← Search

མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།

ཡབ་མཆོག་ལྡན་རྡོ་རྗེ། རིག་འཛིན་རྣམ་སྣང་རྡོ་རྗེ། ཀུན་བཟང་འོད་གསལ་སྙིང་པོ། རྒྱལ་མཚན་གངས་རྒྱས་རིག་འཛིན། རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། གྲྭ་ཐུབ་བསྟན་རྣམ་རྒྱལ། དགེ་སློང་བསྟན་པ་རྒྱ་མཚོ། སྣ་ཚོགས་རང་གྲོལ། ཁྱུང་པོ་རུས་པ། མཁན་པདྨ་རྡོ་རྗེ།

གངས་ཅན་རིག་པ་འཛིན་མ་དག་གི་རྣམ་ཐར་བཞུགས།

ས་སྐྱའི་གདུང་རབས་རྗེ་བཙུན་རྟ་མགྲིན་དབང་མོའི་ལོ་རྒྱུས། མཛད་པ་པོ་མི་གསལ།

༄༅། །ས་སྐྱའི་གདུང་རབས་རྗེ་བཙུན་རྟ་མགྲིན་དབང་མོའི་ལོ་རྒྱུས་བཞུགས་སོ། །

དེ་ཡང་ཡབ་རྗེ་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་བཙུན་མོ་ཡོངས་གྲགས་ཀྱི་གཉིས་པ་བསམ་ལྟེ་མ་ཡུམ་མཆོག་ཉི་ཟླ་དབང་མོར་གྲགས་པ་ལས་རིགས་སྲས་གདུང་སྲས་ཟུང་དང་རྗེ་བཙུན་མ་སྐུ་མཆེད་གསུམ་བཅས་ལྕམ་སྲིང་ལྔ་ཙམ་འཁྲུངས་པ་ལས། གཅེན་མོ་སྐུ་བགྲེས་པ་ནི་བདག་གི་སྐྱབས་གཅིག་རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་རྟ་མགྲིན་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མ་དེ་ཉིད་ནི། མེ་སྤྲེལ་ལོར་སྐུ་བལྟམས་པ། གཞོན་ནུ་ནས་གཅེན་པོ་རྡོ་རྗེ་རིན་ཆེན་དང་ལྷན་དུ་གུས་པའི་དཔོན་སློབ་ཡོངས་འཛིན་མ་ཏིས་མུ་ཏྲ་དེ་ཉིད་གནས་ཀྱི་སློབ་དཔོན་དུ་བསྐོ་བཞག་སྩལ་བར་བསྟེན་གནང་གིས་ཀློག་འདོན་ཆོས་སྤྱོད་རྣམས་རྗེ་བཙུན་མ་ཡིན་ཡང་སྐུ་གདུང་དང་འདྲ་བར་སྦྱོང་བརྡར་གནང་བ་དང་།

གཞན་ཡང་ཀུན་རིག་ནཱ་རོ་མཁའ་སྤྱོད་དགེས་རྡོར་ཕུར་པ་སོགས་ཀྱི་མངོན་དཀྱིལ་དང་ཕུར་ཆུང་གཏོར་བསྔོ་ཆེན་མོ་བསྐང་བ་འགོས་ལུགས་སྟོད་སྙིང་ཕུར་བཟློག་སོགས་མང་བ་རྣམས་ཀྱི་ཆོ་ག་ཕྱག་ལེན་དབྱངས་རོལ་སོགས་ཚང་མ་ཐུགས་སུ་ཆུད་པར་མཛད་ཅིང་། བར་སྐབས་རྣམས་སུ་ཡབ་རྗེ་སྐུ་མཆེད་ཟུང་དང་ངག་དབང་ཀུན་དགའ་རྒྱལ་མཚན་སོགས་ལས་ཕུར་དབང་བདེ་མཆོག་ནག་པོ་ལུགས་མཁའ་སྤྱོད་མའི་ཆོས་སྐོར་མང་དུ་གསན་ཅིང་། འདྲེན་མཆོག་རྡོ་རྗེ་རིན་ཆེན་ལས་ལམ་འབྲས་ཚོགས་བཤད་འཇིགས་བྱེད་མགོན་པོའི་ཆོས་སྐོར་རྣམས་དབང་རྗེས་གནང་ལུང་ཁྲིད་བཅས་ཆ་ཚང་བ་དང་། སྒྲུབ་ཐབས་བརྒྱ་རྒྱམ་དང་རྗེས་གནང་ཟུར་བཀའི་རིགས་རྣམས་སྒྲུབ་ལུང་བཅས་ཕལ་ཆེར་བུམ་པ་གང་བྱོར་གསན་འདུག་པ་དང་། གཤེད་དམར་ལྷ་བཅུ་གསུམ་སོགས་དང་རྡོ་རྗེ་ཕྲེང་བ་ཞལ་གྱི་ཆོས་སྐོར། དམར་པོ་སྐོར་གསུམ་བེ་བུམ། ས་སྐྱ་བཀའ་འབུམ་སོགས་བཀའ་འབུམ་རིགས་ཙམ་མ་གཏོགས་གཞན་རྡོ་རྗེ་རིན་ཆེན་གྱི་གསན་སྐོར་ཕལ་ཆེར་བཞུགས་ཤིང་། ཨེ་ཝཾ་ཆོས་ལྡན་ཕན་ཁང་མཁན་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་པའི་བློ་གྲོས་ལས། གསུང་ངག་རིན་པོ་ཆེའི་སློབ་བཤད་རྫོགས་པར་གསན་པ་དང་། སྤྱི་བཀའ་རྡོ་རྗེ་ཕྲེང་བའི་དབང་ཆེན་ཞེ་ལྔ། འཇམ་མགོན་མཁྱེན་བརྩེ་དབང་པོ་ལས་སེང་གདོང་ཉེར་ལྔའི་དབང་ལུང་། དཔོན་སློབ་ངག་དབང་རིན་ཆེན་ལས་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཚང་མ། ས་དབང་བླ་མས་མཛད་པའི་དེ་སྐོར་གྱི་དཔེ་ལུང་སོགས་མང་དུ་གསན་ཅིང་། ཡི་དམ་ཀྱེེ་རྡོ་རྗེ་དང་། ན་རོ་མཁའ་སྤྱོད། རྡོ་རྗེ་ཕུར་པ། གུར་མགོན། ལྷ་མོ་རིག་བྱེད་མ། ཕྱག་རྡོར། འབྱུང་འདུལ་རྣམས་ཀྱི་བསྙེན་པ་བཅུ་ཆའི་སྦྱིན་སྲེག་བཅས་མཐར་ཕྱིན་པ་མཛད་ཅིང་དབང་ལུང་འཆད་སྤེལ་སོགས་ནི་མཐོ་དམན་དྲག་ཞན་ཆེ་ཕྲ་ཚང་མས་ཞུས་ཀྱང་ཉིད་ཀྱིས་མ་གསན་ན་མ་གཏོགས་མི་ཡོང་གསུང་སྲོལ་མེད་པས། ཀུན་གྱིས་ཆུ་འཆུ་བ་ལྟར་བླང་ཆོག་པར་མཛད་ཅིང་། དེ་ལྟ་བུས་ཐུགས་བྲེལ་མེད་ཚེ་ཕྱག་དཔེ་ཁོ་ན་གཟིགས་རྟོག་གིས་གཙོ་བོར་བཀའ་འགྱུར་ཡོངས་རྫོགས་ཐེངས་གཉིས་ཙམ་ཀློག་འདོན་མཛད་ཅིང་། དེ་སྐབས་འདུལ་བའི་ལུགས་སོགས་ཀྱི་བདག་ཅག་གི་སྟོན་པའི་སྐྱེས་རབས་རྣམ་ཐར་ངོ་མཚར་གཟིགས་པའི་ཚེ་སྤྱན་ཆབ་ཁོ་ན་མཛད་ཅིང་། གཞན་ཡང་གདུང་རབས་ཆེན་མོ་སྔགས་འཆང་ཆེན་པོའི་རྣམ་ཐར་ངོ་མཚར་རྒྱ་མཚོ་ལ་སོགས་དམ་པ་གོང་མའི་མཛད་སྤྱོད་ངོ་མཚར་ཅན་དག་གཟིགས་པ་ན་སྤྱན་ཆབ་གསུང་བགྲོས་ཀྱང་མི་ཐོན་སྐད་མཛད་པ་འདི་དག་ནི། ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་བརླན་པས་བཅོས་མིན་གྱི་དད་པ་དང་ངེས་འབྱུང་གཏིང་ནས་གཡོ་བའི་རྟགས་གཞན་ལས་རྨད་དུ་བྱུང་བ་སྟེ། སྔོན་གྱི་དུས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་ཞལ་བཞུགས་དུས།

དགེ་བཤེས་སྟོན་པའི་དྲུང་དུ་སྐུ་མཆེད་གསུམ་དང་ཁམས་ལུང་པའི་སློབ་མ་ཡིན་པའི་བཙུན་པ་ཞིག་མཇལ་དུ་བྱུང་བ་ལ། སྟོན་པས་པོ་ཏོ་བ་ཁོས་ཅི་མཛད་ཀྱིན་འདུག་གསུངས་པས་ཁོང་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ཆོས་གསུངས་ཀྱིན་གདའ་ཞུས་པས་འོ་ངོ་མཚར་ཆེ་དེ་ཡང་གཅིག་ཡིན་གསུངས། དགེ་བཤེས་ཕུ་ཆུང་པ་ཁོས་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་རང་གཞན་གྱི་ཡོ་བྱད་མང་པོས་རྟེན་གསུམ་འབའ་ཞིག་བཞེངས་ཤིང་གདའ་ཞུས་པས། སྔར་བཞིན་གསུངས། དགོན་པ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་སྒོམ་འབའ་ཞིག་མཛད་ཀྱིན་གདའ་ཞུས་པས་སྔར་བཞིན་གསུངས།

ཁམས་པ་ལུང་པ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོས་ས་གྲོག་ཁ་རེ་རུ་བཞུགས། དབུ་བཏུམ་སྟེ་བཤུམ་པ་འབའ་ཞིག་མཛད་ཅིང་གདའ་ཞུས་པས་སྟོན་པས་དབུ་ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར། སྤྱན་ཆབ་མང་པོ་ཕྱུང་ནས་ཤིན་ཏུ་ངོ་མཚར་ཆེ་ཆོས་བྱ་བ་དེ་ཁོང་གིས་བྱས་པ་ཡིན། འདིའི་ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ་ད་ལྟ་བཤད་ན་ཁོང་མི་མཉེས་པ་འདུག་གསུངས་པའི་ལོ་རྒྱུས་དེང་སང་གི་དུས་ཚོད་མིག་ལ་ཐལ་བ་ལྟ་བུ་ཤོར་ན་མ་གཏོགས་དད་དང་ངེས་འབྱུང་གིས་མཆི་མ་འབྱིན་པ་ནི་སྲིད་པ་ཙམ་ན་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་དུ་ཤེས་པར་བྱའོ། །དེང་དུས་ཀྱི་བླ་སྤྲུལ་ཕལ་ཆེ་བས་མི་མཁྱེན་ཀྱང་མཁྱེན་པའི་ཚུལ་དང་མ་གྲུབ་ཀྱང་གྲུབ་པའི་ཚུལ། མངོན་ཤེས་མེད་ཀྱང་ཡོད་ཚུལ་སོགས་མཛད་པར་ཀུན་གྱི་ཕྱག་ལེན་དུ་ཤར་མར་སྡེབས་པ་དེ་ལྟར་ལགས་ཀྱང་བདག་གི་བླ་མ་དེ་ཉིད་ནི་གོང་མ་རྣམས་ལས་ལྡོག་སྟེ་ཅི་ཡང་མི་མཁྱེན་པའི་ཚུལ་ཁོ་ན་སྟོན་པར་མཛད་དེ། གོ་དོན་སོགས་ཀྱི་ཆ་འགའ་ཞིག་ལ་བཀའ་འདྲི་ཞུས་ཀྱང་ཚུལ་འདྲི་བ་སྐད་མཛད་པ་དང་ངེད་ལ་མངོན་ཤེས་མེད་ཅེས་རྒྱུན་བར་བཀའ་སྩལ་ཞིང་ནན་ཏན་ཞུས་ན་ཤོ་མོ་གཟའ་བདུན་འཁོར་སྤར་མོ་སོགས་མཛད་དེ་གང་བབས་གསལ་བར་གསུངས་པར་ཐོས་ཤིང་ཡང་སྙིང་གང་གསུངས་ཐམས་ཅད་ཐོག་ཏུ་འབབས་ཡོང་ཞིང་།

དབང་རྗེས་གནང་ཁྲིད་ལ་སོགས་མང་པོ་སྔོན་གྱི་དཔེ་རྙིང་འཆིངས་མདོར་བསྡུས་ཙམ་ཡར་ལེན་མར་ལེན་མང་དུ་དགོས་པ་རྣམས་ཀྱང་ཆད་ལྷག་མེད་པར་ཐོགས་མེད་དུ་གསུངས་པ་ལས་ཐེ་ཚོམ་ཅུང་ཟད་ཀྱང་མི་མངའ་ཞིང་། ལྗགས་ལུང་གནང་སྐབས་ཧ་ཅང་མྱུར་ཆེས་པས་ཚིག་མི་གསལ་བ་དང་དལ་ཆེ་བས་མི་ལྷོགས་པ་ལྟ་བུ་མ་ཡིན་པ། ཚིག་སྒྲ་དག་ཅིང་གསལ་བ་རིང་ཐུང་གཅོད་མཚམས་རྣམས་བར་འབྱེད་ཅིང་། སྐབས་རེ་ཆོས་ཞུ་བ་རྣམས་ལ་གཟིགས་ཤིང་བཞད་མོ་མཛད་བཞིན་དུ་ཐལ་ལེ་གསུངས་པས། པོ་ཏི་གཅིག་ཙམ་ཚགས་མེད་པ་སྲིབ་ཙམ་ལ་གནང་གྲུབ་ཡོང་བ་སོགས་ངེས་དོན་གྱི་རྗེ་བཙུན་མ་འདི་ལྟ་བུ་ནི། ཁོ་བོས་ཀྱང་དབུས་གཙང་ཁམས་གསུམ་གང་དུ་སྔར་ཕན་མཐོང་མ་མྱོང་ཞིང་། དབང་ཆེན་རྣམས་དང་རྗེས་གནང་བྱིན་རླབས་སོགས་གང་མཛད་ཀྱང་སླ་ཆོས་གཏན་ནས་མི་མཛད་པར་འགོའི་མཆོད་བཤམས་སོགས་ནས་བཟུང་མཇུག་ཆོག་བར་ལ་གཞུང་ནས་བཤད་པ་བཞིན་ནན་ཆེར་མཛད་དེ། དབང་ཆེན་སོགས་ལ་བཞེངས་ཏེ་སྔོན་གྱི་ཕྱག་ལེན་བཞིན་དབང་རྫས་འགྲིམས་པ་ཕྱག་རྒྱ་སོགས་གང་ཡིན་ཡང་གཅིག་བསྡུས་ལྟ་བུ་མ་ཡིན་པར་སློབ་མ་རེ་རེའི་མདུན་དུ་གནང་བ་སོགས་རྗེ་བཙུན་འདི་ལྟ་བུ་ནི་དོན་དམ་པར་རྡོ་རྗེ་བདག་མེད་མ་དང་། རྒྱལ་ཡུམ་རྡོ་རྗེ་ཕག་མོ་སོགས་ཀྱི་ངོ་བོར་བཞུགས་པས་ཐ་དད་མ་མཆིས་ཀྱང་། བདག་སོགས་ཚུར་མཐོང་གདུལ་བྱའི་སྣང་ངོར་མཐོང་ཚུལ་རགས་ཙམ་དང་སྔོན་དུ་ཡབ་རྗེ་གྲུབ་པའི་དབང་ཕྱུག་པདྨ་བདུད་འདུལ་དབང་ཕྱུག་ནས་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་སྤྲུལ་པ་གཅིག་ཏུ་བསྡུས་པ་ཡིན་པས་བསྟན་འགྲོ་ལ་ཕན་བདེ་འབྱུང་བར་ལུང་བསྟན་པ་ལྟར།

ཐུབ་བསྟན་ལྷ་ཆེན་མཁན་རབས་སོ་བཞི་པ་བྱམས་པ་བཀྲ་ཤིས་ཆོས་འཕེལ། འཛིང་ཕུ་མཁན་པོ་ཀུན་དགའ་བསྟན་པའི་བློ་གྲོས་རྣམས་ལས་སྡོམ་གསུམ་རིམ་གསན་གྱིས་རྒྱུན་དུ་ཡང་ལམ་འདུས། ལམ་ཟབ་འབི་སྲུང་མཁའ་སྤྱོད་མ་རྣམས་ཀྱི་ཉམས་ལེན་དཔལ་ས་སྐྱའི་ཐུགས་དམ་ཆག་མེད་བཞིར་གྲགས་པ་རྣམས་ཀྱིས་མཚོན་ཚེ་སྒྲུབ་རིགས་སོགས་ཉམས་བཞེས་ཆག་མེད་དུ་མཛད་པ་དང་། བརྒྱད། བཅུ་བཞི། ཉེར་གསུམ། ཉེར་དགུ་སོགས་ལ་བསྟན་སྲུང་རྒྱ་མཚོར་བསྐང་འཕྲིན་སོགས་ཆག་མེད་མཛད་པ་མཐོང་ཞིང་། སྔ་ཕྱིར་ལམ་འབྲས་ཚོགས་བཤད་ལན་མང་བ་བདག་སོགས་ལ་ལམ་འབྲས་སློབ་བཤད་ཡོངས་རྫོགས་ལན་གཉིས། སྤྱི་བཀའ་རྡོ་རྗེ་ཕྲེང་བའི་དབང་ལན་གསུམ་ཙམ་མཁའ་སྤྱོད་སྐོར་གསུམ་དང་། ལྷག་པར་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་ལུང་བཅས་ཤིན་ཏུ་མང་བ་གཞན་ཡང་བདེ་མཆོག་ལུ་ནག་དྲིལ་གསུམ། འཇིགས་བྱེད་རོ་ལངས་བརྒྱད་སྐོར་དང་ལྷ་བཅུ་གསུམ་མ། གཤེད་དམར་ལྷ་ལྔ། ར་ཁྲིད་མཁའ་འགྲོ་སྙན་བརྒྱུད། ར་སྤོད་རྣམས་ཀྱི་ལུང་དང་། ཀྱེེ་རྡོར་བཀའ་བབས་བཞི། མགོན་པོའི་དབང་ཆེན་ལྔ། གདུགས་དཀར་ཉེར་བདུན་མ། མི་འཁྲུགས་ལྷ་དགུ། སྦྱོང་དཀྱིལ་བཅུ་གཉིས་སོགས་དབང་ཆེན་རིགས་ཤིན་ཏུ་མང་བ། ཤངས་ཆོས་ནི་གུ་ཆོས་དྲུག་གི་དབང་ཁྲིད་བྱིན་རླབས་སྤོད་ལུང་སོགས། གུར་ཞལ་དམག་ཟོར་མ་སོགས་བསྟན་སྲུང་། རྣམ་སྲས་རིགས་ཅན་བཅོ་ལྔ་སོགས་ནོར་ལྷའི་རིགས་བཅས་ཀྱི་བཀའ་གཏད་རྗེས་གནང་སོགས་གྲངས་ཀྱིས་མི་ལང་བ་སྩོལ་བར་མཛད་པའི་སློབ་མ་ནི། དབུས་གཙང་ཁམས་གསུམ་ན་བླ་མ་གྲྭ་པ་ཁྱིམ་བདག་རང་ག་བ་སོགས་བསམ་ལས་འདས་ཤིང་། གདན་ས་འདི་ཉིད་དུ་ནི་བདག་ཁྲི་ཀུན་བསོད་སྐུ་མཆེད་ཡུམ་རྗེ་བཙུན་མ་བཅས་དང་། ཡབ་རྡོ་རྗེ་འཆང་སྐུ་མཆེད་ཡུམ་རྗེ་བཙུན་རྣམས་དང་།

བདག་ཁྲི་འཇམ་དབྱངས་སྐུ་མཆེད་རྗེ་བཙུན་རྣམས་དང་བཅས་ཆོས་སྡེ་ཟུང་གི་མཁན་ཐོག་བཀྲ་ཤིས་ཆོས་འཕེལ་མན་གྱི་མཁན་ཐོག་དང་། དཔོན་སློབ་སོགས་གྲྭ་བགྲེས་ཕལ་ཆེ་བ་ཉམས་ལེན་སོགས་ཀྱིས་དབེན་ཀྱང་རྗེ་ཉིད་ལ་དད་གུས་ཀྱིས་གསོལ་འདེབས་ལ་བརྩོན་པ་བདག་ལྟ་བུས་མཐའ་རྟེན་པའི་སློབ་མ་དང་ཡང་སློབ་ཀྱིས་ས་སྟེང་ཕལ་ཆེར་དུ་ཁྱབ་པ་འདི་རྣམས་སོ། །

དེ་ལྟའི་རྗེ་བཙུན་དམ་པ་བདག་ཅག་རྣམས་ཀྱི་རྨོལ་དྲུང་དེ་ཉིད་དགུང་གྲངས་དྲུག་ཅུ་རེ་གཅིག་ཏུ་ཕེབས་པ་མེ་སྤྲེལ་ཆུ་སྟོད་ཟླ་བའི་ཚེས་ཉེར་གཅིག་ལ་འཕེལ་རྒྱས་བླ་བྲང་དུ་དགའ་ལྡན་ལྷ་ཡུལ་དུ་སླེབས་སོང་གསུངས་པ་སོགས་དག་སྣང་དུ་མའི་ངང་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན། དགོངས་རྫོགས་ཞབས་འཇུག་རྣམས་ནི་ཕུན་བདེ་དང་འཕགས་བདག་ཕུན་ཕོ་བཅས་ནས་བསྒྲུབས། སྐུ་སྤུར་དང་སྤུ་རུས་ཕེབས་བསུ་སྐྱེལ་སོགས་ལ་མཆོད་ཕྲེང་སོགས་གདུང་རྒྱུད་བཞིན་མཛད་ཅིང་། ཞལ་བཞུགས་དུས་ཀྱང་རྗེ་བཙུན་གཞན་པར་སྔར་སྲོལ་མེད་ཀྱང་། འདི་ཉིད་གདུང་རྒྱུད་རྣམས་ཀྱི་དབུ་བླར་གྱུར་པ་སོགས་ལ་དགོངས་ཏེ་གདུགས་དང་རྒྱ་གླིང་སོགས་སྐུ་གདུང་དང་འདྲ་བ་བསྣམས་ཆོག་པར་མཛད་དོ། །

ནང་རྟེན་ནཱ་རོ་མཁའ་སྤྱོད་མའི་དངུལ་སྐུ་ད་ལྟ་ལྷ་ཆེན་ཨོ་རྒྱན་ལྷ་ཁང་དུ་བཞུགས་པ་འདིའོ། །ཡུམ་ཉི་ཟླ་དབང་མོའི་སྲས་གཉིས་པ་རྗེ་བཙུན་སྐལ་བཟང་བསྟན་འཛིན་དབང་མོ་ནི། བཀྲས་བརྩེགས་བླ་བྲང་དུ་བཞུགས་ཤིང་གདུང་རྒྱུད་གཅུང་པོ་ཕྱོགས་ཀྱི་གླང་པོའི་གདུང་རྟེན་བཞེངས་པར་མདོ་སྨད་གླང་ནག་དགོན་དུ་ཕེབས་པར་མཛད་པ་དེ་ཉིད་ཡིན་ནོ།། །།

རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཡུམ་ཆེན་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་རྣམ་ཐར། མཛད་པ་པོ་མི་གསལ།

༄༅། །རྗེ་བཙུན་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཡུམ་ཆེན་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་རྣམ་ཐར་བཞུགས་སོ། །

ནམསྶྭ་ཡཾ་བྷཱུ་ས་ཧ་ཛཱ་མཱ་ཏྲེ། ལྷ་དབང་རིག་འཛིན་གྲུབ་པའི་བསྟོད་དབྱངས་ཀྱིས། །ལེགས་མཆོད་བསྐྱེད་བྱ་སྐྱེད་བྱེད་བྲལ་བ་ཅན། །སྲིད་ཞི་མཉམ་ཉིད་དབྱིངས་སུ་སྒྲོལ་མཛད་པའི། །ལྷན་ཅིག་སྐྱེས་མ་ཌཱཀྐིའི་གཙོ་མོར་འདུད། །ཆོས་དབྱིངས་སྤྲོས་བྲལ་མཁའ་ལ་རང་རིག་པའི། །ཡེ་ཤེས་འགྲོ་བ་རྣམ་ཀུན་མཆོག་ལྡན་གྱིས། །རྒྱལ་བ་སྲས་བཅས་བསྐྱེད་ཅིང་བཞེད་པའི་དོན། །སྒྲུབ་མཛད་རྒྱལ་ཡུམ་ཤེལ་དཀར་རྡོ་རྗེ་མཚོ། །ཞིང་འདིར་མི་མོའི་སྒྱུ་འཕྲུལ་ཟློས་གར་གྱིས། །རྣམ་པར་རོལ་པའི་སྐུར་བསྟན་མཛད་པའི་རབས། །བསྐལ་བཟང་རྣ་བའི་རྒྱན་གྱུར་ཨུཏྤ་ལའི། །ཆུན་པོ་ཡི་གེའི་སྲད་བུར་དེ་རིང་བརྒྱུ། །

དེ་ཡང་འདི་ལྟར་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསང་བ་མཆོག་གི་མཛོད་འཛིན་པ། སྤངས་པ་དང་ཡེ་ཤེས་ཕུལ་དུ་དབྱུང་དུ་མེད་པ་ས་བཅུ་གཉིས་པའི་དབང་ཕྱུག་དཔལ་ལག་ན་རྡོ་རྗེ་འཆང་ཆེན་པོ་ཉིད། གང་འདུལ་གྱི་ངོར་ཡེ་ཤེས་ཀྱི་སྐུའི་རྣམ་རོལ་འགོག་མེད་དུ་འཆར་བ་ལས་ཁྱད་པར་ཞིང་འདིར་སྙིགས་མ་ལྔ་བདོ་བའི་གདུལ་བྱ་དམུ་རྒོད་མ་རུངས་པ་རྣམས་ཐབས་མཁས་ཐུགས་རྗེའི་སྒྱུ་ཐབས་ཀྱིས་བཏུལ་ཏེ། རྣམ་དག་ལེགས་པའི་ལམ་དང་། འབྲས་བུ་ལ་བདེ་བར་དཀྲི་བའི་ཕྱིར། འཇིག་རྟེན་རྣམ་པར་འདྲེན་པའི་དགེ་བའི་བཤེས་གཉེན་གྱི་ཚུལ་སྟོན་པ་ན། སྨོན་ལམ་དག་པའི་བྱང་ཆུབ་སེམས་མ་ལྷན་སྐྱེས་ཌཱཀི་ནཱི་ཉིད་རྣམ་པ་མི་མོའི་གཟུགས་སུ་བསྟན་ནས་རྒྱལ་བའི་བསྐྱེད་ཡུམ་དུ་གྱུར་ཏེ། དེ་ཡང་བུད་མེད་དམ་པའི་ཡོན་ཏན་མཛངས་ཤིང་དེས་པ། འཁོར་གཡོག་ཞོ་ཤས་སྐྱོང་བ་ལ་མཁས་པ། བླ་མ་དང་དཀོན་མཆོག་ལ་གཅིག་ཏུ་གུས་པ། མགོན་མེད་དབུལ་ཕོངས་རྣམས་ལ་བྱམས་ཤིང་བརྩེ་བ། དགེ་བའི་ལས་རླབས་པོ་ཆེ་སྒྲུབ་པ་ལ་སྤྲོ་ཞིང་ཞུམ་པ་མེད་པའི་སྙིང་སྟོབས་ཕུལ་དུ་བྱུང་བ་མངའ་བའི་མ་རིན་པོ་ཆེ་ལྷ་འཛིན་དབྱངས་ཅན་སྒྲོལ་མ་གང་གིས་འཇིག་རྟེན་མཐུན་འཇུག་དང་འཚམ་པའི་མཛད་པ་ཇི་ལྟར་སྤྱད་པའི་ཚུལ་མདོ་ཙམ་ཞིག་གླེང་ན། མ་རིན་པོ་ཆེ་དགེ་བའི་ཐུགས་མངའ་བ་དེའི་རིགས་ནི། བོད་ཆོས་རྒྱལ་གྱི་གདུང་བརྒྱུད་དྲི་མ་མེད་པ་མངའ་བདག་སྣ་མོ་བའི་རིགས་ལས། ཡབ་མཁས་དབང་དོན་གྲུབ་དབང་རྒྱལ་དང་།

དེའི་གཅུང་པོ་ནོར་བུ་དར་རྒྱས་མཆེད་ཀྱི་སྲས་མོར། ཆོ་འབྲང་མ་རྨས་པའི་ཡུམ་གཞུང་སེ་ལུང་རྫོང་གསར་པའི་ལྕམ་ལ། གཡོར་པོ་གྲྭའི་ཕུ་འཛད་ཀྱི་བར་ཚིགས་ཟླུམ་པོ་བཀྲ་ཤིས་མཐོང་སྨོན་གྱི་གཞི་ཁར་ཤིང་ཕོ་བྱི་བའི་ལོ་ལ་འཁྲུངས། མཚན་རྒྱུ་སྐར་གྱི་རྟེན་འབྲེལ་ལས། ལྷ་འཛིན་དབྱངས་ཅན་སྒྲོལ་མར་བཏགས། བཙས་སྟོན་དང་སྒོ་འཁྲིད་སྟོན་མོའང་ཡུལ་སྲོལ་ལྟར་རྒྱས་པར་མཛད། ཆུང་ངུ་ནས་རིགས་ཀྱི་ནུས་པ་སད་པའི་རྟགས་སུ། བཟོད་པ་དང་། བྱམས་སྙིང་རྗེ་སོགས་དགེ་བའི་ཐུགས་ཕུལ་དུ་བྱུང་བ་མངའ་བས་ཀུན་གྱི་ཡིད་དུ་འོང་བ་ཞིག་སྟེ། རང་གི་མེས་པོ་ཨ་བར་བསོད་བརྟན་ཞེས་པ་དེ་ཐུགས་རུ་ཤིན་ཏུ་ང་བས། ཡབ་སྐུ་མཆེད་ཀྱིས་ཡོན་ཏན་གྱི་ཚུགས་ཁ་མཛད་ཅིང་སོ་སོར་ཕྱག་ཕྱི་བསྟེན་པ་སོགས་ལ་ཟུར་ཟ་ལྟ་བུས། གཟིམས་སམ་དཔོན་བསམ་སྐྱིད། གཟིམས་སམ་དཔོན་ཨ་དགོས་ཞེས་བཀྱོན་པར་མཛད་པ་ཞིག་ཡིན་ཡང་། འདི་ལ་ཤིན་ཏུ་བརྩེ་བས་བུ་མོ་འདི་སྤྱང་རིག་འཛོམས་ལ་ངང་རྒྱུད་བཟང་བས་ཞང་བརྒྱུད་མ་ཁྱེར་བ་འདུག་ཅེས། ཁོང་རང་རྒྱུན་དུ་ཐང་ཆུང་ཞིག་ཏུ་མར་གསར་གྱི་ཕྱེ་མར་བརྫིས་ནས་གསོལ་བ་ལས་ཆངས་པ་རེ་བྱིན་ནས། གཞན་དུ་མ་ཁྱེར་བར་ཟོ་ལ་སོང་གསུངས་བྱམས་པར་མཛད། ཨ་མི་བྱང་སེམས་མ་ཨ་འདྲེན་བྱ་བ་དེ་ཡང་ཤིན་ཏུ་བྱམས་ཤིང་སྐྱོང་བ་ལ་མཁས། ཆུང་དུས་ཞང་པོའི་སར་སེ་ལུང་རྫོང་གསར་དུ་ཐེགས། རྨོ་རྨོ་བགྲེས་མོ་ཞིག་ཡོད་པ་དེས་བྱམས་པས་བསྐྱངས། དེ་ཡང་བཟའ་བཏུང་གི་སྣོད་དཀར་ཡོལ་བརྟེན་པ་སོགས་ཡ་རབས་ཀྱི་ལུགས་སྒྲིགས་མ་ཅན་སྐྱོང་བའི་བུད་མེད་དགྲ་གཉེན་གང་ལའང་རུས་ཐོན་པའི་ཧུར་ཐག་གཅིག་རང་ཡོད་གསུངས།

ཞང་བོ་དྲུང་དྲུང་དང་མཉམ་དུ་བདེ་ཆེན་ཆོས་འཁོར་དུ་ཡང་ཐེགས། ཆོས་རྗེ་ཉི་མ་བློ་གྲོས་གདན་སར་བཞུགས་པའི་སྐབས་ཡིན། ཁོང་མཇལ་དུ་ཐེགས་པས། བློ་སྦྱོང་བའི་ཆོས་བཤད་ཞུ་བ་ལ་མ་ལྟོས་པར་མདུན་བསུས་ནས་གསུངས་ཤིང་། རྗེ་ལྷ་རྩེ་བའི་གདུང་ཚ་གསེར་དངུལ་གསོལ་བའི་བྱིན་རྟེན་མང་པོ་གཅེས་གཅེས་ཀྱིས་ཕྱག་ལས་བསྟར་ནས་གནང་། སྐབས་ཤིག་རྒྱལ་བ་ཀརྨ་པའི་བཞུགས་སྒར་གཞུང་དུ་ཕེབས་པའི་ཚེ་མཇལ་དུ་ཐེགས་པས། ཉིད་ཀྱི་ཨ་ཁུ་རྗེ་དུམ་པོ་ཆེ་པ་དཔའ་གྲུབ་མགྲོན་གཉེར་ཆེན་མོའི་གོ་སར་བཞུགས་གཤིས། ཁོང་གིས་པང་དུ་ཁྱེར་ནས་ངའི་ཚ་མོ་ཡིན་ཚུལ་གྱིས་བྱིན་རླབས་ཞུས་པས། ཕྱག་དབང་རྗེན་ཕྱག་གིས་ཐོབ་ཅིང་། བཞེས་སྤྲོའི་གནང་སྦྱིན་ཡང་བསྩལ་བ་ཀོང་ཕྱར་ཆུང་ངུ་ཞིག་ཡོད་པར་ཁུ་བོས་སྒྲིལ་ཏེ་རྒྱབ་ཏུ་བསྐུར་བྱུང་བས་ཐེག་ཚད་བྱུང་གསུངས། རྫོང་གསར་དུ་བཙན་གྲགས་པ་དགྲ་འདུལ་ཁོག་ཏུ་ཞུགས་པས། བུ་མོ་འདི་ལ་བསོད་ནམས་ཆེན་པོ་འོང་ཞེས་དར་མདུད་ཀྱང་བྱིན། རྨོ་རྨོ་དང་ཞང་པོ་ཡུམ་བཅས་ལྷ་དེ་ལ་རྩིས་ཆེ་བས། སླར་རྫོང་གསར་རང་ལ་བུ་བྱུང་ན་དེའི་མནའ་མར་རེ་བ་འཆའ་ཞིང་། རྨོ་རྨོས་ཀྱང་རྒྱུན་དུ་བུ་མོ་འདི་ངའི་བུ་མོའི་ཚབ་བྱེད་པ་ཡིན་གསུངས།

དེ་དུས་ནས་སྙིང་རྗེ་ཆེན་པོ་མངའ་བས་ནམ་ཞིག་གཞིས་སུ། ལུག་གྲོ་མོ་སྣེ་རྒྱན་ཅན་ཞིག་ཡོད་པ་དེ། བདེ་སྐྱིད་གླིང་ནས་བཤན་པ་འབྲོག་པ་ཞིག་གིས་བཀུག་སྟེ་གསོད་དུ་ཉེ་བ་ན། སྙིང་རྗེ་བ་ལ་ཚུགས་ཐབས་མ་བྱུང་ནས་རང་གི་ཨ་མི་བགྲེས་མོའི་དྲུང་དུ་བཤུམ་ཞིང་ཞུས་པས། ལུག་ཚེ་ཐར་དུ་གཏོང་ཐུབ་ཀྱང་། ཁ་རྒྱུགས་ལ་གསོད་ཁར་སྐྱོབས་པ་དེ་སྙིང་ཤུབས་ནས་དོན་འགྲོ་ཟེར་བ་དེ་བདེན་པ་འདྲ། མི་རིང་བར་ལུག་དེ་ཤི་སོང་གསུངས།

དེ་དག་གི་ཚེ་དཔལ་ལྡན་ས་སྐྱ་པ་ཞབས་དྲུང་སྒར་ཆེན་དང་། ཟུར་མངས་དྲུང་པ་འཚེར་ལུང་པ་ཀུན་དགའ་རྣམ་རྒྱལ་ལས་ཚེ་རྟའི་དབང་སོགས་དང་། ནམ་མཛོད་གྲུབ་སྡེར་ཚོགས་མཁན་པོ་ཤཱཀྱ་རི་དབང་ལས་ཚེ་དབང་གྲུབ་རྒྱལ་མ་དང་རྣམ་རྒྱལ་མའི་རྗེས་གནང་། དེའི་ཞལ་སློབ་མངོན་པར་མཁྱེན་པ་མངའ་བའི་བླ་མ་ཚེ་མཚམས་པར་གྲགས་པ་ལས་བདེ་མཆོག་གི་དབང་དང་རྣལ་འབྱོར་མའི་བྱིན་རླབས་སོགས་ཆོས་ཁ་ཡར་དང་། ཨ་མི་བགྲེས་མོ་དང་མཉམ་དུ་ཀུན་མཁྱེན་མདོ་སྔགས་བསྟན་འཛིན་གྱི་གཅུང་པོ་རྣལ་འབྱོར་གྱི་དབང་ཕྱུག་ན་ལུང་འཁྲུལ་ཞིག་ལས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་བཀའ་ཡང་གསན་ཞིང་། སྐུ་ན་ཅུང་ཟད་ནར་སོན་པའི་ཚེ། ཡུལ་ཕྱོགས་ཐམས་ཅད་དུ་སྐྱ་ཕམ་གྱིས་ཉམ་ཐག་པར་གྱུར་ལ། དེ་དུས་ཡུམ་རྫོང་གསར་དུ་ཐེགས་པའི་ཤུལ་དུ་ཐབ་འཛིན་མཛད་པ་ལས། སྤྲང་པོ་ཕོ་མོ་ཕྲུག་གུ་དང་བཅས་པ་བཞི་བཅུ་ཁ་ཐལ་ཙམ་བསགས་ནས་རང་རང་ཟྭའི་ཚོད་མ་འཐུར་བཅུག་སྟེ། ཐམས་ཅད་ལ་རྡོར་གྱི་ཕྱེ་ཚྭ་ཕྱག་བསྟར་གྱིས་འགྱེད་པར་མཛད་ནས། དེ་རྣམས་དབུལ་ཕོངས་ཀྱི་འཇིགས་པ་ལས་བསྐྱབས་ཏེ་ཡུན་རིང་བདེ་བ་མྱོང་། དེའི་ཚེ་ལན་དང་རྣམ་སྨིན་ལ་རེ་བ་མེད་པའི་རླབས་པོ་ཆེའི་སྦྱིན་པས་བདུད་སྡིག་ཅན་གྱི་བསམ་པར་རང་གི་སྤྱོད་ཡུལ་ལས་འདས་པར་ཤེས་ཏེ། ཡུལ་དེའི་བུད་མེད་བརྟན་སྐྱིད་སྒྲོལ་མ་བྱ་བའི་ཡིད་ལ་བརླམས་ནས་དེས་ཡུལ་མི་ཁ་བཙན་པ་རྣམས་བསྡུས་ཏེ། འདི་ལྟར་བྱེད་དུ་བཅུག་ན། ནངས་པར་རང་གི་ཕྱེ་ཚྭ་ལ་གྱོང་ཁྱག་པའི་ཚོད་ཅིག་ལོས་ཡོད་ཀྱང་། འདི་པ་ཚོས་སྔོ་ཚོད་ཐམས་ཅད་བཏུས་པ་འདིས་ཡུལ་ལ་སྐྱ་ཕམ་བྱེད་པ་འདུག་པས་ཕུད་པ་དྲག་ཅེས་བསྐུལ་བས་ཀུན་ཁ་འཆམ་སྟེ་ཕུད།

དེའི་ཚེ་ཐུགས་ཤིན་ཏུ་ཕམ་པས་སོ་སོ་ལ་ཕྱེ་ཚྭ་རྡོར་བཅས་མཚོན་པ་རེ་སྣོད་ཁུག་དང་བཅས་པ་སྦྱིན་ཞིང་། མགོ་སྣུམ་དང་། བག་ཚོད་ཀྱི་སྟོན་མོ་ཡོགས་ཚད་སྟེར་བའི་རྫོངས་བཏབ་གསུངས། ཡང་དེ་དུས་ཐོད་དཀར་དུ་ཨ་ནེའི་རྩར་བཞུགས་པའི་སྐབས་ཤིག །ཁྲོ་ཕུ་བའི་གྲྭ་པ་བགྲེས་པོ་ཟླ་གམ་སྐྱེར་ཁ་མནབས་པ་ཞིག་དང་། སྤྲང་མོ་གཅིག་སློང་དུ་བྱུང་བ་ལ། ཐོད་དཀར་གྱི་ཞལ་ངོ་དེས། ཁོང་གཉིས་གླུ་ལེན་པ་དང་། རྐང་བྲོ་འཁྲབ་དུ་བཅུག་པར། བཙུན་པས་བུད་མེད་ཀྱི་ལད་མོ་མ་ཤེས་པས་སྦང་རློན་ཉུང་ངུ་རེ་སྟེར། བུད་མེད་དེ་གླུ་གཞས་གྲགས་བས་མང་ཙམ་སྟེར་བཞིན་འདུག་པར་ཐུགས་སྐྱོ་བ་ལ་ཚད་མེད་པ་བྱུང་སྟེ། ཨ་ནེ་ལས་བསླངས་ནས་ཕྱེ་དང་སྦང་རློན་བཅས་པ་རང་གི་པང་ཁེབས་ཀྱི་ཁུད་དུ་དྲིལ་ནས་གཉིས་ཀ་ལ་འདྲ་བར་བྱིན་གསུངས། ཡང་གྲྭའི་བདེ་སྐྱིད་གླིང་ཆུ་སྐོར་འོག་མར་ཞལ་ཏ་མ་སོལ་འབོལ་ཕྱག་ཕྱིར་ཁྲིད་ནས་ཆུ་འཐགས་ལ་ཐེགས་པ་ན། སྤྲང་མོ་ཞིག་གིས་ཕྲུ་གུ་ཆུང་ངུ་ཞིག་རང་གར་བོར་ཏེ་བཞག་འདུག་པ་ལ། ཆུ་སྐོར་གྱི་བདག་པོ་ཨ་བོ་དགྲ་འདུལ་བྱ་བས་ཕྲུག་གུའི་ལག་ནས་ཟིན་ཏེ་བགྲོད་ཚང་ལ་སྐྱུར་སོང་བས། ཏབ་ཏབ་པོར་བརྒྱུགས་ཏེ་ཐེགས་པ་ན། རེ་ཞིག་བརྒྱལ་ནས་ཤི་བ་ལྟར་སོང་འདུག་པ་ཐབས་ཀྱིས་བླངས་ཏེ་ཆུ་སྒུགས་མཛད་པས་དར་ཅིག་ནས་སོས་བྱུང་ཞིང་།

དེ་ནས་བཟུང་སྟེ་སྙིང་རྗེས་གསོས་པ་ཕྱིས་སྤྲང་པོ་སངས་རྒྱས་སུ་གྲགས་པ་དེ་ཡིན། ཡང་ལན་ཅིག་གྲྭ་ཐང་སྦྱིན་སྲེག་གི་དུས་མཐོང་སྨོན་གྱི་ཁང་ཟུར་དེར་བཙུན་པ་ཟས་སྐོམ་མ་མྱོང་བས་ཉམ་ཐག་པ་ཞིག་འགྱེལ་ཏེ་ལྡང་མ་ནུས་པར་ལག་ཏུ་ཐང་ཁུག་ཅིག་ཁྱེར་འདུག་པར་མཛུབ་མོས་བརྡ་བྱེད་པ་ཞིག་འདུག་པར། ཤིན་ཏུ་སྙིང་རྗེ་བས་ཕྱེ་དང་ཆང་བསྣམས་ནས་བླུད་པ་ཅུང་ཟད་ཙམ་ལས་འཐུང་མི་ནུས་པའི་ངང་ནས་མི་རིང་བར་ཤི་སོང་། ཕྱིས་དེའི་ལག་ཁུག་ནང་དེ། ཁ་ཐགས་ཀྱིས་ཁེངས་པར་སྣང་ཡང་ཕྱེ་ཚོང་མི་མ་བྱུང་བར་མངོན་གསུངས། དགུང་ལོ་བཅྭོ་བརྒྱད་ཙམ་གྱི་ཚེ་གཙང་སོག་འཁྲུགས་པའི་དུས་འཁྲུག་གིས་ཨ་ཁུ་གོང་དཀར་གྱི་རྫོང་འཛིན་དུ་ཐེགས། ལྷ་བྱའི་དམག་གིས་གྲྭའི་ཕུ་མདའ་ཀུན་ཏུ་བཏུགས་པས། ཆས་དངོས་རྣམས་ས་ཚུར་ཕུག་པ་སོགས་སུ་སྦས། ཡབ་བགྲེས་པས་ཉིན་མོ་རི་ལ་གབ་ཅིང་ཆས་ལ་རྒྱངས་ཚོས་དང༌། མཚན་ལ་གཞི་ཁར་བབས། ཞལ་ངོ་ཕྲུག་གུ་རྣམས་གྲྭ་ཐང་དུ་འཁྲས། ཡུམ་གྱིས་ཟླུམ་པོའི་ནང་དང་ཆས་རྣམས་ལ་ལྟ་མྱུལ་དུ་རེས་འབྱོན་ཞིང་དར་གླིང་དུ་ཡིབས་པ་ལས། དར་གླིང་གི་དབུ་མཛད་རྣམས་དང་ལྷ་བྱའི་དམག་དཔོན་ནང་མཐུན་པས་ཡུམ་གོང་དཀར་དུ་རྒྱོགས་ཡོལ་ལ་གཏོད་པའི་གྲོས་བརྩམས་པ། དཔོན་པོ་པདྨ་འོད་ཟེར་གྱིས་དཔོན་གཡོག་གི་ཞེན་རུས་མ་ཕོངས་པས་བྱ་བཏང་སྟེ། ཡུམ་གྱིས་མཚན་མོ་ནམ་སྟོད་ལ་བསྙུང་རྫུས་ཆམ་སེ་ཞིག་གྱོན་ཏེ་བླ་བྲང་གི་སྐས་ཐུང་ཞིག་ཡོད་པར་འགྲོ་འདུག་བརྟག་པས་ཡེངས་སུ་བཅུག་ནས་ནམ་ཕྱེད་ཙམ་ལ་ཐོན་ཏེ་གྲྭ་ཐང་དུ་བྱོན།

དེར་ཉིན་གཅིག་མ་རིན་པོ་ཆེ་ཉིད་བསམ་སྐྱིད་རོགས་སུ་ཁྲིད་ནས་བྱམས་པ་གླིང་དུ་ཆས་ལེན་པར་ཐེགས་པ་ཕྱིར་འབྱོན་དུས། དགོན་ཞོལ་བབས་ཙམ་གྱི་ཚེ། ཡོན་ཏན་གླིང་ནས་དམག་རྔ་བརྡུངས་བྱུང་སྟེ་མྱུར་པོར་བྱོན་པས་གྲྭ་ཐང་གི་རྒྱ་སྒོ་རྒྱག་མ་རེག་པར་ནང་དུ་ཚུད་པའི་སྟེས་འགྲིག །དེ་ནས་དགུང་ལོ་ཉི་ཤུ་རྩ་གྲངས་ཙམ་གྱི་ཚེ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་རྣམ་སྤྲུལ་གསང་བདག་དཔའ་བོ་ཡབ་རྗེ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ། གུ་རུ་རིན་པོ་ཆེའི་དབང་རྟེན་སྲིན་པོའི་བུ་མོ་བདེ་ཆེན་རྒྱལ་མོས། རྟ་ནག་ཤེལ་དཀར་མཚོ་སྒྲོན་གྱི། །སྤྲུལ་པ་བྱི་ལོ་དབྱངས་ཅན་མིང༌། །རང་གནས་གྲྭ་ཡི་ཕྱོགས་ནས་འབྱུང༌། །སྲོག་ལ་འབབ་འདྲའི་ཉེན་སྐྱོན་སྐྱོབ། །ཅེས་ལུང་བསྟན་ཞིང་། རྗེ་གཏེར་ཆེན་བླ་མའི་ལུང་བྱང་ལས་ཀྱང༌། སངས་རྒྱས་ཡེ་ཤེས་མཚོ་སྒྲོན་སྤྲུལ་པའི་སྲས། ཞེས་མཚོ་སྒྲོན་གྱི་སྤྲུལ་པར་ལུང་གིས་ཟིན་པ་ལ། སྲས་བརྒྱུད་འཛིན་སྲས་གཅིག་ཉི་ཟླ་ལྟ་བུར་གསལ། ཞེས་འབྱུང་བར་ལུང་གིས་བསྟན་པ་བཞིན་སྲས་གསང་བདག་ལག་ན་རྡོ་རྗེའི་ཡང་སྲིད་ཡེ་ཤེས་ཀྱི་སྐུ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་བསྐྱེད་པའི་ཡུམ་གྱི་ཕྱིར་ཁབ་ཏུ་བསུས་པ་ལ། མེ་ཁྱིའི་ལོར་སྐུ་སྲས་འགྲན་ཟླ་དང་བྲལ་བ་རྗེ་བླ་མ་དམ་པ་བསྟན་འགྲོའི་སྒྲོན་མེར་སྐུ་བལྟམས། དེ་རྗེས་གཅུང་རྒྱལ་སྲས་རིན་པོ་ཆེ། ས་བྱི་ལོར་དེའི་གཅུང་འཁྲུངས་མ་ཐག་གཤེགས་པ་སླར་སྲིད་དུ་འཁོར་ཏེ་སྲས་མོ་བསོད་ནམས་དཔལ་འཛོམས་ལྕགས་ཡོས་མ། དེའི་མིང་པོ་བདག་ཤིང་རྟ་ལོ་པ། དེ་འོག་གཅུང་རྗེ་དབོན་ཕྱག་མཛོད་ཀུན་དགའ་ཚུལ་ཁྲིམས་མེ་སྤྲེལ་དང༌། སྲིང་མོ་ལྷ་ཅིག་དཔལ་འཛོམས་ས་ཕག་ལོ་མ་སྟེ། སྲས་ལྕམ་སྲིང་བདུན་འཁྲུངས་ཤིང༌། དེ་ཡང་རྗེ་བླ་མ་དམ་པ་འཁྲུངས་ནས་རིང་པོར་མ་ལོན་པ་ལ། རྗེའི་རྨོ་རྨོ་འདི་པའི་ཡུམ་དེ་སྨུག་པོའི་སྙུང་གཞི་ཐུ་མོ་ཞིག་གིས་སྐུ་གཤེགས་ཤིང༌།

དེ་ཡང་འཇིག་རྟེན་ཕྱོགས་ནས་རུས་ཐོན་པའི་ངར་མ་ཞིག་ཡིན་ཡང༌། ཡུལ་དམ་པ་ལ་དད་པ་སོགས་དགེ་བའི་ཐུགས་སྟོབས་ཞན་པ་ཞིག་ཡིན་པས། སྐྱེ་སྲིད་ཕྱི་མ་ཡིན་འདྲ་སྙམ་པའི་དར་གླིང་དུ་ཁྱི་མོ་གཅོང་ཅན་མ་མ་རིན་པོ་ཆེ་རང་ལ་ཤིན་ཏུ་དགའ་བར་བྱེད་པ་ཞིག་ཡོད་གསུངས་ཤིང་། ཕྱིས་དེ་ཤི་བས་རུས་པ་ལ་སྦྱིན་སྲེག་དང་སཱཙྪ་འདེབས་པ་སོགས་སྡིག་སྦྱོངས་ཀྱང་མཛད་པར་སྣང་། ལར་དར་གླིང་དུ་ཕེབས་དུས། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཡང་དགེ་བའི་བཤེས་གཉེན་ཕྱི་ནང་གི་བྱ་བ་ཐམས་ཅད་བཏང་བའི་འཁྲུལ་བ་གཏིང་ནས་ཞིག་པ་ཞིག་ཡིན་མཆི་བས། འཕྲལ་ཆས་ཀྱི་ན་བཟའ་དང་གསོལ་ཆས་ཙམ་མ་གཏོགས་གང་ཡང་བདག་འཛིན་མི་མཛད་པས། ནམ་ཞིག་ཕྱི་འབྲོག་གི་དད་ཅན་གཅིག་གིས་ཕུལ་བའི་གཡུ་དམར་ཙར་བ་ཕྲེང་བ་མ་ལོངས་ཙམ་ཞིག་འདུག་པ་དེ། གཉེར་ཚང་གི་སྒམ་སྟེང་དུ་ཅི་དགར་འཇོག་པ་གནང་འདུག་པར་ཉིད་ཀྱང་ཕེབས་འཕྲལ་དུ་སོང་བས་མཐོ་རེག་མ་མཛད་པའི་མུར། རྡོག་པོ་རེ་གཉིས་ཙམ་ཁྱེར་བའི་ཉུང་དུ་འགྲོ་ཡིན་འདུག་པ་ལ། སྐབས་ཤིག་སྐྱེད་ཚལ་གོང་གི་བསོད་སྙོམས་པ་རྣམས་ལ་གཡུ་ཙར་དེ་ཚང་མ་གནང་སོང་གསུངས། དེ་དུས་གཉེར་ཚང་ཡང་ཞན་པའི་སྒོག་པ་སིལ་མ་ཞིབ་མ་གང་འདུག་པ། འཕྱོང་རྒྱས་སྡེ་པ་གྲུབ་ཆེན་གྱིས་དེ་ལ་ཟས་གཡོས་བྱེད་པ་ཡིན་ཟེར་ཐམས་ཅད་ནོར་མ་ཉན་དུ་བཏང༌། རྒྱུན་དུ་ཉི་ཡོལ་ལ་གོས་ཆེན་དམར་པོ་སྨད་ཤམས་ཁ་དོ་འབྲེལ་ཞིག་གཏོང་གིན་འདུག་པས། གོས་དར་འདྲ་དགའ་མོ་ཡོད་འདྲ་དགོངས་ཏེ། ཉིན་གཅིག་ཡབ་རྗེ་ཡོན་བདག་ཞིག་གི་སར་ཐེགས་སོང་བའི་ཤུལ་དུ། གཟིམས་ཆུང་ན་སྒམ་ནག་གསེར་ཤོག་འཕྱོར་པོ་བྱས་པ་ཆ་ཞིག་ལ་སྒོ་ལྕགས་བཅུག་ནས་འདུག་པ་ལྡེ་མིག་བཙལ་ཏེ་ཁ་ཕྱེ་བས། གཅིག་ན་ཐོད་བུམ་སོགས་དབང་རྫས་ཆེ་ལམ་ཙམ་དང༌། ཅིག་ཤོས་དེར་རྨ་བྱའི་མདོངས་དང་རྩྭ་ཀུ་ཤ་ཕོད་པོ་གླེགས་ཤིང་ཧྲལ་རོལ་འདྲ་མ་གཏོགས་སྐུ་ཆས་སྤུས་གཙང་གི་རིགས་མི་སྣང་གསུངས།

དེ་ནས་མི་རིང་བར་གཉེར་པ་བསྟན་འཛིན་ཉི་མས་ཐབ་རྩིས་ཕུལ་བས། རེ་ཞིག་བར་འབྲུ་ཕྱེ་ཤ་མར་སོགས་ཉེར་སྤྱད་བཀྲེན་པས་འོ་བརྒྱལ་ལེ་བྱུང་ཡང༌། ཟླུམ་པོར་ཉིད་རང་གི་འབྲུ་ཆ་ཕྲན་བུ་ཡོད་པ་བླངས་ཤིང༌། དེ་རྗེས་ཚོང་འདྲ་མཛད་པས་མི་རིང་བར་ཐབ་ཡར་བསྐྱེད་ཀྱི་ངོ་ཅུང་ཟད་ཐོན། འོན་ཀྱང་ཟླུམ་པོར་ཡུམ་གཤེགས་རྗེས་ལོ་གཅིག་གཉིས་ཀྱི་ངོ་མཐོང་ཙམ་དེར་ཐབ་འཛིན་མཛད་དགོས་ཀྱི་གཡེང་བས་དགོན་པ་བློས་གཏོང་དགོས་བྱུང་གཤིས་དཀའ་བ་ཙམ་བྱུང་འདུག་རུང༌། ཉིད་རང་གི་ཨ་ཁུ་དེ་ཤིན་ཏུ་བྱམས་པས་ཕྲལ་དགོས་ཀྱིས་རིམ་པར་བསྐྱངས་ཤིང༌། ཕྱིས་ཇོ་མོར་ཐབ་རྩིས་སྤྲོད་གནང་དུས། ཨ་ཁུ་དྲུང་གིས། ཁྱོད་དེ་བར་དགོན་པ་བློས་བཏང་ནས་འདིར་བཅར་སྡོད་དགོས་པས་སུན་ཙམ་བྱུང་སོང་ཞིང༌། རང་རེའི་གཡོག་བསམ་མེད་འདྲས་ཀྱང་ད་རང་ཐབ་ཇོ་མོར་གཏད་པས་ལོས་ཆོག །ཁོ་རང་དགོན་པ་རང་དུ་བཞུགས་པ་ཕུགས་བརྟན་བརླིང་ཆེ་བ་ཡོང་མོད། ཅེས་ཁ་ཟུག་པས་དཀའ་ལས་ཆེ་སེ་བྱུང་སོང་ཡང༌། གཞིས་རང་ལ་ཕན་སླེབས་བློ་དང་མཐུན་པར་བྱུང་བས་དགའ་རབ་ཡིན་ཞེས། ཟླུམ་པོ་རང་གི་རིན་ཆེན་རྒྱན་ཆའི་བྱི་རུའི་ཤལ་པ་དེ་ནས་བྱི་རུ་ཆེ་བ་ཉིས་བརྩེགས་ཞིག་བཏོན་པ་ལྕམ་དྲུང་ལ་བུ་གཅིག་སྐྱེས་བྱུང་ན་དེ་ལ་ཐོགས་གསུངས་ནས་གནང༌། དེ་ལྷག་ཚང་མ་པང་དུ་སྐྱུར་བྱུང་བ་ལ། འདི་རང་ཁྱེར་ན་ཅི་འདྲ་ཡོང་ཞུས་པས། འདུ་ཤེས་མ་ཆུང༌། ངེད་སྐུ་མཆེད་ཀྱིས་བློས་བཅད་ནས་སྦྱིན་པར་སུས་ཅི་ཟེར། ཁ་རེ་ཡོད་ན་ཟན་རེའི་དཔེ་བཞིན་བུ་ཚོ་ལོངས་དུས་འདི་ཙམ་ཞིག་བསྒྲུབ་དགོས་བྱུང་ཡང་དཀའ་ཚེགས་ཅི་ཡོད་གསུངས། གཞན་ཡང་སྐུ་གཟན་སྣ་ལྔ་དང་ཐེར་གོས་སྔོན་པོ་ཞིག་ཀྱང་གནང༌།

དེ་ནས་མི་རིང་བར་ཡབ་རྗེའི་དྲུང་དུ་སྤ་གྲོ་ཆོས་དབང་ལྷུན་གྲུབ་ཆོས་གསན་དུ་ཕེབས་པར། རྙིང་མ་རྒྱུད་འབུམ་དང་བླ་མ་དགོངས་འདུས་སོགས་ཆོས་བཀའ་མཐའ་ཡས་པ་བསྩལ་དུས་ལྷན་དུ་གསན་ཞིང༌། བླ་མ་སྒྲུབ་པའི་ཉམས་བཞེས་ཀྱང་མཛད། དེ་སྟེང་དཔལ་རི་སྤྲུལ་པའི་སྐུ་སོགས་མང་པོར་བཀའ་བརྒྱད་བདེ་འདུས། ཐེ་སེ་བླ་མ་སོགས་ལ་པད་གླིང་གཏེར་ཆོས་ཚང་མའི་དབང་ལུང་ཁྲིད་བཅས་གནང་བ་རྣམས་དང༌། གོང་ར་ལོ་ཆེན་དགོན་པར་ཕེབས་པ་དང༌། སྐབས་གཞན་དུ་འ་ཞྭ་མགོན་པོ་བསོད་ནམས་མཆོག་ལྡན་ལའང་དབང་ཆོས་ཀྱི་འབྲེལ་པ་ཙམ་དང༌། སྔ་ཕྱིར་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་དང༌། ཐུགས་སྲས་སྤྲུལ་པའི་སྐུ། བོན་ལུང་རིན་པོ་ཆེ། སྤ་གྲོ་ཆོས་རྗེ་རྣམས་ལས་ཆོས་བཀའ་མང་དུ་གསན་ཞིང༌། ཆོས་རྗེ་སྤ་གྲོ་བ་དེ་མི་ཟས་མི་བཞེས་པར་རྟག་ཏུ་བདུད་རྩིའི་བཅུད་ལེན་མཛད་པས། རྫ་ཕོར་ཞིག་ཏུ་མིའི་ཟག་པ་གང་བྱུང་བསྡུས་ལ་ཆུ་བླུགས་ཏེ། རྡོ་ལེབ་ཀྱིས་ཁ་བཀབ་ནས་ཐབ་ཀྱི་མེ་མདག་ཁར་འཇོག །མེས་འབྱོངས་པ་དང་རག་ཐུར་གྱིས་དཀྲུག་བཞིན་དུ་གསོལ། དེ་དུས་མ་རིན་པོ་ཆེ་ཕེབས་པར། ཨ་མ་ཁྱེད་མཁའ་འགྲོའི་རིགས་ཅན། འདི་འདྲ་ལ་སྐྱུག་བྲོ་མི་མཛད་པ་མ་གཏོགས་གཞན་ངའི་གཏོ་འདི་སྐྱུག་བྲོ་བ་ཡིན་གསུངས། རེས་ཞག་བདུན་རེ་བཟའ་བཏུང་ཐམས་ཅད་བཅད་ནས་གྲུབ་ཆེན་དམ་པ་དང་མཉམ་དུ་ཛ་པིར་གྱི་རླུང་ཁྲིད་ཉམས་སུ་བཞེས་པའི་ཁྱད་པར་ཅན་ཞིག་ཡོད་གསུངས།

དེ་དུས་ཉེ་གནས་དབོན་པོ་ཐེག་མཆོག་ཡིན་པ་ནུབ་མོ་ཁོ་རང་གི་སྤྱིལ་པོར་འགྲོ། ཕྱག་ཕྱིར་ཞལ་ཏ་མ་སོལ་འབོལ་དང༌། ཤོད་དུ་ཨ་དྲུང་སྐྱིད་བུར་མ་གཏོགས་མེད། ལན་ཅིག་བ་ཁྲ་མོ་ཞིག་ཡོད་པ་དེ་བཞོ་རུ་ཕེབས་པ་ན། དེ་སྨྱོ་བ་ལྟ་བུས་བརྡུང་ཞིང་ངར་བར་འདུག་པ་ལ་པྲེ་ནག་གིས་མཚན་མ་ཞིག་བཏབ་པ། སྐལ་བཟང་ཟེར་བའི་བཙུན་མ་ཞིག་ལ་འཕོས་འདུག་སྟེ། ཤ་ཟ་མཁའ་འགྲོའི་རིགས་ཐུ་བ་ཞིག་ཡིན་པ་འདྲ་གསུངས། དེ་དུས་སྤ་གྲོ་ཆོས་རྗེས་གསོལ་བ་བཏབ་པ་ལྟར་ས་གླང་ལོར་ཡབ་རྗེ་ཉིད་མོན་ཤར་གྱི་ཡུལ་གྲུ་རྒྱ་མཚམས་ལ་ཐུག་གི་བར་འགྲོ་དོན་དུ་ཞབས་བསྐྱོད་པས། ཡུལ་གྱི་རྒྱལ་བློན་མཆོག་དམན་ཀུན་གྱིས་གུས་པར་བཀུར་བ་ལས་བྱུང་བའི་དངོས་སྤྱད་རྣམས་ཆུད་མ་ཟོས་པར་གནས་ཆེན་རྣམས་སུ་མཆོད་པ་དང༌། རིས་མེད་པའི་དགེ་འདུན་ལ་ཇ་འཇམ་སོགས་སྟོབ་ཅིང༌། གཙོ་བོར་དར་རྒྱས་ཆོས་གླིང་གི་གཙུག་ལག་ཁང་རྙིང་ཞིང་ཁོགས་པ་བརྩིག་རྨང་ནས་བརྩམས་ཏེ། འདུ་ཁང་ཀ་བ་བཅུ་དྲུག་ཐོག་རིམ་གསུམ་པ། བླ་བྲང་གི་ཁང་མིག་དུ་མ་དང་བཅས་གསར་རྒྱག་མཛད་དུས། ཉིད་རང་གིས་ཤིང་ཆ་སྒྲུབ་པར་བྱང་ཁ་སོགས་སུ་ཐེགས་ཤིང༌། ལས་མི་ཉུང་ངུས་ལོ་དེ་ནང་དུ་གྲུབ་ནས་རབ་གནས་མངའ་གསོལ་གྱི་བར་དུ་མཛད་ཅིང༌། གཞན་ཡང་ཡུམ་ཉིད་ཀྱི་གསེར་གཡང་ལ་གྲང་གསེར་བཏུལ་ཏེ་བཀའ་བརྒྱད་ཀྱི་ཐང་མོ་ཆེ་བཅུ་གཅིག་ཚར་དང༌། པད་གླིང་གི་ཡང་གསང་སྐོར་དགུ་སོགས་བྲིས་ཐང་མང་པོ་དང༌། པད་གླིང་གཏེར་ཆོས་ཀྱིས་མཚོན་བཀའ་གཏེར་གྱི་གླེགས་བམ་བརྒྱ་ཕྲག་ཏུ་ཉེ་བ་བཞེངས་པར་མཛད་པ་སོགས་ཡབ་རྗེའི་དགོངས་པ་བཞིན་དུ་དགེ་བའི་ལས་སྒྲུབ་པ་ལ་སྐྱོ་བ་མེད། ཐུགས་སྒམ་པས་འོལ་ཁ་རྫིང་ཕྱི་བ་རྣམས་ཀྱིས་སྐྱུ་ར་རྒྱབ་ཀྱི་ཞིང་ལ་ཁ་མཆུ་བཙུགས་ཤིང༌། བདེ་སྐྱིད་གླིང་པ་སོགས་ཁོ་རང་ཚོའི་ལྷ་འབངས་རྣམས་བསྡུས་ཏེ་ས་དམར་རལ་གྱི་བར་དུ་དམག་བཏེག །ཡར་བྱོན་སྐུ་མདུན་དང༌། རྟིང་གུ་ཀུན་དགའ་ཚེ་རིང་གཉིས་ཀྱིས་དགོན་པར་འོངས་ནས་དཔོན་སའི་དྲུང༌། དམག་གིས་དགོན་པར་རྒྱག་པ་འདུག་པས་ཞིང་གཏད་པ་མི་དྲག་གམ། ཐུགས་བསམ་ལེགས་པར་གཏོང་དགོས་ཞེས་སྡིགས་ར་བཀུར་བར་ཅི་མི་སྙམ་པར་བཞུགས་པས་ཁོང་གཉིས་ལོག་སོང༌། དེ་རྗེས་དམག་ནི་མི་གཅིག་ཀྱང་མ་བྱུང་བར་སྣང༌། ཡང་སྐྱིད་ཤོད་གད་ཁ་པ་བར་གཞུང་གི་དགོངས་ཕོག་བྱུང་དུས། ཡབ་རྗེ་ཉིད་ཁོང་པའི་སྐུ་རིམ་པར་སོང་བས། དེ་དུས་ཆུ་བོ་རིར་གཞུང་གི་ཚེ་སྒྲུབ་ལ་སྤྱན་དྲངས་པར་ད་རེས་དབུ་སྐོར་ནས་གོང་དཀར་དུ་བཟུང་བྱང་མཛད་ཀྱི་ཡིན་འདུག་ཟེར་བ་སོགས་བརྡ་སྤྲོད་མི་མང་དུ་བྱུང་ཞིང༌། ཉིན་གཅིག་མཁར་སྣ་སྦུག་པའི་ཨ་བོ་ཀུན་དགའ་བརྡབས་ཤོགས་ཀྱིས་ཡོངས་ནས། དགོན་པ་རྩིས་བཞེས་མིའི་སྐུ་ཚབ་ཚིགས་སྨད་གྲལ་གཤམ་དུ་འབྱོར་འདུག་པས་འདི་འདྲ་བྱས་མ་བཞུགས། ངེད་ཀྱི་དཔྲལ་གཡུ་བཅོལ་པོ་ཞུས་པ་ཡང་ད་ལྟ་དགོས་ཟེར་བར། དཔྲལ་གཡུ་གནང་ཞིང༌། སྐྱས་སྤོ་བ་སོགས་རྩབ་ཙུག་གང་ཡང་མ་གནང་བར་བཞུགས། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་གཤེགས་རྗེས་ཕྱག་རྫས་གང་ཡོད་ལ་དགོངས་རྫོགས་བསྒྲུབས་ཤིང༌། ཁྱད་པར་ཉིད་རང་གི་ཞལ་ཕུད་ཀྱི་གསེར་བསྡུས་པས་གཞི་བསྡུམས་ནས་གསེར་དངུལ་གང་ཡོད་ལ་ཕྱི་རྟེན་གྱི་གསེར་ཟངས་མཆོད་རྟེན་དང༌། གཞན་ཡང་དར་གླིང་དབུ་རྩེ་དང༌། གསེར་གཡབ་ཀྱི་འདེབས་རིས། སྨན་འདམ་གྱི་གཟིམས་མལ་འདྲ་འབག་དང༌། རིག་འཛིན་བརྒྱད་སོགས་མང་དུ་བཞེངས་ཤིང༌། དགོངས་རྫོགས་གྲལ་དབུ་དང༌། རབ་གནས་ཉིན་གཉིས་ཀྱི་སློབ་དཔོན་དུ་ཐུགས་སྲས་རིན་པོ་ཆེ་སྤྱན་དྲངས། ལྷོ་དབུས་ཀྱི་དགོན་སྡེ་ཆེ་ཕྲ་རྣམས་དང༌། དཔལ་རི་གྲྭ་ཚང་སོགས་སུ་ཚ་གྲ་མང་འགྱེད། དམ་པ་རྣམས་ལ་མཆོད་བསྔོ་རྟེན། ངན་ལོང་ལ་སྦྱིན་གཏོང་སོགས་ཕུལ་དུ་བྱུང་བ་བསྒྲུབས།

མདོར་ན་སྐུ་ཆས་ཐམས་ཅད་སྐུ་འདད་ལ་སྤྲུགས་ཏེ་བཏང་བས་ཞབས་ཕྱི་རྣམས་ཀྱིས་འདི་འདྲ་རང་གཏོང་བར་ཆེ། རང་རེ་དགོན་གོག་འཛིན་དགོས་པ་མིན་ནམ་ཞུ་བ་བྱུང༌། དེ་དུས་ཉིན་མོ་ཐུགས་ངལ་གྱིས་ནོན་པར་གྱུར་ཀྱང༌། མཚན་མོ་དག་སྣང་རབ་འབྱམས་ལ་རྒྱ་འབྱམས་པ་ལས་ཉིན་མོའི་བག་ཆགས་གཏན་མི་རྒྱུག །ཁྱད་པར་ནུབ་གཅིག །དགོན་པ་རང་གི་གྲྭ་རྙིང་རྟོགས་ལྡན་པདྨ་ཡེ་ཤེས་དང༌། དབུ་མཛད་བསྟན་འཛིན་དོན་ལྡན་བྱ་བ་འདས་ནས་ཡུན་རིང་སོང་བ་གཉིས་སྐུ་དྲུང་དུ་འོངས་ནས། དཔོན་སློབ་རིན་པོ་ཆེ་སྐུ་གཤེགས་པ་ལ་ཐུགས་ངལ་མ་མཛད། མཇལ་བར་ཐུགས་སྤྲོ་ན་ངེད་གཉིས་ཀྱིས་ཞབས་ཕྱི་ཞུ་བས་དོ་ནུབ་ཕེབས་པ་དྲག་གམ་ཟེར། དེ་ལྟར་རུང་གསུངས་ནས་ཁོང་གཉིས་དང་འགྲོགས་ཏེ་ཞབས་ས་ལ་མ་རེག་པར་བར་སྣང་ལ་ཡེར་ཡེར་འབྱོན་ཞིང་ཐང་ཆེན་པོ་དང༌། རི་རོང་ནགས་ཚལ་ཅན་སོགས་མང་པོ་བརྒལ་བ་ལས། རི་ཆེན་པོ་རྩེ་མོ་མཁའ་ལ་བསྙེགས་པ་གངས་རིའི་རྣམ་པ་ཤེལ་དཀར་སྤུངས་པ་འདྲ་བ། རྩ་བ་སྲ་བའི་བྲག་དང་ཆུས་བསྐོར་བ་ལ་འཛེགས་པས། ལོགས་ཤིག་ན་ཕུག་པ་འདུག་པར་ཁྲིད་བྱུང༌། དེར་དགེ་སློང་ནམ་མཁའི་སྙིང་པོ་ཡིན་གྱུ་བའི་རབ་བྱུང་གཅིག་སོགས་མང་དུ་བཞུགས། དེ་ལ་མོས་གུས་མཛད་པས་ཕྱག་སྤྱི་བོར་བཞག་ནས་རུ་ལུ་སོགས་སྔགས་མང་དུ་གསུངས་པས་ཐུགས་རྒྱུད་ལ་བདེ་གསལ་མི་རྟོག་པའི་ཉམས་འབར།

དེ་ནས་གྱེན་དུ་འཛེགས་པས་རི་བོའི་རྩེར་ཁང་བཟང་ཡིད་དུ་འོང་བ་ཞིག་འདུག་པའི་སྒོ་དྲུང་དུ་ཕེབས། དེར་ཁོང་གཉིས་སྔོན་ལ་སོང༌། ཇེ་ཞིག་ནས་དབུ་མཛད་ཀྱིས་སླེབས་ཏེ། ད་ལྟ་རང་ནང་དུ་ཕེབས་ཟེར་བ་ལྟར་བྱོན་པས། ཁྲི་མཐོན་པོར་ཡབ་རྗེ་རིག་འཛིན་ཆེན་པོ་བཞུགས་འདུག་པ་ལ། དད་པ་ཆེན་པོས་ཕྱག་མཛད་པས། ཡབ་རྗེ་ཉིད་ཨོ་རྒྱན་རིན་པོ་ཆེའི་སྐུར་སོང༌། དེ་ལ་ཤིན་ཏུ་དད་པའི་ཐུགས་ཀྱི་གདུང་བ་མི་ནོན་པ་ལྟ་བུས་གསོལ་འདེབས་གནང་བས། དེའི་ཞལ་ནས། ང་དང་རྩ་བའི་བླ་མ་སོ་སོར་མ་བལྟ། གཅིག་ཏུ་བསྡུས་ནས་གསོལ་བ་ཐོབ། ཁྱོད་ཀྱི་འདི་ཕྱིའི་འདོད་དོན་ཐམས་ཅད་དཀའ་བ་མེད་པར་འགྲུབ་བོ་གསུངས། ད་མི་ཡུལ་སྡུག་བསྔལ་གྱི་ཁོར་མོར་སྤྱོད་པ་ལས། དག་པའི་ཞིང་འདི་གར་བསྡད་ན་སྙམ་པ་ལ། གུ་རུའི་ཞལ་ནས་ཕཊ་དྲག་པོ་ཞིག་བསྒྲགས་པས་མནལ་ཧད་ཀྱིས་སད། ཡང་ནུབ་གཅིག་ཀརྨ་གཡང་ཅན་བྱ་བ་སྔར་དགོན་པ་རང་གི་བཙུན་མ། ཕྱིས་ཚིགས་སྨད་དགོན་པར་སྡོད་པ་ཞིག་ཡོད་པ་དེས་རྒྱལ་མཚན་ཞིག་ཕྱག་ཏུ་ཕུལ་བྱུང་བ་བསྣམས་ཏེ་མཁའ་ལ་འཕུར་བ་ལས། རི་དང་ཆུ་ཀླུང་ནགས་ཚལ་ཐང་སོགས་ལུང་མང་བརྒལ་བའི་རི་སྤོ་མཐོ་འབྲུའི་ཕུང་པོ་སྤུངས་པ་ལྟ་བུ་ཞིག་གི་རྩེར་ཕེབས་པ་ལ། སྤ་གྲོ་ཆོས་རྗེ་བྱོན་ནས། དཔོན་སློབ་རིན་པོ་ཆེ་ད་ལྟ་རང་ཕེབས་པ་ཡོད། རེ་ཞིག་འདིར་བཞུགས་ཤིག་ཟེར། དེ་ཀའི་མོད་རིག་འཛིན་ཕྲིན་ལས་ལྷུན་གྲུབ་སྔར་གྱི་སྐུ་ཆས་ཇི་ལྟ་བ་ཕྱག་ཏུ་རྡོར་དྲིལ་བསྣམས་པ། འཁོར་ཨ་ཙ་ར་དང་བཙུན་པ་བུད་མེད་མང་པོས་དབང་རྫས་རྣམས་ཁྱེར་ནས་བྱུང་སྟེ། ཁྲིའུ་ཤིང་ཞིག་ལ་ཞབས་སྟེགས་ཀྱིས་བཞུགས་ནས། བླ་མའི་ཟླུམ་པོ་བཞི་དབང་སྩལ་རྗེས་བསླབ་བྱ་མང་དུ་གསུངས་ཤིང༌། ཁྱད་པར་ང་དང་བྲལ་བ་ལ་སྡུག་བསྔལ་མ་བྱེད། རིག་པའི་ངོ་ན་རང་རེ་འདུ་འབྲལ་མེད། བརྒྱུད་འཛིན་གྱི་བུ་སྔར་གྱི་ལུང་བསྟན་བཞིན་ཉི་ཟླ་ལྟར་གསལ་བར་འོང་བས་ཁྱོད་ཀྱི་དོན་གཉིས་ལྷུན་གྱིས་འགྲུབ་བོ་ཞེས་གསུངས་ཏེ། འཁོར་བཅས་ནམ་མཁའི་ལམ་ནས་གཤེགས་པའི་ཤུལ་དུ་རང་གཅིག་པུ་ལུས་པས་སེམས་སྐྱོ་ཐང་ངེ་བ་ལ། ཡང་སྤ་གྲོ་ཆོས་རྗེ་བྱོན་ནས་ཕྱག་གི་ཕྲེང་བ་ལ་འཇུས་གསུངས། དེ་ལ་འཇུས་པས་བར་སྣང་ལ་ཡེར་གྱིས་བཏེགས་པ་དང་ལྷན་ཅིག་མནལ་སད། ཡབ་རྗེ་རིག་འཛིན་ཆེན་པོ་གཤེགས་རྗེས། དགོན་པ་རང་གི་གྲྭ་རྒན་མཆོག་གྱུར་ཞེས་པ་རྗེ་བླ་མ་དམ་པའི་སློབ་དཔོན་ཚོ་འཛིན་དུ་རེ་བ་མ་འགྲུབ་པའི་རྐྱེན་གྱིས་གུ་རུ་ལྷ་ཁང་དུ་ཕྱག་དཔེ་འདྲི་བར་ཕྱིན་ནས། གསུང་སྤྲུལ་རིན་པོ་ཆེར་རྫུན་སྒྲིགས་ཀྱི་སྙན་ཕྲ་མང་དུ་ཕུལ་བས། སྔར་བསླབ་སྟོན་ལ་བདེ་གཤེགས་དེ་ངེད་རང་ལ་ཐུགས་བློས་བརྗིད་འགེལ་ཡིན་པས། ད་ཁྱེད་ཡུམ་སྲས་ལ་ཕན་འགྱུར་མགོ་འདྲེན་གྱི་རོགས་རམ་འདི་ག་ནས་བྱེད་པ་ཡིན་ཞིང༌། ཁོང་དམ་པ་དག་ཞིང་དུ་གཤེགས་པར་སྐུ་འདད་ལ་ལྟོས་པ་མ་མཆིས་པས་གཏོང་བ་ཆེས་པ་མི་འཐད་སོགས་གསུང་བཟང་པོ་འབྱོན་བཞིན་པ་ལས། མདའ་སྐད་གླིང་བུར་འགྱུར་བའི་དཔེ་ལྟར་དེ་ནས་བཀའ་ཤོག་ཏུ་བཀའ་བཀྱོན་ཁོ་ན་དང༌། ཁྱད་པར་ལན་གཅིག་ཨ་བར་ལ་གནམ་གཤེགས་ཀྱི་ཁྲིའི་ཁག་མེད་པས་བྱང་གླིང་གི་ཁྲི་བསྡུས། ལར་ནས་སྤྲུལ་སྐུ་སྡེ་པ་སྟག་རྩེ་བའི་སྐུ་བསྲུང་པ་ཡིན་གཤིས། ད་ཆ་དེ་འདྲ་ལ་འགྲན་ཟླ་བྱེད་པ་ཅི་ལ་འགབ་ཅེས་གསུངས། ཡང་རྗེ་བླ་མ་སྒྲ་སྙན་གསན་བཞེད་ཀྱི་སྙན་འབུལ་གནང་བར་ཡང༌། སྒྲ་སྙན་ངག་ཤེས་པར་མི་ཚེ་འགོར། ཞེས་བསླབ་སྟོན་འུད་ཅན་བསྩལ་བས་ཞུ་རེ་འགགས་པ་དང༌། གསུང་སྤྲུལ་རིན་པོ་ཆེ་གཤེགས་རྗེས། ཐུགས་སྲས་རིན་པོ་ཆེས་ཀྱང༌། བླ་མ་མངའ་རིས་པར་བཀའ་ཐང་གི་དཔེ་ཆ་གཡར་བཏང་བའི་དོན་ལ་བཀའ་བཀྱོན་ཆེན་པོ་བསྩལ་ནའང༌། དེ་རྣམས་ཀུན་ལ་ཅི་མཛད་ལེགས་མཐོང་གི་དག་སྣང་ཆེན་པོས་དད་ལོག་ཅི་ཡང་མ་མཛད་པ་ནི། ད་ལྟའི་བར་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པར་ཀུན་གྱིས་གཏན་ལ་ཕེབས་པ་འདིའོ། །གཞན་ཡང་དེ་དག་གི་ཕྲ་མས་སློབ་རིགས་དང་སྐུ་ཉེར་གཏོགས་པ་མང་པོས་ཀྱང་འབྲེལ་བཅད་པ་དང༌། གཅེན་མོ་བསོད་ནམས་དཔལ་འཛོམ། ཕུག་ནས་ཀྱི་མནའ་མར་འབྱོན་མ་རེག་གི་མཐུན་རྩིས་བརྩི་བ་སོགས་གྲུབ་ཀྱང༌། གཞན་གློ་བུར་དུ་གསང་སྟེ་བསུས་པ་དང༌། བྱང་གླིང་གཟིམ་ཁང་འོག་གི་འཁུར་ལེན་ཐུགས་སྲས་རྒྱལ་མཚན་པ་ནུ་བོ་ཚེ་བརྟན་པས་བརྗེས་རྟིང་དབང་ཤེད་ཀྱིས་ཐུགས་འཚེར་ཁོ་ན་ཞུ་བ་སོགས་བྱུང་ནའང༌། ཐུགས་བརླིང་བས་ལྗོན་ཤིང་རླུང་གིས་བསྐྱོད་པའི་རྩ་བ་ལྟར་མི་གཡོ་བར་བཞུགས་ཤིང༌། དེ་སྐབས་ནུབ་གཅིག་ཞིང་སྐྱོང་མ་མོས་བུད་མེད་དཀྱུས་མའི་གཟུགས་སུ་མནལ་ལམ་ལ་བསྟན་པ་དང༌། དེ་ནུབ་གྲྭ་རྒན་བསྟན་འཛིན་ལུང་རིགས་བྱ་བ་གླིང་སྟོད་ན་མཚམས་ལ་བསྡད་པར་ཞིང་སྐྱོང་མ་མོ་སྐུ་དངོས་སུ་བསྟན་ཏེ། གཉིས་ཀ་མཐུན་པར་འགལ་བྱེད་རྣམས་ཆམ་ལ་འབེབས་པས་ལྟོས་ཤིག་ཅེས་ཁས་བླངས་ཀྱང༌། དུས་ཉེ་བར་རྟགས་གསལ་བ་ནི་གང་ཡང་མ་བྱུང་རུང་ཕྱིས་ཐོག་ཏུ་ཁེལ་བ་ཡིན་པ་འདྲ་གསུངས། ཡང་ཡབ་རྗེའི་སྐུ་འདད་ཐོན་མ་ཐག་གི་ཐམས་ཅད་སེམས་ཅན་གཅོང་ཆེ་སྐབས། དར་ལུང་བླ་གྲྭ་རྣམས་ཀྱིས་ཨོ་རྒྱན་གྱི་སྐུར་བེར་འབུལ་བ་ཡིན་ཞེས་ཐམས་ཅད་འཕྱོར་ཆས་ཀྱིས་ཡར་བྱོན་དུ་འོངས་ནས་ཞོགས་པ་ལྷ་བསངས་དང་ཕྱི་དྲོ་གླུ་གཞས་སོགས་བྱས་པར་རང་ལྟོས་ཀུན་འཚིག་པ་ཟ་བའི་སྐབས། གཏེར་བདག་གི་ལས་མཁན་གྲིབ་བཙན་པ་ཁོག་ཏུ་ཐོག་འབེབས་ཀྱིས་བླ་བྲང་སྟེང་ནས་གཡོབ་མོ་དང་ཞགས་པར་ཐག་བརྡོགས་བྱས་པ་འདྲེ་མོའི་གཏོར་ཁང་འོག་ཏུ་སྐྱེལ་དུ་བཏང་ནས་ལྟད་མོ་ལྟོས་ཤིག་ཟེར་བ་ལྟར། དེ་ཉིན་དར་ལུང་བླ་མ་བགྲེས་པོ་སྡིངས་པོ་ཆེར་མཇལ་ཁར་ཐེགས་པ་བཞུགས་གྲལ་དུ་སྟེང་གྲིབ་ཀྱིས་གློ་བུར་དུ་གཤེགས་པར་རང་རེའི་གྲྭ་པ་ཁ་གཡའ་བ་འདྲས་མཐུ་སྐད་ཀྱང་བྱེད་པ་བྱུང༌། [འཕྲོས་དཔེ་མ་རྙེད།]

ཡེ་ཤེས་མཁའ་འགྲོ་ཇོ་སྒྲོན་མའི་རྣམ་ཐར་ཡོན་ཏན་མངོན་དུ་ཕྱུང་བ་ཡིད་ཆེས་ཡོན་ཏན་གསལ་བའི་མེ་ལོང། ཡབ་མཆོག་ལྡན་རྡོ་རྗེས།

༄༅། །ཀུན་དགའ་བཟང་མོའི་ཡུམ་ཡེ་ཤེས་མཁའ་འགྲོ་ཇོ་སྒྲོལ་མའི་རྣམ་པར་ཐར་པ་ཡོན་ཏན་མངོན་དུ་ཕྱུང་བ་ཌཱཀྐི་མའི་ཞལ་ཆེམས་ཡིད་ཆེས་ཡོན་ཏན་གསལ་བའི་མེ་ལོང་བཞུགས་སོ། །

ཆོས་སྐུ་ཡུམ་ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ། །མ་བཅོས་སྤྲོས་བྲལ་ཀུན་གཞི་གཉུག་མའི་ཀློང་ཡངས་ན། །གཉིས་མེད་རང་རིག་འོད་གསལ་འདུས་མ་བྱས། །སྐྱེ་མེད་དབྱིངས་སུ་ཆོས་སྐུ་ཡུམ་ཆེན་རྒྱལ་གྱུར་ཅིག །ལོངས་སྐུ་མཚན་དཔེས་སྤྲས་པའི་ཕག་མོ་ཉིད། །རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ནམ་མཁའ་ལ། །ཡེ་ཤེས་སྒྱུ་མའི་གཟུགས་བརྙན་ཅིར་ཡང་བཀྲ །མཁའ་སྤྱོད་བདེ་ཆེན་མཆོག་ལ་རྟག་ཏུ་རོལ་མཛད་པའི། །ལོངས་སྐུ་ཡུམ་ཆེན་ཇོ་མོ་སྒྲོལ་མ་རྒྱལ་གྱུར་ཅིག །ཕག་མོའི་ཐུགས་ལས་སྤྲུལ་པའི་སྲས། །དཔའ་བོ་ཀུན་གྱི་བཞེད་པ་བཀང་། །མཁའ་འགྲོ་ཀུན་གྱི་སྙིང་གི་བཅུད། །བསྟན་པའི་རྒྱལ་མཚན་འཛིན་ལ་འདུད། །དེ་ཡང་མཆོག་ལྡན་རྡོ་རྗེའི་ཡུམ་ཇོ་མོ་སྒྲོལ་མ་དེ།

དང་པོའི་སྐབས་སུ་སྦས་པའི་ཚུལ་གྱིས་སུས་ཀྱང་མ་འཕྲིག །སྐབས་སྐབས་སུ་བརྟུལ་ཞུགས་རེ་མཛད་ཀྱང་། ཕལ་ཆེར་ནི་ལས་ཀྱི་རྣམ་སྨིན་གྱིས་མ་རིག་པ་དང་། བར་དུ་མཆོག་ལྡན་རྡོ་རྗེ་དང་ལུས་སེམས་མཐུན་པ་འགྲོགས་པའི་ཚེ། ཆོས་ཀྱི་ཚིག་དང་བརྟུལ་ཞུགས་མང་པོ་བསྟན་པ་དང་། རྩོལ་མེད་དུ་དགའ་བར་རིགས་ཀྱང་མི་ཉན་བསམ་པས་ཕར་ལ་བཟླས་ཤིང་བསྡུས་ནས་བསྡད་དོ། །ཕྱིས་མངའ་རིའི་རྒྱལ་མོ་སྐུ་འཁྲུངས་ཚུན་ལ་སྙན་ངག་གི་མགུར་མང་དུ་གསུངས་ཀྱང་། ཡིད་ཆེས་པའི་ཚུལ་དུ་མ་བྱས་ཤིང་མཚར་མཚར་གྱི་ཚུལ་དུ་ཡི་གེ་བཀོད་པའོ། །ཌཱཀྐི་མའི་མཚང་ལ་ཕོག་དགོས་པའི་ཐུགས་དགོངས་བྱུང་བ་ལ་འདིས་ཟེར་ལེ་འདི་ཀུན་རྒྱལ་བའི་བཀའ་དང་མཐུན་ལེ་མང་པོ་འོང་བ་དང་། ལར་འདི་ཡང་པད་མ་ཅན་གྱི་རིགས་ཡིན་པས་མཚང་ལ་སོགས་ཕོག་ན་མི་ཉན་བན་བསམ་པས། ཕར་ལ་མ་གོ་ལོ་བྱས་པ་ནི་མ་གཏོགས་པས་ཡེ་ཤེས་ཀྱི་ཌཱཀྐི་མ་རེད་པ་ནི་ཡབ་ཀྱིས་ཐག་ཆོད་པར་གྱུར་ཏོ། །

ཡེ་ཤེས་མཁའ་འགྲོ་ཇོ་མོ་སྒྲོལ་མའི་སྦས་ཐབས་མངོན་དུ་ཕྱུང་བ་ཌཱཀྐི་མའི་ཞལ་ཆེམས་ཡིད་ཆེས་ཡོན་ཏན་གསལ་བའི་མེ་ལོང་། སྐྱེ་བོ་ལོག་ལྟ་ཅན་ཐེ་ཚོམ་བྲལ་བའི་གསལ་སྒྲོན། རྟག་འཛིན་ཅན་སུན་འབྱིན་པའི་ལྡེ་མིག་ཅེས་བྱ་བ། འགྲོ་བའི་ནད་སེལ་སྨན་པའི་གཙོ། སྨན་གྱི་མཆོག་གྱུར་དུག་གསུམ་ནད་ཀྱིས་རབ་ཏུ་གཟིར་བའི་ཉམ་ཐག་ཉོན་མོངས་འགྲོ་བའི་སེམས་ཅན་རྣམས། ཉོན་མོངས་རྩད་ནས་འཇོམ་པའི་སྨན། ཌཱཀྐི་མའི་ཞལ་ཆེམས་ལ། དང་པོ་སུན་མ་བྱུང་བའི་ཚུལ་ནི། དངོས་དང་རྨི་ལམ་དུ་འདི་ལྟར་སྣང་།

འབྲུག་ལོའི་སྤྲེལ་ཟླ་བའི་ཚེས་བཅུ་ལ་ཚོགས་འཁོར་ཞིག་བཤམས་པའི་ནུབ་མོ། ཌཱཀྐི་མའི་ཞལ་ནས། ང་ཡང་ཚུར་ཚེས་འགྲོ་དགོས་པར་སྣང་། མདང་ནས་བསུ་མ་ཡང་སླེབས་ནས་བྱུང་གསུངས་པ་ལ། མཆོག་ལྡན་རྡོ་རྗེས། བསུ་མ་ཨམ་དེ་ཅི་ཡིན་ཁྱོད་རྫུན་མ་བཟློ་བྱས་པ་ལ། མདང་ནམ་སྲོད་ལ་མདུན་གྱི་ནམ་མཁར་འདིར་བུད་མེད་གཞོན་ནུ་མ་ཁ་དོག་ལྔ་དང་ལྡན་པ་ལྔ་བྱུང་ནས། མཁའ་འགྲོ་ཀུན་གྱི་དབང་མོ་ཁྱེད། །ད་ནི་མཁའ་སྤྱོད་གནས་སུ་གཤེགས། །ངེད་རྣམས་མཁའ་འགྲོའི་ཚོགས་བཅས་ལ། །བརྩེ་བས་ཐུགས་རྗེ་རབ་དགོངས་ལ། །ཟླ་བ་ཕྱི་མའི་བཅུ་གཅིག་ལ། །ངེད་རྣམས་དོན་དུ་འབྱོན་པར་ཞུ། །གསོལ་བ་འདེབས་ཞེས་གསོལ་བ་བཏབ། །དེ་ལྟར་མཁའ་འགྲོ་སྡེ་ལྔའི་སྟེང་དུ་ཀུ་ཀུ་རི་པ་ཡང་སླེབས་ནས་བྱུང་ནས་ཨེ་མ་བདག་ཅག་མཁའ་འགྲོའི་གཙོ་མོ་བྱེད། ད་ནི་འབྱོན་པའི་དུས་ཡིན་ཟེར་བྱུང་བས་ང་ཡང་འགྲོ་དགོས་པ་ཡོད་གསུངས་པ་དང་། ཡང་མཆོག་ལྡན་རྡོ་རྗེས། ཁྱོད་མཐོང་རྒྱུ་མེད་པའི་རྫུན་ཨེ་འདྲ་མ་ལབ། དེ་འདྲ་ཡོད་ན་ངེད་ཚོར་སྟོན་དགོས་ཞུས་པས།

ཡང་ཌཱཀྐི་མའི་ཞལ་ནས། མདུན་གྱི་ནམ་མཁར་ཡར་ལྟོས་དང་། ཐམས་ཅད་གསལ་བ་ཡོད། ལས་དག་དག་རྣམས་ཀྱིས་མཐོང་ནས་མང་། ཞེས་གསུངས་པས་ཐམས་ཅད་ཀྱིས་མཚར་མཚར་ལས་མདུན་གྱི་ནམ་མཁའ་ལ་བལྟས་པ་དང་། མཆོག་ལྡན་རྗོ་རྗེ་དང་། རྟོགས་ལྡན་མ་གུར་གཉིས་ཀྱིས་མཐོང་སྣང་ལ། བུད་མེད་ཁ་དོག་ལྔ་ལ་རང་རང་དང་མཐུན་པའི་ཡབ་ལྔ་འཁྱུད་ནས་དཀྱིལ་འཁོར་གཅིག་གི་ཕྱོགས་བཞི་དང་དབུས་སུ་འདུག །མཚམས་བཞིར་གསེར་དང་། ཤེལ་དང་། པད་མ་རཱ་ག་དང་། མུ་མེན་དང་བཞི་ལས་བྱས་པའི་བུམ་པ་རེ་ཡང་འདུག །སྒོ་མཚམས་མ་བརྒྱད་ལ་གྲུབ་ཆེན་བརྒྱད་ཀྱི་ཡབ་བྱས་པ་ཡིན་ཟེར་བ་འདུག །ཡུལ་ཉི་ཤུ་རྩ་བཞི་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་འདིར་འདུས་ཡིན་ཟེར་བའི་གཟུགས་བཟང་ཆ་བྱད་ཅན་མང་པོ་འདུག་པ་མཐོང་བ་དང་། ཡང་མཆོག་ལྡན་རྡོ་རྗེས། ཡུལ་ཉི་ཤུ་རྩ་བཞི་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་འདིར་འདུས་ཡིན་ཟེར་བའི་གཟུགས་ཆ་བྱད་ཅན་མང་པོ་འདུག་པ་མཐོང་བ་དང་། དབུས་ཀྱི་ཞལ་བཞི་ཕྱག་བཅུ་གཉིས་པ། འཁོར་ལོ་སྡོམ་པའི་ཆ་བྱད་འདྲ་བ་ཞིག་གདའ་བ་དེ་ཅི་ཡིན། ཕྱོགས་བཞི་དང་སྒོ་མཚམས་བརྒྱད་དུ་འདུག་པ་རྣམས་ཅི་ཡིན་ཞུས་པས། ཌཱཀྐི་མའི་ཞལ་ནས། དབུས་ཀྱི་འཁོར་ལོ་སྡོམ་པར་འདུག་པ་དེ་ཐུབ་པ་ཆེན་པོ་ཉིད་ཡིན། ཕྱོགས་བཞིའི་ཡབ་བཞི་ནི། དཔལ་ཆེན་སྒ་ལོ་དང་། རྗེ་བཙུན་སྤང་ཁ་པ་ཅན། དྭགས་པོ་སྒོམ་པོ་དང་། བཻ་རོ་ཙ་ན་བཞི་ཡིན། ཡུམ་བཞི་ནི་རིགས་བཞིའི་ཌཱཀྐི་ཡིན། སྒོ་མཚམས་མ་བརྒྱད་པོའི་ཡབ་བརྒྱད་པོ་ནི་གྲུབ་ཆེན་བརྒྱད་ཡིན། ཅེས་གསུངས་ནས་ཞལ་མངོན་སུམ་དུ་འཇའ་འོད་དུ་ཡལ་སོང་།

འབྲུག་ལོ་བྱ་ཟླ་བའི་ཚེས་གཅིག་ཉིན་པར་ཌཱཀྐི་མ་ལ་སྙུང་ཕོག་པའི་ཚུལ་བསྟན་ནས། ཚེས་གསུམ་གྱི་ཉིན་པར་ཉི་ཤར་གདན་དྲངས་ནས་བཙུན་མ་སངས་རྒྱས་སྐྱིད་ཀྱིས་སྙུང་གཡོག་བྱེད་ཅིང་ཡོད་པ་ལ། ད་དེ་ང་ཡང་འགྲོ་རན་ཟིན་གསུངས་པ་ལ། སངས་རྒྱས་སྐྱིད་ཀྱིས་ཁོང་གི་བློ་བསྒྱུར་ཨེ་ཐུབ་བསམ་ནས་ལྷ་རྗེ་ལ་ཞུས་ཙ་ད་རེས་སྐྱོན་མེད། ཡབ་ཡུམ་ཞལ་འཛོམས་པ་ཡོད་ཟེར་ཞུས་པ་ལ། ཌཱཀྐི་མའི་ཞལ་ནས། ཁྱོད་ཀྱིས་ང་ཡི་བློ་བསྒྱུར་མི་ཐུབ། བསྒྱུར་ཨེ་ཐུབ་ཕ་རི་འདིར་ལྟོས་དང་། ནམ་མཁའ་དང་བར་སྣང་ཐམས་ཅད་འཇའ་དང་འོད་ཀྱི་གུར་ཁང་དུ་གྱུར་པའི་ནང་ནས་མ་དང་མཁའ་འགྲོ། དཔའ་བོ་དང་། དཔའ་མོའི་ཚོགས་ཐམས་ཅད་ཀྱིས་གང་ནས་ཐལ་གསུངས་པ་དང་། ཡང་དེའི་དགོང་ཁར་ཕྱིན་ཙ། ཐམས་ཅད་ཌཱཀྐི་མ་སྙུང་བའི་ས་ན་འདུག་འདུས་ནས་ཡོད་པ་ལ། མཆོག་ལྡན་རྡོ་རྗེའི་ཞལ་ནས། ཁྱོད་རང་ཚོ་ཁ་ཁ་ན་ལས་དགོས་པ་རྣམས་ལས་གྱིས། ཁོམ་ཁོམ་ཚོ་སྡོད་གསུངས་པ་ལ། ཌཱཀྐི་མའི་ཞལ་ནས། ལས་སང་ཉིན་ཚོ་ལ་བྱེད་པས་ཆོག་པ་ཡིན། མ་ཤི་ཚེ་ལ་མཛད་པ་ཡང་ཡིན། བདག་འཛིན་མཛད་ཚེ་ལས་མི་ཟད། དེ་རིང་སྐབས་འདི་ཙམ་ཡིན་ཚེ་ལ་ཡོན་མཆོད་དཔོན་སློབ་རྣམས་འཛོམས་ན་ཨེ་འདུག་མི་ཤེས། ང་ནི་ཟླ་བ་འདི་ཡི་ཚེས་བཅུ་གཅིག་ལ་འགྲོ་རྒྱུ་ཡིན། ཁྱེད་རང་ཚོ་ཡང་ད་ལྟ་སྨོན་ལམ་རེ་བཏབ་ན་འགྲུབ་པ་ཡིན། དེ་འདྲ་ཤེས་པའི་མི་ཡང་དཀའ་བ་གདའ་བས་ཁྱེད་རང་ཚོས་མདུན་གྱི་ལྷ་ཡི་ལམ་ལ་ཕར་ལྟོས་དང་། དབུས་ཕྱོགས་བདེ་ཆེན་འཁོར་ལོའི་ཞིང་ཁམས་ན། །ཐོད་པའི་ཁྲི་ལ་འཁོར་ལོའི་གདན། །སངས་རྒྱས་རིགས་ཀྱི་དཔལ་མོ་ཧེ་རུ་ཀ །སྐུ་མདོག་དཀར་མོ་མདངས་དང་ལྡན། །སྒེག་པའི་ཚུལ་ལ་འགྱིང་བག་ཅན། །གཡས་བསྐུམས་གཡོན་བརྐྱངས་གར་གྱི་ཚུལ། །ཀེང་རུས་རྒྱན་ལ་སྙན་པའི་སྒྲ། །གཡས་འཁོར་ལོ་གཡོན་པས་ཐོད་ཁྲག་བསྣམས། །ཁ་ཊྭཱཾ་ཁ་ལ་བརྗིད་པར་འགྱིང་། །རིན་ཆེན་རྩེ་ཕྲན་དབུ་ལ་བརྒྱན། །ནོར་བུ་འབར་བའི་སྙན་ཆ་ཅན། །བཞད་པའི་མདངས་ལྡན་འཛུམ་པའི་ཞལ། །ཤར་ཕྱོགས་དགའ་བ་འཁྱིལ་པའི་དཀྱིལ་འཁོར་ན། །ཐོད་པའི་ཁྲི་ལ་རྡོ་རྗེའི་གདན། །རྡོ་རྗེ་རིགས་ཀྱི་དཔའ་བོ་ཧེ་རུ་ཀ །སྐུ་མདོག་མཐིང་གསལ་མདངས་དང་ལྡན། །སྒེག་པའི་ཚུལ་ལ་འགྱིང་བག་ཅན། །གཡས་བསྐུམས་གཡོན་བརྐྱངས་གར་གྱི་ཚུལ། །ཀེང་རུས་རྒྱན་ལ་སྙན་པའི་སྒྲ། །ཁ་ཊྭཱཾ་ག་ལ་བརྗིད་པར་འགྱིང་། །རིན་ཆེན་རྩེ་ཕྲན་དབུ་ལ་བརྒྱན། །ནོར་བུ་འབར་བའི་སྙན་ཆ་ཅན། །བཞད་པའི་མདངས་ལྡན་འཛུམ་པའི་ཞལ། །ལྷོ་ཕྱོགས་རིན་ཆེན་བཀོད་པའི་གཞལ་ཡས་ནས། །ཐོད་པའི་ཁྲི་ལ་ནོར་བུའི་གདན། །རིན་ཆེན་རིགས་ཀྱི་དཔའ་བོ་ཧེ་རུ་ཀ །སྐུ་མདོག་སེར་མོ་མདངས་དང་ལྡན། །སྒེག་པའི་ཚུལ་ལ་འགྱིང་བག་ཅན། །གཡས་བསྐུམས་གཡོན་བརྐྱངས་གར་གྱི་ཚུལ། །ཀེང་རུས་བརྒྱན་ལ་སྙན་པའི་སྒྲ། །གཡས་པས་རིན་ཆེན་གཡོན་པས་ཐོད་ཁྲག་བསྣམས། །ཁ་ཊྭཱཾ་ག་ལ་བརྗིད་པར་འགྱིང་། །རིན་ཆེན་རྩེ་ཕྲན་དབུ་ལ་བརྒྱན། །ནོར་བུ་འབར་བའི་སྙན་ཆ་ཅན། །ནུབ་ཕྱོགས་པད་མ་འཁྱིལ་པའི་གཞལ་ཡས་ནས། །ཐོད་པའི་ཁྲི་ལ་པད་མའི་གདན། །པད་མ་རིགས་ཀྱི་དཔའ་བོ་ཧེ་རུ་ཀ །སྐུ་མདོག་དམར་པོ་མདངས་དང་ལྡན། །སྒེག་པའི་ཚུལ་ལ་འགྱིང་བག་ཅན། །གཡས་བསྐུམས་གཡོན་བརྐྱངས་གར་གྱི་ཚུལ། །ཀེང་རུས་རྒྱན་ལ་སྙན་པའི་སྒྲ། །གཡས་པས་པད་མ་གཡོན་པས་ཐོད་ཁྲག་བསྣམས། །ཁ་ཊྭཱཾ་ག་ལ་བརྗིད་པར་འགྱིང་། །རིན་ཆེན་རྩེ་ཕྲན་དབུ་ལ་བརྒྱན། །ནོར་བུ་འབར་བའི་སྙན་ཆ་ཅན། །བྱང་ཕྱོགས་ལས་རབ་བཀོད་པའི་ཞིང་ཁམས་ནས། །ཐོད་པའི་ཁྲི་ལ་རལ་གྲིའི་གདན། །ལས་ཀྱི་དཔའ་བོ་ཧེ་རུ་ཀ །སྐུ་མདོག་ལྗང་མོ་མདངས་དང་ལྡན། །སྒེག་པའི་ཚུལ་ལ་འགྱིང་བག་ཅན། །གཡས་བསྐུམས་གཡོན་བརྐྱངས་གར་གྱི་ཚུལ། །ཀེང་རུས་རྒྱན་ལ་སྙན་པའི་སྒྲ། །གཡས་པས་རྒྱ་གྲམ་གཡོན་པས་ཐོད་ཁྲག་བསྣམས། །ཁ་ཊྭཱཾ་ག་ལ་བརྗིད་པར་འགྱིང་། །རིན་ཆེན་རྩེ་ཕྲན་དབུ་ལ་བརྒྱན། །ནོར་བུ་འབར་བའི་སྙན་ཆ་ཅན། །བཞད་པའི་གདངས་ལྡན་འཛུམ་པའི་ཞལ། །ཀུན་ཀྱང་སྣང་སྟོང་འཇའ་ཡི་ལུས། །སྐྱེ་མེད་ཆོས་དབྱིངས་ནམ་མཁའ་ལ། །ཡེ་ཤེས་སྒྱུ་མའི་གཟུགས་བརྙན་དེ་ལྟར་སྣང་། །མོས་གུས་གདུང་བས་གསོལ་བ་ཐོབ། །ཅེས་གསུངས་སོ། །

ཡང་ཚེས་ལྔའི་ཉིན་པར་བཙུན་མ་སངས་རྒྱས་སྐྱིད་ཤིང་ཐུ་སོང་ནས་ཚུར་འཁོར་བ་ལ། ཌཱཀྐི་མའི་ཞལ་ནས། ཨ་ནེ་འདིར་ཤོག་དང་། ད་ང་ནི་ཅི་སྔ་ལ་འགྲོ་དགོས་པའི་མདང་རྨི་ལམ་ལ་ལྟས་ཁ་ཡར་བྱུང་གསུངས། ཡང་སངས་རྒྱས་སྐྱིད་ཀྱིས་ལྟས་ཅི་བྱུང་ཞུས་པས། ང་དང་བུ་མོ་བདུན་མཉམ་པར་རྫ་སྤང་མཚམས་ཤིག་ཕྱིན་པ་ལ། ཁོང་རྣམས་ཀྱིས་མེ་ཏོག་ཐུ་ཟེར་བ་ལ། ངས་ད་རུང་མི་ཐུ་བྱས་པས་ཁོང་རྣམས་ཀྱིས་ད་ནི་ཐུ་བའི་དུས་ལ་བབ་ཟེར་བ་ལ། ངས་ཀྱང་ཁོང་རྣམས་ཀྱི་ངོ་བཅག་མ་བདེ་ནས་མེ་ཏོག་ཀྱང་བཏུས་གསུངས། ཡང་སངས་རྒྱས་སྐྱིད་ཀྱིས་མེ་ཏོག་བཏུས་པ་རྣམས་ཅི་བྱས་ཞུས་པས།

ཌཱཀྐི་མའི་ཞལ་ནས། མེ་ཏོག་ཁོང་རྣམས་ཀྱིས་བཏུས་པ་རྣམས་དང་། ང་རང་གིས་བཏུས་པ་རྣམས་དང་། སྤང་ལ་སྐྱེས་པ་རྣམས་ཡར་དུ་བྱུང་བ་ལ་སོགས་པ་ང་ཡི་ཐུགས་ཀར་ཐིམ། བུ་མོ་བདུན་ཡང་ཐིམ་ནས་ཐལ་གསུངས། ཡང་ཚེས་བདུན་གྱི་ནུབ་མོ། བླ་མ་མཆོག་ལྡན་རྡོ་རྗེའི་རྨི་ལམ་དུ། མཁའ་སྤྱོད་ཀྱི་གནས་ནས་ཡིན་ཟེར་བའི་སེང་གེ་བཞི་བསྣོལ་ཞིག་གི་སྟེང་མི་ཤ་སྔོ་ལ་དབུ་བཞི་པ། ཕྱག་བཅུ་གཉིས་ཡོད་པ། ལུས་པོ་བར་སྣང་གི་ཁམས་ཐམས་ཅད་ཁྱབ་པ་མིག་མང་བུང་བ་ཙམ་གསུམ་གསུམ་དང་ལྡན་པ། དབུ་སྐྲའི་རྩེར་སྐུ་ལུས་ཀྱི་ཟུར་རྣམས་ཐམས་ཅད་དུ་ཟླ་འོད་འཕྲོས་པ་ཚ་ཟེར་ཕྲམ་ཕྲམ་པ། འོད་ལྷབ་ལྷབ་པ་ཞིག་བཞུགས་པའི་མཐའ་བསྐོར་དུ་བུད་མེད་ཁ་དོག་ལྔ་ལ་རང་དང་མཐུན་པའི་འཁོར་སྟོང་ཚོ་ཙམ་རེས་བསྐོར་བ། དེའི་ཕྱི་རོལ་དུ་མི་སྔོན་པོ་གྲི་དང་ཐོད་པ་བཟུང་བ། རལ་པ་གཙུག་ཏུ་བཅིངས། སྟོང་ཚོ་བཅུ་གཉིས་ཙམ་ཞིག་འདུག །དེའི་ཕྱི་རོལ་དུ་མགོ་བརྙན་གྱི་མགོ་ཅན་མང་དུ་འདུག་པའི་ནང་ནས་འུག་པའི་མགོ་ཅན་དམར་པོ་ཡིས་སྣ་དྲངས་ནས་ལག་ཅན་བཞི་ང་ཡི་མདུན་དུ་བྱུང་ནས། ངེད་ཅག་གི་གཙོ་མོ་ཁྱེད་ཀྱིས་རྫོང་བར་ཞུ་ཟེར་བ་ལ། སུ་ཡིན་མི་ཤེས་བྱས་པ་ལ། ཁྱེད་ཀྱིས་མི་ཤེས་ཀྱང་ངེད་རང་ཚོས་ཤེས། ཁྱེད་ཀྱི་རྣལ་འབྱོར་མ་དེ་ལ་ཟེར་བ་ཡིན། ཐོང་དང་མྱུར་དུ་སྐྱེལ་བ་ཡིན། དེའི་བར་ལ་ཚབ་ཅིག་ཀྱང་འཇོགས་པ་ཡིན་ཟེར་བ་དང་། ཚབ་ཨ་མ་དེ་ཅི་ཡིན། མི་གཏང་བྱས་པས་བྱེད་རྒྱུ་མེད། བསྡད་པ་བས་ཀྱང་ཁེ་ཆེ་བ་ཡིན། ཚབ་ནི་བྷནྡྷ་རིན་ཆེན་གཞལ་ཡས་ཁང་། འཁོར་ལོ་སྡོམ་པའི་ཕོ་བྲང་དཔའ་བོ་མཁའ་འགྲོ་འདུས་པའི་བྲོ་ར། སྐྱེ་བོ་ལོག་ལྟ་ཅན་སུན་ཕྱུང་བ་ཞིག་འཇོག །ཟླ་བ་འདི་ཡི་བཅུ་གཅིག་ལ་ཁྲིད་པ་ཡིན་ཟེར་བ་དང་། མོ་རང་ལ་འདྲི་བྱས་པའི་སྐབས་དེར་གཉིད་སད།

ཡང་ཚེས་བརྒྱད་ཀྱི་ཉིན་པར་ཌཱཀྐི་མའི་ཞལ་ནས། བླ་མ་ཡང་འདིར་གདན་དྲངས། ཡོན་བདག་ཚེ་ལ་དབང་སྐྱབས། ཨ་བཀྲ། དཀོན་མཆོག་རྒྱལ་མཚན་རྣམས་སང་འདིར་ཤོག་གྱིས་དང་གསུངས་པ་ལ། ཡེ་ཤེས་དབང་ཕྱུག་གིས། དེ་རྣམས་འབོད་ནས་ཅི་བྱེད་ཞུས་པས། གཞན་བྱེད་རྒྱུ་མེད་དེ། ང་ཟླ་བ་འདི་ཡི་བཅུ་གཅིག་ལ་འགྲོ་རྒྱུ་ཡིན་པས་ལོ་རྒྱུས་ཁ་ཅིག་འཆད་བསམ་པ་ཡིན་གསུངས་པ་ལ། བོད་ལྷ་རྗེ་དེས་སྐུ་ཨེའུ་ཙམ་འཚེ་བ་ཡོད། སྨན་འདིར་གསོལ་ཟེར་བ་ལ། ཌཱཀྐི་མའི་ཞལ་ནས། ངས་སྨན་ཟོས་ཀྱང་འདྲ་མ་ཟོས་ཀྱང་འདྲ། ང་འགྲོ་བའི་དུས་ལ་ཕྱིན་པ་ཡིན་གསུངས་པ་དང་། རྟོགས་ལྡན་མ་གུར་བྱ་བ་ཞིག་གིས་སྐུ་མྱ་ངན་ལས་མི་འདའ་བར་ཡུན་རིང་བཞུགས་པའི་ཐབས་མེད་པ་ཨེ་ཡིན་ཞུས་པས། ཐབས་ཡོད་དེ་ཚེ་རིང་པོ་ཐུབ་ཀྱང་། སྐྱེ་བའི་སྟོབས་དང་སེམས་ཅན་ལ་ཕན་ཐོགས་ཤིག་ཆེན་པོ་རང་མི་འབྱུང་བར་འདུག་པས། ད་རེས་མྱ་ངན་ལ་འདས་ནས་དེ་ནས་འོངས་ནས་ཕན་པར་འདུག་བསམ་པ་ཡིན། དེར་མཆོག་ལྡན་རྡོ་རྗེས། ད་ཁྱེད་ཨེའུ་འཆི། གལ་ཏེ་ཤི་ན་འདིར་ཅི་ཡོད་ཐམས་ཅད་བསྔོ་ཞུས་བྱེད། བུ་མོ་འདི་ཉ་ར་བྱེད་མི་ཐུབ་པས་དཀའ་མོ་ཞིག་འོང་། ང་ནི་ཆ་ལུགས་འདི་འདྲ་རང་དུ་འདུག །བུ་མོ་ཉ་ར་བྱེད་མི་ཕྱིན་ཆད་མི་འཚོལ་ཞུས་པའི་སར་སངས་རྒྱས་སྐྱིད་ཀྱིས་དེ་འདྲ་མ་གསུང་། མ་ཡུམ་ལ་ཁས་ལེན་བྱས་རུང་དྲུང་པ་རང་གི་རྣམ་ཐར་དང་། འདས་བཅས་མ་ཇོ་ལྔའི་ཞལ་བཞེས་འདུག་པས་བུ་མོ་ཉ་ར་བྱེད་མི་ཞིག་མེད་པས་མི་འཕྲོ་ཟེར་བ་ལ། ཌཱཀྐི་མའི་ཞལ་ནས། དེ་མོ་བདེན། ཤར་ཁ་ངོས་ན་བུ་མོ་ཐུགས་རྗེ་སྒྲོལ་མ་བྱ་ཞིག་ཡོད་པ་དང་ཐུག་ན་ལེགས། མ་ཐུག་ཀྱང་ཤུགས་ཀྱིས་འཕྲད་པ་ཞིག་འོང་བ་ཡིན། ང་དང་འདྲ་བ་ནི་འོང་བ་དཀའ། བུ་མོ་ནི་ཨ་མ་མ་གཏོད་མིན་པ། དཔོན་སློབ་དམ་ཚིག་ཆགས་འདྲེ་འོང་ཡིན་གསུངས་པ་ལ།

མཆོག་ལྡན་རྡོ་རྗེས། ཁྱེད་རང་ཡོད་པའི་དུས་ན་ཁོང་ཚོས་རྒྱག་གྲོགས་མ་བྱས་པས་ངེད་དང་ལ་ཡང་ཁོང་ཚོ་དང་འགྲོགས་པས་མིས་འབར་འདྲེ་བྱས་པ་བུ་མོ་ཡང་སྐྱེ་བ་ལ་ཅི་ཕྱིན་མི་ཤེས། ཨ་བྱི་ལ་གོས་ཙམ་ཞིག་སྟེར་རྒྱུ་ཨེ་རྙེད་བལྟ་བྱས་པ་ལ། ཌཱཀྐི་མའི་ཞལ་ནས། དེ་མཛོད་དང་ཁྱེད་རང་ལྷ་རུས་བཟང་པོར་འགྲོ་བ་ཡིན། བུ་མོ་འདི་དང་ང་ཡི་བར་འདུག་འདི་གཉིས་ཨ་མ་ལ་གཏོད་དང་འཚེངས་མིན་ཏེ། མོ་རང་སྐྱོ་ཁེ་བ་ཡིན། ང་ཤི་བ་འབྱེ་པ་མ་ཡིན། ཁོང་ཚོ་ལ་ཕན་ཐོགས་པ་འོང་སྲིད། དེ་སྟེ་ཕན་བཏགས་པ་དང་། རྟེན་འབྲེལ་བསྒྲིགས་པ་རྣམས་སུས་ཀྱང་མི་གོ་ན་ཀུ་རེ་དང་འཕྱ་བཞད་ཀྱི་ཡུལ་དུ་བྱེད་པར་འདུག །ང་སྐྱིད་པ་ན་ཚེས་བཅོ་ལྔའི་ནུབ་མོ་ཁང་པའི་རྒྱ་མཐོངས་ཀྱི་རྩ་ན་ཉན་ནས་ཡོད་ཙ། བུ་དགུ་ཚུལ་རྒྱལ་གྱིས་ང་ལ་འཛིན་ནས་བྱུང་བ་ལ། ང་ལ་ཡང་མི་ཉན། ཁོས་ཀྱང་མི་ཆུན་བསམ་ནས་འཛིན་ཡང་མ་ཐུབ། དེར་མཁའ་སྤྱོད་གཙོ་མོ་ལ་དངོས་གྲུབ་དུམ་ཞིག་ཞུས་ནས་ང་རང་ཡང་ཟོས། ཁོ་ལ་ཡང་བྱིན་ཙ། ཐེ་ཚོམ་བྱས་པ་མ་གཏོགས་ཡོན་ཏན་མི་རིག །ནུབ་ཅིག་ཡི་དམ་གྱི་གཟིགས་སྣང་མང་དུ་བྱུང་བ་ལ། མཆོད་འབུལ་དང་གསོལ་འདེབས་མང་པོ་བྱས་པའི་ངང་ལ་བདག་འཛིན་གྱི་རྟོག་པ་ཧྲིལ་ཏེ་ཧྲིལ་ཏེ་ཞིག་ནས་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལ་ལྷན་ནེ་སོང་བ་ལ། བུ་དགུ་དགེ་བཤེས་གཅིག་གིས་འདྲེ་བརྟགས་བྱས་པས་བདག་གཞན་གཉིས་ཀའི་རྟེན་འབྲེལ་འགའ་རེ་ཡང་དེར་འཆུག །འཕྲག་ཡུལ་དུ་ནུབ་ཅིག་ང་ཡི་སྣང་བ་སྔོ་ཏིལ་མ་ལ་མི་གདོན་ཅིག་གིས་བཏབ་པ་མཐོང་ནས་ངས་རྨི་ལམ་བཟུང་ནས་ཕྱག་རྡོར་དུ་སྤྲུལ་ནས་དཔོན་པོ་སུལ་མདའ་ལ་པཉྩ་ཨ་ཉེར་གྱི་ཁྱིམ་དུ་ཉལ་ནས་བསྡད་དུས་ལུང་བསྟན་ཏེ་མྱུར་དུ་དཔྱིད་པ་ན། ཕྱི་ནས་སྔོ་ཏིལ་མ་ཤི་བར་བྱས།

ང་རྒྱ་གར་ནུབ་ཕྱོགས་མཚལ་ཅན་གྱི་ར་བ་ན་འདུག་པའི་དུས་སུ་ཁོང་པ་ཉིས་ཀྱང་ང་ཡི་ཡོན་བདག་ཅིག་གི་མིང་སྲིང་གཉིས་སུ་སྐྱེས་པ་ཡིན། ཞེས་གསུངས་པ་ཡང་བླ་མ་མཆོག་ལྡན་རྡོ་རྗེས། ད་རུང་ནད་ཡམས་འདི་ཡང་སྒོང་ན་འདུག །ཕྲུ་གུ་ཀུན་ཀྱང་ཨེ་མ་འཆི། མ་ཤི་ན་ཡང་ཡར་བརྒྱད་ཤོད་ན་མི་ཐོན་ཨེ་ཡིན་བྱས་པས། ཡང་ཌཱཀྐི་མའི་ཞལ་ནས། ནད་ཡམས་ཡང་སོང་ང་ཤི་ནས་ཆད་པར་ཡོད། ཁྱེད་འབྲུམ་པ་ཐུ་མོ་ཞིག་བསྙུང་སྟེ་འདས་པ་མེད། ཕྲུ་གུ་ཀུན་ཀྱང་ན་སྟེ་མི་འཆི། ང་ཡང་ཚེས་བཅུ་གཅིག་ལ་འགྲོ་བ་ཡིན་ཙ། ཡེ་ཤེས་དབང་ཕྱུག་གིས་ང་ཡི་ཐོད་པ་འདི་བྲོག་དང་འགྲོ་བའི་དད་རྟེན་མང་དུ་འབྱོན་པ་ཡིན། སྐུ་གསུང་ཐུགས་ཀྱི་རྟེན་ཡང་མང་དུ་འབྱོན་པ་ཡིན། ཁྱེད་རང་ཡང་ཡུལ་འདིར་ཡུན་རིང་མ་བཞུགས། ང་ཡི་ཕུང་པོ་འདི་སྟོད་གཙང་ས་འདིར་ཁྱེར་ལ་ཙ་ཧཱུྃ་རྒྱལ་པོའི་ཕོ་བྲང་དུ་ཁ་ནུབ་ཕྱོགས་སུ་སྟོན་ལ་ཐོད་པ་བྲོག་དང་ལེགས་པ་ཡིན། དེ་ཤུལ་མེ་ལ་ཞུས་ལ་གདུང་ཤུགས་དྲག་པོས་གསོལ་བ་མང་དུ་ཐོབ། སྐུ་གསུང་ཐུགས་ཀྱི་རྟེན་ཡང་མང་དུ་འབྱོན་པ་ཡིན། ཁྱེད་རང་ཡང་ཡུལ་འདིར་ཡུན་རིང་མ་བཞུགས། མི་ཁ་ཆེན་པོ་འོང་བ་ཡོད་ཅེས་གསུངས་པ་དང་། ཡང་མཆོག་ལྡན་རྡོ་རྗེས། ཁྱེད་རླུང་ལོག་བཞིན་ཨེ་འགྲོ་ཙ། མ་ཡེངས་བླ་མ་སྒོམས་ཞུས་པས།

ཌཱཀྐི་མའི་ཞལ་ནས། ཚེ་འདིར་དང་དུ་བླང་བ་མེད། ཕྱི་མ་གཡེལ་དུ་བོར་ཟིན་མེད། བློ་འདི་འཁྲུལ་པའི་དབང་དུ་བཏང་ཟིན་མེད། འཆི་ཁ་མཚམས་སྦྱོར་དགོས་རྒྱུ་མེད། མཚམས་སྦྱོར་དགོས་པར་མཐོང་ན་འདི་ལྟར་བྱེད། ཕུང་པོ་ལྔ་ལ་རྒྱལ་བ་ལྔ། འབྱུང་བ་ལྔ་ལ་ལྷ་མོ་ལྔ། ཕུང་ལྔ་ས་ལྔ་ཡབ་ཡུམ་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་མ་རིམ་གྱིས་བསྟིམ། འོད་གསལ་ཆོས་སྐུའི་དབྱིངས་ལ་ཁོ་མོ་བཞིན། དབུ་མར་ཟང་ཐལ་དུ་ཐོགས་མེད་ལྷའི་ལམ་བརྒྱུད་ནས་འོག་མིན་མཁའ་དབྱིངས་བདེ་ཆེན་ཞིང་ཁམས་སུ་དཔའ་བོ་མཁའ་འགྲོ་ཚོགས་པའི་དབུས་ཉིད་དུ། སྐུ་ལྔའི་བདག་ཉིད་ཐོགས་པ་མེད་པར་གྱུར་ཏོ་ཞེས་པ་དང་།

ཡང་བླ་མ་མཆོག་ལྡན་རྡོ་རྗེས། དེ་སྐད་མ་ཟེར་དྲུང་ལ་བློ་བཟང་གྲགས་པ་ཡང་གདན་དྲངས་ནས་ཁྱེད་རང་གི་སྔས་མགོ་ན་བཞུགས་བཅུག་ནས་ཡོད་ཡོད་ཞུས་པས། ཚུར་ཙོག་པུ་ལ་བཞུགས་ནས་ཁྱེད་རྣམས་ཀྱི་ང་ཡི་མགོ་གཡོགས་པར་འདུག །བློ་བཟང་གྲགས་པ་ད་ལྟ་ང་ཡི་སྔས་མགོ་ན་མེད་པ་ངས་ཤེས། བློ་བཟང་གྲགས་པའི་རྒྱུས་ཁྱེད་ཚོ་བས་ངས་ཞིབ། ཁོང་གཡུ་བྲག་ཏུ་ཞང་མཚལ་བ་གྲགས་པའི་དུས། ང་ཁོང་གི་ཉེ་གནས་དར་མ་གཞོན་ནུ་འོད་ཟེར་བ། ཁོང་གི་ཕྲིན་ལས་སྒྲུབ་མི་དེ་ང་ཡིན་མོད། ང་དར་མ་གཞོན་ནུ་འོད་དང་གསུམ་ཁོང་གི་ཕྲིན་ལས་སྒྲུབ་མི་ཡིན་མོད། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ནི་ངས་དེ་དུས་ནས་ཐོབ། ངེད་སྐལ་ལྡན་བུ་བཅུ་ཡོད་པའི་ནང་ནས་ཡང་འདུལ་བ་འོད་བྱེད་ཁྱེད་ཡིན་མོད། དམ་པ་བཟོད་ནི་ཨ་ཏི་ཆོས་འདོད་ཡིན་མོད། ང་དར་མ་གཞོན་ནུ་འོད་དང་གསུམ་ཁོང་གི་ཕྲིན་ལས་སྒྲུབ་མི་ཡིན་མོད། དེའི་ནང་ནས་ཀྱང་ང་ཁོང་གི་ཕྲིན་ལས་སྒྲུབ་མི་ཡིན་མོད། ཁོང་གི་ཐུགས་ཀྱི་སྤྲུལ་བ་ཞིག་བལ་པོ་ད་དན་གྱི་ཡུལ་དུ་བསྟན་པ་དར་བར་མཛད་ཅིང་། ཁོང་སངས་རྒྱས་ཀྱི་མདུན་དུ་ལི་ཏ་ཙི་གཞོན་ནུ། དེའི་རྟིང་ལ་ཀླུ་སྒྲུབ་སྙིང་པོ་དེའི་རྟིང་ལ་བོ་དྷི་ས་ཏྭ། དེའི་རྟིང་ལ་ཞང་ཚལ་པ་གཡུ་བྲག་པ།

དེའི་རྟིང་ལ་རྒྱ་སྟོན་བློ་བཟང་གྲགས་པ་ཡིན། ངར་ཕུག་དཔལ་གྱི་དབེན་གནས་སུ། ངེད་སྐལ་ལྡན་བུ་བཅུ་ལ་སྙིང་གཏམ་དུ་གསུངས་པའི་ལོ་རྒྱུས་ཀྱང་ད་ལྟ་ངའི་ཡིད་ལ་གསལ་པོ་ཡོད། གཡུ་བྲག་བས་ཀླུ་མོ་ལ་ཆོས་གསུངས་བོད་པ་ངས་མཐོང་ནས་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས། དགུང་ལོ་ཅི་ཙམ་ཐུབ་དང་། སྒྲུབ་པ་མཛད་པའི་རྟགས་དུ་ཡོད་དང་། བསྟན་པ་དར་རྒྱས་ཕྱོགས་གང་ནས་འོང་དང་། དགོས་པའི་གཞི་གཤའ་མ་དེ་གར་ཡོད་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་རྣམས་ཞིབ་པར་གསུངས་པ་རྣམས་ད་ལྟ་ང་རང་གི་སེམས་ལ་གསལ་པོ་ཡོད་གསུངས་པ་དང་། ཡང་མཆོག་ལྡན་རྡོ་རྗེའི་ཞལ་ནས། ཁྱེད་ཀྱི་སེམས་ལ་གསལ་ན་ཞིབ་པར་ཤོད་དང་བྱས་པས། བསྟན་པ་ཕན་པ་ཡིན་པས་ཡི་གེ་ལ་ཐོབ་དང་ངས་བཤད་གསུངས་ནས་འདི་སྐད་གསུངས་སོ། །གདན་ས་ནི་སྤྱི་ཤོད་ཚལ་མདའ་རས་རྒྱས་པ་འོང་། དགོན་པའི་ཚད་ནི་ཤཱཀྱ་རྣམས་གཉིས་ཀྱི་ཞབས་ཏོག་ཏུ་གཙུག་ལག་ཁང་རྟེན་ཕུན་སུམ་ཚོགས་པ་ཞིག་གུང་ཐང་དཔལ་ལེའི་རྩ་ན་ཡོད་པ་ཡིན། ལྷ་ཁང་དེའི་ཆ་བྱད་ནི་ད་ལྟ་བདེ་སྟོང་དགོན་པའི་ལྷ་ཁང་འདི་ཡིན། ད་ཡང་ལྷ་ཁང་འདི་ཡི་ནང་དུ་མ་འོངས་སངས་རྒྱས་ལྷ་ཆེན་དཔལ་འབར་དང་། སྐུ་ཚད་མཉམ་ཞིག་བྱོན་པ་ལེགས། གུང་ཐང་གི་བདག་ནི་ཀླུ་མོས་བྱས་ནས་ཡོད་པ་ཡིན། བུད་མེད་ཀྱི་གཏམ་གྱི་གོ་མི་ཆོད་མ་གཏོགས་པས་གུང་ཐང་མཇལ་བ་དང་བདེ་སྟོང་མཇལ་བ་ཁྱད་མེད། གཡུ་བྲག་པ་དགུང་ལོ་བཅོ་ལྔ་ལོན་པའི་དུས་ན། ལྷག་མ་ནས་མདུན་གྱི་ལྷ་ཆེན་དཔལ་འབར་དབང་ཕྱུག་ཞལ་གཟིགས་པ་ཡིན། རིན་པོ་ཆེ་ཆུང་ཐུགས་ཐེ་ཚོམ་ཟོས་ནས་སློབ་དཔོན་རྔོག་སྟོན་ཞུས་པས།

སློབ་དཔོན་གྱི་ཞལ་ནས། རིན་པོ་ཆེ་ལ་ད་ཁྱོད་ཉོན་དང་། ངས་བརྟག་པ་བཏང་གསུངས། རིན་པོ་ཆེ་ཉིད་ཀྱང་བཟླས་པའི་འཕྲོ་བཅད་ནས་ཐུགས་མཉམ་པར་བཞག་པ་ལ། གཙང་ཆབ་ལེན་དུ་སྦྲ་དཀར་པོ་ཞིག་གི་ནང་དུ་ཁྱི་དཀར་པོ་ཞིག་བྱུང་ནས་སྲང་ཁར་སླེབ་པ་དང་ཕྱིར་ཁྱིམ་དུ་གྱུར། དེ་ལྷ་ཁང་ཞིག་ཏུ་གྱུར་པའི་ལོ་རྒྱུས་མང་དུ་ཡོད་གསུངས། ཀླུ་མོས་གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པའི་ནང་དུ་དབང་གི་རྒྱལ་པོ་ལ་སོགས་པ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཕུལ་ནས། རིན་པོ་ཆེ་བྱམས་པ་སྟོབས་ལྡན་ཁྱེད་ཀྱི་ཡོན་བདག་ངས་བྱེད། ང་ཀླུ་ཡི་རྒྱལ་པོ་གཟུགས་གཙུག་ན་རིན་ཆེན་གྱི་བུ་མོ་ཡིན། མཁར་ཀླུ་བཙན་ང་ཡི་མིང་པོ་ཡིན། སྙིང་དྲུག་ཀླུ་མོ་ང་ཡི་བུ་མོ་ཡིན། ངར་ཕུག་ཀླུ་མོ་བུ་མོ་ཆུང་ཤོས་ཡིན་ཟེར་ནས་རིན་ཆེན་གཡུ་བྲག་པ་ལ་མངའ་རིའི་རྒྱལ་མོ་ཁམས་ཐམས་ཅད་རིན་པོ་ཆེས་བཀང་ནས་ཕུལ་བ་ཡིན། མདའ་མོ་ར་ཡི་ཚལ་དུ་རིན་པོ་ཆེ་ལ་ཀླུ་མོས་དགོན་པ་ཕུལ་བ་ནི། དགོན་བསྐོར་ནག་ཚང་དཔོན་ཁང་ལ་སོགས་པ་མར་གྱིས་གང་ནས་ལྗང་ལ་ལྗང་རི་ཟླུམ་པོ་བསྐོར་བ་རྣམས་ཕུལ་བ་ཡིན། གུང་ཐང་གི་གཙུག་ལག་ཁང་གློོ་འབུར་གཉིས། སྒོ་དཀྱིལ་མགོན་ཁང་རྒྱབ་སྒོའི་འགྲམ་གཉིས་ན་ལྷ་མགོན་གཉིས་དང་། གཟིམ་གུར་ཆོས་ཁྲི་སྐུ་འབུམ་དཔལ་ལྷ་ལ་བབ་པའི་ལུགས་ལྕགས་རི་གྲུ་བཞིས་བསྐོར་བ་བཅས་པ་ཕུལ་བ་ཡིན། ངས་རིན་པོ་ཆེའི་གདན་ས་གཤའ་མ་དེ་གར་བྱེད་ཞུས་པས། གདན་ས་དེ་ཚ་བ་གྲུ་ཡི་བྱང་ཤར་མཚམས་སུ་འོང་གསུངས། གཙང་ཆབ་ལེན་གྱི་ཆུ་ཧུབ་རེ་འཐུང་ན་བསྐལ་པ་སྟོང་དུ་ཚེ་བསྒྲུབས་བྱས་པ་དང་། ནོར་བསྒྲུབས་བྱས་པ་བས་ལྷག །རིན་པོ་ཆེ་གཡུ་བྲག་པའི་རྗེས་ཞུགས་བུ་ཆེན་གྱི་དོད་རྣམས་རེད། རྟེན་འབྲེལ་དེ་དང་མཚུངས།

ད་ལྟ་ཡང་བློ་བཟང་གྲགས་པའི་བུ་ཆེན་རྗེས་འཇུག་རྣམས་ཀྱི་དོད་བདེ་སྟོང་དགོན་ལྷ་ཁང་དང་བཅས་པ་ཡིན། གཙང་ཆབ་ལེན་གྱི་ཆུ་དང་མཚུངས་པ་ནི། བདེ་སྟོང་དགོན་གྱི་ཐོད་དུ་ལུང་པ་ཞིག་གི་ནང་དུ་ཆུ་མིག་ཤར་དུ་རྒྱུ་བ་བྲག་དཀྱིལ་ནས་བབ་པ། ཆུ་མདོག་དཀར་པོ་ཡོད་ཅིང་ཐོད་དུ་ཤུག་པ་ཁྲལ་ཁྲོལ་ཡོད་འདི་ལ་འཐུང་ན། བསོད་ནམས་དཔག་ཏུ་མེད་པ་འབྱུང་གསུངས། ཡང་རིན་པོ་ཆེ་གཡུ་བྲག་པས་སྒྲུབ་པ་མཛད་པའི་གྲུབ་རྟགས་བེར་ནག་བྲག་ཕུག་ལ་བསྟན་པ་ལ་སོགས་པ། ཞིང་ཁམས་མང་པོ་བྱོན་པ་དང་གྲུབ་རྟགས་རྡོ་མང་པོ་ལ་ཞབས་རྗེས་བཞག་པ་དང་། བྱན་མཁར་དུ་ཞིང་ཁམས་བགྲོད་ཅིང་གྲུབ་རྟགས་བཞག་པ་དང་། གཡའ་ལུང་འབྲང་བུའི་རྫ་གསེབ་ཏུ་གྲུབ་རྟགས་མཛད་པ་དང་། གཡུ་བྲག་ཏུ་ཆུ་བོ་རྟ་ལོའི་ཟླ་བའི་ཚེས་བཅུ་ལ་མཆོད་པ་བྱས་པའི་དུས་ཀྱི་གྲུབ་རྟགས་མཛད་པ་དང་། དར་ཕུག་ཏུ་ཐུགས་རྗེ་ཆེན་པོ་ཞལ་གཟིགས་རབས་དང་། ལྷ་ལུང་ནག་གི་རྩེ་མོ་ན་སྨན་བླ་ལ་འཁོར་མང་པོས་བསྐོར་ནས་ཞལ་གཟིགས་པ་དང་། དེ་ལ་སོགས་པའི་རིན་པོ་གཡུ་བྲག་པས་གྲུབ་པའི་རྟགས་མང་པོ་བཞག་པའི་ལོ་རྒྱུས་མང་པོ་ང་ལ་ཡོད་གསུངས། གཡུ་བྲག་པ་ལ་བླ་མ་སུམ་ཅུ་སོ་གཉིས་ཡོད། དྲིན་ཆེན་བའི་བླ་མ་དྲུག་ཡོད། ངེས་འབྱུང་གི་བླ་མ་བཞི་འདུག །དཔལ་ཆེན་སྒ་ལོ། སྤོ་ཁ་བ་ཅན། དྭགས་པོ་སྒོམ་པོ། དཔལ་ཆེན་པོ་བཻ་རོ་ཙ་ན་སོགས་བཞི་ཡི་བཅུད་ཁུང་ནས་ཕྱུངས་པ་ཡིན། དཔལ་ཆེན་པོ་སྒ་ལོས་ནི་བདེ་མཆོག་ལྷ་དྲུག་ཅུ་རེ་གཉིས་ཀྱི་དཀྱིལ་འཁོར་ཡིན་པ་ད་ལྟ་ང་ཡང་འབྲལ་མེད་དུ་མཇལ་བ་ཡོད་པ་ཡིན། ཕྲིན་ལས་སྒྲུབ་རེས་ཡིན་པས་ང་ཡི་ཕྲིན་ལས་དེ་ད་ལྟ་རིན་པོ་ཆེ་སྒྲུབ་ན་ལེགས་པ་ཡིན། རིན་པོ་ཆེ་གཡུ་བྲག་པ་ཡང་དོན་གཉིས་བར་དུ་ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ་ཡིན།

ད་ལྟ་བློ་བཟང་གྲགས་པ་བས་ཀྱང་ཅིག་གིས་རིང་བ་ཡིན། སྔོན་དུས་ལྷ་དཔལ་འབར་ཆེན་པོ་ཞལ་གཟིགས་པ་ད་ལྟ་ཡང་བྱམས་མགོན་ཆེན་པོ་ཞལ་གཟིགས་སྔ་ན་ཐོང་ཞེས་གསུངས་སོ། །ཡང་བླ་མ་མཆོག་ལྡན་རྡོ་རྗེས། འོ་ན་ཁྱེད་ཀྱིས་དེ་རྣམས་ཤེས་ན་དྲུང་པ་བློ་བཟང་གྲགས་པའི་སྐུ་ཚེའི་འཕེན་པ་ནམ་རྫོགས་པ། ཟབ་ཆོས་ཀྱི་དར་རྒྱས་ཅི་ཙམ་འོང་། རྗེས་འཇུག་གི་བུ་ཆེན་ཅི་ཙམ་འོང་། སྐུ་ཚེའི་བར་ཆད་ཅི་འདྲ་འོང་། སྐུ་ཚེ་བསྲིང་བའི་ཐབས་ཅི་འདྲ་ཡོད་ཞུས་པ་དང་། ཌཱཀྐི་མའི་ཞལ་ནས། བུད་མེད་ཀྱི་གཏམ་གྱིས་གོ་མི་ཆོད་པ་གདའ་མིན་པ་མྱུར་དུ་དབུས་སུ་བྱོན་ནས་མར་མེ་གསོལ། ལྷག་གཡོར་གྱི་བྲག་གི་སྣ་ལ་མཆོད་རྟེན་ཟུར་དགུ་པ་ཞིག་བརྩེགས། རྔོད་ཀྱི་རྒྱང་ཕུའི་བྲག་ལ་སྐུ་དཀར་ཞིག་གསོལ་ནས་རྟེན་མཆོད་བཞེངས་པ་དང་། སྐུ་ཚེ་ཡང་ལོ་ཁར་ཕར་བསྲིང་པ་ཡིན། ད་ལོ་མང་དུ་ནི་བཞུགས་པ་ཅི་ཙུག་འོང་ན་ཞེས་གསུངས་སོ། །མྱ་ངན་ལ་འདས་པའི་སྔ་ལྟས་ཅི་འོང་ཞུས་པས། མངོན་ཤེས་དུམ་པ་འཆད་ནས་བྱུང་ན་ཡང་སྔ་ལྟས་ཡིན་ཅེས་གསུངས་པ་དང་། བྱ་ཟླ་བའི་ཚེས་བཅུའི་ཉིན་པར་ཡབ་བསྙུངས་ནས་གཟིམ་གུར་ཕ་ཟད་ན་ཡོད་པའི་བློ་ན། ཡུམ་དེར་ཕེབས་ནས་བྱུང་བས་ཐམས་ཅད་ཀྱིས་ད་ནངས་ཙོག་པུ་ལ་བཞུགས་མི་ནུས་པ་ལ་འདིར་ཕེབས་ཟིན་པ་དང་། སྙུང་ཕན་ལེ་འདུག་ཟེར་ནས་ཐམས་ཅད་དགའ་བར་གྱུར་པས་རང་རེ་ཕན་འདོད་པ་ཨེ་ཡིན་ཞུས་པ་ལས།

ཌཱཀྐི་མའི་ཞལ་ནས། ཕྱི་སྣང་བའི་ཡུལ་དུ་ཐབས་ལམ་གྱི་ཚུལ་བསྟན་པ་མ་གཏོགས་པ། འཇའ་ལུས་རྡོ་རྗེའི་དཀྱིལ་འཁོར་ལ་འབྱུང་བཞི་སྙིགས་མའི་ཚོགས་ནི་ང་ལ་མེད། སྐྱེ་རྒས་ན་འཆི་བྱེད་ལ་མཚན་མ་རང་སར་མི་སྟོང་ཞེས་གསུངས་པ་དང་། ཡང་བླ་མ་མཆོག་ལྡན་རྡོ་རྗེས། དག་པའི་ཐད་ལ་ད་ལྟར་ཡིན་ཏེ། མ་རིག་འཁོར་བ་འཁྱམས་པའི་འདི་རྣམས་ལ་དེ་འོང་བར་འདུག་པས་འཁོར་བ་འཁྱམས་པའི་རྒྱུ་རྐྱེན་གང་ལགས་ཞུས་པས། ཇོ་སྒྲོན་གྱི་ཞལ་ནས། སྔོན་ཆད་ལས་ངན་བསགས་ཤིང་འཁོར་བར་འཁྱམས་པ་ཐམས་ཅད་ནི། ལུས་འདི་ལ་ཞེན་ཅིང་ཆགས་པས་ལན་པ་ཡིན་པས་ལུས་ལ་མ་ཆགས་པ་དགོས་པ་ཡིན། སེམས་ཉིད་འདི་ཡེ་ནས་སྟོང་པ་ཡིན་པ་ལ་དེ་ལྟར་མ་ཤེས་པས་ལན་པ་ཡིན། དེ་ཡང་གང་གིས་ལན་པ་མ་རིག་པས་ལན། དེ་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པའི་གཞི་བྱས། ཀུན་ཏུ་རྟོག་པའི་མ་རིག་པའི་རྐྱེན་བྱས། དེ་ལ་བཟུང་ཡུལ་དང་འཛིན་ཞེན་གཉིས་བྱུང་། དེ་ཁམས་གསུམ་དང་རྒྱུད་དྲུག་ཏུ་འཁྱམ། དེ་ཅིས་ལན་ན་ལུས་འདི་ལ་ཞེན་ཅིང་ཆགས་པས་ལན་པ་ཡིན། དེ་ལ་ཆགས་པས་གཅིག་དགོས་པ་ཡིན། རང་གི་ལུས་པོ་འདི་རུས་པའི་དུམ་བུར་མཐུད་པ། ཆུ་རྒྱུས་ཀྱི་དྲ་བས་སྣ་སྦྲེལ་བ། རྣག་ཁྲག་གི་རྐྱལ་བ། ཆུ་སེར་ཐུམ་བུ། ཤ་ངན་གྱིས་ཞ་ལ་བྱས་པ། པགས་པ་ལབ་ལེབ་ཀྱིས་གཡོགས་པ། ནང་ན་ནང་རོལ་སྙག་སྙོག་གིས་བཀང་པ། ཕྱི་ཤིག་དང་སྲོ་མའི་རྩི་འབྲོག །ནང་འབུ་སྲིན་གྱིས་སྟོང་ར། སྐྲ་དང་བ་སྤུ་ལ་སོགས་མི་གཙང་བའི་རྫས་ཀྱིས་གང་བའི་བུ་ག་རེ་རེ་ལ་ཡང་མི་གཙང་བ་དཔག་མེད་འབབ་པ། ནམ་འཇོག་ཆ་མེད་པར་ཤི་ནད་ཀྱིས་ཐེབས་པ། སྨན་བོན་རྣམས་ཀྱིས་བོར་ནས་སྡུག་བསྔལ་ཞིང་སྐྱོ་བ་སྐྱེས་པའི་རྒྱུད་འདི་དག་ལ་བྱི་དོར་དང་རྒྱན་འདོགས་ཤིང་དགའ་བྲོ་བྱེད་པའི་ཕོ་མོ་བླུན་པོ་འགའ་ཞིག་ཞེ་རེ་ཁྲེལ། མཁས་པས་སྨོད་ཅིང་བླུན་པོ་ཆགས་པའི་རྒྱུད་འདི་དག་ལ་ཆགས་རྒྱུ་མེད་པའི་སྒོ་ནས་ཉམས་སུ་ལེན་དགོས་པ་ཡིན་ཏེ་ཨང་གསུངས་པ་ལ།

ཡང་བླ་མ་མཆོག་ལྡན་རྡོ་རྗེས། སྐྱེ་མེད་ཅིག་ཆོད་ཟེར་བ་ཞིག་གདའ་བས་ཅི་འདྲ་ཆོས་འདི་ལ་མིང་དུ་བཏགས་པ་མང་པོ་གདའ་བས་ཅི་ཙུག་ཡིན་ཞུས་པས། ཇོ་སྒྲོལ་གྱི་ཞལ་ནས། དོན་རང་གི་སེམས་ལ་འདུག་པ། ཕྱག་ཆེན་རྫོགས་ཆེན་ནམ། དབུ་མའམ། སྟོང་ཉིད་དམ། མིང་དུ་བཏགས་པའི་ཆོས་དེ་ཚེ་གང་ལ་ཡང་མ་སྒོམ་ཞིག །དེ་ཚོ་ནི་བཏགས་པའི་ཆོས་ཡིན། རང་གི་སེམས་ཀྱི་ངོ་བོ་འདི་ནི་མིང་མེད་ཅིག་ཡིན། འབྲས་བུ་རང་ལ་ཡེ་ནས་ཆོས་སྐུར་གནས་པ་ཞིག་ཡིན་པས། དེ་རང་གི་སེམས་ལ་གང་ཟག་གི་བློས་བཏགས་པ་ཡིན། ལ་ལས་རྫོགས་ཆེན་དུ་བཏགས། ལ་ལས་ཕྱག་ཆེན་དུ་བཏགས། ལ་ལས་དབུ་མར་བཏགས། ལ་ལས་པྲཛྙཱ་ཡི་དར་བཏགས། ལ་ལས་སྟོང་ཉིད་དུ་བཏགས་ཀྱང་། གང་ཟག་གི་བློས་མིང་དུ་བཏགས་པ་ཡིན། སེམས་ཀྱི་ངོ་བོ་གཞི་མ་གྲུབ་པ་མིང་མེད་ཅིག་ཡིན། སེམས་ཀྱི་ངོ་བོ་དེ་ལ་བལྟ། མི་འགའ་རེས་བལྟ་རྒྱུ་བྱུང་ཟེར་སྣང་སྟེ། བལྟ་རྒྱུ་བྱུང་ན་འདུས་བྱས་ཡིན་པས་འདུས་བྱས་ལྟ་བ་ཡིན་ནོ་ཡིད་ལ་ཞོག །དེ་ཡང་སེམས་ཉིད་ཀྱི་ངོ་བོ་དེ་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་འབྲས་བུ་ཆོས་སྐུར་གནས་པ་འདི་དག་ཡིན་མོད་ཨང་། འདི་ལས་ལྷག་པའི་འབྲས་བུ་ཞིག་ཐོབ་རྒྱུ་མེད་པར་བློ་ཐག་ཆོད་པ་ཞིག་དགོས་པ་ཡིན་ཏེ་དཀའ་ཨང་།

དེ་ཡང་སེམས་ཀྱི་ངོ་བོ་འདི་བློས་བཏགས་པའི་ཆོས་ཀྱིས་མ་གོས་པ་ཞིག་དགོས་པ་ཡིན་པས། སེམས་ཆོས་མེད་ཁྲེགས་སེ་བཞག་པ་འདི་ག་རང་ཡིན་བློས་བཏགས་ཀྱི་ཚིག་དབང་དུ་བྱས་ནས་ཆོས་སྐུ་དངོས་པོ་མ་གྲུབ་པས་སྐྱེ་མེད་ཆོས་སྐུ་དེས་ཐམས་ཅད་ཁྱབ་པར་གནས་ཏེ། དེ་ཉིད་གང་གིས་རྟོགས་ཀྱང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ལ་དོན་ལྟ་སྤྱོད་གཉིས་འདྲེས་པ་ཞིག་དགོས་པ་ཡིན་ཞེས་གསུངས་པ་དང་། ཡང་མཆོག་ལྡན་རྡོ་རྗེས། འོ་ན་དེ་ཀ་དོན་ཐོག་ཏུ་ཕེབས་པ། དེ་ཅི་འདྲ་བ་ཞིག་ཡིན་ཞུས་བས།

ཡང་ཇོ་སྒྲོལ་གྱི་ཞལ་ནས། དབང་པོ་རབ་ལྟ་སྤྱོད་གཉིས་འདྲེས་ནས་སྒོམ་མ་དགོས་པ་ལ་རིག་པ་རང་གྲོལ་དུ་འགྲོ་བ་ཡོད་དེ་དགའ་བ་ཡིན། འབྲིང་མན་ཆད་ལ་བསྒོམ་དགོས་པ་ཡིན། དེ་ཡང་ད་ལྟ་ནས་རང་གི་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་ལྟོས་ལ་ལྷོད་ཀྱིས་ཀློད་ནས་འཇོག་པ་ཡིན། མ་བཅོས་པར་འཇོག །མ་ཡེངས་པར་འཇོག །མ་བསྒོམས་པར་འཇོག །སོ་མར་འཇོག །ལྷུག་པར་འཇོག །རང་མདངས་སུ་འཇོག་པ་ཡིན། འོབ་ལེ་འཇོག །ཤིགས་སེ་འཇོག་པ་ཡིན། བཞག་པས་ཉམས་བདེ་གསལ་མི་རྟོག་པ། དུས་སྐད་ཅིག་མ་དེ་ཉིད་ལ་འཆར་བ་ཡིན། ཤར་བ་དེ་ཉིད་དགའ་བྲོད་མེད་པའི་ངང་ནས་སྦྱངས་ཤིང་གསལ་འདེབས་པ་དང་། དེ་ཀའི་ངང་དུ་ཉམས་སུ་ལེན་པ་ཡིན། ཞེས་གསུངས་སོ། །ཡང་མཆོག་ལྡན་རྡོ་རྗེས། དེ་འདྲ་ཡིན་ཀྱང་བདུད་འདི་ཁས་དྲག་པ་ཡིན། བདུད་ལས་གྲོལ་བ་ཞིག་དགོས་པར་འདུག་ཞུས་པས།

ཡང་ཇོ་སྒྲོལ་གྱི་ཞལ་ནས། བདུད་ཅེས་བྱ་བ་འདི་ལོགས་ན་མེད་དོ། །མ་རྟོགས་པའི་དུས་ན་སེམས་བདུད་དུ་ལང་བ་ཡིན། ཕལ་ཆེར་ཞིག་གིས་ལྟ་བ་རྟོགས་པ་སྐད་ཅིག་ཟེར་ཞིང་ཁ་ནས་ཆོས་སྐད་ཐས་ཐོས་བྱས་ཀྱང་སྤྱོད་ལམ་བུ་སྨད་དང་ཉེ་འབྲེལ་ཞེ་འདོད་དང་། བྱ་སྤྱོད་ཐམས་ཅད་ཐ་མལ་བ་དང་ཁྱད་མེད་པར་བྱ་ཞིང་། བདག་ལྟ་བ་རྟོགས་པ་སྐད་ཟེར་ཞིང་ཁ་ནས་བར་ཆད་བྱེད་ཀྱི་དོགས། ལྷ་ལ་དངོས་གྲུབ་རེ་འདོད་པའི་བདག་ལྟ་བ་རྟོགས་པས་གང་ལ་ཡང་འགལ་བ་མེད། སྡོམ་པ་བསྲུང་མི་དགོས་ཟེར་ཞིང་ལས་འབྲས་ཁྱད་དུ་བསད་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་མི་རྟོགས་པ་རྣམས་ནི་རེ་བ་སངས་རྒྱས་ལ་རེ་སྟེ། འགྲོ་བ་ངན་སོང་དུ་འགྲོ་གསུངས་ནས་སྤྱན་ཆབ་མང་དུ་ཕྱུང་། ཆོས་བྱེད་པ་ལ་དགེ་མེད་སྡིག་མེད་ཀྱི་ལྟ་བ་རྟོགས་ཀྱང་། ཇི་སྲིད་སེམས་ཅན་གྱི་དབུགས་ནམ་ཡོད་པའི་རིང་དང་། ཤ་ཁྲག་གིས་བསྒྲིབས་ནས་ཡོད་པའི་དུས་སུ་ལས་རྒྱུ་འབྲས་ལ་འཛེམ་ཞིང་། དཀར་པོའི་ཆོས་སྤྱོད་རྒྱུན་མར་བྱས་ན་ཆད་ལྟའི་བདུད་ལས་གྲོལ་བ་ཡིན། སེམས་ཀྱི་ངོ་བོ་སྟོང་པར་རྟོགས་ན་རྟག་ལྟའི་བདུད་ལས་གྲོལ་བ་ཡིན། ལར་ཆོས་ཤེས་པས་ཆོས་བདུད་དུ་ཆེ་བས་སེམས་ཆོས་མེད་ཁྲིགས་སེ་བཞག་ན་མི་ཆེ་འདོད་དང་། ཆོས་ལ་བཟང་འདོད་དང་། ཆོས་མཁས་འདོད་དང་། ང་རྒྱལ་དང་དྲེགས་པའི་བདུད་ལས་གྲོལ་བ་ཡིན། ལྟ་བ་རྟོགས་པ་ལས་སྒོམ་བདུད་དུ་ཆེ་བས་རིག་པ་སྒོམ་མེད་དུ་ཁྲིགས་སེ་འཇོག་པ་ཡིན། དུས་རྒྱུན་དུ་སེམས་ལ་བྱ་ར་བྱས་ན་འཛིན་པའི་བདུད་ལས་གྲོལ་བའི་ཐབས་ཡིན། ལར་ཚུལ་ཁྲིམས་ལ་གནས་ན་བུད་མེད་ཀྱི་བདུད་ལས་གྲོལ་བའི་ཐབས། མི་ཆོས་བློས་བཏང་ན་ཕྱོགས་རིས་ཀྱི་བདུད་ལས་གྲོལ་བའི་ཐབས། བྱ་བ་ཐམས་ཅད་མང་ནས་འཛིན་པའི་བདུད་ལས་གྲོལ་བའི་ཐབས། ཕ་ཡུལ་སྤང་ན་ཞེན་པའི་བདུད་ལས་གྲོལ་བའི་ཐབས། སེམས་གོམས་ཤིང་འདྲིས་པར་བྱས་ན་ཐུན་དང་ཐུན་མཚམས་ཀྱི་བདུད་ལས་གྲོལ་བའི་ཐབས། ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་ན་འབད་རྩོལ་བདུད་ལས་གྲོལ་བའི་ཐབས། སེམས་ཀྱི་ངོ་བོ་སངས་རྒྱས་ཡིན་པར་ཡིད་ཆེས་ཐག་ཆོད་ན་རེ་དོགས་ཀྱི་བདུད་ལས་གྲོལ་བའི་ཐབས། ཆགས་ཞེན་བདུད་ཡིན། ཞེན་ཆགས་གཉིས་འཛིན་གྱི་ཞགས་པ་ཡིན་པས་ཆགས་པ་སྐྱུར། ཞེན་པ་ཟློགས། འཁྲི་བ་ཆོད་གསུངས་པ་དང་། བླ་མ་མཆོག་ལྡན་རྡོ་རྗེས། ཁྱེད་ཤི་བའི་རྗེས་སུ་ང་ཡང་ཨེ་མ་འཆི། ནད་ནི་ངེད་རང་གཉིས་ང་ཐུ་བཞིན་ཡོད། འུ་གུ་གཉིས་ཀ་ཤི་ན་ཕྲུ་གུ་འདི་ཀུན་མི་ཡུལ་དུ་སྤུ་རང་འདིར་ལུས་ན་སྙིང་ཡང་རྗེ་ཞུས་པ་དང་། ཌཱཀྐི་མའི་ཞལ་ནས། ཁྱེད་ཀྱི་རེ་དོགས་ཀྱི་གནས་རྣམས་ཇི་སྙེད་ཀྱང་། དམན་པའི་སེམས་ཅན་རྗེས་སུ་བཟུང་ཕྱིར་མ་གཏོགས་པ། དམ་པ་ཁྱེད་ཀྱི་ཐུགས་དང་འགལ་བ་ག་ལ་མཆིས། འོན་ཀྱང་སྐུ་ཚེའི་རྟེན་འབྲེལ་བསྒྲིགས་པ་དང་། འགྲོ་བའི་དོན་ཕྱིར་སླར་ཡང་མཁྱེན་བརྩེའི་ནུས་ལྡན་དམན་པའི་ཚུལ། ང་ཡི་སྤྲུལ་པའི་སྐུ་གཅིག་འབྱོན་པ་ཐེ་ཚོམ་མེད་ཅེས་གསུངས་པ་དང་། དེར་ཚེས་བཅུ་གཅིག་གི་ཐོ་རངས་ཁར་སླེབས་དུས། ཌཱཀྐི་མའི་ཞལ་ནས། བཙུན་མ་སངས་རྒྱས་སྐྱིད་ལ་ཁྱོད་ཡར་ལོངས་དང་། ང་ཡང་འགྲོ་རན། ཡེ་ཤེས་དབང་ཕྱུག་དང་། དཔོན་སློབ་རྣམས་འདིར་བྱོན་གྱིས་གསུངས་པ་དང། བླ་མ་བསྙུངས་ནས་ཡོད་ཀྱང་སྙིང་རུས་བསྐྱེད་ནས་དཔོན་སློབ་རྣམས་མདུན་དུ་སླེབས་དུས།

ཌཱཀྐི་མའི་ཞལ་ནས། ད་ནངས་ང་ཡང་འགྲོ་རན་པ་ཡིན། རྒྱུད་སྡེའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་ཕེབས་བྱུང་། དད་མོས་གདུང་ཤུགས་དྲག་པོས་གསོལ་བ་དྲག་ཏུ་ཐོབ། བླ་མས་ཀྱང་ཐུགས་དམ་ལ་བཞུགས་ལ་འོང་རྫོས། ཞེས་དང་། རིག་པ་འཛིན་པའི་སྐྱེས་བུ་དམ་པ་ཁྱོད། ཕྲིན་ལས་རྣམ་བཞི་འགྲོ་བའི་དོན་ལ་སྨིན་པར་མཛད། ཅེས་གསུངས་པ་དང་། རྟོགས་ལྡན་མ་གུར་གྱིས། སེམས་ཅན་འཁོར་བ་འཁྱམས་པའི་འདི་རྣམས་ལ་ཐུགས་རྗེ་ཆེན་པོས་དགོངས་ལ་ཡུན་རིང་དུ་བཞུགས་པར་ཞུ། ཅིས་ཀྱང་མི་བཞུགས་ན་འགྲོ་བའི་དད་རྟེན་མང་དུ་འཇོག་པར་ཞུ་ཞུས་པས། མཁའ་འགྲོ་ཀུན་གྱི་དབང་མོ་རྒྱལ་བའི་ཡུམ་ཆེན་ངས་འགྲོ་བ་མ་རྒན་སེམས་ཅན་ཐམས་ཅད་ལ། འབྲེལ་ཚད་བླ་མེད་ཐོབ་པའི་རྟེན་ཞིག་བཞག །ཁྱེད་རང་ཚོས་འགྲོ་བའི་དོན་དུ་སེམས་ཅན་མ་ལུས་ཐམས་ཅད་ཕ་མ་ཡིན་པས་བྱམས་དང་སྙིང་རྗེ་སྒོམས། དགེ་སྡིག་ལས་འབྲས་འདི་ལ་བསླུ་བ་མི་གདའ་བས་བླང་དོར་གཉིས་པོ་ཚུལ་བཞིན་གྱིས། བདག་འཛིན་འགོང་པོ་ཐུལ་ལ་འཁོར་བའི་རྩ་བ་ཆོད། སེམས་མ་བཅོས་ལྷུག་པའི་ངང་ལ་ཞོག །གང་ཤར་རང་སྣང་དེ་ལ་སྤང་བླང་སྐྱུར། གང་སྣང་ལྷ་སྐུ་ཡིན་པས་ཐ་མལ་གྱི་སྣང་བ་སྐྱུར། སྣང་སེམས་གཅིག་ཏུ་དྲིལ་ལ་འོད་གསལ་དབྱིངས་སུ་བསྟིམ། མ་འགག་རང་སར་དག་པས་རྩ་ཡི་མདུད་པ་གྲོལ། མདུད་པ་རང་སར་གྲོལ་ལ་རང་ལུས་རྡོ་རྗེའི་སྐུ་རུ་སྒོམས། ཕྱི་ལས་རླུང་གི་འགྱུ་བ་ཆོད་དང་ཡེ་ཤེས་རླུང་གི་དབུ་མར་འགྲོ་བ་ཡིན། སྙན་ངག་སེང་གེའི་སྒྲ་ལྟར་རྡོལ་ནས་འོང་། སེམས་ཉིད་འཛིན་པ་ཤིགས་དང་དབྱིངས་རིག་མ་བུ་འཕྲོད་ནས་འོང་། གཟུང་འཛིན་ཆོས་སྐུར་སྟིམས་དང་དར་སར་དག་ནས་འོང་། གཉིས་སྣང་གི་འཁྲུལ་པ་ཆོད་དང་རང་བཞིན་རྣམ་དག་འཆར་ནས་འོང་། རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་བཅོས་མ་རྩོལ་སྒྲུབ་ཀྱི་གོལ་རྒྱུ་མི་གདའོ། །ཞེས་གསུངས་པ་དང་།

རྟོགས་ལྡན་མ་གུར་གྱིས། རང་རེ་ནི། དེ་འདྲ་བསྒྲུབ་དགོས་པ་ཨེའུ་ཡིན་ཞུས་པས། ཌཱཀྐི་མའི་ཞལ་ནས། བུ་མོ་ང་ཡིན་ན་གནས་ཆོས་དབྱིངས་ཐོག་ན། རིགས་ལྔའི་ཐུགས་སྤྲུལ་ཇོ་སྒྲོལ་དང་། །སྐུ་ནི་མཚན་དཔེའི་རྒྱན་གྱིས་བརྒྱན། །རྩའི་འཁོར་ལོ་ཐམས་ཅད་དུ། །བླ་མ་ཡི་དམ་རང་སེམས་དང་། །སོ་སོ་མ་ཡིན་ཐ་མི་དད། །ཡེ་ཤེས་ལུས་ཀྱི་འཁོར་ལོ་ཀུན་ཏུ་རྫོགས། །འཇའ་ལུས་རྡོ་རྗེའི་བཀོད་པ་དཔག་ཏུ་མེད། །གསུང་ནི་ཚངས་པའི་དབྱངས་དང་ལྡན། །ཚངས་པའི་གསུང་གིས་འགྲོ་ལ་ཕན་བདེ་སྩོལ། །གསུང་དབྱངས་དྲུག་ཅུས་འགྲོ་བའི་ཡིད་ལ་འཛུག །ཐུགས་ནི་སྐྱེ་མེད་བློ་དང་བྲལ། །གཟུང་འཛིན་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུ། །མི་རྟོག་ཆོས་སྐུའི་ངང་ལ་གོལ་བ་མེད། །ང་ནི་དམན་པའི་སེམས་ཅན་དོན་སླད་དུ། །མཁའ་འགྲོ་ཀུན་གྱི་ཐུགས་ལས་སྤྲུལ་བའི་སྲས། །བྱུང་བ་ཆགས་མེད་ངང་ལ་བྱུང་། །བསྡད་པ་གཡོ་མེད་ངང་ལ་བསྡད། །རིགས་ལྔ་མཁའ་འགྲོའི་བྱིན་བརླབས་པས། །རྟོགས་པ་རང་བྱུང་ཕྱི་ནང་མེད། །ཧེ་རུ་ཀ་དང་དབྱེར་མི་ཕྱེད། །སྐུ་དང་ཐིག་ལེའི་དབྱེ་བ་མེད། །ཐབས་དང་ཤེས་རབ་འདུ་འབྲལ་མེད། །བུ་མོ་ང་གར་བསྡད་རྒྱལ་བའི་ཞིང་དུ་ཤར། །ཕྱི་ནང་སྣོད་བཅུད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་། །འཇའ་ལུས་རྡོ་རྗེའི་སྐུ་ནི་རྣམ་པར་དག །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས། །སྣ་ཚོགས་མཛེས་པའི་གར་རྣམས་བསྒྱུར་བ་དང་། །སྣ་ཚོགས་མཆོད་པའི་ལྷ་མོས་སྣང་བ་གང་། །ཐམས་ཅད་ཡེ་ཤེས་ཆེན་པོའི་ངང་། །ཡེ་ཤེས་ཆེན་པོའི་རང་བཞིན་ལ། །ཤ་ཁྲག་སྙིགས་མའི་ཚོགས་ཀྱི་གདོས་དང་བྲལ། །སྐྱེ་རྒ་ན་འཆིའི་མཚན་མ་རང་སར་སྟོང་། །ཞེས་གསུངས་ནས། དགེ་བཤེས་བསོད་ནམས་དང་སངས་རྒྱས་སྐྱིད་གཉིས་ལ། ཁྱེད་གཉིས་ཕར་གྱེས་ང་འགྲོ་རན་གསུངས་ནས་ཕྱག་གཉིས་སྙན་གྱི་ཐད་ཀར་གར་ཐབས་མཛད་ནས་བྱུང་བ་དང་། དགེ་བཤེས་བསོད་ནམས་ཀྱིས་དེ་ཙུག་མ་མཛད། རང་རེ་འཁྲུལ་སྣང་བྱུང་བ་ཡིན་ཟེར་ཏེ། ཕྱག་གཉིས་ལ་འཇུས་པ་དང་།

ཌཱཀྐི་མའི་ཞལ་ནས། ཁོ་མོ་འཁྲུལ་བ་ཡིན་མིན་རིག་པ་ཡིན། །ཁོ་མོ་ད་ལྟ་མཁའ་སྤྱོད་ཀྱི་གནས་སུ་འགྲོ། །འཁྲུལ་དང་མ་འཁྲུལ་གྱི་རྟགས་ཅི་ད་ལྟ་རིག་ནས་འོང་། །ནམ་མཁའ་འཇའ་ཡིས་གང་ནས་འོང་། །གཞལ་ཡས་ཁང་གི་ཚུལ་དུ་འོང་། །མེ་ཏོག་ཆར་པ་བཏང་ནས་འོང་། །མཆོད་པའི་ལྷ་མོ་སྣ་ཚོགས་ཀྱིས། །མཆོད་ཚོགས་ཀུན་གྱིས་མཆོད་ནས་འོང་། །ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་སོགས། །འཇིག་རྟེན་དྲེགས་པ་དྲག་རྩལ་ཅན་རྣམས་ཀྱང་། །རང་རང་མཆོད་པའི་ཚོགས་ཀྱི་མཆོད་ནས། །སྟེང་འོག་གཡས་གཡོན་ཐམས་ཅད་དུ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །སྙན་པའི་གླུ་ལེན་མཛེས་པའི་གར་བསྒྱུར་ཞིང་། །དྲི་ཞིམ་ངད་ལྡན་རོལ་མོའི་སྒྲ་ནི་སྒྲོགས། །སྣ་ཚོགས་མཛེས་ལྡན་རྣམས་ནི་མཁའ་ལ་འགྲོ། །ཁོ་མོའི་རྟགས་ནི་དེ་ནས་རིག་ནས་འོང་། །ཞེས་པ་དང་། བླ་མ་མཆོག་ལྡན་རྡོ་རྗེས་ཐུགས་དགོངས་ལ། ང་རང་གི་མདང་ཞག་གི་རྨི་ལམ་ལ་ཚེས་བཅུ་གཅིག་ལ་ཁྲིད་ཟེར་བ་དང་། མོ་རང་གིས་ཀྱང་ཟླ་བ་འདིའི་བཅུ་གཅིག་ལ་འགྲོ་རྒྱུ་ཡིན་གསུངས་པ་དང་། ད་ནངས་ཡང་ང་འགྲོ་རན་ཟེར་ལུགས་དང་། ལར་ཡང་འདིས་དེ་སྔ་ཕན་ཅི་ཟེར་བདེན་ནས་བྱུང་བས་ད་མྱུར་དུ་ངེས་པར་འཆི་བར་འདུག་དགོངས་ནས། ཁྱེད་ཀྱི་ཐོད་པ་དྲོས་གསུངས་པ་ལ་དགོས་པ་ཅི་ཡོད་ཞུས་པས།

ཌཱཀྐི་མའི་ཞལ་ནས། ང་མཚན་ལྡན་འདི་ཡི་དཔྲལ་བ་ལ། །གསང་བ་སིནྡྷུ་ར་ཡི་ཐིག་གི །མཐོང་ཚད་གསང་སྔགས་ལམ་ལ་ཁྲིད། །དབང་བཞི་རྒྱུད་ལ་སྨིན་པ་ཡི། །མཆོག་གི་དངོས་གྲུབ་གྲུབ་པ་ཡིན། །དགོས་འདོད་གཏེར་དང་ལྡན་པ་ཡིན། །ཉོན་མོངས་དྲི་མ་དག་པ་ཡིན། །ཁམས་གསུམ་མུན་པ་སེལ་བ་ཡིན། །རྣམ་རྟོག་ཆོས་ཉིད་དུ་ཡལ་བ་ཡིན། །ལས་ཅན་ཚོ་འདི་ལ་ཚོགས་གཉིས་བསགས་པ་ཡིན། །ལས་ངན་སྒྲིབ་པ་སོག་པ་ཡིན། །མཐོང་ཐོས་དྲན་རེག་བདེ་ལ་འགོད་པ་ཡིན། །མཆོག་གི་དངོས་གྲུབ་ཐོབ་བྱེད། །ཀོ་རོ་ཙ་ན་ནི་འདི། །ངོ་བསྲུང་མེད་པར་ཀུན་ལ་སྤེལ། །ཕྱོགས་རིས་མེད་པར་ཁྱབ་པར་མཛོད། །ཉམས་དང་རྟོགས་པ་འཕེལ་བ་ཡིན། །གང་བསམ་ལྷུན་གྱིས་གྲུབ་ནས་འོང་། །རྩོལ་སྒྲུབ་མི་དགོས་བདེ་སྟོང་འཆར། །དེ་ལྟར་ཀུན་ལ་ཕྱིར་བརྩོན་པར་མཛོད། །ཅེས་གསུངས་པ་དང་། ཡང་བླ་མ་མཆོག་ལྡན་རྡོ་རྗེས། འོ་ན་ཁྱེད་སྤུ་བོད་ཡུལ་འདིར་འཆིམ་བྱེད་པ་དེ་ཅི་ཡིན་ཞུས་པས། ཡང་ཌཱཀྐི་མའི་ཞལ་ནས། ས་གཞི་ཀ་ནམ་དུར་ཁྲོད་གཞལ་ཡས་ཁང་། །ནམ་མཁར་ཆོས་འབྱུང་མཛེས་པའི་གཞལ་ཡས་ཁང་། །སྟོད་འདི་སྣ་ཚོགས་མཛེས་ལྡན་རྒྱན་གྱིས་མཛེས། །བདེ་སྟོང་རྡོ་རྗེ་མཁའ་འགྲོ་མ། །བདེ་དང་སྟོང་ལ་དབྱེ་བ་མེད། །[དེ་ལྟར་ཀ་ནམ་དུ་ནོར་དམག་སོགས་གནོད་པ་འདིས་གདུང་འབུམ་ཐུགས་རྗེ་རེ་དང་།] འཁོར་ནི་དཔའ་བོ་མཁའ་འགྲོས་བསྐོར། །མ་འགག་ཞིང་ཁམས་ཡོངས་སུ་རྫོགས། །དེ་འདྲའི་གནས་མཆོག་དམ་པ་འདིར། །བསྡད་ཚད་གྲོལ་བ་མྱུར་དུ་ཐོབ། །གནས་འདིར་མཇལ་ཚད་ངན་སོང་མེད། །ཁྱེད་ཀྱིས་དེ་ལྟར་ཀུན་ལ་ཕན་ཕྱིར་ཤོད། །ང་ཡི་འཆི་ས་བདེ་སྟོང་དགོན་ཐོད་དུ་ཆུ་མི་དེའི་ཟུར་ཤི་གྱུར་ན། བདེ་སྟོང་དགོན་པ་ལ་སོགས་དེ་ཕྱོགས་ཀྱི་ཀུན་ལ་ཕན་ཐོགས་ཆེ་བར་འདུག་སྟེ། ཀྱེ་མ་རྒྱལ་བའི་བསྟན་པ་འདི་ཡི་ཐ་མ་ལ་དཀར་ཕྱོགས་དག་པ་ལ་བརྩོན་པ་རྣམས་ཁས་ཞན་ཅིང་། ནག་ཕྱོགས་སྡིག་གྲོགས་སུ་གྱུར་པ་རྣམས་ཁ་དྲག་ཅིང་། འཇིག་རྟེན་ཚོ་ངོ་ཚ་དང་བྲལ། ཆོས་བྱེད་ནི་ཉིན་སྐར་དང་འདྲ། འགའ་ཞིག་ཆོས་བྱེད་པར་རློམས་ཀྱང་མཚན་ཉིད་པ་རྣམས་དྲེགས་གཅོད་དང་། གཡུལ་བཤམ་གྱི་དབང་དུ་འགྲོ།

གསང་སྔགས་ཆེན་པོ་ནི། ཕྱི་ནང་གསང་གསུམ་གྱི་དམ་ཚིག་མི་བསྲུང་བར་ལག་ལེན་དང་ཁ་བཤད་འགལ་བར་སྤྱོད། དེ་ཕྱིར་རྟེན་འབྲེལ་ཅུང་ཞིག་མ་འགྲིགས་པས་དེ་རང་ལ་འཕྱ་བཞད་ཀྱི་ཡུལ་མང་དུ་བྱས། ང་ནི་ཤི་བའི་རྗེས་སུ་ཡོན་ཏན་དུ་མཐོང་ནས་འོང་བ་ཡིན། ཁྱེད་དང་ང་གཉིས་ཚེ་འདིར་འབྲལ་བ་མི་འདུག་ཅིང་། ཁྱེད་ཀྱི་བསྟན་པ་ལ་ཤི་བ་དེ་ཁེབ་ཆེ་བར་འདུག །ཁྱེད་ཀྱིས་ངའི་ཕྲིན་ལས་སྒྲུབས། ངེད་རང་ལ་སྔར་བཟང་ངན་གྱི་འབྲེལ་པ་ཐོགས་པ་ཐམས་ཅད་དང་ཡར་ཡང་ཕྱོགས་རིས་མེད་པར་རྟེན་འབྲེལ་འགྲིགས་དོན་དུ། རྟེན་མཆོག་སྟོན་ལ་ལོ་རྒྱུས་འདི་རྣམས་ཤོད། ཕྲིན་ལས་སྒྲུབས་ལ་བྱམས་པ་སྒོམས། ཐེ་ཚོམ་ལོག་ལྟ་སྐྱེ་བ་ལ་དེ་ལ་རེང་པར་མ་བྱེད་བརྩེ་བས་ཟུངས། ང་ལ་ལོག་ལྟ་སྐྱེས་པ་རྣམས། ལོག་འཛིན་སྟོབས་ཀྱིས་དམྱལ་བར་འགྲོ། དེ་ཡང་མཐའ་མེད་དུ་མི་བཏང་ཁོ་མོས་འདྲེན། ང་ལ་ཁ་ལག་ཟས་ཀྱིས་འབྲེལ་བ་དང་། འདི་ཕྱིར་འཁོར་དུ་གནས་པ་རྣམས། ཞེས་གསུངས་སོ། །ཡང་བླ་མ་མཆོག་ལྡན་རྡོ་རྗེས། རྟོགས་ལྡན་མ་གུར་དང་། ཡེ་ཤེས་དབང་ཕྱུག །རི་བྲག་ཨ་བྲས་སོགས་དེར་འཚོགས་པ་ཀུན་ལ། འདིས་བླ་མ་ལ་ཉམས་ཁྲིད་ནི་ཞུ་མ་མྱོང་བ་ལ། གཞུང་དང་བླ་མའི་དོན་ཚིག་འགའ་རེ་འོང་བདོ་བ་ཅི་ཡིན་གསུངས་བོད་པའི་ས།

ཡང་ཌཱཀྐི་མའི་ཞལ་ནས། ཞུ་མ་མྱོང་བ་མ་ཡིན། མྱོང་བ་ཡིན། རང་མདངས་རིག་པའི་དཀྱིལ་འཁོར་ན། །འཁྲུལ་མེད་ཀ་དག་བླ་མ་ལ། །མ་འགགས་ཤུགས་ལྷུག་བར་དུ། །དོན་ངེས་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཞུས། །མཉམ་ཉིད་བདེ་སྟོང་ལྷུན་གྱིས་གྲུབ། །ཟུང་འཇུག་རྟོགས་པ་མཉམ་པ་ཉིད། །སྒོམ་འཛིན་བཟང་ངན་གྱི་ཡུལ་ལས་འདས། །ཕྱི་ནང་མེད་པར་ལྷུན་གྱིས་གྲུབ། །ཤུགས་བྱུང་འབད་མེད་ལྷུན་གྲུབ་ལ། །ངག་ལ་བསྐྱེད་རྫོགས་ཟུང་འཇུག་གླུ། །སེམས་ལ་རང་བྱུང་ཡེ་ཤེས་ཤར་བ་ལ། །གླུ་ཇི་ལྟར་བླང་ཡང་ཟད་པ་མི་གདའོ། །མཉམ་ཉིད་ཕྱག་རྒྱ་ཕྱི་ནང་མེད། །སྐྱེ་མེད་རང་བྱུང་རྣམ་པར་དག །འགགས་མེད་ཤུགས་འབྱུང་རྒྱུན་དུ་ཤར། །སྙིང་རྗེའི་ཡེ་ཤེས་ལྔ་དང་ལྡན། །སྐྱེ་མེད་བླ་མའི་སྨོན་ལམ་འདི། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །རང་བྱུང་དགོས་འདོད་ཆར་ལྟར་འབེབས། །དངོས་གྲུབ་རིན་ཆེན་ཟ་མ་ཏོག། །ཡི་དམ་ལྷ་ཡི་སྨོན་ལམ་འདིར། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །དྲི་མེད་བདེ་སྟོང་མཁའ་འགྲོ་མ། །ཆོས་ཉིད་གཏེར་མ་འཇའ་ཚོན་སྐུ། །དཔའ་བོ་མཁའ་འགྲོའི་སྨོན་ལམ་འདི། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །བསྟན་པ་བསྲུང་མཛད་མཐུ་རྩལ་ཅན། །ཕྱི་ནང་བདུད་དཔུང་མ་ལུས་འཇོམས། །ཆོས་སྐྱོང་སྲུང་མའི་སྨོན་ལམ་འདི། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །ཉེས་པའི་དྲི་མ་ཀུན་དང་བྲལ། །རྒྱལ་བ་ཀུན་གྱིས་སྨོན་ལམ་འདི། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དམ་ཆོས་རིན་ཆེན་སྨོན་ལམ་འདི། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །གདོད་ནས་རིག་པ་རང་སར་གྲོལ། །འཕགས་པ་རྣམས་ཀྱི་སྨོན་ལམ་འདི། །འགྲོ་བ་ཀུན་གྱིས་ཐོབ་གྱུར་ཅིག །སྨོན་ལམ་འདི་ཀུན་གྱིས་ཡིད་མཛོད་ཅིག །གསུངས་ནས་མལ་ས་ནས་བཞེངས་ཏེ་ཕྱག་གཉིས་སྙན་གྱི་ཐད་ཀར་གར་ཐབས་མཛད་ཅིང་། སྤྱན་ཡང་ནམ་མཁའ་ལ་ཧྲིག་ཧྲིག་མཛད་ཅིང་འགྱིང་ཐབས་ཀྱི་ཚུལ་དུ་ནམ་མཁའ་ལ་འདོམ་གང་ཙམ་དུ་དཔག་ནས་གཤེགས་སོ། །

གདུང་ཡང་སྐུ་ལུས་གཤེགས་ཁ་ནས་སྣ་ཚོགས་ཀྱི་མདངས་དང་ལྡན་པའི་ནང་དུ། དམར་བུ་ཤ་ཆེ་བ་མདངས་ལྡན་པ་འོད་ཆགས་པ་ཞིག་བྱུང་ངོ་། །འདིས་རྟགས་ཀྱི་ཁམས་དཀར་དམར་གཉིས་ཀྱང་ཤངས་སྒོ་གཡས་གཡོན་གཉིས་མགྲིན་པར་སླེབས་པར་བྱུང་ངོ་། །དེ་ཡི་དུས་སུ་ས་ནི་རྣམ་པ་དྲུག་ཏུ་གཡོས་པ་དང་། དཔའ་བོ་མཁའ་འགྲོའི་ལྷ་ཡི་རོལ་མོའི་ཚོགས་འབུལ་བ་དང་། ནམ་མཁའ་ལ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཕུབ་པ་དང་། མེ་ཏོག་གི་ཆར་འབབ་པ་སོགས་ལྟས་དང་ངོ་མཚར་བ་དུ་མ་བྱུང་ངོ་། །དེར་ཚེས་བཅུ་བདུན་གྱི་ཉིན་ལ་དབུ་ཐོད་དྲས་པའི་མཁན་པོ་ནི། ཤར་མཚམས་ཁང་ནས་བྱུང་བའི་རིག་པ་ཡེ་ཤེས་དབང་ཕྱུག་བྱ་བ་ཞིག་གིས། གདུང་ཁང་ནང་དུ་སྐུ་ལུས་བཞག་ནས་དབུ་ཐོད་དྲས་པ་ཡིན། སྐུ་ལུས་ཀྱི་ལྷག་མ་རྣམས་ཞལ་ཆེམས་དང་བསྟུན་ནས་བཞུས་པ་ལས། གདུང་དུད་ཀྱང་ཁ་དོག་ལྔ་བྱུང་ཞིང་། གདུང་ཁང་གི་ཐད་ཀྱི་ནམ་མཁའ་ལ་འཇའ་གུར་གྱི་ནང་དུ་འཇའ་ཆོས་འབྱུང་གི་ཚུལ་དུ་བྱུང་བ་དང་། འཇའ་ཡི་ཀ་བ་ཡར་སྣེ་ཆོས་འབྱུང་ལ་ཟུག་ཅིང་མར་སྣེ་གདུང་ཁང་ལ་ཟུག་པ་དང་། གདུང་ཁང་གི་ཕྱོགས་བཞིར་འཇའ་ཚོན་ཐིག་ལེའི་ཚུལ་དུ་བྱུང་བ་དང་། གཞན་ཡང་འཇའ་གུར་གྱི་སོ་བཞི་ལ་བབ་པ། རི་མགུལ་དུ་འཇའ་ཟླུམ་མང་པོ་དང་། རི་རྩེ་ལ་མཆོད་རྟེན་འདྲ་བའི་གཟུགས་མང་པོ་དང་། གུ་ཐང་གི་རི་དང་། ཕ་རི་གམ་གྱི་རི་ཐམས་ཅད་དང་། རྒྱུ་ཡི་རྒྱབ་རི་དང་། ཀ་ནམ་གྱི་རི་མགུལ་དང་། ཐམས་ཅད་ན་འཇའ་རིམ་པ་སྐེ་རགས་ལྟར་དཀྲིས་པ་དང་། བར་སྣང་གི་ཁམས་ཐམས་ཅད་ལ་སྔོན་དམར་འཚུབ་པ་དང་། ནམ་མཁའ་སྤྲིན་ཐམས་ཅད་ལ་ཡང་སྔོན་དམར་ལྗང་གསུམ་རྟགས་སམ་རིས་ལ་བསྣོམས་ཐབས་སུ་ཁྲག་ཁྲིག་མང་པོ་བྱུང་བ་དང་། གདུང་ཁང་གི་ཁ་ཤར་དུ་ཡེ་ཤེས་དབང་ཕྱུག་གིས་ཐོད་པ་དྲ་ཞིང་ཡོད་པའི་སྟེང་འཇའ་ཡི་ཀ་བ་ཟུག་པ་སོགས་ངོ་མཚར་དུ་མ་བྱུང་། དབུ་ཐོད་ཀྱང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་རྟེན་དང་རིང་བསྲེལ་གྱིས་གང་བར་གྱུར་ཏོ། །

གཞན་ཡང་དབུ་ཐོད་དྲས་པའི་དུམ་བུ་དང་གདུང་གི་ལྷག་མ་ཐམས་ཅད་རྟེན་དང་རིང་བསྲེལ་གྱིས་གང་ཞིང་། གདུང་རུས་ཀྱི་མདོག་ཐམས་ཅད་ཤེལ་དང་མུ་ཏིག་ལྟ་བུར་རོ། །གདུང་དུད་ཕོག་པ་དང་གདུང་ཁང་གི་ས་རྡོ་ཐམས་ཅད་སྐུ་དང་ཡིག་འབྲུ་མང་དུ་བྱོན། ཟླ་བ་གསུམ་བཞི་རིང་ནམ་མཁའ་ལ་འཇའ་འོད་མ་ཆད་པ་བྱུང་ངོ་། །དེའི་རིང་དུ་དབུ་ཐོད་དེ་གར་བཞུགས་པའི་ས་དེར་འཇའ་འོད་མ་ཆད་པ་བྱུང་ངོ་། །གཞན་ཡང་ངོ་མཚར་བའི་ལྟས་དང་དགེ་མཚན་དུ་མ་དང་ལྡན་པ་བྱུང་ངོ་། །མཚན་ལྡན་ཇོ་མོ་རྣམ་ཐར་སྦས་པ་མངོན་དུ་ཕྱུངས་བ་ནི། ཌཱཀྐི་མའི་ཞལ་ཆེམས་ཡིད་ཆེས་ཡོན་ཏན་གསལ་བའི་མེ་ལོང་། སྐྱེ་བོ་ལོག་ལྟ་ཅན་ཐེ་ཚོམ་བྲལ་བའི་གསལ་སྒྲོན། རྟག་འཛིན་ཅན་སུན་འབྱིན་པའི་ལྡེ་མིག་ཅེས་བྱ་བ་ཌཱཀྐི་མའི་ཞལ་ཆེམས་ཞེས་བྱ་བ་རྫོགས་སོ།། །།

དགེ་བ་འདི་ཡིས་མཚོན་ནས་བདག་གཞན་གྱི་དགེ་རྩ་ཇི་སྙེད་མཆིས་པ་ཀུན། ཡེ་ཤེས་མཁའ་འགྲོ་ཇོ་སྒྲོལ་མཉེས་ཤིང་རྗེས་སུ་འཛིན་གྱུར་ཅིག །དེང་ནས་ཚེ་རབས་ཐམས་ཅད་དུ། །བག་ཡོད་དྲན་ཤེས་ལྡན་པས། །ཁྱེད་ཀྱི་ཡོན་ཏན་རབ་བརྗོད་ཅིང་། །མཁའ་སྤྱོད་གནས་སམ་འོག་མིན་དང་། །བདེ་བ་ཅན་དང་ཤམ་བྷ་ལ། །རྔ་སྒྲ་ཅན་དང་ཛ་ཏིའི་ཚལ། །བསིལ་བ་ཚལ་དང་སཱ་ལའི་ཚལ། །གནྡྷོ་ཨུ་རྒྱན་བྷ་ག་ལ། །དགའ་བའི་ཞིང་ཁམས་ཐམས་ཅད་དུ། །ཁྱེད་དང་འབྲལ་མེད་སྐྱེ་བར་ཤོག །དགེ་བ་མ་གྱུར་སེམས་ཅན་ཀུན། །ལུས་ནི་མཁའ་སྤྱོད་གནས་སོང་སྟེ། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་དང་། །ཚེ་འདིར་ལྷན་ཅིག་གར་བྱེད་ཤོག །ཆོས་སྐུའི་རིང་བསྲེལ་ཟེར་འོད་འཕྲོ། །ལོངས་སྐུའི་ཡི་གེ་ཆོས་སྒོ་སྟོན། །སྤྲུལ་སྐུའི་ཆོ་འཕྲུལ་ཡ་མཚན་ཅན། །དཔའ་མོ་མཆོག་གི་བཀྲ་ཤིས་ཤོག །ཅེས་པ་འདི་ཡབ་མཆོག་ལྡན་རྡོ་རྗེས་ཡི་གེར་བཀོད་པའོ། །མངྒ་ལཾ། དགེའོ། །

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་བ་སྐལ་ལྡན་ཕྲིན་ལས་དབང་མོའི་རྣམ་ཐར་གསང་བའི་ཡེ་ཤེས། མཛད་པ་པོ་མི་གསལ།

༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་བ་སྐལ་ལྡན་ཕྲིན་ལས་དབང་མོའི་རྣམ་ཐར་གསང་བའི་ཡེ་ཤེས་བཞུགས་སོ། །རྗེ་བཙུན་རཏྣ་འཛི་ཎའི་ལོ་རྒྱུས་མདོར་བསྡུས་ཀྱང་ཟེར།

ན་མོ་གུ་རུ། དགེ་བར་གྱུར་ཅིག །ཚོགས་གཉིས་གསེར་གྱི་རང་བཞིན་མཚན་དཔེའི་གཟི། །ཕྱོགས་བཅུར་ཁྱབ་པས་འདོད་དགུའི་དངོས་གྲུབ་ཀྱི། །རང་གཞན་ཕན་བདེའི་དགའ་སྟོན་སྩོལ་མཛད་པ། །མཆོག་གསུམ་ངོ་བོ་བླ་མའི་ཞབས་ལ་འདུད། །ཁྱབ་བདག་རིགས་བརྒྱའི་བདག་པོ་འཁོར་ལོ་སྡོམ། །མ་ལུས་བདུད་དཔུང་འཇོམས་པའི་དཔའ་བོ་ཆེ། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་ཡི། །སྲིད་ཞིའི་དགེ་ལེགས་མ་ལུས་ད་ལྟ་སྩོལ། །ཤེས་རབ་གསུམ་གྱིས་མཁས་ཀུན་དགའ་བྱེད་ཅིང་། །འགྲོ་ལ་བྱམས་དང་བརྩེ་བས་འཛུམ་དཀར་དང་། །ལྷན་ཅིག་དབྱངས་ཅན་མགྲིན་པར་བྱེད་མཁས་པ། །གང་གི་ལོ་རྒྱུས་ཆ་ཙམ་འདིར་བརྗོད་བྱ། །དེ་ལ་ཐོག་མར་སྔོན་རབས་ཀྱི་སྐྱེ་བའི་ཚུལ་འགའ་ཞིག །བླ་མ་དམ་པའི་གསུང་དང་། རང་གི་དྲན་ཡུལ་ན་སྣང་བ་ཅུང་ཟད་བརྗོད་ན།

དེ་ཡང་བླ་མ་དམ་པའི་སྐུའི་སྐྱེ་བ་ལ། ཡུལ་བྱང་ཁམས་ལུང་པ་ཡངས་པ། གདོས་ཡང་མང་ཙམ་ལ་ཁང་ཞིང་སོགས་ཀྱང་ལེགས་རབ་ཡོད་པ་ཞིག་ཏུ། བདེ་གསང་གཤེད་གསུམ་ལ་མཁས་པའི་སྔགས་འཆང་ཆེན་པོ་གཅིག་ཏུ་གྱུར། དེ་སྐབས་བུད་མེད་བཞི་ཡོད་པ་ལ། ཆུང་བ་ལ་བུ་གཅིག་ཡོད། གསུམ་ཨུ་རྒྱན་དུ་སྐྱེས། གཅིག་དེ་ལ་བར་དུ་སྐྱེ་བ་གཞན་ཡང་ཡོད་མོད་ད་ལྟ་ཀུན་དགའ་དཔལ་བཟང་འདི་ཡིན། དེ་སྐབས་ཀྱི་བུད་མེད་གཅིག་སྨོན་ལམ་དག་པས་བསམ་ཡས་སུ་སྣ་ཚོགས་མ་སྣ་ཚོགས་མ་ཞེས་སྐྱེས་པ་རྣམས་དགའ་བའི་སྒྱུ་འཕྲུལ་ཅན་གཅིག་ཏུ་གྱུར། དེ་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་པས་རྗེས་སུ་བཟུང་། རྫོགས་ཆེན་ལ་རྟོགས་པ་མཐོ་བ་འགྲོ་དོན་ཡང་ཅུང་ཟད་སྤྱོད་པ་ཞིག་ཏུ་གྱུར། དེ་རྗེས་བལ་ཡུལ་དུ་མ་ཎི་བྷ་རི་ཞེས་བུ་མོ་མཚན་ལྡན་གཞོན་ནུ་མའི་དུས་སྔགས་པ་གཅིག་དང་ཁྱིམ་ཐབ་ཏུ་གྱུར་ཅིང་ཡིད་མཐུན་པར་གནས། གཉིས་ཀ་པཎྜི་ཏ་ཆོས་ཀྱི་ཉིན་བྱེད་དང་མཇལ། ཆོས་སྒོར་ཞུགས། དངོས་གྲུབ་ཕྲ་མོ་མང་པོ་ཐོབ། རང་ཉིད་གཙོ་བོར་བདེ་མཆོག་གི་ཆོས་སྐོར་ལ་སྦྱངས་པའི་མཐུ་ཐོབ་པ་ཞིག་ཡིན། ཡང་བྱང་ངམ་རིགས་སུ་སྭ་ར་སྭ་སྟིར་གྱུར། རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང་མཇལ།

དེ་ནས་རྒྱ་གར་མ་ག་དྷར་ན་གི་ནི་ཞེས་པའི་བུ་མོར་གྱུར་ནས། དགའ་བྱེད་ས་སྐྱོང་གི་ཆོས་མཐུན་གྱི་གྲོགས་ཡིན། ཅེས་བླ་མ་དམ་པའི་གསུང་ལས་བྱུང་། རང་ལ་དེ་ཐམས་ཅད་དུ་སྐྱེ་བ་དྲན་པའི་མངོན་ཤེས་ནི་མ་མཆིས། བསམ་ཡས་དང་། བལ་པོ། མ་ག་དྷ་སོགས་ཡུལ་ལེ་བ་དང་། ཁྱད་པར་བལ་ཡུལ་གྱི་བྱ་བྱེད་སྤྱོད་པ་སོགས་སྐབས་སུ་ཡིད་ལ་ཤུགས་འབྱུང་དུ་འཆར་བ་སྙམ་བྱེད། པཎྜི་ཏ་ཆོས་ཀྱི་ཉིན་བྱེད་ལ་བ་སྤུ་ལྡང་བ་དང་། མཆི་མ་འཁྲུགས་པའི་མོས་གུས་སྐྱེ་བ་ཞིག་བྱུང་། དེ་རྗེས་ད་ལྟའི་མི་ལུས་འདི་གྲུབ་སྟེ། བོད་ཀྱི་གངས་ཆེན་བཞིའི་ནང་ཚན་དབུས་གཙང་གི་མཚམས། ལྷ་ཆེན་པོ་གང་བ་བཟང་པོའི་ཕོ་བྲང་དང་ཉེ་བའི་འདབས་སུ་རྒྱལ་པོའི་རིགས་སུ་སྐྱེས། ཡར་འབྲོག་ཏུ་ཁྲི་དཔོན་ཆེན་བསྟན་འཛིན་མི་འགྱུར་དབང་གི་རྒྱལ་པོའི་མ་མར་བྱ་ལ་སྐུ་འཁྲུངས། གཞོན་ནུའི་དུས་སེམས་རྒྱུད་འཇམ་ཞིང་དཀོན་མཆོག་གསུམ་ལ་མོས་གུས་ཆེ་བ། སེམས་ཅན་ལ་སྙིང་རྗེ་ཕྱོགས་མེད་དུ་འཆར་བ་ཞིག་ཡོད། ཀློག་ཡིག་སྐར་རྩིས་སོགས་རིག་གནས་ཕྲ་མོ་རྣམས་དཀའ་ཚེགས་མེད་པར་ཤེས། དེས་འཛིན་བྱེད་དུས་སྔ་དྲོ་རེ་རེར་ཤོ་ལོ་ཀ་སུམ་ཅུ་རེ་རྩོལ་མེད་དུ་ཟིན་པ་ཞིག་ཡོད། རང་ལོ་བདུན་པ་ལ། བླ་མ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཐམས་ཅད་མཁྱེན་པ་ཀུན་དགའ་སྙིང་པོ་དེ་ཉིད་དང་མཇལ། ཤིན་ཏུ་དགྱེས་པའི་ཚུལ་གྱིས་རྣམ་འཇོམས་ཀྱི་བཀྲུ་བྱབས་སོགས་བྱིན་རླབས་མང་པོ་གནང་བ་དྲན། དེ་ནས་ལོ་བཅོ་ལྔ་པ་ཆུ་སྟོད་ཀྱི་ཟླ་བ་ལ། དཔལ་འཁོར་ལོ་སྡོམ་པ་སློབ་དཔོན་སྤྱོད་འཆང་དབང་པོའི་ལུགས་ཀྱི་དབང་བསྩལ་སྐབས། སློབ་དཔོན་གྱི་རྣམ་ཐར་ཐོས་པ་ན་མོས་པ་ཆེར་སྐྱེ་བ་དང་། སྟ་གོན་གྱི་སྐབས་གནས་གསུམ་བྱིན་རླབས་དུས་ཕྱག་གི་སྲིན་མཛུབ་ནས་མཚལ་ཁྲག་རང་རྡོལ་དུ་བྱུང་བ་དང་། ཡེ་ཤེས་ཕེབས་པའི་སྐབས་ཟིལ་ཆེ་བ་དང་།

དེ་ནུབ་རྨི་ལམ་དུ་ཐོད་ཕྲེང་དམར་ཤས་ཆེ་བ་གཅིག་རྒྱན་དུ་བྱས་པ་བྱུང་། དེ་ལ་དུང་ཆེན་ཕྲེང་བ་སོགས་ཀྱི་བརྡ་ཡིན་ལེགས་གསུངས། དངོས་གཞིའི་ལྷ་ངོ་བསྟན་པ་ན། གཙོ་བོ་ཡབ་ཡུམ་གཞལ་ཡས་ཁང་། སྲུང་འཁོར་སོགས་དངོས་སུ་མཐོང་བ་སྙམ་བྱེད། བཀའ་ལས་དབང་ཡང་ལེགས་པར་ཐོབ་མོད། ལོ་རྒྱུས་ཅུང་ཟད་བརྗོད་ན་སོགས་སྔོན་རབས་པ་རྣམས་གསུངས། ད་རེས་ཚེ་འདིར་ཕོ་ཉའི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་གྲོགས་བྱེད་པ་སྨོན་ལམ་སྔར་ནས་བཏབ་པ་ཡིན་པས། ས་སྟེང་གི་ཕོ་ཉ་མོ་མ་ལུས་ལ་དབང་བསྒྱུར་ཞིང་། ལམ་འདི་སྤེལ་བའི་སེམས་སྙིང་ཐག་པ་ནས་ཤར། སུ་ལ་ཡང་དག་སྣང་མ་གཏོགས། ཕྲག་དོག་མི་སྐྱེ་བའི་བུད་མེད་གཞན་རྣམས་དང་ཐུན་མོང་མ་ཡིན་པའི་སྤྱོད་པ་གཅིག་བཅོས་མེད་དུ་གནང་བ་དེ་ཡིན། འོན་ཀྱང་ཚེ་འདིར་ཕྱེད་ཙམ་ཀ་འགྲུབ་པར་ངེས། གཉིས་ཀ་ཚེ་རིང་སྨོན་ལམ་དཔྱིས་ཕྱིན་པ་སོགས་ཀྱི་དོན་ལ་རྒྱས་བཤད་ཀྱང་གནང་། ཟབ་ལམ་ནེ་གུ་ཆོས་དྲུག་སོགས་བཀའ་ཆོས་བགྲང་བ་ལས་འདས་པ་ཐོབ། རྨི་ལམ་ཡང་རང་ཟིན་བྱུང་། སྒྲོལ་དཀར་གྱི་ཚེ་འཁྲིད་ནན་ཆགས་ཀྱང་གནང་། གང་ཡང་དགོས་མེད་ཀྱི་བློ་དེ་དུས་འདྲ་བ་ཕྱིས་ཀྱང་མ་ཐུང་། ཆོས་རང་བྱེད་པ་ལ་བློ་ཐག་ཀྱང་ཆོད་མོད། རེ་ཞིག་གཉེན་གྱི་དབང་དུ་སོང་ནས་མ་ཐོན། བར་དེར་ལན་གཉིས་མཇལ། དེ་རྗེས་ལོ་ཉེར་གཉིས་ལ་ཆོས་སྒོར་ཞུགས། གནས་མཆོག་དམ་པ་རི་ཁྲོད་ཆེན་པོ་དཔལ་གྱི་ཇོ་མོ་ནང་དུ་བསྐྱེལ། མི་བཟང་པོ་དང་བཅས་ཏེ་སླེབས། དེ་སྐབས་སྦྱོར་བ་ཡན་ལག་པ་སོགས་ཉམས་ཁྲིད་དུ་ཞུས། འདི་སྐབས་ཐིག་ལེ་ཐིག་ཕྲན་དང་མེ་ཁྱེར་སོགས་རྟགས་སྣང་ཙམ་ལས་རྟགས་བཅུ་ཡོངས་རྫོགས་ནི་མ་ཤར།

ད་ནི་ཆོས་བརྒྱད་དང་མ་འདྲེས་པའི་སྒྲུབ་པ་རྣམ་དག་ཞིག་བྱེད་བསམ་ཀྱང་ཕྱིས་ཐོག་ཏུ་མ་ཁེལ། བདེ་མཆོག་གི་ཆོས་ལ་མོས་པར་བྱུང་ནས། དེའི་མངོན་དཀྱིལ་འཛིན་པ་ན་ཞག་ལྔ་ལས་དཀའ་ལས་ཙམ་མ་བྱུང་། སྔོན་གྱི་བག་ཆགས་ཡིན་གསུངས། གནས་དེ་ཡུན་རིང་ཐོས་བསམ་སྤེལ་མར་བྱས། བར་སྐབས་ཤིག་རང་ཡུལ་དུ་འཁོར་ཙམ་ཕྱིན། གཉེན་འཁོར་ཞལ་ངོ་རྣམས་དང་འཕྲད། གཞན་ལ་ཕན་པ་ཡང་ཐོར་བུ་བྱུང་། ཡང་ཡར་ཡོང་སྟེ་གནས་འདིར་གཞི་འཆའ་བའི་འདུན་པ་ཡང་ཡོད་མོད། རང་ལོ་སོ་བདུན་པ་ལ། ལོ་དེའི་སྔ་མ་དང་། འཕྲལ་རྐྱེན་འགས་རྒྱུད་བསྐུལ་ནས་ཡང་རང་ཡུལ་དུ་འགྲོ་བའི་བློ་དང་། ཕྱོགས་དེར་སྡོད་འདོད་ཀྱང་ཡོད་སྐབས་འཕྲོས་གང་ཡང་མེད་པ་ལ། བླ་མ་དམ་པ་རྗེ་བཙུན་ཀུན་དགའ་སྙིང་པོའི་གསུང་ལས། ད་ལྟ་ཡིད་ལ་འཆར་སྒོ་སྣ་ཚོགས་པ་ཞིག་འདུག་མོད། ཇི་བཞིན་དུ་ཐོག་ཏུ་ཁེལ་བ་དཀའ་ཞེས་འཕགས་ཡུལ་སོགས་ཀྱི་ལོ་རྒྱུས་ཀྱང་གནང་། ལོ་རྒྱུས་ནི་འཕགས་རྒྱལ་གྱི་བྲམ་ཟེ་ཡི་བུ་ཞིག་གི་ཚེ་འདིའི་སྦྱངས་པ་ལ་མ་ལྟོས་པའི་སྔོན་གྱི་སྨོན་ལམ་སྟོབས་ཀྱིས། དགྲ་བོ་ཐམས་ཅད་བཅོམ་པ་དང་འདྲ་བ་བཞིན་དུ། ཁྱོད་ཀྱིས་ཀྱང་སྔོན་གྱི་བག་ཆགས་དང་སྨོན་ལམ་ལ་བརྟེན་ནས། ཚེ་དང་ནོར་དང་མཐུ་སོགས་དེ་དང་དེའི་རྟེན་འབྲེལ་དུ་འགྲིགས་ན་ཡོང་ངེས་པ་ཞིག་ཡིན། འོན་ཀྱང་བླ་མའི་གསུང་གིས་མ་བརྒྱན་ན། དབུ་མའང་འབྲིང་པོ་ཙམ་དུ་འགྱུར། ཞེས་པ་ལྟར། བླ་མའི་ཅི་གསུང་སྒྲུབ་དགོས་པ་ཡིན་གསུངས། བཀའ་བཅག་ཏུ་མི་རུང་བ་འདུག་བསམ།

བར་སྐབས་ཤིག་ཤེར་མདོའི་དྲི་ཀ་གསུངས་སྤོར་གྱི་ངང་ནས་འབྲི་བ་ན་བཀའ་ལས་ད་ལྟ་རྒྱལ་བ་བྱམས་པ་ནམ་མཁའ་ན་བཞུགས་པ་ལ། ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་འབུལ་ཞིང་འདུག་པ་ཡ་མཚན་པ་ལ། ཁྱོད་རང་ནམ་མཁའ་ལ་ལྟོས་གསུངས། བལྟས་པས་རྒྱལ་བ་བྱམས་པ་དངོས་སུ་ནི་མ་མཐོང་ཡང་ནམ་མཁའ་ཐམས་ཅད་འཇའ་ཚོན་དམར་ལྗང་ཆེ་བ་སྣ་ལྔས་ཤིང་ལོ་རིས་ཀྱིས་གང་ནས་འདུག །འཕགས་པ་བྱམས་པ་ཡང་དེ་ན་ཀ་བཞུགས་ཡོད་སྙམ་མོས་པ་ཆེ་བར་བྱུང་། དེ་ནས་སྐུ་སྐྱེས་བཅུ་བཞིའི་སྐུ་ཐང་ལ་ཕྱག་ནས་ཞུས་པས། ར་ཏན་ཆེན་པོའི་སྐུ་ལ་མེ་ཏོག་ཆགས། ཇ་ཡུན་གཅིག་ཙམ་ནས་སོར་གང་ཙམ་གྱི་མ་རེག་པའི་ནམ་མཁའ་ལ་འཁོར་ཞིང་འདུག །ལེགས་པར་བརྟག་དུས་སྐྲ་རྩེ་ཙམ་ཞིག་གི་སྦྲེལ་བ་འདྲ་བ་ཞིག་སྣང་། ཡེ་ཤེས་སེམས་དཔའ་དངོས་སུ་ཕེབས་པའི་རྟགས་འདི་ལྟ་བུ་ཞིག་ཡོང་གསུངས། སྐབས་ཤིག་གཞུང་དོན་སོགས་ལ་གོ་བབ་ཀྱང་ཆེ་བ་ཙམ་ཡོད་ཀྱང་ཤེས་པས་མི་ཆོག་གཞན་ལ་བཤད་དགོས་གསུངས། འཁོར་ལོ་ཕྱི་མའི་སྙིང་པོའི་མདོ་ལྔ། ཁྱད་པར་རྒྱལ་བ་བྱམས་པའི་གཞུང་ལྔ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོས་མཛད་པའི་ཐེག་མཆོག་སོགས་ལ་བརྟེན་པའི། གཞན་སྟོང་གི་གྲུབ་མཐའི་གོ་བ་འདི་བློ་ལ་ཤུགས་འབྱུང་དུ་འཆར་བ་ཞིག་ཡོད་ཀྱང་གཞན་ལ་བཤད་ཀྱང་ཡོངས་པ་འདུག་ཅིང་། དེ་སྐབས་ནི་སྒྲུབ་སྡེར་སོང་བས་བཤད་དགོས་ཟེར་བ་ཡང་མེད། གྲྭ་པ་རེ་རེས་དྲིས་པ་ལ་གང་ངེས་རེ་བཤད། ད་ནི་ལང་ཚོ་ཡོལ་བས་བཤད་ཐུབ་པ་ཡང་དཀའ་བར་འདུག །

སྤྱིར་ཁྱོད་ཀྱི་ཚེ་འདིར་ཐབས་སྣ་ཚོགས་པའི་འགྲོ་བ་གཞན་ལ་ཕན་པར་ནུས་པའི་བཀའ་བབ་ཀྱི་གཙོ་བོ་ས་ཧ་ཛ་སོགས་ཀྱི་ལུང་བཤད་དང་མཐུན་པར་གཞན་རྐྱེན་ལ་མ་ལྟོས་པར་རང་ཉིད་ཁོ་ནའི་བསྒྲུབ་བྱ་གཙོ་བོ་ནི། འདི་ལྟར་གང་ཞིག་སྐྱེ་འགྲོའི་གཟུང་འཛིན་ཕོ་ཉ་མོ། །ཀུན་ལ་དབང་བསྒྱུར་དེ་དག་མཐའ་ཡས་སྤེལ། །ཐེག་ཆེན་ཆོས་ལ་སྤྱོད་པའི་ས་བོན་འཇོག །དེ་ནི་བཀའ་བབ་ཀུན་གྱི་གཙོ་བོ་ཡིན། །ཅེས་པ་སྟེ། འདིའི་དོན་རྒྱས་པར་ནི། རྗེ་བཙུན་ཐམས་ཅད་མཁྱེན་པའི་རྣམ་ཐར་རྡོ་རྗེའི་གནས་པ་དགུ་པ་ཉིད་ཀྱི་སྟོན་པར་འགྱུར་ཏེ། ཆོས་རྒྱུད་ཀྱིས་ནི་དང་པོ་ལ། །ནམ་མཁའི་རྡོ་རྗེ་ཤམྦྷ་ར། །བསྟི་གནས་འཕུར་འགྲོ་ལྟ་བུ་རུ། །བདག་ཉིད་པཱ་ར་འབབ་མར་བཅས། །མཆོད་པས་མཁའ་དབྱིངས་ཁྱབ་པར་སྤྲུལ། །ཀ་ར་ཀ་རཱ་ལུ་གུ་རྒྱུད། །མཆོད་འོས་ཧེ་རུ་ཀ་ཞབས་བརྒྱུད། །ཅང་ཏེའུ་འཁྲོལ་ཞིང་འདི་སྐད་དུ། །ཨ་ཙནྟིའི་གནས་སུ་སྣ་ཚོགས་མར་གྱུར་གཞན་དུ་མ་ཎི་བྷ་རི་དེ་རྗེས་ཨུཏྟ་རར། སྭ་ར་སཱ་སྟི་གཞན་ཡང་ན་གི་ནི་ཞེས་འདིར་ནི་རབ་དགའི་ས་གཞི་ཤིན་ཏུ་གཉེན་གཤིན་ཡིད། ས་ཧ་ཛ་དང་ནན་ད་ནན་ད་མཐའ་ཡས་རབ་སྤེལ་མཆོག་གི་གོ་འཕང་དག་ལ་སྦྱོར་བར་བྱ། ཤུ་ཀུ་བཀྵ་རེག་ལས་ཛྙཱ་ན་བ་ར་མཆོག་ཐོབ་རྡོ་རྗེའི་གནས་པ་འདི་ནི་དགུ་པའོ་དང་ཟླ་བ་ཉི་མ་མེ་དང་ཤེལ། མངོན་པར་རྒྱ་གསལ་ཞིང་རབ་ཏུ་དྭངས། །སེམས་ཀྱི་རང་བཞིན་དེ་འདྲ་སྟེ། །རྐྱེན་གྱི་རང་བཞིན་སྣ་ཚོགས་ཉིད། །མར་མེ་ཡིས་ནི་ནོར་བུར་འཚོལ། །ཞུན་མར་དོན་དུ་མེ་བསྒྲུབ་ཅིང་། །སྲུབ་ཤིང་ལ་གནས་མེ་མི་མཐོང་། །ཤིང་སྲིན་གྱིས་ནི་ཤིང་འབིགས་བྱེད། །འདུ་བྱེད་ཐམས་ཅད་སྤྲིན་དང་མཚུངས། །ནང་རིག་བདེ་བ་ནམ་མཁའ་ཉིད། །ཇི་ལྟར་སྲད་པུ་འཁལ་བ་ལ། །ཡེ་ཤེས་འདི་ཀོ་ངོ་མཚར་རྨད། །འདབ་བརྒྱད་སྦྲང་རྩིའི་ཟིལ་མངར་རོ། །ཀུ་མུད་གཉེན་དང་འགྲོགས་ཏེ་ཅི། །རབ་འབར་ཎ་ཌའི་ཉག་ཕྲན་གྱི། །རྣམ་རྟོག་གཅོད་ཅིང་འཁོར་ལོ་འབིག །ཀློ་ཤེ་བརྒྱད་ཁྲིའི་ཚང་ཚིང་དུ། །དཔའ་བོ་འཇིགས་མེད་ཉམས་དགའ་རུ། །འཕྲོག་བྱེད་དང་ནི་ཆུ་བདག་རྨོངས་པའི་གནས། །ཐོས་སྒྲོགས་རིགས་རྣམས་ཤིན་ཏུ་འཁྲུག་གྱུར་ཅིང་། །སེམས་དཔའ་འགའ་ལའང་སྐྲག་པ་སྐྱེད་བྱེད་པ། །རྡོ་རྗེའི་གནས་པ་འདི་ནི་བསམ་མི་ཁྱབ། །ཚེ་འདི་ཙམ་དུ་མ་ཟད་ད་ནས་བཟུང་། །ཚེ་རབས་ཐམས་ཅད་དུ་འགྱུར་པ་མེད་པ་ལུས་དང་གྲིབ་མ་བཞིན་དུ་བྱས་པ་ལ། ནམ་མཁའི་གར་ཁྱབ་ཀྱི་འགྲོ་བ་སྐལ་ལྡན་མང་པོ་ལ་དམིགས་པ་ཞིག་གོ ། ཞོར་བྱུང་དུ་རང་དོན་ལ་དམིགས་པའི་ཚེ་དང་ནོར་དང་མཐུ་གསུམ་ལས། ལས་དེ་དང་དེ་སྒྲུབ་བྱེད་གཞན་ལ་ལྟོས་དགོས་པས་བཀའ་བབ་རི་ཡོད་དེ། དང་པོ་ནི། འདིར་བརྗོད་པ། འཛམ་གླིང་ས་ཡི་ཐིག་ལེ་བལ་ཡུལ་དུ། །སྨོན་ལམ་ལྷག་བསམ་དག་པ་ཉི་མའི་འོད། །གངས་ཅན་པདྨོའི་ཚལ་རྣམས་རྒྱས་བྱེད་དེ། །དེ་ནི་ཚ་ཡི་བཀའ་བབ་རྟེན་འབྱུང་ཡིན། །ཅེས་པ་འདི་ནི་ཤེལ་ལ་ཚོན་བཞིན་དུ་ནུས་པ་དང་ལྡན་པ་ཞིག་སྟེ། དཔེར་ན་དྲོད་དང་གཤེར་ལ། མྱུ་གུ་དང་ལོ་འདབ་དང་མེ་ཏོག་དང་། འབྲས་བུ་སོགས་འབྱུང་བ་བཞིན་ནོ། །

གཉིས་པ་ནི། ལོངས་སྤྱོད་རྦ་རླབས་དཀར་པོའི་འཛུམ་དཀར་ཅན། །སྔོ་སངས་རྒྱ་མཚོ་འཁྱིལ་དང་ཉེར་འཕྲོས་པ། །འདོད་དགུ་ཆར་བཞིན་འབབ་པ་དབང་གི་རྒྱལ། །དེ་ཡང་ནོར་གྱི་བཀའ་བབས་ཡིན་ཞེས་ཐོས། །ཞེས་པ་སྟེ། གལ་ཏེ་འདོད་ཡོན་ཁོ་ན་དོན་དུ་གཉེར་ན་དེ་འགྲུབ་བོ། །

གསུམ་པ་ནི། ལྷོ་ཕྱོགས་མ་ལ་ཡ་དགེ་མཚན་ཐོབ་ལས། ཙན་དན་ལྗོན་པའི་དྲི་བསུང་ཡིད་ཀྱི་གསོས། །གནམ་ལྕགས་རྡོ་རྗེའི་མཚོན་ཆ་རྟེན་ཅིང་འབྲེལ། །དེ་ནི་མཐུ་ཡི་བཀའ་བབ་ཡིན་ནམ་སྙམ། །ཞེས་པ་འདི་ཉིད་མངོན་སྤྱོད་དྲག་པོའི་ལས་ཆེས་ཐད་དུ་སྒྲུབ་ན་དེ་འགྲུབ་བྱེད་དེ། ད་ལྟ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་འདྲེན་མི་ནུས་ན་སྡིག་པའི་རྒྱུ་ཉེ་བརྟགས་ཤིང་དཔྱད་དོ། །དེ་ནས་ལུང་བསྟན་ལྟར་དངོས་དང་ལྐོག་གྱུར་གྱི་འཕྲིན་ལས་ཀྱང་འདུ་བསྡོ་བ་དང་། རིགས་བརྒྱ་མཆོད་པའང་སྤྲོ་བར་བྱུང་ནས་རང་དང་གཞན་ལའང་བསླབ་སྟེ། རྒྱུན་དུ་མཆོད་པ་སྤྱི་སྒོས་ཐམས་ཅད་ལ་བརྩོན་ཅིང་། འདོད་དོན་ཡང་ལྷ་རྣམས་ཀྱིས་བསྒྲུབ་སྙམ་བློ་ལ་ལམ་མེ་འཆར་བ་ཞིག་བྱུང་། དེ་ནས་ཟླ་བ་བདུན་པའི་ནང་དུ། སྐྱིད་ཕུག་བདེ་ལྡན་མཁའ་འགྲོའི་གནས་སུ་མཚམས་བཅད། རྒྱང་ཙམ་བྱས་པའི་ནུབ་ཅིག་རྨི་ལམ་ན། དགེ་འདུན་མང་པོ་བདེ་མཆོག་གི་ཆོ་ག་བྱེད་རྒྱུ་ཡིན་ཟེར་འཚོགས་གཡོན་ཕྱོགས་ན་ཁྲི་འདྲ་བ་གཅིག་ལ་རང་ཡང་བསྡད། བླ་མ་དམ་པས་ཚེ་དབང་གནང་རྒྱུ་ཡིན་ཟེར། ཚེ་བུམ་ཁ་རྒྱན་ལོ་འདབ་མེ་ཏོག་འབྲས་བུ་སོགས་ལྗོན་ཤིང་རགས་ལ་གྲུབ་པ་འདྲ་བ་ཞིག་འདུག །ཉི་མའི་མིང་ཅན་ཞིག་གིས་ཚེ་རིལ་ཡིན་ཟེར་རིལ་བུ་དཀར་པོ་ལྔ་བདག་ལ་སྦྱིན། ཐམས་ཅད་ལ་ཡང་རིལ་བུ་རེ་འགྱེད་ཅིང་འདུག །ཡང་ངོ་མི་ཤེས་པ་གཅིག་གིས་ཚེ་ཆང་འགྱེད། རིལ་བུ་འགྱེད་མི་དེ་གཡོན་ཕྱོགས་ཀྱི་གྲལ་མགོ་ན་འདུག་པ་ལ། གདན་དེ་མི་ལ་ལས་ཕར་ཤིག་འགའ་ཞིག་གི་ཚུར་ཤིག་བྱས་པ་ལས། སྔར་ལས་ཅུང་འཕར་ཙམ་དེ་ཁར་བསྡད་པ་རྨིས། གཉིད་སད་ནས་ཀྱང་སེམས་དགའ་ཡ་ལེར་གྱུར། སང་ཉིན་དེའི་ཕྱོགས་ནས་ཡི་གེ་རྩི་བཅུད་སོགས་ཀྱང་བྱུང་།

དང་པོ་འདི་དང་འཕྲད་དུས་བལ་ཡུལ་གྱི་བག་ཆགས་ཅུང་ཟད་སད་རྒྱུ་གཅིག་བྱུང་འདུག །དེའི་ཚེས་ཉི་ཤུ་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་རང་གཅིག་པུས་བྱས་སྐབས། དམིགས་པ་གསལ་ཞིང་ཚོགས་འཁོར་བྱེད་དུས་ཟས་སྣ་མང་པོ་ཤུགས་འབྱུང་དུ་འཛོམས། འཕྲིན་ལས་རྣམ་པ་བཞིའི་ནང་ནས་དབང་གི་ལས་ལྷ་འདི་ཉིད་ཁོ་ན་ལ་བརྟེན་ནས་བསྒྲུབ་སྙམ་པ་ཤར་ཉེར་ལྔའི་ནུབ་གཅིག་རྨི་ལམ་དུ། བླ་མ་དམ་པའི་འཁོར་མང་ཚད་གཅིག་ལ་བཀའ་ཆོས་གནང་། ཆོས་གྲལ་དེ་ན་བདག་ལ་མི་དགའ་བའི་རྣམ་འགྱུར་བྱེད་མི་གཅིག་འདུག་པ་དེ་ན་རེ། ཚ་ཟེར་མི་བཟོད་པ་འདུག་ཟེར་རྒྱབ་གྲལ་དུ་བྲོས་སོང་བ་རྨིས། གཉིད་སད་པ་ན་སེམས་བདེ་ཆམ་མེ་བ་དང་། དེས་ཆ་གཅིག་བྲིས་པའི་ཚིག་གྲལ་ལ་ཡང་། རང་སྣང་དུ་ཞིང་ཁམས་དང་མཆོད་པའི་སྤྲིན་གྱི་ཕུང་པོ་འབྱུང་བའི་ཡེ་ཤེས་སོང་ཟེར་བའི་མཚམས་དེར། བདེ་ཆེན་གསལ་སྒྲོན་གྱི་མེ་ཏོག་དམར་སེར་དང་། སྔར་འདྲིས་མེད་པའི་ལྷའི་མིང་ཅན་ཞིག་གིས་ཟས་འབྲེལ་བྱས། མདང་གི་རྨི་ལམ་དང་དངོས་ཀྱི་ལྟས་གཉིས་འཛོམས་པས་གནས་སྐབས་ཐ་དད་འདྲ་བ་ཞིག་ཡོད་ཀྱང་དོན་ཕལ་པས་དཔྱད་དཀའ་སྟེ། ཆར་དང་ཉི་མ་ལ་མེ་ཏོག་རྒྱས་པ་བཞིན་ནོ། །ཡང་རྨི་ལམ་དུ་ཤར་ཕྱོགས་ནས་ཕོ་ཉ་ཞིག་གིས་གྲི་རྩེ་ཤིན་ཏུ་རྣོ་བ་ཞིག་སྤྲད་བྱུང་། སང་ཉིན་མགར་མོ་ཞིག་གི་ཟས་བྱིན། ཡང་ཞག་ཤས་ནས་སྔར་གྱི་གྲི་དེས་གྲོད་པ་ཞིག་ཁ་ཕྱེ་ནང་ཁྲོལ་སྣ་ཚོགས་ཀྱིས་ནང་ཁེངས། ལ་ལ་གཏོར་མ་ལ་ཕུལ། འགའ་ཞིག་བུད་མེད་གཉིས་ཀྱིས་མེ་བཏང་ནས་འཚོས་པར་རྨིས། རྟོག་དཔྱད་ཀྱང་ཅུང་ཟད་བྱུང་། ཡང་ཟླ་བ་བརྒྱད་པའི་ཉེར་ལྔའི་བདག་མོ་ཡི་ཆོ་ག་དངོས་གཞི་གྲོལ་པའི་ནུབ་རྨི་ལམ་དུ།

བླ་མ་དམ་པ་དང་མཇལ། དར་ཅིག་ཉི་མ་དྲོན་པོ་འདི་ལ་སྡོད། དེ་ནས་བྱ་བ་བྱེད་རྒྱུ་མང་པོ་ཡོད་གསུངས།

དེ་ནས་ཚེས་བཅུའི་ཉིན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་ལ་འགྲོ་བའི་སྔ་དྲོ་ནས་སྣང་བ་འགྱུར་ཏེ། དོན་འདི་རང་མེད་ཀྱང་རྒྱུད་འཁྲུགས་བྱུང་བས་དེ་རིང་ཅི་འདྲ་ཞིག་འོང་ངམ་སྙམ་པ་བྱུང་། འོན་ཀྱང་ལམ་བཀྲ་ལེགས་པའི་དབང་གིས་ཚེ་ལ་བར་ཆད་མེད་པར་ཤེས། དེ་ནས་བུམ་བསྐྱེད་ཀྱི་སྐབས། འཇིག་རྟེན་བྱ་བ་རབ་འཇུག་མ། ཞེས་པའི་ཚིག་མཚམས་དེར་དྲིལ་བུའི་ཚངས་མགོ་དང་རྫ་མ་བྲལ། ཟིལ་ཆེན་པོ་འདར་ཕྲིལ་ལེ་བ་ཞིག་བྱུང་། ས་དེར་ཚེ་འཕེལ་བ་དང་། བློ་ལྷག་པར་ཆགས་པ་ཞིག་ཡོད་ཀྱང་། སྔར་གྱི་ཟླ་དུས་ཚེས་བཅུ་མཆོད་པའི་ཉིན། རང་ཡུལ་གྱི་རྐྱེན་གློ་བུར་བ་ལ་བརྟེན། འབོད་མི་རྟ་དང་བཅས་པ་ཆེད་ཀྱིས་སླེབས། ད་ལམ་འགྲོ་མ་དགོས་ཙམ་ཞིག་བྱུང་ན་དགའ་སྟེ་ཇི་ལྟར་ཡོང་སྙམ་པ་ལས། ༧བླ་མ་དམ་པའི་གསུང་ལས་འཕྲོས་གང་ཡང་མེད་པར་རྫུ་འཕྲུལ་ལྡན་པའི་མཐུ་ལས་ལྟོས་གསུངས་ཤིང་། འགྲོ་དགོས་པར་ཉེ་བ་ཙམ་ལས་ཐག་ཆོད་རང་མི་གནང་བ་འདུག་པས། བདག་རང་གི་ཡོང་མི་དགོས་ཚུལ་དང་འབོད་མི་ཕྱིར་ལོག །ལན་གཉིས་སུ་བསྐྱར་ནས་བྱུང་ཡང་གོང་བཞིན་བྱས།

དེ་ནས་རིགས་བརྒྱ་མཆོད་པའི་ཆོ་ག་གཅིག་བྱས་པ། མཆོད་ཡོན་དང་། མེ་ཏོག་གི་སྣོད་དོན་མེད་ལ་འཕར་བ་སོགས་བྱུང་ཚུལ། ༧བླ་མ་དམ་པ་ལ་ཞུས་པས། བཀའ་ལས་སྤྱིར་ལྷ་འདི་ཁྱེད་ལ་འགོས་ཏེ། ད་རེས་འཚུབ་དང་ཆོ་འཕྲུལ་སྤེལ་མའི་ལྟས་སུ་འདུག་ལྷས་བྱས་ནས་བསྐྱོད་པ་ཞེས། ད་ངེས་པར་འགྲོ་དགོས་པ་འོང་བ་འདུག །འདི་ཕྱོགས་སུ་བསྡད་ན་རང་གཞན་ལ་ཕན་སྟོབས་ཆེ་ཡང་སྐོར་གཅིག་འགྲོ་བ་ལས་འོས་མེད།

ལོ་དུས་ལ་འདིར་སླེབས་པ་གཅིག་བྱས་པས་ཡང་ཤར་ཕྱོགས་སུ་དབང་བསྐུར་རབ་གནས་སྦྱིན་སྲེག་བསྔོ་བ་སོགས། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཐམས་ཅད་ཀྱིས་ང་རང་གི་ཁྱོད་ལ་སྒོས་སུ་བྱིན་གྱིས་བརླབ་པར་འགྱུར། དེར་གཟིམ་ཁང་ན་ཉི་མ་འོད་ལམ་མེ་འདུག་པ་དེ་ན་ཉིན་བྱེད་ཀྱི་སྣང་བས་ཁྱབ་པ་དེ་དང་ཉེ་བར་བསྡད་པ་ལེགས་སེ་ཐོལ་བྱུང་དུ་གསུངས། ཡང་ཞག་འགའ་ནས་རིགས་བརྒྱ་མཆོད་པའི་ཉིན་འབོད་མི་སླེབས། ཡིད་སྐྱོ་བ་ཆེན་པོས་རང་དབང་མེད་པར་མཆི་མ་འཁྲུག་པ་དང་། ཁམས་ཡང་ཅུང་ཟད་མ་བདེ་རླུང་ཆེན་པོ་ཡང་འདུག་གང་ལ་ཡང་སྙིང་པོ་མི་འདུག་བསམ་པའི་ངེས་འབྱུང་དྲག་པོ་ཡང་སྐྱེས། ཚེ་དབང་ཞིག་གནང་བ་ཁྲུས་བུམ་ལན་གཉིས་འགྱེལ་བ་སོགས་བྱུང་། སླར་རྟེན་འབྲེལ་དུ་ལྷ་མོ་འོད་ཟེར་ཅན་གྱི་རྗེས་གནང་དང་། ཉི་མ་ཤར་ནས་ཡོང་བ་སོགས་གནང་ཞིང་། རས་དཀར་ལ་གཡུང་དྲུང་རིས་བྲིས་པ་སོགས་ཕུལ། ཕྱིར་འོང་དུས་རྟག་བརྟན་དམ་ཆོས་གླིང་གི་རྒྱལ་བྱེད་ཚལ་དུ་བློ་ཉེ་བ་མང་པོ་དང་འཕྲད། དར་ཅིག་ཚེ་ལ་བར་ཆད་མེད་ཀྱང་ལར་ཇི་ལྟར་ཡོང་སྙམ་པ་ལ་རང་ཡུལ་དུ་སླེབས། དེར་དུང་འབུད་པ། དགེ་འདུན་འདུ་བ། སྣོད་ཆུས་གང་བ་མང་པོ་སོགས་དུས་གཅིག་ཏུ་འཛོམས་པ་ལས། གྲགས་པ་དང་ལོངས་སྤྱོད་ཀྱི་རྟེན་འབྲེལ་འགྲིགས་ཀྱང་། ཉི་མ་ནུབ་མཚམས་རང་དུ་བྱུང་བས། སྔ་ཕྱིའི་ལྟས་ཚེ་ལ་གནོད་པར་ཤེས། ཞག་ཁ་ཤས་མཇལ་འཕྲད་ལོངས་སྤྱོད་སོགས་རྣམ་གཡེང་ཆེ་ཡང་དེ་ཁོ་ནས་དབང་དུ་མ་བཏང་བར་དམིགས་ཡུལ་གྱི་སྡིག་སྒྲིབ་སྦྱངས་ཐབས་སུ། བསྔོ་བ་དང་། སྔར་དགོང་དགེ་སྦྱོར་གང་སྨར་དང་། ཉིན་རེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་སྨོན་ལམ་རྒྱས་པ་དང་ཞེ་དགུའི་བར་བྱས། ཞག་ཤས་དམིགས་པ་མི་གསལ་ཞིང་རྒྱུད་འཁྲུགས་པ་གཅིག་བྱུང་། ཆོ་ག་སང་གྲོལ་རྒྱུའི་དེ་རིང་དམིགས་པ་ཆེར་གསལ་ཞིང་། ༧བླ་མ་དམ་པའི་སྐུ་ཐང་གིས་མེ་ཏོག་བཞེས། སང་ཉིན་ཡེ་ཤེས་འབེབ་པའི་སྐབས། རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བྱོན་ནས་རང་ལ་ཐིམ་ཞེས་པའི་ཚིག་མཚམས་དེར་མེ་ཏོག་བབས། བྱིན་རླབས་གྱིས་ཚུལ་དུ་རང་གིས་བླང་མདའ་བོ་རྣམས་ལ་འདི་ལྟ་བུ་ཚེ་ལ་གནོད་གཞན་ལ་མ་བཤད་ཟེར་ཡང་། དེར་བྱུང་བ་འགས་ཇི་ལྟར་གྱུར་བ་ཤེས། དེ་ནས་སྟོད་ཕྱོགས་ལ་ཡོང་འདོད་ཡོད་ཀྱང་། ད་ལོའི་གནས་སྐབས་སུ་ངེད་རྣམས་བོར་ནས་ཕྱིན་པས་མི་ཡོང་ཚུལ་དང་བསྟུན། ཡར་འབྲོག་ཕྱོགས་སུ་རྐྱང་ཙམ་བསྡད། ཞལ་ངོ་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་དང་། ཚེ་དབང་སོགས་སྐུ་ཚེའི་རྟེན་འབྲེལ་གྱི་སྒོ་ཕྱེས་ཏེ། དབང་ཆོས་མང་པོ་དང་། ཆོས་འབྲེལ་དགོས་ཟེར་བ་ཐམས་ཅད་ལ་སོ་སོའི་བསམ་པ་དང་མཐུན་པའི་དབང་ཁྲིད་ལུང་རྗེས་གནང་སོགས་ལ། སྔོན་འགྲོ་སྤྱི་དང་བྱེ་བྲག་ལ་རྒྱས་བཤད་ཀྱང་ཅི་ནུས་སུ་བྱས་པས། རང་ལ་ངེས་ཤེས་སྐྱེ་བར་བྱུང་། སྐབས་དེར་གནོད་སྦྱིན་འཛམ་བྷ་ལ་ལྷ་དགུའི་མཆོད་པ་དང་། འཕགས་པ་གསེར་འོད་ཀྱི་མདོ་བསྒྲགས་སོགས་བྱས། མི་ཞིག་གི་ཕྲེང་བའི་མདོ་འཛིན་སྤོས་ཤེལ་ནོར་བུ་མིག་གསུམ་པའི་རི་མོ་ཡོད་པ་གཅིག་སྦྱིན། མི་རིང་བར་འབྱོར་པ་ཅུང་ཟད་རྒྱས་པའི་རྟེན་འབྲེལ་ཙམ་དུ་འདུག །ས་དེ་རང་དུ་བསྡད་ན། ལོངས་སྤྱོད་དཔག་ཏུ་མེད་པ་ཞིག་ཡོང་ངེས་པ་ཡོད་དེ། ཚེའི་བར་ཆད་དུ་འགྲོ་བའི་ཉེས་པ་བྱུང་། དེ་སྐབས་ནི་ད་རང་ཇི་ལྟར་བྱས་ཀྱང་ཡོང་པ་འདྲ། འདིར་བསྡད་ཀྱང་ཆོས་དང་འབྱོར་པ་རྒྱས་པ། ཉེ་འབྲེལ་རྣམས་ཀྱིས་བློ་དང་ཡང་མཐུན་པ་ཞིག་བྱུང་བ་འདུག །ཡིན་ཀྱང་ཕྱིར་འོང་དུས་བླ་མ་དམ་པའི་བཀའ་ཁྲོལ་བ་མེད་པས།

སླར་ཡང་ཡོང་པ་ལེགས་ཚུལ་གནང་བས་སྐོར་ཅིག་འགྲོ་དགོས་བསམ། ཉེ་འབྲེལ་གྱི་དབང་དུ་མ་སོང་བར་རིམ་པས་ཡར་ཡོང་པའི་གྲབས་ཡོད་པའི་ཚེ། རྨི་ལམ་དུ་དྲིལ་བུའི་ཚངས་མགོ་འཕྲུལ་པ་དང་། དངོས་སུའང་གསེར་གྱི་ས་གཞི་ལ། སྣག་ཚའི་རི་མོ་བཟོ་དབྱིབས་སྣ་ཚོགས་ཤར་བ་སོགས་བྱུང་། རང་དང་སེམས་ཉེ་བ་གཅིག་ལ་ལྟས་ཅུང་ཟད་ལོག །ད་དུང་ལེགས་པར་དཔྱད་པས་ཕུགས་ཇི་ལྟར་ཡང་། ད་རེས་ཕྱིན་པས་ཕན་ཐོགས་པར་ཤེས། གང་ལ་ཡང་མ་ཆགས་པར་ལམ་དུ་ཞུགས། འདི་སྐབས་དབུས་ནས་མར་ཡོང་བའི་དུས་རྗེ་བཙུན་དམ་པའི་མ་ཡུམ་རྗེ་བཙུན་མ་རྡོ་རྗེ་བུ་དགའ་དང་མཉམ་དུ་དཔལ་ཇོ་ནང་དུ་ཕེབས་པ་ཡིན། དགེ་སྟེང་དུ་སླེབ་པའི་ནུབ་ཡང་སྔར་གྱི་རྨི་ལམ། དེ་དང་ཆ་འདྲ་བ་ལ། དེ་ལ་ཐབས་འདྲ་ཡོད་གྱུ་བ་ཡུལ་ལེ་བ་ཞིག་བྱུང་རིམ་པས་ཡར་ཡོང་ནས་རྟག་བརྟན་གྱི་རྒྱལ་བྱེད་ཚལ་དུ་སླེབས། མང་ཇ་འགྱེད་སོགས་བྱས། རྨི་ལམ་དང་དངོས་ལྟས་རྣམས་མངོན་དུ་གྱུར་པའི་བརྗོད་སྒོ་སྣ་ཚོགས་ཤིག་འདུག་པ། རྨི་ལམ་སོགས་ལྟས་ལ་ངེས་ཤེས་སྐྱེས་ཤིང་། ཆགས་སྡང་གི་བློ་ཡང་ཅུང་ཟད་དྭངས་། བདག་ལྟ་བུའི་ངག་མཐུ་ལྟ་གལ་ཞིག །ཐེག་ཆེན་གྱི་སེམས་བསྐྱེད་ཀྱི་ཡུལ་དུ་བྱས། སྡིག་སྒྲིབ་སྦྱོངས་པའི་ཐབས་སུའང་བཟང་མོད། འོན་ཏེ་དཀོན་མཆོག་གི་བདེན་མཐུ་རེའང་ཐང་བ་ལ་མཛད་སྙམ་པ་བྱུང་།

དེ་ནས་རྗེ་བཙུན་བླ་མ་རྡོ་རྗེ་འཆང་དེ་ཉིད་དང་མཇལ། ཚེ་འདིའི་སྣང་བ་ཤས་ཇེ་ཆུང་དུ་སོང་མི་གཡོ་བའི་དམིགས་ཁྲིད་ཀྱི་བཀའ་ཆོས་དང་འཛོམས། ལྟད་མོ་སྣ་ཚོགས་ཀྱང་མཐོང་། ཤར་ཕྱོགས་སུ་འགྲོ་གོང་དུ་མགོ་བརྩམ་པའི་སངས་རྒྱས་ཀྱི་རྣམ་ཐར་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ་ཞེས་པ་དེ་འདི་སྐབས་ལེགས་པར་གྲུབ་ཟིན། དེ་ནས་དཔལ་རྟག་བརྟན་དུ་འགྲོ་བའི་དུས། ༧རྗེ་བཙུན་བླ་མ་དམ་པའི་གསུང་ལས། གཙོ་བོར་མགོན་ཁང་རྣམས་མཇལ་བ་ལེགས་པར་གསུངས་པ་ལྟར་ཐོག་མར་དཔལ་མགོན་ཏྲཀྴད་ཀྱི་བཞུགས་གནས་ཨུ་ཙ་ལར་ཕྱིན་མཆོད་པ་དང་། འཕྲིན་བཅོལ་སོགས་ལེགས་པར་བྱས། ཡར་འོང་དུས་ཆུ་བུམ་ཁེངས་པ་མང་པོ་དང་། ཉི་མའི་མིང་ཅན་ཞིག་གི་དཔལ་མགོན་ཞལ་གཉིས་པའི་བྲིས་སྐུ་ཕྱག་ནས་རྒྱུ་དང་འཛོམས་ཞལ་ཕྱེ་ཞིང་། ད་ལྟ་དུས་ཀྱི་དབང་གིས་སེམས་ཅན་རྣམས་ཕྲག་དོག་ཤས་ཆེར་སྤྱོད་པའི་སྐབས་འདིར། ལྷ་དང་སྲུང་མ་ཁྱོད་ལ་བཅོལ་ལོ་སྙམ་པ་བཅོས་མིན་དུ་བྱུང་། འདི་ལྟར། མགོན་ལེགས་ལྡན་ཆེན་པོ་ཐོད་འཕྲེང་ཅན། །བདུད་ཟིལ་གྱིས་གནོན་པའི་དཔའ་བོ་གང་། །སྔོན་སྐྱེ་བའི་དམ་ཚིག་གི་རྗེས་དགོངས་ལ། །ད་མཐུ་རྩལ་རོལ་རྩེད་དུས་ལ་བབ། །སང་ཉིན་ཕྱག་ནས་གནང་དུས་བྲིས་སྐུ་བདག་གི་ལག་ཏུ་གནང་། འདི་ལ་མོས་ན་ལྟོས་གསུངས། དེ་རྗེས་མགོན་པོའི་དབང་བཞི་རྒྱས་པར་གནང་། དེ་ནས་བརྩམ་གཏོར་བསྔོ་བཟུང་སྐྱིད་ཕུག་བདེ་ལྡན་དུ། ཚེ་སྒྲུབ་མཚམས་བཅད་རྐྱང་ཙམ་བྱས།

དེ་ནས་སྐབས་ཤིག་རྨི་ལམ་དུ་སྔར་ཚེ་རིལ་སྟེར་མི་དེས། གོས་གསར་པ་གྱོན་ནས་མོན་མོ་མང་པོ་དང་མཉམ་དུ་ཁྲབ་པ་རྨིས། སྣང་བ་དགའ་སྤྲོ་ཤས་ཆེ་བ་བྱུང་། ཡང་ཞག་ཁ་ཤས་ན། བདག་ལ་འཆར་ཀ་གཏོང་མི་དེ་དག་ཚང་མ་སྒོ་དྲུང་ན་འདུག་ལ་ཕུག་འདི་ཚོ་ཡང་བསྐུར་བྱུང་ཟེར་བ་ལ། བདག་ལ་དེའི་དགོས་པ་མེད་བྱས་ཁྲོས་ནས་བསྡད་པ་གསལ་བར་རྨིས། དེའི་སང་ཉིན་རིགས་བརྒྱ་མཆོད་པའི་གཏོར་འབུལ་ཚར། དཔལ་མགོན་ཏྲཀྴད་ཀྱི་ཐུན་གཏོར་ཐོག་མར་འབུལ་རྒྱུ་དེ། གཏོར་སྟེགས་སྟེང་དུ་བཤམས་ཚར་བའི་མཚམས་དེར། སྔགས་བརྗོད་བྱ་སྣ་ཚོགས་བྱེད་པའི་གཙོ་བོ་འདས་པའི་གཏམ་ཐོས། སྲུང་མ་ལ་ངེས་ཤེས་སྐྱེས་སྨྲས་པ། ལས་བྱེད་མ་ཁྱི་གདོང་ཤེས་རབ་གསལ། །ཁྱོད་རྩིབས་ལ་རྒྱུག་པའི་དྲག་ཤུལ་ལ། །ཡིད་ཆེས་པས་གཏང་རག་མཆོད་སྤྲིན་འབུལ། །ཕྱིས་འདོད་པའི་འབྲས་ཀྱང་མཆིས་པར་མཛོད། །ཅེས་ཏེ་འཕྲལ་བརྗོད་པའོ། །དེ་ནས་སྐབས་ཤིག་ལས་ཕྲན་བུ་སྒྲུབ་པ་དང་། ཟླ་བ་གཟས་འཛིན་དུས་འཛོམས་པ་རྟོག་དཔྱད་ཙམ་དང་། རིམ་པས་རྨི་ལམ་འཚུབ་ཆ་ཙམ་ལས། དུས་འཁོར་མངོན་དཀྱིལ་གྱི་ཊི་ཀ་འབྲི་བའི་ནུབ་ཅིག་རྨི་ལམ་དུ། མི་མང་པོ་གོ་མཚོན་ཐོགས་ནས་གཡུལ་དུ་འགྲོ་བ། ཟླ་བདག་ལ་བུད་མེད་གཞོན་ནུ་གཅིག་ན་རེ་འཕྲལ་དུ་ལོང་། གོས་འདི་གྱོན་ཟེར་གོས་སྣ་ལྔ་དང་། གོ་མཚོན་ཚང་བ་བདག་ལ་གཏད། དེ་དག་ཐོགས་ཏེ་གཡུལ་དུ་འགྲོ་བ་དང་། ཉིན་པར་ཡང་ཡིད་མི་བདེ་སྙམ་པ་བྱུང་། དེར་རྨི་ལམ་དུ་ཁྱོད་ལོ་དྲུག་སྡོད་ཟེར་བ་སོགས་དཔྱད་དཀའ་བ་མང་དུ་བྱུང་། ལན་གཅིག་དཔལ་མགོན་ཏྲཀྴད་སྤྲིན་ནག་གི་དབུས་ན་བཞུགས་པ་ལ། སྐུའི་གཡས་གཡོན་གཉིས་ནས་ཉི་ཟླ་འཆར་བ་ཞིག་མཐོང་། དེ་ནས་ཞག་ཁ་ཤས་ཡིད་ལ་དེ་ག་ཡང་ཡང་འཆར་བ་བྱུང་སྟེ། ཕུགས་ཀྱི་རྟེན་འབྲེལ་ལ་ལྟ་བར་སེམས། ཕྱོགས་འདིར་གཞན་ཕན་དང་འཕྲལ་བཟོས་བདེ་བ། ཆོས་འཕེལ་བ་སོགས་ཡིད་དང་མཐུན་པར་འདུག་ཀྱང་། འདི་ཙམ་ནས་ཚེ་མཇུག་གི་བྱ་བྱེད་གང་ན་ཡོད་དང་ཚེ་ཚད་སོགས་ཀྱང་ཤེས་དཀའ་བར་བྱུང་།

ཡང་དུས་འཁོར་གྱི་རྫོགས་རིམ་གྱི་ཊི་ཀ་བྲི་བའི་སྐབས་རྨི་ལམ་དུ་བུད་མེད་གཞོན་ནུ་ཞིག་ན་རེ། ཁྱོད་ལ་བློ་གཏད་པའི་མི་ཡོད་ན། དར་ཅིག་ཕྱོགས་གཞན་དུ་གཏོང་བའི་དུས་ཡིན་ཟེར་བ་དང་། ཀེང་རུས་སོགས་ཟར་ཟིར་མང་པོ་འཁྲབ་ཏུ་བྱུང་། རྨི་ལམ་ལྟར་དེ་ཤར་ཕྱོགས་སུ་བཏང་བས། དེ་ནས་ཟླ་བ་ཁ་ཤས་ནས་ཁང་བ་ཟུར་རལ། ཉི་མ་ལ་དྲོད་མེད་མེ་ལ་མི་གསོས། ཆུ་མེད་ཤིང་བུ་མེད། འོ་མ་མ་རྙེད། མདའ་བོ་མེད། བྱ་རྒོད་ཐོག་སྟེང་དུ་བབ། གཏོར་སྡེར་བྱ་རོག་གིས་ཁྱེར་གསུང་རྩོམ་འབྲི་བའི་སྨྱུ་གུ་ཕོན་ཅིག་བོར། དེ་འདྲ་བའི་ལྟས་མི་ལེགས་པ་ཉིན་ཞག་གཅིག་མངོན་སུམ་དུ་བྱུང་བའི་དོན་དེ་ནི་ཞོར་བྱུང་དུ་བཀའ་བབ་གསུམ་གྱི་དང་པོ་དེའི་དོན་རྟ་བདུན་ནུབ་ནས་སླར་ཤར་མ་ལྟར་རྟེན་འབྲེལ་གསོས་པའི་དོན་ཡིན། འདིར་སྨྲས་པ། ལུས་འཕགས་ཞེས་བྱར་འོད་ཀྱིས་དགའ་སྟོན་ལས། །ཕྱོགས་འདིར་ཆུ་སྐྱེས་ཚལ་རྣམས་འདར་བ་བཞིན། །འོན་ཀྱང་མངོན་སུམ་སྨན་གྱི་མེ་ཏོག་གིས། །དེ་ལ་སྤྲོ་བས་སྦྲང་རྩི་སྟེར་བ་འདྲ། །རིང་པོར་མི་ཐོགས་རྟ་ལྗང་དཀྱིལ་འཁོར་ནི། །གཟི་བརྗིད་འབར་བས་པད་མཚོར་འཕོས་པ་ན། །ན་ཆུང་གཞོན་ནུ་དགའ་བའི་གླུ་དབྱངས་ཀྱིས། །རང་གི་ལྷ་ལ་མཆོད་པར་འགྱུར་བར་ཤེས། །ཕོ་ཉ་གང་དང་གང་གི་བྱ་བ་ནི། །མངོན་སུམ་དེ་དང་དེ་ལ་གནས་པ་བཞིན། །དེ་ཚུལ་རང་གི་ཡིད་ལ་བྱེད་མོད་ཀྱང་། །ཕྱིས་ནས་བརྟགས་ཀྱིས་གསལ་བར་བྱས་འདི་མཚར། །དེ་ནས་ལེགས་ལྡན་ཆེན་པོའི་སྐུ་ཐང་གསར་པའི་མཆོད་པ་དང་། གཏོར་མ་རྒྱས་པ་བྱེད་དུས་རྣམ་པ་བུད་མེད་དཀྱུས་མ་ལ་མཁའ་འགྲོའི་མཚན་རྟགས་ཡོད་པ་ཞིག་དང་བདག་ལྷན་ཅིག་གནས་པ་ཡིན་པ་ལ། དེ་ས་འདིར་ཡུན་རིང་མི་སྡོད་པའི་ལྟས་ཤིག་ཤར་བརྗོད་པ། བདུད་རྩིའི་ཆར་གྱིས་མ་བརླན་ཅིང་། །འཛིན་མའི་གཞི་ལ་མ་འཐོན་ལ། །ཉི་མའི་འོད་ཀྱིས་མ་བསྐྱངས་པའི། །མེ་ཏོག་རྙེད་འདི་ཆེས་ཆེར་དཀའ། །འོན་ཀྱང་དུས་གསུམ་གཟིགས་པ་ཡིས། །ཡེ་ཤེས་ཆོ་འཕྲུལ་སུ་ཡིས་དཔོག །སོ་སྐྱེས་དཔྱད་པར་མི་ནུས་ཏེ། །ཀུན་བཟང་མཆོད་པའི་སྤྲིན་བཞིན་ནོ། །སྙམ་སྟེ་ཡིད་གཉིས་སྤྱོད་པ་ན། ཞག་ཁ་ཤས་ནས་བུ་མོ་དེ་འདས། དེས་རྐྱེན་བྱས་ཏེ་སྐྱོ་ཤས་ཆེན་པོ་བྱུང་། ནམ་མཁའ་འཇའ་ཚོན་གྱིས་གང་བ་སོགས་ལྟས་བཟང་པོ་མང་དུ་མཐོང་། ཡང་སྐབས་ཤིག་དཔལ་མགོན་ཏྲཀྴད་ཀྱི་འཕྲིན་ལས་བསྐང་གསོའི་སྐབས་རྔ་ལ་སྐད་གཉིས་སུ་བྱུང་སྟེ། འདི་ཇོ་དགེ་གཉིས་ཀྱི་ཆོས་ལུགས་འཛིན་པའི་ལྟས་སུ་འདུག །འདིར་རྨིས་ལྟས་ཀྱང་མང་། རང་གི་ཐོག་སྟེང་དུ་གཏོར་མ་ཕུལ་བ་ཡང་དངོས་སུ་བླང་བ་འདྲ་བ་གཅིག་གིས་གར་སོང་མ་བྱུང་། བླ་མ་དམ་པ་ལ་ཞུས་པས། དངོས་སུ་བླང་བ་རང་ཡིན། ངོ་མཚར་ཆེ་གསུངས། འདིར་སྨྲས་པ། དཔལ་འདོད་ཁམས་དབང་ཕྱུག་གི་རྣམ་འགྱུར་ལས། །རླུང་ས་གསུམ་གཡོ་བའི་ཆོ་འཕྲུལ་བསྟན། །ཕྱི་ཡི་ལྟད་མོ་སྙིང་པོའི་དོན་ལ་བལྟ། །ལྷ་སྙིང་ནས་འབོད་དོ་རེ་མ་ཏི། །ཞེས་པ་ནི་ལྟད་མོ་སྣ་ཚོགས་ཟར་ཟེར་མང་པོའི་དུས་རླུང་ནག་ཆེན་པོ་ས་གཡོ་བ་ཙམ་བྱུང་བས།

ཕལ་ཆེ་བ་ནི་ལྟ་འདོད་ཀྱི་ལྟད་མོ་མ་མཐོང་བས་སྡུག་བསྔལ། རང་ཉིད་ནི་དེ་ཙམ་དུ་ལྟ་འདོད་དྲག་པོ་ཡང་མེད་པས་སེམས་ཀྱི་ལྟ་ཕྱོགས་འཕེལ་ལོ། །ཞེས་པའོ། །ཡང་ཤར་ལྗོན་ཤིང་སྟར་གའི་སྡོང་པོ་ལའོ། །སྲི་ཕུན་ཚོགས་ལོ་འབྲས་ལྕགས་ཀྱུའི་གཟིགས། །བྲག་རིན་ཆེན་སྤུངས་པའི་རྩེ་མོ་ནས། །དགོས་འདོད་ཀྱི་ནོར་བུར་རྒྱ་མཚོར་འཁྱིལ། །ཅེས་པ་ནི། བྱང་སྒྲ་མི་སྙན་གྱི་ཚེ་དཔག་མེད་ཀྱི་སྒྲུབ་པ་བྱས་སྐབས། ཤར་ཕྱོགས་ནས་འབྲས་བུ་སྟར་ག་དྲི་བཟང་ཨ་ཀ་རུ་ལོ་འདབ་མཚོན་བྱེད་ཀྱི་དབྱིབས་ལྕགས་ཀྱུའི་གཟུགས་ཤིག་སྐྱེལ་དུ་བྱུང་། དེ་དང་ལྟས་གཞན་གཅིག་འཛོམས་པས་སྒྲུབ་པ་དེ་ལམ་དུ་སོང་བར་གོ །ཡང་ཁོང་ཟ་བྱེད་མཁའ་འགྲོའི་གཏམ་ཚོགས་ལ། །དོན་བསམ་ཞིང་ངེས་ཤེས་སྙིང་ནས་སྐྱེས། །འོད་འཕྲོ་བ་གསེར་གྱི་ས་གཞི་ལ། །མདངས་པདྨ་རཱ་གའི་པད་ཚལ་རྒྱས། །ཞེས་པ་ནི་ཆོ་འཕྲུལ་ཟླ་བའི་ཚེ་དྲུག་ལ་དུས་འཁོར་དང་བདུན་ལ་བདེ་མཆོག་གི་རྟ་གོན་གྱི་ཆོ་ག་བྱས་པའི་ནུབ་རྨི་ལམ་ཆོས་གསལ་བ་ལ་སྔར་གྱི་བུ་མོ་འདས་པ་དེ་ཨོ་རྒྱན་ན། མཁའ་འགྲོ་མ་ཀླུ་མོ་དབྱངས་ཞེས་གྲགས་པ་ཡིན་པ་ལས། དེས་སྒོ་ཕྱེས་ནས་རང་གི་མདུན་དུ་སླེབས་བྱུང་བ་ནི། སྔར་མི་ཡུལ་ན་ཡོད་དུས་ཀྱི་གཟུགས་དེ་ཀ་ཡིན་པ་ལ། གདོང་ལ་དྲེག་པ་ཅུང་ཟད་ཡོད་པར་སེང་གོས་དམར་པོ་དང་། ཞྭ་མོ་བཟོ་གཞན་དང་མི་འདྲ་བ་ཞིག་གྱོན། མི་མགོ་རློན་པའི་དོ་ཤལ་ཡང་རབ་རིབ་ཡོད་པ་ཅིག་འདུག །དེ་ན་རེ། ཁྱེད་སྔར་མགོན་པོ་ཏྲཀྴད་ཀྱི་མཆོད་པ་རྒྱས་པ་བྱེད་སྐབས། རྨི་ལམ་དུ་བྲག་སྣའི་ཕྱོགས་ཀྱི་གཉེན་ཡིན་ཟེར་བའི་མི་གོས་སེར་གྱོན་པ་ངོ་མི་ཤེས་པ་ཞིག་དང་། ཡར་འབྲོག་ལྷུན་གྲུབ་སྨོན་མཁར་དུ་འཕྲད་སོང་བ་དེའི་སྐབས་བུ་མོ་གཞོན་ནུ་ཞིག་གིས་ཁྱོད་ལ་ཕྱིའི་རྐྱེན་གྱི་བསྐུལ་བ་པོ་ཞིག་མི་རིང་བར་འོང་། དེ་བྱུང་དུས་དོན་འདི་བསྒྲུབ་དགོས། མི་འདི་ངོ་ཤེས་ཡོང་། ཕྱི་བཤོལ་དུ་ལུས་ན་ཁྱེད་ཀྱི་ཚེ་ལ་བར་ཆད་འོང་ཟེར་སྨྲས་སོང་པ། ད་ལོ་དོན་ཏེ་སྒྲུབ་པའི་དུས་ལ་བབ། སྔར་རྨི་ལམ་དུའང་སྦས་ཏེ་འཕྲད་ཀྱང་ངོ་མི་ཤེས་པ་དེ་དུས་ལ་མ་བབ་པ་ཡིན་ནོ། །

ལར་ཁྱེད་ལ་རྨི་ལམ་ཐབས་སུ་ལས་ཚོགས་གང་ལའང་དེ་སྒྲུབ་བྱེད་ཀྱི་བཀའ་བབ་རེའི་ལུང་བསྟན་དེ་བདེན་པར་འདུག་ན། ད་འདམ་ག་མ་ལོག་པ་བྱེད་པའི་དུས་ཡིན། ཐམས་ཅད་སྟབས་སུ་ནི་མི་འབྱུང་། གང་གཙོ་བོར་བྱས་པ་དེ་འགྲུབ་རྒྱུ་ཉེ་སྟེ། སྔར་རྟེན་འབྲེལ་ཅུང་ཟད་ལོག་ཀྱང་ད་གསོ་དགོས་ཟེར་བ་འདྲ་བ་ཞིག་ལ་གཉིད་སད། འཇིགས་ཟིང་བ་དང་སྙིང་འདར་སྤྲུག་གེ་པ་ལ་ནམ་ཡང་ལངས་འདུག །བསམ་པ་ལ་འདི་མཁའ་འགྲོ་སུམ་ཅུ་སོ་བདུན་གྱི་ནང་ནས་ཟ་བྱེད་ཀྱི་ཌཱཀི་ཡིན། འཁོར་མང་པོ་དང་རྫུ་འཕྲུལ་ཆེ་བ་ཡིན། ༧བླ་མ་དམ་པའི་གསུང་ལས་བྱུང་བས་ཁོང་དངོས་སུ་ཡོང་བར་ངེས། དེ་ནས་བདག་གི་ཕྱིས་བློའི་འགྱུར་ཞིག་ལ། མངོན་སྤྱོད་དྲག་པོའི་ལས་འདི་ཡང་། དུས་ཀྱི་དབང་གིས་བསྒྲུབ་དགོས་པ་འདྲ་བསམ་ཡིད་གཉིས་ཡོད་ཀྱང་། ད་ནི་ལེགས་པར་བརྟག་ན་བཀའ་བབས་གསུམ་ཡོད་པ་ལས། བདག་རང་ལ་དང་པོ་ཁོ་ན་གལ་ཆེ་ཟེར་བར་འདུག་སྙམ་པ་བྱུང་། དེ་ནས་མཚམས་བཅད་རྒྱང་ཙམ་བྱས་སྐབས། མེ་ཏོག་དམར་པོ་བཞི་ཚོམ་དང་། མྱུ་གུ་གསར་པ་འབྲས་བུའི་སྙིང་པོ་སོགས་རྟེན་འབྲེལ་ཡང་ཅུང་ཟད་བཟང་། སྨྲས་པ། ལྟས་དེ་རྣམས་འཛོམས་པའི་སྤྲིན་རུམ་ནས། །དྲོད་ཉི་མའི་དཀྱིལ་འཁོར་མཁའ་ལ་འཚེར། །བཅུད་བདུད་རྩིའི་ཟེགས་མ་ཡང་བསིལ་འབབ། །དེ་མེ་ཏོག་མང་པོའི་བསོད་ནམས་ཡིན། །ཡོངས་ལྷག་བསམ་དག་པས་མཆོད་པར་འབུལ། །བློ་ཕྱོགས་སུ་མ་ལྷུང་དངོས་པོ་གཤིས། །རང་ཐར་འདོད་མ་ཡིན་གཞན་ཕན་སེམས། །མ་འགྲོ་ཀུན་བྱང་ཆུབ་ལམ་འགོད་ཤོག །ཅེས་པ་དང་། གང་ཞིག་ས་ལ་སྤྱོད་པའི་ཕོ་ཉ་མོ། །དེ་བཞིན་མཁའ་ལ་སྤྱོད་སོགས་མ་ལུས་པ། །ཐམས་ཅད་གཅིག་ཏུ་བསྡུས་པའི་རྟེན་འབྱུང་མཐུས། །འོད་བརྒྱས་པདྨོའི་དགའ་ཚལ་བཞད་གྱུར་ཅིག །ཅེས་སོ། །ཟ་བྱེད་ཀྱི་མཁའ་འགྲོ་མ་ཀླུ་མོ་དབྱངས་འདི་སླར་མི་ཡུལ་དུ་འོང་བའི་རྟེན་འབྲེལ་མང་པོ་ཡོད་པ། ལྐོག་གྱུར་ཙམ་མ་ཡིན་པ། མངོན་སུམ་དུ་མཐོང་ཐོས་ཡིད་ཆེས་རྙེད་པར་གྱུར་ཅིག །སྐབས་ཤིག་རྨི་ལམ་དུ། ༧བླ་མ་རྗེ་བཙུན་རྡོ་རྗེ་འཆང་དང་མཇལ་ཤིན་ཏུ་དགྱེས་པའི་ངང་ནས་སྐུའི་མདུན་ན་ཤིང་འབྲས་མང་པོ་འདུག་པའི་སྙིང་པོ་རྣམས་ལ་རི་མོ་སྣ་ཚོགས་ཡོད་པའི་ཐོག་མ་དེ་ལ་དགའ་བ་འཁྱིལ་པ། ལ་ལ་རྡོ་རྗེ་འགའ་ཞིག་ཤིང་ལོ་པདྨ་སོགས་དུ་མ་འདུག་པ། རེ་རེ་ནས་བདག་ལ་གནང་། རི་མོ་ཡ་མཚན་ཅན་འདི་འདྲ་ལ་ལྟོས་གསུངས་ཤིང་། སྣང་བ་དགའ་སྤྲོ་ཤས་ཆེ་བ་བྱུང་སྟེ། ཕྱིས་རྟེན་འབྲེལ་འདྲ་བ་བལྟའམ་སྙམ་མོ། །དེ་སོགས་ཕྱི་ནང་རྟེན་འབྱུང་གི །ལེགས་བསྐུལ་འཆར་སྒོ་སྣ་ཚོགས་པ། །མེ་ལོང་གཟུགས་ཀྱི་རྗེས་འགྲོ་མོད། །ལྷ་དང་བླ་མས་ལུང་སྟོན་འགྱུར། །ཅེས་སོ། །གཞན་ཡང་སྨྲས་པ། འཁོར་དཔག་མེད་བྱེ་བ་ཁྲག་ཁྲིག་ལས། །ཡིད་གཅིག་ཏུ་འདྲེས་པ་མོན་མོའི་ཚོགས། །བདག་སྒྲུབ་ལ་ཚེ་ཡི་དངོས་གྲུབ་བཅུད། །གང་བསམ་པའི་དུས་སུ་དགུག་པར་མཛོད། །དེ་ནས་ལོ་འདིའི་ནང་དུ་རྨི་ལམ་གྱི་ལྟས་དེ་མངོན་དུ་གྱུར་ཏེ། ཡིད་ལ་ངོ་མཚར་སྙམ་པ་དང་། འདོད་པའི་དོན་རྣམས་གོང་འཕེལ་དུ་ངང་གི་འགྲོ་བའི་སྒོ་ཙམ་ཤར། རྒྱས་པར་ད་དུང་དཔྱད་རྒྱུ་མང་དུ་སྣང་ངོ་། །

སྨྲས་པ། ས་གསུམ་དབང་བྱེད་འདོད་ཁམས་དཔལ་ལྷ་མོ། །རིང་ནས་འབོད་དོ་རྒྱལ་གྱུར་རྔ་ཆེན་སྒྲ། །ཇི་བཞིན་ཡིད་ཀྱི་རེ་བ་མ་ལུས་པ། །རང་གཞན་ཕན་བདེའི་དགེ་ལེགས་ཁྱེད་ཀྱིས་སྩོལ། །ཡང་རྨི་ལམ་དུ་རང་ཡུལ་དུ་སླེབས་ནས་གོས་ལྗང་གུའི་གདན་ལ་བསྡད་པ་དང་། ངོ་ཤེས་ཕལ་ཆེར་མཐོང་བའི་གསལ་སྣང་གཅིག་ཀྱང་བྱུང་བ་ཡང་། འགྲོ་དགོས་ཡོང་པའི་ལྟས་ཡིན་གསུང་དེ་ནས་མི་རིང་བར་འགྲོ་དགོས་ཀྱང་བྱུང་། རྗེ་བཙུན་དེ་ཉིད་དང་། འཇམ་དབྱངས་སོགས་སྐུ་ཐང་གསུམ་ལ་མེ་ཏོག་ཆགས་ཤིང་ཞག་བདུན་བསྡད། གཞན་ལ་ཕན་པ་མང་དུ་བྱུང་། ད་འདི་རང་དུ་བློ་ཕབ་ནས་སྡོད་དགོས་ཚུལ་བྱུང་སྟེ་བློ་ཡང་མ་ཆགས། ཁྱད་པར་དེ་དུས་བསྡད་ནས་བར་ཆད་ཀྱི་དབང་དུ་འགྲོ་བས་ལོ་དུས་ལ་འདིར་ཤོག་གསུང་པས། ༧རྗེ་བཙུན་དེ་ཉིད་ཀྱི་བཀའ་ཡོད་པས་ཡང་ཡར་ཡོང་སྤྱིར་ཆོས་སྤྱོད་བཅུའི་བྱ་བ་དང་། ཁྱད་པར་བླ་མ་དམ་པའི་བཀའ་ལས་མི་འདའ་བར་བྱ་བྱེད་ལ་བརྩོན་པར་གནས། བར་འདིར་ས་སྟེང་གནས་པའི་ཕོ་ཉ་ཡང་དག་ཞིག་ལ་ཐར་བའི་ས་བོན་འཇོག་དགོས་ཡོད་ཀྱང་། པདྨའི་རིགས་ཀྱི་མཁའ་འགྲོ་བརྟུལ་ཞུགས་དྲག་པོ་གཅིག་གི་དབང་གིས་ཇི་བཞིན་ཐོག་ཏུ་མ་ཁེལ། འོན་ཀྱང་བར་བར་དུ་རྟེན་འབྲེལ་མ་ལོག་པ་ཙམ་རེ་ཡོད་དོ། །

དེ་ནས་ཕྱག་མཛོད་རིན་པོ་ཆེ་བ་ལ་ཀ་ཀུན་དགའ་དཔལ་བཟང་སྐུ་གཤེགས་ནས་མཚན་མོ་ཤོག་གསུངས་ཕྱིན་པས། ད་ནི་མི་དེ་ལྟ་བུ་ནི་མེད། གང་དང་འཕྲད་ཀྱང་བློ་ཡིད་འགྲོ་བ་དཀའ། ཁོ་རང་ད་ངའི་སྔོན་ལ་འགྲོ་བའི་འདོད་ཐོག་ཁེལ་བ་ཡིན་ཏེ་གསུངས་པ་སོགས་ཐུགས་ཁྲལ་ཆེ་བའི་ཚུལ་ཡང་གནང་གིན་འདུག །བདག་གི་སེམས་ལ། རང་ལ་ཡང་དང་པོ་ཆོས་སྒོར་འཇུག་པའི་ཐབས་ཐུགས་ཐག་པ་ནས་གནང་བ་དང་། བར་སྐབས་སུ་ཡང་བྱ་བྱེད་ཐམས་ཅད་ལ་བསླབ་དོན་གནང་བ་བཀའ་དྲིན་ཆེ་མོད། དེ་ལས་ཀྱང་དེ་ཉིད་རང་གི་རྣམ་ཐར་ལོ་རྒྱུས་ན་༧རྗེ་བཙུན་ཉིད་ཀྱི་བཀའ། ཕ་བུ་སྟབས་སུ་བསྡད་ན་ཚེའི་རྟེན་འབྲེལ་དུ་འགྱུར་གསུངས་པ་ལ། ད་ཅི་འདྲ་གཅིག་འོངས་སམ་བསམ་ནས་ལུས་ཞིག་འགྲོ་བ་ལྟ་བུའི་སྡུག་བསྔལ་བྱུང་། དེ་ནས་སྐབས་ཤིག་རྨི་ལམ་གསལ་རབ་རང་གཅིག་ལ།

ཕྱག་མཛོད་རིན་པོ་ཆེ་དེས་ང་ལ་གཟིམ་ཆུང་གི་ཕྱི་དེར། རིན་ཆེན་རྒྱལ་མཚན་ལ་དྲིས་ནས་ཕྱག་གཡོག་གང་འགྲུབ་རང་བྱེད་དགོས་གསུངས་པ་སོགས་བསླབ་བྱ་མང་དུ་མཛད་པ་ཞིག་བྱུང་ཞིང་ཞུས་པས། བཀའ་ལས། ངེད་ལའང་རྨི་ལམ་དུ་བྱུང་། ཁྱེད་རང་ཡང་དེ་ལྟར་བྱས་པ་ལེགས་གསུངས། དེ་ཙམ་ན་སྐུ་ལྗིད་ཉམས་དང་ཐུགས་བག་མི་ཕེབ་པའི་ཚུལ་དང་། ཁྱད་པར་ཕྱི་ལ་ནམ་ཕེབ་དུས་བྱ་གཤོག་པ་ཆག་པ་ལྟ་བུར་འདུག །ཚེ་རིང་བ་ལ་ཡང་དགོས་པ་མེད་པ་འདྲ་གསུངས། དེ་ནས་སྐབས་ཤིག་མ་བཅོས་ལྷུག་པའི་རྟོགས་བརྗོད་སྨད་ཆ་ཡིན་མཆན། རྣམ་ཐར་མ་མོའི་སྨད་ཆ་དེ་གསུང་སྤོར་ངང་ནས་ཉུང་བསྡུས་འབྲི་དུས། ད་ཙམ་ནས་ལས་ཚན་ངེས་ངེས་རེ་མེད་ན། རང་གཅིག་པུས་ཕྱི་ནང་བར་གསུམ་བཀོད་པ་བྱེད་པ་འདི་བཟོས་མི་བདེ་བར་འདུག །དེ་ཡང་རྟག་བརྟན་འདི་གཙང་སྡེ་སྲིད་གོང་མ་དེས་ཆོས་ས་སྐྱོང་ཆེན་པོ་ཕུན་ཚོགས་རྣལ་འབྱོར་འདིའི་རིང་ལ་བོད་ཁམས་ཡོངས་མངའ་འོག་ཏུ་ཆུད་ཁྲི་སྐོར་བདུན་འདུས་ཟེར་གཞི་རྣམས་ཀྱང་གནང་ནས་ངེས་དོན་གྱི་བསྟན་པ་ཚུགས་པའི་དགོན་གནས་ཆེན་པོ་གཅིག་འདིང་བའི་བཀོད་པ་བྱེད་པ་ངེད་དང་ཕྱག་མཛོད་དེ་ལ་གནང་བ་ཡིན་པ། རྩེར་གྲོས་ཞུས་ནས། ཐོག་མར་ཕྱག་མཛོད་ཀྱི་ཁུངས་ཤིག་བཀོད་དགོས་འདུག་པ་ལ། འོས་མཐུ་ལྔ་ཙམ་ཡོད་དེ། གསུམ་གྱི་མི་ཡོང་བ་རང་དང་།

གཉིས་ལ་ལྟོས་པའི་རང་རཱའི་དབོན་པོ་ལ་རཱའི་དབོན་པོ་ཀུན་དགའ་བསྟན་པ་ཟེར་ཅུང་འོས་པར་མཛད་འདུག་པ་ལྟར། ལག་ཡོག་མགོ་མཐོ་ལ་བཀོད་པ་གནང་རྒྱུ་སོགས་འཕྲོས་དེ་འདྲ་གསུངས། དེ་ཙམ་མ་གཏོགས་ཆོས་ཕྱོགས་ཐམས་ཅད་སྔར་ལྟར་གནང་རྒྱུའི་ཁུངས་རང་ཡོད། དེ་ནས་རྒྱང་ཙམ་སོང་ནས་ཆོས་ལུགས་བྱང་རྩེར་ཕེབ་ཁར། ཁྱེད་རང་ཡང་ཡོང་བའི་མཁས་པོ་གཅིག་བྱས་ནས་ཤོག་གསུངས་དེ་ལྟར་བྱས་ནས་ཕྱིན། རྟེན་མཇལ་སོགས་ལེགས་ལམ་ཆེ་བར་བྱུང་ཀྱང་། བདག་གི་སེམས་ཀྱི་འགྱུར་གཅིག་ལ་ད་ལམ་གྱི་འདི་འདྲའི་ཆས་ལུང་བྱང་རྩེར་ཕེབ་དུས་ཆུ་མོ་བྱའི་ལོ་དགུང་ལོ་ཞེ་དགུའི་སྟེང་ཡིན། རིགས་དགོས་པ་ཐམས་ཅད་ཡོད་པ་ཞིག་བྱུང་ན། མི་དགོས་པ་ཚོ་ཞོར་ལ་འགྲོ་བ་ལ་ཡང་ཚེགས་མི་འདུག་ཅིང་། ཕན་ཡོན་ཡང་ལོས་ཆེ་སྟེ། གནས་འདིར་ད་རེས་ཀྱི་ལན་གཉིས་མཇལ་སླར་མཇལ་བ་བྱུང་ཡང་། སྔར་ལྟར་༧རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ་འདི་ཀར་ཕེབས་ནས་མཇལ་བ་ཞིག་མི་ཡོང་བ་འདྲ་བསམ། དོན་དེས་སྐྱོ་ཤས་ཆེ་བ་རང་ཅིག་བྱུང་། དེ་ནས་ཇོ་ནང་དུ་ཕེབ་དུས། ཡར་གང་ཡང་མ་ཞུས་པ་ལ། ད་བློ་བདེ་སྐུ་སྐྱེས་སངས་རྒྱས་རྒྱ་མཚོ་ཟེར་རིན་པོ་ཆེ་རྟག་བརྟན་གྱི་གདན་ས་ལ་བཀོད་ཟིན། འདི་ལ་འདོད་མི་གཅིག་པ་མང་བས་རང་རེ་འདས་ན་ཟར་ཟིར་གཅིག་ཡོང་བར་འདུག །སྤྱིར་ཐུགས་རབ་ཆེ་བ་དང་།

སྤྱི་མང་མཐུན་རུང་དེ་འདྲ་ཡོད་ཀྱང་རྩེ་ནས་དགོངས་པར་མེད་པས། དགོན་པ་འདི་ལ་གནོད་པར་ཡོང་། རང་རེ་དང་གཙང་སྡེ་སྲིད་གཉིས་རྩེ་གཅིག་པ་འདི་ཀ་ཡིན་པས། ད་ཁུར་ཡང་དུ་སོང་བས་ད་ལོ་མ་གཏོགས་དུས་འཁྲིད་ཀྱང་གནང་བ་མ་བྱས་པས་ཡོང་བ་འདུག་གསུངས་པ་སོགས་ལ་བདག་གི་མ་བབ་ནས་དེ་ཀ་ལོས་ཡིན་ཏེ། བཀའ་ཆོས་དང་བོད་ཀྱང་གནང་དགོས་ཞུས་པར་གང་ཡང་ལན་མི་གནང་བར་དེར་གསུང་རྩོམ་འཐོར་བུ་འདྲ་བྲིས། ད་ནི་རྩོམ་པ་འདི་འདྲ་ཡང་སྐུལ་བ་པོའི་ངོ་མ་ཆོག་པ་ཙམ་ལས། གང་ཡང་མི་བྱེད་པར་སྡོད་པ་འདི་དགའམ་བསམ་གསུངས། ཡང་རྟག་བརྟན་ནས་འདིར་ཕེབས་པ་གཅིག་ལ། ཁར་སང་འབྲས་སྤུངས་ཀྱི་གྲྭ་པ་དེ་འདྲ་བྱུང་། ཁོ་རང་ཚོའི་ཆོས་སྐྱོང་ཡང་རྒྱབ་ན་སླེབས་འདུག །དགེ་ལྡན་པའི་བསྟན་པ་ལ་ཕན་པའི་ཕྱིར་ཡོང་དགོས་ཟེར། སྙིང་ནས་མོས་གུས་གདུང་ཤུགས་ཆེ་བས་ལམ་ཙམ་ཁས་བླངས་ཡོད། ཁྱད་པར་དེའི་སང་གནངས་གཅིག་རྟག་བརྟན་གྱི་ལས་ཚན་རྣམས་ཀྱི་གྲོས་བྱས་པའི་ཡི་གེ་གཅིག་དབོན་པོ་ལ་བརྒྱུད་ནས་ངེད་ལ་སྤྲད་བྱུང་། དེའི་དོན་ལ་ད་ལྟའི་སྐུ་སྐྱེས་རིན་པོ་ཆེ་རང་འདིར་ཡོད་རིང་མ་གཏོགས། དེའི་སྟེང་ལ་གདན་སའི་བླ་མ་རང་རཱའི་དབོན་རྒྱུད་ལ་འཇག་པ་དགོས་ཟེར་ནན་ཆགས་འདུག །རྟེན་འབྲེལ་སྔ་ཕྱི་འདི་གཉིས་ལྟར་ན། དུས་ཀྱི་ཆོས་སྲིད་སྐྱོང་པར་སྐྱེ་བ་མི་ལེན་པ་ཆོས་ཉིད་ཁོ་ན་ཡིན་པས། ད་ནི་ངེས་པར་འབྲས་སྤུངས་པའི་བསྟན་པ་ལ་ཕན་པའི་སར་སྐྱེ་བ་ལེན་དགོས་པར་འདུག་གསུངས།

དེ་དུས་བདག་གིས་སྤྱིར་སེམས་ཅན་ཐམས་ཅད་དང་སྒོས་སུ་དགོན་པ་འདི་ཙམ་གྱིས་འགངས་ཆེ་བ་དང་། དོན་གྱི་བསྟན་པ་ལ་དགོངས་པའི་སྐུ་ཚེ་བརྟན་པ་དང་། སླར་སྐུ་སྐྱེས་ཀྱང་འདི་རང་གི་བསྟན་པ་ལ་ཕན་པ་གཅིག་རང་ཐུགས་རྗེས་གཟིགས་དགོས་ཞུས་ཀྱང་བཀའ་ལས། གཞན་ཕར་བཞག །ཕུ་མདའ་འདི་ཀུན་རང་ན་ཡང་བསམ་བློ་མི་གཅིག་པ་མང་། ཁྱོད་རང་གཅིག་པུ་སེམས་དག་པས་དེ་ལྟར་ཡིན་ཀྱང་། ཐམས་ཅད་གཅིག་ཏུ་འདྲིལ་ནས་བློ་རྩེ་གཅིག་པའི་གསོལ་བ་འདེབས་པ་གཅིག་དགོས་ཏེ་དགའ་ཁ་ཙམ་ལ་ནི་ངེས་པ་མེད། ད་ནི་རྟེན་འབྲེལ་གང་འགྲིགས་དང་གདུང་ཤུགས་གང་ཆེའི་དབང་དུ་འགྲོ། རྟེན་འབྲེལ་བསྒྱུར་ཕྱོགས་ཤེས་ན་ད་དུང་འདིའི་བསྟན་པ་ལ་ཕན་པའང་སྲིད་གསུངས། དེ་ནས་སྐུ་ཚེའི་རྟེན་འབྲེལ་དུ་བདག་ཁ་ཅིག་གི་གསོལ་ཚོགས་ཞུས། སྐུ་ཚེ་བརྟན་པར་ཐུགས་རྗེས་འཛིན་དགོས་ཞུས་པས། གཙང་སྡེ་སྲིད་ཀྱང་རྟེན་འབྲེལ་གྱིས་རྟག་མི་རྟག་སྣ་ཚོགས་ཡོང་། ང་རང་ཡང་ཚེ་འབྲིང་ཙམ་དང་། ང་འདས་ནས་བོད་ཁམས་སོག་པོས་འཛིན་ཅིང་། དགོན་གནས་འདི་ཚོར་ཡང་དར་རྒུད་ཅིག་ཡོང་གསུངས། སྐུ་ཚེའི་རྟེན་འབྲེལ་དང་། ངེས་དོན་གྱི་བསྟན་པ་དར་བའི་རྟེན་འབྲེལ་ལ་ཐུགས་གཏད་མ་ལོག་པ་གནང་དགོས་ཞུས་པས། ལན་གང་ཡང་མི་གསུངས། དེ་རྗེས་རྟག་བརྟན་ནས་གསོལ་འདེབས། བརྟན་བཞུགས་སོགས་མཛད་སོང་བ། དེ་དུས་རྟེན་འབྲེལ་ཞལ་བཞེས་དགའ་མོ་བྱུང་ཁུལ་ནི་ཁོ་རང་ཚོས་གསུང་གིན་འདུག །ཇོ་ནང་དུ་དགོན་པ་སོ་སོ་ནས་ཀྱང་བརྟན་བཞུགས་མང་དུ་ཕུལ། དེ་སྐབས་བཀའ་ལས། རྒྱང་ཙམ་ནས་དུང་ཡང་ཡང་བུས་ཚོགས་མང་དུ་འཚོགས་དགོས་སོགས་ཡུལ་ཁམས་རྣམས་སོག་པོས་ཁྱབ་འགྲོ་བ་འདུག །ཕར་གང་ཡང་མ་ཞུས་པ་ལ་གསུངས། དེ་ནས་དུས་འཁྲིད་ཀྱི་སྐབས། བདག་རང་དོན་འདི་ཡིན་མེད་པ་ལས། ཞག་ལྔ་དྲུག་གི་མཚམས་སུ་ངེས་པར་བློ་མི་བདེ་བས་སྙིང་འདར་ཕྲུག་གེ་པ་དང་། རང་དབང་མེད་པར་མཆི་མ་འཆོར་བ་རེ་ཉིན་ཟངས་རེ་མཚན་ཟངས་ཀྱིས་བྱུང་ནས།

དེ་ལྟར་བྱུང་ཚུལ་ཞུས་པས་བློ་མི་བདེ་བ་དང་། དགའ་སྐྱེ་རྒྱུད་འཁྲུགས་པ་སོགས་བྱུང་དུས་ཀ །སེམས་ལ་ལྟ་བ་ལས་གལ་ཆེ་བ་མེད། ལར་དེ་ལྟ་བུ་ནི་ལྟས་ཤིན་ཏུ་མི་ལེགས་གསུངས། དབང་གི་དགོང་མོའི་ཉིན། ཕྱག་གི་དཔུང་གདུབ་གྲོལ་སོང་བ་དེ་ཡང་ལྟས་ཅུང་ཟད་མ་ལེགས་པ་འདྲ་བསམ། དེ་འདྲའི་རིགས་ད་ལྟ་མི་དྲན་ཡང་། ལྟས་འདི་ཙམ་ན་མང་དུ་བྱུང་ཞུས་པས་བཀའ་ལས་ཁྱེད་སེམས་ཆུང་བས་གཞན་ལ་མ་བཤད། བློ་མི་བདེ་བ་ལས་འོས་མེད་གསུངས་པས་དེ་ལྟར་བྱས། ཡང་སྐབས་གཅིག་གནོད་སྦྱིན་ཕོ་བྲང་སོགས་ཀྱི་ཆས་ཀའི་ཐོ་སྔ་ཕྱི་གཉིས་ཁྱོད་རང་གི་བྲིས་པ་དེ་ཡིན། འབྲས་སྤུངས་རྩེ་ནས་ཆས་ཀ་ཟུར་འཇོག་མིག་ཙེ་ཡོད། དེ་འདྲའི་རིགས་ཚོ་འཇིག་རྟེན་གྱི་ལང་ལོང་ལ་མི་གཏོང་བའི་ཕྱིར་ཡིན། ལར་ནམ་འཆི་ཆ་མེད་པ་ལ་ཆས་ཀ་འགངས་ཆེ་བ་ཚོ། ཕུགས་རྟེན་བཞེངས་སོགས་གཙང་ནས་མི་སྣ་དང་། བསྟུན་བྱེད་དགོས་ཡོང་གསུངས་པ་སོགས་ཕར་མ་ཞུས་པ་ལ་ཚུར་གནང་བས་དེ་འདྲའི་བཀའ་བཀོད་བློ་མི་བདེ་བས་མ་གནང་། སྐུ་མ་བརྟན་ན་བདག་རྒྱལ་ཁམས་ལ་ཕྱིན་ན་བསམ་འདུག་ཞུས་པས། བློ་ཆགས་ན་འདི་ཁར་བསྡད་པ་ཀ་དྲག །གང་ལྟར་རྐྱེན་གྱིས་བསྒྱུར་འགྲོ་བས་ཕྱིན་ནའང་། ད་ལྟ་འདི་ནི་བློ་ལ་ཡོད་པ་ཚོ་རྗེས་སུ་འབྲང་བའི་ངེས་པའང་མེད། འདི་ཀར་སྡོད་དང་མཐུན་པ་ཡོང་བ་ཤས་ཆེ་བསམ། བློ་མ་ཆགས་ན་ནི་ཁྱེད་རང་གང་བློ་ལ་ཡོད་པ་དེ་བྱས་པས་ཆོག་ནི་ཆོག །ལར་ཁྱོད་ཀྱི་ལོ་ཉེར་གཉིས་ནས་ད་ལྟའི་བར་མདའ་བོ་གྲོགས་གང་དགོས་ཐམས་ཅད། ངག་མ་བཅག་པར་སྙིང་ནས་བྱས་པས་སྐྱོ་སྟེང་མ་ཡང་འཕྲད་པར་འདུག་གསུངས།

དེས་ན་ཚེ་རིང་ཐུང་རན་པ་རང་དགའ་པར་འདུག་ཞུས་པས། དེ་ནས་ཁྱེད་རང་གི་ཚེ་འདིའི་བློ་ཉེ་བ་འདྲ་དང་། སྐྱེ་བ་རྟིང་མ་འཕྲད་པའི་ངེས་པ་རང་ཡང་མེད། གང་ལྟར་སྨོན་ལམ་སྙིང་ནས་བཏབ་ན་འགྲུབ་གསུངས་པ་དང་། སློག་པ་གཅིག་གནང་ནས་སང་ཕོད་འདི་གྱོན་པའི་དུས་ཡིན། ད་ལོ་མ་གོན་གསུངས། བཀའ་ཆོས་གྲོལ་མ་ཁར། སྔགས་ཕྱག་དཔེའི་ལུང་རེ་མགོ་ཚུགས་ཙམ་གནང་བ། དེ་ཡང་མ་གནང་སོང་། དེ་རྗེས་ཡང་ཕར་གང་ཡང་མ་ཞུས་ལ། ད་ལོ་གསར་བར་འདི་གར་སྡོད། དེ་ནས་རྟག་བརྟན་དུ་ཚོགས་ཆོས་ཞག་ཁ་ཤས་བྱས། དེ་ཀ་མ་གཏོགས་ཚོགས་ཆོས་མི་འཆད་ཟེར་ཚོགས་བསྐང་གཏོང་། ལར་ད་ལོ་ཆོས་གཏན་ནས་མི་འཆད། ཟླ་བ་ཙམ་འབྲས་སྤུངས་སུ་མཚམས་བྱས། དེ་ནས་འདིར་འཁོར་ཙམ་སླེབ་འོང་། ལར་དབྱར་མཚམས་འདིར་སྡོད་རྩིས་ཡིན། འདིར་ཡང་འགྲུབ་ན་མཚམས་བྱེད། དེ་དུས་མ་བྱུང་ན་ལྟ་ཉུལ་བ་ཞིག་ཐོངས་། རྒྱལ་བྱེད་ཚལ་ལྟ་བུར་སླར་ཡོང་ནས། སླེབ་ཡོད་དོ་ཟེར་ན་དེ་དུས་འཕྲད་དོ་གསུངས། དེ་རྗེས་རྟག་བརྟན་ལ་ཕེབས་རྒྱུའི་དེ་རིང་བདག་ན་བ་ལ། ད་རེས་ནད་འདི་མ་ཕན་པར་སྡོད་གསུངས། ཞག་གཅིག་ནས་ཅུང་དྲག་ཏུ་སོང་འདུག་པས། སེམས་ལ་ད་རེས་ཕེབ་གྲབས་རང་ལ་ཞུགས་པ་གནང་བ་ལས། སླར་འདིར་མགྱོགས་ཙམ་ཞིག་ཕེབས་ཐུབ་པ་དགའ་བ་འདྲ་བསམ། ད་ཕན་འདུག་ལགས། ཐུགས་བྲེལ་གྱི་ཁྱད་ཡོང་ཕེབ་དགོས་བསམ་ཞུས་ཏེ། དེ་དུས་ཞུ་ལུགས་རྟེན་འབྲེལ་མི་ལེགས་པ་བྱུང་འདུག །དེ་ཉིན་ཀ་བཞུགས་པ་ལ་དགའ་ཞུས་ནས། དེ་ནས་འགྱང་ནས་ཅི་འདྲ་ཡོང་མི་ཤེས་པ་འདུག །དེ་དུས་མ་གཏོགས་ན་ཡང་དེ་འདྲ་གསུང་བ་ཡང་མི་དྲན། དེ་ནས་གྱི་རྒྱུ་འཁོར་ཙམ་ཕེབས་སང་ཕེབས་པར་ཐག་ཆོད་ཀྱང་གནངས་ཕེབས་ཁར་མིང་ཡིག་ཀུན་དགའ་ཆོས་སྐྱིད་ཟེར་བ་གཅིག་དང་། འཛམ་ལྷའི་ཆུ་སྦྱིན་སོགས་བྲིས་ནས་ཕེབ་སོང་བ། དེ་དུས་རང་ནི་དགའ་སྡུག་ཅང་མ་བྱུང་།

དེ་ནས་ཞག་ཤས་རྣམ་གཡེང་གིས་དུས་འདས། མཚམས་ཞག་བདུན་མ་འདྲ་བྱས་དུས་དགེ་སྦྱོར་ལ་ཀ་སོགས། གཉིད་ཕལ་ཆེར་ཡེར་བ་མ་གཏོགས་དེ་མིན་ལྟས་གང་ཡང་མ་བྱུང་། སྐུ་བསྙེལ་བ་ཡང་གསང་དམ་པས་ལར་མ་ཤེས། དེ་རྗེས་ནམ་ཕྱེད་བར་གཉིད་ཡེར། སང་ནམ་མ་ལང་བར་གཉིད་སྲབ་མོ་གཅིག་གི་རྨི་ལམ་ན། བདག་རང་ལུང་པ་ནེ་སེང་ཆུ་ཞིང་ནགས་ཀྱང་ལེགས་པར་སྔོ་བུན་ནེ་བ་གཅིག་ན་འདུག །མི་གཅིག་ན་རེ། སྐྱིད་པ་འདིར་ཁང་པ་རྟོགས་རྒྱོབ་ཟེར་གྲབས་བྱེད་པར་འདུག །ཁ་སང་བླ་བྲང་བྲ་བྱང་ལ་བཅོས་བྱེད་མདའ་བོ་ཚོས་ཟེར་བ་ལ། ད་འདི་རུ་ཁང་བ་བཅོས་ནས་གང་བྱེད་བསམ། ཐེ་ཚོམ་མེད་པ་ལ་གཉིད་སད། ད་ལྟ་རང་སྐུ་རིམ་གྱི་རིགས་བརྒྱ་མཆོད་པ་ལ་ཤོག་ཟེར། ཕྱིན་པའི་ལམ་དུ་ཆུ་བུམ་སྟོང་པ་དང་འཕྲད་པ་སོགས་བྱུང་། འབྱུང་གཏོར་འབུལ་འགོ་བརྩམས་ནས་མ་རྫོགས་བར་༧རྗེ་བཙུན་དེ་ཉིད་མཆོད་མེ་མང་པོ་སྤུངས་ནས་ཡོད་པའི་ཐད་ཀྱི་ནམ་མཁའ་ལ་བཞུགས་པའི་གསལ་སྣང་བདག་དང་གཞན་གཅིག་ལའང་བྱུང་འདུག །རྟེན་འབྲེལ་གསོ་བའི་ཐབས་ཕྲན་བུ་ཡོད་པར་ཤེས། ཆོས་བདག་ལ་མཆོད་པའི་དགོང་མོ་རྨི་ལམ་དུ། དཔལ་འཛིན་འདྲ་བ་གཅིག་གི་འོ་དོད་འབོད་འགྲེ་ལྡོག་བྱེད་པ་ཞིག་བྱུང་། དེ་རིང་ཉིན་མཚན་གང་ལ་ཐུག་ཀྱང་། མཇལ་ཡོང་དགོས་ཞུས་པས་འཕྲོད་བྱུང་འཕྲལ།

ཉིན་མོ་ཤོག་གསུངས་པ་ལྟར་ཕྱིན་དུས་ཡང་ལམ་དུ་ཆུ་སྣོད་སྟོང་པ་དང་འཕྲད། སྐུ་འཚོ་ཐུབ་པ་རང་ལར་ཇི་ལྟར་ཡོང་ཡང་། རྒྱང་ཙམ་རྟེན་འབྲེལ་ལ་རག་ལས་པས། ཚོགས་མཆོད་བྱེད་གོང་དུ་རིན་ཆེན་མཆོད་མེ་དེ་ཡང་སྦར། གསོལ་འདེབས་བརྟན་བཞུགས་སོགས་ཡང་གང་དྲག་བྱས་ཟླ་བ་ཁ་རེ་བསྒྱུར་ཐུབ་པ་འདྲ་བ་ཞིག་ཡོད། གནང་དུས་བྱེད་གནང་བ་ལྟར། གནངས་ཉིན་དེ་ཡང་ཁོར་ཙམ་ཕྱིན་སྔར་ལྟར་མཆོད་མེ་སོགས་མཆོད་པའི་རིགས་དེ་ཉིད་རྒྱས་པ་ཞིག་བྱས་ན་ལེགས་པའི་ལྟས་ཡོད་པ་ལྟར་བྱེད་རྒྱུ་ལ། དེ་འདྲ་མ་བྱེད་ཟེར་བཀག་པས་འཁྲུག་པ་བྱེད་ན་མ་གཏོགས་ཐབས་ཡང་མི་འདུག །དེ་དུས་ཁོང་རང་གི་བློའི་འགྱུར་ཞིག་ཡིན་པར་འདུག །དེ་ཁས་སྐུ་རིམ་དུས་ཀྱི་རྟེན་འབྲེལ་རྩ་བ་ནས་འཆུག་སོང་ཡང་། ཚེ་ཕྱི་མའི་ཞལ་བཞེས་དེའི་སྟབས་ཀྱིས་ཅུང་བློ་ལས་ཆུང་བ་བྱུང་། ཡར་ཡོང་ཁར་གནང་ལྟ་བུ་ཞིག་ཡོང་ཞུས་པས། དེ་ལྟར་བྱས་པས་ཡོང་སྟེ། ངེས་པ་རང་གཅིག་མེད་པ་འདྲ་གསུངས། བདག་གི་སེམས་ལ་ངེས་པ་མེད་གནང་ལུགས་ཀྱི་དེ་ཐུགས་ཡང་མི་བཞུགས་པ་ནི་མི་འོངས་སམ་བསམ་ཡང་། ནང་གི་འཆགས་དང་བསྟུན་ནས་གནང་རྟིང་མ་དེ་ཡོང་རྒྱུ་ལ། རྟ་ཡང་མ་བྱུང་བར་མ་ཡོང་གསུངས་པའི་ངང་ལས། བསྐང་གསོ་དང་མཁའ་འགྲོ་སྡེ་ལྔའི་གཏོར་མ་གཅིག་བཏང་བ། ཕྱེད་ཙམ་ནས་ཉིན་མོ་གཉིད་ཀྱིས་བཟི་ནས་དུམ་པ་རེ་མཚམས་བཞག་ནས་གཉིད་རང་ལོག་དགོས་བྱུང་། སྔར་མི་ཡོང་པའི་ལྟས་དེ་འདྲ་བྱུང་རུང་། དམུ་གབ་ཀྱིས་བཅིངས་ནས་དེ་ཁལ་ཡུན་རིང་སོང་།

ཡང་བསྐང་གསོ་གཅིག་གི་ནུབ་རྨི་ལམ་དུ། བདག་རང་དམ་ཆོས་གླིང་ན་༧རྗེ་བཙུན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐུ་དྲུང་ན་འདུག་པ་ལ་ད་ལྟ་ཅི་འདུག་ལྟོས་གསུངས་པ། རབ་གསལ་དུ་ཕྱིན་པས་མིས་གང་འདུག །ངོ་ཤེས་པ་ནི་མི་འདུག །སྐུ་ཆས་ཐམས་ཅད་ཕར་གཡེང་བྱེད། བཙུན་པ་གཅིག་བདག་གི་རྩར་བྱུང་ནས་ཅི་དགོས་ཟེར་བ་འདྲ་བ་ཞིག་ལ། ཕོར་བ་ཡོད་དེ། ད་མི་འདི་ངོ་མི་ཤེས་པས་མི་ཟེར་བསམ་ནས་ལོག་ཡོང་པ་ཞིག་བྱུང་། གཉིད་སད་པ་ན། སྙིང་འདར་ཕྲུག་གེ་བ་དང་། མཆི་མ་རང་དབང་མེད་པར་འཆོར་བ་བྱུང་། དེ་ནས་རིགས་བརྒྱའི་བསྐང་གསོ། དུས་འཁོར་ཆོ་ག་སོགས་ཚར་བའི་ཉིན། གཏོར་འབུལ་རྫོགས་མཚམས་དེར་ཡར་འབྲོག་ནས་གསུང་རྩོམ་སྤར་ན་ཡོད་པ་ཚོ་བསྡུས་ཟེར་བའི་ཡི་གེ་བྱུང་བ། རྒྱུད་བསྐུལ་ལུགས་ལ་དོགས་པ་ཙམ་བྱུང་ཡང་། འབྲས་སྤུངས་རྩེར་ནི་འགྲོ་མ་བྱུང་བ་ལ་མ་ཡོང་གསུངས་བ་ནས་དགའ་ལྡན་དབུ་རྩེའི་ནང་དེར་སྡོད་སྐབས་ནམ་ཕྱེད་པར་གཉིད་ཀྱང་མེད། དེ་རྗེས་གཉིད་སྲབ་པོ་གཅིག་གི་རྨི་ལམ་དང་། མངོན་སུམ་གང་ཡིན་ཆ་མི་ཕྱེད་པ་གཅིག་གི །དུས་ནི་ཉིན་པར་དང་འདྲ་བའི་ནང་དང་། མལ་གདན་སོགས་འཁྲིས་ན་ཡོད་པ་ཐམས་ཅད་གསལ་པོར་མཐོང་བ་ལ་༧རྗེ་བཙུན་དེ་ཉིད་ཕེབས་ནས་མདུན་དུ་རྒྱུན་གྱི་བཞུགས་གདན་དེ་ག་འདྲ་བའི་སྟེང་ན་བཞུགས། ཁར་སོང་ནས་རྣམ་གཡེང་འདྲ་བའི་འཕྲད་མ་ཐུབ་ད་ལོ་ཆེད་ཀྱི་ཡོང་པ་ཡིན། གསུང་འཕྲོས་བྱེད་དགོས་འདི་དང་འདི་འདྲ་ཞེས་དགྱེས་པའི་གསུང་གླེང་མང་པོ་ཡོད་དེ། ལ་ལ་བརྗེད། ད་ལྟར་དྲན་ངེས་ལ། རྣམ་དག་ཡིད་འོང་བདུད་རྩིའི་རྒྱ་མཚོ་ཆེ། །ཐ་མལ་འཁྲུལ་བའི་སྣང་བ་རབ་སྦྱངས་ཤིང་། །ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་རློབས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་རྒྱ་ཆེར་སྤེལ། །ཞེས་པ་འདི་ཚོ་ལ་དོན་མང་པོ་ཡོད། རབ་འབྱམས་ནམ་མཁའ་སོགས་ནས་ཚིག་འཇུག་དགོས་ཀྱང་ཡོད།

ད་ནི་ངེས་པར་འཕྲད་དོ་གསུངས་པའི་འཕྲོ་ལ་ལུས་འདར་སྤྲུག་བྱུང་། གཉིད་སད་རྒྱུ་འདི་ཡིན་རང་མི་འདུག །ད་ཡང་ན་དེ་རང་རང་དངོས་སུ་མཇལ་བར་འདུག །ཡང་ན་ནི་ཚེ་འདི་ཕྱི་གང་ལ་ལྟ་མི་ཤེས་པ་འདྲ་བསམ། སུ་ལ་ཡང་མ་དྲིས་པར་འབྲས་སྤུངས་ཀྱི་འགག་ཏུ་ཡོང་སྐབས་དེ་ཡིན། དེ་ནས་སྐད་ཆ་འདྲི་ས་ཡང་མ་བྱུང་བར་བསྡད་ཡོད་པས་གསོལ་དཔོན་ཇ་འདྲེན་པར་བྱུང་དུས། ཕྱག་མཛོད་ཀྱི་བཀའ་བཀོད་ལ་སྐུ་ཁམས་ཀྱང་དགའ་མོ་འདུག །དེང་སང་མཇལ་བ་ལ་རྩེའི་མི་སྣ་སླེབས་པས་ཐུགས་བྲེལ་ཡོད། ཞིབ་ཆ་ཞུ་ཡིག་འབུལ་དུ་གཏོང་གསུངས། ཡར་ཡོང་དུས་ལམ་དུ་རྟ་ར་གདོང་གི་ཁུད་དེར་གཏོར་མ་གཏོང་གིན་བསྡད་པས་གཏོར་མ་འབུལ་མཚམས་སུ་རྟ་ནག་པོ་ཞོན་པའི་མི་གཅིག་ངོ་གནོང་གིས་བྱུང་། སུ་ཡིན་དྲིས་པས་ཆོས་སྐྱོང་ཡིན་ཟེར། སྐད་ཆ་ཞིག་འདྲི་དགོས་བསམ་ལྷོད་ཙམ་བཞུགས་བྱས་པས། ད་ལྟ་ལོང་མེད་ལགས་སོ་ཟེར་གར་སོང་ཆ་མ་བྱུང་། དེ་ཆོས་སྐྱོང་གི་སྤྲུལ་པར་གདའ། ལམ་དེར་ཆེད་ཀྱིས་མ་བསྒྲིག་ཀྱང་ལོངས་སྤྱོད་མང་དུ་བྱུང་ཡང་། ཡིད་མི་བདེ་བའི་ངང་ནས་ཡར་ལོག །

དེ་ནུབ་ཐམས་ཅད་མཁྱེན་པ་དེ་ཉིད་གཞན་དོན་ལ་དགོངས་ནས་རྒྱང་ཙམ་སོང་བའི་ཕྱག་མཛོད་ནས་ཕྱག་བྲིས་བྱུང་། དུས་དེ་ཙམ་ནས་སྲིན་དང་འཁྲུགས་ལ་བརྟེན་པའི་ལུས་མི་བདེ་བ་དང་། ཤེད་ཀྱང་ཆུང་དུ་སོང་བ་ཞིག་བྱུང་། སྤྱིར་ནམ་འཆི་དང་། གར་སྐྱེ་ལ་རང་དབང་མ་མཆིས། རང་གི་འདོད་ལྟར་འགྲུབ་ན། མི་ལུས་ཀྱི་སྐྱེ་བ་དལ་འབྱོར་འཁོར་ལོ་བཞི་ལྡན་ཞིག་ཏུ་གནས་གྱུར་ཏེ། དམ་པ་མཆོག་དེ་ཉིད་ཀྱི་གསུང་བཞིན་རང་གཞན་གྱི་དོན་སྒྲུབ་པར་སྨོན།

ཡང་སང་ཕོད་ཀྱང་ལུས་འདི་མ་ཞིག་པར་ས་འདིར་གནས་པའི་རྟེན་འབྲེལ་འགྲིགས་ན། དུས་དེ་ཙམ་ན་ཆོས་སྲིད་དང་རྒྱལ་སྲིད་འཛིན་པ་གང་རུང་ཞིག་གི་རྒྱུད་བསྐུལ་ནས། མངོན་འགྱུར་གྱི་ངས་བྱས་མེད་པ་ལ་བསྟན་པ་ལ་ཅུང་ཟད་ཕན་པར་འགྱུར་བའང་སྲིད། ཡང་ན་ནི་གནས་ངེས་མེད་དུ་སྒྲུབ་པ་སྙིང་པོ་ལེན་པ་ཞིག་འབྱུང་སྟེ། དེ་གསུམ་ཕྱི་ནང་གི་རྟེན་འབྲེལ་གང་གི་དབང་དུ་འགྲོ་ད་ལྟ་མི་ཤེས་པར་འདུག །ལར་རྨི་ལམ་དུ་ལན་འགའ་ཟུང་མཇལ། དེ་རྗེས་ཡར་འབྲོག་ནས་དཔོན་སློབ་༧ཐམས་ཅད་མཁྱེན་པ་གཞན་དོན་ལ་དགོངས་ཡོད་འདུག་པ། དེ་ཕྱིན་འཕྲལ་དུ་འབོད་མཁན་གཏོང་བས་ལོག་ཕེབ་རྩིས་མཛོད་ཟེར་བའི་བང་ཆེན་བྱུང་ཞིང་། རང་ཡང་ཐེ་ཚོམ་གཅིག་ཡོད་ཀྱང་། ཞབས་དྲུང་ཕྱག་མཛོད་ནས་འདི་འདྲའི་གནས་སྐབས་སུ། ཤར་ལ་ཕེབས་པས་ག་ལ་ཡོང་། སྟོབས་ཆེ་ཞིང་ཐུགས་མོས་ཆེ་བ་ཡིན་པས་གསེར་བཟང་པོ་གཅིག་ཞུ་གྲོགས་གནང་གསུང་བ་ལྟར། ཡི་གེ་བང་ཆེན་པ་ཤར་ལ་བཏང་། ཞག་ཉི་ཤུ་ཙམ་ལ་སྣ་དཀར་རྩེ་ནས་མི་སྣ་གར་མེ་སྟོབས་ཆེ་བ། སྙན་དར་འབུལ་བ་སོགས་ཟབ་རྒྱས་སུ་འབྱོར།

དེ་ནས་ཟླ་བ་ཁ་ཤས་ནས་ཤར་ལ་འགྲོ་རྩིས་ཡོད་ཀྱང་། མ་མཐའ་རྟེན་བཞེངས་རབ་གནས་མ་གྲུབ་བར་ལ་མ་འགྲོ་གསུང་བ་ལྟར། རེ་ཞིག་ཡོང་མི་ཐུབ་ཚུལ་དང་མི་སྣ་ཤར་ལ་ལོག །སྐུ་མཆེད་ལ་ཉེར་བརྒྱད་བྱུང་རེས་ཀྱི་འཁོར་ལོ་སྡོམ་པའི་གསུང་ཆོག་རེ་མ་ཆག་པ་བཏང་། སྐབས་འགའ་ཞིག་རྨི་ལམ་དུ་མཇལ་བའི་གསུང་གླེང་མང་དུ་གནང་ཧོར་ཟླ་གསུམ་པའི་ཉེར་བརྒྱད་དུས་ཆེན་གྲོལ་ནས། སྔར་ནས་འབོད་མི་སླེབས་ཡོད་པ་ལྟར་ཉེར་དགུ་ལ་ཤར་ལ་ཕྱིན་དཔོན་སློབ་གཉིས་ཀྱིས་བཀའ་བཀོད་ལ། ལོ་གཅིག་ལ་མ་མཐའ་ཡང་འདིར་སླེབ་པ་ཞིག་དགོས་གསུངས། ཤར་ལམ་རྒྱལ་བྱེད་ཚལ་དུ་རྟག་བརྟན་གྱི་གྲྭ་པ་འདྲིས་ཆེ་བར་ཕལ་ཆེར་དང་འཕྲད། དེ་ནས་རིམ་གྱིས་ཉིན་ལམ་ཙམ་གྱི་བར་དུ་ཐབས་བསུ་སོགས་མཐུན་རྐྱེན་འཛོམས་པ་ནས་སྣ་དཀར་རྩེར་སླེབས། སྡེ་སྲིད་ནས། ད་ལམ་མཇལ་བ་ཡང་ལེགས་ཏེ། རྩ་བའི་བླ་མ་དེ་འདྲ་ནི་མ་བཞུགས། དགོན་གནས་གསར་པ་གྲྭ་རྒྱུན་སོགས་དགོངས་པ་དང་བསྟུན་པ་ཞིག་བཏབ་ནས། འདི་རང་དུ་བཞུགས་དགོས་ཟེར་ནན་ཆགས་བྱུང་ཡང་། སྔར་གྱི་ཆོས་བྱེད་པར་སོང་བས་སླར་རིམ་པས་ཡར་འགྲོ་དགོས་ཚུལ་ཀ་བྱས་ཏེ་སྐབས་ཞལ་ངོ་སྐུ་མཆེད་གཉིས་ལ། དགྱེས་རྡོར་གསར་འགྱུར་གྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ལེགས་པར་བསྒྲུབས། གཞན་ཡང་དགོངས་བཞེད་རྗེས་གནང་མང་དུ་ཕུལ། ཕལ་ཆེ་བ་ཞལ་ངོ་ཚོམ་དང་འཕྲལ་འཕྲལ་མཇལ་བའི་འདོད་ཡོན་རྣམ་གཡེང་ལ་ལུས། ཚེས་བཅུ་ཚེས་བཅོ་ལྔ་ཉེར་བཞི་ཉེར་ལྔ་ཉེར་བརྒྱད་ཉེར་དགུ་རྣམས་ལ་ཟླ་རེ་བཞིན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། དུས་འཁོར། བདེ་མཆོག །བསྐང་གསོ་རྣམས་ཆག་མེད་བྱས། ནན་ཆགས་ཆེ་བ་རྣམས་ལ་ནཻ་གུ། དམར་ཁྲིད། གཅོད་ཡུལ། སྙིང་པོ་དོན་གསུམ་རྣམས་རང་རང་གི་འདོད་པ་དང་མཐུན་པར་བཤད།

ཧོར་ཟླ་གསུམ་པའི་དུས་ཆེན་ལ་སླེབ་རྩིས་རང་ཡིན་ཀྱང་། བཅུ་པའི་ཟླ་སྐེད་ལ་ཇོ་ནང་ནས་འབོད་མི་རྟ་དྲེལ། ཕྱག་དམ་ནན་ཆེ་བ་དང་འབྱོར། ཟླ་གཅིག་ཙམ་བྲེལ་བ་མ་ཆོད་པར་ཡོང་མ་ཐུབ། བཅུ་གཅིག་པའི་ཉི་ཤུ་སྐོར་ལ་ཡར་འབྲོག་ནས་ཐོན། རིམ་པས་བྲེལ་བ་གཅོད་ཀྱིན་ཡོང་ནས་རྟག་བརྟན་དུ་མང་ཇ་འགྱེད་བཅས་བཏང་ནས་ཇོ་ནང་དུ་སླེབས། དཔོན་སློབ་གཉིས་དང་མཇལ་གསུང་ལས། ཁྱེད་དཔོན་སློབ་ཤར་ལ་ཐེག་ནས། འདི་ཚོར་ཟི་རེ་བ་ཞིག་ཀ་བྱུང་། ད་འདིར་ཕེབས་པ་ལེགས་གསུངས་པ་སོགས་དགོས་པར་མཛད་གསུང་ཆོས་ཀྱི་རིགས་ཀྱང་མང་དུ་ཐོབ། ཐོག་མ་མཇལ་ཙམ་ནས་ཀ་མཁན་རིན་པོ་ཆེ་སྐུའི་གཟི་མདངས་བཟང་རྒྱུ་མི་འདུག་ཅིང་། དེ་ནས་རྒྱང་ཙམ་ནས་གཞན་དོན་ལ་ཕེབ་པ་ཞིག་བྱུང་། དེ་སྐབས་མཆོད་འབུལ་གང་དྲག་དང་། འཁོར་ལོ་སྡོམ་པའི་ཆོ་ག་འདྲ་ཡང་གང་འགྲུབ་ཏུ་བཏང་། དེ་ནས་མི་རིང་བར་གཏིང་སྐྱེས་ནས་དཔོན་སློབ་རིན་ཆེན་རྒྱ་མཚོ་[རྗེ་འདི་མི་ལོ་བཅོ་ལྔ་ཙམ་གདན་སར་བཞུགས་ཤིང་ཐུགས་སྲས་བུ་ཆེན་ཡང་འཇམ་དབྱངས་ཀུན་དགའ་དར་རྒྱས་ཨ་མདོ་ཀུན་དགའ་དཔལ་བཟང་སོགས་མང་དུ་བྱུང་]རྟག་བརྟན་ཆོས་སྡེ་ཆེན་པོའི་གདན་སར་མངའ་གསོལ། དེ་ནས་ཟླ་བ་གསུམ་ཙམ་ནས་བདག་རང་ཡར་འབྲོག་ལ་འགྲོ་རྩིས་ཡོད་ཀྱང་། དཔོན་སློབ་རིན་པོ་ཆེའི་བཀའ་བཀོད་ལ་ངེད་ཚོ་འདིར་སླེབས་ནས་ཤར་ལ་ཕེབས་པས་གཏན་ནས་མི་ཡོང་། བླ་བྲང་བྱང་ལ་ཡང་དགོངས་པ་དང་མཐུན་པའི་མཁར་ལས་གང་དྲག་ཞིག་བྱེད་དགོས་ཡོད་གསུངས། ལོ་དུས་ཀྱི་འཁྲིད་ཆོས་དང་བཀའ་དབང་རྗེས་གནང་ཆོས་ཀྱི་རིམ་པ་མང་དུ་ཐོབ། སྔ་ཕྱིར་ལུགས་གཉིས་ཅར་སྒོ། བཀའ་དྲིན་ཡང་ཤིན་ཏུ་ཆེ་བ་གནང་མོད།

དེ་ནས་གཙང་སོགས་སྡེ་གསར་གྱི་སྐབས། རྨི་ལམ་གྱི་འཆར་སྒོ་ཞིག་ལ་མི་ཞིག་ལ་མི་ཞིག་འཁྲིས་སུ་བྱུང་ནས་དེ་ན་རེ། སངས་རྒྱས་བསྟན་པ་རི་བོའི་ལག་ན་ཡོད། སངས་རྒྱས་བསྟན་པ་རི་བོ་བསྒུལ་ཟེར་བ་ཞིག་བྱུང་། ཕྱིས་བརྟག་དུས་སོག་པོ་ཕྱོགས་ཀྱི་མཚན་ནུས་རྒྱལ་བ་ལ་ལྟ་བར་འདུག་གོ །ཡང་རྒྱང་ཙམ་ནས་རྨི་ལམ་དུ་གསལ་བར་བྱུང་དུས། ཐམས་ཅད་མཁྱེན་པ་ཆེན་པོ་སོག་ཡུལ་དུ་སྐུའི་རྣམ་སྤྲུལ་འཁྲུངས་པའི་སྐད་ཆ་གོ །འདིར་སྨྲས་པ། ཟླ་ཤེལ་དཀྱིལ་འཁོར་མཁའ་ལ་ཤར་བ་ན། །ཆུ་མཚོ་ཆེ་ཆུང་ཀུན་ཏུ་གཟུགས་བརྙན་ཤར། །དེ་བཞིན་རྒྱལ་བའི་སྤྲུལ་པས་ས་གསུམ་ཁྱབ། །མཆོག་གི་སྤྲུལ་སྐུ་ཞིང་འདིར་འབྱུང་འདི་མཚར། །མཁྱེན་བརྩེ་ནུས་པས་སྲིད་གསུམ་འགྲོ་བ་ཀུན། །བྱང་ཆུབ་གོ་འཕང་འགོད་པའི་དགའ་སྟོན་དང་། །ལྷག་གི་ཕྱོགས་འདིར་སྤྲུལ་བའི་ཟློས་གར་གྱི། །ཕན་བདེ་ལམ་ལ་བཀོད་པའི་བཀའ་དྲིན་སྩོལ། །ཅེས་བརྗོད་པའོ། །གཞུང་ནས་གྲུབ་མཐའ་བསྒྱུར་རྒྱུའི་ཟླ་གཅིག་ཙམ་གྱི་གོང་དུ་རྨི་ལམ་ལ་རྟག་བརྟན་གྱི་ཚོགས་ཆེ་བའི་དབུས་ན་བཞུགས་ཁྲི་ཡང་སྔར་གྱི་དེ་ཀ་འདུག །ཕྱག་མཛོད་དྲུང་གི་སྐུ་བེར་བསྣམས་ནས་དཔོན་སློབ་གཉིས་ལ་ཕེབ་བྱུང་། བཞུགས་ཁྲིར་ཕེབ་ལ་ཁད་ལ། ཕྱག་མཛོད་དྲུང་ནས། དཔོན་སློབ་རིན་པོ་ཆེ་ནི་གཞན་དོན་ལ་དགོངས་སོགས་གསུངས་ནས་བཞུགས་ཁྲིའི་ཐད་ལ་ཡོལ་བ་གཅིག་བརྒྱབས་སོང་། དེ་མ་ཁད་ལ་གཉིད་སད་བྱུང་བ། གང་ཡིན་གཞན་དོན་ལ་ནི་དགོངས་ཚར་ནས་མེད་བསམ་ཞིང་བློ་མ་བདེ་ལོག་གེ་བ་ཞིག་བྱུང་། ཕྱིས་བརྟག་དུས་གྲུབ་མཐའ་བསྒྱུར་བ་ལ་ལྟ་བ་འདུག །འདིར་བརྗོད་པ། འདུས་བྱས་ཐམས་ཅད་མཁའ་ལ་འཇའ་ཚོན་བཞིན། །ཆོས་ལུགས་ཀུན་ཀྱང་གདུལ་བྱའི་བློ་ངོ་ཙམ། །མཐོ་དམན་མ་གཏོགས་དོན་ལ་སངས་རྒྱས་ལམ། །སྒྲུབ་པར་མཚུངས་པས་དེ་བཞིན་ཤེས་པར་མཛོད། །

ད་ནི་དྲང་དོན་ཆོས་ཀྱི་གཞི་བཟུང་ནས། །ཐེག་ཆེན་ཆོས་ལ་སྤྱོད་པའི་དགའ་སྟོན་སོགས། །གྲུབ་མཐའ་ཀུན་ལ་འཇུག་པའི་བློ་ཡང་སྐྱེས། །ཚིག་དོན་ཕབ་རེ་མེ་ལོང་གཟུགས་ལྟར་ཤར། །ཅེས་སོ། །ཡང་རྒྱང་ཙམ་ནས་རྨི་ལམ་ལ། དཔོན་སློབ་རིན་ཆེན་རྒྱ་མཚོ་ཕེབ་ཀྱིན་ཡོད་སྒོ་ཕྱེ་ཟེར་ནས་བལྟས་པས་སུ་ཡང་མི་འདུག །གང་ལྟར་སྟག་ལོ་ཟླ་བ་དང་པོའི་ཉེར་དགུ་ལ་དཔོན་སློབ་ཀུན་དགའ་རིན་ཆེན་རྒྱལ་མཚན་ཉིད་སྐུ་ཚེའི་སྨད་ལ་གྲུབ་པའི་གནས་མཆོག་གསང་སྔགས་རི་བོ་བདེ་ཆེན་དུ་བཤད་སྒྲུབ་སྤེལ་པའི་ངང་ལ་བཞུགས་མཆན། ཞབས་དྲུང་གཏིང་སྐྱེས་ལ་ཆིབས་ཁ་བསྒྱུར་བའི་ལོ་འདིའི་ཟླ་བ་བརྒྱད་པའི་ནང་དུ་གཞུང་ས་ནས་གྲུབ་མཐའ་བསྒྱུར་སྐབས་གཏིང་སྐྱེས་ནས་དཔོན་སློབ་ཞབས་དྲུང་འཁོར་ཙམ་ཕེབས་པའི་རྟེན་འབྲེལ་དུ་གོ །བདག་སྟོན་ཀར་ཡར་འབྲོག་ལ་བགྲོད་རྩིས་སྔར་ནས་ཀྱང་དུས་ངེས་པ་ཡོད་ཅིང་། བདེ་སྐྱིད་ནས་ལྕམ་དྲུང་བཀྲ་ཤིས་རྫོང་གར་འབྱོན་པར་ཅུང་ཟད་བསྙེལ་བའི་སྟབས། སྲུང་འཁོར་མ་འགྲོད་དགོས་གསུངས་པའི་ནན་ཆགས་ཆེ་བ་ནས། རྫོང་ཁ་ཐུག་ལྷན་ཅིག་ཏུ་ཕྱིན། ཞག་འགའ་བསྡད། གཞིས་ལེན་སོགས་གཟབ་མ་བྱུང་། དེ་ནས་རིམ་གྱིས་ཕྱིན། ཐབས་བསུ་སོགས་གནང་། ཟླ་བ་བཅུ་གཅིག་པའི་ནང་དུ་སྣ་དཀར་རྩེར་འབྱོར། དེ་སྐབས་ཕུར་བའི་སྒྲུབ་མཆོད་དང་འོམ། ཞལ་ངོ་རྣམས་མཇལ་སྤྲོ་ཞིང་། ཞག་འགའ་ཤས་འདུ་འཛིའི་ངང་ནས་རྣམ་གཡེང་ལ་ལུས།

དེ་ནས་དགོངས་བཞེད་ལྟར། ཞལ་ངོ་རྣམས་ལ་འཁོར་ལོ་བདེ་མཆོག་དང་། རྡོ་རྗེ་ཕུར་པ་རྣམས་ཀྱི་དབང་། རྡུལ་མཚོན་གྱི་དལ་བུ་ཕུལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། གཞན་ཡང་རྗེས་གནང་གི་རིགས་རྣམ་གྲངས་མང་བར་ཕུལ། དེ་རྗེས་དད་ལྡན་འགའ་ལ་ཡང་སོ་སོའི་འདོད་པ་ལྟར་རྗེས་གནང་དང་། ཁྲིད་ཀྱི་རིགས་ཅི་རིགས་བྱས། བློ་ལས་ཆེ་ཙམ་ནས། རང་གཞན་དོན་ལེགས་རབ་བྱུང་།

ལོ་[དཔལ་གྱི་ཇོ་ནང་ཡང་སྒྲུབ་རྒྱུད་བསྟན་པའི་གསལ་བྱེད་རྗེ་བཙུན་མཁས་གྲུབ་དམ་པ་བློ་གྲོས་རྣམ་རྒྱལ། དེའི་དབོན་པོ་རྦ་བ་ངག་དབང་ཕྲིན་ལས། སློབ་དཔོན་ངག་དབང་བློ་གྲོས། རྟག་བརྟན་པ་རྗེ་གྲགས་པ་ཆོས་འཕེལ། རྫ་སང་དཀར་སྤྲུལ་སྐུ་ཀུན་བཟང་ཆོས་འབྱོར། སྐུ་ཞབས་སྤོ་ར་ཆེན་པོ་བློ་བཟང་མཐུ་སྟོབས་དཔལ་བཟང་པོ། ཞབས་དྲུང་ཉི་མ་ཆོས་འཕེལ་ཞྭ་ཡུ་མཁན་ཆེན་བློ་གསལ་བསྟན་སྐྱོང་སོགས་དུས་ད་ལྟའི་བར་དུ་དམ་པ་མང་པོ་བྱོན་ནས་ངེས་དོན་གྱི་བསྟན་པ་ལ་བྱ་བ་བྱས་པ་ཡིན་]གཅིག་ཙམ་ནས་ཡར་ཡོང་རྩིས་ཡོད་ཀྱང་། ཞལ་ངོ་རྣམས་ཀྱིས་རྩ་བ་ནས་ཡར་འབྲོག་ཕྱོགས་སུ་སྡོད་དགོས་པའི་བཀའ་ནན་ཆེ་བར་བྱུང་ཡང་། འབྲུག་ལོ་ཟླ་བ་དང་པོའི་ནང་དུ་ལྷ་སར་ཇོ་བོ་མཇལ་བ་དང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཇལ་བར་ཕྱིན་སྐབས་མཇལ་སྤྲོ་ཞིང་སྒྲོལ་དཀར་གྱི་རྗེས་གནང་། བླ་མའི་རྣལ་འབྱོར་རྣམས་ཞུས། ཕྱག་མཛོད་[སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་]དྲུང་གི་སྒོ་ལ། ད་ཆ་ཡར་འབྲོག་ཕྱོགས་སུ་ཀ་བཞུགས་རྩིས་ཡིན་ནམ། ཇོ་ནང་ལ་འབྱོན་རྩིས་ཡིན། ཐུགས་ལ་གང་ཡོད་མཛད་པས་ཡོང་གསུངས་པའི་བཀའ་ཕེབ་དུས། སླར་ཇོ་ནང་ལ་ཀ་འགྲོ་རྩིས་ཡིན་ཚུལ་ཞུས་ཤིང་། ལྷ་སར་སྡོད་སྐབས། དད་ལྡན་འགའ་ལ་ཡང་ཚེ་དབང་སོགས་དང་རྗེས་གནང་འདྲ་ཡང་བྱས།

དེ་ནས་ཡར་འབྲོག་ཏུ་རྒྱང་ཙམ་བ། སླར་རིམ་པས་ཡར་ཆས་ཡོང་། ཟླ་བ་བཅུ་པའི་ཉེར་ལྔ་ལ་རྟག་བརྟན་གྱི་རྒྱལ་བྱེད་ཚལ་དུ་སླེབས། འདིར་ཡང་ཡང་འགྱེད་སོགས་བྱས། ཡུལ་དུས་ཀྱང་ཅུང་ཟད་འགྱུར་སྐབས་སུ་འདུག །མི་མང་པོ་དང་འཕྲད་བར་བར་དུ་དགེ་ལུགས་ཀྱི་ཆོས་སྤྱོད་དང་། བདེ་མཆོག་ལུ་ཧི་པའི་ཆོ་ག་སོགས་སྒྲུབ་སྡེའི་འདོན་པ་ངེས་པ་འདྲ་དང་མཉམ་དུ་སྐྱོར་སྦྱང་བྱས་པས། ལན་ཁ་རེ་ནས་བློ་ལ་ངེས་པ་བྱུང་། ཡར་འབྲོག་ནས་སླེབས་ནས་ཞག་ཤས་སོང་བ་ནས། ཞལ་ངོ་རྩེ་ནས་ཀྱི་ངེད་ལ་པ་ཏྲ་ཞིག་གནང་བའི་དོན་ལ་ཡང་། ཁྱེད་ལ་ཐམས་ཅད་ཉན་པ་འདུག་པས། དགོན་པས་ཕྱིན་གྱི་གྲྭ་བཙུན་རྣམས་ལ་དགེ་ལུགས་ཀྱི་སློབ་གཉེར་སོགས་ཀུན་སྤྱོད་རྣམས་ལེགས་པར་དགོས་ཚུལ་གྱི་སླབ་དོན་འདྲ་བྱེད་དགོས་ཚུལ་བྱུང་བ་ལྟར། དངོས་སུ་འཕྲད་པ་ཕལ་ཆེར་ལ་བསམ་པ་གང་ཆེའི་འཁུལ་ནས། ཆོས་གྲུབ་མཐའ་ལ་ཁྱད་པར་མེད་ཚུལ་སོགས། ཐབས་མཁས་ཀྱི་སྒོ་ནས་བྱས་སོ། །དེ་ནས་བར་སྐབས་ཤིག་ལ་རང་གི་འཐུང་སྣོད་དཀར་ཡོལ་ཡུ་ཐུང་ཞིག་ཡོད་པ། གློ་བུར་དུ་བྱ་རོག་གི་ཁྱེར་ནས་དམ་ཆོས་གླིང་གི་རྒྱ་སྐར་གྱི་རྨི་ལམ་སྟེང་དུ་བཞག །ཡང་དེ་ནས་ཁྱེར་ནས་སྐབས་གཅིག་ནས་སང་རྫོང་ཕྱོགས་སུ་བཞག་པས་སླར་སྐྱོན་མེད་དུ་ལེན་རྒྱུ་བྱུང་བའང་། ཡང་ཐང་ཅིག་དོན་མེད་དུ་རྒྱུད་འཁྲུགས་ནས་ཇ་འཐུང་འཕྲོ་ལ་ཕོར་བ་ཞལ་སར་བརྡབ་བཏང་བས། ཕོར་པ་རང་འཁོར་ནས་སྐྱོན་ཙམ་ཡང་མ་བྱུང་བ། ཇའི་འཕྲོ་ཕྲན་བུ་དང་ལེན་རྒྱུ་བྱུང་བ་སོགས་ཕྱིས་བརྟག་དུས། ས་འདིར་ཡུན་རིང་དུ་བློ་ཆགས་པ་དང་། རྒྱལ་བའི་ཐུགས་རྗེས་སོགས་ལ་བརྟེན་པའི་འདི་ཕྱོགས་སུ་ཤུགས་འབྱུང་དུ་བསྟན་འགྲོ་ལ་ཕན་ཐོགས་ཕྲན་བུ་ཡོང་པའི་རྟེན་འབྲེལ་དུ་ངེས། ལར་ཇི་ལྟར་ཡོང་ཐེ་ཚོམ་གསུམ་ཡོད་པ་ལས་གཉིས་ཐོག་ཏུ་མ་ཁེལ། ཆོས་སྲིད་དང་རྒྱལ་སྲིད་འཛིན་པ་གང་རུང་ཞིག་གི་རྒྱུད་བསྐུལ་ནས། དེ་མཐུན་གྱི་སྐབས་དེ་ད་ལྟ་ཡིན་པ་འདུག །རེ་ཞིག་དེ་ཙམ་མོ། [འདི་ནི་དགུང་ལོ་ལྔ་བཅུ་ང་དྲུག་བདུན་ཙམ་མན་གྱི་རྣམ་ཐར་ཡིན་ལ་ལར་ནི་བརྒྱད་ཅུ་གྱ་བཞི་ཙམ་བཞུགས་པར་ངེས་ལགས།] མངྒ་ལཾ།

༧ཀླུ་མོ་དབྱངས་སླར་མི་ཡུལ་དུ་ཡོང་པའི་རྒྱུ་མཚན་ནི། ཁོ་རང་གི་ལོ་རྒྱུས་ནི་སྐོར་ཅིག་ཨོ་རྒྱན་དུ་འགྲོ། ཉམས་ཆག་ཐམས་ཅད་སངས་ནས་སླར་མི་ཡུལ་དུ་གདོང་སྐྱ་སྐོར་གྱི་འོང་ཟེར་བ་ཡོད། བོད་ཁམས་སོག་པོས་ཁྱབ་འགྲོ་བ་འདུག་གསུངས་པ་ནི། སྡེ་སྲིད་དགའ་ལྡན་ཕོ་བྲང་ནས་སོག་པོའི་དམག་དང་བཅས་གཙང་ཞབས་ཞབས་དྲུང་དུ་བཀའ་བཀོད་ལ། རྩེར་བཞུགས་རྒྱུ་མི་ཡོང་ཞིང་། བོད་ཁམས་ཐམས་ཅད་ལ་རྒྱལ་དབང་ཆེན་པོ་མཆོད་ཡོན་གྱི་དབང་བསྒྱུར། རྟག་བརྟན་ཆོས་སྡེ་ཆོས་ལུགས་བསྒྱུར་བ་སོགས་ཀྱི་ལུང་བསྟན་གནང་བར་གདའ། དེ་ལྟར་ལོ་རྒྱུས་བརྗོད་འདི་གནས་ཚུལ་ཡིན་གྱི་སྒྲོ་སྐུར་མིན་སླར་ཡང་དུས་བབ་ཞིག་ལ་ལོ་རྒྱུས་འདྲ་བརྩམས་ནས་འབུལ་རྒྱུ་ཨེ་ཡོང་ལྟ། སརྦ་མངྒ་ལཾ། [གོང་གི་བར་མཆན་འདི་རྣམས་དཔལ་ལྡན་རྣམ་སྣང་རྡོ་རྗེས་བཏབ་པ་ཡིན་པའི་གཞུང་དུ་བཅུད་ནས་བྲི་བར་མི་བྱའོ།། །།]

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ་ཀུན་དགའ་འཕྲིན་ལས་དབང་མོའི་རྣམ་ཐར་ཁ་སྐོང་བདེ་ཆེན་ཉིན་བྱེད་གསལ་བའི་བདག་པོ། མཛད་པ་པོ་རིག་འཛིན་རྣམ་སྣང་རྡོ་རྗེ།

༄༅། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ་གནས་གསུམ་མཁའ་འགྲོའི་གཙོ་མོ་ཀུན་དགའ་ཕྲིན་ལས་དབང་མོའི་རྣམ་ཐར་ཁ་སྐོང་བདེ་ཆེན་ཉིན་བྱེད་གསལ་བའི་བདག་པོ་བཞུགས།

ན་མོ་གུ་རུ་བཛྲ་ཡོ་གཱི་ནི། དེ་ཡང་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ་གནས་གསུམ་མཁའ་འགྲོ་མའི་གཙོ་མོ་ཀུན་དགའ་འཕྲིན་ལས་དབང་མོའི་རྣམ་ཐར་ཁ་སྐོང་བདེ་ཆེན་ཉིན་བྱེད་གསལ་བའི་བདག་པོ་བཞུགས། ༧ཨེ་མ་སྐྱེ་མེད་དབྱིངས་ཀྱི་རྣལ་འབྱོར་མ། །སྤྱོད་འཆང་ནག་པོའི་ཕྱག་རྒྱ་བནྡྷེ་པ། །རྡོ་རྗེ་བཙུན་མོ་དཔལ་གྱི་ནི་གུ་མའི། །རྣམ་འཕྲུལ་དབྱིངས་ཀྱི་དཔལ་མོ་ཁྱོད་ཞབས་འདུད། །གངས་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི། །ཐུགས་སྤྲུལ་སྔགས་ཀྱི་འཕྲིན་ལས་རྒྱས་མཛད་མ། །འབྲེལ་ཚད་མཁའ་སྤྱོད་འདྲེན་པའི་དཔལ་མོ་ཆེ། །སྐལ་ལྡན་འཕྲིན་ལས་དབང་མོས་བདག་སྐྱོངས་ཤིག །ཁྲག་འཐུང་བདེ་མཆོག་ནཱ་དའི་སྒྲ་དབྱངས་ལས། །ལུང་བསྟན་མཁའ་འགྲོའི་དབང་ཕྱུག་གང་ཁྱོད་ཀྱི། །རྣམ་ཐར་བསམ་མི་ཁྱབ་པའི་སྤྱོད་ཡུལ་ལ། །ཐེག་དམན་སོ་སྐྱེས་བློ་ཡིས་ཇི་ལྟར་དཔྱོད། །འོན་ཀྱང་དཔལ་སྡོམ་དབང་བརྒྱུད་ལ་བཞུགས་ཤིང་། །ངོ་མཚར་བསམ་གྱིས་མི་ཁྱབ་གཞན་ཡང་མང་། །དེ་ཕྱིར་སྐལ་ལྡན་འགའ་ལ་ཕན་པའི་ཕྱིར། །རྣམ་སྣང་རྡོ་རྗེ་བདག་གིས་ཅུང་ཟད་བརྗོད། །༧དེ་ཡང་རྗེ་བཙུན་རཏྣ་བཛྲི་ཎི་ཞེས་པ་གསང་མཚན། མཚན་དངོས་ཀུན་དགའ་འཕྲིན་ལས་དབང་མོའོ། །དེ་ལ་དཔལ་འཁོར་ལོ་སྡོམ་པ་ནག་པོ་ཞལ་ལུང་བྱིན་རླབས་ཀྱི་ཚན་ཁ་ཟླ་མེད་པ་མངོན་སུམ་ཤིན་ཏུ་ཆེ་བའི་དབང་བརྒྱུད་ནི་༧གྲུབ་པའི་དབང་ཕྱུག་ཆེན་པོ་རྭ་བ་ངག་དབང་འཕྲིན་ལས་ཀྱི་གསན་ཡིག་བདུད་རྩི་ཐིགས་པའི་ནང་དུ་འདི་ལྟར། ནག་པོ་སྤྱོད་པའི་རྣམ་སྤྲུལ་གྲོལ་མཆོག་རྗེ། །སྒྲིབ་གཉིས་རང་གྲོལ་ཆོས་སྐུ་ལྷ་དབང་གྲགས། །བདེ་མཆོག་རྣམ་སྤྲུལ་སྒྲོལ་བའི་མགོན་པོའི་ཞབས། །ཕག་མོའི་རྣམ་སྤྲུལ་རྗེ་བཙུན་འཕྲིན་ལས་དབང་། །རིགས་ཀུན་ཁྱབ་བདག་མཁས་གྲུབ་བློ་གྲོས་རྣམ་རྒྱལ་ཡིན་རྣམ་པར་རྒྱལ། །ཡོངས་འཛིན་དེ་ཡིས་བདག་ལ་བསྩལ་བའོ། །ཞེས་གསུངས།

དེ་ནས་གྲུབ་ཆེན་རྭ་བ་ངག་དབང་འཕྲིན་ལས། ཟུར་ཆེན་ཆོས་རྗེ་ཀུན་བཟང་དབང་པོ། གྲུབ་མཆོག་ཏཱ་ར་ནཱ་ཐའི་རྣམ་སྤྲུལ་བརྟུལ་ཞུགས་སྤྱོད་པའི་དཔའ་བོ་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་དཔལ་རྣལ་འབྱོར་མ་རབ་ཏུ་དགྱེས་པའི་རྡོ་རྗེའི་དཔའ་བོ་དོན་གྲུབ་རྡོ་རྗེ། དེ་ནས་སི་ཏུ་པན་ཆེན་ཆོས་ཀྱི་འབྱུང་གནས། འབེ་ལོ་ཙཱ་བ་ཀརྨ་ཚེ་དབང་ཀུན་ཁྱབ། ཆབ་ཚང་མཆོག་སྤྲུལ་ཀརྨ་རིན་ཆེན། རྡོ་རྗེ་འཆང་དངོས་ཀརྨ་འོད་གསལ་འགྱུར་མེད། ཀུན་སྤངས་ཆེན་པོ་བླ་མ་དམ་པ་ངག་དབང་ནོར་བཟང་། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ཇོ་ཤངས་བསྟན་པའི་སྲོག་འཛིན། ངག་དབང་ཆོས་འཕེལ། ༧དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་སེམས་དཔའ། དང་པོའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཧེ་རུ་ཀ་དཔལ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཀུན་དགའ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་དེས། བདག་རྣམ་སྣང་རྡོ་རྗེ་ལ་ཐུགས་བརྩེ་ཆེན་དགྱེས་པ་ཆེན་པོའི་ངང་ནས་གནང་བའོ། །གཞན་ཡང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ངག་འདོན། བསྐྱེད་རིམ་རྣམ་བཤད་བདེ་ཆེན་རོལ་མཚོ། བསྙེན་ཡིག །སྲེག་བླུགས་རྣམས་ཀྱི་ལུང་བརྒྱུད་ནི། རྗེ་བཙུན་ཀུན་དགའ་སྙིང་པོ། སྐལ་ལྡན་འཕྲིན་ལས་དབང་མོ། ཀུན་སྤངས་དགེ་སློང་སྙིང་པོ་མཐའ་ཡས། ཆོས་རྗེ་ཀུན་བཟང་དབང་པོ་ནས་གོང་ལྟར། འདིའི་དབང་རྒྱུན་ཡང་བློ་གྲོས་རྣམ་རྒྱལ་དང་། སྙིང་པོ་མཐའ་ཡས་གང་རིག་གི་གསན་ནས། ཟུར་ཆེན་ལ་མངའ་སྙམ་སྟེ་བརྒྱུད་ཡིག་མ་མཐོང་། དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་སྒོ་ནས་ཕྱིར་བཟློག་ཟབ་མོ་ཨུཥྞིའི་ལུགས་ནི། ཁྱབ་བདག་འཁོར་ལོ་སྡོམ་པ་སྒྲོལ་བའི་མགོན་པོ། རྒྱལ་ཚབ་མཁས་གྲུབ་དམ་པ་ཀུན་དགའ་རིན་ཆེན་རྒྱ་མཚོ། རྗེ་བཙུན་ཀུན་དགའ་འཕྲིན་ལས་དབང་མོ། སྙིང་པོ་མཐའ་ཡས། ཟུར་ཆེན་རིག་འཛིན་ཆེན་པོ། དཔལ་འབྲུག་པ་འཕྲིན་ལས་ཤིང་རྟ། སི་ཏུ་པན་ཆེན་དེ་ནས་གོང་བཞིན་ལས་འོད་གསལ་འགྱུར་མེད་ནས། རྗེ་བཙུན་དམ་པའི་བསྟན་པའི་གསལ་བྱེད་མཁས་དབང་ཀླུ་སྒྲུབ་རྒྱ་མཚོ། ངག་དབང་ཆོས་འཕེལ། ངག་དབང་ནོར་བཟང་། དེ་ནས་ཁྱབ་བདག་བླ་མའོ། །རྣལ་འབྱོར་མའི་སྒྲུབ་སྐོར་ཡང་ཟུར་ཆེན་ནས་འདི་ལྟར་ཡིན། ཡང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་དང་སྒྲོལ་མ་རྣལ་འབྱོར་མའི་ཆོས་བསྐོར་གྱི་བརྒྱུད་པ་ལ་ཡང་རྗེ་བཙུན་འཕྲིན་ལས་དབང་མོ་ཉིད་བཞུགས་པ་ཡིན་ནོ། །

གཞན་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསང་ཆེན་རྡོ་རྗེ་ཐེག་པའི་དགོངས་འགྲེལ་ཟབ་མོའི་བཀའ་འབུམ་འདིའི་ནང་གི་དབང་ལུང་ཤིན་ཏུ་མང་པོ་ཞིག་མཁའ་འགྲོ་འདི་ནས་བརྒྱུད་པ། ཟུར་ཆེན་ཀུན་བཟང་ལ་བཞུགས་པ། རང་རེའི་ཆོས་རྒྱུད་ལ་འདི་ལ་ཡོད་པར་ངེས་ཤིང་། གསན་ཡིག་སོགས་གསལ་ཁ་སྔར་མ་མཐོང་། འཁོར་ལོ་ཕྱི་མའི་སྙིང་པོའི་མདོ་ལྔ་མདོ་བཅུ་སོགས་ངེས་དོན་གྱི་མདོ་སྡེ་རིན་པོ་ཆེའི་ཡོངས་རྫོགས་ཀྱི་ལུང་ཡང་། རྗེ་ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། ཀུན་དགའ་ཆོས་བསམ། རྗེ་བཙུན་འཕྲིན་ལས་དབང་མོ། སྙིང་པོ་མཐའ་ཡས། ཟུར་ཀུན་བཟང་དབང་པོའི་བར་དུ་ལུང་རྒྱུན་ཡོད་པར་མཐོང་མོད། ད་ལྟ་མི་བཞུགས་དོན་གྱི་གཙོ་བོ་རྣལ་འབྱོར་མ་འདི་ཉིད་ཀྱི་ཐུགས་དམ་མཐིལ། དཔལ་འཁོར་ལོ་སྡོམ་པ་ཡབ་བཀའ་ཡུམ་བཀའི་དབང་ལུང་གི་རྒྱུན་ལ་བཞུགས་པ་གོང་ལྟར་ཡིན།

དེ་ཡང་རྗེ་བཙུན་ཆེན་པོ་ལ་བདེ་མཆོག་ཡབ་ཡུམ་གྱི་དབང་ཁྲིད་ལན་མང་དུ་ཐོས་པ་ཡང་ཡིན་ལ། རྟོགས་པ་དོན་གྱི་དབང་བསྐུར། རང་བྱུང་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ནས་ཁྱབ་བདག་འཁོར་ལོའི་དབང་མོའི་གོ་འཕང་བརྙེས་པ་ཡིན་ནོ། །

དེ་ལྟར་ན་རྣལ་འབྱོར་མ་རང་ཉིད་ཀྱིས་མཛད་པའི་སྐྱེ་འཕྲེང་གསོལ་འདེབས་དང་། རྣམ་ཐར་མདོ་བསྡུས་གཉིས་ཡོད་པ་ལས། རྣམ་ཐར་ན་རྒྱལ་པོའི་རིགས་སུ་སྐྱེས་ཞེས་པ། ཡར་འབྲོག་སྟག་ལུང་དུ་ཁྲི་དཔོན་ཆེན་པོ་བསྟན་འཛིན་མི་འགྱུར་དབང་གི་རྒྱལ་པོའི་ཚ་མོར་ས་མོ་བྱ་ལ་སྐུ་འཁྲུངས་པ་ཡིན། དགུང་ལོ་ཉེར་གཉིས་ནས་དཔལ་ལྡན་ཇོ་མོ་ནང་དུ་སྒྲུབ་པའི་རྒྱལ་མཚན་བཙུགས་པ་ཡིན། ཡང་དེ་ཉིད་ལས་གཞུང་དོན་སོགས་ལ་གོ་བ་ཆེ་ཞིང་། གཞན་སྟོང་གི་གྲུབ་མཐའ་ཐུགས་ལ་ཤུགས་འབྱུང་དུ་འཆར་བར་གསུངས་ལ། ས་ཧཱ་ཛའི་ལུང་བསྟན་དང་མཐུན་པར་གཞན་དོན་སྒྲུབ་པ་སོགས་ལ། འདིར་སྨྲས་པ། བླ་མའི་ཐུགས་ཟིན་དགོངས་པའི་གསང་མཛོད་བརྡོལ། །བདེ་སྟོང་མངོན་གྱུར་ས་གསུམ་ཕོ་ཉའི་གཙོ། །སྔོན་གནས་རྗེས་དྲན་ཡེ་ཤེས་དབང་ཕྱུག་མ། །རྡོར་དབྱིངས་ཤེར་ཕྱིན་ལྷ་མོ་ཁྱོད་མིན་སུ། །ཞེས་བརྗོད་པའོ། །ཡང་དེ་ཉིད་ལས། མཆོད་འོས་ཧེ་རུ་ཀ་ཞབས་བརྒྱུད། །ཅང་ཏེའུ་འཁྲོལ་ཞིང་འདི་སྐད་དུ། །ཨ་ཙིནྟའི་གནས་སུ་སྣ་ཚོགས་མར་གྱུར། །ཞེས་པ་ནས། མཆོག་གི་གོ་འཕང་དག་ལ་སྦྱར་བར་བྱ། །ཞེས་པའི་བར་གྱི་ཚིག་རྣམས། དཔལ་འཁོར་ལོ་སྡོམ་པའི་ཞལ་གསུང་ཡིན་ནོ། །འདིས་མཚོན་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཉིད་དུ་ཤེས་པར་གྱིས་ཤིག །ཞོར་བྱུང་ཚེ་ནོར་མཐུ་གསུམ་གྱི་བཀའ་བབ་ཡིན་པ་ནི་རྣམ་ཐར་ཉིད་དུ་གསལ། དེ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པའི་རྣམ་ཐར་མ་བཅོས་ལྷུག་པའི་རྟོགས་བརྗོད་ཀྱི་མཇུག་ན། ཧོར་ཟླ་ལྔ་པའི་ཚེས་བཅུ་སྐོར་ལ་ཆོས་ལུང་བྱང་རྩེར་ཁོར་ཙམ་ཕྱིན། ལམ་དུ་བུད་མེད་གཞོན་ནུ་འདར་བཅོམ་པ་མང་པོ་བྱུང་ཆོས་ལུང་རང་དུ་རྡོ་རྗེ་ཕག་མོའི་སྐུ་བརྙན་གྲངས་མང་པོ་རང་ཕེབས།

ལོ་དེའི་རྟེན་འབྲེལ་ལེགས་པར་གོ་ཞེས་གསུངས་པ་དེ་དུས་མ་འོངས་འབྱུང་འགྱུར་མངོན་སུམ་གཟིགས་པའི་དགོངས་པ་ཁྱད་པར་གྱི་དབང་ལས། རྗེ་བཙུན་མ་འདི་དང་ལྷན་དུ་ཕེབས་པ་འདིའི་རྣམ་ཐར་ན་གསལ། ཆུ་མོ་བྱའི་ལོ་ལ་རྗེ་བཙུན་དམ་པ་དགུང་གྲངས་ལྔ་བཅུ་ང་དགུ་བཞེས། འཕྲིན་ལས་དབང་མོ་ཞེ་དགུ་ཡིན། འདི་མན་ཆད་ནས་ཏཱ་ར་ན་ཐའི་རྣམ་ཐར་ཆེན་པོ་ལ་འཇུག་རྒྱུ་འདི་ངེས་པར་དགོས་པའི་གཟིགས་མཛོད། རྗེ་བཙུན་མ་རང་ཉིད་ཀྱིས་མཛད་པའི་ལོ་རྒྱུས་མདོར་བསྡུས་ཏེ། དགུང་ལོ་ལྔ་བཅུ་ང་དྲུག་བདུན་ཙམ་ཡན་གྱི་རྣམ་ཐར་ཡིན་ལ་ལར་ནི་གྲུབ་དབང་དམ་པའི་ལུང་བསྟན་འཆི་མེད་ཚེའི་དངོས་གྲུབ་ཀྱི་བཀའ་བབ་ལ་བརྟེན་ནས། ལོ་བརྒྱད་ཅུ་གྱ་བཞི་ཙམ་དུ་བཞུགས་པ་ཡིན་ཏེ། རྗེ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་དགུང་ལོ་བཅུ་དྲུག་བཞེས་པ་ཆུ་མོ་བྱ་ལ་རྗེ་བཙུན་ཆེན་པོ་དང་ཞལ་མཇལ་ཚེ་ང་ཆོས་ལུང་ནས་མ་འཁོར་བར་སློབ་གཉེར་ལ་འབུངས་ཤིག་གསུངས། དེ་ནས་བླ་མ་ཆོས་ལུང་ནས་ཕེབས་ནས་རྗེ་བཙུན་ཀུན་དགའ་སྙིང་པོ་ལ་རབ་ཏུ་བྱུང་ནས་དཔལ་གྱི་རྟག་བརྟན་ཆོས་སྡེ་ཆེན་པོར་གྲྭ་ས་ལ་ཞུགས།

དེ་ནས་དགུང་ལོ་ཞེ་གཅིག་བཞེས་ས་མོ་བྱའི་ལོར་མདོ་ཁམས་འཛམ་ཐང་ལ་ཕེབས་ཁར། དེ་ཡང་ཐོག་མར་རྗེ་བཙུན་འཕྲིན་ལས་དབང་མོ་ལ་མཇལ་དུ་ཕྱིན་པས། རྡོ་རྗེ་རྣལ་འབྱོར་མའི་སྐུའི་ཚུལ་དུ་བཞེངས་འདུག་ཡད་ཡད་པ་ལྷག་པར་སྐྱེས། དེ་ནས་ཞབས་སྤྱི་བོར་བླངས་ཏེ། ད་ལམ་བདག་ཁམས་ལ་འགྲོ་རྒྱུ་ལགས་པས་དེའི་བར་ཆད་བསལ་བ་དང་། ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་སྙིང་ཐག་པ་ནས་སྨོན་ལམ་བཏབ་པས། རྗེ་བཙུན་མ་འཕྲིན་ལས་དབང་མོའི་ཞལ་ནས། བུ་ཁྱོད་ཁམས་ལ་འགྲོ་བ་དེ་མ་ལགས་འདུག །རི་ཁྲོད་འདི་གར་འདུག་ན་རྗེ་བཙུན་མི་ལ་འདྲ་བ་ཞིག་ཡོང་བ་ཡོད་དེ་གསུངས་པ་སོགས་རྗེ་བཙུན་བློ་གྲོས་རྣམ་རྒྱལ་གྱི་རྣམ་ཐར། དབོན་པོ་ངག་དབང་འཕྲིན་ལས་ཀྱིས་མཛད་པ་ན་གསལ་ལ། དེ་ཡང་བློ་གྲོས་རྣམ་རྒྱལ་ཉིད་ཁམས་ཕྱོགས་སུ་མི་ལོ་བཅུ་གཉིས་ཙམ་དུ་བཞུགས་ནས་བསྟན་འགྲོའི་དོན་མཛད་ནས། ས་ཕོ་སྤྲེའུ་ལོར་ཟླ་བ་གཉིས་པའི་ནང་དུ་ཇོ་ནང་དཔལ་དུ་བྱོན་ཚེ། རྗེ་བཙུན་ཀུན་དགའ་འཕྲིན་ལས་དབང་མོ་ཉིད་རང་གནས་མཁའ་སྤྱོད་ཆེན་པོར་གཤེགས་པར་གསུངས་པའི་དགུང་ལོ་གྱ་བཞི་ལྔ་ཙམ་བཞུགས་པར་གསལ། དེ་ནས་རྗེ་དམ་པ་བློ་གྲོས་རྣམ་རྒྱལ་གྱི་ལོ་ངོ་གཉིས་སོང་བའི་ལྕགས་ཁྱིར་ཟླ་བ་གསུམ་པའི་ནང་དུ། རྗེ་བཙུན་ཆེན་པོ་ཀུན་དགའ་སྙིང་པོའི་དུས་ཆེན། ཉེར་བརྒྱད་མཆོད་པ་ཆེན་པོ་རྒྱས་པར་མཛད་ནས་འབྲོག་དགེ་རྡོ་རྗེ་འཆང་ཆེན་པོ་ཆོས་རྗེ་ཀུན་དགའ་དཔལ་བཟང་ལ་བདེ་མཆོག་ནག་པོ་ཞབས་ལུང་དབང་སོགས་ཕུལ་ནས། རྗེ་འབྲོག་དགེ་པ་མདོ་ཁམས་བསྟན་པའི་སྒྲོན་མེར་བྱོན་པར་གསུངས་ལ། དེ་ཡང་ས་ར་གྲུབ་དབང་ཀུན་དགའ་རྒྱལ་མཚན་དང་མཉམ་དུ་བྱོན་པ་ཡིན། ཀུན་དགའ་རྒྱལ་མཚན་ནི་རྒྱལ་མོ་ཚ་བ་རོང་ནས་གངས་དཀར་པོ་ལ་སྣ་གཏད། སྤྲིན་དཀར་པོ་ལ་ཚད་བཙུགས། ཆོས་ཁོ་ན་ཆེད་དུ་གཉེར་ནས་རྗེ་བཙུན་ཆེན་པོ་ལ་ཆོས་ཞུར་དཔལ་རྟག་བརྟན་དུ་ཕྱིན་ཚེ། རྗེ་བཙུན་གཞན་དོན་ལ་དགོངས་ནས་རྒྱང་ཙམ་སོང་ཚོད་དུ་འདུག །སེམས་སྡུག་བསྔལ་གྱིས་ནོན་བཞིན་འཕྲིན་ལས་དབང་མོ་ལ་ཆོས་མང་དུ་ཞུས། དཔལ་འཁོར་ལོ་སྡོམ་པའི་དབང་གནང་སྐབས་ཤིག་ཁོང་གི་སེམས་ལ། བླ་མ་རྗེ་བཙུན་དམ་པ་ནི་མ་བཞུགས་སྐྱེ་དམན་བུད་མེད་འདི་འདྲ་ལ་ཆོས་ཞུ་དགོས་པ་རང་སྙམ་པའི་སྙོམས་བྱུང་ཚེ།

རྗེ་བཙུན་མ་ཉིད་ཀྱི་མངོན་པར་ཤེས་པས་མཁྱེན་ནས། བུ་སེམས་སྡུག་མི་དགོས་ཡར་ལྟོས་གསུངས་ནས་མདུན་གྱི་ནམ་མཁར། དཔལ་ཁྲག་འཐུང་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་སྟོན་པར་མཛད་པས་དགའ་སྤྲོ་རྒྱ་ཆེན་པོ་ཐོབ། དེ་ནས་བཟུང་ཐུན་མོང་མ་ཡིན་པའི་རྩ་བའི་བླ་མར་མཛད་ནས་གདམས་པ་མང་དུ་ཞུས། དཔལ་མགོན་ཊཀྴད་ཆེན་པོའི་དབང་བཀའ་གཏད་མཛད་ནས་སྲུང་མར་བསྐོས། དེང་སང་ས་ར་དགོན་དུ་དཔལ་མགོན་ཊཀྴད་ཀྱི་མགོན་ཁང་ཡོད་པ་བཀའ་ཤིན་ཏུ་གཉན་པར་གྲགས། རྗེ་བཙུན་འཕྲིན་ལས་དབང་མོ་ཉིད་ཀྱི་རྟེན་ཕྱག་ཕུར་ལྕགས་ལས་གྲུབ་པས་བྱིན་རླབས་ཅན་ཞིག་གནང་བ། དེང་སང་དཔལ་འཛམ་ཐང་ན་བླ་མ་གཙང་བའི་རྟེན་ཁྲོད་དུ་བཞུགས་པར་གྲགས་སོ། །ཡང་མཁས་བཙུན་བཟང་པོའི་ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བརྒྱན་པ།

གཞན་སྟོང་དབུ་མ་ཆེན་པོའི་གནས་ལུགས་མངོན་དུ་རྟོགས་བའི་ཨ་མདོ་པ་ཆོས་རྗེ་ཀུན་དཔལ་བཟང་ནི། ཡུལ་མདོ་ཁམས་རྔ་སྨད་ནས་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དག་པའི་སྟོབས་ཀྱིས་དབུས་གཙང་ཉིད་ཕེབས། ཐོག་མར་ཐུབ་བསྟན་གསེར་མདོག་ཅན་དང་། དགེ་ལྡན་འབྲས་སྤུངས་གཉིས་སུ་མཚན་ཉིད་ལ་སྦྱངས་པའི་རིང་པོར་མ་ལོན་པར་མཁས་པའི་གནས་ཐོབ། དེ་ནས་མཚན་ཉིད་པ་སྐམ་པོ་ལ་སྒོམ་མེད་པའི་སངས་མི་རྒྱ་བར་དགོངས་ནས། དཔལ་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་དུ་ཕེབས། དེར་རྒྱལ་ཚབ་དམ་པ་ཀུན་དགའ་རིན་ཆེན་རྒྱ་མཚོ་གཙོ་བོར་གྱུར་པའི། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་དགའ་སྟོན་ལས། །གསུང་རབ་རིན་ཆེན་འོད་ཀྱིས་ས་གསུམ་སྐྱོངས། །ཕྲིན་ལས་རྒྱ་མཚོ་ཆེ་ལ་དབང་བསྒྱུར་བ། །རྒྱལ་ཚབ་དམ་པ་བསྐལ་བརྒྱར་ཞབས་བརྟན་ཤོག །ཞེས་པའི་བསྟོད་པ་ཡོད་དོ། །

མཆན་བུ། བླ་མ་མང་དུ་བསྟེན་ནས། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་གཙོ་བོར་གྱུར་བའི་དབང་ལུང་མན་ངག་རྒྱུད་བཤད་མང་དུ་གསན། གཞན་སྟོང་དབུ་མའི་རྒྱན་རྗེ་བཙུན་གྱིས་མཛད་པ་དེ་རྒྱལ་ཚབ་རིན་པོ་ཆེ་ལས་བཤད་པ་ཚར་གཅིག་གསན་ནས་ཟིན་བྲིས་ཀྱི་ཚུལ་དུ་འགྲེལ་བ་ཡང་དག་པ་བཤད་པ་ཕུན་སུམ་ཚོགས་པ་འདི་ཉིད་རྟག་བརྟན་ཆོས་སྡེ་ཉིད་དུ་གསུང་རྩོམ་མཛད། དེར་ཕྱི་རུ་གནས་བརྟན་འདུལ་བ་འཛིན་པ། ནང་དུ་རྒྱལ་སྲས་སེམས་དཔའ་ཆེན་པོ། གསང་བ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་ཀྱི་ཐུགས་རྒྱུད་ཕྱུག་པའི་ངེས་དོན་བསྟན་པའི་གསལ་བྱེད་སྐྱེས་བུ་ཆེན་པོ་ཡིན། དེ་ཡང་སྔོན་རྗེ་བཙུན་ཀུན་དགའ་སྙིང་པོ་དག་ཞིང་དུ་ཕེབས་ཁར། རྗེ་བཙུན་ཉིད་ཀྱི་སྐུ་ལ་མནབ་པའི་ཆོས་གོས་དང་། རྒྱལ་ཚབ་རིན་ཆེན་རྒྱ་མཚོའི་སྐུ་ཆོས་གཉིས་སྟེང་འོག་བརྩེགས་ཏེ་བཞག་ནས། རྗེ་བཙུན་དམ་པའི་ཞལ་སྔ་ནས། ཨ་མདོ་པ་གཉིས་དགོན་འདིར་གྲྭ་སར་ཡོང།

དེ་གཉིས་ལ་ཆོས་གོས་འདི་གཉིས་ཕྱིན་ཅིག །རེ་ཞིག་ངེས་དོན་གྱི་བསྟན་པ་ལ་ཕན་ཐོགས་བཟང་པོ་ཅན་རེ་ཡོང་གསུངས། ཞལ་ཆེམས་ལུང་བསྟན་མཛད་ནས་དག་ཞིང་དུ་ཕེབས། དེར་ལུང་བསྟན་ལྟར་ཨ་མདོ་པ་སྒོ་ཉིན་ཁྱི་གུ་རབ་འབྱམས་པ་དང་། དཔོན་སློབ་རིན་པོ་ཆེ་ཀུན་དགའ་དཔལ་བཟང་གཉིས། སྔ་དྲོ་སྒོ་ཉིན་རབ་འབྱམས་པ་ཕེབས་པའི་རྗེ་བཙུན་སྐུ་ཆོས་གནང་། ཕྱི་དྲོ་འབྲོག་དགེ་དཔོན་སློབ་ཕེབས་པའི་རིན་ཆེན་རྒྱ་མཚོའི་སྐུ་ཆོས་གནང་། སླད་ནས་ལྗོངས་འདིར་ཁོང་གཉིས་ཕེབས་པའི་གདན་ས་ཆེ་ཆུང་གི་དབང་ལས། སྒོ་ཉིན་པའི་རྗེ་བཙུན་སྐུ་ཆོས་དཔོན་སློབ་ལ་ཕུལ། དེང་སང་འདིར་བྱིན་རྟེན་དུ་བཞུགས། སྒོ་ཉིན་པའི་རིན་ཆེན་རྒྱ་མཚོའི་སྐུ་ཆོས། དུས་ཕྱིས་སྒོ་ཉིན་དབོན་པོ་འཇིགས་མེད་ཕུན་ཚོགས་རྒྱ་མཚོས་གཙང་པ་དགེ་སློང་རིན་པོ་ཆེ་ངག་དབང་ཆོས་འཕེལ་ལ་ཕུལ་ནས། དཔལ་ལྡན་འཛམ་ཐང་དུ་བཞུགས། སློབ་དཔོན་དམ་པ་ཀུན་དགའ་དཔལ་བཟང་ཉིད་དབུས་གཙང་དུ་བཞུགས་སྐབས། རྒྱ་གར་དང་བལ་པོ་ཚུན་ཆད་ཀྱི་གནས་རྟེན་རྣམས་ལ་ཕྱག་མཆོད་སྨོན་ལམ་མཛད། བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་རྒྱལ་པོ་ཞིག་གིས་ཞིག་གསོས་བྱེད་པ་དང་ཐུག །རྗེ་འདི་ཉིད་ཀྱིས་རབ་གནས་མཛད་པར་གྲགས་འཕགས་པ་ཤིང་ཀུན་མཆོད་རྟེན་གོ་མ་ས་ལ་གན་དྷོ་ལ་ཕྱོགས་བཞི་ནས་མེ་ཏོག་ཙམ་པ་ཀས་མཆོད་ནས། དེ་དུས་སྨོན་ལམ་ཞིག་ཀྱང་ལྗགས་རྩོམ་མཛད། དེ་ནས་བདུད་རྩི་ཕུག་ཏུ་རྗེ་བཙུན་ཐམས་ཅད་མཁྱེན་པའི་ཉེ་གནས་གྲུབ་པའི་དབང་ཕྱུག་གྲགས་པ་ཆོས་ཀྱི་གྲགས་པའི་གདུགས་དཀར་སྲིད་འདིར་མཐོ། ངེས་དོན་བསྟན་པའི་དཔལ་གྱུར་བཟང་པོ་མཆོག །ཆོས་ཀུན་སྨྲ་བ་དབང་ཕྱུག་གྲུབ་པའི་རྗེ། །གྲགས་པ་དཔལ་བཟང་ཞབས་ལ་གསོལ་བ་འདེབས། །ཞེས་དཔོན་སློབ་དམ་པས་ཞལ་འདོན་དུ་མཛད་པར་གྲགས་སོ། །

མཆན་བུ། དཔལ་བཟང་ལ་ཆོས་མང་དུ་ཞུས། ཁྱད་པར་ལྷ་མཆོག་བེག་ཙེ་ལྕམ་སྲིང་འདིས་རྗེས་གནང་གསན་པའི་ཚེ། འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་རྟགས་མཚན་མངོན་དུ་གཟིགས། དེ་དུས་རྣལ་འབྱོར་པ་གྲགས་པ་དཔལ་བཟང་ལ་དཔོན་སློབ་ཀུན་དགའ་དཔལ་བཟང་བདུད་རྩི་ཕུག་ཏུ་བཞུགས་པའི་གནོད་སྦྱིན་བེམ་གདོང་དེས་ཆ་བྲིས་མཁན་ཀུན་དགའ་རིན་ཆེན་གྱིས་མཛད་པའི་ཡིག་མང་གནས་འདིར་ཡོད་དོ། དེ་ནས་ཡུལ་མདོ་ཁམས་སུ་ཕེབས་ཚེ། ངེས་དོན་གྱི་བསྟན་པ་ལ་ཕན་པའི་དགོན་གནས་ཤིག་འདེབས་པར་ཐུགས་ལ་དགོངས་ནས། གནས་མཆོག་དམ་པ་དཔལ་གྱི་ཇོ་མོ་ནང་དུ། དཔལ་རྣལ་འབྱོར་གྱི་དབང་ཕྱུག་མ་རྗེ་བཙུན་འཕྲིན་ལས་དབང་མོའི་མདུན་དུ་ཕེབས། གདམས་པའི་གནད་མང་དུ་ཞུས། ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་ལག་ལེན་ཞུས་དུས། རྗེ་བཙུན་མ་ཉིད་ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་བར་སྣང་ཁམས་སུ་ཡུན་རིང་དུ་བཞུགས་པའི་གྲུབ་རྟགས་མངོན་སུམ་དུ་བསྟན་པ་གྲགས། འདི་དག་ཧ་ཅང་ཐལ་བའི་ཟོལ་བསྟོད་ནི་གཏན་ནས་མ་ཡིན་ཏེ། སྔོན་གྱི་དམ་པ་གོང་མའི་སྙན་ནས་སྙན་དུ་བརྒྱུད་པ་རྫུན་མེད་ཡིད་ཆེས་ཅན་རྣམས་ཁོ་བོས་ཡི་གེར་བཏབ་པ་ཡིན། གོང་དུ་དཔལ་ཧེ་རུ་ཀའི་ལུང་བསྟན་དེ་ལ་ཡང་རྗེ་བཙུན་ཆེན་པོའི་གསང་རྣམ་དང་བསྒྲིག་ན་བསམ་གྱིས་མི་ཁྱབ་པའི་གསང་བའི་གནས་སྤྲོ་རྒྱུ་གཞན་ཡང་ཡོད་མོད། ཧ་ཅང་གསང་སྒྲོགས་སུ་འགྱུར་བས་རེ་ཞིག་དེ་ཙམ་མོ། །འཕྲོས་དོན་ལ་སྔར་གྱི་འཕྲོས་ལས་བཤད་ན། དཔོན་སློབ་དམ་པའི་ཁྱད་པར་མདོ་སྨད་འདིར་ངེས་དོན་བསྟན་པའི་མ་གཞི་མཁས་གྲུབ་དུ་མའི་བསྟི་གནས་དགོན་གནས་འདེབས་པའི་ལུང་བསྟན་ཞུས་ཚེ།

རྗེ་བཙུན་འཕྲིན་ལས་དབང་མོ་ཉིད་ཀྱིས་ངེས་གསལ་དུ་ལུང་བསྟན་པ་ནི། གནས་འདིའི་ས་དབྱིབས་དང་ཁྱད་པར་ངོ་མཚར་བའི་ཡུལ། དགུན་དུས་གནས་འདིའི་ན་སྔོན་དུས་ཀུན་གྱིས་མཐོང་སར་གཙུག་ལག་ཁང་འདའ་དཀྱིལ་དུ་མཚོ་ཆུང་ངུ་ཞིག་ཡོད་པའི་མཚོ་ཁ་ཡང་ཟེར་རོ། །མཆན་བུ་མོ་ཆུའི་ཁར་མེ་ཏོག་སེར་ཅན་རབ་ཏུ་རྒྱས་པ་འཁྲུངས་པ་མཐོང་། དེ་ནི་བུ་ཁྱོད་ཀྱི་དགོན་གནས་སུ་ལུང་བསྟན་ཅིང་། རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོའི་མེས་པོ་རྗེ་བཙུན་འཇམ་དཔལ་ཁྲོས་པ་དང་། མི་གཉིས་ས་རྭ་བའི་སྔགས་འཆང་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་གྱི་ཕྱག་བྲིས། བདེ་མཆོག་ནག་པོ་པའི་དཀྱིལ་ཐང་འདི་ཉིད་རྟེན་དུ་གནང་། དེ་ནས་ལྗོངས་འདིར་ཕེབས། ཐོག་མར་དགོན་སྲིབ་ཏུ་དགོན་པ་བཏབ་ནས་རྟེན་བཞེངས་སོགས་མཛད། སླད་ནས་ཕེབས་བཞུད་གནང་ཚེ། མཁའ་འགྲོའི་ལུང་བསྟན་ཇི་བཞིན་དུ་གནས་འདིའི་ན་ཁར་དགུན་དུས་ཞིག་མེ་ཏོག་སེར་ཅན་འདབ་མ་རབ་ཏུ་རྒྱས་པ་ཤིན་ཏུ་ལེགས་པ་མང་པོ་འཁྲུངས་བ་མཐོང་ནས་བླ་མའི་ལུང་བསྟན། གནས་འདིར་སྐུ་ཚེའི་སྨད་ལ་དགོན་པ་བཏབ། རྒྱལ་བ་མི་ཕམ་བྱམས་པའི་སྐུ་བརྙན་བྱིན་རླབས་ཅན་འདི་ཉིད་གཙོ་བོར་གྱུར་པའི་རྟེན་བཞེངས་སྡིག་དང་མ་འདྲེས་པ་དཔག་མེད་མཛད། རྒྱལ་བ་ཚེ་འཛིན་དབང་པོའི་ཞལ་མཐོང་ཞིང་། མངོན་མཁྱེན་ཐོགས་མེད་དུ་མངའ་བའི་ལུང་བསྟན་འཁྲུལ་མེད་དང་། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་རྟོགས་དང་ལྡན་པ་ཞིག་ཡིན་ནོ། །

སྤྱིར་ན་ཆོས་རྗེ་འདི་ཉིད། སངས་རྒྱས་ཚེ་དཔག་མེད་མགོན་དང་ཁྱབ་བདག་རྡོ་རྗེ་ཆོས། གྲུབ་ཆེན་ས་ར་ཧ་པ་རྣམས་ཀྱི་ངོ་བོ་སྤྲུལ་པའི་སྐུ་ཞིག་ཡིན་པར་ངེས་ཏེ། སྔོན་གྱི་བྲིས་ཐང་བྱིན་རླབས་ཅན་ཞིག་ལ་ཡང་དེ་ལྟ་བུའི་བཀོད་པ་བྲིས་ནས་ཡོད་དོ། །ཐུགས་སྲས་བུ་ཆེན་ཡང་། མཁས་གྲུབ་ཆེན་པོ་ཨ་དཔལ་འཇམ་དབྱངས་བསྟན་འཛིན། མཁར་བླ་ཀུན་དགའ་དར་རྒྱས། ཚྭ་གོ་ཡེ་ཤེས་རྒྱ་མཚོ། སོག་པོ་སྒོམ་ཆེན་བཀྲ་ཤིས་རྒྱ་མཚོ་སོགས་མང་དུ་བྱུང་། དེ་ནས་བཟུང་རྗེ་དེའི་དབོན་པོ་རྒྱལ་བ་ཆོས་སྐྱོང་དོན་གྲུབ། མཁས་བཙུན་ཡོན་ཏན་ལྷུན་གྲུབ། རྗེ་ཀུན་དགའ་བཀྲ་ཤིས། རྗེ་བཙུན་ཀུན་དགའ་ལྷུན་གྲུབ། མཆོག་སྤྲུལ་འཇིགས་མེད་དབང་ཕྱུག །མཁས་དབང་སངས་རྒྱས་རིན་ཆེན། བདག་ཅག་རྣམས་ཀྱི་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཀྱི་བར་དུ་དཔལ་ལྡན་ཇོ་ནང་པའི་སྒྲུབ་རྒྱུད་ངེས་དོན་གྱི་བསྟན་པ་རིན་པོ་ཆེ་དར་རྒྱས་སུ་བྱས་པ་ལགས་སོ། །སྔོན་ཚེ་གྲུབ་པའི་དབང་ཕྱུག་ལྷ་དབང་གྲགས། །བར་དུ་ཆོས་རྗེ་ཀུན་དགའ་དཔལ་བཟང་པོ། །སྙིགས་དུས་འགྲོ་བའི་སྐྱབས་མཆོག་ཀུན་དགའི་མཚན། །དཔལ་ལྡན་བླ་མའི་ཞབས་ལ་སྙིང་ནས་འདུད། །ས་སྤྱོད་མཁའ་འགྲོའི་གཙོ་མོ་འཕྲིན་ལས་དབང་། །ས་གསུམ་སྙན་གྲགས་གླུ་དབྱངས་ལྷ་མིས་སྒྲོགས། །ས་འདིར་མཁའ་འགྲོས་ལུང་བསྟན་ཨེ་མ་ཧོ། །ས་བཞིན་ངེས་དོན་བསྟན་སྲིད་གནས་གྱུར་ཅིག །མ་ལ་རྩེ་གཅིག་གདུང་བའི་གསོལ་འདེབས་ན། །མ་ལྟར་བརྩེ་བའི་ཌཱཀིས་དབྱིངས་ནས་གཟིགས། །མ་ལུས་ཤེས་བྱ་ཀུན་མཁྱེན་དབྱིངས་ཅན་མ། །མ་ཅིག་ལོངས་སྤྱོད་འཁོར་ལོའི་གནས་སུ་བཞུགས། །བླ་མའི་ཐུགས་ཟིན་གསང་ཆེན་སྙིང་པོ་ལོན། །སྒྲུབ་པའི་རྒྱལ་མཚན་སྒྲུབ་རྒྱུད་དཔལ་དུ་ཤར། །འབྲེལ་ཐོགས་སེམས་ཅན་མཁའ་སྤྱོད་འདྲེན་ནུས་པའི། །འབྲེལ་ཚད་དོན་ལྡན་རྣལ་འབྱོར་རྒྱལ་གྱུར་ཅིག །ཅེས་དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་རྗེ་བཙུན་ཀུན་དགའ་འཕྲིན་ལས་དབང་མོའི་རྣམ་ཐར་ཁ་སྐོང་བདེ་ཆེན་ཉིན་བྱེད་གསལ་བ་འདི་ཡང་། རང་ལོ་སོ་ལྔ་པ་བ་བསྟོད་འགྲེལ་ལས་ཕོ་ཉ་ཞེས་བྱ་བ་ཆུ་ཕོ་རྟ་ས་མོ་ཧོར་ཟླ་དང་པོའི་ཡར་ཚེས་ལ། མཁའ་འགྲོས་ལུང་བསྟན་པའི་སྒྲུབ་གནས་ཀྱི་རྒྱལ་པོ་ས་ལ་གནས་པའི་འོག་མིན་དཔལ་བསམ་འགྲུབ་ཡེ་ཤེས་ཀྱི་ཕོ་བྲང་དུ། རིག་འཛིན་རྣམ་སྣང་རྡོ་རྗེས་ཐོལ་བྱུང་དུ་བརྗོད་པ་གསང་ཆེན་བསྟན་པའི་སྙིང་པོ་ཕྱོགས་ཀུན་དར་རྒྱས་སུ་གྱུར་ཅིག །སརྦ་མངྒ་ལཾ།

ཨོ་ཌི་ཡ་ནའི་རྣལ་འབྱོར་མ་འགྲོ་ལ་བུ་བཞིན་བརྩེ་བའི་མ་ཐར་ལམ་ཁྲིད་པའི་ས་མཁན་མའམ་དེའི་རྣམ་ཐར་རབ་གསལ་མ། མཛད་པ་པོ་ཀུན་བཟང་འོད་གསལ་སྙིང་པོ།

ན་མོ་ཨ་མི་ཏཱ་བྷ་ལོ་ཀེ་སརྦ་ཤྭ་ར་ཡེ། ངོ་བོ་གདོད་ནས་མཁའ་ལྟར་རྣམ་དག་དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །རང་བཞིན་ལྷུན་གྲུབ་མཚན་དཔེའི་རབ་སྤྲས་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེ་གང་འདུལ་སོ་སོར་སྐུར་སྟོན་མ་ངེས་ལྔ་ལྡན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་རིག་བླ་མར་སྙིང་ནས་འདུད་དོ་བརྩེ་བས་གཟིགས། །ནུབ་ཕྱོགས་བདེ་ཆེན་རྣམ་དག་ཞིང་ཁམས་ན། །སྲས་བཅས་རྒྱལ་བ་རྒྱ་མཚོའི་མགོན་པོ་མཆོག །གསུང་གི་རིགས་གཙོ་བཅོམ་ལྡན་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་རི་བོ་གྲུ་འཛིན་ཕོ་བྲང་ན། །མཁྱེན་བརྩེའི་མངའ་བདག་བྱང་ཆེན་འགྲོ་བའི་གཉེན། །འཁོར་བ་དོང་སྤྲུག་ལོངས་སྐུ་ཐུགས་རྗེ་ཅན། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཉིད་ཐུགས་རྗེའི་སིནྡྷུ་རོལ་པའི་མཚོར། །གེ་སར་ལས་འཁྲུངས་སྤྲུལ་སྐུ་མཐུ་སྟོབས་བདག །ལོག་འདྲེན་ཚར་གཅོད་རྒྱ་བོད་ཆོས་ལ་བཀོད། །རྗེ་བཙུན་པདྨ་ཐོད་ཕྲེང་སྤྱི་བོས་མཆོད། །མཚུངས་མེད་དྲིན་ཆེན་ཀརྨའི་མཚན་ཅན་དང་། །ཚེ་རབས་ལྷ་སྐལ་རྡོ་རྗེ་རྣལ་འབྱོར་མ། །སྤྲུལ་སྐུ་མཚོ་རྒྱལ་མ་ཅིག་ལབ་སྒྲོན་སོགས། །འགྲོ་བའི་དོན་མཛད་རྣམས་ལ་གུས་ཕྱག་འཚལ། །རྡོ་རྗེ་འཆང་དང་རྡོ་རྗེ་དབྱིངས་ཕྱུག་མ། །པད་མའི་སྤྱན་སྔར་ཁས་བླངས་དམ་བཅས་པ། །ཁྱད་པར་གནས་འདིར་བཀའ་སྲུང་དམ་ཅན་རྣམས། །ཉེ་བར་བསྟེན་ནོ་དམ་ཚིག་ཚུལ་བཞིན་སྲུངས། །བདེ་ཆེན་ཞིང་ཁམས་དབྱེར་མེད་དགའ་བ་ལུང་། །དག་སྣང་དཔའ་བོ་ཌཱཀྐིའི་ལུང་བསྟན་དང་། །ཞལ་གཟིགས་ཡི་གེར་བཀོད་འདིས་གནས་སྲུང་ཚོགས། །རུ་ང་མ་བྱེད་བདག་གི་གྲོགས་མཛོད་ཅིག །དེ་ལ་ཁོ་མོའི་ལོ་རྒྱུས་བརྗོད་པ་ན། །སྔོན་གྱི་ལས་འཕྲོ་ཡུལ་གྱིས་བསྐལ་ན་ཡང་། །སྤོ་བོའི་ལུང་དུ་ཇི་ལྟར་སྐྱེ་ཚུལ་དང་། །སྔོན་གནས་རབ་རིབ་རྗེས་སུ་དྲན་པ་དང་། །ལས་ཀྱི་འཕྲོ་སད་བླ་མ་བསྟེན་ཚུལ་དང་། །གདམས་ངག་ཇི་ལྟར་ཞུས་དང་ཉམས་ལེན་དང་། །སྒོམ་རྟགས་ལག་རྗེས་ཇི་ལྟར་བྱུང་བ་དང་། །དུས་གསུམ་ཀུན་མཁྱེན་སློབ་དཔོན་པདྨ་དང་། །ཌཱཀྐི་མ་ཡི་ལུང་བསྟན་བརྡ་སྟོན་དང་། །ཡང་དག་དོན་གྱིས་དབང་བསྐུར་ཐོབ་ཚུལ་དང་། །གཞན་ཡང་གསང་བའི་ལུང་བསྟན་དག་སྣང་སོགས། །གསང་སྒྲོག་འགྱུར་ཕྱིར་ཟུར་དུ་བཀོད་པར་སྤྲོ། །གསང་སྔགས་སྣོད་ལྡན་རྣམས་ཀྱིས་དེ་རུ་གཟིགས། །སྐྱེ་བ་དམན་པས་བསོད་ནམས་ཆུང་སྙམ་ཡང་། །འདི་ཡང་སྟོན་པ་སངས་རྒྱས་ཞལ་ནས་སུ། །བྱང་ཆུབ་སེམས་ལ་ཕོ་མོ་མེད་ཅེས་གསུངས། །ཟ་ཧོར་རྒྱལ་པོའི་སྲས་མོ་མནྡ་རས། །མི་ཕྱེད་ཡིན་ཀྱང་བྱང་ཆུབ་བསྒྲུབ་ཏུ་ཡོད། །ཅེས་གསུངས་རྒྱ་གར་འཕགས་ཡུལ་བོད་ལ་སོགས། །སྐྱེ་དམན་རྟེན་ལ་གྲུབ་ཐོབ་མང་དུ་བྱོན། །ཁྱད་པར་གསང་སྔགས་བླ་མེད་སྐབས་སུ་ནི། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་བསྔགས་པ་མང་། །དེ་ཕྱིར་ཆོས་ལ་འཇུག་འདོད་བཙུན་མའི་གྲོགས། །སྐྱེ་བ་དམན་ཞེས་ཞུམ་ཞུམ་མི་དགོས་ཏེ། །སྙིང་རུས་བརྩོན་འགྲུས་སྡུག་བསྔལ་བསྒྲུབ་ནུས་ན། །འབྲས་བུ་སངས་རྒྱས་ལག་པའི་མཐིལ་ན་གདའ། །དམ་ཆོས་འདུལ་བ་དགག་བྱ་གསུངས་ནའང་། །ཐེག་པ་དེའི་ལུགས་སུ་གོ་དགོས་སོ། །བླ་མེད་སྐབས་སུ་སྨོད་ན་རྩ་ལྟུང་གསུངས། །རྣམ་པ་ཀུན་ཏུ་དགག་པར་རུང་མ་ཡིན། །ཆོས་དང་མི་མཐུན་བསྟན་པའི་ཞབས་འདྲེན་པའི། །སྐྱེ་རྒྱལ་བཙུན་གཟུགས་ཡིན་རུང་ཅི་ཞིག་སྨོན། །འོན་ཀྱང་དག་པའི་སྣང་བ་སྦྱོང་ན་འཐད། །ལར་ན་མི་ལུས་དོན་ཡོད་མ་གྱུར་ན། །རིན་ཆེན་གསེར་ལས་གྲུབ་ཀྱང་དགོས་པ་ཅི། །དེ་ཕྱིར་རང་དོན་བསྒྲུབ་ན་མི་ལེགས་སམ། །བདག་ནི་འཁོར་བའི་ཆོས་ལ་ཞེན་ལོག་སྟེ། །ཉིན་མཚན་ཐུན་སྒྲིག་ལུས་ངག་དགེ་སྦྱོར་དང་། །ཁྱད་པར་ཉེར་སྒྲུབ་རིམ་གཉིས་ཟུང་འཇུག་གི །བླ་མའི་མན་ངག་སྒྲུབ་པ་ལྷུར་བླངས་ཏེ། །བདེན་པ་བཅད་རྒྱ་ངག་མཚམས་དུས་འདའ་ཞིང་། །བྱ་དཀའ་དོན་ཆུང་དགོས་དགོས་མང་པོ་ཡང་། །མཆིལ་མའི་ཐལ་བ་ཙམ་དུ་མ་ཆགས་པར། །སྐད་ཅིག་རིག་པའི་སྟེང་དུ་མར་ཐག་བཅད། །ཆོས་སྐུའི་རྒྱལ་པོའི་གཏན་སྲིད་དེ་ནས་ཟིན། །འཁོར་འདས་ཆོས་ལ་རེ་དང་དོགས་པ་ཟད། །འབྲས་བུ་འདི་ལས་ལྷག་པ་ཡོད་སྙམ་མེད། །དེ་ཡང་མ་འགག་རོལ་པའི་རྟེན་འབྲེལ་ལས། །སྣང་བའི་བདག་ཉིད་དཔལ་ཆེན་ཧེ་རུ་ཀ །སྟོང་པའི་བདག་ཉིད་རྡོ་རྗེ་དབྱིངས་ཕྱུག་མཁའ། །སྙོམས་པར་ཞུགས་ལས་རྒྱལ་སྲས་རིག་པ་འཛིན། །ཇི་ལྟར་སྣང་ཡང་རྒྱལ་བའི་རབ་འབྱམས་པ། །གང་ལྟར་སྲིད་པ་ཐམས་ཅད་ཞི་ཁྲོའི་སྐུར། །རྡུལ་སྙེད་འཆར་ཡང་ཤར་མཁན་རང་རིག་མདངས། །མཁའ་དབྱིངས་འཇའ་ཟེར་ཀློང་ན་མེར་མེར་གསལ། །གསལ་སྟོང་ཟུང་འཇུག་དབྱིངས་རིག་འདུ་འབྲལ་མེད། །མེད་བཞིན་སྣང་བ་བདེན་གཉིས་དབྱེར་མེད་དོན། །དོན་གྱི་གནས་ལུགས་རང་བཞིན་འདུས་མ་བྱས། །བྱས་པ་དོན་ཡོད་ཁོ་མོ་ཨེ་མ་མཚར། །འདི་ལྟར་ཉམས་སྣང་འལ་འོལ་བྱུང་བ་རྣམས། །ཡི་གེར་འབྲི་ཡང་མི་ལོང་དགོས་པ་ཅི། །འོན་ཀྱང་དྲིན་ཆེན་བླ་མ་དམ་པ་དེས། །བྲིས་གསུངས་ཡི་གེ་ཉུང་ངུར་བྱས་པ་ལ། །སླད་ན་འགྲོ་བན་ལོ་ཙཱའི་སྐྱེ་བཞེས་པའི། །རིག་འཛིན་ཆེན་པོ་ནུས་ལྡན་རྡོ་རྗེ་ཡི། །གནས་ཡིག་ལ་སོགས་དག་སྣང་ལུང་བསྟན་རྣམས། །ཞིབ་རྒྱས་བཀོད་ཅེས་བཀའ་གནང་བསྩལ་ལགས་ཀྱང་། །བདག་ནི་སྐྱེ་དམན་ཐོས་བསམ་སྦྱངས་སྟོབས་ཆུང་། །དམ་པ་དགྱེས་པའི་ལེགས་བཤད་མ་བཅག་ཙམ་ལྟར་ཞོག་གི །སྐྱེ་བོ་ཕལ་བའི་རྣར་སྙན་ཙམ་ཞིག་ཀྱང་། །སྒྲིག་པར་ནུས་པའི་ཡོན་ཏན་མ་མཆིས་མོད། །འོན་ཀྱང་བཀའ་ཡི་ཁུར་ལྕི་དབང་བཙན་པས། །རྨི་ལམ་དག་སྣང་བྱུང་བ་རགས་རིམ་ཙམ། །དཀོན་མཆོག་དཔང་བཞུགས་ཟོལ་མེད་འབྲི་བར་བྱ། །དེ་ཡང་སྐུ་གསུམ་གྱི་ཞིང་ཁམས་ཇི་ལྟར་ན། །ཆོས་སྐུའི་ཞིང་ཁམས་ཁྱབ་བརྡལ་ཡངས་པའི་ཀློང་། །ལོངས་སྐུའི་ཞིང་ཁམས་གཞི་སྙིང་མེ་ཏོག་བརྒྱན། །སྤྲུལ་སྐུའི་ཞིང་ཁམས་མི་མཇེད་འཇིག་རྟེན་ཁམས། །ཉེར་ལྔའི་བར་མ་བཅུ་གསུམ་པ་འདི་ལ། །རི་རབ་ལྷོ་ཕྱོགས་འཛམ་གླིང་ལྟེ་བ་ནི། །རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་ལྷག་བྱུང་། །ཁ་བ་ཅན་ཞེས་ཐུགས་རྗེ་ཆེན་པོའི་ཞིང་། །བོད་ཡུལ་འདི་ལ་གནས་ཆེན་བསམ་མི་ཁྱབ། །ཁྱད་པར་མདོ་སྟོད་སྤོ་བོའི་ལུང་པ་འདི། །ཨུ་རྒྱན་ཆེན་པོའི་ལུང་བསྟན་གནས་མཆོག་ཡིན། །རྒྱ་ལ་དཔའ་རིའི་གངས་ཅན་ཤར་གྱི་ཕྱོགས། །ཆོས་རྒྱལ་བཞེངས་པའི་འདོང་ཆུའི་གཙུག་ལག་དང་། །གུང་ལུང་མཁའ་འགྲོ་འདུ་བའི་ཤར་ལྷོའི་མཚམས། །གནས་ཆེན་སྦས་ཡུལ་གཡག་གུ་ལུང་གི་ལྷོ། །རྒྱལ་བའི་གཞལ་ཡས་ཐོག་རྒྱབ་ལྷོ་ནུབ་དང་། །དེ་ཝི་ཀོ་ཊ་ཟངས་མདོག་དཔལ་རིའི་ནུབ། །སྦས་ཡུལ་མངོན་པར་དགའ་བའི་བཀོད་ཆེན་བྱང་། །གནས་མཆོག་དགའ་བ་ལུང་ཞེས་བྱ་བ་བཞུགས། །འདི་ཡི་ལོ་རྒྱུས་མདོར་བསྡུས་བརྗོད་པར་བྱ། །དེ་ཡང་ངོ་མཚར་བ་ལས་ཀྱང་ཆེས་ཆེར་རྨད་དུ་བྱུང་བ། ཐོས་པ་ཙམ་གྱིས་དགྲ་བགེགས་གདུག་པ་ཅན་རྣམས་ཉེ་བར་མི་ནུས་པའི་ཁྲོ་བོ་ཕོ་བྲང་། དྲག་པོའི་གནས་དགའ་བ་ལུང་གི་དག་སྣང་དང་ཞལ་གཟིགས་ལུང་བསྟན་བྱུང་ཚུལ་མདོ་ཙམ་བརྗོད་ན། བླ་མའི་གདན་ས་འོག་མིན་དགའ་བའི་ཚལ། །དབེན་གནས་རྒྱ་མཁར་བཀྲ་ཤིས་རི་ཁྲོད་དུ། །མོས་ལྡན་ཨོ་རྒྱན་བུ་ཁྲིད་ཁོ་མོ་ཡིས། །འཆི་བ་མི་རྟག་ལས་འབྲས་བསླུ་མེད་དྲན། །ངན་སོང་འཁོར་བའི་སྡུག་བསྔལ་དོས་རེ་དྲག །དུས་ངན་སྐྱེ་བོའི་སྤྱོད་འགྲོས་མི་སྐྱོང་ཞིང་། །དམ་ཆོས་མ་གཏོགས་ཅིས་ཀྱང་དགོས་མེད་སྙམ། །ཐུན་མོང་ཆོས་སྤྱོད་ལུས་ངག་དགེ་སྦྱོར་དང་། །ཁྱད་པར་བླ་མ་དམ་པའི་གདམས་ངག་ལ། །འདུན་པ་ཆིག་དྲིལ་སྒྲུབ་ལ་བརྩོན་པའི་ཚེ། །རྡོ་རྗེ་ལུས་ཀྱི་ཕྱི་ནང་རྟེན་འབྲེལ་གྱི། །ནང་དུ་རླུང་སེམས་ཐིག་ལེ་དྷཱུ་ཏིར་འཁྱིལ། །གདོས་བཅས་འབྱུང་ལྔའི་རྟོག་ཚོགས་རང་སར་དག །ཕྱི་ཡུལ་རི་བྲག་རྩི་ཤིང་ཆུ། །རགས་པའི་དངོས་པོ་མ་གྲུབ་སྟོང་གསལ་བརྡལ། །སྒོ་ལྔ་ཧར་སང་གནས་ལུགས་ཡུག་གཅིག་ཏུ། །ལྟ་སྒོམ་སྤྱོད་སོགས་རྩིགས་བཞིན་བྲལ་བའི་ངང་། །མ་བལྟས་བཞག་པས་དག་པ་རབ་འབྱམས་སུ། །ཉིན་དང་མཚན་མེད་ཉམས་སྣང་འོད་གསལ་ལས། །དགའ་བ་ལུང་གི་ཕར་རྒྱབ་ས་ཕྱོགས་ཀུན། །ལག་པའི་མཐིལ་དུ་སྐྱུ་རུ་ར་བཞག་བཞིན། །སྒྲིབ་མེད་ཟང་ཐལ་གང་སྣང་སངས་རྒྱས་ཞིང་། །ནམ་མཁའི་དབྱིངས་ཀུན་འཇའ་ཟེར་དྲ་བ་འཁྲིགས། །དཔའ་བོ་མཁའ་འགྲོ་གྲངས་མེད་ལྷ་ལམ་ལ། །ལྷ་དང་ལྷ་བྲན་རྒྱན་ཆ་དུ་མ་ལྷུབ། །མཆོད་པའི་ལྷ་མོ་རྣམས་ཀྱིས་རྩེ་གར་རོལ། །གནམ་ས་བར་སྣང་འོད་ཀྱི་ཐིབ་ཐིབས་ཀློང་། །ལྟད་མོ་སྣང་བས་གང་ཡང་ཆོས་སྐུར་མཐོང་། །དེ་མཐོང་མི་ཡུལ་སྣང་བ་ཡུད་ཅིག་འགག །ཁོ་མོ་བག་དྲོ་ཉམས་འབར་ཤེས་པ་འཕྱོ། །ཕྱོགས་དེར་འགྲོ་བའི་འདུན་པ་ཤར་ན་འོང་། །དྲིན་ཅན་བླ་མས་བཀའ་བཀྱོན་ཡོང་གི་དོགས། །ཞུ་བར་མ་ནུས་སྡོད་པའི་སྐབས་ཤིག་ཏུ། །ཉམས་སྣང་སྐྱོང་བའི་ཆ་ལུགས་ལྡན་པ་ཞིག །མདུན་དུ་བྱུང་སྟེ་ལག་ན་རྒྱ་སྲན་དབྱིབས། །ཁ་དོག་དཀར་པོ་མགྲོན་བུ་ཆུ་ཙམ་ཞིག །ཞི་དུལ་ལྡན་པས་གྲུབ་པའི་ཚུལ་གྱིས་ནི། །བདག་ལ་གཏད་དེ་འདི་སྐད་ཅེས་ཀྱང་ཟེར། །འདི་ནི་སངས་རྒྱས་འོད་སྲུང་འཕེལ་གདུང་ཡིན། །སྐྲ་ལ་བརྒྱན་ན་རྟེན་འབྲེལ་དངོས་གྲུབ་འདི། །དེ་ཡང་གྲངས་ཀྱི་ལྷ་ཚོགས་ཞལ་གཟིགས་འགྱུར། །གནས་མཆོག་ངོ་མཚར་དགའ་བ་ལུང་གི་རྒྱབ། །ཐབས་དང་ཤེས་རབ་ཟུང་འཇུག་གསུམ་གྱི་བརྡ། །མཚོ་ཆེན་བརྗིད་མེད་གཏིང་ནས་ཟབ་པ་དེ། །ཡི་དམ་འཁོར་ལོ་བདེ་མཆོག་ཕོ་བྲང་ཡིན། །མཚོ་སྔོན་དྭངས་ཤིང་ལྟ་ན་སྡུག་པ་དེ། །དེ་ལྟར་ལུང་བསྟན་གསལ་བ་བྱུང་བ་དང་། །ད་ནི་གསང་ཐབས་དགའ་ལུང་མཚོ་ལྟས་སུ། །འགྲོ་སྙམ་བཙུན་མ་གཅིག་ཁྲིད་ཆས་པའི་ཚེ། །བཙུན་མ་དྲུག་ཙམ་རྗེས་སུ་འབྲང་བྱུང་ཞིང་། །ཡུམ་ཆེན་རྡོ་རྗེ་ཕག་མོའི་ཕོ་བྲང་ཡིན། །མནྜལ་འདྲ་བའི་མཚོ་ཆུ་མཛེས་པ་དེ། །ཡབ་ཡུམ་ཟུང་དུ་འཇུག་པའི་ཕོ་བྲང་ཡིན། །ད་ལྟ་ཉིད་དུ་གནས་ཆེན་ནང་དུ་འདོངས། །བླ་མས་ཁྱོད་ལ་བཀྱོན་པ་མི་འོང་ཞེས། །རང་ལོ་སོ་གཉིས་ལྕགས་ཕོ་འབྲུག་ལོ་ཡིས། །ཡོས་ཟླ་ཉེར་གསུམ་ལམ་ཞུགས་སོང་བའི་ཚེ། །གནས་སྐད་དུང་སྐད་སྙན་པ་ཐོས་པ་དང་། །འདི་ནི་གནས་བདག་མཁའ་འགྲོ་མ་རྣམས་ཀྱིས། །སྤྲོ་དགའི་རོལ་མོ་མདུན་ནས་བསུ་བ་ཡིན། །རྟེན་འབྲེལ་བཟང་སྙམ་དེ་མ་ཐག་ཏུ་ནི། །རྡོ་ལ་དུང་དཀར་གསལ་བར་བྱོན་ནས་འདུག །གནས་སྒོ་ངེས་པར་འབྱེད་པའི་བརྡ་རུ་གོ །དེ་ནས་གནས་ཆེན་དགའ་ལུང་ནང་། །བདག་གིས་གཙོ་བྱས་བཙུན་མ་བརྒྱད། །ལྟད་མོ་ལྟ་རུ་སོང་བའི་ཚེ། །སྦས་ལུང་ལྷ་ཡི་ཞིང་ཁམས་མཇལ། །ཉིན་མཚན་མེད་པར་འཇའ་ཚོན་འཁྲིགས། །འཇའ་འོད་འཁྱིལ་པའི་གུར་ཁང་དུ། །ལྷ་དང་ལྷ་མོ་དཔག་མེད་རྣམས། །ཟ་འོག་གུར་ཁྱིམ་བཀྲམ་པ་ལྟར། །ཕྱོགས་མཚམས་ཤིག་ཤིག་གང་བ་དང་། །རྡོ་ལ་མཁའ་འགྲོའི་ཞབས་རྗེས་མཇལ། །ཡར་ཡར་འགྲོ་བའི་བརྡ་རུ་གོ །ཁྱད་པར་གནས་ཆེན་དེ་ཉིད་ཕྱི། །ཤིང་གི་སྒོ་མོའི་ནང་ཤེད་ན། །གནས་མཆོག་ཤེལ་སྟོང་བསྒྲུབ་གནས་སུ། །མེ་ཏོག་སྣ་ཚོགས་སྐྱེས་པའི་ས། །བདུད་རྩི་ཆུ་རྒྱུན་སྔགས་སྒྲ་སྒྲོགས། །བྱ་རིགས་སྐད་སྙན་མགྲིན་གླུ་ལེན། །ཏིང་འཛིན་ཉམས་རྟོགས་འཕེལ་བའི་ས། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་ཚེ། །ནུབ་གཅིག་བདག་གི་ཉམས་སྣང་ལ། །རྒན་མོ་དབུ་སྐྲ་དཀར་བ་ཞིག །ཁོ་མོ་བདག་གི་མདུན་དུ་བྱུང་། །ཁྱེད་ལ་ཅི་མིང་བྱས་ཙ་ན། །རིན་ཆེན་སྐྱིད་མོ་མིང་ཞེས་ཟེར། །དེ་ལ་ཞུས་ལན་མང་བྱས་པས། །བདག་ལ་འདི་སྐད་གསུངས་པ་ཐོས། །རྒྱབ་རི་ཟས་རི་མཆོག་རྒྱན་ངེས། །སངས་རྒྱས་ཤཱཀྱ་ཐུབ་པ་ལ། །ཉེ་བའི་སྲས་བཞིས་བསྐོར་བ་དང་། །ཨུ་རྒྱན་པདྨ་འབྱུང་གནས་དང་། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། །གཏེར་གྱི་སྒྲོམ་བུ་སྟོན་པ་དང་། །ལོ་ཙཱ་སྐ་ཅོག་རྣམ་གཉིས་བཞུགས། །ཆོས་སྐྱོང་རྔ་བརྡུང་ཁྲིགས་སེ་ཡོད། །སྒྲ་སྙན་རོལ་མོ་སྣ་ཚོགས་པ། །རྒྱུན་ཆད་མེད་པར་རྟག་ཏུ་སྒྲོག །རྒྱ་གར་གྲུབ་ཆེན་དམ་པ་སངས་རྒྱས་དང་། །མཇལ་འཕྲད་རྫུ་འཕྲུལ་མཛད་ཚུལ་ཡོད། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་། །སྐྱེས་བུ་ཡེ་ཤེས་རྡོ་རྗེ་དང་། །དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར། །ཞིང་ཁམས་འབྱོན་པའི་ཚུལ་ཀྱང་ཡོད། །བསྟན་སྐྱོང་ཚེ་རིང་མཆེད་ལྔ་བཞུགས། །རྗེ་བཙུན་མི་ལ་ཡབ་སྲས་ཀྱི། །རི་དྭགས་རྒྱལ་པོ་སེང་གེ་དང་། །ལྷ་བྱ་དཀར་མོ་དུང་གི་མདོག །གཞན་ཡང་བྱ་རིགས་མང་དུ་ཡོད། །རྔ་ཆེན་ཁམས་གསུམ་འབྲུག་སྒྲགས་དང་། །མཁའ་འགྲོའི་ཚོགས་དུང་རྒྱང་གྲགས་སོགས། །རོལ་མོའི་བྱེ་བྲག་སྣ་ཚོགས་ཡོད། །ཅེས་པས་ལུང་བསྟན་བྱུང་བ་བཞིན། །བྲག་ལ་ཞལ་གཟིགས་གསལ་བར་བཞུགས། །སྟག་ཕྲད་ཤར་གྱི་དབུ་རྩེ་རུ། །མཆོད་པའི་ལྷ་མོ་གར་སྟབས་མཛད། །རྒྱལ་བ་རིགས་ལྔ་གཙོ་འཁོར་བཞུགས། །གནས་མཆོག་དེ་ཡི་གཡས་ཕྱོགས་སུ། །འཕགས་པ་ཀླུ་སྒྲུབ་ཡབ་སྲས་བཞུགས། །མར་པ་ཡབ་ཡུམ་སྲས་གསུམ་དང་། །རས་ཆེན་རས་ཆུང་ལ་སོགས་པའི། །རས་པ་བརྒྱ་དང་རས་མ་བརྒྱ། །གར་སྟབས་ཁྲིགས་སེ་བཞུགས་པ་ཡོད། །གནས་ཆེན་དེའི་ཐང་དཀྱིལ་ན། །དུར་ཁྲོད་ཀླུ་མོ་རྒྱལ་ཆེན་ལ། །བམ་རོའི་ཚོགས་འཁོར་བསྐོར་བ་དང་། །ཡུམ་མཆོག་རྡོ་རྗེ་ཕག་མོ་ཉིད། །ཚོགས་མཆོད་བྱིན་བརླབས་མཛད་པ་མཇལ། །མཁའ་འགྲོ་ཁྲོས་མ་ནག་མོ་ཡང་། །བམ་རོའི་ག་དར་བཅད་པ་དང་། །མ་རུངས་གནོད་པར་བྱེད་པ་རྣམས། །མཁའ་འགྲོ་སེང་གེའི་གདོང་ཅན་ལ། །སྲོག་སྙིང་ཚོགས་ཕུད་ཕུལ་བ་མཇལ། །ཅང་ཤེས་རྟ་མཆོག་བྷ་ལ་ན། །སྒ་སྔ་རུ་དངུལ་གྱི་པ་ཏྲ་དང་། །ཞབས་རྗེས་རྡོ་རྗེ་རྒྱ་གྲམ་ལ། །མེ་ཏོག་ཚོམ་བུ་བཀོད་པ་ཡོད། །ལྷ་ཚོགས་མ་དང་མཁའ་འགྲོ་རྣམས། །སེང་གེའི་རི་དྭགས་ལ་སོགས་ཆིབས་ནས། །དུར་ཁྲོད་འབྱོན་པའི་ཚུལ་དུ་ཡོད། །ཚོགས་བྲོ་བརྡུང་པའི་ཞབས་རྗེས་ནི། །ངོ་མཚར་ཆེ་བ་མང་དུ་ཡོད། །གནས་མཆོག་དེའི་འོག་རོལ་དུ། །གུ་རུ་རྡོ་རྗེ་གྲོ་ལོད་བཞུགས། །བཀའ་སྲུང་ཕག་གདོང་ནག་མོ་ཡོད། །དུར་ཁྲོད་དེ་ཡི་དབུ་རྩེ་ན། །བྲག་དཀར་རྒོད་ཀྱི་སྐུ་འདྲ་བཞུགས། །དེ་ལ་རྒོད་ཅིག་ལྡིང་སྐོར་བྱེད། །སླར་ཡང་སྐུ་ལ་ཐིམ་པ་དང་། །བྱ་བྲན་མང་པོ་དུར་ཁྲོད་གཟིགས། །དེ་བཞིན་སྤྲུལ་བྱ་བཞི་བྱུང་ནས། །ནམ་མཁའི་དབྱིངས་ནས་ལྡིང་སྐོར་བྱེད། །ཤར་གྱི་འབྲོག་ལུང་གནས་སུ་སོང་། །ལུང་བསྟན་ཡིན་པའི་བརྡ་རུ་གོ ། གནས་མཆོག་དེ་ཡི་མདུན་རི་ལ། །སེང་གེ་མ་གུ་འཛམ་པ་ཡོད། །མཚམས་སྐོར་བྱ་རྒོད་སྤུངས་རི་ལ། །རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་བཞུགས། །དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འཁྲིགས། །གཡས་རི་དཔའ་བོ་སྡེ་ལྔ་དང་། །གཡོན་རི་དཔའ་མོ་སྡེ་ལྔ་བཞུགས། །མཁའ་འགྲོའི་ཚོགས་དུང་འབུད་པ་དང་། །མཆོད་པ་རྣམ་ལྔ་བཤམས་པ་དང་། །བཟུང་ཁམས་ཀྱི་ཙང་ཁ་ཡན། །བསྒྲུབ་པའི་གནས་བྱིན་ནོར་རྫས་ཆོས་བཀའ་སོགས། །གཏེར་ཁ་བརྗོད་འདས་སྦས་ཤིང་མ་འོངས་སྐྱེ་འགྲོའི་དོན་ཆེན་དུ། །སྐྱེས་ཅན་ཕོ་མོ་རིམ་བྱོན་སྨོན་རྒྱས་བཏབ། །གབ་སྦས་མངོན་ཕྱུངས་ངོ་མཚར་གཟི་བྱིན་འབར། །སྐྱེ་འགྲོ་བདེ་བཀོད་ཀུན་བཟང་འོད་སྐུར་བསྐྱལ། །སྦས་པའི་གནས་མཆོག་འདི་དག་ཀུན། །མཚན་ཐོས་ཙམ་གྱིས་མཐོ་རིས་བདེ་འགའ་འགྱེད། །ཞལ་མཇལ་ཙམ་གྱིས་སྐུ་གསུམ་འོད་སྐུར་འཁྱིལ། །གནས་སྒོ་འབྱེད་པས་ནད་མུག་མཚོན་འཁྲུག་ཞི། །ཚོགས་འཁོར་བསྐོར་བས་རིག་འཛིན་གྲལ་དུ་འཁོད། །ཅེས་གནས་མཆོག་དམ་པ་དགའ་བ་ལུང་ཞེས་མཁའ་འགྲོའི་སྦས་ལུང་འདི། བརྗོད་པར་དཀའ་བའི་ཆེ་བའི་ཡོན་ཏན་ནི། སྤུ་བོ་འདོང་ཆུའི་ལྷ་ཁང་ནས་བྱུང་བའི་གཏེར་ལུང་ལས། འདོང་ཆུ་ལྷ་ཁང་འདི་དང་མ་རིང་ཤར་ལྷོ་ན། །ང་ཡི་བསྒྲུབ་གནས་ཁྱད་པར་ཅན། །བདེ་ཆེན་དགའ་བ་ལུང་ཞེས་བྱ་བ་ཡོད། །པད་འབྱུང་བདག་དང་ཡེ་ཤེས་མཚོ་རྒྱལ་གྱིས། །ཡང་ཕུར་བསྒྲུབ་པའི་གཞལ་ཡས་ཡོད། །མ་དང་མཁའ་འགྲོའི་ཚོགས་ཁང་ཡོད། །གུ་རུ་ཡབ་ཡུམ་བཞུགས་ཁྲི་དང་། །འཆི་མེད་ཚེ་ཡི་བུམ་པ་ཡོད། །བརྒྱད་ལྡན་ཁྲུས་ཀྱི་རྫིང་བུ་ཡོད། །ཞི་ཁྲོ་བདེ་མཆོག་ཕོ་བྲང་ཡོད། །པད་འབྱུང་བདག་དང་རྗེ་འབངས་ཉེར་ལྔ་ཡི། །རྫུ་འཕྲུལ་ཞབས་རྗེས་གསལ་བར་ཡོད། །དཔའ་བོ་མཁའ་འགྲོའི་བྲོ་ར་ཡོད། །ཞལ་གཟིགས་ནམ་མཁའི་སྐར་ཚོགས་འདྲ། །ཟབ་མོའི་གཏེར་ཁ་གསུམ་ཙམ་ཡོད། །གནས་མཆོག་འདི་ཡི་ལྟག་རྒྱབ་ན། །མཁའ་འགྲོ་རྒྱལ་གྱི་ལུང་པ་ཞེས་བྱ་སྟེ། །བྲག་རི་སེང་གེ་འགྱིང་འདྲ་ཡོད། །བྲག་རི་དེའུ་ཡི་ཀེའུ་ཚང་དུ། །པད་འབྱུང་བདག་དང་མཚོ་རྒྱལ་གྱི། །སྒྲུབ་ཕུག་ཏིང་འཛིན་འོད་གསལ་རྫོང་ཞེས་བྱ་བ་ཡོད། །གཞན་ཡང་སྒྲུབ་ཕུག་མང་དུ་ཡོད། །པད་འབྱུང་བདག་གི་བཞུགས་ཁྲི་དང་། །ཞི་ཁྲོ་བདེ་གཤེགས་འདུས་པའི་ལྷ་ཚོགས་བཞུགས། །གུ་རུ་ཡབ་ཡུམ་ཞབས་རྗེས་ཡོད། །དེའུ་འབུར་རིན་ཆེན་སྤུངས་འདྲ་ཡོད། །ཞི་ཁྲོ་ཕག་མོ་ཁྲོས་མ་ཡི། །ཕོ་བྲང་གཡུ་མཚོ་གཏན་འཁྱིལ་ཡོད། །མཚོ་དེ་ཁ་རུ་རེག་པ་ཡིས། །ཐ་ན་ཁྱི་ཕག་ལྟ་བུ་ཡིན་མོད་ཀྱང་། །མཐོ་རིས་བདེ་འགའ་འགྱེད་པར་ངེས། །རབ་འབྲིང་ཐར་པའི་གྲོང་ཁྱེར་འཇུག །གཞན་ཡང་ལྷ་ཚོགས་དཔག་མེད་བཞུགས། །གནས་མཆོག་ཁྱད་འཕགས་གནས་ཆེན་དེ་རྣམས་སུ། །པད་འབྱུང་བདག་ཉིད་ཟླ་གསུམ་བཞུགས་པའི་སྒྲུབ་གནས་ཡིན། །གཞན་ཡང་གནས་མཆོག་འདི་ཉིད་ཀྱི། །ཤར་དུ་བདེ་ཆེན་ལྷ་ཡི་སྐྱེ་ཚང་ཡོད། །ལྷོ་རུ་ཨརྱ་ལུང་ཞེས་བྱ་བ་ཡོད། །ནུབ་ཏུ་བདེ་བ་ལུང་ཞེས་བྱ་བ་ཡོད། །བྱང་དུ་རྩལ་རྫོགས་ལུང་ཞེས་བྱ་བ་དྲག་པོའི་གནས་ཤིན་ཏུ་རྩུབ་པ་ཞིག་ཡོད། །བསྒྲུབ་གནས་འདི་རྣམས་སྒོ་འབྱེད་ཙམ་གྱིས་ནི། །ཡ་མཚན་གཟི་བྱིན་བསམ་མི་ཁྱབ། །སྤོ་ལུང་ལྷོ་མོན་བདེ་ཉི་བརྡལ། །ཕྱག་བསྐོར་འབྲེལ་བས་ཐར་ལམ་ཟིན། །ཞལ་མཇལ་ཙམ་གྱིས་མཆོག་གི་དངོས་གྲུབ་ཐོབ། །ཚོགས་འཁོར་སུས་བསྐོར་རིག་འཛིན་ས་ལ་འགོད། །དར་ཅོག་འཛུག་པས་ཐར་པའི་གྲོང་ཁྱེར་ཕྱིན། །བརྗོད་པ་དཀའ་བའི་ཡོན་ཏན་ཟུར་ཙམ་མོ། །གནས་གཏེར་འདི་ཡི་སྲུང་མ་ནི། །བདུད་མགོན་ཀླུ་བཙན་ནག་པོ་དང་། །གཏེར་མགོན་བྱ་རོག་གདོང་ཅན་ཁྱོད་ལ་གཏད། །མ་འོངས་ནུས་ལྡན་རྡོ་རྗེའི་བརྡ་བྱིན་ཚེ། །ཤེལ་དཀར་རྡོ་རྗེ་མཚོ་ཡི་སྐྱེ་བ་ནི། །རྣལ་འབྱོར་དབང་མོ་ཨོ་རྒྱན་མིང་། །བྲང་བརླ་མཆེན་ལ་སྐུ་གསུམ་གྱིས། །སྨེ་བ་མཚན་པ་ཨོ་རྒྱན་མིང་། །རྣལ་འབྱོར་མ་དེས་འབྱིན་པའི་ཚེ། །སྐྱེ་འགྲོ་ཚོགས་བསགས་བདེ་ཉིད་བརྡལ། །དུས་ལ་བབ་ཚེ་གཏེར་སྲུང་ཁྱེད་རྣམས་ཀྱིས། །དམ་ལྡན་རྣལ་འབྱོར་དེའི་གྲོགས་མཛོད་ཅིག །བཛྲ་ས་མ་ཡཱ། ཞེས་རྣལ་འབྱོར་པ་མ་ཀུན་བཟང་མོ་ཞེས། ཨོ་རྒྱན་གྱི་མཚན་འཛིན་པ་འདི་ཉིད་ལ། སྨད་པ་དང་སྒྲོ་སྐུར་གྱི་བྱ་བ་སྤང་ཞིང་། ཕྱག་བྱ་བ་དང་བཀུར་སྟིའི་འོས་སུ་གྱུར་པ་ངེས་པར་དེ་བའི་ལུང་ནི། བླ་མ་དགོངས་པ་འདུས་ཡོངས་འདུས་ལུང་བྱང་ལས། ཤེལ་དཀར་རྡོ་མཚོའི་སྤྲུལ་པ་ནི། །མ་འོངས་ཤེལ་ཕུག་ནུབ་ཕྱོགས་སུ། །བུད་མེད་ཨོ་རྒྱན་མིང་ཅན་པདྨའི་རིགས། །གཞན་ལ་ཆེ་བརྗོད་པདྨ་ང་ལ་མོས། །སྐལ་ལྡན་དེ་ལ་བླ་སྒྲུབ་གཏད་རྒྱ་གྱིས། །ཞེས་གསུངས་པས་མདོ་སྔགས་ནས་ལུང་བསྟན་པའི་སྐལ་ལྡན་ཕོ་མོ་ནི་ཉིན་མོའི་སྐར་མའམ། ནམ་མཁའི་མེ་ཏོག་ལས་ཀྱང་ཆེས་དཀོན་པའི་ཕྱིར། ཀུན་གྱིས་དད་པ་དང་གུས་པ་དང་མཆོད་པར་འོས་པར་རིགས་སོ། །ཅི་ཕྱིར་མདོ་ལས། ནད་པ་དང་ནི་ཆོས་སྨྲས་དང་། །སྐྱེ་མཐའ་བྱང་ཆུབ་སེམས་དཔའ་ལ། །ཡོན་ཕུལ་བ་ནི་གཞལ་དུ་མེད། །ཞེས་གསུངས་པའི་བདེ་དགའི་འབྲས་བུ་གུས་ལྡན་རང་རང་གི་རྒྱུད་ལས་སྨིན་པ་ངེས་སོ། །ཞེས་ཆོས་སྐུ་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལས། །ལོངས་སྐུ་རྡོ་རྗེ་ཕག་མོ་ཉི་འོད་བརྡལ། །སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་སྤྲིན་ཕུང་འཁྲིགས། །སྐུ་གསུམ་དབྱེར་མེད་རྣལ་འབྱོར་དབང་མོ་ཡིས། །གཟི་བྱིན་ཆར་འབེབས་འགྲོ་བའི་ཚ་གདུང་སེལ། །འདི་ནི་སྐྱེ་མེད་དབྱིངས་ཀྱི་ཌཀྐི་མ་ཞིག་ཡིན་པ་ངེས་པས། ཆེད་དུ་བརྗོད་པ་མ་གཏོགས། ངོ་བསྟོད་དང་། ཕྱོགས་ལྷུང་སོགས་ཡེ་ནས་བྲལ་ཞིང་། གདུལ་བྱ་སྐལ་པ་གསུམ་གྱིས་རང་རང་གི་སྤྱོད་ཡུལ་དུ་ངེས་རྒྱུའི་ཡི་གེ །འདི་དག་རྣམས་ལ་ལོག་པར་བལྟ་ཞིང་འབར་གཤེ་དང་སྒྲོ་སྐུར་བཏབ་པའི་སྐལ་མེད་དམ་ཉམས་མ་རུངས་པ་ལོག་གཤེད་བདུད་རྣམས་ཀྱི་སྲོག་རྩ་ཆོད་ལ་སྙིང་ཁྲག་ཐང་དུ་ཕོས། གུས་ལྡན་འཁོར་གཡོག་སྦྱིན་བདག་གྲོགས་རྣམས་ལ། རྟག་ཏུ་གྲོགས་མཛད་ཚེ་བསྲིང་བསོད་ནམས་གྲོགས་ལྡན་མཛོད་ཅིག །བསྟན་བསྲུང་རྒྱ་མཚོའི་ཚོགས། ཞེས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་འགྲོ་བ་ལྷ་མིའི་མཆོད་སྡོང་དུ་གྱུར་པ། ཆེད་དུ་བོད་གངས་ཅན་གྱི་ལྗོངས་འདིར་མཁས་ཤིང་གྲུབ་པ་བརྙེས་པ་མདོ་སྔགས་ཀྱི་ལུང་གི་ཕྱུག་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་རིགས་ཀྱི་བདག་པོར་གྱུར་པ། མཚན་ཡོངས་སུ་གྲགས་པ་བདུད་འདུལ་རྡོ་རྗེ་ཞེས་ཕྱོགས་བྲལ་ནམ་མཁའི་ཁྱོན་ཡངས་རྣལ་འབྱོར་བ། རིག་འཛིན་ནུས་ལྡན་རྡོ་རྗེ་བློ་བདེ་བས། སྒྲུབ་གནས་རིག་འཛིན་སྐྱེ་ཚལ་རྡོ་རྗེའི་ལྡིང་ཁང་དུ་སྐལ་ལྡན་བུང་བ་དགྱེས་ཕྱིར་ལེགས་བཀྲ་འདི། སྒྲུབ་ཚང་སྤྲུལ་སྐུ་ཀུན་བཟང་འོད་གསལ་སྙིང་པོས་བགྱིས་པ་སརྦ་མངྒ་ལཾ།

ཆེད་དོན་གནས་ཡིག་ལ་ཡོད་བཞིན་གྱི་གནས་འདི་དག་རྣམས་ཀྱི་སྒོ་འབྱེད་པའི་དུས་ལ་བབ་པ་ནི་ངེས་ཅན་ཡིན་པས་དེ་དག་རྣམས་ཀྱི་སྒོ་འབྱེད་པ་དང་ངག་སྣང་ཚད་ཀྱི་མ་དང་མཁའ་འགྲོ་རྣམས་ཀྱི་གསུང་གླེང་དང་། གནས་ཀྱི་ཡི་གེ་དག་སྣང་བྱུང་ཚད་ཐམས་ཅད་གསལ་རྒྱས་སུ་བཀོད་པ་གལ་ཆེ་ཞིང་། གནས་གཏེར་གྱི་སྒོ་འབྱེད་པ་ཙམ་གྱིས་འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་ཡིན་ཞིང་མ་འོངས་པའི་ཚེ་ནའང་ཆོས་མཛད་ཀྱི་སྐལ་ལྡན་ཕོ་མོ་རྣམས་ལ་མཚན་ཞིང་། གནས་གཏེར་ལ་ངེས་པ་རྙེད་པའི་དོན་ཆེད་དུ་ཆོས་མཛད་མ་ཉིད་ཀྱི་རྣམ་ཐར་དང་། དག་སྣང་ལྟ་སྒོམ་གྱི་རྟོགས་པ་བརྗོད་པའི་ཉམས་རྟོགས་ཀྱི་མགུར་མ་སོགས། གབ་སྦས་མེད་པར་ས་མ་ཡཱ་དགོངས་ནས་གསལ་རྒྱས་མིག་གི་རིས་སུ་ཡག་སྒོ་ཡོད་པའི་ཅི་ནས་ཀྱང་གལ་པོ་ཆེ། ཞེས་ཕྱོགས་བྲལ་ནམ་མཁའི་ཁྱོན་ཡངས་རྣལ་འབྱོར་པ་རིག་འཛིན་ནུས་ལྡན་རྡོ་རྗེ་དང་ས་འདེབས་ཀྱི་སྒྲུབ་པ་མོ་ཨོ་རྒྱན་བུ་ཁྲིད་ལ་ཆབ་ཤོག་ཏུ་བསྐུལ་བ་མངྒ་ལཾ། འདི་ཡི་བརྒྱུད་རིམ་ནི་རིག་འཛིན་བདུད་འདུལ་རྡོ་རྗེ། སྒྲུབ་པ་མོ་ཨོ་རྒྱན་བུ་ཁྲིད་དམ་ཀུན་བཟང་དབང་མོ། གཏེར་སྟོན་སྟག་ཤམ་རྡོ་རྗེ། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ།

གྲུབ་ཆེན་ཨོ་རྒྱན་བུ་ཁྲིད་ཀྱི་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་པ་བསྡུས་པ། མཛད་པ་པོ་རྒྱལ་མཚན་གངས་རྒྱས་རིག་འཛིན།

༄༅། །གྲུབ་ཆེན་ཨོ་རྒྱན་བུ་ཁྲིད་ཀྱི་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་པ་བསྡུས་པ་བཞུགས་སོ། །

ན་མོ་པདྨ་ཀ་ར་ཡེ། དུས་གསུམ་རྒྱལ་རྣམས་ཐུགས་རྗེ་གཅིག་བསྡུས་པའི། །ཕྲིན་ལས་རྩལ་ཆེན་འགྲོ་འདུལ་པདྨ་འབྱུང་། །རྒྱལ་ཚབ་སྙིགས་དུས་སྐྱབས་མགོན་སྤྲུལ་པའི་སྐུ། །རིག་འཛིན་ནུས་ལྡན་རྡོ་རྗེའི་ཞབས་དྲུང་དུ། །ཁོ་མོ་རབ་ཏུ་གུས་པས་འདི་སྐད་གསོལ། །དེང་སང་མི་འཇིགས་སེངྒེའི་ཁྲིར་བཞུགས་ནས། །སྐྱེ་འགྲོའི་བདེ་ཐབས་ཁུར་བཞེས་རྗེས་ཡི་རང་། །ཁྱེད་ཀྱི་བརྩེ་བའི་བསླབ་བྱའི་ཀ་ཆེན་ནི། །བདག་ལ་རྣམ་ཐར་ཞིབ་གསལ་དགོས་གསུངས་ཀྱང་། །སྨྱོས་ཅན་ཁྱེད་སོགས་སྤྱན་ལམ་འདེབ་པ་དང་། །གཞན་ལ་ཕན་པའི་རྣམ་ཐར་འོས་མ་མཆིས། །འོན་ཀྱང་བཀའ་ཡི་ཁུར་ལྕི་དམ་ཚིག་གཉན། །ཆག་ཉམས་མ་གོས་ཙམ་དུ་ཅུང་ཟད་ཞུ། །སྔོན་ནས་བསོད་ནམས་ཡང་ཡང་མ་བསགས་པ་དང་། །མཐའ་འཁོབ་ནང་ནས་ཡང་འཁོབ་སྤྲུ་བོ་ལུང་། །ས་ལྡེམ་ཡུལ་དུ་སྐྱེ་བའི་རེ་མོས་བབ། །དེ་ཡང་སྔོན་གྱི་ལས་ལས་སྟབས་འཛོམས་པའི། །ཕ་མ་གཉིས་ལ་དཔོན་བཀྲ་མཚོ་མོ་ཞེས། །ཐོག་མར་མ་ཡི་ལྷུམས་སུ་ཡོད་པའི་ཚེ། །ཕ་མ་གཉིས་ཀྱི་རྨི་ལམ་མཚན་ལྟས་ནི། །མ་ཡི་ཕྲག་པར་ཉི་མ་ཤར་བ་དང་། །ལུས་ལ་དུང་དཀར་བཏགས་པ་རྨིས་པ་དང་། །སྙིང་ཁར་ཁ་དོག་ལྔ་ལྡན་བྱེའུ་ཞིག །ཐོན་ཏེ་ནམ་མཁར་འཕུར་སོང་རྨིས་པ་ཡིས། །རྣམ་རྟོག་ཟས་ཏེ་རིམ་འགྲོ་ཆེར་བྱས་ཤིང་། །བྱ་ལོའི་སྤྲེའུ་ཟླ་བའི་ཚེས་བཅུའི་ཉི་ཤར་ལ། །བདག་སྐྱེས་བུ་མོར་རིག་པས་མ་མགུ་སྟེ། །བུ་སྐྱེ་རེ་ཡང་བུ་མོ་སྐྱེས་ཞེས་ཟེར། །བླ་མཆོད་རྣམས་དང་ཕ་མ་ཁྱིམ་མཛེས་ཀྱི། །བདག་ལ་མིང་ཡང་བཞི་ཙམ་བཏགས་ནས་འདུག །ལ་ལས་མིང་ནི་འབུམ་སྐྱིད་ཐོགས་ཞེས་ཟེར། །ལ་ལས་ཨོ་རྒྱན་ལྷ་མོ་ཐོགས་ཞེས་ཟེར། །ཁ་ཅིག་ཨོ་རྒྱན་སྐྱིད་མོ་ཐོགས་ཞེས་གླེང་། །ཕས་ནི་རྗེས་སུ་བུ་འོང་རེ་བ་ཡིན། །མིང་ལ་ཨོ་རྒྱན་བུ་ཁྲིད་བཏགས་དགོས་ཟེར། །དེ་ནས་ཟླ་བ་བརྒྱད་ཙམ་ལོན་པ་ཡིས། །གདན་ཁར་བཞག་ནས་རེ་ཞིག་སོང་བ་དང་། །བལྟ་རུ་ཕྱིན་པས་ལྡུམ་རའི་ནང་ཞིག་ཏུ། །ལང་ནས་འགྲོ་ཡིན་འདུག་བས་ཡིད་མ་ཆེས། །མ་ཡིས་ཉམ་ཐག་ཅིག་ལ་བཤད་པ་དང་། །སྐྱོན་ཅན་འདུག་པས་གཞན་ལ་གསང་དགོས་ཟེར། །དེ་བཞིན་མ་ལ་སྐྱེས་ནས་ལོ་གསུམ་ཙམ། །ཕ་ནི་འཇིག་རྟེན་ཞེན་ལོག་ཆོས་ལ་སོང་། །རྗེས་སུ་མ་ཡང་འདུག་ཚུལ་དཀའ་བ་དང་། །ཨ་མྱེ་ཨ་ཕྱི་གཉིས་ཀྱང་འདི་སྐད་དུ། །བུ་མོ་སྐྱེས་ནས་ཟླ་བ་བརྒྱད་ལ་འགྲོ། །ཕ་ཡང་ཡུལ་ཕྱོགས་གཞན་དུ་ཆོས་ལ་སོང་། །ལོ་གསུམ་ཐོག་ནས་ཕ་མ་སོ་སོར་གྱེས། །འདི་ནི་ལོགས་པོ་ཡིན་ཞེས་གླེང་བ་བྱུང་། །ལོ་བརྒྱད་དུས་སུ་གསང་སྔགས་ཆོས་གླིང་ཕྱིན། །ཞང་པོ་བླ་མ་ཤེས་རབ་རྒྱ་མཚོ་ཡིས། །བན་ཆུང་གཉིས་ལ་ཡི་གེ་བསླབ་ཀྱིན་འདུག །བདག་ཀྱང་དེ་ཡི་མཉམ་དུ་ལྟ་རྟོག་བྱས། །ཁོང་གཉིས་མ་ཤེས་པ་ཡང་བདག་གིས་ཤེས། །ཞང་པོས་དགོས་ཆེད་མེད་ཅེས་ཕྱི་ལ་བསྐྲད། །ལན་ཅིག་ཞང་པོ་མནལ་བའི་རྨི་ལམ་དུ། །ཐོག་འོག་མུན་ཁང་འདྲ་ཞིག་བསྡད་པ་ལ། །སྟེང་དུ་ཁྱོད་འདྲའི་སྐད་གདངས་འདི་ལྟར་བོས། །ཨ་ཞང་དེ་རུ་མ་འདུག་འདིར་ཤོག་ལ། །བདག་ལ་ཡི་གེ་སློབས་ཤིག་ཟེར་བ་ཐོས། །སྟེང་དུ་ཕྱིན་པས་བུ་མོ་མཚན་ལྡན་མ། །བཅུ་དྲུག་ལོན་ཙམ་དར་དུང་དཀར་པོ་གསོལ། །ཁྱེད་ནི་སུ་ཡིན་དྲིས་པས་འདི་སྐད་ཟེར། །བདག་མ་ཅིག་ལབ་སྒྲོན་གཡོག་མོ་ཡིན། །བདག་ལ་ཡི་གེ་ལེགས་པར་སློབས་ཤིག་ཟེར། །ད་ནི་རྨི་ལམ་བཟང་བས་ཡི་གེ་སློབ། །ཅེས་གསུངས་བསླབ་པས་དཀའ་བ་མེད་པར་ཤེས། །བྱིས་པ་ཡིན་ཀྱང་དགའ་ཚོར་དཔག་མེད་བྱུང་། །རང་ཡུལ་མ་མའི་ཁྱིམ་དུ་གནས་པའི་ཚེ། །ལོ་མང་བཅུ་ཙམ་ལོན་པའི་དུས་ཤིག་ཏུ། །བུ་མོ་གྲོགས་འགའ་རི་ལ་ཆས་པ་ཡི། །བདག་ཀྱང་འགྲོ་དགོས་བྱ་སྟེ་རྗེས་སུ་སོང་། །གྲོགས་རྣམས་སོ་སོའི་སྤྱོད་ཚུལ་ལ་བལྟས་པས། །བྱ་སྤྱོད་དུད་འགྲོ་ལས་ཀྱང་ལོད་པར་མཐོང་། །བྱིས་པར་སོང་བས་ཤིང་སྡོང་ལོགས་ལ་འཛེག །ཐང་དུ་ལྷུང་བས་རེ་ཞིག་རླུང་འཐུམ་སོང་། །སྔོན་གྱི་བག་ཆགས་ཡིན་ནམ་མངའ་རིས་དང་། །ཟབ་བུ་ལུང་སོགས་བཀོད་པ་གསལ་བ་འཆར། །དེ་ནས་སླར་ཡང་དྲན་པ་རྙེད་པ་དང་། །འཆི་བ་མི་རྟག་ངེས་འབྱུང་རང་ཤུགས་སྐྱེས། །ཐར་པའི་ལམ་སྟོན་བླ་མ་ནམ་ཞིག་རྙེད། །ད་ནི་ཆོས་མིན་དགོས་པ་མི་འདུག་སྙམ། །སྐྱོ་བ་ལྷང་ལྷང་ངུ་ཞིང་ཁྱིམ་དུ་སོང་། །ཁྱོད་ཀྱིས་འདི་ཙམ་ངུ་བ་ཅི་ཉེས་ཟེར། །བདག་ནི་མི་རྟག་འཆི་བའི་ཆོས་དྲན་སྨྲས། །བྱིས་པའི་ཁ་ལ་ཉན་མཁན་ག་ལ་ཡོད། །ཁྱོད་ལ་སྒྱུ་རུའི་རང་གྲོལ་མིང་ཐོགས་ཟེར། །དེ་ནས་བཟུང་སྟེ་ཉིན་མཚན་ཀུན་ཏུ་ཡང་། །བླ་མ་བཙལ་ལ་གདམས་ངག་ཞུ་བ་དང་། །འཆི་ཁ་འགྱོད་མེད་གྲབས་ཤིག་མ་བྱས་ན། །མི་ལུས་ཐོབ་ཀྱང་དགོས་པ་ཅང་མི་འདུག །བསམ་དོན་ཆོས་བཞིན་འགྲུབ་པ་དཀོན་མཆོག་མཁྱེན། །ཁ་ཞེ་མེད་པར་བསམ་ཀྱང་གཡེང་བ་ཡིས། །རང་ལོ་བཅུ་བདུན་བར་དུ་ལེ་ལོའི་ངང་། །སྨོན་ལམ་བཟང་པོ་ཡང་ཡང་བཏབ་ཅིང་གནས། །ཞེས་སྔོན་གྱི་བག་ཆགས་ལས་འཕྲོས་པའི་སྐྱེ་བ་ལེན་ཚུལ་རང་ལོ་བཅུ་བདུན་གྱི་བར་གྱི་བྱ་སྤྱོད་ཀྱི་སྐབས་ཏེ་དང་པོའོ། །དེ་ནས་རང་ཡང་སྔོན་གྱི་སྨོན་ལམ་ལས། །བཅུ་བདུན་ལོ་ལ་མཚན་ལྡན་བླ་མའི་དྲུང་། །སྐྲ་བཅད་ལུས་བསྒྱུར་མི་ཕོག་གདམས་ངག་ཞུས། །ཕྱག་ཆེན་ཡི་གེ་བཞི་བ་ལྷན་ཅིག་སྐྱེས་སྦྱོར་སོགས་ཟབ་ཁྲིད། ཚེ་རབས་ལས་སྨོན་བླ་མའི་གསུང་བཞིན་དུ། །སྒོ་གསུམ་དབྱེར་མེད་སྒོ་ལྔ་རང་བབ་བཞག །བལྟས་པས་མཐོང་མེད་སེམས་ཀྱི་ངོ་བོ་བལྟས། །རང་སེམས་རྩད་བཅད་རིག་པ་གཅེར་བུ་བཞག །བདེ་གསལ་ཉམས་སྣང་ཅུང་ཟད་སྐྱེས་པ་ཡང་། །བླ་མའི་དྲུང་དུ་དེ་བཞིན་བྱུང་ཚུལ་ཞུས། །དྲིན་ཆེན་བླ་མའི་ཞལ་ནས་འདི་སྐད་གསུངས། །གནས་ཐོག་ཏུ་འགྱུ་བ་རང་ངོ་ཤེས། །འགྱུ་ཐོག་ཏུ་གནས་པས་རང་ས་ཟིན། །བསྒོམ་གནས་འགྱུ་བར་ན་རང་ངོ་ཤེས། །དེ་ཉོན་མོངས་ཅུང་ཟད་ཞི་བ་དང་། །གནས་པ་བག་ཙམ་བརྟེན་པ་ཡིན། །ཞེས་གསུངས་བདག་གིས་འདི་ལྟར་ཞུས། །ཕ་ཁྱོད་ཀྱིས་ངོ་སྤྲོད་མཛད་པ་རྣམས། །དེ་སྔར་ནས་བདག་ལ་ཡོད་པ་ཡིན། །ན་ལས་ཏེ་བཞད་གད་དི་རི་སོང་། །བདག་ཡིད་མ་ཐོ་ལ་དེ་སྐད་ཞུས། །ཀུན་ཀྱང་མཚར་གཏམ་བྱེད་པའང་བྱུང་། །དེ་སྐབས་ཡུལ་ལ་ནད་ཡམས་དྲག་པོས་ཁྱབ། །རྒན་གཞོན་བྱིས་པ་མང་དུ་ཤི་བ་དང་། །བདག་གི་ལུས་ལའང་ན་ཚ་དྲག་པོས་ཐེབས། །ཀུན་ཀྱི་ན་གོ་ཤི་གོ་ཆོད་ཅིག་པའི། །སེམས་བསྐྱེད་སྨོན་ལམ་འདུན་པ་ཡང་ཡང་བཏང་། །མཐོང་ལྟས་མཁན་པོ་རྣམས་ཀྱིས་འདི་སྐད་ཟེར། །བུ་མོ་ཨོ་རྒྱན་བུ་ཁྲིད་ན་བ་འདི། །ཡུལ་གྱི་ནད་ཡམས་ཆད་པ་ཡོད་ཅེས་བསྒྲགས། །དེ་བཞིན་ཡུལ་གྱི་ནད་མཚམས་ཆད་པར་གྱུར། །འདི་ཡང་རྟེན་འབྲེལ་མི་བསླུ་ཙམ་ཞིག་འདུག །དེ་ལྟར་ན་རྐྱེན་ཟུག་རྔུ་མ་བསྟེན་ཏེ། །ལྷག་པར་འཆི་བ་མི་རྟག་སྐྱོ་ཤས་སོགས། །མགོ་ལ་མེས་ཚིག་པང་དུ་སྦྲུལ་ཞུགས་ལྟར། །སྐད་ཅིག་ཙམ་ཡང་སྡོད་པ་སེམས་མ་བཟོད། །གནས་མཆོག་འབྲོག་ལུང་སྒྲུབ་ཕུག་འོག་མར་སོང་། །སྒོ་གསུམ་སྒྲིབ་སྦྱང་དགེ་སྦྱོར་བརྩོན་འགྲུས་བསྐྱེད། །ཏིང་འཛིན་ཉམས་སྣང་འཕེལ་འགྲིབ་རེས་འཇོག་ཅན། །ཉམས་རྟོགས་བོགས་སྐྱེད་ཆེ་བར་མ་བྱུང་ཡང་། །ཐུན་མོང་དངོས་གྲུབ་རྟགས་མཚན་དངོས་སུ་གཏད། །གངས་ཆེན་ཉིལ་ཡང་ཅུང་ཟད་གནོད་མ་གྱུར། །བཅུ་དགུའི་ལོ་ལ་དཀར་རྩི་འཕྲང་རྒྱབ་ཏུ། །སྒྲུབ་མཚམས་ཟླ་བ་གཉིས་ཙམ་བསྡད་པའི་ཚེ། །ནུབ་ཅིག་མནལ་བའི་རྨི་ལམ་ཉམས་སྣང་ལ། །གླང་ཆེན་ཁྲུས་ཆུ་སྦྱར་ཕྱར་འོག་རོལ་ཏུ། །གཡམ་པ་སྒོ་འདྲ་བཀག་པའི་ཞབས་ལོགས་སུ། །མཚལ་གྱིས་ཡི་གེ་བྲིས་པ་འདི་ལྟར་འདུག །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །མ་རུངས་ལྷོ་བདུད་ཐམས་ཅད་རྩད་ནས་ཆད་པར་འགྱུར། །དེ་བཞིན་ཡི་གེ་མང་དུ་བྲིས་འདུག་ཀྱང་། །གསལ་པོ་ཀློག་ཏུ་བཏུབ་པ་མ་བྱུང་ངོ་། །ཉེར་དགུའི་ལོ་ལ་གོ་འདིང་ལ་ཁ་རུ། །ཟླ་བ་བཅུ་ཙམ་ངག་མཚམས་བཅད་རྒྱ་བྱས། །མཉམ་བཞག་ཁོ་ནའི་དོན་ལ་འབུང་བའི་ཚེ། །བདེ་གསལ་མི་རྟོག་ཉམས་སྣང་ཆེར་རྒྱས་པས། །ལུས་ངག་ཡིད་གསུམ་གཡོ་བ་མེད་པའི་ངང་། །གནས་ལུགས་ཡུག་ཅིག་གྱུར་བའི་ཉམས་ཀྱང་སྐྱེས། །དེ་སྐབས་བདག་ཉིད་ཉམས་སྣང་ཟ་ཟི་ལ། །ཨཾ་རག་སྔོན་པོ་གྱོན་པའི་མི་ཞིག་གིས། །མདུན་དུ་བྱུང་ནས་བདག་ལ་འདི་སྐད་ཟེར། །བདག་ནི་འབའ་ཡུལ་སྐྱིད་གསུམ་སྒང་ནས་ཡིན། །དམྱལ་བ་ཉི་ཚེ་བ་ཡི་གནས་ཡིན་ཞིང་། །ད་ལྟ་ནད་ཡམས་འཁྲུག་རྩོད་དར་ཞིང་ཡོད། །ཁྱེད་ཀྱི་སྐྲ་ཞིག་བསླང་དུ་འོང་བ་ཡིན། །ཟེར་བས་བདག་གིས་ལན་དུ་འདི་སྐད་སྨྲས། །སྐྱེ་དམན་བདག་གི་སྐྲ་དེས་ཅི་ཞིག་བྱ། །གཞན་ལ་ཕན་པའི་དོན་དུ་ག་ལ་འགྱུར། །བླ་མས་གསན་ན་བཀའ་བཀྱོན་རྒྱུ་རུ་འགྱུར། །བྱས་པས་ཡང་ཅིག་དེ་ཡིས་འདི་སྐད་ཟེར། །ཁྱེད་ཀྱི་དགོས་དོན་ཆུང་བ་མིན། །སྐྲ་རྩ་སྟུག་པས་སངས་རྒྱས་བསྟན་པ་དར། །སྐྲ་རྐང་བཞུན་པས་སྡོམ་དང་དམ་ཚིག་གཙང་། །སྐྲ་རྩེ་རྣོ་བས་བློ་རྩལ་ཤེས་རབ་ཆེ། །ས་ལེ་སྨན་གྱིས་དྲི་བསུང་ངད་པ་འཕྲོ། །སྐྱིད་གསུམ་སྒང་དུ་འགྲོ་དོན་ཤིན་ཏུ་ཆེ། །བསང་གི་ཐབ་ཏུ་བསྲེགས་པའི་དུད་པ་ཡིས། །ནད་ཡམས་འཁྲུག་རྩོད་རང་སར་ཞི་བ་དང་། །ཁྱེད་ཀྱང་དེ་རུ་བྱོན་ནས་ས་བོན་འདེབས། །ཁྱེད་རང་ལུས་ངག་ཡིད་གསུམ་བཞོས་པ་ཡིས། །འོ་མ་སེམས་ཅན་འགྲོ་དོན་རྒྱ་ཆེར་གྱིས། །བླ་མ་བཀའ་བཀྱོན་གནང་བ་མི་འབྱུང་ཞིང་། །སང་གི་ཁྱེད་རང་ས་རུ་འབྱོན་པར་ཡོད། །དེ་ལྟར་ཟེར་བའི་མོད་ལ་ཉམས་སྣང་སད། །འདི་བདེན་ནམ་མི་བདེན་བརྟག་དགོས་སྙམ། །སང་ངེས་པར་བླ་མས་དབུགས་དབྱུང་བས། །དེ་བདེན་པར་འདུག་སྙམ་སེམས་ལ་བྱུང་། །ཕ་བླ་མའི་དྲུང་དུ་འདི་སྐད་ཞུས། །བདག་ལུས་ཉམས་ཡོད་མེད་མི་ཚོར་ཞིང་། །ངག་ཉམས་སུ་སྨྲ་སྙིང་མི་འདོད་པ། །སེམས་ཉམས་ལ་རྟོག་མེད་ཡེ་རེ་བ། །སྒོམ་བཞིན་དུ་སྒོམ་སྙིང་ཚིམ་པར་བྱུང་། །དེ་བཞིན་དུ་མཉམ་བཞག་གཡོ་མེད་ངང་། །རྗེས་ཤེས་ཀྱི་རི་མོ་འདི་ལྟར་བཀྲ། །ད་ཕྱིན་ཆད་གཡའ་རི་ནགས་ཁྲོད་དུ། །བསེ་རུ་ལྟར་གཅིག་པུར་གནས་བྱས་ཏེ། །གྲོགས་མང་གི་ཁྲོད་དུ་མི་སྡོད་ཞུས། །ཕ་བླ་མའི་ཞལ་ནས་འདི་སྐད་གསུངས། །བདེ་གསལ་དང་མི་རྟོག་ཉམས་བཟང་ཡང་། །གཞི་མ་དང་གོལ་ས་ཡང་རྩེ་གསུམ། །སྐྱོན་ཡོན་གྱི་བྱེ་བྲག་ཕྱེད་དགོས་ཤིང་། །རང་གཅིག་པུར་ཞི་བདེ་སྒྲུབ་འདོད་དང་། །གྲོགས་མེད་དུ་གནས་འདོད་ཐེག་དམན་རྒྱུད། །དེ་བས་ན་ཐེག་ཆེན་སེམས་བསྐྱེད་དེ། །སྒྲུབ་གནས་ལ་འདེམ་ཀ་མི་བྱེད་པར། །དགེ་སྦྱོར་ལ་གུ་ཡང་སྐྱོང་ཤེས་དགོས། །དེ་བཞིན་དུ་གེགས་སེལ་མང་དུ་གནང་། །སླར་རི་ཁྲོད་ང་ཡི་དྲུང་དུ་ཤོག །རླུང་རྩོལ་དང་གཏུམ་མོའི་དམིགས་པ་ཕོག །ཅེས་གསུངས་པས་བླ་མའི་དྲུང་དུ་ཕྱིན། །འཁྲུལ་འཁོར་དང་བཅུད་ལེན་གནང་བཞིན་དུ། །བརྩོན་འགྲུས་ལ་ཐང་ལྷོད་མ་སོང་བར། །ཡེངས་མེད་ངང་མཉམ་པར་བཞག་པའི་ཚེ། །བཟང་ངན་གྱི་རྟོག་པ་རང་སར་ཞི། །སྟོན་ནམ་གྱི་སྤྲིན་ཐག་ཆད་པ་ལྟར། །རྟོག་མེད་ཀྱི་ཤེས་པ་ངོས་བཟུང་བྲལ། །ས་ལེ་དང་སིང་ངེ་རྗེན་ནེ་ལྷང་ངེར་དང་། །དེ་རྒྱུན་ཆད་མེད་པར་ཤར་བ་དང་། །བཟང་ངན་གྱི་རྟོག་པ་རང་སར་ཞི། །ཉམས་ལེན་ཉིན་མཚན་དབྱེ་བ་མེད། །སྤྱོད་ལམ་རྣམ་བཞིར་འདུ་འབྲལ་མེད། །གཞག་བྱ་དང་འཇོག་བྱེད་བསྒོམ་བྱ་དང་། །སྒོམ་བྱེད་ཤེས་པ་དོར་ཏེ་ཐལ། །དེའི་ལུགས་ཀྱི་ངོ་སྤྲོད་གནང་བར་ཞུ། །ཞེས་ཞུས་པས་བླ་མས་འདི་སྐད་གསུངས། །དེ་རླུང་སེམས་དབུ་མར་ཚུད་པའི་རྟགས། །ཉམས་རྟོགས་ས་རུ་བཟུང་ན་གོལ་ས་ཡིན། །ཡེ་གདོད་མ་ནས་སྣང་སྟོང་ཟུང་འཇུག་ཏུ། །སྐུ་གསུམ་དུ་ལྷུན་གྱིས་གྲུབ་པར་གནས། །ཤེས་བཞིན་དུ་ཡིན་ལུགས་གཏན་ལ་ཕབ། །སྐྱོན་ཡོན་ཏན་གྱི་གནད་མཚང་རིག་བཞིན་དུ། །རིག་ཐོག་ཏུ་སྒྲོ་འདོགས་གཅོད་པར་གཅེས། །ཞེས་སྐུ་གསུམ་གྱི་ངོ་སྤྲོད་གནང་བཞིན་དུ། །རིག་ཐོག་ནས་རྣོ་རུས་བཏུགས་ཏེ་བསྒོམ། །སྒོམ་ཐོག་ཏུ་རིག་པ་ཟང་ཐལ་ངང་། །ཆོས་དབྱིངས་ཀྱི་ནམ་མཁའི་ཀློང་ཡངས་སུ། །མ་མཁའ་འགྲོ་མང་པོའི་ཚོགས་བཅས་དང་། །རིགས་ལྔའི་ཞིང་ཁམས་དཔག་མེད་མཇལ། །རྗེ་དྭགས་པོའི་ཆོས་བཅུ་མཇལ་བའི་ཚེ། །དཔེ་ནམ་མཁར་འཕུར་བ་སླར་ཡང་ལྡོག །ཆང་བསིང་བས་རྒྱུན་ཆང་འགྱུར་བ་དང་། །ནས་ཉུང་ངུ་མང་པོ་འཕེལ་བ་སོགས། །ཕྱི་ཐུན་མོང་གི་དངོས་གྲུབ་རྟགས་མང་བྱུང་། །ཡང་ནུབ་ཅིག་ཏུ་རླུང་ཐུམ་རྣམ་པར་སོང་། །བདག་མདུན་དུ་ལས་བྱེད་མཁའ་འགྲོ་མ། །འཁོར་མཁའ་འགྲོ་བྱེ་བའི་ཚོགས་དང་བཅས། །ཕུར་པ་དང་ཞགས་པ་ཕྱག་ན་བསྣམས། །གཡས་གར་དང་གཡོན་གར་སྟངས་སྟབས་ཅན། །འཁོར་ཚོགས་རྣམས་རིམ་བཞིན་ཐིམས། །ཕུར་བསྐོར་གྱི་རྔམ་འགྲོས་བྱེད་ཅིང་བྱུང་། །ཁྱེད་ནི་སུ་ཡིན་འཁོར་རྣམས་ཇི་སྐད་ཟེར། །ནམ་མཁར་ལྔ་ལྡན་འཇའ་ཚོན་ཞིང་ཁམས་གང་། །དེ་སྐད་དྲིས་པའི་ལན་དུ་འདི་ལྟར་གསུངས། །ང་ནི་མ་ཅིག་ལབ་སྒྲོན་བྱ་བ་ཡིན། །ནམ་མཁར་འཇའ་ཚོན་མཁའ་འགྲོའི་བསུ་བ་ཡིན། །འཁོར་རྣམས་རིམ་བཞིན་བདག་ལ་ཐིམ་པ་ནི། །ཐམས་ཅད་དུ་མ་རོ་གཅིག་རྟོགས་པ་ཡིན། །ཞེས་གསུངས་ལན་དུ་བདག་གིས་འདི་སྐད་སྨྲས། །མ་ཅིག་ཕྱག་མཚན་ཌ་དྲིལ་ཡིན་པ་ལ། །ཁྱེད་ཀྱི་ཕྱག་མཚན་ཕུར་བུ་ཞགས་པ་འདུག །མཁའ་འགྲོ་བདུད་འདུལ་མ་དེ་ཡིན་ནམ་ཅི། །དྲིས་པས་དེའི་ཞལ་ནས་འདི་ལྟར་གསུངས། །ལབ་སྒྲོན་དང་མཁའ་འགྲོ་བདུད་འདུལ་མ། །ཐ་དད་དང་དབྱེ་བ་ཡོད་མ་ཡིན། །དབྱེ་བ་དང་ཐ་དད་ཡོད་འདོད་ན། །མ་རྒྱུད་ཀྱི་མཁའ་འགྲོ་མ་མཇལ་རྟགས། །གཉིས་འཛིན་གྱི་མདུད་པ་མ་ཞིག་ཅང་། །བྱིང་རྒོད་འདི་གུད་དུ་མ་ཕུད་ན། །ཡེ་ཤེས་ཀྱི་མཁའ་འགྲོ་མཇལ་བ་མེད། །ཕྱི་ལྟར་མ་ཅིག་ལབ་སྒྲོན་ཏེ། །ནང་ལྟར་མཁའ་འགྲོ་བདུད་འདུལ་མ། །གསང་བ་ཤེས་རབ་ཡུམ་ཆེན་ཡིན། །ཡེ་གྲོལ་ཀུན་ཏུ་བཟང་མོ་ཡིན། །དེ་ཡང་དག་དོན་གྱི་མཁའ་འགྲོ་ཡིན། །ཞེས་སོགས་ཞུས་ལན་མང་དུ་བྱུང་། །ཡང་དེ་ཉིད་ཀྱི་ཞལ་ནས་འདི་སྐད་གསུངས། །ཁྱོད་ཁས་ལེན་དང་དམ་བཅའ་མང་དུ་ཉམས། །ཁྱོད་སྐྱེ་བ་འདི་ཡི་གོང་རོལ་དུ། །འོལ་བའི་ལམ་ལོག་གནས་ཡུལ་ནོར། །སྙེ་བོའི་ཕྱོགས་སུ་བུ་མོར་སྐྱེས། །ལོ་བདུན་གྱི་སྟེང་དུ་བྱེ་མའི་འོག །ཤི་བའང་བདག་གིས་ཕུར་བས་བཏབ། །འདི་རུ་ཡང་འགྲོ་དོན་འབྱུང་བ་མེད། །ད་ལྟ་ནས་ཕུར་པས་གདབ་པ་ཡིན། །ཞེས་གསུངས་ནས་ཕུར་བ་སྙིང་ཁར་དྲིལ། །མཁའ་སྤྱོད་ཀྱི་གནས་སུ་ད་གཤེགས་འཚལ། །གསུངས་པའི་ལན་དུ་འདི་སྐད་ཞུས། །ཞགས་པས་མགུལ་པར་བཅིངས་པ་དེ། །མཁའ་འགྲོའི་བརྒྱུད་པ་འཛིན་པ་ཡིན། །སྙིང་ཁར་ཕུར་པས་གདབ་པ་དེ། །མ་མཁའ་འགྲོའི་སྙིང་ཐིག་གོ་བ་ཡིན། །ཞིང་ཁམས་རྣམ་དག་བགྲོད་ན་དགའ། །ཁས་ལེན་དང་དམ་བཅའ་ཇི་ལྟར་འགལ། །ཅེས་ཞུས་པས་དེ་མ་ཐག་ཏུ་ནི། །ནམ་མཁའི་དབྱིངས་སུ་མེ་ཡིས་གང་། །སྣ་ཚོགས་མཚོན་ཆའི་གུར་ཁང་བཀྲམ། །བྱ་གཅན་དང་བེམ་ཆེན་ཀེང་རུས་སོགས། །དུད་ཁྲོད་ཀྱི་བཀོད་སྤྲིན་འབར་བ་ཡི། །མེ་རི་དང་རྡོ་ར་བསྐོར་བའི་ནང་། །བར་ཁྱམས་སུ་ལྷ་མོ་མཛེས་མ་ཞིག །བུམ་ཆུས་བདག་ལ་ཁྲུས་བྱས་ཤིང་། །འཇའ་གུར་གྱིས་བརྡལ་བའི་བར་མཚམས་སུ། །འཇའ་ཟེར་ལས་གྲུབ་པའི་མེ་ཏོག་སོགས། །མཆོད་རྫས་རྣམས་གོ་འབྱེད་ཀྱི་ཁྱོན་རྣམས་གང་། །ནམ་མཁའ་ལ་འཇའ་སྤྲིན་ཐིབ་པ་ལྟར། །གཞལ་ཡས་བཀོད་པ་གང་ཡང་མེད། །འཇའ་འོད་ཀྱི་གུར་ཁང་རྩེ་དབུས་སུ། །མཐིང་གའི་རྣམ་པ་ཕུབ་ཙམ་དབུས། །མངོན་གཅིག་མན་ཤེལ་གྱི་མཆོད་རྟེན་ཁྲུ་གང་དབུས། །ཧཱུྃ་ཡིག་ལྗང་གུར་བཻཌཱུར་མདོག །གསལ་ལ་འཚེར་བ་མཛུབ་གང་བཞུགས། །སྐབས་དེར་བུད་མེད་གཅེར་བུ་དམར་མཚོན་མས། །བདག་གི་མདུན་དུ་དྲང་ངེར་བྱུང་བ་དང་། །དེ་ལ་བདག་གིས་དྲི་བ་འདི་ལྟར་བྱས། །བདག་ལ་མཁའ་འགྲོའི་ལུང་བསྟན་འདི་ལྟར་བསྩལ། །ཁྱོད་ནི་སྐྱེ་སྔོན་འོལ་བ་ལམ་ལོག་གྱུར། །ད་ལམ་ཞིང་ཁམས་མཇལ་དུ་མ་འོང་ན། །སྐྱེ་བ་འདི་ལ་འགྲོ་དོན་མི་འབྱུང་བས། །བདག་གིས་ཕུར་པས་གདབ་པ་ཡིན་ནོ་གསུངས། །དེ་བས་ང་ཡང་འདི་རུ་འོང་བ་ཡིན། །ཞུས་པས་དེ་ཉིད་བདག་ལ་འདི་སྐད་གསུངས། །ཁྱོད་ཀྱི་སྐྱེ་བ་འདི་ཡི་གོང་རོལ་དུ། །སྤོས་དྲི་ངད་ལྡན་གྱི་གྲོང་ཁྱེར་ན། །བྱ་ཨ་མ་གཅིག་ལ་བྱེའུ་ཕྲུག་གསུམ། །རྒྱལ་པོ་ཟླ་བ་གྲགས་པའི་སྲས་མོ་གསུམ། །མཆོད་རྟེན་རྣམ་དག་དྲུང་དུ་ཁས་བླངས་ཏེ། །འོད་ཟེར་བཟང་པོ་ནག་པའི་མཐིལ་དུ་གཤེགས། །ས་གནས་བྱང་སེམས་ལུགས་གཉིས་ཁྲིམས་ཀྱི་བདག །སྐྱེ་བ་བཅུ་གསུམ་འགྲོ་དོན་ཁས་ལེན་བྱས། །འོད་ཟེར་མཚོ་མོ་ཁ་བ་ཅན་དུ་གཤེགས། །སྦས་པའི་ཚུལ་སྔགས་འཆང་གྲུབ་ཐོབ་ནི། །སྐྱེ་བ་བཅུ་གསུམ་འགྲོ་དོན་ཁས་ལེན་བྱས། །འོད་ཟེར་ལྷ་མོ་དུར་ཁྲོད་བསིལ་ཚལ་སོགས། །གནས་ཡུལ་ཀུན་ཏུ་འོད་ཟེར་དཔག་མེད་འགྱེད། །སངས་རྒྱས་བསྟན་པ་སྐྱོང་བ་ཁས་བླངས་སོ། །ཁས་བླངས་དམ་བཅས་སོ་དགུ་སོ་དགུ་ཡི། །མ་ཉམས་གྱུར་ན་སྐྱེ་བ་སོ་དགུའི་མཐར། །ཡུམ་ཆེན་རྡོ་རྗེ་དབྱིངས་ཕྱུག་ཆེན་མོའི་དྲུང་། །མཆེད་རྣམས་ལྷན་ཅིག་དེ་རུ་འཛོམས་པ་ཡིན། །ཞིང་ཁམས་མཁའ་འགྲོ་ཐ་དད་མེད། །ཆོས་སྐུ་རྣམ་དག་མཁའ་འགྲོ་མ། །རང་བཞིན་མེད་ལ་ཡོད་པོ་སྟེང་། །གཟུགས་སྐུ་རྣམ་དག་མཁའ་འགྲོ་མ། །རང་བཞིན་ཡོད་ལ་མེད་པ་ཡིན། །ཆོས་སྐུའི་རྩལ་ལ་གཟུགས་སྐུ་ཤར། །སྟོང་ཉིད་ཀྱི་སྣང་ཆ་མཁའ་འགྲོ་མཇལ། །སྐབས་འདིར་ཞུས་ལན་མང་ཡོད་ཀྱང་། །ཡི་གེར་འཇིགས་པས་མ་བྲིས་སོ། །བུད་མེད་གར་སོང་ཆ་མེད་ཡལ། །བདག་རང་ཡུལ་ཡོང་སྙི་སྤང་གཤོང་དུ། །ཕྱིན་པའི་ཉམས་སྣང་བུ་ཆུང་ཞིག །དོན་གྲུབ་བཟང་པོ་ཟེར་ནས་བོས། །སུ་ཡིན་བྱས་པས་ཁྱེད་ཡིན་ཟེར། །སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར། །མཇལ་འགྲོ་ཞེས་པས་ལྷན་དུ་ཕྱིན། །ཨ་ཙ་ར་ནག་པོ་རྔ་བརྡུང་བ། །སྟེང་ན་ཞི་ཁྲོའི་ཕོ་བྲང་ཕུབ། །ཕོ་བྲང་འོག་གི་རྫིང་བུའི་ནང་། །སྒོ་ང་དཀར་དམར་མཐིང་གསུམ་འདུག །ཨ་ཙ་ར་ཡི་ཞལ་ནས་སུ། །སྒོ་ང་དཀར་དམར་སྔོ་གསུམ་ནི། །ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཡིན། །སངས་རྒྱས་ཐམས་ཅད་དགོངས་པ་ཡིན། །རང་རིག་ཡེ་ཤེས་ངོ་བོ་ཡིན། །མཁའ་འགྲོ་རྣམས་ཀྱི་ཐུགས་བཅུད་ཡིན། །རང་རིག་ཡེ་ཤེས་ངོ་བོ་ཡིན། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྗེས་འཇུག་དོན་དུ་བཞག་པ་ཡིན། །ལྷ་སྐལ་བླང་ན་བསམ་དོན་འགྲུབ། །འགྲོ་དོན་མཐའ་ཡས་འབྱུང་བ་ཡིན། །ཁས་ལེན་དང་དམ་བཅའ་ཉམས་པ་མེད། །དེ་གསུང་མ་ཐག་ཏུ་བདག་ནི་སད། །ཞག་གཉིས་རྩ་རླུང་ཐུམ་སོང་འདུག་པས། །སྔས་མགོར་ཡང་བླ་མ་བཞུགས་ནས་གདའ། །བླ་མའི་ཞལ་ནས་འདི་སྐད་གསུངས། །ཁྱོད་རླུང་ཐུམ་སོང་བའི་དུས་ཙ་ན། །སྣང་བ་ལ་འཆར་ལུགས་ཅི་འདྲ་འདུག །ཅེས་གསུང་བདག་གིས་འདི་ལྟར་ཞུས། །ཕ་བླ་མ་ཁྱོད་ཀྱི་གསུང་བཞིན་དུ། །བདག་རིག་པ་རྣོ་རུས་གཏུག་སྟེ་བསྒོམ། །ཡེངས་མེད་སྒོམ་མེད་ཀྱི་ངང་དུ་བཞག །སྣང་ཆ་མ་འགག་སྟོང་པའི་མདངས། །གསལ་ཆ་སྒྲིབ་མེད་རྗེན་ནེ་བ། །སྟོང་ཉིད་ཀྱི་རིག་རྩལ་མཁའ་འགྲོ་མ། །ཞིང་ཁམས་ཀྱི་ལྷ་ཚོགས་རང་གསལ་བར། །དགག་སྒྲུབ་ཀྱི་མཚན་མ་རང་སར་དག །མཁའ་འགྲོ་དང་གསུང་གླེང་མང་བྱུང་བས། །ད་བར་དུ་མ་སད་རྣལ་དུ་སོང་། །ཡང་བླ་མའི་ཞལ་ནས་འདི་སྐད་གསུངས། །སྣང་བ་སེམས་ཀྱི་དཀྱིལ་འཁོར་ཡིན། །གང་ཟག་གཅིག་གི་ཤེས་རྒྱུད་ལ། །དག་སྣང་དང་འཁྲུལ་སྣང་མང་དུ་ཤར། །སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཤར། །རྣལ་འབྱོར་ལ་ཉམས་དང་རྟོགས་པ་ཤར། །སེམས་ཅན་ལ་དུག་ལྔའི་རྣམ་རྟོག་ཤར། །སོ་སོའི་རང་རིག་སྤྱོད་ཡུལ་འདི། །སྣང་བ་ཕྱི་རུ་མ་ལུས་ཤིང་། །སེམས་བེམ་པོ་ནང་དུ་མ་ལུས་པར། །སྣང་སེམས་དྲང་ངེ་བ་ཞིག་དགོས། །སྣང་སེམས་གཅིག་ཏུ་འདྲེས་པའི་རྟགས། །ཀ་བ་ཐད་ཆོད་ལྟ་བུ་ཡིན། །ཞེས་སོགས་ངོ་སྤྲོད་རྒྱས་པར་གསུངས། །བདག་སྤྲོ་དགའི་ཟླ་སྣང་འཕེལ་བར་གྱུར། །ཉེར་ལྔའི་ལོ་ལ་ཇོ་བོ་མཇལ་དུ་སོང་། །བསྐོར་བ་བསོགས་པའི་སྐབས་སུ་ངལ་བ་དང་། །ལྕང་མའི་ཤིང་ཁར་ཉལ་བའི་རྨི་ལམ་དུ། །མདུན་གྱི་ནམ་མཁར་ལས་བྱེད་མཁའ་འགྲོ་མ། །ཞི་བའི་ཚུལ་གྱིས་ཕྱག་ན་དངུལ་བུམ་བསྣམས། །ཁྱོད་ནི་སྐྱེ་སྔོན་གཙང་གི་ལ་སྟོད་དུ། །སྔགས་འཆང་ནུས་ལྡན་ཞིག་གི་གྲོགས་བྱེད་དུ། །འདི་ནི་བླ་མེད་མཆོག་གི་བུམ་པ་ཡིན། །ཁྱེད་རང་འདི་བསྣམས་མདོ་སྟོད་ཡ་ངའི་སྟེང་། །འཁོར་འདས་མཚམས་སུ་དབང་སྐུར་བྱེད་དུ་སོང་། །ཟེར་ནས་བདག་ལ་གཏད་པས་ངེད་རང་གི །བུམ་པ་ཡིན་སྙམ་ངེས་ཤེས་ལྷག་གེར་སྐྱེས། །བདག་གིས་ད་དུང་ཕྱག་བསྐོར་མ་འགྲུབ་པས། །རེ་ཞིག་མི་འགྲོ་བྱས་པས་འདི་ལྟར་གསུངས། །ཁྱེད་ནི་སྔོན་འདིར་སྐྱེ་བ་བླངས་པའི་དུས། །ཇོ་བོའི་ཞབས་ཏོག་ཕྱག་བསྐོར་གྲུབ་པ་ཡིན། །འདི་རུ་མ་འདུག་བར་ཆད་འོང་ཉེན་ཡོད། །གསུང་པ་བཞིན་དུ་རང་ཡུལ་སོང་བའི་ལམ། །གྲུ་ཟམ་ལམ་སྲང་ཡར་ཚུག་རྣམས་སུ་ཡང་། །བར་ཆད་ཅུང་ཟད་རྩམ་ཀྱང་གནོད་མེད་ཅིང་། །ཁྱད་པར་རྟེན་འབྲེལ་རྟགས་དེ་ཐོན་པ་བྱུང་། །དེ་ཡང་བླ་མ་དཀོན་མཆོག་ཐུགས་རྗེ་གོ །སླར་ཡང་བླ་མའི་དྲུང་དུ་ཉེ་བར་འཁོར། །གནས་རྣམས་མཇལ་ཚུལ་ཉམས་ལེན་ས་མཚམས་ཞུས། །མཚན་ལྡན་གྱི་བླ་མ་དགྱེས་པ་དང་། །དྲིན་ཆེན་བླ་མ་ཡང་རབ་ཏུ་མཉེས། །རྗེ་བླ་མའི་གདམས་ངག་འདི་ལྟར་གནང་། །སྤྱོད་པ་རྒྱུན་གྱི་ཉམས་ལེན་དང་། །དུག་ལྔ་ལམ་འཁྱེར་གྱི་ངོ་སྤྲོད་གནང་། །དེ་ལོ་གསུམ་བསྒྲུབ་ལ་འབུང་པའི་ཚེ། །ཕྱི་ལུས་ངག་ཡིད་གསུམ་དགེ་སྦྱོར་བརྩོན་འགྲུས་བསྐྱེད། །ནང་མཉམ་བཞག་གི་རིག་པ་དམར་ཐག་བཅད། །ཉམས་སྣང་གི་རྟེན་འབྲེལ་མང་བྱུང་ཡང་། །ཡི་གེ་མང་པས་མ་བྲིས་སོ། །སྐབས་དེར་བླ་མའི་བཀའ་གནང་བཞིན། །བཙུན་མའི་གྲོགས་ལ་ཕྱག་ཆེན་གྱིས། །དམིགས་སྦྱོར་དང་རླུང་ཁྲིད་སློབ་དཔོན་བྱས། །དེར་གྲུབ་ཆེན་འགར་གྱི་གྲུབ་གནས་སུ། །མཁའ་འགྲོ་ཕག་གདོང་མ་ཞིག་གིས། །བསུ་བའི་ཚུལ་དུ་བྱུང་བར་བརྟེན། །གཡའ་སྨན་གྱི་གནས་སུ་འགྲོ་དགོས་བསམ། །ཕ་བླ་མའི་སྒོ་རུ་ཆས་པ་ལས། །ལམ་དུ་བདག་གི་མགོ་ལ་ནི། །ནོར་བུ་རིགས་པའི་མ་ཎ་ནོ། །སྐྲ་ལ་བཏགས་ནས་འདུག་པ་དང་། །བཏགས་མཁན་སུ་ཡིན་རྩད་བཅད་ཀྱང་། །བཙུན་མའི་གྲོགས་དང་ཉེར་གནས་ཀུན། །བཏག་མཁན་མེད་བཅས་ཐ་ཚིག་བྱེད། །དེར་དངོས་པོ་ད་ལྟའི་བར་དུ་ཡོད། །གཡའ་སྨན་གྱི་གནས་སུ་ཕྱིན་པའི་ཚེ། །ཨ་ཕྱི་སྨོན་ལམ་བཟང་མོ་ཞེས། །ཡིག་དྲུག་དུང་བཞི་སོང་བ་དེས། །རྨི་ལམ་བཟང་ཟེར་དགའ་ཚོར་བྱེད། །རྒོད་ཐང་སྨུག་ཅིག་བྱུང་ནས་ཤིང་ཁར་བབ། །མེ་ཏོག་སཱ་ལ་སྐྱེས་པ་སོགས། །བྱུང་ཚུལ་བཤད་ཅིང་གྲུབ་གྲོགས་བྱེད། །ནམ་མཁའ་འཇའ་འོད་འཁྱིལ་བའི་ནང་། །དཔའ་བོ་མཁའ་འགྲོ་མང་པོ་མཇལ། །དེ་རྣམས་དང་གསུང་གླེང་མང་ཞིག་བྱས། །རྡོ་རྗེ་ཕག་མོའི་སྐུ་ཡང་རྙེད། །ཕྱི་རུ་གཞན་གྱིས་མཐོང་སྣང་ལ། །བདག་གི་ཕྲག་པ་གཡོན་གོང་ན། །མེ་ཏོག་སྔོན་པོ་ཆུན་བུ་སྐྱེས། །སྤྱན་གསུམ་འདུག་པ་མཐོང་བ་དང་། །ནང་དུ་སྟོང་ཉིད་དྲོད་ཚད་རྙེད། །སྣང་ཡུལ་དུ་ཞིང་ཁམས་མང་དུ་མཇལ། །གནས་དེ་རུ་ཕྱི་ནང་གི་རྟེན་འབྲེལ་འགྲིགས། །དེ་ནས་རང་ཡུལ་དུ་ཕྱིན་པའི་ཚེ། །དྲིན་ཆེན་གྱི་ཕ་ཡང་གྲོངས་ནས་འདུག །དགོངས་རྫོགས་སུ་བཙུན་མའི་གྲོགས་དང་བཅས། །རྒྱུ་དངོས་པོ་ཅུང་ཟད་ཡོད་པ་ཡང་། །དབུས་ཕྱོགས་སུ་བསྔོ་སྨོན་ཞུ་རུ་སོང་། །གོང་ར་ལ་ནས་ཇག་པ་ཕོག་ཟེར་བས། །སྐྱེལ་མ་བཞི་ཁྲིད་ནས་སོང་བའི་ཚེ། །རྨི་ལམ་དུ་མ་རྒྱུད་ཀྱི་མཁའ་འགྲོ་མ། །ནམ་མཁའ་རུ་ལུང་བསྟན་འདི་ལྟར་གྲགས། །ཙ་རིའི་ཞིང་སྐྱོང་བྱོན་གྱིན་ཡོད། །ལ་འུར་དུ་ད་ལྟ་རྒྱུག་ཅིག་ཟེར། །རྨི་ལམ་ལྟར་མགྱོགས་པ་སོང་བ་ཡིན། །གྲོགས་ལྔ་དང་འཕྲད་ཅིང་སྡེབ་སྟེ་སོང་། །མར་ལུང་གི་རས་ཆུང་ཕུག་ཏུ་ཕྱིན། །རྒྱུ་དངོས་པོ་ཅུང་ཟད་ཡོད་པ་རྣམས། །བླ་མའི་དྲུང་དུ་མཎྜལ་ཕུལ། །ཟླ་བ་བཅུ་གཅིག་བར་དུ་བསྡད། །བདེ་མཆོག་གི་དབང་མོ་ཆེ་དང་ནི། །ཕྱག་ཆེན་གྱི་ཡི་གེ་བཞི་པ་དང་། །གཞན་ཡང་ལུང་འབྲེལ་མང་དུ་ཞུས། །བླ་མས་ཆོས་འཁོར་བསྐོར་བའི་སྐབས། །འདུ་ཁང་ནང་ན་འོད་ཀྱིས་ཁེངས། །འོད་སེར་པོ་ཞིག་དང་འདུ་འབྲལ་མེད། །འོད་དེ་ཡི་ནང་དུ་ཞབས་དྲུང་ཉིད། །འཕགས་པའི་གནས་བསྟེན་གཅིག་ཏུ་མཇལ། །དེར་བྱུང་ཚུལ་རྣམས་གཞན་ལ་མ་བཤད་དོ། །སླར་རང་ཡུལ་བླ་མའི་གདན་སར་ཕྱིན། །ལོ་མཚམས་དང་ཟླ་མཚམས་ཡང་ཡང་བསྡད། །བླ་མ་ལ་བཀའ་ཆོས་ཞུ་བ་དང་། །མཆེད་གྲོགས་ལ་དམིགས་སྐྱོར་གང་ཕན་བྱས། །ལྕགས་ལུགས་ལོ་རྩ་བའི་བླ་མ་ཡང་། །སྦྲུལ་ཟླའི་ཉེར་དྲུག་དག་པའི་ཞིང་དུ་གཤེགས། །བླ་མའི་དགོངས་རྫོགས་གདུང་འབུམ་གྲུབ་ཀྱི་བར། །སྐུ་དྲིན་འཁོར་ཐབས་རང་བློ་རྫོགས་པར་བྱས། །དེ་ནས་དགའ་ལུང་ཤལ་སྟོད་སྒྲུབ་གནས་སུ། །ཕྱིན་པས་ཞག་གསུམ་སོང་བའི་ནུབ་མོ་ཡི། །རྨི་ལམ་དུ་མོན་པ་འདྲ་བ་ཞིག །ཕྱག་སྐོར་མང་བྱས་དཀར་ཡོལ་ལྔ་ཙམ་བྱིན། །ཆུ་མིག་བསང་དུད་ལྟར་གྱུར་མཁའ་ལ་སོང་། །དེ་སོང་སྒྲུབ་པའི་རྟེན་འབྲེལ་བཟང་པོ་བྱུང་། །སྒྲུབ་པའི་སྐབས་སུ་མནལ་བའི་རྨི་ལམ་དུ། །མི་ནི་སྒར་ཞྭ་གྱོན་ཅིང་རྟ་དམར་ཞོན། །འཁོར་བཞིར་བཅས་བདག་གི་མདུན་དུ་བྱུང་། །འདི་རུ་འདུག་ན་སྟེང་དུ་ཐོག་ཕབ་ཅིང་། །འོག་ཏུ་མཚོ་བསྐྱིལ་བར་དུ་རྦབ་ཀྱང་སྒྲིལ། །མགོ་བོ་བྲེག་ཅིང་གློ་སྙིང་ཕྱི་རུ་དྲངས། །ཟེར་ཞིང་འཁོར་གཅིག་གཡག་ཏུ་གྱུར་ནས་ནི། །ཁྱོད་ཀྱི་ཨ་མ་ཁྱུར་མིད་བཏང་བ་ཡིན། །ཞེས་སོགས་བདག་ལ་ཐོ་མཚམས་སྡིགས་བྱུང་བས། །དེ་ལ་ལན་དུ་བདག་གིས་འདི་ལྟར་སྨྲས། །འདྲེ་ཁྱོད་ལ་མི་འཇིགས་གདེངས་ཤིག་ཡོད། །ཕྱི་ན་སྲུང་བའི་གུར་ཁང་ཡོད། །ནང་ན་ཆོས་ཉིད་ཡེ་ཤེས་ཡོད། །ཁྱོད་ཚོ་ཅི་མིང་གང་ཞིག་ཡིན། །སྨྲས་པས་སླར་ཡང་འདི་སྐད་ཟེར། །མགྱོགས་པ་སྡེ་བརྒྱད་ཕོ་ཉ་ཡིན། །འདྲེ་ངེད་བཞི་མ་ཚད་མང་དུ་ཡོད། །སྟེང་དུ་ལྷ་དམག་འོག་ཏུ་ཀླུ་དམག །གཞན་ཡང་འདྲེ་དམག་གྲངས་མེད་ཡོད། །ཁྱོད་ལ་མི་འཇིགས་གདིངས་ཚད་གང་། །ལྟ་སྒོམ་གྱི་དྲོད་ཚད་ཅི་འདྲ་བདོག །ཅེས་ཟེར་བའི་ལན་དུ་འདི་སྐད་སྨྲས། །འདྲེ་ཀུན་སེམས་ཀྱི་རྣམ་རྟོག་ཡིན། །སེམས་ལས་ལོག་པའི་སངས་རྒྱས་མེད། །བདག་མེད་སྐྱེ་མེད་བྱང་ཆུབ་སེམས། །ཉམས་ཡ་ང་མེད་པའི་བརྟུལ་ཞུགས་གདེངས། །མུ་མཐའ་མེད་པ་ལྟ་བའི་གདེངས། །མུ་མེད་མཐའ་ཟབ་སྒོམ་པའི་གདེངས། །བྱ་རྩོལ་བྲལ་ན་སྤྱོད་པའི་གདེངས། །རེ་མེད་རང་གནས་འབྲས་བུའི་གདེངས། །གནོད་བྱ་མ་གྲུབ་གནོད་བྱེད་དོར། །རྒྱུ་བྱང་ཆུབ་མཆོག་ཏུ་འགྱུར་བར་ཤོག །ཅེས་སྨྲས་མ་ཐག་ཏུ་རྨི་ལམ་ཟད། །ཡང་ཕྱིར་ནུབ་མནལ་བའི་ཐོ་རངས་ཁར། །མི་ཡ་མཚན་ལང་ཚོ་ལྡན་པ་བཞི། །བྱུང་ནས་གཅིག་གིས་འདི་སྐད་ཟེར། །ངེད་རྣམས་ན་ཉིན་ཁྱེད་ཀྱི་དྲུང་དུ་ཕྱིན། །ཞལ་མ་འཚོ་བས་གང་ཡིན་མ་ཤེས་མོད། །ངེད་ཅག་མངའ་རིས་ཕྱོགས་སུ་ཡིན། །ཁྱེད་ཀྱང་མངའ་རིས་རྫིང་བུ་ཡིན། །སྔོ་ལི་ཚོགས་གྲུར་གྱི་ནང་ཤེད་དུ། །དགེ་འདུན་ལྔ་བརྒྱར་ཆོས་སྟོན་པའི། །མ་ཕམ་ཕྲིན་ལས་དཔལ་བཟང་ཡིན། །ངེད་བཞི་ཁྱེད་ཀྱི་བུ་ཆེན་ཡིན། །རྒྱབ་ཏུ་འོང་བའི་མི་ཚོགས་རྣམས། །ཆོས་འབྲེལ་ཐོབ་པའི་སློབ་མ་ཡིན། །དེ་ནང་བརྫུས་སྐྱེས་མཆོག་སྤྲུལ་ཡོད། །སྔོན་ལ་གདན་དྲངས་ཕྱག་ཕེབས་ཞུས། །དེ་བཞིན་ངེད་རྣམས་སྐྱེ་བ་སྔོན། །འབྲེལ་བ་ཡོད་པས་ཟབ་མོའི་ཆོས། །ཐར་ལམ་བགྲོད་པའི་གདམས་ངག་ཞུ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཎྜལ་འབུལ། །རིགས་གསུམ་མགོན་པོའི་ལྡེ་མིག་གསུམ། །ཕྲག་པར་བསྣམས་ཏེ་འབྲོག་སྒོང་དང་། །འདོམ་ཆེན་རྩེག་དར་བྱོན་པའི་ཚེག །ཕྱག་ཕྱིར་གྲུབ་ལ་རྗེས་སུ་འཇུག །ཅེས་ཟེར་བདག་གིས་འདི་ལྟར་ཤེས། །དོན་དེ་རྣམས་མེ་ལོང་གཟུགས་བརྙན་ལྟར། །བཀྲ་ལམ་མེར་ཁོང་དུ་ཆུད་པ་བྱུང་། །བདག་ལྗོན་ཤིང་རྩེ་ལ་བསྡད་པ་དང་། །སྔོན་བྱུང་བའི་མི་བཞི་གཙོར་བྱས་པའི། །རིགས་མི་གཅིག་ཁྲོམ་ཚོགས་དཔག་མེད་འདུས། །དད་འདུན་གྱིས་ཕྱག་སྐོར་ཟང་ཟིང་སྤུངས། །ཀུན་གུས་པའི་ཚུལ་གྱིས་བསྐོར་ནས་འདུག །མི་ཁྱེད་བཞི་སུ་ཡིན་ང་ཡང་ཤེས། །ང་སེམས་ཉིད་སྟོང་པ་ཉིད་བསྒོམས་པས། །ཕྱི་ལྷ་འདྲེའི་ཆོ་འཕྲུལ་བླ་མ་ཤར། །རང་སེམས་བླ་མ་ཤེས་པ་ལ། །བཅོས་མའི་མོས་གུས་བྱེད་པ་མེད། །ང་སྐྱེ་བ་དམན་ཀྱང་དམན་ས་ཟིན། །རྩ་བརྒྱུད་བླ་མའི་བཀའ་ཡང་ཡོད། །མ་བརྒྱུད་མཁའ་འགྲོའི་ལུང་ཡང་ཡོད། །ཅེས་སྨྲས་དེ་ནས་ཁོང་རྣམས་ལ། །ཐོག་མར་ཐུན་མོང་སྔོན་འགྲོ་ནས། །ཐུན་མོང་མ་ཡིན་སྔོན་འགྲོ་བཤད། །དངོས་གཞི་བཞག་ཐབས་གཞི་རྩ་བཅད། །སེམས་ཡེ་ནས་རྣམ་དག་ཡེ་གཞི་ལ། །འཁོར་འདས་སུ་འཆར་བ་སྤྱི་གཞི་ཡིན། །དོན་ཡིན་ལུགས་རིག་པ་གྲོལ་གཞི་ཡིན། །སེམས་འཁྲུལ་མེད་གནས་ལུགས་ཇི་བཞིན་རྟོགས། །དེ་ནི་ཡང་དག་ལྟ་བ་ཡིན། །མ་ཡེངས་སྐྱོང་བ་སྒོམ་པ་ཡིན། །གང་ཤར་དགག་སྒྲུབ་མེད་པ་ནི། །སྤྱོད་པ་བླང་དོར་བྲལ་བ་ཞེས། །རེ་དོགས་བྲལ་བའི་འབྲས་བུ་ཡིན། །གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད། །བརྗོད་མེད་ཀྱི་དོན་དུ་ཤེས་པར་གྱིས། །ཁྱོད་བཞི་ལ་མིང་ཡང་འདི་ལྟར་འདོགས། །བླ་མ་སྐྱབས་དང་སངས་རྒྱས་སྐྱབས། །ཆོས་སྐྱབས་དཀོན་མཆོག་སྐྱབས་སུ་བཏགས། །དེར་ལྷ་མིའི་ཁྲོམ་ཚོགས་ཐམས་ཅད་ལ། །ཡིག་དྲུག་བསྐུལ་འདོན་བྱས་པ་དང་། །སླར་མནལ་སད་བསམ་གཏན་གྱི་ངང་དུ་གདའ། །ཞེས་བླ་མ་དམ་པ་བསྟེན་པ་དང་། །གདམས་ངག་ཞུས་ཤིང་ཉམས་སུ་བླངས་པས་ལམ་རྟགས་ཕྱི་ནང་གི་རྟེན་འབྲེལ་གྱི་རོལ་བའི་སྐབས་ཏེ་གཉིས་པའོ། །ཡང་ནུབ་ཅིག་རླུང་འཐུམ་རྣམ་པར་སང་། །མི་རྒན་གཅེར་བུ་མགོ་དཀར་ཞིག །བདག་གི་མདུན་དུ་དལ་གྱིས་བྱུང་། །ང་འོག་ཕྱོགས་ཀླུའི་ཡུལ་དུ་འོང་། །ཁྱེད་འདི་ལ་ཅི་བྱེད་སྡོད་པ་ཡིན། །ཟེར་བས་བདག་གིས་འདི་སྐད་སྨྲས། །ང་སྐྱབས་འགྲོ་དང་སེམས་བསྐྱེད་ཡིག་དྲུག་དང་། །བཛྲ་གུ་རུ་གཏོར་བསྔོ་སོགས། །རྩེ་གཅིག་ཏུ་སྒྲུབ་པ་བྱེད་པ་ཡིན། །ཁྱོད་སྨྱོན་པ་ཡིན་ནམ་གང་ཞིག་ཡིན། །བྱས་པས་ལན་དུ་འདི་སྐད་ཅེས་ཀྱང་ཟེར། །ང་གཟུང་འཛིན་གྱི་སྐེ་རགས་ཆད་པ་ཡིན། །རང་རིག་གཅེར་བུ་བུད་པ་ཡིན། །ཁྱོད་དུབ་སོ་མགོ་བོ་བཤུམ་པ་དེ། །གཏི་མུག་རང་བཞིན་ཆེ་བ་ཡིན། །གཟུང་འཛིན་གྱིས་སྐེ་རག་བཅིངས་པ་ཡིན། །ཞེ་འདོད་བཅིངས་པས་འོད་གསལ་མ་མཐོང་སྒྲིབ། །བྱས་པའི་ཆོས་ཀྱི་བྱར་མེད་སངས་མི་རྒྱས། །བློའི་ཆོས་ཉིད་བློ་འདས་དོན་མི་རྟོགས། །བློ་འདས་བྱར་མེད་དེ་རྟོགས་འདོད་ན། །འོག་ཕྱོགས་ཀླུ་ཡུལ་ཤཱཀྱ་ཐུབ་པ་དང་། །ཨོ་རྒྱན་པདྨས་མདོ་སྔགས་ཆོས་འཁོར་བསྐོར། །དེ་རུ་ཁྱེད་རང་ཤོག་དང་ཁྲིད་ཅེས་ཟེར། །དེ་ནས་བདག་གི་ཨ་མྱེ་རྒད་པོ་ཁྱེད། །ཨོ་རྒྱན་སྤྲུལ་པ་འདྲ་ཞིག་ཡིན་ནམ་ཅི། །ཞེས་པའི་ལན་དུ་འདི་སྐད་ཟེར། །བདག་ནི་ཤཱཀྱ་ཐུབ་པའི་ཡབ་རྒན་ཡིན། །ཨོ་རྒྱན་པདྨའི་མཆེད་ཡ་ཡིན། །དྷརྨ་ཏ་དང་ཨཱ་ནན་ཏ། །པུ་རི་དྷ་ཞེས་བྱ་བ་སྟེ། །ཁྱེད་རང་འབྲེལ་པ་ཡོད་པ་ཡིན། །ངེད་རང་གཉིས་ཀྱང་ནེ་མཚན་ཡིན། །དེ་རུ་ཁྱེད་རང་ཁྲིད་ཅེས་ཟེར། །དེ་ལ་བདག་གིས་ལན་འདི་སྨྲས། །ཤཱཀྱ་ཐུབ་པ་པདྨ་འབྱུང་དེར་ཡོད་ན། །གདན་བཞུགས་ཀྱང་མཇལ་དུ་འགྲོ། །སྨྲས་ཏེ་སོང་བའི་ལམ་ཀ་རུ། །བུ་མོ་གཉིས་ཀྱང་འདུག་པ་དང་། །རྒད་པོ་མཉམ་དུ་ཀླུ་ཡུལ་ཕྱིན། །དེར་ཤིང་ལ་ཆུ་རྒྱུན་བབ་པ་འདུག །རྒད་པོ་དེས་འདི་སྐད་གསུངས། །སྣང་བ་ཤིང་ལ་སྟོང་བ་ཆུ། །སྣང་སྟོང་རྟ་ཕག་ཡབ་ཡུམ་ཡིན། །སྐུ་ཡི་དབང་བསྐུར་ཐོབ་པ་ཡིན། །མང་ཐོབ་པའི་ནང་དུ་བྱེའུ་ཞིག །སྐད་སྙན་སྒྲོགས་པས་མཐོང་བ་དང་། །དེའི་ཞལ་ནས་འདི་སྐད་གསུངས། །སྣང་བ་ཐོད་ལ་སྟོང་པ་བྱིས། །ཐོད་བྱིས་རྟ་ཕག་ཡབ་ཡུམ་གྱི། །གསུང་གི་དབང་མཆོག་ཐོབ་པ་ཡིན། །ཡང་གྲམ་ཐང་རྡོ་ལ་མེ་འབར་བ། །མཐོང་མ་ཐག་ཏུ་འདི་སྐད་གསུངས། །སྣང་བ་རྡོ་ལ་སྟོང་བ་མེ། །སྣང་སྟོང་རྟ་ཕག་ཡབ་ཡུམ་གྱི། །ཐུགས་ཀྱི་དབང་མཆོག་ཐོབ་པ་ཡིན། །ཞེས་སོགས་བུ་མོ་དང་རྒད་པོ་གཉིས། །མགྲིན་ཅིག་བསྡེབས་ནས་འདི་སྐད་གསུངས། །ངེད་གཉིས་དེ་ན་འགྲོ་མི་དགོས། །ཁྱེད་རང་འདི་ནས་ཡར་སོང་དང་། །འདི་ལྟར་ཡོད་པས་འདི་ལྟར་གྱིས། །ཞེས་སོགས་སློབ་སྟོན་ཞིབ་པར་གནང་། །དེ་ནས་བདག་གིས་ཡར་སོང་བས། །ལུང་བསྟན་ཅི་ལྟར་བྱུང་བ་ལྟར། །དར་པོ་ཆེ་འདྲ་ཡི་མཚོ་མོ་ལ། །དར་ལྕེ་ལྟ་བུའི་མཚོ་རྔ་འདུག །ཤཱཀ་ཐུབ་བརླ་མཚོ་ལུང་བསྟན་པས། །ཕྱག་འཚལ་མཆོད་འབུལ་ཁྲུས་རྣམས་བྱས། །དེ་ནས་ཡར་སོང་ལྡེམ་སྟེང་ན། །རིག་འཛིན་གྲལ་རའི་དབུ་རྩེ་རུ། །ཤཱཀ་ཐུབ་གཙོ་འཁོར་གསུམ་པོ་ཡང་། །སྐུ་མདོག་དཀར་པོ་བཞེངས་སྟབས་བཞུགས། །རིག་འཛིན་གྱི་གྲལ་རའི་སྐེད་པ་ན། །གདན་ཁྲི་མཛེས་མཐོ་ཞིག་འདུག་པས། །འདིར་སྐྱེས་བུ་དམ་པ་ཞིག་གི་ཁྲི། །ཡང་ཡང་ཁྱེད་རང་བཞུགས་ཤིག་གསུངས། །བདག་ཐེ་ཚོམ་མེད་པར་དེ་སྟེང་བསྡད། །ཤཱཀ་ཐུབ་ཀྱི་ཞལ་ནས་ཚངས་པའི་དབྱངས། །རྒྱུ་འབྲས་ཀྱི་སྤང་བླང་ཕྲ་ཞིབ་ཏུ། །གསུངས་པས་འཁོར་གཉིས་རམ་འདེགས་ཚུལ། །འདུག་པས་བདག་གི་ཞིབ་ཏུ་ཐོས། །ཡང་དེ་རུ་ཝ་སྐད་བྱུང་བ་དང་། །མར་ལ་སོང་བའི་ལམ་ཀ་རུ། །རྒད་པོས་ལུང་དུ་བསྟན་བཞིན་དུ། །ཨོ་རྒྱན་པདྨའི་བླ་མཚོ་ཞེས། །ཟླུམ་པོ་གཏིང་ཟབ་ཟིལ་ཆེ་བ། །འདུག་པའི་ཐད་ནས་ཡར་སོང་བས། །མཚོ་རྫིང་ལྗོན་ཤིང་མེ་ཏོག་དང་། །ནེའུ་གསིང་ལྟ་ན་སྡུག་པའི་ནང་། །བུ་མོ་ལོ་ལྔའི་ན་ཚོད་ཙམ། །རལ་པ་ཉི་ལེར་གྲངས་མེད་པར། །ཡུལ་སྣང་ཀུན་ཏུ་ཁྱབ་ནས་འདུག །རི་འབུར་ཞིག་གི་སྟེང་དག་ན། །ངོ་བོ་སློབ་དཔོན་པདྨ་ལ། །བཅུ་གཅིག་ཞལ་གྱི་རྣམ་པར་བཞུགས། །མདུན་དུ་འགྲོ་སྙམ་ཆས་པ་ལས། །བུ་མོ་མང་པོ་བསྡུ་རུ་བྱུང་། །སྐུ་ཚད་རྩག་གསུམ་ཙམ་ཞིག་ལ། །སྐུ་མདོག་ཁྲ་ཆེམ་གཟི་བརྗིད་ཅན། །གཡས་འགྱིང་ཚུལ་དུ་བཞུགས་པར་མཇལ། །བདག་གུས་པའི་སེམས་ཀྱིས་མདུན་དུ་བསྡད། །སློབ་དཔོན་དེ་ཉིད་ཞལ་ནས་སུ། །ཚངས་དབྱངས་གསུང་གི་སྒྲ་ལས་ནི། །ངོ་བོ་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །བཅུ་གཅིག་ཞལ་གྱི་དབུ་གཙུག་ཏུ། །སངས་རྒྱས་སྐུ་གཟུགས་ཐོད་གང་ཙམ། །འོད་འཚེར་མདངས་དང་ལྡན་པ་ཞིག །སྐར་མདའ་ཆད་པ་ལྟ་བུ་ཡི། །བདག་གི་པང་དུ་ཙན་གྱིས་བྱུང་། །སློབ་དཔོན་དེ་ཉིད་ཞལ་ནས་སུ། །ཚངས་དབྱངས་གསུང་གི་སྒྲ་ལས་ནི། །ངོ་བོ་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་དངས་གང་ཤར་སྤྲུལ་པའི་སྐུ། །གནས་མེད་ཟུང་འཇུག་བདེ་ཆེན་ལོངས་སྤྱོད་རྫོགས། །ཞེས་པས་ཆོས་ལོངས་སྤྲུལ་གསུམ་ངོ་སྤྲོད་གནང་། །ད་ནི་དབང་མཆོག་ཐོབ་བས་རྒྱུག་ཅིག་གསུངས། །སྐུ་གཟུགས་མཐུ་བར་རྦས་ནས་ཕྱིར་ལ་ཡོང་། །ཆུ་བོ་རྦ་ཀློང་འཁྲུག་ཅིང་རླུང་སྒྲ་དང་། །ངམ་གྲོགས་གཡང་ས་འཇིགས་རུང་ཞིག་ཏུ་ཕྱིན། །ངལ་གསོས་བསྡད་པས་ནས་འཐུ་བར་ཕྱེས་ཏེ་བལྟས། །སངས་རྒྱས་སྐུ་དེ་དངུལ་གྱི་བུམ་པ་ནི། །ལྡིང་ཞིང་བཅུ་སྟེ་བདག་ལ་གཤོག་ལྕགས་དང་། །ཆུ་བེམ་ཙམ་དུ་གྱུར་པས་འདི་ལྟར་སྙམ། །དངུལ་འདི་དཀོན་མཆོག་མཆོད་དང་སྦྱིན་པ་བཏང་། །གང་བྱས་ཡང་བསམ་བཟང་རྟོགས་སྐྱེས་པ་ལ། །སྐད་ཅིག་ཉིད་དུ་ནམ་མཁར་ཨོ་རོག་ཁེངས། །ལྡིང་ཞིག་བཅུ་སྟེ་བདག་ལ་གཤོག་ལྕགས་དང་། །མཆུ་དང་སྡེར་མོ་བཙུག་ཚུལ་བྱེད་ཅིང་བསྐོར། །ཁོ་མོས་བྲེད་དེ་གསོལ་བ་འདི་ལྟར་བཏབ། །བླ་མ་དང་ཡི་དམ་ལ་གསོལ་བ་འདེབས། །མཁའ་འགྲོ་དང་ཆོས་སྐྱོང་ལ་གསོལ་བ་འདེབས། །ཆོས་སྐྱོང་བྱ་རོག་གི་མཚན་ཅན་རྣམས། །བདག་ལ་བར་ཆད་མ་བཏང་ཐུགས་རྗེས་ཟུང་། །ཨོ་རྒྱན་གྱི་དབུ་གཙུག་སྐུ་གཟུགས་འདི། །བདག་ལ་བྱིན་པའང་མ་ཡིན་ཞིང་། །སློང་དང་རྐུ་བ་ཡང་མ་ཡིན་ལ། །ཨ་མྱེས་ལུང་བསྟན་ཀླུ་ཡུལ་ཕྱིན། །ཨོ་རྒྱན་ཞལ་མཇལ་དབུ་གཙུག་ནས། །རང་བཞིན་བདག་གི་དཔང་དུ་བྱུང་། །སྨྲ་མ་ཐག་ལ་བདག་གི་མདུན། །བཙུན་པ་བསྒྲེས་གཞོན་གཉིས་བྱུང་སྟེ། །ཁོང་གཉིས་བདག་ལ་འདི་སྐད་ཟེར། །རིན་ཆེན་དངུལ་གྱི་བུམ་པའི་ནང་། །ཡིད་བཞིན་ནོར་བུ་བསམ་པ་འགྲུབ། །བླ་ན་མེད་པ་བྱིན་རླབས་དབང་། །སྨིན་མཆོག་དངོས་གྲུབ་ཚེ་འདིར་ཐོབ། །དེ་ལས་ལྷག་པའི་འབྲས་བུ་མེད། །གདོད་ནས་མ་བཅོས་ཀུན་གཞི་བྱང་ཆུབ་སེམས། །སྐྱེ་མེད་རྣམ་དག་སེམས་ཀྱི་དབང་ཐོབ་ཡིན། །སྔངས་སྐྲག་འཇིགས་སྣང་དགོས་པ་མེད། །ནམ་མཁའ་འདི་ལ་ཡར་ལྟོས་དང་། །མཁའ་འགྲོ་གར་གྱི་དབང་ཕྱུག་ཡོད། །ཤར་དུ་ཁྲུང་ཁྲུང་དཀར་མོ་དང་། །ལྷོ་རུ་གཡུ་བྱ་སྔོན་མོ་དང་། །ནུབ་ཏུ་རྨ་བྱ་མདངས་ལྡན་དང་། །བྱང་དུ་ངང་པ་གསེར་ལྡན་དང་། །དབུས་སུ་བྱ་རྒྱལ་རྒོད་པོ་དང་། །མཁའ་འགྲོ་འབུམ་གྱི་སྐྱེལ་མ་ཡོད། །ཅེས་སོགས་རྗེས་སུ་འབྲང་ལུགས་ཀྱི། །ཕོ་བྲང་བཀོད་པ་མདོ་ཚུལ་རྣམས། །ལུང་བསྟན་མང་པོ་གསལ་བར་བྱུང་། །བདག་གི་ལག་ན་ཡི་གེ་ཞིག །འདུག་པ་བཙུན་པ་གྱིས་ཁྱེར། །ཁོ་མོ་མང་རྣམ་སད་ཤེས་པ་དང་། །དྲི་བཟང་གྲུབ་ཁང་ཕྱི་ནང་ཁྱབ། །བན་བུན་ཉམས་ཀྱི་ཤུན་པ་དག །ཉིན་མཚན་ཀྱི་སྣང་བ་གཅིག་ཏུ་འདྲེས། །ཁོར་ཡུག་ཏུ་འོད་གསལ་གྱི་ལྟད་མོ་བཀྲ། །གནས་ལུགས་ཀྱི་རང་ཞལ་བྲི་གང་མེད། །སྒོམ་བྱེད་ཀྱི་གཉེན་པོ་གཤིས་སུ་དག །རྩོལ་བཅས་ཀྱི་སྤྲོས་པ་བརྗོད་དེ་ཐལ། །གདོད་མའི་གནས་ལུགས་ཉམས་ཤིག་ངང་། །འགག་མེད་དུ་འཁོར་འདས་ཀུན་ལ་ཁྱབ། །ཁྱབ་བྱ་དང་ཁྱབ་བྱེད་གཉིས་མེད་པའི། །ཆོས་སྐུའི་གཏན་སྲིད་ཟིན་པ་དགའ། །ཡང་དག་གི་དབང་མཆོག་ཐོབ་པས་སྐྱིད། །ཕ་བླ་མའི་དགོངས་པ་འགྲུབ་པས་སྤྲོ། །ཁོ་མོ་ལ་མོས་པའི་ཉམ་ཆུང་རྣམས། །བླ་མའི་གདམས་ངག་དཔང་དུ་བཙུག །བསོག་འཇོག་དང་སྙན་གྲགས་ཚེ་འདི་ཡི། །བྱ་བ་ཀུན་ཐོངས་ལ་དབེན་གནས་སུ། །མདུན་མ་ལ་ཆིག་དྲིལ་མཛད་པར་ཞུ། །དེའི་སྐབས་སུ་སྒོམ་ཆེན་བཙུན་པ་གཉིས། །ཁྱེད་རླུང་འཐུམ་འགྲོ་བའི་དུས་ཙ་ན། །འཁྲུལ་སྣང་གི་མཐོང་ཚུལ་ཅི་འདྲ་བྱུང་། །ཟེར་བ་ཡི་ལན་དུ་འདི་སྐད་སྨྲས། །ང་ཁྱབ་བདལ་གདོད་མའི་མཁའ་དབྱིངས་སུ། །རང་རིག་ཡེ་ཤེས་མཁའ་འགྲོ་འཁྲུལ། །འཁྲུལ་སྣང་མཁའ་དབྱིངས་གནས་སུ་ཕྱིན། །སྟོང་ཉིད་ཆོས་སྐུའི་མཁའ་འགྲོ་མཇལ། །འོད་གསལ་ལོངས་སྐུའི་མཁའ་འགྲོ་མཐོང་། །སྙིང་རྗེ་སྤྲུལ་སྐུའི་མཁའ་འགྲོ་སྣང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །དེ་ཡང་སེམས་ཀྱི་ངོ་བོ་སྟེ། །སེམས་ཀྱི་ངོ་བོ་འདི་ཉིད་ནི། །ལྷ་ཡི་དཀྱིལ་འཁོར་དག་ཏུ་སྣང་། །ལྷ་ཉིད་རང་གི་སེམས་ཡིན་ཏེ། །སེམས་ཉིད་ལྷ་ཡི་གཟུགས་སུ་ཤར། །སྣང་བ་ལྷ་རུ་མཐོང་བ་དེ། །སེམས་ཉིད་སྐྱེ་མེད་རང་རྩལ་ཡིན། །དངོས་པོར་བཟུང་ན་རྟག་པ་ཡིན། །དངོས་མེད་ལྟ་ན་ཆད་པ་ཡིན། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །རང་རྩལ་རྣམ་རྟོག་བཀག་པ་ཡིས། །བཟང་པོར་འདོད་པའི་སྒོམ་ཆེན་རྣམས། །མར་འདོད་ཆུ་ནི་དཀྲུག་པ་འདྲ། །བསྐལ་པར་བསྒོམ་ཀྱང་དོན་མི་རྟོགས། །དེ་བས་སྤང་བླང་གཟུགས་འཛིན་གྱིས། །བླ་མ་གཟུགས་སྐུ་སྒོམ་པར་མཛོད། །ཅེས་བཙུན་པ་གཉིས་ལ་ཉམས་རྩེད་སྨྲས། །ང་ཡང་བདག་གི་མཚམས་འོག་ཏུ། །ལུས་ལ་ན་རྐྱེན་དྲག་པོས་ཐེབས། །ཉམས་ཀྱི་སྣང་བ་ཟ་ཟི་ལ། །སྒྲུབ་ཁང་གི་ཐོག་ཏུ་མི་ལུས་ལ། །བྱ་ཡི་གདོང་ཅན་ན་བཟའ་ནི། །ལྗང་གུ་མཛེས་པར་གསོལ་བ་འདུག །བདག་གིས་དེ་ལ་འདི་སྐད་དྲིས། །མི་ཡི་ལུས་ལ་བྱ་ཡི་གདོང་། །བྱ་གདོང་ཁྱོད་ནི་སུ་ཞིག་ཡིན། །དྲིས་པས་དེ་ཡིས་འདི་སྐད་གསུངས། །མ་བསམ་གཡུ་མཚོའི་བཀྲུ་ས་ཡིན། །མཁའ་འགྲོ་བདུད་འདུལ་ཕོ་ཉ་ཡིན། །ཀུན་ཤེས་ཀུན་ཤེས་རིགས་ཀྱི་མཁའ་འགྲོ་ཡིན། །ཁྱོད་ཀྱི་ན་བའང་ཤེས་པ་ཡིན། །དབུ་བསུ་རོ་ཁུར་ཡང་བ་ཡིན། །ན་དགའ་ཤི་སྐྱིད་ཡོད་ལས་ཆེ། །གསུངས་པས་ལན་དུ་འདི་ལྟར་སྨྲས། །རླུང་དང་མཁྲིས་དང་བད་ཀན་ན། །ནད་གསུམ་ངང་དུ་ཡལ་བར་བྱིན་གྱིས་རློབས། །ནད་ཡེ་དག་ཕོ་མོའི་བར་ཆད་སེལ། །གཟུགས་ཀྱི་ཕུང་པོ་ན་ན་དགའ། །སེམས་ཀྱི་འོད་གསལ་ཤི་ན་སྐྱིད། །གཟའ་གཏད་མི་མངའ་ལྟ་བ་སྐྱིད། །དྲན་འཛིན་མི་མངའ་སྒོམ་པ་སྐྱིད། །བླང་དོར་མི་མངའ་སྤྱོད་པ་སྐྱིད། །རེ་དོགས་མི་མངའ་འབྲས་བུ་སྐྱིད། །སྙེམས་བྱེད་མི་མངའ་ལྷུན་གྲུབ་སྐྱིད། །མཁའ་སྤྱོད་ཀྱི་གནས་སུ་ཁྲིད་ན་དགའ། །ཁྱོད་ཀྱི་ལྷན་དུ་ད་འགྲོའོ། །ང་ཡི་ཐོད་པ་ཅི་ཞིག་བྱ། །ཡང་དེའི་ཞལ་ནས་འདི་སྐད་གསུངས། །མཚན་དང་ལྡན་པའི་ཐོད་པ་ནི། །སྨུག་ཆུང་སྨུག་འབྲིང་སྨུག་ཆེན་གསུམ། །མཁའ་སྤྱོད་གནས་ཆེན་ཙ་རི་ཏྲ། །མཁའ་འགྲོ་བྱ་རོག་གདོང་ཅན་དང་། །སྤོ་བོའི་ཨུ་རྒྱན་བུ་ཁྲིད་དང་། །ཁྲོ་རྒྱལ་དབང་ཆེན་འབུམ་གསུམ། །ཐོད་པ་ཡིན་པར་གོ་བར་གྱིས། །ས་ཆུ་མེ་ལ་བསྐུར་ན་ཕམ། །དོན་དུ་བཞག་ན་རྒྱལ་བ་ཡིན། །ཆུ་སྣ་བཅུ་གསུམ་སྐུ་ཁྲུས་གསོལ། །བཞི་བཅུ་ཞེ་དགུ་ལོ་ཡི་བར། །མ་དང་མཉམ་དུ་བཞུགས་པར་མཛོད། །རེས་ཅིག་ཕྱི་ནས་མཇལ་བར་བྱེད། །གསུང་པའི་མོད་ལ་རྣལ་ཡང་སད། །མ་ལ་བཤད་པས་ཤིན་ཏུ་དགའ། །སླར་ཡང་རྒྱ་མཁར་གྱི་རི་ཁྲོད་དུ། །མཚམས་ལ་བཤད་པའི་དུས་སྐབས་སུ། །ནམ་མཁའ་བྱ་ལམ་འོག་མ་རུ། །བྱ་རྒོད་མང་པོས་ཞིང་སྐོར་བྱེད། །ཤར་གྱི་དུང་མཚོའི་ཕྱོགས་སུ་སོང་། །རྗེས་སུ་འགྲོ་སྙིང་འདོད་པ་བྱུང་། །བཙུན་མའི་གྲོགས་མང་བཅས་ཏེ་ཆས། །གནས་ཆེན་དུང་མཚོ་ཕྱིན་པའི་ཚེ། །གནས་ལ་འཇའ་ཚོན་རྒྱུན་ཏུ་འཁྲིགས། །སྣང་སེམས་འདྲེས་པའི་རྟགས་ཀྱང་བྱུང་། །ས་ལ་མཚོ་མཚམས་ལྟས་བཟང་ནི། །མང་དུ་བྱུང་ཡང་ཡི་གེར་མ་བྲིས་སོ། །དེ་ནས་རང་གི་ཡུལ་ཕྱིན་འབྲོག་ལུང་གི །ས་གཏེར་ཕོ་བྲང་བཀོད་པ་གསལ་བར་མཇལ། །ལུང་བསྟན་ཞལ་གཟིགས་གནས་ཡིག་ནང་དུ་གསལ། །ཡི་གེ་པ་ཡིས་བསྐུལ་བས་ཚིག་དྲུག་སྨྲ། །གཡའ་སྨན་གནས་སུ་སེམས་ཀྱི་སྒྲོ་འདོགས་ཆོད། །གཡག་གུ་ལུང་དུ་འོད་གསལ་ཁོར་ཡུག་ཤར། །རག་དོང་གནས་སུ་ཆུ་ལ་བྱ་ལྟར་འཕུར། །དུང་མཚོའི་གནས་སུ་སྣང་སེམས་གཅིག་དང་འདྲེས། །རང་ཡུལ་བསྡད་ཚེ་གནས་ཆེན་དགའ་ལུང་དང་། །འབྲོག་ལུང་གཉིས་ཀྱི་སྒོ་འབྱེད་ངོ་མཚར་བསྟན། །ཅེས་ཨུ་རྒྱན་མཁའ་འགྲོའི་ལུང་བསྟན་ཏེ་ཡང་དག་མཆོག་གི་དབང་ཐོབ་ཚུལ་ལས་འཕྲོས་པའི་སྐབས་ཏེ་གསུམ་པའོ། །དེ་ལྟར་སྐྱེ་དམན་ཨུ་རྒྱན་མིང་འཛིན་ཡང་། །དགོན་པའི་ཁྲོད་དུ་རང་ཉིད་དམན་ས་བཟུང་། །གང་བྱས་བླ་མའི་ཞབས་ཏོག་སོང་ངོ་སྙམ། །ཁོ་མོའི་རྣམ་ཐར་སྒྲིག་པར་མི་འཐད་ཀྱང་། །རྣམ་འདྲེན་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །སྐྱབས་གནས་ཀུན་འདུས་ཡིད་བཞིན་རིན་པོ་ཆེ། །རིག་འཛིན་ཆེན་པོ་ནུས་ལྡན་རྡོ་རྗེ་ཡིས། །དགོངས་པའི་དབྱིངས་ནས་བཀའ་ཡི་སྒྲོམ་བུ་ནི། །ཁྱོད་ཀྱི་སྐྱེས་རབས་རྣམ་ཐར་དག་སྣང་དང་། །ལུང་བསྟན་ལྟ་སྒོམ་སྤྱོད་པའི་ཉམས་མགུར་སོགས། །ཞིབ་རྒྱས་དགོངས་བཞེས་གསུངས་པའི་དོན་འབྲས་ནི། །ཚིག་དོན་ག་ན་བལྟས་ཀྱང་མ་མཆིས་ཏེ། །འོན་ཀྱང་བཀའ་ཡི་ནན་ཆེས་མ་ཐེག་པས། །རང་གི་གང་ཤར་ལྷུག་པར་བྲིས་བ་དང་། །ཚིག་དོན་འགལ་འདུའི་སྐྱོན་ཡོན་ཆ་མ་འཚལ། །མཁྱེན་པའི་སྤྱན་རས་ཀུན་ནས་ཡངས་པ་ཁྱེད། །དབྱིངས་ནས་གཟིགས་ལ་འཁྲུལ་པ་བསལ་དུ་གསོལ། །སླར་ཡང་ཞལ་གྱི་དཀྱིལ་འཁོར་མཇལ་བ་དང་། །བསྟན་པའི་སྙིང་པོ་གསང་སྔགས་བླ་མེད་ཀྱི། །སྨིན་གྲོལ་བདུད་རྩིའི་བགོ་སྐལ་གནང་བ་དང་། །རྣམ་དག་སྟུག་པོ་བཀོད་པའི་དགའ་ཚལ་དེར། །ཕུན་ཚོགས་འདོད་དགུའི་ཆོས་ལ་སྤྱོད་སྨོན་ཞུ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་མི་ནུབ་ཕྱོགས་བཅུར་རྒྱས་པ་དང་། །གདུལ་བྱ་ཕྲིན་ལས་དགོངས་པ་ལྷུན་གྲུབ་སྟེ། །འགྲོ་རྣམས་བདེ་སྐྱིད་འཚོ་བའི་དཔལ་གྱུར་ཅིག །བདག་གཞན་དུས་གསུམ་བསགས་པའི་དགེ་བ་དང་། །སྐྱབས་གནས་བསླུ་མེད་རྣམས་ཀྱི་བྱིན་རླབས་ཀྱིས། །བདག་གི་སྨོན་ལམ་ཇི་བཞིན་འགྲུབ་པ་དང་། །བྱ་བྱེད་ཐམས་ཅད་དམ་པའི་ཆོས་སུ་ཤོག །རྣམ་ཐར་བསྡུས་པ་འདི་ཉིད་མཐོང་བ་དང་། །ཐོས་སམ་ལུང་ནོད་བཀླག་དང་ཁ་འདོན་དང་། །འཛིན་འཆང་བྲིས་དང་དད་མོས་བྱེད་པ་ཀུན། །ཚོགས་རྫོགས་སྒྲིབ་བྱང་རང་བཞིན་གྲོལ་བར་ཤོག །མདོར་ན་སེམས་ཅན་སྐྱབས་མེད་མགོན་མེད་དང་། །དམ་ཆོས་མི་དྲན་སྡིག་ལ་སྤྱོད་པ་དང་། །ཕ་མས་གཙོ་བྱས་སེམས་ཅན་མ་ལུས་པ། །རྣམ་མཁྱེན་སངས་རྒྱས་ཐོབ་ནས་འགྲོ་ཕན་ཤོག །མངྒ་ལཾ། བཀྲ་ཤིས།

ཞེས་རིག་འཛིན་གཏེར་སྟོན་སོགས་ཀྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ཏེ། ཆོས་སྐུ་དོན་གྱི་མཁའ་འགྲོ་མས་འགྲོ་བའི་དོན་གཟུགས་ཀྱི་སྐུར་སྟོན་པ་སྒྲུབ་ཆེན་མ་ཨུ་རྒྱན་བུ་ཁྲིད་ཀྱི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་ཤིན་ཏུ་བསྡུས་པ་འདི་སྐུ་ཞབས་དེ་ཉིད་ནས་ཇི་ལྟར་གསུངས་པ་བཞིན་ལྷག་ཆད་མེད་པར་བྲིས་པའི་ཡི་གེ་པ་ནི་རྒྱལ་མཚན་གངས་རྒྱས་རིག་འཛིན་གྱིས་གུས་པར་བྲིས་པ་འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །ཅེས་རྒྱ་མཁར་བཀྲ་ཤིས་རི་ཁྲོད་དུ་མཚམས་མལ་ནས་བྲིས་པ། མངྒ་ལཾ། དགེའོ། །དགེའོ། །དགེའོ། །

བསམ་སྡིངས་རྡོ་རྗེ་ཕག་མོའི་འཁྲུངས་རབས་དང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། མཛད་པ་པོ་བདེ་ཆེན་ཆོས་སྒྲོན་དང་གྲྭ་ཐུབ་བསྟན་རྣམ་རྒྱལ།

བདེ་ཆེན་ཡེ་ཤེས་མཆོག་གི་དཔའ་བོ་དང་། །མཉམ་སྦྱོར་རྒྱལ་ཀུན་སྐྱེས་པའི་ཡུམ་ཆེན་མོ། །གཞི་དབྱིངས་རྡོ་རྗེ་དགའ་མ་ཝ་ར་ཧི། །མཁའ་འགྲོ་འབར་བའི་དབང་ཕྱུག་དེ་ལ་འདུད། །ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། རྡོ་རྗེ་ཕག་མོའི་སྔོན་བྱུང་འཁྲུངས་རབས་དང་། སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས།

༈ དང་པོ་རྡོ་རྗེ་ཕག་མོའི་སྔོན་བྱུང་འཁྲུངས་རབས།

དེ་ཡང་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་འོག་མིན་ཆོས་དབྱིངས་རྣམ་དག་རྡུལ་བྲལ་གདོད་ནས་ཡོངས་སུ་དག་པ་ཆོས་སྐུ་ཀུན་ཏུ་བཟང་མོར་རང་དོན་དུ་སངས་རྒྱས། སྨྲ་བསམ་བརྗོད་མཐའ་དང་བྲལ་བ་དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེས་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་གྱུར། གཞན་དོན་དུ་གཟུགས་སྐུའི་སྣང་བརྙན་ཡོངས་སུ་དག་དང་དག་པའི་ཞིང་དུ་སྐུའི་བཀོད་པ་སྣ་ཚོགས་མཛད་པ་ནི་མཐའ་ཡས་འཁྲུངས་རབ་ལས་མགོན་ཁྱོད་འོག་མིན་ཆེན་པོའི་ཞིང་ཁམས་སུ། །ལྷན་སྐྱེས་ཡེ་ཤེས་སྐུ་རུ་རྟག་བཞུགས་ཀྱང་། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་དྲ་བའི་གར། །སྣ་ཚོགས་གཟུགས་སུ་སྟོན་ལ་གསོལ་བ་འདེབས། །ཞེས་དང་། དེཡང་བསྐལ་པ་བཟང་པོ་འདིའི་འདྲེན་མཆོག་སྟོབས་བཅུ་མངའ་བ་ཀུན་མཁྱེན་བུ་རམ་ཤིང་པ་འདི་ཉིད་སྲིད་པ་ཐ་མའི་ངོ་བོར་སྲིད་འདིར་མཆོག་གི་སྤྲུལ་སྐུས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་མཆོག་གི་བདུད་རྩི་མངོན་དུ་མཛད་པའི་ཚེ་ཡུམ་སྒྱུ་འཕྲུལ་ལྷ་མོ་དེ་ཉིད་ཡིན་པ་ནི། གང་གི་སྒྱུ་འཕྲུལ་སྤྲུལ་པའི་འཁོར་ལོ་ཀུན། །འཛིན་པའི་གྲྭ་བ་རིམ་བཞིན་མཆེད་པ་ལས། །ཤཱཀ་རིགས་མྱུ་གུར་ཐུབ་ཆེན་ཐ་མའི་སྲིད། །སྐྱེད་པའི་དབང་མོར་གྱུར་ལ་གསོལ་བ་འདེབས། །ཞེས་དང་། མགོན་པོ་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་རིག་པའི་མུན་པར་འཁྱམས་པའི་སེམས་ཅན་རྣམས་དང་བྱང་སེམས་སྐྱེ་འཕགས་རྣམས་ལ་མཚན་ཉིད་མེད་པའི་ཆོས་འཁོར་ཟབ་མོ་བསྐོར་བའི་ཚེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རླབས་པོ་ཆེ་སྐྱེས་པས་མེ་ཏོག་ཨུཏྤལ་ལྔས་མཉེས་པ་ཆེན་པོ་བྱང་ཆུབ་ཏུ་ལུང་བསྟན་པ་སྲིང་མོ་གང་གའི་ལྷ་མོ་ཞེས་འཁོར་ཚོགས་རྒྱ་མཚོའི་དབུས་ན་མངོན་པར་གྱུར་པ་སྟེ། འཁྲུངས་རབས་ལས། རྒྱལ་བ་བཞི་པའི་བདུད་རྩི་ངོམས་པ་ལས། །མཆོག་གི་ཡོན་ཆབ་ཕུལ་བས་མཉེས་མཛད་དེ། །ཟག་མེད་བདེ་དོན་གཟིགས་པའི་མིག་ཡངས་པ། །སྲིང་མོ་གང་གའི་ལྷ་མོར་གསོལ་བ་འདེབས། །ཞེས་གསུངས།

འཕགས་པའི་ཡུལ་དུ་རྒྱལ་རིགས་ལས་ཆས་པ་སྲིད་པའི་བདེ་འབྱོར་ལ་མེ་འོབས་ལྟར་གཟིགས་ཤིང་དངོས་གྲུབ་རྣམ་གཉིས་ཐོབ་པ་དགེ་སློང་མ་དཔལ་མོ་དང་། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་རིགས་ཀྱི་སྲས་མོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ལས་ཀྱི་ཕྱག་རྒྱ། སྐུ་ལ་བདེ་སྟོང་ཡེ་ཤེས་ཀྱི་དགའ་བཞིའི་མཆོད་པ་མཛད་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མནྡྷ་ར་བ་དང་། བོད་ཡུལ་དུ་གྱུར་པ་ནི་ཡུལ་དབུས་ཀྱི་ཆར། སྒྲག་པ་མཁར་ཆེན་དུ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཟབ་གཏེར་ཀུན་གྱི་གནང་མཛོད་འཛིན་པ་ཆེན་པོ་ཟག་བྲལ་ཡེ་ཤེས་ཆེན་པོས་མཆོག་བརྙེས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ཡང་ཡུལ་གཡེལ་ལབ་ལུང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་གཟུགས་སུ་བྱོན་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཤེར་ཕྱིན་གྱི་དགོངས་པ་ལམ་དུ་འཁྱེར་བ་གཅོད་ཡུལ་གྱི་སྲོལ་བཏོད་པ་མ་ཅིག་ལབ་ཀྱི་སྒྲོན་མ་ཞེས་བྱ་བ་འདི་ཉིད་དུ་འཁྲུངས་ནས་བསྟན་པ་དང་འགྲོ་བའི་དོན་བླ་ལྷག་ཏུ་མཛད་ནས་ཞི་བར་གཤེགས། དེ་རྗེས་ངོམ་ཤོད་ཕག་མོ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཀྱི་འདབས་ཞོལ། གྲོང་གཞིས་འབྱོར་ལྡན་ཅན་དུ་བུ་མོ་སྤུན་གསུམ་གྱི་ཐ་ཆུང་མཁའ་འགྲོ་མ་བསོད་ནམས་འདྲེན་མ་ཞེས་མཚན་ལྡན་བུད་མེད་ཀྱི་ཡོན་ཏན་དང་ལྡན་པ། ཕག་གྲུ་རྡོ་རྗེ་རྒྱལ་པོའི་མདུན་རིགས་སད་དེ་རྣལ་འབྱོར་མ་ཆེན་མོས་འགྲོ་དོན་མཛད། སྐུ་ཚེར་བར་ཆད་ཀྱི་དབང་གིས་སྐབས་ཤིག་རྡོ་རྗེ་རྒྱལ་པོའི་ཉེ་གནས་ཀྱིས་གསང་ཆེན་སྤྱོད་པ་རིག་ནས་བདག་ལྟ་བུ་ལའང་བྱིན་རླབས་ཞུ་འོ་ཞུས་པ་ཞལ་གྱིས་བཞེས་ཏེ་མར་ངོའི་མཁའ་འགྲོ་འདུ་བའི་ཚེས་ལ་བླ་མའི་ནུབ་ངོས་བྲག་ཕུག་དེར་སྲོད་ལ་སྡོད་ཅིག །

སྐབས་དེར་མ་ངེས་པའི་གཟུགས་ཀྱི་བཀོད་པ་གང་བསྟན་ཀྱང་ཚམ་ཚོམ་མེད་པར་བྱིན་རླབས་ཞུས་ཤིག་གསུངས་ནས་ཉེ་གནས་ཀྱིས་དེ་ལྟར་བསྡད། ནམ་སྲོད་ཙམ་ལ་མེ་ཕུང་གི་ཚ་ཚ་འཕྲོ་བའི་ནང་ཕག་རྒོད་འཇིགས་རུང་གི་ངར་སྒྲས་ས་གཡོ་བ་དང་བཅས་བྱོན་སྐབས། ཉེ་གནས་འཇིགས་སྐྲག་བསྲན་མི་བཟོད་པའི་ཐོག་ཏུ་ལུས་དེ་གའི་ནུབ་མོ་མཁའ་འགྲོ་མ་བསོད་ནམས་འདྲེན་མ་སྐུ་ཚེ་བར་ཆད་ཀྱིས་གཞན་དབང་དུ་གྱུར་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ནས་གཞན་དོན་ཆེར་མ་བྱུང་། ཡང་རེ་ཞིག་ན་བྱང་གི་འདམ་ཤོད་འབྲོག་སྡེ་ཆེན་པོ་ཞིག་ཏུ་རིགས་རུས་ཕུན་སུམ་ཚོགས་པ་མཁའ་འགྲོ་མ་སྦས་པའི་སྤྱོད་པ་དང་ལྡན་པ་བསོད་ནམས་དཔལ་འདྲེན་ཞེས་རིག་ལྡན་དཔའ་བོ་རྟ་མཆོག་རོལ་པའི་རྣམ་རོལ་དང་འགྲོགས་ཏེ་འཇིག་རྟེན་མི་ཆོས་དང་། ཆོས་ཀྱི་བྱ་བར་བཞུགས་ནས་གྲུབ་པ་ཐོབ། སྐབས་ཤིག་བྱང་ཕྱོགས་སུ་གཡག་རྒོད་ལ་སོགས་པའི་འཚེ་བ་ཆེན་པོ་བྱུང་སྐབས། གྲུབ་པའི་རྒྱལ་མོས་བདེན་སྟོབས་བརྗོད་ཅིང་ལྷག་ལྷར་གསོལ་བཏབ་མཐུས་གཡག་རྒོད་ལ་སྦར་འཛིན་མཛད་ནས་འགྲོ་བ་ཀུན་ལ་འཚེ་བའི་འཇིགས་པ་ལས་གྲོལ་ཏེ་སྒྲུབ་པའི་མཚན་མ་མངའ་བའོ། །འདི་ཉིད་ནི་ཡེ་ཤེས་མཚོ་རྒྱལ་གྱི་གསུང་དུའང་། ཐུགས་ཀྱི་གསུང་སྤྲུལ་བསོད་ནམས་དཔལ་འདྲེན་ཞེསཿ ཐ་མལ་ཚུལ་བཟུང་བྱང་གི་ཕྱོགས་སུ་བྱུངཿ འབྲེལ་ཚད་དོན་ལྡན་འཆི་ཁའི་གྲུབ་རྟགས་བཞགཿ ཅེས་ལུང་བསྟན་ཐོག་ཏུ་བབས་པའོ། །

༈ གཉིས་པ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས།

སྐུ་ཕྲེང་དང་པོ་ཆོས་ཀྱི་སྒྲོན་མེ་ནི། བོད་ཀྱི་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་ཕེབས་པ་དེ་དག་ལས་མཆེད་པ་ནོར་འཛིན་སྐྱོང་བའི་བདག་པོ་མངའ་རིས་གུང་ཐང་དུ་ཁྲི་རྒྱལ་བསོད་ནམས་ལྡེའུ་སྲས་ཁྲི་བསོད་ནམས་རྒྱལ་མཚན་དང་། ཁྲི་ལྷ་དབང་རྒྱལ་མཚན་གཉིས་བྱུང་བ་ལས་ཁྲི་ལྷ་དབང་རྒྱལ་མཚན་དང་། བཙུན་མོ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ། བྱམས་སྙིང་རྗེའི་བདག་ཉིད་ཅན་ཕལ་པའི་གནས་ལས་རིང་དུ་གྱུར་པ་ཡུམ་མདོ་སྡེ་རྒྱལ་མོ་གཉིས་ལ། ཁྲི་རྣམ་རྒྱལ་ལྡེ་དང་། ནམ་མཁའ་ནོར་བུ། ལྕམ་སྲིང་ཨ་གྲོལ་ཆོས་ཀྱི་སྒྲོན་མེ་བཅས་གསུམ་བྱུང་བ་ལས་ཐ་ཆུང་འདི་ཉིད་སྐུ་གཞོན་ནུ་ཉིད་ནས་བསྐལ་པ་མང་པོར་བྱང་ཆུབ་མཆོག་ཏུ་སྤྱོད་པ་རླབས་ཆེན་མཛད་པའི་སྔོན་གོམས་བཟང་པོའི་མཐུ་ལས། འཁོར་བའི་ཆོས་དང་སྲིད་པའི་དཔལ་ལ་ཆགས་པ་ནི། འཁོར་བར་འཆིང་བའི་རྒྱུ་ཉིད་དུ་དགོངས་ནས་འཇིག་རྟེན་གྱི་བྱ་བ་ལས་རིང་དུ་འདས་ཏེ་ཀློག་པ་ལ་སོགས་ཐོས་བསམ་གྱི་རྩལ་རྫོགས་ཤིང་ཚེགས་མེད་དུ་མཁྱེན། དེ་ཡང་མཚོ་རྒྱལ་གསུང་རྣམས་ནང་དུའང་། འཕྲིན་ལས་གསུང་སྤྲུལ་མངའ་རིས་སྤྲུལ་པ་སྟོན་ཞེས་ལུང་བསྟན་པ་དང་། མཆོད་བརྗོད་ནང་དུ་ཡང་། གུང་ཐང་རྒྱལ་པོའི་རིགས་སུ་པད་འབྱུང་གིས། །ལུང་བསྟན་མངོན་འགྱུར་ཆོས་ཀྱི་སྒྲོན་མེ་ཞེས། །འཇིགས་བྲལ་ཞབས་དང་གྲུབ་ཆེན་ཐང་རྒྱལ་བས། །རྗེས་བཟུང་གྲུབ་མཆོག་བརྙེས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །

ཆོས་རྗེ་བོ་དོང་པ་ཕྱོགས་ལས་རྣམ་རྒྱལ་གྱིས་རྗེས་སུ་བཟུང་སྟེ་རབ་ཏུ་བྱུང་བའི་མཚན་དཀོན་མཆོག་རྒྱལ་མོར་མངའ་གསོལ་མཛད། སྡེ་སྣོད་ཀྱི་ཆོས་མཐའ་ཡས་རྣམས་དང་། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད་མན་ངག་ལུང་དང་བཅས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་། དབུས་གཙང་ཀུན་ལ་ཕྱག་ཕྱིར་བྱོན་པར་མཛད་པར་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དང་མཇལ་ནས་གསང་སྔགས་གསར་རྙིང་གི་ཟབ་རྒྱས་ཀྱི་ཆོས་དང་གདམས་པ་ཡོངས་སུ་རྫོགས་པར་གནང་ཞིང་། གྲུབ་ཐོབ་ཆེན་པོའི་གསུང་ལས། མཁའ་འགྲོ་མ་བསོད་ནམས་འདྲེན་མའི་སྐྱེ་བ་གསུམ་པ་བོད་རྗེའི་སྲས་སུ་སྐུ་འཁྲུངས་པ། རྗེ་བཙུན་ཆོས་ཀྱི་སྒྲོན་མེ་བྱ་བའི་མཚན་གསོལ། སློབ་དཔོན་མ་ཆོས་སྒྲོན་སྟོད་ཕྱོགས་ལ་བསྡད་ན་ཚེ་རིང་། གདུལ་བྱ་ལ་ངེས་པ་མེད། སྨད་ཕྱོགས་ལ་ཐེགས་ན་གདུལ་བྱ་ཆེ། ཚེ་ལ་ངེས་པ་མེད་གསུངས་པར། སེམས་ཅན་ལ་ཕན་ཐོགས་པ་དགོས་ཞུས་པས། འོ་ན་ཤར་ཀོང་པོའི་ཡུལ་ན་ངེད་ཀྱི་དགོན་པ་ཙ་གོང་དཔལ་གྱི་གནས་གསར་ཞེས་བྱ་བ། མ་དང་མཁའ་འགྲོའི་ཚོགས་སྤྲིན་དང་ན་བུན་ལྟར་འདུ་བ་ཡོད་པས་དེར་འགྲོ་དོན་གྱིས་ལ། བླ་མ་རིགས་གསུམ་མགོན་པོས་ཀྱང་བསུ་བ་ཡོད་ཅེས་ལུང་བསྟན་བསྩལ། ཉེ་གནས་བདེ་ལེགས་ཆོས་སྒྲོན་དང་བཅས་དབུས་ཕྱོགས་ལ་འགྲོ་དོན་ལ་བྱོན། རྗེ་བཙུན་དབུས་ཕྱོགས་སུ་ཕེབས་ཉེར། ཀོང་པོར་བླ་མ་རིགས་གསུམ་མགོན་པོའི་ཞུ་བ་དེའི་སར་མི་ནག་པོ་རལ་པའི་ཐོད་བཅིངས་པ་དུང་གི་སྣ་ཆ་ཅན་ཞིག་བྱུང་བ་ལ། ཁྱེད་ག་ནས་བྱོན། དོན་གང་ཡོད་བྱས་པས།

དེ་ན་རེ། དཔལ་རི་བོ་ཆེ་ནས་ཡོང་། གྲུབ་ཐོབ་ཆེན་པོས་ཁྱེད་འབོད་པར་བརྫང་པ་ཡིན་ཟེར། ང་འབོད་ནས་ཅི་བྱེད་བྱས་པས་གནས་འདིར་འོད་གསལ་ལྷའི་བརྒྱུད་པ་ཡོང་བ་ཡོད་པས། དེ་བསུ་བ་ལ་ང་དང་བསྡེབས་ནས་དབུས་སུ་ཤོག་གསུངས་པས། མགྱོགས་པར་འགྲོ་ཟེར། སྤྲུལ་པ་ཞིག་འདུག་བསམ། དེའི་རྗེས་ལ་ཡོང་པས་དབུས་སུ་སླེབས་ཉེར་སྔར་གྱི་མི་དེ་གར་སོང་མ་བྱུང་། རྗེ་བཙུན་མ་དང་མཇལ་ནས་སྔར་གྱི་ལོ་རྒྱུས་རྣམས་ཞུས། བསུ་བ་བྱས་ནས་ཙ་གོང་གནས་གསར་དུ་ཕེབས། དཔལ་འཁོར་ལོ་སྡོམ་པའི་གཞལ་ཡས་ཁང་དག་པ་མཁའ་སྤྱོད་དང་མཚུངས་པ། རྩྭ་ཀླུ་བདུད་རྡོ་རྗེ་སྐྱེ་བའི་ས་རྩ་དེ་སྐྱེ་འགྲོ་སེམས་ཅན་ཀུན་གྱི་ཁར་སོང་ན་ནད་ཀུན་སེལ་ཞིང་རྣལ་འབྱོར་པ་ཉམས་རྟོགས་ཡོན་ཏན་སྐྱེ་བའི་ས་གཞི། དངོས་གྲུབ་རྣམ་གཉིས་སྩོལ་བ་དང་། ལམ་གྱི་ཡོན་ཏན་རྣམས་གཅིག་ཏུ་རྫོགས་པའི་ཅིག་ཅར་དུ་སྒྲུབ་པ་མཛད། དཔའ་བོ་དང་མཁའ་འགྲོ་མ་ལ་སོགས་པ་དང་། ཁྱད་པར་སེང་གེ་གདོང་ཅན་ཡབ་ཡུམ་གཉིས་ཀྱིས་ཕྲིན་ལས་དང་སྡོང་གྲོགས་དངོས་སུ་མཛད། ཡར་ལམ་དབུས་ཕྱོགས་ཕེབས་སྐབས་སེང་གེ་གདོང་ཅན་ཡབ་ཡུམ་གཉིས་བྲོ་པ་ཕོ་མོའི་ཚུལ་དུ་སྐབས་འགར་སྔོན་ལ་བསུ་བ་དང་། སྐབས་འགར་རྗེས་ནས་སྐྱེལ་བ། སྐབས་འགར་ཅི་ཡང་མེད་པའི་ཚུལ་བསྟན། བོ་དོང་དུ་མི་དབང་གྲགས་པ་རྒྱལ་མཚན་གྱིས་བསུ་བའི་བཀོད་པ་དང་བཅས་བཀུར་སྟི་བླ་ལྷག་ཏུ་མཛད།

ཆོས་རྒྱལ་འདི་ཉིད་ཀྱིས་དཀོར་མཛོད་ནས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་གཏེར་ཀུན་གྱི་གཙོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབུ་ལོ་ཆ་ཚང་། སྙན་གཡུ། སྐུ་རྒྱན་རྣམས་ནོར་བདག་པོར་འབུལ་བ་ཡིན། བསྟན་འགྲོའི་དཔལ་ཡོན་དམ་པ་བསོད་ནམས་ཀྱི་ཞིང་དུ་བདག་གིར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། དེ་ནས་ཡར་འབྲོག་ལ་བྱོན། འབྲོག་ཁྲི་དཔོན་ནམ་མཁའ་རྒྱལ་མཚན་གྱིས་བཀུར་སྟི་དང་བཅས་གསོལ་བ་བཏབ་བཞིན་ཟབ་རྒྱས་ཀྱི་ཆོས་མང་དུ་གསུངས་ནས་འགྲོ་དོན་བསྐྱངས། སྔར་ཙྭ་རི་ནས་ཡར་ལམ་ཕེབས་སྐབས་བྲོ་པ་ཕོ་མོ་གཉིས་དངོས་དང་ཉམས་སྣང་དུ་བྲོ་འཁྲབ་བཞིན་དུ་དེ་སྐད་བརྗོད། དི་ཝི་ཀོ་ཊིའི་ཡ་གྱལ་གནས། །མ་དང་མཁའ་འགྲོས་བྱིན་རླབས་པའི། །ཞིང་སྐྱོང་ཌཀྐིའི་ཚོགས་དཔོན་མ། །གནས་འདི་ཟུངས་ཤིག་ཕྲིན་ལས་སྒྲུབས། །ཞེས་བསྐུལ་བ་ལ་བརྟེན། ས་ཕྱོགས་འདི་ཉིད་དུ་ཞབས་བཅགས། ས་གཞི་བྱིན་གྱིས་བརླབས་ནས་གཟིགས་སྣང་ལ་ཡང་། མ་དང་མཁའ་འགྲོ་སྤྲིན་དང་ན་བུན་བཞིན་དུ་འདུས་ནས་བྲོ་པ་དེ་གཉིས་དང་བཅས་ཕ་བོང་རང་རོང་ལ་ཐིམས་སོ། །འབྲོག་ཁྲི་དཔོན་གྱིས་མཐུན་རྐྱེན་བསྐྲུན་ནས་སྒྲུབ་སྡེ་ཆུང་ངུ་ཞིག་རབ་བྱུང་བདུན་པའི་ལྕགས་སྤྲེལ། ༡༤༤༠ལོར་ཕྱག་བཏབ་པར་གྲགས། དེར་དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་བསམ་གྲུབ་ཆོས་ཀྱི་སྡིངས་ཞེས་པའམ་བསམ་གཏན་མཁའ་སྤྱོད་ལྡིང་ཆོས་འཁོར་རྣམ་རྒྱལ་གླིང་ཞེས་འབོད་སྲོལ་གཉིས་ཡོད་ཀྱང་ཡོངས་གྲགས་ལ་སྔ་མ་བཞིན་བརྗོད་པ་ལགས། སྐབས་དེར་བླ་མ་གཅིག་དང་གྲྭ་པ་དྲུག་ལས་གྲུབ་པ་ཞིག་ཡིན། རྟེན་གྱི་གཙོ་བོ་ཁྲི་དཔོན་ནས་བཞེངས་པ། རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་འདྲ་སྐུ་དང་། ཐང་སྟོང་རྒྱལ་པོས་གནང་བའི་ཙན་དན་སྦྲུལ་སྙིང་གི་རྣལ་འབྱོར་མ་བཅས་བྱིན་རླབས་ཀྱི་ཚན་ཁ་འབར་བ་བཞུགས། བརྩམས་ཆོས་ཀྱང་ས་ལམ་བགྲོད་ཚུལ་དད་པའི་མེ་ཏོག་དང་། རྒྱུད་ལྷ་ཚོགས་ཀྱི་བསྟོད་པ། སྨོན་ལམ་དོན་གཉིས་ལྷུན་གྲུབ་སོགས་མཛད།

རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར། གསང་བའི་རྣམ་ཐར་སོགས་རིམ་པར་བསྩལ་བའི་གསུང་ལས། ཁྱེད་རང་སྐྱེ་བ་གསུམ་དུ་དབུས་ཀྱི་སྨད། །ཙ་རིའི་ཕྱོགས་སུ་སྐྱེ་བ་བཞེས་མཛོད་ལ། །རིན་ཆེན་གསེར་དངུལ་ལས་གྲུབ་གླེགས་བམ་བཞེངས། །འགྲོ་བའི་དོན་མཛད་མཁའ་སྤྱོད་གཤེགས་པར་མཛོད། །ཅེས་ལུང་བསྟན་ཀྱང་གནང་། དེ་ནས་མི་རིང་བར་ཙ་གོང་སྨན་མོ་སྒང་དུ་སྒྲུབ་པ་ལ་བཞུགས་ནས། ཕྱི་ཉན་ཐོས་ཀྱི་སྤྱོད་པ་ལྷུར་བཞེས་ཤིང་། ནང་བྱང་ཆུབ་ཀྱི་སེམས་ལས་མི་གཡོ་བ། གསང་བ་སྔགས་ཀྱི་སྒྲུབ་པ་ཉམས་སུ་བཞེས་ནས་གནས་དེར་གྲུབ་རྟགས་བྲག་ལ་ཞབས་རྗེས་སོགས་འཇོག་པར་མཛད། དགུང་གྲངས་སུམ་ཅུ་སོ་བཞི་ལོར་གདུལ་བྱ་རྟག་འཛིན་རྣམས་ཆོས་ལ་སྐུལ་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་ཏེ། རྗེས་འཇུག་རྣམས་ཀྱི་བགོ་སྐལ་དུ་མཚན་ལྡན་དབུ་ཐོད་དཔལ་གསང་བ་འདུས་པའི་རང་བྱོན་དང་བཅས་ཡོད་པ་ཙ་གོང་དུ་བཞུགས། གྲུབ་ཐོབ་ཐང་སྟོང་ཆེན་པོས་སྨན་མོ་སྒང་དུ་སྒྲུབ་སྡེ་འཛུགས་པའི་སྨོན་ལམ་དང་། རྟེན་འབྲེལ་མཛད་སྒོའི་དུས་དེར་གནས་འདིར་ཐོད་པ་མཚན་ལྡན་དང་། མངའ་རིས་པ་ཡི་རི་པ་ཡོང་། གསུངས་པ་བཞིན་ལུང་བསྟན་དུས་ཐོག་ཏུ་མངོན་དུ་གྱུར་ནས་རྗེས་འཇུག་རྣམས་མི་ཕྱེད་པའི་དད་པ་ཤིན་ཏུ་འཕེལ་ལོ། །

སྐུ་ཕྲེང་གཉིས་པ་རྗེ་བཙུན་ཀུན་དགའ་བཟང་མོ་ནི། ཀོང་པོ་སྲིན་མོ་གཉན་ཁྲིར་ཡབ་གྲུབ་ཐོབ་མཆོག་ལྡན་རྡོ་རྗེ་དང་། ཡུམ་ཇོ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ངོས་འཛིན་མཛད་དེ་ཕྱིས་པས་གསལ་དུ་འགྲོ་བ་མེ་ལོང་དང་། སྙན་གྲགས་ཀྱི་ཏིང་ཤག །སྐུ་ཚེ་རིང་བའི་འབྲུ་དཀར་གྱི་མེ་ཏོག་འཐོར་རྒྱུ་གནང་། དགུང་ལོ་ལྔ་བཞེས་པ་ན་གྲུབ་ཐོབ་ཆེན་པོས་གསང་སྔགས་གསར་རྙིང་གི་ཟབ་ཆོས་རྣམས་རིམ་པར་བསྩལ།

མཚན་ཀུན་དགའ་བཟང་མོ་བྱ་བ་གསོལ། ཁྱེད་རང་གི་གདུལ་བྱ་མངའ་རིས་སྐོར་གསུམ་ཡིན་པས་འགྲོ་དོན་གྱིས་གསུངས། དཔལ་ལྡན་འཆི་མེད་གྲུབ་པས་བདག་རྐྱེན་མཛད་ནས་གཉལ་དང་། ལོ་རོ། ལྷོ་བྲག་བརྒྱུད་བསམ་སྡིངས་སུ་གདན་དྲངས། བོ་དོང་པའི་ཆོས་རྒྱུད་དཔལ་དེ་ཁོ་ན་ཉིད་འདུས་པའི་བསྟན་པ་རིན་པོ་ཆེ་ལུང་རྟོགས་དབང་ལུང་མན་ངག་དང་བཅས་འགྲོ་དོན་བསྐྱངས། དེ་ནས་གྲུབ་ཐོབ་ཆེན་པོའི་བཀའ་ལུང་དང་། སྐུ་སྐྱེ་སྔོན་མའི་ཡུམ་མདོ་སྡེ་རྒྱལ་མོའི་སར་ཕེབས་པ་སོགས་མངའ་རིས་སྐོར་གསུམ་གྱི་གདུལ་བྱའི་དོན་དུ་བྱོན། གུང་ཐང་དུ་སྔོན་གྱི་ཡུམ་མདོ་སྡེ་རྒྱལ་མོ་དང་མཇལ་དུས་ང་ཀོང་པོར་འགྲོ་སྐབས། ཨ་མ་སྐྱེལ་མ་ལ་བྱོན་པའི་དུས་ངས་ཨ་མ་གྲོངས་དུས་དབུ་སྔས་སུ་ཅིས་ཀྱང་སླེབས་པ་ཞུས་པས་མ་བསྙེལ་ལམ་ཞེས་གསུངས་པ་སོགས་སྔོན་གནས་རྗེས་དྲན་གྱིས་དམ་པའི་རིགས་སད་པས། གདུལ་བྱ་རྣམས་དད་པ་ལྷག་པར་འཕེལ་ཞིང་འགྲོ་དོན་རྒྱ་ཆེར་བྱུང་ངོ་། །

གྲུབ་ཐོབ་ཆེན་པོས་སྟོད་ཧོར་གྱིས་བོད་ལ་གནོད་འཚེ་བྱེད་པ་ཞི་བར་བྱ་དགོས་བཀའ་ཤོག་ཕེབས། རྗེ་བཙུན་ཆེན་མོ་དང་། འཆི་མེད་གྲུབ་པ་སོགས་དཔོན་སློབ་ཉི་ཤུ་ཙམ་གྱིས། མང་ཡུལ་སྟོད་སྨད་ཀྱི་རྒྱལ་པོ་གཉིས་རྫུ་འཕྲུལ་གྱིས་ཞི་བར་མཛད་པ་དང་། གཞིས་སུ་ཕབ་པའི་སྟོད་ཧོར་དྲུག་ཅུ་ཙམ་ལ་མ་ཎིའི་ལུང་དང་། སྡིག་སྤོང་དགེ་སྒྲུབ་ཀྱི་དམ་ཆོས་བསྩལ། ཧོར་དམག་ཟིལ་གནོན་གྱི་ཐུགས་དམ་གྱིས་ཕམ་པར་མཛད་དེ་ཁ་བ་ཅན་ལ་ཧོར་དམག་འཇུག་པའི་གོ་སྐབས་མེད་པར་མཛད། དེ་ནས་དབུས་གཙང་དང་གཉལ། ལོ་རོ་སོགས་ལ་ཕེབས། བྱར་པ་ནང་སོ་བཀྲ་ཤིས་དར་རྒྱས་ཀྱིས་སྦྱིན་བདག་མཛད་ནས་བྱར་ཆོས་སྡེ་དགོན་བཏབས། ཡར་རྒྱབ་གནས་དཔོན་དང་། གཞིས་ཀ་བྲག་དཀར། རིན་སྤུངས་པ། ཡར་སྟོད་བསམ་སྡེ་པ། གཡའ་བཟང་། ཡར་འབྲོག་ཁྲི་དཔོན་རྒྱལ་བུ་ལྷུན་གྲུབ་བཀྲ་ཤིས་པ་དང་བདག་མོ་ཚེ་འབུམ་རྒྱལ་མོ་སོགས་ཀྱིས་སྦྱིན་བདག་གནང་སྟེ་བསམ་སྡིངས་ཀྱི་གཙུག་ལག་ཁང་དང་། འདུ་ཁང་གཙང་ཁང་། ཕོ་བྲང་དཀར་པོ་སོགས་རྒྱ་བསྐྱེད་མཛད་ནས་སྐུ་གསུང་ཐུགས་རྟེན་ལ་སོགས་པ་དང་། ལྷག་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་རིན་ཆེན་དང་པོ་དང་། གཉིས་པའི་ཞུན་མ་སྤེལ་ནས་བྲིས་པ་པོད་བརྒྱ་དང་བཅུ་གཉིས་[ཞིབ་ཕྲ་གཤམ་དུ་གསལ་]སོགས་འདུས་ཆེན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་བསྟན་འགྲོའི་དོན་མཛད། དགུང་གྲངས་བཞི་བཅུ་ཞེ་བཞི་ལ་སྟོད་རི་བོ་ཆེར་གཞན་དོན་དུ་གཤེགས་སོ། །

སྐུ་ཕྲེང་གསུམ་པ་རྗེ་བཙུན་སྙན་གྲགས་བཟང་མོ་ནི། ཡུལ་གཉན་གྲོང་དུ་ཡབ་དཔའ་བོ་ལྷུན་གྲུབ་དང་། ཡུམ་བཀྲ་ཤིས་དཔལ་འབར་མ་གཉིས་ཀྱི་སྲས་སུ་འཁྲུངས། ཐམས་ཅད་མཁྱེན་པ་འཆི་མེད་དཔལ་བཟང་གིས་བདག་རྐྱེན་མཛད་དེ་སྙན་གྲགས་བཟང་མོ་ཞེས་མཚན་གསོལ། འཆི་མེད་དཔལ་བཟང་དང་། བོ་དོང་གི་བློ་བརྟན་བཞི་པ་དཀའ་བཅུ་པ་ནམ་མཁའ་དཔལ་བཟང་། དོལ་པ་རྒྱལ་མཚན་གྲགས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དགེ་བའི་བཤེས་གཉེན་དུ་བསྟེན་ཅིང་། མངོན་པ་མཛོད་དང་། ཚད་མ་རྣམ་འགྲེལ། ཕར་ཕྱིན། དབུ་མ་སོགས་གསན་བསམ་རྒྱ་ཆེར་སྤེལ་ནས་རྒྱུ་མཚན་ཉིད་ཀྱི་ཐེག་པ་དར་བར་མཛད་དེ་བསམ་སྡིངས་རང་དུའང་རྩོད་གྲྭ་གསར་འཛུགས་མཛད། ཀོང་པོ་ནས་མངའ་རིས་བར་གདུལ་བྱ་དང་འཕྲིན་ལས་རྒྱས་པ་བྱུང་། འབྲས་བུ་སྔགས་ཀྱི་ཐེག་པར་ཞུགས་ནས་ཐུན་མོང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་། བསྐྱེད་རྫོགས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཁྲིད་སོགས་པོད་གཉིས་ལྗགས་རྩོམ་མཛད། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་འདུས་ཆེན་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་ཏེ། དགུང་གྲངས་བཞི་བཅུ་ལ་ཌཱཀྐི་འདུ་བའི་བསྟི་གནས་སུ་གཟུགས་སྐུའི་བཀོད་པའི་འཕྲིན་ལས་ཀྱི་མཇུག་བསྡུས། རྗེས་འཇུག་འགྲོ་བའི་བསོད་ནམས་ཀྱི་རྟེན་སྐལ་དུ་དངུལ་གདུང་རྣམ་རྒྱལ་མཆོད་རྟེན་གཟིམ་ཆུང་སྲིད་གསུམ་རྣམ་རྒྱལ་ནང་རིག་གསར་བར་དུ་བྱིན་རླབས་ཀྱི་གཟི་བྱིན་འབར་བར་བཞུགས་སོ། །

སྐུ་ཕྲེང་བཞི་པ་ཨོ་རྒྱན་གཙོ་མོ་ནི། ཁམས་ཀྱི་སོ་བ་བཞི་ཞེས་པའི་ཡུལ་དུ་ཡབ་དཔའ་བོ་བཅུད་ལྡན་དང་། ཡུམ་མཁའ་འགྲོ་མ་ཐག་གོ་བྱ་བར་འཁྲུངས། འཇམ་དབྱངས་བསྟན་འཛིན་གྲགས་པ་སོགས་དམ་པ་དུ་མའི་བདག་རྐྱེན་དང་། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ནས་གདན་སར་ཆོས་ཀྱི་སེང་གེའི་ཁྲི་ལ་མངའ་གསོལ་མཛད་དེ་དགུང་གྲངས་བཅུ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་གདུང་སྦྱངས་ཤིང་ཆོས་སྐུའི་རྟེན་དུ་སྒྲུབ་པའོ། །

སྐུ་ཕྲེང་ལྔ་པ་མཁའ་སྤྱོད་དཔལ་མོ་ནི། ཀོང་ཡུལ་སྐར་མ་གྲོང་གསར་དུ་སྐུ་བལྟམས། འགྲོ་མགོན་ཕྲིན་ལས་རྣམ་རྒྱལ་སོགས་དམ་པ་དུ་མའི་དྲུང་ནས་དགེ་ཚུལ་སོགས་ཀྱི་སྡོམ་པ་ནོད། གཞོན་ནུ་ཉིད་ནས་མཁྱེན་རབ་ཀྱི་རྩལ་ཡོངས་སུ་རྫོགས་ཏེ་ཐོས་བསམ་སྒོམ་གསུམ། མཁས་བཙུན་བཟང་གསུམ་ལ་སོགས་པ་དམ་པའི་ཡོན་ཏན་ཐམས་ཅད་མངའ་བ་ཆོས་རྗེ་བོ་དོང་བའི་བཞེད་སྲོལ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་བྱ་བ་ལ་རྗེ་བཙུན་མ་འདི་ཉིད་ནས་བཟུང་སྒོ་ཐམས་ཅད་ནས་ཕྱོགས་ཀུན་ཏུ་དར་རྒྱས་བཀའ་དྲིན་ཆེ་བའི་རྒྱུད་སྡེ་བཞིའི་སྒྲུབ་པ་ཆགས་མེད་དང་། ལྷག་པར་དབྱར་དགུན་གཉིས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པ་ཞག་དགུ་རེའི་ཐོག་བསྟན་སྲུང་དམ་ཅན་རྒྱ་མཚོའི་གར་འཆམ་དང་འབྲེལ་དྲུག་ཅུའི་གཏོར་ཟློག །དམག་ཟོར་མཆེད་ལྔའི་རྩ་འཆམ་དང་མདོས་གཏོར་ཟོར་འཕེན་དྲག་པོའི་སྦྱིན་བསྲེགས་དང་འབྲེལ་བའི་སྒོ་ནས་ཧོམ་བསྲེགས་སྤར་བས། དུར་བདག་གཉིས་ཀྱིས་མེའི་ནང་དུ་བཞུགས་ཀྱང་ཆས་གོས་སྒྲོན་དར་སོགས་ལ་མེའི་འཇིགས་པ་མ་བྱུང་བ་སོགས་དམ་པ་དེ་ཉིད་ཀྱིས་གསར་རྩོམ་མཛད་དེ་དད་ལྡན་སྐྱེ་བོ་རྣམས་ཀྱི་མཐོང་ཆོས་སུ་གྱུར་པའི་མཛད་རྗེས་ཆེན་པོ་འཇོག་པ་གནང་བ་༡༩༥༩ལོའི་བར་མ་ཉམས་པར་གནས་ཡོད། གཞན་ཡང་གཙུག་ལག་ཁང་རྟེན་དང་བརྟེན་པར་ཉམས་གསོ་དང་གསར་བཞེངས་མཛད་པ་ནི། རྗེ་བཙུན་མི་ཕམ་མགོན་པོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་བཞུགས་པའི་སྣང་བརྙན་ཐོག་སོ་ཉིས་བརྩེགས་གསེར་ཟངས་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་ཚོམ་ལྟ་བས་མི་ངོམས་པ་གཟི་བྱིན་འཕྲོ་བའི་ཐུགས་ཀར་སངས་རྒྱས་ཀྱི་འཕེལ་གདུང་སོགས་རིང་བསྲེལ་རྣམ་བཞིས་མཚོན་པའི་གཟུངས་ཞུགས་བྱིན་ཅན་གསར་བཞེངས་དང་། གསུང་རྟེན་རིན་ཆེན་དང་པོའི་ཞུན་བྲིས་ཕལ་ཆེན། གཡས་སུ་ཐུགས་རྟེན་རིན་གཉིས་ལས་གྲུབ་པའི་དབྱེན་ཟླུམ་མཆོད་རྟེན།

གཡོན་དུ་བྱང་ཆུབ་མཆོད་རྟེན་མི་ཚད་བཅས་རྟེན་དང་བརྟེན་པར་གོས་བཟང་ལས་གྲུབ་པའི་མཆོད་རྫས་ཕན་ཕྱེ་ཕུར་རིགས་ལ་སོགས་པ་དང་། རྩེ་ཁང་ནང་དུ་གྲུབ་རྒྱལ་ལུགས་ཚེ་དཔག་མེད་ཀྱི་སྣང་བརྙན་འཇིམ་པ་ལས་གྲུབ་པ་ཚེ་ལྷ་རིགས་དགུ་བཅས་གསར་བསྐྲུན་མཛད་པའི་ལྷ་ཁང་གི་སྟེང་དུ་གསེར་ཟངས་ཀྱི་གཉྫིར། རྒྱལ་མཚན་སྤེན་རྒྱན་སོགས་བརྗིད་ཉམས་འགྱིང་ངེར་གནས་པ་བཅས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་ནམ་མཁའ་དང་མཉམ་པ་བསྐྱངས་ནས་དགུང་གྲངས་ལྔ་བཅུ་ང་བཞི་ལོར་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུ་ཚུལ་བསྟན། སྐུ་གདུང་རིན་པོ་ཆེ་བཞུགས་སུ་གསོལ་བར་རིན་ཆེན་གཉིས་པ་ལས་གྲུབ་པའི་གདུང་རྟེན་སྒོ་མང་མཆོད་རྟེན་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞེངས་པ་བཅས་སོ། །

སྐུ་ཕྲེང་དྲུག་པ་འཕྲིན་ལས་མཚོ་མོ་ནི། ཡར་འབྲོག་ཁྲི་སྐོར་གཅིག་གི་ནང་ཚན་འབྲོག་སྒང་ས་ཡི་ལྟེ་བ་སྟག་ལུང་དཔོན་གཟིམ་ཞེས་པར་འཁྲུངས། སྦྱོ་ར་ཐམས་ཅད་མཁྱེན་པ་འཕྲིན་ལས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་ནོད་དེ་མཚན་བསྟན་འཛིན་འཕྲིན་ལས་མཚོ་མོ་ཞེས་གསོལ། གཞན་ཡང་དགེ་བའི་བཤེས་གཉེན་འགྲོ་མགོན་རྡོ་རྗེ་སྙིང་པོ་ལ་སོགས་དམ་པ་དུ་མའི་གསུང་གི་བདུད་རྩི་མདོ་སྔགས་སྤྱི་དང་། ཁྱད་པར་བོ་དོང་པའི་ཟབ་དོན་མན་ངག་བདུད་རྩི་ལྟ་བུ་ངོམས་མེད་དུ་གསོལ། སྒྲུབ་བརྒྱུད་ཀྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་། རྒྱུད་སྡེ་བཞིའི་སྒྲུབ་མཆོད་སོགས་བསྟན་རྒྱུན་ལ་གཞན་དྲིང་མི་འཇོག་པའི་མཛད་བཟང་ཡིད་བཞིན་ནོར་བུ་དང་། མི་ནུབ་པའི་ཉི་མ་ལྟར་གདུལ་བྱ་རྣམས་ལ་སྨིན་བྱེད་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་དང་བཅས་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོས་དུས་འདའ་བར་དགུང་གྲངས་དྲུག་ཅུ་རེ་དྲུག་ལ་ཞི་བར་གཤེགས། སྐུ་གདུང་སྦྱངས་པའི་ཕྱི་རྟེན་དུ་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་དད་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བགྱིས་སོ། །

སྐུ་ཕྲེང་བདུན་པ་ཆོས་སྒྲོན་དབང་མོ་ནི། སམ་བྷོ་ཊའི་རིགས་ལས་ཆད་པ་སྙེ་མོ་ཐོན་གཞིས་སུ་སྐུ་འཁྲུངས། ཐམས་ཅད་མཁྱེན་པ་ཕྲིན་ལས་རྒྱ་མཚོ་དང་། འགྲོ་མགོན་པདྨ་ཕྲིན་ལས་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཅིང་འདུས་ཆེན་བསྟན་པ་རིན་པོ་ཆེ་གསན་བསམ་དང་། འཛིན་སྐྱོང་སྤེལ་གསུམ་སོགས་བསྟན་རྒྱུན་ལ་དབུ་འཕངས་བསྟོད། དུས་དེར་རང་ཅག་ཁ་བའི་ལྗོངས་སུ་བསྟན་འགྲོར་མི་སྲུན་ཀླ་ཀློའི་རྩིང་སྤྱོད་ཀྱིས་བསྟན་པ་དང་བསྟན་འཛིན་སྐྱེས་བུའི་སྐུ་སྲོག་འཕྲོག་པ་སོགས་གཏོར་སྐྱོན་བྱེད་པོ་འཇུན་གར་ཚེ་དབང་རབ་བརྟན་གྱི་དཔུང་དམག་དགོན་དུ་འབྱོར་སྐབས། རྗེ་བཙུན་ཆེན་མོས་ཁྱེད་འཁོར་ཚོགས་དགེ་འདུན་རྣམས་ཉེ་བའི་སར་གབ་སྡོད། ང་གཅིག་པུར་སྡོད་པ་ཡིན་གསུངས་ཏེ་ཕོ་བྲང་དཀར་པོའི་གཟིམ་ཆུང་བདེ་ཆེན་ཕོ་བྲང་ནང་མི་གཡོ་བའི་ཏིང་འཛིན་ལ་བཞུགས། དཔུང་དམག་རྣམས་ལྷག་སྐབས་ཕག་རྒོད་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་ནས་མེ་འོད་ཀྱི་ཚ་ཚ་འཕྲོ་བ་བཅས་རྫུ་འཕྲུལ་གྱི་བཀོད་པ་དུ་མས་གནོད་འཚེའི་བསམ་སྦྱོར་ངན་པ་ཞི་ནས་རྗེས་སུ་འཛིན་པ་སོགས་ཞུས།

མགོན་ཁང་ནང་དུ་སླེབས་སྐབས་ལྷ་ཆེན་ཚོགས་བདག་གི་ཞལ་ནས་ཁྲག་ཕྱུང་བས་ཁྲག་མཚོར་གྱུར་པ་སོགས་ཀྱིས་གདུག་རྩུབ་ཀྱི་བསམ་ངན་ཞི་ནས་དེ་མ་ཐག་དཔུང་དམག་གིས་གྲི་མདུང་། མེ་མདའ། ཁྲབ་རྨོག་སོགས་གོ་ལག་སུམ་བརྒྱ་ལྷག་ཙམ་ཕུལ་ནས་གནོད་འཚེ་མི་གཏོང་བའི་དམ་བཅའ་བཅས་ཕུལ། མགོན་ཁང་ཀ་བ་བཅུ་གཉིས་ཀྱི་ནང་བར་མཚམས་མེད་པར་འཇིགས་ཤིང་སྐྱི་གཡའ་བ་ཡོད། གཞན་ཡང་ཡར་འབྲོག་ཁུལ་གྱི་དགོན་ཁག་གཞན་ཞིག་ནས་འཕྲོག་བཅོམ་བྱས་པའི་སྐུ་གསུང་ཐུགས་རྟེན་ཆོས་ཆས་སོགས་ཀྱང་དེར་ཕུལ། དེ་ཡང་། གངས་ཅན་མིག་གཅིག་ཐོན་མི་སམ་བྷོ་ཊའི། །རིགས་འཁྲུངས་དམ་པའི་ལུང་བསྟན་གདམས་པ་བསྟན། །མངའ་རིས་མཐར་སོན་ལས་སྐལ་བཟང་ངན་བརྟུལ། །འཛམ་གླིང་ཆོས་སྒྲོན་དབང་མོར་གསོལ་བ་འདེབས། །ཞེས་གསལ་བས་སྙན་པའི་གྲགས་པ་འཇིགས་རྟེན་ཀུན་ཏུ་ཁྱབ་པར་མཛད་དེ། དགུང་གྲངས་བཞི་བཅུ་ཞེ་བཞི་ལོར་བསམ་སྡིངས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

སྐུ་ཕྲེང་བརྒྱད་པ་སྐལ་བཟང་མཆོག་ལྡན་བདེ་ཆེན་དབང་མོ་ནི། འཁྲུངས་ཡུལ་ཤང་བཀྲ་ཤིས་རྩེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་སྐུ་མཆེད་དུ་འཁྲུངས། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱིས་དགྱེས་བརྩེའི་འཚམས་འདྲི་དང་ཕྱག་དབང་ཇ་གྲལ་གནང་སྐྱེས་གྱ་ནོམ་པ་བསྩལ་ཅིང་ཐོན་ཕྱག་ཞུས་ནས་ཁྲི་འདོན་གནང་བར་བཀྲ་ཤིས་རྫོང་ཁའི་གཉེར་པ་རྫོངས་མདའ་མཛད་ཅིང་། དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་ཆོས་གྲྭ་ཆེན་པོར་མི་འཇིགས་གདོང་ལྔའི་ཁྲིར་ཞབས་ཟུང་མངའ་གསོལ་བཟང་པོ་དང་འབྲེལ་སྐབས་དེར་དགའ་བའི་གླུ་དབྱངས་ཀྱང་འདི་ལྟར་གྲགས། ཤང་གི་བཀྲ་ཤིས་རྩེ་ནས། །མེ་ཏོག་པད་སྡོང་ཤར་བྱུང་། །ཟེར་བའི་སྙན་པ་ཁྱབ། བོ་དོང་པའི་སྙན་བརྒྱུད་ཟབ་མ་ཆད་པ་ཐམས་ཅད་མཁྱེན་པ་མི་འགྱུར་རིན་ཆེན་བཟང་པོ་དང་། དགེ་ལེགས་རྒྱལ་མཚན་རྣམ་གཉིས་ཀྱིས་ཟབ་རྒྱས་ཆོས་ཀྱི་སྨིན་གྲོལ་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་བས་བསྟན་དོན་ལ་གཅིག་ཏུ་གཞོལ་བར་མཛད།

གོང་ས་ལྷ་མིའི་རྣམ་འདྲེན་ཕྱག་ན་པདྨོ་རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་ཞབས་དྲུང་དུ་གཙུག་ཕུད་ཕུལ། སྐབས་དེར་གོང་ས་ཆེན་པོས་གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་པ་རྣམས་ཀྱི་ནང་ནས་ཚད་ལྡན་དུ་གྲགས་པའི་ཡར་འབྲོག་བསམ་སྡིངས་སྤྲུལ་སྐུ་ནི་ཁོང་ཉིད་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་དུ་གྲགས་ཤིང་། མ་རྒྱུད་ཀྱི་གཙོ་བོ་ཡི་དམ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ལ་རབ་གནས་གནང་བ་དང་དུས་འཁེལ་བས་མ་བསྒྲིགས་པའི་རྟེན་འབྲེལ་བླ་ན་མེད་དུ་འགྲིགས་པ་ལྷ་དང་མཁའ་འགྲོ་དགྱེས་པའི་མཚན་རྟགས་ཁྱད་པར་ཅན་མངོན་ནོ་ཞེས་བསྔགས་པའི་མེ་ཏོག་སྤྱི་བོར་སྩོལ་བ་དང་བཅས། སྐལ་བཟང་མཆོག་ལྡན་བདེ་ཆེན་དབང་མོ་ཞེས་མཚན་གསོལ་བསྔགས་བརྗོད་རྒྱ་ཆེར་མཛད། རྗེ་བཙུན་དེ་ཉིད་ལ་ཀུན་གཟིགས་དཔལ་ལྡན་ཡེ་ཤེས་ཀྱིས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྗེས་གནང་དང་།

སྟོན་འཁོར་རྣམས་ལ་ལྗགས་ལུང་བཀའ་དྲིན་སྩལ་བ་དང་སྦྲགས་བཀྲ་ཤིས་ལྷུན་དུ་ཟླ་ཤས་བར་ཐུགས་བརྩེའི་ངང་བཞུགས། རྒྱལ་རྩེ་གནས་རྙིང་ཆོས་སྡེ་མ་ལག་ཆོས་འབངས་ས་རིགས་ཁང་ཞིང་དང་བཅས་པ་རྣམས་ཆོས་གཞིས་སུ་སྦྱོར་འཇགས་གནང་། གོང་མ་ཆན་ལུང་གི་བཀའ་ལྟར་མ་ཧཱ་ཙི་ནའི་རྒྱལ་ཁབ་ཏུ་གདན་འདྲེན་པའི་ལོ་རྒྱུས་ཀྱི་གསུང་རྣམས་སོགས་ཐོར་རྐྱེན་ཏུ་གྱུར་པས་ཇི་མ་ཇི་བཞིན་འགོད་པའི་སྤོབས་པ་མ་མཆིས་ཀྱང་།

འཁྲུངས་རབ་རྣམ་ཐར་ནང་གསལ་བ་ལྟར་ན། བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ལ། །ཐོས་བསམ་སྒོམ་པའི་རྣམ་ཐར་མཆོག་ཐོབ་ནས། །དྲེགས་ལྡན་ཙི་ནའི་དབང་པོའི་གཙུག་གིས་ཀྱང་། །བཏུད་འགྱུར་བདེ་ཆེན་དབང་མོར་གསོལ་བ་འདེབས། །ཞེས་པ་ལྟར་དམ་པ་དེ་ཉིད་ཀྱི་ལྡེབས་བྲིས་ཐང་སྐུ་སོགས་ལའང་རྒྱ་རིགས་དཔོན་གཡོག་འཁོར་བཅས་མཇལ་ཕྱག་ཞུ་བ། དངོས་སྐྱེས་འབུལ་གཤོམས་སོགས་ཀྱི་མཚོན་ཚུལ་དང་། དགོན་པའི་རྟེན་ཁག་ནང་རྒྱ་ནག་གི་རྟེན་ཆས་ཟེར་བའི་རྡོ་རིགས་དང་གསེར་ཟངས་ཀྱི་ཁང་བཟང་རྒྱ་ཕིབས། དཀར་ཡོལ་ཡུ་རིང་བརྒྱ་ཡས་མས། ཡུ་ཐུང་མེ་ཏོག་དབྱིབས་ཅན། དཀར་ཡོལ་གྱི་མི་རིགས་སྣ་ཚོགས། བྱུ་རུའི་སྡོང་པོ། རྡོ་རིགས་ལ་བཀོད་རིས་སུ་རི་དྭགས། ལྗོན་ཤིང་བྱ་གཅན་གཟན་སོགས་དང་། ཟ་འོག་སྣ་ཚོགས་ལ་ཡིག་རིགས་དང་མཛེས་རྩལ་གྱིས་བརྒྱན་པ། ཤིང་བྱང་ལ་གོང་མ་སྟོན་འཁོར་དང་། རྒྱ་ཡིག་བྲིས་པ་གོང་མས་གནང་བ་སོགས་གཟིམ་ཆུང་ནང་དེ་སྔ་མཐོང་ཆོས་སུ་ཡོད་ཀྱང་རིག་གསར་སྐབས་གཏོར་སྐྱོན་ཕོག་ནས་ད་ལྟ་བཞུགས་མེད། རྗེ་བཙུན་ཉིད་ལ་དད་སྦྱིན་རྣམས་ཀྱིས་ཕུལ་བའི་དངོས་ནོར་ཐམས་ཅད་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་། ཉམས་གསོ། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་སོགས་འཁོར་ལོ་གསུམ་གྱི་བྱ་བ་སྤེལ་བའི་འཕྲིན་ལས་ཀྱི་མཛད་རྗེས་བཞག་སྟེ། དགུང་གྲངས་བཞི་བཅུ་ཞེ་དགུ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏོ། །

སྐུ་ཕྲེང་དགུ་པ་ཆོས་དབྱིངས་བདེ་ཆེན་མཚོ་མོ་ནི། དབུས་འགྱུར་ས་ཡི་ལྟེ་བ་ལྷ་ལྡན་དུ་ནོར་འཛིན་སྐྱོང་བའི་བདག་པོ་འཇིག་རྟེན་མིག་གཅིག་ལྡན་མ་རྩེགས་མང་གི་རིགས་ལས་ཆས་པ། རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་དང་པཎ་ཆེན་བསྟན་པའི་ཉི་མའི་སྐུ་ཚར། ལྷ་ཀླུ་དགའ་བའི་ཚལ་དུ་སྐུ་བལྟམས་ཏེ་གཞོན་ནུ་ཉིད་ནས་སྔོན་གོམས་བག་ཆགས་བཟང་པོའི་མཐུས་ཚོགས་གཉིས་ཀྱི་ཆུ་གཏེར་ཆེན་པོའི་ཀློང་ནས་མཚན་དཔེས་བརྒྱན་པའི་ཟླ་ཤེལ་གྱི་དཀྱིལ་འཁོར་ཆར་ཏེ་བསྔགས་འོས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ནས་ལུས་ཅན་ཀུན་གྱི་ཚ་གདུང་སེལ་བར་གྱུར། བགྲང་བྱ་དགུ་ལ་ཕྱག་ན་པདྨོའི་རྒྱལ་ཚབ་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོར་གཙུག་ཕུད་ཕུལ་ཏེ། རྗེ་བཙུན་ངག་དབང་བློ་བཟང་ཆོས་དབྱིངས་བདེ་ཆེན་མཚོ་མོ་ཞེས་པའི་མཚན་གསོལ། དཔལ་མཁའ་འགྲོ་འདུ་བའི་བསྟི་གནས་སུ་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བཟང་པོས་བཀྲ་ཤིས་དགའ་སྟོན་ལ་རོལ། ཀུན་མཁྱེན་འཇིགས་མེད་གྲགས་པའི་ཐུགས་བཅུད་ཀྱིས་ཡོངས་སུ་བལྟམས་པ་ཕྲིན་ལས་ལྷུན་གྲུབ་དང་། རིག་འཛིན་རྣམ་རྒྱལ་ལ་སོགས་རིས་མེད་ཀྱི་བཤེས་གཉེན་དམ་པའི་ཞལ་ལས་དྲི་མེད་ཀྱི་ཆོས་ཚུལ་ཐམས་ཅད་ཚིག་དོན་འཁྲུལ་མེད་ཀྱི་ལེགས་པར་དཔྱད་དེ་བསམ་བྱུང་གི་ཤེས་རབ་ཟབ་མོས་ཐུགས་རྒྱུད་ཡོངས་སུ་གཏམས། སྐབས་དེར་འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་མཚན་བརྗོད་པར་དཀའ་བ་དེ་ཉིད་དགོན་གནས་འདིར་མ་ཕེབས་པའི་སྔོན་དུ་མ་འོངས་སྔོན་གཟིགས་ཀྱིས་དེ་རིང་ང་ཚོར་རྗེ་འགྲན་གྱི་དོ་མེད་པའི་མགྲོན་ཞིག་ཕེབས་ཀྱི་ཡོད་པས་སྟ་གོན་ལེགས་པར་གྱིས་ཞེས་བཀའ་ཕབ་པ་བཞིན་དམ་པ་དེ་ཉིད་གནས་སྐོར་བའི་ཚུལ་དུ་ཕེབས་པར་སྔོན་བསུ་མཛད།

དགོན་གནས་འདིར་བཞུགས་རིང་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཕན་ཚུན་མནོས་རིས་ཀྱིས་ཆོས་འཁོར་ཟབ་རྒྱས་བསྐོར་བ་དང་འབྲེལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་བསྟོད་པ་དང་། རྗེ་བཙུན་ཉིད་ལ་འཁྲུངས་རབ་གསོལ་འདེབས། མཁའ་འགྲོ་བརྟན་བཞུགས་རྒྱས་པ་སོགས་ལྗགས་རྩོམ་མཛད། རྡོ་རྗེ་ཕག་མོ་ཉིད་ནས་ཀྱང་བོ་དོང་པའི་ཐུགས་དམ་གཏོར་རྒྱུན་རྒྱ་མཚོའི་ཟབ་ཆོས་འགའ་ཤས་འབུལ་བཞེས་མཛད་པ་རྙིང་ཆོས་རིན་ཆེན་གཏེར་མཛོད་ནང་དུ་ཡང་བཞུགས་པར་གྲགས། དེ་ནས་བཟུང་རྙིང་ཕྱོགས་ཀྱི་ཕྱག་ལེན་རྒྱ་བསྐྱེད་མཛད། བརྩམ་ཆོས་ཀྱང་དགོང་གཏེར་དཔལ་མོ་སྙིང་ཐིག་ཅེས་སྔོན་འགྲོ་དངོས་གཞི། ཚོགས་སྐོང་སྦྱིན་བསྲེགས། འཕོ་རླུང་གཅོད་གསུམ་དང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གི་ཁྲིད། སྐལ་ལྡན་ཕོ་མོ་རྣམས་ལ་བློ་ཚོད་དང་བསྟུན་པའི་ཞལ་གདམས་སོགས་བསྩལ་བས། བསྟན་རྒྱུན་ལ་གཞན་དྲིང་མི་འཇོག་པའི་བཀའ་དྲིན་ཤིན་ཏུ་ཆེ། དབེན་པའི་གནས་སུ་ཐུན་མོང་དང་། ཐུན་མོང་མིན་པའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བ་ནི། གནོད་སྦྱིན་གངས་བཟང་གི་འདབ་རོལ་དབེན་གནས་གངས་སྦུག་ཆོས་རྫོང་དུ་ལོ་གསུམ་ཕྱོགས་གསུམ་སྒྲུབ་པ་མཛད་དེ་རྡོ་ལ་ཞབས་རྗེས་འཇོག་གནང་མཛད། དགོན་པའི་རྒྱབ་རི་ནས་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཞལ་གཟིགས་ཤིང་མ་འོངས་རྗེས་འཇུག་རྣམས་ལ་དབུ་ལྗོན་ཚང་མ་རྟེན་སྐལ་དུ་གནང་བས་ད་ལྟ་མ་ཉམས་པར་ཡོད།

སྦྱིན་བདག་གཙོ་བོ་བཀའ་བློན་བཤད་སྒྲ་བ་དོན་གྲུབ་རྡོ་རྗེ་ནས་མཛད་དེ་གཙུག་ལག་ཁང་གསར་བཞེངས་དང་། སྐུ་གསུང་ཐུགས་རྟེན་ཉམས་གསོ་དང་གསར་བཞེངས། དགེ་འདུན་གྱི་སྡེ་འཛིན་སྐྱོང་སོགས་རླབས་ཆེན་འཕྲིན་ལས་མཛད་དེ། སོག་ཡུལ་དང་། མངའ་རིས་སྐོར་གསུམ། དབུས་གཙང་དྭགས་ཀོང་ལ་སོགས་པའི་དད་ལྡན་རྣམས་ཀྱི་དད་རྫས་ཆུད་ཟོས་སུ་མ་སོང་བ། རྟེན་གསུམ་ཇི་སྙེད་གསར་བཞེངས་དང་། ལྷག་པར་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མའི་གནང་སྐྱེས་རོགས་སྐྱོར་འོག་བདུད་འདུལ་བྱང་ཆུབ་ལྷ་ཁང་ཐོག་བརྩེགས་གཉིས་ལྡན་ནང་དུ་བྱང་ཆུབ་མཆོད་རྟེན་གྱི་ས་འཛིན་ནང་བསྟན་པའི་གེགས་ཆག་གློ་བུར་དུ་བདོ་བ་སྡིག་ཏོ་ཅན་གོར་དམག་མགོ་ལག་སྟེང་དངུལ་གདུང་བྱང་ཆུབ་མཆོད་རྟེན་གསར་བཞེངས་དང་། དེ་དག་གི་སྔ་ཕྱི་གཉིས་ལ་ཀུན་གཟིགས་རིན་པོ་ཆེ་ཞབས་སོར་འཁོད་ཅིང་། རབ་གནས་དང་དད་ལྡན་སེར་སྐྱ་རྣམས་ལ་ཚེ་དབང་སོགས་ཆོས་ཀྱི་དགའ་སྟོན་མཛད། སྐྱེ་བོ་རྣམས་དད་གུས་ཀྱི་དཔལ་ལ་བཀོད། ཀུན་གཟིགས་རིན་པོ་ཆེ་དང་། རྗེ་བཙུན་ཉིད་བསམ་སྡིངས་དང་། བཀྲས་ལྷུན། ཀུན་སྐྱོབས་གླིང་སོགས་ལ་ཐུགས་སྣང་གཤིན་པོའི་ངང་དགྱེས་ལྷོད་གཞན་འགྲན་མེད་པ་བླ་བྲང་གོང་འོག་ལྟ་བུར་གྱུར་ཏེ་སྐབས་ཤིག་ཀུན་གཟིགས་རིན་པོ་ཆེ་ལྷ་ལྡན་དུ་ཆིབས་བསྒྱུར་སྐབས་རྒྱལ་རྩེར་སྐུ་འཁྲུག་པའི་སྣང་ཚུལ་བཞེས་པ་ལ་ཞག་བདུན་དེར་བཞུགས། སྐུ་ཁམས་སིང་དྭངས་ཀྱི་ཚུལ་བསྟན་པས་ཐམས་ཅད་དགའ་ཞིང་མགུ་བའི་སྐབས། སྐུ་ཞབས་རྡོ་རྗེ་ཕག་མོས་འོ་མ་དཀར་ཡོལ་གང་གནང་བྱུང་བ་བཏུངས་པའི་མོད་ལ་བགེགས་རིགས་ནད་གདོན་ཐམས་ཅད་སྤྱི་གཙུག་ནས་སིང་སྒྲ་དང་བཅས་ཐོན་སོང་ཞེས་བཀའ་ཕེབས་པ་བཅས་ཐུགས་བརྩེ་ལྷོད་མེད་ཀྱི་གསུང་རྗེན་པར་བསྩལ། རྗེ་བཙུན་དེ་ཉིད་མཐར་རྗེས་འཇུག་སྐལ་ལྡན་གྱི་སྐྱེས་བུ་གདུལ་བྱ་རྣམས་ལ་བསྟན་པ་སྤེལ་བའི་ཕྲིན་ལས་ཀྱི་རྒྱུན་འཇོག་པ་གནང་ནས་གསུང་གི་མཐར། ང་ནི་མཚོ་རྒྱལ་སྤྲུལ་པ་མཐིང་འོད་འབར་མའི་ཕྲིན་ལས་པ་ཡིན་པས་འདའ་ཚུལ་བསམ་ཡས་སུ་སྟོན་པ་ཡིན་ཞེས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པར་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུ་ཚུལ་བསྟན། སྐུ་གདུང་རིལ་བུ་ཌཱཀྐིའི་བསྟི་གནས་དགོན་དུ་གདན་དྲངས་སོ། །

སྐུ་ཕྲེང་བཅུ་པ་ངག་དབང་ཀུན་བཟང་དབང་མོ་ནི། འཁྲུངས་གཞིས་ལོ་རྒྱུས་སོགས་ད་ལྟ་ལག་སོན་མ་བྱུང་ཡང་དམ་པ་གོང་མའི་གསུང་རྒྱུན་ལ་རྗེ་བཙུན་དེ་ཉིད་ནི་དམ་པའི་ཚུལ་དགུའི་ཡོན་ཏན་ལ་དབང་འབྱོར་ཞིང་བོ་དོང་པའི་བསྟན་རྒྱུན་ལ་མཛད་རྗེས་མི་དམན་པའི་འགྲོ་དོན་བསྐྱངས་བ་དང་། ལྷག་པར་ཨུ་རྒྱན་སངས་རྒྱས་གཉིས་པའི་ལུང་གིས་ཟིན་པ་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ཆོས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་བདག་ཡིན་པར་གཏེར་ལུང་དུ་གསལ་བས་དབང་བསྐུར། གཏེར་ཆོས་ཟབ་མོ་འཆད་སྤེལ་ཉམས་སུ་ལེན་པའི་སྐལ་ལྡན་རྣམ་ཐར་ལམ་དུ་བཀྲི་བར་མཛད། རང་གཞིས་རྒྱལ་རྩེ་གནས་སྙིང་ཆོས་སྡེར་གཞན་དོན་དུ་གཤེགས་སོ། །

སྐུ་ཕྲེང་བཅུ་གཅིག་པ་ཐུབ་བསྟན་ཆོས་དབྱིངས་དཔལ་མོ་ནི། སྟོད་ལུང་ཡབ་མདའ་ལྷ་ཀླུའི་ཞབས་ཁོངས་སྨོན་སྐྱིད་ཁང་གསར་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་མོ་གླང་སྤྱི་ལོ་༡༨༨༩ལོར་བལྟམས། བོ་དོང་པའི་གདམས་པ་ཟབ་མོ་ཡོངས་སུ་མངའ་བ་དགེ་ལེགས་རྡོ་རྗེ་དང་། གསུམ་ལྡན་དཔའ་བོའི་དབང་ཕྱུག་ལ་སོགས་པས་རང་ལུགས་ཀྱི་དབང་ལུང་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལ་དབུ་སྐྲ་གཙུག་ཕུད་འབུལ་བཞེས་ཀྱིས་རབ་བྱུང་གི་སྡོམ་བཞེས་ཐོག་རྗེ་བཙུན་ངག་དབང་ཀུན་བཟང་ཐུབ་བསྟན་ཆོས་དབྱིངས་དཔལ་མོར་མཚན་གསོལ། སྔར་སྲོལ་ལྟར་ཧོ་ཐོག་ཐུའི་གོ་གནས་དང་བཅས་པ་བསྩལ། བརྩོན་པ་ཆེན་པོས་གསན་བསམ་སྒོམ་གསུམ་གྱི་མཛད་པས་དུས་འདའ་ཞིང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་མཛད། སྤྱི་ལོ་༡༩༡༢ལོར་ཆུ་བྱི་དཔུང་དམག་ལྷ་འབྱོར་སྐབས་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་རྒྱ་གར་ཆིབས་ཞལ་བསྒྱུར་དུས་ཡར་ལམ་བསམ་སྡིངས་སུ་ཉིན་གསུམ་བཞུགས་རིང་བླ་གྲྭ་རྣམས་ནས་ན་བཟའ་སྐུ་ཆས་ལ་སོགས་སྟ་གོན་གཟབ་རྒྱས་ཀྱི་སྒོ་ནས་ཕེབས་སྐྱེལ་ཞུས། གོང་ས་མཆོག་ཕྱིར་ཕེབས་སྐབས་མར་ལམ་བཞུགས་ཟླ་གསུམ་མ་ཟིན་ཙམ་བཞུགས་རིང་། དེ་གའི་གྲྭ་སློབ་ལ་དགེ་ཚུལ་སློང་གི་སྡོམ་པ་ཞུས་པ་དང་ལྗགས་ལུང་ཁག་བཅས་གསོལ་སྩལ་དང་། མཁན་པོ་བརྒྱད་སྟོང་རབ་འབྱམས་ཞེས་པ་བརྒྱད་སྟོང་ཐུགས་ངག་ཡོད་པ་དེར་གཞི་གསུམ་སོགས་མདོ་ཕྱོགས་ཀྱི་བཀའ་འདྲི་དང་བཀའ་སློབ་གནང་ཞིང་། ཞབས་འབྲིང་འབྲལ་མེད་ཞུ་རུ་འཇུག་པ་གནང་བ་སོགས་ཐུགས་གཙིགས་ཆེན་པོའི་སྒོ་ནས་མཉེས་ཚོར་མཛད།

རྡོ་རྗེ་ཕག་མོ་སྟོན་འཁོར་སེར་སྐྱ་རྣམས་ཀྱིས་དད་གུས་སྤྲོ་གསུམ་གྱི་སྒོ་ནས་བཀུར་བསྟི་སྲི་ཞུ་གཟབ་རྒྱས་ཞུས་པ་དང་འབྲེལ། གོང་ས་མཆོག་ནས་ཀྱང་དེ་དག་གི་ལེགས་སྐྱེས་སུ་དེ་སྔ་གོང་ས་ལྔ་པ་ཆེན་པོ་ནས་བསམ་སྡིངས་རང་ཁོངས་སུ་ཆུད་པའི་དགོན་གནས་མ་ལག །བྱང་བོད་ལྷོ་གསུམ་གྱི་ཆོས་གཞིས་མི་སེར་བཅས་ལ་ཁྲིམས་འགོ་རང་བཙན་གྱི་ལུགས་གཉིས་ཁྲིམས་མཐུན་རྗེས་གནོན་ཚུལ་བཞིན་འདོམས་པའི་ལུང་སྒྱུར་བྱས་ཆོག་པའི་ཤེ་བམ་རིན་པོ་ཆེ་སྩལ་གནང་སྔར་ཡོད་ཐོག་རྒྱལ་མཆོག་བདུན་པ་ཆེན་པོ་ནས་རྡོ་རྗེ་ཕག་མོ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་མཆོག་ལྡན་བདེ་ཆེན་དབང་མོ་ལ་ཧོ་ཐོག་ཐུའི་གོ་གནས་དང་གཏན་ཚིག་ཤེ་ཆེ་གསོལ་རས་བསྩལ་བ་དང་།

རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་རྡོ་རྗེ་ཕག་མོར་སྔར་ཡོད་ཧོ་ཐོག་ཐུའི་གོ་གནས་ཐོགས་ལ། ཧོ་ཐོག་ཐུ་ཆེ་ཁག་ཏུ་གནས་འཕར་གནང་བ་དང་། འདུ་ཁང་ལེགས་བཤད་དགའ་ཚལ་ཞེས་མཚན་བསྟོད་དང་འབྲེལ། མཆོད་རྫས། ཀ་ཕན། ཕྱེ་བུར། རྒྱལ་མཚན་ཤམ་བུ་བཅས་གསོལ་རས་སྩལ་བའི་མཛད་སྒོའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་སྟེ་རྟེན་གསུམ་ཁག་ལ་རབ་གནས་མཛད། རབ་བྱུང་བཅུ་དྲུག་པའི་དུས་འགོ་ཙམ་ནང་གཞུང་ས་ནས་བསྟན་སྲིད་བདེ་ཐབས་སུ་མཐའ་དམག་ཟློག་ཐབས་ཀྱི་བཀའ་རྒྱ་ཕེབས་དོན་བཞིན། རྡོ་རྗེ་ཕག་མོ་སྟོན་འཁོར་རྣམས་དང་། མཁན་སློབ་ཧྲག་བསྡུས་ཐོག་ཧོ་ཐོག་ཐུ་ཆེ་ཁག་གི་ཐོབ་ཐང་ལྟར། རྟ་དར། རྟེན་མདུང་སོགས་ཆིབས་ཧྲག་བསྒྲིགས་ཏེ་གོང་ས་བཅུ་གསུམ་པ་ཆེན་པོར་འབྱོར་མཇལ་མཛད།

ནོར་གླིང་སྐལ་བཟང་ཕོ་བྲང་དུ་བདུན་ཕྲག་གཅིག་གི་བར་རྡོ་རྗེ་འཇིགས་བྱེད་ལྷ་ཞེ་དགུའི་སྒོ་ནས་མ་ཅིག་དཔལ་ལྡན་དམག་ཟོར་རྒྱལ་མོའི་ལས་ཚོགས་དྲག་པོ་རྡོ་རྗེ་ཐོག་འབེབས་ཀྱི་མདོས་གཏོར་ཟབ་ཁྱད་སྒྲུབ་པ་དང་བཅས་སྔར་ལོ་ལྟར་རྒྱལ་བ་མཆོད་ཡོན་གྱི་མཛད་ཆེན་ཁག་ཏུ་རྟེན་འབྱུང་འབུལ་བ་བསྟར་ལུགས་དང་། ཚུར་ཡང་གནང་སྐྱེས་གཟིགས་གསོས་བཀའ་དྲིན་མི་ཆུང་བ་རིམ་པར་སྩོལ་བའི་མཛད་ལམ་བཅས་ལོ་རྒྱུས་དངོས་དཔང་ཡིག་རིགས་རིམ་པར་ཡོད་པ་ལྟར་ཡིན། གོང་ས་ཆེན་པོ་མཆོག་གིས་རྡོ་རྗེ་ཕག་མོ་ལས་བཀའ་ཆོས་ལྗགས་ལུང་ཟབ་མོ་གསན་བཞེས་མཛད་ཐོག །

དེ་ཁུལ་དཔོན་རིགས་སེར་སྐྱ་ཁག་ནས་དད་འབུལ་དངོས་ནོར་བྱུང་རིགས་རྣམས་རྟེན་གསུམ་ཁག་ལ་མཆོད་སྤྲིན་ཟབ་རྒྱས་མཛད་དེ་སླར་རང་དགོན་དུ་ཕྱིར་ཕེབས་ནས་འཕྲིན་ལས་རླབས་པོ་ཆེའི་འགྲོ་དོན་མཛད། དགུང་ལོ་ཞེ་བརྒྱད་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་སྤྱི་ལོ་༡༩༣༧ལོའི་བོད་ཟླ་༦ཚེས་༣༠ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། གདུང་སྦྱངས་ནས་རིན་གཉིས་ལས་གྲུབ་པའི་མཆོད་རྟེན་བྱང་ཆུབ་ཆེན་པོ་བསྐྲུན་པ་བཅས་སོ། །

སྐུ་ཕྲེང་བཅུ་གཉིས་བདེ་ཆེན་ཆོས་ཀྱི་སྒྲོན་མེ་ནི། སྙེ་མོ་ཐོན་གཞིས་སྐྱིད་རུ་ཞེས་པར། ཡབ་རིག་ལྡན་རྒྱལ་པོ་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་མོར་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་སྐུ་བལྟམས། སྔོན་གནས་རྗེས་དྲན་གྱི་དམ་པའི་རིགས་སད་དེ། ལྷ་ལྡན་མཚམས་ཁུང་དུ་ཆོས་བཞུགས་མཛད། དགུང་གྲངས་དྲུག་སྟེང་ལ་བླ་ལྷ་རྣམས་ཀྱི་ལུང་དང་གསེར་བུམ་བརྟག་པ་སོགས་ནས་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་རིན་པོ་ཆེར་ཕེབས་དགོངས་བཞིན་སྲིད་སྐྱོང་སྟག་བྲག་རིན་པོ་ཆེར་མཇལ་ཕྱག་དང་བཅས་ཐོན་ཕྱག་ཞུས་ནས་གཞུང་ཞབས་སྨན་སྡོད་པ་སོགས་རྫོངས་བརྡ་མཛད་དེ། འབྲས་ལྡན་ཟླ་བའི་ཡར་ངོའི་ཚེས་བརྒྱད་འབྱུང་འཕྲོད་དགེ་བའི་ཉིན་དགོན་མ་ལག་གཞིས་བྱེས་ཀུན་གྱིས་གསེར་སྦྲེང་དང་། བྲོ་གར་གླུ་གཞས་ཀྱི་དགའ་སྟོན་དང་བཅས་རང་དགོན་བསམ་སྡིངས་མཁའ་འགྲོ་འདུ་བའི་བསྟི་གནས་སུ་ཞབས་སོར་འཁོད།

དེའི་ཕྱི་ལོ་མདོ་ཁམས་ཀྱི་སྐྱབས་རྗེ་བཀའ་འགྱུར་རིན་པོ་ཆེ་ནས་རང་ཅག་རྣམས་ཀྱི་སྟོན་པ་བླ་ན་མེད་པའི་བཀའ་མདོ་རྒྱུད་དྲི་མ་མེད་པ་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་གནང་། དགུང་གྲངས་༡༢ལ་དབུ་སྐྲ་གཙུག་ཕུད་དང་རབ་བྱུང་མཚན་བཞེས་གཞུང་སར་མཇལ་ཕྱག་ཆོག་པའི་སྙན་སྒྲོན་སོགས་རིམ་བརྒྱུད་ཀྱིས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཞལ་སྔ་ནས་རབ་བྱུང་མཚན་བཞེས་པ་དང་སྦྲགས་ཧོ་ཐོག་ཐུ་ཆེ་ཁག་གི་གོ་གནས་དང་མཛད་པའི་གདན་ཐོབ་སོགས་སྔར་ལམ་ལྟར་སྩལ་གནང་བ་དང་འབྲེལ་རྗེ་བཙུན་ངག་དབང་བཤད་སྒྲུབ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་ཞེས་པར་མཚན་གསོལ་མཛད། སླར་ཌཱཀྐིའི་སྟི་གནས་ཆེན་པོར་ཆོས་ཀྱི་ཁྲིར་རབ་བཞེས་ཀྱི་མཛད་སྒོ་དགའ་སྟོན་དང་། བོ་དོང་པའི་སྙན་བརྒྱུད་ཡོངས་སུ་མངའ་བ་སྦྱོ་ར་མེ་སྤྲུལ་རིན་པོ་ཆེ་ངག་དབང་འཇིགས་མེད་འདུལ་བསྟན་རྣམ་རྒྱལ་རིགས་བདག་ཏུ་བཞེས་ནས། རང་ལུགས་ཐུགས་དམ་གཏོར་རྒྱུན་རྒྱ་མཚོའི་དབང་ལུང་ཡོངས་སུ་རྫོགས་པ་གསན་སྦྱོང་དང་བཅས་བསྙེན་སྒྲུབ་ལ་གཞོལ་བར་མཛད། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ནས་རིན་འབྱུང་བརྒྱ་རྩའི་དབང་ལུང་ཡོངས་རྫོགས་དང་། ༧གོང་ས་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་ལམ་རིམ་འཇམ་དཔལ་ཞལ་ལུང་དང་། དུས་འཁོར་དབང་ཆེན། རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་བཅུ་གསུམ་གྱི་དབང་ཆེན་ཟབ་མོ་བསྩལ།

སྤྱི་ལོ༡༩༥༩ལོར་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། དེ་མུར་ཨ་པོ་ཧན་དང་། སུའུ་ལེན་བརྒྱུད་པེ་ཅིང་དུ་རྒྱལ་སྟོན་དུས་ཆེན་ཞིག་ལ་ཕེབས་འབྱོར་གྱིས་རིམ་བཞིན་ཆབ་སྲིད་དང་། འཚོ་བའི་བཀོད་སྒྲིག་གནང་ནས་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ལྗོངས་མི་དམངས་འཐུས་ཚོགས་ཀྲུའུ་རེན་སྐུ་གཞོན་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་ཇུས་ཀྱི་ཉི་འོད་ཤར་འཕྲལ་རྡོ་རྗེ་ཕག་མོ་མཆོག་ནས་མགོན་པོ་གང་གི་དགོན་གནས་ཉམས་གསོ་གནང་རྒྱུའི་ཐུགས་འདུན་ལྟར་རང་སྐྱོང་ལྗོངས་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། ཀྲུང་དབྱང་བཅས་ལ་སྙན་སེང་རིམ་བརྒྱུད་ཀྱིས་དུས་སྨིན་ཆེ་ཐོབ་བྱུང་བས་སྤྱི་ལོ་༡༩༨༥ལོ་ནས་ཉམས་གསོ་གནང་སྟེ་སྔར་ཡོད་གྲྭ་པ་རྣམས་ལ་དགོན་བཞུགས་ཀྱི་སློབ་གཉེར་ཀུན་སྤྱོད་དམ་འཛིན་ཐོག །དགོན་གནས་མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་བྱེད་ཐབས་བཀའ་སློབ་མཛད་པ་སོགས་ད་ལྟ་བསྟན་འགྲོའི་དོན་དུ་འཚོ་ཞིང་གཞེས་པ་ལགས་སོ།། །།

རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་གྲྭ་ཐུབ་བསྟན་རྣམ་རྒྱལ་གྱིས།

གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣམ་པར་ཐར་པ་པད་དཀར་འཁྲི་ཤིང་ཞེས་བྱ་བ། མཛད་པ་པོ་དགེ་སློང་བསྟན་པ་རྒྱ་མཚོ།

༄༅། །གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣམ་པར་ཐར་པ་པད་དཀར་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་པྲཛྙཱ་པཱ་ར་མི་ཏ་ཡེ། དུས་གསུམ་འཕགས་ཚོགས་བསྐྱེད་པའི་ཡུམ་གཅིག་པུ། །རང་བཞིན་སྤྲོས་བྲལ་ཤེས་རབ་ཕ་རོལ་ཕྱིན། །གངས་ཅན་གྲུབ་པའི་དབང་མོ་ལབ་ཀྱི་སྒྲོན། །བླ་མ་རྣལ་འབྱོར་དབང་མོས་བདག་སྐྱོངས་ཤིག །ཇི་སྙེད་བརྟན་གཡོ་ཀུན་གྱི་རང་བཞིན་གདོད་ནས་རྣམ་དག་དབྱིངས་ཀྱི་བཅུད། །རང་རིག་འོད་གསལ་སེམས་ཀྱི་རྡོ་རྗེས་རྟག་ཏུ་འཐུང་བའི་ལང་ཚོའི་བཞིན། །རབ་དམར་བདེ་ཆེན་མུ་ཁྱུད་གཅིག་གིས་འཁོར་འདས་མ་ལུས་སྡོམ་མཛད་པ། །དཔལ་ལྡན་རིགས་རྣམས་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །དྲུག་ལྡན་མཚོ་སྐྱེས་གསར་བའི་སྦྲང་ཆང་གིས། །དཔའ་བོའི་དབང་ཕྱུག་སྲིད་མཐར་དགྱེས་མཛད་ཅིང་། །རྗེས་ཆགས་དམ་དུ་འཁྱུད་པའི་དགའ་བ་མོ། །རྣལ་འབྱོར་མ་ཁྱོད་བརྩེ་བས་རྟག་ཏུ་སྐྱོངས། །བྲག་དཀར་ཞེས་གྲགས་མདོ་སྨད་གནས་ཆེན་འདིར། །མཁའ་སྤྱོད་ཞིང་གི་གཙོ་མོ་རྒྱལ་བའི་ཡུམ། །བསམ་བཞིན་མི་ཡི་སྲིད་པ་བཟུང་བ་ཡི། །དཀོན་མཆོག་རིག་འཛིན་དཔལ་མོར་སྙིང་ནས་གུས། །ཨ་མ་ལབ་ཀྱི་སྒྲོན་མ་ཡུམ་སྲས་ཀྱིས། །མཐའ་འཁོབ་ཡུལ་འདི་བདག་གིར་མཛད་པ་བཞིན། །ཀུན་མཁྱེན་བླ་མ་མཆོག་དང་ལྷན་ཅིག་ཏུ། །ཐུགས་བསྐྱེད་སྨོན་ལམ་ཕ་མཐའ་སུ་ཡིས་དཔོག །འོན་ཀྱང་རྨད་བྱུང་མཛད་པའི་ཟླ་ཟེར་གྱིས། །སྙིང་ལ་བསིལ་བ་ཐོབ་པའི་དགེ་སྦྱོང་ཞིག །སོར་བཅུའི་འདབ་མ་སྙིང་ཁར་ཟུམ་བྱས་ཏེ། །དད་པའི་ཡིད་ཀྱིས་ཅུང་ཟད་གླེང་བར་བྱ། །དེ་ཡང་རྒྱུད་རྡོ་རྗེ་མཁའ་འགྲོ་ལས། མཁའ་འགྲོ་མ་ཞེས་ཡང་དག་གྲགས། །རྡོ་རྗེ་དཀྱིལ་འཁོར་གཙོ་མོ་སྟེ། །ཡེ་ཤེས་ལྡན་རྣམས་ཡུལ་ཡུལ་དུ། །རང་བཞིན་སྐྱེ་གནས་རྣམས་སུ་སྐྱེ། །ཞེས་དང་། མན་ངག་སྙེ་མ་ལས་གསུངས་པ་ལྟར་འཛམ་གླིང་གི་གནས་ཆེན་ཉེར་བཞི་སོགས་གྲུབ་པའི་གནས་ཆེན་པོ་རྣམས་སུ་མཁའ་འགྲོ་མ་རྣམས་བུད་མེད་ཐ་མལ་པའི་ཚུལ་བཟུང་ནས་བཞུགས་པར་གསུངས་ལ། དེ་ལ་ཡང་བསྐྱེད་རིམ་ལ་གནས་པའི་སྔགས་སྐྱེས་མ་དང་དབེན་གསུམ་ལ་གནས་པའི་ཞིང་སྐྱེས་མ་དང་། ཟུང་འཇུག་ཡན་ཆད་ལ་གནས་པའི་ལྷན་སྐྱེས་མ་དང་གསུམ་ཡོད་པར་གསུངས་སོ། །དོན་ལ་མི་སློབ་པའི་ཟུང་འཇུག་པ་ཡིན་ཀྱང་། སྣང་ཚོད་ལ་བསྐྱེད་རིམ་པ་སོགས་ཀྱི་ཚུལ་བཟུང་བ་ཡོད་པ་ལ་ཐེ་ཚོམ་མེད་པར་མ་ཟད་ཚེ་རིང་མཆེད་ལྔའི་ལོ་རྒྱུས་སོགས་ཀྱིས་ཀྱང་ཤེས་སོ། །

ཡེ་ཤེས་ཀྱི་མཁའ་འགྲོ་ལ་ཡང་རྣལ་འབྱོར་མ་སོ་བདུན་གྱི་རིགས་སོ་སོར་ཡོད་ཚུལ་དང་། དེ་དག་གི་རྟགས་མཚན་སོགས་འཁོར་ལོ་བདེ་མཆོག་གི་རྒྱུད་ལས་རྒྱ་ཆེར་གསུངས་ཤིང་། འཇིག་རྟེན་པའི་མཁའ་འགྲོ་ཤ་ཟ་ཕྲ་མེན་མ་གདུག་པ་ཅན་ཡང་མང་དུ་ཡོད་པར་གསུངས་སོ། །དེ་དག་ལས་མདོ་སྨད་ཀྱི་ལྗོངས་འདིར་འཁོར་ལོ་བདེ་མཆོག་གི་ཕོ་བྲང་དངོས་ཡིན་པར་ཚད་ལྡན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཞལ་མཐུན་པའི་བྲག་དཀར་གྱི་གནས་འདིའི་བདག་པོ་གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀོན་མཆོག་རིག་འཛིན་དཔལ་མོའི་རྣམ་པར་ཐར་པ་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་སྐུ་ཐོག་དང་པོ་བློ་བཟང་སྒྲོལ་མ་བྱ་ཁྱུང་སྐུ་འབུམ་སོགས་དགོན་སྡེ་དུ་མར་ཕན་གྲོགས་མཛད། རྫུ་འཕྲུལ་མངོན་ཤེས་ཐོགས་པ་མེད་པའི་གྲུབ་ཐོབ་ཚད་ལྡན་དུ་རྗེ་སྐལ་ལྡན་རྒྱ་མཚོས་གསུངས། དབུས་ལམ་ནས་ཁམས་གུང་རུར་ཕེབས་ཏེ་མགོན་ཁང་དུ་མཇལ་རྒྱུ་ཡིན་བྱས་པར་མཁའ་འགྲོ་མ་གཤེགས་ནས་སྒོ་འབྱེད་མ་མྱོང་། ལྡེ་མིག་གར་ཡོད་མི་ཤེས་ཟེར། ལྡེ་མིག་འདི་ན་ཡོད་ཅེས་སྙན་ཤེལ་གསེབ་ནས་བླངས། རྩེ་སྒོ་ཕྱེ་བས་མཁའ་འགྲོ་མ་གཤེགས་དུས་སྦར་བའི་མར་མེ་ད་དུང་ཡོད་པས་གུང་རུ་མཁའ་འགྲོ་མའི་སྐྱེ་བར་ངོས་བཟུང་། གཞུང་ནས་བཀའ་ཤོག་གིས་གཟེངས་བསྟོད། དེའི་སྤྲུལ་སྐུ་བློ་བཟང་ཆོས་སྒྲོན་ཟེར། དེའི་སྤྲུལ་སྐུ་རྗེ་འདི་པ་ཡིན་ལ་ཁོང་འཁྲུངས་དུས་སོགས་ཀྱི་ལོ་རྒྱུས་རྗེ་ཉིད་ནས་ཡི་གེ་ཞིག་གནང་འདུག་པ་ནི་འདི་ལྟར། ངའི་སྐྱེ་བ་སྔ་མ་དཀོན་མཆོག་ཆོས་ཀྱི་སྒྲོན་མེ་ཟེར་བ་དེས་གུང་ཐང་རིན་པོ་ཆེ་དང་། རྗེ་འཇིགས་མེད་རིགས་པའི་སེང་གེ་རྣམ་གཉིས་བསྟེན་ནས་བཀའ་ཆོས་མང་དུ་གསན། སྒྲུབ་པ་ཉམས་ལེན་མང་པོ་གནང་ཡང་ཐུགས་ཧ་ཅང་གཏུམ་ཞིང་མཐོ་དམན་བར་གསུམ་ཆ་ཡོད་མེད་སུ་ལ་ཡང་ཁ་བརྡལ་དང་ངོ་འཛིན་མི་བྱེད་པར་རང་ཚུགས་ཅན་ཞིག་ཡིན་སྟབས། ཁ་ཏོན་ཉམས་ལེན་འདི་འདྲ་བྱས་ཟེར་བ་སུ་ལ་ཡང་བཤད་རྒྱུ་མེད། གཞན་དང་མི་འདྲ་བ་ཞིག་ཡིན་ཚོད་རེད། ཐུའུ་བཀན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་བསྔགས་བརྗོད་གནང་བའི་ལོ་རྒྱུས་རེ་ཡོད། དགོང་ལོ་དྲུག་ཅུ་རྩ་བདུན་བཞུགས།

ལུག་གི་ལོ་ཟླ་བ་བདུན་པའི་ནང་ལ་རྒན་གྱའི་ཕྱོགས་ལ་ཕེབས་ཞོར་ཞིག་ལ་ངའི་ཕ་མའི་ཁྱིམ་དེར་ཕེབས་དོན་གཞན་མེད་ཀྱང་རང་ཁར་ཕེབས་ནས་ཞག་གཉིས་བཞུགས། ངའི་མ་དེ་ལ་མར་གྱི་རིལ་བུ་ཞིག་གནང་ནས་འདི་ཁྱོད་ཀྱིས་ཟོ། ཁྱོད་ལ་གོས་སྐུད་སེར་པོ་ཡོད་ན་ངས་ཕྲེང་ཐག་སྤོར་གསུངས་ནས་ཐུའུ་བཀན་རིན་པོ་ཆེའི་ཕྱག་ཕྲེང་ཞིག་ཡོད་པ་དེའི་ཕྲེང་ལུང་བརྗེས་ནས་ཕུལ། ཕྱི་ཉིན་ཕེབས་དུས་སྦྲ་སྒོ་ནས་ཞལ་ཕྱིར་འཁོར་ནས་སྦྲ་སྒོ་ཕྱག་གཉིས་ཀྱིས་བཟུང་ནས་ཐོ་གཏུག །གཡང་སྒོ་འདི་འདྲ་ཕྱེས་ནས་ཞོག་དང་བཟང་གསུངས་ནས་ཕེབས་ཟེར། དེ་ནས་ཆེར་མ་འགྱང་བར་ཟླ་བ་བརྒྱད་པའི་ཡར་ངོའི་ཚེས་བཅུའི་ཉིན་སྐུ་གཤེགས། དེ་དུས་རྗེ་འཇིགས་མེད་རིགས་པའི་སེང་གེ་ཕེབས་ནས་བསྔོ་སྨོན་གང་རྒྱས་དང་། སྤྲུལ་སྐུ་མྱུར་འབྱོན་ཞིག་ཀྱང་མཛད་འདུག །

དེ་ནས་བྱའི་ལོའི་སོས་ཀ་ངའི་མའི་རྨི་ལམ་དུ་ངའི་སྐྱེ་བ་སྔ་མ་དེ་པ་རྟ་དཀར་པོ་ཞིག་ལ་ཆིབས་ནས་ཁྱིམ་དུ་ཕེབས་པ་རྨིས། དེའི་འཕྲོར་ཡང་ནུབ་གཅིག་ཁོང་གི་དབུ་ནབ་སེར་པོ་ཞིག་ཡོད་པ་མོའི་མགོ་ཐོག་ན་ཡོད་པ་ཞིག་རྨིས། ཡང་ནུབ་གཅིག་གནས་ཁང་གི་ལུང་བའི་ཕུ་ན་སྤྲིན་མང་པོ་འཐིབ་ཅིང་འབྲུག་སྒྲ་དྲག་པོ་དང་བཅས་ཆར་མང་པོ་བབས། དེའི་ནང་ནས་སྦྲང་མ་སེར་པོ་ཆེ་བ་ཞིག་སྐད་སྒྲ་སྒྲོག་བཞིན་འཕུར་ཡོང་ནས་མོའི་པང་དུ་བབས་པ་རས་དཀར་པོ་ཞིག་གིས་བཀབ་ནས་བཞག་པ་རྨིས་ཟེར། དེ་ནས་བཟུང་ཞག་མ་ཆ་རེས་མཚམས་ནས་རྔ་མོང་རྟ་དྲེའུ་ཞོན་པའི་མི་མང་པོ་སྟག་རྔ་འདྲ་ཁུར་ནས་ཁྱིམ་དུ་འོང་སྟེ་ཅུང་ཟད་རེ་བསྡད་ནས་འགྲོ་བ་ཡང་ཡང་རྨིས་ཟེར། ཕ་མ་གཉིས་ཀྱིས་སྔོན་ཆད་བྱིས་པ་གསུམ་ཡོད་པ་མ་འཚམ་པའི་སྟབས་ཀྱིས་བསེ་སྐུ་གོང་མར་གསུང་བརྟགས་ཞུས་པས་བྱིས་པ་སྔ་མ་རྣམས་བུ་ལོན་ཡིན། འདི་ལ་ཤ་ཟན་འབུམ་དང་མགོན་པོ་ཞི་བའི་སྦྱིན་སྲེག་བླུག་ན་སྐྱོན་མེད་གསུངས།

དེ་ནས་ཁྱིའི་ལོའི་གཉིས་པའི་བཅུ་གཅིག་གི་ཉིན་ང་སྐྱེས། དེ་དུས་མའི་ཕུང་པོ་ཅུང་ཟད་མ་བདེ་བས་རྒན་གྱའི་སྐུ་སྐྱེ་ཟེར་བའི་སྨན་པ་ཞིག་ཡོད་པ་དེའི་ལག་ཏུ་སྨན་ཞིག་ལེན་གི་སོང་བས་བྱིས་པ་དེ་ལ་མིང་མ་འདོགས། འཕྲོ་ཁོས་འདོགས་དགོས་ཟེར། རྗེས་སོར་སྐར་བཟང་ཞིག་ལ་སོང་བས་མིང་ལ་རིག་འཛིན་སྒྲོལ་མ་བཏགས། ཟླ་བ་གཅིག་གི་འཕྲོ་ནས་ཕུང་པོ་མ་བདེ་བས་སྔགས་པ་ཞིག་གིས་རིམ་གྲོ་བྱས་པས་ནུབ་མོ་དེའི་རྨི་ལམ་དུ་བྲག་དཀར་ཕྱོགས་ནས་རྟ་ནག་པོ་ཞོན་པའི་མི་ཞིག་འོངས་ནས་ཁྱེད་ཀྱིས་དེ་ལ་ཕན་མི་ཐོགས་བྲག་དཀར་ལ་ཁྱེར་ཟེར་བ་ཞིག་རྨིས་པས་གསུམ་པའི་ཉི་ཤུ་གསུམ་གྱི་ཉིན་བྲག་དཀར་ལ་ཁྱེར།

དེ་ནས་བཟུང་སྟེ་བྲག་དཀར་ནས་བསྡད། ལོ་གསུམ་གྱི་ཐོག་སྔོན་གྱི་སྐུ་བདག་རྣམས་ཀྱིས་གུང་ཐང་རིན་པོ་ཆེར་གསུང་བརྟགས་ཞུས་པས། མཁའ་འགྲོ་མའི་སྐུ་སྐྱེ་ཡིན་གསུངས་ནས་ཐག་བཅད། མན་ཛིའི་ཕྱག་མདུད་ཕུར་མདུད་གནང་། ལོ་བཞིའི་ཐོག་ལྔ་བའི་ཚེས་པ་ལྔའི་ཉིན་གུང་ཐང་རིན་པོ་ཆེའི་སྐུ་མདུན་ལ་མཇལ། ཁོང་གིས་ངའི་མགོ་ལ་ཕྱག་བཞག་ནས་ཡུན་རིང་གཟིགས་རྟོགས་གནང་། ཀ་ར་ལན་གསུམ་གནང་། མིང་ལ་དཀོན་མཆོག་རིག་འཛིན་དཔལ་མོ་བཏགས། དེ་ནས་ཕྱིར་རང་ཡུལ་དུ་ཡོང་དུས་ཨ་ཁུ་ཞིག་ཡོད་པ་དེ་པས་བོས་ནས་རྟ་དཀར་པོ་ཞིག་བྱིན། ལོ་ལྔའི་ཐོག་གུང་ཐང་རིན་པོ་ཆེ་དགོན་ལུང་ལ་ཕེབས། ཕྱིར་ལམ་བྲག་དཀར་ལ་ཕེབས་ནས་ཁོང་ལ་མཇལ་ནས་སྔར་གྱི་རྙེད་པ་དང་པོ་རྟ་དཀར་པོ་དེ་ཕུལ། དེ་དུས་བསམ་པ་ཅང་མེད་ཀྱང་ད་འདང་བརྒྱབ་ན་རྙེད་པའི་དང་པོ་བླ་མ་ལ་འབུལ་རྒྱུ་བྱུང་བ་རྟེན་འབྲེལ་འགྲིགས་བསམ། ལོ་ལྔའི་ཐོག་ནས་ཡི་གེ་སོགས་བསླབས་པས་དཀའ་ཚེགས་ཆེར་མེད་པར་ཤེས་པ་ཞིག་བྱུང་། ལོ་བདུན་གྱི་ཐོག་དགེ་རྒན་བཀའ་དྲིན་ཅན་ཞིག་ཡོད་པ་དེས་ཁྲིད་ནས་ཡབ་རྗེ་བཀའ་དྲིན་ཅན་བསྟན་པའི་སྒྲོན་མེའི་དྲུང་དུ་ཁྲིད་ནས་འཇིགས་བྱེད་ཀྱི་དབང་ཞུས་པས། ཁོང་གིས་འདིའི་སྐྱེ་བ་སྔ་མས་བདེ་མཆོག་འདོན་ཚོད་ཡིན་བདེ་མཆོག་ཞིག་བཏོན་ན་བཟང་གསུངས་ནས་དྲིལ་བུ་ལྷ་ལྔའི་དབང་དང་། ཛམ་དཀར་ལྷ་ལྔའི་རྗེས་གནང་། མགོན་པོའི་རྗེས་གནང་སོགས་ཐོབ། ཆོས་ཉན་པའི་ཐོག་མ་དེ་ཡིན་ལགས། ཁྱེད་ཀྱིས་འདི་འདྲ་ཞིག་བྲིས་ནས་སྐུར་ཟེར་བས་བསྐུར་བ་ཡིན་པས་འདི་འདྲ་ལ་དགོས་པ་ཅི་ཡང་མེད། སུ་ལ་གཏན་ནས་མ་སྟོན་ཞེས་པ་འདི་ཉིད་ཀྱི་ཕྱག་བྲིས་མ་ཡིག་ལྟར་གསུང་མ་བཅོས་པར་བཀོད་པའོ། །

དེ་དོན་བཞིན་ཡབ་གཡུང་དྲུང་རྒྱལ་དང་། ཡུམ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་གསེར་ཆེན་གཞུང་ནས་སྐུ་བལྟམས། ཞལ་ནས་ང་ཆུང་ངུའི་དུས་ཡུལ་ནས་བསྡད་ན་ཕུང་པོ་མི་བདེ་བས་མས་ཁྱེར་འོངས་ནས་བྲག་དཀར་དུ་བསྡད་པས་འབྲོག་པ་དེ་ཙམ་མི་ཤེས་གསུངས། སྐུ་གོང་མ་ཁྱིམ་དུ་ཕེབས་ནས་གྲྭ་པ་རྣམས་ལ་ཁྱེད་ཚོ་སོང་ནས་མེ་རྡོ་ཆེ་བ་ཞིག་ཁྱེར་ཤོག་ང་ལ་དགོས་གསུངས་ནས་མངགས། དེའི་ཤུལ་ནས་ཕྲེང་ཐག་བརྗེས། རྡོ་ཁྱེར་འོང་བ་བཅག་པས་ནང་ན་འབུ་ཆེན་པོ་ཞིག་འདུག་པར་ཡ་མཚན་རྡོའི་ནང་ནས་འབུ་ཡོད་པ་ཡིན་རྒྱུ་རེད་གསུངས། དོན་ལ་སེམས་ཅན་དེའི་ཆེད་དུ་ཡིན་པར་འདུག་པས་མངོན་ཤེས་ཀྱིས་གཟིགས་ནས་གྲྭ་པ་ཚོའི་ལག་ཏུ་ཆུད་པར་བྱིན་གྱིས་བརླབས་པ་ཡིན་པར་སྣང་ངོ་། །གནས་ཁང་གི་ཐད་ཀྱི་རི་མགོ་དེར་མས་ཁྱེར་བས་འདི་ན་གཏེར་ཞིག་འདོན་རྒྱུ་ཡོད་ཀྱང་བདག་དང་མི་གསུམ་མེད་པར་ལེན་མི་ཐུབ་ཅེས་བཤད་འདུག །བྱིས་པའི་སྐད་ཆ་ཡིན་པས་ངེས་པ་ཅི་ཡོད་ཅེས་འདི་དག་བདག་ལ་དངོས་སུ་གསུངས་སོ། །གདན་སར་བཀོད་ནས་རི་ཁྲོད་པ་འཇམ་དབྱངས་མཆོག་གྲུབ་ཟེར་བ་དགེ་རྒན་ལ་གདན་འདྲེན་དུ་སོང་བས་ཁོ་རང་གི་རྨི་ལམ་དུ་མི་ནག་པོ་ཞིག་འོངས་ནས་སང་ཉིན་ཁྱོད་འབོད་མཁན་ཞིག་འོང་བས་དེ་ལ་ཅིས་ཀྱང་སོང་ཟེར་བ་ཞིག་བྱུང་བས་འཕྲལ་དུ་ཕེབས་ཏེ་བཅར་བཞུགས་མཛད། འདོན་ཆ་ཆོས་སྤྱོད་སོགས་བསླབ། བླ་མཆོད། དཔའ་ཅིག །བརྒྱ་རྩ། མགོན་པོ། ལྷ་མོ་སོགས་ཆག་མེད་བྱེད་རྒྱུའི་འགྲིགས་ཡིག་འདྲ་བ་ཞིག་བྱིན་པས་དགེ་རྒན་བཞུགས་མེད་སྐབས་ཀྱང་དེ་ལྟར་མ་ཆག་པར་བྱས་གསུངས། ཆུང་ངུའི་དུས་ནས་བག་མེད་ཀྱི་སྤྱོད་པ་ལ་འཛེམ་པས་ར་སྐོར་ཕྱི་མ་ན་གྲོང་པ་མང་པོ་འདུག་ཀྱང་དེ་ལ་གཏན་ནས་མ་སོང་། ཆུང་དུས་མི་མང་དང་འགྲོགས་ན་ལད་འགྲོ་ཞེས་གསུངས་ཏེ་ངོ་མཚར་ཆེ་བར་སྣང་ངོ་། །

དེ་དུས་ཕྱག་རྫས་སྲབ་པས་བཞེས་པ་ཡང་བཟང་པོ་མེད། གསོལ་ཇ་དུས་སུ་མ་འབྱོར་ཡང་རུང་ཁང་དུ་མ་ཕེབས། སྐབས་ཤིག་སྡེ་ཁྲི་རིན་པོ་ཆེ་ཚོགས་ཆེན་ཁྲི་བའི་དུས་དེར་ཕེབས་ནས་དགོན་པའི་ལྟག་རྒྱབ་ནས་སྒར་བཏབ་ནས་བཞུགས། ཉིན་ཁ་ཤས་ལ་མདུན་དུ་མ་སོང་བར་མཁའ་འགྲོ་མ་འདིར་མི་འོང་གིའང་གསུངས་པ་ཐོས་པས་མདུན་དུ་ཕེབས་པར་གནས་ཁང་ནས་ཕྱིར་བྱོན་འདུག་པས་ང་གནས་ཁང་དུ་སོང་བ་ཡིན། དེ་ན་ཚིལ་མང་པོ་འདུག །འདི་ཚིལ་རེད་ཅེས་རྡོ་དཀར་པོ་ཞིག་བསྟན་པར་དེ་རྡོ་ཞིག་རེད་ཞུས་པས་མ་རེད་ཅེས་སྐུ་རྩེད་མཛད། ད་ཁྱོད་རང་སོང་ནས་རྩེད་མོ་རྩེས། ངེད་ཚོས་གྱོད་ཅིག་བཤད་ཀི་ཡོད། ཉིན་གཅིག་ཤོག་དང་ངས་བདེ་མཆོག་གི་རྗེས་གནང་ཞིག་བསྐུར་གསུངས་ནས་དེ་བཞིན་གནང་བ་དགོས་པ་ཁྱད་པར་ཅན་ཡོད་འདུག་གོ །ཡང་སྐབས་ཤིག་གཉན་ཁྲོད་པ་འགའ་ཆུ་ཁ་ནས་རས་གུར་ཕུབ་སྟེ་བསྡད་འདུག །ཕྱི་ཉིན་ཇ་མ་རྒད་པོ་ཞིག་ཡོད་པས་དེ་བསོད་གྲགས་ཚང་རེད་ཟེར་བས་མཚན་ཐོས་པ་ཙམ་གྱིས་སྡོད་མི་ཚུགས་པ་བྱུང་སྟེ་མདུན་དུ་ཕེབས། གནས་ཁང་དུ་ཕེབས་གྲབས་བྱེད་པར་འདུག་པས་ང་ཡང་འགྲོ་རྒྱུ་ཡིན་ཞུས་པར། དེ་མི་རུང་ཁྱོད་ལྷུང་འགྲོ་གསུང་པར་སྐྱོན་མེད་ང་ཅིས་ཀྱང་འགྲོ་རྒྱུ་ཡིན་ཞུས་ནས་ཞབས་ཕྱིར་སོང་བ་ཡིན། གནས་ཁང་དུ་དང་པོ་ཁོང་དང་མཉམ་དུ་སོང་བ་དེ་རྟེན་འབྲེལ་ལེགས་འདུག །གཤིན་རྗེའི་འཕྲང་ནས་རྗེ་དེ་ཉིད་ཀྱིས་ཐག་པ་བསྣམས་ཏེ་རྐང་བརྒྱད་གསུངས་ཤིང་མི་རྣམས་ཡར་འཐེན་གྱིན་འདུག་ཅེས་ཞལ་ནས་དངོས་སུ་ཐོས་སོ། །

འདི་དག་ནི་ཆུང་ངུའི་དུས་ཀྱི་མཛད་པའི་སྐོར་རོ། །གུང་ཐང་འཇམ་པའི་དབྱངས་ལས་རབ་བྱུང་མར་བསྒྲུབས། མཚན་ལ་མཁན་པོའི་མཚན་ཟུར་གྱིས་དཀོན་མཆོག་རིག་འཛིན་སྒྲོལ་མར་བཏགས། དཀར་ཡོལ་ཕྱི་ནང་གཉིས་ཀ་སེར་པོ་ཡིན་པ་ཞིག་ཞོས་བཀང་སྟེ་གནང་། རྗེ་དེ་ཉིད་ཀྱི་ཞལ་རས་གཏན་ནས་མི་བརྗེད་གསུངས། རྗེ་འདི་ལ་ནམ་མཇལ་ན་ཡང་ཕྱག་གཡོན་པས་མཇལ་ཁ་དང་། གཡས་པས་ཕྱག་མདུད་གནང་གསུངས་ཏེ་བདེ་མཆོག་གི་རྒྱུད་དོན་དང་འབྲེལ་བའི་དགོས་པ་ཁྱད་པར་ཅན་ཡོད་པས་བླ་སློབ་གཉིས་ཀའི་རྣམ་ཐར་རྨད་དུ་བྱུང་བའོ། །དེ་ནས་མང་ཐོས་ཇི་ལྟར་མཛད་པའི་ཚུལ་ནི། སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་ཞལ་སྔ་ནས་དང་། མགོན་དེའི་སྤྲུལ་བའི་སྐུ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོ། མཚན་དང་དོན་མཐུན་པའི་ངེས་པ་དོན་གྱི་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ། དེའི་སྤྲུལ་པའི་སྐུ་དཀོན་མཆོག་བསྟན་པའི་རྒྱ་མཚོ་དང་། དེའི་ཡང་སྤྲུལ་འཇམ་དབྱངས་བསྟན་པའི་ཉི་མ་སྟེ་སྐུ་ཕྲེང་གསུམ། རྒྱལ་བ་གཉིས་པའི་རྒྱལ་ཚབ་ཧོར་ཚང་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མ། སྐལ་བཟང་དཔལ་ལྡན་གྲགས་པ་སྟེ་གཉིས། ཁྱབ་བདག་དང་པོའི་སངས་རྒྱས་རྗེ་བཙུན་འཇམ་དབྱངས་ཐུབ་བསྟན་ཉི་མ། བློ་བཟང་ལུང་རིགས་ཉི་མ། འཇིགས་མེད་ཐུབ་བསྟན་ཉི་མ་སྟེ་གསུམ། དཔལ་མང་རྡོ་རྗེ་འཆང་དཀོན་མཆོག་རྒྱལ་མཚན། ཡུམ་ཆེན་ལབ་ཀྱི་སྒྲོན་མའི་ཐུགས་སྲས་གྲུབ་དབང་བསོད་གྲགས་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོའི་ཞལ་སྔ་ནས་དང་། འཇིགས་མེད་བསོད་ནམས་རྒྱ་མཚོ་གཉིས། བསྟན་པའི་སྲོག་ཤིང་མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོ། ལུང་རྟོགས་མངའ་བདག་སྒོ་མང་མཁན་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། གླིང་ཁྲི་ཆེན་དཀོན་མཆོག་དགྱེས་པའི་བློ་གྲོས་དང་། འཇིགས་མེད་བློ་གྲོས་རྒྱ་མཚོ་གཉིས། ཁྲི་ཆེན་སྟག་ལུང་པ་དཀོན་མཆོག་ཉི་མ་དང་།

དེའི་སྤྲུལ་སྐུ་བློ་བཟང་དམ་ཆོས་རྒྱ་མཚོ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འགྲན་ཟླ་མེད་པ་༧རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་པོ་སོགས་བཤེས་གཉེན་དམ་པ་དུ་མ་ལས་ཆོས་བཀའ་རྒྱ་ཆེར་གསན་འདུག་ན་ཡང་གསན་ཐོ་མ་རྙེད་པས་ཞིབ་པར་འབྲི་མ་ནུས་སོ། །དེ་དག་ཀྱང་ཆོས་ཉན་པ་ཙམ་ལ་མ་བཞག་པར་དག་སྣང་དད་གུས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སོ་སོའི་སྤྲུལ་སྐུ་རྣམས་ལ་ཡང་ཆོས་འབྲེལ་གསན། བླ་མ་ཐམས་ཅད་ཀྱི་ཞལ་ཐང་བཞེངས་ཏེ་དེའི་མདུན་ནས་རྒྱུན་དུ་ཕྱག་འཚལ། དེའི་གྲངས་སུ་ཁོང་གི་དགེ་རྒན་གྱི་སྐུ་ཡང་བཞེངས་ཏེ་དགེ་རྒན་བཀའ་དྲིན་ཅན་ཞེས་དད་གུས་ཆེན་པོ་མཛད། ཁྱད་པར་དུ་སྡེ་ཁྲི་རིན་པོ་ཆེ་དང་བསོད་གྲགས་ཚང་གཉིས་ལ་དད་གུས་གཞན་དང་མི་འདྲ་ཞིང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་ཡང་མང་དུ་ཡོད་དོ། །བསྟེན་ཚུལ་ཕྱིན་ཅི་མ་ལོག་པའི་དབང་གིས་བླ་མ་ཐམས་ཅད་ཀྱིས་ཐུགས་རྩིས་ཤིན་ཏུ་ཆེ་ཞིང་ཚུར་ཡང་དད་གུས་དཔེ་མེད་མཛད། དུས་ཕྱིས་ཤིག་སྐུ་ཞབས་མཆོག་སྤྲུལ་རིན་པོ་ཆེ་ལ་ཞལ་ཕུ་ཞིག་ཞུས་པར་དེ་མི་རུང་གསུངས། དེ་ཅི་སྐྱོན་མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ནས་གསུངས་འདུག་མོད་ཞུས་པར། དེ་རྗེ་རིན་པོ་ཆེ་རེད་མོད་གསུངས་པར་ང་ལ་རྗེ་རིན་པོ་ཆེ་དང་ཁོང་གཉིས་ལ་ཁྱད་པར་ཅི་ཡང་མེད་ཞུས་པར།

འོ་འོ་དེས་ན་ཆོག་གི་གསུངས་ནས་ཞལ་ཕུ་མཛད། གཞན་ཚོ་ལ་ཡང་སྐུ་ཞབས་རིན་པོ་ཆེ་ལ་དད་པ་གྱིས་ཞེས་ཡང་དང་ཡང་དུ་འདོམས་པར་མཛད་དོ། །བླ་བྲང་ལ་ཕེབས་རེས་ཀྱིས་ར་སྐོར་དུ་བྱོན་ནས་སྐུ་འཕྲེང་རྣམས་ཀྱི་གསོལ་འདེབས་གསུངས་ཏེ་ཇ་ཕུད་ཕུལ། ཞལ་ཕྱིར་ཕྱོགས་ཏེ་སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ངོ་བོ་ཉིད། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས། །དག་པའི་བརྟན་དང་གཡོ་བའི་རང་བཞིན་གྱིས། །རྟེན་དང་བརྟེན་པར་ཤར་ལ་མཆོད་པ་འབུལ། །ཞེས་གསུངས་ཏེ་བྲག་དཀར་ཕྱོགས་ལ་མཆོད། དེ་ནས་རྐང་བརྒྱད་གསུང་བཞིན་ཕར་ཕེབས་པ་ཡིན་འདུག །རྗེ་ཐུའུ་བཀན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་པ་ཕེབས་དུས་ཆིབས་བསུ་ཞུས་ཀྱང་ལོ་ཆུང་བས་ཆོས་འབྲེལ་མ་ཞུས་འདུག །བྱང་མཇལ་དུ་སོང་སྐབས་སྤྲུལ་སྐུ་ཆུང་བ་ཚང་དེ་ལ་ཡང་མཇལ། སྐུ་འདི་པ་ལ་ཡང་མཇལ་བས་སྐལ་བ་བཟང་གསུངས། རྗེ་དེ་ཉིད་ནས་གནང་བའི་ཁ་དར་རྣམས་ལ་ཡང་འདི་ཁོང་གིས་གནང་བ་ཡིན་ཞེས་བདེ་མཆོག་གི་གསང་ཐང་ལ་འབུལ་བར་མཛད་ཅིང་ཐུགས་དད་གཞན་དང་མི་འདྲ་བ་ཞིག་འདུག་སྟེ་སྐུ་འཕྲེང་དུ་མའི་བར་དུ་འབྲེལ་ཆེ་བར་མངོན་ནོ། །དེ་དག་ནི་བཤེས་གཉེན་དམ་པ་རྣམས་བསྟེན་ནས་གདམས་ངག་གསན་པ་ཀློག་པ་ཐོས་བསམ་གྱི་སྐོར་རོ། །

གདམས་དོན་ཉམས་སུ་བཞེས་པའི་ཚུལ་ལ་རྗེ་བདག་ཉིད་ཆེན་པོའི་གསུངས་པ་ལྟར་གདམས་ངག་སྣ་རེ་ཙམ་མ་ཡིན་པར་སྡོམ་གསུམ་དག་པ་ཉམས་ལེན་གྱི་མཐིལ་དུ་མཛད་དེ་ཉིན་རེ་བཞིན་ཐུན་དྲུག་རྣལ་འབྱོར་དུས་དྲུག་ཏུ་ཆག་མེད་མཛད། ནངས་རེ་བཞིན་ངག་བྱིན་རླབས་འཇམ་དབྱངས་གང་བློ་མ། སྒྲོལ་དཀར་ལྗང་། དགའ་ལྡན་ལྷ་བརྒྱ་མ། ས་གསུམ་མ། དམིགས་བརྩེ་མ། གང་འགྲུབ་བདེ་མཆོག་གི་ཆོ་ག་དང་བརྒྱ་རྩ་མཁའ་འགྲོའི་སྤྱི་གཏོར་དཀར་གཏོར་བཅས་དང་། དེ་རྗེས་ཕྱག་དང་འབྲེལ་བར་ལྟུང་བཤགས་སྨན་བླ། བླ་མཆོད། དཔའ་ཅིག །བཟང་སྤྱོད། བྱམས་པའི་དམ་བཅའི་གཟུངས། བདེ་གསང་འཇིགས་གསུམ་གྱི་རྩ་རྒྱུད། དུས་འཁོར་བསྡུས་རྒྱུད་མཚན་བརྗོད་བྱམས་ཆོས་སྡེ་ལྔ། དབུ་མ་འཇུག་པ། སྐལ་བཟང་རྒྱན་འཕྲེང་། གསེར་འོད། བརྒྱད་སྟོང་པ་རྣམས་ཅི་ཐུབ་རེ་ལྗགས་ཀློག །དེ་རྗེས་སྐོར་བ་གང་འགྲུབ། ཚེ་དཔག་མེད། མཁའ་སྤྱོད་མ། ཁྲོས་ནག །དམིགས་བརྩེ་མ། ཁྱུང་ཁྲ། རྟ་མགྲིན། འཁོར་ཆེན། སེང་གདོང་མ། རིག་བྱེད་མ། རྣམ་འཇོམས། ལོ་གྱོན་མ། རྣམ་རྒྱལ་མ། བདེ་མཆོག་དཀར་པོ། ཧེ་རུ་ཀའི་ཡིག་བརྒྱ་རྣམས་བརྒྱ་རྩ་རེ་བཞེས་པའི་སྐབས་གཅོད་ཀྱི་ཚོགས་འཁོར། ཕྱི་དྲོ་མགོན་པོ་ལྷ་མོ་གཉིས་ཀྱི་བསྐང་ཆོག །ཆོས་སྐྱོང་གཞན་གྱི་གཏོར་བསྔོས། ལུས་སྦྱིན་བཅས་འདི་རྣམས་ཆག་མེད་དུ་གནང་། བདེ་གསང་འཇིགས་གསུམ་དུས་འཁོར། འཁོར་ཆེན། མཁའ་སྤྱོད་མ། རིག་བྱེད་མ། རྟ་མགྲིན། ཀུན་རིག །རྣམ་སྣང་མངོན་བྱང་། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ། སྒྲོལ་དཀར། གསང་བདག །འཇམ་དབྱངས་དཀར་པོ། ཁྱུང་ཁྲ། སེང་གདོང་མ། མགོན་ཆོས་གཉིས་སོགས་ཀྱི་བསྙེན་པ་ཡང་གནང་། དུས་འཁོར་གྱི་སྐབས་སྡེ་ཁྲི་རིན་པོ་ཆེ་ནས་སྦྱིན་སྲེག་དཀའ་བས་གྲྭ་ཚང་གི་གྲངས་ལ་སོང་ན་ཆོག་གསུངས་པ་ལྟར། བསྲེག་རྫས་ཐམས་ཅད་ང་རང་གིས་ཕུལ་ནས་སོང་བ་ཡིན་གསུངས།

གཉན་ཁྲོད་ལ་ཕེབས་རྒྱུ་བསོད་གྲགས་རྡོ་རྗེ་འཆང་ལ་ཞུས་ཡོད་པས། རྒྱལ་ལོའི་ནང་ཞིག་ལ་དེའི་ཆེད་དུ་བླ་བྲང་ལ་བྱོན་པར་ཁོང་གྲོང་ཆོག་ཞིག་ལ་ཕེབས་སོང་འདུག །སྡེ་ཁྲི་རིན་པོ་ཆེར་མཇལ་བས་ཁྱོད་གཉན་ཁྲོད་ལ་འགྲོ་གི་མི་འཇུག་པ་འདྲ། ཁོང་གིས་གང་གསུངས་པ་ལྟར་གྱིས་གསུངས། ཕྱི་ཉིན་རྗེ་དེ་ཉིད་ཕྱིར་ཕེབས་པས་མདུན་དུ་མཇལ་བར་ཁྱོད་རང་ཕྱི་མཚམས་ལྟར་འགྲོ་མི་དགོས། ཆུ་མིག་བརྒྱ་རྩ་ནས་རྡེའུ་བླངས་ཏེ་གདན་འོག་ཏུ་ཞོག །བྲག་ངོས་ན་ཁྱོད་རང་ལ་མཚམས་ཁང་ཡོད་པ་དེ་ནས་སྡོད། བདུན་མཚམས་གསུམ་སོགས་ཞག་གྲངས་དང་ཐུན་གྲངས་ཐམས་ཅད་བཤད་ཚོད་ལྟར་གྱིས་དང་དེས་ཆོག་གསུངས། མི་གཉིས་ང་རང་དང་མཉམ་དུ་འགྲོ་རྒྱུ་བྱས་ཡོད་པས་དེ་ལྟར་འདུག་ཨེ་ཆོག་ཞུས་པར་དེ་གཉིས་ཀྱིས་དེ་ལྟར་བྱས་མི་ཆོག་གསུངས། ཕྱིས་སུ་མཚམས་ཁང་དེ་གཅོད་ཀྱི་གཞུང་ནས་བཤད་པ་ལྟར་གྱི་གནས་རེད་གསུངས། མཚམས་ཁང་དེར་གཞན་སུ་ཡིན་ཡང་སྡོད་མི་ཐུབ་པ་ཞིག་ཡིན་འདུག །གུང་ཐང་འཇམ་པའི་དབྱངས་ནས་སྤྱན་རས་གཟིགས་ཀྱི་ཞིང་བཀོད་ཅིག་གནང་འདུག་པ་དེའི་མདུན་ནས་སྨྱུང་གནས་བརྒྱད་བརྒྱ། མ་ཎི་དུང་ཕྱུར། ཡིག་བརྒྱ་འབུམ་ཐེར་གསུམ། འགྲེལ་བ་བཞི་སྦྲགས་ས་ཁུང་བསྒྲིགས་ནས་ཚར་བཅུ་གསུམ་གསུངས། ལོ་རེ་བཞིན་བདེ་གསང་འཇིགས་གསུམ། རྣལ་འབྱོར་མ་རྣམས་ཀྱི་བདག་འཇུག་ཉིན་བདུན་རེ། ཟླ་བ་དང་པོའི་ཚེས་གཅིག་ནས་བདེ་མཆོག་དཀར་པོའི་ཚེ་སྒྲུབ་སྔགས་འབུམ་འགྲོ་ངེས་གནང་སྟེ་བླ་མ་རྣམས་ལ་བུམ་ཆུ་འབུལ་བར་མཛད། ལོ་ཀྱཱ་ཏུན་དུ་ལན་དྲུག་ཕེབས་ནས་བདག་འཇུག་བཞེས།

དང་པོར་ཕེབས་སྐབས་བདེ་མཆོག་གི་ཞལ་རས་སྔོན་པོ་ཡིན་པར་གཟིགས་གསུངས་ཏེ། ཧེ་རུ་ཀའི་ཞལ་དངོས་སུ་གཟིགས་སམ་སྙམ་མོ། །དེར་བཞུགས་སྐབས་ཤིག་མཚན་ལམ་དུ་བླ་མ་པཎ་ཞྭ་སྣེ་རིང་ཅན་སྐུ་གཟུགས་རིང་བ་ཞིག་ཕེབས་ནས་ང་བློ་བཟང་ཆོས་ཀྱི་ཉི་མ་ཡིན་གསུངས་པ་ཞིག་རྨིས་གསུངས། འདི་དུས་ནང་ཇེ་དཀར་ཇེ་དཀར་ལ་སོང་ནས་བླ་མ་དེ་ཉིད་མངོན་སུམ་ལྟ་བུར་ཕེབས་བྱུང་གསུངས་པས་ཉམས་སྣང་ཡིན་པ་འདྲའོ། །

སྐབས་ཤིག་དཀྱིལ་འཁོར་གྱི་འོག་གི་ཅོག་ཙེའི་སྟེང་དུ་མིའི་རྐང་རྗེས་གསལ་བར་བབས་པ་ད་དུང་ཡོད་འདུག །དེ་ནས་རྡོའི་ཐོད་པ་ནང་ན་སྙིང་འདྲ་བ་ཡོད་པ་ཞིག་ཀྱང་རྙེད། ཕེབས་རེས་གཅིག་རྨ་ཆུའི་ཁ་ན་མར་འབྲོག་མོ་ཞིག་འགྲོ་གིན་འདུག་པས་ང་ལ་ཡང་ཡང་བལྟས་བྱུང་། རྒྱ་ནང་ན་དེ་འདྲ་མེད་ཀྱང་ཅི་ཡིན་མ་ཤེས་གསུངས། དུས་རྒྱུན་ཡར་མར་གྱི་ཚེས་བཅུ་གཉིས་ལ་བདེ་མཆོག་གི་བདག་འཇུག་ཚོགས་འཁོར་དང་བཅས་པ་གནང་། འདི་དག་ནི་སྤོང་བ་བསམ་གཏན་གྱི་ཉམས་བཞེས་མཛད་པའི་སྐོར་རོ། །ལོ་ཀྱཱ་ཏུན་དུ་དང་པོ་ཕེབས་སྐབས་དོང་ཙེ་ཆེ་བ་ཁྲོན་འགའ་མི་ཞིག་གིས་ཕུལ་བས་མགོན་པོའི་བྲིས་སྐུ་བཞེངས་པ་རྟེན་བཞེངས་ཀྱི་ཐོག་མ་ཡིན། གཟིམ་ཁང་དང་ལྷ་ཁང་ཧ་ཅང་རྙིང་ནས་གསར་བཞེངས་བྱེད་རྩིས་གནང་བར་ཁྱོན་བརྒྱ་ལས་མེད་པས་ཐབས་མ་རྙེད་པར་བཞུགས་སྐབས་མཚན་ལམ་དུ་གྲྭ་པ་ཞིག་གིས་ཁྱེད་ཀྱིས་བཞེངས་ཐབས་གྱིས་དང་ངས་གྲོགས་བྱེད་ཟེར་བ་བྱུང་བས་དེ་ནས་བཟུང་གདན་འདྲེན་པ་མང་དུ་བྱུང་སྟེ་ལེགས་པར་གྲུབ། འོན་ཀྱང་འཚུབ་ཆ་ཤིན་ཏུ་ཆེ་བས་བསོད་གྲགས་རིན་པོ་ཆེ་གློ་བུར་དུ་ཕེབས་ནས་ཁྲོས་མའི་གཏོར་ཟློག་ཞིག་གསུངས། ཧེ་རུ་ཀའི་ཡིག་བརྒྱ་མང་དུ་སྒྲུབས་གསུངས་པ་ལྟར་བསྒྲུབས་པས་རང་ཞིར་སོང་།

ཡང་ནུབ་གཅིག་ཁོང་སྒམ་ཞིག་གི་ནང་དུ་བཅུག་འདུག་པར་སྔར་གྱི་གྲྭ་པ་དེ་འོངས་ནས་བུ་ག་ཕྲ་མོ་ཞིག་ནས་ལག་པ་བཟེད་པས་དེ་མ་ཐག་ཕྱིར་ཐོན་ཏེ་ནང་དུ་ཕེབས་པ་ན་གྲྭ་པ་དེ་ཧོར་རྩང་རིན་པོ་ཆེའི་ཕྱག་བྲིས་ཀྱི་བཀྲ་ཤིས་རྟགས་བརྒྱད་ཅིག་ཡོད་པ་ལ་ཐིམ་འགྲོ་བ་རྨིས་གསུངས། དེ་དམ་ཅན་གྱི་འཕྲུལ་དུ་འདུག །སྡེ་ཁྲི་རིན་པོ་ཆེས་ཁྱོད་ཀྱིས་དམ་ཅན་རེ་ཐོན་དང་བཟང་གསུངས་ཡོད་གསུངས་ནས་རྗེ་ཆོས་ཀྱི་ཉི་མས་མཛད་པའི་དམ་ཅན་གྱི་ཆོ་ག་རྒྱས་པ་དེ་སྐབས་རེར་འདོན་དུ་འཇུག་པ་གནང་། བླ་བྲང་བཀྲ་ཤིས་འཁྱིལ་དུ་མང་བསྐོལ་ལན་བདུན། བྲག་དཀར་དགོན་དུ་འགྱེད་མང་བསྐོལ་ལན་གྲངས་དུ་མ་དང་གཏོར་ཆེན་ཡང་མང་དུ་བཏང་། ལྷ་ཁང་དང་འདུ་ཁང་གསར་བཟོས་དང་འདུ་ཁང་ཕྱའི་བྱམས་སྐུ། ཇོ་བོ། རྡོ་རྗེ་འཆང་གསུམ་ཞིག་གསོ་མཛད་ནས་རྟེན་སྣ་མང་པོ་གཟུངས་འཇུག་ཏུ་ཕུལ། ཧོར་ཚང་དང་རྣམ་གཉིས་ཀྱིས་རབ་གནས་རྒྱས་པ་མཛད། དེ་ནས་བཟུང་ཟླ་རེ་བཞིན་བྱམས་ཁང་དུ་ཁྲུས་གསོལ་དང་རྟེན་འབྲེལ་བསྟོད་པ་བྱམས་བསྟོད་བཅས་དུས་ཆེན་རྣམས་ལ་ཆག་མེད་མཛད་དགོས་པའི་གསུང་བཀོད་བསྩལ། ཉིད་ཀྱི་ལྷ་ཁང་ལ་གྲིབ་ཕོག་པའི་རྐྱེན་གྱིས་ཁྲུས་གསོལ་དང་། མཁའ་འགྲོའི་རྨུག་བསངས་གནང་བས་ཐུབ་དབང་གི་ཐུགས་ཀའི་གཟུངས་ཐག་དེ་སོར་དོ་ལས་མེད་པ་རིམ་གྱིས་སྐྱེས། བྲག་དཀར་དུ་དབྱར་གནས་མི་འདུག་པས་ཉིད་ཀྱི་ནང་དུ་གྲྭ་པ་བདུན་རེ་གདན་དྲངས་ནས་ལོ་བདུན་ལ་དབྱར་གནས་བཟུང་སྟེ་འདི་དག་ནི་བྱ་བ་ལས་ཀྱི་འཁོར་ལོའི་སྐོར་རོ། །

དེ་ལྟར་འཁོར་ལོ་གསུམ་གྱི་ཉམས་བཞེས་མཛད་པས་རྟོགས་པའི་ཡོན་ཏན་ཇི་ལྟར་འཁྲུངས་པ་བདག་ལྟ་བུས་ཤེས་པར་དཀའ་མོད། སྔར་བཤད་པ་ལྟར་བསྟན་པ་སྤྱིའི་བབས་དང་མཐུན་ཞིང་སྙིགས་དུས་བསྟན་འགྲོའི་དམིགས་རྐྱེན་ལ་ཕན་ངེས་པ་རང་གི་མཐོང་ཐོས་སུ་གྱུར་པ་འགའ་ཞིག་བྲི་ན། དེ་ཡང་མཁའ་འགྲོ་མ་ཟེར་བའི་མཚན་ཡོད་པ་རྒྱུ་མཚན་དུ་བྱས་ནས་གྲུབ་རྟགས་དང་མངོན་ཤེས་ལྟ་བུ་དེ་འདྲ་གཏན་ནས་མི་གནང་བས། ཇི་སྐད་དུ། གུང་ཐང་འཇམ་པའི་དབྱངས་ཀྱིས། ལྷ་མཐོང་འདྲེ་མཐོང་མངོན་ཤེས་བདག་ལ་མེད། །དགྲ་བོ་སྒྲོལ་བའི་ནུས་པ་བདག་ལ་མེད། །ཅི་དགར་སྤྱོད་པའི་སྙིང་སྟོབས་བདག་ལ་མེད། །ལས་ཅན་ཆོས་མགོ་ཐོན་པའི་རྣམ་ཐར་ཡིན། །ཞེས་གསུངས་པ་ལྟར། བུད་མེད་ཀྱི་རྟེན་ཅན་ཕར་ཟད་དགེ་སློང་ལ་ཡང་བསླབ་ཁྲིམས་རྣམ་དག་སྲུང་མཁན་དཀའ་བའི་དུས་འདིར། ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཁོ་ན་ལ་གནས་ནས་བཞུགས་པ་ནི་ངོ་མཚར་བའི་རྣམ་པར་ཐར་པ་ཡིན་ལ། དེ་ཡང་རྩ་བ་ནང་གི་ཀུན་སློང་ལ་རག་ལས་པས། དེང་སང་གི་དུས་སུ་སྲེད་པའི་ཁ་གདངས་བརྣབ་སེམས་ཀྱི་མཆེ་བ་གཙིགས་ནས་གང་ཚོ་གང་ཞིམ་ལ་ཁྱི་རྐུན་ལྟར་རྒྱུག་པ་ལ་གཞན་དོན་དུ་མིང་བཏགས་པ་རྣམས་ཀྱིས་འགྲན་པར་མི་ནུས་པའི་རྣམ་པར་ཐར་པ་ཡིན་ཏེ་རིམ་གྱིས་འཆད་པར་འགྱུར་རོ། །

བྱང་སེམས་ཀྱི་སྡོམ་པ་ཕྱིན་དྲུག་ཏུ་འདུ་བས་དེ་ལ་བསླབ་ཚུལ་ནི་རྟག་ཏུ་ཕན་སེམས་ཀྱི་ལྷག་བསམ་ཁོ་ན་མ་གཏོགས་གནོད་སེམས་དང་འཁོན་འཛིན་སོགས་གཏན་ནས་མི་མངའ་བས་གཞན་གྱིས་ལོག་སྒྲུབ་ཇི་ལྟར་བྱས་ཀྱང་གནོད་ལན་གཏན་ནས་བྱེད་དུ་མི་འཇུག །གཞན་གྱི་ཕུལ་བའི་རྫས་ཐ་ན་དོང་ཙེ་བརྒྱ་ཡན་ཆད་ཆ་གསུམ་དུ་བྱས་ཏེ་ཆ་གཅིག་བླ་མ་རྣམས་ཀྱི་འབུལ་བ། གཅིག་དགེ་འདུན་དང་དཀོན་མཆོག་གི་མཆོད་ཐེབས། གཅིག་ནང་ཆེན་གྱི་ཆ་རྐྱེན་ལ་གནང་བར་མཛད། སྡེ་ཁྲི་རིན་པོ་ཆེའི་གསུང་བཀོད་ལྟར་དུས་འཁོར་ཞལ་ཐང་རིགས་ལྡན་ཉེར་ལྔས་བསྐོར་བ་དང་།

སྐྱབས་མགོན་རིན་པོ་ཆེས་གཙོས་བླ་མ་རྣམས་ཀྱི་ཞལ་ཐང་བཅས་བཞེངས། ཟོག་ལུག་འབུལ་མཁན་བྱུང་བ་རྣམས་མ་ཤི་བར་དུ་བཤའ་བ་དང་བཙོང་བ་སོགས་གཏན་ནས་བྱེད་མི་འཇུག །ནང་ནས་མཛོ་མོ་མི་འཛིན་ཅིང་འབྲི་འགའ་རེ་ཡོད་པའི་མར་གྱིས་ཚེ་འབར་གནང་། ལུག་གི་བལ་རྣམས་དགེ་འདུན་ལ་བསྔོས་ཏེ་ཁོ་རང་ཚོ་ལ་ཡང་འབྲེལ་འཇོག་ཏུ་བཅུག་པ་ཡིན་གསུངས། དགོང་རེ་བཞིན་རྣ་ལམ་དུ་མཚན་དང་གཟུངས་སྔགས་སྒྲོག་པར་མཛད་ཅིང་བདག་འཇུག་གི་བུམ་ཆུ་ལ་རྟེན་གསུམ་བསྲེལ་ནས་ལོ་རེ་བཞིན་ཁ་ནང་དུ་བླུགས་པ་ཡིན་གསུངས། ཕྱག་མོ་ཞུ་མཁན་རྣམས་ལ་སྐྱབས་འགྲོ་དང་དམིགས་བརྩེ་མ། བརྒྱད་སྟོང་པ། གསེར་འོད་སོགས་ཕབས་ནས་ཕན་པའི་ལམ་ལ་སྦྱར། གྲོང་པ་རྣམས་ཀྱང་རིམ་གྱིས་ཁྲིད་དེ་ད་ལྟ་དམིགས་བརྩེ་མ་དང་སྐྱབས་འགྲོ་ཡང་འདོན་གི་ཡོད་གསུངས། གསང་སྔགས་ཀྱི་སྡོམ་པ་ཡང་སྔར་སྨོས་པ་ལྟར་རྩ་བ་བླ་མའི་དམ་ཚིག་ཚུལ་བཞིན་དུ་སྲུང་བར་མཛད་ཅིང་བདག་འཇུག་ཡིག་བརྒྱ་སོགས་ཀྱིས་ཉམས་ཆག་སྦྱོང་བའི་ཐབས་ཀྱང་མང་དུ་མཛད།

དེ་ལྟར་ནང་གི་ཉམས་བཞེས་ཀྱི་མཐུས་ཕྱོགས་ཐམས་ཅད་ནས་མཇལ་བ་མང་དུ་འདུས་ཤིང་དགོན་པར་དགྲ་ཇག་གི་གནོད་པ་རྒྱུན་ཆད། ཁྱད་པར་སྲི་ཅན་གྱི་རིགས་ཁོང་ལ་བསྐྱབས་པ་མི་ཐར་བ་མེད་པ་ཞིག་འདུག །བླ་ཆེན་གྲགས་ཅན་གྱི་རིགས་ཕལ་ཆེར་ཕེབས་པས་ཕྱོགས་འདིར་ཡུལ་ལ་གཡང་ཆགས། ས་ལ་བཀྲ་ཤིས་པའི་རང་སྐྱིད་གཞན་སྨོན་གྱི་གནས་སུ་གྱུར། ཙ་རི་ལ་རྩེ་སྐོར། བར་སྐོར། རིང་སྐོར་གསུམ་ཡོད་པ་ལྟར་ཕྱིའི་སྐོར་ལམ་གསར་དུ་བཏོད་ནས་ལན་གསུམ་ཕེབས་ཏེ་སྐོར་ཚད་ཀྱང་དེ་བཞིན་གནང་། གནས་ཁང་དུ་བསང་གཏོང་བར་ཕེབས་ནས་ཕྱག་ནས་དུང་དཀར་ཤོར་བ་སྒྲ་དང་བཅས་ཏེ་གྲམ་པའི་ནང་དུ་ལྷུང་ཡང་སྐྱོན་གང་ཡང་མ་བྱུང་། ཡང་ཕེབས་རེས་གཅིག་ཡབ་ཡུམ་གྱི་མཚོ་གཉིས་འཕྱུར་ནས་ནང་གང་འགྲོ་རྒྱུ་རེད་སྙམ་པ་འདུག་གསུངས། ཡང་རེབ་གཅིག་སྟེང་ངོས་ནས་གློ་བུར་དུ་ཆུ་ཁྱོར་བ་གང་བབས་པ་ཞལ་དུ་བཞེས། སྡེ་ཁྲི་རྗེ་ནས་ཁྱོད་ཤེལ་དགོན་དུ་གཅིག་སོང་ན་བཟང་གསུངས་པ་ལྟར་དེར་ཕེབས། དེའི་གནས་ཁང་གི་སྒོ་གཞན་ཞིག་གིས་བཅད་འདུག་པ་ཕྱེ་ནས་ནང་དུ་ཕེབས་པས་བྲག་ཟླ་ཕྱེད་རྡོ་རྗེ་འདྲ་བ་ཞིག་གིས་བཅད་འདུག་པའི་ཕར་ནང་ན་རུས་པ་ཆེ་ཆུང་མང་པོ་དང་། ཤ་རློན་པ་སྤུངས་འདུག་པའི་ནང་ནས་དུམ་བུ་རེ་བསྣམས་ནས་ཕེབས་ཏེ་ཨ་ཁུ་རིན་པོ་ཆེ་ལ་ཕུལ། བདག་ལ་ཡང་དུམ་བུ་ཞིག་གནང་སྟེ་མཁའ་འགྲོའི་ཚོགས་འཁོར་གྱི་རྫས་ཡིན་འདུག་པས་གནས་ཚོད་ལ་ཇི་ལྟར་གནང་བ་ཡིན་དཔག་པར་དཀའོ། །ནང་དེར་མཚན་ཐོག་ཐག་བཞུགས་པའི་བྲག་ངོས་ཐམས་ཅད་ཡི་གེས་གང་འདུག་པ་གཟིགས་ཀྱང་ནམ་ལངས་པ་ན་མེད་འགྲོ་བར་འདུག་གསུངས། གཏེར་སྲུང་ཀླུ་བདུད་བཙན་གསུམ་ལ་གཏོར་འབུལ་སྡེ་ཁྲི་རིན་པོ་ཆེ་ལ་ཞུས། བརྒྱ་རྩའི་མཇུག་ཏུ་དཀར་གཏོར་སྐབས་དྲང་སྲོང་ཆེན་པོ་སོགས་ལ་ཡང་གཏོར་འབུལ་གནང་གི་ཡོད་ཀྱང་གཞན་ལ་མི་མངོན་པར་མཛད།

སྡེ་བ་རྡོ་རྗེ་འཆང་ནས་འདིའི་བྲག་སོ་སོའི་དབྱིབས་སུ་འདུག་པས་སྐུ་འཁོར་གྱི་གནས་ནཱ་ག་ར་ཡིན་པར་འདུག །དེ་ན་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་གསུང་འདུག་པས་ཤིན་ཏུ་དཔའ་མོ་ཁྱོད་ཡིན་རྒྱུ་རེད་གསུངས། དབལ་མང་རིན་པོ་ཆེར་མཇལ་བར་ཕེབས་སྐབས་སྐུ་མདུན་སོང་ནས་རྗེ་འདི་པ་ཕེབས་འདུག་ཚུལ་ཞུས་པར། གུང་རུའི་མཁའ་འགྲོ་མ་དམག་ཟོར་མ་དངོས་ཡིན་པ་རེད་གསུངས། གྲུབ་པ་དུང་སྣ་ནམ་མཇལ་ཀྱང་སྨྲ་བསམ་བརྗོད་མེད་མ་བཏོན་ནས་མཇལ་ཟེར། ཁོ་རང་གི་སྒྲུབ་ཁང་དུ་རྗེ་ཉིད་འཁོར་བཅས་ལན་གསུམ་གདན་འདྲེན་ཞུས། སྐབས་ཤིག་དབུས་ལ་འབྱོན་བཞེད་པར་གྲུབ་པ་མདུན་དུ་མཇལ་ཏེ། ས་མཐའ་སྐོར་གི་འདུག་པ་ལས་སེམས་མཐའ་བསྐོར་ན་དེའི་དགའ་མོད་ཞུས་པས། དེའི་རྒྱུ་མཚན་སྡེ་ཁྲི་རིན་པོ་ཆེ་ལ་ཞུས་པར། དེ་ཏན་ཏན་པོ་རེད་གསུངས་པས་དབུས་ལ་ཕེབས་རྒྱུ་བཤོལ་གསུངས། བླ་མའི་རྣལ་འབྱོར་ཞུ་མཁན་རྣམས་ལ་ལམ་ཟབ་ཐོན་དང་དེའི་ཆོག་ཅེས་དང་། སྐུ་འདྲ་བཞེངས་རྒྱུ་ཡིན་ཞུས་པ་ལ་ལབ་སྒྲོན་བཞེངས་ན་བཟང་། ང་འདྲ་བ་བཞེངས་པས་ཅི་བྱེད་གསུངས། ཡིག་བསྐུར་ཞིག་ཏུ་ཟངས་རིའི་མཁའ་འགྲོ་མའི་ཡི་གེ་ཞེས་གནང་བ་དང་། ཉིད་ཀྱི་ཞལ་ཚབ་ལྟ་བུར་ལབ་སྒྲོན་གྱི་སྐུ་གཟུགས་བཞེངས་པ་རང་བྱོན་ལྟ་བུར་ཕེབས་ཤིང་ཤིན་ཏུ་བྱོན་ལེགས་པས་སྐུ་ཕྱོགས་ནས་ཀྱང་འདི་གསོན་པོ་ལྟ་བུར་འདུག་གསུངས། ལོ་གཅིག་གི་རིང་ཉིན་རེ་བཞིན་ཉིད་ཀྱིས་རབ་གནས་ཆག་མེད་མཛད།

འདིའི་དཀར་ཆག་མཁན་པོ་སྤྲུལ་པའི་སྐུ་རིན་པོ་ཆེ་ངག་དབང་མཚན་ཅན་ནས་ཁྱབ་པ་ཞིག་གནང་འདུག་པ་དེའི་ཚིག་བཅད་དུ། དག་པའི་སྒྱུ་ལུས་དགྱེས་འཛུམ་བཞད་པའི་ཉམས། །བཅོས་མ་མིན་པར་གང་དུ་རོལ་པ་ཡི། །རྟེན་འདི་འཕགས་མའི་རིགས་པའི་སྤྲུལ་པའི་སྐུ། །མིན་ཞེས་སྐུར་བ་འདེབས་པ་རུང་ངམ་ཅི། །ཕྱི་དང་ནང་གི་རྟེན་འབྱུང་ཕན་ཚུན་དུ། །འཆར་བ་མེ་ལོང་ནང་དུ་གཟུགས་བརྙན་བཞིན། །བྱ་བ་ལས་ཀྱི་འཁོར་ལོ་འདི་ཡིས་ཀྱང་། །བྱེད་པོའི་སྒྱུ་མར་གྱུར་པའི་རྣམ་ཐར་མཚོན། །ཞེས་གསུངས་འདུག་པ་ནི་གསང་སྔགས་མཁྱེན་པ་ཞིག་གིས་བལྟས་ན་ཤིན་ཏུ་ཡ་མཚན་པའི་གནས་ཡིན་པས་མཐོང་ཐོས་དྲན་རེག་ཙམ་ཡང་ཤིན་ཏུ་དོན་ཆེའོ། །བྱང་ཆུབ་ཀྱི་སེམས་སླར་ཡང་གོང་དུ་འཕེལ་ཕྱིར་མཁན་པོ་ངག་དབང་རིན་པོ་ཆེ་ལ་སེམས་བསྐྱེད་མཆོད་པ་ཞུས། དེ་རིང་ནས་ང་བྱང་ཆུབ་སེམས་དཔའ་ངེས་པར་ཡིན་ཞུས་པར། རྗེ་དེ་ཉིད་ནས་ཁོང་བྱང་ཆུབ་སེམས་དཔའ་ལོས་ཡིན་ཏེ་ཁོང་དང་མཉམ་དུ་སེམས་བསྐྱེད་རྒྱུ་ཞིག་བྱུང་བ་ང་ཡང་སྐལ་བ་བཟང་གསུངས། ཕེབས་བཞུད་ཀྱི་ལམ་ཞིག་ནས་རྡེའུ་ཞིག་ཞལ་དུ་འཕང་བ་ལ་བྷྲུཾ་ཡིག་དཀར་པོ་ཞིག་བབས་པ་ཀུན་རིག་གི་སྐུ་ཞིག་གི་དཔྲལ་པར་བཞག་འདུག །གླང་གི་ལོ་བདག་བྲག་དཀར་དུ་སོང་ནས་ཟླ་བ་རེ་གཉིས་བསྡད་སྐབས་ཚེས་བཅུ་རྣམས་ལ་མདུན་ནས་གུང་ཚིགས་གནང་སྟེ་ཞལ་བརྡ་ཡུན་རིང་གནང་། གཅོད་གདོན་ཚོགས་དགུ་མ་སོགས་ལུང་ཁ་ཤས་ཀྱང་བསྩལ། བྲག་དཀར་དགོན་གྱིས་ལམ་ཁྲིད་ཞུས་པར་དེ་བཀའ་དྲིན་ཆེ་འདི་རྒྱུད་གྲྭ་ཡིན་པས་དབང་རེ་ཞུ་གིན་འདུག །ལམ་རིམ་གོ་མ་མྱོང་བས་སྐས་ཀྱི་རྟིང་བ་ནས་མི་འགྲོ་བར་མགོ་ནས་མར་བབས་པ་ཅི་ཡང་མ་རེད་གསུངས་ཏེ་གནད་ཆེ་བར་སྣང་ངོ་། །

དངུལ་སོགས་ཀྱི་འབུལ་བ་མི་བཞེས་ཀྱང་རྗེ་ཐུའུ་བཀན་ཧོ་ཐོག་ཐུ་ནས་དངུལ་སྲང་ལྔ་བཅུ་གནང་བ་མི་བཞེས་ཐབས་མེད་བྱུང་བ་དེས་གཞི་བྱས་ཏེ་བྲག་དཀར་གྱི་དགེ་འདུན་པ་རྣམས་ནང་དུ་གདན་དྲངས་ཏེ་ཉིན་ཁ་ཤས་ལ་སྐྱབས་འགྲོ་དང་དམིགས་བརྩེ་མ་བསྒྲུབ་ཏུ་བཅུག །ཁྱོད་རང་ཁོང་ལ་འབྲེལ་ཆེ་བས་ད་རེས་རྟེན་འབྲེལ་འགྲིགས་སྟབས་ཚོགས་དབུར་སོང་ནས་བསྔོ་སྨོན་གྱིས་གསུངས། སྐྱེ་བ་རྗེས་མ་ཚོ་ལ་རྗེའི་བསྟན་པ་འདི་དང་ཨེ་མཇལ་གྱི་རེ་བས་དམིགས་བརྩེ་མ་མང་དུ་སྒྲུབ་བཅུག་པ་ཡིན་གསུངས་ཏེ་གཞུང་ཆེན་ལ་སྦྱངས་པ་མ་མཛད་ཀྱང་རྟོགས་པའི་སྟོབས་ཀྱིས་བསྟན་པའི་གནད་མཁྱེན་པས་རྗེའི་རིང་ལུགས་ལ་ཐུགས་ཞེན་ཤིན་ཏུ་ཆེ་བ་མཛད། གཞན་གྱི་ལུང་ཕྲན་ཚེགས་རེ་ཞེས་པ་རྣམས་འཕྲལ་དུ་གནང་། རེ་གཉིས་ཙམ་ལ་མཁའ་སྤྱོད་མའི་བྱིན་རླབས་ཡང་གནང་འདུག །ཉང་ཚང་སྤྲུལ་པའི་སྐུས་ཞུས་ངོར། བསླུ་མེད་གཏན་གྱི་སྐྱབས་གནས་བླ་མ་དང་། །བརྩེ་ཆེན་ཐུགས་རྗེའི་གཏེར་ཆེན་ཝ་ར་ཧི། །ཁྱོད་མིན་རེ་སའི་སྐྱབས་གཞན་མ་མཆིས་པས། །མཁའ་སྤྱོད་ཞིང་དུ་འཁྲིད་པར་མཛད་དུ་གསོལ། །ཞེས་པ་གནང་། བླ་བྲང་གི་རྒྱུད་པའི་གྲྭ་རིགས་རྗེ་ཉིད་ལ་ཤིན་ཏུ་དད་པ་ལུང་རིགས་རྒྱ་མཚོས་ནན་གྱིས་ཞུས་ངོར། དཀོན་མཆོག་ཀུན་འདུས་བླ་མ་རྗེ་བཙུན་མ། །རིག་འཛིན་མཁའ་འགྲོ་ཀུན་འདུས་རྗེ་བཙུན་མ། །དཔལ་མོ་ཐུགས་རྗེའི་གཏེར་ཆེན་རྗེ་བཙུན་མ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཨཱརྱ་ཏཱ་རེ་འགྲོ་བའི་སྐྱབས་གཅིག་མ། །ཁྱོད་མིན་རེ་སའི་སྐྱབས་གཞན་མ་མཆིས་པས། །སྲིད་ཞིའི་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །ཚེ་བསོད་དཔལ་འབྱོར་ལེགས་ཚོགས་མ་ལུས་པ། །ཡར་ངོའི་ཟླ་ལྟར་འཕེལ་བར་བྱིན་གྱིས་རློབས། །ཞེས་པ་འདི་གཞན་ལ་མ་སྟོན་གསུངས་ནས་གནང་། འདི་གསུངས་མི་ཉམས་པའི་ཆེད་དུ་འདིར་བཀོད་དོ། །

བོ་ཆུང་བན་དེ་ཟེར་བ་ཞིག་ལ་སེམས་ཁུག་ལ་ཁ་ཏོན་རེ་གྱིས་གསུངས་པར། ངའི་སེམས་ཁུག་འདུག་ཞུས་པར། ཁྱོད་མར་སོང་ལ་ང་སེམས་ལ་ཨེ་འཆར་བལྟས་ནས་སྐྱབས་འགྲོ་བརྒྱ་ཐོན་ལ་ཡར་ཤོག་གསུངས་པ་ལྟར་བྱས་ཏེ། མདུན་དུ་སོང་ནས་སེམས་མི་ཁུག །བླ་བྲང་མན་ཆད་ཟ་ལར་ཡན་ཆད་ལ་སོང་ནས་མི་ཐུབ་པར་འདུག་ཞུས་པར། འོ་འོ་དེ་ཡིན་ཁྱོད་ཀྱིས་སེམས་ཁུག་པ་མ་རེད་བསམ་ཤེས་པ་རེད། ཕྱིན་ཆད་ངའམ་བསོད་གྲགས་རིན་པོ་ཆེ་སེམས་ལ་ཨེ་འཆར་བལྟས་ནས་གསོལ་བ་རེ་ཐོབ། མང་བའི་ཁ་ན་མེད་ཅེས་གསུང་སྟེ་བཀའ་གདམས་གོང་མའི་གསུང་ལྟར་སྣང་ངོ་། །བླ་བྲང་ལྷ་སྡེའི་མི་ཞིག་ངག་ལྐུག་ནས་ཁ་ནས་སྒྲ་ཙམ་ཡང་མི་ཐོན་པ་ལ་སྐྱབས་མགོན་མཆོག་ནས་མཁའ་འགྲོ་མ་ཚང་གི་མདུན་དུ་སོང་གསུངས་པ་ལྟར་དེར་ཡོང་ཡང་སྐུ་མཚམས་ཡིན་པས་མ་ཆུད། ཕྱི་ཉིན་ཉིད་ཀྱི་དབུ་སྐྲ་དང་བསྔགས་གུལ་ཐུན་གཅིག་བདུག་རྒྱུ་དང་སྲུང་མདུད་བུམ་ཆུ་བཅས་གནང་། དེའི་མཚན་མོ་ཁོ་རང་གི་རྨི་ལམ་དུ་འགག་རིང་གི་ནང་ཤིག་གིས་གང་བ་མཐོང་བས་སྐྲག་ནས་སྐད་ཆེན་པོ་བཏོན་པས་ཟླ་བོ་ཞིག་ཡོད་པ་སད་ནས་ཁྱོད་ཀྱིས་ཁ་གྲག་ཐུབ་པ་ཨེ་རེད་ཟེར་བར་ཐུབ་པར་འདུག་བྱས་ནས། མ་ཅིག་ལབ་ཀྱི་སྒྲོན་མ་ཞེས་གསོལ་བ་བཏབ་པས་དེ་ཕྱིན་ངག་གྲོལ། ལྭ་ནག་གི་བྱིས་མོ་ཞིག་ཀྱང་ངག་ལྐུག་པ་ལ་ལུས་སྦྱིན་དང་བུམ་ཆུ་གནང་། དོ་ནུབ་གནས་ཁང་ནས་ཉོལ་གསུངས་པ་ལྟར་བྱས་པས་ཕྱི་ཉིན་ལེགས་པར་གྲོལ་འདུག །

མཛེ་མོ་ཞིག་ལ་ཡང་ཕྱག་གཉིས་ཀས་མགོའི་གཡས་གཡོན་ནས་བརྟེན་ཏེ་མཚན་དང་གཟུངས་སྔགས་གསུངས་ཤིང་ཞལ་ཕུ་བཏབ། དོང་ཙེ་ཁྲོན་འགའ་རེ་ཡང་གནང་། དེ་བཞིན་ཏུ་དགོན་པའི་གྲྭ་རྐྱང་རྣམས་དང་། དབུལ་ཕོངས་དང་ནད་པ་སོགས་ལ་གནང་སྦྱིན་དང་སྨོན་ལམ་མཛད། ཡང་ཞལ་ནས་ངའི་ཁང་བ་འདི་གུང་ཐང་རིན་པོ་ཆེ་དང་། སྡེ་བ་ཚང། བསོད་གྲགས་ཚང་གང་རུང་ལ་ཕུལ་ནས་ང་རང་མཚམས་ཁང་དུ་བསྡད། ཕྱིན་ཆད་སྤྲུལ་སྐུ་སོགས་མེད་པ་བྱས་ན་ཞེས་ཨ་ཁུ་རིན་པོ་ཆེར་ཞུས་པར། དེ་མི་ཆོག་ཁྱོད་ཀྱི་རྗེས་ནས་མཁའ་འགྲོ་མ་ཟེར་བ་ཞིག་དགོས་པ་རེད། གནས་འདིའི་བདག་པོ་ཡིན་པས་ཅིས་ཀྱང་དགོས་པ་རེད་གསུངས། དེ་ལྟ་ན་དཔའ་བོ་ཞིག་ཡོད་ན་བཟང་རྒྱུ་རེད་གྲྭ་ས་རེ་ལ་བསྡད་ན་ཆོག །རྟེན་བཟང་བས་གང་བྱས་ཀྱང་ལེགས་པོ་ཡོང་རྒྱུ་རེད་དཔའ་མོ་མི་བཟང་། བྱིས་མོ་ཞིག་ཡོང་ན་སྐྱུག་བྲོ་བོ་བྱས་ཡོང་། དེ་འདྲའི་ཆེད་དུ་ཨ་ལགས་གླིང་ཚང་ལ་འདུལ་བའི་གླེང་འབུམ་མཉན་པ་ཡིན་གསུངས། ངའི་བསམ་པ་ལ་གོས་འདིར་མ་ཅིག་གི་སྐུ་བཞག་ནས་མཇལ་བ་ཚོ་དེ་ལ་མཇལ་ན་སྙམ་པ་ཡིན་ཏེ་ཁོང་རྣམས་ཚོས་གནང་བ་མི་སྟེར་གསུངས་ཏེ་རྒྱུ་མཚན་འོག་ཏུ་འཆད་དོ། །

ཡང་སྐུ་ན་ཕྲ་མོའི་དུས་སྡེ་ཁྲི་རིན་པོ་ཆེར་མཇལ་སྐབས་དགྱེས་པའི་ཉམས་ཀྱིས་རང་རེ་ཚོ་སྔར་ཡང་འགྲོགས་ནས་འོང་བ་ཞིག་ཡིན། ད་དུང་ཡང་འགྲོགས་ནས་སོང་ན་ཆོག་གསུངས། ཁོང་ནས་ཅི་ཙམ་གྱི་བར་འགྲོགས་ཞུས་པར། ཟུང་འཇུག་ཐོབ་ཀྱི་བར་ཡིན་མོད་གསུངས། ཟུང་འཇུག་ནམ་ཐོབ་རྒྱུ་རེད་ཞུས་པར་འདི་འདྲ་བྱས་འགྲོ་གི་བསྡད་ན་སྐབས་ཤིག་ཐོབ་ལོས་ཡོང་གསུངས། ཡང་སྡེ་ཁྲི་རིན་པོ་ཆེ་སྐུ་སྙུན་སྐབས་ཤིག་རྗེ་འདི་པ་མདུན་དུ་ཕེབས་ནས་ཐུགས་ཀའི་ན་བཟའ་བསལ་ཏེ་ཞལ་ཕུ་ཞིག་བཏབ་པས་ཞལ་འཛུམ་མཛད།

དེའི་རྗེས་མཇལ་ཁ་ཞུས། ཡང་ཞལ་ནས་ང་ལ་ཡོན་ཏན་མེད་ཀྱང་ཐམས་ཅད་ཀྱིས་རེ་ལྟོས་བྱེད་ཀྱིན་འདུག་བླ་མ་རྣམས་ཚོ་ལ་སྐྱབས་འཇུག་རེ་ཞུས་ཡོད། ང་དམྱལ་བར་ལྟུང་ཡང་གཅེས་འཛིན་གྱི་དབང་དུ་མ་སོང་ན་བཟང་གི་ཞེས་འདི་དག་ཕྱིས་སུ་རྭ་རྒྱ་སྤྲུལ་བའི་སྐུ་ལས་ཐོས་པ་འདིར་བྲིས་སོ། །སྟག་ལོའི་དགུན་མཚམས་ནང་ནས་སྐུ་སྙུང་ཚུལ་བསྟན། དགུང་ལོ་དོན་བརྒྱད་པ་ཡོས་བུའི་ལོ་རྒྱ་ལོའི་ཉེར་ལྔ་ལ་གྲྭ་མང་དང་མཇལ་མཁན་རྣམས་ལ་མཇལ་ཁ་གནང་། གཉིས་པའི་ནང་ང་རང་དགོན་ལུང་དུ་འགྲོ་ལམ་ནས་བཅོ་ལྔའི་ཉིན་མདུན་དུ་མཇལ་བར་དུས་རྒྱུན་ཁོ་བོ་ཅག་སོང་ན་ཕྱི་རོལ་དུ་ཕེབས་པ་གནང་གིན་ཡོད་པས་མི་གཉིས་ཀྱིས་བསྟེན་ནས་ར་སྐོར་དུ་ཕེབས་འདུག་ཀྱང་སྐུ་ཉམས་ཞན་པར་འདུག །ནང་དུ་སོང་ནས་བརྟན་བཞུགས་ཕུལ་ཀྱང་ཞལ་བཞེས་མ་གནང་། ཐུའུ་བཀན་རིན་པོ་ཆེར་འབུལ་བ་འགའ་བསྐུར་ནས་ཁྱོད་ཀྱིས་ངས་གོ་ཆོད་པའི་སྐྱབས་འཇུག་ནན་ཏན་ཞུས་གསུངས། ཁོ་བོ་ཅག་ལ་གསང་བའི་གསུང་འགའ་རེ་གནང་ཡང་འབྲི་བར་མ་ནུས་སོ། །སྐུ་འཁོར་རྣམས་ལ་ཡང་ང་འདྲ་བ་ཞིག་མི་ཡོང་བའི་ཐབས་མི་འདུག །སྨོན་ལམ་ཞིག་གི་སྟབས་རེད། ཆུང་དུས་གྲོང་ཆོག་ལ་གཏན་ནས་མ་འཁྱེར། ངས་ཆོས་སྐྱོང་ལ་གཏད་གཉེར་ཡང་བྱས་ཡོད་ཅེས་ནན་ཏན་ཆེན་པོས་གསུངས་པ་འདི་སེམས་ལ་འཛིན་དགོས་སོ། །

གསུམ་པའི་ནང་མཚན་སྒྲོག་མཁན་པོ་མཇལ་ཏེ་རྗེ་ཡབ་སྲས་གསུམ་བཟོས་གྲུབ་ཅིག་ཕུལ་བར་རྟེན་འབྲེལ་ལེགས་ཞེས་ཤིན་ཏུ་མཉེས་མཉེས་གནང་བ་ནི་འབུལ་བ་ཀུན་གྱི་ཐ་མའོ། །ཉིད་ཀྱི་སྐུ་གདུང་གནས་རིའི་ངོས་དེར་ཁོང་གི་མ་ཡུམ་བཞག་ཤུལ་དུ་བཞག་ནས་བྱ་ལ་སྦྱིན་ན་བཟང་། རུས་པ་རྣམས་བརྡུངས་ནས་བྲག་ངོས་མི་མི་ཐར་བ་ཞིག་ཏུ་སྐྱོལ། རུས་དུམ་ཅུང་ཟད་ཙམ་ཡང་བླང་མི་ཆོག །གདུང་མཇལ་སོགས་ཀྱང་མི་དགོས། འཁྱེར་དུས་གནས་ཁང་ཕྱོགས་ཀྱི་སྒོ་འདི་ནས་ཁྱེར། མཛོ་ལ་བཀལ་ན་ཆོག །འར་འུར་མང་བོ་བྱེད་གི་མ་འདུག་གསུངས་ཀྱང་བསོད་གྲགས་རིན་པོ་ཆེ་ནས་ནན་ཞུས་བྱས་པས་དབུ་ཐོད་བླངས་ཆོག་པ་དང་གདུང་མཇལ་ཀྱང་བྱེད་རྒྱུ་གནང་། གསུམ་པའི་ཉི་ཤུའི་ནངས་སྔ་བར་ཇ་དཀར་པོ་ཞིག་ཁྱེར་ཤོག་ཐ་མ་རེད་མོད་གསུངས། སྡེ་བ་ཚང་གི་ཡི་གེ་ཞིག་ཁྱེར་ཡོང་པ་དེ་སུས་ཁྱེར་ཡོང་པ་རེད་གསུངས་པར། དེ་འདྲ་མ་ཡོང་ཞུས་པས། ལོས་ཡོང་ངས་སྒོ་ལ་བུད་ནས་བཏོན་པ་ཡིན་གསུངས་པར། ཁོང་གི་མཚན་ལམ་རྨིས་པ་ཡིན་འགྲོ། སུ་མ་ཡོང་ཞུས་པས་ཅང་མ་གསུངས། དེ་ནས་དཔའ་བོ་མཁའ་འགྲོའི་ཕོ་བྲང་གནས་ཁང་གི་ཕྱོགས་ལ་ཞལ་བསྟན་ནས་བཞུགས་ཏེ་ཕྱག་དཔྲལ་བར་ཐལ་མོ་སྦྱར་ནས་བཞུགས་པ་རིམ་གྱིས་མདུན་དུ་བསྒུར་དེ་ཧིཀ་མཐོན་པོ་ཞིག་གནང་ནས་འོད་གསལ་ནང་གི་མཁའ་སྤྱོད་མངོན་དུ་མཛད་དོ། །

གསུང་བཀོད་ལྟར་བསོད་གྲགས་ཚང་གི་སྐུ་གཟན་བཀབ་སྟེ་ཞག་གསུམ་གྱི་བར་དུ་གཞན་ལ་གསང་། དེ་ནས་སྐུ་གདུང་ལྷ་ཁང་དུ་སྤྱན་དྲངས་སྐབས་ཕྱག་གཉིས་འཁྱུད་རྒྱ་མཛད་ཅིང་ཤངས་བུག་ནས་བྱང་སེམས་དམར་པོ་བབས་པ་སོགས་ཐུགས་དམ་གྱི་རྟགས་ཁྱད་པར་ཅན་བྱུང་འདུག །སྲིད་ཞིའི་གཙུག་རྒྱན་གོང་ས་སྐུ་ཞབས་རིན་པོ་ཆེ་དང་། བསྟན་འགྲོའི་མགོན་སྐྱབས་རོང་པོའི་ཤར་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམ་གཉིས་གདན་འདྲེན་ཞུས་པ་སོགས་གདུང་མཆོད་ཀྱི་རིམ་པ་གང་འབྱོར་བྱས་ཀྱང་། རྗེ་ཉིད་ནས་སྔ་མོ་ཞིག་ནས་ཕབས་བཞུད་བཙན་ཆོད་གནང་སྟེ་བྱ་བཏང་རི་ཁྲོད་པ་གནང་ཡོད་པས་ཤིན་ཏུ་ངོས་གཙང་བ་བྱུང་།

དེ་ཡང་རྗེ་བཙུན་མི་ལས་མགུར་འབུམ་ལས། གངས་དཀར་ཏི་སེ་སྐད་པ་དེ། །མ་མཐོང་རྒྱང་ན་སྒྲ་ཆེ་ཡང་། །མཐོང་ནས་དྲུང་དུ་སླེབ་ཙ་ན། །རི་མགོ་ཁ་བས་བཏུམ་པ་གཅིག །ཞེས་གསུངས་པ་ལྟར་རྣམ་ཐར་ལ་ཡང་དེ་ལྟར་སོང་བ་མང་མོད་ཀྱང་། འདིར་ནི་བཀའ་གདམས་གོང་མའི་གསུང་ལས། དགེ་བའི་བཤེས་གཉེན་བྱ་བ། བཀྱེད་ན་གསལ་བ་ཧས་པོའི་གངས་ལྟ་བུ། བཏུད་ན་གསལ་བ་རྨ་བྱའི་མདོངས་ལྟ་བུ་གསུངས་པ་ལྟར་སྙན་པ་རྒྱང་ན་ཆེ་བ་ལྟར་སྐུ་དྲུང་དུ་ཡུན་རིང་དུ་བསྡད་ན་མཛད་སྤྱོད་ལ་ལྷག་པར་དད་པ་སྐྱེ་བ་ཞིག་ཡོད་ལ། པོ་ཏོ་བ་ཆེན་པོས། ངེད་ཀྱི་སློབ་དཔོན་ཞང་བཙུན་སྨྲ་མཁས་པ་ཡེ་མེད། ཡོན་བཤད་ཅིག་གནང་ན་ཡང་ཀུན་གྱིས་མི་གོ་སྙམ་པ་ལས་མི་མཁྱེན་ཀྱང་སྔ་མ་གཉིས་པོ་ཡོད་པས། དྲུང་ན་སུ་ཉེ་བ་ལ་ཕན་ཞེས་གསུངས་པ་ལམ་རིམ་ཆེན་མོར་དྲངས་འདུག་པ་ལྟར། གཞུང་ཆེན་མོ་ལ་སྦྱངས་པ་མ་མཛད་ཀྱང་། ཐུགས་རྒྱུད་བྱང་ཆུབ་ལམ་གྱི་རིམ་པས་གང་བའི་དབང་གིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཐམས་ཅད་བསྟན་འགྲོའི་དམིགས་རྐྱེན་ལ་ཕན་ངེས་པ་ཤ་སྟག་ཏུ་སྣང་ངོ་། །

ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་ཤེས་དཀའ་ཡང་། ཕྱོགས་ཙམ་ནི། དེ་ཡང་ཡུམ་ཆེན་ལབ་གྱི་སྒྲོན་མའི་སྲས་སྟོང་སྡེ་ངག་གི་དབང་ཕྱུག་ནི་ཀུན་མཁྱེན་བླ་མ་ཡིན་ཞིང་། གྲོལ་སྡེ་རྒྱལ་བའི་འབྱུང་གནས་སྡེ་ཁྲི་རིན་པོ་ཆེ་དང་། ཐོད་སྨྱོན་བསམ་འགྲུབ་ནི་རྗེ་ཐུའུ་བཀན་པ་ཡིན་པར་ཚད་མའི་ལུང་ལས་གསུངས་ལ། ཡུམ་སྲས་རྣམས་ལྷན་ཅིག་ཕྱོགས་འདིར་ཕེབས་ནས་བྱིན་གྱིས་བརླབས་ཏེ་གཏེར་སྦེད་པ་སོགས་གནང་བ་བཞིན་ཀུན་མཁྱེན་ཆེན་པོས་བཀྲ་ཤིས་འཁྱིལ་ཕྱག་འདེབས་མཛད།

དེའི་བྱང་ཕྱོགས་མཁའ་འགྲོའི་གནས་ཆེན་འདིར་[མ་ཡིག་མི་གསལ་]ཆེར་ཉིད་དངོས་སུ་བྱོན་ནས་བཞུགས་པ་ཡིན་པ་ནི་གོང་དུ་བྲིས་པའི་རྣམ་ཐར་གྱི་བབས་ཀྱིས་ཤེས་ནུས་སོ། །དེ་དོན་བཞིན་སྐྱབས་མགོན་ཐམས་ཅད་མཁྱེན་པས་སྤྲུལ་སྐུ་ཨེ་འབྱོན་ཞུས་པར། དགོན་པའི་བྱང་ཕྱོགས་འདི་ནས་གཅིག་ལབ་ཀྱི་སྒྲོན་མ་བཞུགས་འདུག་དགོས་པ་རེད། གནས་འདིའི་བདག་པོ་ཡིན་པས་སྤྲུལ་སྐུ་ལོས་ཕེབས། ཁ་མཁོ་མ་ཐུག་ན་བཟང་གསུངས་པ་ནི་དུས་གསུམ་རྗེན་པར་གཟིགས་པའི་གསུང་ཡིན་ནོ། །མཁན་པོ་སྤྲུལ་པའི་སྐུ་ནས་འདིའི་དཀར་ཆག་ཏུ་གསུངས་པའི་ལུང་སྔར་བཀོད་པ་དེའི་དོན་བཞིན་འོད་གསལ་མངོན་དུ་མཛད་ནས་སྒྱུ་མའི་སྐུ་ནི་རགས་པའི་རྟེན་སྐུ་བརྙན་འདི་ལ་ཡང་བཞུགས་ཤིང་། དེས་སླར་ཡང་སྤྲུལ་པའི་སྐུ་འཛིན་པ་ནི་གསང་སྔགས་རྒྱུད་སྡེའི་དགོངས་པ་མ་ནོར་བ་ཡིན་ནོ། །

དཔའ་བོ་རྣམས་ཀྱི་ལོ་རྒྱུས་གསན་ན་ཐུགས་དགྱེས་པ་ཞིག་ཡོད་འདུག་པ་ནི། བདེ་མཆོག་རྩ་རྒྱུད་ལས། གཡུལ་དུ་འཆི་བ་རྣམས་ཀྱི་ནི། གཏམ་དག་ལ་ནི་རྟག་ཏུ་དགའ། །ཞེས་ལཱ་མའི་རིགས་ཅན་གྱི་མཁའ་འགྲོ་མའི་རྟགས་སུ་གསུངས་ལ། དུས་འཁོར་ཀྱི་རྒྱུད་ལས་ཀྱང་། རྣལ་འབྱོར་མ་སོ་དྲུག་པོ་སོ་སོའི་མཚན་ཉིད་གསུངས་པ་རྣམས་དང་བསྟུན་ན་ངོ་མཚར་བ་ཡོད་པར་སྣང་ན་ཡང་བདག་ལྟ་བུས་ཤེས་པར་དཀའོ། །སྡེ་བ་རྡོ་རྗེ་འཆང་ནས་བདེ་མཆོག་རང་བྱོན་གྱི་མདུན་དུ་འདོན་རྒྱུའི་སྨོན་ཚིག་ཅིག་རྗེ་འདི་ལ་གནང་བ་ལ་ཤིན་ཏུ་གསང་བའི་གནས་མང་དུ་ཡོད་ལ། མཁན་པོ་སྤྲུལ་བའི་སྐུ་ནས་དཀར་ཆག་ཏུ་གསུངས་པ་ལ་ད་དུང་ཐུན་མོང་མ་ཡིན་པ་བཤད་དུ་ཡོད་ལ།

ཁོང་ནས་ཕྱག་ཐལ་མོ་སྦྱར་ཏེ་གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་ཐུགས་དད་ཆེན་པོ་གནང་བ་དང་། མཚན་ལམ་ཡ་མཚན་ཅན་ཞིག་ཀྱང་འདུག་སྟེ་ཡི་གེར་འགོད་པར་མི་རུང་བས་ཡབ་སྲས་རྣམས་ཀྱི་རྣམ་པར་ཐར་པ་ལ་དད་ཅིང་གུས་པར་བྱ་བ་ནི་རྣམ་ཐར་བྲིས་པའི་དགོས་པའི་གཙོ་བོ་ཡིན་པར་ཤེས་པར་བྱའོ། །སྨྲས་པ། བྱི་རུའི་དམར་འོད་ཆགས་པ་ཡི། །ཟླ་བ་གསར་པའི་བཞིན་རས་ཅན། །མཛེས་མའི་མིག་ཟུར་ཡིད་སྲུབས་མདའ། །སྙིང་ལ་འཕོས་པའི་ཆགས་ལྡན་བཞིན། །རྣམ་ཐར་པདྨ་དཀར་པོ་ཡི། །དྲི་ཡི་བསུང་གིས་བསྐྱོད་པ་ན། །ནམ་གཞུག་བུང་བ་རྒན་པོ་ཞིག །གཤོགས་རླུང་དབྱངས་སྙན་སླར་ཡང་ལེན། །འདོད་པ་རྣམ་ལྔའི་དུག་གི་མེ་ཏོག་གིས། །ལུས་སྟོབས་ལྷག་པར་རྒྱས་པའི་མ་ཡུར། །ཆགས་བྲལ་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀྱིས། །བསྟན་པའི་རྨང་གཞི་ཟིན་པའི་རྣམ་ཐར་ཡིན། །རྨད་བྱུང་བྱམས་དང་སྙིང་རྗེ་བདུད་རྩི་ཡིས། །ཐུགས་ཀྱི་བུམ་བཟང་རིང་ནས་གང་བའི་མཐུས། །ཅི་མཛད་གཞན་དོན་ཁོ་ནར་གཞོལ་བ་ནི། །རྒྱལ་སྲས་གཞུང་ལམ་ཟིན་པའི་རྣམ་ཐར་ཡིན། །རྣམ་དག་དབང་བཞི་ལྷ་ཡི་ཆུ་བོའི་རྒྱུན། །བཤེས་གཉེན་ཐུགས་གསང་རྒྱ་མཚོ་ལས་འོང་བ། །དད་ཅིང་གུས་པའི་གཤོང་བུར་འཁྱིལ་བ་ནི། །གསང་ཆེན་འཇུག་སྒོ་མ་ནོར་རྣམ་ཐར་ཡིན། །ཆུང་ངུའི་དུས་སུ་དུང་ལྟར་དཀར་ན་ཡང་། །ན་ཚོད་རྫོགས་ཀྱིན་སོལ་བ་ལྟར་ནག་པས། །ཁྭ་ཏའི་ཕྲུ་གུའི་རྗེས་སུ་མ་ཞུགས་པ། །རྨད་བྱུང་སྐྱེས་བུ་དམ་པའི་རྣམ་ཐར་ཡིན། །གཞན་ལ་བཟང་བཤད་ངན་བཤད་སྣ་ཚོགས་ཀྱིས། །གྲུབ་མཐའི་དེ་ཉིད་འབྱེད་པ་མི་མཛད་ཀྱང་། །དགེ་ལྡན་རིང་ལུགས་ཐུགས་ཀྱི་གཅེས་ནོར་དུ། །མཛད་འདི་རྒྱལ་བས་བསྔགས་པའི་རྣམ་ཐར་ཡིན། །རྟོགས་པའི་ཡོན་ཏན་བུམ་ནང་མར་མེ་བཞིན། །སྦས་ཀྱང་རང་འོད་ཁོང་ནས་རྡོལ་པ་ཡིས། །མཆོག་དམན་ཀུན་གྱི་གུས་པས་འདུད་པ་ནི། །རྒྱུ་འབྲས་བསླུ་བ་མེད་པའི་རྣམ་ཐར་ཡིན། །ཡིད་ཆེས་ཚད་མའི་ལུང་གིས་གྲུབ་པ་བཞིན། །ཡུམ་ཆེན་ལབ་ཀྱི་སྒྲོན་མའི་མཚན་སྙན་པོ། །བསྒྲགས་པ་མིན་པར་ཕྱོགས་ཀུན་ཁྱབ་པ་ནི། །གྲགས་སྙན་ལྷ་ཡིས་བསྒྲགས་པའི་རྣམ་ཐར་ཡིན། །གྲུབ་རིགས་དཔའ་བོ་བྱེ་བའི་བསྟི་གནས་བདེ་མཆོག་སྦས་ཆུའི་རྒྱ་མཚོའི་བཅུད། །ཧེ་རུ་ཀ་དཔལ་ཞལ་ལུང་མངར་པོ་སྙིང་གི་བཅུད་དུ་སིམ་པ་ལས། །རིམ་གཉིས་གྲུབ་པའི་བཅུད་ལེན་མཆོག་གིས་འཆི་མེད་ཟུང་འཇུག་གནས་ཐོབ་པའི། །གསང་བ་མཆོག་གི་རྣམ་པར་ཐར་པ་བདག་འདྲའི་སྤྱོད་ཡུལ་ག་ལ་ཞིག །རྣམ་འབྱོར་མ་དཔལ་རྗེས་ཆགས་གློག་ཕྲེང་གིས། །འཁྱུད་པའི་སྤྲིན་སྔོན་རོལ་བའི་གདེངས་ཀ་ལས། །དུས་སུ་འཇོ་བ་ཐུགས་རྗེས་གྲུ་ཆར་ལས། །རང་གི་བསོད་ནམས་སྐལ་བར་ཤས་ཙམ་ཐོབ། །བླ་མ་མཆོག་དང་དབྱེར་མེད་ཧེ་རུ་ཀ །དགྱེས་བསྐྱེད་མཁའ་སྤྱོད་ཞིང་གི་གཙོ་མོ་མཆོག །དོན་ལྡན་ཚིག་གི་པད་དཀར་འཁྲི་ཤིང་འདིས། །མཆོད་པས་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག །རྒྱལ་གསུང་འོ་མའི་རྒྱ་མཚོ་བསྲུབས་པའི་བཅུད། །དགེ་ལྡན་རིང་ལུགས་ཉི་མ་འོད་པོ་ཆེ། །མཁའ་ཁྱབ་ཞིང་དུ་རྟག་ཏུ་གསལ་བ་དང་། །བསྟན་འཛིན་ཚོགས་རྣམས་ཞབས་པད་བརྟན་གྱུར་ཅིག །ཁྱད་པར་རྣལ་འབྱོར་དབང་མོ་དེ་ཉིད་ཀྱི། །སྤྲུལ་བའི་སྐུ་མཆོག་ཟླ་བ་གཞོན་ནུ་གང་། །ལུས་ཅན་བསོད་ནམས་ཤར་རིའི་ཟུར་ཕུད་ལ། །མཛད་བཟང་འོད་དཀར་ངོམས་བཞིན་རྩེན་གྱུར་ཅིག །གསང་སྔགས་སྨིན་རྒྱས་གླིང་གི་རྒྱུད་གྲྭ་འདིར། །ཧེ་རུ་ཀ་དཔལ་ཡབ་ཡུམ་ཐུགས་བསྐྱེད་བཞིན། །ཁྲིམས་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་གང་ཞིང་། །བསྟན་པའི་བྱ་བ་མི་ཉམས་གོང་འཕེལ་ཤོག །དང་པོར་བཀྲ་ཤིས་བླ་མ་ཚུལ་བཞིན་བསྟེན། །བར་དུ་བཀྲ་ཤིས་ཐོས་དོན་ཉམས་སུ་བཞེས། །ཐ་མར་བཀྲ་ཤིས་བསྟན་འགྲོའི་མགོན་དུ་གྱུར། །རྨད་བྱུང་རྣམ་ཐར་མཆོག་གི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་ཡེ་ཤེས་ཀྱི་མཁའ་འགྲོ་མ་༧དཀོན་མཆོག་རིག་འཛིན་དཔལ་མོའི་རྣམ་ཐར་པད་དཀར་འཁྲི་ཤིང་ཞེས་བྱ་བ་འདི་ནི་བྲག་དཀར་དགོན་གྱི་གྲྭ་རྒན་དད་གུས་དང་ལྡན་པའི་དགེ་སློང་བློ་གསལ་རྒྱ་མཚོ་དང་། དུས་འཁོར་གྲྭ་ཚང་གི་གྲྭ་རིགས་རྗེ་བཙུན་མ་ཉིད་ཀྱི་སྐུ་ཚ་གསུང་རབ་རྒྱ་མཚོ་གཉིས་ཀྱིས་ས་བོན་གང་རྙེད་དང་བཅས་བསྐུལ་ཞིང་། རྗེ་འདི་ལ་མཆོག་ཏུ་དད་པ་དགེ་སློང་འཇམ་དཔལ་རྒྱ་མཚོས་ལྷ་རྫས་བཅས་བསྐུལ་བ་ལ་བརྟེན་ནས་རྗེ་ཉིད་ཀྱི་གཟིམ་ཆུང་དུ་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་དཀྱིལ་འཁོར་སྒྲུབ་པའི་མདུན་དུ། བདུན་པའི་ཚེས་བཅུ་ལ་དབུ་བཙུགས་ཏེ་དགུ་བའི་ཡར་ཚེས་རྒྱལ་བ་དང་པོ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཉིན་མང་ཐོས་དགེ་སློང་བསྟན་པ་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་བྲག་དཀར་གྱི་བླ་མ་དབུ་མཛད་སྔགས་རམས་པ་སྟོབས་ལྡན་རྒྱ་མཚོས་བགྱིས་པ་འདིས་ཀྱང་སྲས་བཅས་རྒྱལ་བའི་ཐུགས་བཞེད་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཚུལ་འདིར་འབྲེལ་བ་ཐོགས་པའི་སྐྱེ་བོ་ཀུན། །ཡུམ་ཆེན་ལབ་ཀྱི་སྒྲོན་མས་རྗེས་བཟུང་སྟེ། །གནས་སྐབས་མཐར་ཐུག་འདོད་དོན་མ་ལུས་པ། །བླ་མའི་ཐུགས་དགོངས་བཞིན་དུ་འགྲུབ་པར་ཤོག །

ཞིང་འདི་སྐྱོང་བའི་གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་འཁྲུངས་རབས་བཤད་པ། མདོ་སྨད་རྒན་གྱའི་ལོ་རྒྱུས

ད་ནི་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གཉའ་གོང་བྲག་དཀར་གྱི་གནས་ཀྱི་བདག་པོའི་ཚུལ་དུ་སྐུའི་སྒྱུ་འཕྲུལ་བསྟན་པ་གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྐུ་ཕྲེང་རིམ་བྱོན་རྣམས་ཇི་ལྟར་བྱོན་ཚུལ་འཆད་པ་ལ། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མས་མཛད་པའི་རྗེ་འདིའི་འཁྲུངས་རབས་གསོལ་འདེབས་ལས། དཔལ་ལྡན་བདེ་ཆེན་ཡེ་ཤེས་སྒྱུ་མའི་གར། །ཁྱབ་བདག་མགོན་པོ་ཧེ་རུ་ཀ་དཔལ་མཆོག །སྙོམས་འཇུག་ལྷན་སྐྱེས་དགའ་བ་སྦྲང་རྩིའི་རོས། །ཚིམ་མཛད་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །གྲུབ་རིགས་ཀུན་གྱི་སྤྱི་བོར་ངལ་གསོ་བ། །དཔའ་བོ་མཚོ་ལས་སྐྱེས་པའི་རྡོ་རྗེ་ཡི། །གསང་ཡུམ་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་ཞབས། །མཁའ་འགྲོའི་གཙོ་མོ་མཆོག་ལ་གསོལ་བ་འདེབས། །གདོད་ནས་སྤྲོས་བྲལ་མཁའ་ལྟར་དག་པའི་ཡུམ། །སྣ་ཚོགས་ཐབས་ཀྱིས་གང་འདུལ་རོལ་པའི་དཔྱིད། །ཟབ་གསང་གཅོད་ཡུལ་གདམས་པ་ཀུན་གྱི་གཏེར། །ཨ་མ་ལབ་ཀྱི་སྒྲོན་མར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སྤྲུལ་གཞི་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཅུང་ཟད་རྒྱས་པར་བཤད་པ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཐུགས་ཀྱི་སྤྲུལ་པ་ཨ་མ་ལབ་ཀྱི་སྒྲོན་མ་མཆོག་ནི། ཇི་སྐད་དུ། མདོ་དྭངས་སྙིགས་འབྱེད་པའི་ལེའུ་ལས། སྙིགས་མ་རྩོད་པ་རྒྱས་པའི་དུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །སྒྲོལ་མའི་མཚན་ཅན་འབྱུང་བར་འགྱུར། །ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་རྒྱས་པ་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །ཁ་བ་ཅན་ཞེས་བྱང་ཕྱོགས་སུ། །ཤེས་རབ་ཡུམ་ཆེན་ཐུགས་སྤྲུལ་ནི། །ལབ་ཀྱི་སྒྲོན་མ་བྱ་བ་འབྱུང་། །སྐྱེ་མེད་སྙིང་པོའི་དོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་སངས་རྒྱས་ཀྱི་བཀའ་ཡི་ལུང་གིས་དངོས་སུ་ཟིན་པ་ལྟར། ལབ་ཕྱིའི་དབྱིའི་གངས་པར་ངམ་ཤོད་བྱ་བའི་སྨད་དུ་ལབ་ཀྱི་ཡུལ་གྲོང་དམ་པར། ཡབ་ཆོས་ཀྱི་ཟླ་བ་དང་ཡུམ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཆུ་ལུག་[སྤྱི་ལོ་༡༡༠༣འདི་བྲག་དགོན་པའི་རྩིས་གཞུང་དང་བསྟུན་མོད་དཔྱད་གཞི་ཡོད་ཚུལ་འོག་ཏུ་གསལ་ཞིང་དགུང་སྙིང་ལུག་ཡིན་པ་མ་ཅིག་གི་རྣམ་ཐར་དང་མཐུན་མོད། ཀུན་མཁྱེན་བསྟན་རྩིས་དང་མདོ་སྨད་ཆོས་འབྱུང་དུ་དགུང་སྙིང་རྟ་ཡིན་པར་གསལ་]ལོའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་ནམ་མཁའ་ལ་སྒྲ་གྲག་ཅིང་བར་སྣང་ལ་འཇའ་འོད་འཁྱུག་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས་མ་ཐག་ཏུ་ཨ་མ་ལ་ཁམས་བདེའམ་ཞེས་དྲིས། ལྕེའི་སྟེང་དུ་ཧྲཱིཿདམར་པོ་འོད་ཟེར་འབར་བ་ཞིག་འཁོར་བའི་ཚུལ་དུ་སྣང་། དཔྲལ་བར་མིག་གཅིག་སྣང་བ་ལ་འོད་ཁ་དོག་སྣ་ལྔ་རྟའི་རྔ་འཇག་བཞིན་གཤིབ་པ། སྤྱི་བོའི་གཙུག་ཏུ་འོད་དཀར་པོ་མཐེའུ་ཆུང་གི་རྩེ་ཙམ་ཞིག་ལ་ཨ་དཀར་པོ་ཞིག་གིས་མཚན་པ་ཨ་དེ་ལ་ཟུག་ནས་སྣང་། དེ་མ་ཐག་ཨ་ཅེ་འབུམ་མེས་རས་ཀྱིས་ལྗིབས་ཏེ་པང་དུ་བླངས་ནས་ཡུད་ཙམ་ཞིག་སོང་བ་དང་། ལྕེ་སྟེང་གི་ཧྲཱིཿདེ་ལྕེ་ལ་ནུབ་ནས་མི་མངོན་པར་གྱུར།

དེ་ནས་མར་དཀར་དང་རྒྱལ་མོ་ཀ་ར་[ཀ་ར་ནི་རྒྱ་གར་ཡུལ་གྱི་ཀ་ར་འབྱུང་བའི་ཤིང་གི་མིང་ཡིན་པས་དེ་རིམ་བཞིན་ཤིང་དེ་གདུས་པའི་ཁཎྜ་ལ་བརྡར་ཆགས་པ་སྟེ། བོད་ཀྱི་སྐད་དུ་བསྒྱུར་ན་སྲེད་བྱེད་ཅེས་སུ་འགྱུར་བར་བཤད་དོ་ཞེས་དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས་གསུངས་]སྦྱར་ནས་བྱིན་པས་ཕྱིར་བྱུང་ནས་ཟ་མ་འདོད་ནས་སྤྱན་གསུམ་ཁྲ་ཟིམ་མེ་ནམ་མཁའ་ལ་གཟུགས་ཏེ། ཅུང་ཟད་ནས་སྤྱི་བོའི་འོད་མར་ནུབ། དཔྲལ་བའི་སྤྱན་གྱི་འོད་ལྔ་ཡང་སྤྱན་ལ་ཕར་ཐིམ་པ་དང་། དེ་ནས་མགྲིན་པ་མར་ཅུང་ཟད་བཀུག་སྟེ། ཨ་ཅེའི་གདོང་ལ་ཧྲིག་གེ་གཟིགས་སོ། །དེ་ནས་རྐན་ཅུང་ཟད་བརྡེབ། མར་བྱིན་པ་ལེགས་པར་ཟོས་ནས་ལྕེ་སོ་ཤད་ཀྱིས་བྱས་ཤིང་ཡུམ་ལ་བལྟས་ཏེ་འཛུམ་བྱས།

དེ་ནས་ཨ་ཅེའི་པང་དུ་གཉིད་དུ་སོང་། ཡུམ་ཡང་སྲས་འཁྲུངས་བཙས་ཀྱིས་གནོད་པ་ཅི་ཡང་མེད་པར་ལུས་སེམས་དགའ་བདེས་ཁྱབ། ནངས་པར་སྲས་མོས་ཁྲ་ས་ལེ་ཨ་ཅེ་ལ་བལྟས་པས། ཨ་ཅེ་འབུམ་མེས་ཨ་མ་བོས་ཏེ། ཨ་མ་བུ་མོ་འདིས་མིག་གསུམ་དང་བཅས་ང་ལ་བལྟས་པ་མཛེས་པ་ལ་རང་རེ་ལ་འདི་འདྲ་ཞིག་ཡོད་དོ་ཟེར་ནས་དགའ་ཚོར་བྱས་སོ། །

དེ་ནས་ཡབ་ཕྱི་ནས་འོང་བཞིན་འདུག་ཟེར་བ་ཐོས་པས། ཨ་ཅེ་འབུམ་མེས་བུ་མོ་སྦ་དགོས་ཟེར་ནས་ལྐོག་ཏུ་བཞུགས་སུ་གསོལ། ཡབ་མཆོད་ཁང་དུ་བྱོན་པ་དང་། འབུམ་མེས་ཡབ་ལགས། ཨ་མ་ལ་བུ་མོ་ངན་པ་མིག་གསུམ་ཡོད་པ་ཞིག་སྐྱེས་པས་དེ་འབོར་རམ་ཞེས་པས་ཡབ་ཀྱིས་གར་ཡོད་ཁྱེར་ཤོག་གསུངས་སོ། །དེ་ནས་འབུམ་མེས་བུ་མོ་བླངས་ཏེ་ཡབ་ཀྱི་རྩར་ཁྱེར་བས། ཡབ་ཀྱིས་ལེགས་པར་བརྟགས་ནས་བུ་མོ་འདིའི་མིག་དབུས་མའི་དཀྱིལ་དུ་ཨ་དཀར་པོ་སྤུས་བྲིས་པ་ཙམ་ཞིག་འདུག་ཅིང་ཕྱག་གི་ཚིགས་བར་མ་ཆད་པར་དྲ་བར་འབྲེལ་ཞིང་། སེན་མོ་རྣམས་ཅུང་ཟད་དམར་ལ་ཉ་ཕྱི་ལྟར་འོད་སྣ་ཚོགས་པ་འཇའ་འོད་ལྟར་གསལ་བ་ལ་ཨོཾ་ཨཱཿཧཱུཾ་གིས་མཚན་པའི་ཡི་གེ་གསུམ་འཆར་བས། མཁའ་འགྲོ་མའི་མཚན་རྟགས་ཐམས་ཅད་ཚང་བར་འདུག་པས་བུ་མོ་ཉ་ར་ལེགས་པར་གྱིས། འབུམ་མེ་ཁྱོད་ཀྱིས་བུ་མོ་འདི་སྒོར་མ་ཁྱེར་ལ་ཁྱོད་ཀྱང་གྲོང་ཁྱེར་དུ་མ་རྒྱུག་པར་བུ་མོ་འདི་པང་ཞིག་ཟེར། ལོ་གསུམ་ལོན་དུས་ཡིག་དྲུག་དང་། ཏཱ་རེ་དང་། ཧྲཱིཿདང་། ཨཱཿདང་། ག་ཏེ་དང་། ཧ་རི་ནི་ས་རྣམས་གསུངས་ཤིང་མཆོད་ཁང་གི་ལྷ་ལ་ཕྱག་བྱེད་པ་སོགས་རང་ཤུགས་ཀྱིས་མཁྱེན། ལོ་ལྔ་ནས་ཡུམ་དང་ཨ་མཆོད་ཇོ་མོ་དམ་པ་གཉིས་ཀྱིས་ཡི་གེ་བསླབས་པར་བརྟེན། དགུང་ལོ་བརྒྱད་ཀྱི་ཐོག་ཉིན་རེར་འཕགས་པ་བརྒྱད་སྟོང་པ་ཚར་གཉིས་རེ་ཀློག་གྲུབ་པ་ཡིན་ནོ། །

དེའི་སྟབས་ཀྱིས་ཨ་མཆོད་ཇོ་མོ་ན་རེ། བུ་མོ་འདི་རང་ག་བ་ཞིག་མ་ཡིན་པར་མཁའ་འགྲོ་མ་བཟང་པོ་ཞིག་ཡིན་འདུག །ངས་འདིའི་ཤེས་རབ་ཀྱི་རྩེ་མི་ནོན་ཏེ། འདིའི་ཤེས་རབ་ནི་ནགས་ལ་མེ་མཆེད་པ་བཞིན་འབར་བས། ཤེས་རབ་སྒྲོན་མེ་ཐོགས་ཤིག་ཟེར། དེ་ནས་མི་སྡེ་ཐམས་ཅད་ཀྱིས་དང་པོར་ཇོ་མོ་འབུམ་སྐྱིད་ལ་བུ་མོ་མིག་གསུམ་པ་ཅན་ཞིག་འདུག་ཟེར་ནས་བལྟ་རུ་འོངས་པས། མཐོང་བ་ཙམ་གྱིས་སྣང་བ་འགྱུར་ཏེ་ཕྱག་དང་བྱིན་རླབས་ཞུས། དེ་ནས་མངའ་བདག་རྒྱལ་པོས་སྟོན་མོ་བཤམས་ནས་ཡབ་ཟླ་བ་རྒྱལ་མཚན་དང་། ཡུམ་འབུམ་སྐྱིད་ལ་ཁྱོད་གཉིས་ཀྱི་བུ་མོ་ཆུང་བ་དེ་ཁྱེར་ལ་ཤོག་ཟེར་ནས་མངག་བཞུད་པ་བཏང་བས། ཡབ་ཡུམ་གཉིས་ཀྱིས་སྲས་མོ་སྒྲོན་ཚེའམ་ཤེས་རབ་སྒྲོན་མེ་གཡོག་ཉེར་གཉིས་དང་བཅས་སོང་བས། རྒྱལ་པོས་ཀྱང་བསུས་ཤིང་རྒྱལ་པོས་ཡུམ་ལ་བཀའ་འདྲི་གནང་བས་ཡུམ་ཞུམ་སྟེ་སྐད་འདར་བ་ན། སྲས་མོ་འདིས་ལན་ཕུལ་ཞིང་། དེ་ནས་རྒྱལ་པོས་ཡི་གེ་ཤེས་སམ་གསུངས་པར། ཤེས་ཞུས་པས་འཕགས་པ་སྡུད་པ་ཞིག་བལྟ་རུ་བཅུག་པར། སྐད་སུམ་འགྱུར་གྱིས་བཀླགས་པས་ཐམས་ཅད་ཀྱིས་སྐད་འགྱུར་དང་ཡི་གེ་ལ་མཁས་འདུག་ཟེར། རྒྱལ་པོའི་དྲུང་གི་པཎྜི་ཏས་ཁྱོད་ཀྱིས་དོན་ཤེས་སམ་དྲིས་པར། དོན་ཤེས་གསུངས་ནས་བཤད་པས་ཐམས་ཅད་ཡིད་ཆེས་ཤིང་མཁའ་འགྲོ་མའི་སྤྲུལ་པར་ངེས་པ་རྙེད། རྒྱལ་པོས་སྒྲོན་མའི་མིང་དང་ལབ་ཕྱིར་སྐུ་འཁྲུངས་པས་ལབ་སྒྲོན་ཞེས་ཐོགས་དང་རྟེན་འབྲེལ་འགྲིགས་པ་ཡིན་གསུངས་པས་དེ་ནས་བཟུང་ལབ་སྒྲོན་དུ་གྲགས་སོ། །

དེ་ནས་ཡབ་ཡུམ་སྲས་མོ་གཡོག་འཁོར་དང་བཅས་པ་ཕྱིར་ལོག་ནས་སྲས་མོས་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་ཞལ་འདོན་མཛད་བཞིན་བཞུགས་པས། དགུང་ལོ་བཅུའི་དུས་སུ་ཉིན་རེར་པོ་ཏི་བཞི་ཚར་བ་དང་། དགུང་ལོ་བཅུ་གསུམ་ལོན་དུས་ཉིན་རེར་པོ་ཏི་བརྒྱད་ཚར་བ་བྱུང་། ལོ་དེར་མ་ཡུམ་མྱ་ངན་ལས་འདས་ཤིང་ཨ་ཅེ་འབུམ་མེའམ་བཙུན་མིང་སྟོན་མཚོ་རིན་ཆེན་འབུམ་གྱིས་ཁྲིད་དེ་དགེ་བཤེས་ཨ་སྟོན་ལ་མཇལ་དུ་སོང་བས་དགེ་བཤེས་ཀྱི་ཞལ་ནས། བུ་མོ་འདི་ལ་མཚན་རྟགས་ཡང་ཚང་འདུག །བརྒྱད་སྟོང་སྐད་ཅིག་གི་ཡུན་ལ་ཀློག་ཚར་བས་སྐད་འགྱུར་བཟང་པོ་མི་འདྲ་བ་བརྒྱད་ཡོད་འདུག་ད་འདི་ལ་དོན་བཤད་པར་བྱའོ་གསུངས་ནས་ལོ་གསུམ་ལ་ཨ་ཅེ་དང་ལྷན་དུ་དགེ་བཤེས་ཀྱི་དྲུང་དུ་ཤེར་ཕྱིན་ས་བཅུ་ལམ་ལྔའི་འཆད་ཚུལ་སྦྱངས་པས་དགེ་བཤེས་ཀྱིས་ངས་ཁྱོད་ཀྱི་སློབ་དཔོན་མི་ཡོང་བར་འདུག །ད་གཡོན་རུ་གྲྭ་ཐང་དུ་གཏེར་སྟོན་གྲྭ་བ་མངོན་ཤེས་[༡༠༡༢—༡༠༩༠དེབ་སྔོན་དུ་ཡང་གཞོན་ནུ་ནས་གྲྭ་བ་མངོན་ཤེས་ལ་རབ་ཏུ་བྱུང་། ཞེས་གསལ་མོད་གྲྭ་མངོན་དང་དུས་མི་མཚུངས་པ་འདི་ལྟ་ལགས་པས་མ་ཅིག་གི་འཁྲུངས་འདས་གོང་དུ་བཀོད་པ་དེར་དཔྱད་གཞི་ཡོད་པས། བདུད་འཇོམས་ཆོས་འབྱུང་དུ་མ་ཅིག་སྤྱི་ལོ་༡༠༣༡ལོར་འཁྲུངས་པར་བཤད་པ་དང་སུམ་པས་༡༠༥༥ལོར་འཁྲུངས་པར་བཤད་པ་ལྟར་ཕྱི་མ་གཉིས་ཀྱི་གང་རུང་དཔྱད་དགོས་]ཅན་བྱ་བ་མཁྱེན་པ་དང་ལྡན་ཞིང་ཡོན་ཏན་ཤིན་ཏུ་ཟབ་པ་ཞིག་གིས་བུ་སློབ་མང་པོ་སྐྱོང་བ་ཞིག་ཡོད་པས་དེར་སོང་ལ་སྒྲོ་འདོགས་ཆོད་གསུངས། དེ་ནས་ལོ་བཅུ་དྲུག་གི་དུས་སུ་ཨ་ཅེ་དང་ལྷན་དུ་གཏེར་སྟོན་གྲྭ་བ་མངོན་ཤེས་ཀྱི་དྲུང་དུ་སོང་བས། སློབ་དཔོན་གྲྭ་བའི་ཞལ་ནས། བུ་མོ་ཡི་གེ་ལ་མཁས་པ་ཞིག་ཡོད་པ་དེ་འདི་ཡིན་ནམ་གསུངས།

ཨ་ཅེས་འདི་ཡིན་ཞུས་པས། བླ་མའི་ཞལ་ནས། འོ་ན་ངའི་མཆོད་གནས་སམ་ཨ་མཆོད་སྒྲ་དྲུག་འགྱུར་བྱ་བ་ཉིན་གཅིག་ལ་པོ་ཏི་བཞི་ཚར་བ་འདི་དང་ལབ་སྒྲོན་གཉིས་ཀློག་འགྲན་དགོས་གསུངས་ནས། སྒྲ་དྲུག་འགྱུར་གྱིས་པོ་ཏི་བཞི་ལས་མ་ཚར། ལབ་སྒྲོན་གྱིས་པོ་ཏི་བཅུ་གཉིས་པོ་སྐད་འགྱུར་གྱི་སྒོ་ནས་བཀླགས་པས་ཚར། བླ་མའི་ཞལ་ནས་ཇོ་ཆུང་འདི་ངའི་སྒྲ་དྲུག་འགྱུར་ལས་སྐད་གཉིས་ཀྱིས་ལྷག་ཅིང་ལྕེ་རླབས་ལ་སྒྲ་དྲུག་འགྱུར་གྱིས་ཐག་ཉེ་ཙམ་ཡང་མི་ཟིན་པར་འདུག་པས། ལབ་སྒྲོན་ངའི་དྲུང་ནས་ཆོས་སྦྱང་ཞོར་དུ་ངའི་ཨ་མཆོད་ཀྱང་མཛོད་གསུངས། དེ་ནས་ཨ་ཅེ་འབུམ་མེས་ཨ་སྒྲོན་རང་ཅག་གཉིས་སྒྲུབ་པ་བྱས་ནས་མྱུར་དུ་མཁའ་སྤྱོད་ཞིང་དུ་ཨེ་འགྲོ་ཟེར་བ་ལ། ལབ་སྒྲོན་གྱིས་ང་ནི་མི་འགྲོ་སེམས་ཅན་ལ་ཕན་འདོགས་དགོས། །ཁྱོད་མྱུར་དུ་སྒྲུབ་པ་བྱས་ནས་མཁའ་སྤྱོད་ཞིང་དུ་སོང་དང་། ངས་ཀྱང་འགྲོ་དོན་རྫོགས་ནས་འོང་གིས་དེ་དུས་འཕྲད་པར་བྱའོ་གསུངས། དེ་ནས་ཨ་ཅེས་སྒྲུབ་པ་ལོ་གསུམ་བྱས་ནས་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་སོ། །གཏེར་སྟོན་གྲྭ་བ་མངོན་ཤེས་རིན་པོ་ཆེས་ལབ་སྒྲོན་སྣོད་ལྡན་དུ་གཟིགས་ནས། འབུམ། ཉི་ཁྲི། བརྒྱད་སྟོང་པ། མདོ་མང་པོའི་ལུང་དང་དེའི་དོན་གསལ་བར་བཤད་པས་ལབ་སྒྲོན་གྱིས་ཀྱང་འབུམ་གྱི་འགྲེལ་ཆེན། ཉི་ཁྲིའི་འགྲེལ་ཆུང་ནས་བཟུང་ཤེར་ཕྱིན་ཡི་གེ་གཅིག་མ་ཡན་ཆད་ཀྱི་དོན་ཀུན་ཐུགས་སུ་ཆུད་ཅིང་། བླ་མ་ལ་རྟོགས་པ་ཕུལ་བས་བླ་མ་ཐུགས་ཤིན་ཏུ་མཉེས་ནས་ཁྱེད་ཀྱི་རྒྱས་འབྲིང་རྣམ་གསུམ་ཐུགས་སུ་ཆུད་ཅིང་། མདོ་སྡེ་ལ་རང་དབང་ཐོབ་པར་འདུག་ངས་ནི་དེ་ཙམ་བློ་ལ་ཆུད་དཀའ་བར་འདུག་གསུངས་ནས། འབོལ་གདན་སུམ་བརྩེགས་ཀྱི་སྟེང་དུ་བཞུགས་སུ་གསོལ་ཞིང་། དར་ཞྭ་པད་འདབ་བཅུ་བ་ཞིག་ཀྱང་གནང་བས། དེ་ནས་བཟུང་ཇོ་མོ་ཞྭ་ཆུང་ཅན་ཞེས་ཀྱང་གྲགས་སོ། །

དེའི་དུས་སུ་ཁོར་ཡུག་གི་མི་རྣམས་ན་རེ། འཕན་པོའི་རྒྱལ་ལྷ་ཁང་དུ་ཨ་ཙ་ར་ཞིག་འོངས་ནས། རྒྱ་གར་པོ་ཏ་རིའི་བྷ་དྲ་ཕུག་གི་སྒོམ་ཆེན་པཎྜི་ཏ་ཞིག་བོད་དུ་སྐྱེས་ནས་ལབ་སྒྲོན་དུ་གྲགས་པ་དེ་ད་ལྟ་གང་ན་ཡོད་ཅེས་འཚོལ་བཞིན་ཡོད་ཟེར། དེའུ་ནུབ་མོ་ལབ་སྒྲོན་གྱི་མཚན་ལམ་དུ་མཁའ་འགྲོ་མ་དཀར་མོ་ཞིག་གིས་རྒྱ་གར་ནས་ཨ་ཙ་ར་ནག་པོ་ཞིག་འདིར་བྱོན་ནས་སང་ཉིན་ཁྱེད་ལ་མཇལ་དུ་འོང་བར་ཡོད་ཟེར། ཨ་ཙ་ར་[ཨ་ཙ་ར་ཞེས་པ་སློབ་དཔོན་གྱི་མིང་]དེ་སུ་ཡིན་དྲིས་པས་ཕ་དམ་པ་བྱ་བ་ཡིན་ཟེར་དེ་གཟིམ་སད། ཕྱི་ཉིན་ལུང་བསྟན་ལྟར་ཨ་ཙ་ར་དང་མཇལ་ཏེ། ཕྱག་ཕུལ་བས་ཕྱག་མ་བཞེས་པར་དབུ་གཏུགས་མཛད། ལབ་སྒྲོན་གྱིས་དམ་པ་རིན་པོ་ཆེ་བོད་དུ་འགྲོ་དོན་དུ་བྱོན་པ་ངོ་མཚར་ཆེ་ཞུས་པས། དམ་པའི་ཞལ་ནས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་སྒྲོན་ཁྱོད་བོད་དུ་འགྲོ་དོན་ལ་བྱོན་པ་དེ་བས་ཀྱང་ངོ་མཚར་ཆེ་ལ་རྗེས་སུ་ཡི་རང་གསུངས། དེ་ནས་ལབ་སྒྲོན་གྱིས་ངས་འགྲོ་དོན་ཇི་ལྟར་བགྱི་ཞུས་པས་དམ་པའི་ཞལ་ནས། བུ་མོ་ཁྱོད་མཚང་ཡུལ་ནས་ཐོན། མི་ཕོད་པ་རྫིས། མི་ནུས་པ་སྒྱུར། འཁྲི་བ་ཆོད། ཞེན་པ་ཐོངས། གཉན་ས་འགྲིམས། སེམས་ནམ་མཁའ་ལྟར་ཤེས་པར་གྱིས་ལ་གཉན་ཁྲོད་སངས་རྒྱས་རིང་ལ་ཚོལ་དང་། ཁྱོད་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་འོང་བ་ཡིན་གསུངས་ནས་ལུང་བསྟན་གནང་སྟེ་ཕ་དམ་པ་ཕེབས།

འདིར་འཕྲོས་དོན་ཅུང་ཟད་བཤད་ན། ཕ་དམ་པ་དང་ཨ་མ་ལབ་སྒྲོན་གྱི་གསུང་རབ་ན་ཡོངས་སུ་གྲགས་པའི་མདོ་སྔགས་ཀྱི་བརྡ་ཆད་དང་ཡེ་མི་འདྲ་བ་ཁ་ཤས་ཡོད་སྣང་ཡང་། དེ་དག་བཏང་སྙོམས་དང་དད་པའི་ཡུལ་ཁོ་ན་ལས་རྟོག་གེ་བ་དག་གིས་ཞྭ་དཔེ་ལྷམ་འགེབས་དང་ཐེ་ཚོམ་བྱས་ན་དངོས་གྲུབ་ཀྱི་གེགས་སུ་འགྲོ་སྟེ། གསུང་འབུམ་པོ་ཏི་བརྒྱ་དང་སུམ་ཅུ་བརྩམས་གནང་བའི་བོ་དོང་པཎ་ཆེན་གྱི་རྣམ་ཐར་ལས། [འདིའི་གསུང་འབུམ་ཆ་ཚང་ད་ལྟའང་ཨ་རིའི་འགྱིན་ཟེ་དཔེ་མཛོད་ཁང་དུ་ཡོད་ཀྱང་། ནང་རྒྱལ་དུ་ད་ལྟ་དཔེ་བསྐྲུན་བྱེད་བཞིན་མཆིས།] རྗེ་བཙུན་དམ་པ་སངས་རྒྱས་ཀྱི་གདན་ས་དཔལ་གླངས་འཁོར་གྱི་སེང་གེའི་ཁྲི་ལ་ཕེབས་ཏེ། ཞི་བྱེད་ཀྱི་གླེགས་བམ་རྣམས་ལ་གཟིགས་པ་བསྩལ་པས། བཤད་སྲོལ་རྣམས་ཡོངས་སུ་གྲགས་པའི་མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་དང་བརྡ་ཆད་ཡེ་མི་འདྲ་བའི་ཚུལ་དུ་གཟིགས་ཤིང་། འདི་ནི་རྗེ་དམ་པ་རྒྱ་གར་བ་བཞེད་པའི་སྐབས་མི་སྲིད་ཀྱིས། གཞན་ཞིག་གིས་རང་དགར་བྱས་སོ་དགོངས་ནས། རྒྱལ་བ་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་ལ་བྱི་དོར་མཛད་པར་བཞེད་པ་དང་། ལྷག་པར་རྗེ་དམ་པའི་དགོངས་པ་ལ་ལོག་པར་བྱེད་པ་སུན་འབྱིན་པའི་སླད་དུ་ཞི་བྱེད་འགོག་པ་ལ་ཞུགས་ཏེ། དགག་ཡིག་ཤོག་བུ་ཁ་ཡར་གྱི་དབུ་ཚུགས་པ་ན། མཚན་མ་ངན་པ་དང་། སྐུའི་མགྲིན་པ་སྙེལ་བ་སྙམ་པའི་ཆ་གཟིགས་ནས་འདི་ལྟར་བརྩམས་པའི་ཆོས་བདག་གི་འབྱུང་པོ་ཆེ་ཞིག་གི་ཕྲག་དོག་ཡིན་ནོ་དགོངས་ནས། དེ་བཟློག་པའི་ཐུགས་དམ་གྱི་རྣམ་པ་དེ་དང་དེ་མཛད་པ་ན། རྐྱེན་བཟློག་གི་གཉེན་པོ་ཆེས་ཟབ་ཏུ་བཏང་བ་ཙམ་གྱིས་སྙུང་བ་ཡང་སྟོབས་སུ་འཕེལ་ནས། ཇི་ཞིག་ལྟར་ན་ཞལ་གྱི་ནང་ཐམས་ཅད་སྐྲངས་ཏེ་གསུང་འབྱོན་མི་མཁྱེན་པ་ཙམ་དུ་གྱུར་ལ།

དེ་ནས་སྔོན་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་ཞི་བྱེད་ལ་དགག་པ་མཛད་པས་ཡི་དམ་གྱི་ལྷས་དེ་ཟློག་པའི་ཐབས་ཀྱི་རྗེས་སུ་བཟུང་བའི་གཏམ་རྒྱུད་ཐུགས་ལ་དྲན་ནས། འདི་ནི་དགག་པར་བྱེད་མི་ནུས་ཤིང་རིགས་པ་མ་ཡིན་པ་འདྲ་ན། ད་ནི་བཏང་སྙོམས་སུ་བཞག་སྟེ། རྗེ་དམ་པ་སངས་རྒྱས་ཀྱི་དགོངས་པ་དཔྱིས་ཕྱིན་པའི་གོ་བ་རྙེད་པ་ཞིག་མཛད་སྙམ་ནས། དགག་ཡིག་བྲི་བ་བཤོལ་ཏེ་ཞི་བྱེད་ཀྱི་གླེགས་བམ་མཐའ་དག་ལ་གཟིགས་ཤིང་དཔྱད་པས། མདོ་སྔགས་ཀྱི་གཞུང་ཆེན་མོ་རྣམས་ཀྱི་ཤུགས་བསྟན་གྱི་དགོངས་པ་ཟབ་མོ་ཆེས་མཆོག་ཏུ་གྱུར་ཅིང་། ལྷག་པར་མགོན་པོ་མི་ཕམ་ཉིད་ཀྱིས། ཐ་སྙད་དུ་དབང་པོ་རྟུལ་བོ་རྗེས་སུ་བཟུང་བ་ལ་དགོངས་པས་རྟོགས་སླ་ཞིང་། དོན་གྱི་ཆ་དབང་རྣོན་རྗེས་སུ་བཟུང་བའི་ཟབ་ལམ་མཆོག་ཏུ་དགོངས་ནས། དམ་པ་རྒྱ་གར་གྱི་དགོངས་པ་ཇི་ལྟ་བ་བཞིན་རྙེད་དེ། དགག་ཡིག་གི་འཕྲོ་བཤོལ་བ་ཙམ་གྱིས་སྙུང་བ་མ་ལུས་པ་ལས་གྲོལ་ཞིང་། ཐུགས་དོགས་པར་གྱུར་པའི་གནས་ལ་བཟོད་པར་གསོལ་བའི་སླད་དུ་གླངས་འཁོར་ཕྱི་མཆོད་ཀྱི་གཙུག་ལག་ཁང་ཆེན་དུ་ཕེབས་ནས་དམ་པ་སངས་རྒྱས་ཀྱི་སྐུ་འདྲའི་དྲུང་དུ་མཇལ་ཏེ། དད་པའི་ཤུགས་ཀྱིས་སྐུ་ཤིན་ཏུ་འདར་ཞིང་གཡོ་ལ། སྐུ་ས་ལ་བརྡབས་ཏེ་ཕྱག་ཕུལ་ཅིང་སྤྱན་ཆབ་ལྡོག་མེད་དུ་བཏང་ནས་བཤགས་སྡོམ་མཛད་དོ། །ཕ་བླ་མ་མཁྱེན་གསུངས་ཤིང་དད་པའི་ངང་དུ་བརྒྱལ་བ་ལྟར་གྱུར་ལ།

དེ་ནས་ཆོས་འདི་ཉིད་ལ་ཚད་མར་གྱུར་པའི་བླ་མ་དཀའ་བཞི་བ་ནམ་མཁའ་འོད་ཟེར་ལ་ཞི་བྱེད་ཀྱི་ཆོས་སྐོར་མ་ལུས་པ་གསན་ཞིང་། ཞེས་གསུངས་པ་འདི་ནི་རྟོག་གེ་མགོ་མཁྲེགས་རྣམས་ཀྱིས་ཤེས་དགོས་པ་ཞིག་གོ །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། ཉིན་གཅིག་ཐོས་དོན་སྒྲུབ་ལ་གཞོལ་བའི་སྐྱོ་སྟོན་བསོད་ནམས་བླ་མ་བྱ་བ་བྱོན་ནས། བུ་མོ་ཁྱོད་ཕ་རོལ་ཏུ་ཕྱིན་པའི་ཚིག་ལ་མཁས་པར་འདུག །དེའི་དོན་ཤེས་སམ་གསུངས། ལབ་སྒྲོན་གྱིས་དོན་ངས་ཤེས་བྱས་པས། འོ་ན་དོན་ཤོད་གསུངས། ས་བཅུ་ལམ་ལྔའི་ཚུལ་དུ་བཤད་པས་ལམ་བགྲོད་པའི་ཚུལ་དང་། དོན་ཉམས་སུ་ལེན་ཚུལ་དང་། མཐར་འབྲས་བུ་སངས་རྒྱས་འཐོབ་ཚུལ་རྣམས་ཞིབ་ཏུ་བཤད་པས། བླ་མའི་ཞལ་ནས། དོན་བཤད་པ་ལ་མཁས་པར་སྣང་སྟེ། དོན་རང་རྒྱུད་ལ་མ་སྐྱེས་པར་འདུག་གསུངས། དོན་རང་རྒྱུད་ལ་སྐྱེས་པ་བྱ་བ་ཇི་ལྟར་ཡིན་ཞུས་པས།

བླ་མའི་ཞལ་ནས། ཁྱེད་ཀྱིས་གསུངས་པ་དེ་ལ་གོ་བ་ཟེར། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་ཤེས་ཟེར་བ་དེ་མ་ཡིན། ཆོས་ཐམས་ཅད་ཀྱི་དོན་ཤེས་པ་དེ་རང་གི་རྒྱུད་ལ་སྐྱེས་ནས་འོང་ཙམ་ན། སྔར་གྱི་བློའི་འཛིན་སྟངས་དེ་དང་མི་འདྲ་བའི་བློ་གསར་བ་ཞིག་ཀྲོང་གིས་སྐྱེས་ནས་འོང་བ་ཡིན། དེ་དུས་སུ་སྔར་གྱི་བློའི་འཛིན་སྟངས་དང་བྲལ་བློ་ཞིག་སྐྱེས། བྱར་མེད་ཤེས་རབ་ཆེན་པོའི་མེ་ཆེན་རྒྱས་ནས་བདག་འཛིན་མ་རིག་པའི་མུན་པ་ཐམས་ཅད་འཇོམས་པར་བྱེད་པ་ཡིན་པས། དོན་གྱི་རྩ་བ་རང་སེམས་ལ་གད་བདར་ལེགས་པར་བྱོས་ཤིག་གསུངས་ནས་བླ་མ་ཕེབས་སོང་། དེ་ནས་ལབ་སྒྲོན་གྱིས་བླ་མས་གསུངས་པ་ལྟར་ཤེར་ཕྱིན་ལ་ཞལ་འདོན་མཛད་ཅིང་། དེའི་དོན་རྩེ་གཅིག་ཏུ་བསྒོམས་ཏེ། བརྒྱད་སྟོང་པའི་བདུད་ཀྱི་ལེའུའི་ནང་དུ་སྟོང་བ་ཉིད་མངོན་སུམ་དུ་རྟོགས་ཏེ། བདག་འཛིན་གྱི་དབང་དུ་མི་འགྲོ་བའི་རྟགས་མང་དུ་བྱུང་། དེ་ནས་བླ་མ་གཏེར་སྟོན་གྲྭ་བ་མངོན་ཤེས་ཀྱིས་མངགས་པ་ལྟར། བླ་མ་སྐྱོ་སྟོན་བསོད་ནམས་དྲུང་དུ་ཕེབས་ཏེ། ནས་ཁལ་བཅུ་གསུམ། གཡག་གི་ཤ་བུབས་གཅིག་དང་། གོས་ཡུག་མང་པོ་བཅས་དབང་ཡོན་དུ་ཕུལ་ནས། ཕ་དམ་པ་ནས་བརྒྱུད་པའི་ནམ་མཁའ་སྒོ་འབྱེད་ཀྱི་དབང་། སྒྱུ་འཕྲུལ་ཆེན་མོའི་དབང་ཞུས་པས།

ལབ་སྒྲོན་ལ་ཡེ་ཤེས་པ་བབས་ཏེ་ལུས་ཁྲི་དོ་ཡིས་ས་ལ་མ་རེག་པར་ཞི་བའི་གར་སྟབས་ཉི་ཤུ་རྩ་བཞི་མཛད། གསུང་ལེགས་པར་སྦྱར་བ་ལྷའི་སྐད་ཀྱིས་དབྱངས་ཡན་ལག་དྲུག་ཅུ་མཛད། ཐུགས་ཆོས་ཉིད་ལ་ཐོགས་པ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཉམས་དང་ལྡན་པས། ཁང་བའི་གྱང་རྩིག་ལ་ཐོགས་པ་མེད་པར་ཕྱི་རོལ་ཏུ་བུད་ནས། ནམ་མཁའ་ལ་འཕུར་ནས་ཤིང་སྡོང་གསེར་གློག་བྱ་བའི་རྩ་བར་བབས་ཏེ། ཆུ་མིག་འོད་པོ་གནམ་ཁོལ་ལ་གནས་པའི་ཀླུ་རྒྱལ་མ་རུངས་བ་དྲག་པོ་ཟླ་སྐྱོང་བཏུལ་པར་མཛད། དེ་ནས་སྒྱུ་འཕྲུལ་ལྷ་ལྔ་དང་། ཁྲོས་མ་ལྷ་ལྔའི་ཞལ་གཟིགས་པ་དང་། བདེ་མཆོག་ལྷ་ཚོགས་དང་། ཁྱད་པར་དུ་ཡུམ་ཆེན་མོ་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྐོར་བ་བྱོན་ནས་ཕྱག་བརྐྱངས་ཏེ་འདི་སྐད་དུ། རྣལ་འབྱོར་མ་ཁྱོད་ཀྱིས་གཉན་ཁྲོད་ཕྱོགས་མེད་དུ་འགྲིམ་ལ་སེམས་ཅན་གྱི་དོན་ལ་སེམས་བསྐྱེད་རྒྱ་ཆེན་པོ་སྐྱེད་ཅིག་གསུངས། གཞན་ཡང་སངས་རྒྱས་ཐོད་པའི་སྤྲུལ་པ་ཐོད་པ་བྷ་དྲ་ཡ་ཞེས་པའི་རྣལ་འབྱོར་བ་ཞིག་བོད་དུ་འབྱོན་གྱིན་ཡོད་པས་དེ་དང་ཐབས་ཤེས་འགྲིག་པར་གྱིས་ལ་གཉན་ཁྲོད་དང་ཆུ་མིག་བརྒྱ་རྩ་བརྒྱད་དུ་འགྲོ་དོན་བྱོས་དང་། ཁྱོད་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་བཞིན་འོངས་ནས་ཕྱིར་མི་ལྡོག་པའི་ས་ནོན་པ་ཡིན་ཞེས་གསུངས་ནས་འཇའ་ཡལ་བ་བཞིན་ཡལ་ལོ། །

བླ་མས་སློབ་མ་གཞན་ལ་འདུས་བྱས་རྫས་ཀྱི་དབང་དེ་ཁྱེད་ཚོས་ཐོབ། ཆོས་ཉིད་དོན་གྱི་དབང་དེ་ཇོ་ཆུང་འདིས་ཐོབ་གསུངས། གཞན་ཡང་། བླ་མ་ཞྭ་དམར་བའི་དྲུང་ནས་བྱམས་ཆོས་སྡེ་ལྔ། སེམས་བསྐྱེད་སྐོར་དང་སྒྲ་འགྱུར་སོགས་ཞུས་པ་དང་། བླ་མ་སྦས་སྟོན་པ་ལ་རྫོགས་པ་ཆེན་པོའི་སྐོར་ཞུས། བླ་མ་ཡར་ཏིང་བ་ལ་ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་ཆོས་དྲུག་གི་སྐོར། རྗེ་བཙུན་མའི་ཆོས་སྐོར། དུས་འཁོར་སྦྱོར་དྲུག་དོ་ཧ་སྐོར་གསུམ། བྱེད་པ་སྐོར་གསུམ། བྱེད་པའི་སྐོར་ཁ་ཤས་བཅས་གསན་པ་རྣམས་ཐུགས་སུ་ཆུད་པར་མཛད་དེ། སྔར་གྱི་བླ་མ་གཏེར་སྟོན་གྲྭ་བ་མངོན་ཤེས་ཀྱི་དྲུང་དུ་ཕེབས་པས། བླ་མས་དབུས་སུ་འགྲོ་བར་ལུང་བསྟན་པ་བཞིན་ལྷ་སར་ཕེབས་ནས། ཇོ་བོ་རིན་པོ་ཆེར་མཆོད་པ་ཆེན་པོ་བགྱིས་པས་འཇའ་འོད་དང་རོལ་མོའི་སྒྲ་ནམ་མཁར་གྲག་པ་དང་། མེ་ཏོག་གི་ཆར་ཆེན་པོ་བབས་ཏེ་ངོ་མཚར་བའི་ལྟས་མང་བོ་བྱུང་བས། ཐམས་ཅད་དད་པའི་འུར་ལངས་ཏེ་ཆོས་ཞུས། དེ་ནས་ལྷོ་ཁའི་གྲ་ཐང་དུ་ཕེབས་སྐབས་ཕ་དམ་པ་དང་མཇལ་ཏེ་ཕྱག་འཚལ་བས། ཕ་དམ་པའི་ཞལ་ནས། ཤེས་རབ་བཞི་དང་ལྡན་པ་ཡི། །ཡུམ་ཆེན་མཁའ་འགྲོའི་སྤྲུལ་པ་ཁྱོད། །རྣམ་ཐར་གསུམ་གྱི་སྒོ་ཕྱེ་ནས། །བདུད་ཀྱི་དཔུང་རྣམས་ཕམ་མཛད་མ། །ལབ་ཀྱི་སྒྲོན་མ་ཁྱོད་ལ་ནི། །བདག་དང་ལྷར་བཅས་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལ་ཡི་རང་འབུལ། །ཁྱོད་ཀྱི་ཡོན་ཏན་ཐུགས་རྗེའི་རྩལ་གྱིས་ནི། །སྙིགས་མའི་སེམས་ཅན་སྨིན་གྲོལ་མཛད་ལགས་ཀྱང་། །ཕྱི་རབས་དོན་དུ་ངས་ཀྱང་གདམས་ངག་སྟོན། །ཞེས་གསུངས་ནས་གདམས་ངག་ལྷག་མ་མེད་པར་ལབ་སྒྲོན་ལ་གནང་བས།

ལབ་སྒྲོན་གྱིས་བླ་མ་ལ་བསྟོད་པ་འདི་ཕུལ་བ། ཕ་ཀུན་ཤེས་ཀུན་རིག་དམ་པ་པོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་མཆོག་འགྲོ་བའི་མགོན། །སྤྲུལ་བའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་དབུས་སུ་ལོ་གསུམ་བཞུགས་ཏེ་སླར་རང་ཡུལ་དུ་ཕེབས། བླ་མ་རྣམ་གཉིས་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་སངས་རྒྱས་ཐོད་པའི་སྤྲུལ་བ་གྲུབ་ཆེན་བྷ་དྲ་ཡ་དང་ཐབས་ཤེས་རབ་ཀྱི་སྒོ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ཏེ། ཆོས་རྒྱུད་རིགས་རྒྱུད་ཀྱིས་འཛིན་དགོས་པར་ལུང་བསྟན་པ་ལྟར། དགུང་ལོ་ཉེར་བཞིའི་ཐོག་སྲས་གཅིག་སྐུ་འཁྲུངས་ཏེ། ད་ལུང་བསྟན་ཐམས་ཅད་ཀྱི་དོན་གྲུབ་པས་བུ་འདི་ལ་གྲུབ་པ་བཏགས་སོ་གསུངས་ནས་མིང་གྲུབ་པ་ཞེས་བཏགས་སོ། །

དེ་ནས་ཉིང་བོར་ལོ་གཅིག་བཞུགས་ཏེ་ཀོང་བོར་བྱོན་ཏེ་བཞུགས་བཞིན་ཐུགས་དམ་ལ་རྩལ་འདོན་མཛད། དགུང་ལོ་ཉེར་བདུན་སྲས་གཅིག་འཁྲུངས་པར་མིང་གྲུབ་ཆེན་ཞེས་བཏགས། དེ་ནས་དགུང་ལོ་སུམ་ཅུ་ལ། ང་ལའི་བཀྲལ་དོལ་བྱ་བ་ན་ཚོགས་འཁོར་ཆེན་པོ་བྱས་པས་མཁའ་འགྲོ་མ་མང་དུ་འདུས་པའི་ཚེ་སྲས་མོ་གཅིག་འཁྲུངས་པར། གྲུབ་ཆུང་མ་ཞེས་བཏགས་སོ། །དེ་ནས་དགུང་ལོ་སོ་བཞིའི་སྟེང་དབུས་ཀྱི་འཕན་ཡུལ་གླང་ཐང་དུ་བཞུགས་ཏེ་འགྲོ་དོན་མཛད། དགུང་ལོ་སོ་ལྔར་མཁའ་འགྲོའི་ལུང་བསྟན་བྱུང་བ་ལྟར་ལ་སྟོད་དུ་བྱོན་ནས་བླ་མ་བསོད་ནམས་པར་ཕག་མོ་ཐུགས་སྒྲུབ་ལྷ་ལྔའི་དབང་ཞུས་ཤིང་། བླ་མས་མཁའ་འགྲོ་མར་དངོས་སུ་མཐོང་། ལབ་སྒྲོན་ཡང་མཁའ་འགྲོའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་ཚུལ་མཛད། གསང་མཚན་རྡོ་རྗེ་དབང་ཕྱུག་བཏགས་སོ། །

བླ་མ་གྲྭ་བ་མངོན་ཤེས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བགྲོ་གླེང་ཕུལ་པས་བླ་མ་མཉེས་ཏེ། ཚུལ་འདིར་ཁྱེད་ལྟ་བུར་དཀོན་པས་ཁྱེད་རྟེན་འབྲེལ་གྱི་གྲུབ་ཐོབ་ཆེན་མོ་ཡིན་གསུངས། སེམས་བསྐྱེད་ཆོ་ག་ཞུས་པས། བླ་མའི་ཞལ་ནས་ཁྱེད་ལ་སེམས་བསྐྱེད་འབོག་དགོས་པ་མེད་ཁྱེད་རང་རྩོད་པ་དང་བྲལ་བའི་གྲུབ་ཐོབ་ཆེན་མོ། སངས་རྒྱས་བྱང་སེམས་བསྐྱེད་པའི་ཡུམ་ཆེན་མོ་ཡིན་པས་ཁྱེད་རང་ལ་སེམས་བསྐྱེད་མི་དགོས་པ་མ་ཟད། ང་ནི་ཁྱེད་ཀྱི་དྲུང་དུ་ཟླ་བའི་འོག་ཏུ་སྐར་མ་དང་འདྲ་སྟེ། འོན་ཀྱང་། ང་ནི་ཁྱེད་ཀྱི་སློབ་དཔོན་ཡིན་པས་རྟེན་འབྲེལ་འགྲིགས་པའི་ཕྱིར་ཆོ་ག་བྱ་གསུངས་ནས་སེམས་བསྐྱེད་ཀྱི་ཆོ་ག་ཕོག་ཅིང་དགེ་བསྙེན་གྱི་སྡོམ་པ་ཡང་གནང་བའི་ཚེ་ལབ་སྒྲོན་གྱིས་བླ་མ་གྲྭ་བ་མངོན་ཤེས་སངས་རྒྱས་ཤཱཀྱ་ཐུབ་པར་དངོས་སུ་གཟིགས། བླ་མས་དབུས་སུ་རི་དམར་པོ་ཟངས་དམར་གྱི་མདོག་འདྲ་བར་གདུལ་བྱའི་དོན་འབྱུང་བར་ཡོད་ཅེས་ལུང་བསྟན་པར། ལ་སྟོད་དུ་ཕ་དམ་པ་མཇལ་རྗེས་དབུས་སུ་འགྲོ་ཞུས་པས་དེ་ག་མཛོད་གསུངས། མ་ཅིག་ལབ་སྒྲོན་དིང་རིར་ཕེབས་ཏེ་ཕ་དམ་པར་གདམས་པ་ཁྱད་པར་ཅན་ཞིག་གནང་བར་ཞུས་པས་དམ་པའི་ཞལ་ནས། གདམས་པ་སྔར་བཤད་པ་ལས་ཟབ་པ་གང་ཡང་མེད། འོན་ཀྱང་། ཡུམ་ཆེན་མོར་དུས་གསུམ་གྱི་སངས་རྒྱས་ཀྱིས་སྐོར་བ་སྤྱན་དྲངས་པས་བར་ཆད་སེལ་ཞིང་། མཆོག་གི་དངོས་གྲུབ་ཐོབ་ནུས་པ་ཞིག་ཡོད་གསུངས་པར། དེ་གནང་བར་ཞུས་པས་ཕ་དམ་པས་དགྱེས་བཞིན་དུ་གནང་། དེའི་ཚེ་མ་ཅིག་གིས་ཕ་དམ་པ་འཇམ་དཔལ་དམར་པོ་ཡིན་པར་དངོས་སུ་གཟིགས་ཤིང་། བླ་མས་ཀྱང་སྒྲུབ་ཐབས་ཡན་ལག་བཅས་པ་གནང་སྟེ་མ་ཅིག་གི་གདུལ་བྱ་དབུས་ཀྱི་ཟངས་རི་ན་ཡོད་པར་ལུང་བསྟན།

དགུང་ལོ་སོ་བདུན་སྟེང་ཟངས་རི་མཁར་དམར་དུ་བྱོན། གཞི་བདག་ཟངས་རི་འཁྱུལ་བས་སེམས་བསྐྱེད་ཞུས་ནས་བསྟན་པ་བསྲུང་བར་ཁས་བླངས། གནས་བརྟན་ཀམ་པ་གྲགས་པ་སོགས་འཆི་བའི་འཇིགས་པ་ལས་བསྐྱབས་པས་ཨ་མ་ལབ་སྒྲོན་བྱིན་རླབས་ཆེ་ཟེར་ནས་ཐམས་ཅད་ལ་གྲགས། བསྟན་མ་བཅུ་གཉིས་དང་། ཡར་ལྷ་ཤམ་པོ་དང་། གཉན་ཆེན་ཐང་ལྷ་སོགས་ཀྱིས་སེམས་བསྐྱེད་ཞུས་ཤིང་། ཞག་ཉེར་གཅིག་གི་བར་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསླབ་བྱ་ཉན། ཤོལ་པོ་ལོ་ཙཱ་བ་དཔོན་སློབ་བཅོ་བརྒྱད་སོགས་མང་པོ་བྱོན་ནས་ཆོས་ལ་བརྩད་པས་ཚིག་དོན་གང་ལའང་མ་ཅིག་མ་ཐུབ། བླ་མ་དཔོན་སློབ་དད་པ་དངོས་སུ་སྐྱེས་ནས་ཆོས་ཞུས་ཏེ། སྒྲོལ་མ་དངོས་ཡིན་པར་འདུག་ཟེར་རོ། །སྟོང་སྡེ་ངག་གི་དབང་ཕྱུག་དང་། གྲོལ་སྡེ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་མ་ཅིག་ལ་ཆོས་ཞུས་ཏེ་ཐུགས་ཟིན་གྱི་སློབ་མར་གྱུར། བལ་པོ་ཕམ་མཐིང་བ་དང་ཉམས་རྟོགས་བསྡུར་ཞིང་། ཕམ་མཐིང་བར་མངོན་པ་ཞུས། སྐབས་འདི་ཙམ་ན་ཨ་མ་ལབ་སྒྲོན་ལ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་ཅེས་པའི་ཆོས་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པས་མི་ཚུགས་པའི་གདམས་པ་ཁྱད་པར་ཅན་ཞིག་ཡོད་ཅིང་། འབྲས་བུ་སངས་རྒྱས་ཀྱི་ས་ལ་འགོད་པའི་གདམས་པ་ཁྱད་པར་ཅན་ཡོད་འདུག་ཅེས་པའི་སྙན་པ་གངས་ཅན་བོད་ཡུལ་དང་། བལ་ཡུལ་སོགས་ལ་འབྲུག་ལྟར་གྲགས་སོ། །

དེ་ནས་དགུང་ལོ་ཞེ་གཅིག་ལོར་མཆིམས་ཕུག་གི་སྒྲུབ་གནས་ཕུག་བཟང་དུ་བཞུགས་དུས། དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ཀྱི་ནུབ་མོར་རྗེ་བཙུན་སྒྲོལ་མ་མཁའ་འགྲོ་མ་མང་པོས་སྐོར་བ་བྱོན་ཏེ། གསང་སྔགས་ཨུ་དུམ་ཝ་རའི་རྒྱུད་ནས། སངས་རྒྱས་རིགས་ལྔ་རེ་རེའི་སྒོ་ནས། དབང་བཞི་ཡོངས་སུ་རྫོགས་པ་རེ་རེ་སྐུར་བའི་རིགས་ལྔ་གའི་སྦྱོར་ཡུམ་སྒྲོལ་མ་མཛད་ཅིང་ལུང་བསྟན་མང་དུ་གསུངས། དགུང་ལོ་ཞེ་གཉིས་སྟེང་ཡབ་ཡུམ་གཉིས་ཀྱི་རྟོགས་པའི་ཉམས་བསྡུར་མཛད་དེ་ཡབ་རྒྱ་གར་དུ་ཕེབས། སྲས་གྲུབ་ཆེན་དགུང་ལོ་བཅོ་ལྔ་ལོན་པ་དེས། ཡབ་ཀྱི་ལུགས་ཀྱི་བདེ་མཆོག་དང་། མཚོ་སྐྱེས་དང་མི་འཁྲུགས་པའི་ཆོས་སྐོར། རྡོ་རྗེ་རྣམ་འཇོམས་དང་། རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྣམས་ཤེས་ཤིང་། སྲས་མོ་གྲུབ་ཆུང་མ་ལོ་བཅུ་ལོན་པ་དེས་རྗེ་བཙུན་མ་དམར་མོ། ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིའི་སྒྲུབ་ཐབས། ཉི་ཁྲི་དང་འབུམ་སོགས་ཀྱང་ཀློག་ཐུབ་པ་བྱུང་། དེའི་ཚེ་གྲུབ་ཆེན་ལ་ཞལ་གྱི་སྨྱོ་རྒྱལ་གྱིས་ཟིན་པས་མ་ཅིག་གིས་གདམས་པ་གནང་སྟེ། དུར་ཁྲོད་དུ་ཞག་བདུན་ཉལ་བས། སྨྱོ་འབོག་གི་ནད་ཞི་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས། དེ་ནས་ཕ་དམ་པ་སངས་རྒྱས་ཟངས་རིར་སྤྱན་དྲངས་ཏེ་སྲས་རབ་ཏུ་བྱུང་ནས་ཆོས་སྟོན་མཛད། མ་ཅིག་གི་ཞལ་ནས་ཁོའི་མིང་ངས་འདོགས། ཁོའི་ཕ་ཐོད་པ་ཡིན། ཁོ་སྨྱོ་འབོག་གིས་ཐེབས་པ་སངས། བླ་མ་ཁྱེད་དང་མཇལ་བས་རབ་ཏུ་བྱུང་ཞིང་། ཁོའི་བསམ་པ་འགྲུབ་ཡོད་པས། མིང་ལ་ཐོད་སྨྱོན་བསམ་འགྲུབ་གྱིས། ངའི་ཆོས་རྒྱུད་ཀྱང་ཁོས་འཛིན་པ་ཡིན་ནོ་གསུངས་ཤིང་། ཕ་དམ་པས་ཐོད་སྨྱོན་བསམ་འགྲུབ་ལ་གདམས་པ་མ་ལུས་པ་གནང་སྟེ་ལ་སྟོད་དུ་བྱོན།

དེ་ནས་ཐོད་སྨྱོན་བསམ་འགྲུབ་བླ་མ་ལ་ལྷག་པར་དད་ནས་ངའི་ཕ་ནི་དམ་པ་ཡིན་ཟེར་ནས་ཉིན་མཚན་གཉིས་ཀར་གསོལ་བ་རྩེ་གཅིག་ཏུ་བཏབ་པས་དེ་ནས་བཟུང་དམ་པ་སངས་རྒྱས་ལ་ཕ་དམ་པ་ཞེས་གྲགས་སོ། །ཐོད་སྨྱོན་བསམ་འགྲུབ་དགུང་ལོ་བཅུ་དྲུག་གི་དུས་སུ་མ་ཅིག་གིས་གདམས་པ་རྫོགས་པར་གནང་སྟེ། ཤམ་པོའི་གངས་ལ་སྒྲུབ་པ་བྱེད་དུ་མངགས་ཤིང་། སྲས་ཀྱིས་ཀྱང་མ་ཅིག་རྡོ་རྗེ་ཕག་མོར་དངོས་སུ་གཟིགས། དེ་ནས་མ་ཅིག་གིས་རྒྱ་གར་ཨ་ཙ་ར་གསུམ་གྱི་དོགས་པ་བསལ་ཞིང་། ཁྱད་པར་དུ་རྒྱ་གར་པོ་ཏ་རིའི་བྲག་ཕུག་བྷ་དྲ་ཞེས་པ་རྗེ་བཙུན་སྒྲོལ་མས་བྱིན་གྱིས་རླབས་པའི་ཕུག་པར། མ་ཅིག་གི་སྐྱེ་བ་སྔ་མའི་ལུས་ད་ལྟའང་བཀྲག་མདངས་མ་ཉམས་པར་ཡོད་གསུངས་པས། རྐང་མགྱོགས་ཨ་ཙ་ར་གསུམ་དང་དམ་པ་སངས་རྒྱས་བཅས་རྒྱ་གར་དུ་ཕེབས་ནས། རྒྱ་གར་བ་རྣམས་རྡོ་རྗེ་གདན་དུ་བསྡུས་ནས་མ་ཅིག་གི་གསུང་རྣམས་ལྷག་ལུས་མེད་པར་བཤད་པས། ཚོགས་པ་རྣམས་ཀྱིས་འདིའི་གདམས་པ་རྣམས་རྩད་གཅོད་དགོས་པས་པོ་ཏ་རིར་ལྟད་མོར་འགྲོ་ཟེར། པཎྜི་ཏ་དེ་གཉིས་བཅས་ཕེབས་པས། མ་ཅིག་གིས་གསུངས་པ་ཇི་ལྟ་བ་བཞིན་བཞུགས་འདུག་པས། ཐམས་ཅད་མ་ཅིག་དང་ཆོས་ལ་ཡིད་ཆེས་ཐོབ་བཞིན་གདུང་སྐལ་ཁྱེར་ཏེ་བོད་ཀྱི་ཟངས་རིར་རྐང་མགྱོགས་པ་གསུམ་གྱིས་མ་ཅིག་ལ་ཁྱེད་ཡུམ་ཆེན་མོའི་ཐུགས་ཀྱི་སྤྲུལ་བ་ངོ་མཚར་ཆེ། ཞལ་ནས་ཇི་ལྟར་གསུངས་པ་རྣམས་ནོར་འཁྲུལ་དང་ལྷག་ཆད་ཚིག་གཅིག་ཀྱང་མེད་པར་སྣང་། ཞེས་ཞུས་ཏེ་རྒྱ་བོད་གཉིས་ཀས་མ་ཅིག་དང་དམ་ཆོས་གཅོད་ལ་ཡིད་ཆེས་ཐོབ་སྟེ། ཉམས་སུ་བླངས་པས་བོད་ཆོས་རྒྱ་ལ་དར་ཞེས་པའི་སྙན་པ་དཀར་པོའི་བ་དན་སྲིད་པའི་རྩེ་མོའི་བར་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་པ་འདིའོ། །

ཤིང་འབྲུག་ལོར་འབྱུང་འགྱུར་བསྟན་འགྲོའི་བདེ་སྐྱིད་ཀྱི་ཆེད་དུ་ཐོད་སྨྱོན་རྡོ་རྗེ་སེང་གེས་གཏེར་བུམ་བཟོས། ཐོད་སྨྱོན་བསམ་འགྲུབ་ཀྱིས་གཏེར་ལྕིབས་ཀྱིས་བཏུམ། སྟོང་སྡེ་ངག་གི་དབང་ཕྱུག་གིས་གཏེར་ཡིག་བྲིས། མ་ཅིག་རང་གིས་གཏེར་བུམ་ལ་རྒྱས་བཏབ་ཅིང་། ཡུམ་སྲས་འཁོར་བཅས་རྫུ་འཕྲུལ་གྱིས་གཡའ་རིའི་རྨོག་ལུང་དུ་ཕེབས་[ད་ལྟའི་གཏེར་ལུང་གི་ལུང་བའི་ཕུག་]ནས་གཏེར་སྦས་ཏེ་ཆོས་རྒྱལ་དང་ཞལ་བཞི་པ་གཉིས་ལ་གཏད་ནས་ཕྱིར་ཨེའི་ལབ་ཏུ་རྫུ་འཕྲུལ་གྱིས་བྱོན། ལྷོ་ཕྱོགས་བ་ཙེའི་མན་དུ་ལབ་སྒོམ་ཁང་མ་ཅིག་དང་སྟོང་སྡེ་ངག་གི་དབང་ཕྱུག་ཡུམ་སྲས་ཀྱི་བཞུགས་གནས་རྣམ་གཉིས་ཀྱི་ཞབས་རྗེས་མཇལ་རྒྱུ་སྣང་ཞེས་དེབ་ཐེར་རྒྱ་མཚོར་གསལ། དགུང་ལོ་གོ་དགུའི་སྟེང་དག་པ་མཁའ་སྤྱོད་དུ་ཕེབས་པ་དང་། སྲས་གྲུབ་པ་ཡང་རང་ལོ་ཞེ་གཉིས་སྟེང་མ་ཅིག་གིས་དགེ་བསྙེན་བསྒྲུབས་ཏེ་གདམས་པ་བྱིན་པས་རང་ལོ་ང་གཉིས་སྟེང་གྲུབ་པ་ཐོབ་སྟེ་སྲས་རྒྱལ་བ་དོན་གྲུབ་ཏུ་གྲགས་ཤིང་། དེབ་སྔོན་སོགས་སུ་དགུང་ལོ་གོ་ལྔ་བ་དང་ཀློང་རྡོལ་བླ་མས་གོ་གཅིག་པར་འདས་པར་བཤད་པས་མཚོན་མ་ཅིག་གི་འཁྲུངས་འདས་ལ་ད་དུང་དཔྱད་དགོས་མང་ཡང་དུས་ཚོད་ཀྱིས་མི་ལོངས་པས་རེ་ཞིག་འདི་ཙམ་བྱས་སོ། །

༈ གུང་རུ་སྐུ་ཕྲེང་དང་པོ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན་གྱི་མཛད་རྣམ།

༧གུང་རུ་སྐུ་ཕྲེང་དང་པོ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན་ནི། ཁམས་གུང་རུར་འཁྲུངས་ཤིང་། སྤྱིར་འདིའི་གུང་རུ་ནི་ཁམས་ལྷོ་རོང་རྫོང་དང་ཤོ་བ་མདོ་སོག་རྫོང་བཅས་ཀྱི་སྤྱི་མིང་ལ་ཟེར་ཞིང་། དེའི་ནང་ཚན་དཔལ་འབར་རྫོང་ཤར་རྒྱུད་ཀྱི་ལྷ་རྩེ་ཡུལ་ཚོ་རུ་ཧ་ལམ་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་སྐུ་བལྟམས། ཁོང་རབ་བྱུང་བཅུ་བའི་ལྕགས་བྱ་སྤྱི་ལོ་༡༦༢༡ལོར་དབུས་སུ་བྱོན་ནས་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་བསྟེན་ནས་གསན་སྒོམ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་མཛད་རྗེས་ལས་རྗེས་སུ་དཔག་ཐུབ།

མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་པའི་གྲུབ་ཐོབ་ཚད་ལྡན་དུ་ཡབ་རྗེ་སྐལ་ལྡན་རྒྱ་མཚོས་གསུངས་པ་དོན་ལ་གནས་ཤིང་། ལྷ་སར་བཞུགས་དུས་སུ་གཏེར་མང་པོ་བཏོན་ཅིང་། མདོ་སྨད་ཤེལ་དགོན་ནས་ཀྱང་ཚེ་ཆུའི་བུམ་པ་གཏེར་ནས་གདན་དྲངས། གོང་ས་ལྔ་བས་རྗེ་འདིའི་གཏེར་ལུང་ན་ཁྲི་རལ་ལས་ལབ་སྒྲོན་སྔ་བ་བྱས་འདུག་པས་རྫུན་གྱི་རྫོབ་རྟགས་མང་གསུངས་པ། བསྟན་པ་སྤྱི་ལ་དགོངས་པ་བཞེས་པས་དྲང་དོན་གྱི་གསུང་སྟེ། གུ་རུ་ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པའི་ཐང་ཡིག་གཏེར་ལུང་ཚད་ལྡན་ཡིན་པ་གཞིར་བྱས་ལ། དེའི་ལོ་ཚིགས་རྣམས་ནི་གཏན་ནས་སྒྲིག་ཐབས་མེད་པར་གསུངས་པའི་ཕྱིར་ཏེ། རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། ཐང་ཡིག་གི་ལོ་ཚིགས་རྣམས་ཡེ་སྒྲིག་ཐབས་མེད་ཅིང་ཞེས་གསུངས་པ་གང་ཞིག་ཐང་ཡིག་ཏུ་རྫུན་གྱི་རྫོབ་རྟགས་མང་བ་དང་། ཨུ་རྒྱན་གླིང་པ་ལས་འབྲས་མི་ཤེས་པའི་མི་སྙིང་ཁམས་ཅན་དུ་ཞལ་གྱིས་མི་བཞེས་པའི་ཕྱིར་རོ། །

རྣམ་ཐར་པད་དཀར་འཁྲི་ཤིང་ལས་སྐུ་སྔ་མའི་མཛད་པ་ཕྱི་མ་ལ་སྦྱར་བ་ས་བོན་མ་དག་པས་ཡིན་ཞིང་། རྣམ་ཐར་དེར་སྐུ་ཕྲེང་གཉིས་པ་སྐུ་ཕྲེང་དང་པོར་བྱས་པ་དང་། སྐུ་ཕྲེང་དང་པོའི་མཚན་བློ་བཟང་ཆོས་སྒྲོན་བྱ་བ་སྐུ་ཕྲེང་གསུམ་པས་མཚན་དུ་སྦྱར་བ་སོགས་སྒྲ་ཇི་བཞིན་དུ་མི་རུང་ཞིང་། འཁྲུངས་རབས་གསོལ་འདེབས་ཀྱང་དེ་ལས་མ་འདས་ལ། ལོ་རྒྱུས་སྨྲ་བའི་དབང་བོ་བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་དེབ་ཐེར་རྒྱ་མཚོ་ལས། རྐྱེན་དང་དགོས་དབང་གིས་མདོ་སྨད་དུ་བྱོན། མཚན་བློ་བཟང་ཆོས་སྒྲོན། བྱ་ཁྱུང་དང་སྐུ་འབུམ་སོགས་དགོན་སྡེ་དུ་མར་ཕན་གྲོགས་མཛད། སྡེ་བ་ཆོས་རྗེའི་ཞབས་ལ་གཏུགས། ཤེལ་དགོན་ནས་ཚེ་ཆུའི་བུམ་པ་གཏེར་ནས་བཏོན། [གཟུངས་རྡོར་དང་བཅས་པའི་ཚེ་བུམ་དེ་ཉིད་ཐུབ་སྐུའི་གཟུངས་གཞུག་ཏུ་ཕུལ་པའི་གཟུངས་ཐག་སྣེ་ཕྱི་ལ་ཐོན་པ་སྐབས་རེར་རིང་ཐུང་དུ་འགྲོ་བའི་ཡ་མཚན་པ་དེ་ཉིད་རབ་རྒྱལ་ས་ཁྱི་སྤྱི་ལོ་༡༩༥༨སླེབས་རག་བར་ཡོད་དོ། །]ཕྱོགས་ཕྱོགས་སུ་ཕེབས་ནས་ཕྱག་ནས་ཐེབས་པའི་འབུམ་པ་དང་། ལྷ་ཁང་ཟེར་བ་མང་། རྫུ་འཕྲུལ་དང་མངོན་ཤེས་ཐོགས་པ་མེད་པའི་གྲུབ་ཐོབ་ཚད་ལྡན་དུ་རྗེ་སྐལ་ལྡན་རྒྱ་མཚོས་གསུངས་ཞེས་གསུངས།

མེ་སྟག་སྤྱི་ལོ་༡༦༢༦ལོར་དབྱིག་ཀྱ་དཀའ་བཅུ་ཀུན་དགའ་ལེགས་པ་དང་ཁ་གྱའི་བསོད་ནམས་བཀྲ་ཤིས་ལ་བཀའ་གནང་སྟེ་རྡོ་སྦིས་མཚན་ཉིད་གྲྭ་ཚང་འཛུགས་སུ་བཅུག །རབ་བྱུང་བཅུ་གཅིག་པའི་ས་འབྲུག་སྤྱི་ལོ་༡༦༢༨ལོར་བྱ་ཁྱུང་དུ་སྐྱིད་ཤོད་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོའི་དྲུང་དུ་བཀའ་ཆོས་མང་དུ་གསན། རབ་བྱུང་བཅུ་གཅིག་པའི་ས་སྟག་སྤྱི་ལོ་༡༦༣༨ལོར་རོང་བོའི་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ཡང་སློབ་མར་འདུས། གསོལ་ཁང་ཆོས་རྗེ་སངས་རྒྱས་སྤྱི་ལོ་༡༥༥༨—༡༦༤༣རྒྱ་མཚོ་འདུ་བའི་བླ་མ་ཡིན་པར་དེའི་རྣམ་ཐར་དུ་འབྱུང་ཞིང་སྐབས་དེའི་དུས་ནས་རྒན་གྱའི་མཁའ་འགྲོ་མ་ཞེས་གྲགས་ཡོད་པར་ཡང་གསལ།

རབ་བྱུང་བཅུ་གཅིག་པའི་མེ་འབྲུག་སྤྱི་ལོ་༡༦༧༦ལོ་ཡས་མས་སུ་ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་བཀོད་བཞིན་རྗེ་སྐུའི་བླུག་དཔར་བཟོས་ཏེ་རྗེ་སྐུའི་སྐུ་སྟོད་རང་བྱོན་དུ་ཕེབས་པ་སྐུ་འབུམ་ཆུ་ཀྱ་ཚོ་བས་སྦྱིན་བདག་བྱས་ཏེ་བཞེངས། མཆོད་རྟེན་དྲིལ་གསིལ་མར་ཞིག་གསོས་ཀྱིས་སྐུ་དཀར་གསོལ། འདི་ཁྲི་ཀར་ཡོད། མཆོད་འབུལ་སྨོན་ལམ་གནང་བས་འཇའ་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་བྱུང་། ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུང་ཞེས་ལི་ཀྱ་དབོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་བཤད་སྐད། འདིའི་མཚན་ལ་བློ་བཟང་ཆོས་སྒྲོན་ཟེར་བར་རྗེ་སྐལ་ལྡན་པའི་ཨ་མདོའི་ཆོས་འབྱུང་དང་། ཆོས་པ་རིན་པོ་ཆེའི་རྣམ་ཐར། སྐྱིད་ཤོད་པའི་རྣམ་ཐར་སོགས་མང་པོར་གསལ། དེའི་སྤྲུལ་སྐུ་བློ་བཟང་སྒྲོལ་མ་ཡིན་ཞིང་། རྗེ་སྐལ་ལྡན་པས་བསྔགས་བརྗོད་བྱེད་ཡུལ་བློ་བཟང་སྒྲོལ་མ་མ་ཡིན་པར། ཁམས་གུང་རུ་ནས་འཁྲུངས་པའི་མཁའ་འགྲོ་མ་དེ་ཡིན་པར་དེབ་ཐེར་རྒྱ་མཚོར་གསུངས་པ་ཤིན་ཏུ་ལེགས་ཏེ། ཡབ་རྗེ་སྐལ་ལྡན་རྒྱ་མཚོས། སྐུས་རྫུ་འཕྲུལ་སྟོན་ལ་ཐོགས་མེད་པ། །ཡུལ་གུང་རུའི་ཡེ་ཤེས་མཁའ་འགྲོ་མས། །གཏེར་བུམ་པ་ཤེལ་དགོན་བྲག་ནས་བཏོན། །ཞེས་པའི་ཚིག་ནུས་ཀྱིས་ཤེས་ལ་དུས་མཚུངས་བསྒྲིགས་ནའང་ཕྱི་མ་བདེན་པར་རྟོགས་སླའོ། །ད་དུང་གསེར་ཏོག་ཚང་གི་སྐུ་འབུམ་གདན་རབས་སུ་སྐུ་ཐོག་དང་པོ་ལྷ་རྩེ་དཔོན་མོ་བསོད་ནམས་རྒྱན། སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་སྒྲོན། གསུམ་པ་བློ་བཟང་སྒྲོལ་མ། བཞི་བ་དཀོན་མཆོག་ཆོས་སྒྲོན། ལྔ་བ་དཀོན་མཆོག་རིག་འཛིན་སྒྲོན་མ་ཡིན་པར་བཤད་པའི་ཁུངས་གང་ལ་བརྟེན་དཔྱད། ལྷ་རྩེ་དཔོན་མོ་གུང་རུའི་མཁའ་འགྲོ་མ་འདི་བ་མདོ་སྨད་དུ་འགྲོ་དོན་མང་དུ་བསྐྱངས་མཐར་ཕྱིར་སྐུ་ཡུལ་དུ་བྱོན་ནས་གཤེགས་པ་ཡིན་སྣང་སྟེ། སྐུ་གཤེགས་ཁར་སྦར་བའི་མཆོད་མེ་སྐུ་ཕྱི་མ་མགོན་ཁང་དུ་ཕེབས་དུས་ད་དུང་ཡོད་པར་སྐུ་ཕྱི་མའི་རྣམ་ཐར་ཐད་དུ་འབྱུང་བ་བཞིན་ལ། ལྷ་རྩེ་དཔོན་མོ་འདི་ཉིད་སྔགས་ཀྱི་སྒོ་ནས་བུད་མེད་གྲུབ་པ་བརྙེས་པ་རྒྱ་གར་བ་གསུམ། བོད་ཁ་བ་ཅན་པ་བཅུ་གཉིས་ཏེ། གསང་སྔགས་ཀྱི་སྒོ་ནས་ཕྱག་རྒྱར་བསྟེན་དུ་རུང་བའི་རྣལ་འབྱོར་མ་བཅོ་ལྔའི་ཡ་གྱལ་དུ་ཀློང་རྡོལ་བླ་མ་གསུངས་སོ། །

༈ གུང་རུ་སྐུ་ཕྲེང་གཉིས་པ་བློ་བཟང་སྒྲོལ་མའི་མཛད་རྣམ།

༧གུང་རུ་སྐུ་ཕྲེང་གཉིས་པ་བློ་བཟང་སྒྲོལ་མ་མཆོག་ནི་རྒན་གྱའི་ཤིས་སྐོར་རམ་ཞོལ་སྐོར་བེའུ་ཚང་དུ་སྐུ་འཁྲུངས། རིམ་གྱིས་དབུས་སུ་བྱོན་པའི་ལམ་བར་ནས་ཁམས་གུང་རུར་ཕེབས་ཏེ་མགོན་ཁང་དུ་མཇལ་རྒྱུ་ཡིན་གསུངས་པར། ཁོ་ཚོས་མཁའ་འགྲོ་མ་གཤེགས་ནས་མགོན་ཁང་གི་སྒོ་འབྱེད་མ་མྱོང་། ལྡེ་མིག་ཀྱང་གར་ཡོད་མི་ཤེས་ཟེར། རྗེ་འདིས་ལྡེ་མིག་འདི་ན་ཡོད་ཅེས་གསུངས་ནས་སྙན་ཤལ་གསེབ་ནས་ལྡེ་མིག་བླངས་ནས་སྒོ་ཕྱེ་བས་མཁའ་འགྲོ་མ་གཤེགས་དུས་སྦར་བའི་མར་མེ་ད་དུང་ཡོད་པས་གུང་རུའི་མཁའ་འགྲོ་མའི་སྐྱེ་བར་ངོས་བཟུང་། གཞུང་ས་དགའ་ལྡན་ཕོ་བྲང་ནས་ཀྱང་འདོད་རྒྱལ་དང་གཅམ་བུའི་ཟོལ་བསྟོད་ཙམ་མ་ཡིན་པར་གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་གཟེངས་བསྟོད་བགྱིས། རིམ་གྱིས་རང་ཡུལ་དུ་ཕེབས་ནས་འདིར་ཐོག་མར་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་པར་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཐུབ་སྐུའི་དཀར་ཆག་ཏུ་གསལ་བར་ཡོད་སྣང་བས། ཧོར་སྐལ་བཟང་མཁས་གྲུབ་ཚང་གིས་མཛད་པའི་རྩེ་གཞུང་སོག་ཡུལ་གྱི་དགོན་སྡེ་འགའི་ལོ་རྒྱུས་རགས་བསྡུས་བྱ་བ་ལས། ཉིད་ཀྱི་གཟིམ་ཁང་ཡང་དགོན་པའི་སྟེང་ཟུར་གྱི་ཀླད་དུ་བསྐྱིལ།

ཕྱིས་སུ་གུང་རུའི་བླ་བྲང་དུ་གྱུར། དེ་བས་མི་རབས་རྗེས་མ་ཚོས་གུང་རུའི་ནང་ཆེན་ལ་ལ་ཁའི་ནང་ཆེན་ཞེས་སྔོན་མ་བཞིན་གླེང་འདུག་ཅེས་གསུངས་མོད། ལ་ཁ་ཚང་གི་གཟིམ་ཁང་གི་ཤུལ་ད་ལྟའང་དགོན་པར་སྟོན་རྒྱུ་ཡོད་པས་འཐད་དཀའ་ལ། ཀན་ལྷོའི་བོད་བརྒྱུད་ནང་བསྟན་དགོན་སྡེ་སོ་སོས་ལོ་རྒྱུས་མདོར་བསྡུས་སུ་རྗེ་འདི་བ་བྲག་དཀར་གནས་སྒོའི་དྲང་ཐད་ཤར་ངོས་སུ་བཞུགས་པ་ན། ལ་ཁ་མཆོག་གིས་གཟིམ་ཁང་ཞིག་བཞེངས་ནས་ཕུལ་པ་ཡིན་ཞེས་གུང་རུ་སྐུ་ཕྲེང་གཉིས་པ་ལ་ཕུལ་པར་བཤད་པ། རྒན་གྱར་འཁྲུངས་པའི་ལ་ཁ་དེ་དང་དུས་མི་འགྲིག་ཅིང་། ལ་ཁ་སྐུ་ཕྲེང་གསུམ་པ་སྲིང་མོ་ལ་ཁའི་མཁའ་འགྲོ་མ་ཟེར་བ་ལོ་བརྒྱ་ལོན་པ་ཞིག་ཡོད་པར་མདོ་སྨད་ཆོས་འབྱུང་དུ་བཤད་པ་གུང་རུ་ཚང་གི་སྐུ་ཕྲེང་ཞིག་ཡིན་པའི་བགྲོའི་མི་འདུག་ཅིང་ཡིན་ན་རིགས་པའི་གནོད་བྱེད་འབབ་ཚུལ་གཤམ་དུ་འཆད་པར་འགྱུར། གུང་རུ་སྐུ་ཕྲེང་གཉིས་པ་འདི་དགུང་ལོ་ཅི་ཙམ་བཞུགས་མི་གསལ་ཡང་དགུང་ལོ་རེ་བརྒྱད་ལས་ལྷག་བཞུགས་མེད་པ་ཐག་ཆོད་དེ། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་སྤྱི་ལོ་༡༦༧༦ཡས་མས་སུ་སྐུ་གོང་མ་བཞུགས་ཡོད་པ་ཆུ་བཟང་ཚང་གི་རྣམ་ཐར་དུ་གསལ་བ་དང་། རབ་བྱུང་བཅུ་གཉིས་པའི་ཤིང་གླིང་སྤྱི་ལོ་༡༧༤༥ལོར་སྐུ་ཕྲེང་གསུམ་པ་འཁྲུངས་པར་དཀོན་མཆོག་རིག་འཛིན་དཔལ་མོའི་རྣམ་ཐར་དུ་གསལ་བས་སོ། །

དེས་ན་ལ་ཁ་སྐུ་ཕྲེང་གསུམ་པ་བློ་བཟང་སྙན་གྲགས་རྒྱ་མཚོ་དང་དུས་མཉམ་པ་ནི་གུང་རུ་སྐུ་ཕྲེང་གསུམ་པ་འདི་བ་ཡིན་པས། དགུང་ལོ་བརྒྱར་བཞུགས་པའི་ལ་ཁའི་མཁའ་འགྲོ་མ་བྱ་བ་དེ་གུང་རུ་ཚང་གི་སྐུ་ཕྲེང་མིན་པ་ཡང་ཞོར་ལ་ཤེས་སོ། །ཀན་ལྷོའི་བོད་བརྒྱུད་ནང་བསྟན་དགོན་སྡེ་སོ་སོའི་ལོ་རྒྱུས་མདོར་བསྡུས་བྱ་བར། གུང་རུ་སྐུ་ཕྲེང་གསུམ་པས་ལྕང་ཤར་དགོན་བཏབ་པར་བཤད་པ་ཡེ་ནས་མིན་ཏེ། ལྕང་ཤར་དགོན་ཁ་གྱའི་བསོད་ནམས་བཀྲ་ཤིས་ཀྱིས་རབ་བྱུང་བཅུ་བའི་མཇུག་གི་ཟད་པ་མེ་སྟག་སྤྱི་ལོ་༡༦༢༦ལོར་བཏབ་ཅིང་། གུང་རུ་སྐུ་ཐོག་དང་བོ་མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་གྱི་ཐུགས་བཀོད་ལྟར། དབྱིག་ཀྱ་དཀའ་བཅུ་བ་ཀུན་དགའ་ལེགས་པ་དང་ཁ་གྱའི་བསོད་ནམས་བཀྲ་ཤིས་ཡོན་མཆོད་ཟུང་གིས་རྡོ་སྦིས་གྲྭ་ཚང་ངམ་དགོ་རི་གྲྭ་ཚང་ལ་མཚན་ཉིད་བཙུགས་པར་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་ཨ་མདོའི་ཆོས་འབྱུང་དུ་གསལ་བར་ཡོད་དེ། དེ་ཉིད་ལས། མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་གྱིས་བཀའ་བསྐུལ་ནས། བསྟན་པའི་སྦྱིན་བདག་བསོད་ནམས་བཀྲ་ཤིས་དང་། ཆོས་རྗེ་ཀུན་དགའ་ལེགས་པ་གཉིས་ཀྱིས་གྲྭ་ཚང་གསར་དུ་བཙུགས། སྦྱིན་བདག་གིས་ལྕང་ཤར་གྱི་དགོན་གསར་དུ་བཏབ་ཅེས་རྡོ་སྦིས་གྲྭ་ཚང་དང་ལྕང་ཤར་དགོན་སོ་སོར་གསུངས་ཡོད་ཀྱང་། དེབ་ཐེབ་རྒྱ་མཚོར་ལྕང་ཤར་སྒར་མཁའ་འགྲོ་མ་བློ་བཟང་ཆོས་སྒྲོན་གྱི་ངག་བཀོད་ལྟར། སྦྱིན་བདག་ཁ་ཤི་པན་བསོད་ནམས་བཀྲ་ཤིས་དང་། ཆོས་རྗེ་ཀུན་དགའ་ལེགས་པ་གཉིས་ཀྱིས་བཏབ་ཅེས་དགོ་རི་ལ་སྦྱར་རྒྱུ་དེ་ལྕང་ཤར་ལ་སྦྱར་བས། དགོ་རིའི་ཐད་དུ་སྔོན་གྱི་དགོན་རྙིང་ཞེས་པ་ཙམ་ལས་འདེབས་མཁན་མི་གསལ་བ་དེ་ཡིན་ཞིང་། ཐོག་མར་འདེབས་མཁན་ལོ་རྒྱུས་ལ་ལར་ཆོས་རྗེ་བསམ་གཏན་རིན་ཆེན་གྱིས་རབ་བྱུང་དྲུག་པའི་མེ་སྤྲེལ་སྤྱི་ལོ་༡༣༥༦ལོར་ས་སྐྱའི་ལུགས་སུ་བཏབ་པར་བཤད་དོ། །

༈ གུང་རུ་སྐུ་ཕྲེང་གསུམ་པ་དཀོན་མཆོག་ཆོས་སྒྲོན་གྱི་མཛད་རྣམ།

༧སྐུ་ཕྲེང་གསུམ་པ་དཀོན་མཆོག་ཆོས་ཀྱི་སྒྲོན་མ་ནི་རབ་བྱུང་བཅུ་གཉིས་པའི་ཤིང་གླང་སྤྱི་ལོ་༡༧༤༥ལོར་རྗེ་གོང་མའི་ཡུལ་བར་ཡབ་ལྷ་སྐྱབས་དང་ཡུམ་བཟང་མོའི་སྲས་སུ་སྐུ་འཁྲུངས་ཤིང་། ཀུན་མཁྱེན་འཇིགས་མེད་དབང་པོ་དང་གུང་ཐང་རིན་པོ་ཆེ། ཁྲི་ཆེན་འཇིགས་མེད་རིག་པའི་སེང་གེ་སོགས་བསྟེན་ནས་གསན་བསམ་གནང་མཐར་གནས་ངེས་མེད་ཀྱི་རི་ཁྲོད་འགྲིམ་པར་གསལ་ཏེ། བྲག་ལུང་རི་ཁྲོད་དགེ་ལྡན་དར་རྒྱས་གླིང་དུ་རྗེ་འདི་ཡུན་རིང་བཞུགས་དུས་ཀྱི་སླང་རིས་ཁོ་ཚོའི་རྟེན་གྲས་སུ་ཡོད་པར་བཤད་པས་ཤེས་སོ། །སྣང་ཚོད་ལ་ཐུགས་ཧ་ཅང་གཏུམ་ཞིང་མཐོ་དམན་བར་གསུམ་ཆ་ཡོད་མེད་སུའང་ཞལ་བརྡ་དང་ངོ་འཛིན་མི་བྱེད་པར་རང་ཚུགས་ཅན་ཞིག་ཡིན་སྟབས། ཞལ་འདོན་ཉམས་ལེན་འདི་འདྲ་བྱས་ཟེར་བ་སུ་ལ་ཡང་བཤད་རྒྱུ་མེད། ཐུའུ་བཀྭན་རིན་པོ་ཆེས་བསྔགས་བརྗོད་རེ་གནང་བའི་ལོ་རྒྱུས་རེ་ཡོད་ཅེས་རྗེ་དཀོན་མཆོག་རིག་འཛིན་དཔལ་མོས་གསུངས་འདུག །དགུང་ལོ་རེ་བདུན་དུ་ཕེབས་པའི་ཚེ་ན། སྐབས་ཤིག་ལ་སྐུ་ཕྲེང་རྗེས་མའི་འཁྲུངས་གཞིས་དེར་ཕེབས་དོན་གཞན་མེད་ཀྱང་། རང་དགར་ཕེབས་ནས་ཞག་གཉིས་བཞུགས་ཤིང་། སྐུ་ཕྲེང་རྗེས་མའི་མ་ཡུམ་དེ་ལ་མར་གྱི་རིལ་བུ་ཞིག་གནང་ནས་འདི་ཁྱོད་ཀྱིས་ཟོ། ཁྱོད་ལ་གོས་སྐུད་སེར་བོ་ཡོད་ན་ངས་ཕྲེང་ཐག་སྤོར་གསུངས་ནས་ཐུའུ་བཀྭན་རིན་པོ་ཆེའི་ཕྱག་ཕྲེང་ཞིག་ཡོད་པ་དེའི་ཕྲེང་ལུང་བརྗེས་ནས་ཕུལ། ཕྱི་ཉིན་ཕེབས་དུས་སྦྲ་སྒོ་ནས་ཞལ་ཕྱིར་འཁོར་ནས་སྦྲ་སྒོ་ཕྱག་གཉིས་ཀྱིས་བཟུང་ནས་ཐོ་གཏུགས། གཡང་སྒོ་འདི་འདྲ་བྱས་ནས་ཞོག་དང་བཟང་གསུངས་ནས་ཕེབས། དེ་ནས་ཆེར་མ་འགྱང་བར་ཟླ་བརྒྱད་པའི་ཚེས་བཅུའི་ཉིན་སྐུའི་བཀོད་པ་ཉེ་བར་བསྡུས་སོ། །དགོངས་རྫོགས་དབུ་སྔས་སུ་ཁྲི་ཆེན་འཇིགས་མེད་རིག་པའི་སེང་གེ་གདན་དྲངས་ཏེ་ཐུགས་ཟག་མེད་ཀྱི་དགོངས་པ་རྫོགས་ཕྱིར་བསྔོ་སྨོན་གང་རྒྱས་དང་། སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ཚིག་ཀྱང་གསུངས།

༈ གུང་རུ་སྐུ་ཕྲེང་བཞི་བ་དཀོན་མཆོག་རིག་འཛིན་དཔལ་མོའི་མཛད་རྣམ།

༧སྐུ་ཕྲེང་བཞི་བ་དཀོན་མཆོག་རིག་འཛིན་དཔལ་མོ་མཆོག་ནི་རྒན་གྱའི་གསེར་ཆེན་ཐང་དུ་ཡབ་གཡུང་དྲུང་རྒྱལ་[ལ་ལར་གཡུང་དྲུང་སྐྱབས་ཞེས་བྲིས་འདུག་]དང་། ཡུམ་ལྷ་མོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་སྤྱི་ལོ་༡༨༡༤ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་འཁྲུངས། ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེག་བམ་བྱ་བར། དེའི་སྤྲུལ་སྐུ་དཀོན་མཆོག་དཔལ་མོ་བོད་རབ་བྱུང་བཅུ་བཞི་བའི་ཤིང་ཁྱི་སྤྱི་ལོ་༡༨༡༤ལོར་ཡབ་བེའུ་ཚང་གཡུང་དྲུང་སྐྱབས་དང་། ཡུམ་ལྷ་མོ་རྒྱལ་གྱི་སྲས་སུ་རྒན་གྱའི་གསེར་ཆེན་ནས་སྐུ་འཁྲུངས་ཞེས་སྐུ་འདི་བ་ཡང་བེའུ་ཚང་དུ་འཁྲུངས་པར་བཤད་ཀྱང་བརྟག་དགོས་ཏེ། མདོ་སྨད་ཆོས་འབྱུང་དུ་འདི་གཉིས་ཀ་རྒན་གྱའི་ཤིས་སྐོར་[ཞོལ་སྐོར་]བེའུ་ཚང་ནས་འཁྲུངས།

དེའི་སྤྲུལ་སྐུ་དཀོན་མཆོག་རིག་འཛིན་སྒྲོལ་མ་ཞེས་བེའུ་ཚང་དུ་འཁྲུངས་པ་དཀོན་མཆོག་རིག་འཛིན་དཔལ་མོའི་སྐུ་སྔ་མ་གཉིས་ཡིན་པར་གསུངས་ཤིང་། རིག་འཛིན་དཔལ་མོ་ཚང་འདི་བ་གསེར་ཆེན་དུ་འཁྲུངས་པར་གསལ་བ་ལས། འཁྲུངས་ཁྱིམ་ཞོལ་སྐོར་བེའུ་ཚང་ཡིན་པར་རྣམ་ཐར་དུའང་མི་གསལ་བས་སོ། །དཀྱུས་ལ་འཇུག་པར་བྱ་སྟེ། ཁོང་མ་འཁྲུངས་གོང་ཡུམ་གྱི་རྨི་ལམ་དུ་སྐུ་གོང་མ་རྟ་དཀར་པོ་ཞིག་ལ་བཅིབས་ནས་ཁྱིམ་དུ་ཕེབས་པར་རྨིས་པ་དང་། ཡང་ནུབ་གཅིག་སྐུ་གོང་མའི་དབུ་མནབ་སེར་བོ་ཞིག་ཡོད་པ་ཡུམ་གྱི་མགོ་ཐོག་ཏུ་ལྷུང་བར་རྨིས་པ་དང་། ཡང་ནུབ་གཅིག་གནས་ཁང་གི་ལུང་བའི་ཕུ་ན་སྤྲིན་མང་པོ་འཐིབས་ཤིང་འབྲུག་སྒྲ་དྲག་པོ་དང་བཅས་ཆར་འབབ་པ་དེའི་ནང་ནས་སྦྲང་མ་སེར་བོ་ཆེ་བ་ཞིག་སྐད་སྒྲ་སྒྲོག་བཞིན་དུ་འཕུར་ཡོངས་ནས་མོའི་བང་དུ་བབས་པ་རས་དཀར་བོ་ཞིག་གིས་བཀབ་པ་རྨིས་པ་དང་། ཞག་ཁ་རེ་ནས་རྔ་མོང་རྟ་དྲེའུ་ཞོན་པའི་མི་མང་བོ་སྟག་རྔ་འདྲ་ཁུར་ནས་ཁྱིམ་དུ་འོངས་ནས་ཅུང་ཟད་རེ་བསྡད་ནས་འགྲོ་བ་ཡང་ཡང་རྨིས་པ་ནི། བཀའ་སྲུང་རྣམས་ཀྱིས་མེལ་ཚེ་མཛད་པའི་བརྡའོ། །ཡུམ་ལ་སྔར་བྱིས་པ་གསུམ་ཙམ་བཙས་ཀྱང་མ་བསྡད་པས། བསེ་ཚང་ལ་ཞུས་པར་སྔར་གྱི་བྱིས་པ་གསུམ་བུ་ལོན་ཡིན། འདི་ལ་ཤཱ་ས་ན་འབུམ་དང་མགོན་པོའི་ཞི་བའི་སྦྱིན་སྲེག་བླུག་ན་སྐྱོན་མེད་གསུངས། འོན་ཀྱང་མ་ཡུམ་ཅུང་ཟད་འདུ་ཕུང་མ་བདེ་བར་བརྟེན་རྒན་གྱའི་སྐུ་སྐྱེས་[འདི་བ་དགེ་འཕེལ་རི་ཁྲོད་དུ་ཡུན་རིང་བཞུགས་མྱོང་ཞིང་ཀུན་མཁྱེན་སྐུ་ཕྲེང་གཉིས་པས་ཏེ་ཐུང་བྲག་དགོན་སྐྱོང་བར་མངགས་པས་མཉམ་བཞག་ལ་འབྱམས་ནས་ཉིན་གུང་བར་དུ་ཐུན་མི་གྲོལ་བས་དེ་ཕྱོགས་ཀྱི་མི་རྣམས་ཁོང་ལ་དད་གུས་ཤིན་ཏུ་ཆེ་]ཟེར་བའི་སྨན་པ་ཞིག་གི་རྩར་སྨན་ལེན་དུ་སོང་བས་སྐུ་སྐྱེས་ན་རེ། ཁྱོད་ཀྱི་བྱིས་པ་དེ་ལ་མིང་མ་འདོགས། རྗེས་སུ་ཁོས་འདོགས་དགོས་གསུངས། རྗེས་སུ་སྐར་བཟང་ཞིག་དང་བསྟུན་མིང་ལ་རིག་འཛིན་སྒྲོལ་མ་ཞེས་མཚན་གསོལ། འཁྲུངས་ནས་ཟླ་བ་གཅིག་གི་རྗེས་སུ་སྐུ་བསྙུངས་པས་སྔགས་འཆང་ཞིག་གིས་རིམ་གྲོ་བྱེད་བཞིན་ཡོད་པ་དེའི་རྨི་ལམ་དུ་བྲག་དཀར་ཕྱོགས་ནས་རྟ་ནག་པོ་ཞོན་པའི་མི་ཞིག་འོངས་ནས་ཁྱེད་ཀྱིས་དེ་ལ་ཕན་མི་ཐོགས། བྲག་དཀར་ལ་ཁྱེར་ཟེར་བ་རྨིས་པས་གསུམ་པའི་ཉེར་གསུམ་ཉིན་བྲག་དཀར་ལ་མ་ཡུམ་དང་ལྷན་དུ་ཕེབས་ནས་གཏན་བཞུགས་གནང་བས་བསྙུན་ལས་ཀྱང་གྲོལ། གནས་ཁང་གི་ཐད་ཀྱི་རི་མགོ་དེར་ཕེབས་དུས་མ་ཡུམ་ལ་འདུ་ན་གཏེར་ཞིག་འདོན་རྒྱུ་ཡོད་ཀྱང་བདག་དང་མི་གསུམ་མེད་པར་ལེན་མི་ཐུབ་ཅེས་གསུངས་འདུག །དགུང་ལོ་གསུམ་གྱི་ཐོག་གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེས་གོང་མའི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་། ཕྱག་མདུད་ཕུར་མདུད་བཅས་གནང་། འོན་ཀྱང་གུང་ཐང་རིན་པོ་ཆེའི་རྣམ་ཐར་དུ་མ་འཁོད་འདུག །དགུང་ལོ་བཞིའི་ཐོག་ཟླ་བ་ལྔ་བའི་ཚེས་པ་ལྔའི་ཉིན་གུང་ཐང་རིན་པོ་ཆེར་མཇལ་བས་ཕྱག་རྗེ་འདིའི་དབུ་ལ་བཞག་ནས་ཡུན་རིང་གཟིགས་རྟོག་གནང་ཞིང་། ཞིམ་མངར་གྱི་ཀ་ར་ལན་གསུམ་གནང་སྟེ་མཚན་ལ་དཀོན་མཆོག་རིག་འཛིན་དཔལ་མོ་ཞེས་གསོལ། ཕྱིར་རང་ཡུལ་དུ་སླེབས་ནས་བཞུགས་ཤིང་ཉེ་འབྲེལ་ཨ་ཁུ་ཞིག་ཡོད་པ་དེས་གདན་དྲངས་ཏེ་རྟ་དཀར་བོ་ཞིག་ཕུལ་པ་རྙེད་པའི་ཐོག་མ་ཡིན་ཞིང་། གུང་ཐང་རིན་པོ་ཆེ་བྲག་དཀར་དུ་ཕེབས་དུས་མཇལ་རྟེན་དུ་རྟ་དཀར་བོ་དེ་ཕུལ། རྗེ་ཉིད་ཀྱི་ཞལ་ནས། དེ་དུས་བསམ་པ་ཅང་མེད་ཀྱང་ད་འདང་བརྒྱབས་ན་རྙེད་པའི་དང་བོ་བླ་མ་ལ་དབུལ་རྒྱུ་བྱུང་བ་རྟེན་འབྲེལ་འགྲིགས་བསམ་ཞེས་གསུངས།

གདན་སར་བཀོད་རྗེས་ཡོངས་འཛིན་དུ་རི་ཁྲོད་པ་འཇམ་དབྱངས་མཆོག་གྲུབ་གདན་དྲངས་ཤིང་། ཁོང་གི་མཚན་ལམ་དུ་ཡང་མི་ནག་པོ་ཞིག་འོངས་ནས་སང་ཉིན་ཁྱོད་འབོད་མཁན་ཞིག་འོངས་བས་དེ་ལ་ཅིས་ཀྱང་སོང་ཟེར་བ་ཞིག་རྨིས་འདུག་གསུངས། སྡེ་ཁྲི་ཚང་ལ་རྗེ་འདིའི་འཁྲུངས་རབས་སྐུལ་མཁན་ཡང་འདི་བ་ཡིན། དགུང་ལོ་བདུན་གྱི་ཐོག་ཡོངས་འཛིན་གྱིས་ཁྲིད་ནས་གུང་ཐང་རིན་པོ་ཆེར་འཇིགས་བྱེད་ཀྱི་དབང་ཞུས་པས། བླ་མའི་ཞལ་ནས། འདིའི་སྐྱེ་བ་སྔ་མས་བདེ་མཆོག་འདོན་ཚོད་ཡིན་བདེ་མཆོག་ཅིག་བཏོན་ན་བཟང་གསུངས་ནས་དྲིལ་བུ་ལྷ་ལྔའི་དབང་དང་། ཛམ་དཀར་ལྷ་ལྔའི་རྗེས་གནང་། མགོན་པོའི་རྗེས་གནང་སོགས་གནང་། བསླབ་སྦྱངས་རྣམས་ཀྱང་བརྡ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད་ཅིང་། བླ་མཆོད། དཔའ་གཅིག། བརྒྱ་རྩ། མགོན་པོ། ལྷ་མོ་སོགས་ཆག་མེད་དུ་ཞལ་འདོན་གནང་། ཆུང་དུས་ནས་བག་ཡོད་ཀྱི་སྤྱོད་པ་ལྷན་སྐྱེས་སུ་མངའ་བས་རྗེ་ཉིད་ཀྱི་ཞལ་ནས་ར་སྐོར་ཕྱི་མ་ན་གྲོང་པ་མང་པོ་འདུག་པས་དེ་ལ་གཏན་ནས་མ་འགྲོ། ཆུང་དུས་མི་མང་དང་འགྲོགས་ན་ལད་འགྲོ་ཞེས་གསུངས། སྐབས་ཤིག་སྡེ་ཁྲི་རིན་པོ་ཆེ་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བའི་སྤྱི་ལོ་༡༨༢༤དུས་བྲག་དཀར་དགོན་པའི་ལྟག་ག་ནས་སྒར་བཏབ་ནས་བཞུགས། [འོན་ཀྱང་རྗེ་དེའི་རྣམ་ཐར་དུ་འདི་མ་འཁོད་འདུག་]ཉིན་ཤས་ལ་མདུན་དུ་མ་སོང་བར། མཁའ་འགྲོ་མ་འདིར་མི་ཕེབས་པ་གསུངས་པ་ཐོས་པས། སྐུ་མདུན་དུ་ཕེབས་པར་གནས་ཁང་ནས་ཕྱིར་བྱོན་འདུག་པས་ང་གནས་ཁང་དུ་སོང་བ་ཡིན།

དེ་ན་ཚིལ་མང་བོ་འདུག་འདི་ཚིལ་རེད་ཅེས་རྡོ་དཀར་བསྟན་པར་རྗེ་འདིས་དེ་རྡོ་ཞིག་རེད་ཞུས་པར་མ་རེད་ཅེས་སྐུ་རྩེད་གནང་། ད་སོང་ནས་རྩེད་མོ་རྩེས། ངེད་ཚོས་གྱོད་ཅིག་བཤད་ཀྱིན་ཡོད། ཉིན་གཅིག་ཤོག་དང་ངས་བདེ་མཆོག་གི་རྗེས་གནང་ཞིག་བསྐུར་གསུངས་ནས་ཕྱིས་སུ་གནང་། རྗེ་ཉིད་ཀྱི་ཞལ་ནས། སྐབས་ཤིག་གཉན་ཁྲོད་པ་འགའ་ཆུ་ཁ་ནས་རས་གུར་ཕུབ་སྟེ་བསྡད་འདུག །ཕྱི་ཉིན་ཇ་མ་རྒན་པོ་ཞིག་ཡོད་པས་དེ་བསོད་གྲགས་ཚང་རེད་ཟེར་བས་མཚན་ཐོས་པ་ཙམ་གྱིས་སྡོད་མི་ཚུགས་པ་བྱུང་སྟེ་མདུན་དུ་ཕེབས། གནས་ཁང་དུ་ཕེབས་གྲབས་འདུག་པས་ང་ཡང་འགྲོ་རྒྱུ་ཡིན་ཞུས་པར། དེ་མི་རུང་ཁྱོད་ལྷུང་འགྲོ་གསུངས་པར་སྐྱོན་མེད་ང་ཅིས་ཀྱང་འགྲོ་རྒྱུ་ཡིན་ཞུས་ནས་ཞབས་ཞུར་སོང་བ་ཡིན། གནས་ཁང་དུ་དང་པོར་ཁོང་དང་མཉམ་དུ་སོང་བ་དེ་རྟེན་འབྲེལ་ལེགས་འདུག །གཤིན་རྗེའི་འཕྲང་ནས་རྗེ་དེ་ཉིད་ཀྱིས་ཐག་པ་བསྣམས་ཏེ་རྐང་བརྒྱད་གསུང་བཞིན་མི་རྣམས་ཡར་འཐེན་གྱིན་འདུག་ཅེས་གསུངས། འདི་དག་གཞོན་དུས་ཀྱི་མཛད་པ་ཆེ་ལོང་ཙམ་མོ། །རབ་བྱུང་གི་ཚུལ་ཁྲིམས་གུང་ཐང་རིན་པོ་ཆེར་ཞུས་ཤིང་། མཚན་ལ་དཀོན་མཆོག་རིག་འཛིན་སྒྲོལ་མ་ཞེས་གསོལ་ཏེ། གསོལ་དཀར་ཕྱི་ནང་གཉིས་ཀ་སེར་བོ་ཞིག་ཞོས་བཀང་སྟེ་གནང་། རྗེ་འདི་ལ་ནམ་མཇལ་ཡང་ཕྱག་གཡོན་པས་མཇལ་ཁ་དང་། གཡས་པས་ཕྱག་མདུད་གནང་བ་བདེ་མཆོག་གི་རྒྱུད་དོན་དང་འབྲེལ་བའི་དགོས་པ་ཁྱད་པར་ཅན་ཡོད་པར་སེམས། མཁའ་འགྲོ་མ་འདི་ཉིད་དགུང་ལོ་དགུར་སོན་སྐབས་གུང་ཐང་འཇམ་པའི་དབྱངས་ཞི་བར་གཤེགས་མོད། རྗེ་འདི་ཉིད་ཀྱི་ཞལ་རས་གཏན་ནས་མི་བརྗེད་ཅེས་ཞལ་ནས་གསུངས།

༈ དེ་ནས་མང་དུ་ཐོས་པ་ཇི་ལྟར་མཛད་ཚུལ་ནི།

༧ཀུན་མཁྱེན་སྐུ་འཕྲེང་གསུམ་པ་༡༧༩༢—༡༨༥༥དང་། བཞི་བ་༡༨༥༦—༡༩༡༦རྣམ་གཉིས་དང་། གུང་ཐང་སྐུ་ཕྲེང་གསུམ་པ་༡༧༦༢—༡༨༢༣བཞི་བ་༡༨༢༤—༡༨༥༩ལྔ་བ་༡༨༦༠—༡༩༢༥གསུམ་དང་། ཧོར་གཙང་ཁྲི་ཆེན་འཇིགས་མེད་རིག་པའི་སེང་གེ་༡༧༤༧—༡༨༡༦དང་ཁོང་གི་ཡང་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་༡༨༡༦—༡༨༧༥དང་། དེའི་ཡང་སྤྲུལ་སྐལ་བཟང་དཔལ་ལྡན་གྲགས་པ་༡༨༧༥—༡༩༡༢གཉིས། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་༡༧༧༩—༡༨༦༢དང་ཁོང་གི་སྤྲུལ་སྐུ་བློ་བཟང་ལུང་རིགས་ཉི་མ་༡༨༦༢—༡༨༧༤དང་དེའི་ཡང་སྤྲུལ་འཇིགས་མེད་ཐུབ་བསྟན་ཉི་མ་༡༨༧༤—༡༨༩༨གསུམ། དབལ་མང་དཀོན་མཆོག་རྒྱལ་མཚན་༡༧༦༤—༡༨༥༣བསོད་གྲགས་དཀོན་མཆོག་རྒྱ་མཚོ་༡༧༩༠—དང་ཁོང་གི་སྤྲུལ་སྐུ་འཇིགས་མེད་བསོད་ནམས་རྒྱ་མཚོ་གཉིས། མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ༡༨༣༦—༡༨༨༩། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ༡༨༤༡—༡༩༠༧། གླིང་དཀོན་མཆོག་དགྱེས་པའི་བློ་གྲོས་༡༧༧༣—དང་མཆོག་སྤྲུལ་འཇིགས་མེད་བློ་གྲོས་རྒྱ་མཚོ་༡༨༣༩—གཉིས། སྟག་ལུང་དཀོན་མཆོག་ཉི་མ་༡༧༨༢—༡༨༣༦དང་། མཆོག་སྤྲུལ་བློ་བཟང་དམ་ཆོས་རྒྱ་མཚོ་༡༨༤༠—༡༨༨༩གཉིས། རྡོ་རྗེ་འཆང་རྗེ་བཙུན་ཤེས་རབ་རྒྱ་མཚོ་༡༨༠༣—༡༨༧༥སོགས་བསྟེན་ཏེ་གསན་བསམ་རྒྱ་ཆེར་གནང་། ཁོང་གི་དགེ་རྒན་གཙོ་བྱས་པའི་བླ་མ་དེ་དག་གི་ཞལ་ཐང་བཞེངས་ཏེ་བཤེས་གཉེན་བསྟེན་ཚུལ་གྱི་དམིགས་སྐོར་ལ་ནན་ཏན་གནང་ཞིང་། རྒྱུན་དུ་བྱིན་རླབས་ཞུ་བར་མཛད་ལ་སྡེ་ཁྲི་རིན་པོ་ཆེ་དང་། བསོད་གྲགས་ཚང་རྣམ་གཉིས་ལ་དད་གུས་གཞན་དང་མི་དྲ་བ་གནང་ཞིང་ཐུན་མིན་གྱི་རྣམ་ཐར་དཔོག་པར་དཀའ།

ས་བྱི་སྤྱི་ལོ་༡༨༢༨ལོར་ཞབས་དཀར་ཚོགས་དྲུག་རང་གྲོལ་མཇལ་ཚུལ་དེའི་རང་རྣམ་ལས། རྒན་གྱ་རུ་སོང་དུས་གནས་ཆེན་བྲག་དཀར་ལ་མཇལ། ཉི་མ་མང་བོར་གནས་ཁང་དུ་བསྡད་གནས་འབྲེལ་བཞག །བྲག་དཀར་མཁའ་འགྲོ་མ་ལ་མཇལ། རྟེན་གསུམ་ཕུལ་ནས་ཆོས་འབྲེལ་ཞུས། དགོན་པར་མང་ཇའི་དོད་དུ་རྟ་གཅིག་ཕུལ། ཞག་གཉིས་བསྡད་ནས་ཕྱག་སྐོར་བྱས་ཞེས་སོ། །ཀུན་མཁྱེན་བཞི་བ་ཆེན་མོར་རྗེ་འདིས་ཞལ་ཕུ་ཞིག་གནང་རོགས་ཞུས་པར་དེ་མི་རུང་གསུངས། རྗེ་འདིས་དེས་ཅི་སྐྱོན། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །གསུངས་འདུག་མོད་ཞུས་པར། ཀུན་མཁྱེན་གྱིས་དེ་རྗེ་རིན་པོ་ཆེ་རེད་མོད་གསུངས། རྗེ་འདིས་ང་ལ་རྗེ་རིན་པོ་ཆེ་དང་ཁྱེད་གཉིས་ཁྱད་ཅི་ཡང་མེད་ཞུས་པར། འོ་འོ་དེས་ན་ཆོག་གི་གསུངས་ནས་ཞལ་ཕུ་མཛད། ཀུན་མཁྱེན་སྐུ་ཕྲེང་བཞི་བའི་རང་རྣམ་ལས་རབ་བྱུང་བཅོ་ལྔ་བའི་ཆུ་འབྲུག་སྤྱི་ལོ་༡༨༩༢ལོའི་ཐད་དུ་བྱུང་བ་མ་དག་སྟེ། དེའི་སྔ་ལོར་རྗེ་འདི་གཤེགས་ཟིན་པ་རང་རྣམ་དེར་གསལ་བས་སོ། །བཀྲ་ཤིས་འཁྱིལ་དུ་ཕེབས་རེས་ཀྱིས་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱི་གསོལ་འདེབས་གསུངས་ནས་ཇ་ཕུད་ཕུལ། ཞལ་ཕྱིར་ཕྱོགས་ཏེ། སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ངོ་བོ་ཉིད། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ལས། །དག་པའི་རྟེན་དང་གཡོ་བའི་རང་བཞིན་གྱིས། །རྟེན་དང་བརྟེན་པར་ཤར་ལ་མཆོད་པ་འབུལ། །ཞེས་གསུངས་ནས་བྲག་དཀར་ཕྱོགས་ལ་མཆོད། དེ་ནས་རྐང་བརྒྱད་གསུང་བཞིན་ཕེབས་པ་ཡིན་འདུག །རྗེ་ཐུའུ་བཀྭན་རིན་པོ་ཆེས་ཁ་དར་གང་གནང་རྣམས་བདེ་མཆོག་གི་གསང་ཐང་ལ་འབུལ་བར་མཛད་པ་སོགས་དགེ་བའི་བཤེས་གཉེན་བསྟེན་ཏེ་གདམས་ངག་གསན་ནས་ཐོས་བསམ་གནང་བའི་སྐོར་རོ། །

གདམས་དོན་ཉམས་སུ་བཞེས་པའི་སྐོར་ནི། རྗེ་ཐམས་ཅད་མཁྱེན་པའི་དགོངས་པ་ལྟར་སྡོམ་གསུམ་དག་པ་ཉམས་ལེན་གྱི་མཐིལ་དུ་མཛད་ནས་ཉིན་རེ་བཞིན་དུ་ཐུན་དྲུག་རྣལ་འབྱོར་ཆག་མེད་དུ་མཛད། ནངས་རེ་བཞིན་དུ་ལྗགས་བྱིན་རླབས། གང་བློ་མ། དགའ་ལྷ། ས་གསུམ་མ། དམིགས་བརྩེ་མ་གང་འགྲུབ། བདེ་མཆོག་གི་ཆོ་ག །བརྒྱ་རྩ། སྤྱི་གཏོར། དཀར་གཏོར། ཕྱག་དང་འབྲེལ་ཏེ་ལྟུང་བཤགས། སྨན་བླ། བླ་མཆོད། དཔའ་གཅིག །བཟང་སྤྱོད། བྱམས་པའི་དམ་གཟུངས། བདེ་གསང་འཇིགས་གསུམ་གྱི་རྩ་རྒྱུད། དུས་འཁོར་བསྡུས་རྒྱུད། མཚན་བརྗོད། བྱམས་ཆོས་སྡེ་ལྔ། དབུ་མ་འཇུག་པ། བསྐལ་བཟང་རྒྱན་ཕྲེང་། གསེར་འོད། བརྒྱད་སྟོང་རྣམས་ཅི་ཐུབ་རེ་ལྗགས་ཀློག །དེའི་རྗེས་ནས་སྐོར་བ་གང་འགྲུབ། ཚེ་དཔག་མེད། མཁའ་སྤྱོད་མ། ཁྲོས་ནག །དམིགས་བརྩེ་མ། ཁྱུང་ཁྲ། རྟ་མགྲིན། འཁོར་ཆེན། སེང་གདོང་། རིག་བྱེད་མ། རྣམ་འཇོམས་མ། ལོ་གྱོན་མ། རྣམ་རྒྱལ་མ། བདེ་མཆོག་དཀར་བོ། ཧེ་རུ་ཀའི་ཡིག་བརྒྱ་རྣམས་བརྒྱ་རྩ་རེ་བཞེས་པ་གནང་བའི་སྐབས་གཅོད་ཀྱི་ཚོགས་འཁོར། ཕྱི་དྲོ་མགོན་པོ་དང་ལྷ་མོའི་བསྐང་གསོ། ཆོས་སྐྱོང་གཞན་གྱི་གཏོར་བསྔོས། ལུས་སྦྱིན་བཅས་འདི་རྣམས་ཆག་མེད་དུ་གནང་། བསྙེན་པ་གནང་བའི་ལྷག་ལྷ་ཡང་། བདེ་གསང་འཇིགས་གསུམ། དུས་འཁོར། འཁོར་ཆེན། མཁའ་སྤྱོད་མ། རིག་བྱེད་མ། རྟ་མགྲིན། ཀུན་རིག །རྣམ་སྣང་མངོན་བྱང་། ཚེ་དཔག་མེད། ཐུགས་རྗེ་ཆེན་པོ། སྒྲོལ་དཀར། གསང་བདག །འཇམ་དབྱངས་དཀར་བོ། ཁྱུང་ཁྲ། སེང་གདོང་མ། མགོན་ཆོས་གཉིས་སོགས་ཀྱི་བསྙེན་པ་གནང་བར་མཛད། གཉན་ཁྲོད་ལ་ཕེབས་རྒྱུ་བསོད་གྲགས་ཚང་ལ་ཞུས་པས། ཁྱོད་ཕྱི་མཚམས་ལྟར་འགྲོ་མི་དགོས། ཆུ་མིག་བརྒྱ་རྩ་ནས་རྡེའུ་བླངས་ཏེ་གདན་འོག་ཏུ་ཞོག །བྲག་ངོས་ན་ཁྱོད་རང་ལ་མཚམས་ཁང་ཡོད་པ་དེ་ན་སྡོད། བདུན་མཚམས་གསུམ་སོགས་ཞག་གྲངས་དང་ཐུན་གྲངས་ཐམས་ཅད་བཤད་ཚོད་ལྟར་གྱིས་དང་དེས་ཆོག་གསུངས། འོ་ན། མི་གཉིས་ང་རང་དང་མཉམ་དུ་འགྲོ་རྒྱུ་བྱས་ཡོད་པས་དེ་ལྟར་བསྡད་ཨེ་ཆོག་ཞུས་པར་དེ་གཉིས་ཀྱིས་དེ་ལྟར་མི་ཆོག་གསུངས། ཕྱིས་སུ་རྗེ་ཉིད་ཀྱིས་ཀྱང་མཚམས་ཁང་དེ་གཅོད་ཀྱི་གཞུང་ནས་བཤད་པ་ལྟར་གྱི་གནས་རེད་གསུངས། མཚམས་ཁང་དེར་གཞན་སུ་ཡིན་སྡོད་མི་ཐུབ་པ་ཞིག་ཡིན་འདུག །གུང་ཐང་འཇམ་པའི་དབྱངས་ནས་སྤྱན་རས་གཟིགས་ཀྱི་ཞིང་བཀོད་གནང་བ་དེའི་མདུན་དུ་སྙུང་གནས་བརྒྱ་རྩ་བརྒྱད་བསྲུངས། མ་ཎི་དུང་ཕྱུར་གཅིག །ཡིག་བརྒྱ་འབུམ་ཐེར་གསུམ། དཔལ་གསང་བ་འདུས་པའི་འགྲེལ་བ་བཞི་སྦྲགས་ཚར་བཅུ་གསུམ་ས་ཁུངས་བསྒྲིགས་ནས་དཔེ་གཟིགས་གནང་། ལོ་རེ་བཞིན་བདེ་གསང་འཇིགས་གསུམ། རྣལ་འབྱོར་མའི་བདག་འཇུག་ཉིན་བདུན་རེ། ཟླ་བ་དང་བོའི་ཚེས་གཅིག་ནས་བདེ་མཆོག་དཀར་པོའི་ཚེ་སྒྲུབ་སྔགས་འབུམ་འགྲོ་ངེས་གནང་སྟེ་བླ་མ་རྣམས་ལ་བུམ་ཆུ་འབུལ་བར་མཛད། ལོ་ཀྱཱ་ཏུན་དུ་ལན་བདུན་ལ་ཕེབས་ནས་བདག་འཇུག་བཞེས།

དང་བོར་ཕེབས་སྐབས་ཞལ་རས་སྔོན་པོར་གཟིགས་གསུངས། དེར་བཞུགས་སྐབས་ཤིག་མཚན་ལམ་དུ་བླ་མ་པཎ་ཞྭ་སྣེ་རིང་ཅན་སྐུ་གཟུགས་རིང་བ་ཞིག་ཕེབས་ནས་ང་བློ་བཟང་ཆོས་ཀྱི་ཉི་མ་ཡིན་གསུངས་ཤིང་། འདི་དུས་ནང་ཇེ་དཀར་ཇེ་དཀར་ལ་སོང་ནས་བླ་མ་དེ་ཉིད་མངོན་སུམ་པ་ལྟ་བུར་ཕེབས་བྱུང་གསུངས། སྐབས་ཤིག་དཀྱིལ་འཁོར་འོག་གི་ཅོག་ཙེའི་སྟེང་དུ་མིའི་རྐང་རྗེས་གསལ་བར་བབས་པ་ཡུན་རིང་བོར་ཡོད་འདུག །དེར་རྡོའི་ཐོད་པ་ནང་ན་སྙིང་འདྲ་བ་ཡོད་པ་ཞིག་ཀྱང་རྙེད། ཕེབས་རེས་ཤིག་རྨ་ཆུའི་ཁ་ན་མར་འབྲོག་མོ་ཞིག་འགྲོ་གིན་འདུག་པས་ང་ལ་ཡང་ཡང་བལྟས་བྱུང་། རྒྱ་ནང་ན་དེ་འདྲ་མེད་ཀྱང་ཅི་ཡིན་མ་ཤེས་གསུངས། ས་ལུག་སྤྱི་ལོ་༡༨༥༩ལོར་རྗེ་ཤེས་རབ་རྒྱ་མཚོའི་མདུན་ནས་སྒྲོལ་དཀར་དང་དམ་ཅན་སེང་ཞོན་གྱི་རྗེས་གནང་། འཇིགས་བྱེད་བདུད་ལས་རྣམ་རྒྱལ། མཁས་གྲུབ་བསྟན་འཛིན་པའི་སྒྲོལ་དཀར་ཚེ་ཆོག །མན་ངག་བཀའ་རྒྱ་མའི་ལུང་། སྒྲོལ་དཀར་ཚེ་ཁྲིད་བཅས་གསན། ཡང་རྗེ་དེའི་མདུན་ནས་ལྕགས་བྱ་སྤྱི་ལོ་༡༨༦༡ལོར་རླུང་ཁྲིད་འཇའ་ལུས་མངོན་གྱུར་ལུང་ཁྲིད་དང་། མན་ངག་ཧ་འདོན་གྱི་དམིགས་ཁྲིད། འཇམ་དབྱངས་དཀར་པོའི་རྗེས་གནང་། བདེ་མཆོག་གི་ཟས་མཆོད་ཤིན་ཏུ་གསང་བའི་མགུར་དབྱངས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་སྙིང་གི་ཐིག་ལེ་སྐུལ་བའི་སྒྲ་དབྱངས། གྲུབ་མཆོག་ལཱུ་ཨི་བའི་ལུགས་ཀྱི་བདེ་མཆོག་བསྐྱེད་རྫོགས་ཀྱི་ཁྲིད་ཞལ་ཤེས་ཀྱིས་བརྒྱན་པ་གསན། ཆུ་ཁྱི་སྤྱི་ལོ་༡༨༦༢ལོར་རྗེ་དེའི་དྲུང་ནས་བླ་མཆོད་ཀྱི་ཁྲིད་རྒྱས་པ་གསན། ཆུ་ཕག་སྤྱི་ལོ་༡༨༦༣ལོར་རྗེ་དེའི་དྲུང་ནས་བདེ་མཆོག་ལཱུ་ཨི་བའི་དབང་སྟ་གོན་དང་བཅས་པ་བསོད་གྲགས་ནང་ཆེན་དུ་གསན། ཤིང་བྱི་སྤྱི་ལོ་༡༨༦༤ལོར་རྗེ་དེ་ཉིད་ཀྱི་དྲུང་ནས་གསང་འདུས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གསན།

ཤིང་གླང་སྤྱི་ལོ་༡༨༦༥ལོར་རྗེ་དེའི་མདུན་ནས་བརྒྱ་རྩའི་ཁྲིད། སྨན་བླའི་དབང་གསན། མེ་སྟག་སྤྱི་ལོ་༡༨༦༦ལོར་རྗེ་དེའི་དྲུང་ནས་རྗེ་ཉིད་ཀྱིས་མཛད་པའི་ཟིན་བྲིས་ཡོངས་རྫོགས་ཀྱི་ལུང་གསན། མེ་ཡོས་སྤྱི་ལོ་༡༨༦༧ལོའི་ཟླ་གསུམ་པར་རྗེ་ཤེས་རབ་རྒྱ་མཚོར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་སོགས་གསན། ཆུ་སྤྲེལ་སྤྱི་ལོ་༡༨༧༢ལོར་རྗེ་དེའི་དྲུང་ནས་བརྒྱད་སྟོང་པའི་ལྗགས་ལུང་གསན། མེ་ཁྱི་སྤྱི་ལོ༡༨༨༦ལོར་ཀུན་མཁྱེན་བཞི་བ་མཆོག་ཀྱེ་རྡོར་ཚོགས་དབུར་གདན་འདྲེན་ཞུས་ཤིང་གྱ་ནོམ་པའི་མཆོད་སྤྲིན་ཕུལ་ཏེ་ཚེ་རབས་རྗེས་འཛིན་གྱི་སྐྱབས་འཇུག་ཞུས། མེ་ཕག་སྤྱི་ལོ་༡༨༨༧ལོར་སྐྱབས་མགོན་དེ་ཉིད་རང་གི་ནང་ཆེན་དུ་གདན་དྲངས་ཏེ་ཚེ་དབང་ཞུས། དུས་རྒྱུན་ཡར་མར་གྱི་ཚེས་བཅུ་ལ་བདེ་མཆོག་བདག་འཇུག་ཚོགས་འཁོར་དང་བཅས་པ་གནང་བ་སོགས་སྤོང་བ་བསམ་གཏན་གྱི་ཉམས་བཞེས་མཛད་པའི་སྐོར་རོ། །དེ་ནས་བྱ་བ་ལས་ཀྱི་འཁོར་ལོ་མཛད་པའི་ཚུལ་ནི། ལོ་ཀྱཱ་ཏུན་དུ་དང་པོ་ཕེབས་སྐབས་དོང་ཙེ་ཆེ་བ་འགའ་ཞིག་དད་ལྡན་ཞིག་གིས་ཕུལ་པས་མགོན་པོའི་བྲིས་སྐུ་བཞེངས་པ་རྟེན་བཞེངས་ཀྱི་ཐོག་མ་ཡིན། གཟིམ་ཁང་དང་ལྷ་ཁང་རྙིང་བ་གསར་བཞེངས་བྱེད་རྩིས་གནང་བར་དོང་ཙེ་ཁྱོན་བརྒྱ་ལས་མེད་པས་ཐབས་མ་རྙེད་མར་བཞུགས་སྐབས། མཚན་ལམ་དུ་གྲྭ་བ་ཞིག་གིས་ཁྱེད་ཀྱིས་བཞེངས་ཐབས་གྱིས་དང་ངས་གྲོགས་བྱེད་ཟེར་བ་བྱུང་བས།

དེ་ནས་གདན་འདྲེན་པ་མང་དུ་བྱུང་སྟེ་ལེགས་མར་གྲུབ། འོན་ཀྱང་འཚུབ་ཆ་ཤིན་ཏུ་ཆེ་བས་བསོད་གྲགས་རིན་པོ་ཆེ་གློ་བུར་དུ་ཕེབས་ནས་ཁྲོས་མའི་གཏོར་ཟློག་ཅིག་གནང་བ་དང་། ཧེ་རུ་ཀའི་ཡིག་བརྒྱ་མང་དུ་སྒྲུབས་གསུངས་པ་ལྟར་བསྒྲུབས་པས་རང་ཞིར་སོང་། ཡང་ནུབ་གཅིག་ཁོང་སྒམ་ཞིག་གི་ནང་དུ་བཅུག་འདུག་པར་སྔར་གྱི་གྲྭ་བ་དེ་འོངས་ནས་བུ་ག་ཕྲ་མོ་ནས་ལག་པ་བཟེད་པས་དེ་མ་ཐག་ཕྱིར་ཐོན་ཏེ་ནང་དུ་ཕེབས་པ་ན། གྲྭ་བ་དེ་ཧོར་གཙང་རིན་པོ་ཆེའི་ཕྱག་བྲིས་ཀྱི་བཀྲ་ཤིས་རྟགས་བརྒྱད་ཅིག་ཡོད་པ་དེ་ལ་ཐིམ་འགྲོ་བ་ཞིག་རྨིས་གསུངས། དེ་དམ་ཅན་གྱི་འཕྲུལ་དུ་འདུག་གསུངས་ནས་སྐབས་རེར་རྗེ་ཆོས་ཀྱི་ཉི་མས་མཛད་པའི་དམ་ཅན་གྱི་ཆོ་ག་རྒྱས་པ་དེ་འདོན་དུ་འཇུག་པ་གནང་། བཀྲ་ཤིས་འཁྱིལ་དུ་མང་ཇ་ལན་བདུན་གནང་ཞིང་། བྲག་དཀར་དགོན་འདི་ཉིད་ལ་འགྱེད་མང་སྐོལ་ལན་གྲངས་དུ་མ་དང་གཏོར་ཆེན་ཡང་མང་དུ་བཏང་། དགོན་པའི་ལྷ་ཁང་འདུ་ཁང་ཞིག་གསོས་དང་། འདུ་ཁང་ཕུའི་བྱམས་སྐུ། ཇོ་བོ། རྡོ་རྗེ་འཆང་གསུམ་ལ་ཞིག་གསོས་མཛད་ནས་རྟེན་གཟུངས་གཞུག་མང་པོ་ཕུལ། ཧོར་ཚང་དང་རྣམ་གཉིས་ཀྱིས་རབ་གནས་རྒྱས་པ་གནང་། དེ་ནས་བཟུང་ཟླ་རེ་བཞིན་དུ་བྱམས་ཁང་དུ་ཁྲུས་གསོལ་དང་རྟེན་བསྟོད་བྱམས་བསྟོད་བཅས་དུས་ཆེན་རྣམས་ལ་ཆག་མེད་མཛད་དགོས་པའི་གསུང་བཀོད་མཛད། རྗེ་ཉིད་ཀྱི་ལྷ་ཁང་ལའང་གྲིབ་ཕོག་པའི་རྐྱེན་གྱིས་ཁྲུས་གསོལ་དང་མཁའ་འགྲོའི་རྨུག་བསང་གནང་བས་ཐུབ་དབང་ཐུགས་ཀའི་གཟུངས་ཐག་སོར་དོ་ལས་མེད་པ་རིམ་གྱིས་སྐྱེས། རང་རེའི་དགོན་འདིར་ཡང་དབྱར་གནས་མ་ཚུགས་གོང་རྗེ་ཉིད་ཀྱིས་ནང་དུ་གྲྭ་བ་བདུན་རེ་གདན་དྲངས་ནས་ལོ་བདུན་ལ་དབྱར་གནས་བཟུང་བ་སོགས་བྱ་བ་ལས་ཀྱི་འཁོར་ལོའི་སྐོར་རོ། །

ཐོར་བུའི་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་བྲིས་ན། སྡེ་ཁྲི་རིན་པོ་ཆེས་ཁྱེད་ཤེལ་དགོན་དུ་སོང་ན་བཟང་གསུངས་པ་ལྟར་དེར་ཕེབས་པས་བྲག་ཟླ་ཕྱེད་རྡོ་རྗེ་འདྲ་བ་ཞིག་གིས་བཅད་འདུག་པའི་ཕར་ནང་ན་རུས་པ་ཆེ་ཆུང་མང་བོ་དང་། ཤ་རློན་པ་སྤུངས་འདུག་པའི་ནང་ནས་དུམ་བུ་རེ་བསྣམས་ནས་ཕེབས་ཏེ། རྗེ་ཤེས་རབ་རྒྱ་མཚོ་དང་། རྗེ་ཞང་སྟོན་བསྟན་པ་རྒྱ་མཚོ་རྣམ་གཉིས་ལ་ཕུལ་པ་དང་། བྲག་ནང་དེར་མཚན་ཐོག་ཐག་བཞུགས་པར་བྲག་ངོས་ཐམས་ཅད་ཡི་གེས་གང་འདུག་པ་གཟིགས་ཀྱང་ནམ་ལང་པ་ན་མེད་འགྲོ་བར་འདུག་གསུངས། སྡེ་ཁྲི་ཚང་ནས་བྲག་དཀར་འདིའི་བྲག་སོར་མོའི་དབྱིབས་སུ་འདུག་པས་སྐུ་འཁོར་གྱི་གནས་ནཱ་ག་ར་ཡིན་པར་འདུག །དེ་ན་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་ཞེས་གསུངས་འདུག་པས་ཤིན་ཏུ་དཔའ་མོ་ཁྱོད་ཡིན་རྒྱུ་རེད་གསུངས། དབལ་མང་ཚང་ལ་མཇལ་བར་ཕེབས་སྐབས་སྐུ་མདུན་པས་རྗེ་འདི་ཕེབས་འདུག་ཞུས་པར། གུང་རུ་མཁའ་འགྲོ་མ་དམག་ཟོར་མ་དངོས་ཡིན་པ་རེད་གསུངས། གྲུབ་པ་དུང་རྣ་བས་རྗེ་འདི་ཁོའི་སྒྲུབ་ཁང་དུ་ལན་གསུམ་གདན་དྲངས་ཤིང་། རྗེ་འདི་ལ་ནམ་མཇལ་ཡང་སྨྲ་བསམ་བརྗོད་མེད་མ་བཏོན་ནས་མཇལ་ཁ་ཞུ་བར་མཛད། གྲུབ་ཆེན་འདིའི་རྣམ་ཐར་འོག་ཏུ་འབྱུང་། རྗེ་འདི་ལ་བླ་མའི་རྣལ་འབྱོར་ཞུ་མཁན་རྣམས་ལ་ཞི་བ་ལམ་ཟབ་ཐོན་དང་དེས་ཆོག་ཅེས་དང་། རྗེ་ཉིད་ཀྱི་སྐུ་འདྲ་བཞེངས་རྒྱུ་ཡིན་ཞུས་ན། ལབ་སྒྲོན་བཞེངས་ན་བཟང་། ང་འདྲ་བ་བཞེངས་པས་ཅི་བྱེད་གསུངས། འདི་ཡང་དོན་གྱི་གནད་མཁྱེན་པའི་གསུང་སྟེ། དེང་སང་བསྟན་པའི་བདག་པོ་དང་རྒྱན་དྲུག་མཆོག་གཉིས་རྗེ་ཡབ་སྲས་ལྟ་བུའི་སྐུ་གཟུགས་ལ་རྩིས་ཆེན་དུ་མི་བྱེད་པར་བཤེས་གཉེན་བསྟེན་ཚུལ་གྱི་གོ་བ་ཕྱིན་ཅི་ལོག་ཏུ་སོང་སྟེ་སྡོམ་གསུམ་སོགས་ཆོས་ཀྱིས་རང་རྒྱུད་ལ་ཕན་ཐོགས་བྱས་པ་ཅི་ཡང་མེད་བཞིན་དུ་ཆེན་པོའི་མིང་ཐོགས་ཤིང་དག་སྣང་སྦྱོང་དཀའ་བའི་བྱ་སྤྱོད་ཡ་མ་ཟུང་སྟོན་མཁན་གྱི་འདྲ་པར་རྫིག་ཉམས་ཅན་མང་བོས་ས་གང་བ་འདི་ལ་དགོངས་ནས་ངེས་དོན་གྱི་མཁའ་འགྲོ་མ་འདིས་ཀྱང་ང་འདྲ་བ་བཞེངས་ནས་ཅི་བྱེད་གསུངས་པར་གདོན་མི་ཟའོ། །

རྗེ་ཉིད་ཀྱི་ཞལ་ཚབ་ལྟ་བུར་ལབ་སྒྲོན་གྱི་སྐུ་གཟུགས་བཞེངས་པ་རང་བྱོན་ལྟ་བུར་ཕེབས་ཤིང་། ལོ་གཅིག་གི་ཡུན་ལ་རྗེ་ཉིད་ཀྱིས་རབ་གནས་ཆག་མེད་མཛད་པས་བྱིན་རླབས་ཀྱི་གཏེར་དུ་གྲུབ་པ་དེའི་དཀར་ཆག་རྒྱས་པ་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོས་མཛད་པ་དང་། ཀུན་མཁྱེན་བཞི་བ་མཆོག་གིས་འདི་གསོན་པོ་ལྟ་བུར་འདུག་གསུངས་སོ། །འོན་ཀྱང་རབ་རྒྱལ་ས་ཁྱི་སྤྱི་ལོ་༡༩༥༨ལོ་ནས་བཟུང་སེམས་ཅན་སྤྱི་མཐུན་གྱི་ལས་དབང་བཟློག་ཏུ་མ་བཏུབ་པར་བསྟན་འགྲོ་གཉིས་ཀར་ཆག་ཆེ་ཉམ་ང་བྱུང་སྐབས་སྐུ་དེ་ཡང་འཕྲིན་ལས་ཀྱི་མཇུག་རེ་ཞིག་བསྡུས་མོད། བསྟན་པ་ཡང་དར་སྐབས་གུང་རུ་མཁའ་འགྲོ་མའི་ཡང་སྲིད་དྲུག་པ་མཆོག་གིས་ལབ་སྒྲོན་གྱི་སྐུ་བཞིན་ལེགས་ཡ་མཚན་ཅན་དེ་ཉིད་སྐྱེ་རྒུའི་བསོད་ནམས་བསགས་པའི་ཞིང་སར་བཞེངས་ཡོད་དོ། །

ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་གོང་དུ་སྤེལ་ཕྱིར་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོར་སེམས་བསྐྱེད་མཆོད་པ་ཞུས་ཏེ། དེ་རིང་ང་བྱང་ཆུབ་སེམས་དཔའ་ངེས་པར་ཡིན་ཞུས་པར། བླ་མས་ཁྱོད་བྱང་ཆུབ་སེམས་དཔའ་ལོས་ཡིན། ཁྱོད་དང་མཉམ་དུ་སེམས་བསྐྱེད་རྒྱུ་ཞིག་བྱུང་བ་ང་ཡང་སྐལ་བ་བཟང་གསུངས། རྗེ་ཞང་སྟོན་བསྟན་པ་རྒྱ་མཚོར་གཅོད་གདོན་ཚོགས་དགུ་མའི་ལུང་དང་། བདེ་མཆོག་ཡབ་ཡུམ་གྱི་རྐང་བརྒྱད། རིན་ཆེན་རྣམ་བཞིའི་སྔགས། ཡུམ་ཆེན་ཐུགས་སྲས་མའི་ལུང་དང་། གཞན་བཀའ་རྒྱ་མའི་སྐོར་ཁ་ཤས་གནང་བ་དང་། ཧོར་སྐུ་ཕྲེང་བཞི་བ་བློ་བཟང་དགེ་ལེགས་རྒྱ་མཚོར་ཡང་རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་གྱི་ལུང་གནང་བར་མཛད། དགོན་པས་རྗེ་ཞང་སྟོན་པར་ལམ་ཁྲིད་ཞུས་པར། དེ་བཀའ་དྲིན་ཆེ། འདི་རྒྱུད་གྲྭ་ཡིན་པས་དབང་རེ་ཞུ་གིན་འདུག །ལམ་རིམ་གོ་མ་མྱོང་བས་སྐས་ཀྱི་རྟིང་བ་ནས་མི་འགྲོ་བར་མགོ་ནས་མར་བབས་པ་ཅི་ཡང་མ་རེད་གསུངས། ཉང་ཚང་སྤྲུལ་སྐུས་རྗེ་ཉིད་ལ་ཚེ་རབས་རྗེས་འཛིན་ཞུས་པར། བསླུ་མེད་གཏན་གྱི་སྐྱབས་གནས་བླ་མ་དང་། །བརྩེ་ཆེན་ཐུགས་རྗེའི་གཏེར་ཆེན་ཝ་ར་ཧི། །ཁྱོད་མིན་རེ་སའི་སྐྱབས་གཞན་མ་མཆིས་པས། །མཁའ་སྤྱོད་ཞིང་དུ་འཁྲིད་པར་མཛད་དུ་གསོལ། །ཞེས་པ་གནང་བར་མཛད། བཀྲ་ཤིས་འཁྱིལ་གྱི་གྲྭ་བ་ཞིག་གིས་ཞུས་ངོར། དཀོན་མཆོག་ཀུན་འདུས་བླ་མ་རྗེ་བཙུན་མ། །རིག་འཛིན་མཁའ་འགྲོ་ཀུན་འདུས་རྗེ་བཙུན་མ། །དཔའ་མོ་ཐུགས་རྗེའི་གཏེར་ཆེན་རྗེ་བཙུན་མ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་བོའི་བར། །ཨཱརྱ་ཏཱ་རེ་འགྲོ་བའི་སྐྱབས་གཅིག་མ། །ཁྱོད་མིན་རེ་སའི་སྐྱབས་གཞན་མ་མཆིས་པས། །སྲིད་ཞིའི་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །ཚེ་དང་དཔལ་འབྱོར་ལེགས་ཚོགས་མ་ལུས་པ། །ཡར་ངོའི་ཟླ་ལྟར་འཕེལ་བར་བྱིན་གྱིས་རློབས། །ཞེས་པ་གཞན་ལ་མ་སྟོན་གསུངས་ནས་གནང་།

ཡང་བོ་ཆུང་[སུ་རུག་གི་རུས་ཤིག་ཡིན་]བན་དེ་ཟེར་བ་ཞིག་ལ་སེམས་ཁུག་ལ་ཁ་ཏོན་རེ་གྱིས་གསུངས་པར། ཁོས་ངའི་སེམས་ཁུག་འདུག་ཞུས་པས། ཁྱོད་སོང་ལ་ང་སེམས་ལ་ཨེ་འཆར་བལྟས་ནས་སྐྱབས་འགྲོ་བརྒྱ་ཐོན་ལ་ཡར་ཤོག་གསུངས་པ་ལྟར་བྱས་པས། ཁོ་ན་རེ། སེམས་མི་ཁུག །བླ་བྲང་མན་ཆད་ཟ་ལར་ཡན་ཆད་ལ་སོང་ནས་མི་ཐུབ་པར་འདུག་ཞུས་པར། འོ་འོ་དེ་ཡིན་ཁྱོད་ཀྱིས་སེམས་ཁུག་པ་མ་རེད། བསམ་ཤེས་པ་རེད། ཕྱིན་ཆད་ངའམ་བསོད་གྲགས་རིན་པོ་ཆེ་ལྟ་བུ་རེ་སེམས་ལ་ཨེ་ཤར་བལྟས་ནས་གསོལ་བ་རེ་ཐོབ། མང་བའི་ཁ་ན་མེད་གསུངས། བླ་བྲང་ལྷ་སྡེའི་མི་ཞིག་ངག་ལྐུགས་ནས་ཁ་ནས་སྒྲ་ཙམ་ཡང་མི་ཐོན་པ་ལ་སྐྱབས་མགོན་མཆོག་ནས་མཁའ་འགྲོ་མ་ཚང་གི་མདུན་དུ་སོང་གསུངས་པ་ལྟར་སླེབ་དུས་སྐུ་མཚམས་ལ་བཞུགས་འདུག་པས། མདུན་དུ་མ་ཆུད་ཀྱང་རྗེ་ཉིད་ཀྱི་དབུ་སྐྲ་དང་སྲུང་མདུད་བུམ་ཆུ་བཅས་གནང་། མཚན་མོ་ཁོ་རང་གི་རྨི་ལམ་དུ་ཕུ་རུང་ནང་ཤིག་གིས་གང་བ་མཐོང་བས་སྐྲག་ནས་སྐད་ཆེན་པོ་བཏོན་པས་ཟླ་བོ་སད་ནས་ཁྱོད་ཀྱིས་ཁ་གྲག་ཐུབ་པ་ཨེ་རེད་ཟེར། ཐུབ་པར་འདུག་བྱས་པས། མ་ཅིག་ལབ་ཀྱི་སྒྲོན་མ་ཞེས་གསོལ་བ་བཏབ་པས་དེ་ཕྱིན་ཆད་ནས་སངས་དྭངས་སུ་སོང་། རྒན་གྱའི་གླ་ནག་གི་བྱིས་མོ་ཞིག་ཀྱང་ངག་ལྐུགས་པས་རྗེ་འདིས་ལུས་སྦྱིན་དང་བུམ་ཆུ་གནང་སྟེ། དོ་ནུབ་གནས་ཁང་ནས་ཉོལ་གསུངས་པ་ལྟར་བྱས་པས་ཕྱི་ཉིན་ལེགས་པར་གྲོལ་འདུག །མཛེ་མོ་ཞིག་ལའང་ཕྱག་གཉིས་ཀས་མགོའི་གཡས་གཡོན་བསྐྱོར་ཏེ་མཚན་དང་གཟུངས་སྔགས་གསུངས་ཤིང་ཞལ་ཕུ་གནང་བ་སོགས་བརྩེ་བ་སྙིང་རྗེའི་གཞན་དབང་དུ་གྱུར་པའི་རྟགས་མང་ཡང་།

རྗེ་ཉིད་ཀྱི་ཞལ་ནས། ངའི་ཁང་བ་འདི་གུང་ཐང་རིན་པོ་ཆེ་དང་། སྡེ་བ་ཚང་། བསོད་གྲགས་ཚང་གང་རུང་ལ་ཕུལ་ནས་ང་རང་མཚམས་ཁང་དུ་བསྡད། ཕྱིན་ཆད་སྤྲུལ་སྐུ་སོགས་མེད་པ་བྱས་ན་ཞེས་རྗེ་ཤེས་རབ་རྒྱ་མཚོར་ཞུས་པར། དེ་མི་ཆོག་ཁྱོད་ཀྱི་རྗེས་ནས་མཁའ་འགྲོ་མ་ཟེར་བ་ཞིག་དགོས་པ་རེད། གནས་འདིའི་བདག་པོ་ཡིན་པས་ཅིས་ཀྱང་དགོས་པ་རེད་གསུངས། འོ་ན། དཔའ་བོ་ཞིག་ཡོང་ན་བཟང་རྒྱུ་རེད། གྲྭ་ས་རེ་ལ་བསྡད་ནའང་ཆོག །རྟེན་བཟང་བས་གང་བྱས་ཀྱང་ལེགས་པོ་ཡོང་རྒྱུ་རེད་དཔའ་མོ་མི་བཟང་། བྱིས་མོ་ཞིག་ཡོང་ན་སྐྱུག་བྲོ་བོ་བྱས་ཡོང་། དེ་འདྲའི་ཆེད་དུ་ཨ་ལགས་གླིང་ཚང་ལ་འདུལ་བའི་གླེང་འབུམ་མཉན་པ་ཡིན། ཡང་སྐུ་ན་ཕྲ་མོའི་དུས་སྡེ་ཁྲི་རིན་པོ་ཆེར་མཇལ་སྐབས་དགྱེས་པའི་ཉམས་ཀྱིས་རང་རེ་ཚོ་སྔར་ནས་འགྲོགས་ནས་ཡོང་བ་ཞིག་ཡིན། ད་དུང་ཡང་འགྲོགས་ནས་སོང་ན་ཆོག་གསུངས། ཅི་ཙམ་གྱི་བར་འགྲོགས་ཞུས་པར། ཟུང་འཇུག་འཐོབ་ཀྱི་བར་ཡིན་མོད་གསུངས། ཟུང་འཇུག་ནམ་འཐོབ་རྒྱུ་རེད་ཞུས་པར། འདི་འདྲ་བྱས་འགྲོ་གིན་བསྡད་ན་ནམ་ཞིག་འཐོབ་ལོས་ཡོང་གསུངས། སྐབས་ཤིག་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོར་སྤྱི་ལོ་༡༨༥༨—༡༩༡༧ཁ་དར་ལྔ་འབྲེལ་ཞིག་བསྐུར་གནང་མཛད་ན་རྗེ་དེ་ཉིད་རྔ་ཡུལ་སྒོ་མང་གི་ཁྲིར་ལན་ལྔ་བཞུགས་པའི་ལུང་བསྟན་དུ་གསུངས་ཏེ། རྗེ་དེའི་གསང་རྣམ་ལས། རྒྱལ་ཡུམ་ལབ་ཀྱི་སྒྲོན་མའི་སྤྲུལ་བའི་གར། །མ་ཅིག་གུང་རུ་ཡེ་ཤེས་མཁའ་འགྲོ་མས། །གནས་ཆེན་ནཱ་ག་ར་ནས་ལྔ་ཕྲག་དར། །བསྐུར་པ་འབྱུང་འགྱུར་ལུང་བསྟན་ཡིན་ཞེས་གསུངས། །ཞེས་གསུངས་པ་ལྟར་རོ། །

རབ་བྱུང་བཅོ་ལྔ་བའི་ཆུ་རྟ་སྤྱི་ལོ་༡༨༨༢ལོར་བཟང་བོ་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་པའི་ཉི་མར་སྒྲོལ་མ་དཀར་ལྗང་གི་ལུང་གནང་ཞིང་མཇལ་ཁ་བསྩལ། སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོ་སྤྱི་ལོ་༡༨༠༦—༡༨༨༦མེ་ཁྱི་ལོར་སྐུ་སྙུང་བའི་ཚུལ་བསྟན་པར། ཁོང་གི་བུ་སློབ་བྱང་རྒྱུད་ཀྱི་རི་ཁྲོད་པ་ཐམས་ཅད་ཀྱིས་གུང་རུ་མཁའ་འགྲོ་མ་འདི་ཉིད་ལ་ལུང་བསྟན་ཞུས་པའི་ཚུལ་ནི། རྗེ་དེ་ཉིད་ཀྱི་རྣམ་ཐར་ཞྭ་དམར་པཎྜི་ཏས་སྤྱི་ལོ་༡༨༥༢—༡༩༡༡མཛད་པ་ལས། ལུང་བསྟན་པ་ཡོད་རྒུས་བརྟག་པ་བྱེད་ཀྱིན་འདུག་རུང་། གུང་རུ་མཁའ་འགྲོ་མའི་བརྟགས་ལན་དུ་རིམ་གྲོ་དང་སྨན་གྱིས་ཕན་ངོ་ཆེར་མེད། གཙོ་ཆེར་ཁོང་གི་ཕྱག་ན་ཡོད་པས་ཐམས་ཅད་ཀྱིས་དད་གདུང་དྲག་པོས་བརྟན་གསོལ་བྱས་ན་ཨེ་དགའ། ལོ་རྙིང་ལ་བདེ་བ་གལ་ཆེ་ཟེར་བ་བྱུང་བ་བློ་རྩེ་ཅན་གྱི་གཏམ་དུ་སྣང་ཞེས་དང་། ཨ་རོལ་རིན་པོ་ཆེ་ཁོང་གིས་ཀྱང་། ཞྭ་དམར་ཚང་ལ་གུང་རུ་མཁའ་འགྲོ་མས་ལོ་གསར་རྙིང་མཚམས་ལ་རྩུབ་ཟེར་ཏེ་བདེན་པ་འདྲ་གསུངས་པ་ལྟར། ལོ་དེའི་ཟླ་བཅུ་གཉིས་པའི་ཚེས་པ་དགུར་ཁོང་ཞི་བར་གཤེགས་སྣང་ངོ་། །མེ་ཕག་སྤྱི་ལོ་༡༨༨༧ལོར་ཞྭ་དམར་ཚང་གིས་མཁའ་འགྲོ་མ་འདི་ཉིད་ལ་གཏན་བཞུགས་གནང་ས་གང་ལེགས་ཞུས་པར། མཚེར་མོ་ཆེ་བཟང་བར་བཀའ་གནང་ཞིང་། རབ་ཚེས་ས་བྱི་སྤྱི་ལོ་༡༨༨༨ལོར་གཙང་མིག་དམར་དགེ་བཤེས་འཇམ་དབྱངས་དོན་གྲུབ་ཚང་ལ་རེབ་གོང་དར་ཞིང་དུ་བཅད་རྒྱར་བཞུགས་དགོས་པའི་ལུང་བསྟན་བསྩལ། ས་གླང་སྤྱི་ལོ་༡༨༨༩ལོར་གྲུབ་དབང་འཇིགས་མེད་བསམ་གཏན་ཚང་བྱོན་ནས་རྗེ་འདི་ཉིད་དང་མཇལ་འཛོམས་གནང་ཞིང་། ཕན་ཚུན་གུས་ཉམས་དང་ཉིན་ཞག་དུ་མར་ཐུན་མོང་དང་ཐུན་མིན་གྱི་ཆོས་ལྡན་གྱི་གསུང་གླེང་ཤིན་ཏུ་འཕེལ་ཏེ། གྲུབ་དབང་གིས་རྗེ་འདི་ཉིད་ལ་ཆོས་འབྲེལ་ཞུས།

འདི་ལོར་ཞྭ་དམར་རིན་པོ་ཆེ་བྲག་དཀར་འདིར་བྱོན་ནས་མཁའ་འགྲོ་མ་འདི་བར་མཇལ་འཕྲད་གནང་ཚུལ་གསལ། རབ་ཚེས་ལྕགས་སྟག་སྤྱི་ལོར་༡༨༩༠ལོར་རོང་བོའི་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཁའ་འགྲོ་མ་འདི་བའི་གསུང་བཀོད་ལྟར་རེབ་གོང་ལྕང་སྐྱར་འཇིགས་བྱེད་གཞི་བསྙེན་ཆེན་མོར་བཞུགས། ཡང་མེ་ཁྱི་སྤྱི་ལོ་༡༨༨༦ལོར་ཚ་གན་ནོ་མོན་ཧན་ནམ་ཆས་པུ་གཤིས་བླ་མ་དཀར་བོ་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་སྤྱི་ལོ་༡༨༣༥—༡༨༩༥གྱིས་ཅོ་ནེ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་གསར་འདེབས་ལ་ལུང་བསྟན་ཞུས་པས། གདུགས་དཀར་བཟློག་ཆེན། གཏོ་ནག་དགྲ་ཟོར། སྲི་ཟློག །ཐ་འོག་གཏོར་ཟློག་སོགས་བསྒྲུབ་དགོས་པའི་གསུང་ལན་བསྩལ་པ་སོགས་འདི་དག་གིས་སྐབས་དེའི་བླ་ཆེན་དག་གིས་མཁའ་འགྲོ་མ་འདི་བར་ཡིད་ཆེས་དད་གུས་ཇི་ལྟར་བྱེད་པ་ཅུང་ཟད་མཚོན་ཐུབ་བོ། །འདི་དག་འཕྲོས་དོན་ནོ། །རབ་བྱུང་བཅོ་ལྔ་བའི་ལྕགས་སྟག་སྤྱི་ལོ་༡༨༩༠ལོའི་དགུན་མཚམས་ནས་སྐུ་སྙུང་ཚུལ་བསྟན་ཞིང་། ལྕགས་ཡོས་སྤྱི་ལོ་༡༨༩༡ལོའི་ཟླ་དང་བོའི་ཉེར་ལྔའི་ཉིན་དགོན་པའི་གྲྭ་དམངས་དང་ཕྱོགས་ཀྱི་དད་ལྡན་རྣམས་ལ་མཇལ་ཁ་གནང་། ཟླ་གཉིས་པའི་ནང་རྗེ་ཞང་སྟོན་པ་ཕེབས་པར་མི་གཉིས་ཀྱིས་བསྟེན་ནས་གཟིམ་ཁང་ར་སྐོར་དུ་བསུ་བར་ཕེབས། ཁྱབ་བདག་ཞང་སྟོན་པས་གདུང་ཤུགས་དྲག་པོས་བརྟན་བཞུགས་ཕུལ་ཀྱང་ཞལ་བཞེས་མ་ཐོབ། ཐུའུ་བཀྭན་རིན་པོ་ཆེར་དབུལ་བ་འགའ་བསྐུར་ཏེ་ཁྱོད་ཀྱིས་ངའི་གོ་ཆོད་པའི་སྐྱབས་འཇུག་ནན་ཏན་ཞུས་གསུངས། ཁྱབ་བདག་ཞང་སྟོན་པར་གནད་ཆེ་བའི་གསང་ལུང་འགའ་ཞིག་གནང་།

ཟླ་བ་གསུམ་པའི་ནང་མཚན་སྒྲོག་མཁན་པོ་ཕེབས་ཏེ་རྗེ་ཡབ་སྲས་གསུམ་གྱི་བཟོས་གྲུབ་ཅིག་ཕུལ་པར་རྟེན་འབྲེལ་ལེགས་ཞེས་ཤིན་ཏུ་མཉེས་ཚོར་གནང་། སྐུ་འཁོར་རྣམས་ལའང་རྗེས་མ་ང་འདྲ་བ་ཞིག་མི་འོང་བའི་ཐབས་མི་འདུག་སྨོན་ལམ་ཞིག་གི་སྟབས་རེད། ཆུང་དུས་གྲོང་ཆོག་ལ་གཏན་ནས་མ་ཁྱེར། ངས་ཆོས་སྐྱོང་ལ་གཏད་གཉེར་ཡང་བྱས་ཡོད་གསུངས་པ་དང་། ཡང་སྐུ་གདུང་གནས་རིའི་ངོས་དེར་ཁོང་གི་མ་ཡུམ་བཞག་ཤུལ་དེར་བཞག་ནས་བྱ་ལ་བྱིན་ན་བཟང་། རུས་པ་རྣམས་བླངས་ནས་བྲག་ངོས་ཀྱི་མི་མི་ཐར་བ་ཞིག་ཏུ་སྐྱོལ། རུས་དུམ་ཅུང་ཟད་ཀྱང་བླང་མི་ཆོག །གདུང་མཇལ་སོགས་ཀྱང་མི་དགོས། འཁྱེར་དུས་གནས་ཁང་ཕྱོགས་ཀྱི་སྒོ་ནས་ཁྱེར། མཛོ་ལ་བཀལ་ན་ཆོག །འ་འུར་མང་བོ་བྱེད་ཀྱིན་མ་འདུག་གསུངས་ཀྱང་། བསོད་གྲགས་རིན་པོ་ཆེས་ནན་ཞུས་ངོར་དབུ་ཐོད་བླངས་ཆོག་པ་དང་། གདུང་མཇལ་ཡང་བྱེད་རྒྱུ་གནང་། གསུམ་པའི་ཉི་ཤུའི་ནངས་སྔ་བར་ཇ་དཀར་བོ་ཞིག་ཁྱེར་ཤོག་མཐའ་མ་རེད་མོད་གསུངས། སྡེ་བ་ཚང་གི་ཡི་གེ་ཞིག་ཁྱེར་འོངས་པ་དེ་སུས་ཁྱེར་ཡོང་བ་རེད་གསུངས་པར། དེ་འདྲ་མ་འོངས་ཞུས་པས་ལོས་ཡོང་སྒོ་ལ་བུད་ནས་བཏོན་པ་ཡིན་གསུངས་པར། ཁོང་གིས་མཚན་ལམ་རྨིས་པ་ཡིན་འགྲོ། སུ་ཡང་མ་ཡོང་ཞུས་པར་ཅང་མ་གསུངས།

དེ་ནས་གནས་ཁང་ཕྱོགས་ལ་ཞལ་བསྟན་ནས་བཞུགས་ཏེ་ཕྱག་དཔྲལ་བར་ཐལ་མོ་སྦྱར་ནས་བཞུགས་པ་རིམ་གྱིས་མདུན་དུ་བསྒུར་ཏེ་ཧིག་མཐོན་པོ་གནང་ནས་འོད་གསལ་ནང་གི་མཁའ་སྤྱོད་མངོན་དུ་བྱས་སོ། །[ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམ་བྱ་བར་]རབ་བྱུང་བཅོ་ལྔ་བའི་ལྕགས་ཡོས་སྤྱི་ལོ་༡༨༢༡ལོར་སྐུའི་མེ་ཏོག་འཐོར་རོ། །ཞེས་པའི་སྤྱི་ལོ་འབྲི་ཚུལ་ནོར་ཡོད་དོ། །ཁོང་གི་གསུང་བཀོད་ལྟར་བསོད་གྲགས་ཚང་གི་སྐུ་གཟན་བཀབ་སྟེ་ཞག་གསུམ་གྱི་བར་དུ་གཞན་ལ་གསང་། དེ་ནས་སྐུ་གདུང་ལྷ་ཁང་དུ་སྤྱན་དྲངས་སྐབས་ཕྱག་གཉིས་འཁྱུད་རྒྱ་མཛད་ཅིང་ཤངས་བུག་ནས་བྱང་སེམས་དམར་བོ་བབས་པ་སོགས་ཐུགས་དམ་གྱི་རྟགས་ཁྱད་པར་ཅན་བྱུང་། ཀུན་མཁྱེན་སྐུ་ཕྲེང་བཞི་བ་མཆོག་དང་བསྟན་འགྲོའི་དཔལ་མགོན་ཤར་ཚང་རྣམ་གཉིས་གདན་ཞུ་ཞུས་ཏེ་གདུང་མཆོད་རིམ་པ་རྒྱས་པར་བསྟར། ཀུན་མཁྱེན་མཆོག་ལ་སྤྲུལ་སྐུ་ཨེ་འབྱོན་ཞུས་པར་བཀྲ་ཤིས་འཁྱིལ་གྱི་བྱང་ཕྱོགས་འདི་ནས་མ་ཅིག་ལབ་ཀྱི་སྒྲོན་མ་བཞུགས་འདུག་དགོས་པ་རེད་། གནས་འདིའི་བདག་པོ་ཡིན་པས་སྤྲུལ་སྐུ་ལོས་ཕེབས། ཁ་མགོ་མ་ཐུག་ན་བཟང་གསུངས་སོ། །ཞལ་སློབ་གོང་གསལ་དེ་དག་དང་བིས་མདོའི་ཁྲི་ཟུར་སྒར་བ་ཐུབ་བསྟན་སེང་གེ་སོགས་ཤིན་ཏུ་མང་ངོ་། །

༈ གུང་རུ་སྐུ་ཕྲེང་ལྔ་བ་དཀོན་མཆོག་བསྟན་པའི་དབང་མོའི་མཛད་རྣམ།

༧གུང་རུ་སྐུ་ཕྲེང་ལྔ་བ་དཀོན་མཆོག་བསྟན་པའི་དབང་མོ་ནི་རབ་བྱུང་བཅོ་ལྔ་བའི་ཆུ་འབྲུག་སྤྱི་ལོ་༡༨༩༢ལོར་རྡོ་སྦིས་ལྕང་ཤར་དུ་ཡབ་དོན་གྲུབ་དང་ཡུམ་མཁའ་འགྲོའི་སྲས་སུ་ཐང་རིང་སྤྲུལ་སྐུ་དང་སྟག་ལུང་སྤྲུལ་སྐུ་རྣམ་གཉིས་དང་སྐུ་མཆེད་དུ་འཁྲུངས། [ཡུམ་གྱི་མཚན་དེ་ལྕང་ཤར་དགོན་པའི་ལོ་རྒྱུས་སུ་གོང་ལྟར་ཡོད་ཀྱང་། ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམ་བྱ་བར་ཡུམ་མཁར་མོ་སྐྱིད་ཅེས་འབྱུང་བ་དཔྱད་གཞི་]ཆུ་སྦྲུལ་སྤྱི་ལོ་༡༨༩༣ལོར་གྲུབ་དབང་འཇིགས་མེད་བསམ་གཏན་ཚང་དགུང་ལོ་བརྒྱད་ཅུའི་སྟེང་རྡོ་སྦིས་སུ་ཕེབས་སྐབས་མཇལ་བའི་ཁྲོད་དུ་རྗེ་འདིའི་མ་ཡུམ་གྱིས་རྗེ་འདི་ཉིད་པང་དུ་བསྣམས་ཡོད་པ་ལ་རྩེ་གཟིགས་ཀྱིས་བྱིན་རླབས་མཛད་དེ་འདི་གུང་རུ་ཚང་གི་སྤྲུལ་སྐུ་རེད་ཅེས་པ་མིན་མོད།

གང་ལྟར་ཡང་བསོད་གྲགས་ཚང་སྨད་ནས་ཕེབས་ཀྱི་བར་མནོལ་གྲིབ་ལ་འཛེམ་ཞིང་ཚེ་དབང་རེ་བསྐུར་གསུངས་ཏེ། རྗེ་འདི་ཉིད་དོན་གྱིས་ངོས་འཛིན་གནང་། ཤིང་ལུག་སྤྱི་ལོ་༡༨༩༥ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་ཀུན་མཁྱེན་བཞི་བ་མཆོག་གིས་གུང་རུ་ཚང་གི་ཡང་སྲིད་དུ་ཐག་བཅད། ལོ་དེར་ཁྱབ་བདག་ཞང་སྟོན་པའི་དྲུང་ནས་སྐྱབས་འགྲོ། དགའ་ལྷ། ལམ་རིམ་བསྡུས་དོན། རྐང་བརྒྱད། སྒྲོལ་དཀར་སྙིང་བོ། ཚེ་དབང་། མཚན་བརྗོད། ཚེ་མདོ་སོགས་གསན་ཞིང་མཚན་ལ་དཀོན་མཆོག་བསྟན་པའི་དབང་མོ་ཞེས་གསོལ། སྐུ་གོང་མའི་ཚ་བོ་དུས་འཁོར་གསུང་རབ་ཡོངས་འཛིན་དུ་བསྟེན། རབ་ཚེས་ས་ཕག་སྤྱི་ལོ་༡༨༩༩ལོའི་ཟླ་གསུམ་པར་རོང་བོའི་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་འཁོར་བཅས་རྗེ་འདི་ལ་མཇལ་ཕྲད་དུ་བྱོན།

རབ་བྱུང་བཅོ་ལྔ་བའི་ལྕགས་བྱི་སྤྱི་ལོ་༡༩༠༠ལོར་བཟང་བོའི་ཡང་སྲིད་དྲུག་པས་མཇལ་ཁ་ཞུས། གོང་མའི་ཞལ་ཆེམས་ལྟར་དགུང་གྲངས་ཉི་ཤུའི་བར་གྲོང་ཆོག་ལ་མ་ཕེབས། ཆུ་ཡོས་སྤྱི་ལོ་༡༩༠༣ལོར་ཀིརྟི་བློ་བཟང་འཕྲིན་ལས་དང་མཇལ་ཕྲད་གནང་། ཆུ་གླང་སྤྱི་ལོ་༡༩༡༣ལོར་གཏེར་སྟོན་བསོད་རྒྱལ་དང་མཇལ་ཕྲད་མཛད་ཚུལ་ཁ་གྱའི་གཏེར་སྟོན་གྱི་རྣམ་ཐར་ལས། རྒན་གྱའི་རི་ངན་དུ་ཞག་མལ་གྱི་ཉམས་སྣང་ལ་རེབ་གོང་ཤེལ་དགོན་དང་། རྒན་གྱའི་བྲག་དཀར། གནམ་ལྷའི་གཏེར་ལུང་སོགས་ཀྱི་གནས་གཏེར་དང་གཏེར་སྟོན་རིམ་བྱོན་གྱི་གསལ་སྣང་ཞིག་བྱུང་།

ནངས་པར་གུང་རུ་མཁའ་འགྲོ་མ་གནས་ཁང་དུ་སྐྱོ་བསང་མཛད་པའི་སྐུ་དྲུང་དུ་སྒྲོམ་ཆེན་མོ་སྤྱན་དྲངས་ཏེ་ཕྱིན་སྐབས་སྔོན་བསུ་དང་། རས་གུར་ནང་དུ་འབོལ་གདན་བཞག་སྟེ་བསྙེན་བཀུར་ཡང་དག་པ་བྱས། སྒྲོམ་གཏེར་ཆེན་མོར་མཇལ་འདུན་གསུང་ཡང་རྒྱ་མ་ཁྲོལ་བས་སྒམ་དང་བཅས་དབུ་ཐོག་ཏུ་བྱིན་རླབས་ཞུས། ཞག་མལ་ནན་ཆེན་ཞུས་རུང་ཁ་གྱའི་གཏེར་སྟོན་གྱི་དྲུང་དུ་བདུན་པའི་ཚེས་གསུམ་ཉིན་ཅིས་ཀྱང་ཐོན་དགོས་ཚུལ་དགོངས་བསྟུན་ཕུལ། ཞེས་སོ། །ཡང་འདི་ལོའི་ཟླ་དགུ་བའི་བཅུ་གཅིག་ཉིན་ཡོངས་འཛིན་གསུང་རབ་ཀྱིས་ཞུས་པ་བཞིན་ཀུན་མཁྱེན་བཞི་བ་མཆོག་གིས་གུང་རུ་ཚང་གི་ཞབས་བརྟན་གསོལ་འདེབས་མཛད། འཇིགས་བྱེད་གཞི་བསྙེན་དང་ཆུ་མིག་བརྒྱ་རྩ་འགྲིམས། ས་བྱ་སྤྱི་ལོ་༡༩༠༩ལོར་སྐུ་སྙུང་ཚབས་ཆེན་བཞེས་ཚུལ་བསྟན་པར་ཀུན་མཁྱེན་བཞི་བ་མཆོག་གིས་ཞབས་པད་བརྟན་དགོས་པའི་བཀའ་ལྕི་བ་བསྩལ་པས་དྭངས་ཚུལ་མཛད། ཚོམས་ཆེན་སུམ་ཐོག་བཞེངས་ཤིང་། གཟིམ་ཁང་རྒྱ་བསྐྱེད། ཀུན་མཁྱེན་སྐུ་ཕྲེང་བཞི་བ་དང་ཐུགས་ནང་ཤིན་ཏུ་ཉེ་ཞིང་། ཀུན་མཁྱེན་མཆོག་གིས་ཀྱང་ཆུ་གླང་སྤྱི་ལོ་༡༩༡༣ལོའི་ཟླ་༡༠ཚེས་༩ལ་གུང་རུའི་ནང་ཆེན་དུ་ཆེད་དུ་ཕེབས་ནས་མཁའ་འགྲོ་མ་འདི་བར་མཇལ་ཕྲད་གནང་ཞིང་སྐྱབས་མགོན་མཆོག་གིས་རང་གི་སྤྱན་བསྙུན་པའི་དོན་ལ་ཐུགས་དམ་བརྟག་བཅུག་པ་སོགས་ཐུགས་ཀྱི་གཏད་ས་ལྟ་བུ་མཛད་དོ། །

ཀུན་མཁྱེན་མཆོག་དང་བདེ་མཆོག་ཚོགས་འཁོར་ལྷན་ཅིག་མཛད་པ་དང་། ཐེངས་གཅིག་སྐྱབས་མགོན་མཆོག་རང་གི་གཟིམ་ཁང་དུ་གདན་དྲངས་ནས་དངུལ་སྲང་ལྔ་བཅུའི་དབུལ་བ་བཏེགས་པ་སོགས་སྐྱབས་མགོན་རང་རྣམ་དུ་གསལ། བཟང་བོ་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་དང་༡༨༧༡—༡༩༣༡། དཔའ་རིས་པ་འཇིགས་མེད་རབ་གསལ་རྒྱ་མཚོ་༡༨༨༠—༡༩༥༦སོགས་སློབ་མར་འདུས། མེ་འབྲུག་སྤྱི་ལོ་༡༩༡༦སོག་པོའི་རྒྱལ་བོ་ཝང་དཔལ་འབྱོར་རབ་བརྟན་སྐུ་གཤེགས་རྗེས་དཔོན་མོ་ཀླུ་སྨན་ཚང་གིས་སྲས་ཀུན་དགའ་དཔལ་འབྱོར་སོགས་སྐུ་འཁོར་ཉུང་ཤས་བཅས་འདིར་འོངས་ནས་རེ་ཞིག་བར་རྗེ་ཉིད་ལ་སྐྱབས་བཅོལ་ཏེ་[བཙུན་མོ་འདི་དང་བླ་བྲང་ཕྱག་མཛོད་བརྩོན་འགྲུས་གཉིས་ཀྱི་གླེང་བརྗོད་ལ་བརྟེན་ནས་དཔོན་ཚང་གཉེར་བ་བཟོད་པ་ཆོས་ནམ་མཁའ་དང་མགྲོན་གཉེར་མཁྱེན་རབ་སོགས་ཚོགས་འདུས་འཛིན་བཟུང་བྱས་པའི་རྒྱུ་མཚན་གྱིས་ཡིན་ནམ་བརྟག་]འདུག་དགོས་བྱུང་། དེའི་དྲིན་གཟོ་ལྟ་བུར་རྗེས་སུ་ཀུན་དགའ་དཔལ་འབྱོར་དགུང་ལོ་བཅུའི་སྐབས་རྗེ་ཉིད་སོག་པོར་གདན་ཞུ་གནང་སྟེ་ཝང་ཧོ་ཞོན་བཞིར་ཁྱིམ་ཞུ་དང་བང་ངའི་ལ་བཙས་གཞི་རྟོད་བྱས་ཚུལ་རྨ་ལྷོ་སོག་རྫོང་གི་རིག་གནས་ལོ་རྒྱུས་དཔྱད་ཡིག་དེབ་དང་བོའི་ཤོག་ངོས་༡༤༧དུ་གསལ། ལྕགས་སྤྲེལ་སྤྱི་ལོ་༡༩༢༠ལོར་ཀུན་མཁྱེན་ལྔ་བ་ཆེན་མོ་གདན་སར་འཁོད་པར་གྲྭ་ཚང་དང་ལྷན་དུ་བསུས། ལྕགས་བྱ་སྤྱི་ལོ་༡༩༢༡ལོའི་ཟླ་བ་གཉིས་པའི་ཉེར་གཉིས་ཉིན་སྐྱབས་མགོན་ལ་སྒེར་མཇལ་ཞུས། ཟླ་༥ཚེས་༡༨ལ་ཡང་༧གོང་སར་མཇལ་ཁ་ཞུས། ལྕགས་སྤྲེལ་སྤྱི་ལོ་༡༩༢༠ལོར་རྗེ་གུང་ཐང་བློ་གྲོས་རིན་པོ་ཆེ་བྲག་དཀར་དུ་ཕེབས་སྐབས་སོགས་སུ་ཆོས་རྒྱུན་མང་དུ་ཞུས། གཉན་ཁྲོད་ཚད་ལྡན་འགྲིམ་གནང་མཛད། བྱང་མཇལ་དང་ལང་གྲུ་སྡེ་བཞི་སོགས་ལ་གནས་མཇལ་དུ་ཕེབས་ཤིང་།

རབ་ཚེས་ཤིང་བྱི་སྤྱི་ལོ་༡༩༢༤ལོའི་ཟླ་༦ཚེས་༢༨ཉིན་ལོར་ལན་གྲུ་རུ་པཎ་ཆེན་དགུ་བ་ཆེན་མོར་བརྟན་གསོལ་འདེགས་འབུལ་ཞུས་ཏེ་གསོལ་འདེབས་ཀུན་བཟང་མཆོད་སྤྲིན། བདེ་སྨོན། ཤམ་སྨོན་བཅས་ཀྱི་ལུང་ཞུ་གནང་མཛད། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་སྤྱི་ལོ་༡༩༢༩ལོའི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་ཀུན་མཁྱེན་མཆོག་ལ་རང་གི་ནང་ཆེན་དུ་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་བཅས་དང་། སྒྲོལ་དཀར་བསྟོད་པ། བདེ་མཆོག་རྐང་བརྒྱད་བཅས་ཀྱི་ལུང་ཞུས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར་རབ་རྒྱལ་ཆུ་བྱ་སྤྱི་ལོ་༡༩༣༣ལོའི་ཟླ་གཉིས་པའི་ཚེས་བཅུ་དྲུག་ལ་ཞི་བར་གཤེགས་སོ། །ལོ་རྒྱུས་ཁ་ཤས་སུ་ཤིང་ཁྱི་སྤྱི་ལོ་༡༩༣༤ལོར་འདས་པར་བཤད་འདུག་ཀྱང་བདག་གིས་བཀོད་པ་འདི་བརྟག་བཟོད་ཀྱི་ངག་རྒྱུན་ཁུངས་དག་ཅིག་ལ་བརྟེན་པ་ཡིན་པས་ཞིབ་མོར་དཔྱོད་ཅིག་དེའི་སྤྲུལ་སྐུ་ཞིག་ཐེ་བུ་རུ་འཁྲུངས་པ་མཚན་ཐོ་ཁ་འབྱེད་པར་བསོད་གྲགས་ཚང་བྱོན་ནས་ཁ་ཕྱེ་སྐབས་འོས་ཐོ་སྐུ་ཡལ་ནས་ཟླ་ཁ་ཤས་སོང་འདུག་ཅིང་གདན་སར་མ་བཀོད་པས་འདི་སྐུ་ཕྲེང་གི་གྲས་སུ་བརྩི་སྲོལ་མེད་དེ། དཔེར་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་ཐུ་མེད་ཧོ་ལོ་ཆིའི་སྲས་སུ་འཁྲུངས་པ་དགུང་ལོ་ལྔའི་དུས་གཤེགས་པར་ལོ་རྒྱུས་སུ་འབྱུང་བ་ལྟར་ཡིན་མོད། གདན་སར་མ་བཀོད་པས་ཡོངས་གྲགས་ལ་སྐུ་ཕྲེང་གི་གྲས་སུ་བརྩི་སྲོལ་མེད་པ་བཞིན་ནོ། །

༈ གུང་རུ་སྐུ་ཕྲེང་དྲུག་པ་སྐལ་བཟང་དམ་ཆོས་སྒྲོན་མའི་མཛད་རྣམ།

༧གུང་རུ་སྐུ་ཕྲེང་དྲུག་པ་སྐལ་བཟང་དམ་ཆོས་སྒྲོན་མ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་བྱི་སྤྱི་ལོ་༡༩༣༦ལོར་རེབ་གོང་རྒྱལ་བོར་ཡབ་མཁར་རྩེ་དང་ཡུམ་ཀླུ་མོ་ཐར་གྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་གདན་སར་བཀོད། ཆུ་རྟ་སྤྱི་ལོ་༡༩༤༢ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔར་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་མདུན་དུ་དགེ་བསྙེན་བསྒྲུབས་ཤིང་མཚན་ལ་སྐལ་བཟང་དམ་ཆོས་སྒྲོན་མ་ཞེས་གསོལ་ཞིང་། འདི་ཉིན་སྐྱབས་མགོན་ལྔ་བ་མཆོག་ལ་གསར་མཇལ་ཞུས། བྲག་དཀར་དགེ་སློང་འཕྲིན་ལས་རྒྱ་མཚོས་ཞུས་ངོར་རྗེ་བླ་ཁོ་ཚང་གིས་ཞབས་བརྟན་གསོལ་འདེབས་ཀྱང་བརྩམས་གནང་མཛད། མེ་ཁྱི་སྤྱི་ལོ་༡༩༤༦ལོའི་ཟླ་དང་བོར་རྗེ་བླ་ཁོ་རིན་པོ་ཆེར་སེང་གདོང་མའི་རྗེས་གནང་ཆེད་དུ་ཞུས། རྗེ་འདིའི་དྲུང་ནས་དབང་ལུང་མན་ངག་མང་དུ་གསན། གཞན་ཡང་དགེ་བའི་བཤེས་གཉེན་རྒྱུད་སྨད་པའི་ས་དམར་དཔལ་བཟང་ཚང་[འདི་བ་སྤྱི་ལོ་༡༩༤༣ཙམ་ལ་ཁོང་བླ་ཁོ་རྡོ་རྗེ་འཆང་གིས་ཁ་གྱའི་སྒར་རྙིང་དུ་དགེ་རྒན་དུ་མངགས་གནང་མཛད་ཅིང་འགྱིང་རྒན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱི་ཡོངས་འཛིན་དང་རང་དགོན་འདིའི་བླ་མ་དབུ་མཛད་ཀྱང་མཛད་མྱོང་]དང་སྔགས་རམས་པ་མཁྱེན་རབ་[འདི་བ་སོག་པོ་གཡུ་སྒང་ཉིན་གྲོང་རྡལ་གྱི་རྡོ་གཏེར་རུ་ཁག་གི་དྲུང་ཡིག་ཚོ་བའི་ཚེ་ཇ་ཚང་དུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་དུ་རིག་པའི་གནས་ཀུན་ལ་སྦྱངས་པས་མཁས་པར་གྱུར། ཀུན་མཁྱེན་བླ་མའི་བླ་སྨན་དུའང་བཞུགས་མྱོང་། རྩིས་རམས་པ་བསམ་འགྲུབ་རྒྱ་མཚོས་འདི་བའི་དྲུང་དུ་འབྱུང་རྩིས་གསན་མྱོང་བས་དེ་དང་གུང་ཐང་དྲུང་ཡིག་ངག་དབང་དང་སོག་པོ་དྲུང་ཡིག་སྡེ་བའི་སྨན་པ་རབ་རྒྱས་དང་སངས་རྒྱས་སོགས་སློབ་བུ་བྱས་རྗེས་ཅན་མང་བོ་བསྐྱངས་]རྒྱ་མཚོའི་མཚན་ཅན་སོགས་བསྟེན་ནས་གསན་སྦྱང་མང་དུ་གནང་། ཆུ་མིག་བརྒྱ་རྩ་ལན་ལྔ་འགྲིམས་ཞེས་དྲུང་ཡིག་ངག་དབང་གིས་བསྒྲིགས་པའི་རྗེ་འདིའི་རྣམ་ཐར་ས་བོན་ཞིག་ཏུ་འཁོད་འདུག་ཅིང་། ལབ་སྒྲོན་མདུན་དུ་ཁྲོས་མའི་བདག་འཇུག་གསུང་བའི་སྲོལ་བཙུགས་པ་ད་ལྟའང་གནས། ཁོང་གི་བླ་སྨན་སོག་པོའི་སྨན་པ་ཡོ་ནེ་ཡིན་ཞེས་སོག་རྫོང་གི་ལོ་རྒྱུས་སུ་མཆིས། བྲག་དཀར་འདུ་ཁང་དང་རང་གི་བླ་བྲང་སོགས་ལ་ཞིག་གསོས་མཛད། ལྷག་ལྷ་མང་བོར་བསྙེན་པ་གནང་། སྔར་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོར་སྐུ་འབུམ་གྱི་བླ་མ་འགས་ཆུ་མིག་འགྲིམ་ཚུལ་གྱི་སྐོར་ཞུས་པར། ཞལ་ནས། ངེད་ཀྱིས་གུང་རུ་མཁའ་འགྲོ་མའི་སྤྲུལ་སྐུ་སྐལ་བཟང་དམ་ཆོས་སྒྲོན་མ་ལ་ཆུ་མིག་བརྒྱ་རྩ་འགྲིམ་ཚུལ་གྱི་གཅོད་ཀྱི་ཕྱག་ལེན། འདོན་རྟ་དབྱངས་གར་འགྲོས་བཅས་ཞིབ་ཁྲིད་ཆིག་སྐྱ་ཐུབ་པ་བསླབ་ཡོད་པས། ཁོང་མོའི་མདུན་ནས་སློབས་ཤིག་ཅེས་གསུངས་པ་ལྟར། ལྕགས་ཡོས་སྤྱི་ལོ་༡༩༥༡ལོར་ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོས་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཐར་ཤུལ་བ་བྱམས་པ་འཕྲིན་ལས་ཚང་མཁའ་འགྲོ་མ་འདི་ཉིད་ཀྱི་མདུན་དུ་མངགས་པ་བཞིན། གཅོད་ཀྱི་ཕྱག་ལེན་ཐམས་ཅད་ཞིབ་པར་བསྩལ་ཏེ་དགེ་བཤེས་པ་སླར་ཐར་ཤུལ་རྣམ་དག་ཁྲིམས་ལྡན་གླིང་དུ་བྱོན་ནས་དེ་གའི་གྲྭ་བ་རྣམས་ལ་བསླབ་གནང་མཛད།

མེ་སྤྲེལ་སྤྱི་ལོ་༡༩༥༦ལོར་རྒྱལ་ནང་དུ་གཟིགས་སྐོར་ལ་ཕེབས། རབ་རྒྱལ་ས་ཁྱིའི་སྐབས་ཡོངས་འཛིན་མཆོག་ནས་བསླབ་འབུལ་གནང་བཅུག་སྟེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བར་བཀའ་ཡི་གནང་བ་འཁྲོལ་པས། ལྕགས་གླང་སྤྱི་ལོ་༡༩༦༡ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་འགྲིམས། ཆུ་ཡོས་སྤྱི་ལོ་༡༩༦༣ལོར་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ལ་གདམས། དེའི་རྗེས་སུ་ཁ་སྟོད་ནས་ངལ་རྩོལ་ལ་ཞུགས་དགོས་བྱུང་། ཆོས་སྒོ་སླར་ཕྱེ་ནས་རྒན་གྱའི་སློབ་གྲྭའི་སློབ་གཙོར་བཞུགས་པས་བྱས་རྗེས་ལ་གོང་རིམ་ནས་བདག་རྐྱེན་གནང་།

གོང་ས་པཎ་ཆེན་བཅུ་བ་མཆོག་གིས་ཁོང་ལ་ན་བཟའ་ཆ་ཚང་གནང་། གཟིམ་ཁང་བསྐྱར་བཞེངས་གནང་ཞིང་བྲག་དཀར་དགོན་ལ་གཟིགས་སྐྱོང་རྒྱུན་དུ་གནང་། ཆུ་འབྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་སྤྱི་ལོ་༢༠༡༣ལོའི་ཟླ་༡ཚེས་༢༤སྐུ་འདས་པའི་ཚུལ་བསྟན་ཏོ། །རྗེ་བཙུན་མ་འདི་ཉིད་དམ་པའི་ལུང་གིས་བསྔགས་ཤིང་བཤེས་གཉེན་ཚད་ལྡན་གྱིས་ཟིན་པའི་མཐུ་ལས། ལས་འབྲས་ལ་ཐུགས་ཞིབ་ཅིང་བླང་དོར་འབྱེད་པའི་རྣམ་དཔྱོད་མི་དམན་པས་བླ་མ་བསྟེན་ཚུལ་ལེགས་ལ། སྐྱབས་གནས་དགེ་འདུན་གྱི་སྡེ་ལ་གུས་ཞབས་ཆེ་ཞིང་། ཅི་ཙམ་གྱིས་ནན་ཏན་བྱས་ཀྱང་འཕགས་པའི་དགེ་འདུན་རིན་པོ་ཆེའི་གོང་དི་ཁྲི་མཐོན་པོར་བཞུགས་མི་བཞེད་པ་བདག་གིས་ཀྱང་མངོན་སུམ་དུ་མཐོང་བས། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གི་ཞལ་ནས། གནས་བརྟན་རྒན་པའི་ཕྱག་དང་བསྙེན་བཀུར་ལེན། །ལྔ་བདོའི་སྐུ་སྐྱེས་རྣམས་ལ་ཐུགས་རྗེ་གཟིགས། །ཞེས་གསུངས་པ་དེ་ལྟ་བུའི་གྲས་མིན་པར་སྣང་བས་འདི་ཙམ་ཡང་དད་པར་བྱ་བའི་གནས་སོ། །

དེས་ན། གུང་རུ་ཚང་གི་སྐུ་ཕྲེང་བརྩི་ཚུལ་གསེར་ཏོག་ཚང་གི་སྐུ་འབུམ་གདན་རབས་དང་། དེ་ལ་བརྟེན་པའི་དུང་དཀར་ཚིག་མཛོད། རྗེ་དཀོན་མཆོག་རིག་འཛིན་དཔལ་མོའི་རྣམ་ཐར་པད་དཀར་འཁྲི་ཤིང་དང་བྲག་དཀར་གནས་བཤད་བཅས་སུ་གསུང་ཚུལ་སྣ་ཚོགས་ཡོད་ཀྱང་ལོ་རྒྱུས་མང་བོ་གོང་འོག་བསྒྲིགས་ན་དཔྱད་བཟོད་པ་ནི་དེབ་ཐེར་རྒྱ་མཚོ་དང་། དེ་ལ་བརྟེན་པའི་ཀན་ལྷོའི་བོད་བརྒྱུད་ནང་བསྟན་དགོན་སྡེ་སོ་སོའི་ལོ་རྒྱུས་མདོར་བསྡུས་གཉིས་ཡིན་ལ། རྗེ་ཞང་སྟོན་པས་དེབ་ཐེར་རྒྱ་མཚོ་ཚད་མར་བཞེད་ཀྱང་།

གོང་ལྟར་གསུངས་པ་སྐབས་དེར་དེབ་ཐེར་རྒྱ་མཚོ་ཕྱག་ཏུ་མ་ཆུད་པར་ཐུགས་ཐོག་ནས་བརྩམས་པས་ཡིན་ཏེ། བྲག་དཀར་གནས་བཤད་ལས། སྐུ་གོང་མ་རྣམས་ཀྱི་ལོ་རྒྱུས་དེབ་ཐེར་རྒྱ་མཚོ་ན་མདོར་བསྡུས་ཡོད་ཀྱང་གནས་སྐབས་ལག་ཏུ་དཔེ་ཆ་མ་འབྱོར་བས་བློ་ཡུལ་ན་ཡོད་པ་ནི་དེ་ཙམ་མོ། །ཞེས་གསུངས་པས་ཤེས་སོ། །སྨྲས་པ། གདོད་མའི་དུས་ནས་རྒྱལ་ཀུན་ཡུམ་དུ་གྱུར། །མཐའ་བརྒྱད་སྤྲོས་པའི་སྨག་རུམ་དབྱིངས་སུ་སངས། །དངོས་འཛིན་གཅོད་པའི་ཆོས་ཀྱི་ཤིང་རྟ་བ། །མ་ཅིག་ལབ་ཀྱི་སྒྲོན་མ་ཞེས་བྱར་གྲགས། །སྐྱེས་སྦྱངས་རྫུ་འཕྲུལ་མཁའ་ལ་ཐོགས་མེད་རྒྱུ། །སྐལ་བཟང་འཇུག་ངོགས་ཆོས་ཀྱི་སྡེ་ཆེན་བསྐྱངས། །མིག་སེར་འཁུན་སྒྲ་སྟོང་གིས་མི་གཡོ་བ། །གུང་རུའི་མཁའ་འགྲོ་མ་ཞེས་སྙན་པ་འཕུར། །སྔ་མའི་ཉམས་རྟོགས་རི་མོ་ལྷང་ངེར་བཀྲ། །བརྟག་ཐུབ་མཛད་པས་འགྲོ་ཀུན་དགའ་བ་བསྐྱེད། །ཟུང་འཇུག་ཡོལ་གོ་གསར་བར་ལོངས་སྤྱོད་པ། །རྗེ་བཙུན་བློ་བཟང་སྒྲོལ་མ་དད་པའི་གནས། །ཟབ་གསང་ལེགས་བཤད་སྙན་བརྒྱུད་གླུ་ལ་གཡེངས། །དབེན་ཞིང་ཉམས་དགའི་སུལ་ན་གཅིག་པུར་རྒྱུ། །ལྷ་སྔགས་ཏིང་འཛིན་བྱེ་བར་དབང་བསྒྱུར་པ། །དཀོན་མཆོག་ཆོས་ཀྱི་སྒྲོན་མ་བསྟན་འགྲོའི་དཔྱིད། །ཞི་དུལ་པད་མའི་ལང་ཚོ་ཡིད་དུ་འོང་། །གསུང་གསང་བུང་བའི་གླུ་སྐད་སྙན་ཞིང་འཇེབས། །སྣང་སྟོང་འོད་གསལ་མར་མེ་འབར་ཞིང་མཆེད། །དཀོན་མཆོག་རིག་འཛིན་དཔལ་མོ་རྗེས་སུ་དྲན། །འཇིགས་རུང་སྙིགས་མའི་ར་རི་རྒྱང་དུ་བསྲིངས། །ལྷན་སྐྱེས་ཀུན་སྦྱོར་སྒྲ་གཅན་ལས་གྲོལ་པ། །སྔོན་མེད་ཆོས་ཀྱི་ཟླ་བ་རྗེ་བཙུན་མ། །དཀོན་མཆོག་བསྟན་པའི་དབང་མོ་ཞིང་གི་དཔལ། །བསླུ་མེད་ཐུབ་དགོངས་སྙིང་གི་མཐོངས་སུ་དཔྱང་། །གང་འཚམ་སྒྱུ་འཕྲུལ་སྨྲ་བསམ་བརྗོད་མེད་མ། །བསྐལ་བཟང་དམ་ཆོས་གསལ་བའི་སྒྲོན་མ་འདི། །གཞུང་འདིའི་ཐུན་མོང་ལས་ཀྱི་བགོ་སྐལ་ཉིད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།

སྐྱོ་བྲག་མཁའ་འགྲོ་ཆོས་འཛོམས་སམ་གླང་བཟའ་ཨ་ཁྲོམ་མའི་རྣམ་ཐར། མཛད་པ་པོ་སྣ་ཚོགས་རང་གྲོལ།

༄༅། །སྐྱོ་བྲག་མཁའ་འགྲོ་ཆོས་འཛོམས་སམ་གླིང་བཟའ་ཨ་ཁྲོམ་མའི་རྣམ་ཐར་བཞུགས་སོ། །

བླ་མ་རིན་པོ་ཆེའི་རྗེས་སུ་འཛིན་པའི་པྲཛྙཱ་ཌཱ་ཀིའི་ལོ་རྒྱུས་བཞུགས་སོ། །ན་མོ་གུ་རུ། བཛྲ་ཌཱ་ཀི་པྲཛྙཱ་ཌཱ་ཀི་ཡེ། གོང་དུ་ཆོས་རྗེ་རིན་པོ་ཆེ་པུཎྱེ་བྷ་དྲའི་རྣམ་ཐར་གྲུབ་ནས་གསང་བའི་ཡུམ་མཆོག་པྲཛྙཱ་ཌཱ་ཀིའི་ལོ་རྒྱུས་ཐོ་ཙམ་བཀོད་ན།

དེ་ཡང་འབའ་རོམ་པའི་ཆོས་བརྒྱུད་ཆུ་བོའི་རྒྱུན་ལྟར་བྱོན་པའི་རྣམ་ཐར་གོང་ལྟར་ལས། གསང་བ་ལུས་མེད་རྡོ་རྗེའི་ལུང་བསྟན་ལས། ས་བཅུའི་དབང་ཕྱུག་འཇམ་དཔལ་རྗེ། །དངོས་བྱོན་བསྟན་འགྲོའི་སྐྱབས་འདྲེན་མཆོག །ཀེ་རུ་ཀིརྟི་ཡོངས་གྲགས་པ། །རྫ་ཆབ་སྐྱོ་བྲག་རི་རྩེར་འབྱུང་། །འབྲེལ་ཚད་རྣམ་མཁྱེན་བྱང་ཆུབ་ཐོབ། །ཅེས་གསུངས་པ་གྲགས་པ་རྒྱལ་མཚན་འཁྲུངས་ཡུལ་ཤིས་ཚའི་གྲོང་མོ་ཆེ། རུས་ནི་གླང་སར་བུ་སྤུན་གསུམ་ཡོད་པ་ཆེ་བ་ཚེ་སྲུང་། འབྲིང་བ་གྲགས་པ་རྒྱལ་མཚན། ཆུང་བ་རྡོར་སྲུང་བཅས་གསུམ་ཡོད་པ། གྲགས་པ་རྒྱལ་མཚན་ནི། འབའ་རོམ་པའི་བླ་མར་མངའ་གསོལ་ནས་བརྩོན་འགྲུས་དཔལ་བའི་མདུན་ནས་རབ་ཏུ་བྱུང་། ཡོངས་སུ་གྲགས་ཤིང་། བླ་མའི་ཞལ་ནས། ང་འབའ་རོམ་པའི་བླ་ཚབ་ཏུ་ཕྱིན་རུང་། ཁྱེད་སྤུན་གཉིས་ས་ཟིན་ཡོང་དཀའ་བས་ཡར་གཙོ་ཕུ་མདའ་རུ་སོང་དང་། མི་ཚེ་བཟང་ཆོད་ཅིག་ཡོང་གསུངས་པས་སོང་ནས་བསྡད་ཚེ། སྡེའི་རྒན་པོ་རྡོ་ཁྲོན་ཨ་སྐྱབས་ཡིན་ཞིང་། ཁྱོད་རང་གླང་སར་སྤུན་གཉིས་མི་རྒྱུ་ཡག་པ་མི་རྒོད་ཡིན་པས་ཁྲལ་དུད་མ་སྟོང་པར་རོག་ཐོ་དགེ་མ་ཚང་གི་ཁང་མར་བཟུང་གསུངས། རོག་ཐོ་ཚང་ལ། དགེ་མ་ཆོས་སྒྲོན་ནི་རོག་ཐོ་ཚང་ནས་གཙོ་ཕུའི་རྒྱབ་རི་རྩེར་དཀར་ཕྱོགས་སྲུང་ནས་ཆོས་བྱས་ཟུར་དུ་སོང་། དེ་འོག་སྒྲོན་མཚོ། ཆུང་བ་ཨ་སྐྱིད་མ་གཉིས་ཡོད། གླང་སར་སྤུན་གཉིས་བསྡད་ནས་ནོར་ལུག་བ་ར་བོང་གསུམ། ཞིང་ས་ཆེ་རབ་ཡོད་པ་བཅས་ལ་བརྩོན་འགྲུས་བྱས། ཁྲལ་དུད་ཆེ་རབ་བྱུང་། མཐར་ཁོང་སྤུན་གཉིས་མ་མཆོད་ནས་ཆེ་བ་ཚེ་སྲུང་དང་སྒྲོན་མཚོ་གཉིས་ཟུར་དུ་བསྡད། དེ་ལ་བུ་ཨ་རྒྱལ། རྣམ་རྒྱལ་སྐྱབས། མགོན་པོ་སྲུང་གསུམ་ཡོད། ཆུང་བ་རྡོར་སྲུང་ཨ་སྐྱིད་མ་གཉིས་ཁྱིམ་དུ་བསྡད། བུ་མེད་ཅིང་། བུ་མོ་གཉིས་ཡོད་པ་ཆེ་བ་ལྷ་སྐྱིད་མ། ཆུང་བ་ལ་ཆོས་འཛོམས་མ་ཟེར་བ། ཆུ་སྤྲེལ་ལོ་མ། བཞིན་ལེགས་པ། འཁྲུངས་དུས་འཇའ་དང་ཆར་བབས་པ་སོགས་ལྟས་མཚན་ལེགས་པོར་བྱུང་ཞིང་། ཆོས་རྗེ་རིན་པོ་ཆེ་དགུང་ལོ་ཉེར་གཅིག་བཞེས་སྐབས་ཡིན། ལར་བུ་མོ་དེ་ལ་གོས་བཙོག་མ་བསྐོན། ཟས་ངན་ཁར་མ་བྱིན་གསུངས་ནས་བསྲུང་མདུད་གནང་།

ལོ་གཅིག་རེད་ཐོག་འགའ་ལུ་དཀར་པོ་གཅིག་གནང་། ལོ་བརྒྱད་ལོན་ནས་ཡི་གེ་བརྡ་ཙམ་ལས་མ་དགོས་པར་ཤེས། ཆུང་ངུ་ནས་ཁུ་བོ་བླ་མ་གྲགས་པ་རྒྱལ་མཚན་ལ་དད་འདུན་དང་དྲུང་ནས་མི་འབུད་པར་འདུག །ཁུ་བོ་བླ་མས་བུ་མོ་འདི་གཞན་ལ་མི་འདྲ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་གསུངས་པས་སྐྱོ་ཁོ་བྲག་ཏུ། ཆོས་རྗེ་རིན་པོ་ཆེ་བཞུགས་པའི་དྲུང་དུ་ལོ་བཅུ་གསུམ་ནས་མཇལ་དུ་སོང་ནས་དབང་མེད་དུ་ངུ་ཞིང་འདུན་པ་ཆེ་བར་བྱེད་སྐབས། བླ་མས་ཀྱང་། ཆོས་དབྱིངས་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་མ། །རྒྱ་གར་ཡུལ་དུ་ཀཱ་ལ་སིདྡྷི་མ། །ལྷོ་ཕྱོགས་དཔལ་རིར་པྲཛྙཱ་ཌཱ་ཀི་མ། །ཨོ་རྒྱན་དྲུང་དུ་ཡེ་ཤེས་མཚོ་རྒྱལ་མ། །ལྷོ་བྲག་མཁར་ཆུར་ཤེལ་དཀར་རྡོ་རྗེ་མཚོ། །ཆབ་ཟླ་གཙོ་ཕུ་ཌཱ་ཀི་ཆོས་འཛོམས་མ། །ད་ལྟ་ལས་སྣང་བུ་མོ་ཁྲོམ་དགའ་མ། །ལས་ཀྱི་ཕྱག་རྒྱའི་རླུང་གྲོགས་ཤེས་རབ་མ། །ཁྱོད་ཉིད་རྟག་ཏུ་ཆོས་ལ་གེགས་མེད་ཤོག །ཅེས་གསུངས་པས་བུ་མོས་ཀྱང་སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཤོག །ཟེར་ནས་ཐལ་མོ་བཅས་ཤིན་ཏུ་ངུའོ། །ལོ་བཅུ་དྲུག་ལོན་ནས་བཞིན་ལེགས་པ། ལུས་པོ་མདའ་ལྟར་དྲང་ཞིང་། གཤིས་འཇམ་པ་ཤ་རྩ་སྔོ་ལ་སྲབ་པ། སྐྲ་ནག་ལ་སྣུམ་པ། མིག་སེར་མེད་པ། ཚིག་སྙན་པར་སྨྲ་བ། དུག་ལྔ་ཡེ་ནས་མེད་པ། ཆོས་ཕྱོགས་ཤིན་ཏུ་ཆེ་བ། བླ་མ་ལ་དད་འདུན་ཆེ་བ་སྒྲོལ་མ་དང་ཡིག་དྲུག་རྒྱུན་དུ་བཟླ་བ་གཅིག་ཡོད་ཅིང་། ལུས་ལ་སྲོ་ཤིག་མེད་པ། བླ་མར་འདུན་པ་ཆེ་བ། འབའ་རོམ་པའི་ལུས་སྦྱིན་ཉིན་རེ་བཞིན་གཏོང་ཞིང་། ཕ་མ་ལ་གུས་པ། ལེགས་པའི་ཡོན་ཏན་བཅུ་དང་ལྡན་པ་སྟེ།

དེ་ཉིད་བླ་མ་ཆོས་རྗེ་རིན་པོ་ཆེ། སྤྱི་འདུ་རྒྱ་དཔོན་གྱིས་གདན་དྲངས་ནས་ཁྲོམ་པ་སྟོང་ཚོ་གསུམ་ཡོད་པ་ལ། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་དབང་ཆེན་བསྐུར་ཚེ། ཁྲོམ་པ་ཐམས་ཅད་ཀྱིས་གླང་བཟའ་དེ་ལ་དད་པ་མོས་གུས་དགའ་སྤྲོ་ཆེ་བར་བྱེད་ཅིང་ཐམས་ཅད་རྩེ་འཇོ་སྔོན་བསུ་བྱེད་ནས་འདུག་པས། མི་ཐམས་ཅད་ཀྱིས་གླང་སར་བཟའ་ཁྲོམ་དགའ་མ་བཏགས་ནས། གཙོ་ཕུ་མདའ་ཡི་ཡར་གྲོང་མར་གྲོང་ཁྱིམ་ཐམས་ཅད་ཀྱིས་ཨ་ཞེ་ཁྲོམ་དགའ་མ་ཟེར། ཁྱིམ་གྱི་ཕ་མ་ཁོང་ཚང་བཅས་ཀྱི་སྐྱེས་མིང་བྱས་ནས། ཨ་ཁྲོམ་དགའ་མོ་ཟེར་ནས་མིང་ལ་ཨ་ཁྲོམ་ཐོགས་སོང་། མོ་རང་ལོ་བཅྭོ་བརྒྱད་ས་གླང་ལོར། ཁུ་བོ་གླང་རས་ནས་སེམས་ཁྲིད་ངོ་སྤྲོད་ཕྱག་ཆེན་སྐྱེས་སྦྱོར་སོགས་ཟབ་ཁྲིད་གནང་མ་ཐག་ཞག་བདུན་གསུམ་ཉེར་གཅིག་ནས་རྟོགས་པ་མངོན་དུ་གྱུར། དག་སྣང་ཐོགས་མེད་དུ་ཤར་ནས་སྣང་བ་རྗེན་པར་བུད་པ་བྱུང་། ཨ་འཐས་འཛིན་པས་འཆིང་བ་ཡེ་ནས་མེད། དག་སྣང་ལ་ལྷ་དང་ལྷ་མོ་འཇའ་འོད་མངོན་ཤེས་འཆར་བ་བྱུང་། ཆོས་རྗེ་རིན་པོ་ཆེའི་དྲུང་ནས་འཁྲུལ་འཁོར་རྩ་ཁྲིད་རླུང་ཁྲིད་གནང་། ཕྱག་ཆེན་སྔོན་འགྲོ་ལུང་བྱང་ཚང་བར་གནང་བས་ཉམས་ལེན་ཁོང་དུ་ཆུད། སྣང་བ་མངོན་དུ་གྱུར། ཉིན་གཅིག་རོག་ཉོ་ཁུག་ནས་ཕ་རྡོར་སྲུང་ཕྱིན་པ་ཞིང་རྨོ་བ་དང་། ཨ་ཁྲོམ་མས་དོར་སྣ་ཁྲིད་ཚེ་མོ་རང་གི་ཆོས་རྗེ་རིན་པོ་ཆེ་སྐྱོ་བྲག་རྩེ་ནས་ཆབ་བསྟི་གསེར་ཕུག་ལ་འཕུར་བ་མཇལ་བས། ཨ་ཕ་རྡོར་སྲུང་སྐྱོ་བྲག་ཆོས་རྗེ་རིན་པོ་ཆེ་ནམ་མཁའ་ལ་འཕུར་ཞིང་གདའ། ཐུགས་རྗེས་གཟིགས་སྐྱབས་སུ་མཆིའོ། །ཟེར་ནས་དོར་སྣ་བཏང་ནས་ཕྱག་ཕུལ་ཞིང་མཆི་མ་དབང་མེད་དུ་ཤོར་བས།

ཕ་ན་རེ། བུ་མོ་དོར་སྣ་ལམ་དུ་ཁྲིད། ཀོ་རོག་ར་རྫི་བླ་མ་ལ་འདི་འདྲ་འགའ་བྱེད་རྒྱུ་གདའ་ལེ་ཡིན་ཟེར་ནས་མིག་ཟུར་གྱིས་ཡར་བལྟས་པས། བླ་མ་མ་མཐོང་བྱ་རྒོད་གཅིག་ལྡིང་སྐོར་བྱེད་པ་མཐོང་། ཡང་ཉིན་གཅིག་སྐྱོ་མདའ་ནས་རྔོན་པ་འགས་ཤྭ་བ་བསད་ཅིང་། ཁྱི་བཀྱེ་མདའ་འཕེན་ནས་ཀུ་ཅོ་བྱེད་པ་ཕ་ཡིས་ཐོས་ཚེ། བུ་མོའི་ཕ་ཡི་མགོ་ནས་ཤིག་ཐུ་ཞིང་ཡོད་སྐབས་ཕ་རྡོར་སྲུང་མིག་ནས་མཆི་མ་བྱུང་འདུག་པས། ཨ་ཕ་ཁྱོད་ཅི་ལ་ངུ་། ཅི་ཉེས་བྱས་པས་ཕ་ན་རེ། བུ་མོ་ཁྱོད་བུ་གཅིག་ཡིན་ན་ཕ་རིའི་ཤྭ་གསོད་གྲལ་ནས་ཤ་སྐལ་རག་རྒྱུ་ཡོད། ཁྱོད་ཞེས་མོ་ཞིག་གི་ནི་ཤ་སྐལ་མི་རག་སྙམ་ནས་ངུ་བ་ཡིན་བྱས་པས། བུ་མོའི་ལག་ཏུ་སྨྱུག་མ་གཅིག་བཟུང་ནས་ཆུ་ཁར་རྒྱུག་སོང་བས་ཆུ་དམར་པོ་ཆེར་འདུག་པའི་སྟེང་ནས་མི་བྱིང་བར་ཕ་རུ་ལ་ཐོན་སོང་བས། རྔོན་པ་ཐམས་ཅད་དགའ་བ་སྐྱེས་ཏེ་ཤ་སྐལ་གཞན་ལས་ཆེ་བ་བྱིན་པས་མོ་ཡིས་ཁྱེར་ཡོང་བས། ཕ་ཡི་རེ་བ་གང་བར་བྱས། དབྱར་སྟོད་ཆུ་དམར་རྒྱས་དུས་ལྭ་བ་གཅིག་མཆན་དུ་བཅུག་ཆུ་ལ་འཕེན་ནས་དེའི་སྟེང་དུ་བ་ར་བོང་བུ་ལུག་ནོར་ཕ་རུ་ལ་འདེད་འགྲོ་ཞིང་དགོང་མོ་ཚུར་ལ་བསྐོར་ཡོང་བའི་རྫུ་འཕྲུལ་ཡང་ཡོད། མོ་རང་ཆབ་བསྟི་དབང་འབུམ་དང་། གཤོ་ནང་གི་བོན་པོ་ཚང་། མཁར་ཐོ། གསེར་ཐོ། དཔེ་ཕུ་ཚང་བཅས་ཀྱི་བྱིན་ཟེར་ཡང་། མོ་རང་ཁྱིམ་ཐབ་སྤང་འཁོར་བའི་འདམ་ལ་འགྲོ་རེ་ཀན་ཟེར་ནས་ཚིག་མཐའ་མནས་བགགས་འདུག་ཉིན་གཅིག་གཙོ་ཕུ་ཤ་གསང་ལ་བ་ནོར་ར་ལུག་འཚོ་འདུག་སྐབས་ཆབ་བསྟི་དབང་འབུམ་དཔོན་གཡོག་གསུམ་གྱིས་ཨ་ཁྲོམ་མ་དབང་མེད་དུ་ཁྲིད་འགྲོ་ཟེར་ནས་ཡོང་ཙ་ན། མོ་རང་མི་འདུག་རྒོད་ཐང་སྨུག་གཅིག་གཤོག་གུར་ཕུག་འདུག་པ་མཐོང་། ཚུར་ལོག་ཡོང་ནས་ཕྱི་ལྟས་བྱས་པས། ཡང་མོ་རང་འདུག །ཡང་སོང་བར་རྒོད་འདུག །མོ་མི་འདུག་པས་མིག་འཕྲུལ་འདྲ་བ་བྱུང་ནས་གླགས་མ་རྙེད།

ཡང་ཞིང་ཡེ་གཡོ་ཐོག་ནས་ཡུངས་བརྐོས་དུས་ཡུངས་ཕུང་རྐུན་དོགས་བསྲུངས་ནས་མོ་རང་ཡུངས་ཕུང་རྩ་རུ་ཉལ་བསྡད་སྐབས། དཔེ་ཕུ་ཨ་སྐྱབས་བུ་མོ་ལ་ཆགས་པ་སྤྱོད་དུ་སོང་སྐབས་བུ་མོ་མི་སྣང་བར་ཁྱི་དམར་ཆེ་ཞིང་རྔམ་པ་ཞིག་མཆེ་བ་ཁྲ་ཆེམས་ཆེམ་ངར་ཞིང་འདུག་པ་མཐོང་བས་བྲོས་སོང་། ཕྱི་ཉིན་ཨ་སྐྱབས་ཀྱི་མདང་ཁྱོད་མི་འདུག་པ་གར་སོང་། ཁྱོད་ཉལ་ས་ལ་ཁྱི་དམར་འདུག་པ་གང་རེད་བྱས་པས། མོ་རང་འཛུམ་སྟེ། ངེད་གླང་སར་རུ་བ་ཁྱི་དམར་ལ་གླ་བ་ཡིན་པས་དེ་ཨི་ཡིན་གསུངས། ཡང་ཉིན་ཞིག་གཙོ་ཕུ་བྲག་དམར་རྩ་རུ་སོང་བས་མེ་ལོང་གཅིག་དང་། གཟི་མིག་བཅུ་གསུམ་ཡོད་པ་ཞིག་རྙེད། གཞན་ལ་མ་བསྟན། ཆོས་རྗེ་རིན་པོ་ཆེ་སྡོམ་བུ་ལ་བྱོན་དུས་མཇལ་ནས། གཟི་མེ་ལོང་བཅས་ཕུལ་བས་མཉེས་ནས་རྟེན་འབྲེལ་ལེགས། མེ་ལོང་ལ་བརྟག་ན་ཨ་ཁྲོམ་མ་ཁྱོད་ལ་སེམས་ངོ་གསལ་སྒྲིབ་མེད་པ་ཞིག་ངེས་པར་འོང་གསུངས། གཟི་མིག་བཅུ་གསུམ་ལ་བརྟག་ན་ཁྱེད་གླང་སར་ཁག་ལ་མི་རབས་བཅུ་གསུམ་བར་དུ་བརྟན་པར་འོང་། གཟི་མིག་ཆེ་ཆུང་དང་ཞར་བ་འདུག་པ། འཕེལ་འགྲིབ་དང་ཉག་སྲང་འོང་བར་འདུག་གསུངས། གླང་སར་ཁག་གཉིས་དང་ཡར་གྲོང་མར་གྲོང་གི་བླ་མ་ལ་ཞབས་ཏོག་སྡོམ་བུ་འབུལ་མཚོན་ཆེ་བར་བྱས། ངེད་རུ་བའི་ས་ཆ་འདི་ལ་ས་དཔྱད་ཅི་འདྲ་ཞུས་པས།

བླ་མའི་ཞལ་ནས། ལུང་པ་གཙོ་ཕུ་ཕུ་མདའ་འདི། །ཕུ་ནི་བཙན་རྒོད་འབར་བའི་རྫོང་། །ལུང་པ་ལྷ་སྲིན་རྒྱུ་བའི་སྲང་། །གྲོང་འདི་འདྲེ་སྲིན་འདུ་བའི་ས། །སྒོམ་ནུས་ལྡན་བསྡད་ན་ཕུན་སུམ་འཚོགས། །མི་ཕལ་པ་བསྡད་ན་ཐ་མ་ཕུང་། །སྐྱོ་འགགས་ལྷོ་ནུབ་སྲིན་པོའི་གྲེ། །ས་དཔྱད་བསམ་བསམ་མི་འདུག་གསུངས། །ཨ་ཁྲོམ་ཁྱོད་ལ་ཟག་བཅས་མངོན་ཤེས་ཡོད་པས་ཅི་འདྲ་སྨྲོས་དང་བྱས་པས། མོ་རང་གིས། ས་འདི་ལ་དཔྱད་དུ་བྱས་ཙ་ན། །སྟོད་ལ་སྟག་ཐུལ་ཅན་གྱི་གྲལ་དུ་བསྒྲིགས། །བར་དུ་སྡེ་དུད་ཉམ་ཆུང་དུ་སྡང་འཁྲིགས། །ཐ་མ་བརྩེག་པའི་གསེབ་ནས་འཇག་སྐྱ་འཕྱུར། །ཐེའུ་རང་དམ་སྲི་ཡུལ་འདྲེའི་འཚོགས་ས་བྱེད། །སྨྲས་པས། ཕ་རྡོར་སྲུང་ནས་མ་དགའ་སྟེ། བོ་ནག་མ་ཁྱོད་ཀྱི་ཅི་མི་ཤེས་ཁ་ལ་ཐལ་བ་རྒྱོབ་དང་ཟེར་བས་མོ་རང་དགོད་ཤོར། ཡང་ཉིན་ཞིག་ར་ལུག་གཤོ་རྒལ་དུ་སོང་ཙ་ན། འཕར་བ་བདུན་ལུག་ནང་དུ་བརྒྱུགས་ནས་ཐམས་ཅད་བརྒྱུག་པས། མོ་རང་གི་ལྷམ་སྒྲོག་བླངས་ནས་མདུད་པ་བྱས་ནས། བཙན་རྒོད་གཙོ་ཕུ་བྲག་དམར་མཆུ་ཤོ་ཁྱོད་ཀྱིས་ར་ལུག་ནང་དུ་འཕར་ཁྱི་མ་བཏང་། ཁ་ཐཾ། ཁ་ཆིང་། ཧག་ཐཾ། བྱས་ནས་བསྡད། འཕར་བ་བདུན་ཀ་འགྱེལ་ནས་བརྒྱལ་འདུག །རྩ་རུ་སོང་ཙ་ན་ལང་སོང་། ཉིན་ཞིག་ཁོ་བོ་ཚང་མཛོ་ནོར་བདུན་རྐང་ཐང་བཞིའི་དེད་སོང་བས། ཨ་ཁྲོམ་དབུ་བཏུམ་ནས་བླ་མ་རྣམ་གཉིས་ལ་གསོལ་བ་བཏབ་པས་ར་མདའ་བ་རྒྱུག་སོང་། ཤེ་ཆེན་རི་སྐེད་ལ་མི་རྐུན་བཞི་པོ་བརྒྱལ་འདུག་ཟེར་ནས་རྐུན་མ་བཞི་པོ་བཟུང་ནས་སྡིགས་བཙོག་བྱས། ཆས་ཀ་བླངས་བྱུང་བ་སོགས་ནུས་ལྡན་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་། མོ་རང་ལོ་ཉེར་གཅིག་ཆུ་འབྲུག་ལོར། ཁུ་བོ་གླང་རས་པ་མཁའ་སྤྱོད་དུ་གཤེགས་ནས་མྱ་ངན་ཆེ་བར་བྱུང་། བླ་མ་རིན་པོ་ཆེའི་ཚ་མོ་ལ་དགོངས་ནས་མཛོ་མོ་ལྔ། འབྲི་གཡག་བཅུ་བཅས་གནང་བྱུང་།

ཁུ་བོ་བླ་མའི་ཞལ་ནས། ཨ་ཁྲོམ་ཉིད་ཆོས་རྗེ་རིན་པོ་ཆེའི་གང་གསུང་གྱིས་ལ་དགེ་སྦྱོར་མཚམས་ལ་བརྩོན། ངལ་བ་མ་བྱེད་གསུངས་ནས་ཞལ་ཆེམས་བཞག །དེ་ལོར་ཚོང་པའི་ཟས་བརྒྱུད་ནས་འགོ་ནད་འབྲུམ་ནག་བྱུང་ནས་ཕ་རྡོར་སྲུང་དུས་ལས་འདས། རོ་དོང་དུ་སྦ་བ་སོགས་ཁ་འཛེམ་མ་བྱུང་། གཙོ་ཕུའི་ཡར་གྲོང་མར་གྲོང་ནས་ཕོ་མོ་སུམ་ཅུ་ཤི་བྱུང་ཚེ་གླང་སར་ཁག་གཉིས་ལ་ཨ་ཁྲོམ་གྱིས་ལོ་གྱོན་མའི་གཟུངས་སྔགས་ནས་སྲུང་མདུད་བྱིན་པས་ནད་ཀྱིས་མི་ཚུགས་པར་མོ་རང་བཅས་སྐྱོན་མ་བྱུང་། གྲོང་དུ་སྔོན་འགྲོའི་མཚམས་ལ་ཟླ་བ་ལྔ་བསྡད་པས་བྱིང་འཐིབ་རྩུབ་སློང་ཆོ་འཕྲུལ་ཆེ་བར་བྱུང་། གྲིབ་ཀྱི་ན་བ་སོགས་བྱུང་ཚེ། བླ་མ་རིན་པོ་ཆེ་ལ་ཞུས་པས། འདྲེ་སྲིན་འདུ་བའི་ས་དེ་ཁྱོད་ཀྱི་ཟིན་དོག་མེད། དབེན་ས་གཅིག་ལ་སྒྲུབ་པ་གྱིས་གསུངས། ཆོས་རྗེ་རིན་པོ་ཆེ་གདོང་ལའི་ཤོག་ཡངས་ལ་ལོ་མཚམས་དགྱེས་རྡོར་སྒྲུབ་སྐབས། མོ་རང་དེར་སོང་ནས་མཎྜལ་འབུམ། ཕྱག་འབུམ་ཚ་ཚ་འབུམ་ཐེར་མཛད་ནས་དེར་བཞུགས། ཉམས་སྣང་ལ་ཕག་མོ་དམར་མོའི་ཞལ་མཇལ། ཉིན་གཅིག་བྱ་རྒོད་ཐང་དཀར་ཐང་སྨུག་གཉིས་གཤོག་འགྱུར་སྣ་ཚོགས་མཛད་པས་ཡུལ་མི་ཐམས་ཅད་ཀྱི་མཐོང་བས་གང་ཡིན་དྲིས་པས། ཆོས་རྗེ་རིན་པོ་ཆེ་དང་ཨ་ཁྲོམ་གཉིས་ཀྱིས་རྩ་རླུང་གི་རོལ་རྩེད་མཛད་པ་ཡིན་གསུངས། དེ་སྐབས་ཇོ་མོའི་ཁྱིམ་ཚང་ཉམ་ཕྲ་བས་གླང་སར་ཆེ་ཚང་ནས་བུ་ཆུང་བ་མགོན་པོ་སྲུང་། གླང་སར་ཚང་ལ་ཚུར་བསྡད་ནས་གསེར་ཐོ་བཟའ་འཛུམ་དགའ་བླངས་པས་ཨ་ཁྲོམ་རང་ཉིད་འགན་འཁུར་མ་དགོས་པར་བྱུང་ཞིང་། མགོན་པོ་སྲུང་ལ་བུ་གཉིས་བུ་མོ་བཅས་མིང་སྲིང་གསུམ་ཡོད་པས། མོ་རང་ཁྱིམ་ལ་སེམས་འཕྲེང་མི་དགོས་ཞིང་བློ་བདེ་བར་བྱུང་།

དེ་སྐབས་ཐེ་ཁྲོམ་ནང་དུ་འབྲུམ་ནག་བྱུང་བས་ཨ་ཁྲོམ་གདན་དྲངས་ནས་སྲུང་བ་བྱས་པས། ཐོར་པ་མཚམས་ཆོད་ནས་འགོ་ཕ་ཨ་འགྲུབ་ཀྱི་རྩ་བ་བྱས་ནས་དུད་རེའི་ར་རེ་རེ་ཕུལ་བས་ར་ཉེར་གསུམ་རྙེད་པ་ཁྱིམ་དུ་བྱིན། ད་ལོ་ཨ་མ་ཨ་སྐྱིད་ཤི་འགྲོ་གསུངས་ནས་བླ་མ་རིན་པོ་ཆེ་ལ་མཛོ་མོ་དང་རྣ་ཆ་ཕུལ། དམར་མོ་གྲུབ་ཐོབ་ལ་སྣམ་བུ་དང་བ་གཅིག་ཕུལ། སྤྱི་འདུ་བླ་ཆེན་ལ་འབྲི་དང་གཡུ་ཕུལ། དེ་སྐབས་གསུངས་བཞིན་མ་ཨ་སྐྱིད་མ་དུས་ལས་འདས། ཆོས་རྗེ་རིན་པོ་ཆེའི་ཕྱིར་ལྡོག་ཀུན་རིག་མཛད་པ་སོགས་བཏང་བ་ཅི་འབྱོར་བྱས། མོ་རང་གི་ཞལ་ནས། ཨ་མ་མ་ཤི་ཨ་མ་གྲུབ། །ཨ་མས་པུཎྱེ་བྷ་དྲ་མཇལ། །མོ་རང་སྐྱ་མཛོ་གེལ་ཐང་ལ། །ཕྱུག་པོའི་བུ་ཆུང་གཅིག་ལ་སྐྱེ་འགྲོ་གསུངས། ཆབ་བསྟི་གསེར་ཕུག་ལ་ཆོས་རྗེ་རིན་པོ་ཆེའི་རྩ་རླུང་འཁྲུལ་འཁོར་མཛད་པས། མོ་རང་དེར་རླུང་ལ་སྦྱང་ནས་ལོ་གཅིག་བཞུགས། ཆབ་བསྟི་གསེར་ཕུག་གི་གསེར་ཡིན། མཚལ་ཕུག་གི་མཚལ་ཡིན་གསུངས་ནས་ཨ་ཁྲོམ་མོ་རང་གི་ཕྱག་མཐིལ་གཉིས་ལ་ཕྱག་ཐམ་གཉིས་གནང་། ལས་ཀྱི་ཕྱག་རྒྱ་མོ་རུ་དབང་བསྐུར། མོ་རང་ལོ་ཉེར་ལྔ་ཤིང་སྤྲེལ་ལོར་ཆུ་འབྲུག་གི་རུས་པ་ལ་གྲུབ་པའི་སྒྲོལ་ལྗང་གི་སྐུ་མཚོན་གང་རྙེད་པ་བླ་མ་ལ་ཕུལ། ཆབ་བསྟི་བྲག་རྩ་ནས་ལྕགས་ཀྱི་རྡོ་རྗེ་མཐོ་གང་ཡོད་པ་རྙེད་པ་བླ་མ་ལ་ཕུལ་བས་ནང་རྟེན་ཉན་ངེས་རེད་གསུངས། གདོང་ལ་མཚོ་ཁ་ནས་རྡོ་ནག་གི་མཆོད་རྟེན་མཐོ་གང་ཡོད་པ་རྙེད་པ་སོ་རག་སེང་གེ་འབུམ་ལ་ཕུལ་བས། ཚུར་ལ་རྟ་རྒོད་མ་དང་འབྲི་གཉིས་གནང་བྱུང་། མན་ཤེལ་གྱི་རྡོག་པོ་ཞིག་ཤོག་ཡངས་ནས་རྙེད་པ་དང་གསེར་ཨ་ལོང་མཐེ་བོང་འགྲོ་ཙམ་གསེར་ཀོང་ནས་རྙེད་པ་རྣམས། སྐྱོ་ནག་རྟོགས་ལྡན་བསོད་ནམས་དབང་ཕྱུག་ལ་ཕུལ།

སྐྱོ་ནག་ཕུག་ཏུ་བླ་མའི་མདུན་དུ་ཟབ་མོ་གཅོད་ཀྱི་ཚོགས་བརྒྱ་གསུམ་བྱས། ཉིན་གཞུང་བླ་མའི་སྐུ་རིམ་ཚ་ཚ་ཁྲི་ཚོ་བཅུ་གསུམ་གདབ། རྟ་རྒོད་མ་དང་གཡག་གཉིས་བཅས། ཀརྨ་པ་ཁམས་ཡུལ་ནས་མར་བྱོན་སྐབས་ཕུལ་བས། ཚུར་ལ་གསོལ་འདེབས་ཕྱག་བྲིས། དམ་རྫས། བྱུ་རུ་བརྒྱ་ཞག་གཅིག་གནང་བྱུང་། ཆོས་རྗེ་རིན་པོ་ཆེའི་ཞལ་ནས་ཨ་ཁྲོམ་ཁྱོད་ཀྱི་ལག་ཏུ་ཕྱིན་པ་དེ་གཏེར་ཟོག་རེད་གསུངས། ཆོས་རྗེ་རིན་པོ་ཆེ་སྐྱོ་བྲག་རི་རྩེར་བཞུགས་ཚེ། མོ་རང་དེར་ལོ་གསུམ་དགེ་སྦྱོར་མ་ཎི་དུང་ཕྱུར་ཕྱེད་གཉིས་གྲུབ་ནས། ཉམས་དང་དག་སྣང་མ་འོངས་ལུང་བསྟན་མང་རབ་བྱུང་བར་ཆགས་ཆེ་བར་མ་བཞག །མོ་རང་གི་སྐྱོ་བྲག་མགོར་ཉི་མ་ཐིག་ལེ་བསྒྲིགས་འདྲ་ཉེར་གསུམ་ཤར་བ་རྨིས་པས། བླ་མ་རིན་པོ་ཆེའི་ཆོས་རྒྱུད་འཛིན་པའི་བླ་རབས་ཉེར་གསུམ་འོང་བར་གདའ་གསུངས། ཉིན་ཕུག་ནས་བླ་མ་རིན་པོ་ཆེའི་ཆའུ་ལྷམ་ཝ་ཡིས་སྐྱོ་བྲག་རྩེར་ཁྱེར་བའི་ཝ་དེ་ཨ་ཁྲོམ་མ་ང་རང་ཡིན་གསུངས། མོ་རང་ལོ་སོ་གཅིག་ཆུ་སྟག་ལོར་དམར་མོ་དགོན་དུ་གྲུབ་ཐོབ་འབུམ་སེང་གི་མདུན་དུ་ནས་ཁལ་གཅིག་དང་འབྲི་གཅིག་ཕུལ། སྙན་བརྒྱུད་ཀྱི་ཁྲིད་ཞུས། དཀར་ཕྱོགས་དང་ཟས་གཅིག་སྲུང་ནས་ལོ་གཅིག་བསྡད། དེ་དུས་གར་སོང་ལ་འཇའ་ཁྲ་ཚུབ་ཚུབ་ན་བུན་རྒྱུན་དུ་འཁོར་བ་བྱུང་། ལུས་ལ་བྱ་རྒོད་ཐུ་ལུ་ཚུབ་ཚུབ་དུ་ཡོད་ཅིང་། སྐྲ་དང་གོས་གསེབ་ཉལ་ས་བཅས་ལ་ཐུ་ལུ་ཡོད་པ་བྱུང་། ཕལ་ཆེར་གྱིས་སྤྲང་པོའི་རྟགས་རེད་ཟེར།

བླ་མ་རིན་པོ་ཆེའི་ཨ་ཁྲོམ་ལུས་ལ་བྱ་རྒོད་ཐུ་ལུ་དཔའ་བོ་མཁའ་འགྲོའི་རྟགས་མཚན་ཡིན་གསུངས། ཡུལ་མི་ཐམས་ཅད་ཀྱི་བརྟག་པ་ཞུས་པས། ཅི་གསུངས་ཚད་ཤར་ཤར་དུ་ཐོག་ལ་འགྲོ་བ་བྱུང་། མོ་རང་གི་སྐྱོ་འགག་ལ་ཞབས་རྗེས། སྐྱོ་བྲག་མགོར་ཕྱག་ཕུལ་བའི་དབུ་ཐོད་རྗེས། གསེར་ཕུག་ལ་ཕྱག་རྗེས་གཉིས། སྐྱོ་ནག་ཕུག་པར་སྐུ་རྗེས། སྤྱི་འབྱམས་ནས་ཕྱག་ཞབས་རྗེས་བཞི། སྦལ་འཕང་ལ་ཕྱག་བྲིས་རིགས་གསུམ་མགོན་པོའི་སྙིང་པོ། གསེར་མགོ་རྡོར་འབུམ་ལ་གྲི་མདུད་བཅས་རྫུ་འཕྲུལ་ཐོགས་མེད་བྱུང་། མོ་རང་གི་ཚ་བོ་གླང་སར་འབུམ་ཕྱུག་ལ་གྲི་མདའ་གཞུ་མཛོ་མོ་བཅས་བྱིན། དེ་ནས་ཉིན་ཕུག་ལ་ལོ་གསུམ་བཞུགས། བླ་མ་རིན་པོ་ཆེས་བར་དོ་གནད་དྲུག་གི་གདམས་ངག་གནང་ནས། ཆོས་རྗེ་རིན་པོ་ཆེའི་སྐུ་དྲིན་ངར་ཆེའོ། །ཞེས་མོ་ང་ནི་ན་དགའ་ཤི་སྐྱིད་ཡིན། །དམ་ཚིག་ལ་རྐྱེན་སེལ་མ་བྱུང་བར། །རྗེ་བླ་མའི་གདམས་ངག་གང་ལེགས་ཐོབ། །མགོན་ཁྱེད་ཀྱི་དྲུང་དུ་ང་ཤི་དགའ། །ཤི་དཀར་པོའི་གཡར་ཁང་བསྐྱུར་མ་ཐག །གནས་སྐྱོ་བྲག་གི་རྒོད་ཚང་གོང་མ་ལ། །རྒོད་ཐང་སྨུག་གཅིག་གི་ལུས་སུ་ལེན། །རྗེ་ཁྱེད་ཉིད་ཇི་སྲིད་འཚོ་བར་དུ། །སྐད་ཅིག་ལ་འབྲལ་བ་མེད་པ་རུ། །མ་མཁའ་འགྲོ་འབུམ་གྱི་ཚོགས་དཔོན་བྱེད། །རྗེ་ཁྱེད་ཞལ་ཉི་མའི་འོད་བཞིན་མཇལ། །ཞེས་མོ་ན་དགའ་ཤི་སྐྱིད་ཡིན། །མཐར་ལྷོ་ཕྱོགས་དཔལ་གྱི་རི་རྩེ་ལ། །རྗེ་བྲམ་ཟེ་ཡབ་སྲས་སྐུ་དྲུང་དུ། །འབྲལ་མེད་དུ་ས་ལམ་བསྒྲོད་པར་ཤོག །ཅེས་གསུངས་ནས་ཕྱག་འཚལ་ཞིང་། གཡུ་གཅིག་དངུལ་སྲང་དོ། དར་ཟབ་སྣེ་འགའ་བཅས་ཕུལ་ནས། གཙོ་ཕུ་མདའ་རུ་གླང་སར་ཚང་གི་ཁྱིམ་དུ་བཞུགས། མོ་རང་ཡུན་རིང་མི་འདུག་གཤེགས་འགྲོ་མདོག་གསུངས།

ཡར་གྲོང་མར་གྲོང་ཐམས་ཅད་ལ་མི་རྟག་པའི་མགུར་གླུ་མང་ཆེར་གསུངས། རོག་ཐོ་མགོ་ནས་ལྷ་བསངས་མཛད། གཙོ་ཕུ་རྒྱ་ལམ་ནས་ལུས་སྦྱིན་དགོང་རེ་བཞིན་མཛད། ཅི་ན་མེད་པར་ཐོམ་ཐོམ་པ་བྱུང་ནས། སྐྱོ་བྲག་ནས་རིན་ཆེན་བཟང་པོ་བྱོན་ནས་བྱིན་རླབས་མཛད། ཆོས་རྗེ་རིན་པོ་ཆེས་མོ་རང་ཚེ་ཚད་ལྔ་བཅུ་ཙམ་ཐུབ་བསམ་སྟེ། རྐྱེན་ཆེ་བས་འཆི་ན་ཐང་གསུངས་ནས་གསོན་བྱང་མཛད། བྱོན་ནས་དབང་བསྐུར་མཛད། བར་དོ་འཁྲུལ་གྲོལ་གྱི་གདམས་པ་གནང་། མོ་རང་གིས་ང་བུ་མོ་ཨ་ཁྲོམ་གྱི་ཚེ་ཆོད་ཚར། ང་ཤི་ཡང་ཐང་ཤི་བ་མི་འཚེར་གསུངས་ནས་ཆས་ཀ་ཅི་ཡོད་གླང་སར་ཁག་གཉིས་ལ་བྱིན་གསུངས། ཁོང་ཁག་གཉིས་ཀྱི་གྲོང་པ་རྣམས་བསྡུས་ནས་སྒྲོལ་མ་དང་། བཛྲ་གུ་རུ་ཇོ་ར་བྱས་ནས་རིམ་གྲོ་བྱས་ཐོག །མོ་རང་ལོ་སོ་བརྒྱད་ས་བྱི་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་སྐུ་གཤེགས། འཇའ་དང་མེ་ཏོག་ཆར་ཐམས་ཅད་ཀྱིས་མཐོང་བར་བྱུང་། ཐུགས་དམ་ལ་ཞག་བདུན་བཞུགས། ཆོས་རྗེ་རིན་པོ་ཆེ་དང་། རིན་བཟང་གཉིས་ཀྱིས་གཤེགས་གསོལ་མཛད། སྐུ་གདུང་ནི་དམར་མོ་བྲག་ལ་མི་གསུམ་གྱིས་ཁུར་རེས་བྱས་ཤིང་མཇལ། གདོང་ལ་ཤོག་ཡངས་མདར་ཕ་བོང་སྟེང་དུ་རྡོ་ལ་སྐུ་རྗེས་བྱུང་། འཇའ་སྣ་ལྔ་འཁྲིགས། སྐུ་གདུང་རི་རྩེར་བསྐྱལ་བ། བྱ་རྒོད་པོའི་ནམ་མཁའ་གང་། འཇའ་གུར་སྣ་ཚོགས་བྱུང་། ཟིམ་ཆར་བབས། ཞག་གསུམ་ནས་སྙིང་ཐང་ལ་འཇའ་དང་འོད་ཟེར་སྣ་ཚོགས་ཀྱི་ནམ་མཁའ་གང་། དཔའ་བོ་མཁའ་འགྲོ་རྣམས་འདུ་བ་ལ་ཅི་ཡིན་དགོངས་ནས་མཉམ་པར་བཞག་པས་མཁའ་འགྲོ་ཨ་ཁྲོམ་མ་གཟུགས་སྐུ་ཆོས་དབྱིངས་ལ་ཐིམ་པ་དགོངས་པའི་བར་དེར་བླ་མས་སོང་ལ་ལྟོས་ཤོག་གསུངས་པས།

དཔལ་བཟང་པོ་སོང་ནས་བལྟས་པས་ཕུང་པོ་མི་འདུག་རྐང་ངར་ཁྲིག་གཅིག་འདུག་ཞུས་པས། མྱུར་དུ་ལོངས་ཤོག་གསུངས་པས། ཁྱོད་ཀྱིས་མ་ཤེས་ན་འདི་ཌཱ་ཀི་ཆོས་འཛོམས་ཀྱི་རྐང་རེད། འདི་ནང་དུ་རླུང་རྒྱུ་ནས་འཇའ་འོད་བྱ་རྒོད་མཁའ་འགྲོ་རྣམས་འདུ་བ་ཡིན་གསུངས། རྐང་ཁ་གསོན་དུ་རྙེད་ན་ནི་གསེར་བང་བ་གང་ལ་འདི་དགའ་གསུངས། ནང་རྟེན་ཉན་ངེས་ཡིན་གསུངས། དེ་ལོར་གཞོན་འཕེལ། ལོ་ལེགས། མི་ཕྱུགས་རྣམས་ཀྱི་འགོས་ནད་ཡམས་ནད་སོགས་ཞི་བྱུང་། དེ་དུས་ཆོས་རྗེ་རིན་པོ་ཆེ་དགུང་ལོ་ང་བརྒྱད་བཞེས་ཡོད། པྲཛྙཱ་ཌཱ་ཀིས་མ་འོངས་ལུང་བསྟན་མགུར་རྣམས་ཟུར་དུ་ཡོད། ཤེ་ཆེན་མགུལ་ཕུག་ཏུ་བླ་མ་རིན་ཆེན་གྱིས་ཐོ་ཡིག་ཏུ་བྲིས་པ་དགེའོ། །མངྒ་ལཾ། ཞར་བྱུང་། ཌཱ་ཀིའི་རྣམ་ཐར་འདི་ལོ་བརྒྱ་ཕྲག་མང་པོ་བརྒལ་བའི་དཔེ་ལས་ཇི་བཞིན་ཞལ་བཤུས་པས་ཡུལ་གྱི་ཕ་སྐད་དང་། ཡི་གེ་ཁ་ཤས་མི་གསལ་བ་སོམ་ཉི་ཅན་མང་བའི་དབང་གིས། འདིར་ནོར་སྐྱོན་གང་མང་ཡོད་སྲིད་པས་མཁྱེན་ལྡན་ཡོངས་ལ་བཟོད་གསོལ་ཞུ་བ་དང་། དགེ་བས་འགྲོ་ཀུན་སངས་རྒྱས་ཀྱི་སར་འགོད་པར་གྱུར་ཅིག །སྣ་ཚོགས་རང་གྲོལ་གྱིས།

མཚན་ལྡན་སྤྲུལ་པའི་ཡུམ་ཆེན་གྱི་རྣམ་ཐར་མདོར་བསྡུས། མཛད་པ་པོ་མི་གསལ།

༄༅། །མཚན་ལྡན་སྤྲུལ་པའི་ཡུམ་ཆེན་གྱི་རྣམ་ཐར་མདོར་བསྡུས་པ་བཞུགས།

ཤེས་རབ་སྟོབས་ཀྱིས་ལོངས་སྤྱོད་དགྲ་ལས་རྒྱལ། །ཚོགས་གཉིས་སྟོབས་ཀྱིས་ཌཱ་ཀིའི་རིགས་སུ་འཁྲུངས། །ལས་ཟད་སྟོབས་ཀྱིས་རིམ་གཉིས་མངོན་དུ་གྱུར། །ཕྱག་རྒྱ་མཚན་ལྡན་ཡུམ་ཆེན་ཉིད་ལ་འདུད། །ཐོས་བསམ་སྒོམ་གསུམ་དང་བཅས་ངོ་མཚར་གྱི་བྱུང་ཁུངས་འདི། ཡུལ་བཀྲ་ཤིས་ལ་གཡང་ཆགས་པ་བརྒྱས་སྡེ་ཞེས་བྱ་བར་ཡབ་ཡུམ་གཉིས་ཀྱི་སྲས་སུ་འཁྲུངས། ཐོས་བསམ་སྒོམ་གསུམ་དང་བཅས་པ་ནི་གཞོན་ནུ་མ་ལ་ཆོས་སྒོར་ཞུགས་ནས་དད་པ་དང་སྙིང་རྗེ་ཆེ་བ། ཤེས་རབ་དང་དྲན་པ་གསལ་བ། སྐྱེ་བ་སྔོན་ལ་སྒོམ་པའི་སྟོབས་ཀྱིས་ཚིག་ཐོས་པ་ཙམ་གྱིས་ཁོང་དུ་ཆུད་པ། ཇོ་ནང་ལེགས་སྦྱོར་དྲུག་གཞུང་ལ་བསྒོམས་པས། དུད་སྣང་དང་མེ་སྣང་དང་སྨིག་རྒྱུའི་སྣང་བ་དང་། ཕྱི་ནང་མེད་པར་མངོན་སུམ་དུ་མཐོང་བ་དང་། ཉམས་དང་རྟོགས་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འཁྲུངས། པཎྜི་ཏ་ནགས་ཀྱི་རིན་ཆེན་ཞེས་བྱ་བ་རྗེ་བཙུན་སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་བོད་དུ་ལན་གསུམ་བྱོན་པའི་བར་མ་ལ། ངམ་རིངས་སུ་ཆོས་རྒྱལ་དཀོན་མཆོག་ལེགས་པ་སྐུ་མཆེད་ཀྱི་གདན་དྲངས་ནས། མཁས་པ་དཔེ་མེད་རྩེའི་རྗེས་སུ་འབྲངས་ནས་སྦྱོར་བ་ཡན་ལག་དྲུག་པ་གསུང་དུས་སུ། ཆོས་འཁོར་ལོ་ཙཱ་བ་མཉྫུ་ཤྲཱི་ཞུས་སྣ་བྱས་ཞུས་པས། ལས་ཅན་འདྲ་ཡིན་པའང་སྲིད་དེ་མིན་སྐྱེ་བ་དམན་པས་ཆོས་མི་ཡོང་གསུངས། ནང་དུ་ཕྱིན་པས་སྐུ་མཐོང་བ་ཙམ་ལ་དགའ་བདེའི་རང་བཞིན་གཡོས་ནས། དད་པའི་སྤུ་ལོང་འགུལ་ཞིང་མིག་ནས་མཆི་མ་འཛག་སྟེ་དགེ་སློང་བསམ་གཏན་བཞི་པ་ཐོབ་པ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་འཁྲུངས་སོ། །སྦྱོར་བ་ཡན་ལག་དྲུག་པ་ཞུ་བའི་དུས་སུ་མཐོང་སྣང་བློ་ཡུལ་ལས་འདས་པ་འཁྲུངས། ཆོས་རྗེ་ས་པཎ་གྱི་རྣམ་ཐར་བདག་ཆེན་དཔལ་ལྡན་ཆོས་སྐྱོང་བས་ཟིན་བྲིས་སུ་མཛད་ཅིང་ལོ་ཙྭ་བ་ན་རེ། བདག་ཆེན་དཔལ་ལྡན་ཆོས་སྐྱོང་། ཆོས་རྒྱལ་དཀོན་མཆོག་ལེགས་པ་སྐུ་མཆེད་དང་དེ་རྣམས་དཔལ་ཤ་ཝ་རིའི་སྙན་བརྒྱུད་ཞུ་ཟེར། འོ་ན་བདག་ལའང་གནང་བ་ཞུ་འཚལ་བྱས་ནས་ཞུས་པས་སྣང་བ་སྣང་ནས། དཔལ་ཤ་ཝ་རི་པའི་ཆོས་དྲུག །སྦས་པ་མིག་འབྱེད་ཡིག་ཆུང་ཆ་ལག་དང་བཅས་པ། ཁྱད་པར་བྱང་སེམས་སྦུབས་འདྲེན། ཆུ་འཐུང་གཉིས་མེད་ཁྲིད་ཞལ་གདམས་དང་བཅས་པ་གནང་། ངའི་བསྟན་པ་བུད་མེད་ཀྱིས་འཛིན་པ་འདུག་པས། གངས་བུ་ལེར་སྒྲུབ་པ་གྱིས་ལ། ལས་ཅན་གྱི་སློབ་མ་གཅིག་ཡོང་པས་དེ་ལ་སྟོན།

གཞན་ལ་མ་སྤེལ་གསུངས་ནས་བྱང་སེམས་དགེ་སློང་ལུང་བསྟན། དེ་ནས་རིམ་པ་བཞིན་དར་ཡོང་སྟེ་ཡིག་ཆ་འདིའི་ཆ་ལག་འཐོར་བ་སྡུད་བྱེད་ཀྱི་མི་གཅིག་ཡོང་། དེ་ནས་ཆོས་འདི་ཉི་ཟླ་ལྟར་ཁྱབ་པ་གཅིག་ཡོང་གསུངས་བའི་ལུང་བསྟན་ཡིག་ཆུང་ཟུར་ན་གསལ། རྩ་ཆུ་སྦྱོང་བ་དང་ཚེ་ཁྲིད་ཁྲུས་ཁང་ལོ་ཙཱ་བ་ལ་ཞུས། གཞན་ཡང་གདམས་པ་མང་པོ་ཞུས། བལ་པོ་རུ་བྱོན་ནས་ཆོས་འདི་ལ་མྱོང་བ་མཐར་འདོན་མཛད་ནས། ད་བོད་ལ་འགྲོ་ཞུས་པས་བུ་ལ་རྒྱུག་ལ་སྒྲུབ་པ་གྱིས། འཕྲིན་ལས་རྗེས་འཇུག་གི་སློབ་མ་རྣམས་ལ་ཡང་གསུངས། ཀཱ་པ་ལི་དང་ཕྱག་ཕྲེང་གནང་ནས་བྱིན་རླབས་ཀྱི་རྟེན་དེ་ལ་བྱིན། ཤ་ཝ་རི་རིགས་ལྔའི་ཐང་སྐུ་སྤྱི་ཐག་ཏུ་བཞག་ནས་ཤ་ཝ་རི་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པ་ཡིན་ནོ། །སྐུ་འདི་ཡང་ཁྱེར། ཆོས་བདག་པོ་ལ་འཕྲོད་པ་ཡིན་ནོ། །བོད་དུ་འགྲོ་དོན་ཆེན་པོ་ཡོང་གསུངས་སོ། །

དེ་ནས་བོད་ལ་ལོ་ཙཱ་བ་ཤེས་རབ་བཟང་པོ་དང་བསྡོངས་ནས་བྱོན། ད་ནས་བུ་ལེ་སྤང་སྒང་དུ་ཕེབས་ནས་སྒྲུབ་པ་འབའ་ཞིག་མཛད། སློབ་མ་མང་པོ་རྗེས་སུ་མ་བཟུང་། བྱང་སེམས་དགེ་སློབ་འབའ་ཞིག་ལ་གནང་། དེ་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། གདུང་ལ་རྡོ་རྗེ་ཕག་མོ་དང་། བདེ་མཆོག་འཁོར་ལོ་དང་། རིང་བསྲེལ་མང་པོ་བཞག་ནས། དག་པ་མཁའ་སྤྱོད་ཀྱི་ཞིང་དུ་གཤེགས་སོང་། མཚན་ལྡན་སྤྲུལ་པའི་ཡུམ་ཆེན་གྱི་རྣམ་ཐར་མདོར་བསྡུས་པ་མངྒ་ལཾ། དགེའོ།། །།

རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་ཐར་དད་པའི་གདུང་སེལ། མཛད་པ་པོ་ཁྱུང་པོ་རུས་པ།

༄༅། །རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་ཐར་དད་པའི་གདུང་སེལ་བཞུགས་སོ། །

ཨོཾ་སྭ་སྟི། རིག་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྗེ་བཙུན་བླ་མ་དམ་པ་གར་གྱི་དབང་ཕྱུག་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་པར་ཐར་པ་དད་པའི་གདུང་སེལ་ཞེས་བྱ་བ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བདེ་ཆེན་ཌཱཀྐིའི་གཙོ་མོ་བསླུ་མེད་མཆོག་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གདོད་ནས་མི་འགྱུར་ཆོས་དབྱིངས་ནམ་མཁའ་ལ། །འགག་མེད་རང་མདངས་འགྲོ་བའི་དཔལ་གཅིག་པུར། །ཡོངས་ཤར་མ་རིག་མུན་སེལ་སྒྲོན་མེ་མཆོག །རིགས་ཀུན་བདག་ཉིད་ཁྱབ་བདག་བླ་མར་འདུད། །ཆོས་སྐུ་འགྱུར་མེད་སྤྲོས་བྲལ་ནམ་མཁའ་ལ། །བདེ་ཆེན་ཐུགས་རྗེའི་ཆུ་འཛིན་འཁྲིགས་པ་ལས། །དབང་བཞིའི་ཆར་གྱིས་གདུལ་བྱ་སྨིན་མཛད་པ། །རྡོ་རྗེའི་གར་མཁན་ཤེས་རབ་སྒྲོལ་མས་སྐྱོངས། །ཐབས་མཆོག་བདེ་ཆེན་དཔའ་བོ་ཀུན་ཏུ་བཟང་། །ཤེས་རབ་དགའ་མར་སྦྱོར་བ་ཀུན་བཟང་ཡུམ། །ཟུང་འཇུག་བཀའ་གསང་རྫོགས་ཆེན་རྡོ་རྗེའི་གླུ། །ལེན་ཕྱིར་མི་འགྱུར་དཔལ་གྱི་སྒྲོན་མར་ཤར། །མགོན་དེའི་མཛད་པ་ཡོན་ཏན་རྒྱ་མཚོའི་གཏེར། །བགྲང་ཡས་བདེ་གཤེགས་རྣམས་ཀྱིས་བརྗོད་དཀའ་ན། །ཚུར་མཐོང་བྱིས་བློས་སྤོབས་པར་མི་འགྱུར་ཡང་། །དམ་པའི་གསུང་ངོར་ཆུ་ཐིགས་ཙམ་ཞིག་གོ །མི་གཞིག་རྡོ་རྗེ་དབྱིངས་ཀྱི་མཁའ་ཀློང་ལས། །རང་རིག་དོན་གྱི་བླ་མ་མཚན་དཔེའི་སྐུའི། །དགྱེས་ཞལ་གསུང་གི་བདུད་རྩི་བདག་སྩོལ་ལ། །ཐར་འདོད་དད་པའི་གདུང་བ་སེལ་མཛད་གསོལ། །དེ་ལ་འདིར་བདག་ཅག་རྣམས་ཀྱི་སྐྱབས་མགོན་བླ་མ་དམ་པ་ལྷན་སྐྱེས་ཀྱི་ཌཱཀྐིའི་གཙོ་མོ་རིགས་བརྒྱའི་ཁྱབ་བདག་གར་གྱི་དབང་ཕྱུག་མི་འགྱུར་དཔལ་གྱི་སྒྲོན་མའམ་རྗེ་བཙུན་ཤེས་རབ་སྒྲོན་མ་ཞེས་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་བཀའ་གསང་རྡོ་རྗེ་སྙིང་པོའི་ཐོལ་གླུ་གཞོམ་མེད་དུ་ལེན་ཅིང་སྙན་གྲགས་ཀྱི་བ་དན་སྲིད་པའི་རྩེ་མོར་བསྒྲེང་ཞིང་ལྷ་དང་བཅས་པའི་འཇིག་རྟེན་དུ་མཚན་ཡོངས་སུ་གྲགས་པའི་དམ་པ་གང་གི་མཛད་པའི་ཚུལ་ཆ་ཙམ་གླེང་བ་ལ་གཉིས་ཏེ། སྔོན་བྱུང་བ་སྐུ་སྐྱེ་སྔ་མའི་ཚུལ་མདོར་བསྟན་པ་དང་། ཞིང་འདིའི་མཛད་པ་ཅུང་ཟད་སྤྲོས་ཏེ་བཤད་པའོ། །

དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་ཟབ་ཞི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཀ་དག་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ་རང་སྣང་གི་ཡུམ་དབྱིངས་ཕྱུག་མ་ཀུན་ཏུ་བཟང་མོས་སྤྱིར་བསྟན་པའི་ཆོས་ཐེག་པ་ཆེ་ཆུང་སྣ་ཚོགས་པ་དང་། ཁྱད་པར་བཀའ་གསང་རྫོགས་པ་ཆེན་པོ་རྨད་བྱུང་བསྟན་པའི་སྙིང་པོ་འདི་ཉིད་འབྱུང་བར་གསོལ་བ་བཏབ་པ་ལས། སྟོན་པ་བླ་ན་མེད་པ་དེ་ཉིད་ཀྱི་རང་རྩལ་ཡེ་ཤེས་རོལ་བའི་འཁོར་ཚོགས་རྣམས་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དེ་ཁོ་ན་ཉིད་ཀྱི་ངེས་དོན་བརྗོད་མེད་དོན་གྱི་སྒོ་ནས་གསུངས་པ་ནི་རྒྱལ་བ་ཉིད་ལ་ཉིད་ཀྱི་བརྒྱུད་པས་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། དེ་ལྟར་དོན་བརྡ་ཙམ་བསྟན་པ་ལས་རིག་འཛིན་རིག་པ་འཛིན་པ་རྣམས་ཀྱིས་ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་རིག་འཛིན་བརྡ་ཡི་བརྒྱུད་པ་དང་། ཆོས་ཉིད་རྫོགས་པ་ཆེན་པོའི་དོན་ཐུགས་ཀྱི་ཟ་མ་ཏོག་ཏུ་གཏམས་པ་མགུལ་གྱི་བུམ་པ་ལས་དྲངས་ལྗགས་ཀྱི་པདྨ་འདབ་བརྒྱད་ལས་ཐོན་པའི་དོན་སྙན་གྱི་བུ་ག་ཤིན་ཏུ་སྲབ་པ་ནས་རིམ་པར་བརྒྱུད་པའི་བཀའ་གསང་རྫོགས་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་བསྟན་པའི་སྙིང་པོ་འདི་ཉིད་ཉག་གཅིག་གི་བརྒྱུད་པ་ཟམ་མ་ཆད་པར་སྙན་ནས་སྙན་དུ་བརྒྱུད་དེ་གང་ཟག་བཀའ་བབས་ལས་འཕྲོ་ཅན་ལས་ད་ལྟའི་བར་རྣམ་དག་གི་བཀའ་ཁྱད་པར་ཟབ་མོ་གཏེར་དུ་རྒྱས་བཏབ་པའི་བརྒྱུད་པ་དྲུག་ལྡན་དུ་འཕགས་པ་འདི་ཉིད་ཐོག་མ་དང་། བར་མ་དང་། མཐའ་མ་གསུམ་གྱི་ཟབ་མོའི་བཀའ་བབས་ཞལ་གྱིས་བཞེས་ཤིང་དམ་བཅས་པའི་ཐོག་མའི་ཐོག་མ་ལ་ཡུམ་དབྱིངས་ཕྱུག་མ་ཀུན་ཏུ་བཟང་མོས་བསྟན་པ་འབྱུང་བར་གསོལ་བ་བཏབ་ཅིང་། བཀའ་གསང་རྡོ་རྗེ་སྙིང་པོའི་བསྟན་པ་བསྲུང་ཕྱིར་བཀའ་སྲུང་རག་གདོང་སྨུག་ནག་ཁྲོ་མོར་སྤྲུལ་ཞིང་རང་དམ་བཅས།

བར་དུ་བསྐལ་བ་འདིའི་བསྟན་པ་ལ་རྨད་བྱུང་བསྟན་པའི་སྙིང་པོ་འདི་ཉིད་མི་ཉམས་ཤིང་སྤེལ་ཕྱིར་བདག་ཅག་གི་རྣམ་འདྲེན་བླ་མ་དམ་པ་བདེ་ཆེན་ཌཱཀྐིའི་གཙོ་མོས་འགྲན་ཟླ་ཐམས་ཅད་བྲལ་བ་ཡུམ་ཀུན་ཏུ་བཟང་མོ་ཉིད་དུ་སྐུ་སྤྲུལ་བཞེངས་པར་གྱུར་པ་ནི་སྙིང་ཐིག་ཆེན་མོའི་ཆོས་བདག་ལུང་བསྟན་གྱི་འཕྲོར་དཔལ་ཀུན་ཏུ་བཟང་པོའི་ལྗགས་ཀྱི་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་ཀྱང་། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ངན་དར། །དེ་ནས་མི་གནས་རང་སའོ། །ཞེས་གསུངས་པས། དེ་ལ་མཁའ་འགྲོ་མ་ནི་སྐུའི་བཀོད་པ་དང་མཚུངས་པར་བསྟན་ཏེ། དོན་ལ་ཆོས་སྐུ་སྤྲོས་བྲལ་གྱི་ནམ་མཁའ་ལ་རིག་པ་ཡེ་ཤེས་ཀྱི་རང་རྩལ་མ་འགགས་པར་འགྲོ་བས་ན་མཁའ་འགྲོ་དང་དཔལ་ནི་མི་འགྱུར་དཔལ་གྱི་སྒྲོན་མ་སྟེ་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་འཛིན་པར་ལུང་གིས་བསྟན་པས་ན་མཚན་སྒྲའི་ཚིག་ཀྱང་ཤིན་ཏུ་གསལ་ཞིང་། དེ་ལ་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོ་ཡིན་པའང་དངོས་སུ་བསྟན་ཏེ་རང་གཏེར་ཤ་འུག་གཏེར་བྱོན་གབ་རྒྱའི་ལུང་བྱང་དུམ་བུ་ཐ་མ་ལས་ཀྱང་། ཁྱད་པར་བདེ་གཤེགས་ཀུན་འདུས་མན་ངག་འདིའི༔ འཆང་བྱེད་སྣོད་ལྡན་ཆོས་ཀྱི་བདག་པོ་ནི༔ གསང་ཆེན་སྙིང་ཐིག་མན་ངག་བསྟན་པའི་བདག༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་མོ་དང་༔ པོ་ཏཱ་ལ་རུ་ཨཱརྱ་ཏཱ་རེ་མ༔ དཔལ་རི་པདྨར་ཡེ་ཤེས་མཚོ་རྒྱལ་ཏེ༔

ཨོ་རྒྱན་གཟུང་མ་ད་ལྟའི་མཁར་ཆེན་བཟའ༔ སྐྱེ་བ་འདི་ནས་ཆོ་འཕྲུལ་གྲངས་མེད་འགྱེད༔ མ་གཅིག་ལབ་སྒྲོན་སྣང་ས་འོད་དེ་འབུམ༔ ཟུར་མོ་དགེ་འབུམ་ལ་སོགས་དུ་མའི་མཐར༔ བསམ་ཡས་ལྷོ་ཕྱོགས་གྲྭ་ཞེས་གཡོར་པོའི་ཆར༔ མཚན་རྟགས་ལས་ཅན་བཻ་རོའི་སྐྱེ་མཐའ་ཡི༔ བརྒྱུད་འཛིན་ཌཱཀྐི་སྒྲོན་མའི་མིང་འཆང་མ༔ མདོ་རྒྱུད་ལུང་གི་གདམས་པས་རྒྱུད་ཕྱུག་པའི༔ རབ་འབྱམས་རྒྱུད་སྡེའི་ཕ་མཐར་རྒལ་བ་བྱུང་༔ སྔགས་ཀྱི་དོན་སྤྱོད་རྫོགས་ཆེན་རྣལ་འབྱོར་མ༔ དངོས་སམ་ཉམས་སུ་ང་དང་བཀའ་ཡང་བགྲོ༔ ཟླ་ཟེར་སྤྲུལ་པར་ཆད་མཐའ་མི་མངའ་ཡང་༔ དེ་ཕྱིར་མཚོ་རྒྱལ་དངོས་ཀྱི་སྐྱེ་མཐའ་ནི༔ རེ་ཞིག་འདིས་ཆོད་སྔོན་མེད་རྫོགས་སངས་རྒྱས༔ ཞེས་དང་༔ རྒྱལ་པོའི་བཀའ་ཐང་ལས༔ ཡུལ་གཅིག་དབུས་ཀྱི་རྡོ་རྗེ་གདན་དྲུང་དུ༔

དགེ་སློང་དཔལ་མོ་ཞེས་བྱ་འབྱུང་བར་འགྱུར༔ ཞེས་གསུངས་པས་རྒྱལ་བའི་བཀའ་བསྟན་མན་ངག་མ་ལུས་པ་རྒྱ་བོད་ཀྱི་ལོ་པཎ་རྣམས་ཀྱིས་དཔལ་བསམ་ཡས་སུ་བསྒྱུར་ཅིང་བོད་དུ་མདོ་སྔགས་དར་བའི་ཐོག་མའི་ས་བོད་ཡུལ་དབུས་ཀྱི་རྡོ་རྗེ་གདན་ཡིན་པས་གཙོ་ཆེ་བའི་དབང་གིས་རགས་པ་ཙམ་དུ་ལུང་བསྟན་པ་དང་༔ དཔལ་ཨོ་རྒྱན་ཆེན་པོའི་པད་གླིང་གཏེར་བྱོན་མཚོ་རྒྱལ་གྱི་རྣམ་ཐར་ལས། ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་སྤྲུལ་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་མངའ་གསོལ་བ༔ རྡོ་རྗེ་པདྨའི་མིང་ཅན་སྙིགས་མའི་འགྲོ་བ་ཐམས་ཅད་ཀྱི་དེད་དཔོན་དམ་པར་གྱུར་པ་གཅིག་བསམ་ཡས་འདིའི་ནུབ་ཕྱོགས་ཡུལ་སྒྲགས་ཞེས་པ་ནས་འབྱུང་༔ ཞེས་གསུངས་པའི་ཡུལ་ཕྱོགས་དངོས་སུ་བསྟན་པ་དང་༔ རྡོ་རྗེ་པདྨའི་མིང་ཅན་ནི༔ སྙིང་ཐིག་གི་ཟབ་ཁྲིད་རྗེས་སུ་མངའ་གསོལ་མཛད་དུས་མཚན་འགྲོ་འདུལ་རྡོ་རྗེ་སྙིང་པོ་ཞེས་པ་དང་། བདེ་གཤེགས་ཀུན་འདུས་ཟབ་ཁྲིད་ཀྱི་དབང་གི་དུས་པདྨའི་དབང་ཕྱུག་ཏུ་ཡབ་རྗེ་གཏེར་བདག་གླིང་པས་སྩལ་པས་དངོས་སུ་བསྟན་པ་ལྟར་ལུང་བསྟན་ཕལ་ཆེར་ཀུན་རྫོབ་དགོས་དབང་ཆེད་དུ་སྣང་ཚུལ་དུ་གནང་བའི་མཚན་རྗེ་བླ་མས་བདག་ལ་དངོས་སུ་བསྩལ་པ་བཞིན་གྱ་ཚོམས་སུ་མ་བརྒལ་བར་ཁུངས་དང་ལྡན་པ་སྟེ། དེ་ཡང་མཚན་གཉིས་སུ་གསུངས་པས་དོན་ཐོག་མ་གཉིས་སུ་ལུང་བསྟན་པ་ཡིན་ནོ། །

དེས་ན་དམ་པ་འདི་ཉིད་མཚོ་རྒྱལ་དངོས་ཡིན་པ་ལྟར་ན། དོན་ལ་འོག་མིན་ཆོས་ཀྱི་དབྱིངས་སུ་ཀུན་ཏུ་བཟང་མོ་དང་། པོ་ཏཱ་ལར་རྗེ་བཙུན་སྒྲོལ་མ་དང་དེར་མ་ཟད་པདྨ་བཀའ་ཐང་ལས། དབྱིངས་ཅན་སྤྲུལ་བ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཞེས་ལྷ་མོ་དབྱངས་ཅན་མའང་ཡིན་པ་དང་། བདག་ཅག་གི་སྟོན་པས་མ་གཅིག་ལབ་སྒྲོན་ལུང་བསྟན་དུས། བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ་ཡུམ་ཆེན་མོ་དངོས་སུ་འབྱུང་བར་མདོ་ལས་ལུང་བསྟན་པ་དང་། ཀུན་མཁྱེན་རྡོ་རྗེ་ཐོགས་མེད་ཀྱི་གཟིགས་སྣང་རྒྱ་ཅན་ལས་མཚོ་རྒྱལ་དང་མཇལ་དུས་ཌཱཀྐིའི་རྡོ་རྗེའི་ཐོལ་གླུ་ལས། ཁྱད་པར་ཁོ་མོ་རྡོ་རྗེ་རྣལ་འབྱོར་མ། །གསང་བ་ཡེ་ཤེས་རྗེ་བཙུན་སྒྲོལ་མ་སོགས། །སོ་སོར་སྣང་ཡང་དོན་ལ་དབྱེ་བ་མེད། ཅེས་གསུངས་པ་དེ་དག་ངོ་བོ་གཅིག་ལ་སྣང་ཚུལ་ཐ་དད་པར་གསུངས་ཀྱང་དོན་ལ་དབྱིངས་ཀྱི་ཡུམ་ཀུན་ཏུ་བཟང་མོ་དངོས་ཡིན་པར་བཤད་པ་ལྟར་རོ། །

དེ་ནས་ཐ་མར་བསྐལ་པ་ཚེ་ལོ་བཅུ་བའི་ཚེ་དམ་པ་འདི་ཉིད་ད་ལྟའི་བཀོད་པ་དང་མཚུངས་པར་རང་བྱུང་དུ་བྱོན་ནས་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བ་ལས། དང་པོ་དང་གཉིས་པའི་དུས་ན་གང་ཟག་ལས་འཕྲོ་ཅན་རྣམས་རྫོགས་པ་ཆེན་པོ་སྒྲ་ཐ་ཚིག་བྱ་རྩོལ་བྲལ་བའི་དོན་ཐོས་པ་ཙམ་གྱིས་ཆོས་ཐུན་རེ་རེ་བཞིན་རྫོགས་མ་ཐག་ཏུ་བྱ་བརྒྱ་འུར་རྡོས་བསྐྲད་པ་ལྟར་ཡང་དག་པར་འདུས་པའི་འཁོར་རྣམས་འཚང་རྒྱ་བ་དང་། གསུམ་པའི་དུས་འཁོར་ཚོམ་བུ་ལྷག་མེད་དུ་ཡང་དག་པར་འགྱུར་བ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཚེ་ལོ་བཅུ་པའི་དུས་སུ་སྙིང་པོ་འདི་ཕྱུང་ནས་འདི་དང་གང་འཕྲད་འབྱུང་བ་རང་དེངས་འགྱུར། །ནམ་མཁར་ཡལ་ཏེ་མི་སྣང་བསྟན་པའི་བཙས། །ཡང་ནི་བསྟན་པའི་མེ་རོ་གཞན་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཞིང་འདིར་ཐོག་མར་པདྨའི་གཟུང་མ་མཁར་ཆེན་བཟའི་ལོ་རྒྱུས་ཅུང་ཟད་བརྗོད་ན།

དེ་ཡང་པདྨ་བཀའ་ཐང་ལས། དེ་ནས་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ ཨེ་མ་ཧོ༔ ཡོན་ཏན་དུ་མས་བརྒྱན་པའི་པདྨ་འབྱུང་༔ ཞེས་སོགས་ནས༔ བོད་བྱོན་མི་ལོ་བཅུ་གསུམ་སོང་ཙ་ན༔ སྒྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚན༔ གནུབས་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚན༔ ཤིང་མོ་བྱ་ཡི་ལོ་ལ་མཚོ་རྒྱལ་འཁྲུངས༔ མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལ༔ མི་བརྗེད་གཟུངས་ཐོབ་ཆོས་རྣམས་སློབ་མ་དགོས༔ བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བསྒྲུབས༔ སྤུ་གུ་ཕོ་མོ་གང་ཡང་བདག་ལ་མེད༔ དགེ་སློང་མ་ཡིན་འཁོར་བའི་སྐྱོན་མ་གོས༔ ཞེས་གསུངས་པས༔ དེ་ལ་དབུ་རུ་སྒྲགས་ཀྱི་ཡུལ་ཚ་ལུ་མཁར་ཞེས་བྱ་བར་ཡབ་ནམ་མཁའ་ཡེ་ཤེས་དང་། ཡུམ་དགེ་བ་འབུམ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཏེ་མཚན་པདྨ་ལྕམ་དུ་གསོལ། དགུང་ལོ་བརྒྱད་པ་ནས་སྐུ་ལུས་མཚར་སྡུག་དང་ལྡན་པའི་ཡེ་ཤེས་ཀྱི་མཁའ་འགྲོའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ་ཅིང་དགུང་ལོ་བཅུ་གསུམ་ནས་རྒྱ་གར་བེེ་དེའི་རྒྱལ་པོ་སོགས་ཕྱོགས་ཀྱི་རྒྱལ་ཕྲན་མང་པོ་དང་།

དེ་ལས་བོད་ཟུར་མོ་མཁར་གྱི་རྒྱལ་བུ་ནོར་བུ་དཀར་གསལ་གྱི་ཞུ་ནན་གྱི་སློང་མི་མང་བ་ལ། དེར་ཡབ་རྒྱལ་པོས་བུ་མོ་ཁྱོད་སློང་མི་མང་བས་ཁྱོད་རང་གང་དགའ་བ་འདོམས་ཤིག་གསུངས་པས། དེར་སྲས་ཀྱིས་དམ་པའི་ཆོས་ཤིག་མ་བྱུང་ན་འཁོར་བའི་སྡུག་བསྔལ་ལས་མི་འདུག་པས་རང་དབང་ཞིག་བྱུང་ན་ཆོས་བྱེད་པ་ཡིན་གསུངས་པས། རྒྱལ་བློན་གྲོས་མཛད་པས་བདུད་བློན་ཤི་སྲ་ཞེས་ཁས་བཙན་པ་དེས། འོ་ན་བདུད་རི་ཤ་ཤང་ཀངྐ་གྲགས་སུ་སྤྱུགས་པ་དྲག་ཅིང་དེར་ཁ་འཆམ་སྟེ་ཆོས་བློན་རྣམས་ཀྱིས་ནི་བསྒྱུར་ཁ་མ་ཐུབ་པས། སྐུ་ལུས་གཅེར་བུ་བྱས། ཞགས་པས་བཅིངས། ཚེར་ལྕག་གིས་བྲབས་ཤིང་གནས་འཇིགས་རུང་མི་བཟད་པའི་ནགས་ཚལ་གཅན་གཟན་མི་བསྲུན་པ་དང་དུར་བྱ་དང་ཁྭ་ཏ་སོགས་སྒྲ་སྣ་ཚོགས་སྒྲོགས་པའི་ས་དེར་སྤྱུགས་སོ། །དེ་སྐུ་ལུས་གཅེར་བུ་ཟས་སྐོམ་གྱིས་ཕོངས་པ་ལ་གཅན་གཟན་དང་བྱ་ཚོགས་རྣམས་ཀྱིས་མོས་གུས་ཀྱི་ཤིང་ཏོག་དང་ཤིང་སེ་བའི་འབྲས་བུ་དང་ཁུ་བ་སོགས་ཀྱི་ཞབས་ཏོག་ལ་བརྟེན་ཟག་མེད་ཀྱི་ཏིང་ངེ་འཛིན་ཁོ་ན་ལ་བཞུགས་སོ། །དེར་ཟུར་མོ་མཁར་གྱི་རྒྱལ་པོས་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་ཏེ་བློན་འབངས་ཀྱིས་བདུད་རི་ནས་ལྷ་ལྕམ་དབང་མེད་དུ་བཀུག་ནས་ཟུར་མོ་མཁར་དུ་དར་དཀར་གྱི་ཡོལ་བའི་ནང་དུ་རྒྱལ་པོ་དང་ཟུང་དུ་བཞུགས་སོ། །དེར་རྒྱལ་བློན་ཐམས་ཅད་ནི་ལྷ་ལྕམ་འདི་ལྟ་བུ་ཁུག་རྟིང་བློ་བདེ་ནས་གཉིད་དུ་སོང་།

དེའི་ཚེ་ལྷ་ལྕམ་ནམ་ཕྱེད་ན་ཐུགས་དྭངས་པས་དཀོན་མཆོག་ལ་གདུངས་ཤུགས་ཀྱིས་འབོད་པ་མཛད་པས་ཁྱེའུ་ཤེལ་གྱི་ཐོར་ཚུགས་ཅན་ཞིག་བྱུང་བ་ལ། ལྷ་ལྕམ་གྱིས་ཁྱོད་སུ་ཡིན་ངས་ངོ་མི་ཤེས་གསུངས་པས། ཁྱེའུ་དེའི་ཞལ་ནས། རྣལ་འབྱོར་ང་ནི་ཨོ་རྒྱན་པདྨ་ཡིན༔ གདུལ་བྱ་རྒྱ་གར་ཤར་ནུབ་ཕྱོགས་སུ་དར༔ དགོས་པའི་དོན་བྱེད་ལྷ་ལྕམ་ཁྱོད་ཉིད་ཀྱི༔ གདུངས་ཤུགས་དད་པའི་ཆེད་དུ་ཡོང་པ་ཡིན༔ ཞེས་གསུངས་པས། ལྷ་ལྕམ་གྱིས་ཁྱེད་ཨོ་རྒྱན་པདྨ་ཡིན་ན་གྲོགས་འཁོར་བའི་བཙོན་དོང་ནས་འཐོན་པའི་ཐབས་ཤིག་བསྩལ་དུ་གསོལ། ཞེས་ཞུས་པས། ཨོ་རྒྱན་གྱིས་ཁྱོད་རང་གིས་སོར་གདུབ་ལག་ཏུ་ཚུར་ལོངས་ལ་རྣལ་འབྱོར་ང་སྤྱི་གཙུག་ཏུ་སྒོམས་ཤིག་གསུངས་པས། དེ་ལྟར་མཛད་པས་ཕྱག་ཞབས་བསྡམས་པ་རང་གྲོལ་དུ་སོང་སྟེ་ཨོ་རྒྱན་ཉིད་ཀྱི་རྗེས་སུ་ནམ་མཁའ་ལ་འཕུར་ཏེ་མཆིམས་ཕུ་རྫའི་རི་ཁྲོད་ཀྱི་བྲག་ཕུག་ཏུ་ཕེབས་ནས་ཨོ་རྒྱན་ཉིད་ཀྱི་རྫོགས་པ་ཆེན་པོའི་ཆོས་རྣམས་ཞུ་བ་དང་ཞུ་ལེན་གྱི་སྒོ་ནས་ཞིབ་ཏུ་བསྩལ། དེ་ནས་ཨོ་རྒྱན་ཆེན་པོས་མཚོ་རྒྱལ་ལ་ང་རྒྱ་གར་དུ་གཉུག་གཅིག་འགྲོ་བས་དེ་བར་གྲུབ་པ་ཐོབ་པ་གྱིས་ཤིག་གསུངས་པས། དེར་ལྷ་ལྕམ་གྱིས་མི་ལོ་བཅུ་གཉིས་ལ་སྒྲུབ་པ་མཛད་པས། སྐབས་ཤིག་ཇག་པ་མི་བདུན་བྱུང་བས་དམ་པའི་ཆོས་ཀྱིས་བསྐུལ་ཏེ་བཞུགས་པའི་དུས། བུད་མེད་ཅིག་གིས་དོ་ལི་ལ་ལྷ་ལྕམ་བཞུགས་དགོས་ཟེར་བ་ལ་བཞུགས་པས་ཇག་པ་རྣམས་ཀྱང་སྡོད་དགོས་ཟེར་དེར་ཐོགས་མེད་དུ་མཁའ་སྤྱོད་ཀྱི་ཞིང་བསྒྲོད་ནས་ཇག་པ་བདུན་འོད་ལུས་སུ་ཡལ། ལྷ་ལྕམ་ཧེ་རུ་ཀའི་དུར་ཁྲོད་ཉུལ་བའི་རང་སྣང་གི་ཞིང་དུ་རིག་འཛིན་གྱི་དཔའ་བོ་སྡེ་ལྔ་དང་ཚོགས་སྤྱོད་ཀྱི་སྤྱོད་པ་མཛད་དེ། མཚན་རྡོ་རྗེ་གར་དབང་མ། རྡོ་རྗེ་དྲག་མོ་རྩལ། ཡེ་ཤེས་མཚོ་རྒྱལ། བདུད་འདུལ་དྲག་མོ་རྩལ། མཁར་ཆེན་བཟའ་ལ་སོགས་དཔའ་བོ་རེས་མཚན་རེ་གསོལ་ནས་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་བརྙེས་ནས་གདོད་མའི་བཙན་ས་ཟིན། དེ་ནས་སླར་ཡང་མཆིམས་ཕུའི་བྲག་ཕུག་ཏུ་ཕེབས་སོ། །

དེ་ནས་ཨོ་རྒྱན་ཉིད་རྒྱ་གར་ནས་ཕེབས་པའི་ཆོས་ཀྱི་བྱ་བ་མཛད། སྔར་ལྷ་ལྕམ་ཆོས་མཛད་པ་ལ་བར་གཅོད་གཏོང་མི་བདུད་བློན་ཤི་ར་ངན་སོང་དུ་འཁྱམས་པ་འདྲེན་དགོས་པའི་ལུང་གིས་དམྱལ་ཁམས་ནས་དེས་མཚོན་པའི་འགྲོ་བ་མང་པོ་དོང་སྤྲུགས་ཀྱི་སྒོ་ནས་བདེ་ཆེན་གྱི་གནས་སུ་དྲངས། དེ་ནས་ཨོ་རྒྱན་ཆེན་པོའང་ཐུགས་ཡིད་རང་བའི་མཚོ་རྒྱལ་ཉིད་ལ་གསང་མཚན་རིག་འཛིན་མཐིང་འོད་འབར་མར་གསོལ་ཏེ་བསྟོད་པ་མཛད་ཅིང་། སློབ་དཔོན་ཆེན་པོའི་སྤྲུལ་པ་གར་ཁྱབ་པའི་གནས་སུ་མཚོ་རྒྱལ་གྱིས་ཀྱང་ཆོས་ཀྱི་ཞུ་བ་པོ་དང་བཀའི་བསྡུ་བ་པོར་ཁྱབ་པར་མཛད་ཅིང་མཐར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས་དུས་ད་ལྟ་ཡང་རྔ་ཡབ་པདྨ་འོད་དུ་སྐུ་དངོས་བཞུགས་པ་ཡིན་ཏེ། ཀུན་མཁྱེན་རྡོ་རྗེ་ཐོགས་མེད་ཀྱི་གཟིགས་སྣང་རྒྱ་ཅན་ལས་ཀྱང་། ཕྱི་ལྟར་བུ་མོ་ཡེ་ཤེས་མཚོ་རྒྱལ་ང་། །པོ་ཏཱ་ལ་རུ་ཨརྱ་ཏཱ་རེར་གྲགས། །ཉི་ཤུ་རྩ་བཞིའི་གནས་ཡུལ་ཀུན་ཏུ་རྒྱུ། །འདི་ནས་ནུབ་ཕྱོགས་ཟངས་མདོག་དཔལ་རི་ན། སྲིན་པོ་འདུལ་བའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཞེས་གསུངས་ཤིང་། དེར་མ་ཟད་སྐུ་སྐྱེ་བ་འདིའི་གོང་དུ་རྒྱ་གར་དུ་སངས་རྒྱས་འཁོར་བ་འཇིག་གི་ཚེ་ནའང་ནམ་མཁའ་ལ་མེ་འབར་བ་ལྟ་བུའི་ཐན་པ་ཆེན་པོ་བྱུང་ནས་ས་གཞིའི་ལོ་ཏོག་ཐམས་ཅད་སྐམས༔ འབབ་ཆུ་ཕལ་ཆེར་ཡང་སྐེམ༔ འགྲོ་བ་རྣམས་ཉམ་ཐག་པའི་ང་རོ་ཆེན་པོ་སྒྲོགས་པའི་དུས་སུ༔ ཁོ་བོའི་རྣམ་འཕྲུལ་བྱང་ཆུབ་སེམས་དཔའ་ཆུའི་འཁོར་ལོ་བྱ་བ་གཅིག་བྱུང་སྟེ༔ དེ་ལ་ཡུམ་ཀླུའི་བུ་མོ་སྒྲུབ་སྡེ་ཆུའི་དཔལ་མོ་བྱ་བ་བྱུང་ནས་ཆར་ཆེན་པོ་འབེབས་པའི་སྨོན་ལམ་བཏབ་ཚེ༔ ཆར་རྒྱུན་ཆུ་ཟོ་བྱོ་བ་ལྟར་བབས་ཏེ་ས་གཞིའི་ལོ་ཏོག་ཐམས་ཅད་གསོས༔ སྲོག་ཆགས་རྣམས་ཉམ་ཐག་ཤི་བ་ཐམས་ཅད་ལམ་ལ་བཀོད༔ འགྲོ་བ་ཐམས་ཅད་ལོངས་སྤྱོད་ཀྱིས་ཚིམས་པར་བྱས༔ དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་རྟ་ཐུལལ་ཅན་གྱིས་ཞུས་པའི་མདོ་ལས་རྒྱས་པར་གསུངས༔ སྒྲུབ་སྡེ་ཆུའི་དཔལ་མོ་དེ་ད་ལྟའི་མཚོ་རྒྱལ་འདིའོ༔ ཞེས་དཀོན་མཆོག་སྤྱི་འདུས་ཀྱི་པདྨའི་རྣམ་ཐར་ལས་གསུངས། ཡང་དེ་ལས། དེའི་དུས་ན་ཁོ་བོའི་སྤྲུལ་པ་འཕགས་པ་ཀུན་དགའ་བོར་གྱུར་ནས་ཐུབ་པ་ཆེན་པོ་ལ་དད་གུས་མོས་པས་མཆོད་བསྟོད་སོགས་གཞན་ལས་ཁྱད་པར་དུ་འཕགས་པའོ༔

དེའི་ཚེ་བདག་གི་སྲིང་མོ་གངྒཱའི་ལྷ་མོ་ཞེས་བྱ་བ་ཡོན་ཏན་དུ་མ་ལྡན་པའི་བུད་མེད་དེ་ད་ལྟའི་མཚོ་རྒྱལ་འདིའོ༔ ཞེས་གསུངས་པས་རྒྱ་བོད་ཀུན་ཏུ་རྣམ་སྤྲུལ་བརྗོད་ཀྱིས་མི་ལང་བ་འབྱུང་ངོ་། །གང་ལྟར་ཀྱང་དེའི་འོག་ཏུ་སྐུ་སྤྲུལ་མ་གཅིག་ལབ་ཀྱི་སྒྲོན་མ་དང་། གསུང་སྤྲུལ་མྱང་སྟོད་སྣང་ས་འོད་དེ་འབུམ་གཉིས་ནི། པད་གླིང་གཏེར་ལུང་ཀུན་གསལ་མེ་ལོང་ལས། མཁའ་འགྲོ་སྡེ་ལྔ་མཚོ་རྒྱལ་ཐུགས་ཀྱི་སྤྲུལ༔ ལབ་ཀྱི་སྒྲོལ་མ་སྣང་ས་འོད་དེ་འབུམ༔ བུད་མེད་ཚུལ་འཆང་འགྲོ་དྲུག་ལམ་སྣ་འདྲེན༔ ཞེས་པའི་མ་གཅིག་ལབ་ཀྱི་སྒྲོལ་མ་ནི༔ པད་གླིང་གཏེར་བྱོན་རྣམ་ཐར་ལས༔ ཁྱད་པར་ཐུབ་པའི་བསྟན་པ་སྙིགས་མ་ལྔ་བདོ་བའི་དུས་སུ༔ ཁྱོད་ཀྱི་སྐུའི་སྤྲུལ་པ་རིགས་ལྔའི་རྟགས་ཀྱི་མངའ་གསོལ་བ༔ འབྲེལ་ཚད་དོན་དང་ལྡན་པ་གཅིག་གངས་ཅན་གྱི་དབུས་སུ་འབྱུང་༔ ཞེས་བསྟན་པ་ལྟར་བདག་ཅག་གི་སྟོན་པས་མདོའི་ལུང་བསྟན་དུ་བྱང་ཕྱོགས་ལབས་ཀྱི་གྲོང་ཁྱེར་དུ་ཡུམ་ཆེན་མོ་དངོས་སུ་འབྱུང་བར་བསྟན་ཏེ། ཡུལ་དབུས་རོང་དུ་ལབས་ཞེས་བྱ་བར་ཡབ་ཡུམ་གཉིས་ཀྱི་སྲས་སུ་བལྟམས། ཆུང་ངུ་ནས་ཐེག་པའི་ཆོས་ཀྱི་བག་ཆགས་སད་ཅིང་ངེས་འབྱུང་གི་ཐུགས་རྒྱུད་བཟང་པོ་བརྙེས། རྩེད་ཐང་དུ་དུས་སྟོན་ཞིག་ལ་བྱོན་པས་ཕྱོགས་འདུས་ཀྱི་མི་མང་པོ་འདུས་པའི་ཁྲོམ་དབུས་སུ་མི་རྣམས་ཀྱི་ཁྲོམ་འདིའི་དཀྱིལ་ན་བུ་མོ་འདི་ལས་མཚར་བ་མི་འདུག་འདི་གང་ནས་ཡིན་ཟེར་བ་ལ།

དེར་འགའ་ཞིག་རྒྱུས་ཡོད་པ་རྣམས་ཀྱིས་ཡུལ་ལབས་ནས་ཡིན་མོ་རང་གི་མིང་ལ་སྒྲོལ་མཛེས་ཟེར་སྨྲས་པར། ཁྲོམ་པ་རྣམས་ཀྱིས་འོ་ན་ལབས་སྒྲོལ་ཟེར་བ་ཡིན་འདུག་ཅེས་བསྒྲགས་པས་ཕྱིས་མཚན་ལ་ལབ་སྒྲོལ་དུ་གྲགས་པ་དེ་ལྟར་ཡིན། དེ་ནས་གྲྭ་ནང་དུ་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བྱང་ཆུབ་ཆོས་སྒྲོན་དུ་མཚན་གསོལ། བཀའ་འགྱུར་གྱི་གསུང་སྒྲོགས་མཛད་པས་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་བརྙེས་ནས་བཀའ་ཐོག་ནས་གྲོལ་བའི་གདེངས་ཐོབ། དེའི་ཚེ་ལ་སྟོད་དིང་རི་ནས་རྗེ་དམ་པ་སངས་རྒྱས་གྲྭ་ཐང་དུ་ཕེབས་ཏེ་མ་གཅིག་དང་མཇལ་བས། དེར་དམ་པའི་ཞལ་ནས་ངའི་ཡུམ་ཆེན་མོ་ཡི་དམ་གྱི་ལྷ་དང་ད་ལམ་འདིར་མཇལ་བྱུང་ཞེས་ཕྱག་དང་གུས་བསྟོད་ཀྱི་ངང་ནས་བྱིན་རླབས་ཞུ་བར་མཛད། རོང་དུ་དད་ཅན་ཞིག་གི་སར་གསུང་སྒྲོགས་མཛད་པས། དེར་དགེ་སློང་ཞིག་ཀྱང་ཆོས་སྟོན་དུ་འཛོམས་པར། དགེ་སློང་མ་གཅིག་གི་གསུང་སྒྲོག་གི་སྙན་དབྱངས་ཀྱི་སྣང་སེམས་བདེ་བས་ཁྱབ་པས་ཆོས་སྟོན་མ་བྱུང་བར་སྦྱིན་བདག་གིས་བསྐུལ་བས།

དེར་དགེ་སློང་ན་རེ། དེ་རིང་ཁྱོད་ཀྱི་མཆོད་གནས་མའི་གསུང་སྒྲས་ཆོས་དང་ཟས་སྐོམ་གྱི་འདུ་ཤེས་གང་ཡང་མི་འདུག་ཅེས་གསུངས་པས། སྦྱིན་བདག་ཀྱང་ངེད་ཚོ་ཡང་དེ་འདྲ་འདུག་ཅེས་གླེང་། དེ་ནས་སྲོད་ཀྱི་དུས་དགེ་སློང་ནས་མ་གཅིག་གི་དྲུང་དུ་ང་ལ་བྱིན་རླབས་ཤིག་ཞུ་གསོལ་བས། དེར་མ་གཅིག་གིས་ཆོས་ཀྱི་བམ་པོ་དུམ་པ་ཞིག་མགོ་ཐོག་ཏུ་སྩལ་པས། དགེ་སློང་གིས་དེ་མི་ཞུ་གསང་གནས་ཀྱི་བྱིན་རླབས་ཤིག་ཞུ་ཞུས་པས། མ་གཅིག་གིས་དེ་མི་རུང་འདུལ་བའི་བསླབ་སྡོམ་ཉམས་འགྲོ་གསུངས་པའི་ནུབ་ཡུམ་ཆེན་མོས་ཡི་དམ་གྱི་ལྷས་བསླབ་སྡོམ་བློས་ཐོང་ལ་ཚོགས་སྤྱོད་ཀྱི་སྤྱོད་པས་སེམས་ཅན་རྣམས་མཁའ་སྤྱོད་དུ་དྲོངས་ཞེས་ལུང་བསྟན་པར། རྟེན་དེར་དགེ་སློང་དང་ཐབས་ཤེས་ཀྱི་སྦྱོར་བ་མཛད་པས་སྲས་རྒྱལ་བ་དོན་གྲུབ་དང་། ཐོད་སྨྱོན་བསམ་གྲུབ་སོགས་གསུམ་ཙམ་འཁྲུངས། དེར་མི་རྣམས་སྔར་དད་པ་བསམ་གྱིས་མི་ཁྱབ་པ་ཡོད་པ་ལ། དུས་དེ་ནས་བསམ་པ་ཕྱིར་ལོག་ཏུ་སོང་ཡང་ཉམ་ང་མེད་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་ལྟ་བ་མཐའ་བྲལ་དུ་བརྙེས་ནས་ཟབ་མོ་གཅོད་ཀྱི་གདམས་པ་བཀའ་ཕ་རོལ་དུ་ཕྱིན་པའི་དགོངས་པ་སྙིང་པོར་དྲིལ་བའི་ལམ་ཁྱེར་གྱི་མན་ངག་བཀའ་ཚོམས་ཡང་ཚོམས་ཉིང་ཚོམས། ལེ་ལག་ཁ་ཐོར་སོགས་གདམས་པ་གནད་ཟབ་མང་པོའི་ཡིག་ཆ་མཛད་ཅིང་། སྨྱོན་སྤྱོད་རོ་སྙོམས་ཀྱི་ལྟ་བས་བཟང་ངན་མེད་པའི་སྐྱེ་བོ་ཀུན་དང་རོལ་ཏེ་ཕྱོགས་མཐའ་སྤྱི་དང་ཁྱད་པར་ཟངས་རི་མཁར་དམར་དུ་སྐུ་ལུས་ཀྱི་ཚུལ་བཏང་ནས་འགྲོ་བ་མང་པོ་དབྱིངས་སུ་དྲངས་ཤིང་མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །

དེའི་འོག་ཏུ་གསུང་སྤྲུལ་སྣང་ས་འོད་དེ་འབུམ་ནི། སངས་རྒྱས་གླིང་པའི་གཏེར་ལུང་དུ། ནུབ་ཕྱོགས་མྱང་སྟོད་ཅེས་བྱའི་ཕུར༔ མཚོ་རྒྱལ་ཁྱོད་ཀྱི་གསུང་སྤྲུལ་ནི༔ འོད་དེ་འབུམ་ཞེས་གྲགས་པ་འབྱུང་༔ མ་སྐྱེས་གདོད་མའི་རྣལ་འབྱོར་མ༔ ཞེས་དང་། པད་གླིང་གཏེར་བྱོན་རྣམ་ཐར་ལས༔ གསུང་གི་སྤྲུལ་པ་བླ་མ་མཁའ་འགྲོས་མངའ་གསོལ་བ༔ མཚན་ཉིད་དང་ལྡན་པ་གཅིག་ནུབ་ཕྱོགས་གཙང་གི་ཕྱོགས་སུ་འབྱུང་༔ ཞེས་གསུངས་པས། དེ་ཡང་གཙང་མྱང་སྟོད་འོད་དཀར་རམ་འཇང་ཕད་ཁུང་དུ་གྲགས་པར་ཡབ་ཀུན་བཟང་བདེ་ཆེན་དང་། ཡུམ་མྱང་ས་གསལ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཆུང་ངུ་ནས་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་བས་འཁོར་བའི་ཉེས་དམིགས་དང་བསྐལ་པ་སྙིགས་དུས་ཀྱི་ལུང་བསྟན་མགུར་དུ་གསུངས། དགུང་ལོ་བཅོ་ལྔར་རྒྱལ་རྩེའི་དུས་སྟོན་ལ་བྱོན་པས་དཔོན་སྒྲ་ཆེན་པས་དབང་མེད་དུ་བཀུག །རྗེ་ལྷོ་བྲག་མར་པ་ཨོ་རྒྱན་དངོས་སུ་བསྟན་པས་དེའི་གཟུངས་མ་མཚོ་རྒྱལ་གྱི་སྤྲུལ་པ་ཡུམ་བདག་མེད་མ་དངོས་ཡིན་པར་མཁྱེན་ཏེ། སྟག་ཤམ་པའི་གཏེར་བྱོན་མཚོ་རྒྱལ་གྱི་རྣམ་ཐར་དུ། དཔལ་ཨོ་རྒྱན་ཆེན་པོས། ང་ཡི་སྤྲུལ་བ་མར་པ་ལོ་ཙཱར་གྲགས། །མཚོ་རྒྱལ་སྤྲུལ་བ་བདག་མེད་མ་ཞེས་འབྱུང་། །མི་ལ་ཞེས་བྱས་དཀའ་སྤྱད་གྲུབ་པ་ཐོབ། །ཅེས་གསུངས། རྗེ་མི་ལ་རས་པས་ཐུགས་རྒྱུད་བསྐུལ་ཏེ་འཁོར་བའི་སྡུག་བསྔལ་གྱིས་མནར་སྐུ་ཚེའི་དུས་བྱས་པས་དུར་ཁྲོད་ནས་རང་ལོག་ཏུ་བྱུང་། སླར་ཁྱིམ་དུ་ཕེབས། ཡབ་ཡུམ་གཉིས་ཀྱི་སར་ཡུམ་སྲས་གཉིས་ཕེབས་ནས་ཐགས་རར་ཐགས་ལ་བརྟེན་པའི་གདམས་པ་མགུར་དུ་བཞེས་ཏེ་ཡབ་ཡུམ་གཉིས་ལ་ཆོས་ཕྱིར་དགོངས་ཞུ་མཛད་པས་འདོད་དུ་མ་སྟེར། དེའི་ནུབ་མོ་སེ་བྲག་ཏུ་ཕེབས་ནས་བླ་མ་གཡུང་སྟོན་ཤཱཀྱ་རྒྱལ་མཚན་བྱ་བ་ཕྱག་རྫོགས་ཀྱི་བསྟན་པའི་བདག་པོའི་དྲུང་དུ་སྐྱོ་ཤས་ཀྱི་སྨྲེ་སྔགས་ཀྱི་སྒོ་ནས་གཙུག་ཕུད་ཕུལ་ཏེ་དམ་པའི་ཆོས་སྒོར་ཞུགས་གདམས་པའི་དོན་ལ་ཞུ་བ་དང་ཞུ་ལན་གྱི་སྒོ་ནས་མགུར་དུ་གསུངས་ཏེ་སྒྲུབ་པ་ལ་བཞུགས།

དེར་དཔོན་སྒྲ་ཆེན་པས་ཆོས་མཛད་པ་ལ་བར་གཅོད་ཀྱི་དམག་འཁྲུགས་ལ་དམག་དཔུང་གི་དཀྱིལ་དུ་བྱོན་ནས་རྟ་མཐུར་ནས་བཟུང་སྟེ་འཁོར་བའི་ཉེས་དམིགས་ཀྱི་གདམས་པ་མགུར་དུ་གསུངས་པས་སྒྲ་ཆེན་ཡང་འགྱོད་དེ་ཡོ་བྱད་ཚང་མ་བླ་མ་ལ་ཕུལ་ནས་འགྱོད་བཤགས་མཛད་དེ་སྐྱབས་འགྲོའི་སྒོམ་ལུང་ཞུས་ཤིང་རང་གནས་སུ་བྱོན། དེ་ནས་བཟུང་བློ་ཁ་ཆོས་སུ་འགྱུར་ཞིང་ཡུམ་དང་རང་སྲས་མཇལ་འཕྲད་མཛད་དེ་མཐར་སྐུ་མི་མངོན་དབྱིངས་སུ་འོད་ཕུང་དུ་གཤེགས་སོ། །དེའི་འོག་ཏུ་ཐུགས་སྤྲུལ་ཀོང་མོ་སིད་དྷིར་གྲགས་པ་ནི། པད་གླིང་གཏེར་བྱོན་རྣམ་ཐར་ལས། ཐུགས་ཀྱི་སྤྲུལ་བ་དཀོན་མཆོག་གསུམ་གྱིས་མངའ་གསོལ་བ༔ འབྲེལ་ཚད་དོན་དང་ལྡན་པ་གཅིག་ཤར་ཕྱོགས་ཀོང་པོའི་ཡུལ་དུ་འབྱུང་༔ ཞེས་གསུངས་པ་གསལ་བར་རྟོགས་དཀའ་ཡང་། རཏྣ་གླིང་པ་སོགས་ཀྱི་གཏེར་ལུང་འགའ་རེར་ཀོང་མོ་སིད་དྷིའི་མཚན་ཅན་དུ་འབྱུང་འགྱུར་བཞིན་དེས་ཐ་མལ་གྱི་སྣང་སྤྱོད་ཀྱི་ཟག་མེད་ཏིང་འཛིན་ལ་མངའ་བརྙེས་པའི་མ་གཅིག་ཇོ་མོ་ལྟ་བུའི་སྐུ་ལུས་ཀྱི་འབྲེལ་བས་འགྲོ་བ་རྣམས་མཁའ་སྤྱོད་དུ་འདྲེན་པར་བཤད་དོ། །

དེའི་འོག་ཏུ་ཡོན་ཏན་གྱི་སྤྲུལ་པ་ཟུར་མོ་དགེ་བ་འབུམ་མམ་མཁས་བཙུན་སངས་རྒྱས་ནི། པད་གླིང་གཏེར་བྱོན་རྣམ་ཐར་ལས། ཁྱོད་ཀྱི་ཡོན་ཏན་གྱི་སྤྲུལ་པ་མཐོང་བས་དོན་ཡོད་པ་རིགས་ལྔས་མངའ་གསོལ་བའི་ངང་རྒྱུད་ཅན་གཅིག་ལྷོ་ནུབ་མཚམས་སུ་འབྱུང་༔ ཞེས་བསམ་ཡས་ནས་བརྩིས་པའི་ལྷོ་ནུབ་ཅེས་ཕྱོགས་ཙམ་དུ་ལུང་བསྟན་པའི་དོན།

དེ་ཡང་དངོས་སུ་རྣམ་ཐར་སོགས་སྔར་ཕན་མ་མཇལ་ཀྱང་གཙང་ཟུར་འུག་པ་ལུང་པའི་གདུང་འཁྲུལ་མེད་ཟུར་སྟོན་བྱམས་པ་སེང་གེའི་སྲས་སུ་སྐུ་བལྟམས། ཆུང་ངུ་ནས་སྦྱངས་བའི་ཏིང་འཛིན་གྱིས་ཐུགས་རྒྱུད་གཏམས་པའི་བག་ཆགས་བཟང་པོ་མངའ་བས་རྫོགས་པ་ཆེན་པོ་སེམས་སྡེ་མྱང་ལུགས་ཀྱི་བསྟན་པའི་བདག་པོར་གྱུར་ཅིང་མ་གཅིག་ཟུར་མོ་ཞེས་ཕྱོགས་ཐམས་ཅད་རྫོགས་པ་ཆེན་པོའི་གྲགས་པས་ཁྱབ་པར་མཛད་པ་ཡིན་ཏེ། སེམས་སྡེ་མྱང་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་ལས་ཀྱང་། །སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདེངས་དང་ལྡན། །འཁོར་བའི་སྐྱོན་སྤངས་རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པ་བཞིན་ནོ། །དེར་མ་ཟད་མཁས་དབང་ཨཱ་ནན་ཏ་མ་ཏིས་གཏེར་ཆེན་རིན་པོ་ཆེའི་བཀའ་ལས། རྒྱ་གར་དུ་བྲམ་ཟེ་མ་གཟུགས་ཀྱི་ཉི་མ། གྲུབ་ཐོབ་ཀུ་ཀུ་རི་པ། མཁའ་འགྲོ་མ་སུ་ཁ་སིད་དྷི་སོགས་དང་། རྗེ་བླ་མའི་གསུང་ལས་ཀྱང་མི་ལ་རས་པའི་དྲུང་དུ་རས་པ་ཞི་བ་འོད་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་དྲུང་དུ་གཞོན་ནུ་སངས་རྒྱས། གསང་བདག་འཕྲིན་ལས་ལྷུན་གྲུབ་ཀྱི་དྲུང་དུ་དམ་པ་ཀློང་ཡངས་འོད་གསལ། དེའི་ཡང་སྤྲུལ་ཞིག་ཀྱང་ད་ལྟར་ངེད་རང་གི་འཁོར་གྱི་ཚུལ་དུ་ཡོད་ཅེས་གསུངས་པས། དེས་ན་བདག་ཅག་གི་སྟོན་པས་ཕལ་པོ་ཆེར་ཆེ་ཆུང་མ་ངེས་པའི་སྤྲུལ་པ་མཐའ་ཡས་པས་འགྲོ་བ་འདུལ་བར་ལུང་གིས་བསྟན་པ་བཞིན་མཐའ་གཅིག་ཏུ་བཀག་པ་མེད་དོ། །

དེའི་འོག་ཏུ་པད་གླིང་གཏེར་བྱོན་རྣམ་ཐར་ལས། རྗེ་ཉིད་འཕྲིན་ལས་ཀྱི་སྤྲུལ་པར་གོང་དུ་བསྟན་པ་ལྟར་དང་ཁྱད་པར་རང་གཏེར་ཤ་འུག་གཏེར་བྱོན་གབ་བརྒྱའི་ལུང་བྱང་དུ་དུམ་བུ་གཉིས་པ་ལས་ཀྱང་། མ་འོངས་བསྐལ་པའི་ཡང་མཐའ་ལ༔ གསང་སྔགས་བསྟན་པ་སྐྱོང་བའི་གཙོ༔

ད་ལྟའི་བུད་མེད་མཚོ་རྒྱལ་གྱི༔ འཕྲིན་ལས་སྤྲུལ་པ་སྒྲོན་མའི་མིང་༔ ས་ཁམས་ཡོས་ཀྱི་ལོ་ལ་ནི༔ པད་ཅན་བདེ་ཆེན་ཌཱཀྐི་མ༔ བསླབ་གསུམ་ནོར་བུས་རྒྱུད་གཏམས་པའི༔ རབ་བྱུང་ཆ་བྱད་བརྟུལ་ཞུགས་ཅན༔ ལས་ཅན་སློབ་མ་མང་དུ་འདུ༔ ཕྱིར་མི་ལྡོག་པ་འགའ་ཡང་འབྱུང་༔ རང་བཞིན་དབྱིངས་ཀྱིས་རྒྱུད་གཏམས་པའི༔ གནས་ལུགས་དོན་གྱི་མཁའ་འགྲོ་མ༔ གཡོ་རུ་གྲྭ་ཡི་ཕྱོགས་སུ་འབྱུང་༔ ཞེས་ལུང་བསྟན་པ་བཞིན་བདག་ཅག་གི་རྣམ་འདྲེན་བླ་མ་བདེ་ཆེན་མཁའ་འགྲོའི་གཙོ་མོ་དམ་པ་འདི་ཉིད་དུ་སྐུ་འཕོས་པ་ཡིན་ནོ། །ན་མོ་གུ་རུ་ཨཀྵ་ར་ཤྲཱི་དཱི་པ་ཡེ། ངོ་བོ་མི་འགྱུར་ཆོས་དབྱིངས་རྣམ་དག་ལས། །རང་བཞིན་འགག་མེད་དཔལ་གྱི་སྒྲོན་མའི་སྐུ། །ཐུགས་རྗེས་འགྲོ་རྣམས་སྒྲོལ་བའི་དེད་དཔོན་མཆོག །སྐུ་གསུམ་དོན་གྱི་བླ་མར་སྙིང་ནས་འདུད། །མཁའ་ཀློང་རྣམ་དག་ཆོས་དབྱིངས་འོག་མིན་ཞིང་། །མི་ཟད་གཞོམ་མེད་སྐུ་ཡི་རྣམ་འགྱུར་གྱིས། །འགྲོ་ཀུན་རྡོ་རྗེའི་གར་གྱིས་འཁྲིད་མཛད་པའི། །རྣམ་ཀུན་མཆོག་ལྡན་མི་འགྱུར་དཔལ་སྒྲོན་རྒྱལ། །གདོད་ནས་གཞིར་རྫོགས་བདེ་གསང་འཁྱིལ་བའི་དབྱིངས། །མི་འགྱུར་རྡོ་རྗེའི་ངོ་བོར་ལྷུན་གྲུབ་པ། །རིགས་རྣམས་ཀུན་བདག་དཔལ་གྱི་སྒྲོན་མེ་མཆོག །ཁྱབ་བདག་བླ་མའི་མཛད་ཚུལ་ཅུང་ཟད་བྲི། །ད་ནི་ཞིང་འདིའི་མཛད་པའི་ཚུལ་ཆ་ཙམ་བརྗོད་ན།

དེ་ལ་བདག་ཉིད་ཆེན་མོ་འདིའི་སྐུ་བལྟམ་པའི་ཡུལ་ནི། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་འདི་ནས་བརྩིས་པའི་ལྷོ་ཕྱོགས་གཡོར་པོའི་ཆ་སྔར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་གདན་ས་གྲ་ཕྱི་ཐར་བ་གླིང་ཞེས་དཔལ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་ཤིང་ལུང་བསྟན་བོད་ཡུལ་དགེ་བའི་བསྟི་གནས་གསང་ཆེན་རྡོ་རྗེ་ཐེག་མཆོག་གི་འབྲས་བུ་སྨིན་པའི་སར་གྱུར་པ་དེང་དུས་ངེས་གསང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ཡོངས་སུ་གྲགས་པའི་དགའ་བའི་ཚལ་ཆེན་པོ་སྟེ། དེ་ལ་སྐུ་བསྐྱེད་པའི་ཡབ་ནི་ལོ་ཙཱ་ཆེན་པོ་བེེ་རོ་ཙཱ་ནའི་སྐུའི་སྤྲུལ་པ་དཔལ་ལྡན་མཐིང་མ་སྨྱོས་ཀྱི་གདུང་འཁྲུལ་མེད་འགྲོ་འདུལ་རིག་པ་འཛིན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་དང་། ཡུམ་ནི་ཡར་རྒྱབ་ཆོས་རྒྱལ་གྱི་གདུང་རབས་འཕྱུགས་མེད་གྲྭ་ལྡུམ་པོ་བ་དང་གཉིས་སུ་མེད་པ་གྲྭ་ཕྱི་ཕུན་ཚོགས་རབ་བརྟན་པའི་ལྕམ་ཕུན་ཚོགས་དཔལ་འཛོམས་ཞེས་ཐུགས་ཐིག་གི་ལུང་བྱང་དུ། ཁྲོམ་པ་རྒྱན་སྤྲུལ་སྟག་བྱི་གླིང་གི་ལོ༔ རིགས་བཟང་ཁུངས་བཙུན་ཕྱག་རྒྱ་རྣམ་པ་ལྔཿ གསང་བ་སྔགས་ཀྱི་ཉམས་རྟོགས་ཇེ་ཆེར་སྤེལ༔ ཞེས་པས་དགུང་སྙིང་བྱི་ལོ་ལ་ཡིན་པ་དང་གཟིགས་སྣང་ཆུ་ཟླའི་རོལ་རྩེད་དུ་རྗེ་གཏེར་ཆེན་བླ་མ་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་གཉིས་མཇལ་དུས་རྣལ་འབྱོར་མའི་གསུང་གིས། ངའི་སྤྲུལ་པ་བཅོ་ལྔ་ཡོད། ལ་ལས་ནད་སེལ། ལ་ལས་བུ་ནོར་བསྐྱེད། ལ་ལས་ཚེ་བསྲིང་། ལ་ལས་གཏེར་འབྱིན་པའི་གྲོགས་བྱེད་པ་ཡིན། ཞེས་པས་བུ་ནོར་བསྐྱེད་པར་ལུང་གིས་བསྟན་པ་ནི་རྒྱལ་ཡུམ་འདི་ཉིད་ཡིན་ཏེ། དེ་ལྟར་ཡབ་ཡུམ་དེ་གཉིས་ལ་སྲས་གསུམ་དང་སྲས་མོ་བཞི་སྟེ་ལྕམ་སྲིང་བདུན་འཁྲུངས་པ་ལས་དམ་པ་འདི་བཞི་པ་ཡིན།

དེ་ཡང་ས་མོ་ཡོས་ཀྱི་ལོ་ཧོར་ཟླ་བཅུ་པའི་ཉེར་ལྔའི་ནུབ་ཌཱཀྐི་འདུ་བའི་དུས་ཁྱད་པར་ཅན་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་བཀྲ་ཤིས་སྣང་བར་ངོ་མཚར་བའི་ལྟས་ཕུན་སུམ་ཚོགས་པ་དང་བཅས་བསྟན་འགྲོ་སྤྱི་དང་དགོས་བདག་སོགས་གདུལ་བྱར་གྱུར་པའི་མཆོད་སྡོང་འགྲོ་འདྲེན་དམ་པར་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་དམ་པ་འདི་ཉིད་སྐུ་བལྟམས་པ་ཡིན་ནོ། །དེ་ཡང་ཡབ་རྗེས་བརྒྱུད་འཛིན་འདི་ཉིད་དཀྱུས་མར་མི་ཡོང་བས་གཙང་སྦྲ་ལ་འབད་དགོས་གསུངས་པ་ལྟར་སྐུ་བལྟམས་མ་ཐག་པར་ལོ་ཆེན་དྷརྨ་ཤྲཱིས་མི་གཙང་བ་སེལ་བྱེད་ཁྲོ་བོ་སྨེ་བ་བརྩེགས་པའི་བྱབ་ཁྲུས་དང་། ནངས་པར་ཡབ་རྗེ་བླ་མ་གཏེར་ཆེན་ཉིད་ཀྱི་གཏེར་གསར་དྲག་དམར་གྱི་སྐུ་གསུང་ཐུགས་དབང་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་བཅས་བསྩལ་པ་ཡིན་འདུག་གསུངས། དེ་ལྟར་ཡུམ་གྱི་མངལ་ནས་བལྟམས་མ་ཐག་ཧཱུཾ་གི་སྒྲ་དང་ཅུང་ཟད་ཙོག་པར་མཛད་དེ་བཞུགས་པར་ཡུམ་དང་ཞལ་ཏ་མ་སོགས་འཇིགས་ཆོམ་ཆོམ་བྱུང་ཞེས་ཡུམ་གྱི་ཞལ་ཏ་མ་ལྷ་སྐྱིད་དཔལ་འཛོམས་དང་གང་གི་གཟིམས་དཔོན་སྐུ་བལྟམས་མ་ཐག་ནས་མཛད་པའི་སྐལ་བཟང་ཅན་འགྱུར་མེད་ཆོས་སྒྲོན་སོགས་ནས་གསུངས་ཤིང་། དེ་ལྟར་ན་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ཐུགས་ཉམས་རྗེས་སུ་འབྲང་བ་ཞིག་ཡིན་ནམ་སྙམ།

དེ་ཡང་སྐུ་བལྟམས་པ་ནས་རིང་པོ་མ་ཐོགས་པར་སྐུ་བསྐྱེད་ཆེ་ཞིང་རེས་ཞག་རེ་ཉིན་རེ་ཙམ་ནུ་ཞོ་མི་བཞེས་པར་བཞུགས་པ་དང་། དམ་པའི་ངང་ཚུལ་བཟང་པོ་དང་ལྡན་ཞིང་ཁྱད་པར་ཐུགས་དྲན་གྱིས་ཆོད་མ་ཆོད་ཙམ་ནས་སྤྱིར་སྐྱེས་བུ་དམ་པའི་རིགས་དང་ཁྱད་པར་དཔལ་ཨོ་རྒྱན་ཆེན་པོ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར། གསང་བདག་འཕྲིན་ལས་ལྷུན་གྲུབ་རྣམས་ཀྱིས་སྐུ་རྟེན་མཇལ་དུས་ཐུན་མོང་མ་ཡིན་པའི་ངེས་ཤེས་རྩེ་གཅིག་པ་དང་། དེ་དག་གི་སྐུ་ལ་འབྲེལ་བ་སོགས་ཞབས་རིམ་པ་རྣམས་ཀྱིས་བསླབ་དོན་ཞུ་མི་དགོས་པར་རྗེ་ཉིད་ཀྱིས་ངོས་འཛིན་མཛད་ཅིང་བྱིན་རླབས་ཞུ་བའི་ཚུལ་དང་ཁྱད་པར་ད་ལྟའི་དུས་ནའང་སྐྱེ་བ་སྔོན་མའི་རྟེན་གྱི་ཚེ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སློབ་མ་ཞིག་ཡིན་ནམ་སྙམ་པའི་བག་ཆགས་ཡིད་ཡུལ་དུ་གསལ་བ་ཞིག་འདུག་གསུངས། གཞོན་ནུའི་རོལ་རྩེད་དུས་ཀྱང་བྱིས་པ་ཕལ་གྱི་སྤྱོད་ཡུལ་ལས་འདས་པའི་འཁོར་འདས་རུ་ཤན་དབྱེ་བའི་རྣམ་འགྱུར་དང་རེས་སྐྱིལ་ཀྲུང་མཛད་ཅིང་མཉམ་བཞག་གིས་ལྟ་སྟངས་དང་། ཡང་སྐབས་ཤིག །རྟའི་གན་ཏ་ཆུང་ངུ་གོས་ལྗང་གི་རྒྱན་ལྡན་ཞིག་ཕྱག་བསྟར་གྱིས་བཟོ་བ་མཛད་དེ། གཟིམས་དཔོན་འགྱུར་མེད་ཆོས་སྒྲོན་ལ་གལ་ཏེ་འདི་དྲུང་ཉེ་གནས་མ་དང་ངེད་རང་གཉིས་ནམ་ཞིག་མཐའ་འཁོབ་ཀྱི་ཡུལ་དུ་བྲོས་ནས་འགྲོ་དགོས་ཡོང་བས་དེ་དུས་ཀྱི་འཚོ་བ་བླུགས་པའི་སྣོད་བྱེད་པ་ཡིན་ཞེས་གཅེས་སུ་མཛད་པ་ནི་འཁོར་འདས་སྒྲིབ་མེད་གསལ་ལེར་གཟིགས་པའི་ལུང་ཐོག་བབས་སུ་གཏན་ལ་ཕེབས་པ་ཡིན་ཏེ། ཕྱིས་ཡབ་རྗེ་དག་ཞིང་དུ་གཤེགས་རྟིང་སྦྱོང་གར་ཇུན་རིགས་ཐུ་ཧོང་ཐའི་ཇིའི་དཔུང་གི་སྙིང་པོའི་བསྟན་པ་མིང་མེད་དུ་བཅོམ་དུས་འབྲས་ལྗོངས་སུ་སྐུ་སྲོག་འཚོ་ཕྱིར་སྟབས་ཅག་གིས་ཕེབས་དགོས་བྱུང་བ་དངོས་བསྟན་དང་། དེ་སོགས་ངེས་པའི་གཏན་ཚིགས་མང་ངོ་། །

དེ་ཡང་སྔོན་གྱི་ཐུགས་སྨོན་ལམ་གྱི་འབྲས་བུ་དུས་སུ་སྨིན་པའི་མཐུ་ལས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པ་དང་། ཡབ་སྲས་ཀྱི་འབྲེལ་བས་སྐྱེ་སྲིད་འདི་ལ་ཡབ་ཡུམ་ཆོ་རིགས་གཙང་ཞིང་ཕུན་སུམ་ཚོགས་པའི་སྲས་སུ་བལྟམས་ཏེ་ངེས་གསང་རྡོ་རྗེ་སྙིང་པོའི་སྲོག་འཛིན་པའི་གཉེན་པོར་གྱུར་ཅིང་སྐུ་ཆུང་ངུ་ནས་སྡོམ་གསུམ་འགལ་མེད་དུ་དྲིལ་ནས་བསྟན་འགྲོའི་དཔུང་གཉེན་དམ་པར་ལུང་གིས་ཟིན་ཅིང་གཏན་ལ་འབེབས་པ་འདི་ནི་རྗེ་བླ་མ་ཉིད་ཀྱི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས་ཀྱང་། ཚེ་རབས་སྔོན་མའི་ལེགས་བྱས་བཟང་པོའི་འབྲས། །ཚོགས་གཉིས་དྲོད་གཤེར་མཐུ་ཡིས་སྨིན་པ་ལས། །རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་ཡི། །སྲས་སུ་སྐྱེ་སྲིད་བཟུང་ལ་གསོལ་བ་འདེབས། །ཞེས་དང་། སྐྱབས་ཀུན་འདུས་པ་འགྲོ་འདུལ་བླ་མ་ཡིས། །མ་དག་རང་རྒྱུད་དྲི་མ་ལྕགས་ཀྱི་ཁམས། །སྡོམ་གསུམ་གསེར་འགྱུར་རྩི་ཡིས་ལེགས་བསྒྱུར་ནས། །ཟབ་མོའི་སྣོད་དུ་གཟིགས་ལ་གསོལ་བ་འདེབས། །ཞེས་རང་ཉིད་དམན་པའི་ཚུལ་གྱིས་བླ་མའི་བཀའ་དྲིན་ཁོ་ནའི་མཐུ་ལས་གྲུབ་པར་ཡིན་ཚུལ་གསུངས་ཀྱང་། གཏེར་ལུང་ལས། རང་བཞིན་དབྱིངས་ཀྱིས་རྒྱུད་བལྟམས་པའི༔ གནས་ལུགས་དོན་གྱི་མཁའ་འགྲོ་མ༔ གཡོ་རུ་གྲྭ་ཡི་ཕྱོགས་སུ་འབྱུང་༔ ཞེས་གསུངས་པའི་མངོན་བརྗོད་ཆེ་བར་མཛད་པ་ལྟར་རོ། །

དེ་ནས་དགུང་ལོ་བཅུ་གཉིས་བཞེས་པ་ལྕགས་སྟག་ཟླ་བ་ལྔ་པའི་ཚེས་བཅུ་དཔལ་ཨོ་རྒྱན་གུ་རུ་མཚོ་སྐྱེས་རྡོ་རྗེ་ཐོད་འཕྲེང་རྩལ་གྱི་དུས་མཆོད་ཌཱཀྐི་འདུ་བའི་དུས་ཚེས་ཁྱད་པར་ཅན་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ་སྐུ་ལུས་བསྒྱུར་བར་མཛད་དེ། དེ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། རང་བྱུང་གཞལ་མེད་རྡོ་རྗེའི་ཕོ་བྲང་གི་དབུས་སུ་མི་ཤིགས་གཞོམ་མེད་རྡོ་རྗེའི་ཁྲི་སྟེང་དུ་རང་གི་ཡབ་གསང་བདག་རྡོ་རྗེ་ཆོས་མིའི་ཟོལ་འཛིན་པ་འགྲོ་འདུལ་རིག་པ་འཛིན་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ་དཔལ་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ་ཆོས་ཉིད་རྣལ་མ་ཤེས་རབ་ཀྱི་སྤུ་གྲིས་གཙུག་ཕུད་བཞེས་ཏེ་མཚན་མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་ཞིང་རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་ཚེ། འོག་མིན་ཡང་རྩེའི་རྒྱ་ཕིབས་ཀྱི་རྩེར་འཇའ་འོད་མདུང་ཚུགས་སུ་ཟུག་པ་ལ། དེར་གཏེར་ཆེན་ཉིད་སྐུ་ཅུང་ཟད་ངལ་བ་ཙམ་ཡོད་པ་ལ་ཕྱི་རོལ་ན་གནས་པ་མང་པོ་འཇའ་ཟུག་པ་མ་ལེཊ་སྐུ་ཞབས་པད་མི་བརྟན་པ་ནི་མིན་ལས་ཆེ་ཞེས་གླེང་། དེ་དང་དུས་མཚུངས་པར་ཀུན་བཟང་ཕོ་བྲང་གི་སྦུག་ཏུ་གར་དབང་ཚེ་དཔག་མེད་ཀྱི་ཚེའི་དཀྱིལ་འཁོར་བཤམས་ཏེ་ཡོད་པའི་བུམ་ཆུ་སོར་ཞིང་ཁོལ་བའི་ཅུང་ཟད་ལུད་པ་ལ་ཡབ་རྗེའི་བཀའ་ལས་བུ་མོ་ཁྱོད་ལ་རེ་ཆེན་པོ་ཡོད་པས་སྙིང་པོའི་བསྟན་པ་འཛིན་པའི་རྟེན་འབྲེལ་གྱི་ལ་ཉེ་བཟང་། ད་མྱུར་དུ་ལོངས་ལ་བུམ་ཆུ་འཐུང་ཤོག །གསུངས་ཤིང་སླར་ཡང་ཐང་སྟོང་པའི་གཏེར་བྱོན་གྱིས། དཔོན་སློབ་མི་འབྲལ་ལྷན་གཅིག་གནས། །ཞེས་མེ་ཏོག་ཀྱང་འཐོར་བ་ཡིན་འདུག་གསུངས། དེ་ནས་ཡབ་རྗེའི་དྲུང་དུ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དཀྱིལ་འཁོར་དུ་དབང་བཞིའི་ཆུ་བོས་སྨིན་པར་མཛད་པ་ཡིན་ཏེ་རྣམ་ཐར་གསོལ་འདེབས་ཞལ་གསུངས་མ་ལས་ཀྱང་།

བཅུ་གཉིས་ལོར་སོན་ཁྱབ་བདག་བླ་མ་ཉིད། །མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་གི ། སྐུར་བཞེངས་གང་གི་དཀྱིལ་འཁོར་ཆེར་བཅུག་ནས། །དབང་བཞི་སྨིན་པར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས། དེ་ཡང་ཁྱད་པར་གྲོལ་བྱེད་ཁྲིད་ཀྱི་རིམ་པ་རྣམས་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནས་བཟུང་རེ་རེ་ནས་རྟགས་ཐོན་དུ་སྒོམ་ཁྲིད་དུ་འདེབས་པར་མཛད་ཅིང་། དེ་དག་གི་དུས་ལྗགས་བཤད་ཁྱོར་བའི་ཚེ་ཡབ་རྗེས་དབུ་ལ་ཕྱག་གིས་བྱིལ་བྱིལ་མཛད་ཅིང་ཁྱོད་ལ་རེ་བ་ཆེན་པོ་ཡོད་དེ། གྲུབ་པ་ཕོ་མོ་མང་པོ་མཁའ་སྤྱོད་དུ་འཁྲིད་པ་ཡོད་པས་ཕའི་ངག་བརྒྱུད་ཀྱི་བདུད་རྩི་པདྨའི་གསུང་བཤད་རྣམས་མ་བརྗེད་པ་སྦྱོངས་ལ་མཐར་སྙིང་ལ་སིམ་པ་ཞིག་བྱེད་དགོས་ཞེས་གཞོན་ནུའི་མཉེས་རྫས་སྤྲོ་བྱེད་ཀྱི་བུ་རམ་དང་ཤིང་ཏོག་བཞེས་སྤྲོ་སོགས་ཀྱི་གནང་སྦྱིན་དང་། དེ་དག་མ་འཁྱོར་བའི་ཚེ་གཟིམས་དཔོན་ཨོ་རྒྱན་རྣམ་གྲོལ་གྱི་ཞབས་འཕོངས་སར་སློའི་མར་བཙོས་པའི་ཞབས་ཏོག་སོགས་ན་ཚའི་སྡུག་བསྔལ་མ་དྲག་པོའང་བྱེད་རྒྱུ་ཡོད་ཅེས་གསུངས་པས། དེས་ན་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་བརྙེས་པའི་ཡེ་ཤེས་ཀྱི་ཌཱཀྐི་དེ་ལྟ་བུ་ལའང་སྦྱོངས་གཅོད་ཀྱི་སྐུ་ངལ་དེ་ཙམ་བྱུང་ན་རང་ཅག་ཐ་མལ་པ་རྣམས་འཁོར་བ་ཁོ་ན་དང་དུ་ལེན་པ་བས་ད་རེས་ཐར་པའི་སྣ་ཟིན་ངེས་པའི་དམ་པའི་ཆོས་ལ་འབད་པ་འདོན་དགོས་འདུག་པས་རྗེས་འཇུག་རྣམས་ཀྱི་ཐུགས་ལ་ཆོངས་ཤིག །ཁྱད་པར་བསྐྱེད་རིམ་དང་རྫོགས་རིམ་ལ་ནན་ཏན་གྱི་ཞལ་ཏ་ཡང་ཡང་ཕེབས་ཏེ་ལམ་འདི་ཐོས་པས་མི་གྲོལ་བས་ངེས་པར་ནན་ཏན་བསྒོམ་དགོས་ཞེས་གསུངས་ཏེ་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས། གྲོལ་བྱེད་རིམ་གཉིས་གདམས་པ་ཟབ་མོའི་གནད། །མ་ཚང་མེད་པར་བསྩལ་ལས་གསུང་གསང་གིས། །ལམ་འདི་ཐོས་པས་མི་གྲོལ་སྒོམས་ཤིག་ཅེས། དབུགས་དབྱུང་ནན་ཏན་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །

དེ་ཡང་བསྐྱེད་རིམ་ལ་སྒོམ་པ་ནན་ཏན་མཛད་རྗེས་རྫོགས་རིམ་ལ་གཙོ་བོར་དྲིལ་བའི་སྐབས་ཤིག་ན་དམ་པ་འདི་ཉིད་སྔོན་གོམས་བག་ཆགས་ཤིན་ཏུ་བཟང་ཞིང་ཕུལ་དུ་བྱུང་བ་ཞིག་ཡིན་པས་དེ་དག་ལ་མ་ལྟོས་ཀྱང་། རྣམ་མང་འགྲོ་བའི་ས་བོན་དུ་དགོངས་ནས་གདམས་པ་འདི་སྐོར་ལ་ཡབ་རྗེ་ཐུགས་ཤིན་ཏུ་ངལ་བ་ཡོད་གཤིས་གཞི་ནས་བསྐྱེད་རིམ་རྫོགས་རིམ་པའི་གཞི་རྟེན་ཡིན་རུང་། ད་དུང་ཆེད་དུ་གཉེར་ནས་རྫོགས་རིམ་གྱི་སྐབས་ཞི་གནས་བཙལ་བ་ལྷག་མཐོང་བསྐྱེད་པ་ཟུང་འཇུག་ཏུ་བསྒོམས་པ་ཞེས་གཞུང་དུ་བཤད་པ་ལྟར། དེས་ན་ཞི་གནས་བཙལ་སྐབས་གཏེར་ཚིག་དང་ཁྲིད་ཡིག་ཏུ་མི་གསལ་བའི་རྗེ་བླ་མ་དམ་པ་འདི་ཉིད་ངག་གཅིག་པུར་ཆིག་བརྒྱུད་དུ་བསྩལ་བའི་མན་ངག་ཁྱད་པར་ཅན། སྣ་རྩེའི་ཐིག་ལེ་དཀར་པོ་ལ་སེམས་འཛིན་པ། རྡོ་རྗེའི་བཟླས་པ་ལ་སེམས་འཛིན་པ། སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁའི་ཧཱུཾ་སྔོན་པོའམ་ཨ་ཡིག་དཀར་པོ་ལ་སེམས་འཛིན་པ། རླུང་གི་གྲངས་ལ་སེམས་འཛིན་པ། རླུང་འགྲོ་འོང་ལ་སེམས་འཛིན་པ། སྣ་རྩེའི་ཐིག་ལེ་དཀར་པོ་འགྲོ་འོང་ལ་སེམས་འཛིན་པ། རླུང་བུམ་ཅན་སྦྱོར་བ་བཞི་ལྡན་ལ་སེམས་འཛིན་པ། སྣ་རྩེ་ཐིག་ལེ་དམར་པོ་འགྲོ་འོང་ཁྱད་ཆོས་གཉིས་ལྡན་ལ་སེམས་འཛིན་པ།

དེ་ལྟར་ཁྱད་ཆོས་ཀྱི་མན་ངག་ཟབ་མོ་རྗེ་བླ་མ་བདེ་ཆེན་ཌཱཀྐིའི་གཙོ་མོའི་ཞལ་ལུང་གྲ་ཟུར་མ་ཉམས་པ་ཀ་དག་གི་ཁྲིད་ཡིག་ནས་རིག་འཛིན་ཞལ་ལུང་ཟུར་དུ་ཁོ་བོས་བྲིས་པ་བཞིན་བཀའ་བསྩལ་བ་ལྟར་ཡིན་ཞིང་། དེ་ལྟར་དང་པོ་ཞི་གནས་ཀྱི་རྒྱུ་ཉམས་ལྔའི་རིམ་པ་སྟེ་བི་མ་ལས་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །རི་གཟར་ཆུ་དང་རྩི་ཏི་མོ། །རྒན་པོ་སྦུགས་ཀྱི་ཆུ་དང་ནི། །རི་བོ་ལྟ་བུའི་དཔེ་ལྔས་བསྟན། །ཞེས་བཤད་པ་ལྟར་ཐུགས་ཉམས་སུ་འཁྲུངས་ཏེ། དེ་ཡང་ལྷག་མཐོང་རིག་བྱ་གསལ་རིག་དང་ཟུང་འཇུག་བདེ་ཆེན་སྤྲོས་བྲལ་མི་འགྱུར་བ་ཀ་དག་དེ་ཁོ་ན་ཉིད་དུ་འབྱམས་སུ་ཀླས་པའི་རང་རིག་གཞི་དབྱིངས་རྫོགས་པ་ཆེན་པོའི་ཀློང་དུ་འཕོ་འགྱུར་མེད་པའི་དོན་ལ་ངེས་ཤེས་ཁྱད་པར་ཅན་གྱི་གཏན་པ་རང་བློ་དང་འཚམས་པ་ཐོབ་པའི་བཀའ་དྲིན་ཕུལ་དུ་བྱུང་བ་ཡིན་གསུངས་ཏེ་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས། སྦྱངས་སྐྱེའི་ཤེས་རབ་བརྩོན་འགྲུས་མི་ལྡན་ཀྱང་། །དམ་པའི་བྱིན་རླབས་སྙིང་ལ་ཞུགས་པའི་མཐུས། །གང་བསྒོམས་བསྐྱེད་དང་རྫོགས་པའི་གསལ་སྣང་དག །མ་འགགས་འཆར་སྒོ་བདེ་ལ་གསོལ་བ་འདེབས། །ཞེས་པས་བསྐྱེད་རྫོགས་ཀྱི་འཆར་སྒོ་མ་འགགས་པའི་གསལ་སྣང་འཛིན་མེད་བདེ་བ་ཆེན་པོར་འཆར་ཞིང་། དེ་ཉིད་ཀྱང་རྣམ་འགྱུར་གློ་བུར་བའི་རྐྱེན་གྱིས་མི་འཕྲོག་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པའི་ཡེ་ཤེས་ཀྱི་འཁོར་ལོ་མི་གཡོ་བའི་གསལ་སྣང་བརྟན་པོར་ཞལ་གྱིས་བཞེས་པ་ཡིན་ཏེ། རྣམ་ཐར་གསོལ་འདེབས་ཞལ་གསུང་མ་ལས། དབེན་རིར་བསྐྱེད་རྫོགས་བསྒོམས་པའི་ཉམས་ལེན་གནད། །མ་སྨད་སྙིང་སྟོབས་མཆོག་གིས་ལེགས་བསྐྱངས་པས། །ངོ་མཚར་མཚན་མའི་ངེས་པ་མ་ཐོབ་ཀྱང་། །ཏིང་འཛིན་བརྟན་པར་གྱུར་ལ་གསོལ་བ་འདེབས། །ཞེས་གསུངས་ཤིང་གང་ལྟར་ཡང་མཐར་གདམས་པ་དེ་ཉིད་ཀྱིས་ཐོད་རྒལ་གྱི་མན་ངག་དང་། བཙན་ཐབས་འཕོ་བའི་མན་ངག་སོགས་ཀྱང་ཉམས་ཁྲིད་དུ་བསྩལ་ཞིང་།

དེ་དག་གི་རྒྱབ་རྟེན་ལུང་དང་བཀའ་སྲུང་གི་སྲོག་གཏད་ཀྱང་བཀའ་དྲིན་དུ་བསྩལ་ཞིང་། དེ་རྗེས་ཀླུ་སྡིངས་ལྷ་དབང་དགའ་ཚལ་གྱི་གཟིམ་སྤྱིལ་འཆི་མེད་བདེ་ཆེན་དུ་ལོ་ངོ་གཅིག་གི་བར་བསམ་གཏན་ཆིག་སྒྲིལ་དུ་གོམས་པར་བྱས་པ་ཡིན་གསུངས། དེ་ནས་དགུང་ལོ་བཅུ་གསུམ་བཞེས་པ་ལྕགས་ཡོས་ཟླ་བ་གསུམ་པའི་ནང་དུ་བཅད་རྒྱ་གྲོལ་བསྟུན་ཡབ་རྗེ་བླ་མ་དམ་པའི་ཞབས་དྲུང་དུ་གཏེར་གསར་ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ལྷག་མེད་ཟླ་བ་བཞིར་ཉེ་བའི་བར་དམ་པ་འདི་ཉིད་ལ་སྐུ་རྐྱང་དུ་སྩལ་ཞིང་ཉམས་རྟོགས་ཀྱང་རང་རྒྱུད་ལ་རང་བློ་དང་འཚམས་པའི་བརྟན་པ་ཐོབ་པའི་ངེས་ཤེས་དང་། ཁྱད་པར་ཐོད་རྒལ་དུས་རིག་པ་ཚད་ཕེབས་ཀྱི་སྣང་ཆ་རྫོགས་ཉེའི་འཆར་སྒོ་ལ་ཡབ་རྗེའི་ཞལ་ནས། བུ་མོ་ཁྱོད་གཏེར་ལུང་ནས་བཤད་པ་བཞིན་ཁྱོད་རང་གི་སྔོན་མའི་བག་ཆགས་རྗེས་སུ་འབྲང་བའི་ཚད་དང་ལྡན་པ་ཞིག་འདུག །ད་རེ་ཞིག་སྒོམ་ཁང་དུ་ཟླ་ཤས་ནན་ཏན་སྒོམས་ཤིག །དེ་རྗེས་རྡོར་སེམས་དང་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་གདམས་ཁྲིད་སྨིན་པར་འདེབས་དགོས་འདུག་ཅེས་བསྩལ་བས་ཟླ་བ་ལྔར་ཉེ་བའི་བར་ཨ་དོན་ལ་ནན་ཏན་བྱས་པ་ཡིན་གསུངས། དེ་གྲོལ་བསྟུན་གཏེར་གསར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྩ་ཁྲིད་ཡན་ལག་དང་བཅས་པ་དང་རྒྱབ་རྟེན་ལུང་དང་བཀའ་སྲུང་གི་སྲོག་གཏད་སོགས་ཀྱང་རྫོགས་པར་བསྩལ་ལོ། །

དེ་ནས་དགུང་ལོ་བཅུ་བཞི་བཞེས་པ་ཆུ་འབྲུག་ཟླ་བ་གཉིས་པའི་ནང་དུ་རང་གི་ཡབ་གསང་བདག་རྡོ་རྗེ་ཆོས་མིའི་ཟོལ་འཛིན་པ་པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་གྱི་ཞབས་པད་དུ་རྗེ་བླ་མ་དམ་པ་དང་གང་གི་ཞབས་རིམ་དྲུང་ཉེ་གནས་མ་འགྱུར་མེད་ཆོས་སྒྲོན་དང་གསོལ་ཐབ་འགྱུར་མེད་གཡང་འཛོམ། དགེ་མཁན་གྲུབ་པ་མོ་སྟེ་དཔོན་གཡོག་བཞིར་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་དང་། སྤྲོས་མེད་མཆོག་དབང་གོང་མ་གསུམ་དྲོད་རྟགས་གཏོར་མའི་དབང་དང་བཅས་པ་སོ་སོའི་སྐབས་ཐོབ་ཀྱིས་སྨིན་པར་བསྩལ་ཞིང་གསང་མཚན་པདྨའི་དབང་ཕྱུག་ཏུ་སྩལ་ལོ། །ཁྱད་པར་རྩ་ཁྲིད་ཀྱི་བསྐྱེད་རྫོགས་ཀྱི་གདམས་པ་རྣམས་ལ་ཞིབ་བཤད་མཛད་དེ། ཐུན་རེ་བཞིན་རྫོགས་རྗེས་ཡབ་རྗེས་ལྗགས་བཤད་ཀྱི་རྒྱུགས་བཞེས་ཏེ་ཟབ་ཁྲིད་ཀྱི་སྤྱི་གནད་དང་ཁྱད་པར་བའི་གདམས་པའི་དགོངས་དོན་མཐར་ཐུག་པ་རྣམས་བྱང་བར་སྦྱངས་ཤིང་། གདམས་པ་འདི་ཉིད་ཀྱི་སྒོམ་པའི་གནད་ལ་མ་རྨོངས་པའི་སྨིན་གྲོལ་གྱི་དོན་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་ཤིང་བླ་མ་མཉེས་པར་སྒྲུབ་པའི་བཀའ་དྲིན་ཐོབ་པ་ཡིན་གསུངས། དེ་རྗེས་ཟབ་ལམ་རྩ་བའི་ཡན་ལག་དུམ་དུམ་ཁྲིགས་ཀྱི་སྐོར་རྣམས་དང་རྩ་པོད་ཀྱི་ལུང་དང་བཀའ་སྲུང་གི་རྗེས་གནང་སོགས་ཀྱང་ཞིབ་པར་སྩལ་ཞིང་། ཁྱད་པར་འཕྲུལ་འཁོར་དུས་དགེ་མཁན་གྲུབ་པ་མོས་གོང་ནས་སྦྱོང་མཐར་སོང་གཤིས་རྗེ་ཉིད་དང་དྲུང་ཉེ་གནས་མོས་བདེ་གཤེགས་ཀུན་འདུས་ཀྱི་འཕྲུལ་འཁོར་བསླབ་སྦྱོང་མཛད་པས། སྨན་བརྗིད་དབུ་མཛད་གོང་དཀར་བ་གྲུབ་པ་མོས་ཕག་མོ་ཟབ་རྒྱ་དང་སྤེལ་མའི་འཁྲུལ་འཁོར་ཞིག་མཛད་དེ་ཤིན་ཏུ་གཏུམ་གཤིས་རྗེ་ཉིད་ལ་ཤ་གཅུས་དང་ཐལ་ལྕག་བརྒྱབ་སྟེ་ངས་བསླབ་པའི་འཁྲུལ་འཁོར་མི་རྒྱག་པ་ཅི་ཡིན་ཟེར་ཕར་ཕར་མཛད་པ་ལ་རྗེ་ཉིད་ནས་འོ་ན་ཨ་ཁུ་ལགས་ཀྱིས་ནི་འདི་བཞིན་གནང་བྱུང་ཞེས་ངེས་འདྲོངས་གསུངས་ཀྱང་ཚད་འཛིན་མེད་པའི་རྡོག་ཐོས་བརྒྱབ་པ་ལ་སྤྱན་ཆབ་བསིལ་ཞིང་ཨ་ཁུ་ཕྱག་མཛོད་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོའི་ཞབས་པད་དུ་ཕེབས་ཏེ་དེ་ཚུལ་ཞུ་བར་མཛད་པས།

དེར་ཅུང་ཟད་བཞད་ཅིང་ངེད་དཔོན་སློབ་རྣམས་གྲྭ་ནང་དུ་འཁྲུངས་གཤིས་སྤྲོས་ཙམ་བཞེས་ཀྱི་མེད། ཁྱེད་རང་དཔོན་གཡོག་གཉིས་གྲྭ་ཕྱིར་འཁྲུངས་གཤིས་སྤྲོས་ཙམ་བཞེས་པ་ཡིན་འདུག །ད་དགེ་སློང་གི་བུ་མོ་དཔོན་གཡོག་གཉིས་གཙུག་ལག་ཁང་དུ་མཁན་རིན་པོ་ཆེའི་སྐུ་དྲུང་དུ་ཕུལ་མཛོད། རྗེ་གཏེར་སྟོན་རིན་པོ་ཆེ་ནི་གདུང་པ་ལས་བུ་མོ་འདི་ལ་ཐུགས་རྩིས་ཆེ་བ་ཡོད་གསུངས་ཏེ། དགེ་སློང་རབ་འཕེལ་གྱིས་ལོ་ཆེན་དྷརྨ་ཤྲཱིའི་ཞབས་པད་དུ་འཆི་མེད་འོད་སྣང་དུ་གདན་ཞུ་མཛད། དེ་ནས་ལོ་ཆེན་རིན་པོ་ཆེ་ནས་རྗེ་དམ་པ་དཔོན་གཡོག་གཉིས་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་འཕྲུལ་འཁོར་གྱི་སྐུ་ལུས་ཀྱི་འགྱུར་དང་སྒོ་གནད་རྩ་རླུང་ཐིག་གསུམ་གྱི་མན་ངག་ཟླ་བ་གཉིས་སུ་ཉེ་བའི་བར་བསྩལ་བས་རྒྱུད་ཐོག་ཏུ་མ་རྨོངས་པར་དྲིལ་ཐུབ་པའི་བཀའ་དྲིན་ཐོབ་པ་ཡིན་གསུངས། དེའི་ཚེ་ལོ་ཆེན་གྱི་གསུང་ལས། གཏེར་སྟོན་དར་རྒྱས་ཆོས་སྡིངས་པའི་བརྒྱུད་པ་དེ་དགོས་པའི་བུས་ནི་མ་ཁྱེར་བར་འདུག །མི་དགོས་པའི་བུ་མོ་འདིས་ཁྱེར་འདུག་ད་མཇུག་བསྐྱངས་ཏེ་མ་བརྗེད་པ་མཛོད་གསུངས་དགྱེས་བཞིན་པ་མཛད།

དེ་ཡང་སྤྱིར་མཁས་བཙུན་བཟང་གསུམ་འཛོམས་པ་ལ་དགེ་མཁན་བསྟེན་དགོས་པར་བཤད་ཀྱང་། ཇི་ལྟར་འཚམས་པའི་རྣམ་འགྱུར་ལས་ཤིན་ཏུ་གལ་ཆེ་ན་རྒྱུ་འབྲས་སྤང་བླང་གི་སྐབས་དགེ་བའི་སེམས་ཀྱིས་ཀུན་ནས་ཟིན་པའི་ལས་ཁོ་ན་ཡིན་ན་རྣམ་སྨིན་ཀྱང་བདེ་བ་ཁོ་ན་སྟེར་བ་དང་གཞན་དུ་སྙན་གྲགས་འདོད་ན་སྦྱིན་པ་གཏོང་བ་སོགས་བསམ་པ་གནག་ལ་སྦྱོར་བ་དཀར་བ་དང་ཕན་འདོད་ཀྱིས་བརྡེག་བརྡུངས་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ།

དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་བསྐྱེད་པར་བཤད་པ་ལྟར་བླང་དོར་གྱི་གནས་ལ་ཤེས་བཞིན་དུ་བག་ཡོད་ཀྱི་དྲན་ཤེས་བསྟེན་པ་གལ་ཆེ་སྟེ། དེའི་རྒྱུ་མཚན་ཡང་སྔོན་ལས་རྗེས་སུ་འབྲང་བ་དངོས་བསྟན་ལྟར་གྲུབ་པ་མོའང་སྐྱེ་བ་འདིའི་འོག་ཏུ་དོལ་ཁང་པ་རྒྱང་དུ་བུ་ཞིག་ཏུ་སྐྱེས་ཀྱང་རིག་པ་འདི་ཡིན་མེད་པའི་ཆ་མ་ཆོ་ཞིག་ཡོད་པར་གྲགས་སོ། །དེ་ནས་ཡང་གཙང་རྟ་ནག་ཕྱོགས་ནས་བྱུང་བའི་བཙུན་མ་ཁ་ཤས་དང་། སྨན་བརྗིད་ཀྱི་སྒོམ་མོ་ཁ་ཤས་བཅས་བསྡོམས་པ་ལ་ཨ་དོན་གྱི་ཟབ་ཁྲིད་རྒྱས་པར་གསུངས་པའི་སྐབས་ཤིག་ཡབ་རྗེའི་བཀའ་ལས། ཁྱེད་རང་རྟ་ནག་གི་བཙུན་མ་རྣམས་སྒོམ་ལ་ནན་ཏན་མཛོད་ཅིག །སླར་ཡང་ཁྱེད་རང་རྣམས་ཀྱི་བླ་ཚབ་ཏུ་ཁོ་བོའི་བུ་མོ་སྟེར་བ་ཡིན་གསུངས་རྗེས་དམ་པ་འདིའི་དབུ་ལ་ཕྱག་གིས་བྱིལ་བྱིལ་མཛད་ཅིང་།

དེ་དག་གི་ཚེ་སྨན་བརྗིད་སྒོམ་མོ་རྣམས་ཀྱི་གསོལ་འདེབས་ཀྱི་ངོར་རྗེ་དམ་པ་འདིའི་བརྟན་བཞུགས་གསོལ་འདེབས་བཀའ་བསྩལ་མཛད་དེ། དེ་ཡང་རྡོ་རྗེའི་ཚིག་སྒྲོམ་ཆེ་བ་ཡིན་ཏེ། ཡེ་ཤེས་དབྱིངས་ལས་རྣམ་རོལ་སྒྱུ་མའི་གར། །གདུལ་བྱའི་ཉེར་མཚོར་ཤར་བ་སྤྲུལ་པའི་སྐུ། །མི་འགྱུར་བདེ་བའི་དཔལ་སྟེར་སྐལ་བཟང་གི །མུན་སེལ་སྒྲོན་མེ་རྟག་ཏུ་གསལ་བརྟན་གསོལ། །ཅེས་སྨན་བརྗིད་སྒོམ་མོ་རྣམས་ཀྱི་ངོར་འགྱུར་མེད་རྡོ་རྗེས་སོ། །ཞེས་སྩལ་ཞིང་དེ་མ་ཐག་པར་ལུང་ཡང་གནང་ངོ་། །ཞེས་པའི་ཁྱད་འཕགས་ཀྱི་གདམས་པ་འདིར་གསུང་འབུམ་དངོས་སུ་བཞུགས་པ་ཡིན་ཀྱང་ཆེར་མ་གྲགས་པ་ལ་ཕྱིས་ཤིག་ཁོ་བོ་སྨན་བརྗིད་དགོན་དུ་མང་སྐོལ་དུ་རྫོང་བདའ་གནང་སྐབས་ཕྱག་བྲིས་དངོས་ལས་ཞལ་བཤུས་ཏེ་ཕྱིས་ཀུན་ལ་གྲགས་པ་ལྟར་རོ། །

དེ་སྐབས་ཁྱད་པར་ལོ་ཆེན་དྷརྨ་ཤྲཱི་ལ་གཏེར་ཆེན་རྗེས་བུ་མོ་ཆོས་དྲུང་དེ་ཡིས་མཁན་རིན་པོ་ཆེ་ནས་རིག་གནས་སོགས་རྒྱ་ཆེ་བ་དགོས་པ་མེད། ཕས་བཏབ་པའི་གདམས་པའི་ཉིང་ཁུ་རྣམས་ལ་ཡང་བསྐྱར་ནན་གཅགས་ཀྱི་སྐྱོར་མ་དང་། འདི་ཉིད་ཤེས་བློ་ལུང་ནས་བསྟན་པ་ལྟར་མཐའ་བྲལ་ཞིག་འདུག་པ་སླར་མཁན་རིན་པོ་ཆེའམ་བུ་ཆུང་བགྲེས་པ་གང་རིགས་ཀྱིས་སྙིང་པོའི་རྒྱུད་འབྲེལ་གདམས་པ་ཤེས་རྒྱུད་ལ་དཀྲི་ཐུབ་པ་ཞིག་མཛོད། མི་རིང་བར་ཕ་ལས་ལྷག་པའི་འགྲོ་དོན་ནམ་མཁའ་དང་མཉམ་པའི་སྐྱེ་འགྲོ་མང་པོ་བདེ་ཆེན་གྱི་ཞིང་དུ་འཁྲིད་པ་ཡོད་ཅེས་སྩལ། དེ་ལྟར་ཡབ་རྗེ་གཏེར་སྟོན་རིན་པོ་ཆེའི་སྐུ་དྲུང་དུ་དགུང་ལོ་བཅུ་དྲུག་ལས་མ་སོང་བས་སྐུ་ལུས་མ་སྒྱུར་གོང་ནས་ཡབ་རྗེ་གཙོ་བོར་བསྟེན་ཏེ་[ཚིག་ཆད་]པར་གསན་པ་ལ། དྲེགས་པ་འཇོམས་བྱེད་ཀྱིས་མཚོན་ཡབ་རྗེའི་གཏེར་གསར་ཚང་མའི་དབང་ལུང་ཡབ་རྗེའི་གསུང་འབུམ་པོད་ཆེན་བཅུ་གསུམ་གྱི་ལུང་། མྱང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། ཆོས་དབང་གི་ཕུར་པ་སྤུ་གྲིའི་དབང་ལུང་། བཀའ་བརྒྱད་ཀྱི་དབང་ལུང་། རྫོགས་འཕྲང་གི་དབང་ལུང་། གྲུབ་ཐོབ་མདའ་ཕྱར་གྱི་དབང་ལུང་། རྟ་མགྲིན་གྱི་དབང་ལུང་། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་དབང་ལུང་ཕྱག་ལེན་ཞིབ་སྤྱད།

གཞན་ཡང་གྲུབ་ཐོབ་དངོས་གྲུབ་གླིང་པ་བཅུ་གཉིས་དྲི་མེད་གསུམ། བྱང་གཏེར་སྔ་ཕྱི་སོགས་གཏེར་སྟོན་གྲགས་ཆེ་བ་ཕལ་མོ་ཆེའི་གཏེར་ཆོས་ཀྱི་དབང་ལུང་། འདུས་པ་མདོའི་དབང་ལུང་། སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། ན་རག་དོང་སྤྲུགས་རྣམས་ཀྱི་དབང་དང་སྒྲུབ་ཐབས་ཀྱི་ལུང་། མ་གཅིག་གཅོད་ཡུལ་གྱི་དབང་རྒྱས་པ་དང་། ནམ་མཁའ་སྒོ་འབྱེད་ཀྱི་ཁྲིད། སྟན་ཐོག་གཅིག་མ་དང་དཔའ་བོའི་གད་རྒྱངས་ཀྱི་ཁྲིད། གཅོད་ཡུལ་ཟབ་མོ་དང་། མ་གཅིག་གིས་མཛད་པའི་སྐོར་གྱི་ལུང་། བྱང་སྡོམ་དཀའ་འགྲེལ། གསང་བདག་འཕྲིན་ལས་ལྷུན་གྲུབ་ཀྱི་གཟིགས་སྣང་སྐོར། ཀུན་མཁྱེན་ལྔ་བའི་གཟིགས་སྣང་རྒྱ་ཅན་སྐོར་དང་། ལྷ་བཙུན་པའི་རིག་འཛིན་སྲོག་སྒྲུབ་སྐོར་སོགས་ཀྱི་དབང་ལུང་རྣམས་བསྩལ་ཞིང་། ཁྱད་པར་སེམས་སྡེ་ཀློང་སྡེ་གཉིས་ཀྱི་དབང་ཁྲིད་ལུང་དང་། དེའི་ནང་ནས་མན་ངག་གི་སྡེ་ལ་རིམ་པ་མང་ཡང་། གཙོ་བོར་སྙིང་ཐིག་རྣམ་གཉིས། བི་མ་ལའི་ཁྱད་ཆོས་བི་མ་སྙིང་ཏིག་དང་བླ་མ་ཡང་ཏིག་གཉིས་གོ་ཆུ་རུབ་ཏུ་མཛད་པའི་དཔལ་གསང་བ་སྙིང་ཏིག་མ་བུའི་དབང་དང་གདམས་ཁྲིད་ལུང་མཐར་བཀའ་གཏད་དང་། དེ་དག་གི་བཀའ་སྲུང་མ་གཟའ་རྡོར་གསུམ་གྱི་དབང་། པདྨའི་ཁྱད་ཆོས་མཁའ་འགྲོ་སྙིང་ཏིག་དང་མཁའ་འགྲོ་ཡང་ཏིག་གཉིས་ཀྱི་དབང་ཁྲིད་ལུང་བཀའ་གཏད་དང་བཀའ་སྲུང་གི་སྲོག་གཏད་བཅས་རྫོགས་པར་བསྩལ་བའི་རྗེས་སུ། ཟབ་ཆོས་ཆོས་ཀྱི་བདག་པོར་ལྷག་མེད་དུ་ཕུལ་ཡོད།

དེས་ན་རྫོགས་ཆེན་སྡེ་གསུམ་པོ་ནན་ཏན་དུ་བསྒོམ་དགོས། མ་འོངས་པ་ན་གཞན་ལ་འཆད་དགོས་པས་ཁྱོད་ལ་རེ་བ་ཆེན་པོ་ཡོད་ཅེས་མངའ་གསོལ་མཛད་དེ་དེ་མ་ཐག་པར་ན་བཟའ་བཅའ་རྗེས་དང་དབུ་ཞྭ་པདྨ་ཁ་འབུས་སྒྲོན་པར་མཛད་དེ་མཚན་འགྲོ་འདུལ་རྡོ་རྗེ་སྙིང་པོ་ཞེས་བསྩལ་ཏེ་ཡབ་རྗེའི་སྐུ་བརྙན་གཟུངས་རྫོང་ཕྱག་བསྟར་དང་རབ་གནས་བྱིན་ཅན་མ་རྟེན་དུ་བསྩལ་ནས་གཅེས་པར་བརྩེ་བས་བསྐྱངས་པ་ཡིན་གསུངས་ཏེ་གང་གི་བཀའ་ལས། དམ་པའི་གསུང་གི་རྫོགས་ཆེན་སྡེ་གསུམ་པོ། །ནན་ཏན་བསྒོམ་ལ་གཞན་ལ་འཆད་ནུས་པ། །དགོས་ཏེ་མ་འོངས་ཁྱེད་ལ་རེ་ཆེ་ཞེས། །བཀའ་མཆིད་སྤྱི་བོར་ལྷུང་ལ་གསོལ་བ་འདེབས། །ཞེས་གསུངས་པ་ནི་དེང་སང་རྗེ་བླ་མ་དམ་པའི་ཞལ་དངོས་སུ་མཇལ་མི་མང་ཞིང་ཞལ་སློབ་ཀྱིས་ཀྱང་དབུས་གཙང་མངའ་རིས་ལྷོ་མོན་དང་ཀོང་ཁམས་སྟོད་སྨད་བར་གསུམ་སོགས་ལ་མ་ཁྱབ་པ་མེད་པ་ནི་ཀུན་གྲགས་ཀྱིས་གཏན་ལ་ཕབ་པ་འདིའོ། །དེ་ནས་ཆུ་མོ་སྦྲུལ་ལོ་དགུང་ལོ་བཅོ་ལྔར་ཕེབས་དུས་ཤ་འུག་གཏེར་བྱོན་མཁའ་འགྲོའི་ཆོས་སྐོར་ཤོག་སེར་ལས་འབེབས་པར་མཛད་དེ་གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོར་དབང་ལུང་གཏད་རྒྱ་དང་བཅས་བསྩལ་ཞིང་། དེ་མ་ཐག་པར་དེའི་དབང་ལུང་རྣམས་རྗེ་ཉིད་ལ་གཅེན་རྒྱལ་སྲས་རིན་པོ་ཆེ་ནས་སྩལ་ཞིང་། དེ་ཉིན་ནས་བཟུང་ཟབ་ཁྲིད་ཀྱི་གདམས་པ་ཡབ་རྗེས་ཞག་ལྔར་རྫོགས་པར་བསྩལ་བའི་བཀའ་དྲིན་ཐོབ་པ་ཡིན་གསུངས། དེ་ལྟར་ཡབ་རྗེ་ཞལ་བཞུགས་བར་དང་། དེ་རྗེས་ཞི་བའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་བསྡུས་པ་ཧོར་དམག་མ་ཤོར་བར་ཕལ་ཆེར་སྐུ་བཅད་རྒྱ་དང་།

དེའི་བར་སྐབས་ཅི་རིགས་པར་ལོ་ཆེན་དྷརྨ་ཤྲཱི་ལས། རབ་ཏུ་བྱུང་སྟེ་ཡབ་རྗེ་གཏེར་གསར་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་དང་། དེའི་གསལ་བྱེད་ལོ་ཆེན་རིན་པོ་ཆེ་ནས་མཛད་པའི་སྐོར་ཡོངས་རྫོགས་ཀྱི་ལུང་། མ་གཅིག་གཅོད་ཡུལ་ཡོངས་རྫོགས་ཀྱི་དབང་ཁྲིད་ལུང་དང་། ཕྱག་ཆེན་གའུ་མའི་ཁྲིད། ན་རག་དོང་སྤྲུགས་ཀྱི་དབང་དོན་གྱི་ཁྲིད། སྤྱན་རས་གཟིགས་སྐུ་གསུམ་སྙིང་པོའི་དོན་ཁྲིད་དང་དབང་། དཔལ་མོ་ལུགས་ཀྱི་རྗེས་གནང་དང་སྒྲུབ་ཐབས་ཀྱི་ལུང་། འདོད་འཇོའི་བུམ་བཟང་གི་དབང་ཡོངས་རྫོགས། གཞན་ཡང་འདུས་པ་མདོའི་དབང་དང་མྱང་གཏེར་བཀའ་བརྒྱད་ཀྱི་དབང་སོགས་མང་པོ་གནང་། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལས་ཀྱང་། ཨ་ཏིའི་རྩལ་དབང་ཕྱག་རྡོར་དྲེགས་འདུལ་གཏེར་ཁ་གསུམ་ལྡན་གྱི་དབང་ལུང་། དུས་འཁོར་དང་། བདེ་ཀྱེ་གསང་བ་འདུས་པ་རྣམས་དང་། རྡོ་རྗེ་འཕྲེང་བ་རྣམས་ཀྱི་དབང་ལུང་། གཡུ་ཐོག་སྙིང་ཐིག་གི་དབང་ལུང་རྣམས་དང་། ཁྱད་པར་ཡབ་རྗེ་གཏེར་ཆེན་བླ་མའི་བཀའ་ལུང་བཞིན་སྙིང་པོའི་རྒྱུད་ཀྱི་འགྲེལ་བ་གསང་བདག་དགོངས་རྒྱན་ཐུགས་སུ་ཆུད་དེ་དཀའ་གནད་ཀྱི་གཞུང་དོན་ལྷུག་པར་བཀྲལ་བའི་ལྗགས་བཤད་དང་། ཕྱིས་སུའང་བར་སྐབས་སུ་བདུད་ཀྱི་ཟིལ་གནོན་གྱིས་རྐྱེན་དབང་དུ་ཐལ་བ་འཚོ་བྱེད་འགྱུར་མེད་ལེགས་འབྱོར་ནས་ཞབས་ཕྱི་ཞུས་པའི་གཞུང་བཤད་རྣམས་བྱང་བར་སྦྱངས་མཐར་དང་གཅེན་རཏྣ་བི་ཛ་ལས་ཀྱང་། བྱང་གཏེར་ཐུགས་སྒྲུབ། སྒྲུབ་པ་སྡེ་བརྒྱད་དང་སྡེ་དྲུག་གི་དབང་རྒྱས་འབྲིང་གཉིས་དང་། རྡོར་གླིང་གི་གཏེར་བྱོན་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དབང་ལུང་། ཕུར་པ་སྤུ་གྲིའི་དབང་སོགས་མང་པོ།

གཞན་ཡང་འབྲས་ལྗོངས་རྫོགས་ཆེན་ཁྲག་འཐུང་འཇིགས་མེད་རྡོ་རྗེ་ཀཿཐོག་རིག་འཛིན་༧ཞབས་དྲུང་འགྱུར་མེད་གཞན་ཕན་དབང་པོ། བཤེས་གཉེན་ཨོ་རྒྱན་རབ་བརྟན། སོ་སྟོན་མཐུ་སྟོབས་རྣམ་རྒྱལ། འདུལ་འཛིན་ཀུན་དགའ་བློ་གྲོས། གོང་དཀར་ཆོས་སྡེའི་དཔོན་སློབ་བསོད་ནམས་བློ་གྲོས་རྒྱལ་མཚན་སོགས་བཤེས་གཉེན་མཐའ་ཡས་པ་ནས་རྫོགས་པ་ཆེན་པོའི་ཀློང་གཉིས་དང་། ཡང་ཏིག་ནག་པོ། སྔ་འགྱུར་བཀའ་མའི་མན་ངག་སྣ་ཚོགས་པ་དང་། མ་གཅིག་གཅོད་ཡུལ། ཞི་བྱེད་ཀྱི་ཆོས་བཀའ་དུ་མ་དང་། ཨ་གྷོ་ར་དང་ཕྱག་དྲུག་པའི་རྗེས་གནང་། མྱང་གཏེར་ཁྲོས་ནག །ན་རོ་མཁའ་སྤྱོད་མ་དང་། ཉི་ཟླ་སངས་རྒྱས་ནས་བརྒྱུད་པའི་འཕོ་བ་འཇག་ཚུགས་མའི་མན་ངག་གི་མཚོན་གསང་སྔགས་ཕྱི་ནང་གི་བཀའ་གཏེར་གྱི་མན་ངག་མང་དུ་གསན་མོད་ཀྱང་གསན་ཡིག་གི་ཐོ་བྱང་ལོགས་སུ་ཡོད་པ་ལྟར་ལས་འདིར་རྒྱས་པར་མ་སྨོས་སོ། །དེ་ཡང་ཤིང་རྟ་དགུང་ལོ་བཅུ་དྲུག་ཏུ་ཕེབས་དུས་ཟླ་བ་གཉིས་པའི་ཚེས་གཉིས་ལ་ཡབ་རྗེ་བླ་མ་དམ་པ་ཡེ་ཤེས་གོང་འཕོའི་རྟགས་ངོ་མཚར་བ་དང་བཅས་དག་པའི་ཞིང་དུ་གཤེགས་པས་ཐུགས་སྐྱོ་ངལ་ཚད་མེད་པ་ཤར་བའི་ནུབ་མོ་སྲོད་ཀྱི་དུས་མུན་པ་ནག་པོའི་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་དུ་ཡབ་རྗེའི་སྐུའི་སྣང་བརྙན་གསལ་བར་གཟིགས་པའི་སྐུ་བརྙན་མཚོ་བྲག་གི་དག་སྣང་སོགས་ཕྱིས་འབྱུང་འགྱུར་མང་པོ་གནང་གསུངས། དེ་ནས་མེ་བྱ་དགུང་ལོ་བཅུ་དགུར་མ་ཕེབས་པར་ལོ་གསུམ་གྱི་བཅད་རྒྱ་དམ་པར་མཛད་ཅིང་གཙོ་བོར་དཔལ་གསང་བ་སྙིང་ཏིག་གི་དགོངས་པའི་ཟབ་ཁྲིད་ཀྱི་འོད་གསལ་རྡོ་རྗེ་སྙིང་པོའི་རྫོགས་རིམ་ཁོ་ན་དང་།

དེའི་ཞར་བྱུང་དུ་བདེ་གཤེགས་ཀུན་འདུས་ཀྱི་མན་ངག་རྣམས་ཀྱང་སྒོམ་པ་ཡིན་གསུངས། ས་ཕོ་ཁྱི་ལོ་བསྟན་འགྲོའི་བགེགས་དབང་མངོན་གྱུར་ཐོག་བབས་ཀྱི་པདྨའི་ལུང་བྱང་རྣམས་སུ་གསལ་བ་ལྟར་ཇུ་རིང་ཐུ་ཧོང་ཐའི་ཇིའི་དཔུང་གིས་བོད་ཁ་བའི་ལྗོངས་ཧོར་དམག་གིས་ཁེངས། གསང་ཆེན་སྙིང་པོའི་བསྟན་པ་མིང་མེད་དུ་བཅོམ། གཙུག་ལག་ཁང་རྣམས་བཤིག །བསྟན་པ་འཛིན་པའི་སྐྱེས་ཆེན་གཙོ་བོར་གྱུར་པ་རྣམས་བཀྲོངས། དགེ་འདུན་གྱི་སྡེ་གཏོར། བོད་ཡུལ་གངས་རིའི་ལྗོངས་འདི་སྔོན་སྤྲུལ་བའི་ལོ་པཎ་རྒྱལ་བློན་ཚོགས་ཀྱི་རྟེན་འབྲེལ་ལས། དུས་གསུམ་ཀུན་མཁྱེན་དཔལ་ཨོ་རྒྱན་ཆེན་པོ་ནས་དཀར་པོའི་ཆོས་ཀྱིས་གང་བར་མཛད་པའི་ཞིང་ཁམས་རྔ་ཡབ་པདྨ་འོད་དང་མཚུངས་པར་མཛད་པ་འདི་མུན་པའི་སྣང་བས་གང་བ་ལ་ཕྱོགས་ཐམས་ཅད་སྒྲོན་མེ་དང་བྲལ་བའི་སྲོད་ཀྱི་མུན་པ་སྟུག་པོ་ལྟ་བུའི་ཁྱབ་ཅིང་། དེའི་ཚེ་ཆོས་འཕེལ་ཇ་བཟང་ཟེར་བ་སྔོན་གཏེར་ཆེན་བླ་མ་དང་མཇལ་དུས་ཨ་ཐམ་མའི་གནང་སྦྱིན་བཅས་ནམ་ཞིག་ཁྱེད་ཀྱི་ངའི་དགོན་ཆུང་འདི་ལ་ཕན་ཐོགས་པའི་དུས་ཤིག་ཡོང་བས་དེ་དུས་མ་བརྗེད་པར་དྲན་པར་མཛོད་ཅེས་གནང་ཆ་དཔངས་མཐོ་བ་བསྩལ་བར་ཁོ་པས་དེ་དུས་དྲན་གསོས་པའི་སྨིན་གླིང་དགོན་པ་གཏོར་མི་ཐབས་ཅི་བྱ་བཟང་དང་། རྡོར་བྲག་གཏོར་མི་ཁམས་པ་གཉིས་ནང་རྗེས་བརྒྱབ་པའི་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པའི་གཤམ་དུ་གུར་བརྒྱབ་པའི་མེ་མདའི་སྒྲ་ཙམ་ལས་དགོན་པར་ཤར་དུ་མ་ཡོང་པའི་ཐོག །ལོ་ཆེན་རིན་པོ་ཆེ་དང་། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་མཚོན་ཁུ་དབོན་མཆེད་རྣམས་ཧོར་དམག་གིས་དཔོན་ཚེ་རིང་དོན་གྲུབ་ནས་བཀའ་ལུང་ཞུ་དགོས་འདུག་ཟེར། སྔོན་ནས་ལྷ་སར་ཕེབས་དགོས་ཞེས་ཕེབས་གྲུབ་ཅིང་།

དེའི་ནུབ་མོ་སྐུ་མཚམས་གྲོལ་བའི་དབུ་སྐྲ་སྦད་མགོ་དང་སྐུ་ལ་སྣམ་བུ་རྒྱ་ཁྲའི་ན་བཟའ་བཞེས་ཏེ་སྐྱ་ཆས་སུ་བསྒྱུར་ནས་ཡབ་རྗེའི་སྐུ་བརྙན་ཆུང་ངུ་དེ་སྐུ་རྒྱབ་ཏུ་བཞེས། ཞབས་རིམ་མ་འགྱུར་མེད་ཆོས་སྒྲོན་དང་། གསོལ་ཐབ་པ་འགྱུར་མེད་གཡང་མཛོམས། དགེ་སློང་བཀྲ་ཤིས་དབང་ཕྱུག །དགེ་འདུན་མཚམས་འཕེལ་ཏེ། དཔོན་གཡོག་ལྔས་ཉེར་མཁོའི་གསོལ་ཆས་བསྣམས་ནས་གསང་སྒོ་བརྒྱུད་དེ་གཏེར་བདག་གི་རྒྱབ་རིའི་རྩེ་བརྒྱུད་ནས་བཙན་ཡུལ་སྡེ་པ་དབང་འདུས་པར་ཞལ་གཟིགས་ནས་ཕེབས། དེ་སྐབས་ཧོར་དམག་གིས་དགོན་པ་བཟུང་། གསང་སྔགས་ཕོ་བྲང་མ་གཏོགས་གཙུག་ལག་ཁང་དང་ཆོས་འཁོར་ལྷུན་པོའི་སྤེན་བད་ཡན་བཤིག་ཅིང་། མཆོད་རྟེན་ཆེན་པོའི་ཆོས་འཁོར་ཡན་བཤིག །གཞན་རྣམས་སྐྱོན་མེད་རང་གནས་སུ་བཞག་པ་ཡིན་ཀྱང་། གྲྭ་ཕྱི་ཡུལ་མི་རྣམས་ཀྱི་སྙིང་ལ་ཧོར་དམག་གི་བྱིན་རླབས་ཞུགས་པའི་མཐུས་ཤུལ་མེད་དུ་བཏང་བཤིག །དེའི་རྐྱེན་ལས་པདྨའི་མངའ་ཞུགས་ཀྱི་ཕོ་ཉ་རྣམས་ཀྱིས་དེང་སང་ཡུལ་གཞན་དང་མི་འདྲ་བ་གྲྭ་ཕྱི་སྟོང་ཚབས་ཆེ་བའང་གཏེར་ལུང་གབ་སྦས་རྣམས་ལ་ཞིབ་མོར་དཔྱད་ན་ངེས་པ་འདྲོངས་པར་འགྱུར་རོ། །གང་ལྟར་ཀྱང་དེ་སྐབས་ལྕམ་དྲུང་དང་ལྕམ་དཔལ་འཛིན་གཉིས་ཧོར་སོག་གི་བྱི་ཕོའི་བྱོལ་ཉོག་གིས་འོ་བརྒྱལ་བ་ལ། དེར་ཡུམ་ནས་ང་ལ་བུ་མོ་མི་འགྱུར་དཔལ་སྒྲོན་བྱ་བའི་བཙུན་མ་བཞིན་མཚར་མོ་ཞིག་ཡོད་གསུངས་ཐལ་བས། རྨ་བྱའི་སྙིང་ལ་འབྲུག་སྒྲའི་དཔེ་བཞིན་ལྗོངས་གཞིས་ཡས་མས་ལ་གྲུ་སོགས་ལ་ཧོར་དམག་གི་དམ་རྩིས། གཏེར་བདག་གླིང་པའི་བུ་མོ་དེ་ལྟར་ཟེར་བ་ཐལ་ན་མི་འཐུས་པས་བཟུང་འཆང་བྱས་པའི་ནམ་ཉིན་མཚན་ལྟོས་མེད་ཀྱིས་ལྷ་སར་མ་འཁྱོལ་ན་སྐེ་མིག་ལ་གྱ་ཡོང་བའི་སྒྲ་གྲགས་སོ། །

དེ་ནས་བཙན་ཡུལ་དུ་ཕེབས་པའི་ནུབ་སོག་པོས་བཙན་ཡུལ་མནན་པ་ན། སྡེ་པ་དབང་འདུས་ཀྱིས་ཁྲུང་བཞེས་བཙུགས་པས་སོག་པོ་མགོ་སྐོར་ཐབས་མཁས་ཀྱང་སྤྱོད་པས་དཀར་ཁུང་དུ་རྗེ་ཉིད་ཐག་ཤུར་ལ་གདན་དྲངས་ཏེ་མཚན་མོ་རིལ་བོར་གྲ་ནང་གཞུང་རྒྱུད་ལྡུམ་པོ་བཀྲ་ཤིས་མཐོང་སྨོན་གྱི་གཞིས་སུ་སྐུ་ཞང་གི་སར་ཕེབས་དེང་སང་དེའི་ཉིན་ཧོར་སོག་གི་ལྡུམ་པོ་མནན་པ་ན། ཞབས་དྲུང་གཞན་ཕན་དབང་པོས་ཀྱང་ཁྲུང་བཞེས་བཙུགས་པས་ཧོར་སོག་མགོ་བསྐོར། མངོན་དགའི་ཞལ་དཀར་ནས་མར་ཐག་བཤུར་ལ་གདན་དྲངས། དེ་ནས་ལུང་རིང་གི་ཕུའི་རྫ་ཁྲོད་དུ་ཉིན་ཞག་གཉིས་ཀྱི་བར་རྡོ་སྦས་བརྒྱབ་སྟེ་ཡིབས་ནས་བཞུགས་ཤིང་། ཞབས་རིམ་པ་བཞིས་ཉིན་མོ་སྐྱ་ཆས་ཀྱིས་སྨན་བརྗིད་དགོན་དུ་ཡིབས་ནས་མི་རེས་རེས་མོས་ཀྱིས་རྒྱང་བཙོས་དང་། མཚན་མོ་གསོལ་ཆས་འབུལ་དུ་ཡོང་། དེར་སོག་པོ་ལུང་རིང་གི་ཕུའི་རྫ་ཁྲོད་དུ་ཡོང་སྟེ་རྗེ་ཉིད་ཀྱི་དབུ་ཐོག་ཏུ་ཕར་འགྲོ་ཚུར་འགྲོ་བྱས་ཏེ་ཉུལ་བས། ད་ང་ཟིན་སོང་སྙམ་པའི་ཤིན་ཏུ་ཚད་པའི་སྙིང་ཁར་དོན་དོན་གྱི་འཇིགས་རྔམས་ཚད་མེད་པ་བྱུང་གསུངས། དེར་དཀོན་མཆོག་སྤྱི་དང་ཁྱད་པར་དཔལ་ཨོ་རྒྱན་གུ་རུ་ཡབ་སྲས་ཀྱི་ཐུགས་རྗེ་དང་། བདག་སོགས་གདུལ་བྱར་གྱུར་པའི་བུ་སློབ་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཧོར་སོག་གི་མིག་གིས་མ་མཐོང་བར་མ་རྙེད་པས་རེ་ཐག་ཆད་ནས་ལོག་སོང་རྗེས་སྨན་བརྗིད་དུ་དགེ་མཁན་སྒྲུབ་པ་མོའི་སར་ཕེབས། ནངས་པར་སྔ་བར་བཞེངས་ནས་དོལ་ཁང་པ་བརྒྱད་དུ་གནས་ཆུང་མ་ཞིག་གི་ཐབ་ཚང་དུ་ཡིབ་ནས་བཞུགས་སོ། །

དེ་དག་གི་ཚེ་གྲོང་སྙིང་གཉེར་པ་སྤོ་བོ། འབུམ་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་། ཞབས་དྲུང་འགྱུར་མེད་གཞན་ཕན་དབང་པོ། དགེ་སློང་ཨོ་རྒྱན་རབ་བརྟན་སོགས་གྲྭ་བགྲེས་པ་རྣམས་ཀྱིས་བཀའ་བགྲོས་མཛད་པའི་ཚེ། འབུམ་རབ་འབྱམས་པས་གཏེར་བདག་གླིང་པའི་སྙིང་པོའི་དྭངས་མ་ནི་སྲས་མོ་འདི་ལ་ཡོད་པས་ཆུད་ཟོས་སུ་མ་སོང་བ་གྲགས། ད་ཅི་དྲག་ཕྱོགས་གང་དུ་ཕེབས་པ་དྲག་གསུངས་པར་དགེ་སློང་ཨོ་རྒྱན་རབ་བརྟན་ནས་ཁྱེད་རྣམས་ཐབས་མཁས་ཤིང་ཐུགས་རིག་བཀྲ་བས་ས་ཆ་སོགས་གང་དུ་སོང་གཟིགས་པའི་སླར་གྲྭ་གཙང་ཚུགས་དུས་ཀྱི་དོན་དུ་ཧུར་བསྐྱེད་མཛོད། ཁོ་བོས་སྲས་མོ་འདི་དབུ་བཏོན་ནས་ཆུད་ཟོས་མེད་པའི་སླར་ཁྱེད་རང་རྣམས་ལ་འབུལ་རྒྱུ་ཡོད་པ་བྱེད་གསུངས་ནས་དེར་ཞལ་འཆམ་སྟེ། དགེ་སློང་ནས་འཁང་རྒྱང་དུ་རྗེ་བླ་མའི་ཞབས་དྲུང་དུ་ཕེབས། ནངས་པར་ལུང་རིང་གི་ལ་རྩེ་ནས་ཡར་འབྲོག་པ་ཆོས་དང་ཁ་རོ་ལ་བརྒྱུད་དེ་འབྲས་ལྗོངས་སུ་ཡབ་རྗེའི་ལུང་བསྟན་ལྟར་ཕེབས་རྩིས་ཀྱི་ཕག་རི་ཕྱོགས་སུ་ཞལ་གཟིགས་ཏེ་ཕེབས། དེ་ཡང་རྒྱུན་ལྡན་སྐུ་འཆམ་དང་དལ་འགྲོས་ཀྱིས་ཅུང་ཟད་ཕེབས་པའང་། ཆིབས་ལ་བརྟེན་གཤིས། དེ་དུས་སྤྲང་ཆས་ཀྱིས་ཉིན་མཚན་བར་མེད་བཤད་ནས་ཕེབས་དགོས་གཤིས་སྐུ་ངལ་ཞིང་ཉམས་ཞན་པས་ཕེབས་སོ། །དེར་ཕག་རི་ཁྲོམ་དང་ཐག་ཉེའི་སར་ཚ་ཕོགས་མཛད་པའི་ཚེ། དགེ་འདུན་མཚམས་འཕེལ་ནས་ཇ་ཕོར་བ་གང་བཏུང་སྟེ་ཁྲོམ་ལ་ལྟ་བར་ཕྱིན། དེ་འདྲ་ཁ་ཤས་ཀྱི་རྗེས་སུ་དགེ་སློང་རབ་བརྟན་ལགས་ནས་ཇ་འཐུང་རིང་ཡང་སྡོད་མི་ཚུགས་པ་འདུག་གམ་གསུངས་པས།

མཚམས་འཕེལ་ན་རེ། ཨ་ཁ་ཅི་གསུངས། ད་ཅིའི་རྩ་ན་རྟ་གཉིས་བཤད་ནས་ལངས་སོང་། ད་ལྟ་ཤོག་རྒྱང་རིང་པོ་ཁྱེར་ནས་གློག་གུན་འདུག །ད་ང་ལྟ་རུ་འགྲོ་ཟེར་སོང་། དེ་མ་ཐག་པར་ཁོ་པ་ཡོང་སྟེ་ངས་ཨེ་ཟེར་ལྷ་ས་ནས་དཔོན་གྱི་ཡི་གེ་འདུག །གཏེར་བདག་གླིང་པའི་བུ་མོ་དེ་རིགས་གློད་ཤོར་དུ་སོང་ན་མི་རུང་བས་འཕྲལ་དུ་བཟུང་འཆང་བསྐྲད་པའི་ལྷ་སར་ནམ་ཉིན་ལྟོས་མེད་ཀྱིས་ཁྲིད་ཤོག་ཟེར་འདུག །ད་ཇ་འཕོ་ལ་ཕེབས་བཏོང་ཟེར་བས་དེ་མ་ཐག་པར་རྟབ་རྟབ་ཀྱིས་བྲོས་ནས་ཕེབས་སོ། །དེར་འབྲས་ལྗོངས་ལམ་བར་གཅའ་ཕྲང་བས་ཕེབས་དཀའ་ཞིང་ལམ་རྙེད་དཀའ་བ་ལ། ཡབ་རྗེའི་ཐུགས་རྗེས་དགེ་སློང་བཀྲས་དབང་དང་མཚམས་འཕེལ་གཉིས། སྔོན་ནས་རྫོགས་ཆེན་པའི་སྐུ་དྲུང་དུ་ཕེབས་མྱོང་གཤིས་ཕེབས་ལམ་བསྒྲོད་བདེ་བར་གནས་སྒོ་གོང་དུ་ཕེབས་སོ། །དེ་སྐབས་འགྱུར་མེད་ཆོས་སྒྲོན་སྐྲན་གྱི་ན་ཚས་འགྲོ་མ་ཐུབ་པར་ལམ་ཐང་སྟོང་ཞིག་ཏུ་ལུས་པའི་གྲོགས་དགེ་སློང་བཀྲས་དབང་བཞུགས་པའི་ཚེ། ས་སྲིབ་ལྟ་བུའི་གངས་དང་རླུང་གི་བུ་ཡུག་འཚུབས་པའི་ཤིན་ཏུ་དཀའ་བའི་དུས་ས་གད་རིང་པོ་ཞིག་ནས་དགེ་སློང་བཀྲ་ཤིས་དབང་ཕྱུག་གར་ཡོད་ཅེས་ཟེར་བ་ལ། ས་འབུར་ལྡོག་ཙམ་པ་གངས་ཀྱིས་འཁེངས་པའི་པུས་མོ་ཙམ་ཚུད་པའི་སྟེང་ནས། ང་འདིར་ཡོད་དོ་གསུངས་པས། དགེ་འདུན་མཚམས་འཕེལ་དང་ཐག་ཉེར་སོང་དུས། དགེ་སློང་ནས་ང་འདིར་ཡོད་དོ་རྩམ་པ་ཁྱེར་ཡོད་དམ་གསུངས། དེ་མཚམས་འཕེལ་ནས། ཁྱེད་བདེན་ནོ་རྩམ་པ་ཁྱེར་ཡོད་ཟེར། དེར་མཚམས་འཕེལ་གྱིས་བཙུན་མ་རྒྱབ་ཏུ་ཁུར་ཡོང་། དགེ་སློང་ཡུས་པ་ལྟ་བུས་བླ་མ་དྲན་ཏེ་སྔོན་དུ་བྱོན་པས། དེར་རྗེ་ཉིད་བཙུན་མ་ཤིའམ་དགོངས་དྲུང་ཉེ་གནས་མ་གང་དུ་ཡོད་གསུངས་པར། དགེ་སློང་ནས་རྗེས་ལ་ཡོད་ང་སྔོན་དུ་ཡོང་པ་ཡིན་གསུངས་ཀྱང་རྗེ་ཉིད་ཞལ་མདངས་ལོག་པས་བདེན་ནམ་སྙམ་པར་མི་འདུག་ཅེས་གསུངས། དེར་ལྷ་སར་ལོ་ཆེན་རིན་པོ་ཆེ་དང་། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་བཀྲོངས། གཞན་ཡང་གཅེན་ཡིད་བཞིན་ལེགས་གྲུབ། ཨ་ཁུ་ཕྱག་མཛོད་དྲུང་སོགས་ཧོར་སོག་སྡིག་དཔོན་བདུད་རིགས་རྣམས་ཀྱིས་བཀྲོངས་པའི་དབང་མི་འབྱོར་བའི་ཐུགས་ཅག་གནང་དགོས་ཚུལ་གྱི་སྐྱར་ཤོག་འབྱོར་བར་ཐུགས་སྐྱོ་བ་ཚད་མེད་པའི་ངང་ནས་སྤྱན་ཆབ་བསིལ་ཞིང་མགུར་འདི་གསུངས་སོ། །

༈ རྗེ་ན་མོ་གུ་རུཿ སྐྱབས་གནས་བསླུ་མེད་ཀྱི་བདག་ཉིད། །དྲིན་ཅན་མཚོ་སྐྱེས་ཀྱི་རྡོ་རྗེ། །ཕ་གཅིག་འགྲན་ཟླ་དང་བྲལ་བ། །ཆོས་རྒྱལ་གཏེར་བདག་གི་གླིང་པ། །ཐུགས་རྗེ་མི་མངོན་གྱི་དབྱིངས་ན། །བརྩེ་བས་ཐོགས་མེད་དུ་དགོངས་ནས། །གསོལ་འདེབས་འཁོར་བ་རུ་འཁྱམ་པའི། །མི་འགྱུར་དཔལ་སྒྲོན་ལ་གཟིགས་ཤིག །ཕ་གཅིག་ཨོ་རྒྱན་གྱི་བླ་མའི། །གསང་ཆེན་མན་ངག་གི་བསྟན་པ། །ནམ་མཁའི་ཉི་ཟླ་ལྟར་གསལ་ཀྱང་། །མུན་པའི་སྤྲིན་རུམ་གྱིས་བསྒྲིབས་སོང་། །སྒྲུབ་བརྒྱུད་སྲོག་འཛིན་གྱི་སྙིང་པོ། །ལོ་པཎ་རྗེ་འབངས་ཀྱི་རྣམ་སྤྲུལ། །དབྱར་གུང་མེ་ཏོག་ལྟར་རྒྱས་ཀྱང་། །སྟོན་འཇུག་སད་ཁྱེར་གྱིས་བཅོམ་སོང་། །སྐྱེས་ཁང་ལྷ་དབང་གི་དགའ་ཚལ། །མི་གཙང་མཆིལ་སྣབས་བཞིན་བསྐྱུར་ནས། །འཇིགས་རུང་ནགས་ཚལ་ནི་སྟུག་པོའི། །ཉམ་ངའི་གཅོང་རོང་དུ་སླེབས་བྱུང་། །སྒྱུ་མ་གཡར་ཁང་གི་ཕུང་པོ། །ལང་ཚོའི་མེ་ཏོག་གི་བསླུ་བྲིད། །བྲོས་བྲོས་བྲོས་པས་ཀྱང་མི་ཐར། །རྔོན་པའི་རི་དྭགས་དང་མཚུངས་བྱུང་། །སེམས་ཉིད་རང་དབང་རང་མ་ཐོབ། །སྡུག་བསྔལ་མི་བཟད་པའི་ཁུར་པོ། །སྙིང་མེད་འཇིགས་རུང་གི་གཤིན་རྗེའི། །ཕོ་ཉའི་དམག་ཚོགས་ལ་གཟིགས་ཤིག །ཀྱེ་མ་གང་འདྲ་ཞིག་བྱེད་དམ། །ཕ་གཅིག་ཨོ་རྒྱན་གྱི་བླ་མ། །ད་ལྟ་ཐོགས་མེད་དུ་དགོངས་ཤིག །འགྲོ་འདུལ་གཏེར་བདག་གི་གླིང་པ། །ཞེས་གདུང་དབྱངས་ཀྱིས་རྒྱང་འབོད་མཛད་པས་ཨོ་རྒྱན་ཡབ་ཡུམ་དང་རྗེ་བླ་མ་དམ་པའི་སྐུའི་སྣང་བརྙན་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་དུ་གསལ་བར་གཟིགས་པས་གདུང་བ་སེལ་བའི་ལུང་དང་ཕྱིས་ལས་ཅན་གྱི་སློབ་མ་དང་། བར་གཅོད་ཀྱི་བདུད་འབྱུང་འགྱུར་སོགས་གསལ་བར་གནང་ཞེས་གསུངས། དེར་མ་ཟད་ལུང་རིང་གི་ཕུ་ནས་བཟུང་སྟེ་ཚུལ་གྱི་སྐྱོ་ཤས་ཀྱི་ཚུལ་མང་པོ་ཡོད་དོ། །ད་ལྟའི་དགེ་སློང་གིས་ཟིན་རིས་སུ་བྲིས་འདུག་པ་མ་གཏོགས་བརྗེད་ནས་མི་དྲན་པ་འདུག་ཅེས་གསུངས་པས། གཟིམས་དཔོན་འགྱུར་གཡང་ལགས་ཀྱིས་ངེད་ཚོ་ནི་སྡུག་དྲགས་དེ་འདྲ་དྲན་མ་བྱུང་། ད་བཀའི་བསྡུ་བ་པོ་སྐུ་སྐྱེ་བ་པ་ཞེས་ཕྱིས་འདུག་གསུངས་པར། ང་རང་དཔོན་གཡོག་གསུམ་བཞད་གད་དིར་ཙམ་བྱུང་། དེ་ཡང་དེ་དུས་སྐུ་རླུང་གི་བསྙུན་གཞི་དྲག་པོས་སྐུ་ཚེའི་བར་ཆད་དུ་འགྲོ་ཚད་ཚད་པའང་བྱུང་ཞེས་དགེ་སློང་བཀྲས་དབང་ལ་གསུངས། དེ་ནས་འབྲས་ལྗོངས་བླ་བྲང་ནས་རྫོགས་ཆེན་ཁྲག་འཐུང་དཔའ་བོ་འཇིགས་མེད་རྡོ་རྗེའི་སེར་བསྒྲེངས་ཀྱི་བཀུར་སྟིའི་བཀོད་པ་ཕུན་སུམ་ཚོགས་པས་གསང་སྔགས་ཕོ་བྲང་དུ་གདན་དྲངས་ཏེ་ཁྲི་བཀོད་མངོན་པར་འཕགས་པའི་སྟེང་དུ་བཞུགས་སུ་གསོལ་ལ་ཞབས་ཏོག་ཚད་མེད་པས་ངལ་གསོའི་བདེ་བ་ཐོབ་པ་ཡིན་གསུངས།

དེའི་སང་ཉིན་ཕོ་བྲང་གི་ཡང་ཐོག་ཏུ་དགེ་སློང་ཨོ་རྒྱན་རབ་བརྟན་གྱིས་ཞབས་ཕྱི་ཞུས་པའི་དབུ་སྐྲ་བསིལ་བར་མཛད་པས་སྔར་བཞིན་རབ་བྱུང་དུ་སྐུ་ལུས་བསྒྱུར་བ་མཛད། དེ་ནས་དགེ་འདུན་མཚམས་འཕེལ་ཙམ་མ་གཏོགས་དགེ་སློང་གཉིས་དང་བཙུན་མ་གཉིས་དེ་བཞིས་ཀྱང་སྐྱ་ཆས་བཞག་སྟེ་སོ་སོའི་རང་གཟུགས་སུ་བསྒྱུར་ཆོག་པའི་སྐལ་བཟང་ཐོབ་པ་ཡིན་གསུངས། དེ་ཡང་ཡུལ་ཕྱོགས་དེར་རྫོགས་ཆེན་པ་དང་རྒྱལ་པོའི་བཀས་ཟིན་ན་མ་གཏོགས་བླ་མ་གཞན་གྱིས་བསྒྱུར་ཁ་དཀའ་ཡང་རྫོགས་ཆེན་པ་དང་རྒྱལ་པོ་ཟུང་གིས་རང་རེ་འབྲས་ལྗོངས་ཀྱི་འོག་ཏུ་ཆུད་པའི་སྐྱ་སེར་མེད་པའི་སྐྱེ་བོ་ཀུན་རྩ་བའི་བླ་མ་འགྲོ་འདུལ་གཏེར་བདག་གླིང་པའི་རིགས་སྲས་མཚོ་རྒྱལ་གྱི་སྤྲུལ་པ་འཁྲུལ་མེད་མི་འགྱུར་དཔལ་གྱི་སྒྲོན་མ་ཡུལ་ཕྱོགས་འདི་དག་ཏུ་ཕེབས་པ་བསྐལ་བ་ཤིན་ཏུ་བཟང་པས་དབང་ཆོས་ལུང་སོགས་སོ་སོ་གང་འདོད་དུ་ཞུ་བ་ལ་བཀག་སྡོམ་མེད་པས་སོ་སོའི་འདོད་སྦྱར་ལྟར་བྱས་ཆོག་ཅེས་བཀའ་ཤོག་བཀྲམ་པས་གཞི་ལྷོངས། དད་ཅན་གྱི་སྐྱེ་འགྲོ་ཕོ་མོ་སྟོང་ཚོ་བཞིར་བརྒལ་བ་འདུས་ཏེ་སོ་སོས་བདོག་པས་གུས་མཆོད་འབུལ་བ་གྱ་ནོམ་པ་ཕུལ་བ་དག་ལ། གཏེར་གསར་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་སྩལ་བའི་ཚེ་རྗེ་ཉིད་བཞུགས་པའི་དབུ་ཐོག་ཏུ་འཇའ་ཁ་དོག་ལྔ་ལྡན་མདུང་ཚུགས་སུ་ཟུག་ཅིང་། ཚེ་དབང་ཚུགས་ནས་མ་གྲོལ་གྱི་བར་རྗེའི་དབུ་ཐོག་གི་ནམ་མཁར་བྱ་རྒོད་ཅིག་སྐོར་བ་གཡས་སུ་བསྐོར་བས་ཀུན་ཡི་རངས་པའི་དད་པའི་ས་བོན་དུ་མཛད་ཅིང་རྗེ་ཉིད་ཀྱི་མཚན་ནས་འབོད་ཅིང་རྐྱང་ཕྱག་འཚལ་བའི་འུར་དིར་གྱི་སྣང་བ་འགྱུར་བའང་བྱུང་ཞེས་གསུངས།

གཞན་ཡང་སོ་སོ་གང་འདོད་དང་འཚམས་པའི་ཆོས་དང་དམ་རྫས་ཀྱི་སྦྱིན་པས་ཚིམས་པར་མཛད་ཅིང་། ཁྱད་པར་རྫོགས་ཆེན་པ་དང་རྒྱལ་པོས་མཚོན་ཞབས་རིམ་ཐུ་བོར་གྱུར་པ་འགའ་ཞིག་ལ་ཡབ་རྗེའི་གཏེར་གསར་ཆ་ཚང་གི་དབང་ལུང་དང་། དེའི་ནང་ནས་གཏེར་གསར་ཨ་ཏིའི་དབང་ཁྲིད་ལུང་སོགས་སྩལ་བའི་རིག་པའི་རྩལ་དབང་གི་ཚེ་གཞི་ནས་སྦས་ཡུལ་ཞོད་ཆེ་བས་ཡིན་ནམ་གང་ལྟར་ཀྱང་དཀྱིལ་འཁོར་དང་རྗེ་ཉིད་བཞུགས་སར་འཇའ་ཟུག་ཅིང་མེ་ཏོག་གི་ཆར་འཁོར་ལོ་རྩིབས་བཞི་པ་དང་། པད་འདབ་བཞི་བའི་རྣམ་པ་ཁ་བ་ཚུགས་པ་ལྟར་བབས་ཤིང་སྤོས་བཟང་པོའི་དྲི་ངད་ལྡང་བ་ལྟ་བུའི་དྲི་མས་ཁྱབ་པས་ཀུན་ངོ་མཚར་ཅན་དུ་གྱུར་ཏོ། །དེ་ཡང་ཆོས་བཀའ་འདི་ཙམ་དུ་མ་ཟད་གཏེར་གསར་ཚང་མ་རྗེ་བླ་མ་དམ་པ་བདེ་ཆེན་ཌཱཀྐིའི་གཙོ་མོ་ཉིད་ཀྱི་སྐུ་ཚེ་འདི་ལ་སྦས་པའི་གནས་ཡུལ་ཁྱད་པར་ཅན་འདིར་གནང་བའི་སྐབས་འདི་ཐོག་མ་ཡིན། ཚུར་ཀྱང་རྫོགས་ཆེན་རིན་པོ་ཆེ་ནས་དཀོན་མཆོག་སྤྱི་འདུས་དང་། རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་ཚང་བར་གནང་ངོ་། །དེའི་སྐབས་ཤིག་གསང་སྔགས་ཕོ་བྲང་གི་ཡང་དབེན་དུ་ཟབ་ཆོས་རིག་འཛིན་ཐུགས་ཐིག་དང་། བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་ཀྱང་སྨིན་པར་མཛད་པའི་དྲོད་རྟགས་ཀྱི་མཚན་མའང་ཅི་རིགས་པ་ཤར་གསུངས། དེ་དག་གི་དུས་སྐྱིད་པའི་གླུ་དང་དགའ་བའི་བྲོ་བརྡུངས་པ་ལྟ་བུའི་བདེ་བ་དཔག་ཏུ་མེད་པའི་ཚེ་ཡུམ་དང་། ལྕམ་དཔལ་འཛིན་བུ་དགའ་སྐྱིད་འཛོམས་བཅས་འབྲས་ལྗོངས་སུ་ཕེབས་པས་རྐྱེན་བླང་།

ཡང་ལྷ་ས་ན་དཔོན་ཚེ་རིང་དོན་གྲུབ་ཀྱིས་ཐོས་པས་གཏེར་བདག་གླིང་པའི་བུ་མོ་བཙུན་མ་བཞིན་མཚར་པོ་དེ་འབྲས་ལྗོངས་སུ་ཡོད་འདུག་ཅེས་པའི་སྒྲ་སྦིར་ལ་བརྟེན་ཧོར་སོག་རྟ་པ་བཅུ་ལམ་རྒྱུས་པ་དང་བཅས་ཕག་རིའི་ཕྱོགས་སུ་འབྱོར་ཙ་ན་རྗེ་བླ་མ་དམ་པ་ཌཱཀྐིའི་གཙོ་མོར་རྫོགས་ཆེན་རིན་པོ་ཆེ་ནས་ཨའུ་རྩི་སྐྱོན་མེད་ཞུས་པར་གཅའ་སོགས་ཕྲ་ཞིང་འཕྲང་དོག་ཅིང་ལ་བསྒྲོད་དཀའ་ཡང་ནག་པོའི་བདུད་རིགས་ཐབས་མཁས་པས་ཅི་འཆར་མི་ཤེས། འོན་ཏེ་ང་ཡང་ཕ་གཏེར་བདག་གླིང་པའི་ཐུགས་ནས་ཆད་པའི་བུ་མོ་ཞིག་ཡིན། མི་སྲུན་འབྱུང་པོ་དེ་ལ་འབྱུང་བ་རླུང་འཁོར་ཞིག་བཟོ་གསུངས་ཏེ། འཁོར་ལོ་བྲི་བའི་ཕྱག་ལེན་དང་ལས་སློབ་དགེ་སློང་དགེ་བའི་བཤེས་གཉེན་བཀྲ་ཤིས་དབང་ཕྱུག་གིས་མཛད་དེ། ཞིག་པོ་གླིང་པའི་གཏེར་བྱོན་རླུང་དམར་གྱི་འཕྲུལ་འཁོར་དྲག་པོའི་ལས་སྦྱོར་མཛད་པས་ཁོ་པ་རྣམས་ནང་འཁྲུགས་ཀྱི་འདི་ཡིན་མེད་པའི་གཞི་མེད་དུ་སོང་བས་ཐུགས་གཡེང་མ་དགོས། ད་དུང་ཆེད་དུ་གཉེར་ནས་པདྨའི་ཡང་ཟབ་ཀྱི་གདམས་པའི་ཉིང་ཁུས་གངས་འབེབས་མཛད་པས་སྔར་མཐོང་མ་མྱོང་མ་དྲན་ཞེས་པའི། ཁ་བས་ཆོད་པས་བདེ་བ་ཐོབ་པའི་དཔལ་དུ་གྱུར་གསུངས། ས་ཕག་ལོ་སྟོད་སྒར་ཐོག་ཏུ་སྡེ་པ་སྒར་དཔོན་ཤངས་ཁང་ཆེན་གནས་ཀྱི་བོད་ཀྱི་ནང་ཆ་ཁྱེར་མི་གདུགས་དཀར་དུ་སོང་། ཐབས་ཇི་ཇ་བཟང་སོགས་ཧོར་སོག་གི་སྡེ་མིང་མེད་དུ་བཅོམ་པས་ལྷ་སར་སྡོད་མིའི་དཔོན་སོགས་ཀྱང་སྟབས་ཅག་གི་འབྲོས་པ་བྱུང་སོང་ཞིང་།

དེའི་མཐུ་དཔུང་གི་རྐྱེན་ལས་འཇམ་དབྱངས་གོང་མ་རྒྱལ་པོས་ཁ་ཆེན་གནས་ལ་སྲིད་སྐྱོང་བསྐོ་བཞག་དང་། དའི་ཆིང་བ་དུར་ཞེས་ཆོ་ལོའང་བསྩལ། དཔལ་ཨོ་རྒྱན་ཆེན་པོའི་ཐུགས་རྗེའི་ཟླ་ཟེར་ལས་དཔོན་གཉིས་ནས་རྙིང་མ་ཉུང་ངུའི་སྡེ་མིང་མེད་དུ་བཏང་བའི་རང་སྡེ་རྣམས་ཚུགས་ཤིག་པའི་སོ་སོར་བཀའ་ཤོག་བཀྲམས་པ་ལ་རང་རེའི་དབུ་ཆོས་རྣམས་ཀྱིས་བསླབ་སྡོམ་སྐྱོན་མེད་རྣམས་བསྡུས་ཏེ་འདུས། སྡེའི་ས་བོན་ཚུགས་པའི་བང་ཆེན་རྗེ་བླ་མ་དམ་པ་ཌཱཀྐིའི་གཙོ་མོའི་ཞབས་པད་དུ་འབྱོར་བར། དེར་རྗེ་ཉིད་དཔོན་གཡོག་སྔར་རྒྱུན་སྟེང་གྲ་རིགས་རྙིང་པ་འགའ་དང་བཅས་འབྲས་ལྗོངས་ནས་བོད་དུ་ཆིབས་བསྒྱུར། ཕག་རི་དང་ཁ་རོ་ལ་ནས་བ་བཅོས་ཀྱི་གཞུང་རྒྱུད་ཟར་པོ་དྲ་མ་ནས། སྐུ་ཞང་ལྡུམ་པོ་བའི་གཞིས་སུ་ཕེབས་ཏེ་ཞལ་ངོ་རྣམས་དང་མཇལ་འཕྲད་མཛད་པར། དེར་བར་དོ་ནས་མི་ཡུལ་དུ་མཇལ་བ་ལྟ་བུའི་དགྱེས་ཚོར་དཔག་མེད་ཐོབ་བྱུང་གསུངས། དེ་ནས་སྐུ་ཞང་གི་ཞལ་ངོ་རྣམས་དང་ཞབས་ཕྱི་ནང་འཁོར་འགའ་ལ་ཚེ་དབང་དང་དྲག་དམར་གྱི་སྐུ་གསུང་ཐུགས་དབང་སྩལ་ལོ། །དེ་ནས་སྐུ་ཞིང་ནས་དབང་བཞི་བཏེག་པའི་དར་རྒྱས་ཆོས་སྡིངས་སུ་ཕེབས་ཏེ་ཡུལ་མིར་ཁྲོམ་དབང་དང་། དད་ཅན་དུ་མར་མཇལ་འཕྲད་མཛད་ཅིང་སོ་སོའི་རེ་འདོད་སྐོང་བ་མཛད། དེ་སྐབས་ཡབ་རྗེའི་མཆོད་དཔོན་ཨོ་རྒྱན་རབ་དྲགས་ཡབ་རྗེའི་དབང་ཆོས་ཀྱི་ཕྱག་སྒམ་ཟུང་ཞལ་ངོ་སུ་སྔ་བ་ཕེབས་པར་འབུལ་རྩིས་ལ་རྗེ་ཉིད་སྔ་བས་དེར་འབུལ་བ་མཛད་པས་རྟེན་འབྲེལ་ལེགས་ཤིང་ཤིན་ཏུ་མཉེས། དེ་ནས་སྐྱིད་རུ་གཞིས་སུ་ཞག་པོ་མཛད་པའི་གྲའི་གཞུང་རྒྱུད་རང་གི་དགོན་པར་ཆིབས་བསྒྱུར།

དེའི་ཚེ་གཉེན་མཁར་རི་ཟུར་ནས་དགོན་པ་གཟིགས་པས། སྔར་ལྷའི་དགའ་ཚལ་དང་མཉམ་པའི་གནས་དེ་གསང་སྔགས་ཕོ་བྲང་ཙམ་མ་གཏོགས་བླ་བྲང་ཟུང་དང་མཆོད་རྟེན་གྲྭ་ཤག་གིས་མཚོན་གྱང་སྟོང་དུ་རོ་ངེར་འདུག་པས། སྔར་ཡབ་རྗེ་དང་ཁུ་དབོན་རྣམས་ཀྱི་སྟོབས་འབྱོར་ལོངས་སྤྱོད་རྣམས་དྲན་ཏེ་བཟོད་གླགས་མེད་པའི་སྡུག་བསྔལ་གྱིས་མནར་ཞིང་། དེའི་རྐྱེན་ལས་སྔར་སྣང་གསལ་འོད་དེ་འབུམ་གྱི་སྐྱེ་བའི་དུཿཁ་ཡང་ལམ་ལམ་དྲན་པ་ཞིག་བྱུང་གསུངས།

དེ་ནས་དབུ་ཆེ་བགྲེས་པ་རྣམས་ཀྱིས་ཐོག་དྲངས་གྲྭ་གཙང་འདུས་པ་རྣམས་ཀྱིས་བཀུར་བསྟིའི་ཞབས་ཏོག་དང་བཅས་གསང་སྔགས་ཕོ་བྲང་དུ་གཟིམ་ཆུང་བདེ་ཆེན་ཡང་རྩེར་སྤྱན་དྲངས་ཏེ་མཇལ་འཕྲད་མཛད་ཅིང་། གྲྭ་གཙང་དུ་མང་ཇ་སྦྱོར་དང་འབྲུ་དཀར་གྱི་བཞེས་ཐུག་ལྷོ་མོན་གྱི་ཡུལ་བབ་ཀྱི་དངོས་པོ་གང་འཚམས་ཀྱི་ཕྱག་འགྱེད་དང་བཅས་སྩལ་ཞིང་། གྲྭ་གཙང་དུ་འཕན་རིང་གཉིས་དང་རྒྱལ་མཚན་བཅས་དང་། ཞག་བདུན་གྱི་བར་གུ་རུའི་ཕྲིན་ལས་དང་འཕྲོས་པའི་ཆོས་སྐྱོང་རྣམས་ལ་གཏང་རག་གི་བསྐང་གསོ་རྒྱས་པར་མཛད། དེ་སྐབས་ཕོ་ལྷ་ཐའི་ཇི་འགྱུར་མེད་བསོད་ནམས་སྟོབས་རྒྱས་བཀའ་བློན་གྱི་ལས་ཁུར་གྱི་དབང་ཆེ་ཞིང་མི་ཕྱེད་པའི་དད་གདུང་དྲག་པོས་རྗེ་ཉིད་ལ་ལེགས་གསོལ་གྱི་འབུལ་བ་དང་། དབུ་ཞྭའི་མཚོན་ན་བཟའ་ཆ་ཚང་། ཆིབས་དཀར་ཕོ་རྟ་སྒ་རྒྱན་བཅས་སྤུས་ལེགས་དང་། གྲྭ་གཙང་འདུས་ཚོགས་སུ་མང་ཇ་འགྱེད་དང་བཅས་པ་སྦྱོར། དེ་རྗེས་ཀླུ་སྡིངས་ལྷ་དབང་དགའ་ཚལ་གྱི་ཞིག་གསོ་ཚུགས་ཤིང་ལེགས་པར་གྲུབ་རྗེས་རབ་གནས་ཀྱི་ཆོ་ག་མཛད་ནས། དེར་སྤོ་བ་མཛད་ཏེ་ཟླ་ཤས་བཅད་རྒྱར་བཞུགས། དུས་ཚེ་མི་རིང་བར་ཁམས་ནས་གཅེན་རཏྣ་བི་ཛ་དང་། གཅུང་རྒྱལ་སྲས་ཉེ་བའི་མགོན་པོ་དཔོན་གཡོག་རྣམས་ཕེབས་པར་མཇལ་འཕྲད་མཛད་ཅིང་དགྱེས་པ་དང་སྤྲོ་བའི་སྐབས་སུ་ལགས།

ལྕགས་བྱི་དགུང་ལོ་ཉེར་གཉིས་ཕེབས་པའི་སྐུའི་གཉན་ཆ་ཆེ་བའི་སྟེང་སྐྲན་གྱི་བསྙུན་དྲོན་ནས་མནར་བ་ལ། སྐུ་བགེགས་ཀྱི་བར་ཆད་ཞི་ཕྱིར་སྐུ་རིམ་ཐ་མ་འགགས་པ་དང་། ཁྱད་པར་ཨེམ་ཆི་བློ་འཕེལ་ནས་དཔལ་ལྡན་ཟུར་མཁར་བའི་ཁྱད་ཆོས་ཀྱི་ཐབས་སྒོ་དུ་མའི་སྨན་སྦྱོར་འབུལ་ཞིང་འཆི་མེད་ཚེའི་རིལ་བུ་ཧྲཱིཿདམ་མ་མཆོད་པས། སྐུ་བདེ་དྭངས་སུ་གྱུར་པའི་སྐལ་བཟང་ཐོབ་ཅིང་། དེ་ལྟར་འབྲས་ལྗོངས་ནས་ཕེབས་ནས་ཀོང་པོར་མ་ཕེབས་བར་དམ་པ་ཆོས་ཀྱི་སྦྱིན་པས་དབུས་གཙང་། མངའ་རིས། ལྷོ་མོན། ལྷོ་བྲག་ཡང་བཞི། དྭགས་པོ་དང་ཁམས་སྟོད་སྨད་བར་གསུམ། དབུ་རུ་དང་གཡོ་རུ་ཕྱོགས་ཀྱི་དད་ཅན་ཕོ་མོ་ཆོས་ལྡན་པ་མང་པོའི་རེ་འདོད་སྐོང་བར་མཛད་པའི་སྙན་གྲགས་ཀྱིས་ཁྱབ་པར་མཛད་དོ། །ཚུལ་དེ་ལས་བླ་བྲང་ཞབས་རིམ་པ་འགས་ཐའི་ཇིའི་སྐུ་དྲུང་བླ་བྲང་གི་ཞལ་སྒོ་ལ་ཅུང་འཛེར་བ་ཞུས་པས། དེར་ཐའི་ཇི་ནས་རེ་ཞིག་ཀོང་པོ་བདེ་ཆེན་སྟེང་དུ་ཕེབས་དགོས་པའི་སློབ་དོན་གྱིས་དེར་ཆིབས་བསྒྱུར་བའི་ལོ་གཅིག་ལྷག་བརྒལ་ཙམ་སོང་རྗེས། དགེ་རྒན་དགེ་སློང་ཨོ་རྒྱན་རབ་བརྟན་དང་། དགེ་སློང་བཀྲ་ཤིས་དབང་ཕྱུག་གཉིས་རྡོ་རིངས་སུ་ཐའི་ཇིའི་སར་བང་ཆེན་དུ་ཕེབས་དུས། དེར་ཐའི་ཇིའི་རྗེ་བཙུན་རིག་འཛིན་ཆོས་ཀྱི་འགྲོ་དོན་ཆེ་བ་ཨེ་འདུག་གསུངས་པས། དགེ་སློང་རབ་བརྟན་ནས་སྟོད་སོག་ཕྱོགས་ནས་འཁོར་བའི་སློབ་རིས་མ་གཏོགས་ཡུལ་ཕྱོགས་དེར་ཆོས་ཀྱི་འགྲོ་དོན་ནི་གང་ཡང་མི་འདུག་ཅིང་། འགྱུར་མེད་ཆོས་སྒྲོན་ཞབས་ཕྱིར་ཡོད། འགྱུར་མེད་གཡང་འཛོམས་དང་། དགེ་སློང་གྲགས་པ་སོགས་གཞན་རྣམས་ནི་ཞིང་ལས་བྱེད་ཅིང་ཡོད་ལགས་ཞེས་གསུངས་པས། དེར་ཐའི་ཇིས་ཨ་ཁ་ཁ་དེང་སང་གི་མི་འདི་ཚོ་བདག་ལ་དོན་མེད་ཀྱི་མགོ་གཡོག་བཏང་འདུག །

ད་བླ་མ་སྙིང་པོའི་དོན་ཁོ་ན་མཛད་པ་དེ་འོ་བརྒྱལ་དེར་བཞུགས་སུ་མ་འཇུག །འཕྲལ་དུ་འདིར་གདན་དྲོངས་ཤོག་གསུངས་པས་ཀོང་པོ་ནས་ལྷ་ལྡན་དུ་ཆིབས་བསྒྱུར། དེར་དའི་ཆིན་བ་དུར་ཞྭ་སེར་མ་གཏོགས་རྙིང་མ་བར་རྗེས་གཏིང་ཞིག་ནས་གཞན་སྐྱོད་ཀྱིས་ཤིན་ཏུ་བརྣག་པའི་ཀོར་པ་དགེ་ཁོང་ནས་ཀྱང་བཀག་སྟེ་གཏེར་མ་རག་ལ་ཐུག་པའི་འཇིགས་སྐྲག་མི་དཔོན་གཡོག་ཚང་མས་དབུ་ཞྭ་སེར་པོ་བཞེས་ནས་ཕེབས་པས། ཐའི་ཇིས་དེ་འདྲའི་ཟོན་གནང་མི་དགོས་རང་ལུགས་གང་ཡོད་གནང་ཆོག་གསུངས་པར་ཚང་མས་དབུ་ཞྭ་རང་ལུགས་སུ་བསྒྱུར་བ་མཛད། རྩེར་གོང་མ་འདྲེན་མཆོག་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཞབས་དྲུང་དུ་མཇལ་ཕྱག་ཏུ་ཕེབས་པའི་གཙུག་ཕུད་འབུལ་བ་མཛད་དེ་མཚན་རྗེ་བཙུན་ཤེས་རབ་སྒྲོན་མ་ཞེས་བསྩལ་ཏེ་མེ་ཏོག་ཀྱང་འཐོར་བར་མཛད། དེ་ནས་རྩེའི་འཕགས་པ་ལོ་ཀེ་ཤྭ་ར་དང་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དབུས་གནས་རྟེན་རྣམས་ལ་སྙན་ཤལ་མཆོད་འབུལ་བོད་འབངས་བདེ་བའི་སྨོན་ལམ་དང་བཅས་མཛད་ཅིང་། དེ་ཞོར་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེ་བཅས་པར་ཡང་དེ་མཚུངས་སུ་མཛད་ནས། རྡོ་རིང་དུ་ཐའི་ཇིའི་སར་ཞང་ཁྲོམ་གྱི་གཏེར་བྱོན་བྱད་འགྲོལ་གསེར་གྱི་ལྡེ་མིག་ལེགས་ལྡན་རྗེའི་ཕྱག་བཞེས་མ་ལས་ཡབ་རྗེའི་ཁྱད་ཆོས་གདམས་པ་རྨད་དུ་བྱུང་བའི་ལས་སྦྱོར་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་སྐུ་ཚེའི་སྒྲུབ་པ་དང་ཚེ་དབང་བརྒྱ་རྩ། གཏེར་གསར་དྲག་དམར་གྱི་སྨིན་བྱེད་ཀྱི་དབང་དང་པོ་ཏིའི་ལུང་། ཤ་འུག་ལྷ་ཆེན་གྱི་རྗེས་གནང་དང་མེ་མཆོད་བརྒྱ་རྩ། རྡོར་སེམས་ཐུགས་སྒྲུབ་ཀྱི་སྒོ་ནས་ཞི་བའི་བསྲེག་ཆོག་འབུམ་སྡེ་རྣམས་མཛད་ཅིང་། དེར་སྐུ་ཡོན་གྱི་དངོས་པོ་གྱ་ནོམ་པའང་བསྩལ། ཆིབས་བསྒྱུར་ལམ་ཞོར་དུ་སྐྱིད་ཤོད་ཆོས་ལུང་ཏ་ར་བའི་སར་ཚེ་དབང་དང་བཀའ་བསྒོ།

སྐུ་ཞབས་གྲྭ་གཙང་གི་དགེ་བཤེས་ངག་དབང་པདྨ་ཅན་གྱིས་བརྟན་བཞུགས་ཕུལ་ཞིང་རྗེ་ཉིད་ཀྱི་བརྟན་བཞུགས་གསོལ་འདེབས་ཞུས་པའང་དོན་དཔག་པར་དཀའ་བའི་བཀའ་རྩོམ་མཛད་ནས་དལ་འགྲོས་ཀྱིས་རང་གནས་སུ་ཆིབས་བསྒྱུར། དེ་ནས་སྐུ་ཞང་ལྡུམ་པོ་བས་གདན་དྲངས་པའི་ཞག་ཁར་ཡང་བཞུགས་པའི་དབང་བྱད་གྲོལ་ཆོས་སྲུང་གི་བསྐང་གསོ་དང་སྟེང་ཤོད་ཚང་མར་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་ཆིབས་བསྒྱུར། དེ་སྐབས་ཆིབས་ལམ་དུ་བདག་གི་མ་རྒན་མོས་མཚོན་ཚང་མ་རྗེ་ཉིད་ཀྱི་མཇལ་ཕྱག་ཏུ་ཕྱིན་པར་ཁྲ་མོ་རང་མགོར་ཞལ་མཇལ། དེར་བདག་ལོ་བརྒྱད་པར་ངོ་མཐོང་བའི་ཚེ་འདི་ལ་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་འདི་ཉིད་ཞལ་མཇལ་བའི་སྐལ་བཟང་གི་ཐོག་མ་ཡིན། དེར་ཕྲན་བུ་མོ་གཞོན་ཡང་ཞལ་ཁྱིམ་ཤིན་ཏུ་མཚར་ཞིང་ལྟ་ན་སྡུག་པའི་སྐུའི་གཟི་བྱིན་བལྟ་མི་བཟོད་པའི་ངང་ནས་མཆི་མ་མང་དུ་ཤོར་ཏེ་རྗེས་བསྙེགས་ནས་ཕྱིན་ན་བསམ་པའི་དད་པ་རང་དབང་མེད་པ་བྱུང་།

དེ་ནས་སྐྱབས་རྗེ་དཔོན་གཡོག་རྣམས་གྲྭའི་གཞུང་བརྒྱུད་དགོན་པར་ཕེབས། ཞལ་ངོ་རྣམས་དང་མཇལ་འཕྲད་མཛད་དེ་ཀླུ་སྡིངས་སུ་ལོ་གཅིག་བར་བསམ་གཏན་ལ་བཞུགས་སོ། །དེ་ནས་བཅད་རྒྱ་གྲོལ་བསྟུན་སྐལ་ལྡན་འགའ་ལ་ཐུགས་ཐིག་དང་། ཨ་ཏིའི་ཟབ་ཁྲིད། སྡེ་ཕུག་གནས་འགྱུར་མེད་ཚེ་དབང་ཕུན་ཚོགས་ལ་བྱད་གྲོལ་དང་ཚེ་དབང་རྣམས་བསྩལ། མེ་རྟ་ལོ་ད་འཆིང་བ་དུར་དང་ལུམ་པ་བས་མཚོན་བཀའ་བློན་རྣམས་ནང་དུ་ཟིན་ཤིག་ཁོས་སུ་མ་ཕེབས་པའི་རྒྱུ་ལས་དབུས་གཙང་དུས་ཟིངས་ཀྱིས་སྤྲེལ་ལོ་གཏེར་ལུང་དུས་བབ་དྭངས་གསལ་གྱི་དེ་ཡང་ཇི་སྐད་དུ། ལ་སྟོད་འབངས་མི་རྗེ་བོར་འཐོར། །ཞེས་པའི་མི་དབང་ཆེན་པོ་ཁྲི་ཐོག་ཏུ་ཕེབས་པའི་མངའ་དབང་རིན་ཆེན་རྒྱས་པའི་སྐྱོན་སེལ་ལ་མོས་གུས་ཆེན་པོའི་སྤྱན་ཞུ་དབང་འབུལ་ལ་རྗེ་གཅེན་རཏྣ་བི་ཛ་ཕེབས་སྒྱུར། རྗེ་ཉིད་ནས་ཀྱང་ལེགས་འབུལ་རྒྱས་པར་བསྩལ།

དེ་ནས་སྐབས་ཤིག་མི་རྗེའི་སྲས་རྣམས་ཀྱི་ཡུམ་ལྷ་ལྕམ་ལྔ་ལམ་དུ་གཤེགས་པ་ལ་བོད་ཀྱི་བླ་མ་སངས་རྒྱས་དངོས་དང་མཚུངས་པའི་གྲགས་ཆེ་བ་རྣམས་དང་། སྡིངས་ཆེ་སྤྲུལ་སྐུ་དགེ་ལེགས་དཔལ་མགོན་རབ་བརྟན། བི་མའི་རྣམ་རོལ་རྗེ་རཏྣ་བི་ཛ། སྐྱབས་རྗེ་བླ་མ་བདེ་ཆེན་མཁའ་འགྲོའི་གཙོ་མོ་བཅས་པ་ལ་མི་རྗེས་ཚང་གྲུའི་ལུང་བསྟན་གྱི་ས་བོན་བསྩལ་བས། ངེད་ཀྱི་ཨོ་ལོ་རྣམས་ཀྱི་མ་ཅུང་ཟད་མ་བདེ་བ་ལ་རིམ་གྲོ་ཇི་ལྟར་བྱས་ན་བཟང་བསྩལ་བར་བླ་མ་གྲགས་ཆེ་བ་རྣམས་ཀྱི་ལུང་དུ་རིམ་གྲོ་འདི་ལྟར་གནང་ན་བགེགས་མེད། སྐུ་བདེ་དྭངས་སུ་འགྱུར་བའི་ལུང་ལ་འཁེངས་པའི་རྫ་རི་འདིར་བས་ཐུགས་འཚེང་བར་གྱུར་ཅིང་། སྡིངས་ཆེ་སྤྲུལ་སྐུ་དང་ཁྲི་ཆེན་རཏྣའི་ཞབས་རྗེ་དམ་པ་འདི་གསུམ་གྱི་ཞལ་མི་འཚོ་བའི་ལུང་གི་བར་དོ་བསྒྲོད་པའི་བསགས་སྦྱངས་སོགས་མཛད་ན་རུང་བ་དང་། ཁྱད་པར་སྐྱབས་རྗེ་བླ་མ་བདེ་ཆེན་ཌཱཀྐིའི་གཙོ་མོས། ཞི་བའི་སྦྱིན་བསྲེག་འབུམ་ཚོ་དང་། རྡོར་སེམས་ཀྱི་སྐུ་འབུམ་ཚོ། ཨོ་རྒྱན་གྱི་སྐུ་པདྨ་མཐོང་གྲོལ་འབུམ་ཚོ་བཞེངས་པ་སོགས་གནང་ཚེ་བདེ་འགྲོའི་རྟེན་བཟང་ཐོབ་པ་ཤར་བསྩལ་བར། མི་རྗེ་རང་དབང་མེད་པའི་དད་པས་སྡིངས་ཆེ་སྔར་ནས་དམ་གྲིབ་ནག་པོ་ཡིན་པ་ལ་འདི་ལོ་ནས་དམར་པོ་གནང་ཆོག་པའི་ལུང་དང་ལེགས་སྐྱེས་བཟང་པོས་དབུགས་དབྱུང་བར་མཛད།

ཁྲི་ཆེན་བླ་མར་བཀའ་དྲིན་འཇལ་བྱེད་དུ་མི་རྗེས་དབུ་གཙུག་ཏུ་ཁུར་བའི་འདུས་སྡེ་རྨད་དུ་བྱུང་བའི་བསྟི་གནས་བླ་བྲང་ཁག་གི་ཞིག་གསོ་ཁྱད་འཕགས་ཀྱི་བཀུར་གསོལ་དང་བླ་གྲྭ་ཚང་མར་མཆོད་བསྟོད། བཀུར་སྟིའི་ཞབས་ཏོག །སྐྱབས་རྗེ་དུས་གསུམ་ས་ལེར་མཁྱེན་པའི་ཡེ་ཤེས་མཁའ་འགྲོའི་གཙོ་མོ་བཀའ་དྲིན་མཉམ་མེད་མཆོག་ལ། མི་རྗེས་ཨོ་ལོའི་མ་ཁ་སྡིང་འདས་མོའི་ལུང་བསྟན་ཤིན་ཏུ་གསལ་ལ་བཙན་ས་འཕེལ་བའི་ལུང་རྣམས་སྒྲུབ་ཏུ་ཅིས་ཀྱང་ཆིབས་སྐྱོད་དགོས་པའི་ཞུ་བར་དེ་དོན་བཞིན། ཆོག་རོགས་ཞབས་ཕྱིར་གྲྭ་གཙང་གི་བགྲེས་གྲྭ་འགའ་བཅས་ཁྱོན་དཔོན་གཡོག་ཉི་ཤུ་སྐོར་དགའ་ལྡན་ཁང་གསར་དུ་ཆིབས་བསྒྱུར་བའི་གོང་གི་རིམ་གྲོ་སོགས་མཛད། གཞན་ཡང་ཞབས་བརྟན་རིམ་གྲོ་སྣ་མ་འགགས་པ་བཅས་སྒྲུབ་ཏུ་ཟླ་གཅིག་ཞག་བཅོ་ལྔར་ཉེ་བའི་བར་སྒྲུབ་པ་གནང་ཞིང་། སྐུ་ཡོན་གྱི་དངོས་པོ་དཔངས་མཐོ་བའི་ཚུར་མི་འདྲོངས་པ་ལྟ་བུའི་སྐུར་གསོལ་བྱུང་ཞེས་དགེ་སློང་བཀྲས་དབང་སོགས་ཞབས་རིམ་པས་གསུངས་ཤིང་། ཁྱད་པར་བཀའ་བརྒྱད་སྨད་པའི་གྲྭ་ཕྱི་མཇུའི་མི་སེར་རྣམས་སྤྱིར་དཔལ་རི་བོ་དགེ་ལྡན་པའི་བསྟན་པ་ནམ་གནས་བར་དང་། གཙོ་བོར་རྗེ་བླ་མའི་སྐུའི་སྐྱེ་འཕྲེང་དང་བསྟན་ལར་འཇགས་གནས་གཡོ་མེད་ཀྱི་བཀའ་ཤོག་གོང་ས་ཡས་བྱིན་གཉིས་ཀས་བསྩལ་ལོ། །དེ་ནས་རང་གནས་སུ་ཆིབས་བསྒྱུར་ཏེ་ཆོས་སྲུང་རྣམས་ལ་བསྐང་གསོ་དང་། གྲྭ་གཙང་དུ་མང་ཇ་འགྱེད་བཅས་བསྩལ་ནས་ལོ་གཅིག་བར་བཅད་རྒྱར་བཞུགས་སོ། །དེ་སྐབས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཞིག་གསོའི་ཨར་ལས་ཚུགས་པའི་མཆོད་རྟེན་ཙམ་མ་གཏོགས་གྲུབ་ཉེར་ཡོད།

དེ་ནས་མཁའ་སྤྱོད་བདེ་ཆེན་གླིང་དུ་ཡུམ་དྲུང་ཕུན་ཚོགས་དཔལ་འཛོམས་ཀྱི་གཟིམས་སྤྱིལ་ཕྱིས་ལོ་ཆེན་དྷརྨ་ཤྲཱིས་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་སྒྲུབ་མཛད་པ་ཉིད་ཧ་ཅང་རང་ཆུང་དྲགས་པས་རྗེ་བླ་མ་ཌཱཀྐི་གཙོ་མོ་མཆོག་བཞུགས་བཞེད་ཀྱི་གཟིམས་སྤྱིལ་གྱི་ཨར་ལས་ཚུགས་པའི་ཨར་དཔོན་དགེ་སློང་གྲགས་པས་མཛད་ཅིང་། དེ་གྲུབ་རྗེས་གཅེན་ཁྲི་རཏྣ་བི་ཛ་དང་། རྗེ་བླ་མ་དམ་པ་འདིས་དབུས་གྲྭ་གཙང་གི་དགེ་བཤེས་ཞལ་གྲངས་ཁ་ཤས་ཀྱིས་གཏེར་གསར་བླ་མ་ཞི་བའི་སྒོ་ནས་རབ་གནས་ཀྱི་ཆོ་ག་མཛད་ཅིང་མེ་ཏོག་འཐོར་བའི་ཚེ་ནམ་མཁའ་དྭངས་ཤིང་ཉི་ཁྱིམ་གྱི་འཇའ་སྐོར་འཆར་བ་སོགས་དགེ་བའི་མཚན་མའང་ཤར། དེ་ནས་གཙོ་བོར་གྲྭ་གཙང་ཚོགས་ཆེན་དང་སྐུ་ཞང་ཟུང་སྐུ་ཉེ་སོགས་ཀྱིས་མཚོན་མི་སེར་དང་ཡོན་བདག་དད་ཅན་རྣམས་ཀྱིས་ལེགས་འབུལ་རྒྱས་པར་བསྟབས། དེ་ནས་ལོ་གསུམ་གྱི་བར་སྐུ་གསུམ་གྱི་སྤྱོད་པ་ལས་མི་གཡོ་བའི་བཅད་རྒྱ་དམ་པར་བཞུགས་སོ། །

དེའི་བར་ལ་གཏེར་གསར་དྲག་དམར་གྱི་ལྗགས་བསྙེན་སྐྱར་འདབ་དང་། གཙོ་བོར་རྫོགས་རིམ་ལ་མི་གཡེང་བའི་ངང་ནས་ཐུན་མཚམས་ཀྱི་སྤྱོད་པ་དང་འབྲེལ་བའི་ཤ་འུག་གཏེར་བྱོན་ཐུགས་གཏེར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་སྨིན་པར་མཛད་ཅིང་། དེ་དག་གི་ཚེ་དགེ་བའི་མཚན་མ་བཟང་པོ་ཤར་བ་ནི་རྗེ་ཉིད་ཀྱི་སྐུའི་སྐྱེ་འཕྲེང་རྒྱ་བོད་གང་དང་གང་དུ་ཇི་ལྟར་འཁྲུངས་ཚུལ་གསལ་བར་གཟིགས་ཤིང་ཁྱད་པར་ཕྱི་སྒྲུབ་དང་། གསང་སྒྲུབ་ཀྱི་དུས་དཀྱིལ་འཁོར་གྱི་ལྷའི་ངོ་བོར་ལྷུན་གྱིས་འབྱམས་པའི་སྔ་དགོང་གི་ཐུན་འབྲེལ་བ་དང་།

དཔལ་ཨོ་རྒྱན་ཆེན་པོ་དང་མཚོ་རྒྱལ་གྱི་ཞལ་གཟིགས་པའི་སྔ་ཕྱིའི་སྐྱེ་འཕྲེང་གི་ལུང་དང་དེ་སྐབས་ཀྱི་གྲོགས་སོགས་ཀྱང་གསལ་བར་བསྟན་གསུངས། དེ་ལྟར་ལོ་གསུམ་གྱི་བཅད་རྒྱ་གྲོལ་རྗེས། སྐལ་བ་དང་ལྡན་པ་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་ཐུགས་ཐིག །མཁའ་འགྲོའི་སྙིང་ཐིག་རྣམས་ཀྱི་ཁྲིད་བཀའ་ཡང་སྩལ་བ་ཡིན་གསུངས། དེ་ནས་རྗེ་བླ་མ་དམ་པ་མཆོག་དང་། ལྕམ་ཡུམ་དང་ལྕམ་དཔལ་འཛིན་བཅས་དཔོན་གཡོག་ཚང་མས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོའི་གནས་གཟིགས་སུ་ཕེབས། ཚོགས་བརྒྱད་དང་བོད་འབངས་བདེ་བའི་སྨོན་ལམ་མཛད་ཅིང་། དེར་མོན་བོད་ཀྱི་སྐྱེ་འགྲོ་དད་ཅན་མང་པོ་འདུས་པ་ལ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་ཚེ་དབང་བསྩལ་ཞིང་སོ་སོའི་རེ་འདོད་སྐོང་བའི་ཆོས་དང་དམ་རྫས་ཀྱི་སྦྱིན་པས་ཚིམ་པར་མཛད་ནས་རང་གནས་སུ་ཆིབས་བསྒྱུར། དེ་ནས་སྐབས་ཤིག་རྗེ་བླ་མ་མཆོག་དང་གང་གི་ཡུམ་དང་ལྕམ་དང་ལྕམ་དཔལ་འཛིན་དཔོན་གཡོག་བཅས་པས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་ལ་ཕྱག་མཆོད་སྐོར་བཅས་དང་། མཆིམས་ཕུ་དང་གཡའ་མ་ལུང་རྣམས་ཀྱི་གནས་གཟིགས་སུ་ཕེབས་ཏེ་སྙན་ཤལ་མཆོད་འབུལ་བོད་འབངས་བདེ་བའི་སྨོན་ལམ་སོགས་མཛད་ཅིང་།

དེའི་ཚེ་བསམ་ཡས་དཔེ་ཧར་ལྕོག་ཏུ་ཕེབས་དུས་རྡོ་སྐལ་གྱི་ཤམ་དུ་ཆོས་སྐྱོང་ཐོག་བབས་སུ་ཕེབས་བསུར་སྐྱོད་པའི་མཇལ་དར་ཕུལ་ཏེ་ཨོ་རྒྱན་ཆེན་པོའི་གཟུངས་མ་མཁར་ཆེན་བཟའ་འདྲེའི་གནས་རྟེན་དུ་ཕེབས་པ་ལེགས། བསྟན་འགྲོའི་དོན་དུ་ཞབས་པད་བརྟན་ཅིང་། དེའི་སྡོངས་གྲོགས་གཟུགས་མེད་ཀྱིས་ཀྱང་ཞུ་ཞུས་གུས་བསྟོད་ཞུས་ཏེ་བསམ་ཡས་ནས་རྡོའི་མདའ་བརྒྱུད་དེ་གདན་ས་མཐིལ་དང་། ཟངས་རི་ཁང་དམར་གྱི་གནས་གཟིགས་མཛད་པའི་ཚེ། ཁང་དམར་གྱི་གནས་སུ་སྔར་ཡུན་རིང་དུ་བཞུགས་པའི་བག་ཆགས་ཡལ་ཡུལ་དང་། གནས་ཚུལ་མ་ངེས་པའི་སྤྱོད་པ་ཡ་མཚར་བ་རྣམས་ཐུགས་དྲན་སོས་པའི་གད་མོ་ཤོར་བའང་བྱུང་གསུངས། དེ་ནས་འོལ་ཁ་ཆབ་ཚན་དུ་ཕེབས་པའི་ཞག་ཁ་ཡར་སོང་བ་ན། སླེ་ལུང་རྗེ་དྲུང་རིན་པོ་ཆེ་བློ་བཟང་འཕྲིན་ལས་གྲགས་ཆེ་བའི་ཨོ་རྒྱན་ཡབ་ཡུམ་དངོས་ཀྱི་འདུ་ཤེས་དབུ་བརྙེས་པའི་བོད་འབངས་སྐྱེ་འགྲོ་མ་ལུས་རེ་ལྟོས་འཆའ་གྲགས་པའི་དབུ་ཚུགས་པའི་སླེ་ལུང་ནས་སྤྱན་འདྲེན་ནན་གཅགས་ཞུས་པའི་ཆིབས་བསྒྱུར་བའི་ཞག་གཉིས་སུ་བཞུགས་པའི་དུས་རྗེ་དྲུང་རིན་པོ་ཆེ་ནས་དེ་རིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་འདུ་བའི་དུས་ཁྱེད་ཀྱི་བདུད་རྩིའི་མཆོད་པ་གནང་དགོས་ཞེས་གསུངས་པའི་ཆང་ནན་གྱིས་གྲངས་མི་ཆོད་པའི་ངང་ནས་བདུད་རྩིའི་མཆོད་པ་མཛད་སོང་བས་ཁོང་པ་རྣམས་ཆང་གིས་ར་རོ་ནས། དེར་རྗེ་དྲུང་དང་ལྷ་གཅིག་གཉིས་ནས་གཞས་དཔོན་མཛད་པའི་བཙུན་པ་དང་། བཙུན་མ། སྐྱེས་པ་དང་བུད་མེད་བཅས་སྐྱ་སེར་མ་ངེས་པའི་གླུ་དང་བྲོའི་གཟིགས་མོ་ངོ་མཚར་ཅན་ཕུལ་བ་ལ་གཟིགས་ཤིང་།

དེར་རྗེ་བླ་མ་དམ་པ་ཉིད་ནས་བདུད་རྩི་ཞལ་ཧུབ་གང་ཡང་མ་བཞེས་པ་ལ་ཆང་ཚབ་ཡིན་ཞེས་ཇ་རྒྱ་ཕོར་ཆེན་པོ་ཞིག་ལ་ཟངས་སྐྱོགས་ཤིག་བཙུགས་ཏེ་ནན་གྱིས་ཞུས། དེར་དགེ་རྒན་དབུ་རབ་དང་། དགེ་སློང་བཀྲས་དབང་ནན་གྱིས་ཞུས་པས་བདུད་རྩི་མཆོད་ཅན་དེ་མི་བཞེས་ཀ་མེད་བྱུང་བར། དེའི་ཚུལ་ལས་ཕྱིས་དགོན་པར་སྒོམ་ཆེན་དོན་འགྲུབ་དང་གསུང་ལེན་བྱུང་དུས་སྒོམ་ཆེན་ནས་དགེ་སློང་རབ་བརྟན་ལགས་འཚོ་ཆེ་ཞིང་། ཆང་བཏུང་པ་རང་གིས་བླ་མའི་ཞབས་འདྲེན། དོན་མེད་ལ་ངའི་བླ་མ་འགྲན་བྲལ་ནོར་ཉན་བ་དེ་འཆལ་པོའི་སར་ཁྲིད་ནས་ཅི་བྱེད་རྒྱུ་ཡིན་ཞེས་ཕར་ཕར་མཛད་པར། དེར་དགེ་སློང་ནས་རྗེ་དྲུང་རིན་པོ་ཆེ་དབུ་གཙིགས་ཆེས་པའི་ཁར་དེ་རིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྤྲིན་ལྟར་འདུ་བའི་དུས་ཆེན་ཡིན་པས་བདུད་རྩི་མ་བཞེས་ན་ངན་སོང་དུ་འགྲོ་ཚུལ་གསུངས་པས། དེ་ནས་ཆང་ཕོར་པ་དོ་འོ་ན་འཐུང་དགོས་གསུངས་ཤིང་གཟིམས་དཔོན་འགྱུར་མེད་ཆོས་སྒྲོན་དང་འགྱུར་མེད་གཡང་འཛོམས་ཏེ་ཉེ་གནས་བཙུན་མ་གཉིས་ཙམ་མ་གཏོགས་ཡུམ་དྲུང་དང་། ལྕམ་དཔལ་འཛིན་སོགས་དཔོན་གཡོག་དེ་བྱིངས་རྣམས་སྦིར་རོ། །ནངས་པར་སྔ་བར་བཞེངས་ནས་ཉང་པོ་གྲུ་བརྒྱུད། དཔལ་ཁྲ་འབྲུག་དང་། ཡར་ཀླུང་རྒྱུད་ཀྱི་ཚེ་ཆུ་འབུམ་པ་དང་། ཤེལ་བྲག་སོགས་ཀྱི་གནས་གཟིགས་དང་། ཁྱད་པར་ཤེལ་ཕུག་ཏུ་རང་གཏེར་བླ་མ་ཞི་བ་ཚོམ་བུ་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་ཞལ་དབྱེ་བའི་སྐོང་དང་འབྲེལ་བའི་ཚོགས་བརྒྱ་དང་། བོད་འབངས་བདེ་བའི་སྨོན་ལམ་མཛད་ཅིང་ཁྱད་པར་པདྨ་ཤེལ་ཕུག་ཏུ་དག་པའི་སྣང་བ་ངོ་མཚར་ཅན་དང་ཕྱིས་བོད་འབངས་ཇི་ལྟར་འབྱུང་འགྱུར་གྱི་ལུང་རྣམས་ཅུང་ཟད་ཤར་གསུངས། དེ་ལྟར་གནས་ཆེན་དེ་ཉིད་དུ་ཞག་གསུམ་བཞུགས་ནས་རང་གནས་སུ་ཆིབས་བསྒྱུར་བ་ཡིན་ནོ། །

དེ་དུས་སྟོན་ནས་ཡབ་རྗེའི་ཞལ་བློན་གསེར་ཟངས་སྒྲུབ་ཆེན་འགྱུར་མེད་ཀློང་གྲོལ་གྱི་ལྕམ་ཡུམ་དང་སྲས་ལྕམ་སྲིང་གཉིས་བཅས་དགོན་པར་ཕེབས་པར་མཇལ་འཕྲད་མཛད་ཅིང་གཏེར་གསར་ཚང་མའི་ཟབ་ཁྲིད་ལུང་བཅས་པའང་བསྩལ། ཆུ་ཕོ་བྱི་ལོ་དགུང་ལོ་སོ་བཞིར་ཕེབས་དུས་ཡབ་རྗེའི་ཞལ་སློབ་ལ་སྟོད་ཕྱོགས་ནས་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་འགྱུར་མེད་རྣམ་གྲོལ་དང་། འགྱུར་མེད་མཐར་ཕྱིན་སོགས་བྱ་བཏང་མང་པོ་ལ་སྟོད་ཀྱི་དངོས་ཆས་ཀྱི་འབུལ་བ་བཟང་པོ་བཅས་འབྱོར་བར་མཇལ་ཁ་དང་། ཤ་འུག་གཏེར་བྱོན་མཁའ་འགྲོའི་ཟབ་ཁྲིད་གསུངས་པའི་ཚེ། ཡབ་རྗེའི་ཞལ་སློབ་ཡང་གྲོང་ནས་སྡེ་པ་འགྱུར་མེད་བསམ་གཏན་མཆོག་གྲུབ་ཀྱི་གསོལ་བ་བཏབ་པའི་ངོར་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན་བཀའ་རྩོམ་མཛད་ཅིང་བཀའ་ཁྲིད་གྲོལ་བསྟུན་སྟོད་དུ་ཐོན་མིའི་བྱ་བཏང་རྣམས་ལ་འདི་དང་ཕྱི་མའི་ཞལ་ཏ་དཔྱིས་ཕྱིན་པ་ལྷུག་པར་བསྩལ་ནས་ལོ་གསུམ་གྱི་བར་སྒོ་གསུམ་ལས་མི་འདའ་བའི་བཅད་རྒྱ་དམ་པར་བཞུགས་སོ། །

མེ་འབྲུག་ལོ་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱས་ཀྱིས་གཅེན་རཏྣ་བི་ཛའི་ཞབས་དྲུང་དུ་བདག་གི་བསྟན་པའི་དུས་འོལ་ཁ་རྗེ་དྲུང་འདི་ཕན་ཐོགས་པ་ལ་དགེ་ལུགས་པས་ཀྱང་སྤྱན་འདྲེན་གྱི་འདུག་པར་ཆོས་ལུགས་ནི་ཁྱེད་རང་ཚོའི་ཡིན་མོད་སྤྱན་མི་འདྲེན་པ་ཅི་ཡིན་གསུངས་པར། དེར་གཅེན་གྱི་ཞལ་ནས་གྲྭ་གཙང་ཆུད་ཟོས་དོགས་པ་བྱུང་། འོ་ན་གདན་དྲངས་ཆོག་གསུངས་ཏེ་དགོན་པར་ཕེབས་གྲུབ་མ་ཐག་པར་གྲ་འགྲིགས་གནང་བའི་ཟླ་བ་གསུམ་པའི་ཚེས་འགོར་སྤྱན་འདྲེན་གནང་རྩིས་ཀྱི་ཐུགས་སྲས་དང་བཅས་གདན་དྲངས་པའི་སེར་སྦྲེང་གི་བཀུར་སྟི་དང་བཅས་པའི་ཕེབས་བསུས་ཆོས་འཁོར་ལྷུན་པོའི་གཟིམ་ཆུང་ཀུན་བཟང་ཕོ་བྲང་དུ་སྤྱན་དྲངས་པའི་ཁྲི་བཀོད་ཕུན་སུམ་ཚོགས་པ་ལ་རྗེ་དྲུང་ཡབ་ཡུམ་བཞུགས་སུ་གསོལ།

རྗེ་གཅེན་རཏྣ་བི་ཛས་དབུས་གཅུང་ཉེ་བའི་མགོན་པོ་དང་བཅས་བླ་གྲྭ་ཚང་མས་ལེགས་གསོའི་མཇལ་དར་གྱི་སྣ་དྲངས་ཕྱག་མཆོད་གུས་བསྟོད་ཀྱི་ངང་ནས་བདུད་རྩི་མཆོད་པ་མཛད་པར། དེར་ཁོང་དཔོན་གཡོག་སྐྱ་སེར་བུད་མེད་བཅས་མ་ངེས་དྲུག་ཅུ་སྐོར་ཙམ་གྱི་ཐུགས་སྤྲོའི་གླུ་གཞས་ཀྱིས་དགོན་པ་ཁྱབ་ཅིང་། དེ་དག་གི་ཚེ་སྐྱབས་རྗེ་བླ་མ་ཌཱཀྐིའི་གཙོ་མོ་སྐུ་བཅད་རྒྱ་གྲོལ་བའི་ཞབས་ཕྱིར་དགེ་མཁན་རབ་བརྟན་རྒྱའུ་དགེ་སློང་བཀྲས་དབང་དང་། དགེ་སློང་གྲགས་པ། གཟིམས་དཔོན་འགྱུར་མེད་ཆོས་སྒྲོན་དང་། འགྱུར་མེད་གཡང་འཛོམས་བཅས་རྫུ་བག་སྤངས་པའི་མཇལ་ཁར་ཕེབས་པར། དེར་རྗེ་དྲུང་རིན་པོ་ཆེ་ནས་སྐྱབས་རྗེ་བླ་མ་དམ་པར་ཆོས་འབྲེལ་ཞིག་དགོས་གསུངས་པར་གུ་རུའི་བླ་མའི་རྣལ་འབྱོར་གྱི་ལུང་དང་འབྲེལ་བའི་དམིགས་ཁྲིད་ཞིབ་པར་སྩལ། དེ་རྗེ་དྲུང་ནས་སྨིན་གླིང་རྗེ་བཙུན་རིན་པོ་ཆེ་དང་ང་རང་གཉིས་སྐུ་ཚེ་འདི་ལ་ཐབས་ཤེས་ཟུང་འཇུག་གི་རྟེན་འབྲེལ་འགྲིགས་ན་མཐའ་དམག་མི་ལོ་ལྔ་བརྒྱའི་བར་དུ་བཟློག་པའི་རྟེན་འབྲེལ་གྱི་ལུང་བསྟན་ངེས་ཅན་ཡོད་གསུངས་པར། སྐྱབས་རྗེ་བླ་མ་དམ་པ་བདེ་ཆེན་ཌཱཀྐིའི་གཙོ་མོ་ངས་དེ་འདྲ་མི་ཡོང་།

གཏེར་ཆེན་དེ་ཉིད་དེས་གཞན་ཁྱོད་རང་གིས་གང་ཡང་མི་ཡོང་ལུས་ཟུངས་ཐུབ་པ་གྱིས་ལ་རྫོགས་པ་ཆེན་པོའི་ཉམས་ལེན་སྙིང་ལ་བཅངས་ཏེ་བསྒོམས་པས་དད་ལྡན་གྱི་འགྲོ་བ་ཕོ་མོ་རྣམས་དམ་པའི་ཆོས་ལ་དཀྲི་བའི་འདུན་པ་ཡང་དག་གིས་ཕེབས་བྱུང་ཞེས་སྐུ་ཧར་གྱིས་བཞེངས་པའི་ཚེ། རྗེ་དྲུང་ནས་འོ་ན་བདེ་ཆེན་གླིང་མཇལ་དུ་ཡོང་དགོས་འདུག་ཅེས་གསུངས་པར། སྐྱབས་རྗེ་བླ་མས་ཕེབས་གཞན་འདྲ། དགེ་སློང་གྲགས་པས་ལྕི་བུ་རང་ཤོག་བརྒྱབ་པ་མ་གཏོགས་མཇལ་དུ་གང་ཡང་མེད་གསུངས་ཏེ་དེ་མ་ཐག་པར་རང་གནས་སུ་ཕེབས་སོ། །

དེ་དག་གི་ཚེ་ཡབ་རྗེའི་ཞལ་སློབ་ཟླ་བྲལ་བ་སྒོམ་ཆེན་འགྱུར་མེད་དོན་འགྲུབ་འབྲས་བུ་ནས་སྐུ་མཚམས་གྲོལ་ཏེ་སྒྲུབ་སྡེ་བསམ་གཏན་རྩེའི་འོག་བསྟན་མའི་སྐུ་མཁར་གྱི་སར་གཟིགས་རྟོག་ཏུ་ཕེབས་པར། ཐོག་མར་རྗེ་དྲུང་དཔོན་གཡོག་རྣམས་དགོན་གཤམ་ནས་ཡར་ཕེབས་དུས་ནམ་མཁའ་དྭངས་པ་ཡོད་ཀྱང་སྤང་ཆུང་ཤར་གྱི་ལྷ་མོའི་སྐུ་མཁར་གྱི་ཐོག་གི་ནམ་མཁར་སྤྲིན་ནག་ཞྭ་སྒོར་ཙམ་འདུག་པར། དེ་མ་ཐག་པར་ཆེར་ཆེར་པའི་བྱ་ཕོ་ལ་ཉག་ནས་དེའི་བར་གྱི་ཕན་ཚུན་སྤྲིན་གྱིས་ཁེབས་པའི་སེར་དྲག་དྲག་པོ་གློ་བུར་བབས་པའི་ཞག་གཉིས་ཙམ་མ་ཞུ་བའི་སེར་བསྒྲེང་གི་སྐུ་ཆས་སོགས་ཀྱང་ཆུད་ཟོས་པའི་འབྲུག་སྒྲ་སྒྲོག་ཅིང་ཐོག་སེར་དྲག་པོས་བརྡུངས། དེ་རྗེས་བདེ་ཆེན་ཌཱཀྐིའི་གཙོ་མོ་དཔོན་གཡོག་རྣམས་ལྷ་དྲུག་སྒང་འཁྱིལ་གྱི་སར་མཇལ་ཁར་ཕེབས་བྱུང་བར་སྒོམ་ཆེན་ནས། འོ་གཏེར་བདག་གླིང་བའི་སྙིང་པོའི་བསྟན་པ་འཛིན་པ་ལ་བཙུན་མ་ནོར་ཉན་པ་གཅིག་རང་འདུག་དེ་དེ་རིང་ཐག་གཅོད་ཀྱི་ཡིན་འདུག་ཅེས་བྲང་གསུམ་བཞི་ཞིག་གིས་བརྡུངས། ངུས་ནས་སྡོད། ད་དུང་བལྟ་ཞིང་བསྡད་པར་ཇ་ཡུན་གཅིག་མ་སོང་ཙ་ན་བཙུན་མ་མོ་ནི་སྐུ་འབུམ་ཚད་སྒང་གི་སར་དམར་གཙུག་དོན་བྱུང་བས་བློ་བདེ་ནས་ད་ཨའུ་ཙི་འདུག་སྙམ་ནས་ང་རང་གི་སྒོམ་ཁང་དུ་ལོག་ཡོང་གསུངས། དེའི་ནུབ་མོ་ནས་རྗེ་ཉིད་སྐུ་བཅད་རྒྱར་བཞུགས་སོ། །

དེའི་སང་ཉིན་གྲྭ་གཙང་ནས་ཚེས་བཅུའི་འཆམས་ཕུད་ཀྱི་གཟིགས་མོ་དང་། ནང་རྟེན་ཁྱད་པར་བའི་གཟིགས་རྟོག་འབུལ་བར་མཛད་པའི་རྗེ་རཏྣ་བི་ཛས་ཤ་འུག་གཏེར་བྱོན་གྱི་གཏེར་སྒྲོམ་ཞལ་དབྱེ་བར་མཛད་དེ། ཨ་དམ་མ་བཅོ་ལྔ་འབུལ་བར་མཛད་ནས་ཤོག་སེར་འདི་ནས་ཐུགས་ལ་གང་དགའ་གཅིག་བཞེས་པ་ཞུ་གསུངས་པར། དེར་རྗེ་དྲུང་ནས་རྟེན་འབྲེལ་གྱི་ཁྱད་བཅས་ལོངས་སྐུ་ལུང་བསྟན་འདི་ཞུ་གསུངས་ཏེ་མཚོ་རྒྱལ་གྱི་ཕྱག་བྲིས་མའི་ཤོག་སེར་མ་ཡིག་ལོངས་སྐུ་ལུང་བསྟན་དུས་གསུམ་གསལ་བྱེད་དེ་བཞེས་སོང་བས་རང་རེའི་གྲྭ་བགྲེས་རྣམས་ཤིན་ཏུ་འཁྲེང་བའི་ཁྲི་ཆེན་ཉིད་ལ་ཞབས་བརྟན་ལྐོག་མའང་མང་དུ་གསུངས་སོ། །འདི་སྐབས་ཆོས་སྲུང་མཐུན་མིན་གྱི་རྐྱེན་ལས་ཁྲི་ཆེན་ཉིད་གློ་བུར་དུ་སྐུ་རྟེན་པའི་ཚ་འཇིགས་ལྟ་བུའི་བླ་གྲྭ་ཚང་མར་འཇིགས་སྐྲག་དང་སྙིང་མདོ་དཔོན་སློབ་སོ་སྟོན་མཐུ་སྟོབས་རྣམ་རྒྱལ་ལ་གཏེར་བདག་དྲག་བཙན་དམར་པོ་ཁོག་བརླམས་ཀྱི་དམ་རྩིའི་གཏུམ་རྔམས་ཀྱང་སྩལ་ལོ། །དེ་ནས་དེའི་ནམ་ཞོགས་རྗེ་དྲུང་དཔོན་གཡོག་རྣམས་གླུ་སྒྲ་རྒྱུན་མ་ཆད་པར་ཆིབས་བསྒྱུར་བའི་དགོན་གཤམ་ནས་རྗེ་བླ་མ་དམ་པའི་བཞུགས་གནས་མཁའ་སྤྱོད་བདེ་ཆེན་གླིང་གཟིགས་པ་ན། དེར་རྗེ་དྲུང་སྤྲུལ་སྐུས་ཚེ་འདི་ལ་མཁའ་སྤྱོད་བདེ་ཆེན་གླིང་མཇལ་བའི་སྐལ་བ་མི་འདུག་ཅེས་རྒྱང་ཕྱག་མཆོད་འབུལ་མཛད་དེ་ཆིབས་བསྒྱུར་རོ། །

དེའི་དུས་གྲྭ་གཙང་ཚོགས་ཆེན་དུ་ཉི་གཞོན་མའི་གསོལ་ཁ་འཛུགས་པས་དེའི་རྐྱེན་ལས་གྲྭ་གཙང་ཤག་ཆད་མང་ཞིང་དེ་དུས་བསླབ་པར་སྐྱོན་བྱུང་བའི་གྲྭ་པ་བཅུ་སྐོར་ཙམ་ཕྱིར་ཕེབས་དགོས་པ་དང་། ཟང་མཚོའི་རུ་བ་རྣམས་ལ་གློ་བུར་དུ་གོར་ཤོར་བའི་རྫི་བ་སོགས་གཉེར་ཚང་དུ་ཡོང་ཆོག་པ་ལ་རྗེ་བླ་མ་བདེ་ཆེན་ཌཱཀྐིའི་གཙོ་མོའི་གཟིགས་སྣང་དུ་སྲོད་དྲག་པོའི་གདོང་ཞིང་སྐྱོང་མ་མོས་སྔོན་རིག་འཛིན་གོང་མས་བརྟེན་པའི་སྲུང་མས་མི་ཆོག་པ་འདུག་ན་ངེད་རྣམས་མཁའ་སྤྱོད་དུ་ལོག་ཕྱིན་པས་ཆོག་ཅེས་གསུངས་པས། དེ་ནས་འཇོག་པ་གནང་པས་གྲྭ་གཙང་བཤགས་ཆད་ཆུང་ལ་ནང་བཀྲ་ཤིས་པ་ཞིག་བྱུང་སོང་། འདི་དུས་དཀྲི་ཞིང་ཞོང་སྟེ་སྤྲུལ་སྐུ་དཔོན་པོ་ལ་གཏེར་གསར་ཨ་ཏི་ཟབ་དོན་སྙིང་པོ་དང་། རྡོར་སེམས་ཀྱི་གཅོད་ཁྲིད། དཀོན་མཆོག་སྤྱི་འདུས་རྣམས་ཀྱི་ཟབ་འཁྲིད་སྩལ་ཞིང་། དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གསར་རྩོམ་ཞུས་པའང་བཀའ་རྩོམ་མཛད། དེ་ནས་རྒྱ་རིར་སྤྱན་འདྲེན་ཞུས་པའི་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་ཅིང་སྐུ་ཡོན་གྱི་དངོས་པོ་བཀུར་སྟི་གཟེངས་བསྟོད་མཛད། དེ་ཞོར་སྒང་ཐོག་ཏུ་སྤྱངས་པའི་དབང་ཆོས་སོགས་བསྩལ་ཏེ་རང་གནས་སུ་ཕེབས་ཏེ་བཅད་རྒྱར་བཞུགས། མེ་སྦྲུལ་ལོར་རྗེ་བླ་མ་བཀའ་དྲིན་མཚུངས་མེད་དགུང་ལོ་སོ་དགུར་ཕེབས་ཚེ། མི་རྗེས་གསོལ་བ་བཏབ་པའི་ངོར་སླར་ཡང་ཤ་འུག་སྟག་སྒོར་ཆིབས་བསྒྱུར་བའི་བསྟན་འགྲོའི་བདེ་ཐབས་ཀྱི་ཆེད་དུ་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་ཞི་རྒྱས་ཀྱི་སྦྱིན་བསྲེག་དང་ཚོགས་བརྒྱ་རབ་གནས་ཐོག་མཐའ་དབུས་བདེ་བའི་ཐུགས་སྨོན། མཁའ་འགྲོའི་མེ་མཆོད། བརྒྱགས་བརྔན་དང་འབྲེལ་བའི་བཀའ་ནན་རབ་འཇིགས། ཆོས་སྲུང་སྤྱི་དང་ཁྱད་པར་ལྷ་ཆེན་སྨན་བཙུན་རྡོར་ལེགས་རྣམས་ཀྱི་བསྐང་གསོ། འཕྲིན་བཅོལ་གཉེར་གཏད། གཏེར་གནས་ཀྱི་བྲག་རྩེར་རྒྱལ་མཚན་དང་ཕན་ཚུན་འབྲེལ་བའི་དཀར་པོ་རྒྱང་གྲགས། བདེ་གཤེགས་ཞི་ཁྲོ་འདུས་པའི་མཚོ་ལ་གསེར་སྲང་གང་དང་རྒྱ་དངུལ་སྲང་གསུམ་གྱིས་མཚོན་པའི་རིན་ཆེན་སྣ་ལྔ་དང་། དར་ཡུག་ཁ་དོག་ལྔ་ལྡན་སོ་སོ་ནས་ཡུག་རེ་བཅས་པས་སྣ་དྲངས་པའི་བསྟན་འགྲོ་སྤྱི་དང་ཁྱད་པར་རྒྱལ་དབང་མཆོག་དང་མི་རྗེ་ཡབ་སྲས་ཀྱི་བདེན་སྨོན་བོད་འབངས་བདེ་བའི་མངའ་གསོལ་གྱི་དར་དཀར་ཡུག་ལ་བཀའ་རྩོམ་དང་། གསེར་སྐྱེམས་སྨོན་ལམ་དང་བཅས་བསྩལ་ཞིང་། དེར་ཚོགས་མོན་བོད་ཀྱི་སྐྱེ་འགྲོ་དད་ཅན་རྣམས་ལ་འཆི་མེད་ཚེ་དབང་དང་། ཆོས་དང་དམ་རྫས་ཀྱི་སྦྱིན་པས་ཚིམས་པར་མཛད་ནས་ཆུར་ལས་ཆིབས་བསྒྱུར། མཚོ་སྣ་ལས་དཔོན་གསུམ་གྱིས་བཏུད་དེ་གསོལ་བ་བཏབ་པའི་ངོར་ཚེ་དབང་སོགས་སོ་སོ་གང་འདོད་ཀྱི་ཆོས་སྩལ་རེ་འདོད་བསྐངས་པར་མཛད། ཁྱད་པར་མདོ་མཁར་ཕྱག་མཛོད་ནས་བྱང་ཆུབ་བར་གྱི་སྐྱབས་གནས་ཞུས་པའི་འབྲི་གཡག་གི་འབུལ་བ་སོགས་དཔག་མེད་ཕུལ་བའི་དགེ་ཚོགས་བྱང་པ་བསྔོ་མཛད།

དེ་ནས་དལ་འགྲོས་ཀྱིས་ཆིབས་བསྒྱུར་བའི་ཞར་བྱུང་སྨན་བརྗིད་དགོན་དུ་གདན་དྲངས་པར་བརྟན་བཞུགས་རྒྱས་པར་ཕུལ་ཞིང་། དེ་ནས་དུར་ཁྲོད་དུ་ཆིབས་བསྒྱུར་ཏེ་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་། དེའི་ཕྱི་དྲོ་བདག་ལ་གཏེར་གསར་དྲག་དམར་གྱི་གཏེར་གཞུང་གི་ལུང་སྩལ་བའི་བཀའ་དྲིན་ཐོབ། མར་ལམ་ལྡུམ་པོར་དབང་དང་ཆོས་སྲུང་གི་བསྐང་གསོ་མཛད་ཅིང་། ཆིབས་ལམ་དུ་ཕུག་དཔོན་པ་ཨ་སྙིང་ནས་གདན་དྲངས་པའི་ཚེ་དབང་སྩལ་ཞིང་དེ་ནས་རང་གནས་སུ་ཆིབས་བསྒྱུར་བའི་གྲྭ་གཙང་དུ་མང་འགྱེད་དང་། ཆོས་སྲུང་རྣམས་ལ་གཏང་རག་གི་བསྐང་གསོ་དང་། མི་རྗེར་དེ་ཚུལ་གྱི་འཚམས་ཞུ་ཞུ་འཕྲིན་སྩལ་བར་ཆིབས་སྒ་བཅས་སྤུས་ལེགས་ཀྱིས་མཚོན་པའི་ལེགས་པོའི་འབུལ་སྩལ་ཞིང་བཅད་རྒྱར་ལོ་གཅིག་བཞུགས་སོ། །

ས་རྟ་དགུང་ལོ་བཞི་བཅུར་ཕེབས་ཚེ་བཅད་རྒྱ་གྲོལ་བའི་ཟླ་བ་གསུམ་པའི་ཚེས་བརྒྱད་ནས་ལྔ་པའི་ཚེས་བཅྭོ་བརྒྱད་ཀྱི་བར་བདག་སོགས་སྐལ་ལྡན་གྱི་རྡོ་རྗེའི་སྤུན་གྲོགས་ཉིས་བརྒྱ་དང་བདུན་ཅུ་སྐོར་ལ་བཀའ་གསང་རྫོགས་ཆེན་རྡོ་རྗེའི་ཐོལ་གླུ་ཨ་ཏི་ཟབ་དོན་སྙིང་པོའི་དབང་ཁྲིད་ལུང་དང་བཅས་སྩལ་བའི་བཀའ་དྲིན་ཐོབ་ཅིང་། དེ་རྗེས་ཐུགས་ཐིག་དང་རྡོར་སེམས་ཐུགས་སྒྲུབ། བདེ་གཤེགས་ཀུན་འདུས་དང་བཅས་པའི་དབང་ཁྲིད་ལུང་བཅས་གདམས་པ་ཆ་ལག་ཚང་བར་སྩལ་ནས་བདག་ལ་ཁྲིད་གཉེར་བྱེད་དགོས་ཀྱི་བཀའ་ཕེབས་ཤིང་། འཕྲུལ་འཁོར་བསླབ་སྦྱོང་བསྩལ་ཏེ་འཕྲུལ་འཁོར་ནུས་པ་ལ་དཀའ་ཚེགས་བྱེད་པས་ཁྱོད་ཤེས་རབ་དང་བརྩོན་འགྲུས་ཆེ་བས་ས་བོན་བྱེད་དགོས་འདུག །དེ་ན་སྒོམ་ཆེན་ལགས་སྐུ་ན་ཕེབས་སྟབས་རེ་གཅིག་ཀླུ་ཁང་པ་ཆེན་པོའི་སར་བསླབས། སླར་ང་རང་ནས་ཞུས་དག་གཏོང་གི་ཡིན་ཕེབས།

དེར་འབྲས་ཕུར་ཀླུ་ཁང་པའི་སར་ཟླ་གཅིག་ཙམ་བསླབས་རྗེས་རྗེའི་ཞབས་པད་དུ་འཕྲུལ་འཁོར་གྱི་རྒྱུགས་ཕུལ་བས། བཀའ་ལས་དེ་ག་བསླབ་བྱུང་ངམ་ཀླུ་ཁང་པ་འཕྲུལ་འཁོར་ལེགས་པོ་འདུག་ཅེས་པ་མ་གཏོགས་ངས་མ་མཐོང་། རིག་འཛིན་སྲོག་སྒྲུབ། ཕག་མོ་ཟབ་རྒྱ་བདེ་གཤེགས་བཅས་བཟླས་ནས་མི་འདུག །ད་རེ་ཞིག་སྒོམ་ཆེན་ལགས་སུ་མི་ཞུ་ཀ་མེད་འདུག་གསུངས། གསོལ་ཇ་དང་ཕྱག་བྲིས་བཅས་རྫོང་བདའ་བསྩལ་བས་ཞག་ཉི་ཤུ་ཙམ་རྩལ་སྦྱོང་བྱས་ནས་རྒྱུགས་ཕུལ་བར་དེ་ཉིན་རྗེ་ཉིད་ཤིན་ཏུ་མཉེས་པས་ད་རེ་དེ་ག་ཡིན་འདུག་གསུངས། དཔའ་དར་གྱི་གནང་སྦྱིན་ཡང་སྩལ་ཞིང་བཀའ་ལས། ད་ཁྱོད་རང་བདེ་འདུས་འདི་རང་གཏེར་ཕ་ཆོས་ཀྱི་གཙོ་བོ་ཡིན་པས་འཕྲུལ་འཁོར་གཞན་མ་བསླབས་པར་འདི་གཙོ་བོར་ཟུངས་ལ་གཞན་དང་མ་འདྲེས་པ་བྱེད་དགོས་ཞེས་རྗེས་གནོན་ཆེ་ཙམ་བཀའ་ཕབ། དེ་དུས་བདག་སོགས་འགས་བླ་མ་ཇི་ལྟར་བསྟེན་ཚུལ་གྱི་སྤང་བླང་རྣམས་ཞུས་པར་ཞིབ་ཏུ་བསྩལ་རྗེས། ངེས་དོན་སྟོན་པའི་རང་སེམས་དབྱེར་མེད་ཀྱི་བླ་མ་དེ་དངོས་འཛིན་གདོས་བཅས་ད་ལྟའི་རྣམ་པར་བལྟས་ན་ལྟུང་བ་ངེས་པར་འཕོག་པར་གསུངས་པས། དེ་ནས་ལས་དང་པོ་པས་ཐོག་མར་དེ་དག་དཀའ་ཡང་། ངོ་བོ་ད་ལྟའི་སྐུའི་རྣམ་པ་དེ་མོས་པས་ཡེ་ཤེས་ཀྱི་སྐུར་རྒྱས་འདེབས་དགོས་པས་དེ་དག་གི་སྤང་བླང་མ་བརྗེད་པར་སེམས་ལ་ཞོག་གསུངས་ཤིང་། བདག་ལ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒྲུབ་ཐབས་ཀྱི་ལུང་དམར་ཁྲིད་ཕྲ་ཞིབ་ཏུ་སྩལ་ཞིང་། དེ་ཞོར་ཐུགས་ཐིག་རིན་ཆེན་བླ་མའི་ལས་བྱང་གི་དམིགས་ཁྲིད་ཀྱང་སྩལ། འདི་སྐབས་འབྲས་ལྗོངས་རྫོགས་ཆེན་པ་ཕེབས་ཏེ་མཇལ་འཕྲད་མཛད།

དེ་ནས་མདོ་ཁམས་ནས་ཏྲེ་བོ་བླ་མ་རྟ་མགྲིན་ཕེབས་པའི་གཏེར་གསར་ཚང་མའི་དབང་ཁྲིད་ལུང་དང་། བི་སྙིང་དང་བླ་མ་ཡང་ཐིག །མཁའ་འགྲོ་སྙིང་ཐིག་ཡང་ཐིག་རྣམས་ཀྱི་དབང་ཁྲིད། མ་གཅིག་གཅོད་ཡུལ་དབང་དང་ནམ་མཁའ་སྒོ་འབྱེད་ཀྱི་ཁྲིད། དོང་སྤྲུག་དང་ཁྲོས་ནག་གི་དབང་བཅས་རྒྱས་པར་བསྩལ་ཏེ་ལོ་གཅིག་བར་བཅད་རྒྱར་བཞུགས་སོ། །དེ་ཕྱི་སྨན་བརྗིད། ཤོངས་དགའ་སྒང་། སོག་ཕུ་བསམ་གཏན་གླིང་གི་བཙུན་མ། ཕྱོགས་མཐའ་ངེས་མེད་ཀྱི་བྱ་བཏང་བཅས་འདུས་པ་སུམ་བརྒྱ་སྐོར་ལ་གཏེར་གསར་ཨ་དོན། ཐུགས་ཐིག །མ་གཅིག་གཅོད་ཡུལ་སྟན་ཐོག་གཅིག་མ་བཅས་སྩལ། དེ་རྗེས་གྲྭ་གཙང་གི་གྲྭ་བ་ཞིག་དང་བསམ་རྩེ་བའི་བཙུན་མ་གཉིས་སྐྱོན་ཉེས་ཀྱིས་སྦྲུམ་པའི་ཆར་ནན་གྱིས་ཞུས་པའི་བཀའ་བསྒོ་མཛད་པ་ཉམས་གྲིབ་ཀྱི་སྐུ་མ་བདེ་བའི་ཟླ་བ་གཉིས་སུ་གཟིམས་སྒྲོམ་དུ་ལྷུང་བའི་སྐུ་ནད་ལྕི་བས་ཞབས་རིན་པོ་ཆེ་ནང་འཁོར་དང་བདག་དངོས་ངན་བཅས་མྱ་ངན་གྱིས་ནོན་པའི་མིག་མཆི་མ་དང་འབྲལ་མེད་ལ། ཕྱག་མཛོད་ལེགས་འབྱོར་ཐབས་མཁས་ཀྱི་སྤྱོད་པས་གཙོ་བོར་སྐུ་ཞབས་ཁྲི་རིན་པོ་ཆེ། རབ་འབྱམས་པ་ཆོས་གྲགས། སྒོམ་ཆེན་དོན་འགྲུབ། སོ་སྟོན་མཐུ་སྟོབས་རྣམ་རྒྱལ། རབ་འབྱམས་པ་དཔལ་མགོན་སོགས་བླ་གྲྭ་ཚང་མས་སྐུ་ཚེའི་སྒྲུབ་པ། མཁའ་འགྲོ་སུན་བཟློག །ཁྲོ་རོལ་དང་དྲག་དམར་འཇོམས་བྱེད་རྣམས་ཀྱི་གཏོར་བཟློག་བླ་བསླུ་བཅུ་གསུམ། གར་དབང་ཚེ་དཔག་མེད་ཀྱི་སྒོ་ནས་སྐུ་འཆི་བསླུ། ཡང་བཟློག་མེའི་སྤུ་གྲིའི་འཕྲུལ་འཁོར། བཀའ་འགྱུར་དང་རྙིང་རྒྱུད་ཀྱི་གསུང་སྒྲོགས། བཤགས་རྒྱུད་སྟོང་ཚར། ཚོགས་ཆེན་དུ་མགོན་ཆོས་ཀྱི་བསྐངས་བཤགས་བྱད་འགྲོལ་དང་། སྨེ་བརྩེགས་ཀྱི་བྱབས་ཁྲུས། བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་ཞི་རྒྱས་ཀྱི་སྦྱིན་བསྲེག་འབུམ་ཚོགས་དང་ཚོགས་བརྒྱ། བརྒྱ་བཞི་དང་རྒྱལ་རྫོང་རྟ་ཐོད་མ་མཆོད་རྟེན་སྐུ་ལ་ན་བཟའ། ཟམ་འཛུགས་ལམ་བཟོ། གུང་ཉོག་གི་སྒོ་ནས་བྱུང་བའི་ཞབས་བརྟན་སྐུ་རིམ། ཡུམ་དྲུང་དང་ལྕམ་དཔལ་འཛིན་བུ་དགའ་ལགས་གསུམ་བསྡོམས་པས་མཁའ་འགྲོའི་སུན་ཟློག་དང་འབྲེལ་བའི་བརྟན་བཞུགས་རྣམས་མཛད།

དེ་ནས་དགེ་རྒན་སྒོམ་ཆེན་དོན་འགྲུབ་ལགས་སྐྱབས་རྗེ་བླ་མ་དམ་པའི་སྐུ་མདུན་དུ་ཕེབས་དུས་སྤྱན་གྱེན་དུ་སྒྲིལ་བའི་དགོངས་པ་ཆོས་དབྱིངས་སུ་གཏད་པ་ལ། སྤྱན་ཆབ་བསིལ་ཞིང་བུ་སློབ་གཞོན་པ་རྣམས་ལམ་ཁར་ལུས་པས་སྙིང་མི་རྗེ་བ་འདུག་གམ། ཁྱེད་རང་དབང་ཐོབ་པའི་མཁའ་འགྲོ་མ་ཞི་བའི་དབྱིངས་སུ་མ་གཤེགས་པར་ཞེས་ཞབས་པད་བརྟན་པའི་གསོལ་འདེབས་མཛད་པར་སྤྱན་ཅུང་ཟད་མར་གཟིགས་པས། དེའི་སང་ཉིན་ནས་རིམ་པར་སྐུ་བདེ་དྭངས་སུ་གྱུར་པའི་སྐལ་བཟང་ཐོབ་པ་ཡིན་ནོ། །དེ་ནས་ལྡུམ་པོར་ལྕམ་དཔལ་འཛིན་ལགས་ཀྱི་དྲུང་ཡུམ་སྐུ་ཞབས་ཕེབས་པའི་ཅུང་ཟད་སྐུ་མ་བདེ་བའི་སྐུའི་མཚམས་དྲི་ཞུ་བར་བདག་རྫོང་བདའ་གནང་། དེའི་བཀའ་ལན་གྱི་ཞུ་ཡིག་རྗེར་ཕུལ་བས་འགྱུར་གཡང་ལགས་ཀྱིས་ཁྱེད་རང་ལ་སྐུ་ཞབས་ནས་ཤོག་གནང་གི་འདུག་གསུངས་པས། ཞབས་པད་དུ་ཕྱིན་པར་སྔར་ཞལ་ཁྱིམ་མཚར་སྡུག་གཟི་བྱིན་ལྡན་པ་དེ་ཉིད་དེ་དུས་དམར་ཁོགས་སོགས་ཞིག་གི་སྐུ་ཤ་རྣམས་ཤོར་བས་མཆི་མ་རང་དབང་མེད་པ་ཤོར་བྱུང་། དེར་ཕྱག་ཕུལ་དང་ད་རེས་བསྙུང་གཞིའི་བབས་ཀྱི་ཞལ་མཇལ་རྒྱུའི་སྐལ་བ་སད་པ་ཡིན་འདུག་སྙམ་པ་བྱུང་། ད་སྐྱེ་བ་འདི་ནས་བྱང་ཆུབ་བར་དུ་ཁྱེད་གཅིག་པུའི་སློབ་བུར་སྐྱེ་བར་ཤོག་ཅེས་ཞུས་པར། བཀའ་ལས་ལེགས་འབྱོར་དང་འགྱུར་གཡང་གཉིས་ནས་ཁྱོད་སེམས་ཁ་ཡངས་ཤིང་བཀོལ་བདེ་བའི་རོགས་ལ་ཕན་ཐོགས་པོ་བྱུང་ཟེར་བས། དེས་ན་རྒྱུན་གྱི་རོགས་དང་རེས་མི་གཅིག་པ་བཅས་རང་ཅག་གཉིས་ནམ་ཡང་མི་འབྲལ་བའི་སྨོན་ལམ་འདེབས་ཞེས་མགོ་བོར་ཕྱག་གཉིས་ཀྱིས་བྱིལ་བྱིལ་མཛད་པའི་སྐལ་བཟང་ཐོབ་བོ། །

དེ་ནས་སྐུ་ངལ་ཅུང་ཟད་སོས་པའི་སྐབས་བཅད་རྒྱར་བཞུགས་པའི་ཁོག་ནས་བདག་དང་ཆོས་འཕེལ་གཉིས་ལ་གསེར་དངུལ་དང་སྣམ་ཁྲེས་ཀྱི་དངོས་པོ། རྒྱ་རའི་བཞེས་ཁུར་གྱི་སྐྲོང་རྩེ་དང་བཀའ་ཤོག་བཅས་ཡབ་རྗེའི་གསུང་འབུམ་པོད་ཆེན་བཅུ་གསུམ། སྙིང་ཐིག་ཡ་བཞིའི་པོ་ཏི་བཅས་བཞེངས་བཞེད་ཐུགས་ལ་དགོངས་ཏེ་རྒྱ་རི་རྫོང་དུ་ཞབས་དྲུང་སྐུ་འབྲིང་གི་སར་རྫོང་བདའ་གནང་། གསེར་དངུལ་བཏུལ་ཚར་བའི་བང་མི་འབྱོར་འཕྲལ་བདག་དཔེ་ཡིག་པ་འབོད་དུ་རྒྱ་རིར་རྫོང་བདའ་གནང་བའི་བཟོ་གྲྭ་ཚུགས། དེ་རྣམས་གྲུབ་རྗེས་སྔར་གསར་བཞེངས་གནང་བའི་རྩ་གསུམ་བྲིས་ཐང་མང་ཙམ་ལ་གཅེན་ཁྲི་ཆེན་བི་ཛའི་ཞབས་དང་རྗེ་འདིས་དབུས་གྲྭ་གཙང་གི་དགེ་བཤེས་བགྲེས་གྲས་ཉི་ཤུ་ཙམ་གྱིས་རབ་གནས་རྒྱས་པ་མཛད། དེ་ནས་སྔར་གྱི་རབ་གནས་གནང་བའི་དཔོན་གཡོག །བླ་གྲྭ་ཚང་མས་ཆོས་སྲུང་རྣམས་ཀྱི་བསྐང་གསོ་རྒྱས་པར་མཛད་ཅིང་། རབ་གནས་མངའ་དབུལ་དུས་ལེགས་སྐྱེས་འབུལ་མི་རྣམས་ལ་ཉིན་གསུམ་གྱི་བར་ཞབས་ཏོག་རྒྱས་པར་སྩལ། དེར་དཔོན་གཡོག་བླ་གྲྭ་མང་གཤིས་བདག་གཅིག་པུར་འོ་བརྒྱལ་ཡོང་བ་འདུག་དགོངས། ཆུ་ཐག་རིང་བས་མི་ལོན་པ་འདུག་ཚེ་ཨ་མ་ལགས་སུ་བསླབ་དོན་ཞུས་པའི་ཞལ་ཏ་མ་རྣམས་བསྐུལ་ཞེས་སྩལ། འདི་དུས་ཤེལ་བྲག་བླ་མ་དབྱངས་འབྱོར་ལྔ་ལམ་དུ་གྱུར་པའི་གསལ་འདེབས་སུ་རྗེ་བླ་མ་དམ་པ་ཆེད་དམིགས་ཀྱིས་སྤྱན་འདྲེན་ཞུས་པས། དེ་དུས་འབྲུམ་ནད་སོགས་ལ་འཛེམས་མེད་ཀྱི་ཨེ་རོང་དུ་ཆིབས་བསྒྱུར་ཞིང་ཕྱི་འཁོར་གྲུབ་རྗེས་ལོ་གཅིག་བར་བཅད་རྒྱ་དམ་པོར་བཞུགས་སོ། །

ལྕགས་སྤྲེལ་དགུང་ལོ་ཞེ་གཉིས་བཞེས་པ་ཟླ་བ་གསུམ་པའི་ཚེས་གསུམ་ནས་ལྔ་བའི་ཚེས་ལྔའི་བར་བདག་སོགས་རྡོ་རྗེའི་ཞལ་སློབ་ལྔ་བརྒྱ་དང་དྲུག་ཅུ་སྐོར་ལ་དཔལ་གསང་བ་སྙིང་ཐིག་མ་བུའི་དབང་དང་ཟབ་ཁྲིད་སྨིན་པར་སྩལ་བའི་སྐལ་བཟང་ཐོབ་ཅིང་། དེ་རྗེས་བདག་དང་མདོ་མཁར་འགྱུར་མེད་བསྟན་འཛིན་ལ་རྡོར་སེམས་ཐུགས་སྒྲུབ་ཀྱི་བསྙེན་སྒྲུབ་ཡན་ལག་ཚང་མ་དང་། མཆོད་སྦྱིན་བསིལ་གཏོར་བཅས་པའི་ལུང་ཕྱག་ལེན་དམིགས་ཁྲིད་ཕྲ་ཞིབ་ཏུ་སྩལ་ལོ། །དེ་རྗེས་སྐྱབས་མཆོག་རྗེ་བླ་མ་བདེ་ཆེན་ཌཱཀྐིའི་གཙོ་མོ་མཆོག་དང་ལྕམ་དཔལ་འཛིན་དང་བུ་དགའ་སྐྱིད་འཛོམས་བཅས་དཔོན་གཡོག་རྣམས་དགའ་འདྲ་ཆབ་ཚན་དུ་ཕེབས་པའི་ཕྱིར་ལམ་བདེ་སྐྱིད་གླིང་དུ་དབང་སྩལ་བའི་སང་ནུབ་ལྡུམ་པོར་ཕེབས། དེའི་ཚེ་ལྕམ་དྲུང་དང་སྐྱེས་བཟང་གཉིས་གྲ་མ་ཕུང་སྦྱོར་བས་ལབ་གཞི་མང་བར་ཐུགས་ཚིག་པས། དེའི་ནུབ་མོ་སྔ་ཆར་སྐུ་བཞེངས་གནང་བའི་སླད་ནས་དེ་ཕྱོགས་སུ་མི་ཡོང་ཞེས་སྐྱི་རུ་གཞིས་སུ་ཆིབས་བསྒྱུར། ནང་ཞོགས་རང་གནས་སུ་ཕེབས་སོ། །དེ་ནས་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲིའི་བསྙེན་སྒྲུབ་ལོ་གཅིག་བར་མཛད་པའི་དངོས་གྲུབ་བཞེས་དུས་སུ་གནང་བའི་དར་ལྗང་གི་ཕུར་མདུད་འགུག་དར་དམར་གྱི་ཕྱག་མདུད་སྐྱང་པར་འབྲེལ་བ་བདག་ལ་ཆེད་དམིགས་ཀྱིས་སྩལ་ལོ། །

དེར་མ་ཟད་སྔ་ཕྱིར་བསྙེན་སྒྲུབ་མཛད་པ་ལ། ཆོས་དབང་གི་བླ་མ་གསང་འདུས། གཏེར་གསར་བླ་མ་ཞི་བ་དང་དྲག་དམར། དཔལ་རྡོར་སེམས་ཐུགས་སྒྲུབ། མྱང་གཏེར་བཀའ་བརྒྱུད་བདེ་འདུས་དང་མཁའ་འགྲོ་ཆེན་མོ། འཇམ་དཔལ་དྲེགས་འཇོམ། དབྱངས་ཅན་དཀར་མོ། སྒྱུ་འཕྲུལ་ཞི་བ་ཕྱག་རྒྱ་གཅིག་པ། ན་རག་དོང་སྤྲུག །སྔགས་རྒོད་ལོཀྟྲི་པཱ་ལ་རྣམས་ཀྱི་བསྙེན་སྒྲུབ་སྨིན་པར་མཛད་པས་དེ་དག་གི་མཚན་མའི་དགེ་ལྟས་བཟང་པོ་ཅི་རིགས་ཤར་གསུངས། ཁྱད་པར་རིག་པའི་རྒྱལ་པོའི་ལྗགས་བསྙེན་མཛད་པར་སྲོད་ཐུན་ཞིག་གི་སྐབས་མདུན་གྱི་ནམ་མཁར་རིག་པའི་རྒྱལ་པོའི་སྐུ་གཡོ་མེད་ཆུ་ཚོད་གཅིག་གི་བར་བརྟན་ཅིང་སྔོན་རྒྱ་གར་དུ་བྲམ་ཟེ་མ་གཟུགས་ཀྱི་ཉི་མ་དང་། དགེ་སློང་མ་དཔལ་མོ་རྣམས་ཀྱི་སྐྱེ་འཕྲེང་རྗེ་ཉིད་ཡིན་ཚུལ་གསལ་བར་བསྟན་གསུངས། གཞན་ཡང་ཉིན་ཞག་ཕྲུགས་གཅིག་ལ་གུ་རུའི་ཐུན་དྲུག་གསོལ་འདེབས་དང་འབྲེལ་བའི་ཡབ་རྗེའི་གསོལ་འདེབས་དང་རྗེས་འཛིན་སྨོན་ལམ། ཞོགས་པ་ཆུ་གཏོར་གངྒཱའི་རྒྱུན་དང་ཡན་ལག་བདུན་པ་རྒྱས་པར་མཛད་དེ་བཟང་སྤྱོད་སྨོན་ལམ་དང་། དེ་རྗེས་རྣམ་འཇོམས། སྔ་གོང་གཙོ་བོར་རྫོགས་པ་ཆེན་པོའི་ངང་དུ་ལ་ཟློ་བ་དང་། དེ་རྗེས་ལྟར་ཆགས་བསྙེན་སྒྲུབ་མཛད་པ་རྣམས་ཀྱི་སྒོམ་བཟླས་དུམ་པ་རེ། མཚན་མོ་དྲག་དམར་གྱི་སྒོམ་བཟླས་དམ་ཅན་སྤྱི་གཏོར་དང་རྗེས་འབྲང་། སྒོས་སུ་དྲག་པོ་སྡེ་ལྔ། སྔགས་སྲུང་མ། ལྷ་ཆེན་དུར་ཁྲོད་མ་མོ། ཨ་གྷོ་ར་དང་། ཕྱག་དྲུག་པ། མཁའ་འགྲོ་སྤྱི་གཏོར། བསྟན་ཕུག་རྒྱལ་གསོལ་ཉུང་བསྡུས་རྣམས་མཛད་ཅིང་། དུས་གཏོར་རྣམས་ལ་བཀའ་བརྒྱད་དམ་དཔལ་ཆེན་ཕུར་པའི་གཞུང་དྲང་སྲོང་གི་དཔལ་མགོན་ལྕམ་དྲལ་གྱི་འཕྲིན་ལས་རྒྱས་པར་མཛད།

ཚེས་གཉིས་ཀྱི་ཡབ་རྗེའི་དུས་དྲན་སྐུ་མཆོད་དང་། ཡར་མར་གྱི་ཨོ་རྒྱན་ཆེན་པོའི་དུས་ཀྱི་མཆོད་པ། གཏེར་གསར་བླ་མ་ཞི་བ་སྔོན་འགྲོ་དྲག་དམར་རམ། གསང་འདུས་རྡོར་སེམས་སམ། བདེ་གཤེགས་ཀུན་འདུས། ན་རག་དོང་སྤྲུགས་སམ། བཀའ་བརྒྱད་དང་ཕུར་པ་རྣམས་ཅི་རིགས་པའི་སྒྲུབ་མཆོད་ཆག་མེད། ནངས་ནུབ་མཚན་བཅས་སམ་ཕལ་ཆེར་གཏོར་བསྔོ་རྣམས་དང་ཐུན་དྲུག་གསོལ་འདེབས་སོགས་གྲུབ་རྗེས་བདེ་གཤེགས་ཀུན་འདུས་དང་ཕུར་བུ་ཡང་གསང་གི་བསྒོམ་བཟླས་མཛད་ནས་ནམ་ཕྱེད་ལ་ཉེ་བའི་བར་འོད་གསལ་རྫོགས་པ་ཆེན་པོའི་ངང་ལས་མི་གཡོ་བའི་མཉམ་བཞག་དང་འབྲེལ་བའི་མཚན་མོ་འོད་གསལ་གྱི་འཁོར་ལོ་རབ་འབྱམས་ཀླས་པའི་རྣལ་འབྱོར་གྱི་ངང་ནས་མནལ་བ་དང་། ཐོ་རེངས་ཀྱི་ཐུན་ལ་ཐུག་པ་ན་སྐད་ཅིག་གི་ལྡང་བའི་རྣལ་འབྱོར་གྱི་ལྷའི་འཁོར་ལོར་བཞེངས་པའམ། ཕལ་ཆེར་རྫོགས་པ་ཆེན་པོའི་རིག་པ་གསལ་སྟོང་གི་ཨ་ཏིའམ། དཔལ་གསང་བ་སྙིང་ཐིག་ཆེན་མོའི་སྔོན་འགྲོ་རྣམས་མཛད་རྗེས་ནམ་སངས་ཀྱི་བར་དུ་རྫོགས་པ་ཆེན་པོའི་ངང་དུ་འཕོ་འགྱུར་མེད་པའི་མཉམ་བཞག་དང་། དེ་རྗེས་བླ་མ་ཞི་བའི་སྒོམ་བཟླས་ཉུང་ངུ་རེ་དང་པད་བཅིང་གཏུམ་མོའི་རླུང་སྦྱོར་ཡང་མཛད། ཁྱད་པར་ཐུན་བཞི་ཆགས་མེད་ཀྱི་རྫོགས་པ་ཆེན་པོའི་ངང་དུ་གཡོ་མེད་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བའི་མཉམ་བཞག་དང་ཐོད་རྒལ་གྱི་མན་ངག་ལས་ནམ་ཡང་མི་འདའ་བའི་ཞེ་དམ་དང་།

སྐུ་མཚམས་གྲོལ་བའི་དུས་འགའ་རེ་རྣམས་སུ་དད་ཅན་གྱི་སྐལ་ལྡན་ཕོ་མོ་རྣམས་མཇལ་འཕྲད་མཛད་དེ་དགེ་བའི་ལས་ལ་བསྐུལ་ཞིང་བྱ་བ་ལས་ཀྱི་འཁོར་ལོའི་ཞལ་བཀོད་དང་། སྐྱ་སེར་ཆེ་ཆུང་མེད་པ་དང་དབུལ་ཕོངས་ཅན་གྱི་དད་ཅན་ཅི་ཡོད་གཉིས་སམ་གསུམ་གྱི་མཐའ་རྟེན་པ་ལའང་སོ་སོའི་བློ་དང་བསྟུན་པའི་རིམ་གཉིས་ཀྱི་མན་ངག་སྟོན་ཅིང་བཀའ་རྩོམ་མཛད་པ་དང་རྒྱུད་ལུང་མན་ངག་རྣམས་ལ་ཞིབ་གཟིགས་ཀྱིས་ཁགས་རྟོག་དང་། དྲག་ཞན་མེད་པའི་ཞལ་སློབ་ཇི་ཡོད་ལ་མཛེས་སྤྱོད་སྤངས་པའི་ཉམ་ང་མེད་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་ཐར་ལམ་འགོད་ཕྱིར་དེང་སང་གི་བླ་མ་འགའི་སྤྱོད་པ་ལྟ་བུའི་མཛེས་སྤྱོད་མི་མཛད་པར་བརྩེ་གདུང་ཆེན་པོས་ལས་མི་སོགས་པའི་རྟེན་དུ་ཐུགས་ཤིན་ཏུ་མྱུར་པའི་བརྩེ་བ་ཆེན་པོས་འཁོར་བའི་འཇིགས་པ་བསལ་ཕྱིར་ཐབས་མཁས་ཀྱི་སྤྱོད་པས་འགྲོ་འཆགས་ཟ་ཉལ་གྱི་རྣམ་འགྱུར་དང་དམ་པ་ཆོས་ཀྱི་ཉམས་ལེན་མཐར་ཐུག་པའི་ཞལ་གདམས་རྡོ་རྗེའི་བདེན་ཚིག་རྗེས་སུ་གདམས་ཤིང་། ཁྱད་པར་སྐྱིད་ཆོས་བདེ་བར་རྣམ་པ་ཀུན་ཏུ་ནམ་ཡང་བཞུགས་པ་མི་སྲིད་ཅིང་། དེའི་ནང་ནས་གཙོ་བོར་མཉམ་རྗེས་རིས་མེད་བྱ་སྤྱོད་ལམ་ཁྱེར་གྱིས་ཐ་མལ་དུ་མི་འཁྱམས་པ་མེད་པ་ཡིན་གསུངས་ཏེ་རྡོ་རྗེའི་ཐ་ཚིག་གོ །ཆུ་ཁྱི་ལོ་སྟོད་ནས་གསེར་བཟང་སྤྲུལ་སྐུ་འགྱུར་མེད་བསྟན་འཛིན་དོན་ལྡན་དང་། ཁྲི་རིན་པོ་ཆེ་གཅེན་རཏྣ་བི་ཛའི་ཞབས་དང་། ཐུགས་སྲས་སྤྲུལ་སྐུ་རྣམས་ཀྱིས་གསོལ་འདེབས་མཛད་པའི་ངོར་སྒྲ་ཐལ་འགྱུར་ནས་ལུང་གིས་བསྟན་པ་ལྟར་བཀའ་བབས་ཆོས་བདག་གི་དོན་གྱི་གཞན་གྱི་མཛད་དཀའ་ལ་རྗེ་དམ་པ་འདིས་སྙིང་ཐིག་མ་བུ་གཅིག་དྲིལ་གྱི་གདམས་པ་ཁྲིད་ཡིག་བདེ་ཆེན་ལམ་བཟང་བཀའ་རྩོམ་མཛད། དེའི་སྔོན་འགྲོ་ཆོས་སྤྱོད་དང་།

དེར་མ་ཟད་སྔ་ཕྱིར་བཀའ་རྩོམ་མཛད་པ་ལ། རྗེ་ཉིད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གདུང་བའི་མུན་སེལ་ལེ་ཚན་སྣ་ཚོགས། རྗེ་ཉིད་ལ་བརྟེན་པའི་རྣམ་ཐར་གསོལ་འདེབས་བརྟན་བཞུགས་བཅས་རེ་འདོད་མཆོག་སྦྱིན། བཤེས་གཉེན་གཞན་གྱི་གསོལ་འདེབས་བྱིན་རླབས་ཀྱི་ཆུ་བོ། རྗེ་ཉིད་ཀྱི་སློབ་བུའི་རིགས་ལ་གདམས་པའི་ཞལ་གདམས་མགུར་མ་སོགས་སྙིང་གི་མུན་སེལ།

ཞུས་ལན་སྐོར་ཕྱོགས་གཅིག་ཏུ་བསྡོམས་པའི་དྭངས་གསལ་མེ་ལོང་སྣང་བརྙན། རྒྱབ་བྱང་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་ཡིད་བཞིན་ལྷུན་གྲུབ། མཆོད་འབུལ་སྙན་ཤལ་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དགུའི་སྙེ་མ། བདེ་གཤེགས་ཀུན་འདུས་ཀྱི་བླ་བརྒྱུད་ཕྱག་འཚལ་སྨོན་ལམ་དང་བཅས་པ། གར་དབང་ཚེ་དཔག་མེད་ཀྱི་བརྒྱུད་འདེབས། གསང་བ་ཡེ་ཤེས་མཁའ་འགྲོ་མའི་ལམ་རིམ་དང་འབྲེལ་བའི་སྨོན་ལམ་དེའི་ལམ་རིམ་དང་འབྲེལ་བའི་གསོལ་འདེབས། རྡོར་སེམས་ཐུགས་སྒྲུབ་ཀྱི་གཅོད་ཁྲིད་ཀྱི་བརྒྱུད་འདེབས། ཐུགས་ཐིག་སོགས་གཏེར་གསར་ཚང་མའི་བརྒྱུད་འདེབས་སོགས་ཀྱི་ཁ་སྐོང་ལེ་ཚན་མང་པོ། ན་རག་དོང་སྤྲུགས་དཀྱིལ་འཁོར་དུ་དབང་བསྐུར་ཚུལ་བདེ་ཆེན་ལམ་བཟང་། གཏེར་གསར་བླ་མ་དྲག་པོའི་བདག་འཇུག་དབང་གི་ཆོ་ག་དབང་དྲག་གྲུབ་པའི་ལམ་བཟང་། གཏེར་གསར་བླ་མ་དྲག་པོའི་ལས་བྱང་གི་དམིགས་རིམ་སྒོས་ཆོས་ཟིན་ཐོར་བའི་རྣམ་ངེས། དེའི་ལྟ་ཁྲིད་ཀྱི་དམིགས་རིམ་རྫོགས་རིམ་དང་འབྲེལ་བ་གཏེར་ཆེན་བླ་མས་རྗེ་བླ་མ་དམ་པ་མཆོག་ལ་དགུང་ལོ་བཅུའི་ལོར་ཆེད་དུ་གདམས་པ། རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་ཐོད་རྒལ་དབང་གི་ཆོ་གའི་ལྷན་ཐབས། དེའི་ལམ་རིམ་དང་འབྲེལ་བའི་སྨོན་ལམ། དེའི་ལམ་རིམ་དང་འབྲེལ་བའི་ཞལ་གདམས་ཐུགས་ཐིག་གི་འཕོ་བའི་གསོལ་འདེབས། དེའི་དམིགས་རིམ་ཟིན་བྲིས། གར་དབང་ཚེ་དཔག་མེད་ཀྱི་རྒྱུན་ཁྱེར། དཀོན་མཆོག་སྤྱི་འདུས་ཀྱི་དབང་ཆོག་སྐལ་བཟང་དགའ་བྱེད། དེའི་ཁྲིད་ཡིག་མན་ངག་གསལ་སྒྲོན་སྙིང་པོ། རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་ཀུན་བཟང་རོལ་མཚོ་རྣམས་སོ། །

དེ་ཡང་ཕྱིས་སུ་ཁོ་བོས་གསུང་འབུམ་རྣམས་བསྡུས་པ་མ་གཏོགས་སྐུ་ཚེ་ཐོག་མ་ནས་མཛད་པ་རྣམས་ཞབས་རིམ་པ་རྣམས་ལེ་ལོ་ཆེ་སྟབས་ཟིན་ཐོར་མ་བཀོད་པ་མ་གཏོགས་གསོལ་འདེབས་དང་ཞལ་གདམས་གསུང་མགུར་དཀར་ཕྱོགས་ཀྱི་ལྷའི་གསོལ་མཆོད་སོགས་འབྲས་ལྗོངས་དང་མངའ་རིས་སོགས་ཀྱིས་མཚོན་མང་པོ་ཡོད་ཅེས་རྗེ་བླ་མ་ཉིད་ནས་གསུངས། ཆུ་ཕག་ལོ་སྐུ་ཞང་ལྡུམ་པོ་བའི་སྲས་རབ་བརྟན་ལགས་དང་། ཁྱད་པར་གདུང་བརྒྱུད་རིན་ཆེན་འགྱུར་མེད་པདྨ་བསྟན་འཛིན་སོགས་ཀྱིས་དབུས་བདག་ནང་འཁོར་ཉུང་འདུས་ལ་གཏེར་གསར་བླ་མ་དྲག་པོའི་སྨིན་བྱེད་ཀྱི་དབང་། མཐའ་རྟེན་དྲེགས་པའི་སྲོག་གཏད་དང་བཅས་བཀའ་དྲིན་དུ་བསྩལ། འདི་སྐབས་རྫོགས་ཆེན་མཁན་པོ་དང་། ལྷ་རྩེ་གྲུབ་ཆེན་ཀུན་བཟང་ཀློང་གྲོལ་སོགས་དོན་གཉེར་གྱི་འདུས་པ་མང་པོར་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་ཡན་ལག་དང་བཅས་སྨིན་པར་བསྩལ། དེར་མ་ཟད་རྩ་པོད་ཀྱི་ལུང་དང་རི་ཆོས་སོགས་ཀྱི་ལུང་ཡང་བསྩལ། དེ་རྗེས་ཤ་འུག་གཏེར་བྱོན་མཁའ་འགྲོའི་དབང་ཁྲིད་ལུང་དང་བཅས་པའང་བསྩལ་ཞིང་། ཁོང་དཔོན་ཨོ་རྒྱན་གྱི་འཕྲུལ་འཁོར་བསླབ་སྦྱོང་དང་ཁྲིད་སྐྱོར་དུ་བདག་རྫོང་བདའ་གནང་།

དེ་ནས་གཅེན་རཏྣ་བི་ཛའི་ཞབས་སུ་སེམས་ཀློང་གཉིས་ཀྱི་དབང་དང་ཁྲིད། མྱང་གཏེར་ཁྲོས་ནག་གི་དབང་ཁྲིད་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་ཡིག་ཆའི་སྟེང་ནས་འབུལ་བ་གནང་། ཤིང་བྱི་ཟླ་བ་བཞི་པའི་ཚེས་འགོར་སྐྱབས་རྗེ་བླ་མས་བདག་ལ་པདྨའི་ཐུགས་བཅུད་ཁྱད་འཕགས་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་དམིགས་ཁྲིད་ཕྱག་ལེན་སྩལ་དུས་ཟིལ་གནོན་མཁན་པོ་ཕེབས་པས་སྐེ་ཆད་དུ་ལུས་པའི་སང་ཉིན་ཚེས་བཅུ་སྒྲུབ་སྡེར་ཆིབས་བསྒྱུར་གྱིས་དེ་འཕྲོས་ཆུ་བོ་རིར་དམིགས་ཁྲིད་ཆེ་ཕྲ་ཞིབ་ཏུ་བསྩལ་ཏེ་ད་རེས་བསྟན་པ་འདི་ལ་མི་ལུས་ལན་གཅིག་ཐོབ་པ་དོན་མེད་དུ་མ་སོང་བའི་སྙིང་རུས་བསྐྱེད་དགོས་ཞེས་གདམས་པ་འདིའི་བསྙེན་སྒྲུབ་ལས་གསུམ་ལ་ལོ་གསུམ་གྱི་དམ་བཅའ་བཞེས་པའི་བྱིན་རླབས་དང་བཀའ་དྲིན་སྐལ་བཟང་དུ་ཐོབ་བོ། །

ཟླ་དགུ་པའི་ཚེས་འགོར་རང་གནས་སུ་ཆིབས་བསྒྱུར་བའི་གོང་ཞབས་རིན་པོ་ཆེའི་ཞབས་བརྟན་དམིགས་བསལ་རྣམས་བསྒྲུབས་རྗེས། དབུས་གཙང་གི་སྐལ་ལྡན་དུ་མར་ཨ་ཏི་དང་ཐུགས་ཐིག །རས་རྐྱང་སོགས་སོ་སོའི་རེ་འདོད་སྐོང་བར་མཛད་ནས་ལོ་གསུམ་གྱི་བར་བཅད་རྒྱར་བཞུགས་སོ། །དེ་ནས་བཅད་རྒྱ་གྲོལ་རྗེས་སློབ་དཔོན་ཆོས་རྫོང་འགྱུར་མེད་རྣམ་རྒྱལ་དང་། འབྲས་པ་དགེ་སློང་འགྱུར་མེད་བཟང་པོ། བདག་ཅག་གསུམ་ལ་ཤ་འུག་གཏེར་བྱོན་མཁའ་འགྲོའི་དབང་ཁྲིད་སྨིན་པར་བསྩལ་ཞིང་། དེ་རྗེས་སྲོག་སྒྲུབ་ཀྱི་ཕག་མོའི་དབང་དང་རས་རྐྱང་གི་གདམས་པ་བདག་ལས་ཅན་བདུན་ལ་སྩལ་ལོ། །

མེ་ཡོས་ཧོར་ཟླ་བཅུ་པའི་ནང་དུ་བཅད་རྒྱ་ཤིན་ཏུ་དམ་པའི་ཁོག་ཏུ་བདག་ལ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་ལེགས་ལྡན་ལྷ་ཆེན་དབང་ཕྱུག་ཆེན་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་བསྩལ་རྗེས་བཀའ་ལས། ཕྱི་མ་དམ་པའི་ཆོས་དང་མཇལ་བའང་དཀའ་བས་ཚེ་འདི་ཁོ་ན་ལ་གྲོལ་བའི་ཧུར་ཐག་བྱེད་དགོས། སྤྱིར་སྤྲོས་མེད་ཀྱི་གདམས་པ་ཤ་སྟག་སྐྱོང་དུས་སྤྲོས་བཅས་ཀྱི་དགེ་སྦྱོར་གནོད་པར་གསུངས་ཤིང་། ཁྱད་པར་མཚན་མོའི་མན་ངག་དུས་ཉིན་པར་ངག་འཆལ་གྱི་ཅ་ཅོའི་སྒྲ་མང་ན་ནུབ་མོ་རྨི་ལམ་གྱི་མན་ངག་ལ་ཤིན་ཏུ་གནོད་པ་ཡོང་བས་ཚུལ་དེ་ངེས་པ་གྱིས་ཞེས་བསྩལ་ནས་ཟླ་བ་གསུམ་པའི་ཚེས་འགོའི་བར་བཅད་རྒྱར་བཞུགས་སོ། །

དེ་ནས་ས་འབྲུག་ལོར་མངའ་རིས་གུང་ཐང་རྒྱལ་པོའི་གདུང་ཐའི་སྲས་ལྕམ་སྐུ་ཞབས་དཔོན་གཡོག་རྣམས་ལ་མཇལ་ཁ་དང་། ཚེ་དབང་དྲག་དམར་གྱི་དབང་། སྤྱན་རས་གཟིགས་ཡི་གེ་དྲུག་པའི་ལྷ་ཁྲིད་ཀྱང་བསྩལ། དེ་ནས་གཡུ་ཐོག་དབུས་མདའ་དཔོན་གྱི་སྲས་དངོས་གྲུབ་རྣམ་རྒྱལ་ཕེབས་པའི་མཇལ་ཁ་དང་གཏེར་གསར་དྲག་དམར་གྱི་དབང་དང་ལས་བྱང་གི་ལུང་། རྗེ་ཉིད་ཀྱིས་མཛད་པའི་ལས་བྱང་རྣམ་ངེས་ཀྱི་ལུང་ཡང་བསྩལ། དེ་ནས་འབྲས་ལྗོངས་རྫོགས་ཆེན་སྤྲུལ་སྐུ་ཡང་སྲིད་དཔོན་གཡོག་རྣམས་རྗེ་ཉིད་ཀྱི་ཞབས་པད་དུ་ཆེད་དམིགས་ཀྱིས་ཕེབས་པ་ལ། སྙིང་ཐིག་ཆེན་མོ་དང་མཁའ་འགྲོ་སྙིང་ཐིག །དཀོན་མཆོག་སྤྱི་འདུས། རིག་འཛིན་སྲོག་སྒྲུབ་ཡབ་རྗེ་བླ་མའི་གཏེར་གསར་བཅས་པའི་དབང་དང་ཟབ་ཁྲིད་སྨིན་པར་བསྩལ། བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་དུས་བདག་ཁོང་དཔོན་གཡོག་གི་འཕྲུལ་འཁོར་སློབ་སྦྱོང་དུ་རྫོང་བདའ་གནང་། དེ་དུས་ལྷོ་བྲག་སྨྲ་བོ་ལྕོག་གི་བླ་ཡབ་སྐུ་གཤེགས་པའི་སར་རྗེ་ཉིད་ཆེད་དམིགས་ཀྱིས་སྤྱན་འདྲེན་ཞུས་པའི་བར་ལམ་གློ་བུར་དུ་ང་ད་ལྟ་ཕོབ་ཅེས་སྩལ་བར་ཞབས་རིམ་པ་ཐམས་ཅད་ཀྱི་ཙབ་ཙབ་ཀྱི་བློས་ཆིབས་ཐོག་ནས་གདན་དྲངས་མ་ཐག་ཆིབས་ཆེན་དེ་མ་ཐག་ཤི་བ་ལ་འཕོ་དམིགས་དང་བསྔོ་སྨོན་གྱི་མཚམས་སྦྱོར་ནན་ཏན་མཛད་ཅིང་ཕྱི་མའི་མཚམས་སྦྱོར་གྱི་ལུང་ཡང་བསྩལ་ནས་ཕྱི་འཁོར་གྲུབ་བསྟུན་ལོ་གཅིག་བར་བཅད་རྒྱར་བཞུགས་སོ། །

དེ་ནས་འབྲས་ཕུར་སྒོམ་ཆེན་དེ་ཉིད་དེ་ཞིང་གཤེགས་མཇུག་མགོ་མཇུག་ནས་རྗེས་གནོན་མེད་པའི་རི་ཁྲོད་གླུ་གཞས་ཀྱིས་ཁེངས་པའི་ཅ་ཅོའི་སྒྲས་བསམ་གཏན་ལ་ཤིན་ཏུ་གནོད་པས་སྡོད་ཐབས་དཀའ་བ་ལ། ས་སྦྲུལ་ལོར་སྐྱབས་རྗེ་དམ་པ་བཅད་རྒྱར་བཞུགས་པའི་ཞབས་དྲུང་དུ་དེ་ཚུལ་གྱི་མི་ཚེ་སྟོང་ཟད་དུ་འགྲོ་བ་འདུག་པས་རེ་ཞིག་པདྨས་ཞབས་བཅགས་ཀྱི་གནས་ཆེན་ཞིག་ཏུ་འགྲོ་དགོས་ཀྱི་བསླབ་དོན་ནན་བཅགས་ཞུས་པར་བཀའ་ལས། དངོས་གཞི་བདེན་པ་ཙམ་འདུག་སྟེ། གཏེར་ཆེན་དེ་ཉིད་དེས་དགོན་ཆེ་ཕྲ་གང་དུའང་རི་ཁྲོད་རེ་ཡོང་གི་འདུག་པས་རི་ཁྲོད་འདི་ཀ་ཨེ་ཚུགས་སྙམ་ཐུགས་ལ་དགོངས་གཤིས་རང་གི་བསླབ་གཉེར་ཐོབ་ཟིན་སྙམ། ཁ་ཕྱིར་བལྟ་མ་བྱེད་པར་རེ་ཞིག་སྡོད་དགོས། ཆོས་འཆད་སྤེལ་སོགས་ཀྱི་དུས་ངེད་ཀྱི་རམ་འདེགས་ལ་ནང་སྣོད་པ་འདུག་ཅེས་འགྲུ་ཆས་ཆ་ཚང་། ཇ་སྦག་མར་རྫིས་དང་བཅས་པའི་གནང་ཆ་བསྩལ་ནས། འབྲས་ཕུར་ཨུ་ཚུགས་བསྐྱེད་ནས་སྡོད་དགོས་བྱུང་། དེ་ནས་ལྕགས་ལུག་ལོར་སྔར་ལས་ཀྱང་ལོད་དུ་སོང་བའི་བུད་མེད་སྨད་ཚོང་མ་མང་པོ་དང་། སྐྱེས་པ་དང་བཅས་པའི་གླུ་སྒྲ་ཉིན་མཚན་བར་མེད་དང་། རེས་འཐབ་མོའི་གཞི་ལྷོངས་པའི་ཀུ་སྒྲ་ཆེ་བར་ཡང་དེ་ཚུན་གྱི་ཞུ་བ་ནན་ཏན་ཞུས་པས་བཀའ་ལས། ད་རྒན་པ་རྣམས་དངོས་ཆས་ཤིན་ཏུ་བཟང་བའི་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་མ་གྱུར་ཞིང་། ངེས་འབྱུང་གི་གཏིང་ནས་མ་བསྡམས་པའི་རིག་པ་ཚོ་མ་ཟིན་པས་ལན་འདུག །

དེ་ནས་སྒོམ་ཆེན་སྟོབས་རྒྱལ་ལ་གཏེར་ཆེན་ནས་ཤ་འུག་ཏུ་སོང་ལ་སྒོམ་ནན་ཏན་གྱིས་གསུངས་འདུག་པར། ཁོང་པ་ཐ་སྙད་ཀྱི་རིག་གནས་སོགས་རྒྱ་ཆེ་བས་བསླབ་གྲྭ་མང་པོ་འདུས་པའི་མགོ་བོ་འཁོར། དེ་རྗེས་ནག་མོ་དང་འབྲེལ་བ་ཞིག་གིས་བླ་མའི་བཀའ་དང་འགལ་མེད། དེས་ན་ཁྱོད་ཤེས་རབ་དང་བརྩོན་འགྲུས་ཆེ་གཤིས་ཤ་འུག་སྟག་སྒོ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་འདི་རང་གཏེར་ཕ་ཆོས་ཀྱི་གཏེར་གནས་ཀྱི་གཙོ་བོ་ཡིན་པས་སླད་ནས་མིག་ལྟོས་ལ་ཕན་པའི་རྫོགས་རིམ་ཁོ་ན་ལ་འབད་པ་གཙོར་བཏོན་གྱི་བསྟན་འགྲོ་སྤྱི་དང་བྱེ་བྲག་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་སྙིང་ལ་དུང་དུང་བཅངས་པའི་སྒྲུབ་པ་སྙིང་ལ་བཟུང་སྟེ་ངའི་བླ་མ་རྒན་མོ་དེས་དེ་ལྟར་ཟེར་བཞིན་ཡོད་སྙམ་པ་སེམས་ལ་ཞོག །སླར་ང་རང་གཉིས་འཕྲད་དུས་ང་ཡང་ངའི་སློབ་མ་མགྱོགས་པ་བྱུང་བསམ་པ་དང་། ཁྱོད་རང་ཡང་ངའི་བླ་མ་དང་འཕྲད་བྱུང་བསམ་པའི་སེམས་དགའ་ལྷང་ལྷང་བྱས་ཆོག་པ་བྱེད། དེ་བར་གྱི་ཕོགས་ང་རང་གིས་རྒྱག་པ་ཡིན་གསུངས་པར། འཚོ་རྟེན་གནང་མི་དགོས་ང་རང་གིས་འགྲིག་ཡོང་ལགས་ཞུས་པས། མོན་པ་རྣམས་ཀྱིས་སྐད་དེ་གོ་དཀའ་བས་རེ་ཞིག་ཁྱེར་ཅིག་གསུངས། ཇ་ཆུང་ཇ་སྦག །དངུལ་སྲང་བཅོ་བརྒྱད་བཅས་དང་། རྗེ་ཉིད་ཀྱི་དབུ་ལོ་བམ་པོ་གཅིག །གསང་ཆབ་ཕུར་མདུད་དམར་པོ་ནང་མཛོད་ཀྱི་དཔའ་དར་བཅས་རྫོང་བདའ་གནང་། དེར་སླར་ཡང་ཕྱག་ཕུལ་བས། ཞབས་གཡས་པ་སྤྱི་གཙུག་ཏུ་ཚ་ཕྱིར་གྱིས་བསྩལ་ཏེ་ངའི་བུའི་སྒྲུབ་པ་མཐར་ཕྱིན་པ་ཤོག །ལམ་གྱི་བར་གཅོད་རྣམས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བསལ་མཛོད་གསུངས། དགྱེས་ཤིང་བརྩེ་བས་བསྐྱངས་པ་ཡིན་ནོ། །

ཤ་འུག་ཏུ་སླེབས་ནས་ལོ་གཉིས་ཙམ་སོང་དུས་ཡབ་རྗེའི་ཞལ་སློབ་ཀྱི་མཐའ་མར་གྱུར་པ་སག་སྟེངས་ན་ཨ་ཎི་ཀུན་བཟང་སྒྲོན་མ་རྗེའི་མཇལ་ཕྱག་ཏུ་འཐོན་རྒྱུར་སྐུའི་འཚམ་འདྲིའི་ཞུ་ཡིག་ཅིག་ཕུལ་བར། དེར་རྗེའི་ཞབས་པད་དུ་ཁོང་རྣམས་མཇལ་དུས་བཀའ་ལས་དེ་ཕྱོགས་སུ་ངེད་ཀྱི་སློབ་བུ་འགྱུར་མེད་འོད་གསལ་ཟེར་བ་ཞིག་ཕེབས་འདུག་སྩལ་བར། ཨ་ཎིས་འདུག་འདུག །ཤ་འུག་བདེ་ཆེན་འཁོར་ལོ་སྤྱིལ་བུ་གསར་རྒྱག་གི་མཚམས་དམ་པར་འདུག །ཁྱེད་ཀྱི་དངུལ་ཕོགས་བརྒྱབ་ཀྱང་སྐོར་མ་མཐོང་པའི་ཞོལ་ཁང་པས་རྩམ་པ་མ་གཏོགས་གང་ཡང་མི་འདུག་ཅེས་ཞུས་པར། བཀའ་ལས་དེ་འདྲས་བསྡད་འགྲོ་ཞེས་སྩལ་ཟེར། དེ་ནས་ཨ་ཎིས་གྲུབ་ཆེན་གྱིས་ཁྱེད་རང་ལ་ཡི་གེ་ཞིག་བསྐུར་བྱུང་དེ་གནས་ཚང་དུ་དེ་རིང་ལུས་པས་སང་ཉིན་ཁྱེད་རང་ལ་སྤྲོད་དེ་ཞེས་མོན་ལྐུག་གི་ཞེ་ས་མེད་པར་ཞུས་པས། དེར་རྗེ་ཉིད་ཞལ་འཛུམ་དང་བཅས་ཅུང་ཟད་བཞད་ཟེར། དེ་ནས་ཁོང་རྣམས་ཐོན་གདོང་བདེ་འདུས་ཀྱི་ཐང་སྐུ་རྒྱབ་བྱང་བཀའ་རྩོམ་ཕྱག་བྲིས་དབུ་ཆེན་དང་བཅས་པའི་བཀའ་ཤོག་བྱིན་རྟེན་བཅས་པ་ཞིག་བསྩལ་ཕེབས།

དེ་ནས་ལོ་གསུམ་འཐེན་པའི་ཤིང་ཁྱི་ལོར་རྗེ་བླ་མ་མཆོག་གི་ཞབས་པད་དུ་ཆུ་བོ་རིར་ནངས་པར་སླེབས་རྒྱུའི་ཞོགས་པར་སྐུ་བཞེངས་གནང་དུས་སྐུ་གཤམ་དཀྲི་བ་དང་བསྟུན། དེ་རིང་འགྱུར་མེད་འོད་གསལ་ཡོང་བ་ཡོད་གསུངས་འདུག །ཞབས་པད་དུ་ཕྱིན་དུས་ཁྱོད་ད་རེས་ཧུར་ཐག་བྱུང་ཞེས་ཤིན་ཏུ་མཉེས་པའི་བསྐྱེད་རྫོགས་ཀྱི་ལམ་བསྒོམས་པའི་རྟགས་སྣང་སོགས་ཅི་འདྲ་བྱུང་ཞེས་ཕེབས་པའི་དེ་ལན་ཞིབ་པར་ཞུས་ཏེ། གེགས་སེལ་བོགས་འདོན་ཕྲ་ཞིབ་ཏུ་སྩལ་ཞིང་། དེ་ནས་ཅུང་ཟད་བཞད་ཅིང་ཁྱོད་ཀྱི་ཚུར་ལམ་ང་ལ་དམར་ཙག་ལ་གཤམ་དུ་འོག་རླུང་དྲི་ཞིམ་བུ་ཞིག་བྱིན་བྱུང་ཞེས་གསུངས་པར། བླ་མ་རིན་པོ་ཆེ་དགོངས་དག་ཕྲན་ལ་འབྲོག་པ་རྣམས་ཀྱི་ཞོ་དར་ཆུར་བ་སྦྱིན་པས་གྲོད་པ་མ་བདེ་བས་དེ་འདྲ་ལ་རྐྱེན་ཡོང་བསམ་པ་མ་བྱུང་། ང་རང་གཅིག་པོ་ཉམས་མཚར་གྱི་ངའི་རྩ་བའི་བླ་མ་མི་འགྱུར་དཔལ་སྒྲོན་མཆོད་ཞུས་ཐལ་ཐག་ཆོད་ཡིན་ཞེས་མཐོལ་བཤགས་ཕུལ། ད་རེ་ཞིག་ལྷོད་ཀྱིས་སྡོད་གསུངས། ཞག་བཅོ་ལྔའི་བར་བཟའ་བཏུང་ལོངས་སྤྱོད་ཀྱི་སྐྱིད་ཉལ་དང་དབང་ཆོས་ཀྱང་མང་དུ་བསྐྱངས་ཤིང་། དེ་ནས་བདག་ཐོན་གདོང་བླང་དོར་གྱི་ཞལ་བཀོད་སྤྱི་དང་ཁྱད་པར་རྟག་པར་བསྐྱེད་རིམ་གྱི་ལམ་མི་བསྒྲོད་པར་རྫོགས་པ་ཁོ་ན་རིམ་དུ་བསྒོམ་དགོས། སྒོམ་དུས་ནན་ཏན་དུ་སྒོམ་ཡང་རྗེས་ཐོག་ཏུ་ཐ་མལ་དུ་ཤོར་ན་གར་ཡང་མི་ཕྱིན་པས། རེ་ཞིག་ང་རང་རྣམས་གདམས་པ་ལ་ཕར་འཆད་དགོས་མོད། ནམ་ཞིག་ཕར་འཆད་ཚེ་མི་དགོས་གདམས་ངག་གིས་ཚུར་བཅུན་ཡོང་། དོན་ལ་འཁོར་བའི་སྡུག་བསྔལ་དྲན་པས་རྟག་ཏུ་སྲིད་སྲེད་ལ་མ་ཆགས་པར་ཚེ་འདི་བློས་ཐོངས་ལ་གནས་ངེས་པ་མེད་པར་གྱིས། གཙོ་བོར་ཟབ་ལམ་གྱི་སྙིང་བོ་ལ་མཉམ་རྗེས་རིས་མེད་བྱ་སྤྱོད་དང་བསྲེ་ཞིང་། ཁྱད་པར་ནང་དུ་སྤངས་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་ཅིང་ལུས་རྟེན་དམན་ཀྱང་སྔོན་ལས་ཀྱི་འབྲེལ་པས་ང་ལ་མོས་གུས་ཀྱི་དད་པ་གཏིང་ཐུག་པ་བཅས། དེས་ན་གང་ཤར་གྱིས་རྟོག་པ་ཆོས་སྐུར་གྲོལ་བ་དང་། དེ་མིན་ང་དང་ཁྱོད་རང་དབྱེར་མེད་དུ་བསྲེས་ལ་མོས་གུས་ཀྱི་བློ་དེ་སྐྱེ་མེད་སྤྲོས་བྲལ་ཀ་དག་གི་ཀློང་དུ་ཞོག །དེས་འཆི་ཀ་འོད་གསལ་དུ་མ་གྲོལ་ན་བར་དོ་བར་པའམ། བར་དོ་ཐ་མར་བླ་མའི་སྣང་བས་འདྲེན་པའི་དགོས་པ་ཡོད་པ་སེམས་ལ་ཞོག །

དེ་ཡང་རང་ཅག་རྣམས་བསྐྱེད་རྫོགས་ཀྱི་གདམས་པ་གང་བསྒོམ་ཡང་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་དགོས། སྦྱོར་བ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། དམན་པའི་ས་ཟུངས་ལ་ཕན་ཐོགས་ཀྱི་བྱ་བ་རླབས་པོ་ཆེ་ལ་དཔའ་སྐྱེད། དངོས་གཞི་བསྐྱེད་རྫོགས་གང་བསྒོམ་ཡང་སེམས་ཅན་ཐམས་ཅད་རང་སེམས་དབྱེར་མེད་ཀྱི་དངོས་གཞི་སྐྱེ་མེད་ཀྱི་ངང་དུ་བསྲེས་རྗེས། རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་མཐའ་མེད་པར་དར་ཞིང་རྒྱས་པ་དང་། སེམས་ཅན་ཐམས་ཅད་ཚེ་རབས་ལན་ཆགས་འབྲེལ་བར་བསམ་པའི་འཁོར་བའི་རྒྱ་མཚོ་ལས་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པའི་སྨོན་ལམ་རྒྱ་ཆེ་ཞིང་། བདག་ཀྱང་སྐྱེ་བ་ནས་བྱང་ཆུབ་བར་རྩ་བའི་བླ་མ་དང་སྙིང་པོའི་བསྟན་པ་འདི་དང་ནམ་ཡང་མི་འབྲལ་ཞིང་འགྲོ་དྲུག་འཁོར་བའི་རྒྱ་མཚོ་མ་སྟོང་བར་དུ་དལ་འབྱོར་གྱི་རྟེན་གཙང་མ་ཐོབ་པས་གཞན་དོན་ནུས་ཕྱིར་ས་སྐྱོང་སྡིག་བསོག་པ་དང་ངན་སོང་གི་རྟེན་བསོག་པའི་རིགས་སུ་ནམ་ཡང་མི་སྐྱེ་བར་ངེས་འབྱུང་སྐྱོ་ཤས་ཀྱིས་དཀོན་མཆོག་གསུམ་སྐྱབས་སུ་བརྟེན་པའི་ཕ་མ་དད་ཅན་འབྱོར་ལྡན་གྱི་བུར་སྐྱེས་ནས་འགྲོ་ཀུན་སྒྲོལ་ནུས་པར་སྐྱེ་བར་ཤོག་སྙམ་པའི་འདུན་པ་ཡང་དག་གིས་ཆོས་བྱས་པ་རང་གིས་རང་མི་བསླུ་ཞིང་མི་ཁྲེལ་བའི་བྱ་བ་བྱེད་དགོས།

རང་བཙན་ས་ཟིན་ནས་སེམས་ཅན་རྣམས་དོར་བ་མ་བཤད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་དོན་དོར་ནས་སེམས་ཅན་གྱི་དོན་ཁོ་ན་མཛད་པ་ཡིན་མོད། ད་དུང་ཧུར་ཐག་བྱེད། དགོས་གསང་ཆེན་སྙིང་པོའི་བསྟན་པ་ནུབ་མ་རག་ལ་ཐུག་པའི་ཉག་ཤིན་ཏུ་ཕྲ་བ་འདིར་གཞིགས་པའི་སྙིང་ལ་རུས་པ་སྐྱེད་ཅིག་ཅེས་བསྩལ་བའི་ངུ་ངག་གི་ངང་ནས་སེམས་འཕྲོད་ཤིན་ཏུ་ཆེ་བ་ནས་ལོག་ཡོད། དེར་ཤ་འུག་སྟག་སྒོ་བདེ་ཆེན་དུ་ལོ་བཞི་སོང་དུས་ཚོགས་པ་རྣམས་ལ་འཕྲལ་ལ་ལོག་ཡང་དགོས་པའི་བཀའ་ཤོག་སྩལ་བའི་ཞབས་པད་དུ་ལོག་ཡོང་། འདི་ཕྱི་དགེ་བའི་ཞལ་ཏ་ལྷུག་པར་བརྩེ་བས་བསྩལ་བ་ཡིན་ནོ། །

དེ་ནས་གངས་རི་ཐོད་དཀར་ནས་ཡེར་བའི་ལོ་གསུམ་གཏོང་དུས་འགྲོ་ཞོར་ཆུ་བོ་རིར་རྗེའི་ཞབས་པད་དུ་ཡོང་བར་ཆུ་བོ་རིར་གཟིམ་ཆུང་དུ་རྗེ་ཉིད་ཅུང་ཟད་བཞད་པར། འགྱུར་གཡང་ནས་རྗེ་ཉིད་དོན་མེད་ལ་བཞད་པ་ཅི་ཡིན་ཞུས་པར། བཀའ་ལས་ཡངས་པའི་རྟོགས་ལྡན་དེ་ཆུ་ཤུར་རྫོང་གི་མ་ཚད་དེ་ནས་ཡར་ཡོང་གི་འདུག །ཁ་སྐོམ་པ་ལ་ལམ་བར་གྱི་རྫབ་དོང་ནང་ནས་ཆུ་འཐུང་གྲབས་བྱས་སོང་བར་བྱིས་པ་ཞིག་གིས་སྐྱུག་བྲོ་ཞེས་འཐུང་དུ་བཅུག་མ་སོང་། ད་ཆང་མ་ཞིག་གི་ནང་ན་ཆང་འཐུང་གིན་འདུག །སང་འདིར་ཡོང་བ་འདུག་ཅེས་གསུངས་ཤིང་། དེའི་སང་ཉིན་ཞབས་པད་དུ་ཡོང་དུས་གཙང་དཔལ་རྣམ་དཔལ་རི་སྤྲུལ་སྐུ་དང་བསྟུན་པའི་བྱང་གཏེར་ཐུགས་སྒྲུབ་མཐིང་ག་དྲག་པོ་རྩལ་གྱི་དབང་རྒྱས་འབྲིང་གཉིས་དང་ཀློང་སྡེ་རྡོ་རྗེ་ཟམ་པའི་རྩ་དབང་རྒྱས་པ་དང་ཁྲིད་ཡིག་སྐལ་བཟང་མིག་འབྱེད་ལྟར་ཤར་ཁྲིད་དང་། དེ་རྗེས་ཆུ་བོ་རི་འདུས་ཚོགས་དང་། ཆུ་བཤུར་ཐར་པ་གླིང་འདུས་ཚོགས་བཅས་པ་ལ་གར་ཚེའི་དབང་བཅས་བསྩལ་བའི་བཀའ་དྲིན་ཐོབ། ཐར་གླིང་འདུས་ཚོགས་ཀྱི་བརྟན་བཞུགས་རྒྱས་པར་ཕུལ། དེ་རྗེས་བདག་ལ་ཉང་གཏེར་ཞིང་སྐྱོང་མ་མོའི་རྗེས་གནང་དང་། གར་དབང་ཚེ་དཔག་མེད་ཀྱི་ཕྱི་སྒྲུབ་ཀྱི་དམིགས་ཁྲིད་ཕྱག་ལེན་དང་བཅས་ཕྲ་ཞིབ་ཏུ་སྩལ་བ་ཡིན་ནོ། །

ལྕགས་ལུག་ལོར་ལ་མོ་ཆོས་སྐྱོང་གི་ཁོག་གཞི་མ་བདེ་བར་རྗེ་ཉིད་ཆོས་སྐྱོང་ནས་ཞབས་སྐྱོད་དགོས་པའི་ཞུ་བར་ཕེབས་པའི་ཚེ་དབང་སོགས་རིམ་གྲོ་དུ་མ་མཛད་པས་སྐུ་རྟེན་པ་གཞི་མེད་དུ་དྭངས་པ་ལ། དེར་མགོན་ཁང་དུ་ཆོས་སྐྱོང་ནས་རྗེ་ཉིད་སྤྱན་འདྲེན་ཞུས་པར་ཕེབས་ལམ་ཕར་ཐོགས་སྐབས་གྲྭ་པ་རྣམས་ལངས་པ་ཙམ་ཡང་མི་བྱེད་པར། མགོན་ཁང་དུ་ཕེབས་ཚེ་ཆོས་སྐྱོང་ཁྲི་སྟེང་ནས་བབས་པའི་ཞབས་སུ་བསྐྱོད་དེ་མཚོ་རྒྱལ་གྱི་སྤྲུལ་པ་འདྲེའི་གནས་རྟེན་དུ་ཕེབས་པ་ལེགས་ཞེས་མཇལ་དར་ཕུལ་ནས། སྙིང་པོའི་བསྟན་པར་འཕོ་འགྱུར་མི་ཡོང་ཞེས་གསུངས་པས། ཚུར་ལམ་གྲྭ་མང་རྣམས་འུར་ཞོགས་ཀྱིས་བྱིན་རླབས་ཞུ་བར་ཕེབས། ལམ་འགགས་པ་ཙམ་བྱུང་། དེ་ནས་ཆིབས་ལམ་དུ་ཕོ་བྲང་ཆེན་མོའི་ལྟག་སྒོ་ལས་བརྒྱུད་དེ་རྩེར་གོང་མ་རྒྱལ་དབང་དམ་པའི་ཞབས་པད་དུ་བཅར་བར་མཛད། སྨིན་གླིང་། རྡོར་བྲག །བྱང་ཆུབ་གླིང་རྣམས་ལ། ཕོ་ལྷའི་བསྟན་པའི་རྗེས་ཁྲི་ནུབ་མོ་ནན་གྱི་དགོངས་ཚོམས་ཀྱི་དམ་རྩི་ཆེ་བར། དེར་རྗེ་ཉིད་ནས་དེ་སྐོར་གྱི་སྔར་རྒྱལ་པོ་ལྷ་བཟང་ནས་བཟུང་དཔོན་པོ་ན་རིམ་གྱི་སྐུ་རིམ་ཕེབས་ཀྱི་འདུག་ཅིང་། དཔོན་ཐོག་འགྱུར་རེས་བཞིན་ཕྲན་ཚོར་སྦྱོང་གཅོད་ཀྱི་ཉེས་ཆད་འདི་བཞིན་ཡོང་གི་འདུག་པས།

དེས་ན་ད་ནས་བཟུང་དཀར་པོའི་དགེ་ཆོས་ཀྱི་ཞི་བའི་ལས་བཙུན་མ་ལྟ་བུའི་བྱ་བཞག་ལས། མངོན་སྤྱོད་དྲག་ལས་སུ་གྱུར་པའི་ཕྲན་རྣམས་རྔ་ལག་ཏུ་ལོན་མི་དགོས་དགོས་པ་ཞིག་གི་དམ་བཅའི་ཚུལ་སོགས་བཀའ་ནན་ཆེ་ཙམ་ཞུ་གནང་ལ། ༧རྒྱལ་དབང་མཆོག་ནས་སྨིན་གླིང་རྗེ་བཙུན་དྲུང་རང་དེ་འདྲ་གནང་མི་དགོས་ལྷོད་དེ་བཞུགས་པར་ཞུ། ངས་ནི་གང་ཡང་མ་བྱས་དགེ་རྒན་པ་དྲི་བ་ཅུང་ཟད་བཏང་བ་ཡིན་འདུག །སྙིང་པོའི་བསྟན་པར་འཕོ་འགྱུར་མི་ཡོང་ཞེས་བསྩལ་ཏེ། ཆད་འགྲོས་སོགས་ཀྱང་མར་འབེབས་པར་མཛད། དེའི་སང་ཉིན་ནས་གཅེན་རཏྣ་བི་ཛ་མཇལ། བཀའ་ཡང་བསྩལ་ཏེ་མི་བསྲུན་ནམ་མཁའ་སྤྲིན་བྲལ་བཞིན་དྭངས་ཏེ་ཐམས་ཅད་བདེ་འཇགས་སྐལ་བཟང་གི་བདེ་བ་ཐོབ་ནས་རང་གནས་སུ་ཕེབས་ཏེ་ཆོས་སྐྱོང་རྣམས་ལ་གྲྭ་སྒྲོས་བཅོ་ལྔས་གཏང་རག་གི་བསྐང་གསོ་མཛད་དེ་བཅད་རྒྱར་བཞུགས། ལྕགས་ལུག་ནས་བཟུང་མེ་ཁྱིའི་བར་ཤ་འུག་སོགས་ཕྱོགས་འགྲོའི་དབེན་རི་རྣམས་སུ་སྒྲུབ་པ་ལ་ཕྱིན་པས་ཞིབ་པ་ཞིག་རྗེ་སྐུ་ན་སྨིན་སྟབས་ཞུ་མ་ཐུབ་ཅིང་། ཞབས་རིམ་པ་རྣམས་ལའང་ངེས་འབྱོར་ཞིག་མི་འདུག་ཀྱང་། ཕྱིས་སྒྲུབ་སྡེ་འཆི་མེད་བཀོད་དུ་ཕེབས་ཏེ་ལོ་ལྟར་ཧོར་ཟླ་བཞི་པ་ནས་དགུ་པའི་བར་སྙིང་པོའི་རྒྱུད་ཀྱི་བཤད་པ་ཆགས་མེད་ཀྱིས་བློ་གསར་རྣམས་ལ་ཐོལ་བྱུང་གི་ཤེས་རབ་བསྐྱེད་པར་མཛད་དེ་སྐུ་ངལ་ཀྱང་། རང་རེའི་མ་དགོན་དུ་དོན་མཐར་སྐྱེལ་ལྟ་བུ་ཤིན་ཏུ་དཀོན་ཞིང་བྱེ་བློ་ཙམ་ལ་མི་འདུག་ཅེས་སྩལ་ཞིང་། གང་ལྟར་ཀྱང་སྒྲུབ་སྡེར་ཕེབས་པའི་སྐོར་མ་གཏོགས་རང་གནས་སུ་ཕེབས་ཏེ་རྣམ་ཀུན་ཏུ་ཕལ་ཆེར་སྐུ་བཅད་དང་ཟླ་བ་གསུམ་པ་ཤར་མཚམས་ལོ་ལྟར་འཆར་ཅན་གྱི་ཕྱོགས་འདུས་ཀྱི་ཆོས་ཞུ་བ་རྣམས་ལ་གང་ལ་གང་འཚམས་པའི་སོ་སོའི་རེ་འདོད་སྐོང་བའི་དམ་པ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ་ཡིན་ནོ། །

དེ་དག་གི་དུས་སྐབས་ཤིག་ལ་མདོ་ཁམས་པ་རྫོགས་ཆེན་བླ་མ་ཟུང་དཔོན་གཡོག་རྣམས་ལ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་དང་རི་ཆོས་ཟབ་དོན་གསལ་བའི་ཉི་མའི་ལུང་ཡང་སྩལ། དེའི་རྗེས་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱལ་གྱི་སྲས་ལྕམ་བདེ་ལྡན་སྒྲོལ་མ་དང་། དགའ་བཞི་གུང་ཡབ་ཡུམ་སྟེང་ཞལ་སྲས་བཅས་དགོན་པར་ཕེབས་པའི་མཇལ་ཁ་དང་། དབང་ཆོས་ཀྱི་སྦྱིན་པས་ཚིམས་པར་མཛད་དོ། །དེ་རྗེས་བསམ་གྲུབ་ཕོ་བྲང་ནས་མི་རྗེ་ཚངས་སྲས་གུང་བཀྲ་ཤིས་རྣམ་རྒྱལ་སྟེང་ཞལ་སྲས་བཅས་ཕེབས་པར་མཇལ་བཀའ་དང་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་དང་དམ་རྫས་ཞལ་ཆེམས་ཀྱིས་ཚིམས་པར་མཛད་དོ། །དེ་ནས་ཨར་དགེ་དགོན་གསར་བསམ་གཏན་འཕེལ་རྒྱས་གླིང་དུ་གདན་དྲངས་ཏེ་རབ་གནས་ཀྱི་མེ་ཏོག་འཐོར་ཞིང་ཡུལ་སར་ཁྲོམ་དབང་དང་སོ་སོའི་རེ་འདོད་སྐོང་བ་མཛད་ཅིང་། ཕེབས་ལམ་དུ་ཕུག་དཔོན་ས་ཨ་སྙིང་ནས་དཔལ་འབྱོར་ལྷུན་གྲུབ་ཏུ་གདན་དྲངས་པའི་ཞབས་ཏོག་ཞུས་ཏེ་རང་གནས་སུ་ཆིབས་བསྒྱུར་ཏེ་བཅད་རྒྱར་བཞུགས། མེ་ཁྱི་ཟླ་བ་ལྔ་པའི་ཚེས་འགོ་ནས་བཟུང་གྲྭ་གཙང་འདུས་གྲངས། དབུས་ཀྱི་བྱ་བཏང་མང་པོ་དང་། སྙིང་མདོ་ཞབས་དྲུང་མེ་ཏོག་ལགས། འཇུན་པ་ཆོས་དྲུང་། བསམ་རྩེ་དང་། འོད་གསལ་གླིང་གི་མ་ཇོ་ཁ་ཤས་སོགས་འདུས་པ་ཉིས་བརྒྱ་སྐོར་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་མན་ངག་དང་བཅས་རྫོགས་པར་བསྩལ། དེ་དུས་བདག་གཙང་ཉང་སྟོད་ཡོལ་བའི་གནས་སྣང་གསལ་འོད་དེ་འབུམ་གྱི་སྒྲུབ་གནས་སུ་ལོ་གསུམ་ཐེམས་པའི་རྗེ་བླ་མ་མཆོག་གི་ཞབས་པད་དུ་མཇལ་ཕྱག་ཏུ་ཡོང་པས་ཐུགས་དགྱེས་པའི་ངང་ནས་བླང་དོར་གྱི་ཞལ་ཏ་ཞིབ་པར་བསྩལ།

དེ་ནས་བདེ་གཤེགས་ཀུན་འདུས་འཕྲུལ་འཁོར་འདི་རྒྱག་མི་དཀོན་པ་ཙམ་འདུག །ཅུང་ཟད་ཡོད་པའི་སྲོག་སྒྲུབ་དང་ཕག་མོ་ཟབ་རྒྱ་སོགས་དང་འབྲེལ་ནས་མི་འདུག །རྗེ་དམ་པ་ཁྲི་རིན་པོ་ཆེ་ལའང་ཆོས་རྒྱུན་དུ་ནུབ་པར་དཀའ་ཚེགས་མེད་པས་མི་ནུབ་པ་དར་རྒྱས་ཀྱི་སྙན་ཞུ་ཞུས་ཡོད་ཅིང་། དེས་ན་ཁྱོད་ནས་འཕྲུལ་འཁོར་གནད་དུ་གང་འགྲོ་ཞིག་བསླབ་སྦྱོང་བགྱིས་བསྩལ་བའི་ཕྱོགས་འདུས་ཀྱི་བྱ་བཏང་བཅོ་ལྔ་སྐོར་དང་། འཇུན་པའི་ཆོས་དྲུང་། ཁྱད་པར་གྲྭ་གཙང་གི་གྲྭ་པ་བཅོ་ལྔ་སྐོར་བཅས་ལ་ཇི་ལྟར་བཀའ་སྩལ་རྗེས་གྲུབ་ཀྱི་ངོས་ནས་ནན་ཏན་བསླབས་ཤིང་། ཡང་སྐབས་ཤིག་ཁྲིད་པ་འདུས་ཚོགས་སུ་ད་ལམ་མ་བསྒྲིགས་རང་འགྲིག་གི་རྟེན་འབྲེལ་ཀྱང་བཟང་། གྲུབ་ཆེན་འགྱུར་མེད་འོད་གསལ་ངེད་ནས་སྒོམ་ཆེན་དོན་གྲུབ་ལགས་ཀྱི་དྲུང་ཆེད་གཉེར་གྱིས་འཕྲུལ་འཁོར་བསླབ་ཏུ་བཏང་ཞིང་ངེད་རང་ནས་ཀྱང་ཞུས་དག་ནན་ཏན་སོང་བས། དེས་ན་འཕྲུལ་འཁོར་ངེས་པོ་ཡོད་པས་ཀུན་གྱིས་ནན་ཏན་བྱེད་དགོས། ཞེས་བཀའ་ཕེབས་ཀྱང་འཕྲལ་གྱི་ལྟར་སྣང་ཙམ་མ་གཏོགས་སྙིང་པོའི་གཏན་རྒྱུན་ལ་བསམ་པའི་གང་ཟག་ཤིན་ཏུ་དཀོན་པས་དེས་ན་ད་བར་བདེ་གཤེགས་ཀུན་འདུས་འཕྲུལ་འཁོར་འདི་ལྷོ་ནུབ་རྔ་ཡབ་པདྨ་འོད་དུ་གཤེགས་འགྲོ་བར་སེམས་སོ། །

དེར་མ་ཟད་ཁྲིད་བཀའ་རྫོགས་དུས་བཀའ་ལས། ངས་ལུས་དམན་ཞིང་ཤིན་ཏུ་ངལ་ཡང་སྙིང་པོའི་བསྟན་ལ་བསམ་པའི་ཆོས་རྒྱུན་རེ་རེ་བཞིན་ཕྲ་ཞིང་ཞིབ་པ་དོགས་གཅོད་སོགས་ལ་མ་ལྟོས་པར་བཤད་ཀྱང་། ཇི་བཞིན་ཉམས་སུ་མ་བླངས་ཤིང་འཆད་སྤེལ་གང་ཡང་མ་ནུས་ན་དེ་འདྲའི་སློབ་མས་ཅི་བྱེད་རྒྱུ་ཡིན། ད་འགྱུར་མེད་འོད་གསལ་གྱི་འཆད་སྤེལ་ཡོང་གི་ཡོད་མོད། ཁྱོད་གྲྭ་པ་དང་རྟོགས་ལྡན་རྣམས་མི་ཡར་འདྲེན་གྱི་འཕོ་བ་སོགས་ལས་གང་དང་གང་གི་ཚེ་ཡང་། ད་ང་ལ་ལྟོ་ཅི་སྦྱིན་ཡོང་ཡོན་ཅི་བརྒྱབ་ཡོང་མ་བསམ་པའི་ཟ་འདོད་ལྟོགས་འདོད་ཀྱི་རང་འདོད་ཁོ་ནའི་བསམ་པ་གཏིང་དུ་བཅགས་ནས་གཞན་དོན་བྱང་སེམས་ཀྱི་རྣམ་བཞག་དོར་ན་མི་ཡར་འདྲོངས་པ་ལས་མིར་མི་ཕན་པའི་སྟེང་བླ་མའི་བཀའ་དང་འགལ་ཞིང་དཀོན་མཆོག་ལ་རྒྱབ་གྱེས་པས་རང་ཆོས་གཟུགས་འཁོར་བ་ངན་སོང་གི་གནས་ལས་མ་འདས། ཁྱད་པར་དུས་དབང་ཞིག་ཡིན་ནམ་གང་ལྟར་ཡང་ང་རང་དམན་གཟུགས་པ་ཡིན་ཡང་དེང་སང་རྟོགས་ལྡན་ལས་ཟོབ་ཚ་བ་མི་འདུག །ཆང་མང་པོ་བཏུང་ན་ཆོས་ཉིད་ཀྱི་རྟོགས་པ་མཐོ་ཞིང་བཟང་ཟེར་ཡང་། དེ་ཟོབ་ཁོ་ན་ཡིན། ཆང་མང་པོ་བཏུང་བས་རིག་ཚོ་མ་ཟིན་པར་ཤེས་པ་ཧོལ་ཞིང་རྨུགས་པ་དང་འཐིབས་པ་སོགས་བག་ཡངས་སུ་འཆལ་འགྲོ། འདི་ནས་བླ་མས་ཟབ་ཆོས་བློས་བླངས་ཀྱི་དོ་གལ་གྱི་ངལ་བ་ཁྱད་དུ་བསད་ནས་བཤད་ཀྱང་སྒོམ་མེད་བག་ཡངས་སུ་ལུས་ན་ཆོས་སྒོར་ཚུད་ནས་གནས་སྐབས་སུ་མཁའ་འགྲོའི་བཀའ་ཆད་དང་། མཐར་ཐུག་ངན་སོང་གསུམ་དང་ཁྱད་པར་འཇིག་རྟེན་དམྱལ་བའི་ཚ་གྲང་འགྱུར་འབྱེད་ཀྱིས་བསྐུལ་བཟོད་དཀའ་བ་མྱོང་དགོས་མོད། དམྱལ་བ་ལས་ཀྱི་ཆོ་འཕྲུལ་དུ་ངེས་པར་ཡོད་ངེས་པས་རང་གིས་རང་མི་བསླུ་བ་ཐམས་ཅད་ཀྱིས་བྱེད་དགོས།

ཡང་སྡིག་སྒྲིབ་མ་དག་པར་ཉེ་ཚེ་རང་གི་བླ་མར་ཡང་དད་པ་ཆུང་དུ་འགྲོ་ཞིང་། རྒྱུ་འབྲས་རྩི་མེད་དུ་འགྲོ་བ་སོགས་བྱུང་ཚེ་བླ་མར་བཀའ་དྲིན་རྗེས་དྲན་གྱི་དད་པ་གཏིང་ནས་བསྐྱེད། ཉམས་ལེན་ལ་སྙིང་རུས་དང་། རྒྱུ་འབྲས་ལ་ངན་སོང་གི་བསྐུལ་བས་རྟོག་དཔྱོད་ཞིབ་ཏུ་བྱེད། བླ་མར་མི་ཕྱེད་པའི་དད་པས་གསོལ་བ་འདེབས་ཤིང་མཐར་རང་སེམས་དང་བསྲེ་བ་སོགས་བྱ། ཡང་ཆོས་འཆད་སྤེལ་སོགས་ཀྱི་ཚེ་ན་ཡང་གཏེར་ཆེན་དེ་ཉིད་དེས་སློབ་མའི་རྒྱུད་ལ་སིམ་པ་ཐོབ་པའི་སྒྲ་གསལ་ཞིང་དག་པ་མ་གཏོགས་ནོག་ནོག་ཏུ་བརྗོད་ན་རང་ལ་ཉེས་པ་མྱོང་དགོས་མདོ་སྔགས་ཐམས་ཅད་ནས་བཤད་མོད་ཅེས་གནང་ཞིང་། ཁྱེད་བཙུན་མ་རྣམས་རང་མགོ་འཐོན་ངེས་པའི་ཆོས་དང་མཐུན་པའི་བྱ་བ་ལས་འཆད་སྤེལ་དཀའ་མོད། འོན་ཀྱང་ཁྱེད་ཆེ་བཙན་གྱི་བཙུན་མ་རྣམས་རང་དོན་ཅུང་ཟད་ཟིན་ནས་འཆད་སྤེལ་ནུས་པ་བྱེད་དགོས། སྔར་འདི་འདྲ་ཞིག་གི་དབོན་མོ་ཡིན་འདུག་ཅེས་འགའ་རེ་འདུག་པ་ཐམས་ཅད་ཀྱིས་ཤེས་མོད། ད་ཁྱེད་རྣམས་ཀྱི་བསམ་པར་ཆོས་གཤའ་མ་བྱེད་པ་ལ་འཚོ་བས་ཕོངས་འདུག་སྙམ་ན། བསླབ་སྡོམ་དང་དམ་ཚིག་ལས་མ་འགལ་ཞིང་། རང་གི་བླ་མར་མོས་གུས་དང་། གདམས་ངག་ལ་ལྟེམས་ཀྱང་མེད་པར་ངེས་ཤེས་བསྐྱེད་ལ་བརྩོན་ན་སྔོན་གྱི་ལས་སྒྲིབ་དག་ཕྱིན་འདོད་ཡོན་ལྟ་བུའི་མགོ་སྐོར་དུ་ལས་ཀྱིས་འབྱུང་ཞིང་། ཁྱད་པར་གཏེར་ཆེན་དེ་ཉིད་ཀྱིས་ངའི་གཏེར་ཆོས་ལ་བརྩོན་ན་འཚོ་བའི་ཕོངས་དོགས་མི་དགོས་ཞེས་གནང་བས།

དེས་ན་འཚོ་བ་བྱུང་བསྟུན་རང་ཚོད་ཟིན་པའི་རྒྱུ་འབྲས་རྗེས་དྲན་གྱིས་དཀོན་མཆོག་མཆོད་ཅིང་། ངན་སློང་སྦྱིན་པ་ལ་ཐམས་ཅད་ཀྱིས་བརྩོན་དགོས། ད་ཁྱེད་ཚང་མས་འཆི་བ་རྗེས་དྲན་དང་། འཇིག་རྟེན་ངན་སོང་གསུམ་གྱི་སྡུག་བསྔལ་བཀའ་བསྟན་མན་ངག་རྣམས་སུ་བཤད་པ་བདེན་ངེས་ཀྱིས་སེམས་ལ་བཞག་པའི་ཧུར་ཐག་བྱེད་དགོས། ཞེས་བསྩལ་ནས་རྗེ་བླ་མ་བཅད་རྒྱར་བཞུགས། དེ་གདོང་མཇལ་ཕྱག་ཏུ་ཕྱིན་པར་བཀའ་ལས། ད་ཁྱོད་འགྱུར་མེད་འོད་གསལ་འདི་གར་སྡོད་དམ་ཅི་བྱེད་རྒྱུ་ཡིན་ཕེབས་པར། དེར་བདག་གིས་རྗེ་ཉིད་ཞབས་པད་བརྟན་རིང་གང་དུའང་མི་འགྲོ་ཞེས་ཞུས་ཏེ། ཁོ་བོས་གཏེར་གསར་ཨ་ཏིའི་རིག་པའི་རྩལ་དབང་འདི་ལ་ལྷན་ཐབས་ཤིག་མེད་ན་བསྐུར་ཐུབ་པ་མི་འདུག་ཅེས་ཞུས་པར། བཀའ་ལས་ཕྱག་ལེན་ཞིབ་ཏུ་ཁྲིད་ནས་ཤེས་ཡོང་བ་ཕེབས། དེར་བདག་གི་ཕྱག་ལེན་དང་རྗེ་ཉིད་ཀྱི་ཐུགས་རྗེས་ཤེས་པ་འདུག་སྟེ། གཏེར་གཞུང་ནས་མི་ཐོན་པའི་ཞལ་ཤེས་མཚམས་སྦྱོར་གྱི་ཚིག་དོན་རྣམས་ཁ་ནས་ར་ཐོན་ལུག་ཐོན་བྱེད་ན་མ་གཏོགས་ཤེས་པ་མི་འདུག་ལགས་ཞེས་ཞུས་པར། དེར་བཞད་མོ་མང་དུ་བཞེས་རྗེས་འོ་ན་ད་རེས་མཚམས་ཁོངས་འདིར་བརྩམས་ཀྱི། ཁྱོད་རང་གྲྭ་ནས་བསོད་སྙོམས་གྲུབ་བསྟུན་དཔེ་ཐོག་ཏུ་ཕབ་ཆོག་པ་བྱེད་བཀའ་ཕེབས་ཏེ། དེ་ནས་སྐུ་བཅད་རྒྱར་བཞུགས་པའི་སྒྲུབ་སྡེ་འཆི་མེད་བཀོད་སོགས་ལའང་། སྐུ་ཚེའི་སྨད་འདིར་ཆེར་མ་ཕེབས་པ་ཡིན་ནོ། །

མེ་ཕག་ཧོར་ཟླ་བཞི་བའི་ཚེས་མགོར་བཅད་རྒྱ་གྲོལ་བའི་ཚེས་བརྒྱད་ནས་བཟུང་དོ་ནང་པད་གླིང་སྤྲུལ་སྐུ་དཔོན་གཡོག་གསུམ། སྨིན་གླིང་གྲྭ་གཙང་འདུས་གྲངས། སྨན་བརྗིད་དང་སོག་ཕུ་བསམ་གཏན་ཆོས་གླིང་གི་བཙུན་མ་མང་པོ། དབུས་གཙང་གི་ཞལ་སློབ་བྱ་བཏང་སོགས་འདུས་པ་བརྒྱ་དང་ཞེ་འདུན་སྐོར་ལ་ཐུགས་ཐིག་གི་ཟབ་ཁྲིད་སྨིན་པར་བསྩལ། འདི་སྐབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་བསྐྱེད་ཡུམ་ཤེལ་དཀར་རྡོ་རྗེའི་སྤྲུལ་པ་ལྷ་འཛིན་དབྱངས་ཅན་སྒྲོན་མའི་ཡང་སྲིད་ལྕམ་འཛམ་གླིང་དཔལ་འཛིན་གྱི་རིགས་སྲས་མོ་ལགས་ཀྱིས་ལེགས་གླིང་སྦུ་ག་བས་འཐུས་མིན་ཅུང་ཟད་ལ་ཚ་ནན་གྱི་ཙ་ར་དྲག་པོའི་ཁྲིམས་གཅོད་ལ། དེར་རྗེ་ཉིད་ནས་ཁོང་རང་འབོད་པ་གནང་བའི་ཞུ་གསོལ་གྱི་བར་གཟུ་མཛད་པར་མི་ཉན་པའི་དབུ་ཚུགས་ལ། རྗེ་ཉིད་སྐུ་རླུང་བཞེངས་པའི་བཀའ་ལས། ངས་སྔར་བོད་ཀྱི་དཔོན་ཆེན་རྣམས་ལ་བདེན་གསོལ་གྱི་ཞུ་གསོལ་ཞུས་པར་དང་བླངས་ཀྱི་གསན་པ་ལ། ད་ཁྱོད་ཙམ་གྱིས་མི་ཉན་ན་ང་རང་གཉིས་ད་ནས་བཟུང་ང་ཁྱོད་ཚ་མོ་ཡིན་བསམ་པ་དང་། ཁྱོད་རང་སྲུ་མོ་ཡིན་བསམ་པ་བྱེད་རིགས་དུས་དེ་རིང་ནས་རྩ་གསུམ་ལྷ་ཚོགས་སྤང་ཞེས་དབུ་སྙུང་བཞེས་ཤིང་། དེར་ཅུང་ཟད་སྐུ་གཏོན་པའི་ཞག་བཅུ་སྐོར་ཙམ་ཁྲིད་བཀའ་འཆད་པར། ཞལ་སློབ་རྣམས་ཁོང་རང་ལ་ཞབས་བརྟན་ཐོལ་བྱུང་དུ་མ་མཛད་ཅིང་། དེའི་སྐྱོན་ལས་ཁོང་རང་སྟེང་ཞལ་མི་རིང་བར་འདས་མོད། རྡོ་རྗེ་མཚོའི་སྤྲུལ་པ་ཡིན་ཚུལ་ཡང་ལྕམ་དེ་ཉིད་གཤེགས་དུས་སྐུ་གདུང་ཤེལ་བྲག་དུར་ཁྲོད་དུ་གདན་དྲངས་པའི་ཕུང་པོ་ཚོགས་མཆོད་ཁྲོས་ནག་གི་སྒོ་ནས་མཛད་པའི་གསུངས་ཆོག་པའི་གྲལ་འབྲས་པ་དགེ་སློང་བཟང་པོ་ཕྱི་འཁོར་གྲུབ་བསྟུན་བདག་ཉིད་རྗེ་བླ་མ་དམ་པའི་མཇལ་ཕྱག་ཏུ་ཕྱིན་དུས་བཀའ་ལས། ཁྱོད་རང་ད་རེས་སྐལ་བ་བཟང་པོ་བྱུང་སོང་།

བུ་མོ་དཔལ་འཛིན་དེ་ཁ་ཐོལ་ཐོལ་ལབ་དུས། གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ་གཏེར་ཆེན་དེ་ཉིད་དེས་མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད་པའི་བུ་མོ་འདི་ཨ་མ་དེ་ཉིད་དེའི་ཡང་སྲིད་འཁྲུལ་མེད་ཡིན་ཞེས་ཡུམ་དེ་ཉིད་ཀྱི་གསེར་གྱི་སོར་གདུབ་ཅིག་བསྩལ་སོང་བས་ཕྱིས་མོ་རང་ལ་མ་ལེན་པར་ཡོད་ཅེས་གནང་། གང་ལྟར་ཡང་དེར་དབང་གི་དུས་འདུས་པ་མང་པོ་དང་། གནས་སྐབས་གདུལ་བྱའི་ལྟར་སྣང་དུ་ཅུང་ཟད་སྐུ་ན་སྨིན་སྟབས་དབང་ཉིན་གཉིས་འདས་ཏེ་མཛད་པས་སྐུ་ངལ་ཡང་བར་མཚམས་མེད་པར་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་ཞིང་། གང་ཟག་སོ་སོ་ལ་དཔག་ཚོད་ཀྱི་ཞལ་ཏ་ཞིབ་པར་བསྩལ་ཞིང་། ཁྱད་པར་རྒྱུད་ཐོག་ཏུ་མ་ཁེལ་བའི་ཆོས་ནི་ཀུན་མཁྱེན་ཆེན་པོས་རྡོ་རྗེའི་ཕུང་བོ་ལ་ཆོས་བཤད་པ་དང་མཚུངས་ཞེས་གསུངས་ཡོད། སྐུ་ཞབས་གཏེར་ཆེན་དེ་ཉིད་དེས་སྐྲ་བྲེགས་ཚད་སངས་རྒྱ་ན་སོག་པོ་ཐམས་ཅད་སངས་རྒྱ་མོད། གོས་དམར་པོ་གྱོན་ཚད་སངས་རྒྱ་ན་སྤྲང་པོ་ཐམས་ཅད་སངས་རྒྱ་ཞིང་། ཆོས་ཟབ་པ་མང་པོ་ཐོབ་ཀྱང་ཉམས་ལེན་མཐར་འཁྱོལ་མ་བྱས་ན་གནས་སྐབས་ལྟར་སྣང་གི་སྐལ་བ་བཟང་བ་ཙམ་ལས། མཐར་ཐུག་གི་འབྲས་བུ་མི་འབྱུང་བ་ཟོ་ཁོག་ལ་ཐིག་པ་བརྒྱབ་ཀྱང་ཐོབ་ཐོབ་ཟེར་ཡོང་ཞེས་གནང་བས་ཐམས་ཅད་ཀྱིས་ནན་ཏན་བྱེད་དགོས་ཕེབས། འདི་དུས་གྲ་ནང་གུང་སྐུ་ཞབས་དཔོན་གཡོག་ཉིས་བརྒྱ་ལྷག་བརྒལ་བ་ལ་ཚེ་དབང་དང་དམ་རྫས་ཀྱི་སྦྱིན་པས་ཚིམས་པར་མཛད་ཅིང་། རྗེའི་སྐུ་ཚ་མོ་ཨེ་སྒང་ཐོག་ཏུ་ཕེབས་པས་འདི་ལ་ཞབས་པད་དུ་བཅར་ཏེ་ཕྱིར་ཕེབས་སྐབས་བླང་དོར་གྱི་ཞལ་ཁོས་ཞིབ་པར་བསྩལ་པའི་ད་ཕྱིས་འཕྲད་པ་ཞིག་དཀའ་བས་སེམས་ལ་ཞོག་བསྩལ།

འདི་སྐབས་རྣམ་ཐར་འདིའི་ས་བོན་བདག་ལ་བསྩལ་དུས་ཀྱི་ཞབས་པད་དུ་ཕལ་ཆེར་གནས་ཤིང་དཔེར་མ་འཁོད་ཀྱང་ཡིད་བཅགས་བྱེད་པའི་སྐབས་སུ་ཡོད། འདི་ལོ་སྒྲུབ་སྡེ་འཆི་མེད་བཀོད་བླ་བྲང་གཞུང་དུ་རྩིས་འབུལ་གནང་བཞིན་ཟླ་བ་བཞི་བའི་ཆུ་བོ་རིའི་དབང་མོ་ཆེའང་ཁྲི་རིན་པོ་ཆེ་འགྱུར་མེད་པདྨ་བསྟན་འཛིན་གྱིས་མཛད། རྗེས་དཔོན་གཡོག་ཕྱིར་འཁོར་གྲུབ་བསྟུན་ཞབས་བརྟན་རྒྱས་པར་བསྩལ་པའི་བཅད་རྒྱར་བཞུགས་ས་བྱི་ཧོར་ཟླ་གཉིས་པའི་ཡབ་རྗེ་འགྲོ་འདུལ་གཏེར་བདག་གླིང་པའི་དུས་མཆོད་མྱང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་བོད་ཡུལ་གངས་རིའི་ལྗོངས་འདིར་གཞན་དུ་མ་གྲགས་པའི་ཕྱག་བཞེས་ཁྱད་འཕགས་གཏེར་བྱང་དུ་དཔལ་ཨོ་རྒྱན་གུ་རུའི་ལུང་གི་བསྟན་པ་གདམས་པ་འདི་སྐོར་ལ་རྨད་བྱུང་སྲོག་རྩ་འཛིན་པར་གྱུར་པའི་གསང་བདག་རྡོ་རྗེ་ཆོས་མི་གཟུགས་སུ་བསྟན་པའི་དུས་ཀྱི་མཆོད་པ་འདི་ཉིད་སྔར་ནས་ལན་མང་ཙམ་གསོར་བ་གནང་ཡང་འདི་ལོའང་རིགས་སྲས་རྗེ་བླ་མ་བདེ་ཆེན་ཌཱཀྐིའི་གཙོ་མོ་ཉིད་ཀྱིས་འགན་བཞེས་གནང་བའི་ཞབས་ཏོག་དང་འབུལ་ཡོན་གྱ་ནོམ་པའི་སྟ་གོན་དང་དངོས་གཞིའི་ཉིན་ཚོགས་སུ་ཕེབས་པའི་ཕྱག་འགྱེད་འབུལ་བ་སྦྱོར་འཇགས་རྒྱས་པར་བསྩལ། དེ་རྗེས་ཀླུ་སྡིངས་སུ་བླ་གྲྭ་ཚང་མས་ལེགས་གསོའི་མགུལ་དར་དང་། དེ་མཚུངས་མི་སེར་དང་དགོན་མ་ལག་ཞལ་སློབ་དང་བཅས་པས་ཕུལ། དེའི་སང་ཉིན་མགུལ་དར་འབུལ་མི་རྣམས་ལ་ཞབས་ཏོག་རྒྱས་པར་བསྩལ་ནས་བཅད་རྒྱར་བཞུགས། ས་བྱི་ཟླ་བ་གསུམ་པའི་ཚེས་ཉེར་གསུམ་ལ་བཅད་རྒྱ་གྲོལ་པའི་ཉེར་བརྒྱད་ནས་དོ་ནང་སྤྲུལ་སྐུ་པདྨ་དབང་རྒྱལ་དཔོན་གཡོག་སྨིན་གླིང་གྲྭ་གཙང་འདུས་གྲངས།

རོང་པ་རྫོགས་ཆེན་པ་སོགས་འདུས་པ་བཞི་བརྒྱར་ཉེ་བ་ལ། ཐུགས་ཐིག་ཨ་དོན་མཁའ་འགྲོ་སྙིང་ཐིག་དང་བཅས་པའི་དབང་ཁྲིད་སྨིན་པར་བསྩལ་ཞིང་། བདག་ལ་ཁྲིད་སྐྱོར་དང་ཁྱད་པར་སེམས་ཚོལ་ལ་རྒྱུ་གང་ང་བྱེད་དགོས་ཕེབས། བཀའ་ཁྲིད་རྫོགས་རྗེས་པད་སྤྲུལ་དཔོན་གཡོག་དང་གྲོང་སྙིང་སྨིན་གྲོལ་སོགས་ལ་ཡང་སྙིང་ཀུན་འདུས་ཀྱི་ཚེ་ཁྲིད་བསྩལ་རྗེས་བཀའ་ལས། པད་སྤྲུལ་ཉིད་ལྔ་ཐོག་ཆུང་དུས་ཆུ་བོ་རིར་ཡབ་སོགས་ཞལ་ངོ་རྣམས་ཕེབས་དུས་བདག་གི་རྡོར་དྲིལ་འཁྲོལ་བ་སོགས་བག་ཆགས་བཟང་ཞིང་བདག་ལ་དགྱེས་ཉམས་ཀྱི་གཡས་གཡོན་ཐད་ཀྱི་གཟན་བཟུང་བ་སོགས་ཕྱིས་བསམ་ཚེ་བདག་གིས་རྗེས་སུ་བཟུང་དོགས་པར་འདུག་སོགས་བཀའ་ལྷུག་པར་བསྩལ། ཟླ་བ་ལྔ་བའི་ཟླ་སྨད་ལ་ཁྲིད་བཀའ་རྫོགས་རྗེས་བཅད་རྒྱར་བཞུགས་པའི་བར་གསེང་དུ་བདག་གིས་གར་དབང་ཚེ་དཔག་མེད་ཀྱི་ནང་དང་ཁྱད་པར་གསང་སྒྲུབ་ལས་རྒྱར་བརྟེན་པ་ཡིན་ཀྱང་ཡིད་རྒྱར་བརྟེན་པའི་ཕྱག་ལེན་ཡོད་དམ་ཞེས་ཞུས་པས་བཀའ་ལས། ཡོད་གྲགས་ད་ལམ་ཁྱོད་ཀྱི་ཞུ་བ་དེ་ལེགས་པོ་བྱུང་གཞན་ལས་འགྲོ་བའི་ཆོས་རྒྱུན་ནུབ་འགྲོ་མོད། ཁྱོད་ཀྱི་གྲོང་སྙིང་ཨེམ་ཇི་སྨོན་གྲོལ་བོས་ཤོག །ཁྱེད་རང་གཉིས་ལ་ཁྲིད་པ་ཡིན་གསུངས། ནང་གསང་གི་གདམས་པ་ཞིབ་པར་བསྩལ། དེ་རྗེས་བདག་ལ་ད་ཚར་ཅིག་སྐྱོར་དང་བསྩལ། སྐྱོར་བས་དེ་ག་ཡིན་པ་འདུག་གཏེར་ཆེན་རྗེས་གདམས་པ་ཡིག་ཐོག་ཏུ་མི་འབེབས་པ་ཡིན་ཏེ། ནམ་ཞིག་ནུབ་པའང་འཚོལ་དགོས་དེས་ན་ཁྱོད་རང་གི་ཚེའི་མཐར་ཐུག་པ་ན་དད་ཅན་གྱི་སློབ་བུ་བྱ་བཏང་ཞིག་འོང་བས་དེར་སྤྲོད་ལ་ཟིན་ཐོར་ཕབ་རྒྱུ་ཕྱུག་གནང་བས་ད་རེས་ཟིན་བྲིས་བྱས་པ་འདིར་ཁྱེར་ཤོག་བསྩལ། ཟིན་བྲིས་བྱས་པ་སྤྱན་ལམ་དུ་བསྟར་བས་ཞུས་དག་མཛད་ཅིང་བཀའ་མཆན་ཡང་བསྩལ།

དེའི་དུས་འགྱུར་དབང་དང་དགེ་སློང་བཀྲས་དབང་གཉིས་ལ་ཆོས་རྒྱུན་ལ་ཕན་པའི་ང་ལ་བུ་ཉི་ཟླ་ལྟ་བུ་གཉིས་ཡོད། ཉི་མ་ལྟ་བུ་དེ་མུ་ཏོའི་ཆས་ཅན་ཤེས་རབ་མེ་ལྕེ་ལྟ་བུ་དང་། ཟླ་བ་ལྟ་བུ་དེ་རབ་བྱུང་ཞིག་ཅེས་སྐུ་རྩེད་ལྟ་བུ་གནང་ཞིང་། ཁྱད་པར་ཕྱི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་མགོ་བར་བཅད་རྒྱར་བཞུགས་ཤིང་། བཅད་རྒྱ་གྲོལ་རྗེས་མེ་རག་པདྨ་འཕྲིན་ལས་དབང་ཕྱུག་གི་ཡང་སྲིད་ངག་དབང་བློ་བཟང་བསྟན་འཛིན་དཔོན་གཡོག་རྣམས་ལ་མཇལ་ཁ་དང་བདེ་ཆེན་འདུས་ཀྱི་ཟབ་ཁྲིད་སྨིན་པར་བསྩལ། ཆོས་བཀའ་ལྷག་ལུས་པའི་རྡོར་སེམས། ཐུགས་ཐིག་ཨ་དོན་སོགས་ཀྱི་ཁྲིད། དྲག་པོ་སྡེ་ལྔ། གཏེར་གསར་སྔགས་སྲུང་མ། གཏེར་གསར་ལྷ་ཆེན་རྣམས་ཀྱི་རྗེས་གནང་། ལུང་ཁ་འཐོར་སྣ་ཚོགས་བཅས་འབུལ་བར་ཁོང་དཔོན་གཡོག་ལྷ་སར་བསྟབས་ཤུར་ཕེབས་དགོས་པ་བདག་རྫོང་བདའ་གནང་། དེ་ནས་བདག་སོགས་རྣམས་ཀྱི་འཕེན་པ་ཟད་པའི་ཚུལ་ནི། ས་གླང་ཟླ་བ་དང་པོའི་ཚེས་གཅིག་གི་ཐོ་རེངས་ཆར་བདག་གིས་རྗེ་བླ་མ་དམ་པའི་ཞབས་དྲུང་དུ་ལེགས་སོའི་མགུལ་དར་འབུལ་ཕྱིར་ཚུར་ལམ་གཏེར་བདག་གི་སྐུ་མཁར་སར་ནམ་སེང་ལ་ཐུགས་དུས་བྱོ་བོ་ལ་ཉག་ནས་དེའི་བར་གྱི་ཕན་ཚུན་ཡན་ཁ་བ་མིན་པའི་ན་བུན་ལྟ་བུའི་ས་ལི་སི་ལི་ཞིག་གིས་དགོན་པ་ཁེངས་ཤིང་། འབྲས་བུ་ལ་རྫས་འོག་གི་རི་ཉི་ཤར་ཙམ་གླང་སྐད་ལྟ་བུའི་སྒྲ་ཆེ་བ་དང་། བདེ་ཆེན་གླིང་ཆིབས་རི་ནང་དུ་གླ་བ་ཡོང་ཞིང་། ཐོ་རེངས་སྐར་མ་འཇུག་ཕོད་ཅན་ཐགས་བཤད་དོ་ཙམ་ཤར་ཞིང་། ཕོ་རོག་གཤོག་པ་སྒྲོ་དཀར་གྱིས་བརྒྱན་པའི་འདི་ལོ་བསྟར་ཆགས་སྡོད་པ་སོགས་པྲ་ལྟས་ངན་ཞིང་།

དེར་མ་ཟད་བདག་ཙམ་ལ་ངེས་པ་དཀའ་ཡང་དེ་གོང་ས་བྱི་ལོར་ནད་ཀྱིས་ལྕི་བའི་དུས་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ཀྱི་ཆའི་རྨི་ལམ་དུ་མཁའ་སྤྱོད་བདེ་ཆེན་གླིང་གི་གསོལ་ཐབ་ཀྱི་གསང་སྒོའི་ཕྱིར་རང་འདུག་པར་རྗེ་ཉིད་ཕྱིར་ཕེབས་པའི་ཞབས་ཕྱིར་རྣམ་རྒྱལ་ཆོས་སྐྱིད་འདུག་པ། དེ་མ་ཐག་ཐུར་དུ་ཕེབས་སོང་བའི་དགོན་གཤམ་གཙང་པོ་ལྟ་བུའི་ཆུས་ཁེངས་འདུག་པར། དེར་རང་གི་བསམ་པར། ད་བླ་མ་སྐུ་ན་སྨིན་པོ་འདིར་ཞབས་ཕྱི་གཅིག་ལས་མེད་པ་འདི་མི་བྱུང་བ་འདུག་པས་ང་རང་ཞབས་ཕྱིར་འགྲོ་སྙམ་པ་ན། དེ་མ་ཐག་པར་རྗེ་ཉིད་བར་སྣང་ལ་ཡོར་གྱིས་གཤེགས་སོང་བའི་བྲག་པོ་ཆེ་ནས་བསམ་རྩེའི་བར་བར་སྣང་འཇའ་འོད་ཁ་དོག་ལྔ་ལྡན་སྣམ་བུ་བརྐྱངས་པ་ལྟར་ལྟ་ལེ་འདུག་པའི་སྟེང་རྗེ་ཉིད་ཞལ་ཁྱིམ་སྔར་གྱི་སྐུ་དར་མའི་དུས་བཞིན་མཚར་སྡུག་དང་ལྡན་པའི་སྐུ་གཅེར་བུ་དར་དམར་གྱི་ཨང་རག་དང་། རུས་པའི་རྒྱན་ཅན་དབུ་སྐྲ་གནག་སྣུམ་སྐུ་རྒྱབ་ཏུ་སིལ་བུར་འཆང་ཞིང་སེང་གེ་དཀར་མོ་ཞིག་ལ་ཆིབས། ཕྱག་གཡས་སྡིགས་མཛུབ་ནམ་མཁའ་དང་། གཡོན་བདག་ལ་ཐུར་དུ་བརྐྱངས་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་དེ་ཞལ་ཕྱིར་ལོག་གིས་གཟིགས་ཤིང་གསུངས་དྭངས་ཤིང་སྙན་པས་འདི་སྐད་དོ། །

མ་བཅོས་སེམས་ཉིད་ཐོག་མ་མཐའ་བྲལ་ཞིང་། །རང་སེམས་དོན་གྱི་རྡོ་རྗེ་སེམས་དཔའི་ཞལ། །མངོན་སུམ་རང་ཞལ་མཇལ་ནས་འཁོར་བའི་ཆོས། །ཡོད་སྣང་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་ཤིང་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་ཡེར་གྱིས་གཤེགས་པའི་སྐྱོ་ངལ་གྱི་མཆི་མ་ཤོར་བའི་ངང་ལ་གཉིད་སད་ཅིང་། འདི་ལས་ན་རྗེ་བླ་མ་དམ་པ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སྐུ་དངོས་ཡིན་པར་བསྟན་པས་རྫུ་འཕྲུལ་ལ་མངའ་བརྙེས་པས་རྣམ་པ་གཟུགས་སྐུར་བཞུགས་པ་ཙམ་ལས་ངོ་བོ་ཡེ་ཤེས་པ་བདེ་ཆེན་དག་པའི་ཞིང་ཁམས་སུ་གཤེགས་པ་ཡིན་ནམ་སྙམ་སྟེ་རྗེས་སུ་གོ །ཡང་ནུབ་གཅིག་ཉི་མ་ཤར་བའི་ཉིན་གུང་ཙམ་ན་ཤོར་པོ་ལུང་གི་ཐད་ཀྱི་ནམ་མཁའི་གོང་དུ་ཉི་མ་ནམ་མཁའ་ལ་ཐིམ་པའི་ས་རུབ་པ་སོགས་རྨི་ལྟས་ཀྱང་ངན་ནོ། །

འདི་སྐབས་གནམ་ལོ་གསར་ཚེས་ཀྱི་ཉིན་གཟིམས་དཔོན་འགྱུར་གཡང་གི་ཚ་མོའི་དཔོན་པོ་བྱ་རྒྱུད་དགོན་པར་སྡོད་མ་བདེ་བའི་བརྟགས་པ་ཞུས་པའི་རིམ་གྲོར་ཞི་བའི་སྦྱིན་སྲེག་དང་ལན་ཆགས་གཏོར་མ་གཏོང་བར་བདག་རྫོངས་རྟ་བསྩལ་བའི་ཕྱི་ཉིན་ཆུ་གཏོར་གཏོང་སྐབས་ཁ་ཤིན་ཏུ་སྐོམ་པར་ཆང་བཏུང་པའི་ཡར་ལམ་དད་ཅན་རྣམས་ཀྱི་སྦྱིན་པའི་བལ་ཊམ་གསུམ་ཡོད་པ་རྗེར་འབུལ་དུ་ཡོང་བའི་མུན་སེང་དུས་བཞེས་ཐུག་མཆོད་དུས་བདག་སྐུ་མདུན་དུ་ཡོད་པར་གང་སྤྱིའི་སློབ་དོན་དང་། ཁྱོད་ཀྱིས་དེ་རིང་ཆུ་གཏོར་གཏོང་སྐབས་ཆང་བཏུང་སོང་བ། ནང་རྟགས་ཀྱིས་ཆུན་པའི་གང་ཟག་ལ་ལྟོས་པ་ཆེར་མེད་ཀྱང་། ཕྱིས་ཁྱོད་རང་གི་སློབ་མ་རྣམས་ངན་ལམ་དུ་འགྲོ་བས་ཚུལ་དེ་འདྲ་ད་ནས་མ་བྱེད་གསུངས་པས། དེས་ན་འཁོར་འདས་སྒྲིབ་མེད་ས་ལེར་གཟིགས་པའི་བཀའ་ལུང་ཐོག་བབས་སུ་ཕེབས་པ་ཡང་མང་ངོ་། །

ཡང་ཉིན་གཅིག་སྐུ་མདུན་དུ་འགྱུར་གཡང་དང་དགེ་སློང་བཀྲས་དབང་། ཨེམ་ཇི་ཡར་འཕེལ། བདག་བཅས་ཡོད་པར། དེར་བདག་ལ་ངེད་ཀྱི་ཁྲིད་གཉེར་དུ་བསྐོ་བཞག་བྱས་སྟབས་སླར་དོགས་གཅོད་བྱེད་མི་བྱུང་ན་ལྗགས་ལ་དཔའ་ལྕོག་བརྒྱབ་ཡོང་། ད་དུང་དོགས་གཅོད་བྱེད་རྒྱུ་འདུག་ན་གྱིས། གཞན་མ་ད་རྫོགས་པ་ཆེན་པོའི་བསྟན་པ་འདི་རྒན་མོ་ང་འདས་པའི་རྗེས་ཇེ་ཞན་དུ་སོང་སྟེ་རླུང་ནང་གི་མར་མེ་བཞིན་འགྲོ་ཡོང་ཕེབས་པར། དེར་བདག་གིས་དེ་འདྲ་མི་དྲན་པ་འདུག་སྐུ་ན་སྨིན་སྟབས་ཞབས་པད་བརྟན་པར་དཀའ་ཡང་ལོ་ཤས་གཅིག་རིང་ཞབས་པད་བརྟན་དགོས། དེ་མིན་སྐུ་སྐྱེ་འདིར་རེ་ཞིག་རྫོགས་པར་ལུང་ལས་བསྟན་ཀྱང་བསྟན་འགྲོ་སྤྱི་དང་ཁྱད་པར་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་དང་བདག་སོགས་གདུལ་བྱའི་བུ་སློབ་རྣམས་ལ་གཟིགས་པའི་སྐུ་སྐྱེ་ཚར་གཅིག་ཅིས་ཀྱང་ཕེབས་དགོས་ཞེས་ནན་གྱིས་ཞུས་པས་དེར་འཁོར་ཐམས་ཅད་ཀྱིས་ཀྱང་ཞུས་སོང་བར། དར་ཅིག་ཅི་ཡང་མི་གསུང་པར་བཞུགས། དེ་ནས་དར་རྒྱས་ཆོས་སྡིངས་པའི་བླ་རབས་ནས་ང་ལས་ཚེ་རིང་བ་མེད། ད་ནི་བཙུན་མ་རྒན་མོའི་བྱེད་ལུགས་དེ་ཙམ་ཡིན། དེ་སྔར་རྒྱ་བོད་གཉིས་སུ་ཕལ་ཆེར་བུད་མེད་ཀྱི་སྐྱེ་བ་རྐྱང་བར་ལེན་དགོས་བྱུང་བ་ལ། རེ་ཞིག་སྐྱེ་རྒྱུན་འདིས་ཆོད་པ་ཡིན་ཀྱང་། སྐྱེ་བ་འདིའི་འོག་ཏུ་རྟེན་དགེ་སློང་ཞིག་གི་སྐྱེ་བ་ལེན། དེ་ཡང་སྔར་དགེ་བའི་བཤེས་གཉེན་མཚན་ལྡན་ཞིག་ལ་གཏུགས་ཏེ་ངེས་གསང་བསྟན་པའི་སྙིང་པོ་འདི་ལ་ལག་རྗེས་འཇོག་ཐུབ་པ་ཞིག་སླེབས་ཡོང་། འཕྲལ་དུ་ཡོང་བའི་ངེས་པ་མེད། དེ་དུས་ང་རང་རྣམས་འཛོམས་ཡོང་གསུངས།

དེ་ཡང་ཟླ་བ་གསུམ་པའི་བར་བཅད་རྒྱར་བཞུགས་པའི་བཅད་རྒྱ་གྲོལ་རྗེས་གྲ་ཕྱི་ནང་གི་དགོན་ཚང་མ་དང་། མོན་མཁར་གྱི་དགོན་བཅས་པར་སེར་ཚོགས་རྒྱས་པ་དང་། དེ་ཞོར་དྭགས་པོ་གྲྭ་ཚང་ལའང་ཞབས་ཏོག་རྒྱས་པར་བསྩལ། དེ་དུས་རྗེ་ཉིད་ངོས་ཀྱི་ཞབས་སྐྱེད་པའི་ཨོ་རྒྱན་སྨིན་གྲོལ་གླིང་གི་གནས་རྟེན་རྣམས་ལ་མཆོད་འབུལ་སྙན་ཤལ་བཅས་བསྟན་འགྲོ་སྤྱི་དང་ཁྱད་པར་རྡོ་རྗེ་སྙིང་པོའི་འདུས་སྡེ་འདིའི་དེར་འཛིན་བཅས་པར་ཐུགས་སྨོན་ལམ་རྣམ་དག་དང་། གཙུག་ལག་ཁང་གི་རྟེན་གཙོ་བོ་ཐུབ་དབང་དྲུང་དུ་རྗེ་ཉིད་ལ་དད་ཅན་དབུ་མཛད་སྙིང་པོ་སོགས་གྲྭ་བགྲེས་པ་འགའ་དང་བཅས་མཆོད་འབུལ་མཛད་དུས་བཀའ་ལས། ད་ངེད་ན་མཐོ་ཞིང་རྟེན་འདིར་འགྲོ་དོན་འབྱུང་བར་དཀའ་བས། དེས་ན་རྟེན་འདིའི་འོག་ཏུ་དམན་པ་མིན་པའི་ཕོ་ལུས་ཀྱི་རྟེན་ལས་བསྙེན་པར་རྫོགས་ཏེ། རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་ངེས་གསང་རྡོ་རྗེ་སྙིང་པོའི་བསྟན་པ་ལ་ལག་རྗེས་མི་དམན་ཙམ་འཇོག་ནུས་པ་ཡོང་བའི་ཐུགས་སྨོན་གནང་དགོས་ཞེས་གདུལ་བྱ་ཕྱི་མར་དགོངས་པའི་བཀའ་བསྩལ་ཏེ་གནས་གཟིགས་ལྷ་ཁང་ཐམས་ཅད་མཇལ་ཟིན་རྗེས། རྣམ་གྲོལ་ཡང་རྩེར་ཞག་གསུམ་གྱི་བར་བཞུགས་ནས་ཞལ་ངོ་རྣམས་ལ་ཕྱི་མཐའ་གཟིགས་པའི་ཞལ་ཆེམས་ཞིབ་པར་བསྩལ་ཏེ། བདེ་ཆེན་གླིང་དུ་ཆིབས་བསྒྱུར་ཕེབས་ལམ་སར་སྤྲུལ་སྐུ་དོན་གྲུབ་ཀྱི་ནང་གསར་བཟོ་བྱས་པར་མིང་ཞུས་པ་དཔལ་འབྱོར་བདེ་ལྡན་བསྩལ་ཞིང་ལྷུན་གྲུབ་སྒང་དཀྱིལ་དུ་ལེགས་གླིང་ཆོས་དྲུང་གིས་སྤྱན་འདྲེན་ཞུས་པར་རེ་འདོད་སྐོང་བར་མཛད་དེ་རང་གནས་སུ་ཕེབས་ཏེ་བཅད་རྒྱར་བཞུགས། དེ་ཡང་སྤྱིར་ས་གླང་ལོ་ཤར་བ་ནས་བརྩམས་ཐམས་ཅད་ལ་ཕྱི་མཐའ་གཟིགས་པའི་ཞལ་ཆེམས་དང་། སྤྱན་རྟེན་ལྟུང་བཤགས་ཀྱི་ཐང་སྐུ་གསར་བཞེངས་གནང་བའི་རྒྱབ་བྱང་གནང་དུས་ད་རེས་རྫོགས་པའི་སངས་རྒྱས་ཀྱི་གསོ་སྦྱོང་སྐབས་ཀྱི་གསུང་དེ་བྱིན་རླབས་ཁྱད་བྲིས་དགོས་གསུངས་ཤིང་། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་གནང་ཞིང་རབ་ཏུ་གནས་པར་མཛད།

དེ་ཞོར་ཁོ་བོའི་རྗེའི་སྐུ་ཐང་ལ་ཡང་དེ་བཞིན་དུ་བསྩལ། དེ་ཡང་འདི་ལོ་ནས་སྤྱིར་རྩ་ལོག་དང་སྐུ་རླུང་འཁྲེངས་པ་དང་སྤྱན་ལྟས་ལོག་པ་སོགས་ལ་ཆེད་དམིགས་ཀྱི་སྐུ་སྤོངས་ཐག་གི་སེར་ཚོགས་ལན་གཉིས་བསྟུད་མར་མཛད་ཅིང་གཟིམས་ཆུང་སྦུག་སྒོ་སྔར་མེད་གསར་འདོན་དང་། དེ་ཡང་ས་གླང་དགུང་ལོ་དོན་གཅིག་བཞེས་པ་ཟླ་བ་བཞི་པའི་ཟླ་འགོར་བཅད་རྒྱ་གྲོལ་བའི་གྲྭ་གཙང་འདུས་གྲངས། བསམ་རྩེ་སོག་ཕུ་བསམ་གཏན་ཆོས་གླིང་དང་། ཨར་དོག་དགོན་གསར་གྱི་བཙུན་མ། ཕྱོགས་མཐར་ངེས་མེད་ཀྱི་བྱ་བཏང་སོགས་བདག་སོགས་འདུས་པ་བརྒྱ་དང་དྲུག་ཅུ་སྐོར་ལ་ཨ་དོན་གྱི་ཟབ་ཁྲིད་རྒྱས་པར་བསྩལ། དེ་འདུས་གྲོལ་སྟོན་སྐབས་དོན་གདམས་པའི་ཞལ་ཆེམས་ཕྲ་ཞིབ་ཏུ་བསྩལ་རྗེས། ཁྱེད་རྣམས་ཀྱིས་ཆོས་དང་མཐུན་པའི་བྱ་བས་རང་གིས་རང་མི་བསླུ་བ་ཞིག་བྱེད་དགོས། སྤྱིར་བཟང་ངན་གྱི་རྣམ་འགྱུར་གང་བྱས་རྒྱལ་བས་སྒྲིབ་མེད་དུ་དབྱིངས་ནས་ས་ལེར་གཟིགས་མོད། དེས་ན་ཅུང་ཟད་འགལ་བྱར་གྱུར་ན་རང་གི་མ་བྱུང་བ་ཡིན་འདུག་སྙམ་དུ་དེ་མ་ཐག་བཤགས་ཤིང་སྡོམ་སེམས་དང་། ཡང་ཟས་སྐོམ་མཐུན་རྐྱེན་ཚོགས་པའི་ཚེ་ན་ཡང་བླ་མ་དང་དཀོན་མཆོག་གི་ཐུགས་རྗེ་ཡིན་སྙམ་དུ་མཆོད་སྦྱིན་གཏོང་ཞིང་། དགེ་སྦྱོར་གྱིས་འཆུན་པ་བྱེད། དབུལ་ཞིང་ཕོངས་པའམ་ན་ཚ་དང་སྡུག་བསྔལ་སོགས་ཀྱི་རྐྱེན་ངན་ཅི་བྱུང་ཡང་། ངའི་རྩ་བའི་བླ་མ་མཁྱེན་སྔོན་ལས་རྗེས་སུ་འབྲངས་པ་ལས་རྒྱུ་འབྲས་མི་བསླུ་བའི་བདེན་པ་ཡིན། ད་ཅི་བྱུང་ནའང་བླ་མ་དཀོན་མཆོག་མཁྱེན། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ་སྙམ་དུ་མཐར་དེ་ཐམས་ཅད་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་ཞོག་སོགས་བླང་དོར་ཞིབ་ཏུ་བསྩལ།

དེ་ནས་ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ནས་དོ་ནང་པད་གླིང་སྤྲུལ་སྐུ་སོགས་དོན་གཉེར་སྐལ་ལྡན་བརྒྱ་ཕྲག་ཙམ་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་མ་བུ་ཚང་བར་སྩལ་བའི་འཕྲུལ་འཁོར་བསླབ་སྦྱོང་དུས་བདག་ལ་ཞལ་ཏ་ཡང་བསྩལ། དབང་གི་དུས་སྐུ་སྨིན་སྟབས་སྐུ་རྟེན་པའི་ངལ་བ་ལ་ཞབས་དྲུང་མཁན་རིན་པོ་ཆེས་གནང་ན་ཞེས་ཞུས་གནང་ལ་བཀའ་ལས། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་འཇལ་བྱེད་གདམས་ངག་རོའི་སྟེང་དུ་བཞག་པ་ལ་དགོས་པ་ཅི་ཡོད་ཅེས་བསྩལ་བའི་དབང་ཁྲིད་རྫོགས་པར་བསྩལ། ཁྲིད་བཀའ་རྫོགས་ཚེ་བཀའ་ལས། སྤྱིར་རྒྱལ་བའི་བསྟན་ཞབས་དང་དགོས་སྙིང་པོའི་བསྟན་པ་ནི་ཉག་ཤིན་ཏུ་ཕྲ་བའི་ནུབ་མ་རག་ལ་ཐུག་འདུག་པས། ཁྱེད་རྣམས་ཀྱིས་ཉམས་ལེན་ནན་ཏན་མཛད་དགོས། ཁྱད་པར་རང་རེའི་ཆོས་རྒྱུན་རྗེ་གཏེར་ཆེན་བླ་མའི་ཞལ་སློབ་འཆད་སྤེལ་ནུས་པ་ད་རང་ངེད་ཙམ་ལས་མེད་པ་ལྟར་འདུག་པས། ངེད་རྒས་གཤིས་དཀའ་སྦྱོང་ཆེ་ཡང་ཆོས་རྒྱུན་བསམ་པའི་ངལ་བ་ཁྱད་དུ་བསད་ནས་ད་རེས་གདམས་པ་ལྷག་མ་ལུས་པར་ཕུལ་བ་ཡིན་པས། ད་ནི་ལུས་ངལ་ཞིང་མིག་དབང་ཡང་མགྱོགས་མྱུར་འགྲིབས་འགྲོ་བ་འདུག་པས་རེ་ཞིག་སྡོད་སྲིད་ཀྱང་ད་རེས་ལྟ་བུའི་སྨིན་ཁྲིད་བྱེད་པ་ཞིག་ཡོང་མི་འགྲོ། དེས་ན་གཞན་དོན་གྱི་སྔོན་དུ་རང་རྒྱུད་སྨིན་དགོས་པས་ཐམས་ཅད་ཀྱི་གཙོ་བོར་ཉམས་ལེན་ལ་རང་བྱན་ཆུད་པ་ཞིག་མཛད་ངོས། དེ་ཐོག་ནས་འཆད་སྤེལ་གང་ནུས་ཀྱི་འབད་པ་ཐམས་ཅད་ཀྱིས་འདོན་དགོས་ཞེས་བཀའ་བསྩལ་བས་དེར་འདུས་ཚོགས་མིག་མཆི་མས་གནགས་ཤིང་ཡིད་དྲན་པ་སྟོར་བ་ལྟར་གྱུར།

དེ་ནས་ཟླ་བ་དྲུག་པའི་ནང་དུ་ཉམས་སྒྲིབ་ལ་རྟེན་པའི་མགུལ་ཆམ་གྱིས་སྐུ་ངལ་ཀྱང་པད་གླིང་སྤྲུལ་སྐུར་ཤ་འུག་ལྷ་ཆེན་གྱི་རྗེས་གནང་དང་། གྲྭ་གཙང་གཉེར་པ་ཀུན་ཁྱབ་ལ་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་དང་། དྲག་དམར་སྐུ་གསུང་ཐུགས་དབང་ཡང་བསྩལ། དེ་རྗེས་རྗེ་ཉིད་ཀྱི་གཅུང་རྗེ་བཙུན་དྲུང་གི་སར་ཕེབས་པའི་སྐུ་ཚེའི་སྨད་འདིར་ཐུགས་དམ་ལ་ཆིག་སྒྲིལ་གནང་དགོས་ཞེས་བཀའ་དང་རྗེ་ཉིད་ཀྱི་ཕྱག་འཕྲེང་བྱིན་རྟེན་ཏུ་བསྩལ། དེ་ནས་ཡར་གཟིམས་ཆུང་དུ་ཕེབས་པའི་ཞབས་རིམ་པ་སེར་སྐྱ་མེད་པ་ཐམས་ཅད་ལ་མཇལ་ཁ་དང་སོ་སོར་གནང་ཆ་བསྩལ་ཞིང་འདི་ཕྱིར་དགེ་བའི་ཞལ་ཆེམས་ཞིབ་པར་བསྩལ། དེ་ནས་པད་གླིང་སྤྲུལ་སྐུ་དང་བདག་སོགས་སྐལ་ལྡན་མང་པོར་རྡོར་སེམས་ཐུགས་སྒྲུབ་ཀྱི་ཟབ་ཁྲིད་བསྩལ། དེ་རྗེས་སྨོན་གྲུབ་ནས་སྡེ་པ་དངོས་གྲུབ་རབ་བརྟན་སྔར་ནས་དམ་སེལ་ཆེ་ཙམ་ཡོད་ཀྱང་སླར་ཡང་སྐུའི་འགལ་རྐྱེན་ཟློག་ཕྱིར་ཐུགས་ཐིག་གི་ཟབ་ཁྲིད་ཞུས་པར། དེ་ཉིན་ནས་ཞལ་ཁྱིམ་སྔར་དང་མི་འདྲ་བའི་དམར་སྨུག་ལ་སྔོ་མདངས་ཡོད་པའི་ཐུགས་གཏུམ་ཞིང་སའི་སྔོན་འགྲོ་སོགས་རགས་བསྡུས་དང་། དབང་གི་ཉིན་ཤངས་མཚལ་མང་དུ་ཕེབས་པའི་སྐུ་ངལ་ཀྱང་བསྐྱེད་རྫོགས་ཀྱི་གདམས་པ་མདོར་བསྡུས་སུ་བསྩལ་ཅིང་། ཟླ་བ་བདུན་པའི་ཚེས་གཅིག་ནས་སྙུན་གྱིས་ཟིན་པ་ལ་དེར་ཞབས་བརྟན་སྐུ་རིམ་སྣ་མ་འགགས་པ་དང་། འཚོ་བྱེད་ཀྱི་སྨན་དཔྱད་སོགས་ཞུས་པར་མི་བཞེས་ཤིང་། སྐུ་རིམ་སོགས་ལའང་ད་རིམ་གྲོ་མ་བྱེད་ཅི་བྱེད་པ་ཡིན་གསུངས་ཤིང་། གཟིམས་དཔོན་འགྱུར་གཡང་ངའི་རྗེས་སྤྱོད་ཁྱོད་ཀྱིས་གྱིས། ང་རང་གཉིས་ལ་འབྲལ་བ་ནམ་ཡང་མི་ཡོང་ཞེས་གསུངས་ཤིང་། དེ་ནས་གསུང་བཅད་པའི་ཏིང་ངེ་འཛིན་ཁོ་ནས། སྤྱན་གྱེན་དུ་དྲིལ་བའི་ལྟ་གདེངས་ལ་མི་གཡེལ་བར་བཞུགས་སོ། །

དེར་སྐུ་ཡར་བསྐྱེད་མ་བྱུང་བའི་ཚེས་དགུ་ནས་གསོལ་བ་ཐེབས་པའི་རེ་ཐག་ཆོད་ཀྱང་། ཞབས་དྲུང་སྐུ་མཆེད་གཉིས་ནས་བདག་ལ་བསམ་ཡས་རྩི་དམར་ཐང་དུ་ཞབས་བརྟན་སྐུ་རིམ་དུ་དམིགས་ཕོགས་བཟང་པོ་བསྩལ་ཏེ་གཉིས་འཛིན་འཁྲུལ་གཅོད་གསང་གཅོད་གཏང་དུ་རྫོངས་བརྡ་གནང་བའི་ཚེས་བཅུའི་ནངས་ཞོགས་བདག་འབོད་མིའི་བང་ཆེན་བསྩལ་ཞིང་སྒབ་པའི་བཀའ་ཕེབས་འདུག་ཀྱང་ད་རང་མ་ལེགས་ཚར་སྙམ་ཇ་དམར་སོགས་ཚོང་འདུས་སུ་མང་བསྐོལ་དུ་བཏང་སྟེ་ལོག་ཡོང་། དེ་དུས་ཚེས་བཅུའི་ཐོ་རེངས་ཀྱི་ཆར་སྐྱབས་རྗེ་བླ་མ་དམ་པ་བདེ་ཆེན་མཁའ་འགྲོའི་གཙོ་མོ་སྐུ་གཞོན་ཉམས་རྒྱས་པའི་གཟི་བྱིན་ལྡན་པའི་སྐྱིལ་ཀྲུང་དང་ཕྱག་གཡས་སྙན་གཡས་ཀྱི་ཐད་སེ་གོལ་མཛད་པའི་བརྡ་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན།

སྤྱན་གྱེན་དུ་ཧྲིལ་གྱིས་དྲིལ་བའི་འཛུམ་མདངས་དང་ལྡན་པའི་ངང་ནས་ཆོས་སྐུའི་ལྟ་སྟངས་བཅས་པའི་དབུ་གཙུག་ཆེར་འཕགས་པའི་དྭངས་མའི་ཟིལ་པ་རླུང་དང་བཅས་ཁོལ་ཞིང་ལུད་པ་སོགས་ཡེ་ཤེས་གོང་འཕོའི་རྟགས་ངོ་མཚར་བ་ཀུན་གྱི་སྤྱོད་ཡུལ་དུ་བསྟན་ནས། བདག་སོགས་གདུལ་བྱར་གྱུར་པའི་སྐལ་ལྡན་རྣམས་ལ་གསང་ཆེན་རྫོགས་པ་ཆེན་པོའི་གདམས་པའི་གསུང་གི་བདུད་རྩི་ཇི་སྙེད་ཅིག་བསྩལ་བའི་སྐལ་བ་ཉམས་སུ་མྱོང་བའི་མཐར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར། འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིགས་ནས་མི་རིང་བའི་མོད་ལ་ཕྱི་ནང་གི་མངོན་པར་བྱང་ཆུབ་པ་ལྔས་གདུལ་བྱའི་མཐུན་འཇུག་ཙམ་དུ་རགས་པ་རང་བཞིན་ཉི་ཤུ་དང་། ཕྲ་བ་ནང་གི་འབྱུང་བའི་ཐིམ་རིམ་རྣམས་རྫོགས་པའི་རྣམ་ཐར་བཞི་ལྡན་གྱི་ཡེ་ཤེས་འོད་གསལ་ཆོས་སྐུ་ཀ་དག་ཆེན་པོའི་ཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་སྤྲོས་པ་དང་བྲལ་བའི་གཤིས་བདེ་བ་ཆེན་པོ་སྒྲིབ་བྲལ་མི་འགྱུར་ཆོས་སྐུའི་དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཅིང་དེ་ཉིད་ཀྱང་རང་རྩལ་མ་འགགས་པའི་རྣམ་རོལ་འགགས་མེད་ལོངས་སྐུ་དང་སྤྲུལ་སྐུ་རོལ་པ་མཐའ་ཡས་པས་འགྲོ་བའི་དོན་དེ་སྲིད་དུ་མཛད་ཅིང་། ལྷན་སྐྱེས་བདེ་ཆེན་མངོན་དུ་གྱུར་པའི་ཞིང་ཁམས་སུ་ཧེ་རུ་ཀ་སོགས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་མཆོད་རྫས་ཀྱི་བཀུར་སྟི་དང་བཅས་མཁའ་སྤྱོད་དུ་སྤྱན་འདྲེན་པར་བཤད་དེ་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས། ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་ཀྱི། །འཆི་བ་ཞེས་པ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་བཤད་པས་རིག་འཛིན་གྱི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཚོགས་དཔོན་དུ་གཤེགས་པར་བཤད་ལ།

དེ་ནས་གང་གི་སྐུའི་ཞལ་ཁྱིམ་དང་གསུང་གི་བདུད་རྩི་མྱང་བའི་སྐལ་བར་ཕོངས་པར་གྱུར་ཀྱང་། ཞབས་དྲུང་སྐུ་མཆེད་དགེ་སློང་ཆོས་ལྡན་སོགས་གདུང་མཆོད་པ་རྣམས་ཀྱི་མི་ཕྱེད་པའི་དད་པས་བླ་མའི་སྐུ་ལས་དབང་བཞི་བཞེས་ནས་ཐུགས་དབྱེར་མེད་དུ་བསྲེས་ནས་མཉམ་བཞག་མཛད་ཅིང་། སྐུ་གདུང་རིན་པོ་ཆེ་གར་དབང་ཐུགས་རྗེ་ཆེན་པོའི་སྐུར་བསྐྱེད་པའི་གཙུག་ཏོར་སོགས་ལྷ་གནས་སུ་ནང་སྒྲུབ་ཀྱི་ལྷ་རྣམས་གསལ་བཏབ་པའི་རྩ་སྔགས་ཤམ་བུ་ཅན་བྲིས་པ་ཕུལ་ཏེ་དཀྱིལ་འཁོར་གྱི་ལྷའི་ངོ་བོར་བསྒྲུབས་ནས་བླ་མའི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་རྗེས་དགེ་སློང་ཟུང་དང་ཨེམ་ཇི་བཅས་ཀྱི་ཞབས་ཕྱི་ཞུས་པའི་པུར་སྦྱངས་ཞུ་བའི་ཐོག་མར་སྐུ་ཁྲུས་གསོལ་ཏེ་ག་བུར་དང་གུར་གུམ་སོགས་དྲི་བཟང་པོས་ཁྱབ་པར་བྱུགས་ཤིང་། དེ་ནས་ནང་ཚས་དར་དཀར་སྲིད་དུ་རིང་བའི་ཕྱིར་གན་གོས་དམར་པོ་ཡུག་དང་ཀ་ཤི་ཀའི་རས་ཀྱི་ན་བཟའ་དྲི་བཟང་གིས་སྦགས་པས་དྲིལ་བ་རིན་པོ་ཆེའི་ཟ་མ་ཏོག་ཏུ་བཞུགས་གསོལ་བའི་ནང་སྐོར་རྣམས་དྲི་བཟང་གི་ཕུར་མས་གཏམས། ཕྱི་རོལ་ན་སྟོད་གཡོགས་དང་སྨད་གཡོགས་སོགས་དར་དམར་གྱི་ཆས་དང་། རིན་པོ་ཆེའི་རྒྱན་བརྒྱན་ཏེ་ལྷའི་ཆས་སུ་བཅུག་སྟེ་ཁྲི་ལ་བཞུགས་གསོལ་བའི་སྤྱན་སྔར་སྐུའི་ཉེར་སྤྱད་དང་མཆོད་པའི་བྱེ་བྲག་སོགས་དཀྱིལ་འཁོར་གྱི་ལྷའི་མཆོད་རྫས་བཟང་ཞིང་བཀོད་ལེགས་པར་བཤམས་ཏེ། དེའི་ནང་ཞོགས་གསང་རྒྱ་བཀྲོལ་ཞིང་གཙོ་བོར་ཚོགས་ཆེན་གྱི་དབུས་གྲ་ཕྱི་ནང་གི་དགོན་ཆེ་གྲར་གསང་བཏོལ་གྱི་མང་ཇ་བཏང་། དེ་དུས་ནམ་མཁའ་དྭངས་ཤིང་འཇའ་སྤྲིན་ཚོམ་བུ་ཆེས་བཀྲ་བའང་བྱུང་ངོ་། །

སྐུ་གདུང་གི་སྤྱན་སྔར་ཞབས་དྲུང་སྐུ་མཆེད་ཀྱིས་མཚོན་གྲྭ་གཙང་གི་དགེ་བཤེས་བཅས་བཅྭོ་བརྒྱད་ཀྱིས་བླ་མ་ཞི་བ་དང་། བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་མཆོད། ཚོགས་ཆེན་དུ་བླ་མ་ཞི་བ་དང་ཞི་ཁྲོ་དོང་སྤྲུགས་བཅས་ཆོ་ག་ཁག་སོ་སོས་མཆོད་འབུལ་གསོལ་འདེབས་དབང་བླང་བ་སོགས་གདུང་མཆོད་ཞག་ཉེར་གཅིག་གི་བར་མཛད་ཅིང་། སྐུ་དངོས་གཞིར་གྲྭ་གཙང་གིས་རྗེས་འབྲེལ་དུ་གྲ་ཕྱི་ནང་མོན་མཁར་བཅས་པའི་དགོན་ཚང་མ་བསྡུས་པའི་སེར་ཚོགས་རྒྱས་པར་མཛད་དེ་བསྙེན་བཀུར་ཞབས་ཏོག་འབུལ་བ་སོགས་གྱ་ནོམ་པ་དང་། མི་སེར་དུད་ཆེ་ཆུང་ཚང་མ་དང་སྐུ་ཉེ་ཡོན་བདག་སློང་མོ་བ་སོགས་ལ་བཟའ་བཏུང་འགྱེད་བཅས་ཕུལ་དུ་ཕྱིན་པ་དང་། རང་ཞབས་རྣམས་སུ་སྦྱོར་འཇགས་དང་། ཁྱད་པར་གོང་ས་མཆོད་ཡོན་གྱིས་མཚོན་དབུས་ཀྱི་བླ་མ་ཆེ་ཕྲ་ཐམས་ཅད་ལ་བསྔོ་རྟེན་དང་། དགོན་ཆེ་ཆུང་མེད་པ་ཐམས་ཅད་ལ་མང་བསྐོལ་དང་འགྱེད་བཅས་གནང་ཞིང་གཙོ་ཆེར་གོང་ས་ཡས་ཕྱིན་ནས་གདུང་འབུལ་གྱི་གནང་སྐྱེས་བཟང་བ་དང་། གཞན་ཡང་གྲྭ་གཙང་ཚོགས་ཆེན་གྱི་གྲྭ་མང་། དགོན་ལག་ཚང་མ་སྐུ་ཉེ་ནང་ཟན་གྲ་ཕྱི་ནང་གིས་མཚོན་དད་ཅན་གྱི་ཡོན་བདག་ཆེ་ཕྲ་ཚང་མ། ལྷག་པར་དགའ་བཞི་གུང་དང་ལྕམ་བདེ་ལྡན་སྒྲོན་མ། མི་རྗེ་གུང་སྐུ་ཞབས་གཡུ་ཐོག་མདའ་དཔོན། སྡེ་དཔོན་ཆེ་ཕྲ་མེད་པ་སོགས་མཆོག་གི་ལམ་མཁན་པདྨའི་གཟུངས་མ་མཁར་ཆེན་བཟའ་འམ་བདུད་འདུལ་དྲག་མོ་རྩལ་ཞེས་ཌཱཀྐི་ཡེ་ཤེས་མཚོ་རྒྱལ་གྱི་འཕྲིན་ལས་ཀྱི་སྤྲུལ་པ་སྐྱེ་མཐར་གྱུར་པ་བདེ་ཆེན་ཌཱཀྐིའི་གཙོ་མོ་ཉིད་ལ་སྐྱབས་སུ་མཛད་པ་རྣམས་དང་།

དེའི་ནང་ནས་རྗེ་བླ་མ་དམ་པ་ལྷན་སྐྱེས་ཀྱི་མཁའ་འགྲོའི་གཙོ་མོ་མཆོག་གིས་རྗེས་སུ་བཟུང་བའི་གནས་ལུགས་ཟབ་མོའི་རྟོགས་པ་སྤྲོས་བྲལ་གྱི་ལྟ་བ་མངོན་དུ་རྟོགས་པའི་བྱ་བཏང་སྦྱོར་བས་མཚོན་ཞལ་སློབ་ཚང་མས་སོ་སོའི་ཡོ་བྱད་དངོས་གཙང་གྱ་ནོམ་པའི་གདུང་འབུལ་བཀའ་ཐེགས་མཆོད་ཐེགས་སོགས་བདག་ཉིད་ཆེན་མོ་དེའི་ཐུགས་དགོངས་རྫོགས་པར་མཛད་ཅིང་། ཟླ་བ་བདུན་པའི་ཚེས་གནམ་གང་གི་ཉིན་གདུང་མཆོད་བསྡུ་བར་མཛད། དེ་ཡང་སྐུ་གདུང་རིན་པོ་ཆེ་བཞུགས་ཀྱི་བར་རྒྱུན་ལྡན་ཡང་བརྒྱ་མཆོད་གསུམ་རེ་ཆག་མེད་དང་། སྐུ་ཚིགས་སོ་སོར་འཕར་མ་སོགས་མི་ཆད་པ་ཡིན་ཀྱང་རུལ་དྲི་སོགས་དྲི་མི་སྡུག་པའི་རྣམ་པ་མེད་པར་དྲི་བཟང་པོ་དྲི་ཕལ་གྱིས་མཚོན་དུ་མེད་པའི་དྲི་མར་སྣང་ལ་ཟླ་བ་བརྒྱད་པའི་ཚེས་གཅིག་གི་ཉིན་སྐུ་གདུང་རིན་པོ་ཆེ་ཞུགས་ཀྱིས་སྦྱོང་བའི་སླད་དུ་སེར་སྦྲེང་གི་བཀུར་སྟི་དང་བཅས་འདོ་ལི་ལ་སྤྱན་དྲངས་ཏེ་གཟིམ་ཆུང་ཉི་འོད་ཀྱི་མཐོངས་སུ་མྱང་འདས་མཆོད་རྟེན་གྱི་རྣམ་པའི་ཐབ་ཁུང་དུ་བཞུགས་སུ་གསོལ་ནས། སྔར་གྱི་གདུང་མཆོད་པ་རྣམས་ཀྱི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་གའི་སྒོ་ནས་མཆོག་གི་སྦྱིན་སྲེག་གི་མཆོད་པ་མཛད་ཅིང་། དེའི་ཚེ་མེ་ཕུལ་མ་ཐག་པར་དུ་བ་དཀར་པོ་མདུང་ཚུགས་པ་ལྟ་བུ་ནམ་མཁའི་དབྱིངས་མཐོན་པོར་སོང་རྗེས་དུ་བ་དཀར་པོ་ཞྭ་སྒོར་ཙམ་པ་ཞིག་དེ་ལས་མཆེད་ནས་ནུབ་ཕྱོགས་ཀྱི་ནམ་མཁའི་དབྱིངས་སུ་ཡེར་གྱིས་སོང་ཞིང་། དེ་ཡང་སྤྱིར་སྐུ་ཚིགས་རྣམས་སུ་ནམ་མཁའ་དྭངས་ཤིང་འཇའ་དཀར་ངོ་མཚར་ཅན་མང་པོ་ཆད་མེད་དང་། གྲྭ་ཚང་ཚོགས་ཆེན་ནས་གདུང་མཇལ་དུ་ལན་གསུམ་ཕེབས་དུས་ཀྱང་འཇའ་ཁ་དོག་ལྔ་ལྡན་འཆར་བ་དང་། ཁྱད་པར་དེ་ཉིད་ནམ་མཁའ་ཤིན་ཏུ་དྭངས་པའི་ཕྱི་མ་བྲག་པོ་ཆེའི་རི་རྩེ་ནས་ཆོས་སྡིངས་དང་། ནང་མ་བྲག་པོ་ཆེའི་གཟིམས་ཕུག་ནས་མཁའ་སྤྱོད་བདེ་ཆེན་གླིང་གི་གཟིམས་སྤྱིལ་ཐོག་ཏུ་འཇའ་འོད་ཁ་དོག་ལྔ་ལྡན་ཉིས་བརྩེགས་ཤིན་ཏུ་དྭངས་པ་དང་འཇའ་སྤྲིན་དཀར་པོ་འདོད་ཡོན་ལྔའི་རྣམ་པ་དང་ཁ་ཅིག་འཁོར་ལོ་རྩིབས་བཞི་དང་རྟ་མཆོག་གི་དབྱིབས་དང་། པདྨ་འདབ་མ་བཞི་པའི་རྣམ་པ་ཅན་སོགས་བསམ་གྱིས་མི་ཁྱབ་པའི་ངོ་མཚར་ཅན་མང་པོ་སྣང་བས་ཀུན་དད་པའི་ས་བོན་དུ་མཛད་དོ། །

ཁྱད་པར་ཁྲི་ཆེན་རྗེ་པདྨ་བསྟན་འཛིན་རིན་པོ་ཆེ་ནས་ཞུན་ཕུལ་བརྒྱ་རྩ་མ་རྫོགས་གོང་ནས་ཞུན་བཞེས་པའི་བར་སྐབས་ཤིག་ཏོག་སྒྲ་ཤིན་ཏུ་ཆེ་བའི་ཐུགས་ཞུན་གྱིས་མ་ཟོས་པར་མངོན་གྱུར་ཐོགས་བབས་སུ་ཞབས་དྲུང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་སྐུ་པང་དུ་མོ་སྒོ་ནས་རྒྱངས་མར་ཕེབས་ཤིང་། དེ་དག་གི་ཚེ་དུ་བའི་རྩེ་མོ་ཕལ་ཆེར་ནུབ་ཕྱོགས་ཀྱི་ནམ་མཁར་འགྲོ་ཞིང་། ཕོ་རོག་གིས་མཚོན་བྱ་ཚོགས་མང་པོ་གཏེར་བདག་གི་རི་བརྒྱུད་ནས་ཡར་དུ་བའི་རྗེས་སྙེག་ཅིང་། ནེའུ་ལེ་གཉིས་དུ་བ་ལ་ཐོག་མ་ཉིད་ནས་མཇུག་མ་རྫོགས་བར་སྐོར་བ་བསྐོར་བ་སོགས་བྱུང་ངོ་། །དེ་ནས་ཞག་བདུན་གྱི་བར་པུར་ཁང་ཞལ་མ་ཕྱེ་བའི་ཞོགས་བསྟར་མཁན་ཆེན་གྱིས་མཆོད་འབུལ་དུ་ཕེབས། འདི་སྐབས་ཞལ་སློབ་ཁ་རག་སྒོམ་ཆེན་འགྱུར་མེད་གློ་བུར་དུ་གདུང་མཇལ་དུ་འབྱོར། དེ་ནས་པུར་ཁང་ཞལ་ཕྱེ་བས་དབུ་ཐོད་རིལ་པོར་བཞུགས་ཤིང་། གདུང་རུས་རྣམས་ལ་ལྷ་སྐུ་དང་ཡིག་འབྲུའི་རྣམ་པ་དཔག་མེད་དང་། གདུང་ཐལ་ཕལ་ཆེར་དག་པའི་རྟགས་ངོ་མཚར་ཅན་སྣང་ངོ་། །

དེ་ནས་གདུང་འབུམ་མཆོད་རྟེན་བཞེངས་ཤིང་གདུང་ཐལ་རྣམས་ལ་དགེ་སློང་ཆོས་ལྡན་ནས་སཱཙྪ་མཛད་པ། བསྟན་འགྲོའི་མཆོད་སྡོང་དུ་དངུལ་གདུང་རིན་པོ་ཆེ་བཞེངས་ཏེ་དེ་དག་ལ་གར་དབང་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་རབ་གནས་ཆོ་ག་སོགས་བླ་གྲྭ་ཚང་མས་མི་ཕྱེད་པའི་དད་གདུང་དྲག་པོས་གདུལ་བྱའི་འགྲོ་བ་རྣམས་ཀྱི་སྐྱབས་ཀྱི་མཆོད་སྡོང་དུ་སྒྲུབ་པར་མཛད་དོ། །དེ་ཡང་ལོ་ལྔ་ཙམ་གྱི་བར་སྐུའི་ལོ་དུས་ཀྱི་དུས་ཆེན་ལ་གཙོ་བོ་ཚོགས་ཆེན་དང་གྲ་ཕྱི་ནང་གི་དགོན་ཚང་མ་ཚོགས་པའི་སེར་ཚོགས་དང་། སླད་ཀྱི་ཆར་ལོ་ཟླ་བའི་དུས་མཆོད་ལ་རིག་འཛིན་འདུས་སྡེའི་ཚོགས་ཆེན་དུ་དཔལ་ཨོ་རྒྱན་ཆེན་པོའི་དུས་མཆོད་དང་བསྟུན་པའི་གཏེར་གསར་བླ་མ་ཞི་དྲག་དང་། ཁྱད་པར་ཇི་སྲིད་རྒྱལ་བསྟན་ནམ་གནས་བར་དང་དུས་ཀྱི་སྒྲུབ་མཆོད་ལ་རྡོ་རྗེ་ཕུར་པ་ཡང་གསང་སྤུ་གྲི་ཉིད་རྗེ་བླ་མ་དམ་པའི་ལྷག་པའི་ལྷའི་གཙོ་བོར་མཛད་པས་དེའི་སྒྲུབ་མཆོད་ཀྱི་མཆོད་པ་ཆག་མེད་ཀྱིས་བདག་ཉིད་ཆེན་མོ་དེའི་ཐུགས་དགོངས་ཡོངས་སུ་རྫོགས་པར་མཛད་ཅིང་། དེ་དག་གི་འགན་བཞེས་ཐམས་ཅད་གཙོ་བོར་ཞབས་དྲུང་སྐུ་མཆེད་དང་། བླ་མ་ལ་གུས་ཤིང་གཏོང་བ་ལ་མ་རྨོངས་པའི་ལས་དང་སྐལ་པར་ལྡན་པའི་སྐུ་ཚེ་དུ་མར་འབྲེལ་བའི་སྐལ་ལྡན་གཟིམས་དཔོན་འགྱུར་མེད་གཡང་འཛོམ་གྱིས་མཛད་དོ། །ལྷག་པར་རྡོ་རིངས་ནས་མི་རྗེ་དགའ་བཞི་ཡབ་ཡུམ་གཉིས་ཀྱི་དངུལ་གདུང་གི་བཟོ་པ་དོན་གཉེར་ཆེན་པོས་བསྩལ་ཞིང་། ཁྱད་པར་དངུལ་གདུང་མཆོད་སྡོང་ཆེན་པོའི་བཟོ་བཀོད་ཆེ་ཆུང་ད་ལྟ་མཐོང་བྱེད་ཡུལ་གྱུར་འདི་ཉིད་མཁན་ཆེན་བླ་མའི་ཡོངས་འཛིན་དགེ་བཤེས་མངྒ་ལའི་མཚན་ཅན་གྱིས་མཛད་པ་དེ་དག་གེགས་མེད་དུ་འགྲུབ་པར་གྱུར་པ་ནི་སྐྱབས་ཀྱི་མཆོག་གྱུར་རྗེ་བླ་མ་དམ་པ་བདེ་ཆེན་ཌཱཀྐིའི་གཙོ་མོ་མཆོག་གི་བཀའ་དྲིན་གྱིས་མཐུ་ཁོ་ན་ལས་གྲུབ་པ་ཡིན་པའི་ཕྱིར་རོ། །

བདེ་ཆེན་གདལ་བ་མཁའ་སྤྱོད་འོག་མིན་དབྱིངས། །འཕོ་བྲལ་གཞོམ་གཞིག་བྲལ་བའི་སྐུ་བརྙེས་ནས། །རྣམ་འགྱུར་རྩལ་སྣང་རོལ་པ་རྡོ་རྗེའི་གཟིས། །ཟིལ་གནོན་གྲུབ་པའི་རྣལ་འབྱོར་མ་དེས་སྐྱོངས། །མི་འགྱུར་མི་ཤིགས་གསང་ཆེན་རྡོ་རྗེའི་མཁའ། །འགྲོ་ལ་བདེ་བའི་དཔལ་སྟེར་སྒྲོན་མེ་མཆོག །ཁྱབ་གདལ་འགྱུར་བ་མེད་པ་རྡོ་རྗེའི་ཞལ། །མངོན་སུམ་རང་ངོ་སྤྲོད་མཛད་མ་དེར་འདུད། །རྒྱལ་ཀུན་སྤྱི་གཟུགས་ཁྱབ་བདག་འགྲོ་བའི་མགོན། །རིགས་ཀུན་བདག་ཉིད་མི་འགྱུར་དཔལ་གྱི་སྒྲོན། །མགོན་ཁྱོད་མི་འགྱུར་རྡོ་རྗེའི་སྐུ་བརྙེས་ནས། །ཞིང་འདིར་མི་བཞུགས་གདོད་མའི་དབྱིངས་སུ་གཤེགས། །བདག་སོགས་གདུལ་བྱ་སྤྱི་དང་མགོན་ཁྱོད་ཀྱི། །གསུང་གི་བདུད་རྩི་མྱང་བའི་བུ་སློབ་རྣམས། །སྐྱབས་མེད་ཉམ་ཐག་མིག་གི་འབྲས་བུ་ཟུམ། །ཁོང་པའི་སྙིང་དོར་མེད་འདི་མི་གཟིགས་སམ། །འོན་ཀྱང་ངེས་གསང་མན་ངག་སྙིང་པོའི་གནད། །མི་ཤིགས་ཟག་མེད་མཚོར་འཁྱིལ་ཆོས་ཀྱི་རྗེ། །སྨྱོས་རིགས་མི་འགྱུར་དཔལ་གྱི་སྒྲོན་མ་ཡི། །ཐུགས་ཀྱི་དགོངས་པ་བདག་གིས་སྐོང་བར་ཤོག །བདག་ཀྱང་སྐྱེ་བར་དལ་འབྱོར་རྟེན་བཟང་ལས། །གང་འདུལ་ཞིང་དུ་མགོན་ཁྱོད་མི་འབྲལ་ཞིང་། །གསང་ཆེན་ལམ་མཆོག་སྙིང་པོའི་གཞུང་བཟུང་སྟེ། །འགྲོ་ཀུན་སྒྲོལ་བའི་དཔའ་བོར་ལྷུན་གྲུབ་ཤོག །ཁྱད་པར་མགོན་ཁྱོད་རྣམ་འདྲེན་བཅུ་པའི་ཚེ། །རང་བཞིན་སྐུ་ཡིས་རྡོ་རྗེ་གདན་གྱི་སྤོར། །གསང་ཆེན་དཀྱིལ་འཁོར་འབྱེད་ཚེ་རབ་སྐྱེས་ནས། །ཟག་མེད་ཐུགས་ཀྱི་ཀློང་དུ་དབྱེར་མེད་ཤོག །མི་ཤིགས་འགྱུར་མེད་འཁོར་ལོའི་ཕོ་བྲང་དུ། །དཔལ་ལྡན་བདེ་ཆེན་ཡེ་ཤེས་ཌཱཀྐི་མའི། །ངོ་མཚར་སྒྲོན་མེའི་སྙིང་པོར་བྱང་ཆུབ་ནས། །དོན་གཉིས་འབྲས་བུ་ལྷུན་གྱིས་གྲུབ་པར་ཤོག །དེ་ལྟར་རིགས་བརྒྱའི་ཁྱབ་བདག་གར་གྱི་དབང་ཕྱུག་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་པར་ཐར་པ་དད་པའི་གདུང་སེལ་ཞེས་བྱ་བ་འདི་ཡང་། དང་པོར་བོད་རྗེ་མི་དབང་འགྱུར་མེད་བསོད་ནམས་སྟོབས་རྒྱས་དང་། ལྷ་རྒྱ་རི་ཞབས་དྲུང་ཕྱག་རྡོར་དབང་ཆེན་གཉིས་ཀྱིས་རྗེ་བླ་མ་དམ་པའི་ཞབས་པད་དུ་གསོལ་འདེབས་མཛད་ཅིང་། དགུང་ལོ་ཞེ་གཅིག་ཕེབས་པ་ནས་བཟུང་དེ་རྗེས་ཞི་བའི་དབྱིངས་སུ་མ་གཤེགས་པར་ཁོ་བོས་སྔ་ཕྱིར་སྙན་ཞུ་ཚར་བཅུ་གཉིས་ཙམ་གསོལ་འདེབས་ཞུས་པའི་རྣམ་ཐར་གྱི་ས་བོན་བདག་ལ་བསྩལ་ཏེ་བླ་མའི་རྣམ་ཐར་སློབ་བུས་རྩོམ་དགོས་པར་ཁྱོད་རང་ནས་ཀྱིས་ཕེབས་ཤིང་། སླར་ནན་གྱིས་ཞུས་པའི་བཀའ་རྩོམ་གྱི་དབུ་ཚུགས་ཀྱང་དམ་སྲིའི་བར་གཅོད་ཀྱིས་ལུས་པ་ལ་གཡས་རུ་གཙང་གི་ཕྱོགས་ནས་དད་ལྡན་རྡོ་རྗེའི་སློབ་བུ་བྱ་བཏང་འགྱུར་མེད་ཆོས་འཕེལ་གྱིས་རྣ་བའི་བུ་ག་ཡང་ནས་ཡང་དུ་གཙེར་ཞིང་། འགྲོ་བའི་བླ་མ་རིག་འཛིན་པདྨ་གླིང་པའི་སྲས་རིགས་ཆོས་རྗེ་གྲགས་རྒྱལ་བའི་ཡང་སྲིད་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དཔལ་བཟང་པོ་ཞེས་ལྷ་རྫས་ཀྱི་གནང་སྐྱེས་དང་བཅས་གསུང་གིས་བསྐུལ་ཞིང་ཁྱད་པར་བདག་ཉིད་ཀྱིས་མི་ཕྱེད་པའི་དད་གདུངས་དྲག་པོས་བསྐུལ་བས་ཕྱི་རབས་སྐལ་ལྡན་རྣམས་ཀྱི་མོས་པའི་ས་བོན་དུ་རིང་མོ་ཉིད་ནས་མི་འགྱུར་དམ་བཅའི་རི་མོ་ཡིད་ལ་བཅངས་ཤིང་བཀའི་གནང་བ་ཐོབ་པ་ལ་བརྟེན་རྒྱལ་དབང་པདྨའི་གཟུང་མ་མཁར་ཆེན་བཟའི་ཡང་སྲིད་འཁྲུལ་མེད་བདེ་ཆེན་མཁའ་འགྲོའི་གཙོ་མོ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཆེན་པོས་འཚོ་ཞིང་ཞབས་རྡུལ་སྤྱི་བོས་ལེན་པ་སྐལ་ལྡན་འདུས་པའི་ཚོགས་ལ་བཀའ་གསང་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཁྲིད་གཉེར་དུ་བྱིན་གྱིས་བརླབས་ཤིང་དབང་བསྐུར། ཤངས་སྟོད་ཁྱུང་པོའི་རིགས་ལས་རྒྱལ་ཁམས་པ་རྒན་པོ་ཁྱུང་པོ་རས་པ་གྲུབ་དབང་འགྱུར་མེད་འོད་གསལ་དུ་འབོད་པ་རང་ལོ་དྲུག་ཅུ་རྩ་བརྒྱད་སོན་པ་དགེ་བྱེད་ཅེས་པ་ཆུ་སྟག་ནག་ཟླའི་ཚེས་བཅུ་རྗེ་བླ་མ་དམ་པའི་དུས་དྲན་སྐུ་མཆོད་ཀྱི་ཉིན་བཤེས་གཉེན་གྲྭ་སྟོན་དབང་ཕྱུག་འབར་གྱིས་བྱིན་གྱིས་བརླབས་པའི་གྲ་ནང་སའི་ཐིག་ལེ་གནམ་བསྐོས་ཡང་རྩེའི་སྒོམ་ཁང་དུ་གྲུབ་པར་བགྱིས་པ་ལ་རྗེས་སུ་སྨྱོས་རིགས་ཀརྨ་བི་ཛས་ཚིག་སྦྱོར་གྲོང་ཚིག་ཕལ་སྐད་སྣ་ཚོགས་པས་སྐབས་སུ་འབབ་མིན་ལ་ཞུས་དག་དང་བཟོ་བཅོས་མཛེས་བྱ་ཕྲན་ཚེགས་བགྱིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་མ་དམ་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །དགེའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །[མ་ཡིག་ཏུ་ཚིག་ཆད་ཡོད་པ་འདྲ།]

སྲས་མོ་ཀུན་བཟང་ཆོས་ཀྱི་སྒྲོན་མ་མཆོག་གི་རྣམ་བསྡུས། མཛད་པ་པོ་མཁན་པདྨ་རྡོ་རྗེ།

སྲས་མོ་གོ་མ་དེ་ཝའི་སྐུ་སྐྱེ་ཀུན་བཟང་ཆོས་སྒྲོན་ནི་ཡབ་རྗེ་གཏེར་ཆེན་རང་རིག་རྡོ་རྗེ་དང་ཡུམ་རྗེ་བཙུན་ཚེ་དབང་སྒྲོལ་མ་གཉིས་ཀྱི་སྲས་སུ་ཡབ་རྗེ་ལྷ་ལྡན་ན་བཞུགས་དུས། ཡུམ་གྱི་རྨི་ལམ་ནང་རྗེ་བླ་མའི་སྐུ་ཆིངས་རང་ཉིད་ཀྱི་སྟེང་དུ་ལྷུང་བར་རྨིས་པ་སོགས་ངོ་མཚར་བསམ་ཡུལ་ལས་འདས་བཞིན་ལྷུམས་སུ་ཞུགས། ལྟས་བཟང་དང་བཅས་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་༡༨༩༠ལོར་སྐུ་འཁྲུངས། ཆུང་དུས་ནས་རྗེ་བཙུན་སྒྲོལ་མ་དང་། ཡེ་ཤེས་མཚོ་རྒྱལ། དཔལ་ལྡན་ལྷ་མོ་སོགས་དངོས་སུ་ཞལ་གཟིགས་པ་དང་། བློ་རིག་གསལ་ཞིང་མངོན་ཤེས་དང་གྲུབ་རྟགས་ལ་མངའ་དབང་འབྱོར་བ་རྡོ་ནག་ལས་རྡོ་དཀར་གྱི་སྒྲོལ་མ་དང་ཏཱ་རེ་སོགས་དངོས་སུ་རྙེད་རྒྱུ་ཡོད་པ་དང་། ཆུང་ནས་བླ་མ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་མདོ་སྔགས་རིག་གནས་ཀུན་ལ་མཁྱེན་རབ་ཀྱི་སྣང་བ་རྒྱས། ཡབ་རྗེ་དང་འོད་ཟེར་རྡོ་རྗེ་ཡེ་ཤེས་རྡོ་རྗེ་སོགས་གྲུབ་བརྙེས་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ནས། མདོ་སྔགས་གྲུབ་པའི་མཐའ་དང་ཡང་གསང་རྫོགས་ཆེན་སོགས་གདམས་ཟབ་དུ་མའི་དབང་ཁྲིད་སོགས་གསན་བསམ་སྒོམ་པའི་ཡོན་ཏན་རྨད་དུ་བྱུང་བ་གྲུབ་པའི་ས་མཐོར་གཤེགས་པའི་རྗེ་བཙུན་མ་འདིས། ཉག་ཡུལ་སྟོད་སྨད་བར་གསུམ་དང་འབའ་ལི་ཐང་གོ་འཇོ་སོགས་དད་ལྡན་བླ་གྲྭ་ཇོ་སེར་དུ་མ་རྗེས་སུ་བཟུང་ནས་དུས་ཀུན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་ནས་མཐར་དགུང་གྲངས་བདུན་ཅུ་ལ་ཕེབས་དུས་༡༩༦༠ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་ལྔའི་མཚན་མོ་ལ་གདུལ་བྱ་རྣམས་ལ་མི་རྟག་པའི་རང་བཞིན་མངོན་དུ་སྟོན་ཕྱིར་བླ་བྲང་ཆོས་འཁོར་རྣམ་རྒྱལ་ལྷུན་པོའི་གཟིམ་ཤག་ཏུ་གཟུགས་སྐུ་ཞི་བའི་དབྱིངས་སུ་ཐིམ་དུས་བཅོས་བསྒྱུར་སྐབས་ཡིན་པས་མི་དམངས་ལས་འབྲས་ལ་ཡིད་ཆེས་མེད་པའི་དུས་སུ་གདུང་མེར་སྦར་བས་ནམ་མཁའ་ལ་འཇའ་འོད་ཁ་དོག་ལྔ་ལྡན་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རྣམ་པ་མང་པོར་ཤར་བ་དང་ནམ་མཁའ་དྭངས་པའི་དབྱིངས་ནས་ཉི་ཟེར་དང་མཉམ་དུ་ཁ་བ་མེ་ཏོག་ཅན་བབས། གདུང་དང་རིང་བསྲེལ་ཁ་དོག་ལྔ་ལྡན་སུམ་སྟོང་ལྷག་འཁྲུངས་པ་ཀུན་གྱིས་མཐོང་བས། མང་ཚོགས་ཀུན་གྱིས་ལས་འབྲས་ལ་ཡིད་ཆེས་དང་མཆོག་གསུམ་ལ་དད་པ་སྐྱེས་ཏེ་ཀུན་གྱིས་ཆོས་ཕྱོགས་ལ་འབད་པ་ཆེན་པོར་བྱས་སོ།། །།

སྲིང་ཆུང་བདེ་ཆེན་དབང་མོའི་རྣམ་བསྡུས། མཛད་པ་པོ་མཁན་པདྨ་རྡོ་རྗེ།

སྲིང་ཆུང་བདེ་ཆེན་དབང་མོ་ནི་ཀླུ་རབ་མཁན་གཅུང་རྣམ་གཉིས་དང་ཚེ་དབང་ལྷ་མོ་སོགས་ལས་ཆུང་བར་ཡུམ་བདེ་ལྡན་སྒྲོལ་མའི་སྲས་མོ་རུ་སྐུ་འཁྲུངས། ཆུང་དུས་ནས་བྱམས་བརྩེ་མངའ་ཞིང་རིག་ལྡན་གྱི་མཁའ་འགྲོ་མ་དངོས་ཡིན་པས་མཁན་ཆེན་ཡང་སྤྲུལ་ཡང་འདིར་འཁྲུངས་ཡོད། དུས་འགྱུར་རྗེས་སུ་འཕགས་ཡུལ་དུ་ཕེབས་ཏེ་དགུང་གྲངས་གྱ་དྲུག་སྐབས་སུ་སྐུ་གཤེགས་སོ། །

Pecha page