་ཐུབ་པ་ཆོས་སྐུ་ཡིན། དམ་ཆོས་གསེར་འོད་དམ་པ་ཡིན་གསུངས། ཡང་བརྒྱད་སྟོང་པ་ཚར་གཅིག་གཟིགས་པས། འཁོར་འདས་བདེན་མེད་དུ་ཤར་ནས། ཉམས་དབྱངས་མང་དུ་གསུངས་སོ། །
དེ་ནས་བླ་མ་བྱང་ཆུབ་སེམས་དཔའི་གསུང་ནས་ཐོས་པ་དང་སློབ་གཉེར་འདྲ་གྱིས་གསུངས་པ་ལ། དྲིན་ཅན་མས་འམ་བུ་ཐོས་པ་དང་སློབ་གཉེར་རང་མི་བྱེད། སྒོམ་གཅིག་རང་བྱེད། དུས་ད་ལྟའི་སློབ་གཉེར་བྱེད་པ་ཀུན་ཀྱང་། ཚེ་འདིའི་ཕྱིར་འཁོར་སློབ་བམ་བསོད་ནམས་འདོད་པའི་སློབ་པ་ལས། རང་ཉིད་སྒོམ་གྱི་བསམ་ནས་སློབ་པའམ། བྱང་ཆུབ་ཀྱི་སེམས་ཀྱི་ཀུན་ནས་བསླང་ནས་སློབ་པ་མི་གདའ་ཞུས་པས། ཡབ་ན་རེ་ཁྱོད་སློབ་གཉེར་མེད་པར་བསྒོམ་ན་གང་ལྟར་སྒོམ་བསྒོམ་ཞིང་རི་ལ་ཚུགས་ཙ་ན་མི་དད་པ་འགའ་རེ་ཡོང་། དེ་ཙ་ན་ཆོས་ཞུ་བ་བྱུང་ཙ་ན་ཅི་འདྲ་གཅིག་སྟོན། དབང་ཞུ་བ་བྱུང་ན་ཇི་ལྟར་བསྐུར། སློབ་མ་ཤི་བའི་གནས་ཆོག་དགོས་ན་ཇི་ལྟར་བྱེད་གསུངས། དེར་དྲིན་ཅན་མས་སློབ་གཉེར་མ་བྱས་ཀྱང་། བསྒོམ་ན་རང་ལ་ཉམས་མྱོང་གང་སྐྱེས་པ་དེ་ཀ་བསྒོམས་པས་ཆོག་པ་གདའ། གཞན་ལའང་རང་ལ་གང་སྐྱེས་ཀྱི་ཉམས་མྱོང་དེ་ཀ་བསྟན་པས་ཆོག་པར་འདུག །དབང་དང་གནས་ཆོག་ལ་སོགས་པ་མི་བྱེད་ཐག་ཆོད་ཀྱི་སྒྲུབ་པ་གཅིག་རང་བྱེད་ཞུས་པས། ཡབ་ཀྱི་གསུངས་ནས་དེའང་ཡིན་ཏེ་དེས་ཀྱང་ཨེན་མི་ཆོག་པ་གཅིག་ཡོད་པས།
སློབ་གཉེར་གྱིས་གསུངས་ནས། དེ་རྙིང་མ་རྩ་རྒྱུད་གསང་བ་སྙིང་པོ་དང་།
ཨ་ཏིའི་ཐེག་ཆེན་རྣལ་འབྱོར་དང་། ཡང་དག་སྒྲུབ་ཁོག་ཆེ་ཆུང་དང་། མ་མོ་དང་། ཕུར་པ་དང་། ངན་སོང་དོང་སྤྲུག་རྣམས་ཀྱི་སྒྲུབ་ཐབས་དང་འཕྲིན་ལས་དང་། རྣམ་འཇོམས་དང་། ཕྱག་རྡོར་དང་། རྟ་མགྲིན་དང་། ཐུགས་རྗེ་ཆེན་པོ་དང་། གུ་རུའི་སྐོར་དང་། མགོན་པོ་ལེགས་ལྡན་དང་། རྣམ་ཐོས་སྲས་ཞི་དྲག་ལ་སོགས་པ་སྒྲུབ་ཐབས་ཕྱག་ལེན་རྣམས་བསླབས། ཁྱད་པར་དུ་རྗེ་བཙུན་རས་ཆུང་པའི་ལུགས་ཀྱི་སྙན་བརྒྱུད་ཡིད་བཞིན་ནོར་བུ་ལ། གཞན་ལ་མ་གྲགས་པའི་རྡོ་རྗེ་ཚིག་རྐང་དང་། རྡོ་རྗེ་གཞུང་ཆུང་དང་། རྗེ་བཙུན་མི་ལའི་ཁྲིད་ཡིག་སྦས་པ་དང་། ཁྱུང་ཚང་པའི་ཡིག་ཆ་རྣམས་དང་། ཡབ་ཡུམ་གྱི་དབང་བཀའ་དང་། བྱིན་རླབས་ཀྱི་བཀའ་དང་བཅས་པ་མ་ལུས་པར་རྫོགས་པར་གནང་ངོ་། །དེ་ནས་རིན་པོ་ཆེ་ཁྲོ་ཕུ་བ་ལ། སྨན་ལྷ་དང་། དོན་ཞགས་དང་སྒྲོལ་མ་ལ་སོགས་པ་ཞུས། ཡེ་ཤེས་ཀུན་ལྡན་ལ་དོ་སྤྱོད་སྐོར་གསུམ་ཞུས། བླ་མ་སྐར་མ་བ་དང་། འཛམ་གླིང་རྒྱན་དང་། གྲུབ་ཐོབ་མགོན་ཡེ་དང་། ཐར་པ་ལོ་ཙཱ་བ་དང་། མཁས་གྲུབ་ཆོས་རྗེ་ལ་སོགས་པའི་བླ་མ་བཅུ་ཙམ་ལ་ཆོས་དང་གདམས་ངག་མང་དུ་གསན་ནོ། །
གཉིས་པ་ཏིང་ངེ་འཛིན་དང་འབྲེལ་པ་ཉམས་སུ་མྱོང་བའི་ཡོན་ཏན་ནི། དྲིན་ཅན་མའི་ཐུགས་དགོངས་ལ་ད་ནི་ལྷོ་བྲག་མཁར་ཆུ་ལ་སོགས་པའི་ཐག་རིང་གི་རི་ཁྲོད་གཅིག་ལ་འགྲོ་དགོངས་ནས་ན་བཟའ་ལེགས་པ་འདྲ་ཡོད་པ་དང་། དོ་ཤལ་གྱི་གསེར་གཡུའི་རྒྱན་རྣམས་བཙོངས་ནས་བླ་མའི་དྲུང་དུ་ཚོགས་འཁོར་བཟང་པོ་གཅིག་བཤམས་ནས། ཕྱོགས་མེད་ཀྱི་རྒྱལ་ཁམས་སུ་རི་ཁྲོད་འགྲིམ་པར་ཞུས་པས། གཉེན་ཚན་དང་བུ་སློབ་ཐམས་ཅད་ཀྱིས་བཤོལ་བཏབ་མཆི་མ་བཏང་། ཡབ་ཀྱི་ཞལ་ནས་ཁྱོད་རྒྱལ་ཁམས་སུ་འཁྱམ་དུ་འགྲོ་ཟེར་བ། ཁྱོ་བོ་འདོད་པའི་རྟགས་ཡིན། བུད་མེད་ཀྱི་རྒྱལ་ཁམས་བསྐོར་བ་ལ་ཡོན་ཏན་མེད། ཁྱོད་སྒྲུབ་པ་བྱེད་ན་རི་ཆུང་གི་རྩེ་མོར་འདག་སྒོ་གྱིས་ལ་ལོ་གསུམ་སྒྲུབ་པ་གྱིས་གསུངས་ནས། རི་ཆུང་རྩེ་མོར་འདག་སྒོ་བྱས་ནས་ལོ་གཅིག་བཞུགས།
དེ་ནས་གྲོང་ལྟིག་སྒྲུབ་པ་འདིས་ཀྱང་མི་འོང་བ་འདུག །ཤངས་ལྷ་ཕུ་ཟབ་ཕུ་ལུང་བྱ་བ་སྒྲུབ་གནས་ཁྱད་པར་ཅན་ཡོད་ཟེར་ནས། དེར་ཟས་སུ་ཆུ་འཐུང་ཞིང་རྩེ་གཅིག་གིས་བསྒྲུབས་པ་བྱས་ལ་ཚེ་འདི་ལ་གྲུབ་པ་ཐོབ་པ་གཅིག་བྱ་དགོངས་ནས། འདག་སྒོ་ཤིག་ནས་གཡས་སུ་བྱང་དུ་ཐོན་ཏེ་ཤངས་ན་ཡར་བྱོན། ཡུར་མའི་དུས་སུ་དགེ་སྦྱོར་གྱི་རྩལ་ཉམས་ཀྱི་འུར་ཆེན་པོ་ཡོད་པས། ཡུར་མི་རྣམས་ཅན་བྱོན་ནས་ཆང་ཁྱེར་ལ་ཤོག །ཟན་ཁྱེར་ལ་ཤོག་བྱས་པས། ཟན་དང་ཆང་དང་བསྙེན་བཀུར་བྱེད་པ་མང་དུ་བྱུང་། དེའི་དུས་སུ་སྒོ་མ་གཅིག་དད་པ་སྐྱེས་ནས། གཏིང་ནས་འཁྲིད་པར་ཞུ་ཟེར་བ་ལ། ཁྱོད་རང་ཟས་སུ་ཆུ་འཐུང་གིན་དཀའ་ཐུབ་བྱེད་ན། ངས་གཏིང་ནས་འཁྲིད། དེ་མིན་ན་མི་འཁྲིད་བྱས་པས། དེ་བཞིན་བྱེད་ཟེར་ནས། དེ་ཁྲིད་ནས་ཟབ་ཕུ་ལུང་དུ་བྱོན་ནས། ཆུའི་དཀའ་ཐུབ་མཛད་ཀྱིན་བཞུགས། ཆུ་འཐུང་གི་གེགས་དང་། མི་མ་ཡིན་གྱིས་བར་ཆོད་ལ་སོགས་པ་ལུས་སེམས་ཀྱི་སྟེང་དུ་སྡུག་བསྔལ་མང་དུ་བྱུང་ཡང་། དགེ་སྦྱོར་གྱི་རོགས་སུ་ཁྱེར་གསུངས། སྐབས་སུ་གྲོང་ཡུལ་དུ་རོ་སྙོམས་བསོད་སྙོམས་ལ་བྱོན་ཙ་ན་དད་པ་མང་དུ་བྱུང་། མི་ནད་དང་ཕྱུགས་ནད་ལ་བྱིན་བརླབས་བྱས་པས་དྲག་པ་བྱུང་། ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་དང་ཉམས་དབྱངས་མང་དུ་གསུངས།
དེ་ཙ་ན་ཤངས་ན་མཁའ་འགྲོ་མ་ངོ་མཚར་ཅན་ཁྲོམ་བརྒྱན་འབུལ་མེ་བྱ་བ་གཅིག་ཡོད་པ་དེ་ཡིན་པར་འདུག་ཟེར་བ་བྱུང་། ཉིད་ཁྲོམ་བརྒྱན་འབུམ་མེ་ཡིན་ནམ་ཟེར་འདྲི་བ་མང་དུ་བྱུང་། ང་མིན་གསུངས། ཁྱེད་གྲུབ་ཐོབ་མ་གཅིག་ཡིན་པར་འདུག་པས། གྲུབ་རྟགས་སྟོན་ཟེར། ང་ལ་གྲུབ་རྟགས་མེད་པ་ལ་གྲུབ་རྟགས་སྟོན་ཟེར་བ་ཁྱེད་སྙད་ཚོལ་བ་ཡིན། མགོ་འཆག་གོ་བྱས་རྡོ་རྒྱབ་ནས་བཏང་། དེ་དུས་སྐྲ་གཅོད་པ་དང་། ཆོས་སྒོར་འཇུག་པ་མང་དུ་བྱུང་ངོ་། །ལོངས་སྤྱོད་ཅི་བྱུང་བླ་མའི་ཕྱག་ཏུ་བཏང་། གཞན་ཡང་ཞ་ལུའི་ཕུ་སྨོན་མཁར་ལ་སོགས་པར་སྒྲུབ་པ་མཛད་དོ། །དག་པའི་སྣང་བ་ལ་རྣལ་ལམ་དུ་ཡི་དམ་ལྷའི་ཞལ་གཟིགས་པ། རི་ཆུང་རྩེ་མོར་བདེ་མཆོག་ཡབ་ཡུམ་གྱི་བསྙེན་པ་བསྐྱལ་བས། རྣལ་ལམ་དུ་རྗེ་བཙུན་མའི་ཞལ་གཟིགས། ཡང་ལུང་པ་སྔར་མ་མཐོང་པ་གཅིག་ན་ཁྲི་གསུམ་ལ་མཆོད་པ་མང་དུ་བཤམ་འདུག །འདིར་སུ་ཡོད་དྲིས་པས། དུས་གསུམ་སངས་རྒྱས་ཟེར་བ་དང་། མར་མེ་མཛད་དང་། ཐུབ་པ་དང་། བྱམས་པ་དང་གསུམ་ལ་འཁོར་རས་ཀྱི་སྣམ་སྦྱར་གསོལ་བ་མང་པོ་བསྐོར་བ་བྱོན་པ་ལ་སེམས་བསྐྱེད་ཞུས་པ་དང་རྣལ་སད་གསུངས། ཡང་ཟབ་ཕུ་ལུང་དུ་སྦས་ལུང་དུ་རྣལ་ལམ་དུ་གུ་རུ་ལ་མཁའ་འགྲོ་མས་བསྐོར་བ་གཟིགས། ཡང་རྣལ་ལམ་ན་དྲིན་ཅན་མ་ཐུན་མོང་མ་ཡིན་པའི་ཆས་གོས་གསོལ། ཕྱག་ཏུ་མཚོན་ཆ་སྣ་ཚོགས་བསྣམས། མཁའ་འགྲོ་མ་འབུམ་གྱིས་བསྐོར་ནས། མུ་སྟེགས་ཀྱི་རྒྱལ་པོའི་གཙོ་བྱས་པ་མི་ནག་པོ་རལ་པ་ཅན་ཁྲི་ཕྲག་བསད་པ་རྨིས་གསུངས་ཏེ། དེ་ནི་བར་གཅོད་ཀྱི་བདུད་ལས་རྒྱལ་བའི་རྟགས་སོ། །ཡང་རྩེ་མོར་སྒྲུབ་པ་མཛད་དུས་ཕྱག་ན་ཤེལ་གྱི་མཆོད་རྟེན་གཅིག་ན་འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས་ན། ཐུབ་པ་གསེར་གྱི་མདོག་ཅན་འོད་འཕྲོ་བ་གཅིག་གཟིགས་པ་རྨིས་གསུངས།
ངོ་མཚར་ཅན་གྱི་རྟགས་བསྟན་པ་ནི། དཔོན་སློབ་བཅོ་ལྔས་ལྷ་ས་བསྐོར་དུ་བྱོན་པས། ཇོ་བོའི་དྲུང་དུ་སྒྲུབ་མཆོད་དང་གསོལ་འདེབས་མཛད་པས། མེ་ཏོག་ཁ་ཏོག་སྣ་ཚོགས་པ་ཤིན་ཏུ་ལེགས་པ་ལྔ་བབས་པ་དཀོན་གཉེར་བ་དང་མི་མང་པོས་མཐོང་དད་པར་གྱུར་ཏོ། །ཡང་བྲག་དཀར་དུ་མཚམས་བཅད་དེ་འདག་སྒོ་ལ་བཞུགས་དུས། ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་གཟའ་ཡིས་བཟུང་བས། ཌ་མ་རུ་དང་དྲིལ་བུ་འཁྲོལ་ཞིང་ཐོག་ཁར་བྱོན་པ་དང་ཐུགས་འུར་ནས། རྒྱབ་ཀྱི་བྲག་ལོགས་མི་ཡིས་མི་ཐར་བ་ལ་ཕྱག་ཀྱང་མ་རེག་པར་འཛེག་ནས་བྱོན། དེ་ནས་ནང་དུ་བྱོན་དུས་འདག་སྒོ་བུག་པ་ཚ་ཕོར་ཤོང་ཙམ་གཅིག་ན་ཡར་ཟུལ་ལ་ཤོང་སོང་། དེ་ཀུན་གྱིས་མཐོང་བ་བྱུང་བ་ལ། གཞན་གྱི་བློ་རུ་མི་ཚུད་སོང་གཅིག་གསུངས། ཡང་མི་ཤངས་བྲ་མ་ལུང་གི་རི་ཁྲོད་དུ་བཞུགས་དུས། སྨ་ཐའི་ལ་ལ་བྱོན་པས་ཆིབས་མཛོའི་རྨིག་པ་སྤང་ལ་འདྲེད་ནས། རི་སྐེད་ནས་ཆུ་རོང་དུ་རྦབ་ཏུ་འདྲིལ་བ་ལ་ཕ་བོང་གི་གསེབ་ན་ཙོག་གེ་བཞུགས་འདུག །གཞན་ཚོ་ཧ་ལས་མ་གྲོངས་པ་ཁར་རྗེ་ཆེ་ངོ་མཚར་ཆེ་ཞུས་པས་དྲིན་ཆེན་མས་གསུངས་ནས། ནག་པོའི་ཕྱོགས་ཀྱི་མི་མ་ཡིན། །བདག་རས་མའི་སྲོག་ལ་ཐོག་རྒྱུས་བྱས། །ཆུ་རོང་རྦབ་ཏུ་འདྲིལ་ལགས་ཀྱང་། །རླུང་སྲོག་རྩོལ་ཉི་ཟླའི་ལམ་དུ་ཚུད། །ཐུར་སེལ་དྷཱུ་ཏིའི་ལམ་དུ་ཚུད། །རླུང་རྡོ་རྗེའི་གའུ་ཁ་སྦྱོར་ལ། །སེམས་སྤྲོས་བྲལ་སྐྱེ་མེད་ཀྱི་བཙན་ས་ཟིན། །བར་ཆད་ཆར་ལྟར་བབ་ལགས་ཀྱང་། །ཉམ་ང་བྱེད་ན་རས་མ་མིན། །གསུངས་ནས་བཞེངས་ནས་གཤེགས་ཏེ། སྙུང་བ་གཅིག་ཀྱང་མ་བྱུང་ངོ་། །ལོ་གཅིག་སོང་གཅིག་གསུངས་སོ། །
ཡང་རི་ཆུང་དུ་མི་ལྔ་བཅུ་ཙམ་ལ། སྙན་བརྒྱུད་ཐུན་མོང་སྐོར་གསུམ་གསུངས་པའི་ཉིན་གཅིག་ཚོགས་འཁོར་གྱི་དུས་སུ་ཕྱག་མཆོད་ཀྱི་ཐོད་པའི་ནང་དུ་རྡོ་རྗེ་ཁ་དོག་སྔོ་དམར་གཉིས་རིམ་དུ་ཡོད་པ་མཐའ་མ་མུ་ཁྱུད་དཀར་པོ་གཉིས་རིམ་གྱིས་སྐོར་བ་གཅིག་བྱོན་པ་ཀུན་གྱིས་མཐོང་བ་བྱུང་བ་ལ། བླ་མ་བདེ་ལེགས་རིན་ཆེན་གྱིས་བདག་ལ་གནང་བར་ཞུ་ཟེར་ནས་གསོལ་ལོ། །དུས་ཕྱིས་ད་རུང་གྲུབ་རྟགས་འདྲ་སྟོན་པར་ཞུ་བྱས་པས་གྲུབ་རྟགས་ཆེན་པོ་ཡོད་དེ་ཁྱེད་ཀྱིས་ངོ་མི་ཤེས། བདག་ལོ་བཅྭོ་བརྒྱད་མ་གཅིག་ནས་བདུན་ཅུ་རྩ་ལྔ་སོང་སོང་རི་ཁྲོད་འགྲིམས་ཤིང་བསྒྲུབས་པ་བྱས། མལ་ཆུང་བདེ་མོའི་ནང་དུ་ཉིན་མཚན་སྦྲེལ་ནས་སྡོད་ཚུགས། སྣ་ཐག་མི་ལ་འཆོར་མ་མྱོང་། གནམ་ཀ་བ་མེད་པའི་འོག་ན་སེང་གེ་སྲབ་མེད་དུ་འཆོར་བ་ཡིན། གྲུབ་རྟགས་དེ་ཀ་གཙོ་མིན་ནམ་གསུངས། མགོན་པོ་ལ་བསྙེན་པ་བཏང་པས་ཞལ་གྱི་ནང་དུ་ཤའི་མཆེ་བ་གཅིག་བྱོན་ཅིང་། མི་མ་ཡིན་གདུག་པ་ཅན་ཀུན་ཀྱང་དངོས་སུ་བཏུལ་ཅིང་དམ་ལ་བཏགས། འཇིག་རྟེན་གྱི་ལོ་ལེགས་ཉེས་དང་། ན་ཚ་ཡོང་མི་ཡོང་ཕན་མི་ཕན། གཞན་བདེ་མི་བདེ་ལ་སོགས་པ་རྣམས་ཇི་ལྟར་གསུངས་པ་བཞིན་ཐོག་ཏུ་ཕེབས་པའི་མངོན་ཤེས་བག་རེ་ཡང་མངའ། བརྟུལ་ཞུགས་ཀྱི་སྤྱོད་པས་ནད་དང་གདོན་དང་མི་དང་མི་མ་ཡིན་པ་གང་ལ་ཡང་ཉམ་ང་བ་དང་བག་ཚ་བ་མེད་པར་རོ་སྙོམས་ཤིང་ཐོག་བརྫིས་བྱུང་ཤར་དུ་སྐྱོང་བུ་སློབ་དང་ཡོན་བདག་མི་ཆེན་ལ་སོགས་པ་སུ་ལའང་། སེམས་འཛིན་དང་། ངོ་བསྲུང་། བཟང་འདོད་དང་ཚུལ་འཆོས་ཡེ་མི་མཛད། མཐའ་བྲལ་སྟོང་ཉིད་ཀྱི་རྟོགས་པ་ཕུལ་དུ་ཕྱིན་པ་མངའ་ཡང་། འདུས་བྱས་ཀྱི་ཆོས་སྤྱོད་ལ་ཤིན་ཏུ་བརྩོན་པར་མཛད། ལོངས་སྤྱོད་ཕྱག་རྫས་ཐམས་ཅད་ཆུད་ཟོས་ལ་གཅིག་ཀྱང་མི་གཏོང་པར་ཆོས་ཕྱོགས་འབའ་ཞིག་ཏུ་བཏང་། ཁ་ལྟ་ཡུག་པོས་མ་བསླུས་ན། །བསོད་ནམས་ཚོགས་ཀྱིས་བླུས་དོགས་མེད། །ལྷོད་ཆ་ནང་ནས་མ་སྐྱེས་པའི། །གྲོལ་ཆ་སྤྱོད་རྩིང་མི་དགོས་པས། །
མཐོ་ཡིན་མཐོ་ཡིན་གཡང་ས་ཆེ། །རྒྱུ་འབྲས་ཁྱད་དུ་མ་བསད་མཛོད་གསུངས། གཞན་ཡང་གོང་མས་ལུང་བསྟན་པ་ནི། བླ་མ་བྱང་སེམས་པས་སྙན་བརྒྱུད་ཀྱི་བརྒྱུད་པ་སུས་འཛིན་དཀོན་མཆོག་ལ་གསོལ་བ་བཏབ་པས། དུས་གསུམ་རྒྱལ་བའི་གདུང་གསོབ་འཚོབ་གཅིག །ཅེས་པའི་ཚིག་གཅིག་ལྷང་པ་གཅིག་བྱུང་། མིང་གི་གསལ་ཁ་མ་བྱུང་། དེ་དུས་ན་སུ་ཡིན་མ་ཤེས། ཕྱིས་དྲིན་ཅན་མ་ཡིན་པར་ཐག་ཆོད་དོ། །ཡང་བླ་མ་གྲུབ་ཆེན་ཨུ་རྒྱན་པ་རྒྱ་ཡུལ་དུ་གཤེགས་དུས་ཚོང་འདུས་སུ་དྲིན་ཅན་མ་མཇལ་དུ་བྱོན་པས། ཨུ་རྒྱན་པ་ན་རེ། དྲིན་ཅན་མ་ལ། ཁྱོད་ཀྱིས་ལོ་སུམ་ཅུ་སོ་ལྔ་ལོན་ཨང་གསུངས། ལོན་ལགས་བྱས་པས། དེ་ཀ་ཙམ་ཀ་ཡིན་གསུངས། དེ་ནས་སང་དྲིན་ཅན་མའི་སློབ་མ་གཅིག་ལ། ཁྱོད་ཀྱི་སློབ་དཔོན་མ་དེ། ཆོས་རྗེ་རྒོད་ཚང་པའི་སློབ་མ། མ་གཅིག་འགྲོ་བཟང་པའི་སྐྱེ་བ་ཡིན་ཏེ། ད་ལྟ་གྲིབ་གཅིག་གིས་ཕོགས་འདུག །གྲིབ་དེ་སངས་ན་འགྲོ་དོན་ཆེན་པོ་ཡོང་པ་འདུག་སྟེ་གསུངས་སོ། །དྲིན་ཅན་རས་མའི་རྣམ་ཐར་དྲིན་ཅན་མ་དགུང་ལོ་བརྒྱད་ཅུ་བཞེས་པའི་དུས་སུ་དགེ་སློང་གཟི་བརྗིད་རྒྱལ་མཚན་གྱིས། དྲིན་ཅན་མ་རང་ཇི་ལྟར་གསུངས་བ་དང་། སློབ་མ་ཀུན་གྱི་མཐུན་སྣང་དུ་གྱུར་པ་རྣམས་སྒྲོ་སྐུར་མེད་པར་བྲིས་པ་རྫོགས་སོ།། །།
༈ དེ་ལས་ཐོབ་པ་བཙུན་པ་གཟི་བརྗིད་ཡིན་ཏེ། དང་པོ་དྲིན་ཅན་མའི་སློབ་མ་བླ་མ་བྱ་བྲལ་བ་ལ་ཕྱི་རུ་བྱོན་དུས། འབྲུག་ཏུ་བླ་མ་བརྩོན་བཟང་པ་ལ་སོགས་པ་གྲོགས་མཆེད་དྲུག་གིས་སྙན་བརྒྱུད་ཞུས། མ་ཐོབ་པའི་ལྷག་མ་རྣམས་ཤངས་ཀྱི་རེ་བྲག་དཀར་དུ་སྙགས་ནས་གདམས་ངག་ཐམས་ཅད་རྫོགས་པར་ཞུས། དུས་ཕྱིས་དྲིན་ཅན་མ་རང་གི་དྲུང་དུ། ཡུམ་བཀའི་བྱིན་རླབས། ཡབ་བཀའི་བུམ་དབང་རྒྱས་པ། མཆོག་དབང་གི་གྲོལ་བཀའ་དངོས་བཀའ། རྡོ་རྗེ་ཚིག་རྐང་ལ་སོགས་པ་གདམས་ངག་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པར། བླ་མ་གདན་པ་དཔང་དུ་བཞག་ནས་གནང་ངོ་། །དགེ་ལེགས་སུ་གྱུར་ཅིག །
སྤྲུལ་སྐུ་ཇོ་འབུམ་གྱི་རྣམ་ཐར། བྱང་སེམས་རྒྱལ་བ་ཡེ་ཤེས།
ཡེ་ཤེས་མཁའ་འགྲོའི་རྣམ་འཕྲུལ་ནི། །འགྲོ་བའི་དོན་ལ་བརྩེར་དགོངས་ནས། །ཟབ་དོན་རྒྱུད་བཟུང་མཁའ་སྤྱོད་གཤེགས། །སྤྲུལ་སྐུ་ཇོ་འབུམ་ཞབས་ལ་འདུད། །དེ་ལ་སྲས་ལྕམ་སྲིང་གསུམ་འཁྲུངས་པ་ལས། ཆེ་ཤོས་སྲས་མོ་ཇོ་འབུམ་བྱ་བ་གཟུགས་བྱད་ཤིན་ཏུ་བཟང་བ། ཆུང་དུས་ཡབ་ཡུམ་ལ་མི་སྙན་པར་སྤྱོད་པ་ཐོལ་རྒྱལ་བྱེད་པ། སྐྱེས་པ་མང་པོ་དང་རྩེ་ཞིང་གཞོན་པ་ཕོ་མོ་ཐམས་ཅད་བརྩེ་ཞིང་བྱམས་པ་གཅིག་བྱུང་།
དེ་ནས་ཡབ་གྲོངས་ཏེ། སྲས་ཀྱི་རྒྱུད་མ་ཟིན་གྱིས་དོགས་པ་དང་། གཞན་གྱིས་བརྙས་པ་བྱས་ཀྱིས་དོགས་པའི་ཡུམ་ལ་དུ་ཁཿཆེན་པོ་བྱུང་བས། དེར་ཨུ་ཆེན་རྣམས་ཀྱིས་གྲོས་བྱས་ནས། ལྕམ་མཐུ་གྲུབ་ཏུ་བཅུག་སྟེ། ལོ་གཅིག་ལྷག་ཙམ་བསྒྲུབས་པས་སྲོག་སེར་ཐོག་ལྟས་ངན་རྣམས་ཇི་ལྟར་དུས་བསྟབ་པ་ལྟར་བྱུང་། སུ་ཡིས་ཀྱང་གནོད་པ་མི་ནུས་ཤིང་། བཀའ་ཉན་པ་བྱུང་། གཤིན་རྗེ་ཚེ་བདག་དང་། ལྷ་ཆེན་དཔལ་འབར་ལ་སོགས་པ་དམ་པ་ཐོགས་ཤིང་མི་གདོན་གྱིས་ཟིན་པ་རྣམས་ཀྱང་མཐོང་བའམ་ཕྱག་རེག་པ་ཙམ་གྱིས་འབྲུལ་བ་དང་། འདྲེ་ཅན་གྱི་གནས་སུ་ཡིས་ཀྱང་རྒྱུ་མི་ནུས་པ་རྣམས་སུ་ཡང་དྲག་སྔགས་བཟླས་ཤིང་། ཤིང་གཅོད་པ་ལ་སོགས་བྱས་ཏེ་ནུས་མཐུ་ཆེ་བར་གྲགས་སོ། །
དེ་ནས་ཡང་བསམ་པས། སེམས་ཉིད་མ་རྟོགས་ཤིང་། བྱང་ཆུབ་ཀྱི་ལམ་སྣ་མ་ཟིན་ན་ཅིས་ཀྱང་མི་ཕན་སྙམ་ནས། འཁོར་བའི་ཆོས་ལ་བློ་ལོག་སྟེ། སླར་ཡབ་ཀྱིས་བསྟན་པའི་དུས་ཀྱི་འཁོར་ལོ་གསང་སྔགས་ཀྱི་སྙིང་བོའི་མཐར་ཐུག་ཡན་ལག་དྲུག་པ་བསྒོམས་པས། སྒོམ་ཁང་དུ་ཞུགས་མ་ཐག་རླུང་དབུ་མར་ཚུད་དེ། ཉིན་མཚན་གྱི་རྟགས་ཁྱད་པར་ཅན་ཤར། རྩིས་བཏབ་པའི་སྤྱོད་པ་བྲག །སུས་ཀྱང་མི་ཐར་བ་འཛེགས་པ་དང་། སྐད་རིགས་མི་གཅིག་སཾ་སྐྲྀ་ཏ་ལ་སོགས་པའི་སྐད་སྣ་ཚོགས་དང་། མངོན་པར་ཤེས་པ་ལྔ་ཐོབ་པ་དང་། གྱང་དང་རྩིགས་པ་དང་རི་ལའང་ཐོགས་པ་མེད་པར་འགྲོ་བ་དང་། རེས་འགའ་ཟླ་བ་རེ་རེ་ཙམ་ལ་སོགས་པར་ཟས་མི་དགོས་པར་འོད་གསལ་ལ་གནས་པ་དང་། རྟགས་བཅུ་ཡོན་ཏན་བརྒྱད་མཐར་ཕྱིན་པའི་ཡོན་ཏན་དུ་མ་དང་ལྡན་ཏེ། འཇིག་རྟེན་པ་རྣམས་དང་སེམས་མི་མཐུན་ང་མི་ཡུལ་བཙོན་དོང་ལྟ་བུར་མི་སྡོད། ཌཱ་ཀི་མའི་གནས་སུ་འགྲོ་གསུངས་ཤིང་སྐུ་གཞོན་པ་ལ་གྲོངས་ཏེ། སྒྲ་དང་། འོད་དང་། ས་གཡོས་པ་ལ་སོགས་ལྟས་ཆེན་པོ་ངོ་མཚར་བ་རྣམས་བྱུང་། དེ་ནས་བུ་སློབ་རྣམས་ཀྱིས་ཚོགས་འཁོར་བཤམས་ནས་གསོལ་བ་བཏབ་པས། ཨུ་རྒྱན་གྱི་ཡུལ་དུ་སོང་བས་གསོལ་བ་དེར་ཐོབ་ཅེས་ནམ་མཁའ་ལ་སྒྲ་གྲག་གོ། དེ་མཁའ་སྤྱོད་དུ་གཤེགས་ཤིང་ཡེ་ཤེས་ཀྱི་མཁའ་འགྲོར་གྱུར་བ་ཡིན་ཏེ། ལྕམ་ལ་ལེགས་སྨིན་དཀར་མིའི་སྤྲུལ་བ་གྲགས་པ་ཡོད། ཨུ་རྒྱན་པད་མའི་ལུང་བསྟན་ལསཿ མཚོ་རྒྱལ་ཉིད་ལས་སྤྲུལ་བ་ནིཿ ཇོ་འབུམ་མིང་དུ་བཏགས་པ་འབྱུངཿ ཏིང་འཛིན་མཆོག་ཐོབ་མཁའ་སྤྱོད་གྲུབཿ ཅེས་གསུངས་སོ།། །།
བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱིས་གསུངས་སོ། །
ཇོ་ཇོ་བོང་ལྷ་རྗེ་མའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ། མཛད་པ་པོ་ཞ་མ་ཙན་ཏྲི།
༄༅། །ཇོ་ཇོ་བོང་ལྷ་རྗེ་མའི་རྣམ་པར་ཐར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །མཚན་ཡོངས་སུ་གྲགས་པའི་ཇོ་མོ་ལྷ་རྗེ་མའི་རྩ་བའི་བླ་མར་གྱུར་པ་རྗེ་བཙུན་སྨ་རྩ་ལོ་ཙཱ་བ་ཆེན་པོ་དེས། སྔར་སྦྱངས་པའི་ལས་འཕྲོ་སད་པ་སྐུ་གཞོན་ནུ་ལ་ལོ་ཙཱ་མཁས་པ་མཁྱེན། བཀའ་རྒྱུད་གསང་བ་བླ་ན་མེད་པའི་ཆོས་ལ་དཀའ་བ་དཔག་ཏུ་མེད་པ་སྤྱད། རྒྱ་གར་ཤར་ནུབ་ཆུ་བཞིན་དུ་ཉུགས། པཎྜི་ཏ་འབུམ་གཞོན་ནུ་དང་བལ་པོ་བྷ་ཏན་ཧ་དང་། བླ་མ་རྡོ་རྗེ་གདན་པ་དང་། བླ་མ་ཨ་ཀྱཱ་ཀ་ར་ལ་སོགས་པ་ཐམས་ཅད་ལ་གཞུང་གདམས་ངག་ལ་སོགས་པ་གསན་པ་ལ། ཀུན་ཞལ་མཐུན་པར་ལས་ཀྱི་ཕྱག་རྒྱ་མཚན་ལྡན་ཞིག་རྙེད་ན་ལམ་ཉེ་གསུངས་ནས་དེ་བཙལ་བར་དགོངས་ནས་ཡོད་ཙ་ན། བལ་ཡུལ་ན་བླ་མ་གསེར་མཆོག་གི་ཕྱག་རྒྱ་མཚན་ལྡན་ཞིག་འདུག་པ་ལོ་གཅིག་བསྟེན་ནས་ཚེ་འདས་སོ། །
དེ་ནས་རྩང་ལ་སྟོད་ཅུང་པ་ན། འབྲོ་མོ་སྐྱིད་བྱ་བ་ཞིང་སྐྱེས་ཀྱི་མཁའ་འགྲོ་མའི་རྟགས་ཚང་བ་ཞིག་འདུག་ནས་བདག་པོ་ལ་ནོར་མང་པོ་བྱིན་ནས་གཡར་ཏེ་བསྟེན་པས་སྐུར་པ་ཆེན་པོ་བྱུང་ངོ་། །མོ་རང་བདག་པོ་ལ་གཏད་དེ། རྒྱ་གར་དང་བལ་པོར་བྱོན་པར་ཐུགས་དགོངས་ནས་གསེར་མང་པོ་ཁྱེར་ནས་བྱོན་བལ་པོར་བླ་མ་ཧ་དུ་ལ་དབང་བྱིན་རླབས་ཆོས་ཞུས། བླ་མ་རྒྱ་གར་ཕྱག་ན་ལ་དོ་ཧ་ད་ཨཱོྃ་གནས་དང་། བཅུ་གསུམ་མ་ལ་སོགས་པ་ཞུས། བ་རེག་ཐོས་པ་ལ་སོགས་པའི་ལོ་ཙཱ་མཛད། དེ་ནས་དཔལ་རྡོ་རྗེ་གདན་དུ་བྱོན་ནས་དེའི་གནས་བརྟན་ཆེན་པོ་དེ་ལ་ད་ལྟ་རྒྱ་གར་ན་ཆོས་སུ་མཁས། པཎྜི་ཏ་སུ་ཆེ་དྲིས་པས་པཎྜི་ཏ་ཁ་ཆེ་ཛ་མཁས་ཨཱ་ནན་ཏ་ར་བྱ་བ་ཆེས་མཁས་པ་ཡིན་ཟེར། དེ་གང་ན་བཞུགས་དྲིས་པས་འདི་ནས་ཐག་ཉེ་བ་ན་ཧ་ས་དེ་བའི་གཙུག་ལག་བྱ་བ་ན་བཞུགས་ཟེར། དེར་བྱོན་ནས་ཆོས་ཞུས། དཔལ་བདུད་རྩི་འབྱུང་བའི་བུམ་དབང་དང་། གསང་དབང་གཉིས་བསྐུར་ནས་གསུམ་པ་དང་དགུ་པ་ལ་ལས་རྒྱ་དགོས་ཏེ་མཚན་འདི་ན་མེད། བོད་ཡུལ་ན་པད་མ་ཅན་གཅིག་རྒྱུད་གཉིས་དང་མདོ་གཅིག་ལས་ལུང་བསྟན་ཡོད། དེ་དང་འཕྲད་ན་ཡི་དམ་ལ་དབང་ལུང་གསུང་སྟེ་ཡུལ་ཇི་སྐད་བྱ་བ་ན་བདོག་ཞུས་པས།
བླ་མའི་ཞལ་ནས། ཁྱོད་བོད་ཡུལ་དུ་སླེབས་ནས་ལོ་ལྔ་ནས་རྙེད་པར་འདུག་གསུངས་སོ། །ཕྱག་རྒྱ་མ་དེ་ཁོ་བོ་འཕྲད་པའི་ལས་འཕྲོ་ཅི་ལགས་ཞུས་པས། ཁྱོད་སྐྱེ་བ་བཅུ་དྲུག་ཏུ་པཎྜི་ཏ་གཅིག་པུའི་ལུས་བླངས་པའི་ཐ་མ་ད་རེས་འདིས་ཐིམ་ཡིན། དེ་ཐམས་ཅད་དུ་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་བཏབ་པ་ལས་ཞལ་མ་མཐོང་། ད་རེས་དངོས་སུ་བྱིན་གྱིས་རློབས་པའི་དུས་ལགས་སོ་གསུངས་སོ། །ལོ་ཙཱ་པས་བླ་མ་ལ་དེ་རང་རྒྱུད་པ་གཅིག་སྩོལ་བས་སྒྲོལ་མར་གྱུར་པ་ལགས་སམ། སྒྲོལ་མ་ཉིད་སེམས་ཅན་དོན་དུ་སྤྲུལ་པ་ལགས་ཞུས་པས། འཕགས་མ་སྒྲོལ་མ་ཉིད་སེམས་ཅན་གྱི་དོན་དུ་སྤྲུལ་བ་བཀྱེ་བ་ལགས་ཏེ།
དེ་ཡང་ཙན་དན་གྱི་མདངས་འོད་འཕྲོ་བའི་ཞིང་ཁམས་ནས། འཛམ་བུའི་གླིང་དུ་འོད་ཀྱི་ཡི་གེ་ཏཾ་ལྗང་གུ་གཅིག་འཕྲོས་པས་ཐུབ་པ་ཆེན་པོའི་ཐུགས་ལ་ཐིམ་པར་མཛད་དེ། སྒྲོལ་མའི་སྐུར་སྤྲུལ་ཏེ་སེམས་ཅན་ཐམས་ཅད་འདུལ་བར་དམ་བཅས་པ་ལས། དེ་ཡང་བུད་མེད་རྣམས་འདུལ་བར་གཟིགས་ཏེ། སངས་རྒྱས་ཉིད་དགའ་ལྡན་ན་བཞུགས་པའི་ཚེ་ལྷ་མོ་རྣམས་འདུལ་བར་གཟིགས་ནས། གང་གཱའི་ལྷ་མོར་སྤྲུལ་ནས་ལྷའི་བུ་མོ་བྱེ་བ་ཕྲག་བརྒྱད་ཅུ་ཕྱིར་མི་ལྡོག་པའི་ས་ལ་བཀོད། དེ་ནས་ཚོང་དཔོན་གྱི་བུ་མོ་གནས་སྦྱིན་མར་སྐྱེས་ནས་ཚོང་དཔོན་གྱི་བུ་མོ་ལྔ་བརྒྱ་ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ། །དེའི་རྗེས་ལ་ཁྱིམ་བདག་མོ་དགེ་སྦྱིན་ས་ཀར་སྐྱེས་ནས། ཁྱིམ་བདག་མོ་དྲུག་ཁྲི་ཡང་དགེ་བའི་ལམ་ལ་བཀོད་དོ། །དེ་ནས་དགེ་སློང་མ་ཨུཏྤ་ལའི་མདོག་ཅན་དུ་སྐྱེ་བ་བཞེས་ནས་ཤཱཀྱའི་བུ་མོ་ལྔ་བརྒྱ་དགྲ་བཅོམ་པའི་ས་ལ་བཀོད་དོ། །དེ་རྣམས་ནི་ཐུབ་པའི་འཕྲིན་ལས་ཀྱིས་བསྐུལ་བའི་དུས་བཞིའོ། །
དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ལྔ་བརྒྱ་ན། ལྷ་ལྕམ་ལེགས་མིན་ཀ་རར་སྐྱེ་བ་བཞེས་ནས་རྒྱལ་པོ་ཨིནྡྲ་བོ་དྷིའི་བཙུན་མོ་མཛད། རྒྱལ་པོའི་འཁོར་འབུམ་ཕྲག་གཅིག་རྡོ་རྗེ་ཐེག་པ་ལ་བཀོད་དོ། །དེ་ནས་ཐུབ་པ་འདས་ནས་ལོ་དགུ་བརྒྱ་ན་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་སུ་སྐྱེ་བ་བཞེས་ནས་གཅེན་ཐོགས་མེད་དང་གཅུང་དབྱིག་གཉེན་གཉིས་འཁྲུངས་ཏེ། སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱས་སོ། །དེ་ནས་ལོ་སྟོང་དང་བཅུ་ན། འཕགས་མ་སྒྲོལ་མ་རྒྱ་མོ་ཨོང་ཇོར་སྤྲུལ་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་མཛད། བོད་ཁ་བ་ཅན་གྱི་སེམས་ཅན་བདེ་བ་ལ་བཀོད་དོ། །
དེའི་རྗེས་ལ་བལ་བོའི་རྒྱལ་པོ་འོད་ཟེར་གོ་ཆའི་བཙུན་མོ་གསལ་འཕྲོ་མར་སྐྱེ་བ་བཞེས་ནས་བལ་པོ་ཐམས་ཅད་བདེ་བ་ལ་བཀོད་དོ། །དེའི་རྗེས་ལ་མོན་ཡ་སྟན་གྱི་ཡུལ་དུ་རྒྱལ་པོ་བློ་བརྟན་གྱི་བཙུན་མོ་དམ་པར་སྐྱེ་བ་བཞེས་ནས་མོན་ཐམས་ཅད་དཀར་པོའི་ལས་ལ་བཙུད་དོ། །དེ་ནས་དགའ་ལྡན་གྱི་གནས་སུ་ལྷ་མོ་ཡིད་འོང་མ་འཕགས་མ་བྱ་བར་སྐྱེས་ནས་ལྷ་ཐམས་ཅད་ཐེག་པ་ཆེན་པོ་ལ་བསྐུལ་བ་ལས། བར་སྐབས་སུ་འགྲེས་པའི་ཚལ་དུ་ལྷ་མོ་དེ་ཏིང་ངེ་འཛིན་ལ་བཞུགས་པ་དེ་མི་ཡུལ་དུ་ཉིང་སྤྲུལ་གྱིས་དོན་མཛད་པ་ལགས་ཏེ། ཁོ་བོས་ངལ་གསོ་བ་ཙམ་དུ་ཤེས་པ་ཡིན། དུས་རེ་ཞིག་གི་ཚེ་ཁྱོད་རང་གིས་ཀྱང་ཤེས་པར་འགྱུར་རོ་གསུངས་སོ། །
ལུང་བསྟན་པའི་རྒྱུད་གཉིས་དང་མདོ་གང་ལགས་ཞུས་པས། འདི་ངའི་རྨི་ལམ་ན་ལྷོ་ཕྱོགས་གླིང་གི་སྒྲོལ་མ་བྱ་བ་སློབ་དཔོན་ཙན་དྲ་ཀོ་མིས་བཞེངས་པའི་གཙུག་ལག་ཁང་ཞིག་ཏུ་ཕྱིན་པས་དེ་ན་སྔགས་ཀྱི་འགྲེལ་པ་མང་པོ་བཞུགས་པ་མཐོང་། བྱེ་བྲག་ཏུ་འཕགས་མ་སྒྲོལ་མ་འཕྲིན་ལས་རྗེས་སུ་བསྟན་པ་དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་ལེའུ་ལྔ་པ་ཕྱག་རྒྱ་རྗེས་སུ་བསྟན་པའི་སྐབས་དང་། དཔལ་ཕྱག་ན་རྡོ་རྗེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའི་རྒྱུད་ཀྱི་ལེའུ་ཉི་ཤུ་ལྔ་པའི་དབང་གསུམ་པ་ལ་རྒྱ་བཙལ་སྐབས་དང་གཉིས་ལ་མཐོང་། ཕྱིས་ལྟར་ཕྱིན་པས་སྒྲོལ་མའི་རྒྱུད་སྡེ་ལ་ལེའུ་ལྔ་བཅུ་རྩ་དགུ་འདུག །ངས་སྤྱན་དྲངས་ནས་ཡོད། ཕྱག་རྡོར་གྱི་རྒྱུད་ལ་ཉི་ཤུ་རྩ་གཉིས་འདུག་སྟེ་སྤྱན་མ་འགྲོངས། མདོའི་རྡོ་རྗེ་གདན་པ་ག་བན་གྱིས་ཤཱཀྱའི་རིགས་ཀྱི་བུ་མོ་ལྔ་བརྒྱ་ལུང་བསྟན་པའི་སྐབས་ན་ཡོད་གསུངས་ཞུས་དེ་བྲིས་ནས་བྱོན་ནོ། །
སྒྲོལ་མའི་རྒྱུད་ཉིད་ལས། གང་ཞིག་རི་རབ་རི་མཆོག་འཛམ་གླིང་གི །ཁ་བ་ཅན་གྱི་རི་རྒྱུད་བྱང་གི་ཕྱོགས། །དག་ཅིང་གཙང་བ་སྐལ་ལྡན་འབྱུང་བའི་སར། །རྗེ་རིགས་བུ་མོ་ཡིད་འོང་ཤ་རྟགས་ཅན། །གསང་བ་མཆོག་གི་ཕྱག་རྒྱ་པདྨ་ཅན། །པད་མའི་རྩ་བ་དྲིལ་བུའི་རི་མོ་ཅན། །མདངས་ལྡན་འོད་ཅན་ཚངས་པའི་སྐད་ཅན་མ། །དེ་འབྱུང་དེ་རྙེད་དེ་ནི་སྐལ་བ་ཅན། །རྗེས་སུ་བྱུང་བ་མང་ཞིག་དེ་ཡི་རིགས། །དང་པོ་དགའ་བའི་ས་རབ་སྟོན་པ་ཉིད། །མཐར་ནི་སྒྲོལ་མ་ཞེས་བྱའི་མཚན་ཡང་འཛིན། །ཞེས་པ་དང་། ཕྱག་ན་རྡོ་རྗེའི་རྒྱུད་ནས་ཀྱང་། བདེར་གཤེགས་ཤཱཀྱ་སེང་གེ་བསྟན་པ་དེའི་ཐ་མ་ལ་བྱང་གི་ཕྱོགས་ཀྱི་རིའི་བརྒྱུད་པའི་གནོད་སྦྱིན་ཁ་བའི་ལྗོངས་ལྷོའི་རྒྱུད་དེར་འབྱུང་པ་ནི། ལྷ་ཡི་བུ་མོ་ཡིད་འོང་མ། །ཁ་ནས་ཨུཏྤལ་ངད་ལྡང་ཞིང་། །ལུས་ལ་ཙན་དན་དྲི་བྲོ་བ། །ལྟེ་བར་པདྨའི་རི་མོ་ཅན། །ཐུགས་ཀར་རཏྣའི་ཕྲེང་བ་ཡོད། །ཕྲག་གོང་གཉིས་ན་གཡུང་དྲུང་འཁྱིལ། །རྣ་བ་དུང་གིས་རབ་མཛེས་ཤིང་། །ལྗགས་ལ་རལ་གྲིའི་རི་མོ་ཡོད། །སྨིན་མཚམས་རྒྱལ་མཚན་རབ་ཏུ་རྒྱས། །དེ་ནི་པདྨ་ཅན་ཞེས་བརྗོད། །གང་ཞིག་དེ་ལ་དབང་ལེན་པ། །དམན་པ་གསུམ་ནི་མཁའ་སྤྱོད་འགྱུར། །འབྲིང་པོ་གསུམ་ནི་མངོན་དགའ་ལ། །མཆོག་རབ་གསུམ་ནི་རྫོགས་སངས་རྒྱས། །དེ་ནས་ལུས་དེ་སྤངས་ནས་ནི། །དམ་པའི་ཆོས་དེ་དར་འགྱུར་ལ། །དེ་ནས་དེ་འདྲ་འགའ་ཞིག་ཏུ། །པདྨ་ཅན་དེ་མང་དུ་འབྱུང་། །མཐར་ནི་ལྷ་མོ་ཕ་རོལ་ཕྱིན། །ཤེས་རབ་སྒྲོལ་མ་ཞེས་བྱར་འགྱུར། །ཞེས་གསུངས་སོ། །བློ་མཆོག་མའི་མདོ་ལས་ཀྱང་། རིགས་ཀྱི་བུ་ཁྱོད་འདིའི་ཤི་འཕོས་ནས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །བྱང་ཆུབ་སེམས་དཔའ་དད་པའི་དབང་པོ་བློ་སྒྲོལ་མ་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བའི་བྱ་བ་བྱེད་དོ། །སེམས་ཅན་ཐམས་ཅད་སྨིན་པ་དང་གྲོལ་བའི་ལམ་ལ་བཀོད་དོ། །དེ་ནས་བྱང་ཕྱོགས་སུ་བྱང་ཆུབ་སེམས་དཔའ་མདངས་དགའ་བ་ཞེས་བྱ་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་འཆི་བ་མེད་པའི་ས་ལ་བཀོད་དོ། །དེ་ནས་ལྷོ་ཕྱོགས་སུ་ཡུལ་ཨ་མི་པ་ར་དྷ་བྱ་བར་འཕགས་མ་སྒྲོལ་མ་ལེགས་མིན་ཀ་ར་ཞེས་བྱ་བར་གྱུར་ནས་སེམས་ཅན་གྱི་དོན་བྱེད་དོ། །དེ་ནས་ཤར་ཕྱོགས་སུ་འཕགས་མ་སྒྲོལ་མ་རྒྱལ་མོ་ཨོང་ཇོར་སྤྲུལ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་སྡུད་པར་བྱེད། སྨིན་པར་བྱེད་གྲོལ་བར་བྱེད་དོ། །དེ་ནས་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱུད་དེ་ཉིད་དུ་ལྷ་མོ་དྲི་མེད་མ་ཡིད་འོང་མ་ཞེས་བྱ་བར་གྱུར་ནས། ཐེག་པ་ཆེན་པོའི་ཆོས་རབ་ཏུ་རྒྱས་པར་བྱེད་འཕེལ་བར་བྱེད་ཀུན་ཆུབ་པར་བྱས་ཏེ་སླར་འཇིག་རྟེན་གྱི་ཁམས་མདངས་དགའ་བ་དེ་ཉིད་དུ་ལྷ་མོ་སྒྲོལ་མ་ཙན་དན་མཆོག་བྱ་བར་སངས་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །
དེ་ནས་བླ་མ་ཁ་ཆེ་དགོན་པ་བ་དང་། བླ་མ་རྨ་ལོ་ཙཱ་བ་དང་དཔོན་གཡོག་མང་པོ་རྡོ་རྗེ་གདན་དུ་མཆོད་པ་ལ་བྱོན་པས། བླ་མ་ཨ་ཀྱཱ་ཀ་ར་དང་མཇལ་བས་ལོ་ཙཱ་བ་བོད་དུ་མྱུར་དུ་འགྲོ་དགོས་པར་འདུག །བླ་མས་ལུང་བསྟན་པ་དེ་སྒྲོལ་མ་དངོས་ཡིན། དེ་ཡང་མི་ངམ་ནག་པོ་བཞིན་མི་སྡུག་པ་གཅིག་ལ་བུ་སྲིང་དྲུག་གི་སུམ་ཚིག་བུ་མོ་དཀར་མོ་མཚན་ལྡན་གཅིག་ཡོད་པར་འདུག །དེ་དང་ཁྱོད་ལ་འབྲེལ་པ་ཡོད་པ་ཡིན་པས་སྒྲོལ་མ་ལ་གསོལ་བ་ཐོབ་དང་། ངེས་པར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཀྱིས་གསུངས་སོ། །
དེ་ནས་ལོ་ཙཱ་བ་བོད་དུ་བྱོན་ནས་ཡུལ་ཆེན་བཅུ་དྲུག་ལ་སོགས་པ་བཙལ་ཀྱང་མ་རྙེད། ལས་སྟོད་ལྡང་གར་མོ་བྱ་བར་འབྲོ་ལྷ་རི་དཔལ་མཆོག་ལ་ཡོན་བདག་བཅོལ་ནས་ལོ་གསུམ་བླ་མ་ལ་གསོལ་བ་འདེབས་ཤིང་། དབྱངས་ཅན་མ་བསྒྲུབ་པའི་བར་ཆད་བྱུང་ངོ་། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས་བླ་མ་ཨ་ཀྱཱ་ཀ་ར་དང་། དོན་ཡོད་སྙིང་པོ་གཉིས་ལ་བདེ་མཆོག་གི་སྐོར་གསན། བླ་མ་ཁ་ཆེ་དགོན་པ་བ་ལ། ར་ལི་དང་བདན་དགུ་དང་། དུས་འཁོར་རྣམས་ཀྱི་དབང་ཞུས་པས། བླ་མའི་ཞལ་ནས། ཁྱོད་བོད་དུ་ལ་འུར་སོང་ལ་དབྱངས་ཅན་མའི་པྲ་ལ་མོ་བསྒྲུབས་ལ་ཤོག །བར་ཆད་མི་འབྱུང་བར་ངས་བྱིན་གྱིས་བརླབ་བོ་གསུངས།
དེ་ནས་བལ་ཡུལ་དུ་བྱོན་ནས་བདུད་རྩི་འོད་ཀྱི་ལྷ་ཁང་དུ། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་བྱེད་ཅིང་། ཟླ་བ་ཕྱེད་བཞུགས་པའི་རྨི་ལམ་ན། ཡང་རྡོ་རྗེ་གདན་དུ་ཕྱིན་པས་ཆེ་དགོན་པ་ལ་དེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་མཛད་ནས། མཚན་ནི་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱ་བ་ཡིན་ཟེར་བ་དང་། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་འོད་ཁ་དོག་ལྔ་འཕྲོས་པར་གྱུར་པ་ལས། འོད་གཅིག་ནི་བླ་མ་ཁ་ཆེ་པཎ་ཆེན་ལ་ཕོག །གཅིག་ནི་རྒྱ་གར་ཤར་ཕྱོགས་ན་བྲམ་ཟེ་ཟླ་འོད་ལ་ཕོག །གཅིག་ནི་བདག་ཉིད་ལ་ཐིམ། གཅིག་ནི་ཁ་བ་ཅན་གྱི་འཕྲུལ་སྣང་གི་ཐུགས་རྗེ་ཆེན་པོའི་སྐུ་ལ་ཐིམ། གཅིག་ནི་འོད་ཁ་དོག་དཀར་པོས་བོད་ཀྱི་ས་ཕྱོགས་ཐམས་ཅད་གསལ་བར་བྱས། བྱེ་བྲག་ཏུ་རྩང་ལ་སྟོད་ཀྱི་ཞ་མ་ཕ་དྲུག་ཐམས་ཅད་གསལ་བར་གྱུར་ཏོ། །
ཡང་བླ་མའི་ཐུགས་ཀ་ནས་འོད་ཁ་དོག་དམར་པོ་འཕྲོས་པས་མི་ནག་པོ་ཅུང་ཐུང་བ། ཚོགས་བདག་ལྷ་ལུང་མ་འདོའི་སྤྲུལ་པ། ཞ་མ་རྗེ་བ་ཧབ་ཤ་དང་། ཇོ་རིགས་རིག་པའི་རྒྱལ་མོ་འོད་ཟེར་ཅན་གྱི་སྤྲུལ་པ། བུད་མེད་སྔོན་མོ་སྤྱན་དཀྱུས་རིང་བ། རྗེ་མོ་འོད་ཟེར་རྒྱན་བྱ་བ་ལ་ཐིམ་ནས། དེ་ཉིད་ཀྱི་ཕྱག་ན་མེ་ཏོག་ཨུད་པ་ལ་འདབ་མ་སྟོང་གིས་བརྒྱན་པ་ཞིག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་སྐོར་བ་བྱེད་པ་རྨི་ལམ་བྱུང་ངོ་། །ལོ་ཙཱ་བའི་ཐུགས་དགོངས་འདི་ངེས་པར་ལྟས་བསྟན་པའི་རྨི་ལམ་ཡིན། བླ་མའི་ཞལ་ནས། ཁྱོད་རང་གིས་ཀྱང་ཤེས་པར་འགྱུར་རོ་གསུངས་པ་དེ་ཡིན་པར་འདུག །བླ་མ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན་པར་འདུག །བདག་ཉིད་ནི་ཐོན་མི་སམྦྷོ་ཊར་འདུག །ལུང་བསྟན་པ་དེ་རྒྱ་མོ་ཀོོང་ཇོར་འདུག །དེའི་མ་དེ་བལ་མོ་བཟའ་ཁྲི་བཙུན་དུ་དགོངས། དེ་ནས་བོད་དུ་བྱོན་ནས་མང་ཡུལ་རབ་གསལ་སྒང་བྱ་བར་རྒྱལ་ཚ་གཡུང་ངོ་དང་། ཐུལ་ས་ལྷ་མོ་འབུམ་བྱ་བ་ལ། མོ་ཡིད་དུ་འོང་བ་སྨིན་མཚམས་ན་ཤ་མཚན་དམར་པོ་ཡོད་པ་ཞིག་འདུག །ཁོང་གིས་ཡོན་བདག་བྱས་ནས་ཆོས་འཁོར་ཆེན་པོ་ཞིག་དང་བྱས། དེའི་དུས་སུ་བྱུང་བའི་ཟས་ནོར་ཐམས་ཅད་ཀྱང་ཁོང་ལ་གཏད། བླ་མས་བུ་མོ་དེ་ལ་དབྱངས་ཅན་མའི་པྲ་ཕབ་སྟེ་ལུང་བསྟན་པ་དེ་གང་ཡིན་དྲིས་པས།
མོ་ན་རེ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དེ་བོད་ཁ་བ་ཅན་གྱི་ཡུལ། གནོད་སྦྱིན་གངས་ཀྱི་ར་བའི་དབུས། གངས་ཏི་སེ་ཤེལ་གྱི་མཆོད་རྟེན་གྱི་ལྷོ་ཕྱོགས། རྒྱ་གར་གྱི་ལུང་ཕུག །ཞ་མ་ཕ་དྲུག་གི་དང་པེ་བྱ་བ་ན། ཡབ་རྗེ་བ་ཧབ་ཤའི་བུ་མོ་གསང་སྔགས་ཀྱི་ཡོན་ཏན་མཐའ་དག་གི་རྟགས་ཚང་བ་ཨུད་པ་ལའི་མདངས་ཆགས་པ། ལུས་ལ་ཙན་དན་གྱི་དྲི་བྲོ་བ། གསུང་གི་དབྱངས་སྙན་པ། སྐུ་བྱད་ལྟ་བས་མི་ངོམས་པ། ཕྱག་རྒྱ་པད་མ་ཅན་ཀྱི་རིགས། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ། ཇོ་མོ་ཉིད་ལ་ལོ་ལྔ་ལོན་པ་ཞིག་ཡོད་ཀྱི། དེའི་རྩར་སོང་དང་དོན་ཆེན་པོ་དང་ལྡན་ནས་འོང་གི་ཟེར་རོ། །དེ་ཡང་རྩང་ལ་སྟོད་ཀྱི་ལྷོ་ཕྱོགས། རྒྱ་གར་ནུབ་ཕྱོགས་ཀྱི་ལུང་ཕུག་ཞ་མ་ཕ་དྲུག་བྱེ་བྲག་ཏུ་རྒྱ་བཞིའི་དང་པོ་བྱ་རབ་ལྷུད་ཀར་སྒང་གི་དྲུང་དུ། ཡབ་ཞ་མ་རྗེ་བ་ཧབ་ཤ་དང་ཡུམ་རྗེ་མོ་འོད་ཟེར་རྒྱན་བྱ་བ་གཉིས་ལ། སྲས་ལྕམ་དྲལ་དྲུག་སྐུ་འཁྲུངས་ཏེ། ཆེ་ཤོས་རྒྱལ་ལེ་བྱ་བ་ཡིན། དགེ་བཤེས་གཉའ་མའི་དྲུང་དུ་རབ་ཏུ་བྱུང་། མཚན་རིན་ཆེན་འོད་ཟེར་བྱ་བ་ཡིན། ཕ་སྔགས་ཕྱོགས་དུས་གསུམ་མཁྱེན་པའི་དགེ་བཤེས་ཤིག་བྱུང་། དེ་འོག་རྒྱལ་ཆུང་བྱ་བ་དགེ་བཤེས་དང་ཆེ་མདོ་རྒྱུད་སེམས་ཕྱོགས་ཤེས་པ། གྲྭ་པ་བདུན་ཅུ་ཙམ་རེ་ཡོད་པ་བྱུང་། དེ་འོག་སེང་གེ་རྒྱལ་མཚན་བྱ་བ། བླ་མ་རྨ་ལོ་ཙཱ་བ་དང་། པུ་རངས་པ་དང་། ག་ལོ་ཙཱ་བ་དང་། རྔོག་ལོ་ཙཱ་བ་དང་བཞི་ལ་ལོ་སླབས་བོད་ཀྱི་ཀ་བཞིའི་མཁྱེན། རྡོ་རྗེ་གདན་དུ་བྱོན། ཁ་ཆེ་འབུམ་ཕྲག་གསུམ་པ་སྤྱན་དྲངས། རྒྱ་གར་གྱི་རྒྱལ་པོ་རཏྣ་པཱ་ལ། སྟོད་ཀྱི་མངའ་བདག་རྩེ་ལྡེ། བར་གྱི་གཡུང་དྲུང་བསྟན་པ། དབུས་ཀྱི་བཙད་པོ་མགོན་པོ། ཙོང་ཁའི་རྒྱལ་པོ་ཁྲི་སྟོན་ཆེན། རྒྱ་ནག་ཏུང་ཁུན་དང་དར་རྩེའི་རྒྱལ་པོ་རྣམས་ཀྱིས། དབུའི་ཅོད་པན་གྱིས་ལོ་ཙཱའི་ཞབས་ལ་གཏུག །དབང་བསྐུར་བའི་བླ་མ་ཞ་མ་ལོ་ཙཱ་བ། སེང་གེ་རྒྱལ་མཚན་དང་། བླ་མ་འབུམ་ཕྲག་གསུམ་པ་ཡིན། བསམ་ཡས་སུ་དར་འབོལ་གྱི་ཁྲི་ལ་ཆོས་གསུངས་པའི་དུས་སུ། མེ་ཏོག་དོར་བས་ལོ་པན་ནུབ་པ་བྱུང་། ལྷ་སར་ཉུངས་སྐར་ཞོ་གཅིག་གི་གྲངས་ཀྱི་གྲྭ་པ་འཚོགས་སོ། །ཕྱིས་རྒྱའི་རི་བོའི་རྩེ་ལྔ་ལ་གཤེགས་ཏེ་བྱོན་ནོ། །
དེའི་འོག་མ་ལྷ་རྗེ་མ་ཡིན། ཡབ་ཡུམ་གྱིས་མཚན་གསོལ་བ་རྒྱལ་མོ་ལྕམ་བྱ་བ་ཡིན། དེའི་འོག་མ་ཆོས་ཀྱི་རྒྱལ་པོ་ཁུམ་བུ་པ་ཡིན། བླ་མ་རྨ་ལོ་ཙཱ་བ་དང་། སེ་སྟོན་ཀུན་རིག་གཉིས་ཀྱི་ཐུགས་ཀྱི་སྲས་ཡིན་ལོ་ཙཱ་ཡང་མཁྱེན། མ་རྒྱུད་སྐོར་གསུམ་མཁྱེན། ཐུགས་དམ་རྣམ་གསུམ་གྱི་ཞལ་གཟིགས་ཤིང་། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་ལ་འཇིག་རྟེན་གྱི་གནོད་སྦྱིན་མ་རུངས་པ་ཐམས་ཅད་ཚར་གཅོད་ནུས་པ། སྙན་རྒྱུད་གསང་སྔགས་ལམ་འབྲས་དང་། བྱིན་རླབས་ཡེ་ཤེས་འཕོ་བ་དང་། ཐུགས་དམ་རྣམས་ཀྱིས་ཕན་ཚུན་དུ་འབྲེལ་ཞིང་། མིང་པོ་ལྔ་ལ་ལྷ་རྗེ་མ་ལ་སྐུ་དྲིན་ཆེ་བས། ཞ་མ་ལྕམ་སྲིང་གཉིས་ཞེས་གྲགས་པས་གྱ་འོ་དེ་བྱོན། ཐ་ཆུང་ཁར་ཚ་རྒྱལ་བྱ་བ། དགེ་བཤེས་རྒྱ་རིན་པོ་ཆེའི་དྲུང་དུ་བྱོན། མཚན་བསོད་ནམས་རྒྱལ་པོ་བྱ་བ། སྤྱོད་ཕྱོགས་དང་མ་རྒྱུད་ལ་མཁས་པ། པུ་རངས་ལོ་ཆུང་གི་བུ་ཆུང་སློབ་དཔོན་བཙུན་ཆུང་བྱ་བ་དེ་བྱོན་ནོ། །དེ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཇོ་མོ་ལྷ་རྗེ་མ་དེ། ཡུམ་གྱི་ལྷུམས་ན་བཞུགས་པའི་དུས་སུ། ཡུམ་གྲོད་པ་ཆུང་བ། གཉིད་གསལ་བ། ཁམས་བདེ་བ། ནད་མེད་པ། ཆགས་ཆུང་བ། ལུས་དྲི་ཞིམ་པ། གསུངས་པ་ཆུང་པ། རྟག་ཏུ་སྒྲོལ་མ་ལ་མོས་པ། རྨི་ལམ་དུ་འཁོར་གྱིས་བསྐོར་བ་དང་། ཆོས་བཤད་པ་དང་། ཁྲི་ལ་འདུག་པ་དང་། རྒྱན་མང་པོས་བརྒྱན་པ་དང་། རྒྱལ་པོའི་བཙུན་མོ་བྱེད་པ་ལ་སོགས་པ་རྨིས་སོ། །
དུས་དེའི་ཚེ་ཡུམ་ལ་བྱང་སེམས་བྱུང་པ་ལ་སྐུ་བསྐྱེད་པ་ཡིན་ནོ། །ཕྱིས་སྐུ་བལྟམས་པའི་དུས་ན་ཡང་། ལུས་ལ་ཙན་དན་གྱི་དྲི་བྲོ་བ་དང་། ཤ་མཚན་གྱི་རིགས་མི་འདྲ་བ་མང་པོ་ཡོད་པ་བུ་ཆུང་ཐམས་ཅད་ངུ་བ་ལ། ལྷ་རྗེ་མ་མི་ངུ་། ལྟོགས་ན་དགོད་པ། སྲ་ལ་སླ་བ། བྱད་ལེགས་པ་ཞིག་བྱུང་པ་ལགས་སྐད། ལོ་ལྔ་ལོན་པའི་དུས་སུ། བླ་མ་རྨ་ལོ་ཙཱ་བ་བྱོན་ནས། བརྟགས་པས་ཡོན་ཏན་ཐམས་ཅད་དང་ལྡན་པར་མཐོང་སྟེ། རྗི་བ་ཧབ་ཤ་ལ་འཕྲད་དེ། ཁྱོད་ཀྱི་བུ་ཚ་མིང་སྲིང་ཐམས་ཅད་ལ་དགེ་བའི་བཤེས་གཉེན་རེ་ཡོང་པར་འདུག །ཁྱད་པར་དུ་བུ་མོ་འདི་འཕགས་མ་སྒྲོལ་མའི་སྤྲུལ་པ་ཡིན། འདིས་འགྲོ་བ་མང་པོ་ལ་ཕན་ཐོགས་པར་ཡོང་བྱས་པས། དེ་ཡིན་པའི་རྟགས་ཅི་ཡོད་ཟེར། སྔར་གྱི་ལུང་བསྟན་པ་དང་། པྲའི་ལོ་རྒྱུས་བཤད་པས། ཁོ་ན་རེ་གཞན་ཡོན་ཏན་ཅི་ཡོད་ཆ་མེད། སྐྱེས་པ་དང་ལུས་ལ་ཙན་དན་གྱི་དྲི་འདུག །ཤ་མཚན་དྲུག་ཡོད། གཟུགས་མཛེས་པ་ཞིག་འདུག་ཟེར་རོ། །དེ་ནས་བླ་མ་རྨ་ལོ་ཙཱ་བས། དེ་ནས་ཡུལ་ཕྱོགས་དེའི་བསྙེན་བཀུར་ཐམས་ཅད་ཁོ་ལ་གཏད་དེ་གནས་པོ་བྱས་སོ། །གྲོང་ལྟག་གི་དགོན་པ་ཞིག་ཏུ་བཞུགས་སོ། །
དེ་ནས་བུ་མོ་དེའི་ལུས་ཀྱི་ཤ་མཚན་ལ་བརྟགས་པས། ལྟེ་བ་ན་པད་མ་དམར་པོ་འདབ་བརྒྱད་པ་རྩ་བ་གསུམ་ཡོད་པ་ཞིག་མཐོང་། ནུ་མ་གཉིས་ཀྱི་བར་ཐུགས་ཀ་ན་རཏྣའི་ཕྲེང་པ་སེར་ལ་དཀར་བའི་མདངས་ཆགས་སྐོར་གསུམ་མཐོང་། རྣ་བ་གཉིས་ཀྱི་རྒྱབ་ན་དུང་པདྨ་ལྟར་འཁྱིལ་བ་མཐོང་ངོ་། །ལྕེ་འོག་རྩ་གཉིས་ཀྱི་བར་ན་རལ་གྲི་ཨུད་པ་ལའི་མདོག་ཅན་ཏམ་གྱིས་མཚོན་པ་མཐོང་། སྨིན་མཚམས་ན་ཉི་ཟླའི་རྒྱལ་མཚན་འཁོར་ལོ་ཏོག་དང་བཅས་པ་མཐོང་སྟེ། དེ་ཡང་ལྟེ་བའི་པད་མ་དམར་པོ་འདབ་བརྒྱད་ཡོད་པ་ནི་རིག་མ་བརྒྱད་ཀྱི་ཡོན་ཏན་ཚང་བར་གཟིགས། ཁ་དོག་དམར་བ་གསུང་གིར་གཟིགས། རྩ་བ་གསུམ་ཡོད་པ་ནི་གང་ཟག་གསུམ་སངས་རྒྱ་བར་གཟིགས། རིན་པོ་ཆེའི་ཕྲེང་བ་ནི། བུ་སློབ་མང་པོ་ཡོང་བར་གཟིགས། སེར་ལ་དཀར་བའི་མདངས་ཆགས་པ་ནི་མ་འོངས་པའི་དུས་ན། འཇམ་དཔལ་དང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འོང་བར་གཟིགས། སྐོར་གསུམ་ནི་མི་རབས་གསུམ་ན། གང་ཟག་གཅིག་ལ་འདིའི་བྱིན་རླབས་འོང་གཟིགས། གཡུ་རུང་གཡས་སུ་འཁྱིལ་བ་ནི། མ་རྒྱུད་ཀྱི་ཡུམ་དུ་གཟིགས། གཡོན་དུ་འཁྱིལ་པ་ནི་ཕ་རྒྱུད་ཀྱི་ཡུམ་དུ་གཟིགས། ལྗགས་ཀྱི་རལ་གྲི་ནི། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་ཐོགས་པ་མེད་པར་གཟིགས། ཏམ་ནི་སྒྲོལ་མ་སྤྲུལ་བར་གཟིགས། རྒྱལ་མཚན་ནི་སྙིགས་མའི་སེམས་ཅན་འདྲེན་པར་གཟིགས། ཉི་ཟླ་གཉིས་ནི་འཛམ་བུའི་གླིང་དུ་ཉི་ཟླ་ལྟར་གྲགས་པར་གཟིགས། དེར་ཐེ་ཚོམ་དང་ཡིད་གཉིས་མེད་པར་བཏན་ངེ་ཟེར་བ་ཐོབ་ནས། ཁོའི་བླ་མ་ལོ་ཙཱ་དེ་བྱས་ཏེ་སྒྲོལ་མའི་བསྟོད་པ་ལ་ཐུགས་དམ་བྱེད་ཅིང་བཞུགས་སོ། །བུ་མོ་ལ་ཤིན་ཏུ་རྩིས་ཆེ་སྟེ་པང་དུ་ལེན། ཞ་ཆུང་མ་ཁྱོད་གང་སྤྲུལ་པ་སུའི་བླ་མ་ཡིན་གསུངས། ཞེས་མིང་དུ་ཡང་ལྷ་མོ་ཡིད་འོང་མ་བྱ་བར་བཏགས་སོ། །ཞ་མ་ཡིད་འོང་མ་བྱ་བར་ཡང་གྲགས་སོ། །
བླ་མའི་ཞལ་ནས་འདི་ལ་བདེན་མནོ་བ་སྐྱེ་མ་མྱོང་བ་ལ། ཞ་ཆུང་མ་འདི་མཐོང་ཙ་ན། སྣང་བ་འགྱུར་ནུས་ཀྱིན་འདུག་གསུངས་སོ། །བྱིས་པ་རེ་ལུག་འཚོ་སར་ཡང་བྱེ་མའི་མཎྜལ་མེ་ཏོག་གི་ཚོམ་བུ་བཀོད་ནས། ས་མ་ཏི་རང་ལུགས་སུ་ཉིན་འཕྲིལ་འཕྲིལ་འགྲོ་བ་འོང་། དེ་ནས་ལོ་བརྒྱད་ལོན་པ་དང་། ཞང་སྟག་གེ་བྱ་བ་དང་རམ་ཁྲོ་གཡུ་བྱ་བ་དང་། འབྲོ་ལྷ་སྟོན་དགེ་བཤེས་བ་གསུམ་གྱིས། ལྟད་མོ་ཆེན་པོ་བྱས་པ་ལ། ལྷ་རྗེ་མ་གཟུགས་མཛེས་པ་བཅའ་བདར་བཟང་པོས་བརྒྱན། རྟ་ངང་པ་མཛེས་བྱ་བ་ཞིག་ཆིབས། འཁོར་དུ་བུ་མོ་བཅུ་དྲུག་ལ་བཅའ་བདར་བྱས་ནས་ཁྲོམ་སྐོར་བྱས་པ་ལ། ཁྲོམ་ཐམས་ཅད་ཁོང་ལ་འདུས། ཁྲོམ་ཐོག་ལན་གསུམ་བཅད་དོ། །ཁོང་ལ་ཐམས་ཅད་ཡིད་ཆགས་ནས་ཡིད་སྨོན་མང་པོས་བསྟོད་དོ། །ཁོང་གི་ཐུགས་ལ་ང་སྒྱུ་མ་ལྟ་བུའི་བུད་མེད་ལ་མི་ཀུན་ཞེན་ཆགས་པ་བྱེད་པ་སྙིང་རེ་རྗེ་སྙམ་པ་བྱུང་ངོ་། །གསུང་སྙན་པ་གླུ་ལ་མཁས་པ། མི་ཤི་བ་ཀུན་ཞ་ཆུང་མའི་གླུ་ཐོས་ན་བརྗེད་འགྲོ་ཟེར་རོ། །དེ་ནས་ལྷ་རྗེ་མའི་གྲོང་ཉལ་ལ་བྱོན་པས། ཨེ་ལྕེ་པ་ལེ་བྱ་བ་ན་རེ། མདང་ཞ་ཆུང་མའི་རྟིང་ལ་ཕྱིན་པས་དུར་ཁྲོད་ཆེ་གེ་སྐོར་ཐང་ཆད་ཟེར་རོ། །དེ་སྐད་བྱ་བ་ཅི་ལ་ཟེར་གསུངས་པས་མོ་བརྗེད་ནས་སྨྲ་རྒྱུ་མ་བྱུང་ངོ་། །བླ་མ་རྨ་ལོ་ཙཱ་བས་གཙུག་ན་མེ་འབར་གྱི་ཆོས་སྐོར་གནང་། མཆོད་རྟེན་བདེ་ལེགས་བྱ་བ་གཅིག་ཀྱང་བཞེངས་སོ། །
དེ་ནས་ཡབ་ཡུམ་ལྕམ་དྲལ་ཐམས་ཅད་ལ་དཔལ་བདེ་མཆོག་གི་དབང་བསྐུར་རྒྱས་པ་ཞིག་མཛད་ནས། དབང་ཡོན་དུ་ཁྲབ་བཟང་པོ་གཅིག །གསེར་སྲང་གཅིག་རྟ་བཟང་གཅིག་ཕུལ་ལོ། །བླ་མས་ཁྲབ་དེ་ཡབ་ལ་བྱིན། རྟ་དེ་མིང་པོ་གཉིས་ལ་གནང་ནས། ཞ་ཆུང་མ་ལོ་བཞིའི་ཉེ་གནས་སུ་ཞུའོ་གསུངས་པས། ཡབ་དང་མིང་པོ་ཆུང་བ་གསུམ་པོ་བླ་མ་ལ་འབུལ་ལ་དགའ། ཨ་མ་དང་མིང་པོ་ཆེ་བ་གཉིས་པོ་རྟ་བཟང་བཞི་རིན་དུ་མ་བླངས་པས་མི་ཡོང་ངོ་ཟེར་ནས་མི་དགའོ། །ཁོང་རང་ཁྱིམ་ལ་མི་འཐད་དང་ཆུང་གཉེན་བྱས་ནས། རྟ་བཞི་ཅལ་ནས་བཤོལ་དུ་མ་འདོད་དོ། །
འབྲོ་འཁར་ལུང་བྱ་བ་ན། འབྲོ་དཔོན་རམ་ཚ་ཡུལ་དེ་ཨ་བ་རྒྱལ་བྱ་བ་ལ། ཡུལ་དེའི་སྐྱེ་ས་ཅན། མངའ་རིས་རྒྱལ་པོའི་གཉེན་ཟླ་བཙན་ཕྱུག་ཕུན་སུམ་ཚོགས་པ། འཇིག་རྟེན་པའི་སྐྱོན་སྣ་གཅིག་ཀྱང་མེད་པ། གཟུགས་བྱད་མཚར་བ་ཞིག་ལ་ལོ་བཅུ་དྲུག་ལོན་པ་ཞིག་ལ། ལྷ་རྗེ་མ་ལོ་བཅུ་བཞི་ལོན་པ་ཞིག་གིས་བག་མ་ལ་བྱོན། ང་ཁྱིམ་ཐབ་མི་བྱེད་དེ་མ་དང་མིང་པོ་གཉིས་ཀྱི་ངག་མི་གཅོགས་པས་ཡུག་ཅིག་འགྲོ་ཡིས་གསུངས་ནས་བྱོན། ཁྱོ་ས་ནས་དང་ཆོས་ལ་ཐད་གར་སྙོགས། ལོ་བཅུ་དྲུག་མ་ལ་གཞན་ཉི་ཤུ་མ་ཙམ་དུ་སྐྱེས། ཁྱོ་སར་ཡང་ལས་དང་བྱ་བ་ཙམ་ཡང་བྱས། ཕུ་ནས་ཤེ་མ་ལ་འོ་མ་ལེན་པའི་དུས་སུ་ས་མ་ཏི་བཟང་པོ་འཁྲུངས་ཀྱིན་དོང་ཙམ་འགྱེལ་འོ་མ་ཀྱིས་ལྷོག་པ་ཡང་བྱུང་ངོ་། །བླ་མ་རྨ་ལ་སློབ་གཉེར་མ་ཆག་པར་མཛད། དེ་ནས་ཁྱོ་ལ་ངས་ཁྱོད་ཀྱི་གོ་མི་ཆོད་ཀྱིས། ང་ཐོངས་ཆོས་བྱེད་པ་ཡིན་གྱིས་བྱས་པས། ཆོས་མ་བྱེད་ཁྱོད་འདི་སྐད་ཟེར་བ་ཡང་ཆོས་ཀྱིས་ལན་ཟེར་རོ། །
དེ་ནས་ཁོའི་ཟས་ནོར་མང་པོ་ཆུད་གཟན། སྨྱོ་རྫུན་བྱས་ནས། ལོ་བཅུ་དྲུག་ལོན་པ་དང་ཁྱོ་བོར་ནས་ཆོས་ལ་བྱོན་ནོ། །ཡུམ་དང་ཁྱོས་དགེ་བཤེས་ཐམས་ཅད་ཀྱི་རྩད་བཀག་ནས། རྗེ་ཁོལ་བུ་བས། དེ་བར་དུ་རྫོང་གོང་འོག་དང་སོལ་དུ་སྦས། ལྷ་ལུང་གླང་མ་དམིག་ཏུ་སྦས། གཡོག་མོ་རེ་དང་ཀི་རྒྱགས་ཀྱི་རོགས་མཛད་དོ། །རྒྱ་གར་དུ་འགྲོ་དོགས་པ་ཙ་ན། ཁྱོ་དང་ཡབ་ཡུམ་གྱིས་བླ་མ་རྨ་ལ་ཕུལ་ནས། བཙུན་མོ་མཛད་དོ། །རྒྱ་བོད་གཉིས་ཀའི་འབྲི་ཀློག་བསླབས་སོ། །བདེ་མཆོག་གི་རྒྱུད་གདམས་ངག་དང་བཅས་པ། སྒྲུབ་ཐབས་མང་པོ་ཞིག་དང་སྒྲུབ་སྐོར་དང་གདམས་ངག་དང་། བཀའ་པོད་བཅྭོ་བརྒྱད་ཙམ་གྱི་ཞལ་ཕྱེད། བླ་མ་ཡི་དམ་ལ་དབང་ལེན་པའི་ཡུམ་མཛད་པས་བདེ་ཆེན་གྱི་དཔའ་བོ་དྲུག་ཅུ་དང་། ཞིང་སྐྱེས་ཀྱི་མཁའ་འགྲོ་མ་བཅུ་དྲུག་གི་ཞལ་མཐོང་། རིག་མ་བརྒྱད་ཀྱི་ཉམས་ཤར། བླ་མ་དང་ཁོ་རང་གཉིས་ཧེ་རུ་ཀ་ཡབ་ཡུམ་དུ་མཐོང་།
དུས་དེ་ནས་ནམ་ཡང་ཐ་མལ་དུ་མ་མཐོང་གསུངས་སོ། །ཟླ་བ་བཅུ་དྲུག་ཏུ་ཐིག་ལེའི་ཉམས་སུ་འབར་རོ། །དེ་ནས་བླ་མ་ལ་རྟེན་བསྒྱུར་བར་ཞུ་ཕུལ་བས། ང་ཡིས་བརྟག་པ་བྱ་གསུངས་ནས་ཐུགས་དམ་མཛད་པས། སྤྱན་སྔར་བུ་མོ་རྒྱན་བཟང་མ་མང་པོ་བྱུང་བས་པུ་ཙ་ཕུལ་བས་རྒྱན་ངན་ཕྱི་རིམ་དུ་ལྷས་པར་གཟིགས་ནས། ཁོ་རང་གི་གསེར་དངུལ་དང་། གཟི་གཡུ་མེ་ཏོག་བྱི་རུ་ཤེལ་རྒྱན་ཤིན་ཏུ་བཟང་པའི་སྟེང་དུ་བླ་མས་ཀྱང་རྒྱན་མང་པོ་གནང་། འདི་ལ་དགོས་པ་བསམ་གྱིས་མི་ཁྱབ་པ་ཞིག་འདུག་གོ་གསུངས། ལོ་བཅུ་དྲུག་ནས་ཉི་ཤུ་གཉིས་ཀྱི་བར་དུ་ཇོ་མོ་མཛད་དེ། ལུས་དང་ལོངས་སྤྱོད་ཐམས་ཅད་ཕུལ་ལོ། །
དེ་ནས་བླ་མའི་ཞལ་ནས། ཁྱོད་ལོ་འགའ་སྒྲུབ་པ་གྱིས། འདིས་སེམས་ཅན་མང་པོ་ལ་ཕན་ཞིག་འདུག་གསུངས་ནས། སྐུ་གསུང་ཐུགས་ཀྱི་རྟེན་མཆོད་ཆ་དང་བཅས་པ་གནང་། གཡོག་མོ་ཀོང་མོ་རྒྱན་ནེ་བྱ་བ་གནང་ནས། ཕ་སྤུན་མོ་གཅིག་བླ་མ་ལ་ཕུལ་ནས། སྐུ་མཚམས་ལོ་བཞི་མཛད་པས། རྨི་ལམ་དུ་བུདྡྷ་དང་བོ་དྷི་ས་ཏྭ་མང་པོའི་ཞལ་མཐོང་། རང་གི་སྐྱེ་བ་ཉི་ཤུ་རྩ་གཉིས་གཟིགས། སྐུ་ལུས་ལ་འོད་ཁ་དོག་ལྔ་འཁྱིལ། འོག་སྒོ་གསང་བའི་ལམ་ནས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པ་གཟིགས་སོ། །བླ་མ་དང་མཇལ་བས་ད་མཚམས་ཐོངས་ལ་རི་ཁྲོད་དུ་ཕྱིན་ན་བོགས་ཆེ་བར་འོང་གསུངས་སོ། །མཚམས་བཏང་ནས་སྒྱེ་ཆུང་དང་རྫ་ཟླུམ་པོར་བྱོན་ནས་ཕུག་པོ་ཆེར་ཟླ་བ་བཅུ་བཞུགས་དེའི་དུས་སུ་ཚོགས་འཁོར་ཆེན་པོ་གཅིག་བྱས། རྡོ་རྗེ་མགུར་བཞེས་པས། ལས་ཀྱི་མཁའ་འགྲོ་མ་འདུས་ལྕེ་སྤྱང་སྒྲ་དིར་བ་བྱུང་ངོ་། །ཡང་དཔོན་གཡོག་གཉིས་ཀྱིས་ཟླ་བ་གཅིག་ལྡང་པའི་ཕྱི་ནུབ་གཅིག་ལ་གསོལ། དེ་ནས་ཟླ་བ་གཅིག་ལྷག་ས་མ་ཏི་ལ་སོང་ནས་གསོལ་མ་དགོས་སོ། །དེ་ནས་སྐོ་སྐུངས་དང་སྒྱེ་ཆུང་བཙན་པ་ལང་དུ་བ་རེ་བཞུགས། དེ་བར་བདུད་ཀྱི་བར་ཆད་མང་པོ་བྱུང་སྟེ་ཐུལ་ལོ། །དེ་ནས་རྫོང་གསལ་དུ་ཟླ་བ་གཅིག་བཞུགས་པས། དེའི་དུས་སུ་ཐུན་མོང་གི་དངོས་གྲུབ་ལྔ་ཐོབ། ཉི་ཟླ་རྟོད་ལ་ནོན་པ་དང་གཞན་གྱི་ལུས་སུ་སྤྲུལ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང་། རླུང་གང་འདོད་དུ་འགྲོངས་པ་དང་། རྐང་མགྱོགས་ཀྱི་དངོས་གྲུབ་ལྔ་བྱུང་གསུངས། མཁན་པོ་གཉའ་མ་བ་ལ། སྤྱོད་ཕྱོགས་ཆོས་ཁུངས་བརྒྱད་རྩ་སྒྲུབ་ཁོངས་ནས་གསན། དེ་ནས་བྱང་ཕུག་ཏུ་བཞུགས་པ་ལ། སྔར་གྱི་ཁྱོ་ཕོས་མི་ཚངས་པར་སྤྱད་པའི་སྒོ་ནས། བར་ཆད་མང་པོ་བྱུང་དེ་མ་ཚུགས། བླ་མ་རྨ་ལོ་ཙཱ་བ་ལ། མཐའ་བཞི་ལོ་ཙཱ་བ་བྱ་བས་དབུས་སུ་སྤྱན་འདྲེན་པ་བྱུང་ནས། དབུས་ན་བཙུན་པས་ཕན་ཐོགས་ཆེ་གསུངས་ནས། དགུང་ལོ་ལྔ་བཅུ་རྩ་དྲུག་ལ། ཁྱུང་པོ་བྱང་ཆུབ་སེམས་དཔའི་དྲུང་དུ་དགེ་སློང་ཆིག་རྫོགས་མཛད་ནས། རྗེ་ཁུམ་བུ་པ་དགུང་ལོ་ཉི་ཤུ་རྩ་གཅིག་པ་གཅིག་གིས་ཉེ་གནས་མཛད་ནས། དཔོན་གཡོག་སུམ་ཅུ་ཙམ་གྱིས་བྱོན་ཙ་ན། ཤབ་ཀྱི་དུང་ཆུང་ཁར་རྗེ་ཁུམ་བུ་པའི་འཕང་དུ་སྐུ་གཤེགས་སོ། །
དེ་ནས་ལྷ་རྗེ་མས་བླ་མ་སྐུ་གཤེགས་པར་མཁྱེན་ནས། དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པ་གཅིག་གིས། མྱ་ངན་གྱི་ཆས་སུ་ཞུགས་ནས་བྱོན། ཉི་ལམ་བཅུ་གཉིས་ཉི་མ་ཕྱེད་ཀྱིས་ཆོད་ནས། གདུང་ལ་སྐོར་བ་དང་མཆོད་པ་མང་པོ་མཛད་པས། འོད་ཀྱི་སྤྲོ་བསྡུ་མང་པོ་བྱུང་པ་ཀུན་གྱིས་མཐོང་། སྐྱིད་ཀྱི་སྡུག་གླུ་ལ་སོགས་པ་བླངས་པས་གྲུབ་ཐོབ་མར་གྲགས་སོ། །རྗེ་ཁུམ་བུ་པ་ལ་དངུལ་གྱི་གའུ་དྲི་བཟང་གིས་བྱུགས་པ་དར་སྣ་ལྔ་ལ་ཕུར་བ་ཞིག་བཞག་ནས། གདུང་སྤྱན་དྲོངས་ལ་ཤོག་བྱ་བའི་ཞལ་སྐོས་བཞག་ནས། ཉིན་གཅིག་ལ་ཆག་ལོགས་བྱས་སོ། །ཕྱིས་གདུང་ལ་བུད་འཁར་འདར་དུ་ལྷ་ཁང་ཆེན་པོ་ཞིག་བཞེངས། རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཐུགས་ཀར་དངུལ་གྱི་གའུ་བཞུགས་སོ། །དེ་ནས་ལྷ་རྗེ་མ་ལོ་སུམ་ཅུ་སོ་གཅིག་ནས་སོ་གསུམ་གྱི་བར་ལ་བར་ཆད་བདུན་བྱུང་སྟེ། ཉིན་རེ་ལ་བྱང་ཆུབ་ཀྱི་སེམས་སྲན་མ་ཙམ་རེ་ཉམས་པ་དང་། ལུས་ལ་ཤུ་བ་དང་འབྲུམ་བུ་འོང་བ་དང་། སྔར་གྱི་བདེ་ཉམས་ཤོར་བ་དང་། གཏོར་མ་ཅན་མི་ཟ་བ་དང་། སྦྱིན་སྲེག་གི་མེ་མི་འབར་བ་དང་། ཐ་མལ་གྱི་ཆགས་པ་ཆེ་བ་དང་། མཁའ་འགྲོ་མ་རྣམས་ཀྱི་གསེབ་ཏུ་འགྲོ་མི་ནུས་པ་དང་བདུན་བྱུང་ནས། དམ་པ་རྒྱ་གར་ལ་འདྲིར་བྱོན་པས། དམ་པ་དིང་རི་མཁན་པ་ཁྲོད་ན་བལ་ཐུལ་བཏིང་ནས་གཅེར་བུར་གཟིམས་འདུག་ཕྱག་བྱས་ནས་ཞུ་རྒྱུ་གཅིག་བདོག་བྱས་པས།
བཞེངས་ནས་བལ་ཐུལ་གྱིས་སྐུ་སྨད་དཀྲིས་ནས། ཨེ་རྣལ་འབྱོར་མ་ཁྱོད་ལ་ལོ་བཅུ་བདུན་གྱི་གོང་ནས་བར་ཆད་བདུན་བྱུང་ནས་འདུག་པ་གསུངས། ད་ཀ་ཞུར་མཆིས་པ་ལགས་ཏེ་ཅིས་ཉེས་སམ་ཞུས་པས། ཁྱོད་རང་གི་རྩ་བའི་བླ་མ་ལ་དམ་ཚིག་ཉམས་ནས་འདུག་པ་གསུངས། རྩ་བའི་བླ་མ་རྨ་ལོ་ཙཱ་བ་ལགས་ཏེ། དམ་ཚིག་ཉམས་སུ་ནི་མ་ཚོར་བ་ལགས་ན་བྱས་པས། ཁྱོད་ཀྱིས་བླ་མའི་བཀའ་མ་བྱུང་པར་ལས་རྒྱ་བཙལ་ནས་འདུག་པ། དམ་ཚིག་ཉམས་པའི་ཟས་ཟོས་ནས་འདུག་པ། བླ་མའི་ལས་རྒྱ་ལ་འཕྲང་དོག་བྱས་ནས་འདུག་པ། ཁས་བླངས་ཀྱི་དམ་ཚིག་ཉམས་ནས་འདུག་པ། བླ་མའི་གདན་བཏིང་ནས་འདུག་པ། བླ་མ་ལ་དབང་ཡོན་མ་ཕུལ་བར་འདུག་པ། དམ་རྫས་མ་བསྟེན་འདུག་པ་གསུངས་སོ། །དེ་རྣམས་ལ་ཅི་ཕན་ཞུས་པས། ངས་རྟེན་འབྲེལ་བྱས་གསུངས། བྱ་ནག་མོའི་སྒོང་བ་གཅིག་དང་ལུག་ཤ་ལག་པ་གཡས་པ་གཅིག་དང་། ཆང་ཐོད་པ་གང་དང་བུ་མོ་གཞོན་ནུ་མ་བདུན་དང་། དེ་བཞིན་གཤེགས་པའི་སྐུ་གདུང་གཅིག་དང་། རྒྱལ་པོ་བཞུགས་པའི་གདན་གཅིག་དང་། བླ་མའི་ཞབས་རྗེས་གཅིག་ཁྱེར་ལ་ཤོག་གསུངས་ནས། ལྷ་རྗེ་མས་བཙལ་བས་ཐམས་ཅད་རྙེད་ནས། དམ་པའི་དྲུང་དུ་ཕྱིན་པས། རྒྱལ་པོའི་བཞུགས་པའི་གདན་དེ་ང་ལ་ཕུལ་ཅིག །བླ་མ་དང་མཉམ་པ་བདུན་གྱི་ལས་རྒྱ་གྱིས་ཤིག་རྟེན་ལ་སྐུ་ཁྲུས་གསོལ་ལ་དེ་ཁྱོད་རང་ཁྲུས་གྱིས་ཤིག །བུ་མོ་བདུན་ཙམ་འདི་ཞབས་རྗེས་ལ་ཕུལ་ཅིག །སྒོང་བ་དེ་མཚན་མར་ཆུག་ཅིག །ལུག་ཤ་དང་ཆང་ལ་མཆོད་པ་གྱིས་ལ། དུས་ཀྱི་མཆོད་པ་མ་གཅོག་ཅིག །དམ་རྫས་ཀྱི་རྒྱུ་མང་ས་གྱིས་ཤིག་གསུངས་སོ། །ཤ་ཆང་ལ་ཚོགས་བྱས་པས་དཔོན་གཡོག་བཅུ་ལ་ཤ་ཡོག་ཚད་བྱུང་། ཆང་ཐོད་པ་གང་པོ་དེ་ལ་ཧུབ་སྐོར་བྱས་པས་འཐུང་ཚད་བྱུང་ངོ་། །
དམ་པའི་ཞལ་ནས་ཁྱོད་ཀྱིས་ལྷ་སའི་གཙུག་ལག་ཁང་བརྩིགས་པ་དྲན་ནམ། རྒྱལ་པོ་ཨིནྡྲ་བོ་དྷིའི་བཙུན་མོ་ཁྱོད་ཀྱིས་བྱས། ངས་བླ་མཆོད་བྱས་པ་དྲན་ནམ། ཇོ་མོ་སྒྲོལ་མ་དང་ཁྱོད་ཅིར་འོང་གསུངས་སོ། །མ་འཚལ་མི་དྲན་ལགས་བྱས་པས། ཨེ་རྣལ་འབྱོར་མ་འདི་ང་ལ་རྫུ་བར་འདུག །དེ་ཙུག་བྱ་དགོས་པ་དེ་ང་མིན་གསུངས་ནས་ཕྱག་ལྕག་བརྒྱབ་པས་བརྒྱལ་ལོ། །བརྒྱལ་སངས་ཙ་ཐམས་ཅད་ཝལ་ཤེས་པ་བྱུང་ངོ་། །དམ་པའི་ཞལ་ནས་བདེན་གསུངས་སོ། །དེ་ལྟ་ལགས་ཏེ་མི་དྲན་པ་ཅི་ལགས་ཞུས་པས། ཁྱོད་རང་གིས་བླ་མ་ལ་དབང་ཞུས་ནས་དབང་ཡོན་མ་ཕུལ་བས་ཉམས་གསུངས། བདག་གི་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་བ་ལགས་ན་ཁྱོད་ཀྱི་རིན་དུ་ཕ་དང་མིང་པོ་གཉིས་ཀྱི་ཁྲབ་དར་རྒྱུན་ཅན་དང་། རྟ་ནག་པོ་བཀྱུད་ནས་འདུག་པ་གསུངས་དེ་ཀ་ཕགས་ལགས་བྱས་པས། ཁྱོད་ལ་ཀ་ཕགས་ཡིན་དང་ཁོ་པས་རིན་དུ་བླངས་ནས་འདུག་གིས་གསུངས་སོ། །དེ་ལ་ཇི་ལྟར་བགྱི་ཞུས་པས། རིགས་རྒྱུད་ལ་ཚོགས་སོགས་གསུངས། གདུང་ལ་འབུལ་བ་གྱིས་སྐུ་འབག་ལ་ན་བཟའ་གསོལ། མཆོད་པ་ཕུལ། ད་ཅི་དགོངས་ང་ཐོན་དང་གསུངས་སོ། །བཏོན་པ་གནག་ལྷང་སོང་ནས་འདུག །གཤོགས་དང་གསུངས་གཤགས་པས་ཁྲག་ནག་ཐིག་པ་བྱུང་། ཁྱོད་ཀྱི་ཐིག་ལེ་དེ་ལོ་གསུམ་གྱི་གོང་ཟླ་བ་གསུམ་གྱི་མཚམས་བཞིའི་ནུབ་མོ་ས་ཆལ་ཆིལ་ལ་སྔགས་པ་ནག་པོ་གནོད་སྦྱིན་བྷེ་ཏ་སོ་ཏ་ལ་ཆོས་སྐྱོང་བྱེད་པ་ཞིག་གིས་ཁྱེར་འདུག །ད་ངའི་རྟེན་འབྲེལ་འདིས་ཕན་པར་འདུག་གསུངས་སོ། །འགྲོ་བར་ཆས་པ་དང་ད་རུང་ང་ལ་འཕྲད་དུ་ཤོག་གསུངས་སོ། །
དམ་པའི་ཞལ་ནས་བླ་མའི་རིགས་རྒྱུད་ལ་ཚོགས་སོགས་གསུང་པ་དེ། སྲས་མོ་ཇོ་མོ་ཀར་གཡུ་ལ་གཡག་གཅིག་གིས་སྣ་དྲངས་པའི་འབུལ་བ་སྣ་བདུན་བྱས། ཤབ་ཀྱི་འབུམ་པ་ལ་ཞལ་བ་བྱས། རྡོ་ཞོ་བསྐུས། དཀོན་གཉེར་བཅུག །དེ་ནས་གདུང་ལ་མར་མེ་བཙུགས། སྐུ་ཁམས་ཤིན་ཏུ་བདེ་ནས། དམ་པ་དྲིན་ཆེ་བར་དགོངས་ནས། གསེར་ཞོ་གཉིས། ཁྲི་སྙན་ས་ལེའི་གདན་གཅིག །ཚོགས་བཟང་པོ་ཞིག་གི་ཡོ་བྱད་དེ་རྣམས་ཀོང་མོ་རྒྱ་ནེ་དང་གཉིས་ཀྱིས་སྐྱེལ་དུ་བྱོན་པས་དམ་པ་ཟུར་ཁང་ན་འདུག །དམ་པའི་ཞལ་ནས་ངའི་གསེར་ཚུར་ཐོང་ཚོགས་འདིར་གྱིས། དེ་ནས་འུ་གཉིས་ལ་རིངས་པ་གཅིག་ཡོད་གསུངས་ནས། དེར་ཚོགས་མྱུར་དུ་མཛད་ནས་གསོལ་ནས། ཉེ་གནས་མ་བོན་པོ་རྒན་རྒོན་གཉིས་ལ་བཅོལ་ལོ། །རྣལ་འབྱོར་མ་འུ་ཅག་གཉིས་འདོང་གསུང་སྟེ་བྱོན་པས་བལ་ཡུལ་ན། དུར་ཁྲོད་ར་མ་འདོ་ལེ་ན་རྣལ་འབྱོར་པ་བ་སུ་ད་རས་ཚོགས་མཆོད་བཤམས་ནས། རྣལ་འབྱོར་པ་ཕོ་མོ་བདུན་བརྒྱའི་སྤྱན་སྔར་སླེབས། གསེར་ཞོ་གཅིག་ལྷ་རྗེ་མ་ལ་གནང་། ཞོ་གཅིག་དམ་པས་བསྣམས་ཏེ་རྣལ་འབྱོར་པ་དེ་རྣམས་ལ་ཕུལ་བས། ངེད་གཉིས་ལ་ཐམས་ཅད་ཀྱིས་ཕྱག་འཚལ་ཐལ་མོ་སྦྱར། དེ་ནས་དཔལ་རྡོ་རྗེ་གདན་དུ་བྱོན་པས། སློབ་དཔོན་ཁ་ཆེ་དགོན་པའི་ཞལ་མཐོང་། ཁོང་གིས་དེང་གསང་བ་འདུས་པའི་དབང་བསྐུར་ཞིག་མཛད། བྲམ་ཟེ་པདྨ་ལ་སོགས་པ་བདུན་གྱི་ལས་རྒྱ་བདག་གིས་བྱས་གསུངས། དེ་ནས་རི་བོ་བྷ་གྷ་ལར་བྱོན། འདམ་དུ་དུག་སྦྲུལ་གཅིག་བྱུང་པས་བཏུལ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་རི་ལུའི་དངོས་གྲུབ་ཐོབ། ཏིང་ངེ་འཛིན་ལམ་མཆོག་མ་བྱ་བ་སྐྱེས།
དེ་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན། དཔལ་རི་ཁྲོད་དབང་ཕྱུག་གི་ཞབས་ལ་གཏུག །ཕྱག་རྒྱ་ཆེན་པོ་གོ་བདུན་བྱ་གནང་། དེ་ནས་དཔལ་ཨུ་རྒྱན་ཡུལ་དུ་ཕྱིན་པས། མུ་སྟེགས་ཀྱི་མཁའ་འགྲོ་མས་ལམ་བཀག་པས་དམ་པས་རྟེན་འབྲེལ་མཛད་པས་བཏང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་མཐོང་། རིག་འཛིན་ལྔ་བརྒྱའི་ཞལ་མཐོང་། རྡོ་རྗེ་རྣལ་འབྱོར་མའི་ཕུག་ཏུ་གཟིམས་པས། མཁའ་སྤྱོད་མའི་ཞལ་མཐོང་། མཁའ་སྤྱོད་མའི་དངོས་གྲུབ་ཐོབ། དེ་ནས་ཚུར་ལོག་ནས་དིང་རི་གླང་འཁོར་དུ་སླེབ་ཙ་ན་ཞག་བཅུ་དགུ་ལོན་ནས་འདུག །དམ་པས་གཤིན་རྗེ་གཤེད་ཀྱི་དབང་རྒྱས་པ་ཞིག་མཛད་པའི་ལས་རྒྱ་བྱས། དམ་པའི་ཞལ་ནས་མཁར་རྔ་འདི་རྡུངས་ཤིག་གསུངས། བརྡུངས་པས་ཞ་ཆུང་མ་འདི་རྒྱལ་ཁབ་ཡོངས་སུ་གྲགས་པ་ཞིག་ཡོང་བར་འདུག་གསུངས། རྟ་འདི་ལ་ཞོན་ལ་རྒྱུགས་གསུངས་བརྒྱུགས་པས། ཞ་ཆུང་མ་འདི་ཆོས་ཟབ་མོ་ལམ་སྒྲུབ་ཐག་ཉེ་བ་ཞིག་རྟོགས་ནས་ཡོང་བར་འདུག་གསུངས། མདའ་གཞུ་གཏད་ནས་མར་འཕོངས་གསུངས། འཕངས་པས་མདའ་རྒྱང་ལྔ་ཙམ་སོང་། ཞ་ཆུང་མ་འདི་སྒྲུབ་པ་མཐའ་རུ་ཐོན་པ་ཞིག་ཡོང་བར་འདུག་གསུངས། ཡང་ནས་སྤར་གང་གཏོར་ནས་འདི་ལ་དུ་ཟིན་གྱིས་ཤིག་གསུངས། བཅུ་དྲུག་ཟིན་བྱས་པས་ཁྱེད་ལ་སློབ་མ་འགོ་ཐོན་བཅུ་དྲུག་འཁོར་བར་གསུངས། རྟེན་འབྲེལ་ཐམས་ཅད་བཟང་གསུངས་སོ། །དེ་ནས་དམ་པའི་ཞལ་ནས་ད་རུང་ང་ལ་འཕྲད་དུ་ཤོག་གསུངས་སོ། །བྱང་ཆུབ་ཆེན་པོ་ལ་སྐོར་བ་བྱས་པས་སྟོན་པ་གཙོའི་ཞལ་མཐོང་།
དེ་ནས་སུམ་ཅུ་རྩ་གསུམ་མ་ལ་བླ་མ་ཡེ་རང་བ་མཇལ། འཁོར་ལོ་སྡོམ་པའི་དབང་དང་། ཡེ་ཤེས་འཕོ་བའི་གདམས་ངག་ཞུས། བཞི་བཅུ་མ་ལ་པུ་རངས་ལོ་ཆུང་ལ་ལྕམ་སྲིང་གཉིས་ཀྱིས་བདེ་མཆོག་གི་སྐོར་རྫོགས་པར་ཞུས་སོ། །བཞི་བཅུ་རྩ་གཅིག་མ་ལ་ཡང་བར་ཆད་ལྔ་བྱུང་སྟེ། ལུས་ལ་ཤིག་མང་པོ་བྱུང་། ཤེས་པ་འཆོལ་ཞིང་སྒོམ་སྙིང་མི་འདོད་པ་དང་། ལུས་ཀྱི་དྲོད་ཤོར་བ་དང་། སྔར་གྱི་ཡོན་ཏན་འགྲིབ་པ་དང་། ཟས་ནོར་གྱི་བསོད་ནམས་ཀྱིས་གཡེང་བ་དང་བརྒྱད་འབྱུང་ངོ་། །ཡང་དམ་པའི་དྲུང་དུ་འདྲིར་བྱོན་པས། དེའི་དུས་སུ་དམ་པའི་སློབ་མ་ཐམས་ཅད་འཚོགས་ནས་འདུག །དམ་པའི་ཞལ་ནས་ཁྱོད་ཅི་ལ་འོང་གསུངས། བདག་ལ་ཞུ་རྒྱུ་ཞིག་བདོག་བྱས་པས། ཁྱོད་ཟས་ནོར་ལ་ཆུ་ལ་བྱེད་པ་བཞིན་བྱས་པས་ཤིག་མང་། གཟུགས་བྱད་མཛེས་པས་གཞན་གྱི་ཡིད་ཆགས་པས་སེམས་འཕྱོ། ཐབས་ལམ་ལ་ངོ་མཚར་མ་སྐྱེས་པས་ལུས་ཀྱི་དྲོད་ཤོར། ཉམས་སྣང་ལ་ཞེན་ཆགས་ཆེ་བས་ཡོན་ཏན་འགྲིབ། མིའི་ངོ་སྲུང་ལ་དགའ་བས་གཡེང་པས་ཁྱེར། ཁྱེད་ལ་དགས་དགས་ཐུག་ཐུག་ཏུ་དྲི་རྒྱུ་རེ་འོང་པར་གདའ་ཡི་གསུངས། ངའི་ཤིག་འདི་ཀུན་ཆུ་ལ་ལུགས་ལ་ཐོང་གསུངས། གསུང་ཚད་མར་བཟུང་ནས་ཆབ་རོམ་གྱི་ཁུང་བུར་སྦས་ནས་བཞག །ཞག་གསུམ་ན་ངའི་ཤིག་ཁྱེར་ལ་ཤོག་གསུངས། བལྟས་པས་སྔར་བཞིན་འདུག །བླངས་ནས་གཏད་པས་ཕུས་བཏབ་པས་མེ་ཏོག་སྔོ་དམར་དུ་སོང་ནས་ནམ་མཁའ་ལ་འཕུར་ནས་སོང་། དེའི་དུས་སུ་ཞི་བྱེད་དུམ་དུམ་ཁྲིགས་བྱ་བ་ཞུས་སོ། །
དེའི་དུས་ན་སེ་སྟོན་ཀུན་རིག་དེ་སྐུ་བསོད་ཆེ་བདོ་བ་ཞིག་ལྷ་ཁང་བརྩིགས་ཟིན་ནས། མདོ་རྒྱས་པ་བཞེངས་པའི། འགུལ་གོག་གི་གླེག་ཤིང་ལྡོན་དུ་བྲིན་གྱི་འཁར་བསྟིར་དཔོན་གཡོག་སུམ་ཅུ་ཙམ་བྱོན། དེར་དབང་བསྐུར་གཅིག་དང་མཛད་ཆོས་གཅིག་དང་གསུངས། བན་དྷེ་འགའ་ཞིག་ལ་ལྷ་མོ་ལས་ཆུང་མ་གནང་། ཕར་བཞུད་པའི་ལམ་ཁ་རུ། ཤར་ཐོགས་ཕུའི་མཁར་ཆུང་བྱ་བར་ཞག་འགའ་ཐོགས་སོ། །
ཀྱེ་ཆག་པ་གཅིག་པུ་ཕག་ཇོ་ཧཱུྃ་བྱ་བ་ལྷ་རྗེ་མ་ལ་མཇལ་དུ་བྱོན་པ་ན་རེ། ད་ལྷ་རྗེ་འབྲོག་མིའི་སློབ་མ་ལ་ཆེ་བ་སེ་བྱང་པ་དེ་ཡིན་པར་འདུག །གདམས་ངག་ལམ་འབྲས་བྱ་བ་འདི་ལྟ་བུ་ཡོད་ཟེར། ད་ལྟ་རྒྱ་གར་ནའང་གདམས་ངག་ཁམས་འདུས་སྲོལ་བ་ལ་ཁོང་བས་མཁས་པ་མེད་པར་འདུག་ཟེར་བས། མོས་པ་དང་པ་ཞིག་བྱུང་ངོ་། །ཁོང་ན་རེ་བདག་གི་ལྷ་མོ་ལས་ཆུང་མ་ཞུས་པའི་སློབ་དཔོན་ལགས་རོགས་བགྱིས་མྱུར་དུ་གཤེགས་ཟེར་རོ། །ལྷ་རྗེ་མས་རྟ་ནག་པོ་གཅིག་ཆིབས་ཁོག་གཉིས་ཕྱེ་ཁལ་གཉིས་མར་གོང་གཉིས། བདུན་ཆ་གཅིག་བཀལ་ནས་བྱོན། ཕྱག་ཏུ་ཕུལ་ནས་ཕྱག་རྟེན་ཕུལ་བས་སྤྱན་ཅེ་རེ་གཟིགས་ཏེ་ཞལ་ནས། བརྩོན་འགྲུས་ཅན་ལ་གདམས་ངག་མེད། །གདམས་ངག་ཅན་ལ་བརྩོན་འགྲུས་མེད། །ཕྱོགས་མེད་ཉི་ཤུ་རྩ་གཅིག་གིས། །རྩའི་མདུད་པ་གྲོལ་དུ་འདུག་གསུངས་སོ། །ཁྱོད་ལ་སྒོམ་བཟང་པོ་གཅིག་འདུག་སྟེ་གདམས་ངག་ཡོད་དེ་སྒོམ་མེད་སྣེབས་ལ་བྱ་གསུངས། ཁྱོད་ལ་འདི་འདྲ་བ་བྱུང་ནས་འདུག་གསུངས་སོ། །ཁོང་ལ་མངོན་ཤེས་པར་འདུག་སྙམ་པ་བྱུང་། འདི་ལྟར་བྱུང་ལགས་ཞུས་པས་གང་ལྟར་བྱུང་ཡང་སྒོམ་ཡིན་གསུངས་སོ། །ཡིད་ཆེས་སོ། །ཞག་འགའ་བཤོལ་བཏབ་ནས་བདག་མེད་མའི་སྣོད་རུང་མཛད། སྣོད་ལྡན་དུ་མཁྱེན་ནས་གདམས་ངག་བྱ་དགོས། མཁའ་འགྲོ་མ་ཀུན་རིངས་ཀྱིན་འདུག་གསུངས། རྟ་ཡང་སྐྱེ་ནས་མོ་ཀ་རིས་ཀྱི་སྐེ་རགས་ཀྱིས་བཏགས་ནས་ཕུལ། གདམས་ངག་བསྡུས་པ་ཞིག་གསུངས་སོ། །
སེ་བྱང་པའི་ཞལ་ནས། ཁྱོད་ཀྱིས་བྱང་མཐའ་མེད་དུ་མི་རྟོལ་ངས་ཀྱང་ལྷོ་རྟིང་ཁུང་དུ་འདིར་མི་སླེབས་པས། ཁྱོད་ལ་མིན་པ་འདྲ་མེད་དམ་ཆོས་ཞུ་རུ་ཐོངས་གསུངས། སྟོན་ཆུང་བསོད་དེ་བཏང་བས་སྨན་དང་སྐུས་ཆོས་ལས་གདམས་ངག་ཅིག་དང་མ་གནང་ངོ་། །རྗེ་ཁུམ་བུ་བས་བྱོན་ནས། འཁྲུག་པ་དང་སེར་བ་ལ་སོགས་པས་བླ་མ་ཅི་མཉེས་མཛད་ནས་ཐུགས་ཟིན་ནས་གདམས་ངག་གནང་ནས་ཚུར་བྱོན་ནས་ཚར་གཅིག་གསུངས་པས། ཉམས་ཀྱི་ཐོག་ཏུ་གདམས་ངག་བབས་གསུངས་ནས་སྐུ་ཁམས་བདེའོ། །ཕྱིས་རིན་འོད་རྒྱལ་ཆུང་མཆེད་གཉིས་ཀྱིས་བྱོན་ཏེ། རྗོགས་ཆེན་དང་སྐུས་ཆོས་ལས་གདམས་ངག་མ་གནང་ངོ་། །ཁུམ་བུ་བ་ལ་ཡུམ་གྱི་གླེགས་ཤིང་མ་ལྡང་གིས་སྐྱོལ་གཅིག་གསུངས་སོ། །རྗེ་ཁུམ་བུ་བས་མདོག་མཁར་ཆུང་དུ་ལན་བརྒྱད་བྱོན། རྟག་གཉིས་མན་ཆད་ཀྱི་དགེས་རྡོར་གསན། གདམས་ངག་ལམ་འབྲས་ཚར་བདུན་གསན། ཐ་མ་ལ་ལྷ་མོ་ལས་ཆུང་ཞུས་སོ། །མཚོ་དང་གཉིས་ནས་རྗེ་བྱང་པ་སྤྱན་དྲངས། དེ་ནས་ལྷ་རྗེ་མ་བྱོན་ནས། ལྕམ་དྲལ་གཉིས་ཀྱིས་གདམས་ངག་ཚར་གསུམ་གསན་ལྷ་རྗེ་མས་དབུ་ནས་མཇུག་ཏུ་ཚར་ལྔ་གསན་ནོ། །དབང་རྫོགས་པ་ཞིག་ཞུས་པ་ལ་བུམ་རས། རས་སོགས་བརྒྱ་ཕུལ། འབུལ་བ་སྔ་ཕྱི་ལན་བརྒྱད་ལ་བརྗོད་ཀྱིས་མི་ལང་པའི་ནོར་ཕུལ་ལོ། །རྗེ་བྱང་པ་ཐུགས་མཉེས་ནས་རྡོ་རྗེ་འཆང་དང་ང་ཡན་ཆད་ཆིག་རྒྱུད་ཡིན་ངས་ཁྱོད་ལ་གཏད་པ་ཡིན་ནོ་གསུངས་ནས་བཀས་གནང་བ་མཛད་དོ། །ཐུགས་དམ་གྱི་རྡོ་རྗེ་དྲིལ་བུ་གནང་ངོ་། །རྗེ་ཁུམ་བུ་བ་དེ་ཉིད་གདམས་ངག་ཤིན་ཏུ་མང་ལ་མཁས་པས། བཀའ་རྒྱུད་ཀྱི་བདག་པོ་ལགས་པར་གདའོ། །
དེ་ནས་ལྷ་རྗེ་མ་ཉིད་ཀྱིས་མོན་ཡུལ་དུ་བྱོན་ནས་མོན་གྱི་རྒྱལ་པོ་ཀར་ཀ་ཀོ་རྗེ་བློན་བཅུ་དྲུག་ལ་དུས་འཁོར་གྱི་དབང་མཛད་པས། སྟག་དང་གཟིག་དང་གཡུ་དང་གསེར་དངུལ་དང་། གླང་པོ་ཆེ་དང་། མེན་ཟབ་ཕུལ་ལོ། །མོན་གྱི་རྒྱལ་ཁམས་རྡོ་རྗེ་ཐེག་པ་ལ་བཀོད་དོ། །ཀོང་ཁ་ན་ཙེ་བྱ་བའི་དུར་ཁྲོད་ཅིག་ཏུ་བྱོན་པས། དུར་ཁྲོད་དབྱིབས་ཟླ་གམ་དུ་ཡོད་པ། ཞེང་དུ་དཔག་ཚད་གསུམ་མཆུར་དཔག་ཚད་ལྔ་ཡོད་པ། ཆུ་ཆེན་པོ་ལྔ་གྱེན་དུ་འབབ་པ། ཀླུའི་རྒྱལ་པོ་ཨུཏྤལ་མདངས་ཀྱི་ཕོ་བྲང་ཡོད་པ། བསེའི་ལྷ་མོ་ཕག་སྦྱིན་མའི་མཚོ་ཡོད་པ། རྩི་ཤིང་ནགས་ཚལ་ཤིན་ཏུ་འཐུག་པ། ཉིན་མཚན་མེད་པར་སྨུག་པས་འཁྲིགས་པ། སྟག་གཟིག་དང་དོམ་དྲེད་དང་། དུག་སྦྲུལ་གྱིས་གང་བ། ཐ་མལ་གྱིས་མི་བགྲོད་པ་ཞིག་འདུག །དེའི་མཐའ་མ་ཞིག་ན། ཀོ་ཙ་ར་བྲག་མི་སྐད་དུ་སྒྲ་འབྱིན་པ་ཞིག་འདུག །དེའི་རྩར་ཕོ་བྲང་བཏབ་པས་བྲག་དང་བྲག་སྲིན་བར་ཆད་བྱེད་དུ་བྱུང་། ཐུགས་དམ་ཇོ་མོ་སྒྲོལ་མ་ལ་གསོལ་བ་བཏབ་པས། ཇོ་མོ་སྒྲོལ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཅུ་མ་ཁྲོ་གཉེར་མཆེ་བ་གཙིགས་པ་གཅིག་གིས་བྲག་སྲིན་བཏུལ་ལོ། །དེ་ནས་བྲག་སྲིན་མོ་ལ་སོགས་པའི་སེམས་ཅན་གྱིས་ལྷ་རྗེ་མ་ཇོ་མོ་སྒྲོལ་མ་ནག་མོ་ཞིག་ཏུ་མཐོང་ནས་ཆོས་ཞུས་མོས་པ་བྱས་སོ། །དེའི་དུས་སུ་སྟག་ཅིག་དྲུང་དུ་འོང་ནས་གཡས་སྐོར་ལན་གསུམ་བྱས་སོ། །དེ་ནས་བུ་མོ་སྤུན་ལྔས་དངོས་གྲུབ་སྣ་རེ་ཕུལ་ལོ། །བུ་མོ་དཀར་མོ་ཞིག་ན་རེ། བདག་ནི་དྲི་ཟའི་བུ་མོ་ཐམས་ཅད་སྡུད་བྱ་བ་ལགས་ཏེ། སྒྲོལ་མ་ཁྱོད་ལ་ས་གསུམ་བཅུད་ལེན་གྱི་དངོས་གྲུབ་བདུད་རྩི་བུམ་པ་འདི་འབུལ་ལགས།
བུ་མོ་སེར་མོ་ཞིག་ན་རེ། བདག་ནི་གྲུལ་བུམ་གྱི་བུ་མོ་ལྟ་ན་ཆགས་བྱ་བ་ལགས་ཏེ། སྒྲོལ་མ་ཁྱོད་ལ་རྫུ་འཕྲུལ་གྱི་མེ་ལོང་འདི་འབུལ་ལགས་སོ། །བུ་མོ་དམར་མོ་ཞིག་ན་རེ། བདག་ནི་ཀླུའི་བུ་མོ་འདོད་འབྱུང་མ་བྱ་བ་ལགས་ཏེ། སྒྲོལ་མ་ཁྱོད་ལ་ནད་སེལ་སྨན་གྱི་ཨ་མྲི་ཏ་འདི་འབུལ་ལགས་སོ་ཟེར། བུ་མོ་སྔོན་མོ་ཞིག་ན་རེ། བདག་ནི་གནོད་སྦྱིན་གྱི་བུ་མོ་དྲི་མེད་བྱ་བ་ལགས་ཏེ། སྒྲོལ་མ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་འདི་འབུལ་ལགས་སོ། །བུ་མོ་རྒྱན་བཟང་ཞིག་ན་རེ་བདག་ནི་ལྷའི་བུ་མོ་ལུང་སྟོན་མ་བྱ་བ་ལགས་ཏེ་ཟེར། བདག་གིས་ཁྱོད་ལ་ལུང་སྟོན་ཟེར་རོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་ཞལ་མཐོང་བུམ་པ་བཟང་པོའི་དངོས་གྲུབ་ཐོབ། སློབ་དཔོན་བསོད་སྙོམས་པའི་ཞལ་མཐོང་། སྐུ་གསུང་ཐུགས་ལ་བྱིན་གྱིས་རླབས་པའི་རྟགས་རེ་ཤར་ས་འོག་བཅུད་ལེན་གྱི་དངོས་གྲུབ་རིག་འཛིན་ཟེར་གཉིས་ཐོབ། དེ་ནས་ཇོ་བོ་ཐུགས་རྗེ་ཆེན་པོའི་ལྷ་ལྔའི་ཞལ་མཐོང་། མིག་སྨན་སྨན་གྱི་དངོས་གྲུབ་ཐོབ། དེ་ནས་འདོད་ཁམས་ཀྱི་ལྷ་རིགས་དྲུག་གིས་མེ་ཏོག་གི་ཆར་ཕབ། རྒྱལ་ཆེན་བཞིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཞུས་ཆོས་ཞུས་སོ། །
དེ་ནས་ལྷའི་བུ་མོ་ཁྱེའུ་ཏོག་བླ་མ་ཁྱིམ་བདག་བཟང་པོ་མཆོག་ཏུ་ལུང་བསྟན་པར་ཤེས། ཡོན་བདག་ཀོན་གཡུང་ལྷའི་བུ་མཆོག་རབ་ཏུ་སྐྱེ་བར་ཤེས། དྲང་སྲོང་པའི་ལྷ་བཙུན་པད་མ་ཁྲོམ་གཞན་འཕྲུལ་དབང་བྱེད་ཟེར་ལྷར་སྐྱེ་བ་དང་། ཁམས་ཀྱི་རློང་ཀློང་ཐང་སྒྲོལ་མའི་དཀོན་གཉེར་བསོད་ནམས་གྲགས་གནས་གཙང་མར་ལྷར་སྐྱེས་པ་དང་། བླ་མ་རྨ་ལོ་ཙཱ་བའི་ཉེ་གནས་ཨུགས་ཚོ་རྡོར་འགོན། ཡ་ཚེའི་རྒྱལ་བུར་སྐྱེས་པ་དང་། བདག་གི་མིང་པོ་ཇོ་བོ་རྒྱལ་ལེ་བྱ་བ་དེ། ཤར་ཕྱོགས་དུང་སྒྲ་ཅན་གྱི་ཡུལ་ན་རིན་པོ་ཆེ་གསུམ་ལ་བྱན་བྱེད་པ་དང་། བདག་གི་ཉེ་གནས་མ་བྱ་མོ་པད་དེ། ཤར་ཕྱོགས་དཀོན་གྲགས་ལ་ཆགས་པ་ལ་སོགས་པ་ཟག་བཅས་ཀྱི་མངོན་ཤེས་མང་པོ་བྱུང་ངོ་། །
དེ་ནས་ནུབ་ཕྱོགས་མཆོག་གི་ཤིང་ཕུག་ཏུ་བྱོན། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞལ་མཐོང་། རལ་གྲིའི་དངོས་གྲུབ་ཐོབ། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དང་དོན་ཡོད་ཞགས་པའི་སྐུ་རང་བྱོན་དུ་བཞུགས་པ་དེ་གདན་ས་སྤོས་པས། མི་མ་ཡིན་བར་ཆད་རྩོམ་དུ་བྱུང་ཡང་ཇོ་མོ་སྒྲོལ་མ་ལ་གསོལ་བ་བཏབ་ནས། ཐམས་ཅད་ཀྱིས་ཇོ་མོ་སྒྲོལ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་ཨུད་པ་ལའི་ཞགས་པ་དང་ལྕགས་ཀྱུའི་རྣམ་པ་གཅིག་ཏུ་མཐོང་ངོ་། །འདོན་ཡོན་གྱི་ལྷ་མོ་ལྔས་དངོས་གྲུབ་སྣ་རེ་འབུལ་བ་ནི། སྨན་གྱི་ལྷ་མོ་གྲུབ་པའི་བློ་གྲོས་དཀར་མོས། ནོར་བུ་སྨན་གསལ་བྱ་བ་ཞིག་ཕུལ། རྩིས་ཀྱི་ལྷ་མོའི་འོད་འཆང་མ་སེར་མོས། རྩིས་བུམ་པ་ནོར་རྒྱུད་བྱ་བ་ཞིག་ཕུལ་ལོ། །ཤིང་གི་ལྷ་མོ་བཞིན་མདངས་མ་སྔོན་མོས། ནོར་བུ་པུན་ཊ་རི་བྱ་བ་ཕུལ་ལོ། །ནོར་གྱི་ལྷ་མོ་བ་སུ་དྷ་རི་དམར་མོས་རཏྣའི་ཕྲེང་པ་ཞིག་ཕུལ། སའི་ལྷ་མོ་བརྟན་མས་རིན་པོ་ཆེའི་སེང་ཁྲི་རཏྣ་སྣ་ཚོགས་ཀྱི་ཁ་བད་ཅན་ཞིག་ཕུལ་ནས་སེམས་བསྐྱེད་ཞུས་སོ། །དེ་ནས་དུག་སྦྲུལ་སྦྲམ་ཆེན་གཅིག་ལ་ལྟ་སྟངས་མཛད་པས་ཁ་ནས་ཁྲག་ལུག་ནས་ཤིའོ། །གསོ་བར་མཁྱེན་པས་མ་སོས་སོ། །ཐུགས་ཆད་ནས་སྤྱོད་པ་མི་རན་པར་སྤྱོད་པ་སྔས་པས་ཉེས་དགོངས་སོ། །
དེ་ནས་ཚུར་བྱོན་ནས་ནུབ་ཕྱོགས་ཀྱི་བདུད་རྩི་ཕུག་ཏུ་བཞུགས་ནས། ཐུགས་དམ་གྱི་ལྷ་ཚོགས་རྣམས་ལ་གསོལ་བ་བཏབ་པས། དམ་ཚིག་གསུམ་བཀོད་རྒྱལ་པོས་གཙོ་བྱས་པའི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་མཐོང་། ཐུགས་དམ་གྱི་ལྷ་དགེས་རྡོར་ལ་སོགས་པ་མ་རྒྱུད་ཕ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་མཐོང་གསུང་ཐོས་པར་གྱུར་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ལ་དངོས་སུ་དབང་བཞི་ཐོབ་སློབ་དཔོན་དུ་ཆོས་སྐུ་མངོན་དུ་གྱུར་ཏོ། །དུར་ཁྲོད་བརྒྱད་དུ་དུལ་བ་ལ་ཚེགས་མེད། དབང་ཕུག་དོན་བརྒྱད་ཤར། ཡུལ་ཉི་ཤུ་རྩ་བཞིའི་ཙའི་བུ་ཁར་མཐོང་། དེ་དུས་ཉེ་གནས་མ་ཀོང་མོ་རྒྱན་ནེས་ཀྱང་། སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཞལ་ནས་འོད་ཟེར་བྱེ་བ་འགྱེད། བ་སྤུའི་བུ་ག་ཐམས་ཅད་ནས་མཁའ་འགྲོ་མའི་ཞལ་གཉིས་དང་བཅས་པ་ཞིག་ཏུ་ཉིན་ཞག་ཕྲུགས་གཅིག་ཏུ་མཐོང་ངོ་། །དེ་ནས་མང་ཡུལ་དུ་ཇོ་བོ་རྗེ་དང་མཇལ་བས། ཇོ་བོས་ཀྱང་ཡུམ་རྡོ་རྗེ་སྒྲོལ་མ་གཙོ་འཁོར་གསུམ་མ་ཅིག་ཏུ་གཟིགས་ནས། ཨ་ཡུ་ཏ་ར་གསུངས་ནས་བསྟོད་པ་མཛད་དོ། །ཇོ་བོ་ལ་ཆབ་རྡོར་ཏི་པམ་མ་ལ་སོགས་པའི་ཆུང་དགུ་དང་། དམ་ཚིག་གསུམ་བཀོད་པའི་སྒྲུབ་ཐབས་དང་། བློ་ལྡོག་ལྔ་པ་ལ་སོགས་པ་ཞུས་སོ། །དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བྱོན་པའི་དུས་སུ་ཞག་བཅུའི་མཚམས་བཅད་དེ་ཡི་དྭགས་ཕོ་མོ་དམ་ལ་བཏགས་སོ། །
དེ་ནས་ཇོ་བཙུན་མྱང་རན་བྱ་བ་པ་ཚབ་ཉི་མ་གྲགས་ཀྱི་བུ་ཆེན། བཙུན་པའི་མཐར་ཐུག་པ་ཞིག་ལ་ཁམས་འདུས་བྱུང་ནས། ལྷ་རྗེ་མ་ལ་སྟོན་དུ་བྱུང་བས་ཐིག་ལེའི་གེགས་བྱུང་བས་ཁོང་གིས་ཞུ་མ་སྤོབས། ལྷ་རྗེ་མ་དང་ཁྲིམས་རོགས་མེད་པར་བསྡད་དུ་མི་རུང་སེམས་པས། ལྷ་རྗེ་མ་ཡི་ཞལ་ནས། ཁྱོད་ལ་དེ་འདྲའི་རྟོགས་པ་ཡོད་ན་ངས་གསང་སྔགས་ཀྱི་བླ་མར་ཅི་འདོད། དེ་ལྟར་མི་དགོས་གསུངས་ནས། སྐུ་ལུས་ཐམས་ཅད་བསྟན་པས། འོག་གསང་བའི་པད་མའི་ཟེའུ་འབྲུ་ལ་གཙུག་གཏོར་དྲི་མེད་ཀྱི་ལྷ་ཐམས་ཅད། ལྷུང་བཟེད་དང་འཁར་གསིལ་དང་། ན་བཟའ་ངུར་སྨྲིག་སྣབས་པས་གང་བར་གཟིགས་སོ། །དེ་ནས་གདམས་ངག་བཏབ་པས་གྲུབ་ཐོབ་རྩོད་མེད་ཅིག་བྱུང་ངོ་། །
དེ་ནས་དགོན་པ་བྲ་དཀར་གྱི་རྫོངས་བྱ་བ་ལ་བྱོན། གཡར་ཆུང་མ་བློ་གྲོས་བརྒྱན་དང་མཇལ་མགུར་མང་པོ་བཞེས་པས་གྲོལ་ནས་གྲུབ་ཐོབ་མ་ཞིག་བྱུང་ངོ་། །དེར་དངུལ་ཆུའི་བཅུད་ལེན་མཛད་པར་དགོང་ཙམ་གློ་བོའི་མི་ངན་མང་པོ་བྱུང་ནས་ཆགས་པའི་སྒོ་ནས་བར་ཆད་བྱེད་དུ་བྱུང་། ཇག་ཆིངས་བྱས་པས་ཐམས་ཅད་རེངས་ནས་འདུག །བཏང་ནས་བལྟས་ཙམ་ན། སྔོན་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་ཡུལ་གསུམ་བཟུང་ལགས་པས་ཐོན་མི་ལ་སྐུར་པ་བཏབ་པས། ཀླ་ཀློར་སྐྱེས་ནས་ངོ་ཤེས་པ་བྱུང་གསུངས། ཁོ་དང་འཕྲད་པས་དགའ་ལ་གཡང་ཟ་ངོ་ཚ་ལ་དགོད་བྲོ་བ་བྱུང་གསུངས། ཁོ་ད་དུང་ཁོ་མོ་ལ་ལྟ་ནན་ཆེན་པོའི་བལྟས་ཏེ། མཆི་མ་ཤོར་བྱུང་གསུངས། སྐྱེ་བ་འདིའི་འོག་རོལ་དུ། ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ་སྐྱེ་བར་འདུག །ད་ལྟ་ཕན་གདགས་ཐབས་མི་འདུག་གསུངས་སོ། །དེ་ནས་མི་ཡུལ་དུ་འགྲོ་བར་ཐུགས་ལ་དགོངས་ནས་མཁའ་འགྲོ་ཆོས་སྐྱོང་ལ་གསོལ་བ་བཏབ་ཙ་ན། ཡང་མོན་གྱི་རྒྱལ་པོ་ཙ་ཀུ་ཧེ་ལྷས་བློན་པོ་ལྔས། རྡོ་རྗེ་མི་གསུམ་སྤྱན་འདྲེན་དུ་བྱུང་། ཞབས་ས་ལ་མི་རེག་པར་གཤེགས་པ་དང་། སྐུ་ལུས་ལ་དྲི་མ་མེད་པ་ཐམས་ཅད་ཀྱིས་མཐོང་ངོ་། །
དེ་ནས་མོན་ཐམས་ཅད་ཀྱིས་བསུ་བ་དང་ཞབས་ཏོག་བྱས། ལས་རྒྱུ་འབྲས་ཀྱི་ཆོས་མང་པོ་གསུངས་ནས་མོན་ཐམས་ཅད་དཀར་པོའི་ལས་ལ་བཙུད། མོན་གྱི་རྒྱལ་པོ་ཡི་བླ་མཁར་དགུ་ཐོག་གི་ནང་དུ་བཞུགས་པ་ལ། སྒོ་བསྡམས་ནས་མཆོད་གནས་བྱེད་ཟེར་རྩིག་པ་ལ་ཐོགས་རྡུག་མེད་པར་བྱོན་ནས། སྒོ་སྡོམ་པ་ལ་འཕྲོ་བཅད་ནས་ཞུ་ནན་ཏན་དུ་ཕུལ་བ་ལས། ཉེ་གནས་མ་ན་རེ་ཡུལ་དུ་གཤེགས་དགོས་ཟེར་ནས། མོ་ལ་གཉན་ནས་གྲོ་མོའི་སྒོ་ལ་མོན་རྔ་རྡོའི་མི་མང་པོས། འདོ་ལི་ལ་སྤྱན་དྲངས་པས། སྐུ་ལུས་ལ་དྲི་ཞིམ་པོ་ཡོད་པ་དང་། ལྗིད་མེད་པ་དང་བྱུང་ངོ་། །ལྷ་མོ་མང་པོས་ཀྱང་དྲིའི་མཆོད་པ་མང་པོ་བྱུང་ངོ་། །མོན་ཐམས་ཅད་ཀྱིས་སྒྲོལ་མ་དངོས་སུ་ཞལ་མཐོང་ངོ་། །དེ་ནས་མང་ཡུལ་དུ་བླ་མ་བེེརོ་ཙ་ན་དང་མཇལ། བླ་མས་ཇོ་མོ་སྒྲོལ་མ་དངོས་སུ་ཞལ་མཐོང་ནས། ལྷ་རྗེ་མ་ལ་བསྟོད་པ་མཛད། བླ་མ་ལ་མཁའ་འགྲོ་མ་པ་ནི་རུ་པའི་ཚེ་སྒྲུབ་སྟེ། ངག་གི་དབང་ཕྱུག་གི་འཆི་བླུ་དང་། བཅུད་ལེན་བུམ་པ་བདུན་པ་དང་། ས་ར་ཧའི་མདོ་ལེགས་པ་ཞུས། བླ་མའི་ཞལ་ནས་ཁྱོད་གྲུབ་ཐོབ་མ་ཞིག་འདུག །ཇོ་མོ་སྒྲོལ་མའི་སྤྲུལ་པར་འདུག །ད་ནི་ཟག་མེད་ཀྱི་མངོན་ཤེས་འཆར་བ་ཡིན་ནོ་གསུངས།
དེ་ནས་མང་ཡུལ་གྱི་བྲག་ཁྱུང་ཚང་ཅན་ལ་ཟླ་བ་གཅིག་དང་ཞག་བརྒྱད་བཞུགས་ནས། བླ་མ་རྣམས་ལ་གསོལ་བ་བཏབ་པས། བླ་མ་རྣམས་རྨི་ལམ་ལྟ་བུ་སྣང་ལ་རང་བཞིན་མེད་པ་གཅིག་ཏུ་གཟིགས་ཏེ། རྗེ་འབྲོག་མི་ཀོ་ས་ལའི་རྒྱལ་པོ་རེ་སྦྱིན་བྱ་བ། ཆོས་རྒྱལ་ཆེན་པོ་གཅིག་ཏུ་གྱུར་ནས། བཙུན་མོ་བཅུ་ལ་སྲས་རེ་རེ་མཛད་ནས། དེ་ཐམས་ཅད་ཀྱང་པཎྜི་ཏ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རེ་མཛད་ནས་སྤྲུལ་པ་དང་ཉིང་སྤྲུལ་དང་། རིགས་མི་འདྲ་བ་མང་པོ་གཟིགས། བླ་མ་རྨ་ལོ་ཙཱ་བ་དེ། ཁམས་ཀྱི་མདོ་སྨད་ཙོང་ཀའི་ཐེ་ཐོག་བྱ་བ་ན། སྟོང་དཔོན་དགེ་འདུན་བྱ་བ་ཞིག་གི་སྲས་རྒྱལ་ཚ་འགོན་དེ་བྱ་རུ་མཛད་ནས། འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པ་ཞིག་གཟིགས། པུ་རངས་ལོ་ཆུང་དྷེ་བི་ཀོ་ཏ་ན་རྣལ་འབྱོར་ཤྲཱི་འབའ་ར་བྱ་བར་མཚན་བཏགས་ནས། རྡོའི་མི་ལ་གཡོག་བཅོལ་ནས། དྲང་སྲོང་གི་དམོད་མོ་བསྒྲུབས་ནས། བསྟན་པ་ལ་གནོད་པའི་བདུད་འདུལ་བར་གཟིགས། བླ་མ་ཡེ་རང་བ་དེ། ཙ་ན་ཀའི་གྲོང་ཁྱེར་ན་ཁོ་མོ་ལ་དབང་བརྟེན་བྱས་ནས་པཎྜི་ཏ་ཧན་དོ་ལ་དབང་བསྐུར་བར་གཟིགས། མཁན་པོ་མཉའ་མ་བ་ཤེས་རབ་རིན་ཆེན། ལྷའི་ཡུལ་འདུན་པའི་ཚལ་ན། ལྷའི་དགེ་སློང་ཆོས་འཆང་ཞེས་བྱ་བར་གྱུར་ནས། སོ་སོ་ཐར་པའི་ཆོས་གསུངས། ཕུང་པོ་གསུམ་པའི་མདོ་འདོན་པར་གཟིགས། དམ་པ་རྒྱ་གར་དེ་ལ་སྟོད་འབྲོག་པའི་སྨད་ན། སོ་གུང་ཡིན་སྙམ་སྙོན་པ་དང་མི་ལྤགས་ཀྱི་གཡང་གཞི་གདན་དུ་བཏིང་། རྨེ་ཤ་ལ་ཟ་རེས་བྱེད། སྨད་འཚོང་མའི་ཆང་ལ་ཧུབ་བསྐོར་བྱེད། དུས་གསུམ་ཆོས་ལ་བགྲོ་བ་མཛད་པར་གཟིགས་སོ། །དེའི་དུས་སུ་ཉེ་གནས་མ་ཀོང་མོ་རྒྱན་ནེ་ལ་སྣང་བ་གསུམ་ཤར་ཏེ། དང་པོ་ནི་ལྷ་རྗེ་མ་འདིའི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པ་ཞིག་ཡིན་ནམ་མནོ་སྟེ། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ནས་འོད་ཟེར་གྱི་ཕུང་པོ་བྱེ་བ་ཕྲག་གསུམ་འཕྲོ་བ་ལས། དེ་རེ་རེའི་སྣེ་ལ་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་སྟེ། འཛམ་བུའི་གླིང་འདིར་ལྷ་རྗེ་མ་ཉིད་ལ་ཐིམ་པར་མཐོང་། བླ་མ་རྨ་ལོ་ཙཱ་བའི་ཞལ་ནས་ཀྱང་། ཞ་ཆུང་མའི་བྱིན་རླབས་བྱས་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པ་ཡིན་གསུང་བ་དང་། ཁོ་མོ་རང་གིས་ཁོང་ལ་མོས་པ་བྱས་ཙམ་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་བྱུང་ངོ་། །
ཡང་གཉིས་པ་ལ་ལྷ་རྗེ་མ་འདི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཞིག་ཡིན་ངེས་པར་འདུག་མནོས་སོ། །བར་དེ་ཁོ་མོ་གཉིད་དུ་སོང་བའི་སྣང་བ་ལ། སྟོང་གསུམ་འདིའི་སྟེང་གི་ཕྱོགས་ན་འོད་ཟེར་ཅན་གྱི་ཞིང་ཁམས་ཡོད་པ་དེར། བདག་གིས་ཕྱིན་པར་གྱུར་ཅིང་། ཞིང་ཁམས་དེ་ན་པད་མོ་རིན་པོ་ཆེ་སྤྲིན་ཆེན་པོ་ཞིག་འཁྲིགས་པར་གྱུར། དེའི་དབུས་ན་རཏྣའི་པད་མོ་གདན་སྟེང་ན་སངས་རྒྱས་རྣམ་པར་གཟིགས་ལ་འཁོར་ཕ་རོལ་དུ་ཕྱིན་པ་བཅུ། ལྷ་མོའི་ཚོགས་ཀྱིས་བསྐོར་བ་མཐོང་། དེའི་ནང་ནས་ལྷ་རྗེ་མ་ཉིད་བརྩོན་འགྲུས་སྟོབས་ཅན་ལྷ་མོ་ཡིད་ཞུངས་མ་ཞེས་བྱ་བའི་སྐུར་གྱུར་ནས། བདག་གི་སྤྱི་བོར་མེ་ཏོག་དཀར་པོ་དང་། དམར་པོ་དང་སྔོན་པོ་གསུམ་བཞག་པ་ལས། སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ། གངས་རིའི་མདོག་ཅན་དུ་གྱུར་ཏེ། སངས་རྒྱས་དེ་ཉིད་ལ་ཐིམ། གཅིག་དཔལ་རྟ་མགྲིན་དམར་པོ་ཕྱག་བཞི་བ་ཞིག་ཏུ་གྱུར་ནས། འཇིག་རྟེན་གྱི་ཁམས་དྲ་བ་ཅན་ཟླ་བ་མདངས་ཞེས་བྱ་བར་གྱུར་ནས། ཐུགས་རྗེ་ཆེན་པོ་ལ་ཐིམ་མོ། །སྔོན་པོ་དེ་ཡུམ་རྡོ་རྗེ་སྒྲོལ་མ་ཡིད་སྐྱོབས་མ་ཞེས་བྱ་བར་གྱུར་ནས། ལྷ་རྗེ་མ་ཉིད་ལ་ཐིམ་པར་མཐོང་ངོ་། །
ཡང་ན་གསུམ་པ་ཁོ་མོའི་སྣང་བ་ལ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ལྷོ་ཕྱོགས་འཛམ་བུའི་གླིང་འདིར། ལྷ་རྗེ་མ་ཉིད་ཀྱི་སྐུ་ཤེལ་མཆོད་རྟེན་དཔལ་སྒོ་མངས་སྒོ་སྟོང་རྩ་གཉིས་ཡོད་པ། རེ་རེ་ན་སངས་རྒྱས་རེ་བཞུགས་པ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་སྐོར་བ་མཛད་ཅིང་། དེ་ཉིད་ལ་ཐིམ་པ་དང་། འོད་ཟེར་དཔག་ཏུ་མེད་པ་ཕར་འཕྲོས་ཏེ་འོད་དཔག་མེད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རེ་རེ་སྤྲུལ་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བའི་དོན་རྒྱ་ཆེན་པོ་མཐོང་གཅིག་ཏུ་ཡང་མཐོང་ངོ་། །ངེས་པར་ལྷ་རྗེ་མ་འདི་སངས་རྒྱས་སྟོང་རྩ་གཉིས་ཀྱི་ཡུམ་ཡིན་ཅིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྤྲུལ་པ་ཡིན་པར་ཤེས་སོ། །
བླ་མ་མངའ་རིས་ལོ་ཆུང་གི་ཞལ་ནས། ལུང་བསྟན་རྗེས་གནང་སངས་རྒྱས་ཁྱོད་ཉིད་ལ། །དུས་གསུམ་སངས་རྒྱས་སྤྲུལ་པའི་ཡུམ་ཡིན་ཞེས། །བཅོན་ལྡན་འདས་ཀྱིས་ཁྱོད་ལུང་བསྟན་པ་ལས། །དེ་ལས་ལྷག་པར་བདག་གི་ག་ལ་ཤེས་གསུངས་སོ། །ཡང་སྐབས་དེ་ལ་སྟོད་འབྲོག་པ་ཀོ་ནེ་དར་བྱ་བ་གཅིག་གིས། བདག་ཅག་དཔོན་སློབ་སྤྱན་དྲངས་ཏེ་འབུལ་བ་ཆེན་པོ་བྱས་པའི་དུས་ན། ལྷ་རྗེ་མའི་ཞལ་ནས་ཁྱེད་ཀྱི་རྡོ་རྗེ་སྒྲོལ་མ་ལ་སྐྱེ་བ་མང་པོར་བསྟོད་པ་བྱས་པས་དེ་དང་འཕྲད་པ་ཡིན། ད་ལྟ་སྙིགས་མའི་དུས་ན་ཕལ་ཆེའི་ང་བུད་མེད་མགོ་རྒྱལ་མ་ཞིག་ཏུ་མཐོང་ཉེན་ཡོད། འོ་སྐོལ་རང་འཕགས་མ་རྗེས་སུ་འཛིན་མ་བསྟོད་པ་གྱིས་གསུངས་སོ། །
དེའི་ཚེ་ཁོ་མོའི་སྣང་བ་ལ། ལྷ་རྗེ་མ་ཉིད་སྐུ་མདོག་དམར་ལྗང་རཏྣའི་རྒྱན་གྱིས་བརྒྱན། ཕྱག་གཉིས་ཨུཏྤལ་དང་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། སྤྱན་ནས་འོད་ཟེར་བྱེ་བ་འཕྲོ་བ་འཁོར་ཕ་རོལ་དུ་ཕྱིན་མ་བཅུའི་ལྷ་མོ་གཙོ་མོ་ལྷ་བུ་བཅུ་ཡིས་བསྐོར་བ་གཅིག་ཏུ་མཐོང་། དེ་དུས་སུ་བཀའ་གདམས་པ་དགེ་བཤེས་ལྕང་ར་བ་ཞེས་བྱ་བའི་ཞལ་ནས། ལ་སྟོད་འབྲོག་པའི་ཕུ་ཡ་གི་ན། ཇོ་མོ་སྒྲོལ་མ་ཞིག་བཞུགས་པ་སྨྲས། ཞེས་དང་བལྟ་རུ་འགྲོ་གསུངས་ནས་ཀོ་ནེ་དར་གྱི་ཁྱིམ་དུ་བྱོན་ནས། ལྷ་རྗེ་མ་དང་མཇལ་བས་སྒྲོལ་མ་དངོས་སུ་ཞལ་མཐོང་། ཕྱག་བྱས་པས་ལྷ་རྗེ་མའི་ཞལ་ནས་ཁོ་མོ་རང་རྒྱུད་པ་མིན། བྱང་ཆུབ་སྤྱོད་པ་ལ་འཇུག་པ་རྗེས་སུ་འཛིན་པའི་ལམ། སྒྲོལ་མ་སྤྲུལ་པའི་སྐུ་དངོས་སུ་མཐོང་བ་ནི་ཤིན་ཏུ་ལེགས། ང་བས་ཁྱོད་རང་ཡང་སྤྲུལ་པའི་སྐུ་ཡིན་གསུངས་སོ། །
དེ་ནས་སྙ་ནམ་མར་དཔལ་དགའ་དང་མཇལ། ཁོང་གི་ཞལ་ནས། དེ་སྒྲོལ་མ་དངོས་སུ་འདུག་གསུངས་ཏེ། ལྷ་རྗེ་མའི་ཕྱག་ནས་བཟུང་ནས། གདམས་ངག་ཟབ་མོ་ལ་ཉམས་ལེན་ཨེན་རེ་མཛོད་ཅིག །ཁྱོད་ལ་ད་རུང་བོགས་ཇེ་ཆེ་འོང་པར་གདའོ་གསུངས་སོ། །དེ་ནས་བྱང་ཕུག་ཏུ་ལོ་གསུམ་འདག་ཆར་མཛད་དེ། དང་པོའི་ལོ་ལ་དགེ་སྦྱོར་ཤིན་ཏུ་འཕེལ་བར་བྱུང་། དེ་དུས་སུ་ཉེ་གནས་མས་ཀྱང་མཐོང་ལུགས་ངོ་མཚར་ཅན་བཅུ་གཅིག་མཐོང་ངོ་། །དང་པོ་ཚོགས་མཆོད་ཅིག་མཛད་པའི་དུས་ན། ལྷ་རྗེ་མ་དཔལ་བདེ་མཆོག་ཡབ་ཡུམ་གཉིས་མེད་དུ་བཞུགས་པ་ཞིག་མཐོང་། གཉིས་པ་དུང་གླིང་བུ་སིང་སིང་གྲགས་ནས་ལྡོ་སྐར་ན་ཕར་བལྟས་པས། སློབ་དཔོན་བུལ་བ་པས་རྡོ་རྗེའི་མགུར་བཞེས། ལྷ་རྗེ་མ་དེའི་སྐུ་ལ་འོད་དུ་ཐིམ་པ་མཐོང་ངོ་། །གསུམ་པ་དྲུང་དུ་ཕྱིན་ཙམ་ན། ཌ་མ་རུ་དང་ཐུགས་དམ་ཤེལ་འཕྲེང་གཉིས་ཉི་ཟེར་ལ་བཀལ་ནས་འདུག་པ་མཐོང་། བཞི་པ་ཐོད་སྐུ་ཞིག་ལ་རབ་གནས་མཛད་ཙམ་ན། མེ་ཏོག་གི་ཚོམ་བུའི་དལ་ནམ་མཁའ་ལ་བཏགས་པ་མཐོང་། ལྔ་པ་ཞལ་ནས་བྱང་ཕུག་གི་ཕ་བོང་དཀར་ཟལ་འདི་འགྲོ་ཤེས་པར་འདུག་གསུངས་ནས། བལྟས་ཙ་ན་བར་སྣང་ལ་ལིང་ངེ་གདའོ། །
དྲུག་པ་ལྷ་རྗེ་མའི་ཞལ་ནས་མདང་ཁྱོད་མེད་མཁའ་འགྲོ་མས་ཚོགས་འཁོར་བྱས་པ་ཡིན། ལ་དུ་དང་ཚོད་སྣ་དགུ་དང་། འབྲས་ཟན་བྲེ་གང་དང་། ཤིང་ནེ་ལ་ཏ་རའི་ཤིང་ཏོག་གཅིག་གནང་། བདུན་པ་ཕོ་བྲང་ན་འུར་དིང་བ་ཞིག་གྲགས་ནས་བལྟས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཅིག་བཞུགས་ཀྱིན་འདུག །དེ་ལ་ལྷ་རྗེ་མས་ཆོས་གསན་གྱིན་གདའོ། །དྲུང་དུ་ཕྱིན་ནས་ཕྱག་བྱས་པས། ཁྱོད་ཀྱིས་རྒྱལ་པོ་ཨིནྡྲ་བྷོ་དྷིའི་ཞལ་མཐོང་ངམ་གསུངས་སོ། །མ་མཐོང་ལགས་བྱས་པས་འདི་ཀ་ཡིན་གསུངས་སོ། །བརྒྱད་པ་རྡོ་རྗེ་སྒྲོལ་མའི་བུམ་པའི་ནང་ནས། རྒྱལ་ཟླ་བའི་ཉ་ལ་མེ་ཏོག་ཨུ་ཏམ་ཝ་ཡིན་ཟེར་བ་ཞིག་སྐྱེས་པ་མཐོང་ངོ་། །དགུ་པ་ཉི་ཤུ་ལྔ་ལ་རྒྱལ་མཆོད་ཅིག་མཛད་པའི་སིན་དྷུ་རའི་དལ་ཕྱེ་བའི་ནུབ་མོ་ལྷ་རྗེ་མ་ཉིད་རྡོ་རྗེ་ཕག་མོ་ཨུ་དཀར་མ་དངོས་སུ་ཉིན་ཞག་གཅིག་མཐོང་། བཅུ་པ་དྲུང་དུ་ཕྱིན་པས། ལྷ་རྗེ་མ་ཉིད་དགེས་རྡོར་གྱི་ལྷ་མོ་བརྒྱད་ཀྱིས་སྐོར་བ་གཅིག་ཏུ་ཡང་མཐོང་། བཅུ་གཅིག་པ་བཤོས་སྐྱེལ་དུ་ཕྱིན་ཙ་ན་ན་བཟའ་སྦུ་གུ་དང་ངེ་བྱས་ནས། མི་རྟོག་པ་ལ་ཐུགས་བཞག་པས་སྐུ་མ་མཐོང་། བོས་པས་ཐུགས་དམ་སད་ནས་མལ་ན་བཞུགས་ཀྱིན་འདུག་པ་མཐོང་ངོ་། །དེའི་དུས་སུ་རྡོ་རྗེ་གདན་གྱི་མཆོད་པ་ལ་ལན་གསུམ་བྱོན། དང་པོ་བོད་ཀྱི་མཁའ་འགྲོ་མ་བྱོན་ཟེར་ཙམ་ན། བོད་ཀྱི་བུད་མེད་མཛེས་མ་ཞིག་ཕྱག་གཡོན་ན་ཆང་ཐོད་པ་གང་བསྣམས། གཡས་པ་ན་པ་ཏ་རི་གཅིག་གིས་ཁྲོམ་ཐམས་ཅད་བཀྱེ་ནས་ཐོད་པ་གང་པོ་མ་ཟད་པར་མི་སྣང་བར་སོང་། བཅུ་གཉིས་པ་འབྲས་ཟན་ཐོད་པ་གང་གིས་ཀྱང་དེ་བཞིན་དུ་བཀྱེའོ། །
བཅུ་གསུམ་པ་སེང་གེ་ཞིག་ལ་ཆིབས་ནས། ཕྱག་ན་ཁ་ཊྭཱཾ་ཁ་ཞིག་དང་། ཌ་མ་རུ་བསྣམས་ནས་མ་ཧཱ་བོ་དྷི་ལ་སྐོར་བ་མཛད་པ་མི་ཐམས་ཅད་ཀྱིས་མཐོང་། མི་ཉག་ལོ་ཙཱ་བ་སློབ་མ་ཡིན་པས་ངོ་ཤེས་ནས། ལྷ་རྗེ་མ་ཡིན་བྱས་པས། རྒྱ་གར་དུ་ཡང་གྲུབ་ཐོབ་མར་གྲགས་སོ། །དེ་ནས་ལོ་གཉིས་ཙམ་ན། ལྷ་རྗེ་མ་ལ་དབང་ཞུ་བའི་པཎྜི་ཏ་དྲུག་བྱོན་ཏེ། པཎྜི་ཏ་ཁ་ཆེ་ཨཱ་ནན་ཏ་བྱ་བ་དང་། བལ་པོ་ཨ་སུ་ར་བྱ་བ་དང་། ཤྲཱི་དྷ་ར་བྱ་བ་དང་། རྒྱ་གར་བཙུན་མོ་ཅན་དང་། རྒྱ་གར་ཕུག་རོན་ཅན་དང་། རྒྱ་ལྷ་རི་ལོ་ཙཱ་བ་དང་དྲུག་ལ་སྒྲོལ་མ་ཡིད་བཞིན་གྱི་འཁོར་ལོ་དལ་ཞལ་ཕྱེ་ནས་ཆགས་ལམ་གྱི་དབང་བསྐུར་རོ། །དེ་པ་ཐམས་ཅད་ཀྱིས་སྒྲོལ་མར་མངོན་སུམ་དུ་མཐོང་བ་ལགས་སོ། །དེ་ནས་ལོ་གསུམ་པ་ལ། ཡོན་བདག་རྡོ་རྗེ་འབར་བྱ་བ་སྔགས་པ་མི་ཆེན་ཞིག་གིས་ཆོས་ཞུས་པས། དེའི་དུས་སུ་ཞལ་གྱི་གདམས་པ་བཅུ་གཅིག་ཁ་འཐོར་བ་དང་བཅས་པ་གསུངས་སོ། །
དེའི་དུས་སུ་ཁྱད་པར་དུ་འཕགས་པའི་གྲུབ་རྟགས་དགུ་བྱུང་སྟེ། ཞབས་རྗེས་ཐམས་ཅད་པད་མར་བྱོན་པ་དང་། བདུན་ཚིགས་ཀྱི་དུས་སུ་བར་དོའི་སེམས་ཅན་མཐོང་བ་དང་། འོག་གི་འབྱུང་བའི་སྒོ་གཉིས་ནས་གསེར་དུ་བྱོན་པ་དང་། སྐུ་སྟོད་ལ་མཁའ་འགྲོ་མའི་ཕོ་བྲང་གཡོ་ཞིང་འགུལ་བ་དང་། ཞལ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཐོགས་པ་མེད་པར་འོང་བ་དང་། ཐུགས་ལ་ཡེ་ཤེས་ལྔའི་རྒྱ་ཡིས་ཐེབ་པ་དང་། རྡུལ་ཚོན་ནམ་མཁའ་ལ་འགྲོ་ནུས་པ་དང་། སེམས་ཅན་སྤྱན་གྱིས་གཟིགས་ཚད་ཀྱི་སེམས་ཤེས་པ་དང་། དྲུག་པ་རྡོ་རྗེ་འཆང་གི་ཞལ་དངོས་སུ་མཐོང་ནས་ལོངས་སྤྱོད་རྗོགས་པའི་སྐུ་ལ་དབང་རྫོགས་པར་ཞུས། ཆོས་གསན་ནུས་པ་བྱུང་གསུངས་སོ། །
དེ་ནས་སྐུ་ཉམས་ཀྱི་སྣང་བ་ལ། ཡུམ་སངས་རྒྱས་སྤྱན་དང་། དམ་ཚིག་སྒྲོལ་མ་གཉིས་ཀྱིས། བདག་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསང་དབང་བསྐུར་ནས། དབང་རྟགས་སུ་སྤྱི་གཙུག་ཏུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་མེ་ཏོག་ཨུཏྤལ་བེ་དུ་རྒྱ་ལྟར་སྔོ་བ་འདབ་མ་སྟོང་དང་ལྡན་པ་ཞིག་སྤྱི་བོ་ལ་བཞག་པར་གཟིགས་སོ། །དེ་ནས་དངོས་སུ་སྒོ་སྲུང་གི་མཁའ་འགྲོ་མ་བཞིས། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་གཞུང་དང་། གདམས་ངག་དང་། ལག་ལེན་དང་། དལ་ཆོག་ལགས་པའི་ལུང་མང་པོ་གསུངས་སོ། །སྔོན་འདས་པའི་སངས་རྒྱས་དང་རྟེན་འབྲེལ་འདི་དང་འདི་ལ་བརྟེན་ནས་སངས་རྒྱས། མ་འོངས་པའི་སངས་རྒྱས་ཐམས་ཅད་དང་འདི་ལ་བརྟེན་ནས་སངས་རྒྱས་པར་འདུག །ད་ལྟར་གྱི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་སངས་རྒྱས་འདི་ཙམ་ཞིག་བྱོན་པར་འདུག་སྙམ་དུ་ཤེས་པར་གྱུར་ཏོ། །དེའི་དུས་སུ་མི་ཡིན་པ་ལྷ་མ་ཡིན་སྡེ་བརྒྱད་ཐམས་ཅད་ཆོས་ཞུ་རུ་བྱུང་བ་ལ་ཨ་བ་བྲག་ཤི་ཏའི་སྐད་ཀྱིས་ཐེག་པ་ཐུན་མོང་བའི་ཆོས་མང་པོ་གསུངས་སོ། །
སྤྱན་གྱི་མངོན་པར་ཤེས་པས་དངོས་པོ་ཐམས་ཅད་ལ་ཐོགས་རྡུགས་མེད་པར་གཟིགས། སྙན་གྱིས་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས། ལྐོག་ཏུ་གྱུར་པའི་སྒྲ་ཐོས། ཤངས་ཀྱིས་དྲི་ཐམས་ཅད་ཚོར་ཞིང་སྔོན་གྱི་གནས་རྗེས་སུ་དྲན་པས་སྐྱེ་འཆི་དང་། འཕོ་འགྱུར་ཐམས་ཅད་མཁྱེན་ནོ། །སྐྱེ་བ་འདིར་ཡང་ཚོགས་ལམ་ཆེན་པོ་ཡན་ཆོད་ཀྱི་སྤྱོད་ཡུལ་དུ་གྱུར་བ་རིགས་གསུམ་མགོན་པོ་དངོས་དང་། ལོངས་སྐུ་དང་སྤྲུལ་སྐུ་ལ་ཆོས་མང་པོ་གསན་ཅིང་མཁྱེན་པར་བྱས་སོ། །རྡོ་རྗེའི་སྐུ་གནོད་པ་མེད་དང་། མདར་སྟག་གེ་བྱ་བའི་ཀྱི་ར་ཞིག་གི་བདུན་ཚིགས་མཛད་པས་གྲིབ་བྱུང་ནས་འོ་བརྒྱལ་བར་བྱུང་ངོ་། །གཞན་སྣང་ལ་རྟེན་འབྲེལ་གྱི་ཆེ་བ་མི་སླུ་བའི་ཕྱིར་སེམས་ཅན་རྣམས་ཕན་དུ་མ་བཏགས་སོ། །
དེ་ནས་བླ་མ་ཀྱེ་འཛི་བ་བྱ་བ་སྨོན་ལམ་གྱི་འབྲེལ་བ་མི་ཆེན་པོ་ཞིག་ལ་ཁམས་འདུས་བྱུང་ནས། དེའི་དོན་དུ་ཁམས་ཀྱི་མདོ་སྨད་བྱོན། ཁོང་ལ་དབང་བསྐུར་གདམས་ངག་བྱིན་ནས་གྲུབ་ཐོབ་ཅིག་བྱུང་ངོ་། །ཡར་ལམ་ལ་དེ་རུ་བུད་མེད་ཅིག་ཐགས་འཐག་པའི་རྩར་བྱོན་ནས་ངས་ཐུ་གསོར་བྱ། ང་ལ་བཟའ་རྒྱུ་ཞིག་སླང་ཟེར་ནས། ན་ཆུང་ཞིག་བྱུང་། མོས་བཟའ་རྒྱུ་ལེན་དུ་ཕྱིན་ཤུལ་དུ་ཐགས་བཅས་མ་ཐག་ཏུ་ཐུས་ནས་འདུག །མོ་དོགས་པ་ཟོས་ནས་དེད་པས་རྒན་མོ་ཞིག་ཏུ་སོང་། དེ་ནས་ཕུག་རོན་ཞིག་ཏུ་སོང་། དེ་ནས་ཕོ་རོག་ཅིག་ཏུ་སོང་། མཐའ་མ་མི་སྣང་བར་སོང་། སྣམས་བུ་དེ་ད་ལྟ་ཡང་གནས་གཞི་ཞིག་གི་བླ་རི་ཞིག་ཏུ་ཡོད་དོ། །
དེ་ནས་ཁྱུང་པོ་དར་སེང་དང་། ཝ་མོ་ཀྱི་ཏོ་བྱ་བ་བཟའ་མི་གཉིས་ཀྱིས། སོ་ནམ་མཉམ་པོར་བྱས་པ་ལ། ལྷ་རྗེ་མ་ལ་བསྔོས་པ་ལོ་ལེགས་ཀྱིན་འོང་། ཁོང་པ་རང་ལ་འབྲིང་རེ་འོང་། སྤྲང་པོ་ཡི་ལ་ཐ་མ་རེ་འོང་པས། མོས་ནས་འཁོར་གསུམ་ཡོངས་དག་ཕུལ་ལོ། །རྩང་པོའི་ལྟད་མོ་ལ་ཡང་རྫུ་འཕྲུལ་གྱིས་བྱོན་རླུང་པ་གཡུ་རུང་དགའ་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། དྲང་པོ་རྫོངས་དུ་བྱོན་ནས། ཁོའི་སྒོ་ན་ཡར་སླངས་པས་ཡོན་བདག་མོ་སྐྲ་སྤྱི་བོར་བཅིངས་ནས་པང་ཕྱེ་མར་གང་ཐོགས་ནས། མོ་ལྟོ་བ་འདི་པ་ནམ་མི་ཁོམ་པའི་དུས་ན་རེ་འོང་པ་ཟེར་ནས་ངར་གྱིན་བྱུང་ངོ་། །ཡོན་བདག་མོའི་ལག་པ་ནས་བཟུང་ནས། སྤྲང་གླུ་དང་པོ་བླངས་པས། ཁྱོ་ཡིས་ཐོས་ནས། སྐྱེ་གཡུ་དང་། གཞི་བཀྲ་དང་། དབུས་ཕྲུག་དང་བཅས་པ་ཞིག་ཕུ་རུང་འདུང་ལོང་མེད་པར། ཁྱིམ་ནས་འོང་ནས་ཕྱག་མང་པོ་བྱས་ནས་ཉིད་ཇོ་མོ་ལྷ་རྗེ་མ། ཞ་ཆུང་མ་བྱ་བ་ལགས་ཚོད་གདའ་བས། རབ་ཏུ་ལོ་གསུམ་ལ་འབྲིང་དུ་ཟླ་བ་གསུམ། ཐ་མ་ཡང་ཞག་གསུམ་བཞུགས་འཚལ་ཟེར་རོ། །སྤྲང་གླུ་ཚར་གསུམ་བླངས་ནས། རྗེས་སུ་བཟུང་ནས་ཆོས་ལ་བཀོད་དོ། །
དེ་ནས་གཞུང་གདམས་ངག་མ་ལུས་པ་ཐུགས་སུ་ཚུད་དང་མཁས་པའི་གྲགས་པ་མ་ཐོབ་པས། མཁས་པར་གྲགས་པ་ཞིག་བྱ་དགོངས་ནས་ཡོད་ཙམ་ན། འགོས་རྣལ་འབྱོར་པ་བྱ་བའི་དགེ་བཤེས་ཤིག་གིས་ཆོས་འཁོར་ཆེན་པོ་བཙུགས་ཏེ། དགེ་བཤེས་གདུགས་ཐོགས་སྟོང་འཚོགས་ནས། བོད་ཀྱི་བཀའ་བཞི་ཡིས་སྣ་དྲངས་པ་མཚན་ཉིད་པ་ཐམས་ཅད་དང་། དུས་འཁོར་གྱིས་སྣ་དྲངས་པ་སྔགས་ཀྱི་རྒྱུད་སྡེ་དང་། འགྲེལ་པ་མང་པོ་མཁྱེན་པ་བྱུང་ངོ་། །དེའི་དུས་ན་ཟུར་ཤཱཀྱ་རྡོ་རྗེ་བྱ་བ་ལོ་ཙཱ་ཤེས་པ་ཕྱི་ནང་གི་གྲུབ་མཐའ་ལ་མཁས་པ་ཞིག་གིས། ཐམས་ཅད་སྒྲོག་གླེང་གིས་ཕུབ་བོ། །
ལྷ་རྗེ་མའི་ཉེ་གནས་མ་ཀོང་མོ་རྒྱན་ནེ་བཙུན་ཆུང་མ་དེ་བྱིན་གྱིས་རླབས་ནས། ཁྱོད་ཟུར་ཤཱཀྱ་རྡོ་རྗེ་ལ་དམ་བཅའ་འདྲི་རུ་གཞུག་གིས་གསུངས་ནས། མོས་རྟག་ཆད་འགྱེགས་པའི་གྲུབ་མཐའ་བསྐྱངས་པས། དཀྱུས་ཐོག་ཅིག་ལ་ཟུར་ཤཱཀྱ་རྡོ་རྗེ་ལ་སོགས་དགེ་བཤེས་དྲུག་སྐྱེངས་སུ་བཅུག་གོ །ཐམས་ཅད་ན་རེ་ཉེ་གནས་མ་ལ་འདི་ཙམ་སྟེ་ཁོ་རང་སུས་ཀྱང་མི་ཐུབ་པོ་བྱ་བའི་གྲགས་པ་ཐོབ་ནས། ཐམས་ཅད་ཞལ་ལྟར་བྱུང་ནས་དེའི་དུས་སུ། བོད་ཀྱི་མི་ཆེན་རྣམས་ལ་ལམ་གྱི་འཕྲང་སེལ་བའི་གྲུབ་མཐའ་ཕྱོགས་ལྔ་དང་། རང་འདོད་དང་བཅས་པ་ཞིག་གསུངས། མཁས་པ་པཎྜི་ཏ་ཆེན་མོ་ཞེས་གྲགས་སོ། །མདོ་སྡེ་ཚར་ཕྱེད་དང་བཞི་གཟིགས། འདུལ་བ་ལུང་ཆད་གཟིགས། སྔགས་ཀྱི་རྒྱུད་སྡེ་དུ་མ་གཟིགས་སོ། །
དེ་ནས་མཁྱེན་ཚད་ལ་བཀའ་ཕོད་ཕྱེད་དང་ཉིས་བརྒྱ་ཙམ་ཡོད་པ་ཐམས་ཅད་མ་འོངས་པ་མཁྱེན་པ། སེམས་ཅན་ལ་ཕན་ཐོགས་པར་གཟིགས་ནས། སློབ་དཔོན་སངས་རྒྱས་ལྷ་རྗེ་རིན་པོ་ཆེ་ཞ་མ་ཙན་ཏྲི་ལ་བསྔོས་སོ། །ན་བཟའ་ཐམས་ཅད་བུ་སློབ་ཀུན་ལ་གནང་། རྟེན་དང་མཆོད་པ་ཐམས་ཅད་ཉེ་གནས་མ་ལ་གནང་། ད་ནི་རྒྱ་གར་མཐའ་འཁོབ་ཏུ་ཅིས་ཀྱང་བཞུད་པ་ཡིན་གསུངས་ནས། ན་བཟའ་ཀ་ཤི་ཀའི་རས་བུབ་གཅིག །ཌ་མ་རུ་གཅིག །ཐོད་པ་མཚན་ལྡན་གཅིག་བསྣམས་ནས། རྗེ་ཁུམ་བུ་བ་དང་བུ་སློབ་ཡོན་བདག་ཐམས་ཅད་ཀྱིས་གྲོས་བཏབ་ཀྱང་མ་གསན་པར་བཞུད་ཙ་ན། ལམ་དུ་བདག་མེད་མ་ལྷ་མོ་བཅོ་ལྔས་དངོས་སུ་དབང་བསྐུར། ཞིང་སྐྱོང་གི་བ་ཁ་གྱིས་གསོལ་བ་བཏབ་ནས། མ་བཏང་བར་བཟློགས་ནས། སྣང་ལ་རང་བཞིན་མེད་པར་ནས་གྲུབ་རྟགས་མང་པོ་ཡང་དག་པར་བསྟན་ཏོ། །
ཁོ་ཉིད་ཀྱིས་བླ་མ་ལོ་པན་གྲུབ་ཐོབ་གདམས་ངག་ཟབ་ལ་མང་བ་ཐུགས་སུ་ཆུད། ཡོན་ཏན་དཔག་ཏུ་མེད་པ་མང་པོ་མཁྱེན་པ་དག་ཚར་མཛད་ནས་སྒྲུབ་པ་འབའ་ཞིག་ཏུ་བྱེད་གསུངས་ནས། བྱང་ཕུག་ཏུ་བསྡད་ནས་བཞུགས་པའི་དུས་ན། བླ་མ་འབྲི་སྒོམ་གླིང་ཀ་མཇལ་དུ་བྱོན། ཁོང་དེ་སྐལ་ལྡན་དུ་གཟིགས། དགེས་རྡོར་གྱི་དབང་རྫོགས་པ་ཞིག་མཛད་ནས། གདམས་ངག་ཚར་གཅིག་གསུངས་སོ། །དམ་པ་བརྒྱད་ཅུ་ཙམ་ལ་བདེ་མཆོག་གི་དབང་བསྐུར་ཞིག་མཛད། བོད་ཀྱི་འདུལ་འཛིན་གཅིག་དབུས་ཀྱི་དགུས་མ་རྟེན་ཅན་གྱི་དབང་བསྐུར། གདམས་ངག་ཐན་ཐུན་དང་གསུངས་སོ། །འགོས་ཀྱི་བུ་ཆེན་ཨ་སུ་དང་། སྡོག་ཨ་རྒྱ་དང་། ཡང་དབེན་པ་ཆེན་པོ། དགེ་བཤེས་འཕགས་བོད་དང་། ཞང་གཡུ་བྲག་ཚ་བ་དང་། ཞང་འགྲོན་པ་དང་། སྤྱལ་ཚོང་དཔོན་ཨ་བ་དཔལ་ཙེ་དང་། ཁ་རག་སྒོམ་ཆུང་ལ་སོགས་པ་བོད་ཀྱི་མི་ཆེན་ཐམས་ཅད་འཕུངས། རྒྱ་བོད་གཉིས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་པར་ཐམས་ཅད་དུ་གྲགས་སོ། །
མཁའ་འགྲོ་མ་རི་རབ་རྡུལ་དང་མཉམ་པའི་ཞལ་མཐོང་། ཐུགས་དམ་གྱི་ལྷ་ཐམས་ཅད་ཞལ་དངོས་སུ་མཐོང་ཞིང་། ལོངས་སྤྱོད་རྫོགས་པའི་སྐུ་ལ་དབང་ཐོབ་པར་ཞུས། མངོན་པར་ཤེས་པ་དཔག་ཏུ་མེད་པ་མངའ་བ། འོག་གི་འབྱུང་བ་རྒྱུན་ཆད། ཁམས་ཀྱི་ཟས་ལ་མི་རྟེན། བརྒྱད་བཅུ་རྩ་བརྒྱད་མ་ལ་བཅུ་དྲུག་མ་ལྟ་བུར་གྱུར་ནས། ཞལ་རས་དཀར་ལ་དམར་བའི་མདངས་ཆགས་པ། འོད་ཀྱི་རྣམ་པར་གསལ་བ། སྐུ་ལུས་ལ་གྲིབ་མ་མེད་པ། འོད་ཟེར་ཆེ་ཙམ་ཡོད་པ། ནམ་གུང་ན་ཡང་ཞལ་གྱི་དཀྱིལ་འཁོར་རྒྱང་རིང་བོ་ནས་གསལ་བར་གྱུར་པ། གསེར་དང་དངུལ་གྱི། སྙན་རྒྱན་དང་། གདུ་བུ་དང་། སོར་ཐོབ་ལ་གཡུ་དང་བྱི་རུ་དང་ཤེལ་ལགས་པས་རཏྣ་སྣ་ཚོགས་ཀྱི་ཕྲ་བཀོད་པ། གཟི་དང་གཡུ་དང་། གསེར་དངུལ་དང་མུ་ཏིག་དང་། བྱི་རུ་དང་ཤེལ་ལེགས་པར་རྒྱན་མང་པོ་བཏགས། ན་བཟའ་ཟབ་གོས་ཁྲ་ཤིག་གེ་བ་རེ་ལ་མོ་ཀ་ཤའི་སྐུ་རགས་རེ་བཅིངས། དར་མངོན་ཡིན་སྙམ་གྱིས་ཙམ་ཚེ་རེ་མནབས་ནས་ཤིན་ཏུ་མཛེས་པར་བཞུགས་སོ། །
ལྷ་རྗེ་མ་ཉིད་ཀྱི་སྙན་རྒྱན་དཀར་ནག་ཏུ་གྲགས་པས། རྒྱ་དཀར་པོའི་རྒྱལ་པོ་ཤིང་སྟན་ཅན་གྱིས། མུ་ཏིག་གི་སྐུ་གཅིག །མུ་ཏིག་གི་སྐྱོགས་གཅིག །མུ་ཏིག་རིལ་མ་ཙམ་གྱི་འཕྲེང་བ་བརྒྱ་རྩ་གཅིག །ཀ་ཤི་ཀའི་རས་བུབ་གཅིག །ཙན་དན་གོར་ཤི་ཤ་ཤ་གཟུགས་ཙམ་གཅིག་ཕུལ་ལོ། །རྒྱ་ནག་པོའི་རྒྱལ་པོས་ཟབ་ཆེན་གྱི་བཏགས་སྐུ་གཅིག །ཟབ་ཆེན་གྱི་གོས་སྲུབ་མེད་གཅིག །དར་ཆེན་གྱི་བྲམ་ཙེ་གཅིག །དཀར་ཡོལ་གྱི་བུམ་པ་གཅིག་ཕུལ། སྤྱིར་རྫུ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པ་ཡོད་དེ། བླ་མ་གླིང་ཀ་བས་ལྔ་གཟིགས་ཏེ། སྐུ་གཅིག་ནི་ལྷའི་ཡུལ་ན། ལྷ་མོ་འོང་འཕགས་པར་སྤྲུལ་ནས། ལྷ་ཐམས་ཅད་ཐེག་པ་ཆེན་པོ་ལ་སྐུལ་བར་མཛད་པ་མཁྱེན། སྐུ་གཅིག་ནི་མདོ་སྨད་ན། རྗེ་འཐིང་ནག་བྱ་བ་ན་དགོན་པ་བྱས། ཏྲེ་བོའི་ལྷ་ཁང་ཁྲ་མོ་བྱ་བ་གསོས། ཨ་རོ་ཡེ་ཤེས་འབྱུང་གནས་ལ་དབང་བསྐུར་མཛད། རྒྱའི་ལམ་རྩུབ་མོ་ཐམས་ཅད་འཆོས། འཁོར་རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ཙམ་དང་། རྒྱ་ནག་གི་རི་བོ་རྩེ་ལྔ་ལ་གཤེགས་པ་གཟིགས་སོ། །སྐུ་གཅིག་ནི་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས། མུ་སྟེགས་སྐལ་ལྡན་རྒྱལ་པོ་དང་རྩོད་པ་བྱས་ནས་ཚར་བཅད། ཁོང་ལ་དབང་བསྐུར་ནས་ནང་པའི་བསྟན་པ་རྒྱས་པར་མཛད་པ་ཞིག་གཟིགས། སྐུ་གཅིག་ནི་ནུབ་ཕྱོགས་ཨུ་རྒྱན་དུ་འཁོར་ཏེ་རབ་ཏུ་བྱུང་པ་ལྔ་བརྒྱ་ཙམ་གྱིས་བྱས་ནས་འགྲོ་བ་མང་པོ་ལ་ཐེག་པ་ཐུན་མོང་གི་ཆོས་སྟོན་པ་ཞིག་ཏུ་གཟིགས། སྐུ་གཅིག་ནི་བལ་ཡུལ་ན་བླ་མ་ཡེ་རང་བའི་ཕྱག་རྒྱ་མ་མཛད་པ་ཞིག་ཏུ་གཟིགས་སོ། །
ཡང་བླ་མ་འབྲི་སྒོམ་གྱིས། ལྷ་རྗེ་མའི་སྐུའི་སྤྲུལ་པ་བཅུ་གཅིག་ཏུ་ཡང་སྤྲུལ་བ་གཟིགས་ཏེ། སྐུ་གཅིག་བོད་ཁ་བ་ཅན་ཕྱོགས་ཐམས་ཅད་དད་པ་ཆེ་ཞིང་དཀར་པོའི་ཆོས་ཐམས་ཅད་དར་བར་བྱེད་པའི་དགེ་བའི་བཤེས་གཉེན་ཞིག་ཏུ་སྤྲུལ་ནས། འགྲོ་བ་མང་པོ་ལ་ཆོས་ཀྱི་འཁོར་ལོ་དར་གྲགས་ལ་ཡུན་རིང་པ་གསུང་པར་མཁྱེན། སྐུ་གཅིག་ནི་ལྷའི་གནས་ན་བུད་མེད་རྒན་མོ་ལོང་མ་ཞིག་ཏུ་སྤྲུལ་ནས་ལོ་ཀིའི་མཁའ་འགྲོ་མ་རྣམས་ལ་ཟབ་ལ་རྒྱ་ཆེ་བའི་ཆོས་གསུང་བར་མཁྱེན། སྐུ་གཅིག་ནི་རྡོ་རྗེ་གདན་ན་པཎྜི་ཏ་ཆེན་པོ་ཞིག་ཏུ་སྤྲུལ་ནས་འཁོར་མང་པོ་ལ་རིག་པའི་གནས་ལྔ་སློབ་ཅིང་མུ་སྟེགས་པ་རྣམས་ཚར་གཅོད་པར་མཁྱེན། སྐུ་གཅིག་ནི་ཨུ་རྒྱན་གྱི་ཡུལ་དུར་ཁྲོད་ཅིག་ན་མཁའ་འགྲོ་མ་མང་པོའི་དཔོན་མཛད་ནས། དཔའ་བོ་གཡུལ་དུ་བསད་པའི་རོ་གཅིག་ལ་ཚོགས་ཀྱི་འཁོར་ལོ་བསྐོར་བ་མཁྱེན། སྐུ་གཅིག་ནི་ཁོང་རང་བཞུགས་པའི་སྟེང་གི་བྱ་འདབ་ན། ཕུག་རོན་ཞིག་ཏུ་སྤྲུལ་ནས་ཕྱག་རྒྱ་ཆེན་པོ་བསྒོམ། སྐུ་གཅིག་ནི་དྷི་བྷི་ཀོ་ཏ་དང་། ནས་དོལ་དང་། པ་ལ་པུ་ཏྲ་གསུམ་གྱི་ཕྱག་ཚང་བྱེད་པའི་དཔོན་མཛད། སྐུ་གཅིག་ནི་འབྲོ་ལྷ་རྒྱལ་གྱི་དོན་དུ། སུ་བག་ལྷ་མོ་སྒྲོན་དུ་སྤྲུལ། བུ་སྲིང་གསུམ་གྱི་ཨ་མ་མཛད། སྐུ་གཅིག་ནི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ལ་ཆོས་གསན་ཅིང་འགྲོ་བའི་དོན་མཛད། སྐུ་གཅིག་ནི་དུར་ཁྲོད་བརྒྱད་ན་སྤྱོད་པ་བྱེད་ཅིང་བདུད་འདུལ། སྐུ་གཅིག་ནི་དམ་པ་རྒྱ་གར་དང་འགྲོགས་ནས་བྲག་མཁར་གྱི་བྲག་ལ་གསང་སྤྱོད་མཛད། སྐུ་གཅིག་ནི་བདག་ལ་ཆོས་གསུང་ཞིང་ཡོལ་བའི་ཕག་ན་ཐུགས་དམ་མཛད། རྩ་བའི་སྐུ་གང་ཡིན་ངོ་མ་ཤེས་གསུངས་སོ། །
དེ་ནས་དྲུག་ཅུ་རྩ་བཞི་མ་ལ། མེ་ཉག་ལྕགས་སྲེགས་ཀྱི་འཁྲུག་པ་སྡུམས། གཉའ་བོ་མཛད་དེ། ཙ་རི་གནས་ཀྱི་ལྟག་ཏུ་དགོན་པ་མཛད་ནས་ལོ་གསུམ་འདག་ཆར་དུ་བཞུགས་ཏེ། དེར་མི་དབེན་དེ་ཤར་ཕྱོགས་ཀྱི་ལུང་པ་མི་གནག་པས་ཐུགས་དམ་འཕེལ་བར་གཟིགས་ནས། མེན་སྟོན་ཆོས་ཡེ་དང་། བྱ་མོ་པད་དེ་བྱ་བ་གཟའ་མི་གཉིས་ཀྱིས་ཞབས་ཏོག་བྱས་ནས། ཁོང་གི་ཞང་པོ་ལོང་འབྲིང་ཐོག་གེ་ཡིན་པས་སྤྱན་དྲངས་ནས། སྒོ་ལུང་ཕུག་མོ་ཆེར་སྦྱིན་སྲེག་ཁང་བུ་མཛད་ནས། འདག་ཆར་མཛད་ནས་སྒྲུབ་པ་རྩེ་གཅིག་ལ་བཞུགས་སོ། །
དེའི་དུས་སུ་དེ་རིང་ལས་ཅན་གཅིག་འོང་བར་འདུག་གསུང་ཙ་ན། བླ་མ་ཞུ་ཡས་དངོས་གྲུབ་བྱོན་ནས་མཇལ། བུད་མེད་ཀྱི་ལུས་ལ་སྤྲུལ་པའི་སྐུ་གསུངས་ནས་ཕྱག་མཛད་དོ། །དུག་པོའི་གསེབ་ན་རྒྱལ་བའི་སྐུ་གསུངས་ནས་ཕྱག་ལན་མཛད་དོ། །ཆོས་ཞུས་གྲུབ་ཐོབ་རྩོད་མེད་ཅིག་བྱུང་ངོ་། །སློབ་དཔོན་ལྷ་རྗེ་རིན་པོ་ཆེ་ཞ་མ་ཙན་ཏྲི་ཡི་ཡུམ་ལྔ་མོར་དྲངས་ནས། ཨ་ནེ་ལ་གཏད་པས། རྗེ་ཁུམ་བུ་བ་དྲིན་ཆེ་བ་དང་། ལྷ་རྗེ་རིན་པོ་ཆེས་སེམས་ཅན་ལ་ཕན་ཐོགས་པར་གཟིགས་ནས། ཕྱག་གཡོན་པའི་སྲིན་ལག་ལ་འོ་མ་བཏོན་ནས་བུ་ཆུང་ནས་ལོ་བཅུ་གཅིག་གི་བར་ལ་རྐང་ཐག་སྲིངས་སོ། །བུ་ཆུང་ནས་ཉི་ཤུ་རྩ་གཉིས་ཀྱི་བར་ལ་དབང་བྱིན་རླབས་ལན་བཅུ་གསུམ་མཛད། གདམས་ངག་ཐམས་ཅད་ལེགས་པར་བསླབ་ནས། ཐུགས་ཀྱི་སྲས་སུ་བཟུང་ངོ་། །
ལྷ་རྗེ་ཙན་ཏྲི་རྩིང་སྤྱོད་མཛད་པ་ལ་རྗེ་ཁུམ་བུ་བས་བཀྱོན་པས། ཁོ་རང་འགྲུབ་པའི་ལོ་ལ་དོན་ཤོར་དུ་ཆུགས་མཛོད། ང་ཡི་འདིས་སེམས་ཅན་ལ་ཕན་ཐོགས་པ་ཞིག་འོང་བ་ཡིན་གྱིས་གསུངས་སོ། །སྤྱིར་སྐུའི་ཡོན་ཏན་ལྷ་རྗེ་རིན་པོ་ཆེས་གཟིགས་པ་མང་སྟེ། ངས་སྤྱད་པས་ཨ་ནེ་ཡིན་པས། སྟོན་དུ་མི་འགྲོ། གྲུབ་ཐོབ་ལ་རྩོད་པ་མེད་གསུངས་ནས་ཆེ་མི་གསུངས་སོ། །ཀོང་མོ་རྒྱན་ནེ་དང་། འབྲི་སྒོམ་གཉིས་ཀྱིས་སྐུའི་རྟགས་དུ་མ་གཟིགས། ཨ་བ་པལ་ཆུང་དང་། བྱ་མོ་པད་དེ། ཝ་མོ་ཀྱིད་ཏོ་གསུམ་ཀྱིས་སྒྲོལ་མ་དངོས་སུ་ཡང་ཡང་མཐོང་། བཙུན་ཆུང་མ་སྒྲུབ་བུ་དང་། ཇོ་མོ་དགེ་མ་གཉིས་ཀྱིས་ཤེལ་གྱི་མཆོད་རྟེན་ཞིག་ཏུ་མཐོང་། ཇོ་ཇོ་ཐ་རེས་གསེར་གྱི་མཆོད་རྟེན་དཔལ་སྒོ་མངས་གཅིག་ཏུ་མཐོང་། ཙ་རི་བའི་བཙུན་པ་ཀུན་གྱིས་མཆོད་རྟེན་བྱང་ཆུབ་ཆེན་པོ་ཞིག་ཏུ་མཐོང་།
དེ་མིན་པ་ཡང་སྐུའི་ཡོན་ཏན་རྣམས་མི་ཕལ་གྱིས་མཐོང་སྟེ་བརྗོད་ཀྱིས་མི་ལང་ངོ་། །སེམས་ཅན་གཞན་གྱི་ལུས་སུ་སྤྲུལ་བ་ནི། བྱང་ཕུག་ཏུ་བུ་རྗེ་ཞ་བོའི་ཨར་བ་བཞི་ལྟ་རུ་བྱུང་ནས། ལྷ་རྗེ་བྱིས་པ་རྟིང་ནས་ཡོད་པས་ཁོང་གི་གོས་ཀྱིས་ཨ་ནེ་གཡོགས་པས། ཁོང་མེད་པར་བསྡད་པའི་ཁ་ན་ཕུག་ཅིག་འདུག །ཁོང་པ་ན་རེ་ཨ་ནེ་གར་སོང་ཟེར། ཕུག་རོན་དུ་སོང་བྱས། ལྷ་རྗེ་བཤུམས་པས། ཁོང་ངུ་བྲིད་ཨར་བས་སྲུས་བྱིན་ཟེར། ཡང་ཙ་རི་ན་བཞུགས་ཙ་ན། ནེ་ཚན་གཉིས་ཀྱི་ཚ་ཁ་རུ་སྐྱོ་བསངས་ལ་བྱོན་པས། རྣལ་འབྱོར་ཕུ་རུ་དཔལ་བྱ་བ་ལྟ་རུ་བྱུང་པས། ཨ་ནེ་མི་བཞུགས་པར་གྲོགས་པོ་ཕ་གི་ན་ཕར་རྒོ་བ་གཅིག་ཐུར་ལ་རྒྱུགས་ནས་སོང་། ཁང་གིས་ཁྱིམ་དུ་བྱོན་ཙ་ན་མལ་ན་དགེ་སྦྱོར་མཛད་ཀྱིན་འདུག་གོ །སྒོ་ལུང་ཕུག་མོ་ཆེར། ནེ་ཚན་གཉིས་ཀྱིས་སྐྱོ་བསངས་ལ་བྱོན་པས། སྒོ་ལུང་གི་གནས་རྟེན་གཡུང་རུང་དགའ། ལྕ་གཡག་གཅིག་ཁྱེར་ནས་ཕུ་ཡི་རྫིང་ཏོང་དུ་བྱུང་བ་དང་འཕྲད། ལྷ་རྗེ་ཡིས་གོས་ཀྱིས་གཡོགས་ཙ་ན། ཕ་བོང་ཞིག་གི་ཁ་ན་ཕོ་རོག་ཅིག་ཏུ་མཛད་ནས་འདུག །ཁོང་སོང་བ་དང་དངོས་སུ་བྱོན། ཕུག་མོ་ཆེའི་ཆུ་མིག་དེ་ཡང་། འདི་རུ་ཆུ་ཞིག་དགོས་པར་འདུག་གསུངས་ནས། གཏོར་མ་མཛད་ནས་ཏིང་ངེ་འཛིན་དུ་བཞུགས་ཙམ་ན། འཕྲལ་ལ་ས་སྣུམ་ཆིལ་ཆུ་རྡོལ་ནས་བྱུང་སྟེ། འབྲི་གང་མེད་པ་དངོས་གྲུབ་ཀྱི་ཆུ་ཡིན་ནོ། །
རྣལ་འབྱོར་དར་མ་སྐྱབས་བྱ་བ་ལ་སོགས་པ་རྣལ་འབྱོར་ཕོ་མོ་ཁ་ཅིག་གིས་སྦྱིན་སྲེག་ཁ་བུ་ན་བཞུགས་པ་ལ་བལྟས་པས། ལ་ལས་རྒན་མོ་སེ་མོ་ཞིག་ཏུ་མཐོང་། ལ་ལས་ཕུག་རོན་ཞིག་ཏུ་མཐོང་། ལ་ལས་ན་ཆུང་གཡུ་ཐོད་ཅན་ཞིག་ཏུ་མཐོང་། ལ་ལས་ཅི་ཡང་མ་མཐོང་། ཕྱིར་གྲུབ་ཀྱི་མཛད་པ་བརྗོད་ཀྱིས་མི་ལང་། ལོ་ཀའི་ཁམས་གཞན་དུའང་བྱོན་ན། བྱེ་བྲག་ཏུ་འཛམ་བུའི་གླིང་དུ་ཡུལ་ཉི་ཤུ་རྩ་བཞི་དང་། དུར་ཁྲོད་བརྒྱད་ལ་སོགས་པ་ཐམས་ཅད་དུ་བྱོན། དཔལ་རྡོ་རྗེ་གདན་དང་། ཨུ་རྒྱན་དང་། བལ་ཡུལ་དུ་བྱོན། རྒྱ་ནག་རི་བོའི་རྩེ་ལྔ་ལ་བྱོན། ལྷ་སར་ཇོ་བོ་རྣམ་གཉིས་ཀྱི་དྲུང་དུ་ལན་དགུ་བྱོན། གངས་ཏི་སེ་ལ་བྱོན། མ་ཕམ་གཡུ་མཚོ་ལ་བྱོན། ཙ་རི་ཙ་ཀོང་ལ་བྱོན། པ་ཏ་ཀ་ལ་དུང་། མཚོ་ཐམས་ཅད་དངོས་སམ་རྫུ་མ་འཕྲུལ་གྱིས་བྱོན། དེ་ནས་ལྷ་རྗེ་མ་ཉིད་དགུང་ལོ་བརྒྱད་ཅུ་རྩ་བདུན་བཞེས་པའི་དུས་སུ། སློབ་དཔོན་ལྷ་རྗེ་དང་། དགེ་བཤེས་དཀོན་མཆོག་དང་། དགེ་བཤེས་རྩེད་ཀར་བ་དང་། ཞང་བཙུན་དབང་ཕྱུག་འབར་དང་། ཨ་པ་པལ་ཆུང་དང་། ལྷ་གཅིག་སྒྲོན་ནེ་དང་། བཀའ་དམ་པ་གསལ་མཆོག་དང་། དགེ་སློང་བོ་དོང་བ་དང་། ལྷ་རྗེ་ཇོ་བདེ་དང་། དབལ་པོ་ནམ་རྩེ་དང་། ཁྱུང་པོ་ཧཱུྃ་ཀ་ར་དང་། སྣ་ནམ་ཆོས་འོད་ལགས་པ་རྣམས་ལ་ཆོས་ཁྲིམས་བརྡ་ཆོས་སུ་གསུངས་ཏེ།
ལྷ་རྗེ་མའི་ཞལ་ནས། ཁྱེད་རང་ཐམས་ཅད་ཆོས་ཞུ་བ་ཚོ་ད་ལོ་ཞུས་ཤིག །ཁོ་མོ་འགྲོ་འདུག་བྱེད་པའི་དུས་སུ། ཤུལ་དུ་མི་འཕྲེང་བ་ཞིག་བྱེད་པ་ཡིན། ད་ནས་ལོ་སྟོང་ཕྲག་མང་པོ་སྡོད་དང་རང་དབང་ཆེ། ད་ལྟ་རང་འགྲོ་འང་ཚེགས་མེད། དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་ལྷུག་པར་ཤོར་བ་ཚིག་གཅིག་དང་མེད་པས། བདེ་བར་གཤེགས་པ་ནམ་མཁའ་གང་བར་བྱས་ནས། སྤྲུལ་པ་བྱེ་བ་འགྱེད་དང་ཚགས་མེད་རྡོ་རྗེ་སྐུ་ལ་འགྱུར་བ་མེད། སེམས་ཅན་ལས་ཐ་དད་རྣམས་ལ་གང་ཚུགས་བྱས་ཀྱང་བཏུབ། ནམ་མཁའ་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་རང་གཅིག་པུས་བྱ་མནོ་སྟེ། སེམས་ཅན་རྣམས་ལ་རེ་བ་དང་ལྟོས་པ་རེ་བྱུང་ངོ་། །ང་དང་ཁྱེད་རྣམས་སྨོན་ལམ་ཤིན་ཏུ་དག་པ་ཡིན་པས། འདི་ལ་དད་པ་མེད་མནོས་པ་མ་བྱེད་པར་གདམས་ངག་ཉམས་སུ་ལོངས། སངས་རྒྱས་བླ་མ་ལ་རག་ལས་པས། བླ་མ་དམ་པ་ལ་མོས་གུས་གྱིས། ཡོན་ཏན་ཐམས་ཅད་རྩ་རླུང་ལ་འབྱུང་གིས་འབོད་ལ་སྒོམས། སྐུ་གསུམ་རང་ལ་རྙེད་ཀྱིས་སེམས་ཉིད་ཀྱི་དེ་ཉིད་ཚོལ། ཐར་པའི་རྒྱུ་ཡི་གེ་གྱིས། ལས་རྒྱུ་འབྲས་ལ་ངེས་ཤེས་སྐྱེད། ང་རང་གི་ཆོས་ཐམས་ཅད་ཀྱི་འདུག་ལུགས་ཤེས་པ་ཞིག་ཡིན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་འདི་ཡིན་རྐྱེན་འདི་ཡིན། འབྲས་བུ་འདི་ཡིན། བྱ་བ་ང་རང་གིས་ཤེས་པ་ཡིན། རྩ་བ་གཅིག་ལ་འབྲས་བུ་དུ་མ་འབྱུང་ལུགས་ཤེས་པ་ཡིན། བྱ་བ་ལགས་པ་ཞལ་གདམས་ཞལ་ཆེམས་ཀྱི་ཚུལ་གསུངས་ནས།
དེ་ནས་སྒྲུབ་པ་པོ་རྣམས་ལ་མི་མ་ཡིན་པའི་བར་ཆད་བསྲུང་བའི་དོན་དུ། མགོན་པོ་ལྕམ་རལ་གྱིས་དམ་ལ་བཏགས། བཀའ་བསྒོ་བ་མཛད། དེ་ནས་གངས་རི་ལྷ་འདྲེ་དྲེགས་པ་ཅན་བརྒྱ་རྩ་བརྒྱད་དམ་ལ་བཏགས། དེ་ནས་བླ་མ་རྣམ་གསུམ་གྱི་འདས་མཆོད་ཅིག་མཛད་པའི་དུས་སུ། རྩ་བའི་བླ་མ་དང་རྒྱུད་པའི་བླ་མ་ཐམས་ཅད་དང་ཞལ་མཇལ། རྣལ་འབྱོར་མ་ཨུ་ཀར་མ་དང་། དགེས་རྡོར་ལྷ་དགུ་དང་། དཔལ་འཁོར་ལོ་སྡོམ་པའི་ལྷ་རྣམས་ཀྱི་ཞལ་མངོན་སུམ་དུ་མཐོང་། དབང་བཞིའི་རྫོགས་པར་བསྐུར་རོ། །ཕ་རྒྱུད་ཀྱི་དཔའ་བོ་དང་། མ་རྒྱུད་ཀྱི་དཔའ་མོ་ཐམས་ཅད་ཀྱིས་རོལ་མོ་དུ་མ་དང་བཅས་པས་བསུ་བ་དང་། སྤྱན་འདྲེན་པ་བྱུང་ངོ་། །སྔར་ལོ་ཨ་པ་པལ་ཆུང་ལ་ས་ཕྱོགས་འདིར་བསྡད་དུ་མི་འདོད་གསུངས། འཁྲུག་པ་འོངས་དུས་རང་ཨུ་རྒྱན་དུ་འདོང་ངམ་གསུངས་སོ། །མཐར་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞེས་ནས། ལྷ་རྗེ་རིན་པོ་ཆེ་ཉི་ཤུ་རྩ་གཉིས་པའི་ལོ་ལ། ཡོ་དག་ལོ་འབྲིང་ཇོ་ཐོག་བྱ་བ་དང་པོར་ཆོས་སྒོར་ཞུགས་དབང་བསྐུར་ཞུས། མདའ་ལྷང་ཚེ་གསུམ་ལ་སྦྱིན་བསྲེགས་བྱས་མདེའུ་ལ་ཞུགས་སྐྱོང་བྱས། ཕྱིས་ཡུལ་རྐྱེན་ཞིག་གིས་འཁྲུག་པ་ལངས་ནས་ད་ནི་བདག་དགོན་པ་ཞིག་ཡོད་གསུངས་ནས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ལ་ཚོགས་མཆོད་མཛད་ནས་བྱ་ཡི་ལོ་སྨིན་དྲུག་གི་ཚེས་གསུམ་ལ་སྐུའི་ཕྱག་རྒྱ་བརྟུལ་བའི་ཚུལ་བསྟན་ཏོ། །པུར་སྦྱངས་གདུང་ཐལ་ཇི་ཡང་མ་བྱོན་ཏེ། སྤྲུལ་པའི་སྐུར་དེར་ཤེས་སོ། །
དེ་ལྟ་བུའི་གྲུབ་ཐོབ་མ་གཞོན་ནུའི་ཆ་ལུགས་དང་ལྡན་པ། ཡེ་ཤེས་སྐུ་གསུང་དབྱངས་ཟབ་མོ་ལ་མངའ་བརྙེས་པ། འཛམ་བུའི་གླིང་གི་རྒྱན་གཅིག་མ། སྐྱེས་མཆོག་མ་ཆེན་མོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། དམ་ཚིག་སྒྲོལ་མ། ས་བཅུའི་བྱང་ཆུབ་སེམས་མར་གྱུར་པ། མདོ་རྒྱུད་ཐམས་ཅད་ནས་ལུང་བསྟན་པ། ཇོ་ཇོ་བོང་ལྷ་རྗེ་མའི་རྣམ་པར་ཐར་པ། རིན་པོ་ཆེ་པདྨའི་འཕྲེང་བ་ཞེས་བྱ་བ། ཞ་མ་ཙན་ཏྲིས་བཀོད་པ་རྫོགས་སོ། །སློབ་དཔོན་ཀུན་དགའ་རྡོ་རྗེ་ལ་སྨྲས་པ་བྷེ་དྷེ་ཤྲཱི་ཞུས་སོ།། །།
ལས་ཅན་བུ་མོ་མེ་ཏོག་གསལ་སྒྲོན་མའི་རྣམ་ཐར། མཛད་པ་པོ་མི་གསལ།
༄༅། །ལས་ཅན་བུ་མོ་མེ་ཏོག་གསལ་སྒྲོན་མའི་རྣམ་ཐར་བཞུགས་སོ། །ཨོཾ་སྭ་སྟི་སི་ཏཾ། སྔོན་རྒྱ་གར་གྱི་ཡུལ་པདྨ་ཅན་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ན། ཡབ་རྒྱལ་པོ་གྲགས་པ་མཐའ་ཡས་དང་། ཡུམ་ལྷ་སྒྲོན་གཉིས་ལ་བུ་མོ་མེ་ཏོག་གསལ་སྒྲོན་ཞེས་བྱ་བ་གཅིག་བྱུང་། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། མཁའ་འགྲོ་མའི་མཚན་དང་ལྡན་པ་གཅིག་ཡོད་དེ། ཡང་དུས་རེ་ཞིག་ཚེ། བློན་པོ་རྣམས་དང་གྲོང་ཁྱེར་གྱི་མི་རྣམས་ན་རེ། འོ་ཅག་རྣམས་ཀྱི་རྒྱལ་པོ་ལ་ཞུས་པ། ཀྱེེ་མ་རྒྱལ་པོ་ཆེན་པོ་སྙན་གསོན་དང་། །རྒྱལ་སྲིད་བཟུང་བའི་བུ་ནི་མི་ཡོང་བས། །དེ་ཕྱིར་བུད་མེད་འདི་ཡིས་ཅི་ཞིག་བྱ། །བུ་ནི་མེད་པའི་རྒྱལ་སྲིད་སྟོང་པར་འདུག །ཐབས་ཇི་ལྟར་གྲགས་བསམ་རྒྱལ་པོ་ལགས། །ཞུས་པས།
རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། ཨེ་མ་ང་ཡི་འཁོར་འབངས་རྣམས། །ཁྱེད་རྣམས་སྡུག་བསྔལ་མ་བྱེད་ཅིག །ཚེ་སྔོན་ལས་དང་སྨོན་ལམ་ཡིན། །བུ་དང་དབྱེར་མེད་བདག་གི་བུ་མོ་འདི། །གཟུགས་མཛེས་ཤིང་ལྟ་ན་སྡུག་པ་ལྷ་མོའི་གཟུགས། །ཡེ་ཤེས་མཁའ་འགྲོའི་མཚན་དང་ལྡན་པ་འདི། །དེ་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲོང་ཁྱེར་ནོར་བུའི་གླིང་ཞེས་བྱ། །རྒྱལ་པོ་འཇིགས་མེད་སྐྱོབས་བཟང་ལ། །སྲས་ཟླ་བ་ནོར་བུ་ཞེས་བྱ་ཡོད། །རྒྱ་གར་ཤར་ནུབ་གཉེན་བྱའོ། །དེ་རུང་ངམ་མི་རུང་བློན་འབངས་ཚོགས། །ཞེས་གསུངས་པ་དང་། བློན་འབངས་རྣམས་ཀྱིས་འདི་སྐད་ཞུས་སོ། །རང་རེ་རྒྱལ་པོའི་སྲས་མོ་དང་། །ནུབ་ཀྱི་རྒྱལ་པོའི་སྲས་གཉིས་ནི། །གཉེན་དུ་བདེ་ན་དགའ་བ་ལ། །ཟེར་ནས་ཁ་འཆམས་སོ། །དེ་ནས་བུ་མོ་ལོ་བརྒྱད་ཙམ་ལོན་པ་དང་། ཡབ་ཡུམ་གཉིས་ཀྱི་ཞལ་ནས་འདི་སྐད་གསུངས་སོ། །ཡིད་འོང་ལྷའི་སྲས་མོ་ཚུར་ཉོན་དང་། །ཁྱོད་ནི་འཇིག་རྟེན་མི་ཆོས་བྱ་དགོས་པས། །རྒྱལ་སྲིད་སྟོང་དུ་མ་བཅུགས་ཡིད་འོང་མ། །རྒྱལ་པོ་གཉིས་ཀྱི་རྒྱལ་སྲིད་ཁྱོད་ཀྱིས་འཛིན། །ཞེས་གསུངས་སོ། །
དེ་ནས་བུ་མོའི་རྣ་བར་ཐོས་པས་དྲན་མེད་དུ་སོང་། ཡབ་ཡུམ་གཉིས་ཀྱང་དུས་དེ་རིང་གཏམ་དེ་དགྲ་ལས་འཆི་ཉེན་ཆེ་བ་འདུག་སྙམ་དགོངས་ནས། མ་ཡིས་ཆབ་གཅིག་གཏོར་བ་ནས་བུ་མོས་དྲན་པ་རྙེད་དེ། ལང་བྱུང་བར་དེར་བུ་མོས་བསམ་པ་ལ། ཀྱེེ་མ་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ལུས་མི་རྟག་ནམ་མཁའི་འཇའ་ཚོན་འདྲ། །དོན་མེད་ཆལ་ཆོལ་ངང་ལས་སྒྱུ་ལུས་བོར། །མི་རྟག་ཐམས་ཅད་ཤར་བའི་ཨ་ཙ་མ། །ཚེ་འདི་མི་ལུས་དོན་མེད་སོང་བ་འདྲ། །མི་ལུས་དོན་མེད་གཏོང་བར་ང་རེ་འགྱོད། །ཅེས་ཟེར་ཞིང་ངུས་སོ། །
དེ་མ་ཐག་ལ་གཉིད་ཐུམ་དུ་སོང་བའི་རྨི་ལམ་ན། །རྨི་ལམ་ཅི་རིགས་སྣ་ཚོགས་མཐོང་། །དེ་བཟང་པོ་ཡིན་ནམ་ངན་པ་ཡིན། །ཉི་མ་སྤྲིན་གྱིས་སྒྲིབ་པ་མཐོང་། །སྒྲིབ་པའི་ཐ་མ་གསལ་བ་མཐོང་། །ཟླ་བ་གཟའ་ཡིས་འཛིན་པ་མཐོང་། །འཛིན་པའི་ཐ་མ་རྒྱས་པ་མཐོང་། །བུ་མོ་བདུད་ཀྱིས་བཟུང་བ་མཐོང་། །བཟུང་པའི་ཐ་མ་ཤོར་བ་མཐོང་། །དེའི་མོད་ལ་གཉིད་སད་ནས་བུ་མོས་ནི་ཅི་ཡིན་མ་ཤེས་པར་ཡིད་གཉིས་སྡོད་པ་འཁྲུལ་གཞི་མང་པོ་རྒྱ་ཆེ་ཞིང་ཇི་ལྟར་ཡིན་ཆ་མེད་ཀྱི་ངང་ལས། ད་ནི་རྨི་ལམ་གྱི་འབྲས་བུའི་དོན་རྟོགས་གཅིག་བྱེད་དགོས་སྙམ། ཆང་ཞིམ་ལ་མང་པོ་ཁྱེར་ནས་བྲམ་ཟེ་སྒོམ་ཆེན་གཅིག་ཡོད་པའི་དྲུང་དུ་ཕྱིན་པ་དང་། ཆང་འབུལ་ཞིང་རྨི་ལམ་གྱི་དོན་ལྡན་སྒོམ་ཆེན་བྲམ་ཟེ་ལ་ཞུས་པས། སྒོམ་ཆེན་ཐུགས་ལྷོད་བུ་མོའི་གླུ་ལ་གསོན། །མདང་སུམ་མདང་གི་རྨི་ལམ་ལ། །མི་མཐོང་དགུ་མཐོང་བཅྭོ་བརྒྱད་མཐོང་། །ཉི་མ་སྤྲིན་གྱིས་སྒྲིབ་པ་མཐོང་། །སྒྲིབ་པའི་ཐ་མ་གསལ་བ་མཐོང་། །ཟླ་བ་གཟའ་ཡིས་འཛིན་པ་མཐོང་། །འཛིན་པའི་ཐ་མ་རྒྱས་པ་མཐོང་། །བུ་མོ་བདུད་ཀྱིས་བསྐོར་བ་མཐོང་། །བསྐོར་ཀྱང་བུ་མོ་ཐར་བ་མཐོང་། །བདག་ནི་ཅི་ཡིན་མི་ཤེས་པས། །སྒོམ་ཆེན་དྲང་པོར་གསུང་དུ་གསོལ། །ཞུས་པས། སྒོམ་ཆེན་གྱི་ཐུགས་དགོངས་མཉམ་གཞག་པའི་ངང་ལས། རྒྱལ་པོའི་བུ་མོ་གསལ་སྒྲོན་ཚུར་ཉོན་ཅིག །ཁྱོད་ཀྱི་རྨི་ལམ་དྲང་པོར་བཤད་དུ་བགྱི། །ཞེས་གསུངས་པས། ཉོན་ཅིག་བུ་མོ་གསལ་སྒྲོན་མ། །ཉི་ཟླ་སྤྲིན་གྱིས་སྒྲིབ་པ་འདི། །ཚེ་སྟོད་འཇིག་རྟེན་བཟུང་བའི་རྟགས། །སྒྲིབ་པའི་ཐ་མ་ཤར་བ་འདི། །ཚེ་སྨད་སྐྱེས་བུ་ཤར་བའི་རྟགས། །ཟླ་བ་གཟའ་ཡིས་འཛིན་པ་འདི། །བུ་མོ་ཚེ་སྟོད་སྡུག་པའི་རྟགས། །བཟུང་བའི་ཐ་མ་རྒྱས་པ་འདི། །ཚེ་སྨད་གདུལ་བྱ་རྒྱས་པའི་རྟགས། །བུ་མོ་བདུད་ཀྱིས་བསྐོར་བ་འདི། །གྲོགས་ངན་གཅིག་དང་འགྲོགས་པའི་རྟགས། །བསྐོར་ནས་བུ་མོ་བཏང་བ་འདི། །ཚེ་སྨད་ཆོས་ལ་འགྲོ་བའི་རྟགས། །དོན་མེད་ཁྱིམ་ཐབ་བྱས་ན་བུ་མོ་འཁྲུལ། །འཁྲུལ་ཀྱང་སྔོན་གྱི་ལས་འཕྲོ་ཡིན། །འཇིག་རྟེན་ཆོས་ལ་ལས་འཕྲོ་མེད། །ལས་འཕྲོ་ཆོས་ལ་བཀོད་པ་ཡོད། །ཅེས་གསུངས་སོ། །
དེ་ནས་བུ་མོའི་བསམ་པ་ལ། ཆོས་མེད་མི་ལུས་དུད་འགྲོ་དང་འདྲ་སྟེ། ཅིས་ཀྱང་ཆོས་ལ་འགྲོ་དགོས་བསམ་སྟེ། དེ་ནས་བུ་མོ་ཡབ་རྒྱལ་པོའི་དྲུང་དུ་བྱོན་ནས་ཕྱག་འཚལ་ནས་ཞུས་པ། ཀྱེེ་ཡབ་ཆེན་རྒྱལ་པོ་སྙན་གསོན་ཅིག །རྙེད་པར་དཀའ་པའི་མི་ལུས་འདི། །འཆི་བ་ནམ་ཡོང་མི་འདུག་པའི། །ལོང་མོ་ཉིན་མོའི་སྐར་མ་ཙམ། །ལྷ་ཆོས་མ་བྱེད་རང་ཉིད་འགྱོད། །མི་ཡུལ་མ་ཡིན་བདུད་ཡུལ་ཡིན། །གཅིག་པོར་མ་སྡོད་རང་ཉིད་ཕུངས། །བུ་མོས་ཕ་ཤུལ་བཟུང་རབས་མེད། །ཨ་མ་བདག་ལ་བཀའ་གནང་ཚར། །ཡབ་རྒྱལ་པོ་ཁྱོད་ཀྱིས་གནང་བར་ཞུ། །མྱུར་དུ་ཆོས་ལ་གཏོང་བར་མཛོད། །ཆོས་མགོ་བདུད་ཀྱིས་མ་འགག་པར། །ཡབ་ཀྱིས་བཀའ་གནང་བུ་མོ་འགྲོ། །ཞེས་བུ་མོ་ངུ་ཞིང་ཞུས་པ་དང་།
ཡབ་ཀྱི་ཞལ་ནས། བདག་གི་ཡིད་འོང་བུ་མོ་ཚུར་ཉོན་དང་། །ད་ལན་ཕ་དང་བུ་མོར་འཛོམས། །བུ་མོ་ཆོས་ལ་འགྲོ་དགོས་མ་ཟེར་ཅིག །སྤྱིར་སྐྱེ་བ་བུད་མེད་ཀྱི་རིགས། །སྒོས་བུ་མོ་ཁྱོད་ཀྱི་ཆོས་སྐལ་ནི། །ཕོ་བྲང་ནང་དུ་འཁོར་འབངས་བུ་བཞིན་སྐྱོངས། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་དང་། །དབུལ་ཕོངས་རྣམས་ལ་སྦྱིན་པ་གཏོང་བ་དང་། །རིགས་དྲུག་རྣམས་ལ་སྙིང་རྗེ་བསྒོམ་པ་དང་། །དེ་བུ་མོ་ཁྱོད་ཀྱི་ཆོས་སྐལ་ཡིན། །ཡིད་འོང་གཞན་དུ་མ་འགྲོ་བར། །ཕོ་བྲང་ནང་དུ་བཞུགས་པར་འགྱུར། །བཀའ་གནང་ཞལ་གྱིས་མ་བཞེས་པས། །བུ་མོ་ཁོ་ཐག་གཏིང་ནས་ཆོད། །ཅེས་གསུངས་སོ། །
ཡང་བུ་མོའི་བསམ་པ་ལ། ད་ཡུམ་ལ་ཞུ་དགོས་སྙམ་སྟེ། ཟས་ཞིམ་ལ་མང་ཁྱེར་ནས་ཡུམ་གྱི་དྲུང་དུ་སོང་ངོ་། །བུ་མོ་ཡུམ་ལ་ཕྱག་འཚལ་ནས་གླུ་འདི་ལྟར་བླངས་སོ། །ཨེ་མ་བདག་གི་ཡུམ་ཆེན་མ། །མི་དབང་རྒྱལ་མོ་བུ་མོའི་གླུ་ལ་གསོན། །ཁ་སང་ཁའི་ཉི་མ་ལ། །ཡབ་རྒྱལ་པོའི་དྲུང་དུ་ཞུ་ཚིག་ཕུལ། །ཞུ་བ་ཕུལ་བྱས་ཡབ་ཀྱིས་བཀའ་དྲིན་བསྐྱངས། །བུ་མོ་ཆོས་ལ་འགྲོ་དགོས་ན། །ཆོས་མགོ་བདུད་ཀྱིས་མ་འགག་བུ་མོ་སོང་། །བུ་མོ་ཆོས་ལ་གཤེགས་གསུངས་པའི། །ཡབ་རྒྱལ་པོའི་བཀའ་ནི་འགྲོ་ལགས་ཏེ། །ཡབ་ཀྱི་བཀའ་གནང་ཡུམ་ཀྱང་གནང་། །ད་ལེགས་ཀྱང་བུ་མོ་ཆོས་ལ་འགྲོ། །ཉེས་ཀྱང་བུ་མོ་ཆོས་ལ་འགྲོ། །བུ་མོ་ལྷ་ཆོས་བྱེད་ཀྱང་ནི། །ཚེ་འདིའི་བར་ཆད་ཆོས་ཀྱིས་བསལ། །ཕྱི་མ་ལམ་སྣ་ཆོས་ཀྱིས་འདྲེན། །ལས་ཅི་ལ་ཐུག་ཀྱང་ཆོས་ལ་འགྲོ། །དོན་ཅི་ལ་ཐུག་ཀྱང་ཆོས་ལ་འགྲོ། །གཏང་ན་བུ་མོ་ཆོས་ལ་འགྲོ། །མ་གཏང་བུ་མོ་ལྕེབས་ནས་ཤི །ཞེས་ངུ་ཞིང་ཞུས་པས། །ཨ་མའི་ཞལ་ནས། ཉོན་ཅིག་ལྷ་མོ་ཡིད་འོང་མ། །བུ་མོ་ཞལ་རྫུན་མ་བྱེད་ཅིག །ཡབ་ཀྱིས་ཁྱོད་ལ་བཀའ་མི་གནང་། །ངེད་ཅག་ཡབ་ཡུམ་གཉིས་པོ་ཡི། །ཁོང་པའི་སྙིང་དང་དཔྲལ་བའི་མིག །ཡིད་འོང་མེ་ཏོག་གསལ་སྒྲོན་ཡིན། །ཕ་མ་རྒྱབ་ཏུ་སྐྱུར་ཕོད་དམ། །དྲིན་ཅན་ཕ་མ་བཞག་ནས་ནི། །ཆོས་ལ་འགྲོ་བ་ཕོད་ལགས་སམ། །བུ་མོ་ཕ་ཤུལ་མི་འཛིན་པར། །རྒན་རྒོན་བཀའ་ལ་མི་ཉན་པར། །སྔོན་དུ་ཨ་མ་ལྕེབས་ནས་ཤི །དེ་བས་བུ་མོ་ཐུགས་ལྷོད་དང་། །བུ་མོ་བློ་ཁ་རྫོགས་པར་གྱིས། །དེ་མིན་དེ་སྐད་མ་གསུང་པར། །རྒན་རྒོན་གཉིས་ཀྱི་སྐྱིད་སྡུག་ཁྱེད་ལ་རེ། །ཞེས་གསུངས་ཤིང་དྲན་མེད་དུ་བརྒྱལ་སོང་ངོ་། །
ཡང་བུ་མོའི་བསམ་པ་ལ། ངས་གང་ལྟར་ཞུས་ཀྱང་བཀའ་མི་གནང་བར་འདུག །ཕུག་ཅི་ལ་ཐུག་ཀྱང་ཆོས་ལ་འགྲོ་དགོས་བསམ་སྟེ། ད་ལན་ཡབ་ཡུམ་གཉིས་ཀྱི་བཀའ་ལ་གནས་པར་བྱའོ། །དེ་ནས་ནམ་ཞིག་དུས་ཀྱི་ཚེ། ཡུལ་པདྨ་ཅན་ནས་བང་ཆེན་གསུམ་བྱུང་ངོ་། །རྒྱལ་པོ་ལ་ནོར་ཟས་མང་དུ་ཕུལ་ནས་འདི་སྐད་ཞུས། ཀྱེེ་རྒྱལ་པོ་ཆེན་པོ་ལགས། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས། །རྒྱལ་པོ་འཇིགས་མེད་སྐྱོབ་བཟང་ལ། །སྲས་ཟླ་བ་ནོར་བུ་ཞེས་བྱ་ཡོད། །འདི་ཡི་བཙུན་མོ་ཨེ་ཡོང་བསམ། །ལྷ་ཅིག་མེ་ཏོག་གསལ་སྒྲོན་འདི། །ཅིས་ཀྱང་རྒྱལ་པོས་གནང་བར་ཞུ། །ཞེས་ཞུས་པས། དེ་ནས་རྒྱལ་པོ་དང་བཙུན་མོ་འཁོར་འབངས་ཐམས་ཅད་ཁ་འཆམས་ནས་ཚེས་གྲངས་བཟང་པོ་ལ་བག་མ་ལ་འགྲོ་བའི་གྲབས་བྱས་ནས། བུ་མོ་ཚེས་གྲངས་བཟང་པོ་ལ་རྒྱན་རྣམས་བཏགས་ནས་ཡུལ་ནོར་བུའི་གླིང་ལ་བག་མ་ལ་བྱོན། བག་མ་ལ་བྱོན་པའི་དུས་སུ་ལམ་ཁ་ལས་སྨོན་ལམ་དེ་བཞིན་བཏབ་བོ། །ཕ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་ལ་ཐུགས་རྗེ་གཟིགས་སུ་གསོལ། །དྲིན་དང་ལྡན་པའི་ཕ་མ་གཉིས། །ལུས་ལ་ནད་མེད་སེམས་ལ་སྡུག་བསྔལ་མེད། །སྐུ་ཚེ་མི་འགྱུར་ཉི་ཟླ་ལྟ་བུར་གསལ། །ཕྱི་མ་བྱང་ཆུབ་ལམ་ལ་འཁོད་པར་ཤོག །ལས་དང་ལྡན་པའི་འཁོར་འབངས་རྣམས། །སྐུ་ཚེ་འཕྲིན་ལས་རྒྱས་འགྱུར་ནས། །རྒྱལ་འབངས་བདེ་ཞིང་སྐྱིད་པར་ཤོག །བདག་གིས་སྨོན་ལམ་བཏབ་པ་བཞིན། །འཁོར་འབངས་ཆོས་དང་ལྡན་པར་ཤོག །དེ་ནས་ཡུལ་ནོར་བུའི་གླིང་ལ་བྱོན། དེ་ནས་ལོ་བདུན་གྱི་བར་དུ་རྒྱལ་པོ་དང་བཙུན་མོ་དེ་ཉིད་འདོད་ཡོན་ལོངས་སྤྱོད་ལྔ་ལ་མཐུན་ནས་བཞུགས་སོ། །
བུ་མོ་ཁ་ཅིག་སོང་བའི་དུས་སུ་རྒྱལ་པོའི་ཞལ་ནས། བུ་མོ་ཁྱོད་ཀྱི་ལུས་ལས་ཉི་མ་མི་ཤར་འདུག །ཉི་མ་མི་ཤར་རྒྱལ་སྲིད་སྟོངས་བར་འདུག །རང་ཡུལ་པདྨ་ཅན་དུ་ལོག་ལས་སོང་། །ཞེས་གསུངས་པས། བུ་མོས་རྒྱལ་པོ་ལ་གླུ་འདི་ལྟར་བླངས་སོ། །རྒྱལ་པོ་ཟླ་བ་བཟང་པོ་སྙན་གསོན་ཅིག །ཡུལ་པདྨ་ཅན་དུ་སྡོད་དུས་ལ། །བུ་མོ་ལྷ་ཆོས་བྱེད་དགོས་བསམ་པ་ལ། །ཡབ་ཡུམ་གཉིས་ཀྱིས་བཀའ་མི་ཆོག །ད་འདི་རུ་སླེབས་ནས་ལོ་བདུན་སོང་། །ད་ནི་རང་ལོ་བཅོ་ལྔ་སོང་། །ཉི་ཤུ་ཉེར་ལྔ་ཐུབ་ཐུབ་ནས། །ངའི་ལུས་ལ་ཉི་མ་མི་ཤར་ན། །བདག་ཀྱང་རང་ཡུལ་ལོག་ཀྱང་རུང་། །ཐུགས་ཚབ་ཚབ་མ་བྱེད་ལྷོད་དུ་བཞུགས། །ཞེས་ཞུས་པ་དང་། རྒྱལ་པོས་བུ་མོའི་ཕྱག་ནས་བཟུང་སྟེ་འདི་སྐད་གསུངས་སོ། །ཉོན་ཅིག་སྤྲང་མོ་ཚུར་ཉོན་དང་། །དོན་མེད་སྤྲང་ཁ་ལབ་མི་དགོས། །ཁྱོད་ལ་ཕ་ཡུལ་ཡོད་ན་ལོག་ནས་སོང་། །སྤྲང་མོ་རང་ཡུལ་འགྲོ་བ་ལ། །ཚེས་གྲངས་གཟའ་སྐར་རྩི་མི་དགོས། །ཁྱོད་མི་འགྲོ་འདི་རུ་སྡོད་ཟེར་ན། །ཁྱོད་ལ་རྩི་བཞག་ངས་མི་བྱེད། །འགྲོ་ན་ལམ་སྐྱེལ་ངས་མི་གཏོང་། །དེ་བས་བུ་མོ་རང་ཡུལ་ལོག །ཁྱོད་ནི་འདི་རུ་མ་སྡོད་ཅིག །ད་རུང་བུ་མོ་མི་འགྲོ་ན། །ངའི་ཕོ་བྲང་ནང་དུ་མ་སྡོད་ཅིག །ཅེས་ཟེར་ནས་བུ་མོའི་ན་བཟའ་ཕུད་ནས་སྐུ་ལུས་ལ་དབྱུག་པས་བརྡུངས་ནས། བུ་མོའི་སྤྱི་གཙུག་ཏུ་བཟུང་ནས་གན་རྐྱལ་དུ་ནམ་ལངས་པ་འདྲ་བ་ལན་གསུམ་བྱས། ཁ་སྦུབ་ནམ་སྲོད་བ་འདྲ་བ་ལན་གསུམ་བྱས་སོ། །སྐུ་ལུས་ལ་རྒྱུག་པ་གྲངས་མེད་པ་བརྡུངས་ནས། བུ་མོའི་སྐེད་ལ་ཞགས་པ་བཏབ་ནས་ཕོ་བྲང་ཕྱི་ལ་ཐོན་པ་དང་། ཕྱི་སྒོ་ནང་སྒོ་གཉིས་ཀ་བསྡམས་ནས་རྒྱལ་པོའི་ཕོ་བྲང་རྩེ་ཐོག་ཏུ་བྱོན་ནས་གཟིགས་སོ། །
དེ་ནས་བུ་མོས་ཕོ་བྲང་རྩ་བ་ནས་གླུ་འདི་ལྟར་བླངས་སོ། །ཕ་ཅིག་གསོལ་བ་འདེབས་སོ་བླ་མ་ལ། །བྱིན་གྱིས་རློབས་ཤིག་ལས་ངན་མ། །འདུས་ལན་ཅིག་འགྲོགས་པའི་གཏན་གྲོགས་ལ། །བདག་གིས་གཏམ་ངན་ཞུགས་མོད་ཀྱང་། །ཚིག་ངན་ངག་མོ་བཏང་ན་ཁྱོད་ངོ་ཚ། །ཅིས་ཀྱང་ང་ནི་རྒྱལ་ཁམས་བསྐོར་དུ་འགྲོ། །ཁྱོད་རྒྱལ་པོ་སྐུ་ཁམས་བདེ་བར་བཞུགས། །བུ་མོ་ཕ་ཡུལ་བསྐོར་དུ་འགྲོ། །ཁྱོད་འཇིག་རྟེན་རྒྱལ་སྲིད་འཕེལ་བར་ཤོག །འཁོར་འབངས་བདེ་ཞིང་སྐྱིད་པར་ཤོག །ཞུས་པས། བུ་མོ་བྱོན་པའི་ལམ་བར་ལ་རྒྱལ་པོས་གཟིགས་པས། བུ་མོའི་ཞལ་རྒྱས་ལྷ་སྐུ་ལས་མཚར་བ་འདུག་པས། རྒྱལ་པོས་ཐུགས་ཀྱིས་མ་བཟོད་པར་ཕྱིར་བྱོན་ནས་བུ་མོ་ལ་འདི་སྐད་གསུངས་སོ། །ཨ་ལས་མེ་ཏོག་གསལ་སྒྲོན་མ། །ད་ལན་ཡུག་ཅིག་འདིར་བཞུགས་དང་། །བདག་མ་རིག་དབང་གིས་བདག་འདྲ་ང་། །ཁྱོད་སངས་རྒྱས་ཡིན་པར་མ་ཤེས་མཐོལ་ལོ་བཤགས། །ང་གང་ལྟར་བསམ་ཀྱང་ཁྱོད་ལས་མེད། །བདག་མ་སྒོ་མ་རི་ཁྲིད་དང་གསུམ། །དབྱར་གསུམ་ལྷོ་སྤྲིན་སྤང་ཐོག་ནས། །ཁྲེས་བརྡུང་ཤར་བཞིན་ནུབ་པ་ངས་མ་མཚར། །དགུན་གསུམ་ལྷགས་པ་ལྔ་ཚར་ན། །མེ་ཏོག་སེར་པས་བཅོམ་པ་དེས། །ཤེས་མི་ཚམ་ལས་སུག་བྱེད་པ། །ཐུགས་དགོངས་མ་ཉམས་བཞུགས་སུ་གསོལ། །ཞེས་གསུངས་པས། ཡང་བུ་མོ་ན་རེ། ང་རིགས་དྲུག་སྙིང་རྗེ་ཡོད་པ་ལ། ཁྱོད་ལ་མ་དགའ་མི་འདུག་སྟེ། གཞན་ཡིན་ན་ཁྱོད་ཀྱིས་ང་ལ་བརྡུང་པའི་ལས་ཅོལ་བ་ཡོད། ཁྱོད་ལ་ཁྲེལ་ཡོད་པས་ང་ཆོས་ལ་འགྲོ་བའི་དུས་སླེབས་པ་ཡིན། དང་པོ་སྒོམ་གྱིས་གསུངས་པས་ལུང་བསྟན་སླེབས་འདུག་པས། ད་ཆོས་མ་བྱེད་ན་ང་སྙིང་རུལ་བ་ཡིན། བཙུན་མོ་བྱེད་རེ་ཤི་ཟེར་ནས་ཐག་ཆོད་དོ། །
དེ་ནས་གཡོག་མོ་ཡང་ལྡན་མ་བྱ་བ་ཞིག་ཡོད་པས་དེའི་ཁྱིམ་དུ་བྱོན་སོང་ངོ་། ཁྱོད་དང་ང་གཉིས་སྔོན་གྱི་སྨོན་ལམ་གྱིས། ལན་གཅིག་འགྲོགས་པའི་དཔོན་གཡོག་ཡིན། ང་ལ་འཚོ་བ་གཅིག་གནང་བར་ཞུ། གཡོག་མོ་ཡང་ལྡན་མའི་ཞུས་པས། ཨ་ཅེ་མེ་ཏོག་གསལ་སྒྲོན་མ། །ཁྱོད་དང་ང་གཉིས་སྨོན་ལམ་གྱིས། །ལན་གཅིག་འགྲོགས་པའི་དཔོན་གཡོག་ཡིན། །གསོས་བ་གསོལ་དང་ཟེར་ནས་དྲངས་སོ། །དེ་ནས་བུ་མོས་གླུ་འདི་ལྟར་བླངས་སོ། །ཁྱོད་རབ་ཏུ་འབྱུང་ངོ་ཡང་ལྡན་མ། །ང་སྒྱུ་མ་སྟོང་པའི་ལུས་པོ་འདི། །ལམ་གང་དཀར་ལ་མོ་དགུང་མཐང་ལ། །བདག་ཟ་མའི་ལུས་པོ་བལ་ལས་འཇམ། །ཁོང་སྟོང་ལྟོ་མེད་ངང་ལ་བྱང་ཐང་གཤག །ཡུལ་པདྨ་ཅན་དུ་སླེབས་ན་དགའ། །ཚེ་འདི་ལ་སྡོད་པའི་དབང་མ་བྱུང་། །ཕྱི་མ་སངས་རྒྱས་ཐོབ་པར་ཤོག །ཅེས་ཟེར་ནས་གཡོག་མོ་ལ་ང་ལུང་པའི་མདའ་རུ་ཁྲུས་ལ་འགྲོ་ཟེར་ནས་བྱོན་ནོ། །ཕུ་ནས་མདའ་རུ་སླེབས་པ་དང་། ཆུ་ཆེན་པོ་གཅིག་འདུག་པས་ཆུ་འདིའི་འགྲམ་དུ་རྡོ་ལེབ་གཅིག་གི་སྟེང་དུ་བཞུགས་ནས།
དེ་ནས་བུ་མོའི་བསམ་པ་ལ། ད་ངའི་རྒྱབ་ལ་ཕ་མ་མིང་པོ་ནི་ང་ལ་མེད། ཕ་མ་རྒན་རྒོན་ཡང་ཤི་ཡོད་དམ་བསམས་ནས་ཡུལ་དུ་འགྲོ་བའི་ལམ་ནི་ངས་མི་ཤེས། སྤྲང་མོ་འཁོར་བར་འཁྱམ་ནས་སྡོད་པ་ལས། ལྕེབས་ནས་ཤི་ནས་རུང་དྲག་འདུག་ཟེར་ནས། ལྕེབས་ནས་ཤི་དགོས་བསམ་ནས་བུ་མོ་རང་གི་ལུས་རྒྱན་ཐམས་ཅད་ཕུད་ནས་བཞག་གོ །
དེའི་བར་ལ་གླུ་འདི་ལྟར་བླངས་སོ། །ཀྱེ་མ་ཀྱེ་ཧུད་བླ་མ་དཀོན་མཆོག་གསུམ། །བུ་མོ་ཆོས་མེད་བདག་ལ་ཐུགས་རྗེས་གཟིགས། །སྐྱབས་མགོན་གཞན་མི་འདུག་པའི་སངས་རྒྱས་མཁྱེན། །ཚོགས་མ་བསགས་པའི་བུ་མོ་ང་། །ཆུང་ལོ་ལྔ་མ་རྒྱས་ལ་བར་མ་སྲུང། །དགའ་བ་སྐད་ཅིག་ཙམ་ཡང་ང་ལ་མེད། །གྲོགས་ངན་རྒྱལ་པོའི་ཁ་ནས་ཅི་ཡང་ཐོན། །ང་ཤར་ཕྱོགས་རྒྱལ་པོའི་བུ་མོ་ལ། །སྤྲང་མོ་ཟེར་བ་ལབ་གྲངས་མང་། །བརྡུང་བཙོག་བྱེད་པ་བསམ་མི་ཁྱབ། །ཨ་ཙ་མ་ང་རང་ལས་ངན་ཡིན། །བུ་མོ་འཁོར་བར་ལྷུང་བ་རང་དབང་མེད། །བདག་ལ་འབྱུང་བའི་སྡུག་བསྔལ་རྣམས། །ཁྱོད་དྲིན་ཅན་ཕ་མ་གཉིས་ཀྱིས་ལན། །ཕ་མའི་མ་ལན་རང་གི་ལས་ངན་ཡིན། །རང་ཡུལ་པདྨ་ཅན་ནི་ས་ཐག་རིང་། །བར་ལ་ཟླ་བ་གཅིག་གཉིས་འགྲོ་བའི་ས། །ཁྱོད་ཡབ་ཡུམ་གཉིས་པོ་རྒན་ཡོད་དམ། །རྒན་པའི་མི་ཕྱོགས་ཤི་ཡོད་དམ། །གཉེན་འཁོར་རྣམས་ཀྱིས་ངོ་མི་ཤེས། །ཕ་མིང་རྒྱབ་སྐྱོར་ང་ལ་མེད། །ཨ་ཅེ་ནུ་མོ་སྐྱོ་རོགས་ང་ལ་མེད། །རྒྱབ་མེད་མདུན་མེད་བུ་མོ་ཤི་ན་དགའ། །ས་ཐག་རིང་གི་བུ་མོ་ཤི་ན་སྐྱིད། །ཡུལ་ནོར་བུའི་གླིང་དུ་སྡོད་ཟེར་ན། །གྲོགས་ངན་རྒྱལ་པོའི་ལག་པར་ཤི་བ་ལས། །སྔོན་མོ་ཆུ་ལ་ལྕེབས་ནས་ཤི་རུང་དགའ། །སྡོད་ན་རྩིས་བཞག་བདག་ལ་མེད། །འགྲོ་ན་ལམ་རྒྱགས་བདག་ལ་མེད། །གཏམ་ཚིག་གསུམ་སྨྲས་ན་འཆོལ་མོ་ཟེར། །ལམ་གོམ་གསུམ་འགྲོ་ན་སྤྲང་མོ་ཟེར། །མེ་ཏོག་གསལ་སྒྲོན་ལས་ལ་སྐྱེས་པ་ལས། །ཁྱི་མོ་ལག་དཀར་གཅིག་ལ་སྐྱེས་རུང་དགའ། །མེ་ཏོག་གསལ་སྒྲོན་ལས་ལ་སྐྱེས་པ་ལས། །འབུ་དང་གྲོག་མ་འདྲ་བ་སྐྱེས་རུང་དགའ། །ལས་ངན་ཅན་མའི་ལུས་ལ་སྐྱེ་བ་ལས། །སྦྲང་བུ་ནག་པོ་གཅིག་ལ་སྐྱེས་རུང་དགའ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །ཆོས་མེད་སྤྲང་མོ་ང་ལ་ཐུགས་རྗེས་གཟིགས། །བདག་དང་ཕ་མས་གཙོ་བྱས་རིགས་དྲུག་རྣམས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །མི་ལུས་ཐོབ་ནས་ཆོས་དང་མཇལ་བར་ཤོག །བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །ཟེར་ནས་སྔོན་མོ་ཆུ་ལ་ལྕེབས་པ་དང་། ནམ་མཁའ་ནས་ཌཱཀྐི་མཁའ་འགྲོ་མ་རྣམས་ཀྱིས་བཟུང་འདི་སྐད་གསུངས་སོ། །ཨེ་མ་མེ་ཏོག་གསལ་སྒྲོན་མ། །ཁྱེད་འདི་འདྲའི་སྡུག་བསྔལ་བྱེད་མི་དགོས། །བུ་མོ་རང་སེམས་རང་གི་མ་གསོས་ན། །གཞན་གྱིས་གསོས་པ་རང་མི་ཕན། །ངེད་ཀྱིས་ཁྱེད་ལ་ལུང་སྟོན་པས། །ཁྱེད་མ་བསྒྲུབས་པ་ཡིས་གྲུབ་པ་ཐོབ། །འདི་ནས་ནུབ་བྱང་མཚམས་ཤེད་ན། །གནས་ཆེན་རྡོ་རྗེ་གདན་ཞེས་བྱ། །དེ་ནས་བྱང་ཤར་མཚམས་ཤེད་ན། །དྷ་ན་ཀོ་ཤའི་མཚོ་གླིང་དུ། །མེ་ཏོག་ཟེའུ་འབྲུ་ལས་འབྱུང་བའི། །རང་བྱུང་འཆི་མེད་རྡོ་རྗེའི་སྐུ། །པདྨ་འབྱུང་གནས་ཞེས་བྱ་ཡོད། །དེ་དང་མཇལ་བའི་སྨོན་ལམ་ཡོད། །ཅེས་གསུངས་ནས། ཌཱཀྐི་མཁའ་འགྲོ་རྣམས་བདག་ཆོས་དབྱིངས་སུ་འཕུར་ནས་སོང་། དེ་ནས་ལུང་ཐོབ་པ་ཙམ་གྱིས་གུ་རུའི་བྱིན་རླབས་བྱུང་ནས། ས་ལ་འགྲོ་མ་དགོས་པར་བར་སྣང་མཁའ་ལ་འཕུར་ཞིང་བྱོན་ནོ། །
དྷ་ན་ཀོ་ཤ་མཚོ་གླིང་དུ་རིག་འཛིན་པདྨ་འབྱུང་གནས་ཞལ་མཇལ་ནས་ཡེ་ཤེས་མཚོ་རྒྱལ་ཐུགས་ཀར་ཐིམ་ནས་སངས་རྒྱས་སོ། །མེ་ཏོག་གསལ་སྒྲོན་དཀའ་བ་མ་སྤྱད་པ་ལ་སངས་རྒྱས་སོ། །མེ་ཏོག་གསལ་སྒྲོན་ལུང་ཐོབ་པ་ཙམ་གྱིས་སངས་རྒྱས་སོ། །མེ་ཏོག་གསལ་སྒྲོན་གྱི་རྣམ་ཐར་རྫོགས་སོ།། །།དགེའོ། །བཀྲ་ཤིས་ཤོག །
ཨ་ཅེ་རིག་སྟོང་རྒྱལ་མོའི་རྣམ་ཐར། མཛད་པ་པོ་མི་གསལ།
༄༅། །ཨ་ཅེ་རིག་སྟོང་རྒྱལ་མོའི་རྣམ་ཐར་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡ། རོང་ཡུལ་སྐྱིད་ཤོད་བྱ་བའི་ལུང་པ་ན། འཇིག་རྟེན་འཁོར་བའི་མི་མང་ཉི་ར་ལ་བསྡད་ཡོད་པའི་རྣམ་དག་བདེ་ཆེན་གྱི་ཞིང་ནས་མ་སངས་ཡང་སངས་བྱ་བ་དེ། སྟོང་ཉིད་ཁྲབ་ཡག་པོ་གཅིག་གྱོན། བཟོད་པའི་ཕུབ་ཡག་པོ་གཅིག་ཁུར། ཤེས་རབ་ཀྱི་རལ་གྲི་རྣོན་པོ་གཅིག་བསུར། སྡོམ་གསུམ་གྱི་མདའ་གཞུ་བཟང་པོ་གཅིག་བཏགས། བརྩོན་འགྲུས་ཀྱི་རྟ་བཟང་པོ་གཅིག་ལ་ཞོན་ཏེ། དེ་ལ་བྱམས་སྙིང་རྗེའི་དྲིལ་བུ་དང་གཡེར་ཁ་མང་པོ་བཏགས་ནས། བསྔོ་བ་སྨོན་ལམ་དང་ཡི་གེ་དྲུག་པའི་ཆོས་སྒྲ་དི་རི་རི་ཕེབས་བྱུང་བས། འཕེང་ར་བ་དེ་རྣམས་ཀྱི་ནང་ན། རྒན་འཁོགས་དད་པ་ཆེ་བ་རྣམས་ཀྱིས། དད་པ་རང་དབང་མེད་པའི་གིའུ་མོ་ཡག་པོ་གཅིག་བཏིང་།
དེའི་སྟེང་དུ་མོས་གུས་རང་དབང་མེད་པའི་བྲུམ་ཟེད་བཟང་པོ་གཅིག་བཏིང་ནས། མ་སངས་ཡང་སངས་བཞུགས་པ་དང་། རྒད་པོ་གཅིག་གིས་ཞུ་བ་འདི་ལྟར་ཕུལ་ལོ། །ལོ་ཨ་ལི་མའི་ལོ་ཨ་ལོ་ལགས་སོ། །ལ་ལི་མའི་ལོ་མོ་ལའི་ལོ་ལགས་སོ། །ཨ་པོ་ད་སངས་གང་ནས་ཡིན། །ཨ་པོ་དོ་ནུབ་གང་དུ་འགྲོ་བ་ཡིན། །འདིར་དོན་ཅི་དང་ཅི་འདྲ་ཡོད་པ་ཡིན། །ལས་སུ་ཅི་འདྲ་བྱེད་པ་ཡིན། །ངའི་རྒན་འཁོགས་ཀུན་ལ་སྐད་ཆ་གྱིས་དང་། །རྒན་འཁོགས་ཀུན་ལ་སློབ་སྟོན་གྱིས་དང་། །ཞེས་ཞུས་པས། མ་སངས་ཀྱིས་ལན་གསུངས་པ། ལོ་ཨ་ལི་མའི་ལོ་མོ་ཨ་ལོ་ལགས་སོ། །ལ་ལི་མའི་ལོ་མོ་ལའི་ལོ་ལགས་སོ། །ཨ་པོ་ད་སང་ཤར་ནས་ཡོང་བས་ན། །གང་ཤར་མངོན་དགའི་ཞིང་ནས་ཡོང་ངོ་། །ཨ་པོ་དོ་ནུབ་ནུབ་ལ་འགྲོ་ཡོད། །ཐམས་ཅད་བདེ་སྟོང་ཞིང་ལ་འགྲོ་ཡོད། །ཁྱེད་རྒན་འཁོགས་ཀུན་ལ་སྐད་ཆ་བཤད་དོ། །ཤར་གྱི་མི་རྣམས་ལྷ་ཆོས་བྱེད་ཀྱིན་འདུག །ནུབ་ཀྱི་མི་རྣམས་སྦྱིན་པ་གཏོང་གིན་འདུག །བྱང་གི་མི་རྣམས་ཚུལ་ཁྲིམས་སྲུང་གིན་འདུག །ལྷོའི་མི་རྣམས་བཟོད་པ་སྒོམ་གྱིན་འདུག །དབུས་ཀྱི་མི་རྣམས་ཡིག་དྲུག་འདྲེན་ཡོད་པས། །ཁྱེད་འདིར་ཚོགས་རྣམས་ཀྱིས་ཡིག་དྲུག་བགྲོངས་མཛོད་དང་། །ཁྱེད་རྒན་འཁོགས་རྣམས་ལ་བསླབ་བྱ་བྱེད་དོ། །ན་ནིང་ལོ་ལ་གཞོན་ཅན་འདུག་པ་ན། །ད་ལོའི་ལོ་ལ་རྒས་ནས་མི་འདུག་གོ །འཆི་བ་མྱུར་དུ་ཡོང་ཤས་ཁ། །དམ་པའི་ལྷ་ཆོས་བྱེད་ན་དྲག་གོ་ཨང་། །ན་ནིང་ལོ་ལ་གཉེར་མ་གཅིག་ལས་མེད། །ད་ལོའི་ལོ་ལ་གཉེར་མ་གསུམ་ཙམ་འདུག །འཆི་བ་མྱུར་དུ་ཡོང་ཤས་ཁ། །སྦྱིན་པ་ཕྱོགས་མེད་བཏང་ན་དྲག་གོ་ཨང་། །ན་ནིང་ལོ་ལ་སྐྲ་དཀར་གསུམ་ལས་མེད། །ད་ལོའི་ལོ་ལ་སྐྲ་དཀར་དགུ་ཙམ་འདུག །འཆི་བ་མྱུར་དུ་ཡོང་ཤས་ཁ། །ཚུལ་ཁྲིམས་སྡོམ་པ་བསྲུང་ན་དྲག་གོ་ཨང་། །ན་ནིང་ལོ་ལ་སོ་གྲལ་འགྲིག་པོ་འདུག །ད་ལོའི་ལོ་ལ་སོ་གྲལ་ཞིག་ནས་མེད། །འཆི་བ་མྱུར་དུ་ཡོང་ཤས་ཁ། །བཟོད་པ་རྣམ་གསུམ་སྒོམ་ན་དྲག་གོ་ཨང་། །ན་ནིང་ལོ་ལ་གཟུགས་པོ་དྲང་པོར་འདུག །ད་ལོའི་ལོ་ལ་གཟུགས་པོ་སྒུར་ནས་མེད། །འཆི་བ་མྱུར་དུ་ཡོང་ཤས་ཁ། །དཀར་པོ་དགེ་བ་སྒྲུབ་ན་དྲག་གོ་ཨང་། །ན་ནིང་ལོ་ལ་སྨྲ་བ་བརྟན་པོར་འདུག །ད་ལོའི་ལོ་ལ་སྨྲ་བ་སྡིབ་ནས་མེད། །འཆི་བ་མྱུར་དུ་ཡོང་ཤས་ཁ། །ཡི་གེ་དྲུག་པ་བགྲང་ན་དྲག་གོ་ཨང་། །ཆོས་ལ་དད་མོས་བྱས་ན་དྲག་གོ་ཨང་། །ཨ་པོས་དེ་སྐད་གསུངས་པས། ཡང་རྒན་འཁོགས་རྣམས་ཀྱིས་ཞུས་པ། ལྷ་ཆོས་བྱས་ལྟ་ཆོས་བྱས་པས་ཆོག་སྟེ། །ན་ཚོད་རྒན་ནས་ཡོང་བ་མི་འདུག །སྦྱིན་པ་བཏང་ལྟ་བཏང་དགོས་ཏེ། །རྒྱུ་ནོར་དངོས་པོ་མེད་པས་ཡོང་བ་མི་འདུག །ཚུལ་ཁྲིམས་བསྲུང་ལྟ་བསྲུང་ཡོད་དགོས་ཏེ། །གཉེན་པོ་ངན་ནས་ཡོང་བ་མི་འདུག །བཟོད་པ་བསྒོམ་ལྟ་བསྒོམ་དགོས་ཡོད་དེ། །ཁོང་ཁྲོ་ལང་ནས་ཡོང་བ་མི་འདུག །དགེ་བ་འགྲུབ་ལྟ་བསྒྲུབ་དགོས་དེ། །འབྱུང་བཞི་སྡིབ་ནས་ཡོང་བ་མི་འདུག །ཡི་གེ་དྲུག་མ་འདྲེན་ལྟ་འདྲེན་རྒྱུ་ཡིན་པས། །ཨ་པོས་ཡིག་དྲུག་སློབས་དང་། །གཞན་ཡང་བསླབ་བྱ་རྒྱས་པར་གྱིས་དང་། །ཞེས་ཞུས་པས།
ཡང་མ་སངས་ཀྱིས་ཁོང་རྣམས་ལ་གསུངས་པ། གཅིག་ཤི་གཉིས་ཤི་ཀུན་ལ་གསོན་ལས་སུ། །མི་རྟག་འཆི་བ་ཡང་ཡང་བསམ་གཅིག་ཨང་། །བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། །སྐྱབས་འགྲོ་སེམས་བསྐྱེད་རྒྱུན་དུ་གྱིས་ཤིག་ཨང་། །མོས་གུས་དྲག་པོའི་གསོལ་བ་ཐོབ་ཅིག་ཨང་། །རང་ལུས་ཐུགས་རྗེ་ཆེན་པོ་བསྒོམས་ལ། །ཡི་གེ་དྲུག་པ་རྒྱུན་དུ་བགྲོངས་ཤིག་ཨང་། །སྙིང་ཁར་པད་ཟླའི་ཧྲཱི༔ཡིག་བསྒོམས་ལ། །དེའི་མཐའ་ལ་ཡིག་དྲུག་བསྐོར་ལ་བགྲོངས། །རང་སེམས་མ་བཅོས་སོ་མར་ཞོག་ལ། །ཡེངས་མེད་མ་ཎི་པདྨེ་བགྲོངས། །ཕ་མ་སེམས་ཅན་ཀུན་ལ་དམིགས་ནས་ནི། །ཉིན་མཚན་རྒྱུན་དུ་ཡིག་དྲུག་བགྲོངས་ཤིག་ཨང་། །དེ་སྐད་གསུངས་པས། ཐམས་ཅད་ཡི་གེ་དྲུག་པ་ཡེངས་མེད་བགྲངས་སོ། །ཆོས་ལ་ལས་འབྲེལ་ཡོད་པ་རྣམས། འཆི་བ་སྙིང་རང་འདྲེན་པས། འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཡི་གེ་དྲུག་མ་འདྲེན་གྱིན་ཡོད་པས། ཨེ་ཅེ་རིག་སྟོང་རྒྱལ་མོ་ཞེས་བྱ་བ་དད་པ་ཤིན་ཏུ་ཆེ་བ་གཅིག་སྦྱིན་པ་རྣམ་བཞིའི་ལྷམ་ཡག་པོ་གཅིག་གོན། ཚུལ་ཁྲིམས་དང་བཟོད་པའི་རྒྱན་གོས་དང་ཐེར་ཕྲུག །བརྩོན་འགྲུས་དང་བསམ་གཏན་གྱི་གཡུ་དང་བ་གོར་བཏགས། བྱམས་དང་སྙིང་རྗེའི་རྒྱན་གྱིས་བརྒྱན། སྟོང་ཉིད་དང་ཡེ་ཤེས་ཀྱི་མེ་ལོང་བཅིང་། ཕྱག་གཡས་པ་སེམས་བསྐྱེད་ཀྱི་གདུ་བུ་གོན་པ། གཡོན་ན་འགག་མེད་ཀྱི་ཕྱག་གདུབ་བྱས་པ། ཁུར་ཚོ་གཡས་ལ་ལྟ་བའི་བྱར་བྱེད་ཡོད་པ། གཡོན་ན་སྒོམ་པའི་བྱར་བྱེད་ཡོད་པ། སོ་ལ་རིང་བསྲེལ་སོ་ཞོ་ཡོད་པ། ཡེ་ཤེས་མཁའ་འགྲོ་མ་ལྟ་བུ་གཅིག་ཆོས་ཉིད་གཡོ་བ་མེད་པའི་ངང་ནས་ཡི་གེ་དྲུག་པ་ལྷང་ལྷང་འདྲེན་གྱིན་སླེབ་བྱུང་བས།
དེར་ཚོགས་པ་རྣམས་དད་པ་སྐྱེས་ཏེ། ཨ་ཅེ་ད་སངས་གང་ནས་ཡོངས། སུའི་བུ་མོ་ཡིན་ད་གང་དུ་འགྲོ་མིང་ལ་ཅི་སྐད་ཟེར། འདིར་དོན་ཅི་འདྲ་ཡོད། ལས་སུ་ཅི་འདྲ་བྱེད། ངེད་རྣམས་ལ་དྲང་པོར་སྨྲོས་དང་བྱས་པས། ཨ་ཅེས་དེ་སྐད་གསུངས། ཧེ་ཧེ་ཁྱེད་རྣམས་བདེ་པོ་འབྱུང་ངམ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ང་ནི་རྣམ་དག་བདེ་ཆེན་གྱི་ཞིང་ནས་ཡོང། །ཕ་ནི་ཀུན་ཏུ་བཟང་པོ་ཡིན། །མ་ནི་ཀུན་ཏུ་བཟང་མོ་ཡིན། །མིང་ནི་རིག་སྟོང་རྒྱལ་མོ་ཟེར། །རིགས་ནི་གསང་ཆེན་རིགས་གཅིག་ཡིན། །འགྲོ་ན་ཐར་པའི་ལམ་ལ་འགྲོ། །ལས་ནི་འགྲོ་ལ་གང་ཕན་བྱེད། །ཅེས་གསུངས་པས། དེར་ཚོགས་པ་རྣམས་ཀྱིས་ཞུས་པ། ཁྱེད་དེ་ལྟ་བུ་ཡིན་ན་ངོ་མཚར་ཆེ། ངེད་འདིར་ཚོགས་པ་རྣམས་ལ་གླུ་ལེགས་གཅིག་ལོངས་དང་ཞུས་པས། ཨ་ཅེས་གླུ་འདི་ལྟར་བླངས་སོ། །ཕ་གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རྒྱལ་བའི་སྲས། །རྟེན་གན་དྷོ་ལ་ཡི་མཆོད་རྟེན་ལ། །སྐོར་བ་བསྐོར་འབུམ་འཛུགས་རྒྱུ་མ་བྱུང་ཡང་། །བརྒྱ་ཕྱག་དྲུང་ཕྱག་རྒྱུན་དུ་འཚོལ་ཅིག་ཨང་། །རྟེན་དབང་གིས་ཐོབ་པའི་མི་ལུས་དེ། །དམ་པའི་ལྷ་ཆོས་བྱེད་རྒྱུ་མ་བྱུང་ཡང་། །མི་དགེ་སྡིག་པའི་ལས་ལ་འཛེམ་ཤིག་ཨང་། །བླ་མ་དུས་གསུམ་སངས་རྒྱས་ངོ་བོ་དེ། །འབྲལ་མེད་རྒྱུན་དུ་བསྟེན་རྒྱུ་མ་བྱུང་ཡང་། །ཞལ་མཇལ་གསུང་ཉན་ཡང་ཡང་གྱིས་ཤིག་ཨང་། །གསང་སྔགས་ཟབ་མོའི་ཐབས་ལམ་སྙན་རྒྱུད་དེ། །སྒོམ་འབྲས་ཉམས་ལེན་བྱེད་རྒྱུ་མ་བྱུང་ཡང་། །བཀའ་འབྲེལ་ཆོས་འབྲེལ་ཡང་ཡང་ཞུས་ཤིག་ཨང་། །འབྱུང་བཞི་འདུས་པའི་སྒྱུ་ལུས་དེ། །ཕུང་ཁམས་ལྷ་རུ་འཆར་བར་མ་ནུས་ཀྱང་། །ཡི་དམ་ཐུགས་ཆེན་སྒོམས་ཤིག་ཨང་། །རང་སེམས་དངོས་མེད་སངས་རྒྱས་ངོ་བོ་དེ། །རྒྱུན་དུ་སྒོམ་སྒྲུབ་བྱེད་རྒྱུ་མ་བྱུང་ཡང་། །ཡེངས་མེད་མ་ཎི་པདྨེ་བགྲོངས་ཤིག་ཨང་། །རིགས་དྲུག་སེམས་ཅན་ཕ་མའི་རང་བཞིན་ལ། །ཕངས་མེད་སྦྱིན་གཏོང་བྱེད་རྒྱུ་མ་བྱུང་ཡང་། །བྱམས་དང་སྙིང་རྗེའི་རྒྱུན་དུ་སྒོམས་ཤིག་ཨང་། །མ་གཡེངས་གསོན་དང་འདིར་ཚོགས་ཀུན། །ཨ་ར་ཨ་ན་ཨ་ཙི་གསུམ། །དམྱལ་བ་མྱོང་བའི་སྔོན་འགྲོ་ཡིན། །ཁྱེད་རྣམས་དགེ་བ་བསྒྲུབས་ཡོད་དམ། །བཀྲེས་དང་སྐོམ་དང་དབུལ་དང་གསུམ། །ཡི་དྭགས་སྐྱེ་བའི་སྔོན་འགྲོ་ཡིན། །ཁྱེད་རྣམས་སྦྱིན་པ་བཏང་ཡོད་དམ། །མ་གོ་མ་ཤེས་མ་རིག་གསུམ། །དུད་འགྲོ་སྐྱེ་བའི་སྔོན་འགྲོ་ཡིན། །ཁྱེད་རྣམས་བཟོད་པ་བསྒོམས་ཡོད་དམ། །ཉེན་དང་ཁྱད་དང་ཆགས་དང་གསུམ། །སྐྱེ་འཆི་མྱོང་བའི་སྔོན་འགྲོ་ཡིན། །ཁྱེད་རྣམས་ཚུལ་ཁྲིམས་བསྲུང་ཡོད་དམ། །ཞེ་སྡང་ཕྲག་དོག་གནོད་འཚེ་གསུམ། །འཐབ་རྩོད་མྱོང་བའི་སྔོན་འགྲོ་ཡིན། །ཁྱེད་རྣམས་བྱམས་པ་བསྒོམས་ཡོད་དམ། །ང་རྒྱལ་ང་མཐོ་ང་བཙན་གསུམ། །འཕོ་ལྟུང་མྱོང་བའི་སྔོན་འགྲོ་ཡིན། །ཁྱེད་རྣམས་དམན་ས་བཟུང་ཡོད་དམ། །སྲོག་གཅོད་ཕྲ་མ་ལོག་ལྟ་གསུམ། །འཁོར་བར་འཁྱམ་པའི་སྔོན་འགྲོ་ཡིན། །ཁྱེད་རྣམས་ཡིག་དྲུག་འདྲེན་ཡོད་དམ། །ཡེངས་དང་འཁྲུལ་དང་འཆལ་དང་གསུམ། །གཏན་དུ་སྡུག་བསྔལ་མྱོང་བའི་སྔོན་འགྲོ་ཡིན། །ཁྱེད་རྣམས་ཡེངས་མེད་བསྒོམས་ཡོད་དམ། །ད་རེས་མི་ལུས་རིན་ཆེན་འདི། །ཡར་འགྲོ་མར་འགྲོའི་ས་མཚམས་ཡིན། །ཡར་འགྲོ་དགའ་ན་ཡིག་དྲུག་བགྲོངས། །མར་འགྲོ་དགའ་ན་སྡིག་པ་སྤྱོད། །བུ་མོ་ང་ནི་ཡར་འགྲོ་དགའ་སྟེ་དགེ་བ་བསྒྲུབས། །མར་འགྲོ་སྡུག་སྟེ་སྡིག་པ་སྤངས། །རྟག་ཏུ་ཡི་གེ་དྲུག་མ་བགྲོངས། །ཁྱེད་རྣམས་མཐོ་རིས་ཐོབ་འདོད་ན། །རྒྱུན་དུ་མ་ཎི་བགྲོངས་ཤིག་ཨང་། །ཨ་ལྕེས་དེ་སྐད་གསུངས་པ། ཁོང་རྣམས་མ་ཎི་འདྲེན་བསམ་བཟང་བྱས་པས། །ཤི་ནས་ལ་ལ་མངོན་པར་དགའ་བའི་ཞིང་དུ་སྐྱེས་སོ། །ལ་ལ་ནི་འོག་མིན་ཆོས་ཀྱི་དབྱིངས་སུ་སྐྱེས་སོ། །ལ་ལ་ནི་རིག་འཛིན་གྱི་གནས་སུ་སྐྱེས། མ་ཎི་ཡང་འདྲེན་མི་ནུས་པ་བསམ་པ་ངན་པ། གཡོ་སྒྱུ་དང་ཕྲག་དོག་ཆེ་བ་རྣམས་ནི་དམྱལ་བའི་གནས་སུ་སྐྱེས་སོ། །
དེ་ནས་ཨ་ལྕེ་རིག་སྟོང་རྒྱལ་མོ་གྲོང་ལྟག་གི་དགོན་པ་གཅིག་ལ་ཕྱིན་པས། གཟིམ་ཁང་ཡག་པོ་གཅིག་གི་ནང་ན་མི་མང་ཚོགས་ནས་གླུ་ལེན་མགུར་མ་བྱེད། ཆང་མང་པོ་འཐུང་གིན་འདུག །དེའི་ནང་དུ་ག་ལེ་ཕྱིན་པས། དེར་སྒྲུབ་ཆེན་ཤིན་ཏུ་བཟང་བ་གཅིག་འདུག །གཞན་ཡང་མི་དད་པ་ཅན་མང་པོ་གཅིག་འདུག །དེར་ཁོང་ཚོ་ན་རེ། ཨ་ལྕེས་འོངས་སམ་ཆང་འཐུང་གླུ་ལོངས་ཟེར། དེ་ལ་ཨ་ལྕེས་ཧེ་ཧེ་བའི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿ གནས་པ་སྐྱོང་དགོས་མ་བྱས་ནས་ལེན་ལོང་མི་འདུག་སྟེ། གང་ནའང་ཆགས་པ་གཅིག་ཨེ་ཤེས་ལྟའོ། །ཕ་གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རྒྱལ་བའི་སྲས། །བྲག་དམར་རི་བོའི་ཡང་ཟུར་ལ། །རྒོད་པོ་གཤོག་རྩལ་ཅན་ནི་རྙི་ལ་ཚུད། །རྒོད་པོའི་རྐང་པ་ཐག་རྙིས་བཟུང་བ་ལ། །གཤོག་རྩལ་ཆེ་ཡང་ཕན་མི་ཐོགས། །བྲག་དམར་རྩེ་ལ་ཐལ་ན་རན་ཚོད་འདུག །ཆུ་ཀླུང་དྭངས་མའི་ཡར་ཟུར་ལ། །ཉ་ཆུང་གསེར་མིག་ཅན་དེ་རྙི་ལ་ཚུད། །ཉའུ་ཆུང་ལྕགས་ཀྱུས་སྙིང་ནས་བཟུང་བ་ལ། །གསེར་མིག་འཁྱིལ་ཡང་ཕན་མི་ཐོགས། །གཡུ་མཚོ་སྔོན་མོ་འགྲིམ་ན་རན་ཚོད་འདུག །གྲོང་ལྟག་དགོན་པའི་ཡར་ཟུར་ལ། །སྒོམ་ཆེན་སྙིང་རུས་ཅན་དེ་རྙི་ལ་ཚུད། །སྒོམ་ཆེན་འདོད་ཡོན་ཡིད་ལ་བཅངས་པ་ལ། །སྙིང་རུས་ཆེ་ཡང་ཕན་མི་ཐོགས། །དབེན་པའི་རི་ལ་ཐལ་ན་རན་ཚོད་འདུག །འཆི་བ་སྙིང་ནས་མ་དྲན་ན། །ལྷ་ཆོས་ཟེར་བ་སྐྱག་རྫུན་ཡིན། །ཞེན་པ་གཏིང་ནས་མ་ལོག་ན། །རི་ཁྲོད་ཟེར་བ་སྐྱག་རྫུན་ཡིན། །བླ་མ་སངས་རྒྱས་མ་ཤེས་ན། །མོས་གུས་ཟེར་བ་སྐྱག་རྫུན་ཡིན། །ཆོས་གྲོགས་སྤུན་དུ་མ་ཤེས་ན། །དག་སྣང་ཟེར་བ་སྐྱག་རྫུན་ཡིན། །སེམས་ཅན་ཕ་མར་མ་མཐོང་ན། །སྙིང་བརྩེ་ཟེར་བ་སྐྱག་རྫུན་ཡིན། །འདོད་ཡོན་ཞེན་པ་མ་ལོག་ན། །དཀའ་ཐུབ་ཟེར་བ་སྐྱག་རྫུན་ཡིན། །མི་མེད་ལུང་སྟོང་མ་འགྲིམ་ན། །དགོན་པར་བཞུགས་པ་སྐྱག་རྫུན་ཡིན། །སྤག་སྒོང་འགྱེན་དུ་མ་གྲིལ་ན། །ལྟོ་ཕྱིར་རྒྱུག་པ་ནམ་སྡིབ་ཡིན། །ཕུང་ཁམས་ལྷ་རུ་མ་ཤར་ན། །བསྐྱེད་རིམ་སྒོམ་པ་ནམ་སྡིབ་ཡིན། །རང་སེམས་རང་ངོ་མ་ཤེས་ན། །དྲན་པ་བརྟེན་པ་ནམ་སྡིབ་ཡིན། །རྣལ་འབྱོར་རང་གསལ་མ་གྲོལ་ན། །ཆོས་སྐུ་སྒོམ་པ་ནམ་སྡིབ་ཡིན། །ཉོན་མོངས་རང་སར་མ་ཞིག་ན། །ཡེ་ཤེས་སྒོམ་པ་ནམ་སྡིབ་ཡིན། །འཁོར་བའི་རང་བཞིན་མ་ཤེས་ན། །མྱང་འདས་སྒོམ་པ་ནམ་སྡིབ་ཡིན། །སྣང་རིག་སོ་མ་མ་སྐྱོང་ན། །བདེ་གསལ་སྒོམ་པ་ནམ་སྡིབ་ཡིན། །འཁོར་འདས་དབྱེར་མེད་མ་ཤེས་ན། །རང་རིག་སྐྱོང་བ་ནམ་སྡིབ་ཡིན། །མདོ་རྒྱུད་མཁྱེན་རྒྱ་མ་ཤེས་ན། །སློབ་དཔོན་ཟེར་བ་ནམ་སྡིབ་ཡིན། །ཐུགས་རྗེ་བྱིན་རླབས་མ་ལྡན་ན། །བླ་མ་ཟེར་བ་ནམ་སྡིབ་ཡིན། །རྡོ་རྗེ་འཆང་དང་མ་མཉམ་ན། །དབང་བསྐུར་ཟེར་བ་ནམ་སྡིབ་ཡིན། །ཉམས་མྱོང་གཏིང་ནས་མ་ཕྱེད་ན། །སྒོམ་ཆེན་ཟེར་བ་ནམ་སྡིབ་ཡིན། །ཉོན་མོངས་འཁྲུལ་པ་མ་ཞིག་ན། །རྟོགས་ལྡན་ཟེར་བ་ནམ་སྡིབ་ཡིན། །ཆོས་བརྒྱད་མགོ་བོ་མ་སྙོམས་ན། །སྒྲུབ་ཆེན་ཟེར་བ་ནམ་སྡིབ་ཡིན། །མི་དགེ་བཅུ་པོ་མ་སྤངས་ན། །ཆོས་པ་ཟེར་པ་ནམ་སྡིབ་ཡིན། །དམ་པའི་ལྷ་ཆོས་མ་བྱས་ན། །མི་ལུས་ཐོབ་པ་ནམ་སྡིབ་ཡིན། །ཕ་མ་རྒན་འཁོགས་མ་གསོས་ན། །བུ་ཚ་གསོས་པ་སྐྱག་རྫུན་ཡིན། །ཨ་ལྕེས་དེ་སྐད་གསུངས་པས། སྒྲུབ་ཆེན་དེ་དབེན་པའི་རི་ཁྲོད་ལ་གཤེགས་ནས་སྒྲུབ་པ་ཉག་གཅིག་མཛད་པས་སྒྲུབ་ཆེན་གྲགས་སོ། །གཞན་དད་པ་ཅན་དེ་རྣམས་ཀྱང་ལ་ལ་དགེ་བ་ལ་དཀར་དུ་སོང་། གནས་མཐོ་རིས་ཐོབ་པ་ཡིན་ནོ། །
དེ་ནས་ཨ་ལྕེ་གྲོང་ཡུལ་ལ་མར་ཕྱིན་པས། ཆོས་པ་བན་ལོག་པ་དང་། མ་ལོག་པ་དང་། བཙུན་པ་ཆོས་མེད་པ་མང་པོ་དང་། མི་ནག་དང་ལོག་ལྟ་ཅན་མང་པོས་ཆོས་མཛད་ཀུན་ལ་སྐུར་པ་ཞིག་བྱེད་ཀྱིན་འདུག་པ་མཐོང་ནས་ཨ་ལྕེས་དེར་ཕྱིན་པས། ཁོང་ཚོ་ན་རེ། ཨ་ལྕེས་འོངས་སམ་གར་འགྲོ་ཅི་བྱེད་ཟེར། ཨ་ལྕེས་ཧེ་ཧེ། ཨོཾ་མ་ཎི་པདྨེ་ཧཱུཾ། བྱེད་རྒྱུ་རང་ཆེན་པོ་མི་འདུག །བླ་མ་ཐར་པའི་ལམ་སྟོན་ལ་ཆོས་བྱེད་དུ་འགྲོ་བྱས་པས། ཁོང་ཚོ་ན་རེ། ཧེ་ཧེ་ཁྱོད་དད་པའི་ཆོས་མ་ཡིན། འདོད་མའི་ཆོས་ཡིན། བླ་མ་ཐར་པའི་ལམ་སྟོན་གྱི་ཞབས་འདྲེན་མ་བྱེད། དེ་བས་འདིར་བསྡད་ན་དྲག་ཟེར་བ་ལ། ཨ་ལྕེས་གླུ་འདི་བླངས་སོ། །ཕ་གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རྒྱལ་བའི་སྲས། །ཡ་གི་ཤེས་བྱང་ཁའི་སྣ་བརྒྱུད་ན། །འབྲོང་ཨ་ཕ་གཅིག་ལ་འབྲོང་ཕྲུག་བརྒྱ། །འབྲོང་ཕྲུག་ཆེ་ཆེ་རི་རྩེ་འགྲིམ་གྱིན་འདུག །ཆུང་ཆུང་ཨ་མའི་དྲུང་ན་འདུག །འབྲོང་ཕྲུག་བསོད་ཟད་བཤན་པའི་ལག་ཏུ་ཚུད། །འབྲོང་ཕྲུག་སྙིང་རྗེ་སྐྱེས་ཏེ་བྱ་ཐབས་མེད། །མ་གི་ཤོས་མོན་ཡུལ་འཐིལ་གཅིག་ན། །བྱིའུ་ཨ་ཕ་གཅིག་ལ་བྱིའུ་ཕྲུག་བརྒྱ། །བྱིའུ་ཕྲུག་ཆེ་ཆེ་ཤིང་རྩེ་འགྲིམ་གྱིན་འདུག །ཆུང་ཆུང་ཨ་མའི་རྗེས་ལ་འདུག །བྱིའུ་ཕྲུག་བསོད་ཟད་མོན་པའི་ལག་ཏུ་ཚུད། །བྱིའུ་ཕྲུག་སྙིང་རྗེ་སྐྱེས་ཏེ་བྱ་ཐབས་མེད། །ཡ་གི་དགེ་བཤེས་དགོན་སྡེ་ཁྲ་མོ་ན། །ཕ་བླ་མ་གཅིག་ལ་སློབ་མ་བརྒྱ། །སློབ་མ་ཆེ་ཆེ་རི་བོའི་རྩེ་ལ་བསྒོམས། །ཆུང་ཆུང་བླ་མའི་དྲུང་ན་འདུག །དམ་ཉམས་བསོད་ཟད་དམྱལ་བའི་གནས་སུ་ཚུད། །དམ་ཉམས་སྙིང་རྗེ་སྐྱེས་ཏེ་བྱ་ཐབས་མེད། །ཡ་གི་ཤེས་མོ་ཡུལ་དབུས་ན། །མ་ཨ་མ་གཅིག་ལ་གཅེས་ཕྲུག་བརྒྱ། །གཅེས་ཕྲུག་ཆེ་ཆེ་ལྷ་ཆོས་བྱེད་ཀྱིན་འདུག །ཆུང་ཆུང་ཨ་མའི་ལག་གཡོག་བྱེད། །གཅེས་ཕྲུག་བསོད་ཟད་འཁོར་བའི་འདམ་ལ་ཚུད། །གཅེས་ཕྲུག་སྙིང་རྗེ་སྐྱེས་ཏེ་བྱ་ཐབས་མེད། །ཡི་གེ་ན་གཅིག་བསླབ་པའི་སློབ་དཔོན་ལ། །དམ་ཚིག་ཉམས་ན་དམྱལ་བ་མྱོང་། །བསླབ་བྱ་ཚིག་གཅིག་བྱས་པའི་སློབ་དཔོན་ལ། །དམ་ཚིག་ཉམས་ན་དམྱལ་བ་མྱོང་། །རང་སེམས་རང་ངོ་སྤྲོད་པའི་བླ་མ་ལ། །དམ་ཚིག་ཉམས་ན་དམྱལ་བ་མྱོང་། །རྡོ་རྗེ་དམྱལ་བར་ཤི་ཀ་རི། །ཚ་ཚ་ཆག་པའི་དུམ་བུ་དང་། །ཡི་གེ་འཕྲེང་གཅིག་ཆད་པའི་དགེ་འདུན་དང་། །ཆོས་གོས་ངུར་སྨྲིག་ལྷན་པ་ལ། །དད་ལོག་བྱས་ན་དམྱལ་བ་མྱོང་། །དམ་ཚིག་ཉམས་ནས་མ་བཤགས་ན། །འགྱོད་པ་དེ་ལས་ཆེ་བ་མེད། །དཀོན་མཆོག་གསུམ་ལྟ་ཨ་ལྕང་ཆེ། །སྔོན་ཚེ་སྡིག་བློན་ཏ་རན་མཛེས། །དམ་ཚིག་ཉམས་ནས་མ་བཤགས་པ། །ད་ལྟ་དམྱལ་བའི་གཏིང་ན་འདུག །སྔོན་ཚེ་ལེགས་པའི་སྐར་མ་དེ། །དམ་ཚིག་ཉམས་ནས་དམྱལ་བ་མྱོང་། །ད་ལྟ་དམྱལ་བའི་གཏིང་ན་འདུག །སྔོན་ཚེ་ལྷ་གཅིག་མཛེས་དགའ་དེ། །དམ་ཚིག་ཉམས་ནས་མ་བཤགས་པ། །ད་ལྟ་དམྱལ་བའི་གཏིང་ན་འདུག །སྔོན་ཚེ་སྡིག་ཅན་འགའ་ཞིག་གིས། །དམ་ཚིག་ཉམས་ནས་མ་བཤགས་པ། །ད་ལྟ་དམྱལ་བའི་གཏིང་ན་འདུག །སྔོན་ཚེ་ཐར་པ་ནག་པོ་དེ། །དན་ཕག་བྱང་ཆུབ་སེམས་དཔའ་ལ། །དམ་ཚིག་ཉམས་པ་བཤགས་པས་དག །སྔོན་ཚེ་ཟ་ཧོར་རྒྱལ་པོ་དེ། །ཨོ་རྒྱན་པདྨ་འབྱུང་གནས་ལ། །དམ་ཚིག་ཉམས་པ་བཤགས་པས་དག །སྔོན་ཚེ་རྒྱལ་པོ་མཐོང་ལྡན་དེ། །ཨ་ཕ་བསད་པའི་སྡིག་པ་དེ། །ཡང་ཡང་བཤགས་ནས་དག་པ་ཡིན། །སྔོན་ཚེ་སོར་མོའི་ཕྲེང་བ་དེ། །མི་མང་བསད་པའི་སྡིག་པ་དེ། །འགྱོད་ནས་བཤགས་པའི་དག་པ་ཡིན། །སྔོན་ཚེ་ཡར་ལུང་ལྷ་གཅིག་དེ། །རས་ཆུང་རྡོ་རྗེ་གྲགས་པ་ལ། །དམ་ཚིག་ཉམས་པ་བཤགས་ནས་དག །ད་ཁྱེད་འདིར་ཚོགས་པའི་དམ་ཉམས་རྣམས། །དམ་ཚིག་ཉམས་ནས་མ་བཤགས་ན། །འགྱོད་ཤེས་གྱིས་དང་འདིར་འདུས་རྣམས། །བུ་མོ་ང་ཡི་སྙིང་གཏམ་ཡིན། །ཁྱེད་རྣམས་སེམས་ལ་གཞག་ན་ལེགས། །ཀྱེ་ཧུད་ཀྱེ་ཧུད་སྙིང་རེ་རྗེ། །ཨོཾ་གསང་མ་ཎི་པདྨེ་ཧཱུཾ། །དམ་ཉམས་སྡིག་སྒྲིབ་དག་པར་ཤོག །དེ་སྐད་གསུངས་པས། ཁོང་རྣམས་ལ་ལས་བཤགས་པས་ཐར་བ་ཐོབ། འགའ་ཞིག་གིས་མ་བཤགས་པས་རྡོ་རྗེ་དམྱལ་བར་ལྟུང་བ་སྙིང་རེ་རྗེ་ཨང་། དེ་ནས་ཨ་ལྕེ་རིག་སྟོང་རྒྱལ་མོས་གཞན་གཅིག་ལ་ཕྱིན་པས། ཕྱུག་པོ་གཅིག་ན་ནས་དེའི་སྔས་བསྲུང་ལ། སྒྲུབ་ཆེན་རྒྱ་གྲམ་ཨག་ཚོམ་དང་ལྡན་པ་གཅིག་སྔགས་འདྲེན་གྱིན་འདུག །ནད་པ་དེ་ན་རེ་ཨ་ལྕེ་ཡོང་བ་ཨེ་ཡིན། ང་ནི་ནད་དྲག་པོ་འདི་འདྲ་བས་བཟུང་ནས་ཐར་བ་མི་འདུག །སྒྲུབ་ཆེན་ལ་ཡང་འོ་བརྒྱལ་པོ་འདུག །ཨ་ལྕེས་ཁྱེད་ལ་ཐབས་འདྲ་མེད་དམ་བྱས་པས།
ཨ་ལྕེས་རིག་སྟོང་རྒྱལ་མོས་ནད་པ་དང་སྒྲུབ་ཆེན་གཉིས་ལ་འདི་སྐད་གསུངས་སོ། །ཕ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒོད་པོ་ནམ་མཁའི་མཐོངས་ལ་འཕུར་འཕུར་ནས། །གཤོག་སྒྲོ་མཐའ་ནས་ཟད་པ་མ་ཚོར་རམ། །གཅོང་རོང་དོག་མོར་ལྷུང་ན་འགྱོད་པ་ཆེ། །བསིལ་བ་ཚལ་དུ་འགྲོ་ན་རན་ཚོད་འདུག །སེངྒེ་ནགས་མོའི་རྫོང་ལ་འགྱིངས་འགྱིངས་ནས། །གཡུ་རལ་མཐའ་ནས་འཛད་པ་མ་ཚོར་རམ། །གཅན་གཟན་གསེབ་ཏུ་ལྷུང་ན་འགྱོད་པ་ཆེ། །གངས་དཀར་རྩེ་ལ་འགྲོ་ན་རན་ཚོད་འདུག། །སྒོམ་ཆེན་གྲོང་ཡུལ་ཀུན་ལ་བཞུགས་བཞུགས་ནས། །ཉམས་ལེན་གྲོད་བོར་སོང་བ་མ་ཚོར་རམ། །ཆོས་བརྒྱད་དམ་དུ་བཅིང་ན་འགྱོད་པ་འོང་། །དབེན་པའི་རི་ལ་ཐལ་ན་རན་ཚོད་འདུག །རི་བྱ་ལུང་ལ་མ་འབབ་ཅིག །སེངྒེ་ནགས་ལ་མ་ཡན་ཅིག །སྒོམ་ཆེན་གྲོང་ཡུལ་མ་འགྲིམ་ཅིག །ལྟོ་ཕྱིར་ནམ་སྡིབ་མ་བྱེད་ཅིག །འདོད་ཡོན་ལྔ་ལ་མ་ཆགས་ཤིག །འདོད་ཆགས་དུག་གི་ལོ་མ་འདྲ། །འདོད་ཡོན་ཁྲོ་ཆུ་ཁོལ་མ་འདྲ། །ཞེན་ཆགས་སྦྲང་མ་རྩི་སྦྱར་འདྲ། །རྒྱུ་འབྲས་ཕྲ་ཞིབ་གྱིས་ཤིག་ཨང་། །སེམས་ཅན་ལས་ངན་ཟད་དུ་ཆུག །ན་ཚ་སྔོན་གྱི་ལས་ངན་ཡིན། །ད་རེས་རང་ལ་བྱང་དུ་ཆུག །རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །སྒྲིབ་པ་དག་འགྲོ་ཡོངས་སུ་ཆུག །ན་ཚ་དང་སྡུག་བསྔལ་གཏམ་ངན་གསུམ། །སྒྲིབ་པ་འཁྲུད་བའི་ཐལ་ཁུ་ཡིན། །ད་རེ་རང་ལ་འཁྲུད་དུ་ཆུག །ཟུག་གཟེར་སྒྲིབ་པའི་ཆག་ཤིང་ཡིན། །ད་རེ་རང་ལ་ཆག་ཏུ་ཆུག །སེམས་ཅན་ཐམས་ཅད་ཕ་མ་ཡིན། །སྡུག་བསྔལ་དང་དུ་ལོངས་ལ་འདོད། །བྱམས་དང་སྙིང་རྗེ་སྒོམ་ལ་སྡོད། །ཟུག་གཟེར་ཉམས་ལེན་གྱིས་ལ་སྡོད། །ལས་ངན་སྡིག་སྒྲིབ་དག་པ་དང་། །ན་ཚ་སྡུག་བསྔལ་སངས་ནས་འགྲོ། །དེ་སྐད་བྱས་པས།
སྒོམ་ཆེན་ཡང་ཁྱེད་རང་བདེན་བསམ་ནས། དབེན་པའི་རི་ལ་ཕྱིན་ནས་སྙིང་རུས་བསྐྱེད་ནས་སྒོམ་པའི་ཐུགས་དམ་འཕེལ་བར་བྱུང་། ནད་པ་ཡང་ཀུན་རྫོབ་བྱང་སེམས་དང་། སྙིང་རྗེའི་ལྡོག་སྒོམ་བྱས་པས། སྡིག་སྒྲིབ་དག་ནས་དགའ་སྙམ་བྱས་པས། ནད་རང་ལ་ཉམས་བྱས་ནས་བསྡད་པས། རེ་ཞིག་ནད་ཐམས་ཅད་གར་སོང་ཆ་མེད་སོང་ནས་ཕྱུག་པོ་དེ་དྲག་ནས། ཨ་ལྕེ་རིག་སྟོང་རྒྱལ་མོའི་བཀའ་དྲིན་ཡིན། སྐྲ་བཅད་མིང་འབོད་ཆོས་བྱེད་མ་བྱུང་ཀྱང་། ཆོས་གཅིག་ཞུ་སྙམ་ནས་ཞུས་པའི་སྒྲུབ་པ་བྱས་པས་ཐུགས་དམ་བཟང་པོ་བྱུང་འདུག་གོ །
དེ་ནས་ཨ་ལྕེ་བླ་ཆུང་གཅིག་ཡར་འདྲེན་བྱེད་སར་ཕྱིན་པས། བླ་མའི་ཞལ་ནས་ཨ་ལྕེ་འོངས་སམ་ཚོགས་འདྲ་བཞེས་པ་དྲག་ཟེར་བས། ཡང་ཨ་ལྕེས་གླུ་འདི་བླངས་སོ། །རྭ་བཅུ་ཤ་བའི་སྐྱབས་གནས་སྤང་ལ་བཅོལ། །སྤང་པོ་གར་གིར་གཅིག་གིས་ཤ་བ་བསླུས། །སྤང་སྟོད་མཐོན་པོ་མ་འགྲིམ་ཕུང་རེ་ཆེ། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བསྐྱབ་ཏུ་གསོལ། །ཉ་ཆུང་གསེར་མིག་སྐྱབས་གནས་ཆུ་ལ་བྱས། །ཆུ་མོ་མར་མེར་གཅིག་གིས་ཉ་མོ་བསླུས། །རྒྱ་མཚོ་ཆེན་པོར་མ་འགྲིམ་ཕུང་རེ་ཆེ། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བསྐྱབ་ཏུ་གསོལ། །ཚེ་འདས་གཤིན་པོ་ཡར་འདྲེན་བན་ལ་བཅོལ། །བན་ཆུང་ཆོས་མེད་གཅིག་གིས་ཚེ་འདས་བསླུས། །མཚན་ལྡན་བླ་མ་མ་བསྟེན་ཕུང་རེ་ཆེ། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བསྐྱབ་ཏུ་གསོལ། །རིག་པ་ཚད་ལ་མ་ཕེབས་ན། །ཆོས་ཉིད་ཟད་སར་མ་འཁྱོལ་ན། །ཚེ་འདས་གཤིན་པོ་ཡར་མི་དྲོངས། །སྤྲེ་མོ་སྡང་འཛིན་མ་བྱས་ཅིག །རང་གཞན་གཉིས་ཕུང་མ་བྱེད་ཅིག །རང་ལ་གར་འགྲོ་མེད་པ་ལ། །ཚེ་འདས་ཡར་འདྲེན་མི་ཡོང་ངོ་། །དེ་ལས་ལྷ་ཆོས་བྱས་ན་དགའ། །གསང་སྔགས་སྙན་རྒྱུད་ཞུས་ནས་དགའ། །དབེན་པའི་རི་ལ་སྒོམ་ན་དགའ། །དེ་ནས་ཡར་འདྲེན་ཡོང་བ་ཡོད། །དེ་སྐད་བྱས་པས། བླ་མས་བདེན་རེ་ཁྱེད་རང་བདེན། །ད་དབེན་པའི་རི་ལ་སྒོམ་དུ་འགྲོ་ཟེར་ནས་ཕྱིན་པས་སྒོམ་བཟང་ངོ་། །
དེ་ནས་ཨ་ལྕེས་བླ་མ་བླ་འདྲ་གཅིག་ཆོས་གསུངས་སར་ཕྱིན་པའི་བླ་མ་དེས་གསུངས་ནས། ཨ་ལྕེ་འོངས་སམ་ཆོས་འདྲ་ཉོན་གསུངས་པས། དེར་ཨ་ལྕེས་གླུ་འདི་བླངས་སོ། །ཚོང་སྤྲུག་རྒྱུས་མེད་ལམ་སྣ་དཔོན་ལ་བཅོལ། །ཚོང་དཔོན་རྒྱུས་མེད་གཅིག་གིས་ལམ་སྣ་བྱས། །ཚོང་ཕྲུག་ལྔ་བརྒྱ་སྲིན་མོའི་གླིང་དུ་ཚུད། །ཚོང་དཔོན་ནོར་བཟང་མ་བྱས་ནོར་ཚབས་ཆེ། །འབངས་འཁོར་ལྔ་བརྒྱའི་སྐྱབས་གནས་དཔོན་ལ་བཅོལ། །དཔོན་ཆུང་དབང་མེད་གཅིག་གིས་སྐྱབས་མགོན་བྱས། །འབངས་འཁོར་ལྔ་བརྒྱ་དགྲ་ཡི་ལག་ཏུ་ཤོར། །འཁོར་ལོ་བསྒྱུར་རྒྱལ་མ་བྱས་ནོར་ཚབས་ཆེ། །དད་ལྡན་སློབ་མའི་སྐྱབས་གནས་བླ་མར་བཅོལ། །བླ་མ་ཐུགས་རྗེ་མེད་པས་ཁྲིད་མ་ཤེས། །སློབ་མ་དད་ཅན་ཉམས་ལེན་འཆལ་བར་ཤོར། །རྟོགས་ལྡན་བླ་མ་མ་བཙལ་ནོར་ཚབས་ཆེ། །སྨིན་གྲོལ་གདམས་ངག་མེད་པ་ལ། །རྒྱུད་སྡེའི་མཁྱེན་བྱ་མེད་པ་ལ། །ཐུགས་རྗེ་བྱིན་རླབས་མེད་པ་ལ། །དད་ལྡན་སློབ་མ་མ་ཁྲིད་ཅིག །རྒྱུས་མེད་ལམ་སྣ་མ་ཁྲིད་ཅིག །དེ་སྐད་བྱས་པས་བླ་མ་དེས་ཆོས་བཤད་འཕྲོ་བཅད་ནས། མཚམས་དང་སྨྲ་བཅད་མཛད་པས་གྲུབ་པ་ཐོབ་བོ། །སློབ་མ་དེ་རྣམས་ཀྱང་བླ་མ་རྟོགས་ལྡན་ཕྱི་སྡུ་བ་ནང་གསང་སྔགས་ཐུགས་རྗེ་བྱིན་རླབས་ཡོད་པ་དང་ཆོས་བྱས་པས་ཆོས་བཟང་པོ་བྱུང་ངོ་། །
དེ་ནས་ཡང་ཨ་ལྕེས་མི་མང་འཛོམས་སར་ཕྱིན་པས། གཙོ་བོ་ཀུན་ན་རེ་ཨ་ལྕེས་འོངས་སམ། ཨ་ལྕེས་ནི་བྲོ་མ་དང་འདྲ། ངེད་གཙོ་བོ་རྣམས་ལ་བྲོ་མ་གཅིག་གྱིས་དང་ཟེར་བས། ཧེ་ཧེ་བྲོ་མ་གཅིག་བྱས་པས་མཆོག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བདུན་གྲོལ་གཉིས་པོ་བཟང་དུ་འབྲེལ་ནས། །མཁའ་ལ་ཉི་མ་ཤར་འདྲ་གཅིག་རྒྱག་གོ་ཨང་། །སྤྲིན་ལས་ཆར་རྒྱུན་འབབ་པ་གཅིག་རྒྱག་གོ་ཨང་། །སོས་ཁའི་གནམ་ལ་ཕེབས་འདྲ་གཅིག་རྒྱག་གོ་ཨང་། །ཨོཾ་གསང་མ་ཎི་འདྲེན་པ་རང་ལ་དགའ་ཡོ་ཨང་། །མ་ཎི་མདུན་མ་འཆར་བ་རང་ལ་སྐྱིད་དོ་ཨང་། །བོད་ཀྱི་བློན་ཆེན་གོས་འདྲ་བ་གཅིག་རྒྱག་གོ་ཨང་། །ཁྲི་སྙན་ཀླུང་དུ་འབབས་འདྲ་གཅིག་རྒྱག་གོ་ཨང་། །ཉེ་རིང་ཕྱོགས་ཆ་མེད་པ་གཅིག་རྒྱག་གོ་ཨང་། །ཨོཾ་གསང་མ་ཎི་འདྲེན་པ་རང་ལ་དགའ་ཡོ་ཨང་། །མ་ཎི་མདུན་མ་འཆར་བ་རང་ལ་སྐྱོད་དོ་ཨང་། །མནའ་དང་མཐོ་ལ་འཛེམ་པ་གཅིག་རྒྱག་གོ་ཨང་། །ཕན་ཚུན་ཕྲག་དོག་མེད་པ་གཅིག་རྒྱག་གོ་ཨང་། །གཅིག་ལ་གཅིག་བསྟེན་ཡོད་པ་གཅིག་རྒྱག་གོ་ཨང་། །ཨོཾ་གསང་མ་ཎི་འདྲེན་པ་རང་ལ་དགའ་ཡོ་ཨང་། །མ་ཎི་མདུན་མ་འཆར་བ་རང་ལ་སྐྱིད་དོ་ཨང་། །ཨ་བ་ཏ་ཧེ་ཚོགས་པ་ལང་གི་མདུན་ར་ན། །གྲ་གཙོ་བོ་གཅིག་མང་པོ་བྱིན་ཁུང་བཞུགས། །བང་རང་ཡང་མདུན་མའི་པོ་ཏི་རྒྱབ་ལ་འཁུར། །གྲོས་ཀྱི་བུམ་པ་ལག་ན་བཟུང་། །ཨོཾ་གསང་མ་ཎི་འདྲེན་པ་རང་ལ་དགའ་ཡོ་ཨང་། །མ་ཎི་མདུན་མ་འཆར་བ་རང་ལ་སྐྱིད་དོ་ཨང་། །མཐོན་པོ་ཁྲིམས་ཀྱིས་མནན་པ་གཅིག་རྒྱག་གོ་ཨང་། །དམའ་བ་ཐབས་ཀྱིས་སྐྱོང་བ་གཅིག་རྒྱག་གོ་ཨང་། །ཀུན་ལ་བྱམས་སྐྱོང་ཡོད་པ་གཅིག་རྒྱག་གོ་ཨང་། །ཨོཾ་གསང་མ་ཎི་འདྲེན་པ་རང་ལ་དགའ་ཡོ་ཨང་། །ཨོཾ་མ་ཎི་མདུན་མ་འཆར་བ་རང་ལ་སྐྱིད་དོ་ཨང་། །དཔོན་པོའི་ཐུགས་ལ་མ་ཕོག་པ་གཅིག་རྒྱག་གོ་ཨང་། །གཙོ་བོ་ལྐོག་ཟས་མ་ཟོས་པ་གཅིག་རྒྱག་གོ་ཨང་། །མིང་རྣམས་རླུང་ལ་མ་བསྐུར་བ་གཅིག་རྒྱག་གོ་ཨང་། །ཨོཾ་གསང་མ་ཎི་འདྲེན་པ་རང་ལ་དགའ་ཡོ་ཨང་། །མ་ཎི་མདུན་མ་འཆར་བ་རང་ལ་སྐྱིད་དོ་ཨང་། །དེ་སྐད་གསུངས་པས་གཙོ་བོ་ཐམས་ཅད་གཡོ་ཟོག་ཅིག་མདུན་མ་ལེགས་པར་བྱས་སོ། །
དེ་ནས་ཨ་ལྕེས་གྲོང་ཅིག་ལ་ཕྱིན་པས་ཁྱིམ་གཅིག་ན་མི་མང་པོ་སྐད་གཏོང་གིན་འདུག །དེར་ཕྱིན་པས་ཁོང་སྡིག་ཅན་ལྔ་དྲུག་འབྲི་གཅིག་བསད་ནས། ཤ་ཟ་ཁྲག་འཐུང་། ཉོ་ཆང་བྱེད་ཀྱིན་འདུག །དེར་ཁོང་ཚོ་ན་རེ། ཨ་ལྕེས་འོངས་སམ་ཤ་ཟོས་ཁྲག་འཐུང་གླུ་ལོངས་ཟེར། ཧེ་ཧེ་ཨོཾ་མ་ཎི་པདྨེ་ཧཱུཾ། ཀྱེ་ཧུད་ཀྱེ་ཧུད་སྙིང་རེ་བརྩེ་ཟེར་ཞིང་མིག་ནས་མཆི་མ་ཁྲག་ཏུ་ཤོར། དེར་ཨ་ལྕེས་གླུ་འདི་བླངས་སོ། །ཕ་གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རྒྱལ་བའི་སྲས། །དལ་འབྱོར་ཚེ་འདི་ཙམ་ཐུབ་མི་འདུག་སྟེ། །འཆི་བདག་བདུད་ནི་ནམ་ཡོང་ཆ་མེད་ལ། །ཚེ་འདི་ཕ་རོལ་གཅིག་པུ་འགྲོ་དགོས་ཚེ། །དམ་པའི་ལྷ་ཆོས་མ་གཏོགས་གཞན་མི་ཕན། །ལས་ངན་སྡིག་པ་སྤང་ན་མི་ལེགས་སམ། །ཁ་སྣ་སྡིབ་ཅིང་སོ་ལ་དྲེག་པ་ཆགས། །གཉེན་དང་ཉེ་འབྲེལ་ཀུན་གྱིས་མཐའ་ནས་བསྐོར། །ངར་ངར་སུང་སུང་དབུགས་ལ་ཐུག་པའི་ཚེ། །དམ་པའི་ལྷ་ཆོས་མ་གཏོགས་གཞན་མི་ཕན། །འཇིག་རྟེན་བྱ་བ་སྤང་ན་མི་ལེགས་སམ། །ས་གཞི་ས་མཁར་མཐོན་པོའི་ཕྱི་རུ་བོར། །བསགས་པའི་ནོར་ཟས་ཀུན་ལ་མི་ལྕེ་རེ། །ལག་སྟོང་བར་དོའི་འཕྲང་ལ་འགྲོ་བ་ལ། །དམ་པའི་ལྷ་ཆོས་མ་གཏོགས་གཞན་མི་ཕན། །མཚན་ལྡན་བླ་མ་བསྟེན་ན་མི་ལེགས་སམ། །སྒྱུ་ལུས་མཚར་སྡུག་ཡིད་འོང་བྱ་ཁྱིས་ཟ། །ཕ་མས་བཏགས་པའི་གཅེས་མིང་ཤུལ་དུ་ལུས། །རྣམ་ཤེས་འཇིགས་པའི་འཕྲང་ལ་འགྲོ་བ་ལ། །དམ་པའི་ལྷ་ཆོས་མ་གཏོགས་གཞན་མི་ཕན། །སྙན་རྒྱུད་གདམས་ངག་ཞུས་ན་མི་ལེགས་སམ། །ལས་ཀྱི་རླུང་དམར་ནག་པོས་རྒྱབ་ནས་འདེད། །མུན་ནག་ཆེན་པོས་མདུན་ནས་བསུ། །གཤིན་རྗེ་ཡང་ཡང་རྫོགས་པ་ལ། །དམ་པའི་ལྷ་ཆོས་མ་གཏོགས་གཞན་མི་ཕན། །དབེན་པའི་རི་ཁྲོད་འགྲིམ་ན་མི་ལེགས་སམ། །དལ་འབྱོར་མི་ལུས་ལན་གཅིག་ཡུད་ཙམ་ལ། །ཁ་བྱེ་ཞུང་ཙམ་མི་སོས་པར། །ལས་ངན་སྡིག་པ་བྱས་བྱས་ནས། །དམྱལ་བ་མྱོང་བར་ནུས་ལགས་སམ། །འགྱོད་ཤེས་གྱིས་དང་ཁྱེད་རྣམས་ཀུན། །སེམས་ཅན་ཕ་མའི་རང་བཞིན་ལ། །གཅིག་སྲོག་གཅིག་གིས་བཅད་བཅད་ནས། །དམྱལ་བའི་གསོན་བསྲེགས་ནུས་ལགས་སམ། །སྡིག་པ་སྤོང་དང་འདིར་ཚོགས་རྣམས། །ཡར་འགྲོ་མར་འགྲོའི་ས་མཚམས་ན། །སྡིག་པ་ཁོ་ན་བྱས་བྱས་ནས། །ལྷ་ཆོས་གྱིས་དང་ཁྱེད་རྣམས་ཀུན། །དེ་སྐད་བྱས་པས། ཁོང་ལ་ལས་སྡིག་པ་སྤང་ནས་ཆོས་བྱས་པས་ཐར་པ་ཐོབ་བོ། །ལ་ལས་ཆོས་ལ་དཀར་དུ་འགྲོ། ཁོང་གཉིས་གསུམ་གྱི་གང་ཡང་སྤང་མ་ནུས་པས་དམྱལ་བར་ཡུན་རིང་དུ་ལྷུང་ངོ་། །དེ་ནས་ཨ་ལྕེས་གྲོང་གཅིག་ཕྱིན་པས། ཁང་པ་བཟང་པོ་གཅིག་ན་ཕྱུག་པོ་རྒན་རྒོན་མི་ནོར་འཛོམས་པ་གཅིག་འདུག་པ་དེར་ཕྱུག་པོ་ན་རེ། བུ་མོ་ཡར་ཤོག་གླུ་གཅིག་ལོངས་དང་ཟེར། ཨ་ལྕེས་ཧེ་ཧེ། ཨོཾ་མ་ཎི་པདྨེ་ཧཱུཾ། ཕྱུག་པོ་དོ་མེད་གསན་མཛོད་དང་། །ཕ་ཤེས་ཡར་འབྲོག་གང་ཤེས་ན། །གཡག་སྡོག་རོག་པོ་རྟིང་དཀར་ལུས་སྟོབས་ཅན། །ཁ་ལ་ལ་ལི་ཟ་ཡིན་འདུག །སྐོམ་དུས་རྫ་ཆུ་འཐུང་གིན་འདུག །ལུས་སྟོབས་རི་ལས་ཆེ་ཤོས་འདུག །གཡག་སྡོག་རོག་པོ་རྟིང་དཀར་སྐྱིད་བསམ་ན། །ནམ་ཞིག་དུས་ཀྱི་ཐ་མ་ལ། །ཡོན་པ་ནག་པོ་ཡོང་གིན་འདུག །མགོ་ལ་སྨྱུག་འཐག་སྐོན་ཀྱིན་འདུག །མོན་ཡུལ་མཐིལ་དུ་ཁྲིད་ཀྱིན་འདུག །ཆུ་དང་བྲག་ལ་སྐྱུར་གྱིན་འདུག །རྐང་པ་ཕུར་པར་བཀྱིག་གྱིན་འདུག །མགོ་ལ་སྟ་རེ་བཏབ་ནས་འདུག །སྙིང་ལ་ཕུར་པ་འདེབས་ཀྱིན་འདུག །གཡག་པོ་སྙ་རྩེ་རིང་རིང་ན། །ཨ་ཙ་མ་དུད་འགྲོ་སྙིང་རེ་རྗེ། །ད་ལྟའི་མི་ལུས་ཐོབ་དུས་ལ། །དམ་པའི་ལྷ་ཆོས་གྱིས་ཤིག་ཨང་། །ཕའི་ཤེས་ཤན་པའི་གྲོང་ཁྱེར་ན། །ཤན་པ་ཕོ་མོ་སྐྱིད་ཞག་ཅན། །ཁ་ཟས་ཤ་ལ་བྱེད་ཀྱིན་འདུག །ཁ་སྐོམ་ཆང་ལ་བྱེད་ཀྱིན་འདུག །རྒྱུ་མ་དཔོན་ལས་དལ་ཤོས་འདུག །མནར་གཅོད་སྡུག་བསྔལ་མྱོང་གིན་འདུག །གཤིན་རྗེ་ཕོ་ཉས་ཁྲིད་ཀྱིན་འདུག །བར་དོ་མིག་གིས་མཐོང་གིན་འདུག །ལྕགས་ཟངས་ནང་དུ་འཚོད་ཀྱིན་འདུག །ལྕགས་རིའི་འོག་ན་མནན་གྱིན་འདུག །ལུས་ལ་ལྕགས་གཟེར་མང་པོ་བཏབ་ཀྱིན་འདུག །ཁ་ལ་ཁྲོ་ཆུ་བླུག་གིན་འདུག །བསྐལ་པའི་བར་དུ་ཐར་མེད་འདུག །ཨ་ཙ་མ་བཤན་པ་སྙིང་རེ་རྗེ། །ད་ལྟ་དལ་འབྱོར་མི་ལུས་ཐོབ་དུས་ལ། །དམ་པའི་ལྷ་ཆོས་གྱིས་ཤིག་ཨང་། །འདི་ཤེས་ཁང་ཁྱིམ་གྲུ་བཞི་ལ། །ཕྱུག་པོ་རྒན་རྒོན་སྐྱིད་ཞག་ཅན། །སྟེང་ན་མི་ནོར་འཛོམས་ནས་འདུག །འོག་ན་གོད་ནོར་འཛོམས་ནས་འདུག །བུ་ཚ་ལྷ་གྲལ་འགྲིགས་ནས་འདུག །ཁ་ལ་ཞིམ་དགུ་ཟ་ཡིན་འདུག །ལུས་ལ་འཇམ་ཕྲུག་གོན་ནས་འདུག །མི་རྣམས་ཀུན་གྱི་མཐོང་བྱེད་འདུག །ཕྱུག་པོ་རྒན་རྒོན་སྐྱིད་བསམ་ན། །ནམ་ཞིག་དུས་ཀྱི་ཐ་མ་ལ། །ཕྱུག་པོ་ནད་ཀྱིས་བཟུང་ནས་སུ། །སྨན་པ་ཀུན་གྱིས་བོར་ནས་སུ། །ཉེ་འཁོར་ཀུན་གྱིས་མཐའ་བསྐོར་ནས། །ཕྱུག་པོ་རང་རང་སོར་སོར་སོང་། །ནད་སྤྱོད་སྡུག་བསྔལ་མྱོང་གིན་འདུག །ལས་ཀྱི་གཤིན་རྗེའི་ཁྲིད་ཀྱིན་འདུག །བར་དོའི་འཕྲང་ལ་འབྱུང་གིན་འདུག །དགེ་སྡིག་སྲང་ལ་འཇལ་ཀྱིན་འདུག །དཀར་ནག་རྡེའུ་གཤེར་གྱིན་འདུག །ཆོས་རྒྱལ་བཀའ་ལུང་མི་ལེགས་པར། །དམྱལ་བའི་གནས་སུ་ཁྲིད་ཀྱིན་འདུག །ཨ་ཙ་མ་ཕྱུག་པོ་སྙིང་རེ་རྗེ། །ད་ལྟ་རང་དབང་ཡོད་དུས་ལ། །ལྷ་ཆོས་བྱས་ན་མི་འོངས་སམ། །སྦྱིན་པ་བཏང་ན་མི་ལེགས་སམ། །བློ་ཐག་ཆོད་ན་མི་ལེགས་སམ། །དགེ་བ་སྒྲུབ་ན་མི་འོངས་སམ། །གདམས་ངག་ཞུས་ན་མི་འོངས་སམ། །འཇིག་པར་ཤེས་སམ་ཕྱུག་པོ། །དེ་སྐད་བྱས་པས། ཕྱུག་པོ་ན་རེ། ཤིན་ཏུ་རང་བདེན་ང་འཇིག་རྟེན་ལ་སྐྱོ་བ་རང་སྐྱེས་སོ། །ང་ཆོས་བྱས་ཟེར། བུ་ཆེ་ཤོས་དང་བུ་མོ་ཆེ་ཤོས་འཁོར་བ་ལ་བཞག །གཞན་ཐམས་ཅད་ཆོས་བྱས་སོ། །
དེ་ནས་ཨ་ལྕེས་ཚོགས་ཆང་བྱེད་ས་གཅིག་ལ་ཕྱིན་པས། ཕོ་གཞོན་མོ་གཞོན་མང་པོ་ཆང་འཐུང་གླུ་ལེན་བྲོ་འཁྲབ་བྱེད་ཀྱིན་འདུག །ཁོང་ཚོ་ཁོང་ན་རེ། ཨ་ལྕེས་འོངས་སམ། ཆང་འཐུང་གླུ་ལོངས་བྲོ་འཁྲབ་ཟེར་བ་ལ། ཁ་ཆང་ཏ་འཐུང་གླུ་ཏ་ལེན་ཏེ། འཆི་བ་ཡོང་ཨཱེ། གང་ལའང་ངའི་གླུ་འདི་ཉོན། ཕ་གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་སངས་རྒྱས་མི་གཟུགས་ཅན། །ཤིང་རང་ལྕང་མ་སྔོ་རང་སྡིང་སྡིང་ན། །བྱིའུ་ཆུང་ཅོ་ཀ་བདེ་སྐྱིད་རང་བསམ་པ་འདུག །བྱ་ཁྲ་རྩལ་དབང་ཆེ་ཁོ་ཐོག་ལྟར་བབས་ཀྱིན་འདུག །གནས་དེ་ནས་བྲོས་ན་རན་ཚོད་འདུག །བྲོས་ཏེ་བྲོས་ན་ཚེར་ཕུང་ནང་དུ་བྲོས་ཤོག །ཆུ་དང་ལུད་མ་ཁྲོན་པའི་ནང་ཤེད་ན། །ཉ་ཆུང་གསེར་མིག་ཁོ་བདེ་སྐྱིད་རང་བསམ་འདུག །སོ་བྱ་རྩལ་ཆེན་ཁོ་ཐོག་ལྟར་བབས་ཀྱིན་འདུག །གནས་དེ་ནས་བྲོས་ན་རན་ཚོད་འདུག །བྲོས་ཏེ་བྲོས་ན་གཡུ་མཚོ་སྔོན་མོར་བྲོས་ཤོག །མང་ཡུལ་རྡོག་མོ་ཁྲ་རང་སྡིང་སྡིང་ན། །ཕོ་གཞོན་མོ་གཞོན་ཚོ་བདེ་སྐྱིད་བསམ་པ་འདུག །འཆི་བདག་བདུད་པོ་ཁོ་ཁྲམ་ཤིང་ཐོག་ནས་འདུག །གནས་དེ་ནས་བྲོས་ན་རན་ཚོད་འདུག །བྲོས་ཏེ་བྲོས་ན་དམ་པའི་ཆོས་ལ་བྲོས་ཤོག །བེའུ་ཤ་གཡག་ལ་བཀལ་ཡོང་ངོ་། །བུ་རོ་ཕ་ཡིས་ཁུར་ཡོང་ངོ་། །མེ་ཏོག་འབུ་ཡིས་ཟ་ཡོང་ངོ་། །ངེད་རང་འཛམ་བུ་གླིང་པ་ཚོ། །ཕལ་ཆེར་གཞོན་ཤི་བྱེད་ཀྱིན་འདུག །གཞོན་དུས་ལྷ་ཆོས་མ་བྱས་ན། །འཆི་བ་ནམ་ཡོང་ཆ་མི་ཤེས། །ད་ལྟ་དལ་འབྱོར་འཛོམས་དུས་འདིར། །ལྷ་ཆོས་གྱིས་དང་འདིར་ཚོགས་རྣམས། །དེ་སྐད་བྱས་པས། ཆོས་བྱེད་པ་དང་དགེ་བ་ལ་དཀར་བ་མང་པོ་བྱུང་ངོ་། །གཉིས་གསུམ་ཆོས་ལ་མ་དགའ་བས་ངན་སོང་དུ་ལྷུང་ངོ་། །
དེ་ནས་ཨ་ལྕེས་གྲོང་གཅིག་ལ་ཕྱིན་པས། ཆོས་ལ་བློ་འགྲོ་བའི་སྐྱེ་བོ་མང་པོ་ང་ཆོས་བྱེད་ཟེར་བ་མང་པོ་འདུག །དེ་རྣམས་ལ་གླུ་འདི་བླངས་སོ། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་རློབས་ཤིག་རྒྱལ་བའི་སྲས། །མེ་ཏོག་པདྨ་སྟོང་ལྡན་དེ། །འཁྲུངས་ནི་སྐྱེད་མོས་ཚལ་གྱི་དབུས་སུ་འཁྲུངས། །རྒྱུ་ནི་དཀོན་མཆོག་མཆོད་པའི་རྒྱུ། །འཕྲལ་དང་མྱུར་དུ་མ་མཆོད་ན། །ལྷགས་པ་བ་མོ་ནམ་ཡོང་ཆ་མེད་པས། །ཙན་དན་དྲི་ངད་བསུང་ཞིམ་དེ། །འཁྲུངས་ནི་ཙནྡ་ནགས་ལས་འཁྲུངས། །རྒྱུ་ནི་ཡི་དམ་མཆོད་པའི་རྒྱུ། །འཕྲལ་དང་འཕྲལ་དུ་མ་མཆོད་ན། །རླུང་དམར་སྟར་ཐོགས་ནམ་ཡོང་མེད། །མི་ལུས་ཡོན་ཏན་ལྡན་པ་དེ། །འཁྲུངས་ནི་དྲིན་ཅན་ཕ་མར་འཁྲུངས། །རྒྱུ་ནི་ལྷ་ཆོས་བྱེད་པའི་རྒྱུ། །འཕྲལ་དང་མྱུར་དུ་མ་བྱས་ན། །འཆི་བདག་བདུད་པོ་ནམ་ཡོང་མེད། །མི་ཚེ་ཉི་རྒས་གྲིབ་སོ་འདྲ། །ཕར་ཕར་བྲོས་ཀྱང་ཚར་ཚུར་འོང་། །བྲོས་ན་ཐར་བ་ངས་མ་མཐོང་། །ལུས་ནི་མི་རྟག་ལ་ཁའི་ཐོ་ཡོར་འདྲ། །ནམ་འགྱེལ་ཆ་མེད་དམ་པའི་ཆོས་ལ་མཛོད། །དབུགས་ནི་མི་རྟག་བར་སྣང་རླུང་དང་འདྲ། །ནམ་ཆད་ཆ་མེད་དམ་པའི་ལྷ་ཆོས་མཛོད། །སྲོག་ནི་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །ནམ་བོར་ཆ་མེད་དམ་པའི་ཆོས་ལ་མཛོད། །མི་ཚེ་མགྱོགས་པ་ཀྱི་ལིང་རྟ་དང་འདྲ། །མི་ལུས་ཆུ་ཡི་ལྦུ་བ་འདྲ། །འཇིག་རྟེན་དགའ་ཡང་རྨི་ལམ་ཡིན། །འདོད་ཆགས་དུག་གི་ལོ་མ་ཡིན། །འདོད་ཡོན་ཁྲོ་ཆུ་ཁོལ་མ་ཡིན། །ཕ་མ་བདུད་ཀྱི་བཙོན་ར་ཡིན། །ཁྱིམ་ཐབ་བདུད་ཀྱི་ཇག་བཙུན་ཡིན། །ནོར་ཟས་བདུད་ཀྱི་བསླུ་བྲིད་ཡིན། །ཉེ་བ་བདུད་ཀྱི་ཆོ་འཕྲུལ་ཡིན། །ཕ་མཁར་བདུད་ཀྱི་བཙོན་ཁང་ཡིན། །ཞག་དང་ཟ་མ་གཉིས་ཀྱི་རེ་མོས་ཏེ། །ཚེ་ཟད་མ་ཚོར་ནོར་རྣམས་ཟད་པ་ཚོར། །ལྷ་ཆོས་གྱིས་དང་འདིར་ཚོགས་རྣམས། །དེ་སྐད་བྱས་པས་ཆོས་བྱེད་མཁན་དང་དགེ་བ་ལ་དཀར་བ་མང་པོ་བྱུང་ངོ་། །དེ་ནས་ཨ་ལྕེས་གྲོང་གཅིག་ལ་ཕྱིན་པས་ཆོས་ལ་དཀར་བའི་ཕོ་མོ་དད་པ་ཅན་འགའ་ཞིག་གིས་ང་ཆོས་བྱེད་རྒྱུ་མ་བྱུང་། ང་ཆོས་བྱེད་རྒྱུ་མ་བྱུང་ཟེར་བ་ལ། གླུ་འདི་བླངས་སོ། །ཤ་ཁྱི་ཁ་དམར་གཅིག་གིས་སྨན་ཤྭ་འདེད། །སྨན་ཤྭ་ཕ་རིའི་རི་ལ་བྲོས་བྲོས་ནས། །ཚུ་རིའི་རི་ལ་ཐར་དུ་རེ། །ཚུ་རིའི་རི་ལ་བྲོས་བྲོས་ནས། །ཕ་རིའི་རི་ལ་ཐར་དུ་རེ། །སྨན་ཤ་བྲོས་པས་མ་ཐར་བཤན་པས་བཟུང་། །རི་རྩེ་མཐོན་པོ་མ་འགྲིམ་འགྱོད་དུ་ཆེ། །བྱ་ཁྲ་རྩལ་ཆེན་གཅིག་གིས་ཨོ་རོག་འདེད། །ཨོ་རོག་ཕ་རིའི་ནགས་ལ་བྲོས་བྲོས་ནས། །ཚུ་རིའི་ནགས་ལ་ཐར་དུ་རེ། །ཚུ་རིའི་ནགས་ལ་བྲོས་བྲོས་ནས། །ཕ་རིའི་ནགས་ལ་ཐར་དུ་རེ། །ཨོ་རོག་བྲོས་པས་མ་ཐར་བྱ་ཁྲས་བཟུང་། །ནགས་སྟོད་མཐོན་པོ་མ་འགྲིམ་འགྱོད་དུ་ཆེ། །སེར་པོ་སེར་མོ་ཀུན་གྱིས་བཞིན་བཟང་འདེད། །བཞིན་བཟང་ཕ་རིའི་གྲོང་ལ་བྲོས་བྲོས་ནས། །ཚུ་རིའི་གྲོང་ལ་ཐར་དུ་རེ། །ཚུ་རིའི་གྲོང་ལ་བྲོས་བྲོས་ནས། །ཕ་རིའི་གྲོང་ལ་ཐར་དུ་རེ། །བཞིན་བཟང་བྲོས་པས་མ་ཐར་ལྕགས་སྒྲོགས་བསྡམ། །དམ་པའི་ལྷ་ཆོས་མ་བྱས་འགྱོད་དུ་ཆེ། །ད་ལྟ་ལྷ་ཆོས་བྱེད་རྒྱུ་མ་བྱུང་ཡང་། །སྡིག་སྤོང་དགེ་སྒྲུབ་གྱིས་ཤིག་ཨང་། །རྒྱུ་འབྲས་ལེགས་པར་རྩིས་ཤིག་ཨང་། །ཉམ་ཆུང་ངག་འཇམ་གྱིས་ཤིག་ཨང་། །དམའ་ས་ཀུན་འཇམ་གྱིས་ཤིག་ཨང་། །དད་པ་མོས་གུས་གྱིས་ཤིག་ཨང་། །ཀུན་དང་མཐུན་ཞོར་གྱིས་ཤིག་ཨང་། །བྲེ་ལོག་སྲང་ལོག་མ་བྱེད་ཅིག །རང་ལུས་དུམ་བུར་གཏུབ་ནས་ནི། །བྲེ་དང་སྲང་ལ་འཇལ་གྱིན་ཡོད། །ནག་པོ་སྡིག་པའི་ལས་རྣམས་ལ། །རྒྱུན་དུ་འཕྲལ་འཛེམ་གྱིས་ཤིག་ཨང་། །ཡར་མཆོད་མར་སྦྱིན་གྱིས་ཤིག་ཨང་། །ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས་ཤིག་ཨང་། །ཡི་གེ་དྲུག་མ་བགྲོངས་ཤིག་ཨང་། །དེ་སྐད་བྱས་པས། དེ་རྣམས་ཀྱི་དེ་ལྟར་བྱས་པས་ཐམས་ཅད་ལམ་སྣ་ཟིན་བྱུང་ངོ་། །དེ་ནས་ཨ་ལྕེས་གྲོང་གཅིག་ལ་ཕྱིན་པས། ཆོས་པ་ཆོས་མེད་པའི་ཁག་པོ་མཁན་པ་དང་། མི་ནག་ཅི་ཡང་མེད་པའི་ཕྱུག་རྫི་བྱེད་མཁན་དུམ་གཅིག་ཁག་པོ་རང་བྱེད་ཀྱིན་འདུག །དེ་ཚོ་ལ་འདི་སྐད་ཅེས་སྨྲས་སོ། །འཇོལ་མོས་ནམ་འཕང་མ་ཆོད་ཅིག །བོང་བུས་རྟ་བང་མ་རྒྱུགས་ཤིག །རུལ་མས་མཁར་པོ་མ་རྩིགས་ཤིག །སྤྲང་པོ་དོར་འཇོམ་མ་བྱེད་ཅིག །འུག་པ་ཉིན་མོར་མ་འཕུར་ཅིག །ཉམས་མེད་ཆོས་སྐད་མ་བྱེད་ཅིག །མྱོང་མེད་སྟོང་སྐད་མ་བྱེད་ཅིག །མི་ཡོང་ཡོང་རྫུས་མ་བྱེད་ཅིག །མི་ཤེས་ཤེས་རྫུས་མ་བྱེད་ཅིག །རང་རྫུན་རང་ལ་མ་བྱེད་ཅིག །བསམ་ངན་ཕྲག་དོག་མ་བྱེད་ཅིག །རྐུན་འཕྲོག་གཡོ་སྒྱུ་མ་བྱེད་ཅིག །རྫུན་དང་ཕྲ་མ་མ་བྱེད་ཅིག །དད་ལོག་སྐུར་ཞུས་མ་བྱེད་ཅིག །ཆགས་སྡང་ཕྲག་དོག་མ་བྱེད་ཅིག །མི་ངན་ལག་ངན་མ་བྱེད་ཅིག །ཁ་ངན་ཚིག་ངན་མ་བྱེད་ཅིག །རྒྱུད་ངན་བསམ་ངན་མ་བྱེད་ཅིག །དྲིན་ཅན་དྲིན་མེད་མ་བོར་ཅིག །མི་ཆོས་ངོ་སྲུང་མ་བྱེད་ཅིག །དམ་ཉམས་བསོད་ཟད་མ་བྱེད་ཅིག །གཏི་མུག་རོ་ཉལ་མ་བྱེད་ཅིག །ལས་ངན་སྡིག་པ་མ་བྱེད་ཅིག །ཆོས་པས་ཉེ་རིང་མ་བྱེད་ཅིག །ཆོས་པས་ཚོང་དུས་མ་འགྲིམ་ཅིག །རྒྱུ་འབྲས་ཁྱད་སོད་མ་བྱེད་ཅིག །སྐྱིད་འདོད་ཞིབ་ལྟོག་མ་བྱེད་ཅིག །གྲོང་ལྟག་དགོན་པར་མ་སྡོད་ཅིག །མཚམས་ནང་ལྐོག་ཉལ་མ་བྱེད་ཅིག །དགོན་པ་ཉི་ར་མ་བྲོས་ཤིག །དོན་མེད་ཆོས་སྐད་མ་བྱེད་ཅིག །འོག་འགྱུ་རྒྱ་འཇམ་མ་བྱེད་ཅིག །རྣམ་རྟོག་རང་གར་མ་གཏང་ཞིག །རྟག་ཆད་གཉིས་ལ་མ་འབྱམས་ཤིག །དོན་མེད་བསམ་རྒྱ་མ་བྱེད་ཅིག །དེ་ནས་ཡང་གྲོང་གཅིག་ལ་ཕྱིན་པས། ཆོས་པ་ཆོས་ལ་མོས་པ་བཀའ་ཐོབ་འདུན་མ་ཡོད་པ་ལ། ཆོས་བྱེད་བློ་ཙམ་མེད་པ་འགའ་ཞིག་རང་རི་ཁྲོད་དུ་ང་སྒོམ་དུ་འགྲོ་ཟེར་བ་མ་འཐེང་བ་འགའ་ཞིག་འདུག །དེ་ཚོ་ལ་འདི་སྐད་བྱས་སོ། །ཞེན་ལོག་གསེར་ལ་མི་རྟག་གཡུ། །ལྷ་ཆོས་ཡིད་བཞིན་ནོར་བུ་འདྲ། །འདྲ་ཡང་འདྲ་ལ་ཡིན་ཡང་ཡིན། །མྱུར་དུ་བྱས་ན་རན་ཚོད་འདུག །དད་པ་གསེར་ལ་མོས་གུས་གཡུ། །བླ་མ་ཡིད་བཞིན་ནོར་བུ་འདྲ། །འདྲ་ཡང་འདྲ་ལ་ཡིན་ཡང་ཡིན། །འབྲལ་མེད་བསྟེན་ན་རན་ཚོད་འདུག །རི་ཁྲོད་གསེར་ལ་དབེན་གནས་གཡུ། །སྒྲུབ་ཕུག་ཡིད་བཞིན་ནོར་བུ་འདྲ། །འདྲ་ཡང་འདྲ་ལ་ཡིན་ཡང་ཡིན། །རྒྱུན་དུ་བཞུགས་ན་རན་ཚོད་འདུག །རྣམ་རྟོག་གསེར་ལ་ཆོས་སྐུ་གཡུ། །སེམས་ཉིད་ཡིད་བཞིན་ནོར་བུ་འདྲ། །འདྲ་ཡང་འདྲ་ལ་ཡིན་ཡང་ཡིན། །ཡེངས་མེད་སྒོམ་ན་རན་ཚོད་འདུག །ཉོན་མོངས་གསེར་ལ་ཡེ་ཤེས་གཡུ། །རང་རིག་ཡིད་བཞིན་ནོར་བུ་འདྲ། །འདྲ་ཡང་འདྲ་ལ་ཡིན་ཡང་ཡིན། །རྩ་བྲལ་སྐྱོང་ན་རན་ཚོད་འདུག །འཁོར་བ་གསེར་ལ་མྱ་ངན་གཡུ། །ཆོས་ཉིད་ཡིད་བཞིན་ནོར་བུ་འདྲ། །འདྲ་ཡང་འདྲ་ལ་ཡིན་ཡང་ཡིན། །བློ་འདས་སྐྱོང་ན་རན་ཚོད་འདུག །རི་བྱ་ལུང་ལ་མ་བབས་ཤིག །སེངྒེ་ནགས་ལ་མ་བབས་ཤིག །ཉ་མོ་སྐམ་ལ་མ་ཐོན་ཞིག །སྒོམ་ཆེན་གྲོང་ལ་མ་ཐོན་ཞིག །སྦྲང་མ་རྩི་སྦྱར་མ་བྱེད་ཅིག །རི་དྭགས་གཤོང་ལ་མ་ཐོན་ཞིག །སྲིན་བུ་ཁ་ཆུས་མ་དམ་ཅིག །སྙོམ་ལས་ལེ་ལོ་མ་བྱེད་ཅིག །ཀུན་ལ་ངོ་སྲུང་མ་བྱེད་ཅིག །ལྟོ་ཕྱིར་ནམ་སྡིབ་མ་བྱེད་ཅིག །མི་ཚེ་སྟོང་ཟད་མ་བྱེད་ཅིག །བླ་མ་བློས་གཏང་མ་བྱེད་ཅིག །དེ་སྐད་བྱས་པས་ཅ་ག་ཉ་ག་རི་ཁྲོད་ལ་སོང་ངོ་། །
དེ་ནས་ཡང་གྲོང་གཅིག་ལ་ཕྱིན་པས། ཆོས་པ་ཆོས་བཟང་པོ་འགའ་ཞིག་རི་ཁྲོད་ལ་གསལ་ནས་དད་བླངས་བསྐྱེལ་མི་ཡང་མང་པོ་བྱས་ནས་འདུག །དེ་ནས་ལ་ལ་དད་ཅན་འགའ་ཞིག་གིས་ཁྱེད་ལྷ་ག་ཨང་། ངེད་ཚོ་ལ་འགྲོ་རྒྱུ་མི་འདུག་ཟེར་བ་ལ་གླུ་འདི་བླངས་སོ། །སྐྱི་སེར་རླུང་མོ་བྱང་ལ་གསར་ཡོད་དམ། །བྱང་ཕྱོགས་ཁ་བ་ཅན་ལ་གསར་ཡོད་དམ། །ཇོ་བོ་ཤཱཀྱ་མུ་ནེ་མཇལ་དུ་འམ། །བྱིན་རླབས་དངོས་གྲུབ་ཞུ་རུ་འམ། །སྐྱི་སེར་བསོད་ནམས་ཆེ་སྟེ་དངས་རེ་དགའ། །དུ་བ་ཁྱལ་ཁྱོལ་ཀུན་ཡང་ཡོང་དུ་ཆུག །སྐར་མ་སྨིན་དྲུག་ནུབ་ཏུ་གསར་ཡོད་དམ། །ནུབ་བདེ་བ་ཅན་ལ་གསར་ཡོད་དམ། །ཇོ་བོ་སྣང་བ་མཐའ་ཡས་མཇལ་དུའམ། །མཆོག་དང་ཐུན་མོང་དངོས་གྲུབ་ཞུ་རུའམ། །སྐར་མ་བསོད་ནམས་ཆེ་སྟེ་དངས་རེ་དགའ། །སྐར་མ་སྐྱལ་སྐྱོལ་ཀུན་ཡང་སོང་དུ་ཆུག །ཆོས་ཅན་དབེན་པའི་རི་ལ་གསར་ཡོད་དམ། །མི་མེད་དབེན་པའི་རི་ལ་གསར་ཡོད་དམ། །ཚེ་གཅིག་སངས་རྒྱས་སྒྲུབ་ཏུའམ། །རང་དོན་གཞན་དོན་སྒྲུབ་ཏུའམ། །ཆོས་ཅན་བསོད་ནམས་ཆེ་སྟེ་དངས་རེ་དགའ། །མ་རིག་མུན་པ་ཀུན་ཡང་ཡོང་དུ་ཆུག །དགའ་ལྟ་འོག་མིན་ཆོས་དབྱིངས་དགའ། །དམ་ཆོས་མ་ནུས་པ་ལ་འགྲོ་དབང་མེད། །དགའ་ལྟ་བླ་མའི་ཞབས་དྲུང་དགའ། །དད་པ་མེད་ལ་འགྲོ་དབང་མེད། །དགའ་ལྟ་དབེན་པའི་རི་ཁྲོད་དགའ། །ཞེན་ཆགས་ཅན་ལ་སྡོད་དབང་མེད། །དགའ་ལྟ་མཉམ་ཉིད་ཆོས་སྐུ་དགའ། །ལེ་ལོ་ཅན་ལ་སྒོམ་དབང་མེད། །དེ་སྐད་ཅེས་སྨྲས་སོ། །
དེ་ནས་ཨ་ལྕེ་རིག་སྟོང་རྒྱལ་མོ་གྲོང་ཡུལ་དུ་བསུས་ནས། རི་བོ་རྩེ་གཅིག་ལ་སྐྱོ་བསངས་ལ་ཕྱིན་པས་ནགས་སྤང་མཚམས་གཅིག་ན། སྤྱིལ་པོ་དཀར་པོ་ཆུང་ཆུང་གཅིག་འདུག །དེར་ལྟ་རུ་ཕྱིན་པས། ཕྱི་སྒོ་བརྩིགས་འདུག །ཆུ་ཡང་ནང་ལ་ཡོད་འདྲ་སྙམ་ནས། བུ་སྒོ་ཏིག་ཏིག་བརྡུངས་པས། སྒྲུབ་པ་མོ་གཞོན་ནུ་ལ་ཆོས་ཡོང་ཡོང་འདྲ་བ། ངང་རིང་དམན་ས་བཟུང་བ། དག་སྣང་ཆེ་བ་གཅིག་འདུག །དེས་ཨ་ལྕེས་ལ་མིག་ཧུ་རེ་བལྟས་ནས་ཨ་ལྕེས་འོངས་སམ། ད་སང་ནམ་ག་ཚོད་ནས་ཡོང། ཨ་ལྕེས་བདེའམ་ཟེར། དེ་ལ་ཨ་ལྕེས་ངས་སྤྲོས་བྲལ་གྱི་ནམ་ལངས་ནས་ཡིན། རིག་པ་ཆོས་ཉིད་ཀྱི་ཀློང་དུ་བདེ། ཁྱོད་བདེའམ་གསུངས་པས།
མོ་ན་རེ། ང་ནི་ཆོས་སྐུ་སྐྱེ་མེད་ཀློང་དུ་བདེ། །ལོངས་སྐུ་འགག་མེད་ངང་དུ་བདེ། །སྤྲུལ་སྐུ་རང་ཤར་ངང་དུ་བདེ། །ལྟ་བ་ཐེ་ཚོམ་མེད་པས་བདེ་བྱས་པས། ཨ་ལྕེས་མོ་ལ་གླུ་འདི་བླངས་སོ། །རི་ནི་ཕ་རིའི་རི་ཡང་ཞེན་ལོག་རི། །བར་ན་ལྷ་ཆོས་ཉི་ལི་ལི། །ཕ་རིའི་རི་ཡང་གནས་པའི་རི། །ཚུ་རིའི་རི་ཡང་གནས་པའི་རི། །བར་ན་དྲན་པ་ཉི་ལི་ལི། །ཕ་རིའི་རི་ཡང་ཡེ་ཤེས་རི། །ཚུ་རིའི་རི་ཡང་ཡེ་ཤེས་རི། །བར་ན་རིག་པ་ཉི་ལི་ལི། །ཕ་རིའི་རི་ཡང་མྱང་འདས་རི། །ཚུ་རིའི་རི་ཡང་མྱང་འདས་རི། །བར་ན་སངས་རྒྱས་ཉི་ལི་ལི། །མོ་ཁྱོད་དད་པ་ཆེ་ལ་ཞེན་ཆགས་ཆུང་། །ལྷ་ཆོས་བྱས་པའི་ནམ་བཀོད་འདུག །ལེ་ལོ་ཆུང་ལ་བརྩོན་འགྲུས་ཆེ། །ཐུགས་དམ་ཡོང་བའི་ནམ་བཀོད་འདུག །འཛིན་པ་ཆུང་ལ་སྙིང་སྟོབས་ཆེ། །སྒྲུབ་པ་ཐོབ་པའི་ནམ་བཀོད་འདུག །དམའ་ས་བཟུང་ལ་སྙིང་སྟོབས་ཆེ། །བྱམས་སེམས་ཡོངས་བའི་ནམ་བཀོད་འདུག །དེ་སྐད་སྨྲས་སོ། །
དེ་ནས་ཡར་ལ་ཕྱིན་པས། རི་བོ་མཐོན་པོའི་ལོགས་གཅིག་ན། ཤྭ་བ་དང་གནའ་བ་དགོ་བ་མང་པོ་ཟིང་ཟིང་འདུག །དེ་ལ་ཡག་པོ་བལྟས་པས། དར་ལྕོག་དཀར་པོ་ཆུང་ཆུང་གཅིག་ལྷབ་ལྷབ་འདུག །དེ་ཡག་བལྟས་པས་སྦ་མའི་རྦད་སྔོ་ཁ་རིག་གཅིག་འདུག །དེ་ལྟ་རུ་ཕྱིན་པའི་གཟིམས་ཕུག་ཡག་པོ་གཅིག་འདུག །ནང་དུ་ཕྱིན་པས་སྒྲུབ་ཆེན་ངོ་མཚར་ཆེ་བ་གཅིག་འདུག །གཟིམས་མལ་ནས་མ་བཞེངས་པ་ཡུན་རིང་པོ་སོང་བ་དང་། ཐུགས་འོད་ལས་གཡོ་བ་མེད་སྤྱན་ཡང་མ་བཙུམ་ནས་བཞུགས་འདུག །དེ་ལ་ཕྱག་འཚལ་སྐོར་བ་བསྐོར་ཐུགས་དམ་ཞུས་སྙམ་ཀྱང་མི་འདུག །དེ་ལ་གླུ་འདི་ཕུལ་ལོ། །ནམ་མཁའ་སྟོང་པའི་དཀྱིལ་འཁོར་དང་། །ཆུ་བོ་གངྒཱའི་འབབས་རྒྱུན་དང་། །ཆོས་ཉིད་འོད་གསལ་ལུ་གུ་གསུམ། །འཁྲུངས་ས་བཞུགས་ས་མ་གཅིག་ཀྱང་། །ད་ལྟ་གནས་ཚུལ་གཅིག་ལ་འདུག །དབུས་ཀྱི་རི་བོ་མཆོག་རབ་དང་། །ལྕགས་ཀྱི་ཕ་བོང་ཟུར་བརྒྱད་དང་། །སེམས་ཉིད་གཉུག་མའི་ལྷུན་གྲུབ་གསུམ། །འཁྲུངས་ས་བཞུགས་ས་མ་གཅིག་ཀྱང་། །ད་ལྟ་གཡོ་མེད་གཅིག་ལ་འདུག །བར་སྣང་སྟོང་པའི་སྐྱི་སེར་དང་། །གནམ་ལ་བྱ་འཕུར་རྗེས་མེད་དང་། །སྣང་བ་འགགས་མེད་འཆར་སྒོ་གསུམ། །འཁྲུངས་ས་བཞུགས་ས་མ་གཅིག་ཀྱང་། །ད་ལྟ་འཆར་ཚུལ་གཅིག་ལ་འདུག །ཉི་མ་ཟླ་བའི་འོད་ཟེར་དང་། །རྩོལ་མེད་སྤྲིན་གྱི་ཆར་རྒྱུན་དང་། །འཕྲིན་ལས་ཐོགས་མེད་འགྲོ་དོན་གསུམ། །འཁྲུངས་ས་བཞུགས་ས་མ་གཅིག་ཀྱང་། །ད་ལྟ་ཕན་ཚུན་གཅིག་ལ་གནས། །རྗེ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །བདག་དང་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །དེ་སྐད་ཞུས་པས། སྤྱན་ཧུ་རེ་མཛད་ནས། ཁྱོད་ཡོང་གང་དང་གང་ནས་ཡོང་བ་ཡིན། །མིང་ལ་ཅི་དང་ཅི་སྐད་ཟེར་བ་ཡིན། །སོང་ཞིག་སུ་དང་སུ་ཡིས་བྱས་པ་ཡིན། །འདིར་དོན་ཅི་དང་ཅི་འདྲ་ཡོད་པ་ཡིན། །ད་འགྲོ་གང་དང་གང་དུ་འགྲོ་བ་ཡིན། །ལས་སུ་ཅི་འདྲ་བྱེད་པ་ཡིན། །རྫུན་མེད་བདག་ལ་དྲང་པོར་སྨྲོས་དང་། །ཞེས་གསུངས་བྱུང་། དེ་ལ་བདག་གིས། ང་ཡོང་བ་བདེ་ཆེན་ཞིང་ནས་ཡོང་བ་ཡིན། །སོང་ཞིག་ཡེ་ཤེས་མཁའ་འགྲོས་གསུངས་བྱུང་ངོ་། །འདིར་དོན་གྲུབ་ཐོབ་མཇལ་དུ་ཡོང་བ་ཡིན། །མིང་ལ་རིག་སྟོང་རྒྱལ་མོ་ཟེར་བ་ཡིན། །ལས་སུ་འགྲོ་ལ་གང་ཕན་བྱས་པ་ཡིན། །ད་འགྲོ་རྣམ་དག་ཞིང་ལ་འགྲོ་བ་ཡིན། །དེ་སྐད་ཞུས་པས།
ཡང་སྒྲུབ་ཆེན་གྱི་ཐུགས་ལ་འདི་མཁའ་འགྲོ་མ་གཅིག་ཨེ་ཡིན་བསམ་སྟེ། འདི་སྐད་དྲིས་སོ། །འདི་ནས་ཉི་མ་ནུབ་ཕྱོགས་ཕ་གི་ན། །ཨུ་རྒྱན་ཡུལ་གྱི་གྲོང་ཁྱེར་ཡོད། །དེ་རྒྱུས་ཁྱོད་ལ་ཡོད་དམ་མེད། །ཨུ་རྒྱན་ཡུལ་གྱི་དབུས་ཕྱོགས་ཏེ། །གན་དྷོ་ལའི་མཆོད་རྟེན་ཡོད། །དེ་རྒྱུས་ཁྱོད་ལ་ཡོད་དམ་མེད། །གན་དྷོ་ལའི་མཆོད་རྟེན་ནང་ན། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ཡོད་དོ། །དེ་རྒྱུས་ཁྱོད་ལ་ཡོད་དམ་མེད། །ཡིད་བཞིན་ནོར་བུ་རྣམ་གསུམ་ཡོད་དོ། །གསང་སྔགས་ཆོས་ཀྱི་དཀོར་མཛོད་ཡོད་དོ། །དེ་རྒྱུས་ཁྱོད་ལ་ཡོད་དམ་མེད། །གསུངས་བྱུང་ངོ། །དེ་ལ་ལན་འདི་ཕུལ་ལོ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །ཨོ་རྒྱན་ཡུལ་གྱི་གྲོང་ཁྱེར་ཡོད་དོ། །དེའི་རྒྱུས་ཁོ་མོ་བདག་ལ་ཡོད་དོ། །གན་དྷོ་ལའི་མཆོད་རྟེན་ཡོད་དོ། །གན་དྷོ་ལའི་མཆོད་རྟེན་ནང་ན། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ཡོད་དོ། །གན་དྷོ་ལ་ཡི་བར་ཁྱམས་དེ་ན། །ལོངས་སྐུ་འཇིག་རྟེན་མཁའ་འགྲོ་ཡོད་དོ། །གན་དྷོ་ལ་ཡི་ཕྱི་ཁྱམས་དེ་ན། །སྤྲུལ་སྐུ་ལས་ཀྱི་མཁའ་འགྲོ་ཡོད་དོ། །དེའི་རྒྱུས་ཁོ་མོ་བདག་ལ་ཡོད་དོ། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་དེ་ནི། །གཙོ་མོ་རྒྱལ་མོའི་ཚུལ་དུ་ཡོད་དོ། །གཡས་ན་དཔའ་བོའི་བཞུགས་གྲལ་ཡོད་དོ། །གཡོན་ན་དཔའ་མོའི་བཞུགས་གྲལ་ཡོད་དོ། །མཁའ་འགྲོ་སྤྲིན་ལྟར་འཐིབས་ནས་ཡོད་དོ། །ཆོས་སྐྱོང་རུ་མཚོན་འཕྱར་ནས་ཡོད་དོ། །དེའི་རྒྱུས་ཁོ་མོ་བདག་ལ་ཡོད་དོ། །སྐུ་ཙཀ་ལི་ཡི་དཀྱིལ་འཁོར་ཡོད་དོ། །དེ་ན་རྒྱུད་པ་ཡིད་བཞིན་ནོར་བུ་ཡོད་དོ། །ཡིག་འབྲུ་གསུམ་གྱི་དཀྱིལ་འཁོར་ཡོད་དོ། །རྨི་ལམ་ཡིད་བཞིན་ནོར་བུ་ཡོད་དོ། །ཕྱག་མཚན་ཐུགས་ཀྱི་དཀྱིལ་འཁོར་ཡོད་དོ། །སྒྲོལ་མ་ཡིད་བཞིན་ནོར་བུ་ཡོད་དོ། །གསང་སྔགས་ཆོས་ཀྱི་དཀོར་མཛོད་ཡོད་དོ། །དེའི་རྒྱུས་ཁོ་མོ་བདག་ལ་ཡོད་དོ། །ཆོས་སྐུ་ཡེ་ཤེས་མཁའ་འགྲོས་གསུངས་ནས། །གྲུབ་ཐོབ་ཁྱེད་ལ་ཤོག་གསུངས་བྱུང་། །ཁོ་མོ་བདག་ལ་ཁྲིད་ཤོག་གསུངས་བྱུང་། །དེ་སྐད་ཞུས་པས།
ཡང་སྒྲུབ་ཆེན་གྱིས། འོག་མིན་བདེ་བའི་ཞིང་མཆོག་དེ་ནས། །མཁའ་འགྲོ་འགྲོ་བ་བཟང་མོ་བྱུང་ནས། །ཁོ་བོ་བདག་ལ་འགྲོའོ་གསུངས་བྱུང་། །ཁོ་བོའི་གདུལ་བྱ་མ་རྫོགས་བར་དུ། །འདི་ནས་གར་ཡང་མི་འགྲོ་བྱས་པས། །ཤར་ཕྱོགས་མངོན་དགའི་ཞིང་ཁམས་དེ་ནས། །མཁའ་འགྲོ་བཀྲ་ཤིས་བཟང་མོ་བྱུང་ནས། །ཁོ་བོ་བདག་ལ་འགྲོ་འོ་གསུངས་བྱུང་། །ཁོ་བོའི་གདུལ་བྱ་མ་རྫོགས་བར་དུ། །འདི་ནས་གར་ཡང་མི་འགྲོ་བྱས་པས། །ཡེ་ཤེས་མཁའ་འགྲོ་བཀའ་ལུང་དེ་ནས། །བདག་ལ་ཤོག་ཅིག་གསུངས་བྱུང་འདུག་ཀྱང་། །བདག་གི་གདུལ་བྱ་མ་རྫོགས་བར་དུ། །འདི་ནས་གར་ཡང་མི་འགྲོ་གསུངས་པས། །བདག་གི་གདུལ་བྱ་རྫོགས་པའི་དུས་སུ། །ཁོ་བོ་ཆོས་ཀྱི་དབྱིངས་སུ་འགྲོའོ། །དེ་དུས་བཞིན་བཟང་ཁྱོད་ཀྱང་ཤོག་ཅིག །ངེད་རང་མིང་སྲིང་ལྷན་དུ་འགྲོའོ། །ཞེས་གསུངས་སོ། །ད་རེས་སྒྲུབ་ཆེན་མི་བྱོན་གསུངས་ན། ཁོ་མོ་ཡང་དང་ཡང་དུ་ཡོང་ངོ་། །ནམ་ཞིག་ཆོས་ཀྱི་དབྱིངས་ལ་འགྲོའོ། །དེ་སྐད་ཞུས་ཏེ། མོ་ནི་མེ་ཏོག་དམར་པོ་གཅིག་ཏུ་སོང་ངོ་། །དེ་ཡང་འཇའ་དམར་སེར་གཅིག་ཏུ་སོང་ནས་སྒྲུབ་ཐོབ་དེའི་ཐུགས་ཀར་ཐིམས་སོང་། ཐམས་ཅད་རྨི་ལམ་ཡིན་པ་འདྲ་ལ། བླ་མ་མཁྱེན་བདག་ཀྱང་དེ་ལྟ་བུ་ཤོག་ཅིག །ཅེས་ཀྱང་ཤོག་ཅིག །དེ་ནས་ཡང་མ་སངས་སངས་རྒྱས་དེ། བླ་མ་ཐར་པའི་ལམ་སྟོན་ལ་ཆོས་བྱས་ནས་རྩེ་གཅིག་གིས་ནམ་སྟོང་ལ་མཚམས་བྱས། སྤྲིན་བྲལ་གྱི་ནམ་ལངས་ནས་མཚམས་གྲོལ། རོ་གཅིག་གི་ཉི་མ་ཤར་ཙ་ན། བླ་མ་ཐར་བའི་ལམ་སྟོན་དབང་པོ་སྒོ་ལྔའི་གྲོང་ཁྱེར་དུ། སྒྱུ་མའི་དབང་མཛད་པའི་ཨ་ར་ཁ་ཀྱོག་བྱས་པས། འདི་སྐད་དོ། །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་རྒྱུད་པ་མི་འདུག །རྒྱུད་པ་རྡོ་རྗེ་འཆང་ཆེན་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་བླ་མ་མི་འདུག་གི །བླ་མ་མཚན་ལྡན་སྒྲུབ་པ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཡི་དམ་མི་འདུག །ཡི་དམ་འཁོར་ལོ་བདེ་མཆོག་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཆོས་སྐྱོང་མི་འདུག །ཆོས་སྐྱོང་མ་མགོན་ལྕམ་དྲལ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ལྟ་བ་མི་འདུག །ལྟ་བ་ཕྱག་རྒྱ་ཆེན་པོ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་སྒོམ་པ་མི་འདུག །སྒོམ་པ་ནཱ་རོ་ཆོས་དྲུག་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་སྤྱོད་པ་མི་འདུག །སྤྱོད་པ་རོ་སྙོམས་སྐོར་དྲུག་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་བོགས་འདོན་མི་འདུག །བོགས་འདོན་ཐབས་ལམ་ཟབ་མོ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་འབྲས་བུ་མི་འདུག །འབྲས་བུ་བརྟེན་རབས་མདུན་མ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་སྒྲུབ་གནས་མི་འདུག །སྒྲུབ་གནས་གར་བཞུགས་དབེན་པ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཕ་ཡུལ་མི་འདུག །ཕ་ཡུལ་དབེན་པའི་རི་ཁྲོད་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཕ་མཚན་མི་འདུག །ཕ་མཚན་གྲུབ་ཐོབ་བརྒྱད་ཅུ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་གཉེན་ཚན་མི་འདུག །གཉེན་མཚན་ཞི་ཁྲོ་རབ་འབྱམས་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཁང་པ་མི་འདུག །ཁང་པ་བྲག་ཕུག་སྒོ་མེད་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ནོར་ཟས་མི་འདུག །ནོར་ཟས་འཕགས་པའི་ནོར་བདུན་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཆུང་མ་མི་འདུག །ཆུང་མ་ཡེ་ཤེས་མཁའ་འགྲོ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་བུ་ཆུང་མི་འདུག །བུ་ཆུང་རིག་པའི་ཁྱེའུ་ཆུང་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཟས་རྒྱུ་མི་འདུག །ཟས་རྒྱུ་ཏིང་འཛིན་ཟོས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་གྱ་རི་མི་འདུག །གྱ་རི་སྣང་བའི་གཡག་ཤ་ཟས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་འཐུང་རྒྱུ་མི་འདུག །འཐུང་རྒྱུ་དྲན་པའི་བདུད་རྩི་འཐུང་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་གོན་རྒྱུ་མི་འདུག །གོན་རྒྱུ་སྟོང་ཉིད་བསེ་ཁྲབ་གོན་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཁུར་རྒྱུ་མི་འདུག །ཁུར་རྒྱུ་བཟོད་པའི་ཕུབ་ཆུང་ཁུར་མཆོག །བློ་བདེ་པོ་བདེ་བདེ་པོ། །བློ་བདེ་པོ་ལ་བསུར་རྒྱུ་མི་འདུག །བསུར་རྒྱུ་ཤེས་རབ་རལ་གྲི་བསུར་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་བརྡུང་རྒྱུ་མི་འདུག །བརྡུང་རྒྱུ་རྣམ་རྟོག་རྐུན་མ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་གསོད་རྒྱུ་མི་འདུག །གསོད་རྒྱུ་ཉོན་མོངས་དགྲ་བོ་གསོད་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་བཅོམ་རྒྱུ་མི་འདུག །བཅོམ་རྒྱུ་འཁོར་བའི་གྲོང་ཁྱེར་བཅོམ་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་རང་ལུས་མི་འདུག །རང་ལུས་ཡི་དམ་ལྷ་སྐུ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་རང་སེམས་མི་འདུག །རང་སེམས་འོད་གསལ་འཛིན་མེད་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་དྲན་པ་མི་འདུག །དྲན་པ་རིག་སྟོང་རྩ་བྲལ་དྲན་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ངོ་བོ་མི་འདུག །ངོ་བོ་བློ་འདས་རྗེན་པ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཞོན་རྟ་མི་འདུག །ཞོན་རྟ་བསླབ་ཆེན་བརྩོན་འགྲུས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་རྒྱུག་ས་མི་འདུག །རྒྱུག་ས་བདེ་ཆེན་ཐང་ལ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་འགྲོ་ས་མི་འདུག །འགྲོ་ས་འོག་མིན་གནས་ལ་བྱས་ཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་གཤོག་པ་མི་འདུག །གཤོག་པ་རས་དཀར་དྲི་མེད་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་འཕུར་ས་མི་འདུག །འཕུར་ས་བར་སྣང་བདེ་མོ་ཀ་བློ་བདེ་བྱས་མཆོག །བློ་བདེ་པོ་བློ་བདེ་པོ། །བློ་བདེ་པོ་ལ་ཐིམ་ས་མི་འདུག །ཐིམ་ས་ཆོས་ཀྱི་དབྱིངས་སུ་བྱས་མཆོག །བློ་བདེ་སྐད་གསུངས་ཏེ་འཇའ་དཀར་པོ་གཅིག་ཏུ་སོང་ནས་ཆོས་ཀྱི་དབྱིངས་ལ་ཡལ་སོང་། རྨི་ལམ་སྒྱུ་མའི་ལྟད་མོ་ཡིན་པ་འདྲ། ལྟད་མོ་ལྟ་ན་དེ་ལྟ་བུ་ལ་ལྟ་བ་ཡིན། གཞན་ཟང་ཟིང་འདི་ལ་ལྟ་རྒྱུ་མེད་ཨང་། མདང་སུམ་ཉལ་བའི་རྨི་ལམ་འཁྲུལ་སྣང་ལ། བུ་མོ་མཛེས་གསུམ་གྱིས་ཤར་གོ་མཚོན་སྣ་ཚོགས་བཏང་བ་གཅིག་ཏུ་ཁྱེར་ནས་བདག་ལ་འདི་སྐད་ཟེར་དུ་བྱུང་། བསམ་ཞིང་དགོངས་དང་བྱ་བ་མཐོང་བའི་རྣལ་འབྱོར་པ། གསན་ཞིང་དགོངས་དང་སྒྲུབ་པའི་དབང་ཕྱུག་དམ་པ། རོ་བརྒྱ་ལྡན་པའི་དཀར་གསུམ་གྱི་མངར་གསུམ། ཚོགས་མཆོད་བཞེས་ལས་ཞལ་གྱིས་གདམས་པ་གནང་ཞུས། སེམས་ཉིད་ཡིད་མཐུན་པའོ་རང་འདིར་ཚོགས་ཀྱིས་དཔོན་སློབ། སྔོན་ཚོགས་བསགས་དབང་གིས་ད་རེས་ཁྱེད་དང་མཇལ་བྱུང་། གདུང་བའི་སེམས་ཀྱིས་ཁྱེད་ལ་གུས་པ་བྱུང་། བརྩེ་བ་ཆེན་པོས་ཞལ་གྱི་གདམས་པ་གནང་བར་ཞུ།
འདི་ནས་བཟུང་སྟེ་ཁྱེད་ཀྱི་གདོང་རོལ་བྱེད། ཁོ་མོ་བདག་ལ་སྙིང་གི་ཐིག་པ་གནང་བར་ཞུ། དེ་ལ་བདག་གིས་ལན་སྨྲས་པ། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོ་སྤྱི་གཙུག་རྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་གོས་པདྨོ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་པ། །སེམས་ཅན་ཉམ་ཐག་ཕོངས་དགུ་ཡི། །ནད་དང་སྡུག་བསྔལ་ཞི་མཛད་པའི། །མགོན་དུ་གྱུར་ལ་ཕྱག་འཚལ་ལོ། །དགེའོ། །བཀྲ་ཤིས་ཤོག །སྤྲང་མོ་བདག་གིས་ཡིག་གཟུགས་མ་ལེགས་ཀྱང། །བསམ་པ་བཟང་པོའི་སྒོ་ནས་བྲིས་པ་ཡིན། །འདི་བྲིས་དགེ་བ་སེམས་ཅན་ཀུན་ལ་བསྔོ། །འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །
ཡེ་ཤེས་མཁའ་འགྲོ་མ་བསོད་ནམས་དཔལ་འདྲེན་གྱི་སྤྲུལ་པ་སྐུ་ཡི་མཛད་སྤྱོད་ཕྱི་ཡི་རྣམ་ཐར། མཛད་པ་པོ་ཤཱཀྱ་རིན་ཆེན།
༄༅། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་སྤྲུལ་པའི་སྐུ་ཡི་མཛད་སྤྱོད་ཕྱི་ཡི་རྣམ་ཐར་བཞུགས་སོ། །ན་མོ་བཛྲ་ཡོ་གི་ནི་ཡེ། སྤྱིར་དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་དང་རོལ་པའི་ཡུམ་ཆེན་ནི། མང་དུ་བྱོན་པ་ཡོད་ལགས་ཀྱང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །གཅིག་པུ་ཉིད་ཀྱི་འགྱུར་ཡིན་ཏེ། །དེ་ཡང་རྡོ་རྗེ་རྣལ་འབྱོར་མ་ལ་ཡང་གསུམ་དུ་གསུངས་ཏེ། དོན་གྱི་རྡོ་རྗེ་རྣལ་འབྱོར་མ་དང་། བརྡ་ཡི་རྡོ་རྗེ་རྣལ་འབྱོར་མ་དང་། རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་གསུམ་དུ་གསུངས་པ་ལ།
དོན་གྱི་རྡོ་རྗེ་རྣལ་འབྱོར་མ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཞེས་བརྗོད་བྱའི་དོན་ནི། སྣང་སྟོང་གྲག་སྟོང་རིག་སྟོང་དབྱེར་མེད་པ་སེམས་ཉིད་ཀྱི་བཞུགས་ཚུལ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཟེར། གཞི་ཡི་གནས་ལུགས་ཕྱག་རྒྱ་ཆེན་པོ་བྱ་བ་དེ་ཡིན། བརྡ་ཡི་རྡོ་རྗེ་རྣལ་འབྱོར་མ་ནི། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་བརྗོད་བྱའི་དོན་ནི་ལྟེ་བར་གཏུམ་མོ་ཨ་ཐུང་གི་ཚུལ་དུ་འོད་ཀྱི་ཕུང་པོར་བཞུགས་པ་དེ་ཡིན། རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ལ་ཡང་གསུམ་དུ་གསུངས་ཏེ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་དང་། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་དང་། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་དང་གསུམ་དུ་གསུངས་པ་ནི།
ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ནི། འོག་མིན་དུ་རྡོ་རྗེ་འཆང་ལ་སོགས་བདེར་གཤེགས་ཐམས་ཅད་བསྐྱེད་པའི་ཡུམ་དུ་བཞུགས་པ་རྣམས་ཡིན། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ནི། ཨུ་རྒྱན་ཛ་ལན་དྷ་ར་དང་། ཡུལ་ཉི་ཤུ་རྩ་བཞི་གནས་སུམ་ཅུ་སོ་གཉིས་ལ་སོགས་ན། གཙོ་མོའི་ཚུལ་དུ་བཞུགས་པ་རྣམས་ཡིན། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་ནི། ས་སྟེང་ས་བླ་ས་འོག་རྣམས་སུ་རིགས་དྲུག་གང་ལ་གང་འདུལ་གྱིས་རང་རང་གི་གཟུགས་སུ་སྤྲུལ་ནས་རང་རང་གི་སྐད་ཀྱིས་ཆོས་སྟོན་པ་དང་། སེམས་ཅན་གྱི་དོན་ལ་བསྙེལ་བ་མེད་པར་གང་ལ་གང་འདུལ་གྱིས་ཚུལ་དུ་བཞུགས་པ་རྣམས་ཡིན། ད་ལྟ་ས་སྟེང་འདི་ན་སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོའི་ནང་ནས་ཡུལ་འདིར་སེམས་ཅན་གྱི་དོན་དུ། ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་བྱོན་པའི་ཡུལ་ལ་མཚན་གསོལ་འདམ་ཤོད་སྣོལ་མོའི་ལྗོངས། ཡུལ་ལྷ་ཁྱད་འཕགས་ཇོ་བོ་གཉན་ཆེན་ཐང་ལྷའི་ཞོལ། །གནས་མལ་བཀྲ་ཤིས་བྱང་རྒྱབ་བྱ་བ་དེར། །རིགས་བཟང་ཁུང་བཙུན་ཕ་ཆེན་ལྡོང་གི་རིགས། །ཁྱད་པར་རུས་ཆེན་ནང་ཚན་སྔ་ལྡོང་རུས། །ཡབ་ལ་མཚན་གསོལ་ཡོན་བདག་སྔོ་ལི་དཔའ་བའི་བློ་གྲོས་བྱ། །ཡུམ་དུ་གནད་བཟང་ཆོས་མཚོ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྤྲུལ་པ་བྱ་བ་དང་། །ཡབ་ཡུམ་དེ་གཉིས་བཟའ་མིར་སྤྲུལ་པའི་སྲས། །མིང་པོ་གཉིས་སྲིང་མོ་གཉིས་དང་བཞི། མིང་པོ་ཆེ་བ་ཨ་འཛང་། ཆུང་བ་དཀོན་མཆོག་སྐྱབས། བུ་མོ་ཆེ་བ་ཆོས་སྐྱིད། ཆུང་བ་གེ་གོད་བྱ་བ་དེ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ། ཡུམ་གྱི་ཐོ་རངས་རྨི་ལམ་དུ། །ཕེ་གུ་དཀར་མོ་མདངས་ལྡན་མ། །ལུས་པོ་དཀར་པོ་དངུལ་གྱི་མདོག །ལྟོ་བ་སེར་པོ་གསེར་ལས་གྲུབ། །ཟེ་བ་སྔོ་བསངས་ནམ་མཁའི་མདོག །མིག་འབྲས་ཁྲ་བོ་གཟི་ཡི་མདངས། །མིག་རྩ་དམར་པོ་མཚལ་གྱི་མདོག །རྫི་མ་རིན་ཆེན་ཨིན་ཏྲའི་དབྱིབས། །རྣ་བ་སྔོན་པོ་གཡུ་ཡི་མདོག །སྣ་རྩེ་ཐལ་ཆེན་ལྕགས་ཀྱི་མདོག །མཆེ་བ་དཀར་པོ་དུང་དང་འདྲ། །ལྕེ་ནི་ཤེས་རབ་ཟངས་ཀྱི་མདོག །རྔ་མ་སྔོན་པོ་ཆུ་ཡི་མདོག །རྨིག་བཞི་རིན་ཆེན་མཐིང་གི་མདོག །ངུར་སྐད་ཏུང་ཏུང་བསྒྲགས་པའི་ཚེ། །ས་གཞི་ཡང་མེར་མེར། རི་བོ་ཡང་འགུལ་འགུལ། རྒྱ་མཚོ་ཡང་ལྷུད་ལྷུད། ཉི་ཟླ་ཡང་ཡོམ་ཡོམ་བྱེད་ནུས་པའི་ནུས་ལྡན་སེམས་ཅན་མཛེས་མ་གཅིག་ང་ཡི་པུས་མོའི་སྟེང་དུ་བྱུང་ནས་འདི་སྐད་གསུངས། ཨ་མ་ཤེས་རབ་པདྨ་ཅན། །རིགས་མཆོག་ལྡན་པའི་ཕྱག་རྒྱ་མ། །སྐྱེ་མེད་ཕེ་གུ་དཀར་མོ་ཡི། །གནས་ཀྱི་དམ་པ་བྱེད་པ་ཡིན། །གསུངས་ནས་ངའི་པང་དུ་ཉལ་ནས་བྱུང་། ང་ནི་སྐྲག་ཀྱང་མ་སྐྲག །སེམས་ཅན་གཟུགས་ཆུང་ལ་སྤུ་རིས་མཛེས་པ། ངུར་སྐད་སྙན་ལ་ནུས་པ་ཆེ་བ། མི་སྐད་སྨྲ་བ་འདི་འདྲ་སྙིང་རེ་རྗེ་བསམས་ནས་འགྲམ་པ་ལ་བྱུག་པས་སྣང་བ་བྱུང་ཙ། གཉིད་སད་ནས་བྱུང་བས་ལུས་བདེ་ཞིང་སེམས་ཀྱང་སྐྱིད་པར་བྱུང་། མཚར་རྨི་ལམ་ལ་ཅི་འདྲ་ཡང་འོང་བར་སྣང་ཟེར་བ་ལ་ཡབ་ཀྱིས་ཁྱོས་ཅི་རྨིས་བཟླས་པས།
ཡུམ་གྱིས་རྨི་ལམ་གོང་ལྟར་དུ་བཤད་པས། ཡང་ཡབ་ཀྱིས་ཁྱོད་ཀྱི་སྣང་བ་ལ་སེམས་ཅན་དེ་འཕྲོད་ཟིན་ཏེ། ངས་ནི་ཁྱོད་ལ་བུ་མོ་ཕག་བཞིན་ཞིག་འོང་བ་ཨེ་ཡིན་བསམ་གསུངས་པ་ལ། ཡང་ཡུམ་གྱིས་རྨི་ལམ་ལ་གང་རྨིས་དེ་འོང་བ་ཨེ་ཡིན་ཞུས་པས། ཡང་ཡབ་ཀྱིས་དེ་ཡང་བག་ཆགས་སྔོན་རྒྱུག་ལ་འོང་བ་ཡིན་གསུངས། ཡང་ཟླ་བ་གསུམ་གྱི་སྟེང་དུ། ཡུམ་གྱི་རྨི་ལམ་དུ་ཁོག་པར་གསེར་གྱི་ཉི་མ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་ཤར་ནས་སྣང་བས། ཡུམ་གྱི་ཐུགས་དགོངས་ལ་མི་ཡི་ཁོག་པ་ན་གསེར་གྱི་ཉི་མ་ཤར་བ་ང་བས་མེད། ཕྱི་ཡི་ཉི་མ་ལ་རེ་མི་དགོས་ཉམས་རེ་དགའ། སེམས་ཅན་གཞན་རྣམས་ནི་ཕྱིའི་ཉི་མ་ལ་རེ་དགོས་པ་ཡིན་བསམ་ནས་ཡོད་ཙ། ཉི་མ་དེའི་སྒྲ་ལས་འདི་སྐད་གསུངས། རིན་ཆེན་གསེར་གྱི་ས་གཞི་ལ། །ཤེས་རབ་ཡེ་ཤེས་ཉི་མ་ཤར། །མ་རིག་རྨོངས་པའི་སེམས་ཅན་ལ། །འོད་ཟེར་སྤྲུལ་པ་དུ་མ་འགྱེད། །རེ་དོགས་གཉིས་ཀྱི་མཐའ་བསལ་ནས། །བདག་གཞན་དོན་གཉིས་ལྷུན་གྲུབ་འབྱུང་གསུངས། ཕྱིར་བལྟས་ཙ་ངའི་ལུས་ཀྱིས་མ་བསྒྲིབས་པར་གར་ཡང་ཤར་ནས་སྣང་བས། ཡུམ་གྱི་དགོངས་པ་ལ། ཉི་མ་ཆུང་ལ་འོད་ཟེར་ཆེ་བ། ནང་དུ་ཤར་ཡང་ཕྱི་རུ་གསལ་བ། ཁ་ལྕེ་མེད་ཀྱང་སྨྲ་ཤེས་པ། སུག་པ་མེད་ཀྱང་འགྲོ་ཤེས་པ། འདི་འདྲ་ངོ་མཚར་ཆེ་བཟླས་ཙ། ཡབ་ཀྱིས་གསན་ནས་ཁྱོས་ཅི་ཟེར་བེན་གསུངས་པ་ལ། ཡུམ་གཉིད་སད་ནས་རྨི་ལམ་གོང་ལྟར་དུ་ཞུས་པས། ཡབ་ཀྱིས་རྨི་ལམ་དེ་འདྲ་ན་ཁྱོད་རང་ལ་ན་ཚ་མི་འོང་བ་ཨེ་ཡིན་གསུངས། ཡང་ཟླ་བ་བརྒྱད་ཀྱི་བཅོ་ལྔའི་ཉིན་པར་ཡུམ་བལ་འཁེལ་ཞིང་ཡོད་ཙ་ཁོག་པར། ཨོཾ་བཛྲ་བེེ་རོ་ཙ་ཎི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ། ཅེས་པའི་སྒྲ་སྐད་ལན་གསུམ་དུ་གྲགས་པས་ཡུམ་ནི་སེམས་སྐྲག་ལུས་འདར་ཏེ་སུ་ལ་ཡང་ཟློ་མ་ཕོད།
ཐེབ་ཅིག་ཏུ་དཔེ་གཅིག་ཏུ་རྗེས་སུ་ཡབ་ལ་ཞུས་པས། ཡབ་ཀྱིས་དེ་མི་དྲག་ཅིག་ཨེའུ་ཡིན་མ་བརྗེད་དང་དྲི་ས་ཨེ་རྙེད་སྔགས་འདྲ་ལེ་ཞིག་ནི་སྣང་གསུངས། དེ་ནས་ཡབ་ཀྱིས་བན་སྐྱེ་བོན་གསུམ་གང་ལ་དྲིས་པས། བན་དེ་ཞིག་གིས་རྡོ་རྗེ་ཕག་མོའི་བསྙེན་པ་ཡིན་ཟེར་བས་ཡུམ་ལ་དེ་ལྟར་དུ་བཤད་པས། སེམས་ཀྱང་མལ་དུ་ཕེབས། དེ་ནས་ཟླ་བ་དགུའི་ནང་དུ་ཡུམ་གྱིས་ཁོང་མིང་སྲིང་རྣམས་ཡོད་དུས་དང་མི་འདྲ། ད་ལོ་ནི་བཟའ་བཏུང་ཡང་ཆུན། ན་ཡང་མི་ན་ལུས་ཀྱང་བདེ། ཁམས་ཀྱང་དྭངས་ནས་བྱུང་། རྨི་ལམ་ཡིན་ནམ་ཅི་ཡིན་བསམ་ནས་ཐེ་ཚོམ་ཟོས་ནས་བྱུང་གསུངས། ཡང་ཟླ་བ་བཅུའི་ཚེས་བརྒྱད་ཀྱི་ནུབ་མོ་ནམ་སྲོད་འཁོར་ཙམ་དུ་ཡུམ་གྱི་རྨི་ལམ་དུ། མདུན་གྱི་ནམ་མཁར་དངུལ་གྱི་དྲིལ་བུ་ཞིག་དཀྲོལ་མཁན་མེད་པར་གྲག་ཅིང་སྣང་བ་ལ་ཡུམ་གྱི་དགོངས་པ་ལ། ནམ་མཁའ་རྟེན་མེད་པར་དྲིལ་བུ་འདི་གནས་ནས་གྲག་པ་ངོ་མཚར་ཆེ་བསམས་ཀྱང་ཡོད་ཙ་དྲིལ་བུ་དེའི་སྒྲ་ལས་འདི་སྐད་གསུངས། ནམ་མཁའ་ཆོས་འབྱུང་གཞལ་ཡས་ཁང་། །དྲིལ་བུ་གསང་བ་དབྱིངས་ཀྱི་ཡུམ། །སྟོང་ཉིད་སྒྲ་ཡི་དྲིལ་བུ་འདི། །ཤེས་རབ་དཔའ་མོའི་རང་བཞིན་ཡིན། །ཨཱ་ལི་ཀཱ་ལི་དབྱངས་ཀྱི་ཚིག །བེེ་རོ་ཙཱ་ཎི་སྔགས་ཀྱི་སྒྲ། །ལུས་བསྐྱེད་དྲིན་ཆེན་ཡབ་ཡུམ་ལ། །གྲག་སྟོང་གསུང་གི་བརྡ་སྟོན་འཚལ། །བྱམས་པ་ཆོས་ཀྱི་སྣོད་ཡིན་ཏེ། །མ་ནི་བུ་ཡི་འབྱུང་གནས་ཡིན། །ཡུན་རིང་མི་སྡོད་མྱུར་དུ་འོང་། །བཟོད་པ་དམ་པར་བཞེས་སུ་གསོལ། །ནམ་མཁའ་དཔེ་ཡི་དོན་ཡིན་པས། །དབྱིབས་དང་ཁ་དོག་གྲངས་ལས་འདས། །དཔེར་ན་མིང་གི་མཚོན་བྱ་ཙམ། །དཔེ་མཚོན་ཙམ་དུ་གོ་བར་གྱིས། །ཆོས་རྣམས་བརྡ་ཡི་དོན་ཡིན་པས། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །ཆོས་སྐུ་ཉིད་ལ་བརྗོད་དུ་མེད། །བརྗོད་མེད་ཉིད་དུ་གོ་བར་གྱིས། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཙམ། །དྲིལ་བུ་ཤེས་རབ་མ་ཡི་བརྡ། །རྡོ་རྗེའི་ཚིག་འདི་སྙན་པའི་གླུ། །གྲག་སྟོང་ཉིད་དུ་གོ་བར་གྱིས། །སེམས་ཉིད་སྐྱེ་མེད་ནམ་མཁའི་པདྨོ་ལ། །ཁ་དོག་སྣ་ཚོགས་ཚོན་གྱིས་སྤྲས། །དགག་སྒྲུབ་མེད་པར་ཉིད་དང་མཇལ། །རིག་སྟོང་ཉིད་དུ་གོ་བར་གྱིས། །སྐྱེ་མེད་སེམས་ཀྱི་ཆོ་འཕྲུལ་དེ། །འགག་མེད་རིག་པའི་ཡེ་ཤེས་ཡིན། །གསལ་སྟོང་དབྱེར་མེད་རང་གི་སེམས། །གསལ་སྟོང་ཉིད་དུ་གོ་བར་གྱིས། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །
དེ་ནས་ཌཱ་ཀི་མ་དེ་ཉིད་སྐུ་འཁྲུངས་པའི་དུས་ནི། གནམ་ལོ་རྒྱལ་པོ་ས་ཕོ་འབྲུག་གི་ལོ་ཟླ་བ་བཅུ་པའི་དུས་སུ་ཚེས་པ་བཅུ་བདུན་སྔ་དྲོ་ལ། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །སྐར་མ་རྒྱལ་ལ་ལེགས་པར་འཁྲུངས། །སྤོས་དང་དྲི་བཟང་ལེགས་པར་བྲོ། །རོལ་མོའི་སྒྲ་དང་དབྱངས་ཀྱི་ཚིག །དངོས་སུ་གྲགས་པས་བ་སྤུ་གཡོས། །མདུན་གྱི་ནམ་མཁར་འཇའ་ཚོན་གྱིས། །པདྨ་འདབ་བརྒྱད་དངོས་སུ་མཇལ། །ངོ་མཚར་སྐྱེས་ནས་ཡུམ་གྱི་ཚིག །བན་དེ་དེས་ཟེར་བའི་ཚིག་དེ་བདེན་ངེས་འདུག་གསུངས། ཡང་ཡབ་ཀྱིས་འདི་ལྟར་བཀའ་སྩལ་པ། བུད་མེད་ཏབ་ཏོབ་ཁ་མ་མང་། །དེ་རིང་ཉི་མ་ཕྱིན་ཆད་ནས། །བརྗེད་པའི་སེམས་ཀྱིས་ཉེ་བར་ཞོག །གོང་གི་རྨི་ལམ་ཐམས་ཅད་ཀྱང་། །མ་ནོར་སེམས་ལ་མཉམ་པར་ཞོག །དགོས་པའི་དུས་སུ་ཡོད་པར་གྱིས། །ཁྱོད་གྱི་རྨི་ལམ་རྨིས་པའི་ཚེ། །ང་ཡི་དཔྱད་གཞི་ཐེང་ངམ་སེམས། །བུ་མོ་ཕེ་གུ་དཀར་མོ་ཡི། །ལྟེ་བ་ཞབས་ཏོག་ལེགས་པར་གྱིས། །ཚར་དཀར་འཇམ་གྱི་ན་བཟའ་གསོལ། །མར་དཀར་སྣུམ་གྱི་འཚོ་བ་དྲངས། །བསིལ་དྲོད་མ་ཡི་ཤ་ལ་སྦྱོར། །སྐོམ་ཆུ་བདུད་རྩི་འོ་མ་དྲོངས། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཚོལ། །ཡེ་ཤེས་མེ་རིའི་གུར་ཁང་སྒོམས། །གསུངས།
དེ་ནས་ཟླ་བ་བཅུ་གསུམ་ལོན་པའི་དུས་སུ། ཡབ་ཡུམ་གཉིས་ཀྱི་གོང་གི་རྨི་ལམ་དང་སྐུ་འཁྲུངས་པའི་དུས་ཀྱི་རྣམ་ཐར་རྣམས་ཟིན་བྲིས་བྱས་ནས་སྨན་ཁུག་ནང་དུ་བསྐུངས་ནས་བཞག །དེ་ནས་ཌཱ་ཀི་མ་ལོ་བདུན་ལོན་པའི་དུས་སུ་ཡུམ་ཞིང་ཁམས་སུ་གཤེགས་ཁར་ཞིང་ཁམས་ཀྱི་མཐོང་སྣང་དང་། ཡི་དམ་མཁའ་འགྲོའི་བསུ་མ་ཡིན་གསུངས་ཤིང་གར་མཛད་ཅིང་གླུ་དབྱངས་ཀྱིས་ངང་ནས་ཞིང་ཁམས་སུ་གཤེགས་སོ། །གདུང་བཞུས་པའི་ཚེ་ཡང་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་བབས་སོ། །དེ་ནས་ཌཱ་ཀི་མ་མ་ཡར་གྱི་གོ་ན་ལོ་བཅུ་བཞུགས་པའི་ཚེ་ན་ཡང་། སྤྱོད་པ་ནི་སོས་དལ་ལ་ངང་རིང་བ། གང་དང་ཡང་འདྲིས་པ་མེད་པ། མ་ཡར་ལ་སོགས་བུད་མེད་ཐམས་ཅད་ཀྱིས་བུ་མོ་གཤིས་འདུག་འདི་འདྲ་སྙིང་རེ་རྗེ་ཟེར་ཞིང་སྨོན་པ་ཡང་བྱུང་། དེ་ནས་ལོ་བཅུ་བདུན་ལོན་པའི་དུས་སུ་བུ་མོ་དེ་ཡི་ཕ་ནི་ཕོ་རྒོད་ལ་རྙེད་པ་ཆེ་བའི་ཕྱིར། བུ་མོ་ཆེ་བ་དེ་ཡང་གྲགས་མཛངས་འཛོམས་པ་ཞིག་བྱུང་བ་དང་ཆུང་བ་ཡང་དེ་འདྲ་ཞིག་ཡོངས་བསམ་ནས། ཁམས་དབུས་ཡུལ་འབྲོག་འགའ་ཡར་དང་། ཕྱག་རྡོར་སྐྱབས་རྣམས་ཀུན་གྱིས་སོ་སོར་བསླངས་པའི་ཚེ། ཕ་མ་མིང་སྲིང་ཐམས་ཅད་ཀྱིས་དཔོན་ཡིག་དཔལ་ལེགས་བྱ་བ་དེ་ནི། མི་འཕེལ་ནོར་ཕྱུག་ལོངས་སྤྱོད་ཆེ་བའི་ཕྱིར་འདི་ལ་སྦྱིན་ནོ་ཞེས་པའི་ཚེ།
བུ་མོ་གེ་གོད་བྱ་བ་དེས། ང་ནི་བོད་ཡུལ་དུ་མི་འགྲོ་སྟེ། དཔོན་ཕྱག་རྡོར་གྱི་མནའ་མ་ལ་འགྲོ་ཞེས་གསུངས་པའི་ཚེ། ཕུ་མོས་ཁྱོད་སྐྱིད་ས་ན་མི་འགྲོ་ནས་སྡུག་ས་ན་འགྲོ་བས་དགའ་བ་ཨེ་ཡིན་ཞུས་པས། ཡང་བུ་མོས་གེ་གོད་ཀྱིས། ང་ལ་ནི་སྡུག་ས་གར་ཡང་མེད་དེ། དེར་འགྲོ་ས་ཨ་ཏོ་བ་ཞིག་ཡོད་པ་མིན་གསུངས་ནས་འགྲོ་མ་ཉན་མི་འགྲོ་བར་ཐག་བཅད། དེ་ནས་ཕ་དང་མིང་པོ་རྣམས་ལ་བུ་མོ་གེ་གོད་ཀྱིས། མོ་ནི་བོད་ཡུལ་དུ་མི་འགྲོ་ཟེར་བཟླས་པའི་ཚེ། ཕ་མིང་པོ་རྣམས་ཀྱིས་བརྒྱུད་པ་བསྐུལ་ནས། ངེད་རྣམས་ཀྱིས་ཁྱོད་སྐྱིད་ལེ་ཞིག་བྱེད་བསམ་ནས་ཉིན་བལྟས་མཚན་བསམ་པ་ལས། མི་ཚང་འདི་བས་དགའ་བ་མི་སྣང་བས་བྱིན་པ་ཡིན་ཞུས་པའི་ཚེ། ཡང་བུ་མོས་གེ་གོད་ཀྱིས་ཁྱེད་རྣམས་ཀྱིས་བསམ་པས་སྔ་ཕྱིའི་ལས་མི་དྲན་བལྟས་པས་ཡིན་ལུགས་ཀྱི་དོན་མི་མཐོང་། དཔྱད་པས་དགའ་ལུགས་ཀྱི་གནད་མི་ཤེས། ངས་ཅི་བྱེད་ཁྱེད་རྣམས་ཀྱིས་མི་ཤེས་གསུངས་ནས་ཁ་ལ་མ་ཉན། དེ་ནས་ཕ་བུ་བུ་མོ་ཁུ་མཚན་དང་། ཉེ་རིང་ཡོན་བདག་ཐམས་ཅད་འདུས་ནས་གྲོས་དང་ཁ་ཏ་ངོས་སུམ་འཛོམས་བྱས་ནས་བུ་མོ་ལ་དགའ་རབས་རྣམས་བཤད་པ་ནི། ཕས་མི་ཚང་འདི་བས་ས་ཞིང་ཁང་མཁར་འཛོམས་ལ་ཡག་པ་འདི་ཚང་བས་དགའ་བ་གར་ཡང་མི་སྣང་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། བུ་མོ་ང་ཡི་ཚིག་འདི་ལ། །སྙན་ལྷན་ནེ་གསོན་དང་དྲིན་ཅན་ཕ། །སེམས་གཏན་ལ་ཕོབ་ཅིག་དྲིན་པོ་ཆེ། །ཚིག་མཉམ་པར་ཞོག་ཅིག་སྐུ་དྲིན་ཅན། །འཁོར་བའི་གཏན་གཞི་ཆེ་དང་གཅིག །སྡུག་བསྔལ་གྱི་བཙོན་ཁང་ཡང་དང་གཉིས། །འདོད་ཆགས་ཀྱི་ཆུ་བོ་རིང་དང་གསུམ། །ཉོན་མོངས་ཀྱི་རྒྱ་མཚོ་ཟབ་དང་བཞི། །ཞིང་ཁམས་རྣམ་དག་མ་ལགས་པའི། །འདུག་ས་ས་རྡོ་གར་བྱས་ཡིན་གསུངས། ཡང་མིང་པོས་དེ་ན་རྟ་ནོར་ལུག་གསུམ་ཉ་ར་ཐུབ་ཚད་ཡོད་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། གསོན་དང་ཨ་ཕོ་མིང་ཆུང་སྐྱིད། །ཚོགས་ངན་བསགས་པའི་ལས་འབྲས་ཀྱིས། །ལུས་ངན་ལོན་པའི་སེམས་ཅན་རྣམས། །ཁ་འཐོར་སེམས་ཅན་གྲངས་མང་ཡང་། །ཡང་དག་ནོར་བདུན་མ་ལགས་པ། །ཉོན་མོངས་ཀྱི་སྡིག་གྲོགས་གར་ཡང་ཡོད་གསུངས། ཡང་ཕུ་མོས་དེས་དེ་ན་བུ་ཚ་དེ་ཡང་། ཡང་དག་པ་ཞིག་སྣང་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། ཡང་ཅིག་ཨ་ཅེ་གསོན་མཛོད་དང་། །ལས་ངན་གྱི་བུ་ཕོ་སྡིག་གྲོགས་ཅན། །དུག་ལྔའི་གཙོ་བོ་རང་ཁ་མ། །མནར་མེད་ཀྱི་གནས་སུ་འགྲོ་བའི་རྟེན། །ཡང་དག་གི་སྐྱེས་བུ་མ་ལགས་པ། །ཁ་འཐོར་གྱི་སེམས་ཅན་གར་ཡང་ཡོད་གསུངས། ཡང་མི་གཞན་རྣམས་ཀྱིས་འོ་ན་རྒྱུག་མོ་དེ་ཡང་ལས་ཀ་སོ་ནམ་གང་ལ་ཡང་ཐོགས་པ་མེད་པའི་གྲགས་མཛངས་མ་ཞིག་སྣང་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ཁྱིམ་མཚེས་ཀྱི་ཨ་ཕོ་མཐུན་འདུག་རྣམས། །ན་ཆུང་བདག་ལ་ཚུར་ཉོན་དང་། །ཐང་ཞལ་གྱི་གྲོས་སྐད་ཅི་མཁས་ཀྱང་། །རང་དོན་གྱི་གཏན་ཆས་མི་སྣང་ན། །མ་རིག་རྨོངས་པའི་སེམས་ཅན་གྱིས། །ལས་ངན་སྤྱད་པས་མོ་ལུས་ཐོབ། །ཚོགས་ངན་བསགས་པས་སྡུག་བསྔལ་ཁུར། །ཁེ་གྲགས་གཙོ་བོས་དགེ་རྩ་བཅོམ། །ཡང་དག་གི་རིག་མ་མ་ལགས་པ། །སྡུག་བསྔལ་གྱི་འཁོར་ལོ་གར་སྐྱོལ་ཡིན་གསུངས། དེ་ནས་མི་ཀུན་གྱིས་འདི་ནི་དྲེད་མ་མཆུ་རྣོ་སག་སེ་སོང་བའི་ན་ཆུང་ལ་ཚིག་ཆེ་བ་ཞིག་འདུག་པས། ད་ཁྱོད་ལ་འདུག་གནས་གཞན་དང་མི་འདྲ་བ་ཞིག་དགོས་པར་སྣང་། ནོར་ཟས་གཞན་དང་མི་འདྲ་བ་ཞིག་དགོས་པར་སྣང་། ཚེ་རོགས་གཞན་དང་མི་འདྲ་བ་ཞིག་དགོས་པར་སྣང་། བྱ་བྱེད་གཞན་དང་མི་འདྲ་བ་ཞིག་དགོས་པར་སྣང་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། ཉོན་མོངས་ཀྱི་ཐ་བ་གྱོང་པོ་ལ། །སྐལ་ལྡན་སེམས་ཅན་སྐྱོབས་པའི་མིས། །ཐབས་ཆེན་ལྕགས་ཀྱི་རྣོ་སོ་ལ། །ཤེས་རབ་ཆེན་པོའི་སོ་ངར་བཏབ། །འཁོར་བའི་གཡུལ་ཆུང་ཐལ་བར་རློག །བྱང་ཆུབ་སེམས་ཀྱི་ས་བོན་བཏབ། །བརྩོན་འགྲུས་ལྕག་གིས་ཡུར་ལང་བྱས། །སྙིང་རྗེ་ཆེན་པོའི་རླན་གྱིས་ཕབ། །མྱང་འདས་ཚོགས་ཆེན་འབྲས་བུ་སྨིན། །དེ་འདྲའི་བུ་མོ་ཉམ་ཆུང་ལ། །འདུག་གནས་གཞན་དང་མི་འདྲ་བ། །ཞིང་ཁམས་རྣམ་པར་དག་པ་དགོས། །ཚེ་རོགས་གཞན་དང་མི་འདྲ་བ། །ཐབས་ཤེས་གཉིས་མེད་རང་གྲོལ་དགོས། །ནོར་ཟས་གཞན་དང་མི་འདྲ་བ། །རྒྱལ་སྲིད་རྣམ་པར་དག་པ་དགོས། །བྱ་བྱེད་གཞན་དང་མི་འདྲ་བ། །ཡིད་ཆོས་རྣམ་པར་དག་པ་དགོས། །བཟའ་བཏུང་གཞན་དང་མི་འདྲ་བ། །ཤ་ལྔ་བདུད་རྩིའི་ཚོགས་འཁོར་དགོས། །རྒྱབ་གོས་གཞན་དང་མི་འདྲ་བ། །པན་ཙ་ལི་ཀའི་ན་བཟའ་དགོས། །གཞན་ལས་ཁྱད་པར་འཕགས་པ་ཡི། །རྣམ་པར་དག་པའི་ལོངས་སྤྱོད་དགོས། །ཞེས་གསུངས། དེར་ཀུན་གྱིས་སྨྱོ་བ་ཨེ་ཡིན་ཟེར་ནས་ཀུན་ཡིད་མ་ཆེས་ཏེ།
ནན་ཏན་བྱས་ནས་སྨྲས་པ་ནི། མི་གཞན་གྱི་རྒྱུད་དང་ཁྱོད་མི་འདྲ་བ་ཞིག་འདུག །གཞན་རྣམས་ཀྱིས་ནི་བུ་སྲིང་ཕ་མིང་གིས་གར་བྱིན་པའི་སར་འགྲོ་བར་སྣང་། ཆོས་སྐྱིད་ཀྱང་བསོད་ནམས་ཆུང་བས་ཁག་གསུམ་ཙམ་དུ་སོང་སྟེ་ངས་གར་བྱིན་མིན་པ་ཕྱིན་ཅི་ལོག་མ་བྱས། ད་ང་མི་དང་གཏམ་འཚམ་ཆེ། གཉེན་བྱེད་པར་ཐག་བཅད་ནས་ཡོད་པས། ཁྱོད་མ་སོང་ན་འོ་སྐོལ་ཕ་བུ་ལ་ཞེ་ལྟོས་མེད། ང་ཡང་ཁྱོད་ཀྱིས་མིག་གི་མི་མཐོང་བའི་ས་ཞིག་ན་འཁྱམ་ནས་འགྲོ་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། དྲིན་ཆེན་གྱི་ཡབ་རྒན་སྙན་གསོན་དང་། །སྐྱེ་དམན་གྱི་བུ་མོ་ཉམ་ཆུང་ང་། །སོ་སོ་སྐྱེ་བོའི་སྣང་ཡུལ་དུ། །རྨོངས་སེམས་ཆུ་བུར་མིག་གིས་རབ་བལྟས་ཀྱང་། །ལུས་ངན་གྱི་བུ་མོ་ཉམ་ཆུང་འདི། །སེམས་ཅན་ཐ་མལ་གྱི་ལུས་ངན་ལ། །ལྟོ་རྒྱབ་ཀྱི་སྐྱིད་སྡུག་ཤེས་ཙམ་པས། །དུད་འགྲོ་གླང་གི་རྣམ་ཤེས་ཅན། །སྔ་ཕྱིའི་རྒྱུ་མཚན་མི་ཤེས་པས། །གཏི་མུག་ཕག་དང་ཅི་མ་ཁྱད། །རང་དང་བསྟུན་པའི་བློ་ཚོད་ཀྱིས། །ང་ཡི་གནས་ས་རབ་ཚད་ཙམ། །རྨོངས་པའི་སེམས་ཀྱིས་སྤྱད་གྱུར་ཀྱང་། །གཞན་རྒྱུད་གྲོལ་བར་མི་འགྱུར་རོ། །རབ་རིབ་མིག་གིས་བལྟས་གྱུར་ཀྱང་། །ངོ་བོ་མཐོང་བར་མི་འགྱུར་རོ། །རང་དོན་གཏན་ནས་མི་ཤེས་པར། །གཞན་དོན་སྒྲུབ་སྙམ་འཁྲུལ་པའོ། །ཚེ་འདིའི་འཕྲལ་བདེ་མི་ཤེས་པར། །ཡུན་གྱི་གཏན་ཆས་ག་ན་འོང་། །བུ་མོ་ང་ཡི་གཏན་ཆས་ནི། །སྔོན་ལས་འཕྲལ་དུ་མི་འགྲུབ་བོ། །གསུངས་ནས་ངས་ཁྱེད་ལ་གནད་བསྐུལ་བྱས་པ་མ་ཡིན་ཏེ། ཁྱེད་རྣམས་ཀྱིས་ངའི་རྒྱུ་མཚན་མི་ཤེས་པ་ཡིན། ང་དེར་སོང་ན་ཞག་གསུམ་གྱི་ནངས་པར་མི་འཆི་རེ་གསུངས་ནས་མནའ་བྱས་པ་དང་། དཔོན་ཡིག་ལ་ལོ་རྒྱུས་རྣམས་བཤད་པས།
དེ་ནས་དཔོན་ཡིག་གིས་དེ་དྲེད་མ་དཔེ་མེད་ཅིག་ཡོད་པར་འདུག་པས་ངས་ཀྱང་ཉ་ར་མི་ཐུབ་ཟེར་ནས། དཔོན་ཡིག་ལ་རྟ་བྱིན་གོས་བསྐོན་ནས་བཏང་། དེ་ནས་བུ་མོ་ལ་ཁྱོད་མི་ཆོས་བྱེད་ན་ཡང་འདི་འདྲར་འགྲོ་ཟེར་བ་གྱིས། ལྷ་ཆོས་བྱེད་ན་ཡང་འདི་ལྟར་བྱེད་ཟེར་བ་གྱིས་དང་གང་ཟེར་བསྒྲུབས་ནས་བཏང་ཞུས་པས།
བུ་མོས་ང་དཔོན་ཕྱག་རྡོར་གྱི་མནའ་མ་ལ་འགྲོ་བ་ཡིན་ཟེར་བ་དང་། ལྕག་གེ་ཆོས་སྐྱབས་བྱ་བའི་བུ་མོ་འདིས་འདི་འདྲ་ཟེར་བདོ་བས། ཁྱེད་རང་ཚང་རིན་སྐྱོལ་ཟེར་ནས་ཕྱག་རྡོར་གྱིས་མཛོ་རྟ་བཅུ་བདུན་རིན་དུ་བསྐྱལ་ནས་བསུས་པའི་དུས་སུ། སྣ་ཁྲུས་དཔལ་སྐྱོབ་བྱེད་པའི་མཁན་པོ་ནི། གདུང་རུས་ཁྱད་འཕགས་རིག་འཛིན་སོ་ཡི་རྒྱུད། སློབ་དཔོན་ཆོས་སྐྱོང་བྱ་བ་དེས། མཚན་དུ་བསོད་ནམས་དཔལ་འདྲེན་མཁའ་འགྲོ་མ་ལུང་སྟོན་ལས་ཀྱང་། གོང་པོ་ཡུལ་གྱི་ཤར་ཕྱོགས་སུ། །ཤོད་ཆེན་བརྒྱད་ཀྱི་ཡར་དབུས་སུ། །ཡ་ང་ཞེས་བྱའི་གནས་མཆོག་ཏུ། །བསོད་ནམས་མཚན་ཅན་མཁའ་འགྲོ་འབྱོན། །དེ་ལ་འབྲེལ་བ་གང་ཐོགས་པ། །ཨོ་རྒྱན་གནས་སུ་བྱང་ཆུབ་འཐོབ། །ཅེས་ཁ་ངག་གསལ་བར་ཐོས་པས་ཡིད་མོས་ཏེ་ཐེ་ཚོམ་དང་བྲལ་བའོ་བྱ་བར་བཏགས་ནས་སུ། ངས་ནི་མདང་སུམ་རྨི་ལམ་ལ། འཇའ་འོད་ཀྱི་གུར་ཆེན་པོ་ཞིག་སྣང་བའི་ནང་དུ་ཉི་ཟླ་གཟའ་སྐར་ཐམས་ཅད་བཀྲ་བ་དང་། དུང་དང་རོལ་མོའི་སྒྲ་སྙན་གྲག་བཞིན་སྣང་བ་དེ་ཤར་ཕྱོགས་སུ་ཐལ་བ་རྨིས་པས། བུ་མོ་འདི་ལ་བསོད་ནམས་འོང་བར་ཡོད་དེ། ཁྱེད་མི་སྡེ་འདི་ལ་འབུང་འཇུག་ཅིག་འོངས་ནས། ངེད་རྣམས་དང་ཕྱེ་འདོད་པ་ཨེ་ཡིན། ཡང་ན་བུ་མོ་འདི་ད་གཟོད་འཆི་ནས་ཤར་ཕྱོགས་མངོན་དགའི་ཞིང་ན་སྐྱེ་བ་ཨེ་ཡིན་བསམ། ཇི་ལྟར་ཡིན་ཡང་ངེད་རྣམས་དང་ཕྱེ་བར་སྣང་གསུངས་སོ། །
དེ་ནས་ཌཱ་ཀི་མས་རོང་བསྐོར་ནས་སོང་བའི་དུས་སུ་བྲིས་པ་རྣམས་ཀྱི་བྲིས་ཡོན་ནོར་རྣམས་དེད་ནས་བྱུང་བ་ལ། མ་ཡར་ལ་སོགས་བུད་མེད་ཕལ་ཆེར་གྱིས་འོ་སྐོལ་བུད་མེད་འདི་ལ་ཏིག་ཏིག་མེད། བུ་མོ་གེ་གོད་འདིས་གནས་རང་ལ་བདམ་དུ་ཡོད་པ་ལ། དཔོན་ཡིག་མི་ནོར་བུ་གསུམ་འཛོམས་པ་ལ་མ་སོང་ནས་དེར་སོང་བ་ཡིན་ད་ཞག་གིས་ནོར་ལུག་རྟ་གསུམ་འདི་རྣམས་ཡང་རང་གི་ཟ་རྒྱུ་འོང་བ་ཡིན་ཏེ། མོ་མི་གཅིག་པོ་དེ་ལ་འགྲོ་ཞིང་བདམ་པར་སྣང་། ལར་ཡིན་ན་རང་གི་ཡུལ་ཕྱོགས་གཅིག་ཅིང་། ཐག་ཉེ་བ་དང་མི་ཡང་སྐྱེ་ས་རིགས་རྒྱུད་ཅན་ཡིན་པས་དགའ་སྟེ། བུ་གཅིག་པས་མེད་པས་རྨོངས་པོ་ཡིན་པས་མི་དགའ་བསམ་པ་ཡིན་ཟེར་བ་ལ།
ཡང་ཌཱ་ཀི་མའི་ཞལ་ནས་ཨ་ཅེ་སྲུ་མོ་ཚུར་ཉོན་དང་། །འོ་སྐོལ་རྨོངས་པའི་བུད་མེད་ལ། །འདོད་ཆགས་ཆུ་བོ་བཞིན་དུ་བྲུག །ཞེ་སྡང་གདུག་པའི་སྦྲུལ་དང་མཚུངས། །གཏི་མུག་རྨོངས་པའི་ཕག་དང་འདྲ། །ང་རྒྱལ་འདུ་མོ་སྤྲེལ་བས་ཆེ། །ཕྲག་དོག་གདུང་བའི་རླུང་དང་འདྲ། །གནས་སྐབས་ཀྱི་བདེ་བ་ཕྲ་མོ་ཡང་། །མཐར་ཐུག་གི་བདེ་བ་ཡིན་སྙམ་འོང་། །དེ་མཐར་ཐུག་གི་བདེ་བ་མ་ཡིན་ཏེ། །སྨོན་ལམ་མཐུ་ཡི་བདེན་པ་ཡིན། །བཟའ་བཏུང་གིས་ལྟོ་བ་འགྲངས་པའི་དུས། །ལྷག་མཐོང་གི་ཡེ་ཤེས་ཡིན་སྙམ་འོང་། །དེ་ལྷག་མཐོང་གི་ཡེ་ཤེས་མ་ཡིན་ཏེ། །སྦྱིན་པ་ཕྲ་མོའི་རྟེན་འབྲེལ་ཡིན། །ད་ལྟ་མི་ནོར་འཛོམས་པ་ཡང་། །སྐད་ཅིག་གི་སངས་རྒྱས་ཡིན་སྙམ་འོང་། །དེ་སྐད་ཅིག་གི་སངས་རྒྱས་མ་ཡིན་ཏེ། སྒྱུ་མ་དངོས་སུ་སྟོན་མཁན་ཡིན། །ཟས་ནོར་འདུ་འཛི་ཅི་མང་ཡང་། །ཆགས་ཤིང་ཞེན་ན་འཁོར་བའི་རྒྱུ། །ཆགས་ཞེན་སྤོངས་ཤིག་སྐལ་ལྡན་མ། །སྐྱེས་པའི་ཐ་མ་འཆི་བ་ཡིན། །བསགས་པའི་ཐ་མ་མཛད་པར་ངེས། །མི་རྟག་སྒོམས་ཤིག་སྐལ་ལྡན་མ། །བསླུ་མེད་དཀོན་མཆོག་གསུམ་པོ་ལ། །གསོལ་བ་ཐོབ་ཅིག་སྐལ་ལྡན་མ། །རིགས་དྲུག་ཕ་མའི་སྐོར་ལོག་ལ། །སྙིང་རྗེ་སྒོམས་ཤིག་སྐལ་ལྡན་མ། །བཀྲེས་སྐོམ་གྱིས་གདུང་བའི་སེམས་ཅན་ལ། །སྦྱིན་པ་ཐོངས་ཤིག་སྐལ་ལྡན་མ། །རང་དོན་ཡལ་བར་དོར་ནས་སུ། །གཞན་དོན་ཁ་ལ་གྱེར་བ་ཡིས། །སེམས་ཅན་བླུན་པོ་སྙིང་རེ་རྗེ། །རང་བསགས་ཞེ་ལ་མི་བསམ་པར། །གཞན་བསགས་ཟ་སྙམ་བྱེད་པ་ཡི། །འདོད་བློ་ངན་པ་སྙིང་རེ་རྗེ། །སྔོན་ནས་རྒྱུ་འབྲས་མ་སྨིན་པར། །ད་ལྟ་འདོད་པས་གདུང་བ་ཡི། །སེམས་ཅན་བླུན་པོ་སྙིང་རེ་རྗེ། །འཁོར་ཚོགས་མང་པོས་ཅི་བསྐོར་ཀྱང་། །གཅིག་པུ་འགྲོ་བར་མི་ཤེས་པས། །སེམས་ཅན་བླུན་པོ་སྙིང་རེ་རྗེ། །གོས་ཟས་མང་པོ་སྤུང་གྱུར་ཀྱང་། །སྒྲེན་མོར་འགྲོ་བར་མི་ཤེས་པའི། །སེམས་ཅན་བླུན་པོ་སྙིང་རེ་རྗེ། །ནོར་ཟས་མང་པོས་མཐའ་བསྐོར་ཀྱང་། །བསྐྱུར་ནས་འགྲོ་བར་མི་ཤེས་པའི། །སེམས་ཅན་བླུན་པོ་སྙིང་རེ་རྗེ། །གཅེས་པར་གསོས་པའི་སྒྱུ་ལུས་དང་། །མཉམ་དུ་འགྲོགས་པའི་ཤེས་པ་གཉིས། །འབྲལ་ནས་འགྲོ་བར་མི་ཤེས་པའི། །སེམས་ཅན་བླུན་པོ་སྙིང་རེ་རྗེ། །ང་ལ་གཅིག་པས་མེད་པའི་ཕྱིར། །མི་གཅིག་པོ་དེས་འོང་བ་ཡིན། །རྒྱུ་ལ་བཟང་ངན་མེད་པའི་ཕྱིར། །གཉིས་འཛིན་གྱི་ཐེ་ཚོམ་མི་སྣང་ངོ་། །སྤུན་ལ་ཕྲ་སྦོམ་མེད་པའི་ཕྱིར། །རེ་དོགས་ཀྱི་རྟོག་པ་མི་སྣང་ངོ་། །བཟང་ངན་བདམ་དུ་བྱུང་བའི་ཕྱིར། །བཟང་བདམ་བྱེད་པ་རྟེན་འབྲེལ་ཡིན། །དགེ་སྡིག་བདམ་དུ་བྱུང་བའི་ཕྱིར། །དགེ་བ་བདམས་པ་རྟེན་འབྲེལ་ཡིན། །འཁོར་འདས་བདམ་དུ་བྱུང་བའི་ཕྱིར། །མྱང་འདས་བདམས་པ་རྟེན་འབྲེལ་ཡིན། །ཆོས་དང་ཆོས་མིན་བདམས་བྱུང་ཕྱིར། །དམ་ཆོས་བདམས་པ་རྟེན་འབྲེལ་ཡིན། །ཟས་ལ་བདམ་དུ་བྱུང་བའི་ཕྱིར། །ཏིང་འཛིན་འཛད་མེད་བདུད་རྩི་བདམས། །གོས་ལ་བདམ་དུ་བྱུང་བའི་ཕྱིར། །ཡེ་ཤེས་གཏུམ་མོའི་མེ་དྲོད་བདམས། །ནོར་ལ་བདམ་དུ་བྱུང་བའི་ཕྱིར། །ཁྱད་པར་འཕགས་པའི་ནོར་བདུན་བདམས། །མི་ལ་བདམ་དུ་བྱུང་བའི་ཕྱིར། །ཡང་དག་སྐྱེས་བུ་དམ་པ་བདམས། །ཆོས་ལ་བདམ་དུ་བྱུང་བའི་ཕྱིར། །དམ་ཆོས་ཕྱག་རྒྱ་ཆེན་པོ་བདམས། །ཤེས་པར་འདུག་གམ་ཨ་ཞེ་རྣམས། །གོ་བར་བྱུང་ངམ་ཨ་ཞེ་རྣམས། །ཞེས་གསུངས།
དེ་ནས་མ་ཡར་ཆོས་སྐྱིད་ཀྱི་ཌཱ་ཀི་མའི་ཡབ་ལ། ངས་ནི་བུ་མོ་གེ་གོད་ལ། ཁྱོད་དཔོན་ཡིག་ཅན་དུ་མ་སོང་ཉེས་བཟླས་ཙ། ང་ལ་ནི་བཤད་པ་མང་པོ་བྱས་ནས་བྱུང་སྟེ། ངས་ནི་ཡིད་ལ་མ་ཟིན་ཁྱེད་རང་གིས་དྲིས་དང་བཤད་པས་ཡག་པ་ལ་ཟེར་བས། ཡབ་ཀྱིས་དེ་སྡུག་ཅི་ལ་འཇུག་བཟླས་པས། ཆོས་སྐྱིད་ཀྱིས་ཁྱེད་དེ་སྡུག་ལེ་གཅིག་མི་སྣང་། རྩལ་དེ་ཁ་ལ་སོང་ཟིན་ཅིག་སྣང་ཟེར། ཕྱིར་ཉིན་བུ་མོ་སྦྲ་གློར་ཉི་མ་འདེས་ནས་སྣང་བས་ཡབ་ནང་དུ་ཡོད་པས་སྣག་སྙུག་བཟུང་ནས་བུ་མོ་ཁྱོས་ཁར་སང་ཆོས་སྐྱིད་ལ་ཅི་བཟླས་པ་ཡིན་ཞུས་པས། བུ་མོས་ཆོས་སྐྱིད་ཀྱིས་ང་ལ་ཚིག་ངན་ཞིག་ཟེར་བས་ངས་དེའི་ལན་ཞིག་བཟླས་པ་ཡིན་ཟེར་བས། ཡང་ཡབ་ཀྱིས་ཁྱོས་ཅི་བཟླས་ཕ་ལ་ཤོད་དང་བཟླས་ནས། ཌཱ་ཀི་མས་གོང་ལྟར་དུ་བཤད་ནས་བྱུང་། ཡབ་ཀྱིས་ཟིན་བྲིས་བྱས་ནས་རིན་ཆེན་དཔལ་ལ་སྤྲིང་པའོ། །ཡང་ཌཱ་ཀི་མའི་ཞལ་ནས། ཡང་ཅིག་སྲུ་མོ་ཚུར་ཉོན་དང་། མིའི་བུ་ལ་གཅིག་པས་མེད་ན། ང་ལ་ཡང་མང་པོ་མེད། ངེད་གཉིས་ལ་ཚེ་མི་ཡི་བུ་བས་རིང་ནའང་ཅི་ཆ་གསུངས་པ་ལ། མ་ཡར་གྱིས་དེ་རང་ལ་བདམ་དུ་ཡོད་པ་ལ་གླེང་རྩིས་བྱེད་པ་ཡིན་ཏེ། ཁྱོད་མི་གཅིག་པོ་དེ་ལ་དགའ་ནས་སྣང་ཟེར་བ་ལ།
ཡང་ཌཱ་ཀི་མའི་ཞལ་ནས། ཡང་ཅིག་སྲུ་མོ་ཚུར་ཉོན་དང་། །བུ་མོ་ང་ཡི་སྣང་བ་ལ། །གནས་ཀྱི་རྣམ་པ་གྲངས་མང་ཡང་། །ཞིང་ཁམས་རྣམ་དག་དགའ་ནས་སྣང་། །མི་ལ་རྣམ་པ་གྲངས་མང་ཡང་། །ཐབས་ཀྱི་སྐྱེས་བུ་དགའ་ནས་སྣང་། །མོ་ལ་རྣམ་པ་གྲངས་མང་ཡང་། །ཤེས་རབ་ཡུམ་མཆོག་དགའ་ནས་སྣང་། །ནོར་ལ་རྣམ་པ་གྲངས་མང་ཡང་། །ཤེས་རབ་ཡེ་ཤེས་དགའ་ནས་སྣང་། །ཟས་ལ་རྣམ་པ་གྲངས་མང་ཡང་། །བསམ་གཏན་ཟས་མཆོག་དགའ་ནས་སྣང་། །གོས་ལ་རྣམ་པ་གྲངས་མང་ཡང་། །ཡེ་ཤེས་གཏུམ་མོ་དགའ་ནས་སྣང་། །ཆོས་ལ་རྣམ་པ་གྲངས་མང་ཡང་། །ལྷན་སྐྱེས་ཡེ་ཤེས་དགའ་ནས་སྣང་། །ང་མི་གཅིག་པོ་དེ་ལྷ་གཅིག་པོ། །ལྷ་གཅིག་པོ་དེ་དོན་ཆེན་པོ། །དོན་ཆེན་པོ་དེ་དོན་གྲུབ་ཡིན། །འགྲུབ་པར་གྱུར་ཅིག་དཀོན་མཆོག་གསུམ། །ཞེས་ཀུ་རེའི་ཚུལ་དུ་སྨྲས་པས། མི་སྡེའི་ཕོ་མོ་རྣམས་ཀྱིས་དེ་བཟང་། ཁྱོད་དོན་གྲུབ་མ་རེད་ཙ། ངེད་རྣམས་ཀྱིས་ཀྱང་དེ་རིང་ནས་ཁྱོད་ལ་དོན་འགྲུབ་མར་བཏགས་པ་ཡིན་པས་ཐམས་ཅད་ཀྱིས་མིང་ནས་བོས་ཤིག་ཟེར་ནས། བར་སྐབས་སུ་ཁོ་རང་རུ་བའི་བུ་ཚ་བུ་མོ་ཐམས་ཅད་ཀྱིས་བཞད་གད་བྱེད་པའི་ཚུལ་གྱིས་དོན་འགྲུབ་མ་ཟེར་ཞིང་བོས་པའི་ཚེ།
ཡང་ཌཱ་ཀི་མའི་ཞལ་ནས། སྨོན་ལམ་དབང་གིས་འབྲེལ་བའི་ཕོ་མོ་རྣམས། །བུ་མོ་ང་ཡི་ཚིག་འདི་ལ། །ངེས་པར་ཉོན་ལ་ཡིད་ལ་ཞོག །ཐབས་ཤེས་ཉི་ཟླའི་འོད་ཟེར་གྱིས། །མཐའ་ཡས་སེམས་ཅན་ཐམས་ཅད་ལ། །སྙོམས་པར་མཛད་པའི་རྟེན་འབྲེལ་གྱིས། །བདག་གཞན་ཀུན་ལ་གསལ་བར་ངེས། །ཐབས་མཁས་སྐྱེས་བུའི་བློ་རྩལ་གྱིས། །རང་དོན་ཡལ་བར་དོར་ནས་སུ། །གཞན་དོན་གཙོ་བོར་བྱེད་པ་ཡིས། །དོན་གཉིས་ལྷུན་གྱིས་འགྲུབ་པར་ངེས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །འཁྲུལ་པ་ཉིད་ཀྱིས་བསླད་གྱུར་ཀྱང་། །འཁྲུལ་ཉིད་ངོ་བོ་ཉིད་ཀྱིས་དག །གཉིས་མེད་ཡེ་ཤེས་ཆེན་པོར་གྲོལ། །སྒྱུ་མའི་སྐྱེས་བུ་དམ་པ་དང་། །རིགས་མཆོག་ལྡན་པའི་ཕྱག་རྒྱ་གཉིས། །དོན་ནི་གང་ལ་དམིགས་པ་ཡིས། །བྱ་བ་དེ་དག་བསྒྲུབས་པས་འགྲུབ། །སེམས་རིག་གསལ་འདོད་ཀྱི་ཕོ་མོ་རྣམས། །ཚེ་འདི་སྐད་ཅིག་འདུན་མ་ལ། །དུག་ལྔའི་གཙོ་བོ་དཔོན་དུ་ཁུར། །མི་དགེ་བཅུ་ལ་སྤྱོད་པ་ལ། །ཐབས་ཤེས་གཉིས་མེད་ཡབ་ཡུམ་གྱིས། །རྩ་རླུང་གཉིས་ལ་གནད་བསྣུན་ནས། །བདེ་སྟོང་ཡེ་ཤེས་ལམ་དུ་ཁྱེར། །དབྱེར་མེད་བྱང་ཆུབ་ཆེན་པོས་དོན་ཆེན་འགྲུབ། །བདག་ལས་གཞན་གྱི་དོན་ཆེན་པོ། །འགྲུབ་པར་བྱེད་པ་ཁོ་མོ་ཡིན། །མྱ་ངན་འདས་པར་བྱེད་པའི་དེད་དཔོན་མཆོག །ཆོས་ཉིད་ཀྱི་བདེན་པ་མཐོང་བར་བྱེད་པ་ཁོ་མོ་ཡིན། །དད་ལྡན་གྱི་སློབ་མ་སྐལ་ལྡན་རྣམས། །ལམ་སྣ་ཟིན་པར་བྱེད་པ་ཁོ་མོ་ཡིན། །ཞེས་གསུངས། ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་སྤྲུལ་པ་སྐུའི་མཛད་སྤྱོད། ཐུགས་རྒྱུད་གཤིས་ཀྱི་གནས་ལུགས། ཟབ་དོན་གསུང་གི་སྦས་རྒྱ། ཡོན་ཏན་གཏེར་གྱི་སྒྲོམ་བུ། ཕྲིན་ལས་ཤུགས་ཀྱིས་ཉི་ཟེར། རིམ་པ་ལྟར་འོག་ནས་འཆད་དོ། །ཚུར་བསྡུས་ཕྱོགས་ཙམ་བརྗོད་པ་ནི། ཡེ་ཤེས་མཁའ་འགྲོ་མ་དེ་ཉིད་ནི་སོས་དལ་ལ་ངང་རྒྱུད་རིང་བ། འགྲོས་དལ་ལ་སྨྲ་བརྗོད་ཉུང་བ། སོ་ནམ་དང་བྱ་རྩོལ་ཐུབ་བཞིན་དུ་མི་བརྩོན་པར་ནོར་ཟས་ཡོད་ཀྱང་དགའ་བ་མི་སྐྱེ་བ། སྟོར་ཡང་སྡུག་མི་ཤེས་པ། སུ་དང་ཡང་མི་བསྟུན་པ། གང་དང་ཡང་འདྲེས་པ་མེད་པ། སྡིག་པ་ལ་མི་དགའ་ཞིང་དགེ་བ་ལ་མི་བརྩོན་པ། གཤིས་འཇམ་རྒྱུད་ལྷོད་ཀྱི་ཚུལ་དུ་གནས་ཏེ། འཇིག་རྟེན་བྱ་བ་གཡེལ་ལ་བོར་ནས་མི་བརྩོན་པ་སྟེ། ཡེ་ཤེས་མཁའ་འགྲོ་མ་དེ་ཉིད་ཀྱི་རིགས་རུས་ལོ་རྒྱུས་ཕྱོགས་ཙམ་བརྗོད་པ་སྟེ་ལེའུ་དང་པོའོ།། །།
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་བྱ་བ་དེ་ཉིད་གནས་ལ་བྱོན་པའི་དུས་སུ། མགོར་གསེར་ཞྭ་ཞིག་མནབས་ནས་བྱུང་བ་དེ་གྱོས་པོ་ལ་བྱིན་ནས། ཞྭ་འདི་ཁྱེད་ཀྱིས་ནོབས་ང་ལ་ཞྭ་ཡི་བྱེད་རྒྱུ་མེད་གསུངས་ནས་ཕྱག་ཏུ་བཞག །དེ་ཕྱི་ཆད་ནས་ཞྭ་གྱོན་མ་མྱོང་། ཐེར་མ་དམར་པོའི་ཤ་གྱོན་དང་སྲམ་དང་གོས་ཆེན་གྱིས་བརྒྱན་པའི་འདུང་མ་གསུམ་དང་རས་གོས་ལ་སོགས་པ་མང་དུ་སྣང་བ་རྣམས་ཤ་གོན་དེ་མིན་པ་གྱོན་མ་ཉན། སྙིན་མོ་དང་སྤྲང་ཕོ་མོ་རྣམས་ལ་བྱིན་ནས་དེ་ཕྱིན་ནས་ཤ་གོན་རྐྱང་པ་དང་འགྲོགས། ཕྱིས་ཕྲུ་གུ་རྣམས་ཡོད་རྟིང་ཐུལ་འཕྱིང་རེ་ཙམ་ཕྲུ་གུ་རུམ་པང་བྱེད་ནས་རུ་བ་སྐྱ་དུས་མོ་རང་གི་ཡང་གོན་ནས་རུམ་པང་བྱེད་པ་མ་གཏོགས་པ། ཤ་གོན་ཚོས་ངན་རེ་དང་འགྲོག་པའོ། །ཡང་སེ་བོ་ཉིན་བྱ་བ་རུ་བུད་མེད་རྣམས་ལྕི་བ་ཐུ་སོང་སར་ཁ་སྦུད་ཆེན་པོ་བྱུང་བའི་དུས། ཌཱ་ཀི་མ་ནི་དགབ་རྐྱང་ལ་ལྷགས་ཕྱོགས་སྒང་སྣར་བསྡད། རོགས་རྣམས་ཤ་དཔུང་གཉིས་རེ་ཡོད་ཀྱང་འཁྱག་ནས་ཌཱ་ཀི་མའི་ཕག་ཏུ་བསྡད་པ་ལ། ལྷ་རྗེ་བཀྲ་ཤིས་ཀྱི་ནག་མོ་དེས་དཔོན་ཕྱག་རྡོར་གྱི་མནའ་མ་དེས་ལྷགས་ཕྱོགས་སུ་བསྡད། ངེད་རྣམས་ཀྱིས་ཤ་དཔུང་གཉིས་རེ་གྱོན་ནས་ཡོད་ཀྱང་འཁྱག་དྲག་པས་བུ་མོའི་ཕག་ཏུ་བསྡད་ཙ། བག་དྲོ་འུབ་བེ་བ་བློ་དྲོ་ཆི་ལེ་བ་ཞིག་སྣང་། དེ་ལ་འཁྱག་རྒྱུ་ཡང་མི་སྣང་། ངེད་རྣམས་ཡང་བློ་གྲོ་ཆི་ལེ་ཨེ་འཁྱག་ཡང་མ་ཚོར། ཚུར་ལངས་ནས་འོང་ཙ་འཁྱག་ནས་དེས་ཤི། བསྡད་ན་ཨེ་དྲོ་བསམ་ནས་བསྡད་ཀྱང་སྡོད་མ་ཚུགས།
བུ་མོ་དེའི་རྩར་འདུག་པ་གོས་མང་པོ་གྱོན་པ་བས་དགའ་བར་སྣང་། ཁ་དྲོན་མ་དེའི་བསོད་ནམས་ལ་ཟེར་ནས་སྨོན་པ་ཡང་བྱུང་། སྐུ་ལུས་ལ་བདེ་དྲོད་འབར་ཡན་སྙམ་པའི་སྙེམ་རྟོག་ནི་གང་ལ་མ་བྱུང་ངོ་། །ཡང་ཐེར་ལྷམ་ལེགས་པོ་ཞིག་གྱོན་ནས་བྱུང་བ་དེ་སྤྲང་པོ་སྐྲན་ནད་ཅན་གཅིག་ལ་བྱིན་ནས། ཕྱིས་སུ་མིང་པོས་སྐྱི་ལྷམ་ཁྲ་བོ་ཞིག་ཁྱེར་ནས་བྱུང་བ་དེ། ཞག་འགའ་ཡར་གྱོན་པ་དང་། ནོར་རྫི་ལ་བྱིན་ཏེ་ཕྱིས་ལྷམ་གྱོན་མ་མྱོང་ངོ་། །
ཡང་ཉིན་ཞིག་འབོ་ས་ལ་བྱ་བ་ན་འོར་མ་བཀལ་ནས་སོང་ཙ། ལ་ཁར་ཁ་སྦུད་ཆེན་པོ་བྱུང་ནས་ཕལ་ཆེར་གྱི་རྐང་ལག་ཕྱིད་པ་ཡང་མང་པོ་བྱུང་། རི་དྭགས་པ་འགའ་ཡར་བྱུང་བ་རྣམས་ཀྱིས་མོ་སྟོན་པའི་ནག་མོ་དམར་མཚོན་མ་དེ། རྟ་ཐོག་ཏུ་རྐང་རྗེན་ལ་ལྕགས་ཡོབ་ནང་དུ་འདུག་ཙ། ཁ་བ་རྐང་པ་ལ་ཕོག་ཙ་རྡོ་སྲེག་ལ་ཁ་བ་ཕོག་པ་བཞིན་སྐམ་རག་རག་འགྲོ་བ་དེ། ཟོས་ཟོས་འཇངས་འཇངས་ནས་ལྷ་བ་ངར་ཟིན་ནས། ངེད་རྣམས་ཀྱིས་ལྷམ་གྱོན་ཡང་རྐང་པ་ཕྱིད། དེ་རྐང་རྗེན་ལ་སྣང་ཡང་རླངས་པ་བར་སྣང་ལ་མཆེད་ཅིང་སྣང་། ཟོས་པ་འཕྲོ་བརླག་ལ་མ་ཤོར་བ་ཞིག་སྣང་ཟེར་བ་མ་གཏོགས་པ་ཆོས་སུ་གཞལ་བ་ནི་མ་བྱུང་ངོ་། །ཡང་སྐེ་རགས་མགུར་མོ་རིང་པོ་ཞིག་སྣང་བ་དེ། དུམ་བུ་གཉིས་བྱས་ནས་བྱ་བྲལ་བ་གཉིས་ལ་བྱིན་ནས་སྣང་། རྐེད་ཆ་ལི་ཕོག་བཅོ་ལྔ་འདུག་པ་དེ་ཚ་མོ་གཅིག་ལ་བྱིན་ནས་སྣང་། རྒོ་རུ་ཁབ་ཤུབས་རྣམས་སྤྲང་ཕོ་མོ་རྣམས་ལ་བྱིན་ནས་འདུག །གློ་ཟུང་དངུལ་ལས་བྱས་པའི་དཀྱིལ་དུ་གཡུ་དྲུག་དཀར་བྱིས་པའི་ལག་མཐིལ་ཙམ་ལ་བྱས་པ་གཉིས་སྣང་བ་དེ། ཕུ་མོའི་བུ་ཤི་བས་ཁྱོད་སེམས་ནད་མ་བྱེད་བཟླས་ནས་བྱིན་པ་ལ།
རིན་ཆེན་དཔལ་གྱིས། ཁྱོས་གཡུ་རྟ་གཉིས་བས་དགའ་བ་གཉིས་བྱིན་པ་ཉེས་ཆེ་བྱས་པས། ཌཱ་ཀི་མས་མོ་ནི་སྡུག་པར་འདུག་པ་དང་ང་ལ་ནི་གློ་ལྗི་བ་མིན་པ་བྱ་རྒྱུ་མེད་བསམ་ནས་བྱིན་པ་ཡིན་གསུངས་པ་ལ། རིན་ཆེན་དཔལ་གྱིས། ཁྱོས་ཅི་བསམ་ནས་ཡོད་བ་ཡིན། འདི་ཚུག་མེད་བརླག་བྱེད་པའི་དོན་ཅི་ཡིན་བྱས་པས། ཡང་ཌཱ་ཀི་མས། ང་འདྲའི་རྒྱུ་བ་ངན་མ་ལ་ཆ་ཆོ་ཡོད་ཀྱང་བོར་ནས་འགྲོ་རྒྱུ་ཡིན། དེ་བས་མི་རེ་ལ་བྱིན་ན་དགའ་བསམ་པ་ཡིན་གསུངས། དེ་ཕྱིན་ནས་སྐེ་རགས་ཐེ་གུའམ་རྩྭ་སྣ་རིང་སྐུ་དུ་ཤིང་སྐུད་ཙམ་རེ་གལ་ཆེ་དུས་ལན་རེ་ཙམ་འཛིན་པ་མ་གཏོགས་པ་སྐེ་རགས་ཡེ་ནས་མི་འཛིན་པའོ། །ཡང་དངུལ་གྱི་གའུ་ཆེ་བ་གཅིག་ཡོད་པ་དེ་ལོང་བས་ཕོ་མོ་འགའ་ཡང་ན་ནས་བྱུང་བ་དེ། ལ་ལ་ཤི་ལ་ལ་ན་ནས་སྣང་བས་གའུ་མོ་རང་གི་བཙོངས་ནས་ཤ་བུབས་གཉིས། ནས་དོས་གཅིག །ཆུར་བ་ཁལ་གཅིག །མར་རྒྱ་བརྒྱད་ཉོས་ནས་བྱིན་ནས་སྣང་བ་ལ་རིན་ཆེན་དཔལ་གྱིས། ཁྱོས་གའུ་བཙོངས་ནས་མ་ཟ་ལ་ཁྱེར་ལ་ཤོག་བཟླས་པ་ལ། ཡང་ཌཱ་ཀི་མས། ང་རང་གིས་ཟོས་པ་ལས་འདི་དགའ་བ་ཡིན། ཡ་ཕོ་མོ་རྣམས་ཀྱི་སྡུག་བསྔལ་མཐོང་ནས་སྙིང་རྗེ་སྟེ་ཅི་བྱེད་མ་ཚོར་ནས་བྱིན་པ་ཡིན། དེ་མི་དགོས་ནོར་འགའ་ཡང་སྦྱིན་བསམས་ཏེ་ཁྱེད་རྣམས་ལ་ངས་དབང་མེད་པས་ཐབས་མི་སྣང་། ང་རང་གི་ཤ་ལ་བཅད་ནས་བྱིན་ན་བསམ་པ་བྱུང་གསུངས། ཡང་རིན་ཆེན་དཔལ་གྱིས། བུད་མེད་འདི་འདྲ་ལ་ཡང་ནང་ན་ཤེས་རིག་སྙིང་རྗེ་འདི་འདྲ་ཡོད་པ་ཨ་ཏོ་བ་ཡིན་བསམ་ནས་འཁོན་མ་བྱས། གའུའི་ནང་དུ་ཚ་བོ་བླ་མ་གཅིག་གིས་བྱིན་པའི་གསེར་ལིང་བཟང་པོ་གཉིས་ཡོད་པ་དེ། ཁྱིམ་མཚེས་དབུལ་པོ་གཅིག་གི་བུ་དེ་འཆི་ལ་ཁད་ནས། གཏོ་སྨན་རིམ་གྲོ་ཤི་ནས་དུར་ཆ་རྣམས་བྱས་ནས་ནོར་ཟས་མ་ལུས་རྒན་རྒོན་བཞི་དང་བཟའ་པ་དགུ་འཆི་ལ་ཁད་པ་མཐོང་ནས། མཛོ་མོ་དྲུས་མ་གཅིག་དང་ནས་དོས་གཅིག་ཉོས་ནས་བྱིན་ནས་འདུག །
དེ་ཕྱིན་ནས་མ་ལྷ་སྐྱབས་མ་གཏོགས་པ་རྒྱན་ཆ་ཡེ་ནས་མི་འཛིན་པའོ། །ཐུ་བ་དམར་པོ་ཞིག་སྣང་བ་དེ། སྤྲང་མོ་གཅིག་གི་གོས་རས་སར་ལྷན་ནས་འདུག །ཡང་མིང་པོའི་ཐུ་བ་དམར་པོ་ཞིག་བྱུང་བ་དེ། གཉོམ་ཆུང་ཁྱིམ་མཚེས་བུ་མོ་གཅིག་གནས་ལ་འགྲོ་བདོ་ཙ་ཐུ་བ་མི་སྣང་བས་དེ་ལ་བྱིན་ནས་དེ་ཕྱིན་ཐུ་བ་བཅིང་མ་མྱོང་ངོ་། །རྣ་ལོང་དངུལ་ལས་བྱས་པའི་སྦྲམ་པོ་གཉིས་ཡོད་པ་དེ་ཐུད་རྒྱ་མ་བཞི་བཅུ་ཉོས་ནས་སྤྲང་ཕོ་མོ་རྣམས་ལ་བརྫང་བར་སྣང་། དེ་ཕྱིན་ནས་རྒྱན་ཆ་ཡེ་ནས་འདོགས་མ་མྱོང་ངོ་། །ཡང་དབུལ་པོ་ཞིག་གི་བུ་གཅིག་ཤི་ནས་ནོར་ནི་མེད། རྒན་རྒོན་བཟའ་པ་བདུན་མུ་གེས་འཆི་ལ་ཁད་ནས་ཡོད་པའི་དུས། བུད་མེད་དེས་སྨྲེ་སྔགས་བཏོན་ཅིང་ངུས་པའི་ཚེ། ཌཱ་ཀི་མས་གཡུ་དྲུག་དཀར་རྒོད་ཕྲེང་དུ་བརྒྱུས་པ་སུམ་ཅུ་སྨན་ཁུག་ཏུ་བསྐུངས་ནས་ཡོད་པ་བརྐུས་པ་དང་། མོ་རང་གི་དངུལ་གྱི་སོར་གདུབ་གཉིས་ར་གན་གྱིས་སོར་གདུབ་གཉིས་ཡོད་པ་རྣམས་བྱིན་ནས་འདུག །དེ་ཕྱིན་ནས་རྒྱན་ཆ་འདོགས་མ་མྱོང་ངོ་། །
ཡང་རིན་ཆེན་དཔལ་གྱིས། ཌཱ་ཀི་མའི་ཡབ་ལ་ཁྱོད་ཀྱི་བུ་མོ་འདིས་ནི་ནོར་གཡུ་གོས་ཟས་མགོ་ཞྭ་རྐང་ལྷམ་ཟ་ཉན་མི་ཉན་མེད་པའི་རྒྱུ་ཆེ་ཆུང་ཐམས་ཅད་མེད་པ་བྱེད་པ་མ་གཏོགས་པ་འཆང་བའི་སེམས་གཏན་ནས་མི་འདུག་པས། དེ་འདྲ་བྱས་པས་མི་ཚེ་ཕུལ་མི་ཐུབ་པས་ཁྱེད་ཀྱིས་ཞལ་ཏ་གྱིས་བཟླས་པས། ཡབ་ཀྱིས་བུ་མོ་འདི་མའི་ལུས་ལ་ཡོད་པའི་དུས་མ་ཡི་རྨི་ལམ་གྱི་རིམ་པ་དང་། མོ་རང་ཡོད་དུས་ཀྱི་ལོ་རྒྱུས་རྣམས་ཞིབ་ཏུ་བཤད་། སྔ་ཕྱིའི་ཤོག་དྲིལ་གཉིས་སྣང་བ་གཏད་ནས། ངས་ཀྱང་བུ་མོ་ལ་ཁ་ཏ་བྱེད། ཁྱེད་རང་ཡང་ཁ་ཏ་གྱིས། འོན་ཀྱང་གཤིས་ལ་ཤར་བ་ལ་སྐྱུར་དུ་ཡོད་པ་མིན། མོས་སྤྱོད་པ་བཟང་ངན་གང་བྱས་ཀྱང་། ཁྱེད་རང་གི་ཕོ་རྒོད་དང་ཤེས་ཉེན་ཡོན་ཏན་འདི་བྱས་པས་མོས་ཨ་ཙི་ཙམ་གནོད་ཐུབ་པ་མིན། ངས་ནི་ཁྱེད་ལ་བྱིན་པ་མིན་ལེ་དེ་ཡིན། མོ་རང་གིས་བདམས་ནས་ཐལ་བ་དེ་ཡིན། ཉ་ར་གྱིས་དང་བསོད་ནམས་ནི་འོང་བར་ཡོད། རིགས་བཟང་ཞིག་ནི་རེད་ངེས་ཡིན། ཡི་གེ་འདི་སུ་ལ་ཡང་མ་སྟོན་ལ་ཟུང་དང་། ཨ་ཏོ་བ་ཞིག་མིན་ན་འདི་འདྲ་ཟློ་མི་ཤེས། ངས་ནི་བརྗེད་དོགས་པས་ཡི་གེ་འདི་བྲིས་ནས་བཟུང་བ་མ་གཏོགས་པ་སུ་ལ་ཡང་བཤད་མ་མྱོང་། མ་ལ་ཡང་ཟློ་མ་བཅུག་པ་ཡིན། བཤད་ན་མིས་ཡང་འཕྱ། ཨེ་ཉན་ཡང་མི་ཤེས་བསམ་ནས་བྱུང་གསུངས། དེ་ཕྱིན་ཆོད་ནས་རིན་ཆེན་དཔལ་གྱིས་ཀྱང་། ཡབ་ཀྱིས་ཅི་ལྟར་གསུངས་པ་བཞིན་དུ་བསྒྲུབ་བོ། །གཡུ་བརྒྱ་ལ་སུམ་པོ་བྱས་པའི་ངོ་ཕུད་གཞོག་གཡས་ཀྱི་གོས་མཐར་སླེབས་པ་གཅིག་དང་། དཔྲལ་གཡུ་ལེབ་གཅིག །རྣ་གཡུ་ཆེ་བ་གཉིས། རྒྱབ་ཏུ་ཡ་ཁོད་གཅིག །མགུལ་དུ་གཟི་བྱུར་དུང་ཤེལ་ལ་སོགས་མགུལ་ཐག་ལྔ། དེ་རྣམས་བཏགས་ནས་བྱུང་བ་དེ་སྙེན་མོ་ལ་ཡང་ཆ་ཤས་ཙམ་བྱིན། དེ་མིན་རྣམས་གཉོམ་ཆུང་བུ་མོ་རྣམས་ལ་བགོས་ནས་བྱིན། དེ་ནས་གཡུ་བརྒྱ་ཡོད་པ་དེ་སྔོ་རྩེ་དམར་ཙམ་དུ་སྒྱུག་མོ་ན་ནས་འཆི་ལ་ཁད་ལ་ཡོད་པ་ལ། ཉོ་སྤུས་མ་རྙེད་དེ་ཀུན་གྱིས་འགྱོད་རྨོངས་བྱས་པའི་ཚེ། བསོད་ནམས་དཔལ་འདྲེན་གྱིས་རྒྱུ་ཆེན་པོ་མི་ལ་ཉོས་བྱས་ཀྱང་མི་ལ་རིན་མེད་པ་ཡིན། ང་ཡི་གཡུ་འདི་རྣམས་ཁྱེར་ལ་ཕྱུག་པོའི་བུད་མེད་རྣམས་ལ་གོང་ཆུང་ཆུང་གྱིས་ལ་ཚོང་དང་རིན་ནི་རང་གིས་ལེན་མང་དུ་ལེན་པས་ཆོག་པ་ཡིན་གསུངས་ནས། གཡུ་རྣམས་བསྐུར་བའི་ཚེ། ཕྱག་རྡོར་སྐྱབས་ཀྱིས་གཡུ་དུ་ཙམ་བཙོང་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། ཟས་ནི་ལྟོགས་པའི་དུས་སུ་ཟ་བ་ཡིན། གོས་ནི་གྲང་བའི་དུས་སུ་གྱོན་པ་ཡིན། ནོར་ནི་དགོས་པའི་དུས་སུ་སྤྱད་པ་ཡིན། ཆོས་ནི་ཤི་བའི་དུས་སུ་དགོས་པ་ཡིན། གཡུ་ཚོང་ན་ཐམས་ཅད་ཚོང་ལ་ཤོག་གསུངས་ནས་བསྐུར་བའི་ཚེ། གཡུ་ཆུང་ལ་མཛེས་པ་གཅིག་རིན་དཔལ་གྱིས། རྣ་གཡུ་བྱས་ནས་བྱུང་བ་ལ། ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱིས། མི་འཆི་ལ་ཁད་ཙ་བུ་གཡུས་བརྒྱན་པས་མིས་ཨེ་མི་འཕྱ། དེ་བས་ཚོང་ལ་མར་མེ་ཡ་ཟུང་གྱིས་དང་དགའ་བ་ཡིན་གསུངས་ནས་དེ་ལྟར་དུ་བྱས། དེ་ནས་མི་ཀུན་གྱིས་བུ་མོ་དེ་ནི་ཁོག་ཡོད་ཡང་དག་པ་ཞིག་ཡོད་པར་སྣང་ཟེར་བ་མ་གཏོགས་པ་སེར་སྣ་ལས་གྲོལ་བར་གོ་བའི་བློ་ནི་མ་བྱུང་ངོ་། །དེ་ནས་སྒྱུག་མོ་ཤི་བའི་དུས་སུ་དུད་གཉིས་ཀྱི་ཁྱིམ་གཞིས་འབྲིང་སྟོད་རེ་དང་། ནོར་བརྒྱད་ཅུ། ལུག་སུམ་བརྒྱ་དང་བདུན་ཅུ་དོན་བཞི། རྟ་བཅུ་གསུམ། ར་བཞི་བཅུ་ཙམ་ཞིག་ཡོད་པ་དེ་བདག་གཞན་གང་གིས་ཀྱང་ཕྱེད་ཕྱེད་གྱིས་ཟེར། རིན་ཆེན་དཔལ་གྱིས། སུམ་གཉིས་བཏང་བཟླས་པས་། བསོད་ནམས་དཔལ་འདྲེན་གྱིས་འབྲི་གཡག་བཞི་དང་རྟ་གཅིག་དང་ལྔ་མིན་པ་གཅིག་ཀྱང་མི་འཇོག་གསུངས་པ་ལ། ཡང་མི་རྣམས་ཀྱིས་དེས་མི་དགའ་དགེ་བ་མུས་ཀྱིས་བྱེད་པས་ཆོག་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས་ཆོས་ད་ལོ་མ་བྱས་ན་སང་ཕོད་ཕྱིན་ཆོད་ནས་ཤི་བ་གལ་ཆུང་བརྗེད་སླ། གསོན་པོ་རྣམས་རང་རང་གལ་ཆེ་བ་འོང་ནས་ཆོས་བྱེད་པ་ཡང་དཀའ་བ་ཡིན། ད་ལྟ་ལྔ་པོ་མིན་པ་ཐོངས་གསུངས་ནས་དེ་ལྟར་དུ་བསྒྲུབས། ཉེ་རིང་ཡོན་བདག་ཀུན་གྱིས་སྒྱུག་མོ་དེ་ཤི་བ་ལ་ཡང་སེམས་པ་མིན་ཏེ། མོ་རང་སེམས་ཅན་བཏང་བཏགས་ཉ་ར་འཚེར་བ་ཡིན་ཟེར་བ་མ་གཏོགས་པ་སེར་སྣ་ལས་གྲོལ་བར་ཤེས་པ་ནི་གང་ལ་ཡང་མ་བྱུང་ངོ་། །དེ་ནས་སྟོན་ཀར་ཕྱིན་པ་དང་། འབྲི་ཁལ་བཞི་བཞག་པའི་འབྲི་གཅིག་དེ་ཤི་ནས་སྣང་བའི་རོ་དེ་ཡོན་བདག་གཅིག་ལ་བྱམས་པ་འབུམ་ལ་བྱིན་ནས་སྣང་བ་ལ། རིན་ཆེན་དཔལ་ཁྱིམ་དུ་ཕྱིན་པ་དང་། འབྲི་ཤི་ཟེར་བའི་ཤ་གར་ཡོད་ཞུས་པས།
ཌཱ་ཀི་མའི་ཞལ་ནས། བྱམས་པ་འབུམ་ལ་བྱིན་ནས་འདུག་གསུངས་པ་ལ། རིན་ཆེན་དཔལ་གྱིས། དོན་ཅི་ལ་བྱིན་ཞུས་པ་ལ། ཡང་ཌཱཀྐི་མས། ཁོའི་ནུ་བོ་ན་ནས་རིམ་གྲོ་རྒྱུ་མ་རྙེད་པའི་རབས་མང་པོ་བཤད་ནས་ཁོས་ཉོ་དགོས་ཟེར་བས། ངས་དེ་ལ་བཙོང་རིན་མེད་གསོན་པོ་ཁྱོད་རང་གི་གྱིས་བཟླས་པ་ལ། ཡང་རིན་ཆེན་དཔལ་གྱིས། སྦྱིན་པ་ལ་ཡང་ཚོད་ཡོད་བེན་ཞུས་པས། ཡང་ཌཱ་ཀི་མས། རང་ལ་གང་ཡོད་པ་དེ་བསམ་བཟང་གིས་བྱིན་ན་ཚོད་ཡིན་གསུངས་པ་ལ། གྲོང་མི་རྣམས་ཀྱིས་ངན་རུལ་མ་དེས་ཤ་ཉ་ར་འཚེར་ནས་བྱིན་པ་ཡིན་ཟེར་བ་མ་གཏོགས་པ་གཟུང་འཛིན་ལས་གྲོལ་བར་གོ་བའི་བློ་ནི་མ་བྱུང་ངོ་། །ཡང་ལོ་གཅིག་མུ་གེ་ཆེན་པོ་བྱུང་ནས་སོས་ཀ་སྤྲང་པོ་མང་པོ་མུ་གེས་ཤི །འུར་ཞོག་ཆེན་པོ་བྱུང་ནས་བྲོས་ཞོག་བྱས་པའི་ལམ་དུ་ཤ་སྤུན་ཁོག་ཆེན་པོ་གཅིག་ཡོད་པ་དེ་སྤྲང་པོ་འགའ་ལ་བཙོས་ནས་བྱིན། ཁུ་བ་བསྐོལ་ནས་བླུད་ཚར་ནས་འདུག་པས།
རིན་ཆེན་དཔལ་གྱིས་ཁྱོས་ད་ཞག་གི་ཤ་སྤུན་ཁོག་ཆེ་ཚོ་དང་ལྡན་པ་དེ་ནོར་གཅིག་པས་དགའ་བ་དེ་བྱིན་ཨང་ཞུས་པས། ཌཱ་ཀི་མས་སྤྲང་པོ་འགའ་རེ་དེ་སྔ་ཡང་ཤི་ནས་སྣང་། ད་ཡང་འཆི་བར་འདུག་པས་སྙིང་རྗེ་ནས་བྱིན་པ་ཡིན། ད་བྱིན་ཚར་རྟིང་སེར་སྣ་མ་བྱེད་གསུངས་པ་དང་། ཁྱོད་ཀྱིས་སྙིང་རྗེ་བྱས་ནས་བྱིན་ན་བཟང་སྟེ་ཞུས་པས། ངས་ནི་སྙིང་རྗེ་བྱས་པ་ཡང་མ་ཡིན་ཏེ། ཕ་རོལ་གྱི་ལས་མཐོང་ནས་སྙིང་རྗེ་ཡང་ཤུགས་ཀྱིས་སྐྱེ་བར་འདུག་གསུངས་པ་ལ། དེ་ནས་རུ་ཕྱི་ཡི་མི་རྣམས་ཀྱིས་འདིས་ཚེ་འདི་ལ་བྱ་བ་དང་མི་མཐུན་ཅིང་ལས་ཅི་བཅོལ་ཅིག་མི་འོང་ཙ། སྙིང་རྗེ་ཆེན་པོ་ཞིག་སྣང་བས་སྤྲང་པོ་ལ་ཤིན་ཏུ་བརྩེ་བར་བྱེད་བདོ་བས་ངོ་མཚར་ཆེ་ཟེར་ཞིང་སྨོན་པ་ཡང་བྱས་སོ། །ཡང་བསོད་ནམས་དཔལ་འདྲེན་བྱ་བ་དེས་བུར་དཀར་རྡོག་པོ་ཐང་ཁུག་གང་། མར་གྲོད་པ་གཅིག །ཁལ་ཤ་རྐང་པ་གཅིག །གྲོ་མ་གདར་གཅིག་ཡོད་པ་རྣམས་སྤྲང་ཕོ་མོ་རྣམས་ལ་བྱིན་ནས་འདུག་པས། ཡང་རིན་ཆེན་དཔལ་གྱིས། འདིས་ནི་ཟས་གང་བཟང་དེ་མི་གང་ངན་ལ་སྦྱིན་ལེ་དེ་སུ་ཡི་ལུགས་ཡིན་ཨང་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས་མི་གང་ངན་དེས་ཟས་བཟང་པོ་ཟ་རྒྱུ་མི་རྙེད་པ་ཡིན་པས། དེ་ལ་བྱིན་ཙ་ཞིམ་དུ་ཤེས་ཤིང་ཟོས་སུ་ཚོར་བ་ཡིན་གསུངས། གཞན་ཡང་དུས་རྒྱུན་དུ་སྤྲང་པོ་ལ་ཞོ་བླུད་ན་ཡང་འོ་མ་བླུག །ཧུབ་བླུད་ན་ཡང་སྡོར་གོལ་དུ་འདེབས། ཤ་རྒྱ་རེ་སྦྱིན་ན་ཡང་གང་ཚོ་སྦྱིན་པ་ནི་རྒྱུན་གྱི་རྣམ་ཐར་སྤྱོད་པ་ཡིན་ནོ། །ཡེ་ཤེས་མཁའ་འགྲོ་མ་བསོད་ནམས་དཔལ་འདྲེན་དེ་ཉིད། གཟུང་འཛིན་རྒྱ་མདུད་གྱི་འཆིང་བ་ལས་ཡོངས་སུ་གྲོལ་བའི་བརྡ་ཐབས་ལེའུ་སྟེ་གཉིས་པའོ།། །།
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་བྱ་བ་དེས་སྦས་པའི་ཚུལ་གྱིས་མི་མངོན་པར་རྩལ་དང་རྫུ་འཕྲུལ་བསྟན་པའི་ལོ་རྒྱུས་ནི། ཆུ་མ་ལ་བྱ་བ་རུ། རུ་བ་དུད་ཁ་བརྒྱ་ཡན་ཙམ་ཞིག་བསྐྱལ་ནས་སོང་བའི་དུས། སྐྱེས་པ་སྔོན་མ་རྣམས་ལ་ཀར་གོང་གིས་བྱ་ཡོར་ལ་མ་ཐོན་ནས། གངས་ཟུར་འགྲིམ་ནས་ཉིན་གཅིག་གིས་ལམ་བསྐོར་ནས་སོང་བར་འདུག །བསོད་ནམས་དཔལ་འདྲེན་གྱིས། རྒོད་སྨད་ཐོར་བུ་དབལ་ངན་ཞིག་ཡོད་པ་དེ་སྔོན་ལ་ཁྲིད་ནས་སོང་། སྐྱེས་པ་སྔོན་མ་རྣམས་ཀྱིས་རི་བསྐོར་ནས་སོང་བར་སྣང་། ཐོར་བུ་དེ་མི་ཐོན་བསམ་ནས་གངས་ཀྱི་བྱ་ཡོར་ཕུག་སྟེ། ཁང་སྒོ་ལྟར་བྱས་ནས་རྒོད་སྨད་ཕར་རྒྱབ་ཏུ་བསྐྱལ་ནས་འདུག་པ་དང་། རུ་བ་བྱིན་པོ་དེ་ཡི་རྗེས་སུ་འགྲིམ་ནས་འོང་བ་ལ། མི་བྱིན་པོ་རྣམས་ཀྱིས་ཁྱོས་ཇི་ལྟར་བྱས་པ་ཡིན་ཟེར་བའི་ཚེ། ཡང་ཌཱ་ཀི་མས་གཞན་རྣམས་ཀྱི་རྗེས་སུ་རྒོད་སྨད་མི་ཐོན་པར་སྣང་བས། རྡོས་སྔུན་རྒྱབ་སྲབ་ས་གཉིས་དེ་བཅག་ནས། གངས་ཀུན་སབ་སོབ་འདུག་པ་ལགས་པས་ཕྱགས་ཁུང་བུ་གཅིག་ཕུག་སྟེ་ཐོར་བུ་དེ་པང་ནས་ཕར་རྒྱབ་ཏུ་བསྐྱལ། དེའི་རྗེས་སུ་རྒོད་མ་ཡང་ཁྲིད་ནས་བསྐྱལ་བ་ཡིན་གསུངས་པའི་ཚེ། མི་རྣམས་ཀྱིས་བུད་མེད་དེས་ཟོས་ཟོས་འཇངས་འཇངས་ནས་ཤེད་མང་ལ་དེ་འདྲ་ཡོད་ཟིན་ཟེར། སྐྱེས་པ་སྔོན་མ་རྣམས་ཀྱིས་ངེད་རྣམས་ཀྱིས་ནི་དེ་འདྲ་དྲན་ཡང་མ་དྲན། དེས་དེ་འདྲ་དྲན་ཟིན་པ་ཀུན་ཨ་ཏོ་བ་ཡིན། ཅི་ཡང་མི་ཤེས་པ་ཞིག་འདུག་བསམ། ཤེས་རིག་ཅན་ཞིག་རེད་ཟེར་བ་མ་གཏོགས་པ་ཡོན་ཏན་དུ་གོ་བ་མ་བྱུང་ངོ་། །
ཡང་ལུང་རིང་ཆུ་རྒྱུད་བྱ་བ་ཞིག་ཏུ། མུན་ཚབ་ཚུབ་ཀྱི་དུས་སུ། ཇག་པ་བྱུང་ནས་རྟ་རྣམས་དེད་ནས་ཐལ་བའི་རྗེས་སུ། ཌཱ་ཀི་མ་ཐལ་བས་རྟ་ཀུན་གཤོགས་ནས་བརྒྱུགས་པའི་ལམ་དུ། ངེད་རང་གི་རྟ་བཟང་བ་གཉིས་བཟུང་ནས། ལག་པ་གཡས་གཡོན་བྱས་ནས་ཁྲིད་ནས་བྱུང་སྟེ། སྒ་བསྟད་ནས་བཏང་བས། ད་རྗེས་སུ་སོང་དང་རྟ་གཞན་རྣམས་ལོན་པ་ཡིན་གསུངས། མི་རྣམས་རྗེས་སུ་བརྒྱུགས་པས་སྨག་ཆར་འདྲེས་པའི་ནང་ནས་རྟ་རྣམས་ལོན་ནས་ལག་མནངས་དང་བཅས་པ་ཐོབ་ནས་བྱུང་། མི་རྣམས་ཀྱིས་བུད་མེད་འདི་ཁྱིམ་བར་དུ། འབུ་ས་འཇང་བ་འགྲོ་འགྲོ་ཉེ་རེ་རེ་བྱེད་ནས། མི་ས་སྟོང་ན་སྙིང་ན་འཇུག་པ་ཞིག་ཡིན་ཙ། ཅི་ཙུག་སོང་ནས་རྟ་དེ་གཉིས་ཟིན་ནས་ཁྲིད་ཐུབ་ལེ་དེ་ཅི་ཡིན་ཨང་ཟེར་བ་ལ། ཌཱ་ཀི་མས་རྟ་ཀུན་དེད་ནས་ཐལ་བས། ཅི་བྱེད་མ་ཚོར་ནས་བརྒྱུགས་པས་སྐྲག་དྲག་ནས་ཅི་ཙུག་ཅི་ཆ་མེད་པར་རྟའི་ནང་དུ་སླེབས་ནས་འདུག་པས། རྟ་གཉིས་སྔ་ཕྱིར་བྱུང་བ་བཟུང་ནས་ཁྲིད་ཙ་ང་ཡིས་རྗེས་སུ་བྱུང་གསུངས་པ་ལ། མི་རྣམས་ཀྱིས་དོ་ནུབ་དེ་རྫུ་འཕྲུལ་འདྲ་ཞིག་བྱས་མིན་པ། རྟ་དེ་འདྲ་གཉིས་ཁྲིད་པ་དང་ཟིན་པའི་ཐབས་མེད་ཟེར་བ་ཀུན་གྱིས་བྱས་ཀྱང་ཡོན་ཏན་དུ་གོ་བ་ནི་མ་བྱུང་ངོ་། །
ཡང་ཁྲད་མདའ་བྱ་བ་རུ། མེ་ཉག་གི་ཇག་པ་འགྲིམ་ནས་བྱུང་བ་ལ། རང་པོའི་མི་གཉིས་ཀྱིས་མེ་ཉག་ཅིག་ལ་ཁྱི་གཅིག་བཙོང་བ། མེ་ཉག་གིས་མི་དྲུག་བསྡད་ནས་ཚོང་གཏམ་པ་མ་འདུམ་སྟེ། འཐབ་མོ་བྱུང་བས་རང་པོ་མི་གཅིག་གི་མེ་ཉག་གཅིག་ལ་གྲི་བརྒྱབ་པས་འཁྲུག་པ་བྱུང་སྟེ། མི་དྲུག་པོས་གཉིས་པོ་དེད་པའི་ཚེ། བསོད་ནམས་དཔལ་འདྲེན་སོང་ནས། མི་བཞི་པོ་ལག་པ་གཡས་གཡོན་གཉིས་ཀྱིས་མི་གཉིས་རེ་བཟུང་ནས་རྨས་འགྲིམ་མ་བྱུང་། དེ་ནས་ཁ་མཐུན་བྱས་པའི་དུས་སུ། མི་བཞི་པོ་དེས་ངེད་བཞི་སྨ་ཕབ་པ་ལ། བུད་མེད་དྲེད་མ་དེ་མིན་པ་མ་དགོས། བྲག་ལ་བཏགས་པ་བཞིན་རེད་ནས་འགུལ་ཉམས་ཀྱང་མ་བྱུང་། རྗེས་སུ་མདའ་འཕང་ཡང་མ་ཕོག་ཟེར་ཞིང་ཞུམ་པ་ཆེན་པོ་བྱས་ཏེ། ངེད་རང་ཕྱོགས་ཀྱི་མི་རྣམས་ཀྱིས་ཤེད་མང་དེ་འདྲ་ཡོད་པ་དེ་ནམ་ཟླ་ལ་བཟང་ངན་མེད་པར། ཟ་རྒྱུ་གཞན་དང་མི་འདྲ་བ་ཞིག་མོ་ལ་ཡོད་པ་ཡིན་ཟེར་བ་མ་གཏོགས་པ་ཆོས་སུ་གོ་བ་མ་བྱུང་ངོ་། །
ཡང་བསོད་ནམས་དཔལ་འདྲེན་གྱིས། ཕ་ཡོན་བདག་སྔོ་ལི་ན་ནས་སྣང་བའི་སར། རིན་ཆེན་དཔལ་སོང་སྟེ། ཡོན་བདག་ཤི་ནས་ཚུར་ཕྱིན་པའི་ཚེ། ཌཱ་ཀི་མས་ཨ་ཕ་ཅི་འདྲ་བདོ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས་ད་རུང་ནི་མ་ཤི་ཐུ་མོར་སྣང་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས་ཤི་ཡང་དེ་ག་ཡིན། འདིར་ཡོངས་སུ་སོས་པ་ཡང་མེད། ཤི་ཡང་སྡུག་པ་མི་དགའ་བའི་ལས་མི་འོང་ལས་ཆེ་གསུངས་ནས། མི་སྡུག་པ་འདྲ་བས་ཕྱིར་ཉིན་ཁྱོད་ཀྱི་ཕ་ཡང་ཁ་རྩང་ཤི་ཞུས་པས། ཅི་ཡང་མི་ཟེར་བར་ཁ་རོག་བསྡད་ནས་སྣང་། དེ་ནས་ལག་མཐུད་ཀྱིས་རྒྱུ་རྣམས་ཁྱེར་ནས་མོ་རང་ཡང་སོང་བའི་ཚེ། ཉེ་རིང་ཐམས་ཅད་བརྒྱུགས་ནས་བྱུང་སྟེ་ཡོན་བདག་གར་ཡོད་ཟེར་ནས་ཀུན་ངུས་པའི་ཚེ། ཌཱ་ཀི་མས་ཁྱེད་རྣམས་མ་ངུ་། ངུས་པས་ཅི་ལ་མི་ཕན་ཟེར་ནས། མཆི་མ་མ་བཏོན་ནས་ཁོང་འཛུམ་མུལ་ལེ་སྣང་བ་ལ། མི་ཀུན་གྱིས་བུ་སྲིང་སྙིང་རིང་ཅི་ཉན། དེ་རིང་ནི་མོ་མི་དགོས་ཤ་པ་ཞིག་ཡིན་ཡང་མཆི་མ་འོང་ངེས། མོ་མི་སྡུག་ཀྱང་ངུ་ལོ་ཞིག་མ་བྱས། མོ་ཡི་ཕ་ཤི་བ་མི་འདྲ་མོ་རང་སྐྱིད་པ་དང་། ཕ་ཀུན་དྲན་ཡང་དགོས་པ་ཡང་མ་རེད་ཟེར་ནས་ཀུན་གྱིས་འཕྱ་ལད་མང་དུ་བྱེད་པ་ཡང་བྱུང་ངོ་། །
ཡང་བསོད་ནམས་དཔལ་འདྲེན་གྱིས། བཟའ་མི་རིན་ཆེན་དཔལ་ཡིན་པ་དང་ལུས་སེམས་མཐུན་པར་འདྲེས་ཤིང་འགྲོགས་པའི་ཚེ། ཕ་མ་ཡོན་བདག་ཕལ་ཆེར་གྱིས་ཁྱོད་རང་ཆུན་མ་ཞིག་ལོང་། མ་བླང་ན་མི་ཚེ་མི་ཕུལ་བར་སྣང་བས། ལེན་དགོས་བདོ་ཟེར་ཞིང་ལན་མང་དུ་གྲོས་བཏབ་པ་ལ། བློ་ཅུང་ཟད་ཙམ་ཡང་མ་འགྱུར་ཏེ། མ་བླངས་བའི་དུས་སུ་ཉེ་རིང་ཡོན་བདག་ཕལ་ཆེར་གྱིས། ཁྱོད་ངན་རུལ་མ་འདི་བློས་མི་ཐོང་བར་འདུག་སྟེ། ཁྱོད་འདི་འདྲ་དང་འགྲོགས་དང་ལས་དཀའ་མོ་ཞིག་འོང་བ་ཡིན་ཟེར་ནས། འཕྱ་ལད་མང་དུ་བྱེད་པ་ཡང་བྱུང་ངོ། །ཡང་ས་ཕོ་ཁྱིའི་ལོ་ཟླ་བ་བཞི་པའི་ནང་དུ། མིང་པོས་རུ་བ་ཀུན་དབུས་གཙང་ནས་རྒྱལ་ཤོད་དུ་འགྲོ་བཟླས་པའི་ཚེ། ཨ་འཛོང་མིང་སྲིང་ཀུན་གྱིས་བསོད་ནམས་དཔལ་འདྲེན་ལ། མི་རུ་བ་ནི་རྒྱལ་ཤོད་ན་འགྲོ་ཟེར་བདོ་ཙ། ཁྱོད་རང་ཕྱི་རྗེས་སུ་བྲོས་ལ་ཤོག་ཞུས་པའི་ཚེ། ཌཱ་ཀི་མས། མི་གཞན་གྱི་བུ་སྲིང་ཕ་མིང་གིས་བྱིན་པ་ཡིན། ངས་ནི་གནས་ང་རང་གིས་བཙལ་བ་ཡིན་པས་ཕྱི་རྗེས་སུ་མི་འོང་། དགོས་པའི་ཁྱེད་རྣམས་ཀྱིས་ཡང་རྫོང་བ་ཅི་ཡོད་རེ་གྱིས། ངས་ཀྱང་ཡོན་བདག་གཉིས་ཀྱི་ཅན་ནས་འབྲི་གཡག་གཉིས་ཡོད་པ་ཕྱི་བཞག་བྱེད། ངེད་རང་མིང་སྲིང་ཡང་དེ་རིང་ནས་ཤི་དཔེ་གཞན་ན་གསོན་དབྱེ་བྱེད་དགོས་པ་ཡིན་གསུངས་པ་ལ། མིང་པོ་ངས་ཀྱང་མཛོ་མོ་གཅིག་ཡོད་པ་རྫོང་བ་བྱེད་ཟེར་ནས་མིང་པོ་ངུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། ཨ་ཕོ་མ་ངུ་། ངུ་བ་བྱ་བ་རང་སྡུག་ཡིན། །འཛིན་པ་བྱ་བ་རང་ཕུང་ཡིན། །གཉེན་འབྲེལ་བྱ་བ་ལན་ཆགས་ཡིན། །བཏང་སྙོམས་བྱ་བ་བདེ་བ་ཡིན། །ཞེས་གསུངས་པ་ལ། མིང་པོས་མི་ཀུན་ལ་ཨ་ཙ་མ་གེ་གོད་ཀྱི་སྙིང་ལ། ངེད་མིང་སྲིང་ཤི་གསོན་དབྱེ་འདྲ་བ་བྱེད་པ་ལ། མོས་མཆི་མ་གཅིག་མ་བཏོན་ཟེར་ནས་ཡི་ཆད་བྱས་པས། བུད་མེད་རྣམས་ཀྱིས་ཕ་ཤི་བའི་དུས་སུ་ངེད་རྣམས་ངུས་པས། དེ་ངུ་མི་དགོས་བགད་བདོ་བ་ལ་ད་རེས་མི་ངུ་བ་ཨེ་མི་ཤེས་ཟེར་ཞིང་། གང་གིས་ཀྱང་འཕྱ་ལད་བྱས། མི་རྒན་གཅིག་གིས་གཏམ་དཔེ་དེ་འདྲ་གང་ནས་ཤེས་པ་ཡིན་ཨང་ཟེར་བ་ལ། ཡང་ཌཱ་ཀི་མས་ཡིན་ལུགས་གཞིག་པ་བཏང་བ་ལ། གཏམ་དཔེ་བྱ་བ་ལོག་ནས་ག་ལ་ཡོད་ཅེས་གསུངས་པར་སྣང་།
དེ་ནས་རྒྱལ་ཤོད་དུ་འགྲོ་བ་ལ། ཚུགས་གཅིག་བཀྱག་པའི་ནུབ་མོ་ལམ་དུ་སྒུག་མི་སྣང་ཟེར་ནས་ས་ཕུང་དང་འགག་སྒུག་ལ་མི་རྣམས་སོང་བའི་ཤུལ་དུ། བུད་མེད་གསར་པ་འགའ་ཡར་དང་གནས་མལ་མ་བདེ་བ་རྣམས་ཀྱིས་གྲོས་བྱས་ནས། བསོད་ནམས་དཔལ་འདྲེན་ལ་ཁྱོད་རང་ཡང་ཕྱི་རྗེས་སུ་འགྲོ་བས་དགའ་བ་ཡིན། ཁྱོད་མིས་ངན་ཟློ་ནས་སྐྱུར་བ་ཡིན་པས་དོ་ནུབ་ཐར་ན་ཐར། མ་ཐར་ན་མ་ཐར་ངེས་པ་ཡིན་ཞུས་པས། ཌཱ་ཀི་མས་ཨ་རོགས་རྣམས་ང་ནི་འདི་རུ་ཕྱིན་མ་ཕྱིན་བྱས་ནས་ཚུར་འོང་བ་ཡིན། གནས་མལ་བདེ་ས་ཞིག་བཙལ་བས་འགྲོ་ས་གཅིག་ལས་ཡོད་པ་མིན། ངན་པས་མི་འདོད་ནས་སྐྱུར་ན་གར་སོང་ཀུན་གྱིས་བསྐྱུར། དག་པ་དབུས་གཙང་གི་མར་སྣེ་ནས། །མ་དག་ཁམས་ཀྱི་ཡར་སྣེར་འགྲོ། །ལས་ཅན་ཀུན་གྱི་བྱ་བ་དེ། །ལས་ངན་ཀུན་གྱི་མགོན་གྱུར་ཡིན། །ཞེས་གསུངས་ནས་མ་སོང་བར་སྣང། གཞན་རྣམས་སོང་བར་འདུག །དེ་ནས་ཕྱིས་སུ་བསོད་ནམས་དཔལ་འདྲེན་གྱིས།
ཁོང་རྣམས་ཀྱིས་ང་ལ་འགྲོ་དགོས་ཟེར་ཏེ་མ་སོང་བ་ཡིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་རང་ཡང་མི་འགྲོ་ནས་འགྲོ་བའི་དགའ་བ་ཡིན་ཙ་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། སེངྒེ་ཁྱི་ཕྱིར་འབྲང་བ་མེད། །འབྲང་ཡང་གཡུ་རལ་རྒྱས་པ་མེད། །རྒྱ་སྟག་ཝ་ཕྱིར་འབྲང་བ་མེད། འབྲང་ཡང་འཛུམ་དྲུག་རྒྱས་པ་མེད། །དུང་ཁྱུང་དོང་དུ་ལྷུང་བ་མེད། །ལྷུང་ཡང་གཤོག་དྲུག་རྒྱས་པ་མེད། །སངས་རྒྱས་སེམས་ཅན་དུ་འཁྲུལ་བ་མེད། །འཁྲུལ་ན་མཁྱེན་དྲུག་རྫོགས་པ་མེད། །དོན་ལྡན་གཡེང་བས་འཁྱེར་བ་མེད། །ཁྱེར་བས་བདག་དོན་འགྲུབ་པ་མེད། །བྱམས་སེམས་ཁོང་ཁྲོས་བཅོམ་པ་མེད། །བཅོམ་ན་གཞན་དོན་འགྲུབ་པ་མེད། །ཀུན་མཁྱེན་གཏི་མུག་གིས་འཐིབ་པ་མེད། འཐིབ་ན་ཐར་པ་ཐོབ་པ་མེད། །གེ་གོད་ཁྱེད་དང་འབྲལ་བ་མེད། །བྲལ་ན་ཡོན་ཏན་རྒྱས་པ་མེད། །གར་ཡང་མི་འགྲོ་འགྲོ་བ་མིན། །སོང་བས་མཉམ་ཉིད་གྲོལ་བ་མེད། །བསྐྱུར་ཡང་མི་འདུག་འགྲོ་བ་ཡིན། །ངན་ཡང་མི་འབྲལ་འགྲོགས་པ་ཡིན། །ཞེས་གསུངས། ཡང་འཁོར་གྱི་ནང་བྱ་བ་རུ། རུ་བ་བསྡད་ནས་ཡོད་ཙ། རི་ཁར་མཛོ་མོ་དྲུས་མ་ན་སྟོད་ཅིག་ཡོད་པ། གད་འགྲེས་བྱས་ནས་སོག་བསྟན་ནས་ཤི་བ་དེ། ནོར་རྫིས་ནོར་ལྷས་སུ་བསྐོར་དུས་མེད་པ་མཐོང་ནས་ཁྱིམ་དུ་ཕྱིན་པ་དང་དེ་ལྟར་ཅན་དུ་བཤད་པས། ཌཱ་ཀི་མས་ཁལ་ཡུ་ཆེན་པོ་གཅིག་ཡོད་པ་དེ་བུ་མོ་ལ་ཁྲིད་བཅོལ། མོ་རང་གིས་གྲི་ཞིག་གཡར་ནས་སོང་སྟེ། མུན་རུབ་ནས་བཤའ་ལོང་མ་བྱུང་ནས། མཛོ་མོའི་རོ་ཁལ་ལ་བཀལ་ནས་བྱུང་བ་དེ་ཕྱིར་ནངས་བཤས་པས། མི་རྣམས་ཀྱིས་ཁྱོས་མཛོ་མོའི་རོ་བཤས་ཀྱང་མ་བཤས་ནས། གསོན་པོར་བཀལ་ནས་འོང་ལེ་དེ་ཅི་ཡིན་ཨང་ཞུས་པས།
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱིས། ངས་བཤའ་བསམ་སྟེ་མུན་རུབ་ནས་བཤའ་ལོང་མ་བྱུང་ནས། ཁལ་དེ་དམའ་ས་རུ་བུ་མོ་ལ་བཟུང་བཅོལ་ནས། ང་མཐོ་ངོས་ནས་ཁལ་གྱི་ཐོག་ན་བསྣུད་དེ་བཀལ་བ་ཡིན་གསུངས་པ་ལ། དེ་ཙ་གཞན་མི་དགོས་ཡོ་ནས་མི་ཉན་ཐང་ཙ་ཞུས་པས། ཡོ་ལོས་ཡོ་སྟེ་མུས་ལ་སུག་གེ་ནས་བཟུང་ནས་བཅོས་ཤིང་འོང་བ་ཡིན་གསུངས། མི་ཀུན་གྱིས་ཟོས་པ་འཕྲོ་བརླག་ལ་མ་ཤོར་བ་ཞིག་སྣང་ཟེར་ཞིང་། འཕྱ་ལད་བྱེད་པ་མ་གཏོགས་པ་ཆོས་སུ་འདུ་ཤེས་པ་མ་བྱུང་ངོ་། །
ཡང་རུ་བ་བསྐྱེལ་ནས་སོང་བའི་ལམ་དུ། ཆུ་ཆེན་པོ་ཞིག་ལ་དར་ཆགས་པའི་སྟེང་ན། ཁལ་གཅིག་ལ་སྣོད་སྒྲོ་དོས་བཞི་གོང་ཙ་ཞིག་དང་ལྔ་བཀལ་ནས་ཡོད་པ་དེ། སོང་བས་གཤར་བརྡིབས་ནས་ཆུ་ནང་དུ་ལྷུང་ནས་ཐལ་བ་ལ། བསོད་ནམས་དཔལ་འདྲེན་གྱིས། ཁལ་གྱི་རྔ་མ་ལ་བཟུང་སྟེ་ཁལ་རྒྱབ་ཆ་དང་བཅས་པ་དུས་གཅིག་ཏུ་སྐམ་སར་བཏོན་པའི་ཚེ། བསོད་ནམས་སྐྱབས་བྱ་བ་ཞིག་གིས་དེ་རིང་དེ་ཁྱོས་རྒོད་མོ་བྱས། མི་རུ་བས་ནི་ཁྱོས་ཟོས་ཟོས་འཇངས་འཇངས་ནས་ཟེར་ལེ་དེ་བདེན་པ་ཨེ་མིན། ཁལ་གྱིས་འཐེན་ལུགས་དེ་ལ་བལྟས་ཙ། དེ་རིང་བན་བོན་ཞིག་ཡིན་ན་རྩལ་དང་རྫུ་འཕྲུལ་བྱས་པ་ཡིན་ཟེར་ངེས་ཡིན་ཞུས་པའི་ཚེ། ཌཱ་ཀི་མས་ཁྱེད་གཞན་རྣམས་ནི་བརྒྱུགས་ནས་མ་བྱུང་། ཁལ་ནི་ཤི་ནས་ཐལ་བསམ་ནས་རྔ་མ་ལ་བསྙབས་པས་ཟིན། ཡར་འཐེན་ཙ་ཆུ་རླབས་ཞིག་དང་ཐུག་པ་རེད་ནས། ཡང་རྩུད་ཀྱིས་བྱུང་གསུངས། ཡང་ས་ཆ་ཡག་བྱ་བ་རུ། བུད་མེད་ཀུན་གྲོ་མ་རྐོ་ཐལ་བ་ལ། རྐོ་མིའི་ཁྱད་ཀྱིས་བྲེ་དོ་གསུམ་ཙམ་རེ་ལོན་ནས་བྱུང་། བསོད་ནམས་དཔལ་འདྲེན་གྱིས། གྲོ་མ་ཤ་སྒྲོ་ཆུང་ངུ་རེ་ལོན་ནས་བྱུང་བའི་དུས་སུ། བུད་མེད་ཨ་སྒྲོན་བྱ་བས་ཁྱོད་ཀྱི་གྲོ་མ་འདི་མི་དུའི་ཡིན་ཞུས་པས། ཌཱ་ཀི་མས། ང་རང་གི་ཡིན་ཁོང་རྣམས་ཕུ་གྲོ་མ་ཡོད་སར་ཐལ། ང་ནི་ཡ་ཏ་གསབ་གསེབ་རྣམས་སུ་བསྡད་པ་ཡིན་གསུངས།
དེ་ནས་ཨ་སྒྲོན་ཁྱིམ་དུ་ཕྱིན་པ་དང་མོ་རང་གིས་མི་ཨ་ལུགས་ལ་ལོ་རྒྱུས་རྣམས་བཤད་པར་འདུག་ཀྱང་བདེན་དུ་མ་བཟུང་ནས། དེ་རྟིང་རིན་ཆེན་དཔལ་ཨ་ལུགས་ཚང་དུ་ཕྱིན་པའི་ཚེ། ཨ་སྒྲོན་གྱིས་དཔོན་ཨ་ལུགས་ལ་ངས་ཨ་མྱེ་ཚང་གི་ཡོན་བདག་མ་དེས། ཉིན་རེ་གྲོ་མ་སྒྲོ་བ་རེ་ལོན་བདོ་བྱས་ཀྱང་། ཁྱོས་རྫུན་མ་བདོ་ཟེར་བ་དེ་རིང་ཨ་མྱེ་ལ་ཞུས་དང་ཟེར་བས། རིན་ཆེན་དཔལ་གྱིས་དེ་བདེན་བཟླས་པས། ཨ་ལུགས་ཀྱིས་དེ་བདེན་ན་མཁའ་འགྲོ་མའི་རིགས་ཤིག་ཡིན་ངེས་པར་འདུག །ངས་སྔར་རྟ་ཤོད་ན་དེ་འདྲའི་རིགས་མང་པོའི་གཏམ་རྒྱུད་ཀྱང་ཚོར་ཟེར་ཡང་། བདག་གཞན་གང་གིས་ཀྱང་ཞེ་ལ་འཇོག་པ་མ་བྱུང་ངོ་། །ཡང་བཙག་གཡག་བྱ་ཁྱུང་བྱ་བ་རུ། རུ་བ་བསྐྱེལ་ནས་སོང་བའི་ལམ་དུ་ཁལ་སྔུན་མ་རྣམས་སྔོན་དུ་སོང་། རྒྱབ་མ་རྒྱབ་ལོག་ལེ་མ་ཐུབ་པས་མཁའ་འགྲོ་མས་ནས་དོས་གཉིས་དུས་གཅིག་ལུང་སྦྲེལ་ནས་ཁལ་ཐོག་ཏུ་འཕང་སྟེ་ཐལ་ཟེར་བ་འགའ་ཡར་གྱིས་ཚོར་བས། མོ་རང་ལ་དེ་ལྟར་བཤད་ནས་ཨེ་བདེན་ཞུས་པས།
ཡང་ཌཱ་ཀི་མས། ཁལ་མང་ནི་སྔོན་དུ་སོང་། ཁལ་གཅིག་ལོག་ནས་མ་ཐུབ། སུ་འགྱོགས་མཁན་ནི་མེད། སྡུག་ཐུག་པས་ནས་དོས་གཉིས་དུས་གཅིག་ལ་པང་ནས་ཁལ་ཐོག་ཏུ་འཕངས་ནས་བཞག་པ་ཡིན་གསུངས་པ་ལ། མི་དེས་ཁྱོད་ནི་གཉོམ་ཆུང་འདྲ་ཞིག་འདུག་ཙ་ཤེད་མང་དེ་འདྲ་ཡོད་ཟིན། མི་འདི་ལ་ལ་ཐང་ཡོད་པ་མ་རེད་མཚར་བ་ལ་ཟེར་བ་མ་གཏོགས་པ། ཡོན་ཏན་དང་རྩལ་དུ་འདུ་ཤེས་པ་ནི་མ་བྱུང་ངོ་། །ཡང་ལྡོག་ཕུ་བྱ་བ་རུ་ནོར་འགའ་རི་ལ་ལུས་པ། ཕྱིར་ནངས་ཨེ་རྦབ་བྱས་ནས་བཙལ་བའི་དུས་སུ་རི་གཟར་ལ་མཐོ་བ་ཞིག་ཡོད་པ་ལ་ཁ་བ་བབ་ནས་ཁལ་གཅིག་རྦབ་ནས་བྱུང་བ་དེ་མཁའ་འགྲོ་མས་བཟུང་ནས་བསྡད་པ་ནི། དེ་ནས་ཐག་གྲ་བྱས་ནས་འོང་བས་ཐོན། དེ་རིང་ཁྱོས་རི་གཟར་དེའི་ངོས་ལ་ཁལ་དེ་ཐུབ་ཟིན་ཅི་ཙུག་བྱས་པ་ཡིན་ཞུས་པས། ཌཱ་ཀི་མས་རྡོ་རྐན་དུམ་པ་ཞིག་སྣང་བ་ལ་རྡོག་པ་དྲེད་ས་རྙེད་པ་ཡིན་གསུངས།
དེ་ནས་ཕྱིས་དབྱར་ཁ་ཡར་བུ་ཞིག་གིས་མ་ནུས་པས། མཁའ་འགྲོ་མས་ཨ་རོགས་གཅུང་མོ་ཁྱོད་འདིར་ཤོག་ལ། ཡར་བུ་འདི་ཡར་ཟུང་དང་ངས་མ་ཐུབ་གསུངས་པ་ལ། བུ་མོ་དེས་རི་གཟར་དེའི་ངོས་ལ་ཁལ་རྦབ་རྡོ་ཀུན་བཟུང་ཐུབ་ལེ་ཡིན་ཨང་ཞུས་པས། ཡང་ཌཱཀྐི་མས་ཁལ་དེ་འཆི་བའི་དུས་ལ་མ་ཕྱིན་པ་ཡིན་གསུངས་པ་མ་གཏོགས་པ་རྩལ་དུ་འདུ་ཤེས་པ་མ་བྱུང་ངོ་། །ཡང་ཡེ་ཤེས་མཁའ་འགྲོ་མ་དེ་ཉིད་ཀྱིས་ཁྱིམ་དུ་ཉི་མ་ཤར་ཙམ་ཧུབ་ཅིག་ཉག་ཉོག་རྣམས་ལ་བླུད་ཅིང་ཡོད་པ་ལ། ཌཱ་ཀི་མས་ཕས་ནི་མ་ལྷ་སྐྱབས་བྱེད་ཅིང་སྣང་། ང་ཡང་འགྲོ་དགོས་གསུངས་པ་དང་། སྡོང་ཕག་ཅིག་ཏུ་ཐལ་ནས་དེ་མ་ཁད་ཤིང་དུམ་པ་གཅིག་བཏུས་ནས་བྱུང་། བུ་མོས་ཅི་ཡིན་བསམ་ནས་དྲིས་པས། ཌཱ་ཀི་མས་ངས་ནི་མཁའ་ལ་རྩེད་མོ་བྱེད་པ་ཡིན་གསུངས། དེ་དང་མཐུན་པར་རིན་ཆེན་དཔལ་གྱིས། ཡོན་བདག་ཚང་ཞིག་ཏུ་སྲིའུ་ཞིག་འཆི་ལ་ཁད་ཡོད་པ། དེའི་རྫ་འཛབ་དང་མ་ལྷ་སྐྱབས་བྱེད་ཅིང་ཡོད་ཙ། གཉིད་དུབ་དུབ་པའི་སྣང་བ་ལ། བསོད་ནམས་དཔལ་འདྲེན་བྱུང་ནས། བུད་མེད་ནག་མོ་ཅོ་སེར་མ་ཞིག་རྫ་འཛབ་ཀྱི་མེ་ནང་དུ་བསྲེག་པའི་སྣང་བ་བྱུང་། དེ་ནས་ཕྲུ་གུ་དེ་ཡང་ཕན་ཡར་ངེད་རང་ཚང་དུ་ཕྱིན་པ་དང་། ཕྲུ་གུ་རྣམས་ཀྱིས་གོང་ལྟར་ཟེར་བས།
རིན་ཆེན་དཔལ་གྱིས། བརྡ་རྟགས་དེ་གཉིས་མཐུན་ལུགས་ཀྱིས། འཕྲག་ལྷ་ཅན་ཞིག་ཡིན་ནས་གཞན་ཡང་སྐྱོབས་ནུས་པ་ཞིག་རེད་བསམ་པ་བྱུང་གསུངས། ཡང་ཡེ་ཤེས་མཁའ་འགྲོ་མ་དེ་ཉིད། དབྱར་ཁ་ཞིག་སེ་ར་གཅིག་ལེན་དོན་གཉེར་ཞིག་ལ་སོང་བ་ལ། ཟམ་ལ་བྲུལ་བ་ཨེ་ཡིན་བསམ་ནས། བན་དེ་གསུམ་བྱུང་བ་ལ་དྲིས་པས། གཅིག་གིས་ཆེ་བ་དེ་སྔོ་ནག་མཛོ་མ་ཆེན་མོ་ཞིག་སྣང་ཟེར། གཅིག་གི་མི་སྣང་བུད་མེད་ལུས་བཤན་ལ་ཤ་དཀར་བའི་ག་ཡག་མ་ཞིག་སྣང་ཟེར། གཅིག་གིས་ངས་ལྟ་ཡག་བྱས་བུད་མེད་ཆེ་བ་དེ་ཡིན་ན་ནི། ལུས་མི་རིང་མི་ཐུང་བའི་དམར་ལེབ་མ་ཞིག་ལ། བག་དྲོ་འུབ་བའི་ཤ་ཆེན་མ་ཞིག་འདུག །གོས་ཅི་ཡང་མ་གྱོན་པའི་ཤ་གོན་ཚོས་ངན་རྙིང་པ་གཅིག་ལ། སྐུ་དུ་ཞིག་གིས་སྐེ་རགས་བྱས་པ་ཞིག་སྣང་། ཆུང་བ་དེ་སྔོ་གུམ་གུམ་ཞིག་འདུག་ཟེར་བ་ལ། གཉིས་པོས་གོས་དང་སྐེ་རགས་བྱས་པ་དེ་འདྲ་ཞིག་འདུག །ཆུང་བ་དེ་ཡང་དེ་འདྲ་ཞིག་སྣང་ཟེར་ཏེ། ཆེ་བ་དེ་སོ་སོར་ཇི་ལྟར་ཟེར་བ་བཞིན་དུ་སོ་སོར་ངེས་ཤེས་ཅན་དུ་བཟུང་བར་སྣང་ངོ་། །
ཡང་འདན་མ་ཡུལ་ནས་འོང་བའི་བྱ་བྲལ་བ་བཅུ་བཞི་བྱུང་བའི་དཔོན་སློབ་རྣམས་ལ། ཌཱ་ཀི་མ་དང་བུད་མེད་རྣམས་དྲོ་འདྲེན་པ་ལ་སོང་བས། ཁོང་རྣམས་ཕར་སོང་རྟིང་བླ་མ་དེས། ད་ལྟ་བུད་མེད་དྷོ་དྷོ་དགབ་རྐྱང་ལ་བསྡད་ལེ་དེས། ཆོས་ཞུ་མྱོང་ལེ་ཨེའུ་ཡིན་གསུངས་པ་ལ་མིན་ཞུས་པས། བླ་མ་དེས་བུད་མེད་དེ་བཙུན་མ་ཞིག་བྱས་ན། ཆོས་ཚུལ་མ་གཅིག་གནས་ལེ་འོང་བར་སྣང་སྟེ་ཨང་གསུངས། ཡང་གཅིག་གིས་རྒྱ་ཉག་པ་བཞིན་དེ་ལ་ཆོས་པ་འགའ་མི་འོང་ཟེར། གཅིག་གིས་དེ་ཡང་རུལ་མ་ཞིག་འདུག་སྔུན་ཡང་བསུམ་མི་ཤེས་བདོ་བ་ལ། ཆོས་དེ་འདྲས་མི་འོང་ཟེར། གཅིག་གིས་ཆོས་འོང་ན་ལྟ་མཆོག་གྱུར་དེ་འདྲ་ལ་འོང་བ་ཡིན་ཟེར། གཅིག་གིས་དེ་འདྲ་ལ་རང་ཕན་ནི་མེད། གཞན་ལ་དགའ་ལེ་ནི་ཡོད་བེན་ཟེར། གཅིག་གིས་བཟའ་རྒྱུ་ཡོད་ལེ་ཞིག་ནི་རེད། དེ་ཙམ་ཟ་བའི་ཐང་ལ་གོས་རེ་བྱས་ན་དགའ་བ་ཡིན་ཙ། དམར་ཚོན་མ་ཆེན་མོ་གཅིག་ནི་ཐོན་ཟིན་ཟེར་བ་མ་གཏོགས་པ། རང་རང་གི་སྒྲིབ་པ་ཆེ་ཆུང་དང་མཐོང་སྣང་དུ་གོ་བ་ནི་མ་བྱུང་ངོ་། །
ཡེ་ཤེས་མཁའ་འགྲོ་མ་དེ་ཉིད་ཀྱིས། སྦས་ཐབས་ཤུགས་འབྱུང་གཉུག་མའི་རང་རྩལ་རྫུ་འཕྲུལ་བསྟན་པའི་ལེའུ་སྟེ་གསུམ་པའོ། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་དེ་ཉིད་ལ། ཁྱིམ་མཚེས་རྣམས་ཀྱིས་བུད་མེད་འདིས། ནོར་མི་འདོགས་ནས་ཡན་པར་འཇོག་པས། ངེད་རྣམས་ལ་གནོད་ནས་ཟེར་ཞིང་ཀུན་གྱིས་བཤད་པའི་ཚེ་རིན་ཆེན་དཔལ་གྱིས་ངའི་འདི་གྲགས་མཛངས་མ་ཞིག་ཡིན་པས་ནོར་འདོགས་རྒྱུ་དག་འཚོ་སྐྱོང་བསོག་འཇོག་ཐབ་ཀ་བྱ་བླས་གང་ཡང་མི་དགོས་པའི་ཤེས་རིག་ཅན་ཞིག་ཡོད་པ་ཡིན་བཟླས་ནས་ཞེ་ཞུམ་ཆེན་པོ་བྱས་པའི་ཚེ།
ཡང་ཌཱ་ཀི་མའི་ཞལ་ནས་མོ་རྒོད་གྲགས་མཛངས་མ་འཛོམ་ཡང་། །མི་གཡོག་སྐྱུར་ལེན་བྱེད་མ་མྱོང་། །མགོ་ནས་ཐག་པས་མ་བཏགས་ཀྱང་། །རི་ལ་ཡན་དུ་ཤོར་མ་མྱོང་། །རྐང་ནས་ཐག་པས་མ་སྒྲོག་ཀྱང་། །ཟོ་ཆག་འོ་འབོ་འོང་མ་མྱོང་། །འཚོ་སྐྱོང་ཉ་ར་མ་བྱས་ཀྱང་། །དགྲ་རྐུན་ཇག་ལ་ཤོར་མ་མྱོང་། །བསྲི་བསོག་རྩོལ་བསྒྲུབས་མ་བྱས་ཀྱང་། །རྒྱགས་ཆད་ངོམ་ཉོས་བྱེད་མ་མྱོང་། །ཐབ་ཀ་བཟའ་སྐྱོང་མ་མྱོང་ཡང་། །གཞན་གྱིས་ཁ་ལེན་ཁུར་མ་མྱོང་། །བྱ་བ་ལས་ཀ་མ་མྱོང་ཡང་། །དགོས་འདོད་ཕྱི་རུ་ལུས་མ་མྱོང་། །ཤེས་རིག་ཅན་ཞིག་མ་མྱོང་ཡང་། །མི་ཤེས་གཅིག་ཀྱང་ཡོད་མ་མྱོང་། །ཁྱོད་རང་རྣམ་པ་འབུང་ལ་ཤོད། །ང་ནི་སྡུག་རྒྱུ་མི་འདུག་གོ ། ཞེས་གསུངས་པ་ལ། རིན་ཆེན་དཔལ་གྱིས་ནག་ཐོམ་མེ་འདུག་ལེ་འདི་འདྲ་ལ་ཡང་། ནང་ན་ཤེས་རིག་གསལ་པོ་འདི་འདྲ་ཡོད་པར་འདུག་བསམས་ཀྱང་། རྒྱུ་བ་ངན་བསམ་པ་མ་གཏོགས་པ་ཆོས་སུ་འདུ་ཤེས་པ་མ་བྱུང་ངོ་། །
ཡང་ཉིན་ཞིག་རུ་བའི་བེའུ་ཆུང་བ་རྣམས་ཕྱེས་ནས་ལྷས་ཞབས་སུ་བཞག་ནས་ཡོད་པའི་དུས་ཆུར་བ་བཏིང་འོ་མ་བཤིགས་ཤིང་ཡོད་པའི་ཚེ། རིན་ཆེན་དཔལ་ཕྱིན་ནས་འབབ་ཟ་བ་ལ་བོས་པའི་དུས། བུད་མེད་རྣམས་འོ་མ་བཤིགས་རྒྱུ་བཟུང་ནས་བྱུང་། འབབ་ཟོས་ཚར་ཙམ་ན་འབྲི་འགའ་བྱུང་བས་བེའུ་ཁྲིད་ནས་ཐལ་བ་ལ། བུད་མེད་རྣམས་བརྒྱུགས་ཏེ། འབྲི་མ་བུ་རྣམས་དེད་ནས་བྱུང་བའི་ཚེ། འོ་མ་ཁྱིས་འཐུང་ཆུར་བ་བྱས་ཟོས། ནོར་རྣམས་དྲག་ཏུ་དེད་པའི་ཤུགས་ཀྱིས། ཆོན་ཐག་བཅད་པ་ལ་སོགས་བྱས་པའི་ཚེ། ཌཱ་ཀི་མ་མལ་དུ་ཁ་རོག་བསྡད་ནས་ཡོད་པ་ལ། བུད་མེད་རྣམས་ཀྱིས་སོ་སོ་ནས་བཤད། སྙིན་མོ་ཚུར་འོང་ནས་རང་གི་བེའུ་ཡང་མི་བཟུང་། ཁྱི་རྐུན་རེ་ཡང་མི་བསྲུངས། གཞན་རྣམས་ཀྱིས་མི་ཐུབ་མི་ལྕོག་ཙ། ཁ་རོག་འདུག་འདུག་པའི་དོན་ཅི་ཡིན། ནག་མོ་བས་མདོ་མེད་ཙ་མནའ་མ་ལ་དེང་སང་ཁྱོད་འདྲ་ཞིག་རྙེད་ལེ་ཡོད་ཟིན་ཟེར་ནས། ཅོ་ཐོ་ལ་བཟུང་སྟེ་རྣ་རྩར་ཁུ་ཚུར་བརྒྱབ་པའི་ཚེ།
ཌཱ་ཀི་མས་དེ་འདྲས་ཞེ་མི་ཚིམ་ད་རུང་རྒྱོབ། ང་ལ་ནི་འདྲ་ཁྱོད་ནི་དགའ་བ་ཡིན་གསུངས་ནས་འདུག །ཕྱིས་ཉིན་ཞིག་བུད་མེད་རྣམས་ཀྱིས་ཌཱ་ཀི་མ་བསོད་ནམས་དཔལ་འདྲེན་ལ། ཁྱོད་ནི་ཁ་རོག་འདུག་པ་བློས་ལོང་ཟིན། སྤྲོ་རིང་མཚར་པོ་ཞིག་རེད་ཟེར་ཞིང་། ལ་ལས་ཁྱོད་ལན་པ་ཡིན་དེ་ཙུག་འདུག་ཟེར་ལེ་མེད། ལ་ལས་མོ་ལན་པ་མ་ཡིན་ཁ་རོག་བསྡད་ལེ་རྡུང་མཁན་མེད་ཟེར་ཞིང་གཏམ་པའི་དུས་སུ། ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཞལ་ནས། ཡུས་པ་མོ་ནི་ཡུས་པ་ཡིན། །དཀའ་བླས་བྱས་པས་ཡུས་པ་ཡིན། །ལན་པ་ང་ནི་ལན་པ་ཡིན། །གཡོ་མེད་བསྡད་པས་ལན་པ་ཡིན། །བདེན་པ་ཁྱོད་ཀྱང་བདེན་པ་ཡིན། །འདོད་པས་གདུང་བས་བདེན་པ་ཡིན། །ཉོས་པ་ངས་ནི་ཉོས་པ་ཡིན། །འདོད་བློ་ཆུང་བས་ཉོས་པ་ཡིན། །འཐབ་པ་ཁྱོས་ནི་འཐབ་པ་ཡིན། །གཉེན་ལ་བརྩེ་བས་འཐབ་པ་ཡིན། །ཁུར་བ་ངས་ནི་ཁུར་བ་ཡིན། །བཟོད་པའི་སེམས་ཀྱིས་ཁུར་བ་ཡིན། །བརྡུང་བ་ཁྱོས་ནི་བརྡུངས་བ་ཡིན། །ཁོང་ཁྲོའི་རྩལ་གྱིས་བརྡུངས་བ་ཡིན། །བསྡད་པ་ང་ཉིད་བསྡད་པ་ཡིན། །བྱམས་པའི་སེམས་ཀྱིས་བསྡད་པ་ཡིན། །ཞེས་གསུངས་ཤིང་འདུག་པ་ལ། མི་རྣམས་ཀྱིས་བསོད་ནམས་དཔལ་འདྲེན་འདི་གཉུག་རིང་མཚར་པོ་ཞིག་རེད། ཁས་བཙན་ཉེན་ཐུག་ན་ནི་མི་ཕོད་དེ། དེ་ནི་མིན་པ་ལ་མིས་འཕྱ་དོགས་བྱས་པ་ཡིན་ཟེར་བ་མ་གཏོགས་པ། རང་བྱུང་བཟོད་པས་གཞན་དོན་བྱེད་བསམ་པས་བློ་ནི་གང་ལ་ཡང་མ་བྱུང་ངོ་། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་དེ་ཉིད་ཀྱི་སྐུ་ལུས་ལ་དྲི་བཟང་པོ་སི་ལ་ཡི་དྲི་མ་ལྟ་བུ་ཁམས་དྭངས་སང་སང་བ་ཞིག་རྒྱུན་དུ་བྲོ་བར་འདུག་པས།
རིན་ཆེན་དཔལ་གྱིས་བྱིས་པ་རྣམས་ཀྱི་རྣ་རྩར་བལྟས་པའི་དུས་སུ། བུད་མེད་རྣམས་ལ་དྲི་མི་ཞིམ་པ་རེ་བྲོ་ནས་འདུག་པས། ངེད་རང་གིས་ནག་མོ་དེ་ལ་དྲི་བཟང་པོ་རྒྱུན་དུ་བྲོ་བར་འདུག་པ་དེ་ཅི་ཡིན་བསམས་ཀྱང་། ལུས་སྒྲིབ་དག་པ་ཡིན་སྙམ་པའི་འདུ་ཤེས་པ་ནི་མ་བྱུང་ངོ་། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་དེ་ཉིད་ཀྱིས། ལན་རེ་ཙམ་རྨི་ལམ་རྨིས་གསུངས་ནས་ལས་ལེགས་ཉེས་ཀྱི་གཏམ་འགའ་རེ་གསུངས་པའི་ཚེ། རིན་ཆེན་དཔལ་གྱིས་འདི་ལ་གཉིད་དང་སྔུར་པ་མེད་ཙ། རྨི་ལམ་བརྗོད་ཅིང་གདའ་བ་ཅི་ཡིན་བསམ་ནས་ཐེ་ཚོམ་དུ་གྱུར་པ་མ་གཏོགས་པ། ཤུགས་འབྱུང་གཉུག་མའི་རང་རྩལ་གྱི་རིག་པའི་བྱིང་རྨུགས་སངས་ནས་མངོན་ཤེས་སུ་འདུག་སྙམ་པ་ཡང་མ་བྱུང་ངོ་། །ཡེ་ཤེས་མཁའ་འགྲོ་མ་དེ་ཉིད་ཀྱི་སྐུ་ལུས་ལ་ཤིག་དང་སྲོ་མ་ཡེ་ནས་མེད་པ་ལ། ངེད་རང་རུ་བའི་ཕོ་མོ་རྣམས་ཀྱིས་ཤིག་སྲོ་མེད་ལེ་དེ། ཅི་ཡིན་སྙམ་ནས་གཅིག་གིས་གཅིག་ལ་བཤད་པ་ལ། ལ་ལས་སྐྱིད་པས་ལན་པ་ཨེ་མ་ཡིན་ཟེར། ལ་ལས་ཚེ་ལས་བརྒྱགས་པས་ལན་པ་ཨེ་མིན་ཟེར། དཔེ་གཞན་ན་ལ་ལས་དལ་བས་ལེན་པ་ཡིན་ཟེར། ལ་ལས་ངན་པའི་སྡེ་ཚན་འདི་འདྲ་ལ་ཤིག་སྲོ་མ་མང་བ་ཡིན་ཙ། འདི་ལ་ཤིག་སྲོ་མ་ཡང་མི་སྣང་ཟེར། ལ་ལས་གོས་མི་དགོས་ལེ་དེ་ཤིག་མེད་པས་ལན་པ་ཨེ་མིན་ཟེར། རིན་ཆེན་དཔལ་གྱིས་བསམ་པ་ལ། མདོ་བརྒྱད་སྟོང་པ་ལས། ལུས་ལ་ཤིག་སྲོ་མེད་པར་འགྱུར་ཟེར་བ་ཞིག་སྣང་སྟེ། བླ་མ་བཟང་པོ་ཡིན་ན་མིན་པ། བུད་མེད་འདི་འདྲ་ལ་དེ་འདྲ་འོང་བ་ཨེ་བུ་ཡོད་བསམ་པ་ལན་མང་དུ་བྱུང་། ཕྱིས་བྱི་བ་ལོའི་སྟོད་དུ་ལྷ་རྗེ་མགོ་སེ་བྱ་བས། ཁྱོད་ལ་ཤིག་མེད་ཟེར་ལེ་དེ་ཨེ་བདེན་ཞུས་པས། བསོད་ནམ་དཔལ་འདྲེན་གྱིས་དེ་བདེན་ང་ལ་ཤིག་སྲོ་མེད་གསུངས་པ་དང་། ལྷ་རྗེས་ཤིག་མེད་ལེ་དེ་ཅི་ཡིན་ཨང་ཞུས་པས། ཌཱ་ཀི་མས། འཁོར་འདས་གཉིས་ཀྱི་ཤན་འབྱེད་ནས། །མཐོང་བས་ལམ་མཆོག་དག་མཐོང་ནས། །ནང་གི་ཟུག་རྔུ་ཟད་ཙམ་ན། །ཕྱི་ཡི་ཤིག་སྲོ་ཡང་དག་པར་འགྱུར། །ཞེས་གསུངས་པ་དང་། ལྷ་རྗེས་བུད་མེད་དེ་ནི་རང་ཕན་མེད་པའི་རྒྱུ་ངན་མ་ཞིག་སྣང་སྟེ། ཁོང་ཁྲོ་དེ་ལས་ཆེ་བའི་བུད་མེད་མཐོང་མ་མྱོང་ཟེར་བའི་ཚེ། རིན་ཆེན་དཔལ་གྱིས་ཕྱོགས་གོ་ཙམ་བྱུང་ཡང་། ཇི་ལྟ་བ་བཞིན་ཡིད་ཆེས་པ་ནི་མ་བྱུང་ངོ་། །རྣམ་པར་དག་པའི་བསོད་ནམས་དཔལ་འདྲེན་དེ། །ལུས་ནི་སྟོད་སྨད་ཐམས་ཅད་དུ། །དྲི་མ་གདོད་ནས་མི་འཐོག་སྟེ། །ཤ་ལུས་དམར་ལ་ཤིན་ཏུ་རྒྱས། །བྱིས་པ་ཆུང་ངུའི་ཤ་རྒྱས་འདྲ། །དམར་ཞིང་འཇམ་ལ་མཛེས་པར་རྒྱུན་དུ་གནས་པ་ཡང་བྱུང་ངོ། །ཡང་མཁའ་འགྲོ་མ་དེ་ཉིད་མྱ་ངན་འདས་པའི་ལོ་དེ་ལ། ནངས་ཤིག་ཟོ་བ་དེ་ཁྱེར་ཤོག་དང་ནོར་བཞོ་དགོས་གསུངས་པ་ལ། རིན་ཆེན་དཔལ་གྱིས་མི་རུ་བའི་བུད་མེད་རྣམས་ཀྱིས་ནི་ཉིན་རེ་ནང་དུ་ཡང་། ལག་པ་ཐེངས་ལྔ་དྲུག་ཙམ་བཀྲུ་དགོས་བདོ་ཙ། ཁྱོས་བཀྲུ་མི་དགོས་པ་ཨེ་ཡིན་ཞུས་པས། ཌཱ་ཀི་མས་ང་ལ་དྲི་མ་མེད་པས་ཆུའི་དག་རྒྱུ་མེད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས་དྲི་མ་ཨེ་ཡོད་དེ་ཆུ་ཞིག་གིས་ཁྲུས་དང་གསལ་ཞུས་པས། ཆུ་སྡེར་གང་བྱས་ནས་བྱུང་སྟེ། ལག་པ་བཀྲུ་བདོ་བ་ལ། ཆུར་བལྟས་ཙ་ཆུ་མདོག་མ་འགྱུར་ནས་སྣང་། ལག་པ་ལ་བལྟས་པས་དག་རྗེས་མི་སྣང་ཞིང་། ཆུ་གཙང་ཁྲ་ལེ་འདུག་པ་བྱུང་ངོ་། །ཡང་ཌཱ་ཀི་མའི་ཞལ་ནས་ཀྱང་། སྐྱེ་མེད་ཡུམ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་སྣང་བ་བསླུ་བྲིད་མཁས། གཙང་འདོད་ཀྱི་ཕོ་མོ་རྒྱུ་བ་ཅན། །སྒྱུ་མའི་སྣང་བ་བྲིད་པ་ལ། །གཙང་སྦྲ་མཁས་པ་ཤིན་ཏུ་ལེགས། །རུལ་མའི་དོན་གྱི་ཚིག་གསུམ་སྨྲ། །གཏི་མུག་གིས་མུན་པ་འཐིབ་དང་གཅིག །ཉོན་མོངས་ཀྱིས་སྒྲིབ་པ་ཆེ་དང་གཉིས། །ཤེས་བྱའི་རི་མོ་སྤུན་དང་གསུམ། །མ་རིག་གི་བཙོན་ཁང་ཟབ་དང་བཞི། །དྲི་མ་འདི་དག་ཚན་ཆེ་བས། །ཐབས་ཤེས་ཀྱིས་བཀྲུ་བཤལ་མ་མཁས་ན། །ཀུན་རྫོབ་ཆུ་ཡི་བཀྲུས་གྱུར་ཀྱང་། །རང་ཉིད་ངལ་ཞིང་སྡུག་པའི་རྒྱུ། །དུག་ལྔའི་གཙོ་བོ་རང་ཁ་མ། །མི་གཙང་ཕུང་པོའི་ནང་དུ་བཏུམ། །སྐྱི་མོ་བཀྲུ་བཤལ་ཅི་མང་ཡང་། །ཉོན་མོངས་དག་པ་ངས་མ་མཐོང་། །བྱིས་པ་རྣམས་ཀྱི་སྤྱོད་ཡུལ་ལས། །བརྟགས་ཤིང་དཔྱད་ན་སྙིང་རེ་རྗེ། །བུ་མོ་ང་ཡི་མཚན་ཉིད་ནི། །ཅུང་ཞིག་བརྗོད་པས་ཡིད་ལ་ཞོག །ང་ཡི་ལུས་ཀྱི་མཚན་ཉིད་ནི། །རྒྱལ་བའི་དཀྱིལ་འཁོར་ཡིན་པ་ལ། །ཞིང་ཁམས་རྣམ་དག་ངེས་པའི་ཕྱིར། །དྲི་མ་བྱ་བ་རྫུན་དུ་སྣང་། །ང་ཡི་ངག་གིས་མཚན་ཉིད་ནི། །གྲག་སྟོང་བྲག་ཆ་ལྟ་བུ་ཡི། །དྲི་མེད་གསུང་དབྱངས་སྒྲོགས་པ་ལ། །དྲི་མ་བྱ་བ་རྫུན་དུ་སྣང་། །ང་ཡི་སེམས་ཀྱི་མཚན་ཉིད་ནི། །སྐྱེ་མེད་ཆོས་སྐུ་ཡིན་པའི་ཕྱིར། །སངས་རྒྱས་བྱ་བར་ཐག་ཆོད་ནས། །དྲི་མ་བྱ་བ་རྫུན་དུ་སྣང་། །གདོད་ནས་རྣམ་པར་དག་པ་ཡི། །སྐྱེ་མེད་རྣམ་དག་ཆོས་སྐུ་ལ། །དྲི་མ་བྱ་བ་འཁྲུལ་པའི་བློ། །འཁྲུད་ཅེས་བྱ་བ་རྫུན་པའི་ཚིག །ཅིར་ཡང་འགགས་པ་མེད་པ་ཡི། །འགགས་མེད་བདེ་ཆེན་ལོངས་སྐུ་ལ། །དྲི་མ་བྱ་བ་འཁྲུལ་པའི་བློ། །འཁྲུད་ཅེས་བྱ་བ་རྫུན་པའི་ཚིག །གང་ལ་གང་འདུལ་གདུལ་བྱ་ཡི། །འགྲོ་དོན་རྣམ་དག་སྤྲུལ་སྐུ་ལ། །དྲི་མ་བྱ་བ་འཁྲུལ་པའི་བློ། །འཁྲུད་ཅེས་བྱ་བ་རྫུན་པའི་ཚིག །ཐམས་ཅད་ལྷུན་གྱིས་གྲུབ་པ་ཡི། །ངོ་བོ་ཉིད་ཀྱིས་སྐུ་མཆོག་ལ། །དྲི་མ་བྱ་བ་འཁྲུལ་པའི་བློ། །འཁྲུད་ཅེས་བྱ་བ་རྫུན་པའི་ཚིག །ཉོན་མོངས་ལྔ་པོ་གནས་དག་ནས། །ཡེ་ཤེས་ལྔ་ཡི་ངོ་བོ་ལ། །དུག་ལྔ་བྱ་བ་འཁྲུལ་པའི་བློ། །འཁྲུད་ཅེས་བྱ་བ་རྫུན་པའི་ཚིག །སྐུ་བཞི་དང་ནི་ཡེ་ཤེས་ལྔ། །ཡན་ལག་བདུན་ལྡན་གྱི་སངས་རྒྱས་ལ། །དྲི་མ་བྱ་བ་འཁྲུལ་པའི་བློ། །འཁྲུད་ཅེས་བྱ་བ་རྫུན་པའི་ཚིག །སྤངས་ཞེས་བྱ་བ་འཁྲུལ་པའི་བློ། །བླངས་ཞེས་བྱ་བ་རྫུན་པའི་ཚིག །གཉིས་མེད་ཡེ་ཤེས་ངེས་པའི་དོན། །མཐའ་བྲལ་ཆེན་པོ་ཆོས་ཀྱི་མཆོག །ཅེས་གསུངས་པ་དེ་རྣམས་ཡིད་ལ་བཞག་ནས་ཟིན་བྲིས་བྱས། ཐེ་ཚོམ་ཟོས་ཏེ་ཅི་ཡིན་མ་ཤེས་ནས་བཏང་སྙོམས་སུ་བཞག་པའོ། །
ཞེས་ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་དེ་ཉིད། ཆགས་སྡང་གཟུང་འཛིན་གྱི་ཡུལ་ལས་རྣམ་པར་གྲོལ་ནས། རང་བྱུང་བཟོད་པས་སྐྱེ་འགྲོ་སེམས་ཅན་འདུལ་བའི་ལེའུ་བཞི་པ་སྟེ། སྤྲུལ་པ་སྐུའི་མཛད་སྤྱོད་ཕྱི་ཡི་རྣམ་པར་ཐར་པ་བརྗོད་པ་རྫོགས་སོ།། །།
ཡེ་ཤེས་མཁའ་འགྲོ་མ་བསོད་ནམས་དཔལ་འདྲེན་གྱི་ཐུགས་རྒྱུད་གཤིས་ཀྱི་གནས་ལུགས་ནང་གི་རྣམ་ཐར་མངོན་ཤེས་ཀྱི་སྐོར། མཛད་པ་པོ་ཤཱཀྱ་རིན་ཆེན།
༄༅། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཐུགས་རྒྱུད་གཤིས་ཀྱི་གནས་ལུགས་ནང་གི་རྣམ་ཐར་མངོན་ཤེས་སྐོར་བཞུགས་སོ། །
ཡུམ་ཆེན་ཐུགས་ལས་སྤྲུལ་པའི་ཌཱཀྐི་མ། སྔ་ལྡོང་བཟའི་བསོད་ནམས་དཔལ་འདྲེན་བྱ་བ་དེ། ཆུ་ཕོ་བྱི་བ་ལོ་ཟླ་བ་གཅིག་པའི་ཚེས་གསུམ་གྱི་ཉིན་པར་ཌཱཀྐི་མའི་ཞལ་ནས། རིན་ཆེན་དཔལ་ལ། ངེད་རང་ཚང་གི་དུད་འདི་རུ་ཁ་གཞན་ཞིག་ན་ཡུལ་སྤོས་འདྲ་བ་ཞིག་བྱས་ན་དགའ་བར་སྣང་གསུངས་པ་ལ། རིན་ཆེན་དཔལ་གྱིས་དེ་ཅི་ཡིན་གཞན་དུ་མི་འགྲོ། ཁལ་མ་ཡང་ཨ་ཏོ་བ་མེད་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ད་ལོ་མཛོ་གཡག་ལྔ་ཡོད་པས་མི་ཕྱིན་ན། སང་ཕོད་ཕྱིན་ལེ་ཞིག་ཅི་འོང་ངམ་གསུངས་པ་ལ། སང་ཕོད་ཅི་འོང་བར་སྣང་ཁྱོས་ཅི་ཤེས་ཞུས་པས། ང་ནི་ད་གཟོད་དབྱར་སྟོད་ཟླ་བ་ལྔ་པའི་ནང་དུ་འཆི་དགོས་པར་སྣང་། ང་ཡང་ད་རུང་ལོ་ལྔ་མ་ཤི་ན་བདག་གཞན་ཀུན་ལ་དགའ་བ་ཅིག་ཡོད་པ་ཡིན་གསུངས་པ་ལ། ཁྱོད་འཆི་བ་འདྲ་བའི་ལྟས་དང་རྨི་ལམ་ཅི་ཡོད་པ་ཡིན་ཞུས་པས།
ཡང་ཌཱཀྐི་མའི་ཞལ་ནས། རྨི་ལམ་ཡང་ལོས་ཡིན་ཏེ། དེ་སྔ་ཟླ་བ་གཉིས་ཚུན་ལ་ང་བསུ་བ་ལ་འོང་བ་ཡིན་ཟེར་བའི་མགྲོན་ཚན་ཕོག་ལྔ་ཙམ་བྱུང་ནས་ཅིས་ཀྱང་འགྲོ་དགོས་ཟེར་ཏེ་མ་སོང་བ་རྨིས་པས། ད་རུང་འདིར་མ་བསྡད་ནས་གཞན་ཞིག་ཏུ་སོང་ན་ང་ཡང་ལོ་ལྔ་མི་འགྲོ་བས་ཆོག་པར་སྣང་གསུངས་པས། རྨི་ལམ་ལ་འདི་ཡིན་མེད་ལས་ཆེ་ཞུས་པས། ཡང་ཌཱཀྐི་མས། རྨི་ལམ་ལ་འདི་ཡིན་མེད་མོད་ཀྱང་། ད་ནི་རུ་བ་འདི་དང་ལྷན་དུ་བསྡད་ན། ང་ཡང་ཟླ་བ་ལྔ་པའི་ནང་དུ་འཆི་བར་སྣང་། ད་ནངས་ནམ་ལངས་ཁར་གཉིད་སད་ནས་ཡོད་ཙ། བུ་མོ་སྐུ་མདོག་དཀར་མོ་ལ། འཁོར་ཡང་དཀར་མོ་མང་པོས་བསྐོར་བ། བུ་མོ་སྐུ་མདོག་སེར་མོ་ལ། འཁོར་ཡང་སེར་མོ་མང་པོས་བསྐོར་བ། བུ་མོ་སྐུ་མདོག་དམར་མོ་ལ། འཁོར་ཡང་དམར་མོ་མང་པོས་བསྐོར་བ། བུ་མོ་སྐུ་མདོག་སྔོན་མོ་ལ། འཁོར་ཡང་སྔོན་མོ་མང་པོས་བསྐོར་བ་མང་པོ་བྱུང་ནས་ང་གཉིད་སད་ནས་ཡོད་ཙ་བྱུང་ནས། ཁྱོད་དེ་སྔ་ཐེངས་མང་པོ་ལ་ཁྲིད་འོང་ཙ་འགྲོ་མ་ཉན། ད་རེས་ཅིས་ཀྱང་འགྲོ་དགོས། གལ་ཏེ་མི་འགྲོ་ན་ངེད་བཞིས་ཨ་ནེ་གདན་འདྲེན་ནས་འོང་བ་ཡིན། ད་འདིར་འདུག་པས་མི་ཆོག་པས་དམུ་རྒོད་ཀྱིས་སེམས་ཅན་མང་པོའི་དོན་གྱི་དུས་ལ་བབ། ངེད་རང་ཀུན་བསྡོངས་ནས་འགྲོ་དགོས་ཟེར་ཏེ་ད་གཟོད་དབྱར་ཟླ་བ་ལྔ་པའི་ནང་དུ། རུ་བ་འདི་ལ་ནད་ཡམས་ཆེན་པོ་ཞིག་འོང་ནས་རེ་རེ་ཙམ་འཆི་ནས། ང་ལ་ཡང་གྲིབ་ཕོག་པར་ཡོད། ཁར་སང་བུད་མེད་དེ་ང་ངོ་ཤེས་ཤེས་བྱས་པས་ད་གྲིབ་ཀྱིས་ཡང་ཐུབ་པ་ཡིན། དེ་མིན་ན་གྲིབ་ཀྱིས་ཀྱང་མི་ཐུབ་སྟེ། ང་འཚངས་བཏོན་གྲིབ་ཀྱིས་རྐྱེན་ནས་འགྲོ་དགོས་པས་ཨ་ནེ་བྱུང་ན་དེའི་ངོ་ཆེན་དང་ཀུན་འཛོམས་ན་འགྲོ་དགོས། མ་འཛོམས་ན་ང་ལོ་ལྔའི་བར་འདུག་པས་ཆོག །ང་ལོ་ལྔ་བསྡད་ན་བུ་ཆུང་བ་འདི་ལོ་དགུ་རེད་ཙ་ང་འཆི་རན་པ་ཡིན། ང་ལོ་ལྔ་བཅུའི་ནང་དུ་ཤི་ན་བདག་གཞན་ཀུན་ལ་ཕན་པ་ཞིག་སྣང་བས། དུས་འདི་གཞན་ཞིག་ཏུ་འགྲོ་བཟླས་པ་ཡིན་གསུངས་པ་ལ།
ཡང་རིན་ཆེན་དཔལ་གྱིས། བུད་མེད་ཀྱིས་ངོ་ཤེས་ཤེས་བྱས་ཟེར་བ་དེ་ཅི་ལ་ཟེར་བ་ཡིན་ཞུས་པས་ཡང་ཌཱ་ཀི་མའི་ཞལ་ནས། ཁར་སང་བུད་མེད་ཅིག་སྤྲང་ཞིང་འགྲོ་བདོ་བ་ལ། ངེད་གསུམ་སྤྲང་ཟས་སྦྱིན་སོང་སར་ང་ལ་ཁྱོད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་རེད་ཙ། ད་རུང་འདིར་བསྡད་ཟིན་ཟེར་བ་དེས་གཞི་རྐྱེན་ནས་ཐལ་བས། ཁྱེད་ལ་དེ་ལྟར་བཤད་པ་ཡིན་གསུངས་པ་ལ། རིན་ཆེན་དཔལ་གྱིས། འདིས་དེ་སྔ་པྲ་དང་སྤྲུལ་པ་དེ་འདྲ་མི་ཤེས་ཙ། ང་ཞག་ཀུན་འདུག་མ་འདོད་པ་རེད་བསམ་ནས་བདེན་དུ་མ་བཟུང་ངོ་། །ཡང་ནུབ་ཅིག་བུ་མོའི་གཉིད་ཁུང་དུ་ངུ་ཞིང་སྣང་བ་ལ་རིན་ཆེན་དཔལ་གྱིས། གུམ་རིལ་གཉིད་ཁུང་དུ་ངུ་ཞིང་སྣང་བ་ཅི་ཡིན་ཨང་ཞུས་པས། ཌཱཀྐི་མའི་ཞལ་ནས་དེ་ང་འཆི་འདོད་པ་ཡིན་གསུངས་པ་ལ། རིན་ཆེན་དཔལ་གྱིས། དོ་ནུབ་འདིའི་བྱེད་ལུགས་ཀྱིས་ཅི་ཡིན་ཞིག་ཡིན་ནས་ཡོད་ཞུས་པས།
ཡང་ཌཱཀྐི་མའི་ཞལ་ནས་ཅི་ཡིན་ཤེས་མོད་ང་ཨོ་རྒྱན་དུ་སོང་བ་དེ་མོས་མཐོང་ནས་མོ་དང་ཕྱེའོ་སྙམ་ནས་ངུས་པ་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། ཕྱིར་ནངས་བུ་མོ་ལ་ཁྱོས་མདང་སུམ་རྨི་ལམ་ཅི་ཨེའུ་རྨིས་བྱས་པས། བུ་མོས་ངས་ནི་ཨ་མ་ནི་ཐང་རང་ལས་བཅས་བཟང་ལ་གཟུགས་མཛེས་པ་ཞིག་བྱས་ནས་མི་མང་པོ་དང་འགྲོགས་ཏེ་ནུབ་ཕྱོགས་སུ་ཐལ་བ་རྨིས་པས། ངས་ཨ་མ་ལ་མ་འགྲོ་ཞུས་ཡང་ཁ་ལ་མ་ཉན་ནས་ཐལ་བ་རྨིས་པས། སྔས་ཀུན་ཀྱང་མཆི་མས་གང་ནས་འདུག་ཟེར། ཡང་ནུབ་ཅིག་བུ་ཆུང་ལོ་ངོ་བཞི་པ་ཞིག་ཡོད་པས་ཨ་མ་འཆི་ནས་ང་ལ་ཉལ་ས་མི་རྙེད་པ་ཞིག་འོང་བ་ཡིན་ཟེར་ཞིང་སྡུག་སྐད་བྱེད་བདོ་བ་ལ། རིན་ཆེན་དཔལ་གྱིས་འཐབ་མོ་བྱས་པ་ལ་ཌཱཀྐི་མའི་ཞལ་ནས། འཐབ་རྒྱུད་མེད། ད་གཟོད་ཟླ་བ་ལྔའི་ནང་ན་ཁོ་ལ་ཉལ་ས་མི་རྙེད་པ་ཞིག་འོང་བ་ཡིན། ཁྱེད་རྣམས་ཀྱིས་ཡིད་རིང་དུ་བྱེད་པའི་དོན་གྱིས་འོང་ངེས་གསུངས། ཡང་ཉིན་ཞིག་ཁམས་མགོ་མ་བྱ་བས་མཛོ་མོ་བཏམ་དུ་བྱུང་བ་ལ་ཌཱཀྐི་མས། གཟན་ཐུད་ཅིག་བྱིན་ནས་ཐུད་འདི་ང་རང་གིས་བསོགས་པའི་ལག་ཟས་ཡིན། ང་ཡི་ལག་ཟས་ཟ་བའི་རྟིང་པ་ཡིན་ཁྱོད་དང་ཡང་དེ་རིང་ལས་འཕྲད་པ་མིན་གསུངས་པ་ལ། སང་གནངས་སྟོན་ཙ་འཕྲད་པ་ཡིན། དེ་དུས་ཡང་ཁྱོད་ཀྱིས་ལག་ཟས་ཟ་བ་ཡིན་ཞུས་པས། ཅི་ཡང་མི་ཤེས་པའི་ཁྱེད་ཚོ་འདྲ་བ་ཡང་སྙིང་རེ་རྗེ། འོ་སྐོལ་གཉིས་ཀྱང་དེ་རིང་ལས་འཕྲད་པ་མིན། ངས་བྱིན་པའི་ལག་ཟས་ཀྱང་འདི་ལས་ཟ་རྒྱུ་རྙེད་པ་མིན། ང་དབྱར་སྟོད་ཟླ་བ་ལྔ་པའི་ནང་དུ་འཆི་བ་ཡིན། ཁྱོད་ཡུལ་དུ་སྡོད་པས་ང་དང་ཡང་འཕྲད་པ་མིན། ཁྱོད་རང་དེ་རིང་ཧུབ་འདི་འཐུང་ཟན་འདི་ཟོ་དང་། དུས་རེ་ཞིག་ན་ཡོན་ཏན་ཡོད་པ་ཡིན་གསུངས་པ་ལ། དེ་ཅི་ཡིན་བསམ་ནས་ཧ་ལས་པའི་ཚུལ་གྱིས་ཅི་ཡང་སྨྲ་རྒྱུ་མ་བྱུང་ནས་སོང་བར་འདུག །
ཡང་ཟླ་བ་གཅིག་པའི་ཚེས་བཅུ་གཉིས་ཀྱིས་ཉིན་པར་ཡུལ་དུ་སྟོན་མོ་ཆེན་པོ་བྱས་པའི་སར་ཌཱཀྐི་མས་ང་ཡང་སྟོན་མོ་ཆེན་པོ་བྱེད་སར་འགྲོ་དགོས་གསུངས་པ་ལ། ཁྱོད་རང་འགྲོ་མི་ཐུབ་ཅི་ཡང་མ་ཟོས་མ་འགྲོ་ཞུས་པས། ང་ད་རེས་དེ་ཅིས་ཀྱང་འགྲོ། ཡུལ་འདིར་ཡང་སྟོན་མོ་བྱེད་སར་ཡང་ད་རེས་ལས་ཐོན་པ་མིན། ཟ་རྒྱུ་ཅི་རྙེད་བསམ་ནས་འགྲོ་བ་ཡང་མིན་ཏེ། ལྟད་མོ་ལྟ་བ་ལ་འགྲོ་བ་ཡིན་གསུངས་པ་ལ་རིན་ཆེན་དཔལ་གྱིས། ས་ཆ་འདིར་ལྟད་མོ་ཅི་ལྟ་རྒྱུ་མེད། དབུས་གཙང་དང་ཡིན་ན་ཡོད་པ་ཡིན། འདི་ན་ལྟད་མོ་ཅི་ཡང་ལྟ་རྒྱུ་མེད་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ཡུལ་གར་འདུག་ན་ཡི་དམ་གྱི་དཀྱིལ་འཁོར་ཡོད། །མིག་གི་ལྟད་མོ་གཟུགས་ལ་བལྟ་རུ་ཡོད། །རྣ་བའི་ལྟད་མོ་སྒྲ་ལ་ཉན་དུ་ཡོད། །སྣ་ཡི་ལྟད་མོ་དྲི་ལ་སྣོམ་དུ་ཡོད། །ལྕེ་ཡི་ལྟད་མོ་རོ་ལ་མྱོང་དུ་ཡོད། །ལུས་ཀྱི་ལྟད་མོ་རེག་ལ་སྤྱོད་དུ་ཡོད། །ཡིད་ཀྱི་ལྟད་མོ་ཡུལ་ལ་སྤྱད་དུ་ཡོད། །ཡུལ་གྱི་ལྟད་མོ་གནས་ལ་བལྟ་རུ་འགྲོ། །བྱེ་བྲག་སོ་སོའི་ལྟད་མོ་ལས་ལ་ལྟ་རུ་འགྲོ། །ལྟད་མོ་ཕྱི་རུ་བལྟས་ན་ནང་དུ་མཐོང་། །ལྟ་རུ་མེད་པའི་ལྟད་མོ་ལྟ་རུ་འགྲོ། །མཐོང་དུ་མེད་པའི་ངོ་བོ་གཅིག་མཐོང་སྟེ་འོང་། །ཞེས་གསུངས་ནས་སྟོན་མོའི་སར་སོང་བར་སྣང་། དེ་ནས་འགྱེད་སྐལ་གྱི་ཤ་ཐུད་ཟན་བུ་རམ་རྣམས་མ་ཐོབ་ནས་སྙམ་ནས་དུམ་པ་ཞིག་ཐོབ་བྱུང་བ་ལ་ཁྱོད་མ་འགྲོ་བྱས་ཙ་ཁ་ལ་མ་ཉན་ནས་ཐལ། ད་མི་ཟ་ནས་ཞུས་པས།
ཌཱཀྐི་མ་བགད་ཅིང་ཧ་ཧ་ང་ནི་བཟའ་ཨེ་རྙེད་ལ་སོང་བ་མིན་དེར་འཚོགས་པའི་མི་ཀུན་ལ་ཕན་འདོགས་ཀྱི་འབྲེལ་པ་རེ་བཞག་སོང་བ་ཡིན། ང་རང་གིས་བསམ་པ་དེ་གྲུབ་ཙ་ཟས་རྙེད་པ་ཡང་དེ་ཡིན། ལྟད་མོ་ཡང་མཐོང་། འབྲེལ་པ་ཡང་ཐོགས། གནས་དང་ཡུལ་གྱི་འབྲེལ་པ་ཡང་ཐོགས་ཟས་དང་ཚིག་གིས་འབྲེལ་པ་ཡང་ཐོགས། གནས་སྐབས་ཀྱི་ཕན་ཞིག་འདོག་བསམ་ཡང་རྟེན་འབྲེལ་གྱི་ཆ་ཅུང་མ་མཐུན་ནས་རན་ཙམ་དུ་སྣང་གསུངས་པ་ལ། རྟེན་འབྲེལ་གྱི་ཆ་ཨམ་དེ་ཅི་འདྲ་ཞིག་ཡིན་ཞུས་པས། འཚོགས་པ་དེ་ཡི་ནང་ནས་མི་ནི་ཆེ་ཆུང་འགའ་ཡར་ཅིག་བླ་མའི་ཆས་ལ་འཇིགས་པའི་གཟུགས། མང་པོས་ཁྱེར་ནས་ཐལ་བའི་ཚེ། ང་མགྱོགས་པར་སོང་ཡང་མི་རྣམས་ཀྱིས་མ་བཏང་བས་ཌཱཀྐི་མས་ང་མ་འདེད་ལ་ཡར་མྱུར་དུ་ཐོང་དང་། ང་མགྱོགས་པར་འགྲོ་དགོས་པར་ཡོད་བྱས་པའི་ཚེ། གེ་གོད་རྒྱལ་གྱི་གཡོག་པོ་སྤྲང་པོས་དེ་རིང་ཁྱོད་བས་ངོ་ཆེ་བ་མང་པོ་འདིར་ཡོད། ཕྱིར་སོང་ཟེར་ནས་བྲང་ཕུལ་བྱས་ཏེ་མ་བཏང་བས་ཕྱི་རོལ་དུ་སོང་ནས་བསྡད། ཤ་ཐུད་ཟན་བུ་རམ་གང་ཡང་མ་ཐོབ། བདག་གཞན་གཉིས་ཀྱི་སྐབས་དོན་དེ་མ་གྲུབ་ནས་ཐལ་བསམ་པ་ཞིག་བྱུང་ནས་ཕྱི་རོལ་དུ་སོང་ནས་བསྡད། རྟིང་པར་ནས་ཕུད་དེ་ཟད་ཙམ་ན་དེར་ཕྱིན་པས། འབྲུ་རིན་པོ་ཆེ་དེ་ལ་དུམ་པ་ཞིག་ཐོབ་པས་མཐར་ཐུག་སེམས་ཅན་ལ་ཕན་ཐོགས་པར་འདུག་བསམ་པ་བྱུང་གསུངས། འདི་ཡིས་ཟེར་ལུགས་དང་ཡིན་ན་མཁའ་འགྲོ་མའི་རིག་ཅིག་ཨེ་ཡིན་སྟེ། ཡིན་ན་ཡང་ཞིབ་ཀྱིས་དྲི་ཨེ་ཕོད་ཡང་མི་ཤེས་བསམ་ནས་དྲི་བ་མ་བྱུང་ངོ་། །ཡང་ཉིན་གཅིག་ལི་ལ་བླུག་པའི་ཕུར་པ་འགའ་ཡོད་པ་དེ་བོར་ནས་མི་སྣང་བས་རིན་ཆེན་དཔལ་གྱིས་འདྲེ་འདྲ་བ་རེ་བྱས་ནས་ལྷ་ཆ་རེ་ཉ་ར་མི་ཤེས་བདོ་ཞུས་པས། ཌཱཀྐི་མས་འདྲེ་འདྲ་ལེ་ཡང་ཟེར་བ་མིན། ངེད་རྣམས་ལ་ཅི་བཟླས་ཡང་འདྲ་སྟེ། རང་རང་གིས་སྒྲིབ་པ་རེ་ཁུར་བ་ཡིན་གསུངས་པ་ལ། འོ་ན་འདྲེ་མིན་ན་ལྷ་ཞིག་ཨེ་མི་ཡིན་ཞུས་པས།
ཡང་ཌཱཀྐི་མའི་ཞལ་ནས། ལྷ་ཡིན་ལྷ་ཡིན་ལྷ་ཡིན་ངེས། །ཁྱེད་ཀྱིས་ལྷར་མ་མཐོང་ཡང་ལྷ་ཡིན་ངེས། །སངས་རྒྱས་ཀྱིས་བདུད་བཏུལ་ཇི་བཞིན་དུ། །ཉོན་མོངས་སེམས་ཅན་ཐམས་ཅད་ཀུན། །ཐུགས་རྗེ་ཆེན་པོས་སྐྱོབས་པའི་ལྷ། །ལྷ་རུ་མཐོང་ན་ལྷ་ཡིན་ངེས། ལྷ་ཡི་ནང་གི་ཡང་ལྷ་ཡིན། །ཡང་རྩེ་གསང་སྔགས་མཆོག་གི་ཀློང། །ཡུམ་ཆེན་རྡོ་རྗེ་ཕག་མོ་ཡི། །ཐུགས་ཀྱི་སྤྲུལ་པའི་ལྷ་ཡིན་ནོ། །འོ་སྐོལ་ཕུར་པ་བོར་བ་ནི། །བླུན་པོའི་ཟོངས་ཆུང་བཙོངས་ནས་འདུག །འདི་རུ་བཙལ་ཡང་དོན་མགོ་མེད། །ཅེས་གསུངས་སོ། །ཡང་ཉིན་ཅིག་རིན་ཆེན་དཔལ་གྱིས། སེ་སྟོད་ཕུད་ནས་ཡོད་ཙ། ཁྱེད་ཀྱི་སྙིང་ཁའི་སྨེ་བ་སྔོན་པོ་དེ་ལ་འདབ་མ་ལྔ་བས་མི་སྣང་། ངའི་སྙིང་ཁའི་སྨེ་བ་སྔོན་པོ་འདི་ལ་འདབ་མ་བརྒྱད་ཡོད་པ་ཡིན་གསུངས་པ་ལ། ཁྱོད་ཀྱིས་སྙིང་ཁའི་སྨེ་བ་དེ་ལ་འདབ་མ་མང་བ་ལ་ཡོན་ཏན་ཅི་ཡོད་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། དཔལ་མོ་མི་འགྱུར་ཐུགས་ཀྱི་རྟགས་བརྒྱད་ཡིན། །པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་གོས་པ་མེད་པ་ལྟར། །བདག་ནི་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་གོས་པ་མེད། །དྲི་མེད་ཐུགས་རྗེས་འགྲོ་དྲུག་གང་ལའང་ཕན་གསུངས། ཡང་ཉིན་ཅིག་ཨ་རྒྱལ་བྱ་བས། འདི་ཚང་གི་ཕྲུ་གུ་འདི་རྣམས་ཀྱི་ནང་ནས་བུ་ཆེ་བ་ལ་སོགས་གཞན་འདི་རྣམས་ཕ་ལ་རིག་ནས་གང་ཡང་དེང་སང་ངེ་བར་སྣང་། གུམ་རིལ་དང་གཙུག་ཏོར་སྐྱབས་གཉིས་མ་ལ་རིག་ནས་སྣང་འདྲ་ཡང་མ་འདྲ་བདོ་ཟེར་བ་ལ། གཙུག་ཏོར་སྐྱབས་ཀྱིས་ཀོ་ལོང་བྱས་ཏེ། མ་བཟང་བ་ཁྱོད་རང་སྐྱིད། ང་ཡི་མ་ངན་ཡང་བཟོད་ཁྱོད་ལ་མི་གནོད་ཟེར་བའི་ཚེ།
ཡང་ཌཱཀྐི་མའི་ཞལ་ནས། ཀོ་ལོང་རྒྱུ་མེད་ཕ་མ་སུ་ལ་རིག་ཀྱང་ཁྱད་མེད། ཕ་ལ་རིག་པས་བཟང་ནས་མ་ལ་རིག་པས་ངན་པ་ཡང་མིན། ང་ལ་ད་ལྟ་མི་ཀུན་གྱིས་གཤེ་བརྙས་བཙལ་རྒྱུ་མི་རྙེད་རྙེད་བྱེད་དེ། དུས་ད་གཟོད་ང་ལ་སྨོན་ས་བཙལ་རྒྱུ་མི་རྙེད་རྙེད་བྱེད་ནའང་ཅི་ཆ་གསུངས་པ་ལ་རིན་ཆེན་དཔལ་གྱིས། ཁྱོད་ལ་ཚེ་འདི་གང་ལ་ནི་སྨོན་མི་སུ་མེད་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ད་ལྟ་ང་ལུས་སེམས་དབྱེར་མེད་ཀྱི་དུས་འདིར་སྨོན་མི་སུ་མེད་དེ། ད་གཟོད་ང་ཡི་ལུས་ཀྱི་ཡོན་ཏན་ཆ་རེ་མཐོང་ནས་སྨོན་མི་ཡང་འོང་སྟེ་མཆིས། བདག་ལ་ནི་སྨོན་པ་དང་མ་སྨོན་གྱི་དགའ་སྡུག་མེད་གསུངས། ཡང་ཉིན་ཅིག་རུ་བ་བསྐྱེལ་ནས་སོང་བའི་ལམ་དུ། སྟག་ཚ་རུ་བ་སྣང་བས། ཕ་མ་བུ་མོ་རྣམས་བོས་ནས་སོང་། སྐྱེས་པ་རྣམས་སྔོན་ལ་སོང་ནས་མཚེར་ཕེབས། ཁོང་རྣམས་ཕྱིས་དགུར་ཕྱིན་པས་གཙུག་ཏོར་སྐྱབས་ཀྱིས་ཁྱེད་རྣམས་ཅི་གཏམ་རྒྱུ་ཡོད་བེན། ད་འབབ་ག་རེ་ཟེར་བ་ལ། ཡང་ཌཱཀྐི་མའི་ཞལ་ནས། བུ་ང་ནི་སྔར་འགྲོགས་པའི་མི་རྣམས་དང་དྲི་རྨེད་བྱེད་ཅིང་བསྡད་པ་ཡིན། ངེད་རྣམས་ཀྱང་དེ་རིང་ལས་འཕྲད་པ་མིན། ཟས་ལ་ཆེ་ཆུང་མེད། གང་ཡོད་པ་དེ་བསམ་བཟང་གིས་བྱིན་ན་གང་སྦྱིན་པ་དེ་ཆེ་བ་ཡིན་གསུངས་པ་ལ། ཡང་གཙུག་ཏོར་གྱིས། ཁྱེད་རྣམས་དེ་རིང་མིན་མ་འཕྲད་ནས་འགྲོ་ས་མང་ཞེས་པས་ཡང་ཌཱཀྐི་མས། བུ་ལས་བཟང་ངན་ཤུགས་ཀྱིས་གནས་རྣམས་སོ་སོར་འགྲོ། ང་ནི་དབྱར་སྟོད་ཟླ་བ་ལྔ་པའི་ནང་དུ་ནུབ་ཀྱི་ཕྱོགས་སུ་འགྲོ། ཁོང་རྣམས་ཀྱང་རང་རང་གི་ལས་བཟང་ངན་གྱི་སྟོབས་ཀྱིས་གནས་རྣམས་སོ་སོར་འགྲོ། ངེད་རྣམས་ཀྱང་ད་ནི་འཕྲད་པ་དཀའ་མོར་སྣང་གསུངས།
ཡང་ཟླ་བ་གཅིག་པའི་ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་གཤེགས་པའི་ཚེ། རིན་ཆེན་དཔལ་གྱིས། ཡུལ་མི་ཀུན་ལ་སྐད་ཁོང་རང་གིས་ཀྱང་ཉ་མཆོད་བྱས་ཏེ། མི་སྡེ་ཀུན་གྱིས་ཀྱང་དགེ་སྦྱོར་འུ་རུ་རུ་བྱེད་ཅིང་ཡོད་ཙ། ཌཱཀྐི་མ་ཁ་རོག་ཉལ་ནས་བསྡད་ཟིན་པ་ལ་བསོད་ནམས་དོན་འགྲུབ་ཀྱིས་ཨ་མ་ཁྱོད་ཁ་རོག་འདུག་པ་བློས་ལོང་ཟིན། དོ་ནུབ་ཟླ་བའི་དགེ་བ་ལ་དམིགས་ནས་ཕོ་མོ་ཆེ་ཆུང་ཐམས་ཅད་ཀྱིས་དགེ་སྦྱོར་འུ་རུ་རུ་བྱེད་ཅིང་ཡོད་ཙ། ཡིག་དྲུག་འབྲུ་གཅིག་མི་འདོན་ནས་ཁ་རོག་འདུག་པ་ཞུས་པས། ཡང་ཌཱཀྐི་མས། ཁྱོད་ཚོས་བཏོན་པ་དང་ངས་མ་བཏོན་པ་འོལ་དུ་འདྲ་བ་ཡིན་གསུངས་པ་ལ་རིན་ཆེན་དཔལ་གྱིས། བཏོན་པ་དང་མ་བཏོན་པ་འདྲ་ན་ཉན་ཟིན། ལྷ་ཡང་མི་བསྒོམ། སྔགས་ཀྱང་མི་བགྲངས། སྐྱོན་དང་ཡོན་ཏན་མི་བརྩི་བ་ཡིས། དགེ་སྡིག་མེད་ལེ་གཅིག་དེས་ཚོར་ཟིན་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ངས་སྟོང་ཉིད་འོད་གསལ་ཆེན་པོ་ལ། །ཡི་དམ་དལ་བྲེལ་མེད་པར་བསྒོམ། །སྨྲ་བསམ་ཚིག་དང་བྲལ་བ་ཡི། །ཁ་ཏོན་རྒྱུན་ཆད་མེད་པར་བྱས། །མ་སྤངས་ཉེས་པ་ཀུན་དང་བྲལ། །མ་བསྒྲུབས་ཡོན་ཏན་ཀུན་དང་ལྡན། །དགེ་སྡིག་གཉིས་པོ་རང་སར་དག །འཁོར་འདས་གཉིས་ལ་རེ་དོགས་བྲལ། །ཁྱེད་ཤུགས་འབྱུང་དུ་གནས་པ་རྣམས་ཀྱང་དེ་ལྟར་མཛོད། །མི་སྡེ་རྣམས་ཀྱི་ཡིག་དྲུག་འདྲ་དང་ཐོན་གསུངས། ཡང་ཉིན་གཅིག་ཐུལ་པ་སོ་མ་གཅིག་བཟོས་པ་དེ། བཟོ་ཐོན་པ་དང་། ཌཱཀྐི་མས། ང་ཡི་ཐུལ་པ་འདི་དགོན་ན་སྐྱོལ། ཡང་ན་ཁྱོད་རང་ཚོ་གཅིག་གིས་གྱོན། ངས་ནི་ཐུལ་པ་རྙིང་པ་འདི་གྱོན་ན་བསམ་པ་ཡིན་གསུངས་པ་ལ། ཁྱོས་ནམ་ཟླ་དགུན་ལ་དགོན་ན་སྐྱོལ་ཨང་དེ་ཅི་ཟེར་བ་ཡིན་ཞུས་པས།
ཡང་ཌཱཀྐི་མས། ངས་ཐུལ་བ་འདི་ཟླ་བ་ངོ་བཞི་ཚུན་ལ་ཟད་མི་ཐུབ། ཟླ་བ་ངོ་ལྔའི་ནང་ན་ང་འཆི་བ་ཡིན། དེ་ཙ་རོ་ཤུན་རེད་ཙ་གང་གིས་ཀྱང་ཞེ་མེར་ཙམ་བྱེད་པར་སྣང་བས། ངས་ནི་ཐུལ་པ་མ་གྱོན་ཡང་མི་འཁྱག་སྟེ། ཕྲུ་གུ་དང་རུམ་པང་དགོས་པར་སྣང་། དེ་ཕྱིར་རྙིང་པ་འདི་གྱོན་ན་བསམ་པ་ཡིན་གསུངས་པ་ལ། རིན་ཆེན་དཔལ་གྱིས། ཆེ་བའི་གོས་དར་ཆུང་བའི་ལྭ་བ་ཙམ་རེ་ཡིན་ཡང་། རོ་ཤུན་ཟེར་ནས་སྐྱུར་མི་དགོས་བདོ། རོ་ཤུན་བཟང་པོ་ཡོད་ན་སྐྱུར་མི་དགོས་དང་ཆོས་བྱེད་པས་ཆོག །ཐུལ་པ་སོ་མ་ཡོད་ན་བཙོག་དོགས་མེད། ཁྱོད་ལ་གྱོན་མི་དགོས་ཀྱང་ཕྲུ་གུ་དང་འཁྱག་མ་འཇུག་ཞུས་པས། ཌཱཀྐི་མས་འོ་ན་ངས་ཟླ་བ་ངོ་ལྔ་ལ་གོན། ང་ཤི་ཙ་གོས་སྲབ་པའི་གཉོམ་ཆུང་གཅིག་ལ་བྱིན། ངའི་ཆོས་སུ་དམིགས་པར་མ་སྦྱིན་ལ་དེ་ལ་བདེ་བར་རིག་པར་བྱིན་གསུངས། ཡང་ཟླ་བ་གཅིག་པའི་ཉིན་གཅིག་ཌཱཀྐི་མས། ངེད་རང་ཚང་གི་བུ་ཆེ་བ་འདི་བན་དེ་བྱེད་དགོས་གསུངས་པ་ལ། བུ་ཆེ་བ་འདི་བན་དེ་མི་བྱེད། འདི་ཆེ་བ་དེ་ཡིན་པས་ལས་ཀ་སྣ་རེ་ཡང་འོང་། གཞན་འདི་རྣམས་ཆུང་བས་ལས་ཀ་སྣ་རེ་ཡང་མི་འོང་། འོ་སྐོལ་ཚང་ལ་ལས་བྱེད་པ་ལ་འདི་དྲག་པས། བན་དེ་བྱེད་པས་མི་ཆོག་ཆུང་བ་ཞིག་ཡིན་ན་མིན་པ་ཡུད་མེད་ཞུས་པས། ཡང་ཌཱཀྐི་མས། བུ་ཆེ་བ་འདི་ཅིས་ཀྱང་བན་དེ་བྱེད་པ་ཡིན། ཆུང་བ་ཀུན་ཅི་བྱེད་ཁྱེད་རང་ཤེས་གསུངས་པ་ལ། རིན་ཆེན་དཔལ་གྱིས། བུ་ཆེ་བ་འདི་ལ་བན་དེ་ཨེ་འོང་ཡང་མི་ཤེས། བན་དེ་བྱེད་པ་ཁན་དེས་ཆོག་པ་ཡང་མིན། ཆོས་ཕུལ་དུ་ཕྱིན་པ་ཡང་དཀའ་བར་སྣང་ཞུས་པས། ཡང་ཌཱཀྐི་མས། བན་དེ་མ་བྱུང་ཡང་ཁྱེད་ལ་ཁག་མེད། བློ་ཆོས་དང་བསྟུན་ན་དོན་མི་འགྱུར་བའི་ཕུགས་སུ་ཕྱིན་པ་ཡིན་གསུངས། འདི་བན་དེ་གྱིས་དང་བདག་གཞན་གཉིས་ཀ་ལ་ཡང་ཕན་ཏེ་འོང་གསུངས།
ཡང་ཟླ་བ་གཅིག་པའི་ཉིན་གཅིག་རུ་བ་བསྐྱེལ་ནས་སོང་ཙ་ཌཱཀྐི་མས། དེ་རིང་རུ་བ་འདི་སྐྱ་བདོ་ཙ་ངེད་རང་ཚང་ཡང་སྐྱེལ་དབྱེ་ཞིག་བྱེད་ནས་གཞན་ཞིག་ཏུ་འགྲོ་གསུངས་པ་ལ། ནམ་ཟླ་ད་ཞག་ལོག་ན་འགྲོ་དོན་མེད་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ཁྱེད་རྣམས་ལ་ངས་ཅི་བཟླས་ཀྱང་ཁ་ལ་མི་ཉན་བདོ། ད་རུ་བ་འདི་དང་ལྷན་ཅིག་བསྡད་ན་ང་ཡང་ཟླ་བ་བཞི་བའི་ནང་དུ་འཆི་བར་ཡོད། ཁྱེད་ཚོས་ང་ངན་པས་ཤི་ན་ཡང་བཟོད་བསམ་ན་མིན་པ། ཟླ་བ་ཡང་ཚེས་ནང་དུ་འདིར་ཤི་ཆད་ཅིག་འོང་བར་སྣང་། བུད་མེད་དེས་ང་ངོ་ཤེས་ཤེས་བྱས་པས། ད་རོ་གྲིབ་ཅིག་བྱུང་ན་ང་འགྲོ་དགོས་པར་ཡོད། དེ་ཕྱིར་ཁྱེད་རྣམས་ལ་གྲོས་བཏབ་པ་ཡིན་གསུངས་པ་ལ། སྐྱོན་མེད་ལས་ཆེ་བསམ་ནས་ཞེས་ཆོད་ནས་བདེན་དུ་མ་བཟུང་། དེ་ནས་མཚེར་ས་རུ་ཕྱིན་ནས་ཞག་ཁ་ཡར་སོང་རྟིང་ལ་ཌཱཀྐི་མས། ལར་ངས་ཅི་བཟླས་ཀྱང་ཁ་ལ་མི་ཉན་པར་སྣང་། ད་རུ་བ་འདི་དང་ལྷན་ཅིག་སྡོད་བསམ་ན། ང་ཚུར་རི་རྡོ་སྟེང་དགོན་ཨེ་ཡིན། སེར་ལྡེམ་དགོན་ན་ཨེ་ཡིན། ཡ་ཏ་ཡོར་དགོན་ཨེ་ཡིན། ཕར་ཚུར་ཞིག་ན་སྐྱོལ་དང་ང་ལ་རྒྱགས་ནི་ཁྱོད་རྣམས་ལ་གནོད་གནོད་གཅིག་ནི་དགོས་པ་མིན། གཞེས་ཚེས་ནང་ན་ཚུར་འོང་བས་ཆོག་པ་ཡིན་ཡང་ཡང་གསུངས་ཏེ། སྐྱོན་མེད་ལས་ཆེ་བསམ་ནས་བདེན་དུ་མ་བཟུང་ངོ་། །ཡང་ཉིན་གཅིག་ཌཱཀྐི་མའི་ཞལ་ནས། མག་པ་ཨ་རྒྱལ་ལ། ཁྱོས་ང་སེར་ལྡེམ་དགོན་དུ་སྐྱོལ། མོ་སྟོན་ལ་སྐྱོལ་བཟླས་ཙ་ཁ་ལ་མི་ཉན་བདོ། ཁྱོས་དགོན་ཞིག་ན་སྐྱོལ་གསུངས་པ་ལ། མག་པས་རིན་ཆེན་དཔལ་ལ། བསོད་ནམས་དཔལ་འདྲེན་གྱི་མི་མོ་དགོན་ན་སྐྱོལ་ཟེར་བདོ་བ་ཅི་བྱེད་ཟེར་བ་ལ། ཉག་ཉོག་འདི་ཚོས་དབང་ཡོད་ཡོད་བྱེད་པ་ཡིན་བཟླས་པས། མག་པས་ཀྱང་མ་བསྐྱལ།
ཡང་ཉིན་གཅིག་ཌཱཀྐི་མས། མག་པ་ཁྱོས་ང་དགོན་ན་མི་བསྐྱལ་བ་རེད་ཨང་། ངས་ཁྱེད་ཚོ་ལ་དགོས་པ་ཡིན་ཏེ། ཁྱེད་གང་ཡང་ཁ་ལ་མི་ཉན་པར་སྣང་། ང་ལ་འདྲ་ངས་ཁྱེད་རྣམས་ཀྱི་དོན་བྱེད་བསམ་པ་མ་གཏོགས་པ། ང་ལ་ཆེད་ཆེར་མ་ཡིན་གསུངས་པ་ལ་ཅི་ཡིན་སྙམ་ནས་ཐེ་ཚོམ་ཟ་ཞིང་། སྔོན་གྱི་མངོན་ཤེས་ཀུན་ཀྱང་བདེན། ད་ཇི་ལྟར་བྱེད་པའི་གླེང་མོ་འགའ་ཡར་བྱེད་པའི་ཚེ། བོན་པོ་གཅིག་གིས་སྙིང་རེ་རྗེ། བུད་མེད་དེས་སྤྲུལ་པ་བྱེད་བདོ་སྟེ། ཁྱེད་རྣམས་ཀྱིས་རྒྱན་དུ་འཁྱེར་བར་སྣང་ཟེར། དེ་ནས་རིན་ཆེན་དཔལ་ཁྱིམ་དུ་ཕྱིན་པ་དང་། ཌཱཀྐི་མའི་ཞལ་ནས། དོན་མི་བསྒྲུབ་ཀྱིས་གཡེང་བརྗོད་བྱས་པའི་ཚེ། །བོན་པོས་སྙིང་རྗེའི་གཡེལ་ལ་བོར། །སྙིང་རྗེ་བའི་མཚན་ཉིད་འདྲ་ལུགས་ནི། །བུ་མོ་ང་ཡིས་བཤད་པར་བྱ། །ཚེ་ཕྱི་མ་གཡེལ་ལ་བོར་ནས་སུ། །འཇིག་རྟེན་འདི་དོན་བསྒྲུབས་པ་རྣམས། །གཏན་ཆས་མེད་པས་སྙིང་རེ་རྗེ། །རིན་ཆེན་ནོར་བུ་གཡེལ་བོར་ནས། །འཇིག་རྟེན་ནོར་རྫས་བསྒྲུབས་པ་རྣམས། །ཤུལ་ལུས་ཆགས་ཞེན་སྙིང་རེ་རྗེ། །དགྲ་ཡི་ཕྱོགས་སུ་སྡང་ནས་ནི། །གཉེན་གྱི་ཕྱོགས་སུ་ཆགས་པ་རྣམས། །ངན་འགྲོའི་བཙོན་རར་སྙིང་རེ་རྗེ། །དམིགས་མེད་མཐའ་བྲལ་མི་ཤེས་པར། །གྲུབ་མཐའ་ངན་པར་ཞུགས་པ་རྣམས། །རང་རྒྱུད་སྲེག་པས་སྙིང་རེ་རྗེ། །སྤྲོས་མེད་གཡེལ་ལ་བོར་བོར་ནས། །སྤྲོས་བཅས་འཛིན་པས་བསྡམས་པ་རྣམས། །དོན་དང་མི་ལྡན་སྙིང་རེ་རྗེ། །མཁྱེན་བརྩེའི་ཐུགས་རྗེ་མི་ལྡན་པར། །གྲོང་ཡུལ་བཤིན་ཆོག་བྱེད་པ་རྣམས། །རང་ཕུང་བྱེད་པས་སྙིང་རེ་རྗེ། །གཞན་དོན་གཡེལ་ལ་བོར་བོར་ནས། །རང་དོན་གཉེར་དུ་ལེན་པ་རྣམས། །འཁོར་བར་འཁྱམ་པས་སྙིང་རེ་རྗེ། །ཆོས་ཀྱི་ཕྱོགས་སུ་སྡང་སེམས་ནས། །བོན་གྱི་ཕྱོགས་སུ་ཆགས་ཞེན་པས། །ལམ་བྱང་ཆུབ་མ་རྙེད་སྙིང་རེ་རྗེ། །ང་ནི་སྙིང་རྗེ་ཡུལ་གནས་མིན་གྱིས། །སྤྱིར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྙིང་རྗེ་ཆེན་པོས་འགྲོ་བ་འདུལ། །སྒོས་བུ་མོ་ང་ཡི་སྙིང་རྗེའི་རྩལ་ཤུགས་ཀྱིས། །སྐལ་བར་ལྡན་གྱི་འགྲོ་བ་སྐྱོངས། །ལར་སྤྲུལ་པ་རྒྱན་དུ་ཁྱེར་ཟེར་ན། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཆོས་སྐུའི་སྤྲུལ་པ་ལོངས་སྐུའི་བརྒྱན། །ལོངས་སྐུའི་སྤྲུལ་པ་སྤྲུལ་སྐུའི་བརྒྱན། །སྤྲུལ་སྐུའི་སྤྲུལ་པ་གང་ཟག་གིས་བརྒྱན། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་སྟོན། །སྒོས་བུ་མོ་ང་སྤྲུལ་པས་རྒྱན་དང་ལྡན། །ཡུམ་ཆེན་ཕར་ཕྱིན་སྤྲུལ་པ་ལས། །རྡོ་རྗེ་ཕག་མོའི་སྤྲུལ་པས་བརྒྱན། །རྡོ་རྗེ་ཕག་མོའི་སྤྲུལ་པ་ལས། །བསོད་ནམས་དཔལ་འདྲེན་སྤྲུལ་པས་བརྒྱན། །བསོད་ནམས་དཔལ་འདྲེན་སྤྲུལ་པ་ལས། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །རྒྱལ་བའི་སྤྲུལ་པས་འགྲོ་བ་སྐྱོངས། །སྒོས་བདེ་ཆེན་ཉམས་ཀྱི་སྤྲུལ་པ་ནི། །སྟོང་ཉིད་ཆོས་དབྱིངས་སྤྲུལ་པ་ལས། །རང་བྱུང་འོད་སྤྲུལ་འགྲོ་བ་སྐྱོངས། །རང་བྱུང་འོད་གསལ་སྤྲུལ་པ་ལས། །མཉམ་ཉིད་བདེ་ཆེན་རྒྱན་གྱིས་བརྒྱན། །མཉམ་ཉིད་བདེ་ཆེན་སྤྲུལ་པ་ལས། །ལྷུན་གྲུབ་ཡེ་ཤེས་རྒྱན་གྱིས་བརྒྱན། །ལྷུན་གྲུབ་ཡེ་ཤེས་སྤྲུལ་པ་ལས། །སངས་རྒྱས་སྤྲུལ་པའི་རྒྱན་བཟང་མཆོག །ནང་རང་སེམས་རྣམ་དག་སྤྲུལ་པ་ལས། །ལྷག་བསམ་བརྒྱད་ཀྱི་རྒྱན་གྱིས་བརྒྱན། །ལྷག་བསམ་བརྒྱད་ཀྱི་སྤྲུལ་བ་ལས། །འགྲོ་དྲུག་སྨིན་གྲོལ་རྒྱན་གྱིས་བརྒྱན། །སྤྲུལ་པའི་འོད་ཟེར་འཕྲོ་ལ་འདུད། །ཅེས་གསུངས་སོ། །ཡང་ཉིན་ཞིག་བསོད་ནམས་དོན་འགྲུབ་ཀྱིས། འོ་སྐོལ་ཚང་གི་ཡོན་བདག་ཅིག་ལ། བསྔོ་རྟེན་ཞིག་སྦྱིན་དགོས་ཙ་མ་རྙེད་ཟེར་བ་ལ།
ཡང་ཌཱཀྐི་མའི་ཞལ་ནས། ཁོང་ན་བ་དང་ལག་བདེ་ཞིག་ཀྱང་མེད་བཟླས་པ་ལ། རིན་ཆེན་དཔལ་གྱིས་སྦྱིན་རྒྱུ་ཡོད་པ་ལ། ལས་ཀ་སོ་ནམ་བསྲི་བསོག་བྱེད་པ་ཞིག་དགོས་པ་ཡིན། འོ་སྐོལ་ལ་དེ་མི་འོང་བར་ཁ་རོག་ཟ་ཞིང་ཉལ་ནས་བསྡད་པས་སྦྱིན་རྒྱུ་ཡང་ག་ལ་ཡོད་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ངས་ལུས་འདི་བྱ་བ་དང་བྲལ་བས་སོ་ནམ་ལས་ཀ་ཡང་ཡལ་བར་དོར། བདེན་པར་མ་གྲུབ་པས་ཆེས་ཆེར་ཡང་མ་བྱས། སེམས་འདི་འཛིན་པ་དང་བྲལ་བས་བསྲི་བསོག་ཡང་ཡལ་བར་དོར། སྒྱུ་མར་ཤེས་པས་དོན་དུ་མ་གཉེར། བྱ་བ་མི་བསླུ་ཆོས་ལ་རབ་བརྩོན་པའི། །ཕོ་མོ་གང་རེམ་པ་དེ་བདེ་བའི་གནས། །སྤྲོ་སེང་ངེ་སྙིང་རུས་སྡུག་སྲན་པ་ཚོ་ངོ་མཚར་རེ་ཆེ། །བྱ་བ་འཁོར་བའི་ཆོས་ལ་རབ་བརྩོན་པའི། །ཕོ་མོ་གང་རེམ་པ་དེ་དམྱལ་བའི་གནས། །ནག་ཐོམ་མེ་སྙིང་རུས་སྡུག་སྲན་པ་ཚོ་སྙིང་རེ་རྗེ། །སོ་ནམ་བསྲི་བསོག་རབ་བརྩོན་ཡང་། །འཇིག་རྟེན་ནོར་ཡང་ཚེ་གཅིག་ཙམ། །ཅི་ལྟར་བྱས་ཀྱང་འཁོར་བའི་རྒྱུ། །ངས་ལུས་འདི་བྱ་བ་དང་བྲལ་བས། །སོ་ནམ་དང་ལས་ཀ་ལེགས་པོ་ཞིག་བྱས། །སེམས་འདི་འཛིན་པ་དང་བྲལ་བས། །བསྲི་བསོག་ལེགས་པོ་ཞིག་བྱས། །བྱ་བྲལ་འཛིན་པ་མེད་པ་ཡི། །སོ་ནམ་བསྲི་བསོག་ལེགས་བྱས་ནས། །བསྒྲུབ་ཏུ་མེད་པས་དགོས་འདོད་འབྱུང་། །འདི་ཕྱི་ཡི་རྒྱུ་ལ་འཛད་པ་མེད། །ཕ་ཁྱེད་རང་ཡང་ནོར་ཡོད་ཅིག་འདོད་ན་དེ་ལྟར་མཛོད་དང་འོང་བར་འདུག་གསུངས།
ཡང་ཟླ་བ་གསུམ་པའི་ནང་དུ་ཉིན་ཅིག་ཡོན་བདག་ཨ་སྐྱབས་བྱ་བ་ལ་ཞོ་ཞིག་བླུད་པ་ལ་མི་དེས། ངས་ཞོ་འཐུང་འཐུང་ལ་དེ་བས་བཙོག་པ་འཐུང་མ་མྱོང་། ལུས་དང་ས་སྒྱེད་བཞིན་དེའི་བྱ་བ་ལག་ཟས་ཁ་ཚིག་ཀུན་དེ་འདྲ་ཞིག་ཡོད་པ་ཡིན་ཟེར་བའི་འཕྱ་ལད་བྱས་པ། ཕྱིས་སུ་ཐོས་པས་གཞན་རྣམས་ཀྱིས་ཀོ་ལོང་བྱས་པའི་སར། ཌཱཀྐི་མས་ང་ཡི་ལུས་འདི་མཛེས་པར་མཐོང་བའི་མི་ཡང་ཉུང་གི་སྣང་། ངས་སྨྲས་པའི་ཚིག་འདི་སྙན་པར་གོ་བའི་མི་ཡང་ཉུང་གི་སྣང་། ངས་བྱིན་པའི་ཟས་འདི་ཞིམ་པར་ཤེས་པའི་མི་ཡང་ཉུང་གི་སྣང་། དེ་བདེན་རང་རང་གིས་རྒྱུད་དང་མཐུན་པའི་རྟོག་པ་དེ་ག་ཡིན། ཀོ་ལོང་བྱེད་རྒྱུ་མེད་གསུངས་པ་ལ་ཡང་རིན་ཆེན་དཔལ་གྱིས། བུད་མེད་འདིས་བདག་བཟང་འདོད་པས་འདི་འདྲ་ཟེར་བདོ་བསམ་ནས། དེ་བདེན་པ་ཤེས་ཁྱོད་ཀྱི་གཟུགས་དེ་བཟང་པོ་ཞིག་ཡིན་པ་ལ་དེས་ངན་པར་བཏགས་པ་ནི་མིན། ཁྱོད་ཀྱིས་ཚིག་དེ་སྙན་པོ་ཞིག་ཡིན་པ་ལ་དེས་མི་སྙན་པར་བཏགས་པ་ནི་མིན། ཁྱོས་ཁོ་ལ་ཞོ་ཞིམ་པོ་ཞིག་བླུད་པ་ལ་དེས་མི་ཞིམ་པར་བཏགས་པ་ནི་མིན། ཀོ་ལོང་བྱེད་རྒྱུ་མེད་པ་ཤེས་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ལུས་ལྷ་སྐུ་སྣང་ལ་རང་བཞིན་མེད། །མེ་ལོང་ལྟ་བུའི་གཟུགས་བརྙན་དེ། །རྣམ་དག་དྲི་མེད་སྐུ་གསུམ་ངང་ལ་གནས། །གཟུགས་བཟང་ངན་གྱི་དབྱེ་བ་མི་སྣང་ངོ་། །ངག་སྨྲ་བརྗོད་ལྷ་ཡི་བསྙེན་པ་དེ། །གྲག་སྟོང་བྲག་ཆ་ལྟ་བུར་གྲགས་པ་སྟེ། །ངག་གསུང་དབྱངས་དྲི་མེད་སྒྲོག་པ་ལ། །ཚིག་སྙན་དང་མི་སྙན་གྱི་དབྱེ་བ་མི་སྣང་ངོ་། །ཞལ་ཟས་ཚོགས་ཀྱི་འཁོར་ལོ་དེ། །བདུད་རྩིའི་རང་བཞིན་དུ་ཤེས་པའི་ཕྱིར། །དངོས་གྲུབ་དམ་པའི་མཆོག་ཏུ་གྱུར་པ་ལ། །ཟས་གཙང་བཙོག་གི་དབྱེ་བ་མི་སྣང་ངོ་། །ཞེས་གསུངས། ཡང་ཉིན་ཞིག་ཉི་རར་བསྡད་ནས་ཡོད་ཙ། ཌཱཀྐི་མ་སེ་སྟོད་ཕུད་ནས་ཡོད་པ་ཡར་འགྲོ་བ་ལ་ལང་བའི་ཚེ། སྐ་རགས་ཕྲ་མོ་ཞིག་ཡོད་པ་དེ་ཆད་ནས་གོས་དེ་བུད་ནས་ཐལ་བ་ལ།
རིན་ཆེན་དཔལ་གྱིས། རང་ལ་དགོས་པའི་གོས་ཟས་ལྷམ་རྩྭ་རེ་ཡང་མི་བྱེད། ཐ་མ་ཡང་སྐ་རགས་ཞིག་མ་བྱེད་ནས་ཐེ་གུ་བ་དག་ཙམ་དེ་ཆད་ནས་ཐལ་བས། ད་ཀུན་གཅེར་བུར་འབུད་ནས་ངོ་ཡང་ཚ་རྒྱུ་མི་འདུག་ཞུས་པ་ལ། ཡང་ཌཱཀྐི་མའི་ཞལ་ནས། རྐེད་ཀྱི་སྐ་རགས་ཆད་པ་དེ། །ང་བདག་རྩད་ནས་བཅད་པ་ཡིན། །རྒྱབ་ནས་གོས་ཀྱང་འབུད་པ་དེ། །བྱིང་རྒོད་གཉིས་ཀྱི་གོས་ཡང་བུད་པ་ཡིན། །ལུས་པོ་གཅེར་བུར་བུད་པ་དེ། །རིག་པ་གཅེར་བུར་བུད་པ་ཡིན། །མོ་རྟགས་བྷ་ག་བསྟན་པ་དེ། །དད་པའི་རྟེན་ཞིག་བཞག་པ་ཡིན། །ཁ་ནས་གླུ་ཆུང་ལེན་པ་དེ། །སེམས་ལ་རྟོགས་པ་ཤར་བ་ཡིན། །ཚུལ་འཆོས་སྤྱོད་པ་མེད་པ་དེ། །སྙེམས་རྟོག་ངོ་ཚ་དག་པ་ཡིན། །ཞེས་གསུངས་སོ། །ཡང་ཟླ་བ་གསུམ་པའི་ནང་དུ་ཉིན་ཅིག །ཌཱཀྐི་མས། ད་རུང་རུ་བ་འདི་དང་ལྷན་ཅིག་འདིར་མི་འདུག་ངེད་རང་ཚང་གིས་དུད་འདི་རུ་ཁ་གཞན་ཞིག་ན་འགྲོ་དགོས་བདོ་གསུངས་པ་ལ་ཅི་ཡིན་ཞུས་པས། ཁྱེད་ཀྱང་དོ་དགོང་མིན་པ་མ་ཕྱིན་རུ་བ་འདི་ལ་སང་ཉིན་ཤི་ཆད་ཅིག་འོང་བ་སྣང་། དེ་ཙ་ང་ལ་གྲིབ་ཅིག་ཕོག་ནས་འཆི། བུ་ཆེ་བ་འདི་ཡང་ན་ནས་ཐུ་མོ་ཞིག་བྱེད། དེ་ཕྱིར་ངེད་མ་བུ་ཆེ་བ་གཉིས་དང་། དུད་འདི་རུ་ཁ་གཞན་ཞིག་ཏུ་འགྲོ། ནངས་པར་འགྲོ་ཁྱེད་རང་ཕ་བུ་ཆུང་བ་འདི་གཉིས་ཀྱིས་རོགས་དན་བགྱིས་པས་ཆོག་གསུངས་པ་ལ། རིན་ཆེན་དཔལ་གྱིས། ནངས་པར་རུ་བ་འདི་ལ་ཤི་ཆད་ཅིག་འོང་བར་སྣང་ན། བྲོས་ནས་སོང་བས་ཅི་འདྲ་ཞིག་འོང་། དེ་སྔ་ལོ་འདི་ཙམ་འདྲིས་པ་ལ་ད་ཤི་ཆད་ཅིག་བྱུང་ན་བྲོས་ནས་སོང་བས་འདྲ་ཞིག་འོང་བས་ཅི་རེད་རེད་ལེན་མིན་པ་ངོ་ཡང་ཚ་ཞུས་པས།
ཡང་ཌཱཀྐི་མས་བསྐྱུར་ནས་སོང་ཟེར་བས་བཟོད། ཁྱེད་རང་ཕ་བུས་རོགས་ཅི་དགོས་པ་དེ་ནི་གྱིས། རྒྱུ་གང་དགོས་པ་དེ་སྦྱིན་དེ་ཙ་རེ་འཁོང་མེད་གསུངས་པ་ལ། དེ་ལྟར་བྱེད་དགོས་བཟླས་ཤིང་ཡོད་ཙ། ཕྱིར་ནངས་སྔ་མོ་རུ་བའི་མི་རྣམས་ཀྱིས་རིན་ཆེན་དཔལ་ལ་འབོད་ཅིང་སྣང་བས་སོང་ཙ། ལ་ལ་ཤི་ལ་ལ་ན་ནས་སྣང་བས་ཡང་མ་གཡེང་ལ་སྐྱ་ནས་འགྲོ་མ་འཕྲོད་ནས་ཡོད་ཙ། ཉི་མ་དྲོ་བར་ཙམ་ལ་ཚུར་ཕྱིན་ཙ། ཌཱཀྐི་མས་ད་ང་འཆི་བའི་ཐག་དེ་རིང་ནས་ཆོད་པ་ཡིན་པས། འདིར་འདུག་པའི་ཐབས་མེད། བུ་ཆེ་བ་འདི་ལ་ཡང་གྲིབ་ཅིག་ཕོག་ནས་ཐུ་མོ་བྱེད་པས་རིམ་གྲོ་ལ་འཇམ་དཔལ་མང་དུ་ཐོན་དང་ཕན་པ་ཡིན། ང་ཡང་ཚེས་ཀྱི་ནང་དུ་འགྲོ་བའི་ཐག་དེ་རིང་ནས་བཅད་པ་ཡིན་གསུངས། ཡང་ཉིན་ཞིག་སྣམ་བུ་བུབས་གཅིག་ཡོད་པ་དེ། ཌཱཀྐི་མས་ཁྱེད་རང་སྣམ་བུ་དེ་ལ་རིང་འགག་ཅིག་གྱིས་གསུངས་པ་ལ། རིན་ཆེན་དཔལ་གྱིས། ཁྱོད་རང་གི་གོས་དེ་ལ་གྱོན་ཉན་མི་སྣང་། ང་ལ་ད་རུང་གྱོན་རྒྱུ་ཡོད་ཞུས་པས། ཡང་ཌཱཀྐི་མས། ང་ལ་འབལ་བུ་འདིས་ཆོག་ཅི་གྱོན་འདྲ། ཁྱེད་རང་གིས་ཟོས་ལ་གྱོན་གསུངས་པ་ལ།
ཡང་རིན་ཆེན་དཔལ་གྱིས། ཁྱོད་ཀྱིས་འབལ་བུ་ཞིག་ཅིས་ཀྱང་གྱོན་དགོས་པ་ཨེ་ཡིན་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ང་གསོན་པ་མི་ཡི་ལུས་ལ་འབལ་བུ་གྱོན། གོས་ངན་ནོ་སྙམ་པ་ང་ལ་མེད། །དེ་ཚ་གྲང་སྐྱོབས་དགོས་མི་སྣང་སྟེ། །སེམས་ཅན་གྱི་ལས་དང་བསྟུན་པ་ཙམ། །ང་ཤི་བ་ལྷ་ཡི་ལུས་ལ་གོས་དར་བསྐོན། །གོས་བཟང་ངོ་སྙམ་པ་ང་ལ་མེད། །དེས་ཐུགས་རྗེ་ཆེ་བར་མི་རེ་སྟེ། །ཚོགས་རྫོགས་ཡོན་ཏན་བསྟོད་པ་ཙམ། །ང་སེམས་ཅན་དང་ལྷན་ཅིག་འགྲོགས་མོད་ཀྱང་། །ཉོན་མོངས་ཀྱིས་གོས་པ་ང་ལ་མེད། །དམ་ཆོས་ཤིག་བསྒྲུབ་དགོས་མི་སྣང་སྟེ། །བྱམས་པས་སྐྱེ་འགྲོ་ལ་བརྩེ་བ་ཙམ། །གོས་བཟང་ངན་གྱི་དབྱེ་བ་ང་ལ་མེད། །གྲང་དྲོའི་བདེ་སྡུག་ང་ལ་མེད། །ཡང་ཚེས་ཀྱི་ནང་དུ་ང་འགྲོ་བས། །གོས་འདི་ཡང་འཇོག་ནས་འགྲོ་བ་ལ། །གཞན་གྱི་སོ་མས་སྨོས་ཅི་དགོས། །སེམས་ཉིད་འཛད་མེད་ཡིད་བཞིན་གོས་ཡོད་པས། །གོས་འཛད་པ་མེད་པའི་ལོངས་སྤྱོད་ཡོད། །ཅེས་གསུངས། ཡང་ཟླ་བ་གསུམ་པའི་ཉི་ཤུ་དགུའི་ཉིན་པར་སྣོད་སྒྲོ་ཀུན་བླངས་ཏེ་གྲུ་གུ་རྣམས་བཏོན་ནས། དཀར་པོ་རྣམས་ཚོས་ལ་བུ་ཆེ་བའི་གོས་ཤིག་གྱིས། དཀར་དམར་འདི་ཚོས་ལ་བུ་མོ་ལ་ཕྱར་བ་གཅིག་གི་རྒྱུ་གཏོད་གསུངས་པ་ལ། རིན་ཆེན་དཔལ་གྱིས་གྲུ་གུ་རྣམས་ང་ལ་གཏད་ནས་ཐག་གྱིས་ཟེར་བ་ཨེ་ཡིན་ཞུས་པས། ཡང་ཌཱཀྐི་མས། ཁྱེད་ཚོ་ལ་ངས་ཅི་བཟླས་ཀྱང་ཁ་ལ་མི་ཉན་པར་སྣང་། ཚུལ་གནད་བསྐུལ་བྱེད་བདོ། ང་ནི་ཡང་ཚེས་འཆི་བ་ཡིན་ད་རུང་གོས་རྒྱུ་འདི་བྱེད་ན་ལོང་ཡོད་དེ་མི་སྤྲོ་བར་སྣང་བས། གཞན་བཏགས་མི་ཅི་རྙེད་ལྟོས་ལ་བཏགས་ཆུགས་བུ་ཆེ་བ་འདི་ཡི་གོས་ཤིག་བཟོས་ལ་བན་དེ་གྱིས། བུ་མོ་ཆུང་བ་འདི་ཕོ་མོའི་རྗེས་སུ་འགྲོ་ཟེར་བེན་ཙ་མ་གཏོང་། རྒོད་མ་འདི་བླ་མ་སྟག་ལུང་བ་ལ་ཕུལ། དེ་ཡང་ཁྱེད་ཀྱིས་བློ་ཆོས་དང་འབྲེལ་ནས་གཞན་གྱིས་མི་སྨོད་པའི་ཕྱིར་མ་གཏོགས་པ་ང་ལ་དགོས་པ་མ་ཡིན། ནོར་གཞན་ཅི་ཡང་གཏོང་མི་དགོས། ཁྱེད་རྣམས་ཀྱིས་དེ་སྔ་ནི་ང་ངན་ཟེར་ཏེ་མ་ཚོར་བ་ཡིན། ནོར་ཡོད་ཀྱི་མིང་མེད་ཀྱང་རྟོག་པའི་སྒྲོས་ཞུགས་མ་མྱོང་བ་དེ་ཡིན། ད་ནི་དེ་དང་ཅུང་མི་འདྲ་བས་ཕྲུ་གུ་དེ་རྣམས་ལ་ཉོན་མོངས་མཐོང་མ་འཇུག །ང་ཡི་རྗེས་སུ་ནོར་གཏོང་མི་དགོས་པའི་རྟགས་ཀྱང་མཐོང་ནས་འོང་། ང་ཤི་དང་མ་ཤི་ཡི་བདེ་སྡུག་བྲལ། བྲལ་བའི་རྟགས་ཀྱང་མཐོང་སྟེ་འོང་ཞེས་གསུངས།
ཡང་ཟླ་བ་བཞི་པའི་ཚེས་སྟོད་ཉིན་ཞིག་ཌཱཀྐི་མས། བཀྲ་ཤིས་མཚོ་བྱ་བ་ཞིག་ལ། ང་ཚུར་ཚེས་འཆི་བ་ཡིན། ཁྱོད་བསམ་པ་མ་ངན་དང་ངས་དོགས་མེད་པ་ཡིན། ཁྱེད་རྣམས་ཀྱིས་ད་ལྟ་ང་ལ་དད་པ་མི་བྱེད་དེ། ཚུར་ཚེས་ང་ཤི་བའི་དུས་སུ། ང་ཡི་ཡོན་ཏན་མཐོང་ནས་དད་པར་འོང་། །དེ་ཕྱིར་གསོལ་བ་ཐོབ་དང་ངན་འགྲོའི་འཇིགས་ལས་སྐྱོབས། །འཆི་ཁ་གདུང་བ་དྲག་པོས་ང་དྲན་ན། །ཞིང་ཁམས་བགྲོད་པ་མངོན་དུ་གསལ་བར་འགྱུར། །ང་ལ་ཚུར་ཚེས་ཀྱི་ནང་དུ་དད་པ་ཟུར་རེ་ཡང་འོང་སྟེ་མཆི་གསུངས། ཡང་ཉིན་ཞིག་སྒྲོལ་མ་བྱ་བ་ཞིག་གིས་འོ་མ་བསྐོལ་ནས་དྲངས་བ་ལ། ཌཱཀྐི་མས་འོ་སྐོལ་རྣམས་དེ་སྔ་ལོ་ཁ་ཡར་དུ་འགྲོགས། ད་དེ་ཁྱེད་ཕ་མིང་གི་ཁྱིམ་དུ་ཧུབ་འཐུང་བའི་རྟིང་པ་འདི་ཡིན། ང་ནི་ཚུར་ཚེས་འཆི་བ་ཡིན་པས་ཁྱེད་རྣམས་ཀྱིས་ཀྱང་དད་པ་གྱིས་དང་ཡོན་ཏན་ཡང་ཤུགས་ཀྱིས་འབྱུང་བ་ཡིན་གསུངས། ཡང་ཉིན་ཅིག་ཨ་རྒྱལ་བྱ་བ་ལ་འོ་མ་ཞིག་བླུད་ནས་འདི་འཐུང་དང་ཡོན་ཏན་ཞིག་ཡོད་པ་ཡིན་གསུངས་པ་ལ། ཨ་རྒྱལ་གྱིས་ནམ་ཟླ་ད་ཞག་འོ་མ་འཐུང་རྒྱུ་ཡོད་ན། ཡོན་ཏན་ལོས་ཡོད་ཞུས་པ་ལ། ཌཱཀྐི་མས། དེ་ཡང་མིན་པའི་ཡོན་ཏན་ཞིག་ཡོད་པ་ཚུར་ཚེས་མཐོང་གིས་འོང་གསུངས། ཡང་ཉིན་ཞིག་ཨ་ཐར་མ་ཚང་གིས་ཞོ་ཕོར་གང་བླུད་པའི་སར་ཌཱཀྐི་མས། ཁྱོད་རྒན་རོགས་ཀྱི་ལག་ཟས་ཟ་བའི་རྟིང་པ་འདི་ག་ཡིན། ང་ཚུར་ཚེས་འཆི་བ་ཡིན། ཁྱོད་བསམ་པ་མ་ངན་དང་ངས་དོགས་མེད་པ་ཡིན་གསུངས། ཡང་ཉེ་རིང་ཞིག་ཤི་བའི་སར་རིན་ཆེན་དཔལ་གྱིས་རྟ་གཉིས་ཤིག་སྦྱིན་དགོས་ཞུས་པས།
ཌཱཀྐི་མས། ཁོ་ཚང་ལ་རྟ་གཅིག་གཉིས་ཡོད་ཙ། རྟ་སྦྱིན་མི་དགོས་ལ་ནོར་བྱིན་གསུངས་པ་ལ། རིན་ཆེན་དཔལ་གྱིས། རྟ་མ་བྱིན་ནས་ནོར་བྱིན་ན་མི་སྔུན་ན་ངོ་ཡང་ཚ་ཞུས་པས། ཡང་ཌཱཀྐི་མས། རྟ་འདི་ལ་ངས་སེར་སྣ་བྱས་པ་ཡང་མ་ཡིན། ད་ང་ལ་རྟ་ཡི་དགོས་པ་ཅི་ཡང་མེད། དེ་སྔ་ནི་བེམ་པོ་བཀལ་དགོས་ཏེ་ཞེན་ཆགས་མི་ཆེ། ང་ནི་ཚུར་ཚེས་འཆི་བ་ཡིན། དེ་ཙ་རྟ་གཅིག་དེ་སྦྱིན་ཙ་རྟ་ཞིག་དེ་ཁྱེད་ཨེ་མ་འཇོག །བཞག་ན་མིས་འཕྱ་ན་ཡང་དེ་ལ་འཕྱ། ནག་མོ་ལ་དོ་མ་ཞིག་མ་གཏོང་བཟློ། མ་བཞག་ན་ཁྱེད་རང་ཡང་རྐང་པ་ན་བ་དང་། སྡུག་བསྔལ་ཉོན་མོངས་མཐོང་བསམ་པ་མ་གཏོགས་པ། ངས་སེར་སྣ་བྱེད་པ་ཡང་མིན། ནོར་གང་དགོས་བྱིན། ལར་སྦྱིན་དགོས་པ་ཞིག་ཡིན་ཏེ། ཁྱེད་ལ་ཕན་དགོས་པའི་དུས་སུ་ཅི་འདྲའམ། ཁྱེད་ང་ལ་བཀྲའམ་སྤྲུལ་པའམ་ཅི་འདྲ་ཞིག་ཡིན་པ་ཨེ་ཡིན། ཚུར་ཚེས་ང་ནི་འཆི་བར་ངེས་ཀྱིས། ང་ཡི་ཆོས་སྐལ་བྱེད་དགོས་བཟླས་པ་ཡང་མ་ཡིན། ཆོས་འདི་རང་གིས་རང་ལ་བྱེད་དགོས་པ་ཡིན་གཞན་གྱིས་བྱས་པའི་ཆོས་ཀྱིས་འཁོར་བ་ལས་དཔག་པ་དཀའ་བར་སྣང་། ལར་བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། བྱ་རུ་མེད་པའི་དོན་གཅིག་མ་རྟོགས་ན། སངས་རྒྱས་ཀྱི་སར་མི་ཕྱིན། སངས་རྒྱས་ཀྱི་ས་རུ་མ་ཕྱིན་ན། བདག་གཞན་གཉིས་ཀྱི་དོན་ཡང་དཀའ་བར་སྣང་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། སངས་རྒྱས་ཀྱི་སར་ནམ་ཕྱིན་ཞུས་པས། གཟུང་འཛིན་རང་སར་གྲོལ་ན་ཕྱིན་གསུངས། འདིས་ཆོས་ཀྱི་ཚིག་ཀྱང་མང་དུ་ཟེར། མནའ་བྱེད་ནས་དུས་ལྟང་ཡང་བཅད་བདོ་བས། འཆི་འདོད་པ་ཨེ་ཡིན་བསམ་ནས་ཡིན་མ་ཆེས་ཏེ། ཕྱིར་ནངས་སྔ་མོ་བུ་མོ་ལ་མེ་ཞིག་བུས་དང་ངས་མོ་ཞིག་འདེབས་བྱས་པས།
ཡང་ཌཱཀྐི་མས། ཅི་ཡི་མོ་འདེབས་གསུངས་པ་ལ། གཞི་མོ་ཞིག་འདེབས་ཞུས་པས་མོ་ཅི་ཡང་འདེབས་རྒྱུ་མེད། ང་ནི་ཚུར་ཚེས་འཆི་བ་ཡིན་གཞན་ནད་པ་འདི་རྣམས་ཇེ་བདེར་འོང་། མོ་འདེབས་པའི་ཐང་ལ་བསྙེན་པ་འདྲ་བ་ཐོན་གསུངས། ཡང་ཉིན་ཞིག་མི་སྡེའི་མི་ལ་ལ་ཤི་ནས། རོ་དོང་དུ་བཅུག་པའི་གླེང་མོ་འགའ་ཡར་བྱས་པའི་དུས་སུ། ད་ལོ་ཀུན་མི་གང་ཤི །ཤིའི་རོ་དོང་དུ་བཅུག་པར་སྣང་སྟེ། གང་ཤིའི་རོ་ཡང་དོང་ན་བཅུག་རྒྱུ་ཡང་མིན་ཏེ་གསུངས་པ་ལ། རོ་ས་རྡོ་དང་འདྲ་ལས་ཆེ་ཞུས་པས། ཡང་ཌཱཀྐི་མས། རོ་ལ་ཅི་བྱས་འདྲ་ཡང་སངས་རྒྱས་ཀྱི་ཡོན་ཏན་ཆ་རེ་ནུབ་ནས། འགྲོ་དོན་ཆ་རེ་རྒྱ་ཆུང་བའི་ནུབ་པའི་སྐྱོན་ཡོད་པ་ཡིན། ང་ནི་ཚུར་ཚེས་འཆི་བའི་དུས་སུ་རོ་དེ་དོང་དུ་མ་བཅུག་དང་འགྲོ་དོན་བག་རེ་འབྱུང་གསུངས། ཡང་ཉིན་ཞིག་སྤྲང་པོ་འགའ་བྱུང་བ་ལ། ཌཱཀྐི་མས། འོ་སྐོལ་ལ་ལྷམ་འཐིལ་གསུམ་ཡོད་པའི་མཐུག་པ་དེ་ང་ལ་བྱིན་དང་བྱེད་རྒྱུ་ཞིག་ཡོད་གསུངས་པ་ལ། རིན་ཆེན་དཔལ་གྱིས། ཅི་བྱེད་ཁྱོད་རང་འདེབས་མི་དགོས་ཤིང་སྦྱིན་མི་ཐུབ་ཞུས་པས་ཌཱཀྐི་མས། ཁྱེད་ཀྱི་སེར་སྣའི་བྱེད་རྒྱུ་ལ་ང་རང་གིས་འདེབས་པའི་ཐང་བྱེད་པ་ཡིན། འོ་སྐོལ་ཚོས་བགོས་ན་ཡང་ངས་འདི་ཨེ་མི་ཐོབ་སྟེ་ང་ལ་དགོས་པ་མིན། བཙུན་མ་འདི་ལ་ལྷམ་གཅིག་མི་འདུག་པས་སྙིང་རེ་རྗེ། ངས་དེ་སྔ་ལྷམ་མ་གྱོན་ཡང་ཉན་སིན། ད་ཟླ་བ་འདི་ལ་ཞག་མང་མེད་ཚུར་ཚེས་ནང་ན་ང་འགྲོ་རན་པ་ཡིན་ཏེ། དེ་ཙ་ལྷམ་གྱི་དགོས་པ་མི་འདུག་ཟེར་ནས། མར་དུམ་གཅིག་དང་ལྷན་དུ་ཁྱེར་ནས་ཀོ་བ་དེ་མཉེས་ནས་བྱིན་ནས་བྱུང་ངོ་། །
ཡང་ཉིན་ཅིག་ཉི་མ་ཤར་དྲོས་ཙམ། མི་རྣམས་གྲོང་བར་དུ་དལ་གཏམ་བྱེད་ཅིང་ཡོད་ཙ། ས་མཁན་ཡོན་མཆོད་གཉིས་ཕུ་དེ་ན་ཐལ་བས་ཕྲེང་བ་རིང་འདྲེན་བྱེད་ཅིང་གོས་བཟང་པོ་གྱོན་རྟ་ཐོག་ཏུ་འགྱིངས་འགྲོས་བྱེད་ཅིང་བྱུང་བ་ལ། ཌཱཀྐི་མའི་ཞལ་ནས། ཁྱོད་ད་ལྟ་རྟ་ཐོག་ན་འགྱིངས་འགྲོས་བྱེད་ཅིང་ཕྲེང་བའི་རིང་འདྲེན་དང་བཅས་ནས་འགྲོ་སའི་ཡོད་བློ་དང་རྒྱུ་ལེན་པའི་ཤེས་པ་དང་ལྡན་ནས་འགྲོ་བར་སྣང་སྟེ། དུས་ད་གཟོད་འགྲོ་ས་བཟང་པོ་ཡོད་རློམ་བྱེད་པའི་མི་ཀུན་ཀྱང་དེ་རིང་གི་མི་འདི་གཉིས་ཀྱི་འགྲོས་འདི་དང་འདྲ་བ་ཡང་མང་། ཕྱི་སྣང་ཡུལ་གྱི་བྱ་བ་ལ་ནམ་ལངས་ཡང་། ནང་དྲན་རིག་གི་ཤེས་པ་ལ་མུན་རུབ་ནས། དེ་རིང་གི་ལམ་སྒོ་ཙམ་རེ་མི་འབྱེད་པའི་ཅི་ཡང་མི་ཤེས་པའི་གླེན་པ་འདི་རྣམས་སྙིང་རེ་རྗེ་གསུངས་པ་ལ། རིན་ཆེན་དཔལ་གྱིས། ཁྱོད་བས་གླེན་པ་ཞིག་ལོགས་ན་མེད་ཞུས་པས། ཡང་ཌཱཀྐི་མས། ང་བས་གླེན་པ་ཡང་མང་གི་སྣང་གསུངས། ཁྱོད་བས་གླེན་པ་ཅི་འདྲ་འདུག་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། སྐྱེས་ནས་འཆི་བ་ཀུན་གྱིས་ཤེས་ན་ཡང་། །ཕྱི་མའི་ཆས་རེ་མི་བྱེད་པ་རྣམས་གླེན། །སྐྱིད་སྡུག་གི་གདམ་ཁ་ཀུན་གྱིས་བྱེད་ན་ཡང་། །དགེ་སྡིག་སྤང་ལེན་མི་བྱེད་པ་རྣམས་གླེན། །འཁོར་བ་འདི་སྡུག་པར་ཀུན་གྱིས་ཤེས་ན་ཡང་། །གཅིག་པུར་དགེ་བ་མི་སྤྱོད་པའི་སྐྱེ་བོ་རྣམས་ཀྱང་གླེན། །ཆོས་བྱེད་འདི་ཀུན་གྱིས་བདེ་བར་ཤེས་ན་ཡང། །བརྩོན་འགྲུས་ཀྱི་ཉེར་ལེན་མི་བྱེད་པའི་རབ་བྱུང་རྣམས་ཀྱང་གླེན། །རང་སེམས་འདི་སྟོང་པར་ཀུན་གྱིས་ཤེས་ན་ཡང། །འཛིན་པ་དང་མ་བྲལ་བའི་རྟོགས་ལྡན་རྣམས་ཀྱང་གླེན། །ཚིག་བཟང་ངན་དེ་ཀུན་གྱིས་ཤེས་ན་ཡང་། །བརྟག་ནས་བློ་ཐག་མ་ཆོད་པའི་སྟོན་པ་རྣམས་ཀྱང་གླེན། །བསྒོམས་ནས་སངས་རྒྱས་ཟེར་ཏེ་ཀུན་གྱིས་སྒོམ་ན་ཡང་། །རྟོག་པའི་འགྲོ་ལྡོག་མི་ཤེས་པའི་སྒོམ་ཆེན་རྣམས་ཀྱང་གླེན། །ཐར་པ་བདེ་ཆེན་གྱི་ལམ་དེར་ཀུན་ཀྱང་འགྲོ་འདོད་ཀྱང་། །ཉིན་གཅིག་གི་ལམ་འཕྲང་མི་ཤེས་པ་རྣམས་ཀྱང་གླེན། །གཞན་གཏན་བདེ་ཡི་ས་བྱེད་འགྲོ་བ་ན། །བདག་འཕྲལ་བདེ་ཡི་ས་གཅིག་མི་ཤེས་པ་རྣམས་ཀྱང་གླེན། །ང་བས་གླེན་པ་དེ་འདྲ་ཡང་སྣང་གསུངས། ས་མཁན་ཡོན་མཆོད་གཉིས། དགོང་མོ་ཆུ་དང་བྲག་ལ་མ་ཐོན་ནས་གྱུ་ནས་བྱུང་ངོ་། །
ཡང་ཉིན་ཞིག་བླ་མ་ག་ལ་བས་ཤ་འབབ་ཅིག་བསྐུར་ནས་བྱུང་བ་དེ། ཌཱཀྐི་མས། དེ་རིང་བླ་མའི་ཤ་འབབ་བྱུང་ལེ་མཉམ་པོར་བགོས་ལ་ཟོ། ངས་ནི་བླ་མའི་འབབ་ཟ་བའི་རྟིང་པ་ཡིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། རང་གིས་བགོས་ནས་མི་སྦྱིན་ནས། གཞན་ལ་བྱིན་ཟེར་བའི་ཆེ་གཏམ་བྱེད་རྒྱུ་སྣང་ཞུས་པས། ཆེ་གཏམ་ཙམ་མི་དགོས་ཆེ་བར་ངེས་གསུངས་པ་ལ། རིན་ཆེན་དཔལ་གྱིས། ཆེ་བའི་ཆེ་ལུགས་ཇི་ལྟར་ཡིན་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ཞེ་སྡང་གི་གཉེན་པོར་བྱམས་པ་ཆེ། །ང་རྒྱལ་གྱི་གཉེན་པོར་ཞི་བ་ཆེ། །འདོད་ཆགས་ཀྱི་གཉེན་པོར་སྦྱིན་པ་ཆེ། །ཕྲག་དོག་གི་གཉེན་པོར་ཡངས་པ་ཆེ། །གཏི་མུག་གི་གཉེན་པོར་ཡེ་ཤེས་ཆེ། །ང་བདག་གི་གཉེན་པོར་བདག་མེད་ཆེ། །སེམས་ཅན་གྱི་གཉེན་པོར་སངས་རྒྱས་ཆེ། །ཆེ་རྟགས་གཞན་གྱིས་བསྒྱུར་དུ་མེད། །རང་དབང་ཆེ་བས་བདེ་བའི་ངང་། །དེ་ཕྱིར་གཏན་དུ་ཆེ་བར་ངེས། །སེམས་ཉིད་ལ་གཡོ་བ་མེད་པའི་ཕྱིར། །རི་རབ་ལྟ་བུར་འགྱུར་བ་མེད་པས་ཆེ། །རང་སེམས་ལ་ཁ་གཏིང་མེད་པའི་ཕྱིར། །རྒྱ་མཚོ་ལྟ་བུར་གཡོ་བ་མེད་པའི་ཆེ། །རིག་པ་ལ་ཕྱི་ནང་མེད་པའི་ཕྱིར། །ཉི་ཟླ་ལྟ་བུར་གསལ་འགྲིབ་མེད་པའི་ཆེ། །འདོད་དགུ་རང་ལ་ཚང་བའི་ཕྱིར། །ནོར་བུ་ལྟ་བུར་དགོས་འདོད་འབྱུང་བའི་ཆེ། །ངོ་བོ་ལ་འདི་ཡིན་མེད་པའི་ཕྱིར། །ཚིག་གི་འགྲན་ཟླ་བྲལ་བས་ཆེ། །ང་སེམས་ཅན་དང་ལྷན་ཅིག་གནས་གཅིག་ཡང་། །ཉོན་མོངས་ཀྱིས་གོས་པ་མེད་པས་ཆེ། །ཆེ་གཏམ་ཙམ་མི་དགོས་ཆེ་བར་ངེས། །འདི་དོན་གྱི་ཆེ་བའི་ཆེ་ཚིག་ཙམ། །འདི་རུ་ཆེ་ཡང་གཏན་དུ་ཆུང་། །འགྱུར་མེད་བདེ་ཆེན་དོན་མཐོང་ན། །འདི་རུ་ཆུང་ཡང་གཏན་དུ་ཆེ། །ཕ་ཁྱེད་རང་ཡང་ཆེ་བར་འདོད་ན་དེ་ལྟར་མཛོད་གསུངས། ཡང་ཌཱཀྐི་མའི་ཞལ་ནས། ཡང་ཅིག་གསོན་དང་རྣལ་འབྱོར་པ། །མཁའ་ལ་འཕུར་བ་མང་ཡོད་ཀྱང་། །ནམ་འཕང་གཅོད་པ་ཁྱུང་བས་མེད། །ཁོ་མོའི་ལྟ་བ་ནམ་མཁའ་འདྲ། །ཆེ་བར་ཨེ་འདུག་མཁའ་ལ་ལྟོས། །རང་སྐད་བསྒྲགས་པ་མང་ཡོད་ཀྱང་། །དགུང་ལ་གྲགས་པ་འབྲུག་བས་མེད། །ཁོ་མོའི་སྙན་པ་འབྲུག་དང་འདྲ། །ཆེ་བར་ཨེ་འདུག་སྐད་ལ་ལྟོས། །རང་རྩལ་སྟོན་པ་མང་གྱུར་ཡང་། །སྟོབས་ཤུགས་ལྡན་པའི་གླང་པོ་ཆེ། །གླང་ཆེན་སྟོབས་ལྟར་ཁོ་མོའི་རྩལ། །ཆེ་བར་ཨེ་འདུག་རྩལ་ལ་ལྟོས། །རལ་པ་ཡོད་པ་མང་ཡོད་ཀྱང་། །གཡུ་རལ་རྒྱས་པ་སེང་བས་མེད། །ཁོ་མོའི་ཡོན་ཏན་སེང་དང་མཚུངས། །ཆེ་བར་ཨེ་འདུག་སྟོད་ན་ལྟོས། །རི་མོ་གསལ་བ་མང་ཡོད་ཀྱང་། །འཛུམ་དྲུག་རྒྱས་པ་སྟག་བས་མེད། །ཁོ་མོའི་རང་མདངས་སྟག་དང་འདྲ། །ཆེ་བར་ཨེ་འདུག་འཛུམ་ལ་ལྟོས། །དེ་རྣམས་དཔེ་ཡི་མཚོན་བྱེད་ཙམ། །དོན་དུ་བརྗོད་པའི་ཡུལ་ལས་འདས། །བརྗོད་བྱ་རྗོད་བྱེད་མ་མཆིས་པས། །བརྗོད་མེད་ཉིད་དུ་གོ་བར་གྱིས། །གང་རིག་ཐམས་ཅད་སྟོང་པའི་གཟུགས། དཔེར་ན་གཟུགས་ཀྱི་མཚོན་བྱ་ཙམ། །རིག་སྟོང་དབྱེར་མེད་ཟུང་དུ་འཇུག །རིག་སྟོང་ཉིད་དུ་གོ་བར་གྱིས། །སྒྲ་གྲག་ཐམས་ཅད་སྟོང་པའི་སྒྲ། །དཔེར་ན་སྒྲ་ཡི་མཚོན་བྱ་ཙམ། །གྲག་སྟོང་དབྱེར་མེད་ཟུང་དུ་འཇུག །གྲག་སྟོང་ཉིད་དུ་གོ་བར་གྱིས། །སེམས་ཉིད་གསལ་སྟོང་འཛིན་པ་མེད། །དཔེར་ན་མིང་གི་མཚོན་བྱ་ཙམ། །གསལ་སྟོང་དབྱེར་མེད་ཟུང་དུ་འཇུག །གསལ་སྟོང་ཉིད་དུ་གོ་བར་གྱིས། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཙམ། །རྟེན་འབྲེལ་ཙམ་དུ་གོ་བར་གྱིས། །ཆོས་རྣམས་བརྡ་ཡི་མཚོན་བྱ་ཙམ། །བརྡ་མཚོན་ཙམ་དུ་གོ་བར་གྱིས། །ཞེས་གསུངས་སོ། །ཡེ་ཤེས་མཁའ་འགྲོ་མ་བསོད་ནམས་དཔལ་འདྲེན་གྱི་ཐུགས་རྒྱུད་གཤིས་ཀྱི་གནས་ལུགས་ནང་གི་རྣམ་པར་ཐར་པ་བརྗོད་པ་རྫོགས་སོ།། །།དགེའོ། །
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཟབ་དོན་གསུང་གི་སྦས་རྒྱ་མགུར་གྱི་སྐོར་གསང་བའི་རྣམ་པར་ཐར་པ། མཛད་པ་པོ་ཤཱཀྱ་རིན་ཆེན།
༄༅། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཟབ་དོན་གསུང་གི་སྦས་རྒྱ་མགུར་གྱི་སྐོར་གསང་བའི་རྣམ་པར་ཐར་པ་བཞུགས་སོ། །
ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་དང་། ལོངས་སྐུ་རྡོ་རྗེ་ཕག་མོ་དང་། སྤྲུལ་སྐུ་བསོད་ནམས་དཔལ་འདྲེན་དང་། དགོངས་རྒྱུད་མཁའ་འགྲོ་གསུམ་ལ་ཕྱག་འཚལ་བསྟོད། སྤྲུལ་སྐུ་བསོད་ནམས་དཔལ་འདྲེན་བྱ་བ་དེ། ཆུ་ཕོ་བྱི་བ་ལོ་ཟླ་བ་ལྔ་པའི་ཉི་ཤུ་གསུམ་གྱི་ཉིན་ང་ཡང་ད་ནངས་ནས་ན་ནས་བྱུང་། ད་ཉི་མ་བརྒྱད་ཀྱི་ནངས་པར་འཆི་བའི་དུས་སུ་ཕྱིན་པ་ཡིན་གསུངས་བདོ་བ་དང་། རིན་ཆེན་དཔལ་གྱིས། ངའི་ནག་མོ་འདི་ན་ཙ་འཆི་ངེས་པ་ཡིན། ངས་རྨི་ལམ་ཡང་གོ་མ་ལོག་ནས་ཇི་ལྟར་རྨིས་པ་བཞིན་རིམ་པར་བྱུང་། ད་མོ་རང་གིས་ཀྱང་མོ་ཞག་བརྒྱད་ཀྱི་ནངས་པར་འཆི་བ་ཡོད་ཟེར་བ་དང་བྱས་ཏེ། ད་དེ་བླ་མ་གཅིག་བཀུག་སྟེ་ཚགས་མ་བྱས་ན་དགོས་རན་ལ་བླ་མ་མི་རྙེད་བྱས་ཏེ། འདི་ལ་འཕོ་བ་གཅིག་མ་ཐེབས་ན་ཤེས་བཞིན་དུ་སྙིང་འགྱོད་ཆེ་བྱས་ནས།
བླ་མ་བཀུག་ཏུ་སོང་ནས་ཌཱཀི་མ་ལ། བླ་མ་ཨེ་ཁུག་མི་ཁུག་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། བླ་མ་ལ་འདྲེན་རྒྱུ་ལན་ཐོང་དང་ནངས་པར་འབྱོན་པར་སྣང་གསུངས། དེ་ནས་ཉི་ཤུ་བཞི་ཡི་ནངས་པར་བླ་མ་བྱོན་ནས་བྱུང་། བླ་མས་ཁྱེད་ཚང་གི་སྡར་ཤ་ལ་རིམས་འདི་ལ། འདི་ཙམ་སྐྲག་མི་དགོས་མི་ཀུན་ན་བདོ་བ་ལ། ནད་མ་དེ་ཡང་ཐུ་མོ་ཙམ་མི་གདའ། ང་ཡང་འོང་མི་དགོས་པ་འདྲ་ཙ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ངས་ཀྱང་དེ་ཚུག་གི་སྡར་ཤ་ཙམ་པ་མིན་ཏེ། ངའི་ཟླ་བ་སྔོན་མ་ཡི་ནང་དུ་ནུབ་ཕྱོགས་ནས་བསུ་མ་མང་པོ་བྱུང་ནས་བསོད་ནམས་དཔལ་འདྲེན་བསུ་ནས་འགྲོ་ཟེར་བ་རྨིས་ཙ། བསོད་ནམས་བློ་གྲོས་ཟླ་བ་འདི་ཡི་ཚེས་དྲུག་ལ་ཤི །དུས་ཚོད་ཚེས་གྲངས་འགྲིགས་ནས་ཐལ། ད་ན་ཙ་ཐར་བ་མེད་བསམ་པ་ཡིན། འདི་གཉིས་ཀྱི་བསུ་མ་ཡིན་པ་རེད་ཙ་ངས་ངོ་མ་ཤེས་པས། རྫོངས་བ་གྱིས་ཟེར་བ་ཚོ་ཡང་བྱས་ཙུག་རེད། ད་ན་ཙ་ཐར་བ་མེད་བསམ་པ་ཡིན། མོ་རང་གིས་ཀྱང་ད་མོ་ཞག་བདུན་གྱི་ནངས་པར་འཆི་བ་ཡོད་ཟེར། འདི་ད་རེས་འཆི་བར་ངེས་ཙ་དགོས་དུས་བླ་མ་མི་རྙེད་བསམ་ནས་རང་རེ་གདན་དྲངས་པ་ཡིན། རིམ་གྲོ་བྱེད་བསམ་པ་མིན། རིམ་གྲོ་བྱས་པས་ཕན་གནོད་ཡོད་ལེ་མེད། འདི་འཆི་ཁའི་མཚམས་སྦྱོར་གཅིག་བྱེད་བསམ་པ་གཅིག་པུ་ཡིན། འདི་མ་ཤི་བར་རང་རེ་ཡང་བཞུགས་དགོས་ཞུས་པས།
བླ་མས་དེ་ཙ་འདི་སྣ་ས་ན་བ་ཨེ་ཡིན་མི་ཡིན་ལ་གདའ་བས། མཚམས་སྦྱོར་སྒུག་པའི་ཐག་ཆོད་ཨེ་བུ་ཡོད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། འདི་ཤི་སོས་ཐག་མ་ཆོད་ཚེ་བཞུགས་དགོས་དང་། བཞུགས་རྔན་ལ་གཡེ་གུ་སེར་པོ་སོ་གཉིས་པ་དེ་འབུལ། དེ་ནས་ཤི་སོས་གང་ཡིན་ཡང་འབུལ་བ་བྱེད་ཞུས་པས། བླ་མས་ཀྱང་བཞུགས་རྔན་སྦྱིན་མི་དགོས། ཅིས་ཀྱང་འདུག་དགོས་པ་བྱུང་ན་འདུག་པས་ཆོག་གསུངས། ཡང་རིན་ཆེན་དཔལ་གྱིས། འདི་འཆི་ཁའི་མཚམས་སྦྱོར་འཕོ་བ་གཅིག་ཅིས་ཀྱང་བྱ་དགོས་བྱས་ཏེ་ཞུ་བ་ནན་ཏན་བྱེད་ཅིང་ཡོད་པ་ལ། ཡང་ཌཱཀི་མའི་ཞལ་ནས། བུ་མོ་ཕ་ལ་འདིར་ཤོག་ཟློས་དང་གསུངས་པ་ལ། རིན་ཆེན་དཔལ་རྩར་སོང་ནས་བསྡད་པ་ལ། ཡང་ཌཱཀི་མས། ཁྱེད་ལ་ཅི་གཏམ་རྒྱུ་ཡོད་བེན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་ལ་རླུང་ལོག་འདྲ་བ་བྱུང་ན་འདི་འཆི་ཁའི་མཚམས་སྦྱོར་འཕོ་བ་གཅིག་བྱེད་དགོས་བསམ་ནས་བླ་མ་ལ་ཅིས་ཀྱང་བཞུགས་དགོས་དང་། འདུག་རྔན་ལ་གཡེ་གུ་སེར་བོ་སོ་གཉིས་པ་དེ་འབུལ་བྱས་ནས་ཡོད་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ངས་རང་སེམས་བླ་མར་ཤེས་པའི་ཕྱིར། །བདག་ཉིད་དང་བླ་མ་དབྱེར་མེད་པས། །མཚམས་སྦྱོར་བྱེད་མཁན་མི་དགོས་སོ། །བདག་མཚམས་བདག་གིས་སྦྱོར་བའོ། །བར་དོ་ཡང་རང་སྣང་དུ་ཤེས་པའི་ཕྱིར། །བདག་ཉིད་དང་བར་དོ་དབྱེར་མེད་པས། །མཚམས་སྦྱོར་བྱ་རྒྱུ་མི་སྣང་ངོ་། །བདག་མཚམས་བདག་གིས་སྦྱོར་བའོ། །ཡི་དམ་ཡང་འོད་གསལ་དུ་ཤེས་པའི་ཕྱིར། །བདག་ཉིད་དང་ཡི་དམ་དབྱེར་མེད་པས། །མཚམས་སྦྱོར་གྱིས་ཆོས་སྤྱོད་མི་དགོས་སོ། །བདག་མཚམས་བདག་གིས་སྦྱོར་བའོ། །བདེན་གཉིས་ཐུགས་ཆུད་ཆོས་ཀྱི་སྐུར་ཤེས་པས། །བདག་ཉིད་དང་ཆོས་སྐུ་དབྱེར་མེད་པས། །མཚམས་སྦྱོར་གྱིས་ངོ་སྤྲོད་མི་དགོས་སོ། །བདག་མཚམས་བདག་གིས་སྦྱོར་བའོ། །སེམས་ཉིད་མཁའ་ལྟར་ཤེས་པའི་ཕྱིར། །བདག་དང་ནམ་མཁའ་དབྱེར་མེད་པས། །མཚམས་སྦྱོར་གྱིས་འཕོ་སྤྲོད་མི་དགོས་སོ། །བདག་མཚམས་བདག་གིས་སྦྱོར་བའོ། །འདུ་འབྲལ་མེད་པའི་སྦྱོར་བ་ལ། །སྦྱོར་བྱ་སྦྱོར་བྱེད་མ་མཆིས་ཏེ། །མི་སྦྱོར་མི་འབྱེད་མཉམ་པའི་ངང་། །ཀུན་ཀྱང་མཉམ་ཉིད་ངང་དུ་སྦྱོར། །ང་ལ་མཚམས་སྦྱོར་བྱེད་མཁན་མི་དགོས་སོ། །ཁྱེད་གཡེ་གུ་འབུལ་ཞེས་པ་ན། །སྐྱེ་བ་འདི་ཡི་གོང་རོལ་དུ། །སྐྱེ་བ་དམའ་ལ་རིགས་རྒྱུད་བླུན། །བླུན་པོ་འཆི་ཁའི་སྨོན་ལམ་ལ། །བདག་དང་ཁྱེད་གཉིས་མི་འབྲལ་ཤོག །ཅེས་པའི་སྨོན་ལམ་སྟོབས་ཤུགས་ཀྱིས། །ད་ལྟ་གཡེ་གུའི་ནོར་དུ་སྐྱེས། །ད་ནི་ང་ཉིད་འགྲོ་བའི་ཕྱིར། །ཁོ་ཡང་ང་ཡི་རྗེས་སུ་འབྲང་སྟེ་མཆིས། །ཁྱེད་གཉིས་ཀྱིས་གཡེ་གུ་འབུལ་ལན་ཡང་ཅི་འདྲའམ། །སེམས་སྤྲ་སྤྲོ་མ་མང་རིན་ཆེན་དཔལ། །བློ་འགྱུར་ལྡོག་མ་མང་རིན་ཆེན་དཔལ། །ཡིད་རེ་དོགས་མ་འཆང་རིན་ཆེན་དཔལ། །སེམས་མཉམ་པར་ཞོག་ཅིག་རིན་ཆེན་དཔལ་གསུངས། ཡང་ཉི་ཤུ་ལྔའི་ཉིན་རིན་ཆེན་དཔལ་གྱིས། བླ་མ་ལ་རང་རེས་ནངས་སྔ་ནུབ་ཕྱིར་རྣམ་འཇོམས་རེ་གསུངས་ནས་ནད་པ་འདི་རྣམས་ལ་ཁྲུས་རེ་མཛད་དགོས་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། བླ་མ་འོ་བརྒྱལ་དུ་མ་འཇུག །ང་ལ་ནི་རྣམ་འཇོམས་བྱས་མ་བྱས་འདྲ། ད་ཉི་མ་དྲུག་གི་ནངས་པར་ང་འགྲོ་རན་པ་ཡིན། སྲུང་བ་དང་རིམ་གྲོ་བྱེད་པའི་དུས་མིན། ཚོགས་དང་མཆོད་པ་བྱེད་པའི་དུས་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། ནང་ན་ནད་རེ་ཡོད་ཙ་གྲིབ་རེ་ཡང་ཡོད་པས། རྣམ་འཇོམས་རེ་ཡང་དགོས་པ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། མ་རིག་གཉིས་འཛིན་འཁོར་བའི་ཉམས་གྲིབ་རྣམས། །རང་རིག་མཉམ་ཉིད་ཡེ་ཤེས་སྟོབས་ཀྱིས་འཇོམས། །ལུས་ངག་ཡིད་གསུམ་ཉོན་མོངས་གྲིབ་རྟོག་རྣམས། །སྐུ་གསུང་ཐུགས་ཀྱི་སྟོབས་མཆོག་དག་གིས་འཇོམས། །ཚོགས་དྲུག་སྣང་བ་ཆགས་འཛིན་གྲིབ་རྟོག་རྣམས། །གཡོ་མེད་ཆགས་བྲལ་བྱང་ཆུབ་སེམས་ཀྱིས་འཇོམས། །མི་དགེ་བཅུ་བསགས་ལས་ངན་གྲིབ་རྟོག་རྣམས། །ཡེ་ཤེས་ཕ་རོལ་ཕྱིན་བཅུའི་སྟོབས་ཀྱིས་འཇོམས། །ཉོན་མོངས་གདུག་པའི་ནད་ཀྱི་ཟུག་རྔུ་རྣམས། །རང་རིག་རྣམ་དག་ཡངས་པའི་ཀློང་དུ་འཇོམས། །མ་རིག་འཁྲུལ་པའི་ལས་ངན་བདུད་སྡེ་རྣམས། །ཚད་མེད་སྙིང་རྗེ་ཆེན་པོའི་ཀློང་དུ་འཇོམས། །སྣ་ཚོགས་སྣང་བ་སེམས་ཀྱི་ཆོ་འཕྲུལ་རྣམས། །སྟོང་གསལ་ཆོས་ཉིད་ཆེན་པོའི་ཀློང་དུ་འཇོམས། །ངའི་རྣམ་རྟོག་རང་རྟོག་རང་རིག་གིས་འཇོམས་པ་ལ། །གཞན་གྱིས་རྣམ་འཇོམས་བྱ་དགོས་མི་སྣང་ངོ་། །ཁྱེད་གཞན་རྟོག་གཞན་གྱིས་འཇོམས་མི་ཀུན། །རང་རྟོག་ཆོམ་དང་གཞན་རྟོག་འཇོམས་གསུངས། །ཡང་རིན་ཆེན་དཔལ་གྱིས། ཁྱེད་ཟན་དུམ་པ་གཅིག་ཟ་ཨེ་འདོད་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཏིང་འཛིན་འཛད་མེད་བདུད་རྩིའི་ཟས། །གཉིས་མེད་བདེ་བར་རོལ་བཞིན་དུ། །མི་འཛད་བསམ་གཏན་ཟས་མཆོག་ལ། །རྟག་ཏུ་ལོངས་ནི་སྤྱོད་པར་བྱེད། །ཟས་གཞན་མ་ཟ་དགོས་མི་སྣང་ངོ་། །འདོད་ཟད་ཡང་དག་དོན་དེ་རྟོགས་ནས་ནི། །འདོད་པའི་བློ་ནི་མེད་བཞིན་དུ། །འགྲོ་བ་ཉམ་ཐག་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གྲོལ་བར་འདོད། །བདག་ཕྱོགས་ཀྱི་འདོད་པ་མི་སྣང་ངོ་གསུངས། ཡང་ཡེ་ཤེས་མཁའ་འགྲོ་མ་དེ་ཉིད། བསྙུང་བའི་ཚུལ་བསྟན་པའི་ཚེ། རིན་ཆེན་དཔལ་གྱིས། ལྷ་རྗེ་དཀོན་མཆོག་རྡོ་རྗེ་ལེན་དུ་སོང་བ་ལ། ཌཱཀི་མའི་ཞལ་ནས། ལྷ་རྗེ་བཀུག་མ་བཀུག་འདྲ། མི་དེ་ཡང་ཚགས་སྨན་ཡང་ཁྲོག་རླག་ཡིན། ང་ནི་ད་ཉི་མ་ལྔའི་ནང་དུ་སྨན་བྱས་ཀྱང་འཆི། མ་བྱས་ཀྱང་འཆི་བ་ཡིན་པས་མ་འགྲོ་གསུངས་པ་ལ། ཕན་གནོད་ཨེ་ཡོད་བསམ་ནས་ལྷ་རྗེ་བཀུག་སོང་ནས་ཁྱིམ་དུ་ཕྱིན་པ་དང་། རིན་ཆེན་དཔལ་གྱིས། རྩ་གཅིག་སྟོན་ཞུས་པས། རྩ་སྟོན་རྒྱུ་མེད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། རྩ་སྟོན་རྒྱུ་མེད་ལུགས་ཅི་ལྟར་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། མཉམ་ཉིད་རྩ་ལ་འཇམ་རྩུབ་མེད། །རང་བྱུང་རྩ་ལ་འཐིང་སྡོད་མེད། །གཉུག་མའི་རྩ་ལ་ཐང་ལྷོད་མེད། །སྟོང་ཉིད་རྩ་ལ་མཐའ་དབུས་མེད། །འོད་གསལ་རྩ་ལ་ཕྱི་ནང་མེད། །བདེ་ཆེན་རྩ་ལ་དྲག་ཞན་མེད། །ལྷུན་གྲུབ་རྩ་ལ་དལ་བྲེལ་མེད། །མཁའ་འགྲོའི་རྩ་ལ་འཇམ་རྩུབ་མེད། །བྱང་ཆུབ་རྩ་ལ་མདུད་པ་མེད། །རྩ་ལྟ་རྒྱུ་མེད་ལུགས་དེ་ལྟར་ཡིན། །ཕོ་ཚོད་ཡིད་བཟོ་ལྷ་རྗེ་ཡིས། །རྩ་བལྟས་པས་ཤེས་རྒྱུ་ཡོད་མ་ཡིན། །དེ་ཕྱིར་རྩ་ནི་ངས་མི་སྟོན་གསུངས་པ་ལ།
ཡང་རིན་ཆེན་དཔལ་གྱིས། རྩ་སྟོན་དང་ལྟ་རྒྱུ་ཡོད་སིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཁྱེད་ཅིས་ཀྱང་རྩ་ལ་ལྟ་དགོས་ན། ཕྱི་ལུས་ཀྱི་རྩ་ལ་ལྟོས་མཛོད་དང་། །རྩ་ནང་སྤྲུལ་སྐུའི་ཞལ་ལ་ལྟོས། །སྤྲུལ་པ་སྐུའི་ཞལ་མཐོང་ནས། །སྤྲུལ་སྐུའི་ཞིང་དུ་བདེ་ཆེན་འཐོབ། །བར་སྲོག་རྩོལ་རྩ་ལ་ལྟོས་མཛོད་དང་། །རྩ་ནང་ལོངས་སྐུའི་ཞལ་ལ་ལྟོས། །ལོངས་སྤྱོད་རྫོགས་སྐུའི་ཞལ་མཐོང་ནས། །ལོངས་སྐུའི་ཞིང་དུ་རྫོགས་སངས་རྒྱས། །ནང་སྙིང་གི་རྩ་ལ་ལྟོས་མཛོད་དང་། །རྩ་ནང་ཆོས་སྐུའི་ཞལ་ལ་ལྟོས། །ཆོས་ཀྱི་སྐུའི་ཞལ་མཐོང་ནས། །ཆོས་སྐུའི་དབྱིངས་སུ་མངོན་སངས་རྒྱས། །དེ་ལས་ལྷག་པའི་རྩ་ཉིད་ནི། །ལོག་གྱུར་གཞན་དུ་ལྟ་རུ་མེད། །གསུངས་པ་ལ་ཡང་རིན་ཆེན་དཔལ་གྱིས། ད་རུང་རྩ་ལ་ལྟ་རྒྱུ་ཡོད་པས་རྩ་སྟོན་དགོས་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། གཞན་ཡང་རྩ་ལ་ལྟ་དགོས་ན། །ཕུང་པོ་ལྔའི་རྩ་ལ་ལྟོས། །ཕུང་པོ་ལྔ་ཡི་རྩ་ནང་དུ། །རྒྱལ་བ་རིགས་ལྔའི་ཞལ་ལ་ལྟོས། །མཐོང་ནས་རྒྱལ་བའི་སྲས་སུ་སྐྱེ། །དབང་པོ་ལྔའི་རྩ་ལ་ལྟོས། །དབང་པོ་ལྔའི་རྩ་ནང་དུ། །ཡུམ་ཆེན་སྡེ་ལྔའི་ཞལ་ལ་ལྟོས། །མཐོང་ནས་ཟག་མེད་བདེ་བ་འཐོབ། །འབྱུང་བ་ལྔའི་རྩ་ལ་ལྟོས། །འབྱུང་བ་ལྔའི་རྩ་ནང་དུ། །རིགས་ལྔ་མཁའ་འགྲོའི་ཞལ་ལ་ལྟོས། །མཐོང་ནས་མཁའ་འགྲོའི་སྲས་སུ་སྐྱེས། །བྱང་ཁོག་སྟོད་ཀྱི་རྩ་ལ་ལྟོས། །བྱང་ཁོག་སྟོད་ཀྱི་རྩ་ནང་དུ། །འཁོར་ལོ་བདེ་མཆོག་ཞལ་ལ་ལྟོས། །མཐོང་ནས་དགའ་བཞིའི་ཡེ་ཤེས་ཤར། །བྱང་ཁོག་སྨད་ཀྱི་རྩ་ལ་ལྟོས། །བྱང་ཁོག་སྨད་ཀྱི་རྩ་ནང་དུ། །རྡོ་རྗེ་ཕག་མོའི་ཞལ་ལ་ལྟོས། །མཐོང་ན་བདེ་བའི་དངོས་གྲུབ་འཐོབ། །ལུས་ཕྱོགས་བཞི་ཡི་རྩ་ལ་ལྟོས། །ཕྱོགས་བཞི་རྩ་ཡི་ནང་ཤེད་ན། །དཔའ་བོ་བཞི་ཡི་ཞལ་ལ་ལྟོས། །མཐོང་ནས་འཕྲིན་ལས་རྣམ་བཞི་བརྙེས། །ཡན་ལག་བཞི་ཡི་རྩ་ལ་ལྟོས། །ཡན་ལག་བཞི་ཡི་རྩ་ནང་དུ། །སྒོ་མ་བཞི་ཡི་ཞལ་ལ་ལྟོས། །མཐོང་ནས་ཚད་མེད་བཞི་དང་ལྡན། །ཕྱི་མི་ཕྱི་རྩ་བལྟས་པས་མི་མཐོང་སྟེ། །ནང་ནས་ནང་རྩ་བལྟས་པས་སྒྲིབ་གཡོགས་མེད། །གསལ་འགྲིབ་མེད་པའི་ལྷང་ངེ་བ། །ཆོས་དབྱིངས་ཡེ་ཤེས་དོན་ལ་ལྟོས། །གསུངས་ནས་རྩ་སྟོན་དུ་མ་ཉན་པ་ལ།
ཡང་རིན་ཆེན་དཔལ་གྱིས། མི་དེ་ངོ་ཚ་མ་འཇུག་ལ་རྩ་གཅིག་སྟོན་ཞུས་པས། ཌཱཀི་མའི་ལག་པ་ཕྱི་རྗེས་སུ་ཕྱིར་བསྟན་ནས་བྱུང་བ་ལ། ལྷ་རྗེ་རྩ་གཅིག་བལྟས་དེ་ནས་ལྷ་རྗེ་སོང་བའི་རྗེས་སུ། ཡང་རིན་ཆེན་དཔལ་གྱིས་ད་ཅི་རྩ་གཅིག་སྟོན་བཟླས་ཙ། ལག་པའི་རྒྱབ་དེ་བསྟན་ནས་བྱུང་རྩ་ལྟ་རྒྱུ་ནང་ན་ཡོད་པ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཁྱེད་ནང་གི་རྩ་ལ་བལྟ་འདོད་ན། །ནང་གསང་བ་གནས་ལྔའི་རྩ་ལ་ལྟོས། །རྩ་ནང་གསང་བའི་ལྷ་ལྔ་བཞུགས། །ལྟོས་དང་མ་སྒྲིབ་ས་ལེར་གསལ། །གསུངས་པ་ལ་ཡང་རིན་ཆེན་དཔལ་གྱིས། ནང་གསང་བའི་ལྷ་ཞལ་ཅི་ལྟར་ལྟ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། མགོ་རྩ་བདེ་ཆེན་རྩ་ལ་ལྟོས། །རྩ་ནང་དུས་གསུམ་སངས་རྒྱས་ཀྱི། །སྐུ་ཡི་ལྷ་ཚོགས་ཞལ་ལ་ལྟོས། །ཆོས་དབྱིངས་ཡེ་ཤེས་དོན་ལ་ལྟོས། །སྐེ་རྩ་ལོངས་སྤྱོད་རྩ་ལ་ལྟོས། །རྩ་ནང་དུས་གསུམ་སངས་རྒྱས་ཀྱི། །གསུང་གི་ལྷ་ཚོགས་ཞལ་ལ་ལྟོས། །མེ་ལོང་ཡེ་ཤེས་དོན་ལ་ལྟོས། །སྙིང་རྩ་ཆོས་ཉིད་རྩ་ལ་ལྟོས། །རྩ་ནང་དུས་གསུམ་སངས་རྒྱས་ཀྱི། །ཐུགས་ཀྱི་ལྷ་ཚོགས་ཞལ་ལ་ལྟོས། །མཉམ་ཉིད་ཡེ་ཤེས་དོན་ལ་ལྟོས། །ལྟེ་རྩ་སྤྲུལ་པའི་རྩ་ལ་ལྟོས། །རྩ་ནང་དུས་གསུམ་སངས་རྒྱས་ཀྱི། །ཡོན་ཏན་ལྷ་ཚོགས་ཞལ་ལ་ལྟོས། །སོར་རྟོག་ཡེ་ཤེས་དོན་ལ་ལྟོས། །གསང་རྩ་དབང་པོའི་རྩ་ལ་ལྟོས། །རྩ་ནང་དུས་གསུམ་སངས་རྒྱས་ཀྱི། །ཕྲིན་ལས་ལྷ་ཚོགས་ཞལ་ལ་ལྟོས། །བྱ་གྲུབ་ཡེ་ཤེས་དོན་ལ་ལྟོས། །གསུངས་པ་དང་ཡང་རིན་ཆེན་དཔལ་གྱིས་ཡང་དག་དོན་གྱི་རྩ་ལ་ཅི་ལྟར་ལྟ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། རྩ་ཡི་གཞི་བློ་ལས་འདས་པའི་ཡུལ་ལ་ལྟོས། །རྩ་ཡི་རྒྱུ་བཟང་ངན་མེད་པའི་རྒྱུ་ལ་ལྟོས། །རྩ་ཡི་འབྱེད་ཕོ་མོ་མེད་པའི་ཡིད་ལ་ལྟོས། །རྩ་ཡི་དོན་གཉིས་འཛིན་བྲལ་བའི་དོན་ལ་ལྟོས་གསུངས།
ཡང་རིན་ཆེན་དཔལ་གྱིས། སྨན་གཅིག་ཟོ་ཞུས་པས། ཌཱཀི་མས། རྩི་སྨན་བྱེད་པའི་དུས་མ་ཡིན། ང་ལ་སྨན་བྱས་མ་བྱས་འདྲ་སྨན་ཁྲོག་རླག་མ་བྱེད། ཐེངས་རེ་ཁྱེད་རྣམས་ཀྱིས་སྨན་འཕོ་ས་མི་རྙེད། ཐེངས་རེ་ཉོ་ས་མི་རྙེད་པར་སྣང་། མི་དེས་སྨན་དེ་ཕངས་ཀྱང་ཕངས། ང་ལ་ནི་ཕན་གནོད་མེད། ང་ནི་སྨན་མི་ཟ་ཟེར་ནས། ཕྱོགས་སུ་ཡང་འཁྱེར་ས་ཡང་མ་རྙེད་ནས། ཡང་ཡང་ནན་ཏན་བྱས་ཏེ་ནད་གཅིག་ན་ཙ་སྨན་གཅིག་མ་བྱས་ན་མི་ཕན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། འཁྲུལ་པའི་དངོས་འཛིན་ཆགས་པའི་ནད། །ཆགས་བྲལ་བརྟུལ་ཞུགས་སྨན་གྱིས་འཇོམས། །བདག་འཛིན་འཆིང་བ་དམ་པོའི་ནད། །བདག་མེད་སྟོང་ཉིད་སྨན་གྱིས་འཇོམས། །མ་རིག་དུག་ལྔ་འཁྲུལ་པའི་ནད། །ཡེ་ཤེས་ལྔ་ཡི་སྨན་གྱིས་འཇོམས། །མ་རྟོགས་ཉོན་མོངས་ལས་ཀྱི་ནད། །སྐྱེ་མེད་རྣམ་དག་སྨན་གྱིས་འཇོམས། །བདག་དང་ནད་དང་སྨན་དང་གསུམ། །དབྱེར་མེད་གཅིག་ཏུ་གདའ་ནས་སུ། །བདེ་བ་ཆེན་པོའི་ངང་ལ་གནས། །ང་ལ་གཞན་ནས་སྨན་པ་མི་དགོས་སོ་གསུངས། ཡང་ལྷ་རྗེས་ཐང་གཅིག་གདུས་ནས་ཡོད་པ། བསྐོལ་ནས་དྲངས་པ་ཕོས་ནས་ཐལ་བ་ལ། ཡང་རིན་ཆེན་དཔལ་གྱིས། འདིས་ནད་པ་དབང་ཡོད་བྱེད་པར་སྣང་། ཧུབ་ཡང་མི་འཐུང་སྨན་ཡང་མི་ཟ། ཁྱེད་མིན་པ་དབང་ཡོད་ཀྱིས་བྱ་བ་འདི་འདྲ་སུས་བྱེད་མི་མེད་ཞུས་པས། དབང་ཡོད་ཀྱིས་ལས་ཀ་ཡང་བྱེད་མི་མང་གི་སྣང་གསུངས། ཡང་རིན་ཆེན་དཔལ་གྱིས། སུས་བྱེད་དོ་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། མི་ལུས་ཐོབ་པའི་སྐྱེས་བུ་རྣམས་ཀྱི་ནི། །ལས་བཟང་ངན་གང་བྱེད་རང་དབང་ཆེ་བ་ཡིས། །ལས་ཀྱི་འབྲས་བུ་བདེ་སྡུག་མྱོང་ན་ཡང་། །རང་དབང་ཆེ་བས་བསྒྲུབས་པས་འགྲུབ་ཀྱིན་སྣང་། །མི་དགེ་བསྒྲུབས་ཤིང་ངན་སོང་སྙོག་པ་ཡང་། །རང་དབང་ཡོད་པས་བསྒྲུབས་པས་རང་གིས་མྱོང་། །མཐོ་རིས་ངན་སོང་གར་འགྲོ་ཡི་ལས། །རང་དབང་ཡོད་པས་བསྒྲུབས་པས་རང་གིས་མྱོང་། །ང་ཡང་རང་དབང་རང་ལ་ཡོད་པའི་ཕྱིར། །ངན་སོང་བཅོ་བརྒྱད་ཀྱིས་མཐའ་བསྐོར་ཡང་། །ལྟུང་གིས་མི་དོགས་རང་དབང་ཡོད། །བརྒྱ་བྱིན་ལྟ་བུའི་ནོར་ཡོད་ཀྱང་། །གཟུང་འཛིན་མི་སྐྱེ་རང་དབང་ཡོད། །འཁོར་ལོས་བསྒྱུར་རྒྱལ་ལྟ་བུའི་བྲན་ཡོད་ཀྱང་། །སྲེད་པ་མི་སྐྱེ་རང་དབང་ཡོད། །སངས་རྒྱས་ཞིང་ཁམས་མངོན་གྱུར་ཀྱང་། །མངོན་ཞེན་མི་ཆེ་རང་དབང་ཡོད། །དུས་གསུམ་སྟོན་པ་མངོན་གྱུར་ཡང་། །ཞུམ་པ་མི་སྐྱེ་རང་དབང་ཡོད། །སེམས་ཉིད་ལ་རང་དབང་ཐོབ་པའི་ཕྱིར། །རང་གཤིས་བདེ་ཆེན་ངང་ཉིད་ལས། །གང་འདུལ་རང་དབང་ཆེ་བའི་ཕྱིར། །འཕྲིན་ལས་རྣམ་བཞིའི་འགྲོ་དོན་ཡང་། །ཐོགས་མེད་རང་དབང་ཆེ་བར་བྱེད་གསུངས། ཡང་ཉིན་གཅིག་སྦྲའི་སྟེང་ན་མཚར་བ་གཅིག་གིས་བཀབ་ནས་བཞག་པ་ལ།
ཡང་ཌཱཀི་མའི་ཞལ་ནས། མ་རིག་འཁོར་བའི་སེམས་ཅན་རྣམས། །ཉོན་མོངས་ཀྱི་ཚད་པས་གདུངས་བ་ལ། །སྒྲིབ་གཡོགས་བྲལ་བའི་ཡེ་ཤེས་ཀྱིས། །བདེ་སྡུག་བྲལ་བའི་བསིལ་གྲིབ་མཛོད། །བདག་ཕྱོགས་གྲུབ་མཐར་ཞེན་པའི། །ཆགས་སྡང་གི་ཚད་པས་གདུངས་བ་ལ། །ཐབས་མཁས་ཐུགས་རྗེ་ཆེ་བ་ཡིས། །མཉམ་ཉིད་བྱམས་པའི་བསིལ་གྲིབ་མཛོད། །ཉིན་མོ་བསིལ་གྲིབ་མི་དགོས་དང་། །ཚ་བའི་ཉོན་མོངས་ང་ལ་མེད། །མཚན་མོ་གོས་བཀབ་མི་དགོས་དང་། །གྲང་བའི་ཉོན་མོངས་ང་ལ་མེད། །ཉོན་མོངས་ཚ་གྲང་གི་ནད་མཐའ་དག །ཡེ་ཤེས་ཆེན་པོའི་ཀློང་དུ་དག་ནས་སྣང་གསུངས། ཡང་ཉི་ཤུ་བདུན་གྱི་ནངས་པར། རུ་བ་སྐྱ་ཟེར་བས་ངེད་སྐྱ་ཐབས་མི་སྣང་བས། ཁྱེད་རང་ཚོ་སྐྱོས་ངེད་འདི་ཤི་སོས་ཐག་མ་ཆོད་ཚེ་འདུག་བཟླས་པས། མི་རྣམས་ཀྱིས་ངེད་རྣམས་དེ་རིང་སྐྱ། གནངས་གཞེས་ཁྱེད་ཚང་བསུ་ལེ་བྱེད་ཟེར་བ་ལ། ཡང་ཌཱཀི་མའི་ཞལ་ནས། རུ་བ་འདི་སྐྱ་ཟེར་བ་རེད་ཨང་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁོ་རྣམས་དེ་རིང་སྐྱ་ཟེར་འོ་སྐོལ་ཚང་གནངས་གཞེས་བསུ་འོང་ཟེར་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ངེད་རང་ཡང་དེ་རིང་ནས་སྐྱ་ནས་འགྲོ། ད་ཞག་མང་འདུག་པའི་ལོང་ཁོམ་མེད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། དེའི་ནད་པ་འདི་ཚོ་ཡང་ཁལ་རྟ་ལ་མི་ཚུགས་པས་སྐྱེལ་ཐབས་མེད་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཁོ་ཚོ་ནི་བཀའ་བཀོད་བདེ་བས་ཐུབ། ང་ནི་ཁལ་གཅིག་ལ་སྐྱོན་ལ་འགྲོ་བས་ཆོག །ནད་ལ་བཟོད་པ་མ་ཐོབ་པ་རྣམས་ནི། མལ་ས་ཀུན་ཡང་དགྲར་སྣང་བསམ་པ་ཡིན། ནད་ལ་བཟོད་པ་ཐོབ་པ་རྣམས་ལ་ནི་འདྲ་བ་ཡིན། ང་ནི་བསྡད་པ་དང་ཁལ་རྟ་ལ་འཛགས་པ་ཁྱད་མེད། ཁྱེད་ང་ན་དོ་བསམ་པ་ཨེ་ཡིན། ཤ་ཚ་ཞིང་སྙིང་རྗེ་མི་དགོས་ང་ན་བས་མི་སྡུག །དེ་རིང་སྐྱ་བས་དགའ་ང་ཡང་གཞེས་ཉིན་འགྲོ་རན་པ་ཡིན་པས། ཁྱེད་ཀྱིས་མི་འཕྲོད་པས་དེ་རིང་སྐྱོས་གསུངས། དེར་ཁལ་ལ་བསྐྱོན་ནས་སོང་བའི་ལམ་དུ་ནི། ཕར་བལྟས་པས་ཤ་ལུས་ཀུན་ཀྱང་དཀར་སེང་སང་བ། ཐང་རང་དང་མི་འདྲ་བའི་སྐྱེ་བ་ཡག་ལ་ཚིག་སྙན་པ་གཅིག་རེད་ནས་སྣང་། མགུར་དུམ་པ་ཙམ་ཡང་ལེན་ཅིང་ཙོག་ཙོག་རང་ལ་བསྡད་སིན་པ་ལ།
ཡང་རིན་ཆེན་དཔལ་གྱིས། ཁལ་ལ་ཁྱེད་ཨེ་ཚུགས་པར་སྣང་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ང་ནི་ཅི་ཡང་མི་ན་ཁྱེད་རང་སོས་དལ་དུ་བྱོན་བས་ཆོག་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་ཁལ་ལ་ཚུགས་ཐུབ་པ་ཞིག་བྱུང་ན་རྟ་བཟང་སྟེ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ང་རང་དབང་རང་ལ་ཡོད་པས་ཚུགས་ཐུབ་བོ། །གཞན་དབང་གིས་བསྒྱུར་དུ་མེད་པས་ཚུགས་ཐུབ་བོ། །ཀུན་ཁྱབ་ནམ་མཁའ་འདྲ་བས་ཚུགས་ཐུབ་བོ། །འགྱུར་མེད་ས་གཞི་འདྲ་བས་ཚུགས་ཐུབ་བོ། །གཡོ་མེད་རི་བོ་འདྲ་བས་ཚུགས་ཐུབ་བོ། །སྡུག་བསྔལ་བཟོད་དང་ལྡན་པས་ཚུགས་ཐུབ་བོ། །དགོས་འདོད་རང་ལ་ཚང་བས་ཚུགས་ཐུབ་བོ། །རང་ས་རང་གིས་ཟིན་པས་ཚུགས་ཐུབ་བོ། །གཞན་དབང་གིས་བསྒྱུར་དུ་མེད་པས་ཚུགས་ཐུབ་བོ། །ངས་ཅི་ལྟར་བྱས་ཀྱང་ཚུགས་ཐུབ་པར་འདུག་གསུངས། དེ་ནས་སྔ་བོར་ཁྱེར་ནས་མཚེར་ས་རུ་ཕྱིན་པས། ཡང་ཌཱཀི་མས། ད་ང་འདིར་འདུག་ཙ་ཁྱེད་སོང་ལ་རུ་བ་བསུས་ལ་ཤོག་གསུངས་ལ། ཡང་རིན་ཆེན་དཔལ་གྱིས། དེ་མི་བྱེད་ཁྱེད་ལ་རོགས་ཀྱང་མེད་གཉིད་ནས་ཨེ་འགྲོ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ང་ལ་རོགས་ཡོད་གཉིད་ནས་མི་འགྲོ། ཁྱེད་རང་སོང་བས་ཆོག་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། རོགས་ཅི་འདྲ་ཡོད་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཆོས་སྐུ་ལ་ལོངས་སྐུའི་རོགས་གཅིག་ཡོད། །མཐོ་དམན་མེད་པའི་རོགས་གཅིག་ཡོད། །དབྱིངས་ལ་ཡེ་ཤེས་ཀྱི་རོགས་གཅིག་ཡོད། །འདུ་འབྲལ་མེད་པའི་རོགས་གཅིག་ཡོད། །སྟོང་ཉིད་ལ་སྙིང་རྗེའི་རོགས་གཅིག་ཡོད། །ཕྱེ་བྲལ་མེད་པའི་རོགས་གཅིག་ཡོད། །ཐབས་ལ་ཤེས་རབ་ཀྱི་རོགས་གཅིག་ཡོད། །སྤང་བླང་མེད་པའི་རོགས་གཅིག་ཡོད། །ཌཱཀི་ལ་དཔའ་བོའི་རོགས་གཅིག་ཡོད། །བཟང་ངན་མེད་པའི་རོགས་གཅིག་ཡོད། །ང་ལ་རང་བྱུང་ཡེ་ཤེས་ཀྱི་རོགས་གཅིག་ཡོད། །ཕྱེ་བྲལ་མེད་པའི་རོགས་གཅིག་ཡོད། །རོགས་གཞན་གྱི་དགོས་ཆེད་མི་འདུག་གོ །གསུངས་པ་ལ་ཡང་རིན་ཆེན་དཔལ་གྱིས། ནང་དངོས་པོ་མེད་པའི་རོགས་དེ་ལྟར་ཡོད་ཟེར་ཡང་། ཕྱི་སྣང་ཡུལ་དངོས་པོའི་རོགས་གཅིག་དགོས་པ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཕྱི་སྣང་ཡུལ་དངོས་པོའི་རོགས་ཡང་འདི་འདྲ་ཡོད། ནམ་མཁའ་འདི་ལ་ཡར་ལྟོས་དང་། །རྡོ་རྗེ་འཆང་ཆེན་ལ་སོགས་པའི། །བཀའ་བརྒྱུད་བླ་མའི་རོགས་གཅིག་ཡོད། །གཡས་ཀྱི་ཕྱོགས་འདིར་ཕར་ལྟོས་དང་། །འཁོར་ལོ་བདེ་མཆོག་ལ་སོགས་པའི། །དཔའ་བོ་རྣམས་ཀྱི་རོགས་གཅིག་ཡོད། །གཡོན་གྱི་ཕྱོགས་འདིར་ཚུར་ལྟོས་དང་། །རྡོ་རྗེ་ཕག་མོ་ལ་སོགས་པའི། །དཔའ་མོ་རྣམས་ཀྱི་རོགས་གཅིག་ཡོད། །ཐད་ཀའི་ཕྱོགས་སུ་ཕར་ལྟོས་དང་། །རིགས་ལྔ་ཡབ་ཡུམ་ལ་སོགས་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་རོགས་གཅིག་ཡོད། །རྒྱབ་ཀྱི་ཕྱོགས་འདིར་ཕར་ལྟོས་དང་། །མ་མགོན་ལྕམ་དྲལ་ལ་སོགས་པའི། །ཆོས་སྐྱོང་སྲུང་མའི་རོགས་གཅིག་ཡོད། །མཐོ་ངོས་འཛིན་མི་དགོས་རོགས་གཅིག་ཡོད། །གྲོགས་མཐུན་སྡེབ་མི་དགོས་རོགས་གཅིག་ཡོད། །དམའ་སྐྱོང་བྲན་མི་དགོས་རོགས་གཅིག་ཡོད། །གྲོགས་སྒྲུབ་མེད་ལྷུན་གྲུབ་ཀྱི་རོགས་གཅིག་ཡོད། །རོགས་གཞན་གྱི་དགོས་ཆེད་མི་སྣང་ངོ་། །གཉིད་ནས་ཨེ་འགྲོ་ཞེས་པ་ན། མ་རིག་ཉོན་མོངས་གཏིང་ནས་གཉིད་པ་ལ། །གཞན་གྱིས་སྲུང་ཡང་སད་པ་དཀའ་བར་སྣང་། །རིག་པ་ཡེ་ཤེས་གཏིང་ནས་གསལ་བ་ལ། །གཞན་གྱིས་སྲུང་མཁན་གྱི་དགོས་ཆེད་མི་འདུག་གོ །ང་ལ་གཉིད་དང་མ་གཉིད་གཉིས་སུ་མེད། །དུས་ད་ཙམ་ལ་ཕྱིན་ནས་རང་ཚུགས་ཐུབ་པ་གཅིག་དགོས་པའི་ཕྱིར། །གཞན་གྱིས་སྲུང་མཁན་གྱི་དགོས་ཆེད་མི་སྣང་ངོ་། །ནང་རང་བྱུང་ཡེ་ཤེས་རང་གསལ་དེ། །བྱིང་རྨུགས་མེད་པའི་ངང་ཉིད་ལ། །སྒྲིབ་གཡོགས་མེད་པར་སྲུང་དུ་ཡོད། །ཕྱི་བླ་མ་ཡི་དམ་མཁའ་འགྲོ་རྣམས། །དངོས་སུ་བྱོན་ནས་བཞུགས་པ་དེ། །སྒྲིབ་གཡོགས་མེད་པར་སྲུང་དུ་ཡོད། །གསུངས་པ་ལ་ཡང་རིན་ཆེན་དཔལ་གྱིས། རོགས་ཕྱི་ནང་གི་ལྷ་དེ་ལྟར་ཡོད་ཟེར་ཡང་། ད་ལྟ་དུག་ལྔ་ཤས་ཆེ་བས་བྱིང་རྨུགས་སུ་འགྲོ་ནས་ཚུགས་མི་ཐུབ་པ་འདྲ་བསམ་པ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། གཏི་མུག་གིས་གཉིད་གཅིག་འཐིབ་སེམས་ན། །ཡེ་ཤེས་ཆེན་པོའི་གཉིད་སྲུང་ཡོད། །ཆོས་དབྱིངས་ངང་ལ་རང་ས་ཟིན། །བྱིང་རྨུགས་མེད་པས་ཚུགས་ཐུབ་བོ། །ཞེ་སྡང་གིས་གཉིད་གཅིག་འཐིབ་སེམས་ན། །བྱམས་པ་ཆེན་པོའི་གཉིད་སྲུང་ཡོད། །མེ་ལོང་ངང་ལ་རང་ས་ཟིན། །བྱིང་རྨུགས་མེད་པས་ཚུགས་ཐུབ་བོ། །ང་རྒྱལ་གྱིས་གཉིད་གཅིག་འཐིབ་སེམས་ན། །ཞི་བ་ཆེན་པོའི་གཉིད་སྲུང་ཡོད། །མཉམ་ཉིད་ངང་ལ་རང་ས་ཟིན། །བྱིང་རྨུགས་མེད་པས་ཚུགས་ཐུབ་བོ། །འདོད་ཆགས་ཀྱིས་གཉིད་གཅིག་འཐིབ་སེམས་ན། །སྦྱིན་པ་ཆེན་པོའི་གཉིད་སྲུང་ཡོད། །སོར་རྟོག་ཡེ་ཤེས་རང་ས་ཟིན། །བྱིང་རྨུགས་མེད་པས་ཚུགས་ཐུབ་བོ། །ཕྲག་དོག་གིས་གཉིད་གཅིག་འཐིབ་སེམས་ན། །ཡངས་པ་ཆེན་པོའི་གཉིད་སྲུང་ཡོད། །བྱ་གྲུབ་ངང་ལ་རང་ས་ཟིན། །བྱིང་རྨུགས་མེད་པས་ཚུགས་ཐུབ་བོ། །ཡེ་ནས་འཐིབ་པའི་གཉིད་བྱུང་ན། །ཡེ་སངས་ཆེན་པོའི་གཉིད་སྲུང་ཡོད། །ཡེ་དག་ཆེན་པོར་རང་ས་ཟིན། །བྱིང་རྨུགས་མེད་པས་ཚུགས་ཐུབ་བོ། །གཉིད་སྲུང་གཞན་གྱིས་དགོས་པ་མེད། །ཁྱེད་རང་སོང་བས་ཆོག་གསུངས་ནས། རིན་ཆེན་དཔལ་གྱིས་ཁལ་དེད་ནས་ཕྱི་བོར་ལེན་དུ་སོང་ནས། ཚུར་ཕྱིན་ནས་ཌཱཀི་མས་ད་ཅི་ཕར་རི་འདི་འགྲུལ་པ་འགའ་ཐལ་བའི་ནང་ནས་མི་གཅིག་གིས་ཕ་རི་ཡི་ནད་མ་དེ་གཉིད་པ་ཨེ་འུ་ཡིན་ཟེར་ནས་འབོད་བདོ་བ་ལ། ངས་ལན་ཅིག་བཏབ་ཙ་མ་ཚོར་ཟིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་ཅི་བཟླས་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། སྐྱེ་མེད་སྤྲོས་དང་བྲལ་བའི་ངང་དུ་གཉིད། །འགག་མེད་ཤུགས་འབྱུང་གིས་རྨི་ལམ་འབྱོང་བར་གཉིད། །སྐྱེ་འགག་གཉིས་མེད་ཀྱི་ལྟ་བ་གདིང་ལྡན་དུ་གཉིད། །སྐུ་གསུམ་འགྱུར་མེད་ཀྱི་རྟོགས་པ་མངོན་ཤར་དུ་གཉིད་བཟླས་གསུངས། ཡང་རིན་ཆེན་དཔལ་གྱིས་མི་སུ་རེད་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཟེམ་ཀུན་དགའ་ཡིན་པ་འདྲ་གསུངས། དེ་ནས་སྦྲ་ཕུབ་བླ་མའི་གཟིམ་མལ་བྱས་ནད་པ་རྣམས་བསྙལ་ནས། ཌཱཀི་མ་སྒོར་བསྡད་ནས་ཡོད་ཙ་མགུར་བྱེད་པར་གྲག་པ་དང་།
རིན་ཆེན་དཔལ་གྱིས་རྩར་སོང་ནས། ཁྱོད་ན་བ་ཨེ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ང་ཅི་ཡང་མི་ན་ཁྱེད་ན་དོ་བསམ་བ་ཨེ་ཡིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་ཚད་པ་གཅིག་ན་བ་ཡིན་ཙ་དེ་རིང་ནས་གྲང་བ་གཅིག་ན་བ་འདྲ་བསམ་བ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ན་བར་བྱས་ཀྱང་འཐད་པ་ཡིན་ཏེ། །ཏིང་འཛིན་ཆུ་རྒྱུན་འདྲ་བའི་གྲོང་བ་ཞིག་ན། །ཡེ་ཤེས་མེ་དཔུང་འདྲ་བའི་ཚད་པ་ཞིག་ན། །གཉིས་མེད་བྱང་ཆུབ་སེམས་ཀྱི་བད་ཀན་ཞིག་ན། །མཐའ་དབུས་ཁ་གཏིང་མེད་པའི་འདུས་པ་ཞིག་ན། །གཉིས་མེད་དབུ་མ་བདེ་ཆེན་གྱི་ལམ་དེ་རུ། །གཞེས་ཉིན་པར་སྐུ་གསུམ་གྱི་ངང་དུ་འཆི། །ཁྱེད་རང་ཚོ་ནམ་མཁའ་འདི་ལ་ཡར་ལྟོས་དང་། །ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ཡོད། །དད་པ་མོས་གུས་དྲག་ཏུ་གྱིས་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། འདིས་དེ་སྔ་ཆོས་ཚིག་ཀྱང་མང་དུ་ཟེར། དེ་རིང་ནས་མགུར་ཡང་འདི་འདྲ་ཤེས་བདོ། ལུས་འདི་ལ་ཡང་ཤིག་སྲོ་ཡང་མེད། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་རེད་དེ་ངོ་མ་ཤེས་པ་རེད། ད་རེས་དེ་བཤོལ་གཅིག་ཨེ་ཐེབ་བསམ་ནས། ཡང་རིན་ཆེན་དཔལ་གྱིས། ཁྱེད་དེ་སྐད་མ་ཟེར་ནང་དུ་འགྲོ་དང་མལ་ས་ཡང་བདེ་མོ་བྱས་ནས་ཡོད། ཟན་ནམ་སྐོམ་དུམ་པ་ཡང་འཐུང་། བླ་མ་ཡང་ཞལ་ཏ་བྱེད་བདོ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཕྱི་ནང་མེད་པའི་ཁྱབ་བརྡལ་ལ། །ནང་དུ་འགྲོ་དགོས་མི་སྣང་ངོ་། །རྟེན་མེད་ངང་དུ་ཉལ་བ་ལ། །མལ་ས་བདེ་གཟར་མི་སྣང་ངོ་། །སྣང་བ་ཟས་སུ་བཟའ་བ་ལ། །བཟའ་བ་ཟ་དགོས་མི་སྣང་ངོ་། །སྟོང་པ་སྐོམ་དུ་འཐུང་བ་ལ། །སྐོམ་ཆུ་འཐུང་དགོས་མི་སྣང་ངོ་། །རང་བྱུང་གི་ཡེ་ཤེས་རང་གསལ་ལ། །བླ་མས་ཀྱང་གསུང་རྒྱུ་མི་སྣང་ངོ་། །ཁྱེད་རང་ནམ་མཁའ་འདི་ལ་ཡར་ལྟོས་དང་། །འཇའ་འོད་འཁྱིལ་པའི་གུར་ཁང་། །རིག་འཛིན་ཁྲི་སྟེང་གན་དྷོ་ལ་ཡི་གཞལ་ཡས་ནང་ན། །ཐོད་པ་དཀར་སེར་དམར་ལྗང་རིམ་པ་ལྔའི་གཞལ་ཡས་ཁང་གི །དབུས་ཀྱི་ཕྱོགས་ཀྱི་ལྷ་མོ་ནི། །སྐུ་མདོག་དམར་ཞིང་ལྗང་བ་ལ། །ཞལ་གཅིག་ཕྱག་གཉིས་འགྱིང་བའི་ཚུལ། །གཡས་པས་ཐོད་པ་ཡབ་མཆོད་ཚུལ། །གཡོན་པའི་དྲིལ་བུ་སྡིགས་མཛུབ་མཛད། །ཞབས་གཉིས་བརྐྱང་བསྐུམ་གར་ཐབས་བཞུགས། །རིན་ཆེན་འབར་བས་ཐོད་ལྡིང་བརྒྱན། །གཅེར་བུ་སྐུ་ལ་འོད་ཟེར་འཕྲོ། །མཁའ་འགྲོ་ཀུན་གྱི་གསང་བའི་ཡུམ། །ཡུམ་དེ་ང་ཡི་ཨ་ནེ་ཡིན། །ཤར་ཕྱོགས་ཀྱི་མཁའ་འགྲོ་དཀར་མོ། །རྡོ་རྗེ་གོ་ཆ་དྲིལ་བུས་བརྒྱན། །དཀར་མོ་མཆེ་བ་གཙིགས་པའི་ཚུལ། །རྡོ་རྗེ་དྲིལ་བུ་གྲི་གུག་ཐོད་པ་བསྣམས། །དཀར་མོ་འབུམ་ཚོ་གསུམ་དང་བཅས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན། །ལྷོ་ཡི་མཁའ་འགྲོ་སེར་མོ་ནི། །རིན་ཆེན་གོ་ཆ་དྲིལ་བུས་བརྒྱན། །མཁའ་འགྲོ་སེར་མོ་དཔལ་སྦྱིན་ཚུལ། །རིན་ཆེན་གྲི་གུག་ཐོད་པ་བསྣམས། །སེར་མོ་འབུམ་ཚོ་གསུམ་དང་བཅས། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡིན། །ནུབ་ཀྱི་མཁའ་འགྲོ་དམར་མོ་ལ། །པདྨའི་གོ་ཆ་དྲིལ་བུས་བརྒྱན། །དམར་མོ་མཆེ་བ་གཙིགས་པའི་ཚུལ། །པདྨའི་རྒྱན་ཆ་མེ་ཏོག་ཚོམ་བུའི་ཅོད་པན་ཅན། །པདྨ་གྲི་གུག་ཐོད་ཁྲག་བསྣམས། །དམར་མོ་འབུམ་ཚོ་གསུམ་དང་བཅས། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །བྱང་གི་མཁའ་འགྲོ་ལྗང་གུ་ལ། །རྒྱ་གྲམ་ཁྲབ་དང་རྡོ་རྗེ་གོ་ཆས་བརྒྱན། །ལྗང་མོ་ཁྲོ་གཉེར་རབ་བསྡུས་ཚུལ། །རྒྱ་གྲམ་གྲི་གུག་ཐོད་པ་བསྣམས། །ལྗང་མོ་འབུམ་ཚོ་གསུམ་དང་བཅས། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཡིན། །ཞབས་སུ་ལས་ཀྱི་མཁའ་འགྲོ་མ། །དབུ་ནི་མཐིང་ནག་འཇིགས་པའི་ཚུལ། །ཕྱག་གཡས་དཀར་གསལ་གྲི་གུག་འཛིན། །ཕྱག་གཡོན་སེར་ལ་ཐོད་ཁྲག་འཛིན། །ཞབས་གཡོན་མར་ལ་བརྐྱང་བའི་ཚུལ། །ཞབས་གཡས་ལྗང་ལ་བསྐུམ་པའི་ཚུལ། །སྣ་ཚོགས་མཁའ་འགྲོ་འབུམ་དང་བཅས། །གཞན་ཡང་འཇིག་རྟེན་མཁའ་འགྲོའི་ཚོགས། །བྱེ་བ་འབུམ་དང་བཅས་པ་རྣམས། །ང་ཉིད་བསུ་ཕྱིར་སྤྲིན་དཔུང་གཏིབ། །དབུས་ཀྱི་ཁྲི་སྟེ་གཙོ་ཐབས་སུ། །དྲིལ་བུ་དཀར་མོ་མདངས་ལྡན་ལ། །དྲིལ་བུ་སྟོང་གིས་བརྒྱན་པ་འདི། །ང་ཉིད་བསུ་བའི་རྟ་མཆོག་ཡིན། །དྲེལ་སྨུག་མོ་མེ་ཏོག་གིས་བརྒྱན་པ་འདི། །ང་ཉིད་བསུ་བའི་བཅིབས་རོལ་ཡིན། །སྣ་ཚོགས་ལྷ་མོ་བཅུ་དྲུག་གིས། །མཆོད་རྫས་སྣ་ཚོགས་བཟུང་ནས་སུ། །ང་ལ་མཆོད་ཅིང་བསུ་བ་བྱེད། །མེ་ཏོག་གི་ཚལ་ཆེན་པོ་བསམ་གྱིས་མི་ཁྱབ་སྟེ། །མེ་ཏོག་གཅིག་གི་འདབ་མ་ཡ་བ་ཞིག་གི་ནང་ན། །མི་སྟོང་བསྡད་ཀྱང་མི་གང་བའི། །རྒྱ་ཆེན་དཔག་ཚད་ཙམ་དུ་སྣང་། །ཁ་དོག་དཀར་དང་སེར་དང་དམར་ལ་ལྗང་། །སྔོ་དང་སྨུག་དང་མདངས་དང་ལྡན། །མ་བསྒྲིབས་འོད་དང་ཁ་དོག་སྣ་ཚོགས་སོ་སོར་གསལ། །བཀྲག་དང་ལྡན་ཞིང་དྲི་ཞིམ་ངད་དང་ལྡན། །ཁྱེད་ཚོས་ལྟོས་དང་མཐོང་གིས་དྲིས་དང་གསལ། །སེམས་དྭངས་ལ་ཡིད་སྤྲོ་བ་འདི་འདྲ་ངའི་ཞིང་ཁམས་ན་ཡོད་པ་ཡིན། སྣ་ཚོགས་སྤོས་ཀྱི་ངད་པ་དྲི་ཞིམ་ནི་ནགས་ཚལ་ཆེན་པོ་ལ་མེ་ཤོར་བའི་དུད་པ་ཙམ་འཁྲིགས་ནས་ཡོད་པ་འདི་རྣམས་ཡིན། དྲིལ་བུ་དང་གླིང་བུའི་སྒྲ་སྐད་ནི་སྙན་ཞིང་གྲངས་མང་བ་ཞིང་ཁམས་གང་བ་འདི་རྣམས་ཡིན། འདིར་ཕྱིན་པའི་མཁའ་འགྲོ་ཡི་རྣམ་གྲངས་ཀྱང་འབུམ་ཚོ་བཅུ་གསུམ་ཙམ་དུ་མཆིས་པ་སྟེ། འདི་ཙམ་ང་ཡི་ཡུལ་ཉི་ཤུ་རྩ་བཞིར་ང་ཡི་ཞིང་ཕྱོགས་རེ་རེར་ཡང་ཡོད་པ་ཡིན། ང་ཡང་གཞེས་ཉིན་ཞིང་དུ་ཕྱིན་པར་འགྲོ། ཁྱེད་རང་ཚོ་ཡང་ཡི་དམ་མཁའ་འགྲོའི་སྤྱན་སྔར་གསོལ་བ་ཐོབ་གསུང་གིས་སྨོན་ལམ་ཐོབ་དང་གང་བཏབ་དེ་འགྲུབ་པ་ཡིན། དེ་རིང་གང་ལ་གསོལ་བ་བཏབ་གྱུར་པ། དེའི་བྱིན་རླབས་འབྱུང་བར་ངེས། འདིར་ཡང་ཡི་དམ་མཁའ་འགྲོ་བྱོན་པའི་བྱིན་རླབས་ཀྱིས། ཡུལ་འདི་ཡི་ནད་ཡམས་ཀྱང་འཆད་ཅིང་ལོ་ཡང་ཡག་པར་འགྱུར་གསུངས།
ཡང་རིན་ཆེན་དཔལ་གྱིས་བསམ་པ་ལ་ད་ལོ་ལོ་སར་ཚུན་ལ་ཅི་ཟེར་ཐམས་ཅད་བདེན། ལར་དེ་སྔ་ཆོས་ཞུ་མ་མྱོང་བ་ལ། ད་ལོ་ཆོས་སྐད་ལ་ཐོགས་པ་མི་གདའ། དེ་སྔ་མ་ཎི་འབྲུ་གཅིག་མི་བཏོན་པ་ལ། ད་ལོ་མགུར་མ་ལ་ཐོགས་པ་མི་གདའ། དེ་སྔ་ལྷ་གཅིག་གི་མིང་མི་ཤེས་པ་ལ། དེ་རིང་ནས་ཡི་དམ་དཀྱིལ་འཁོར་ཐམས་ཅད་བཤད་ཤེས་བདོ། དེ་སྔ་ལུས་ཀྱང་ཅུང་སྟབས་མི་སྡུག་པ་གཅིག་ཡིན་པ་ལ། དེ་རིང་ནས་ཤ་མདོག་དཀར་མོ་མདངས་དང་ལྡན་པ་གཅིག་རེད་ནས་སྣང་། དེ་སྔ་སྐད་ཀྱང་ཕྲ་ལ་མཚུལ་གཏམ་འདྲ་བྱེད་པ་གཅིག་ཡིན་ཙ། དེ་རིང་ནས་སྐད་སྙན་ལ་དབྱངས་དང་ལྡན་པ་གཅིག་རེད་ནས་སྣང་། དེ་སྔ་ཤེས་རབ་ཆུང་བ་གཅིག་ཡིན་ཙ། ད་ཞག་ཀུན་ཤེས་རབ་ཆེ་བ་གཅིག་རེད་ནས་སྣང་། ངེས་པར་ཅི་ཚུགས་རྟགས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་རེད་དེ་ངོ་མ་ཤེས་པ་རེད། ད་ནི་བསང་དང་སྨོན་ལམ་བྱས་ན་ཤི་མྱུར་བ་ཞིག་ཨེ་འོང་བསམ་ནས། རེ་འདོད་ཀྱི་བློས་བློ་འགྱུར་ནས་མ་ཤི་ཙམ་གཅིག་ཨེ་འོང་བསམ་ནས་སྨྲས་པ་ནི། ཁྱོད་སྤྲུལ་པ་མ་བྱེད་ཁྱེད་བསྟན་པ་འདི་ན་ནི། ཅི་ཡང་མི་སྣང་རང་སྣང་ཡིན། མཁའ་འགྲོ་ཨམ་དེ་ངས་མི་ཤེས། མཁའ་འགྲོའི་ཡུལ་དེ་སྡུག་བེན་ཟེར། སྤོས་དང་མེ་ཏོག་ཡང་མི་རྟག་སྒྱུ་མ་ཡིན། དེ་ན་འགྲོ་བས་ཡེ་མི་དགའ་ཁོང་བསུ་མ་རྣམས་ལ་ཡང་རྫོངས་བ་བྱེད་ནས་ཁོང་ཚོ་ངས་བཏང་། ཁྱེད་འཆི་ལེ་མེད་ངས་མོ་བཏབ་ཙ་བཟང་བདོ།
བླ་མས་ཀྱང་རྨི་ལམ་བཟང་གསུངས། ཁྱོད་དེ་འདྲ་མ་ཟེར་ཁ་རོག་སྡོད་ཞུས་པས། ཡང་ཌཱཀི་མའི་ངས་ཁྱེད་སྤྱངས་པོ་གཅིག་ཡིན་བསམ་ཙ། ཁྱེད་ནི་གླེན་པ་གཏི་མུག་པ་འདྲ་བ་ཡི་ཚིག་དང་སྤྱད་པ་བྱེད་བདོ། ང་ཡི་ཞིང་ཁམས་ཀྱི་ཡོན་ཏན་མི་མཐོང་ལེ་ཡིན་ན་ཡང་། བྱ་བ་སྤྱོད་ལམ་གཅིག་ལ་རྟགས་མི་གཞོག་པར་ཚིག་དང་སྤྱད་པ་བྱེད་བདོ། སྙིང་རེ་རྗེ་གལ་ཆེ་རང་ཐོག་ཏུ་བབ་ཙ། ཤེས་པའི་མི་ཡང་དཀའ་བར་སྣང་། སྨོན་ལམ་རེ་ཡང་འདེབས་མི་ནུས་པར་སྣང་གསུངས་པ་དང་། རིན་ཆེན་དཔལ་གྱིས། ངས་ཀྱང་དེ་ཙུག་སྟེ་མིན་ཏེ་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཅི་ཙུག་ཡིན་ངས་ཤེས། ཁྱེད་ཀྱིས་ང་ཡི་བློ་གཅིག་བསྒྱུར་བསམ་བདོ་སྟེ། བློ་བྲལ་ཤུགས་འབྱུང་གི་སྣང་བ་དེ། །བློས་བྱས་ཚིག་གིས་བསྒྱུར་དུ་མེད། །ཡེ་ཤེས་ཉི་མ་ཤར་བ་ལ། །གཏི་མུག་མུན་པས་བསྒྱུར་དུ་མེད། །སེམས་ཉིད་ཀྱི་ནོར་བུ་རྙེད་པ་ལ། །དབུལ་ཕོངས་ཉེས་པས་བསྒྱུར་དུ་མེད། །སྙིང་རྗེ་གང་འདུལ་འགྲོ་དོན་ལ། །རང་འདོད་བློ་ཡིས་བསྒྱུར་དུ་མེད། །གཡོ་མེད་རང་སར་གནས་པ་ལ། །ཚོགས་དྲུག་གི་སྣང་བས་བསྒྱུར་དུ་མེད། །འཕྲིན་ལས་རྫོགས་པར་གང་ཕན་སྒྲུབ་པ་ལ། །ཁྱེད་གཅིག་པུའི་འདོད་བློས་བསྒྱུར་དུ་མེད། །ང་རང་གཤིས་བདེ་བ་ཆེན་པོར་སྦྱོར་བ་ལ། །ཁྱེད་གཞན་བློ་མཁས་ཀྱང་བསྒྱུར་དུ་མེད། །ཁྱེད་ཀྱིས་སྤྲུལ་བ་མ་བྱེད་ཟེར་བེན་ན། །ཉི་མའི་འོད་ཟེར་འདྲ་བ་དེ། །ཉི་མའི་སྙིང་པོའི་ཤུགས་ལས་བྱུང་། །སྤྲུལ་པ་མ་ཡིན་ཤུགས་ལས་བྱུང་། །སྣ་ཚོགས་སྤྲུལ་པས་འགྲོ་དོན་རྣམས། །སངས་རྒྱས་ཀྱི་ཡོན་ཏན་ཤུགས་ལས་བྱུང་། །སྤྲུལ་པ་མ་ཡིན་ཤུགས་ལས་བྱུང་། །འབྱུང་ལྔ་སྲིད་པའི་དཀར་ནག་རྣམས། །ནམ་མཁའ་ཉིད་ཀྱི་ཤུགས་ལས་བྱུང་། །སྤྲུལ་པ་མ་ཡིན་ཤུགས་ལས་བྱུང་། །ལམ་རྟགས་ཉམས་སྣང་སྣ་ཚོགས་རྣམས། །སེམས་ཉིད་རྟོགས་པའི་ཤུགས་ལས་བྱུང་། །སྤྲུལ་པ་མ་ཡིན་ཤུགས་ལས་བྱུང་། །སེམས་ལ་རྟོགས་པ་ཤར་བ་དེ། །ཡི་དམ་གྱི་བྱིན་རླབས་ཤུགས་ལས་བྱུང་། །སྤྲུལ་པ་མ་ཡིན་ཤུགས་ལས་བྱུང་། །སྙན་པའི་གླུ་ཆུང་ལེན་པ་དེ། །ཉམས་མྱོང་སྐྱེས་པའི་ཤུགས་ལས་བྱུང་། །སྤྲུལ་པ་མ་ཡིན་ཤུགས་ལས་བྱུང་། །ཁ་ནས་གདམས་ངག་བཤད་པ་དེ། །སེམས་ལ་འོད་གསལ་ཤར་བའི་ཤུགས་ལས་བྱུང་། །སྤྲུལ་པ་མ་ཡིན་ཤུགས་ལས་བྱུང་། །ཁྱེད་ཀྱི་ཅི་ཡང་མེད་ལྷ་ཡང་དེ་རུ་མེད་མོད། །ཡོད་ཀྱང་མི་རྟག་སྒྱུ་མ་ཡིན། །རང་སྣང་ཡིན་ཟེར་བ་ལ། །ཅི་ཡང་མེད་ཅིང་ཅིར་ཡང་སྣང་བ། །ནམ་མཁའ་ལྟ་བུའི་ངང་ཉིད་ལ། །འོད་གསལ་སྟོང་པ་ཡེ་ཤེས་སྐུ། །ལྷ་སྐུ་སྣང་ལ་རང་བཞིན་མེད། །རྟག་པ་མ་ཡིན་ཐེར་ཟུག་མིན། །རང་སྣང་དག་པ་ལྷའི་དཀྱིལ་འཁོར་དེ། །མེད་སྣང་སྒྱུ་མར་ཤེས་པ་སྟེ། །སྣང་དང་མི་སྣང་གིས་སྣང་བ་དག །སྒྱུ་དང་མི་སྒྱུའི་སྒྱུ་རྩལ་བྲལ། །ཁྱེད་ཀྱི་མཁའ་འགྲོ་མི་ཤེས་ཟེར་ཞིང་། །མཁའ་འགྲོ་ཡི་ཡུལ་དེ་སྡུག་ཟེར་བེན་ན། །མཁའ་ནི་ཆོས་དབྱིངས་བདེ་ཆེན་ལ། །འགྲོ་ནི་རིག་པ་ཡེ་ཤེས་ཡིན། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །གཉིས་མེད་མ་བུ་འདྲེས་པ་ལ། །མཁའ་འགྲོ་ཞེས་པའི་མཚན་དུ་གདའ། །ངེད་མཁའ་འགྲོ་ཡུལ་ལ་བདེ་སྡུག་བྲལ། །ཁྱེད་ཀྱི་རྫོངས་བ་བྱེད་ཟེར་བེན་ན། །ཟླ་བ་གསུམ་གྱི་གོང་དུ་ནི། །ལུང་ཞུས་པ་ལྟར་དུ་རྫོངས་བ་བྱས། །ལྷ་བཤོས་གཙང་མ་མཁའ་འགྲོ་ཟས། །མར་མེ་གསལ་བ་མཁའ་འགྲོའི་ལམ། །ཤ་ཆང་ཡོ་བྱད་མཁའ་འགྲོའི་ཚོགས། །བུ་རམ་སྨན་སྣ་མཁའ་འགྲོའི་རྫས། །དམིགས་པ་རྒྱ་ཆེན་ཡོ་བྱད་སྤུངས། །དེ་ལྟར་བརྗོད་པས་ཤིན་ཏུ་ལེགས། །ད་ངེད་འགྲོ་ཡི་རྫོངས་བ་བྱེད་བེན་ན། །སེར་སྣ་བསོག་འཇོག་ནོར་དེ་དག །ངེད་ལ་རྫོངས་ཀྱང་དགོས་པ་མེད། །འཁོར་བའི་གཏན་གཞི་ནོར་དེ་དག །ངེད་ལ་རྫོངས་ཀྱང་དགོས་པ་མེད། །སྡུག་བསྔལ་གྱི་དཀོར་ནོར་དེ་དག་ཀུན། །ངེད་ལ་རྫོངས་ཀྱང་དགོས་པ་མེད། །ཉོན་མོངས་གཏོང་ལེན་ནོར་དེ་དག །ཆོས་བློ་འཛིན་ཐག་ནོར་དེ་དག །ངེད་ལ་རྫོངས་ཀྱང་དགོས་པ་མེད། །ངེད་འགྲོ་ཡི་རྫོངས་བ་བྱེད་བེན་ན། །དྲི་མ་མེད་པའི་ནོར་གྱིས་རྫོངས། །དད་པའི་ནོར་གྱིས་རྫོངས་བ་གྱིས། །ལམ་སྣ་འདྲེན་ནོ་གཏན་ནོར་འབྱུང་། །སྦྱིན་པའི་ནོར་གྱིས་རྫོངས་བ་གྱིས། །འཛད་པ་མེད་དོ་གཏན་ནོར་འབྱུང་། །ཚུལ་ཁྲིམས་ནོར་གྱིས་རྫོངས་བ་གྱིས། །གར་ཡོད་མཛེས་སོ་གཏན་ནོར་འབྱུང་། །ངོ་ཚ་ཤེས་ཡོད་ནོར་རྫོངས་བ་གྱིས། །སྒྲིབ་གཉིས་བྲལ་བས་གཏན་ནོར་འབྱུང་། །ཆོས་སྦྱིན་ནོར་གྱིས་རྫོངས་བ་གྱིས། །ཚོགས་ཆེན་རྫོགས་སོ་གཏན་ནོར་འབྱུང་། །ཐོས་པ་ནོར་གྱིས་རྫོངས་བ་གྱིས། །ལོག་རྟོག་འཇོམས་པའི་གཏན་ནོར་འབྱུང་། །ཤེས་རབ་ནོར་གྱིས་རྫོངས་བ་གྱིས། །དགོས་འདོད་འབྱུང་ངོ་གཏན་ནོར་འབྱུང་། །དྲི་མ་མེད་པའི་ནོར་དེ་དག །ངེད་མཁའ་འགྲོའི་ཚོགས་ལ་རྫོངས་བ་གྱིས། །རྫོངས་བས་འཛད་པ་མེད་དོ་ཕ། །བཞག་པས་བརླགས་པ་མེད་དོ་ཕ། །རང་སྤྱད་གཞན་ལ་ཅི་བྱིན་ཡང་། །མི་ཟད་སྟེང་དུ་མང་དུ་འཕེལ། །དེ་ཕྱིར་ངེད་ལ་རྫོངས་ལ་གཞན་ལ་བྱིན། །བྱིན་པས་མི་ཟད་བོར་མི་སྲིད། །རྒྱུ་ལ་མི་ཤོར་འཕྲོག་མི་དོགས། །བཞག་པས་མི་རུལ་ཤི་མི་སྲིད། །ཤུལ་དུ་མི་ལུས་རྗེས་སུ་འབྲངས། །སྐྱོང་བྲན་ཉ་ར་མི་དགོས་པའི། །འཛིན་མེད་ལྷུན་གྲུབ་ནོར་དེ་དག །ཕ་ཁྱེད་ཀྱང་ངེད་ལ་རྫོངས་བ་གྱིས། །དམིགས་མེད་མཉམ་བའི་ངང་དུ་རྫོངས། །མ་ངས་ཀྱང་རྫོངས་བ་ལེན་པར་བྱ། །རེ་དོགས་མེད་པར་ཀུན་ལ་ཁྱབ་པར་བླངས། །འཁོར་འདས་ནོར་རྣམས་ཐམས་ཅད་ཀུན། །ཐིག་ལེ་ཞིག་གི་ངང་དུ་འགྲུབ་པར་མཛོད། །ཁྱེད་འཆི་བར་མེད་དེ་ཟེར་བེན་ན། །ཆོས་ཉིད་བྱ་བ་སེམས་དེ་ལ། །སྐྱེ་འཆི་འཕོ་འགྱུར་མེད་པའི་ཕྱིར། །འཆི་མེད་སྐྱེས་ནས་བཙན་པའོ། །ཐོག་མཐའ་བར་དུ་འཆི་བ་མེད། །ལུས་རིན་ཆེན་ལྷ་ཡི་ཁང་བཟང་དེ། །གཞེས་ཉིན་པར་བཞག་ནས་མཁའ་སྤྱོད་དུ་འགྲོ། །ཁྱེད་ཀྱི་ཚེ་སྲོག་བཟང་ཟེར་བེན་ན། །ཐབས་ལ་མཁས་པའི་སྐྱེས་ཆེན་དེས། །རིན་ཆེན་གླིང་དུ་ཕྱིན་པའི་ཚེ། །ས་རྡོ་བཙལ་ཡང་མི་རྙེད་ལྟར། །བྱང་ཆུབ་སེམས་ལྡན་སྐྱེས་བུ་ཡིས། །སེམས་འབྱུང་རྣམ་རྟོག་སྣ་ཚོགས་དེ། །སངས་རྒྱས་ཞིང་དུ་ཤར་བའི་ཚེ། །ངན་སོང་བཙལ་ཡང་མི་རྙེད་ཕྱིར། །ཕྱི་སྣང་ཡུལ་པྲ་ལྟས་བཟང་དུ་ཤར་གསུངས། དེ་ནས་ནོར་བདག་བྲེལ་པ་འཁོབ་ནས། ཁྱིམ་དུ་ཁྲིད་ནས་ཉལ་སར་བསྙལ་ནས་ཉལ་ས་ཨེ་བདེ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ལུས་སེམས་དེ་བདེ་ན་ཉལ་ས་ཡང་བདེ་བ་ཡིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། བདེ་ན་བདེ་ལུགས་ཇི་ལྟར་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ལུས་འདི་བྱ་བ་དང་བྲལ་བས་བདེ། །སེམས་འདི་འཛིན་པ་དང་བྲལ་བས་བདེ། །བློ་འདི་འདོད་པ་དང་བྲལ་བས་བདེ། །རྐྱེན་ངན་གྲོགས་སུ་ཤར་བས་བདེ། །ན་ཚ་སྡུག་བསྔལ་དང་བྲལ་བས་བདེ། །གཉེན་འབྲེལ་གྱི་གདུང་སེམས་ཆད་པས་བདེ། །ཟས་ནོར་ལ་ཆགས་འཛིན་བྲལ་བས་བདེ། །འཁོར་འདས་རེ་དོགས་བྲལ་བས་བདེ། །ད་ལང་ཡང་བདེ་ལ་ཉལ་ཡང་བདེ། །གསོན་ཡང་བདེ་ལ་ཤི་ཡང་བདེ། །གང་ལྟར་བྱས་ཀྱང་བདེ་བའི་ངང་གསུངས།
ཡང་ཌཱཀི་མས་མགུར་བྱེད་ཅིང་སྣང་བ་དང་། རིན་ཆེན་དཔལ་གྱིས། གཞན་ནད་པ་འདི་རྣམས་ནི་ན་བ་དང་། སྡུག་བསྔལ་ནས་མཁུན་པ་དང་། སྡུག་བསྔལ་ནས་སྡུག་བསྔལ་སྐད་སྣ་ཚོགས་འདོན་པ་མིན་པ་མི་འདུག་ཙ། འདི་ན་བ་དང་སྐྱིད་སྐྱིད་ལ་འདི་བྱེད་བདོ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། བཟའ་གཏད་མི་དགོས་ལྟ་བ་སྐྱིད། །དྲན་འཛིན་མི་དགོས་སྒོམ་པ་སྐྱིད། །བླང་དོར་མི་དགོས་སྤྱོད་པ་སྐྱིད། །རེ་དོགས་མི་དགོས་འབྲས་བུ་སྐྱིད། །ཆོས་བྱེད་མི་དགོས་ལྷུན་གྲུབ་སྐྱིད། །སྡིག་སྤངས་མི་དགོས་རྣམ་དག་སྐྱིད། །བདག་དོན་མི་དགོས་འབད་མེད་སྐྱིད། །གཞན་དོན་མི་དགོས་ཤུགས་འབྱུང་སྐྱིད། །ད་ལང་ཡང་སྐྱིད་ལ་ཉལ་ཡང་སྐྱིད། །གསོན་ཡང་སྐྱིད་ལ་ཤི་ཡང་སྐྱིད། །ཅི་ལྟར་བྱས་ཀྱང་སྐྱིད་པའི་ངང་གསུངས། ཡང་རིན་ཆེན་དཔལ་གྱིས། མར་མེ་ཡིས་བཅས་རྐོང་བུ་རས་རྣམས་བཙལ་ཞིང་། མར་མེའི་གླེང་མོ་འགའ་ཡར་བཟླས་པའི་དུས་སུ། ཡང་ཌཱཀི་མས་ཅི་བྱེད་གསུངས་པ་ལ། གསལ་མེ་འདྲ་བྱེད་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཁྱེད་ཀུན་གསལ་གྱི་མར་མེ་གཅིག་བྱེད་འདོད་ན། །ཀུན་གཞི་ཀློང་ཡངས་རྐོང་བུ་རུ། །ཆོས་ཉིད་དབྱིངས་ཀྱི་མར་ཁུས་ཁོང་། །བྱང་ཆུབ་སེམས་ཀྱིས་སྡོང་བུ་ཚུགས། །སྐུ་ལྔ་ལྷུན་གྲུབ་གྱིས་མེ་ཡར་སྦོར། །རང་བྱུང་ཡེ་ཤེས་མར་མེ་དེས། །འཁོར་འདས་ཀུན་གྱི་དོན་གསལ་ཞིང་། །ཆོས་སྐུ་སྐྱེ་མེད་ཞལ་མཐོང་འགྱུར། །མ་ངས་ཀྱང་རང་བྱུང་མར་མེ་བྱེད། །སྟོང་ཉིད་ཡངས་པའི་རྐོང་བུ་རུ། །བྱམས་ཆེན་རྣམ་དག་མར་ཁུས་བཀང་། །འགྲོ་དོན་ངེས་མེད་སྡོང་བུ་བཙུག །རང་གསལ་བཀྲག་མདངས་ཀྱིས་མེ་ཡར་སྦོར། །མུན་སེལ་སྒྲོན་མེ་འཛད་མེད་འདིས། །བདག་བློ་བླུན་ཞིང་རྨོངས་པ་ཡི། །མ་རིག་མུན་པ་གཏིང་བཅོམ་ནས། །དུས་གསུམ་མ་བསྒྲིབས་ས་ལེར་མཁྱེན། །གསལ་སྒྲོན་གཞན་ནས་འགྱོག་དགོས་མི་སྣང་ངོ་གསུངས། ཡང་རིན་ཆེན་དཔལ་གྱིས། སུན་བཟློག་ཅིག་བཅས་པ་ལ།
ཡང་ཌཱཀི་མས། སུན་བཟློག་བྱས་པ་ལ་དོན་སྒོ་མེད། ང་ཡི་སུན་བཟློག་ནི་ཁ་སང་ཟླ་བ་གསུམ་པའི་ནང་དུ་བཟླས་པ་ཚེ་བྱས་ན་འོང་བ་ཡིན། ད་ནི་ང་ཡི་བསུ་མ་ལ་ནི་སུན་བཟློག་བྱས་མ་བྱས་འདྲ། ད་ང་ནི་དེ་འདྲ་ཡི་སྐབས་སུ་སྣང་། ཁྱེད་རང་དེ་འདྲའི་ཐང་ལ་གཞན་བསྙེན་པ་འདྲ་དང་། ཆོས་སྤྱོད་གང་རུང་མཛོད་གསུངས་ཀྱང་། ཕན་གནོད་ཨེ་ཡོད་བསམ་ནས། སུན་བཟློག་གཅིག་བཅས་པ་ལ། ཡང་ཌཱཀི་མས། ངས་ཁྱེད་ལ་ཅི་བཟླས་ཀྱང་ཁ་ལ་མི་ཉན་པར་སྣང་། སྤྱིར་སུན་བཟློག་བྱེད་པ་ཡིན་ན་དེ་འདྲས་ག་ལ་འོང་། རྒྱུ་ཡི་འགྲོས་དུམ་པ་རེ་ཡང་དགོས་པ་ཡིན། སྲོག་ལ་མ་སོང་བའི་ཤ་ཁྲག་གཙང་མ་རེ་ཡང་དགོས་པ་ཡིན། ཆང་བུ་རམ་རྒུན་འབྲུམ་དར་ཚོན་ལ་སོགས་པ་ཡོ་བྱད་འཚོགས་ཚད་བསོག་དགོས་པ་ཡིན། ཡོད་པའི་རྒྱུ་ལ་ཆོས་མེད། མེད་པའི་རྒྱུ་ལ་སེར་སྣ་མ་བཟུང་བ་གཅིག་དགོས་པ་ཡིན། ཐབས་ཐ་མ་ཡང་ལྷ་བཤོས་མཐོ་རེ་བ་ཙམ་བཅུ་གསུམ་རེ་ཙམ་དང་། སྤོས་དང་མར་མེ་མེ་ཏོག་ཀྱང་བཅུ་གསུམ་རེ་དགོས་པ་ཡིན། དེ་འདྲ་ཡི་གཏོར་མ་རྩ་ཕྱེ་བཞིན་སྡེར་གང་གིས་ག་ལ་འོངས། སྐབས་སུ་ཕྱིན་ན་ནི་འགྱུར་བའི་མཚམས་རེ་ཡོད་ཀྱང་། བླ་མཆོད་ཀྱི་སྙིང་ལ་གཡོ་བཙུད། ཡོན་བདག་གི་ཡས་ལ་རྒྱུ་བཙུད་པའི་གཏོ་ཡང་འགྱུར་བ་དཀའ་བར་སྣང་གསུངས་པས།
དེ་ནས་རིན་ཆེན་དཔལ་གྱིས། སུན་བཟློག་གིས་འཕྲིན་ལས་བྱས་པ་ལ། ཡང་ཌཱཀི་མས། ཁྱེད་ཀྱི་ཤར་ལྷོ་ནུབ་བྱང་ཀུན་གྱི་མཁའ་འགྲོ་མཆོད་ཟེར་ཞིང་། སུན་མ་བཟློག་ཟེར་བར་སྣང་སྟེ། དོན་ཆད་མི་ཆེ་བ་ཚེ་མཆོད་ཅིང་། འདིར་འོང་བ་ཙམ་བཟློག་རྒྱུ་མེད། ང་འོང་ས་འགྲོ་ས་བསུ་མི་དང་བཅས་པ། ནུབ་ཕྱོགས་ཨུ་རྒྱན་ནས་འོང་བ་ཡིན་པས། ཐམས་ཅད་མཆོད་ཅིང་བཟློག་པའི་དོན་མེད། འོན་ཀྱང་ཁྱེད་ནི་དམིགས་པ་གསལ་པོར་འདུག་པས། ཚོགས་འཁོར་དུ་འགྲོ་བར་སྣང་བས་བུ་མོ་ཆུང་བ་འདི་ལ་ནུབ་ཕྱོགས་སུ་སྐྱོང་ཆུག་གསུངས་པས་དེ་ལྟར་དུ་བྱས་སོ། །
དེ་ནས་ནམ་ཐོ་རེངས་ཙམ་དུ་ཕྱིན་པ་དང་། ཌཱཀི་མས། ཕ་ཁོང་བསུ་མ་ཀུན་གྱིས་ནི་གུམ་རིལ་དང་། ངེད་མ་བུ་གཉིས་ཀ་འགྲོ་དགོས་བེན་ཟེར། ངས་གུམ་རིལ་མི་ཁྲིད་བཟླས་ནས་ཡོད་པ་ཅི་བྱེད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། གུམ་རིལ་ཁྲིད་པའི་ཐབས་མེད། གུམ་རིལ་མི་དགོས་སུ་ཡང་འགྲོ་བའི་ཐབས་མེད་མ་འགྲོ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། འོ་ན་ང་ད་རེས་མི་ཁྲིད་ང་ནི་ཅིས་ཀྱང་འགྲོ་དགོས་པར་ཡོད། ཁོང་ཚོས་གུམ་རིལ་འགྲོ་དགོས་ཟེར་ཏེ། ད་རུང་འགྲོ་བ་དུས་ལ་མ་བབ་པ་དང་། ངས་ད་རེས་མི་ཁྲིད་གསུངས། ཡང་ཉི་ཤུ་བརྒྱད་ཀྱི་ནངས་པར་སྔ་མོ་མགུར་བྱེད་ཅིང་སྣང་བ་ལ། རིན་ཆེན་དཔལ་གྱིས། ཁྱོད་ཡུལ་ངན་པ་ཆོས་མ་དར་བའི་ས་འདི་ན། ནག་མོ་མཐའ་མའི་ལུས་འདི་འདྲའི་ཆོས་སྐད་ཀྱང་ཅི་འདྲ་ཡིན། ཆོས་ཞུ་མ་སོང་སྒོམ་སྒྲུབ་མ་བྱས་པ་ལ། དོན་ཡང་མི་རྟོགས་མིས་འཕྱ་བ་ཡིན། ཁ་རོག་སྡོད་དང་དགའ་བ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། གར་བཞུགས་ཆོས་དབྱིངས་བདེ་ཆེན་ལ། །ཡུལ་བཟང་ངན་གྱིས་དབྱེ་བ་མི་སྣང་ངོ་། །ཐུགས་རྗེ་རང་རྩལ་གྱིས་འགྲོ་དོན་བྱེད་པ་ལ། །ཆོས་དར་རྒུད་ཀྱིས་དབྱེ་བ་མི་སྣང་ངོ་། །ནག་ནི་ཆོས་སྐུ་འགྱུར་མེད་ཀྱི་དོན། །མོ་ནི་སེམས་ཅན་སྐྱོབས་པའི་མ། །ཐ་མལ་ལུས་བླང་ཐ་མལ་ཤེས། །ཁྱེད་ཀྱིས་ནག་མོ་མཐའ་མའི་ལུས་འདི་འདྲའི། །ཆོས་སྐད་ཀྱང་ཅི་འདྲ་ཡིན་ཟེར་བེན་ན། །ཐ་མལ་ཤེས་པ་རྒྱ་ཡན་ལ། །ཆོས་བརྒྱད་སྟེར་ནས་སྤྲོས་དང་བྲལ། །ལྷུན་གྱིས་གྲུབ་པའི་དུས་དེ་ན། །ཐོག་མཐའ་དཀར་ནག་དགེ་སྡིག་དང་། །བཟང་ངན་ཆོས་རྣམས་ཀུན་གྱིས་གོས་པ་མེད། །དོན་དམ་བརྗོད་མེད་སྤྲོས་དང་བྲལ་བ་དེ། །ཆོས་ཞུ་མ་སོང་བ་ལ་རྟོགས་པ་མི་འཆར་ཅེས་པ་ནི། །སྤྱིར་ཡེ་ནས་འདུས་མ་བྱས་པ་ཡིས། །ལྷུན་གྲུབ་རྟོགས་མེད་ཀྱི་རྟོགས་པ་དེ། །སོང་བས་མི་རྟོགས་སྡོད་པས་རྟོགས། །བརྗོད་པས་མི་རྟོགས་བརྗོད་མེད་ཀྱིས་རྟོགས། །བསྒོམས་པས་མི་རྟོགས་མི་བསྒོམ་གྱིས་རྟོགས། །བསྒྲུབས་པས་མི་རྟོགས་སྒྲུབ་མེད་ཀྱིས་རྟོགས། །བློས་བྱས་ཀྱིས་མི་རྟོགས་བློ་འདས་ཀྱིས་རྟོགས། །བྱས་ཆོས་ཀྱིས་མི་རྟོགས་བྱར་མེད་ཀྱིས་རྟོགས། །ང་ལ་རྟོགས་པ་ཤར་མ་མྱོང་། །རྟོགས་པའི་དྲ་བ་རལ་ནས་འདུག །ཁྱེད་མིས་འཕྱ་ཞེས་པ་ན། །བཟང་ངན་ལས་ཀྱིས་འབྲེལ་བའོ། །སྨོད་པར་གྱུར་པའི་གནས་མེད་དེ། །སྐྱོ་ངལ་མེད་པའི་དད་ལྡན་དེ། །མཐོ་དམན་མེད་པའི་སར་ཁྲིད་ནས། །ཐོག་པར་གྱུར་པ་མ་ཡིན་ནོ། །ང་ལ་འཕྱས་ཀྱང་དགོས་མེད་དེ། །སྤྱིར་ཡང་ཟུར་ཙམ་འཕྱ་བ་ལགས། །གཞན་རྒྱུད་མི་ཤེས་འདྲེན་སྟོན་བྱེད་ལ་སྤྲུལ་སྐུ་འཕྱ། །དམ་ཚིག་མི་ལྡན་སྔགས་པ་ལ་ཡི་དམ་གྱིས་འཕྱ། །བྱམས་སེམས་མི་ལྡན་འགྲོ་དོན་ཟེར་བ་ལ་སེམས་དཔས་འཕྱ། །བླུན་བཞག་དང་འཕྱ་ལད་གཉིས་ཀ་བྱེད། །སྡིག་སྤྱོད་བྱེད་པའི་མི་རྣམས་ལ་ཀུན་གྱིས་འཕྱ། །དལ་བར་སྡོད་ལ་ལྷ་རྣམས་ཡོངས་ཀྱིས་འཕྱ། །གཞན་དོན་མི་བྱེད་རྒྱལ་བ་ཀུན་གྱིས་འཕྱ། །ཁྲེལ་བཞག་དང་འཕྱ་བཞད་གཉིས་ཀ་བྱེད། །ལུས་ཀྱི་ངན་སྤྱོད་ཅན་ལ་མིག་ཅན་ཀུན་གྱིས་འཕྱ། །ངག་གི་ངན་སྤྱོད་ཅན་ཉན་ཤེས་ཀུན་གྱིས་འཕྱ། །ཡིད་ཀྱི་ངན་སྤྱོད་ཅན་ལ་འཕགས་པ་ཀུན་གྱིས་འཕྱ། །ངོ་ཚ་དང་འཕྱ་བཞད་གཉིས་ཀ་བྱེད། །སེམས་ཀྱི་དྲི་མར་གྱུར་པ་ལ། །སངས་རྒྱས་རེ་བ་སྨོས་ཅི་འཚལ། །ཁྱེད་ཁ་རོག་སྡོད་དང་དགའ་ཟེར་བེན་ན། །གར་བསྡད་དབེན་པར་ཤེས་པས་ན། །གཡེང་བ་རང་སར་དག་པས་དགའ། །ཕྱི་སྣང་བ་བསྡད་པས་རྐྱེན་ངན་གྲོགས་སུ་ཤར་བས་དགའ། །ནང་ལུས་པོ་བསྡད་པས་འཁྲུལ་པ་རང་སར་དག་པས་དགའ། །གསང་བ་རླུང་སེམས་བསྡད་པས་རྣམ་རྟོག་རང་སར་དག་པས་དགའ། །གཏིང་གསལ་དུ་བསྡད་པས་འཛིན་པར་རང་སར་དག་པས་དགའ། །ཕ་ཁྱེད་རང་ཡང་བསྡད་པས་དགའ་ན་དེ་ལྟར་མཛོད་གསུངས། ཡང་བུ་མོས་ཕ་ལ་ཨ་མ་འདིས་ཚེ་འདི་ལ་དགོས་པའི་ལས་ཀ །སོ་ནམ་བསོག་འཇོག་གཅིག་ནི་མི་བྱེད། ཕྱི་མ་ལ་དགོས་པའི་ཡིག་དྲུག་མ་རྡོག་གཅིག་ནི་མི་འདོན་པ་ལ་ན་བ་གཅིག་དང་འདི་ཚུག་ཤེས་ལེ་དེ། ཅི་ཡིན་ཨང་འདི་འཆི་འདོད་པ་ཨེ་ཡིན་ཟེར་བ་ལ། ཡང་ཌཱཀི་མའི་ཞལ་ནས། ལྟ་བ་ལ་གཟུང་འཛིན་མེད་པའི་ཕྱིར། །བསོག་འཇོག་ཀྱང་ཤུགས་ཀྱིས་ལུས་པ་འདྲ། །སྒོམ་པ་ལ་གཡེལ་བ་མེད་པའི་ཕྱིར། །སོ་ནམ་ཡང་ཤུགས་ཀྱིས་ལུས་པ་འདྲ། །སྤྱོད་པ་ལ་བྱ་རྩོལ་མེད་པའི་ཕྱིར། །ལས་ཀ་ཡང་ཤུགས་ཀྱིས་ལུས་པ་འདྲ། །འབྲས་བུ་ལ་རེ་དོགས་མེད་པའི་ཕྱིར། །ཡིག་དྲུག་ཀྱང་ཤུགས་ཀྱིས་ལུས་པ་འདྲ། །འཛད་མེད་ཀྱིས་བསོག་འཇོག་གཅིག་འདོད་ན་དེ་ལྟར་མཛོད། །བུ་མོ་ཁྱེད་ང་འཆི་འདོད་ཨེ་ཡིན་ཞེས་པ་ན། །ང་བདག་དེ་ཤི་ནས་བདག་མེད་ཅིག་ཚོལ་བར་འདོད། །ཀུན་རྫོབ་དེ་ཤི་ནས་དོན་དམ་གཅིག་ཚོལ་བར་འདོད། །འཁོར་བ་འདི་ཤི་ནས་མྱང་འདས་གཅིག་ཚོལ་བར་འདོད། །ཉོན་མོངས་དེ་ཤི་ནས་ཡེ་ཤེས་ཤིག་ཚོལ་བར་འདོད། །བུ་མོ་ང་ཤི་ནས་ཡི་དམ་གྱི་རྟེན་གཅིག་ཚོལ་བར་འདོད། །འཆི་དུས་གནངས་ཉིན་དགོང་ཁ་ཡིན། །འགྲོ་ས་མཁའ་སྤྱོད་ཨུ་རྒྱན་ཡིན་གསུངས།
ཡང་ཌཱཀི་མའི་ཞལ་ནས། ཁྱེད་ཚོས་ལས་བཟང་ངན་བྱ་བ་ཅི་བྱེད་ཐམས་ཅད་འགྲོ་དོན་དུ་གྱིས་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ངེད་རྣམས་ཀྱིས་ལས་བཟང་ངན་བྱ་བ་ཅི་བྱེད་ཐམས་ཅད་འགྲོ་དོན་དུ་ཅི་འདྲ་བྱེད་མི་ཤེས་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ལྟ་བ་ཐག་ཆོད་མཐའ་བྲལ་ན། །འགྲོ་དོན་དུ་མ་དམིགས་ཀྱང་ཤུགས་ལས་འབྱུང་། །སྒོམ་པ་ཡེངས་མེད་རང་གསལ་ན། །འགྲོ་དོན་དུ་མ་དམིགས་ཀྱང་ཤུགས་ལས་འབྱུང་། །སྤྱོད་པ་བསྐྱེད་རྫོགས་ཟུང་འབྲེལ་ན། །འགྲོ་དོན་དུ་མ་དམིགས་ཀྱང་ཤུགས་ལས་འབྱུང་། །འབྲས་བུ་གཉིས་མེད་ཆོས་སྐུ་ཟང་ཐལ་ནས། །འགྲོ་དོན་དུ་མ་དམིགས་ཀྱང་ཤུགས་ལ་འབྱུང་། །ཐབས་ཤེས་ཟུང་དུ་འབྲེལ་ནས་སུ། །འགྲོ་དོན་དུ་མ་དམིགས་ཀྱང་ཤུགས་ལས་འབྱུང་། །གསུངས། ཡང་ཌཱཀི་མའི་ཞལ་ནས། མགུར་བྱེད་ཅིང་སྣང་བ་ལ། རིན་ཆེན་དཔལ་གྱིས། ཁྱོད་ཅི་ཟེར་བ་ཐམས་ཅད་ཆོས་ཀྱི་ཚིག་ཏུ་འདུག་སྟེ། ངེད་རྣམས་ཀྱིས་མི་གོ་བདོ་བས་སུས་ཀྱང་དད་པར་མི་འོང་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཁྱེད་ལ་རང་སྣང་དག་པའི་ངེས་ཤེས་ཡོད་མོད་ཀྱི། །གཞན་སྣང་བསྒྱུར་བསམ་འདོད་པའི་བློ་ཡིས་ནི། །ཐབས་ལམ་བྱེད་ན་བླུན་པོའི་ཚིག་སྨྲས་ཤིང་། །ངེས་དོན་ཐམས་ཅད་ཤུགས་ཀྱིས་དྲིལ་ནས་སུ། །ཡུལ་འདི་ཡིས་མི་རྣམས་དད་པར་བྱེད་བདོ་སྟེ། །དམུ་རྒོད་མུ་ཅོར་སྨྲ་བའི་ཧ་ཤང་རིགས། །བློ་དམན་རཱུ་ཊར་སྨྲ་བའི་མི་རྣམས་ཀྱིས། །མི་ཉན་མི་གོ་ཤེས་པར་མི་འགྱུར་བས། །བཤད་བཀྲོལ་མང་པོ་བྱས་ཀྱང་མི་ཤེས་ཏེ། །གྲུབ་མཐའ་ཡི་ཕྱོགས་སུ་ཞེན་རྣམས་མི་མོས་ཀྱང་། །རང་བཞིན་ཐུགས་རྗེའི་སྟོབས་ཀྱིས་བྱིན་བརླབས་ནས། །གང་ཡང་དད་མོས་ཕྱོགས་རེ་བྱེད་པ་འབྱུང་། །གསུངས། ཡང་ཉི་ཤུ་དགུ་ཡི་ནམ་ཐོ་རེངས་ཙམ་དུ། ཡང་ཌཱཀི་མས། ང་དེ་སྔ་བསྡད་པའི་དོན་བྱིས་པ་ཆུང་ངུ་འདི་ཡི་དོན་དུ་བསྡད་པ་ཡིན། ད་བྱིས་པ་འདི་ཉ་ར་གྱིས་དང་སོས་པ་ཡིན་གསུངས་པ་ལ།
རིན་ཆེན་དཔལ་གྱིས། ཁྱོད་སང་ཉིན་འགྲོ་ན་ནུ་མ་མེད་པས་མི་སོས་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། རུ་བ་འདིར་ཡང་ནུ་མ་ཡོད་པའི་ཉེ་བ་གཉིས་ཡོད་པས། དེ་གཉིས་གང་ཡིན་ལ་སྣུན་ཆུག་པས་ཆོག་གསུངས་པས། ཡང་རིན་ཆེན་དཔལ་གྱིས། ཁྱོད་སོང་ན་ཉ་ར་མི་ཐུབ་ཞུས་པས། ཡང་ཌཱཀི་མས། ཉ་ར་གྱིས་དང་སོས་པ་ཡིན་གསུངས་ཀྱང་། ཡང་རིན་ཆེན་དཔལ་གྱིས། ངས་ཁྱོད་ཡོད་དུས་ཀྱང་ཕྲུ་གུ་ཉ་ར་དང་རུམ་པང་མ་མྱོང་བ་དེ་ག་ཡིན། ད་ཁྱེད་མེད་ཙ་དེ་བས་ཀྱང་ཡིད་མེད་ཉ་ར་མི་ཐུབ་ཞུས་པས། ཡང་ཌཱཀི་མས། འོ་ན་ཞག་བཅུ་གཅིག་གི་ནངས་པར་བསུ་བ་ལ་བཏང་ནས། གང་ཡང་མ་བདེ་བ་མེད་པ་བྱ་གསུངས། དེ་ནས་ཞག་བཅུ་གཅིག་གི་ནངས་པར་བྱིས་པ་ཡང་ཤི །འཇའ་ཚོན་གུར་དང་མེ་ཏོག་ཆར། །རིང་བསྲེལ་ཁྲི་དང་འོད་དཔག་མེད། །འགྲོ་བའི་དོན་དུ་བཞག་ནས་སུ། །སྐུ་གདུང་འཇའ་འོད་ཚུལ་དུ་ཡལ། །གཞན་ཡང་ཁྱད་པར་འཕགས་པའི་ལྟས་སྣ་ཚོགས་བྱུང་བར་གྱུར་ཏོ། །
ཡང་ཉི་ཤུ་དགུ་ཡི་ནངས་པར་ཉི་མ་ཤར་ཙམ་ན། རུ་བ་སྐྱ་ཟེར་བས་རིན་ཆེན་དཔལ་གྱིས། ད་ནངས་རུ་བ་སྐྱ་ཟེར་བ་ཅི་བྱེད་ཞུས་པས། ཡང་ཌཱཀི་མས། ཁོང་ཚོ་ཡང་དེ་རིང་སང་ཉིན་གཅིག་སྒུག་ན། གནངས་ནང་ནས་སྐྱ་བས་ཆོག་པ་ཡིན་ཏེ། ཁ་ལ་མི་ཉན་པར་སྣང་ཙ་ངེད་རང་ཚང་དེ་རིང་སང་ཉིན་སྡོད་དང་། གནངས་ནས་སྐྱ་བས་ཆོག་པ་ཡིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། སུ་ཨང་ཉམས་ཀྱང་མེད་རྐུན་མ་འདྲ་བ་ཡང་ཨེ་འོང་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། རང་སེམས་དྲི་མེད་རྣམ་དག་དེ། །གཉུག་མའི་གཤིས་ལ་བཞག་པའི་ཚེ། །རྣམ་རྟོག་ལང་ཉམས་མེད་པའི་དུས། །ཡེ་ཤེས་མེ་ལོང་བྱེད་པ་འོང་། །ཁྱེད་ཀྱིས་རྐུན་མ་ཨེ་འོང་ཞེས་པ་ན། །ཟག་མེད་བདེ་ཆེན་ནོར་རྫས་དེ། །རྟོག་པའི་རྐུན་མ་ལ་མ་ཤོར་དང་། །ཕྱི་ཡི་རྐུན་མ་མི་འོང་གིས། །མེ་རྩེ་རེ་དོགས་བྱ་མི་དགོས། །དེ་རིང་སང་ཉིན་སྡོད་པས་ཆོག །གསུངས། ཡང་ཉི་མ་ཕྱེད་ཡོལ་ཙམ་ན། ཌཱཀི་མས། ཁ་ཉིན་པར་ཡི་དམ་མཁའ་འགྲོའི་བསུ་མ་ཕྱིན། ངེད་ཀུན་ཀྱང་སང་ཉིན་ནས་ལྡང་དེར་འགྲོ་རན་པ་ཡིན། ཡུལ་འདིར་ཡང་ལོ་འགའ་ཡར་བསྡད་ད་དེ་འགྲོ་རན་པ་ཡིན། སང་ཉིན་ཉི་མ་དགོང་ཁར་བཀྱག །སྲོད་ལ་ཚོགས་འཁོར་ཆེན་མོའི་སྐབས་སུ། ཡུམ་གྱི་བྷ་གར་མཉམ་ཉིད་དུ་གཅིག་པའོ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱེད་དང་པོར་འོང་བའི་ཡུལ་དེ་ཅི་འདྲ་གཅིག་ཡིན། བར་དུ་འདིར་བསྡད་པའི་དོན་ཆེད་ཅི་ཡིན། ཐ་མ་མ་རན་པ་ལ་འགྲོ་བའི་དགོས་ཆེད་ཅི་ཡིན་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཡུམ་ཆེན་ཐུགས་ལ་སྤྲུལ་པའི་སྲས། །སྙིང་རྗེའི་བརྩེ་བས་ཐབས་བསྟན་ནས། །དམན་པའི་སེམས་ཅན་དོན་ཆེད་དུ། །དང་པོ་ཨུ་རྒྱན་ཡུལ་ནས་འོང་། །རིགས་རྒྱུད་དམ་ཚིག་གཅིག་པའི་ཕྱིར། །ལུས་སེམས་མཐུན་པར་འགྲོགས་པ་ཡང་། །ཏིང་འཛིན་བདེ་བ་བསྐྱེད་པའི་ཕྱིར། །བར་དུ་ཁྱེད་དང་འགྲོགས་པའོ། །ཁར་རྩང་བུད་མེད་དེ་ཡི་ངོ་ཤེས་དང་། །འཁོར་བ་འདི་ཡི་ཉམས་གྲིབ་དང་། །ཨ་ནེ་བྱུང་བའི་ངོ་ཆེན་གྱིས། །དམུ་རྒོད་སེམས་ཅན་མང་པོའི་དོན། །ཐ་མ་མ་རན་འགྲོ་བར་བྱ་གསུངས་པ་དང་། ཡང་རིན་ཆེན་དཔལ་གྱིས། ཁྱེད་ཀྱི་ཨ་ནེ་དེ་ཅི་འདྲ་གཅིག་ཡིན་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ང་ཡི་ཨ་ནེ་དེ་དབང་ཕྱུག་མཚོ་ཞེས་པ་རྡོ་རྗེ་དབྱིངས་ཕྱུག་མ་ཡིན། ངེད་ནེ་མཚན་ཡང་སང་ཉིན་འགྲོགས་ཏེ་འགྲོ་བ་ཡིན། དེ་རིང་མངོན་སུམ་འདིར་གསོལ་བ་འདེབས་པའི་མི་རེ་ཡོད་ན་དགའ་བ་ལ། ནག་ཐོམ་མེ་འདུག་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། སེམས་ཅན་དེ་རྣམས་སྙིང་རྗེ་ན་ཡུལ་འདི་ཡི་སེམས་ཅན་རྣམས་སྙིང་ཅི་ལ་མི་རྗེ། འདི་རྣམས་ཀྱི་དོན་མི་བྱེད་དམ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ངས་ནི་མཐའ་འཁོབ་ཡུལ་འདི་རུ། །དེ་སྔ་ཡང་ཕན་པ་ཆེར་མང་བྱས། །ད་ཡང་ལྔ་བཅུའི་བར་དུ་འདུག་ནས་སུ། །སེམས་ཅན་རྣམས་ལ་ཕན་སྙམ་ཡང་། །སེམས་ཅན་གྱི་ལས་དང་སྨོན་ལམ་ཆ་ཕྲ་བས། །ཁྱེད་ལ་སྒོམ་པ་མ་བྱས་ནས། །འོན་ཀྱང་ལས་མཐུན་སེམས་ཅན་ལ། །འབྲེལ་པ་སྨོན་ལམ་མང་དུ་ཐོབ། །ང་ནི་ད་སྡོད་པའི་ཐབས་མེད་དོ། །ཀུན་ལ་ཕན་ཕྱིར་ཆེ་ཆེར་མཛོད་གསུངས། ཡང་དགོང་མོར་ཕྱིན་པ་དང་། ཌཱཀི་མས། སང་ཉིན་ཉི་མ་དེ་ཆང་གཅིག་ཚག་གྱིས་དང་། ཨ་ནེས་རྒུན་འབྲུམ་བྲེ་གང་གནང་བ་དང་། ཆང་གཅིག་སྦྱར་ནས་ཚོགས་འཁོར་བྱེད་དགོས། ང་ཡང་སང་ཉིན་འགྲོ། ཨ་ནེ་ཡང་ཡུལ་འདིར་བྱོན་པ་ལ་རྒུན་འབྲུམ་བྲེ་གང་བས་མི་སྣང་། རྒུན་འབྲུམ་ཁལ་གཅིག་རང་ལ་མི་སྣང་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱེད་འགྲོ་བ་ཡིས་ཐབས་མེད་འགྲོ་རན་ཡང་མ་རན། འདི་ངོས་ཀྱིས་འགྲོ་དོན་ཡང་མ་རྫོགས་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་བཞིན། །གདུལ་བྱའི་དོན་ལ་གཟུགས་ཀྱི་སྐུར་སྤྲུལ་ནས། །ཐབས་རྣམ་དུ་མས་འགྲོ་དོན་བྱེད་པ་ལ། །ཐབས་ཡོད་དང་མེད་པའི་སྐབས་མ་མཆིས། །བྱམས་པའི་ཐུགས་རྗེས་ཕྱོགས་རིས་མེད་པར་མཉམ་པ་སྟེ། །ཚད་མེད་བཞིའི་ཐུགས་རྗེས་གང་ལ་གང་འདུལ་དེའི་ཕྱིར། །སེམས་ཅན་སྡུག་བསྔལ་སེལ་ཞིང་བདེ་ལ་འགོད་ཕྱིར་འགྲོ། །འགྲོ་རན་དང་མ་རན་གྱིས་གོ་སྐབས་མི་སྣང་ངོ་། །སངས་རྒྱས་ཀྱི་འཕྲིན་ལས་རྫོགས་མཛད་ལྟར། །འགྲོ་བའི་དོན་ཡང་རྫོགས་བྱས་ཏེ། །འཕྲིན་ལས་བཞི་ཡིས་ཅི་ལྟར་འདུལ་བཞིན་རྫོགས་པར་བྱ་ཕྱིར་འགྲོ། །འདིར་ཡང་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དེས་རྫོགས་དང་མ་རྫོགས་ཀྱི་གོ་སྐབས་མི་སྣང་ངོ་། །ཁྱེད་ཀྱིས་མ་འགྲོ་ཞེས་པ་ན། །ང་ཡི་སེམས་ཉིད་ཡི་དམ་གྱིས་ཐུགས་ཁར་ཐིམ་ཚར། །ལུས་བེམ་པོ་ལ་སྡོད་མ་བྱས་ཀྱང་འདུག་སྟེ་མཆིས་གསུངས། ཡང་ཌཱཀི་མའི་ཞལ་ནས། ང་སང་ཉིན་འགྲོ་བ་ཡིན་ང་ཡི་རོ་འདི་ཅི་བྱེད་བསམ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱེད་མི་འཆི་དེ་ཙུག་མ་ཟློ་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཁྱེད་ཀྱིས་ང་ཡི་སེམས་གསོ་བྱེད་མི་དགོས། ངས་ཤེས་ང་ཡི་རོ་འདི་མེར་བསྲེག་ན་དགའ་སྟེ། ད་ལོ་ཡི་ནད་མུག་ངན་འདི་ལ་དཔེས་ནས་སྲེག་པ་བློས་མི་ལོང་པར་སྣང་ཙ། ས་ཞབས་སུ་མ་བཅུག་ལ་གཏོར། ཁྱེད་རྣམས་ཀྱིས་འདི་གཏོར་ན་བྲག་དང་ཆུ་མིག་འདི་རྣམས་ཀྱི་ནང་དུ་དམར་ཐེད་ཐེད་བྱས་ན་ལྷ་འདྲེ་ལ་ཕོག་ན་མི་ཉན་བསམ་པ་འོང་སྟེ། དེ་མི་འོང་ལྷ་འདྲེ་ཁོང་རྣམས་ལ་ཕན་པ་ཡིན། ང་ཡི་རོ་འདི་གཏོར་དང་། མགོ་འདི་ལ་མཁའ་འགྲོའི་དཀྱིལ་འཁོར་ཡོད། ཐུགས་ཀར་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་ཡོད། གསང་གནས་སུ་གསང་བ་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ཡོད། ང་ལ་ད་ལྟ་གཤེ་བ་དེ་ཤིན་ཏུ་མང་སྟེ། མཐའ་རུ་དད་པར་མ་གྱུར་ན་ཕན་པར་བྱ་བའི་སྟོབས་ཆུང་བས་དེ་ཕྱིར་ཁྱེད་ལ་བསྒོས་པ་ཡིན། ཀུན་ལ་ཕན་ཕྱིར་ཆད་ཆེར་མཛོད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། དེ་ཙ་གཏོར་མི་གཅོད་པ་གཅིག་ཀྱང་མི་རྙེད་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཁྱེད་ཅིས་ཀྱང་གཅོད་པ་གཅིག་དགོས་བེན་ན། །གཉན་ས་རང་ལུས་འདོམ་གང་དེར། །བདག་མེད་སྒྱུ་མའི་གཅོད་པ་དེས། །རང་སེམས་འཁྲུལ་པའི་ས་ཁུག་ཏུ། །མ་བཅོས་གཉུག་མའི་གཤིས་ལ་ཉོལ། །མཐའ་གཏད་བྱམས་དང་སྙིང་རྗེ་གྱིས། །ཆོ་འཕྲུལ་གང་བྱུང་གང་ཤར་ཡིན། །ཚར་ཚད་མཉམ་ཉིད་རང་གྲོལ་ཡིན། །རེ་དོགས་བྲལ་ཞིང་ཉམ་ང་མེད། །གཅད་བྱ་གཅོད་བྱེད་མེད་པའི་གཅོད་ཀྱི་མཆོག །ཕ་ཁྱེད་རང་གཅོད་པ་ཞིག་བཞེད་ན་དེ་ལྟར་མཛོད། །སེམས་ཅན་འགའ་ལ་ཕན་པའི་ཕྱིར། ང་ཡི་རོ་འདི་གཏོར་མི་གསབ་གསེབ་ན་ཚོལ་དང་ཟ་འདོད་གཉོམ་ཆུང་རྙེད་པ་མིན། བླ་མ་འདི་ལ་དྲིས་དང་རྙེད་པ་ཡིན། དེ་ལ་གཏོར་ཆུག་པས་ཆོག །ང་ཡི་སེམས་ཉིད་ཡི་དམ་གྱི་ཐུགས་ཀར་འཕོ་བ་ཡིན་གསུངས་པ་ལ།
ཡང་རིན་ཆེན་དཔལ་གྱིས། ཁྱེད་ཀྱི་ཡི་དམ་དེ་ཅི་འདྲ་ཞིག་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཆོས་རྣམ་པར་རྟོག་བྲལ་སེམས་ཀྱི་མེ་ལོང་ལྟར། །མ་སྐྱེས་མི་འགག་སྐུའི་གཟུགས་སུ་ཤར། །དྲི་མེད་མཁའ་ལ་འཇའ་ཚོན་ཇི་བཞིན་དུ། །ཕྱོགས་བཞི་དབུས་ལྔར་ཡུམ་ཆེན་སྡེ་ལྔ་ནི། །སྐུ་མདོག་ཕྱག་མཚན་སོ་སོར་གསལ་ནས་ཀྱང་། །འཕྲིན་ལས་ཐུགས་རྗེས་ལྷག་བརྩེ་བས། །རྗེ་བཙུན་འཕགས་མ་སྒྲོལ་མ་ནི། །སྐུ་མདོག་སྣ་ཚོགས་འོད་ཟེར་རབ་ཏུ་འབར། །ཞལ་གཅིག་ཕྱག་གཉིས་ཨུཏྤལ་པདྨ་བསྣམས། །ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་བཞུགས། །དེ་ལས་སྤྲུལ་པ་ཉི་ཤུ་རྩ་གཅིག་སྟེ། །བསམ་གྱིས་མི་ཁྱབ་ནམ་མཁའ་གང་པ་འདི་རྣམས་ཡིན། །གཡུ་ལོ་བཀོད་པའི་གཞལ་ཡས་ཕྱི་ནང་མེད། །མེ་ཏོག་བཀྲ་གསལ་མདངས་ལྡན་དབྱར་དགུན་མེད། །བྱིན་རླབས་བདུད་རྩིའི་ཆུ་རྒྱུན་བདག་གཞན་མེད། །ཐུགས་རྗེ་འགྲོ་བ་མཐོ་དམན་མེད་པར་ཀུན་ལ་ཁྱབ། །མཚན་ཉིད་བརྗོད་ན་རྗེ་བཙུན་སྒྲོལ་མ་ཡིན། །དོན་དུ་བྱས་ན་འོད་གསལ་ཆེན་པོར་རྫོགས། །ཕ་གསོལ་བ་ཐོབ་དང་བྱིན་རླབས་འབྱུང་གིན་སྣང་གསུངས་པ་དང་། ཡང་རིན་ཆེན་དཔལ་གྱིས། ཁྱེད་ཀྱིས་ཡི་དམ་གྱི་ཞལ་མཐོང་ན། ཡི་དམ་གྱིས་གདམས་པ་ཞིག་ཡོད་དགོས་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཡི་དམ་ལྷ་ཡི་བྱིན་རླབས་ཀྱིས། །རང་གཞན་རྒྱུད་གཉིས་གྲོལ་བའི་ཕྱིར། །ལོགས་སུ་གདམས་པ་མ་ཞུས་ཏེ། །གསུང་ཚད་གདམས་པར་ཤེས་པའོ། །ཤར་ཚད་ཡེ་ཤེས་ཡིན་པའི་ཕྱིར། །གང་ཡང་ཡིད་ལ་བྱ་མི་དགོས། །བྱས་ཚད་བཅོས་མར་སོང་བའི་ཕྱིར། །ཆོས་པའི་ཚུལ་ཡང་བསྲུང་མི་དགོས། །ནང་ཡིད་ཆོས་རྣམ་པར་དག་པའི་ཕྱིར། །ཕྱི་ཚུལ་འཆོས་དོན་དུ་གཉེར་མི་དགོས། །ཡི་དམ་སྣང་ལ་རང་བཞིན་མེད་པས་ན། །གདམས་པ་ཐེར་ཟུག་ལོག་ནས་བཀོལ་མི་དགོས། །ལར་འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །རྟེན་ཅིང་འབྲེལ་འབྱུང་ཞིག་ཏུ་ཤེས་པར་གྱིས་གསུངས།
ཡང་ཌཱཀི་མས་མགུར་བྱེད་ཅིང་སྣང་བ་ལ། རིན་ཆེན་དཔལ་གྱིས། ཁྱོད་ཅི་ཟེར་བེན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཅི་ཟེར་ཡང་ཅི་ཡིན་མང་པོ་བཟླས་ཀྱང་རེ་རེ་མི་བསྒྲུབ་པར་སྣང་ཙ། ཅི་ཟེར་ཡང་ཡིན་པ་མེད་པར་ཤེས་པར་གྱིས། བླ་མ་ཡང་ནངས་པར་འབྱོན་ཟེར་བ་རེད་ཨ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཅི་འདྲ་ཁྱོད་ལ་འགྲོ་ཟེར་བ་ཨེ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། དེ་ཡང་མིན་ཏེ་འགྲོ་བསམ་པ་འདྲ་ཙ་སང་ཉིན་བཞུགས་ཞུས། ལར་ཡིན་ན་ནངས་བར་ཤ་ཉེ་རིང་ཡོན་བདག་མཆོད། རུ་རོགས་ཁྱིམ་མཚེས་ཐམས་ཅད་ཀུན་ངའི་སྔུན་འདི་ན་གཅིག་འཚོགས་ན། ཁོང་ཚོ་ཡིད་ཆེས་པ་གཅིག་ང་ལ་གཏམ་རྒྱུ་ཡོད་པ་ཡིན་ཏེ། ཁོང་རྣམས་ནད་ལ་འཛེམས་ནས་མི་འོང་བར་སྣང་ཙ་ཐབས་མི་སྣང་བ་དེ་ཡིན། ཁོང་བླ་མ་པ་སང་ཉིན་བཞུགས་དང་། ངེད་རང་ཀུན་ཀྱང་གནངས་ནངས་ནས་སོ་སོར་གྱེས་པས་ཆོག་པ་ཡིན། ཁོང་བླ་མ་པ་སང་ཉིན་འདིར་ཡོད་དགོས་པ་ཡིན་གསུངས། ཡང་བླ་མའི་རྩར་རིན་ཆེན་དཔལ་སོང་ནས་རང་རེས་རྣམ་འཇོམས་བཀྲོལ་བ་ཨེ་ཡིན་ཞུས་པས། བླ་མས་རྣམ་འཇོམས་ཀྱང་བཀྲོལ། ད་ནད་པ་ཀུན་ཅུང་དྲག་ནས་སྣང་བས་ང་ཡང་འགྲོ་བསམ། ད་ཐབས་ལམ་གཟོབ་དང་མི་འཆི་བར་སྣང་གསུངས་པ་ལ།
ཡང་རིན་ཆེན་དཔལ་གྱིས། དེ་ཡང་རང་རེས་གསུང་པ་མེད་དེ་འདིས་ནད་ཟོ་བྱེད་ལུགས་གང་ལ་བརྟག་ཀྱང་འཆི་སྙམ་མི་སྣང་སྟེ། དེ་སྔའི་མངོན་ཤེས་ཟེར་བ་ཀུན་ཀྱང་བདེན། ད་ཆོས་སྐད་ལ་ཐོགས་པ་མེད་ལུགས་དང་། གང་ལ་བརྟག་ཀྱང་འཆི་བར་སྣང་བས། ཤི་མ་ཤི་ཅི་ཡིན་ཡང་ད་མོ་ནངས་པར་འཆི་ཟེར་བས་ཐག་ཉེ། གནངས་ནང་ནས་ངེས་སྐྱོལ་བ་ཡིན་བཟླས་པས། ཁ་ལ་མ་ཉན་ནས་ཅིས་ཀྱང་འགྲོ་ཟེར་བ་ལ། ཡང་ཌཱཀི་མའི་ཞལ་ནས། བླ་མ་པ་རང་རེའི་ཡང་སང་ཉིན་བཞུགས་དང་། ང་ཡང་སང་ཉིན་འགྲོ་བ་ཡིན་ཁྱེད་སང་ཉིན་འདིར་ཡོད་དགོས་པ་ཡིན། དེ་མིན་ན་དོ་གལ་ཅིས་ཀྱང་མི་ཆེ་སྟེ། མི་ཀུན་གྱིས་ང་ཡི་རོ་ས་ཞབས་ན་ཆུག་ཟློ་བ་དང་། ཁོང་བདེན་ཁ་ལ་ཡང་བས་ངའི་རོ་ས་ཞབས་ན་བཅུགས་པ་ཡིན་པས། ཁྱེད་ངའི་རོ་ས་ཞབས་ན་བཅུག་མ་བཅུག་ལ་རོགས་དན་གྱིས་དང་། གནངས་ནངས་ནས་ངེད་རང་ཀུན་སོ་སོར་གྱེས་པས་ཆོག་པ་ཡིན། ཁྱེད་གནངས་ནངས་ནས་ཁོང་རྣམས་ཀུན་གྱིས་བསྐྱལ་བ་ཡིན་ཙ། ཅིས་ཀྱང་བཞུགས་གསུངས་པས་བླ་མ་ཡང་ཕྱི་ཉིན་བར་བསྡད། ཡང་ཌཱཀི་མའི་ཞལ་ནས། རིན་ཆེན་དཔལ་ལ། ང་སང་ཉིན་འཆི་བ་ཡིན་ཙ་ཁྱེད་ཅི་བྱེད་བསམ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས་ཁྱེད་ཨེའུ་འཆི་གལ་ཏེ་ཤི་ན། ཅི་བྱེད་ཤེས་མེད་རབ་ཏུ་བྱུང་བསམ་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། བདག་མེད་རྟོགས་པའི་སྐྱེས་བུ་དེས། །ཤེས་རབ་རལ་གྲིས་རྣམ་རྟོག་གི་སྐྲ་དེ་བྲོགས། །སྐྲ་བཅད་ཀྱི་བླ་མ་ཡང་མི་དགོས་སོ། །སྟོང་ཉིད་གོས་ཀྱིས་ཉོན་མོངས་ཀྱི་ཚ་གྲང་སྐྱོབས། །ཁ་དོག་སེར་བའི་གོས་ཀྱང་མི་དགོས་སོ། །ཡེ་ཤེས་ཆུ་ཡིས་མ་རིག་གི་དྲི་མ་དེ་ཁྲུས། །ཁ་བཀྲུ་ལག་བཤལ་ཡང་མི་དགོས་སོ། །བསམ་གཏན་ཟས་ཀྱིས་བཀྲེས་སྐོམ་ཚིམ་པར་གྱིས། །ཁ་ཟས་སྤང་ཡང་མི་དགོས་སོ། །རླུང་དང་ཐིག་ལེ་དབུ་མར་ཕྱེས། །བུད་མེད་སྤང་ཡང་མི་དགོས་སོ། །བྱམས་དང་སྙིང་རྗེས་འགྲོ་བ་སྒྲོལ། །སྲོག་བཅད་སྤང་ཡང་མི་དགོས་སོ། །ཅི་སྨྲ་འབྲེལ་པ་དོན་ལྡན་ལ། །རྫུན་ཚིག་སྤང་ཡང་མི་དགོས་སོ། །འདོད་ཡོན་མ་སྤངས་དབྱིངས་དག་ནས། །ལོངས་སྤྱོད་སྤང་ཡང་མི་དགོས་སོ། །བདག་མེད་དོན་ལྡན་སྐྱེས་བུ་དེ། །ཁྱིམ་ན་གནས་ཤིང་སྐྲ་མ་བྲེག །གོས་མ་བཙོ་ཞིང་ཁ་མ་བཀྲུ། །ཚུལ་ཁྲིམས་དག་ཀྱང་མ་བསྲུང་ཡང་། །འཕགས་པའི་ཆོས་ཉིད་དང་ལྡན་བ་དེ་ངོ་མཚར་ཆེ། །ཕ་ཁྱེད་རང་ཡང་ཁྲིམས་ལྡན་གཅིག་འདོད་ན་དེ་ལྟར་མཛོད། གསུངས་པ་ལ་ཡང་རིན་ཆེན་དཔལ་གྱིས། འོ་ན་ཚུལ་ཁྲིམས་བསྲུང་མི་དགོས་པ་ཨེ་ཡིན་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཆོས་ཉིད་དོན་དང་མི་ལྡན་ཞིང་། །རྒྱལ་བའི་ལུང་དང་འགལ་གྱུར་ནས། །སྡུག་བསྔལ་གནས་ནས་ཐར་མི་སྲིད། །ཚུལ་འཆོས་མཁས་ཀྱང་དོན་མི་ཉེ། །ཆོས་ཉིད་དོན་དང་རབ་ལྡན་ན། །ཚུལ་ཁྲིམས་མ་སྲུང་ཡང་མི་ཉམས་པས། །བདེ་ཆེན་རྣམ་དག་སངས་རྒྱས་སར། །ནམ་ཡང་གཡོ་བར་མི་འགྱུར་རོ་གསུངས། །ཡང་ཌཱཀི་མས། སྣང་བ་མཐོ་ལ་ཤེས་པ་དགའ་བྲོ་དང་བཅས་ནས་མགུར་མ་དང་ལས་དགེ་སྡིག་གིས་བཤགས་རལ། གནས་མཐོ་དམན་གྱི་སྐྱེ་གནས་ཀུན་བཤད་བདོ་བ་ལ། ཡང་རིན་ཆེན་དཔལ་གྱིས། འདིས་ལས་དགེ་སྡིག་གཅིག་ལ་ཐོས་མི་རྒྱག་ཁ་རོག་འདུག་པ་ལ། ད་ཞག་ཀུན་ན་བས་དགའ་བ་ཨེ་ཡིན། དགའ་དགའ་ལ་འདི་འདྲ་བྱེད་བདོ་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཕྱི་སློབ་པའི་བླ་མ་གཅིག་བསྟེན་ཡང་མ་མྱོང་སྟེ། །ནང་རང་བྱུང་གི་བླ་མ་གཅིག་ཡོད་པས་དགའ། །ཕྱི་ཐབས་ལམ་གྱི་སྒོ་ཕྱེ་མ་མྱོང་སྟེ། །ནང་ཀུན་སྣང་རིག་པའི་ངང་དུ་རྫོགས་པས་དགའ། །ཕྱི་དཔེ་ཆ་གཅིག་བརྟེན་ཡང་མ་མྱོང་སྟེ། །ནང་སྣང་སྲིད་ཀུན་དཔེ་ཆ་རུ་ཤེས་པས་དགའ། །ཕྱི་ཚུལ་འཆོས་ཀྱི་སྤྱོད་པ་མ་མྱོང་སྟེ། །ནང་ཡིད་ཆོས་ལྷུན་གྱིས་གྲུབ་པས་དགའ། །ཕྱི་ཡི་དམ་གྱི་ལྷ་སྒྲུབ་གཅིག་མ་མྱོང་སྟེ། །ནང་འོད་གསལ་གྱི་ངང་དུ་རྫོགས་པས་དགའ། །ཕྱི་ངན་སྤྱོད་ཀྱི་སྡིག་སྤངས་གཅིག་མ་མྱོང་སྟེ། །ནང་གཉུག་མ་བྱང་ཆུབ་ཏུ་དག་པས་དགའ། །ཕྱི་འདྲེ་རྡུང་དང་བྲུབ་ནན་གཅིག་མ་མྱོང་སྟེ། །ནང་འདྲེ་གདོན་ཆོས་ཉིད་དུ་ཞི་བས་དགའ། །ཕྱི་ནད་དཔྱད་དང་སྨན་སྦྱོར་གཅིག་མ་མྱོང་སྟེ། །ནང་ཉོན་མོངས་རྣམས་དབྱིངས་སུ་དག་པས་དགའ། །ཕྱི་ན་ཚ་སྡུག་བསྔལ་རྐྱེན་དྲག་བྱུང་བའི་དུས། །ནང་རྐྱེན་ངན་རྣམས་གྲོགས་སུ་ཤར་བས་དགའ། །དགའ་སྡུག་བྲལ་བས་ལྷན་ཅིག་སྐྱེས་དགའི་ཀློང་། །དགའ་བྲལ་དགའ་བས་དགའ་བའི་མཆོག་ཏུ་དགའ་གསུངས། ཡང་ཌཱཀི་མས་མགུར་བྱེད་ཅིང་སྣང་བ་ལ། རིན་ཆེན་དཔལ་གྱིས། ཁྱོད་ཁ་རོག་སྡོད་མི་ཀུན་གྱིས་གཤེ་བ་མང་དུ་བྱེད་བདོ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཅི་ཟེར་བདོ་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་ལ་དགའ་བའི་མི་ལ་ལས། བསོད་ནམས་དཔལ་འདྲེན་གྱིས་མགུར་བྱེད་ཅིང་སྣང་ཟེར་བདོ། མི་དགའ་བ་རྣམས་ཀྱིས་རྒྱ་ཡུ་མས་གླུ་ལེན་ཅིང་སྣང་ཟེར་བདོ། ལ་ལས་སྔོ་མཛེས་མ་སྨྱོ་ནས་སྣང་ཟེར་བདོ། ལ་ལས་དམར་ཚོན་མས་ཁ་བླ་ཞིང་སྣང་ཟེར་བདོ། ལ་ལས་བུད་མེད་ནད་རོ་མ་དེས་སྤྲུལ་པ་བྱེད་བདོ་ཟེར། ལ་ལས་རྒྱ་ལྟོ་མས་རྫུན་བྱེད་པ་ཡིན་ཟེར་བདོ་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ཆོས་དབྱིངས་རྣམ་པར་འཁྲུག་མེད་པས། །ཡང་དག་དོན་ལ་གཟུང་འཛིན་བྲལ་མོད་ཀྱི། །མཚན་ཉིད་བརྗོད་ན་གང་ཡང་མི་མཛའ་མེད། །ཅི་སྐད་སྨྲས་པ་དེ་སྐད་མཚུངས། །བསོད་ནམས་ཚོགས་ཆེན་རྫོགས་ནས་ནི། །འགྲོ་བའི་དཔལ་དུ་གྱུར་ནས་ནི། །ཉོན་མོངས་སེམས་ཅན་ཐར་པར་འདྲེན། །མགུར་ནས་ཆོས་ཀྱི་སྒྲ་དབྱངས་སྒྲོགས། །བྱེད་ནི་སེམས་ཅན་ཀུན་དོན་བྱེད། །ཞིང་ནི་མཁའ་སྤྱོད་རྣམ་དག་ཞིང་། །སྣང་ནི་ཡེ་ཤེས་ཀྱི་སྣང་བའོ། །རྒྱ་ནི་རྒྱ་གར་ཆོས་རྒྱུད་འཛིན། །ཡུ་ནི་རྣོ་ཟུག་མེད་པས་ཡུ། །མ་ནི་སེམས་ཅན་སྐྱོབས་པའི་མ། །གླུ་ནི་ཤུགས་འབྱུང་ཉམས་ཀྱི་གླུ། །ལེན་ནི་རྒྱལ་བའི་ཐུགས་བཅུད་ལེན། །ཞིང་ནི་ཨུ་རྒྱན་རང་བྱུང་ཞིང་། །སྣང་ནི་སྣང་སྲིད་ཆོས་སྐུར་སྣང་། །སྔོ་ནི་ཆོས་སྐུ་མཁའ་ལྟར་དག །མཛོ་ནི་ཐེག་ཆེན་ཆོས་ཀྱི་མཛོད། །མ་ནི་སངས་རྒྱས་བསྐྱེད་པའི་ཡུམ། །སྨྱོན་ནི་གཟའ་གཏད་བྲལ་བའི་སྨྱོན། །ཞིང་ནི་སངས་རྒྱས་ཞིང་ནས་བྱོན། །སྣང་ནི་སྣང་སྲིད་སེམས་སུ་སྣང་། །དབང་གི་ཆ་ལུགས་སྐུ་མདོག་དམར། །ཡོན་ཏན་བཅུད་རྒྱས་སྣུམ་ལ་ཚོད། །མ་ནི་དཀྱིལ་འཁོར་ཀུན་དག་མ། །ཁ་ནི་ཁ་བ་ཅན་དུ་བྱོན། །བླ་ནི་བླ་མེད་གསང་སྔགས་ཀློང་། །ཞིང་ནི་རང་བྱུང་སངས་རྒྱས་ཞིང་། །སྣང་ནི་འཁོར་འདས་དབྱེར་མེད་སྣང་། །བུད་ནི་སྡུག་བསྔལ་མཚོ་ལས་བུད། །མེད་ནི་བདག་ཕྱོགས་ཀྱི་གཏིང་འཛེར་མེད། །ནད་ནི་ཆོས་སྐུ་འགྱུར་མེད་ཀྱི་དོན། །རོ་ནི་དུ་མ་རོ་གཅིག་ཏུ་ཤེས། །མ་ནི་ལྷན་སྐྱེས་ཡུམ་ཆེན་མ། །དེས་ནི་དེ་བཞིན་གང་འདུལ་སྐུ། །སྤྲུལ་ནི་སྣ་ཚོགས་སྤྲུལ་པ་མང་པོ་ཡིས། །བྱེད་ནི་སེམས་ཅན་ཀུན་དོན་བྱེད། །དོ་ནི་དོ་ཟླ་མེད་པའི་དོན། །རྒྱ་ནི་ཁྲོ་མོའི་ཆ་ལུགས་འཆང་། །ལྟོ་ནི་ལྟོས་མེད་བདེ་ཆེན་ངང་། །མ་ནི་གཉིས་མེད་བདེ་ལྡན་མ། །དེས་ནི་དེ་བཞིན་ཆོས་ཀུན་བསྟན། །སྣང་ནི་སྣང་བ་རྫུན་དུ་སྣང་། །བྱེད་ནི་ངེས་མེད་སྤྱོད་པ་བྱེད། །པ་ནི་རིག་པ་སྐྱོན་དང་བྲལ། །ཡིན་ནི་འགྱུར་མེད་ངེས་དོན་ཡིན། །བླུན་རྟོག་ཅན་རྣམས་ཀྱིས་ང་ལ་འཕྱ། །རྨོངས་ཚོད་བཟོ་མཁན་རྣམས་ཐེ་ཚོམ་ཟ། །རིག་ལོག་རྟོག་མཁན་རྣམས་ང་ལ་གཤེ ། བློ་ཆོས་དང་མ་འཛོལ་ང་ལ་སྨོན། །མཁས་བསླབ་རྒྱ་ཅན་རྣམས་ཐེ་ཚོམ་བྲལ། །ང་ལ་སྨད་དང་བསྟོད་པ་གང་ཡང་། །ཞེ་སྡང་ཐ་བ་རྣག་མེད་ཅིང་། །དགའ་བྲོ་གྲུབ་མཐར་ཞེན་པ་མེད། །བྲག་ཅའི་གླུ་དབྱངས་སྒྲོགས་པ་ལྟར། །སེམས་དགའ་སྡུག་བྲལ་ལོ་འཕོ་འགྱུར་མེད། །བློ་འགྱུར་ལྡོག་མེད་དོ་འཛིན་པ་བྲལ། །ཚིག་བཟང་ངན་ཡག་རྩོག་ཀྱང་ཆོས་ཉིད་ཀློང་། །ཚིག་གང་ངན་གང་རྐྱག་ཆོས་ཉིད་ཀློང་། །ཉམས་གང་ཤར་གང་བྱུང་ཆོས་ཉིད་ཀློང་། །རང་བྱུང་ཡེ་ཤེས་འོད་སྐུར་ལ། །ཚིག་བཟང་ངན་སྒྲོ་སྐུར་མེད་པའི་ཕྱིར། །ང་ལ་གང་ཟེར་དགའ་སྡུག་བྲལ་གསུངས། །ཡང་རིན་ཆེན་དཔལ་གྱིས། ཌཱཀི་མ་ལ་ཁྱེད་ཅི་འདྲ་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། འདི་འདྲ་མེད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ད་ནི་ཁ་ལན་རེ་ཡང་མི་བྱེད་པར་སྣང་ཞུས་པས། ཡང་ཌཱཀི་མའི་ཞལ་ནས། ཡང་དག་དོན་གྱི་ངོ་བོ་ལ། །འདི་ཡིན་འདི་མིན་མེད་པའི་ཕྱིར། །འདི་འདྲ་ཞེས་པའི་ཚིག་དང་བྲལ། །སངས་རྒྱས་ཀྱིས་ཀྱང་གསུང་དུ་མེད་པའི་ཕྱིར། །ངས་ཀྱང་བཤད་པར་མི་ནུས་སོ། །ངའི་མཚན་ཉིད་འདྲ་ལུགས་ནི། །ཁྱེད་རང་གིས་ཤེས་ལེ་དེ་ཡིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ངས་ནི་མི་ཤེས་པས་དྲིས་བེན་ཞུས་པས།
ཡང་ཌཱཀི་མའི་ཞལ་ནས། ནང་སེམས་ཀྱི་མཚན་ཉིད་འདྲ་ལུགས་ནི། །ནམ་མཁའ་ཅི་འདྲ་དེ་བཞིན་ནོ། །མཐའ་དབུས་བྲལ་བས་ནམ་མཁའ་འདྲ། །ཉི་ཟླ་ཅི་བཞིན་དེ་བཞིན་འདྲ། །གསལ་འགྲིབ་མེད་པས་ཉི་ཟླ་འདྲ། །རྒྱ་མཚོ་ཅི་བཞིན་དེ་བཞིན་འདྲ། །ཁ་གཏིང་མེད་པས་རྒྱ་མཚོ་འདྲ། །ཤེལ་སྒོ་ཅི་བཞིན་དེ་བཞིན་འདྲ། །ཕྱི་ནང་མེད་པས་ཤེལ་སྒོ་འདྲ། །ཕྱི་ལུས་ཀྱི་མཚན་ཉིད་འདྲ་ལུགས་ནི། །མི་ཡི་ལུས་ལ་ལྷའི་སེམས། །སྐྱེ་ས་དམའ་ལ་ཕྱིན་ས་མཐོ། །སྐྱེ་བ་དམའ་ལ་དགོངས་པ་མཐོ། །མགོ་འཕང་དམའ་ལ་སེམས་འཕང་མཐོ། །སྐྱེ་བ་དམའ་ལ་རིགས་རྒྱུད་བཟང་། །ཚུལ་འཆོས་མེད་ལ་ཡིད་ཆེས་ཡོད། །ལུས་སྟོབས་ཆུང་ལ་སེམས་སྟོབས་ཆེ། །ཕ་ཆས་ཆུང་ལ་དོན་ཆས་ཆེ། །བློ་བྱས་སྟོར་ནས་བློ་འདས་རྙེད། །ཁྲོ་བ་ཐུང་ལ་བྱམས་པ་རིང་། །ཕྱི་ནོར་ཆུང་ལ་ནང་ནོར་ཆེ། །གནོད་པ་ཉུང་ལ་ཕན་པ་མང་། །ཤ་རྩ་གླེན་ལ་སེམས་རྩ་སྤྱང། །འགྲོ་སྟོབས་བུལ་ལ་འདྲེན་སྟོབས་མགྱོགས། །དམན་ས་བཟུང་བས་མཐོ་སར་དཔག །ཕྱི་ཚིག་མ་བསླབ་དོན་ཚིག་མཁས། །སྒོམ་པ་མ་བྱས་ཀློང་དུ་གྱུར། །སློབ་གཉེར་མ་བྱས་ཚིག་དོན་འཕྲོད། །སྒྲུབ་པ་མ་བྱས་མཐའ་རུ་ཕྱིན། །ཕྱི་ནང་གཉིས་མེད་ངོ་བོ་འདི་འདྲ་མེད། །འདི་འདྲ་མེད་ཙམ་དུ་ཡང་འཛིན་པ་མེད་པའོ་གསུངས།
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཟབ་དོན་གསུང་གི་སྦས་རྒྱ་མགུར་གྱི་སྐོར་གསང་བའི་རྣམ་པར་ཐར་པ་བརྗོད་པ་རྫོགས་སོ།། །།མངྒ་ལཾ།
བྷ་ཝན་ཏུ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཤུཾ་བྷ་དགེའོ། །
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་དག་པ་རང་སྣང་སུན་མའི་ཞུས་ལན་གསལ་བྱེད་ལེའུ་ཡི་སྐོར། མཛད་པ་པོ་ཤཱཀྱ་རིན་ཆེན།
༄༅། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་དག་པ་རང་སྣང་སུན་མའི་ཞུས་ལན་གསལ་བྱེད་ལེའུ་ཡི་སྐོར་ཏེ་གསུམ་པ་བཞུགས་སོ། །
རང་སྣང་དག་པ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཟླ་བ་བཞི་པའི་ནང་དུ་རིན་ཆེན་དཔལ་གྱི་རྨི་ལམ་ལ། ནུབ་ཕྱོགས་ནས་འཚོགས་པ་མང་པོ་ཞིག་བྱུང་བའི་ནང་ནས་ཀུན་གྱི་སྔོན་དུ་མིའི་ལུས་ལ་སྟག་གི་མགོ་ཅན། སྟག་འཛུམ་ཁྲ་ཤིག་ཤིག་པ་མང་པོ་བྱུང་། དེའི་རྗེས་སུ་མིའི་ལུས་ལ་སེང་གེའི་མགོ་ཅན་སྐུ་མདོག་དཀར་ལ་གསལ་བ་ཤེལ་དཀར་པོའི་མདོག་འདྲ་བ། གཡུ་ཡི་འོད་ལྟར་རལ་པ་སྔོ་ཤིག་ཤིག་པ། ཕྱི་ནང་མེད་པར་འོད་ལྡེམ་ལྡེམ་པ་མང་པོ་བྱུང་།
དེའི་རྗེས་སུ་བུད་མེད་གཅན་གཟན་དང་འདབ་ཆགས་ཀྱི་མགོ་ཅན་ལུས་ཕྱི་ནང་མེད་པར་གསལ་བ། འོད་ལམ་ལམ་པ་མང་པོ་བྱུང་། དེའི་རྗེས་སུ་བུད་མེད་དཀར་སེར་དམར་ལྗང་སོ་སོར་འོད་ཕུང་ཕུང་བ་མང་པོས་མཆོད་རྫས་སྣ་ཚོགས་དང་བཀྲ་ཤིས་ཀྱི་རྟགས་ལ་སོགས་པ་མང་པོ་བཟུང་ནས་སྙན་པའི་གླུ་དབྱངས་བྱེད་ཅིང་བྱུང་། དེའི་རྗེས་སུ་རྒྱལ་བློན་གྱི་ཚུལ་དུ་བྱུང་བ་རྣམས་ཀྱང་། འོད་དམར་ཕུང་ཕུང་བ་མང་པོ་བྱུང་། དེའི་རྗེས་སུ་སེར་གཟུགས་པ་དང་སྔགས་པ་འདྲ་བ། སྐྱེས་པ་བུད་མེད་རྣམས་ཀྱང་སོ་སོར་འོད་ལམ་ལམ་པ་མང་པོ་བྱུང་། གཞན་ཡང་ཚོགས་པ་བསམ་གྱིས་མི་ཁྱབ་པ་མང་པོ་སྣང་བ། དེ་རྣམས་ཐམས་ཅད་གསལ་བའི་མགོན་ལྷ་དཀར་པོའི་གནས་སུ་འཚོགས་ནས་སྣང་བ་དེ། བཙག་གཡག་བྱ་ཁྱུང་བྱ་བའི་རི་མགོར་བྱུང་ནས་ཆ་བགོས་ཏེ། ཚན་གཅིག་སྲིབ་རྒྱུད་ནས་རྡོ་སྟེང་དགོན་ན་ཐལ། བྱིན་པོ་དེ་ལ་གཉིས་བྱས་ནས་བྱུང་། ཇོ་བོ་སྐྱ་ཞིང་མོ་ནོམ་བྱ་བའི་སྟེང་ཤོད་དུ་གསོལ་འདེབས་ཀྱི་དབྱངས་བྱེད་ཅིང་བསྡད་སིན། དེ་རྣམས་ཀྱི་ནང་ནས་མི་ཤ་མདོག་དམར་ལ་ཅུང་ཟད་རྒྱབ་གོས་དང་རྒྱན་ཆ་ཡང་དམར་པོ་འོད་ཕུང་ཕུང་བ། སྐུ་སྨད་ལ་སྟག་འཛུམ་ཁྲ་ཤིག་ཤིག་པ་གསུམ་གྱིས། ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་འདེབས། །ལོངས་སྐུ་ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་འདེབས། །ཟེར་བའི་དབྱངས་བྱེད་ཅིང་དཔོན་གཡོག་གསུམ་བརྒྱུགས་ནས་བྱུང་བས་ངེད་གསུམ་ལ་བྱིན་རླབས་ཤིག་གྱིས་ཟེར་བ་ལ། རིན་ཆེན་དཔལ་གྱིས། ང་ལ་བྱིན་རླབས་ཀྱང་མེད། ཁྱེད་མི་བསོད་ནམས་སྤྱོད་པ་ཁ་རྗེ་ཅན་ཞིག་སྣང་བས། ང་ལ་བྱིན་རླབས་ཞུས་ན་ནི་ཁྱེད་རང་གི་འཁོར་རྣམས་ཀྱིས་ཀྱང་འཕྱ། ངེད་ལ་ཡང་ཡུལ་འདི་ཡི་མི་སྡེ་རྣམས་ཀྱིས་ཀྱང་འཕྱ། ང་ཡང་ངོ་ཚ་བྱིན་རླབས་ཡང་མི་ཕོད། ཁྱེད་རང་གནས་འདིར་བཞུགས་པར་ཞུ་ཞུས་པས།
ཡང་མི་དེས་དེ་རྣམས་ཀྱིས་རྒྱུ་མཚན་དང་བྱིན་རླབས་ཡོད་མེད་ངས་ཤེས་ཟེར་ནས་བརྒྱུགས་ནས་བྱུང་ནས་ལག་པ་གཉིས་ནས་བཟུང་ནས་ཁོང་རང་གསུམ་གྱི་མགོར་བཞག་ནས། བསོད་ནམས་དཔལ་འདྲེན་གཏོང་བ་ཐུགས་ལ་བཏག་པར་ཞུ་ཟེར་བས། ག་རེ་མི་འདིས་མཐོང་ཆེན་པོ་བྱེད་ལུགས་དང་བྱིན་རླབས་ཞུ་ལུགས་ཀྱིས། ང་ཅིག་དང་ནོར་བ་རེད་བསམ་ནས། ཁྱེད་རྣམ་པ་གང་ནས་བྱོན། བཙག་གཡག་བྱ་ཁྱུང་གི་མགོར་སྣང་ལེ་རྣམས་སུ་ཡིན། ཕ་རི་རྡོ་སྟེང་དགོན་ན་ཐལ་ལེ་རྣམས་སུ་ཡིན། ཚུ་རི་ཡ་ངའི་མདར་སྣང་ལེ་རྣམས་སུ་ཡིན། ཁྱེད་རྣམ་གསུམ་སུ་ཡིན། ཁྱེད་ང་མི་གཞན་ཞིག་དང་ནོར་བ་ཨེ་ཡིན། བསོད་ནམས་དཔལ་འདྲེན་སུ་ལ་ཟེར་བེན། གཏོང་བར་ཞུ་ལེ་དེ་སུ་ལ་ཟེར་བེན་ཞུས་པས། མི་དེས་ངེད་ཨུ་རྒྱན་གྱི་ཡུལ་ནས་འོང་བ་ཡིན། བཙག་གཡག་བྱ་ཁྱུང་གི་མགོར་སྣང་ལེ་རྣམས་ངེས་ཕྱིས་གཞིས་ཡིན། ཕ་རི་རྡོ་སྟེང་དགོན་ན་ཐལ་ལེ་རྣམས་ལ་འབུམ་ཚོ་གཅིག་སྟོང་ཚོ་ཕྱེད་གསུམ་ཡོད་པ་དེ། ཁྲ་བུས་ངན་ཁྲིད་པ་ལ་སོང་བ་ཡིན། ཚུར་ཚེས་ཀྱི་ཚེས་དྲུག་ལ་བསུ་ན་འདིར་ཕྱིན་པར་ཡོད། བསོད་ནམས་བློ་གྲོས་མ་ཕྱིན་པར། འདིར་སྒུག་བསོད་ནམས་བློ་གྲོས་ཕྱིན་པ་དང་། ངེད་རྣམས་བསྡོངས་ནས་བསོད་ནམས་དཔལ་འདྲེན་བསུ་ནས་འགྲོ། ཡ་ངའི་མདོར་སྣང་ལེ་རྣམས་བསོད་ནམས་དཔལ་འདྲེན་བསུ་མི་ཡིན། ང་ཡང་དེ་འདྲ་ཞིག་ཡིན། ཁྱེད་དང་ཡང་སུ་ནོར་བ་མིན། འདི་ཉིད་ཞེས་བྱ། བསོད་ནམས་དཔལ་འདྲེན་མང་པོ་མེད། ཡུམ་འདི་ག་ཡིན་གཏོང་བར་ཞུ་ལེ་ཁྱེད་ལ་ཞུས་པ་ཡིན། ད་བསོད་ནམས་དཔལ་འདྲེན་བཏང་དགོས་ཟེར་བ་དང་།
ཡང་རིན་ཆེན་དཔལ་གྱིས། ངའི་ནག་མོ་འདི་ནི་ལས་ཀ་སོ་ནམ་བསྲི་བསོག་གང་ཡང་མི་འོང་བས། ཁྱེད་རང་རྣམ་པའི་མཚང་སྣོན་ཡིན། ང་ཡི་ཡང་མཚང་སྣོན་མིན་པ་མ་བྱས། ངན་རུལ་མ་ཞིག་ཡིན། དེ་ཨེ་བདེན་མི་སྡེ་ཀུན་ལ་དྲིས་པས་ཆོག །ཡེ་ནས་བྱེད་རྒྱུ་ཡོད་ལེ་ཞིག་མིན། དེ་འདྲ་མ་གསུང་ཞུས་པས། མི་དེས་འདོད་པའི་ཡོན་ཏན་ཐམས་ཅད་དེ་རང་ལ་ཡོད་པས་སོ་ནམ་རྩོལ་སྒྲུབ་ཀྱི་བྱེད་རྒྱུ་མེད། ཕོངས་པ་མེད་པས་རྩོལ་སྒྲུབ་ག་ལ་ཡོད། སོ་ནམ་རྩོལ་སྒྲུབ་མི་དགོས་དང་། བཟའ་བཏུང་གི་ཁ་ཡི་རྒྱུ་བ་ཙམ་ཡང་མི་དགོས། ཐོང་དང་སྐྱིད་ཅིག་གི་ཐོག་མིན་པ་མེད། ཁོང་ཐོང་དང་འགྲོ་དོན་ནི་ཆེ། ཁྱེད་ཕན་སེམས་པ་ཡིན་པའི་ཕྱིར། ཅིས་ཀྱང་ཨུ་རྒྱན་ཡུལ་ན་རེ་ཞིག་གཏོང་བར་ཞུ། ཁོང་མ་སོང་བར་ངེད་རྣམས་ཀྱང་མི་འགྲོ་ཟེར་བ་ལ། མོ་ནི་བཏང་ཐབས་མེད་ཐ་མ་ཡང་གོས་མེད་པས། མི་སྡེ་ཡི་སྔུན་ན་ངོ་ཡང་ཚ། ཅིས་ཀྱང་ཡིན་ན་ནོར་ཞིག་གིས་གོས་ཉོ་ནས་ད་གཟོད་བཏང་བཟླས་པས། ཁྱེད་གོས་མི་དགོས་ཐོང་དང་གོས་ཡ་ཏ་འདྲ་ཡོད་པ་ཡིན་ཟེར་བ་ལ་ཕར་ལ་བལྟས་ཙ་ཐག་པ་འོད་ཀྱུ་རེ་བ་མདའ་རྒྱང་གསུམ་ཡོད་པ་ཙམ་གྱི་སྟེང་དུ། དར་དང་གོས་ཆེན་དུ་སྣང་བསམ་པའི་དཀར་སེར་དམར་ལྗང་སྔོན་པོ་ལ་སོགས་ཁ་དོག་སྣ་ཚོགས་སོ་སོར་མ་འདྲེས་པར་ལྷབ་ལྷུབ་ཀྱི་ཚུལ་དུ་བརྩིགས་ནས་སྣང་བའི་ཕྱི་ནང་ཀུན་འོད་ཕུང་ཕུང་བྱེད་ཅིང་སྣང་།
ཡང་མི་དེས་འོད་འདི་འདྲ་ཡི་གོས་ཡོད་པ་ཡིན། ལུས་བཟོད་པ་དང་ལྡན་པའི་ཡོན་ཏན་གྱིས། སྲབ་འཇམ་ཡངས་པ་ལྷའི་ན་བཟའ་པན་ཙ་དང་ལྡན་པའོ། །བཏུང་བ་ཁན་ཊས་ཆོག །ལར་ལས་དགེ་སྡིག་ནི་བསམ་པ་དག་པས་འགྲོ་དོན་བྱེད་པ་ནི་དམ་ཚིག་གི་རྩ་བ་སྟེ། སེམས་ཅན་གྱི་དོན་ལ་དགོངས་པའི་དགེ་བ་མེད། འདིར་ནི་སེམས་ཅན་གྱི་དོན་ལ་དགོས་པ་ཡ་ཟུང་ཙམ་མཆིས་ཏེ། ཁོང་གི་ཚབ་གཅིག་ཀྱང་འཇོག །ཁོང་འབྱོན་པའི་ཡུལ་དུ་གཞན་དོན་འོང་བའི་ཕྱིར་ཅིས་ཀྱང་ཨུ་རྒྱན་ཡུལ་དུ་གཏོང་བར་ཞུ་ཟེར་ནས་ཕྱག་འཚལ་བ་དང་། མི་གཤིན་པོ་རྣམས་ཀྱིས་ཀྱང་དགོས་ཟེར་བ་དང་། མི་གཏོང་བཟླས་པས་མི་དེས། ཁྱེད་དེ་སྔ་སེམས་ཅན་ལ་ཕན་པའི་སེམས་ཨེ་བཟུང། ཕན་ཐོགས་བྱེད་ཨེ་མྱོང་། ད་ཕྱིན་བྱེད་སྙམ་པའི་སེམས་ཨེ་ཡོད། ཕན་ཐོགས་ཨེ་འོང་ཟེར་བ་ལ། ངས་དེ་སྔ་ཡང་སེམས་ཅན་ལ་ཕན་ཨེ་ཐོགས་ཀྱི་བསམ་པའི་སེམས་དྲང་པོར་བཟུང་། ཕན་པ་ཡང་ཨ་ཏོ་བྱས། ད་ཕྱིན་ཡང་སེམས་ཅན་ལ་ཕན་ཨེ་ཐོགས་ཀྱི་སེམས་ཡོད། ཕན་ཡང་ཨེ་མ་ཐོགས་བསམ་བཟླས་པས། འོ་ན་བསོད་ནམས་དཔལ་འདྲེན་གཏོང་དགོས་དང་། སེམས་ཅན་གྱི་དོན་ཡང་དག་པ་ཞིག་འབྱུང་བའི་དུས་དང་སྐབས་ལ་ཡོད་པས་ཐུགས་ལ་གདགས་དགོས་ཟེར་བ་ལ། རིན་ཆེན་དཔལ་གྱིས། ཁྱེད་རྣམས་ཀྱིས་བསོད་ནམས་དཔལ་འདྲེན་བཏང་དགོས་ཟེར་ནས་ནན་ཏན་ཆེན་པོ་བྱེད་པའི་དོན་དེ། ཁྱེད་རང་རྣམས་ལ་ཕན་པ་ཡིན་ནམ། གཞན་འགའ་ལ་ཕན་པ་ཡིན་བཟླས་པས། ཡང་མི་དེས་ངེད་རྣམས་ལས་དམུ་རྒོད་ལ་ཉོན་མོངས་པ་ཆེ་བའི་སེམས་ཅན་མང་པོའི་དོན་དུ། འཕྲིན་ལས་རྣམ་བཞིའི་ཐབས་ལ་མཁས་པས་འགྲོ་ལ་བརྩེ་ཕྱིར་ཨུ་རྒྱན་ཡུལ་དུ་གཏོང་བར་ཞུ། མ་བཏང་ན་འགྲོ་དོན་བྱས་ཟེར་བ་ལ་སྐྱོ་ངལ་སྐྱེ་འགྲིབ་ཅན་དུ་འགྲོ་བའི་ཕྱིར། ད་རེས་ཅིས་ཀྱང་གཏོང་དགོས་ཟེར་བ་ལ།
ཡང་རིན་ཆེན་དཔལ་གྱིས་བསམ་པ་ལ། ད་འདི་བཏང་ན་མོ་རང་སྐྱིད་ལ་འགྲོ་དོན་འོང་བར་སྣང་། མ་བཏང་ན་འགྲོ་དོན་གྱི་གེགས་ཀྱང་འོང་སྟེ། ངེད་རང་རྣམས་ལ་ཕན་ཆེ་བར་འདུག་ཅི་བྱེད་བསམ་ནས་ཐེ་ཚོམ་དུ་གྱུར་པས། མོ་རང་ལ་སྨྲས་པས། ཁྱོད་ལ་མི་རྣམས་ཀྱིས་འགྲོ་དགོས་ཟེར་བ་ཅི་ཡིན་ཨང་། ཁྱོད་སོང་བས་ཡུལ་མེད་ཞུས་པས། ཌཱ་ཀི་མས། ང་འགྲོ་དགོས་པའི་ཡུལ་གྱི་སེམས་ཅན་རྣམས་ཤིན་ཏུའང་ཉོན་མོངས་པའང་ཆེ་སྟེ། དད་པའི་རྩིས་ཟིན་པ་ཡོད་ཀྱང་། ཆོས་ཀྱི་སྒྲོན་མ་ཆ་ཕྲ་བར་སྣང་བས། ཐབས་རྣམ་དུ་མས་འགྲོ་ལ་བརྩེ་ཕྱིར། ང་ཡང་ད་རེས་དེ་འགྲོ་བའི་དུས་ལ་བབ་པ་ཡིན། འདིར་འདུག་པའི་ཐབས་མེད་པས་འགྲོ་བ་ཡིན་གསུངས། ཡང་མི་དེས་ད་རེས་དེ་ངེད་རྣམས་ཅིས་ཀྱང་རྫོངས་ལ་ཐོང་ཟེར་བ་ལ། ཡང་རིན་ཆེན་དཔལ་གྱིས། ངེད་ལ་ད་ཞག་རྫོངས་རྒྱུ་ཅི་ཡང་མེད། དོ་ཞག་ཡིན་ན་མིན་པ་བྱས་པས། ཡང་དཔའ་བོ་དེས་མི་རྙེད་རྙེད་ཅིག་དགོས་པ་མིན། གཏོར་རྫོངས་གྱིས་ལ་ཐོང་དང་། སྤྱིར་ཡང་སེམས་ཅན་གྱི་དོན་ཡང་འབྱུང་། སྒོས་ཡུལ་འདི་ཡི་ནད་ཡམས་འདི་ཡང་འཆད་ཟེར་བ་ལ། གཏོར་རྫོངས་ཇི་ལྟར་བྱེད་མི་ཤེས་བྱས་པས། མི་ངེས་ལྷ་བཤོས་བཅུ་གསུམ་གྱི་ངོས་ལ་བུ་རམ་སྦྲང་རྩི་སྐུས། ཤ་ཁྲག་ཇ་ཆང་དར་སྨན་སིནྡྷུ་ར་རྣམས་སོགས་ལ་མགྱོགས་གཙང་མ་ཞིག་གྱིས་དང་གནས་སྐབས་ཐམས་ཅད་དུ་དགེ་བའི་སྟོབས་འཕེལ་ཟེར་བ་རྨིས་ཤིང་ཡོད་ཙ། གཉིད་སད་པ་འདྲ་བ་ཞིག་བྱུང་།
ཡང་རིན་ཆེན་དཔལ་གྱིས། བསམ་པ་ལ་དེ་སྔ་ཕན་ཡང་སྲིའུ་དང་ནད་པ་གང་གསོ་ཡང་། གཏོ་འདི་ལྟར་གྱིས་ཟེར་བ་ཀུན་བདེན་ཞིང་ཡོད་པ་ལ། ད་ལོ་ནད་ཡམས་ཆེན་པོ་འདི་ཕྱོགས་པས་མགྱོགས་ཤིག་བྱས་ན་ནད་དེ་ཆད་འདོད་པ་ཨེ་ཡིན་བསམ་པས་ཇི་ལྟར་ཟེར་བ་བཞིན་བྱས་ནས། ཡང་བསམ་པ་རྗེས་སུ་ཞིབ་མོ་བཏང་བས། ཐང་རང་གཏོ་འདི་འདྲ་གྱིས་ཟེར་བ་ཡིན་ཙ་ཅི་ཡིན་བསམ་ནས་ཡིད་མ་ཆེས་ཏེ། མགྱོགས་དེ་ཡང་བྱེད་རྒྱུ་མིན་པ་ཨེ་མ་ཡིན་བསམ་ནས་དྲིས་པས།
ཡང་ཌཱ་ཀི་མས། དེ་ལ་འགྱོད་རྒྱུ་མེད་ཚོགས་འཁོར་གྱིས་རྫོངས་བ་འབྱུང་བ་ཡིན། ང་ཅིས་ཀྱང་ཚུར་ཚེས་ནས་འགྲོ་གསུངས། ཡང་རིན་ཆེན་དཔལ་གྱིས། རིམ་གྲོ་བྱེད་ན་ཞུས་པས། ཌཱ་ཀི་མས། ང་ཡི་རིམ་གྲོ་ནི་ཟླ་བ་སྔ་མའི་ནང་དུ་དགོས་པ་དེ་རྣམས་བྱས་ན་འོང་བ་ཡིན། ད་རིམ་གྲོ་བྱས་ཀྱང་དོན་སྒོ་མེད། ཁྱེད་རང་བློ་སྤན་སྤུན་མ་བཏང་ལ། ཚིག་དང་བྲལ་བའི་དོན། བློ་ལས་འདས་པའི་ཡུལ་དུ་ཞོག་དང་བདེ་བ་ཡིན་གསུངས། དེ་ནས་ཟླ་བ་བཞི་པ་ཟད་ཁར་བསོད་ནམས་བློ་གྲོས་ན་ནས་སྣང་བས། རིན་ཆེན་དཔལ་གྱིས། བསོད་ནམས་བློ་གྲོས་ན་ཙ་འཆི་བར་སྣང་། ཚུར་ཚེས་ཀྱི་ཚེས་དྲུག་ལ་འཆི་བར་ཡོད་བཟླས་ཀྱང་། མི་ཀུན་གྱི་དེ་ཅི་ཡིན་ཟེར་བ་ལ། གོང་གི་རྨི་ལམ་རྣམས་ཞིབ་ཏུ་བཤད་པས། བསོད་ནམས་བློ་གྲོས་ཤི་ན་ངའི་ནག་མོ་འདི་ཡང་འཆི་བར་ཡོད་བཟླས་ནས་ཀུན་ལ་བཤད།
དེ་ནས་བསོད་ནམས་བློ་གྲོས་ཟླ་བ་ལྔ་པའི་ཚེས་དྲུག་ལ་ཤི །ད་བསོད་ནམས་བློ་གྲོས་ཚེས་དྲུག་ལ་ཤི་ཙ། ངའི་ནག་མོ་འདི་འཆི་ངེས་ཡིན་བཟླས་ནས་ཀུན་ལ་བཤད་པས། མི་ལ་ལས་གཅིག་ཤི་བས་གཅིག་འཆི་དོན་མེད་ཟེར་བ་ལ། རིན་ཆེན་དཔལ་གྱིས། གཅིག་ཤི་བས་གཅིག་འཆི་ངེས་ཡོད། དུས་ཚོད་ཚེས་གྲངས་འགྲིགས་ནས་ཐལ་བཟླས་པས། ཡང་ཌཱ་ཀི་མའི་ཞལ་ནས། ང་ཡང་ཟླ་བ་འདི་ཡི་གནམ་གང་གི་ཉིན་པར་འགྲོ་རན་པ་ཡིན་པས། ཁྱེད་ཀྱི་རྨིས་རྟགས་ཀྱང་དེ་དང་མཐུན་པ་ཡིན་གསུངས། དེ་ནས་ཟླ་བ་ལྔ་པའི་ཉི་ཤུ་གཉིས་ཀྱི་ཉིན་པར། ཌཱ་ཀི་མས། ཁྱེད་ཀྱང་དེ་རིང་མེ་ཤིང་ཞིག་ཐུ་རོགས་གྱིས། ང་ཡང་འགྲོ་གསུངས་པ་ལ།
རིན་ཆེན་དཔལ་གྱིས། ངས་ནི་མེ་ཤིང་མི་ལོན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས་དེ་རིང་མེ་ཤིང་མི་ལོན་ན། ང་ཡང་སང་ཉིན་ནས་ན་ནས་འོང་བ་ཡིན། དེ་ཙ་ཁྱེད་ཧུབ་རེ་ཡང་མི་ཁོལ། གཞན་འདི་རྣམས་ལ་འགྲོ་ཉམས་ནི་མེད། ཁྱེད་ཁན་ཊའི་མེ་ཤིང་ཡང་མི་ལོན། འགྲོ་ལོང་ཡང་མེད། དེ་ལས་དེ་རིང་འགྲོ་གསུངས་པས། མེ་ཤིང་ཐུར་སོང་། ཁྱིམ་དུ་ཕྱིན་པ་དང་། ཡང་ཌཱ་ཀི་མས། ངས་ལས་བྱས་པའི་རྟིང་པ་འདི་ག་ཡིན་གསུངས། ཁྱེད་རང་ཚང་ཡང་ད་ཕྱིན་སོ་ནམ་ལས་ཀ་ཅི་བྱེད་ཀྱང་། སེམས་ལ་ལས་མ་བཅོལ་ལ་ལས་གྱིས་གསུངས་པ་ལ། སེམས་ཀྱིས་འདི་འདྲ་ཞིག་བྱ་དགོས་བསམ་ནས་ལས་མ་བྱས་ན། ལས་བྱ་ཐབས་མི་འདུག་བསམ་ནས། སེམས་ལ་ལས་མ་བཅོལ་ནས་ལས་ཅི་ཙུགས་བྱ་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། རང་རིག་པ་ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཡིན་པས། དབྱིངས་དེ་ཡིད་ལས་མ་གཡོས་བཞིན། །ལས་ཀ་སོ་ནམ་ཅི་བྱེད་ཀྱང་། །དེའི་ངང་ལས་མི་འདའ་བར། །སེམས་ལ་ལས་མ་བཅོལ་པའོ། །ཞེས་གསུངས་པ་ལ།
ཡང་རིན་ཆེན་དཔལ་གྱིས། སེམས་ལ་ལས་མ་བཅོལ་ནས། ལས་བྱས་པ་ལ་ཡོན་ཏན་ཅི་ཡོད་ཞུས་པས། ཡང་ཌཱ་ཀི་མས། ཆོས་དབྱིངས་བདེ་ཆེན་ངང་ཉིད་ལ། །བྱང་ཆུབ་སེམས་ལྡན་སྐྱེས་བུ་ཡི། །མཉམ་ཉིད་བྱ་སྤྱོད་གང་བྱས་ཀྱང་། །ཆོས་སུ་མ་གྱུར་གང་ཡང་མེད། །ལུས་འགྲོ་འདུག་གི་ལས་ནི་ཅི་བྱས་ཀྱང་། །ལྷ་ཡི་བསྐོར་བར་ལྷུན་གྲུབ་ནས། །ལུས་ཀྱི་སྒྲིབ་པ་དག་ནས་སུ། །ལུས་ལྷ་སྐུ་རུ་གྱུར་པའི་ཡོན་ཏན་ཡོད། །ངག་སྨྲ་བརྗོད་ཀྱི་ལས་ནི་ཅི་བྱས་ཀྱང་། །ལྷ་ཡི་བསྙེན་པར་ལྷུན་གྲུབ་ནས། །ངག་གི་སྒྲིབ་པ་དག་ནས་སུ། །ངག་གསུང་དུ་གྱུར་པའི་ཡོན་ཏན་ཡོད། །ཡིད་ཀྱིས་བསམ་པའི་ལས་ནི་ཅི་བྱས་ཀྱང་། །ཐུགས་སྐྱེ་འགག་མེད་པར་ལྷུན་འགྲུབ་ནས། །ཡིད་ཀྱི་སྒྲིབ་པ་དག་ནས་སུ། །ཡིད་ཐུགས་སུ་གྱུར་པའི་ཡོན་ཏན་ཡོད། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དེ། །བདག་ལ་ལྷུན་གྱིས་གྲུབ་ནས་ནི། །འཕྲིན་ལས་ཕུན་སུམ་ཚོགས་པ་ཡི། །འགྲོ་རྣམས་འདྲེན་པའི་ཡོན་ཏན་ཡོད། །ཅེས་གསུངས།
ཡང་རིན་ཆེན་དཔལ་གྱིས། ད་རུང་ཤིང་ཞིག་ཐུ་སོང་ན་ཨེ་མི་དགའ་ཞུས་པ་ལ། ཡང་ཌཱ་ཀི་མའི་ཞལ་ནས། ཚོགས་གཉིས་བསགས་པའི་རྣལ་འབྱོར་པ། །རྟེན་འབྲེལ་གྱི་ཆ་ལག་མ་འགག་པས། །འཕྲལ་མཁོ་ཡི་ལོངས་སྤྱོད་བྱ་ཚོལ་འདི། །རྣལ་འབྱོར་པ་ཡི་སྤྱོད་ཡུལ་ཡིན། །སྔོན་ནས་ལས་སྨོན་མཐུ་ཡི་ནི། །ད་ལྟ་ཐབས་ཤེས་གཉིས་མེད་ཀྱི། །སྤྱོད་འགྲོས་ལེགས་པར་མཁས་གྱུར་པས། །གཏན་དུ་འབྲལ་བ་མེད་གྱུར་ཀྱང་། །ཀུན་རྫོབ་ཀྱི་ཆ་ལ་མ་འགག་པས། །ལན་ཅིག་ཀུན་དགའི་ཚལ་དུ་འགྲོ། །བཅུ་གསུམ་གླང་གི་ལོ་ལ་ནི། །དམ་ཚིག་ངང་ནས་མཇལ་བར་ཞུ། །ཐ་མལ་ལུས་ཀྱི་རྣལ་འབྱོར་པ། །དམན་པའི་སེམས་ཅན་དོན་ཆེད་དུ། །ང་ཡི་འཕྲིན་ལས་ཁྱོད་ཀྱིས་སྐྱོངས། །ང་ཡི་མཛད་པ་དེས་འགྲུབ་འགྱུར། །
ཡང་ཅིག་རྣལ་འབྱོར་སྙན་གསོན་དང་། །འཁོར་བ་པ་ཡི་ལས་སྤྱོད་ལ། །བསམ་ཞིང་གཞིག་ན་ཟློ་སྙིང་འདོད། །སྙིང་གཏམ་ཡིན་པས་ཀུན་ལ་ཤོད། །གཉེན་འབྲེལ་ལན་ཆགས་བསླུ་བའི་གྲོགས། །ཇི་ལྟར་ལེགས་པར་བསྐྱངས་གྱུར་ཀྱང་། །བསྐྱངས་བར་གྱུར་པའི་དུས་མཐའ་མེད། །ང་ཡི་སྐྱོང་བྲན་དེ་ཙམ་བྱེད། །འཇིག་རྟེན་ནོར་རྫས་ལྟུང་བའི་རྒྱུ། །འདོད་ཆགས་དབང་གིས་རབ་བསླུས་ནས། །ཇི་ལྟར་བསགས་ཀྱང་ཆོག་ཤེས་མེད། །ང་ཡི་གསོག་འཇོག་དེ་ཙམ་བྱེད། །བཟའ་བཏུང་ལོངས་སྤྱོད་ཆགས་པའི་རྒྱུ། །ཞིམ་དགུ་མངར་བཅུ་ལེགས་བསྡུས་ནས། །ཡུན་དུ་གསོས་ཀྱང་གཏིང་དུ་གསོད། །ང་ཡི་གསོ་བསྐྱེད་དེ་ཙམ་བྱེད། །འཁྲུལ་པའི་ལས་སྤྱོད་ངལ་བའི་རྒྱུ། །ཟོ་ཆུའི་འཁྱུད་མོ་ཇི་བཞིན་དུ། །སྔོན་དུ་སོང་ཡང་ཕྱིས་ནས་རིམ་གྱིས་འབྱུང་། །ང་ཡི་རྒྱུ་བ་དེ་ཙམ་བྱེད། །གཅེས་པར་གསོས་པའི་སྒྱུ་ལུས་དང་། །དགེ་བཅུ་རྒྱབ་ཏུ་བསྐྱུར་ནས་སུ། །མི་དགེ་བཅུ་པོ་རང་ཁར་སྤྱད། །ཚེ་ནི་སང་དང་གནངས་ལ་ཟད། །ང་ཡི་ཚེ་ཡང་དེ་ཙམ་བྱེད། །མ་རིག་མུན་པ་གཏིང་རེ་ཟབ། །འཁོར་བའི་རྒྱ་མཚོ་ཞེང་རེ་ཆེ། །ཉོན་མོངས་ཀྱི་ཆུ་བོ་མཐའ་རེ་རིང་། །འདོད་པའི་དུག་ཚེར་སོ་རེ་རྣོ། །འདོད་པས་ཐར་པ་ཐོབ་མི་སྲིད། །འདོད་པ་ཟད་ན་བདེ་བ་འཐོབ། །འདོད་པ་ཆུང་ན་ཆོག་ཤེས་པ། །འདི་ལས་གཞན་དུ་ཕྱུག་པ་ཡིན། །ཞེས་གསུངས།
རང་སྣང་དག་པ་སུན་མའི་ཞུས་ལན་གསལ་བྱེད་ལེའུ་ཡི་སྐོར་ཏེ་གསུམ་པ་རྫོགས་སོ།། །།དགེའོ། །
ཡེ་ཤེས་མཁའ་འགྲོ་མ་བསོད་ནམས་དཔལ་འདྲེན་གྱི་ཡོན་ཏན་གཏེར་གྱི་སྒྲོམ་བུའི་སྐོར་དེ་ཁོ་ན་ཉིད་ཀྱི་རྣམ་ཐར། མཛད་པ་པོ་ཤཱཀྱ་རིན་ཆེན།
༄༅། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཡོན་ཏན་གཏེར་གྱི་སྒྲོམ་བུའི་སྐོར་ཏེ་དེ་ཁོ་ན་ཉིད་ཀྱི་རྣམ་ཐར་བཞུགས་སོ། །
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་བྱ་བ་དེས་དུས་ཁྱད་པར་ཅན་གནམ་གང་གི་ནམ་སང་སང་བྱེད་པའི་དུས་སུ། ཁྱེད་རང་ཚོས་ནམ་མཁའ་འདི་ལ་ཡར་ལྟོས་དང་། ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ཡོད། མོས་གུས་གདུང་བས་གསོལ་བ་ཐོབ། ཅེས་གསུངས་པ་ལས། རིན་ཆེན་དཔལ་གྱིས། བལྟས་པས་ཅི་ཡང་མེད་མ་མཐོང་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ཁྱེད་ཀྱིས་བལྟས་པས་ཅི་མེད་ཅེས་པ་ན། ངོ་བོ་གསལ་སྟོང་ལ་ཕྱི་ནང་མེད། །གནས་ལུགས་རིག་པ་ལ་འགྱུར་བ་མེད། །མཚན་ཉིད་སྟོང་ཉིད་ལ་དབྱེ་བ་མེད། །ཡེངས་མེད་སེམས་སུ་བསམ་པ་མེད། །འདོད་པ་མེད་པས་ཆགས་པ་མེད། །ཉོན་མོངས་མ་སྐྱེས་སྒྲིབ་པ་མེད། །རྣམ་པར་མི་རྟོག་རྟོག་པ་མེད། །ཁྱེད་ཀྱིས་མ་མཐོང་ཞེས་པ་ན། །ཡི་དམ་མཁའ་འགྲོ་དབྱེར་མེད་ལ། །བྱེ་བྲག་འདུག་པ་མ་མཐོང་ངོ་། །སྟོང་ཉིད་ངེས་པའི་དོན་རྟོགས་ན། །སྙིང་རྗེ་བྲལ་བ་མ་མཐོང་ངོ་། །རྟེན་གནས་རང་ས་ཟིན་པ་ལ། །ཐེ་ཚོམ་འདུག་པ་མ་མཐོང་ངོ་། །མ་མཐོང་བ་དེ་ཉིད་དོན་མཐོང་ཡིན། །ཡང་དག་དོན་ལ་ཡེ་མེད་པས། །སངས་རྒྱས་ཀྱིས་ཀྱང་གཟིགས་མ་མྱོང་། །སྣང་བར་ཡོད་དེ་མཐོང་དུ་མེད། །ང་ཡི་ཁྱེད་ལ་བསྟན་པ་ནི། །ལྷན་སྐྱེས་བསྟན་ཞིང་མཐོང་མེད་ཀྱང་། །ཐུགས་རྗེའི་རང་རྩལ་འགྲོ་དོན་དུ། །སྟོང་པ་ཟང་ཐལ་ཡེ་ཤེས་སྐུ། །མེ་ལོང་གཟུགས་བརྙན་ཇི་བཞིན་དུ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །སྐུ་མདོག་ཕྱག་མཚན་དུ་གསལ་བ་ནི། །འགྲོ་བའི་དོན་དུ་སྤྲུལ་པའོ། །ཞེས་གསུངས་སོ། །ཡང་ཨ་རྒྱལ་བྱ་བ་ཅིག་གིས་གད་རྒྱང་མང་དུ་བྱས་པའི་ཚེ། རིན་ཆེན་དཔལ་གྱིས། འདི་འདི་ཙམ་མཚར་བ་དེ་ཅི་ལ་མཚར་བ་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། མཚར་བའི་མཚར་ལུགས་ཀུན་བཞིན་འདུག །འཁོར་བའི་ལས་ལ་བདེ་བ་མེད་བཞིན་དུ། །བདེ་བར་འདོད་པས་བརྩོན་འགྲུས་ཀྱི་ཆགས་འཛིན་མཚར། །ཉོན་མོངས་ཀྱིས་གཏན་གཞི་ཁོང་ཁྲོའི་བུད་མེད་ལ། །བཟོད་དང་ལྡན་ཞིང་དང་དུ་ལེན་པ་མཚར། །དམྱལ་བར་སྐྱེས་ན་སྐྱིད་པ་མེད་བཞིན་དུ། །མི་དགེའི་ལས་སྤྱོད་སྡིག་ལ་འབད་པ་མཚར། །ལོག་པར་ལྟ་ཀུན་ལམ་ནོར་ལམ་གོལ་ཡང་། བརྩོན་འགྲུས་འབད་རྩོལ་དྲག་པོའི་ཉེར་ལེན་མཚར། །མངོན་ཞེན་ཝ་ཚོགས་སྐྱེ་བོ་རྣམས་ཀྱིས་ནི། །བསམ་ཞིང་གཞིག་པས་འདི་ལ་མཚར་རོ་ཞེས། །དེ་ལྟར་མཚར་ཡང་ངོ་མཚར་མི་ཆེ་སྟེ། །མི་མཁས་སྐྱེ་བོ་བླུན་པོ་སྙིང་རེ་རྗེ། །འདི་ལྟར་མཚར་ན་ངོ་མཚར་ཆེ་བའི་ཕྱིར། །ཕྱི་རང་བཞིན་མེད་པའི་ནམ་མཁའ་སྟོང་པ་ལ། །ཁ་དོག་སྣ་ཚོགས་འཇའ་ཚོན་ཤར་བ་ལ། །ནང་མ་སྐྱེས་པའི་སེམས་ཉིད་སྟོང་པ་ལ། །དགོས་འདོད་ཡོན་ཏན་སྣ་ཚོགས་འབྱུང་བ་མཚར། །ཕྱི་རྒྱ་མཚོ་ཆུ་བོ་དྭངས་པ་ལ། །གཟའ་སྐར་ཐམས་ཅད་ཤར་བ་ལྟར། །ནང་ཀུན་གཞིའི་རྣམ་ཤེས་དྭངས་པ་ལ། །སངས་རྒྱས་ཀྱི་ཡོན་ཏན་འབྱུང་བ་མཚར། །ཕྱི་ཤེལ་སྒོང་དྲི་མེད་དག་པ་ལ། །ཁ་དོག་སྣ་ཚོགས་ཚོན་གྱིས་བསྒྱུར་བ་བཞིན། །ནང་རང་སེམས་དྲི་མེད་དག་པ་ལ། །གང་ལྟར་བསྒྱུར་བསྒྱུར་ཉེན་པ་མཚར། །ཕྱི་མེ་ལོང་གཡའ་དག་གསལ་བ་ལ། །གཟུགས་བརྙན་གང་བསྟན་འཆར་བ་ལྟར། །ནང་རང་སེམས་དྲི་མེད་འོད་གསལ་ལ། །གང་ལྟར་བསམས་བསམས་ཉན་པ་མཚར། །སྣང་སྲིད་ཐམས་ཅད་སེམས་སུ་ཤེས་པ་ལ། །སེམས་ཉིད་རྩད་བཅད་ཐམས་ཅད་སྟོང་པ་མཚར། །སྐྱེ་བ་མེད་ལ་སྣ་ཚོགས་སྣང་བ་སྐྱེ། །སྐྱེས་ཙམ་ཉིད་ནས་སྐྱེ་མེད་དབྱིངས་དེ་མཚར། །དབྱིབས་དང་ཁ་དོག་མེད་པར་རྟོགས་པ་ལ། །དབྱིབས་དང་ཁ་དོག་སྣ་ཚོགས་ཤར་བ་མཚར། །མི་ཡི་སེང་གེ་སྐྱེས་མཆོག་རྣམས་ཀྱིས་ནི། །བསམ་ཞིང་གཞིག་ན་འདི་ལ་གད་མོ་འཆོར། །དེ་ལྟར་མཚར་ན་ངོ་མཚར་ཆེ་བའི་ཕྱིར། །མ་ངས་ཀྱང་གད་མོ་དེ་ལྟར་བྱས། །མཚར་རོ་སྙམ་པ་ཞེ་ལ་ཡོད། །ཕ་ཁྱེད་ཀྱང་གད་མོ་དེ་ལྟར་མཛོད། །མཚར་རོ་སྙམ་ན་ཐུགས་ལ་ཞོག །ལས་མཐའ་མ་ལོག་སྐྱེས་བུ་རྣམས། །དུས་རྟག་ཏུ་མཚར་བའི་གད་མོ་ཡང་། །དོན་འདི་དང་མི་འབྲལ་བཞེད་པར་ཞུ། །གསུངས་སོ། །
ཡང་དོན་གཉེར་བ་འགའ་ཡར་བྱུང་བས་ཁྱེད་ཀྱི་ནད་མ་ཅི་འདྲ་ཟེར་བ་ལ། མགུར་དང་ཆོས་སྐད་མང་དུ་བྱེད་ཅིང་ཡོད་བཟླས་པས། མགུར་དང་བྱེད་ལུགས་ཡིན་ན་ནི། གདོན་ཞིག་གིས་བཏབ་པ་ཨེ་ཡིན། སྨྱོ་ལེས་ཀྱང་ཆོས་གཏམ་དང་ནི་བྱེད་པ་ཡིན་ཟེར་བའི་ཚེ། ཡང་ཌཱ་ཀི་མའི་ཞལ་ནས། ང་ལ་གདོན་པའི་འདྲེ་མང་སྟེ། །འགོས་འདྲེ་དང་རྒྱུད་འདྲེ་གཉིས་ཀ་གདོན། །ཡུལ་འདྲེ་དང་གནས་འདྲེ་གཉིས་ཀ་གདོན། །ཤི་འདྲེ་དང་གསོན་འདྲེ་གཉིས་ཀ་གདོན། །རུས་འདྲེ་ཆེན་པོ་སྙིང་ལ་ཞུགས། །འགོས་འདྲེ་ཧེ་རུ་ཀའི་བྱིན་རླབས་གདོན། །རྒྱུད་འདྲེ་གསང་སྔགས་རྒྱུད་ཀྱི་བྱིན་རླབས་གདོན། །ཡུལ་འདྲེ་ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོའི་བྱིན་རླབས་གདོན། །གནས་འདྲེ་གནས་སུམ་ཅུ་སོ་གཉིས་ཀྱི་མཁའ་འགྲོའི་བྱིན་རླབས་གདོན། །ཤི་འདྲེ་དུར་ཁྲོད་གནས་བརྒྱད་ཀྱི་མཁའ་འགྲོའི་བྱིན་རླབས་གདོན། །གསོན་འདྲེ་རིགས་ལྔའི་སྤྲུལ་པའི་མཁའ་འགྲོའི་བྱིན་རླབས་གདོན། །རུས་འདྲེ་ལ་རྡོ་རྗེ་ཕག་མོའི་འོད་གསལ་ཆེན་པོ་སྙིང་ལ་ཞུགས། །སྨྱོ་ལུགས་སྐུ་བཞིའི་ལྷུན་འགྲུབ་སེམས་ལ་རྫོགས། །ནད་སྣ་མང་པོ་དམ་ཆོས་རླུང་ལྟར་འཚུབས། །རྨོངས་གླུ་ཡེ་ཤེས་མེ་ལྟར་འབར་ཞིང་བྱུང་། །འཆལ་གཏམ་མན་ངག་ཆུ་ལྟར་འབྲུབ་ནས་བྱུང་། །གདོན་དེ་འདྲས་བཏབ་པས་གདོན་རྩད་ཆད། །ནད་དེ་འདྲ་ན་བས་ནད་རྙིང་བུད། །གླུ་དེ་འདྲ་བླངས་པས་འཁྲུལ་སྣང་འགགས། །ཁ་དེ་འདྲ་བླས་པས་ཚིག་དོན་འཕྲོད། །གསུངས་སོ། །
ཡང་ཉི་མ་དྲོ་བར་ཙམ་ཌཱ་ཀི་མ་སྒོར་བསྡད་ནས་ཡོད་ཙ་ཞིང་ལས་པ་ཁ་ཡར་ཐལ་བའི་ནང་ནས་ཟེམ་ཨ་སྐྱོང་བྱ་བས་ཁྱེད་ཀྱི་ནད་མ་དེས་གླུ་ལེན་ཅིང་། ཁ་བླ་བདོ་ཟེར་ལེ་དེ་ད་ཅི་འདྲ་ཟེར་ཞིང་བོས་པ་ལ། ཅིས་ཀྱང་ཕྱིར་མི་ཐུ་སྟེ། མགུར་མ་དང་བྱེད་ཅིང་ཡོད་བྱས་པས་ནད་ཚབས་མི་ཆེ་ནས་མགུར་དང་བྱེད་ན་ནི་གདོན་ཞིག་ཡོད་པ་ཨེ་ཡིན་ཟེར་བས་ཚེ། ཡང་ཌཱ་ཀི་མའི་ཞལ་ནས། ང་ལ་གདོན་པའི་འདྲེ་གསུམ་སྟེ། །གནའ་འདྲེ་རྙིང་པ་དེ་དང་གཅིག །ད་འདྲེ་སོ་མ་དེ་དང་གཉིས། །ཡུལ་འདྲེ་འཁྱམས་པོ་གསུམ་དུ་གདོན། །གནའ་འདྲེ་སྟོང་ཉིད་གཞི་ནས་གདོན། །ནད་ཀྱང་མཁའ་ལྟར་དག་པས་ན། །གླུ་ཡང་མཐའ་དབུས་བྲལ་བར་བླངས། །ཁ་ཡང་འཁོར་འདས་དབྱེར་མེད་དུ་བླས། །ད་འདྲེ་ཡི་འོད་གསལ་སྙིང་ལ་ཞུགས། །ནད་ཀྱང་སྟོང་གསལ་འཛིན་མེད་དུ་ན། །གླུ་ཡང་གསལ་ལ་སྒྲིབ་མེད་དུ་ལེན། །ཁ་ཡང་གཅིག་ཤེས་ཀུན་གྲོལ་དུ་བླས། །ཡུལ་འདྲེའི་བདེ་བ་ཕུགས་སུ་ཞུགས། །ནད་ཀྱང་ཕྱོགས་རིས་བྲལ་བར་ན། །གླུ་ཡང་གཉེན་པོ་མེད་པར་བླངས། །ཁ་ཡང་འགྱུར་མེད་གདེང་ལྡན་དུ་བླས། །གདོན་ཡང་ཉེ་བའི་རྒྱུད་འདྲེ་གདོན། །ཕོ་གདོན་དང་མོ་གདོན་གཉིས་ཀ་གདོན། །ཕོ་གདོན་དཔའ་བོའི་བྱིན་རླབས་གདོན། །ནད་ཞེ་སྡང་རྣམ་པར་དག་པས་ཐེབས། །གླུ་སྒྲིབ་མེད་མེ་ལོང་ཡེ་ཤེས་བླངས། །ཁ་རང་བཞིན་རྣམ་དག་འགྱུར་མེད་བླས། །མོ་གདོན་དཔའ་མོའི་བྱིན་རླབས་གདོན། །ནད་འདོད་ཆགས་རྣམ་པར་དག་པ་ན། །གླུ་མ་འདྲེས་སོར་རྟོག་ཡེ་ཤེས་བླངས། །ཁ་ཤེས་བྱ་ཐོགས་པ་མེད་པར་བླས། །སྤྱིར་ནད་པ་གདོན་བཏབ་ཡོངས་ཀྱིས་དེ་ལྟར་སྨོན་གསུངས།
ཡང་བསོད་ནམས་དོན་གྲུབ་ཀྱིས། ང་ཟླ་བ་གསུམ་ལ་ནད་ཚབས་ཆེན་པོ་འདི་ན་བ་ལ་སྨན་གྱིས་ཀྱང་ཕན་སླ་བ་ཙམ་ཡང་མ་ནུས། མི་རྣམས་ཀྱིས་མ་སྨྱོས་ནས་ཁ་བླ་བདོ་ཟེར་བས་དེ་ཡང་ཨེ་བདེན། བདེན་ན་ནི་ང་རང་ལ་ཡང་ལང་ཉམས་ཀྱང་མེད། མ་དང་འབྲལ་བ་ཡང་ཨེ་ཡིན་བསམ་ཞིང་ཡོད་ཙ། ཌཱ་ཀི་མ་ཞལ་ཚུར་གྱུ་ནས་འདི་ལྟར་གསུངས། ཀྱེ་ཧོ་གསོན་དང་རིགས་ཀྱི་བུ། །ན་ཚ་སྡུག་བསྔལ་སྣ་ཚོགས་འདི། །རང་གིས་བསགས་པའི་ལེགས་ཉེས་ཡིན། །གཞན་ལ་ཁོང་ཁྲོ་མ་སྐྱེ་ཞིག །ཁོང་ཁྲོ་བྱ་བ་མཐོ་རིས་གེགས། །ཁོང་ཁྲོ་བྱ་བ་ངན་སོང་རྒྱུ། །ཡུན་དུ་བསགས་པའི་དགེ་རྩ་ཡང་། །ཁོང་ཁྲོ་དྲག་པོ་གཅིག་གིས་འཇོམས། །བུ་ལུས་ལ་གཅེས་པར་འཛིན་པ་དང་། །ནད་ལ་སྡང་བར་སེམས་པ་གཉིས། །འདི་ཉིད་མ་གོ་འཁྲུལ་པའི་ལས། །གཉིས་མེད་གཅིག་ཏུ་ཤེས་པར་གྱིས། །བདག་ལ་གཅེས་པར་འཛིན་པ་དང་། །ནད་ལ་སྡང་བར་སེམས་པ་དང་། །སྨན་གྱིས་ཕན་དུ་རེ་བ་གསུམ། །དབྱེར་མེད་གཅིག་ཏུ་ཤེས་པར་གྱིས། །ལས་ངན་བསགས་པའི་ལས་འབྲས་ཀྱིས། །ལུས་ངན་ལོན་པའི་སེམས་ཅན་རྣམས། །འཁྲུལ་པ་རང་ཁར་གནས་པ་ལ། །གཞན་རྒྱུད་ཤེས་པར་ག་ལ་འགྱུར། །དགེ་བ་རྒྱབ་ཏུ་བསྐྱུར་ནས་སུ། །མི་དགེ་བཅུ་པོ་རང་ཁར་སྤྱོད། །དུག་གསུམ་མཚོན་གྱིས་རང་སྲོག་བཅད། །སྨྱོ་བ་ཐ་མ་དེ་ཡིན་ནོ། །སྨྲ་བརྗོད་ཀྱིས་ལས་ནི་ཐམས་ཅད་ཀྱང་། །གྲག་སྟོང་ཉིད་དུ་མི་ཤེས་པར། །འཁྲུལ་གཏམ་དག་ལ་དུས་འདའ་བ། །ཁ་བླ་ཐ་མ་དེ་ཡིན་ནོ། །ཡང་ཅིག་བུ་ཆུང་ཚུར་ཉོན་དང་། །སྔོན་ནས་ལས་ཀྱིས་འཕྲོ་མཐུད་པས། །སྨོན་ལམ་རྣམ་པར་དག་པ་ཐེབས། །རྟེན་འབྲེལ་བསླུ་བ་མེད་པས་མྱུར་དུ་འགྲིག །མ་ནི་ཆོས་དབྱིངས་བདེ་ཆེན་ལ། །བུ་ནི་རིག་པའི་ཡེ་ཤེས་ཡིན། །གཉིས་མེད་མ་བུ་འདྲེས་པ་དེ། །ཡང་དག་དོན་གྱི་མ་བུ་ཡིན། །ཐབས་ཤེས་ཟུང་དུ་འབྲེལ་བ་དེ། །འབྲལ་བ་མེད་པའི་མ་བུ་ཡིན། །སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པ། །འབྲལ་བ་མེད་པའི་མ་བུ་ཡིན། །རིག་སྟོང་ཉིད་དུ་ཤེས་པ་དེ། །འབྲལ་བ་མེད་པའི་མ་བུ་ཡིན། །གྲག་སྟོང་ཉིད་དུ་ཤེས་པ་དེ། །འབྲལ་བ་མེད་པའི་མ་བུ་ཡིན། །གསལ་སྟོང་ཉིད་དུ་ཤེས་པ་དེ། །འབྲལ་བ་མེད་པའི་མ་བུ་ཡིན། །བརྗོད་དུ་མེད་པར་ཤེས་པ་དེ། །ཡང་དག་དོན་གྱི་མ་བུ་ཡིན། །འབྲལ་བ་མེད་པའི་མ་བུ་ཡིན། །ཐབས་མཆོག་ཡབ་ལ་ཤེས་རབ་ཡུམ། །གཉིས་སུ་མེད་པ་སྲས་ཀྱི་མཆོག །དོན་གྱི་ཡབ་ཡུམ་སྲས་གསུམ་ཡིན། །གཟུང་བའི་ཡུལ་དང་འཛིན་པའི་སེམས། །ཅིར་ཡང་མ་གྲུབ་སྟོང་པའི་ངང་། །གསལ་སྟོང་དབྱེར་མེད་ཟུང་དུ་འཇུག །སྐྱེ་མེད་ཕྱག་རྒྱ་ཆེན་པོ་ཡིན། །འཁོར་བ་པ་ཡི་ལས་ལུགས་ལ། །སྔོན་གྱི་ལན་ཆགས་བདའ་བསྙེགས་ལ། །ཕ་མ་བུ་ཡི་འདུ་ཤེས་བཟུང་། །ཆགས་ཤིང་ཞེན་ན་འཁོར་བའི་རྒྱུ། །འདི་ལ་ལེགས་པར་བསམ་གྱུར་ན། །སྐད་ཅིག་ཉིད་ཀྱང་བཟོད་ཐབས་མེད། །རང་ལ་སྙིང་རྗེ་བལྟ་འདོད་ན། །ཆགས་ཞེན་སྤངས་ཤིག་སྐལ་ལྡན་རྣམས། །ཡང་ཅིག་སྐྱེས་བུ་ཚུར་གསོན་དང་། །ཐ་མལ་མ་དག་ས་འདི་རུ། །ཐ་མལ་ལུས་ཀྱི་ཌཱ་ཀི་མས། །ཐ་མལ་པ་ཡི་སེམས་ཅན་གྱིས། །རང་གཟུགས་བླངས་ཤིང་རང་སྐད་འབྱིན། །སྤྱོད་འགྲོས་ལེགས་པར་མཁས་གྱུར་པས། །གཞན་དོན་རྒྱ་ཆེན་ཁོ་མོས་འགྲུབ། །བུ་མོ་ང་ཡི་ལུས་སྤྱོད་ནི། །བྱ་བ་ཀུན་དང་ངེས་བྲལ་ནས། །རྒྱལ་བའི་དཀྱིལ་འཁོར་དངོས་སུ་བསྟན། །སོ་སོ་སྐྱེ་བོའི་སྣང་ཡུལ་དུ། །ལུས་མི་སྡུག་བུད་མེད་སྨྱོན་མར་མཐོང་། །བུ་མོ་ང་ཡི་ངག་སྤྱོད་ནི། །ལོང་གཏམ་ཕྲ་མ་ཀུན་བྲལ་ནས། །ཡེ་ཤེས་མཁའ་འགྲོས་ངེས་དོན་སྨྲས། །སོ་སོ་སྐྱེ་བོའི་སྣང་ཡུལ་དུ། །ངག་མི་སྡུག་བུད་མེད་སྨྱོན་མར་མཐོང་། །བུ་མོ་ང་ཡི་ཡིད་སྤྱོད་ནི། །མ་རིག་འཁྲུལ་པས་མ་གོས་པའི། །བདག་མེད་ཡེ་ཤེས་ཉི་མ་ཤར། །སོ་སོ་སྐྱེ་བོའི་སྣང་ཡུལ་དུ། །ཡིད་མི་སྡུག་བུ་མེད་སྨྱོན་མར་མཐོང་། །ཁ་བ་ཅན་གྱི་བསོད་ནམས་ལ། །བླ་མེད་གསང་སྔགས་སྨྱོན་མའི་གླུ། །སྙན་གྱིས་ངེས་པར་གསན་མཛོད་ལ། །ཐུགས་ཀྱི་དཀྱིལ་དུ་གསལ་པོར་ཞོག །ངེད་རང་མ་བུའི་ཞུས་ལན་འདི། །ཆོས་བྱེད་རྣམས་ཀྱིས་ཡི་དམ་མཛོད། །དད་ལྡན་རྣམས་ཀྱིས་ནོར་སྐལ་གྱིས། །སྐྱེས་པ་རྣམས་ཀྱིས་ཁ་མཚར་གྱིས། །བུད་མེད་རྣམ་ཀྱིས་སྐྱིད་གླུ་གྱིས། །བྱིས་པ་རྣམས་ཀྱིས་རྩེ་རོགས་གྱིས། །ཕྱུག་པོ་རྣམས་ཀྱིས་ཡོད་སྣོན་གྱིས། །མེད་པོ་རྣམས་ཀྱིས་རྒྱགས་མཐུད་གྱིས། །སྤྲང་པོ་རྣམས་ཀྱིས་གཏན་རྒྱགས་གྱིས། །ཡང་ཅིག་སྐྱེས་བུ་ཚུར་ཉོན་དང་། །ཀུན་རྫོབ་ཀྱི་ཆ་ལ་མ་འགག་པས། །སྒྱུ་མའི་མ་དང་བྲལ་མོད་ཀྱང་། །རིགས་རྒྱུད་དམ་ཚིག་གཅིག་པའི་ཕྱིར། །དོན་དམ་གྱི་མ་དང་འབྲལ་བ་མེད། །རང་ལུས་ཡི་དམ་ལྷ་རུ་སྒོམས། །སྐུ་ཡི་ངང་ནས་འབྲལ་བ་མེད། །སྨྲ་བརྗོད་བྲག་ཆ་ལྟ་བུར་སྒྲོགས། །གསུང་གི་ངང་ནས་འབྲལ་བ་མེད། །སེམས་ཉིད་སྐྱེ་མེད་ཏིང་འཛིན་སྒོམས། །ཐུགས་ཀྱི་ངང་ནས་འབྲལ་བ་མེད། །བླ་མ་དང་ནི་ཡི་དམ་ལྷ། །གསོལ་བ་སྙིང་གི་དཀྱིལ་ནས་ཐོབ། །བྱིན་རླབས་དངོས་གྲུབ་འབྱུང་བར་ངེས། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །ཚོགས་དང་གཏོར་མ་རྒྱུན་དུ་ཕུལ། །མི་མཐུན་བར་ཆད་སེལ་བར་ངེས། །མ་ནུས་རིགས་དྲུག་སེམས་ཅན་ལ། །སྙིང་རྗེ་ཚད་བཟུང་མེད་པར་སྒོམས། །བྱང་ཆུབ་ལམ་མཆོག་འབྱུང་བར་ངེས། །སྐལ་ལྡན་སློབ་མ་དད་ལྡན་ལ། །འབྲེལ་བ་ཅི་ལྟར་ཐོགས་ཐོགས་གྱིས། །འགྲོ་དོན་དཔག་མེད་འབྱུང་བར་ངེས། །ལས་ངན་སེམས་ཅན་ཐམས་ཅད་ལ། །ང་ཡི་ཚིག་འདི་ཐོས་པར་གྱིས། །དཀར་པོའི་ས་བོན་འབྱུང་བར་ངེས། །བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །ལྟ་བ་ཐུར་དུ་མ་ལོག་ན། །མཐོ་རིས་ཀྱི་ལམ་སྣ་ཟིན་པར་ངེས། །རིགས་མཆོག་ལྡན་པའི་མ་རྒན་ལ། །གསོལ་བ་སྙིང་ནས་བཏབ་གྱུར་ན། །གཏན་ནས་མི་འབྲལ་འགྲོགས་པ་ཡིན། །གསུངས་སོ། །ཡང་ཉི་མ་དྲོ་བར་ཙམ་དུ། ཌཱ་ཀི་མས་ཁྱེད་རྣམས་ཀྱིས་རིགས་ལྔའི་མཁའ་འགྲོ་མ་འདི་རྣམས་ལ་གསོལ་བ་རེ་ཐོབ་དང་གསུངས་པ་ལ། རིན་ཆེན་དཔལ་གྱིས་ཁྱོད་རྣམ་པར་རྟོག་པ་སྤྲུན་ཙུ་རུ་རུ་མ་སློང་། མ་དག་པའི་ཡུལ་འདིར་རིགས་ལྔའི་མཁའ་འགྲོ་མེད་མ་མཐོང་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། སེམས་འབྱུང་གི་རྣམ་རྟོག་སྣ་ཚོགས་འདི། །སངས་རྒྱས་རྣམས་ཀྱི་ཞིང་དུ་ཤར། །དག་སྣང་གཞན་དུ་འཚོལ་མི་དགོས། །ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་ཤར། །རིགས་ལྔའི་མཁའ་འགྲོ་མ་མཐོང་ཞེས་པ་ན། །མཁའ་འགྲོ་གཞན་དུ་འཚོལ་མི་དགོས། །རང་རིགས་ལྷན་སྐྱེས་མཁའ་འགྲོ་རང་ལ་ཡོད། །ལྷན་སྐྱེས་མཁའ་འགྲོ་དེ་ཤེས་ན། །མཁའ་འགྲོ་ཀུན་འདུས་དེ་ཉིད་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། ལྷན་སྐྱེས་མཁའ་འགྲོའི་མཚན་ཉིད་ཅི་འདྲ་ཡོད་ངས་མི་ཤེས་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ལྷན་སྐྱེས་དྲི་མེད་སེམས་དེ་ལ། །ཉིད་ལ་ཉིད་ཀྱི་ཞལ་ལྟོས་དང་། །སྟོང་ཉིད་ངང་དུ་ཧྲིག་གེ་བ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན། །སྣང་བའི་ཡུལ་དུ་ཝ་ལེ་བ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡིན། །འབད་མེད་བདེ་ཆེན་དུ་འབོལ་ལེ་བ། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །རིག་སྟོང་ཤར་གྲོལ་དུ་རྗེན་ནེ་བ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཡིན། །གང་ཡང་སྤངས་བླངས་མེད་པ་རུ། །འཛིན་མེད་བློ་བྲལ་དུ་ལྷང་ངེ་བ། །སངས་རྒྱས་རིགས་ཀྱི་མཁའ་འགྲོ་ཡིན། །སྐུ་ལྔ་ཡོངས་རྫོགས་རང་གི་སེམས། །གཞན་དུ་མ་འཚོལ་རང་ལ་ཡོད། །གསུངས་པ་ལ། རིན་ཆེན་དཔལ་གྱིས་དེ་ལ་དབྱིབས་དང་ཁ་དོག་མི་སྣང་། ཁྱོས་ད་ཅི་དཀར་སེར་དམར་ལྗང་ཁ་དོག་ཅན་མང་པོ་ཡོད་པ་ལྟོས་ཟེར་བས། དེ་འདྲ་མ་མཐོང་བྱས་པ་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ཆོས་སྐུ་ནི་མེད་ལ་རང་བཞིན་ཡོད། །གཟུགས་སྐུ་ནི་ཡོད་ལ་རང་བཞིན་མེད། །ནམ་མཁའ་དག་པའི་རྩལ་དུ་འབྱུང་བ་ཤར། །ཆོས་སྐུ་དག་པའི་རྩལ་དུ་གཟུགས་སྐུ་ཤར། །སེམས་ཉིད་སྟོང་པའི་རང་རྩལ་ལས། །སྣང་ཆ་མ་འགག་མཁའ་འགྲོའི་སྐུ་རུ་ནི། །གཟུགས་དང་ཁ་དོག་སོ་སོར་གསལ་བར་ཤར། །ཤར་ཙམ་ཉིད་ལ་ངོ་བོ་སྟོང་པར་གནས། །གསལ་སྟོང་དབྱེར་མེད་རང་གི་སེམས་སུ་རྫོགས། །དོན་གཅིག་ཤེས་པས་དོན་རྣམས་ཀུན་དང་ལྡན། །སེམས་གཅིག་ཤེས་པས་སེམས་ཀྱི་རྒྱུད་ཀུན་ཤེས། །ཚིག་གཅིག་གོ་བས་ཚིག་དོན་ཀུན་ཡང་འབྱེད། །ལྷ་གཅིག་འགྲུབ་པས་ལྷ་རྣམས་ཀུན་ཞལ་མཐོང་། །འཁོར་བ་དང་ནི་མྱང་འདས་ཆོས་རྣམས་ཀུན། །རང་སེམས་སྤྲོས་བྲལ་དག་པའི་ཆོ་འཕྲུལ་ལས། །གཞན་དུ་གྲུབ་པའི་ཐེར་ཟུག་ཡོད་མ་ཡིན། །ངོ་བོ་གསལ་ལ་རང་བཞིན་སྟོང་པར་གནས། །ཕྱི་ནང་ཡི་དམ་མཁའ་འགྲོ་ཐམས་ཅད་ཀུན། །སྣང་ལ་རང་བཞིན་མེད་པར་ཤེས་པར་གྱིས། །འདི་རུ་བྱུང་བ་མཁའ་འགྲོའི་དཀྱིལ་འཁོར་ཡང་། །ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྐུ་རུ་ནི། །ཕྲིན་ལས་རྣམ་བཞིས་གང་འདུལ་འགྲོ་དོན་དུ། །སྐུ་དང་ཁ་དོག་སོ་སོར་གསལ་བ་སྟེ། །ཉི་ཟེར་མ་ལ་འདུས་དང་མཚུངས་པར་སྣང་གསུངས། ཡང་ཌཱ་ཀི་མས་མགུར་བྱེད་ཅིང་སྣང་བ་ལ། རིན་ཆེན་དཔལ་གྱིས་ཁྱོད་སུ་ཡིན། སྣང་བ་ལ་ཅི་ཤར་བ་ཡིན། ད་ཁྱོད་ཕན་འདོད་པ་ཨེ་ཡིན་ཞུས་པ་ལ།
ཡང་ཌཱ་ཀི་མའི་ཞལ་ནས། ཡིན་ནི་ཡུམ་ཆེན་ཕར་ཕྱིན་ཡིན། །སྣང་ནི་རྡོ་རྗེ་ཕག་མོར་སྣང་། །ཤར་ནི་བསོད་ནམས་དཔལ་འདྲེན་དུ་ཤར། །ཕན་ནི་འབྲེལ་པ་གང་ལྡན་ལ་ཕན། །འདོད་ནི་འགྲོ་བ་འདྲེན་པར་འདོད། །ཡིན་ནི་སྨྲ་བསམ་བརྗོད་མེད་ཡིན། །སྣང་ནི་གསལ་ལ་སྒྲིབ་མེད་དུ་སྣང་། །ཤར་ནི་གཅིག་ཤེས་ཀུན་གྲོལ་དུ་ཤར། །ཕན་ནི་སྐྱེ་འགྲོ་ཡོངས་ལ་ཕན། །འདོད་ནི་མ་གྲོལ་བ་རྣམས་གྲོལ་བར་འདོད། །བདག་ཕྱོགས་ཀྱི་འདོད་པ་མི་སྣང་ངོ་། །གསུངས། ཡང་མི་ལ་ལས་བུད་མེད་ཀྱི་མགུར་དང་དྲན་ཙ་གདོན་གྱིས་བཏབ་པ་ཡིན་ཟེར། ལ་ལས་གདོན་གྱིས་བཏབ་པ་ཡིན་ན་འདུལ་མཁན་བྱིན་རླབས་ཅན་ཞིག་བཀུག་དགོས་བདོ་ཟེར། ལ་ལས་དེ་འདྲ་མ་ཟེར་དང་ཅི་འདྲ་ཡིན་ཡང་ཤེས་རྒྱུ་མེད་ཟེར། བུ་མོས་ད་ཅི་བྱེད་མི་ཤེས་ཞེས་པས། ཡང་ཌཱ་ཀི་མའི་ཞལ་ནས། གདོན་ནོ་གདོན་ནོ་གདོན་ཟེར་ན། །སྤྱིར་ཕྱག་རྒྱ་ཆེན་པོའི་བྱིན་རླབས་གདོན། །སྒོས་གསང་སྔགས་ཟབ་མོའི་བྱིན་རླབས་གདོན། །དོན་དབུ་མ་བདེ་ཆེན་གྱི་བྱིན་རླབས་གདོན། །གདོན་ཆེན་པོ་ཡུམ་ཆེན་གྱི་བྱིན་རླབས་གདོན། །ཕྱི་འདྲེ་ཡུལ་འདི་སངས་རྒྱས་ཀྱི་ཞིང་དུ་ཤར། །ནང་ལྷ་འདྲེ་རྣམས་ཆོས་ཀྱི་སྐུ་རུ་མཐོང་། །བདག་རེ་དོགས་ཀྱི་སྙེམས་དང་བྲལ་ནས་འདུག །ཁྱེད་ལྷ་འདྲེ་ལྟ་ཀུན་ཅི་དགར་མཛོད། །གདོན་འདུལ་མི་བྱིན་རླབས་ཅན་ཞིག་འགུག་དགོས་ཟེར་བ་ན། །འདྲེ་ཀུན་རྣམ་པར་རྟོག་ལས་བྱུང་། །ཐམས་ཅད་བྱང་ཆུབ་སེམས་ལས་འདུས། །སེམས་ལས་མ་གཏོགས་སངས་རྒྱས་མེད། །བདག་མེད་སྐྱེ་མེད་བྱང་ཆུབ་སེམས། །ཉམ་ང་མེད་ཅིང་བརྟུལ་ཞུགས་ལྡན། །དོན་ཉམས་སུ་ལོན་པའི་བྱིན་རླབས་ཀྱིས། །འདྲེ་ཀུན་འདུལ་བའི་གཉེན་པོར་གྱུར། །ཡང་སེར་མོ་ཙམ་གྱིས་འདུལ་ཟེར་ན། །དོན་ཉམས་སུ་ལེན་པས་སྨོས་ཅི་དགོས། །སྐུ་གཟུགས་རས་བྲིས་ཙམ་གྱིས་འདུལ་ཟེར་ན། །དོན་ཉམས་སུ་ལོན་པ་སྨོས་ཅི་དགོས། །ཡིད་ལྷ་སྒོམ་ཙམ་གྱིས་འདུལ་ཟེར་ན། །དོན་ཉམས་སུ་ལོན་པས་སྨོས་ཅི་དགོས། །ངག་བཟླས་བརྗོད་ཙམ་གྱིས་འདུལ་ཟེར་ན། །དོན་ཉམས་སུ་ལོན་པས་སྨོས་ཅི་དགོས། །གཏོ་སྲུང་ཙམ་གྱིས་འདུལ་ཟེར་ན། །དོན་ཉམས་སུ་ལོན་པས་སྨོས་ཅི་དགོས། །བདག་བྱིན་བདག་གིས་བརླབས་ནས་སུ། །བདག་ཐུལ་ཙམ་ནས་གདོན་ཡང་ཐུལ། །ང་བདག་གི་རྒྱལ་པོ་དེ་ཤི་ནས་འདུག །འདོད་ཆགས་ཀྱི་འདྲེ་མོ་བརླག་ནས་འདུག །ཕྲག་དོག་གི་སྡེ་བརྒྱད་ཞི་ནས་འདུག །ཞེ་སྡང་གི་གྲི་བཙན་ཡལ་ནས་འདུག །གཏི་མུག་གི་ཀླུ་གཉན་སངས་ནས་འདུག །རེ་དོགས་ཀྱི་རྟོག་པ་ཐུལ་ནས་འདུག །འདྲེ་མ་བཏུལ་རང་བཞིན་དུལ་བ་ཡིན། །ཁྱེད་འདྲེ་འདུལ་བྱེད་པ་ཀུན་གྱིས་དེ་ལྟར་མཛོད། །ཅི་འདྲ་ཡིན་ཤེས་རྒྱུ་མེད་ཅེས་པ་ན། །ཆོས་ཉིད་ཤེས་པར་བྱ་མིན་པས། །འདི་འདྲ་ཤེས་པ་ག་ལ་འགྱུར། །ཤེས་པས་ཤེས་རྒྱུ་མ་མཆིས་ན། །མི་ཤེས་བླུན་པོས་ལྟ་ཅི་སྨོས། །ང་ལ་གཟུགས་དང་སྒྲར་མཐོང་བ། །ང་ལ་དགྲ་དང་འདྲེར་ཤེས་པས། །སེམས་ཀྱི་དྲི་མར་གྱུར་པ་རྣམས། །ང་ཉིད་ཤེས་པར་ག་ལ་འགྱུར། །དཔེ་གཅིག་ཏུ། འོན་ཀྱང་ལས་མཐུན་སེམས་ཅན་ལ། །མཚན་ཉིད་ཙམ་དུ་བརྗོད་པ་ན། །ཡུམ་ཆེན་ཐུགས་ཀྱི་སྤྲུལ་པ་ཡི། །རྗེས་སུ་དྲན་པའི་སེམས་ཅན་ལ། །གང་འདུལ་སྤྲུལ་པའི་སྐུར་བསྟན་ནས། །ངེས་དོན་གབ་པའི་ཤེས་རབ་དང་། །དྲང་དོན་ཐབས་ཀྱིས་སྤྲུལ་པ་དང་། །ཐབས་ཤེས་ཟུང་འབྲེལ་རྫུ་འཕྲུལ་ཅན། །མ་རིག་མུན་སེལ་སྒྲོན་མེ་ཡིན། །ལམ་སྟོར་རྣམས་ཀྱི་ལམ་མཁན་ཡིན། །སངས་རྒྱས་ཡུམ་གྱི་སྤྲུལ་པ་ཡིན། །སེམས་ཅན་རྣམས་ཀྱི་སྐྱབས་མགོན་ཡིན། །མཁས་པ་རྣམས་ཀྱི་བླ་མ་ཡིན། །འབྲེལ་ཚད་དོན་ལྡན་མཁའ་འགྲོ་ཡིན། །བུ་མོ་ཁྱོད་ཅི་བྱེད་མི་ཤེས་ཟེར་བ་ན། །བློ་ཕྱིན་ཅི་མ་ལོག་ཆོས་དང་བསྟུན། །ཚིག་ཕྱིར་མ་འབྲང་གནས་ལུགས་སྐྱོངས། །ལྷ་འདྲེར་མ་འཛིན་ཆགས་སྡང་ཕྲོལ། །སྙེམས་རྟོག་མ་འཆང་རྩ་བྲལ་མཛོད། །སྡིག་ལ་མ་འདྲེས་དྲེགས་ཆོས་སྤངས། །བདག་ཕྱོགས་མ་ཞེན་གཞན་དོན་སྒྲུབས། །དགའ་བྲོད་མ་བྱེད་ཡང་དག་མཛོད། །རང་རྒྱུད་པ་དང་བློ་མ་བསྟུན། །ཟེར་ལུགས་མ་བརྟགས་ཡིན་ལུགས་སྐྱོངས། །ཐེ་ཚོམ་བྲལ་བའི་དོན་རྟོགས་མཛོད། །གསུངས།
ཡང་ཌཱ་ཀི་མས། ནམ་མཁའ་ལ་གཟིགས་ནས། ང་ཡི་སེམས་ལ་གདོན་ཆེན་པོ་ཞུགས་ནས་ནི། ཕ་མ་གཉིས་རླུང་ལ་བསྐུར་ནས་བསྡད། །ཕྱི་ཡི་རྒྱལ་ཁྲིམས་བཤིག་ནས་བསྡད། །སྲོག་ཆགས་མཐོང་ཚད་བསད་ཅིང་བསྡད། །ཐུབ་ཚད་འཕྲོག་བཅོམ་བྱས་ཤིང་བསྡད། །ཆོས་ལ་རང་བྱན་བྱས་ཤིང་བསྡད། །གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་ཀྱི་ཁ་ལ་གཅོལ་མེད་པ་ཨེ་མིན། བརྡ་ཐབས་ཚིག་དེ་རྣམས་སུ་ལ་བཤད་པ་ཡིན། ལོག་ཚིག་འདྲ་བ་དེ་རྣམས་སུས་མི་གོ་བར་སྣང་། སེམས་ལ་གདོན་ཆེན་པོ་ཞུགས་ཟེར་བ་དེ་གདོན་ཆེན་པོ་ཅི་འདྲ་ཞིག་ཞུགས་པ་ཡིན། ཕ་མ་གཉིས་རླུང་ལ་བསྐུར་བྱ་བ་དེ་ཕ་མ་ཅི་འདྲ་གཉིས་རླུང་ལ་བསྐུར་བ་ཡིན། ཕྱིའི་རྒྱལ་ཁྲིམས་བཤིག་གོ་བྱ་བ་དེ་ཁྲིམས་ཅི་འདྲ་ཞིག་བཤིག་པ་ཡིན། སྲོག་ཆགས་མང་པོ་བསད་དོ་ཟེར་བ་ནི་སྲོག་ཆགས་ཅི་འདྲ་བསད་པ་ཡིན། ཐུབ་ཚད་འཕྲོག་བཅོམ་བྱས་སོ་ཟེར་བ་དེ་ཡུལ་ཅི་འདྲ་འཕྲོག་བཅོམ་བྱས་པ་ཡིན། ཆོས་ལ་རང་བྱན་བྱས་སོ་ཟེར་བ་དེ་ཆོས་གང་ལ་རང་བྱན་བྱས་པ་ཡིན་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། ངའི་ཁ་ལ་གཅོལ་མེད་ཞེས་པ་ནི། །ངེས་དོན་དྲང་དོན་ཚིག་གིས་འཛིན་པ་ཞིག །བརྡ་ཐབས་ཚིག་རྣམས་བསུ་མ་རྣམས་ལ་བཤད། །སྐད་ལོག་མང་པོ་བྱས་པ་ཡང་། །སྐལ་ལྡན་མིན་པས་གོ་མི་འགྱུར། །ངའི་སེམས་ལ་གདོན་ཆེན་ཞུགས་ཟེར་བ་ནི། །ཡུམ་ཆེན་གྱི་བྱིན་རླབས་ཞུགས་པ་ཡིན། །ཕ་མ་གཉིས་རླུང་ལ་བསྐུར་བྱ་བ་ནི། །ཆགས་སྡང་གཉིས་བཏང་སྙོམས་སུ་བསྐྱུར་བ་ཡིན། །ཕྱི་ཡི་རྒྱལ་ཁྲིམས་བཤིག་གོ་ཟེར་བ་ནི། །འཇིག་རྟེན་གྱི་ཆོས་བརྒྱད་བཤིག་པ་ཡིན། །སྲོག་ཆགས་མང་པོ་བསད་དོ་ཟེར་བ་ནི། །ཉོན་མོངས་སེམས་ཅན་ཡིད་འཕྲོག་ཅིང་། །ངན་འགྲོའི་གྲོང་ཁྱེར་བཅོམ་པའོ། །ཆོས་ལ་རང་བྱན་བྱས་སོ་ཟེར་བ་ནི། །ཕྱི་ནང་གི་ཆོས་རྣམས་སེམས་སུ་རང་བྱན་བྱས། །ང་ལ་བསུ་མ་རྣམས་ཀྱིས་ནི། །ཡུལ་ངན་མ་དག་གནས་འདི་རུ། །ལས་ངན་སེམས་ཅན་སྣང་ངོ་རུ། །སྤྱོད་ངན་ཇི་ལྟར་བྱས་ཤིང་བསྡད། །ཟེར་བའི་ལན་དུ་བཤད་པ་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། ཌཱ་ཀི་མ་ལ་བསུ་མ་འདི་རྣམས་ཀྱིས་ཁྱོད་འབོད་པ་ལ་ནན་ཏན་འདི་ཙམ་བྱེད་པའི་དོན་དེ་ཅི་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ནུབ་ཕྱོགས་ཀུན་དགའི་ཚལ་དུ་ཆོས་ཀྱི་བསྟན་པ་ཡང་ཆ་ཕྲ་ཞིང་། དམུ་རྒོད་ལ་ཉོན་མོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་ནན་ཏན་བྱེད་པ་ཡིན་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་སེམས་ཅན་གྱི་དོན་ཇི་ལྟར་དུ་བྱེད་ཞུས་པས། ཡང་ཌཱ་ཀི་མས། འདིའི་ལུས་ཀྱི་ཞིང་ཁམས་གནས་འཕོས་ནས། ཡབ་ཉིད་རྒྱལ་པོ་བདེ་བ་མཆོག །ཡུམ་ལྷ་བཟའ་བཟང་སྐྱོང་མ་གཉིས་ཀྱི་སྔ་ཕྱིར་སྲས་གཉིས་སུ་སྤྲུལ་པ་ནི་ཆེ་བ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ། ཆོས་ཕྱི་ནང་གསང་གསུམ་ལ་མཁས་པ། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་བརྩོན་པ། ཐུགས་རྗེས་ཐམས་ཅད་དབང་དུ་འདུ་བ། ཆུང་བ་རྒྱལ་མཚན་བཟང་པོ་བྱ་བའི་ལྷ་རྗེ་གསོ་བ་རིག་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ནད་ལས་ཐར་བར་མཛད་ཅིང་ཆོས་ཀྱི་བསྟན་པ་ལ་འཛུད་ནུས་པ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད། གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཇའ་ལུས་རྡོ་རྗེའི་སྐུར་སྤྲུལ་ནས་དེ་གཉིས་ལ་ལུང་སྟོན་ཅིང་སེམས་ཅན་གྱི་དོན་མཛད་ཅིང་བསྟན་པ་ཡུན་རིང་དུ་སྐྱོང་བ་ཡིན་ནོ། །
འདི་ཕྱོགས་ཀྱི་འགྲོ་དོན་སྐྱོང་འཕྲོ་དང་ཁྱེད་རང་རྣམས་ཀྱི་དོན་ཆེད་དང་། བུ་ཆུང་འདི་ཡང་གྲངས་སུ་ཚང་བའི་ཕྱིར། །རྟེན་འབྲེལ་ཆ་ནི་ཡང་ཡང་བསྒྲིགས་གྱུར་ཀྱང་། །གཏན་ནས་འགྲིགས་པར་མ་གྱུར་པས། །ད་ནི་ཀུན་དགའི་ཚལ་དུ་འགྲོ། །བུ་མོ་ང་ཡི་གདུལ་བྱ་ཕྲིན་ལས་ཡིན། །བསྟན་པ་མྱུར་དུ་གསོ་བས་ཉམས་རེ་དགའ། །སེམས་ཅན་བསོད་ནམས་བསགས་པའི་སྔས་རེ་མཐོ། །འདིར་ཡང་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་དམ་པ་འཇོག །མཐོང་ཐོས་དྲན་རེག་འབྲེལ་བ་གང་ཐོགས་ཀྱིས། །བྱམས་ཆེན་ངང་ནས་སྨོན་ལམ་རྣམ་དག་ཐོབ། །གསུངས། ཡང་རིན་ཆེན་དཔལ་གྱིས། ཌཱ་ཀི་མ་ལ་ཁྱེད་ཀྱི་སྐུ་སྐྱེ་སྔ་མ་གང་དུ་བྱོན། གཏིང་སོར་གང་དུ་འབྱོན་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། མང་དུ་སྨྲས་ནས་དགོས་པ་མེད། །བསྟན་པ་སྔ་དར་དུས་སུ་ནི། །ཕག་མོ་གྲུ་རུ་ལན་གཅིག་སླེབ། །སྦས་པའི་ཐབས་ཀྱི་ཌཱ་ཀི་དང་། །ཚོགས་གཉིས་བསགས་པའི་རྣལ་འབྱོར་གཉིས། །ཐབས་ཤེས་སྙོམས་འཇུག་སྤྱོད་པ་མཛད། །དགའ་བཞིའི་ཡེ་ཤེས་ལམ་དུ་ཁྱེར། །འབྲས་བུ་ཆོས་སྐུ་མངོན་དུ་གྱུར། །དེ་ནས་ཤམ་བྷ་ལ་རུ་ཕྱིན། །ད་ལྟའི་དུས་སུ་ཁོ་མོ་རང་། །ད་ནི་ཀུན་དགའི་ཚལ་དུ་འགྲོ། །སངས་རྒྱས་བསྟན་པ་རིན་པོ་ཆེ། །ཡུན་རིང་བདག་གིས་སྐྱོང་བར་བྱེད། །བསྟན་པ་ཕྱི་དར་དུས་སུ་ནི། །ཤར་གྱི་མདོ་ཁམས་སྨད་འདི་རུ། །བཀྲ་ཤིས་དཔལ་འབར་ཞེས་བྱའི་ཌཱ་ཀི་འབྱུང་། །སྐལ་བར་ལྡན་གྱི་སེམས་ཅན་རྣམས། །སྨིན་གྲོལ་གྱི་ལམ་ལ་བདག་གིས་འགོད། །གསུངས། ཡང་ཌཱ་ཀི་མས་ནམ་མཁའ་ལ་གཟིགས་ཤིང་མགུར་བྱེད་བདོ་བ་ལ། ཡང་རིན་ཆེན་དཔལ་གྱིས་ཌཱ་ཀི་མ་ལ། བྱ་རྒོད་ཡིན་ན་ནམ་མཁའ་ལ་ཡང་ཡེངས་བྱེད་པ་ཡིན། ནད་པའི་སེམས་ནམ་མཁའ་ལ་ཡང་ཡེངས་བྱེད་མཁན་མེད་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། དགུང་ལ་འཕུར་བའི་བྱ་རྒྱལ་ངང་མ་འདིས། །གནས་མལ་མཐོན་པོ་བྲག་དཀར་ལོགས་ལ་བཅས། །གཟས་ལམ་ཡངས་པ་ནམ་མཁའི་དབྱིངས་སུ་གཏོད། །སྡིག་མེད་ཀྱི་འཚོ་བ་ཕྱོགས་རིས་མེད་པར་འཚོལ། །བྱ་རྒྱལ་ངང་མས་ཚེ་འདིའི་ཆེ་འདོད་མ་ཡིན་ཏེ། །སྐྱེ་བ་སྔོན་གྱི་ལས་དབང་ཡིན། །སྤྲོ་བར་ཤེས་སམ་སྡིག་ཅན་གྱི་འདབ་ཆགས་རྣམས། །ཡིན་པར་འདུག་གམ་སྲོག་ཆགས་ཀྱི་བྱ་རིགས་རྣམས། །སྔོན་ནས་ཚོགས་གཉིས་བསགས་པའི་རྣལ་འབྱོར་པས། །དབེན་གནས་བཟང་པོ་རི་ཁྲོད་ཡོངས་ལ་བརྟེན། །ཉམས་ལེན་བཟང་པོ་བསྐྱེད་རྫོགས་གཉིས་ལ་མཛད། །འབྲས་བུ་ཆོས་སྐུ་མངོན་དུ་གྱུར་ལགས་པས། །སྐྱེས་བུ་དམ་པའི་ཚེ་འདིའི་ཁེ་གྲགས་མ་ཡིན་ཏེ། །སྔོན་གྱི་སྨོན་ལམ་རྣམ་དག་རྟེན་འབྲེལ་ཡིན། །སྤྲོ་བར་འདུག་གམ་བསྟན་འཛིན་གྱི་སེར་ཚོགས་རྣམས། །གོ་བར་བྱུང་ངམ་སོ་སོའི་སྐྱེ་བོ་རྣམས། །ལུས་རྩལ་ལྡན་གྱི་སེང་ལྕམ་དཀར་མོ་འདི། །གནས་མལ་ལེགས་པ་གངས་དཀར་ལོགས་ལ་བཅའ། །གཡུ་རལ་སྔོན་པོ་སྤྲིན་ཕུང་བཞིན་དུ་བསིགས། །སྣང་བ་མཐོན་པོ་གངས་སྟོད་ཡོངས་ལ་འཕྱོ། །སེང་ལྕམ་ཚེ་འདིའི་བཙུན་འདོད་མ་ཡིན་ཏེ། །ཚེ་རབས་སྔོན་གྱི་ལས་དབང་ཡིན། །སྤྲོ་བར་ཤེས་སམ་གསབ་གསེབ་ཀྱི་སྡེར་ཆགས་རྣམས། །ཡིན་པར་འདུག་གམ་སྲོག་ཆགས་གཅན་གཟན་རྣམས། །རྒྱུ་ངན་གྱི་བུ་མོ་བསོད་ནམས་དཔལ་འདྲེན་ང་། །ཐ་མལ་པ་འཁོར་བའི་གནས་མལ་དུ། །འགྲོ་བ་མཐོ་དམན་མེད་པ་ཐམས་ཅད་ཀྱིས། །དོན་གཉིས་ལྷུན་གྱིས་གྲུབ་པ་ཁོ་མོ་ཡིན། །ཆེ་འདོད་ཅིག་བསྒྲུབས་པ་མ་ཡིན་ཏེ། །སྔོན་གྱི་དུས་ན་འགྲོ་དོན་སྐྱོང་འཕྲོར་སྣང་། །མཐོ་ནམ་མཁའ་སྟོང་པའི་དབྱིངས་རུམ་དུ། །བྱ་རྒྱལ་ངང་མ་ཤེས་པ་འཕྱོ། །གསོད་སེམས་མེད་པར་ཤེས་པ་འཕྱོ། །ཕྱོགས་རིས་མེད་པར་ཤེས་པ་འཕྱོ། །དབེན་གནས་བཟང་པོའི་རི་ཁྲོད་ནས། །ཚོགས་བསགས་རྣལ་འབྱོར་ཤེས་པ་འཕྱོ། །ལྟ་བ་ནམ་མཁའ་ལྟ་བུར་ཤེས་པ་འཕྱོ། །ཕྱོགས་རིས་མེད་པ་ཤེས་པ་འཕྱོ། །སྒོམ་པ་ཉི་ཟླ་ལྟ་བུར་ཤེས་པ་འཕྱོ། །གསལ་འགྲིབ་མེད་པར་ཤེས་པ་འཕྱོ། །སྤྱོད་པ་སྐྱི་བསེར་ལྟ་བུར་ཤེས་པ་འཕྱོ། །དགག་སྒྲུབ་མེད་པར་ཤེས་པ་འཕྱོ། །ཏི་སེ་གངས་ཀྱི་ལོགས་ཟུར་ནས། །སེང་ལྕམ་དཀར་མོ་ཤེས་པ་འཕྱོ། །གཡུ་རལ་བསིགས་ཤིང་ཤེས་པ་འཕྱོ། །སྣང་བ་ལྟ་ཞིང་ཤེས་པ་འཕྱོ། །དོན་དམ་སྐྱེ་མེད་ཆོས་སྐུའི་ཞིང་ཁམས་ན། །བསོད་ནམས་དཔལ་འདྲེན་ཤེས་པ་འཕྱོ། །སྒྲིབ་གཡོགས་མེད་པར་ཤེས་པ་འཕྱོ། །འཁོར་འདས་མེད་པར་ཤེས་པ་འཕྱོ། །གསུངས་སོ། །
ཡང་རིན་ཆེན་དཔལ་གྱིས། ཌཱ་ཀི་མ་ལ། སྣང་བ་དང་སེམས་རྒྱུ་དང་ལམ་དང་འབྲས་བུ་ཇི་ལྟར་ལགས་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། འདི་ལྟར་སྣང་བ་འདི་ཐམས་ཅད་སེམས་སུ་ཐག་བཅད། སེམས་སྟོང་པ་ཉིད་དུ་ཐག་བཅད། དེ་ཀ་རྒྱུའི་དུས་ན་དོན་དམ་བྱང་ཆུབ་ཀྱི་སེམས། ལམ་གྱི་དུས་ན་གཉིས་མེད་ཀྱི་ལྟ་བ། འབྲས་བུའི་དུས་ན་ཆོས་སྐུ། དེ་གསུམ་དབྱེ་རྒྱུ་མེད་པ་དེ་ལ། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞེས་གསུངས།
ཡང་རིན་ཆེན་དཔལ་གྱིས། ལྟ་སྒོམ་སྤྱོད་གསུམ་ཇི་ལྟར་བགྱི་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ཕྱོགས་རིས་མེད་པའི་ལྟ་བ་དེ། །གཉུག་མའི་སེམས་ཀྱིས་བལྟ་བར་བྱ། །དམིགས་གཏད་མེད་པའི་སྒོམ་པ་དེ། །གཉུག་མའི་སེམས་ཀྱིས་བསྒོམ་པར་བྱ། །དགག་སྒྲུབ་མེད་པའི་སྤྱོད་པ་དེ། །གཉུག་མའི་སེམས་ཀྱིས་སྤྱོད་པར་གྱིས། །གསུངས། ཡང་རིན་ཆེན་དཔལ་གྱིས། དེ་རྣམས་ཡང་སྤོམ་ཚིགས་སུ་སྣང་བས་གོ་དཀའ་བར་སྣང་། དབྱེ་བ་གསལ་པོ་ཞིག་ཞུ་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ཚོགས་གཉིས་བསགས་པའི་རྣལ་འབྱོར་པ། །སྙན་ལྷན་ནེ་གསོན་ལ་ཐུགས་ལ་ཆོངས། །ཕྱོགས་རིས་མེད་པ་ལྟ་བའི་མཆོག །ནམ་མཁའ་ལྟ་བུར་ཤེས་པར་གྱིས། །ཐམས་ཅད་འདེགས་པ་ལྟ་བའི་མཆོག །ས་གཞི་ལྟ་བུར་ཤེས་པར་གྱིས། །ཐམས་ཅད་སྡུད་པ་ལྟ་བའི་མཆོག །འབྱུང་བ་ཆུ་ལྟར་ཤེས་པར་གྱིས། །ཉོན་མོངས་སྲེག་པ་ལྟ་བའི་མཆོག །འབྱུང་བ་མེ་ལྟར་ཤེས་པར་གྱིས། །ངོས་བཟུང་མེད་པ་ལྟ་བའི་མཆོག །འབྱུང་བ་རླུང་ལྟར་ཤེས་པར་གྱིས། །འཕོ་འགྱུར་མེད་པ་ལྟ་བའི་མཆོག །རི་བོ་ལྟ་བུར་ཤེས་པར་གྱིས། །གཡོ་འགུལ་མེད་པ་ལྟ་བའི་མཆོག །རྒྱ་མཚོ་ལྟ་བུར་ཤེས་པར་གྱིས། །དགོས་འདོད་འབྱུང་བ་ལྟ་བའི་མཆོག །ནོར་བུ་ལྟ་བུར་ཤེས་པར་གྱིས། །གསལ་ལ་མ་འདྲེས་ལྟ་བའི་མཆོག །འཇའ་ཚོན་ལྟ་བུར་ཤེས་པར་གྱིས། །གཉིས་སུ་མེད་པ་ལྟ་བའི་མཆོག །ག་བུར་ལྟ་བུར་ཤེས་པར་གྱིས། །ཟིལ་གྱིས་གནོན་པ་ལྟ་བའི་མཆོག །སེང་གེ་ལྟ་བུར་ཤེས་པར་གྱིས། །ཉམ་ང་མེད་པ་ལྟ་བའི་མཆོག །གླང་ཆེན་ལྟ་བུར་ཤེས་པར་གྱིས། །སྟོབས་དང་ལྡན་པ་ལྟ་བའི་མཆོག། རྟ་མཆོག་ལྟ་བུར་ཤེས་པར་གྱིས། །ཀུན་ཏུ་རྒྱུ་བ་ལྟ་བའི་མཆོག །སྟག་མོ་ལྟ་བུར་ཤེས་པར་གྱིས། །འཇིགས་པ་མེད་པ་ལྟ་བའི་མཆོག །དོམ་བུ་ལྟ་བུར་ཤེས་པར་གྱིས། །སྐྱོན་གྱིས་མ་གོས་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་དཀར་པོར་སྣང་། །དུས་གསུམ་མི་འགྱུར་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་ནག་པོར་སྣང་། །ཡོན་ཏན་རྒྱས་པ་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་སེར་པོར་སྣང་། །ཀུན་ལ་ཁྱབ་པ་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་དམར་པོར་སྣང་། །ཕྲིན་ལས་རྫོགས་པ་ལྟ་བའི་མཆོག །བྱང་ཆུབ་སེམས་དེ་ལྗང་གུར་སྣང་། །དུས་གསུམ་སྣང་བ་ལྟ་བའི་མཆོག །རྣམ་པར་སྣང་མཛད་ལྟ་བུར་ཤར། །ཆོས་ཉིད་ཀྱི་དོན་ལ་རྟོག་སེམས་པ། །རྡོ་རྗེ་སེམས་དཔའ་ལྟ་བུར་ཤར། །ཐམས་ཅད་མཉམ་པ་ཉིད་རྟོགས་པས། །རིན་ཆེན་འབྱུང་ལྡན་ལྟ་བུར་ཤར། །ཆོས་ཅན་སོ་སོར་མ་འདྲེས་པས། །སྣང་བ་མཐའ་ཡས་ལྟ་བུར་ཤར། །སྣ་ཚོགས་སྣང་བ་མ་འདྲེས་པ། །དོན་ཡོད་གྲུབ་པ་ལྟ་བུར་ཤར། །ཡང་གཅིག་རྣལ་འབྱོར་སྙན་གསོན་དང་། །སྒོམ་པའི་རིམ་པ་བཤད་པར་བྱ། །རྟོགས་པའི་དོན་ནི་བསྒོམས་ལས་བྱུང་། །གཞན་དུ་འབྲས་བུ་འཐོབ་མི་འགྱུར། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །ཡེ་ནས་སྤྲོས་དང་བྲལ་བ་ལ། །རྟག་པར་འཛིན་པ་སྒོམ་པའི་སྐྱོན། །ཕྱི་དང་ནང་གི་ཆོས་ཉིད་ལ། །ཆད་པར་འཛིན་པ་སྒོམ་པའི་སྐྱོན། །འོ་ན་ཇི་ལྟར་ཡིན་སྙམ་ན། །ལམ་མིན་ལམ་ལོག་དམན་པའི་ལམ། །འདི་རྣམས་སྤངས་ཏེ་བསྒོམ་པར་བྱ། །དང་པོར་བྱང་ཆུབ་སེམས་བསྐྱེད་དེ། །སྨོན་འཇུག་གཉིས་ནི་སྔོན་དུ་གཅེས། །བཟུང་བའི་ཡུལ་མེད་སྒོམ་པའི་མཆོག །ཆོས་ཀྱི་བདག་མེད་རྟོགས་པར་བྱ། །འཛིན་པའི་སེམས་མེད་སྒོམ་པའི་མཆོག །གང་ཟག་གི་བདག་མེད་རྟོགས་པར་བྱ། །ཆོས་ཉིད་གང་ཡང་མ་འགག་པས། །ཐབས་ཀྱིས་ལམ་དུ་ཤེས་པར་བྱ། །ངོ་བོ་ཅིར་ཡང་མ་གྲུབ་པས། །ཤེས་རབ་ལམ་དུ་ཤེས་པར་བྱ། །ཆོས་རྣམས་རྒྱུ་མེད་སྒོམ་པའི་མཆོག །སྟོང་པ་ཉིད་ཀྱི་རྣམ་ཐར་ཡིན། །འབྲས་བུ་སྟོང་པར་སྒོམ་པའི་མཆོག །མཚན་མ་མེད་པའི་རྣམ་ཐར་ཡིན། །རྒྱུ་འབྲས་གཉིས་མེད་སྒོམ་པའི་མཆོག །སྨོན་པ་མེད་པའི་རྣམ་ཐར་ཡིན། །ཀུན་ལ་བྱམས་པ་སྒོམ་པའི་མཆོག །བྱམས་པ་ཚད་མེད་རང་བཞིན་ཡིན། །ཀུན་ལ་བརྩེ་བ་སྒོམ་པའི་མཆོག །སྙིང་རྗེ་ཚད་མེད་ངོ་བོ་ཡིན། །ཀུན་ལ་ཕན་པ་སྒོམ་པའི་མཆོག །དགའ་བ་ཚད་མེད་ངོ་བོ་ཡིན། །ཀུན་ལ་ཁྱབ་པ་སྒོམ་པའི་མཆོག །བཏང་སྙོམས་ཚད་མེད་ངོ་བོ་ཡིན། །བསོད་ནམས་བསགས་པ་སྒོམ་པའི་མཆོག །བཞི་གསུམ་བཅུ་གཉིས་བདག་ཉིད་ཅན། །ལམ་ལ་སྦྱོར་བ་སྒོམ་པའི་མཆོག །ངེས་འབྱེད་བཞི་ཡི་བདག་ཉིད་ཅན། །ཡེ་ཤེས་མཐོང་བ་སྒོམ་པའི་མཆོག །བྱང་ཆུབ་ཡན་ལག་རྣམ་བདུན་ཡིན། །གོམས་པར་བྱེད་པ་སྒོམ་པའི་མཆོག །འཕགས་ལམ་བརྒྱད་ཀྱི་བདག་ཉིད་ཅན། །ས་བརྒྱད་པ་ཡི་རྣམ་ཐར་ཡིན། །གོམས་པ་མཐར་ཕྱིན་སྒོམ་པའི་མཆོག །ས་བཅུ་པ་ལས་ཡོངས་སུ་གྲོལ། །ཆགས་སེམས་བྲལ་བ་སྒོམ་པའི་མཆོག །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །རང་སེམས་དག་པ་སྒོམ་པའི་མཆོག །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིན། །ཅི་མི་སྙམ་པ་སྒོམ་པའི་མཆོག །བཟོད་པའི་ཕ་རོལ་ཕྱིན་པ་ཡིན། །གོ་ཆ་སྦྱོར་བ་སྒོམ་པའི་མཆོག །བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན། །གཡེང་བ་མེད་པ་སྒོམ་པའི་མཆོག །བསམ་གཏན་ཕ་རོལ་ཕྱིན་པ་ཡིན། །འཁོར་འདས་ཤེས་པ་སྒོམ་པའི་མཆོག །ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །ཉོན་མོངས་མ་སྤངས་སྒོམ་པའི་མཆོག །ཐབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །མི་མཐུན་ཟིལ་གནོན་སྒོམ་པའི་མཆོག །སྟོབས་ཀྱི་ཕ་རོལ་ཕྱིན་པ་ཡིན། །ཅི་བསམ་འགྲུབ་པ་སྒོམ་པའི་མཆོག །སྨོན་ལམ་ཕ་རོལ་ཕྱིན་པ་ཡིན། །ཅི་ལྟ་བ་ནི་སྒོམ་པའི་མཆོག །ཡེ་ཤེས་ཕ་རོལ་ཕྱིན་པ་ཡིན། །ཆོས་དབྱིངས་ཡེ་ཤེས་སྒོམ་པའི་མཆོག །སྤྲོས་པ་མེད་པའི་རང་བཞིན་ཡིན། །མེ་ལོང་ཡེ་ཤེས་སྒོམ་པའི་མཆོག །ཐམས་ཅད་གཟུགས་བརྙན་ལྟར་ཤེས་ཡིན། །མཉམ་ཉིད་ཡེ་ཤེས་སྒོམ་པའི་མཆོག །ཀུན་ལ་སྙོམས་པའི་བདག་ཉིད་ཡིན། །ཀུན་རྟོགས་ཡེ་ཤེས་སྒོམ་པའི་མཆོག །མ་འདྲེས་གསལ་བའི་ངོ་བོ་ཉིད། །བྱ་གྲུབ་ཡེ་ཤེས་སྒོམ་པའི་མཆོག །ཕྲིན་ལས་ཐམས་ཅད་དུས་གཅིག་རྫོགས། །ཡང་ཅིག་རྣལ་འབྱོར་སྙན་གསོན་དང་། །སྤྱོད་པའི་རིམ་པ་བཤད་པར་བྱ། །ཅུང་ཟད་དྲོད་ནི་ཐོབ་པ་དང་། །དེ་ཚེ་སྤྱོད་པ་སྤྱད་པར་བྱ། །དང་པོ་གསང་བའི་སྤྱོད་པ་བྱ། །བྱང་ཆུབ་སེམས་ཀྱི་དྲོད་ཐོབ་ནས། །རིག་པ་བརྟུལ་ཞུགས་སྤྱོད་པ་བྱ། །ལྷན་ཅིག་སྐྱེས་པའི་དྲོད་ཐོབ་ནས། །མ་དད་ཟློག་པའི་སྤྱོད་པ་བྱ། །ཆུ་བོ་ལྟ་བུའི་དྲོད་ཐོབ་ནས། །ཚོགས་ཀྱི་སྤྱོད་པ་ཅི་བདེར་བྱ། །སྨྱོན་པ་ལྟ་བུའི་སེམས་ཐོབ་ནས། །ཕྱོགས་མེད་རྣམ་རྒྱལ་སྤྱོད་པ་བྱ། །ཀུན་གྱིས་བཀུར་བ་སྤྱོད་པའི་མཆོག །རྒྱལ་པོ་ལྟ་བུའི་སྤྱོད་པ་བྱ། །ངོ་ཚ་ཤེས་པ་སྤྱོད་པའི་མཆོག །རྗེ་རིགས་ལྟ་བུའི་སྤྱོད་པ་བྱ། །ཆགས་སྡང་འཁྲུལ་པ་སྤྱོད་པའི་མཆོག །བྲམ་ཟེ་ལྟ་བུའི་སྤྱོད་པ་བྱ། །སྲིད་དང་བྲལ་བ་སྤྱོད་པའི་མཆོག །དམངས་རིགས་ལྟ་བུའི་སྤྱོད་པ་བྱ། །དམན་ས་འཛིན་པ་སྤྱོད་པའི་མཆོག །གདོལ་པ་ལྟ་བུའི་སྤྱོད་པ་བྱ། །མཐོ་ས་འཛིན་པ་སྤྱོད་པའི་མཆོག །སེང་གེ་ལྟ་བུའི་སྤྱོད་པ་བྱ། །ཉམ་ང་མེད་པ་སྤྱོད་པའི་མཆོག །གླང་ཆེན་ལྟ་བུའི་སྤྱོད་པ་བྱ། །ཤུགས་དང་ལྡན་པ་སྤྱོད་པའི་མཆོག །རྟ་མཆོག་ལྟ་བུའི་སྤྱོད་པ་བྱ། །རྣམ་རྟོག་གསོད་པ་སྤྱོད་པའི་མཆོག །སྤྱང་ཀི་ལྟ་བུའི་སྤྱོད་པ་བྱ། །དྲག་ཤུལ་ཆེ་བ་སྤྱོད་པའི་མཆོག །དྲེད་མོང་ལྟ་བུའི་སྤྱོད་པ་བྱ། །གཟའ་གཏད་མེད་པ་སྤྱོད་པའི་མཆོག །རི་དྭགས་ལྟ་བུའི་སྤྱོད་པ་བྱ། །ངོ་ཚ་བྲལ་བ་སྤྱོད་པའི་མཆོག །རོ་ལངས་ལྟ་བུའི་སྤྱོད་པ་བྱ། །རོ་དང་འགྲོགས་པ་སྤྱོད་པའི་མཆོག །རིགས་ངན་ལྟ་བུའི་སྤྱོད་པ་བྱ། །དུར་ཁྲོད་གནས་པ་སྤྱོད་པའི་མཆོག །གཅན་སྤྱང་ལྟ་བུའི་སྤྱོད་པ་བྱ། །བག་ཡོད་རྔམ་པ་སྤྱོད་པའི་མཆོག །ཝ་མོ་ལྟ་བུའི་སྤྱོད་པ་བྱ། །ཟུང་དུ་འབྲེལ་པ་སྤྱོད་པའི་མཆོག །ངུར་པ་ལྟ་བུའི་སྤྱོད་པ་བྱ། །གཞན་གྱིས་མི་མཐོང་སྤྱོད་པའི་མཆོག །ཁྭ་ཏ་ལྟ་བུའི་སྤྱོད་པ་བྱ། །དུག་ལྔ་སྤྱོད་པ་སྤྱོད་པའི་མཆོག །རྨ་བྱ་ལྟ་བུའི་སྤྱོད་པ་བྱ། །དུས་ཚོད་འཛིན་པ་སྤྱོད་པའི་མཆོག །ཁུ་བྱུག་ལྟ་བུའི་སྤྱོད་པ་བྱ། །ཉེས་པས་མ་གོས་སྤྱོད་པའི་མཆོག །བྱ་རྒོད་ལྟ་བུའི་སྤྱོད་པ་བྱ། །རིམ་གྱིས་འཛེགས་པ་སྤྱོད་པའི་མཆོག །སྤྲེལ་བུ་ལྟ་བུའི་སྤྱོད་པ་བྱ། །འཇིགས་པ་མེད་པ་སྤྱོད་པའི་མཆོག །དོམ་བུ་ལྟ་བུའི་སྤྱོད་པ་བྱ། །མཚན་མོ་རྒྱུ་བ་སྤྱོད་པའི་མཆོག །ཞག་མིག་ཅན་གྱི་སྤྱོད་པ་བྱ། །གང་ལ་མི་གནས་སྤྱོད་པའི་མཆོག །བུང་བ་ལྟ་བུར་ཤེས་པར་བྱ། །སྣང་བ་ལྟ་བ་སྤྱོད་པའི་མཆོག །འཕར་བ་ལྟ་བུའི་སྤྱོད་པ་བྱ། །དགོས་འདོད་འབྱུང་བ་སྤྱོད་པའི་མཆོག །ནོར་བུ་ལྟ་བུའི་སྤྱོད་པ་བྱ། །སྨན་དུག་གཉིས་མེད་སྤྱོད་པའི་མཆོག །ག་བུར་ལྟ་བུའི་སྤྱོད་པ་བྱ། །ཅིས་ཀྱང་མི་ཚུགས་སྤྱོད་པའི་མཆོག །རྡོ་རྗེ་ཕ་ལམ་ལྟ་བུར་ཤེས་པར་བྱ། །མི་མཐུན་གཅོད་པ་སྤྱོད་པའི་མཆོག །རལ་གྲི་ལྟ་བུར་ཤེས་པར་བྱ། །ཐབས་དང་ཤེས་རབ་སྤྱོད་པའི་མཆོག །མདའ་གཞུ་ལྟ་བུར་ཤེས་པར་བྱ། །སྟོང་པ་ཁ་འབྱེད་སྤྱོད་པའི་མཆོག །ཤན་ཏིང་ལྟ་བུར་ཤེས་པར་བྱ། །འབིག་པར་བྱེད་པ་སྤྱོད་པའི་མཆོག །མདུང་ཐུང་ལྟ་བུར་ཤེས་པར་བྱ། །ང་བདག་གཅོད་པ་སྤྱོད་པའི་མཆོག །སྟ་རེ་ལྟ་བུར་ཤེས་པར་བྱ། །གདུལ་བྱ་འདྲེན་པ་སྤྱོད་པའི་མཆོག །ལྕགས་ཀྱུ་ལྟ་བུར་ཤེས་པར་བྱ། །དགོན་པའི་གནས་དང་དུར་ཁྲོད་དང་། །གྲོང་ཁྱེར་དག་ཏུ་རྒྱུ་བའི་ཚེ། །དེ་འདྲའི་སྐྱེ་བོས་ཕྱག་རྒྱ་ཆེ་རྟོགས་བྱེད། །དེ་ཉིད་སེམས་ཀྱི་ཁྱད་པར་མཐོང་གྱུར་ན། །བརྟུལ་ཞུགས་མེད་ཀྱང་སངས་རྒྱས་ས་ལ་འགྲོ། །རང་སེམས་ཉིད་ཀྱི་ནད་དང་མ་བྲལ་ན། །བརྟུལ་ཞུགས་སྤྱོད་ཀྱང་སྡུག་བསྔལ་སྣ་ཚོགས་སྐྱེ། །བསམ་མི་ཁྱབ་དང་བརྟུལ་ཞུགས་རབ་ལྡན་ན། །རྒྱལ་པོའི་རྒྱལ་རིགས་སྤྱི་བོར་དབང་བསྐུར་ལྟར། །ཐོགས་པ་མེད་པར་ཕྱག་རྒྱ་ཆེན་པོ་དེ། །སྐྱེ་བ་འདི་ལ་སངས་རྒྱས་ས་ལ་རེག་གསུངས། ཡང་ཌཱ་ཀི་མ་ལུས་ཙོག་པུར་བཞུགས་ཤིང་། སྤྱན་གྱིས་ནམ་མཁར་གཟིགས་ནས་མགུར་མ་མཛད་ཅིང་བཞུགས་ནས་ཟ་ཧུབ་ཀྱང་གསོལ་མ་ཉན་པ་དང་། ཡང་རིན་ཆེན་དཔལ་གྱིས། ཁྱོད་ནད་པ་ཡིན་པ་ལ་སེམས་གཏན་ལ་ཕོབ། སྣང་བ་མཐོ་ལྷང་ངེ་མ་གཏོང་བཟའ་བཏུང་རེ་ཡང་གྱིས་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། སྙན་ལྷན་ནེ་གསོན་དང་སྐལ་བ་ཅན། །འཇིག་རྟེན་པ་ཡི་ན་ལུགས་ནི། །བུ་མོ་ང་ཡིས་བཤད་པར་བྱ། །ང་རུ་འཛིན་པའི་སེམས་ཅན་རྣམས། །བདག་འཛིན་དམ་པོའི་ནད་ཀྱིས་ཐེབས། །ང་དང་ང་ཡིར་འཛིན་པ་རྣམས། །འཕྲལ་དུ་ཕན་པའི་ནད་པ་མིན། །ང་བདག་ཉིད་དང་མ་བྲལ་བར། །ཉོན་མོངས་ནད་ཀྱིས་གཏོང་མི་འགྱུར། །ང་དང་ང་ཡིར་འཛིན་པ་ལས། །ཡོངས་སུ་གྲོལ་ན་ཕན་པར་ངེས། །སྐྱིད་འདོད་ཀྱི་ནད་པ་སྡུག་ཡུས་ཅན། །འཕྲལ་བདེ་དང་གཏན་སྐྱིད་འབྱུང་འདོད་ན། །བདག་འཛིན་འབྱུང་པོ་རྩད་ཆོད་དང་། །ནད་ངན་གྱི་རུ་ཤིང་འབུད་པ་ཡིན། །ང་བདག་གི་དཔོན་པོ་རང་ཁ་མ། །དུག་གསུམ་མཚོན་གྱིས་འཁོར་གསུམ་བསྐོར། །དུག་ལྔའི་བློན་གྱིས་ཁ་བསྒྱུར་ནས། །མི་དགེ་བཅུ་ཡིས་ཧོ་འདྲེས་བསྐོར། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །འཁོར་ཚོགས་མང་པོས་བསྐོར་གྱུར་ཀྱང་། །ཆོས་ཚུགས་འདི་དང་མ་བྲལ་ན། །སེམས་ཉིད་འདི་གཏན་ལ་མི་ཕེབས་སོ། །འཁོར་བ་འཁོར་ཚེ་ཐམས་ཅད་དུ། །ཉོན་མོངས་ཟོ་ཆུའི་འཁྱུད་མོ་བཞིན། །སྔོན་དུ་སོང་ཡང་ཕྱི་ནས་རིམ་བཞིན་འབྱུང་། །ཇི་ལྟར་བསྒྲུབས་ཀྱང་སྡུག་བསྔལ་སྣོན། །སེམས་ཉིད་འདི་གཏན་ལ་མི་ཕེབས་སོ། །བྱིས་པ་རྣམས་ཀྱིས་འཁྲུལ་སྤྱོད་ལས། །ལོ་ཟླ་ཞག་དུས་བསྐལ་པ་རུ། །འབད་པ་ཆེ་བ་བྱུར་དུ་སྣང་། །སེམས་ཉིད་འདི་གཏན་ལ་མི་ཕེབས་སོ། །ང་བདག་གི་དཔོན་པོ་སྡིག་སྤྱོད་ཅན། །ཁྱོད་མྱུར་དུ་ཤི་ན་གཏན་དུ་བདེ། །བདག་མེད་སྐྱེས་བུའི་སྐུ་བརྙེས་ནས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར། །འདོད་ཆགས་ཀྱི་རལ་གྲི་རྣོ་དང་གཅིག །ཞེ་སྡང་གི་མདའ་མོ་མྱུར་དང་གཉིས། །གཏི་མུག་གི་གཞུ་མོ་འགུགས་དང་གསུམ། །དུག་གསུམ་གྱི་མཚོན་ཆ་རང་གིས་གཤེད། །ཐབས་ཀྱིས་སྤངས་ན་སྐུ་གསུམ་ངང་གིས་འགྲུབ། །དུག་ལྔའི་བློན་པོ་ཤེས་ཅན་རྣམས། །ཡེ་ཤེས་ལྔ་ལ་བློ་ཆེན་དྲིས་མཛོད་དང་། །བློ་མ་རིག་མུན་པ་རབ་བསལ་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་ངེས། །མི་དགེ་བཅུ་ཡི་ཧོ་འདྲའི་དྲག་རྩལ་ཅན། །དགེ་བཅུ་རིན་ཆེན་གསེར་གྱི་སྡོང་པོ་ལ། །ལུས་དཔའ་རྩལ་ལྡན་པའི་སྐྱེས་བུ་ཡིས། །ཇི་ལྟར་ལོན་རྣམས་རྒྱལ་བར་ངེས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི །མང་ལ་ངན་པའི་འཁོར་ཚོགས་རྣམས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་མཛོད། །གཉེན་པོར་ཁུར་དང་སྐྱོབས་པར་ངེས། །ད་ནི་བུ་མོ་རང་གི་འདྲ་ལུགས་བཤད། །ཀུན་རྫོབ་ཀྱི་ཆ་ལ་མ་འགག་པས། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཙམ། །ལུས་རྣམ་དག་ལྷའི་གཞལ་ཡས་ཁང་། །ངག་བརྗོད་མེད་གྲག་སྟོང་ཚངས་པའི་དབྱངས། །སེམས་སྐྱེ་འགག་སྤྲོས་པའི་མཐའ་དང་བྲལ། །སྣང་ལ་དངོས་མེད་འཇའ་ལུས་ལ། །ཉོན་མོངས་ནད་ཀྱིས་གོས་མི་འགྱུར། །བརྗོད་མེད་གྲག་སྟོང་བྲག་ཆ་ལ། །འཁྲུལ་པའི་ཚིག་གིས་བསླད་མི་འགྱུར། །སེམས་ཉིད་སྐྱེ་མེད་ཆོས་སྐུ་ལ། །མ་རིག་མུན་པས་སྒྲིབ་མི་འགྱུར། །དེ་ལས་ལྷག་པའི་གོང་དུ་ནི། །གཏན་ཕབ་བྱ་བ་བཙལ་དུ་མེད། །སེམས་ཉིད་འོད་གསལ་ཕྱག་རྒྱ་ཆེ། །དགག་སྒྲུབ་དྲི་མས་མ་གོས་པ། །ཐ་མལ་གྱི་ཤེས་པ་རང་ཁ་མ། །གཏན་ལ་ཕབ་པ་དེ་ཀ་ཡིན། །སེམས་ཉིད་སྐྱེ་མེད་ཆོས་ཀྱི་སྐུ། །རྒྱུ་ལས་མ་སྐྱེས་རྐྱེན་གྱིས་མི་འཇིགས་པས། །ཆོས་ཞེས་བྱ་བ་ཚོལ་དུ་མེད། །གཏན་ལ་ཕབ་པ་དེ་ག་ཡིན། །ཕྱོགས་རིས་མེད་པའི་ལྟ་བ་དེ། །ལྟ་བ་གཏན་ལ་ཕབ་པ་ཡིན། །དམིགས་གཏད་མེད་པའི་སྒོམ་པ་དེ། །སྒོམ་པ་གཏན་ལ་ཕབ་པ་ཡིན། །བྱ་རྩོལ་མེད་པའི་སྤྱོད་པ་དེ། །སྤྱོད་པ་གཏན་ལ་ཕབ་པ་ཡིན། །སྣང་བའི་ཆ་ལ་མ་འགག་པ། །སྟོང་པའི་ཕྱོགས་སུ་མ་ཞེན་པ། །སྣང་སྟོང་དབྱེར་མེད་ཟུང་དུ་འཇུག །གཉིས་མེད་ཡེ་ཤེས་ཆེན་པོར་གྲོལ། །མཐོ་ས་བྱ་བ་ནམ་མཁའི་ཚད། །མཐའ་རྒྱ་བྱ་བ་ནམ་མཁའི་མཐའ། །མཐའ་དབུས་མེད་པ་ནམ་མཁའི་དཔེ། །ངོས་བཟུང་བྲལ་བ་ནམ་མཁའ་མཐོང་། །ལྟ་བ་བྱ་བ་མིང་མཚོན་ཙམ། །ལྟ་བ་ལ་ལྟ་རྒྱུ་མེད་པའི་ཕྱིར། །ལྟར་མེད་ཀྱི་ངང་ལ་གློད་ལ་ཞོག །མཐོང་མེད་ཀྱི་ངོ་བོ་མཐོང་ན་ལེགས། །དོན་དུ་སྨྲ་བརྗོད་ཡུལ་ལས་འདས། །ལྷང་ངེ་བྱ་བ་ངེས་པའི་དོན། །གསལ་འགྲིབ་མེད་པར་ལྷང་ངེ་བ། །མཐའ་དབུས་ཁ་གཏིང་མེད་པར་ལྷང་ངེ་བ། །སྨྲ་བསམ་བརྗོད་མེད་ངང་དུ་ལྷང་ངེར་ཞོག །མ་ཞེས་བྱ་བ་སྐྱེ་བ་མེད། །འགག་པ་མེད་པར་ཤེས་པར་གྱིས། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །རྒྱལ་བའི་ཡུམ་དུ་ཤེས་པར་གྱིས། །གཏོང་ཞེས་བྱ་བ་ཆགས་པ་མེད། །ཆགས་མེད་ཉིད་དུ་ཤེས་པར་གྱིས། །འཁོར་བ་དང་ནི་མྱང་འདས་ཀྱི། །ཆོས་རྣམས་ཀུན་ལ་ཆགས་ཞེན་ན། །འཁྲུལ་བ་བྱ་བ་ལོགས་ན་མེད། །ཆགས་མེད་ཉིད་དུ་ཤེས་པར་གྱིས། །མི་འཛད་བསམ་གཏན་ཟས་མཆོག་ལ། །གཏན་གྱི་བཟའ་བ་དམ་པ་གྱིས། །ཉོན་མོངས་སྲེད་པ་རབ་ཞི་ནས། །ཟས་མཆོག་ཡིན་པར་ཤེས་པར་གྱིས། །ཡེ་ཤེས་ཏིང་འཛིན་ཆུ་རྒྱུན་འདི། །འཛད་པ་མེད་པའི་བཏུང་བར་གྱིས། །ཉོན་མོངས་ཀྱི་གདུང་བ་རབ་སེལ་ནས། །གཏན་དུ་བཏུང་བར་ཤེས་པར་གྱིས། །རིན་ཆེན་གསེར་གྱི་ས་གཞི་ལ། །འབྲུ་དྲུག་ལོ་ཏོག་ཕུན་སུམ་ཚོགས། །སྦྱིན་འབྲས་སྨིན་པའི་སེམས་ཅན་གྱིས། །ལོངས་སྤྱོད་ཕུན་སུམ་ཚོགས་པར་སྤྱོད། །མ་དག་ཞིང་གི་གནས་མལ་དུ། །མ་དག་ལུས་བཟུང་ཌཱ་ཀི་མས། །མཁའ་འགྲོའི་གསང་ཚིགས་བདུད་རྩི་སྨྲས། །དེ་སྐལ་ལྡན་རྣམས་ཀྱི་གསོལ་ཟས་ཡིན། །གར་ཕྱིན་འདམ་ཆུའི་ནང་འདི་ནས། །མེ་ཏོག་པདྨ་འདམ་ལས་སྐྱེས། །འདམ་ལས་སྐྱེས་ཀྱང་འདམ་གྱིས་གོས་པ་མེད། །དེ་དཀོན་མཆོག་མཆོད་རྫས་དམ་པ་ཡིན། །བདག་ནི་འཁོར་བ་པ་ཡི་ས་མལ་དུ། །འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་གོས་པ་མེད། །དྲི་མེད་ཐུགས་རྗེས་འགྲོ་དྲུག་ཡོངས་ལ་ཕན། །དེ་འབྲེལ་ཚད་དོན་ལྡན་གྱི་མཁའ་འགྲོ་ཡིན། །གསོལ་བ་ཐོབ་ཅིག་སྐལ་ལྡན་རྣམས། །རང་ལ་ཕྱི་ལྟོས་བྱེད་པ་ན། །སངས་རྒྱས་བསྟན་པ་རིན་ཆེན་ལ། །ཐེ་ཚོམ་ཟ་བར་མ་བྱེད་ཅིག །བསླུ་མེད་དཀོན་མཆོག་གསུམ་པོ་ལ། །ལྟ་ལོག་སྐུར་བ་མ་འདེབས་ཤིག །དཀར་པོ་དགེ་བའི་རྩ་བ་ལ། །བཤོལ་འདེབས་ཀྱི་གྲོས་ཀ་མ་བྱེད་ཅིག །མི་དགེ་སྡིག་པ་ཕྲ་མོ་ལ། །ཆུང་ཡང་བརྙས་པར་མ་བྱེད་ཅིག །རིགས་དྲུག་མ་ནུས་སེམས་ཅན་ལ། །སྦྱིན་པ་ཕྲ་མོ་མ་གཅོད་ཅིག །ཡང་ཅིག་གསོན་དང་སྐལ་ལྡན་ཕོ་མོ་རྣམས། །དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱལ་བའི་དཀྱིལ་འཁོར་ཉིད་དུ་མ་ཤེས་ཀྱང་། །ཚེ་འདི་སྐད་ཅིག་འདུན་མ་ཡིན་པ་ལ། །འཁོར་བའི་གཏན་ཁང་མ་བྱེད་ལ། །མི་དགེ་བཅུ་པོ་རྒྱབ་ཏུ་སྐྱུར། །ཡི་དམ་ཐུགས་རྗེ་ཆེན་པོ་སྒོམས། །ངག་སྨྲ་བརྗོད་ཀྱི་ལས་ནི་ཐམས་ཅད་ཀྱང་། །གྲག་སྟོང་ཉིད་དུ་མ་ཤེས་ཀྱང་། །ངག་འཁྱལ་ལོང་གཏམ་དག་ལ་དུས་མ་འདའ། །མི་དགེ་བཞི་པོ་མྱུར་དུ་དོར། །འཕགས་པ་འཇིག་རྟེན་དབང་ཕྱུག་གི །གསུང་མཆོག་ཡི་གེ་དྲུག་མ་བགྲོངས། །ཡིད་ཀྱི་ལས་ནི་ཐམས་ཅད་ཀྱང་། །སྐྱེ་མེད་ཆོས་སྐུར་མ་ཤེས་ཀྱང་། །འཁྲུལ་བ་རང་ཁར་མ་བཏང་ལ། །མི་དགེ་གསུམ་པོ་ཐབས་ཀྱིས་སྤོངས། །གསལ་སྟོང་འཛིན་མེད་རྣལ་འབྱོར་སྒོམས། །གཏན་དུ་ཕན་པ་འདི་ལ་མ་བསྒྲུབས་ན། །ཕྱི་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ད་ལྟ་མི་ཡི་གྲུ་ལ་བརྟེན་པའི་ཚེ། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་གྲོལ་བར་གྱིས། །གསུངས།
ཡང་ཌཱ་ཀི་མས། ནམ་མཁར་གཟིགས་ཤིང་། ཁྱེད་དཔའ་བོ་དང་དཔའ་མོར་བཅས་པ་རྣམས། ད་ལྟ་སོང་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཤོམ། ཕྲིན་ལས་རྫོགས་པར་གྱིས་དང་། ངེད་དཔའ་བོ་དང་དཔའ་མོར་བཅས་པ་རྣམས། དོ་ནུབ་སྲོད་ལ་ཚོགས་འཁོར་ཆེན་མོའི་སྐབས་སུ་ཕྱིན་པ་བྱེད་གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ཁྱོད་མ་འགྲོ་འགྲོ་རན་ཡང་མ་རན་ཞུས་པ་ལ། ཡང་ཌཱ་ཀི་མའི་ཞལ་ནས། ཁྱུང་ཕྲུག་སྒོང་རྒྱར་བསྡད་བསྡད་ནས། །སྒོང་ཆགས་མཁའ་ལ་འཕུར་རན་ལྟར། །མ་དག་ཞིང་དུ་བསྡད་བསྡད་ནས། །རྣམ་དག་ཞིང་དུ་འགྲོ་ཡང་རན། །སེང་ཕྲུག་ཁྲུ་རྒྱར་བསྡད་བསྡད་ནས། །ཁྲུ་རལ་རྩལ་གསུམ་རྫོགས་པ་ལྟར། །འཁྲུལ་པའི་བྱ་བ་དང་བསྟུན་བསྟུན་ནས། །འཕགས་པའི་བརྟུལ་ཞུགས་སྟོན་ཡང་རན། །སངས་རྒྱས་སྤྲུལ་པའི་རྒྱན་གྱིས་བརྒྱན་བརྒྱན་ནས། །སྣ་ཚོགས་སྤྲུལ་སྐུའི་འགྲོ་དོན་བྱེད་པ་ལྟར། །སེམས་ཅན་གྱི་ལས་དང་བསྟུན་བསྟུན་ནས། །སངས་རྒྱས་ཀྱི་ཡོན་ཏན་སྟོན་ཡང་རན། །ཁྲི་གདུགས་མཁའ་ལ་ཤར་ཤར་ནས། །ཉི་ཟེར་ཡང་ཡང་འཆར་བ་ལྟར། །བཟང་ངན་གྱི་འབྲེལ་པ་བཏགས་བཏགས་ནས། །སྐལ་ལྡན་རྣམས་ལམ་སྣ་འདྲེན་ཡང་རན། །རྫ་སྒོར་ཞབ་ཏུ་མར་མེ་འབར་འབར་ནས། །རྫ་བཀྱག་འོད་མདངས་གསལ་བ་ལྟར། །ངེས་དོན་གབ་ཏུ་སྦས་སྦས་ནས། །དམ་ཚིག་ཁྲིམས་སུ་བསྒྲགས་ཀྱང་རན། །སྔོན་ཆད་འགྲོ་དོན་མཛད་མཛད་ཀུན། །རྟགས་དང་རྟེན་འབྲེལ་མཚུངས་མཚུངས་ནས། །ལས་དང་དུས་རྣམས་འཛོམས་འཛོམས་ནས། །དེ་རིང་དགོང་ག་འགྲོ་ཡང་རན། །དཔའ་བོ་དཔའ་མོར་སྤྲུལ་སྤྲུལ་ནས། །བསྐལ་པར་འགྲོ་དོན་བསྐྱངས་པ་ལྟར། །བདག་དང་ཁྱེད་གཉིས་འགྲོགས་འགྲོགས་ནས། །དོ་ནུབ་སོ་སོར་འགྲོ་ཡང་རན། །ཡེ་ནས་འགྲོ་བ་མ་ལགས་ཏེ། །བདེ་དང་སྟོང་པ་དབྱེར་མེད་ཅིང་། །ཐབས་དང་ཤེས་རབ་ཟུང་འབྲེལ་ནས། །མཁའ་སྤྱོད་ཀྱི་གནས་སུ་འདུ་འབྲལ་མེད་གསུངས། དེ་ནས་གནམ་གང་གི་ཉི་མ་དགོང་ཁ་རྒྱང་ངེ་བ་ཙམ་དུ་ཕྱིན་པ་དང་།
ཌཱ་ཀི་མས་ད་ང་འགྲོ་རན་པ་ཡིན་གསུངས་ནས། ཤེས་པ་དགའ་བྲོད་དང་བཅས་ལུས་དཀར་གསལ་མདངས་དང་ལྡན། རིག་པ་ངར་དང་བཅས་ནས་སུ། ཁྱེད་རང་ཚོས་ནམ་མཁའ་འདི་ལ་ཡར་ལྟོས་དང་། ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ཡིན། མོས་གུས་གདུང་བས་གསོལ་བ་ཐོབ། ཆང་ཕོར་གང་ཁྱེར་ལ་ཤོག་དང་ཚོགས་འཁོར་བྱེད་པ་ཡིན་གསུངས་ནས། ཆང་ཕོར་གང་གཏད་པ་དེ་ཕྱག་གིས་འཛིན་ནས་སུ། ཡང་ཌཱཀྐི་མའི་ཞལ་ནས། སངས་རྒྱས་ཞིང་ཁམས་བགྲོད་པ་ཡང་། །ཚོགས་ཀྱི་འཁོར་ལོ་བསྐོར་ལས་བྱུང་། །ཉོན་མོངས་སེམས་ཅན་ཐར་བར་འདྲེན་པ་ཡང་། །ཚོགས་ཀྱི་འཁོར་ལོ་བསྐོར་ལས་བྱུང། །སྒྲིབ་གཉིས་བག་ཆགས་བྱང་བ་ཡང་། །ཚོགས་ཀྱི་འཁོར་ལོ་བསྐོར་ལས་བྱུང། །ཚོགས་གཉིས་ཡོངས་སུ་རྫོགས་པ་ཡང་། །ཚོགས་ཀྱི་འཁོར་ལོ་བསྐོར་ལས་བྱུང་། །དོན་གཉིས་ལྷུན་གྱིས་འགྲུབ་པ་ཡང་། །ཚོགས་ཀྱི་འཁོར་ལོ་བསྐོར་ལས་བྱུང་། །མ་དང་མཁའ་འགྲོ་འདུ་བ་ཡང་། །ཚོགས་ཀྱི་འཁོར་ལོ་བསྐོར་ལས་བྱུང་། །བྱ་བ་ཡིད་བཞིན་འགྲུབ་པ་ཡང་། །ཚོགས་ཀྱི་འཁོར་ལོ་བསྐོར་ལས་བྱུང་། །ཞེས་བྱ་བ་ཡིན་གསུངས་པ་དང་། ཆང་ཕོར་གང་གཏད་པ་དེ་ཅི་ཡང་མ་སྨྲས་པར་འཇང་ནས་ཐལ་བ་དང་། ཡང་རིན་ཆེན་དཔལ་གྱིས་ཁྱོད་ཆང་ཁྱེར་ཤོག་དང་ཚོགས་བྱེད་པ་ཡིན་ཟེར་ཙ། ད་ཚོགས་མི་བྱེད་པ་ཨེ་ཡིན་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། བྷནྡྷ་རིན་ཆེན་ཞལ་བུ་རུ། །རྣམ་དག་བདུད་རྩིའི་ཆང་ཕུད་བལྟམས། །དམིགས་མེད་དམིགས་པས་རྒྱས་བཏབ་ནས། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །སངས་རྒྱས་ཞིང་ཁམས་ཁྱབ་བྱས་ནས། །འཁོར་འདས་ཀུན་གྱི་རེ་བ་བསྐངས། །ཚོགས་ཀྱི་མཆོད་པ་ལྷུན་གྱིས་གྲུབ། །དེ་ལས་ལྷག་པའི་གུད་དུ་ནི། །ཚོགས་ཀྱི་མཆོད་པ་བྱ་རུ་མེད། །གསུངས་པ་ལ། ཡང་རིན་ཆེན་དཔལ་གྱིས། ངས་ནི་ཚོགས་ཀྱི་ཕྲིན་ལས་མ་བྱས་པ་ལ་ཚོགས་མི་འོང་ལས་ཆེ་བསམ་པ་ཡིན་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། བརྗོད་པ་ཚིག་གི་རྣམ་གྲངས་ཡང་། །བརྗོད་མེད་ངེས་པའི་དོན་ལ་ཚང་། །རེ་དོགས་ཀུན་དང་བྲལ་ནས་ནི། །སྨོན་ལམ་དག་དང་མཉམ་པ་ཡིས། །རློམ་སེམས་ཙམ་ཡང་མ་མཆིས་པའི། །བྱང་ཆུབ་ཚོགས་མཆོད་ཁྱད་པར་འཕགས། །ཚོགས་ཀྱི་མཆོད་པ་ལྷུན་གྱིས་གྲུབ་གསུངས། ཡང་ཌཱ་ཀི་མའི་ཞལ་ནས། ང་འགྲོ་རན་པ་ཡིན་ང་ཡི་གོས་འདི་སྒོར་ཞོག །ལུས་པོ་འདི་ཡར་ཙོག་ཙོག་ཅིག་གྱིས། གུང་འདི་ཡར་ཕྱེས་ཡི་དམ་མཁའ་འགྲོའི་ཞལ་ལ་ལྟོས་གསུངས་པ་ལ། རིན་ཆེན་དཔལ་གྱིས། འདི་འཆི་འདོད་པ་རེད་བསམ་ནས་གོས་ཀྱིས་ཕར་བསུམ། ཉལ་སར་བསྙལ་ནས་གུང་དེ་མར་བཀབ་ནས་བཞག་པ་ལ།
ཡང་ཌཱ་ཀི་མའི་ཞལ་ནས། ངས་ད་ལྟ་མངོན་སུམ་འདིར་ཁྱེད་རྣམས་ལ་བླ་མ་ཡི་དམ་མཁའ་འགྲོའི་ཞལ་སྟོན་བསམ་པ་མ་གཏོགས་པ། བདག་ལ་གུང་གིས་འགག་པ་མ་མཆིས་སོ། །ང་བཀག་པས་མི་ཁོག་ཟང་ཐལ་ཡིན། །སྣལ་མའི་རྒྱ་ཡིས་མི་ཁོག་ཟང་ཐལ་ཡིན། །ཤ་ཁྲག་སྦུག་གིས་མི་ཁོག་ཟང་ཐལ་ཡིན། །ཡིན་མིན་མེད་པས་རིག་པ་ཟང་ཐལ་ཡིན། །བཟང་ངན་མེད་པས་ལྟ་བ་ཟང་ཐལ་ཡིན། །རྒྱུན་ཆད་མེད་པས་སྒོམ་པ་ཟང་ཐལ་ཡིན། །སྤང་བླང་མེད་པས་སྤྱོད་པ་ཟང་ཐལ་ཡིན། །འཁོར་འདས་མེད་པས་ཆོས་སྐུ་ཟང་ཐལ་ཡིན། །གཉིས་མེད་ཡེ་ཤེས་ཟང་ཐལ་ཆེན་པོའི་ངང་དུ་འགྲོ་བ་ཡིན་གསུངས་ནས། མལ་ས་གོས་དང་བཅས་པའི་ནང་ནས་བུད་དེ། ནམ་མཁར་ཙོག་པུ་བཞེངས་སྟབས་སུ་བཞུགས་ནས། ཧིག་ཅེས་པའི་སྒྲ་སྐད་ཤུགས་དང་ལྡན་པ་ཞིག་འཕངས་པས། སྐུ་ལུས་འཕར་བས་འདོམ་གང་ཙམ་གྱིས་ནམ་མཁའ་ལ་འཕགས།
དེ་ནས་རིམ་བཞིན་འཕངས་པའི་ལིང་ལིང་འཕར་བ་ལྔ་རྟིང་པ་ལ། སྐུ་ལུས་མདུང་རིང་གང་ཙམ་གྱིས་ནམ་མཁའ་ལ་བཞེངས་ནས་གར་ཐབས་སུ་བཞུགས་ནས་རིག་པ་ཞིང་ཁམས་སུ་བཞུད། དེའི་ཚེ་རིན་ཆེན་དཔལ་གྱིས་མཐོང་སྣང་ལ། སྐུ་ལུས་དཀར་གསལ་མདངས་ལྡན་དེ། །སྤྱི་བོ་མདུན་རྒྱབ་གཡས་གཡོན་དང་། །བ་སྤུའི་བུ་ག་ཐམས་ཅད་ཀྱང་། །འོད་དང་འོད་ཟེར་འབར་བ་ཡི། །ལྷ་དང་ལྷ་མོས་ལྟེམས་ཀྱིས་གང་། །ཁ་དོག་སྣ་ཚོགས་འོད་ཟེར་འཕྲོ། །ནམ་མཁའ་ལ་ཉི་མའི་ཉི་ཟེར་བཞིན། །དཔུང་དང་བཅས་ཏེ་གཤེགས་པ་མཐོང་། །མཐོང་ནས་གསོལ་བ་བཏབ་པའི་ཚིག །སྟེང་ན་བཀའ་བརྒྱུད་བླ་མ་བཞུགས། །བླ་མ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །མདུན་ན་ཡི་དམ་ལྷ་ཚོགས་བཞུགས། །ཡི་དམ་དངོས་གྲུབ་ཅན་ལ་གསོལ་བ་འདེབས། །གཡས་ན་དཔའ་བོ་མཁའ་འགྲོ་བཞུགས། །དཔའ་བོ་གཟི་བརྗིད་ཅན་ལ་གསོལ་བ་འདེབས། །གཡོན་ན་དཔའ་མོ་མཁའ་འགྲོ་བཞུགས། །དཔའ་མོ་གཟི་མདངས་ཅན་ལ་གསོལ་བ་འདེབས། །རྒྱབ་ན་མ་མགོན་ལྕམ་དྲལ་ཚོགས། །ཆོས་སྐྱོང་མཐུ་རྩལ་ཅན་ལ་གསོལ་བ་འདེབས། །སྐུ་ལུས་འདི་ལ་རིགས་ལྔ་མཁའ་འགྲོའི་ཚོགས། །མཁའ་འགྲོ་དགོས་འདོད་ཀུན་འབྱུང་ལ་གསོལ་བ་འདེབས། །ཕྱོགས་མཚམས་ཐམས་ཅད་སྤྲུལ་པའི་མཁའ་འགྲོས་གང་། །མཁའ་འགྲོ་རྫུ་འཕྲུལ་ཅན་ལ་གསོལ་བ་འདེབས། །ནམ་མཁའ་གྲུ་གསུམ་ཆོས་འབྱུང་གཞལ་ཡས་ཁང་། །སྐུ་གསུམ་རྣམ་དག་ཞིང་ལ་གསོལ་བ་འདེབས། །ས་གཞི་ཡང་དུར་ཁྲོད་གནས་ཀྱི་མཆོག །དུར་ཁྲོད་མཆོག་གི་མཁའ་འགྲོ་ལ་གསོལ་བ་འདེབས། །ཆོས་དབྱིངས་དོན་གྱི་མཁའ་དབྱིངས་ལ། །རིག་པ་ཡེ་ཤེས་ཤུགས་ཀྱིས་འགྲོ། །མཁའ་འགྲོ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །སྐྱེ་མེད་རྣམ་དག་མཁའ་དབྱིངས་ལ། །རང་བྱུང་ཡེ་ཤེས་ཤུགས་ཀྱིས་འགྲོ། །མཁའ་འགྲོ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཞེས་གསོལ་བ་བཏབ་པ་དང་། སྐུ་ལུས་དཀར་གསལ་མདངས་ལྡན་དེ། །ས་ཡི་སྟེང་དུ་ཙོག་པུར་བབ། །སྐད་ཅིག་དེ་ལ་དྲོད་ནི་ཡེ་མི་འདུག །སྣ་བུག་དག་ནས་ཆུ་སེར་ནི། །ཐིགས་པ་གཅིག་ནི་བྱུང་བ་དེ། །རྡོ་ལེབ་གཅིག་གིས་ཕྱིས་ནས་སུ། །གོང་དུ་བཞག་པ་དེ་ཉིད་ལ། །རྗེ་བཙུན་རྡོ་རྗེ་ཕག་མོའི་སྐུ་གཟུགས་གཉིས་སུ་བྱོན། གཡས་སུ་ཕག་མོ་དམར་ཆུང་གཡོན་དུ་སྟག་ཤམ་ཅན་སོགས་བྱོན། གཞན་ཡང་རི་ལུང་ཕུ་མདའ་ཀུན། །འཇའ་ཚོན་སྣ་ཚོགས་གུར་འཁྲིགས་ཤིང་། །ཉིན་མཚན་མེད་པར་གང་བ་བྱུང་། །དེ་ཚེ་འཇིག་རྟེན་མི་རྣམས་ཀྱིས། །བསོད་ནམས་དཔལ་འདྲེན་འདས་པ་ནི་མ་ཐོས། འཇའ་ཚོན་ཁྱད་འཕགས་འདི་ནི། བླ་མ་དམ་པ་ཞིག་འདས་རྟགས་ཡིན་པ་ངེས་པར་ཀུན་གྱིས་ཡིད་ལ་བཞག །ཅེས་པས་སྒྲ་གྲགས་པར་གྱུར་ཏེ།
དེ་ནས་འདས་པའི་ནུབ་མོ་ནས་གནམ་རིམ་པ་གསུམ་གྱིས་ཚུལ་དུ་ཤར་བ་ནི། ནམ་མཁའི་སྟོད་དུ་འཇའ་ཚོན་དཀར་པོ་ཤས་ཆེ་བ། རྒྱ་མ་ཆད་པར་ནམ་མཁའ་གང་ནས་སུ། ཁ་དོག་སྣ་ཚོགས་སུ་གསལ་ཞིང་། ཁྲ་ཤིག་ཤིག་བྱེད་པ། གུར་དང་ཁང་ཁྱིམ་གྱི་ཚུལ་དུ་རིམ་པ་ལྔ་ལ་སོགས་བརྩེགས་པ་དང་། ཁྲི་དང་ཀ་གདུང་གི་ཚུལ་དུ་སྣང་བའི་བར་ཐམས་ཅད་དུ་བཀྲ་ཤིས་ཀྱི་རྟགས་ལ་སོགས་པ་མཆོད་རྫས་སྣ་ཚོགས་དུ་མ་ཤར་ནས་སྣང་། ནམ་མཁའི་རྐེད་ཙམ་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་རྣམས་འཇའ་ལུས་སུ་བྱོན་ནས། མངོན་སུམ་དུ་གསལ་བར་སྣང་བའི་དཀྱིལ་དུ་ཕག་མོ་དབུ་སྟོང་མའི་དཀྱིལ་འཁོར།
དེའི་སྟེང་དུ་ཤེར་ཕྱིན་རྡོ་རྗེ་འཆང་གི་བརྒྱུད་འཛིན། མདུན་དུ་བཅོམ་ལྡན་འདས་ཡི་དམ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལྷ་ལྔའི་བསྐོར་བ། ནུབ་ཏུ་ཕག་མོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར། ལྷོར་སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར། ཤར་དུ་རིགས་ལྔ་དཔའ་བོ་བཞིའི་དཀྱིལ་འཁོར། བྱང་དུ་སྒྲོལ་མའི་དཀྱིལ་འཁོར། མཚམས་ཐམས་ཅད་དུ་སྤྲུལ་པ་ཡང་སྤྲུལ་མང་པོ་ཞི་དྲག་གི་གར་སྟབས་སུ་འདུག་པ། འོག་ཏུ་ཆོས་སྐྱོང་སྲུང་མའི་ཚོགས་དེ་རྣམས་ཐམས་ཅད་ཀྱང་། སྐུ་མདོག་ཕྱག་མཚན་རིགས་དང་མཐུན་པ་རྒྱན་དང་ཆ་ལུགས་ངེས་པ་མེད་པར་ཤར་བ་ནི། ཞེང་ཆེ་ལ་ཁ་དོག་གསལ་བ་ཕལ་ཆེར་གང་གིས་ཀྱང་རིག་པར་བྱུང་། རིའི་རྐེད་པ་མན་ཆད་དུ་ན་བུན་ཁྲ་སིབ་སིབ་བྱེད་པའི་ནང་དུ་འོད་ཁ་དོག་སྣ་ཚོགས་ཁྱུག་ཁྱུག་གསལ་བ་ཐིག་ལེ་དང་ཚོམ་བུ་ཡོད་པའི་ནང་ནས། ཉི་མ་ཡང་མ་སྒྲིབ་པར་གསལ་བའི་ངང་ནས་སྒྲ་སྙན་དང་རོལ་མོ་སྣ་ཚོགས་ཀྱིས་སྒྲ་གྲག་པ་ལེགས་པར་ཉན་ན་ཆོས་ཀྱི་སྒྲ་གྲག་པ་རྒྱུན་དུ་བྱུང་། འཇའ་ཚོན་ཡང་ཟླ་གཅིག་གི་བར་དུ་མ་ཆད་པར་བྱུང་ཞིང་། འདས་པ་དང་དུས་མཉམ་དུ་མེ་ཏོག་སྣ་ཚོགས་ཆར་དུ་བབ་པ་ནི། མེ་ཏོག་དཀར་སེར་དམར་ལྗང་སྔོ་སྨུག་རྣམས་འདབ་མ་གསུམ་བཞི་ནས་བཅུ་གཅིག་གི་བར་དུ་ཡོད་པ་རྣམས། རིམ་པར་བབ་པའི་ནང་ནས་འདབ་མ་གསུམ་བཞི་ལྔ་དྲུག་པ་ཤིན་ཏུ་མང་བ། དྲུག་བདུན་པ་རྣམས་ཉུང་བ། བཅུ་གཅིག་པ་རེ་རེ་ཙམ་དུ་བབ་པ་ནི། ཞག་བདུན་གྱི་བར་དུ་བབ་པའོ། །
དེ་ཕྱིན་ནས་སྒྲོའི་རྩ་བ་འདྲ་བ་དང་སེ་བའི་མེ་ཏོག་འདྲ་བ་ནི། འཇའ་ཚོན་དང་དུས་མཉམ་པར་ཟླ་བ་གཅིག་བབ། དེ་ནས་བསོད་ནམས་དཔལ་འདྲེན་འདས་ནས་གདུང་མ་གཏོར་བའི་བར་དུ་ཡུལ་མི་རྣམས་ཀྱིས་འདི་ཤི་ལུགས་གཞན་དང་མི་འདྲ་བ་དེ་ལ་བརྟགས་ཙ། རྟེན་འབྱོན་པར་ངེས་ཟེར་ཞིང་བྱས་པའི་དུས། ཟླ་བ་དྲུག་པའི་ཚེས་བཞིའི་ནུབ་མོ་བུ་མོ་ཆུང་བ་བསོད་ནམས་སྐྱིད་བྱ་བས། གཉིད་ཁུང་དུ་མ་ཡི་མཛད་པ་ལ་བརྟགས་ནས་རྟེན་འབྱོན་པའི་གླུ་ཆུང་ལེན་ཅིང་འདུག་པ་ལ། རིན་ཆེན་དཔལ་དང་མི་གཞན་རྣམས་ཀྱིས་ཉན་ནས་བློ་ལ་བླངས་པའི་ངག་ནི་འདི་ལྟར་ལགས། གཞན་རྣམས་ན་ཞིང་སྡུག་ཤི་བྱེད། །ཨ་མ་ནད་མེད་བདེ་དང་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ནི་འབྱོན་པར་ངེས། །གཞན་རྣམས་འཐིབ་ཅིང་རྨུག་ནས་འཆི། །ཨ་མ་གསལ་ཞིང་དྭངས་ནས་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ནི་འབྱོན་པར་ངེས། །གཞན་རྣམས་འཁྲུལ་པའི་ཚིག་དང་འཆི། །ཨ་མ་ཆོས་ཀྱི་ཚིག་དང་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་རྨོངས་པའི་སེམས་དང་འཆི། །ཨ་མ་ཀུན་མཁྱེན་ཐུགས་དང་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་ཁ་དོག་ཉམས་ནས་འཆི། །ཨ་མ་ཁ་དོག་གསལ་ནས་ཤི། གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་གཏར་སྨན་གྲི་ཁར་འཆི། །ཨ་མས་སྨན་དོར་རང་ཁར་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་ཟས་དོར་མུག་གྲིར་འཆི། །ཨ་མ་དངོས་གྲུབ་ཚོགས་དང་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་གཟི་མདངས་ཉམས་ནས་འཆི། །ཨ་མ་གཟི་བརྗིད་ལྡན་ནས་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་གཏོ་སྲུང་སྡིག་དང་འཆི། །ཨ་མ་གཏོ་དོར་སྙིང་རྗེས་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་ཆགས་ཤིང་ཞེན་ནས་འཆི། །ཨ་མ་ཆགས་མེད་བདེ་དང་ཤི ། གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་ས་ལ་ཉལ་ནས་འཆི། །ཨ་མ་མཁའ་ལ་བཞེངས་ནས་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་ཐལ་ཆར་རླུང་དང་འཆི། །ཨ་མ་མེ་ཏོག་འཇའ་དང་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །གཞན་རྣམས་བར་དོར་འཁྲུལ་ནས་འཆི། །ཨ་མ་ཡེ་ཤེས་དབྱིངས་སུ་ཤི །གཞན་དང་མི་འདྲ་འཆི་ལུགས་དེས། །ད་ནི་རྟེན་ཡང་འབྱོན་པར་ངེས། །ཟེར་བའི་གླུ་ཆུང་ལེན་ཞིང་སྣང་བས། ཕྱིར་ནངས་བུ་མོ་ཁྱོད་མདང་སུམ་མང་པོ་གཏམ་ཞིང་སྣང་བ་ཅི་ཟེར་བ་ཡིན་བྱས་པས། བུ་མོས་ངས་ནི་ཅི་ཡང་མ་གཏམ་ཟེར་བར་འདུག །
དེ་ནས་གཡེ་གུ་སེ་བོ་བླ་མ་ལ་འབུལ་ཆད་བྱས་པ་དེ་ཟླ་བ་དྲུག་པའི་ཚེས་བཞི་ཡི་ནངས་པར་ཤི་ནས། རིན་ཆེན་དཔལ་གྱིས་བསྔོ་བ་དང་སྨོན་ལམ་རྣམ་དག་བཏབ། ཟླ་བ་དྲུག་པའི་ཚེས་དྲུག་ལ་བསོད་ནམས་དཔལ་འདྲེན་སྐུ་གདུང་ནི་རིན་པོ་ཆེའི་ས་གཞི་ལ་རྣམ་པར་གཏོར་བར་གྱུར་པའི་ཚེ། དུས་ཚོད་འཇམ་ཞིང་རླུང་ཡང་མེད། །ཉི་མ་དྲོ་ཞིང་ཡུལ་འཇམ་ངང་། །ནམ་མཁའ་རིམ་གསུམ་རྣམ་པར་ཤར། །སྟོད་དུ་འཇའ་གུར་གཞལ་ཡས་ཁང་། །བར་དུ་འཇའ་ཚོན་སྣ་ལྔ་ཡི། །ཁྲི་རྒྱབ་རྣམ་པར་མཛེས་དབུས་སུ། །མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱིས། །སྐུ་བྱད་མཚན་དང་དཔེ་བྱད་ལྡན། །རྒྱན་རྣམས་ཀུན་གྱིས་རྣམ་པར་སྤྲས། །རྒྱ་ཆེ་རོལ་པའི་ཁྲི་ལ་བཞུགས། །ཆོས་འཆད་ཆེན་པོའི་ཕྱག་རྒྱ་མཛད། །ཨཱ་ལི་ཀཱ་ལིས་གསུང་དབྱངས་སྒྲོགས། །སྨད་ཀྱིས་རི་ཞོལ་མན་ཆད་དུ། །ན་བུན་འཇའ་ཚོན་ཁྲལ་མ་ཁྲོལ། །མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས། །དངོས་གྲུབ་ཆལ་མ་ཆིལ་མར་བབ། །རྣམ་དག་ཁྱད་པར་འཕགས་པའི་ལྟས། །ནུབ་ཀྱི་ཕྱོགས་ནས་ཟང་ཐལ་དུ། །འཇའ་ཚོན་གདུང་ཆེན་གཤིབ་རྒྱུད་ལ། །བྱ་རྒོད་གྲལ་ནི་མ་འཆུག་པ། །ཟང་ཐལ་དག་ཏུ་ཡོད་པ་བྱུང་། །གཞན་ཡང་ཁྱད་པར་འཕགས་པའི་ལྟས། །ཟླ་བ་དྲུག་པ་མ་ཟད་པར། །ཉིན་མཚན་མེད་པར་འཇའ་ཚོན་བཀྲ། །མཛེས་པའི་གར་དང་སྙན་པའི་གླུ། །རོལ་མོའི་སྒྲ་དང་དབྱངས་ཀྱི་ཚིག །འཕེལ་གདུང་ཡང་རྒྱུན་ཆད་མེད་པར་བྱུང་། །ཡེ་ཤེས་དབྱིངས་ཀྱི་ཌཱ་ཀི་མ། །བསོད་ནམས་མཚན་ཅན་མཁའ་འགྲོ་ཡི། །དབུ་ཡི་དཀྱིལ་འཁོར་ལྷ་ཡི་གཞལ་ཡས་ཁང་། །བཀྲ་ཤིས་མཚན་ལྡན་ཞལ་བུ་རུ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྣམ་སྲས་སོགས། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ནི། །མང་དུ་བྱོན་པས་རྣམ་ཐར་བརྗོད། །སྤྱན་གོང་གཡས་ཀྱི་ཐད་ནང་དུ། །བཅོམ་ལྡན་འདས་མ་ཞལ་གཉིས་མ། །གསང་བ་ཡེ་ཤེས་མཁའ་འགྲོ་བྱོན། །སྤྱན་གོང་གཡོན་གྱི་ཐད་ནང་དུ། །རྡོ་རྗེ་ཕག་མོ་ཞལ་གཅིག་མ། །ཡུམ་ཆེན་ཤེར་ཕྱིན་དོན་ཡོད་གྲུབ། །ཕྱག་དོར་དམ་པ་སངས་རྒྱས་དང་། །གླང་པོ་རིན་ཆེན་ལ་སོགས་བྱོན། །དབུས་སུ་ཕག་མོ་དབུ་སྟོང་མ། །བཙུན་མོ་རིན་ཆེན་རྣམ་གཉིས་བྱོན། །སྙན་ཁུང་གཡས་སུ་དུང་དང་ཉ། །བཅོམ་ལྡན་ཐུབ་པ་ཆེན་པོ་དང་། །རྫུ་འཕྲུལ་ལྷ་མོ་དབྱངས་ཅན་དང་། །མཁའ་འགྲོ་ཉི་ཟླ་ཐོད་ཕྲེང་སོགས། །རྗེ་བཙུན་སྒྲོལ་མ་དཀར་མོ་ལ་སོགས་བྱོན། །སྙན་ཁུང་གཡོན་དུ་ཕྱག་རྡོར་གོས་སྔོན་ཅན། །ཆོས་སྐྱོང་བྱ་རོག་གདོང་པ་ཅན། །ཆོས་འབྱུང་རྒྱལ་མཚན་མེ་ཏོག་བྱོན། །དབུས་སུ་བཅོམ་ལྡན་སྒྲོལ་སྔོན་མ། །མཁའ་འགྲོ་སྨེ་བ་བརྩེགས་མ་བྱོན། །ལྟག་པ་གཡས་ཀྱི་ནང་ཕྱོགས་སུ། །བཅོམ་ལྡན་འཁོར་ལོ་བདེ་མཆོག་བྱོན། །ལྟག་པ་གཡོན་གྱི་ནང་ཕྱོགས་སུ། །རྡོ་རྗེ་སེམས་དཔའ་རིན་འབྱུང་འོད་དཔག་མེད། །ཕག་མོ་དབུ་བཅད་རྡོ་རྗེ་དབྱིངས་ཕྱུག་བྱོན། །དབུས་སུ་གདུགས་དང་རྡོ་རྗེ་འཆང་། །དེ་རྣམས་ཐམས་ཅད་འབུར་དུ་བྱོན། །ནང་ཕྱོགས་ཀུན་ལ་ཁྱབ་པར་ནི། །རིང་བསྲེལ་བཅུ་གཅིག་རྣམ་པར་མཛེས། །མདུན་གྱི་དཔྲལ་བའི་རྒྱབ་ཕྱོགས་སུ། །བྱམས་མགོན་དཔའ་བོ་ཐོད་པའི་དུམ་བུ་དང་། །ཕག་མོ་དཀར་མོ་འཇིགས་བྱེད་དཔའ་བོ་གཅིག་པ་དང་། །གསང་བ་འདུས་པ་མེེ་ཏྲི་མཁའ་སྤྱོད་དང་། །ཕག་མོ་དབུ་བཅད་འཁྲོས་ནག་དང་། །གཤར་གཟབ་ཀ་མད་སུམ་ཅུ་གཉིས། །འཇའ་ཚོན་རིས་སུ་བྱོན་པའོ། །སྟེང་གི་རྒྱབ་ཀྱི་གཞུང་སྲུབ་ཏུ། །ཕག་ཞལ་དང་ནི་ལུ་ཧི་པ། །རྣམ་པར་སྣང་མཛད་མར་མེ་མཛད། །སངས་རྒྱས་སྨན་བླ་འཁྲོས་ནག་དང་། །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ། །བསྐལ་པ་བཟང་མོ་སངས་རྒྱས་མཁའ་འགྲོ་དང་། །ལྷ་མོ་དཔལ་ཆེན་མ་ཅིག་ལབ་སྒྲོན་དང་། །དུར་ཁྲོད་རྟགས་བརྒྱད་མཁའ་འགྲོ་བརྒྱད་རྣམས་བྱོན། །ལྟག་པའི་རྒྱབ་ཕྱོགས་གཡས་ནས་ནི། །ཕག་མོ་མཁའ་སྤྱོད་དཀར་མོ་དང་། །ཁ་ཊྭཱཾ་དང་ནི་རལ་གྲི་དང་། །རྗེ་བཙུན་ན་རོ་མཁའ་སྤྱོད་མ། །ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་དང་། །ལྷ་མོ་མཛེས་ལྡན་རྡོ་རྗེ་དང་། །ནོར་བུ་དགའ་འཁྱིལ་དྲིལ་བུ་དང་། །ཨ་དང་བུམ་པ་མཁའ་སྤྱོད་གསེར་ཁྲི་མ། །སྙན་བརྒྱུད་ན་རོ་མཁའ་སྤྱོད་མ། །འདི་རྣམས་འབུར་ཆུང་དག་ཏུ་བྱོན། །ཏཾ་ཡིག་དཀར་པོ་དབྱངས་ཡིག་གསལ། །ཨཱ་ལི་ཀཱ་ལི་བཻ་རོ་ཙ་ན་དང་། །མཁའ་འགྲོ་སྔགས་ཀྱི་འཁོར་ལོ་ཅན། །འདི་རྣམས་འཇའ་ཚོན་རིས་སུ་བྱོན། །རྒྱབ་ཀྱི་ཕྱོགས་སུ་རིང་བསྲེལ་བདུན། །ཁ་ཁྱེར་འཁོར་བར་བཅུ་གཅིག་བྱོན། །སྙན་གྱི་རྩ་ཆེན་རྣམ་གཉིས་ནས། །རིང་བསྲེལ་འཕེལ་གདུང་མང་དུ་བྱོན། །གཞན་ཡང་དབུ་ཐོད་རས་རྣམས་ལ། །རྗེ་བཙུན་མ་ཡི་སྐུ་གཟུགས་བདུན། །དུང་བདུན་རིང་བསྲེལ་མང་དུ་བྱོན། །གཞན་ཡང་གདུང་རུས་གང་རྙེད་རྟེན་དུ་གྱུར། །གསང་བའི་ཆོས་འབྱུང་རྣམ་དག་ནི། །གསང་བ་ཡེ་ཤེས་མཁའ་འགྲོ་དང་། །ཆོས་འབྱུང་བཾ་གྱིས་མཚན་པ་བྱོན། །པདྨའི་གྲ་གྲི་ཐམས་ཅད་ལ། །ཕག་མོ་མཻ་ཏྲི་མཁའ་སྤྱོད་དང་། །ན་རོ་མཁའ་སྤྱོད་རྣམ་པ་གཉིས། །སྔགས་ཀྱི་འཁོར་ལོ་རྣམ་པ་གསུམ། །ཐུགས་རྗེས་ཡང་ཡང་ཤུགས་ཀྱིས་གནང་། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་གྱུར་མཆོག །བསྟན་པའི་གསལ་བྱེད་ཡེ་ཤེས་ཌཱ་ཀི་མ། །འགྲོ་ལ་བུ་ལྟར་བརྩེ་བའི་ལྷག་བསམ་ཅན། །སྤྲུལ་པའི་སྐུ་མཆོག་བསོད་ནམས་དཔལ་འདྲེན་གྱིས། །མཐའ་ཡས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་མང་སྤྲུལ་ནས། །མཐའ་འཁོབ་མུན་པའི་སྒྲོན་མེར་བཞག་པ་འདི། །མཐོང་ཐོས་དྲན་རེག་འབྲེལ་པ་གང་ལྡན་རྣམས། །ཨུ་རྒྱན་གནས་སུ་བྱང་ཆུབ་ཐོབ་པར་ཤོག །ཡང་ཟླ་བ་གཉིས་པའི་ཚེས་བཅུ་བཞིའི་ཉིན་པར། ཡག་ལའི་ལ་ཁར་རྟེན་ཞལ་སྟོན་པ་ལ་སོང་བའི་ཚེ། ནམ་མཁའ་ལ་ཉི་ཟླ་སྐར་གསུམ་འཇའ་ཚོན་མེ་ཏོག་ཆར་རྣམས་དུས་གཅིག་ལ་འཛོམས་པར་མཐོང་ནས། རིན་ཆེན་དཔལ་གྱིས་གསོལ་བ་བཏབ་པའི་ཚིག་ནི། མ་ཡི་སྐུ་ལ་རིང་བསྲེལ་སྐར་མ་བཀྲ། །མ་གཟི་མདངས་ཅན་ལ་གསོལ་བ་འདེབས། །མ་ཡི་གསུང་ལ་དམ་ཆོས་ཟླ་བ་རྒྱས། །མ་མཐའ་དབུས་སྙོམས་ལ་གསོལ་བ་འདེབས། །མ་ཡི་ཐུགས་ལ་འོད་གསལ་གྱི་ཉི་མ་ཤར། །མ་སྒྲིབ་གཡོག་མེད་ལ་གསོལ་བ་འདེབས། །མ་བྱིན་རླབས་ཅན་གྱི་འཇའ་ཚོན་ཡོངས་ལ་བཀྲ། །མ་དངོས་གྲུབ་གནང་ལ་གསོལ་བ་འདེབས། །མེ་ཏོག་ཆར་ནི་འདབ་མ་གསུམ་བཞི་ལྔ་པ་ཤས་ཆེ་བ་ཁ་བ་ས་སྐྱ་ཙམ་བབ་པས། རིན་ཆེན་དཔལ་གྱིས་འཁྱེར་ནས་འཚོགས་པ་རྣམས་ལ་སྟོན་བསམ་ནས་ལག་ཏུ་བཟུང་ནས་སོང་བའི་ཆེ་ཆོས་དང་དྲེགས་པ་འདོད་པས་རློམ་ནས་སོང་བའི་ཉེས་པས་སྐྱོན་གྱིས་མེ་ཏོག་ཡལ་ནས་སྟོན་རྒྱུ་མ་རྙེད། རྟེན་བཞུགས་ས་བྱས་པས་འཕྱིང་ཁུག་ཅིག་ཡོད་པའི་ནང་དུ། ཨེ་ཡོད་མི་ཤེས་པའི་མེ་ཏོག་འདབ་མ་བཅུ་གཅིག་པ་ཞིག་སྟོན་རྒྱུ་རྙེད་པ་བྱུང་བས་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །གཞན་ཡང་ཁྱད་པར་འཕགས་པའི་ལྟས། ཟླ་བ་དྲུག་པ་དེ་ཉིད་མ་ཟད་ཀྱི་བར་ཉིན་མཚན་མེད་པར་འཇའ་ཚོན་གསལ་ཞིང་། མཛེས་པའི་གཟུགས་དང་སྙན་པའི་སྒྲ། །འཕེལ་གདུང་རྣམས་ཀྱང་རྒྱུན་ཆད་མེད་པར་བྱུང་། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་དེ། །མྱ་ངན་འདས་ནས་སྤྲུལ་སྐུ་སྣ་ཚོགས་ཀྱིས། །སྔ་རབས་ལས་མཐུན་ཌཱ་ཀི་དེ་དག་ལ། །མཁའ་འགྲོའི་ལུང་སྟོན་མན་ངག་ཐུགས་བཅུད་རྣམས། །ཡང་ནས་ཡང་དུ་ལུང་བསྟན་བྱིན་རླབས་ཐོབ། །ཡུམ་ཆེན་རྡོ་རྗེ་ཕག་མོ་ཡི་ཐུགས་ཀྱི་སྤྲུལ་པ་ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི། །འདའ་ཁའི་ཞལ་ཆེམས་མགུར་དུ་བཞེངས་པ་རྣམས། །ཡི་གེ་མེད་པ་ཡི་གེ་རིས་སུ་བྲིས་པ་ལ། །ཉེས་པ་བདག་ལ་མཆིས་པར་གྱུར་པ་ན། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །མཁའ་འགྲོས་གསུངས་པའི་མན་ངག་བདུད་རྩི་ལ། །བདག་བློ་བླུན་ཞིང་རྨོངས་པ་ཡིས། །ལྷག་ཆད་ནོར་འཁྲུལ་མཆིས་པར་གྱུར་པ་ན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །མཁའ་འགྲོའི་གསུང་རྣམས་ཕལ་ཆེར་མ་བསྒྲུབས་སྟེ། །བཀའ་དང་གསུང་ལ་འགལ་བ་ཅི་མཆིས་རྣམས། །ཉེས་པ་བདག་ལ་མཆིས་པར་གྱུར་པ་ན། །མ་སྲིང་མཁའ་འགྲོ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །མཁའ་འགྲོའི་གསང་ཚིག་ཐུགས་བཅུད་བདུད་རྩི་རྣམས། །སྐལ་བར་མི་ལྡན་བྱམས་སེམས་བྲལ་བའི་སྣོད་མིན་ལ། །བསྒྲགས་པར་གྱུར་པའི་ཉེས་པ་ཅི་མཆིས་རྣམས། །བཀའ་ཉན་བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་བཟོད་པ་དམ་པར་བཞེས། །བྱམས་པ་ཆེན་པོས་དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་བཅུད། །རང་རིག་པ་ཡེ་ཤེས་ཀྱི་ངོ་བོ། །བདག་གཞན་དབྱེར་མེད་གཅིག་ཏུ་ཞལ་ལྟ་བའི། །རིག་པ་ཅེར་མཐོང་གི་མན་ངག །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱིས། །འགྲོ་བའི་དོན་ལ་རྗེས་སུ་བཞག་པ་ཡི། །ཐུགས་བཅུད་ནང་རྟེན་གསལ་བའི་སྒྲོན་མེ་འདི། །སུས་ཐོས་དྲན་རེག་སེམས་ཅན་རྣམས། །ཡུམ་ཆེན་ཐུགས་དང་དགོངས་པ་མཉམ་པར་ཤོག །འདི་ཐོས་དགེ་བས་སེམས་ཅན་རྣམས། །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀའ་རྒྱུད་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག །བྱིན་རླབས་མཆོག་གིས་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག །དངོས་གྲུབ་མཆོག་གིས་བཀྲ་ཤིས་ཤོག །མ་དང་མཁའ་འགྲོ་རྣམས་ཀྱིས་བཀྲ་ཤིས་ཤོག །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག །མཐུ་རྩལ་ཐོགས་པ་མེད་པའི་བཀྲ་ཤིས་ཤོག །ནོར་ལྷ་གཏེར་བདག་རྣམས་ཀྱིས་བཀྲ་ཤིས་ཤོག །ལོངས་སྤྱོད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དགེའོ། །ཤུ་བྷཾ། བཀྲ་ཤིས།
ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཕྲིན་ལས་ཐུགས་རྗེའི་ཉི་ཟེར་མཁའ་སྤྱོད་བགྲོད་ཚུལ། མཛད་པ་པོ་ཤཱཀྱ་རིན་ཆེན།
༄༅། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་ཕྲིན་ལས་ཐུགས་རྗེའི་ཉི་ཟེར་མཁའ་སྤྱོད་བགྲོད་ཚུལ་བཞུགས་སོ། །
དགོངས་པ་མཐར་ཕྱིན་ཆོས་སྐུའི་མཁའ་འགྲོ་མ། །རྩ་རླུང་མཐར་ཕྱིན་ལོངས་སྐུའི་མཁའ་འགྲོ་མ། །རྫུ་འཕྲུལ་མཐར་ཕྱིན་སྤྲུལ་སྐུའི་མཁའ་འགྲོ་མ། །སྐུ་གསུམ་མཐར་ཕྱིན་བསོད་ནམས་དཔལ་འདྲེན་མ་ལ་འདུད། །བྱི་ལོ་ཟླ་བ་བཅུ་གཉིས་པའི་གནམ་གང་གི་ནུབ་མོ། རིན་ཆེན་དཔལ་གྱིས་ཉ་མཆོད་ཚོགས་གཅིག་ཕུལ་ནས་གསོལ་བ་དྲག་ཏུ་བཏབ་པ་ལ། ནམ་སྲོད་འཁོར་ཙམ་དུ་ཕྱིན་པ་དང་རྨི་ལམ་ལ་བར་སྣང་འོད་དང་སྒྲ་སྙན་པ་མང་པོས་གང་ནས་བྱུང་སྟེ། མདུན་དུ་རིན་པོ་ཆེའི་ཁྲི་དམར་པོ་རྒྱབ་ཡོལ་རྒྱན་དང་བཅས་པ་ཞིག་གི་སྟེང་ན་ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་དེ་ཉིད་སྐུ་མདོག་དམར་ལ་འོད་ཟེར་དུ་མ་འཕྲོ་བ། ཞལ་གཅིག་ཕྱག་གཉིས་ཀྱི་ཐོད་པར་བདུད་རྩི་མཆོད་པའི་ཕྱག་རྒྱ་མཛད་པ། ན་བཟའ་དམར་པོ་ལ་འོད་དམར་པོ་ཕྱི་ནང་མེད་པར་འཕྲོ་བ། སྐ་རགས་དམར་པོ་ལ་རིན་པོ་ཆེའི་མུ་ཏིག་ཚོམས་སུ་བཙེམས་པ་བཅིང་བ། དབུ་རྒྱན། རྣ་རྒྱན། དཔུང་རྒྱན། མགུལ་རྒྱན་ཐམས་ཅད་རུས་པ་དཀར་པོ་ཀུ་མུ་ད་ལྟ་བུ་ལ་གསེར་དང་མུ་ཏིག་དམར་པོས་ཕྲ་བཏབ་པ། པདྨའི་འདབ་མ་ལྟར་རྩེ་སོ་སོར་གྱེས་པས་སྤྲས་ནས། པདྨ་ཉིས་བརྩེགས་ཀྱི་སྟེང་ན་ཞབས་གཉིས་བརྐྱངས་ནས་བཞུགས་པ་ལ། འཁོར་ཐམས་ཅད་ཀྱང་སྐུ་མདོག་དམར་ལ་འོད་དམར་ཕུང་ཕུང་བ་མང་པོས་བསྐོར་ནས་བཞུགས་པའི་སྣང་བ་ལ། རིན་ཆེན་དཔལ་གྱིས་དགའ་སྤྲོ་གདུང་བའི་ཡིད་ཀྱིས། ཁྱེད་སྔོན་ཆད་འཁོར་བའི་ཚུལ་མཛད་ཚེ། །མཁའ་སྤྱོད་དག་པར་ཕྱིན་མི་བསམ། །མཁའ་སྤྱོད་གནས་སུ་གཤེགས་ནས་ཀྱང་། འཁོར་བའི་ས་འདིར་འབྱོན་མི་བསམ། །དོ་ནུབ་བྱོན་ལུགས་ལ་བརྟག་ཙ། སླ་བར་སྣང་བས་ངོ་མཚར་རེ་ཆེ་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། འཁོར་བ་པ་རྣམས་ཧེ་རུ་ཀ་ལ་ཆགས། །མྱ་ངན་འདས་པ་ཕག་མོའི་བྷ་གར་ལྷུང་། །བླང་དོར་མེད་པ་ཐེག་པའི་མཆོག་ལགས་པས། །འཁོར་གསུམ་ཡང་དག་ངོ་མཚར་ཆེ་བའི་མཆོག །གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་ན་ནིང་ཤི་དུས་ཨུ་རྒྱན་རྣམ་དག་ཞིང་ཁམས་ན་ལམ་མཆོག་ཇི་ལྟར་བགྲོད་ནས་བྱོན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། འགྲོ་འོང་མི་མངའ་ཀུན་ཁྱབ་ཞིང་ཁམས་ན། །བགྲོད་མེད་བྱང་ཆུང་ལམ་མཆོག་དམ་པ་བགྲོད། །ཐབས་སྟོབས་རྫུ་འཕྲུལ་དཔག་ཏུ་མེད་པ་ཡི། །ཕྱོགས་བཅུ་འཁོར་འདས་ཀུན་ལ་ཁྱབ་པར་སོང། །གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱེད་ཕྱོགས་བཅུ་ཀུན་ཏུ་འབྱོན་པའི་དོན་ཆེད་ཅི་ལྟ་བུ་ལགས་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། མངོན་ཤེས་དྲུག་མཁྱེན་དྲུག་གི་རྗེས་འབྲང་ཞིང་། །དབང་པོ་དྲུག་གིས་རིགས་དྲུག་གནས་བཅོམ་ནས། །ཕ་རོལ་ཕྱིན་དྲུག་ཆོས་རྣམས་རབ་བཤད་དེ། །དོན་མཆོག་འགྲོ་དྲུག་ཁ་ལོ་བསྒྱུར་དོན་འགྲོ། །གསུངས། ཡང་རིན་ཆེན་དཔལ་གྱིས། འགྲོ་དྲུག་སེམས་ཅན་སྐྱོབ་པའི་དོན་མཆོག་དམ་པ་ཅི་ལྟ་བུ་ལགས་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ཡང་དག་དོན་ནི་སྟོངས་ཤིང་མཐའ་དང་བྲལ། །ཐ་མི་དད་ཅིང་དབྱེར་མེད་མཉམ་པའི་ངང་། །སྲིད་པར་མ་ཆགས་ནམ་མཁའི་ངོ་བོ་ཉིད། །དེ་ལ་སུ་ཞིག་བརྗོད་པར་མི་ནུས་སོ། །གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱེད་སྔོན་ཆད་གཟུགས་བཟང་འདི་ཙམ་མེད་པ་ལ་ད་ལྟ་གཟུགས་བཟང་ལྟ་བས་མི་ངོམ་པ་འདི་གཉིས་ཁྱད་པར་ཇི་ལྟར་ལགས་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། དོན་དམ་གཟིགས་པས་གཟུགས་བཟང་མཆོག །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །རང་བྱུང་ཡེ་ཤེས་འོད་སྐུ་ལ། །མཛེས་པའི་ཡོན་ཏན་དུ་མས་བརྒྱན། །གང་འདུལ་འགྲོ་དོན་སྣ་ཚོགས་སྤྲུལ། །རང་རང་ལས་སྣང་མ་ལགས་པ། །བཟང་ངན་གྱུར་པ་མ་ཡིན་པས། །ཐེར་ཟུག་རྟག་ཅན་མ་ལགས་སོ། །གསུངས་ནས་གཟུགས་སྣང་སྣ་ཚོགས་སུ་སྤྲུལ་ནས་འཇའ་འོད་ཀྱིས་ཚུལ་དུ་བཞུགས་པ་ལ།
རིན་ཆེན་དཔལ་གྱིས་མཆོད་བསྟོད་ཟུར་ཙམ་བྱས་པ་ནི། ཡུམ་ཆེན་ཐུགས་ལས་སྤྲུལ་པའི་ཌཱ་ཀི་མ། །སྦས་པའི་ཐབས་ཀྱིས་དམན་པའི་དོན་མཛད་ཅིང་། །སེམས་ཅན་དོན་ལ་ཐུགས་རྗེས་དགོངས་མཛོད་ལ། །ཡེ་ཤེས་འཁའ་འགྲོ་འཁོར་བཅས་གཤེགས་སུ་གསོལ། །འཇའ་འོད་འཁྱིལ་པའི་གུར་ཁང་དུ། །རིན་ཆེན་འབར་བའི་ཁྲི་སྟེང་དུ། །ཡེ་ཤེས་མཁའ་འགྲོ་འཁོར་བཅས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཞི་བའི་ཐུགས་ལ་ཁྲོ་མོའི་ཆ་ལུགས་མཛད། །མཉམ་ཉིད་ཐུགས་ཀྱིས་བདག་གཞན་ཕྱོགས་རིས་མེད། །སྒྲུབ་མེད་ངང་ལ་འགྲོ་དོན་འབད་མེད་འགྲུབ། །ཡེ་ཤེས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ། །ཕྱི་མཆོད་རྣམ་ལྔ་ནང་མཆོད་སྨན་རག་དང་། །གསང་བ་བྱང་ཆུབ་མཆོག་གི་མཆོད་པ་རྣམས། །ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་སོགས། །མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ། །ཡེ་ཤེས་མཁའ་འགྲོའི་སྦྱན་སྔར་མཐོལ་ལོ་བཤགས། །མཐོལ་ཞིང་བཤགས་ན་བྱང་ཞིང་དག་པར་མཛོད། །བདག་གཞན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་དགེ་བ་ཅི་བསགས་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །ཡི་རང་བྱང་ཆུབ་ཆེན་པོར་བསྔོ་བར་བགྱིས། །ཡུམ་ཆེན་རྡོ་རྗེ་ཕག་མོ་ཡི། །ཐུགས་ལས་སྤྲུལ་པའི་ཌཱ་ཀི་མ། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་ཉིད། །འཁོར་བ་རྣམ་དག་ཉེས་སྐྱོན་མེད། །བདེ་ཆེན་ངང་ནས་བྱིན་གྱིས་རློབས། །གཏི་མུག་རྣམ་དག་རྨོངས་པ་མེད། །ཆོས་དབྱིངས་ངང་ནས་བྱིན་གྱིས་རློབས། །ཞེ་སྡང་རྣམ་དག་ཁོང་ཁྲོ་མེད། །མེ་ལོང་ངང་ནས་བྱིན་གྱིས་རློབས། །ང་རྒྱལ་རྣམ་དག་ཆེ་ཆོས་མེད། །མཉམ་ཉིད་ངང་ནས་བྱིན་གྱིས་རློབས། །འདོད་ཆགས་རྣམ་དག་གཟུང་འཛིན་མེད། །སོར་རྟོག་ངང་ནས་བྱིན་གྱིས་རློབས། །ཕྲག་དོག་རྣམ་དག་བརྣག་པ་མེད། །བྱ་གྲུབ་ངང་ནས་བྱིན་གྱིས་རློབས། །དུག་ལྔ་རྣམ་དག་ཡེ་ཤེས་ལྔ། །ཡེ་ཤེས་མཁའ་འགྲོས་བྱིན་གྱིས་རློབས། །སྐུ་ཡིས་ལུས་ལ་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །གསུང་གིས་ངག་ལ་བྱིན་གྱིས་རློབས། །ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། །ཐུགས་ཀྱིས་སེམས་ལ་བྱིན་གྱིས་རློབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཅེས་གསོལ་བ་བཏབ་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར་ཏོ། །ཡང་རིན་ཆེན་དཔལ་གྱིས། གཞེས་ཉིན་ལོ་ཁྱེད་ཅུང་མ་ཤི་ཙམ་དུ་བསུ་མ་མང་པོ་བྱུང་བའི་དུས་སུ། ཡུལ་འདི་ལས་གཞན་དུ་གལ་ཆེ་བ་ཞིག་ཡོད་ཟེར་ནས་རིགས་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་འགྲོ་དགོས། མི་འགྲོ་ན་ངེད་བཞིས་ཨ་ནེ་ངོ་ཆེན་ལ་བཀུག་ཟེར་ཞིང་ཀུན་དགའ་ཡི་ཚལ་རྔམས་ཤིག་ཏུ་འགྲོ་དགོས་ཟེར་ལེ་དེ། ངོ་ཆེན་སྦྲན་ཞིང་ནན་ཏན་ཆེན་པོ་དེ་འདྲ་བྱེད་པའི་དོན་ཅི་ཡིན། ད་ཀུན་དགའི་ཚལ་དུ་ཨེ་ཕྱིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། བདག་ནི་རིགས་བཞིའི་མཁའ་འགྲོ་མ་རྣམས་ཀྱིས་བསུས་ཤིང་། ཨ་ནེ་ངོ་ཆེན་ལ་བཀུག་པའི་དོན་ནི་ཡུལ་འདི་ཡི་ནུབ་ཕྱོགས་ཕ་མཐའ་ན་ཀུན་དགའི་ཚལ་བྱ་བ་ཡུལ་རྒྱ་ཆེ་ལ་ཁྱོན་ཡངས་པ། ཤིང་འདམ་བུའི་ཚལ་རྒྱ་ཆེ་ལ་སྨན་དང་མེ་ཏོག་གི་ཚལ་གྱིས་ཉིན་རི་ཁྱབ་པ། སྤོས་དང་རྩི་མཆོག་གི་ཚལ་གྱིས་སྲིབ་ཕྱོགས་ཁྱབ་པ། རྒྱལ་སྲིད་སྐྱོང་ཞིང་དར་ལ་བབས་པ་ཞིག་ཡོད་པ་དེ། གང་གིས་མཐོང་ཡང་དགའ་བདེ་སྐྱེ་བ། ཡོན་ཏན་དུ་མ་དང་ལྡན་པ་ཞིག་ཡོད་པ་དེ་ལ། མིང་དུ་ཀུན་དགའ་ཚལ་བྱ་བར་བཏགས་པ་ཡིན། ཁྱད་པར་དུ་ཆོས་ཀྱི་བསྟན་པ་དར་ནས་སེམས་ཅན་ལ་བདེ་སྐྱིད་དཔག་ཏུ་མེད་པ་འབྱུང་ཞིང་ཡོད་པའི་དུས་སུ། ཡུལ་ཆེན་པོ་དེའི་སྟོད་སྨད་གཉིས་སུ་ཆོས་མ་ཡིན་པའི་གྲུབ་མཐའ་འཛིན་པའི་རྒྱལ་པོ་གཉིས་ཡོད་པ་དེས་ཡུལ་ལ་ཟུག་རྔུ་སྐྱེས་པས་གྲོས་སུ་བསྟུན་ཅིང་། ཐབས་སྟོབས་དུ་མ་སྣ་ཚོགས་ཀྱིས་རྒྱལ་པོ་བདེ་བ་མཆོག་གིས་རྒྱལ་སྲིད་ཐམས་ཅད་བཅོམ་ཞིང་ཆོས་ཀྱི་སྒྲོན་མེ་མེད་པར་བྱས། ད་ལྟ་ཡུལ་དེའི་སེམས་ཅན་རྣམས་དད་པའི་རྩི་དྲག་པོ་ཡོད་ཀྱང་། ཆོས་ཀྱི་སྒྲོན་མེ་ཆ་ཕྲ་བས་སེམས་ཅན་རྣམས་ཀྱི་དོན་དུ། ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པར་བྱེད་ནུས་པའི་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་བ་ཞིག་དགོས་པའི་དོན་དུ་བསུ་བ་ངོ་ཆེན་ནན་ཏན་དུ་བྱས་པ་ཡིན།
བྱི་བ་ལོ་ཟླ་བ་ལྔ་པའི་ནང་དུ་འགྲོ་དགོས་པའི་དོན་ནི། རྒྱལ་པོ་བདེ་བ་མཆོག་ལ་བཙུན་མོ་གཉིས་ཡོད་པའི་ཆེ་བ་དེ། མུ་སྟེགས་ཆེན་པོ་བྱ་བའི་བུ་མོ་རྫུ་འཕྲུལ་ལྡན་བྱ་བ་དེ་ལ་བྱི་བ་ལོ་ཟླ་བ་དྲུག་པའི་ནང་དུ། བདུད་ནག་པོ་ཐང་ཡག་ཅེས་བྱ་བའི་སྤྲུལ་པ་ཞིག་བུད་མེད་དེའི་མངལ་དུ་ཞུགས་ནས། དེ་ཡི་ལུས་སྟོབས་ནར་ཕྱིན་པའི་དུས་སུ། ཡུལ་དེའི་ཆོས་ཀྱི་སྒྲོན་མེ་ཆ་ཕྲ་མོ་ཀུན་བཅོམ་ནས་བསྡུས་ཏེ། ཆོས་ཀྱི་སྒྲ་མི་གྲག་པར་འབྱུང་བར་འདུག་པས་དེའི་སྟོབས་མེད་པར་བྱེད་པའི་དོན་དུ། སྟོབས་དུ་མས་སྟོབས་བསྡོངས་ཏེ་སེམས་ཅན་དུ་མའི་དོན་གྱི་ཕྱིར། ཨ་ནེ་ལ་སོགས་མཁའ་འགྲོ་མ་ཀུན་གྱིས་ནན་ཏན་བྱས་ཤིང་། ཉེར་བསྟུངས་བརྡུངས་ནས་ངེད་ཀུན་སོང་བ་ཡིན་གསུངས་པ་ལ།
རིན་ཆེན་དཔལ་གྱིས། ཁྱོད་སོང་བས་དེའི་སྟོབས་ཇི་ལྟར་འཇོམས་པ་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། རྒྱལ་པོ་བདེ་བ་མཆོག་དེའི་བཙུན་མོ་ཆུང་བ་དེ། ལྷ་རྗེ་བཟང་པོ་དཔལ་ཞེས་བྱ་བའི་སྲས་མོ་ལྷ་བཟའ་བཟང་སྐྱོང་མ་ལ་བདག་ནི་ཕག་དཀར་མོ་འོད་ཟེར་དུ་མ་འཕྲོ་བ་གཅིག་ཏུ་སྤྲུལ་ནས་མའི་ལྷུམས་སུ་ཞུགས་པས་ཞུགས་མ་ཐག་ཏུ་སངས་རྒྱས་ཀྱི་ཡོན་ཏན་དུ་མ་དང་ལྡན་པས་མ་ལ་ཡང་རྨི་ལྟས་བཟང་པོ་འབྱུང་བར་སྣང་། རྫུ་འཕྲུལ་ལྡན་གྱིས་མངལ་ཁ་བཀག་ནས་སྲིད་མི་འབྱུང་བར་བྱས་ན་ཆོག་པར་སྣང་སྟེ། སྔོན་གྱི་སྨོན་ལམ་ནག་པོ་ཐེབ་པའི་ལན་ཆགས་ཤིག་འདུག་པས་ལུས་དམན་དུ་བཏང་བས་སྟོབས་རབ་ཏུ་བཅོམ་པའོ་གསུངས་པ་དང་། ཡང་རིན་ཆེན་དཔལ་གྱིས། ཁྱོད་ཐབས་སྟོབས་ཐུགས་རྗེ་ཇི་ལྟར་བྱེད་ནས་སེམས་ཅན་གྱི་དོན་འབྱུང་བ་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། བདག་བཟང་སྐྱོང་མའི་སྲས་སུ་སྔ་ཕྱིར་སྤྲུལ་ཏེ། ཆེ་བ་ཆོས་ཀྱི་རྒྱལ་མཚན་བྱ་བར་བཏགས་ནས། ཆོས་ཕྱི་ནང་གསང་གསུམ་བསླབ་མི་དགོས་པར་རང་ཤར་དུ་འབྱུང་བ་རྒྱུད་སྡེའི་ཞལ་མཐོང་བ་ཙམ་གྱིས་ཤེས་པ་ཞིག་འབྱུང་སྟེ། མི་ཆོས་ལ་ཡང་འགྲོ་ཞིང་། ལྷ་ཆོས་ཐམས་ཅད་དམ་ཚིག་དང་ལྡན་ཞིང་། ཆོས་ལ་ཤིན་ཏུ་བརྩོན་པ་རྒྱལ་ཁྲིམས་ཀྱི་གྲལ་ལ་འཛུད་ནུས་པ་ཞིག་ཏུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད། ཆུང་བ་རྒྱལ་མཚན་བཟང་པོ་བྱ་བའི་ལྷ་རྗེ་གསོ་བ་རིག་པ་ལ་མཁས་པས་བྲོ་ནད་ཐམས་ཅད་གསོ་ཞིང་ཡོན་དུ་ཆོས་ལ་འཛུད་པ། ནད་པའི་རྩ་བལྟས་ནས་ཡོན་ལ་ད་ཕྱིན་ཆོད་ཆོས་འདི་ལྟ་བུ་གྱིས་ཟེར་ནས་དམ་བཅའ་བ་དེ་ཡང་རྒྱལ་ཁྲིམས་ཀྱི་གྲལ་ལ་འཛུད་པ་ཞིག་ཏུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པའོ། །གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཇའ་ལུས་རྡོ་རྗེའི་སྐུར་སྤྲུལ་ནས་དེ་གཉིས་ལ་ལུང་བསྟན་ནས་སོ་སོར་སེམས་ཅན་གྱི་དོན་འབྱུང་བར་བྱས་ནས་བསྟན་པ་ཡུན་རིང་དུ་གནས་པར་བྱེད་པའོ། །གསུངས་སོ། །
ཡང་རིན་ཆེན་དཔལ་ཇོ་བོ་སྐྱ་ཞིང་མོ་ནོམ་གྱི་རི་རྐེད་དུ་རྟ་རྩར་མཉམ་བཞག་ཏུ་བསྡད་ནས་ཡོད་པའི་ཚེ། ཉམས་ཀྱི་སྣང་བ་ལ་འཇའ་ཚོན་སྣ་ཚོགས་བཀྲ་བའི་ངང་ལས། བསོད་ནམས་དཔལ་འདྲེན་མ་འདས་དུས་ལྟར་སྤྲུལ་པའི་སྐུ་རུ་མཐོང་བ་ལ། ཡང་རིན་ཆེན་དཔལ་གྱིས། སྔོན་ཁྱོད་མ་ཤི་གོང་ཟླ་བ་གཅིག་པའི་ནང་དུ་ངོས་འཛིན་བྱས་པའི་སྤྲང་མོ་དེ་ཅི་འདྲ་ཞིག་ཡིན་ཞུས་པས། ཡང་ཌཱ་ཀི་མས། སྤྲང་མོ་དེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྤྲུལ་པ་མཁའ་འགྲོ་སེང་གདོང་གི་གཟུགས་སུ་བསྟན་པ་ཡིན་གསུངས་པ་ལ། མཁའ་འགྲོ་མ་མ་རེད་སྤྲང་མོ་ཞིག་རེད་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། དག་པ་ལྷ་ཡི་སྐུ་མཆོག་དེ། །མ་དག་བླུན་པོས་མཐོང་མི་འགྱུར། །ལས་སྨོན་མཐུན་པས་མཐོང་གྱུར་ཀྱང་། །མཐའ་མས་སེམས་ཅན་གཟུགས་སུ་མཐོང་། །ལྷོ་དབུས་སྨོན་མཐུན་འགའ་ཞིག་གིས། །བདག་ཀྱང་བུད་མེད་གཟུགས་སུ་མཐོང་། །མོ་ཡང་སྤྲང་མོར་མཐོང་བ་ཡིན། །ལུས་པོ་སྦོམ་ཐུང་མཐོང་བ་དེ། །གཟི་བརྗིད་དཔའ་རྩལ་ཆེ་བ་ཡིན། །སྐྲ་དཔུངས་མཐུག་པར་མཐོང་བ་དེ། །གཡུ་རལ་གཙུག་ཏུ་རྒྱས་པ་ཡིན། །ཁ་ངོ་གདོང་ཐག་ཐུང་བ་མཐོང་བ་དེ། །ཁྲོ་གཏུམ་འཇིགས་པའི་ཆ་བྱད་ཡིན། །གོས་དཀར་ཡང་ལྡིང་མཐོང་བ་དེ། །སྐུ་མདོག་དཀར་པོར་ཡོད་པ་ཡིན། །མངོན་ཤེས་ཚུལ་བཞིན་བཤད་པ་དེ། །ཐ་ཚིག་འབྲེལ་བ་བཏགས་པ་ཡིན། །ངོ་ཤེས་མི་ཤེས་བློ་ཐག་མ་ཆོད་པ། །འཁོར་འདས་ཐོགས་པ་མེད་པ་ཡིན། །གར་སོང་འདིར་སོང་ཆ་མེད་པ། །ནམ་མཁའི་དབྱིངས་སུ་བཞུགས་པ་ཡིན། །སུས་ཀྱང་མཐོང་མི་མེད་པ་དེ། །ལས་ངན་དྲི་མས་བསྒྲིབས་པ་ཡིན། །གཡེ་གུ་རོ་ལ་ལྡིང་བ་དེ། །ང་ཡི་འཁོར་དུ་ཕྱིན་པ་ཡིན། །སྔོན་ནས་བསུ་མར་འོང་བ་དེ། །ཕྱི་བཞིན་དལ་གྱིས་འོང་བ་ཡིན་གསུངས། །ཡང་རིན་ཆེན་དཔལ་གྱིས། བསོད་ནམས་བློ་གྲོས་འདི་ཁྱེད་ཀྱི་འཁོར་རེད་ཙ། འཆི་དུས་ནམ་ཤི་ཞིག་ཀྱང་མ་ཤེས། ཆོས་ཀྱི་གཏམ་དུམ་པ་ཙམ་ཞིག་ཀྱང་བྱེད་རྒྱུ་མ་བྱུང་བའི་དོན་ཅི་ཡིན་ཞུས་པས།
ཌཱ་ཀི་མས། གཞི་ཡི་བག་ཆགས་དྲི་མངའ་བས། །ནོར་ཡོད་ཆེ་ཚུལ་བཟུང་བ་དང་། །མི་ཆོས་དྲི་མས་ཕོག་པ་ཡི། །མངལ་གྱི་དྲི་མས་བསྒྲིབས་པའོ། །དགོངས་པ་ཐེག་ཚོད་དམའ་བ་དང་། །ཐམས་ཅད་མཁྱེན་པ་མ་ཤར་བས། །གཞན་སྣང་ཁྲོལ་བ་མི་འབྱུང་ངོ་། །གསུངས་པ་ལ། རིན་ཆེན་དཔལ་གྱིས། གཞི་ཡི་བག་ཆགས་གོས་པ་དང་། །ཐམས་ཅད་མཁྱེན་པ་མ་ཤར་ན། །ལྷ་རྟེན་འབྱོན་པའི་ཐབས་ཡོད་དམ། །ཞུས་པས། ཡང་ཌཱ་ཀི་མས། སྔོན་ཆད་ཡི་དམ་བསྒྲུབས་པ་ཡིས། རང་སྣང་གྲོལ་བས་བདེ་བ་མངའ། སྟོབས་ཆེ་བས་ཕལ་ཆེར་གང་གིས་ཀྱང་བཀུར་བ། ས་ཕུག་དང་རི་ཁྲོད་ལ་གནས་བཅའ་བ་དང་། ལྷ་སྒྲུབ་པ་ལ་བརྩོན་པ་སེམས་ཅན་དད་པ་དང་ལྡན་ཞིང་འབྲེལ་པ་ཅན་རྣམས་ལ་སྨོན་ལམ་བཏབ་པས་ཡོན་ཏན་སྣ་རེ་འབྱུང་བ་ཞིག་ཏུ་སྐྱེ་གསུངས།
ཡང་རིན་ཆེན་དཔལ་གྱིས། གཞེས་ཉིན་ལོ་གནམ་གང་གི་ནུབ་མོ་བླ་མ་ལ་འབུལ་ཆད་བྱས་པའི་གཡེ་གུ་དེ་སྔོན་གྱི་སྨོན་ལམ་དབང་གིས་ང་ཕྱིར་འབྲང་ཟེར་བ་ཡོད་པས། ཌཱ་ཀི་མ་དངོས་སུ་བྱོན་པའི་སྣང་བ་ལ། བླ་མ་ལ་འབུལ་ཆད་བྱས་པའི་གཡེ་གུ་དེ། སྐྱེ་བ་ངན་ལ་རིགས་རྒྱུད་བླུན། །བླུན་པོ་འཆི་ཁའི་སྨོན་ལམ་ལ། །བདག་དང་ཁྱེད་གཉིས་མི་འབྲལ་ཤོག །ཅེས་པའི་རྒྱུ་མཚན་ཇི་ལྟར་ཡིན། ཞུས་པས། ཌཱ་ཀི་མས་གཡེ་གུ་དེ། སྐྱེ་བ་འདི་ཡི་གོང་རོལ་དུ། །སྐྱེས་པ་གཅིག་གི་ལུས་བླངས་ཀྱང་། །ངན་པའི་བྲན་གཡོག་ཏུ་གྱུར་པས། །རྨོངས་པའི་རྒྱུད་ཅིག་ཡིན་ཏེ། །བླུན་པོར་གྱུར་པས་ཆོས་མི་ཤེས། །གཉོམ་ཆུང་ལ་རྒྱུད་འཇམ་པ་ཞིག་ཡིན་པ་རྗེ་བཙུན་མའི་སྤྲུལ་པ་དུས་གཅིག་ལ་མང་དུ་བྱོན་པས། དེའི་ནང་ན་སྒོམ་ཆེན་ཤེས་རབ་དབང་ཕྱུག་བྱ་བ་ཞིང་ཁམས་སུ་གཤེགས་པའི་ཚེ་འཇའ་ཚོན་གསལ་པོར་ཤར་བའི་ནང་དུ་བྱ་རྒོད་ཅིག་འགྲོ་བ་མཐོང་ནས་དེ་ལ་དད་པར་བྱས་ཏེ། འཇའ་ཚོན་འདིའི་ནང་གི་བྱ་དེ་སངས་རྒྱས་ཀྱི་རྣམ་འཕྲུལ་ཞིག་ཡིན་ལས་ཆེ་བས། འདི་སུ་ཡིན་པ་དེ་དང་བདག་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག་ཅེས་པའི་སྨོན་ལམ་དྲག་ཏུ་བཏབ་པས་ད་ལྟ་ངའི་ནོར་དུ་སྐྱེས་པ་ཡིན། དེ་ཕྱིར་ངའི་རྗེས་སུ་ཁོ་འོང་དགོས་པར་ཡོད་པ་ཡིན། ངའི་འཁོར་ཐ་མ་རྣམས་ཀྱི་ནང་དུ་ཕྱིན་ནས་མཐོང་ཐོས་བྱོལ་སོང་སྡེ་ཚན་ནི། འབྲེལ་པ་དང་གང་ལྡན་རྣམས་ལ་ཕན་པ་ཡིན་གསུངས་པ་ལ། རིན་ཆེན་དཔལ་གྱིས། བྱ་དེ་སྒོམ་ཆེན་དེ་ཡིན་ནམ་ཞུས་པས། ཡང་ཌཱ་ཀི་མས། སྒོམ་ཆེན་དེ་ཡང་རྗེ་བཙུན་མའི་སྤྲུལ་པ་ཞིག་ཡིན་པ་དང་། སྒོམ་ཆེན་ཤི་སར་མཆོད་བསྟོད་ཆེན་པོ་བྱས་པའི་སར། ང་ཡང་སོང་བ་དེ་ཁོས་བྱར་མཐོང་བ་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། གཡེ་གུ་དེ་ད་ལྟ་གར་སྐྱེས་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། སྔོན་སྨོན་ལམ་གཡེལ་མེད་སྟོབས་ཀྱིས་ནི། །ང་ཡང་ཀུན་དགའི་ཚལ་དུ་སྐྱེ། །ཆུ་བོ་ཆེན་པོའི་ཉིན་ངོས་སུ། །བདེ་བ་རབ་མཆེ་དཔེ་གཞན་ན་རབ་མོ་ཆེ་བྱ་བའི་ཁར། །གྲུ་པ་བྱམས་ཤེས་བྱ་བའི་བུ། །སྨོན་ལམ་གྲུབ་ཅེས་བྱ་བ་ནི། །གྲུ་གཟིངས་མཁས་པ་བྱམས་ལྡན་དེ། །ཆོས་ལ་མོས་ཤིང་དད་པ་ཆེ། །བཟང་པོར་འདུག་སྙམ་དད་པས་འདོར། །ཁ་འཐོར་སེམས་ཅན་སྙིང་རྗེས་འདོར། །གྲུ་གླ་མི་ལེན་གང་དགའ་བསྒྲུབས། །ཆོས་ལ་མོས་ཤིང་བྱམས་དང་ལྡན། །ཆོས་ཀྱི་རྒྱལ་མཚན་བཀའ་བཞིན་བསྒྲུབས། །ཆོས་ལ་མོས་པ་ཞིག་ཏུ་སྐྱེས། །གཡེ་གུ་ཤི་བའི་དུས་དེ་རུ། །བྱམས་ལྡན་འགྲོ་ལ་ཕན་ཐོགས་ཤོག །ཞེས་པ་མཐུ་ཡིས་ཕྱིན་ཆོད་དུ། །སྨོན་ལམ་རྣམ་དག་ལེགས་འདེབས་ཤིང་། །གཞན་ལ་ཕན་པ་མང་བའི་བཙུན་པ་གཅིག་ཏུ་སྐྱེས་གསུངས།
ཡང་རིན་ཆེན་དཔལ་གྱིས། ཁྱོད་ལོ་ལྔ་བཅུའི་བར་བསྡད་ན་འཇའ་ལུས་རྡོ་རྗེའི་སྐུར་རང་བྱུང་ཡེ་ཤེས་རྩལ་ཤུགས་ཀྱིས་ཐོགས་པ་མེད་པར་ཞིང་ཁམས་སུ་འགྲོ་བ་དང་། བྱིས་པ་ཆུང་ངུ་གྲངས་སུ་ཚང་བ་དང་། །ཁྱེད་ལ་ཡང་ཐུགས་རྗེ་རྩལ་སྟོབས་མངའ་བ་དང་། །ཕྱི་ནང་གསང་གསུམ་ཐོགས་པ་མེད་པ་ཡི། །དམ་ཆོས་ཀློང་རྡོལ་འགྲོ་དོན་དཔག་མེད་འབྱུང་། །མ་དག་གནས་འདིར་འགྲོ་བ་རྒྱུད་ངན་རྣམས། །རྣམ་དག་ཨུ་རྒྱན་གནས་སུ་བདེ་བ་ཐོབ། །དེ་ཕྱིར་བདག་གཞན་ཀུན་ལ་དགའ་བ་ཡིན། །གསུངས། ཡང་རིན་ཆེན་དཔལ་གྱིས་ཁྱོད་འཆི་ཁར་དགའ་ཡལ་ལེ་བ་ཞིག་བྱས་ནས་སྐུ་གསུམ་གྱི་ངང་དུ་འཆི་བ་ཡིན་ཟེར་ཙ་ངས་དྲི་མ་འཕྲོད། སྐུ་གསུམ་གྱི་ངང་དུ་འཆི་བའི་དགའ་ལུགས་ཇི་ལྟར་ཡིན་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། དུ་མ་ཞིག་ཏུ་ཤེས་པའི་ཕྱིར། །ཆོས་སྐུའི་ངང་དུ་འཆི་བས་དགའ། །དག་སྣང་ལྷ་རུ་གསལ་བའི་ཕྱིར། །ལོངས་སྐུའི་ངང་དུ་འཆི་བས་དགའ། །སྣ་ཚོགས་ཐབས་ཀྱིས་འདྲེན་པའི་ཕྱིར། །སྤྲུལ་སྐུའི་ངང་དུ་འཆི་བས་དགའ། །རྟེན་གནས་རང་ས་ཟིན་པའི་ཕྱིར། །མངོན་གྱུར་ངང་དུ་འཆི་བས་དགའ། །ཐབས་ལམ་ཟབ་མོ་བསྟན་པའི་ཕྱིར། །འཕོ་བའི་ངང་དུ་འཆི་བས་དགའ་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་མ་ཤིའི་གོང་དུ་ཟླ་བ་གཅིག་པའི་ནང་ནས་འོད་སྣ་ཚོགས་ཀྱིས་བར་སྣང་གང་ནས་བྱུང་བ་དང་། འོད་སྐུ་ཆེན་པོས་ཞལ་བསྟན་པ་དང་། འོད་ཀྱི་ཐིག་ལེས་ཡིག་འབྲུ་མང་པོ་བསུ་མ་བྱུང་བ་དང་། བར་དུ་ཟླ་བ་བཞི་པ་ལ་སྲིད་པ་འདིར་ཡོད་ཐམས་ཅད་ཀྱི་གཟུགས་སྣ་ཚོགས་འཇའ་ལུས་བཀྲག་དང་ལྡན་ནས་གཟུགས་སྣ་ཚོགས་སུ་བསྟན་ཅིང་སྒྲ་མི་འདྲ་བ་སྣ་ཚོགས་བསྒྲགས་ནས་འོང་བའི་བསུ་མ་དང་ཐ་མ་ཟླ་བ་ལྔ་པའི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མི་འདྲ་བ་སྣ་ཚོགས་ཡོངས་སུ་རྫོགས་པ་མངོན་སུམ་དུ་གསལ་ཏེ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་འཁོར་དང་བཅས་ཏེ་མངོན་སུམ་དུ་བྱོན་ནས་ཆོས་ཀྱི་བགྲོ་གླེང་མཛད་ཅིང་། ཞིང་ཁམས་ཀྱི་བསུ་མ་རྣམས་མངོན་སུམ་དུ་འོང་ལེ་རྣམས་ཇི་ལྟར་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། དང་པོ་འོད་ཀྱི་བསུ་མ་མང་པོ་རྣམས། །རང་མདངས་འོད་ཀྱི་བསུ་མ་ཡིན། །བར་དུ་སྒྲ་དང་ཟེར་གྱི་བསུ་མ་མང་པོ་ནི། །རང་སྣང་སྒྲ་ཡི་བསུ་མ་ཡིན། །ཐ་མར་ཞིང་ཁམས་སྣ་ཚོགས་སུ་ཤར་བ་ནི། །དག་སྣང་ཞིང་ཁམས་ཀྱི་བསུ་མ་འོང་བ་ཡིན། །དག་པ་རང་ས་ཟིན་པའི་བསུ་མ་ཡིན། །མ་དག་ངན་འགྲོ་ལྟུང་བའི་བསུ་མ་ཡིན། །བདག་ལ་བསུ་མར་འོང་བ་ནི། །འདས་དང་མ་འོངས་ད་ལྟ་གསུམ། །དག་པ་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་སུ། །འགྲོ་འོང་མི་མངའ་བར་བགྲོད་པ་ཡིན་གསུངས།
ཡང་རིན་ཆེན་དཔལ་གྱིས། སྔོན་ཁྱོད་ལ་བསུ་མ་རྣམས་ཀྱིས་ད་ལྟ་འགྲོ་དགོས་ཟེར་བའི་ཚེ། ད་རུང་ཟླ་བ་ལྔའི་བར་དུ་འགྲོ་ཐབས་མེད་ཟེར་བའི་དོན་ཅི་ཡིན་ཞུས་པས། ཌཱ་ཀི་མས་ང་ལ་ཕྲུ་གུ་ཞིག་སྐྱེ་རྒྱུ་ཡོད་པ་དེ། དེ་སྔ་ཟླ་བ་ལྔ་རེད་ད་རུང་ཟླ་བ་ལྔ་འདུག་དགོས་པར་ཡོད། དེ་མ་སྐྱེས་བར་སོང་ན་རུ་བ་འདི་རྣམས་ཀྱིས་བསོད་ནམས་དཔལ་འདྲེན་རྣིལ་གྲིར་ཤི་ཟེར་ནས་ཀུན་གྱིས་འདྲེར་ལྟ་བ་ཡིན། དེའི་དོན་གྱི་ཕྲུ་གུ་དེ་ཟླ་བ་ཚང་ནས་དུས་བཞིན་འབྱུང་བར་བྱས་ཏེ།
དེ་ནས་ཨུ་རྒྱན་དུ་སོང་ན་ཡང་གཞན་གྱིས་མི་སྨོད་པ་ཡང་ཡིན། བདག་ལ་མ་བརྟགས་པའི་བཏང་སྙོམས་མི་མངའ་བའི་ཕྱིར། སྤྱོད་པ་ཚུལ་དང་མི་མཐུན་པའི་ཅ་ཅོ་མི་འབྱུང་ངོ་། །ཀུན་བཞིན་བརྟགས་པས་ཀུན་ཀྱང་རྣམ་དག་པ། དེ་ལ་ཀུན་ཡིད་དང་བས་དད་པའོ་གསུངས་པ་ལ། རིན་ཆེན་དཔལ་གྱིས། དེ་ལྟར་བྱེད་པ་ལ་རང་དབང་ཨེ་ཆེ་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ལེན་གནས་གཏོང་ལ་མངའ་བརྙེས་པས། །མགོན་གྱུར་སྟོབས་ལ་རང་དབང་ཡོད་གསུངས། ཡང་རིན་ཆེན་དཔལ་གྱིས། སྔོན་ཁྱོད་མ་ཤི་ཙམ་དུ་ཨ་ནེས་རྒུན་འབྲུམ་ཁལ་ཞིག་མ་བྱུང་ཟེར་ལེ་དེ་དོན་འབྱེད་ཅི་ཡོད་པ་ལ་ཟེར་བ་ཡིན་ཞུས་པས། ཌཱ་ཀི་མས། རྒུན་འབྲུམ་ཁལ་ཞིག་མ་བྱུང་བྱས་པ་དེ། ད་ལྟ་ལོངས་སྤྱོད་ཆེན་པོ་འབྱུང་བའི་དོན་དུ་དངོས་གྲུབ་ཆེན་པོ་མ་བྱུང་བྱས་པ་ཡིན། རྒུན་འབྲུམ་བྲེ་གང་བྱུང་བྱས་པ་དེ། ད་ལྟ་ལོངས་སྤྱོད་ཁེ་གང་ཙམ་འབྱུང་བའི་དོན་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། ལོངས་སྤྱོད་ཨ་ནེས་ཆེར་མི་བྱེད་པའི་དོན་ཅི་ཡིན་ཨང་ཞུས་པས། ཌཱ་ཀི་མས། ཆོས་ཐམས་ཅད་ཀྱི་གེགས་ལོངས་སྤྱོད་ཡིན་པས་དོན་དམ་འགྱུར་མེད་མཛད་པའོ་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་འཆི་ཁ་བྲོད་ཏོག་གེ་སྣང་བས་ཇི་ལྟར་བྲོད་པ་ཡིན་ཞུས་པས།
ཌཱ་ཀི་མས། སྐྱེ་མེད་སྤྲོས་པ་དག་པའི་ཕྱིར། །ལྟ་བའི་ངང་དུ་འཆི་བས་བྲོད། །འབྲལ་མེད་རྒྱུན་ཏུ་གནས་པའི་ཕྱིར། །སྒོམ་པའི་ངང་དུ་འཆི་བས་བྲོད། །དོན་དང་འབྲལ་བ་མེད་པའི་ཕྱིར། །སྤྱོད་པའི་ངང་དུ་འཆི་བས་བྲོད། །འགྱུར་མེད་ལྷུན་གྱིས་གྲུབ་པའི་ཕྱིར། །འབྲས་བུའི་ངང་དུ་འཆི་བས་བྲོད་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་འཆི་ཁར་མདངས་དང་ལྡན་པ་ཞིག་རེད་ནས་སྣང་བས་མདངས་དང་ལྡན་ལུགས་ཇི་ལྟར་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ལྟ་བ་ནམ་མཁའ་ལྟ་བུ་ལ། །ཐམས་ཅད་ཁྱབ་པའི་མདངས་དང་ལྡན། །སྒོམ་པ་ཉི་ཟླ་ལྟ་བུ་ལ། །གསལ་འགྲིབ་མེད་པའི་མདངས་དང་ལྡན། །སྤྱོད་པ་སྐྱི་བསེར་ལྟ་བུ་ལ། །ཐོགས་རྡུག་མེད་པའི་མདངས་དང་ལྡན། །འབྲས་བུ་གསེར་གླིང་ལྟ་བུ་ལ། །བཟང་ངན་མེད་པའི་མདངས་དང་ལྡན། །ངོ་བོ་གཅིག་པུ་ལྟ་བུ་ལ། །ཐམས་ཅད་མཁྱེན་པའི་མདངས་དང་ལྡན། །དོན་ལྡན་མཐའ་མ་ལྟ་བུ་ལ། །སངས་རྒྱས་ཡོན་ཏན་མདངས་དང་ལྡན་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་ཆོས་སྤྱོད་ཅི་ཡང་བྱ་མི་དགོས་པ་ཨེ་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། སེམས་ལ་རྒྱུ་རྐྱེན་མེད་པའི་ཕྱིར། །རྩོལ་སྒྲུབ་བྱེད་པའི་བློ་དང་བྲལ། །སློབ་གཉེར་བློ་སྦྱོང་བྱ་མི་དགོས། །ཆོས་ཉིད་དོན་དང་འབྲལ་མ་མྱོང་། །རེ་དོགས་གཉིས་ཀྱི་མཐའ་སངས་བས། །ཐེ་ཚོམ་བྲལ་ཞིང་ནོར་འཁྲུལ་མེད། །སྤང་བླང་དམ་ཚིག་སྲུང་མི་དགོས། །ཆོས་ཉིད་དོན་དང་འབྲལ་མ་མྱོང་། །ལྷུན་གྱིས་གྲུབ་པའི་སེམས་ཉིད་དེ། །སྒྲོ་འདོགས་ཀུན་དང་བྲལ་བས་ན། །བདེ་སྦྱོར་སྒྲོ་འདོགས་གཅོད་མི་དགོས། །ཆོས་ཉིད་དོན་དང་འབྲལ་མ་མྱོང་། །ཡེ་ཤེས་ནང་ནས་ཤར་བ་ཡིས། །རང་ས་ཟིན་ནས་སྒྲུབ་མེད་པས། །སྒོམ་སྒྲུབ་བརྩོན་འགྲུས་བྱ་མི་དགོས། །ཆོས་ཉིད་དོན་དང་འབྲལ་མ་མྱོང་། །ཞེན་འཛིན་ངང་ནས་གྲོལ་བ་ཡིས། །སྐྱེ་མེད་རང་ས་ཟིན་པས་ན། །ས་ལམ་རིམ་པར་བགྲོད་མི་དགོས། །ཆོས་ཉིད་དོན་དང་བྲལ་མ་མྱོང། །ཞེས་གསུངས།
ཡང་རིན་ཆེན་དཔལ་གྱིས། ཁྱོད་ཅི་ཡང་ཤེས་པར་སྣང་བས་ཇི་ལྟར་ཤེས་པ་ཡིན་ཞུས་པས། ཡང་ཌཱ་ཀི་མའི་ཞལ་ནས། ཀུན་མཁྱེན་རང་བྱུང་ཡེ་ཤེས་ཆེན་པོ་དེས། མི་ཤེས་མེད་པས་ཐམས་ཅད་ནང་ནས་ཤེས། སྣང་སྲིད་འདི་བཀའ་བརྒྱུད་དུ་ཤེས་པ་ཡིན། མཐོང་ཐོས་འདི་སྐུ་གསུམ་དུ་ཤེས་པ་ཡིན། འཁོར་འདས་རྩ་བ་རང་རིག་ཏུ་ཤེས་པ་ཡིན། སྐྱིད་སྡུག་འདི་གསལ་འདེབས་སུ་ཤེས་པ་ཡིན། བདག་འཛིན་འདི་ཆོས་སྐུར་ཤེས་པ་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་ཤི་ཚུན་ཆོད་ལ་ཁྱོད་དང་འདྲ་བ་ཡིན་ཟེར་བའི་ཕོ་མོ་འགའ་རེ་བྱུང་བ་དེ་རྣམས་ཁྱོད་དང་འདྲའམ་མི་འདྲ་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། ཁྱུང་ཆེན་ནམ་འཕངས་གཅོད་པ་ལ། །གཤོག་ཐོགས་གང་གིས་འགྲན་དུ་མེད། །དུང་སེང་གངས་ལ་མཆོང་བ་ལ། །རྩལ་ཆེན་གང་གིས་འགྲན་དུ་མེད། །གཡུ་འབྲུག་གསུང་སྐད་འབྱིན་པ་ལ། །སྐད་ཆེན་གང་གིས་འགྲན་དུ་མེད། །ཁྲི་གདུགས་ཉི་མའི་འོད་ཟེར་ལ། །འོད་ཟེར་གང་གིས་འགྲན་དུ་མེད། །དམ་ཆོས་འཛིན་པའི་སྟོན་པ་ལ། །སྟོན་པ་གང་གིས་འགྲན་དུ་མེད། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ལ། །འཇིག་རྟེན་གཡོ་སྒྱུས་འགྲན་དུ་མེད། །སྤྱོད་པ་རྣམ་དག་དྲི་མེད་ལ། །འཕོང་སྡུག་དྲེག་སྤྱོད་འགྲན་དུ་མེད། །གཉུག་མ་ཤུགས་འབྱུང་དོན་ཚིག་ལ། །གོ་ཉམས་ཚོང་བཟོས་འགྲན་དུ་མེད། །རང་བྱུང་ཡེ་ཤེས་འོད་སྐུ་ལ། །རས་རིས་བཟོ་ཡིས་འགྲན་དུ་མེད། །བདག་དང་འདྲའམ་མི་འདྲ་སྟེ། །སྤྱོད་ལམ་ཐབས་སྟོབས་ཐུགས་རྗེ་དང་། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། །ཕྱོགས་བཅུའི་སངས་རྒྱས་ཞིང་དུ་ལྟོས། །གླང་སྟག་ཡོས་འབྲུག་ལ་སོགས་པར། །འགྲན་པ་འགའ་ཞིག་གང་གི་རས་གསུངས། །ཡང་རིན་ཆེན་དཔལ་གྱིས། ཁྱོད་ལ་ཡོན་ཏན་ཅི་ཡོད་ཀྱང་སྐྱེ་བ་དམའ་བས་ཞེ་ཆོད་ནས་ཀུན་གྱིས་འཕྱ་བདོ་ཞུས་པས།
ཡང་ཌཱ་ཀི་མས། སེམས་ཅན་སྨིན་གྲོལ་མི་ནུས་པར། །གཞན་དོན་བྱེད་ཟེར་བླ་མ་རྣམས། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་བཀའ་རྒྱུད་ཀྱིས་འཕྱ། །སྒོ་གསུམ་ལྷ་རུ་མ་མཐོང་བའི། །བསྐྱེད་རིམ་སྒོམ་ཟེར་སྔགས་སྡོམ་ཀུན། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་ཡི་དམ་གྱིས་འཕྱ། །བདག་བས་གཞན་གཅེས་མ་འགྲུབ་པར། །ཐེག་ཆེན་ཡིན་ཟེར་བྱམས་སྡོམ་ཀུན། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་འཕགས་པས་འཕྱ། །ཆོས་མིན་ཐམས་ཅད་མ་སྤངས་པར། །ཆོས་བཞིན་བྱེད་ཟེར་སོ་སྡོམ་ཀུན། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་མཁས་བཙུན་གྱིས་འཕྱ། །རང་འདོད་ཞེན་པ་མ་བྲལ་བར། །ལྟ་བ་རྟོགས་ཟེར་སྒོམ་ཆེན་རྣམས། སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་རྒྱལ་བས་འཕྱ། །འདུ་འཛི་གཡེང་བ་མ་སྤངས་པར། །རང་དོན་སྒྲུབ་ཟེར་རྣལ་འབྱོར་རྣམས། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་གོང་མས་འཕྱ། །རང་སེམས་གཏན་ལ་མ་ཕེབས་པར། །གཉན་ཁྲོད་འགྲིམ་པའི་གཅོད་པ་རྣམས། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་མཁའ་འགྲོས་འཕྱ། །རྩོལ་བྲལ་སྙིང་རྗེ་མ་སྐྱེས་པར། །དགྲ་བགེགས་འདུལ་ཟེར་མཐུ་ཆེན་ཀུན། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་སྲུང་མས་འཕྱ། །འགྲོ་ལ་ཕན་སེམས་མ་སྐྱེས་པར། །གཏོ་ཐབས་མཁས་ཟེར་བཤེས་གཉེན་པ། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་ལྷ་འདྲེས་འཕྱ། །གཞན་ཤི་སྡུག་བསྔལ་མི་བསམ་པར། །མི་དགེ་ལས་སྒྲུབ་སྐྱེ་བོ་རྣམས། །སྐྱེ་བ་མཐོ་ཡང་དགོངས་པ་དམའ། །དམའ་བས་ཞེ་ཆོད་གཤིན་རྗེས་འཕྱ། །མི་རྟག་སྒྱུ་མ་མི་བསམ་པར། །གཟུང་འཛིན་ཆགས་ཞེན་བུད་མེད་རྣམས། །སྐྱེ་བ་དམའ་ལ་བསམ་པ་དམའ། །དམའ་བས་ཞེ་ཆོད་ཡོངས་ཀྱིས་འཕྱ། །གཉིས་མེད་མཐའ་བྲལ་མི་ཤེས་པར། །ཕྱོགས་རིས་ལོག་ལྟ་རཱུ་ཏྲས་སྨོད། །སྐྱེ་བ་མཐོ་ཡང་ཤེས་པ་དམའ། །དམའ་བས་ཞེ་ཆོད་མཁས་པས་འཕྱ། །ཡོན་ཏན་ཕུང་པོ་མངོན་འགྱུར་ལ། །སྐྱོན་གྱི་ཕུང་པོས་འགྲན་སེམས་སྨྲ། །སྐྱེ་བ་མཐོ་ཡང་ཤེས་པ་དམའ། །དམའ་བས་ཞེ་ཆོད་ཆོས་པས་འཕྱ། །བློ་དམན་རྨོངས་ཚིག་བཟང་ངན་ཡང་། །གཉིས་འཛིན་བྲལ་བའི་དོན་ཤེས་པས། །ཕྱི་ནང་ཕོ་མོ་བཟང་ངན་དང་། །མཐོ་དམན་སྤང་བླང་ཕྱོགས་རིས་བྲལ། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །མཐོ་དམན་མེད་པའི་དོན་ལྡན་པས། །མཐོན་པོ་ནང་གི་མཐོན་པོ་ཡིན་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་སྐྱེ་བ་དམའ་ལ་དགོངས་པ་མཐོ་ན་ཡང་དག་པ་ཅི་འདྲ་ཞིག་ཡིན་ཞུས་པས།
ཡང་ཌཱ་ཀི་མས། རྣམ་རྟོག་རང་སར་གྲོལ་བ་ཡི། །ཡང་དག་སངས་རྒྱས་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །འགྱུར་བ་མེད་པའི་དགོངས་པ་མཐོ། །སེམས་ཅན་ཞི་བདེའི་ལམ་ལ་འཛུད། །ཡང་དག་དམ་ཆོས་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །འགག་པ་མེད་པའི་དགོངས་པ་མཐོ། །བྱར་མེད་བློ་དང་བྲལ་བ་ཡི། །ཡང་དག་དགེ་འདུན་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །འཁྲུལ་པ་མེད་པའི་དགོངས་པ་མཐོ། །དོན་ལྡན་སྐྱེས་དམན་ཐ་མལ་ལུས། །ཡང་དག་སྤྲུལ་སྐུ་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །ཡོན་ཏན་ཚང་བའི་དགོངས་པ་མཐོ། །བློ་ལ་གང་ཕན་བཤད་ཤེས་པའི། །ཡང་དག་གདམས་ངག་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །འཕྲིན་ལས་ཐབས་མཁས་དགོངས་པ་མཐོ། །རྩོལ་མེད་འགྲོ་དོན་བྱེད་པ་ཡི། །ཡང་དག་ཐུགས་རྗེ་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །སྟོབས་ཤུགས་ཆེ་བས་དགོངས་པ་མཐོ། །འགྲོ་དོན་བྱས་ཀྱང་སྐྱོན་མེད་པའི། །ཡང་དག་འཕགས་པ་ཡིན་པའི་ཕྱིར། །སྐྱེ་བ་དམན་ཡང་དགོངས་པ་མཐོ། །ཆེན་པོར་གྱུར་པའི་དགོངས་པ་མཐོ། །སྐུ་གདུང་ཤ་ཁྲག་ཕུང་པོ་དེ། །ཡང་དག་ལྷ་གང་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །སྐུ་གསུམ་མངོན་གྱུར་དགོངས་པ་མཐོ། །བྷན་དྷ་ལྷ་ཡི་དཀྱིལ་འཁོར་དེ། །ཡང་དག་གཙུག་ལག་ཡིན་པའི་ཕྱིར། །སྐྱེ་བ་དམའ་ཡང་དགོངས་པ་མཐོ། །དང་བ་འདྲེན་པའི་དགོངས་པ་མཐོ་གསུངས། །ཡང་རིན་ཆེན་དཔལ་གྱིས། །ཁྱོད་ཟླ་བ་གཅིག་པ་ནས་ལྔ་པའི་བར་དུ་མངོན་ཤེས་མང་པོ་བྱས་པའི་དོན་ཅི་ཡིན་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། སྤྱིར་ལུང་པའི་དར་ཆོས་ཀྱི་བསྟན་པ་ཡང་མེད། ད་སྔ་རྟེན་བྱོན་པའི་མི་ནི་མེད། སྒོས་ང་ནག་མོ་མི་ཞེ་ཆོད་དྲག་པས་ཆོས་ལ་གཞལ་བ་དྲན་ཡང་མ་དྲན། ངའི་ཡོན་ཏན་ཆ་རེ་མཐོང་ཡང་ཡུལ་མི་ཀུན་རཱུ་ཏྲ་ཅན་དུ་སོང་བས་ལོག་ཚིག་མང་དུ་སྨྲ་བའི་ཐེ་ཚོམ་པར་གྱུར། སངས་རྒྱས་ཀྱི་མཛད་པ་ཟབ་མོ་ནི་མ་ཐོས། ཐུན་མོང་རང་རྒྱུད་པ་རྣམས་ཀྱིས་ཐེ་ཚོམ་ཟ་བར་འབྱུང་བས། དེ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་བསལ་ནས་ཆོས་ཀྱི་སྒྲོན་མ་མི་ནུབ་པར་བྱ་བ་དང་། བདག་གཞན་ཀུན་ཡིད་ཆེས་པར་བྱ་བའི་ཕྱིར་སྔ་ཕྱིར་མངོན་ཤེས་བཤད་པའོ་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་དང་པོ་ན་བ་ཡིན་ཟེར་ནས་མ་ཤིའི་བར་དུ་མགུར་མ་འགའ་ཡང་བླངས་བ་དེ། དོན་ཅི་ལ་བླངས་བ་ཡིན་ཞུས་པས།
ཡང་ཌཱ་ཀི་མའི་ཞལ་ནས། རྒྱལ་བའི་ཐུགས་བཅུད་ལོན་པ་ཡི། །གང་ཟག་སྐྱེས་བུ་མཆོག་ལྡན་དེ། །ཐམས་ཅད་མ་བསྒྲིབས་ཐུགས་ལ་ས་ལེ་གསལ། །སངས་རྒྱས་ཐམས་ཅད་མཚན་ཉིད་གཅིག །གཅིག་པའི་ངང་ནས་དབྱེ་བ་མེད། །ཐེ་ཚོམ་ཉིད་དང་བྲལ་བའོ། །མགུར་གྱི་དགོས་ཆེད་མི་འདུག་ཀྱང་། །བདེ་བ་ཐོབ་འདོད་སྐྱེས་བུ་དམ་པ་རྣམས། །ཉན་བཤད་སྒོམ་གསུམ་རིག་པས་རྒྱུད་སྦྱངས་ཏེ། །ལུས་ངག་ཡིད་དང་གསུམ་གྱི་སྒོ་ནས་ནི། །བསླབ་གསུམ་དག་ལ་རབ་ཏུ་གུས་པ་རྣམས། །ངེས་ཤེས་ཐོབ་ནས་རབ་ཏུ་དད་པའི་ཕྱིར། །མགུར་མ་ཡ་ཟུང་ཙམ་བླངས་པའོ། །ལོག་པའི་ལམ་དུ་མ་ཞུགས་ཤིང་། །ཆོས་ལ་འདུན་པ་ཐམས་ཅད་ཀྱིས། །སྨོན་པར་བྱེད་པའི་དོན་ཆེད་དུ། །སྒོམ་གཏམ་འགའ་ཡར་བྱས་པའོ་གསུངས། ཡང་རིན་ཆེན་དཔལ་གྱིས། ཁྱོད་འཆི་བ་ཡིན་ཟེར་ནས་ཆ་ཡོད་དང་བཅས་པ་བཞག་ནས་ཞིང་ཁམས་དང་བཅས་ཏེ་བར་སྣང་ལ་བཞུགས་པའི་དོན་ཅི་ཡིན་ཞུས་པས། ཌཱ་ཀི་མའི་ཞལ་ནས། དམུ་རྒོད་མུ་ཅོར་སྨྲ་བའི་ཧ་ཤང་རིགས། །མཐུ་སྟོབས་བཅོམ་པར་བྱས་ནས་འདུན་པའི་ཕྱིར། །མཁའ་ལ་བསྡད་ནས་དོན་གྱི་ཚིག་ཀྱང་སྨྲས། །གསུངས་པ་དང་།
ཡང་ཌཱ་ཀི་མས། ཐབས་ལ་མཁས་པ་ཡབ་མཆོག་ཉིད་ལ་བསྟོད་པ་ནི། རིན་ཆེན་དགོས་འདོད་ཐམས་ཅད་འབྱུང་བའི་གནས། །ཆེན་པོར་གྱུར་པའི་ཉོན་མོངས་རང་སར་གྲོལ། །དཔལ་འབྱོར་དོན་ལྡན་དཔའ་བོ་ཆེན་པོ་ཉིད། །རཏྣ་ཤྲཱིའི་སྐུ་ལ་ཕྱག་འཚལ་བསྟོད། །གསུངས་ནས་ཞིང་ཁམས་སུ་གཤེགས་ནས་ཐལ་བ་དང་། རིན་ཆེན་དཔལ་གྱིས་གསོལ་བ་བཏབ་པའི་ཚིག་ནི། སེམས་ཅན་ལུས་ལ་སངས་རྒྱས་ཐུགས་མངའ་བ། །འཁོར་བའི་ལས་སྤྱོད་ཉོན་མོངས་རང་སར་གྲོལ། །ཐུགས་རྗེ་ཐབས་སྟོབས་ཡོན་ཏན་དཔག་མེད་མངའ། །ཡེ་ཤེས་མཁའ་འགྲོ་ཁྱེད་ལ་གསོལ་བ་འདེབས། །མཁའ་མཉམ་དོན་མཛད་མཁའ་ལ་ཐོགས་པ་མེད། །རང་བྱུང་ཤུགས་ཀྱིས་མཁའ་ལ་རབ་ཏུ་འགྲོ། །རྫུ་འཕྲུལ་སྟོབས་ཀྱིས་སྣང་སྲིད་ཟིལ་གྱིས་གནོན། །ཡེ་ཤེས་མཁའ་འགྲོ་ཁྱེད་ལ་གསོལ་བ་འདེབས། །ཞེས་སོ། །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །སྐུ་ཡི་རྒྱལ་མཚན་ལྟ་བ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །གསུང་གི་བདུད་རྩི་བཏུང་བ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཐུགས་ཉིད་ཡེ་ཤེས་གསལ་བ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཡོན་ཏན་ལོ་འདབ་རྒྱས་པ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །འཕྲིན་ལས་ཐོགས་པ་མེད་པ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །བཞུགས་གནས་ཞིང་ཁམས་རྣམ་དག་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཨུ་རྒྱན་རིགས་ལྔའི་སངས་རྒྱས་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཡབ་ཉིད་འཁོར་ལོ་བདེ་མཆོག་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཐུགས་སྤྲུལ་བསོད་ནམས་དཔལ་འདྲེན་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ནང་འཁོར་རིགས་ལྔའི་མཁའ་འགྲོ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཉེ་འཁོར་དཔའ་བོ་དཔའ་མོ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཕྱི་འཁོར་ཆོས་སྐྱོང་སྲུང་མ་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །བཀའ་ཉན་སྒོ་མ་རྣམ་བཞི་དང་། །བདག་ཉིད་མི་འབྲལ་རྟག་ཏུ་འགྲོགས་པར་ཤོག །འབྲལ་མེད་རྒྱུན་དུ་འགྲོགས་པར་ཤོག །འདི་ཐོས་དགེ་བས་སེམས་ཅན་ཐམས་ཅད་ནི། །མཁའ་སྤྱོད་གནས་སུ་རྫོགས་སངས་རྒྱས་པར་ཤོག །སྟོང་ཉིད་ལྷུན་གྱིས་གྲུབ་པ་ཡི། །ཆོས་སྐུ་མཁའ་འགྲོའི་བཀྲ་ཤིས་ཤོག །འོད་གསལ་ལྷུན་གྱིས་གྲུབ་པ་ཡི། །ལོངས་སྐུ་མཁའ་འགྲོའི་བཀྲ་ཤིས་ཤོག །སྙིང་རྗེ་ལྷུན་གྱིས་གྲུབ་པ་ཡི། །སྤྲུལ་སྐུ་མཁའ་འགྲོའི་བཀྲ་ཤིས་ཤོག །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡི། །མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱིས་བཀྲ་ཤིས་ཤོག །ཡང་འབབ་རོམ་བླ་མ་ཀ་དྲུག་པ་ལ། རིན་ཆེན་དཔལ་རབ་བྱུང་བྱེད་དགོས་ཞུས་པའི་ཚེ།
བླ་མས་དབུ་མཛད་མི་མང་རྣམས་ཀྱིས་རབ་བྱུང་ཉན་མི་ཉན་དང་དགོས་མི་དགོས་གླེང་གླེང་འགའ་རེ་བྱས་ཏེ། རིན་ཆེན་དཔལ་རི་ཟུར་དུ་སོང་ནས་གསོལ་པ་བཏབ་པའི་ཚེ། ཌཱ་ཀི་མ་བྱོན་ཏེ་གནས་ལུགས་ཚུལ་མའི་གནད་ཤེས་ནས་ཉོན་མོངས་རང་གྲོལ་གྱི་གསོལ་འདེབས་ཀྱི་མགུར་འདི་གསུངས་སོ། །ན་མོ་གུ་རུ་རཏྣ་ཤྲཱི། གཏི་མུག་ཆེར་བསྐྱེད་གཏི་མུག་རང་སར་གྲོལ། །སྦས་པའི་རྣལ་འབྱོར་སྐུ་ལ་ཕྱག་འཚལ་བསྟོད། །འདོད་ཆགས་ཆེར་བསྐྱེད་འདོད་ཆགས་རང་སར་གྲོལ། །སྦས་པའི་རྣལ་འབྱོར་གསུང་ལ་ཕྱག་འཚལ་བསྟོད། །ཞེ་སྡང་ཆེར་བསྐྱེད་ཞེ་སྡང་རང་སར་གྲོལ། །སྦས་པའི་རྣལ་འབྱོར་ཐུགས་ལ་ཕྱག་འཚལ་བསྟོད། །ང་རྒྱལ་ཆེར་བསྐྱེད་ང་རྒྱལ་རང་སར་གྲོལ། །སྦས་པའི་རྣལ་འབྱོར་ཡོན་ཏན་ལ་ཕྱག་འཚལ་བསྟོད། །ཕྲག་དོག་ཆེར་བསྐྱེད་ཕྲག་དོག་རང་སར་གྲོལ། །སྦས་པའི་རྣལ་འབྱོར་འཕྲིན་ལས་ལ་ཕྱག་འཚལ་བསྟོད། །སྦས་པ་ཆེར་སྦས་ཉོན་མོངས་རང་སར་གྲོལ། །སྦས་པའི་རྣལ་འབྱོར་ཆེན་པོ་ཉིད་ལ་བསྟོད། །ཉོན་མོངས་རྩ་བ་ཞིག་པ་ལ། །ཚུལ་འཆོས་བཅོས་མ་བྱ་མི་རིགས། །འོན་ཀྱང་རྒྱལ་བའི་ལུང་དང་འགལ་མ་མཆིས། །ཁྱེད་ཀྱིས་རྔ་འདི་གབ་ཏུ་སྦོས། །ང་ཡི་སྨན་འདི་ཀུན་ལ་འགྱེད་པར་གྱིས། །གསུངས་ནས་ཕྱག་དང་སྐོར་བ་མང་དུ་བྱས་སོ། །གསང་སྔགས་བླ་མེད་དོན་ལ་ཕྱག་འཚལ་ལོ། །
སྟག་ལོ་ཟླ་བ་ལྔ་པའི་ཚེས་བཅོ་ལྔའི་ནུབ་མོ་རིན་ཆེན་དཔལ་གྱིས་ཉ་མཆོད་ཚོགས་ཤིག་བྱས་པའི་སར། ཌཱ་ཀི་མ་སྤྲུལ་སྐུའི་ཆས་སུ་བྱོན་ནས་ཁྱེད་ཀྱང་སྤྱང་སྤྱང་འདྲ་ལ་གླེན་པའི་ལུགས་སུ་འདུག །བྱི་བ་ལོ་ཟླ་བ་ལྔ་པའི་ཉི་ཤུ་དགུའི་ཉིན་པར་ངའི་མགོ་ལ་མཁའ་འགྲོའི་དཀྱིལ་འཁོར་ཡོད། ཐུགས་ཀར་ཕྱག་རྡོར་གྱི་དཀྱིལ་འཁོར་ཡོད། པདྨར་གསང་བ་ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ཡོད་བཟླས་ནས་ནན་ཏན་དུ་བསྒོས་ཀྱང་། ཐོད་པ་མིན་པ་ཡལ་བར་དོར་ནས་ཆོས་སྤང་གི་ལས་བསགས་པ་རུང་ངམ་གསུངས་པ་ལ། རིན་ཆེན་དཔལ་གྱིས། བདག་གིས་ཆོས་སྤངས་བྱས་པ་ཡང་མ་ཡིན་ཏེ། ལེ་ལོ་ཅན་དུ་གྱུར་ནས་བྲེལ་པ་གཞན་གྱིས་གཡེང་ནས་ཁ་རུ་གཏམ་ཡང་དོན་དུ་གཉེར་མ་འཕྲོད། ད་གང་དུ་ཡོད་པ་དེ་ང་ལ་བྱིན་དང་ཞབས་ཏོག་བྱེད་ཞུས་པས། ཌཱ་ཀི་མས་གསང་བ་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱིས་ཁྱེར་ནས་འདིར་མེད་གསུངས་པ་ལ། རིན་ཆེན་དཔལ་གྱིས། ཁྱོད་ཀྱིས་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་བཀའ་སྩོལ་ལ་བདག་ལ་བྱིན་ཅིག་ཞུས་པས། ཌཱ་ཀི་མས་ཁྱེད་རང་གསང་བའི་ལྷ་ཚོགས་སྤྱན་དྲོངས་དང་། གསང་བའི་མན་ངག་བསྟུན་པར་བྱ་གསུངས་པ་ལ།
རིན་ཆེན་དཔལ་གྱིས་གསང་བའི་ལྷ་ཚོགས་སྤྱན་འདྲེན་མཆོད་འབུལ་འདི་ལྟ་སྟེ། ཧྲིཿ གསང་སྔགས་མཛོད་འཛིན་གསང་བའི་དཀྱིལ་འཁོར་དུ། །གསང་བའི་བདག་མོ་གསང་སྔགས་ཡུམ་ཆེན་ལྔ། །གསང་སྔགས་གསང་བའི་འདོད་དོན་བསྒྲུབ་པའི་ཕྱིར། །གསང་བའི་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གསང་བའི་དཀྱིལ་འཁོར་བླ་ན་མེད་པའི་ཀློང་། །གསང་གནས་གསང་བ་ལྷའི་ཕོ་བྲང་ནས། །གསང་བའི་རྡོ་རྗེ་འབར་བའི་གདན་སྟེང་དུ། །མི་འགྱུར་གསང་བའི་གནས་འདིར་བཞུགས་སུ་གསོལ། །གསང་སྔགས་ཐབས་ལམ་ཐབས་ཤེས་གཉིས་མེད་པས། །རྡོ་རྗེ་པདྨ་གསང་བའི་སྣོད་མཆོག་ཏུ། །ཨ་ཛ་ལ་ལིའི་ཡི་བྱང་སེམས་གསང་མཆོད་འབུལ། །བསྟན་པའི་ཉིང་ཁུ་གསང་སྔགས་མཆོག་གྱུར་དེ། །སྐལ་མེད་བློ་དམན་རྣམས་ལ་གསང་བ་སྟེ། །གསང་སྔགས་མཛོད་འཛིན་རྣམས་ལ་མི་གསང་བར། །གསང་བའི་ལྷ་ལྔས་བདག་ལ་བསྩལ་དུ་གསོལ་ཞེས་ཞུས་པས། གསང་བ་ཤེས་རབ་ཡེ་ཤེས་མཁའ་འགྲོ་མས། །བདག་ཉིད་ཨུ་རྒྱན་གསང་བའི་ཞིང་ཁམས་སུ། །གཙོ་མོ་གསང་བ་མཆོག་གི་ཐུགས་དམ་དེ། །ཁྱེད་ལ་ཇི་ལྟར་གསང་བར་མི་རིགས་ཏེ། །ཆ་ཤས་མི་གསང་ཁྱད་པར་དུས་ལ་འབུལ། །གསང་བ་ཆོས་འབྱུང་དཀྱིལ་འཁོར་ཟུར་ནང་དུ། །བདུད་རྩི་བཞིའི་གསང་བའི་དངོས་གྲུབ་དེ། །སྐལ་མེད་རྣམས་ལ་གསང་ཞིང་གབ་པར་གྱིས། །སྐལ་ལྡན་གསང་བས་དངོས་གྲུབ་མཆོག་འཐོབ་འགྱུར། །ཞེས་གསུངས་ནས་སྐུ་འཁོར་དང་བཅས་པ་འོད་དང་འོད་ཟེར་གྱིས་མཁའ་ལ་བྱོན་ནས་ཐལ་བ་རྨིས།
དེ་ནས་ཟླ་བ་དེ་ཡི་གནམ་གང་གི་ཉིན་པར་དོན་གཉེར་ལ་སོང་བའི་ལམ་དུ་སྔར་བསོད་ནམས་དཔལ་འདྲེན་འདས་པའི་སར་འཇའ་ཚོན་སྣ་ལྔའི་ལྷའི་སྐུ་གཟུགས་མི་བོང་རིང་ཙམ་ལྔ་ཁྲ་ཤིག་ཤིག་འདུག་པ་མཐོང་ནས་ཡུན་རིང་ཞིག་བལྟས་པ་དང་ལམ་དུ་སོང་བའི་ཚེ། ཆུ་ཕ་རི་ནས་ཕོ་རོག་གཅིག་བྱུང་ནས་སྔོན་དུ་བབ་སྟེ། གྲེ་བ་ནང་དུ་གྲོག་སྐད་མང་པོ་བྱེད་ཅིང་འཇའ་ཚོན་ཅན་དུ་འཕུར་ནས་ཐལ། ཡང་ཚུར་བྱུང་ནས་འགྱུར་སྐད་མང་པོ་བསྒྲགས་ཤིང་། ཕར་འཕུར་ཚུར་འཕུར་མང་པོ་བྱེད་བདོ་བ་དང་། སྔོན་གྱི་རྨི་ལམ་དྲན་པས་འཇའ་དང་ཕོ་རོག་གཉིས་ལ་བརྟག་པ་བཞག་སྟེ། འཇའ་ཚོན་ལ་བལྟས་ཕོ་རོག་གི་རྗེས་སུ་སོང་བས། རྒྱང་ངེ་བར་ཕྱིན་པ་དང་ཕར་བལྟས་ཙ། ཀར་ཙེ་རེ་རེ་བ་ཞིག་སྣང་བས་ཕོ་རོག་དེས་མཆུས་ཕར་སྒྱུར་ཚུར་སྒྱུར་བྱེད་ཅིང་འདུག་པའི་རྩར་ཕྱིན་ནས་བལྟས་པས་བསོད་ནམས་དཔལ་འདྲེན་གྱི་གདུང་རུས་ཆོས་འབྱུང་རེད་པ་མཐོང་ནས་ལེགས་པར་བལྟས་པས་གསང་བ་ཡེ་ཤེས་མཁའ་འགྲོ་མའི་སྐུ་གཉིས་བཞུགས་པ་རིག་ནས་བསྟོད་པ་ནི། ཨུ་རྒྱན་གནས་ནས་གསང་བའི་མཁའ་འགྲོ་མ། །ཡ་ངའི་གནས་སུ་རྫུ་འཕྲུལ་སྟོབས་ཀྱིས་བྱོན། །ཆོས་འབྱུང་འོད་གསལ་སྒྲིབ་གཡོགས་མེད་པ་རུ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་འོད་སྐུར་བྱོན། །གཙོ་མོ་གསང་བའི་ཐུགས་དམ་སུམ་ཆ་གཅིག །གསང་བ་ལྷ་མོ་ལྔ་ཡི་བདག་ལ་གནང་། །ད་ལྟ་ཆོས་སྐྱོང་མགོན་པོས་གདན་དྲངས་ནས། །བདག་ལ་ཐུགས་དམ་རྟེན་དུ་ཕུལ་བ་འདི། །མི་འབྲལ་འབྲལ་བ་མེད་པར་རྒྱུན་དུ་ནི། །བདག་སོགས་འགྲོ་རྣམས་སྐྱོབ་ཕྱིར་བརྟན་པར་བཞུགས། །བདག་དང་མོས་པའི་བུ་རྣམས་བྱིན་གྱིས་རློབས། །ཞེས་རྟེན་ལ་ཕྱག་འཚལ་བའོ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ཡི། །རྣལ་འབྱོར་པ་རྣམས་སྐྱོང་བ་སྟེ། །མ་རིག་སེམས་ཅན་ཀུན་གྱི་མགོན་གྱུར་པས། །ཡེ་ཤེས་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །
ཅེས་ཆོས་སྐྱོང་ལ་བསྟོད་ནས་རྟེན་ཁྱིམ་དུ་གདན་དྲངས་པའོ། །སྦྲ་ནང་དུ་ཕྱིན་པ་དང་ནུབ་ཕྱོགས་ནས་འཇའ་ཚོན་རྒྱང་རིང་ལ་བཀྲག་མདངས་ཆེ་བ་ཞིག་སྦྲའི་གོང་དུ་ཟུག་ནས་བྱ་རྒོད་ཐང་དཀར་གཅིག་གོང་དུ་བབས་ནས་འདུག་པ་ལ། དེ་ལ་བྱ་རོག་བྱ་རྒོད་བརྒྱ་ཕྲག་ཙམ་བྱུང་ནས་སྐོར་བ་མང་དུ་བྱས། དེ་ནས་འཇའ་ཚོན་རྒྱུད་ལ་མུན་རུབ་ཙམ་དུ་ནུབ་ཕྱོགས་སུ་ཐལ་བ་རྣམས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས། །གསང་རྟེན་ཐུགས་དམ་བསྐྱལ་ནས་ནི། །ཞིང་དུ་གཤེགས་པ་ཁོ་བོས་མཐོང་། །
དེ་ནས་རིགས་ལྔ་མཁའ་འགྲོས་འདི་སྐད་གསུངས། །ཐུགས་དམ་གསང་བའི་རྟེན་མཆོག་འདི། །མཐོང་ཐོས་དྲན་རེག་གང་ཡིན་པ། །དམྱལ་བ་པ་ཡི་སེམས་ཅན་ཡང་། །བདེ་འགྲོར་འགྲོ་བ་གདོན་མི་ཟ། །བདུད་རྩི་བཞིའི་དངོས་གྲུབ་གང་ཐོབ་པ། །ཨུ་རྒྱན་གནས་སུ་བྱང་ཆུབ་འཐོབ་གསུངས། ཡང་རྟ་ཟླ་བའི་ཚེས་ལྔའི་ཉིན་པར་རིན་ཆེན་དཔལ་ཡར་སོང་བའི་ཚེ་སྔར་བསོད་ནམས་དཔལ་འདྲེན་འདས་པའི་ས་དེར། འཇའ་ཚོན་སྣ་ལྔ་ལས་གྲུབ་པའི་མཁའ་འགྲོ་མའི་སྐུ་ཞིག་མཐོང་ནས་སྤྲོ་དགའ་བའི་ཡིད་ཀྱིས་སྐུ་གསུམ་གྱི་སྒོ་ནས་གསོལ་བ་བཏབ་པ་ནི། སྔོན་ཚེ་གདོད་ནས་སངས་རྒྱས་ཡིན་མོད་ཀྱང་། །སྦས་པའི་ཐབས་ཀྱིས་བུད་མེད་གཟུགས་སྤྲུལ་ནས། །མཐོ་དམན་མེད་པར་འགྲོ་བའི་དོན་རྣམས་མཛད། །མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །མྱ་ངན་འདས་ཀྱང་འཁོར་བའི་ས་ལ་གཟིགས། །འཇའ་ཚོན་ལུས་ལ་འོད་ཀྱི་རྒྱན་གྱིས་སྤྲས། །མཛེས་པའི་འཁོར་གྱིས་སྙན་པའི་ཆོས་སྒྲ་སྒྲོགས། །མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །སྣང་ལ་དངོས་མེད་སྤྲོས་པའི་མཐའ་དང་བྲལ། །འཁོར་འདས་དབྱེར་མེད་ལྷུན་གྱིས་གྲུབ་གྱུར་པས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་རྣམས་འབྱེད། །མ་གཉིས་མེད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །སྐུ་གསུམ་རྣམ་དག་ཡེ་ཤེས་མཁའ་འགྲོ་མ། །དད་གུས་ལྡན་པའི་རྣལ་འབྱོར་བདག་ཅག་གི །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་པ་དང་། །ཁམས་གསུམ་སེམས་ཅན་ཐུགས་རྗེས་བཟུང་དུ་གསོལ། །ཞེས་གསོལ་བ་བཏབ་ནས་མཁའ་འགྲོས་ཞབས་གཏད་པའི་ས་དེར་བལྟས་པས་ཆོས་འབྱུང་སྔོན་པོ་བཾ་ཡིག་དཀར་པོས་མཚན་པ་ཞིག་སྣང་བ་ལ་དགའ་བའི་ཚིག་གིས་བསྟོད་པ། བཾཿཡུམ་ཆེན་ཀློང་ཡངས་ས་བོན་ལ། །བག་ཆགས་དག་པའི་མཁའ་འགྲོ་མས། །བར་དོའི་སེམས་ཅན་སྐྱོབ་པའི་ཕྱིར། །རྡོ་ལ་ཡི་གེ་བཾཿཞིག་སྤྲུལ། །བར་ཆད་མེད་པར་བདག་དང་མཇལ། །འབྲལ་བ་མེད་པར་ཐུགས་རྗེས་ཟུང་། །ཞེས་གསོལ་བ་བཏབ་ནས་ཡི་གེ་གདན་དྲངས་པའོ། །ཡང་འབྲུག་ལོ་ཟླ་བ་ལྔ་པའི་ཉི་མ་དགོང་ཁ་ཞིག་རིན་ཆེན་དཔལ་ཡར་སོང་བའི་ཚེ། བསོད་ནམས་དཔལ་འདྲེན་འདས་པའི་ས་དེར་ཕྱི་འཇའ་ཚོན་སྣ་ཚོགས་མེ་རིའི་ཚུལ་དུ་ཡོད་པ། ནང་སྔགས་ཀྱི་འཁོར་ལོ་ཉི་མའི་འོད་ལྟར་གསལ་བ། ཁ་དོག་དུ་མ་དང་ལྡན་པའི་དབུས་སུ་རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་མདོག་སེར་ལ་འོད་ཟེར་འབར་བ། ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན་པ། ཤེས་རབ་དག་པའི་ཐུགས་ལ་འཇའ་ཚོན་མཛེས་པའི་སྐུར་བསྟན་པ་རུ་ངོ་ཤེས་ནས་འདས་ས་དེར་སོང་བས་རྡོ་ལག་མཐིལ་ཙམ་ཞིག་ལ་སྐུ་དང་ཡི་གེ་མང་དུ་བྱོན་པ་ཞིག་རྙེད་ནས་དད་པའི་སེམས་ཀྱིས་བསྟོད་པ་ནི། འཇའ་ཚོན་སྣ་ཚོགས་མེ་རི་འབར་བའི་དབུས། །སྔགས་ཀྱི་འཁོར་ལོ་འོད་ཟེར་རབ་ཏུ་འཕྲོ། །ཐབས་ཤེས་གཉིས་མེད་སྐུ་གཉིས་གཅིག་ཏུ་གསལ། །གཉིས་མེད་ཡུམ་ཆེན་སྐུ་ལ་གསོལ་བ་འདེབས། །སྣ་ཚོགས་ཐབས་ཀྱིས་སྣ་ཚོགས་རྫུ་འཕྲུལ་སྟོན། །ལས་སྦྱོང་དུ་མས་ལས་ངན་སེམས་ཅན་འདྲེན། །བདེ་སྟེར་ཡུམ་ཆེན་སྐུ་ལ་གསོལ་བ་འདེབས། །ལྷ་རུ་སྤྲུལ་ནས་ལྷ་རྣམས་གཏན་བདེ་བསྒྲུབས། །མི་རུ་སྤྲུལ་ནས་སེམས་ཅན་བདེ་ལ་འགོད། །གཤིན་རྗེར་སྤྲུལ་ནས་ངན་འགྲོ་ཐར་པར་འདྲེན། །ཡུམ་ཆེན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཞེས་གསོལ་བ་བཏབ་ནས་རྡོ་ལ་ཚིལ་དང་དྲ་དྲི་འགོས་པ་རྣམས་ལ་རྟེན་བྱོན་པ་གདན་དྲངས་པའོ། །
ཡང་རིན་ཆེན་དཔལ་དཔོན་སློབ་རྣམས་ལྷོ་སྨད་དུ་རྟེན་ཞལ་སྟོན་པ་ལ་སོང་བའི་ཚེ། རལ་སྟོད་བྱ་བ་རུ་ཕྱིན་ནས་མི་ཕོ་མོ་མང་པོ་འདུས་ནས་བྱུང་བ་ལ་རྟེན་ཞལ་བསྟན་ནས་ཆོས་ལུང་ཀུན་ཚར་ནས་སོ་སོར་གྱེས་ཏེ་ཞག་གཅིག་གི་བར་ཞབས་ཏོག་འབུལ་བ་གང་ཡང་མ་བྱུང་། ཕྱིར་ཉིན་ཡང་དེ་དང་འདྲ་བར་བྱུང་བས་ཞག་གཉིས་སུ་ཟན་མ་རྙེད་དེ། རིན་ཆེན་དཔལ་གྱིས་ཆོས་ལུང་མང་པོ་བྱས་པའི་ཚེ། གྲྭ་པ་རྣམས་ཀྱིས་འདིར་ཉི་མ་ཨེ་ཕུལ་མ་བྱེད། རྟེན་ཞལ་ཆོས་ལུང་ཅི་བྱས་ཀྱང་མི་བཟའ་རྟ་རིན་རེ་ཡང་མི་འོང་བདོ་བས་འདི་ཕྱིན་གྱི་མི་སྡེ་རྣམས་ཀྱང་འདི་དང་འདྲ་བས་སྐྱུར་ལ་བླ་མ་འདུལ་བ་སེང་གེ་མ་སླེབ་བར་དུ་འགྲོ་དགོས་བྱས་ནས་གྲོས་བྱས་པའི་སར། རིན་ཆེན་དཔལ་གྱིས་འདི་ཕྱིན་ལ་རྟེན་ཞལ་ཆོས་ལུང་བྱེད་དགོས་བྱས་ཏེ། གྲྭ་པ་རྣམས་ཁ་ལ་མ་ཉན་ནས་ཀུན་གྱིས་རྟ་བརྒྱུགས་བྱས་ནས་མི་སྡེ་རྣམས་བསྐྱུར་ནས་ཐལ་བས་མ་འགྲོ་བྱས་ཀྱང་ཁ་ལ་མ་ཉན་ནས་བརྒྱུགས་ཤིང་། མི་རྣམས་ཀྱིས་རྗེས་སུ་དེད་ཅིང་སྨྲེ་སྔགས་སྣ་ཚོགས་བྱས། དེ་ནས་ཕྱིར་སོང་བའི་ལམ་དུ་གྲོང་པ་ཞིག་གི་རྩར་བསྡད་པས་མི་རྟའི་བཟའ་མ་རྙེད་པའི་ཚེ།
གྲྭ་པ་ལ་ལས་འབུལ་བ་མ་བྱུང་ཟེར། ལ་ལས་རྟ་བཟའ་མ་བྱུང་ཟེར་ཞིང་བྱས་པའི་སར། རིན་ཆེན་དཔལ་གྱིས་ཐག་རིང་ནས་བྱུང་བ་འདི་རྣམས་ལ་འབུལ་བ་མི་དགོས་ཁོ་རང་རྣམས་ཀྱི་བཟའ་རེ་ཡང་མ་བཟུང་ནས་བྱུང་བས་མི་རེ་སྟེ། ཁོང་གཞི་པ་འདི་རྣམས་ཀྱིས་ཡིན་ན་ཡུ་བུ་བོས་ནི་བོས་རྟེན་ཞལ་དང་ཆོས་ལུང་ནི་ལེགས་པར་བྱས། ཁོང་རྣམས་ཀྱི་རྟ་བཟའ་རེ་ཙམ་བྱིན་ན་འཐད་པ་ཙམ་ཡིན་ཏེ། ཅི་མ་བྱུང་ཡང་ཁྲོ་དོན་མེད། ཡུ་བུ་ལ་དྲིན་ཆེན་དང་ལན་རིང་གང་ཡང་མེད་པས་མ་ཁྲོ་ཚིག་ངན་མ་ཟློ་ལ་གཉུག་སྲིང་ལ་རྟེན་ཞལ་སྟོན་བྱས་ཀྱང་ཁ་ལ་མ་ཉན་ནས་སོང་། ཕྱིར་ནུབ་ནམ་སྲོད་འཁོར་ཙམ་དུ་ཕྱིན་པ་དང་།
རིན་ཆེན་དཔལ་གྱིས་རྨི་ལམ་དུ་མཁའ་འགྲོ་མས་ཁྱེད་རྣམས་ཀྱིས་གཞན་ཕན་བློས་བཏང་བར་སྣང་། མོས་པར་བྱེད་པ་རྣམས་སུན་ཕྱུང་སྟེ་གཞན་ལ་ཕན་ཐོགས་བྱེད་པར་འདུག་ཙ། ད་རྟེན་དེ་མཁའ་སྤྱོད་དུ་འཁྱེར་བ་ཡིན་གསུངས་པ་ལ། རིན་ཆེན་དཔལ་གྱིས་མཁའ་སྤྱོད་དུ་འཁྱེར་ན་ཡང་ཁྱེར། ང་ལ་ནི་འདྲ་ཞུས་པས། ཡང་ཌཱ་ཀི་མས་འོ་ན་བཅག་ནས་འཇོག་བེན་གསུངས་པ་ལ། དེ་ན་ཡུད་མེད་འཕང་ཡང་འཕང་བསམ་པས་དེ་ང་ལན་པ་མིན། ངས་ནི་ཆོས་ལུང་ཡང་དག་པ་བྱས། ཁོང་རྣམས་ལ་རྟེན་ཞལ་ཡང་དག་པ་སྟོན་བཟླས་ཀྱང་ཁ་ལ་མ་ཉན་ནས་མི་རྣམས་རྗེས་སུ་བྱུང་བས་སྡོད་བྱས་ཀྱང་མ་ཉན་ང་ལན་པ་མིན་ཞུས་པས།
ཌཱ་ཀི་མས་ཁྱེད་ཨེ་ལན་ངས་ཤེས། ཕྱི་རྒྱབ་ནས་བྱུང་བའི་མི་རྣམས་ལ་འབུལ་བ་ཞབས་ཏོག་མི་རེ་སྟེ། གཞི་པའི་མི་རྣམས་ཀྱི་མི་རྟའི་བཟའ་རེ་ཙམ་ནི་འཐད་པ་ཡིན་ཏེ་མ་བྱུང་ཟེར་བའི་ཚེ། ཁོང་རྣམས་ཀྱིས་དངོང་དཔེ་གཞན་དུ་དངོས་འདོད་ཐུ་ཐུ་བྱས་ནས་བསྐུར་བ་ཡིན་གསུངས་པ་དང་། རིན་ཆེན་དཔལ་གྱིས། དེ་བདེན་བསམ་ནས་གནོང་ལ་ཕོག་སྟེ། ད་ཡར་འགྲོ་ནས་མི་སྡེ་བསྐྱུར་བསྐྱུར་དེ་རྣམས་ལ་རྟེན་ཞལ་ཆོས་ལུང་ཚོགས་འཁོར་ཁོ་རང་རྣམས་ཀྱིས་ཅི་ཟེར་བསྒྲུབས་ནས་དགའ་བར་བྱེད། ངས་བདག་གི་འདོད་པ་ལ་ཕྱོགས་ནས་ཞེན་ཅིང་། གཞན་ཕན་གྱི་སེམས་བསྐྱེད་ཆ་ཕྲ་བའི་ཉེས་པ་ཅི་མཆིས་པ་རྣམས་མཐོལ་ལོ་བཤགས་བཟླས་ཀྱང་ཞེ་སྡང་ནས་སད། དཔེ་གཅིག་ཏུ་སྐྲག་ནས་གཉིད་སད། བླ་མ་རག་ཤི་ལ་ཞུས་པས་བླ་མས་འོ་ན་ངེད་རང་ཡང་ཇི་ལྟར་བྱས་པ་བཞིན་མི་རྣམས་གང་འདོད་སྒྲུབ་པ་དང་། ངེད་རང་ཡང་ཚོགས་བསྐང་བཤགས་བྱེད་དགོས་པར་འདུག་གསུངས།
དེ་ནས་ཐེ་ཚོམ་ཟོས་པས་ནམ་ལང་ལ་ཁད་རྟེན་ལ་བལྟས་པས་གཞུང་གི་ཐོད་པའི་སྲུབ་ཕྱེ། འགྲམ་སྐྱོར་གཉིས་མཐོ་དམན་ཙམ་དུ་ཕྱེ། མདུན་ངོས་ཀྱི་རིང་བསྲེལ་ཆེ་བ་གཅིག་མི་སྣང་། དེ་ནས་སྐྲག་པས་ཚོགས་བསྐང་མང་དུ་བྱས་ཤིང་། མི་སྡེའི་ཅན་དུ་ཡར་སོང་ཞིང་མི་རྣམས་ཅི་དགའ་བྱས་པས་དད་པ་དང་ཞེ་ས་ལྷག་པར་ཆེ་བར་བྱས།
དེ་ནས་བླ་མ་འདུལ་བ་སེང་གེའི་རྩར་ཕྱིན་པས་ཚོགས་འཁོར་བྱས་ཤིང་སྨོན་ལམ་བཏབ་སྟེ་བཤགས་པ་འདི་ལྟར་བྱས་སོ། །ཧཱུཾ་དུས་གསུམ་མ་བསྒྲིབས་མཁྱེན་པའི་ཐུགས་རྗེ་ཅན། །བླ་མ་ཡི་དམ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ། །
སྡོམ་གསུམ་རྒྱལ་བའི་བཀའ་ལ་འདས་གྱུར་པ། །རྩ་རྒྱུད་བླ་མ་རྣམས་ལ་མཐོལ་ལོ་བཤགས། །སྒོམ་པ་ཡུན་ཐུང་བསྙེན་སྒྲུབ་ཚད་མ་རྫོགས། །ཡི་དམ་ལྷ་དང་འགལ་བ་མཐོལ་ལོ་བཤགས། །བརྟེན་རྫས་མ་ཚང་གསང་བའི་དམ་ཚིག་སྤེལ། །མཁའ་འགྲོ་ཆོས་སྐྱོང་མ་དགྱེས་མཐོལ་ལོ་བཤགས། །ཆོས་སྐུ་ཡེ་ནས་སྤྲོས་དང་བྲལ་བ་ལ། །གཟུང་འཛིན་སོ་སོར་ཕྱེས་པ་མཐོལ་ལོ་བཤགས། །ལོངས་སྐུ་སྣང་ལ་དངོས་མེད་ཡི་དམ་ལ། །ཐེར་ཟུག་དངོས་པོར་བཟུང་བ་མཐོལ་ལོ་བཤགས། །སྤྲུལ་སྐུ་སྣ་ཚོགས་འགྲོ་བ་འདུལ་བ་ལ། །ཐེ་ཚོམ་ཡིད་གཉིས་ཟོས་པ་མཐོལ་ལོ་བཤགས། །གསང་སྔགས་དོན་ནི་གསང་བ་ཡིན་པ་ལ། །སྣོད་མིན་རྣམས་ལ་བསྒྲགས་པ་མཐོལ་ལོ་བཤགས། །རྩ་བ་ཡན་ལག་དམ་ཚིག་སྲུང་མཚམས་ལ། །ཆག་ཉམས་ཞིག་རལ་ཅི་མཆིས་མཐོལ་ལོ་བཤགས། །བདག་གི་ལུས་ངག་ཡིད་གསུམ་སྒོ་ནས་ནི། །མི་དགེ་བཅུ་བསགས་ལས་སྒྲིབ་མཐོལ་ལོ་བཤགས། །མ་རིག་ལས་ངན་སེམས་ཅན་ཐམས་ཅད་ལ། །སྙིང་རྗེས་ལྷུར་ལེན་མ་ནུས་མཐོལ་ལོ་བཤགས། །ཧྲིཿཆོས་དབྱིངས་དོན་རྟོགས་ཞི་དལ་ངང་ཚུལ་ཅན། །བསོད་ནམས་དཔལ་འདྲེན་གསན་ཅིང་དགོངས་སུ་གསོལ། །གསོན་ཚེ་སྦས་ཐབས་འཛིན་མེད་སྤྱོད་པ་མཛད། །དེ་ལ་བརྙས་ཤིང་སྨད་པ་མཐོལ་ལོ་བཤགས། །འདའ་ཁར་ཞལ་ཆེམས་མངོན་ཤེས་མཛད་པ་ལ། །ཐེ་ཚོམ་ལེ་ལོས་བཀའ་བཅག་མཐོལ་ལོ་བཤགས། །གཤེགས་ནས་སྤྲུལ་སྐུའི་དམ་ཚིག་ངེས་དོན་བསྟན། །སྐལ་མེད་ཁྲོམ་དུ་བསྒྲགས་པ་མཐོལ་ལོ་བཤགས། །བློ་ཆུང་རྨོངས་པས་མན་ངག་གོ་རིམ་འཛོལ། །བཀའ་ལ་རིས་ཆོད་གྱུར་ན་མཐོལ་ལོ་བཤགས། །དུས་ཀྱི་མཆོད་པ་ཡོལ་ཞིང་ལོ་ཟླར་འདས། །འབད་རྩོལ་ཆུང་བའི་ཉེས་སྐྱོན་མཐོལ་ལོ་བཤགས། །ད་ལྟ་ཚོགས་དང་མཆོད་པའི་ཡོ་བྱད་ཞན། །རྒྱུ་ཆུང་ཕུད་ཉམས་ཉེས་སྐྱོན་མཐོལ་ལོ་བཤགས། །མཁའ་འགྲོའི་ཐུགས་བཅུད་མན་ངག་ལུང་སྟོན་ལ། །དེ་ལ་དྲེག་སྐྱེས་ཁེངས་པ་མཐོལ་ལོ་བཤགས། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱིས། །སེམས་བསྐྱེད་དག་པས་འགྲོ་དོན་བཀའ་བསྒོས་ནས། །འདོད་པའི་དབང་གིས་དེ་ལྟར་མ་གྱུར་ནས། །སྐུ་གསུང་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །དག་ཅིང་བྱང་ངོ་ཉམས་ཆག་སྡིག་སྒྲིབ་རྣམས། །མཐོལ་བཤགས་ཕུལ་བས་ཚངས་པའི་དངོས་གྲུབ་སྩོལ། །བདེ་བའི་འབྲས་བུ་མྱུར་དུ་སྨིན་པར་མཛོད། །
ཅེས་བཤགས་པར་གསོལ་ནས་སོང་བས་ཐོད་སྲུབ་རྣམས་སོ་སོར་འབྲེལ་ནས་འདུག །རིང་བསྲེལ་དེ་མ་བྱུང་སྟེ། ཕྱིས་དབྱར་ཁ་རུ་ཕྱིན་ནས་བསོད་ནམས་དཔལ་འདྲེན་འདས་མལ་དུ་ཚོགས་མཆོད་བསྐང་བཤགས་བསང་དང་སྨོན་ལམ་བཏབ་པས་རིང་བསྲེལ་ཡང་མལ་དུ་བྱོན། དེ་ཕྱིན་ནས་འབུལ་བ་ཞབས་ཏོག་ཆེར་མ་བྱུང་ཡང་གྲྭ་པ་རྣམས་དང་ཐམས་ཅད་སྐྲག་ནས་རྟེན་ཞལ་ལ་གྱོང་ཁེངས་ཆེར་མི་བྱེད་པ་བྱུང་། རིན་ཆེན་དཔལ་ཡང་ངེས་ཤེས་སྐྱེས་ནས་གསོལ་བ་བཏབ་པ་ནི། ཐམས་ཅད་མཁྱེན་པས་ཐམས་ཅད་གཟིགས། །མངོན་ཤེས་ཅན་ལ་གསོལ་བ་འདེབས། །ཤེས་རབ་གསལ་བས་ཤེས་བྱ་མཁྱེན། །རྨོངས་པ་མེད་ལ་གསོལ་བ་འདེབས། །གནས་ལུགས་མཁྱེན་པས་ཡིན་ལུགས་སྟོན། །དམ་ཆོས་སྟོན་ལ་གསོལ་བ་འདེབས། །ཐབས་ལ་མཁས་པས་ཐབས་ལམ་སྟོན། །ལམ་སྣ་འདྲེན་ལ་གསོལ་བ་འདེབས། །བྱམས་ལ་གནས་པས་སྙིང་རྗེ་ཅན། །འགྲོ་དོན་མཛད་ལ་གསོལ་བ་འདེབས། །གཟུང་འཛིན་བྲལ་བས་འདོད་པ་ཟད། །ཕྱོགས་རིས་མེད་ལ་གསོལ་བ་འདེབས། །བདག་ཕྱོགས་བྲལ་ནས་གཞན་དོན་བསྒྲུབས། །བརྩེ་གདུང་ཅན་ལ་གསོལ་བ་འདེབས། །ཡེ་ཤེས་གསལ་བས་མི་ཤེས་བསླབས། །སློབ་དཔོན་མཛད་ལ་གསོལ་བ་འདེབས། །གཉེན་པོ་མེད་པས་ཁྲིམས་གཏམ་བྱེད། །དབང་ཆེན་མ་ལ་གསོལ་བ་འདེབས། །བར་ཆད་བགེགས་དཔུང་ཐབས་ཀྱིས་བཟློགས། །མཐུ་རྩལ་ཅན་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་ཡ་ངའི་སྟེང་མོ་ཆེར་སྦྱར་བའོ། །ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་བྱ་བ་དེ་མྱ་ངན་འདས་སོ་ཕྱིན་ཆད་དུ།
རིན་ཆེན་དཔལ་གྱིས་སྟག་གི་ལོའི་སྟོད་སྨད་དུ་ཚོགས་དང་མཆོད་པ་གསོལ་བ་བཏབ་པའི་མཐུས། འདུན་པ་ཇི་ལྟར་བསམ་བཞིན་མཁའ་འགྲོས་སྐུར་བསྟན་ནས་ཞུས་ལན་གསལ་བའི་ལྡེ་མིག་ཅུང་ཟད་རྒྱས་པ་འདི། སྙན་རྒྱུད་ལགས་ཏེ་ཡི་གེ་རིས་སུ་བྲིས། །བྲིས་པའི་མཁན་པོ་ཆོས་ལ་རབ་འདུན་པའི། །དགེ་བཤེས་དཔལ་ལྡན་སེང་གེ་དེ་ཡིས་གཟབ། །འདི་བྲིས་དགེ་བས་སེམས་ཅན་ཐམས་ཅད་ནི། །མཁའ་སྤྱོད་གནས་སུ་རྫོགས་སངས་རྒྱས་པར་ཤོག །དེ་ཡང་རྟ་ལོ་ཟླ་བ་ལྔ་པའི་ནང་དུ་དགེ་བཤེས་དཔལ་ལྡན་སེང་གེ་བྱ་བས་ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་རྣམ་ཐར་མན་ངག་གཞུང་དུ་ཡོད་པ་རྣམས་ཅུང་ཟད་བསྡུས་ནས་སྣང་བས། ངེད་བློ་དམན་རྣམས་ཀྱིས་གོ་དཀའ་བར་གདའ་བས་དེ་ལས་ལྷག་པར་རྒྱས་པ་ཞིག་གསུངས་དགོས་ཟེར་ནས་ཡང་ཡང་བསྐུལ་བས། རིན་ཆེན་དཔལ་གྱིས་བསོད་ནམས་དཔལ་འདྲེན་ཡུམ་གྱི་ལྷུམས་སུ་ཞུགས་ཚུན་ནས་ཞེ་ལྔའི་བར་སྦས་པའི་ཚུལ་གྱིས་ཐབས་ལ་མཁས་པས་འགྲོ་དོན་མཛད་ཚུལ་དང་། རྩལ་དང་རྫུ་འཕྲུལ་བྱམས་དང་སྙིང་རྗེས་སྦྱིན་ལ་གནས་ཤིང་འཛིན་མེད་སྤྱོད་པ་མཛད་ཐབས་དང་། འདའ་ཁ་ཞལ་ཆེམས་མངོན་ཤེས་བཤད་ཚུལ་དང་། ཆོས་ཀྱི་སྒྲ་དབྱངས་གསུང་ལུགས་དང་། རྟེན་དང་འཇའ་ཚོན་མེ་ཏོག་ཆར་སོགས་ཡོན་ཏན་བསྟན་ཚུལ་དང་། མཁའ་སྤྱོད་བགྲོད་ཚུལ་ཞལ་གདམས་ཞུས་ལན་རྣམས་ཅུང་ཟད་རྒྱས་པར་བཤད་པ་ནི། ཤཱཀྱའི་དགེ་བཤེས་ཤཱཀྱ་རིན་ཆེན་གྱིས། །འགྲོ་བའི་དོན་དུ་ཚུལ་བཞིན་བཤད་པའོ། །དགེ་དེས་འགྲོ་བ་དམན་རྣམས་ཀྱིས། །མཐོང་ཐོས་དྲན་རེག་གང་ལྡན་ཀུན། །ཨུ་རྒྱན་གནས་སུ་སངས་རྒྱས་ཐོབ་པར་ཤོག །རང་བཞིན་རྣམ་དག་ཆོས་ཀྱི་སྐུ། །ཆོས་སྐུ་མཁའ་འགྲོའི་བཀྲ་ཤིས་ཤོག །ཏིང་འཛིན་རྣམ་དག་ལོངས་སྤྱོད་རྫོགས། །ལོངས་སྐུ་མཁའ་འགྲོའི་བཀྲ་ཤིས་ཤོག །སྤྱོད་ལམ་རྣམ་དག་སྤྲུལ་པའི་སྐུ། །སྤྲུལ་སྐུ་མཁའ་འགྲོའི་བཀྲ་ཤིས་ཤོག །གདོད་ནས་རྣམ་དག་ལྷུན་གྱིས་གྲུབ། །རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག །ཞེ་སྡང་རྣམ་དག་དམ་ཆོས་མཛད། །རྡོ་རྗེ་མཁའ་འགྲོའི་བཀྲ་ཤིས་ཤོག །དཔེ་གཞན་དུ། གཏི་མུག་རྣམ་དག་ཆོས་དབྱིངས་ངང་། །སངས་རྒྱས་མཁའ་འགྲོའི་བཀྲ་ཤིས་ཤོག །ང་རྒྱལ་རྣམ་དག་དགོས་འདོད་འབྱུང་། །རིན་ཆེན་མཁའ་འགྲོའི་བཀྲ་ཤིས་ཤོག །འདོད་ཆགས་རྣམ་དག་བདེ་བ་མཆོག །པདྨ་མཁའ་འགྲོའི་བཀྲ་ཤིས་ཤོག །ཕྲག་དོག་རྣམ་དག་དོན་ཀུན་འགྲུབ། །ལས་ཀྱི་མཁའ་འགྲོའི་བཀྲ་ཤིས་ཤོག །དུག་ལྔ་རྣམ་དག་ཡེ་ཤེས་རྫོགས། །མཁའ་འགྲོ་བསོད་ནམས་དཔལ་འདྲེན་བཀྲ་ཤིས་ཤོག །སྟོང་ཉིད་ངེས་པའི་དོན་དང་ལྡན། །དཔའ་བོ་མཁའ་འགྲོའི་བཀྲ་ཤིས་ཤོག །རྩ་རླུང་བདེ་བ་མངོན་དུ་གྱུར། །དཔའ་མོ་མཁའ་འགྲོའི་བཀྲ་ཤིས་ཤོག །ཡོན་ཏན་སྣ་ཚོགས་ཀུན་འབྱུང་བས། །སྣ་ཚོགས་མཁའ་འགྲོའི་བཀྲ་ཤིས་ཤོག །དངོས་གྲུབ་མང་པོ་བདེ་སྟེར་བས། །འཇིག་རྟེན་མཁའ་འགྲོའི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་པ་སྲུང་མཛད་པས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག