མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
གངས་ཅན་རིག་པ་འཛིན་མ་དག་གི་རྣམ་ཐར།
གོང་ཐང་སྲས་མོ་ལྷ་རིན་ཆེན་མཚོའི་རྣམ་ཐར་མདོར་བསྡུས། མཛད་པ་པོ་རྒན་ཟླ་བ།
༄༅། །གོང་ཐང་སྲས་མོ་ལྷ་རིན་ཆེན་མཚོའི་རྣམ་ཐར་མདོར་བསྡུས་བཞུགས་སོ། །མཛད་པ་པོ་རྒན་ཟླ་བ།
ལྷ་ཡི་མཛེས་སྡུག་མངོན་པར་གསལ་བའི་སྐུ། །རིན་བྲལ་དགོས་འདོད་འབྱུང་བའི་འཕྲིན་ལས་ཅན། །ཆེན་པོའི་གོ་སར་ཞེན་པས་མ་བཅིངས་པ། །མཚོ་ལྟར་ཟབ་ཡངས་ཐུགས་མངའ་ནེ་ནེ་རྒྱལ། །ལྷ་རིན་ཆེན་མཚོ་ཞེས་བློ་གྲོས་དང་སྙིང་སྟོབས་ཀྱི་ལང་ཚོ་རྒྱས་ཤིང༌། ཡ་རབས་ཀྱི་དཔེ་ཟླར་འོས་པའི་གུང་ཐང་བཙད་པོའི་སྲས་མོ་དེ་ནི། བོད་རྗེ་བཙན་པོའི་གདུང་རབས་རྩོད་མེད། མངའ་བདག་འོད་སྲུང་གི་རྒྱུད་པ་བོད་སིལ་བུའི་སྐབས་སུ་གུང་༼༡༽ཐང་དུ་ཆགས་པ་ལས་མཆེད་པ་ཡིན་ཏེ། དེ་ཡང་སྤྱི་ལོ་དགུ་བརྒྱ་བདུན་ཅུའི་གཡས་གཡོན་ཙམ་ལ་དམར་པོ་བཙན་ནམ་ཡང་ན་འོད་ཟེར་ལྡེ་གུང་ཐང་དུ་ཕེབས་ཏེ་རྒྱལ་གཞིས་བཟུང་པས་གུང་ཐང་གི་རྒྱལ་རབས་ཐོག་མར་དབུ་བརྙེས། དེ་ནས་རྒྱལ་རབས་བདུན་པའམ་བརྒྱད་པ་སྐྱོབ་པ་ལྡེ། འདི་ལ་སྲས་ལྕམ་དྲལ་བཞི་བྱུང་བའི་ནང་ནས། གཅེན་པོ་མགོན་པོ་ལྡེའམ་དཔུང་དམར་དུ་གྲགས་པ་དང༌། སྲས་མོ་ཆེ་བ་ལྷ་གཅིག་མཛེས་མ་ས་པཎ་གྱི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་བདག་མོར་བྱོན། འབྲིང་བའི་ལོ་རྒྱུས་མ་གསལ། ཆུང་བ་ལྷ་རིན་ཆེན་མཚོ་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་མཇུག་གམ་བཅུ་གསུམ་པའི་འགོ་ཙམ་ལ་སྐུ་འཁྲུངས་ཤིང་སྐུ་ན་ཆུང་དུས་ནས་ཆོས་སྒོར་ཞུགས། དེའི་སྐབས་སུ་སྤང་ཞོད་ཆོས་གྲགས་ཀྱིས་ཡེ་ཚོའི་ཡུལ་ནས་དམག་དྲངས་ཏེ། གཅེན་མགོན་པོ་ལྡེ་ཁབ་ཀྱི་སྐུ་མཁར་མཐོང་སར་དཀྲོངས། བཙུན་མོ་ལ་སྲས་མེད་པས་རྒྱལ་རྒྱུད་ཆད་པའི་ཉེན་ཁར་སླེབས། འོན་ཀྱང་ར་ལ་དགོན་པའི་བཙུན་མ་བྱང་ཆུབ་འདྲེན་ཞེས་པ་ལ་རྒྱལ་པོའི་ཟུར་སྲས་ཤིག་སྦྲུམ་ཡོད་པ་དགྲ་དམག་ལ་འཇིགས་ནས་བཙུན་མ་བརྒྱད་ཀྱིས་གཟེབ་༼༢༽ཀྱི་ནང་དུ་བཅུག་ནས་རྒྱབ་ལ་ཁྱེར་ནས་ཀློང་རྩེ་དང༌། དཔལ་མོ་སྐྱིད་ཕུག་སོགས་བརྒྱུད་ནས་རང་གི་ཁུ་བོ་ཕུ་རི་དང་གྱམ་བསམ་གཏན་གླིང་དགོན་པའི་མཁན་པོར་བཞུགས་པ། གཉོས་སྟོན་བྱང་ཆུབ་གཟུངས་ཀྱི་སར་ཕེབས། མཁན་པོས་ཀྱང་གདུང་རྒྱུད་འདི་ཤིན་ཏུ་གལ་ཆེ་བ་ཡིན་ཞེས་གསུངས་ཤིང། ཕུ་རི་དང་གྱམ་གྱི་དགེ་འདུན་རྣམས་ལ་སྐུ་རིམ་སྒྲུབ་ཏུ་བཅུག །དེ་ནས་རིང་མིན་སྲས་མཚན་དང་ལྡན་པ་ཞིག་ལུག་རྭར་བྱ་༼༣༽ཐེར་གྱི་ནང་དུ་སྐུ་འཁྲུངས། སྐུ་ན་ཕྲ་བའི་སྐབས་བཙུན་པའི་ཆས་སུ་བཅུག་ནས་མཚན་ཡང་བཙུན་པ་ལྡེར་བཏགས། རྒྱལ་པོ་མགོན་པོ་ལྡེ་དཀྲོངས་ནས་སྲས་བཙུན་པ་སྡེ་སྐུ་ན་མ་སོན་བར་ལ་ཧ་ལམ་མི་ལོ་ཉི་ཤུ་ཙམ་གྱི་རིང་གུང་ཐང་གི་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་ལྷ་རིན་ཆེན་མཚོས་མཛད་པ་ཡིན་ཏེ། དེ་ཡང་སྲས་བཙུན་པ་ལྡེ་གསང་སྟབས་ཀྱིས་སྐྱེད་བསྲིངས་དགོས་དང༌། གུང་ཐང་གི་རྒྱལ་སྲིད་བསྐྱར་གསོ་དགོས་པ། དེ་བཞིན་ཚ་བོ་བཙུན་པ་ལྡེ་ལ་རྒྱབ་བརྟེན་སྟོབས་ཤུགས་ཅན་ཞིག་འཚོལ་དགོས་པ་བཅས་དགོས་པ་དུ་མ་གཟིགས་ནས། སྐབས་དེར་ཆོས་སྲིད་ཀྱི་སྟོབས་ཤུགས་ཆེ་བ་ས་སྐྱ་པ་ཡིན་ཞིང༌། ཁོང་རང་གི་གཅེན་མོ་ལྷ་གཅིག་མཛེས་མ་ས་པཎ་གྱི་གཅུང་པོ་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་བདག་མོར་བཞུགས་པ་སྐུ་ཉེ་ཡིན་པའི་ཐོག །ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་མོ་ཉི་མ་འབུམ་སྐྱིད་གྲོང་ཇོ་བོ་མཇལ་བ་ལ་གུང་ཐང་དུ་ཕེབས་པ་ལ། ནེ་ནེ་ལྷ་རིན་ཚོའི་དགོངས་པར། ངེད་རང་སྐྱེ་བ་དམན་ཅིང་ཚ་བོ་ན་ཕྲ་བས་གཉེན་དཔོན་ཞིག་འཚོལ་དགོས་པར་འདུག་པས། ཉི་མ་འབུམ་ལོ་རྒན་པར་འདུག་ཀྱང་དགོས་གལ་ཆེ་བར་མཐོང་ནས། ཐབས་སྒོ་སྣ་ཚོགས་ཀྱིས་རྒྱལ་བུ་བཙུན་པ་ལྡེའི་བཙུན་མོར་བཞུགས་པར་བྱས་ནས་གཉེན་ཐོག་ཏུ་གཉེན་བརྩེགས། དངོས་རྫས་ཀྱི་ཕྱག་རྟེན་ཡང་ཕུལ་ཏེ་དམག་གཡར་ཞུས་ནས། ཡེ་ཚོའི་ཡུལ་དུ་དམག་ཕབ་སྟེ་མི་མང་པོ་བསད་ནས་དགྲ་ལན་མཐར་ཕྱིན་པར་བྱས། དེའི་སྡིག་སྦྱོང་དང༌། གཅེན་མགོན་པོ་ལྡེའི་དགོངས་རྫོགས། སངས་རྒྱས་ཀྱི་བསྟན་པ་འཛུགས་པ། སྐྱེ་འགྲོ་སྤྱིའི་སྡིག་སྦྱོང་སོགས་ལ་དམིགས་ནས། ཁབ་གོང་གི་ལྷ་ཁང་དམར་པོ་དང༌། འོར་གནས་གསར་གྱི་ལྷ་ཁང་བཞེངས། དེ་དག་ཏུ་ཀྐ་ནི་ཆེན་པོ་རེ་རེ་ཡང་བཞེངས། གཅེན་མགོན་པོ་ལྡེའི་དབུ་ཕ་རོལ་དགྲ་བོས་འཁྱེར་བའི་ཁྲག་ཐིགས་རེ་ཟགས་པའི་སར་མཆོད་རྟེན་རེ་བཞེངས། གཞན་ཡང་མཆོད་རྟེན་ཆུང་ངུ་མང་དུ་བཞེངས། ཆོས་མཁར་དུ་རྒྱུད་རྟག་གཉིས་ཀྱི་བཤད་གྲྭ་བཙུགས། འོམ་ཕུག་ཏུ་རྒྱུད་གསང་སྙིང་གི་བཤད་གྲྭ་བཙུགས། མདོར་ན་རྒྱལ་པོ་མགོན་པོ་ལྡེ་དཀྲོངས་ནས་རྒྱལ་བུ་བཙུན་པ་ལྡེ་སྐུ་ན་མ་སོན་གྱི་བར་རྒྱལ་པོའི་གདུང་རྒྱུད་དང༌། རྒྱལ་སྲིད་གཉིས་ཀར་དཀའ་ཚེགས་དང་ཉེན་ཁ་ཧ་ཅང་ཆེ་བའི་སྐབས་དེར་རྒྱལ་གཞིས་ཀྱི་བྱ་བ་ཆེ་ཕྲ་ཚང་མ་གཟེངས་སུ་ཐོན་པ་མཛད། ཁོང་གི་དགོངས་གཞི་བཞིན་རྒྱལ་པོ་བཙུན་པ་ལྡེ་དང༌། བཙུན་མོ་ཉི་མ་འབུམ་ལ་རབ་བྱུང་བཞི་པའི་ཆུ་གླང་སྤྱི་ལོ་༡༢༥༣་ལ་མངའ་བདག་འབུམ་ལྡེ་མགོན་པོ་སྐུ་འཁྲུངས་ཤིང༌། དགུང་ལོ་བཅུ་གཉིས་པར་སྐུ་ཞང་འགྲོ་མགོན་འཕགས་པ་མཇལ། ཐུགས་སྟོབས་དང་རྣམ་དཔྱོད་མཆོག་ཏུ་ཡངས་པས་འཕགས་པའི་གཟིགས་པ་མཆོག་ཏུ་དགེ་བས་གུང་ཐང་གི་རྒྱལ་སྲིད་ཀྱི་བྱ་བ་རྣམས་ལེགས་ཚོགས་ཀྱི་སྒོ་བརྒྱ་དུས་ཅིག་ཏུ་ཕྱེ། དེ་ལྟར་ལྷ་རིན་ཆེན་མཚོ་འདི་ཉིད་ནི་མཚན་གྱིས་མ་སྤུད་ཀྱང་དོན་ལ་མཁས་མཛངས་ལྡན་པའི་རྒྱལ་མོ་ཡིན་པ་མ་ཟད་དངོས་ཤུགས་བརྒྱུད་གསུམ་ནས་འཕྲིན་ལས་གཏན་ཆགས་པས་གུང་ཐང་གི་རྒྱལ་སྲིད་དར་བའི་རྩ་བ་ཡིན་པར་མངོན་ནོ། །ཁོང་རང་གི་སྒོས་གཞིས་གདུང་ཕུག་ཏུ་མཛད་ནས། དེར་མདོ་མང་གླེགས་བམ་བཞི་བཅུ་བཞེངས་ནས། གསུང་སྒྲོག་གི་མཆོད་གནས་རྒྱུན་མ་ཆད་པ་བཙུགས། སྐུ་ཚེ་སྨད་ལ་ཐུགས་དམ་ཉམས་བཞེས་གནང་སྟེ་ཆོས་མཐར་ཕྱིན་པ་མཛད་པ་བཅས། ཀཿཐོག་རིག་འཛིན་ཆེན་པོས། བུད་མེད་ཞིག་ལ་ཡ་རབས་ཀྱི་གཏམ་དཔེར་འོས་པ་ཞེས་བསྔགས་པ་མཛད་དོ།། །།
༼༡༽ དེང་སྐབས་སྐྱིད་གྲོང་རྫོང་གནས་ཡུལ་དང་དེའི་ཉེ་འཁོར།
༼༢༽ སྨྱུག་མས་བཟོས་པའི་སྣོད་སྒམ་གཟུགས།
༼༣༽ བྱ་དང་ཆར་པ་སོགས་འགོག་བྱེད་བྱ་གཡབ་དང་མཚུངས།
དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་ཟླ་བ་བསྟན་འཛིན་གྱིས་༢༠༡༣ལོའི་ཟླ་༤ཚེས་༢༩་ལ།
རྗེ་བཙུན་མ་ཀུན་བཟང་ཆོས་སྒྲོན་གྱི་རྣམ་ཐར་བསྡུས་པ་པད་དཀར་ཕྲེང་བ། མཛད་པ་པོ་མཁན་ཨ་བཀྲ།
༄༅། །རྗེ་བཙུན་མ་ཀུན་བཟང་ཆོས་སྒྲོན་གྱི་རྣམ་ཐར་བསྡུས་པ་པད་དཀར་ཕྲེང་བ་བཞུགས།
ཆོས་ཀྱི་དབྱིངས་སུ་ཀུ༵ན་ཏུ་བཟ༵ང་མོ་དང་། །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔའི་ཡུམ། །གདུལ་བྱའི་སྣང་ངོར་ཕྲིན་ལས་ཆོ༵ས་སྒྲོ༵ན་ཞབས། །སྐུ་གསུམ་ཌཱཀྐིའི་གཙོ་མོའི་མཆོག་ལ་འདུད། །རྗེ་བཙུན་བླ་མའི་ཡོན་ཏན་རྒྱ་མཚོའི་གཏེར། །ས་གནས་སེམས་དཔའ་རྣམས་ཀྱིས་བརྗོད་དཀའ་ན། །བྱིས་པའི་བློ་ཡིས་དཔོག་པར་ག་ལ་ནུས། །རང་བློའི་དད་པའི་རྟེན་དུ་མདོ་ཙམ་སྤྲོ། །
དེ་ལ་འདིར་འགྲོ་བ་རྣམས་ཀྱི་སྐྱབས་མགོན་དམ་པར་གྱུར་པ་ཌཱཀྐིའི་སྤྱི་དཔལ་རིགས་བརྒྱའི་ཁྱབ་བདག་ཀུན་བཟང་ཆོས་སྒྲོན་གྱི་རྣམ་ཐར་ཅུང་ཟད་བརྗོད་ན། སྲས་མོ་གོ་མ་དེ་ཝ་དང་། ཕྲིན་ལས་ཆོས་སྒྲོན་གྱི་སྐུ་སྐྱེ་དེ་ཉིད་ཡབ་ལོ་ཆེན་བཻ་རོ་ཙ་ནའི་རྣམ་རོལ་རིག་འཛིན་སྐུ་གསུམ་གླིང་པ་དང་། ཡུམ་མཁའ་འགྲོ་མ་ཚེ་དབང་སྒྲོལ་མ་གཉིས་ཀྱི་སྲས་སུ། ཡབ་རྗེ་ལྷ་ལྡན་དུ་བཞུགས་དུས། ཡུམ་གྱི་རྨི་ལམ་ནང་རྗེ་བླ་མའི་སྐུ་ཆིངས་རང་ཉིད་ཀྱི་སྟེང་དུ་ལྷུང་བར་རྨིས་པ་སོགས་ངོ་མཚར་བསམ་ཡུལ་ལས་འདས་བཞིན་ལྷུམས་སུ་ཞུགས། བཀྲ་ཤིས་པའི་ལྟས་དང་བཅས་བོད་རབ་བྱུང་བཅོ་ལྔའི་ལྕགས་སྟག་༡༨༩༠ལོར་སྐུ་འཁྲུངས། ཡབ་གཏེར་ཆེན་སྐུ་གསུམ་གླིང་པ་དང་། ཆོས་བདག་བླ་མ་འོད་ཟེར་རྡོ་རྗེས་དང་། བློ་ལྡན་རྡོ་རྗེ་སོགས་ཀྱི་མདུན་ཡི་གེ་འབྲི་ཀློག་ནས་བཟུང་སྔ་འགྱུར་བཀའ་གཏེར་དག་སྣང་བཅས་དབང་ཁྲིད་མན་ངག་རྒྱ་མཚོའི་ཐུགས་རྒྱུད་བསྐངས། ཆོ་ག་ཕྱག་ལེན་ཕྲ་མོ་ཚུན་ཆད་ཐུགས་སུ་ཆུད་ཅིང་བློ་གྲོས་དང་ལྡན། མཚོ་ཕུ་རྡོ་ལོ་ཇོ་བོ་བཀྲ་ཤིས་རབ་བརྟན་གྱི་གསང་ཡུམ་དུ་གཏེར་ལུང་ལ་ཟིན་ཀྱང་རྟེན་འབྲེལ་འཆུག་པས་གཉིས་ཀའི་མཛད་འཕྲིན་ལ་ཅུང་ཟད་གནོད་པར་གྲགས། རྗེ་བཙུན་འཕགས་མ་སྒྲོལ་མ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དཔལ་ལྡན་ལྷ་མོ་སོགས་ཀྱི་ཞལ་གཟིགས། མངོན་ཤེས་དང་གྲུབ་རྟགས་ནུས་མཐུ་གང་ལའང་ཐོགས་པ་མེད་པས། བླ་མ་འོད་ཟེར་རྡོ་རྗེ་སོགས་ཀྱིས་སྲས་མོ་འདིས་བཤད་སྒྲུབ་བསྟན་པའི་སྲོལ་རྒྱུན་ཟིན་ངེས་རེད་ཅེས་གསུངས། ཕྱིས་སུ་བླ་མ་འཆི་མེད་དང་། མཁན་པོ་ཨ་ཆོས། སྨིན་གླིང་རྒྱལ་སྲས་ཞབས་དྲུང་རིན་པོ་ཆེ་སོགས་ལ་འཁྲུལ་ཞིག་པདྨ་བདུད་འདུལ་གྱི་གཏེར་ཆོས་པོད་ལྔ་དང་། གཏེར་ཆེན་སྐུ་གསུམ་གླིང་པའི་གཏེར་ཆོས་པོད་ཞེ་གཉིས་བཅས་ཀྱི་དབང་ལུང་མན་ངག་དང་བཅས་ཆ་ཚང་གནང་ཞིང་། སྔ་འགྱུར་རྙིང་མའི་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་དབང་ལུང་ཁྲིད་གསུམ་ཐུན་མོང་མ་ཡིན་པ་བུམ་པ་གང་བྱོས་ཚུལ་དུ་གནང་། རྗེས་འཇུག་སློབ་མ་རྣམས་ལ་སངས་རྒྱས་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་བསྒྲུབ་དགོས་པའི་ཞལ་ཆེམས་ཡང་ཡང་གནང་།
གཞན་ཡང་ཉག་རོང་སྟོད་སྨད། ལི་ཐང་ཆོས་གྲགས་དགོན། གོ་འཇོ་མཁོ་ཁྱིམ་དགོན་སོགས་ཀྱི་ཇོ་སེར་བརྒྱ་ཕྲག་འགའ་ལ་སྔོན་འགྲོ་དང་དངོས་གཞིའི་ཆ་ལག་འཁོར་འདས་རུ་ཤན། དངོས་གཞི་རིག་པའི་རྩལ་དབང་བཅས་པའི་ཉམས་ཁྲིད་བརྒྱུད་ལྡན་བླ་མའི་མན་ངག་རྣམས་ཡུན་རིང་གསུངས། ལྗགས་རྩོམ་སྐོར་ལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བླ་མ་རྒྱང་འབོད། མི་འགྱུར་ཆོས་ཀྱི་རྡོ་རྗེའི་གསོལ་འདེབས། རྫོགས་ཆེན་སྨོན་ལམ་རྣམས་ལས། དུས་འགྱུར་སྐབས་ཐོར་བརླག་སོང་བས་རྙེད་ཐབས་མ་བྱུང་། དམངས་གཙོ་བཅོས་བསྒྱུར་དང་ངོ་རྒོལ་བཞི་པ་ཟེར་བའི་ཛ་དྲག་གིས་དུས་སུ་སྐུ་ལ་རྨ་འབྲས་ཐོལ་བུ་འགའ་ཞིག་ཐོན་པའི་མཛེ་ནད་ཡིན་ཚུལ་བཤད་པས་སྐུ་ལུས་སོགས་ལ་དཀའ་ངལ་གྱིས་གནོད་པ་ཅི་ཡང་མ་བྱུང་། དེ་ནི་བཀའ་སྲུང་དམ་ཅན་རྒྱ་མཚོས་ཕྲིན་ལས་སྡོང་གྲོགས་ཡིན་པ་ཀུན་གྱིས་གླེང་། མཐར་དགུང་གྲངས་བདུན་ཅུ་ལ་ཕེབས་དུས་༡༩༦༠ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་ལྔའི་མཚན་མོ་ལ་གདུལ་བྱ་རྣམས་ལ་མི་རྟག་པའི་རང་བཞིན་མངོན་དུ་སྟོན་པའི་ཕྱིར་བླ་བྲང་ཆོས་འཁོར་རྣམ་རྒྱལ་ལྷུན་པོའི་གཟིམ་ཤག་ཏུ་གཟུགས་སྐུ་ཞི་བའི་དབྱིངས་སུ་ཐིམ་དུས་བཞི་རྒོལ་སྐབས་ཡིན་པས་མི་དམངས་རྣམས་ལ་ལས་འབྲས་ལ་ཡིད་ཆེས་མི་ཆོག་པའི་དུས་སུ་སྐུ་གདུང་ལ་མེར་སྦར་དུས་ནམ་མཁའ་ལ་འཇའ་འོད་ཁ་དོག་ལྔ་ལྡན་མང་པོར་ཤར་བ་དང་། ནམ་མཁའ་དྭངས་བའི་དབྱིངས་ནས་ཉི་ཟེར་དང་མཉམ་དུ་ཁ་བ་མེ་ཏོག་ཅན་བབས། གདུང་དང་རིང་བསྲེལ་ཁ་དོག་ལྔ་ལྡན་གསུམ་སྟོང་ལྷག་འཁྲུངས་བ་ཀུན་གྱིས་མཐོང་བས། མང་ཚོགས་དད་ལྡན་ཀུན་གྱིས་ལས་འབྲས་ལ་ཡིད་ཆེས་དང་མཆོག་གསུམ་ལ་དད་པ་བླ་ལྷག་ཏུ་སྐྱེས་ཏེ་ཀུན་གྱིས་ཆོས་ཕྱོགས་ལ་འབད་པ་ཆེན་པོར་བྱ་བའི་རྟེན་དུ་བྱས་པའོ། །
སླར་སྨྲས་པ། སྐུ་གསུམ་མཁའ་འགྲོའི་ཀུན་གྱི་ཐུགས་ཀྱི་སྤྲུལ། །རྗེ་བཙུན་མཆོག་གི་རྣམ་ཐར་རྒྱ་མཚོའི་གཏེར། །རང་བློས་མོས་པས་ཅུང་ཟད་བརྗོད་པའི་དགེ །འགྲོ་ཀུན་སྲིད་མཚོའི་རླབས་ལས་རབ་བསྒྲལ་ནས། །ཀུན་བཟང་གདོད་མའི་མགོན་པོའི་ས་མཆོག་ལ། །གཤེགས་པའི་སྨོན་ལམ་རྒྱ་མཚོ་ཇི་ལྟར་བུ། །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་ལ། །རྗེ་བཙུན་བླ་མའི་ཞབས་ཀྱི་སྐྱབས་འོག་ཏུ། །གྱུར་ནས་བཤད་དང་སྒྲུབ་པའི་རྒྱལ་མཚན་ཀུན། །འཛིན་ནས་བསྟན་འགྲོའི་དོན་ཆེན་འགྲུབ་གྱུར་ཅིག །
ཅེས་བླ་རུང་ཨཱརྱ་ཏཱ་རེའི་དཔེ་སྒྲིག་ཁང་ནས་འཕགས་བོད་ཀྱི་རྗེ་བཙུན་མ་ཉིས་བརྒྱ་ལྷག་གི་རྣམ་ཐར་རྣམས་ཕྱོགས་བསྒྲིགས་གནང་འདུག་པས་ཉག་རོང་གི་རྗེ་བཙུན་མ་རྣམས་ཀྱི་རྣམ་ཐར་བཙལ་དགོས་པའི་བཀའ་གནང་བྱུང་བས། ཀླུ་རབ་དགོན་གྱིས་བྲིས་པའི་རྣམ་ཐར་དང་། བླ་མ་བློ་སྙན་གྱིས་བྲིས་པའི་རྣམ་ཐར་རྣམས་ཕྱོགས་གཅིག་ཏུ་བྱེད་པ་པོ་ཨ་བཀྲ་ནས་བགྱིས་པས་དགེ་ལེགས་འཕེལ།
དབུས་བཟའ་མཁའ་འགྲོ་བདེ་བའི་རྡོ་རྗེའི་རྣམ་ཐར་ཆེན་མོའི་མཇུག་གི་ཁ་སྐོང་ཉུང་ངུ་གཡུ་ཡི་ཕྲ་ཚོམ། མཛད་པ་པོ་སངས་རྒྱས་རྡོ་རྗེ།
༄༅། །དབུས་བཟའ་མཁའ་འགྲོ་བདེ་བའི་རྡོ་རྗེའི་རྣམ་ཐར་ཆེན་མོའི་མཇུག་གི་ཁ་སྐོང་ཉུང་ངུ་གཡུ་ཡི་ཕྲ་ཚོམ་ཞེས་བྱ་བ་བཞུགས་སོ། །མཛད་པ་པོ་སངས་རྒྱས་རྡོ་རྗེ།
མཚུངས་མེད་རྗེ་བཙུན་བླ་མ་དམ་པ་ཀུན་བཟང་བདེ་སྐྱོང་དབང་མོའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་ཀྱི་མཆོག་ཏུ་བསྟེན་ནོ། །ཐུགས་བརྩེ་བས་རྗེས་སུ་ཟུང་ལ་རྟག་ཏུ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གསང་ཆེན་བཀའ་ཡི་སྡུད་པོ་མཁར་ཆེན་བཟའ། །ཡང་དག་གྲུབ་པའི་དགྱེས་སྡེ་ཤེལ་དཀར་མཚོ། །ཟུང་འཇུག་སྤྲུལ་པའི་ཟློས་གར་སྨིན་ལེགས་གཟུགས། །བདེ་ཆེན་བདེ་བའི་རྡོ་རྗེ་གཙུག་ན་མཛེས། །གང་གི་རྟོགས་བརྗོད་རྒྱས་པའི་མཆོད་སྡོང་ཆེར། །མ་ཚང་ཞལ་སྐོང་ཕྲ་རྒྱན་འདིར་སྤྲས་ཀྱི། །གནས་གསུམ་ཌཱ་ཀིས་རྗེས་སུ་གནང་བ་དང་། །སྐལ་ལྡན་དང་བའི་གསོས་སུ་དགའ་བས་ལོངས། །དེ་ཡང་དུས་གསུམ་རྒྱལ་བ་ཐབས་ཅད་བསྐྱེད་པའི་ཡུམ་ཆོས་དབྱིངས་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པ། རྡོ་རྗེ་ཐེག་པ་རྒྱ་མཚོའི་འབྱུང་གནས་རྡོ་རྗེ་བཙུན་མོ་བཛྲ་ཝཱ་རཱ་ཧཱི་དེ་ཉིད་ཞིང་འདིར་བསམ་བཞིན་མི་མོའི་གཟུགས་སུ་བྱོན་པ། གསང་བ་གསུམ་གྱི་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ། ལས་འཕྲོ་གཏེར་དང་། ཟབ་མོ་དག་སྣང་། སྙན་རྒྱུད་མན་ངག་སྟེ་ཟབ་རྒྱས་ཀྱི་ཆོས་ཚུལ་འཛད་མེད་ནམ་མཁའི་མཛོད་ལ་རང་དབང་འབྱོར་བ་ལས། ཕྱོགས་དུས་ཀྱི་གདུལ་བྱ་བགྲང་བ་ལས་འདས་པ་སྨིན་གྲོལ་ལ་བཀྲི་བའི་ཕྲིན་ལས་འགྲན་པའི་ཟླ་དང་བྲལ་བ། ཞིང་སྔགས་ལྷན་སྐྱེས་ཀྱི་རྡོ་རྗེའི་ཕོ་ཉ་མོ་བདག་ཅག་གི་རྣམ་འདྲེན་དམ་པ་ཀུན་བཟང་ཆོས་ཉིད་དབང་མོའམ། བདེ་ཆེན་བདེ་བའི་རྡོ་རྗེ་ཞེས་བོད་ཁ་བ་ཅན་གྱི་ཞིང་ཀུན་ཏུ་མཚན་སྙན་གྲགས་ཀྱིས་ཁྱབ་པའི་མཚན་ལྡན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་ཀྱི་མཛད་ཚུལ་རྣམ་ཐར་རྒྱས་པའི་མཇུག་མཐུད་ཅུང་ཟད་འཆད་པ་ལ་གཉིས། སྐུ་ཚེའི་སྨད་ཀྱི་རྣམ་ཐར་མདོ་ཙམ་བསྟན་པ་དང་། ཐ་མའི་མཛད་པ་བསྟན་ཚུལ་བཤད་པའོ། །
དང་པོ་ནི། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྔོན་གྱི་བསྐལ་པ་འཇིག་རྟེན་གྱི་ཁམས་སྣ་ཚོགས་པའི་འོད་ཅེས་བྱ་བར་སངས་རྒྱས་རྔ་སྒྲའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད་དེ། དེས་ཤིན་ཏུ་དད་པའི་སྟོབས་ཀྱིས་སྟོན་འཁོར་རྣམས་ལ་མཆོད་པ་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚེ། འདི་སྐད་དུ། འདི་ན་སྐྱེས་པ་མེད་ཅིང་བུད་མེད་མེད། །བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། །ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། །འཇིག་རྟེན་བློ་ངན་རྣམ་པར་འཁྲུལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཆེད་དུ་བརྗོད་དེ། སྐྱེས་པའི་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་ལ། བུད་མེད་ཀྱི་ལུས་ཀྱིས་འགྲོ་བའི་དོན་བྱེད་པ་ནི་འགའ་ཡང་མེད་དོ། །དེ་བས་ན་འཁོར་བ་མ་སྟོང་གི་བར་དུ་བུད་མེད་ཀྱི་གཟུགས་ཀྱིས་འགྲོ་བའི་དོན་བྱའོ། །ཞེས་དམ་བཅས་ནས་འཕགས་མ་སྒྲོལ་མར་གྱུར་པ་དང་མཚུངས་པར་དྲི་མེད་ཀུན་དགའི་གཏེར་བྱོན་མཚོ་རྒྱལ་རྣམ་ཐར་ལེའུ་བདུན་མ་ལས། གུ་རུས་བཀའ་སྩལ་པ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཁྱོད་རང་སྣང་ཙམ་དུ་ཚེ་གཅིག་ལ་དཔལ་ཀུན་ཏུ་བཟང་མོ་དང་གོ་འཕང་མཉམ་ནས༔ གཞན་སྣང་དུ་གང་ལ་གང་འདུལ་དུ་སྤྲུལ་པ་ཇི་སྙེད་ཅིག་བཀོད་ནས་ཁྱོད་ཀྱི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་༔ འཛམ་གླིང་བྱེ་བ་ཕྲག་བརྒྱ་ན༔ སེམས་ཅན་རེ་རེའི་མདུན་དུ་ཡང་སྤྲུལ་པ་རེ་རེ་སྤྲུལ་ནས་གང་ལ་གང་འདུལ་དུ་སྟོན་ཅིང་༔ འབྲེལ་ཚད་ཆོས་ཉིད་ཟད་པའི་ས་ལ་བཀོད་པར་འགྱུར༔ མདོར་ན་འཁོར་བ་དོང་ནས་སྤྲུགས་པའི་མཐར་ཐུག་གི་བར་ལ་ཁྱོད་ཀྱི་སྤྲུལ་པ་ལ་ཟད་པ་མེད༔ ཁྱད་པར་ཐུབ་པའི་བསྟན་ཞབས་སྙིགས་མ་ལྔ་བདོ་བའི་དུས་སུ༔ ཁྱོད་ཀྱི་སྐུའི་སྤྲུལ་པ་རིགས་ལྔ་རྟགས་ཀྱིས་མངའ་གསོལ་བས་འབྲེལ་ཚད་དོན་དང་ལྡན་པ་གཅིག༔ གངས་ཅན་བོད་ཀྱི་དབུས་སུ་འབྱུང་༔ ཞེས་དང་། མཚོ་རྒྱལ་ཁྱོད་ཀྱིས་ཞུས་པའི་གདམས་ངག་ཟབ་ཆོས་རྣམས་དཀར་ཆག་ལ་བཏབ་ནས་གཏེར་དུ་སྦས་ཏེ་སྨོན་ལམ་བཏབ་ན༔ ཁྱོད་ཀྱི་སྤྲུལ་པ་རྣམས་དང་དུས་མཚུངས་པར་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ༔ ཞེས་དང་། སྟག་ཤམ་མཚོ་རྒྱལ་རྣམ་ཐར་ལས། ཡོན་ཏན་སྐུ་སྤྲུལ་དབུས་ནས་མཁའ་འགྲོ་འབྱུང་༔ ཞེས་སོགས་ཁུངས་ལྡན་གྱི་གཏེར་ལུང་མང་པོ་དཔང་པོར་གྱུར་ཅིང་། རང་གཏེར་ལས་ཀྱང་། མ་འོངས་ཉི་ཤུ་སྙིགས་མ་ལྔ་ཡི་ཚེ༔ ང་སྤྲུལ་ང་དང་གཉིས་མེད་ཁྱིམ་པའི་ཚུལ༔ ཆུ་འབྲུག་ལོ་པ་སྤྱི་མགྲིན་སྙིང་ག་རུ༔ བཾ་དང་ཧ་རི་ནི་སའི་རི་མོ་བཀྲ༔ སུ་ཁའི་མིང་ཅན་ཟབ་མོ་གཏེར་ལ་སྤྱོད༔ པད་འབྱུང་སྤྲུལ་པའི་གྲོགས་དང་འཕྲད་ནས་ཀྱང་༔ གཏེར་གཉིས་བསྟན་པའི་སྒྲོན་མེ་འཛིན་པ་འབྱུང་༔ དེ་དུས་ཆོས་འདིའི་སྒོ་འཕར་རབ་འབྱེད་ནས༔ ཆོས་བདག་མཆོག་བཞི་ཡ་བརྒྱད་ཉེར་ལྔ་སོགས༔ སྨོན་ལམ་དུས་སུ་འཛོམས་ནས་ཆོས་འདིར་འཕྲད༔ བཟང་འབྲེལ་ཚེ་འདིར་མི་གནས་གཏན་སྲིད་ཐོབ༔ ངན་འབྲེལ་སྐྱེ་བ་བདུན་ནས་དཔལ་རིར་འདྲེན༔ ཐེ་ཚོམ་མེད་དོ་རྡོ་རྗེའི་བཀས་མི་བསླུ༔ ཞེས་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་གཏེར་སྟོན་གྲུབ་པའི་དབང་མོ་དེ་ཉིད་དབུས་འགྱུར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་ཉེ་བར་ཡབ་ཡུམ་རིགས་རུས་ཆོ་འབྲང་བཟང་པོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་འབྲུག་ལོ་སྤྱི་ལོ་༡༨༩༢ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་པ་ནས་བཟུང་། དགུང་གྲངས་བཞི་བཅུ་རྩ་གསུམ་ལ་ཕེབས་པ་ཤིང་ཁྱི་ལ་ཐུག་པ་ཡན་གྱི་ཕྱི་ནང་གསང་བའི་རྣམ་ཐར་ཞལ་གསུང་ཤིན་ཏུ་རྒྱས་པ་སྐལ་ལྡན་དད་པའི་མཆོད་སྡོང་ཞེས་བྱ་བ་ཤོག་གྲངས་ལྔ་བརྒྱར་ལོངས་པ་དང་།
གཞན་ཡང་མ་དང་མཁའ་འགྲོའི་གསང་ཚིག་གཏེར་འབྱུང་ལོ་རྒྱུས་ཐོར་བུ་ལེ་ཚན་རྣམས་སུ་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བའི་ངོ་མཚར་རྨད་དུ་བྱུང་བའི་འཕགས་ཆེན་དམ་པའི་མཛད་པ་རབ་ཏུ་གསལ་བས་མོས་ཤིང་དོན་དུ་གཉེར་བ་མཆིས་ན་དེ་དག་ལས་རྟོགས་པར་བྱ། འདིར་དེ་རྣམས་སུ་མི་གསལ་བ་གདུལ་བྱ་ཐུན་མོང་གི་སྣང་ངོ་དང་བསྟུན་པའི་མཛད་ཚུལ་ལོ་ཟླའི་དུས་ཚིགས་ངེས་པ་འགའ་ཞིག་རྣམ་ཐར་ཆེན་མོའི་མཇུག་མཐུད་ཀྱི་ཚུལ་དུ་སྨོས་པ་ལ། དེ་ཡང་མཚན་ལྡན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་དགུང་གྲངས་ཞེ་ལྔར་ཕེབས་པ་ཤིང་ཕག་ལོ་ལ་བོན་ཆེན་པོའི་སའི་ཐིག་ལེ་ཨ་བོ་སེ་ར་དགོན་གྱི་ཡང་དབེན་དུ་མཉམ་རྗེས་རིས་མེད་འོད་གསལ་ཁོར་ཡུག་གི་དགོངས་པ་ལས་གཡོ་བ་མེད་བཞིན་དུ་བསྡུ་དངོས་བཞིའི་སྒོ་ནས་སྨིན་གྲོལ་བདུད་རྩིའི་ཆོས་ཆར་འབེབས་པས་གཞན་དོན་རྒྱ་ཆེན་པོ་མཛད་བཞིན་པའི་ངང་ནས་བཞུགས་པ་ན། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པའི་སློབ་མའི་གཙོ་བོ་བསོད་སྤྲུལ་སྣ་ཚོགས་རང་གྲོལ་ཞི་བར་གཤེགས་པའི་རྗེས་ཀྱི་བྱ་བ་རྣམས་ཌཱ་ཀི་ཆེན་མོ་ཉིད་ནས་ཐུགས་དགོངས་ཆོས་དབྱིངས་སུ་རྫོགས་ཐབས་མཐར་ཕྱིན་པར་གནང་བའི་སྐབས་འདས་རྗེས་ངོ་མཚར་ཅན་བབ་པ་ཟུར་དུ་གསལ། སྐབས་འགར་རྗེ་མོ་རང་ཉིད་ལ་ཡང་ཞིང་ཁམས་འཕོ་བའི་ལྟས་སུ་འདི་སྣང་དབྱིངས་སུ་ནུབ་སྟེ་དག་པའི་ཞིང་ཁམས་མུ་མཐའ་དང་བྲལ་བ་འབའ་ཞིག་གཟིགས་པ་སོགས་བྱུང་སྐབས། ཀཿཐོག་ངེས་དོན་དབང་པོའི་སྐུ་ཕྲེང་བཞི་པ་ཕྱག་སྤྲུལ་རིན་པོ་ཆེ་པདྨ་ཕྲིན་ལས་རྒྱ་མཚོས་དངོས་འབུལ་སྦམ་མཐོ་བ་དང་། དམ་ཚིག་གི་རྫས་ཐབས་ཤེས་རྡོར་དྲིལ་དང་བཅས་ཕུལ་ནས་བརྟན་བཞུགས་ཟབ་ནན་འབུལ་གནང་མཛད་པའི་རྟེན་འབྱུང་གིས་འདི་ལོའི་སྐུ་ཚེའི་འཕྲང་སེལ། དེ་ནས་ལི་སྟོད་སྐལ་བཟང་དགོན་དུ་ཕྱག་ཕེབས་ཏེ། གཏེར་ཆེན་བདུད་འཇོམས་གླིང་པའི་དངོས་སློབ་བླ་མ་དམ་པ་ཚེ་མཆོག་ལས། ལས་རབ་གླིང་པའི་རྟེན་འབྲེལ་ཉེས་སེལ་དབང་ལུང་གསན་ཞིང་། སྔོན་ཆད་རྟེན་འབྲེལ་འཕྱུགས་པའི་ཉེས་སྐྱོན་མཐའ་དག་ད་རེས་འདིས་སོར་ཆུད་པ་ཡིན་ཞེས་གསུངས།
གཏེར་སྲས་རྡོར་དགྲའམ་གསང་བདག་མི་འགྱུར་རྡོ་རྗེས་གདན་དྲངས་ཏེ་གསང་བའི་ལས་རྒྱར་བསྟེན་པས་ཌཱ་ཀི་ཉིད་ཀྱིས་སྔོན་ཆད་བརྡ་མ་ཁྲོལ་བ་ཡོན་ཏན་རྒྱ་མཚོ་ནས་སྤྱན་དྲངས་པའི་མཚོ་རྒྱལ་ཐུགས་སྒྲུབ་སྐོར་གྱི་བརྡ་རང་གྲོལ་དུ་གྱུར་པའི་བདག་པོའི་རྐྱེན་དང་དེ་སྐབས་སུ་སྐུ་ལྟེམ་ནས་ཡུན་རིང་སོང་བ་ཡང་འདི་ནས་གཞི་མེད་དུ་དྭངས། ཐབས་ཀྱི་དཔའ་བོས་བསྐུལ་མ་དང་བཅས་བདེ་ཆེན་ཕོ་ཉའི་མྱུར་ལམ་གྱི་ཟབ་གནད་ཐུན་མོང་མ་ཡིན་པ་མགུར་མའི་ཚུལ་དུ་གཏན་འབེབས་གནང་བས་ཐུགས་དགྱེས་པའི་རྩེར་སོན། གཏེར་སྲས་མདུན་ནས་ཚུར་ལ་ཡབ་རྗེའི་གཏེར་གསར་སྐོར་གྱི་སྒྲུབ་ཆེན་ཕྱག་བཞེས་དང་གར་ཐིག་དབྱངས་གསུམ་སོགས་རང་ལུགས་གཙང་མ་མི་ཉམས་ཆེད་འབད་པས་གསན་ནས་ཐུགས་སུ་ཆུབ་པར་མཛད། དེ་ནས་རང་གནས་སུ་ཕྱག་འཁོར་ནས་ཐུགས་དམ་ལ་གནས་པའི་ཚེ། མཁའ་འགྲོ་ཀུན་གསལ་དབང་མོས་འབྱུང་འགྱུར་གསང་བའི་ལུང་བསྟན་སྩལ་བ་ཟུར་དུ་གསལ། དགུང་གྲངས་ཞེ་ལྔ་མེ་བྱི་ལོར་ལུང་ཟིན་ཆོས་ཀྱི་བདག་པོ་ཉག་རོང་ཁྲ་སྐྱ་བླ་མ་བྱ་བྲལ་བ་ཤེས་རབ་འོད་ཟེར་གྱིས་སྤྱན་འདྲེན་པའི་བང་ཕྱིན་འབྱོར་བས་རྫ་ཁོག་བཻ་ཕུག་མཁའ་འགྲོ་ཡང་རྫོང་དུ་ཕེབས་ནས་གནས་དེའི་སྒྲུབ་བཙུན་ཕོ་མོ་རྣམས་དང་བྱིན་རླབས་ནང་ཇོ་དགོན་བཅས་ཀྱི་སྐལ་ལྡན་རྣམས་ལ་གཏེར་གསར་ཁྲོས་མ་དང་རིག་འདུས་སོགས་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་ཕྱག་ལེན་དང་བསྐྱེད་རྫོགས་ཟབ་མོའི་གདམས་ཁྲིད་འདོན་རྟ་དབྱངས་བཅས་ལྗགས་ཁྲིད་བཀའ་དྲིན་བསྐྱངས་ཤིང་། སྲུབ་དབར་རྣམས་སུ་ཡུལ་ཕྱོགས་དེའི་དད་འདུས་སེར་སྐྱ་ཕོ་མོ་ཤིན་ཏུ་མང་པོ་ལ་ཕྱག་དབང་བྱིན་རླབས་ཆོས་འབྲེལ་སོགས་སོ་སོའི་འདོད་པ་ལྟར་གནང་ནས་འབྲེལ་ཚད་ཐར་ལམ་ལ་བཀྲི་བར་མཛད།
ལོ་འདིར་རྒྱ་དམག་ཀླ་ཀློའི་གཡོ་འཁྲུགས་ཀྱི་འཚུབ་མ་མདོ་སྨད་ལྷོ་བྱང་ཀུན་ཏུ་ལྡང་པའི་ཟིང་རྐྱེན་གྱིས་ཆོས་སྒར་ཡུལ་གཅིག་ནས་གཅིག་ཏུ་འཕོ་སྐྱས་ཀྱིས་རྫ་ཁོག །ཟླ་ཡུལ། རྙི་སྟོད་རྣམས་སུ་ཕེབས་དགོས་ཤར་ཡང་རྗེ་མོའི་ཐུགས་རྗེ་ནུས་མཐུ་ཁོ་ན་ལ་བརྟེན་ནས་མི་ཕྱུགས་གང་ལའང་གནོད་སྐྱོན་ཕྲ་མོ་ཙམ་ཡང་མ་བྱུང་། སྙིའི་ཆུ་ཚན་ཁར་སྐུའི་འཕྲོད་བསྟེན་གནང་སྐབས། དེའི་ཉེ་འདབས་སུ་ཕ་དམ་པའི་སྒྲུབ་ཕུག་དང་རང་བྱོན་ངོ་མཚར་ཅན་མང་པོ་བཞུགས་པ་སྐྱེ་བོ་ཀུན་ལ་གནས་ཀྱི་ངོ་སྤྲོད་གནང་ཞིང་ཨ་དོ་ཞེས་པའི་བྲག་ནས་ཟབ་གཏེར་ཁ་ཤས་ཀྱང་བཞེས། དེ་ནས་རྒྱའི་དམག་དཔུང་རྣམས་རེ་ཞིག་ཡུལ་དུ་ལོག་ནས་དུས་བདེ་འཇགས་བྱུང་བསྟུན་དགེ་རྩེ་ཟླ་སྟོད་ཀྱི་འབྲོག་ཆེན་ཁོ་འབུད་ཅེས་པའི་ལུང་པར་བཞུགས་སྒར་སྤོས་ཏེ་ཐོགས་ཤིག་གདན་འཇགས། སྟོན་མཇུག་ཕྱོགས་ནས་འདུས་པའི་བུ་སློབ་གསར་རྙིང་རྣམས་ལ་གཏེར་གསར་སྔོན་འགྲོ་དངོས་གཞི་ཐོད་རྒལ་དང་བཅས་པའི་ཟབ་ཁྲིད་རྒྱུད་ཐོག་ཏུ་སྨིན་པར་བཏབ་མཛད་དེ། དཔོན་སློབ་ཐབས་ཅད་ལོ་བསྟར་འཆར་ཅན་ཞག་བརྒྱའི་བར་སྐུ་མཚམས་བཅད་རྒྱ་ལ་བཞུགས་ནས་སྟོན་འཁོར་ལྷན་ཅིག་ཏུ་ཐུགས་དམ་ཉམས་ལེན་ཁོ་ན་ལ་གཞོལ་ཞིང་མཐར་སྐུ་མཚམས་གྲོལ་རྗེས། ཉིད་ལ་གནས་དེར་ལྷ་འདྲེའི་ཆོ་འཕྲུལ་མི་བཟད་པ་སྣ་ཚོགས་བྱུང་ཞེས་གསུངས།
དེ་ནས་དགུང་གྲངས་ཞེ་དྲུག་པ་མེ་གླང་ལོར་བདུད་འཇོམས་ཡབ་སྲས་ཀྱི་དངོས་སློབ་མགར་ར་བླ་མ་དགེ་ལེགས་རྒྱ་མཚོའི་ཞལ་སློབ་གྲྭ་བཙུན་རྣམས་ཀྱིས་གདན་ཞུས་ལྟར། རྩང་སྒར་དུ་ཕྱག་ཕེབས་ནས་རི་ཁྲོད་པ་རྣམས་ལ་ངོ་སྤྲོད་དང་གེགས་སེལ་བོགས་འདོན་སོགས་སོ་སོའི་རྒྱུད་དང་འཚམ་པར་མཛད། དུས་ཤིག་མ་དང་མཁའ་འགྲོའི་ལུང་བསྟན་བྱུང་བ་ཟུར་དུ་གསལ། ཟླ་བ་དྲུག་པར་དགེ་རྩེ་གྲྭ་ལག་དགོན་པའི་ཚེས་བཅུ་ཆེན་མོ་མཇལ་བར་ཕེབས། དེར་ཕྱག་སྤྲུལ་རིན་པོ་ཆེ་དང་མཇལ་འཕྲད་ཐོག་ཕན་ཚུན་ཐུགས་ཕེབས་པའི་གསུང་གླེང་མང་པོ་གནང་ནས་སླར་རྩང་སྒར་དུ་ཕེབས་ནས། སྐལ་ལྡན་འདུས་པའི་ཚོགས་ལ་རང་ལུགས་ས་གཏེར་སྔོན་འགྲོ། དངོས་གཞི་ཁྲེགས་ཆོད་སྣང་སྦྱང་ས་གཏེར་ཐོད་རྒལ་བཅས་པའི་སྒོམ་ཁྲིད་ཕོག་སྟེ་དཔོན་སློབ་རྣམས་འཆར་ཅན་ཞག་བརྒྱའི་མཚམས་སྒྲུབ་ལ་བཞུགས་ཤིང་སྐུ་མཚམས་གྲོལ་བའི་རྗེས་ཀྱི་གཏང་རག་ཚོགས་འཁོར་སོགས་མཐའ་རྒྱས་མཛད། ཀཿཐོག་ཕྱག་སྤྲུལ་རིན་པོ་ཆེས། ཉིད་གཏེར་ཕུར་སྒྲུབ་བདུད་ལས་རྣམ་རྒྱལ་དང་། མཚོ་རྒྱལ་ཐུགས་སྒྲུབ་སོགས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གསན་ནས་རྗེ་ཌཱ་ཀི་ཉིད་ནས་ཆོས་ཀྱི་བདག་པོར་ངོས་འཛིན་ཀྱང་གནང་། ཉག་རོང་ནས་བླ་མ་ཚུལ་ཁྲིམས་ནོར་བུ་རྗེ་འདི་པའི་མཚན་སྙན་ཐོས་ཙམ་ནས་སྔོན་སྨོན་དུས་སུ་སྨིན་པ་ལས་མི་འཕྲོག་པའི་དད་པ་འཁྲུངས་ཏེ་ཤུལ་རིང་གི་ལམ་ནས་ཆེད་གཉེར་ཌཱ་ཀི་ཆེན་མོ་མཇལ་བར་བྱོན་ཏེ་སྐུ་མདུན་ནས་ཉིད་གཏེར་ཟབ་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་ལུང་བཅས་གསན་བཞེས་དང་འབྲེལ། གཏེར་ཆོས་རྒྱབ་ཆོས་གསུང་རྣམས་བཅས་པོད་དྲུག་ལོངས་པ་བཞུགས་པ་ཚང་མ་ཞལ་བཤུས་ཏེ་དག་པར་ཞུས་ཤིང་ཟབ་གཏེར་འཛིན་སྐྱོང་སྤེལ་བའི་སྐྱེས་བུར་ལུང་ནས་ཟིན་པའི་བདེན་པ་མངོན་སུམ་དུ་གྱུར།
དེ་ནས་དགུང་གྲངས་ཞེ་བདུན་པ་ས་སྟག་ལོར་གཏེར་སྲས་དྲི་མེད་འོད་ཟེར་གྱི་ཡང་སྲིད་དབུས་ཕྱོགས་ཀྱི་འདུས་པ་མང་པོ་ལ་བདུད་འཇོམས་རྡོ་རྗེ་དང་སྲས་དྲི་མེད། མཁའ་འགྲོ་རང་ཉིད་དང་བཅས་པའི་གཏེར་ཁ་གསུམ་གྱི་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་སྨིན་རྒྱས་སུ་བསྩལ། དེ་སྐབས་མགར་ར་བླ་མ་དགེ་ལེགས་རྒྱ་མཚོའི་ཡང་སྲིད་ཁྲི་ཁར་མངའ་གསོལ་མཛད་སྐབས་མཁའ་འགྲོའི་ལུང་བསྟན་བྱུང་བ་ཟུར་དུ་གསལ། དེ་ནས་རྫ་ཁོག་ཏུ་ཆུ་ཚན་ལ་ཞུགས་པར་ཆིབས་བསྐྱོད་གནང་བའི་ཞོར་ལ། གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པ་སྟེང་ཆེན་དགོན་སོགས་གནས་གཟིགས་དང་། གྱེར་ཟ་རི་ཁྲོད་དུ་ཤར་རྫ་པ་བཀྲ་ཤིས་རྒྱ་མཚོ་ཞེས་བོན་གྱི་སྟོན་པ་ཆེན་པོ་དེ་ཉིད་ཕུང་པོ་ལྷག་མེད་འཇའ་ལུས་སུ་དེངས་མ་ཐག་པའི་སྙིགས་མའི་སྐྲ་སེན་ཙམ་ལུས་པ་ལ་མཇལ་ཁ་ཞུས། ཡུལ་དེའི་སེར་སྐྱ་ཕོ་མོ་མང་པོ་མཇལ་དུ་བྱུང་བ་རྣམས་ལ་ཕྱག་དབང་བྱིན་རླབས་ཆོས་དང་དམ་རྫས་སོགས་ཀྱིས་རེ་བ་བསྐངས་ནས་གདན་ས་རྩང་སྒར་དུ་ཕྱག་འཁོར། སྐབས་འགར་དཔོན་སློབ་རྣམས་ལྷན་རྒྱས་རི་སུལ་དང་ལུང་སྟོང་དག་ཏུ་ལྗོངས་རྒྱུ་བར་ཕེབས་ཏེ་སྔོན་བྱོན་དམ་པའི་རྣམ་ཐར་དང་འབྲེལ་བའི་ཆོས་ཀྱི་བཀའ་སློབ་ཁོ་ན་མཛད་པ་དང་། མཚན་མོ་གཟིམ་གུར་ནང་མར་མེའི་འོད་ལ་བཀའ་ཐང་ཤེལ་བྲག་མའི་ལྗགས་ལུང་གནང་སྐབས་སྐུ་ལུས་ལ་གྲིབ་མ་མེད་པ་ཀུན་གྱིས་མངོན་སུམ་མཇལ་འདུག །བཙུན་མ་ཤེས་རབ་ལྷ་མོ་ལ་འབྱུང་འགྱུར་ལུང་བསྟན་ཞལ་གདམས་གནང་བའི་ཚིག་ལ་དཔྱད་ན་རྗེ་མོ་ཉིད་ཡུན་དུ་མ་བཞུགས་པ་ཡང་གསལ། འདི་ལོའི་དགུན་ཆོས་སྔར་རྒྱུན་བཞིན་ཁྲིད་བཀའ་རྣམས་ལེགས་པར་བསྩལ་ནས་དཔོན་སློབ་ཐམས་ཅད་ཞག་བརྒྱའི་སྐུ་མཚམས་ལ་བཞུགས་ཤིང་བཅད་རྒྱ་གྲོལ་ནས་གཏང་རག་ཚོགས་འཁོར་སོགས་མཐའ་རྒྱས་མཛད།
དེ་ནས་དགུང་གྲངས་ཞེ་བརྒྱད་པ་ས་ཡོས་ལོའི་ཟླ་བ་བཞི་པའི་ཡར་ཚེས་ཤིག་ལ་བར་ཁམས་རི་བོ་ཆེའི་གདན་ས་ནས་ཆོས་སྲིད་དཔལ་གྱིས་མངོན་པར་མཐོ་བའི་ཞབས་དྲུང་ཕྱག་མཛོད་ཚེ་དབང་གྲགས་པས་གཙོ་བྱས་ཡུལ་དེའི་བླ་སྤྲུལ་ཁག་གཞན་བཅས་ནས་ཌཱ་ཀི་ཆེན་མོ་ཉིད་སྤྱན་འདྲེན་པའི་བང་མི་ཆེད་མངགས་སྐུ་མདུན་དུ་འབྱོར་ནས་ཞུ་ཡིག་རྣམས་ཕུལ་བ་ན་རྗེས་སྟོན་ཁར་འབྱོན་རྒྱུའི་ཞལ་བཞེས་གནང་། དེའི་རིང་རེ་ཞིག་བར་སྟོང་བཟའ་ར་སྐོར་གོང་མ་ཡར་དེངས། སྟག་དགོན་སོགས་རྫ་རྒྱུད་ཀྱི་འབྲོག་སྡེ་རྣམས་སུ་ཆིབས་བསྒྱུར་མཛད་དེ་ཡུལ་དེ་དག་གི་སྐྱེ་བོ་རྣམས་ལ་འདོད་ཆོས་སྐྱབས་འགྲོ་དང་། ལས་འབྲས་ཀྱི་ཁྲིད་ཡིག་དྲུག་དང་སིདྡྷིའི་བཟླས་ལུང་། བླ་སྤྲུལ་གྲྭ་བཙུན་མང་པོར་དངོས་གཞིའི་ངོ་སྤྲོད་དང་ཞལ་གདམས་ལུང་བསྟན་བསླབ་བྱ་སོགས་རྒྱུད་སྨིན་པར་བསྩལ་ནས་ཐམས་ཅད་ཡིད་དགའ་མགུ་རང་པར་མཛད་དེ་ཟླ་བ་དགུ་པར་ཉག་བླ་ཤེས་རབ་འོད་ཟེར་དང་སྟབས་སུ་གདན་ས་ནས་བསྐྱོད་དེ་རིམ་ཕེབས་ཀྱི་ལམ་ཞོར་གླིང་ཚང་རྒྱལ་པོའི་ཕོ་བྲང་རྫོང་འགོར་གདན་ཞུས་ལྟར་ཕེབས་ཏེ། ཆོས་རྒྱལ་ཡབ་སྲས་དང་བཙུན་མོ་རྣམས་ཀྱིས་དད་གུས་བཀུར་སྟི་དཔེ་མེད་མཛད་ཅིང་ཌཱ་ཀི་ཉིད་གཏེར་ལས་དབང་བཀའ་ཁ་ཤས་ཀྱང་ཞུས་ཤིང་རྫོགས་པར་རྗེས་ནས་ཞུ་རྒྱུའི་རྟེན་འབྲེལ་འཕྲོ་ཅན་དུ་བཞག་སྟེ། མཆོད་ཡོན་ཐུགས་མཐུན་དམ་ཟབ་ངང་སྐྱེལ་ཐུང་མཛད། རྨར་རོང་རྡོ་རྗེ་ཕག་མོའི་གནས་ཀྱི་ཆུ་ཚན་ཁར་ཚོགས་འཁོར་བསྐོར་ཞིང་འཇམ་མགོན་ཀོང་སྤྲུལ་གཏེར་གནས་གྲུ་གུ་རྟིང་དཀར་བྲག་ནས་ཟབ་གཏེར་ཞིག་ཀྱང་བཞེས།
དེ་ནས་རིམ་བྱོན་གྱིས་ཟླ་བ་བཅུ་གཅིག་པའི་ནང་སྟག་ལུང་མ་ཐང་རི་བོ་ཆེའི་གདན་སར་ཞབས་སོར་འཁོད་སྐབས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་བཅས་སྐྱབས་མགོན་ཞབས་དྲུང་བླ་བྲང་དུ་བཞུགས་གདན་འཇགས། ཟླ་བ་བཅུ་གཉིས་པར་དབུ་ཚུགས་ཏེ་ཞབས་དྲུང་མཛོད་པ་དང་བླ་སྤྲུལ་ཁག་དབུས་ཆོས་ཞུ་འདུས་པ་བརྒྱ་ཕྲག་བརྒལ་བ་ལ་གཏེར་ཁ་གསུམ་གྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ལེགས་པར་བསྩལ། དེ་སྐབས་དབང་གི་སྟ་གོན་མཛད་དུས་དབང་ཁང་དུ་ཡོལ་བས་མཚམས་བཅད་ཡོད་པའི་ཕྱི་ལ་ཉེ་གནས་བླ་མ་ཚུལ་ཁྲིམས་རྡོ་རྗེ་དང་། ཤེས་རབ་འོད་ཟེར་རྣམ་གཉིས་བཞུགས་པ་ལ་ནང་ནས་རྗེ་བཙུན་ཌཱཀི་ཉིད་ཀྱི་བཀའ་ལས། རང་རེའི་ཚེ་འདི་དང་ཕྱི་མའི་བར་ལ་འུ་ཅག་གི་བར་གྱི་ཡོལ་བ་འདི་ཙམ་ལས་མེད་གསུངས་པ་དེ་སྐབས་ཐུགས་སྣང་གང་ཡང་བྱུང་མི་འདུག་ཀྱང་རྗེས་ནས་བསམ་ན་མྱུར་དུ་ཞིང་ཁམས་བརྗེ་རྒྱུའི་ཕྱི་མཐའ་གསལ་བར་གཟིགས་པའི་གསུང་དུ་སྣང་། ཟླ་བ་དེའི་ཚེས་བཅུ་བདུན་ཉིན་རྩང་སྒར་བུ་སློབ་རྣམས་ལ་ཕྱི་མཐའི་བསླབ་སྟོན་གདམས་ངག་འབྱུང་འགྱུར་ལུང་བསྟན་དང་བཅས་པ་སྤྲིངས་ཡིག་ཚུལ་དུ་བསྩལ།
དེ་ནས་དགུང་གྲངས་ཞེ་དགུའི་རང་ཀེག་ཐོག་ཐེབས་པ་ས་འབྲུག་ལོའི་ཆོ་འཕྲུལ་ཟླ་བ་ལ་དཔོན་སློབ་ཉུང་ཤས་ཤིག་གསང་སྟབས་ཀྱིས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་སྤོ་ནེ་བྲག་དཀར་ཨོ་རྒྱན་རྫོང་དུ་ཕེབས་ཏེ་ཞག་འགའ་ལ་ཐུགས་དམ་མཛད། ཉིན་གཅིག་གནས་ཀྱི་ལྟེ་བ་མཱ་ར་ཏི་ཀ་ཞེས་པའི་སྒྲུབ་ཕུག་གི་སྒོ་གདོང་གཡོན་ངོས་བྲག་གཡང་ཤིན་ཏུ་གཟར་བ་མིས་གཏན་ནས་མི་ཐར་བ་ལ་མ་འགགས་རྫུ་འཕྲུལ་གྱི་རོལ་པས་ཐོགས་མེད་དུ་བྱོན་ཏེ་གཏེར་ཁ་ཞིག་བཞེས་པར་མཛད་པའི་བྲག་གཡང་ངོས་སུ་འདམ་ལ་བཏབ་པ་ལྟ་བུའི་ཞབས་རྗེས་མང་པོ་བྱུང་བ་ད་ལྟའང་ཀུན་གྱི་མཐུན་སྣང་དུ་མཇལ་རྒྱུ་ཡོད། དེ་ནས་བླ་མ་ཤེས་རབ་འོད་ཟེར་དང་ཉག་སྤྲུལ་ཡབ་སྲས། ཉེ་གནས་ཚུལ་རྡོར་བཅས་དཔོན་སློབ་ལྷན་རྒྱས་གནས་དེའི་གཤམ་སྒྲུབ་ཕུག་གཏིང་རིང་པོར་སྒྲོན་མེའི་སྣང་བ་ལ་བརྟེན་ནས་ཕེབས་ཏེ་བྲག་རིའི་ཁོངས་གསེང་དུ་གུ་རུ་རིན་པོ་ཆེ་དང་རྗེ་འབངས་རྣམས་ཀྱི་སྒྲུབ་དཀྱིལ་དང་ཕྱག་ཞབས་ཀྱི་རྗེས་སོགས་རང་བྱོན་ངོ་མཚར་ཅན་མང་པོ་བཞུགས་པ་སྐྱེ་བོ་ཀུན་ལ་མཚོན་པར་མཛད་ཅིང་ཟབ་གཏེར་ཁ་ཤས་ཀྱང་སྤྱན་དྲངས་ནས་གཏེར་ཤུལ་བསྡམས་པར་མཛད། གནས་དེ་ཉིད་དུ་འཇམ་དཔལ་སྒྲུབ་ཐབས་ཤེས་རབ་བློ་འཕེལ་ཆ་ལག་དང་བཅས་པ། གུ་རུའི་ཐུགས་སྒྲུབ་བྱིན་རླབས་གཏེར་མཛོད། ཚེ་སྒྲུབ་ཡང་གསང་སྙིང་པོ་བཅས་གཏན་ལ་འབེབས་པར་མཛད་ནས། ལས་ཅན་སློབ་བུ་རྣམས་ལ་རིམ་གྱིས་སྤེལ་བར་མཛད། དེ་ནས་ཟླ་བ་གཉིས་པར་ས་མདོ་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཉག་སྤྲུལ་ཡབ་སྲས་དབུས་འདུས་པའི་ཚོགས་རབ་ཏུ་མང་པོ་ལ་སླར་ཡང་གཏེར་ཁ་གསུམ་གྱི་དབང་ལུང་ཁྲིད་གསུམ་རང་ལུགས་བརྒྱུད་པའི་ཕྱག་བཞེས་བཞིན་སྨིན་རྒྱས་སུ་བཀའ་དྲིན་བསྩལ། འདི་ནི་རང་གཏེར་ལས། ལྷོ་ཕྱོགས་མངྒའི་མིང་འཛིན་གནས་ཀྱི་ཆར༔ ཁྱོད་ཀྱི་གདུལ་བྱའི་ལྷག་མ་དེ་རུ་བབས༔ ཞེས་གསུངས་པ་ལྟར་སྐུ་ཚེ་འདིའི་གདུལ་བྱའི་ཕྱི་མ་ནི་དེར་འདུས་ཀྱི་སྐལ་ལྡན་རྣམས་ཡིན་པར་མངོན་ནོ། །
ད་ནི་གཉིས་པ་ཐ་མའི་མཛད་ཚུལ་བསྟན་པ་ལ་གཉིས། དངོས་དང་འཕྲོས་དོན་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། དེ་སྐབས་ཉེ་གནས་ཚུལ་རྡོར་ལ་བཀའ་ལས་ཁོ་མོའི་སྨིན་མཚམས་ནས་མཆེད་པའི་འོད་གདངས་ཀྱི་ཀློང་དུ་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་རྫོགས་པ་ཤར་གྱི་འདུག་ཅེས་གསུངས། ཡང་ད་ནི་ཁོ་མོ་ཡུན་དུ་འཚོ་བའི་ངེས་པ་མེད། ད་ལྟ་ཤི་ནའང་བློ་ལྷག་ལུས་པ་ནི་ཅང་མེད། གང་ཞེ་ན་གཏེར་སྟོན་ཡབ་སྲས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རྒྱ་མི་ཆུང་བ་འགྲུབ་ཡོད་པ་ཞེ་བློ་བདེ་བ་ཡིན་ཞེས་གསུངས། དེ་སྐབས་ཞམ་རིང་པ་སུས་ཀྱང་ཞབས་པད་ཡུན་དུ་བརྟན་དགོས་པའི་ཞུ་བ་དང་། གལ་སྲིད་སྐུ་མི་བཞུགས་པ་ཡིན་ན་རྗེས་སུ་ཇི་ལྟར་བགྱིད་ཀྱི་ཞལ་ཆེམས་སྩལ་བར་གསོལ་བ་འདེབས་པ་བཅས་གང་ཡང་བྱུང་མི་འདུག་སྟབས་རྗེས་ནས་བློ་འགྱོད་ཤིན་ཏུ་ཆེ་ཞེས་རྡོ་རྗེའི་མཆེད་ལྕམ་འགའི་ངག་ལས་ཐོས། དེ་ནས་ས་ག་ཟླ་བར་སྐུ་བསྙུན་ཚུལ་བསྟན་ཏེ། འཁོར་བུ་སློབ་རྣམས་ནས་གསོལ་སྨན་དང་ཞབས་བརྟན་རིམ་གྲོ་རྒྱ་ཆེར་བསྒྲུབས་ཀྱང་སྙུན་གཞི་དྭངས་བསྐྱེད་མ་བྱུང་བར་ཉིན་གཅིག་བཀའ་ལས་ད་ནི་ཁོ་མོ་འདིར་སྡོད་པས་མི་ཡོང་། མྱུར་དུ་རི་བོ་ཆེའི་གདན་སར་འཁྱོར་བ་བྱེད་དགོས་ཞེས་ཕེབས་ཕྱམ་ལ་གདན་དྲངས་ཏེ་ལམ་བར་ཆེན་མོ་མདར་ཞགས་མཛད་ཅིང་རི་ཁྲོད་གསར་པ་ཆགས་བཏབ་ཡུལ་ས་དཔྱད་གཟིགས་ནས་རི་ཁྲོད་ཀྱི་མིང་རྩ་གསུམ་ཆོས་འཁོར་གླིང་ཞེས་བསྩལ།
དེའི་སང་ཉིན་དཔལ་རི་བོ་ཆེའི་ཞབས་དྲུང་བླ་བྲང་ཡང་རྩེར་ཞབས་སོར་འཁོད་ནས་ཉིན་ཤས་ཅང་མི་གསུང་བར་སྐུ་དྲང་པོར་བཞུགས་མཛད་དེ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་དགུང་གྲངས་ཞེ་དགུར་ཕེབས་པ་རབ་བྱུང་བཅུ་དྲུག་པ་ལྕགས་ཕོ་འབྲུག་གི་ལོ་སྤྱི་ལོ་༡༩༤༠སྣྲོན་ཟླའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཉི་མ་ཕྱེད་ཡོལ་ལ་སྤྱན་ལྟ་སྟངས་གཡོ་བ་དང་བཅས་ཧིཀ་སྒྲ་དྲག་པོ་ཞིག་མཛད་པ་དང་ཆབས་ཅིག་གཟུགས་སྐུའི་བཀོད་པ་བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་དུ་ཨ་མ་མཐིང་འོད་འབར་མའི་ཐུགས་ཀར་བསྡུས་སོ། །ཀྱེེ་མ་ཀྱེ་ཧུད་འགྲོ་བའི་སྒྲོན་མེ་ནུབ། །ལས་ངན་བདག་སོགས་མ་རིག་སྨག་ཏུ་ཚུད། །ཐར་ལམ་གསལ་བའི་སྣང་བྱེད་སུ་ལ་རེ། །ཐུགས་ཀྱིས་འདོར་རམ་བླ་མ་མཁའ་འགྲོའི་རྗེ། །གཏེར་གཉིས་བསྟན་པའི་བ་དན་ཆེར་གཡོ་བ། །དེ་རིང་གདུགས་ལ་ས་འདིར་འགྱེལ་གྱིས་མེད། །བདུད་འགོང་དམ་སྲི་ཀླ་ཀློའི་ཚོགས་དར་ན། །ཕྲིན་ལས་ནུས་མཐུའི་རུ་མཚོན་སུ་ཡིས་བསྒྲེང་། །ཤིན་ཏུ་སྙིགས་མའི་མཐར་ལྷུང་སྐྱེ་འགྲོ་ལ། །ཉིད་ཀྱིས་སྐྱོང་བར་ཞལ་བཞེས་མཛད་ལགས་ན། །ད་ལྟ་ཞི་བར་གཞོལ་བའི་ཚུལ་འདི་ཅི། །སྔོན་གྱི་གོ་ཆ་ཡལ་བར་འདོར་ཕོད་དམ། །སྨིན་གྲོལ་བྱིན་རླབས་ནུ་ཞོས་ལེགས་བསྐྱངས་པའི། །བྱམས་ལྡན་མ་ཁྱེད་བུ་ལ་བརྩེར་དགོངས་ཏེ། །དགྱེས་པའི་ཞལ་སྟོན་གསུང་གིས་དབུགས་དབྱུང་ནས། །མྱུར་དུ་ཡུམ་ཆེན་དགོངས་པར་འུབ་ཆུབ་མཛོད། །ཅེས་སྨྲས་སོ། །
དེ་དག་གི་སྐབས་སུ་སྐུ་གསུང་ཐུགས་ཐོབ་པའི་རྟགས་སུ་ནམ་མཁའ་གཡའ་དག་པ་དང་། སྒྲ་འུར་བ། ས་གཡོ་བ། འཇའ་ཚོན་གྱི་གུར་ཕུབ་པ་སོགས་ངོ་མཚར་བའི་རྟགས་ཀུན་གྱི་མཐུན་སྣང་དུ་བྱུང་བས་སྐྱེ་རྒུ་རྣམས་རབ་ཏུ་དད་པའི་གནས་ལ་བཀོད། དེ་ནས་སྐུ་གདུང་རིན་པོ་ཆེ་དྲི་བཟང་པོའི་ཆུས་བཀྲུས་ཤིང་ལོངས་སྐུའི་ཆས་གསོལ་བ་ལ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། སྐྱབས་མགོན་ཞབས་དྲུང་རིན་པོ་ཆེ་དང་། སྲས་སྤྲུལ་རྣམ་གཉིས་གཙོ་བོར་བཞུགས་པའི་འདུས་པ་རྣམས་ཀྱིས་ཀློང་སྙིང་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་བར་བདག་འཇུག་དབང་བླངས་དང་། ཚོགས་ཀྱི་མཆོད་པ་སོགས་ཉིན་བསྟར་མཛད། ཟླ་འདིའི་ཚེས་ཉེར་ལྔ་ལ་དགོན་པའི་རྒྱབ་རིའི་ངོས་སུ་སྤུར་ཁང་བཞེངས་ཏེ་དེར་གདན་དྲངས་ཚེ། སྐུ་གདུང་འོད་དུ་དེངས་པའི་ལྷག་མ་བྱིས་པ་ལོ་བརྒྱད་ཀྱི་ཚོད་ཙམ་ལས་མ་ལུས། གདུང་བཞུ་དུས་སྤྱན་ཡ་གཅིག་ཀུན་གྱིས་མཐོང་བར་སྒྲ་དང་བཅས་ལྷོ་ཕྱོགས་ཀྱི་ནམ་མཁར་འཕུར་སོང་འདུག །དེ་རྗེས་གདུང་རུས་བསལ་སྐབས་འབྱུང་བས་མི་ཤིགས་པའི་གདུང་ཤཱ་རི་རཾ་སྲན་འཕོས་ཙམ་སྣུམ་ལ་བཀྲག་མདངས་འོད་དང་ལྡན་པ་ཞིག་བྱོན་པ་བུ་སློབ་ཞིག་གིས་རྙེད་འདུག་པ། དུས་ཕྱིས་ལྷ་སྲས་དཔལ་རྣམ་མགུལ་གྱི་གའུར་བཅངས་པ་ཁོ་བོས་ཀྱང་མངོན་སུམ་མཇལ་བའི་སྐལ་བཟང་ཐོབ། དེ་ནི་རྟ་མཆོག་རོལ་པ་གསང་བ་མན་ངག་གི་རྒྱུད་འཁོར་འདས་རང་གྲོལ་ལས། མེ་ཏོག་ཆར་དང་འཇའ་འོད་སྐུ༔ ནམ་མཁའ་དྭངས་པ་ཆོས་སྐུ་སྟེ༔ ཞི་ཁྲོའི་སྐུ་དང་ཡི་གེ་དང་༔ གདུང་གཅིག་རྐྱང་པ་འོང་བ་ཡང་ཡོད༔ ཅེས་དང་། སྔར་ཞལ་བཞུགས་སྐབས་མཁའ་འགྲོས་ལུང་བསྟན་ལས། ཁྱོད་ཀྱང་མི་གནས་འདས་པའི་ཚེ༔ སྐུ་གདུང་མཁའ་འགྲོས་དྲང་ཡང་སྲིད༔ ཡང་ན་གདུང་དང་རིང་བསྲེལ་དང་༔ ཡིག་འབྲུ་ཕྱག་མཚན་ལ་སོགས་འབྱུང་༔ ཞེས་གསུངས་པ་དང་ཤིན་ཏུ་འགྲིགས་པར་སྣང་།
དེ་ནས་རིགས་ཀྱི་སྲས་མོ་ཆོས་དབྱིངས་སྒྲོན་མ་དང་། སྐྱེས་མཆོག་ཚུལ་ཁྲིམས་རྡོ་རྗེ་རྣམ་གཉིས་ཀྱིས་དངུལ་གྱི་གདུང་རྟེན་ལ་གསེར་གྱི་པ་ཏྲ་དང་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་བཏབ་པ་མདའ་ཚད་ཙམ་བཞེངས་པའི་གཟུངས་གཞུག་རིང་བསྲེལ་རྣམ་བཞི་སྤྱི་དང་། ཁྱད་པར་དུ་ཌཱ་ཀི་ཉིད་ཀྱི་གདུང་རུས་དབུ་ལྗོན་བསྙེན་ཕྲེང་ཐུགས་དམ་པོ་ཏི་ཉིད་ཀྱི་གཏེར་བྱོན་ཐུབ་སྐུ་ངོ་མཚར་ཅན་དང་། རྡོ་ཡི་སྒྲོམ་བུ་ཤོག་སེར་སོགས་བྱིན་རླབས་ཅན་རྣམས་བཅུག་ནས་རབ་ཏུ་གནས་པ་དང་བཅས་པ་ལེགས་པར་གྲུབ་པ་ཉིད་གདན་དྲངས་ཏེ་མདོ་སྨད་གཏེར་སྒར་ཡང་དབེན་དུ་བཞུགས་སུ་གསོལ་བ་རྗེས་འཇུག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་ད་ལྟའི་བར་མཇལ་དུ་ཡོད་དོ། །ད་ནི་ཞར་ལ་འཕྲོས་དོན་བརྗོད་པས་མཇུག་བསྡུ་བ་ལ་རྗེ་བཙུན་མཁའ་འགྲོའི་དབང་ཕྱུག་མ་དེ་ཉིད་ཀྱི་ཞལ་སློབ་རགས་རིམ་ཙམ་སྨོས་ན། ཨ་འཛོམས་འབྲུག་པ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་གདུང་སྲས་འགྱུར་མེད་རྡོ་རྗེ་སྟེ་ཡབ་སྲས་གཉིས་བདུད་འཇོམས་གཏེར་སྲས་པདྨ་ལས་འབྲེལ་དང་གཅུང་རྡོ་རྗེ་དགྲ་འདུལ་སྟེ་མཆེད་ཞལ་གཉིས། ཀཿཐོག་ཕྱག་ཚ་རིན་པོ་ཆེ་པདྨ་ཕྲིན་ལས་རྒྱ་མཚོ། དཔལ་ཡུལ་སྒོ་ཆེན་སྤྲུལ་སྐུ་འཇིགས་བྲལ་ཆོས་ཀྱི་བློ་གྲོས། རི་བོ་ཆེའི་སྐྱབས་མགོན་ཞབས་དྲུང་སྤྲུལ་སྐུ། ཨ་བོ་བསོད་དགེ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ། རྫ་བསྟན་འཕེལ་ཡར་དགོན་སྤྲུལ་སྐུ་ངག་འབྱུང་དང་། མར་དགོན་སྤྲུལ་སྐུ་འཆི་མེད་རྣམ་རྒྱལ། བད་གུར་སྤྲུལ་སྐུ། པད་དཀར་སྤྲུལ་སྐུ། ཇོ་ནང་བ་གཙང་པའི་སེ་སྤྲུལ་སྐུ། སེ་ར་འཇིགས་དགའི་སྤྲུལ་སྐུ། མགར་ར་བླ་མའི་ཡང་སྲིད། མཆོག་སྤྲུལ་དོན་གྲུབ་རྡོ་རྗེ། ཏྲེ་ཧོར་གདོང་ཐོག་སྤྲུལ་སྐུ། རྫོགས་ཆེན་མཁན་པོ་ནོར་བུ་དབང་རྒྱལ། ཁྲ་སྐྱ་བླ་མ་ཤེས་རབ་འོད་ཟེར། ཨ་སྐྱབས་ཀརྨ་དོན་ཡོད། རྩ་ཤུལ་དོན་ལི། མགོ་ལོག་རང་བྱུང་། ལྗོང་ཤུལ་ཆོས་འཕེལ། གླིང་ཚོགས་རྒྱམ། འགྱ་བ་རྣམ་དག །ཧ་ཤུལ་ཆོས་གྲགས། སྤྲུལ་སྐུ་ཀུན་བཟང་རིག་པའི་རྡོ་རྗེ། ཉག་སྤྲུལ་གུ་རུ་འོད་ཟེར་ཡབ་སྲས། ཨ་འཛོམས་སྲས་མོ་འཆི་མེད་དབང་མོ། ཁྲོམ་དགེ་མཁའ་འགྲོ་ཟླ་བ་སྒྲོན་མ། རིགས་སྲས་ཆོས་དབྱིངས་སྒྲོན་མ། གླིང་ཚང་ཆོས་རྒྱལ་དང་བཙུན་མོ་ལ་སོགས་དུས་དེར་ཡོངས་སུ་གྲགས་པའི་ཆེ་བ་གདུགས་ཐོགས་པའི་བླ་ཆེན་དཔོན་ཆེན་དང་མཁས་བཙུན་དགེ་བའི་བཤེས་གཉེན་ནས་ཆུང་བ་སྦས་ཚུལ་བྱ་བཏང་རྣལ་འབྱོར་སྒྲུབ་བཙུན་ཕོ་མོ་ཡན་ཆད་སྟོད་སྨད་བར་གསུམ་ཀུན་ཏུ་བགྲང་གིས་མི་ལོངས་ཤིང་། དེ་དག་ཀྱང་ཕལ་ཆེ་བ་ཚེ་བློས་བཏང་གི་ཆོས་པ་ཉམས་རྟོགས་ཡོན་ཏན་དང་ལྡན་པ་ཤ་སྟག་བྱུང་། ཐ་ན་སློབ་འབངས་ཀུན་གྱི་ཐ་ཤལ་དུ་གྱུར་པ་བདག་གིས་ཀྱང་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོ་༡༩༢༧ཟླ་བ་དྲུག་པའི་ཉེར་ལྔའི་དུས་བཟང་ལ་ཐོག་མར་ཞལ་མཇལ་བ་ནས་བཟུང་སྟེ་ཚེ་རབས་ལས་ཀྱི་བླ་མ་ཡིན་པའི་བག་ཆགས་བཟང་པོ་ཏུར་གྱིས་སད་དེ་ཡེ་ཤེས་མཚོ་རྒྱལ་དངོས་ཡིན་སྙམ་པ་ལས་ཐ་མལ་མིར་འཛིན་གྱི་རྟོག་ངན་ནམ་ཡང་སྐྱེ་མ་མྱོང་། ལོ་དེ་དང་ས་འབྲུག་ལོ་གཉིས་ཀྱི་དུས་སྐབས་ཅི་རིགས་པར་རང་གི་ཞང་པོ་མཁན་ནོར་བུ་དབང་རྒྱལ་གྱིས་ཞུས་པའི་ཟླ་ལ་དེ་གོང་གཏན་འབེབ་གྲུབ་པའི་ཆོས་ཉིད་མཁའ་འགྲོའི་གསང་མཛོད་སྐོར་སྨིན་གྲོལ་ཆོས་སྒོ་ཐོག་མ་ཕྱེ་བའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ནོད་པའི་སྐལ་བ་བཟང་པོ་ཐོབ།
དེ་ནས་མཁའ་འགྲོས་ལུང་བསྟན་པ་བཞིན་ཁོ་མོ་མཁན་ཆེན་རྡོ་རྗེ་འཆང་ངག་གི་དབང་པོའི་ཞབས་ལ་གཏུགས་ནས་རྗེ་ཌཱ་ཀི་ཉིད་སྐུ་མྱ་ངན་ལས་འདས་པའི་བར་སྨིན་གྲོལ་གདམས་པའི་འཕྲོ་བསྐྱང་རྒྱུ་མ་བྱུང་ན་ཡང་། རྗེས་ནས་སྔ་མ་ཐོབ་པ་དེས་ཀྱང་མ་ཚིམ་པར་འབད་པ་ཆེན་པོས་གང་གི་ཐུགས་སྲས་ཐམས་ཅད་ཀྱི་ནང་ནས་འགྲན་པའི་ཟླ་དང་བྲལ་བ་ཆོས་ཀྱི་བདག་པོ་ཡོངས་གྲུབ་རིག་པའི་རྡོ་རྗེའམ་ཤཱི་ལ་བཛྲ་ལ་གཏེར་གསར་འདིའི་གཞུང་རྩ་བ་དང་རྒྱབ་ཆོས་བཀའ་འབུམ་བཅས་ཡི་གེ་ན་གཅིག་ཀྱང་མ་ལུས་པའི་སྨིན་གྲོལ་རྒྱབ་རྟེན་བུམ་པ་གང་བྱོར་ཞུས་ཤིང་། དེ་དང་འབྲེལ་བར་འདོན་རྟ་དབྱངས་ཕྱག་རྒྱ་གཏོར་བཟོ་ཡན་ཆད་རང་ལུགས་གཙང་མ་ཁོང་དུ་ཆུད་པར་བྱས། དེ་ཡང་ཐོབ་ལོ་ཙམ་མ་ཡིན་པར་ངལ་བ་དང་དུ་བླངས་ནས་བཀའ་གཏེར་གླེགས་བམ་ཡོངས་རྫོགས་དང་དབང་ཙཀ་དཔེའུ་རིས་བཅས་གསར་དུ་བཞེངས་ནས་རྩ་བ་གསུམ་ལ་བསྙེན་སྒྲུབ་ལས་རུང་ཙམ་བཏང་བའི་ཁུལ་བགྱིས་ནས་གཞན་ལ་སྤེལ་བ་ཡིན། དེ་ཡང་ཟབ་ཆོས་འདིའི་ཆོས་སྒོ་ཐོག་མར་འབྱེད་པའི་བདག་རྐྱེན་ཀྱང་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་མཚུངས་མེད་མཁྱེན་སྤྲུལ་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང་། སྤྲུལ་པའི་གཏེར་སྟོན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ་དཔལ་མགོན་བླ་མ་དམ་པ་དེ་གཉིས་ཀྱི་བཀའ་སྩལ་རིན་པོ་ཆེ་གསེར་གྱི་ཅོད་པད་སྤྱི་བོར་ཕེབས་པ་ལྡོག་པར་ཕངས་ནས་ཆོས་བཀའ་འདིའི་སྨིན་གྲོལ་ཚང་མ་དགྱེས་པའི་ཞབས་ཏོག་ཏུ་དམིགས་ནས་འདྲེན་སྟོན་སོ་སོར་ཆིག་བརྒྱུད་དུ་ཕུལ་བ་དང་། གནས་དུས་གཞན་དུ་ཡང་དབང་ལུང་ཚང་མ་ཚར་གསུམ་སྟེ་མདོར་ན་མཁའ་འགྲོའི་ཞལ་རླངས་ཐུ་ལེ་བའི་ཆོས་ཟབ་མོ་འདི་ཉིད་སྔ་རྗེས་ལན་ལྔ་ཙམ་འཆད་སྤེལ་བགྱིས་པ་ལགས་པས་གུ་རུ་ཡབ་ཡུམ་གྱི་བསྟན་པ་རིན་པོ་ཆེ་ལ་སྒོ་ཀུན་ནས་བྱ་བ་ཕྲན་བུ་འགྲུབ་པ་འདི་ཡང་སྔོན་གོམས་ལེགས་བྱས་ཀྱི་འབྲས་བུ་དུས་སུ་སྨིན་པར་ཁུམས།
དེ་ལྟར་གོང་དུ་སྨོས་པ་དེ་དག་ནི་ཐུན་མོང་དུ་སྣང་བ་ཕྱིའི་རྣམ་ཐར་ཁོ་ན་ཐོ་རེ་ལོང་བརྗོད་པ་སྟེ། ཐུན་མོང་མ་ཡིན་པ་ནང་དང་གསང་བའི་རྣམ་ཐར་ནི་འཕགས་ཆེན་དམ་པ་རྣམས་ཀྱི་ཡེ་ཤེས་ཀྱི་མཁྱེན་པའི་སྤྱོད་ཡུལ་ལས་བདག་འདྲ་སོ་སོ་སྐྱེ་བོས་བརྗོད་པའི་ཡུལ་དུ་མ་གྱུར་ཏེ། རྣམ་ཐར་ཞལ་གསུང་མ་ལས། བདག་ལོ་སུམ་ཅུ་ནས་བཟུང་རྩ་དྲུག་བར། །ལོ་བཞིན་ལྷག་ལྷ་གང་རུང་གཞུང་བསྲངས་ནས། །ངོ་མཚར་བཀོད་པ་ཅུང་ཞིག་ཡོད་མོད་ཀྱང་། །གསང་བཅུའི་དམ་ཚིག་ཕྲ་ཞིང་བསྲུང་དཀའ་བས། །ཟུར་ཙམ་བརྗོད་པ་བདག་གིས་ཅིའི་ཕྱིར་ཕོད། །ཅེས་གསུངས་པ་བཞིན་ཌཱ་ཀིའི་རྗེ་མོ་འདི་ཉིད་ནི་རྟག་ཏུ་དམན་ས་བཟུང་སྟེ་མ་ནུས་རྒན་མོ་ཞེས་རང་ཉིད་ལ་སྨད་པར་མཛད་པ་མ་གཏོགས་ང་རྒྱལ་ཁེངས་དྲེགས་དང་། འཇིག་རྟེན་ཆོས་བརྒྱད་ལ་ནམ་ཡང་བརྟེན་པར་མི་མཛད། ནང་དུ་གསང་བའི་དམ་ཚིག་བསྲུང་བ་ལ་ཐུགས་ཤིན་ཏུ་སྒྲིམ་པས་དག་སྣང་དུ་ཞལ་གཟིགས་ལུང་བསྟན་བྱུང་བ་རྣམས་དགོས་དོན་མེད་པར་རླུང་ཕྱོགས་ཙམ་ཡང་སྒྲོག་པར་མི་མཛད་པ་ནི་དྲུང་ན་གནས་པའི་གྲྭ་བུ་སློབ་རྣམས་དཔང་པོར་བཞུགས་པ་ལགས་ལ།
ལོ་རྒྱུས་ཅུང་ཟད་སྨྲས་པ་འདི་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཞལ་གསུང་རྣམ་ཐར་ཆེན་མོའི་མཇུག་ཏུ་འདི་ལྟར། ད་དུང་ལེགས་བྱས་ཡོན་ཏན་འབྱུང་འགྱུར་རྣམས་རྟེན་འབྱུང་དགེ་བའི་ཆེད་དུ་རྗེས་ནས་རིམ་བཞིན། ལས་ལྡན་བུ་སློབ་མཁྱེན་ཡངས་བློ་གྲོས་སྤྱན་མངའ་རྣམས་ཀྱིས་སྨོས་པའི་རྟེན་འབྲེལ་དུས་སུ་སྨིན་པར་བྱེད་པའི་རྒྱུར་གྱུར་ཅིག །ཅེས་བཀའ་ཡིས་རྗེས་སུ་གནང་བའི་དགོངས་དོན་བསྒྲུབ་ཕྱིར་ལས། སྤྱི་བརྟོལ་དང་ཧོམ་རྒྱུག་བླུན་དད་ཀྱིས་བླ་མ་ཟོག་པོར་བཏང་བ་སོགས་མ་ཡིན་པར་རྗེ་བཙུན་ཆེན་མོའི་ཉེ་གནས་ཐུགས་ཟིན་གྱི་བུ་ཆེན་དོན་གྱི་རྒྱལ་ཚབ་ཏུ་གྱུར་པ་ཤཱི་ལ་བཛྲ་ལ་འཇམ་མགོན་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཆབ་ཤོག་གི་ལམ་ནས་དཀའ་ཡིས་བསྐུལ་ཏེ་ཞུས་ལན་ས་བོན་ཙམ་ཞིག་ཕུལ་འདུག་པ་རྗེས་སུ་བདག་ལ་བསྩལ་བྱུང་བ་དེ་ལ་གཞི་བྱས། ཁ་བསྐང་དུ་འོས་པ་འགའ་ཞིག་གསར་དུ་བསྣན་པ་སྟེ་སྒྲོ་བཏགས་པ་དང་སྐུར་པ་འདེབས་པ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བར་རང་གི་བླ་མའི་རྣམ་ཐར་གྲོང་ཚིག་གི་ལམ་ནས་གསང་པོར་བརྗོད་པ་འདི་བྱས་སོ། །འདིར་འབད་རྣམ་དཀར་མཚན་མོའི་མགོན་ཤར་བས། །ཐོག་མེད་སྒྲིབ་གཉིས་མུན་པ་རབ་བསལ་ནས། །གདོད་མའི་གནས་ལུགས་སྐུ་དང་ཡེ་ཤེས་མཛོད། །གཏིང་གསལ་གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག །རྗེ་བཙུན་ཀུན་བཟང་བདེ་སྐྱོང་རྣལ་འབྱོར་མས། །ཚེ་རབས་ཀུན་ཏུ་བདག་གི་བཤེས་མཛད་དེ། །བླ་མེད་གསང་ཆེན་ཐེག་བཅུད་འབྲས་སྨིན་ནས། །དོན་གྱི་ཕག་མོའི་རང་ཞལ་མངོན་གྱུར་ཤོག །ཅེས་དབུས་བཟའ་མཁའ་འགྲོ་བདེ་བའི་རྡོ་རྗེའི་རྣམ་ཐར་ཆེན་མོའི་མཇུག་གི་ཁ་སྐོང་ཉུང་ངུ་གཡུ་ཡི་ཕྲ་ཚོམ་ཞེས་བྱ་བ་འདིའང་། དུས་མཐར་སྐྱེས་པའི་སྤོང་བ་པ་སངས་རྒྱས་རྡོ་རྗེས་རྗེ་བཙུན་ཌཱ་ཀིའི་དབང་མོ་དེ་ཉིད་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བགྲང་བྱ་སུམ་ཅུ་རྩ་དྲུག་འདས་པ་རབ་བྱུང་བཅུ་དྲུག་པའི་མེ་ཕོ་འབྲུག་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་ལ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་སྡོམ་བརྩོན་དམ་པ་བསྟན་འཛིན་དབང་རྒྱལ་གྱིས་བགྱིས་པ་སྟེ་འདིས་ཀྱང་ཟབ་གསང་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་བླ་མ་ཌཱ་ཀི་བདེ་བའི་རྡོ་རྗེའི་ཟབ་གཏེར་འདི་ཉིད་ཕྱོགས་བཅུ་ཀུན་ཏུ་དར་ལ་སྨིན་ཅིང་ནམ་མཁའ་ཇི་སྲིད་བར་གནས་པའི་རྒྱུར་གྱུར་ཅིག །
རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མི་མོའི་རྣམ་པར་བཞེངས་པ་མཁའ་འགྲོ་རིན་པོ་ཆེ་བདེ་བའི་རྡོ་རྗེའི་འདས་རྗེས་ཀྱི་རྣམ་ཐར་དོན་བསྡུས་སུ་བཀོད་པ། མཛད་པ་པོ་ཚུལ་རྣམ་རྡོ་རྗེ།
༄༅། །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མི་མོའི་རྣམ་པར་བཞེངས་པ་མཁའ་འགྲོ་རིན་པོ་ཆེ་བདེ་བའི་རྡོ་རྗེའི་འདས་རྗེས་ཀྱི་རྣམ་ཐར་དོན་བསྡུས་སུ་བཀོད་པ་བཞུགས་སོ། །
མཛད་པ་པོ་ཚུལ་རྣམ་རྡོ་རྗེ།
སྐྱབས་རྗེ་མཁའ་འགྲོ་རིན་པོ་ཆེ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན། བདེ་ཆེན་བདེ་བའི་རྡོ་རྗེའི་རྣམ་ཐར་གྱི་མཇུག་བདག་བློར་ངེས་ཚོད་འབྲི་བ་ལ། དུས་འཛིན་ཤིང་ཕག་ལོར་སྐྱབས་རྗེ་མཁའ་འགྲོ་རིན་པོ་ཆེ་དགུང་གྲངས་ཞེ་བཞིར་བབས་ཚེ། བསོད་སྤྲུལ་སྣ་ཚོགས་རང་གྲོལ་གྱི་གདན་ས་སེར་དགོན་དབེན་གནས་སུ་གཏེར་ཆེན་བླ་མ་བདུད་འཇོམས་རྡོ་རྗེ་ཡབ་སྲས་ཀྱི་ཟབ་གཏེར་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་བཞུགས་པ་གཞིར་བཞག་ཡིན། དེ་སྐབས་བསོད་སྤྲུལ་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་འདས་རྗེས་བླ་སྒྲུབ་སྐོར་སོགས་བབ་པ་གཏེར་གཞུང་དུ་གསལ། དེའི་སྐབས་སུ་འདི་སྣང་མི་མཆེད་པར་ཞིང་སྣང་སོགས་ཤར་བས་སྐུ་ཞི་བར་གཤེགས་འགྲོ་བ་ལྟ་བུ་ཡིན་ཚེ། ཕྱག་སྤྲུལ་རིན་པོ་ཆེ་པདྨ་ཕྲིན་ལས་རྒྱ་མཚོ་བྱོན་ཏེ་དར་རྡོར་དྲིལ་ཞུ་རྟེན་དུ་འབུལ་ནས། སྐུ་ཚེ་ཞབས་པད་བརྟེན་དགོས་པས་འདི་ཕྱིའི་ཆོས་དམ་གཉན་པོའི་བཀའ་གནད་གསུངས་པས་རྟེན་འབྱུང་གི་མཐུས་སྐུ་ཚེའི་གེགས་རྐྱེན་ལས་གྲོལ། དེ་ནས་བར་སྐབས་གཏེར་སྒར་དུ་བྱོན་ནས། ཐོག་མར་བླ་མ་ཚེ་མཆོག་སང་གི་སྐུ་མདུན་ནས་ལས་རབ་གླིང་བའི་གཏེར་བྱོན་རྟེན་འབྲེལ་ཉེས་སེལ་གྱི་དབང་ལུང་གསན་པར་མཛད་ནས། སྔོན་ཆད་ཀྱི་རྟེན་འབྲེལ་གཞན་དབང་ལ་ཤོར་བའི་ཉེས་པ་ཐམས་ཅད་སོར་ཆུད་པ་ཡིན་གསུངས། ཡང་གཏེར་ཆེན་བདུད་འཇོམས་རྡོ་རྗེའི་རིགས་སྲས་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་གྱིས་ཁོང་གི་མདུན་དུ་མཁའ་འགྲོ་རིན་པོ་ཆེ་བྱོན་དགོས་གསུངས་ཏེ། དེར་བྱོན་ནས་བླ་མ་གཏེར་སྟོན་བདུད་འཇོམས་རྡོ་རྗེའི་ཟབ་གཏེར་རིག་འདུས་ཀྱི་སྒྲུབ་མཆོད་དང༌། ཕུར་བ་བདེ་གཤེགས་སྙིང་པོའི་དབྱངས་རྟ་འདོན་ཕྱག་བཞེས་རྣམས་བསླབ་སྦྱངས་མཛད། ཁྱད་པར་ཐབས་ཤེས་མྱུར་ལམ་ལ་བརྟེན་པས་དུས་ཐབས་རྟེན་འབྲེལ་གྱིས། བཻ་ཕུག་ནོར་བུ་རྒྱལ་མཚོ་ནས་སྤྱན་དྲངས་པའི་ཐུགས་ཐིག་མཚོ་རྒྱལ་ཐུགས་སྒྲུབ་སོགས་ཀྱི་ཟབ་གཏེར་རྣམས་བརྡ་ཁྲོལ་ཚེ། སྤྲུལ་བའི་སྐུ་དེ་ཉིད་ཀྱིས་བསྐུལ་བ་པོ་མཛད། ཐབས་ལམ་སྐོར་གྱི་ཞུས་ལན་གཏེར་གཞུང་དུ་གསལ། མཁའ་འགྲོ་ཉིད་ཀྱི་སྐུའི་སྙུང་གཞི་དྭངས་ཤིང་སྐུ་གེགས་ཀྱི་བར་ཆད་སེལ་ཞིང་བསྟན་པ་མཐའ་རྒྱས་འབྱུང་བའི་རྟེན་འབྲེལ་གྱི་འཆར་སྒོ་འགྲིགས་ནས་ཚུར་སེར་དགོན་དུ་བྱོན། དེ་ནས་ཐུགས་ཐིག་མཚོ་རྒྱལ་གྱི་སྒྲུབ་སྐོར་རྣམས་གསར་ཕབ་མཛད། འདི་སྐབས་མཁའ་འགྲོ་ཀུན་གསལ་དབང་མོས་འབྱུང་འགྱུར་ལུང་བསྟན་གསུངས་པ་གཏེར་གཞུང་དུ་གསལ་ལོ། །དུས་འཛིན་མེ་བྱི་ལོར་དགུང་གྲངས་ཞེ་ལྔར་བབ་ཚེ། ཆོས་ཀྱི་བདག་པོ་བླ་མ་ཤེས་རབ་འོད་ཟེར་གྱིས་བང་མི་མངག་སྟེ། མཁའ་འགྲོ་སང་གཏེར་སྒར་དུ་བྱོན་རན་ལ། བཻ་ཕུག་མཁའ་འགྲོ་ཡང་རྫོང་དུ་ཕེབས་དགོས་ཞུས་པས་དེར་བྱོན་ནས་རེ་ཞིག་བཞུགས་ཏེ། གཏེར་ཆེན་བླ་མ་ཡབ་སྲས་ཀྱི་ཟབ་གཏེར་རྣམས་ཀྱི་ཕྱག་བཞེས་དང༌ལུགས་གཉིས་ཀྱི་བསླབ་བྱ་གང་དགོས་མཛད། དེ་སྐབས་རྒྱ་རྐང་ཁྲའི་དམག་གི་འུར་ཟིང་བྱེད་ཚེ། སྒར་གཞི་ཕན་ཚུན་བཀྱགས་ནས་རྫ་ཁོག་དང་ཟླ་སྟོད། སྙི་སྟོད་ཀྱི་ཚྭ་ཆུ་སོགས་སུ་བྱོན་ནས་ཚྭ་གཟིམ་མཛད། ཁྱད་པར་རྫ་སྟོད་ཀྱི་ཨ་དོའི་གནས་རིར་བྱོན་ནས་དམ་པའི་བསྒྲུབ་ཕུག་དང༌རང་བྱོན་རྣམས་མཇལ་ཞིང་ཟབ་གཏེར་ཆ་ཤས་སྤྱན་དྲངས། དེར་འདུས་ཀྱི་གདུལ་བྱ་མཆོག་དམན་རྣམས་ལ་ཆོས་འབྲེལ་གསུངས། དེ་ནས་ཟླ་སྟོད་དུ་རིམ་བཞིན་བྱོན་ཏེ། ཁོ་འབུད་ལུང་བར་སྒར་བཏབ་ཅིང་དེར་འདུས་ཀྱི་སློབ་མ་རྣམས་ལ་སྔོན་འགྲོ་དང༌། ཁྲེགས་ཆོད་དང༌ཐོད་རྒལ་གྱི་ཁྲིད་སོགས་གསུངས་ནས་མཚམས་ཞག་བརྒྱར་བཞུགས། དེའི་སྐབས་ལྷ་འདྲེས་འཚུབ་ལྷོང་སྣ་ཚོགས་འོང་བར་གསུངས། གཞན་ཡང་གདུལ་བྱ་མཆོག་དམན་རྣམས་ལ་ཆོས་འབྲེལ་རང་རང་དང་འཚམ་པར་གསུངས་ནས་འགྲོ་དོན་མཐའ་རྒྱས་སུ་མཛད་དོ། །
དུས་འཛིན་མེ་གླང་ལོར་དགུང་གྲངས་ཞེ་དྲུག་ལ་བབ་ཚེ། རྩང་ལུང་སྒར་གྱི་བླ་སེར་རྣམས་ཀྱིས་བྱོན་དགོས་ཞུས་ཏེ། བླ་མ་དམ་པ་དགེ་ལེགས་ཀྱི་གདན་ས་རྩང་སྒར་གཞི་བཀྱགས་ནས་བཞུགས། དེའི་སྐབས་སུ་འབྱུང་འགྱུར་ལུང་བསྟན་རྣམས་གཏེར་གཞུང་དུ་གསལ། དེ་ནས་གྲྭ་ལག་དགོན་དུ་ཚེས་བཅུ་ཆེན་མོའི་ཚོགས་མཇལ་དུ་བྱོན་ཏེ། ཕྱག་སྤྲུལ་རིན་པོ་ཆེ་དང་མཇལ་འཕྲད་མཛད་ནས་ཆོས་ཀྱི་བགྲོ་གླེང་ཞིབ་རྒྱས་སུ་མཛད། རྗེས་ཟླ་ཡུལ་དུ་དཀར་བསོད་བྱོན་སྐབས་གདུལ་བྱ་ཀུན་ལ་རང་རང་དང་འཚམ་པའི་ཆོས་འབྲེལ་སྣ་ཚོགས་གསུངས་ནས་སྨིན་གྲོལ་ལ་བཀོད། དེ་ནས་བར་སྐབས་བཻ་ཕུག་མཁའ་འགྲོ་ཡང་རྫོང་དུ་བྱོན་ནས་རྫ་སྟོད་སྨད་ཀུན་ལ་ནས་བསོད་མཛད་ཅིང༌། གདུལ་བྱ་རང་རང་དང་འཚམ་པའི་འགྲོ་དོན་མཐའ་རྒྱས་སུ་འབྱུང༌། དེ་ནས་རྩང་ལུང་དུ་ཕེབས་ཚེ་ཆོས་བདག་ཕྱག་སྤྲུལ་རིན་པོ་ཆེ་བྱོན་ཏེ་ཐུགས་ཐིག་སྐོར་གྱི་ཕུར་བ་བདུད་ལས་རྣམ་རྒྱལ་དང༌། མཚོ་རྒྱལ་དབང་ལུང་སོགས་གནང་དགོས་ཞུས་ཏེ། ཐུགས་འདུན་ལྟར་ཞིབ་རྒྱས་སུ་གནང་བས་རྟེན་འབྲེལ་མཐའ་རྒྱས་སུ་འབྱུང་བར་གསུངས། དེ་ནས་རྩང་སྒར་གྱི་འདུས་སྡེ་རྣམས་ལ་ས་གཏེར་སྔོན་འགྲོ་དང༌། སྣང་སྦྱང༌། ཐོད་རྒལ་གྱི་ཁྲིད་རྣམས་གསུངས་ནས་དཔོན་སློབ་ཀུན་མཚམས་ཞག་བརྒྱར་བཞུགས་ནས་གཏང་རག་གི་ཚོགས་མཆོད་སོགས་མཐའ་རྒྱས་སུ་མཛད་དོ། །
དེ་སྐབས་ཉག་རོང་ནས་བླ་མ་ཚུལ་ཁྲིམས་ནོར་བུ་བྱོན་ཞིང་ཉིད་ཀྱི་ཟབ་གཏེར་ཡོངས་རྫོགས་ཀྱི་དབང་ལུང་ཞུས་ཏེ། མཐར་ཟབ་གཏེར་ཆ་ཚང་བྲིས་ནས་འཛིན་སྐྱོང་སྤེལ་གསུམ་བྱས་སོ། །དུས་འཛིན་ས་སྟག་ལོར་དགུང་གྲངས་ཞེ་བདུན་ལ་བབ་ཚེ། ཟླ་བ་གསུམ་པའི་ཚེས་གསུམ་གྱི་ཉིན་སྐྱབས་རྗེ་གྲུབ་དབང་ལས་འབྲེལ་རྩལ་གྱི་ཡང་སྲིད་སྤྲུལ་བའི་སྐུའི་དབུ་མཛད་པའི་ཕྱོགས་འདུས་ཀྱི་བླ་སེར་རྣམས་ལ། སྐྱབས་རྗེ་གཏེར་ཆེན་བདུད་འཇོམས་གླིང་པ་དང༌། པདྨ་ལས་འབྲེལ་རྩལ་དང༌། མཁའ་འགྲོ་ཉིད་ཀྱིས་ཟབ་གཏེར་རྣམས་ཀྱི་དབང་ལུང་འབུལ་སྐབས། བླ་མ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོའི་ཡང་སྤྲུལ་ཁྲིར་བཀོད་བྱེད་སྐབས་ཀྱི་དུས་སུ་འབྱུང་འགྱུར་ལུང་བསྟན་གཏེར་གཞུང་དུ་གསལ། དེ་ནས་དབང་ལུང་རྣམས་མཐའ་རྒྱས་སུ་མཛད་ཅིང༌། རྫ་ཁོག་ཏུ་རས་པའི་ཚྭ་གཟིམ་དུ་བྱོན་ཞོར་ལ། སྟེང་ཆེན་དགོན་དང་གྱེར་ཟའམ་ཆུ་ལུང་རྟོགས་ལྡན་གྱི་སྐུ་གདུང་མཇལ་ཕྱིར་དེ་གའི་རི་ཁྲོད་སོགས་སུ་བྱོན་ནས། གདུལ་བྱ་རང་རང་དང་འཚམ་པའི་དབང་ལུང་ཁྲིད་གསུམ་མཛད་ཅིང་འགྲོ་དོན་མཐའ་རྒྱས་སུ་འབྱུང་ངོ༌། །
དེ་ནས་རྩང་སྒར་དུ་ཕེབས་ཅིང་རིམ་བཞིན་དགེ་རྩེ་གོང་མའི་ནང་དུ་དཀར་བསོད་ལ་བྱོན་སྐབས་གདུལ་བྱ་རང་རང་དང་འཚམ་པའི་ཆོས་འབྲེལ་སྣ་ཚོགས་གསུངས་ཤིང་རྩང་སྒར་དུ་ཕེབས་ནས་བཞུགས། བར་སྐབས་དཔོན་སློབ་ཐམས་ཅད་དབྱར་མཐོང་ལ་སོགས་པར་བྱོན་ནས་བླ་མ་དམ་པའི་རྣམ་ཐར་དང༌། ཆོས་དང་གདམས་པའི་བགྲོ་གླེང་སྣ་ཚོགས་གསུངས་བར་མཛད། དགུན་གྱི་དུས་སུ་ཆོས་ཁྲིད་རྣམས་ཀྱི་དབུ་བཙུགས་ནས་གོང་བཞིན་དཔོན་སློབ་རྣམས་ཞག་བརྒྱར་བཞུགས་ནས་མཐའ་རྒྱས་སུ་མཛད་དོ། །
དུས་འཛིན་ས་ཡོས་ལོར་དགུང་གྲངས་ཞེ་བརྒྱད་ལ་བབས་ཚེ། ཟླ་བ་བཞི་བའི་ནང་དུ་ཁམས་རི་བོ་ཆེ་ནས་ཕྱག་མཛོད་ཚེ་གྲགས་དང༌། བླ་སྤྲུལ་སོགས་ཀྱིས་བང་མི་མངག་སྟེ། དེ་ཕྱོགས་ལ་འབྱོན་དགོས་ཚུལ་གྱི་ཞུ་ཡིག་ཕུལ་བས། དེ་གར་འབྱོན་རྒྱུའི་སྟ་གོན་རྣམས་བསྒྲིགས་པར་མཛད། དེ་སྐབས་སྟོང་བཟའ་ར་སྐོར་གོང་མའི་ནང་དང༌། སྟག་དགོན་སོགས་ཀྱི་ནང་དུ་དཀར་བསོད་ལ་འཁྱུག་ཙམ་བྱོན་ཞོར་དུ་གདུལ་བྱ་རྣམས་ལ་གང་དགོས་ཀྱི་ཆོས་འབྲེལ་རེ་གསུངས། དེ་ནས་ཟླ་བ་དགུ་བའི་ཚེས་མགོར་མཁའ་འགྲོ་རིན་པོ་ཆེ་ངེད་ཅག་དཔོན་སློབ་དང༌། བླ་མ་ཤེས་རབ་འོད་ཟེར་དཔོན་སློབ་བཅས་ཁམས་རི་བོ་ཆེར་བྱོན་ཞོར་དུ། གླིང་དཀར་རྒྱལ་པོའི་གདན་སར་ཕེབས་ཚེ། རྒྱལ་པོ་ཡབ་ཡུམ་སྲས་རྣམས་ཀྱིས་དབང་ལུང་ཁྲིད་གསུམ་སོགས་གནང་དགོས་ཞུས་ཚེ། རང་གཏེར་གྱི་དབང་ལུང་ཆ་ཤས་དང༌། སྐུ་རིམ་ཚོགས་མཆོད་སོགས་གསུངས་ནས་ཐུགས་ཡིད་གཅིག་འདྲེས་ལྟ་བུ་མཛད་དེ། དབང་ལུང་ཡོངས་རྫོགས་རྗེས་ནས་གསུང་རྒྱུ་མཛད་པས་རྟེན་འབྲེལ་འཕྲོ་ཅན་དུ་བཞག །དེ་ནས་སྨར་ཁོག་ཏུ་རྡོ་རྗེ་ཕག་མོའི་གནས་ཡིན་ཟེར་བའི་ཚྭ་ཆུ་རུ་ཚྭ་གཟིམ་མཛད། ཚོགས་འཁོར་བསྐོར་ཞིང་གྲུ་གུ་རྟིང་དཀར་གྱི་བྲག་ནས་ཟབ་གཏེར་ཁ་ཤས་སྤྱན་དྲངས། རིམ་བཞིན་བྱོན་ནས་ཟླ་བ་བཅུ་གཅིག་པའི་ཚེས་མགོར་རི་བོ་ཆེའི་ཞབས་དྲུང་སྐྱབས་མགོན་གྱི་ཕོ་བྲང་དུ་ཕེབས་ནས་བཞུགས། ཟླ་བ་བཅུ་གཉིས་པའི་ཚེས་མགོར་བླ་སྤྲུལ་ཕྱག་མཛོད་རྣམས་ཀྱི་གཙོས་འདུས་སྡེ་རྣམས་ལ་ཟབ་གཏེར་གསུམ་གྱི་དབང་ལུང་ཁྲིད་གསུམ་གནང་བར་མཛད་སྐབས་ཞར་བྱུང་འཕྲོས་དོན་ལ། དབང་གི་སྟ་གོན་དུས་སུ་སྒོ་ཡོལ་གྱི་ཕྱི་རུ་བླ་མ་ཤེས་རབ་འོད་ཟེར་དང༌ང་རང་གཉིས་ལ་མཁའ་འགྲོ་རིན་པོ་ཆེའི་ཞལ་ནས། ཚེ་འདི་ཕྱི་གཉིས་ཀྱི་བར་ལ་ཐག་རིང་ཞིག་ཡོད་པ་མིན་ཏེ། འུ་ཅག་གི་བར་གྱི་ཡོལ་བ་ཕྱི་ནང་ཙམ་ལས་མེད་གསུངས་པ་དང༌། ཡང་བར་སྐབས་ཤིག་ལ་འུ་ཅག་རྣམས་ཀྱིས་བླ་མ་ཡབ་སྲས་ཀྱི་བསྟན་པ་ལ་འཛིན་སྐྱོང་བཟང་པོ་ཞིག་འགྲུབ་འདུག །ད་ནི་རང་རེ་རྣམས་ལ་ཚེ་ཅི་ཡོད་མི་ཤེས་གསུངས་ནས་སྐུ་ཡུན་རིང་མི་བཞུགས་པའི་ཚུལ་བསྟན་ཏོ། །
དུས་འཛིན་ས་ལྕགས་འབྲུག་ལོའི་དགུང་གྲངས་ཞེ་དགུ་ལ་བབས་ཚེ། ཟླ་བ་དང་པོའི་ནང་དུ་དབང་ལུང་རྣམས་མཐར་རྒྱས་སུ་མཛད་དོ། །དེ་ནས་ངེད་རང་རྣམས་གསང་ཐབས་ཀྱིས་སྤོམ་གནས་ཨོ་རྒྱན་རྫོང་གི་བསྒྲུབ་ཕུག་ཏུ་བྱོན་ཏེ། གནས་དེ་ཉིད་ཀྱི་བསྒྲུབ་ཕུག་ནང་དུ་བྱོན་རྗེས་བྲག་ཕུག་མ་ར་ཏི་ཀའི་གཡོན་ཕྱོགས་ཀྱི་བྲག་ངོས་ནས་ཟབ་གཏེར་དུ་མ་གསང་ཐབས་ཀྱིས་སྤྱན་དྲངས། ཞག་ཁ་ཤས་སྐུ་མཚམས་ལ་བཞུགས་པར་མཛད། ཡང་བར་སྐབས་སུ་བླ་མ་ཤེས་རབ་འོད་ཟེར་དང༌ཉག་སྤྲུལ་ཡབ་སྲས་བྱོན་ནས་མཁའ་འགྲོ་རིན་པོ་ཆེ་དང་ངེད་ཅག་ལྷན་རྒྱས་བཅས་བསྒྲུབ་ཕུག་རི་བོ་ཁོང་སེང་ཞིག་ཡོད་པའི་ནང་དུ་མར་མེ་དང་དཔལ་འབར་སོགས་སྒྲོན་ནས་བྱོན་ཞིང༌། སྔོན་བྱོན་གུ་རུ་རྗེ་འབངས་གྲུབ་ཆེན་སོགས་ཀྱིས་སྒྲུབ་པ་མཛད་པའི་དཀྱིལ་འཁོར་དང་ཚེ་ཆུ་ཕྱག་ཞབས་ཀྱི་རྗེས་དང༌། རང་བྱོན་དུ་མ་ཡོད་པ་སོགས་ལ་ཞིབ་རྒྱས་སུ་མཇལ་སྐབས། བསྒྲུབ་ཕུག་དེ་ཉིད་ནས་ཁྲོམ་གཏེར་ལྟ་བུ་མཛད་ཅིང་ཟབ་གཏེར་ཁ་ཤས་གདན་དྲངས། རི་བོ་ཆེར་དབང་ལུང་གསུངས་དུས་ཞབས་དྲུང་སྐྱབས་མགོན་རིན་པོ་ཆེ་དང༌། རྗེ་དྲུང་སྐྱབས་མགོན་དང༌། དད་དམ་ལྡན་པ་དཔལ་ཆེན་རྣམ་རྒྱལ་སོགས་ཀྱིས་ཞུས་པ། འཇམ་དཔལ་སྒྲུབ་ཐབས་ཆ་ཚང་དང༌། ཚེ་སྒྲུབ་དང༌། གུ་རུའི་སྒྲུབ་ཐབས་སོགས་གཏན་ཕབ་མཛད་དོ། །དེ་ནས་ཟླ་བ་གཉིས་པའི་ཚེས་བདུན་དུ་ས་མདོ་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ། ཉག་སྤྲུལ་གུ་རུ་འོད་ཟེར་ཡབ་སྲས་ཀྱི་གཙོས་འདུས་སྡེ་རྣམས་ལ་ཡང་ཟབ་གཏེར་གསུམ་གྱི་དབང་ཁྲིད་རྣམས་ཞིབ་རྒྱས་སུ་གནང་བར་མཛད་ནས་འགྲོ་དོན་མཐའ་རྒྱས་སུ་འབྱུང་ངོ༌། །
དེ་སྐབས་ཁོང་ལ་སྨིན་མཚམས་ནས་འོད་མདངས་མཆེད་པའི་ནང་དུ་ཞི་ཁྲོའི་ལྷ་ཚོགས་རྣམས་རིམ་བཞིན་ཤར་ནས་རྫོགས་སོང་བ་ཡིན་གསུངས། དེ་ནས་ཟླ་བ་བཞི་བའི་ཚེས་མགོར་ཆུ་འབམ་ལྟ་བུས་བསྙུངས་ནས། སྨན་དང་སྐུ་རིམ་སོགས་ཅི་དགོས་བསྒྲུབས་ཀྱང་ཕན་པ་མ་བྱུང་བ་ལྟ་བུར་གྱུར། ཟླ་བ་ལྔ་བའི་ཚེས་མགོར་ཡར་རི་བོ་ཆེར་བྱོན་དགོས་གསུངས་ཏེ། རིམ་བཞིན་ཞབས་དྲུང་སྐྱབས་མགོན་གྱི་ཕོ་བྲང་ཡང་རྩེར་ཕེབས་ཏེ། ཚེས་ཉི་ཤུའི་ཉི་མ་ཕྱེད་ཡོལ་ཙམ་དུ་ཧིག་སྒྲ་དྲག་པོ་མཛད་པའི་རྐྱེན་གྱིས་ཞིང་ཁམས་སུ་གཤེགས་པ་ཡིན། འདས་མ་ཐག་ཏུ་གསུང་གི་སྒྲ་གདངས་ཤིག་གྲག་པ་ངེད་ཅག་གིས་ཐོས་ཀྱང་དོན་ཅི་ཡིན་མ་གོ །དེ་ནས་ཞབས་དྲུང་སྐྱབས་མགོན་གྱི་ཡང་སྤྲུལ་དང༌ཞབས་དྲུང་སྲས་སྤྲུལ་རྣམ་གཉིས་ཀྱིས་ཐུགས་དམ་དཀྲོགས་པ་སོགས་མཛད། གདུང་རྟགས་ནམ་མཁའ་གཡའ་དག་པ་དང༌། སྤྲིན་འཇའ་འཁྲིགས་པ། སྒྲ་འུར་བ་སོགས་བྱུང་ངོ༌། །ཉིན་ཁ་ཤས་གདུང་མཆོད་སོགས་བྱས་ནས། ཚེས་ཉེར་ལྔའི་ཉིན་རི་བོ་ཆེའི་རྒྱབ་རིའི་གཡས་ཕྱོགས་ཀྱི་ས་དཔལ་བཟང་པོར་སྐུ་གདུང་ཞུགས་སུ་འབུལ་ནས་བཞུས་ཚེ། སྤྱན་གཅིག་ལྷོ་ཕྱོགས་ཀྱི་ནམ་མཁར་འཕུར་ནས་སོང་བ་སོགས་གདུང་རྟགས་ངོ་མཚར་བ་དུ་མ་བྱུང་ངོ༌། །དེ་ཡང་སྐུ་ཞི་བར་གཤེགས་པའི་དུས་ཚོད་གསུངས་པ། ཉིད་ཀྱི་ལུང་བྱང་དུ་གནས་ཀ་ལིང་ཀ་ཡི་འབྱུང་པོ་དེས་བསྐུལ་ནས། །ལྷོ་གསེར་གྱི་བ་དན་ཅི་འགྱུར་ནི་མི་ཤེས། །
གྲོགས་བི་མའི་སྤྲུལ་བ་འཕྲུལ་ལྡན་ཞིག་མེད་ན། །གྲངས་ལྔ་ཕྲག་དགུ་ཡོལ་དབང་གཞུ་བཞིན། །དབྱིངས་ནམ་མཁར་ཐིམ་ལ་ཅི་ཆ་ཡོད། །སེང་དཀར་མོའི་གཡུ་རལ་འབྲུག་གིས་ལོན། །ཞེས་གསུངས་པས། ལྔ་ཕྲག་ནི་ཟླ་བ་ལྔ་བ། དགུ་ཡལ་ནི་དགུང་གྲངས་ཞེ་དགུ་ཡིན་པ་འདྲ་སྙམ་མོ། །ཞེས་པ་འདི་ཉིད་གངས་ཅན་བསྟན་པའི་གཙུག་རྒྱན་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ལྷ་རེག་དྲི་བྲལ་དང་རྟེན་མདུད་རིན་ཆེན་གཉིས་པའི་སྐྱེས་བཅས་བཀའ་གླེགས་སྤྱི་བོར་ཕེབས་ཚེ་བཟློག་དུ་མ་སྤོབས་པར། སྐྱབས་རྗེ་མཁའ་འགྲོ་རིན་པོ་ཆེའི་རྣམ་ཐར་གྱི་མཇུག་དོན་རྣམས་ང་རང་གི་སེམས་ལ་ཡོད་ཚད་ས་བོན་ཙམ་ཞིག་རགས་རིམ་དུ། སློབ་འབངས་ཡོངས་ཀྱི་ཐ་ཤལ་པ་ཚུལ་ཁྲིམས་རྡོ་རྗེས་ཚིག་ནག་གི་ལམ་ནས་ཆལ་ཆོལ་དུ་ས་བྱི་ཟླ་༤ཚེས་༣བཟང་པོར་རྩང་སྒར་དབེན་ཁྲོད་ནས་བྲིས་པའོ།། །།དགེའོ། །དགེའོ། །དགེའོ། །མངྒ་ལཾ།
ཌཱཀྐི་རྟ་མགྲིན་ལྷ་མོའི་རྣམ་ཐར་རགས་བསྡུས་སུ་བཀོད་པ་དད་ལྡན་ཡིད་ཀྱི་གསོས་སྨན། མཛད་པ་པོ་པདྨ་གར་དབང་རྡོ་རྗེ།
༄༅། །ཌཱཀྐི་རྟ་མགྲིན་ལྷ་མོའི་རྣམ་ཐར་རགས་བསྡུས་སུ་བཀོད་པ་དད་ལྡན་ཡིད་ཀྱི་གསོས་སྨན་བཞུགས།
ན་མོ་གུ་རུ་དཱེ་ཝ་ཌཱཀྐི་ནི། དེ་ལ་ཌཱཀྐི་རྟ་མགྲིན་ལྷ་མོའི་རྣམ་ཐར་རགས་བསྡུས་ཤིག་འབྲི་བ་ལ། སྔོན་གྱི་སྐྱེ་བ་བཞེས་ཚུལ་ནི། ཡེ་གདོད་འོག་མིན་ཞིང་ན་ཀུན་ཏུ་བཟང་མོ། །མཁའ་སྤྱོད་དག་པའི་ཞིང་ན་གསང་བ་ཡེ་ཤེས། །རྒྱ་གར་འཕགས་པའི་ཡུལ་ན་ཚེ་ལམ་གྱི་མཁའ་འགྲོ། །གངས་ཅན་བོད་ཀྱི་ཡུལ་ན་མཁར་ཆེན་གྱི་མཚོ་རྒྱལ། །སྨར་ཁམས་གླིང་རྗེའི་མདུན་སར་མགར་བཟའ་ཡི་ཆོས་སྒྲོན། །ལབ་ཀྱི་ཡུལ་ན་རིགས་སྲས་ལེགས་འདུལ་སྒྲོལ་མ། །ཟབ་གཏེར་བཀའ་བབ་ཇོ་མོ་པདྨ་མཚོ་སྐྱིད། །གྲྭ་ནང་སྨྱོས་ཀྱི་གདུང་གྱུར་མི་འགྱུར་དཔལ་སྒྲོན། །ཚྭ་སྒང་རྟ་ཤོད་ཡུལ་ན་པདྨ་ཆོས་མཚོ་ཞེས་འབྱུང་བ་ལྟར་རོ། །སྐུ་འདི་ཉིད་ཀྱི་གོང་མ་ཚོགས་བརྒྱ་གཏེར་སྟོན་རྡོ་རྗེ་གྲགས་པ་ཡིན་ཏེ། ཁོང་སྙུང་སྐབས་ཞབས་ཕྱི་བླ་མ་ཤེས་རྒྱལ་གཙོས་ཁ་ཤས་ལ་ང་ཡི་སྐྱེ་བ་དེ་ཉག་བླ་བྱང་ཆུབ་རྡོ་རྗེའི་རིགས་རྒྱུད་དུ་ཆུ་ཕག་ལོ་བ་ཞིག་སྐྱེ་འོང་གསུངས་སྐུ་གཤེགས་སོ། །དེ་ལྟར་སྐྱེ་བའི་ཕྲེང་བ་འགའ་ཞིག་གི་མཚན་སྨོས་ནས་ད་ལྟའི་སྐྱེ་བ་འདི་ཉིད་ཀྱི་ཚུལ་འཆད་པར་བྱའོ། །
དེ་ལའང་ཡབ་རིག་འཛིན་བྱང་ཆུབ་རྡོ་རྗེ་ཞེས་གཏེར་ཆེན་རང་རིག་རྡོ་རྗེའི་དངོས་སློབ་གྲུབ་པའི་རིག་འཛིན་ཟབ་གཏེར་ལ་མངའ་དབང་འབྱོར་བ་དང་། ཡུམ་ཌཱཀྐི་དྲི་མེད་དབང་མོ་ཞེས་པ་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ། ཟབ་གཏེར་གསང་བའི་བརྡ་ཁྲོལ་གྱི་ཕྱག་རྒྱ་མོ་ལྟ་སྒོམ་སྤྱོད་འབྲས་ས་ལམ་མཐར་ཕྱིན་པ་གང་དེའི་སྲས་སུ་གངས་ཅན་བོད་ཀྱི་ཞིང་། མདོ་ཁམས་སྨར་ཤོད་གོ་འཇོའི་ཡུལ། མདོ་སྨད་ཨན་ཆུང་སེངྒེ་གནམ་རྫོང་ཞེས་ཡོངས་སུ་གྲགས་པའི་གནས་ཀྱི་བསྟི་གནས་དམ་པ་དེར་བོད་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཕག་གི་ལོ་ཟླ་ཚེས་བཟང་པོར་སྐུར་འཁྲུངས། ཡབ་ཀྱིས་རྟ་མགྲིན་ལྷ་མོ་ཞེས་མཚན་གནང་། བྱིས་པའི་དུས་ནས་ཕལ་ལས་ལྷག་པའི་རྟགས་མཚན་དུ་མ་དང་ལྡན། དགུང་ལོ་དགུ་པ་ལྕགས་ལུག་ལོར་མ་ཡུམ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་གྲུ་གང་ལས་མ་ལྷག ། དགུང་ལོ་བཅུ་གཅིག་ཐོག་ཡི་གེ་འབྲི་ཀློག་དང་། འདོན་རོལ་དབྱངས། གཏོར་བཟོ་དཀར་རྒྱན་སོགས་ལ་སྦྱང་བརྩོན་ཆེར་མ་དགོས་པར་ཤེས་སླ་བར་བྱུང་། དེར་ཕུར་པ་ལྷ་ཁང་གི་སྟེང་དུ་བཞུགས་ཏེ་རྟ་ཕྱག་ཁྱུང་གསུམ་དང་བཀའ་སྲུང་གཟའ་ཡི་བསྙེན་སྒྲུབ་ལས་གསུམ་བསྲེགས་ཆོག་བཅས་ཚད་ལྡན་མཛད་པས་རྔ་ལས་མེ་སྟག་འཕྲོ་བ་དང་། སྒྲུབ་གཏོར་ལས་མེ་འབར་བ་བདུད་རྩི་འབབ་པ་སོགས་བྱུང་། དེ་ནས་བདེ་གྲོལ་བྱང་ཆུབ་ཆོས་གླིང་དུ་དགེ་རྒན་དབང་ཕྱུག་སྒྲོལ་མའི་མདུན་དུ་བཞུགས་ནས་དགོན་ཡར་མར་དུ་སྔོན་འགྲོ་འབུམ་བཞི་བཞག་རྒྱུ་དང་བཀའ་གཏེར་གསར་རྙིང་དང་ཡབ་རིག་འཛིན་ཆེན་པོའི་དགོངས་གཏེར་སོགས་ཀྱི་དབང་ལུང་ཁྲིད་གསུམ་ཡབ་ཀྱི་མདུན་ནས་མང་རབ་ཞུས། ཁྱད་པར་དངོས་གཞི་ངོ་སྤྲོད་ཀྱི་གདམས་པ་ཐོབ། དགུང་ལོ་བཅོ་ལྔ་ལ་ཨ་ཕྱི་ཚེ་དབང་མཚོ་སྐུ་གཤེགས་ནས་ཞང་ཚང་བཅུ་དཔོན་ཚང་སར་ཕེབས་ཏེ་ཟླ་བ་ཁ་ཤས་བཞུགས། དེ་ནས་ཡར་ཕེབས་ཏེ་ཨ་བླའི་མདུན་ནས་དབང་ཁྲིད་མན་ངག་བསྐྱེད་རྫོགས་ཀྱི་གདམས་པ་འགའ་ཞིག་ཞུས། རྡོར་སེམས་དང་ཕུར་པའི་བསྙེན་ཚད་མཁའ་འགྲོ་ཡོངས་འདུས་དང་ཁྲོས་མའི་བསྙེན་ཚད། སྤྱང་ཞོན་གྱི་བསྙེན་སྒྲུབ་ལས་གསུམ་བཅས་ལ་ལོ་གསུམ་མཚམས་ལ་བསྡད། དེ་སྐབས་གཙང་པ་གྲུབ་ཐོབ་ཀྱི་སྲས་ཕེབས་ཏེ་བརྡ་ལུང་མན་ངག་གི་ཤོག་དྲིལ་འགའ་ཞིག་གནང་། ཡབ་ལས་ཞུས་ཏེ་ཕག་མོ་དང་བདེ་དྲྭའི་རྩ་རླུང་འཁྲུལ་འཁོར་ཉིན་ལྟར་ཆགས་མེད་དང་ར་བ་བཞི་ལ་བཅུད་ལེན་བཞུགས། བཅུ་དྲུག་ལོ་ནམ་མཁའ་བཅུད་ལེན་བཞུགས་སྐབས་བཀྲེས་སྐོམ་གྱི་སྣང་བ་ཤིན་ཏུ་ཆེ་བ་བྱུང་བས་ཞག་ལྔའི་ནུབ་མོ་རྨི་ལམ་དུ་རང་ཡུལ་ཉེ་བ་ཞིག་ལ་སོང་བས། མཁའ་སྤྱོད་དག་པའི་ཞིང་སྣང་ལ་དཔའ་བོ་མཁའ་འགྲོ་དུ་མས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཚོགས་ཀྱི་དགའ་སྟོན་གྱི་སྐབས་སུ་ཁེལ་འདུག །རང་གྲལ་ཤམ་དེར་བསྡད་པས་མཁའ་འགྲོ་མ་ཞིག་གིས་ཚོགས་དང་ཚོགས་ཆང་ཐོད་ཕོར་གང་སྦྱིན་བྱུང་བས་ངས་བཅུད་ལེན་བསྡད་ཡོད་ཞུས། དེས་འདི་ཚོགས་ཀྱིས་བྱིན་རླབས་ཡིན་པས་བཞེས་དགོས་ཟེར་བས་རང་ནས་ཀྱང་ཐེ་ཚོམ་མེད་པར་རོལ་སྣང་གིས་ལུས་ལ་བདེ་དྲོད་ཀྱིས་ཁྱབ། སེམས་ལ་སྨྲ་མི་ཤེས་པའི་རྟོགས་པ་འཆར་བ་བྱུང་། དེ་ནས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ད་ནི་ཁྱོད་རང་གནས་སུ་འགྲོ་དགོས་ཟེར་བས་རང་ནས་སྡོད་མལ་ཡིད་ལ་དྲན་པས་ཇེ་དམའ་ལྟ་བུའི་ངང་ཉལ་མལ་དུ་སླེབས་པ་དང་གཉིད་སད་པ་དང་ནམ་གསལ་བ་དུས་མཉམ་བྱུང་། དེས་རང་ལུས་དགའ་བདེའི་ཁྱབ་པ་དང་ཁང་པ་དང་དབེན་གནས་བདེ་གྲོལ་ནང་ཆང་དྲི་ཞིམ་པོ་མཆོག་དམན་ཐམས་ཅད་ཀྱིས་ཚོར་ཏེ་ཀུན་ཧ་ལས་ཏེ་ཅི་ཡིན་ཟེར་བ་ལ། ཁོང་གིས་གོང་གི་རྨི་ལམ་དེ་རྣམས་བཤད་པས་ཐམས་ཅད་ངོ་མཚར་དང་དད་མོས་སྐྱེས། དགུང་ལོ་ཉེར་གཅིག་ལ་རྒྱལ་སྲས་འཕགས་མཆོག་རྡོ་རྗེའི་སྙུང་བབས་ལྕི་རུ་གྱུར་ནས་ཁོང་གིས་ཨ་རྟ་ལྷ་མོ་འདིར་བཏང་དགོས་ཚུལ་གྱི་གསུང་འཕྲིན་ཨ་བླའི་མདུན་འབྱོར་བས། ཡབ་ཀྱིས་རྟོགས་ལྡན་ཚང་གི་ཡི་གེ་འདི་ད་བར་མི་འབྱོར་བ་འཕྱིས་ཚར། ད་རེས་ཁོང་གི་སྐུ་ཚེ་བསྲིང་ཐུབ་པ་དཀའ་ནའང་བླ་མའི་བཀའ་ཡིན་པས་བུ་མོ་ཁྱོད་ཅིས་ཀྱང་འགྲོ་དགོས་གསུངས། སྒར་པའི་གྲྭ་སློབ་མང་པོས་བླ་མ་འདས་ཁར་གཟུངས་མ་འགྲོ་རྒྱུ་མི་ལེགས་མི་ཉན་ཚུལ་བརྗོད་པས། ཨ་བླས་བླ་མའི་དགོངས་བཞེད་འགྲུབ་ན་ང་སྤྲང་པོ་ར་ཁྲིད་ལ་འཇིག་རྟེན་གྱི་ཕོ་རུས་མགོ་རྣ་བལྟ་རྒྱུ་ཅི་ཡང་མེད་གསུངས་ཏེ་ཞབས་རོགས་ཇོ་མོ་གཉིས་བཏང་། དེར་རྐང་ཐང་དུ་ཕེབས་ནས་གསོལ་སྡེར་ཁར་འབྱོར་བས། སྲས་འཕགས་མཆོག་གིས་ཨ་བླའི་གསུངས་རྣམས་ཇི་བཞིན་མཁྱེན་པའི་གསུང་མོལ་གནང་ནས། ཁྱེད་ཡབ་སྲས་ཀྱི་ཚོགས་རྫོགས་སྒྲིབ་པ་བྱང་། རང་ཡང་བློ་བདེ་བ་ཡིན་གསུངས། ཁོང་གི་སྐུ་མདུན་ནས་ཕྱག་རྫོགས་ཀྱི་གདམས་པ་དང་། རྩ་རླུང་ཐབས་ལམ་གྱི་མན་ངག་མནོག་ཆོས་སུ་ཐོབ། འདའ་ཁར་ཁོང་གིས་རང་ནས་ཁྱེད་དང་བླ་མའི་གཏེར་ཆོས་ལ་ད་ལྟའི་སྐྱེ་བ་འདི་ལ་ཞབས་ཞུ་ཅི་ཡང་འགྲུབ་མ་ཐུབ་ཀྱང་། སྐྱེ་བ་རྗེས་མ་ལ་ཁྱེད་དང་བླ་མའི་བསྟན་པ་གཏེར་ཆོས་བཅས་ལ་ཞབས་ཕྱི་ཞུས་ནུས་མཁན་ཞིག་རང་གིས་སྨོན་ལམ་འདེབས་འོང་བས་ཁྱེད་ཀྱིས་དེའི་ཚུལ་རྗེ་བླ་མ་ལ་ཞུས་གསུངས་ཏེ་ཆུ་ལུག་བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ངོ་མཚར་དུ་མའི་ལྟས་དང་བཅས་སྐུ་གཤེགས། དེ་ནས་ཟླ་བ་དང་པོའི་ནང་ཡབ་བླ་མའི་མདུན་འབྱོར་ནས་ནང་འཕྲོས་ཀྱི་གསུང་འཕྲིན་རྣམས་ཞུས་པས། ཨ་བླས་ཀྱང་བུ་མོ་ཁྱོད་འགྲོ་བ་ལེགས། བླ་མའི་དགོངས་བཞེད་འགྲུབ་པ་དེ་རང་ཕ་བུའི་བྱ་བ་འགྲུབ་པ་ཡིན། ངོ་ཚ་དང་སྡུག་བསྔལ་ཅི་ཡང་མེད། ངས་མ་བཏང་། ཁྱོད་ཀྱང་མ་སོང་སྟེ་བླ་མ་དགོངས་པ་རྫོགས་ཤོར་ན་རང་གཉིས་མི་ཚེ་འདི་ལ་འགྱོད་པ་འབྱུང་བས་དེ་འདྲ་མ་སོང་བ་ལེགས་གསུངས་ཏེ་ཐུགས་མཉེས་མཉེས་མཛད། དེ་ལ་དགོངས་རྫོགས་མཆོད་འབུལ་ཅི་ནུས་བྱས་ཤིང་གསོལ་བ་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་བགྱིས་པའི་ནུབ་གཅིག་རྨི་ལམ་དུ་ཕར་ཙམ་ཞིག་ལ་སོང་སྙམ་གྱིས་ཞིང་དང་བཀོད་པ་བསམ་གྱིས་མི་ཁྱབ་པ་ཞིག་ན་གཙུག་ལག་ཁང་ཤིན་ཏུ་བཀོད་ལེགས་པའི་སྒོ་མདུན་དུ་སླེབས་པས། དེ་ནས་འཕགས་མཆོག་གི་གསུང་ཞིག་ལྷང་ལྷང་དུ་ཐོས་པས་མཇལ་འདོད་ཀྱིས་ནང་དུ་སོང་བ་ལ། དེར་སྲས་འཕགས་མཆོག་རྡོ་རྗེ་རིན་པོ་ཆེའི་ཁྲིའུ་ཞིག་གི་ཁར་སྐུ་གཟི་བརྗིད་སྔར་ལས་ལྷག་པར་བཞུགས་ཤིང་། ཚོགས་པ་མང་པོ་ཞིག་ལ་ཕྱག་རྒྱ་ཆེན་པོའི་ཆོས་ཀྱི་འཁོར་ལོ་སྐོར་གྱིན་འདུག །རང་གིས་མི་ཕྱེད་པའི་དད་མོས་དྲག་པོས་ཕྱག་དང་གསོལ་བ་སྨོན་ལམ་ཤུགས་ཆེར་བཏབས་པས། དེར་ཁོང་གིས་རང་གཟིགས་པ་དང་ལྷན་ཐུགས་བརྩེ་བའི་དགྱེས་ཞལ་ངོམ་སྟེ་དགའ་བའི་རྣམ་འགྱུར་གྱིས་མདུན་དུ་ཤོག་གསུངས་པའི་བརྡ་ཞིག་གནང་བྱུང་། དེར་མདུན་དུ་སོང་བས་དབུ་ཐོད་གཏུགས་ཏེ་ཐུགས་བརྩེ་བ་ཆེན་པོས་མྱ་ངན་དང་སྡུག་བསྔལ་མ་བྱེད། སྔར་ཟབ་མོའི་གདམས་པ་ཐོབ་པ་རྣམས་ཉམས་སུ་ལོངས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་འདི་འདྲ་ཚོམ་བུ་གཅིག་ཏུ་མཇལ་འཕྲད་བྱུང་བ་ངོ་མཚར་ཤིན་ཏུ་ཆེ་བས་སྤྲོ་བ་སྐྱེད་ཅིག་གསུངས་པ་དང་ལྷན་མནལ་སད་པས་དེར་མྱ་ངན་ཡང་སངས་འདྲ་བ་ཞིག་དང་། རྟོགས་པའི་ཡེ་ཤེས་ཀྱང་སྔར་དང་མི་འདྲ་བ་བྱུང་། དུས་མཚུངས་སུ་གསོལ་སྡེར་ཁ་ནས་བླ་མའི་གདུང་ཞུགས་སུ་ཕུལ་སྐབས་འཇའ་འོད་རིང་བསྲེལ་གདུང་སོགས་མང་པོ་བྱོན། ཁྱད་པར་གདུང་རུས་ལ་གུ་རུའི་སྐུ་རང་བྱོན་ཀྱང་ཕེབས་པར་གྲགས། དགུང་ལོ་ཉེར་གཉིས་ལ་སླེབས་སྐབས་བརྩེ་རངས་དཔོན་ཚང་གི་མནའ་མ་བསླང་བས་སྒར་པའི་གྲྭ་སློབ་ཁ་ཅིག་གིས་དེར་འགྲོ་ན་ས་བརྐོ་ཡུལ་ཆུས་དང་འཇིག་རྟེན་གྱི་ཕོ་རུས་མགོ་རྣ་སོགས་གང་ཐད་ནས་ལེགས་ཚུལ་སྨྲ་བ་བྱུང་ནའང་ཁོང་གིས་དེ་ན་མི་འགྲོ་གསུངས་པ་དང་ཡབ་རིག་འཛིན་བླ་མས་ཀྱང་དེར་བུ་མོ་ཁྱོད་མ་སོང་ཀྱང་ཆོག །སྤྱིར་རིག་འཛིན་དུ་མའི་ཟབ་རྒྱ་གཏེར་གྱི་སྒོ་མོ་འབྱེད་པའི་ལྡེའུ་མིག །བདེ་སྟོང་ཡེ་ཤེས་ཀྱི་ངོ་སྤྲོད་བྱེད་པའི་ཌཱཀྐི་མ། ཁྱད་པར་བཟང་ངན་མཆོག་དམན་ཡག་བཙོག་མེད་པ་འགྲོ་བ་མང་པོ་འོག་སྒོ་བདེ་བ་ཆེན་པོར་འབྲེལ་ཚད་དོན་ལྡན་གྱི་མཁའ་འགྲོ་མ་བྱ་བ་ཡིན་པས་དེ་བཞིན་གདུལ་བྱ་བསྟན་འགྲོའི་དོན་རླབས་ཆེ་བ་སྐྱོངས་དགོས། འཇིག་རྟེན་གྱི་ཁེ་དྲག་དང་སྟོབས་འབྱོར་མགོ་རྣ་ཕོ་རུས་ལ་བལྟ་རྒྱུ་མེད་གསུངས། དེ་བཞིན་བཤད་འགྱུར་རིག་འཛིན་མང་པོའི་གཏེར་གྲོགས་དང་ཁྱད་པར་སྐྱེ་བོ་མང་པོ་བདེ་སྟོང་ཡེ་ཤེས་ཆེན་པོའི་མཁའ་ཀློང་ན་འབྲེལ་ཚད་དོན་ལྡན་གྱི་གསང་སྤྱོད་མཛད་པ། སྐབས་དེ་ཤེད་ཙམ་ན་གཏེར་སྲས་འཆི་མེད་བྱོན་ནས་ཁོང་གིས་ཚེ་སྒྲུབ་ཅིག་བཀའ་བབས་རྒྱུ་ཡོད་དེ་ད་སྔོན་རྟེན་འབྲེལ་སོགས་ཀྱིས་ཕབ་མ་ཐུབ། ཚེ་སྒྲུབ་འདི་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ནས་ཉམས་ལེན་མཛད་ན་ཁོང་གི་སྐུ་ཚེ་མཐར་ཕྱིན་པའི་ལུང་བསྟན་ཡོད་པས་གལ་ཆེ་བས་ད་རེས་ཁྱོད་ཀྱིས་གཏེར་སྒོ་འབྱེད་པའི་གཟུངས་མ་དགོས་ཚུལ་ཕེབས་པ་ལྟར་མདོ་སྨད་ཨན་ཆུང་གླང་ལུང་སྒྲོལ་མ་རང་བྱོན་མཁའ་འགྲོའི་ཕུག་པ་རུ་ཚེ་སྒྲུབ་ཟབ་ཆོས་དེ་ཉིད་ཀྱི་བཀའ་ལེགས་པར་ཕབ། གཏེར་སྲས་ཤིན་ཏུ་ཐུགས་དགྱེས་པ་དང་གདམས་ཁྲིད་ངོ་སྤྲོད་སོགས་གནང་བས་རང་ཡང་མར་ཡུང་དུས་རྐང་པ་ས་ལ་རེག་སྣང་མེད་པ་དང་། བར་སྣང་རི་བྲག་གང་ལའང་ས་ཐོག་ཏུ་འགྲོ་བ་དང་ཁྱད་མེད་པའི་སྣང་བ་འུར་ལང་སྟེ་གར་འགྲོ་སྙམ་ན་ཐོགས་རྡུགས་མེད་པའི་ཉམས་བྱུང་གསུངས། དེ་ནས་ཟིལ་གནོན་རྡོ་རྗེའི་ཟབ་གཏེར་གྱི་གྲོགས་མཛད་སྐབས་ཀྱང་ངོ་མཚར་བའི་རྟགས་མཚན་འགའ་བྱུང་གསུངས། དགུང་ལོ་ཉེར་གསུམ་པ་ཤིང་བྱ་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ལ་བུ་གཅིག་སྐྱེས་པས་དཔལ་ཡུལ་བ་ཁོང་རོང་སྤྲུལ་སྐུའི་བུ་འདི་ལོ་རིས་མེ་ཁྱི་ལོ་པ་བརྩི་དགོས་རེད། ལོ་བརྒྱར་ཐོབ་པ་རེད་གསུངས། ཨ་བླས་གཟིམ་ལམ་ལེགས་ཚུལ་གྱི་ལུང་བསྟན་དང་བཅས་གར་དབང་རྡོ་རྗེ་ཐོགས་གསུངས་མིང་གནང་། དེ་ནས་བེ་རུ་ཚུལ་ཁྲིམས་ཀྱི་གསང་གཏེར་འབྱེད་ཕྱིར་དེར་ཟླ་བ་གསུམ་ཕེབས་ནོར་གཏེར་དང་ཆོས་གཏེར་གྱི་སྒོ་དུ་མ་ཕྱེས། དགུང་གྲངས་ཉེར་ལྔའི་དུས་ཡབ་ཨ་བླའི་དགོངས་གཏེར་མཚོ་རྒྱལ་རྩ་སྒྲུབ་ཀྱི་བསྙེན་མཚམས་ཚད་ལྡན་ཞིག་བཞུགས། ས་བྱི་ཉེར་དྲུག་ལོར་དགོངས་གཏེར་བླ་སྒྲུབ་རིག་འཛིན་སྤྱི་འདུས་ཀྱི་བསྙེན་སྒྲུབ་ལས་གསུམ་དང་། དེ་བཞིན་གུ་རུ་རཏྣ་ཐོད་ཕྲེང་གཏེར་སྲུང་ལྷ་ཆེན་བཅས་ཀྱི་བསྙེན་མཚམས་བཞུགས། ལོ་མཇུག་ཏུ་མིང་པོ་ཨ་འགྱུར་དང་གྲྭ་སློབ་སེར་སྐྱ་མང་པོ་བཅས་ཆོས་མཇལ་དུ་ཁམས་སྡེ་དགེ་དགོན་ཆེན་དང་། པ་ཝང་། རྫོང་གསར། ཀཿཐོག་རྣམས་སུ་ཕེབས། དེ་དུས་མིང་པོས་ཀཿཐོག་ནས་དུག་བཞེས་ཏེ་མཐར་སྙུང་ཚབ་ལས་གྲོལ། དེ་ནས་དཔལ་ཡུལ་དང་རྨུག་སངས་གཙོ་བོར་གྱུར་པའི་ཁམས་སྡེ་དགེའི་ཕྱོགས་ཀྱི་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་བླ་ཆེན་མང་རབས་མཇལ་ཞིང་དབང་དང་གདམས་ངག་མང་པོ་ཞུས། གནས་རྟེན་མང་པོ་ལ་ཕྱག་སྐོར་དད་འབྲེལ་བྱུང་གསུངས། ས་གླང་ལོར་ཨན་ཆུང་སེངྒེ་གནམ་རྫོང་གི་གནས་མགྲོན་སྐབས་དགོན་ཡང་མར་སྒྲུབ་ཕུག་རྣམས་སུ་ཚོགས་མཆོད་འབུལ་བ་དང་སྐོར་བ་ཕེབས་པ་སོགས་སྒོ་གསུམ་དགེ་ལ་འབད་པ་ཁོ་ན་མཛད་གསུངས། སྤྱིར་རྣམ་པ་ཀུན་ཏུ་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་སྟེ་བླ་མ་ལ་གུས་བཀུར། མཆེད་གྲོགས་ལ་བརྩི་བསྲུང་། སེམས་ཅན་ཡོངས་ལ་སྙིང་རྗེ་བྱམས་སྐྱོང་ཐུགས་བརྩེ་ཆེ་བས་མཆོག་དམན་ཐམས་ཅད་ཀྱིས་སྲས་མོ་ཨ་ཞེ་ཞེས་འབོད་དེ་དགའ་དད་མོས་གསུམ་གྱིས་སྨོན་པར་གྱུར། ཉེར་བརྒྱད་ལོར་ཡབ་རིག་འཛིན་ཆེན་པོའི་མདུན་ནས་གསོ་བ་རིག་པའི་རྒྱུད་དང་མན་ངག་ལག་ལེན་བཅས་པ་མཐར་ཕྱིན་སྦྱངས། སྨན་བསྡུ་བ་དང་རྩ་ཆུ་བལྟ་བ་སྨན་སྦྱིན་པ་སོགས་ཅུང་ཟད་ལས་མཛད་མེད།
དེ་ནས་གཏེར་སྟོན་བདེ་ཆེན་རྡོ་རྗེའི་གསང་བའི་གཟུངས་མ་མཛད་དེ་ཟབ་གཏེར་རྟ་ནག་སོགས་ཀྱི་ཆོས་གཏེར་དུ་མའི་བཀའ་བབས། དེར་སྒོམ་ཆེན་སྲས་པདྨ་བདེ་ཆེན་མདུན་ནས་སྔོན་འགྲོ་དངོས་གཞི་ཕྱག་རྫོགས་ཀྱི་གདམས་ཁྲིད་མན་ངག་ཞུས་ནས་ཟླ་བ་བཞི་ཙམ་བཞུགས། དགུང་ལོ་སོ་གཉིས་ལོར་གཏེར་སྟོན་གསང་བདག་གླིང་པའི་ཟབ་གཏེར་སྒོ་འབྱེད་ཀྱི་གྲོགས་མཛད། ཁོང་གིས་མཁའ་འགྲོའི་ལུང་བྱང་ཞིག་ཀྱང་གནང་། ཕར་ལ་ཟབ་གཏེར་མཁའ་འགྲོ་ཡོངས་འདུས་ཀྱི་རྩ་རླུང་འཁྲུལ་འཁོར་མན་ངག་གི་གནད་བཅས་མཐར་ཕྱིན་པ་ཕུལ། དེར་ཁོང་ཕེབས་སྐྱེལ་ཞུས་སྐབས་ངོ་སྤྲོད་ཀྱི་གདམས་པ་ཞིག་གནང་བྱུང་བས་རིག་པ་རྗེན་པར་བུད་ནས་ཞག་ཤས་ལ་འཇིག་རྟེན་གྱི་ལེགས་ཉེས་དང་དག་པའི་ཞིང་ཁམས་ཀྱི་བཀོད་པ་སོགས་འཁོར་འདས་གཉིས་ཀའི་ལེགས་ཉེས་ཐམས་ཅད་སྒྲིབ་མེད་གསལ་ལྷང་ངེར་མཐོང་བའི་སྣང་བ་བྱུང་གསུངས། དེ་ནས་སྤར་བརྐོས་བློ་གྲོས་ལས་སྤར་བརྐོ་རྒྱུ་འབད་བརྩོན་ཆེན་པོས་སྦྱངས་པས་ཕུལ་དུ་བྱུང་བ་ཤེས། དེར་རྗེ་བླ་མའི་དགོངས་གཏེར་གདུགས་མཐིང་དྲག་མོ་དང་། སྨེ་བརྩེགས་ཀྱི་སྐོར་དང་། གཞན་དཔེ་ཚན་སྣ་ཚོགས། གཟུངས་སྤར་དང་། སྲུང་ཟློག་བསད་པའི་འཁོར་སྤར། དབུ་ལྷ། ལྷ་སྤར་སོགས་བདེ་གྲོལ་ཇོ་མོ་རྣམས་དང་མཉམ་དུ་འབད་པ་ཆེན་པོས་བརྐོས། དགུང་ལོ་སོ་གསུམ་པ་ཤིང་ལུག་ལོར་བུ་གཅིག་སྐྱེས་པས་ཨ་བླ་རིན་པོ་ཆེས་འདི་མགོ་ཆུང་བླ་མའི་ཡང་སྲིད་ཡིན། རྩ་རླུང་ཞིག་སྦྱངས་ན་ནུས་པ་ཐོན་ངེས་ཤིག་འབྱུང་མིང་ལ་རྟ་མགྲིན་དབང་པོ་ཐོགས་གསུངས། འཛི་སྒར་ལྷ་མཆོག་རྡོ་རྗེས་འགྱུར་མེད་རྡོ་རྗེ་མིང་གནང་། ལོ་དེར་བྱ་བྲལ་སངས་རྒྱས་རྡོ་རྗེ་ཕེབས་སྐབས་རང་ན་ནས་ཡོད་པས་ཁོང་ལ་ཕན་རིམ་ཞུས། ཌཱཀྐིའི་ཚོགས་འབུམ་གཅིག་དང་། མེ་མཆོད་འབུམ་གཅིག །ཡིག་བརྒྱ་འབུམ་ཕྲག་བཅུ་སྒྲུབས་གསུངས། དེ་དུས་ཟང་ཟིང་གི་དངོས་པོ་ཕྲན་བུ་དང་ཞོ་ཞིག་ཕུལ་བས་ཁོང་གིས་ཞོ་སྤྲིས་ལ་རྟེན་འབྲེལ་ལེགས་པའི་རི་མོ་བཀྲ་འདུག་པས་ད་རེས་མི་སྐྱོན་ངས་ཀྱང་སྐྱབས་གསོལ་སྨོན་ལམ་བྱེད་གསུངས། དེ་ལྟར་གྲུབ་པས་ན་རྐྱེན་ལས་གྲོལ། རང་ལོ་བཅོ་བརྒྱད་ནས་འདི་བར་དགུན་སྟོན་གཉིས་ལ་ཉིན་བཞིན་རྩ་རླུང་ཐུན་རེ་ཆག་མེད་དང་ནམ་མཁའ་བཅུད་ལེན་བདུན་གཅིག །གཞན་སྨན་རྫས་རིལ་བཅུད་ལ་བསྟེན་ནས་བདུན་ཕྲག་གསུམ་སྟན་ཐོག་གཅིག་བཞུགས་པ་དང་། བསྡོམས་ན་བཅུད་ལེན་ཁོ་ན་བདུན་ཕྲག་བརྒྱ་ཁ་ཙམ་བཞུགས་གསུངས། འདི་དག་སྔ་ཕྱི་ཀུན་ཏུ་མི་མིན་ལྷ་འདྲེའི་ཚོགས་དཔོན་དུ་རྫུ་འཕྲུལ་སོགས་ཀྱིས་ཕེབས་ཏེ་ཕྲ་མེན་དང་སྲོག་འཕྲོག་གཞན་གྱིས་མི་ཡི་ཚེ་སྲོག་ཤ་ཁྲལ་དུ་ཁྱེར་འོང་བ་ལ་སྙིང་རྗེ་ཆེན་པོས་ཚོགས་འཁོར་རོལ་བ་དང་ཞུ་བ་པོའི་ངོར་འགའ་ཞིག་སྲོག་བསླུས་ཏེ་ཚོགས་ཤ་གཞན་དུ་སྤྲུལ་བསྒྱུར་མཛད་པ་སོགས་མཐོང་ཐོས་ཀྱི་གཏམ་ངོ་མཚར་ཅན་མང་དུ་སྨྲ་མཁན་དང་ཞལ་རྒྱུན་དུ་གླེང་བ་མང་ཡང་ཞིབ་བརྗོད་མ་བྱས། དགུང་ལོ་ཉེར་དྲུག་ནས་འདི་བར་བཛྲ་གུ་རུ་བྱེ་བ་བདུན་ཅུ་དོན་བདུན་ལྷག་བཏོན། དུང་ཁ་སྐོང་བསམ་ཀྱང་ཨ་བླ་རིན་པོ་ཆེས་བུ་མོ་ཁྱོད་ཚེ་གེགས་ཆེ་བས་ཡི་དམ་གཤིན་རྗེའི་བསྙེན་པ་འདོན་དགོས་གསུངས་པས་དེ་ནས་ཨྱེེ་རིང་བཏོན་གསུངས། དྲུང་རམ་རྒྱ་སྤྲུལ་ནས་སྲས་མོ་ཨ་རྟ་ཁྱོད་ཀྱིས་ཚེ་རྫས་ཤིག་ཁུར་ཤོག་གསུངས། ཨ་བླར་ཅི་འབུལ་ཞུས་པས་ཁྱེད་ཀྱི་འགུ་ཡ་ཞིག་དང་སྐྲ་ཞིག་ཕུལ་གསུངས་པ་ལྟར་ཕུལ་བས་རྒྱ་སྤྲུལ་ནས་རྟེན་འབྲེལ་ཤིན་ཏུ་ལེགས། ཁྱེད་ཀྱི་སྐུ་ཚེ་མཐར་ཕྱིན། ངའི་ཀྱང་ཚེ་གེགས་སེལ་བ་བྱུང་། དེ་ལྟར་གསོལ་འདེབས་སྨོན་ལམ་བྱེད་འོང་གསུངས་པ་དང་། གཞན་ཡང་གདམས་ངག་ངོ་སྤྲོད་ཐོབ་པས་རྟོགས་པའི་བོགས་འདོན་ཀྱང་བྱུང་གསུངས། དགུང་ལོ་སོ་བཞི་མེ་སྤྲེལ་ལོར་འཛི་སྒར་ལྷ་མཆོག་རྡོ་རྗེ་ཕེབས་ཏེ་གསང་བའི་གྲོགས་མཛད། ཆོས་གཏེར་གྱི་སྒོ་ཕྱེས། དེ་རྗེས་ཁོང་གི་གཏེར་ཆོས་རྣམས་ཀྱི་དབང་ལུང་མན་ངག་བཅས་པ་ཆ་ཚང་ཐོབ། ཕྱིས་སྐུ་གཤེགས་སྐབས་ཟངས་མདོག་དཔལ་རིའི་ལྕགས་རིའི་རྒྱབ་བར་དུ་སྐྱེལ་མ་སོང་བ་དང་། གཞན་ཡང་ཟངས་མདོག་དཔལ་རི་དང་མཁའ་སྤྱོད་ཀྱི་ཞིང་ཁམས་དག་ན་ཞལ་མཇལ་བ་དང་གསུང་གླེང་གདམས་པ་ཐོབ་པ་སོགས་ཉམས་སྣང་དུ་མ་བྱུང་ཚུལ་གསུངས་རྒྱུན་མང་རུང་འདིར་མ་བཀོད། དགུང་ལོ་སོ་དྲུག་ས་ཁྱི་ལོ་ཧོར་ཟླ་དང་པོའི་ཚེས་བཅུ་ལ་ཨ་ནེ་སངས་རྒྱས་སྐུ་གཤེགས་པ་དེ་ནས་བཟུང་ཡབ་བླ་མའི་སྐུ་མདུན་དུ་ཞབས་ཕྱི་གཏན་སྡོད་མཛད་དེ་བླ་མར་བཀུར་སྟི་རིམ་གྲོ་ཁོ་ན་ཞུས། བསྐྱེད་རྫོགས་མན་ངག་གི་ཁྲིད་དང་གདམས་པའི་ཞུན་མཐར་ཡང་ལེགས་པར་བཅད། གཞན་ནད་པའི་རྩ་ཆུ་བལྟ་བ་སྨན་སྦྱིན་པ་ཡབ་དང་ལྷན་དུ་བགྱིས་ཏེ་འགྲོ་དོན་སྐབས་ཙམ་ལེགས་པར་བྱུང་། དེ་ནས་རྒྱ་ཡི་ཟིང་འཁྲུགས་ལ་འཇིགས་ཏེ་གཡུ་དིལ་པདྨ་ཤེལ་ཕུག་ན་རི་བྱོལ་སོང་། དེར་བླ་མས་ཚ་ཚ་གདབ་བསྲེགས། ཐུགས་རྟེན་ཕབ་བཞེངས། གཏེར་ཆོས་འབྲི་བརྐོ་མཁན་དང་དུས་མཆོད་རྣམས་ཆག་མེད་མཛད་པ་རྣམས་ལ་ཞབས་ཕྱི་གང་ལེགས་ཞུས། འོན་ཀྱང་དུས་ཡུན་ཆེར་མ་སོང་བ་རྒྱ་ཡི་དམག་མིས་བཀབ་སྟེ་སྒར་ཐོག་ཏུ་ཕར་འགྲོ་དགོས་ཟེར། དེ་ནས་སྒར་ཐོགས་ན་བསྡད། ཨ་བླ་སྐྱ་འབལ་དུ་རྒྱས་གདན་དྲངས། མིང་པོ་ཟུང་རི་བྱོལ་མཛད། བླ་སྤྲུལ་གཞན་རྣམས་རེ་ཞིག་རྒྱ་ཡིས་ཁྲིམས་འོག་ཏུ་བཅུག །ཨ་ཁུ་བསོད་དོན་གྱིས་ཁོ་བོ་ཁྲིད་དེ་གཱ་ཡུལ་དུ་ཕེབས། དེ་ནས་ཨ་བླ་རིན་པོ་ཆེ་སྐྱ་འབལ་ནས་ཨ་དཀར་གདན་དྲངས། སྔོན་ཨ་བླས་བཀྲ་ཤིས་འོད་ཟེར་འདི་རང་ལོ་ཉི་ཤུའི་ཐོག་ཚེ་གེགས་ཤིན་ཏུ་ཆེ་བས་བུ་མོ་ཁྱོད་ཀྱིས་འདིའི་ཐབས་གྲོགས་གྱིས་ཚེ་ཡི་གེགས་སེལ་དགོས་གསུང་ལྟར་ངས་ཀྱང་བཀྲ་ཤིས་ལ་ཚེ་བཅུད་སྤེལ་བ་དང་ཚེ་རིང་བའི་གྲོགས་བྱས་པ་ཡིན་གསུངས། དེ་ནས་རྒྱ་ཡིས་སྐྱ་འབལ་ནས་ཚུར་བཏང་བ་དང་བཀྲ་ཤིས་ཀྱི་ཐབས་གྲོགས་སུ་བྱས་ཏེ་བསྡད། ལྕགས་བྱི་ལོ་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་བུ་མོ་ཞིག་སྐྱེས་པས་ཨ་བླས་རྟ་མགྲིན་དབང་མོ་མིང་གནང་། བཀྲ་ཤིས་དབུལ་པོའི་ཁུངས་གཏོགས་སུ་རྒྱ་ཡིས་བརྩིས་ཏེ་ས་ཞིང་དང་ཕྱུག་ཟོག་གི་སྐལ་བ་ཅུང་ཟད་ཞིག་ཐོབ། ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ལ་ཨ་བླ་རིན་པོ་ཆེ་རྒྱ་མིའི་བཙོན་འོག་ལས་ཐར་ཏེ་རང་སྒར་དུ་ཆགས་ཕེབས། དེར་ཁོང་དང་བཀྲ་ཤིས་འོད་ཟེར་མཚོ་ཆུང་བཅས་ཀྱིས་དད་སྤྲོ་དགའ་བ་ཆེན་པོས་ཞབས་ཕྱི་ཞུས། ཨ་བླ་ལ་རྒྱས་བུ་གར་ཡོད་གཅར་དགོས་ཚུལ་སོགས་ཀྱི་རྙེད་མནར་སྐབས་གཡང་དཀར་མོ་སོགས་ཇོ་མོ་ལྔ་དྲུག་ཙམ་དང་ལྷན་དུ་གདུགས་དཀར་མཆོག་གྲུབ་མ་འབུམ་ཐེར་གཅིག་གསུངས། དེར་ལྕགས་གླང་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ལ་ཡབ་རིག་འཛིན་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པས་ཡིད་ལ་གདུང་བ་དང་མྱ་ངན་དྲག་པོ་བྱུང་རུང་ཅི་བྱ་བྲལ། ཨ་ཁུ་བསོད་དོན་གཱ་ཡུལ་ནས་གདན་ཞུས་ཏེ་དགོངས་རྫོགས་མཐར་ཕྱིན་པ་བསྒྲུབས། སྔོན་བླ་མའི་ཞལ་ཆེམས་ལྟར་སྐུ་གདུང་ཧྲིལ་པོ་བསྟན་འགྲོའི་དོན་དུ་སྦས་བསྐུངས་བྱས་ཏེ། སྲས་མི་བསྐྱོད་ཀྱི་གདུང་ཞུགས་སུ་ཕུལ་ནས་བླ་མའི་གདུང་ཡིན་ཁུལ་བྱས། དེ་ཙམ་ན་གཏེར་སྟོན་རྡོ་རྗེ་ཚེ་རྒྱལ་གྱི་ཉམས་སྣང་དུ་བཀྲ་ཤིས་ཚེ་རིང་མའི་ཚུལ་བསྟན་ནས་གསང་བའི་གྲོགས་མཛད་དེ་ཐུགས་སྒྲུབ་པདྨ་རྒྱལ་པོའི་གསང་བའི་བརྡ་བཀྲོལ་བ་བྱུང་གསུངས། སྔར་དགུང་ལོ་སོ་བཞི་ནས་གཤིན་རྗེ་ཨྱེེ་རིང་གི་བསྙེན་པ་བཏོན་པ་དེ་ལོ་འདིར་བྱེ་བ་བཅུ་གཅིག་ཚར་གསུངས། དེ་སྐབས་ཤིག་རྨི་ལམ་དུ་སེངྒེ་གནམ་རྫོང་གནས་ཀྱི་བར་སྐོར་ཞིག་འགྲོ་བའི་སྣང་བ་ལ་ཨན་ཆུང་གླང་ལུང་གནས་ནང་གི་གནས་གསར་མའི་མགོ་དེར་སླེབས་པ་དང་སྒོ་ཆེན་པོ་ཞིག་འདུག །དེའི་ནང་དུ་སོང་བས་ཕོ་བྲང་བཀོད་ལེགས་ཤིན་ཏུ་ངོ་མཚར་བསམ་བརྗོད་དཀའ་བ་མཇལ་མ་ཐག་འདི་གང་ཡིན་བསམས་པ་དང་སླར་དྲན་སོས་པ་ལྟར་གྱིས་ཨཱ་ཕྱི་ལྟར་རིག་གསུམ་སྤྲུལ་པའི་གནས། ནང་ལྟར་སྐུ་གསུམ་རོལ་པའི་ཞིང་། གསང་བ་ཁྲག་འཐུང་སྒྲུབ་སྡེ་བརྒྱད་གསུངས་པ་དེ་ཝལ་གྱིས་དྲན་པ་དང་འདིར་དཔལ་རྩ་གསུམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་མཇལ་བར་ངོ་ཤེས་པ་བྱུང་ཞིང་ཕྱག་དང་མོས་གུས་དྲག་པོས་ཡར་བལྟས་སྣང་ལ་ཨ་བླ་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་ཞིང་བཞུགས་པ་མཇལ་བྱུང་བས། ངས་བླ་མ་གཤེགས་པའི་སྡུག་བསྔལ་ཚད་མེད་པ་དེ་འདྲ་བྱས། དེ་ལྟར་སྡུག་བསྔལ་བྱེད་དགོས་དོན་མི་འདུག་ཨ་བླ་རིན་པོ་ཆེ་རྒྱབ་རིའི་ཕོ་བྲང་ན་བཞུགས་འདུག །རང་གིས་ནམ་མཇལ་དྲན་ན་ཆོག་པ་འདུག་བསམས་ཏེ་ཡིད་དད་སྤྲོ་དགའ་བ་སྨྲ་མི་ཤེས་པས་གསོལ་བ་བཏབས་པས་བླ་མ་ཐུགས་དགྱེས་པའི་རྣམ་འགྱུར་དང་བརྩེ་བ་ཆེན་པོས་གདམས་ངག་ཞལ་བགོ་མང་དུ་གནང་བྱུང་། དེར་སྔར་དང་མི་འདྲ་བའི་གནས་ལུགས་རང་བབས་སུ་བཞག་སྟེ་མནལ་སད་པ་དང་རིག་པ་རྗེན་ཅེར་བུད་འདུག་གསུངས། ཡང་ཨ་འགྱུར་སོགས་ཀྱི་སྐུ་རིམ་དུ་དམིགས་ནས་གདུགས་དཀར་མཆོག་གྲུབ་མ་འབུམ་ཕྲག་གཅིག་བཏོན། དགུང་ལོ་བཞི་བཅུའི་སྐབས་འོད་ཟེར་ཅན་མའི་བསྙེན་ཚད་གཅིག་བཞག །མིང་པོ་ཨ་འགྱུར་ནས་ད་ནི་དུས་འགྱུར་གྱི་འཚེ་བ་ཤིན་ཏུ་ཚབས་ཆེ་བས་ང་རྒད་པོ་ཤི་ན་དགའ་རྒྱུ་རེད་བསྟན་འགྲོའི་དོན་འབྱུང་བ་དཀའ། ཁྱེད་ཀྱིས་ད་དུང་བསྟན་པ་དང་འགྲོ་བའི་དོན་སྐྱོངས་དགོས་ཚུལ་གྱི་གསུངས་གླེང་མང་པོ་གནང་བས་རང་གིས་ཁྱེད་ཀྱིས་དེ་ལྟར་ཐུགས་སྐྱོ་བའི་གསུང་དང་ཞིང་གཞན་མི་གཤེགས་པར་བཞུགས་པར་གསོལ་བ་བཏབ་སྟེ། བར་ཆད་སེལ་ཆེད་ཕུར་བསྙེན་དུང་གཅིག་བཏོན་འོང་ཞུས་ནས་ཅུང་ཟད་ན་བས་རྐྱེན་ངན་གྲོགས་བསྟེན་གྱིས་མལ་ས་ཁོ་ནར་བཞུགས་པར་མཛད། ཁོང་ཡང་དེ་ནས་བསྒྲང་བྱ་བཅུ་ཕྲག་ཙམ་ཞབས་པད་བརྟན་པར་བྱུང་། དགུང་ལོ་ཞེ་གཉིས་སྐབས་གསེར་ཁ་རུ་གསར་རྗེའི་ལས་འགུལ་དྲག་པོ་བབས་ཏེ་མིང་པོ་རྒྱ་ལ་གཅར། དེ་ཙམ་ན་སྡོད་ཁང་མེས་འཇིག་པས་དེ་ཉིད་རྐྱེན་སེལ་དུ་སོང་སྟེ་རྒྱུ་ནོར་རྟེན་གསུམ་སོགས་ཀྱི་ཐད་ནས་རྒྱ་ཡིས་འདྲི་རྩད་སྙད་བརྐོ་རྣམས་ཀྱིས་སྡུག་བསྔལ་མྱོང་བཞིན་པ་ཅུང་ཟད་ཞི། འཚོ་གོས་ཀྱི་ཐད་ནས་ཀྱང་སྡུག་བསྔལ་ཆེར་མ་བྱུང་། ལོ་དེའི་སྟག་ཟླའི་ཉེར་ལྔ་ལ་ཨ་རྣམས་སྐུ་གཤེགས་སྐབས་སྔར་སྐུ་རིམ་དང་འདའ་ཁར་ཐུགས་གསོས་གསལ་འདེབས། འདས་རྗེས་དགོངས་རྫོགས་རྣམས་བསྒྲུབས། ཞེ་གསུམ་ལོ་སྒར་ཐོག་ཏུ་རྒྱས་ལས་འགུལ་སྤེལ་ཀྱང་ཞ་མོ་ཡིན་སྟབས་འགྲོ་འདུག་ལས་གསུམ་ཅི་ཡང་མ་དགོས། མལ་ས་ན་འདྲི་རྩད་ཙམ་ལས་རྗེ་བླ་མའི་ཐུགས་བསྐྱེད་ཀྱིས་སྡུག་བསྔལ་གཞན་ལྟར་མ་མཐོང་། ཞེ་བཞི་པ་མེ་རྟ་ལོའི་བོད་ཟླ་གཉིས་པའི་ཚེས་ཉི་ཤུ་ལ་ཨ་ཁུ་བསོད་ནམས་དོན་འགྲུབ་སྐུ་གཤེགས། དགོངས་རྫོགས་མཆོད་འབུལ་སྒྲུབ་སྐབས་ཡིད་ཤིན་ཏུ་སྐྱོ་བའི་གདུང་ཤུགས་དྲག་པོས་གསོལ་འདེབས་སྨོན་ལམ་བྱ་བཞིན་པའི་ནུབ་གཅིག་རྨི་ལམ་དུ་ཟངས་མདོག་དཔལ་གྱི་རི་བོའི་ཞིང་ཁམས་བཀོད་པ་བསམས་གྱིས་མི་ཁྱབ་པའི་དབུས་སུ་པདྨ་འོད་ཀྱི་གཞལ་ཡས་ཁང་གི་སྒོ་ཁ་ནས་རྟ་འདོ་བ་གཟུགས་ལུས་ལེགས་པ་རི་མོ་བྲིས་པ་ལྟ་བུ་ཞིག་ལ་སྒ་ཆས་ཀྱང་དེ་ལྟར་ཤིན་ཏུ་མཛེས་པ་ནོར་བུའི་རྒྱན་ཆ་ཁོ་ན་ཅན་ཞིག །སྐྱེས་བུ་གོས་རྒྱན་བཟང་བ་གཅིག་གིས་སྲབ་མདའ་ནས་བཟུང་སྟེ་མར་ཁྲིད་བྱུང་བས་རང་ནས་ཨ་ཁུ་ག་ན་བཞུགས་འདུག་དྲིས་པས། དེས་བརྡ་ཞིག་བྱས་ནས་སོང་། རང་དེར་སོང་བས་གཡས་ཕྱོགས་དེ་ན་སྒྲོམ་སྐས་ཆེན་པོ་ཞིག་འདུག་པས་དེ་ལས་འཛེགས་ཏེ་ཐོག་ཁར་སོང་། དེ་ན་བླ་མ་རིན་པོ་ཆེ་དང་ཨ་ཁུ་དང་གཞན་ཡང་འཁོར་དཔའ་བོ་དཔའ་མོའི་ཆས་གོས་འདྲ་མིན་ཅན་དཔག་ཏུ་མེད་པ་འདུག །དེ་ནང་ངོ་ཤེས་མཁན་ཡང་མང་པོ་འདུག་པས་རང་ཉིད་བླ་མ་ཡབ་སྲས་གཙོ་འཁོར་མཇལ་བའི་དད་སྤྲོ་མོས་གུས་སྨྲ་མི་ཤེས་པ་བྱུང་ལ་ཕྱག་འཚལ་བ་དང་གསོལ་བ་འདེབས་པ་སྨོན་ལམ་བཏབ་པ་སོགས་བྱས་པས་ཁོང་ཡབ་སྲས་རྣམས་ནས་ཐུགས་དགྱེས་བརྩེ་ཆེན་པོས་ཞལ་གདམས་མན་ངག་མང་པོ་གནང་སྣང་བྱུང་། དེ་ནས་བར་ཁང་ཐོག་ཕྱིན་པས་དཔའ་བོ་མཁའ་འགྲོ་ཧེ་རུ་ཀའི་ཆས་ཅན་སྟོན་འཁོར་མང་པོ་དང་ལྷན་དུ་འགྲོ་འདུལ་བཞུགས་འདུག །དེར་ཕྱག་སྐོར་གསོལ་འདེབས་བྱས་ཤིང་སྟེང་ཁང་དུ་འཛེགས་པས་དེ་ན་དབུ་ལ་རིགས་ལྔ་གསོལ་ཞིང་ལོངས་སྐུའི་ཆས་ཅན་འགའ་བཞུགས་པའི་གྲལ་ཨ་རྣམ་དེར་འདུག །དེ་རྣམས་ལ་ཕྱག་མཆོད་གསོལ་འདེབས་དང་སྨོན་ལམ་བྱས་ནས་སླར་ཨ་བླ་ཡབ་སྲས་མདུན་ཡོང་བས། རྗེ་བླ་མ་དང་ཨ་ཁུ་ནས་འདིར་ཟངས་མདོག་དཔལ་རི་སྐུ་གསུམ་ལྷུན་གྲུབ་ཀྱི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་མཇལ་བ་ཡིན་པས་ངོ་མཚར་ཆེ་བ་ཡིན། གསོལ་འདེབས་དང་སྨོན་ལམ་ཁྱད་པར་ཅན་གྱིས། སེམས་སྡུག་དང་མྱ་ངན་བྱེད་རྒྱུ་མེད། གདམས་ཁྲིད་ཐོབ་པ་རྣམས་རྒྱུད་ལ་སྨིན་པ་གྱིས་སོགས་ཞལ་ད་མང་པོ་གནང་སྣང་ལ། དེ་ལྟར་གསོལ་འདེབས་སྨོན་ལམ་ཕུར་ཚུགས་སུ་བཏབས་པས་སྔར་ལས་ལྷག་པའི་ཉམས་རྟོགས་ཁྱད་པར་ཅན་འཆར་བ་བྱུང་། མནལ་སད་པས་སྡུག་བསྔལ་ཡང་སངས་ཏེ་བླ་མའི་ཐུགས་དང་དབྱེར་མེད་པའི་གནས་ལུགས་ཀྱི་བབ་ལ་འཇོག་པ་བྱུང་གསུངས། དགུང་ལོ་ཞེ་དྲུག་མེ་ལུག་ལོར་བདེ་ཆེན་དཔལ་མོ་སྐྱེས་པས་ནོར་དགའ་ནས་ཉོག་འདི་ཨ་ཞེའི་སྐུ་ཚེ་བསྲིང་མི་ཡིན་གསུངས། དེ་སྐབས་སྔ་ཕྱི་ཀུན་ཏུ་སྒར་པའི་རྒན་རྒོན་འཆི་བ་རྣམས་ལ་འཕོ་འདེབས་བསྔོ་སྨོན་བྱང་ཆོག་སོགས་དུས་བསྟུན་དང་། གསོན་པོ་ཡོངས་ལ་ཕ་མ་ལྟ་བུའི་བྱམས་བརྩེས་སྐྱོང་སྟབས་སྒར་པའི་མི་རྣམས་དང་ཡུལ་གྱི་དད་སྦྱིན་རྣམས་ཀྱིས་དུས་ལུགས་ཀྱི་ཕྱི་ནང་བརྗེ་བ་འདི་ཕྱི་གཉིས་ཕུང་རྐུ་རྔོན་རི་དྭགས་སོགས་སྲོག་གཅོད་བྱེད་མཁན་རེ་ཟུང་ལས་མ་བྱུང་། ངོས་ལྐོག་གང་ཐད་ནས་རྣམ་དཀར་དགེ་བའི་ཕྱོགས་ལ་གང་དྲག་བྱེད་མི་ལས། དུས་ལུགས་ཁག་འགེལ་སྡིག་བསོགས་ཁོ་ན་བྱེད་མཁན་མི་གཅིག་ཀྱང་མེད། སྤྱིར་བླ་མ་དང་གོང་མ་རྣམས་ལ་ཟུར་ཟ་དང་ཆགས་སྡང་། འདྲ་མཉམ་ལ་འགྲན་སེམས། ཉམ་ཆུང་ལ་བརྙས་བཅོས་ང་རྒྱལ་མེད་པ་ཐམས་ཅད་གང་ལ་གང་འཚམ་གྱིས་བསྙེན་བཀུར་རིམ་གྲོ་བརྩེ་སྐྱོང་མཛད་པས་ཀུན་གྱིས་ཨ་ཞེ་ཞེས་དད་མོས་གུས་ཇེ་ཆེར་གྱུར། དེ་ཙམ་ན་མིང་པོ་ཨ་འགྱུར་ནས་མན་ངག་ཀློང་ཆེན་ཐིག་ལེ་ཉེར་ལྔའི་རྒྱུད་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་རྒྱུན་འདི་ཆད་ཉེན་ཆེ་བས་དབྱངས་དཀར་མོའི་མདུན་ནས་རང་ལ་ཞུ་དགོས་ཚུལ་ཕེབས་པས་དེ་བཞིན་དབྱངས་དཀར་མོའི་མདུན་ནས་རྟེན་འབྲེལ་སྨོན་ལམ་འཛོལ་མེད་ཀྱིས་ཀློང་ཆེན་ཐིག་ལེ་ཉེར་ལྔའི་རྒྱུད་ཀྱི་མན་ཁྲིད་ཞུ་བའི་མགོ་བཙུགས་ནས་དད་སྤྲོ་མོས་པ་ཆེན་པོས་བརྩོན་པ་ལྷོད་མེད་ཀྱི་གནད་དུ་སྨིན་པའི་ཟབ་ཁྲིད་དེ་རིམ་པར་ཞུས་གསུངས། དགུང་ལོ་ཞེ་བརྒྱད་ལྕགས་ཁྱི་ལོ་སྙུང་སྐབས་ནོར་དགའ་ཕེབས་ཏེ་སེང་གདོང་གི་ཟློག་པ་དང་། སུན་ཟློག་སོགས་རིམ་གྲོ་ལྟོས་ཆེར་བསྒྲུབས་པ་དང་། ནང་མི་རྣམས་ལ་འཚོ་གོས་ཕྲན་བུ་ལས་མ་བཞག་པ་སྒར་པ་ཡོང་ལ་སྦྱིན་པའི་སྤང་དག་མཛད་པ་སོགས་ཀྱིས་ནད་ལས་གྲོལ་ནས་ནང་མི་ལྟོས་བཅས་དགའ་བ་འཕེལ་བ་བྱུང་། ལྕགས་ཕག་ལོར་དགེ་རྒན་སྐུ་གཤེགས། སྐུ་གདུང་ཤིན་ཏུ་འབྲི་བས་ཐམས་ཅད་ཧ་ལས་པ་དང་། ཞུགས་སུ་ཕུལ་བས་གདུང་དང་རིང་བསྲེལ་འབབ་པས་ཀུན་ངོ་མཚར་བ་བྱུང་། དེ་ལ་དགོངས་རྫོགས་མཆོད་འབུལ་དཔྱིས་ཕྱིན་པར་མཛད། དགུང་གྲངས་ལྔ་བཅུ་ཆུ་བྱི་ལོའི་ཟླ་གསུམ་པའི་ཚེས་བཅུ་གཉིས་ལ་མིང་པོ་ཨ་འགྱུར་དགོངས་པ་ཆོས་སྐུའི་ཀློང་དུ་ཐིམ་པས་འཇའ་འོད་ཀྱི་གུར་དང་སྐུ་གདུང་ཡང་ངོ་མཚར་བ་བྱུང་། དེར་རྡོར་སེམས་སྟོང་ཆོག་དང་རྩ་གསུམ་ཚོགས་འབུམ་ཕྲག་གསུམ་སོགས་ཞག་བརྒྱའི་བར་དུ་སྒྲུབ་མཆོད་དགོངས་རྫོགས་ལ་བཞུགས། འཁོར་སློབ་སྐལ་པ་དང་ལྡན་པ་རྣམས་ལ་ཡབ་རིག་འཛིན་ཆེན་པོའི་དགོངས་གཏེར་བླ་མེད་ཡོ་ག་སྡེ་གསུམ་དང་ཟབ་མོ་དག་སྣང་བཅས་ཀྱི་གསང་དབང་བཀའ་རྒྱ་ཅན་འགའ་ཞིག་ལས་ཆོས་སྐོར་ཡོངས་ཀྱི་དབང་རྣམས་བསྐུར་གནང་མཛད་པ་དང་། གཞན་ཡང་ལུང་དང་གདམས་ཁྲིད་མན་ངག་རྣམས་རེ་རེ་བཞིན་གནད་དུ་སྨིན་ངེས་བགྱིས་པ་སོགས་ཉིན་མཚན་ལྟོས་མེད་ཀྱིས་ཆོས་སྦྱིན་རྒྱ་ཆེ་བར་བསྩལ། རིག་གསར་གཡོ་འགུལ་དྲག་པོ་བྱས་ནས་སྤྱིར་ཞིང་འདིའི་རིག་གནས་ཐམས་ཅད་ཧ་ལའི་ཁོང་དུ་བརྩིས་ཏེ་རྩ་འདོར་དགོས་ཁྲིམས་འོག་སྨན་བསྡུ་སྒྲུབ་རྩ་ཆུ་བལྟ་བ་མངོན་མི་ཆོག་པས་འགྲོ་དོན་འགོག་ནའང་ལྐོག་ཏུ་ནད་པ་སྨན་བསླང་མཁན་སུ་འདྲ་བྱུང་ཡང་ཁོང་གི་གསོལ་སྨན་ཀྱང་སྦྱིན་ཏེ་ཆད་མེད་གནང་རྒྱུ་ཡོད། དགུང་ལོ་ང་གཅིག་ལོར་སྤྱང་ཞོན་དང་མ་གཟའ་དམ་གསུམ་སོགས་ཀྱི་བསྐང་གསོ་ནན་གྱིས་གསུངས་པས་སྤྱང་ཞོན་དང་གཟའ་ཡིས་ཞལ་གཟིགས་ཏེ་གྲོགས་འཕྲིན་འབྱུང་བའི་རྟགས་དང་མཚན་མ་བཟང་པོའི་ལྟས་གཞན་ཡང་དུ་མ་བྱུང་གསུངས། སྟག་ལོར་ལུགས་གསར་མཉམ་ལས་བཙུགས་ཀྱང་སྡེ་འབངས་ཡུལ་མི་རྣམས་ཀྱིས་དད་མོས་གུས་མཆོད་བྱེད་པ་ལས་ངོ་ལོག་དམ་ཉམས་བསགས་མཁན་མ་བྱུང་། སྒར་པའི་མི་སེར་རྣམས་ཀྱང་ཕྱི་ནང་ཀུན་ཏུ་བློ་སེམས་གཅིག་སྒྲིལ་གྱི་བྱ་སྤྱོད་འོག་གཞན་ཡུལ་ན་སྡུག་བསྔལ་མཐོང་བ་ལྟར་འཚོ་གོས་སོགས་གང་ཐད་ནས་མ་མྱོང་། ཕྱོགས་གཞན་ནས་ཆོས་ཞུ་ཡོང་མཁན་མཆོག་དམན་སུ་འདྲ་བྱུང་རུང་སྒར་པའི་མིས་ཤེས་ཀྱང་གསང་སྒྲོག་ཉེས་བསྒྲགས་མེད་པ་ནི་རྒྱུན་དུ་ཐུགས་བྱམས་བརྩེ་ཆེན་པོའི་བསྐྱངས་འབྲས་ཀྱི་བློ་ཁ་དུས་རྐྱེན་གྱིས་གཞན་དབང་ངན་པར་མ་འཆོར། དགུང་གྲངས་ང་བཞི་ལོར་གསར་བརྗེའི་བཅོས་སྒྲིགས་བབས་ཏེ་རྒྱལ་སྲས་ཐུགས་མཆོག་རྡོ་རྗེ་བཙོན་འོག་བཅུག་ཤོར་བས་སྐུ་རིམ་བསྐང་གསོ་ནན་ཆེར་མཛད། འདིར་དགོན་པའི་གྲྭ་སློབ་རྣམས་དང་མཉམ་དུ་གནས་ར་གྲོང་དུ་བཅོས་སྒྲིགས་ཀྱིས་གདན་དྲངས་ཀྱང་ཡུན་རིང་སྡུག་བསྔལ་མ་མྱོང་བར་ཕྱིར་བཏང་། གཞན་བླ་གྲྭ་རྣམས་ཁྲིམས་འོག་གི་དུཿཁ་ཡུན་ཆེར་མ་མྱོང་བར་གློད་བཀྲོལ་ཀྱང་ཐོབ། དེ་སྐབས་ཐུགས་ཁྲལ་ཤིན་ཏུ་ཆེ་བ་བྱུང་གསུངས། དགུང་ལོ་ང་དྲུག་ས་རྟ་ལོ་འདིའི་བར་དུ་ཀློང་ཆེན་ཐིག་ལེ་ཉེར་ལྔའི་མན་ངག་གོམ་མྱོང་རྟོགས་གསུམ་གྱིས་རྒྱུད་ལ་སྨིན་ངེས་ཀྱིས་མཐར་ཕྱིན་པ་མཛད་འོད་གསལ་རྡོ་རྗེ་ལ་རྩ་གསུམ་བཀའ་འདུས་དང་ཁྱད་པར་མཁའ་འགྲོ་བཀའ་འདུས་ཀྱི་གསང་དབང་ཚུལ་བཞིན་ཕྱག་རྒྱ་ངོ་སྤྲོད་བཅས་ཕུལ། ས་ལུག་ལོར་བདེ་ཆེན་དཔལ་མོ་འཆི་བའི་དགོངས་རྫོགས་ཞག་བརྒྱའི་བར་དུ་མཛད་ནས་སྐབས་དེར་སྒར་པའི་གྲྭ་སློབ་གསར་རྙིང་ཡོངས་ལ་དགོངས་གཏེར་གཙོས་པའི་སྨིན་གྲོལ་གདམས་པ་མང་པོར་གནང་། སློབ་བུ་རྣམས་ཀྱིས་ཀྱང་ཚུལ་བཞིན་རྒྱུད་ལ་སྨིན་པའི་སྒོམ་སྒྲུབ་ཉམས་ལེན་མཛད། རིས་མེད་ཕྱོགས་ཀྱི་བླ་སྤྲུལ་གྲྭ་སློབ་ཞུ་མཇལ་འོང་བ་རྣམས་ལ་ཉིན་མཚན་སྦྲེལ་མའི་ཆོས་སྦྱིན་གང་ལ་གང་དགོས་ཀྱིས་དབང་དང་གདམས་ངག་ཁྲིད་ལུང་གྲངས་མེད་པ་གནང་བ་དང་ཁྱད་པར་མཆོག་དམན་ཀུན་ལ་ལས་རྒྱུ་འབྲས་བརྩི་བསྲུང་དགོས་ཚུལ་ནན་གྱིས་གསུངས། དེ་ནས་ལུས་སྨད་རྐང་པར་སྙུང་གཞི་ཅུང་ཟད་ཕོག་པས་གྲྭ་སློབ་སྡེ་འབངས་ཡོངས་ནས་སྐུ་རིམ་དུ་དམིགས་ནས་བཀའ་ཐང་རྒྱས་བསྡུས་སྟོང་ཚར། ཚིག་བདུན་གསོལ་འདེབས་འབུམ་ཕྲག །ལེའུ་བདུན་མ། ཚེ་ཐར་སྲོག་བསླུ་གྲངས་མེད་པ། ཡིག་བརྒྱ་འབུམ་ཐེར་མང་པོ། རྡོར་སེམས་ཚོགས་འབུམ། སྒྲོལ་མ་དང་ཚེ་ལྷ་རྣམ་གསུམ་གྱི་སྐུ་སཙྪ་གདབས་པ་སོགས་ཁྲི་འབུམ་མང་པོ་བསྒྲུབས་པ་དང་། གསོལ་སྨན་ཀྱང་ཆེད་བསྡུ་སོགས་ཞུས་ཀྱང་སྙུང་བབ་ཇེ་ལྕི་ལྟ་བུ་ལས་དྲག་སྐྱེད་མ་བྱུང་། དེར་ཨ་མའི་ཞལ་ནས་སྤྱིར་འཇིག་རྟེན་ཐམས་ཅད་མི་རྟག་པ། སྒོས་སུ་ཚེ་ཕུག་ཐུག་ན་རིམ་གྲོ་སྨན་གྱིས་བསླུ་རུ་མེད། འོན་ཀྱང་རྒྱུ་འབྲས་བསླུ་མེད་ཡིན་པས་རང་ལ་ཁྱོད་རྣམས་ཀྱིས་རིམ་གྲོར་དམིགས་ཏེ་དགེ་བ་རྒྱ་ཆེར་སྒྲུབ་པ་རྣམས་ཀྱི་ཚོགས་ཆེན་པོ་རྫོགས་པ་ཡིན། ང་འདི་ནས་ལུས་བརྗེས་མ་ཐག་གཡུ་ལོ་བཀོད་པའི་ཞིང་དུ་འགྲོ་ས་འདུག །སྣང་བ་ཐམས་ཅད་གཡུ་ལོ་བཀོད་པའི་ཞིང་ཁོ་ན་འཆར། ད་ངེས་པར་འགྲོ་རན་པས་འཆི་རྗེས་ཁྱེད་རང་ཚང་མས་སྡུག་བསྔལ་བྱེད་རྒྱུ་མེད། ངའི་ཕུང་པོ་འདི་བདག་འཛིན་མ་བྱེད། རྒྱས་སྙད་བསྐོ་འཐབ་རྩོད་བྱས་ནས་ཡི་མུག་ཉམས་ཆག་འབྱུང་བའི་རྒྱུ་ལས་མེད་པས་དེ་བཞིན་གྱིས། ད་ལྟ་གྲྭ་སློབ་ཚང་མ་འདིར་ང་ཡི་རྩ་ན་ཕེབས་ཤོག་ཞུས་གསུངས། དེར་གྲྭ་སློབ་ཆེ་ཆུང་མེད་པར་དགའ་སྐྱོ་ཟུང་འབྲེལ་ངང་དུ་མཇལ་བས། ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་དགྱེས་དགྱེས་དང་སྤྲོ་སྤྲོ་མཛད་དེ། འདུས་བྱས་ཐམས་ཅད་མི་རྟག་པའི་རང་གཤིས་ཡིན་ཚུལ་དང་དེའི་ཕྱིར་དགེ་སྒྲུབ་སྡིག་སྤང་དགོས་ཚུལ། རྒྱུ་འབྲས་གཞིར་བཟུང་གིས་ཆོས་དང་འཇིག་རྟེན་གྱི་ཕྱོགས་གང་ནས་ཀྱང་ཞལ་ད་མང་པོ་ཕེབས། ཁྱད་པར་ཆོས་ཉིད་ཀྱི་བབས་སོ། །ཡེ་ཤེས་ཀྱི་ངོ་སྤྲོད། མན་ངག་གི་གནད་གདམས་པའི་བཅུད་ཐམས་ཅད་རེ་རེ་བཞིན་གསུངས་ཤིང་ཞུན་མཐར་ཆོད་གསུངས། མཁས་གྲུབ་དང་གདམས་པའི་གནད་ཀྱི་བགྲོ་གླེང་འགའ་མཛད་པ་དང་། རང་གིས་ཀྱང་མན་ངག་གི་གནད་འགའི་ཞུན་མཐར་བཅད་ཁུལ་བགྱིས། གཞན་རྣམས་ཀྱིས་ཀྱང་སོ་སོའི་ཉམས་ལེན་གྱི་དོགས་གཅོད་དང་མོས་འདུན་སྣ་ཚོགས་པའི་ཞུ་གསུངས་ཞིབ་རྒྱས་གནང་། མཐར་གསོལ་འདེབས་དང་སྨོན་ལམ་བཟང་པོ་རེས་མཚམས་སྦྱོར་དང་སྦྲག་ནས་རེ་རེ་བཞིན་དབུ་ཐོད་གཏུགས་ཤིང་མ་གཅིག་བུ་གཅིག་པའི་བརྩེ་གདུང་ལྟར་མཛད་པས་ཐམས་ཅད་དགའ་སྐྱོ་སྨྲ་མི་ཤེས་པར་བྱུང་། ད་དུང་ཡང་བདག་གཞན་རེ་ལྟོས་གྲྭ་སློབ་རྣམས་ཀྱིས་ཞབས་བརྟན་གསོལ་འདེབས་སྐྱེ་ཀུན་འབྲལ་མེད་ཀྱི་སྨོན་ལམ་བཏབ་ཀྱང་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ་གྱི་གནམ་ལོ་གསར་བཞད་ཟླ་བ་དང་པོའི་ཚེས་པ་ཉེར་གཉིས་ལ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན། དེར་མཆོག་སྤྲུལ་ཨ་པད་དང་མཁས་གྲུབ་སོགས་ཤུལ་ལུས་བདག་ཅག་གྲྭ་སློབ་རྣམས་ནས་དགོངས་རྫོགས་མཆོད་འབུལ་ལ་བརྩོན་ཏེ་དགུང་ཞག་བཟུང་། གཞན་པའི་རི་ཁྲོད་ཚང་ཨ་རྟ་དཔོན་སློབ། རྡོ་རྗེ་ཚེ་རྒྱལ་སྲས་འོད་གསལ་རྡོ་རྗེ། ཐང་སྐྱ་དགོན་ཨ་དགེ་སོགས་ཕྱོགས་ཕན་གྱི་བླ་གྲྭ་འགའ་ཞིག་གདན་ཞུས་ཏེ་སོ་སོའི་རང་ལུགས་ཀྱི་ཚོགས་མཆོད་ཆོ་ག་བསྒྲུབས། དེ་ནས་སྐུ་གདུང་ཡང་ཉིན་བཞིན་ཇེ་ཆུང་དུ་སོང་བས་ཐམས་ཅད་ངོ་མཚར་དད་སྤྲོ་བླ་ལྷག་ཏུ་འཕེལ། ཡ་མཚན་གྲགས་ཏེ་ནང་མི་ནས་ཕྱི་མི་རིམ་ཐོས་ཀྱིས་ཕྱོགས་ཕན་མི་ཁྲོམ་འདུ་འཛོམ་མཇལ་མཁན་ཉིན་བཞིན་ཇེ་མང་དུ་བྱུང་བས། ལས་བྱེད་ཁ་ཤས་ཀྱིས་ཕྱོགས་ཙམ་ཧ་གོ་ནས་གདུག་སེམས་ཆེན་པོས་ཚོགས་འདུ་བཀུག་སྟེ་ད་ལྟ་སོ་ནམ་གྱི་ལས་ཀ་གྲ་སྒྲིགས་མི་བྱེད་པར། མངའ་བདག་གི་རོ་ལ་བལྟ་བར་མི་རྣམས་རྒྱུག །རྫུན་གཏམ་གྱིས་རོ་དེ་ཤེལ་དམ་ནང་འཛུད་རྒྱུ་ཙམ་ལས་མི་འདུག་ཅེས་འུད་སྒྲོགས་བྱེད་ཉ་རོ་ཞིག་ཤེལ་དམ་ནང་བཅུག་དཀའ་བས་དེ་འདྲ་རྫུན་གཏམ་ལ་མགོ་འཁོར། ད་ལྟ་ཉིད་མེད་པ་བྱེད་དགོས་ཚུལ་སོགས་ཤིན་ཏུ་སྐྱོ་བའི་ངན་ཚིག་དང་སྦྱོར་ངན་གྱི་རྐྱེན་གྱིས་ཕམ་པའི་གནས་སུ་ལྷུང་རུང་ཅི་བྱ་ཐབས་བྲལ་གྱིས་ཕྱི་ཉིན་ཏེ་བོད་ཟླ་གཉིས་པའི་ཚེས་བཅུ་ལ་སྐུ་གདུང་མཐོ་གང་ལྷག་ལས་མ་ལུས། ད་དུང་ཞག་རེ་ཟུང་མ་བསྒུལ་ན་དེ་ལྟར་ཆུང་དུ་འགྲོ་ངེས་པའི་གདུང་དེ་ཉིད་དད་ལྡན་མཇལ་མཁན་ཡོངས་ལ་སྔ་གྲོ་ཞིག་གི་རིང་མཇལ་ཕྱག་སྐོར་བ་བཅུག་སྟེ་སྐུ་དམར་མཆོད་བྱས། དེ་ཡི་ཉིན་ཞོགས་སྔར་ནམ་མཁའ་ཤིན་ཏུ་དྭངས་ལ་སྔོ་མཐིང་འོད་དུ་འཚེར་བ་དང་། ཉིན་གུང་རླུང་འཇམ་བུ་ཐལ་རྡུལ་མེད་པ་ལྡང་བ་དང་། འཇའ་སྤྲིན་ངོ་མཚར་ཅན་གྱིས་ནམ་མཁར་ཕྱོགས་ཕྱོགས་སུ་ཤར་བ་དང་། བར་བར་གསལ་ཞིང་འཚེར་བའི་འཇའ་ཟེར་མངོན་པ་སོགས་ངོ་མཚར་བའི་རྟགས་ཀྱང་ཀུན་གྱི་སྣང་ངོར་བྱུང་། དེར་ཨ་ཕྲུམ་ལྟ་བུའི་གདུང་རུས་རྣམས་ཞི་ཁྲོ་འཁོར་འདས་རང་གྲོལ་གྱི་སྒོ་ནས་ཞུགས་སུ་བཞུས་ནས་རུས་སྒྲུབ་དང་ཚ་སྒྲུབ་སོགས་ཟླ་བ་བཞི་ཙམ་སྒྲུབ་མཆོད་ཕུལ། དེ་སྐབས་སྔ་ཕྱི་ཕྱོགས་ཕན་གྱི་བླ་སྤྲུལ་གྲྭ་སློབ་རྣམས་ལ་ཟང་ཟིང་གི་རྒྱུ་ནོར་གྱ་ནོམ་པར་འབུལ་བ་ཞུས། ཕྱིས་ཆོས་ལུགས་ཉམས་གསོའི་དུས་སྐབས་ཅུང་ཟད་ཐོབ་པ་དང་གླང་ལོར་རྗེ་བླ་མའི་གཏེར་བྱོན་ཟབ་རྒྱ་མཁའ་འགྲོ་ཡོངས་འདུས་ཀྱི་ཐུགས་ཆོས་སྐུའི་རྟེན་མཆོག །ས་རྡོ་ལ་རང་ལུགས་ཀྱི་ཐིག་དང་ཆ་ཚད་ལག་ལེན་ཚུལ་བཞིན་བགྱིས་ཏེ་བཞེངས་པའི་སྲོག་ཤིང་ལ་གོང་གི་གདུང་རུས་དང་སྨན་འདམ་བསྲེས་ཏེ་སྤར་བའི་སཙྪ་ཨོ་རྒྱན་རིན་པོ་ཆེའི་སྐུ་སྟོང་ཕྲག་ཐལ་བ་རྣམས་རས་དཀར་གཙང་མའི་ངོས་དྲི་བཟང་པོ་དང་སྡེབ་པ་སྦྱར་དྲིལ་གྱིས་དཀྲིས། གཞན་ཡང་རིང་བསྲེལ་རྣམ་པ་ལྔའི་རྟེན་གྱིས་ལེགས་པར་གཏམས་པའི་གདུང་རྟེན་མཆོད་སྡོང་ཆེན་མོ་རྟེན་གྲུབ་རབ་གནས་གནད་སྨིན་བསྒྲུབས་པ་གང་དེ་འགྲོ་བའི་བསོད་ནམས་ཀྱི་ཚོགས་ཞིང་དུ་མི་ཤིགས་རྟག་བརྟན་ཆེན་པོར་བཞུགས་བཞིན་པ་འདིའོ། །དེ་ལྟར་ཨ་མའི་རྣམ་ཐར་ཞིག་རང་ལ་འབྲི་དགོས་ཞེས་དོན་གཉེར་ཅན་འགས་བསྐུལ་བ་དང་རང་ནས་ཀྱང་འབྲི་འདོད་ཀྱི་བསམ་པ་སྐྱེས་ནས་ཨ་མའི་ཞལ་རྒྱུན། སློབ་མ་རྣམས་ཀྱི་ངག་ལམ། རང་ཉིད་ཀྱིས་མཐོང་མྱོང་རྣམས་ལ་མི་དགེའི་སྒྲོ་བཏགས་མ་བྱས་པར་སྔར་རགས་བསྡུས་ཤིག་ལུག་ལོར་བྲིས་པ་དེ་ཉིད་ཅུང་ཟད་བསྡུ་ཁུལ་དང་འཕྲི་སྣོན་ཅུང་བྱས་ཏེ་སླར་ཡང་རབ་ལོ་དགུ་བརྒྱ་དོན་གསུམ་པ་ས་མོ་ཡོས་ཀྱི་ལོའི་ས་ག་ཟླ་བའི་ཚེས་བཅུ་བཟང་པོར་པདྨ་གར་དབང་རྡོ་རྗེས་སོ།། །།ཡི་གེའི་རིས་སུ་ཕབ་པོ་རིན་ཆེན་བསམ་འགྲུབ་ཀྱིས་ཞུས་པས་སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །
རྟ་མགྲིན་ལྷ་མོའི་ལོ་རྒྱུས། མཛད་པ་པོ་མི་གསལ།
༄༅། །རྟ་མགྲིན་ལྷ་མོའི་ལོ་རྒྱུས།
ཆེས་ཉེ་བའི་ཆར་སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་བཅུ་ཚན་དགུ་པ་སྟེ་སྤྱི་ལོ་༡༩༨༠བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ལོ་བོད་ལྗོངས་མདོ་སྟོད་ཆར་གཏོགས་ཆབ་མདོ་ཀྲོན་ཆུས། གོ་འཇོ་རྫོང་། སྐྱ་འབེལ་ཆུས། ར་ཆུ་རྐ་མདོའི་ཉག་བླ་སྒར་ཞེས་པའི་སར་ཉག་བླ་བྱང་ཆུབ་རྡོ་རྗེའམ་ར་ཁྲིད་བླ་མ་འདིའི་བླ་མ་གོང་སྨོས། རང་རིག་རྡོ་རྗེ་ཡིན། ཞེས་པ་དང་དྲི་མེད་དབང་མོ་འདིའི་གདུང་ཞུགས་སུ། ཕུལ་སྐབས་འོད་ཀྱི་གུར་ཕུབ་པ་ཁོར་ཡུག་གི་མི་ཀུན་གྱིས་མཐོང་། གཉིས་ཀྱི་རིགས་ཀྱི་མྱུ་གུར་འཁྲུངས་པའི་རྟ་མགྲིན་ལྷ་མོའམ་གཅེས་མིང་དུ་ཨ་རྟ་ལྷ་མོ་འབོད་པ་རབ་བྱུང་བཅོ་ལྔའི་ཆུ་ཕག་སྤྱི་ལོ་༡༩༢༣ལོར་འཁྲུངས། ཡབ་ཀྱི་གཏེར་ཆོས་པོད་ཆེན་བཞི་བཅུ་ཙམ་ཡོད་པར་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་དབང་ལུང་ཁྲིད་མན་ངག་བཅས་པ་གསན་བཞེས་ཉམས་ལེན་མཛད། ལྷག་པར་དུ་ཡབ་ཀྱི་གཏེར་ཆོས་ཕག་མོའི་རླུང་ཁྲོད་རྒྱན་དུ་མཛད་ཅིང་བཅུད་ལེན་བདུན་ཚར་ཉེར་གཅིག་ཙམ། བཞུགས་མྱོང་ཞིང་ནམ་མཁའ་བཅུད་ལེན་ཡང་བདུན་གཅིག་བཞུགས། ཁྱད་པར་ཡབ་ཀྱི་གཏེར་ཆོས་ཀྱི་ཉིང་ཁུ་ལྟ་བུ་ཡང་ཏིག་ནག་པོ་གསེར་གྱི་རྒྱ་ཅན་ཞེས་པ་ཞིག་ཡོད་པ་ཐུགས་སྲས་རྒྱ་མཚོའི་དབུས་ན་ཁྱད་དུ་འཕགས་པ་སྲས་མོ་གང་ཉིད་དང་དེ་སྲས་གར་དབང་རྡོ་རྗེ། གཏེར་སྟོན་རྡོ་རྗེ་ཚེ་རྒྱལ། ཉག་བླ་སྒར་མཁན་པོ་མཁས་གྲུབ་སོགས་མི་ལྔ་ཙམ་ལས་གནང་མ་མྱོང་བ་ཞིག་ཡོད་པར་ཉམས་ལེན། གཞན་ཡང་ཡབ་ཀྱི་ས་ནས་སྙིང་ཐིག་ཆོས་སྐོར་ཡང་མང་དུ་གསན། ཉག་བླ་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་བར་གྱི་བླ་མ་རྣམས་སྐུ་ཚེ་མཐར་ཕྱིན་པ་རྐྱང་རྐྱང་ཡིན་པས་མི་རབས་བཞི་ལས་མེད། ད་དུང་སྡེ་དགེ་ཕྱོགས་སུ་ཕེབས་པར་ཞིབ་ཕྲ་བླ་མ་སུ་བསྟེན་མ་ཤེས་ཀྱང་གསན་བསམ་མ་ཉུང་བ་མཛད་ངེས། ཌཱ་ཀི་མ་འདི་ཉིད་རྟོགས་ལྡན་ཤཱཀྱ་ཤྲཱིའི་སྲས་འཕགས་མཆོག་གི་གཟུངས་མར་འཛིན་དགོས་པའི་ལུང་བསྟན་གསལ་བར་ཡོད་ནའང་བར་ཆད་དབང་གིས་དེ་བཞིན་མ་བྱུང་། དེ་རྗེས་ཐེངས་གཅིག་ཡབ་ནས་ཁྱོད་ཁྱིམ་དུད་ཕྱུག་པོ་ཞིག་གི་མནའ་མར་སློང་གི་འདུག་པས་འགྲོའམ་གསུངས་པ་ལ། ང་མི་འགྲོ་ཞུས། ད་འོ་ན་ཁྱོད་ཀྱིས་ལུས་ཀྱི་སྦྱིན་པ་ལ་བརྟེན་ནས་འགྲོ་དོན་ཐུབ་བམ་གསུངས་པ་ལ་དེ་བཞིན་ཞུ་ལགས་ཞེས་གསོལ་ཏེ། ནོར་ཕྱུག་དབུལ། སྐྱེས་བཟང་ངན་གང་ལའང་མ་ལྟོས་པར་འབྲེལ་ཚད་དོན་ལྡན་གྱིས་གྲོལ་བར་མཛད། ཡབ་ནས་འདི་རེག་གྲོལ་གྱི་ཕྱག་རྒྱ་མ་ཟེར་བ་དེ་ཡིན་གསུངས། དབུ་སྐྲས་མིག་གི་ལིང་ཏོག་མངོན་སུམ་དུ་ཕྱི་ནུས་པ་དང་། ནུ་ཆུས་མིག་ནད་དང་གྲིབ་ནད་ལ་སོགས་པ་སྦྱོང་པའི་མཆོག་ཡིན། དགྲ་ལ་སྡང་སེམས་དང་གཉེན་ལ་ཆགས་སེམས་ཟེར་བ་གཏན་ནས་མི་མཁྱེན་པས། ཁོང་ཉིད་ཀྱི་ཁྱིམ་ཚང་ལ་སྡང་པོ་བྱེད་མྱོང་མཁན་ཞིག་ཡོད་པའི་ཁྱིམ་ཐབ་མཛད་ནས་སྲས་ཀྱང་འཁྲུངས། སློབ་མ་བསྐྱངས་པ་ལའང་ཁོང་ཉིད་ཀྱི་སྲས་གར་དབང་རྡོ་རྗེ་ད་ལྟ་ཁམས་ཁུལ་དུ་འཇའ་ཟུག་བླ་མའམ་མེ་འབར་བླ་མ་ཞེས་ཞུ་གི་ཡོད་སོགས་གྲྭ་བུ་སློབ་མང་དུ་བསྐྱངས་གནང་མཛད། ཞལ་གདམས་ཤིག་ཡོད་པ་འདིར་དྲངས་ན། བྱིན་རླབས་འཕོ་མཛད་རིག་འཛིན་བླ་མ་དང་། །དངོས་གྲུབ་སྩོལ་མཛད་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་སེལ་མཛད་གནས་གསུམ་མཁའ་འགྲོའི་ཚོགས། །མི་འབྲལ་སྤྱི་བོའི་རྒྱན་དུ་རྟག་བཞུགས་གསོལ། །ཀྱེ་ཧོ་དད་དང་མོས་གུས་ལྡན་པ་ཡི། །དམ་ལྡན་སྐལ་བཟང་གྲྭ་སློབ་ཚོགས་རྣམས་ཀྱིས། །རིག་སྲས་ཌཱ་ཀིའི་སྙིང་ནས་ཞུ་བ་ལ། །མ་ཡེངས་ལེགས་པར་གསོན་མཛོད་དམ་ལྡན་རྣམས། །དལ་བ་བརྒྱད་ཐོབ་རང་གཞན་འབྱོར་པ་ཚང་། །དཔེ་གྲངས་རྙེད་དཀའི་རིན་ཆེན་མི་ལུས་འདི། །ཐོབ་དཀའ་སྔོན་བསགས་བསོད་ནམས་མཐུ་ལས་བྱུང་། །དལ་འབྱོར་ཆུད་ཟོས་མ་གཏོང་དམ་ལྡན་རྣམས། །ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་དང་། །དབྱར་དགུན་སྟོན་དཔྱིད་ནམ་ཟླ་དུས་དྲུག་སོགས། །གང་ཡང་མི་རྟག་འཇིག་པའི་ཆོས་ཅན་ཡིན། །མི་རྟག་འཆི་བ་དྲན་མཛོད་དམ་ལྡན་རྣམས། །ངན་སོང་གནས་སུ་སྡུག་བསྔལ་བཟོད་པར་དཀའ། །ལྷ་མི་ཙམ་ལ་བདེ་སྐྱིད་ལྡན་ན་ཡང་། །སྡུག་བསྔལ་རྒྱུ་དང་འབྲས་བུ་ལ་སྤྱོད་པ། །འཁོར་བར་སྐྱོ་བ་སྐྱེ་མཛོད་དམ་ལྡན་རྣམས། །དུག་དྲུག་ལས་ཀྱི་དབང་གིས་རིགས་དྲུག་སྐྱེ། །མི་དགེ་བཅུ་སྤང་དགེ་བཅུ་དང་དུ་བླང་། །དགེ་བའི་འབྲས་བུ་གཏན་གྱི་བདེ་བ་ཐོབ། །རྒྱུ་འབྲས་བསླུ་བ་མེད་དོ་དམ་ལྡན་རྣམས། །བློ་ལྡོག་རྣམ་བཞིར་རྒྱུན་དུ་བློ་སྦྱང་ལ། །ཚེ་འདིའི་བདེ་སྐྱིད་ཙམ་ལ་ཞེན་པ་སྤོངས། །མཐར་ཐུགས་གཏན་གྱི་འབྲས་བུ་ལ་བསམ་ནས། །ཚེ་གཅིག་དགེ་བར་གཞོལ་མཛོད་དམ་ལྡན་རྣམས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ནས། །ཐུགས་རྗེའི་ལྕགས་ཀྱུས་དྲངས་མཛད་བླ་མ་ལ། །ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ཐོབ། །ཅི་གསུང་བཀའ་བཞིན་སྒྲུབ་མཛོད་དམ་ལྡན་རྣམས། །ཐར་པའི་ལམ་སྟེགས་བླ་མ་དཀོན་མཆོག་ལ། །ཁ་ཙམ་མ་ཡིན་སྙིང་ནས་གསོལ་བ་ཐོབ། །སྐྱབས་སུ་སོང་ནས་བསླབ་བྱ་མི་ཉམས་པར། །དཀོན་མཆོག་བཀུར་སྟི་མཛོད་ཅིག་དམ་ལྡན་རྣམས། །ཁམས་གསུམ་འཁོར་བར་འཁོར་བའི་སེམས་ཅན་རྣམས། །ཕ་མ་མ་གྱུར་འགྲོ་བ་གང་ཡང་མེད། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པའི་ཆེད། །ཚད་མེད་བྱང་སེམས་སྐྱེད་མཛོད་དམ་ལྡན་རྣམས། །རིགས་ལྡན་ཉིན་སྐར་ཙམ་རེ་མ་གཏོགས་པར། །མཛེས་མ་རྣམས་ལ་བརྩེ་གདུང་ཆགས་སེམས་སྤང་། །ལུས་སེམས་འཁོར་བའི་སྣ་ཁྲིད་བདུད་གྲོགས་ཡིན། །ཐམས་ཅད་སྣང་སྟོང་སྒོམས་མཛོད་དམ་ལྡན་རྣམས། །གཞན་གནོད་སྲོག་གཅོད་ཡན་ལ་སྡིག་གཞན་མེད། །དུག་ལྔ་རྟོག་པའི་སྣེ་ཁྲིད་མྱོས་བྱེད་ཆང་། །མ་བྱིན་བླངས་དང་རྫུན་སོགས་སོ་ཐར་གྱི། །འདུལ་ཁྲིམས་འགལ་མེད་སྲུངས་མཛོད་དམ་ལྡན་རྣམས། །མ་གྱུར་འཁོར་བའི་འགྲོ་ལ་བྱང་སེམས་སྒོམས། །སངས་རྒྱས་བསྟན་པའི་བྱ་བ་བྱེད་པ་ལ། །དཀའ་ཐུབ་དྲག་པོས་ལུས་སྲོག་ཕངས་མེད་ཀྱིས། །བྱང་སེམས་སྤྱོད་པ་སྤྱོད་མཛོད་དམ་ལྡན་རྣམས། །དབང་དོན་བླ་མ་འཁོར་འདས་སྤྱི་དཔལ་ཡིན། །དེ་ལ་ཕྱིར་མི་ལྡོག་པའི་དད་པ་གྱིས། །བཟང་ནང་མི་རུ་བཟུང་བའི་ལོག་ལྟ་སྤོངས། །སངས་རྒྱས་མངོན་མཐོང་སྒོམས་མཛོད་དམ་ལྡན་རྣམས། །རིག་འཛིན་བླ་མའི་གདན་ས་བྱིན་རླབས་ཅན། །གཏན་བདེ་ས་མཆོག་བགྲོད་པའི་གནས་མཆོག་འདིར། །དགའ་ལྡན་ལྷ་ཡུལ་ཟེར་ཡང་ཆ་མི་མཉམ། །ཚེ་གཅིག་སྒྲུབ་ཚུགས་བཟུང་མཛོད་དམ་ལྡན་རྣམས། །གནས་འདི་གསང་ཆེན་རོལ་པའི་ཞིང་བཀོད་ཡིན། །འཁོར་སློབ་དཔའ་བོ་དཔའ་མོའི་རོལ་རྩལ་ལ། །མཐོ་གནོན་རུ་ང་འགྲན་སེམས་བརྙས་བཅོས་སྤོངས། །དག་སྣང་བརྩེ་གདུང་མཛོད་ཅིག་དམ་ལྡན་རྣམས། །གསང་སྔགས་དབང་གི་རྩ་བ་དམ་ཚིག་ཡིན། །མི་ཉམས་མིག་སྙིང་སྲོག་ལས་གཅེས་པར་ཟུངས། །ཉམས་ན་མནར་མེད་སྐྱེ་བའི་རྒྱུ་ཡིན་པས། །ཉམས་ཆག་བཤགས་སྦྱོང་མཛོད་ཅིག་དམ་ལྡན་རྣམས། །སྒོ་གསུམ་མ་ཡེངས་དྲན་ཤེས་བརྟན་པོ་གྱིས། །དུག་ལྔ་རགས་པས་རང་རྒྱུད་ཀྱིས་བསླུ། །གཉེན་པོ་དམ་བཅའ་དགུ་པོ་རྟག་ཏུ་འཆང་། །དུག་ལྔ་རང་དགར་མ་ཤོར་དམ་ལྡན་རྣམས། །དུག་ལྔ་ཡེ་ཤེས་ལྔ་པོ་ལྷན་ཅིག་སྐྱེས། །ཕུང་ལྔ་རིགས་ལྔ་ཁམས་ལ་ཡུམ་ལྔར་སྦྱོར། །ཚོགས་ཡུལ་བྱང་སེམས་མུ་བཞི་སྒོ་བ་བཞི། །ཉོན་དྲུག་ཐུབ་དྲུག་སྒོམས་ཤིག་དམ་ལྡན་རྣམས། །རྟོགས་ཚོགས་རང་དག་སྒྱུ་འཕྲུལ་ཞི་ཁྲོའི་ལྷ། །འཛིན་པ་རང་དག་སྣང་བ་རང་སར་གྲོལ། །རིག་པ་རང་གསལ་སྐུ་གསུམ་ལྷུན་གྱིས་གྲུབ། །རིག་སྟོང་དབྱེར་མེད་སྒོམས་མཛོད་དམ་ལྡན་རྣམས། །གཟུགས་སྣང་ཐམས་ཅད་སྐྱེ་མེད་ལྷ་ཡི་སྐུ། །གྲགས་སྟོང་ཐམས་ཅད་འགགས་མེད་སྔགས་ཀྱི་སྒྲ། །དྲན་རྟོགས་ཐམས་ཅད་མ་བཅོས་གདོད་མའི་གཤིས། །རྒྱུན་དུ་ལམ་ཁྱེར་མཛོད་ཅིག་དམ་ལྡན་རྣམས། །རིག་འཛིན་བླ་མ་ཡབ་སྲས་སྟོན་འཁོར་རྣམས། །གཟུགས་སྐུ་མི་མངོན་དབྱིངས་སུ་གཤེགས་ན་ཡང་། །བདག་ཅག་མོས་གུས་གདུང་བས་གསོལ་བ་ཐོབ། །འོད་སྐུའི་རྗེས་སུ་བཟུང་འགྲོ་དམ་ལྡན་རྣམས། །གསོལ་བ་ཐོབ་དང་བྱིན་རླབས་ཤུགས་ཀྱིས་འཇུག །དབང་བཞི་བླང་ལ་ཐུགས་ཡིད་དབྱེར་མེད་བསྲེ། །དུས་མེད་མཚམས་འདས་གནས་ལུགས་རང་ངོ་སྐྱོངས། །དགོངས་རྒྱུད་རྟོགས་པ་འཕོ་མཛོད་དམ་ལྡན་རྣམས། །སྣང་སྲིད་ཐམས་ཅད་བླ་མའི་རོལ་རྩལ་ཡིན། །སྐྱིད་སྡུག་ཐམས་ཅད་བླ་མའི་ཐུགས་རྗེ་ཡིན། །རྟོགས་ཚོགས་ཐམས་ཅད་བླ་མའི་དགོངས་པ་ཡིན། །བླ་མ་སེམས་སུ་འཆུན་མཛོད་དམ་ལྡན་རྣམས། །འཁོར་འདས་གཉིས་ཀྱི་གཞི་ནི་རང་གི་སེམས། །སེམས་ནི་གཞི་མེད་རང་གི་ངོ་བོ་སྟོང་། །སྟོང་པའི་རང་མདངས་མ་འགགས་ཀུན་ཏུ་གསལ། །སེམས་དོན་ཉམས་ལེན་སྐྱོངས་མཛོད་དམ་ལྡན་རྣམས། །ཕྱི་ནང་དབྱེར་མེད་མཁའ་དབྱིངས་གདང་ལ་གཟེར། །དུས་གསུམ་རྟོག་པ་ལས་འདས་གནས་ལུགས་གཤིས། །མ་བཅོས་གདོད་མའི་མགོན་པོ་ལོགས་ན་མེད། །རིག་སྟོང་གནས་ལུགས་སྐྱོངས་མཛོད་དམ་ལྡན་རྣམས། །ཆོས་ཅན་སྣང་བ་ཆོས་ཉིད་རང་རྩལ་རྫོགས། །འོད་གསལ་ཉམས་ཀྱི་སྣང་བ་གོང་དུ་འཕེལ། །རང་བྱུང་གནས་ལུགས་མ་བཅོས་ཚད་ལ་ཕེབས། །ཆོས་ཟད་བློ་ལས་འདས་མཛོད་དམ་ལྡན་རྣམས། །སེམས་ཟད་སྣང་ཟད་བློ་ཟད་གདོད་མའི་གཤིས། །གསང་ཏི་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ། །གཏིང་གསལ་མི་ཤིགས་ཐིག་ལེ་ཆེན་པོའི་ཞིང་། །གཞོན་ནུ་བུམ་སྐུར་ཆུབ་མཛོད་དམ་ལྡན་རྣམས། །མི་རྟག་འཆི་བ་བཙན་ཐབས་བྱུང་བའི་དུས། །བླ་མའི་ཐུགས་རྗེ་རང་གི་དད་མོས་སྟོབས། །རང་སེམས་བླ་མའི་ཐུགས་ཀློང་དབྱེར་མེད་བསྲེ། །བར་དོ་སྦྱོང་བགྲོད་མེད་དོ་དམ་ལྡན་རྣམས། །གཞི་དབྱིངས་དགོངས་པ་སྣང་བ་མ་ལྟ་བུ། །གཞི་སྣང་རིག་པ་མཆེད་པ་བུ་ལྟ་བུ། །སྣང་རིག་དབྱེར་མེད་ཉེར་ཐོབ་འོད་གསལ་འདྲེས། །མ་པང་བུ་འཇུག་གྲོལ་འགྲོ་དམ་ལྡན་རྣམས། །སྲིད་ཞིའི་འགྲོ་རྣམས་མངོན་པར་མ་རྫོགས་པར། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་སྤྲུལ་བསྒྱུར་གྱིས། །ཁམས་གསུམ་འཁོར་བ་མ་ལུས་དོང་སྤྲུགས་ནས། །དཔག་མེད་འགྲོ་དོན་འབྱུང་ངོ་དམ་ལྡན་རྣམས། །དེ་ལྟར་ལེགས་བྱས་དགེ་བའི་རྩ་བས་གཙོས། །མ་རིག་འཁོར་བའི་སེམས་ཅན་མ་ལུས་པ། །རང་རིག་གཞི་དབྱིངས་ཀུན་བཟང་དགོངས་པའི་ཀློང་། །ཚེ་གཅིག་གྲོལ་བར་མཛོད་ཅིག་དམ་ལྡན་རྣམས། །ཚིག་འདི་དད་ལྡན་འགའ་ཡིས་བསྐུལ་བའི་ངོར། །ཐོས་བསམ་གང་ཡང་མ་མྱོང་དམན་པའི་ལུས། །རིགས་སྲས་རྟ་མགྲིན་ལྷ་མོས་གང་ཤར་དུ། །ཟོལ་མེད་སྨྲས་པ་ཀུན་གྱིས་གཅེས་པར་ཟུངས། །ཞེས་པ་འདི་ཡང་དད་གུས་མོས་པ་དང་ལྡན་པ་འགའ་ཡིས་བསྐུལ་ངོར་མི་ལྡོག་ཙམ་དུ་ཤུལ་ལུས་གྲྭ་སློབ་རྣམས་ལ་བརྩེ་གདུང་འབྲལ་མེད་ཀྱི་ལྷག་བསམ་དཀར་པོའི་ངང་ནས་བྲིས་པ་ཐམས་ཅད་ཀྱིས་སྤྲང་པོའི་སེར་ཁ་ལ་ཕན་ན་ཁྱི་ཚིལ་གྱི་དཔེ་ལྟར་བྱེད་དུས་ཚང་མའི་ཐུགས་ལ་ནན་ཏན་བྱས་ནས་བཞག་རོགས་ཞུ་ཞུ།
དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་ངང་ནས་དགུང་ལོ་ང་བདུན་ཧྲིལ་པོར་ཕེབས་པ་སྤྱི་ལོ་༡༩༨༠ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་བདུན་གྱི་ཞོགས་པར་བཞུགས་སའི་ཉེ་སྐོར་གསེར་རྐ་དང་རྩེ་རོང་སོགས་སུ་ཡོད་པའི་གཉེན་ཉེ་བུ་སློབ་ཚང་མ་ཡོང་དགོས། ང་ཤི་ཚར་དུས་འདའ་ཁར་འཕྲད་མ་བྱུང་ཟེར་བའི་བློ་འགྱོད་མེད་པ་བྱེད་དགོས་གསུངས། ཁོང་ཉིད་ཀྱི་བཀའ་ལྟར་ཚང་མ་འཛོམས་རྗེས། ད་ཁྱེད་ཚོ་བུ་སློབ་གཉེན་ཉེ་རྣམས་སྡུག་མ་བྱེད། སྐྱེས་པའི་མཐའ་མར་ཤི་རྒྱུ་ལས་མ་མཆིས། འདུས་བྱས་ཚང་མ་མི་རྟག་པ་ཡིན། ང་རང་གི་ཚེ་ཚད་ལོ་ལྔ་བཅུ་ང་གཉིས་ཡིན་ཀྱང་བླ་མ་རིན་པོ་ཆེའི་ཐུགས་རྗེ་དང་། བུ་མོ་ཆུང་ཆུང་སྔ་ལོའི་ས་ཟླའི་ཚེས་བཅོ་ལྔར་སྲས་མོ་ལོ་གཅིག་ཧྲིལ་ཧྲིལ་འཁོར་བ་ཞིག་འདས་སོང་བ་དེ་སྐྱེས་པ་གཉིས་ཀྱིས་རྐྱེན་བྱས་ཏེ་ལོ་ཤས་ཚེ་བསྲིང་ཐུབ་པ་བྱུང་བ་རེད། ང་ན་བའི་རིང་རིམ་གྲོ་མང་པོ་བསྒྲུབ་དོན་མེད་གཏན་ནས་མིན། ཚེ་ཟད་ན་མར་མེ་ལ་མར་ཁུ་སྣོན་ཀྱང་མི་ཕན་པ་ལྟ་བུ་ཡིན། ཁྱེད་ཚོས་ལས་རྒྱུ་འབྲས་བསྲུང་རྒྱུ་དང་བླ་མར་གསོལ་བ་འདེབས་རྒྱུ་མ་བརྗེད། རང་ལ་ཕག་མོའི་ཞལ་མཇལ་ཡང་ཐེངས་ཁ་ཤས་བྱུང་། ད་རེ་ཞིག་གཡུ་ལོ་བཀོད་པའི་ཞིང་དུ་འགྲོ་དགོས། འདིར་ཡོད་དམ་ལྡན་རྣམས་ཀྱིས་ཕྱི་མ་ཟངས་མདོག་དཔལ་རི་སོགས་དག་ཞིང་རྣམས་སུ་མཇལ་ཡོང་། ངའི་ཕུང་པོ་ལ་ཞེན་ཆགས་བྱས་ནས་ཉར་མ་སྡོད། ཅེས་སོགས་གསུངས་ཏེ་དེ་ནུབ་མཚན་མོར་དགོངས་པ་གཞན་དོན་དུ་གཤེགས་སོ། །
སྐུ་གདུང་ཉིན་བདུན་བཞག་རིང་འོད་དུ་ཞུ་ནས་སྐུ་ལུས་ཧྲིལ་པོ་སྤྱི་སྐར་༢༦གམ་ཁྱུད་གང་ཙམ་ལས་མ་ལུས། ཚུལ་དེ་ཡུལ་དེའི་མང་ཚོགས་སྟོང་ཕྲག་མང་པོའི་ཐུན་མོང་གི་མིག་ལམ་དུ་མངོན་སུམ་དུ་སྣང་བ་བྱུང་། མི་མང་པོས་སྔར་སྐུར་འདེབས་ཞུས་མྱོང་བར་བཟོད་གསོལ་ཞུས་སོ།། །།
སྲས་མོ་མཁའ་དབྱིངས་སྒྲོལ་མའི་རྣམ་ཐར། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རིམ་བྱོན་གྱི་རྣམ་ཐར་ལས་བཏུས།
༄༅། །སྲས་མོ་མཁའ་དབྱིངས་སྒྲོལ་མའི་རྣམ་ཐར།
མཁའ་འགྲོ་འབུམ་གྱི་མཁྱེན་བརྩེ་གཅིག་བསྡུས་པའི། །ཌཱཀྐིའི་རྗེ་མོ་མི་ཡི་ཤ་ཚུགས་ཅན། །བསམ་བཞིན་གངས་ཅན་བསྟན་འགྲོའི་དཔྱིད་དཔལ་དུ། །ཟློས་གར་བསྒྱུར་མཁས་ཁྱོད་ཉིད་གུས་པས་བསྟོད། །
༈ དང་པོ་སྐུ་འཁྲུངས་པའི་སྐོར།
མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་མཆོག་གིས་ཨ་སྐྱོང་གི་བུ་མོ་དེ་ཉིད་ཁབ་ཏུ་བཞེས་པ་ལས་སྲས་མོ་མཁའ་དབྱིངས་སྒྲོལ་མ་དང་། རྒྱལ་སྲས་རིག་པའི་རལ་གྲི་མིང་སྲིང་གཉིས་འཁྲུངས། སྲས་མོ་མཁའ་དབྱིངས་སྒྲོལ་མ་དེ་ཉིད། སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ཉེར་བཞི་པ་རབ་བྱུང་བཅུ་བཞི་པའི་ཆུ་ལུག་སྤྱི་ལོ་༡༨༢༣ལོའི་དགུན་དུས་སུ་རྒྱལ་མོ་ཚ་རོང་གི་ཡུལ་འབྲོང་རྫོང་སར་ཝ་ཧའི་རི་ཁྲོད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༦༩ན། དགུན་དེར་འབྲོང་རྫོང་སར་ཝཱ་ཧའི་རི་ཁྲོད་དུ་གནས། མཚོ་རྒྱལ་སྤྲུལ་པའི་མེ་ཏོག་འཛིན་པའི་མྱུ་གུ་གསར་སྐྱེས་ཤིག་བལྟམས་ཞེས་གསུངས་སོ། །
དེ་ནས་སྐྱབས་མགོན་རིན་པོ་ཆེ་དང་། ཌཱཀྐི་བློ་གསལ་སྒྲོལ་མ་སོགས་བསྟེན་ཏེ་ཡི་གེ་འབྲི་ཀློག་དང་། འདོན་རྟ་དབྱངས། དབང་ལུང་ཁྲིད་གསུམ་སོགས་ལེགས་པར་བཞེས། སྐྱབས་མགོན་དང་ཌཱཀྐི་མ་དང་ལྷན་དུ་མགོ་ལོག་གི་ཡུལ་རྡོ་རྫོང་རི་ཁྲོད། གནས་ཆེན་པདྨ་རི་མཐོ་སོགས་དང་། མི་ཉག་གི་ཡུལ་བཞག་བྲ་གཡུ་མཚོ། དཀར་མཛའ་རི་ཁྲོད། དཔལ་རི་དགོན། ལའུ་ཐང་དགོན་པ། སེང་གེ་དགོན། དགེ་བཤེས་རྒྱལ་པོའི་ཡུལ་མ་ཧཱ་སྐྱིད་ལུང་དགོན། ཤར་གྲོང་ཁོག། སིང་ཚང་དགོན། རྒྱལ་རོང་ཚེ་བརྟན་གླིང་སོགས་དང་། གཞན་ཡང་གཡུ་ཁོག་སོགས་སུ་ཕེབས་ཏེ་བཞུགས་སོ། །
༈ གཉིས་པ་རྒྱལ་རོང་ཁྲོ་སྐྱབས་རྒྱལ་ས་ལ་བཞུགས་པའི་སྐོར།
དགུང་ལོ་བཅུ་དགུ་པ་ལྕགས་གླང་སྤྱི་ལོ་༡༨༤༡་ལོར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་རབ་བརྟན་ལ་བཙུན་མོར་ཕུལ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༩༩ན། གླང་ལོར་གཞན་ཕན་ཕྲན་བུ་རེ་བྱས་ཤིང་། ཁྲོ་སྐྱབས་མི་དབང་ལ་སྲིང་ཆུང་ཐབས་ཤེས་ཀྱི་རྟེན་འབྲེལ་འགྲིགས། དགུན་འཇུག་ཧོར་ཁོག་ཏུ་འཁོན་བསྡུམ་ལ་ཕྱིན། ཞེས་གསུངས་སོ། །ལོ་དེར་སྲས་མོ་མཁའ་དབྱིངས་སྒྲོལ་མ་ཁྲོ་སྐྱབས་རྒྱལ་པོ་ལ་བཙུན་མོར་ཕུལ་མོད། འོན་ཀྱང་ལོ་དེར་ཁོང་དངོས་སུ་ཁྲོ་སྐྱབས་རྒྱལ་སར་ཕེབས་ནས་བཞུགས་པ་མི་གསལ་ལོ། །
དགུང་ལོ་ཉེར་བདུན་པ་ས་བྱ་སྤྱི་ལོ་༡༨༤༩ལོར་སྲས་མོ་མཁའ་དབྱིངས་སྒྲོལ་མ་དངོས་སུ་ཁྲོ་སྐྱབས་རྒྱལ་ས་ལ་ཕེབས། སྐྱབས་མགོན་རིན་པོ་ཆེས་སྐྱེལ་མ་མཛད། རྒྱལ་པོ་འཁོར་བཅས་ཀྱིས་གཉེན་སྟོན་གྱི་བྱ་བ་རྒྱ་ཆེར་ཕུལ། རྒྱལ་པོ་ཡང་སྙིང་ཐིག་དང་ཐུགས་ཐིག་གི་བསྟན་པའི་བདག་པོར་འགྱུར་བའི་རྟེན་འབྲེལ་ལེགས་པར་འགྲིགས། ལོ་དེ་ནས་བཟུང་སྲས་མོ་མཁའ་དབྱིངས་སྒྲོལ་མ་ཁྲོ་སྐྱབས་རྒྱལ་སར་བསྟན་སྲིད་ཀྱི་བྱ་བ་མཛད་དེ་བཞུགས། སྐྱབས་མགོན་དང་ཁྲོ་སྐྱབས་རྒྱལ་པོ་གཉིས་བླ་སློབ་དང་གཉེན་གྱི་འབྲེལ་བ་ཆགས་པས། སྙིང་ཐིག་དང་ཐུགས་ཐིག་བསྟན་པ་སྤེལ་བའི་མཐུན་འགྱུར་བླ་ན་མེད་པར་གྱུར་ཡོད་དོ། །ཆོས་རྒྱལ་མཆོག་གིས་ཌཱཀྐི་མ་དང་ལྷག་པར་དུ་སྐྱབས་མགོན་རིན་པོ་ཆེ་ཐུན་མིན་གྱི་བླ་མར་བསྟེན་ཏེ་སྙིང་ཐིག་དང་ཐུགས་ཐིག་གི་དབང་ཁྲིད་རྫོགས་པར་བཞེས་པས་ལྟ་བ་ངོ་འཕྲོད། སྒོམ་པ་མཐར་ཕྱིན། མཁའ་འགྲོའི་བརྡ་ཡིག་སོགས་གཏན་ལ་ཕབ་པའི་གྲོགས་དན་མཛད་དེ། སྐྱབས་མགོན་གྱི་ཆོས་བདག་ཏུ་གྱུར། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༢༢༠ན། ང་རང་ཡང་ཁྲོ་ཆེན་ས་དབང་གིས་སྲིང་ཆུང་ཁབ་ཏུ་བཞེས་པའི་སྐྱེལ་མར་སོང་། དགེ་ཞིང་ལེགས་པའི་རྟེན་འབྲེལ་བསྒྲིགས། སྟོན་མོའི་ཡོ་ལང་དཔག་མེད་མཛད། དམུ་ཁྲིའི་རྒྱལ་སར་སྟངས་དཔྱལ་བདེ་བར་བཞུགས། ཞེས་གསུངས་སོ། །
དགུང་ལོ་སུམ་ཅུ་པ་ཆུ་བྱི་སྤྱི་ལོ་༡༨༥༢ལོར། ལོ་མཇུག་ཙམ་ནས་སྲས་མོ་མཁའ་དབྱིངས་སྒྲོལ་མར་སྦྱར་དུག་གི་རྐྱེན་གྱིས་སྙུན་གཞི་ཚབས་ཆེན་བཞེས། སྨན་དང་རིམ་གྲོ་རྒྱ་ཆེར་བརྟེན་ཡང་ཕན་པ་ཆེར་མ་བྱུང་། སྐྱབས་མགོན་རིན་པོ་ཆེའང་སྲས་མོའི་ཆེད་དུ་ཁྲོ་སྐྱབས་རྒྱལ་སར་ཕེབས། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༢༣༢ན། སྐབས་དེར་ཁྲོ་སྐྱབས་ནས་སྲིང་ཆུང་ནད་ཀྱིས་ཐེབས་པར་བསུ་བ་བྱུང་ལྟར་ཕྱིན་ནས་དེ་གར་སླེབས། རྐྱེན་སེལ་སྐུ་རིམ་ཞི་དྲག་སོགས་གང་དྲག་བྱས་ཀྱང་སྔོན་ལས་འཕྲལ་རྐྱེན་འཛོམས་པའི་དབང་གིས་ནད་ལས་གྲོལ་བ་འཕྱང་མོ་ཉུག་ཏུ་གྱུར། འོན་ཀྱང་ས་དབང་རིན་པོ་ཆེའི་དགོངས་བཞེད་དང་མོ་རང་ཡང་བསམ་པ་རྫོགས་ཕྱིར་རེ་ཞིག་དེ་གར་གནས། ཞེས་གསུངས་སོ། །དགུང་ལོ་སོ་གཅིག་པ་ཆུ་གླང་སྤྱི་ལོ་༡༨༥༣ལོར། སྐྱབས་མགོན་དང་ཌཱཀྐི་མ་གཉིས་སླར་ཡང་སྲས་མོ་སོགས་ཀྱི་ཆེད་དུ་ཁྲོ་སྐྱབས་རྒྱལ་སར་ཕེབས། སྲས་མོ་མཁའ་དབྱིངས་སྒྲོལ་མ་ལ་རིམ་གྲོ་བསླབ་བྱ་གནང་སྟེ་རེ་འགའ་དེར་བཞུགས། དེ་ནས་སྒར་ཐོག་ཚེ་བརྟན་གླིང་དུ་ཕེབས། སླར་ཡང་ཁྲོ་སྐྱབས་རྒྱལ་པོས་བསུ་བ་བྱུང་བས། ཌཱཀྐི་མ་དམུ་ཁྲིའི་རྒྱལ་སར་ཕེབས། སྲས་མོ་མཁའ་དབྱིངས་སྒྲོལ་མ་ལ་རིམ་འགྲོ་དང་གདམས་ངག་སོགས་གང་དགོས་རྣམས་གནང་སྟེ་སྲས་མོ་ཐུགས་དགོངས་རྫོགས་པར་མཛད།
དེ་ནས་ཕྱིར་ཚེ་བརྟན་གླིང་དུ་ཕེབས་ནས་བཞུགས། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༢༣༣ན། གླང་ལོ་གསར་ཚེས་ལ། ཀ་ཀེའུ་ཚང་དུ་ལན་གཅིག་འབྱོན་པར་རང་ཡང་དེ་གར་ཕྱིན། སྲིང་ཆུང་སང་ཟླ་ཤས་འཚོ་ངོ་ཤར་བས་སྲིང་མོ་ཞག་ཤས་རང་སར་བཞུགས་ཤིང་། ང་རང་རེ་ཞིག་སོ་མང་ཕྱོགས་སུ་སོང་། ཡུ་ཐང་ནས་ཀྱང་དབོན་མོའི་གཙོས་ཁ་ཤས་སླེབ་བྱུང་བ་རེ་འདོད་བསྐང་ཞིང་རང་ཡུལ་དུ་ལོག །རྒྱལ་སར་ས་དབང་བདག་ཡུམ་གཙོས་འདུས་པ་བརྒྱ་ཕྲག་ཙམ་ལ་སྔོན་འགྲོ་ཟླ་ཁྲིད་ཙམ་བྱས། ཚེ་བརྟན་གླིང་དུ་རེ་ཞིག་བསྡད་པར་སྲིང་མོ་ཡང་ཁྲོ་སྐྱབས་ས་དབང་གིས་བཀའ་ཕེབས་བཞིན་སྐུ་དྲུང་བཅར་ནས། སྲིང་ཆུང་གི་རེ་འདུན་སོགས་རྫོགས་པར་བྱས། ཞབས་བརྟན་ཡང་ཕྲན་བུ་བསྒྲུབས་ནས་ཕྱིར་ལོག་སྟེ་ཚེ་བརྟན་གླིང་དུ་བཞུགས་གདན་འཇགས། ཞེས་གསུངས་སོ། །
༈ གསུམ་པ་སྐུ་གཤེགས་པའི་སྐབས།
དགུང་ལོ་སོ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཤིང་སྟག་སྤྱི་ལོ་༡༨༥༤ལོར་སྐྱབས་མགོན་དང་ཌཱཀྐི་གཉིས་སླར་ཡང་སྲས་མོའི་དྲུང་དུ་ཁྲོ་སྐྱབས་རྒྱལ་ས་དཔལ་ལེགས་སུ་ཕེབས། སྐབས་དེར་སྲས་མོའི་སྙུན་ཚབས་ཤིན་ཏུ་ཆེ་ཞིང་། སྐྱབས་མགོན་གྱིས་སྲས་མོ་ཡུན་རིང་མི་བཞུགས་པར་གཟིགས་ནས་ཐུན་མིན་གྱི་དབང་རྣམས་རྫོགས་པར་བསྐུར། སྨོན་ལམ་དང་ས་ལམ་ངོ་སྤྲོད་སོགས་མཛད། སྲས་མོ་ཡང་འཆི་བའི་འཇིགས་སྐྲག་དང་བྲལ་ཞིང་། དགའ་ཞིང་སྤྲོ་བའི་ངང་དུ་གནས། དེ་ནས་ཟླ་༢པའི་ཚེས་༡༥ཉིན། སྟོན་པ་དྲི་མ་མེད་པས་འཕོ་བ་མཛད་ཅིང་། རྡོ་རྗེ་ཕག་མོས་ལམ་སྣ་དྲངས། སིང་ཧ་མི་ཁས་གཤེད་དང་ཕྲལ་ཞིང་། ལུས་རྒྱ་དང་བྲལ་ནས་སྤྲུལ་པ་སྤྲུལ་གཞིར་ལྷན་གཅིག་བསྡུས་ཤིང་དཔལ་གྱི་རི་ལ་གཤེགས། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༢༣༤ན། ཤིང་སྟག་གསར་ཚེས་ལ་སྲིང་མོ་ཡང་ལན་གཅིག་བྱོན་བྱུང་བ་དེ་གར་རྒྱལ་པོའི་ཞབས་འདེགས་ལྟ་བུ་དང་། སྲིང་ཆུང་བསམ་པ་རྫོགས་ཕྱིར་བཞུགས།
དེ་ནས་ང་རང་ཡང་ཁྲོ་སྐྱབས་དུ་སླེབས། སྲིང་ཆུང་ཡང་འགྲོ་བའི་དུས་ལ་བབས་གདའ་ཞག་ཤས་ཐུན་མིན་གྱི་དབང་རྣམས་རྫོགས་པར་བྱས་ཤིང་། སྨོན་ལམ་དང་བསྒོ་བ་རྣམས་རྫོགས་པར་གྲུབ་ཅིང་། མོ་རང་ཡང་དགའ་ཞིང་སྤྲོ་བ་དང་བཅས། སྨོན་ལམ་བཟང་པོས་རྒྱས་བཏབ་ཅིང་ཟླ་༢ཚེས་༡༥ཉི་མ་རྩེ་ཤར་ལ། སྟོན་པ་དྲི་མ་མེད་པས་འཕོ་བ་མཛད་ཅིང་། རྡོ་རྗེ་ཕག་མོས་ལམ་སྣ་དྲངས། སིང་ཧ་མི་ཁས་གཤེད་དང་ཕྲལ་ཞིང་། ལུས་རྒྱ་དང་བྲལ་ནས་སྤྲུལ་པ་སྤྲུལ་གཞིར་ལྷན་གཅིག་བསྡུས་ཤིང་དཔལ་གྱི་རི་ལ་དེངས་སོང་ངོ་། །ཞེས་གསུངས་སོ། །དེ་ནས་ཁྲོ་རྒྱལ་ས་དབང་དང་སྐྱབས་མགོན། ཌཱཀྐི་མ་སོགས་ཀྱིས་བན་བོན་གྱི་བླ་སྤྲུལ་གྲངས་ལས་འདས་པ་གདན་དྲངས། རྒྱལ་ས་དཔལ་ལེགས་ནས་སྲས་མོའི་དགུང་རྫོགས་ཀྱི་ཆེད་དུ་རྣམ་དཀར་ཀྱི་དགེ་བ་བློ་ལས་འདས་པ་བསྒྲུབས། སྐུ་གདུང་སྦྱིན་སྲེག་འབུལ་བའི་སྐབས་སུ་ནམ་མཁའ་ནས་འཇའ་སྤྲིན་འཁྲིགས་པ་དང་། ནམ་མཁའི་ཁམས་ཐམས་ཅད་བྱ་རྒོད་ཀྱིས་བསྐོར་ཞིང་། ལྷོ་ནུབ་དཔལ་གྱི་རི་ལ་དེངས་སོང་བ་སོགས་ཀྱི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །ཌཱཀྐི་མ་ཙྪཱ་སྒྲུབ་རྫོགས་ནས་གདན་ས་ཚེ་བརྟན་གླིང་དུ་ཕེབས། སྐྱབས་མགོན་སྲས་མོའི་དགུང་རྫོགས་ཡོངས་སུ་གྲུབ་ནས་གདན་ས་ཚེ་བརྟན་གླིང་དུ་ཕེབས།
དེ་ནས་སྐྱབས་མགོན་དང་ཌཱཀྐི་མ་འཁོར་བཅས་ཀྱིས་སླར་ཡང་གདན་ས་ཚེ་བརྟན་གླིང་དུ་དགེ་འདུན་བརྒྱ་ཕྲག་ལྷག་གདན་དྲངས། ཞི་ཁྲོའི་ཆོ་ག་སོགས་དགེ་རྩ་རྒྱ་ཆེར་བསྒྲུབས། གཞན་ཡང་དགོན་སྡེ་སོ་སོ་ལ་འབྲེལ་འཇོག་དང་དུང་ཡོན་སོགས་ཕུལ་ཚུལ་སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༢༣༥ན། དེར་ས་དབང་ཆེན་པོས་གཞན་ལས་ཁྱད་པར་དུ་འཕགས་པའི་རྣམ་དཀར་གྱི་དགེ་བ་བློར་མི་ཤོང་ཙམ་མཛད་ཅིང་། བན་བོན་གྱི་བླ་མ་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་ཡང་སྤྱན་དྲངས། དངོས་རྫས་ཀུན་ཕངས་པ་མེད་པར་མཆོད་པ་དང་ཚོགས་བསགས་མཛད། བན་བོན་གྱི་དཀྱིལ་འཁོར་བཞིའི་སྦྱོང་ཆོག་མཐར་ཕྱིན་པར་མཛད་སོང་། གདུང་བསྲེག་ཀྱི་དུས་སུ་ནམ་མཁའ་ནས་འཇའ་སྤྲིན་འཁྲིགས་པ་དང་། གླད་ན་བྱ་རྒོད་འཚོགས་ཤིང་། གདུང་བསྲེག་རྫོགས་ཚེ་ལྷོ་ནུབ་ཏུ་དེངས་སོང་བ་སོགས་ཡ་མཚན་པའི་ལྟས་ཀྱང་སྣ་ཚོགས་བྱུང་། དེའི་ཉིན་མཆོད་སྦྱིན་ཡང་དཔག་མེད་མཛད། དེའི་ནུབ་ནམ་གུང་ཡོལ་ཙམ་དུ་སྲིང་ཆུང་དེ་ཉིད་བུད་མེད་དཀར་མོ་དར་གོས་ཅན་ཞིག་རེད་འདུག་པས། སྤྲུལ་པ་ཁྱེད་ནི་བོད་དུ་བཞུགས་མོད་ཅིང་། །སྤྲུལ་གཞི་རྔ་ཡབ་གླིང་ན་ཡོད་ཟེར་བའི། །བུ་མོ་ང་ནི་གུ་རུའི་དྲུང་ཉིད་དུ། །སྒྲིབ་སྦྱོང་འབྲས་བུའི་དབང་མཆོག་ཞུ་རུ་འགྲོ། །བདེ་བྱེད་བརྩེགས་པར་ཆོས་འཁོར་བསྐོར་བའི་ཚེ། །འཇིག་རྟེན་མཁའ་འགྲོའི་སྨོན་ལམ་ལོག་པའི་མཐུས། །མི་ཡུལ་འགྲོ་དོན་མཐའ་རུ་མ་ཕྱིན་ཞིང་། །རྒྱལ་པོའི་ཐུགས་དགོངས་ཡོངས་སུ་མ་རྫོགས་ཀྱང་། །བཟློག་པའི་ཐབས་མེད་སྔོན་གྱི་ལས་སུ་སོམས། །རྒྱལ་པོས་ཐུགས་ཐིག་ཉམས་ལེན་མཐར་ཕྱིན་ནས། །ང་དང་འབྲལ་མེད་རིག་འཛིན་ཞིང་དུ་འཁོད། །ཁོ་མོའི་སྤྲུལ་པ་སྤྲུལ་གཞི་འདྲེས་གྱུར་ཀྱང་། །སླར་ཡང་ཆུ་སྣོད་དག་ལ་ཟླ་གཟུགས་བཞིན། །ལྕམ་དྲལ་ཞབས་ཏོག་ཐུགས་དགོངས་རྫོགས་པ་དང་། །
ཐུགས་ཀྱི་ཐིག་ལེ་ཉམས་སུ་ལེན་ཕྱིར་འོངས། །ཞེས་ཟེར་བ་དང་ཆབས་ཅིག་བྱ་རྒོད་ལྔས་འགྱོགས་བྱང་ལ་བརྟེན་པས་ཌཱཀྐི་དཀར་མོ་མདའ་དར་འཛིན་པ་ཞིག་གིས་སྣ་དྲངས་ཏེ་ལྷོ་ནུབ་ཕྱོགས་སུ་དེངས་སོང་། སྲིང་མོས་ཀྱང་གཟིམ་ལམ་ནས་དཔལ་རིའི་སྒོ་དྲུང་བར་སྐྱེལ་མ་སོགས་བྱས་ཉམས་བྱུང་ཟེར།
དེ་ནས་ས་དབང་རིན་པོ་ཆེའི་གཙོས་ངེད་ཅག་མིང་སྲིང་བཅས་དཔལ་ལེགས་རྒྱལ་སར་བྱོན། དགུང་ཞག་དང་དར་ཅོག་སོགས་མཐའ་རྒྱས་སུ་མཛད། ངེད་ཅག་ནས་འབྲེལ་ལས་བསྡུས་པར་དམིགས་ཏེ། ཞི་ཁྲོ་ངན་སོང་སྦྱོང་བའི་སྦྱོང་ཆོག་ཞག་བདུན་ལ་བསྒྲུབས། ས་དབང་རིན་པོ་ཆེའི་ཞབས་པད་བརྟན་པའི་དམིགས་འདུན་དང་ཚེ་སྒྲུབ་གནད་སྨིན་བྱས། རུས་སྦྱོང་རྫོགས་འཕྲལ་སྲིང་མོ་ཡང་ཀ་ཀེའུ་ཚང་ནས་བརྒྱུད་ཚེ་བརྟན་གླིང་དུ་ཕེབས། ང་རང་རེ་ཞིག་ས་དབང་གི་ཐུགས་དགོངས་རྫོགས་ཕྱིར་བསྡད་ནས། ཕྱི་ནང་གསང་གསུམ་གྱི་གསུང་འོས་ཞིབ་མོལ་དང་། རང་གིས་ཀྱང་བགྱི་འོས་རྣམས་རྫོགས་ནས་དགོངས་པ་ཞུས་ཤིང་། ཚེ་བརྟན་གླིང་དུ་སླེབས། སྲིང་མོའི་ཐུགས་དགོངས་དག་ཕྱིར། སྲིང་ཆུང་དང་འབྲེལ་བས་བསྡུས་པར་དམིགས་ནས་དགེ་འདུན་བརྒྱ་ཕྲག་གིས་ཞི་ཁྲོའི་སྦྱོང་ཆོག་དང་། དགོན་ཁག་རྣམས་སུ་དུང་ཡོན་དང་བསྙུང་གནས་ཁ་ཤས་མཛད་སོང་བར་དགེ་བ་རྫོགས་བྱང་དུ་བསྔོས། ཞེས་གསུངས་སོ། །དགུང་རྫོགས་གྲུབ་རྗེས་ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་རབ་བརྟན་གྱིས་བཙུན་མོ་མཁའ་དབྱིངས་སྒྲོལ་མའི་སྐུ་གདུང་མཆོད་རྟེན་ཤིན་ཏུ་ལེགས་པ་ཞིག་བཞེངས།
སྐྱབས་མགོན་རིན་པོ་ཆེ་གདན་དྲངས་ཏེ་རབ་གནས་མཛད། ས་གཡོ་བ་རི་ངུར་བ་ཆུ་ལུད་པ་སོགས་རྟགས་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ཚུལ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༢༤༤ན། སྲིང་ཆུང་གི་སྐུ་གདུང་མཆོད་རྟེན་གཙོ་བོར་གྱུར་པའི་རྟེན་ལ། རབ་ཏུ་གནས་པའི་ཆོ་ག་རྒྱས་པར་བྱས། ས་གཡོ་བ་རི་ངུར་བ་ཆུ་ལུད་པ་སོགས་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ས་ནས་སར་འཕགས་པའི་རྟགས་སུ་རྒྱུད་ནས་གསུངས་པ་ལྟར་མངོན་དུ་གྱུར། ཞེས་གསུངས་སོ། །བོན་གྱི་ཕྲག་དོག་སོགས་ཀྱི་རྐྱེན་པས་སྲས་མོ་མཁའ་དབྱིངས་སྒྲོལ་མ་ཁྲོ་སྐྱབས་རྒྱལ་སར་མི་ལོ་དྲུག་ཙམ་བཞུགས་པའི་རྟེན་འབྲེལ་ལས་བྲལ། གདུང་རྒྱུད་མ་བྱུང་། ཁོང་གི་ཡང་སྲིད་ལོ་ཕྱེད་ཙམ་གྱི་རྗེས་སུ་རྒྱལ་རོང་ས་མ་རྒྱལ་པོའི་བཙུན་མོའི་ལྷུམས་སུ་ཞུགས། སྐྱབས་མགོན་གྱིས་ངོས་འཛིན་མཛད། ཡང་སྲིད་དེའི་མཚན་ལ་སོ་མང་མཆོག་སྤྲུལ་ཞེས་འབོད། ཁོང་གི་རྣམ་ཐར་བསྡུས་པ་ཞིག་འོག་ཏུ་འགོད་དོ། །མཚོ་རྒྱལ་རྣམ་སྤྲུལ་ཌཱཀྐི་ཁྱོད་ཉིད་ལ། །རྣམ་ཐར་སྐར་ཚོགས་ལྟ་བུ་བཞུགས་སྲིད་ཀྱང་། །ཡི་གེའི་ལམ་དུ་བཀོད་པ་མ་མཐོང་བས། །ཆ་ཤས་ཙམ་ལས་འབྲི་བའི་སྐལ་བ་བྲལ། །
མདོ་ཚེ་འཛིན་དབང་མོའི་རྣམ་ཐར། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རིམ་བྱོན་གྱི་རྣམ་ཐར་ལས་བཏུས།
༄༅། །མདོ་ཚེ་འཛིན་དབང་མོའི་རྣམ་ཐར།
མི་ཕམ་དཔའ་བོའི་ཉེ་སློབ་འཇམ་དཔལ་ལས། །གསོ་རིག་མན་ངག་གདམས་པ་སྙིང་གི་བཅུད། །ལེགས་པར་མནོས་ཏེ་ཉམ་ཐག་འགྲོ་རྣམས་ལ། །བདེ་བའི་སྐམ་ས་སྟེར་མཁས་རྗེ་མོར་འདུད། །
༈ དང་པོ་སྐུ་འཁྲུངས་པའི་སྐོར།
སྲས་མོ་ཟླ་གསལ་དབང་མོའི་ཞལ་གསུང་ལྟར་མདོ་ཚེ་འཛིན་དབང་མོའི་རྣམ་ཐར་མདོ་ཙམ་བཀོད་ན། རྒྱལ་སྲས་རལ་གྲི་མཆོག་ལ་སྲས་གཉིས་དང་སྲས་མོ་གཅིག་བཞུགས། སྲས་མདོ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་དང་སོ་མང་མཆོག་སྤྲུལ་གཉིས་དང་། སྲས་མོ་ཚེ་འཛིན་དབང་མོ་ཡིན། ཁོང་ནི་རབ་བྱུང་༡༥པའི་ཤིང་རྟ་སྤྱི་ལོ་༡༨༩༤ལོར་རག་བཟའ་རིག་བྱེད་དབང་མོའི་སྲས་སུ་མི་ཉག་གི་ཡུལ་བཞག་བྲའི་ཉེ་འདབས་སུ་སྐུ་འཁྲུངས། མདོ་རིན་པོ་ཆེའི་རང་རྣམ་མེ་ཏོག་ཕྲེང་མཛེས་ལྡེབ་༥པའི་སྲིབ་ན། ཤིང་ཕོ་རྟ་ལོར་ཡབ་རྗེ་ཆོས་ཀྱི་རྗེས། །བཀའ་དབང་སྨིན་གྲོལ་ཟབ་མོའི་སྒོ་འཕར་ཕྱེས། །ལུས་ངག་ཡིད་ལ་བྱིན་ཕེབས་སྣང་བ་འགྱུར། །མཐའ་རྟེན་བཀྲ་ཤིས་རྫས་རྟགས་དངོས་སུ་བསྩལ། །ལས་ཀྱི་དབང་མོ་ཨཱ་ཡུ་དེ་ཝཱ་བཙས། །ཡོ་གའི་ཆོས་སྒོར་བདག་ཚུད་རྟེན་འབྲེལ་འགྲིགས། །ཞེས་གསུངས་སོ། །ཚེ་འཛིན་དབང་མོ་ཁོང་ལ་སྲས་གཅིག་དང་སྲས་མོ་གསུམ་འཁྲུངས་ཡོད། སྲས་དང་སྲས་མོ་གཉིས་བྱིས་པའི་དུས་ནས་སྐུ་གཤེགས། འཁྲུངས་འདས་ཀྱི་སྐབས་སུ་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མངོན་གསུངས། སྲས་མོ་ཆུང་བ་མདོ་ཟླ་གསལ་དབང་མོ་ནི་དེང་སྐབས་བཞུགས། ཁོང་གི་རྣམ་ཐར་འོག་ཏུ་གསལ་བའོ། །
༈ གཉིས་པ་ཐོས་བསམ་མཛད་ཚུལ་སོགས་ཀྱི་སྐོར།
མདོ་ཚེ་འཛིན་དབང་མོ་ཁོང་བྱིས་པའི་དུས་ནས་མིང་པོ་མདོ་རིན་པོ་ཆེ་ལ་བསྟེན་ཏེ་འཛིན་གྲོལ་དང་ཁྲིད་ཡིག་ཡེ་ཤེས་བླ་མ། ཁྲི་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སོགས་དབང་ཁྲིད་ཀྱི་གདམས་བཅུད་རྣམས་བཞེས་པས་རིག་པ་ངོ་འཕྲོད། སྙིང་རྗེའི་གཞན་དབང་དུ་གྱུར་ཏོ། །མི་ཉག་དཔལ་རི་དགོན་པའི་འོད་གསལ་ཉི་མའི་མདུན་ནས་ཡི་གེ་འབྲི་ཀློག་དང་། རྫོགས་ཆེན་མཁན་པོ་ཡིད་དགའི་མདུན་ནས་སྤྱོད་འཇུག །ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་མདུན་ནས་སྙིང་ཐིག་ཡ་བཞི་དང་། དུམ་གཉིས་སོགས་ཀྱི་དབང་ལུང་། ཨ་འཛོམས་སྙན་རྒྱུད་དམར་ཁྲིད་ཀྱི་གདམས་པ་རྣམས་ལེགས་པར་བཞེས། ཉམས་ལེན་དང་དགེ་སྦྱོར་ལ་རྒྱུན་དུ་བརྩོན་པས་རྟོགས་པ་མངོན་དུ་གྱུར་ཏོ། །
འཇུ་མི་ཕམ་གྱི་དངོས་སློབ་ཁྲོ་རུ་འཇམ་དཔལ་གྱི་མདུན་ནས་གསོ་རིག་རྒྱུད་བཞིའི་བཤད་ཁྲིད་དང་། ཐུན་མིན་གྱི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་བཞེས་པས། གསོ་རིག་གི་གཞུང་དང་མན་ངག་ཐམས་ཅད་ཐུགས་སུ་ཆུད། གློ་ཆུ་དང་། སྐྲན་ནད་ཅན་གྱི་རིགས་སོགས་བཅོས་པ་ལ་དཀའ་སྡུག་མེད་པར་གྱུར། དགེ་སྦྱོང་གི་ཆེད་དུ་ཡིན་གསུངས་ནས་ནད་པ་དབུལ་ཕྱུག་ཇི་ལྟར་བྱུང་ཡང་སྨན་རིན་གང་ཡང་མི་བཞེས་སོ། །ས་ཡོས་སྤྱི་ལོ་༡༩༣༩ལོར་མིང་པོ་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་སྐུ་གཤེགས། མིང་པོའི་ཆེད་དུ་དགོངས་རྫོགས་རྒྱ་ཆེར་བསྒྲུབས། ཤིང་སྤྲེལ་སྤྱི་ལོ་༡༩༤༤ལོར་སྲས་མོ་ཟླ་གསལ་དབང་མོ་དང་། མ་གཅིག་པའི་མིང་པོ་སྤྲུལ་སྐུ་རང་བྱང་དང་ལྷན་དུ་དབུས་ཕྱོགས་ལྷ་ལྡན་དུ་གནས་སྐོར་ལ་ཕེབས། ལྷ་སའི་ཇོ་ཤཱཀ་རྣམ་གཉིས་དང་། པོ་ཏ་ལ། བསམ་ཡས། ཚེ་རིང་ལྗོངས། གངས་རི་ཐོད་དཀར་སོགས་ལྷ་གནས་རྣམས་ལ་མཇལ་ཕྱག་སྐོར་གསུམ་ཕུལ་ལོ། །མེ་ཁྱི་ལོར་སྤྱི་ལོ་༡༩༤༦མིང་པོ་སྤྲུལ་སྐུ་རང་བྱང་སྐུ་གཤེགས། མིང་པོའི་དགུང་རྫོགས་རྒྱ་ཆེར་བསྒྲུབས། དེ་ནས་མདོ་སྒར་བདག་པོ་ཁོང་གི་སྟེང་དུ་བབས། སྐབས་དེར་སྲས་མོ་ཟླ་གསལ་དབང་མོ་ལ་མདོ་སྒར་གྱི་བདག་པོ་མཛད་དགོས་པའི་བཀའ་ནན་ཡང་ཡང་བསྩལ། སྲས་མོ་ཟླ་གསལ་དབང་མོ་ནི་བྱིས་པའི་དུས་ནས་འཁོར་བ་ལ་ཞེན་པ་ལོག་པ་ཞིག་ཡིན་པས་ཇི་ལྟར་བསྐུལ་ཡང་མདོ་སྒར་གྱི་བདག་པོ་མ་བཞེས། མཐར་དགུང་ལོ་ཉེར་གཉིས་སྟེང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའོ། །
མདོ་རིན་པོ་ཆེའི་ཡང་སྲིད་མི་ཉག་འགུ་ཐང་ཡུལ་དུ་འཁྲུངས་མོད། འོན་ཀྱང་ཁོ་ཚོས་བླུ་ཁ་མ་གནང་། སྲས་མོ་རབ་ཏུ་བྱུང་། སྤྲུལ་སྐུ་ནི་བླུ་ཁ་མ་ལོན་པས། ཆུ་འབྲུག་སྤྱི་ལོ་༡༩༥༢ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་ཨ་པཾ་གཏེར་སྟོན་ཆོས་དབྱིངས་རྡོ་རྗེའི་སྲས་ལ་མདོ་རིན་པོ་ཆེའི་མཚན་གསོལ། ཁྲི་སྟོན་རྒྱ་ཆེར་མཛད། མདོ་སྒར་གྱི་བདག་པོར་བསྐོས། སྐབས་དེར་རྟེན་འབྲེལ་མི་ལེགས་པ་དུ་མ་བྱུང་། ལོ་དེར་མདོ་ཚེ་འཛིན་དབང་མོ་ཁོང་གིས་སྙུན་གཞི་ཚབས་ཆེན་བཞེས་སོ། །
༈ གསུམ་པ་སྐུ་གཤེགས་པའི་སྐོར།
རབ་བྱུང་༡༦པའི་ཆུ་སྦྲུལ་སྤྱི་ལོ་༡༩༥༣ལོའི་ཟླ་༨པའི་ཚེས་༢༥ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་གཤེགས་སོ། །མདོ་ཟླ་གསལ་དབང་མོས་མཛད་པའི་མདོ་ཚང་བརྒྱུད་པའི་རྣམ་ཐར་མདོར་བསྡུས་ལས། རྗེ་དེ་ཉིད་དང་ཡབ་ཡུམ་གཅིག་པའི་ལྕམ་སྲིང་ཚེ་འཛིན་དབང་མོ་ནི་རབ་ཚེས་ཤིང་རྟ་ལོར་སྐྱེས། མདོ་རིན་པོ་ཆེའི་ཡོངས་འཛིན་འོད་གསལ་ཉི་མ་ལས་འབྲི་ཀློག་བསླབས། འཇུ་མི་ཕམ་དངོས་སློབ་ཁྲོ་རུ་བླ་མ་འཇམ་དཔལ་ལས་གསོ་རིག་བསླབ། ཨ་འཛོམས་འབྲུག་པ་ཡབ་སྲས་ལ་རྫོགས་ཆེན་སྙན་བརྒྱུད་དམར་ཁྲིད་སྐོར་རྣམས་བཞེས། ཉམས་ལེན་རྒྱུད་ལ་འབྱོར་ཚོད་གདའ། རྟག་ཏུ་ཉམ་ཐག་གི་རིགས་གང་ལ་ཡང་སྙིང་རྗེའི་སྦྱིན་གཏོང་གི་ལག་པ་རིང་། ཁྱད་པར་དུ་ནད་ཀྱིས་མནར་བ་ལ་ཤིན་ཏུ་བརྩེ་བས་སྨན་ཅི་འདོད་དུ་སྟེར་ཡང་རིན་སྐར་མ་གང་མི་ལེན། བྲན་དང་སྒོ་ཁྱི་སོགས་ཀུན་ལ་བྱམས་པས་ཕྱི་ནང་ཀུན་གྱིས་མ་ལྟར་བཀུར་བ་ཞིག་ཡོད། ལོ་གྲངས་དྲུག་ཅུ་ཆུ་སྦྲུལ་ལོར་ཤི་སོང་། ཞག་བདུན་དུ་དྲོད་མ་ཡལ། པུར་སྦྱངས་ཚེ་ནམ་མཁའ་གཡའ་དག་པ་དང་། གདུང་སྣ་ལྔ་དང་རུས་པའི་ཁ་དོག་ཤིང་བལ་དཀར་པོ་དྲི་མ་མེད་པ་ལྟ་བུ་བྱུང་སོང་། དེ་རིང་གི་དྲིན་ལྡན་གྱི་མ་རྒན་ཡིན་ལགས། ཞེས་གསུངས་སོ། །ཁྱོད་ཀྱི་རྣམ་ཐར་རྐང་གཉིས་འགྲོ་བའི་ཞིང་། །མི་ནུབ་ཕྱིར་ཏུ་རྩྭ་རྩེའི་ཐིགས་པ་ཙམ། །ཁུངས་ལྡན་དམ་པའི་གསུང་ལ་བརྟེན་ནས་ནི། །བླུན་རྨོངས་བདག་གིས་མདོ་ཙམ་འདིར་བཀོད་དོ།། །།
ཌཱཀྐི་བློ་གསལ་སྒྲོལ་མའི་རྣམ་ཐར། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རིམ་བྱོན་གྱི་རྣམ་ཐར་ལས་བཏུས།
༄༅། །ཌཱཀྐི་བློ་གསལ་སྒྲོལ་མའི་རྣམ་ཐར།
རྒྱ་གར་ལྷ་ལྕམ་མནྡ་ར་བ་ཉིད། །གངས་ལྗོངས་རྒྱལ་བསྟན་མི་ནུབ་རྩེར་བསྒྲེང་ཕྱིར། །བསམ་བཞིན་མདོ་ཁམས་ས་ཡི་དཀྱིལ་འཁོར་དབུས། །སྤྲུལ་པའི་ཟློས་གར་ཌཱཀྐིའི་རྗེ་མོར་འདུད། །
༈ དང་པོ་མཚམས་སྦྱོར་གྱི་སྐོར།
གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་པོ་ཌཱཀྐི་བློ་གསལ་སྒྲོལ་མའམ་བློ་གསལ་དབང་མོ་མཆོག་ནི། སྐྱབས་མགོན་མདོ་མཁྱེན་བརྩེ་ལས་མཆེད་པའི་གདུང་རྒྱུད་མ་ཡིན་མོད། འོན་ཀྱང་སྐྱབས་མགོན་གྱི་སྲིང་མོ་དང་། ཐུན་མིན་གྱི་ཆོས་བདག །མཆོག་གི་སློབ་མ། སྐུ་ཚེ་ཕལ་ཆེར་སྐྱབས་མགོན་རིན་པོ་ཆེ་དང་སྒར་གཞི་གཅིག་ཏུ་མཛད་ནས་བཞུགས་པ་ཡིན་པས་འདིར་ཁོང་གི་རྣམ་ཐར་མདོར་བསྡུས་པ་ཞིག་བཀོད་པ་ཡིན་ནོ། །སྔོན་ཁོང་གི་རྣམ་ཐར་ཆེད་དུ་བྲིས་པ་མེད་པས། ཆ་ཡོངས་སུ་ཚང་པ་ཞིག་འབྲི་བའི་སྐལ་བ་དབེན་ནོ། །དེའང་སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་དང་། མཁྱེན་བརྩེའི་གྲུབ་རྟགས་རྣམ་ཐར་སོགས་ལས་ཁོང་གི་རྣམ་ཐར་ཆ་ཤས་ཙམ་རེ་བཀོད་འདུག །
དེའི་ཕྱིར་སྐྱབས་མགོན་གྱི་རང་རྣམ་སོགས་ལ་ཁུངས་བཅོལ་ཏེ་མདོ་ཙམ་སྨོས་ན། ཡབ་ནི་ཆོས་སྐོར་མ་བསོད་ནམས་འཕན་དང་། ཡུམ་མཁའ་འགྲོ་མ་ཤ་ཟ་ཁ་མོ་ཆེའི་སྤྲུལ་པ་མདའ་པའི་བུ་མོ་ཚེ་དབང་སྨན་གཉིས་ཀྱི་སྲས་སུ་མགོ་ལོག་སྨད་པར་གཞི་ནང་པར་སྐུ་འཁྲུངས་སོ། །
༈ གཉིས་པ་སྐུ་འཁྲུངས་པའི་སྐོར།
སྐུ་ལྷུམས་སུ་ཞུགས་པའི་དུས། རབ་བྱུང་བཅུ་གསུམ་པ་ཆུ་ཁྱི་སྤྱི་ལོའི་༡༨༠༢ཟླ་བ་དང་པོར་མངོན་ཏེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་སི་ཁྲོན་ལྕགས་པར་མའི་ལྡེབ་༣༧ན། ནུབ་གཅིག་མ་ཡི་པང་དུ་ཉལ་ཡོད་པའི་ཐོ་རངས་མ་དེ་བུད་མེད་དམར་མོ་རལ་པ་དམར་སེར་ཅན། ང་རང་དང་པོ་འཇིགས་སྐྲག་གི་སྣང་བ་ཞིག་བྱུང་། དེ་ནས་ཁྱོད་སུ་ཡིན་སྨྲས་པས། སྔགས་འཆང་ཧཱུྃ་ཀར་སྲས་མོ་འཛོམས་པ་སྐྱིད། ད་ལྟ་ཤ་ཟ་ཁ་མོ་ཆེ་ཞེས་བྱ་བ། །ཆོས་ཀྱི་རྒྱལ་པོའི་མ་ཡི་ཚུལ་དུ་འོང་། །ལས་དང་རྟེན་འབྲེལ་སྨོན་ལམ་མ་ལོག་ན། །བོད་དུ་ཉི་ཟླ་ཟུང་གཅིག་འཆར་ངེས་ཟེར། །ཡུལ་དེར་གནས་སྐབས་ཕ་མ་གཉིས་ལ་སྲིང་མོ་སྐུ་ལུས་མངལ་དུ་ཆགས་པ་འདྲ། ཞེས་གསུངས་སོ། །རྨི་ལམ་ལུང་བསྟན་འདི། སྐྱབས་མགོན་དགུང་ལོ་གསུམ་པ་ཆུ་ཁྱི་སྤྱི་ལོ་༡༨༠༢ལོར་བོད་ཟླ་དང་པོ་དང་། རྡོ་གྲུབ་སྒར་ཤུགས་ཆེན་སྟག་འགོ་རི་ཁྲོད་ན་བཞུགས་སྐབས་ཡིན་ནོ། །
དེའང་སྐུ་ལྷུམས་སུ་ཞུགས་ཤིང་མའི་མངལ་ན་གནས་པའི་དུས་སུ། ཌཱཀྐི་མ་ཤ་ཟ་ཁ་མོ་ཆེ་སོགས་ཀྱིས་སྲས་མོ་བློ་གསལ་སྒྲོལ་མ་འདི། རྒྱལ་ཡུམ་རྡོ་རྗེ་ཕག་མོ་དང་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་ཡིན་པ་ལུང་བསྟན་གསལ་པོར་གསུངས་ཤིང་། མ་ཟད་ལྷུམས་སུ་གནས་པའི་སྐབས་སུ་ངོ་མཚར་བའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མང་དུ་བྱུང་འདུག་སྟེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་དེ་ནས་ལྡེབ་༣༨ན། ནུབ་གཅིག་དངོས་སམ་རྨི་ལམ་མ་ངེས་པ་ཞིག་ཏུ་བུད་མེད་རྒན་ཉམས་ཅན་ཕྱག་ན་འཁར་བ་ཐོགས་པ་ཞིག་བྱུང་སྟེ། ཀྱེ་རིགས་ཀྱི་བུ། ཁྱོད་དང་ཚངས་པ་ལྷའི་མེ་ཏོག །ཏཱ་རེ་རྡོ་རྗེ་ཕག་མོ་ཡི། །སྤྲུལ་པ་རྣམ་གསུམ་དུས་གཅིག་ཏུ། །བོད་དུ་འགྲོ་དོན་སྐྱོང་གྱུར་ན། །མ་འོངས་སྙིགས་མའི་རྟགས་ངོམ་ཚེ། །ཁམས་དབུས་བསྟན་པའི་མེ་རོ་གསོ། །སེམས་ཅན་བདེ་སྐྱིད་སྤེལ་ནུས་ཀྱང་། །བར་ཆད་བདུད་ཀྱི་འཇུག་སྒོ་དང་། །འགྲོ་བའི་བསོད་ནམས་དམན་པའི་ཕྱིར། །གཉིས་ལས་འོང་བར་མི་གདའ་སྟེ། །སྤྲུལ་པ་ཕན་ཚུན་གཅིག་བསྡུས་ནས། །ཐབས་དང་ཤེས་རབ་རྟེན་འབྲེལ་གྱིས། །ཉིན་དང་ཏཱ་རེའི་གཟུགས་མངོན་ནོ། །ཞེས་ཟེར་བར་རང་གི་ཡིད་ལ་མེད་པ་ངག་ནས། དབྱིངས་ཀྱི་རྡོ་རྗེའི་བཀའ་ལགས་སོ། །ང་རང་གི་འཕྲིན་ལས་ཀྱི་ཕོ་ཉ་བ་ཏཱ་རེ་རྡོ་རྗེ་ཕག་མོ་མི་ཡུལ་དུ་ཅིས་ཀྱང་འོང་དགོས། གཞན་མ་འོང་ཀྱང་ཆོག །སྤྲུལ་པ་བསྡུས་ཀྱང་ཆོག་བྱས། རྒན་མོ་དེ་མདུན་དེར་ཙོག་གེར་བསྡད་སོང་བར། སྙིང་ཁ་ནས་འོད་ཟེར་ཞིག་འཕྲོས། གར་བྱུང་མེད་པའི་བླ་མ་གཏེར་ཆས་ཅན་ཞིག་ཐོན། བླ་མ་དེ་རྒན་མོའི་ཐུགས་ཀར་འོད་དུ་ཞུ། ཤེལ་གྱི་རྡོ་རྗེ་ཞིག་ཏུ་གྱུར།
དེ་ཡང་འོད་ཀྱི་གོང་བུའི་རྣམ་པ་རང་དང་འདྲེས། བུད་མེད་སྔོན་མོ་ཞིག་འོད་ཀྱི་སྣེ་ལས་བྱུང་། རྒན་མོའི་ཐུགས་ཀའི་འོད་ཀྱིས་དེ་ཉིད་འོད་དུ་ཞུ་བ་ལས་སྒྲོལ་ལྗང་གི་སྐུ་རྒྱ་སྲན་ཙམ་དུ་གྱུར། མར་བལྟས་པས་སྔར་གྱི་ཤ་ཟ་ཁ་མོ་ཆེ་ཡིན་ཟེར་བའི་མ་དེ་འདུག་པ་དེའི་སྤྱི་བོ་ནས་མར་ཞུགས་སོང་ངོ་། །རྒན་མོ་དེས་རྟེན་འབྲེལ་དུས་སྐབས་དང་འབྲེལ་བ་ཞིག་རྒྱན་དུ་ཆེ་ཟེར་བ་ཡིན་པས། དེ་ཙམ་ཡིན་ལགས་ཟེར། སུ་པྲ་ཏིཥྛ་བཛྲ་ཡེ་སྭ་ཧཱ་ཟེར་ཞིང་། ང་རང་གི་མགོ་ལ་བེར་རྒ་དེས་གཅིག་རེག །མའི་མགོ་གཅིག་རེག་ཏེ་མི་སྣང་བར་གྱུར་སོང་། ང་རང་རྨིས་སད་ཚེ་མ་ལ་ལྷ་ཞིག་བབ་སྟེ་སྣ་ཚོགས་བཤད། དེའི་ནུབ་མོས་རྨི་ལམ་ན་ལྷ་སྐུ་གཡུ་མདོག་ཅན་ཞབས་གཡས་བརྐྱང་གཡོན་མི་མངོན་པ་ཞིག་བུད་མེད་གཅིག་གིས་ཁྱེར་ཏེ་འོང་། འཇིག་རྟེན་ཁམས་སུ་རྗེ་བཙུན་སྒྲོལ་མ་འདི་ལས་མེད་པས་འདི་ཡང་ཁྱོད་ཀྱིས་ཚགས་ཀྱིས་ཟེར་ནས་པང་དུ་བཞག་བྱུང་བ་མོ་རང་གི་སྙིང་ཁར་ཐིམ་པ་རྨིས་འདུག། དེ་ནས་བཟུང་ཕའི་ཁྱིམ་གྱི་ཕྱི་ནང་ཀུན་དང་། ཁྱད་པར་སྐབས་སྐབས་སུ་མའི་ཉེ་ཕྱོགས་ཀུན་ཏུ་འོད་དམར་མེ་སྟག་ཕྲོམ་ཕྲོམ་བྱེད་པ་ཤ་སྟག་འོང་འདུག་པ། གཞན་མ་ཀུན་གྱིས་ཁྱེད་ཀྱི་བྱད་ཟོག་ཅིག་ཡོད་པ་མིན་ནམ། འདི་བྱད་ཁའི་རྟགས་རེད་ཟེར། ལ་ལས་རྒྱལ་གདོན་རེད་ཟེར། གང་ལྟར་ཡང་སྲིང་མོ་ཉིད་ལ་སྔོན་གྱི་ཐ་ཚིག་དབང་གིས་དྲང་སྲོང་ཆེན་པོ་ལུས་དང་གྲིབ་བཞིན་འགྲོགས་ནས་འཕྲིན་ལས་བསྒྲུབ་དགོས་ཕྱིར། མངལ་དུ་ཞུགས་ནས་བཟུང་འཁོར་བ་ཡིན་པར་ངེས་འདུག ། ཅེས་གསུངས་སོ། །
གཞན་ཡང་སྐྱབས་མགོན་དགུང་ལོ་བཅུ་དྲུག་པ་ཤིང་ཕག་སྤྱི་ལོ་༡༨༡༥ལོར་བསམ་ཡས་ཀྱི་བར་ཁང་གཡུ་ཞལ་འབར་ན་ཐུན་མཚམས་ལ་བཞུགས་སྐབས། ཉམས་སྣང་དུ་རིག་འཛིན་འཇིགས་མེད་གླིང་པ་དངོས་སུ་བྱོན་ཏེ། སྐྱབས་མགོན་རིན་པོ་ཆེ་ནི་རིག་འཛིན་འཇིགས་མེད་གླིང་པ་ཁོང་གི་བྱིན་རླབས་ཀྱི་སྤྲུལ་པ་དང་། ཌཱཀྐི་མ་ནི་སྐུའི་སྤྲུལ་པ་ཡིན་པར་ལུང་བསྟན་གསུངས་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོ་ཞལ་ལུང་ལས་ལྡེབ་༩༠ན། ནུབ་གཅིག་དཀར་ཆས་ཅན་གྱི་བླ་མ་རལ་པ་ཐོར་ཚུགས་ཁྲི་གང་ཙམ་བཅིངས་ཤིང་འཇིགས་སུ་རུང་བ། ཕྱག་ན་ཐོད་པའི་ཌ་མ་རུ་དང་དྲིལ་བུ་འཁྲོལ་བ་ཅིག་སིལ་གྱིས་བྱུང་། གར་སྟབས་དང་རྣམ་འགྱུར་དུ་མ་སྟོན་ཅིང་། ད་ལྟ་རྔ་ཡབ་དཔལ་རིའི་རྩེ་མོ་ནས། ལོངས་སྐུའི་སྟོན་པ་དྲི་མ་མེད་པ་ཡིས། །ལས་ཅན་དག་པའི་འཁོར་ལ་ཆོས་སྟོན་མཛད། །འདི་ནས་མི་ལོ་ཉི་ཤུ་འདས་པའི་དུས། །ལོ་བདུན་བར་དུ་སྲིན་གླིང་གནས་བརྒྱད་དུ། །སྦྱོར་སྒྲོལ་གསང་བ་མཆོག་གི་ཆོས་སྟོན་ཞིང་། །དེ་ནས་རི་བོ་ཀུན་འདུས་རྩེ་མོ་ནས། །དྲང་སྲོང་སྐུར་བཞེངས་དྲི་མེད་འོད་ཟེར་སོགས། །འབུམ་ཕྲག་འཁོར་ལ་རྫོགས་པ་ཆེན་པོ་སྟོན། །སྨོན་ལམ་སྟོབས་ཀྱིས་བྱིན་རླབས་སྤྲུལ་པའི་སྐུ། །བྱོན་ནས་མདོ་ཁམས་སྨད་དུ་ཆོས་ཆར་འབེབས། །དེ་ཚེ་སྐལ་ལྡན་ཁྱོད་ནི་ཆོས་སྐུར་གྲོལ། །དགོངས་གཏེར་ནམ་མཁའ་མཛོད་ཀྱི་གསང་མཛོད་ལ། །དབང་བསྒྱུར་དོན་གཉིས་ལྷུན་གྱིས་གྲུབ་པར་ངེས། །ཁོ་བོའི་སྐུ་ཡི་སྤྲུལ་པ་ཌཱཀྐི་མ། །ལུས་མེད་མཁའ་འགྲོའི་ཆོས་སྐོར་གཉེར་ཁ་འཛིན། །བདག་ཀྱང་སྤྲུལ་པ་སྤྲུལ་གཞི་རོ་གཅིག་འདྲེས། །ཁྱོད་ཀྱི་ཞབས་ཏོག་མཐའ་རུ་ཕྱིན་པར་ངེས། །ཞེས་གསུངས་སོ། །
གཞན་ཡང་རྡོ་གྲུབ་རིན་པོ་ཆེ་སོགས་སྐྱེས་ཆེན་རྣམས་ཀྱི་ཌཱཀྐི་མ་འདི་སྤྲུལ་བའི་སྐུ་ཡིན་པའི་དབུགས་དབྱུང་ལུང་བསྟན་མང་དུ་གསུངས་ཡོད་དོ། །སྐུ་འཁྲུངས་པའི་དུས་ནི། རབ་བྱུང་བཅུ་གསུམ་པ་ཆུ་ཁྱི་སྤྱི་ལོ་༡༨༠༢ཟླ་བ་༡༠པའི་ཚེས་༡༠པའི་སྲོད་ཀྱི་དུས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོ་ཞལ་ལུང་ལས་ལྡེབ་༣༩ན། དེ་ནས་ཟླ་བ་བཅུ་པའི་ཚེས་བཅུའི་ཐོ་རངས་ཁར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭ་ཧཱ་ཞེས་པའི་སྒྲ་ཞིག་གྲགས་ཏེ། ཁྱིམ་ཀུན་འོད་ལྗང་གུས་ལྟེམ་ལྟེམ་གང་བ་བྱུང་། དེའི་ཉིན་དེར་ནམ་མཁའ་ལ་འཇའ་ཚོན་དང་། གྲོང་པའི་གྲོང་དེར་རྒོད་མང་པོ་ཚོགས་ནས། མར་ཁྱིམ་ཕྱོགས་ན་བལྟས་འདུག་པ་དང་། ཁང་སྟེང་ལ་ཡང་རྒོད་ལྔ་བབས། དེའི་ཉིན་ང་རང་དར་གཅིག་ཉལ་བའི་ཉམས་རྨི་ལམ་མ་ངེས་པར། ནམ་མཁའི་མཐོངས་སུ་འཇའ་དང་འོད་ཀྱི་གུར་ཁྱིམ་གྱི་དབུས་ན། རི་དྭགས་སྔོན་མོ་མཐིང་གི་མདོག་ཅན་གསེར་གྱི་རྭ་གཅིག་ལུས་ལ་འཇའ་ཟེར་འཕྲོ་བ་ཞིག་གིས། ཁོ་མོ་མི་ཡུལ་འགྲིམ་པ་ལ། །ལོངས་སྤྱོད་རྫོགས་ལས་སྤྲུལ་བའི་གཟུགས། །འོད་ལུས་ཡེ་ཤེས་སྙིང་པོ་ཅན། །བཟུང་ནས་བརྡ་དང་བརྡ་ཆོས་སྟོན། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་སྒྲོལ། །འབྲེལ་ཚད་དོན་དང་ལྡན་པའོ། །ཞེས་གསུངས་སོ། །དེ་ཡི་མོད་རང་ཡང་གཉིད་སད། ཨ་ཕྱི་ནས་དེ་རིང་ཁྱིམ་དུ་དྲི་བཟང་པོ་ཞིག་གིས་ཁྱབ་འདུག་ཁྱོད་ཀྱི་མ་ཡང་ད་ཙམ་བཙའ་རན་ཡོད་པས། ཁྱོད་ལ་གཅུང་པོ་སྤྲུལ་སྐུ་ཞིག་འཁྲུངས་རྒྱུ་ཨེ་རེད་ཟེར།
དེའི་ནུབ་དགོང་མོ་དབང་གི་དུས་ནས། ཁྱིམ་ཀུན་འོད་དམར་མེ་སྟག་འཕྲོ་བ་དང་། འཇའ་ཚོན་འཁྱིལ་བ་སོགས་སྣ་ཚོགས་བྱུང་། སྲོད་དྲག་པོའི་དུས་སུ་སྐུ་བལྟམས་འདུག །དེའི་ནུབ་ང་རང་ཁང་སྟེང་དུ་བཞག་པ་རེད། སང་སྔ་མོ་ལྟ་རུ་ཕྱིན་པས། ཁྱིམ་ཕུག་མུན་ནག་ཞིག་གི་ནང་དུ་བཞུགས་འདུག་པ། ནང་ཀུན་འཇའ་ཚོན་སྣ་ལྔས་ཁྱབ་ཅིང་། ལྷ་སྐུ་ཆུང་བ་མཐོ་གང་ཙམ་པ་སྐུ་མདོག་མི་འདྲ་བ་དུ་མའི་ནང་དུ། བུ་མོ་མི་ལྟར་དུ་མ་མཐོང་ཞིང་། འཇའ་ཚོན་འཁྱིལ་ལེ་བ་ཞིག་གི་དབུས་ན། བྱིས་པ་ལྗང་ལྡེམ་ལྡེམ་བྱེད་པ་ཞིག་འདུག །ང་རང་གིས་ཁྱོད་ངའི་སྲིང་མོ་ཨེ་ཡིན་སྨྲས། འོ་འོ་ཟེར་ཞིང་འཛུམ་མེལ་ལེ་ང་རང་གི་ལག་པར་འཇུས། ཡང་བལྟས་པས་བུ་མོ་ཆུང་ཆུང་ཞིག་གིས་ང་རང་གི་ལག་པར་བཟུང་འདུག །ཅེས་གསུངས་སོ། །དུས་ཚིགས་འདི་སྐྱབས་མགོན་དགུང་ལོ་གསུམ་པ་ཆུ་ཁྱི་སྤྱི་ལོ་༡༨༠༢ལོར་ཕ་ཡུལ་བར་གཞི་ནང་པར་བཞུགས་པའི་སྐབས་ཡིན་ནོ། །
༈ གསུམ་པ་དབུས་ལྷ་ལྡན་དུ་ཕེབས་པའི་སྐོར།
དགུང་ལོ་གཉིས་པ་ཆུ་ཕག་སྤྱི་ལོ་༡༨༠༣ལོར། རྡོ་གྲུབ་རྒན་གྱི་བཀའ་གསུང་ལྟར་སྐྱབས་མགོན་རིན་པོ་ཆེ་དང་ཌཱཀྐི་མ་འཁོར་བཅས་དབུས་ལྷ་ལྡན་གྱི་ཕྱོགས་འབྲི་གུང་དགོན་དུ་ཕེབས་པའི་འགོ་བརྩམས། མགོ་ལོག་ནས་རིམ་བཞིན་སྡེ་དགེའི་རྫོགས་ཆེན་དགོན་དུ་འབྱོར། རུ་དུམ་ཨོ་རྒྱན་ལྷ་ལུང་མདོར་སྒར་བཏབ་ནས་བཞུགས། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་མཁན་སྤྲུལ་མང་དུ་མཇལ་ཞིང་གསུང་གི་བདུད་རྩི་ཐོབ། དགོན་པ་དང་རྟེན་གསུམ་རྣམས་མཇལ་བའོ། །
དེ་ནས་རྡོ་གྲུབ་རྒན་དང་ལྷན་དུ་སྡེ་དགེའི་རྒྱལ་སར་ཕེབས། ཆོས་ལུང་གདོང་ནས་སྒར་བཏབ་སྟེ་བཞུགས། རྒྱལ་ས་དེར་ཀཿཐོག་སི་ཏུ། ཞེ་ཆེན་རབ་འབྱམས། མགོ་ཚ་མཆོག་སྤྲུལ་སོགས་མཁན་སྤྲུལ་མང་དུ་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ཐོབ། ལྷག་པར་དུ་རྡོ་གྲུབ་རྒན་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱི་མདུན་ནས་ཀློང་ཆེན་མཛོད་བདུན་དང་། སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་ལུང་ཐོབ། སྐྱབས་མགོན་རིན་པོ་ཆེའི་ཁྲི་སྟོན་གྱི་མཛད་སྒོ་ལ་ཞུགས། སྟོན་འཁོར་ཀུན་བཀྲ་ཤིས་པའི་གནས་སུ་གྱུར་ཏོ། །དེ་ནས་རིམ་བཞིན་འབྲི་གུང་པའི་བསུ་མ་དང་སྡེ་དགེའི་སྐྱེལ་མ་བཅས་ཀྱི་ལྷན་དུ་དབུས་ཕྱོགས་སུ་ཆས། འབྲི་གུང་ཡང་རི་སྒར་དུ་འབྱོར། དེ་ནས་འབྲི་གུང་རྫོང་གསར་སོགས་སུ་ཕེབས་ཏེ་བཞུགས། སྐབས་དེར་ཞབས་དྲུང་རྣམ་གཉིས་སོགས་ཀྱི་དྲུང་ནས་ཆོས་འབྲེལ་དུ་མ་བཞེས། ཚེ་རིང་ལྗོངས་ནས་རིག་འཛིན་འཇིགས་མེད་གླིང་པའི་རྒྱལ་ཡུམ་དང་། ཉེ་གནས་འོད་ཟེར་སོགས་སྐྱབས་མགོན་དང་ཌཱཀྐི་མ་འཁོར་བཅས་ཞལ་མཇལ་དང་གདན་འདྲེན་ལ་འབྲི་གུང་དུ་ཕེབས། སྐབས་དེར་ཌཱཀྐི་བློ་གསལ་སྒྲོལ་མའི་སྔོན་གྱི་བག་ཆགས་སད་ནས་རྒྱལ་ཡུམ་དང་ཉེ་གནས་འོད་ཟེར་ལ་གདན་ས་ཚེ་རིང་ལྗོངས་སོགས་ཀྱི་གཏམ་སྣ་ཚོགས་དྲིས་པས། རྒྱལ་ཡུམ་དང་འོད་ཟེར་གཉིས་ཐུགས་རབ་ཏུ་དགྱེས་ཤིང་སྲས་མོ་འདིའང་སྐྱབས་རྗེ་བླ་མའི་སྤྲུལ་པ་རེ་ཡིན་པ་གདོན་མི་ཟ་ཞེས་གཟེངས་བསྟོད་སྣ་ཚོགས་མཛད།
སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལས་ལྡེབ་༥༨ན། དེ་དག་གི་སྐབས་རྣམས་སུ་སྲིང་མོ་ཆུང་ངུ་ནས་དབོན་འོད་ཟེར་དང་། རྒྱལ་ཡུམ་གཉིས་ལ་ཤིན་ཏུ་དགའ་ཞིང་། སྔོན་གྱི་གཏམ་སྣ་ཚོགས་དྲིས་པས། རྒྱལ་ཡུམ་ཡང་ཤིན་ཏུ་འཕྲེང་ཞིང་དབོན་འོད་ཟེར་ནས་སྐྱབས་རྗེ་དམ་པ་དེ་ཉིད་ཀྱིས་སྤྲུལ་པ་སྣ་ཚོགས་སྟོན་གསུངས་པ་དང་། ཁོང་ཕྱག་ཆེན་རིག་འཛིན་གྱི་སར་གཤེགས་པའི་ཞལ་བཞེས་ཡོད་ཅིང་། སྣ་ཚོགས་སྤྲུལ་བ་དུ་མ་བྱུང་བས་བུ་མོ་འདི་ཡང་། གསང་བ་གསུམ་གྱི་རྣམ་རོལ་ཞིག་ཡིན་པ་གདོན་མི་ཟ་བས། ལན་གཅིག་རྒྱལ་ཡུམ་གྱི་དྲུང་དུ་བཞག་ན་ལེགས་མོད་གསུངས་ཀྱང་། ཕ་མ་གཉིས་ནས་བུ་ཡང་སྤྲུལ་སྐུ་བྱས། བུ་མོ་ཡང་ཉིད་རྣམ་གཉིས་ལ་ཕུལ་ཚེ། ང་རང་གཉིས་རང་ཡུལ་དུ་ལོག་དུས་སེམས་ངལ་ཆེ་བས་མི་ནུས་འདུག་ཞུས། ཞེས་གསུངས་སོ། །དེ་ནས་ཌཱཀྐི་མས་འབྲི་གུང་སྐྱབས་མགོན་རྣམ་གཉིས་སོགས་བསྟེན་ནས་མི་ལོ་གསུམ་ལ་འབྲི་གུང་གི་གདན་ས་རྣམས་སུ་བཞུགས་སོ། །དགུང་ལོ་བཞི་པ་ཤིང་གླང་སྤྱི་ལོ་༡༨༠༥ལོར་ཌཱཀྐི་མ་དང་ཕ་མ་གཉིས་བཅས་འབྲི་གུང་ནས་ཕྱིར་ཕ་ཡུལ་མགོ་ལོག་ཏུ་ཕེབས། དེ་ནས་ཁོང་གིས་རྡོ་གྲུབ་རིན་པོ་ཆེར་བསྟེན་ནས་ཡི་གེ་འབྲི་ཀློག་དང་དབང་ལུང་གི་རྒྱུན་སོགས་བཞེས་ཏེ་ལོ་འགའ་བཞུགས། འོན་ཀྱང་ཨ་ཁུ་དང་ཞང་པོ་སོགས་འཇིག་རྟེན་པའི་འཁོར་བའི་ཆོས་ལ་དད་ཞེན་ཆེ་བས་ཁོང་ཕྱིར་ཕ་ཡུལ་དུ་ཁྲིད་ཡོད་པ་མངོན་ཏེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལས་ལྡེབ་༧༤ན། སྲིང་མོ་ཡར་ལྷ་ལྡན་ནས་མར་སོང་། བླ་མའི་དྲུང་དུ་སླེབས་ཏེ་ལོ་ཤས་བསྡད་པར། སྔོན་གྱི་བག་ཆགས་དང་མཐོང་སྣང་ཡ་མ་ཟུང་སོགས་བྱུང་འདུག་ཀྱང་ཨ་ཁུ་དང་ཞང་པོ་རྣམས་དབང་བཙན་པས་ཕ་མ་བུ་གསུམ་ཁྱིམ་གཞི་བཅས་རང་ཡུལ་དུ་འོང་དགོས་བྱུང་འདུག་པར་ཡུལ་དང་གྲོགས་ཀྱི་རྐྱེན་ལས་རེ་ཞིག་དག་པའི་སྣང་བ་ཡལ་ཞིང་། ཞེས་གསུངས་སོ། །
༈ བཞི་པ་མགོ་ལོག་སོགས་ལ་བཞུགས་པའི་སྐོར།
དགུང་ལོ་བཅུ་གཅིག་པ་ཆུ་སྤྲེལ་སྤྱི་ལོ་༡༨༡༢ལོར་ཌཱཀྐི་མ་མགོ་ལོག་ན་བཞུགས་ཡོད། ལོ་དེར་སྐྱབས་མགོན་རིན་པོ་ཆེ་འབྲི་གུང་ནས་ཕྱིར་རྡོ་གྲུབ་སྒར་དུ་ཕེབས། སྐབས་དེར་མིང་སྲིང་ཞལ་མཇལ་གསུང་ཐོས་པའི་སྐལ་བ་བྱུང་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༧༤ན་སྟོད་ཀྱི་མདོ་གོང་མ་ཟེར་བ་དེར་སླེབས་ཤིང་མ་དང་སྲིང་མོའི་གཙོས་ཡུལ་མི་རྣམས་དང་འཕྲད་ཅེས་གསུངས་སོ། །དགུང་ལོ་བཅུ་བཞི་པ་ཤིང་ཕག་སྤྱི་ལོ་༡༨༡༥ལོར། ཌཱཀྐི་མ་སླར་ཡང་སྐྱབས་མགོན་རིན་པོ་ཆེ་དང་ལྷན་དུ་དབུས་ཕྱོགས་ལྷ་ལྡན་དུ་འབྱོན་རྒྱུའི་གྲ་སྒྲིག་གནང་ཡོད་ཀྱང་། རྡོ་གྲུབ་རྒན་གྱི་གནང་བ་མ་ཐོབ་པས་སྔར་ལྟར་ཕ་ཡུལ་ནས་བཞུགས་ཡོད་པར་མངོན་ཏེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༨༦ན་རྡོ་གྲུབ་རྒན་གྱི་ཞལ་ནས། སྲིང་མོ་ཡང་ཁྱོད་རང་དང་མཉམ་དུ་ལྷ་ལྡན་དུ་འགྲོ་རྒྱུ་ཞིག་བྱུང་ན་ཁྱོད་རང་གི་དོན་ལ་ལེགས་ཀྱང་། ཁྱོད་གཉིས་མར་མི་སླེབས་པ་འདྲ་བས་བཤོལ་ན་ལེགས་ཞེས་གསུངས། ཌཱཀྐི་མ་ཉིད་ལོ་ན་ཤིན་ཏུ་ཕྲ་བའི་དུས་ནས་སྐྱབས་མགོན་གྱི་འཕྲིན་ལས་སྒྲུབ་པའི་གྲོགས་ལ་འབྲལ་དུ་མི་རུང་བ་ལྟ་བུ་ཞིག་ཡིན་པ་སྐྱབས་མགོན་གྱི་རང་རྣམ་ལས་ཐོག་མཐའ་བར་གསུམ་དུ་གསལ་ལོ། །གོང་དུ་སྨོས་པའི་ཌཱཀྐི་མའི་རྣམ་ཐར་སོགས་ལ་དཔག་ན་དགུང་གྲངས་བཅོ་ལྔའི་སྔོན་དུ་ཁོང་ལ་ཐོས་བསམ་རྒྱ་ཆེར་གནང་བའི་སྐལ་བ་བྱུང་མེད་པར་མངོན་ནོ། །
༈ ལྔ་པ་ཀཿཐོག་ཏུ་ཐོས་བསམ་ལ་ཕེབས་པའི་སྐོར།
དགུང་ལོ་བཅོ་ལྔ་པ་མེ་བྱི་སྤྱི་ལོ་༡༨༡༦ལོར། རྡོ་གྲུབ་རྒན་གྱི་ཞལ་བཀོད་ལྟར། སྐྱབས་མགོན་རིན་པོ་ཆེ་དང་། གྱི་ལུང་ཐུགས་མཆོག་རྡོ་རྗེ་སོགས་དང་ལྷན་དུ་ཀཿཐོག་དགོན་དང་། དགེ་རྩེའི་གདན་ས་སྦྲ་མགོ་རི་ཁྲོད་དུ་ཐོས་བསམ་དུ་ཆས་ཏེ། དགེ་རྩེ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་དྲུང་ནས་འདུས་པ་མདོ་དབང་། སྒྱུ་འཕྲུལ་ཞི་ཁྲོ། ཡང་དག་སངས་རྒྱས་མཉམ་སྦྱོར་འཁོར་བ་དོང་སྤྲུགས། རྡོ་རྗེ་ཕུར་པ། བཀའ་བརྒྱུད་རྣམ་གསུམ་སོགས་ཀྱི་དབང་ལུང་དང་། གསང་སྙིང་གི་འགྲེལ་པ་མི་འདྲ་བ་དུ་མ་དང་། ཀཿདམ་པ་བདེ་གཤེགས་ཤེས་རབ་སེང་གེའི་གསུང་འབུམ། ཀུན་བཟང་ངེས་དོན་གྱི་བཀའ་འབུམ། དགེ་རྩེ་མ་ཧཱ་པཎྜི་ཏའི་བཀའ་འབུམ་སོགས་ཀྱི་ལུང་རྒྱུན་དང་། རྒྱུད་གསང་བ་སྙིང་པོ་དང་། དབུ་མའི་སྐོར། གྲུབ་མཐའི་རྣམ་བཞག་སོགས་དབང་ལུང་ཁྲིད་གསུམ་གྱི་རྒྱུན་རྣམས་ལེགས་པར་བཞེས་སོ། །གཞན་ཡང་ཀཿཐོག་དྲི་མེད་ཞིང་སྐྱོང་དང་། རྨོག་ཚ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གི་རྒྱུན་དུ་མ་བཞེས་པར་གསལ་ཏེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་གི་ལྡེབ་༡༡༦ན། སྟོན་དེར་འཛི་དཀའ་ལ་ནས་བསོད་སྐོར་ཙམ་སོང་ཕྱིར་འཁོར་དུས་མགོ་ལོག་ནས་སྲིང་མོ་དང་མ་རྒན་བཅས་རྗེ་བླ་མའི་དྲུང་དུ་སླེབས་འདུག །དེ་ནས་ངེད་ཅག་མིང་སྲིང་དང་། གྱི་ལིང་མཆོག་སྤྲུལ་ཐུགས་མཆོག་རྡོ་རྗེ། རྗེ་བླ་མའི་རུས་དབོན་སྟོབས་རྒྱལ། ཚ་དབོན་ཀློང་གསལ་བཅས་ཀྱི་གཙོས་དཔོན་གཡོག་བཅུ་ལྷག་ཙམ་ཀཿཐོག་ཏུ་འགྲོ་རྒྱུ་མཛད་འདུག་ཅེས་གསུངས་སོ། །མི་ལོ་གཅིག་ལྷག་གི་རིང་ལ་ཀཿཐོག་སོགས་ནས་ཐོས་བསམ་རྒྱ་ཆེར་མཛད་དེ་ཕྱིར་རྡོ་གྲུབ་སྒར་དུ་ཕེབས་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༡༨ན་སྲིང་མོ་ཡང་རེ་ཞིག་རྗེ་བླ་མའི་དྲུང་དུ་ལོག་སོང་ཞེས་གསུངས་སོ། །དེ་ནས་རྡོ་གྲུབ་རིན་པོ་ཆེ་རྩ་བའི་བླ་མར་བསྟེན་ཏེ། མདོ་སྔགས་གཉིས་ཀྱི་དབང་ལུང་ཁྲིད་གསུམ་གྱི་གདམས་པ་རྒྱ་མཚོ་ལྟ་བུ་བཞེས་ཏེ་གྲུབ་རྒན་སྐུ་མ་གཤེགས་བར་རྡོ་གྲུབ་སྒར་དུ་བཞུགས་སོ། །
༈ དྲུག་པ་སྡེ་དགེའི་རྒྱལ་ས་ལ་བཞུགས་པའི་སྐོར།
དགུང་ལོ་བཅོ་བརྒྱད་པ་ས་ཡོས་སྤྱི་ལོ་༡༨༡༩ལོར་ཌཱཀྐི་མ་དང་སྐྱབས་མགོན་རིན་པོ་ཆེ་ལྷན་དུ་སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྒང་དུ་བྱོན། སྐྱབས་མགོན་རིན་པོ་ཆེ་སྡེ་དགེ་ལྷུན་གྲུབ་སྒང་གི་གཟིམ་ཁང་དེར་མཚམས་ལ་བཞུགས། ཌཱཀྐི་མ་དང་འཇིགས་མེད་བློ་གསལ་སོགས་ཀྱིས་ཉེ་གནས་མཛད་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༢༥ན་ལྷུན་གྲུབ་སྒང་དུ་རེ་ཞིག་མཚམས་སྒྲུབ་ལ་སྡོད་རྒྱུའི་དགོངས་པ་ཞུས་པ་ལྟར་གནང་ནས་རེ་ཞིག་བསྙེན་སྒྲུབ་ལ་འབད། ཆོས་ཀྱི་གྲོགས་པོ་ནི། སྲིང་མོ་དང་། ཀུན་མཁྱེན་གོང་མའི་དངོས་སློབ་འཇིགས་མེད་བློ་གསལ། རང་གི་ཉེ་གནས་ཀུན་བཟང་བསྟན་དར་གསུམ་ཙམ་ཞེས་གསུངས་སོ། །དུས་དེར་སྐྱབས་མགོན་གྱིས་ཌཱཀྐི་མ་ཉིད་ཚོགས་མཆོད་འབུལ་བར་རྒྱལ་ས་ལྷུན་གྲུབ་སྟེང་གི་ལུང་སྟོད་དུ་མངགས་སྐབས། ཌཱཀྐི་མ་ལ་མཁའ་འགྲོ་མ་ཞིག་གིས་ཞལ་དངོས་སུ་བསྟན་ཏེ་གསུང་བརྡ་མང་དུ་གནང་། མཁའ་འགྲོ་མ་རང་ཉིད་ཀྱི་གསང་ཆབ་དང་ཨ་མྲི་ཏ་ལྗང་ལྟེམ་བཅས་ཌཱཀྐི་མ་ལ་དྲངས་པས། རྒྱུད་བྱིན་གྱིས་བརླབས་དགའ་བདེ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། བར་ཆད་ཀྱི་གཡུལ་ལས་རྒྱལ། མཁའ་འགྲོ་མ་དེས་སྐྱབས་མགོན་ལ་གསུང་བརྡ་དང་། སྲུང་སྐུད། དམ་རྫས་བཅས་བསྐུར་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༢༦ན་ཉིན་གཅིག་སྲིང་མོ་ལ་ཚོགས་ཀྱི་ཡོ་བྱད་དུ་མ་པ་གཅིག་བསྐུར་ཏེ། ལུང་པའི་སྟོད་ཡ་གི་རྒན་མོ་ཞིག་ཡོད་པ་དེ་ལ་ཕུལ་ཞིག་སྨྲས་པས། ཁོ་རང་དཔོན་གཡོག་གཉིས་སོང་བར། རྡོ་ར་ཞིག་གི་ནང་དུ་རྒན་མོ་སློག་ཧྲུལ་ཅན། མགོ་དུང་ལས་དཀར་བ་ཞིག་ཉལ་འདུག་པས། ཤ་ཆང་དང་རྩམ་པ་སོགས་གཏད་ཅིང་། ཁྱོད་ལ་སྤྲུལ་སྐུའི་གསོལ་རས་རེད་བྱས་པར། ཧ་ཧ་རྩམ་པ་འདི་ཡིས་ཅི་བྱེད་ཟེར་ཞིང་། མཁའ་ལ་གཏོར་ཤ་ཆང་ལ་རོལ། ང་ཡི་བྱིས་པ་སྙིང་རེ་རྗེ། མི་ཡུལ་འདིར་ཁོ་ལས་སྡུག་པ་མེད། ཡུལ་འདིའི་བསོད་ནམས་ཅུང་ཟད་ཉམས། རྟེན་འབྲེལ་སྒོ་ཡང་མང་པོ་འཁྲུགས་ཁོ་ཡི་ཚེ་གེགས་ངས་བཟློག་ཅིང་ད་ཡུན་རིང་བསྡད་པའི་དགོས་པ་ཆུང་ཟེར་བར། སྲིང་མོའི་རོགས་དེས་ང་རྒྱལ་གྱི་གཏམ་སྣ་ཚོགས་བྱས། ད་འདི་གར་བསྡད་པ་མི་འོང་རང་ཅག་དཔོན་གཡོག་ཕེབས་ན་དགའ། རྒན་མོ་འདི་ཤིན་ཏུ་མི་གཙང་བར་འདུག་ཟེར་བ་ལྟར་མར་ཅུང་ཟད་འོང་བས། རྒན་མོ་ལངས་ཏེ་རྒྱུག་བྱུང་བར། ཁྱོད་དེ་མན་སོང་ན་ངས་རྡོས་བརྡེག་ཅིང་མགོ་བོ་ཆོམ་པར་བྱེད། རོགས་བུ་དེ་ལ་ལས་ཟད་ཁྱོད་རང་གང་དུ་འགྲོ་ཡང་སོང་ཟེར། སྲིང་མོ་སྐྲག་ཅིང་ཡར་སོང་བར། རྒན་མོ་རྡོ་རའི་ནང་དུ་གཅེར་བུར་བྱུང་སྟེ་ཡར་རྒྱུག་མར་རྒྱུག་བྱེད། སྲིང་མོའི་ཁར་གཏད་ནས་གཅིན་རྒྱང་ཞིག་བྱས། ཁར་ཞུགས་ཤིང་ལྟོ་བར་སོང་བར་སྨན་སྒྲུབ་ཀྱི་དྲི་མ་ཐུལ་ལེ། ལུས་ཀུན་སྦྲིད་ཆིལ་ཆིལ་བདེ་ཆེམ་མེ་བ་ཅིག་བྱུང་།
ཕར་བལྟས་པས་རྒན་མོའི་ལུས་ཡང་འཇའ་ཚོན་གྱི་ཕུང་པོ་ཞིག་འདུག་ཟེར། བུ་མོ་ཁྱོད་སོང་ལ། ད་ང་རང་ཡང་འདི་གར་ཡུན་དུ་མི་སྡོད། ད་བར་ཁྱོད་སྒུག་པ་ཡིན། བུ་ཁྱོད་དང་མ་འཕྲད་ཀྱང་། བུ་མོ་དང་འཕྲད་པ་དེས་ཆོག །བུ་སྡུག་ཁྱོད་རང་ཡང་ཡུན་དུ་མ་སྡོད་ཅིག །ཡུལ་འདིའི་རྟེན་འབྲེལ་འཕྱང་མོ་ཉུག་ཏུ་གྱུར་སོང་། ཡུལ་གཞན་གང་དུ་ཕྱིན་ཀྱང་ང་ཡིས་ཐུགས་རྗེས་སྐྱོབས་ཤིང་། སྐུད་པ་དཀར་དམར་གཉིས་ཀྱིས་བཅིངས་པའི་ཤོག་ཐུམ་ཞིག་ལག་ཏུ་བཞག་སྟེ། འདི་བུ་སྡུག་ལ་གཏོད་ཅིག་ཟེར། སྲིང་མོ་ལ་མོ་རང་གི་ཕོར་བུ་ནང་དུ་ཆང་གཞན་དང་མི་འདྲ་བ་ལྗང་ལྟེམ་མེ་ཞིག་གང་བླུགས་འདུག་པ་འདི་ཐུངས་ཤིག །ཁྱོད་ལ་ལོ་གཉིས་ཚུན་དུ་བར་ཆད་ཅིག་ཡོད་ཀྱང་ཨ་མས་སྐྱོབ་པར་ངེས་ཟེར། ཆང་ལྷག་མེད་དུ་བཏུང་ཞིང་སྣང་བ་ཆལ་མ་ཆོལ་མའི་ངང་ནས་ཕྱིར་ལོག་བྱུང་བར། ང་རང་ལ་དམ་རྫས་གཏད་ཅིང་ལོ་རྒྱུས་ཞིབ་མོར་སྨྲས་འདུག་ཅེས་གསུངས་སོ། །
༈ བདུན་པ་རྡོ་གྲུབ་སྒར་ལ་བཞུགས་པའི་སྐོར།
ཌཱཀྐི་མ་དགུང་ལོ་བཅུ་དགུ་པ་ལྕགས་འབྲུག་སྤྱི་ལོ༡༨༢༠ལོར་སྐྱབས་མགོན་རིན་པོ་ཆེས་སྒར་གཞི་སྤངས་ནས་བྱ་བྲལ་མཛད་དེ། རྡོ་གྲུབ་སྒར་ནས་ཁྲོ་སྐྱབས་ཐུགས་ཆེན་པོ་སོགས་བྱང་གནས་སྐོར་ལ་ཕེབས། སྐབས་དེར་ཌཱཀྐི་མ་རྡོ་གྲུབ་སྒར་ནས་ཐོས་བསམ་མཛད་དེ་བཞུགས་པར་མངོན་ཏེ། སྐྱབས་མགོན་རིན་པོ་ཆེ་ཁྲོ་སྐྱབས་ཐུགས་རྗེ་ཆེ་ནས་རིམ་བཞིན་བརྒྱུད་དེ་མཛོད་དགེ་ཐང་སྐོར་ལ་འབྱོར་སྐབས། ཕ་ཡུལ་མགོ་ལོག་རྟག་ཤོག་ལྕགས་ཐར་རྒྱལ་དང་འཕྲད། ཁོང་དང་བརྒྱུད་ནས་རྡོ་གྲུབ་རྒན་དང་། སྲིང་མོ་བློ་གསལ་སྒྲོལ་གཉིས་ལ་ཕྱག་ཡིག་ཕུལ་ཡོད། དེའང་སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༤༣ན་མཛོད་དགེའི་ཐང་སྐོར་དུ་སླེབས་དུས། མགོ་ལོག་རྟག་ཤོག་ལྕགས་ཐར་རྒྱལ་དང་ལན་གཅིག་འཕྲད། དེར་རྗེ་བླ་མའི་སྐུ་དྲུང་དུ་བྱང་ཕྱོགས་མཚོ་སྔོན་དུ་འགྲོ་བའི་དགོངས་ཞུས་དང་། ལན་གཅིག་གཟུགས་སྐུ་མཇལ་བ་མེད་ཀྱང་། སྐྱེ་ཀུན་བྲལ་བ་མེད་པའི་སྨོན་ཚིག་གི་ཞུ་ཤོག་དང་། སྲིང་མོ་ཡང་རྗེ་བླ་མ་བཞུགས་རིང་བར་ལ་སྐུ་དྲུང་དུ་བཅར་བ་དང་།
དེ་རྗེས་ང་རང་བསྙེགས་ནས་མིང་སྲིང་གཉིས་པོ་དབེན་པའི་རི་ལ་ལྷ་ཆོས་གཤའ་མ་ཞིག་སྒྲུབ་དགོས་ཀྱི་ཡི་གེ་བསྐུར། བློ་གསལ་སྒྲོལ་དེ་ནས་ཤུལ་ལམ་རིམ་བགྲོད་ཀྱིས་སོང་བ། ཞེས་གསུངས་པས་སོ། །དགུང་ལོ་ཉི་ཤུ་པ་ལྕགས་སྦྲུལ་སྤྱི་ལོ་༡༨༢༡ལོར། རྡོ་གྲུབ་རྒན་སྐུ་གཤེགས་པས། རྡོ་གྲུབ་རྒན་གྱི་གདན་ས་གཉིས་པ་ཡར་ཀླུང་པདྨ་བཀོད་ནས་ཌཱཀྐི་མ་དང་། ཀློང་གསལ་སོགས་དཔོན་གཡོག་བདུན་སྐྱབས་མགོན་རིན་པོ་ཆེ་གདན་འདྲེན་ལ་རེབ་གོང་གི་གནས་གླིང་རྒྱ་ཨ་མྱེ་ལྷ་རི་ལ་བྱོན། གླིང་རྒྱ་སྔགས་ཁང་ནས་སྐྱབས་མགོན་དང་ཌཱཀྐི་མ་སྟོན་འཁོར་ཞལ་འཛོམས། ཌཱཀྐི་མས་རྡོ་གྲུབ་རྒན་གྱི་ཞལ་ཆེམས་དང་ཕྱག་ཡིག་བཅས་ལྷག་ལུས་མེད་པར་སྐྱབས་མགོན་ལ་ཞུས་ཤིང་ཕུལ། དེ་ནས་སྐྱབས་མགོན་དང་ཌཱཀྐི་མ་འཁོར་བཅས་གླིང་རྒྱ་སྔགས་ཁང་ནས་མགོ་ལོག་བར་དུ་མཉམ་དུ་བྱོན།
དེ་ནས་ཌཱཀྐི་མ་མགོ་ལོག་ཕ་ཡུལ་དུ་བཞུགས། སྐྱབས་མགོན་འཁོར་བཅས་གྲུབ་རྒན་གྱི་གདན་ས་ཡར་ཀླུང་པདྨ་བཀོད་དུ་ཕེབས་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༦༡ན་མཚམས་གྲོལ་ཏེ་སྔགས་མང་གིས་བཀའ་བརྒྱད་སྒྲུབ་པ་གླིང་རྒྱའི་སྔགས་ཁང་དུ་འཚོགས་སྐབས། ཁམས་ནས་རང་གི་སྲིང་མོ་བློ་གསལ་སྒྲོལ་མ་དང་། རྗེ་བླ་མའི་ཚ་དབོན་ཀློང་གསལ་གཙོས་དཔོན་གཡོག་བདུན་ཙམ་འབྱོར་བྱུང་བར། རྗེ་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་དང་ཞལ་ཆེམས་གསུང་ཤོག་བཅས་འབྱོར་ཞིང་། ང་རང་ཡར་འོང་དགོས་ཀྱི་བསུ་བ་དང་སྟབས་གཅིག །སྲིང་མོ་ཡང་ང་རང་མ་བསྡད་པའི་ཤུལ་དུ་རྗེ་བླ་མ་འདའ་ཁར་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱས་འདུག །ཕྱི་ནང་གསང་གསུམ་གྱི་ཞལ་ཆེམས་བསླབ་སྟོན་སོགས་ལྷག་ལུས་མེད་པར་གནང་འདུག་པ། སྔར་གྱི་རྨི་ལམ་ལུང་བསྟན་བཅས་ཀྱིས་ཡར་ལོག་རྒྱུའི་བློ་ཐག་གཅིག་ཏུ་བཅད། དེ་ནས་བླ་བྲང་བཀྲ་ཤིས་སྒོ་མང་ནས་གསང་ཁོག་དང་། དངུལ་རྭ་ལྷ་སྡེ་སོགས་བརྒྱུད་དེ་མགོ་ལོག་ཏུ་སླེབས། སྲིང་མོ་རེ་ཞིག་ཕ་ཁྱིམ་དུ་བསྡད་ནས་ང་རང་ཡར་ཐེག་པས་སྐྱབས་མགོན་ཆོས་ཀྱི་རྒྱལ་པོའི་གདན་ས་ཡར་ཀླུང་པདྨ་བཀོད་དུ་སླེབས། རྗེ་བླ་མའི་གདུང་རུས་རིང་བསྲེལ་བཅས་བུམ་པར་བཞུགས་འདུག་པར། ཕྱག་མཆོད་དང་གསོལ་འདེབས་སྨོན་ལམ་སོགས་ཞག་བདུན་གྱི་བར་དུ་གང་ལྕོགས་བྱས། ཞེས་གསུངས་སོ། །
༈ བརྒྱད་པ་རྡོ་རྫོང་རི་ཁྲོད་ལ་བཞུགས་པའི་སྐོར།
དགུང་ལོ་ཉེར་གཅིག་པ་ཆུ་རྟ་སྤྱི་ལོ་༡༨༢༢ལོར་ཌཱཀྐི་མ་དང་སྐྱབས་མགོན་རིན་པོ་ཆེ་རྣམ་གཉིས་ཀྱིས་གཉན་པོ་གཡུ་རྩེའི་རི་རྒྱུད་རྡོ་ཡི་རྫོང་ཆེན་དུ་རི་ཁྲོད་གསར་དུ་བཞེངས། སྐྱབས་མགོན་གྱི་དྲུང་ནས་སྔོན་འགྲོའི་ཁྲིད་སོགས་བཞེས། ལོ་དེར་ཌཱཀྐི་མ་ལ་སྔགས་སྲུང་མའི་ཞལ་གཟིགས་ལུང་བསྟན་བྱུང་། སྐྱབས་མགོན་ལ་སྐུ་གེགས་བྱུང་བ་ཁོང་གི་ཐུགས་བསྐྱེད་ཀྱིས་བཟློག་པར་མཛད། ཕྱི་ནང་གི་འཕྲིན་ལས་ཐམས་ཅད་བསྒྲུབས་ནས་རེ་ཞིག་གནས་དེར་བཞུགས་ཏེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༦༥ན་ལོ་གསར་རྙིང་གི་མཚམས་དེར་མགོ་ལོག་ཏུ་སླེབས་ནས། རྡོ་རྫོང་དུ་བྲག་ཕུག་གསར་བ་ཞིག་བསྐྲུན་ཞིང་། ངེད་ཅག་མིང་སྲིང་གཙོས་འདུས་པ་ཁ་ཤས་ཀྱིས་མཁའ་འགྲོའི་གསང་ལུང་ལྟར་སྒྲུབ་པ་དང་རྟེན་འབྲེལ་གྱི་སྣ་ཁ་བསྒྲིག་པར་སེམས་ཀྱང་། སྨོན་ལམ་ལོག་པའི་དམར་རྒྱན་ཁྲོམ་སྐྱིད་དབང་བཙན་ཞིང་རང་ཡང་ཉམས་རྟོགས་ཀྱི་རྩལ་འགྲིབ་པས་རྟེན་འབྲེལ་བྱ་སྤྱོད་ཀུན་མོག་པོར་གྱུར། འདུས་པ་ཁ་ཤས་ལ་སྔོན་འགྲོའི་ཁྲིད་བསྡུས་ཙམ་བྱས། བར་སྐབས་མཁའ་འགྲོ་འཁྲེན་པའི་རྒྱུས་ལུས་སེམས་བྲལ་ལ་ཁད་པའི་རྟགས་མཚན་འགའ་རེ་བྱུང་ཡང་། སྲིང་མོའི་སྨོན་ལམ་དྲག་པོའི་མཐུ་དང་། ཁམས་ཀྱི་ཙ་རི་ཊའི་དཔའ་བོ་ཌཱཀྐིའི་ནུས་པས་བཟློགས་སོང་། གཡུ་རྩེའི་མཚོ་འགྲམ་དུ་ལན་གཅིག་སོང་བས་སྒོ་གསུམ་གྱི་སྒྲིབ་པ་སེལ་ཞིང་། སླར་རྡོ་རྫོང་དུ་པདྨ་རྒྱལ་པོའི་སྒྲུབ་པ་ས་བཅད་མ་སྟོང་ཙམ་བྱས། དེར་ལན་གཅིག་སྲིང་མོ་ལ་གསང་ཚུལ་གྱིས་སྔགས་ཀྱི་སྲུང་མ་བབས་ཏེ། ད་ནི་ཡུལ་འདིར་མ་སྡོད་པར་དམ་ཉམས་རྣམས་དང་སོ་སོར་ཕྱེས་ལ། གནས་ཆེན་ཐུགས་རྗེ་ཆེན་པོར་སོང་ཞིག་གསུངས་འདུག་པ་ལྟར་ཆས། སྲིང་མོ་ནི་ཕ་རྒན་གྱིས་འོང་དུ་མ་སྟེར་ཞེས་གསུངས་སོ། །ལོ་འདི་ནས་བཟུང་སྟེ་སྐྱབས་མགོན་མིང་སྲིང་གཉིས་པོ་སྒར་གཞི་གཅིག་ཏུ་མཛད་ཅིང་། ཌཱཀྐི་མས་སྐྱབས་མགོན་གྱི་འཕྲིན་ལས་བསྒྲུབས་པའི་གྲོགས་ཁོ་ན་མཛད་དེ་བཞུགས་སོ། །
དགུང་ལོ་ཉེར་གཉིས་པ་ཆུ་ལུག་སྤྱི་ལོ་༡༨༢༣ལོར་ཌཱཀྐི་མ་རྡོ་རྫོང་རི་ཁྲོད་དང་། སྐྱབས་མགོན་རིན་པོ་ཆེ་རྒྱལ་རོང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་ན་བཞུགས། སྐབས་དེར་སྐྱབས་མགོན་གྱིས་ཌཱཀྐི་མ་བསུ་བའི་ཕོ་ཉ་མགོ་ལོག་ཏུ་བརྫངས། དེ་ནས་ཌཱཀྐི་མ་འཁོར་བཅས་མགོ་ལོག་རྡོ་རྫོང་རི་ཁྲོད་ནས་རིམ་བཞིན་རྒྱལ་རོང་གི་ཡུལ་ཚ་ཁ་རྒྱལ་བཀྲ་ཤིས་ཐང་ལ་འབྱོར། ཡུལ་དེར་སྐྱབས་མགོན་འཁོར་བཅས་དང་ཞལ་འཛོམས་སོ། །དེ་ནས་སྐྱབས་མགོན་གྱི་ཌཱཀྐི་མ་གཙོ་བྱས་ཕྱོགས་འདུས་ཀྱི་སློབ་མ་བརྒྱ་ཕྲག་ལྷག་ལ་སྔོན་འགྲོའི་རྩ་རླུང་ཁྲིད་དང་དབང་སོགས་གསུངས། སྐབས་དེ་དག་དུ་ཌཱཀྐི་མ་ལ་དབང་གི་མཁའ་འགྲོ་མ་རྣམས་དངོས་སུ་བབས། དབང་ཁྲིད་ཀྱི་བྱ་བ་རྣམས་ལ་མཐུན་རྐྱེན་བླ་ན་མེད་པ་བསྒྲུབས་པ་དང་། བར་སྣང་ཁམས་སུ་ལུས་སྐྱིལ་ཀྲུང་གིས་བཞུགས་པ་དང་། ཕཊཿསྒྲ་དྲག་པོའི་རྐྱེན་གྱིས་གནས་སྤར་ཞིང་བེམ་པོར་གྱུར་པ་དང་། སླར་ཡང་རྣམ་ཤེས་བཀུག་ནས་བེམ་པོར་འཛུད་པ་སོགས་ངོ་མཚར་བའི་རྫུ་འཕྲུལ་དཔག་ཏུ་མེད་པ་མཛད་ཅིང་། ཞག་བདུན་ཕྲག་གི་བར་དུ་འཚོ་བའི་ཟས་ལ་ལོངས་སུ་མི་སྤྱོད་ཅིང་། གཉིད་སྤངས་ནས་ཉིན་མཚན་ཀུན་ཏུ་ཉམས་མགུར་དང་། མཁའ་འགྲོའི་བརྡ་སྐད་སྣ་ཚོགས་བསྒྲགས་ནས་མཁའ་འགྲོ་འདུ་བའི་ཐབས་ལ་འབད་པ་སོགས་རྟགས་དང་མཚན་མ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་དེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༦༦ན་ལུག་ལོ་གསར་ཚེས་ནས་བཟུང་། ཏཱ་རེ་ལྷ་མོའི་སྤྲུལ་པ་ལྕམ་ཆེན་མོའི་སྲིང་མོ་ཌཱཀྐི་མ་གཙོས་དམ་ལྡན་ཀུན་བསྡུས་ཤིང་། ལོ་ཤས་བར་རྟེན་འབྲེལ་བཟང་པོའི་སྣ་ཁ་ཁོ་ན་བསྒྲིག་དགོས་གསུངས་པ་ལྟར། སྲིང་མོ་ཡང་བསུ་བར་བཏང་། ངེད་རང་རྣམས་ཀྱང་ཐུགས་རྗེ་ཆེན་པོར་ཕྱག་སྐོར་རྫོགས་འཕྲལ། འབྲོང་རྫོང་ནས་བརྒྱུད། ཚ་ཁ་རྒྱལ་བཀྲ་ཤིས་ཐང་ཟེར་བར་སླེབས། མ་དང་སྲིང་མོ་སོགས་ཀྱང་འབྱོར། ང་རང་ཞག་བརྒྱ་ཕྲག་གི་བར་ཡུལ་བཞི་པདྨ་སེང་གེའི་གཙོས་ཉེ་སྐོར་གྱི་འདུས་པ་བརྒྱ་ཕྲག་ཙམ་ལ་སྔོན་འགྲོའི་རྩ་རླུང་གི་ཁྲིད་བྱས། སྐབས་རྣམས་སུ་སྣང་བ་གང་ཤར་གྱི་བྱིས་པའི་རྩེད་འཇོ་ལྟར་རྟེན་འབྲེལ་སྣ་ཚོགས་དཔའ་བོ་མཁའ་འགྲོ་དགྱེས་པའི་ཐབས་ལ་འབད། དེར་སྐབས་ཤིག་བླ་མ་དཔལ་དགེས་སྣ་དྲངས། སྲིང་མོ་མཆོག་གི་གཙོ་གྱུར་དམ་ལྡན་བདུན་ཙམ་ལ་ཡེ་ཤེས་མཁའ་འགྲོ་མ་དངོས་སུ་བྱིན་ཕེབས་ཤིང་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས། དབེན་པ་ཞིག་ཏུ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་ལ། སྲིང་མོ་ཆེན་མོ་ལ་ཌཱཀྐི་ས་འཛིན་ཆེན་མོ་བརྫུས་ཤིང་དཀྱིལ་འཁོར་གྱི་བྱ་བ་ཀུན་བསྒྲུབས། གཞན་མི་ཕོ་མོ་ལྔ་ལ་མཁའ་འགྲོ་སྡེ་ལྔ་བབས་ཤིང་བརྡ་སྣ་ཚོགས་སྟོན། དཔལ་དགེ་ལ་སིང་ཧ་མི་ཁ་བབས་པས་ས་མཚམས་འཛིན་པདྨ་སེང་གེ་ཧྱ་གྷྲྀ་བ་བརྫུས་ནས་བགེགས་འདུལ། རིགས་ངན་གཉིས་བདུད་མོ་རང་གཟུགས་ངོམ་ཞིང་དཀྱིལ་འཁོར་གྱི་ཕྱིར་བྲིས། གཞན་འདུས་པ་རྣམས་ཀྱང་ཆོས་ཉིད་ཉམས་ཀྱི་སྣང་བ་རབ་ཏུ་འུར་ཞིང་། རྡོ་རྗེའི་གླུ་གར་བསྒྱུར་བ་དང་། སཾ་སྐྲྀ་ཏའི་སྐད་སྨྲ་ཞིང་ཉིན་ཞག་ཕྲུགས་གཅིག་ཏུ་གཏད་མེད་རྒྱ་ཡན་གྱི་ངང་དུ་གནས། དཀྱིལ་འཁོར་ལ་འཇའ་འོད་འཁྱིལ་བ་དང་། ཚོགས་རྫས་རོ་ནུས་ཕུན་སུམ་ཚོགས་པ། དྲི་བཟང་ངད་པ་ཐུལ་བ་སོགས་ཐུན་མོང་གི་རྟགས་མཚན་སོགས་ནི་དཔག་ཏུ་མེད། སྐབས་དེར་གསང་བ་རྨད་དུ་བྱུང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་གྱུར། སྲིང་མོ་ཆེན་མོ་ལ་ཡང་ཌཱཀྐི་པདྨ་འབུམ་སྡེར་བརྫུས་ཤིང་བར་སྣང་ལ་སྐྱིལ་ཀྲུང་གིས་བཞུགས་པ་དང་། ཕཊཿསྒྲ་དྲག་པོའི་རྐྱེན་གྱིས་གནས་སྤར་ཞིང་བེམ་པོར་གྱུར་པ་དང་།
སླར་ཡང་རྣམ་ཤེས་བཀུག་ནས་བེམ་པོར་འཛུད་པ་སོགས་ངོ་མཚར་བའི་རྫུ་འཕྲུལ་དཔག་ཏུ་མེད་པ་མཛད་ཅིང་། ཞག་བདུན་ཕྲག་གི་བར་དུ་འཚོ་བའི་ཟས་ལ་ལོངས་སུ་མི་སྤྱོད་ཅིང་། གཉིད་སྤངས་ནས་ཉིན་མཚན་ཀུན་ཏུ་ཉམས་མགུར་དང་། མཁའ་འགྲོའི་བརྡ་སྐད་སྣ་ཚོགས་བསྒྲགས་ནས་མཁའ་འགྲོ་འདུ་བའི་ཐབས་ལ་འབད་པར་གདའ། དེ་ནས་ཞག་བདུན་གྱི་རྟེན་འབྲེལ་ཆེན་མོ་མཐའ་ལེགས་པར་རྫོགས་ཞེས་གསུངས་སོ། །གོང་དུ་སྨོས་པའི་སྐྱབས་མགོན་གྱི་ཆོས་འཁོར་བསྐོར་བའི་གནས་དེ་རང་རྣམ་ལས་གསལ་ཁ་མ་བྱུང་མོད། འོན་ཀྱང་ཆོས་འཁོར་སོགས་ཀྱི་བྱ་བ་རྣམས་མཇུག་རྫོགས་ནས་མགོ་ལོག་དང་གཙང་སྟོད་སྨད་སོགས་སུ་བྱོན་འདུག །དེ་ནས་ཕྱིར་རྒྱལ་རོང་ཕྱོགས་སུ་ཕེབས། དགུན་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་མདུན་ཕྱོགས་ཀྱི་རི་རྒྱུད་འབྲོང་རྫོང་ས་ཝ་ཧའི་རི་ཁྲོད་ལ་བཞུགས། གནས་དེར་མཚོ་རྒྱལ་གྱི་སྤྲུལ་པ་སྲས་མོ་མཁའ་དབྱིངས་སྒྲོལ་མའང་དགུན་དེར་འཁྲུངས། འབྲོང་རྫོང་ས་ཝ་ཧའི་རི་ཁྲོད་ནི་སྐྱབས་མགོན་དང་ཌཱཀྐི་གཉིས་ཀྱི་གདན་ས་གཙོ་བོ་ཞིག་ཡིན་པས། ཆོས་འཁོར་བསྐོར་བའི་གནས་དེ་འབྲོང་རྫོང་ས་ཝ་ཧའི་རི་ཁྲོད་དེ་ཡིན་པ་འདྲའོ། །དེང་སྐབས་ཀྱང་སྐྱབས་མགོན་དང་ཌཱཀྐི་མ་གཉིས་ཀྱི་མཚམས་ཁང་གི་ཤུལ་གསལ་པོར་བཞུགས། མ་ཟད་ཌཱཀྐི་མའི་མཚམས་ཁང་ཡིན་པ་འདྲ་བ་ཞིག་ཨ་མདོ་རེབ་གོང་གི་སྔགས་པ་ཞིག་གིས་ཞིག་གསོ་བྱས་འདུག་གོ །
དགུང་ལོ་ཉེར་གསུམ་པ་ཤིང་སྤྲེལ་ལོ་སྤྱི་ལོ་༡༨༢༤ལོར་ཌཱཀྐི་མ་དང་སྐྱབས་མགོན་འཁོར་བཅས་འབྲོང་རྫོང་སར་ཝ་ཧའི་རི་ཁྲོད་ནས་འཛམ་ཐང་འཛི་དཀའ་བར་མཉམ་དུ་ཕེབས། དེ་ནས་ཌཱཀྐི་མ་འཁོར་བཅས་མགོ་ལོག་རྡོ་རྫོང་རི་ཁྲོད་དུ་ཕེབས་ནས་བཞུགས། སྐྱབས་མགོན་འཁོར་བཅས་ཡར་ཀླུང་པདྨ་བཀོད་བརྒྱུད་དེ། སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྟེང་དང་། རྫ་ཆུ་ཁའི་ཕྱོགས་སུ་ཕེབས། དེ་ནས་ཕྱིར་རྡོ་རྫོང་རི་ཁྲོད་དུ་ཕེབས་སོ། །ལོ་དེར་ཌཱཀྐི་མ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དངོས་སུ་བབས་ཏེ། ལུང་བསྟན་དང་རྟེན་འབྲེལ་གྱི་ཆོས་མང་དུ་གསུངས་ཤིང་། འཁོར་སློབ་ཀུན་གྱིས་ཉིན་མཚན་མེད་པར་རྟེན་འབྲེལ་གྱི་ཆོས་ལ་འབད་པ་བྱས་པས་སྐྱབས་མགོན་གྱི་སྐུ་གེགས་ཀྱང་བཟློགས། ལོ་དེར་སྐྱབས་མགོན་དང་ཌཱཀྐི་མ་འཁོར་བཅས་འབྲོང་རྫོང་རི་ཁྲོད་ནས་མཚམས་སྒྲུབ་དང་བསྟན་འགྲོའི་དོན་མཛད་དེ་རེ་ཞིག་བཞུགས། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༦༩ན་སྐྱབས་རྗེའི་དབོན་འཇིགས་བྱང་སྡེ་དགེའི་ཆེད་གཏད་ཀྱིས་ང་རང་འབོད་པ་བཏང་བ་ཡང་སླེབས། ངེད་ཅག་འཁོར་བཅས་ཀུན་སར་ཝཱ་ཧ་ནས་ཐེགས་ཤིང་། ཡུལ་བཞིར་སླེབས་དུས་ཕ་རྒན་ཡང་ཐུགས་རྗེ་ཆེན་པོར་མཇལ་འདོད་ཀྱིས་བྱུང་བར། ཕྱག་མཇལ་གྲུབ་ནས་ཡར་འཁོར་འཕྲལ། ལམ་དུ་ཞུགས་ཤིང་འཛི་དཀའ་མདའ་ནས་ཕ་མ་སྲིང་མོ་རྣམས་མགོ་ལོག་ཏུ་སོང་ཞིང་། ང་རང་སྡེ་དགེའི་ཕྱོགས་སུ་ཐེགས་ཤིང་སོ་སོར་གྱེས། ཞེས་པ་དང་། དེ་ནས་ལྡེབ་༡༧༣ན་མགོ་ལོག་ཏུ་སླེབས། རྡོ་རྫོང་དུ་བསྙེན་སྒྲུབ་ཕྲན་བུ་དང་། སྲིང་མོ་ཆེན་མོ་ཡེ་ཤེས་ཀྱི་ཌཱཀྐི་མ་རྣམས་མངོན་སུམ་དུ་བརྫུས་ནས་རྟེན་འབྲེལ་གྱི་ཐབས་དུ་མས་ལུང་བསྟན་ཞིང་བསྒོ་བར་མཛད་ནས། ཉེ་བར་གནས་པ་རྣམས་ཉིན་མཚན་གཡེལ་བ་མེད་པར་སྙིང་སྟོབས་དྲག་པོ་བསྐྱེད་ཅིང་། ལོ་དེའི་ཚེའི་ཀེག་ཆེན་བཟློག་ཅེས་གསུངས་སོ། །
དགུང་ལོ་ཉེར་བཞི་པ་ཤིང་བྱ་སྤྱི་ལོ་༡༨༢༥ལོར་ཌཱཀྐི་མ་དང་སྐྱབས་མགོན་འཁོར་བཅས་རྡོ་རྫོང་རི་ཁྲོད་ནས་མགོ་ལོག་གི་ཡུལ་པདྨ་རི་མཐོར་ཕེབས། གནས་དེར་ཡུན་ཙམ་བཞུགས། སྐབས་དེར་གླིང་ལྷ་རྣམས་ཀྱིས་བསུ་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། མ་ཅིག་གྲུབ་པའི་རྒྱལ་མོས་དངོས་སུ་ཚེ་དབང་གནང་བ་དང་། ཌཱཀྐི་མ་ལ་མཁའ་འགྲོ་མ་རྒོད་ལྕམ་དཀར་མོ་བབས་ཏེ་ཚེའི་བཅུད་ཉམས་པ་ཀུན་གསོ་བར་མཛད། གླིང་གེ་སེར་གྱི་བསྒྲུབ་ཁང་སོགས་ནས་སྒྲུབ་པར་གནས་ནས་རེ་ཞིག་བཞུགས་སོ། །དེ་ནས་སྐྱབས་མགོན་དང་ཌཱཀྐི་མ་འཁོར་བཅས་ཕྱིར་རྡོ་རྫོང་རི་ཁྲོད་དུ་ཕེབས་ཏེ་བཞུགས་སོ། །དེ་ནས་སྐྱབས་མགོན་དང་ཌཱཀྐི་མ་འཁོར་བཅས་རྡོ་རྫོང་རི་ཁྲོད་ནས་རིམ་བཞིན་འཛི་དཀའ་བརྒྱུད་དེ་ཡུལ་བཞི་དང་། ཐུགས་རྗེ་ཆེན་པོ། འབྲོང་རྫོང་སར་ཝཱ་ཧའི་རི་ཁྲོད་སོགས་སུ་ཕེབས་ནས་བསྟན་འགྲོའི་དོན་མཛད་དེ་གནས་སྐབས་བཞུགས་སོ། །དེ་ནས་ཌཱཀྐི་མ་འབྲོང་རྫོང་སར་ཝ་ཧའི་རི་ཁྲོད་ནས་ཕྱིར་མགོ་ལོག་རྡོ་རྫོང་རི་ཁྲོད་དུ་ཕེབས། སྐྱབས་མགོན་རྒྱལ་རོང་ཕྱོགས་ནས་བསྟན་འགྲོའི་དོན་མཛད་དེ་རེ་ཞིག་བཞུགས། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༧༤ན་དེ་ནས་ཌཱཀྐིའི་ལུང་བསྟན་ལྟར་བྱ་ལོ་ཟླ་བ་དང་པོར། རྨ་ཡུལ་པདྨ་རི་མཐོར་ངེད་ཅག་མིང་སྲིང་གྲྭ་འཁོར་བཞི་ཙམ་བཅས་སོང་། གླིང་ལྷ་རྣམས་ཀྱིས་བསུ་བ་དང་ངོ་མཚར་བའི་ལྟས་བཟང་སྣ་ཚོགས་ཀྱང་བྱུང་། པདྨ་རྒྱལ་པོའི་འཕྲིན་ལས་ཀྱི་སྤྲུལ་པ་གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་བསྒྲུབ་གནས་སེང་ལུའི་སྒོམ་ཁང་ཁྲ་མོ་ཞེས་པའང་རྙེད། དེར་ཞག་བདུན་ཙམ་བསྡད། མ་ཅིག་གྲུབ་པའི་རྒྱལ་མོ་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ནས་ཚེ་དབང་བསྐུར་ནས་སྲིང་མོ་རྒོད་ལྕམ་དཀར་མོ་ཕེབས་ཤིང་ཚེ་བཅུད་གསོས། གླིང་གི་བླ་ཟོག་དང་ཕ་ཆོས་སོགས་ཀྱི་གཏེར་རྣམས་བསྟན་ཀྱང་།
ས་གཏེར་ནི་སླར་ཡང་འཛམ་གླིང་ས་བཅུད་དུ་གཏེར་བདག་རྣམས་ལ་གཉེར་ཁ་དམ་པར་བྱས། ཟོ་དོར་དགྲ་བླ་ཀུན་ལ་མངལ་གསོལ་དབུགས་དབྱུང་གཟེངས་བསྟོད་སོགས་བྱས་ཤིང་། རྟེན་འབྲེལ་གྱི་འཕྲོ་ཅན་གྱིས་ཕྱིར་ལོག། དེར་རྫ་ཆུ་ཁ་ནས་གྲྭ་པ་སྒར་གཞི་སོགས་ཀྱང་སླེབས། རེ་ཞིག་ངེད་ཅག་མིང་སྲིང་གཙོས་སྒར་གཞི་ཀུན་ཐེགས་ཤིང་། འཛི་དཀའ་ནས་བརྒྱུད་ཡུལ་བཞིར་སླེབས། དེར་བླ་མ་པདྨ་སེང་གེའི་རེ་འདོད་བསྐང་ཕྱིར་རེ་ཞིག་འོམ་འགོར་བསྡད། ཀློང་སྙིང་དབང་ལུང་ཙམ་བྱས། ཉམས་པ་ཅན་ཁ་ཤས་བྱུང་བ་དང་སྨོན་ལམ་ལོག་པའི་རིགས་ངན་མོ་དག་གི་རྐྱེན་གྱིས་མྱུ་གུ་སད་ཀྱིས་ཁྱེར་བ་ལྟར་རྟེན་འབྲེལ་རེ་ཞིག་མོག་པོར་གྱུར། དེར་ཕུན་ཚོགས་རྫོང་ནས་བསུ་བ་སླེབས་པ་ལྟར་ཐེགས་ཤིང་། ཐུགས་རྗེ་ཆེན་པོར་ཕྱག་མཇལ་ཙམ་བྱས་ནས་འབྲོང་རྫོང་སར་ཝཱ་ཧར་སླེབས་ཚེ། སོ་སོར་གྱེས་ནས་སྲིང་མོ་མགོ་ལོག་ཏུ་བྱོན། ང་རང་ཕུན་ཚོགས་རྫོང་དུ་སོང་ཞེས་གསུངས་སོ། །དགུང་ལོ་ཉེར་ལྔ་པ་མེ་ཁྱི་སྤྱི་ལོ་༡༨༢༦ལོར་ཌཱཀྐི་མ་རྡོ་རྫོང་རི་ཁྲོད་ནས་བསྟན་འགྲོའི་དོན་མཛད་དེ་བཞུགས། ལོ་དེར་སྐྱབས་མགོན་རིན་་པོ་ཆེ་རྒྱལ་རོང་གི་ཡུལ་འབྲོང་རྫོང་སར་ཝཱ་ཧའི་རི་ཁྲོད་ནས་མགོ་ལོག་ཏུ་བྱོན་སྐབས་ཌཱཀྐི་མ་དང་ཞལ་འཛོམས། དེ་ནས་སྐྱབས་མགོན་ཕྱིར་བྱོན་སྐབས་ཌཱཀྐི་མ་ཡང་སྐྱབས་མགོན་དང་ལྷན་དུ་འབྲོང་རྫོང་སར་ཝཱ་ཧའི་རི་ཁྲོད་དུ་ཕེབས། གནས་དེར་རེ་ཞིག་བཞུགས། དེ་ནས་ཌཱཀྐི་མ་ཕྱིར་རྡོ་རྫོང་རི་ཁྲོད་དུ་བྱོན་ནས་བཞུགས་ཏེ། སྐྱབས་མགོན་གྱི་རང་རྣམ་མཁའ་འགྲོའི་ཞལ་ལུང་ལྡེབ་༡༧༥ན་སྐབས་ཤིག་མགོ་ལོག་ཏུ་སྐོར་ཙམ་ཕྱིན། སྲིང་མོ་ཡང་འབྲོང་རྫོང་དུ་སྐོར་ཙམ་བྱོན་ནས་ཡར་ཐེགས། ང་རང་སོ་མང་དུ་ལན་གཅིག་ཕྱིན། ཨ་བ་ཏོ་ཏ་རོ་སྟག་སྐྱབས་དང་། ནག་ཉོ་བླ་མ་བཟོད་པ་སོགས་དོན་གཉེར་འགའ་ལ་ཀློང་སྙིང་དབང་ལུང་བྱས། རྒྱལ་པོ་ལ་ཡང་མཇལ་འཕྲད་ཆོས་འབྲེལ་ཙམ་གྱིས་ཐོག་ཕྱིར་ལྡོག་འབྲོང་རྫོང་སར་ཝཱ་ཧའི་རི་ཁྲོད་ཅེས་གསུངས་སོ། །
རིག་འཛིན་ཀུན་གྲོལ་ཧཱུྃཿཆེན་སྲས་མོ་མཁའ་སྤྱོད་དབང་མོས་རོང་བཙན་ཁ་བ་དཀར་པོ་ནས་གཏེར་སྦྲམ་དྲངས་པ་བཅས་ཀྱི་རྣམ་བཤད། མཛད་པ་པོ་གཡུང་དྲུང་སེངྒེ།
༄༅། །རིག་འཛིན་ཀུན་གྲོལ་ཧཱུྃཿཆེན་སྲས་མོ་མཁའ་སྤྱོད་དབང་མོས་རོང་བཙན་ཁ་བ་དཀར་པོ་ནས་གཏེར་སྦྲམ་དྲངས་པ་བཅས་ཀྱི་རྣམ་བཤད་མདོ་ཙམ་བཞུགས།
རིག་འཛིན་ཀུན་གྲོལ་ཧཱུྃ་ཆེན་སྲས་མོ་མཁའ་སྤྱོད་དབང་མོས་རོང་བཙན་ཁ་བ་དཀར་པོ་ནས་གཏེར་སྦྲམ་དྲངས་པ་བཅས་ཀྱི་རྣམ་བཤད་མདོ་ཙམ་མོ། །ཀུན་གྲོལ་ཧཱུྃ་ཆེན་གླིང་པའི་སྲས་མོ་མཁའ་སྤྱོད་དབང་མོས་རོང་བཙན་ཁ་བ་དཀར་པོ་ནས་གཏེར་སྦྲམ་དྲངས་ཚུལ་གྱི་རྣམ་བཤད། ཧཱུྃཿཆེན་གཏེར་ཡུམ་བདེ་ཆེན་མཚོ་མོའི་ལུས་ལ་བྱིས་པ་ཞིག་ཆགས་སྐབས་སུ། ཧཱུྃཿཆེན་གླིང་པའི་ཉག་གཏེར་གསང་སྔགས་གླིང་པའི་གསང་ཡུམ་དབང་མོ་ཡིན། མཚན་ལ་མཁའ་སྤྱོད་དབང་མོ་བཏགས་གསུངས་སོ། །
དེ་རྗེས་ལོ་བཅུ་དྲུག་ལྷག་གི་ནང་མ་ཐད་འགྲོ་འདུལ་ཞེས་པ་དེ་ཧཱུྃཿཆེན་མཇལ་སར་འོངས་ནས་ལོ་ཤས་སྡོད་ཕྱིར་མཁའ་སྤྱོད་དང་ཕན་ཚུན་དགའ་སར་གྱུར་སོང་། དེ་རྗེས་མཁའ་སྤྱོད་ལ་སྐབས་འགར་སྨྱོ་བའི་ནད་ཕོག་སྟེ་སེམས་བརྟན་པ་མེད་པ་རེད་སོང་། ཧཱུྃཿཆེན་གྱིས་ནད་དེ་རྟེན་འབྲེལ་གསང་དམ་འཁྲུགས་པའི་རྐྱེན་རེད་གསུངས། རབ་ན་ལས་དབང་གཏེར་སྟོན་ཡབ་ཡུམ་རྟེན་འབྲེལ་འགྲིགས་ན་བསྟན་འགྲོར་ཕན་བདེ་འབྱུང་ལ་སྙུན་ནད་ཀྱང་དྭངས། མཐའ་ན་གནས་སྐྱབས་རི་སྐོར་སོང་ན་གནས་སྐབས་འཚོ་ཙམ་འདྲ་གསུངས། དེར་བརྟེན་ཡར་གླིང་ཁང་དམར་བཀྲ་ཤིས་དཔལ་མོ་ཞབས་རོགས་ཁྲིད་དེ་རྫ་ཁོག་སྟོད་སྨད་མི་གྲངས་སུམ་ཅུ་ལྷག་རོང་བཙན་ཁ་བ་དཀར་པོ་གནས་སྐོར་སོང་། གནས་འཁོར་ཉིན་ལ། གནས་མདུན་ཉིན་གཅིག་ངལ་གསོ་བའི་དུས་སུ་མཁའ་སྤྱོད་སེམས་ལ་དུས་རྟག་ཏུ་ཕ་མ་གཉིས་ཀྱིས་ང་ལ་གསང་གླིང་ཡང་སྲིད་དང་འཕྲད། དགོས་པའི་གནས་བབས་གསུངས་པ་དྲན་སྐབས་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་སར་འགྲོ་འདོད་ཀྱི་སེམས་སྐྱེས་པ་དང་མཉམ་དུ་རང་ལུས་སྔར་དང་མ་འདྲ་བར་ཡངས་ཤིང་རྐང་པས་གོམ་པ་སྤོས་པ་ཤོར་ཤོར་གྲགས་ཏེ་མིག་ལམ་གྱི་རི་ལུང་ནགས་ཚལ་བཅས་ཁྲ་ལིང་ལིང་རླུང་སིལ་སིལ་གྱིས་འཕུར་བ་ནང་བཞིན་སྔོན་གནས་རྗེས་དྲན་ཤང་ལངས་བྲག་དཀར་མཇལ་བ་དང་དབལ་ཁྱུང་དགོན་འགྲམ་ལ་སླེབས་སོང་། རྒན་མོ་ཨ་སྔོ་ཟེར་བ་དང་ཐུག་སྐབས་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་བཞུགས་མིན་དྲིས་དུས། བུ་མོ་ཁྱོད་སྐད་ལུགས་ས་འདིའི་མི་མ་རེད། རང་ཡུལ་གང་གི་ཡིན། ད་ས་རུབ་གྲབས་རེད། དོ་ནུབ་ང་སར་སྡོད་ན་འཆི་མེད་རིག་འཛིན་སྐུ་གསུམ་དྲག་ཕུར་མཚམས་ལ་བཞུགས་ཡོད་ཟེར། ང་གླིང་ཚང་རྫ་ཁོག་གི་མི་ཡིན་རྗེས་སུ་ཐུག་འོང་བྱས་ནས་བླ་བྲང་ཕྱོགས་སུ་སོང་སྐབས་མུན་རུབ་གྲབས་འདུག །བླ་བྲང་ཁང་ཐོག་ནས་འཆི་མེད་རིག་འཛིན་ནས་དབང་མོ་ཕེབས་པར་དཀའ་སོང་ད་ཡར་ཤོག་དང་ང་སྐས་ཁ་བསུ་སར་འོང་གསུངས། སྒོ་འགྲམ་བཏགས་པའི་ཁྱིས་རྔ་མ་གཡུག་གཡུག་བྱེད་འདུག །གཟིམ་ཁང་དུ་སླེབས་རྗེས་ངའི་སེམས་ལ་མི་གཞན་གྱིས་མ་མཐོང་ན་བསམ་འདུག །སྒོ་བརྒྱབ་པ་ཡིན། དེ་འཕྲལ་རྒན་གཡུང་དྲུང་རྒྱལ་མཚན་གྱིས་དགོང་ཟས་ཁྱེར་ནས་སྒོ་བརྡུང་དུས། ང་ནི་འགྲམ་དུ་ཁང་ཆུང་ཡོད་པ་དེའི་ནང་སོང་། རྒན་གཡུ་རྒྱལ་ནས་འདི་འདྲ་བྱ་རྒོད་ཐུལ་མ་མང་པོ་འཐོར་ཡོད་དོན་གང་རེད་དྲིས་སྐབས། འཆི་མེད་རིག་འཛིན་ནས་མཁའ་སྤྱོད་དབང་མོ་ཕེབས་བྱུང་གསུངས། རྒན་ནས་མཇལ་འདོད་ཡང་ཡང་ཞུས་པས་ང་དང་འཕྲད་སྐབས་རྒན་དགའ་བས་མིག་ཆུ་བཏང་ནས། ཨ་རེ་དགའ་ད་རྟེན་འབྲེལ་བཟང་སོང་བསམ་དོན་འགྲུབ་སོང་ཟེར། ཕྱི་ཉིན་རྒན་གཡུ་རྒྱལ་ཚེ་དབང་། ཤེས་རབ་དབང་ལྡན་བཅས་གྲྭ་ཁ་ཤས་དང་མཉམ་པོར་རིག་འཛིན་འདུས་པའི་ཚོགས་འཁོར་ཉིན་གསུམ་འབུལ་བ་ཡིན། ངའི་སེམས་ལ་མགྱོགས་པར་མ་སོང་ན་ཨ་ཇོ་རྣམས་ནས་ང་སྒུག་དཀའ་སོང་བསམ། སོང་ཚེ་སྔོན་ལྟར་མགྱོགས་པར་འགྲོ་ཨེ་ནུས་ཅི་ཤེས་བསམ་གྱི་འདུག །དེ་ཉིན་དགོང་ཡོལ་གྲབས་སྐབས་སུ་འཆི་མེད་རིག་འཛིན་ནས་ཐུགས་དགྱེས་པའི་ངང་ནས་དགོན་པའི་ཡར་འགྲམ་བར་བསྐྱལ་ནས་ཐོད་པ་ཐུག་ཐུག་གིས་སྨོན་ལམ་བཅས་གནང་རྗེས་ང་ཁོང་དང་བྱེ་ནས་ཕར་སོང་ནས་ངས་ལག་གཡས་བཀྱགས་ཏེ་ལེགས་བཞུགས་ཀྱི་བརྡ་བྱས་ཏེ་འགྲོ་སྐབས་སྔར་བཞིན་རླུང་ཤལ་ལ་ལ་ནུབ་མ་རུབ་ཙམ་དུ་གནས་ཆེན་ཁ་བ་དཀར་པོའི་གནས་མདུན་ཨ་ཇོ་ནང་ཚུགས་མ་རྒྱག་པར་སླེབས་སོང་། ཨ་ཇོ་ཚང་མས་ཟེར་དོན་ཁྱེད་གར་སོང་བ་ཡིན། ང་ཚོའི་མིང་བོས་ནས་ཉིན་གསུམ་ལྷག་ཏུ་ཉུལ་ཀྱང་རྙེད་མ་ཐུབ་ནས་ཅི་བྱ་བྲལ་སོང་། གལ་ཏེ་མ་རྙེད་ན་སྨོན་རྒྱལ་བླ་དགོན་དང་ཡར་གླིང་མར་གླིང་ཉེ་དཔོན་རྣམས་ལ་ཅི་བཤད་མཐའ་ཟད། ཨ་ཇོ་རྣམས་ཀྱི་རང་ཡུལ་འགྲོ་བ་སྤངས་པ་ལས་ཐབས་མེད་པ་རེད། ང་ཚོ་ཚང་མ་བདེ་འཛོམས་བྱུང་བའི་ཉིན་གཅིག་དགའ་སྡོད་བྱེད་རྗེས་རང་ཡུལ་ལ་འཁོར་ནས་འགྲོ་ཟེར་ནས་ཐག་བཅད་སོང་། ཕྱི་ཉིན་༡༩༥༥ལོ་བོད་ཤིང་ལུག་ཟླ་ཚེས་སྔ་མོར་མཁའ་སྤྱོད་དབང་མོ་གནས་ཆེན་ཁ་བ་དཀར་པོ་མདོ་སྨད་ཚ་བ་རོང་མཁའ་འགྲོ་འབུམ་རྫོང་གནས་མདུན་གྱི་བྲག་ངོས་སུ། འཆི་མེད་རྒྱལ་དབང་ཡབ་ཡུམ་སྲས་ཀྱིས་སྦས་པའི་བཀའ་བརྒྱད་སྒྲུབ་པ་དང་སྒྲུབ་སྡེ་གཞན་བཅས་བཅུ་གསུམ་གྱི་བརྡ་ཡིག་རྣམས་དང་སྐྱེ་བདུན་ཉེ་ལྔ་དང་གུ་རུ་ཡབ་ཡུམ་བྱང་སེམས་ས་སིནྡྷུ་ར་ཡིས་གང་པའི་རྡོ་སྒྲོམ་ནོར་བུ་དགའ་འཁྱིལ་དེ་གཏེར་བདག་ཞིང་སྐྱོང་གཉེར་གཏད་དུས་བབ་འདི། བསྟན་འགྲོ་རྒུད་མུན་སེལ་བའི་ལས་འཕྲོ་ཅན་གཏེར་དབང་གསང་གླིང་ཡབ་ཡུམ་རྟེན་འབྲེལ་ལས་དབང་འཕྲད་པས་གྲོགས་བཅས་ཀྱི་བསྐུལ་ཏེ་རྗེ་བཙུན་མཁའ་སྤྱོད་དབང་མོས་གཏེར་ནས་དྲངས་པའོ། །
དེ་སྐབས་མཁའ་སྤྱོད་ཀྱིས་གནས་མདུན་བྲག་ངོས་སུ་མཛུབ་མོ་འདི་འདྲ་འབྲི་བཞིན་པའི་སྐབས། བཀྲ་ཤིས་དཔལ་མོས་མཁའ་སྤྱོད་ཅེས་བོས་འཕྲལ་ཞབས་རྐང་བྲག་རྡོ་ནང་ནུབ་སྟེ་འཇིམ་པ་ནང་བརྫིས་བཞིན་ཞབས་རྗེས་བྱུང་བའོ། །བཀྲ་ཤིས་དཔལ་མོས་ཨ་ཇོ་རྣམས་ལ་བཤད་དེ་ཀུན་གྱིས་མཇལ་སྐབས་ངོ་མཚར་རྟོགས་པ་རེད། ཨ་ཇོ་ཚོ་གཅིག་གིས་དེའི་ནུབ་མཁའ་སྤྱོད་ལྷམ་ཁུར་ནས་ཞབས་རྗེས་དང་ཚད་སྐབས་སྔོན་ལྷག་གིས་ཚད་མེད་དད་པ་དང་དག་སྣང་མོས་གུས་བྱུང་བ་ཀུན་གྱི་ཁྲོད་དུ་གྲགས་སོ། །ཡར་གླིང་ཁང་དམར་བཀྲ་ཤིས་དཔལ་མོའི་རྟག་པར་མི་ཀུན་ལ་མཁའ་སྤྱོད་དབང་མོ་དང་མཉམ་དུ་གནས་ཁ་བ་དཀར་པོ་སྐོར་བ་འགྲོ་སྐབས་མཁའ་སྤྱོད་གསང་སྔགས་གླིང་པའི་ཡང་སྲིད་འཆི་མེད་རིག་འཛིན་སར་འཕུར་ནས་ཕེབས་སོང་བ་དང་། གནས་མདུན་གཏེར་དྲངས་སྐབས། བྱ་རྒོད་བབས་པ་གཞན་བྱ་རིགས་མི་གཅིག་པ་སྣ་ཚོགས་ཀྱིས་གཤོག་པས་ཐལ་མོ་སྦྱར་ཚུལ་ལ་སོགས་ཡ་མཚན་མང་པོ་མཐོང་མྱོང་ཞིང་ཐལ་མོ་སྦྱར་ནས་བཤད་པ་ཐོས་པ། རག་ཙམ་འདི་རྣམས་ཀུན་གྲོལ་བཀའ་གཏེར་པར་བསྐྲུན་འགན་འཁུར་པ་སྨོན་རྒྱལ་རྒན་གྲྭ་གཡུང་དྲུང་སེང་གེས་སྦྱར་བའོ། །
སྒྲོམ་བུའི་ཁ་བྱང་གོ་ཐོས་བྱུང་བ་ཁ་ཤས། མ་འོངས་བསྐལ་པའི་ཁུག་འདི་དུས་ཤིག་ན། །དྲན་པའི་གདུང་ལས་བྱིན་རླབས་རིགས་ཀྱི་ལྕམ། །རྟེན་འབྲེལ་རིགས་ཀྱི་ལྡེ་མིག་ཚེ་ཐག་འཛིན། །ཐབས་ཤེས་ཉི་ཟླ་འཁོར་ལོ་ཕྱོགས་བརྒྱར་མྱུར། །སུམ་ཅུ་སོ་བདུན་སྦས་པའི་གར་འཆམ་ལ། །རྟེན་འབྲེལ་མ་ལོག་དངོས་གྲུབ་སྒོ་བརྒྱར་འབྱེད། །རིགས་ཀྱི་མི་མོ་གཏེར་དབང་མཁའ་སྤྱོད་མ། །བཅས་སོགས། འགལ་བ་ཡོ་རིགས་རྩ་གསུམ་ཚོགས་ལ་བཤགས། །ཚེ་རབས་ཀུན་ཏུ་མཁའ་འགྲོའི་རྗེས་འཛིན་ཤོག །
ཀུན་གྲོལ་ཧཱུྃཿཆེན་གླིང་པའི་སྲས་མོ་ཌཱཀྐི་མཁའ་སྤྱོད་དབང་མོས་གཏེར་འདོན་ལོ་རྒྱུས་ངོ་མཚར་དགྱེས་པའི་གླུ་དབྱངས། མཛད་པ་པོ་ཧཱུྃ་སྲས།
༈ ཀུན་གྲོལ་ཧཱུྃཿཆེན་གླིང་པའི་སྲས་མོ་ཌཱཀྐི་མཁའ་སྤྱོད་དབང་མོས་གཏེར་འདོན་ལོ་རྒྱུས་ངོ་མཚར་དགྱེས་པའི་གླུ་དབྱངས་བཞུགས།
ཀུན་གྲོལ་ཧཱུྃཿཆེན་གླིང་པའི་གཏེར་ཡུམ་མཁའ་འགྲོ་བདེ་ཆེན་མཚོ་མོའི་སྐུ་ལ་ཕྲུ་གུ་ཆགས་དུས་ཡབ་ཧཱུྃཿཆེན་གླིང་པས་ཉག་གཏེར་གསང་སྔགས་གླིང་པའི་གསང་ཡུམ་མཁའ་འགྲོ་དབང་མོའི་ཡང་སྲིད་ཡིན་གསུངས། མཚན་ལ་མཁའ་སྤྱོད་དབང་མོ་ཞེས་བྲིས་ནས་མཚན་གསོལ་བར་མང་ཚོགས་ཀྱི་ཁྲོད་དུ་གྲགས་སོ། །རྗེ་བཙུན་མཁའ་སྤྱོད་དབང་མོས་ད་ང་མགྱོགས་པར་མ་སོང་ན་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་འཁྲུངས་བར་ཆེན་པོ་ཆགས་ཀྱི་འདུག་བཅས་བླ་གྲྭ་མང་ཚོགས་སྐྱ་སེར་ཁྲོད་དུ་གསུངས་སོ། །
༡༩༨༧ལོ་མེ་ཡོས་ཟླ་གསུམ་ཚེས་ཉེར་ལྔ་ཉིན་པདྨ་ཡེ་ཤེས་ལ་ང་འགྲོ་རན་འདུག་གསུངས་ནས་དབལ་ཁྱུང་དགོན་བླ་བྲང་ནང་བཞུགས་ཁང་གི་གདན་ཐོག་ཏུ་སྐུ་མལ་དྲང་པོ་བརྗིད་ཉམས་ཀྱི་བཞུགས་ཏེ་དགོངས་པ་མཁའ་དབྱིངས་སུ་གཏད་དེ་སྐུ་ཞི་བར་གཤེགས་ཤོར་སོང་། གཞན་རྣམས་ཡ་མཚན་གྱི་རྣམ་ཐར་འདིར་བཀོད་མེད་མཁའ་འགྲོ་འདས་ནས་ལོ་༢༠ལ་སླེབས་པའི་དུས་མཚམས་འདིར། བསྟན་འགྲོའི་དགོས་པར་དམིགས་ནས་མིང་པོ་ཀུན་གྲོལ་སྨོན་རྒྱལ་ལྷ་སྲས་མི་ཕམ་རྣམ་རྒྱལ་འབོད་པ་བདག་གིས་གསལ་པོ་ཤེས་པ་རྣམས་མདོ་ཙམ་བཀོད་པ་ལ། རྒྱལ་ཡུམ་ཤེས་རབ་བྱམས་མའི་ཟློས་གར་ཌཱཀྐི་མཚོ་བྱུང་དཀར་མོའི་རྣམ་རིག་གཏེར་ཆེན་གསང་སྔགས་གླིང་པའི་གཏེར་ཡུམ་མཁའ་འགྲོ་དབང་མོའི་རྗེས་གཟུངས་མཁའ་སྤྱོད་དབང་མོས་གཏེར་འདོན་ལོ་རྒྱུས་ངོ་མཚར་དགྱེས་པའི་གླུ་དབྱངས་བཤད་པ། ཨེ་མ་ཧོ། ཧྲིཿམ་དྷཱ་ཀི་པདྨ་ཀ་ར་ཧོ། །སྐྱེ་མེད་བདེ་ཆེན་དབྱིངས་ཀྱི་ཡུམ་ཆེན་མོ། །
འགག་མེད་འཕྲིན་ལས་ཡེ་ཤེས་མཚོ་རྒྱལ་མ། །སྣང་སྲིད་གཏེར་ཤར་རྗེ་བཙུན་མཁའ་སྤྱོད་མ། །གཞི་དངོས་རྩ་བྲལ་ལྷུན་གྲུབ་དབྱིངས་སུ་གསལ། །རྒྱལ་ཀུན་གསང་གསུམ་ཀུན་འདུས་པདྨ་འབྱུང་། །རྗེས་གཟུངས་བཀའ་ཡི་བསྡུ་པོ་མཚོ་རྒྱལ་མ། །དབྱེར་མེད་དཔལ་མགོན་དྲིན་ཆེན་མཁའ་འགྲོ་མ། །སྙིང་ནས་མི་ཕྱེད་དད་པས་ཕྱག་བགྱིའོ། །རྒྱལ་ཀུན་འགྲོ་ལ་ཐུགས་རྗེ་རྗེས་ཆགས་ནས། །སྣོད་བཅུད་གཏེར་དང་དེ་སྤྱོད་གཏེར་འདོན་གྱིས། །ཕན་བདེ་དགེ་ལེགས་སྤེལ་བའི་ཐུགས་སྨོན་རྣམས། །དུས་སུ་སྨིན་པ་རྒྱལ་བའི་མཛད་སྤྱོད་ལགས། །ཐུགས་བསྐྱེད་རྨད་བྱུང་པདྨའི་ཞལ་ནས་ཀྱང་། །ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ཞེས། །ལས་སྨོན་དུས་སུ་སྨིན་ནས་བསྟན་འགྲོའི་དོན། །འགྲུབ་ཆེད་སྨོན་ལམ་དང་བཅས་གཏེར་འདོན་ལས། །རང་ཉིད་ཆེ་འདོད་གྲགས་འདོད་རྙེད་བཀུར་སོགས། །ཐོབ་ཕྱིར་མ་ཡིན་ཐ་ཚིག་དུས་བབས་ལགས། །དེ་ཉིད་མཁྱེན་སྤྱན་ལྡན་པའི་ཐུགས་མངའ་ཡང་། །རྟོག་གེ་ཕྱོགས་རིས་ཅན་ཚོས་དེ་མི་མཐོང་། །ལོག་ལྟ་སྨྲ་འབེབ་གཤེ་སྐུར་ཅི་བྱ་ཡང་། །འོན་ཀྱང་དག་དང་མ་དག་ལས་ཀྱི་ཆེད། །མཐོ་སྣང་སྣ་ཚོགས་འགོག་ཏུ་མི་ནུས་ཀྱང་། །བདེན་དོན་གླེང་བབ་རེ་དོགས་མེད་པར་བརྗོད། །ཉན་པར་འདོད་ལ་དགྱེས་པའི་གླུ་དབྱངས་སྙན། །མི་འདོད་པ་ལ་ངག་འཆལ་ཙམ་དུ་ཟད། །གང་ལྟར་རྟོགས་པ་དེ་ལྟར་སྣང་བ་གྱིས། །ལས་འཕྲོ་ཅན་རྣམས་རྣ་དབང་རོལ་བར་མཛོད། །མི་འདོད་མ་དག་རྟོག་ཚོགས་དབྱིངས་སུ་བཤགས། །དགོས་ཡོད་ཕན་རིགས་དགེ་བས་ཞིང་དུ་བསྔོ། །དད་དང་མོས་གུས་སེམས་ཀྱི་རྒྱུ་ཁྲོད་ནས། །གཏེར་འདོན་རྣམ་ཐར་གང་ཤེས་འདི་ན་བརྗོད། །
དེ་ཡང་གནས་ཆེན་ཕྱུག་མོ་དཔལ་རི་ནས་བྱུང་བའི་ཁ་བྱང་ལས། རིག་ལྡན་མཁའ་སྤྱོད་གཏེར་ལ་དབང་། །སྐྱེས་བུ་ཉེར་ལྔའི་སྐུ་ཚེ་བསྲིང་། །ཞེས་པ་ལྟར་༡ལོ་དགུ་ཡི་དུས། སྨོན་རྒྱལ་ཤར་འཛོའི་སྒོ་དར་ནས་རང་བྱུང་རྡོ་དཀར་ནག་ལས་གྲུབ་པའི་ལྷམ་ཆ་གཅིག་རྙེད། ༢དགེ་རྩེ་འབྲུག་རྒྱལ་རྫ་རི་ནས། །དྲང་སྲོང་གཟའ་མཆོག་ཆེན་པོའི་དབུ། །ཞལ་དགུ་བྱ་རོག་གདོང་ཅན་རྙེད། །༣གནས་རི་བཀྲ་ཤིས་ཆོས་ཐང་ནས། །སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་ཞིག་རྙེད། །༤རང་ལོ་༧གཟེ་དེང་གནས་འདབས་གསེར་ལུང་སྟེང་ནས་རྡོ་སྒྲོམ་བྃཿཡིག་ཅན་རང་བྱོན་ཅན་ཞིག་ཡོད་པ་གཅིག་བླངས། ༥མཁའ་སྤྱོད་དབང་མོར་སྲོག་རླུང་འཁྲུགས་པས་སྨྱོ་ནད་དྭངས་ཐབས་མེད་པ་ཞིག་ཕོག་སྐབས།
ཡབ་ཧཱུྃཿཆེན་གླིང་པས་གསུངས། རྟེན་འབྲེལ་གསང་དམ་འཁྲུགས་པས་ནད་འདིར། སྨོན་ལམ་ཐབས་ཤེས་རྟེན་འབྲེལ་འགྲིགས་ན་ནད་དྭངས་འོང་། དེ་མིན་གནས་སྤང་གནས་སྐྱབས་རེ་བྱས་ན་ཕྲན་བུ་ཕན་ན་མ་གཏོགས་གཞན་ཕན་ཐབས་མེད་གསུངས་པ་བརྟེན། རྫ་ཁོག་སྟོད་སྨད་ནས་རོང་བཙན་ཁ་བ་དཀར་པོ་གནས་སྐོར་འགྲོ་མཁན་ཕོ་མོ་༣༠ལྷག་དང་མཉམ་དུ་མས་མངགས་ཏེ་ཞབས་རོགས་པ་ཡར་གླིང་ཁང་དམར་བཀྲ་ཤིས་དཔལ་མོ་བཏང་ནས་གནས་སྐོར་དུ་ཕེབས་སོང་། རང་ལོ་༢༠ཐོག་ཏུ་བོད་ཤིང་ལུག་ལོར་༥༥ལོ་གནས་ཁ་བ་དཀར་པོའི་གནས་མདུན་ནས་རྫུ་འཕྲུལ་གྱིས་ཉག་རོང་ཤང་ལངས་ཤེལ་བྲག་ཉག་གཏེར་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་སྐུ་མདུན་འཕུར་ཕྱིན་བྱས་ནས་དབལ་ཁྱུང་དགོན་གྱི་བླ་གྲྭ་བདུན་ཙམ་དང་མཉམ་པོར་རིག་འཛིན་འདུས་པའི་ཚོགས་འཁོར་ཉིན་གསུམ་ཕུལ་རྗེས་སླར་ཡང་ཨ་ཇོ་རྣམས་ཁ་བ་དཀར་པོའི་གནས་མདུན་ལ་ཚུགས་མར་བརྒྱབ་ནས་སྒུག་སར་ཕེབས་པའི་གནས་ཚུལ་སྐོར་བཅས་ཡར་གླིང་ཁང་དམར་བཀྲ་ཤིས་དཔལ་མོས་རྟག་པར་བཤད་པ་ཚོ་གཅིག་ཟུར་དུ་བཀོད་ཡོད་པའི་འདིར་བྲིས་མེད། གནས་མཆོག་ཁ་བ་དཀར་པོ་མདོ་སྨད་ཚ་བ་རོང་གི་མཁའ་འགྲོ་འབུམ་རྫོང་གི་གནས་མདུན་བྲག་ངོས་སུ། འཆི་མེད་རྒྱལ་དབང་ཡབ་ཡུམ་སྲས་ཀྱིས་སྦས་པའི་རྡོ་སྦྲམ་སོར་བཞི་པ་ནོར་བུ་དགའ་འཁྱིལ་དེ་གཏེར་བདག་ཞིང་སྐྱོང་གིས་གཉེར་གཏད། དུས་ལ་བབ་པ་ནི་བསྟན་འགྲོ་རྒུད་མུན་སེལ་བའི་ལས་འཕྲོ་ཅན་གཏེར་དབང་གསང་གླིང་ཡབ་ཡུམ་གྱི་རྟེན་འབྲེལ་ལས་དབང་འཕྲད་པས་གྲོགས་ཀྱིས་བསྐུལ་ཏེ་གཏེར་ནས་དྲངས་པའོ། །གཏེར་འདི་བཞེས་སྐབས་བྱ་རིགས་མི་གཅིག་པ་སྣ་ཚོགས་ཀྱིས་གཤོག་པས་ཐལ་མོ་སྦྱར་བྱ་བ་དང་སྐད་རིགས་ཨེ་མ་ཧོ་ཞེས་སྒྲོག་པ། ནམ་མཁའ་ལ་འཇའ་ཚོན་སྣ་ཚོགས་བཀྲ་བ། བར་སྣང་ནས་གཏེར་སྨྲ་བཅུ་གསུམ་ཙམ་གྲགས་པ།
གཏེར་གནས་ལ་རྒོད་སྤུ་མི་འདྲ་བ་འབབ་པ་བཅས་ཡ་མཚན་གྱི་རྟགས་གྲངས་མང་བྱུང་སྐབས་མཁའ་སྤྱོད་དབང་མོས་ཕྱག་མཛུབ་ཀྱིས་བྲག་ལ་ ༜ འདི་འདྲ་བྲིས་སོང་། མཁའ་འགྲོའི་ཞབས་རྐང་བྲག་རྡོ་ནང་ནུབ་སྟེ་འཇིམ་པ་བརྫིས་བཞིན་ཞབས་རྗེས་བྱུང་བ་སོགས་བཀྲ་ཤིས་དཔལ་མོའི་ཆ་ཚང་མཇལ་སོང་། ཨ་ཇོ་རྣམས་ནས་མཁའ་སྤྱོད་དབང་མོ་གློ་བུར་ཞག་གསུམ་མེད་པ་དང་ཞབས་རྗེས་བཞག་པ་སོགས་ཡ་མཚན་གྱི་རྟགས་སྣ་ཚོགས་མཐོང་བས་ཨ་ཇོ་ཚང་མས་ངོ་མཚར་ཆེ་བ་རྟོགས་ཏེ་ཕྱག་དང་དད་པ་དག་སྣང་མོས་གུས་བྱུང་བ་བཅས་ཀྱི་རྣམ་པ་དམངས་ཁྲོད་དུ་གྲགས་སོང་། རྡོ་སྒྲོམ་ནང་དུ་སྟོན་པ་སངས་རྒྱས་ཀྱི་འཕེལ་གདུང་དང་སྐྱེ་བདུན་ཉེར་ལྔའི་རིང་བསྲེལ། གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། བཀའ་བརྒྱད་བཅས་སྒྲུབ་སྡེ་བཅུ་གསུམ་དང་བཻ་རོའི་སྒྲུབ་སྐོར་སོགས་ཀྱི་ཤོག་སེར་སོར་བཞི་པ་མདའ་ཚད་ཅན་ས་སིནྡྷུ་ར་ཡི་གང་བ་བཅས་བཞུགས། རིག་གནས་གསར་རྗེའི་སྐབས་མཚོ་ཕུ་རྡོ་ལོས་ཤོག་སེར་ཉག་ཆབ་བྲིས་ཀྱང་ཁང་ལ་སྦས་པས་རྗེས་ཕྱག་འབྱོར་མ་བྱུང་ནས་བརླག་ཤོར་སོང་། ༦སྤྱི་ལོ་༡༩༥༡རང་ལོ་༢༡ལོ་བོད་མེ་བྱི་ལོར། འཆི་མེད་རྒྱལ་བ་ཡབ་སྲས་ཀྱི་སྨོན་ལམ་ཟབ་མོའི་དབང་གིས་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་མཐུ་སྟོབས་རྣམ་རྒྱལ་དང་ཌཱཀྐི་མཁའ་སྤྱོད་དབང་མོ་རྣམ་གཉིས་སྨོན་ལམ་གྱིས་དུས་གཅིག་ཏུ་འཛོམས་སྐབས། གནས་མཆོག་ཤེལ་བྲག་གསང་བའི་རྗེས་ལ་ཞབས་སྐོར་ཕེབས་དུས་རྒན་གཡུང་དྲུང་རྒྱལ་མཚན་དང་ལུང་མཁར་གཤིས་བླ་མ་རྙིང་མ་པ་པདྨ་རྣམ་རྒྱལ་དང་། ལུང་རྒྱལ་ཚང་ཚེ་དབང་དང་གཡུང་དྲུང་རྡོ་རྗེ། གཡུང་དྲུང་ཚུལ་ཁྲིམས་བཅས་ལྷན་དུ་གནས་མདུན་ཤར་རྡོ་རྗེ་ཆོས་གླིང་ལ་སླེབས་སྐབས་ཧཱུྃཿཆེན་གླིང་པའི་བླ་སྒྲུབ་ཚོགས་འཁོར་བསྐོར་དུས་ནམ་མཁའ་ལ་འཇའ་ཚོན་སྣ་ལྔ་ཤར་བ་གཏེར་བརྡ་སྒྲོགས་པ་བཅས་ཡ་མཚན་གྱི་རྟགས་མང་པོ་བྱུང་དུས། རྟེན་འབྲེལ་དང་པོ་གསང་སྔགས་གླིང་པའི་ཡང་སྲིད་ཡབ་ཡུམ་གཉིས་ནས་རིན་ཆེན་ས་ལེའི་སྦྲམ་བུ་གཅིག་གཏེར་ནས་སྤྱན་དྲངས་སོ། །༧ཕྱི་ཉིན་གཏེར་གནས་དེ་ཉིད་ནས་གཏེར་ཆེན་ཡབ་ཡུམ་རྣམ་གཉིས་ཀྱིས་གུ་རུའི་ཚོགས་འཁོར་འབུལ་བ་དང་སྔོན་མ་བཞིན་ཡ་མཚན་གྱི་རྟགས་མང་བྱུང་བ་དང་མཉམ་དུ་སྙིགས་མའི་གོད་པ་སེལ་ཏེ་སངས་རྒྱས་བསྟན་པ་རྒྱས་པའི་ཆེད་དུ་སྟོན་པ་སངས་རྒྱས་མཐོ་ཚད་གཅིག་མཚན་དཔེ་འབར་བ་ཞིག་གཏེར་ནས་དྲངས་པའོ། །སྦྲམ་བུའི་ཁ་བྱང་ལས། མ་འོངས་བསྐལ་པའི་ཁུག་གི་དུས་ཤིག་ན། །དྲན་པའི་གདུང་ལས་བྱིན་རླབས་རིགས་ཀྱི་ལྕམ། །རྟེན་འབྲེལ་རིགས་ཀྱི་ལྡེ་མིག་ཚེ་ཐག་འཛིན། །ཐབས་ཤེས་ཉི་ཟླ་འཁོར་ལོ་ཕྱོགས་བརྒྱར་སྒྱུར། སུམ་ཅུ་སོ་བདུན་སྦས་པའི་གར་མཚམས་ལ། །རྟེན་འབྲེལ་མ་ལོག་དངོས་གྲུབ་སྒོ་བརྒྱར་འགྱེད། །རིགས་ཀྱི་མི་མོ་གཏེར་དབང་མཁའ་སྤྱོད་མ། །བཅས་སོ། །སྟོན་པ་སངས་རྒྱས་སྐུ་མཐོ་ཚད་དེ་དབལ་ཁྱུང་བླ་བྲང་སར་ཡོད། ༨རང་ལོ་༢༤ས་ཕག་ལོར་དམངས་གཙོ་བཅོས་བསྒྱུར་སྐབས་གྲལ་རིམ་མཐོ་གྲལ་རྣམས་ཉག་རོང་རྫོང་ལྷ་བྲག་མགོ་སློབ་སྦྱོང་ཁང་ལ་བཀག་ཉར་བྱེད་སྐབས།
ཇོ་བོ་བཀྲ་ཤིས་རབ་བརྟན་སྐྱེ་བ་ཟིལ་གནོན་བདེ་མཆོག་རྩལ་དང་འཕྲད་དེ་རྟེན་འབྲེལ་གཉིས་པ་བྱུང་བ་དང་མཉམ་དུ་མཁའ་སྤྱོད་ངལ་ལས་ཐབ་ཚང་མེ་ཤིང་བསྡུ་སར་སོང་སྐབས། དག་འཇིགས་བྲག་གམ་མཚམས་ཁོང་རྗེ་བཙུན་གཡུ་ལོ་བཀོད་པའི་གནས་མཆོག་ནས། རིན་ཆེན་ཟི་ཁྱིམ་ལས་གྲུབ་པས་སྒྲོལ་མའི་སྐུ་སོར་གཉིས་པ་དང་རིང་བསྲེལ་གཉིས་བཅས་བླངས། འདིའི་ཏཱྃཿཡིག་གིས་བརྡ་ལས་འཕྲོས་པའི་སྒྲོལ་མ་ཉེར་གཅིག་གི་སྒྲུབ་ཐབས་ཆ་ཚང་ཞིག་ཕབས་ཀྱང་། དུས་ཀྱི་དབང་གིས་མེ་བསྲེག་བཏང་འཇིག་སོང་། སྒྲོལ་མ་སོར་གཉིས་དེ་རྗེས་སུ་རྡོ་ལོའི་སྲས་མོ་ཚོགས་རྒྱལ་དབང་མོའི་ཕྱག་ཏུ་ཡོད། ༩རང་ལོ་༢༦ལྕགས་གླང་ལོར་ལྷང་ལྷང་ནོར་བུ་རྩེའི་མདུན་རི་བྲག་ནས་གཡུང་དྲུང་རྡོ་རྗེ་དང་དད་ལྡན་འགའ་ཞིག་བཅས་དང་ལྷན་དུ་འཇའ་སྣ་ལྔ་རེ་རེ་བཞིན་ཤར་ཏེ་སེང་སྒྲ་དང་བཅས་ཏེ་ལྕགས་ལི་ག་བུར་ཅན་གྱི་གཏེར་གཟུངས་སོར་བཞི་པ་ཞིག་གཏེར་ནས་བླངས། ༡༠རང་ལོ་༢༩ཤིང་འབྲུག་ལོར། ལྷང་བྲག་ནོར་བུའི་ཡང་རྩེའི་གནས་འདུས་ལོར་ཟླ་ཚེས་༡༠བཟང་པོ་ལ། མཚོ་ཕུ་རྡོ་ལོ་དང་དབལ་དགོན་གྲྭ་བསོད་ནམས་ཡེ་ཤེས་བཅས་ཁ་ཤས་དང་ལྷན་དུ་གནས་མདུན་ཟངས་མདོག་དཔལ་རི་ནས་བརྡ་རྟགས་སྨྲ་འོད་དང་བཅས་གུ་རུ་ཟ་ཧོར་མའི་སྐུ་མཛུབ་གང་བ་གཅིག་ཚ་དྲོད་སེང་ངེ་ལྡན་པ་བླངས་ནས་རྡོ་ལོ་བཅས་ཀྱི་ཕྱག་ཏུ་བཞག་སོང་། གཞན་ཡང་ལས་ཅན་སྨོན་ལམ་བཟང་པོས་ཇོ་བོ་བཀྲ་ཤིས་རབ་བརྟན་ཡང་སྲིད་འཁྲུལ་མེད་མཚོ་ཕུ་རྡོ་ལོའི་ཕྱག་ཏུ་གུ་རུ་ཟ་ཧོར་མ་མཛུབ་གང་ཅན་ལི་གར་བུ་ལས་གྲུབ་པ་དེ་ཕུལ་ཏེ་རང་སྣང་རྔ་ཡབ་དཔལ་རིའི་ཞིང་ཁམས་ཆོས་རྒྱལ་གུ་རུ་སྨོན་ལམ་ཟབ་མོ་སླར་ཡང་གསང་ཆེན་སྒྲུབ་སྡེ་རབ་ཏུ་དར་ཞིང་རྒྱས་པ་དང་འགྲོ་དྲུག་སེམས་ཅན་གྱི་སྡུག་བསྔལ་མ་ལུས་ཞི་ནས་རྔ་ཡབ་ཟངས་མདོག་དཔལ་རི་འོག་མིན་བདེ་བའི་རང་བཞིན་དུ་སངས་རྒྱས་པར་ཤོག་བཅས་གསུངས་སོ། །
༡༡སྤྱི་ལོ་༡༩༧༤བོད་ཤིང་སྟག་ལོར་དགུང་ལོ་༣༩ལ་བསྟན་འགྲོ་སྤྱི་སྨིན་གྱི་ཆེད་དུ་དུས་གནས་ཟིང་ལོང་སྐབས་དཀའ་ངལ་འཛེམ་མེད་ཀྱིས་ལི་ཐང་རྫོང་འབྲེལ་གིང་རི་སྣ་ཆབ་བྲག་དཀར་རྡོ་རྗེ་ཡོངས་རྫོང་ལ་གཡུང་དྲུང་འོད་ཟེར་དང་སྟག་ལ་ཁྲིད་དེ་ཕེབས་དུས་གིང་རིའི་ས་གནས་ཀྱི་ཕོ་མོ་མང་པོ་མཇལ་སར་བྱུང་འདུག །ནང་གནས་བྲག་ཁུང་ནང་ལ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཤེལ་གྱི་ཀ་གསེང་བར་ནས་གཏེར་སྒོ་ཕྱེས་ནས་ཀུན་གྱི་རྟེན་གསུམ་ངོ་མཚར་བ་མང་པོ་མིག་གིས་མཇལ་ཐུབ་ཅིང་གཏེར་སྒྲ་གྲགས་པ་དང་དྲི་བཟང་ཁྱབ་སྐབས་སུ། དེའི་ཁྲོད་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་སོར་བཞི་པ་རྒྱུ་བཟང་བ་གསེར་ཟངས་ཅན་ཞིག་ས་སིནྡྷུ་འབྱར་བ་ཁྲོམ་གཏེར་དུ་བཞེས་སོང་། ངོ་མཚར་བའི་གནས་བབས་དེ་གིང་རིའི་མང་འཚོགས་ཁྲོད་དུ་ཁྱབ་ཡོད། ཇོ་བོ་དེ་ལྷ་སྲས་ཀྱིས་བཞེས་པའི་མཁའ་སྤྱོད་སྐུ་གདུང་བུམ་སྐོར་ནང་བཞུགས་ཡོད། ༡༢ཤིང་སྟག་ལོར་རང་ལོ་༣༩ཟླ་༦པའི་ཚེས་༡༥ལ་ལྷང་ལྷང་ནོར་བུའི་ཡང་རྩེའི་གཏེར་སྲུང་ར་ཧུ་ལའི་གཏེར་སྦྲམ་ཐད། སྔར་རྡོ་ལོ་གོང་མས་ཛམ་སྐུ་བཞེས་པའི་གནས་དེ་ཉིད་ནས་གྲོགས་ཟིལ་ནོན་བདེ་མཆོག་རྩལ་དང་། སེང་གེ་གཉིས་སྟག་ཚང་མི་ལྔ་བཅས་ཀྱི་ཚིག་བདུན་ཚོགས་མཆོད་དང་འབྲེལ་གཏེར་སྦྲམ་ནོར་བུའི་དབྱིབས་ཅན་གཡུ་འོད་འབར་བ་གཅིག་བླངས། དེ་རྡོ་ལོས་ཕྱག་བསྣམས་མཛད་སོང་།
༡༣སྤྱི་ལོ་༡༩༧༦རང་ལོ་༤༡བོད་མེ་འབྲུག་ལོར་རྨི་ལམ་གྱི་ཚུལ་དུ། ཨ་ཧོ་བུ་ཁྱོད་རིག་པའི་བརྡ་ལ་ཉོན། །རྣམ་ཀུན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། །སངས་རྒྱས་བསྟན་དར་སེམས་ཅན་བདེ་སྐྱིད་ཆེད། །བདེ་གླགས་འགྲུབ་ཅིང་བསྐལ་ཁུག་གསོ་བ་ལ། །སྟོན་པ་སངས་རྒྱས་དུས་བབ་མི་ཡུལ་དྲངས། །ཞེས་གསུངས་སོ། །རིག་གནས་གསར་རྗེའི་འགུལ་སྤྱོད་སྐབས་འགྲོ་འོང་ཧ་ཅང་སྟབས་མི་བདེ་བར་དཀའ་ངལ་འཇིགས་བསྐུལ་ཆེ་གདོང་ལ་ཐིང་མང་དབྱིངས་ཀྱི་ཡེ་ཤེས་མཁའ་འགྲོས་བརྡ་ལུང་ལ་བརྟེན་ཏེ་སེམས་ཐག་བཅད་དེ་རོགས་སྟག་ལ་ཁྲིད་ནས་ཆོ་འཕྲུལ་ཟླ་བའི་༡ཚེས་༡༥བཟང་པོ་ལ། ས་ནག་རི་ཁྲོད་ལ་སོང་སྟེ་ཧཱུྃཿཆེན་བླ་སྒྲུབ་ཚོགས་འཁོར་འབུལ་སྐབས་སུ། བོན་རི་ཁྱུང་རི་རྩེ་ལྔའམ་པདྨ་འབུམ་རྫོང་ནས་མཁའ་འགྲོ་རྡོ་རྗེ་གཡུ་སྒྲོན་བྱ་རྒོད་དུ་སྤྲུལ་ནས་ལྷོ་ནུབ་ནམ་མཁའི་དབྱིངས་རིམ་ནས་འཇའ་སྤྲིན་དང་བཅས་བྱོན་ནས་ས་ལ་བབ་དུས་གཤོག་པའི་བྲག་བར་ནས་རྒོད་ཀྱི་ཐེའུ་ཕྲན་བཅས། སངས་རྒྱས་སྟོན་པའི་གསེར་ཟངས་སྐུ་སོར་བཞི་པ་གདན་གཡུང་དྲུང་གིས་མཚན་པ་དང་དམ་རྫས་རིལ་བུ་སོགས་དངོས་གྲུབ་ཏུ་རྩལ་བ་ཐོབ། དེའི་རི་ཁྲོད་ལ་བཞུགས་མཁན་གྱི་རྒྱན་ལུ་དང་ནོར་ཕྱུགས་སྐྱོང་བས་རྫི་བུ་ཁ་ཤས་ནས་མཐོང་སོང་། ཚང་མས་དད་པ་ཆེན་པོ་བྱེད་འདུག །སྐུ་དེ་མཁའ་སྤྱོད་ཕྱག་ཏུ་བསྣམས་མཛད་དུས་དྲོད་ལྷོངས་ལྷོངས་རེད་གསུངས། ལྷ་སྲས་མི་ཕམ་རྣམ་རྒྱལ་ཞེས་པ་བཙོན་བཀྲོལ་ཐོབ་རྗེས་སུ་བསྟན་འགྲོར་ཕན་བདེ་འབྱུང་ཕྱིར་གནང་བའོ། །
༡༤སྤྱི་ལོ་༡༩༨༠ལོ། རང་ལོ་༤༥བོད་ལྕགས་སྤྲེལ་ཟླ་༡༡ཚེས་༢༩བཟང་པོ་ལ། ལྷང་བྲག་ནོར་བུའི་ཡང་རྩེའི་མདུན་ཤར་ནས་སྡེ་དགེ་སྤར་ཁང་བདག་གཉེར་དགེ་བཀྲ་ཤིས་རྡོ་རྗེ་ནས་སྡེ་དགེ་ལྷུན་གྲུབ་སྟེང་ཆོས་མཛོད་བཀྲ་ཤིས་སྒོ་མང་དུ་རྟེན་གསར་བཞེངས་པའི་ནང་བཞུགས་པ་གཏེར་དྲངས་རོགས་ཀྱི་རེ་བ་དང་གསོལ་བ་བཏབ་པས། རྟེན་འབྲེལ་རང་འགྲིགས་སུ་བྱུང་ནས་ཆོས་འགྲུབ་སྤྲུལ་སྐུ་བཅས་སྐུ་འཁོར་༡༣གྱིས་མཐོང་ཐོས་སུ་འཇའ་ཤར་སྒྲ་གྲགས་སོགས་ཡ་མཚན་གྱི་ནང་དུ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་བཞི་པ་སོར་༥ཙམ་པ་གྱུར་པ་རིན་ཆེན་ཟི་ཁྱིམ་ལས་གྲུབ་པ་མཁའ་སྤྱོད་དབང་མོས་གཏེར་དུ་བླངས་ཤིང་། དེ་ཉིད་བོད་ཁམས་སྤྱི་ཡི་བསྟན་འགྲོའི་དོན་དུ་ཕན་བདེ་སྤེལ་ཆེད་དུ། སྡེ་དགེ་ལྷུན་གྲུབ་སྟེང་གི་སྤར་ཁང་ཆོས་མཛོད་ཆེན་མོའི་ནང་གུ་རུའི་སྣང་བརྙན་གྱི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་སུ་གསོལ་ཆེད་ཕུལ་བའོ། །བཀྲ་ཤིས་རྡོ་རྗེ་སྡེ་དགེ་སླེབས་རྗེས་སྨན་པ་ཚེ་རིང་རྒྱ་མཚོ་སོགས་ལ་བཤད་དོན། མཁའ་འགྲོ་མཁའ་སྤྱོད་དབང་མོས་གཏེར་དྲངས་ཐུབ་མིན་ཐད་ང་རང་ལ་སྔོན་ཡིད་ཆེས་བརྟན་པོ་མེད། གཏེར་དྲངས་བར་མང་དུ་གོ་མྱོང་། ངས་མཁའ་འགྲོ་ལ་མདོ་སྨད་ཆོས་མཛོད་ཆེན་པོའི་ནང་གི་ལྷ་བཞེངས་ནང་རྟེན་དུ་གཏེར་མ་གཅིག་གཏེར་ནས་དྲངས་རོགས་ཞུས་སྐབས། མཁའ་འགྲོའི་ཆོས་མཛོད་ནང་རྟེན་ཆེད་གསོལ་བཏབ་སྨོན་ལམ་འདུ་བྱ། དངོས་གནས་གཏེར་མ་དངོས་གྲུབ་འབྱུང་མིན་ཐག་བཅད་མི་ཐུབ་གསུངས་སོ། །གནས་མདུན་བྲག་ངོས་ནས་ངོ་མཚར་ཅན་གྱི་གཏེར་སྒོ་ཕྱེས་ཏེ་ཐུགས་རྗེ་ཆེན་པོ་གྲུ་གང་ཙམ་གཅིག་བླངས་ནས་ངའི་ལག་ཏུ་འཇོག་དུས་མགར་ཐབ་ནས་ཕྱིར་ཐོན་པ་ལྟ་བུའི་ཚ་དྲོད་འདུག །ངའི་ལག་ནས་ཇེ་ཆུང་ཆུང་སོར་༥ཙམ་ཞིག་ཏུ་གྱུར་སོང་ཞེས་བཤད་པར་གྲགས་སོ། །
༡༥སྤྱི་ལོ་༨༢ལོ་རང་ལོ་༤༧ཆུ་ཁྱི་ལོའི་ཟླ་༦ཚེས་༡༧ལ་སྔ་ཕྱི་རྟེན་འབྲེལ་དུས་བབས་ཀྱི་བརྡ་བསྐུལ་མང་པོས་བསྐུལ་ནས་ཆེད་གཏད་དུ་རྨེ་རྒྱལ་ལྷ་ཕྱུག་ལ་ཕེབས་ནས་ཚོགས་འཁོར་འབུལ་སྐབས་སུ་ནོར་བུ་འདྲ་བའི་གནས་རིའི་རྩེ་ནས་མདུན་སྒོའི་བྲག་འབར་གཏེར་དེ་བྱུང་བའི་སྒྲ་བཅས་བྲག་སྒོ་རང་ཕྱེས་ཀྱི་ས་སིནྡྷུར་འཐོར་བ་དང་བདུད་རྩིས་ཆུ་འབབ་པ་བཅས་ཀྱི་ཁྲོད་ནས་རིན་ཆེན་ཟི་ཁྱིམ་ལས་གྲུབ་པའི་ཛམ་བྷ་ལ་སྔོན་པོའི་སྐུ་གཅིག །བསོད་ནམས་ཆོས་རྒྱལ་དང་ཨ་སྐལ། བློ་བཟང་བཀྲ་ཤིས་སོགས་དཔོན་འཁོར་ལྔའི་དཀྱིལ་ནས་ཚ་ཟེར་ལྡན་པ་མཐོང་ཐོས་སུ་བླངས་ཤིང་དེ་སྐབས་ད་དུང་གཏེར་གྱི་བརྡ་བྱང་ལ་གཏེར་གནས་རྨ་རྒྱལ་སྤོམ་ར༡། རྫ་རྒྱལ་སིལ་མ༢། བཞག་བྲ་ལྷ་རྩེ་༣། ཤྲཱི་སེང་ཧ༤། སེང་གེ་གཡུ་རྫོང་༥། ཝར་ཞབས་བྲག་དཀར༦། འབྲོང་རི་སྨུག་པོ༧། ནོར་བུ་ཡང་རྩེ༨། འབྲུག་མཚོ་གཡུ་མཚོ༩། ཀོང་པོ་བོན་རིགས༡༠། ཁྱུང་རི་རྩེ་དྲུག༡༡། རྩ་རི་འགུར་རྫོང་༡༢། ཁྲོ་སྐྱབས་གསང་རྫོང་བཅས་གཏེར་གནས་བཅུ་གསུམ་ལ་རིམ་བཞིན་དངོས་གྲུབ་ཡོད་པའི་ལུང་བསྟན་བྱུང་། ཛམ་སྔོན་འདི་ཕུན་ཚོགས་དཔལ་སྒྲོན་ནས་སྨོན་རྒྱལ་ལྷ་སྲས་ལ་སྤྲོད། ༡༦སྤྱི་ལོ་༨༤ལོ། དགུང་ལོ་༤༩ཤིང་ཕོ་བྱའི་ལོར་སྣྲོན་ཟླ་༥བའི་ཚེས་༣༠འགྲུབ་སྦྱོར་བཟང་པོ་ལ། གསེར་ཐང་གསེར་གྱི་འབྲོང་རི་སྨུག་པོའི་མདུན་ངོས་ཀྱི་རི་སྟོད་བྲག་རི་སེང་གེ་འདྲ་བའི་སྐྲ་མཚམས་ནས་ཟིལ་ནོན་བདེ་མཆོག་དང་དབྱངས་ཅན། འཇིགས་མེད་ཕུན་ཚོགས་དང་ཏཱ་རེ་ལྷ་མོ། དགེ་ཕུན་སོགས་སྟོན་འཁོར་༡༡བཅས་ཉི་ཤར་སྐབས་རིག་འཛིན་བླ་མའི་ཚོགས་མཆོད་ཀྱི་སྤྱན་འདྲེན་དུས་སུ་བརྡ་རྟགས་མེ་དུད་བཅས་རང་བྱུང་བྲག་བར་ནས་རྡོ་སྦྲམ་ནོར་བུ་༢བཞེས་པ། གཏེར་སྦྲམ་ནི་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་དང་ཌཱཀྐི་ཏཱ་རེ་ལྷ་མོ་ཡབ་ཡུམ་ལ་དགོས་པ་ཁྱད་པར་ཅན་གྱིས་བསྐུལ་ནས་ཕྱག་ཏུ་ཕུལ།
༡༧སྤྱི་ལོ་༨༤ལོ་དགུང་ལོ་༤༩ལོ་ཤིང་ཕོ་བྱི་ལོའི་ཟླ་༡༠ཚེས་༡༠ལ། སྔ་འགྱུར་ཆོས་ཀྱི་གདན་ས་ཆེན་པོ་རྣམ་གསུམ་ཡ་གྱལ་ར་དུམ་ཨོ་རྒྱན་བསམ་བསྟན་ཆོས་གླིང་གི་ཉེ་འགྲམ། རྫོགས་ཆེན་ཤྲཱི་སེང་ཧའི་ཆོས་གྲྭ་ཆེན་མོའི་གཡས་ཟུར་བོན་གནས་ནོར་བུ་གཡུལ་རྒྱལ་གྱི་མདུན་ཞལ་ན། ལས་ཅན་དག་པའི་སྣང་ངོར་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་གྱི་སྣང་བརྙན་དངོས་སུ་མངོན་པའི་གཏེར་གནས་དམ་པ་ནས། ཚེས་བཅུའི་སྐྱ་རེངས་ཤར་བ་ལ་མངོན་པར་ཕྱོགས་པའི་ཚེ། མཁའ་འགྲོ་གཏེར་བདག་གིས་བརྡ་སྒོ་བཀྲོལ་བའི་སེང་སྒྲ་ལན་ལྔ་ཀུན་གྱིས་ཐོས་པར་བསྒྲགས་ནས་རྟེན་འབྲེལ་དུས་སུ་སྨིན་པའི་སྨོན་རྒྱལ་ཀུན་གྲོལ་ཧཱུྃཿཆེན་གླིང་པའི་སྐུ་སྲས་རྗེ་བཙུན་མཁའ་སྤྱོད་ཀརྨ་དབང་མོའི་སྐལ་ལྡན་གྱི་སློབ་མ་དམ་པ། འཇོ་མདའ་ཡེ་ན་དགོན་པའི་མཆོག་སྤྲུལ་ལྷ་དགའ་རིན་པོ་ཆེ། ཡིད་ལྷུང་མཁན་བསོད་ནམས་རིན་ཆེན། ཤཱཀྱའི་དགེ་སློང་བསོད་ནམས་ཉི་མ། དཀོན་མཆོག་བཀྲ་ཤིས། གཤེན་གྱི་དགེ་སྦྱོང་ཚེ་བརྟན་རྡོ་རྗེ། ཚུལ་གནས་དམ་པ་དགེ་གྲགས། འཇམ་སྤྲུག་རིག་སྔགས་འཆང་བ་པདྨ་སྐྱབས། རྒྱ་ཚོགས་སྤྲུལ་སྐུ་རིག་འཛིན་རྣམ་རྒྱལ་བཅས་ལས་སྨོན་ལྡན་པ་ཐེག་དགུའི་གྲངས་ལྡན་གྱི་གཟིགས་མོར་ཆོས་སྐུ་རྡོ་རྗེ་འཆང་གསེར་ཟངས་ཀྱི་སྐུ་བརྙན་མཚན་དཔེ་གཟི་འོད་འབར་བ་ཞིག་ཁྲོམ་གཏེར་དུ་སྤྱན་དྲངས་པས། སླད་ནས་ཕན་དང་བདེ་བའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་ཟབ་གཏེར་གྱི་བསྟན་པའི་པད་ཚལ་བླ་ལྷག་ཏུ་བཞེད་པའི་གཉེན་དུ་གྱུར་ཅིག་གུ། རྡོ་རྗེ་འཆང་སྐུ་དེ་དབལ་ཁྱུང་བླ་བྲང་ལ་བཞུགས། ༡༨སྤྱི་ལོ་༨༥ལོ། རང་ལོ་༥༠ལོ་ཁྲོ་བོ་ཞེས་པ་ཤིང་གླང་ལོ་ཟླ་བ་༣ཚེས་༧འགྲུབ་སྦྱོར་བཟང་པོ་ལ། གནས་ཆེན་ཝར་ཞབས་བྲག་དཀར་གྱི་བྱང་ངོས་ཀྱི་གནས་མདུན་བྲག་རི་གཡང་དཀར་ནས། སྔ་དྲོ་ཉི་ཤར་ལ་ནམ་མཁའ་ལ་སིལ་སྙན་གྱི་སྒྲ་གྲགས་ཤིང་། བར་སྣང་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་བཀྲ་ཞིང་འཇའ་སྣེ་བཞུགས་གུར་ལ་ཟུག་ཅིང་། གཏེར་བདག་མཁའ་འགྲོ་མ་བཞིའི་སྤྲུལ་པ་ཐང་དཀར་བཞི་ལྡིང་སྐོར་བའི་ཚུལ་བཅས་ལ་བབ་པ་སོགས། དུས་བབ་ཀྱི་བརྡ་ཐབས་སྣ་ཚོགས་བཏོན་པའི་རྟེན་འབྲེལ་མ་བརྟེན་ནས། ཨོ་རྒྱན་ཆེན་པོ་དང་ཡེ་ཤེས་མཚོ་རྒྱལ་ཡབ་ཡུམ་གཉིས་ཀྱི་གཏེར་དུ་སྦས་ཤིང་། གཏེར་སྲུང་རྒྱལ་ཆེན་རྣམ་ཐོས་སྲས་ལ་བཅོལ་བའི་ཆོས་ཐམས་ཅད་བྱ་རི་ཡོངས་རྫོགས་བདུད་རྩི་སྨན་གྱིས་ཕྱུར་བུར་བསྐང་བའི་དཀྱིལ་དུ་ཨོ་རྒྱན་མཁའ་འགྲོ་རྒྱ་མཚོས་སྒྲུབ་ཕུར། ལི་ལྕགས་ག་དུར་ལས་གྲུབ་པའི་ཕུར་པ་སོར་གསུམ་བཅས། སྐལ་ལྡན་ལས་ཅན་འཁོར་ཚོགས། འབུམ་སྨད་ཡིད་བཞིན་སྲས་མོ། དགེ་བཙུན་བྱང་ཆུབ་དབང་མོ་དང་འཆི་མེད་དབང་ཕྱུག །རིག་འཛིན་ཉི་མ། དཔལ་ལྡན་གྲགས་པ། གཡུང་དྲུང་འོད་ཟེར། འཆི་མེད་རྣམ་རྒྱལ་སོགས་དགེ་རྫོང་དགོན་པའི་བླ་གྲྭ་ཡོངས་དང་། རྟའུ་ཉི་མཚོ་དགོན་གྱི་གྲྭ་ཁ་ཤས་དང་བན་བོན་སེར་སྐྱ་བརྒྱ་ལྷག་གི་དཀྱིལ་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པས། རིས་མེད་བསྟན་དང་འགྲོ་ལ་ཕན་བདེ་རྒྱ་ཆེར་འབྱུང་ཞིང་། བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་ཅིང་འབྲེལ་ཐོབ་མཐོང་ཐོས་ཐམས་ཅད་གཏན་བདེར་བྱང་ཆུབ་ཆེན་པོ་མྱུར་དུ་འགོད་པའི་རྒྱུར་གྱུར་ཅིག །ཅེས་ཀརྨ་ཆོས་ཀྱི་དབང་མོས་སྨྲས་སོ། །ཆོས་ཐོད་བྱ་རི་ཡོངས་རྫོགས་དབལ་ཁྱུང་རྟེན་སྒམ་ནང་བཞུགས། ལི་ལྕགས་གར་དུར་སྒྲུབ་ཕུར་གཏེར་མ་དེ་སྨོན་རྒྱལ་ལྷ་ཆེན་བཞེངས་པའི་ཡེ་ཤེས་སེམས་དཔའི་རྟེན་དུ་ཀུན་གྲོལ་ལྷ་སྲས་པས་བཞག་གོ།
༡༩སྤྱི་ལོ་༨༥ལོ་དགུང་ལོ་༥༠ལོ་བསྐལ་པ་ཤིང་གླང་ལོའི་ཆུ་སྟོད་ཟླ་༤པའི་ཚེས་༡༧ལ་སྣ་ནམ་གྱི་སྔགས་བན་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་རོལ་མཁན་ཆེན་རྡོ་རྗེ་འཆང་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཆེ་དགོས་པ་སྣ་ཚོགས་ཀྱིས་དོན་ཆེན་རྟེན་འབྲེལ་བཟང་པོ་དང་ཁོང་གི་རྟེན་འབྲེལ་ལུང་ཟིན་གྱི་བརྡ་རྟགས་བཀའ་ཕེབས་སྤྱི་བོར་གནང་ཚེ། ཌཱཀྐི་མཁའ་སྤྱོད་ཆོས་ཀྱི་དབང་མོ་ནས། མཁན་སྤྲུལ་ས་ཆེན་པོས་ཐེག་པར་དཀའ་བ་བརྒྱ་ཕྲག་ཁ་ལྷག་དང་། སེར་སྐྱ་དད་ལྡན་ཕོ་མོ་སྟོང་ཕྲག་ཙམ་གྱི་ཁྲོད་དུ། སྔོན་སྨོན་གྱི་མཐུ་དུས་སུ་སྨིན་པས་གནས་ཆེན་ནོར་བུའི་ཡང་རྩེའི་ཤར་ཕྱོགས་གནས་ཀྱི་བྲག་རིའི་གདོང་ནས་མཁའ་ལ་འཇའ་རིས་འཁྱིལ་ཞིང་། རྒོད་ཐང་དཀར་དུ་མའི་རི་ལ་གཡས་སྐོར་མཛད་ཚུལ་དང་། རོལ་མོའི་སྒྲ་སོགས་ཀུན་གྱི་སྙན་ལམ་དུ་གྲགས་ཤིང་ཚོགས་མཆོད་དྲངས་བའི་སྐབས་སུ། བྲག་རི་ནས་ཌཱཀྐི་མཁའ་སྤྱོད་དབང་མོས་མཁན་རིན་པོ་ཆེས་བཅོལ་བའི་མགུལ་ཕུར་ཕྱར་ཏེ་བཏོན་ནས་ཨོ་རྒྱན་ཆེན་པོའི་སྐུ་རྟེན་རྒྱུ་ཁྱད་འཕགས་ལས་གྲུབ་པ་ཁྲོམ་གཏེར་དུ་བཞེས་ནས། བཅུ་ཕྲག་རིག་པའི་གནས་ཀྱི་ཕྱུག་པའི་སྐུ་ཉིད་གྲུབ་པའི་རྣམ་ཐར་བརྗོད་དཔག་འདས་པ། རིན་པོ་ཆེ་ལ་ཕུལ་བ་སོགས་ཡོངས་སུ་གྲགས་པ་སྙན་པས་བ་དན་སྒྲོགས་པ་འདིས་ཀྱང་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིས་མེད་ཐུགས་མཐུན་ཁྲིམས་གཙང་ཐ་གྲུ་མེད་པར་རྒྱས་པའི་རྒྱུར་གྱུར་ཅིག །ཆོས་གཏེར་བདག་པོ་མཁན་རིན་པོ་ཆེའི་དངོས་སློབ་སྤྲུལ་མདོ་སྔགས་ཕྱག་བྲིས་ལས་དཔེ་བཤུས་པའོ། །དེ་ཉིན་དབལ་ཁྱུང་དགོན་རང་གི་གྲྭ་ནོར་བུ་བསྟན་འཛིན་དང་དབལ་གསས་སྐྱབས། ཚུལ་ཁྲིམས་རྡོ་རྗེ་དང་ཚེ་དབང་ཉི་མ་བཅས་ཞབས་རོགས་སུ་ཕེབས་ཡོད། རྟེན་མཆོག་པདྨ་མཐོང་གྲོལ་འདི་གསེར་ཐང་འཇིགས་མེད་ཕུན་ཚོགས་ཀྱིས་ཕྱག་བསྣམས་མཛད་སོང་། རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིས་མེད་ཕྱོགས་བརྒྱར་རྒྱས་པའི་སྨོན་པ་ཞུ།
༢༠ཡང་ལོ་འདིའི་ཟླ་༩ཚེས་༩ལ། རྟེན་འབྲེལ་དུས་བབ་ཀྱིས་བསྐུལ་ནས་ཆེད་གཏད་ཀྱིས་འགྲོ་བའི་དོན་ལ་ངལ་བ་སྤངས་ནས་སྨོན་རྒྱལ་དགོན་གྱི་མདོ་སྔགས་བསྟན་འཛིན་དང་དབལ་ཁྱུང་དགོན་གྱི་ཀུན་བཟང་ཉི་མ་བཅས་དཔོན་འཁོར་གསུམ་ཤར་སྟོད་རྨ་རྒྱལ་སྤོམ་ར་ལ་ཕྱིན་ནས། གནས་མཆོག་དེའི་ལྷོ་ཕྱོགས་ཡུམ་ཆེན་ཤེས་རབ་བྱམས་མའི་གནས་ཀྱི་མཁའ་ལ་འཇའ་ཚོན་སྣ་ཚོགས་ཀྱི་གུར་ཕུབ་ཅིང་དྲྭ་བ་དང་དྲྭ་ཕྱེད་སོགས་འཁྲིགས་པ། བརྡ་དཀྲོལ་གྱིས་སྒྲ་དབྱངས་ལན་བདུན་སྒྲོག་ཅིང་། སྤྲུལ་པས་བྱ་རྒོད་ཐང་དཀར་མི་འདྲ་སྣ་ཚོགས་ལྡིང་སྐོར་སོགས་ཡ་མཚན་གྱི་རྟགས་གྲངས་མང་ནང་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱལ་མཚོའི་སྐུ་ཞལ་ཕྱག་སྟོང་ཅན་གྱི་སྐུ་མཚན་དཔེའི་རྒྱན་པར་གཡས་སུ་འཇམ་དཔལ་དབྱངས་དང་གཡོན་དུ་ཕྱག་རྡོར་བཅས་རིགས་གསུམ་མགོན་པོའི་སྐུ་སིནྡྷུ་ར་ཕྱུར་བུ་སྤུངས་པའི་ཁྲོད་ནས་སྤྱན་དྲངས་པའོ། །མིང་པོ་ལྷ་སྲས་གཞན་ཕན་ཚོགས་གཉིས་རྒྱ་མཚོས་སྲིང་མོ་མཁའ་སྤྱོད་དབང་མོར་གུས་འདོད་སྟོན་པ་བཞིན། སྐུ་འདི་ཉིད་གཏེར་གནས་རྨ་རྒྱལ་སྤོམ་རའི་སྲས་རྩེ་བླ་བཅུ་གསུམ་དུ་གྲགས་པའི་ཆེ་བ། ཁ་བ་ལུང་རི་སྤུན་གསུམ་གྱི་མདུན་ཞོལ། ཐུགས་རྗེ་ནམ་མཁའ་རྒྱལ་པོའི་གནས་སུ་བཞག་གོ།
གཏེར་ལུང་ལས། གོས་ནག་གོང་བ་དཀར་པོ་ལ་སྙིང་རྗེ་ཅན་གྱིས་མེ་བཙའ་གདབ་ཅེས་གསུངས་སོ། །ཚེ་རབས་ལས་འཛོམས་ཀྱི་གྲོགས་རྡོ་ལོ་བཞུགས་གནས། སྤྱིར་བོད་གངས་ཅན་ལྗོངས་ཐུགས་རྗེ་ཆེན་པོ་ཀུན་བཟང་རྒྱལ་འདུས་ཀྱི་གདུལ་ཞིང་གི་བདེ་སྐྱིད། དགོན་ཉག་རོང་ས་ཡི་རྟེན་མཆོག །ཁྱད་པར་བཟི་ལྷ་དགོན་སེར་སྐྱ་དུས་རྟག་ཏུ་གནས་པ་ཀུན་གྱི་འདི་ཕྱི་གཏན་བདེ་འབྱུང་ཕྱིར། བསྟན་འགྲོའི་དོན་ཆེན་འཕྲིན་ལས་མཐའ་ཡས་པ་འབྱུང་ཆེད། ས་བཅུད་ཡུལ་རྟེན་དུ་བཞག་སྐབས། བསྐལ་པའི་མཐར་ཐུག་ཇི་སྲིད་བར་ལོ་རེ་ལ་མ་ཎི་དུང་ཕྱུར་རེ་ཆད་མེད་འགྲུབ་པ་ཁས་བླངས་མཐུན་འགྱུར་བཅས་བཞུགས་པ་དགེ །༢༡ཡང་ལོ་འདིའི་ཟླ་༩ཚེས་༢༦ལ་རྟེན་འབྲེལ་ལས་སྨོན་གསུམ་པ། གསང་སྔགས་ནམ་མཁའི་རྡོ་རྗེ་འགྱུར་མེད་བསྟན་གཉིས་གླིང་པ་དང་འཕྲད་ནས། ལས་སྨོན་རྟེན་འབྲེལ་བརྡ་ཤར་ལ་བརྟེན་ནས་མགོ་ལོག་པདྨ་རྫོང་གི་གནས་ཆེན་སྒོ་མང་གནས་ནས་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་དང་ཌཱཀྐི་གཏེར་སྟོན་ཏཱ་རེ་ལྷ་མོ་ཡབ་ཡུམ་ཟུང་ནས་བསྐུལ་དོན་བཅས་རྟེན་ཁྲོམ་ཚོགས་བླ་སེར་རྒྱ་བོད་གཅིག་སྟོང་བརྒྱད་བརྒྱ་དང་བདུན་གྱི་དཀྱིལ་ནས་གུ་རུ་རིན་པོ་ཆེའི་དམ་སྲི་དམ་ལ་བཏགས་པའི་ཕྱག་མཚན་རྡོ་རྗེ་རྩེ་དགུ་པ་རྭ་གདེང་བ་མཐོ་གང་བ་ཞིག་ཁྲོམ་གཏེར་དུ་སྤྱན་དྲངས་བའོ། །གོང་ཉིད་ཡབ་ཡུམ་སོགས་བསྟན་འཛིན་སྐྱེས་བུའི་ཚོགས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཞིང་བར་ཆད་བདུད་དགྲའི་གཡུལ་ལས་རྒྱལ་ཏེ་ཐུགས་བཞེད་བསྟན་འགྲོའི་དོན་ཆེན་གེགས་མེད་ལྷུན་གྲུབ་ཏུ་འབྱུང་ཕྱིར་ཁོང་ཡབ་ཡུམ་ལ་ཕུལ་བས་གོང་སྨོན་ཡིད་བཞིན་དུ་འགྲུབ་པའི་རྒྱུ་གྱུར་ཅིག །ཨོ་རྒྱན་པདྨའི་ལས་ཕུར་གནམ་ལྕགས་དང་ཟི་ཁྱིམ་ཅན་གྱི་གཏེར་ཕུར་མཚོ་སྔོན་མགོ་ལོག་རྫོང་དུང་དཀར་དགོན་འཇིགས་མེད་ཕུན་ཚོགས་དང་ཏཱ་རེ་མ་བཅས་ཀྱི་ཕྱག་ཏུ་འབུལ་བའོ། །
གཏེར་བཞེས་རྣམ་ཐར་འདི་དགུང་ལོའི་ཚད་དང་ཕེབས་རོགས། དུས་ཚོད་དང་ས་གནས་གསལ་པོ་མ་ངེས་པ་ཚོ་གཅིག་ཞུ་བ་ལ། སྔར་དབལ་ཁྱུང་དགོན་གྲྭ་ཐུན་མོང་གིས་མཁའ་འགྲོ་དབང་མོ་ལ། མཁྱེན་གྲུབ་གཉིས་ལྡན་ཁྱེད་ཀྱིས་ཡང་སྲིད་འབྱུང་འགྱུར་གང་ལ་ཕེབས་གསལ་པོ་གསུངས་རོགས་ཞུ་སྐབས། མཁའ་འགྲོས་ངའི་ཤེལ་མིག་འདི་གཏེར་སྲུང་བཅོལ་ནས་གཏེར་དུ་སྦས། མ་འོངས་པར་དེ་ལེན་མཁན་ཞིག་འོང་། དེ་ངའི་ཡང་སྲིད་ཡིན་གསུངས་ཏེ་སྤྱན་ཤེལ་ནམ་མཁའ་ལ་འཕངས་སོང་། ཀུན་གྱི་མཐོང་ལམ་དུ་སྤྱན་ཤེལ་བར་སྣང་ནས་མེད་སོང་། ༢༢ཕལ་ཆེར་ཙམ་ཞུས་ན། སྤྱི་ལོ་༥༧ལོ། བོད་མེ་བྱའི་དགུང་ལོ་༢༡དུས། དབལ་ཁྱུང་དགོན་རྙིང་པར་བཞུགས་སྐབས་ཉིན་གཅིག་ལ་མཁའ་སྤྱོད་ནས་གསུངས་པར། དེ་རིང་དགོན་འདིའི་གཡས་ཕྱོགས་ཤེལ་བྲག་ཡང་རྫོང་ཞུ་བའི་ཆུ་མིག་ལ་འགྲོ་དགོས། མདང་དགོང་རྨི་ལམ་ལ་མཚོན་ན་དགོས་པ་ཡོད་གསུངས། གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་དང་རྒན་གཡུང་དྲུང་རྒྱལ་མཚན། རྙིང་མའི་བླ་མ་པདྨ་རྣམ་རྒྱལ་དང་བསོད་ནམས་བསྟན་འཛིན། བསོད་ནམས་ལྷ་མཚོ་དང་སྒྲོན་མཚོ་སོགས་ཆུ་མིག་ལ་མཉམ་དུ་ཕེབས། ཆུ་མིག་དེ་བྲག་བར་ནས་འབབ་པ་ཞིག་རེད་འདུག །མཁའ་འགྲོས་ཆུ་སྐྱོགས་ཀྱིས་ཆུ་མཆོད་གསུམ་ཕུལ་སོང་། དེ་རྗེས་ཆུ་སྐྱོགས་ནང་ཆུ་འབབ་བཅུག་པའི་དུས་སུ་བྲག་བར་ནས་ཆུ་དང་མཉམ་དུ་ཤེལ་མིག་གཅིག་ཡང་བྱུང་འཕྲལ། མི་རྣམས་ནས་མཁའ་འགྲོ་དབང་མོའི་སྤྱན་ཤེལ་ཡིན་པ་ངོ་ཤེས་སྐབས། ཌཱཀྐི་མཁའ་འགྲོ་དབང་མོའི་ཡང་སྲིད་འཁྲུལ་མེད་རེད་ཅེས་དད་གུས་གཅིག་གྱུར་དུ་ཆགས་སོང་། མཁའ་སྤྱོད་དབང་མོས་ཆུ་དེ་ཚང་མ་ལ་དྲངས་དུས་ཆུ་ལ་སྨན་དྲི་དང་བཟང་དྲུག་བྲོ་འདུག །ཤེལ་མིག་གཏེར་མ་དེ་ད་ལྟ་སྨོན་རྒྱལ་ལྷ་སྲས་སར་ཡོད།
༢༢ཡང་དུས་ཚོད་བཅས་མ་ཤེས་པའི་ཉིན་གཅིག་ལ། ཉག་ཤང་ལངས་གཤིས་བཞག་རི་མགོ་ཟེར་སར་ཕེབས་ལམ་ནས་སྟག་ལ་ལ་གསུངས། མདང་དགོང་རྨི་ལམ་ལ་གཞིག་ན་དེ་རིང་དངོས་གྲུབ་གཅིག་རྙེད་འོང་བསམ་ང་ཚོར་བ་ཀ་ནས་འགྲོ་གསུངས། འོད་དབལ་ལུང་ཤེལ་ཟེར་ས་སླེབས་སྐབས། བྲག་ཐོག་ཏུ་བྱ་ཕོ་རོག་གཅིག་གིས་རྡོ་རྗེའི་འགྲོས་བྱེད་པ་དང་སྐྲོག་སྐྲོག་གིས་སྐད་རྒྱག་དུས། མཁའ་འགྲོའི་གསུངས་པར། ང་བྱའི་སྐད་རྒྱག་སར་ལྟ་སར་འགྲོ་དགོས་གསུངས་དུས་སྟག་ལ་ཡིས་མཚར་གཏམ་བཤད་པར། བྱས་མཆུ་ཙུག་ཙུག་བྱ་བ་ནི་བྱ་སྐྱག་ཡོད་རྟགས་རེད་ཟེར་དུས། མཁའ་འགྲོའི་རྟེན་འབྲེལ་བཟང་། སྐྱག་ཡོད་རྟགས་ཟེར་བ་ནི་གྲོག་ལོན་རྟགས་རེད་གསུངས། བྱ་རོག་ཡོད་སར་ཕྱིན་དུས། བྱ་དེས་དགའ་བའི་རྣམ་པ་བྱེད་འདུག །བྱ་རོག་མདུན་ལ་ཁ་མེད་པའི་སྨན་གཏུམ་ཐུམ་གཡོགས་པ་གཅིག་དྲི་བཟང་སྨན་དྲིས་ཁྱོན་ཡོངས་ཁྱབ་པ་གཅིག་བྱུང་སོང་། མཁའ་འགྲོས་ནད་བརྒྱ་སྨན་གཅིག་གི་སྨན་གཏིམ་འདི་སངས་རྒྱས་སྨན་བླས་གནང་བའི་དངོས་གྲུབ་བསྟན་འགྲོ་ཕན་བདེ་བྱ་བའི་སྨན་དང་བྱིན་རླབས་ཀྱི་ཕབས་རྟ་ཡིན་ནོ་གསུངས་སོ། །ཕབས་རྟ་ནི་སྨོན་རྒྱལ་ལྷ་སྲས་སར་ཡོད།
༢༣དཀར་མཛེས་རྫོང་རྟ་ཁོག་ལུང་པ་ནང་ཕ་བོང་གཡུང་དྲུང་འཁྱིལ་བ་ནས་རྡོ་རྗེ་ཕག་མོའི་སྐུ་སོར་༥ཙམ་ཟི་ཁྱིམ་དམར་པོ་ལས་གྲུབ་པ་གཅིག་བླངས། ཕུན་ཚོགས་དཔལ་སྒྲོན་ཕྱག་བརྒྱུད་སྨོན་རྒྱལ་ལྷ་སྲས་སར་ཡོད། ༢༤ཡང་མཁའ་འགྲོས་རྫ་སྟོད་གནས་ཨ་དོག་ཅེས་པའི་བྲག་ཁྲོད་ནས་དཔལ་ལྡན་ལྷ་མོའི་དྲེའུ་སྐུ་སྟོད་གསེར་གྱི་གཤང་ཆུང་འབུམ་གྱི་ནང་ནས་ལུ་གསེར་གསེར་མདོག་འདྲ་བའི་གཤང་ཆུང་གཅིག་གཏེར་ནས་བླངས་པ། ད་ལྟ་ཀུན་གྲོལ་ལྷ་སྲས་སར་ཡོད། ༢༥དཀར་མཛེས་སྟོང་སྐོར་གནས་ནས་ཤར་སྟོད་རྨ་རྒྱལ་སྤོམ་རར་དངོས་གྲུབ་ཏུ་གནང་བའི་གཟི་དཀར་མིག་གསུམ་པ་ཅན་སོར་གསུམ་ཡོད་པ་གཅིག་བླངས། ཇོ་བོ་བཀྲ་ཤིས་རབ་བརྟན་ཡང་སྲིད་མཚོ་ཕུ་རྡོ་ལོའི་མགུལ་ལ་གསོལ་ལོ། །༢༦རྫ་མོ་མཚོ་ནག་ནས་ཚེ་རིང་མཆེད་ལྔའི་དངོས་གྲུབ་ཏུ་པྲ་སྒྲུབ་རྟེན་མེ་ལོང་རང་བྱུང་རྡོ་ནག་ལས་གྲུབ་པ་གཅིག་བླངས། མཁའ་སྤྱོད་ནས་ཀུན་གྲོལ་ལྷ་སྲས་ལ་སྤྲོད། ༢༧སྤྱི་ལོ་༨༡ལོ་བོད་ལྕགས་བྱའི་ལོའི་ཟླ་༦ཚེས་༡༠ལ། ཡར་ལུང་ཤེལ་བྲག་ཏུ་ཕེབས་པའི་དགོང་མོར་ཌཱཀྐི་མཁའ་སྤྱོད་དབང་མོའི་གཟིམ་ལམ་དུ་རྔ་ཡབ་ཟངས་མདོག་དཔལ་རིར་ཚོགས་གྲལ་དུ་ཕེབས་དུས། དབུས་རྒྱལ་གུ་རུ་པདྨའི་ཕྱག་ངའི་སྤྱི་བོ་ལ་བཞག །སྤྱན་གྱིས་གཟིགས་ནས་གསུངས་པར། འོ་སྐལ་རིག་ལྡན་སྙིང་ཁར་ཅེར་རེ་ལྟོས། བོན་སྐུ་དགོངས་ན་ཡེ་ཤེས་ཐོག་བབ་སྐྱེ། །ཡང་གསང་ལྷུན་གྲུབ་རིག་པའི་རྩལ་དབང་བསྐུར། །འགྱུར་མེད་སྤྲོས་བྲལ་དབང་བཞི་རྩོལ་མེད་ཐོབ། །ཨཿ དེ་ནས་གཉིད་སད་འཕྲལ་ཀུན་གཞི་རང་ལུགས་སུ་གནས་འདུག །
དེ་ནས་ཉི་ཤར་དུས་སུ་གུ་རུའི་བསྒྲུབ་ཕུག་ནས་རང་བྱུང་ཏིང་སྒྲ་ལྔ་བྱུང་བ་དང་བཅས་གུ་རུའི་འཕེལ་གདུང་སྲན་འབྲུ་ཙམ་ཁྱད་འཕགས་ཅན་གཅིག་གསང་གཏེར་གྱི་ཚུལ་དུ་གཏེར་ནས་སྤྱན་དྲངས་བས། གསང་གསུམ་བསྟན་པ་རྒྱས་ཕྱིར་མ་གྱུར་འགྲོ་དྲུག་སེམས་ཅན་ཡོངས་རྫོགས་སྐུ་གསུམ་བདེ་ཆེན་ཞིང་དུ་ཐོགས་མེད་བགྲོད་པས་སྐལ་བ་དང་ལྡན་པ་ཤོག་ཅིག་བཅས་སྨོན་ལམ་སོགས་སྦྱར་ནས་མིང་པོ་ལྷ་སྲས་ཚོགས་གཉིས་རྒྱ་མཚོ་ལ་གུ་རུ་པདྨའི་འཕེལ་གདུང་གནང་བའོ། །༢༨མེ་སྟག་ལོར་ལྷ་སའི་ལྕགས་པོ་རི་ཡི་ཤར་ཕྱོགས་མཚམས་ནས་སྲས་མ་ཧ་ཧཱུྃཿཀ་ལ་གཏེར་དྲངས་མཛད་དེ་ཛམ་བྷ་ལ་སྔོན་པོ་ལི་ག་བུར་སྨུག་པོའི་སྐུ་ཆུང་ངུ་གཅིག་གཏེར་ནས་དྲངས་པའོ། །དེ་རྗེས་སུ་ལྷ་སྲས་པས་ཕུན་ཚོགས་དཔལ་སྒྲོན་ལ་གནང་སོང་། ད་ལྟ་དབལ་དགོན་བླ་བྲང་རྟེན་སྒམ་ནང་ཡོད་དགོས་སོ། །༢༩རྫོང་ཆབ་སྲིད་མོལ་ཁོང་ལ་བཞུགས་པའི་རྡོ་ལོར་ཞལ་ཟས་བསྐྱེལ་ཆེད། ཤང་གཤིས་ནས་རི་ནུབ་བར་རི་ཆེན་བརྒལ་ནས་རི་རྩེ་འབྱོར་དུས། ཉི་ཚིག་ཁ་སྐོམ་པའི་སྐབས། མཁའ་འགྲོས་ཚང་མ་གྲོད་ལྟོགས་ཁ་སྐོམ་པའི་ཇ་རེ་བསྐོལ་སྨྲས་དུས། སྟག་ལས་རི་མཐོ་ཆུ་མེད་ས་སྐམ་ས་འདི་ན་དཔོན་བཙན་གྱི་གཏམ་མ་གསུངས། ཆུ་ལོན་ཐབས་མེད་ཟེར། མཁའ་འགྲོས་ཁྱོད་ཚང་གིས་ཤིང་འཐུ་བ་དང་མེ་སྒྲོན་ཐུབ་ན་ཆུ་ངས་ཨེ་རག་ལྟ་གསུངས། ཆུ་བླུག་སའི་ཟངས་སྣོད་མདུན་ལ་བཞག་ནས་ཆུ་ལོན་ས་གྱིས་དང་ཤིང་དང་མེ་ཡི་ཆ་རྐྱེན་འཛོམས་རེད་ཟེར། མཁའ་འགྲོ་སྐྱེ་ཤིང་གཅིག་གི་ཡལ་ག་མར་བཀུག་སྟེ་ཤིང་དེའི་ནང་གི་ཤིང་ཕར་བླངས་མཛད་སོང་། ཤིང་ལྕགས་ཤུར་ཅན་ཆུ་ཝ་འདྲ་བ་གྱུར་སྐབས། མཁའ་སྤྱོད་ཀྱིས་སྤྱན་གྱིས་མཁའ་ལ་གཟིགས་ནས་ཅུང་ཞིག་བཞུགས་རྗེས། ཕྱག་གཡས་པས་ཤིང་ལྤགས་ཝ་འདྲ་བར་ཐུག་ཐུག་གཉིས་མཛད་འཕྲལ་དུ། ཤིང་ལྤགས་ཞྭ་ཝ་འདྲ་བའི་ནང་ནས་ཆུ་གཙང་ཞིང་དྭངས་མ་འབབ་སྟེ་ཟངས་སྣོད་ནང་ཏེབ་ཏེབ་སྒྲ་བཅས་ཆུ་སྣོད་གང་བའི་ཆུ་གཏེར་བཞེས་མཛད་སོང་།
དེ་ནས་སྟག་ལ་དང་གཡུང་དྲུང་རྡོ་རྗེ། བུ་དཔང་བཅས་ནས་ཇ་བསྐོལ་བ་དང་ཇ་འཐུང་རྗེས་གཏེར་ཆུ་བྱིན་རླབས་དངོས་གྲུབ་བདུད་རྩི་ཡིན་པ་མ་ཤེས་པས་ཆུ་ལྷག་འཕྲོ་ས་དེར་ཕོས་པ་རེད། དེ་ནས་ཉག་རྫོང་སླེབས་པའི་ཕྱི་ཉིན་གྲོང་ནང་རྩྭ་མེད་ཕྱིར་མི་རྣམས་ཕར་ཕྱིན་སོང་དུས། མཁའ་སྤྱོད་རྫོང་ནང་བཞུགས་ནས་ཕར་མ་ཕེབས་པ་རེད། མི་རྣམས་རི་རྩེ་སླེབས་དུས་སྔར་ཉིན་བཞིན་སྐོམ་ཚད་ཆེ་བས་ཚང་མས་ཇ་བསྐོལ་འདོད་ཀྱིས་མཁའ་སྤྱོད་ཀྱིས་ཆུ་ཝ་མཛད་པ་ལ་ལག་པས་ཐུག་ཐུག་ཐེངས་མང་བྱས་ནས་ཆུ་བསྒུགས་ཀྱང་ཆུ་འབབ་པ་མ་བྱུང་སྐབས། མཁའ་འགྲོས་མཛད་སྤྱོད་ཡ་མཚན་དང་ཆུ་གཏེར་ཡིན་པ་ཤེས་ནས་སྔར་ལྷག་གིས་དད་པ་དང་དག་སྣང་བྱུང་བ་མ་ཟད་མི་རྣམས་ལ་ལོ་རྒྱུས་བཤད་འདུག །
༣༠སྤྱི་ལོ་༨༦ལོ། བོད་མེ་སྟག་ཟླ་༧ཚེས་༢༩ཉིན་རང་ལོ་༥༡གི་དུས་སུ། རྟེན་འབྲེལ་དུས་ལ་བབས་ཚེ་གནས་ཆེན་ཀོང་པོ་བོན་རིའི་ཀུན་བཟང་ཐུགས་ཀའི་འོག་ཤར་ལྷོའི་མཚམས་སུ། བྲག་དྲེའུའི་རྣ་འདྲ་བའི་གཡས་ཕྱོགས་གླང་ཆེན་འདྲ་བའི་རི་འཁྱིལ་ནས་མིང་པོ་གསང་སྔགས་འཆང་བ་ལྷ་སྲས་ཚོགས་གཉིས་རྒྱ་མཚོས་སྤྲོས་བྲལ་ཚོགས་ཀྱི་དངོས་གྲུབ་ཞུ་བ་དང་མཉམ་དུ་ཌཱཀྐི་ཀརྨ་དབང་མོར་དབྱིངས་ཀྱི་ཡེ་ཤེས་མཁའ་འགྲོའི་གསལ་སྟོང་བརྡ་ཡི་ཐིག་ལེ་ཤར་བཞིན་པའི་སྐབས་སུ། ཧཱུྃཿསྲས་ཞེས་པའི་རྒྱ་རིགས་སྨྱོན་རྨོངས་ཀྱིས། འདོད་ཆགས་མ་གཡེང་གཏུམ་མོ་ཡེ་ཤེས་རྒྱས། །བྱང་སེམས་དགའ་བདེ་རྒྱ་མཚོས་ཐུགས་སྤྲིན་པས། །འཆི་མེད་གླིང་པ་བུ་བཞིན་གྲོགས་སུ་བརྒྱུགས། །གསང་གླིང་ཡང་སྲིད་ལོ་གསུམ་པའི་མཛུབ་བཙུགས་ཏེ་འདི་ན་འདུག་བྱས་སོང་། དེ་ནས་གཏེར་སྒོ་ཕྱེ་བས་ཏིང་སྒྲ་དགུ་བཀྲོལ་བ་དང་མཉམ་དུ། བདུད་བཞི་ཟིལ་གྱིས་ནོན་ཅིང་སྐྱེ་འཆི་བགྲེས་རྒུད་བྲལ་བའི་མཚན་རྟགས་སུ་ཟི་ཁྱིམ་ལས་གྲུབ་པའི་མི་ཤིགས་རྡོ་རྗེ་རྩེ་དགུ་སྲོ་རིལ་ཅན་དང་ག་བུར་ལས་གྲུབ་པའི་མགོན་པོ་ཚེ་དཔག་མེད་སོར་གཉིས་ཅན་ས་སིནྡྷུ་སྤུངས་པ་དང་ལྷན་ཏུ་གཏེར་ནས་དྲངས་བའི་འགྲོ་དོན་མཛད་སྐབས། བལ་ཡུལ་ཕེབས་པའི་སྤྲེལ་སྲས་ལྷག་པ་རྒྱལ་མཚན་དང་སོག་རིགས་བླ་མ་གཡུང་དྲུང་རྒྱལ་མཚན། དྲང་སྲོང་སིང་ཧའི་ཚ་མོ་ཚེ་དབང་སྒྲོལ་མ། ཕྱི་རྒྱལ་ཨོ་གླིང་ནས་ཕེབས་པའི་དགེ་བཙུན་སྒྲོལ་མ། ཡོབ་གླིང་ནས་བྱུང་བའི་ཕྱི་རྒྱལ་མིག་སྔོན་སྐྲ་དམར་ཅན་སི་སྤན་ཉོ་ཡུ་ཞེས་པ་གཉིས། ཚ་བ་མངའ་ལྒོ་ཡ་མདའ་བླ་མའི་སྲིང་མོ་ལྷ་སའི་ཨ་ཇ་བློ་བཟང་ཆོས་སྒྲོན། གཞན་ཡང་ཁྱུང་པོ། སྨྲ་རྨ་ཆེན། ཆབ་མདོ། སྡེ་དགེ། དཀར་མཛེས། ཉག་རོང་། ཨ་མདོ། བྱང་པ། ཀོང་པོ། ཧོར་བཅས་ཡུལ་བཞི་རོང་བརྒྱད་ནས་གནས་སྐོར་སོགས་ཕྱིན་པའི་བོན་བན་སེར་སྐྱ་ཕོ་མོ་གཅིག་བརྒྱ་ལྔ་བཅུ་ང་བརྒྱད་ཙམ་གྱིས་དུས་གཅིག་མགྲིན་དབྱངས་གཅིག་ཏུ་དད་ཕྱག་སྐོར་བ་དང་དགེ་སྒྲུབ་སྡིག་སྤོངས་སོགས་རྒྱ་ཆེན་པོ་དང་སྒོ་གསུམ་དྭངས་བས་བསྟོད་ཚིག་བརྗོད་མེད་འབུལ་སོང་། མགོན་པོ་ཚེ་དཔག་མེད་ག་བུར་གྲུབ་པ་དེ་གཤེན་གྱི་གདུང་སྲས་ཁྱུང་པོ་སྨོན་རྒྱལ་བླ་བྲང་གི་གདུང་འཛིན་པ་ནམ་མཁའ་དབང་ལྡན་ལ་ཕུལ་བའོ། །ཟི་ཁྱིམ་ལས་གྲུབ་པའི་རྡོ་རྗེ་སོར་གསུམ་ཅན་དེ་ལྷ་སྲས་མི་ཕམ་རྣམ་རྒྱལ་ལ་གནང་སོང་།
སྤྱི་ཟླ་གཉིས་ནང་རྒྱ་གར་བདེ་ར་གདོང་ལ་སྨོན་རྒྱལ་ལྷ་སྲས་དང་དབལ་དགོན་གྲྭ་ཀུན་བཟང་ཉི་མ་གཉིས་ཡོད་སྐབས་རྡོ་རྗེ་ལ་རྟགས་མཚན་མ་ལེགས་པ་བྱུང་ཚུལ་དང་རྐྱེན་བཟློག་སེང་གདོང་སྒྲུབ་པ་བྱས་རུང་གེགས་སེལ་མི་ཐུབ་པའི་རྟགས་བྱུང་བ་དང་མཁའ་སྤྱོད་དབང་མོ་སྐུ་ཞི་བར་གཤེགས་པ་བཅས་ཀྱི་རྣམ་པ་མཐོང་ཐོས་ཤེས་མཁན། སྨོན་རྒྱལ་དགོན་གྱི་འཕྲིན་ལས་རྒྱ་མཚོ་དང་གླིང་ཚང་བཙུན་མོ། དབལ་དགོན་གྱི་ཀུན་བཟང་ཉི་མ་དང་བླ་མ་གཡུང་དྲུང་དོན་གྲུབ། གང་ཚེ་དང་གླིང་སྲས་རིག་དབང་། གླིང་ཚང་དྲི་མེད་འོད་ཟེར་སོགས་མང་དུ་ཡོད་དོ། །༣༡ཨོཾ་སྭ་སྟི། སྐལ་བཟང་རྣམ་པ་འདྲེན་པ་ཉི་མའི་དབང་། །འགྲོ་ཁམས་བསོད་ནམ་མཁའ་ལ་མངོན་ཤར་ཞིང་། །རྨད་བྱུང་མཛད་འཕྲིན་དཔལ་གྱི་ཉི་འོད་རྒྱས། །ཕན་བདེའི་པད་ཚལ་བཞད་མཛད་གང་ཁྱེད་རྒྱལ། །བཀོད་པའི་ཡོན་ཏན་བརྗོད་འདས་རི་རྩེ་དྲུག །མཐོང་ཐོས་འགྲོ་ཀུན་ཐར་པའི་སར་འགོད་རྗེ། །དྲན་པ་ནམ་མཁའ་འོད་ལྡན་འབར་མ་དང་། །ཚེ་དབང་རིག་འཛིན་ཐུགས་རྗེ་ཀུན་གྲོལ་མ། །པདྨ་འབྱུང་གནས་ཡེ་ཤེས་མཚོ་རྒྱལ་གྱིས། །མ་འོངས་བསྟན་འགྲོའི་དོན་དུ་གཏེར་ལ་སྦས། །བསྟན་སྲུང་ར་ཧི་གཟའ་མཆོག་འབར་བར་བཅོལ། །ལས་སྨོན་དུས་སུ་འབྱུང་བའི་ཚེ་འདི་ལ། །བཀའ་བབས་རྗེ་བཙུན་མཁའ་སྤྱོད་དབང་མོ་ནི། །བསྐལ་མཐའ་མེ་རོ་ཉམས་གསོ་མངག་པའི་བུ། །ང་ཡི་རྗེས་འཇུག་དོན་འགྲུབ་དཔའ་མོ་ཁྱེད། །མ་ནོར་མ་ཅིག་ཕྱག་ཏུ་སྟོན་ཞེས་སོ། །རྟེན་འབྲེལ་དུས་ལ་བབ་པས་ལས་སྨོན་ཚེ། །མེ་སྟག་ཟླ་༡༡ཚེས་༢༥གཏེར་གྱི་སྒོ་འབྱེད་དུས། །ཁྱུང་ཡུལ་ངོ་མཚར་རྩེ་དྲུག་གནས་ལ་ཕེབས། །ངོ་མཚར་གྱི་གནས་རི་རྒོད་ཚང་དབང་གི་རི་ཁྲོད། ཕུག་ནགས་སྟག་ལའི་བསྒྲུབ་ཕུག །གནམ་མཐོང་ཟླ་རྩེ་དྲན་པའི་བསྒྲུབ་ཕུག །མི་འགྱུར་རྐང་གསུམ་རྩེ། ཤེས་རབ་རལ་གྲི་རྩེ། མི་ཆོ་སྟེ་དྲུག་རྩེ། དུར་ཁྲོད་འབར་བ་མ་ཚོགས། ཀོང་རུས་རྫོང་གི་གཡོན་ཕྱོགས་ངོ་རི་སེང་གེ་ཁྲ་མོ། བོན་རི་གནས་ཚོགས་འབར་བ། སེང་གེ་གཡུ་རལ་རྩེ། ཤེལ་ལེ་རྒྱ་གར་རྩེ། ཡིད་བཞིན་ནོར་བུའི་རྩེའི་གཡོན་ཕྱོགས། བེེ་རོའི་བསྒྲུབ་ཕུག་རྒྱབ་གཡོན། ལྷོ་ནུབ་ངོ་ནས་ཤར་རྫ་དང་ཧཱུྃཿཆེན་གསང་གླིང་བཅས་ཀྱི་བླ་སྒྲུབ་ཚོགས་འཁོར་གྱི་དངོས་གྲུབ་ཞུ་བ་དང་མཉམ་དུ། ཌཱཀྐི་ཀརྨ་དབང་མོས་དབྱིངས་ཉིད་བརྡ་ཡི་རང་སྒྲ་སྒྲོག་དུས་སུ། བདུད་འདུལ་ཟིལ་གནོན་གྱི་ཟི་ཁྱིམ་ཕུར་པ་རྩེ་དགུ་ཅན་༡། ལི་དམར་ལས་གྲུབ་པའི་སྟོན་པའི་སྐུ་སོར་༥ཅན་༢། ལི་ནག་ལས་གྲུབ་པའི་རྣམ་འཇོམས་སྐུ་སོར་བཞི་ཅན་༣། རྡོ་སྦྲམ་༤བཅས་ས་སིནྡྷུ་རའི་སྤུངས་པ་གཏེར་ནས་དྲངས་པའོ། །གཏེར་གྲོགས་སུ་ནམ་མཁའ་དབང་ལྡན་ཕེབས་པ་དང་། གཞན་ཡང་རྩེ་དྲུག་གི་བླ་མ་རིན་རྒྱལ། བྲག་རྗེ་སྲས་དབང་གྲགས་རྒྱལ་མཚན། མཐའ་ཞིང་བླ་མ་བཀོད་ལེགས། ཁྱུང་སྨོན་གྲྭ་བསྟན་འཛིན་དང་གྲྭ་ལྔ་འགྱུར་མེད། གཉེན་ནང་། ཨ་བྲག་རྫ་དམར། ཡུལ་ཐ། སྦྲ་ཆེན། སོག་སྡེ། གཡོན་ཐ། འབར་ཐ། རི་ཐ། བར་ཐ། ཁྲི་རྡོ། གསེར་རྩ། སྟེང་ཆེན། དཀར་རི། ནག་རི། གཏམ་སྟོད། ཇོ་སྔོན། ས་སྒང་། ཝ་དགེ། འབར་རི། རོལ་རྩེ་ཕྱོགས་བཞི་རོང་བརྒྱད་ནས་གནས་སྐོར་ཕྱིན་པ་སོགས་བོན་དང་བན་སེར་སྐྱ་ཕོ་མོ་གཅིག་བརྒྱ་བདུན་ཅུ་ལྷག་གིས་དུས་གཅིག་ཏུ་མཇལ་བས་སྒོ་གསུམ་གཙང་མས་དད་ཕྱག་གསོལ་བཏབ་སྨོན་ལམ་དགེ་སྒྲུབ་སྡིག་སྤང་ཚེ་ཐར་བཅས་རྒྱ་ཆེ་བསྒྲུབས་སོང་ཞེས་འདི་ནམ་མཁའ་དབང་ལྡན་གྱི་གསུང་གནང་བཞིན་བྲིས་པའོ། །ལི་ནག་རྣམ་འཇོམས་སྐུ་དེ་གསང་གླིང་ཡང་སྲིད་འཆི་མེད་རིག་འཛིན་ལ་མཁའ་སྤྱོད་ནས་གནང་ངོ་། །
གཞན་ཡང་གཏེར་བཞེས་སོགས་བཤད་པ་འདུག་ནའང་ཆ་མ་ཚང་བས་སྐབས་འདིར་བྲིས་མེད། མཇུག་བསྡུ་བ་ལ་མདོ་ཙམ་ཞིག་སྨྲས་ན། སྒོམ་སྒྲུབ་བསྟན་པའི་འཕྲིན་ལས་ཆེད། །རྟེན་འབྲེལ་བཀའ་བབ་ཕྱི་ནང་གསང་། །འཁྲུལ་བྲལ་གཏེར་ངོས་རྣམ་ཐར་གྱིས། །ཡིད་ཆེས་དད་པའི་ངེས་ཤེས་འདྲོངས། །ཁྱད་པར་ཕྱི་རབས་བརྒྱུད་པ་ལ། །བསྟན་པ་རྗེས་བཞག་མཐར་ཕྱིན་གྱུར། །ལས་ཅན་གཏེར་སྟོན་སྤྱོད་པ་རྣམས། །སྙིགས་མས་རྒུད་པ་སེལ་བའི་གཉེན། །ཕན་པའི་ཡོན་ཏན་བསམ་མི་ཁྱབ། །གཞན་ཕན་ལྷ་སྲས་འབོད་པས་བྲིས། །མ་རྟོགས་ལོག་རྟོག་ཉེས་འགལ་བཤགས། །དགེ་ཚོགས་འགྲོ་ཀུན་ཡོངས་ལ་བསྔོ། །བླ་མེད་བསྟན་པའི་རྒྱལ་མཚན་ཟུང་། །སྲིད་མཐའི་བར་དུ་གནས་གྱུར་ཅིག །
༈ སྙིགས་དུས་འགྲོ་འདྲེན་ཡབ་སྲས་གསུམ། །རྩ་གསུམ་དབུ་མའི་སྦུག་ནས་མཆོད། །གཏེར་བདག་གནམ་སྲས་གསོལ་བ་ལ། །མཆོད་སྦྱིན་ངང་ནས་འདི་ལྟར་བརྗོད། །བཱཻཿ རི་རྒྱལ་ལྷུན་བརྩེགས་བྱང་ཕྱོགས་རིན་ཆེན་གླིང་། །གནོད་སྦྱིན་ནོར་བདག་གནམ་སྲས་གཏེར་གྱི་བདག །གསེར་མདོག་ཕྱག་གཉིས་རྒྱལ་མཚན་ནེའུ་ལེ་བསྣམས། །སྐུ་ལ་ནོར་དར་བཀླུབས་ཤིང་སེང་གེ་བཅིབས། །བཙུན་མོ་སྲས་བློན་སྤྲུལ་འབུམ་མངའ་བཙན་རྒྱལ། །འཕྲིན་ལས་བཞི་ལ་དཔལ་དྲག་རང་དབང་བསྒྱུར། །ཚེ་སྲིད་རིགས་བརྒྱུད་སྲིད་གསུམ་དབང་དུ་བསྡུས། །སྔགས་ཀྱི་བསྟན་སྲུང་གེ་ཤན་རཱུ་ཏྲ་ཐུལ། །མི་ལ་གྲོང་འཇུག་དགེ་བའི་སྐྱེ་ཤིང་འཛུགས། །འདོད་དོན་བཅོལ་པའི་འཕྲིན་ལས་མྱུར་དུ་སྒྲུབས། །ཨཱོཾ་ཡཀྴ་ཛམ་བྷ་ལ་རཏྣ་སིདྡྷི་ཕ་ལ་ཧཱུྃཿ ཨཱོཾ་ཨ་པ་ར་ཛི་ཏི་ཨེ་དམ་བྷ་ལིང་ཏ་ལ་ཁ་ཁ་ཁ་ཧི། དེ་ནས་སྨན་རག་གཏོར་གསུམ་འབུལ་ལོ། །ཞེས་པ་འདི་ཌཱཀྐི་ཀརྨ་དབང་མོས་བཅོལ་བཞིན་ཀོང་པོ་བོན་རི་ནས་གཏེར་བཞེས་དུས་སྔགས་འཆང་བུར་གཤེན་ཧཱུྃཿསྲས་པས་བྲིས་བཞིན་གསང་སྔགས་ཀྱི་བསྟན་སྲུང་དམ་ཅན་ཚོགས་ཀྱིས་སྔགས་ཀྱི་སྒྲུབ་སྡེ་དམ་པོར་སྲུངས་ཤིག །མེ་སྟག་ཟླ་༨ཚེས་༢༥ལ།
མཁའ་འགྲོ་ཏཱ་རེ་ལྷ་མོའི་རྣམ་ཐར་འོག་མིན་བགྲོད་པའི་ཐེམ་སྐས། མཛད་པ་པོ་པདྨ་འོད་གསལ་མཐའ་ཡས།
༄༅། །སྐྱབས་རྗེ་མཁའ་འགྲོ་རིན་པོ་ཆེ་༧ཏཱ་རེ་ལྷ་མོའི་རྣམ་ཐར་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
སྐྱེ་མེད་རང་བྱུང་བདེ་ཆེན་ཀུན་བཟང་མོ། །མ་འགགས་རང་སྣང་ལོངས་སྐུ་ཝ་རཱ་ཧཱི། །ཟུང་འཇུག་སྤྲུལ་བའི་རྣམ་རོལ་མཚོ་རྒྱལ་མ། །སྐུ་གསུམ་དབྱེར་མེད་མཁའ་འགྲོའི་ཚོགས་ལ་འདུད། །རྒྱལ་ཀུན་སོར་རྟོག་ཡེ་ཤེས་རང་མདངས་ལས། །ཡིད་འཕྲོག་མཛེས་སྐུ་རབ་དམར་བྱུ་རུའི་སྤུན། །གསུང་གི་དབང་ཕྱུག་ཀུ་རུ་ཀུལླེ་ཀྱེ། །རྣམ་གཉིས་དངོས་གྲུབ་དཔལ་གྱི་ཤིས་པ་སྩོལ། །བཻཌཱུར་རྡུལ་མང་བརྩེགས་པའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱི་གཟི་འོད་འཁྱུགས་པ་བཞིན། །སྔོ་ལྗང་ཨུཏྤལ་བཞད་པའི་མདངས་འཛིན་མ། །རྗེ་བཙུན་ཏཱ་རེ་བདེ་ཆེན་འཁོར་ལོར་བཞུགས། །བརྩེ་ཆེན་འོ་མཚོ་འཁྲིགས་པའི་རླབས་འཕྲེང་ལས། །ཡེ་ཤེས་ཟླ་གཞོན་མཛེས་སྐུ་དབྱངས་ལྷ་མོས། །སྙན་འགྱུར་རྒྱུད་མངས་གླུ་དང་ལྷན་གཅིག་ཏུ། །འཛད་མེད་ངག་གི་དངོས་གྲུབ་སླར་ཡང་སྩོལ། །ཁ་བའི་རྡུལ་བརྩེགས་གངས་ལྗོངས་འཛིན་མའི་ཁྱོན། །གསང་ཆེན་པད་ཚལ་བཞད་པའི་རྟ་ལྗང་ཅན། །འབུམ་ཕྲག་ཌཱ་ཀིའི་རྗེ་མོ་ཏཱ་རེའི་མཚན། །སྙིང་དབུས་མི་ཤིགས་ཐིག་ལེའི་རྒྱན་ཏུ་བཞུགས། །གང་དེའི་རྣམ་ཐར་ངོ་མཚར་ནོར་བུའི་འཕྲེང་། །ཕྱོགས་མེད་སྐལ་བཟང་དགྱེས་པའི་མཆོད་སྤྲིན་དུ། །སྤེལ་ལ་བླ་མ་ཡི་དམ་ཌཱ་ཀི་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོས་གྲོགས་ལྡན་མཛོད། །
དེ་ལ་འདིར་རྒྱལ་ཡུམ་རྡོ་རྗེ་ཕག་མོའི་གསུང་གི་རྣམ་སྤྲུལ་མཁའ་འགྲོ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཏཱ༵་རེ༵་བདེ༵་ཆེ༵ན་རྒྱ༵ལ་མོ༵་མཆོག་ནི་སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་གཉིས་རྒྱ་མཚོ་ལྟར་བསགས་ཏེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ནས་བདེ་ཆེན་ཀུན་ཏུ་བཟང་མོའི་ངོ་བོར་སངས་རྒྱས་སུ་ཟིན་ཀྱང་། ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན་ཞེས་དང་། །བསྐལ་མང་སྔོན་ནས་མངོན་པར་བྱང་ཆུབ་ཀྱང་། །ད་དུང་ཡང་ཡང་འཚང་རྒྱའི་ཚུལ་སྟོན་པ། །གདུལ་བྱ་འདུལ་བའི་རྨད་བྱུང་ཐབས་མཁས་ལ། །བསྐྱར་དང་ཟློས་པའི་སྐྱོན་དུ་འཛིན་ན་འཁྲུལ། །ཚད་དང་བསམ་ལས་འདས་པའི་ཡོན་ཏན་གྱི། །ངོ་མཚར་སྙིང་ནས་དྲན་ཏེ་མོས་གུས་ཀྱང་། །ལྷག་པར་གཟེངས་སུ་བསྟོད་ནས་གསོལ་བཏབ་ན། །དེ་འདྲའི་འབྲས་བུ་བསྐྱེད་པར་གདོན་མི་ཟ། །ཞེས་སོགས་གསུངས་པ་ལྟར་འདྲེན་པ་རྫོགས་པའི་སངས་རྒྱས་རྣམས་ནི་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྤྲུལ་བའི་བཀོད་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་འཛད་པ་ནི་ཆོས་ཉིད་ཡིན་ལ་དེ་བཞིན་དུ་ཌཱ་ཀི་རིན་པོ་ཆེས་ཀྱང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཡང་འཕགས་པ་རྟག་ཏུ་ངུའི་དུས་སུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་ཕྱིར་མི་ལྡོག་པའི་སྨོན་ལམ་ཐེམས་ཏེ་ཚེ་འཕོས་མ་ཐག་ཏུ་ལོངས་སྐུའི་ཞིང་མང་པོར་བྱོན་ནས་སླར་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་གངྒཱའི་ལྷ་མོ་ཞེས་པར་སྤྲུལ་ནས་བཀའ་ཡི་སྡུད་པ་པོ་མཛད། ཁྱད་པར་དུ་མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེ་བ་བཞེས་ཚེ། ཇི་སྐད་དུ། གཏེར་ལུང་ལསཿ ཏི་སྒྲོར་མཁའ་འགྲོའི་བརྡས་བསྐུལ་ནསཿ དཀའ་བ་བརྒྱད་སྤྱད་གྲུབ་རྟགས་ཐོནཿ གཡའ་གངས་གཏུམ་མོའི་མེ་དྲོད་བརྙེསཿ འཇིག་རྟེན་འཁོར་བའི་གོས་དང་བྲལཿ ཚོགས་ཁང་དབང་བཞིའི་དྲོད་དང་ལྡནཿ མཐོང་སྣང་བླ་མའི་དག་སྣང་འབྱུངཿ བལ་ཡུལ་མི་བསད་རོ་བསླངས་ནསཿ ཨ་ཙ་ར་ནི་ཐབས་ཀྱིས་བསླུསཿ ཟབ་ལམ་བཅུད་ཀྱི་དངོས་གྲུབ་ཐོབཿ ལུས་ནི་འཇའ་ལུས་མཁའ་སྤྱོད་གྲུབཿ ངག་ནི་ཚངས་པའི་དབྱངས་དང་ལྡནཿ སེམས་ནི་དུས་གསུམ་དགོངས་པ་ལྡནཿ སེང་གེ་རྫོང་དུ་སྨན་བཅུད་ལོནཿ སྨན་གྱི་ལྷ་ཚོགས་རང་ཞལ་མཇལཿ ནེའུ་རིང་བདུད་ཀྱི་ཚོགས་ཀུན་བཏུལཿ སློང་ཚད་རྫོགས་ནས་དངོས་གྲུབ་བརྙེསཿ ཡིད་དམ་གང་སྒྲུབ་ཞལ་གཟིགས་ནསཿ དེ་ཡི་དངོས་གྲུབ་བདེ་བར་ཐོབཿ སྤ་གྲོ་སྟག་ཚང་ཟབ་ལམ་སྤྱོདཿ གྲོགས་གསུམ་བདེ་ཆེན་ཧེ་རུ་ཀཿ རྩ་ཐིག་རླུང་གསུམ་རང་དབང་ཐོབཿ འབྱུང་བ་ལྔ་ནི་བདག་དབང་བསྒྱུརཿ ལུས་ངག་ཡིད་གསུམ་སྐུ་གསུམ་གྱུརཿ ཚེ་དཔག་མེད་ཀྱིས་ལུང་བསྟན་ཐོབཿ ཕག་མོ་ཉིད་དང་དབྱེར་མ་མཆིསཿ དཀྱིལ་འཁོར་ཀུན་གྱི་གཙོ་མོར་གྱུརཿ འོན་ཕུ་སྟག་ཚང་ཕུར་བ་གྲུབཿ སྟོང་གསུམ་ལྷ་འདྲེས་སྲོག་སྙིང་ཕུལཿ ཚེ་དཔག་མེད་ཀྱི་ལྷ་ཚོགས་གཟིགསཿ འཆི་མེད་ཚེ་ཡི་རིག་འཛིན་གྲུབཿ རྡོ་རྗེ་ལྟ་བུར་གཞོམ་གཞིག་མེདཿ བོད་ཡུལ་འཛམ་གླིང་སྟོད་སྨད་བརཿ ཁོ་མོའི་སྒྲུབ་པའི་གནས་མཐའ་ཡསཿ བདག་གིས་བྱིན་གྱིས་མ་བརླབས་པའིཿ ས་ཁོལ་སྙིམ་པ་གང་ཡང་མེདཿ ཨེ་བདེན་མ་འོངས་རིམ་གྱིས་ལྟོསཿ བདེན་རྟགས་གཏེར་རེ་འབྱིན་པར་འོངཿ དེ་ལྟར་གནས་ཕྲན་བསམ་ཡས་སུཿ རྡོ་ལ་ཕྱག་ཞབས་རྗེས་ཀྱིས་བཀངཿ སྔགས་དང་ཡིག་འབྲུ་སྐུ་བརྙན་བཀོདཿ མ་འོངས་དད་པའི་རྟེན་ཏུ་བཞགཿ འབྲེལ་ཚད་དོན་ལྡན་སྨོན་ལམ་བཏབཿ གྲུབ་རྟགས་བདུད་དང་ཕྱིན་ལོག་རྣམསཿ བསྣུབ་ཚུལ་ཞིབ་པར་གཞན་དུ་གསལཿ འབྱུང་བ་ལྔ་ལ་བྱན་ཚུད་པསཿ ས་འོག་ཐམས་ཅད་གཏེར་གྱིས་བཀངཿ མི་བརྗེད་པ་ཡི་གཟུངས་ཐོབ་པསཿ པདྨའི་བཀའ་རྣམས་བསྡུ་བར་གྱུརཿ མི་འཇིགས་པ་ཡི་གདེང་བརྙེས་པསཿ མ་འོངས་ལུང་བསྟན་ལུས་ཅན་འབྱུངཿ སངས་རྒྱས་ཀུན་དང་མཉམ་གྱུར་པསཿ དུས་གསུམ་བདེ་གཤེགས་མཛད་འཕྲིན་རྫོགསཿ དེ་ཕྱིར་ཁོ་མོ་གྲུབ་པའི་རྒྱནཿ ཞེས་གསུངས་པ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པ་དང་སྐུའི་རྫུ་འཕྲུལ་མཉམ་ནས་སྣང་སྲིད་ཀུན་ལ་མངའ་དབང་བསྒྱུར། གསུང་གི་མཛད་འཕྲིན་མཉམ་སྟེ་མདོ་སྔགས་ཆོས་ཀྱི་ཀློང་རྡོལ། ཐུགས་ཀྱི་དགོངས་པ་མཉམ་ནས་ཐབས་དང་ཤེས་རབ་ཀྱིས་འགྲོ་དོན་མཛད། ཡོན་ཏན་ཤེས་བྱ་མཉམ་སྟེ་བསྟན་འགྲོའི་དོན་ཆེན་གྲུབ། འཕྲིན་ལས་མཛད་པ་མཉམ་སྟེ་ཞི་རྒྱས་དབང་དྲག་གི་ལས་ལ་རང་དབང་འབྱོར། དེ་ཁོ་ན་ཉིད་དུ་ཀུན་བཟང་པད་འབྱུང་ཡབ་ཡུམ་ཞེས་བྱ་བར་གྱུར་ཏེ་སླར་ཡང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་བས་བསྟན་འགྲོའི་དོན་སྣ་ཚོགས་མཛད་པ་ནི་སྐྱེ་འཕྲེང་ལས། སྔོན་ཚེ་དུས་གསུམ་རྒྱལ་བ་ཡིཿ ཐུགས་སྲས་ཨོ་རྒྱན་ཆེན་པོ་མཆོགཿ གངས་རིའི་ལྗོངས་འདིར་ཕེབས་པའི་ཚེཿ ཌཱ་ཀི་མཁར་ཆེན་བཟའ་ཞེས་གྲགསཿ གླིང་གི་དུས་སུ་ནེའུ་ཆུང་སྒྲོནཿ རྒྱལ་ཡུམ་སྒྲོལ་མས་རྗེས་སུ་བཟུངཿ རྒྱ་གར་གའུ་ཤོད་ཕྱིན་དུཿ བཙུན་མོ་དཔལ་གྱི་བློ་གྲོས་གྲགསཿ བྱང་ཕྱོགས་གཡུ་ཡི་འདབ་སྨིན་དུཿ དུང་ལྡན་བཛྲ་དྷེ་ཝར་གྲགསཿ མདོ་ཁམས་ཟལ་མོའི་སྒང་ཆར་དུཿ བསླབ་གསུམ་ལྡན་པ་ཤཱི་ལའི་ཁྲ་དགེ་སློང་ཚུལ་ཁྲིམས་བློ་གྲོས་མཚནཿ འདབ་བཟང་དུང་རིའི་ཉེ་འདབས་སུཿ དཔལ་གྱི་བློ་གྲོས་བྱ་བར་གྲགསཿ འཛུམ་ལྡན་གཞི་ཡི་གནས་མཆོག་ཏུཿ བཤ༵ད་སྒྲུ༵བ་བསྟན་པའི་ཉི་མར་གཞི་ཆེན་ཨ་ཕཾ་སྤྲུལ་སྐུ་གྲགསཿ རིགས་གཟུགས་ལང་ཚོའི་དཔལ་མཛེས་པའིཿ ཌཱ་ཀི་སུ་ཁའི་བདེ་བའི་རྡོ་རྗེ་མཚན་ཞེས་གྲགསཿ སྐྱེ་བའི་འཕྲེང་བ་བརྗོད་མཐའ་བྲལཿ དོན་ལ་ཡེ་ཤེས་དབྱིངས་སུ་གཅིགཿ ཞེས་གསུངས་པ་ལྟར་རོ། །
སྐུ་སྐྱེ་འདིའི་སྔ་རོལ་དེ་མ་ཐག་པ་སྙན་བརྒྱུད་རྒྱ་མཚོའི་བཀའ་བབ་ཀུན་བཟང་བདེ་སྐྱོང་ཆོས་ཉིད་དབང་མོའམ་མཚོ་རྒྱལ་དངོས་སྣང་མཁའ་འགྲོ་སུ༵་ཁ༵་བ༵ཛྲ་ནི། རང་རྣམ་བསྡུས་པ་མོས་པའི་ལམ་བཟང་ལས། ཆོས་སྐུ་ཀུན་བཟང་ལོངས་སྐུ་ཝ་རཱ་ཧཱིཿ སྤྲུལ་སྐུ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་མའིཿ གསུང་གི་ཐུགས་སྤྲུལ་རྡོ་རྗེ་ཞུ་བ་མཚོའིཿ སྒྱུ་འཕྲུལ་རོལ་བར་སྔོན་བྱོན་སྐྱེས་ཆེན་འགའིཿ རྡོ་རྗེའི་ཞལ་ལུང་རྣམས་སུ་གསལ་བ་ལྟརཿ སྔོན་ཚེ་ཐུབ་པའི་སྤྱན་སྔར་ཨུཏྤལ་མཿ རྒྱ་གར་ཡུལ་དུ་རོ་ལང་བདེ་རོལ་དངཿ པདྨའི་དྲུང་དུ་རྡོ་རྗེ་ཞི་བ་མཚོཿ ལི་ཡི་ཡུལ་དུ་བལ་མོ་བྱང་ཆུབ་སྒྲོནཿ དེ་ནས་རིམ་བརྒྱུད་བོད་ཡུལ་ལྷ་ལྡན་དུཿ ཀུན་བཟང་བདེ་སྐྱོང་ཆོས་ཉིད་དབང་མོ་བདགཿ རིགས་བཟང་འབྱོར་ལྡན་དབང་གི་རིགས་ལ་ཆདཿ ཆུང་ནས་ཆོས་ལ་མོས་ཤིང་བྱང་སེམས་ལྡནཿ ཆོས་བརྒྱད་བྱ་བར་སྙིང་པོ་མེད་མཐོང་ནསཿ རྟག་ཏུ་དཀོན་མཆོག་གསུམ་ལ་གསོལ་བ་བཏབཿ དེའི་མཐུས་ལོ་བརྒྱད་དུས་སུ་མཁའ་འགྲོ་མསཿ རྗེས་བཟུང་བྱིན་རླབས་གཅེས་པའི་བུ་བཞིན་བསྐྱངསཿ རྗེ་བཙུན་སྒྲོལ་མ་དགེ་མའི་གཟུགས་སྤྲུལ་ནསཿ བདག་རྗེས་བཟུང་སྟེ་སེམས་བསྐྱེད་བསླབ་བྱ་མཛདཿ ཀུན་དགའ་འབུམ་མས་སྐྱབས་སྡོམ་ལ་སོགས་ཀྱིཿ ཆོས་ཀྱི་སྒོར་བཙུད་ཐར་བའི་ལམ་སྟོན་མཛདཿ ཕ་མ་རིགས་བཟང་ཆོས་ལ་བློ་དཀར་ཡངཿ ཐོབ་ཀྱིས་ལེན་པ་དཔོན་གྱི་རིགས་ཡིན་ཕྱིརཿ ལུགས་གཉིས་འདྲེས་མར་སྤྱོད་པའི་ཆས་སུ་ནིཿ ཞུགས་ནས་ལོ་ཤས་འབངས་སྡེ་གཡོག་འཁོར་བསྐྱངསཿ ཕ་ཡིས་བཀའ་ཕེབས་ཁྱིམ་པའི་གནས་ལམ་བསྟནཿ ཤིན་ཏུ་བཟོད་དཀའི་སྡུག་བསྔལ་གྱིས་མནར་བའིཿ གདུང་བའི་དབྱངས་ཀྱིས་པད་འབྱུང་མཚོ་རྒྱལ་དངཿ དབྱིངས་དང་དབྱིངས་བཞུགས་དཔའ་བོ་མཁའ་འགྲོ་ལཿ གསོལ་བཏབ་མཐུ་ཡིས་འཁོར་བའི་རྐྱེན་ལས་བཟློགཿ བཅུ་གཉིས་དུས་སུ་ལས་ཀྱི་རིགས་སད་ནསཿ ས་ར་ཧ་པས་རྗེས་བཟུང་སྨིན་གྲོལ་གྱིཿ ལམ་བསྟན་འཁོར་ལོ་བཞི་བའི་མན་ངག་སྐོརཿ གདམས་པ་ཚངས་སྤྲུག་གཅེས་ནོར་ཚུལ་དུ་བསླབསཿ སྦྱངས་པས་རྩ་རླུང་སྒྲིབ་པ་ཅུང་ཟད་སྲབཿ རྟགས་དྲུག་ཞུགས་གནས་ཐིམ་པའི་དྲོད་ཚད་མཐོངཿ དངོས་དང་དངོས་མེད་ལྷ་འདྲེའི་ཆོ་འཕྲུལ་གྱིསཿ རྟོགས་པའི་བོགས་ཐོན་རིག་པའི་ཡེ་ཤེས་མཇལཿ སྣང་སེམས་ལྷ་འདྲེའི་གཟུགས་སུ་ཤར་ཤེས་ནསཿ རྟོག་པའི་འདྲ་འབག་སེམས་ཀྱིས་བཅོས་མ་དགོསཿ ལྷ་འདྲེ་གདུལ་བྱའི་ཚུལ་དུ་རེ་ཞིག་བསྐྱངསཿ བཅུ་གསུམ་དུས་སུ་སྔོན་བསགས་སྨོན་ལམ་མཐུསཿ གྲུབ་པའི་དབང་ཕྱུག་ཀུ་ཀུ་པ་དང་མཇལཿ རྩ་རླུང་གེགས་སེལ་མན་ངག་ངོ་སྤྲོད་དངཿ འཁོར་ལོ་ལྔ་ལ་བསྟེན་ནས་ཕྱི་ནང་གིཿ ཕྱག་རྒྱའི་ལམ་རིམ་གསང་བའི་ཆོས་རྣམས་བསྟནཿ སྙིང་གའི་རྩ་མདུད་གྲོལ་བའི་མཐུས་བསྐུལ་ནསཿ མ་དང་མཁའ་འགྲོས་བརྡ་བྱང་འཆུག་མེད་སྤྲདཿ པད་འབྱུང་མཚོ་རྒྱལ་རྣམས་ཀྱི་ཞལ་དངོས་མཇལཿ མ་དང་མཁའ་འགྲོའི་ཕོ་ཉར་མངའ་གསོལ་ནསཿ འགྲོ་དོན་དུས་བབ་ཡོད་པའི་ལུང་བསྟན་ཅིངཿ དོན་གཉིས་རིམ་གྱིས་འབྱུང་བའི་བསླབ་བྱ་མཛདཿ མདོ་ཁམས་བདུད་སྡེ་སྲིན་པོའི་ཡུལ་ཕྱོགས་སུཿ གྲོགས་དང་ཆོས་བདག་གདུལ་བྱ་དེ་ལ་ཡོདཿ དམན་པའི་ཚུལ་གྱིས་ཡུལ་གསུམ་ཐབས་ཀྱིས་འདྲེནཿ ཞེས་སོགས་ལུང་བསྟན་བསླབ་བྱ་དུ་མ་མཛདཿ མཁའ་འགྲོའི་གསང་མཛོད་གཉིས་ཀྱི་བཀའ་དབང་ཐོབཿ འབྱུང་དང་འབྱུང་འགྱུར་ལུང་བསྟན་བརྡ་བྱང་གཏདཿ མ་འོངས་འབྲེལ་ཐོག་དང་བཅས་མཁའ་འགྲོའི་གླིངཿ རང་སྣང་དག་པའི་ཞིང་དུ་འདྲེན་ནུས་ཞེསཿ བཀའ་ཡི་ཞལ་ཚབ་བརྡ་ཡི་རིས་སུ་གནངཿ གཡུ་སྒྲོན་མ་ཡིས་དངོས་སུ་གྲོགས་བྱས་ཏེཿ འབྱུང་འགྱུར་བརྡ་བྱང་ཡི་གེའི་རིས་སུ་བཏབཿ ཁྱད་པར་རིགས་ལྔའི་སེམས་དཔའ་བརྟགས་ཐབས་དངཿ འགུགས་སྦྱངས་སྨིན་པའི་ལས་ཀྱི་བསླབ་བྱ་མཛདཿ རིག་འཛིན་དང་ནི་ཨོ་རྒྱན་ཟངས་གླིང་དངཿ མཁའ་འགྲོའི་བརྡ་སོགས་ཡིག་རིས་དཔེར་སྤྲད་ནསཿ འབྱུང་དང་འབྱུང་འགྱུར་བརྡ་ཡི་མན་ངག་གནངཿ དེའི་མཐུས་གཟུགས་མེད་ལྷ་འདྲེའི་འགྲོ་དོན་བྱུངཿ གཉན་ཆེན་ལ་སོགས་བོད་སྐྱོང་གཞི་བདག་གིསཿ མཐུན་རྐྱེན་བསྒྲུབ་ཅིང་གཏེར་ཁ་ཕྲན་བུ་རེཿ སྤྲད་ཀྱང་བོད་ཁམས་བདེ་ཕྱིར་ཡང་གཏེར་སྦསཿ
དེ་སྐབས་དགེ་སློང་ཀུན་དགའ་འབུམ་མ་ཞེསཿ ཡིན་པར་སྐད་པའི་བཙུན་མ་ཞིག་ན་རེཿ ཁྱོད་ཀྱིས་སྟོང་པ་ཉིད་ཀྱི་དོན་ཨེ་ཤེསཿ སྟོང་པ་ཉིད་ཀྱི་དོན་དེ་མ་རྟོགས་ནཿ ལུས་ངག་དགེ་ལ་བསྐུལ་ཀྱང་དོན་འབྲས་ཆུངཿ གཅེས་འཛིན་འཆིང་བ་དམ་པོས་ཀུན་དཀྲིས་ནསཿ ཚེ་འདིར་དགེ་སྡིག་ཆ་སྙོམས་སྤྱད་པ་ཡིསཿ འབྲས་བུས་མཐོ་རིས་གསུམ་དང་ངན་སོང་རྣམསཿ རེས་མོས་སྤྱོད་ཅིང་འཁོར་བའི་མཐའ་ལ་གནསཿ དེ་ཕྱིར་ཁྱོད་ཀྱི་ཤེས་རབ་མིག་མ་ལོངཿ བླང་དོར་མཁས་པས་སེམས་ཀྱི་གསང་ཆེན་པོཿ རང་ལ་གནས་པའི་ཡེ་ཤེས་ཉམས་སུ་ལོངསཿ ཞེས་གསུངས་དེ་ལ་བདག་གིས་འདི་སྐད་ཞུསཿ སྐུ་གསུམ་མཁའ་འགྲོའི་གཙོ་མོ་ཝ་རཱ་ཧཱིསཿ ཡེ་ཤེས་སྒྱུ་མའི་གར་བསྒྱུར་རྣལ་འབྱོར་མཿ ཁྱེད་ལ་མི་ཕྱེད་དད་པས་གསོལ་བ་འདེབསཿ བདག་ལ་སེམས་ཀྱི་གསང་བ་བསྟན་དུ་གསོལཿ ཚེ་འདིར་སྲིད་པ་འཁོར་བར་མི་གནས་པརཿ རྗེ་བཙུན་ཁྱེད་རང་ལྟ་བུར་བྱིན་གྱིས་རློབསཿ ཞེས་ཞུས་རྗེ་བཙུན་མ་ཡིས་འདི་སྐད་གསུངསཿ ཨེ་མ་ཉོན་དང་སྐལ་ལྡན་སྦྱང་འཕྲོ་ཅནཿ སེམས་ཀྱི་གསང་བའི་མན་ངག་བསྟན་པ་ནིཿ དང་པོ་སྒོ་གསུམ་རྣལ་དུ་དབབ་བྱེད་པཿ ལུས་གནད་རྣམ་པར་སྣང་མཛད་ཆོས་བདུན་དངཿ ངག་གནད་སྨྲ་བཅད་རྒྱུད་མང་སྒྲ་ཆད་ལྟརཿ སྨྲ་བར་མི་བརྩོན་ངག་རླུང་རང་སོར་བཞགཿ སེམས་གནད་མ་བཅོས་གསལ་སྟོང་ངང་ལ་ཞོགཿ ངོ་བོ་སྟོང་པ་ཆོས་སྐུ་སྤྲོས་དང་བྲལཿ གསལ་བ་ལོངས་སྐུ་རང་གསལ་འགགས་པ་མེདཿ འཕྲོ་འདུས་རྩལ་སྣང་གང་ཤར་སྤྲུལ་པའི་སྐུཿ སྐུ་གསུམ་དབྱེར་མེད་རིག་པ་གཞི་ལ་རྫོགསཿ དབང་རབ་རིག་པ་རང་སྣང་བློ་ཅན་གྱིསཿ སྤྱོད་ཡུལ་མན་ངག་འདི་ཉིད་མཆོག་ཏུ་ཟབཿ དབང་འབྲིང་དབང་པོ་ཡུལ་གྱི་བློ་ཅན་ལཿ སྒོ་གསུམ་རུ་ཤན་ནས་བཟུང་བྱུང་གནས་སོགསཿ སེམས་ཀྱི་ཁང་བུ་བཤིགས་པའི་མན་ངག་དགོསཿ ཁྱེད་ནི་བྱིས་པ་ལེ་ལོ་མ་ཆེ་བརཿ བདག་གིས་གདམས་པའི་མན་ངག་ཟབ་མོ་རྣམསཿ ཡལ་བར་མ་དོར་རང་རྒྱུད་ལོན་པར་མཛོདཿ སྟོང་ཉིད་ལྟ་བ་ཟེར་ཀྱང་དེ་ལས་མེདཿ སྐུ་གསུམ་རིག་པ་ཟེར་ཡང་དེ་ཀ་ཡིནཿ རང་བྱུང་ཡེ་ཤེས་ཆེན་པོ་དེ་ཉིད་དོཿ དེ་ལས་ལྷག་པའི་སེམས་ཀྱི་གསང་བ་ནིཿ སྟོང་གསུམ་ཀུན་ཏུ་བཙལ་ཀྱང་རྙེད་མི་འགྱུརཿ རང་སེམས་རྫོགས་པའི་སངས་རྒྱས་དངོས་ཡིན་ཕྱིརཿ སངས་རྒྱས་ཞེས་བྱ་གཞན་དུ་མ་འཚོལ་ཨངཿ དེ་སྐད་གསུངས་ནས་ནམ་མཁར་འཇའ་ལྟར་ཡལཿ བདག་གིས་མཁའ་འགྲོའི་བཀའ་བཞིན་ཉམས་ལེན་ལཿ ཤི་མཐར་ཐུག་གི་བར་དུ་བརྩོན་པར་ཆདཿ རང་ལོ་བཅུ་བཞི་ནས་བཟུང་བཅྭོ་བརྒྱད་བརཿ ཆོས་ཕྱིར་ལུས་དང་ངག་གིས་དཀའ་བ་སྤྱདཿ ཟླ་བ་རེ་ཙམ་ཟས་ཁམ་གཅིག་མེད་ཀྱངཿ ཆོས་མིན་བྱ་བ་བདག་གིས་བྱས་པ་མེདཿ ཆུང་ནས་བླ་མ་དཀོན་མཆོག་གསུམ་དང་ནིཿ ལྷག་པའི་ལྷ་ལ་བློ་གཏད་ལང་གིས་བཀལཿ སྡུག་བསྔལ་བཟོད་དཀའ་ཅི་དང་ཅི་བྱུང་ཡངཿ ཐམས་ཅད་རང་གིས་སྔོན་བསགས་ལས་ཡིན་བསམཿ ཚེ་འདིར་དམ་ཆོས་རྣམ་དག་ཅིག་མེད་ནཿ སྤྱིར་ན་སེམས་ཅན་སྒོས་སུ་ཕ་མ་ཡིཿ དྲིན་ཆེན་དྲིན་ལན་བདག་གིས་འཁོར་ཐབས་བྲལཿ བསམ་ཞིང་རང་ཡུལ་སྲིན་པོའི་གླིང་འདྲ་བཿ སྤངས་ནས་དཀའ་སྤྱད་སྙིང་རུས་ཆེན་པོ་ཡིསཿ མདོ་སྨད་ཤར་ཕྱོགས་མགོ་ལོག་ཡུལ་གླིང་དུཿ སྔོན་གྱི་སྨོན་ལམ་ལས་འཕྲོའི་སྟོབས་ཀྱིས་འཕངསཿ རང་ཉིད་ལུས་དམན་ལོངས་སྤྱོད་དབུལ་བ་ཡིསཿ འགྲོ་བ་ཀུན་གྱིས་བརྙས་དམོད་སྣ་ཚོགས་བྱེདཿ ཟབ་པ་ས་ཡི་གཏེར་ལ་དབང་ན་ཡངཿ གྲོགས་དང་ཆོས་བདག་གཞན་རྐྱེན་སཔྟས་བསྒྱུརཿ དེ་ལྟར་རྐྱེན་ངན་དུ་མས་མནར་བའི་ཚེཿ བདག་གིས་དབྱིངས་སྤྱོད་ཌཱ་ཀིའི་དཀྱིལ་འཁོར་ལཿ ཚོགས་ཀྱི་མཆོད་པ་ཕུལ་ཏེ་འདི་སྐད་བསྐུལཿ ཀྱེ་མ་ཀྱེ་ཧུད་ཡེ་ཤེས་མཁའ་འགྲོ་རྣམསཿ ཐུགས་རྗེ་ཞི་བའི་དབྱིངས་སུ་མི་གཟིམས་པརཿ ལས་ངན་ཁོ་མོ་བདག་ལ་ཐུགས་རྗེས་གཟིགསཿ ཇི་ལྟར་བྱས་ཀྱང་མཁའ་འགྲོའི་བཀའ་ལུང་བཞིནཿ བདག་གིས་བསྟན་འགྲོའི་དོན་དེ་འབྱུང་བར་དཀའཿ སྙིགས་དུས་འགྲོ་བ་ལོག་སྤྱོད་བདུད་ཀྱིས་བསླུསཿ ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམཿ དཀོར་ནག་ལོག་འཚོའི་ཟས་ལ་སྨན་བཞིན་མཐོངཿ རང་མགོ་མི་ཐོན་གཞན་མགོ་གཡོ་སྒྱུས་བསྐོརཿ གཤིན་པོའི་རོ་དོམ་གསོན་པོའི་དད་ཟས་ལེནཿ ལས་འབྲས་ཁྱད་བསད་མི་དགེ་སྣ་ཚོགས་སྤྱོདཿ དེ་འདྲའི་སྙིགས་དུས་རང་རྟགས་ངོམས་པའི་དུསཿ བདག་འདྲས་བསྟན་འགྲོའི་རྒུད་པ་ཅིའི་ཕྱིར་སེལཿ མི་རྣམས་རྒྱུད་གྱོང་ལོག་ལྟ་ཆེ་བ་ཡིསཿ ཕར་ལ་གཅེས་པར་བསྐྱངས་ཀྱང་ཚུར་ལ་སྡངཿ ཆོས་དང་མཐུན་པར་སྤྱད་ན་གླེན་པ་ཟེརཿ རྒྱལ་བའི་བཀའ་བཞིན་བདག་བས་གཞན་གཅེས་ཀྱིཿ བཟང་ངན་རོ་མཉམ་བཟོད་པའི་གོ་བགོས་ཀྱངཿ བཟང་ངན་མི་ཤེས་མི་ངན་ཁྱི་འདྲ་ཟེརཿ དེ་ལ་སོགས་པའི་ངན་སྨད་སྣ་ཚོགས་ཀྱིསཿ བདག་ལ་ཡོན་ཏན་མེད་པའི་ཚུལ་མཐོང་སྟེཿ བརྙས་དམོད་ལོག་པར་ལྟ་བའི་གཞིར་གྱུར་པའིཿ འགྲོ་དོན་ཕར་ཞོག་རང་གཞན་ཕུང་བའི་རྒྱུཿ དེ་ཕྱིར་བདག་གིས་ལུས་ངན་འདི་བོར་ནསཿ ཆོས་ལྡན་སྐྱེས་པའི་ལུས་སུ་བདག་སྨོན་ཏེཿ གུ་རུ་ཡབ་ཡུམ་ཐུགས་བཞེད་འགྲུབ་པ་དངཿ ཌཱ་ཀིའི་བཀའ་བཞིན་བསྟན་འགྲོར་སྨན་ཐབས་བརྩོནཿ ཡེ་ཤེས་དབྱིངས་བཞུགས་རྣམས་ཀྱིས་ད་དགོངས་འཚལཿ ཞེས་པའི་འོ་དོད་དྲག་པོ་འབོད་པའི་མཐུསཿ དབྱིངས་ཀྱི་སྤྲུལ་བ་དབྱིངས་ཀྱི་རྒྱན་ཤར་བཿ དབྱིངས་ཀྱི་ཡུམ་ཆེན་དབྱིངས་ཕྱུག་ཀུན་གསལ་མསཿ དབྱིངས་སྣང་ཌཱ་ཀིའི་བརྡ་གསང་འདི་སྐད་ངོམཿ ཨེ་ཨེ་ཡཿ ཤར་ནམ་མཁའི་ནོར་བུ་འོད་གསལ་བཿ འགྲོ་མུན་པ་བསལ་བར་ཕྱོགས་རིས་མེདཿ མ་མཁའ་འགྲོས་བསྐུལ་བའི་ཕོ་ཉ་ལཿ ལུས་བཟང་ངན་ཕྱོགས་རིས་ཅི་ལ་སྲིདཿ རང་གདུལ་ཞིང་དང་སྨོན་ལམ་འཕྲོ་ལ་རགཿ ཁྱོད་ཐུགས་ངལ་སྐྱོ་སུན་མ་མཛད་དངཿ ཁྱོད་རང་ལོ་བརྒྱད་ནས་བཅུ་བཞིའི་བརཿ སྔོན་པདྨ་མཚོ་སྐྱིད་སྨོན་ལམ་མཐུསཿ ལྷ་འདྲེ་ཡི་འགྲོ་དོན་ཅུང་ཟད་སྨིནཿ དེ་རང་མཐོང་མ་ཆེ་སྔོན་ལས་ཡིནཿ བཅོ་ལྔ་ནས་བཟུང་ཉི་ཤུ་ལ་བབ་ཚེཿ ལས་སྡུག་བསྔལ་བཟོད་དཀའ་དུ་མ་མྱོངཿ ཡིད་མ་གཞོམ་ལས་ཀྱི་མཐའ་མ་ཡིནཿ རྩ་གཅིག་ནས་རྩ་བརྒྱད་ལ་ཐུག་ཚེཿ ཡུལ་གདུལ་ཞིང་སྙིགས་པའི་རྐྱེན་དབང་གིསཿ ངན་འབྲེལ་ལས་བཟང་འབྲེལ་ཤིན་ཏུ་དཀོནཿ བློ་ཡིད་གཉིས་མེད་པར་པད་འབྱུང་དངཿ མ་མཚོ་རྒྱལ་ལ་གསོལ་འདེབས་བརྩོན་ནུས་ནཿ དེ་ཕན་ཆད་རང་སྐལ་གཏེར་གྲོགས་དངཿ ལས་ལྡན་གྱི་ཆོས་འཛིན་དང་འཕྲད་ནསཿ བསྟན་འགྲོ་བའི་དོན་ཆེན་རིམ་གྱིས་འབྱུངཿ བཟང་འབྲེལ་ལས་ངན་འབྲེལ་རིམ་གྱིས་ཉུངཿ སླར་བཟང་ངན་གང་གིས་འབྲེལ་གྱུར་ཀྱངཿ དེ་ཁྱོད་ཀྱི་གདུལ་བྱའི་ཞིང་ཡིན་པསཿ ཆགས་སྡང་དང་དགའ་སྡུག་སྤྱོད་པ་སྤོངསཿ མཉམ་ཉིད་ཀྱི་རྫོང་མཁར་མ་ཞན་དགོསཿ མ་མཁའ་འགྲོས་མངག་པའི་ཕོ་ཉ་ལཿ རྟེན་འབྲེལ་གྱི་ཆོས་ལ་རག་ལས་པསཿ ཐབས་མཁས་པའི་ཚུལ་གྱིས་གཟབ་གལ་ཆེཿ རང་གཏེར་སྟོན་ཨེ་ཡོང་རང་གིས་ཤེསཿ དབྱིངས་ཌཱ་ཀིའི་བཀའ་བཞིན་མ་བསྒྲུབ་ནཿ ཆོས་གཏེར་ལ་དབང་ཡང་སཔྟས་བསྒྲིབཿ ལས་མི་འདོད་སྣ་འདྲེན་རང་གིས་བྱེདཿ ཁྱོད་གཏེར་ལ་དབང་ཡང་གཞན་རྐྱེན་སོངཿ ཆོས་མི་ངོར་ཤོར་ནས་ཁྱིམ་ཐབ་འཛིནཿ རང་གཏེར་གྱི་བྱ་བ་ཕག་ཏུ་ཡིབཿ ལས་འདི་འདྲ་བྱེད་པ་ཨ་རེ་སྡུགཿ མ་མཁའ་འགྲོའི་ཞལ་ལུང་བཞིན་བསྒྲུབ་ནཿ ཁྱོད་ཚེ་འདིར་དོན་གཉིས་འབྱུང་བར་ངེསཿ བརྡ་གོའམ་རིགས་ལྡན་གཞོན་ནུ་མཿ ང་དབྱིངས་ཀྱི་སྤྲུལ་པ་དབྱིངས་སུ་ཨཱཿ ཟེར་བར་སྣང་ཞིང་དབྱིངས་སུ་འོད་དུ་ཡལཿ བཅུ་དགུ་ནས་བཟུང་ཉི་ཤུ་རྩ་བརྒྱད་བརཿ སྐྱིད་སྡིག་མ་ངེས་ཆུ་ཡི་གཉེར་མ་བཞིནཿ འབྱུང་ཞིང་ཕྱེད་ཀ་ཆོས་ཀྱི་ཕྱིར་དང་ནིཿ ཕྱེད་ཆ་འཇིག་རྟེན་ཕྱོགས་སུ་སྡུག་བསྔལ་མྱོངཿ ཁྱད་པར་དབང་ཐོབ་བླ་མའི་བཀའ་བཞིན་དུཿ ཁྱིམ་ཐབ་བཟུང་ཞིང་འཁོར་བའི་བྱ་བར་བརྩོནཿ མི་ངོ་ལོན་པའི་དུས་ནི་ངར་མ་བྱུངཿ རྐྱེན་དེས་བསྐུལ་ནས་འཁོར་བར་བློ་སུན་ཏེཿ མི་མངོན་དཔལ་རིའི་ཞིང་དུ་འགྲོ་སྙམ་ཚེཿ མི་མིན་ཡུལ་གྱི་བུ་མོ་མཛེས་མ་གཉིསཿ རིན་ཆེན་དུ་མས་བརྒྱན་ཞིང་ངག་སྙན་སྒྲསཿ ཨེ་མ་གསོན་དང་གྲོགས་མོཿ ང་གཉིས་ཁྱོད་ཀྱིས་ཤེས་སམཿ མི་མངོན་ཞིང་ནས་འོང་བའིཿ བཞིན་མཛེས་ཌཱ་ཀི་ངེད་གཉིསཿ ཁྱོད་ལ་ངག་གསལ་སྒྲོན་ཡོངསཿ བདེ་བདེ་མཁའ་འགྲོའི་གྲོང་དུཿ གྲོགས་ཁྱོད་བྱོན་ན་ལེགས་སམཿ དུས་ངན་མི་ཡི་བློ་སེམསཿ བདུད་དབང་བསྒྱུར་བ་ཨེ་ནམཿ གྲོགས་ལ་འཐབ་འཁོན་མ་བྱེདཿ ཉམས་པའི་གྲུབ་ཀྱིས་འཚེ་བཿ ཁྱོད་ལ་སྡང་འོང་ཨེ་ནམཿ མི་མོ་གསལ་གྱི་མིང་ཅནཿ ཁྱོད་ཀྱི་དགེ་བའི་སྐུལ་མཿ དེ་ལ་ཆགས་སྡང་སྤོངས་ལཿ གང་དགར་བཞག་པ་ཨེ་ནམཿ ལྷོ་ཡི་ལྕགས་སྦྲུལ་སྨུག་ཆུངཿ སྒྲ་བརྒྱའི་གཙུག་ཏུ་འཆང་ནཿ རིང་མིན་ཉེ་ནས་དོན་གཉིསཿ ནོར་བུ་ལོན་པ་ཨེ་ནམཿ ད་ལན་ངེད་ཅག་གནས་སུཿ ཁྱོད་བགྲོད་སྟབས་བདེ་མེད་ཚེཿ ཅང་ཤེས་ཅང་ཤེས་ལོ་འཛིནཿ སྐྱེས་བུ་དེ་ཡིས་བསྐུལ་ནསཿ བཛྲ་མིང་གིས་མཐུན་རྐྱེནཿ དུས་སུ་འཛོམས་པ་ཨེ་ནམཿ ལོ་གསུམ་ཟླ་གསུམ་བར་དུཿ མི་ཡི་རྒྱུ་འགྲུལ་སྤངས་ནསཿ སྒྲུབ་པ་ཉམས་ལེན་བརྩོན་ནཿ མཁའ་འགྲོའི་དུས་ཚིགས་འཆིག་མེདཿ ས་ག་ཟླ་བའི་འབོད་པཿ ཕྲན་བུ་དུས་སེལ་ཨེ་ནམཿ ལས་དང་བྱ་བ་གང་བྱེདཿ ཌཱ་ཀིའི་ཞལ་ལུང་ཇི་བཞིནཿ ཁྱོད་ཀྱིས་ལེགས་པར་བསྒྲུབ་ནཿ གཏེར་གཉིས་བསྟན་པའི་བ་དནཿ ཁྱོད་ལ་དབང་བ་ཨེ་ནམཿ དུས་དང་དུས་སུ་འབྱུང་འགྱུརཿ བརྡ་དོན་ཁྱོད་ལ་སྨྲ་འོངཿ གཞན་ལ་མ་སྨྲ་གསང་རྒྱཿ ཙིཏྟའི་ཀློང་དུ་སྦས་མཛོདཿ ཅེས་ཟེར་ནམ་འཁའི་ཀློང་དུ་འཇའ་ལྟར་ཡལཿ རྐྱེན་དེས་འབྱུང་འདུས་ཅུང་ཟད་འཁྲུགས་པ་དངཿ གཏེར་ཆེན་ཀརྨ་གླིང་བའི་སྤྲུལ་པ་དངོསཿ འཇིགས་བྲལ་ཆོས་ཀྱི་བློ་གྲོས་རིན་པོ་ཆེསཿ མཁྱེན་བཞིན་ཆོས་དམ་གཉན་པོའི་བཀའ་གནད་ཀྱིསཿ བདག་ནི་མཁའ་འགྲོའི་བཀའ་བཞིན་འགྲོ་ཐབས་དབེནཿ དེ་སྐབས་ཤིག་ལ་གུ་རུ་ཡིན་སྐད་པའིཿ པཎྜི་ཏ་ཡི་ཆ་བྱད་དགེ་བཙུན་ཞིགཿ བདག་ནི་ཕྱུགས་རྫིར་ཡོད་པས་དེར་བྱོན་ནསཿ ཁྱོད་ཀྱིས་ང་ནི་ཨེ་ཤེས་ལན་གསུམ་ཟེརཿ བདག་གིས་སྨྲས་པ་གུ་རུ་ཁྱེད་ཡིན་ནཿ དུས་གསུམ་མཁྱེན་པའི་མངོན་ཤེས་ཁྱེད་ལ་མངའཿ མཛད་པ་བསམ་ཡས་རྫུ་འཕྲུལ་ཐོགས་པ་མེདཿ དངོས་གྲུབ་མཆོག་བརྙེས་འདྲེན་པ་ཀུན་གྱི་གཙོཿ བླ་མེད་བླ་མ་ཁྱེད་ལ་གུས་ཕྱག་འཚལཿ བདག་དང་བདག་ལ་འབྲེལ་བཅས་འགྲོ་བ་ཀུནཿ ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐགཿ རྗེ་བཙུན་གུ་རུ་ཁྱེད་དང་དབྱེར་མེད་པརཿ ཆོས་དབྱིངས་གདོད་མའི་ཀློང་དུ་བྱང་ཆུབ་ཤོགཿ ཅེས་གསོལ་དགེ་སྦྱོང་ཞལ་ནས་འདི་སྐད་གསུངསཿ ང་ནི་རྒྱུ་མེད་རྐྱེན་མེད་སྤྲུལ་པའི་སྐུཿ འགྲོ་བའི་དོན་དུ་རང་བྱུང་ལྷུན་གྱིས་གྲུབཿ དགེ་སྦྱོང་བདག་ལ་འགྲོ་བའི་དོན་ལས་མེདཿ ལུས་མེད་ལས་མཆོག་རྡོ་རྗེའི་སྐུ་བརྙེས་ཕྱིརཿ སོ་སྐྱེས་རྣམས་ཀྱིས་པད་འབྱུང་ཞལ་རྒྱང་རིངཿ སྔོན་སྨོན་སྟོབས་དང་མོས་པས་རྒྱུད་བསྐུལ་ནཿ དད་པ་ཅན་གྱིས་པད་འབྱུང་དུས་དྲུག་ཏུཿ ཞལ་མཇལ་གསུང་ཐོས་དགོངས་རྒྱུད་བྱིན་རླབས་ཐོབཿ ཁྱོད་ཀྱང་ལས་འཕྲོ་ལྡན་པས་ང་དང་མཇལཿ ཐབས་ཀྱི་གྲོགས་སྤང་སྔགས་ལ་ཐེ་ཚོམ་པསཿ ང་ཉིད་ཐ་མལ་ལུས་ཅན་དགེ་སྦྱོང་མཐོངཿ ད་ནི་རང་སྐལ་གཏེར་ལ་སྤྱོད་འདོད་ནཿ འདི་ནས་ཉི་མ་ལྷོ་ཕྱོགས་ཉེ་ཆ་ནཿ ང་མིན་ང་དང་གཉིས་མེད་གཏེར་སྤྱོད་མཁནཿ རྡོ་རྗེའི་རིགས་ཅན་སེམས་དཔའ་རསྨིའི་མིངཿ དཔའ་བོ་དེ་དང་ཁྱོད་གཉིས་ལྷན་འཛོམས་ནཿ ལྷོ་ནས་ལྷོ་རུ་གཏེར་གཉིས་བསྟན་པ་དརཿ ལྕགས་སྦྲུལ་ནག་པོ་འབྲུག་གི་ལྟོ་བར་སྙནཿ ངང་པའི་ཁྱུ་ཚོགས་ཕྱོགས་ནས་སྤྲིན་བཞིན་འདུཿ ཁྭ་ཏ་ནག་པོས་དུག་ཆར་མ་བཏང་ནཿ དྲུག་ཅུའི་བར་དུ་མཐའ་དམག་དུས་འཁྲུགས་གཞོམཿ བོད་ཁམས་བདེ་སྐྱིད་ཉི་མ་ཅུང་ཞིག་ཤརཿ རང་གཏེར་ཁ་བྱང་བཞིན་དུ་དུས་རྟགས་དངཿ རྟེན་འབྲེལ་ལ་སོགས་གནད་ཟབ་གལ་ཆེའོཿ ཞེས་གསུངས་རྐྱེན་དེས་སྣང་བ་གནས་འགྱུར་ཏེཿ དག་པ་མཁའ་འགྲོའི་ཚོགས་གྲྭལ་ལ་སླེབ་ནསཿ ཀ་ལ་པིང་ལའི་བརྡ་ཡི་རྒྱུད་མང་ལསཿ ཟབ་གཏེར་ཆོས་ཀྱི་ཁ་བྱང་འབྲིང་བོ་ལོནཿ འཕྲལ་དེར་བི་མ་རསྨིས་རྗེས་བཟུང་ནསཿ གངས་རི་གཉིས་པ་རྨ་ཆེན་སྦོམ་ར་ཡིཿ ནུབ་སྒོ་དབང་ཕྱུག་མ་བདུན་ཉེ་འཁོར་ནསཿ ཆོས་ཉིད་མཁའ་འགྲོའི་གསང་མཛོད་ཟབ་གཏེར་དྲངསཿ གཞན་ཡང་སྨོན་འགྲུབ་ཨ་ཤྭའི་མཆོད་སྡོང་དངཿ ལྕགས་རི་འོད་འབར་དང་ནི་སྡོང་རྫོང་གནསཿ ཁྱུང་དྲག་རྩེ་དང་པདྨ་རི་མཐོ་དངཿ སྤྲེལ་རྫོང་ལ་སོགས་གནས་ཆེན་གནས་ཕྲན་ནསཿ རེ་འགའ་ཆོས་གཏེར་རེ་འགའ་རྫས་གཏེར་སྟོནཿ དེ་དག་རྣམས་ཀྱི་སྐབས་སུ་ལུང་བསྟན་སོགསཿ དུ་མ་སྣང་ཡང་གདུལ་ཞིང་སྙིགས་རྐྱེན་གྱིསཿ རྟེན་དང་འབྲེལ་འབྱུང་སཔྟའི་དབང་དུ་སོངཿ དུས་བབ་རྟེན་འབྲེལ་ལྡན་པའི་ཟབ་ཆོས་ནིཿ དཔེར་ན་ཆུ་རྡོལ་ས་ཡིས་མི་ཁོག་ལྟརཿ རྐྱེན་ངན་རླུང་ལྟར་འཚུབ་ཀྱང་ཡ་ང་མེདཿ སྐལ་ལྡན་ཆོས་རྒྱུད་འཛིན་པར་ངང་གིས་འཕྲདཿ ཆོས་བརྒྱད་བྱ་བ་ཐབས་ཀྱིས་སྤང་ནུས་བྱུངཿ རྩ་དགུ་ནས་བཟུང་སུམ་ཅུ་རྩ་གཉིས་བརཿ འཕྲལ་གྱི་རྐྱེན་དང་སྔོན་གྱི་ལས་སྨིན་ནསཿ གྲོགས་ཀྱིས་དོར་ནས་དགོས་མེད་ཁྱི་བཞིན་ཕུདཿ མི་བཟོད་ནད་གཞི་དྲག་པོའི་རྐྱེན་བསྐུལ་ཏེཿ སྐྱབས་རྗེ་འཁོར་ལོའི་མགོན་པོ་ལས་འབྲེལ་བསཿ རྗེས་བཟུང་སྨིན་གྲོལ་གདམས་པའི་ཆོས་མཛོད་ཀྱིསཿ བདག་བློ་མ་རིག་མུན་པ་དྲུང་འབྱིན་ནསཿ ཤེས་རབ་ཡེ་ཤེས་སྒོ་བརྒྱའི་གསང་མཛོད་ཕྱེསཿ ཐོས་བསམ་ཡོན་ཏན་ནོར་གྱིས་ཕྱུག་པར་མཛདཿ ཁྱད་པར་ནང་དོན་ཡེ་ཤེས་མངོན་སུམ་དུཿ སད་ཅིང་ཟུང་འཇུག་ཕྱག་རྒྱས་གྲོལ་ལམ་ཐོབཿ དེའི་མཐུས་ཕྱི་ཡི་གདུལ་ཞིང་སྙན་གྲགས་རྒྱསཿ ནང་དུ་དབུ་མགྲིན་རྩ་ཡི་མདུད་རྒྱ་ཁྲོལཿ གསང་བ་མི་རྟོག་ཡེ་ཤེས་མངོན་གྱུར་ནསཿ ཟབ་གཏེར་འབྲི་སྤེལ་བསྟན་པ་ཆེས་ཆེར་རྒྱསཿ འགྲོ་དོན་གདུལ་བྱ་འབད་མེད་ངང་གིས་དརཿ ལྷ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ཚོགསཿ ལུས་དང་གྲིབ་བཞིན་འགྲོགས་ནས་མཐུན་རྐྱེན་བསྒྲུབཿ ལུང་བསྟན་བསླབ་བྱ་གསུངས་པ་གཞན་དུ་གསལཿ སྐབས་ཤིག་འགྲོ་འདུལ་དཔའ་བོའི་བཀས་བསྐུལ་ནསཿ ཁྲོམ་གྱི་སྡོང་ར་བྲག་དཀར་ཉི་ཆ་ནཿ གནས་བཅས་ཡོད་སྐབས་མི་མིན་བུ་མོ་བཞིཿ སྟག་སེང་དོམ་དང་སྨྲ་མཁས་གདོང་ཅན་བཞིསཿ མགྲིན་གཅིག་སྙན་པའི་དབྱངས་ཀྱིས་འདི་སྐད་ཟེརཿ ཧ་ཡ་ཧིཿ གསོན་དང་རྣལ་འབྱོར་དབང་མོཿ ཏི་གྲོ་མཁའ་འགྲོའི་རྫོང་ནསཿ ཀུན་གཟིགས་ཡེ་ཤེས་དབང་མོསཿ ཁྱོད་ལ་ངག་གསལ་བསྐུར་ཡོདཿ གནས་མཆོག་རྡོ་རྗེ་བྲག་རྫོངཿ རྡོ་རྗེ་མཁའ་འགྲོའི་དུ་རརཿ ཟབ་ཆོས་དགོངས་པ་འདུས་པཿ ཌཱ་ཀིའི་ཐུགས་ཀྱི་ཏི་ཀཿ དུས་བབ་རྟེན་འབྲེལ་ལེགས་པསཿ ཨཀྵའི་དཔལ་དུ་ཤར་བཿ དུས་ནི་ཅང་ཤེས་ངོམ་དུསཿ ཉེ་མིན་རིང་ནས་སྲུང་མསཿ ཁྱོད་ལ་རང་གཏེར་སྤྲད་ངེསཿ ཟབ་ཕྱིར་འཚུབ་རླུང་ཆེ་བསཿ དེ་ལ་སྟབས་ཀ་གཟབ་དགོསཿ ཀུན་གསལ་རྟ་བདུན་དཀྱིལ་འཁོརཿ ས་འཛིན་མཁུན་པའི་སྒྲ་ཡིསཿ ཆུ་འཛིན་ནག་པོས་བསྐུལ་ནསཿ གསལ་བྱེད་གཟི་མདངས་ཉམས་སྲིདཿ དེ་ལ་ཤེས་རབ་མ་ཞནཿ སྙན་སྙན་ཚིག་གིས་མདུན་བསུསཿ མི་སྙིང་གདོན་གྱིས་བསྒྱུར་ནསཿ མི་འདོད་ཡོ་ལང་སྣ་ཚོགསཿ སྨྲ་མིང་འཛིན་གྱིས་བསྐུལ་ལཿ ཅི་ཆ་ཅི་འགྱུར་ཅི་ཡོདཿ དུས་སུ་འབྱུང་འགྱུར་ངེས་ཚིགཿ ཌཱ་ཀིའི་བརྡ་གསལ་ངོམ་འོངཿ ཨེ་ཀོ་ཨེ་ཀོ་གྲོགས་མོཿ ཞེས་ཟེར་ལན་དུ་བདག་གིསཿ ཁྱེད་ཅག་སུ་ཡིན་དྲིས་ཚེཿ གཏམ་མཇུག་མ་རྫོགས་གཞན་རྐྱེན་ཞིག་གིས་ནིཿ གཉིད་ལས་སད་ཅིང་ཉམས་སྣང་རང་སར་ཡལཿ འོན་ཀྱང་ཌཱ་ཀིའི་བརྡ་བྱང་ཇི་བཞིན་དུཿ ཟབ་གཏེར་སྤྱན་དྲངས་བྲི་སྤེལ་གསལ་ཁྱབ་བྱསཿ དེ་སྐབས་ཀོ་འཇོའི་རྒྱལ་པོ་ཡིན་སྐད་པའིཿ མི་ནག་ལྭ་བ་དཀར་པོ་ཅན་ཞིག་གིསཿ འཇིགས་པའི་ངར་སྐད་ཆེན་པོས་འདི་སྐད་ཟེརཿ ཁྱོད་ནི་མ་ངེས་པ་ཡི་བུད་མེད་ཅིགཿ ཡུལ་འདིར་འོང་དོན་ཅི་ཡིན་གང་ནས་ཡིནཿ འདི་རུ་མ་འདུག་འུ་ཅག་རྩོད་པ་འོངཿ དེ་བས་བདེ་སྐབས་ཁྱོད་རང་ཡུལ་གཞན་སོངཿ ཞེས་ཟེར་ཨམ་གཙིགས་བསྡམས་ནས་ཞེ་སྡང་ངོམཿ བདག་གིས་སྨྲས་པ་ཁྱོད་འདྲའི་ལས་ངན་གྱིཿ མ་ངེས་པ་ཡི་མི་ཞིག་ངས་མ་མཐོངཿ ཁྲོམ་ཁོག་འདི་ནི་རྒྱ་བོད་ཀུན་གྱི་ལམཿ ཁྱོད་རང་གཅིག་པུར་ཐོབ་པ་ངས་མ་གོཿ འོན་ཀྱང་ང་ནི་ཡུལ་དང་ཕ་མ་མེདཿ གཅིག་པུར་རྒྱལ་ཁམས་གང་བདེར་འགྲོ་བ་ཡིནཿ ལུས་དང་ལོངས་སྤྱོད་གཅེས་འཛིན་བདག་ལ་མེདཿ ལས་སྣང་འཁྲུལ་བའི་ལྷ་འདྲེར་འགྱེད་དུ་བཏངཿ གཟུགས་ཅན་གཟུགས་མེད་ཀུན་ལ་སྙེམ་ཐག་ཆོདཿ གང་ཤར་གང་སྣང་སེམས་ཀྱི་ཆོ་འཕྲུལ་ཤེསཿ གཅེས་འཛིན་འཁྲུལ་སྣང་བཤིགས་པའི་གདམས་པ་ཡོདཿ གློ་བུར་རྐྱེན་ལས་ཁྱོད་འདྲ་ཡིད་གཟུགས་ཤརཿ ཕན་དང་གནོད་མེད་ཐམས་ཅད་ཆོས་སྐུའི་རྩལཿ ཡེ་གྲོལ་སྐྱེ་མེད་ཡུམ་ཆེན་དགོངས་ཀློང་ཕཊཿཅེས་བརྗོད་རིག་སྟོང་མཐའ་བྲལ་ཆེན་པོའི་ངངཿ དག་ཉམས་དབྱིངས་སུ་ཅུང་ཞིག་ངལ་གསོས་ཚེཿ འཁྲུལ་སྣང་རྨི་ལམ་ལྟ་བུར་དབྱིངས་སུ་ཡལཿ སོ་གསུམ་ནས་བཟུང་ད་ལ་ཐུག་གི་བརཿ རང་ཉིད་བསོད་ནམས་ཆུང་བའི་རྐྱེན་དབང་གིསཿ སྐྱབས་རྗེ་ཐམས་ཅད་མཁྱེན་པ་སྙིང་གི་ནོརཿ པདྨ་ལས་འབྲེལ་མཁའ་འགྲོའི་གླིང་དུ་གཤེགསཿ ཁོ་མོ་བདག་ནི་མགོན་མེད་ཤུལ་དུ་བོརཿ གནས་དང་གྲོགས་མེད་ས་མཐར་སྤྱུགས་ནས་ཀྱངཿ ཀུན་གྱི་མིག་ལ་ཚེར་མ་ལྟ་བུར་གཟནཿ སྐྱབས་རྗེ་བླ་མའི་ཐུགས་ཀྱི་སྲས་གཅིག་པུཿ རྡོ་རྗེའི་མཆེད་པོ་སྣ་ཚོགས་རང་གྲོལ་པསཿ ཁྱོད་ནི་བཀའ་དྲིན་ཅན་གྱི་གཟུང་མ་མཆོགཿ ཡིན་ཕྱིར་ཐག་རིང་ཡུལ་དུ་སྤྱུགས་པ་དབེནཿ གསུངས་ཏེ་ཆོས་དམ་གཉན་པོ་དཔང་བཞག་མཛདཿ རྐྱེན་དེས་ལོ་ཤས་སེར་དགོན་གནས་སུ་བསྡདཿ གཏེར་ཆེན་ཡབ་སྲས་གཉིས་ཀྱི་ཟབ་ཆོས་རྣམསཿ འཛིན་སྐྱོང་སྤེལ་སོགས་སྐྱབས་རྗེས་བཀས་གནང་ལྟརཿ ཉེ་རིང་ཀུན་ལ་ཟབ་གཏེར་དར་རྒྱས་སྤེལཿ ཁྱད་པར་ཆོས་བདག་པྲ༵ཛྙ༵་ར༵སྨའི༵་གཙོའིཿ ལས་ཅན་རྣམས་ལ་གཏེར་གཉིས་ཕ་ཕོག་གཏདཿ གཞན་ཡང་སྐལ་ལྡན་གྲངས་ལས་འདས་པ་ཡིསཿ ཟབ་ཆོས་ཉམས་བླངས་དབེན་པར་སྒྲུབ་ཚུགས་བཟུངཿ དོན་གཉིས་མཛད་པས་གཏེར་གཉིས་བསྟན་པ་བསྐྱངསཿ སྐྱབས་རྗེ་བླ་མའི་ཡང་སྲིད་ཁྲིར་འཁོད་ཚེཿ བདག་གི་སེམས་ཀྱི་སྡུག་བསྔལ་ཅུང་ཟད་ཞིཿ འོན་ཀྱང་བདག་འདྲའི་ནོར་སྐྱོང་གྱི་ན་བརཿ གཡུ་རལ་ལྡན་པའི་སེང་གེའི་མིང་ཐོབ་པཿ སྐྱབས་རྗེ་ཡིད་བཞིན་ནོར་བུའི་དྲིན་ལས་བྱུངཿ དེ་དོན་བསམ་ན་སེམས་སྐྱོ་དྭངས་དུས་མེདཿ ཀུན་གསལ་རྟ་བདུན་དཀྱིལ་འཁོར་མཐོང་བའི་ཚེཿ སྐྱབས་རྗེ་ཡིད་བཞིན་ནོར་བུའི་སྐུ་དཀྱིལ་དྲནཿ འོད་ཀྱིས་ཕྱོགས་ཀུན་མུན་པ་སེལ་བའི་དུསཿ ཐུགས་རྗེ་ཕྱོགས་རིས་མེད་པའི་ཡོན་ཏན་དྲནཿ སྟེང་ཕྱོགས་ནམ་མཁའི་ཀློང་ནས་ནུབ་རིར་ཕྱོགསཿ རྗེ་ཉིད་བདག་ཅག་འགྲོ་བའི་མགོན་བྱོན་ནསཿ གཟུགས་སྐུ་མྱ་ངན་འདས་པའི་བཀོད་པ་དྲནཿ མཁའ་ཀློང་ཡངས་པའི་དབྱིངས་ཉིད་མཐོང་བའི་ཚེཿ གཞི་དབྱིངས་དག་པ་ཆོས་སྐུའི་དབྱིངས་ཉིད་ནསཿ རང་བྱུང་ལྷུན་གྲུབ་གཟུགས་སྐུའི་སྣང་བ་དྲནཿ བརྡ་རྟགས་ཅི་དང་ཅི་མཐོང་ཅི་ཤར་ཡངཿ སྐྱབས་རྗེ་བླ་མ་ཡིད་བཞིན་ནོར་བུ་དྲནཿ དབེན་དགོན་གང་དུ་བསྡད་ཀྱང་བླ་མ་དྲནཿ ཉམས་ལེན་གདམས་ངག་བསམ་ཚེ་བླ་མ་དྲནཿ གཞུང་བཟང་མཆེད་གྲོགས་མཐོང་ཚེ་བླ་མ་དྲནཿ ཅི་དང་ཅི་ལ་བསམ་ཡང་བླ་མ་དྲནཿ འདྲེན་སྟོན་པདྨ་ལས་འབྲེལ་ཁོ་རང་དྲནཿ དྲན་ནས་དུས་ཀུན་གསལ་བྱེད་ཆུ་རྒྱུན་འབེབསཿ བློ་སེམས་གདུང་བས་སྐྱོ་ནས་དྲན་པ་འཁྲུལཿ རྟག་ཏུ་བསྟེན་ཡང་སྐད་ཅིག་ཡུད་ཙམ་འདྲཿ སྨིན་གྲོལ་ཐོབ་པ་མང་ཡང་སྐད་ཅིག་ཙམཿ འདི་འདྲའི་བཀོད་པ་དྲན་ཚེ་ཀྱེ་མ་ཧུདཿ སྐུ་ཞལ་མཐོང་ཚེ་དད་མོས་གཏིང་ནས་སྐྱེསཿ གསུང་ཐོས་ཙམ་གྱིས་སྨིན་གྲོལ་ལམ་སྣ་ཟིནཿ ཐུགས་ཀྱི་དགོངས་པས་གསང་མཛོད་སྒོ་བརྒྱ་འབྱེདཿ འགྲོ་བའི་ཁམས་དབང་དང་བསྟུན་ཆོས་ཆར་འབེབསཿ འགྲོ་རྣམས་འཁོར་བའི་འཕྲང་ལས་ཐར་བར་མཛདཿ གཏན་བདེ་བླ་མེད་གོ་འཕང་མཆོག་བརྙེས་ནསཿ གདོད་མའི་དབྱིངས་སུ་འགྲོ་བའི་དེད་དཔོན་མཛདཿ བཀའ་དྲིན་བསམ་ལས་འདས་ཤིང་འཁོར་ཐབས་བྲལཿ དེ་དོན་བསམ་ཞིང་གདུང་བས་རྒྱུད་བསྐུལ་ནསཿ རྗེ་བཙུན་བླ་མ་དྲན་པའི་སྨྲེ་ངག་ཤོརཿ འོན་ཀྱང་བླ་མའི་སྐུ་དྲིན་གསོ་ཕྱིར་དུཿ རང་དོན་ཡིད་བྱེད་བློ་ངན་རྒྱང་སྤངས་ནསཿ སྐལ་ལྡན་རྣམས་ལ་ཟབ་གཏེར་འཆད་སྤེལ་དངཿ སྒོ་གསུམ་བྱ་བ་ཆོས་དང་མཐུན་བྱས་ཏེཿབསེ་རུ་ལྟ་བུར་དབེན་པར་སྒྲུབ་ཚུགས་བཟུངཿ གཏེར་ལ་དབང་ཡང་གཏེར་སྤྱོད་ངས་མི་ཐོནཿ ཕ་ཆོས་བུ་ཡིས་ཟིན་ན་དེས་ཆོག་སྙམཿ རང་གཏེར་ཟབ་མོ་ས་ཡི་གཏེར་གནས་ནིཿ སྐུ་ཡི་གནས་གསུམ་ཐུགས་ཀྱི་གནས་གསུམ་དངཿ བྲག་དཀར་གསུམ་དང་རྫོང་གསུམ་སྦས་གནས་གཉིསཿ དེ་དག་གཏེར་གྱི་གནས་སུ་བཤད་པ་ཡིནཿ ཟབ་པའི་ཆོས་ཀྱང་རྩ་བ་སྡོང་པོ་དངཿ ཡལ་ག་མེ་ཏོག་དང་ནི་འབྲས་བུའི་ཆོསཿ ས་གཞི་ལྟ་བུའི་དགོངས་པ་མི་འགྱུར་གཏེརཿ ཕྲིན་ལས་ཁ་ཚར་གཏེར་ནི་བསམ་མི་ཁྱབཿ གཏེར་གྱི་གྲོགས་ཀྱང་མཆོག་གཉིས་བར་གསུམ་དངཿ རིགས་ལྔའི་ཆར་གཏོགས་སེམས་དཔའ་ཆེན་པོ་ལྔཿ ཆོས་ཀྱི་བདག་པོ་བཀའ་བབ་བུ་བཞི་དངཿ མཆོག་བརྒྱད་དང་ནི་ཉེར་ལྔ་བརྒྱ་རྩ་སོགསཿ བྱུང་ནས་རིམ་གཉིས་འབྲས་བུ་ཚེ་འདིར་ལོནཿ ཆོས་གཏེར་འབྱེད་པའི་དུས་རྟགས་རྟེན་འབྲེལ་སོགསཿ ཁ་བྱང་དང་ནི་ཡང་བྱང་སྙིང་བྱང་དངཿ ཟུར་བྱང་ལ་སོགས་སྐབས་དོན་ཌཱ་ཀིས་སྤྲདཿ འགྲོ་དོན་གདུལ་ཞིང་ཡུལ་ལྔ་ཁྱད་པར་དུཿ ཤར་གྱི་ཕྱོགས་དང་ལྷོ་རུ་དར་བར་བསྟནཿ དེ་ལྟར་རང་གཏེར་རྩ་ཚིག་མདོར་བསྡུས་འདིཿ སྐལ་བཟང་བུ་སློབ་རྣམས་ཀྱི་བཞེད་སྐོང་ཕྱིརཿ དོན་ཆུང་ཚེགས་ཆེ་འཕྲིན་ལས་ཡིག་གཟུགས་བཀོདཿ ཐ་མལ་སོ་སྐྱེས་ལུས་དམན་བདག་ལྟ་བུརཿ ལེགས་བཤད་གསང་བའི་ཡོན་ཏན་ཅིའི་ཕྱིར་སྣངཿ འོན་ཀྱང་བརྒྱུད་ལྡན་བླ་མའི་ཐུགས་རྗེ་དངཿ ཚོགས་གཉིས་འབྲས་བུར་སྨིན་པའི་དོན་དམ་གྱིསཿ སྐྱེ་འཕྲེང་དུ་མར་ཆོས་ལྡན་ལུས་ཐོབ་ནསཿ རིགས་ཅན་རྣམས་ཀྱིས་ཐུགས་ཀྱི་དགྱེས་པ་བསྐྱེདཿ ཟབ་གཏེར་མངའ་བདག་པདྨ་གླིང་བ་ཡིསཿ རྗེས་བཟུང་སྨིན་གྲོལ་ཆོས་ཀྱི་དབུགས་དབྱུང་བསཿ སྔོན་གྱི་འཕྲོ་སད་ཟབ་གཏེར་ཕྲན་བུར་དབངཿ དེ་ནས་རིམ་བརྒྱུད་སྐྱེ་འཕྲེང་ཆ་ཤས་སུཿ ཟབ་མོ་གཏེར་གྱི་དངོས་གྲུབ་ཕྲན་རེར་དབངཿ འཁོར་སློབ་གདུལ་བྱ་སྐྱོང་འདོད་བློ་མེད་ཀྱངཿ སྨོན་ལམ་དབང་གིས་གདུལ་བྱ་ཐབས་ཀྱིས་བསྐྱངསཿ ལེགས་བཤད་གསང་བའི་ཡོན་ཏན་ཆེར་མེད་ཀྱངཿ རང་གི་གནས་ཚུལ་མདོར་བསྡུས་ཕྱོགས་ཙམ་འདིཿ ཐོབ་ཐང་ཆོས་བརྒྱད་སྔོན་བསུ་བྱས་པ་མིནཿ སྐལ་བཟང་སློབ་བུ་རྣམས་ཀྱི་ཞལ་མ་གཅོགཿ རྫུན་ཚིག་ཡི་གེའི་རིས་སུ་བྲིས་པ་ཡིཿ དགེ་འདིས་བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟནཿ ཕྱི་ནང་རྟེན་འབྲེལ་ལེགས་ཚོགས་བསོད་ནམས་འཕེལཿ སྣོད་བཅུད་ཡོངས་ཀྱི་རྒུད་པ་མཐའ་དག་སེལཿ དམག་འཁྲུགས་མུ་གེའི་བསྐལ་ངན་ཀུན་ཞི་ནསཿ ཟབ་གཏེར་བསྟན་པ་ཕྱོགས་བཅུར་དར་བ་དངཿ དེར་འཛིན་སྐྱེས་བུའི་མཛད་འཕྲིན་རྒྱས་པར་ཤོགཿ སྦྱིན་བདག་མངའ་ཐང་ལོངས་སྤྱོད་གོང་འཕེལ་རྒྱསཿ སེམས་ཅན་བདེ་སྐྱིད་ཕུན་ཚོགས་ཆོས་ལ་སྤྱདཿ ཀུན་ཀྱང་བདག་གི་གདུལ་བྱའི་ཞིང་གྱུར་ནསཿ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུཿ རིག་འཛིན་དཔའ་བོ་མཁའ་འགྲོས་མདུན་བསུས་ཏེཿ གུ་རུ་སིདྡྷིའི་གླུ་དབྱངས་ལེན་བཞིན་དུཿ པདྨ་འགྲོ་འདུལ་གླིང་དང་དབྱེར་མེད་པརཿ ཨོ་རྒྱན་མཁའ་འགྲོའི་གླིང་དུ་སྐྱེས་ནས་ཀྱངཿ སྟོན་འཁོར་དགོངས་པ་དབྱེར་མེད་སངས་རྒྱས་ཤོགཿ ཅེས་སོགས་གསུངས་པ་ལྟར་བོད་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་༡༨༩༢ལོར་སྐུ་འཁྲུངས་ཏེ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་༡༩༤༠ལོར་དགོངས་པ་དབྱིངས་ཡེ་ཟུང་འཇུག་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ཏོ། །
དེ་ནས་མདོ་ཁམས་ཀྱི་ལྗོངས་འདིར་སླར་ཡང་སྐུ་བལྟམས་པའི་ཚུལ་ནི་མཁའ་འགྲོ་མཆོག་གི་མ་ཡུམ་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱི་གསུང་གི་སྤྲུལ་པ་སྟོང་དཔོན་བཟའ་དམ་ཚིག་སྒྲོལ་མ་ལ་ཁྲ་དགེ་སློང་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཁའ་སྤྱོད་མའི་དབང་ལུང་དང་དྲིལ་བུ་སོགས་གནང་སྟེ་ཁོང་གི་སྐུ་སྐྱེ་ཕྱི་མ་ཁྱེད་ཀྱི་ཁྱིམ་དུ་འཁྲུངས་རྒྱུ་ཡིན་ཞེས་སོགས་གསུངས་ཏེ་ཐུགས་བརྩེ་མཚུངས་མེད་མཛད། གཞན་ཡང་ཁོང་སྐུ་གཤེགས་ཁར་ཉེ་གནས་ཨ་བློ་འགོ་བ་ལ་ཞལ་འདོན་དང་ཌཱ་དྲིལ་སོགས་སྐུ་ཆས་ཡོ་བྱད་ཐམས་ཅད་བཅོལ་ཏེ། ཁྱོད་རང་ས་ཕོ་སྟག་གི་ལོར་ཨ་པང་གཏེར་ཆེན་གྱི་མདུན་དུ་སོང་དང་ང་དེར་འཁྲུངས་ཡོད་གསུངས། ཁོང་གི་སྐུ་གདུང་ཞུགས་འབུལ་གྱི་དུད་པ་ཡང་གཏེར་ཆེན་བླ་མ་མཆོག་གི་བཞུགས་གནས་གསེར་མགོན་པོ་འབྲོང་རིའི་ནང་དུ་འཁྱིལ་ཏེ་ཉིན་བདུན་ལ་མ་ཡལ། དེ་ནས་དབུས་བཟའ་མཁའ་འགྲོ་བདེ་བའི་རྡོ་རྗེས་ཀྱང་མཁའ་འགྲོ་མཆོག་གི་མ་ཡུམ་ལ་སྲུང་མདུད་དམར་པོ་ཞིག་གནང་སྟེ་འདི་ཁྱེད་ཀྱིས་ཉར་ཚགས་ཡག་པོ་གྱིས་དང་ནམ་ཞིག་མདུད་པ་འདི་མེད་པར་འགྱུར་ཚེ་ང་རང་ཁྱེད་ཚང་ལ་ཕེབ་ཡོང་གསུངས། ཡབ་རྗེ་བླ་མ་ཨོ་རྒྱན་འཕྲིན་ལས་གླིང་བའི་ཞལ་ནས་ཀྱང་རང་རེ་ཟུང་ལ་མཚོ་རྒྱལ་དངོས་སྣང་མཁའ་འགྲོ་སུ༵་ཁ༵་བཛྲ༵་དང་ཁྲ་དགེ་སློང་ཚུལ་ཁྲིམས་བློ་གྲོས་གཞི་ཆེན་ཨ་པང་སྤྲུལ་སྐུ་བཤད་སྒྲུབ་བསྟན་པའི་ཉི་མ་རྣམས་ཀྱི་སྤྲུལ་པ་གཅིག་བསྡུས་ཀྱི་ངོ་བོ་སྲས་ཀུན་ལས་འགྲོ་དོན་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་འཁྲུངས་རྒྱུ་ཡིན་ཞེས་ལུང་བསྟན། གཞན་ཡང་ཁམས་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། རྒྱལ་ཡུམ་ཕག་མོ་མཚོ་རྒྱལ་ཟུང་གི་སྤྲུལཿ མདོ་ཁམས་ཌཱ་ཀི་སུ་ཁའི་མཚན་འཆང་བཿ གང་གི་ཡང་སྤྲུལ་སྔགས་སྐྱེས་ཏཱ་རེ་ཡིཿ མཛད་འཕྲིན་འཕགས་བོད་ཙི་ནའི་ཕྱོགས་རྒྱས་ནསཿ འབྲེལ་ཚད་མཁའ་སྤྱོད་ཞིང་དུ་འདྲེན་པར་འགྱུརཿ ཞེས་དང་། པདྨ་གར་དབང་རྩལ་གྱིས། རྒྱལ་ཡུམ་ཕག་མོའི་རྣམ་སྤྲུལ་ཏཱ་རེའི་མཚནཿ གང་དང་འབྲེལ་ཚད་ངན་སོང་སྐྱེ་སྒོ་གཅོདཿ ཅེས་དང་། མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེས། མཁའ་འགྲོའི་སྤྲུལ་པ་ཏཱ་རེའི་མཚན་ཅན་འབྱུངཿ ཞེས་དང་། མདོ་སྔགས་བསྟན་པའི་ཉི་མས། བསིལ་ལྡན་གངས་ཅན་ལྗོངས་ཀྱི་ཡུལ་འདི་རུཿ གསང་སྔགས་ཆོས་ཀྱི་པདྨོ་བཞད་པའི་གཉེནཿ རྒྱལ་བའི་སྐྱེད་ཡུམ་པདྨོ་ཡོ་གི་ནིཿ དེང་འདིར་སྒྱུ་མའི་འཛུམ་བག་ངོམ་ལ་སྤྲོཿ ཞེས་དང་། གཏེར་ཆེན་གར་དབང་རིག་པའི་རྡོ་རྗེའི་ཐེམ་བྱང་སྐལ་ལྡན་དགྱེས་པའི་དགའ་ཚལ་ལས། ལྷོ་རྒྱུད་དུ་ཨརྱ་ཏཱ་རེའི་མིངཿ མགོན་དེ་ཡིས་རྗེས་བཟུང་བྱིན་བརླབས་བུཿ གནས་འདིར་འཕོས་གཡུ་ལོ་བཀོད་དུ་འགྲོཿཞེས་དང་། གཏེར་ཆེན་ལས་རབ་རྡོ་རྗེའི་རིག་འདུས་རྡོར་སེམས་ཁ་བྱང་ལས། དགེ་བསྙེན་རྡོ་རྗེ་ཁྱུང་དྲག་ཉེ་བའི་ཆརཿ ཛྙཱ་ན་ས་ར་དངོས་སྣང་དགྱེས་སྡེ་མོཿ ཏཱ་རེ་དེ་བཱི་སྔ་འགྱུར་བསྟན་པའི་བདགཿཟབ་གཏེར་བཅུ་གསུམ་བསྟན་འགྲོའི་གསོས་སུ་སྤྱོདཿ ཞེས་སོགས་ལུང་བསྟན་པ་དང་མཐུན་པར་འཁྲུངས་པ་ལ། གང་ལས་སྐྱེས་པའི་ཡབ་ཀྱི་རིགས་ནི། ཇི་སྐད་དུ། སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ་འཛིནཿ ཤཱཀྱའི་སྤྱན་སྔར་རིགས་ལྡན་ཟླ་བ་བཟངཿ པདྨའི་དྲུང་དུ་ལས་ཅན་ལྷ་སྲས་རྗེཿ གྲུབ་ཆེན་དུས་སུ་ནག་པོ་སྤྱོད་པར་གྲགསཿ གཏེར་གྱི་ཐོག་མ་སངས་རྒྱས་བླ་མ་རྗེཿ ཡར་ལུང་ནགས་ཚལ་ཨོ་རྒྱན་གླིང་བ་དངཿ བྱང་གཏེར་རིག་འཛིན་ཆེན་པོ་རྒོད་ལྡེམ་པཿ སྤྲུལ་པའི་སྐུ་མཆོག་པདྨ་འཕྲིན་ལས་གླིངཿ དགོངས་པ་མངོན་འགྱུར་ཡོངས་དགེ་མི་འགྱུར་བཿ མཁས་པ་ཕུལ་བྱུང་ལོ་ཙཱ་བྷ་ཏྲ་པཿ མཁྱེན་པ་ཐོགས་མེད་བྱང་ཆུབ་རྒྱལ་མཚན་ཞེསཿ བརྩེ་ལྡན་པདྨ་མཁའ་ཁྱབ་གླིང་བ་དངཿ མཐུ་སྟོབས་རབ་འབར་དཔའ་བོ་ནུས་ལྡན་པཿ གདུག་པ་འདུལ་མཛད་པདྨ་མདོ་སྔགས་གླིངཿ ཤར་ཕྱོགས་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེར་གྲགསཿ ཞེས་གསུངས་པ་ལྟར། གསང་བདག་དངོས་སྣང་ཨ་ཕང་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེའམ་ཨོ་རྒྱན་འཕྲིན་ལས་གླིང་བ་ཞེས་རྩོད་མེད་ཡོངས་གྲགས་ཀྱི་སྤྲུལ་པའི་གཏེར་ཆེན་དེ་དང་། ཡུམ་ཌཱ་ཀིའི་གཙོ་མོ་སྟོང་དཔོན་བཟའ་དམ་ཚིག་སྒྲོལ་མ་གཉིས་ཀྱི་སྲས་མོར་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་གི་༡༩༣༨ལོར་འབོས་ཀྱི་ཡུ་མོ་ལུང་ཞེས་པའི་ས་ཆ་རུ་ཡུམ་ལ་བཙའ་བའི་ཟུག་རྔུ་སོགས་ཡེ་ནས་མེད་པར་སྐུ་འཁྲུངས། དེ་ཚེ་རོལ་མོ་སྣ་ཚོགས་པའི་སྒྲ་གྲགས་པ་དང་། ནམ་མཁར་འཇའ་འོད་ཀྱི་གུར་ཁང་ཕུབ། དྲི་བཟང་གི་ན་བུན་འཐུལ་བ་སོགས་ཡ་མཚན་པའི་ལྟས་མང་དུ་བྱུང་། དེ་སྐབས་ཉེ་གནས་ཨ་བློ་འགོ་བ་བྱོན་ཏེ་གོང་སྨྲས་ཀྱི་ཞལ་ཆེམས་རྣམས་གཏེར་ཆེན་བླ་མ་མཆོག་ལ་ཞུས་ནས་ངེད་ཀྱི་བླ་མ་ཡིན་ཚུལ་སོགས་གསུངས་ཚེ་ཁོང་གི་ཞལ་ནས་བྱིས་པ་འདི་བུ་མོ་ཞིག་ཡིན་པས་ཁྱེད་ལ་དགོས་པ་མེད་ཀྱང་ནར་སོན་ཚེ་ཁྱེད་བྱོན་དང་མོ་རང་ལ་འདྲི་གསུངས། དེ་ནས་སྲས་མོ་མཆོག་དགུང་གྲངས་གཅིག་གི་དུས་ཡབ་ཡུམ་འཁོར་བཅས་ལྷ་ལྡན་དུ་བྱོན་སྐབས་ཁམས་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཚོ་རྒྱལ་དངོས་སྣང་མཁའ་འགྲོ་སུ༵་ཁ༵་བཛྲ༵་གྱི་སྤྲུལ་བ་རུ་ངོས་བཟུང་ཞིང་ཁོང་ཉིད་ཀྱི་ཕྱག་ཏུ་བསྣམས་ནས་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་དུ་བསྟན་འགྲོའི་དོན་ཆེན་འགྲུབ་ཕྱིར་ཐུགས་སྨོན་རྒྱ་ཆེར་གནང་། དེ་ནས་སྲས་མོ་མཆོག་ནར་སོན་ཏེ་གཏམ་སྨྲ་ཤེས་པ་ན་ཉེ་གནས་ཨ་བློ་འགོ་བ་སྐུ་བདག་བྱེད་དུ་བྱུང་བར་འབྲེལ་ཡབ་རྗེ་གཏེར་ཆེན་རིན་པོ་ཆེས་སྲས་མོ་མཆོག་ལ་ཁྱེད་ཀྱིས་ཇོ་བཙུན་བྱེད་དམ་ཁྱིམ་འཛིན་གསུངས་པར་ངས་ཇོ་ཁྱིམ་གཉིས་ཀ་བྱེད་ངེས་ཡིན་ཞེས་དང་། གཞན་ཡང་ཉེ་གནས་ལ་སྐུ་སྔོན་མས་བཅོལ་ཡོད་པའི་ཞལ་འདོན་དང་ཌཱ་དྲིལ་ན་བཟའ་སོགས་བཅའ་ལག་རྣམས་རེ་རེ་བཞིན་གསུངས་ཏེ་མོ་རང་ལ་དགོས་གསུང་བཞིན་ཕྱིར་སྤྲད། གཏེར་ཆེན་བླ་མ་མཆོག་གིས་ཉེ་གནས་ཨ་བློ་འགོ་བ་ལ་འདི་ནམ་ཞིག་གི་དུས་ན་ཁྱིམ་དུ་འཆོར་བ་ལས་འོས་མེད་པས་ཁྱེད་ལ་ཅི་བྱེད་མི་འདུག་གསུངས། རྗེ་འགྲོ་བའི་མགོན་པོ་འདི་ནི་སྐུ་ཆུང་ངུའི་དུས་ནས་བུད་མེད་ཀྱི་སྐྱོན་ཀུན་དང་བྲལ་ཞིང་བཅོས་མིན་གྱི་སྙིང་རྗེ་རང་ཤུགས་ཀྱིས་ཐུགས་ལ་མངའ་བ་ལྷ་དང་བླ་མར་དད་པ་དང་དག་སྣང་ཆེ་བ། ཁྱད་པར་ཨོ་རྒྱན་ཆེན་པོའི་མཚན་ཙམ་བརྗོད་པས་ཀྱང་ལུས་བ་སྤུ་གཡོ་ཞིང་མིག་མཆི་མ་འཁྲིགས། རྒྱལ་དབང་པདྨ་ཀ་ར་སོགས་རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཞལ་གཟིགས་དང་ལུང་བསྟན་ཡང་ཡང་བྱུང་བ་ནི། ཇི་སྐད་དུ། གཏེར་འབྱིན་པདྨའི་ཕོ་ཉ་ནིཿ དད་དང་ཚུལ་ཁྲིམས་གཏོང་ཕོད་ཆེཿ ཐོས་རྒྱ་ཆེ་ཞིང་རང་རྒྱུད་གྲོལཿ ལྟ་སྒོམ་ལྡན་ཞིང་སྤྱོད་པ་ཞིབཿ སྙིང་རྗེ་ཆེ་ཞིང་ཉོན་མོངས་ཆུངཿ འཁོར་བར་ཞེན་ལོག་ཆོས་བརྒྱད་སྤངསཿ ཞི་དུལ་བག་ཡོད་ཆོས་ཉིད་རྟོགསཿ སྲིན་པོས་མཐོང་ཡང་སྡིག་སེམས་ཞིཿ ཐབས་མཁས་བསྟན་འགྲོའི་དོན་སྨིན་མཛདཿ འདི་ནི་འབྲེལ་ཚད་དོན་ལྡན་པའིཿ པདྨའི་ཕོ་ཉ་ཡིད་བཞིན་ནོརཿ དེ་ལ་རྩེ་གཅིག་གསོལ་བ་ཐོབཿ གང་འབྲེལ་པདྨ་འོད་དུ་དྲངསཿ ཞེས་གསུངས་པ་ལྟར་རོ། །
དགུང་གྲངས་བདུན་གྱི་དུས་སུ་ཡབ་རྗེ་གཏེར་ཆེན་ཨོ་རྒྱན་འཕྲིན་ལས་གླིང་བའི་དྲུང་དུ་སྙིང་ཐིག་ཡ་བཞི་དང་རང་གཏེར་གྱི་དབང་ལུང་ཡོངས་རྫོགས་གསན། དགུང་གྲངས་དགུའི་ཐོག་ཡབ་རྗེ་གཏེར་ཆེན་རིན་པོ་ཆེའི་གཟུགས་སྐུའི་དཀྱིལ་འཁོར་རེ་ཞིག་འོད་གསལ་ཆོས་སྐུའི་དབྱིངས་སུ་བསྡུས་ཏེ། ནང་གསལ་གཞོན་ནུ་བུམ་སྐུར་གདོད་མའི་གཞི་དབྱིངས་ཆེན་པོར་སངས་རྒྱས་པར་ཐུགས་སྐྱོ་ནས་སྲས་མོ་རང་གི་མགུལ་རྒྱན་དང་གསེར་གདུབ་སོགས་ཀྱིས་གཞི་བྱས་ཏེ་རིན་ཐང་གཞལ་དུ་མེད་པའི་སྐུ་གདུང་མཆོད་རྟེན་ཞིག་བཞེངས་གྲུབ་མཛད། དུས་དེ་ཙམ་ན་རྡོ་གྲུབ་ཆེན་དགོན་དུ་འཆམ་མཇལ་ལ་བྱོན་སྐབས་གྲུབ་པའི་དབང་ཕྱུག་ཆེན་པོ་རིག་འཛིན་འཇའ་ལུས་རྡོ་རྗེས་མོ་སྨན་རྣམས་ཀྱི་འབག་ལས་ནེའུ་ཆུང་གི་མགོ་འབག་མཁའ་འགྲོ་མཆོག་ལ་བསྟན་ཏེ་ཁྱེད་འདིའི་སྤྲུལ་བ་ཡིན་གསུངས། དགུང་གྲངས་བཅུ་གཉིས་དང་བཅུ་གསུམ་ཙམ་གྱི་སྐོར་ལ་རྡོ་གྲུབ་རིན་པོ་ཆེ་རིག་འཛིན་འཇའ་ལུས་རྡོ་རྗེ་དང་། ཐམས་ཅད་མཁྱེན་པ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་པོ་ཟུང་མཉེས་པ་གསུམ་གྱིས་བསྙེན་ཏེ་སྙིང་ཐིག་ཡ་བཞི་དང་དུམ་གཉིས་སོགས་ཀྱི་སྨིན་གྲོལ་གདམས་པའི་མན་ངག་རྣམས་ལན་གྲངས་གཉིས་ཀྱི་བར་དུ་མནོསཿ དགུང་གྲངས་བཅུ་བཞི་པར་རྡོའི་ཤུགས་འབྱུང་གསང་སྔགས་གླིང་དུ་བཞུགས་སྐབས་ཐང་གཅིག་རྡོ་གྲུབ་ཆེན་དགོན་དུ་མཇལ་སྐོར་ལ་བྱོན་ཚེ་ཁྱབ་ཆེན་ཐང་ཞེས་པར་ཁྱི་མང་པོས་རུབ་ནས་དེད་པ་ན་སྲས་མོ་མཆོག་གིས་ཚམ་ཚོམ་མེད་པར་རྡོ་མང་པོ་བསྡུས་ནས་འཕང་བ་དང་། ཁྱད་པར་ཕ་བོང་ཆེན་པོ་ཞིག་གི་སྟེང་ན་རྡོ་སྨུག་པོ་ཞིག་ཡོད་པ་དེ་སྣང་དོགས་མེད་པར་བླངས་ནས་ཁྱི་རྣམས་ལ་འཕེན་བྱེད་བྱས། དགུང་མོ་རང་ཁྱིམ་དུ་སླེབ་ཚེ་ད་དུང་རྡོ་སྨུག་པོ་དེ་རུམ་དུ་ཡོད་པས་མ་ཡུམ་ལ་བསྟན་སྐབས་སྟེང་ན་བྂ་ཡིག་དམར་པོ་ཞིག་དོད་ཡོད་པའི་གཏེར་སྒྲོམ་ངོ་མཚར་ཅན་ཞིག་ཡིན་འདུག་པས་ཡུམ་གྱི་ཞལ་ནས་མདང་དགུང་ང་ལ་རྨི་ལྟས་ངོ་མཚར་བ་ཞིག་བྱུང་། འདི་ཡག་པོ་ཞིག་ཡིན་ཤས་ཆེ་གསུངས་ནས་མོ་རང་གི་མགུལ་གབ་ཏུ་བཅུགས། དེ་ནས་བཟུང་ཟབ་མོ་གཏེར་གྱི་ལས་འཕྲོ་སད་དེ་སྐུ་སྒྲོམ་དང་ཤོག་དྲིལ་སོགས་རྫས་གཏེར་དུ་མ་སྤྱན་དྲངས། ཐེངས་གཅིག་གྲུབ་ཆེན་གླིང་སྤྲུལ་རིན་པོ་ཆེའི་མདུན་དུ་བྱོན་སྐབས་ཁོང་གིས་ཐུགས་དགྱེས་པ་ཆེན་པོའི་ད་ལན་ངས་ཁྱེད་ལ་དཔལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་གནས་མཆོག་གཉན་པོ་གཡུ་རྩེ་ངོ་སྤྲད་གསུངས་ཏེ་ཤེལ་དེམ་ཞིག་གི་ནང་དུ་རྩམ་ཕྱེ་སྤར་གང་ཙམ་བླུག་སྟེ་བར་སྣང་ལ་བཀྱག་པ་ན་སྒྱུ་མའི་སྣང་བརྙན་བཞིན་ཡུལ་ལྗོངས་ཉམས་དགའ་བ་ཞིག་ཤར་ཚེ་གཏེར་གནས་གཉན་པོ་གཡུ་རྩེ་དང་དེའི་བྱེ་བྲག་སྟག་མོའི་ཡང་རྫོང་སོགས་འདི་ཡིན་ཞེས་ངོ་སྤྲད་དེ་ནམ་ཞིག་དགོས་པའི་དུས་ཤིག་ཡོད་གསུངས། དགུང་གྲངས་བཅྭོ་བརྒྱད་བཞེས་སྐབས་སྲས་མོ་འཁོར་བཅས་རྡོའི་རི་ཟབ་ཅེས་པར་བཞུགས་སྐབས་རྡོ་གྲུབ་རིན་པོ་ཆེ་རིག་འཛིན་འཇའ་ལུས་རྡོ་རྗེ་བྱོན་ཏེ་ཁྱོད་ཀྱིས་རྫོང་གནས་ནས་ང་རང་གི་གཏེར་སྐལ་ཞིག་ཁྱེར་ཡོད་དམ་གསུངས་ཚེ། སྲས་མོ་མཆོག་གིས་ཚམ་ཚོམ་མེད་པར་མ་ཁྱེར་ཞུས་པ་ན་མ་ཡུམ་གྱིས་སྔར་གྱི་སྒྲོམ་བུ་དེ་བསྟན་ནས་ལགས་འདི་སྔོན་ཁྱབ་ཆེན་ཐང་ཞེས་པའི་ས་དེའི་ཕ་བོང་ཞིག་གི་སྟེང་ནས་རྙེད་འདུག་ཡིན་ནམ་ཞུས་ཚེ། འོ་དེ་རེད་གསུངས་ནས་ཐུགས་དགྱེས་པ་ཆེན་པོ་མཛད། དེ་ནས་སྲས་མོ་མཆོག་གིས་གཏེར་སྒྲོམ་དེ་གྲུབ་རྗེ་རིན་པོ་ཆེར་ཕུལ་བ་ལས་ཕྱིས་སུ་རྫོང་གཏེར་རིག་འཛིན་ཆེན་པོ་ཀུན་བཟང་ཉི་མས་མཁའ་འགྲོ་དགོངས་འདུས་ཀྱི་ཆོས་སྐོར་རྣམས་གཏན་ལ་ཕབ། དེ་ནས་རྫོང་གཏེར་རིན་པོ་ཆེའི་སྒར་དང་མཉམ་དུ་གཉན་པོ་གཡུ་རྩེའི་སྔོ་མཚོའི་ཁར་བྱོན་ཏེ་ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་ཕུལ་བའི་སྐབས་ཤིག་ན་གཏེར་ཆེན་རིན་པོ་ཆེས་ཁོང་གི་སྲས་མོ་ལྷ་ལྕམ་ཆོས་ཀྱི་སྒྲོལ་མ་དང་མཁའ་འགྲོ་རིན་པོ་ཆེ་ཟུང་ལ་ཁྱེད་གཉིས་ཀྱིས་གནས་འདིའི་སྟག་མོ་ཡང་རྫོང་ན་གུ་རུ་རྗེ་འབངས་དང་བཅས་པའི་བཞུགས་ཁྲི་དང་མཁའ་འགྲོ་དགོངས་འདུས་ཀྱི་གཏེར་སྒོ་ཡོད་པས་ཅིས་ཀྱང་རྙེད་ངེས་གྱིས་ལ་ཚེ་མདའ་འདི་ཚུགས་ལ་ཤོག་གསུངས། ས་ཆ་དེ་སྔོན་དངོས་སུ་མི་ཤེས་ཀྱང་རྡོ་གྲུབ་རིན་པོ་ཆེ་རྫུ་འཕྲུལ་གྱིས་ངོ་སྤྲོད་གནང་བ་བཞིན་མཁའ་འགྲོ་མཆོག་གིས་ངོས་བཟུང་བར་བརྟེན་གནས་དེར་ལྕགས་སྤྲུལ་རིན་པོ་ཆེས་དགྲ་བླ་དཔང་བསྟོད་སོགས་གཏན་ལ་ཕབ་པར་རྟེན་འབྲེལ་ཕུན་སུམ་ཚོགས་པར་འགྲིགས། ལྕགས་རི་འོད་འབར་དང་བཀྲ་ཤིས་སྒོ་མང་སོགས་གནས་ཆེན་གནས་ཕྲན་ཀུན་ཏུ་སྒྲུབ་པ་ཁོ་ནར་བརྩོན་ཏེ་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། དགུང་གྲངས་ཉི་ཤུའི་དུས་རིག་འཛིན་ནུས་ལྡན་རྡོ་རྗེ་ལ་མཁའ་འགྲོས་བརྡ་ལུང་བྱུང་བ་བཞིན་གསང་བདག་བཛྲ་པཱ་ཎིའི་སྒྱུ་འཕྲུལ་གྱི་རོལ་བ་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་དང་། རྒྱལ་སྲས་བསོད་ནམས་ལྡེའུ་བཙན། སྲས་མོ་རང་གི་མིང་པོ་དབང་ཆེན་ཉི་མ། འབྲུག་སྤྲུལ་འགྱུར་མེད་རྡོ་རྗེ་སོགས་ཀྱིས་ཐུགས་འདུན་བཀའ་གྲོས་ལྟར་སློབ་དཔོན་བཻ་རོ་ཙ་ནའི་ཡང་སྲིད་སྤྲུལ་སྐུ་མི་ལོའམ་པདྨ་འོད་གསལ་སྙིང་པོ་ལ་གཏན་གྱི་གཟུངས་མ་རུ་ཕུལ་ཏེ་དགའ་སྟོན་ཚོགས་ཀྱི་མཆོད་པ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཛད་སྒོ་ཅི་རིགས་སྤེལ། དགུང་གྲངས་ཉེར་གཅིག་པར་རྒྱལ་ཡུམ་སྒྲོལ་མའི་སྒྲུབ་པ་དང་སྦྲགས་ཏེ་ཕྱག་འབུམ་སོགས་བསགས་སྦྱངས་མཛད། གཏེར་ཆེན་རིན་པོ་ཆེ་རིག་འཛིན་ནུས་ལྡན་རྡོ་རྗེས་ཟབ་གཏེར་ཡོངས་ཀྱི་དབང་ལུང་མན་ངག་རྒྱབ་ཆོས་བཅས་རྫོགས་པར་བསྩལ་ཏེ་མཚོ་རྒྱལ་སྒྲུབ་སྐོར་གྱི་ཆོས་བདག་ཏུ་མངའ་གསོལ། དགུང་གྲངས་ཉེར་གཉིས་ནས་བཟུང་ཞེ་གཅིག་བར་དུས་ཀྱི་ཡོ་ལང་དྲག་པོས་སྐྱིད་སྡུག་སྣ་ཚོགས་འདྲེས་མར་སྣང་ཡང་རྐྱེན་ངན་གྲོགས་སུ་ཁུག །ལྟས་ངན་གཡང་དུ་བསྒྱུར་ཏེ་ནང་བྱང་ཆུབ་སེམས་དཔའི་བསླབ་བྱའི་གནས་མཐའ་དག་ལ་འཇུག་ལྡོག་ཇི་བཞིན་མཛད་པས་རྒྱུད་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གཏམས་ཤིང་དངོས་དང་བརྒྱུད་ནས་གཞན་ཕན་འབའ་ཞིག་ལྷུར་བླངས། དགུང་གྲངས་ཉེར་གསུམ་པར་སྤྱི་མཐུན་ལས་ཀྱི་དབང་གིས་ཡུལ་ཁམས་ཡོངས་ལ་མུ་གེས་ཧ་ཅང་གདུང་བ་ན་མཁའ་འགྲོ་མཆོག་ནི་མི་འཛད་ནམ་མཁའ་མཛོད་ལ་མངའ་དབང་བསྒྱུར་བའི་གྲུབ་ཐོབ་མོ་ཡིན་པས་འབྲས་སྲང་གང་རེ་འཚོད་ཚེ་མི་གྲངས་བཅོ་བརྒྱད་ཙམ་གྱིས་གསོལ་མི་ཐུབ་པའི་མང་པོ་འཕེལ་ཏེ་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར། འདིའི་སྐབས་ཤིག་ཏུ་རྟ་རྫི་ནོར་བུ་ཞེས་པ་དེ་ཚེ་ལས་འདས་ཚེ་སྤྱིར་འདི་ཡི་དུས་རི་ཐང་ཀུན་ཏུ་མི་རོ་དང་རྟ་རོ་གཅལ་དུ་བཀྲམ་ཡོད་ཀྱང་མཁའ་འགྲོ་ཉིད་ནི་འབྱོན་པར་གོང་གིས་མི་གནང་། བྱ་རྒོད་ནི་ཡེ་མེད་པས་ན། བཟང་སྐྱོང་དང་རྟེན་བཟང་ཞེས་པའི་རོ་བཤའ་གཉིས་མཁའ་འགྲོ་མཆོག་གིས་མངགས་ནས་རོ་དེ་རྡོ་ཕ་བོང་ཞིག་ཡོད་པའི་སྟེང་དུ་ཞོག་གསུངས་པ་བཞིན་བྱས་པས་ཕྱིར་ནང་མཁའ་འགྲོ་སྡེ་ལྔའི་རྣམ་སྤྲུལ་གྱི་རྒོད་ཐང་དཀར་ལྔ་བྱོན་ནས་ལྷག་མེད་དུ་རོལ། རིག་གནས་གསར་བརྗེ་སྐབས་གོང་གི་བཀའ་ཁྲིམས་ལྟར་ཁྱི་དང་ཨ་བྲ་སོགས་མ་གསོད་ཐབས་མེད་ཀྱི་བཀའ་ནན་ཕབ་སྟེ་གསོད་དུ་མངག་པ་ན་མཁའ་འགྲོ་མཆོག་ནི་ཐུགས་རྒྱུད་བྱམས་པས་ཕྱུག་སྟོབས་ཀྱིས་རིས་མེད་སེམས་ཅན་ཡོངས་ལ་སྙིང་རྗེ་ཤུགས་དྲག་པོ་སྐྱེས་ཏེ་འདི་རྣམས་གསོད་པ་ལས་རང་ཉིད་ཤི་ན་དགའ་དགོངས་ནས་ཐུགས་ཤིན་ཏུ་སྐྱོ་བས་གཟིམས་ལམ་དུ་སྔགས་ཀྱི་སྲུང་མ་རྡོ་རྗེ་རལ་གཅིག་མས་ཞལ་གཟིགས་ཏེ་ཁྱེད་ཀྱི་ཐུགས་སྡུག་མཛད་མི་དགོས་དང་སང་ཉིན་གོང་ལ་སྟོན་རྒྱུའི་ཁྱི་རོ་ཞིག་སྤྲད་འོང་། ཁྱོད་ད་དུང་འཆི་མ་རན་བསྟན་འགྲོའི་དོན་ཆེན་བསྒྲུབ་དགོས་པས་འཆི་མི་ཆོག་གསུངས་ཏེ་རྐང་ལྡེབ་ཅིག་མཛད་པ་ན་འཁོར་ཡུག་གི་ས་གཞི་ཐམས་ཅད་ཡུག་ཡུག་ཏུ་གཡོས་པས་དེར་ཡོད་ཀྱི་མི་རྣམས་གཉིད་ལས་བསླངས། དེ་ལྟར་ལུང་བསྟན་པ་བཞིན་ཕྱིར་ནང་ཁྱི་རོ་ཞིག་རྙེད་ནས་ཁྲིམས་ཀྱི་འཇིགས་པ་ལས་གྲོལ། ཡང་ཐེངས་གཅིག་རྡོ་ཕ་བོང་སྦྲ་ཙམ་ཞིག་རྦབ་ཏུ་འདྲིལ་ནས་ལམ་ཁ་ན་སེམས་ཅན་ཡོད་པ་རྣམས་ཆག་ཉིལ་དུ་བཏང་ནས་ཡོང་སྐབས་འདབ་ན་ཡོད་པའི་མི་རྣམས་འབྲོས་རྩིས་བྱེད་ཚེ་མཁའ་འགྲོ་མཆོག་གིས་སྡིགས་མཛུབ་ཅིག་ཚད་པ་ཙམ་གྱིས་ཕ་བོང་དེ་འདྲིལ་མ་ཐུབ་པར་གྱུར་པས་ཐམས་ཅད་ངོ་མཚར།
གཞན་ཡང་ཤིང་ཁལ་བཅོ་བརྒྱད་རེ་ཉིན་གཅིག་གིས་སྔ་ཙམ་ནས་བཏུས་ཏེ་ཁལ་ཡེ་ནས་འགེལ་མ་མྱོང་བའི་གཡག་རྒོད་རྣམས་ལ་བཀལ་ནས་བླངས། ངལ་རྩོལ་བསྒྱུར་བཀོད་ཀྱི་དུས་སུ་ཕྱུགས་ཀྱི་ལྷས་ར་རྩིག་སྐབས་མི་བཅོ་བརྒྱད་རེས་མི་ཐེག་པའི་ཕ་བོང་རྣམས་ཀྱིས་ར་བ་བརྩིགས་པ་དང་དེར་ཕྱག་རྗེས་བཞག་པ་སོགས་ཀུན་ལ་མཐུན་སྣང་དུ་གྲུབ། གཏེར་ཆོས་དང་ཉམས་མགུར་སོགས་འབད་མེད་དུ་རྡོལ་ཏེ་ད་ལྟ་གསུང་འབུམ་པོད་གྲངས་ལྔ་ལྷག་བཞུགས་པ་ཐམས་ཅད་སྔགས་རྫོགས་ཀྱི་ལྟ་བའི་གནད་དང་ལྡན་ཞིང་མཁས་པས་བརྟགས་ན་གཏིང་ཟབ་པ། བླུན་པོས་ཉན་ཡང་གོ་སླ་བ། དམ་སེལ་གྱི་གཡའ་ཡིས་མ་གོས་པ། བྱིན་རླབས་ཀྱི་ཚན་ཁ་མྱུར་བ་སོགས་མ་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་གསུངས་ངོ་མཚར་ཅན་མང་པོ་བཞུགས།
ཡང་མགར་བ་རྒྱལ་སྲས་ཞིང་གཞན་དུ་བཞུད་སྐབས་ཁོང་གི་གསོལ་ཆང་གི་འཕྲོ་མ་མཁའ་འགྲོ་མཆོག་ལ་བསྐུར་བས་ཐེངས་གཅིག་ཆང་གིས་བཟི་ཚུལ་བསྟན་ཏེ་སྔོན་རང་ལ་བསྔོ་སྨོན་གྱིས་འབྲེལ་བ་ཡོད་པའི་ཊཱ་ལོའི་སྲུང་དར་ཟེར་བ་དེ་དམྱལ་བ་རུ་ལྷུང་བ་དང་། དེ་ལྷུང་རྐྱེན་གྱི་རྒྱུ་མཚན་རྣམས་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་ཚུལ་སོཊ་གསུངས་ཏེ་སླད་ནས་རིམ་གྲོ་བསྒྲུབས་ཤིང་དམྱལ་བ་ལས་གྲོལ་ཐབས་མཛད། དགུང་གྲངས་ཉེར་ལྔའི་དུས་སུ་སྤྲུལ་པའི་གཏེར་ཆེན་མདོ་སྔགས་བསྟན་པའི་ཉི་མ་མཇལ་དུ་བྱོན་ཚེ་ཁོང་གིས་པད་ཡག་དགོན་འདབས་སུ་ཞིང་རྨོ་བཞིན་ཡོད་པ་དང་འཕྲད་ནས་གཏེར་ཆེན་མཆོག་གིས་གུ་རུ་ཟ་ཧོར་མ་ཞིག་ས་གཏེར་དུ་བཞེས་ནས་ཌཱ་ཀི་རིན་པོ་ཆེར་ཕུལ་ཏེ། སྔོན་ཚེ་བོད་ཡུལ་ཡེ་ཤེས་མཚོ་རྒྱལཿ སྐུ་གཅིག་གཟུངས་མའི་སྤྲུལ་བསྒྱུར་ངོམ་པཿ མ་གཅིག་ཞ་མ་ཤེལ་དཀར་སྒྲོན་ཞེསཿ ལབ་ཀྱི་སྒྲོན་མའི་རྣམ་ཐར་ཨེ་དྲནཿ ཞེས་པ་ནས། ཉོན་མོངས་ཞིང་ས་བཏུལ་བའི་རྟེན་འབྲེལ་ལསཿ ཤེས་རབ་གཏེར་དང་འཕྲད་པ་ངོ་མཚར་ཆེཿ ཞེས་སོགས་གསུངས་གཞན་ཡང་། གྲུབ་བརྙེས་རྒྱལ་བ་མ་ལུས་འདུས་པའི་སྐུཿ གངས་ཅན་པཎ་གྲུབ་གཙུག་རྒྱན་མངའ་རིའི་རྗེཿ བརྟུལ་ཞུགས་རྣལ་འབྱོར་སྤྱོད་པའི་ཧེ་རུ་ཀཿ པདྨ་དབང་གི་རྒྱལ་པོར་གསོལ་བ་འདེབསཿ ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ཤོགཿ ཚེ་རབས་ལས་ཀྱི་བླ་མ་དེ་ཀའོཿ ཞེས་ནམ་ཞིག་གི་དུས་ན་མངའ་རིའི་པཎ་ཆེན་གྱི་རྣམ་སྤྲུལ་ཞིག་དང་འཕྲད་པར་ལུང་བསྟན་པ་བཞིན་ཆོས་རྗེ་གཏེར་ཆེན་རིན་པོ་ཆེ་དཔལ་ཨོ༵་རྒྱན་ནམ༵་མཁ༵འ་གླིང༵་བ༵་དང་གདན་ཐོག་གཅིག་ཏུ་འཛོམས་པའོ། །
ཡང་ཐེངས་གཅིག་སྤྲུལ་སྐུ་རིན་པོ་ཆེ་རིག་འཛིན་གསང་སྔགས་གླིང་བ་གསེར་ཐང་ན་རྒྱལ་པོའི་ཁྲིམས་མུན་དུ་བཞུགས་སྐབས་མདུན་གྱི་ནམ་མཁར་རྫུ་འཕྲུལ་གྱིས་མཁའ་འགྲོ་རིན་པོ་ཆེ་བྱོན་ནས་ང་དབང་པོ་དབང་ཆེན་ཉི་མ་དང་ཁྱེད་རྣམ་གཉིས་ལ་ལྟ་སྐོར་ཞིག་བྱེད་དུ་འོང་བ་ཡིན་གསུངས་ཏ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ཞིག་ཕུལ་ནས་ད་ཁྱེད་མི་རིང་བར་བཙོན་ལས་གྲོལ་ཏེ་རང་རེ་འཕྲད་པར་འགྱུར་ཞེས་སོགས་ལུང་བསྟན་པའི་སྣང་བ་ཞིག་ཤར་བ་བཞིན་མཆོག་སྤྲུལ་རིན་པོ་ཆེ་ཉི་མ་སྤྲིན་ལས་གྲོལ་བ་ལྟར་བཙོན་ལས་ཐར། ཡང་མཁའ་འགྲོ་མཆོག་ཕྱུགས་རྫི་ཡིན་པའི་སྐབས་ཤིག་ན་ཉེ་གནས་པད་རྒྱལ་ཞེས་པའི་སྟེང་ལ་ཐུགས་ཤིན་ཏུ་ཁྲོས་ཚུལ་གྱིས་མདུན་དུ་རྡོ་ས་ཟུག་ཅིག་ཡོད་པར་ཀར་ཡོལ་ཇ་དང་བཅས་པས་བརྒྱབ་ཚེ་གྲུབ་པའི་རྟགས་ཀྱིས་བཞེས་ཕོར་མ་ཆག་པ་དང་ཇ་ཡང་ཐུགས་པ་ཙམ་ཕྱིར་མ་བོ་བར་ཀར་ཡོལ་ཇ་དང་བཅས་ཡུན་རིང་པོའི་བར་རྡོ་ཐོག་ཏུ་གྱི་ལི་ལི་འཁོར་བ་ཀུན་ལ་མཐུན་སྣང་དུ་གྲུབ། ཡང་ཐེངས་གཅིག་གོང་གི་བཀའ་ཁྲིམས་ལྟར་བྲག་ཆོས་འགབ་མ་ནས་ཆུ་གར་ཚྭ་ཆུའི་བར་ཚོགས་འདུ་ལ་བྱོན་སྐབས་རྟ་བ་མང་པོ་དང་གཤིབ་ནས་རྐང་མགྱོགས་ཀྱིས་བྱོན་པར་མོ་ལ་དད་གུས་ཆེ་བའི་རྒྱུས་ཡོད་ཚོས་མོ་རང་གི་རྩ་ཁམས་ཤིག་གིས་ཡིན་ཟེར། གཞན་རང་བཞིན་པ་ཚོས་འདི་འདྲའི་མགྱོགས་པོ་ཞེས་གླེང་། ས་རྟ་ལོ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་བརྡ་ལུང་བཞིན་ཨབ་རྐོང་མཁན་པོ་བློ་བཟང་རྡོ་རྗེའི་སྐུ་གེགས་སེལ་ཕྱིར་དུ་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཅན་གཏན་ལ་ཕབ་སྟེ། མཁན་ཆེན་ཉིད་དང་དགེ་ཚེ་མཁན་པོ་དབང་ཆེན། མགར་སྤྲུལ་རིན་པོ་ཆེ་སོགས་ལ་དབང་བསྐུར་བསྩལ་ཏེ་སྐུ་ཚེ་བསྲིངས། གཞན་ཡང་མཆོག་སྤྲུལ་རིན་པོ་ཆེ་རིག་འཛིན་གསང་སྔགས་གླིང་བ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས། རྡོ་གྲུབ་རིན་པོ་ཆེ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་། བླ་མ་རིག་འཛིན་ཉི་མ། མཁན་པོ་མུན་སེལ། མཁན་པོ་ཆོས་མཐུན། དཔལ་ཡུལ་ཀརྨ་ཆགས་མེད། མཚོ་ཕུ་རྡོར་ལོ། ཤུགས་འབྱུང་བླ་མ་ཚེ་རྫི་སོགས་བསྟན་འགྲོའི་དཔུང་གཉེན་དུ་མའི་སྐུ་ཚེ་བསྲིངས། ལོ་ཁྱིམ་དེར་ཆོས་རྗེ་རིན་པོ་ཆེས་ཐོག་སྲུང་འཇིགས་མེད་གོ་ཆ་ཤོག་སེར་ལས་བཤུས་ཏེ་མཁའ་འགྲོ་མཆོག་བསྲུང་བར་ཕུལ་བས་ཐེངས་གཅིག་མཁའ་འགྲོ་ཉིད་གཟིམ་མལ་ན་བཞུགས་སྐབས་གློ་བུར་དུ་སེར་བ་དྲག་པོ་ཞིག་བབ་སྟེ་ཐོག་གཅིག་འཕངས་བ་ན། མལ་སྟན་སོགས་ཁྱིམ་ཐམས་ཅད་ཐལ་ཕུང་བཞིན་གཏོར་ཡང་ཁོང་གི་ན་བཟའ་རྣམས་སུ་ཐོག་ཆུ་སྔོ་མེར་རེ་འདུག་པ་ཙམ་ལས་རྡོ་རྗེའི་སྐུ་ལ་ཅི་ཡང་མ་གནོད་པར་བཞུགས་འདུག་པས་ཐམས་ཅད་ངོ་མཚར། གངས་ལྗོངས་བསོད་ནམས་ཀྱི་མཁའ་ལ་ཡང་དར་བསྟན་པའི་ཉི་གཞོན་ཤར་བ་དང་དུས་མཚུངས་སུ་སོག་བཟའ་འབྲོས་པོ་ཞེས་པར་ནད་དྲག་པོ་ཞིག་གིས་ཐེབས་ཏེ་འཆི་ངེས་ལ་ཐུག་ནས་མཁའ་འགྲོ་མཆོག་གི་མདུན་དུ་ཕོ་རྟ་ཁྱེར་ཡོང་ཚེ་མོ་རང་ད་དུང་ཤི་མ་རན་གསུངས་ཏེ་རྟ་ཕྱིར་བསྐུར་བས་ཁོ་མོ་རྗེས་མ་ལོ་ཆ་ཤས་ལ་མ་ཤི་ཟེར། ཐེངས་གཅིག་པདྨ་རྫོང་དུ་བཞུགས་སྐབས་མཁའ་འགྲོ་མཆོག་གི་རྨི་ལམ་འོད་གསལ་གྱི་སྣང་ངོར་རྒྱ་མི་སྨ་ར་ཅན་ཞིག་གིས་ང་རང་འདི་ནས་ཤི་སྟེ་སྲེ་མོང་ཞིག་གི་ལུས་བླངས་ཡོད་དང་སང་ཉིན་གསོད་རྒྱུ་ཡིན་པས་ཁྱེད་རང་ཚོ་མ་འཆུགས་ཟེར་བ་རྨིས། ཕྱིར་ནང་དེ་བཤད་བཞིན་པའི་སྐབས་གློ་བུར་དུ་རྒྱ་མི་ལས་ཀ་བ་ཁ་ཅིག་གིས་དེ་ལྟར་གསོད་པའི་ཚེ་མཁའ་འགྲོ་མཆོག་སྲོག་བསྐྱབ་ལ་བྱོན་ཀྱང་མ་སྐྱོབ་པར་བསད་པའི་ཆོས་རྗེ་ཡབ་ཡུམ་གྱིས་འཕོ་བ་སོགས་བསྔོ་སྨོན་མཛད།
གཞན་ཡང་སྙིགས་དུས་བསྟན་པའི་སྣང་བྱེད་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་མདུན་དུ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཎྜལ་ཞིག་ཕུལ་ཏེ་རྩ་གསུམ་གྱི་དབང་ལུང་གསན་སྐབས་ཁོང་གིས་ཐུགས་དགྱེས་པ་ཆེན་པོ་མཛད་ནས་ངའི་འགྲོ་དོན་འཕྲིན་ལས་ཀྱི་ཐོག་མ་དབང་གི་སྒོ་བརྒྱ་ཁྱེད་ཀྱིས་ཕྱེས་པ་ཡིན་ཁྱེད་སྔོན་ཁྲ་མོ་གླིང་གི་དུས་ནེའུ་ཆུང་གཡུ་ཡི་སྒྲོན་མ་ཡིན་པས་དྲན་ནམ་སོགས་དང་། ཇི་སྐད་དུ། ཨེ་མ་ཧོཿ སྐུ་གསུམ་རྒྱལ་བའི་ཡུམ་གཅིག་མཁའ་སྤྱོད་མཿ ཞིང་འདིའི་འགྲོ་ངོར་མི་མོའི་ཚུལ་བཟུང་བཿ དཔག་ཡས་ཕན་བདེའི་སྒོ་འཕར་འབྱེད་པའི་གཉེནཿ ཏཱ་རེ་དེ་བཱིའི་ཞབས་ལ་གསོལ་བ་འདེབསཿ རགས་ལུས་མི་ཤིགས་དྭངས་མའི་དཔྱིད་དུ་སྨིནཿ ལུས་རླུང་གཡོ་བ་དྷུ་ཏིའི་ལྷུམས་སུ་ཞུགསཿ ཀུན་རྟོག་གཡོ་བ་ཆོས་སྐུའི་ངོ་བོ་སྨིནཿ ཁྱེད་དང་སྐལ་བ་མཉམ་པར་བྱིན་གྱིས་རློབསཿ གང་སྐུ་འཕོ་མེད་རྡོ་རྗེའི་ཆོས་བདུན་ལྡནཿ ཚེ་མཐའ་ཡས་པས་མཁྱེན་བཞིན་འཚོ་གཞེས་གསོལཿ བཟང་པོའི་འཕྲིན་ལས་རྟ་བདུན་ཟེར་འཕྲེང་གིསཿ འགྲོ་ཁམས་ལྷ་ལམ་ཁྱོན་ཀུན་འགེངས་གྱུར་ཅིགཿ ཅེས་སོགས་ཐོལ་བྱུང་དུ་གསུངས་ཏེ་རྒྱལ་ཡུམ་མཁའ་སྤྱོད་མའི་ཟློས་གར་དུ་བསྔགས། དེ་ནས་བཟུང་སྐུ་ཚེ་ཧྲིལ་པོར་གཞན་དོན་འཕྲིན་ལས་ཀྱི་མཛད་པ་དབྱར་མཚོ་ལྟར་རྒྱས་ཏེ་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་ཆེས་མང་ཡང་གོང་དུ་སྐྱབས་རྗེ་ནམ་སྤྲུལ་རིན་པོ་ཆེའི་རྣམ་ཐར་ལས་གསལ་བས་འདིར་མ་སྨོས་སོ། །
ཤིང་གླང་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཐོ་རེངས་ཁར་མཁའ་འགྲོ་མཆོག་གི་ཉམས་སྣང་ལ། ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བ་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་སྤང་ལྗོངས་ཉམས་དགའ་བ་ཞིག་ཏུ་རྒྱུ་ངོས་མི་ཟིན་པའི་རིན་པོ་ཆེའི་ལྕགས་རི་ཆེན་པོ་ཞིག་གི་སྒོ་དྲུང་དུ། ནམ་སྤྲུལ་རིན་པོ་ཆེ་ཁོང་གིས་འོད་ལྔའི་མདངས་དང་ལྡན་པའི་ན་བཟའ་སྣ་ཚོགས་གསོལ་ཞིང་ཕྱག་གཉིས་ཀྱིས་རྡོར་དྲིལ་བསྣམས། དེའི་རྗེས་སུ་མཁའ་འགྲོ་རང་གིས་ཡང་གོས་ལྗང་ཁུའི་ལྭ་བ་དང་དབུ་རྒྱན། པང་ཁེབས་སོགས་གར་ཆས་གྱོན་ཞིང་ཁོང་གཉིས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཟེར་སྣང་ཤར་གསུངས། ཨ་ཧོ་མགོན་རྒྱལ་བསྟན་ཉམས་མེད་དར་བའི་བརྡ། །གསུང་ཟབ་གཏེར་སྒོ་འཕར་འབྱེད་པའི་བརྡ། །སྔགས་གསང་ཆེན་ཉམས་ལེན་སྐྱོང་བའི་བརྡ། །ལུས་འཁྱུད་རྒྱ་སྐུ་ཚེ་བརྟན་པའི་བརྡ། །གསུང་ཚངས་དབྱངས་འགགས་པ་མེད་པའི་བརྡ། །ཐུགས་ཏིང་འཛིན་གཡོ་བ་མེད་པའི་བརྡ། །ལས་སྨོན་ལམ་གཏད་རྒྱ་སད་པའི་བརྡ། །དུས་སྙིགས་མའི་རུ་འཛིངས་བཟློག་པའི་བརྡ། །མ་འགྲོ་ཀུན་བདེ་ལ་འགོད་པའི་བརྡ། །རྐྱེན་ནད་ཡམས་འཁྲུགས་རྩོད་ཞི་བའི་བརྡ། །ཆོས་དགའ་བཞིའི་འཕྲུལ་འཁོར་བསྐོར་བའི་བརྡ། །ལམ་བདེ་སྟོང་ཨ་ནུ་བསྒོམ་པའི་བརྡ། །ལས་འབྲེལ་ཚད་མཁའ་སྤྱོད་ཁྲིད་པའི་བརྡ། །ཐབས་ཤེས་རབ་ཟུང་དུ་འཇུག་པའི་བརྡ། །ཉམས་བདེ་སྟོང་རྟོགས་པ་སྤོར་བའི་བརྡ། །ཆོས་ཨ་ཏིའི་བསྟན་པ་སྤེལ་བའི་བརྡ། །དབྱིངས་ཀ་ལྷུན་ཟུང་དུ་འཇུག་པའི་བརྡ། །གཞི་འོད་གསལ་རང་བབ་སྐྱོང་བའི་བརྡ། །རྐྱེན་གཟུང་འཛིན་ན་བུན་གཏོར་བའི་བརྡ། །རྩལ་གང་ཤར་ཡེ་ཤེས་འཁོར་ལོའི་བརྡ། །ཨ་ལ་ལ་ཧོ། ཨེ་ཡ་ཡ། ཞེས་ཟེར་ནས་འཆམ་སྟབས་སྣ་ཚོགས་བྱེད་ཚེ། ལྕགས་རིའི་སྒོ་ནང་ནས་མཁའ་འགྲོ་མ་དཀར་མོ་རུས་པའི་རྒྱན་ཅན་ཞིག་གིས་གར་སྟབས་བྱེད་བཞིན་ཕྱག་གཡས་པར་མདའ་དར་དང་གཡོན་པས་མེ་ལོང་ཞིག་བསྣམས་ནས་འདི་སྐད་གསུངས། ཨེ་བྂ་ཡ། ང་འོང་བ་ལྷོ་ནུབ་དཔལ་རི་ནས། །མགོན་ཨོ་རྒྱན་པདྨས་མངག་པ་ཡིན། །མ་ཏིང་ཆུང་ཟི་ལེ་སྨན་སྒྲོན་ཟེར། །ཚུར་གསོན་དང་སྐྱེས་མཆོག་ཡབ་ཡུམ་ཟུང་། །དུས་ད་ལོ་ས་ག་ཟླ་བའི་དུས། །རྗེ་རིགས་གསུམ་འཕྲིན་ལས་གཅིག་བསྡུས་པ། །མགོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ་ཡིས། །གསུང་ཟབ་གཏེར་སྙིགས་མའི་རྒུད་སེལ་སྨན། །མདོ་ཁམས་ཀྱི་ཕྱོགས་སུ་སྤེལ་རན་ཡིན། །གནད་ཁ་བྱང་བརྡ་ལུང་མ་འཛོལ་ན། །དུས་བགྲང་བྱ་བརྒྱ་དང་སོ་བརྒྱད་བར། །སྔ་འགྱུར་གྱི་བསྟན་པ་མི་ཉམས་གནས། །ཡུལ་དྷ་མིང་དཔལ་གྱི་རི་བོ་ན། །མགོན་གང་གི་ཡང་སྤྲུལ་ཨཱ་ཡུའི་མཚན། །རྗེ་དེ་ཡིས་ཐུགས་བསྐྱེད་ཟབ་མོའི་མཐུས། །གནས་འཕགས་བལ་ཟབ་གཏེར་ཉིན་མོར་བརྡལ། །བྱང་ཕྱོགས་ཀྱི་རེ་སྐོང་ཡུལ་ལྗོངས་སུ། །མགོན་པྲཛྙཱ་བཛྲ་མཚན་ཟུང་གིས། །ཆོས་ཟབ་བཅུད་སྤེལ་བའི་མཐུན་རྐྱེན་བྱེད། །གནས་གསེར་ལྗོངས་དབང་གི་དགའ་ཚལ་དུ། །མགོན་སྣ་ནམ་དཔའ་བོའི་དངོས་སྤྲུལ་བ། །རྗེ་ཨ་བྷྱ་ཀརྨས་ཟབ་བཅུད་སྤེལ། །གངས་ལྗོངས་འདིར་བསྟན་པ་ཉིན་མོར་བྱེད། །གང་འབྲེལ་ཚད་དཔལ་གྱི་རི་བོར་འདྲེན། །གནས་ལྷང་བྲག་བཀྲ་ཤིས་དགའ་འཁྱིལ་ཐང་། །དཔལ་ནུས་ལྡན་རྡོ་རྗེའི་ཕྲིན་ལས་པ། །མཚན་པདྨ་བཛྲ་ལུག་ལོ་བ། །རྗེ་དེ་ཡིས་བསྟན་ལ་བྱ་བ་བྱེད། །ཡང་དབང་སྟོད་དགའ་འཁྱིལ་ཆོས་ཀྱི་གླིང་། །རྗེ་ཀློང་ཆེན་རྣམ་སྤྲུལ་ཉི་མའི་མིང་། །དོན་འབྲེལ་ཚད་རིག་འཛིན་ཞིང་དུ་འདྲེན། །གནས་ཤུགས་འབྱུང་གསང་སྔགས་ཆོས་གླིང་དུ། །མ་ཏཱ་རེ་དབྱངས་ཅན་རྣམ་སྤྲུལ་བ། །གཉིས་སྐྱེས་ཀྱི་ལོ་འཛིན་དབང་གི་མིང་། །ལས་འབྲེལ་ཚད་མཁའ་སྤྱོད་ཞིང་དུ་འདྲེན། །མཚན་ལྡན་གྱི་ཌཱ་ཀི་འདི་ཉིད་ཀྱིས། །མགོན་དཔའ་བོ་བཅུ་གཉིས་སྐུ་ཚེ་བསྲིངས། །ཡང་ཡར་ལུང་དབང་གྲོང་དགུ་ཡི་དབུས། །དཔལ་མཚོ་སྐྱེས་རྡོ་རྗེའི་ཐུགས་སྤྲུལ་བ། །ལས་མཛད་སྤྱོད་ངེས་མེད་སྨྱོན་པའི་ཚུལ། །ས་ཕག་ལོ་མངྒའི་མཚན་ཅན་གྱིས། །དུས་བདུད་སྲིན་དམ་སྲིའི་རུ་འཛིངས་བཟློག །ཐབས་ཤེས་རབ་ཟུང་ལྡན་འགྲོ་དོན་སྐྱོང་། །ངའི་མེ་ལོང་འདི་ཡི་ངོར་གཟིགས་སམ། །བརྡ་འདི་ཚོ་གོ་འམ་ཨེ་མ་ཧོ། ཞེས་ཟེར་ནས་མེ་ལོང་དེ་ཁོང་གཉིས་ལ་བསྟན་ཚེ། མེ་ལོང་གི་ངོར་རི་དཀར་པོ་ཞིག་གི་རྩ་བ་གཡུ་ཡི་མཚོ་ཞིག་གི་དབུས་སུ་ལྗོན་ཤིང་ལོ་འབྲས་ཕུན་སུམ་ཚོགས་པ་ཞིག་གི་རྩེར་རལ་གྲི་སྔོན་པོ་འོད་འབར་བ་ཞིག་ལས་འོད་ཟེར་འཕྲོས་པས་ཕྱོགས་ཀུན་འགེངས་བ་ཞིག་ཤར་འདུག་ཚེ་མཁའ་འགྲོ་དེ་ཡི་ཞལ་ནས། ང་ནི་ཡེ་ཤེས་དབྱིངས་ཀྱི་རྩལ། །སྐྱེ་མེད་ཆོས་སྐུའི་ཞིང་དུ་འགྲོ། །གྲོགས་གཉིས་སྐུ་ཁམས་བདེ་བར་བཞུགས། །ཞེས་ཟེར་ཚེ་གཉིད་ལས་སད་དོ། །ལུང་བྱང་འདི་ལ་བརྟེན་ནས་མགོ་ལོག་རྩིས་མདའ་རུ་དགོན་སྡེ་ལྔ་བཅུ་ལྷག་གི་འདུས་སྡེ་རྒྱ་མཚོ་ལྟ་བུར་ཨ་ཕང་གཏེར་ཆེན་ཨོ་རྒྱན་འཕྲིན་ལས་གླིང་བའི་ཟབ་གཏེར་ཡོངས་ཀྱི་དབང་ལུང་རྒྱས་པར་བསྩལ། ས་འབྲུག་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་ལྔ་ལ་མཁའ་འགྲོའི་ཚོགས་མཆོད་རྒྱ་ཆེན་ཕུལ་སྐབས་རྨི་ལམ་འོད་གསལ་གྱི་སྣང་ཆ་ལ། དཔལ་སྙན་ལུང་ཐེག་ཆེན་ཆོས་འཁོར་གླིང་གི་རྒྱབ་རིའི་ངོར་སྔོན་རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་བཞུགས་གནས་སྤང་ལྗོངས་ཟླ་གམ་གྱི་དབྱིབས་ཅན་ཡོད་པ་དེ་ན་སྒོ་ཆེན་པོ་ཞིག་ཕྱེས་ཡོད་པས་དེར་བྱོན་ཞིང་སྒོ་དྲུང་ནས་གཟིགས་ཚེ། ཡུལ་གླིང་རྒྱ་ཆེ་བ་ས་གཞི་ཐམས་ཅད་རིན་པོ་ཆེ་ལས་གྲུབ་ཅིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེ་ལྗོན་ཤིང་གི་རྣམ་པ་སྣ་ཚོགས་ལ་ལོ་འབྲས་ཕུན་སུམ་ཚོགས་ཤིང་བཅུད་དང་ལྡན་པ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ལ་འཇའ་འོད་ཀྱི་གུར་ཁྱིམ་ཐིག་ལེ་ཐིག་ཕྲན་སོགས་ཀྱིས་མཛེས་ཤིང་ཟག་མེད་ཀྱི་དགའ་བདེ་བསྐྱེད་པའི་དྲི་བསུང་འཐུལ། བྱ་རིགས་སྣ་ཚོགས་པས་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་སོགས་ཞིང་ཁམས་ཀྱི་བཀོད་པ་མ་ཚང་བ་མེད་པ་ཞིག་མཐོང་ཚེ། དེར་བུད་མེད་དཀར་མོ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། སྐུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས་གཟིགས་ནས་ཞལ་འཛུམ་པའི་ངང་། ཨེ་ཨེཿ སྔགས་སྐྱེས་རིགས་བཟང་མི་མོ་ཁྱེད། །གནས་འདིར་འོང་བའི་ལས་དོན་ཅི། །ལེགས་པར་སྨྲོས་དང་ཐུགས་བཞེད་ཀུན། །བདག་གིས་སྒྲུབ་ངེས་ཐུགས་ལ་ཆོངས། །ཞེས་གསུངས་ཚེ་མཁའ་འགྲོ་མཆོག་གིས། ཀྱེཿ མཛེས་སྡུག་ཡིད་འཕྲོག་ལྷ་མོ་ལགས། །སྙན་ལུང་ཐེག་ཆེན་ཆོས་གླིང་འདི། །རང་ཉིད་གཏན་སྡོད་བྱེད་སའི་ཡུལ། །ཡ་མཚན་གནས་ཀྱི་བཀོད་པ་ལ། །ཞིབ་པར་ལྟད་མོར་ལྟ་འདོད་པས། །དགྱེས་པ་ཆེན་པོས་ཁྲིད་པར་ཞུ། །ཞེས་ཞུས་ཚེ། མཁའ་འགྲོ་དེས་ཁྱེད་རང་ཞིང་འདིར་གཟིགས་པར་དགྱེས་ན་ངས་ཁྲིད་ཆོག་ང་ནི་གནས་འདིའི་སྲུང་མ་ཏིང་ཆུང་གཡུ་ཡི་སྒྲོན་མ་དཔལ་རྡོ་རྗེ་ཕག་མོའི་སྤྲུལ་བ་ཡིན། ད་རང་རེ་གཉིས་འགྲོ་གསུངས་ཏེ་ཁོང་གཉིས་ནམ་མཁར་བྱ་བཞིན་འཕུར་ནས་རིན་ཆེན་བྱུ་རུའི་མདོག་དང་མཚུངས་པའི་རི་ཆུང་ཞིག་གི་རྩེར་བབས་ནས་བལྟས་ཚེ། ཕ་མཐའ་མི་མངོན་པའི་རིན་པོ་ཆེའི་གླིང་མང་པོ་མཐོང་བ་ན། བུ་མོ་དེས་ཡ་ད་ཁྱེད་ཀྱིས་གཟིགས་དང་། ཤར་ཕྱོགས་ཀྱི་གླིང་འདི་རྡོ་རྗེ་མཁའ་འགྲོའི་ཞིང་ཡིན་གསུངས། དེར་ཤར་ཞི་བ་ཆོས་ཀྱི་ཕོ་བྲང་གི་ཚོགས་རྗེ་རྒྱལ་ཡུམ་སྒྲོལ་མ་དཀར་མོ་ལ་མཁའ་འགྲོ་དཀར་མོ་གྲངས་མེད་པས་བསྐོར་ནས་བཞུགས། བཟའ་བཏུང་དཀར་པོའི་རིགས་སྣ་ཚོགས་རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་ཏེ་མཁའ་འགྲོ་གྲངས་མེད་པས་ཚོགས་འཁོར་བྱེད་བཞིན་འདུག །ཡང་ལྷོ་ཕྱོགས་སུ་བལྟས་ཚེ་རིན་ཆེན་མཁའ་འགྲོའི་ཞིང་ཁམས། ལྷོ་རྒྱས་པ་ལོངས་སྤྱོད་ཀྱི་ཕོ་བྲང་དུ་རིན་ཆེན་ནོར་རྒྱུན་ལྷ་མོར་འཁོར་མཁའ་འགྲོ་སེར་མོ་གྲངས་མེད་པས་བསྐོར་ནས་བཟའ་བཏུང་གསེར་མདོག་སྣ་ཚོགས་ཀྱིས་ཚོགས་འཁོར་བྱེད་བཞིན་བཞུགས། ཡང་ནུབ་ཕྱོགས་སུ་མཇལ་ཚེ། པདྨ་མཁའ་འགྲོའི་ཞིང་ཁམས། ནུབ་པདྨ་དབང་གི་ཕོ་བྲང་དུ་དབང་མཛད་ཀུ་རུ་ཀུལླེ་ལ་མཁའ་འགྲོ་དམར་མོ་གྲངས་མེད་པས་བསྐོར་ནས་བཟའ་བཏུང་དམར་པོའི་རིགས་སྣ་ཚོགས་ཀྱིས་ཚོགས་འཁོར་བྱེད་བཞིན་བཞུགས། ཡང་བྱང་ཕྱོགས་སུ་མཇལ་ཚེ་ཀརྨ་མཁའ་འགྲོའི་ཞིང་དུ་བྱང་དྲག་པོ་ལས་ཀྱི་ཚོགས་ཁང་དུ་མཁའ་འགྲོ་མཐིང་འོད་འབར་མ་ལ་མཁའ་འགྲོ་སྔོན་མོ་གྲངས་མེད་པས་བསྐོར་ནས། ཐབས་ཤེས་ཀྱི་རྫས་སྔོན་པོའི་རིགས་སྣ་ཚོགས་ཀྱིས་ཚོགས་འཁོར་བྱེད་བཞིན་བཞུགས། དེ་ནས་དབུས་རི་ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་ཁམས། ཟླ་གམ་དབང་གི་ཕོ་བྲང་དུ་འབུམ་ཕྲག་མཁའ་འགྲོའི་གཙོ་མོ་དཔལ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དམར་གསལ་གཅེར་མོ་རུས་པའི་རྒྱན་ཅན་གཡས་པས་ཅང་ཏེའུ་དང་གཡོན་པས་གྲི་གུག་དཀུར་བརྟེན་པ། རིན་པོ་ཆེའི་པྲོག་ཞྭ་གསོལ་བ། ཞབས་གཉིས་མཉམ་པའི་འདོར་སྟབས་ཀྱིས་བཞེངས་པ་ལ། འཁོར་རིགས་ལྔའི་མཁའ་འགྲོ་གྲངས་མེད་པས་བསྐོར་ནས་བཞུགས་པ་དེའི་དྲུང་དུ་སྒོ་གསུམ་གུས་པས་ཕྱག་འཚལ་ཚེ།
གཙོ་མོ་དེའི་ཞལ་ནས། ཀྱེ། ང་དང་མི་གཉིས་ང་ཡི་ཐུགས་སྲས་མོ། །སྔགས་སྐྱེས་ཌཱ་ཀི་འདིར་བྱོན་ངོ་མཚར་ཆེ། །གནས་འདིར་འོག་མིན་དྷུ་མ་ཐ་ལ་སྟེ། །ང་ནི་པདྨའི་དགྱེས་སྡེ་མཚོ་རྒྱལ་མ། །དེ་རིང་མཁའ་འགྲོ་འདུ་བའི་དུས་བཟང་ལ། །བླ་མེད་རྫས་མཆོག་ཚོགས་ཀྱི་དགའ་སྟོན་རོལ། །ཨ་ལ་ལ་ཧོ། ཞེས་གསུངས་པ་ན། མཁའ་འགྲོ་སྡེ་ལྔས་མཁའ་འགྲོ་མཆོག་ལ་ཐབས་ཤེས་ཀྱི་རྫས་དྲངས་ཤིང་རོལ་བའི་མོད་ལ་རྩ་ཁམས་ཀྱི་མདུད་པ་གྲོལ་ཏེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་འབར། སླར་ཡང་གཙོ་མོ་དེ་ཡིས་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ་ཞིག་ཕྱག་ཏུ་བསྣམས་ནས། རང་བྱུང་དྲི་མེད་ཤེལ་རྡོ་འདི། །ངོ་བོ་སྟོང་ལ་རང་བཞིན་གསལ། །སྟོང་གསལ་བརྡ་ཡིས་ངོ་སྤྲད་པས། །ཡེ་ནས་མ་བཅོས་རིག་པའི་གཤིས། །རྩོལ་མེད་བློ་བྲལ་ངང་དུ་ཞོག །འཛིན་མེད་ནམ་མཁའ་ལྟ་བུའི་ངང་། །མ་གཡེང་མ་བསྒོམ་ཨ་ཨཱ་ཕཊ། །ཅེས་གསུངས་པ་དང་མཉམ་དུ་དལ་གཅིག་སྤྲོས་བྲལ་བློ་འདས་འོད་གསལ་གཉུག་མའི་ངང་དུ་འབྱམས་སུ་ཀླས། སླར་ཡང་མཁའ་འགྲོའི་གཙོ་མོ་དེའི་ཞལ་ནས། ཀྱེ། སྔགས་རིགས་མི་མོ་ཏཱ་རེ་དེ་ཝཱི། །ཁྱེད་དང་ཐབས་གྲོགས་ཨ༵་བྷྱའི་མཚན་ཅན། །ཟླ་གམ་སུམ་བརྩེགས་དབང་གི་དལ་འདིར། །མཉམ་འཛོམས་མཚོ་སྐྱེས་བླ་མའི་འཕྲིན་ལས། །འདི་ནས་གཡས་ཕྱོགས་ཉིན་གྱི་རྒོད་ཚང་། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་མཆོག །མི་འགྱུར་བྲག་ལ་རང་བྱོན་ཡི་གེ །ཨ་ར་པ་ཙ་ན་དང་ཧྲཱིཿཡིག །དབྱངས་ཅན་སྐུ་བརྙན་རང་བྱུང་འབུར་དོད། །གཞན་ཡང་སིནྡྷུ་ར་དང་ཅོང་ཞི། །གནམ་ལྕགས་རལ་གྲི་གསེར་གྱི་རྡོ་རྗེ། །དུས་བབ་གཏེར་ཁ་སོ་གཉིས་ཡོད་དོ། །གཡོན་རི་ཕྱག་ན་རྡོ་རྗེའི་གནས་མཆོག །ཡར་ལུང་ལྷོ་བྲག་ཤུག་པའི་དགའ་ཚལ། །མི་འགྱུར་བྲག་ལ་རྫས་གཏེར་སྣ་ཚོགས། །གཞན་ཡང་ཧཱུཾ་དང་བཛྲ་པ་ཎིའི། །ཡིག་འབྲུ་དང་ནི་ནམ་སྙིང་མཚོ་རྒྱལ། །མཆོག་དབྱངས་དཔལ་རྡོར་ཕྱག་ཞབས་རྗེས་གསལ། །ནམ་ཞིག་སྐྱེས་མཆོག་བཛྲ་མཚན་གྱིས། །སྒྲུབ་ཐབས་བདུན་གྱི་གཏེར་ཁ་དྲངས་འོང་། །རི་མཐོ་ལྗོན་ཤིང་རབ་རྒྱས་རྩེ་ཡི། །བྲག་དེར་གཡུ་ལྷའི་གོ་ཁྲབ་མཚོན་གསུམ། །ནེའུ་ཆུང་གུ་ཡ་མཚོ་རྒྱལ་མགུལ་གབ། །རང་བྱུང་ཤེལ་རྡོ་གཏེར་ཁ་སྣ་ཚོགས། །མདུན་རི་ཚངས་པ་དཀར་པོའི་གནས་མཆོག །ཆུ་མིག་དཀར་དམར་ཕ་བང་ལོང་བུ། །སོགས་ཀྱི་གཏེར་ཁ་སྣ་ཚོགས་ཡོད་ཀྱང་། །སྐབས་སུ་མི་མངོན་རབ་བྱུང་བཅུ་བདུན། །མཇུག་ཏུ་སྔགས་རིགས་པདྨས་འདོན་ནོ། །སྲིབ་ཀྱི་རྒོད་ཚང་སེང་གེ་གནམ་རྫོང་། །ཕག་མོའི་སྒྲུབ་ཕུག་སྟེང་གི་ཆ་ལ། །མཁའ་འགྲོ་དགོངས་འདུས་ཆ་ལག་ཕབ་པའི། །རྫས་སྒྲོམ་ལྔ་དང་རང་བྱུང་བུམ་པ། །རྟེན་འབྲེལ་གནད་དེ་ལེགས་པར་འགྲིགས་ན། །རྗེ་ཁྱེད་ཡབ་ཡུམ་ཟུང་གིས་འདོན་དགོས། །རྒྱབ་བམ་དབུས་རི་སྙན་ལུང་གནས་མཆོག །སྤྱན་རས་གཟིགས་དང་རྡོ་རྗེ་ཕག་མོས། །བྱིན་གྱིས་བརླབས་ཤིང་ཕོ་བྲང་སུམ་ཐོག །སྟེང་ཆར་བདེ་མཆོག་པདྨ་ཡབ་ཡུམ། །བར་ཁང་དབང་ཆེན་རྟ་མཆོག་རྒྱལ་པོ། །འོག་ཁང་རྒྱལ་ཡུམ་རྡོ་རྗེ་ཕག་མོ། །རིག་འཛིན་དཔའ་བོ་མཁའ་འགྲོ་གྲངས་མེད། །
གཞན་ཡང་གནས་ཡུལ་ཉེར་བཞིའི་དཀྱིལ་འཁོར། །གནས་འདིར་རྫོགས་ཤིང་བྲག་རིའི་བ་གམ། །རིན་ཆེན་རྫས་སྒྲོམ་ཉེར་ལྔ་བཞུགས་ཤིང་། །མ་འོངས་གཏེར་འདོན་དྷརྨཱ་རཏྣ། །བཛྲ་པདྨ་སུརྱ་རྣམ་ལྔས། །མཁའ་འགྲོའི་ཆོས་སྐོར་བདུན་དང་ཁྱད་པར། །ནང་རྒྱུད་སྡེ་གསུམ་ཟབ་མོའི་མན་ངག །བསྟན་དང་འགྲོ་བའི་དཔལ་དུ་འདོན་ནོ། །གུ་རུ་མཚོ་རྒྱལ་ནམ་སྙིང་བི་མའི། །ཕྱག་ཞབས་རྗེས་དང་མཁའ་འགྲོ་སྡེ་ལྔའི། །སྙིང་པོ་དང་ནི་ལྷ་སྐུ་རང་བྱོན། །གནས་འདིར་སྐོར་བ་ལན་གཅིག་བྱས་ན། །སིདྡྷི་དུང་བདུན་བཟླས་པའི་ཕན་ཡོན། །འབྱུང་ཞིང་སྒྲུབ་པ་ཚུལ་བཞིན་བྱས་ན། །ཉམས་རྟོགས་རྒྱས་ཤིང་རང་རིག་ཞལ་མཐོང་། །གནས་འདིར་མཆོད་བསྟོད་རླུང་རྟ་འཛུགས་ན། །ཉེས་ཚོགས་ཀུན་ཞི་བསམ་པའི་དོན་འགྲུབ། །ཚོགས་འཁོར་བྱས་ན་ཉམས་ཆག་བསྐང་ཞིང་། །ཚེ་བསོད་ཡེ་ཤེས་ཉམས་རྟོགས་རྒྱས་ཏེ། །ཕྱི་མ་མཁའ་སྤྱོད་ཞིང་དུ་འགྲོ་ངེས། །གནས་འདིར་རྗེ་འབངས་བཅུ་གསུམ་དང་ནི། །རིགས་ལྔ་མཁའ་འགྲོའི་རྣམ་སྤྲུལ་ཉེར་ལྔ། །རིམ་བཞིན་འབྱུང་བ་ཁ་བྱང་ལས་གསལ། །ཕག་ལོ་ཀུན་ལ་གནས་འདུ་བབ་སོགས། །གནས་འདིའི་ཕན་ཡོན་བརྗོད་ལས་འདས་ཀྱང་། །རེ་ཞིག་མདོར་བསྡུས་དེ་ཙམ་གུ་ཧྱ། །ཐུགས་ལ་ཆོངས་ཤིག་མཁའ་འགྲོའི་ཚོགས་རྗེ། །ང་དང་ཁྱོད་ཅེས་རྟོག་བཏགས་ཙམ་ལས། །དོན་ལ་གཞི་གཅིག་ཆོས་སྐུའི་ཀློང་དུ། །བློ་འདས་གཉུག་མའི་ངང་དུ་ཨ་ཨཱ། །ཞེས་བརྗོད་ཚེ་མཁའ་འགྲོ་དེ་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་ཏེ་ཌཱ་ཀི་རིན་པོ་ཆེའི་སྙིང་གར་ཐིམ་པས་སྟོང་གསལ་ཟང་ཐལ་སྤྲོས་བྲལ་གྱི་ཀློང་དུ་འབྱམས་ཀླས་སོ། །ཞེས་སོགས་ཉམས་སྣང་གི་ཆོས་སྐོར་ལས་དྲངས་པའོ། །སླར་སྨྲས་པ། སྐུ་གསུམ་མཁའ་འགྲོའི་གཙོ་མོ་ཝཱ་རཱ་ཧཱིའི། །ཐུགས་རྗེའི་རྩལ་སྣང་སྒྱུ་འཕྲུལ་རོལ་བ་ཡི། །རྨད་བྱུང་ཟབ་གཏེར་རྒྱ་མཚོའི་མཛོད་འཆང་བའི། །ཌཱ་ཀི་ཏཱ་རེར་སླར་ཡང་ཕྱག་བགྱིའོ། །གང་གི་ཐུགས་བསྐྱེད་གཡོ་མེད་ལྷུན་པོའི་སྤོར། །ངེས་གསང་བསྟན་པའི་ཁྲི་གདུགས་དཀྱིལ་འཁོར་གྱིས། །འོད་སྣང་རབ་འབར་དགེ་མཚན་ལྷ་ཡི་རྔ། །དག་དང་མ་དག་འཇིག་རྟེན་ཀུན་ཏུ་སྙན། །ངན་གོམས་རྙོགས་མས་མ་རེགས་ཐུགས་ཀྱི་གཤིས། །དྲི་མེད་ཤེལ་དཀར་མེ་ལོང་གཙང་མའི་ངོར། །འཕགས་ནོར་བདུན་གྱི་ཟ་འོག་རི་མོའི་དཔལ། །ངོ་མཚར་གཟིགས་མོར་བཀྲ་བའི་མཛེས་པ་ཤར། །མདོ་ཁམས་འཛིན་མའི་ཐིག་ལེར་དབྱངས་ཅན་གྱི། །གསང་གསུམ་ཅོད་པན་འཛིན་པའི་ཌཱ་ཀི་མ། །དོན་བཟང་མུ་ཏིག་དྲྭ་བའི་རྒྱན་འཕྲེང་གིས། །འཇིག་རྟེན་མ་ལུས་ཡ་མཚན་གནས་ལ་བཀོད། །སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུ་ཡི། །རྩལ་ལ་དབང་འབྱོར་གཞན་ཕན་འཕྲིན་ལས་ཀྱི། །གྲགས་པའི་བ་དན་མཆོག་ཏུ་དཀར་བ་འདིས། །སྐལ་བཟང་གདུལ་བྱ་མཁའ་ལ་སྤྲིན་བཞིན་འཁྲིགས། །ཨེ་མ་རྟོགས་ལྡན་གཉུག་མའི་རྣལ་འབྱོར་ལ། །འབྱམས་སུ་ཀླས་པའི་མ་ཚོགས་རིག་འཛིན་གླིང་། །དཔལ་གྱི་བསམ་ཡས་ལ་སོགས་སྒྲུབ་གནས་སུ། །རྡུལ་སྙེད་རྒྱལ་བའི་ཞིང་གི་དཀྱིལ་འཁོར་ལ། །དགྱེས་བསྐྱེད་ཚོགས་ཀྱི་མཆོད་སྤྲིན་གཏིབས་པ་དང་། །རྡོ་རྗེའི་གླུ་ཡི་དབྱར་རྔ་བརྡུང་བ་ན། །གཏེར་གྱི་སྲུང་མ་ཡེ་ཤེས་སྤྱན་ལྡན་གྱིས། །ངོ་མཚར་གྲུབ་པའི་སྒྱུ་འཕྲུལ་རོལ་མོ་བཅས། །པདྨའི་ཟབ་གཏེར་དུས་སུ་སྤྲད་པ་འདིས། །སྣ་ཚོགས་སེམས་ཅན་མོས་པའི་རི་མོ་བཞིན། །རྫོགས་ལྡན་སྣང་བ་རྒྱས་པའི་རྟ་བདུན་པ། །སླར་ཡང་སྐྱེ་དགུའི་བསོད་ནམས་མཁའ་ལ་དྲངས། །ཨེ་མ་མགོན་དེའི་གསང་གསུམ་ཡོན་ཏན་གྱི། །ཆ་ཙམ་བརྗོད་ལ་སྨྲ་མཁས་མི་ཆུང་གིས། །ལྕེ་བརྒྱ་སྤྲུལ་ཀྱང་བསྐལ་པར་རྫོགས་མིན་ན། །བདག་འདྲའི་སྨྲ་བ་མཁས་རྣམས་ཁྲེལ་བའི་རྒྱུ། །འོན་ཀྱང་རྟོགས་བརྗོད་ཟླ་བའི་མ་མ་ལས། །སྐྲ་རྩེའི་ཟེགས་མ་ཙམ་ཞིག་མཐོང་བས་ཀྱང་། །གྲངས་མེད་གདུལ་བྱའི་རྒྱུད་ལ་རྣམ་དཀར་གྱི། །ས་བོན་ཉིད་དུ་ངེས་ཕྱིར་དང་དུ་བླངས། །འདི་བྲིས་བསོད་ནམས་དགེ་བའི་འོད་སྣང་གིས། །བརྒལ་དཀའི་སྲིད་མཚོར་དུབ་པའི་འགྲོ་རྣམས་ལ། །ཟུང་འཇུག་སྐུ་བཞིའི་པད་ཚལ་མྱུར་ཐོབ་ནས། །དོན་གཉིས་འབྲས་བུའི་དཔལ་ལ་རོལ་བར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཐེག་མཆོག་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །ཐུབ་བསྟན་མདོ་སྔགས་ལྷ་ཡི་ལམ་ཡངས་པོར། །མཁས་ཚུལ་གསུམ་གྱི་གཤོག་རྩལ་ངོམ་པར་ཤོག །ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་པ་མེད་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ནམ་སྤྲུལ་རིན་པོ་ཆེ་༧འཇིགས་མེད་ཕུན་ཚོགས་དང་། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་སླར་ཡང་གཟུགས་སྐུ་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པ་འབྲེལ་ཚད་རྔ་ཡབ་པདྨ་འོད་དུ་འདྲེན་པའི་ལས་སྨོན་དུས་བབས་སུ་སྣང་བ་མཁྱེན་བརྩེ་ནུས་པའི་མངའ་བདག་མཁའ་འགྲོ་རིན་པོ་ཆེ་༧ཏཱ་རེ་ལྷ་མོ་ཟུང་གི་རྣམ་ཐར་འོག་མིན་དྷུ་མ་ཐ་ལའི་དགའ་སྟོན་ཞེས་བྱ་བ་འདི་ནི་རྗེ་འདི་གཉིས་ཀྱི་གསུངས་ལས་སྐྱེས་པའི་རྒྱ་བོད་ཀྱི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་བཞུགས་པ་ཐམས་ཅད་ཀྱིས་ཐུགས་འདུན་བཞིན་ཉེ་ཆར་རྫོང་སྲིད་གྲོས་རིག་གནས་དཔྱད་གཞི་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་དང་འབྲེལ། སྐྱབས་རྗེ་ཡབ་ཡུམ་གྱི་ཞབས་རྡུལ་དྲི་མ་མེད་པ་འབྲལ་མེད་གཙུག་གིས་བརྟེན་པ་ལ་མཆོག་ཏུ་སྤྲོ་བའི་སློབ་འབངས་ཐ་ཤལ་བ་པདྨ་འོད་གསལ་མཐའ་ཡས་སམ་སློབ་དཔོན་མཁས་པས་སྒྲོ་བཏགས་ལ་མཚོ་བྱུང་དགྱེས་པའི་རྡོ་རྗེ་རུ་འབོད་པ་དེས་རབ་རྒྱན་ས་བྱི་༢༠༠༨ ལོའི་ཟླ་༣ པའི་ཚེས་༨ ལ་མཇུག་ཡོངས་སུ་རྫོགས་པར་བྲིས་པ་དགེ་བས་བདག་སོགས་ཚེ་རབས་འཕྲེང་བར། སྐྱབས་རྗེ་བླ་མ་རྣམ་གཉིས་ཀྱིས་མཉེས་བཞིན་རྗེས་སུ་འཛིན་ཅིང་གསུང་གི་བདུད་རྩིས་སྨིན་ཅིང་གྲོལ་བའི་སྐལ་བ་ཅན་དུ་གྱུར་ཅིག །སརྦ་མངྒ་ལམ།
ཨ་པཾ་གཏེར་ཆེན་གྱི་སྲས་མོ་མཁའ་འགྲོ་རིན་པོ་ཆེ་ཏཱ་རེ་ལྷ་མོ་མཆོག་གི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ངོ་མཚར་ལྷ་ཡི་རོལ་མོ། མཛད་པ་པོ་མཁན་རིག་དར།
༄༅། །ཨ་པཾ་གཏེར་ཆེན་གྱི་སྲས་མོ་མཁའ་འགྲོ་རིན་པོ་ཆེ་ཏཱ་རེ་ལྷ་མོ་མཆོག་གི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ངོ་མཚར་ལྷ་ཡི་རོལ་མོ་ཞེས་བྱ་བ།
སྣང་མཐའི་ཐུགས་ལས་ཧྲཱི་ཡིག་དཀར་པོ་སིན་དྷུའི་རྒྱ་མཚོར་བབས་པ་ལས། །མངལ་གྱིས་མ་གོས་བརྫུས་སྐྱེས་སྤྲུལ་སྐུ་མདངས་ལྡན་པདྨའི་རྩེ་ནས་བྱོན། །བྱིན་རླབས་འོད་སྣང་གངས་ལ་ཕོག་ནས་ཐུབ་བསྟན་གསེར་འཁོར་བོད་ལ་བསྒྱུར། །བཀའ་དྲིན་འཁོར་མེད་མ་ཧཱ་གུ་རུ་སྐྱེ་ཀུན་རིགས་ཀྱི་བདག་པོར་བསྙེན། །ཆེར་སྙིགས་དུས་ཀྱི་མུན་སེལ་སྒྲོན་མེ་བརྒྱུད་གསུམ་བླ་མའི་དགོངས་པའི་བཅུད། །སྤྲོས་བྲལ་རིག་པའི་ཀློང་ཆེན་མཛོད་ལས་བརྡ་ཚིག་འཕྲུལ་གྱི་ལྡེའུ་མིག་གིས། །ཡེ་གྲོལ་ལྟ་བའི་སྒོ་ཆེན་ཕྱེས་ནས་སྐལ་ལྡན་དཔལ་དུ་འདྲེན་མཛད་པ། །ཨོ་རྒྱན་དངོས་སྣང་འཕྲིན་ལས་གླིང་པ་ཡབ་སྲས་བརྒྱུད་པར་བཅས་ལ་འདུད། །རྒྱལ་ཀུན་འཕྲིན་ལས་རང་གཟུགས་མྱུར་དཔའ་མོ། །འཇིགས་བརྒྱད་གཡུལ་ལས་སྐྱོབ་མཛད་རྗེ་བཙུན་མ༌། །ཚེ་རབས་ལྷག་པའི་ལྷ་མཆོག་སྒྲོལ་མ་ཡུམ། །ཁྱེད་ལས་སྐྱབས་གཞན་མེད་དོ་ཐུགས་རྗེས་གཟིགས། །ཨཿའཐས་འཁྲུལ་བའི་རྟོག་བཏགས་ཆོས་ཀུན་བདེན་མེད་སྒྱུ་མར་སྟོན་པའི་རྣལ་འབྱོར་མ། །མཁྱེན་པའི་ཡེ་ཤེས་ཡོན་ཏན་ཆ་རྫོགས་ཉོན་མོངས་མུན་དཔུང་འཇོམ་མཛད་བཅོམ་ལྡན་མ། །ན་རཀ་དུཿཁས་གདུང་བའི་འགྲོ་ལ་མ་ཡིས་བུ་ལྟར་བརྩེ་བའི་བྱམས་ལྡན་མ། །མ་གཅིག་ཏཱ་རེ་དཱེ་ཝ་མཁྱེན་ནོ་དགོངས་རྒྱུད་རྟོགས་པའི་བྱིན་རླབས་སྩོལ་ཅིག་ཀྱེ། །ཟོལ་བསྟོད་གནམ་གྱི་རྔ་ཆེན་མི་བརྡུང་ལ། །ཁེངས་སྐྱོང་ས་གཞིའི་མེ་ཏོག་རེ་ཞིག་སྤང༌། །དྲང་བདེན་ཚངས་ཐིག་བཀོད་པའི་ལམ་བུ་ནས། །དམ་པའི་མཛད་རྣམ་དད་པའི་གསོས་སུ་སྤེལ། །
དེ་ཡང་གང་གླེང་བར་བྱ་བ་ནི། ཇི་སྐད་དུ། རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཞལ་ནས།གསོལ་བ་འདེབས་པ་ལ་དང་པོ་ལོ་རྒྱུས་བརྗོད་པས་དང་བ་འདྲེན། ཡོན་ཏན་མཐོང་བས་དད་པ་སྐྱེ། ཡིད་ཁྱེད་ཤེས་ཀྱིས་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་དང༌། གུང་ཐང་བསྟན་པའི་སྒྲོན་མེས། དུས་ཀྱི་ལང་ཚོ་རིམ་གྱིས་སྙིགས་མའི་མཐའ་ལ་གཞོལ་བས་དམ་པ་དང་དམ་པ་མ་ཡིན་པའི་བྱེ་བྲག་ཕྱེད་པ་ཉུང་བར་གྱུར་པ་ན། སྐྱེས་བུ་དམ་པ་རྣམས་ཀྱིས་དེའི་དབྱེ་བ་ཤེས་པ་དང༌། བཤེས་གཉེན་ལ་དད་པ་འཕེལ་ཞིང་དེའི་རྗེས་སུ་སློབ་པའི་ཕྱིར། བླ་མ་སོ་སོའི་རྣམ་ཐར་རེ་སྒྲིག་པའི་སྲོལ་ཕྱེ་བ་ཡིན་པར་སྣང༌། ཞེས་གསུངས་པ་ལྟར་འཁོར་འདས་སྒྱུ་མར་རྟོགས་པའི་ངེས་པ་དོན་གྱི་རྣལ་འབྱོར་མ་བདག་ཅག་རྣམས་ལ་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་འདྲེན་མཆོག་དཔལ་ལྡན་བླ་མ་དམ་པ་གང་གི་རྣམ་པར་ཐར་བ་རགས་ཙམ་ཞིག་ཞུས་ན། དེ་ཡང་རྗེ་བཙུན་སྒྲོལ་མ་ལྗང་མོའི་ཐུགས་ཀྱི་རྣམ་སྤྲུལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུའི་རྣམ་སྤྲུལ། རྒྱལ་ཡུམ་རྡོ་རྗེ་ཕག་མོའི་གསུང་གི་རྣམ་སྤྲུལ། མཁའ་འགྲོ་རིན་པོ་ཆེ་ཏཱ་རེ་བདེ་ཆེན་རྒྱལ་མོ་མཆོག །ངེས་པའི་དོན་དུ་གདོད་ནས་ཞི་བ་བློ་འདས་གཉུག་མ་ཆོས་སྐུའི་ཞིང་ཁམས་སུ་ཁྱབ་བདག་ཀུན་ཏུ་བཟང་མོའི་ངོ་བོར་ཡེ་སངས་རྒྱས་སུ་ཟིན་ཀྱང༌། འགག་མེད་ཡེ་ཤེས་ཀྱི་རང་རྩལ་རང་སྣང་འོག་མིན་གྱི་ཞིང་དུ་ལོངས་སྐུ་ཝཱ་ར་ཧི་ངེས་པ་ལྔ་ལྡན་གྱི་ཕྱག་རྒྱར་བཞེངས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བཞུགས་ནས་མ་རིག་པས་ལྡོངས་པའི་མཐའ་ཀླས་པའི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཉེ་བར་དགོངས་ཏེ། མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་གངྒའི་ལྷ་མོ་ཞེས་པར་སྤྲུལ་ནས་བཀའ་ཡི་སྡུད་པ་པོ་མཛད། ཨོ་རྒྱན་ཆེན་པོའི་དུས་སུ་གཟུང་མའི་མཆོག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་སྐྱེ་བཞེས་པ་སོགས་ཀྱིས་བསྟན་འགྲོའི་དོན་མཛད་པ་ནི། སྐྱེ་ཕྲེང་ལས། གངས་རིའི་ལྗོངས་འདིར་ཕེབས་པའི་ཚེ། །ཌཱ་ཀི་མཁར་ཆེན་བཟའ་ཞེས་གྲགས༔ གླིང་གི་དུས་སུ་ནེའུ་ཆུང་སྒྲོན༔ རྒྱལ་ཡུམ་སྒྲོལ་མས་རྗེས་སུ་བཟུང་༔ རྒྱ་གར་གའུ་ཤོད་ཕྱིན་དུ༔ བཙུན་མོ་དཔལ་གྱི་བློ་གྲོས་གྲགས༔ བྱང་ཕྱོགས་གཡུ་ཡི་འདབ་སྨིན་དུ༔ དུང་ལྡན་བཛྲ་དྷེ་ཝ་གྲགས༔ མདོ་ཁམས་ཟལ་མོའི་སྒང་ཆར་དུ༔ བསླབ་གསུམ་ལྡན་པ་ཤཱི་ལའི་མཚན༔ འདབ་བཟང་དུང་རིའི་ཉེ་འདབས་སུ༔ དཔལ་གྱི་བློ་གྲོས་བྱ་བར་གྲགས༔ འཛུམ་ལྡན་གཞི་ཡི་གནས་མཆོག་ཏུ༔ བཤད་སྒྲུབ་བསྟན་པའི་ཉི་མར་གྲགས༔ རིགས་གཟུགས་ལང་ཚོས་དཔལ་མཛེས་པའི༔ ཌཱ་ཀི་སུ་ཁའི་མཚན་ཞེས་གྲགས༔ སྐྱེ་བའི་ཕྲེང་བ་བརྗོད་མཐའ་བྲལ༔ དོན་ལ་ཡེ་ཤེས་དབྱིངས་སུ་གཅིག༔ ཅེས་གསུངས་པ་སོགས་དག་དང་མ་དག་གི་ཞིང་དུ་གང་འདུལ་སྤྲུལ་བའི་རོལ་གར་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་དག་གི་ཐུགས་ཡུལ་ལས་ཀྱང་འདས་ན་ཚུར་མཐོང་བྱིས་པའི་བློས་གཞལ་བར་ག་ལ་ནུས། དེ་ལྟ་ནའང་རང་ཅག་རྣམས་ཀྱི་ངོར་ངེས་པ་དོན་གྱི་རྣལ་འབྱོར་མ་ཆེན་མོ་འདིས་རྨད་དུ་བྱུང་བའི་མཛད་རྣམ་རྒྱ་མཚོ་ལྟ་བུ་བསྟན་པ་ལས། མཐོང་ཐོས་དག་ལ་སྒྲོ་སྐུར་གྱི་ཟོལ་སྦྱོར་རིང་དུ་སྤངས་ཏེ་རང་གཞན་གྱི་དད་པའི་གསོས་སུ་ཉུང་ངུའི་ངག་གིས་སྤེལ་བར་བྱའོ། །
འདི་ལ་བཅུ་གཅིག་སྟེ། འཁྲུལ་མེད་ལུང་གིས་བསྔགས་པ་བཞིན་སྐྱེ་དགུའི་མགོན་དུ་སྐུ་འཁྲུངས་ཚུལ། སྔོན་གནས་རྗེས་སུ་དྲན་པས་དད་པ་ཅན་ལ་ཡིད་ཆེས་སྐྱེད་ཚུལ། མཚན་ལྡན་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས་ཚུལ། ཟབ་གཏེར་ནམ་མཁའ་མཛོད་ལ་མངའ་དབང་བསྒྱུར་ཚུལ། དངོས་ཉམས་རྨི་ལམ་གྱི་དུས་སུ་ཡི་དམ་ལྷག་པའི་ལྷ་སོགས་ཀྱིས་ཞལ་གཟིགས་ཤིང་དག་དང་མ་དག་པའི་ཞིང་དུ་བྱོན་ཚུལ། རིས་མེད་བསྟན་འཛིན་དག་གི་སྐུ་ཚེ་བརྟེན་ཅིང་ཕྲིན་ལས་ཀྱི་བར་ཆད་བསལ་ཚུལ། སྒྲུབ་པ་ཉམས་ལེན་མཛད་ཅིང་ཆོས་ཀྱིས་སྐྱེ་དགུ་རྣམས་སྨིན་པར་བྱས་ཚུལ། གྲུབ་པའི་རང་རྟགས་ཕྱི་རུ་ངོམས་ཏེ་སྐལ་ལྡན་རྗེས་སུ་བཟུང་ཚུལ། མངོན་ཤེས་ཐོགས་པ་མེད་པས་གདུལ་བྱ་ཁ་དྲངས་ཚུལ།མཁྱེན་པའི་ཡེ་ཤེས་ཀྱིས་གཤིན་པོ་རྗེས་སུ་འཛིན་ཚུལ། རྟག་འཛིན་ཅན་གྱི་ངོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་ལོ། །
དང་པོ་འཁྲུལ་མེད་ལུང་གིས་བསྔགས་པ་བཞིན་སྐྱེ་དགུའི་མགོན་དུ་སྐུ་འཁྲུངས་ཚུལ་ནི། ཁམས་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། རྒྱལ་ཡུམ་ཕག་མོ་མཚོ་རྒྱལ་ཟུང་གི་སྤྲུལ༔ མདོ་ཁམས་ཌཱ་ཀི་སུ་ཁའི་མཚན་འཆང་བ༔ གང་གི་ཡང་སྤྲུལ་སྔགས་སྐྱེས་ཏཱ་རེ་ཡི༔ མཛད་འཕྲིན་འཕགས་བོད་ཙི་ནའི་ཕྱོགས་རྒྱས་ནས༔ འབྲེལ་ཚད་མཁའ་སྤྱོད་ཞིང་དུ་འདྲེན་པར་འགྱུར༔ ཞེས་དང༌། པདྨ་གར་དབང་རྩལ་གྱིས། རྒྱལ་ཡུམ་ཕག་མོའི་རྣམ་སྤྲུལ་ཏཱ་རེའི་མཚན༔ གང་དང་འབྲེལ་ཚད་ངན་སོང་སྐྱེ་སྒོ་གཅོད༔ ཅེས་དང༌། མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེས། མཁའ་འགྲོའི་སྤྲུལ་པ་ཏཱ་རེའི་མཚན་ཅན་འབྱུང་༔ ཞེས་དང༌། གཏེར་ཆེན་གར་དབང་རིག་པའི་རྡོ་རྗེའི་ཐེམ་བྱང་ལས། ལྷོ་རྒྱུད་དུ་ཨཱརྱ་ཏཱ་རེའི་མིང༌། །མགོན་དེ་ཡི་རྗེས་བཟུང་བྱིན་རླབས་བུ། །གནས་འདིར་འཕོས་གཡུ་ལོ་བཀོད་དུ་འགྲོ། །ཞེས་དང༌། མགར་བ་རྒྱལ་སྲས་པདྨ་ཚེ་དབང་གི་གཏེར་ལུང་ལས། སྐྱེས་པའི་འཛུམ་ལྡན་སྟག་མོ་ཏཱ་ཡི་མིང༌། །མ་ཡི་རྩིས་གཞུང་མར་ཁུའི་མཚོ་རུ་འཁྱིལ། །དེ་དང་འཕྲད་ན་རྣམ་གཉིས་དོན་འགྲུབ་ཅིང༌། །ཁྱད་པར་དབང་གི་ཕྲིན་ལས་སྒོ་བརྒྱ་འབྱེད། །ཅེས་སོགས་ལུང་བསྟན་པ་དང༌། དེ་བཞིན་དུ་མཁའ་འགྲོ་མཆོག་གི་མ་ཡུམ་སྟོང་དཔོན་བཟའ་དམ་ཚིག་སྒྲོལ་མ་ལ་ཁྲ་དགེ་སློང་ཚུལ་ཁྲིམས་བློ་གྲོས་ཀྱིས་མཁའ་སྤྱོད་མའི་དབང་ལུང་བསྩལ་ཞིང་དྲིལ་བུ་སོགས་རྟེན་རྫས་འགའ་གནང་ནས་ཁོང་གི་སྐུ་སྐྱེ་ཕྱི་མ་ཁྱེད་ཚང་ལ་འོང་རྒྱུ་ཡིན་ཞེས་གསུངས་པ་དང༌། ཉེ་གནས་ལ་དྲ་དྲིལ་དང་སྐུ་ཆས་སོགས་བཅོལ་ཏེ། ཁྱེད་རང་ས་སྟག་ལོར་ཨ་པང་གཏེར་ཆེན་གྱི་ཁྱིམ་དུ་སོང་དང་ང་དེར་ཡོད་གསུངས་པ་དང༌། ཡབ་རྗེ་གཏེར་ཆེན་འཕྲིན་ལས་གླིང་པས་ཀྱང་ཡུམ་ལ་རང་རེ་གཉིས་ལ་མཚོ་རྒྱལ་དངོས་བྱོན་མཁའ་འགྲོ་མ་སུ་ཁ་བཛྲ་གྱི་མ་འདས་སྤྲུལ་སྐུ་དང༌། ཁྲ་དགེ་སློང་ཚུལ་ཁྲིམས་བློ་གྲོས། གཞི་ཆེན་ཨ་པང་སྤྲུལ་སྐུ་བཤད་སྒྲུབ་བསྟན་པའི་ཉི་མ་རྣམས་སྤྲུལ་བ་གཅིག་ཏུ་བསྡུས་པའི་ངོ་བོ། སྲས་ཀུན་ལས་འགྲོ་དོན་ཆེ་བ་ཞིག་འཁྲུངས་རྒྱུ་ཡོད་ཅེས་སོགས་འཁྲུལ་མེད་ལུང་གིས་བསྔགས་པ་ལྟར་འཛམ་བུས་མཚན་པའི་གླིང་གི་ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཕྱོགས་དུས་འཁོར་དང་འདུལ་བ་སོགས་ནས་བོད་ཅེས་རིང་མོའི་དུས་ནས་ལོ་རྒྱུས་དང་ལྡན་པ། དེ་ཡང་ཇི་སྐད་དུ། བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མེ་ལོང་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །རྗེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་ལུང་བསྟན་པའི་ནང་བཞིན་དགེ་མཚན་གྱི་ཁྱད་ཆོས་མང་དུ་མངའ་བ་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁབ་འདི་ལ་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བས་བོད་ཆེན་པོའི་ཁོང་གཏོགས། དེ་ལ་ཨ་མདོ་དང༌། ཆབ་མདོ་དང༌། ཆུ་མདོ་ཞེས་མདོ་གསུམ་དུ་གྲགས་པ་ལས་ཨ་མདོའི་ཡུལ། མགོ་ལོག་འབུམ་པ་ཁག་གསུམ་གྱི་ས་ཆ། རི་རྨ་རྒྱལ་སྤོམ་རིའི་ལྷོ་རྒྱུད། ཟོ་དོར་གཡུང་དྲུང་ལྕགས་རྩེའི་གཡོན་ཕྱོགས། འབོས་རི་ཡིད་བཞིན་དབང་རྒྱལ་གྱི་ཉེ་འདབས། འབོས་ཀྱི་ཡུ་མོ་ལུང་ཞེས་མཐོ་རིས་ཀྱི་གྲོང་ཁྱེར་ས་ལ་འཕོས་པ་ལྟ་བུའི་ས་སྤྱོད་ཀྱི་ཞིང་དུ་ཡབ་ཨོ་རྒྱན་པདྨའི་རྒྱལ་ཚབ་འཕགས་པ་རིགས་གསུམ་མགོན་པོའི་ཕྲིན་ལས་ཀྱི་རང་གཟུགས་ཨ་པཾ་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེའམ་ཨོ་རྒྱན་ཕྲིན་ལས་གླིང་པ་ཞེས་རྩོད་མེད་ཡོངས་གྲགས་ཀྱི་སྤྲུལ་བའི་གཏེར་ཆེན་དེ་དང༌། ཡུམ་ཌཱ་ཀི་ཡོངས་ཀྱི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་གསུང་གི་སྤྲུལ་པ་སྟོང་དཔོན་བཟའ་དམ་ཚིག་སྒྲོལ་མ་གཉིས་ཀྱི་སྲས་མོར་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྟག་གི་ལོར་མ་ཡུམ་ལ་བཙའ་བའི་ཟུག་རྔུ་ཡེ་ནས་མེད་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། གཏེར་ཆེན་མདོ་སྔགས་བསྟན་པའི་ཉི་མས། བསིལ་ལྡན་གངས་ཅན་ལྗོངས་ཀྱི་ཡུལ་གྲུ་འདིར༔ གསང་སྔགས་ཆོས་ཀྱི་པད་མོ་བཞད་པའི་གཉེན༔ རྒྱལ་བའི་བསྐྱེད་ཡུམ་པད་མོ་ཡོ་གི་ནི༔ དེང་འདིར་སྒྱུ་མའི་འཛུམ་བག་ངོམ་ལ་སྤྲོ༔ ཞེས་གསུངས་པ་བཞིན་དེ་མ་ཐག་ཡབ་རྗེ་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེས་བུ་མོ་འདི་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་བ་དངོས་ཡིན་པས་བདག་གི་བུ་གཞན་ཀུན་ལས་བསྟན་འགྲོ་ལ་ཕན་པ་ཆེ་གསུངས་ནས་སྐུ་ཁྲུས་གསོལ་ཞིང་བྱིན་རླབས་མཛད། དེ་ནས་སྲས་མོ་མཆོག་དགུང་གྲངས་གཅིག་གི་དུས་སུ་ཡབ་ཡུམ་འཁོར་བཅས་དབུས་ལྷ་ལྡན་དུ་བྱོན་སྐབས་ཁམས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། མཚོ་རྒྱལ་དངོས་སྣང་དབུས་ཟ་མཁའ་འགྲོ་བདེ་བའི་རྡོ་རྗེའི་ཡང་སྤྲུལ་དུ་ངོས་བཟུང་ཞིང་ཁོང་ཉིད་ཀྱིས་ཕྱག་ཏུ་བསྣམས་ནས། ཇོ་བོ་ཡིད་བཞིན་ནོར་བུའི་མདུན་དུ་བསྟན་འགྲོའི་དོན་ཆེན་འགྲུབ་ཕྱིར་ཐུགས་སྨོན་རྒྱ་ཆེར་གནང༌། ཇི་སྐད་དུ། གཏེར་འབྱིན་པདྨའི་ཕོ་ཉ་ནི༔ དད་དང་ཚུལ་ཁྲིམས་གཏོང་ཕོད་ཆེ༔ ཐོས་རྒྱ་ཆེ་ཞིང་རང་རྒྱུད་གྲོལ༔ ལྟ་སྒོམ་ལྡན་ཞིང་སྤྱོད་པ་ཞིབ༔ སྙིང་རྗེ་ཆེ་ཞིང་ཉོན་མོངས་ཆུང་༔ འཁོར་བར་ཞེན་ལོག་ཆོས་བརྒྱད་སྤངས༔ ཞི་དུལ་བག་ཡོད་ཆོས་ཉིད་རྟོགས༔ སྲིན་མོས་མཐོང་ཡང་སྡིག་སེམས་ཞི༔ ཐབས་མཁས་བསྟན་འགྲོའི་དོན་སྨིན་མཛད༔ འདི་ནི་འབྲེལ་ཚད་དོན་ལྡན་པས༔ པདྨའི་ཕོ་ཉ་ཡིད་བཞིན་ནོར༔ དེ་ལ་རྩེ་གཅིག་གསོལ་བ་ཐོབ༔ གང་འབྲེལ་པདྨ་འོད་དུ་དྲངས༔ ཞེས་གསུངས་པ་ལྟར་རྗེ་བཙུན་མ་འདི་ནི་སྐུ་ཆུང་ངུའི་དུས་ནས་བུད་མེད་ཀྱི་སྐྱོན་ཀུན་དང་བྲལ་ཞིང༌། བཅོས་མིན་གྱི་སྙིང་རྗེ་རང་ཤུགས་ཀྱིས་ཐུགས་ལ་མངའ་བ་དང༌། ལྷ་དང་བླ་མར་དད་པ་དང་དག་སྣང་ཆེ་བ། ཁྱད་པར་ཨོ་རྒྱན་ཆེན་པོའི་མཚན་ཙམ་ཐོས་པས་ཀྱང་ལུས་བ་སྤུ་གཡོ། མིག་མཆི་མ་འཁྲུགས་ཤིང༌། རྟག་ཏུ་གཞན་དོན་ལས་བསམ་རྒྱུ་མེད་པ་ཞིག་ཡིན། དགུང་གྲངས་དགུའི་ཐོག་ཡབ་རྗེ་གཏེར་ཆེན་རིན་པོ་ཆེ་གཟུགས་སྐུའི་དཀྱིལ་འཁོར་རེ་ཞིག་ཆོས་སྐུའི་དབྱིངས་སུ་བསྡུས་ཏེ། ནང་གསལ་གཞོན་ནུ་བུམ་སྐུར་གདོད་མའི་གཞི་དབྱིངས་ཆེན་པོར་སངས་རྒྱས་པ་ན། མཁའ་འགྲོ་མཆོག་གིས་རང་གི་མགུལ་རྒྱན་དང་གསེར་གདུབ་སོགས་ཀྱི་གཞི་བྱས་ཏེ་རིན་ཐང་གཞལ་དུ་མེད་པའི་སྐུ་གདུང་མཆོད་རྟེན་ཞིག་བཞེངས། དཔེར་ན་ཉི་མའི་སྔོན་ལ་སྐྱ་རེངས་དང་ནི་ཆོས་ཀྱི་སྔོན་ལ་དུང་སྒྲ་བཞིན། །སྐུ་ཡི་ཀུན་ད་མ་བཞད་སྔོན་དུ་འཁྲུལ་བྲལ་ལུང་གི་ཟླ་ཟེར་ངོམ། །དཔེར་ན་བུ་ལ་བྱམས་པའི་མ་མ་དང་ནི་ནོར་ལ་བརྩོན་པའི་ཚོང་པ་བཞིན། །འགྲོ་ཀུན་སྲིད་པའི་མཚོ་ལས་སྐྱོབས་ཕྱིར་བསམ་བཞིན་ཞིང་འདིའི་མགོན་དུ་བྱོན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཉིས་པ་སྔོན་གནས་རྗེས་སུ་དྲན་པས་དད་པ་ཅན་ལ་ཡིད་ཆེས་སྐྱེད་ཚུལ། མཁའ་འགྲོ་མཆོག་ནར་སོན་ཏེ་གཏམ་སྨྲ་ཤེས་པ་ཙམ་ན་ཁྲ་དགེ་སློང་གི་ཉེ་གནས་ཨ་བློ་འགོ་ཞེས་པ་ལ་ངས་སྐྱེ་བ་སྔོན་མར་ཁྱོད་ལ་བཅོལ་ཡོད་པའི་ཞལ་འདོན་དང་ཌཱ་དྲིལ། ན་བཟའ་སོགས་བཅའ་ལག་རྣམས་ད་ལྟར་ང་རང་ལ་དགོས་ཞེས་རེ་རེ་བཞིན་ངོས་བཟུང་ནས་བླངས། ཉིན་ཞིག་མཁའ་འགྲོ་མཆོག་སྤྲུལ་མུ་ལོའི་སྐུ་སྲིང་དང་མཉམ་དུ་པདྨ་བཻ་ཙ་དགོན་དུ་བྱོན། དེར་ཇོ་མོ་བསྒྲེས་མ་ཞིག་གིས་ངས་ཁྱེད་ངོ་མི་ཤེས་པས་ཁྱེད་གཉིས་སུ་ཡིན། གང་ནས་འོང་ཞེས་དྲིས། སྤྲུལ་མུ་ལོའི་སྐུ་སྲིང་གིས་ངས་ཀྱང་ཁྱེད་མི་ཤེས་ཞེས་གསུངས། ཡིན་ནའང་མཁའ་འགྲོ་མཆོག་གིས་ཁྱོད་ཀྱིས་མོ་ངོ་མི་ཤེས་སམ་ཞེས་ནན་གྱིས་དྲིས། ཇོ་མོས་དངོས་གནས་མི་ཤེས་ཞེས་ལན་བཏབ། མཁའ་འགྲོ་མཆོག་གིས་ཁྱོད་ཀྱི་མགུལ་ན་འདོགས་པའི་རིན་པོ་ཆེ་གཟི་འདི་བདག་གིས་བྱིན་པ་ཡིན་ཞེས་གསུངས། ཇོ་མོས་དེ་ཐོས་མ་ཐག་ཏུ་མིག་ནས་མཆིལ་མ་འཐོར་བཞིན་གཟི་འདི་ཁོ་མོའི་རྩ་བའི་བླ་མ་དབུས་ཟ་མཁའ་འགྲོས་བདག་ལ་གནང་སྟེ་མ་འོངས་པ་ན་གཟི་འདིས་ངེད་གཉིས་ངོ་ཤེས་སུ་འཇུག་ཐུབ་ཅེས་གསུངས་པ་ཡིན་པས། ཁྱེད་ནི་ངེས་པར་དབུས་ཟ་མཁའ་འགྲོ་བདེ་བའི་རྡོ་རྗེའི་ཡང་སྤྲུལ་དངོས་ཡིན་པར་འདུག་ཅེས་གུས་པ་ཚད་མེད་བྱས་ནས་རྗེས་སུ་འཛིན་དགོས་ཞེས་གསོལ་བ་ཡང་ཡང་བཏབ། སྔ་འགྱུར་བསྟན་པའི་གསལ་བྱེད་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་འཁོར་དང་བཅས་པས་འདན་སྲས་གཡུ་འོད་འབུམ་མེའི་རྟོགས་བརྗོད་ཕབ་ཟིན་ནས་དགེ་འདུན་པ་ཁྲི་ལྷག་གིས་དགའ་སྟོན་བྱེད་པའི་སྐབས་སུ་མཁའ་འགྲོ་མཆོག་དང་སྤྲུལ་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་གཉིས་དེར་བྱོན་པ་ན་ཆོས་རྗེ་དམ་པ་མཆོག་གིས་ཐུགས་དགྱེས་ཚོར་ཚད་མེད་པ་མཛད་ནས། ཁོང་རྣམ་གཉིས་འདིར་ཕེབ་པ་དེ་རྟེན་འབྲེལ་ཧ་ཅང་ལེགས། མཁའ་འགྲོ་ཏཱ་རེ་ལྷ་མོ་སྔོན་གླིང་གི་དུས་སུ་ནེའུ་ཆུང་གི་སྐྱེ་བ་བཞེས་སྐབས་འདན་མ་ཚང་གི་སྦྲ་སྒོ་གར་འཁོར་དང༌། སྒྱེད་པུ་ཇི་ལྟ་བུ་བཙུགས་ཡོད་གསལ་བར་དྲན་པར་འདུག་ཅེས་ང་ལ་བཤད་མྱོང་གསུངས། ཡང་སྐུ་སྐྱེ་ཉི་ཤུ་རྩ་བདུན་བར་དུ་སྤྲུལ་མདོ་ལི་ཉི་མ་དང་ཁོང་གཉིས་འབྲལ་བ་མེད་པར་སྐུ་སྐྱེ་བཞེས་ཚུལ་རེ་རེ་བཞིན་རོབ་ཟ་ཏཱ་རེ་ལ་གསལ་བོར་གསུངས་པ་སོགས་སྔོན་གནས་རྗེས་དྲན་མང་དུ་གསུངས་སོ། །ལྔ་བདོས་དུས་ཀྱི་མུན་པའི་ཁྲོད་ན་སྐུར་འདེབས་སྲིན་བྱ་རྒོད་པ་དང༌། །འགའ་ཞིག་ཡིན་རློམས་གདོན་གྱིས་བརླམས་ནས་གཡོ་སྒྱུས་ཐབས་ཤེས་བརྩོན་པའི་ཚེ། །གང་གི་སྐྱེ་འཕྲེང་མུ་ཏིག་བཀོད་པས་སྐུ་གསུང་ཐུགས་ཀྱི་མཛད་པ་ཡོངས། །མ་ནོར་ཇི་བཞིན་མཁྱེན་ཅིང་གསུངས་པས་ཀུན་ཡིད་ཀུན་ནས་ཡིད་ཆེས་རྙེད། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གསུམ་པ་མཚན་ལྡན་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཏེ་ཐུགས་ཡིད་གཅིག་ཏུ་འདྲེས་ཚུལ། དགུང་གྲངས་བདུན་གྱི་དུས་སུ་ཡབ་རྗེ་ཨོ་རྒྱན་དངོས་སྣང་དཔའ་བོ་ཆོས་དབྱིངས་རྡོ་རྗེའམ་གཏེར་ཆེན་ཕྲིན་ལས་གླིང་པ་བླ་མར་བསྟེན་ཏེ་སྙིང་ཐིག་ཡ་བཞི་དང་རང་གཏེར་གྱི་དབང་ལུང་ཡོངས་རྫོགས་གསན་ནས་ཕ་བུ་དགོངས་ཀློང་དབྱེར་མེད་དུ་གྱུར། དགུང་གྲངས་བཅུ་གཉིས་ཀྱི་དུས་སུ་གྲུབ་རིགས་བྱེ་བའི་གཙུག་རྒྱན་རྡོ་གྲུབ་ཆེན་རིག་འཛིན་འཇའ་ལུས་རྡོ་རྗེའམ་སྤྲུལ་བའི་སྐུ་མཆོག་རིག་ལོ་ཉིད་མཉེས་པ་གསུམ་གྱིས་བསྟེན་ཏེ་སྙིང་ཐིག་ཡ་བཞི་སོགས་ཀྱི་དབང་ལུང་མན་ངག་གི་ཆོས་བཀའ་དུ་མ་ཞུས་ནས་ཐུགས་རྒྱུད་ཀྱི་དགོངས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་བཞེས། རིག་འཛིན་འཇའ་ལུས་རྡོ་རྗེ་མཆོག་གིས་ཀྱང་བུ་སློབ་རྒྱུ་སྐར་གྱི་གྲངས་ལ་འཕྱ་བའི་ཁྲོད་ནས་རྗེ་བཙུན་ཨཱརྱ་ཏཱ་རེ་དངོས་མིའི་ཤ་ཚུགས་སུ་བྱོན་པ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་ཕྲིན་ལས་ཀྱི་བྱེད་པ་པོར་མངའ་གསོལ། དགུང་གྲངས་བཅུ་གསུམ་གྱི་སྟེང་ཐམས་ཅད་མཁྱེན་པ་ཕྲིན་ལས་དཔལ་བཟང་པོའམ་རྡོ་གྲུབ་སྤྲུལ་བའི་སྐུ་ཐུབ་པ་མཆོག་བསྟེན་ཏེ་ཡ་བཞི་དང་དུམ་གཉིས་སོགས་དབང་ལུང་མང་དུ་གསན། དགུང་གྲངས་ཉེར་གཅིག་པར་ཟབ་གཏེར་བྱེ་བའི་མངའ་བདག་གྲུབ་པའི་དབང་ཕྱུག་རིག་འཛིན་ནུས་ལྡན་རྡོ་རྗེའམ་རྫོང་གཏེར་ཀུན་བཟང་ཉི་མ་སྒོ་གསུམ་ཟོལ་མེད་ཀྱིས་བླ་མར་བསྟེན་ཏེ། ཁོང་གི་ཟབ་གཏེར་ཡོངས་ཀྱི་དབང་ལུང་མན་ངག་རྒྱབ་ཆོས་དང་བཅས་ཞུས་ཤིང༌། གཏེར་ཆེན་རིན་པོ་ཆེས་མཚོ་རྒྱལ་ཆོས་སྐོར་གྱི་ཆོས་བདག་ཏུ་མངའ་གསོལ། སྙིགས་དུས་འགྲོ་བའི་དེད་དཔོན་ཀུན་གཟིགས་མ་ཧ་པཎྜི་ཏ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ལས་རྩ་གསུམ་དབང་ཆོག་མན་ངག་དང་བཅས་པ། དུས་འཁོར་དབང་ཆེན། ལས་རབ་གླིང་པའི་ཟབ་གཏེར་གུ་རུ་གཏེར་འབྱུང་གི་དབང༌། ཕུར་བ་དམར་ནག་རཀྟའི་བཀའ་གཏད་སོགས་མདོ་སྔགས་ཟབ་ཆོས་མང་པོ་གསན་ཞིང༌།
ཆོས་རྗེ་མཆོག་གིས་ཁྱེད་ནི་ཁྲ་མོ་གླིང་གི་དུས་སུ་ནེའུ་ཆུང་གཡུ་ཡི་སྒྲོན་མ་ཡིན་པས་ཨེ་དྲན་གསུངས། མཁའ་འགྲོ་མཆོག་གིས་ངས་འདན་མ་ཚང་གི་མཁར་སྒོ་གང་ཕྱོགས་སུ་སྐོར་ཡོད་ཚུན་ཆད་ཤིན་ཏུ་གསལ་བོར་དྲན་ཞུས་ནས་དཔོན་སློབ་གཉིས་ཀྱིས་སྔོན་གནས་རྗེས་དྲན་གྱི་གསུང་གླེང་མང་དུ་མཛད་མཐར་ཆོས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་གིས། ཨེ་མ་ཧོ། སྐུ་གསུམ་རྒྱལ་བའི་ཡུམ་གཅིག་མཁའ་སྤྱོད་མ། །ཞིང་འདིའི་འགྲོ་ངོར་མི་མོའི་ཚུལ་བཟུང་ནས། །དཔག་ཡས་ཕན་བདེའི་སྒོ་འཕར་འབྱེད་པའི་གཉེན། །ཏཱ་རེ་དེ་ཝཱའི་ཞབས་ལ་གསོལ་བ་འདེབས། །རགས་ལུས་མི་ཤིགས་དྭངས་མའི་དཔྱིད་དུ་སྨིན། །ལས་རླུང་གཡོ་བ་དྷུ་ཏིའི་ལྷུམས་སུ་ཞུགས། །ཀུན་རྟོག་གཡོ་བ་ཆོས་སྐུའི་ངོ་བོར་སྨིན། །ཁྱེད་དང་སྐལ་བ་མཉམ་པར་བྱིན་གྱིས་རློབས། །གང་སྐུ་འཕོ་མེད་རྡོ་རྗེའི་ཆོས་བདུན་ལྡན། །ཚེ་མཐའ་ཡས་པའི་མགོན་བཞིན་འཚོ་གཞེས་གསོལ། །བཟང་པོའི་ཕྲིན་ལས་རྟ་བདུན་ཟེར་ཕྲེང་གིས། །འགྲོ་ཁམས་ལྷ་ལམ་ཁྱོན་ཀུན་འགེངས་གྱུར་ཅིག །ཅེས་མཁའ་འགྲོ་མཆོག་གི་གསོལ་འདེབས་ཞབས་བརྟན་སྨོན་ཚིག་གསུངས་ནས་སྐལ་བ་མ་སྟོང་བར་ཐབས་ཤེས་འདུ་འབྲལ་མེད་པར་བླ་མ་ཨོ་རྒྱན་ཆེན་པོའི་ཐུགས་བཞེད་མཉམ་དུ་སྒྲུབ་པའི་ཞལ་བཞེས་གནང༌། དེ་བཞིན་ཇི་སྐད་དུ། གཏེར་རིགས་ཀུན་གྱི་མཐུན་རྐྱེན་ཚེ་ཡི་མིང་༔ གཟུང་མཆོག་ཕྱག་རྒྱའི་སྨོན་ལམ་མཉམ་དུ་ཐེབ༔ ཞེས་དང༌། མདོ་སྔགས་བསྟན་པའི་ཉི་མས་མཁའ་འགྲོ་མཆོག་ལ་ཆེད་དུ་ཕབ་པའི་གཏེར་ལུང་ལས། རྭ་ཅོ་ཅན་ལ་དུས་ཀྱི་མགྲོན་པོ་ངོམ༔ གྲངས་གཉིས་འཁོར་ཚེ་བསྟན་པའི་དགའ་ཚལ་བཞད༔
དེ་ཚེ་མངའ་རིའི་པཎ་ཆེན་རྣམ་སྤྲུལ་དང་༔ ལས་སྨོན་རྟེན་འབྲེལ་དབང་གིས་མཉམ་དུ་འཛོམས༔ ཟབ་གསང་ཆོས་ཀྱི་སྒོ་འཕར་རྒྱ་ཆེན་འབྱེད༔ ཅེས་གསུངས་པ་ལྟར་ས་རྟ་ལོར་ཕ་ཅིག་ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྒྱ་མཚོའི་བདག་པོར་ལས་སྨོན་མཉམ་དུ་ཐེབ་པའི་གཏད་རྒྱ་དུས་སུ་སྨིན་ནས་གྲུབ་བརྙེས་བྱེ་བའི་གཙུག་རྒྱན་ཨོ་རྒྱན་ནམ་མཁའ་གླིང་པའམ་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་དང་གདན་ཐོག་གཅིག་ཏུ་འཛོམས་ནས་ཤེས་རབ་ཐབས་ཀྱི་གྲོགས་ཉིད་བླ་མར་བསྟེན་ཏེ་དབང་ལུང་མན་ངག་གི་ཟབ་ཆོས་རྒྱ་མཚོ་ལྟ་བུ་མང་དུ་ཞུས། འདུལ་འཛིན་བྱེ་བའི་གཙུག་རྒྱན་མཁན་ཆེན་དམ་པ་གནས་འགོའི་བླ་མ་ཆོས་མཐུན་གྱི་དྲུང་ནས་ཡབ་རྗེ་ཨོ་རྒྱན་ཕྲིན་ལས་གླིང་པའི་ཟབ་གཏེར་ཡོངས་ཀྱི་དབང་ལུང་མན་ངག་རྒྱབ་ཆོས་དང་བཅས་པ་གསན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གསང་སྔགས་གླིང་པའམ་སེ་ར་ཡང་སྤྲུལ་མཆོག་ནས་ཁོང་གི་ཟབ་གཏེར་མཐའ་དག་གི་དབང་ལུང་གནང་ནས་ཐུགས་བརྩེ་བླ་མེད་མཛད། ཁྱེད་ཐུགས་ཡེ་གྲོལ་ཆོས་སྐུའི་བླ་མ་འདུ་འབྲལ་མཚན་མ་མ་མཆིས་མོད། །གང་འདུལ་འགྲོ་བའི་ཡིད་ཀྱི་པདྨ་མཛད་པའི་ཟེར་ལ་ཕྱོགས་ལྷད་དུ། །ལས་སྨོན་གཏད་རྒྱ་མཉམ་དུ་ཐེབ་པའི་གྲུབ་དབང་འཇའ་ལུས་རྡོ་རྗེ་སོགས། །ཟོལ་ཟོག་བྲལ་བས་སྤྱི་བོར་བསྙེན་ཅིང་ཐུགས་ཀྱི་དགོངས་ཀློང་གཅིག་ཏུ་འཁྱིལ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བཞི་པ་ཟབ་གཏེར་ནམ་མཁའ་མཛོད་ལ་མངའ་དབང་བསྒྱུར་ཚུལ། གནའ་སྔ་མོར་ཨ་པཾ་གཏེར་ཆེན་ཚང་གསེར་འབྲོས་རིའི་ནང་དུ་བཞུགས་སྐབས། ཉིན་ཞིག་ཕ་ཡབ་གཏེར་ཆེན་མཆོག་གིས་དེ་རིང་ངེད་ཕ་བུ་གཉིས་ཀྱིས་གཏེར་ཞིག་བླང་དགོས་གསུངས་ཚེ། མཁའ་འགྲོ་མཆོག་གིས་ལེགས་སོ་ཞུས། དེ་ནས་འབྲོས་རིའི་ངོས་ཀྱི་བྲག་རི་ཞིག་ལ་ཕ་ཡབ་མཆོག་གིས་ཕྱག་མཛུབ་ཀྱིས་རི་མོ་གོར་གོར་ཞིག་བྲིས་ཤིང༌། དེ་ལ་ཕྱག་མཐིལ་གཡས་པས་ཅུང་ཟད་བསྣུན་པ་ན་རི་མོའི་མཚམས་ནས་རྡོ་དེ་ཆད་ནས་བྱུང༌། ཕ་ཡབ་ཀྱིས་བུ་མོ་ཞེས་མཁའ་འགྲོ་མཆོག་ལ་བོས་ནས་རྡོའི་སྦུ་གའི་ནང་དུ་ལག་པས་སྙོབས་གསུངས་པས་བསྙབས་པ་ན། ཡབ་ཀྱིས་ཅི་འདྲ་འདུག་ཅེས་དྲིས་ཚེ། འཇམ་པོར་འདུག་ཅེས་ཞུས། ཕ་ཡབ་ཀྱིས་བུ་མོ་ཁྱོད་ཁྱིམ་དུ་སོང་ལ་ཀ་དོ་ར་ཞིག་ཁྱེར་ཤོག་གསུངས་ནས་ཁྱེར་འོང་བ་ན། ཡབ་ཀྱིས་ཕྱག་གིས་རྡོའི་བུ་ག་དེར་བསྙབས་ཀྱང་ཕྱག་མ་ཐར་ནས། བུ་མོ་ཁྱོད་ཀྱིས་སྙོབས་གསུངས་ནས་བསྙབས་ཚེ་སྨན་སྒྲུབ་ཉུང་ངུ་ཞིག་བསྣམས་ནས་བྱུང་བ་ཀ་ཏོ་རའི་ནང་དུ་བླུགས།ཕ་ཡབ་ཀྱིས་སྐལ་ཆད་མ་ཞེས་བཀའ་བཀྱོན་མཛད་ནས། ཁྱོར་བ་གང་ཡོད་པ་མང་པོ་ལོངས་ཤོག་གསུངས་པ་ན། དེ་བཞིན་ཁྱོར་བ་གང་དུ་ལོངས་པ་མང་པོ་བླངས། དེ་ནས་ཡབ་གཏེར་ཆེན་གྱིས་རྡོ་དེ་ཕྱིར་སྤྲད་པ་ན་སྤྲད་མཚམས་སུ་རྡོ་དཀར་གྱི་རི་མོ་ལྟ་བུ་ཞིག་དོད་ནས་སྲ་མོར་གྱུར་པར་གསུངས་པ་དང༌། དགུང་གྲངས་བཅུ་བཞིའི་དུས་ཐེངས་གཅིག་རྡོ་གྲུབ་ཆེན་དགོན་དུ་མཇལ་སྐོར་ལ་བྱོན་ཚེ་ཁྱབ་ཆེན་ཐང་ཞེས་པར་ཁྱི་མང་པོས་རུབ་ནས་དེད་པ་ན་མཁའ་འགྲོ་མཆོག་གིས་ཚམ་ཚོམ་མེད་པར་རྡོ་མང་པོ་བླངས་ནས་འཕངས་པ་དང༌། ཁྱད་པར་ཕ་བོང་ཆེན་པོ་ཞིག་གི་སྟེང་ན་རྡོ་སྨུག་པོ་ཞིག་ཡོད་པ་དེ་ཡང་སྣང་དོགས་མེད་པར་བླངས་ནས་ཁྱི་རྣམས་ལ་འཕེན་བྱེད་བྱས། དགོང་མོ་རང་ཁྱིམ་དུ་སླེབས་ཚེ་ཕ་བོང་སྟེང་གི་རྡོ་སྨུག་པོ་དེ་རུམ་དུ་ཡོད་པས། མ་ཡུམ་ལ་བསྟན་སྐབས་སྟེང་ན་བཾ་ཡིག་དམར་པོ་ཞིག་དོད་ཡོད་པ་གཏེར་སྒྲོམ་ངོ་མཚར་ཅན་ཞིག་འདུག་པས་ཡུམ་གྱི་ཞལ་ནས། མདང་དགོང་ང་ལ་རྨི་ལམ་ངོ་མཚར་བ་ཞིག་བྱུང༌། འདི་ཡག་པོ་ཞིག་ཡིན་ཤས་ཆེ་གསུངས་ནས་མོ་རང་གི་མགུལ་གབ་ཏུ་བཅུག །ཕྱིས་སུ་རྫོང་གཏེར་རིག་འཛིན་ཆེན་པོ་ཀུན་བཟང་ཉི་མས་མཁའ་འགྲོ་དགོངས་འདུས་ཀྱི་ཆོས་སྐོར་རྣམས་སྒྲོམ་བུ་དེ་ལས་གཏན་ལ་ཕབ།
དེ་ནས་བཟུང་ཟབ་མོ་གཏེར་གྱི་ལས་འཕྲོ་སད། ཨ་པཾ་གཏེར་སྒར་གསེར་རྟ་འབྲོས་རི་ན་ཡོད་པའི་སྐབས་ཤིག་ལ། མཁའ་འགྲོ་མཆོག་གིས་ཉིན་ཞིག་བསམ་ཡས་རྡོ་ར་མ་ཡིན་ཟེར་བའི་རྡོ་རྗེ་མཐོ་གང་ཙམ་ཡོད་པ་ཁྱད་པར་བ་ཞིག་འབྲོས་རི་ནས་གཏེར་དུ་བཞེས། ཕྱིས་སུ་གཏེར་རྫས་རྡོ་རྗེ་དེ་ཕྱིར་རང་དགོན་རྩིས་མདའ་བཀྲ་ཤིས་དགའ་འཁྱིལ་གླིང་དུ་སྤྱན་དྲངས་ཏེ་ཨ་པཾ་ཟ་ཆུང་སྡུས་སོགས་ལ་འདི་ཁོ་མོས་གཏེར་ནས་སྤྱན་དྲངས་པ་ཞིག་ཡིན་པས་རང་དགོན་དུ་བཞག་ན་ད་སྔོན་རང་རེའི་དགོན་པར་སྐྱེས་ཆེན་ཁྱད་པར་བ་འགའ་འཁྲུངས་ཀྱང་རྐྱེན་དབང་གིས་གཞིས་མ་ཆགས་པར་ཡུལ་གཞན་དུ་གཤེགས་དགོས་བྱུང་བ་མང་ལ། ད་ཕྱིན་བླ་སྤྲུལ་གང་འཁྲུངས་ཐམས་ཅད་རང་དགོན་དུ་གཞིས་ཆགས་པ་ལ་ཕན་པ་རྒྱ་ཆེན་པོ་ཡོད་ཅེས་གསུངས་པ་བཞིན་དོན་ཐོག་ཏུ་ཁེལ།
ཡང་ཐེངས་ཅིག་གྲུབ་ཆེན་གླིང་སྤྲུལ་རིན་པོ་ཆེའི་མདུན་དུ་བྱོན་སྐབས་ཁོང་གིས་ཐུགས་དགྱེས་པ་ཆེན་པོས་ད་ལན་ངས་ཁྱེད་ལ་དཔལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་གནས་མཆོག་གཉན་པོ་གཡུ་རྩེ་ངོ་སྤྲད་གསུངས་ཏེ། ཤེལ་དེམ་ཞིག་གི་ནང་དུ་རྩམ་ཕྱེ་སྤར་གང་ཙམ་བླུགས་ཏེ་བར་སྣང་ལ་བཀྱག་པ་ན། སྒྱུ་མའི་སྣང་བརྙན་བཞིན་ཡུལ་ལྗོངས་ཉམས་དགའ་བ་ཞིག་ཤར་ཚེ། གཏེར་གནས་གཉན་པོ་གཡུ་རྩེ་དང་དེའི་བྱེ་བྲག་སྟག་མོའི་ཡང་རྫོང་སོགས་འདི་ཡིན་ཞེས་ངོ་སྤྲད་དེ་ནམ་ཞིག་དགོས་པའི་དུས་ཤིག་ཡོད་གསུངས། ཕྱིས་སུ་མཁའ་འགྲོ་མཆོག་རྫོང་གཏེར་རིན་པོ་ཆེའི་སྒར་དང་མཉམ་དུ་གཉན་པོ་གཡུ་རྩེའི་སྔོ་མཚོའི་ཁར་བྱོན་ཏེ། ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་ཕུལ་བའི་སྐབས་ཤིག་ན། གཏེར་ཆེན་རིན་པོ་ཆེས། ཁོང་གི་སྲས་མོ་ལྷ་ལྕམ་དང༌། མཁའ་འགྲོ་རིན་པོ་ཆེ་ཟུང་ལ། ཁྱེད་གཉིས་ཀྱིས་གནས་འདིའི་སྟག་མོའི་ཡང་རྫོང་ན་ཨོ་རྒྱན་པདྨའི་བཞུགས་ཁྲི་དང༌། མཁའ་འགྲོ་དགོངས་འདུས་ཀྱི་གཏེར་སྒོ་ཡོད་པས་ཅིས་ཀྱང་རྙེད་ངེས་གྱིས་ཞེས་ཚེ་མདའ་གཏད་ནས་མངགས། ས་ཆ་དེར་སྔོན་གཏན་ནས་བྱོན་མ་མྱོང་ཡང་གླིང་སྤྲུལ་རིན་པོ་ཆེས་རྫུ་འཕྲུལ་གྱིས་ངོ་སྤྲོད་གནང་བ་བཞིན་མཁའ་འགྲོ་མཆོག་གིས་ལམ་ཁྲིད་བྱས། དེ་ནས་སྲས་མོ་ལྷ་ལྕམ་གྱིས་མཁའ་འགྲོ་མཆོག་ལ། ཁྱེད་ཀྱིས་གུ་རུའི་བཞུགས་ཁྲི་ལེན་རྒྱུ་ཡིན་ནམ། མཁའ་འགྲོ་དགོངས་འདུས་ཀྱི་གཏེར་སྒོ་ངོས་འཛིན་བྱེད་རྒྱུ་ཡིན་ཞེས་དྲིས་ཚེ། མཁའ་འགྲོ་མཆོག་གིས་ངས་བླ་མ་གུ་རུའི་བཞུགས་ཁྲི་ལེན་རྒྱུ་ཡིན་གསུངས་ནས་གཏེར་དུ་བཞེས། དུས་ཀྱི་གཟིངས་འཁྲུགས་ཁྲོད་རིས་མེད་བསྟན་འཛིན་དག་གི་སྐུ་གེགས་སེལ་ཕྱིར་ལྷ་མོ་འོད་ཟེར་ཅན་མའི་གསང་སྒྲུབ་དགྲ་ཆིངས་རླུང་གི་ཞགས་པ་གཏན་ལ་ཕབ། གསང་བདག་དངོས་སྣང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་བསྐུལ་བ་ལྟར་གཟུང་མཆོག་མནྡ་ར་བའི་སྒྲུབ་པ་གཏན་ལ་ཕབ། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་བརྡ་ལུང་བཞིན་ཨབ་སྐོང་མཁན་པོ་བློ་བཟང་རྡོ་རྗེའི་སྐུ་གེགས་སེལ་ཕྱིར་དུ་ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་ཅན་གཏན་ལ་ཕབ་སྟེ་སྐུ་ཚེ་བསྲིངས། མཉམ་ལས་ཀྱི་རྗེས་ཙམ་ན་མཁའ་འགྲོ་མཆོག་དང༌། བླ་མ་ཐོད་པ། ཚ་ཁོ་པད་ཚེ། བྱ་བསམ་ལྷུན། ཚོགས་རྩ་སྐྱབས་གྲོལ། སྤོང་ཡུལ་ནོར་འཕེན་སོགས་རྩིས་ཀྱི་གུ་ཚང་ཞེས་པའི་ལུང་པར་རྩྭ་ཐུན་དུ་ཡོད་པའི་སྐབས་ཤིག་ལ། མཁའ་འགྲོ་མཆོག་གིས་པད་ཚེ་དང་སྐྱབས་གྲོལ་སོགས་ལ། རྣ་ཁལ་མ་རྣ་ཕུག་ཡོད་པ་ཞོན་ཆོག་པ་ཅན་གྱི་མིང༌རྟ་ཞིག་ཨེ་ཡོད། ང་བྲག་སྒོའི་ལུང་པ་ཞིག་གི་མིང༌མདོ་བར་འགྲོ་དགོས་གསུངས། ཡོད་ལགས་ཞུས་པ་ན། ཁོང་གིས་པད་ཚེ་དང་ངེད་གཉིས་འགྲོ། གཞན་པ་རྣམས་ཀྱིས་རྩྭ་ཐུས་གསུངས། དེ་ནས་པད་ཚེ་ལ་ཁྱོད་ཀྱིས་དར་ཁ་གཅིག་གཉིས་ཤིག་ཟུངས་གསུངས་པ་བཞིན་བཟུང་སྟེ་པད་ཚེས་ཁོ་རང་གི་རྟ་ཞོན་ལ། མཁའ་འགྲོ་མཆོག་གིས་སྐྱབས་གྲོལ་ལ་རྟ་ཞིག་ཡོད་པ་བཅིབས་ནས་བྱོན་ཏེ་རྩིས་ཀྱི་བྲག་སྒོ་ཞེས་པའི་ལུང་མདོར་སླེབ་པ་ན། མཁའ་འགྲོ་མཆོག་གིས་དར་ཁ་གཉིས་ལས་གཅིག་པད་ཚེའི་ལག་ཏུ་བཞག །གཅིག་ཁོང་གིས་བསྣམས་ནས། ཁྱོད་ཀྱིས་རྟ་གཉིས་ཟུངས་ལ་འདིར་སྡོད། ཁོ་མོ་བྲག་སྒོའི་ལུང་པ་འདིའི་ཉིན་ཕྱོགས་ཀྱི་བྲག་དམར་པོ་ཞིག་མཐོང་བ་དེར་འགྲོ་དགོས་པས་ང་རང་དེའི་དྲུང་དུ་ཐོན་ནས་དར་ཁ་མཆོད་སྐབས་ཁྱོད་ཀྱིས་ཀྱང་དར་ཁ་མཆོད་ཅིག་ཅེས་གསུངས།མཁའ་འགྲོ་མཆོག་བྲག་དམར་པོ་དེའི་དྲུང་དུ་འབྱོར་ནས་དར་ཁ་མཆོད་དེ་ཅུང་ཙམ་བཞུགས། དེ་ནས་མར་བྱོན་པ་ན་ཕྱག་ཏུ་སྒྲོམ་བུ་དམར་པོ་ཆེ་ཆུང་བྱ་སྒོང་འབྲིང་ཙམ་གྱི་ཚད་དུ་ལོངས་པ་སྟོད་ཕྱོགས་ན་སེར་ཁ་གས་པ་ལྟ་བུ་ཡོད་པ་ཞིག་བསྣམས་ནས་བྱུང༌། ཁོང་གིས་འདི་གཏེར་གྱི་སྒྲོམ་བུ་ཁྱད་པར་བ་ཞིག་ཡིན། ནམ་ཞིག་ན་དགོས་པ་ཆེན་པོ་ཞིག་ཡོད་གསུངས་ནས་པད་ཚེའི་མགོ་ལ་བཞག་སྟེ་སྨོན་ལམ་གསུངས། སེར་ཁ་གས་པ་དེའི་ནང་ནས་ཤོག་སེར་ལེན་རྒྱུ་ཡིན་གསུངས་སྣང་ཤར་བར་པད་ཚེས་བཤད།
སྐོར་ཞིག་ལ་མཁའ་འགྲོ་ཚང་རྩིས་ཀྱི་མར་ཁུའི་ལྷས་ན་ཡོད་སྐབས་ཉིན་ཞིག་ཁྲ་མ་ལུང་པ་ཞེས་པའི་མདོ་ནས་མཁའ་འགྲོ་མཆོག་གིས་སྒྲོམ་བུ་དབྱིབས་གོར་མོ་ཁ་དོག་སྨུག་ནག་ཏུ་འདུག་པ་ཞིག་གཏེར་དུ་བཞེས་པ་ཁྲ་ཟ་སྨོན་སྡུས་སོགས་མི་མང་པོས་མཐོང༌། དེ་བཞིན་དུ་དབྱིབས་དང་ཁ་དོག་མི་མཚུངས་པའི་རྡོ་རིགས་མང་པོ་ཡོད་པའི་འཛིས་ལེ་རེ་སྒྱེ་ཆུང་ངུ་ཞིག་གླིང་ནོར་འཛིན་ཚང་ལ་རྒྱུན་དུ་བཅོལ་ཏེ་ཉལ་ཚགས་དམ་པོ་དགོས་ཞེས་གསུངས། དེ་ནི་གཏེར་སྒྲོམ་ཁོ་ན་ཡིན་པ་རྗེས་ནས་ཤེས། ཉིན་ཞིག་ན་མཁན་རིན་པོ་ཆེ་བཻ་ཌཱུར་མཁའ་འགྲོ་ཚང་ལ་བྱོན་པ་ན་བླ་མ་ཐོད་པས་ཐོལ་བྱུང་དུ་མཚོ་རྒྱལ་སྒྲུབ་ཐབས་ཤིག་འབྲི་བཞིན་ཡོད། མཁན་བཻཌཱུར་གྱིས་ང་ལའང་འཇམ་དབྱངས་སྒྲུབ་ཐབས་ཤིག་ཕབ་རོགས་གྱིས་ཞེས་ཞུས་ཚེ། བླ་མ་ཐོད་པས་ང་ལ་ཕབ་རྒྱུ་ཅི་ཡང་མེད། འོན་ཀྱང་ཁྱོད་ཀྱིས་མཁའ་འགྲོ་མཆོག་ལ་ཞུས་དང༌། ཁོང་གིས་ང་ལ་ཕོབ་གསུངས་ཚེ་ཚགས་མེད་དུ་འབྲི་རྒྱུ་ཡོད་ཅེས་གསུངས།
ཡང་ཐེངས་ཤིག་ནམ་སྤྲུལ་རིན་པོ་ཆེ་དང་མཁའ་འགྲོ་མཆོག་གིས་རང་དགོན་རྩིས་མདའ་བཀྲ་ཤིས་དགའ་འཁྱིལ་གླིང་དུ་ཨ་པང་གཏེར་ཆེན་ཨོ་རྒྱན་འཕྲིན་ལས་གླིང་པའི་ཟབ་གཏེར་ཡོངས་ཀྱི་དབང་ལུང་གནང་སྐབས་སུ། ཨ་བཟོད་སྤྲུལ་ཚེ་པོའམ་འཇིགས་མེད་དབང་དྲག་མཆོག་དབང་ལུང་ཞུ་རུ་ཡོང་བའི་ལམ་བར་ནས་དར་ཐང་མཁན་ཆེན་ཞི་བསྟན་གྱི་སྐུ་མདུན་ལ་མཇལ་དུ་སོང༌། ཁོང་གིས་སྤྲུལ་ཚེ་པོ་ལ་ཁྱེད་གང་ལ་ཕེབས་པ་ཡིན་ཞེས་དྲིས། སྤྲུལ་ཚེ་པོ་ནས་སྤུངས་ཡུལ་རྩིས་མདའ་དགོན་དུ་ནམ་སྤྲུལ་ཡབ་ཡུམ་གྱིས་ཨ་པང་གཏེར་ཆེན་གྱི་གསུང་ཆོས་ཡོངས་ཀྱི་དབང་ལུང་གནང་གི་ཡོད་པས་དེར་ཞུ་རུ་འགྲོ་བ་ཡིན་ལགས་ཞེས་ཞུས། ཁོང་གིས་དེ་ནི་ཆེས་གོ་སྐབས་བཟང་པོ་ཞིག་རེད་མོད་ཡིན་ན་ཡང་ང་ལ་བྱ་བ་ཁ་ཤས་ཡོད་པས་འགྲོ་ཁོམ་མི་འདུག །འོན་ཀྱང་བྱ་བ་གལ་ཆེན་ཞིག་ཡོད་པས་ཁྱེད་ཀྱི་ང་ལ་རོགས་བྱེད་དགོས་གསུངས། དེ་གང་ཡིན་ན་མཁའ་འགྲོ་ཏཱ་རེ་ལྷ་མོ་ལ་མཁན་པོ་མུན་སེལ་ཚང་ལ་གསོལ་འདེབས་ཤིག་དང་ཞབས་བརྟན་སྨོན་ཚིག་ཅིག་གསུང་སྐུལ་བྱེད་དགོས། སྤྱིར་མཁན་པོ་མུན་སེལ་ལ་མཚོན་ན་གཏེར་སྟོན་དང་གཏེར་ཆོས་ཁས་ལེན་རྒྱུ་དེ་ཤིན་ཏུ་དཀོན་ལ། གཞན་གྱིས་གསུངས་པའི་གསོལ་འདེབས་དང་ཞབས་བརྟན་སོགས་གཟིགས་ཚེ་བཀའ་བཅོམ་ཀྱང་གནང་སྲིད། ཡིན་ནའང་ཁོང་གིས་རྒྱུན་དུ་མཁའ་འགྲོ་རིན་པོ་ཆེ་ཏཱ་རེ་ལྷ་མོ་ནི་གཏེར་སྟོན་ཚད་ལྡན་ཡིན་ཞེས་གསུངས་པས། མཁའ་འགྲོ་མཆོག་གི་གསུང་ཡིན་ན་ཁོང་གིས་དང་ལེན་བྱེད་ངེས་ཡིན་པས་ད་ཐེངས་ཞུ་རོགས་དགོས་གསུངས་ཏེ་བཀྲ་ཤིས་པའི་རྫས་དང་ལྷ་རེག་བཅས་བསྐུར། སྤྲུལ་ཚེ་པོ་ནས་མཁའ་འགྲོ་མཆོག་ལ་ཞུས་པས་ཐུགས་དགྱེས་བཞིན་དང་ལེན་བྱས། ཉིན་ཁ་ཤས་རྗེས་སུ་སྤྲུལ་ཚེ་པོ་མཁའ་འགྲོ་མཆོག་གི་མདུན་དུ་བྱོན་ཚེ་སྒོ་ནང་ནས་ཡར་ཡོང་སྐབས་ལག་པ་གཡས་ཀྱི་ཁང་མིག་ཅིག་གི་ནང་དུ་ཉེ་གནས་བླ་མ་ཐོད་པས་ཡི་གེ་ཞིག་འབྲི་བཞིན་ཡོད་པས་སྤྲུལ་ཚེ་པོ་ཉེ་སར་བཅར་ནས་བལྟས་པ་ན། མཇུག་རྩོམ་དུ་ཌཱ་ཀི་ཏཱ་རེ་བདེ་ཆེན་རྒྱལ་མོ་ནས་སོགས་འབྲི་བཞིན་ཡོད་པ་མཐོང༌། དེ་ནས་ལག་གཡོན་པའི་ཕྱོགས་ཀྱི་ནམ་སྤྲུལ་ཡབ་ཡུམ་བཞུགས་ཡོད་པའི་གཟིམས་ཁང་དུ་སོང༌། མཁའ་འགྲོ་མཆོག་གིས་སྤྲུལ་ཚེ་པོ་ཁྱེད་ཕེབས་པ་བཟང་གསུངས། དེ་ནས་ཉེ་གནས་ཐོད་པ་ནས་ཡི་གེ་ཞིག་ལག་ཏུ་བཟུང་ནས་མཁའ་འགྲོ་ལ་འབྲི་ཚར་ཡོད་ཅེས་ཕུལ། མཁའ་འགྲོས་འདི་མཁན་མུན་སེལ་གྱི་གསོལ་འདེབས་དང་ཞབས་བརྟན་སྨོན་ཚིག་ཡིན་པས་ཁྱེད་རང་ལ་འཕྲོད་པ་ཡིན་གསུངས་ནས་སྤྲུལ་ཚེ་པོ་ལ་གཏད། སྤྲུལ་ཚེ་པོ་མཆོག་གིས་གསུང་རྒྱུར། ངས་རྫོང་གཏེར་ཀུན་བཟང་ཉི་མ་སོགས་གཏེར་ཆེན་མང་པོས་གཏེར་ཆོས་ཕབས་པ་མཐོང་མྱོང་བ་དང་ཐེངས་མང་པོར་དངོས་སུ་ཡི་གེ་པ་བྱེད་པའང་ཡོད། ཡིན་ནའང་མཁའ་འགྲོ་མཆོག་གིས་གཏེར་ཆོས་ཕབས་སྟངས་དེ་གཞན་དང་མི་འདྲ་བ་ཞིག་རེད། རྒྱུ་མཚན་གཞན་དག་གིས་རང་ཉིད་ཀྱིས་འབྲི་བའམ་ཡང་ན་ཡི་གེ་པ་གཞན་བཞག་ནས་རང་གི་གསུངས་ཏེ་གཞན་ལ་འབྲི་རུ་འཇུག་པ་ཡིན། མཁའ་འགྲོ་མཆོག་གིས་གཞན་ལ་བརྡ་ཡིག་སྤྲད་པ་དང་ཐུགས་གཏད་ནས་འབྲི་རུ་བཅུག་ཚེ་དེ་ལ་རྩོལ་མེད་དུ་འབྲི་རྒྱུ་ཡོད་པ་རེད་ཅེས་ཐོས་མྱོང་ཡང་དེ་ཙམ་ཡིད་ཆེས་སྐྱེས་མ་བྱུང༌། ཡིན་ནའང་ཐེངས་དེར་ཁོང་གིས་ཐུགས་གཏད་ནས་ཉེ་གནས་ཐོད་པ་ལ་འབྲི་རུ་འཇུག་པ་དངོས་སུ་མཐོང་ནས་ཡིད་ཆེས་དང་དད་པ་བླ་ལྷག་སྐྱེས་ཞེས་གསུངས། དེ་ནས་གྲུབ་དབང་བླ་མ་ནམ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་ཐོག་མར་མཇལ་སྐབས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་འཕར་ཡངས་པོར་འབྱེད་པ་ལ། གཏེར་ཆེན་ཉིད་ཀྱིས་གསེར་གྱི་མཎྜལ་ཕུལ་ནས་བསྐུལ་བ་ལྟར། མཁའ་འགྲོ་མཆོག་གིས་རྒྱལ་ཡུམ་ཁྲོས་མའི་ཆོས་སྐོར་རྣམས་ཤོག་སེར་ལས་བཤུས། གྲུབ་དབང་ནམ་སྤྲུལ་རིན་པོ་ཆེ་ཤིན་ཏུ་བསྙུང་སྐབས་ཁོང་གི་སྐུ་གེགས་སེལ་ཕྱིར་དུ་མཁའ་འགྲོ་མཆོག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་གཏན་ལ་ཕབ། ཆོས་རྗེ་ཡབ་ཡུམ་གྱིས་གནས་མཆོག་གཉན་པོ་གཡུ་རྩེ་ནས་རིན་ཆེན་སྣ་ལྔའི་སྒྲོམ་བུ་སློབ་དཔོན་པདྨའི་ཕྱག་ཐམ་ཅན་ཞིག་སྤྱན་དྲངས་ཏེ་ཀླུ་རྒྱལ་དུང་ཟླ་འབུམ་ལ་གཏང་རག་གི་མཆོད་པ་རྒྱ་ཆེར་ཕུལ། གཉན་པོ་གཡུ་རྩེའི་སྤྱིའི་མཚོ་ནས་མཁའ་འགྲོ་མཐིང་འོད་འབར་མའི་སྒྲོམ་བུ་གདན་དྲངས་ནས་མཐིང་འོད་འབར་མའི་སྒྲུབ་པ་གཏན་ལ་ཕབ། ཟོ་དོར་མགོན་པོ་འབྲོས་རིའི་གནས་ནས་མཁའ་འགྲོ་སེང་ངེའི་གདོང་པ་ཅན་གྱི་གཏེར་སྒྲོམ་གདན་དྲངས་ནས་བདུད་འདུལ་དྲག་མོའི་སྒྲུབ་པ་གཏན་ལ་ཕབ། འཁྲུལ་ཞིག་རྣལ་འབྱོར་བ་གཙང་གྲུབ་བྱམས་པ་ཆོས་འཛིན་གྱི་སྲས་མོ་ཟོན་ཕྱུག་གི་ཕྱག་ནས་དབང་གི་བརྡ་སྒྲོམ་ཙིཏྟའི་དབྱིབས་ཅན་འཕྲལ་གཏེར་དུ་བཞེས་ཏེ། ཟླ་གམ་ཀློང་དགུའི་ཆོས་སྐོར་གཏན་ལ་ཕབ། གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་རྡོ་རྗེའི་ཕུག་པ་ནས་དབང་སྒྲོམ་དམར་པོ་གཏེར་དུ་བཞེས་ཏེ་མཚོ་རྒྱལ་སྒྲུབ་པ་སོགས་ཟབ་ཆོས་མང་པོ་དག་པར་ཕབ། བསྟན་འཛིན་སྐྱེས་བུ་ཡོངས་ཀྱི་སྐུ་ཚེ་ཡུན་དུ་བརྟན་ཅིང་ཕྲིན་ལས་མཐའ་རུ་ཕྱིན་ཆེད་གཏེར་གནས་མགོན་པོ་འབྲོས་རི་སྨུག་པོའི་མདུན་ནས་དྲང་སྲོང་གཟའ་མཆོག་ཆེན་པོའི་ལྟོ་ཞལ་ལས་ཤར་བའི་བརྡ་ཡིག་བཞིན་ཚེ་འཛིན་ལྷ་མོ་མནྡཱ་ར་བའི་སྒྲུབ་པ་གཏན་ལ་ཕབ། རྡོའི་ཤུགས་འབྱུང་དགོན་དུ་མ་ཡུམ་བརྟན་མའི་བླ་གནས་ནས་རྫས་སྒྲོམ་ནོར་བུ་ཆ་བདུན་ལས་གསུམ་གདན་དྲངས་ཏེ་སྨན་བླ་དང་རྟེན་འབྲེལ་ལྷ་མོའི་སྒྲུབ་པ་གཏན་ལ་ཕབ། དབུས་ཕྱོགས་སུ་བྱོན་ནས་དཔལ་རིའི་གསང་ཆེན་མེ་ཏོག་ཕུག་ཏུ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས་ཞལ་གཟིགས་ཏེ་བླ་མའི་རྣལ་འབྱོར་དབང་བཞིའི་བུམ་བཟང་སོགས་གཏན་ལ་ཕབ། བྲག་དམར་ཀེའུ་ཚང་དུ་འོད་གསལ་རང་ངོ་སྤྲོད་པའི་མན་ངག་དང་བདེ་གཤེགས་བཀའ་བརྒྱད་ཀྱི་སྒྲུབ་ཐབས་བསྡུས་པ་བཅས་གཏན་ལ་ཕབ། བསམ་ཡས་ཀྱི་ལྷོ་རྟ་མགྲིན་གླིང་དུ་དབང་ཆེན་རྟ་མཆོག་རོལ་བའི་སྒྲུབ་སྐོར་གཏན་ལ་ཕབ། ལྷ་ལྡན་གཙུག་ལག་ཁང་དུ་ཨོ་རྒྱན་ཆེན་པོའི་སྒྲུབ་པ་ཐིག་ལེ་གསང་རྫོགས་གཏན་ལ་ཕབ་སྟེ། ཆོས་ཀྱི་བདག་པོ་རྡོ་བྲག་རིག་འཛིན་ཆེན་པོ་དང༌། མཆོག་སྤྲུལ་བློ་བཟང་ནོར་བུ་སོགས་ལ་གཏད་རྒྱ་མཛད། གནས་མཆོག་གངས་རི་ཐོད་དཀར་དུ་ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཏེ་མཁའ་འགྲོ་མཐིང་འོད་འབར་མའི་འོད་གསལ་རང་ངོ་སྤྲོད་པའི་མན་ངག་ཀུན་བཟང་ཐུགས་ཀྱི་ཐིག་ལེ་ཞེས་པ་གཏན་ལ་ཕབ་པ་སོགས་ཀྱིས་མཚོན་སྐུ་བརྙན་དང་ཕྱག་མཚན། བརྡ་སྒྲོམ་དང་ཤོག་སེར་སོགས་རྫས་གཏེར་མང་པོ་དང༌། གཞན་དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ་ནས་གཏན་ལ་ཕབ་པའི་དབང་དང་རྒྱབ་ཆོས། རྩ་གསུམ་གྱི་སྒྲུབ་སྐོར་ཆེ་ཆུང༌། འདོད་གསོལ་དང་སྨོན་ཚིག མན་ངག་གི་ཁྲིད་ཡིག་དང༌། ལྟ་མགུར། ཞལ་གདམས་རྣམས་མཁས་པས་བལྟས་ན་ཡིད་འཕྲོག་ཅིང༌། བླུན་པོས་མཐོང་ན་གོ་སླ་བ། དད་པ་ཅན་ལ་འགྲུབ་ཐག་ཉེ་ཞིང༌། མོས་གུས་ཅན་ལ་བྱིན་རླབས་མྱུར་བའི་ཟབ་ཆོས་པོ་ཏི་མང་པོ་བཞུགས་པ་འདི་ཀ་ལགས།
གཏེར་གྱི་གནས་ནི། བསམ་ཡས་མཆིམས་ཕུ། གངས་རི་ཐོད་དཀར། ཨ་མྱེ་རྨ་ཆེན། བྲག་དཀར་སྤྲེལ་རྫོང། མཚོ་ཁྲི་ཤོར་རྒྱལ་མོ། གསེར་འབྲོང་རི་སྨུག་པོ། གཉན་པོ་གཡུ་རྩེ། འབྲོས་ཕུག་མཁའ་འགྲོའི་འདུ་གླིང༌། གནས་བཀྲ་ཤིས་སྒོ་མང༌། སྒྲགས་ཀྱི་ཡང་རྫོང༌། སྒྲགས་མདའ་མཚོ་རྒྱལ་བླ་མཚོ། ཤུགས་འབྱུང་པདྨ་འབུམ་རྫོང༌། གནས་མཆོག་རྡོ་རྗེ་སྙིང་པོ། སྙན་ལུང་གི་གེ་སར་ཝེར་མའི་བླ་རི་རྣམས་སོ། །ཨོ་རྒྱན་ཆེན་པོས་ཟབ་གཏེར་གཏད་རྒྱ་གཟུང་མཆོག་བཀའ་འགྲོའི་ཐུགས་སུ་བསྟམས། །འཕྲིན་ལས་ཀུན་འགྲུབ་ཡེ་ཤེས་མཁའ་འགྲོའི་སྐྱེ་བའི་འཕྲེང་བ་ཇི་སྙེད་ལ། །མ་ངེས་དུས་དང་འགྲོ་བའི་དཔལ་དུ་བརྒྱུད་གསུམ་བླ་མའི་ཐུགས་ཀྱི་བཅུད། །གཏེར་རིགས་རྒྱ་མཚོར་མངའ་དབང་བསྒྱུར་ཏེ་ཞིང་འདིའི་སྣོད་བཅུད་དགེ་བར་བྱས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ལྔ་པ་དངོས་ཉམས་རྨི་ལམ་དུ་ཡི་དམ་ལྷག་པའི་ལྷ་སོགས་ཀྱིས་ཞལ་གཟིགས་ཤིང་དག་དང་མ་དག་གི་ཞིང་དུ་བྱོན་ཚུལ།རིག་གནས་གསར་བརྗེ་སྐབས་གོང་གི་བཀའ་ཁྲིམས་ལྟར་ཁྱི་དང་ཨ་བྲ་སོགས་མ་གསོད་ཐབས་མེད་ཀྱི་བཀའ་ནན་མོ་ཕབ་སྟེ། གསོད་དུ་མངགས་པ་ན་མཁའ་འགྲོ་མཆོག་ནི་ཐུགས་རྒྱུད་བྱང་ཆུབ་སེམས་ཀྱིས་ཕྱུག་སྟེ་རིས་སུ་མ་ཆད་པའི་སྐྱེ་འགྲོ་སྤྱི་ལ་སྙིང་རྗེ་ཤུགས་དྲག་པའི་དབང་གིས་འདི་རྣམས་གསོད་པ་ལས་རང་ཉིད་ཤི་ན་དགའ་དགོངས་ནས་ཐུགས་ཤིན་ཏུ་སྐྱོ་བའི་གཟིམས་ལམ་དུ་སྔགས་ཀྱི་སྲུང་མ་རྡོ་རྗེ་རལ་གཅིག་མས་དངོས་སུ་ཞལ་གཟིགས་ཏེ།ཁྱེད་ཀྱིས་ཐུགས་སྡུག་མཛད་མི་དགོས་དང༌། སང་ཉིན་གོང་རིམ་ལ་སྟོན་རྒྱུའི་ཁྱི་རོ་ཞིག་སྤྲད་འོང༌། ཁྱོད་ད་དུང་འཆི་མ་རན། བསྟན་འགྲོའི་དོན་ཆེན་བསྒྲུབ་དགོས་པས་འཆི་མི་ཆོག་གསུངས་ཏེ། རྐང་སྡེབ་ཅིག་མཛད་པ་ན་ཁོར་ཡུག་གི་ས་གཞི་ཐམས་ཅད་ཡོམ་ཡོམ་དུ་གཡོས་པས་དེར་ཡོད་ཀྱི་མི་རྣམས་གཉིད་ལས་བསླངས། དེ་ལྟར་ལུང་བསྟན་པ་བཞིན་ཕྱིའི་ནང་མོ་ཁྱི་རོ་ཞིག་རྙེད་ནས་ཁྲིམས་ཀྱི་འཇིགས་པ་ལས་གྲོལ། ཡང་ཐེངས་གཅིག་སེ་ར་ཡང་སྤྲུལ་གསེར་ཐར་བཙོན་ཁང་དུ་བཞུགས་སྐབས་མདུན་གྱི་ནམ་མཁར་རྫུ་འཕྲུལ་གྱིས་མཁའ་འགྲོ་རིན་པོ་ཆེ་བྱོན་ནས་ང་དབང་པོ་དང་ཁྱེད་གཉིས་ལ་ལྟ་སྐོར་ཞིག་བྱེད་དུ་འོང་བ་ཡིན་གསུངས་ཏེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ཞིག་གནང་ནས་ད་ཁྱེད་མི་རིང་བར་བཙོན་ལས་གྲོལ། རང་རེ་འཕྲད་པར་འགྱུར་ཞེས་ལུང་བསྟན་པ་ལྟར་མཆོག་སྤྲུལ་རིན་པོ་ཆེ་ཉི་མ་སྤྲིན་ལས་གྲོལ་བ་ལྟར་བཙོན་ལས་ཐར།
ཡང་མཁའ་འགྲོ་ཚང་རྩིས་ཀྱི་རྣ་འབུད་ཅེས་པའི་ལུང་མདོར་གླིང་ནོར་འཛིན་ཚང་སོགས་ཁྱིམ་ཚང་འགའ་དང་མཉམ་དུ་ཡོད་སྐབས་ཉིན་ཞིག་གི་ནངས་མོར་མཁའ་འགྲོ་མཆོག་གིས་རོབ་གདོང་ཟ་ཏཱ་རེ་ལ་མདང་ནུབ་ཁོ་མོ་མགར་བ་རྒྱལ་སྲས་མདུན་དུ་ས་ལ་མ་རེག་ཙམ་དུ་བྱས་ནས་སོང་ཞིང༌། ཁྱེད་ཚང་གིས་ཁྱིམ་གར་ཁྱིམ་ནང་གསལ་བྱེད་ཀྱི་མར་མེ་ཡང་ད་དུང་གཟིམས་མ་ཚར་བར་ཁྲ་རི་ལེ་མཐོང་འདུག །འོན་ཀྱང་ཁོ་མོ་མི་ཁྱི་སུས་ཀྱང་མཐོང་མི་ཐུབ་ཅེས་གསུངས། ཡང་ཁོང་གིས་ནུབ་གཅིག་མནལ་ལམ་དུ་མ་ཡུམ་དམ་ཚིག་སྒྲོལ་མ་འོངས་ནས་བུ་མོ་ངེད་གཉིས་ཟངས་མདོག་དཔལ་རིར་འགྲོ་ཞེས་ཁྲིད་དེ་སོང༌། ཟངས་མདོག་དཔལ་རིའི་ཕོ་བྲང་དེར་ཁྲི་གསུམ་ཡོད་ལ། ཁྲི་གོང་མ་དེའི་སྟེང་སྤྲུལ་རིན་པོ་ཆེ་དབང་ཆེན་ཉི་མ་བཞུགས་འདུག་ལ། དེའི་མདུན་དུ་འབྲས་ཀར་ཡོལ་གང་ཡོད། ཁྲི་འོག་མ་དེའི་སྟེང་བླ་མ་ན་བཟའ་ཧྲལ་ཧྲུལ་མནབས་པ་ཞིག་བཞུགས་འདུག །ཨ་མས་དེ་སུ་རེད་ཨེ་ཤེས་ཞེས་ང་ལ་དྲིས་པ་ན་ངས་མི་ཤེས་ཞེས་ལན་བཏབ། ཨ་མས་དེ་སྤྲུལ་རྩོག་སྡས་སྤུངས་ཡུལ་སྤྲུལ་འཇམ་དབྱངས་ཉི་མའི་དེ་དུས་ཀྱི་མཚན་རེད་ཟེར། དེའི་མདུན་དུ་འབྲས་ཀར་ཡོལ་ཕྱེད་ཙམ་ཞིག་ཡོད། ཕྱེད་ལས་མེད་པའི་རྒྱུ་མཚན་ད་དུང་འགྲོ་དོན་མ་རྫོགས་པའི་རྟགས་ཡིན་གསུངས། ཁྲི་བར་མ་སྟོང་པ་ཞིག་ཡོད་པ་དེར་ཨ་མས་ང་སྡོད་ཅེས་བཤད་པས་ང་ཁྲི་སྟེང་དེར་འདུག་པ་ན་མནལ་སད་སོང་ཞེས་གསུངས་པ་ཧོར་ཁམ་ལོ་སོགས་ཀྱིས་དངོས་སུ་ཐོས།
ཡང་ཉིན་ཞིག་གླིང་ཟ་སྒྲེས་ལོ་ལ་ཁོ་མོ་མདང་ནུབ་མོ་རྨི་ལམ་སྤྲུལ་བསྒྱུར་བྱས་ནས་ཟངས་མདོག་དཔལ་རིར་སོང༌། ཁོ་མོ་གར་སོང་ཡང་ཐོགས་ས་རེག་ས་མེད་པས་ལུས་པོ་འདི་ཁྱེར་མེད་པ་འདྲ་སྟེ། ཡོད་ན་འདི་ལྟ་བུའི་ཆེན་པོ་ཞིག་ཐོགས་རེག་མེད་དོན་མེད་གསུངས་ནས་ཞལ་མཚར་གསུངས། དེ་ནས་ཁོང་གིས་གསུང་རྒྱུར་ཟངས་མདོག་དཔལ་རིར་ཐོན་པ་ན་ཨ་ཇོ་ཆོས་དབྱིངས་རྡོ་རྗེ་དེར་བཞུགས་པ་དང་འཕྲད། ཁོ་མོ་དགའ་སྐྱོ་ཚད་མེད་པའི་ངང་ནས་ཨ་ཇོའི་ཕྱག་གཡས་པ་ལ་འཇུས་ནས་ངུ་བཞིན་གསོལ་བ་འདི་ལྟར་བཏབ་སྟེ། ཨེ་མ་ཧོ། །གནས་འོག་མིན་ཟངས་མདོག་དཔལ་རི་ན། །ཕ་ཀུན་མཁྱེན་པད་འབྱུང་འཇམ་པའི་དབྱངས། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །སེམས་མ་རིག་རྣམ་གཡེངས་འཁྲུལ་འཁོར་འདི། །ཐུགས་གསལ་བའི་མེ་ཡིས་བསལ་དུ་གསོལ། །ལས་མང་བསགས་བག་ཆགས་འཐུག་པོ་འདི། །ཐུགས་དག་བྱེད་ཆུ་ཡིས་སྦྱང་དུ་གསོལ། །འཁྲུལ་བདག་འཛིན་དུག་གི་སྡོང་པོ་འདི། །ཐུགས་མཁྱེན་བརྩེའི་རལ་གྲིས་གཅད་དུ་གསོལ། །བུའི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །དུས་འབད་མེད་གདན་ཐོག་འདི་ཉིད་དུ། །ཕ་ཁྱེད་དང་དབྱེར་མེད་འགྲུབ་གྱུར་ཅིག །ལས་ཚེ་རབས་གང་ནས་གར་བརྒྱུད་ཀྱང༌། །རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང༌། །ལས་བྱ་བ་དམ་པའི་ཆོས་སུ་སྒྱུར། །ཕ་ཁྱེད་ཀྱི་དགོངས་སྤྱོད་ཅི་འདྲ་ཡང༌། །བུ་བདག་ཀྱང་དེ་འདྲར་འགྱུར་བར་ཤོག །ཅེས་ཨ་ཇོ་ཁྱེད་ཇི་ལྟ་བུ་ཞིག་ཡིན་ན་ཁོ་མོ་ཡང་དེ་ལྟ་བུ་ཞིག་ཏུ་འགྱུར་དགོས་ཞེས་གསོལ་བ་བཏབ་པ་ཡིན་པར་གསུངས།
ཡང་ཉིན་ཞིག་ན་གླིང་ཟ་སྒྲེས་ལོ་ལ་མདང་ང་ཞུ་ལི་དབང་གྲགས་རྡོ་རྗེ་ལ་བལྟ་རུ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་སོང༌། དེར་སོན་པ་ན་བུད་མེད་མདོག་ནག་པ་ལུས་བོང་ཤིན་ཏུ་རིང་བ་ཞིག་གིས་སྒོ་སྲུང་མཛད་གྱིན་འདུག །ང་དབང་དྲག་རྡོ་རྗེ་ལ་བལྟ་རུ་འགྲོ་བས་སྒོ་དབྱེ་རོགས་ཞུས་པ་ན་ཁྱོད་ཀྱིས་ཅི་ཟེར། ཁྱོད་ཀྱིས་བུས་ལུས་སྤངས་ནས་འདིར་འོང་བས་སྔོན་གྱི་མིང་དེས་གོ་བརྡ་མི་འཕྲོད། ད་ལྟའི་མིང་གང་ཡིན་པ་དེ་བརྗོད་དགོས་ཞེས་བཤད། མཁའ་འགྲོ་ཁོང་གིས་དབང་དྲག་རྡོ་རྗེའི་ད་ལྟའི་མིང་སྨོས་ནས་ནང་དུ་བྱོན། ད་ལྟའི་མིང་གང་གསུང་སྒྲེས་ལོས་བརྗེད་དེ་མི་དྲན་ཞེས་བཤད་མཁའ་འགྲོའི་བྲོ་ར་གསུམ་ཕྱི་ནང་རིམ་པར་བསྐོར་ནས་བྲོ་འཆམ་བཞིན་ཡོད་པའི་བྲོ་ར་ནང་མའི་གྲལ་ན་ཁོ་མོའི་ཞུ་ལི་འདུག་པ་ངོ་ཤེས། འོན་ཀྱང་བྲོ་འཆམ་མ་ཚར་བར་དུ་ཞུ་ལིས་ང་ལ་དགའ་དགའ་མི་བྱེད་ཅིང༌། བྲོ་འཆམ་ཚར་མ་ཐག་ཏུ་ཁོ་མོའི་དྲུང་དུ་བརྒྱུགས་ནས་འོང་སྟེ་ཨ་མ་ཞེས་འཇུས་ནས་དགའ་དགའ་བྱེད་འདུག །སྒོ་སྲུང་དེ་རྡོ་རྗེ་ཕག་མོ་ཡིན་པ་འདྲ་ཞེས་གསུངས།
ཡང་ནུབ་ཅིག་ན་རྨི་ལམ་སྤྲུལ་བསྒྱུར་བྱས་ནས་ཞིང་ཁམས་ཀྱི་རྣམ་པ་མཛེས་ཤིང་བཀོད་ལེགས་པ་ཞིག་ལ་སླེབ། ཞིང་ཁམས་དེའི་ཉེ་འཁོར་གྱི་རྣམ་པ་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་སྐྱེས་པ་གད་སྟེང་འོག་གཉིས་སུ་ཡོད་པ་ལས། གད་འོག་མ་ནས་བྱིས་པ་འགའ་ཞིག་རྩེད་མོ་བྱེད་བཞིན་གད་སྟེང་མར་སོང་བ་ན། ཕྱི་མ་དེ་ཕྱིར་འཁོར་ནས་ཁོ་མོ་ལ་བལྟས་ཏེ་ཅུང་ཟད་བགད་ནས་གད་ཐོག་ཏུ་ཡུབ་ནས་སོང༌། དེ་ནི་ཞི་ལུ་རྣ་དབོ་ཡིན་པར་འདུག་གསུངས། དེ་ནས་ཁོ་མོ་ཕྱི་བཞིན་སོང་བ་ན། གད་ཐོག་ན་སྔོ་ལྡེམ་ལྡེམ་གྱི་མཚོ་འཁྱིལ་ཡིད་དུ་འོང་བ་ཞིག་གི་སྟེང་ན་མཁར་སྔོ་སྐྱ་བཀོད་ལེགས་པ་ཞིག་མཐོང༌། ཆུ་ལ་ཟམ་ཞིག་ཡོད་པ་དེའི་ཐོག་ནས་གཞལ་ཡས་ཁང་གི་དྲུང་དེར་སོང་སྟེ། ཤར་ཕྱོགས་ཡིན་སྙམ་པ་ཞིག་ནས་སྒོ་བརྡུང་བ་ན་ངོ་མི་ཤེས་པའི་མི་ཞིག་གིས་སྒོ་ཕྱེས་ཏེ་འདི་ནས་ནང་དུ་འོང་རྒྱུ་མ་རེད་ནུབ་ཕྱོགས་ནས་འགྲོ་དགོས་གསུངས། གཡས་སྐོར་བྱས་ནས་སོང་སྟེ་ནུབ་སྒོ་བརྡུང་བ་ན་དེ་མ་ཐག་ཏུ་སྒོ་ཕྱེས་ཤིང༌། སྒོ་འབྱེད་པ་པོ་དེ་ཨ་མ་དམ་ཚིག་སྒྲོལ་མ་ཡིན་པར་འདུག་གསུངས། ཨ་མས་ཁྱོད་ཕེབས་པ་ཡིན་ནམ་གསུངས། ཡིན་ལགས་ཞུས་པ་ན། ཨ་མས་ང་རང་གི་གྱོན་པ་སོགས་ལ་ཞིབ་བལྟ་བྱས་པ་ན། ངའི་རྩག་ངན་མཐའ་ཆོན་དམར་པོ་ཅན་ཞིག་གྱོན་ཡོད་པ་ལ། ཨ་མས་ཁྱོད་ཀྱིས་འདི་གྱོན་ནས་འགྲོ་མི་རུང་གསུངས་ནས། ཁོང་གི་མཆན་ནས་མཁའ་འགྲོའི་གར་ཆས་ཤིག་བླངས་ཏེ་བསྐོན། དེ་ནས་བརྩེགས་ཐོག་ནས་མར་ཐེམ་སྐས་ཤིག་ལ་བརྒྱུད་ནས་ཀིང་ཆེན་བརྒྱད་ང་རང་བསུ་མའི་ཚུལ་དུ་དྲུང་དུ་སླེབ། དེ་མ་ཐག་ཡར་སྟེང་དུ་སོང་བ་ན་ཀིང་རྗེས་མ་དེ་ཕྱིར་འཁོར་ནས་ཅུང་ཞིག་བགད་དེ་སོང་བས་དེ་ནི་སྤྲུལ་རྣ་དབོ་རེད་འདུག་གསུངས། ཡང་སྐས་སྟེང་ནས་མར་ཀིང་ལྔ་བསུ་མར་ཐོན་ཏེ། ཁོ་མོ་དེ་དག་གི་རྗེས་སུ་འབྲང་ནས་ཡར་བརྩེགས་ཐོག་ཏུ་སོང་བ་ན་སྒོ་ཆེན་པོ་ཞིག་ཡོད་པ་དེ་ལས་ནང་དུ་སོང༌། གཞལ་ཡས་ཁང་དུ་དཔའ་བོ་རྣམས་ཀྱིས་གཡས་གྲལ་དང༌། དཔའ་མོ་རྣམས་ཀྱིས་གཡོན་གྲལ་བྱས་ནས་བསྡད་ཡོད་ཅིང༌། དཔའ་མོ་རྣམས་ཀྱི་གྲལ་མགོའི་ཕྱོགས་ན་གདན་སྟོང་པ་ཞིག་བཏིང་ཡོད་པ་ལ། ཁྱེད་འདིར་བཞུགས་རྒྱུ་ཡིན་ཞེས་ཟེར་བས་དེར་བསྡད། ངས་གྲལ་ཐམས་ཅད་ལ་བལྟས་པ་ན་དཔའ་བོ་དང་དཔའ་མོ་དག་དར་དཀར་པོ་དང་སེར་པོ་སོགས་ཀྱི་ལ་ཐོད་བཅིངས་པ་སྟངས་སྟབས་ཀྱིས་བཞུགས་ཡོད་པ་ཁོ་ནར་མཐོང༌། ངས་ཀྱང་ལ་ཐོད་དཀྲིས་ཤིང་སྟངས་སྟབས་ཀྱིས་འདུག་པ་ན་ང་རང་ཡང་དེ་དག་ཇི་བཞིན་དུ་འགྱུར་བར་སྣང་གསུངས། དེ་ནས་དྲིལ་གསིལ་ཞིག་བྱས་བྱུང་བ་ན་བལྟས་ཚེ་དབུ་མཛད་དེ་སེ་ར་ཡང་སྤྲུལ་ཡིན་ལ། ཁ་ཆབས་ཤིག་འགྱེད་བྱུང་བ་ལ་འགྱེད་མཁན་དེ་དབང་ཆེན་ཉི་མ་ཡིན་པས་ཁོ་མོའི་དྲུང་དུ་ཐོན་པ་ན། ཞུ་མོ་ཁྱོད་འདིར་ཕེབ་པ་བཟང་ཟེར། ཡང་ཁྱོད་ཀྱི་ཐད་མར་ཕྱོགས་ཀྱི་དཔའ་བོའི་གྲལ་ན་ཡོད་པའི་རིག་འཛིན་མདོག་ཅུང་ངན་པ་ཅན་དེ་ཁྱོད་ཀྱིས་ངེས་པར་ཤེས་དགོས་པས་དེ་སུ་རེད་ཅེས་དྲིས། ངས་ངོས་གསལ་བོར་ཟིན་མི་འདུག་ཅེས་ལན་བཏབ། དེ་ངེད་ཚང་གི་སྤྲུལ་རྩོག་སྡས་རེད་ཟེར། དབང་ཆེན་ཉི་མས་ངེད་ཅག་རྣམས་ཀྱིས་ཚེས་བཅུ་ཉེར་ལྔ་རྣམས་སུ་འདི་ལྟར་ཚོགས་ཀྱི་འཁོར་ལོ་བསྐོར་བཞིན་ཡོད་ལ། གོང་གི་ཁྲི་འདིའི་སྟེང་ནས་ཨོ་རྒྱན་རིན་པོ་ཆེས་ཆོས་གསུང་བཞིན་ཡོད་པ་རེད་ཅེས་བཤད། ངས་ཆོས་གསུངས་པའི་སྒྲ་ཐོས་ཀྱང་འཇའ་དམར་སྨུག་ཅིག་གིས་བསྒྲིབས་ནས་ཡོད་པས་འཇའ་ཡར་མཐོ་ནས་འཇལ་ལ་ཁད་རེ་བྱས་ཀྱང་ཇི་བཞིན་མཇལ་མི་ཐུབ་པར་འདུག་གསུངས། དེ་ནས་དཔའ་བོ་དང་དཔའ་མོའི་གྲལ་རྣམས་ཀྱུ་ལི་ལི་བྱས་ནས་འཁོར་བ་ན་གྲལ་གྱི་རྣམ་པ་གོར་གོར་ཞིག་ཏུ་གྱུར་སྣང་ཤར། དེ་སྐབས་སུ་གྲལ་ན་བཞུགས་པ་ཐམས་ཅད་ཀྱིས་འཇིག་རྟེན་མི་ཡུལ་སོགས་སུ་སེམས་ཅན་ལ་བདེ་སྐྱིད་ཇི་ལྟར་སྤེལ་ཚུལ་དང༌། ལུང་དང་རྟོགས་པའི་བསྟན་པ་ཇི་ལྟར་སྐྱོང་དགོས་ཚུལ་སོགས་ལ་བགྲོ་གླེང་བྱེད་པ་ན། ང་དཔའ་མོ་རྣམས་ཀྱི་མགོ་ནས་གཏམ་བཤད་བྱེད་མཁན་ཡིན་པས་སྐྱིད་སྡུག་གི་རྣམ་གྲངས་སོགས་མང་དུ་བཤད་ཡོད་གསུངས།
དེ་ནས་ཆོས་སྐྱོང་དཔལ་ལྡན་ལྷ་མོའི་ཞལ་ནས། འཇིག་རྟེན་མི་ཡུལ་དུ་འགྲོ་དོན་མཛད་མཁན་གསུམ་གཏོང་དགོས་པ་ལས་གཉིས་བཏང་ཟིན་ཅིང༌། ད་དུང་གཅིག་གཏོང་དགོས་པ་དེ་ཁྱོད་ལ་མཁོ་ན་སྦྱིན་གསུངས་པ་ལ། ངས་དེ་ལ་འགྲོ་དོན་ཇི་ལྟ་བུ་ཞིག་ཡོད་ཅེས་དྲིས་པ་ན། ཡོན་ཏན་གྱི་ཆ་ནས་གཞན་པ་གཉིས་པོ་དང་འདྲ་ཡང༌། འགྲོ་དོན་རྒྱ་མི་ཆེ་སྟེ་གདུལ་བྱ་བདུན་བརྒྱད་ཙམ་ལས་མེད་ཅེས་གསུངས། ངས་དེ་གཏན་ནས་དགོས་མེད་ཅེས་ཞུས། དེ་ནས་གྱོན་པ་བརྗེས་ནས་རང་གི་སྔོན་གྱི་གོས་ཏེ་བགོས་ནས་སྐས་ནང་ནས་མར་བབས་ནས་འོང་བ་ལ། མི་ངོ་གདོང་དཀར་པོ། སོ་སྒོ་ཅུང་ཟད་ཕྱེས་ཡོད་པ་ཞིག་སྐས་ནང་ནས་ཡར་ཐོན་བྱུང་བ་ན། མི་དེས་ང་ངོ་ཤེས་སམ། ཨུ་གཉིས་མི་ཡུལ་ནས་བར་ཐག་ཧ་ཅང་མི་རིང་བས་ཤེས་དགོས་པར་འདུག་ཅེས་གསུངས་པ་ལ། ངས་ཤེས་མི་འདུག་ཞེས་ལན་བཏབ། ཁོ་ན་རེ། ང་ངག་དབང་བཀྲ་ཤིས་ཡིན། རང་ཅག་གཉིས་ཨོ་རྒྱན་ཆེན་པོའི་གཏད་རྒྱ་མཉམ་དུ་ཐོབ་མྱོང༌། ཁྱེད་ཀྱིས་ད་དུང་འཇིག་རྟེན་གྱི་ཁམས་ནས་བདེ་སྡུག་སྣ་ཚོགས་མྱོང་སྲིད་ཀྱང་འདུལ་བྱའི་ལྷག་མ་སྐྱོང་དགོས་པས་ཅིས་ཀྱང་བཞུགས་དགོས་ཞེས་གསུངས། དེ་ནས་གཡས་བསྐོར་བྱས་ནས་འགྲོ་སྙམ་སྟེ་གཡས་སུ་འཁོར་བ་ན། ཨ་ཙ་ར་ཁ་ཤས་ཀྱིས་ཕྲེང་བསྒྲིགས་ནས་སྡེར་མ་རེ་རེ་བཟུང་ཞིང་དེ་དག་གི་ནང་ན་འབྲུ་ནས་སྡེར་གྱི་ཕྱེད་ཙམ་དང༌། ཁ་ཅུང་མ་གང་བ་དང༌། ཁ་བཅད་ཙམ་དང༌། ཁ་གང་སྟེ་ཕྱིར་ཕྱུར་ནས་ཡོད་པ་དང༌། དེ་བཞིན་དུ་ནས་ཀྱི་ཁ་དོག་ཕྱེད་དཀར་པོ་དང་ཕྱེད་སེར་པོ་ཡིན་པ་སོགས་མི་འདྲ་བར་འདུག །དེ་ནས་ངས་འདི་དག་ཅི་ཡིན། འདིའི་ནང་ནས་ཕྱེད་དཀར་པོ་དང་ཕྱེད་སེར་པོ་ཡིན་པ་ཕྱིར་ཕྱུར་ནས་ཡོད་པ་འདི་ཅི་ཡིན་སོགས་ཞིབ་པར་དྲིས་པ་ན། འདི་དག་བླ་མ་རྣམས་ཀྱི་འདུལ་བྱ་མང་ཉུང་དང་འགྲོ་དོན་ཆེ་ཆུང་སོགས་མཚོན་བྱེད་ཡིན་ལ། དེ་ལས་ཕྱེད་དཀར་པོ་དང་ཕྱེད་སེར་པོ་འདུག་པ་འདི་ཀིར་ཏིའི་དགེ་བཤེས་ངག་དབང་བཀྲ་ཤིས་ཀྱི་རེད། དེ་ཡང་ཕྱེད་སེར་པོར་འདུག་པ་ཁོང་ཆོས་ལུགས་གསར་མ་པ་ཡིན་པས་དེ་མཚོན་བྱེད་དང༌། ཕྱེད་དམར་པོར་འདུག་པ་ཁོ་སྔོན་རྙིང་མའི་བླ་རྒན་ཞིག་ཡིན་པས་དེ་མཚོན་འདུག་གསུངས། དེ་ནས་གཡས་སྐོར་གྱིས་མར་བྱོན་འོང་བར་སྣང་གསུངས།
ཡང་ཉིན་ཞིག་ཁོ་མོ་ནད་ཀྱིས་གཟིར་ནས་ནད་ཁང་དུ་བསྡད་ཡོད་སྐབས་ཤིག་ལ།རང་གི་སེམས་སུ་ངས་བསྟན་པ་དང་འགྲོ་བའི་དོན་གང་ཡང་མི་འོང༌། གསོན་པ་ལ་དོན་མེད་པས་ངེས་པར་འཆི་ན་དགའ་སྙམ་དུ་འཆི་བ་ལ་སེམས་གཏད་པ་ན། བྱེའུ་རྫི་ལུ་དང་དམར་ཞིག་སྦྲའི་ཀླད་ཤིང་ཐོག་ཏུ་བབས་ནས། ལུས་ནི་འདབ་ཆགས་བྱ་ཡི་གཟུགས། །ངག་ནི་གྲག་སྟོང་ཆོས་ཀྱི་སྒྲ། །ཡིད་ནི་དུས་གསུམ་སངས་རྒྱས་ཏེ། །ངོ་ཤེས་པར་ཨེ་འདུག་རིག་བཟང་མ། །ཞེས་ཟེར་བ་ན། ཁོ་མོས་ཅི་ཡང་མི་ཤེས་པའི་ཚུལ་བྱས་ནས་སེམས་སྡུག་སྡུག་བྱས་ནས་བསྡད་པ་ན། ཁོ་མོའི་དྲུང་ན་རྩམ་སྒམ་ཞིག་ཡོད་པ་དེའི་ཐོག་ཏུ་མར་བབས་ཏེ་སྤུ་སྤྲུག་ཅིག་བྱས་ནས་ཁོ་ཁྱོད་ཀྱི་ཨ་མ་ཡིན། ཁྱོད་ད་དུང་འཆི་མི་ཉན། མ་འོངས་པར་བསྟན་འགྲོའི་དོན་འགྲུབ་པ་ལ་ཐེ་ཚོམ་མེད་གསུངས་ནས་འཆི་མ་བཅུག་པ་ཡིན་གསུངས།
ཡང་ཉིན་ཞིག་འབོས་ཀྱི་ལུང་པ་ཁུག་རིང་ཞེས་པའི་ནང་དུ་ཡར་རྫི་ལ་བྱོན་སྐབས་ལམ་ཁར་ཁུ་བྱུག་ཅིག་གིས། སྔ་མ་དང་ཕལ་ཆེར་འདྲ་བའི་མགུར་ཐུང་ཞིག་གསུངས་ནས། ང་ནི་ཁྱེད་ཀྱི་ཨ་མ་དམ་ཚིག་ཡིན། ད་སྐབས་ང་མི་ཉག་ར་རྔ་ན་ཡོད་གསུངས། ཁོང་གིས་རྗེས་སུ་སྤྲུལ་དབང་ཆེན་ཉི་མ་ལ་ལོ་རྒྱུས་དེ་ཞུས་ཚེ་དེ་དངོས་གནས་རེད། རང་རེ་གཉིས་ཀྱི་མ་དྲིན་མོ་ཆེ་ད་ལྟ་མི་ཉག་ར་རྔ་ན་སྐྱེས་ཡོད་གསུངས་པར་སྒྲོན་མ་མཚོ་སོགས་ལ་བཤད།
ཡང་ཐར་བ་ཚང་དང་རིན་སྐྱབས་ཚང་དང་མཁའ་འགྲོ་ཚང་རྣམས་འབོས་ཀྱི་རྫ་རྒན་མ་ཞེས་པའི་ལུང་མདོར་བསྡད་པའི་སྐབས་ཤིག་ལ། མཁའ་འགྲོ་མཆོག་གིས་ཐར་བའི་ཆུང་མ་དབོ་མཚོ་དང་རིན་སྐྱབས་ཀྱི་ཆུང་མ་སྒྲེས་ལོ་གཉིས་ལ་མདང་ལྕགས་སྲས་ནོར་བུ་དགྲ་འདུལ་གྱིས་བཙུན་མོ་བླངས་ནས་ང་སྟོན་ཐོག་ལ་སོང་ནས་ངས་བཙུན་མོའི་རྟ་ཁ་བླངས། དེར་ཇ་སྒམ་སོགས་དངོས་རྫས་ཀྱི་སྐོར་དང་ཤ་ལྷུ་ལྷུ་བྱས་ནས་མང་པོ་བསྒྲིགས་པ་སོགས་བཟའ་བཏུང་གི་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་འདུག །སྔོན་ལྕགས་རྩེ་འདི་ནག་ཕྱོགས་པ་ཞིག་ཡིན་ཡང་ད་ལྕགས་སྲས་ནོར་བུ་དགྲ་འདུལ་འདི་དཀར་ཕྱོགས་པ་ཞིག་རེད་གསུངས།ཡང་ཉིན་ཞིག་ཉམས་སྣང་ལ་ཁོ་མོ་ས་ཞིང་གི་བར་མཚམས་ཀྱི་ས་བོང་བརྒྱུད་མོའི་ཐོག་ཏུ་འགྲོ་སྐབས་མི་ཞིག་ཐོན་ཏེ། ཁྱོད་ངེད་ཚང་ལ་འགྲོ་ཞེས་བཤད། དེ་སུ་རེད་ཅེས་མདོ་ལི་ཉི་མ་ལ་དྲིས་ཚེ།
ཁོང་གིས་དེ་ལྕགས་སྲས་ཡིན་ཟེར། དེ་ནས་ལྕགས་སྲས་དང་འགྲོགས་ནས་ལྕགས་རྩེ་ཚང་ལ་སོང༌། ལྕགས་རྩེའི་མཁར་མདོག་སྔོ་སྐྱ་ཞིག་རེད་གསུངས་ཏེ། ཕྱག་ཏུ་གཤའ་ཕོར་ཞིག་བཟུང་ཡོད་པ་དེ་ཡར་ཕྱར་ནས་འདིའི་ངོས་ཀྱི་རི་མོ་སྔོ་སྐྱ་འདི་དང་མདོག་འདྲ་གསུངས། སྒོ་དྲུང་དུ་སླེབ་ཚེ་དེར་ཟངས་ཀྱི་ཁྱི་སྤྱང་མང་པོས་རྡོ་གཞུང་ཆེན་པོ་ཞིག་གི་ནང་དུ་ཟས་ལ་རོལ་བཞིན་མཆིས། དེ་སྐབས་སེ་ར་ཡང་སྤྲུལ་ཚང་ཡང་མཁར་གྱི་ཤར་སྒོ་ནས་ཆབ་རིལ་སེར་ལྷེམ་མེ་བ་ཞིག་བཏགས་ནས་ཁོ་མོའི་དྲུང་དུ་བྱོན་འོང་བར་སྣང་གསུངས།
ལྕགས་སྲས་ཀྱིས་ང་ལ་ཁྱེད་དེ་རིང་འབོད་དོན་མི་འདི་དག་ཁྱེད་ལ་སྦྱིན་རྒྱུ་ཡོད་ཟེར་ནས་ལྕགས་མཁར་གྱི་འོག་ཏུ་སྨྲེ་སྔགས་འདོན་བཞིན་པའི་མི་མང་པོ་ཡོད་པའི་ཁྲོད་ནས་མི་དྲུག་ཁྲིད་ནས་འོང༌། དེའི་གྲལ་རང་ལ་དད་པ་ཆེ་བའི་ཨག་རྣམ་ཆོས་ཉིད་རང་གྲོལ་དང༌། ཨ་པཾ་བུ་བསོ་ཕུན་གཉིས་ཡོད་ལ། གཞན་དག་མཐོང་མ་མྱོང་བ་འདྲ་ཡང་དཔེ་མེད་པའི་ལམ་སྟོན་ཡག་པོ་བྱས་ཡོད་ཅེས་ཚ་ཁོའི་འོད་བསམ་དང༌། དགོན་ཟ་སྒྲོན་མ་མཚོ་སོགས་མི་མང་པོ་ལ་ལན་དུ་མར་གསུངས་པར་བཤད། ཕྱིས་སུ་མཁའ་འགྲོ་མཆོག་གསེར་ཐར་བྱོན་ནས་སེ་ར་ཡང་སྤྲུལ་ཚང་ལ་ཕེབ་ཚེ་མཁའ་འགྲོས་ཉམས་མཚར་དུ་སེ་ར་ཡང་སྤྲུལ་ལགས། ངེད་གཉིས་གསར་བརྗེ་བྱས་ནས་ད་བར་མ་ཐུག་གམ་ཞེས་བཤད་པ་ན། སེ་ར་ཡང་སྤྲུལ་ཚང་གིས་ངེད་གཉིས་ལོས་ཐུག།ལྕགས་རྩེའི་མཁར་དྲུང་ནས་ཐུག་པ་མིན་ནམ་ཞེས་ལན་བཏབ། ཡང་མཁའ་འགྲོ་ཚང་རྩིས་ཀྱི་མར་ཁུའི་ལྷས་ན་བཞུགས་སྐབས། སྤུངས་ཡུལ་གང་སྟོབས་དང༌། གཡོན་རི་རྡོར་བཟང༌། གླིང་བསོད་ནམས། རྒྱ་ཚོགས་ཚུལ་བཟང་སོགས་རྨ་རུང་དུ་སྒ་ཉོ་རུ་སོང་ནས་ཕྱིར་པདྨ་རྫོང་བརྒྱུད་ནས་འོང་སྟེ་ནུབ་མོ་མར་ཁུའི་ལྷས་སུ་བསྡད། དེ་ནས་མཚན་མོ་གང་སྟོབས་དང༌། རྡོར་བཟང༌། བསོད་ནམས་གསུམ་མཁའ་འགྲོ་མཆོག་གི་སྐུ་དྲུང་དུ་སོང་བ་ན། མཁའ་འགྲོས་ཐུགས་སྤྲོ་བའི་ཉམས་ཀྱིས་ངས་གཅེས་པོ་ཞིག་ཚུད་ཡོད་གསུངས། ཅི་ཞིག་ཚུད་ཡོད་ལགས་ཞུས་ཚེ། རིན་པོ་ཆེ་ཞིག་བསྟན་ནས་འདི་སྤྲུལ་མདོ་ལི་ཉི་མས་དཀོར་བདག་ལ་བསྐུར་ནས་མདང་ནུབ་མོ་ངའི་དྲུང་དུ་འབྱོར་བྱུང་གསུངས་ནས་རིན་པོ་ཆེ་དེ་ཁོང་རྣམས་ཀྱི་ལག་ཏུ་བཞག་ནས་བལྟར་བཅུག །ཡང་མཁའ་འགྲོ་མཆོག་གིས་དཀོར་བདག་ཕྱིར་ངེད་ཀྱི་སྒོ་རའི་མཆོག་ཙམ་ལ་ཐོན་སྐབས་ཡང་ཕྱིར་འཁོར་ནས་ང་ལ་མདོ་ལི་ཉི་མའི་ཞིང་པོ་པད་ནག་མགར་བ་ཕག་ཐར་ཤི་སོང་ཟེར། ཁྱོད་རྣམས་དེ་རིང་པདྨ་རྫོང་བརྒྱུད་ནས་འོང་བས་དེ་གོ་ཨེ་བྱུང་གསུངས་པ་ན། བསོད་ནམས་ཀྱིས་དེ་རིང་རྫོང་ན་བཤད་གི་ཡོད་པས་དངོས་གནས་ཡིན་འདུག་ཅེས་ཞུས།
ཡང་སྙན་ལུང་དུ་འབྱོར་ཟིན་རྗེས། ཤིང་གླང་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཐོ་རངས་ཁར་མཁའ་འགྲོ་མཆོག་གི་ཉམས་སྣང་ལ། ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བ་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་སྤང་ལྗོངས་ཉམས་དགའ་བ་ཞིག་ཏུ་རྒྱུ་ངོས་མི་ཟིན་པའི་རིན་པོ་ཆེའི་ལྕགས་རི་ཆེན་པོ་ཞིག་གི་སྒོ་དྲུང་དུ། ནམ་སྤྲུལ་རིན་པོ་ཆེ་ཁོང་གིས་འོད་ལྔའི་མདངས་དང་ལྡན་པའི་ན་བཟའ་སྣ་ཚོགས་གསོལ་ཞིང་ཕྱག་གཉིས་ཀྱིས་རྡོ་དྲིལ་བསྣམས། དེའི་རྗེས་སུ་མཁའ་འགྲོ་རང་གིས་ཡང་གོས་ལྗང་ཁུའི་ལྭ་བ་དང་དབུ་རྒྱན། པང་ཁེབས་སོགས་གར་ཆས་གྱོན་ཞིང་ཁོང་གཉིས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཟེར་སྣང་ཤར་གསུངས། ཨ་ཧོ་མགོན་རྒྱལ་བསྟན་ཉམས་མེད་དར་བའི་བརྡ། །གསུང་ཟབ་གཏེར་སྒོ་འཕར་འབྱེད་པའི་བརྡ། །སྔགས་གསང་ཆེན་ཉམས་ལེན་སྐྱོང་བའི་བརྡ། །ལུས་འཁྱུད་རྒྱ་སྐུ་ཚེ་བརྟེན་པའི་བརྡ། །གསུང་ཚངས་དབྱངས་འགགས་པ་མེད་པའི་བརྡ། །ཐུགས་ཏིང་འཛིན་གཡོ་བ་མེད་པའི་བརྡ། །ལས་སྨོན་ལམ་གཏད་རྒྱ་སད་པའི་བརྡ། །དུས་སྙིགས་མའི་རུ་འཛིངས་བཟློག་པའི་བརྡ། །མ་འགྲོ་ཀུན་བདེ་ལ་འགོད་པའི་བརྡ། །རྐྱེན་ནད་ཡམས་འཁྲུགས་རྩོད་ཞི་བའི་བརྡ། །ཆོས་དགའ་བཞིའི་འཕྲུལ་འཁོར་བསྐོར་བའི་བརྡ། །ལམ་བདེ་སྟོང་ཨ་ནུ་བསྒོམ་པའི་བརྡ། །ལས་འབྲེལ་ཚད་མཁའ་སྤྱོད་ཁྲིད་པའི་བརྡ། །ཐབས་ཤེས་རབ་ཟུང་དུ་འཇུག་པའི་བརྡ། །ཉམས་བདེ་སྟོང་རྟོགས་པ་སྤོར་བའི་བརྡ། །ཆོས་ཨ་ཏིའི་བསྟན་པ་སྤེལ་བའི་བརྡ། །དབྱིངས་ཀ་ལྷུན་ཟུང་དུ་འཇུག་པའི་བརྡ། །གཞི་འོད་གསལ་རང་བབ་སྐྱོང་བའི་བརྡ། །རྐྱེན་གཟུང་འཛིན་ན་བུན་གཏོར་བའི་བརྡ། །རྩལ་གང་ཤར་ཡེ་ཤེས་འཁོར་ལོའི་བརྡ། །ཨ་ལ་ལ་ཧོ། ཨེ་ཡ་ཡ། ཞེས་ཟེར་ནས་འཆམ་སྟབས་སྣ་ཚོགས་བྱེད་ཚེ། ལྕགས་རིའི་སྒོ་ནང་ནས་མཁའ་འགྲོ་མ་དཀར་མོ་རུས་པའི་རྒྱན་ཅན་ཞིག་གིས་གར་སྟབས་བྱེད་བཞིན་ཕྱག་གཡས་པར་མདའ་དར་དང་གཡོན་པས་མེ་ལོང་ཞིག་བསྣམས་ནས་འདི་སྐད་གསུངས། ཨེ་བོ་ཡ། ང་འོང་བ་ལྷོ་ནུབ་དཔལ་རི་ནས། །མགོན་ཨོ་རྒྱན་པདྨས་མངག་པ་ཡིན། །མ་ཏིང་ཆུང་ཟི་ལེ་སྨན་སྒྲོན་ཟེར། །ཚུར་གསོན་དང་སྐྱེས་མཆོག་ཡབ་ཡུམ་ཟུང་། །དུས་ད་ལོ་ས་ག་ཟླ་བའི་དུས། །རྗེ་རིག་གསུམ་འཕྲིན་ལས་གཅིག་བསྡུས་པ། །མགོན་དཔའ་བོ་ཆོས་དབྱིངས་རྡོ་རྗེ་ཡིས། །གསུང་ཟབ་གཏེར་སྙིགས་མའི་རྒུད་སེལ་སྨན། །མདོ་ཁམས་ཀྱི་ཕྱོགས་སུ་སྤེལ་རན་ཡིན། །གནད་ཁ་བྱང་བརྡ་ལུང་མ་འཛོལ་ན། །དུས་བགྲང་བྱ་བརྒྱ་དང་སོ་བརྒྱད་བར། །སྔ་འགྱུར་གྱི་བསྟན་པ་མི་ཉམས་གནས། །ཡུལ་དྷ་མིང་དཔལ་གྱི་རི་བོ་ན། །མགོན་གང་གི་ཡང་སྤྲུལ་ཨ་ཡུའི་མཚན། །རྗེ་དེ་ཡི་ཐུགས་བསྐྱེད་ཟབ་མོའི་མཐུས། །གནས་འཕགས་བལ་ཟབ་གཏེར་ཉིན་མོ་བརྡལ། །བྱང་ཕྱོགས་ཀྱི་རེབ་ཀོང་ཡུལ་ལྗོངས་སུ། །མགོན་པྲཛྙཱ་བཛྲ་མཚན་ཟུང་གིས། །ཆོས་ཟབ་བཅུད་སྤེལ་བའི་མཐུན་རྐྱེན་བྱེད། །གནས་གསེར་ལྗོངས་དབང་གི་དགའ་ཚལ་དུ། །མགོན་སྣ་ནམ་དཔའ་བོ་དངོས་སྤྲུལ་བ། །རྗེ་ཨ་བྷྱ་ཀརྨའི་ཟབ་བཅུད་སྤེལ། །གངས་ལྗོངས་འདིར་བསྟན་པ་ཉིན་མོར་བྱེད། །གང་འབྲེལ་ཚད་དཔལ་གྱི་རི་བོར་འདྲེན། །གནས་ལྷང་བྲག་བཀྲ་ཤིས་དགའ་འཁྱིལ་ཐང་། །དཔལ་ནུས་ལྡན་རྡོ་རྗེའི་ཕྲིན་ལས་པ། །མཚན་པདྨ་བཛྲ་ལུག་ལོ་བ། །རྗེ་དེ་ཡིས་བསྟན་ལ་བྱ་བ་བྱེད། །ཡང་དབང་སྟོད་དགའ་འཁྱིལ་ཆོས་ཀྱི་གླིང་། །རྗེ་ཀློང་ཆེན་རྣམ་སྤྲུལ་ཉི་མའི་མིང་། །དོན་འབྲེལ་ཚད་རིག་འཛིན་ཞིང་དུ་འདྲེན། །གནས་ཤུགས་འབྱུང་གསང་སྔགས་ཆོས་གླིང་དུ། །མ་ཏཱ་རེ་དབྱངས་ཅན་རྣམ་སྤྲུལ་བ། །གཉིས་སྐྱེས་ཀྱི་ལོ་འཛིན་དབང་གི་མིང་། །ལས་འབྲེལ་ཚད་མཁའ་སྤྱོད་ཞིང་དུ་འདྲེན། །མཚན་ལྡན་གྱི་ཌཱ་ཀི་འདི་ཉིད་ཀྱིས། །མགོན་དཔའ་བོ་བཅུ་གཉིས་སྐུ་ཚེ་བསྲིངས། །ཡང་ཡར་ལུང་དབང་གྲོང་དགུ་ཡི་དབུས། །དཔལ་མཚོ་སྐྱེས་རྡོ་རྗེའི་ཐུགས་སྤྲུལ་བ། །ལས་མཛད་སྤྱོད་ངེས་མེད་སྨྱོན་པའི་ཚུལ། །ས་ཕག་ལོ་མངྒའི་མཚན་ཅན་གྱིས། །དུས་བདུད་སྲིན་དམ་སྲིའི་རུ་འཛིངས་བཟློག །ཐབས་ཤེས་རབ་ཟུང་ལྡན་འགྲོ་དོན་བསྐྱངས། །ངས་མེ་ལོང་འདི་ཡི་ངོར་གཟིགས་སམ། །བརྡ་འདི་ཚོ་གོ་འམ་ཨེ་མ་ཧོ། །ཞེས་ཟེར་ནས་མེ་ལོང་དེ་ཁོང་གཉིས་ལ་བསྟན་ཚེ། མེ་ལོང་ངོར། རི་དཀར་པོ་ཞིག་གི་རྩ་བར་གཡུ་ཡི་མཚོ་ཞིག་གི་དབུས་སུ་ལྗོན་ཤིང་ལོ་འབྲས་ཕུན་སུམ་ཚོགས་པ་ཞིག་གི་རྩེར་རལ་གྲི་སྔོན་པོ་འོད་འབར་བ་ཞིག་གི་འོད་ཟེར་འཕྲོས་པས་ཕྱོགས་ཀུན་འགེང་བ་ཞིག་ཤར་འདུག །དེའི་ཚེ་མཁའ་འགྲོ་དེ་ཡི་ཞལ་ནས།ང་ནི་ཡེ་ཤེས་དབྱིངས་ཀྱི་རྩལ། །སྐྱེ་མེད་ཆོས་སྐུའི་ཞིང་དུ་འགྲོ། །གྲོགས་གཉིས་སྐུ་ཁམས་བདེ་བར་བཞུགས། །ཞེས་ཟེར་ཚེ་གཉིད་ལས་སད་དོ། །ལུང་བྱང་འདི་ལ་བརྟེན་ནས་མགོ་ལོག་རྩིས་མདའ་རུ་དགོན་སྡེ་ལྔ་བཅུ་ལྷག་གི་འདུས་སྡེ་རྒྱ་མཚོ་ལྟ་བུར་ཨ་པང་གཏེར་ཆེན་ཨོ་རྒྱན་འཕྲིན་ལས་གླིང་པའི་ཟབ་གཏེར་ཡོངས་ཀྱི་དབང་ལུང་རྒྱས་བར་བསྩལ།
ས་འབྲུག་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་ལྔ་ལ་མཁའ་འགྲོའི་ཚོགས་མཆོད་རྒྱ་ཆེན་ཕུལ་སྐབས་རྨི་ལམ་འོད་གསལ་གྱི་སྣང་ཆ་ལ། དཔལ་སྙན་ལུང་ཐེག་ཆེན་ཆོས་འཁོར་གླིང་གི་རྒྱབ་རིའི་ངོར་སྔོན་རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་བཞུགས་གནས་སྤངས་ལྗོངས་ཟླ་གམ་གྱི་དབྱིབས་ཅན་ཡོད་པ་དེ་ན་སྒོ་ཆེན་པོ་ཞིག་ཕྱེས་ཡོད་པས་དེར་བྱོན་ཞིང་སྒོ་དྲུང་ནས་གཟིགས་ཚེ་ཡུལ་གླིང་རྒྱ་ཆེ་བ་ས་གཞི་ཐམས་ཅད་རིན་པོ་ཆེ་ལས་གྲུབ་ཅིང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེའི་ལྗོན་ཤིང་རྣམ་པ་སྣ་ཚོགས་ལ་ལོ་འབྲས་ཕུན་སུམ་ཚོགས་ཤིང་བཅུད་དང་ལྡན་པ་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ལ་འཇའ་འོད་ཀྱི་གུར་ཁྱིམ། ཐིག་ལེ་ཐིག་ཕྲན་སོགས་ཀྱིས་མཛེས་ཤིང་ཟག་མེད་ཀྱི་དགའ་བདེ་བསྐྱེད་པའི་དྲི་བསུང་འཐུལ་བ། བྱ་རིགས་སྣ་ཚོགས་པས་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་སོགས་ཞིང་ཁམས་ཀྱི་བཀོད་པ་མ་ཚང་བ་མེད་པ་ཞིག་མཐོང་ཚེ། དེར་བུད་མེད་དཀར་མོ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། སྐུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས་གཟིགས་ནས་ཞལ་འཛུམ་པའི་ངང༌། ཨེ་ཨེ། སྔགས་སྐྱེས་རིག་བཟང་མི་མོ་ཁྱེད། །གནས་འདིར་འོང་བའི་ལས་དོན་ཅི། །ལེགས་པར་སྨོས་དང་ཐུགས་བཞེད་ཀུན། །བདག་གིས་སྒྲུབ་ངེས་ཐུགས་ལ་ཆོངས། །ཞེས་གསུངས་ཚེ། མཁའ་འགྲོ་མཆོག་གིས། ཀྱེ། མཛེས་སྡུག་ཡིད་འཕྲོག་ལྷ་མོ་ལགས། །སྙན་ལུང་ཐེག་ཆེན་ཆོས་གླིང་དུ། །རང་ཉིད་གཏན་སྡོད་བྱེད་སའི་ཡུལ། །ཡ་མཚན་གནས་ཀྱི་བཀོད་པ་ལ། །ཞིབ་པར་ལྟད་མོར་བལྟ་འདོད་པས། །དགྱེས་པ་ཆེན་པོས་འཁྲིད་པར་ཞུ། །ཞེས་ཞུས་ཚེ། མཁའ་འགྲོ་དེས་ཁྱེད་རང་ཞིང་འདིར་གཟིགས་པར་དགྱེས་ན་ངས་ཁྲིད་ཆོག །ང་ནི་གནས་འདིའི་སྲུང་མ་ཏིང་ཆུང་གཡུ་ཡི་སྒྲོན་མ་དཔལ་རྡོ་རྗེ་ཕག་མོའི་སྤྲུལ་པ་ཡིན། རང་རེ་གཉིས་འགྲོ་གསུངས་ཏེ། ཁོང་གཉིས་ནམ་མཁར་བྱ་བཞིན་འཕུར་ནས་རིན་ཆེན་བྱི་རུའི་མདོག་དང་མཚུངས་པའི་རི་ཆུང་ཞིག་གི་རྩེར་བབས་ནས་བལྟས་ཚེ། ཕ་མཐའ་མི་མངོན་པའི་རིན་པོ་ཆེའི་གླིང་མང་པོ་མཐོང་བ་ན། བུ་མོ་དེས། ཡ་ད་ཁྱེད་ཀྱིས་གཟིགས་དང༌། ཤར་ཕྱོགས་ཀྱི་གླིང་འདི་རྡོ་རྗེ་མཁའ་འགྲོའི་ཞིང་ཡིན་གསུངས། དེར་ཤར་ཞི་བ་ཆོས་ཀྱི་ཕོ་བྲང་གི་ཚོགས་རྗེ་རྒྱལ་ཡུམ་སྒྲོལ་མ་དཀར་མོ་ལ་མཁའ་འགྲོ་དཀར་མོ་གྲངས་མེད་པས་བསྐོར་ནས་བཞུགས། བཟའ་བཏུང་དཀར་པོའི་རིགས་སྣ་ཚོགས་རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་ཏེ་མཁའ་འགྲོ་གྲངས་མེད་པས་ཚོགས་འཁོར་བྱེད་བཞིན་འདུག །ཡང་ལྷོ་ཕྱོགས་སུ་བལྟས་ཚེ་རིན་ཆེན་མཁའ་འགྲོའི་ཞིང་ཁམས། ལྷོ་རྒྱས་པ་ལོངས་སྤྱོད་ཀྱི་ཕོ་བྲང་དུ་རིན་ཆེན་ནོར་རྒྱན་ལྷ་མོར། འཁོར་མཁའ་འགྲོ་སེར་མོར་གྲངས་མེད་པས་བསྐོར་ནས་བཟའ་བཏུང་གསེར་མདོག་སྣ་ཚོགས་ཀྱིས་ཚོགས་འཁོར་བྱེད་བཞིན་བཞུགས།
ཡང་ནུབ་ཕྱོགས་སུ་མཇལ་ཚེ་པདྨ་མཁའ་འགྲོའི་ཞིང་ཁམས་ནུབ་པདྨ་དབང་གི་ཕོ་བྲང་དུ་དབང་མཛད་ཀུ་རུ་ཀུལླེ་ལ་མཁའ་འགྲོ་དམར་མོ་གྲངས་མེད་པས་བསྐོར་ནས་བཟའ་བཏུང་དམར་པོའི་རིགས་སྣ་ཚོགས་ཀྱིས་ཚོགས་འཁོར་བྱེད་བཞིན་བཞུགས། ཡང་བྱང་ཕྱོགས་སུ་མཇལ་ཚེ་ཀརྨ་མཁའ་འགྲོའི་ཞིང་དུ་བྱང་དྲག་པོ་ལས་ཀྱི་ཚོགས་ཁང་དུ་མཁའ་འགྲོ་མཐིང་འོད་འབར་མ་ལ་མཁའ་འགྲོ་སྔོན་མོ་གྲངས་མེད་པས་བསྐོར་ནས་ཐབས་ཤེས་ཀྱི་རྫས་སྔོན་པོའི་རིགས་སྣ་ཚོགས་ཀྱིས་ཚོགས་འཁོར་བྱེད་བཞིན་བཞུགས། དེ་ནས་དབུས་རི་ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་ཁམས། ཟླ་གམ་དབང་གི་ཕོ་བྲང་དུ་འབུམ་ཕྲག་མཁའ་འགྲོའི་གཙོ་མོ་དཔལ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པ་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དམར་སེར་གཅེར་མོ་རུས་པའི་རྒྱན་ཅན། གཡས་པས་ཅང་ཏེའུ་དང༌། གཡོན་པས་གྲི་གུག་དཀུར་བསྟེན་པ། རིན་པོ་ཆེའི་པྲོག་ཞྭ་གསོལ་བ། ཞབས་གཉིས་མཉམ་པའི་འདོར་སྟབས་ཀྱིས་བཞེངས་པ་ལ། འཁོར་རིགས་ལྔའི་མཁའ་འགྲོ་གྲངས་མེད་པས་བསྐོར་ནས་བཞུགས་པ་དེའི་དྲུང་དུ་སྒོ་གསུམ་གུས་པས་ཕྱག་འཚལ་ཚེ། གཙོ་མོ་དེའི་ཞལ་ནས། ཀྱེ། ང་དང་མི་གཉིས་ང་ཡི་ཐུགས་སྲས་མོ། །སྔགས་སྐྱེས་ཌཱ་ཀི་འདིར་བྱོན་ངོ་མཚར་ཆེ། །གནས་འདིར་འོག་མིན་དྷུ་མ་ཐ་ལ་སྟེ། །ང་ནི་པདྨའི་དགྱེས་བདེ་མཚོ་རྒྱལ་མ། །དེ་རིང་མཁའ་འགྲོ་འདུ་བའི་དུས་བཟང་ལ། །བླ་མེད་རྫས་མཆོག་ཚོགས་ཀྱི་དགའ་སྟོན་རོལ། །ཨ་ལ་ལ་ཧོ། །ཞེས་གསུངས་པ་ན་མཁའ་འགྲོ་སྡེ་ལྔས་མཁའ་འགྲོ་མཆོག་ལ་ཐབས་ཤེས་ཀྱི་རྫས་དྲངས་ཤིང་རོལ་བའི་མོད་ལ། རྩ་ཁམས་ཀྱི་མདུད་པ་གྲོལ་ཏེ། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་འབར། སླར་གཙོ་མོ་དེ་ཡིས་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ་ཞིག་ཕྱག་ཏུ་བསྣམས་ནས། རང་བྱུང་དྲི་མེད་ཤེལ་རྡོ་འདི། །ངོ་བོ་སྟོང་ལ་རང་བཞིན་གསལ། །སྟོང་གསལ་བརྡ་ཡིས་ངོ་སྤྲད་པས། །ཡེ་ནས་མ་བཅོས་རིག་པའི་གཤིས། །རྩོལ་མེད་བློ་འདས་ངང་དུ་ཞོག །འཛིན་མེད་ནམ་མཁའ་ལྟ་བུའི་ངང༌། །མ་ཡེངས་མ་བསྒོམ་ཨ་ཨཱ་ཕཊ། །ཞེས་གསུངས་པ་དང་མཉམ་དུ་དལ་ཅིག་སྤྲོས་བྲལ་བློ་འདས་འོད་གསལ་གཉུག་མའི་ངང་དུ་འབྱམས་སུ་ཀླས། སླར་ཡང་མཁའ་འགྲོའི་གཙོ་མོ་དེའི་ཞལ་ནས། ཀྱེ། སྔགས་རིགས་མི་མོ་ཏཱ་རེ་དེ་ཝི། །ཁྱེད་དང་ཐབས་གྲོགས་ཨ་བྷྱའི་མཚན་ཅན། །ཟླ་གམ་སུམ་བརྩེགས་དབང་གི་དལ་འདིར། །མཉམ་འཛོམས་མཚོ་སྐྱེས་བླ་མའི་ཕྲིན་ལས། །འདི་ནས་གཡས་ཕྱོགས་ཉིན་གྱི་རྒོད་ཚང༌། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་མཆོག །མི་འགྱུར་བྲག་ལ་རང་བྱོན་ཡི་གེ །ཨ་ར་པ་ཙ་ན་དང་ཧྲཱིཿཡིག །དབྱངས་ཅན་སྐུ་བརྙན་རང་བྱུང་འབུར་དོད། །གཞན་ཡང་སིནྡྷུ་ར་དང་ཅུང་ཞི། །གནམ་ལྕགས་རལ་གྲི་གསེར་གྱི་རྡོ་རྗེ། །དུས་བབ་གཏེར་ཁ་སོ་གཉིས་ཡོད་དོ། །གཡོན་རི་ཕྱག་ན་རྡོ་རྗེའི་གནས་མཆོག །ཡར་ལུང་ལྷོ་བྲག་ཤུག་པའི་དགའ་ཚལ། །མི་འགྱུར་བྲག་ལ་རྫས་གཏེར་སྣ་ཚོགས། །གཞན་ཡང་ཧཱུཾ་དང་བཛྲ་པ་ཎིའི། །ཡིག་འབྲུ་དང་ནི་ནམ་སྙིང་མཚོ་རྒྱལ། །མཆོག་དབྱངས་དཔལ་རྡོར་ཕྱག་ཞབས་རྗེས་གསལ། །ནམ་ཞིག་སྐྱེས་མཆོག་བཛྲ་མཚན་གྱིས། །སྒྲུབ་ཐབས་བདུན་གྱི་གཏེར་ཁ་དྲངས་འོང༌། །མདུན་གྱི་ཚངས་པ་དཀར་པོའི་གནས་མཆོག །རི་མཐོན་ཤིང་ལྗོན་རབ་རྒྱས་རྩེ་ཡི། །བྲག་དེར་གཡུ་ལྷའི་གོ་ཁྲབ་མཚོན་གསུམ། །ནེའུ་ཆུང་གུ་ཡ་མཚོ་རྒྱལ་འགུལ་གབ། །རང་བྱུང་ཤེལ་རྡོ་གཏེར་ཁ་སྣ་ཚོགས། །ཆུ་མིག་དཀར་དམར་ཕ་ཝཾ་ལོང་བུ། །སོགས་ཀྱི་གཏེར་ཁ་སྣ་ཚོགས་ཡོད་ཀྱང༌། །སྐབས་སུ་མི་མངོན་རབ་བྱུང་བཅུ་བདུན། །མཇུག་ཏུ་སྔགས་རིགས་པདྨས་འདོན་ནོ། །སྲིབ་ཀྱི་རྒོད་ཚང་སེངྒེ་གནམ་རྫོང༌། །ཕག་མོའི་སྒྲུབ་ཕུག་སྟེང་གི་ཆ་ལ། །མཁའ་འགྲོ་དགོངས་འདུས་ཆ་ལག་ཕབ་པས། །རྫས་སྒྲོམ་ལྔ་དང་རང་བྱུང་བུམ་པ། །རྟེན་འབྲེལ་གནད་དེ་ལེགས་པར་འགྲིག་ན། །རྗེ་ཁྱོད་ཡབ་ཡུམ་ཟུང་གིས་འདོན་དགོས། །རྒྱབ་བབ་དབུས་རི་སྙན་ལུང་གནས་མཆོག །སྤྱན་རིས་གཟིགས་དང་རྡོ་རྗེ་ཕག་མོས། །བྱིན་གྱིས་བརླབས་ཤིང་ཕོ་བྲང་སུམ་ཐོག །སྟེང་ཆར་བདེ་ཆེན་པདྨ་ཡབ་ཡུམ། །བར་སྣང་དབང་ཆེན་རྟ་མཆོག་རྒྱལ་པོ། །འོག་དབང་རྒྱལ་ཡུམ་རྡོ་རྗེ་ཕག་མོ། །རིག་འཛིན་དཔའ་བོ་མཁའ་འགྲོ་གྲངས་མེད། །གཞན་ཡང་གནས་ཡུལ་ཉེར་བཞིའི་དཀྱིལ་འཁོར། །གནས་འདིར་རྫོགས་ཤིང་བྲག་རིའི་བ་གམ། །རིན་ཆེན་རྫས་སྒྲོམ་ཉེར་ལྔ་བཞུགས་ཤིང༌། །མ་འོངས་གཏེར་འདོན་དྷརྨཱ་རཏྣ། །བཛྲ་པདྨ་སུར་ཡ་རྣམ་ལྔས། །མཁའ་འགྲོའི་ཆོས་སྐོར་བདུན་དང་ཁྱད་པར། ། ནང་རྒྱུད་སྡེ་གསུམ་ཟབ་མོའི་མན་ངག །བསྟན་དང་འགྲོ་བའི་དཔལ་དུ་འདོན་ནོ། །གུ་རུ་མཚོ་རྒྱལ་ནམ་སྙིང་བི་མའི། །ཕྱག་ཞབས་རྗེས་དང་མཁའ་འགྲོ་སྡེ་ལྔའི། །སྙིང་པོ་དང་ནི་ལྷ་སྐུ་རང་བྱོན། །གནས་འདིར་བསྐོར་བ་ལན་གཅིག་བྱས་ན། །སིདྡྷི་དུང་བདུན་བཟླས་པའི་ཕན་ཡོན། །འབྱུང་ཞིང་སྒྲུབ་པ་ཚུལ་བཞིན་བྱས་ན། །ཉམས་རྟོགས་རྒྱས་ཤིང་རང་རིག་ཞལ་མཐོང༌། །གནས་འདིར་མཆོད་བསྟོད་རླུང་རྟ་བཙུགས་ན། །ཉེས་ཚོགས་ཀུན་ཞི་བསམ་པའི་དོན་འགྲུབ། །ཚོགས་འཁོར་བྱས་ན་ཉམས་ཆགས་བསྐང་ཞིང༌། །ཚེ་བསོད་ཡེ་ཤེས་ཉམས་རྟོགས་རྒྱས་ཏེ། །ཕྱི་མ་མཁའ་སྤྱོད་ཞིང་དུ་འགྲོ་ངེས། །གནས་འདིར་རྗེ་འབངས་བཅུ་གསུམ་དང་ནི། །རིགས་ལྔ་མཁའ་འགྲོའི་རྣམ་སྤྲུལ་ཉེར་ལྔ། །རིམ་བཞིན་འབྱུང་བ་ཁ་བྱང་ལས་གསལ། །ཕག་ལོ་ཀུན་ལ་གནས་འདི་བབ་སོགས། །གནས་འདིའི་ཕན་ཡོན་བརྗོད་ལས་འདས་ཀྱང༌། །རེ་ཞིག་མདོར་བསྡུས་དེ་ཙམ་གུ་ཧྱ། །ཐུགས་ལ་ཆོངས་ཤིག་མཁའ་འགྲོའི་ཚོགས་རྗེ། །ང་དང་ཁྱོད་ཅེས་རྟོག་བཏགས་ཙམ་ལས། །དོན་ལ་གཞི་གཅིག་ཆོས་སྐུའི་ཀློང་དུ། །བློ་འདས་གཉུག་མའི་ངང་དུ་ཨ་ཨ། །ཞེས་བརྗོད་ཚེ་མཁའ་འགྲོ་དེ་ཐིག་ལེ་དམར་པོར་གྱུར་ནས་ཌཱ་ཀི་རིན་པོ་ཆེ་ཁོང་གི་སྙིང་ཁར་ཐིམ་ནས་སྟོང་གསལ་ཟང་ཐལ་སྤྲོས་བྲལ་གྱི་ཀློང་དུ་འབྱམས་ཀླས་སོ། །
ཡང་མེ་ཡོས་ལོར་རྒྱ་ནག་རི་བོ་རྩེ་ལྔ་རུ་བྱོན་ནས་ཤེས་ངན་མཆོད་རྟེན་ལ་མཇལ་སྐབས་རྒྱའི་མི་མོ་ལྭ་བ་དམར་པོ་ཅན་ཞིག་གིས་ཆོས་རྗེ་ཡབ་ཡུམ་ལ་མཆོད་རྟེན་གྱི་ལོ་རྒྱུས་སོགས་གནའ་རབས་མང་པོའི་ངོ་སྤྲོད་གནང་ནས་མི་སྣང་བར་གྱུར། དེ་ནི་རྒྱ་བཟའ་ཀོང་འཇོ་ཡིན་པ་འདྲ་གསུངས། ཡང་ཡན་དྲོ་སུ་ཞེས་པའི་དགོན་པ་ནས་ཆོས་རྗེ་ཡབ་ཡུམ་ལ་ངག་དབང་མཚོ་བྱུང་ལྷ་མོ་ཁུ་བྱུག་གི་ཟོལ་གྱིས་ཆོས་བསྟན་པས་ཉེ་འཁོར་ན་ཡོད་པ་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར། དབུས་ཕྱོགས་སུ་བྱོན་ཚེ་དཔལ་རིའི་གནས་གསང་ཆེན་མེ་ཏོག་ཕུག་ཏུ་སྒྲུབ་པ་མཛད་སྐབས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས་དངོས་སུ་ཞལ་གཟིགས། གནས་མཆོག་གངས་རི་ཐོད་དཀར་དུ་ཉམས་ལེན་ལ་གཞོལ་ཚེ་རྒྱལ་དབང་གཉིས་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཞལ་གཟིགས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་བར་ཁང་གཡུ་ཞལ་འབར་བ་རུ་སྐལ་བཟང་གི་སློབ་མ་རྣམས་དང་མཉམ་དུ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་ཕུལ་ཚེ་ཨོ་རྒྱན་ཆེན་པོས་དངོས་སུ་ཞལ་གཟིགས་ཏེ། ཨོ་རྒྱན་འཇིགས་མེད་ནམ་མཁའ་གླིང་པ་དང༌། ཌཱ་ཀི་ཏཱ་རེ་བདེ་ཆེན་རྒྱལ་མོ་ཞེས་མཚན་གྱི་ཅོད་པན་གསོལ།
དེ་བཞིན་ཡེ་གཞི་ཀ་དག་མའི་གཅོད་ཀྱི་འདོན་སྟངས་དེ་ལྷ་ལྕམ་པདྨ་གསལ་ལས་བསླབ་པ་ཡིན་པར་བཀྲ་རྒྱམ་ལ་གསུངས་པ་སོགས་ཀྱིས་མཚོན་བརྒྱུད་གསུམ་རིག་འཛིན་བླ་མས་ཞལ་གཟིགས་ཏེ་དོན་བརྒྱུད་དགོངས་པའི་ཕ་ཕོག་བསྩལ་ཞིང༌། བསྟན་སྲུང་ཆོས་སྐྱོང་སྲུང་མ་མི་དང་མི་ལབ་པ་བཞིན་འགྲོགས་ནས་ཕྲིན་ལས་ཀྱི་བར་ཆད་དབྱིངས་སུ་བསལ་ཚུལ། དག་པ་ལྷའི་ཞིང་ཁམས་སུ་བྱོན་ཏེ་དབང་ཆོས་གདམས་ངག་ནོད་ཚུལ། མ་དག་ངན་སོང་གི་གནས་སུ་ཕེབས་ནས་འབྲེལ་ཐོགས་སེམས་ཅན་ཞིང་ལ་འདྲེན་ཚུལ་སོགས་ཤིན་ཏུ་མང་ཡང་འདིར་ཡིག་ཚོགས་བསྐྱུང་ཕྱིར་དེ་ཙམ་ལས་མ་སྤྲོས་སོ། །དངོས་ཉམས་ཡང་ན་རྨི་ལམ་ཞིང་ནས་མ་ངེས་རྫུ་འཕྲུལ་བཀོད་པ་ཡིས། །དག་པ་བདེ་ཆེན་ཞིང་དུ་བྱོན་ནས་རྩ་གསུམ་ལྷ་ལས་དངོས་གྲུབ་མནོས། །མ་དག་སྲིད་པའི་གྲོང་ལ་འོང་སྟེ་འགྲོ་བའི་སྡུག་བསྔལ་ཐབས་ཀྱིས་བསལ། །འཁོར་དང་མྱ་ངན་འདས་པའི་མཚམས་ནས་སྣ་ཚོགས་སྒྱུ་འཕྲུལ་རོལ་གར་ཅན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དྲུག་པ་རིས་མེད་བསྟན་འཛིན་དག་གི་སྐུ་ཚེ་བརྟེན་ཅིང་ཕྲིན་ལས་ཀྱི་བར་ཆད་བསལ་ཚུལ། དེ་ཡང་ལས་སྨོན་རྟེན་འབྲེལ་བཟང་པོའི་ཐབས་ཀྱིས་ཉེ་བར་བསྐུལ་ཏེ་ཨོ་རྒྱན་པདྨའི་རྒྱལ་ཚབ། འདུལ་འཛིན་མཁས་གྲུབ་གཉིས་ལྡན། སྙིགས་དུས་བསྟན་པའི་གསལ་བྱེད་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་མདུན་དུ་བྱོན་ནས། ཞོ་བདུན་དངུལ་སྒོར་ཕྱོགས་གཅིག་ན་གངས་རིའི་རྩེར་ཉི་མ་ཤར་བ་དང༌། ཕྱོགས་གཅིག་ན་དུག་སྦྲུལ་ཁ་རུ་བཟུང་བའི་བྱ་རྒྱལ་ཁྱུང་གི་རི་མོ་ཡོད་པ་ཞིག་དང༌། བྱི་རུའི་ཕྲེང་བ་དར་བཅས་ཕུལ་ནས། ཁྱེད་ཀྱིས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེ་ལ་རྒྱུན་རིང་བ་མཛད་དགོས་ཞེས་གསོལ་བ་བཏབ། སྐྱབས་གཅིག་འཁོར་ལོའི་མགོན་པོ་མཆོག་གིས་ཐུགས་དགྱེས་པ་ཆེན་པོ་མཛད་ནས་བསྟན་པ་དང་འགྲོ་བའི་དོན་མཛད་པའི་ཕྲིན་ལས་དབང་གི་སྒོ་བརྒྱ་ཐོག་མར་ཁྱེད་ཀྱིས་ཕྱེས་པ་ཡིན་པས་ད་ནས་བཟུང་རྟེན་འབྲེལ་ཐམས་ཅད་ལེགས་ཕྱོགས་སུ་འགྲིག་པ་ཡིན་གསུངས་ནས་རྩ་གསུམ་དབང་ལུང་མན་ངག་དང་བཅས་པ་བསྩལ་ནས་ཟུང་འཇུག་ཡེ་ཤེས་ཆེན་པོའི་ངང་ཐབས་ཤེས་འདུ་འབྲལ་མེད་པའི་ཐུགས་སྨོན་རྒྱ་ཆེར་གནང༌། ཐེངས་ཤིག་ལ་མཁའ་འགྲོ་མཆོག་གི་གཟིམས་ལམ་དུ་མཁའ་འགྲོ་ཞིག་གིས་ནོར་བུ་ཞིག་གཏད་ནས་འདི་ཡིད་བཞིན་གྱི་ནོར་བུ་ཡིན་པས་འཇིགས་མེད་ཕུན་ཚོགས་ལ་འཕྲོད་དགོས། འདི་འཕྲོད་ནས་བཟུང་ཁོང་གི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་ཉི་ཟླ་དང་མཉམ། མཚན་སྙན་གླིང་བཞིའི་ཁྱོན་ལ་ཁྱབ་ཅིང༌། བསྟན་དང་སེམས་ཅན་གྱི་དོན་རྒྱ་ཆེ་བ་རྒྱུན་རིང་བ་གེགས་མེད་དུ་འགྲུབ་ངེས་ཡིན་གསུངས་པ་དང་མལ་ནས་སད། དེའི་ཚེ་ཕྱག་ཏུ་རིན་པོ་ཆེ་ནོར་བུའི་དབྱིབས་ཡོད་པ་ཞིག་ཐོན་འདུག །ཁོང་གིས་དབུ་སྔས་ན་སྐུ་ཆིངས་ཡོད་པ་དེའི་ནང་ལ་དྲིལ་ཏེ་བཞག །ཕྱིའི་ཉིན་གཟིམས་ལས་བཞེངས་ཚེ་སྐུ་ཆིངས་ལས་བླངས་ཏེ་ཉལ་ཚགས་བྱས། ཕྱིས་སུ་ནམ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་དང་ཞལ་འཛོམས་སྐབས་ཁོང་ལ་འདི་ནི་མཁའ་འགྲོ་ཞིག་གིས་ཁྱེད་ལ་བསྐུར་བས་གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེན་པོ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རེད་ཅེས་ཕུལ། ཐེངས་ཤིག་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ནས་དཔལ་བླ་རུང་ཆོས་སྒར་དུ་སློབ་ཚོགས་ཉུང་ཤས་ཤིག་ལ་རྗེ་བཙུན་སྙིང་ཐིག་གི་དབང་ལུང་གནང་སྐབས། ནམ་སྤྲུལ་ཡབ་ཡུམ་ཡང་དེར་ཞུ་རུ་བྱོན། ཆོས་རྗེ་མཆོག་གིས་དབང་ལུང་གནང་བའི་མཚམས་སུ་ང་ལ་དགོས་འདོད་ཀུན་འབྱུང་གི་ཡིད་བཞིན་ནོར་བུ་ཞིག་འཕྲོད་དགོས་ཀྱང་ད་དུང་སྦྱིན་མ་སོང་གསུངས། ཡང་དེའི་ཕྱིས་ཉིན་དབང་ལུང་གནང་མཚམས་སུ་ང་ལ་ཡིད་བཞིན་ནོར་བུ་ཞིག་འཕྲོད་དགོས་ཀྱང་ད་དུང་སྦྱིན་མ་སོང༌། ཅི་ཡིན་ནམ། ད་མི་སྦྱིན་པ་ཨེ་ཡིན་ནམ། དེ་ལག་ཏུ་མ་ལོན་ན་ང་འཇིག་རྟེན་འདིར་འདུག་པ་ལ་དགོས་པ་ཆེན་པོ་མེད་ལ།འདུག་ཀྱང་ཕལ་ཆེར་འདུག་པ་མ་རེད་གསུངས། དེའི་ཚེ་ནམ་སྤྲུལ་རིན་པོ་ཆེས་རང་གི་མགུལ་ཁུག་ནང་ནས་སྔར་མཁའ་འགྲོ་མཆོག་གིས་ཕུལ་བའི་ནོར་བུ་དེ་བླངས་ནས་འདི་ཨེ་རེད་ལགས་ཞུས། ཆོས་རྗེ་མཆོག་གིས་དེ་རེད་གསུངས་ཏེ་བླངས་ནས་དབུ་ཐོག་ཏུ་བཞག་སྟེ་རུམ་ལ་བཅུག་ནས་ཐུགས་དགྱེས་ཚུལ་ཚད་མེད་པ་བསྟན། ཆོས་ཐུན་གྲོལ་རྗེས་མཁའ་འགྲོ་མཆོག་གིས་ནམ་སྤྲུལ་རིན་པོ་ཆེ་ལ་ཆོས་རྗེ་བླ་མ་འཇིགས་མེད་ཕུན་ཚོགས་མཆོག་གིས་གསུངས་པའི་ཡིད་བཞིན་ནོར་བུ་དེ་ངས་ཁྱེད་ལ་ཕུལ་བའི་རིན་པོ་ཆེ་དེ་ཡིན་པ་ཡིད་ལ་མ་ཤར། ཁྱེད་ཀྱིས་རྒྱུ་མཚན་ཅི་ལ་བརྟེན་ནས་ཤེས་པ་ཡིན་ཞེས་ཞུས། ནམ་སྤྲུལ་རིན་པོ་ཆེས་ངའི་ཁོང་གིས་ཐེངས་དང་པོར་གསུང་དུས་ནས་བདག་གི་ལག་ཏུ་ཡོད་པའི་རིན་པོ་ཆེ་དེ་ཡིན་པ་གོ་ཡང༌། ང་རང་ལ་རྩིས་ཐང་ཆེ་དྲགས་པས་འབུལ་མ་ཐུབ་པ་ཡིན། དེ་རིང་ཁོང་གིས་གསུང་ན་ཡིད་བཞིན་གྱི་ནོར་བུ་དེ་ཁོང་ལ་མ་འཕྲོད་ན་བསྟན་འགྲོའི་དོན་རྒྱ་ཆེན་མི་འགྲུབ་པས་འཇིག་རྟེན་འདིར་ཡུན་རིང་མི་བཞུགས་གསུང་སྐབས། ངའི་བསམ་ན་ང་ནི་ཆེས་རང་འདོད་ཆེ་བ་ཞིག་རེད། ངའི་ཉིན་རེ་བཞིན་བློ་ལུས་ངག་ཡིད་གསུམ་པོ་བླ་མ་ཁྱེད་ལ་འབུལ་ཟེར་བཞིན། འདི་ཙམ་ཡང་འབུལ་མ་ཐུབ་ན་རང་གཞན་ཚང་མ་མགོ་སྐོར་བ་རེད་བསམ་ནས་བློ་ཐག་བཅད་དེ་ཁོང་ལ་འབུལ་བ་ཡིན་གསུངས། དེ་ནས་བཟུང་སྐྱབས་རྗེ་བླ་མ་ཡིད་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་འཕྲིན་ལས་ས་གསུམ་ཀུན་ཏུ་ཁྱབ་པར་གྱུར།
གཞན་ཡང་འོད་ཟེར་ཅན་མའི་གསང་སྒྲུབ་དགྲ་ཆིངས་རླུང་གི་ཞགས་པ་ཕབ་སྟེ་སྐྱེས་ཆེན་དུ་མའི་སྐུ་གེགས་བསལ་ཞིང་ཕྲིན་ལས་ཕྱོགས་སུ་རྒྱས། ཚེ་སྒྲུབ་རྡོ་རྗེའི་རྒྱ་མདུད་གཏན་ལ་ཕབ་སྟེ་ཨབ་སྐོང་མཁན་ཆེན་བློ་བཟང་རྡོ་རྗེ་སོགས་སྐྱེས་ཆེན་དུ་མའི་སྐུ་ཚེ་བསྲིང་ཞིང་འགྲོ་དོན་དབྱར་མཚོ་བཞིན་རྒྱས། ཡང་སྐོར་ཞིག་དབང་མདའ་སྡེ་བའི་འགྱ་བ་ཐུབ་བསྟན་དཔལ་ཞེས་པ་སྐུ་མདུན་དུ་བོས་ཏེ། ཁྱོད་ཨབ་སྐོང་མཁན་པོ་བློ་བཟང་རྡོ་རྗེར་བཞུགས་ཞེས་ཕུལ་དུ་འགྲོ་རོགས་དགོས་ཞེས་གསུངས་ནས། སྒྲོལ་དཀར་གྱི་སྐུ་བརྙན་གཅིག་དང༌། རྡོ་རྗེ་རྒྱ་གྲམ་གྱི་རི་མོ་ཡོད་པའི་ས་གདན་གཅིག།ཆང་ཤེལ་དེམ་གཉིས། རས་ཁ་གང་བ་གཉིས། ཁོང་གི་སྐུ་ཆིངས། ཕྱག་ཡིག་བཅས་ལག་ཏུ་བཞག་ནས་ཚེས་བཅུའི་ཉི་ཤར་གྱི་དུས་སུ་ངེས་པར་མཁན་རིན་པོ་ཆེ་ལ་འཕྲོད་དགོས། ཐབས་ཅི་ཞིག་བརྟེན་དགོས་ཀྱང་མ་འཕྲོད་བར་དུ་ཕྱིར་ལ་འོང་མི་ཆོག་ཅེས་འགག་མཛད་དེ་མངགས། ཐུབ་བསྟན་དཔལ་ཚེས་བཅུའི་ནངས་མོར་དེར་ཐོན་ནས་མཁན་པོའི་ཞབས་ཕྱི་པ་ཨ་ནེ་ཞིག་ཡོད་པ་དེ་མདུན་དུ་ཐོན་མིན་འདྲི་བར་མངགས། ཨ་ནེ་ཕྱིར་འོངས་ནས་མཁན་པོ་མཆོག་གིས་གཏན་ནས་འོང་མི་ཆོག་གསུངས་འདུག་ཅེས་བཤད།
ཡང་ཐུབ་བསྟན་དཔལ་གྱིས་ང་ལ་དོན་ཆེན་པོ་ཞིག་ཡོད་པས་ཁང་སྒོ་གཏོར་ནས་ནང་དུ་འོང་རྒྱུ་ཡིན་ཞེས་ཨ་ནེ་ལ་སྐད་བསྐུར། མཁན་རིན་པོ་ཆེས་དེ་འདྲའི་དོན་ཆེན་ཞིག་ཇི་ཡིན་གསུངས་ནས་མདུན་དུ་འོང་ཆོག་པའི་བཀའ་གནང་ཐོབ། ཐུབ་བསྟན་དཔལ་གྱིས་མཁའ་འགྲོས་བསྐུར་བའི་རྟེན་དངོས་ཕྱག་ཡིག་དང་བཅས་པ་སྐུ་མདུན་དུ་བཞག་ནས་རྒྱུ་མཚན་ཞིབ་ཏུ་ཞུས་ཚེ། མཁན་རིན་པོ་མཆོག་ནས་དེང་སྐབས་སེམས་ཅན་གྱི་དོན་མི་འགྲུབ་པར་མ་ཟད་ང་རང་གིས་ཀྱང་སྡུག་མང་དུ་མྱོང་བས་དེ་རིང་གཟའ་སྐར་ལེགས་པས་འཆི་དགོས་སྙམ་ཡང་ད་འཆི་དབང་ཡོད་མ་ཐལ་གསུངས་ནས་མཁའ་འགྲོས་བསྐུར་བའི་སྐུ་ཆིངས་བཅིངས་ནས་གདན་གྱི་སྟེང་དུ་བཞུགས་ཏེ་ཐུབ་བསྟན་དཔལ་ལ་ཆང་འདི་གཉིས་ཡེ་ཤེས་མཚོ་རྒྱལ་དངོས་ཀྱིས་གནང་བ་ཡིན་པས་དཀྱིལ་འཁོར་ནང་དུ་ཞོག་དང་ཚོགས་འདོན་གསུངས། དེ་ནས་བཟུང་མཁན་ཆེན་དམ་པ་བློ་བཟང་རྡོ་རྗེ་ཉིད་ལོ་བཅུ་གསུམ་ལ་བཞུགས་པ་ཡིན། བསྟན་འཛིན་དག་གི་སྐུ་ཚེ་ཡུན་ཏུ་བརྟན་ཕྱིར་དྲང་སྲོང་གཟའ་མཆོག་ཆེན་པོའི་ལྟོ་ཞལ་ལས་བརྡ་ཡིག་ཤར་བ་ལྟར་ཚེ་འཛིན་ལྷ་མོ་མནྡ་ར་ཡི་སྒྲུབ་པ་གཏན་ལ་ཕབ། ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་ཀྱི་སྐུ་གེགས་སེལ་ཕྱིར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཟབ་སྒྲུབ་གཏན་ལ་ཕབ། ཡང་སྐོར་ཞིག་ལ་ནམ་སྤྲུལ་མཆོག་ཤིན་ཏུ་བསྙུན་ཏེ་སྐུ་ལུས་ཐམས་ཅད་འཁྱག་པོར་འགྱུར་ཞིང་གསུང་འབྱོན་མི་ནུས་པའི་སྐབས་མཁའ་འགྲོ་མཆོག་གིས་ཐུགས་འཚུབ་སྟེ་རྗེ་ཡི་མཚན་ནས་བོས་ཏེ་ཚེ་མདའ་ལན་གསུམ་གཡུགས་པས་དལ་ཅིག་གིས་དྲན་པ་སོས་ཏེ་གསུང་འབྱོན་ནུས་པར་གྱུར་ཏེ། ནམ་སྤྲུལ་རིན་པོ་ཆེས་ང་ལ་མཁའ་འགྲོ་མང་པོས་འཇའ་ལམ་དར་ཐག་དཔྱངས་ནས་སྒྲ་བརྙན་རོལ་མོའི་དབྱངས་སྣ་ཚོགས་ཀྱིས་མདུན་བསུ་བཞིན་ཡོད་དང༌། ཁྱེད་ཀྱིས་མདའ་དར་གཡུགས་ནས་འཇའ་ལམ་དར་ཐག་བཅད་སོང༌། མཁའ་འགྲོ་རྣམས་ཀྱང་མི་དགྱེས་པའི་ཚུལ་མཛད་ནས་ཕྱིར་ལོག་སོང་བས་ད་མི་སྐྱོན་གསུངས།
གཞན་ཡང་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང༌། རིག་འཛིན་གསང་སྔགས་གླིང་པ། རྡོ་གྲུབ་རིན་པོ་ཆེ་ཐུབ་བསྟན་ཕྲིན་ལས་དཔལ་བཟང༌། བླ་མ་རིག་འཛིན་ཉི་མ། མཁན་པོ་མུན་སེལ། མཁན་པོ་ཆོས་མཐུན། དཔལ་ཡུལ་ཀརྨ་ཆགས་མེད། མཚོ་ཕུ་རྡོར་ལོ། ཤུགས་འབྱུང་བླ་མ་ཚེ་རྫི་སོགས་བསྟན་འགྲོའི་དཔུང་གཉེན་དུ་མའི་སྐུ་ཚེ་བསྲིངས་སོ། །བཀའ་དྲིན་ཆེའོ་རྒྱལ་ཀུན་ཡུམ་གཅིག་རྒྱལ་བའི་ཕྲིན་ལས་ཏཱ་རེ་མ། །བསྟན་འཛིན་སྟོང་གི་སྐུ་ཡི་ཟླ་གཞོན་བར་ཆད་དགྲ་གཅན་ཁ་ལས་སྐྱོབས། །དོན་གཉིས་འཕྲིན་ལས་གློག་གི་སྣང་བ་ས་གསུམ་དཔལ་དུ་རྩེན་པ་ཡི། །མ་སྨད་ལེགས་ཚོགས་རྟེན་འབྲེལ་སྒོ་བརྒྱ་མ་ལུས་ཅིག་ཆར་འབྱེད་པའི་གཉེན། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བདུན་པ་སྒྲུབ་པ་ཉམས་ལེན་མཛད་ཅིང་ཆོས་ཀྱིས་སྐྱེ་དགུ་རྣམས་སྨིན་པར་བྱས་ཚུལ། རིག་གསར་སྐབས་སུའང་ནམ་རྒྱུན་མར་ཉལ་ཁར་དང་ནངས་མོ་ཡར་ལང་ཁར་དུས་ཡུན་རིང་ཐུང་ཅི་རིགས་ཁོམ་སྐབས་དང་བསྟུན་ནས་ཐུན་བཅད་དེ་ཉམས་ལེན་ལ་བཞུགས་ཤིང༌། བསྙེན་པ་དུང་མང་པོ་ལྗགས་བཟླས་མཛད། ནམ་རྒྱུན་ཟླ་བ་རེ་རེ་བཞིན་གྱི་ཚེས་བཅུ་ཉེར་ལྔ་སོགས་ཀྱི་དུས་ཆེན་རྣམས་ཀྱི་ནུབ་མོ་ཐ་ན་རྩམ་པ་ཀར་ཡོལ་གྱི་རྐུབ་ཁེབ་ཙམ་ལས་མེད་ཀྱང་དེ་དམིགས་རྟེན་ཚོགས་རྫས་སུ་བྱས་ནས་ཚོགས་གསུངས་ཤིང༌། ཐ་ན་ལྕི་བ་ཁུར་ཚེ་ཡང་ཉིན་རེ་བཞིན་རྟག་པར་གྲུ་འཛིན་སྨོན་ལམ་དང༌། བར་དོའི་རྩ་ཚིག །བཀའ་བསྡུས་རྣམས་ཞལ་འདོན་མཛད་པ་སྒྲེས་ལོ་སོགས་གཞན་རྣམས་ཀྱིས་ཁོང་གི་ཁ་ཕྱིས་སུ་འབྲང་ནས་ཤེས་པར་གྱུར་པ་ལྟ་བུ་དང༌། ལྕགས་རི་པདྨ་འོད་འབར་དང་གནས་མཆོག་བཀྲ་ཤིས་སྒོ་མང་སོགས་གནས་ཆེ་ཆུང་དུ་མར་སྒྲུབ་པ་མཛད་ནས་ཡུན་རིང་བཞུགས། ཕྱིས་སུ་སྐྱབས་རྗེ་ཨོ་རྒྱན་ནམ་མཁའ་གླིང་པའམ་ནམ་སྤྲུལ་རིན་པོ་ཆེ་དང་མཉམ་དུ་སྟོད་དབུས་གཙང་རུ་བཞི་ནས་སྨད་རྒྱ་ནག་རི་བོ་རྩེ་ལྔའི་བར་གྱི་རྒྱ་བོད་ཀྱི་གནས་ཆེན་གནས་ཆུང་མང་པོར་ཡུན་རིང་ཐུང་མི་འདྲ་བའི་མཚམས་བསྙེན་སྒྲུབ་དང་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང༌། སངས་རྒྱས་དངོས་ཀྱི་གདུང་ཚབ་ཏུ་གྲགས་པའི་རྟེན་བྱིན་ཆེན་དུ་མར་གསེར་རྩི་བྱུགས། མར་མེ་ཁྲི་ཕྲག་དུ་མར་ཕུལ། གཞན་དགེ་འདུན་གྱི་སྡེ་ལ་གདུགས་ཚོད་དང༌། དངུལ་འགྱེད་ཕུལ། ཉམ་ཆུང་སྤྲང་པོའི་རིགས་མང་པོར་ཟང་ཟིང་འབོལ་ཆེན་གྱི་སྦྱིན་པ་རྒྱ་ཆེར་མཛད། སེམས་ཅན་དུང་ཕྱུར་མང་པོ་འཆི་བའི་འཇིགས་པ་ལས་བསྐྱབས་ཏེ། དམ་རྫས་ཁར་བླུགས། མཚན་གཟུངས་རྣ་ལམ་དུ་བསྒྲགས་ཏེ་ཐར་བའི་ས་བོན་གྲུང་པོར་བསྐྲུན།
སྔོན་རིག་གསར་གྱི་སྐབས་སུའང་རང་ལ་དད་གུས་ཡོད་པའི་སྐྱ་སེར་ཕོ་མོ་སུ་ཡིན་ཡང་དྲན་པ་བྱ་ར་ལྟ་བུ། ཤེས་བཞིན་སྒོ་སྲུང་ལྟ་བུ། བག་ཡོད་བག་མ་ལྟ་བུ་དགོས་ཚུལ་དང༌། གཞན་ཡང་སྣོད་ལྡན་གྱི་སློབ་མ་ཁ་ཤས་ལ་རྫོགས་ཆེན་སྙན་བརྒྱུད་བྱས་ནས་གསུངས་པ་དང༌། སྒྲོལ་མ་ཉེར་གཅིག་པོའང་སྤྲུལ་གཞི་གཅིག་གི་སྤྲུལ་བ་སྣ་ཚོགས་ཡིན་ཚུལ། དཔེར་ན་ཁོ་མོས་བཞོ་ཟས་དང་ལག་རྩོག་བཟུང་ནས་ཟོག་ནང་ན་ཡོད་ཚེ་ང་བཞོན་མ་ཏཱ་རེ་ལྷ་མོ་དང༌། ཡང་ངས་སིས་ལྗིབ་ལྕི་བ་ཁུར་སྣོད་ཀྱི་འོག་ཏུ་གདིང་རྒྱུ་སྟེང་དུ་སིས་བོ་ལྕི་བ་ཁུར་སྣོད། ཁུར་ནས་འགྲོ་སྐབས་ང་ལྕི་ཁུར་ཏཱ་རེ་ལྷ་མོ། ངས་འུར་རྡོ་བཟུང་ནས་རི་ལ་འགྲོ་ཚེ་ང་རྫི་བོ་ཏཱ་རེ་ལྷ་མོ་དང༌། ངས་ཤིང་ཟོར་བཟུང་ནས་ཤིང་འཐུ་སྐབས་ང་ཤིང་འཐུ་ཏཱ་རེ་ལྷ་མོ་ཡིན་ལ། འོན་ཀྱང་ང་ཏཱ་རེ་ལྷ་མོ་གཅིག་ལས་མེད་པས་དེ་བཞིན་སྒྲོལ་མ་ཉེར་གཅིག་ཀྱང་སྐུ་མདོག་ཕྱག་མཚན་སོགས་རྣམ་པ་ཐ་དད་དུ་སྣང་བ་ཙམ་ལས་དོན་ལ་ཐམས་ཅད་སྤྲུལ་གཞི་སྒྲོལ་མ་ལྗང་མོ་གཅིག་ལས་མེད་པ་སོགས་གོ་བདེ་ཞིང་ཆོད་ཆེ་བའི་མན་ངག་སྐྱེ་བོ་སོ་སོའི་རྒྱུད་དང་འཚམ་པར་མང་དུ་གསུངས་པ་དང༌།
ཡང་སྐོར་ཞིག་ལ་ཐོལ་བྱུང་དུ། ཨོཾ། སྲིད་མཚོ་ལས་སྒྲོལ་རྗེ་བཙུན་མྱུར་དཔའ་མོ། །བརྩེ་ཆེན་ཐུགས་རྗེས་མ་དོར་བརྩེ་བའི་མ། །མགོན་ཁྱེད་དྲན་པས་གདུང་བས་གསོལ་འདེབས་ཚེ། །བྱིན་རླབས་བཙན་ཐབས་འཇུག་པར་བྱིན་གྱིས་རློབས། །ལུས་འདི་བོར་ཚེ་མཁའ་སྤྱོད་དག་པའི་ཞིང༌། །རྒྱལ་ཡུམ་འཕགས་མ་ཁྱེད་དང་འབྲལ་མེད་ཤོག །དེ་ནི་རྨི་ལམ་སྤྲུལ་བསྒྱུར་བྱས་ནས་ང་གཡུ་ལོ་བཀོད་པའི་ཞིང་དུ་སོང་བ་ན་རྗེ་བཙུན་སྒྲོལ་མས་དངོས་སུ་ང་རང་ལ་གསུངས་པ་ཡིན་པས་འདི་ཚར་འབུམ་གཅིག་འདོན་ན་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་མ་སྐྱེས་ན་ཁྱོད་རྣམས་བསླུས་པ་ཡིན་ཞེས་མ་རྩ་རིན་སྐྱབས་སོགས་ལ་གསུངས། །
ཡང་མཁའ་འགྲོ་ཚང་རོང་མཐའི་བགད་ལུང་ཞེས་པའི་ལུང་མདོ་ཡར་ཕྱོགས་ན་ཡོད་སྐབས་མགོ་ཟ་ཁོས་ལོས་ཁོ་མོ་ལ་གསོལ་འདེབས་སམ་སྨོན་ལམ་ཞིག་ཁྱེད་ཀྱིས་གསུངས་རོགས་ཞེས་བསྐུལ་བ་ལྟར་མཁའ་འགྲོ་མཆོག་གིས་ཐོལ་བྱུང་དུ། ཨེ་མ་ཧོ། དུས་གསུམ་རྒྱལ་བའི་ཡུམ་གྱུར་འཕགས་མ་རྗེ། །ཕྲིན་ལས་ཀུན་འགྲུབ་རྗེ་བཙུན་མྱུར་མ་དཔལ། །ཉེར་གཅིག་ལྷ་མོའི་ཚོགས་ལ་གསོལ་བ་འདེབས། །འཇིགས་པ་བཅུ་དྲུག་དུས་མིན་འཆི་བ་བཟློག །ཉེས་ཚོགས་ཞི་ཞིང་ལེགས་པའི་དཔལ་ཡོན་རྒྱས། །ཚེ་འདིར་བསམ་པའི་དོན་ཀུན་འགྲུབ་པ་དང༌། །ཕྱི་མ་གཡུ་ལོ་བཀོད་དུ་སྐྱེ་བར་ཤོག །ཅེས་གསུངས་པ་དང༌། བར་སྐབས་སུ་སྨྲས་པ། སྣ་ཚོགས་སྐུར་འདེབས་མཚོན་ཆའི་ཆར་བ་ཡིས། །འགྲོ་བའི་ཡིད་ཀྱི་གནམ་དཀར་གཞོམ་པའི་ཚེ། །གོ་སླ་ཆོད་ཆེའི་མན་ངག་རེ་རེ་ཡིས། །ལས་ཅན་ཡིད་ལ་ཡིད་ཆེས་དད་པ་བསྐྱེད། །སྐྱིད་སྡུག་མ་ངེས་སྟོན་ཀའི་ནམ་ཟླ་བཞིན། །གང་ལ་ཡིད་རྟོན་བྱེད་པ་འཁྲུལ་བས་ན། །རེ་དོགས་མདུད་རྒྱ་དམ་དུ་མི་འཇུག་པར། །སྒྱུ་མའི་ཆོས་ལ་ཞེན་པ་ལྷོད་དགོས་གསུངས། །སྣང་ཚུལ་མི་གཅིག་ཉེར་གཅིག་འཕགས་མའི་ཚོགས། །གནས་ཚུལ་གཞི་གཅིག་ཀློང་ན་ཐ་མི་དད། །དཔེར་ན་ཁོ་མོ་གཅིག་པུས་མ་ངེས་པའི། །རྒྱན་དང་ཆ་ལུགས་བྱེད་དང་མཚུངས་ཞེས་གསུངས། །སེམས་ཀྱི་རང་བཞིན་སྟོང་བཞིན་གསལ་བ་དང༌། །ཡུལ་གྱི་ཆོས་ཀུན་སྣང་བཞིན་སྟོང་བ་ཡིས། །གསལ་སྟོང་གོ་མ་བཀག་པའི་གསང་ལམ་ནས། །ཚེ་གཅིག་འོད་སྐུར་གྲོལ་བའི་ཐབས་ལམ་བསྟན། །
དེ་བཞིན་མི་གཉིས་ཀྱི་ལས་ཀའི་ཚད་ཙམ་ཞིག་ཁོང་མི་གཅིག་གིས་ལས་དགོས་པའི་འགན་བཞག་ཡོད་པས་རྒྱུན་དུ་དཀའ་ཚེགས་སྡུག་བསྔལ་རྒྱ་ཆེན་པོ་མྱོང་ཡང་དཀའ་སྣང་ཚེགས་སྣང་ཅུང་ཟད་ཙམ་ཡང་མེད་པ་ལྟ་བུར་སྣང་བ་དང༌། འཐབ་རྩོད་དང་བརྡུང་བརྡེག་ཇི་ལྟར་བྱས་ཀྱང་ཁོང་ཁྲོ་དང་གནོད་སེམས་ཕྲན་བུ་ཙམ་ཡང་མི་སྐྱེ་བར་མ་ཟད་ལྐོག་ནས་བླ་བཙགས་ཙམ་ཡང་མི་བྱེད་པ་དང༌། ཁོང་ལ་འཐབ་རྩོད་བྱེད་མི་དག་གི་ཐོག་ཏུ་གཞན་གྱིས་ཚིག་རྩུབ་སྨྲ་ཞིང་མངོན་དང་ལྐོག་ཏུ་དམོད་མོ་སོགས་བྱེད་ཚེ་དེ་ལྟར་མི་རུང༌། འདི་རྣམས་སྙིང་རྗེ། ཁག་མི་འདུག་སྟེ། རང་གི་སྐྱེ་བ་སྔོན་མའི་ལས་ཀྱི་ལན་ཆགས་ཡིན། སྤྱིར་ནའང་སྐྱིད་ན་མི་དགའ་སྡུག་ན་དགའ་སྟེ། སྐྱིད་ཚེ་ང་རྒྱལ་ཕྲག་དོག་ཁེངས་སེམས་སོགས་ཉོན་མོངས་པ་ཇེ་ཆེར་འགྲོ་ལ། སྡུག་ན་ཉོན་མོངས་པ་དེ་དག་གང་ཡང་མི་སྐྱེ་ཞིང་སྔོན་བསགས་ཀྱི་ལས་ངན་ཟད་པ་ཡིན་ཞེས་སྡུག་བསྔལ་དང་འོ་བརྒྱལ་ཇི་ལྟར་མྱོང་ཡང་རྒྱུན་དུ་སྣང་བ་དགའ་ཡ་ལེ། རིག་པ་སྤྲོ་སང་ངེ་བྱས་ནས་བཞུགས་པ་དང༌། གཞན་ཡང་སྐྱེ་བོ་རྣམས་ཀྱི་དགའ་ཕྱོགས་དང་མཐུན་པའི་གསུང་མཛད་གནང་ཞིང་ཐབས་ཤེས་གང་དྲག་གིས་ཆོས་སྒྲུབ་ཐབས་ལ་བརྩོན་པར་བྱེད་དོ། །
བར་སྐབས་འདིར་སླར་ཡང་སྨྲས་པ། གང་ལ་དགྲ་ལྟར་ལྟ་བའི་སྐྱེ་བོ་ཡང༌། །བུ་ལ་ལྷག་པར་བརྩེ་བའི་མ་མ་བཞིན། །སྙན་པར་སྨྲ་ཞིང་ཕན་པ་ཁོ་ན་ཡིས། །ནམ་ཡང་མ་དོར་བྱམས་པས་ཀུན་ཡིད་དད། །བརྩེ་བའི་མ་དང་ཤིན་ཏུ་གཅེས་པའི་བུ། །དུང་པའི་གཉེན་གྲོགས་རྣམས་དང་བྲལ་གྱུར་ཀྱང༌། །འདུ་འབྲལ་མི་རྟག་སྒྱུ་མའི་སྣང་ཚུལ་ལས། །སུ་ལའང་ལེ་ལན་འདེད་པ་འཁྲུལ་བར་གསུངས། །ཐེངས་རེར་མང་པོའི་གྲལ་ནས་སྐུར་འདེབས་བྱེད། །མཚམས་རེར་གཅིག་པུར་ཁྲིད་ནས་མནར་གཅོད་བྱེད། །མ་ངེས་སྡུག་བསྔལ་བྱེ་བའི་འདུ་འགོད་ཀློང༌། །ཐུགས་རྗེའི་རྗེས་ཆགས་བརྩེ་བའི་བྱམས་ལྡན་མ། །ལོག་རྟོག་རྒྱལ་གདོན་སྙིང་ལ་རབ་ཞུགས་པའི། །ལས་ངན་སྐྱེ་བུས་ཇི་ལྟར་མནར་ནའང༌། །གང་གི་བདེ་དང་དགེ་བའི་དངོས་པོ་ཀུན། །བརྩེ་ཆེན་བསྔོ་སྨོན་བཟང་པོས་རྒྱས་སུ་གདབ། །དེ་ནས་ཡང་དར་བསྟན་པའི་ཉི་གཞོན་གྱི་ཟེར་མདངས་ཕྱོགས་ཀུན་ཏུ་འཕྲོས་ཚེ་རང་དགོན་རྩིས་མདའ་བཀྲ་ཤིས་དགའ་འཁྱིལ་གླིང་དུ་ཆོས་རྗེ་ཡབ་ཡུམ་གྱིས་དགོན་སྡེ་ལྔ་བཅུ་ལྷག་གི་བླ་སེར་ལ་ཨ་པཾ་གཏེར་ཆེན་ཨོ་རྒྱན་ཕྲིན་ལས་གླིང་པའི་ཟབ་གཏེར་ཡོངས་དང་རང་གཏེར་གྱི་དབང་ལུང་རྒྱས་པར་བསྩལ། གཞན་ཡང་དཔལ་སྙན་ལུང་ཐེག་ཆེན་ཆོས་འཁོར་གླིང་དུ་དགོན་ཁག་བཅུ་གསུམ་ཙམ་གྱི་བླ་སེར་ལ་ཨོ་རྒྱན་ཕྲིན་ལས་གླིང་པའི་ཟབ་ཆོས་ཡོངས་ཀྱི་དབང་ལུང་རྒྱས་པར་བསྩལ་བ་དང༌། ཕྱོགས་ཀྱི་དགོན་སྡེ་སོ་སོ་དང༌། གནས་ཆེན་དང་གནས་ཕྲན་མང་པོར་ཐུགས་ཆེན་པད་དཀར་ཕྲེང་བ་སོགས་ཀྱི་སྒྲུབ་པ་གསར་འཛུགས་མཛད་པ་སོགས་ཀྱིས་མཚོན་ཕ་ཅིག་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་ཟབ་གཏེར་ཡོངས་ཀྱི་ཕྲིན་ལས་ཀྱི་བྱེད་པ་པོར་མ་བསྐོས་དང་ལེན་བྱས་ནས་གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་གཙོས་འཛམ་གླིང་གི་ཡུལ་གྲུ་སོ་སོར་རྒྱ་ཆེར་སྤེལ་ནས་ཉམས་ལེན་གྱི་སྐལ་ལྡན་རྒྱུ་སྐར་གྱི་གྲངས་དང་མཉམ་ལ་རྟོགས་གྲོལ་གྱི་རིག་འཛིན་དབྱར་དུས་ཀྱི་མེ་ཏོག་བཞིན་ཡོད་པ་འདི་ཀ་ལགས།
གཞན་ཡང་ཆོས་སྡེ་ཆེན་པོ་བཀྲ་ཤིས་སྒོ་མང་དུ་བླ་གྲྭ་ཆིག་སྟོང་ལྷག་ལ་ཁམས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་ཡོངས་ཀྱི་དབང་ལུང་མན་ངག་བཅས་རྒྱས་པར་བསྩལ་བས་མཚོན་རང་དགོན་རྩིས་མདའ་བཀྲ་ཤིས་དགའ་འཁྱིལ་གླིང་དང༌། དཔལ་སྙན་ལུང་ཐེག་ཆེན་ཆོས་འཁོར་གླིང༌། དབང་མདའ་དགོན། ཤུགས་འབྱུང་དགོན། ཨ་བཟོད་དགོན། འཛི་རུང་བཀྲ་སྐོར་དགོན། སྒོ་མང་དགོན། དཔལ་ཡུལ་དར་ཐང་དགོན། མགོ་ལོག་སྟག་ལུང་དགོན། གདོང་རྫོང་དགོན། སྟོང་སྐྱབས་དགོན། སྨིན་ཐང་དགོན། མུ་ར་དགོན། མཁར་གོང་དགོན། སྐྱིད་ལུང་གང་ཤར་དགོན། མདོ་གོང་མ་དགོན། འབོས་པ་ཀ་ཆེན་དགོན། སྦུ་ཚ་དགོན། དྷཱི་མདའ་དགོན། དགེ་རྩེ་ཁྲ་གདོང་དགོན། གསེར་སྟག་རྩེ་དགོན། རྡོའི་གསེར་མཁར་དགོན། སྦྲ་གསར་དགོན། རེབ་ཀོང་གཏེར་ཆེན་ཆོས་སྒར། ཤིང་ཁྲི་དགོན། རོང་བོ་དགོན། གཡུ་རྔོག་དགོན། སྟག་ཐོག་དགོན། བསམ་ཡས་དགོན། སྦྲག་མདའ། སྦྲག་ཡང་རྫོང་སོགས་བོད་ཀྱི་དགོན་སྡེ་དང་དབེན་གནས་མང་པོ་དང༌། རྒྱ་ནག་གི་དགོན་སྡེ་རྣམས་སུ་བྱོན་ནས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གནང་ཞིང༌། བཤད་སྒྲུབ་སློབ་གསུམ་གསར་འཛུགས་མཛད་ཅིང་མཐུན་རྐྱེན་མང་དུ་གནང༌། ཐུགས་བརྩེས་བསྐུལ་མ་མཛད་པ་ལྟར་རབ་ཏུ་བྱུང་བ་སྟོང་ཕྲག་མང་པོ་བྱུང་ཞིང༌། ཐུགས་མཐུན་ཁྲིམས་གཙང༌། ཐོས་བསམ་སྒོམ་གསུམ། བསྙེན་སྒྲུབ་ལས་གསུམ་སོགས་ལ་འབད་དགོས་ཚུལ་གྱི་བཀའ་གསུང་རྒྱ་ཆེར་གནང་སྟེ་ཐུབ་བསྟན་གསེར་གྱི་རྒྱལ་མཚན་སྲིད་པ་གསུམ་གྱི་བླ་རུ་བཏེགས་པར་བྱས། བོད་ཡུལ་གྱི་ས་གནས་སོ་སོར་གཙོ་བོ་ཁྱིམ་པ་རྣམས་ཀྱི་ཆོས་སྐལ་དུ་དམིགས་ནས་སྒྲོལ་མའི་ཞག་བརྒྱ་སོགས་ཆོས་ཚོགས་མང་དུ་བཙུགས་ཤིང༌། རྒྱ་བོད་ཀྱི་སློབ་ཚོགས་ཡོངས་ལ་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་དང་བསྟུན་ནས་བདེ་ཆེན་ཞིང་དབང་སོགས་བཀའ་དབང་མང་པོ་དང༌། ཚེ་མི་རྟག་པ། ལས་རྒྱུ་འབྲས། གཉེན་པོ་སྟོབས་བཞི། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། ཕྱག་འཚལ་བ་དང༌། ཆུ་མཆོད་བཤམ་ཚུལ་ཚུན་ཆད་ཀྱི་གོ་སླ་ཞིང་ཆོད་ཆེ་བའི་ཆོས་བཀའ་རྒྱ་མཚོ་ལྟ་བུར་གསུངས་ལ། གང་ཟག་ཁྲི་ཕྲག་དུ་མ་དགེ་བསྙེན་སྣ་གཅིག་ནས་ཡོངས་རྫོགས་བར་གྱི་སྡོམ་པ་བསྩལ།
གཞན་གཏན་དུ་སྲོག་མི་གཅོད་པ། རྐུ་མི་བྱེད་པ། འཛིང་རྩོད་མི་བྱེད་པ། དུད་ཆང་ལ་མི་བརྩོན་པ། ཆོས་མནའ་མི་བསྐྱལ་བ་སོགས་ཁས་ལེན་བྱེད་དུ་བཅུག་ནས་ཆོས་ཁྲིམས་དགེ་བ་བཅུས་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་པར་བྱས། སྐྱེ་བོ་ས་ཡ་མང་པོས་བཅད་རྒྱ་འདུག་པ་དང༌། གཟུངས་སྔགས་བཟླ་བ། ཕྱག་དང་སྐོར་བ་བྱེད་པ། ཆུ་མཆོད་དང་མར་མེ་ཕུལ་བ་སོགས་རྣམ་དཀར་དགེ་བའི་ལས་སྣ་ཚོགས་ལ་བརྩོན་པར་ཁས་བླངས། བསྟན་འགྲོ་སྤྱི་ལ་འཚེ་བའི་རྒྱལ་བསེན་དམ་སྲི་དག་གི་ཁ་གནོན་དུ་ས་གནད་ཁྱད་པར་ཅན་མང་པོར་མཆོད་རྟེན་བརྒྱ་ཕྲག་དུ་མ་གསར་བཞེངས་མཛད། སའི་བཅུད་དང་སྐྱེ་འགྲོའི་གཡང་ཉམས་པ་གསོ་ཞིང་མི་ཉམས་གོང་དུ་སྤེལ་ཕྱིར་ཨོ་རྒྱན་སངས་རྒྱས་གཉིས་པ་རྗེ་འབངས་དང་བཅས་པས་སྒྲུབ་པ་མཛད་ཅིང་བྱིན་གྱིས་བརླབས་པའི་གནས་དང་མཚོ་དུ་མར་རྫས་ཀྱི་ཚད་དང་བྱིན་རླབས་ཀྱི་དྲོད་ལྡན་པའི་བུམ་པ་མང་པོ་གཏེར་དུ་སྦས། ཆོས་འཁོར་བསྐོར་ཞིང་རྣམ་དཀར་དགེ་བའི་ལས་ལ་བསྐུལ་མ་བྱས་ཚུལ་སོགས་ཀྱི་སྐོར་རྒྱས་པར་ཤེས་འདོད་ན་ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་ཀྱི་རྣམ་ཐར་ནོར་བུའི་དོ་ཤལ་ལས་གསལ་བས་དེར་བལྟ་བར་བྱའོ། །གངས་བྲག་མཚོ་ཡི་སྒྲུབ་གནས་སོ་སོར་མ་ངེས་ཐབས་ཚུལ་སྣ་ཚོགས་ཀྱིས། །མདོ་སྔགས་ཟུང་འཇུག་ལམ་ལ་བརྟེན་ནས་རྟོགས་པའི་ཉི་མ་ནང་ནས་ཤར། །གང་འདུལ་འགྲོ་བའི་ཁམས་དང་མཐུན་པའི་ལེགས་བཤད་ཆོས་ཀྱི་འོད་སྣང་གིས། །སྐྱེ་དགུའི་ཡིད་ཀྱི་རྨོངས་པའི་མུན་པ་མ་ལུས་བསལ་མཛད་ཁྱེད་ལ་འདུད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བརྒྱད་པ་གྲུབ་པའི་རང་རྟགས་ཕྱི་རུ་ངོམས་ཏེ་སྐལ་ལྡན་རྗེས་སུ་བཟུང་ཚུལ། རིག་གསར་སྐབས་ཉིན་ཞིག་ན་ལས་བྱེད་པ་རྣམས་ཀྱིས་ཁོང་ལ་སྐུ་སྟོད་དུ་དངུལ་ལེན་ནང་ལྭ་ལྗང་གུ་སྲབ་མོ་ཕུ་དུང་ཟད་པོ་ཅན་ཞིག་དང་། སྐུ་སྨད་དུ་ཆུ་རས་སྲབ་མོ་ཞིག་ལས་གཞན་པའི་ན་བཟའ་རྣམས་ཕུད་དུ་བཅུག་ནས་དཔེ་མེད་པའི་བཅར་བརྡུང་དྲག་པོ་བྱས་ལ། དེ་ནས་མེ་དྲོད་ཀྱིས་དམར་པོར་སོང་ཡོད་པའི་ལྕགས་ཀྱི་ཐབ་ཀ་ཞིག་ལ་སྐུ་ལུས་གཞུས་ཚེ་ཚ་བའི་སྡུག་བསྔལ་ཆེར་མ་བྱུང་ཞིང་ནང་ལྭའི་མདུན་ཕྱོགས་ཀྱི་སྙིང་ཁར་སྒྲོལ་མའི་བསྙེན་པ་ཏཱ་རེ་འབྲུ་བཅུ་པ་ནང་ལྭའི་མདོག་དང་ཅུང་མི་འདྲ་བའི་ལྗང་གུ་ཞིག་རང་བྱུང་དུ་དོད་པ་སྤུངས་ཡུལ་ཚོགས་རྩ་ཟ་འོན་ཅང་ཞེས་པས་དངོས་སུ་མཐོང༌། ནང་ལྭ་དེ་བླ་མ་ཐོད་པས་ཉལ་ཚགས་དམ་པོ་བྱས་ནས་ནང་རྟེན་གྱི་གཙོ་བོར་མཛད་དེ་ཕྱིས་སུ་མི་མང་པོ་ལ་མཇལ་ཁ་གནང་བར་བཤད་དོ། །
ཡང་སྐོར་ཞིག་ཁྱུང་ཚང་ཅན་ཞེས་པའི་ལུང་མདོར་མཁའ་འགྲོ་ཚང་དང་ཚོགས་རྩ་སྐྱབས་གྲོལ་ཚང༌། ཝ་ཤུལ་སྦྱིན་ཁོ་ཚང་རྣམས་ལྷན་དུ་ཡོད་སྐབས་ཤིག་ལ་དབང་མདའ་རྡོ་རྗེ་དང་འགྱ་བ་ཐུབ་བསྟན་དཔལ་གཉིས་མཁའ་འགྲོ་མཆོག་གི་མདུན་དུ་འོངས་ནས་ཉིན་གསུམ་ལ་བསྡད། ཉིན་གཉིས་པའི་ནུབ་ཇ་འཐུང་སྐབས་བླ་མ་ཐོད་པས་མཁའ་འགྲོ་ལ་ཆང་ཨེ་ཡོད་ཅེས་དྲིས་ཚེ། མཁའ་འགྲོ་མཆོག་གིས་ཆང་གི་ཤེལ་དེམ་ཞིག་བསྟན་ནས་འདིའི་རྐུབ་ན་ཡོད་པའི་མཆིལ་མ་ཞིག་གི་མང་ཉུང་ཙམ་པོ་འདི་ལས་མེད་ཅེས་གསུངས། ཡང་མཁའ་འགྲོ་མཆོག་གིས་ཁྱེད་རྣམས་ཆང་ལ་དེ་ཙམ་སྲེད་ན་ངས་འདི་ཙམ་གྱིས་ཁྱེད་ཅག་བཟི་རུ་འཇུག་ཆོག་གསུངས། བླ་མ་ཐོད་པ་དང་རྡོ་རྗེ་གཉིས་ཀྱིས་དམ་རྫས་ཤིག་གི་མང་ཉུང་ལས་མེད་པ་འདིས་ཇི་ལྟར་བཟི་ནུས་ཞེས་བཤད། མཁའ་འགྲོ་མཆོག་གིས་ཁོང་གསུམ་གྱི་ལག་མཐིལ་དུ་ཆང་ཐིགས་པ་ཙམ་རེ་བླུགས་ནས་ལྕེ་ལྡག་བྱེད་དུ་བཅུག །ཅང་མ་འགོར་བར་ཁོང་གསུམ་ར་རོ་བར་གྱུར་ནས་ཉིན་གསུམ་གྱི་རིང་ལ་བཟུ་དྭངས་མ་ཐུབ་ཅེས་བཤད། ཡང་སྐོར་ཞིག་མཁའ་འགྲོ་མཆོག་དང་ཐོད་པ་གཉིས་བླ་མ་པད་གཅེས་ཀྱི་མདུན་དུ་བྱོན། དེ་ནས་ཕྱིར་ཝ་ཤུལ་སྦྱིན་ཁོ་དང་ཀུན་ནམ་གཉིས་ཀྱིས་བསྐྱལ་ནས་སྙན་ལུང་དུ་བྱོན་པའི་ལམ་བར་རྡོའི་དབུ་ཟིའི་ཐང་དུ་སླེབས་སྐབས་སྦྱིན་ཁོ་རྟ་འགྲོགས་ཏེ་དྲིད་ནས་གསེར་བརྐོས་ཤུལ་གྱི་གད་གཤམ་དག་གི་ཁར་ཐོན་ཚེ་མཁའ་འགྲོ་མཆོག་གིས་ཐུགས་གཏད་པ་ཙམ་གྱིས་སྦྱིན་ཁོ་ལ་གནོད་སྐྱོན་ཅི་ཡང་མ་བྱུང་བར་མ་ཟད་རྟ་རྒོད་དེ་ཡང་སུག་བཞི་འདོར་བ་ཕར་ཞོག །ཤ་འཐེན་ཙམ་བྱུང་བ་ལས་འགུལ་མི་ཐུབ་པར་བསྡད། ཀུན་ནམ་དང་སྦྱིན་ཁོ་གཉིས་ནས་རྟའི་བོལ་འོག་ཏུ་ཡོད་པའི་སྒ་ཐུར་དུ་བླང་བཞིན་མཁའ་འགྲོ་མཆོག་ལ་བལྟས་པས་མཁའ་འགྲོ་མཆོག་ཤིན་ཏུ་ཁྲོས་པའི་ཉམས་ཀྱིས་འགྱིངས་སྟབས་སུ་བཞུགས་པ་མཐོང༌། དེ་ནས་སླར་ཡང་རྟ་ཐོག་ཏུ་སྟན་འཕངས་ཤིང་སྒ་སྟོད་ཚེ་གཟོད་རྟ་དེ་སྐྲག་སྣང་སྐྱེ་བཞིན་ཅུང་འགུལ་བྱུང་བས་ཁོང་གཉིས་ཡ་མཚན་ནས་མཁའ་འགྲོ་མཆོག་ལ་དད་པ་བླ་ལྷག་ཏུ་འཕེལ།
ཡང་སྐོར་ཞིག་འབོས་ཀྱི་མཁན་པ་ཞེས་པའི་སར་མཁའ་འགྲོ་མཆོག་གནུབས་གཟུར་མཉེད་རྒྱམ་ཚང་གི་རོགས་འདེགས་པ་ཡིན་ཚེ། ཉིན་ཞིག་གི་ནངས་མོར་མཉེད་རྒྱམ་གྱིས་མཁའ་འགྲོ་མཆོག་ཤིང་འཐུ་རུ་མངགས། དགོང་མོ་ཕྱིར་ཐོན་སྐབས་མཉེད་རྒྱམ་གྱིས་ཤིང་ཅི་ཙམ་འཐུས་ཞེས་དྲིས་ཚེ། ཕལ་ཆེར་ཤིང་ཁལ་བཞི་བཅུ་ཙམ་ཡོད་གསུངས། ཕྱི་ཉིན་ཐོད་པ་སོགས་མི་མང་པོ་ལེན་དུ་མངགས་པས་དངོས་གནས་ཤིང་ཁལ་བཞི་བཅུ་ཡོད་པས་ཐམས་ཅད་ཤིན་ཏུ་ངོ་མཚར། ཕྱིས་སུ་ཚ་ཁོ་ཟ་ཚེ་ལྷ་མོ་ཞེས་པས་མཁའ་འགྲོ་མཆོག་ལ་རྒྱུ་མཚན་དྲིས་ཚེ་ཁོང་གིས་དེའི་ཉིན་ངས་ཤིང་ཆག་གསུམ་བཞི་ཙམ་འཐུས་ནས་གཉིད་ཀྱང་དགོང་མོ་གཉིད་སད་ཚེ་དཀོན་གསུམ་གྱི་ཐུགས་རྗེས་རི་ངོས་ཀྱི་ཤིང་རྣམས་ཆད་དེ་ཤིང་ཆག་བྱས་ནས་ཡོད་འདུག་གསུངས།
ཡང་སྐོར་ཞིག་རྩིས་ཀྱི་རྡུལ་དམར་གད་ཐོག་ཏུ་མཁའ་འགྲོ་ཚང་དང༌། ཚ་ཁོ་པད་རྒྱལ་ཚང༌། རོབ་གདོང་ཐར་བ་ཚང་རྣམས་ལྷན་དུ་ཡོད་སྐབས། ཉིན་ཞིག་གི་དགོང་མོར་མཁའ་འགྲོ་མཆོག་ཐུགས་ཤིན་ཏུ་མ་རངས་པའི་ཚུལ་གྱིས་པད་རྒྱལ་ཚང་ལ་བྱོན། དེ་དུས་པད་རྒྱལ་ནད་གསར་གྱིས་མནར་ནས་ཉལ་སའི་ནང་དུ་འདུག །པད་རྒྱལ་གྱི་སྲིང་མོ་ཚེ་ལྷ་མོས་མཁའ་འགྲོ་མཆོག་ལ་གསོལ་ཇ་དྲངས་པ་ན། མཁའ་འགྲོ་མཆོག་གིས་གསོས་ཕོར་ནང་ཇ་གང་ཡོད་པ་དེ་ཧུབ་གཅིག་བྱས་ནས་ཨ་རོ་ཁ། སྐལ་ཆད་རྒྱུ་འདིས་ང་འདུག་ཏུ་མི་འཇུག་པ་ཡིན་གསུངས་བཞིན་ཕོར་བ་ཇ་གང་ཡོད་པ་དེ་སྦྲའི་མཐོངས་ཁ་ནས་ཕྱིར་འཕངས། དེ་དུས་པད་རྒྱལ་མྱུར་བར་ཕྱིར་སོང་སྟེ་བལྟས་པ་ན་ཕོར་བ་དེ་ལས་ཇ་ཐིགས་པ་ཙམ་ཞིག་ཕྱིར་མ་བོ་བར་ཀྱུ་ལི་ལི་འཁོར་བཞིན་ཡོད་པ་མཐོང་ནས་ངའི་སྐྱིད་པའི་བུ་ཞིག་གང་ན་ཡོད་ཟེར་བཞིན་ཇ་དེ་ལྷག་ལུས་མེད་པར་བཏུང་ནས་གསོས་ཕོར་དེ་རུམ་དུ་བཅུག །
དེ་ནས་བཟུང་པད་རྒྱལ་གྱི་ནད་སངས་དྲག་ཏུ་སོང༌། ཡང་སྐོར་ཞིག་ལ་རྩིས་ཀྱི་རི་དར་ལུང་པའི་ནང་དུ་མཁའ་འགྲོ་ཚང་དང་གླིང་ནོར་འཛིན་ཚང༌། རོབ་གདོང་ཐར་བ་ཚང༌། ཚ་ཁོའི་པད་རྒྱལ་ཚང་རྣམས་མཉམ་དུ་ཡོད་སྐབས་ལས་བྱེད་པ་རྣམས་ཀྱིས་མཁའ་འགྲོ་མཆོག་ལ་རྫ་ཡུང་འཐུ་དགོས་པའི་འགན་བཞག།དེ་ནས་ནོར་འཛིན་དང་པད་རྒྱལ་གཉིས་མཁའ་འགྲོ་མཆོག་ལ་རྫ་ཡུང་འཐུ་རོགས་སུ་སོང་བ་ན་གློ་བུར་དུ་སྤྲིན་ནག་འཁྲིགས་ཤིང་སེར་བ་འབབ་གྲབས་བྱེད་ཚེ་མཁའ་འགྲོ་མཆོག་གིས་ཐུགས་ཤིན་ཏུ་ཁྲོས་པའི་ཚུལ་གྱིས་ལྷ་འདྲེ་མི་གསུམ་རྒྱ་བོད་སོག་གསུམ་ཀུན་གྱིས་ང་ལ་འདི་ལྟ་བུའི་ཚོད་ཅིག་བལྟ་དགོས་པ་ཅི་ཡིན། ང་ཁོའི་ངོ་ཡ་ལ་འདུག་མི་ཐུབ་པ་ཞིག་མིན་གསུངས་ནས་བསྡིགས་མོ་བྱེད་པ་ན། ཁོར་ཡུག་ཀུན་ཏུ་སེར་བ་དྲག་པོ་བབས་ཀྱང་ཁོང་རྣམས་ཡོད་པའི་ས་ཕྱོགས་ཁྱིམ་ཚང་འབྱོར་ལྡན་ཞིག་གི་ཕྱུགས་ལྷས་ཙམ་ཡོད་པ་དེར་སེར་འབྲུ་གཅིག་ཀྱང་མ་ལྷུང་བར་སྨུག་ལྟེམ་མེ་འདུག་པས་རོགས་པ་གཉིས་ངོ་མཚར་ཞིང་ཡིད་ཆེས་པའི་དད་པ་ཐོབ། ཡང་སྤུངས་ཡུལ་སྡེ་བའི་མགོ་ལོག་གཡུ་བྲུག་ཅེས་པས་བླ་མ་གཞན་ཞིག་གི་མདུན་ནས་དུ་བ་བཅད་ཀྱང་ཁོ་དུ་བ་འཐེན་པ་ལ་དགའ་དྲག་པ་དང༌། བག་ཆགས་ངན་གོམས་ཡུན་རིང་བའི་སྟོབས་ཀྱིས་རང་གི་གཉེན་པོ་རང་གིས་བྱེད་མ་ནུས་པས་འཐེན་དགོས་སྙམ་ཚེ་མཁའ་འགྲོ་མཆོག་གིས་ཁོང་གིས་མནབས་མྱོང་བའི་ནང་ལྭ་ཞིག་གནང་ནས་འདི་གྱོན་དང་ཁྱོད་ཀྱི་དུ་བའི་སྲེད་པ་ཇེ་ཆུང་འགྲོ་སྲིད་གསུངས། གཡུ་བྲུག་གིས་མཁའ་འགྲོས་གསུངས་པ་བཞིན་གྱོན་པས་དེ་ནས་བཟུང་དུ་བའི་སྲེད་པ་ཡོད་མ་མྱོང་ཞེས་བཤད་པ་དང༌།
ཡང་ཉིན་ཞིག་ན་མཁའ་འགྲོ་མཆོག་སྤུངས་ཡུལ་སྡེ་བའི་རོབ་གདོང་ཐར་བ་ཚང་ལ་སོང༌། དེར་ཚང་གི་ཁྱིམ་བདག་མ་འོ་མཚོ་ཞེས་པས་མཁའ་འགྲོ་མཆོག་ལ་གསོལ་ཇ་དྲངས། ཁོང་གིས་གསོལ་ལྷག་གི་རྩམ་པ་རིལ་རིལ་བྱས་ནས་བྱིས་པ་རྣམས་དང་ལྷན་དུ་རྩེད་མོ་ལ་རོལ་ཏེ་ལན་མང་པོར་རྩམ་རིལ་དེ་རས་སྐུད་ཤིན་ཏུ་ཕྲ་མོ་ཞིག་གིས་སྦྲའི་མཐའ་ཐིག་ལ་བཏགས་ཏེ་འདོགས་བྱེད་ཀྱི་རས་སྐུད་མེ་ལ་སྦར་ཀྱང་རྩམ་རིལ་ཐང་དུ་མ་ལྷུང༌། གཞན་བྱིས་པ་དག་གིས་དེ་ལྟར་བྱས་ཚེ་རེ་རེ་བཞིན་ཐང་དུ་ལྷུང་བས་ཁོང་གཟའ་མི་རྣམས་ཀྱིས་མཁའ་འགྲོ་མཆོག་གི་རྫུ་འཕྲུལ་ཡིན་པར་ཤེས་ནས་ཤིན་ཏུ་ངོ་མཚར་ཞིང་དད་པ་རབ་ཏུ་སྐྱེས། ཡང་ཐེངས་ཤིག་ལ་འོན་ཅང་ཚང་དང་སྐྱབས་གྲོལ་ཚང་གི་བྱིས་པ་རྣམས་དང་ལྷན་དུ་རྩེད་མོའི་ཚུལ་དུ་རྡོ་རིལ་སོགས་ཐ་གུས་གནམ་དུ་བཏེགས་ནས་འདོགས་བྱེད་ཀྱི་ཐ་གུ་དེ་མེ་ལ་སྦར་ཞིང་བར་དུ་ཕྱག་གིས་གཡུག་ཀྱང་རྡོ་རིལ་དེ་ནམ་མཁའ་རྟེན་མེད་དུ་བསྡད་ནས་ས་ལ་མི་ལྷུང་བར་མཁན་བསྟན་འཛིན་ཉི་མས་དངོས་སུ་མཐོང་ཞེས་གསུངས། ཡང་རིག་གསར་སྐབས་སྐོར་ཞིག་རོང་མཐའི་ཚ་འབུད་ཅེས་པའི་ལུང་མདོར་ཨ་བྲ་གསོད་པའི་སྐབས་ཤིག་ན་རོབ་གདོང་ཐར་བ་ཨ་བྲ་གསོད་བྱེད་ཀྱི་དུག་གཡོ་མཁན་ཡིན་ཞིང༌། མཁའ་འགྲོ་མཆོག་ལ་དུག་གཡོ་བྱེད་ཀྱི་འབུད་རྒྱུ་གྲ་སྒྲིག་དགོས་པའི་ལས་འགན་བཀལ་ཡོད། ཉིན་ཞིག་མེ་སྣ་ཁྲིད་བྱེད་ཀྱི་སུ་རུ་ཟད་པ་ན་འགོ་འཛིན་པས་དེ་རིང་སུ་རུ་འཐུ་བར་འགྲོ་མཁན་ཡོད་ན་ཨ་བྲ་མ་བསད་ཀྱང་ཆོག་ཅེས་བཤད་ཚེ་མགོ་ལོག་བུ་གཡོགས་ལོ་དང༌། རྡོ་བའི་བུ་སྐྱ་མོ་གཉིས་ཀྱིས་ཁོང་གཉིས་འགྲོ་ཞེས་བཤད།
དེ་ནས་འབོས་ཀྱི་ལུང་རིང་ཞེས་པར་ཨ་ཞར་བུ་རིན་ཚེ་ཚང་གི་ཁྱིམ་ཤུལ་དུ་འབུད་རྒྱུ་ཡོད་པར་ཐོས་ཤིང༌། ལུང་པ་དེར་སུ་རུ་ཡང་འཐུ་རྒྱུ་ཡོད་པས་སུ་རུ་འཐུ་མཁན་གཉིས་ཀྱང་མཁའ་འགྲོ་མཆོག་དང་མཉམ་དུ་ཁལ་མ་འགའ་དེད་ནས་སོང༌། ཨ་ཞར་རིན་ཚེ་ཚང་གི་ཁྱིམ་ཤུལ་དེར་སླེབ་པ་ན་ཇ་སྐོལ་སྣོད་ཀྱི་རྫ་མ་ཞིག་བཟུང་ཡོད་ཀྱང་འདེབས་རྒྱུའི་ཇ་བརྗེད་སོང་བས་ཨ་ཁ་ཁ་ཇ་བསྐོལ་རྒྱུ་མེད་ཅེས་བཤད། དེ་ནས་མཁའ་འགྲོ་མཆོག་བོང་བ་རྣམས་སྒྱེ་ནང་དུ་བླུགས་པར་ཤུལ་དུ་བསྡད། གཡོགས་ལོ་དང་སྐྱ་མོ་གཉིས་ཀྱིས་སུ་རུ་འགེལ་སའི་ཁལ་མ་རྣམས་དེད་ནས་སོང་སྟེ་སུ་རུ་འཐུ་སར་ཐོན་ཏེ། ཁལ་མ་རྣམས་ཡར་རྒྱབ་ཕྱོགས་སུ་བཏང་ནས་སུ་རུ་ཤིང་ཆག་གཉིས་གསུམ་ཙམ་འཐུས་ཟིན་པ་ན། མཁའ་འགྲོ་མཆོག་གིས་སུ་རུ་བཀལ་སའི་ཁལ་མ་རྣམས་ཕྱིར་དེད་ནས་ཐོན། ཁོང་གིས་གསུང་རྒྱུར་ངས་འབུད་རྒྱུ་རྣམས་སྣོད་དུ་བླུགས་ཟིན། ཇ་ཡང་བསྐོལ་ཡོད་ཅེས་གསུངས། སུ་རུ་འཐུ་མཁན་གཉིས་ཀྱིས་ཆུ་ཁོལ་ཞིག་ལས་ཅི་ཡང་མེད་སྙམ་བཞིན་མར་སོང་བ་ན་ཇ་ངང་དམར་ལྟེམ་མེ་ཞིག་ཁོལ་ནས་འདུག་པས་སུ་རུ་འཐུ་མཁན་གཉིས་པོས་ཁྱོད་ཀྱིས་ཇ་དང་འོ་མ་གང་ནས་རྙེད་ཅེས་དྲིས་པ་ན། ཁོང་གིས་ཅང་མི་གསུང་པར་བཞད་ནས་འདུག།འདི་ཕྱོགས་ན་དུད་ཚང་གཅིག་ཀྱང་མེད་ལ་མི་སུ་ཡང་མཐོང་རྒྱུ་མེད་པས་དངོས་གནས་རྫུ་འཕྲུལ་ཡིན་པར་ཤེས་ནས་ངོ་རབ་ཏུ་མཚར། ཇ་འཐུང་ཟིན་རྗེས་ཇ་སྐོལ་སྣོད་ཀྱི་ནང་དུ་ཇའི་ལོ་མ་གཅིག་ཀྱང་མི་འདུག་པས་དེ་ལས་ཀྱང་ཡ་མཚན་ནས་དད་པ་བླ་ལྷག་ཏུ་འཕེལ།
ཡང་སྐོར་ཞིག་ལ་རོང་མཐའི་ཆུ་གར་རི་ལོག་ཅེས་པའི་ཁར་འོན་ཅང་ཚང་དང་མཉམ་དུ་ཡོད་སྐབས་ཉིན་བཞིན་དགོང་མོར་སེར་བ་བབས་ནས་ཚག་གློག་བྱེད་པ་ན་སྐོར་ཞིག་མཁའ་འགྲོ་མཆོག་གིས་ད་སྡོད་དུ་མི་འཇུག་པ་ཡིན་ཞེས་ཐུགས་ཅུང་ཁྲོས་ཚུལ་བསྟན་ནས་གསུང་མི་འབྱོན་པར་ཅུང་ཟད་བཞུགས་པ་ན། སེར་བ་ཕར་ཕྱོགས་སུ་སོང་ཞིང་མདུན་ཕྱོགས་ཀྱི་རི་མགོར་སྨུག་རླངས་ཤིག་ཡོད་པའི་ནང་དུ་འབྲུག་གཅིག་གྲགས་མི་ནུས་པར་འདུག །ཅང་མ་འགོར་བར་ཇེ་མཐོར་སོང་ནས་མགོ་སྤྲིན་ནང་དུ་ནུབ་པ་དང་སྐད་བརྒྱབ་བཞིན་ཡིད་ཀྱིས་སོང་བ་རོང་བ་སེམས་ཉིད་སོགས་ཀྱིས་དངོས་སུ་མཐོང༌། ཡང་སྐོར་ཞིག་ལ་རོང་མཐའི་ཁྱུང་ཚང་ཅན་ཞེས་པའི་ལུང་མདོར་མཁའ་འགྲོ་ཚང་དང༌། ཚོགས་རྩའི་སྐྱབས་གྲོལ་ཚང་སོགས་ལྷན་དུ་ཡོད་ལ། དེ་དང་ཐག་ཅུང་ཉེ་བའི་སར་རོང་བ་སེམས་ཉིད་ཚང་ཡོད་ཅིང༌། དེར་དབང་མདའ་ཚང་གི་འགྱ་བ་ཐུབ་བསྟན་དཔལ་མཁའ་འགྲོ་མཆོག་གི་མདུན་དུ་བཅར་འདོད་ནས་དེར་ཐོན་ཡོད། དགོང་མོ་བཞོན་མ་རྣམས་བཞོན་བཞོ་རུ་སོང་ནས་ཅུང་མ་འགོར་བ་ན། གློ་བུར་དུ་སྤྲིན་ནག་འཁྲིགས་གློག་དམར་འགྱུ། འབྲུག་སྒྲ་ཆེན་པོ་གྲགས་ཤིང་སེར་བ་མཐེ་བོང་ཙམ་ཡོད་པ་དྲག་ཏུ་བབས་པས་བཞོན་མ་རྣམས་ཁྱིམ་དུ་བྲོས་ཏེ་ཐམས་ཅད་དངངས་སྐྲག་སྐྱེ་བཞིན་པ་ན། ཡིད་ཙམ་ཞིག་གིས་སྤྲིན་པ་རླུང་གིས་གཏོར་ཞིང་ནམ་མཁའ་གཡའ་དག་པར་གྱུར། དེ་ནས་རོང་བ་སེམས་ཉིད་སྒོར་བུད་ཚེ་ཐད་ཀྱི་རི་ངོས་ནས་གཡུ་འབྲུག་སྔོན་མོ་ཞིག་མཁའ་རུ་འགྲོ་བ་མཐོང༌། མཁའ་འགྲོ་མཆོག་གིས་ཡང་འབྲུག་ཐང་དུ་བླང་བྱུང༌། ཁྱེད་ཅག་བལྟ་རུ་ཤོག་ཅེས་བོས་ཚེ་ཐམས་ཅད་སྒོར་བུད་ནས་བལྟས་པ་ན་གཡུ་འབྲུག་མདོག་སྔོ་སྐྱ་ཟེ་བའི་སྟེང་གི་སྤུ་འཁྱིལ་ལ་དེང་དུས་ཀྱི་ཀ་དོ་ར་འབྲིང་ཚད་ཙམ་ཡོད་པ་ཇེ་མཐོར་ནམ་མཁར་འགྲོ་བ་མཐོང་བས་ཐམས་ཅད་ངོ་མཚར། དེ་ནུབ་འགྱ་བ་ཐུབ་བསྟན་དཔལ་མཁའ་འགྲོ་མཆོག་གི་མདུན་དུ་སོང་ནས་དེ་རིང་སེར་དྲག་གི་གནོད་པ་གློ་བུར་དུ་ཞི། གཡུ་འབྲུག་ཐང་དུ་བབ་པ་དེ་ཁྱེད་ཀྱི་རྫུ་འཕྲུལ་གྱི་མཐུ་ཡིན་ནམ་ཞེས་དྲིས་པ་ན། ནམ་རྒྱུན་བཞོན་མ་དག་གིས་བཞོན་བཞོ་ཚེ་སེར་དྲག་བབས་ནས་བཞོ་རུ་མི་འཇུག་པས་ངས་ངེད་ཅག་བུད་མེད་དག་གི་ཚོད་ལ་བལྟ་བ་ཡིན་སྙམ་ནས་ཡིག་དྲུག་བཟླ་ཞིང་ཕུ་འདེབས་ཚེ་ཕན་ཐོགས་ཡོད་སྣང་ཤར། ཁྱད་པར་དུ་ངས་རྒྱུན་པར་གནམ་འབབ་ཏུ་མི་འཇུག་ཚེ་ངན་ལན་ཐོད་པ་ལ་སྤྲད་པས་དེ་རིང་ཐོད་པ་གྱི་ལོང་ཚང་དུ་སོང་ཡོད་པས་ཡང་ཁོ་ལ་གནོད་བྱེད་པ་རེད་སྙམ་ནས་བསྙེན་པ་དྲག་ཏུ་བཟླས་པ་ཡིན་གསུངས། ཡང་ཉིན་ཞིག་རྡོ་གྲུབ་ཆེན་དགོན་པའི་ཉེ་འདབས་སུ་སྤྲུལ་རིག་འཛིན་འཇའ་ལུས་རྡོ་རྗེ་དང་ཁོང་གི་མ་ཡུམ་མཁའ་འགྲོ་དམ་ཚིག་སྒྲོལ་མ་གཉིས་ཀྱིས་གསུང་གླེང་མཛད་བཞིན་བཞུགས། མཁའ་འགྲོ་རིན་པོ་ཆེ་མཆོག་རྩེད་གྲོགས་གཞན་ཞིག་དང་ལྷན་དུ་བྱོ་དང་སྤྱང་ཀུ་ཞེས་པའི་རྩེད་མོ་བྱེད་སྐབས་མ་ཡུམ་གྱིས་མཁའ་འགྲོ་མཆོག་ལ་ཞུ་མོ་གཟབ་གཟབ་གྱིས་མ་གཏོགས་གད་ཁ་ལས་ལྷུང་ཞེས་གསུངས། མཁའ་འགྲོ་མཆོག་གི་ཐུགས་དགོངས་ལ་ངའི་རྩ་བའི་བླ་མ་རིག་འཛིན་འཇའ་ལུས་རྡོ་རྗེ་འདི་ན་བཞུགས་ཡོད་པས་གད་ཁ་ལས་ལྷུང་ཡང་ཅི་སྐྱོན་སྙམ་སྟེ། དེ་མ་ཐག་ཏུ་རྨིད་བརྒྱ་ལྷག་ཡོད་པའི་གད་ཁ་མཐོན་པོ་དེ་ལས་མཆོངས། འོན་ཀྱང་སྐུ་ལུས་ལ་གནོད་སྐྱོན་ཅི་ཡང་མ་ཐེབས། མཁའ་འགྲོ་མཆོག་གིས་འཇའ་ལུས་རྡོ་རྗེ་བྱོན་ནས་ཁོང་བུ་སློབ་གཉིས་མཉམ་དུ་དལ་བར་ས་ལ་འབབ་པའི་སྣང་ཉམས་ཤར་བར་གསུངས།
ཡང་སྐོར་ཞིག་མགོ་ལོག་དཔའ་ཁྱུང་བོས་ཏེ་ཁོང་གིས་དབུ་སྐྲས་ཕུར་མདུད་ཅིག་བརྒྱབ་ནས་མཚོན་སྲུང་དུ་གནང༌། ཅང་མ་འགོར་བར་དཔའ་ཁྱུང་གཡག་རྒོད་པོ་ཞིག་གིས་རྭས་བརྡུངས་ཏེ་འདོམ་བཞི་ཙམ་ཡོད་པའི་སར་འཕངས། དཔའ་ཁྱུང་གི་ལུས་ལ་ནང་དོར་སྲབ་མོ་ཞིག་ལས་ཅི་ཡང་གྱོན་མེད་ཀྱང་ན་ཚ་ཅུང་ཟད་ཙམ་ཡང་མ་བྱུང༌། ཡང་དཔའ་ཁྱུང་གི་སྤུན་འབྲིང་བ་ཨ་འཛིན་རྔ་ཡུལ་དུ་བཅའ་ལག་ཉོ་རུ་འགྲོ་གྲབས་བྱེད་པ་ན། དཔའ་ཁྱུང་གིས་མཁའ་འགྲོ་རིན་པོ་ཆེ་མཆོག་གིས་གནང་བའི་དབུ་སྐྲའི་ཕྱག་མདུད་འདི་ལས་སྲུང་བྱེད་བཟང་པོ་ཞིག་མེད་པས་འདོགས་དགོས་ཞེས་བཏགས་ནས་མངགས། ཨ་འཛིན་རྔ་ཡུལ་དུ་སོང་ནས་ཕྱིར་རང་ཁྱིམ་དུ་ཐོན་ལ་ཉེ་སྐབས་ལམ་བར་ནས་ནང་ཆེན་ཡོན་ཏན་ཚང་གི་སྒོ་ཁྱི་ནག་ལུག་ཅེས་པ་ངར་ཐག་ཆོད་པ་ཞིག་ཡོད་པ་དེ་ཤོར་ནས་ཨ་འཛིན་བཟུང་སྟེ་སྦོ་འོག་ཏུ་མནན། ཆུ་ཚོད་སྐར་མ་གཉིས་གསུམ་ཙམ་གྱི་རིང་ལ་ལུས་ཀྱི་ཕྱོགས་དག་ཁས་བཟུང་ཅི་ཐུབ་བྱས་ཀྱང་ལྭ་བ་དང་ནང་དོར་རྣམས་བྲད་པ་ལས་ལུས་ལ་གནོད་སྐྱོན་སྤུ་རྩེ་ཙམ་ཡང་མ་བཟོས། ཡང་སྲིད་ཅུས་རྩུབ་སྐོར་ཞིག་ལ་མཉམ་ལས་ཀྱི་ཟས་ཁང་སྲིབ་ཐང་ཞེས་པར་ཡོད་ཅིང༌། མཁའ་འགྲོ་མཆོག་ཤིང་འཐུ་རུ་བཏང་ནས་ཤིང་འཐུ་སྐབས། མཁའ་འགྲོའི་ཐུགས་དགོངས་ལ་མིང་པོ་མདོ་རིན་རིན་པོ་ཆེ་ཉིད་སྐུ་གྲོངས་ཟིན་མ་ཟིན་བལྟ་རུ་འགྲོ་དགོས་དགོངས་ནས། ཤིང་ཆག་ཅིག་ཞོན་ནས་ཅུང་ཟད་སོང་ཚེ། འཕུར་ནས་འགྲོ་དགོས་སྙམ་ནས་འཕུར་ཨེ་ཐུབ་བལྟས་པ་ན་འཕུར་ཐུབ་པས་ཤིང་ཆག་ཞོན་ཏེ་འཕུར་ནས་སོང་བ་ན། ནམ་མཁར་འཕུར་མ་ཐག་ཟས་ཁང་ན་ཡོད་པའི་མི་རྣམས་ཀྱིས་མཐོང་འགྲོ་སྙམ་ནས་སྐྲག་ཀྱང་དེ་དག་གིས་མཐོང་མ་ཤོར་བར་རྨེ་ཡུལ་གྱི་མདོ་རིན་པོ་ཆེ་བཞུགས་པའི་དགོན་པར་སོང་བ་ན། དགོན་པ་ཡང་བཤིག་ནས་ཁང་ཤུལ་ཙམ་ལས་ལུས་མེད། མདོ་རིན་པོ་ཆེ་ཡང་མཇལ་རྒྱུ་མེད་པས་ཕྱིར་འོང་ནས་ཁོང་གིས་སྙིང་ཉེ་བའི་གྲོགས་ཁ་ཤས་ལ་མདོ་རིན་པོ་ཞིང་གཤེགས་ཟིན་ཞེས་གསུངས། རྗེས་མ་དྲིས་ཚེ་དེའི་སྐབས་སུ་ཞིང་གཤེགས་ཟིན་པར་བཤད།
ཡང་གླིང་ནོར་འཛིན་ཚང་ཞེས་པ་ལ་མཁའ་འགྲོ་མཆོག་གིས་ཤིང་སྙག་ག་བཅད་པའི་ཕྲེང་བ་ཞིག་གནང༌། ཉིན་ཞིག་ནོར་འཛིན་གྱིས་ཕྱག་ཕྲེང་དེ་བཟུང་ནས་སྟོན་སའི་སྟེང་དུ་སོང་ལ། ཕྱིར་ཐོན་སྐབས་ཕྲེང་བ་མི་འདུག་པས་རྒྱབ་ཀྱི་རྩག་པ་ཕུད་དེ་བཙལ་ཀྱང་མ་རྙེད་ནས་འཚོལ་དུ་སོང༌། སྟོན་སའི་སྟེང་བར་དུ་བཙལ་ཀྱང་མ་རྙེད་པས་ཡི་ཆད་དེ་ཕྱིར་ལོག །ཕྱིའི་ནངས་མོ་ཕྱག་ཕྲེང་དེ་སྔས་མགོའི་སྟེང་དུ་ཐོན་འདུག་པས་ངོ་མཚར་ནས་སེམས་ལ་དགའ་དད་ཚད་མེད་སྐྱེས་ནས་རང་གི་ཆུང་མ་ཏཱ་རེ་སོགས་མི་གཞན་རྣམས་ལ་རྒྱུ་མཚན་བཤད། ཡང་སྐོར་ཞིག་ལ་སོར་འཛིན་གྱི་བུ་མུན་སེལ་ཟེར་བས་ཕྱག་ཕྲེང་དེ་ཉལ་ཚགས་བྱེད་སའི་ཁུག་མ་ཞིག་ཡོད་པ་དེའི་ནང་ནས་ཁྱེར་ཏེ་སོང་བས་བོར་བ་ལ། གཟའ་མི་ཡོངས་ཀྱིས་ཁྱིམ་ཕྱི་ནང་ཀུན་ཏུ་བཙལ་ཀྱང་མ་རྙེད་མོད། ཕྱིའི་ཉིན་མོ་ཁུག་མ་དེར་ཕྱིར་ཐོན་པ་མཐོང་བས་བཟའ་མི་རྣམས་ངོ་མཚར་ནས་ཕྱག་ཕྲེང་དེ་ཁྱིམ་རྟེན་གྱི་གཙོ་བོ་བྱས་ནས་ད་དུང་ཡོད། མཁའ་འགྲོ་ཚང་དང་ར་ཡབ་ཚེ་ཁོ་ཚང་སོགས་རྩིས་ཀྱི་རི་དར་ཞེས་པའི་ལུང་པའི་ནང་མཉམ་དུ་བསྡད་ཡོད་པའི་སྐབས་ཤིག་ལ། ཚོགས་རྩའི་དཔའ་དར་སོགས་མི་འགའ་ཞིག་བཅའ་ལག་ལེན་དུ་པདྨ་རྫོང་དུ་སོང་ནས་ཕྱིར་འོང་བའི་ལམ་བར་ནས་དཔའ་དར་གྱིས་མགོ་ལོག་ཟ་ཁོས་ལོ་ལ་ནང་ལྭ་བཟོ་བྱེད་ཀྱི་རས་དཀར་པོ་ཞིག་སྦྱིན་པ་ཁོས་ལོས་མཁའ་འགྲོ་མཆོག་ལ་ཞུས་པ་ན། ཁོང་གིས་ཁྱོད་ཀྱིས་ནང་ལྭ་བཟོ་ཨེ་ཤེས་གསུངས། ཁོ་མོས་བཟོ་ཤེས་ཀྱང་བཅད་མི་ཤེས་ཞུས། ཁོང་གིས་བཅད་ཤེས་གསུངས་ནས། ནང་ལྭ་སོག་གོང་ཅན་ཞིག་བཅད། སྒྲོག་གུ་མེད་ནས་སྒྲོག་གུ་གཅིག་ཁོང་གི་ན་བཟའ་ཞིག་གི་ངོས་ནས་བླངས་ཤིང༌། གཞན་པ་གཉིས་འཐེན་སྒམ་ཞིག་གི་ལག་འཐེན་གྱི་ནང་ནས་བླངས་ཏེ་སྒྲོ་གུ་གསུམ་སྦྱིན། དེ་ནས་ཁོས་ལོས་རི་དར་དཀྱིལ་གདོང་དུ་རྫི་བོའི་སར་ནང་ལ་བཟོ་རྒྱུར་ཁྱེར་ནས་སྒྲོག་གུ་གསུམ་པོ་ཞྭ་མོའི་ཐོག་ཏུ་བཞག་ནས་བསྡད་ཡོད་པ་ན་ཞྭ་མོའི་ཐོག་ཏུ་སྒྲོག་གུ་ཡོད་པ་བརྗེད་ནས་ཞྭ་མོ་གཞན་དུ་སྤར་ཚེ་མཁའ་འགྲོ་མཆོག་གིས་ན་བཟའི་ངོས་ནས་བླངས་ཏེ་གནང་བའི་སྒྲོག་གུ་དེ་བོར་སོང༌། དེ་མ་ཐག་ཞིབ་པར་བཙལ་ཞིང་ནང་ལྭ་བཟོ་བྱེད་ཀྱི་རས་དང་ཞྭ་མོ་རྣམས་སྤྲུགས་ནས་བལྟས་ཀྱང་མ་རྙེད་པ་ན་ཕངས་སེམས་ཚད་མེད་པ་བྱུང་ནས་ངུས་ཏེ། མཁའ་འགྲོ་ཏཱ་རེ་ལྷ་མོ་ཁྱེད་ཀྱིས་གནང་བའི་སྒྲོག་གུ་དེ་བོར་སོང་ཐལ། ང་སེམས་སྡུག་ནས་སྡོད་ཐབས་མེད་པས་མྱུར་དུ་རྙེད་ཐབས་ཤིག་ལ་ཁྱེད་ཤེས། ཁྱེད་མཁྱེན། ངས་མ་ཎི་ཁྲི་ཞིག་གདོན་རྒྱུར་ཁས་ལེན་བྱེད་ཅེས་གསོལ་བ་དྲག་ཏུ་བཏབ་ནས་བསྡད་ཚེ། ཅུང་ཞིག་ན་ཕར་བལྟ་ཚུར་བལྟ་བྱས་པ་ན་སྒྲོག་གུ་དེ་ཕྱིར་ཞྭ་མོའི་སྟེང་དུ་ལྗང་རི་ལེ་ཐོན་པ་མཐོང་ནས་དགའ་དད་བརྗོད་མི་ཤེས་པར་སྐྱེས་པ་དང༌། ཡང་གླིང་ནོར་འཛིན་ཚང་ལ་ཀུན་གྱིས་གཅིག་མཐུན་དུ་གླེང་བའི་ཨ་སྐྱོང་ར་ལི་ཞེས་པའི་རྟ་རྒོད་པོ་ཞིག་ཡོད། དེ་སྐྱ་རྩལ་ཤིན་ཏུ་ཆེ་བའི་ཕོ་གསར་ལོ་ཉུང་ཞིག་ཡིན་ཡང་ཞོན་དཀའ་ལ། ཞོན་ནས་ཆོར་དཀའ་མོད། འོན་ཀྱང་མཁའ་འགྲོ་མཆོག་གིས་རྟ་དེ་ནམ་ཆིབས་ཀྱང་ཞི་དུལ་བག་ཕེབ་ཀྱི་སྒོ་ནས་འགྲོ་བ་ཀུན་གྱིས་ཤེས། རྗེས་སུ་རྟ་དེ་ཁམས་གསེར་རྟའི་ཕྱོགས་ཀྱི་དུད་ཚང་ཞིག་ལ་བཙོང༌། ཕྱིས་སུ་ལོ་འགའ་འགོར་རྗེས་ཉིན་ཞིག་མཁའ་འགྲོ་མཆོག་གིས་གླིང་ནོར་འཛིན་ལ་ང་གསེར་རྟའི་ཕྱོགས་སུ་འགྲོ་སྐབས་དུད་ཚང་ཞིག་གི་སྒོར་ཁྱོད་ཀྱི་རྟ་རྒན་ར་ལི་བཏགས་ནས་འདུག །རྟ་རྒན་གྱིས་ང་ངོ་ཤེས་ཐལ། ངས་རྩམ་རིལ་ཞིག་བྱིན་ནས་སྨོན་ལམ་རེ་འདོན་ཡོད་གསུངས།
ཡང་ཆོས་ལུགས་ལ་ལྷོད་ཡང་བྱུང་རྗེས་དགོན་པའི་སྦྱིན་ལོ་ཚང་པདྨ་རྫོང་དུ་བསྡད་ཡོད་སྐབས་ཤིག་ལ། ཉིན་ཞིག་མཁའ་འགྲོ་མཆོག་སྦྱིན་ལོ་ཚང་དུ་བྱོན་ནས་བཞུགས་ཡོད་ཚེ། ཁྱིམ་དེར་དབྱུག་པ་ཞིག་ཡོད་པ་ཁོང་གིས་ཕྱག་ཏུ་བཟུང་ནས། འཇིག་རྟེན་པའི་ཁ་དཔེ་ལ། ཤིང་དབྱུག་པ་འཐེན་ན་སྐྱེད་འབུད་རྒྱུ་མེད། རྡོ་གོར་མོ་བཙོས་ན་ཁུ་བ་འབུད་རྒྱུ་མེད་ཟེར་མོད། འོན་ཀྱང་ངས་འཐེན་ནས་སྐྱེད་ཅིག་འབུད་རྒྱུ་ཨེ་ཡོད་བལྟ་དགོས་པ་མ་ཡིན་ནམ་གསུངས། སྦྱིན་ལོས་ལགས་སོ་ཧ་ཅང་ཡག་པོ་འདུག།དེ་ལྟར་ན་ཐོག་མར་ངས་ཐ་གུ་ཞིག་གིས་དབྱུག་པའི་རིང་ཐུང་ཚད་ནས་གཟོད་འཐེན་དགོས་ཞུས། སྦྱིན་ལོས་ཚད་དེ་སླར་ཁོང་གི་ཕྱག་ཏུ་ཕུལ། མཁའ་འགྲོ་མཆོག་གིས་ཅུང་ཞིག་འཐེན་ནས་སྦྱིན་ལོའི་ལག་ཏུ་བཞག་སྟེ་ད་རིང་ཨེ་ཡོད་ལྟོས་གསུངས། སྦྱིན་ལོས་ཚད་ཚེ་སྔར་ལས་སོར་བཞི་ཙམ་ཞིག་རིང་དུ་སོང་ཡོད་པ་མངོན་སུམ་ཡིན་པས་དེར་ཡོད་ཐམས་ཅད་ངོ་མཚར་ཞིང་དད་པ་རབ་ཏུ་སྐྱེས།
ཡང་སྐོར་ཞིག་ཆོས་རྗེ་ཡབ་ཡུམ་དགོན་པའི་སྦྱིན་ལོ་ཚང་དུ་བཞུགས་ཡོད་སྐབས་གེ་སར་སྲོག་གཏད་གསུངས་ཚེ་མདའ་དར་བབས་ནས་ཉེ་གནས་དགེ་ལེགས་ཀྱིས་འཛིན་ཐུབ་དཀའ་དཀའ་བྱས་པ་ན། སྦྱིན་ལོས་དེ་ཙམ་ཞིག་ཨེ་བདེན་སྙམ་ནས་ཡིད་མ་ཆེས་ཏེ་འཛིན་མ་ཐུབ་ན་ཐོང་ཞོག་ཅེས་བཤད། མཁའ་འགྲོས་ཞུ་ལི་འདིས་ཅི་ཟེར། འོ་ན་ཁྱོད་ཀྱིས་ཟུངས་གསུངས་ནས་སྦྱིན་ལོ་ལ་འཛིན་དུ་བཅུག་སྟེ་མཁའ་འགྲོ་མཆོག་གིས་ནས་ཀྱིས་བཀྲམ་པ་ཙམ་ན་ཡང་མདའ་དར་བབས་ཏེ་སྦྱིན་ལོས་ཧ་ཅང་འཛིན་ཐུབ་དཀའ་དཀའ་བྱས་ཤིང༌། གཏོང་བསམ་ཀྱང་གཏོང་རྒྱུ་ཡང་མེད་པར་གྱུར་ནས་ཅི་བྱ་གཏོལ་མེད་དུ་གྱུར་སྐབས་མཁའ་འགྲོ་མཆོག་གིས་ཡང་བཀྲབ་པ་ཞིག་བརྒྱབ་པ་ན་མདའ་དར་དེ་རང་བཞིན་གྱིས་བསྡད།
ཡང་སྐོར་ཞིག་ལ་རྩིས་ཀྱི་རི་དར་ཞེས་པའི་ལུང་པའི་སུམ་མདོར་མཁའ་འགྲོ་ཚང་དང༌། རོབ་གདོང་ཐར་བ་ཚང༌། རོབ་གདོང་ཚེ་རིང་ཚང༌། ར་ཡབ་ཚེ་ཁོ་ཚང་སོགས་མཉམ་དུ་བསྡད་པ་ན། ཉིན་ཞིག་ཚེ་ཁོ་ཚང་གི་ལུག་རྣམས་ནངས་སྔ་མོར་རི་དར་ཡར་ལག་ཏུ་དེད་ནས་འཚོས་པ་ན་ལུག་རྣམས་ཡར་མར་གྲམ་ནས་སོང༌། ཅུང་ཞིག་ན་མཁའ་འགྲོ་མཆོག་དང༌། ཚེ་ཁོའི་ཆུང་མ་ཁོས་ལོ་དང༌། ཚེ་རིང་ཆུང་མ་ཚེ་ལྷ་མོ་སོགས་ཀྱིས་ལྕི་ལས་བྱེད་བཞིན་པའི་སྐབས་སུ། ཚེ་ཁོ་ཚང་གི་ལུག་ནང་སྤྱང་ཀི་བརྒྱུགས་ཏེ་ལུག་རྣམས་དུམ་ཆོད་དུམ་ཆོད་བྱས་པ་ན། ཚེ་ཁོའི་ཆུང་མ་ཁོས་ལོས་མཁའ་འགྲོ་ཏཱ་རེ་ལྷ་མོ་ཞེས་ཡང་ཡང་འབོད་བཞིན་ཁོ་མོའི་ལུག་ནང་སྤྱང་ཀི་བརྒྱུགས་བྱུང་ཞེས་ཡར་བརྒྱུགས་པ་ན། མཁའ་འགྲོས་གླེབ་རས་ལྕི་བ་ལེབ་ལེབ་མོར་བྱེད་རྐྱེན་གྱི་དངོས་པོ་རྩིད་པ་ལས་གྲུབ་པའི་ཡོ་བྱད་འཇོང་པོ་ཞིག་དེ་ཕྱག་ན་བཟུང་སྟེ་ཡར་བཞེངས་བཞིན་ལུག་དང་སྤྱང་ཀི་དག་ལ་སྤྱན་མི་ཟིམ་པར་ཅེར་གྱིས་གཟིགས་ནས་བཞུགས་པ་ན། སྤྱང་ཀིས་ལུག་གཅིག་ཀྱང་བསད་མ་ཁོམ་པར་དེ་མ་ཐག་ཕྱིར་འཁོར་ཏེ་མར་མཁའ་འགྲོའི་ཕྱོགས་སུ་བརྒྱུགས་ནས་ཐག་ཉེ་བའི་སར་ཐོན་བྱུང་བ་དེར་ཡོད་ཁོས་ལོ་སོགས་ཀུན་གྱིས་མཐོང་བས་ཐམས་ཅད་ངོ་མཚར་རབ་ཏུ་སྐྱེས།
ཡང་ཉིན་ཞིག་ན་རྩིས་མདར་སྤུངས་ཡུལ་སྡེ་བའི་མི་ཐམས་ཅད་ཡུལ་ཤོག་གི་ཁང་པ་དག་རྩིག་ཏུ་འོངས་ནས་ཐམས་ཅད་མཉམ་དུ་བསྡད་པ་ན། དགོང་མོ་མུན་རུབ་སྐོར་ཞིག་ལ་མཁའ་འགྲོ་མཆོག་གིས་ཐམས་ཅད་གུར་སྒོར་བུད་ནས་ལྟོས་གསུངས་པ་ན། བལྟས་ཚེ་ཀུན་གྱི་མཐུན་སྣང་དུ་མི་ལུས་བོང་ཧ་ཅང་རིང་ཞིང་མགོ་བོ་གནམ་ལ་ཟུགས་པ་ཞིག་མཐོང༌། ཐམས་ཅད་ལ་དངངས་སྐྲག་སྐྱེས་ཤིང༌། ཁྱད་པར་དུ་མ་རྩའི་རྡོར་ཐར་ཞེས་པ་ལ་སྡོད་མི་ཚུགས་པའི་དངངས་སྐྲག་ཅིག་སྐྱེས།མཁའ་འགྲོས་ཐམས་ཅད་ལ་ཅུང་ཟད་ཙམ་ཡང་སྐྲག་མི་དགོས་ཞེས་གསུངས། དེ་ནས་མཁའ་འགྲོ་མཆོག་གིས་རྡོ་འཇམ་རྩུབ་གཉིས་ཕྱག་ཏུ་བཟུང་ནས་རྡོར་ཐལ་ལ་ལེན་དུ་འཇུག་པ་ན་རྡོ་རྩུབ་མོ་དེ་བླངས་པས་མཁའ་འགྲོའི་ཐུགས་དགོངས་ལ་འདི་ལ་རྐྱེན་ཅུང་ཟད་ལྡང་སྲིད་དགོངས་གསུངས། ཕྱི་ཉིན་བྲག་བཤིགས་པ་ན་མ་རྩའི་རྡོར་ཐར་གྱིས་བྲག་སྣེ་ཞིག་ནས་བྲག་བཤིགས་སྐབས་མཁའ་འགྲོ་མཆོག་གིས་གློ་བུར་དུ་ཨ་ཁ་ཁ་གསུངས་ནས་དེ་ཕྱོགས་སུ་སྡིགས་མཛུབ་གཏད་པ་ན་བྲག་སྣེ་སྦྲ་ཆུང་ངུ་ཙམ་ཞིག་ཆད་པ་མར་མ་ལྷུང་བར་གཡས་ཕྱོགས་སུ་འགྱེལ་ནས་རྡོར་ཐར་ལ་གནོད་སྐྱོན་གང་ཡང་མ་བྱུང་བ་དེར་ཡོད་ལས་ཀ་པ་ཀུན་ལ་མངོན་གསལ་ཡིན། དེ་བཞིན་དུ་རིག་གསར་སྐབས་ཁོང་གི་མདུན་དུ་ཆོས་འབྲེལ་ཞུ་མི་དང་སྐྱབས་འཇུག་བཅོལ་མི་ལུང་བསྟན་ཞུ་མི་སོགས་མི་སུ་འོང་ཡང་ལས་བྱེད་པ་དང་ལྟ་རྟོག་པ་གཅིག་གིས་ཀྱང་དེ་མཐོང་མི་སྲིད་པར་བཤད་དེ། དཔེར་ན་ཉིན་ཞིག་མཁར་ནང་སྤྲུལ་སྐུ་འོད་ཚེ་མཁའ་འགྲོའི་མདུན་དུ་འོང་བ་ན་ཐོག་མར་རིན་སྐྱབས་ཚང་ལ་སོང༌། མཁའ་འགྲོ་ཡང་དེར་བྱོན་ནས་བཞུགས་སྐབས་ཁ་བ་རབ་ཏུ་འབབ་ཅིང་དེ་ནས་སྤྲུལ་སྐུ་འོད་ཚེ་དང་མཁའ་འགྲོ་གཉིས་མཁའ་འགྲོ་ཚང་ལ་བྱོན་གྲབས་བྱེད་པ་ན། མཁའ་འགྲོས་གླིང་ཟ་སྒྲེས་ལོ་ལ། ཁྱོད་ཀྱིས་ཁ་བའི་ནང་གི་ངེད་གཉིས་ཀྱི་རྗེས་རྣམས་མེད་པར་བྱ་དགོས་ཞེས་གསུངས་ནས་བྱོན་སོང༌། བྱོན་ནས་ཅུང་ཞིག་སོང་བ་ན་རྗེས་རྣམས་རང་ཡལ་དུ་གྱུར། དེ་མ་ཐག་སྒྲེས་ལོ་མཁའ་འགྲོ་ཚང་ལ་སོང་བ་ན། མཁའ་འགྲོས་སྒྲེས་ལོ་ཁྱོད་ཀྱིས་རྗེས་རྣམས་མེད་པར་བྱས་སམ་ཞེས་གསུངས་པ་ན། རྗེས་རང་ཡལ་དུ་སོང་བས་མི་འདུག་ཅེས་ཞུས་པས་ཁོང་བཞད་མོ་དྲག་ཏུ་མཛད། སྒྲེས་ལོས་སྤྲུལ་འོད་ཚེ་བྱོན་ཚར་བ་ཡིན་ནམ་ཞུས་ཚེ། ཁོང་བཞད་མོ་མཛད་བཞིན་བྱོན་ཚར་གསུངས། འོན་ཀྱང་སྒྲེས་ལོས་མ་མཐོང་བ་མ་གཏོགས་སྤྲུལ་འོད་ཚེ་དེ་སྐབས་ཁྱིམ་ན་ཡོད་པ་རྗེས་ནས་ཤེས། ཡང་རིག་གསར་སྐབས་ཤིག་ན་སྲིད་གཞུང་ནས་ཉིན་རེར་ཞོ་ཅུང་ཟད་རེ་འཐུང་རྒྱུ་སྟེར་ཞིང༌། སྐོར་ཞིག་དགེ་མང་སྐྱབས་མགོན་ཞེས་པས་མཁའ་འགྲོ་ཚང་ལ་ཤ་ཅུང་ཟད་ཅིག་འབུལ་བ་དེ་བཙོས་ནས་མཁའ་འགྲོ་མཆོག་གི་སྐུ་སྲས་རྣ་དབོས་ཞོ་ཁར་ཤ་གཏུབ་ནས་འཐུང་བཞིན་པ་ན་ཞིབ་དཔྱོད་པ་རྣམས་གློ་བུར་དུ་ཐོན་ཏེ་ཟ་མ་རྣམས་ཞིབ་དཔྱོད་བྱས་ཀྱང་ཞོའི་ཁར་གྱི་ཤ་མ་མཐོང་བ་ལྟ་བུ་དང༌།
ཡང་ཉིན་ཞིག་མཁའ་འགྲོ་ཚང་འབོས་ཀྱི་འགལ་ལུང་གི་མདོ་ཡར་རྒྱབ་ན་ཡོད་སྐབས། མཁའ་འགྲོ་མཆོག་གིས་སྤུངས་ཡུལ་ཆུ་རྡོར་ལ་ཁྱོད་དོ་ནུབ་ང་ལ་འདུག་རོགས་འོང་དགོས་གསུངས་ནས་ཆུ་རྡོར་སོང་པ་ན། མཁའ་འགྲོ་མཆོག་གིས་གྲོ་གོར་གསུམ་ཐལ་བའི་ནང་དུ་བསྲེགས་ནས་ཡོད་པས་ངས་ཁྱོད་འོང་རྒྱུ་ཡིན་པས་ཟ་མ་ཞིམ་པོ་ཞིག་ལས་ཡོད་གསུངས། དེ་ནས་མཁའ་འགྲོ་མཆོག་དང་ཆུ་རྡོར་གཉིས་ཀྱིས་ནུབ་ཇ་འཐུང་གྲབས་བྱེད་པ་ན། མགྲོན་པོ་ཞིག་སྒོར་ཐོན་བྱུང་བས། མཁའ་འགྲོས་ཆུ་རྡོར་ལ་མགྲོན་པོས་ཁྱོད་མཐོང་མི་ཉན་གསུངས་པ་ཙམ་ན། མགྲོན་པོ་དེ་མ་རྩའི་རིན་སྐྱབས་ཡིན་ལ་ཁོ་ཁྱིམ་དུ་སླེབས། དེ་ནས་མཁའ་འགྲོས་རིན་སྐྱབས་དང་ཆུ་རྡོར་གཉིས་ལ་གོར་བ་རེ་རེ་བྱིན། ཁོང་གིས་གཅིག་ཟོས་ཏེ་གོར་བ་གསུམ་པོ་ཟོས། ཇ་འཐུང་ནས་དལ་མོ་བྱས་ཀྱང་རིན་སྐྱབས་ཀྱིས་ཆུ་རྡོར་མ་མཐོང་བ་སྟེ། རྗེས་སུ་ཆུ་རྡོར་གྱིས་རིན་སྐྱབས་ལ་ཁར་ཉིན་ཁྱོད་མཁའ་འགྲོ་ཚང་ལ་ནུབ་ཆུ་འཐུང་ཁར་འོང་སྐབས་ང་ཡང་དེ་ཡོད་ཅེས་སྨྲས་པ་ན། རིན་སྐྱབས་ཀྱིས་རྫུན་མ་ལབ་ཅེས་བཤད། ཆུ་རྡོར་གྱིས་མཁའ་འགྲོ་དང་ཁྱོད་གཉིས་ཀྱིས་ཡར་ཞུ་མར་གསུངས་འདི་དང་འདི་ལྟ་བུ་བྱས་ཞེས་ཞིབ་པར་བཤད་པ་ན། རིན་སྐྱབས་ཀྱིས་བདེན་ན་ཐང་མཁའ་འགྲོའི་དྲུང་དུ་མི་གཞན་ཡོད་ཀྱང་མཐོང་མི་ཐུབ་པ་ནམ་རྒྱུན་མང་པོ་ཡོད་ཅེས་སྨྲས། ཡང་ཉིན་ཞིག་ན་མཁའ་འགྲོ་ཚང་ལ་སྦྲ་གསོ་བྱེད་ཀྱི་རེ་བྱང་ཞིག་ཚོགས་རྩའི་དཔའ་དར་གྱིས་ཕུལ་བ་དེ། རིན་སྐྱབས་ཀྱིས་རྟ་རྐྱང་རྐྱང་ཧ་ཅང་རྒོད་པོ་ཞིག་ཞོན་ནས་ལེན་དུ་སོང་བ་ན། སོང་མ་ཐག་ཏུ་མཁའ་འགྲོས་དེ་རིང་རིན་སྐྱབས་ལ་གནོད་རྐྱེན་ཅུང་ཟད་རེ་སྡང་སྲིད་ཀྱང་མི་སྐྱོན་ཞེས་གླིང་ཟ་སྒྲེས་ལོ་ལ་བཤད། རིན་སྐྱབས་དཔའ་དར་ཚང་ལ་ཐོན་ཏེ་རེ་བྱང་རྟ་ལ་ཤད་གྲབས་བྱས་ཏེ་ཕྱོགས་གཅིག་ཐ་གུས་མནན་ཟིན་ལ། ཕྱོགས་གཅིག་ད་དུང་མནན་མ་ཟིན་པའི་སྐབས་སུ་རྟ་འགྲོགས་ཏེ་རེ་བྱང་དྲུད་ནས་ཤོར། རིན་སྐྱབས་བྱ་ཐབས་བྲལ་ནས་མཁའ་འགྲོ་ལ་གསོལ་བ་དྲག་ཏུ་བཏབ་པ་ན་དེ་མ་ཐག་རྟ་ཕྱིར་འཁོར་ནས་ཁ་མདའི་ཐ་གུ་མི་ཞིག་གིས་སྤྲད་པ་བཞིན་རིན་སྐྱབས་ཀྱི་ལག་ཏུ་ཐོན།
ཡང་མཁའ་འགྲོ་ཚང་རིན་སྐྱབས་ཚང་དང་ལྷན་དུ་སྡོད་པའི་སྐབས་སོགས་སུ་ཟངས་རྫ་དམར་པོ་ཞིག་ཡོད་པ་དེ་རྒྱུན་པར་ཐབ་ཐོག་ཏུ་བཙུགས་ནས་བཞག །ཇ་ནམ་དགོས་ཀྱང་ཆུ་ཞིག་བླུགས་ནས་བཞག་པ་ན་འོག་ཏུ་མེ་མ་བུས་ཀྱང་ཇ་རང་ཁོལ་དུ་གྱུར་པ་རིན་སྐྱབས་བཟའ་མི་གཉིས་སོགས་མི་མང་པོས་དངོས་སུ་མཐོང༌། དཔེར་ན་ཉིན་རེ་བཞིན་ནངས་སྔ་མོར་བླ་མ་ཐོད་པ་དང་རིན་སྐྱབས་སོགས་ཞོར་ལས་ལ་འགྲོ་དགོས་ཤིང༌། མཁའ་འགྲོ་དང་སྒྲེས་ལོ་གཉིས་ཟོག་བཞོ་རུ་སོང་ནས་བཞོས་ཟིན་པ་ན་མཁའ་འགྲོས་སྒྲེས་ལོ་ལ་ངེད་ཀྱིས་ཇ་ཁོལ་ནས་ཡོད་པས་ངེད་ཚང་ལ་ནང་ཇ་འཐུང་བར་འགྲོ་ཞེས་ཁྲིད་ནས་འོང་སྐབས་ཇ་སྐོལ་མཁན་སུ་ཡང་མེད་ཀྱང་ཉིན་བཞིན་ཇ་ཁོལ་ནས་འདུག་པ་བཞིན་ཡིན་ནོ། །འབུད་རྒྱུ་བཙུད་སྐབས་སོགས་གནམ་འབབ་ཆས་བྱེད་པ་ན་ཁོང་གིས་སྔགས་འདེབས་པ་ཙམ་གྱིས་ཆར་འབྲུ་གཅིག་ཀྱང་ཐང་ལ་ལྷུང་མི་སྲིད་ཅིང༌། ཁོང་གིས་རོགས་པ་རྣམས་ལ་ཁྱེད་ཅག་གིས་ཀྱང་མ་ཎི་འདོན་བཞིན་འབུད་རྒྱུ་ཚུད་དང༌། འབུད་རྒྱུ་བཙུད་ཚེ་ཙམ་ལ་རང་ཅག་ལ་སྙིང་རྗེ་བལྟས་ནས་གནམ་འབབ་མི་སྲིད་ཅེས་གསུངས། ཡང་རིན་སྐྱབས་ཚང་དང་མཁའ་འགྲོ་ཚང་གཉིས་འབོས་ཀྱི་བན་རྒན་ལུང་པ་ཞེས་པའི་མདོར་བསྡད་ཡོད་སྐབས་སྟོན་ཁར་ཡ་རི་རྣམས་རི་སྒང་ཀུན་ཏུ་ཤོར་ནས་འཚོ་དཀའ་ཚེ། མཁའ་འགྲོ་མཆོག་གིས་སྒྲེས་ལོ་ཁྱོད་ལ་ཡ་རི་རྣམས་ཀྱིས་དཀའ་ངལ་མང་དུ་སྤྲད་འདུག་པས་ཡ་རི་རྣམས་འདུག་ཐབས་ལས་སླ་མོ་རེད། དེའི་ཐབས་ང་ལ་ཡོད་གསུངས་ནས། ཁྱོད་ཀྱིས་ཡ་རི་རྣམས་ཀྱི་སྙིང་རྩིད་དམ་ཡང་ན་རྔ་མ་ནས་སྤུ་ཉག་མ་འགའ་ཐོགས་ཤོག་གསུངས་པ་བཞིན་སྒྲེས་ལོས་ཡ་རི་རྣམས་ཀྱི་སྙིང་ཁ་སོགས་ནས་སྤུ་ཉག་མ་འགའ་བཏོགས་ཏེ་མཁའ་འགྲོ་མཆོག་ལ་གཏད་པ་ན་མཁའ་འགྲོས་དེ་དག་ལྷན་དུ་ཕྱག་གིས་དྲག་ཏུ་འཕུར་ནས་རྡོ་ལེབ་ཅིག་གི་འོག་ཏུ་མནན་ཏེ་བཞག །དེ་ནས་བཟུང་ཡ་རི་རྣམས་ལྷས་གཅིག་ལས་གཞན་དུ་མི་འགྲོ་བར་བསྡད་པ་དང༌།
ཡང་ཉིན་ཞིག་སྤུངས་ཡུལ་སྡེ་བའི་གླིང་ནོར་འཛིན་ཚང་གི་བུ་ཡེ་གྲོལ་ཞེས་པ་ཆུང་ངུའི་དུས་སུ་ཉིན་ཞིག་གློ་ཚད་བརྒྱབ་ནས་བཟའ་མི་གཉིས་ཀྱིས་བཟུང་སྟེ་བླ་མ་རིན་པོ་ཆེ་པད་གཅེས་ཀྱི་མདུན་དུ་སོང༌། ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ་མཁའ་འགྲོའི་མདུན་དུ་སོང་བ་ན་མཁའ་འགྲོས་ནོར་འཛིན་ཁྱོད་ཁྱིམ་དུ་སོང་ལ་ཏཱ་རེ་མ་བུ་གཉིས་འདིར་སྡོད་དུ་ཆུག་ཅེས་གསུངས། དེའི་མཚན་མོ་བུ་ཡེ་གྲོལ་ལ་རྒྱུན་མི་ཆད་པར་ལུད་པ་དྲག་ཏུ་བྱུང་ནས་ཏཱ་རེ་ཅི་བྱ་གཏོལ་མེད་དུ་གྱུར་སྐབས། གློ་བུར་དུ་ཏཱ་རེ་མ་བུ་གཉིས་ཀྱི་སྟེང་དུ་དངོས་པོ་ཞིག་ལྗིད་ཀྱིས་ལྷུང༌། དེ་མ་ཐག་བུའི་ལུད་པ་ཆད་དེ་གཉིད་ཁུག །ཕྱིའི་ནངས་མོ་བལྟས་པ་ན་མ་བུ་གཉིས་ཀྱི་སྟེང་དུ་མཁའ་འགྲོའི་སྐུ་ཆིངས་འཕངས་ནས་འདུག །བླ་མ་ཐོད་པས་མདང་ནུབ་མོ་བུ་འདི་ངེས་པར་འཆི་འགྲོ་སྙམ་ནས་ཁོ་བོས་ཉན་མ་བཟོད་པར་རྣ་བ་ལག་པས་བཀབ་ནས་ཉལ་ཞེས་བཤད། མཁའ་འགྲོ་མཆོག་གིས་ཁོ་མོས་ཀྱང་ཐབས་གཞན་མ་རྙེད་ནས་སྐ་རགས་དེ་མ་བུ་གཉིས་ཀྱི་སྟེང་དུ་འཕངས་པ་ཡིན་ཞེས་གསུངས།
ཡང་སྤུངས་ཡུལ་དུ་བཞུགས་སྐབས་སྐོར་ཞིག་ལ་ལས་བྱེད་པ་འགའ་འོངས་ནས་མཁའ་འགྲོ་མཆོག་ཁྲིམས་ཁང་དུ་འགྲོ་དགོས་ཞེས་ཁྲིད་ནས་སོང༌། ཁོང་ལ་འབྲེལ་ཆེ་བའི་དགོན་ཟ་སྒྲོན་མ་མཚོས་མཁའ་འགྲོ་ཉིད་ཁྲིམས་སུ་ཁྲིད་པའི་སྡུག་བསྔལ་སེམས་ཐོག་ཏུ་འཁོར་བཞིན་ཁྱིམ་གྱི་ལས་ཀ་བྱེད་སྐབས་གློ་བུར་དུ་མཁའ་འགྲོ་མཆོག་གིས་སྒྲོན་མ་མཚོ་ཞེས་བོས་ནས་ང་ཐོན་ཡོད་ཅེས་གསུངས་པ་ཐོས། འཕྲལ་དུ་སྒོར་བུད་ནས་བལྟས་པ་ན་མཁའ་འགྲོ་མཆོག་སྤྱི་ལེའུ་གཅིག་ཙམ་གྱི་བར་ཐག་གིས་ཆོད་པའི་སར་ཐག་དཔལ་ཚང་ཞེས་པའི་དུད་ཚང་ཞིག་ཡོད་པའི་ཁྱིམ་དུ་འཛུལ་འགྲོ་བ་མཐོང༌། ཁྱིམ་ཚང་གཉིས་ཀྱི་བར་ཐག་ཤིན་ཏུ་རིང་བས་ཁོང་གི་རྫུ་འཕྲུལ་གྱི་མཐུ་ཡིན་པར་ཤེས་ཏེ་མོ་རང་ངོ་མཚར་ནས་དད་པ་བླ་ལྷག་ཏུ་འཕེལ།
ཡང་ངལ་རྩོལ་གྱི་སྐབས་མི་མང་པོ་དང་མཉམ་དུ་རྩིས་མདའི་དགོན་ཤུལ་ཏུ་ལས་ཀ་བྱེད་སྐབས་མཁའ་འགྲོ་མཆོག་ས་ཁུར་སྐྱེལ་བྱེད་མི་ཡིན་ལ། གླིང་སྐྱབས་ཐར་སོགས་ས་བླུག་མི་ཡིན་ཞིང་བཀའ་འགྲོའི་སྐུ་རྒྱབ་ཀྱི་ཁུར་སྣོད་དུ་ས་ཕྱེད་དུ་ལོངས་ཙམ་བླུག་སྐབས། གླིང་སྐྱབས་ཐར་གྱིས་སྲིན་འབུ་སག་འཇིངས་ཡུལ་འགར་ས་འབུ་ཐག་ནར་ཞེས་འབོད་ཤིག་མཐོང་ཞིང་མཁའ་འགྲོ་མཆོག་ལ་ཐུགས་སྨོན་གནང་དུ་འཇུག་དགོས་སྙམ་ནས་ལག་ཏུ་བླངས་ཏེ་བསྟན་པ་ན་སྤྱིར་མཁའ་འགྲོ་མཆོག་སག་འཇིངས་ལ་ཧ་ཅང་སྐྲག་ཚུལ་གནང་བས་མཐོང་མ་ཐག་ཨ་ཁ་ཁ་ཞེས་གསུངས་ནས་རྨིད་གསུམ་ཙམ་ཡོད་པའི་གད་སྟེང་དུ་ཡིད་ཀྱིས་མཆོང༌། དེར་ཡོད་ཀུན་ངོ་མཚར་རབ་ཏུ་སྐྱེས། ཡང་སྤུངས་ཡུལ་ཚོ་བའི་དགོན་པ་ཨེ་སྡས་དང་མཁའ་འགྲོ་ཏཱ་རེ་ལྷ་མོ་རྣམས་ལས་བྱེད་པ་རྣམས་ཀྱིས་བཤས་བཤའ་མཁན་དུ་བཞག་པ་ན་མཁའ་འགྲོ་མཆོག་གིས་བཤའ་དགོས་པ་རྣམས་གཅིག་ཀྱང་གསད་མི་དགོས་པར་རང་བཞིན་གྱིས་ཤི་འགྲོ་བ་མི་མང་པོས་དངོས་སུ་མཐོང༌།
ཡང་ཉིན་ཞིག་ལ་མཁའ་འགྲོ་མཆོག་དང་སྤུངས་ཡུལ་སྡེ་བའི་རོབ་གདོང་ཟ་ཏཱ་རེ་གཉིས་ལྷན་དུ་མཁའ་འགྲོ་ཚང་ལ་སོང་སྐབས་སྔར་ཉིན་བསྙལ་བའི་ཞོ་ཆགས་མེད་པར་མཐོང་ནས་ཁོང་གིས་སྔར་ནི་ངས་ཟ་གཏེར་གྱིས་ཞོ་བསྙལ་ཀྱང་གད་པ་ལྟ་བུ་ཆགས་ལ། ད་ནི་འོ་མས་བསྙལ་ཀྱང་མི་ཆགས་ཞེས་གསུངས་ནས་འོ་མ་དེ་ཐབ་སྟེང་དུ་བཞག་ཅིང་ཐབ་ཏུ་མེ་སྣོན་བུད་ཤིང་བཞག་ནས་ཕྱིར་སོང༌། ཅང་མ་འགོར་བར་ཕྱིར་འོང་ནས་བལྟས་ཚེ་ཐབ་ཏུ་ཡོད་པའི་འོ་མ་དེ་ཞོ་གད་པ་ལྟ་བུ་ཞིག་ཆགས་ནས་ཡོད་པ་ཏཱ་རེས་དངོས་སུ་མཐོང་ནས་དད་པ་རབ་ཏུ་སྐྱེས། ཡང་རིག་གསར་ཀྱི་སྐབས་མུ་གེ་ཧ་ཅང་ཆེ་བའི་དུས་སུ་བླ་མ་ཐོད་པ་སྐུ་བསྙུང་བར་བརྟེན་ཉིན་རེ་བཞིན་འབྲས་ཡ་ཁྱོར་གང་རེ་ལྷག་མོ་བྱིན་པ་ཁོང་གིས་ནངས་རེ་བཞིན་ཟངས་ང་ཅུང་ཆེ་བ་ཞིག་ཡོད་པར་ཆུ་མང་པོ་བླུགས་ནས་འབྲས་ཡ་ཁྱོར་གང་པོ་དེར་བླུགས་ཏེ། བླ་མ་ཐོད་པ་ལ་ཁྱོད་ཀྱིས་མེ་བུད་ནས་སྡོད་ལ་སྣོད་འདིའི་ཁ་འབྱེད་མི་དགོས་ཞེས་ཁོང་རྫི་བོར་བྱོན། དགོང་མོ་ཁྱིམ་དུ་ཕེབས་ནས་སྣོད་ཁ་འབྱེད་པ་ན་འབྲས་འཕེལ་ནས་ཟངས་ང་དེ་གང་ནས་འདུག་པ་བླ་མ་ཐོད་པས་དངོས་སུ་མཐོང་ཞེས་གསུངས།
ཡང་མགོ་ལོག་བླ་མ་རྟེན་བཟང་ལུག་འཚོ་རུ་བཞག་པ་ན་ལུག་རྣམས་ནུབ་རེ་བཞིན་སྤྱང་ཀིས་གཉིས་གསུམ་རེ་བསད་ནས་ཅི་བྱ་གཏོལ་མེད་དུ་གྱུར་ནས་མཁའ་འགྲོ་མཆོག་ལ་ཞུས་ཚེ། ཤིང་གི་ཐུར་མ་བཞི་ལ་སྔགས་བརྒྱབ་ནས་དེ་དག་ལུག་ལྷས་ཀྱི་མཐའ་སྐོར་དུ་ཚུགས་དང་ཕན་ཐོགས་ཅུང་ཟད་རེ་ཡོད་སྲིད་ཅེས་གསུངས་པ་བཞིན་བཙུགས་པས་དེ་ཕྱིན་སྔར་བཞིན་སྤྱང་ཀི་མང་པོ་ཐོན་ནས་ལུག་གྲར་བརྒྱུགས་ཀྱང་ལུག་གཅིག་ཀྱང་ཤི་རྨས་མ་སོང་ཞེས་བླ་མ་རྟེན་བཟང་གིས་བཤད།
མཁའ་འགྲོ་ཁོང་དང་འབྲེལ་ཆེ་བའི་ཚོགས་རྩ་ཟ་འོན་ཅང་ཚང་ཞེས་པ་མཉམ་ལས་སྐབས་ཟོག་འཚོ་བར་བཞག །ཟོག་མང་པོ་ཞིག་བོར་ཏེ་ཟླ་གཅིག་ཙམ་བཙལ་ཀྱང་མ་རྙེད་པར་བྱ་ཐབས་བྲལ་ནས་འོན་ཅང་མཁའ་འགྲོ་མཆོག་གི་མདུན་དུ་སོང་ནས༌། ངའི་ཟོག་མང་པོ་ཞིག་བོར་ནས་ཟླ་གཅིག་ཙམ་སོང༌། བཙལ་ཀྱང་མི་རྙེད་ལ་འཇལ་ཡང་སྤྲད་རྒྱུ་མེད་པས་ད་ངས་ཇི་ལྟར་བྱ་ཁྱེད་ཤེས་ཁྱེད་མཁྱེན་ཞེས་ཞུས་ཚེ། མཁའ་འགྲོ་མཆོག་གིས། ང་འཚོལ་དུ་འགྲོ་རྒྱུ་ནི་ཞོན་པ་མེད་ལ། བཙན་གྱིས་དེད་སོང་བ་ཡིན་ནའང་བྱ་ཐབས་གཞན་མེད་པས་ངས་གསོལ་ཁ་རེ་འདོན། ཁྱོད་ཀྱིས་ཡར་འདྲི་མར་འདྲི་གྱིས་ཞེས་གསུངས། འོན་ཅང་ཕྱིར་རང་ཁྱིམ་དུ་ལོག་ནས་དགོང་མོ་ཟོག་རྣམས་ལྷས་སུ་ཕབས་ནས་འདོགས་ཚེ་ཟླ་གཅིག་གི་སྔོན་ནས་བོར་སོང་བའི་ཟོག་རྣམས་གང་ནས་འོང་ཆ་མཆིས་པར་གློ་བུར་དུ་ལྕེ་ཕུ་དུང་ཙམ་རེ་དྲུད་ནས་ཐོན། མོ་ཡ་མཚན་ནས་ཁྱིམ་མཚེས་རྣམས་ལ་མོའི་ཟོག་རྣམས་གང་ནས་ཐོན་འོང་བ་མཐོང་ངམ་ཞེས་དྲིས་ཚེ་སུས་ཀྱང་མ་མཐོང་བས་མཁའ་འགྲོ་མཆོག་གིས་རྫུ་འཕྲུལ་གྱི་མཐུ་ཁོ་ན་ཡིན་པར་ཤེས་ནས་དད་པ་བླ་ལྷག་ཏུ་འཕེལ།
ཡང་ངལ་རྩོལ་བསྒྱུར་བཀོད་ཀྱི་སྐབས་ཤིག་ན་ཡུལ་ཤོག་གི་ར་བ་རྩིག་ཚེ་འབུང་བ་ཐག་དཔལ་ཞེས་པ་རྡོ་ཆེན་པོ་ཞིག་ལ་བལྟས་ནས་འདི་རྩིག་སྟེང་དུ་གཞག་ཐུབ་ན་བཟང་མོད། འོན་ཀྱང་མི་ཅུང་མང་ཞིག་མེད་ན་ཐབས་མི་འདུག་ཅེས་བཤད་ཚེ། མཁའ་འགྲོ་མཆོག་གིས་དེ་ལས་སླ་མོ་རེད་གསུངས་ནས་ཁོང་གཅིག་པུས་བང་སྟེ་རྩིག་སྟེང་དུ་བཞག།མ་ཟད་རྡོ་དེ་ལ་ཕྱག་སོར་ལྔ་པོའི་རྗེས་གསལ་བོར་དོད་པ་དེར་ཡོད་ཀུན་གྱིས་དངོས་སུ་མཐོང་ནས་ཐམས་ཅད་ངོ་མཚར་རབ་ཏུ་སྐྱེས་ཏེ་ལས་བྱེད་པ་མང་པོས་ཀྱང་མཁའ་འགྲོ་མཆོག་ལ་དེང་ཕྱིན་མནར་གཅོད་མི་བྱེད་པའི་དམ་བཅའ་སེམས་ལ་བཞག་པ་ཕྱིས་སུ་ཁོ་རང་རྣམས་ཀྱིས་བཤད། འོན་ཀྱང་ཆོས་ལ་སྡང་བའི་གང་ཟག་ཁ་ཤས་ཀྱིས་རྡོ་དེ་ལ་གཟུངས་ཀྱིས་བྲད་ནས་ཕྱག་རྗེས་མེད་པར་བྱས། ཡང་དགུན་ཁ་ཞིག་ལ་རྩིས་མདའ་ཞེས་པའི་ལུང་མདོར་ལས་བྱེད་པ་འགའ་ཞིག་གིས་འཐབ་རྩོད་དྲག་པོ་བྱས་ཤིང༌། སྐུ་གཅེར་བུར་ཕུད་ནས་ཕྱག་ལག་དང་ཞབས་རྐང་རྣམས་ཐ་གུས་དམ་པོར་བསྡམས་ཏེ་རྩིས་ཆུའི་དར་ཐོག་ཏུ་ནུབ་གཅིག་ལ་བཞག་ཀྱང་སྐུ་ལུས་ལ་གྲང་བའི་སྡུག་བསྔལ་ཅི་ཡང་མེད་པར་མ་ཟད་ཉེ་འཁོར་གྱི་ཆབ་རོམ་དག་ཞི་ནས་ཆུ་ཡང་དྲོན་པོར་གྱུར། ཡང་དབང་རུས་སྡེ་བའི་ཚ་ཁོ་བཟའ་མེ་རེ་ཞེས་པ་མཁའ་འགྲོ་ཚང་ལ་འོངས་བ་ན་མཁའ་འགྲོ་མཆོག་གིས་ངེད་གཉིས་ལྷན་དུ་རྟ་སྟོད་དུ་འགྲོ་གསུངས་ནས་སོང་བ་ན་རྟོད་ཕུར་རྡེབ་སྐབས་ཕུར་བ་དེ་ཕུར་རྡེབ་ཀྱི་སྟེང་དུ་ཐོན་པར་མེ་རེས་དངོས་སུ་མཐོང་བས་དད་པ་བརྟན་པོ་སྐྱེས། ཡང་ཉིན་ཞིག་གླིང་ཟ་སྒྲེས་ལོ་དང་ལྷན་དུ་ཤིང་འཐུ་རུ་སོང་སྐབས་སྒྲེས་ལོས་ཤིང་ཁུར་གཅིག་གཉིས་ཙམ་འཐུས་ལ། མཁའ་འགྲོ་མཆོག་གིས་ཅུང་ཟད་ཙམ་ཡང་མ་འཐུས་མོད། འོན་ཀྱང་འགྲོ་ཁར་ཤིང་ཁལ་བཅུ་ཕྲག་ལྷག་འཐུས་ནས་ཡོད་པ་དང༌། དེ་སྐབས་མཁའ་འགྲོ་མཆོག་གི་ཞབས་རྐང་ལ་རྡོ་གྲི་ཁ་ས་འཛུགས་མ་གཅིག་ལ་ཁེལ་ནས་རྨ་ཆེན་པོ་བྱས་ཤིང་ཁྲག་ཀྱང་མང་དུ་བཞུར། སྒྲེས་ལོ་སེམས་འཚུབ་ནས་རང་གི་སྐ་རགས་གཤར་ཏེ་དཀྲི་ཆས་བྱས་པ་ན་མཁའ་འགྲོ་མཆོག་གིས་འདི་མི་མ་ཡིན་པ་ཞིག་གིས་གནོད་པ་ཡིན་ཤས་ཆེ། སྒྲེས་ལོ་ཁྱོད་སོང་ལ་རྡོ་དཀར་ནག་ཁ་ཅིག་ཁྱེར་ཤོག་གསུངས། སྒྲེས་ལོས་རྡོ་དཀར་ནག་ཁ་ཤས་མདུན་དུ་བཞག་པ་ན་མཁའ་འགྲོས་རྡོ་རྣམས་ལ་ཁྲག་ཅུང་ཟད་རེ་བསྒོས་ཤིང་སྔགས་བརྒྱབ་ནས་ཡར་གཏོར་མར་གཏོར་བྱས་ཏེ་རྨ་ཁ་ཕྱག་གིས་བཀབ་སྟེ་ཅུང་ཟད་བསྡད་རྗེས། ད་རྨ་ཡོད་དམ་ཞེས་རྐང་མཐིལ་སྒྲེས་ལོ་ལ་བསྟན་པ་ན་རྨ་ཤུལ་ཙམ་ཡང་མི་འདུག་པས་ཡ་མཚན་ནས་རྨ་ཤུལ་ཙམ་ཡང་མི་འདུག་ཅེས་ཞུས། ཁོང་གིས་འདི་སུ་ལའང་བཤད་མི་རུང༌། ང་སྐྱོན་ལ་ཐོགས་ནས་ཉེས་ཆད་བྱེད་འོངས་ཞེས་གསུངས། སྤྱིར་ཞོར་ལས་ཀྱི་སྐབས་སུ་མཁའ་འགྲོ་ལ་མི་གཉིས་ཀྱི་ལས་ཀ་བྱེད་དགོས་པར་རྒྱ་མི་རྣམས་ཀྱིས་འགན་བཞག་ཡོད་མོད། འོན་ཀྱང་ཉིན་རེ་ལ་མི་གཉིས་མ་དགོས་བཅུ་ཕྲག་ལྷག་གིས་ཀྱང་འགྲུབ་མི་ཐུབ་པའི་བྱ་བ་བསྒྲུབས་ནས་ངོ་མཚར་བའི་ལྟད་མོ་མང་དུ་གནང་ཚུལ་ཡོད་དེ། དཔེར་ན་ཤིང་འཐུ་སྐབས་ཀྱང་ཐམས་ཅད་མཉམ་དུ་ཤིང་འཐུ་སར་སོང་ནས་གཞན་རྣམས་ཀྱིས་ཤིང་འཐུ་སྐབས་ཁོང་གིས་མི་འཐུ་བར་བཞུགས་འདུག་ཀྱང་དགོང་མོ་ཤིང་ཁལ་ལ་འགེལ་སྐབས་མི་གཉིས་ཀྱི་སྐལ་བའི་ཕྱོགས་ཙམ་ཡང་མི་ཚད་པར་ཤིང་ཁལ་བཅུ་ཕྲག་ཁ་ཤས་འཐུས་ནས་ཡོད་པ་དང༌། རྩྭ་ཐུན་ལ་འགྲོ་སྐབས་ཀྱང་ལས་བྱེད་རྣམས་ཀྱིས་མི་མཐོང་ཚེ་རང་གར་བཞུགས་འདུག་ཀྱང་རྩྭ་གཅི་ཁར་གཅི་ཅི་ཐུབ་བྱས་ན་ཆོག་པ་ཞིག་འཐུས་ནས་ཡོད་པ་དང༌། དེ་བཞིན་དུ་གྲོ་མ་རྐོ་བ་དང༌། རྩིད་པ་འཁལ་བ་དང༌། ཐ་གུ་བསླ་བ་དང༌། སྦྲ་རེ་འཐག་པ་སོགས་ལས་ཀ་གང་བྱེད་ཀྱང་ཁོང་ཉིད་སོས་དལ་བྱས་ནས་བསྡད་ན་དགོང་མོ་ལས་ཀ་ཉིས་ལོག་འགྲུབ་པར་མ་ཟད་ལྷག་མོ་ཡང་མང་དུ་བུད་འདུག་པ་དེ་སྐོར་གྱི་མི་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་ནས་མང་ཚོགས་རྣམས་དང་ལས་བྱེད་པ་ཐམས་ཅད་ཀྱིས་ནམ་རྒྱུན་ཏཱ་རེ་ལྷ་མོ་འགྲན་ཟླ་མེད་པས་དང་པོ་ཡིན་ཞེས་ཞིབ་དཔྱོད་མི་བྱེད་པར་དང་པོར་འཇོག་པ་དང༌། ཡང་སྐབས་འགའ་རེར་ཁྱོད་ལ་ལས་ཀ་བྱེད་རོགས་གཞན་ཞིག་ཡོད་པ་འདྲ་ཞེས་བཅར་རྡུང་ཡང་བྱེད་མྱོང༌།
ཡང་རྩིས་ཀྱི་མར་ཁུའི་ཀླས་ཞེས་པའི་ས་ཆར་ཨ་ཞར་རི་ནེ་ཚང་ཞེས་པའི་ཁྱིམ་བདག་མ་རྒྱ་སྒོ་ཟ་རིན་སྒྲོན་ཞེས་པ་ཟས་བཀག་གི་ནད་ཐེབས་ནས་རྩམ་ཐང་ཁམ་གང་ཙམ་ཡང་ཁོག་ཏུ་འགྲོ་མི་ཐུབ་པའི་ཚད་ལ་སླེབ་སྐབས། ཉིན་ཞིག་མཁའ་འགྲོ་རིན་པོ་ཆེ་ནད་འདྲི་ལ་བྱོན་ནས་ནད་གཞི་ཇི་ལྟར་ཡིན་ཚུལ་དྲིས་ཚེ་ཁྱིམ་བདག་རི་ནེས་རྩམ་ཐང་ཁམ་གང་ཙམ་ཡང་ཁར་མ་སོང་བར་ཉིན་ཁ་ཤས་ཡིན་པས་རེ་བ་མི་འདུག་ཅེས་བཤད། ཁོང་གིས་རི་ནེ་ཁྱོད་ཀྱིས་ངའི་ལག་ཏུ་རྩམ་པ་ཞིག་ཞོག་དང་ཡི་དྭགས་ཡིན་ཡང་ཅུང་ཟད་ཁ་ལ་འགྲོ་སྲིད་པས་མི་ལ་ལོས་འགྲོ། ཁྱད་པར་རིན་སྒྲོན་གྱིས་མུ་གེའི་དུས་སུ་ནུས་ཚོད་ཀྱིས་ངེད་མ་བུ་ལ་འཚོ་བའི་མཐུན་རྐྱེན་སྦྱར་བས་ལས་རྒྱུ་འབྲས་བསླུ་མེད་ཡིན་པས་འགྲོ་རྒྱུ་རེད་གསུངས་ནས་རྩམ་པ་དེ་འཕུར་ཞིང་སྔགས་བརྒྱབ་ནས་བྱིན་པས་རིན་སྒྲོན་གྱི་སེམས་ལ་གང་ལྟར་ཡང་ཁོག་ཏུ་འགྲོ་མི་སྲིད་ཀྱང་མཁའ་འགྲོས་གནང་བ་ཡིན་པས་ཚོད་བལྟ་བྱེད་དགོས་སྙམ་ནས་ཟོས་པ་ན་སྔར་ནད་མེད་པའི་སྐབས་བཞིན་ཁོག་ཏུ་སོང་ཞིང་།
དེ་ནས་བཟུང་སྨན་བཅོས་ཅི་ཡང་མ་བྱས་པར་ནད་གཞི་དེ་སངས་དྲག་ཏུ་སོང་བ་སྤུངས་ཡུལ་སྡེ་བ་ཀུན་གྱིས་ཤེས། ཡང་སྐོར་ཞིག་ལ་མཁའ་འགྲོ་མཆོག་གིས་དགོན་ཟ་སྒྲོན་མ་མཚོ་ལ་དེ་རིང་སྤྲུལ་མདོ་ལི་ཉི་མ་ཁྲིམས་ཁང་དུ་ཁྱེར་བའི་རྟགས་ཤིག་ཡོངས་ཐལ་གསུངས། སྒྲོན་མ་མཚོས་རྟགས་ཅི་ཞིག་འོངས་ཞེས་ཞུས་ཚེ།
ཁོང་གིས་ཅི་ཡང་མི་གསུང་པར་སྐུ་ཆིངས་ལ་མདུད་པ་དགུ་བརྒྱབ་ནས་མདུད་པ་རེ་རེ་ལ་མིང་སྙན་མོ་རེ་རེ་བཏགས་ཀྱང་མིང་ཇི་བཏགས་སྒྲོན་མ་མཚོས་ད་ལྟ་དྲན་མི་ཐུབ་ཟེར། སྐུ་ཆིངས་དེ་དང་གཞན་མཛུབ་དཀྲིས་དང་ཡི་གེ་སོགས་བླ་མ་ཐོད་པའི་ཕྱག་ཏུ་བཞག་ནས་ཁྱོད་ལུང་པའི་ཕར་ངོས་སུ་སོང་ལ་སྒུགས་སྡོད་དང་རྟ་ཁམ་ཁམ་ཅན་ཞིག་ཐོན་འོང་བས་དེའི་ལག་ལ་སྤྲོད་གསུངས། ཐོད་པས་དེ་ལྟར་ཕར་ངོས་སུ་སོང་ནས་བསྒུགས་ཚེ་སྨོན་ཤེས་བན་རྒན་པད་དགའ་ཞེས་པས་རྟ་ཁམ་ཁམ་ཞིག་ཞོན་ནས་མདོ་ལི་ཚང་གི་མདུན་དུ་འགྲོ་བ་དང་འཕྲད་པས་བཅའ་དངོས་རྣམས་དེ་ལ་སྤྲད། སྨོན་ཤེས་པད་དགས་མཁའ་འགྲོས་བསྐུར་བའི་དངོས་པོ་རྣམས་མདོ་ལི་ཚང་གི་ཕྱག་ཏུ་ཕུལ། སྤྲུལ་མདོ་ལིས་ཡི་གེའི་ནང་དོན་ངས་གོ་བྱུང་གསུངས་ནས་ཡི་གེ་དེ་ཕྱོགས་གཅིག་ཏུ་བཞག །མཛུབ་དཀྲིས་དང་སྐ་རགས་ཕྱག་ཏུ་བསྣམས་ནས་ཐུགས་དགྱེས་དགྱེས་མཛད་དེ་རྟེན་འབྲེལ་ཡག་པོ་འདུག །སྤྱིར་རྒྱ་མི་དག་གིས་ང་དེ་རིང་ཁྲིམས་ཁང་དུ་འཁྱེར་རྒྱུར་ཐག་བཅད་ཡོད་ཀྱང་ད་འགྲོ་དགོས་མ་ཐལ་གསུངས། ཡང་སྔོན་ཆད་སྨར་ཁོག་མདའ་ཐང་ཞེས་པའི་སར་རྒྱ་མི་རྣམས་ཀྱིས་ས་ཞིང་བཏབ་ཅིང༌། སྟོན་ཁར་མཁའ་འགྲོ་མཆོག་དང་བླ་མ་ཐོད་པ། ཐུགས་རྒྱུད་བཟང་སྐྱོང་སོགས་དེར་ནས་རྔར་སོང་སྟེ། མཁའ་འགྲོ་ཚང་དང་བཟང་སྐྱོང་སོགས་ཐབ་ཀ་གཅིག་བྱས་ནས་བསྡད་ཡོད་པའི་སྐབས་སུ་ཉིན་ཞིག་མཁའ་འགྲོ་མཆོག་ནས་རྔ་རུ་སོང་ཤུལ་ཏུ་པད་ཡག་སྤྲུལ་རིན་པོ་ཆེ་མདོ་ལི་ཉི་མས་བད་ཀན་གྱི་ནད་ཐེབས་ཡོད་པའི་ནད་པ་ཞིག་ཁྲིད་ནས་ཐོན། མཁའ་འགྲོ་མཆོག་ཕྱིར་ཁྱིམ་དུ་ལོག་པ་ན། ཁྱིམ་གྱི་སྨད་ཕྱོགས་སུ་ནས་སྒྱེ་གང་གི་ཐོག་ཏུ་མི་ཞིག་ཡར་འཁོར་ནས་བསྡད་ཡོད་པ་ན། ཁོང་གིས་ཐུགས་རྒྱུད་བཟང་སྐྱོང་འགའ་རེས་རོབ་གདོང་བསྟན་རྒྱས་ཡིན་པར་ཐོས་པའང་ཡོད་རེད་སྙམ་ནས་ཨ་མཚར་དུ་ཡ་རོ་རྒན་ཁྱོད་ལ་འདི་སྦྱིན་གསུངས་ནས་ཁུ་ཚུར་གྱིས་རོ་སྟོད་ལ་དྲག་ཏུ་བསྣུན་པ་ན་མི་དེ་ཁ་ཕྱིར་འཁོར་སྐབས་ངོ་མི་ཤེས་པ་ཞིག་ཡིན་པས་མཁའ་འགྲོས་ཞལ་ཅུང་ཟད་གནོང་ཚུལ་བསྟན། དེ་ནས་མཁའ་འགྲོ་མཆོག་གིས་ཇ་ཞིག་བླུད་པ་ན་དེ་མིད་དུ་སོང་ཞིང༌། རྩམ་པ་ཞིག་སྦྱིན་པ་ན་དེ་ཡང་ཁོག་པར་སོང་སྟེ། དེ་ནས་བཟུང་མི་དེའི་ནད་གཞི་སངས་དྲག་ཏུ་སོང༌། ཡང་ཉིན་ཞིག་པདྨ་རྫོང་གི་ཉེ་འདབས་སུ་མཁའ་འགྲོ་མཆོག་མི་མང་པོ་དང་ལྷན་དུ་ལས་ཀ་བྱེད་བཞིན་ཡོད་ཚེ་ངོ་མི་ཤེས་པའི་རྒད་མོ་ཞིག་གི་མིག་ནང་དུ་ལིང་ཏོག་མ་བུ་དགུ་བྱུང་ནས་ལམ་ཀྱང་ཆེན་པོ་མི་མཐོང་བ་ཞིག་ཐོན། མཁའ་འགྲོ་མཆོག་གིས་ཁྱོད་གང་དུ་འགྲོ་བ་ཡིན་ཞེས་དྲིས། རྒད་མོས་གནའ་སྔ་མོ་ཞིག་ལའང་ད་ལྟ་བཞིན་ངའི་མིག་ནང་དུ་ལིང་ཏོག་མང་པོ་བྱུང༌། དེ་སྐབས་མགར་བ་ཚང་གི་སྤྲུལ་སྐུ་དག་གི་དབུ་སྐྲས་བཤད་ཚེ་མེད་འགྲོ་བས་དེ་རིང་ཡང་ཁོང་རྣམ་པ་དག་གི་མདུན་དུ་འགྲོ་བ་ཡིན་ཟེར། མཁའ་འགྲོས་ཁྱོད་ཨ་པཾ་གཏེར་ཆེན་ལ་དད་པ་ཨེ་ཡོད་ཅེས་དྲིས། རྒད་མོས་ངས་མཇལ་མ་མྱོང་ཡང་དད་པ་ལོས་ཡོད་ཅེས་བཤད། འོ་ན་ང་ལ་ཨ་གཏེར་གྱི་དབུ་སྐྲ་ཞིག་ཡོད་པས་ཁྱོད་ཀྱི་མིག་བཤད་ཨེ་དགོས་ཞེས་དྲིས། རྒད་མོས་ཁ་དྲོ་རྒྱུ་མ་དེ་ལོས་དགོས་ཞེས་བཤད། དེ་ནས་མཁའ་འགྲོ་མཆོག་གིས་ལྐོག་ཏུ་ཁོང་གི་དབུ་ལྟག་ནས་སྐྲ་ཤད་མ་ཁ་ཤས་བཏོགས་ནས་རྒད་མོ་དེའི་མིག་ལ་བཤད་པས་ལོང་ཐོག་གཞི་ནས་སེལ་སོང་བ་དེར་ཡོད་ལས་ཀ་པ་ཡོངས་ཀྱིས་ཤེས།
ཡང་རིག་གསར་གྱི་སྐབས་ཉིན་ཞིག་ལས་བྱེད་པ་གཉིས་ཀྱིས་ཁོང་ལ་འཐབ་རྩོད་དྲག་པོ་བྱས་ཤིང༌། དེ་ནས་སྐུ་ལུས་ཀྱི་ན་བཟའ་ཡོངས་ཕུད་ནས་མེ་དྲོད་ཀྱིས་དམར་པོར་སོང་ཡོད་པའི་ལྕགས་སྒྱེད་སྟེང་དུ་འཕངས། ངའི་སེམས་ལ་དམྱལ་བའི་མེ་འདི་ལས་བརྒྱ་འགྱུར་སྟོང་འགྱུར་ལས་ཚ་ཡང་བཟོད་དགོས་ན་འདི་ཅིའི་ཕྱིར་མི་བཟོད་སྙམ་ནས་རིག་པའི་ངང་བརྐྱངས་ཚེ་ཚ་བའི་སྡུག་བསྔལ་ཅི་ཡང་མ་མྱོང་ཞེས་ཕྱིས་སུ་སྒྲོན་མ་མཚོ་སོགས་ལ་གསུངས། དེ་ལྟར་མནར་གཅོད་བྱེད་པའི་ལས་བྱེད་པ་གཉིས་ཀྱིས་ཀྱང་འདི་མི་གཞན་པ་ཞིག་དང་ཡེ་མི་འདྲ་ཞེས་ཕན་ཚུན་གཅིག་གིས་གཅིག་ལ་བསྙད་པར་བཤད།
ཡང་རིག་གསར་སྐབས་སྲིད་ཅུས་ཧ་ཅང་ཛ་དྲག་ཆེ་བའི་སྒང་ཞིག་ལ་མཁའ་འགྲོ་གཅིག་པུ་ཁལ་མ་འགའ་དེད་དུ་བཅུག་ནས་རྔ་ཡུལ་ལ་བཅའ་ལག་ལེན་དུ་བཏང༌། མཁའ་འགྲོས་རྔ་ཡུལ་ནས་བཅའ་དངོས་བླངས་ཏེ་ཕྱིར་འོངས་པའི་ལམ་བར་དུ་མི་ཞིག་གིས་ཀྱང་བཅའ་ལག་བླངས་ནས་འོང་བ་དང་འཕྲད། དེ་དང་མཉམ་དུ་འོང་ལ་མི་དེ་ནི་སྔ་དྲོ་རྣམས་སུ་ངག་བཅད་བྱས་ནས་བསྙེན་པ་བཟླ་བའི་དགེ་སྦྱོར་ཅན་ཞིག་རེད། ཁོང་གཉིས་ཥེ་ཆུའི་དར་ཐོག་ཏུ་ཐོན་སྐབས་རོགས་པའི་ཁལ་མ་གཅིག་དར་ཁུང་ནང་དུ་ལྷུང༌། ཅི་བྱ་གཏོལ་མེད་དུ་གྱུར་སྐབས། ཁོང་གིས་དར་ཁུང་ཁ་ནས་མར་བལྟས་ཚེ་ལག་གང་གི་མཚམས་སུ་སྒ་ཁུང་མཐོང་འདུག་པ་ན། སྒའི་དེའུའི་ནང་དུ་བཟུང་སྟེ་ཡར་འཐེན་ནས་གཡག་ཁལ་དང་བཅས་པ་དར་ཐོག་ཏུ་བླངས། རྗེས་སུ་མི་དེས་དེ་ཨ་པཾ་གཏེར་ཆེན་གྱི་སྲས་མོ་ཡིན་པ་ཐོས་ནས་ཆེད་དུ་མཇལ་བར་འོངས། སྐབས་དེར་མི་དེས་བཤད་རྒྱུར། ངས་དེ་དུས་ངོ་མཚར་བའི་བུད་མེད་རྒོད་པོ་ཞིག་རེད་བསམ་པ་ལས་དད་པ་སོགས་གང་ཡང་རྒྱུད་ལ་མ་སྐྱེས་ཞེས་ངུས། དེ་བཞིན་དུ་སྤྲུལ་བ་དུ་མར་འགྱེད་ནས་དུས་མཉམ་དུ་རྩིས་གཞུང་ན་ཡོད་པའི་མི་འགའ་རེས་རྩིས་ནང་དུ་བྱོན་པར་མཇལ་ཞིང་འབོས་གཞུང་ན་ཡོད་པའི་མི་འགའ་རེས་འབོས་ནང་དུ་བྱོན་པར་མཇལ་ཚུལ་སོགས་བཤད་སྲོལ་ཡོད་ཀྱང་དེ་ལྟར་མཇལ་མཁན་གྱི་མི་རྣམས་གང་དག་ཡིན་རྩད་མ་ཆོད།
ཡང་སྐོར་ཞིག་ལ་རྩིས་ཀྱི་ཡུང་ལུང་བར་མ་ཞེས་པའི་མདོར་མཁན་བསྟན་འཛིན་ཉི་མའི་ཕ་ཡབ་རོང་བ་སེམས་ཉིད་བད་ཀན་གྱི་ནད་གཞི་ལྕི་མོས་ཟིན་ལ། དེའི་སྟེང་ཁོག་སྐྲན་ཞིག་ཡོད་པ་ཞོ་འཐུང་ནས་རྡོལ་ཏེ་འཆི་ལ་ཐུག་སྐབས། ཉེ་འབྲེལ་འགའ་མཁའ་འགྲོའི་མདུན་དུ་སོང་ནས་རྒྱུ་མཚན་བཤད་དེ་སྨན་དཔྱད་ཇི་འདྲ་བྱས་ན་ལེགས་ཞེས་ཞུས་ཚེ། ཁོང་གིས་གཙང་ཆབ་ཅིག་གནང་ནས་འདི་འཐུང་དུ་ཆུག་དང་ཕན་ཐོགས་ཀྱང་དགོས་ལ་ཐོགས་ངེས་ཀྱང་ཡིན་ཞེས་གསུངས་པ་བཞིན་གཙང་ཆབ་དེ་འཐུང་དུ་བཅུག་པས་ནད་ལས་གྲོལ་བ་རོང་ཟ་གཡུ་ཆུང་དང་ཚོགས་རྩའི་ཨེ་སྲུང་སོགས་ཀྱིས་ཤེས། དེ་བཞིན་ཁྱིམ་མཚེས་རི་རོགས་སོགས་ཀྱིས་རྒྱུན་པར་གཞན་ནས་སྨན་འཐུང་ཕོག་ཙམ་ཡང་བཙལ་མི་དགོས་པར་ཁོང་གིས་སྨན་རིགས་དང་ཟས་རིགས་གང་བྱིན་ཐམས་ཅད་ཟོས་ཤིང་འཐུང་བས་ནད་གང་ཡིན་དེའི་གཉེན་པོར་སོང་ནས་ནད་དེ་སངས་དྲག་ཏུ་འགྲོ་བར་བཤད་དོ། །
དེ་བཞིན་དུ་རྟ་ཟོག་རྣམས་གློ་བུར་དུ་གཟེར་རྒོད་བརྒྱུགས་ནས་ཡར་ལ་ཁད་པ་རྣམས་ལ་ས་ལ་སྔགས་བཏབ་ནས་ཁར་བླུགས་ཚེ་དེ་མ་ཐག་ཏུ་གཟེར་ཞི་ནས་ནད་སངས་དྲག་ཏུ་འགྲོ་བ་སྟེ། དཔེར་ན་ཉིན་ཞིག་མ་རྩའི་རིན་སྐྱབས་ཚང་གི་འབྲུ་ཁམ་པ་ཞིག་ལ་གློ་བུར་དུ་གཟེར་བརྒྱུགས་ནས་ཤི་ལ་ཡོད་ཚེ་མཁའ་འགྲོ་མཆོག་གིས་ས་སྤར་གང་ལ་སྔགས་བརྒྱབས་ནས་ཁར་བླུགས་པས་སངས་དྲག་ཏུ་སོང་བ་ལྟ་བུ་སོགས་སོ། །ཐོག་མེད་ཨ་འཐས་འཁྲུལ་བའི་སྣང་བ་ཞེན་འཛིན་སྦུབ་ལས་གྲོལ་བའི་ཆེད། །ཡང་དག་ལམ་ལ་སྐུར་འདེབས་བྱེད་དག་ལོག་པའི་ལམ་ལས་སྐྱོབ་པའི་ཆེད། །རྗེས་འཇུག་སྐལ་ལྡན་ཡིད་ཀྱི་མཁའ་ལ་དད་པའི་ཟླ་འོད་གསལ་བའི་ཆེད། །ཆེད་དུ་སྣ་ཚོགས་རྫུ་འཕྲུལ་བཀོད་པས་སྣང་སེམས་དབང་བསྒྱུར་རྗེ་བཙུན་མ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དགུ་པ་མངོན་ཤེས་ཐོགས་པ་མེད་པས་གདུལ་བྱ་ཁ་དྲངས་ཚུལ། ཡང་སྔོན་མཉམ་ལས་ཀྱི་སྐབས་ཤིག་ལ་རྩིས་ཁོག་གི་རྩིས་མདའ་ཞེས་པའི་ལུང་མདོར་གཞུང་གི་བདག་གཉེར་ཁང་རྩིག་ཆེད་དུ་མཁའ་འགྲོ་མཆོག་དང་བླ་མ་ཐོད་པ། སྤུངས་ཡུལ་ཆུ་རྡོར། གླིང་སྐྱབས་ཐར། མ་རྩ་རྡོར་ཐར་སོགས་རི་ཆེན་དང་པོ་ཚང་གི་མི་མང་པོ་ཞིག་འདུས་ཏེ་གུར་ཀླད་ནག་ཅིག་ཕུབ་ནས་ཐམས་ཅད་མཉམ་དུ་བསྡད་ཡོད་པ་ན། མཁའ་འགྲོ་མཆོག་གིས་སྤོང་ཡུལ་ཆུ་རྡོར་ལ། ཁྱོད་ཉིན་བཅུའི་ནང་དུ་ཧ་ཅང་འཁྲུགས་ཉམས་ཤར་བས་ཁྱོད་ཀྱིས་ཚིག་བདུན་གསོལ་འདེབས་ཤེས་ན་དེ་འདོན་དགོས་གསུངས། དེ་ནས་ནུབ་ཅིག་ལ་ཆུ་རྡོར་གུར་སྒོའི་ནང་ལོག་ནས་ཡར་ཉལ་ཞིང་གཞན་པ་ཐམས་ཅད་གུར་ནང་དུ་ཕར་འཁོར་ཚུར་འཁོར་བྱས་ནས་ཉལ་བཞིན་པ་ན་སེ་ར་དྲག་པོ་ཞིག་བབ། ཅུང་ཞིག་ན་ཆུ་རྡོར་གྱིས་གཉིད་ལོག་བྱས་ནས་ཡར་ལང་སྟེ། འདིའི་མར་རྒྱབ་ན་འདོགས་མི་འཇོག་ན་མ་ཎི་དུང་ཞེས་མནའ་བསྐྱལ་ནས་འགྲོ་གྲབས་བྱེད་པ་ན། བླ་མ་ཐོད་པ་ཡར་བཞེངས་ནས་ཆུ་རྡོར་ཞེས་དྲག་ཏུ་བོས་ཏེ་ཁྱོད་ཀྱིས་ཇི་ཟེར། ཁྱོད་མར་ཉལ་ནས་ཁ་རོག་འདུག་ཨེ་ཐུབ་གི། ཁྱོད་ཤི་རྡུང་ཀོ་མཉེད་མཉེད་ཅིག་མི་བྱེད་ན་ཞེས་བཀའ་བཀྱོན་དྲག་ཏུ་མཛད་པ་ན། ཆུ་རྡོར་གཉིད་སད་ནས་ཅུང་ཟད་ངོ་གནོང་ཞིང་སྐྲག་བཞིན་ངས་གུར་ཐོག་གི་སེ་ར་དཀྲུག་དགོས་ཞེས་བཤད་པ་ཡིན་ཞེས་ཞུས། དེ་ནས་མཁའ་འགྲོ་མཆོག་གིས་ད་རྐྱེན་སེལ་བ་ཡིན། མགོ་སྟར་གསེས་བྱས་ཀྱང་མི་ཤི་གསུངས། གླིང་སྐྱབས་ཐར་སོགས་ཀྱིས་ཆུ་རྡོར་འདིས་སྐྲག་སྐྱེད་ཅིག་ཟེར་འདུག་པས་དོ་ནུབ་རང་ཅག་གི་བར་དུ་བསྙལ་ནས་གཟབ་གཟབ་མ་བྱས་ན་ངན་ཤི་བཙོག་ཡས་ཤིག་ལ་བུད་ཨེ་འགྲོ་ཞེས་བཤད་པ་ན། མཁའ་འགྲོ་མཆོག་གིས་མི་དགོས་ད་རྐྱེན་སེལ་བ་ཡིན་པས་ཅི་ཡང་མི་སྐྱོན་གསུངས།
ཡང་མ་རྩ་ཆོས་ཉིད་ཀྱིས་རང་གི་བཟའ་མི་ལྔ་པོའི་མགུལ་དུ་འདོགས་རྒྱུའི་མུ་ཏིག་ལྔ་བཟའ་མི་ལྔ་པོ་ལ་རེ་རེ་བཞིན་ངོས་བདག་བྱེད་དུ་བཅུག་ནས། ཆོས་ཉིད་ཀྱིས་མུ་ཏིག་ལྔ་པོ་བཟུང་སྟེ་མཁའ་འགྲོ་མཆོག་གི་དྲུང་དུ་བྱིན་རླབས་བྱེད་སར་སོང༌། མུ་ཏིག་དེ་རྣམས་མཁའ་འགྲོའི་ཕྱག་ཏུ་བཞག་པ་ན། ཁོང་གི་ཞལ་ནས། འདིའི་ནང་གི་མུ་ཏིག་ཧྲེ་ལེ་ལེ་འདི་སུའི་རེད། དེའི་བདག་པོ་ཧ་ཅང་འཁྲུགས་འདུག་གསུངས། ཆོས་ཉིད་ཀྱིས་མུ་ཏིག་དེ་ངའི་བུ་མོ་འབྲུག་སྐྱིད་ཅེས་པའི་ཡིན་ཞུས། ཁོང་གིས་རིམ་གྲོ་བསྒྲུབ་དགོས་ཞེས་གསུངས། དེ་ནས་ཆོས་ཉིད་ཀྱིས་སྐྱབས་རྟེན་ཞིག་ཕུལ་ཏེ་བུ་མོ་དེ་ཁྱེད་ལ་སྐྱབས་པ་ཡིན་ཞེས་ཞུས། དེ་ནས་ཆོས་ཉིད་ཚང་གི་རི་འབོས་ཀྱི་རྫ་རྒན་མའི་མར་ཕྱོགས་སྲིབ་ཕྲ་མ་ཞེས་པའི་ལུང་མདོར་དབྱར་སའི་ཐོག་ལ་བསྡད་ཡོད་ཚེ། བུ་མོ་འབྲུག་སྐྱིད་ཡ་རུ་རྣམས་ཀྱི་རྫི་བོར་སོང་སྐབས་ཚགས་གློག་བྱས་ནས་འབྲུག་སྐྱིད་ལ་ཐོག་གིས་བརྒྱབ་སྟེ། ཕྱིའི་གོས་རྣམས་ཐོག་ཆུས་ཚལ་བ་ཚལ་བར་བྱས་ཀྱང་ལུས་ལ་གནོད་པ་ཅུང་ཟད་ཙམ་ཡང་མ་ཐེབས་པས་བཟའ་མི་རྣམས་ཀྱིས་མཁའ་འགྲོ་མཆོག་གི་བྱིན་རླབས་ཡིན་པར་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ།
ཡང་གནའ་སྔ་མོ་མཉམ་ལས་ཀྱི་སྐབས་སྲིད་ཅུས་ལ་ཛ་དྲག་ཧ་ཅང་ཆེ་བའི་སྐོར་ཞིག་ལ་སྤུངས་ཡུལ་ཚོ་བའི་མ་རྩ་ཚེ་པོ་སོགས་ཀྱིས་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཉི་མ་བོས་ནས་མཎྜལ་གྱི་རྟེན་དུ་ཡོད་ཚོད་ཀྱིས་ཀར་ཡོལ་དང་ནང་ལ་སོགས་བཅའ་དངོས་འགའ་རེ་ཕུལ། དེ་ལས་བྱེད་པ་འགས་ཐོས་ནས་སྤུངས་ཡུལ་སྡེ་བའི་མི་ཡོངས་རྫོགས་ཡུལ་ཤོག་གི་སྟེང་དུ་བསྡུས་ཏེ། དེང་སང་རྩོག་སྡས་ལ་པད་བཟང་སོགས་ཀྱིས་ཡི་གེ་སློབ། ཚེ་པོ་སོགས་ཀྱིས་རྒྱུ་ནོམ་མང་པོ་སྦྱིན་ནས་ཁོ་སྤྲུལ་སྐུ་ཉིད་དུ་སྐྱེད་སང་བྱེད་གི་ཡོད། རྩོག་སྡས་བརླག་རྒན་ཁོས་ཤི་གསོན་གྱི་རྒྱུ་མང་པོ་བླངས་ཏེ་སྤྱི་བཞོགས་བྱེད་པ་འདི་རྩ་བ་ནས་མི་འགྲིག་ཟེར་ནས་སྐྱོན་བརྗོད་མང་དུ་བྱས། དེ་ལྟར་ལོ་གཉིས་ཀྱི་བར་སྤྲུལ་རིན་པོ་ཆེ་ལ་སྐོར་མང་པོར་སྐྱོན་བརྗོད་བྱས་པ་ན་ཉིན་ཞིག་མཁའ་འགྲོ་མཆོག་གིས་གླིང་པད་བཟང་ལ་ཕྱག་ཡིག་ཅིག་འབྱོར། དེའི་ནང་དུ་སྤྲུལ་རྩོག་སྡས་མཆོག་ཉི་མ་སྤྲིན་ལས་གྲོལ་བ་བཞིན་མྱུར་དུ་སྐྱོན་ལས་ཐར་འགྲོ་བས་སེམས་ཁུར་ཅི་ཡང་མི་དགོས་གསུངས་ཡོད་པ་ན། ཤིན་ཏུ་དགའ་སྟེ་སྤྲུལ་རྩོག་སྡས་བོས་ནས་ཁོང་ལའང་ཞུས། དེ་ནས་ཉིན་འགའ་སོང་རྗེས་མཁའ་འགྲོ་མཆོག་གིས་གསུངས་པ་ཇི་བཞིན་སྤྲུལ་རིན་པོ་ཆེ་སྐྱོན་ལས་གྲོལ་བ་དང༌།
ཡང་སྐོར་ཞིག་ལ་རྩིས་དགོན་དུ་ཨ་པཾ་གཏེར་ཆེན་གྱིས་བཞེངས་པའི་རྡོར་སེམས་ལྷ་ཁང་གི་ནང་རྟེན་གཙོ་བོ་རྡོར་སེམས་མཐོང་བ་རང་གྲོལ་བཤིག་དགོས་ཞེས་ལས་བྱེད་པ་དག་གིས་བཙན་ཤེད་ཀྱིས་བཤིག་ཏུ་བཅུག་སྟེ། ཞྭ་ནག་ཅན་རྣམས་ལ་བཤིགས་ཟིན་པའི་ས་རྣམས་མར་གད་འོག་ཏུ་སྐྱེལ་ཏུ་བཅུག་པ་ན། མཁའ་འགྲོ་མཆོག་གིས་ད་སྐབས་རྡོར་སེམས་མཐོང་བ་རང་གྲོལ་བཤིགས་ནས་ས་རྣམས་མར་སྐྱེལ་བའི་སྐབས་ཡིན་མོད། འོན་ཀྱང་མ་འོངས་པ་ན་ལྷ་འདི་ཡར་བཞེངས་གྲབས་ཀྱིས་ས་ཡར་སྐྱེལ་བའི་སྐབས་ཤིག་ཀྱང་ངེས་པར་འོང་བས་དེ་སྐབས་སྔོན་མ་བྱས་ནས་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་དགོས་ཞེས་ཨ་པཾ་ཟ་ཆུང་སྡས་ལ་གསུངས་པ་ཇི་བཞིན་ཆོས་ལུགས་ལྷོད་ཡང་བྱུང་ནས་ཡར་བཞེངས་ཤིང༌། དེ་ཡང་ཕྱིའི་ལྷ་ཁང་ལ་སྤོང་ཡུལ་སྡེ་བ་སྤྱི་དང་སྔོན་གྱི་ཞྭ་ནག་པ་རྣམས་ཀྱིས་འབྲེལ་འཇོག་བྱས་ནས་བཞེངས་ཤིང༌། ནང་རྟེན་རྡོར་སེམས་ཀྱི་སྐུ་སོགས་མཁའ་འགྲོ་མཆོག་གིས་ཕྱག་རྒྱུ་གནང་ནས་བཞེངས་པ་དང༌། དེ་བཞིན་དུ་ཡང་མཉམ་ལས་ཀྱི་སྐབས་སུ་སྤུངས་ཡུལ་སྡེ་བའི་མི་རྣམས་འདུས་ནས་རྩིས་མདའི་དགོན་ཤུལ་དུ་ཡུལ་ཤོག་གི་ཁང་པ་བྱེད་བཞིན་པ་ན། མཁའ་འགྲོ་མཆོག་གིས་སྤྲུལ་འཇམ་དབྱངས་ཉི་མ་ལ། ད་སྐབས་རང་རེའི་དགོན་པ་འདི་རྩ་བ་ནས་བཤིགས་ཏེ་འདི་ན་ཁང་ཤུལ་ཙམ་ལས་ལྷག་མེད་ཀྱང་མ་འོངས་པ་ན་ཨ་ཇོ་གཏེར་ཆེན་གྱིས་བཞེངས་པའི་རྡོར་སེམས་ལྷ་ཁང་སོགས་བསྐྱར་བཞེངས་བྱས་ནས་དགོན་པ་འདིའི་ཕྱིའི་རྟེན་བཞེངས་དང༌། ནང་དགེ་འདུན་པའི་སྡེ་དང༌། བཤད་སྒྲུབ་ལས་གསུམ་སོགས་གང་ཐད་ནས་སྔོན་ཆད་ལས་ཀྱང་ལྷག་པ་ཞིག་འོང་བ་ལ་ཐེ་ཚོམ་མི་དགོས་གསུངས་པ་དང༌།
ཡང་སྐོར་ཞིག་ལ་མགོ་ལོག་དབང་མདའ་སྡེ་བའི་འོབ་ངན་མའི་ཐང་ཞེས་པར་ནམ་སྤྲུལ་རིན་པོ་ཆེ་དང་མཁའ་འགྲོ་རྣམ་གཉིས་ཀྱིས་ལྷ་སྡེ་ཡོངས་ལ་ཆོས་གསུངས་སྐབས་ཉིན་ཞིག་གི་ནངས་མོར་སྤྲུལ་མཆོག་དབྱིངས་མདུན་དུ་བོས་ནས་དེ་རིང་ནས་བཟུང་ཐང་འདིའི་མིང་ཆོས་ཁྲིའི་ཐང་ཞེས་འབོད་དགོས་ལ། མ་ཟད་གནས་འདི་ལ་མཆོད་རྟེན་ཞིག་བཞེངས་ཐུབ་ན་བསྟན་འགྲོ་སྤྱི་ལ་ཕན་པར་གསུངས། དེ་ནས་མཁའ་འགྲོ་མཆོག་གིས་སྤྲུལ་མཆོག་དབྱིངས་ལ་ངེད་གཉིས་མཆོད་རྟེན་གྱི་ས་འཚོལ་དུ་འགྲོ་དང་ས་གནས་གང་ཡིན་རྟགས་ཤིག་ཡོད་ཐག་ཆོད་ཡིན་གསུངས་ནས་མཉམ་དུ་བྱོན་ཚེ། དེ་དུས་དགུན་ཁར་ཡིན་ཡང་གསར་དུ་བཞད་པའི་མེ་ཏོག་སེར་ཆེན་འདབ་མ་བརྒྱད་ཅན་ཞིག་ཡོད་པ་དེར་ས་གནད་དུ་ངོས་བཟུང༌། ཡང་སྐོར་ཞིག་བླ་མ་ཐོད་པ་དང་མགོ་ལོག་ཀ་དབྱིངས་གཉིས་ཤིང་འཐུ་རུ་སོང་སྟེ། སྔ་དྲོ་རྡོ་ཆུ་བརྒལ་ནས་བཙུན་མོ་ཞེས་པའི་གནས་རིའི་ངོས་ནས་ཤིང་འཐུས་པ་ན། ཕྱི་དྲོ་ཙམ་ལ་གློ་བུར་དུ་སྤྲིན་འཁྲིགས་ཤིང་དྲག་ཆར་བབས་པས་རྡོ་ཆུ་རྡབས་འགྱུར་གྱིས་ཇེ་ཆེར་སོང་ནས་བརྒལ་མ་ནུས། དེ་ནས་བྱ་ཐབས་གཞན་མ་རྙེད་དེ། མཁའ་འགྲོ་མཆོག་ལ་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་ཆུ་ལ་བརྒལ་བས་ཚགས་མེད་དུ་ཕ་རོལ་ལ་སླེབས། ཕྱིར་ཁྱིམ་དུ་འབྱོར་ཚེ་མཁའ་འགྲོ་མཆོག་གིས་ཁྱེད་གཉིས་ཆུ་ལ་བརྒལ་མ་ཕོད་ནས་སྐད་ཆེན་པོས་ང་ལ་འབོད་དགོས་མ་བྱུང་ངམ་ཞེས་བཞད།
ཡང་སྐོར་ཞིག་རྩིས་ཀྱི་མར་ཁུའི་ལྷས་སུ་མཁའ་འགྲོ་ཚང་དང་ཝ་ཤུལ་སྦྱིན་ཁོ་ཚང་སོགས་མཉམ་དུ་ཡོད་སྐབས་ཉིན་ཞིག་རྩོག་སྡས་ཀྱིས་ལྟོ་ལེ་གནག་ཕྱུགས་གཡག་དང་མཛོ་མོ་བསྡེབས་པ་ལས་བྱུང་བའི་སེམས་ཅན་ཞིག་ཞོན་ནས་མཁའ་འགྲོ་ཚང་དུ་ཐོན། བླ་མ་ཐོད་པས་རྩོག་སྡས་ལ་རྒྱ་མིའི་ལྭ་བ་གྱོན་ནས་སྒྲ་སྡུད་ལག་ཏུ་བཟུང་བའི་མ་རུང་བ་ཞེས་བསྡིགས་སྨོད་བྱེད་ཚེ། མཁའ་འགྲོ་མཆོག་གིས་ཐོད་པ་ལ། དེ་ལྟར་མ་ཟེར་མ་གཏོགས། འདི་ནི་མ་འོངས་པ་ན་ངེད་ཚང་གི་དགོན་པའི་བདག་པོ་ཡིན་གསུངས། དེ་དུས་ཀྱི་རྩོག་སྡས་ནི་ད་ལྟ་རྩིས་མདའ་དགོན་གྱི་དགོན་བདག་སྤྲུལ་འཇམ་དབྱངས་ཉི་མ་ཡིན། ཡང་རྩིས་ཀྱི་མར་ཁུའི་ལྷས་སུ་མཁའ་འགྲོ་ཚང་དང༌། ཚོགས་རྩ་སྐྱབས་གྲོལ་ཚང༌། ཝ་ཤུལ་སྦྱིན་ཁོ་ཚང་རྣམས་ལྷན་དུ་ཡོད་སྐབས། རུ་ཆེན་གཉིས་པའི་འགོ་བ་སྐྱབས་གྲོལ་གྱི་ཆུང་མ་ཚ་ཁོ་བཟའ་ཞེས་མཛུགས་ཞེས་པས་རྒྱུན་པར་ཁ་མི་སོས་ཚུལ། རྒྱབ་མི་ཁེབ་ཚུལ་སོགས་སྡུག་སྨྲེས་སྣ་ཚོགས་བཏོན་ཚེ། མཁའ་འགྲོ་མཆོག་གིས་རྒྱུ་དང་གོ་གནས་འདི་ཙམ་ཡོད་ཀྱང་ཆོག་ཤེས་སྤུ་ཙམ་རྒྱུད་ལ་མི་སྐྱེ། ལོ་གཉིས་གསུམ་ལས་ཚེ་མེད་ཀྱང་སྨྲེ་སྔགས་ཁོ་ནས་དུས་འདའ་བས་སྙིང་རེ་རྗེ་གསུངས་པ་བཞིན་ལོ་གསུམ་མ་ལོངས་ཙམ་ནས་ཤི་བ་དང༌།
ཡང་ཉིན་ཞིག་ན་སྤུངས་ཡུལ་ཚང་གི་གླིང་པད་བཟང་མཁའ་འགྲོ་རིན་པོ་ཆེའི་མདུན་དུ་སོང༌། ནུབ་མོ་དེར་ཞག་ཏུ་བསྡད་པ་ན་ནམ་སྨད་ཙམ་ན་མཁའ་འགྲོས་དབུ་ཡར་བཀྱགས་ནས་ཙོག་པུར་སྐྱབས་འགྲོ་གསུང་བཞིན་བཞུགས་པར་མཐོང༌། ཕྱིའི་ནངས་མོ་པད་བཟང་གིས་མཁའ་འགྲོ་ཁྱེད་མདང་ནུབ་མོ་ཙོག་པུར་བསྡད་ནས་བཞུགས་པ་སྐུ་བསྙུང་ངམ་ཅི་ཡིན་ཞེས་དྲིས་ཚེ། ཁོང་གི་ཞལ་ནས། ང་ལ་རོབ་གདོང་དཔལ་རྩལ་གྱིས་ཡང་ཡང་བོས་ནས་གཉིད་མ་འཇུག་པ་ཡིན་ཞེས་གསུངས། ཕྱིས་སུ་པད་བཟང་གིས་དཔལ་རྩལ་ལ་དྲིས་ཚེ། ཁོ་པདྨ་རྫོང་དུ་འབྲུ་ནས་ལེན་དུ་སོང་བ་ན་མཚན་མོ་ཁལ་མ་རྣམས་བོར་ཞིང༌། ཤིང་གསེབ་ཏུ་འཚོལ་དུ་སོང་བ་ན་ང་རང་ཡང་གཅན་གཟན་གྱིས་ཟ་ཤས་ཆེ་སྙམ་ནས་འཇིགས་སྐྲག་སྐྱེ་བཞིན་མཁའ་འགྲོ་ཏཱ་རེ་ལྷ་མོ་མཁྱེན་ཞེས་གསོལ་བ་ཡང་ཡང་བཏབ་པ་ཡིན་པར་བཤད། བར་སྐབས་སུ་སྨྲས་པ། གང་ལ་དད་པའི་སྐྱེ་བོ་རེ་རེས་འདི་དང་ཕྱི་མའི་འཇིགས་ཚོགས་ལས། །སྐྱོབས་པར་རེ་བའི་གསོལ་འདེབས་ཡོད་ཚད་སོ་སོར་མ་འདྲེས་སྙན་ལ་གསན། །མ་བཅོས་བརྩེ་བའི་དགོད་གཏམ་དག་ཀྱང་འབྱུང་འགྱུར་སྟོན་པའི་ལུང་ཡིན་པས། །དུས་གསུམ་སྒྲིབ་མེད་ཅིག་ཆར་གཟིགས་པའི་འཕགས་མ་ཁྱེད་ལ་སུ་མི་དད། །ཡང་རྩིས་ཀྱི་རི་དར་ཞེས་པའི་ལུང་པའི་མར་ལག་གི་ནང་དུ་མཁའ་འགྲོ་ཚང་དང་དགོན་པའི་ཨ་ཆུང་ཚང་སོགས་མཉམ་དུ་བསྡད་ཡོད་ཚེ། ཉིན་ཞིག་ཨ་ཆུང་ཚང་གི་བུ་སྦྱིན་ལོ་ཕྱུགས་ཟོག་འཚོ་རུ་སོང་སྟེ་རི་དར་མར་ལག་གི་སྲིབ་ཕྱོགས་རྡོ་ཕ་བོང་གཅིག་གི་རྩར་གཉིད་ལོག་པ་ན། སྐྱ་མི་མང་པོ་ཞིག་ཐོན་ནས་ཁྱོད་འགྲོ་རན་ཐལ། ད་འགྲོ་ད་འགྲོ་ཞེས་བྲེལ་ཚུབ་ཆེ་ཆེ་བྱས་ཤིང༌། རྟ་ནག་ནག་ཞོན་པ་ཞིག་གིས་ཁོ་བོའི་རྟ་འཕོངས་ལ་མྱུར་དུ་ཞོན་ཟེར་ཚེ། སྦྱིན་ལོས་ཀྱང་འགྲོ་དགོས་སྙམ་ནས་འགྲོ་གྲབས་བྱེད་པ་ན། སྦྱིན་ལོའི་མགུལ་དུ་སྔོན་མཁའ་འགྲོ་མཆོག་གིས་ཐ་གུ་དཀར་ནག་གཉིས་ཀྱིས་མདུད་པའི་སྲུང་སྐུད་ཅིག་བཏགས་ཡོད་པས་མཁའ་འགྲོ་མཆོག་བྱོན་ཏེ་ངས་སྔར་ཁྱོད་ལ་བྱིན་ཡོད་པའི་སྲུང་མདུད་དེ་ང་ཕྱིར་ལ་དགོས་ཞེས་བཤད་པར་སྣང༌། སྦྱིན་ལོའི་སེམས་ལ་སྦྱིན་འཕྲོག་བྱེད་པ་ཡིན་སྙམ་སྟེ་སྦྱིན་སྦྱིན་ཞུས་ནས་སྐེར་མྱང་ནས་མདུད་པ་བཙལ་བ་ན་གཉིད་སད་སོང༌། དེ་ནས་ཕྱུགས་ཟོག་རྣམས་དེད་ནས་མར་ཁྱིམ་དུ་ལོག་པ་ན་ལམ་བར་ནས་མཁའ་འགྲོ་མཆོག་ཐལ་བ་ཞིག་འདོར་དུ་འོང་བ་དང་འཕྲད་ནས་མཁའ་འགྲོས། ཞི་ལུ་ཞེས་བོས་ནས་ཁྱོད་ཅང་ན་བར་མི་འདུག་གམ་ཞེས་གསུངས། སྦྱིན་ལོས་མི་འདུག་ལགས་ཞེས་ཞུས། ཕྱི་ཉིན་ནངས་སྔ་མོར་སྦྱིན་ལོ་རྫི་བོར་འགྲོ་སྐབས་མཁའ་འགྲོ་མཆོག་གིས་མཐོང་ནས་ཞི་ལུ་ཞེས་བོས་ཏེ། རྫི་བོའི་ས་ནས་གཉིད་མ་འདུག་གསུངས། དངོས་གནས་མཁྱེན་འདུག་སྙམ་ནས་ངོ་མཚར་ཏེ་ཨོ་ལགས་སོ་ཞུས།
ཡང་རིག་གསར་སྐབས་ཉིན་ཞིག་རྩིས་ཀྱི་ཡུང་ལུང་བར་མ་ཞེས་པའི་ལུང་མདོར་མཁའ་འགྲོ་མཆོག་དང༌། དགེ་མང་སྐྱབས་མགོན། མ་རྩ་ཟླ་འོད་སོགས་ཞྭ་ནག་ཅན་རྣམས་སློབ་གསོ་སྤྲད་ཕྱིར་བསྡུས་ནས་ཚོགས་འདུ་ཞིག་འཚོགས་གྲབས་བྱེད་པའི་སྐབས་སུ། མཁའ་འགྲོ་མཆོག་དང་དགོན་པའི་སྦྱིན་ལོ་གཉིས་དེ་དང་ཐག་མི་རིང་བའི་སར་བསྡད་པ་ན། རྩིས་ཁོག་ཐུར་ལ་ཁལ་མ་དེད་མཁན་ཞིག་འོང་བར་མཐོང༌། མཁའ་འགྲོའི་ཞལ་ནས། ཁལ་འདེད་དེས་དེ་རིང་ངེས་པར་རྡུང་ངན་ཞིག་སྡིག་སྒྲིབ་ཁུར་མནའ་བསྐྱལ་བ་མི་རགས་གི་ན་ཞེས་གསུངས། དེ་ནས་ཁལ་དེད་དེ་མར་འོང་ནས་ཚོགས་འདུ་འཚོགས་ཡོད་པའི་དྲུང་དུ་སླེབས་པ་ན་མི་གཉིས་ཡོད། དེ་ནི་གྱི་ལོང་སྡེ་བའི་རྡོ་བ་པོ་སྡས་དང༌། དཔལ་སྐྱབས་གཉིས་ཡིན་པར་སྣང་ཟེར། དེ་གཉིས་ཀྱིས་ཚོགས་འདུ་ལ་ཅུང་ཟད་བལྟས་པ་ན། འགོ་འཛིན་པ་སོགས་ཀྱིས་ཅི་ཞིག་བལྟ་རྒྱུ་ཡོད་ཟེར་ནས་བརྡུང་རྡེག་དྲག་པོ་བྱས། སྦྱིན་ལོའི་སེམས་ལ་མཁའ་འགྲོས་གསུངས་པ་ཇི་བཞིན་གྱུར་སོང་སྙམ་ནས་ངོ་མཚར་རབ་ཏུ་སྐྱེས། ཡང་སྤུངས་ཡུལ་ཆུ་རྡོར་དང༌། གླིང་ནོར་འཛིན། བྱོ་ཟ་ཚེ་ལྷ། སྤུངས་ཡུལ་ཟ་གཡང་འཛོམས་སོགས་རྡོའི་རི་ཟབ་ཀྱི་ལ་བསགས་ཞེས་པའི་ལུང་མདོར་གྲོ་མ་རྐོ་རུ་སོང་བ་ན། ཉིན་ཞིག་ཁ་བ་བབས་ཏེ་གྲོ་མ་རྐོ་རྒྱུ་མ་བྱུང་ནས་ཐམས་ཅད་ཁྱིམ་དུ་བསྡད་དེ་རྩེད་མོ་བརྩེས་པ་ན་མཁའ་འགྲོ་མཆོག་གིས་མ་འོངས་པ་ན་སྤུངས་ཡུལ་ཚང་གི་རྒྱུ་བགོ་ས་བགོ་བྱེད་པས་དེ་སྐབས་རྒྱན་ཇི་ལྟར་འཐོབ་དེ་རིང་བལྟ་དགོས་གསུངས་ནས།
དང་པོ་རྒྱུ་རྒྱན་འཕངས་པ་ན་ཆུ་རྡོར་ལ་རྒྱུ་རྒྱན་ལེགས་པོ་ཐོབ་པ་དང༌། དེ་ནས་ས་རྒྱན་འཕངས་པ་ན་ས་རྒྱན་མ་ཐོབ་པས་མཁའ་འགྲོ་མཆོག་གི་ཞལ་ནས། ཁྱོད་མ་འོངས་པ་ན་རྒྱུ་རྒྱན་ཐོབ་ལ་རྒྱུ་འབྱོར་བ་ཅན་ཞིག་ཏུ་འོང་བ་དང༌། ས་རྒྱན་ངན་པ་ཞིག་ལས་མི་འཐོབ་ངེས་ཅན་རེད་གསུངས་པ་ན། ཆུ་རྡོར་གྱིས་རྒྱུ་ཡོད་ན་ས་རང་གིས་ཉོས་ན་ཆོག་ཅེས་ཞུས། རྗེས་སུ་རྒྱུ་བགོ་སྐབས་ཆུ་རྡོར་ལ་རྒྱུ་རྒྱན་ལེགས་པོ་ཐོབ་ཅིང་རྒྱུ་འབྱོར་བ་ཅན་ཞིག་ཏུ་གྱུར་ཅིང༌། རུ་ཆུང་དེའི་ནང་ནས་ས་དེ་ལས་ངན་མེད་པ་ཞིག་ལས་མ་ཐོབ་པས་ཉོ་དགོས་བྱུང་བ་དང༌། ཡང་རིག་གསར་སྐབས་མཁའ་འགྲོ་མཆོག་གིས་རྡོ་གྲུབ་སྤྲུལ་སྐུ་རིག་ལོ་དང་མདོ་ལི་ཉི་མ་སོགས་ཀྱི་སྐུ་པར་ཡོད་པའི་མར་ཕོར་ཆུང་ངུ་ཞིག་སྤུངས་ཡུལ་རོབ་གདོང་ཟ་ཏཱ་རེ་ལ་བཅོལ། ཏཱ་རེས་དེ་གཞན་གྱིས་མཐོང་དུ་དོགས་ཏེ་ནས་སྒྲོ་བ་གང་གི་རྐུབ་ཏུ་བཅུག་ནས་བཞག །མཁའ་འགྲོས་མར་ཕོར་དེ་གར་བཞག་ཡོད་མི་ཤེས་ཀྱང་ཉིན་ཞིག་མར་ཕོར་དེ་ལེན་དུ་འོང་བ་ན་ཏཱ་རེ་གཞན་དུ་སོང་བས་ཁྱིམ་ན་མི་འདུག།ཁྱིས་འཛིན་དུ་དོགས་ནས་སྦྲ་སྒོ་ནས་ཡར་མ་འཛུལ་བར་སྦྲ་རྒྱབ་ནས་མར་འཛུལ་ཏེ་མར་ཕོར་དེ་ཁྱེར་ནས་སོང༌།
དེའི་འཕྲོ་ནས་ཏཱ་རེ་ཁྱིམ་དུ་སླེབ་སྐབས་མཁའ་འགྲོ་བྱོན་ཏེ་ཁོང་གི་ཞལ་ནས། མར་ཕོར་དེ་གར་བཞག་ཡོད་ངས་ཤེས། ང་སྦྲ་སྒོ་ནས་ཡར་འཛུལ་རྒྱུ་ཁྱིས་འཛིན་དུ་དོགས་ནས་སྦྲའི་ཕུག་ནས་མར་འཛུལ་ཏེ་མར་ཕོར་དེ་ངས་ཁྱེར་ནས་སོང༌། ཁྱེད་ཀྱིས་བོར་སོང་སྙམ་ནས་སེམས་ཁུར་བྱེད་ཤས་ཆེ་བས་བཤད་དུ་འོང་བ་ཡིན་ཞེས་གསུངས། མར་ཕོར་དེར་བཅུག་པ་གཞན་སུས་ཀྱང་མ་མཐོང་ཞིང་སུ་ལའང་བཤད་མ་མྱོང་བས་ཁོང་གིས་མཁྱེན་ནས་ཁྱེར་སོང་བར་ཤེས་ནས་ཏཱ་རེའི་སེམས་སུ་དད་པ་སྐྱེས། ཡང་སྤུངས་ཡུལ་ཚོ་བའི་མགོ་ལོག་རྟེན་བཟང༌། མ་རྩ་པོས་པོས། དགེ་མང་སྐྱབས་མགོན་རྣམས་མགོ་ལོག་དར་ལག་རྫོང་དུ་བཅའ་དངོས་ལེན་དུ་འགྲོ་གྲབས་བྱེད་སྐབས་ཁལ་མས་མ་འདངས་ནས་མཁའ་འགྲོ་ཚང་ལ་ཁལ་མ་གཅིག་གཡར་ནས་སོང༌། ཁོ་ཚོ་རྣམས་ལམ་བར་དུ་རྐུ་བྱེད་དུ་སོང་ནས་བདག་པོས་བཟུང་སྟེ་འཇལ་སྤྲད་དགོས་བྱུང་ནས་མཁའ་འགྲོ་ཚང་གི་ཁལ་མ་དེ་འཇལ་ལ་ཤོར། ཕྱིར་རང་ཡུལ་དུ་ལོག་ནས་མཁའ་འགྲོ་ཚང་ལ་སོང་སྐབས་མཁའ་འགྲོ་མཆོག་གིས་ཤིང་ཁུར་ཞིག་ཁུར་ནས་ཁྱིམ་དུ་བྱོན་པ་དང་འཕྲད། རྟེན་བཟང་གིས་མཁའ་འགྲོ་མཆོག་ལ་ཁྱེད་ཀྱི་ཁལ་མ་དེ་ལམ་བར་དུ་དར་ཐོག་ཏུ་སྟུག་ཚིགས་ཕུད་ནས་ཤི་སོང་ཞེས་བཤད། མཁའ་འགྲོ་མཆོག་གིས་ཅང་མི་སྐྱོན་ཞེས་གསུངས། ཡིན་ནའང་རྟེན་བཟང་གིས་མནའ་བསྐྱལ་ནས་ཡིན་ཚུལ་བརྗོད། མཁའ་འགྲོས་མནའ་བསྐྱལ་མི་དགོས་ཞེས་གསུངས། རྟེན་བཟང་གིས་སླར་ཡང་ནན་ཏན་གྱིས་མནའ་བསྐྱལ་ནས་དོན་འདི་བདེན་པ་ཡིན་ཞེས་བཤད། མཁའ་འགྲོ་མཆོག་གིས་ཅུང་ཐུགས་ལ་མི་འཕྲོད་པའི་ཚུལ་བསྟན་ནས་ཁྱོད་ཀྱིས་རྫུན་མ་ལབ། ངའི་ཁལ་མ་དེ་ད་ལྟ་ལུང་པ་ཁ་ཡར་འཁོར་ཞིག་གི་ནང་སྤེན་མ་ཚབ་ཚུབ་དང་ཆུ་མགོ་ཡོད་སར་རྔ་མས་ངང་ཡུག་ཡུག་བྱེད་བཞིན་འདུག་ཅེས་གསུངས། ཁོང་དག་ངོ་གནོང་ཞིང་སེམས་འགྱོད་དེ་མ་རྩ་པོས་པོས་ནས་མཛོ་མོ་ཞིག་དང༌། དགེ་མང་སྐྱབས་མགོན་ནས་པགས་རྩག་གསར་བ་ཞིག་ཡོད་པ་རྒྱབ་ནས་ཕུད་དེ་མཁའ་འགྲོ་ལ་ཕུལ་ནས་འགྱོད་བཤགས་ཞུས།
ཡང་ཉིན་ཞིག་ལ་མགོ་ལོག་དབང་རུས་ཚང་གི་ཚ་ཁོ་ཟ་མེ་རེ་ཞེས་པའི་རྒན་མོ་དེ་མཁའ་འགྲོའི་མདུན་དུ་འོངས་པའི་ལམ་ཁར་རྟ་ཕྱིར་ཤོར། ཁོས་མཁའ་འགྲོ་ཏཱ་རེ་ལྷ་མོ་ལགས། རྟ་ཕྱིར་ཁྲིད་འོང་དགོས་ཞེས་གསོལ་བ་དྲག་ཏུ་བཏབ། ཅང་མ་འགོར་བར་རྟ་ཕྱིར་ཐོན། དེ་སྐབས་མཁའ་འགྲོ་མཆོག་གིས་ཁྱིམ་ནས་བླ་མ་ཐོད་པ་ལ་མེ་རེས་རྟ་ཤོར་ནས་ང་ལ་འབོད་འདུག་ཅེས་གསུངས་པ་དེར་ཡོད་ཀུན་གྱིས་ཐོས། ཡང་རིག་གྲགས་ཚང་དང་མཁའ་འགྲོ་ཚང་གཉིས་འབོས་ཀྱི་བྲག་ཆོག་འགབ་མའི་ཕུག་ལུང་ཞེས་པའི་སར་མཉམ་དུ་བསྡད་ཡོད་པའི་སྐབས་ཤིག་ན། རྒྱ་ལོ་འགོ་གཙོ་ཞེས་པ་རི་དྭགས་རྨོན་དུ་རི་མགོར་སོང་བ་རིགས་གྲགས་ཀྱི་མ་སྒྲོན་མ་མཚོས་མཐོང༌། ཁོས་མཁའ་འགྲོ་མཆོག་ལ་རྒྱ་ལོ་འགོ་གཙོ་རི་དྭགས་རྨོན་དུ་སོང་བས་ཁྱེད་ཀྱིས་ཐུགས་གཏད་དགོས་ཞེས་ཞུས་པ་ན། ཁོང་གིས་རི་དྭགས་དགོ་བ་ཞིག་དང་རྨོན་པ་རྒྱ་མི་གཉིས་ཚེ་རབས་སྔོན་མར་སྲོག་གི་ལན་ཆགས་ཡོད་པས་བྱ་ཐབས་མེད་གསུངས། མུན་རུབ་ལ་ཉེ་བ་ཙམ་ན་བོས་སྐད་ཅིག་གྲག་བྱུང་ཞིང༌། ཅུང་སོང་བ་ན་རྨོན་པས་རི་དྭགས་དགོ་བ་ཞིག་བསད་དེ་རོ་དྲིད་ནས་ཐོན་བྱུང་བར་བཤད། མགོ་ལོག་དབང་རུས་ཚང་གི་རོང་དཔོན་བུ་ཀ་པོག་དང་རྒྱ་ཚོགས་བུ་ཅོག་ཐོ་གཉིས་ཀྱིས་སྔར་ཡོད་ཀྱི་གྱོད་གཞི་བརྩད་ནས་ཀ་པོག་བསད། དེར་བླ་མ་ཤེར་གྲགས་འཕོ་འདེབས་སུ་དྲངས་སྐབས།
དེ་དུས་སྲིད་ཅུས་ཛ་དྲག་ཧ་ཅང་ཆེ་སྐབས་ཡིན་སྟབས་ཁོང་གིས་མི་གཞན་གྱིས་མཐོང་དུ་དོགས་ནས་སེམས་ཤིན་ཏུ་འཚུབས་ཏེ་འཕོ་བའི་ཆོ་ག་ཇི་བཞིན་བློར་མ་སོང་བས་མཚན་དང་གཟུངས་སྔགས་བརྗོད། ཡང་ཁོང་གིས་མདུན་གྱི་ནམ་མཁར་མཁའ་འགྲོ་རིན་པོ་ཆེ་གསལ་ཇི་ཐུབ་བྱས་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ན་མཁའ་འགྲོ་མཆོག་མངོན་སུམ་དུ་བྱོན་པའི་སྣང་བ་ཤར་གསུངས། དེ་ནས་བླ་མ་ཤེར་གྲགས་དང༌། ཡར་ངོའི་ཕུར་ཐར། སྤུ་ཤས་དཔལ་ཆེན་རྣམས་རོ་འཕེན་དུ་སོང་ནས་ཕྱིར་ལོག་སྟེ་ཁ་མཐའི་གསེར་གཞུང་དུ་ཐོན་པ་ན། བླ་མ་ཤེར་གྲགས་ཀྱི་སྣང་ངོར་ལ་རྫ་ངོས་ནས་ཡར་སྨུག་སྤྲིན་རིང་པོ་ཞིག་ཆད་དེ་འོང༌། དེ་མ་ཐག་རོང་དཔོན་བུ་ཀ་པོག་སྔོན་བཞིན་གོས་ཚགས་ལེགས་པོ་བཅོས་ཤིང་རང་ལ་གཡས་བལྟ་གཡོན་བལྟ་བྱས་ཏེ། ལག་པས་སྐྲ་རྒྱབ་ཕྱོགས་སུ་འཕེན་བཞིན་དངོས་སུ་ཐོན་ཏེ། སྐད་ཆེན་པོས་ཀི་གཉིས་བཏང་སྟེ་གར་སོང་ཆ་མེད་དུ་གྱུར། ཕྱིས་སུ་མཁའ་འགྲོ་ཚང་རྩིས་ཀྱི་རྡུལ་དམར་གད་ཐོག་ཏུ་ཡོད་སྐབས་བླ་མ་ཤེར་གྲགས་མཁའ་འགྲོ་མཆོག་གི་མདུན་དུ་སོང་ཚེ། མཇལ་མ་ཐག་མཁའ་འགྲོ་མཆོག་གིས་གཞན་ཅི་ཡང་མི་གསུང་པར་བཞད་གྱིན་འདུག།ཤེར་གྲགས་ཀྱིས་རྒྱུ་མཚན་ཞུས་ཚེ། མཁའ་འགྲོ་མཆོག་གིས་ཡ་བླ་རྒན། ཁྱོད་ཀྱིས་རང་གིས་རང་སྐྱ་མ་ཐུབ། ང་ལ་འོ་དོད་ཅིག་བོས་ཀྱང་མ་ཕན་པར་ཀི་ཚགས་སྒྲ་ལོངས་པ་གཉིས་བྱས་ནས་གཞི་བདག་གི་བྲན་དུ་ཤོར་མ་སོང་ངམ། ཁྱེད་ཀྱི་སེམས་ལ་ཁྲིག་ཁྲིག་འདུག་པ་དེ་ག་རང་ལགས་གསུངས་ནས་བཞད། བོད་ཡུལ་དུ་དྲག་གནོན་གྱི་དམག་དཔུང་ཐོན་སྐབས། ཨ་པཾ་གཏེར་ཆེན་ཚང་གི་བླ་བྲང་ངམ་སྤྲུལ་འགྱུར་མེད་རྡོ་རྗེ་ཚང་དང༌། གཡུང་ཤུལ་སྤྲུལ་ཐུགས་མཆོག་རྡོ་རྗེ། སྤྲུལ་རྩོག་སྡས། བླ་མ་ཤེར་གྲགས་རྣམས་མཉམ་དུ་ཡོད་སྐབས། གློ་བུར་དུ་བླ་མ་ཨ་པཾ་གཏེར་ཆེན་ཚང་གི་དམ་ཅན་སྒྲུབ་རྟེན་ཅོག་ཙེ་ཞིག་ཡོད་པ་དེ་རང་འགུལ་བྱས་ནས་བབ་པ་ན། སྤྲུལ་འགྱུར་མེད་རྡོ་རྗེ་དང༌། དབང་ཆེན་ཉི་མ་སོགས་ཀྱིས་རྒྱ་དམག་མྱུར་དུ་ཐོན་པའི་རྟགས་ཡིན་པར་ཤེས་ནས། བཅའ་ལག་རྣམས་དྲེལ་དག་ལ་བཀལ་ནས་སྒོག་གི་བསགས་རིང་ཞེས་པར་བྱོན། ཐབས་གྲོགས་སྤྲུལ་སྐུ་མི་ལོ་ནས་མཁའ་འགྲོ་མཆོག་ལ་ཁྱེད་མ་བུ་གཉིས་ངེས་པར་མ་ཡུམ་དང་མིང་པོ་རྣམས་ཀྱི་དྲུང་དུ་འགྲོ་དགོས་གསུངས་པ་བཞིན་བྱོན་ནས་མཚན་མོ་དེར་འབྱོར། ཕྱིའི་ནངས་མོ་ཁལ་འགེལ་སྐབས་སྤྲུལ་འགྱུར་མེད་རྡོ་རྗེ་ནས་ཕ་ཡབ་གཏེར་ཆེན་རིན་པོ་ཆེའི་གསུང་ཆོས་འདི་ལས་གལ་ཆེ་བ་གཞན་གང་ཡང་མེད་པས་འདི་དྲེལ་བྲ་བོ་ཁ་སྐྱ་ཁུར་ཤེད་ཆེ་བ་བརྟན་པོ་ཞིག་ཡོད་པ་དེ་ལ་བཀལ་ནས་དམ་པོ་ཞིག་བསྡམ་དགོས་གསུངས་སྐབས། མཁའ་འགྲོ་མཆོག་གིས་འགྱུར་པོ་ཞེས་འགྱུར་མེད་རྡོ་རྗེ་ལ་བོས་ནས། གསུང་ཆོས་དེ་དམ་པོ་ཞིག་བསྡམས་ཀྱང་འདྲ། མ་བསྡམས་ཀྱང་འདྲ། ཉར་ཚགས་ཡག་པོ་ཞིག་བྱས་ཀྱང་འདྲ། མ་བྱས་ཀྱང་འདྲ། གང་ལྟར་དེ་རིང་ནས་ཆུའི་ཉིན་སྲིབ་ཀུན་ཏུ་སྐྱ་འབོར་འབོར་གཏོར་ནས་བལྟས་ཡོད་པ་རེད་གསུངས། དེ་ནས་ཡར་སོང་སྟེ་སྒོག་གི་སྙིང་པོ་རིའི་ངོས་ལ་ལྟེམ་ཞིག་ཡོད་པ་དེ་ནས་གུང་ཇ་སྐོལ་སྐབས། ཡང་དམ་ཅན་ལྕོག་ཙེ་བབ་པ་ན། རྒྱ་དམག་ཐོན་ཡོད་ཤས་ཆེ་སྙམ་ནས་བླ་མ་ཤེར་གྲགས་བལྟར་སོང་བ་ན། སྒོག་གི་ལུང་གཞུང་ནས་རྒྱ་དམག་རྣམས་སྔོ་ཐར་ཐར་ཡར་འོང་བ་མཐོང་ནས་ཡང་ཐམས་ཅད་བྲེལ་ཚུབ་ཀྱི་ངང་ལམ་ལ་ཆས། ཡར་ལ་ཅུང་སོང་བ་ན་གང་ཕྱོགས་སུ་སོང་ན་དགའ་ཞེས་ཐམས་ཅད་ཀྱིས་གྲོས་བྱས་པ་ན། གཞན་པ་རྣམས་ཀྱིས་གསེར་རྟ་རྫོང་གནས་ཀྱི་ཕྱོགས་སུ་འགྲོ་ཞེས་ཞལ་འཆམ། མཁའ་འགྲོ་མཆོག་གིས་བྲོས་ཀྱང་རྒྱ་དམག་གིས་བཟུང་རྒྱུ་རེད། མ་བྲོས་ཀྱང་རྒྱ་དམག་གིས་བཟུང་རྒྱུ་རེད། གལ་ཏེ་ངེད་ཅག་སོང་ཡང་ཅང་མི་འགོར་བར་རྒྱ་དམག་གིས་བཟུང་རྒྱུ་ཡིན་པས་རྫོང་གནས་སུ་ཐོན་ཐུབ་ཚེ་ཁོ་མོའི་མིག་གིས་ལྷམ་རྩང་བྱེད་ངེས་ཡིན་ཞེས་འགག་མཛད།
དེ་སྐབས་བླ་མ་ཤེར་གྲགས་ཀྱི་སེམས་ལ་འདིར་སྤྲུལ་འགྱུར་མེད་རྡོ་རྗེ། སྤྲུལ་དབང་ཆེན་ཉི་མ། གཡུང་སྤྲུལ་ཐུགས་མཆོག་རྡོ་རྗེ། མཁའ་འགྲོ་དམ་ཚིག་རྣམས་བཞུགས་ཡོད་པས། དེ་དག་གིས་མ་མཁྱེན་པ་ཞིག་མེད་པས་འདི་བུད་མེད་ཁ་མང་ཞིག་རེད་འདུག་སྙམ་གསུངས། འོན་ཀྱང་རྫོང་གནས་ཀྱི་ཕྱོགས་སུ་འགྲོ་བཞིན་པ་ན་ཁ་བ་ཆེན་པོ་ཞིག་བབས་ཏེ་ལམ་མི་མཐོང་བ་ལྟ་བུར་གྱུར་ནས་མགོ་འཁོར་ཏེ་སྒོག་གི་སྙིང་པོ་རིའི་ཡར་ལག་ནས་གྱེན་དུ་སོང་ཡང་མར་ལག་ཏུ་ཕྱིར་བབས་ནས་མདང་དགོང་བསྡད་སར་ཐོན། ཅང་མ་འགོར་བར་རྒྱ་དམག་ཐོན་ནས་བླ་སྤྲུལ་རྣམས་འཛིན་བཟུང་བྱས་ཤིང༌། བཅའ་ལག་རྣམས་འཕྲོག་བཅོམ་བྱས། ཁྱད་པར་ཨ་པཾ་གཏེར་ཆེན་གྱི་གསུང་འབུམ་གྱི་གླེགས་རས་རྣམས་དམག་མི་རྣམས་ཀྱིས་བླངས་ནས་བོའུ་ཐུང་རྣམས་དྲིལ་བྱེད་དང༌། བོས་རིང་རྣམས་ཀྱི་སྐེད་པ་དཀྲི་བྱེད་བྱས་ཏེ། ཡི་གེ་རྣམས་སྐྱ་ཉིལ་ཉིལ་གཏོར། དེ་སྐབས་བླ་མ་ཤེར་གྲགས་ཀྱི་སེམས་ལ་མཁའ་འགྲོ་རིན་པོ་ཆེས་གསུངས་པ་ཇི་བཞིན་འདུག་སྙམ་ནས་ཡིད་ཆེས་དང་དད་པ་ཚད་མེད་སྐྱེས།
དེ་ནས་བླ་སྤྲུལ་རྣམས་དམག་མི་དག་གིས་ཁྲིད་ཏེ་པདྨ་རྫོང་དུ་འབྱོར། དེ་ནས་སྤྲུལ་འགྱུར་མེད་རྡོ་རྗེ། དབང་ཆེན་ཉི་མ། ཐུགས་མཆོག་རྡོ་རྗེ། རྩོག་སྡས་རྣམས་ཁྲིམས་སུ་བཅུག །མཁའ་འགྲོ་རིན་པོ་ཆེ་དང༌། སྲས་རྣ་དབོ། མ་ཡུམ་དམ་ཚིག །བླ་མ་ཤེར་གྲགས་རྣམས་སློབ་གསོ་ཁང་དུ་བཞག །ཉིན་ཞིག་ན་མཁའ་འགྲོ་མཆོག་གིས་གློ་བུར་དུ་ངེད་ཅག་མྱུར་དུ་སོ་སོར་འབྲལ་དགོས་བྱུང་འདུག་གསུངས། མ་ཡུམ་གྱིས་ཅིའི་ཕྱིར་འབྲལ་དགོས་ཞེས་དྲིས། ཁོང་གིས་ངེད་མ་བུ་གསུམ་མྱུར་དུ་ཕྱིར་གཏོང་ཞིང༌། ཤེར་གྲགས་གཅིག་པུ་འདིར་ལྷག་འདུག་གསུངས། ཡང་ཐུགས་འདང་ཞིག་གནང་ནས། ཤེར་གྲགས་ཁྱེད་ཀྱང་མངགས་རན་འདུག་གསུངས། ཅང་མ་འགོར་བར་ཁྲིམས་བདག་རྣམས་ཐོན་ནས་ཁྱེད་མ་བུ་གསུམ་ཕྱིར་སོང་ན་ཆོག་ཅེས་བཤད་དེ་ཕྱིར་མངགས། ཡང་ཅུང་མ་འགོར་བར་ཀ་འགོ་གཙོ་ཞེས་པ་ཐོན་ནས་ཤེར་གྲགས་ཀྱང་ཕྱིར་བཏང་བ་ཡིན། ཡང་མཁའ་འགྲོ་ཚང་དང་ཚ་ཁོ་པད་རྒྱལ་ཚང་སོགས་རི་འབུད་ཅེས་པ་ན་ཡོད་སྐབས། བླ་མ་ཤེར་གྲགས་པདྨ་རྫོང་དུ་འགྲོ་བའི་ལམ་བར་ནས་རང་གི་ཚ་བོ་པད་རྒྱལ་ཚང་དུ་སོང་བ་ན། མཁའ་འགྲོ་ཡང་དེར་བྱོན་ཡོད། པད་རྒྱལ་གྱིས་ངེད་ཚང་ལ་ཤ་མེད་པས་ཁྱེད་ཅག་ལ་མགྲོན་བསུ་བཟང་པོ་ཞིག་བྱེད་ཐབས་མི་འདུག་ཅེས་བཤད། མཁའ་འགྲོ་མཆོག་གིས་ཤ་སང་ཉིན་ཤེར་གྲགས་ཀྱིས་ལོན་འོང་བས་སྐྱོན་མི་འདུག་གསུངས། ཕྱིར་ཉིན་བླ་མ་ཤེར་གྲགས་པདྨ་རྫོང་དུ་སོང་ནས་ཕྱིར་འོང་བའི་ལམ་བར་དུ་བྱི་བདའ་བཀྲ་རྒྱམ་སོགས་མི་འགའ་ཞིག་དང་འཕྲད་ནས་དེ་དག་གིས་ཁོང་ལ་ཤ་ཚང་ར་ཞིག་ཕུལ་ཏེ། ངེད་རྣམས་ཀྱིས་དེ་རིང་གཡག་ཅིག་བཤས་པ་ཡིན་པས་ཐུགས་སྨོན་གནང་རོགས་ཞེས་བཤད། བླ་མ་ཤེར་གྲགས་ཀྱིས་མཁའ་འགྲོ་མཆོག་གིས་གསུངས་པ་ཇི་བཞིན་འདུག་སྙམ་ནས་ཤ་དེ་བཟུང་ནས་ཕྱིར་པད་རྒྱལ་ཚང་དུ་འབྱོར། ཡང་བླ་མ་ཤེར་གྲགས་རང་ཡུལ་དུ་བཞུགས་སྐབས་གློ་བུར་དུ་སྙིང་ཁམས་འཁྲུགས་ནས་བསྙུངས་པ་ན། མཁའ་འགྲོ་མཆོག་གིས་མཁྱེན་ནས་བླ་མ་ཤེར་གྲགས་ཁྱེད་ཀྱི་བསྙུང་གཞི་འདི་རྒྱལ་གདོན་གྱིས་གནོད་པ་ཡིན་པས་མྱུར་དུ་བརྒྱ་བཞི་ཚད་ལྡན་ཞིག་གདོན་དགོས་ཞེས་ཡི་གེར་བྲིས་ནས་གླིང་ནོར་འཛིན་དང་ཚ་ཁོའི་པད་རྒྱལ་གཉིས་ལ་བསྐུར། བླ་མ་ཤེར་གྲགས་ཀྱིས་ཕྱག་ཡིག་ནང་བཞིན་རིམ་གྲོ་བསྒྲུབས་པས་བསྙུང་གཞི་སངས་དྲག་ཏུ་སོང༌།
ཡང་མཁའ་འགྲོ་ཚང་དང་ཚ་ཁོའི་པད་རྒྱལ་ཚང་སོགས་གོང་འགབ་བྱས་ནས་བསྡད་ཡོད་སྐབས། ཉིན་ཞིག་བླ་མ་ཤེར་གྲགས་པད་རྒྱལ་ཚང་དུ་ཐོན། ནུབ་མོ་དེར་བསྡད་ནས་ཕྱིའི་ནངས་མོ་ཁ་བ་ཤིན་ཏུ་ཆེ་བ་པུས་མོས་དེད་དགོས་པ་ཙམ་ཞིག་བབ་ཡོད། ཤེར་གྲགས་ཀྱིས་ཚ་བུ་པད་རྒྱལ་ལ་རྡོ་ཤེལ་ནག་པོ་ཞིག་ཡོད་པ་དེ་གྱོན་ནས་བླ་མ་པད་གཅེས་ཚང་དུ་སོང༌། དེར་གྱི་ལོང་ཨག་ཡས་མགོན་སྲུང་ཕ་བུ་གཉིས་ཀྱང་ཐོན་ཡོད། མགོན་སྲུང་གིས་བླ་མ་ཤེར་གྲགས་ལ་ཁྱེད་ཀྱིས་མནབས་ཡོད་པའི་ཤེལ་མིག་དེ་བཟང་པོ་ཞིག་ཨེ་རེད་ཅེས་དྲིས། བླ་མ་ཤེར་གྲགས་ཀྱིས་འདི་ནི་ངའི་ཚ་བོ་པད་རྒྱལ་གྱི་ཡིན་ལ། བཟང་ངན་གང་ཡིན་མི་ཤེས་ཞེས་བཤད། ཡང་མགོན་སྲུང་གིས་ཤེལ་མིག་འདི་ནག་ཆེས་པ་ཞིག་མིན་ནམ་ཞེས་དྲིས། བླ་མ་ཤེར་གྲགས་ཀྱིས་འདི་ཁ་བའི་འོད་ཆེ་དུས་མདོག་ཤིན་ཏུ་འཚམ་འདུག་ཅེས་བཤད། ཕྱི་ཉིན་བླ་མ་ཤེར་གྲགས་ཕྱིར་པད་རྒྱལ་ཚང་དུ་སོང་བ་ན་མཁའ་འགྲོ་མཆོག་ཀྱང་དེར་བྱོན། ཤེར་གྲགས་ལ་ཞལ་མཚར་གྱི་ཚུལ་དུ། བླ་མ་པད་གཅེས་ཚང་ནས་ཁྱེད་ཅག་གིས་བཤད་པའི་སྐད་ཆ་དག་ངའི་རྣ་ལམ་དུ་སང་སང་སང་གོ་འདུག་གསུངས། ཤེར་གྲགས་ཀྱིས་འོ་ན་ངེད་ཅག་གིས་ཅི་ཞིག་བཤད་གྱིན་འདུག་ཅེས་དྲིས། མཁའ་འགྲོ་མཆོག་གིས། ཁྱེད་ཅག་གིས་ཤེལ་མིག་ཅིག་གི་བཟང་ངན་དང༌། དེ་མདོག་ནག་ཆེས་ཡོད་མེད་དང༌། ཁ་བའི་ནང་དུ་གྱོན་ཚེ་མདོག་འཚམ་ཡོད་ཚུལ་བཤད་འདུག་པས་བདེན་པ་ཨེ་རེད་གསུངས་ནས་བཞད། ཤེར་གྲགས་ཀྱིས་དེའི་ཉིན་ཁ་བ་ཧ་ཅང་ཆེ་བའི་དབང་གིས་ལམ་འགྲོ་མི་གཅིག་ཀྱང་མ་མཐོང་ཞིང༌། ངེད་ཅག་གིས་བཤད་པའི་སྐད་ཆ་དེ་དག་གཞན་སུ་གཅིག་གིས་ཀྱང་ཐོས་མེད་པས་མཁའ་འགྲོ་འདིས་དུས་གསུམ་སྒྲིབ་མེད་དུ་མཁྱེན་འདུག་སྙམ་ནས་ཡིད་ཆེས་ཀྱི་དད་པ་བླ་ལྷག་ཏུ་འཕེལ།
ཡང་སྐོར་ཞིག་ན་རྩིས་ཀྱི་རི་དར་ཞེས་པ་ནས་བླ་མ་ཤེར་གྲགས་དང༌། ཚ་ཁོའི་པད་རྒྱལ། གླིང་ནོར་འཛིན་སོགས་ཀྱིས་མཚན་མོ་ལྐོག་ཏུ་བསང་མཆོད། ཕྱི་ཉིན་མཁའ་འགྲོ་མཆོག་གིས་བླ་མ་ཤེར་གྲགས་ལ། མདང་དགོང་ལ་ལ་ཞིག་གིས་བསང་ཞིག་མཆོད་པ་འདྲ་སྟེ། འདི་སྐོར་ནས་མགྲོན་ལང་ལོང་ཞིག་འགྲོ་གིན་འདུག་ཅེས་བཞད་མོ་མཛད། ཡང་སྐོར་ཞིག་ལ་བླ་མ་ཤེར་གྲགས་ཀྱི་མ་རྒན་ཤི་སྟེ་ཞེ་དགུའི་ཁ་གང་ནས་མ་རྒན་གྱི་རུས་པ་བཟུང་སྟེ་ལྷ་སར་འགྲོ་འདོད་ནས་མཁའ་འགྲོ་མཆོག་གི་མདུན་དུ་ལུང་བསྟན་ཞུ་རུ་སོང༌། བླ་མ་ཤེར་གྲགས་ཀྱིས་མཁའ་འགྲོ་མཆོག་ལ་ངའི་སེམས་ལ་དོན་དག་ཞིག་བསྒྲུབ་བསམ་གྱིན་ཡོད་པས་དེ་འགྲུབ་བམ་མི་འགྲུབ་དགོངས་བརྟག་གནང་རོགས་ཞེས་ཞུས་ཚེ། མཁའ་འགྲོ་མཆོག་གིས། ཨེ་མ། ཁྱེད་གཞོན་ནུ་དབུས་གཙང་ཕྱོགས་ལ་བྱོན། །ང་སྙིང་བརྩེའི་གྲོགས་མོ་བདེ་བར་འདུག །ཕྱོགས་མཐའ་དབུས་མེད་པར་སྒྱུ་རྩལ་ངོམ། །འབྲེལ་ཐོགས་པའི་སེམས་ཅན་མ་ལུས་པ། །ཞིང་ཐར་ལམ་བགྲོད་པའི་བདེན་ཚིག་ཅེས། །ང་སྲིད་པའི་དཔའ་མོའི་སྙིང་གཏམ་ཡིན། །སྔོན་ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་ཏུ། །མགོན་སངས་རྒྱས་གླིང་པའི་རོལ་གར་ངོམ། །ད་དམ་ཚིག་གཅིག་པས་དེ་རུ་འཕྲད། །ལས་བསོད་ནམས་བསགས་པའི་སྐལ་བ་ཡིན། །དོན་འདི་ཕྱིའི་བདེ་ལེགས་མྱུར་འགྲུབ་ནས། །སེམས་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག །ཞལ་ཡང་ཡང་མཇལ་བའི་བཀྲ་ཤིས་ཤོག །ཞེས་ཐོལ་བྱུང་དུ་གསུངས་པ་བླ་མ་ཐོད་པས་ཡི་གེ་པ་བྱས་ནས་བྲིས། དེ་ནས་མཁའ་འགྲོ་མཆོག་གིས་ཁྱོད་ཀྱི་བསམ་ཚུལ་དང་མཐུན་ནམ་ཞེས་གསུངས་པ་ན། བླ་མ་ཤེར་གྲགས་ཀྱིས་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས། ཡང་ཁོང་གིས་ཁྱོད་ཀྱིས་ལམ་བར་ནས་རྫས་ཁྱད་པར་བ་རེ་རྙེད་ན་ལུས་དང་འབྲལ་མེད་གྱིས་དང་དེས་བར་ཆད་སེལ་ངེས་ཡིན་གསུངས་ནས་ལམ་པ་མཛད། དེ་ནས་བླ་མ་ཤེར་གྲགས་དཀར་མཛེས་བརྒྱུད་ནས་འགྲོ་སྐབས་གྲ་ཁོག་ཚབ་ཚའི་ཤུག་ཕྲེད་གསང་དུ་ནུབ་མོ་ཞིག་ལ་བསྡད་པ་ན་ཕྱིའི་ནངས་མོ་གྱེན་དུ་ལང་སྐབས་ཁུག་མ་ཞིག་ཡོད་པ་དེའི་སྟེང་དུ་རིན་པོ་ཆེ་སྨུག་པོ་མཐེ་བོང་ཙམ་ཞིག་ཐོན་འདུག །ཁོང་གི་སེམས་སུ་མཁའ་འགྲོ་མཆོག་གིས་ལམ་བར་ནས་རྫས་ཁྱད་པར་བ་ཤིག་རྙེད་སྲིད་གསུངས་པ་དེ་འདི་ཡིན་དགོངས་ནས་ལུས་དང་འབྲལ་མེད་བྱས། དེ་ནས་ཡར་སོང་སྟེ་ཆབ་མདོར་ཐོན་པ་ན་སངས་རྒྱས་གླིང་པའི་སྐུ་སྐྱེར་གྲགས་པའི་ལབ་བསོད་ནམས་རྩེ་མོ་དེར་བྱོན་ནས་ཆབ་མདོ་དགོན་པའི་ཐད་དུ་དབང་ཞིག་བསྐུར་བ་དང་འཕྲད། ཁོང་གི་མདུན་དུ་སོང་ནས་རྒྱུ་མཚན་རྣམས་ཞུས་ཚེ་ཁོང་གིས་ང་ཡང་ལྷ་སར་འགྲོ་རྒྱུ་ཡིན་པས་ངེད་གཉིས་མཉམ་དུ་འགྲོ་གསུངས་ནས་ཤེར་གྲགས་ལ་ལམ་ཡིག་ཞིག་ཀྱང་གྲ་བསྒྲིགས་བྱས་ཏེ་མཉམ་དུ་ལྷ་སར་སོང་སྟེ་ལྷ་མཇལ་མཆོད་མཇལ་ཚད་ལྡན་བྱས། ཤེར་གྲགས་ཀྱི་སེམས་ལ། མཁའ་འགྲོ་མཆོག་གིས་གསུངས་པའི་ལུང་བསྟན་ལས། སྔོན་ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་ཏུ། །མགོན་སངས་རྒྱས་གླིང་པའི་རོལ་གར་ངོམ། །ད་དམ་ཚིག་གཅིག་པས་དེ་རུ་འཕྲད། །སོགས་གསུངས་པ་དེ་བླ་མ་འདི་ཡིན་སྙམ་ནས་དགའ་བ་ཚད་མེད་སྐྱེས། ཡང་ཉིན་ཞིག་མཁའ་འགྲོ་མཆོག་གིས་གླིང་ནོར་འཛིན་ཚང་ལ་དེ་རིང་རྟ་རྐྱང་རྐྱང་ཅན་དང་རག་རག་ཅན་གྱི་མགྲོན་པོ་གལ་ཆེན་གཉིས་ཐོན་རྒྱུ་ཡོད་པས་དེ་གཉིས་མགྲོན་བསུ་བཟང་པོ་བྱས་ནས་ང་ཡོད་སར་བསྐྱལ་དགོས་ཞེས་གསུངས་པ་བཞིན། དེའི་ཉིན་ནམ་སྤྲུལ་རིན་པོ་ཆེ་དང་སྐུ་གཉེར་དགེ་ལེགས་གཉིས་རྟ་རྐྱང་རྐྱང་དང་རག་རག་གཉིས་ཆིབས་ནས་ཕེབས། ཡང་ཚོགས་རྩའི་སྐྱབས་གྲོལ་ཚང་དང་མཁའ་འགྲོ་ཚང་གཉིས་ཀྱི་རི་ཆུ་ཀར་ཁྱུང་ཚང་ཞེས་པའི་གདོང་དུ་སྤོ་བའི་ལམ་བར་དུ་སྐྱབས་གྲོལ་གྱི་བོའུ་ཁལ་ཐོག་ཏུ་བཏགས་ཡོད་པ་བོར་སོང་བས་ཐམས་ཅད་ཀྱིས་ཇི་ལྟར་བཙལ་ཀྱང་མ་རྙེད་ཚེ་མཁའ་འགྲོ་མཆོག་གིས་ར་བ་ཞིག་བརྩིགས་ནས་གོང་གི་རི་གདོང་དང་འདི་གཉིས་ཀྱི་བར་ཡོད་ངེས་པས་འཚོལ་དང་གསུངས་པ་བཞིན་བཙལ་བས་ཅང་མ་འགོར་བར་རྙེད་པ་སྐྱབས་གྲོལ་དང་རིག་གྲགས་སོགས་དེར་ཡོད་ཀུན་གྱིས་ཤེས་གསལ་ལྟར་ལགས།
ཡང་ཉིན་ཞིག་ན་སྤུངས་ཡུལ་འཇིགས་མེད་ཚེ་བརྟན་གྱི་ཨ་ནེ་སྤུངས་ཡུལ་ཟ་དཔལ་མོས་ང་ལ་བུ་འདིས་བན་དེ་ཞིག་འོང་རྒྱུའི་རེ་བ་ཧ་ཅང་ཆེ་བས་ཡི་གེ་ཞིག་སྦྱང་ན་བན་དེ་འོང་ངམ་མི་འོང་ཞུས་ཚེ། ངས་བུ་འདི་ལ་རིན་པོ་ཆེ་མཆོང་ཞིག་སྟེར། སྦྱིན་ཁོའི་མ་རྒན་སྨོན་སྡས་ལ་ང་ལ་དེ་རིང་རྟེན་འབྲེལ་ཞིག་ཡོད་པས་ཁྱོད་ཀྱིས་རིན་པོ་ཆེ་འདིའི་ལུང་ཐག་ཅིག་ངེས་པར་གྲ་སྒྲིག་གྱིས་གསུངས། དེས་བཙལ་ནས་མཐར་རས་སྐུད་སྔོན་པོ་ཞིག་རྙེད་ནས་དེ་མཁའ་འགྲོ་མཆོག་ལ་ཕུལ་བ་ན་ཁོང་གིས་སྐུད་པ་དེ་ལ་རིན་པོ་ཆེ་བརྒྱུས་ནས་འཇིགས་མེད་ཚེ་བརྟན་ལ་གནང་སྟེ། འདིས་བན་དེ་མི་འོང༌། རིན་པོ་ཆེ་འདི་ཚེ་གང་པོར་ལུས་དང་འབྲལ་མེད་གྱིས་དང་ཕ་ཤུལ་བུས་འཚོང་བའི་དཔོན་པོ་ཞིག་འོང་ངེས་ཡིན་གསུངས་པ་ཕྱིས་སུ་ཇི་བཞིན་དོན་ཐོག་ཏུ་ཁེལ་བར་བྱུང་བ་དང༌།
ཡང་སྔོན་ཆད་མགོ་ལོག་བླ་མ་རྟེན་བཟང་ས་སྐྱོན་གྱིས་ལག་པ་བཟུང་ནས་འཆི་ལ་ཉེ་བའི་སྐབས་དང༌། རྗེས་སུ་ཨ་པཾ་བུ་རིག་གྲགས་ས་སྐྱོན་གྱིས་ལག་པ་བཟུང་ནས་ནད་ཚབས་ཤིན་ཏུ་ཆེ་བའི་སྐབས་སུ་མཁའ་འགྲོ་མཆོག་གིས་གཉེན་ཉེ་རྣམས་སེམས་ཁུར་མ་བྱེད་མི་སྐྱོན་ངེས་ཅན་ཡིན་གསུངས་ཤིང༌། དེ་གཉིས་ཀྱི་སྐྲང་དཔུང་པར་ཐོན་ཚེ་ཁོང་གིས་སྐྲང་ཆིངས་མདུད་པས་སྐྲང་མཚམས་སུ་བཅིངས་པ་ན་དེའི་ཡན་སྐྲང་ཅུང་ཟད་ཙམ་ཡང་མ་སོང་བ་དང༌། དེ་ནས་རིམ་གྱིས་ནད་སངས་དྲག་ཏུ་སོང་ངོ༌། །ཡང་མཁའ་འགྲོ་མཆོག་སྙན་ལུང་དུ་བཞུགས་པའི་སྐབས་ཤིག་ན་ཉིན་ཞིག་འགྱ་བ་ཆུ་རྡོར་ཞེས་པའི་མ་ཤི་ནས་འཕོ་རྟ་འབུལ་དུ་ཨ་པང་བུ་རིག་གྲགས་དང་མགོ་ལོག་བུ་ཤིག་ལོ་གཉིས་ཁོང་གི་མདུན་དུ་སོང་བ་ན་ཁོང་བསྙུང་གཞི་ཞིག་ཐེབས་ནས་གཟིམས་འདུག་ཟེར། འཕོ་རྟ་འཁྱེར་མི་གཉིས་ཕྱིར་འོང་གྲབས་བྱེད་ཚེ་མཁའ་འགྲོ་མཆོག་གིས་རིག་གྲགས་ཞེས་བོས་ནས་ངའི་དྲུང་དུ་ཤོག་གསུངས། མདུན་དུ་བཅར་བ་ན་མགོ་ཁོང་གི་རུམ་དུ་ཆུག་གསུངས་ནས་མགོ་མཁའ་འགྲོ་མཆོག་གི་རུམ་དུ་བཅུག་པ་ན་གཅེས་གཅེས་བྱས་ཏེ། ཁྱོད་ཤི་བོ་རྣམས་ཀྱི་རྗེས་མ་ཡིན་པས་དགེ་སྒྲུབ་སྡིག་སྤང་རེ་བྱེད་ནེ་མ་འཆུག།དུས་རྒྱུན་རྗེ་བཙུན་སྒྲོལ་མ་ལ་བློ་ཕུགས་གཏད་དགོས། ང་གསོན་ན་ཁ་ཏ་ཡིན། ཤི་ན་ཁ་ཆེམས་ཡིན། ད་ཕྱིན་རང་ཅག་གཉིས་འཕྲད་དཀའ་བར་འདུག་གསུངས་པ་བཞིན་རྗེས་སུ་ཁོང་ཞིང་གཤེགས་ནས་མ་ཐུག་པ་དང༌།
ཡང་སྐོར་ཞིག་མགོ་ལོག་ཨ་འཛིན་ཞེས་པ་ཆུང་ངུའི་དུས་སུ་མཁའ་འགྲོ་དང་མཉམ་དུ་གྲོ་མ་རྐོ་རུ་སོང་སྐབས་ཨ་འཛིན་གྱིས་རྩེད་མཚར་དུ་མཁའ་འགྲོ་ཁྱོད་ཀྱིས་དབུ་ཐུམ་ཞེས་དབུ་བཏུམ་དུ་བཅུག་ནས་གྲོ་འབྲུ་ཁ་ཤས་ཕྱོགས་མ་ངེས་པའི་ས་འོག་ཏུ་སྦས། ངས་གྲོ་མ་ཁ་ཤས་ས་འོག་ཏུ་སྦས་ཡོད་པས་ཁྱེད་ཀྱིས་ཨེ་ཁེད་ལྟོས་ཞུས་པ་ན། ཁོང་གིས་ང་དཔའ་བོ་ཆོས་དབྱིངས་རྡོ་རྗེའི་སྲས་མོས་དེ་ཙམ་ཞིག་ངེས་པར་གོ་ཞེས་ཐད་ཀར་རེ་རེ་བཞིན་བསྙབས་ཏེ་བླངས། མ་རྩའི་རིན་སྐྱབས་ཚང་ལ་ཐོག་མར་རིམ་བཞིན་བུ་མོ་གསུམ་སྐྱེས་ནས་བུ་མེད་པ་ན་རིན་སྐྱབས་ཀྱི་སྤུན་མ་རྩ་ཆོས་ཉིད་ཅེས་པས་བུ་མོ་དག་དག་སྐྱེས་པ་འདི་མི་མཐའ་ཐུར་ལ་འགྲོ་བའི་རྟགས་རེད་ཅེས་བཤད། སྐོར་ཞིག་རིན་སྐྱབས་དང་ཐར་བའི་ཆུང་མ་གཉིས་ལ་མངལ་ཆགས་པ་ན་རིན་སྐྱབས་ཚང་གི་ཆུང་མའི་མངལ་དུ་ཆགས་ཡོད་པ་དེ་བུ་མོ་དང༌། ཐར་བ་ཚང་གི་ཆུང་མའི་མངལ་ན་ཆགས་ཡོད་པ་དེ་བུ་ཞིག་ཡིན་ན་དེ་གཉིས་ཚོང་བྱེད་ཅེས་ཕ་མ་དག་གྲོས་འཆམ། མཁའ་འགྲོ་མཆོག་གིས་རིན་སྐྱབས་ཀྱི་ཆུང་མ་སྒྲེས་ལོ་ལ་ཁྱོད་ཀྱིས་ཚོང་བྱེད་པ་ངོ་མ་ཡིན་ནམ་ཞེས་གསུངས། ཡིན་ཞེས་ཞུས་པས་ཁྱོད་ཀྱིས་འུར་ནག་ཕ་མའི་ངག་ལ་མི་ཉན་ཞིང་སྤྱོད་པ་མ་རབས་ལ་དགའ་བ་ཅིག་བདག་ཐུབ་བམ་གསུངས། བུ་དེ་འུར་ནག་ཅིག་ཡིན་ནམ་ཞུས་ཚེ། ངེས་པར་དུ་ཡིན་པས་ཚོང་བྱེད་མི་དགོས། རྗེས་སུ་ཁྱོད་ལ་བྱིས་པ་རྣམས་བདག་བྱེད་གྲོགས་ལའང་བུ་མོའི་དགའ་ལ། ཁྱོད་ཀྱིས་བདག་ཐུབ་ན་བུ་མང་པོ་སྐྱེ་ངེས་ཡིན་ཞེས་གསུངས་པས་ཚོང་མ་བྱས་སོ། །དངོས་གནས་ཐར་བ་ཚང་ལ་བུ་ཞིག་སྐྱེས་པ་དེ་མིང་ལ་སྐྱེ་ཀུན་ཐོགས་ཤིང་སྤྱོད་པ་མ་རབས་ལ་དགའ་བ་ཞིག་ཡིན། རིན་སྐྱབས་ཚང་ལ་བུ་ལྔ་དང་གཉེན་ཉེ་གཞན་གྱི་བུ་རྒྱུད་ཁོང་གཟའ་མི་གཉིས་ཀྱིས་བསྐྱང་དགོས་པའི་བུ་གསུམ་བཅས་བུ་བརྒྱད་ཀྱི་ཁར་ལོངས་པས་མཁའ་འགྲོ་མཆོག་གིས་གསུངས་པ་ཇི་བཞིན་དོན་ཐོག་ཏུ་ཁེལ་བར་བྱུང༌།
ཡང་ཉིན་ཞིག་ཨ་པཾ་བུ་རིག་གྲགས་ཞེས་པས་ཟོག་བོར་ཏེ་ཇི་ལྟར་བཙལ་ཀྱང་མ་རྙེད་པས་མཁའ་འགྲོའི་མདུན་དུ་སོང་ནས་ཞུས་པ་ན། མཁའ་འགྲོ་མཆོག་གིས་རིག་གྲགས་ཁྱོད་ཕྱིར་སོང༌། ཟོག་བཙལ་མི་དགོས། ངའི་ཁ་ལ་ཨེ་ཉན་གསུངས། ལོས་ཉན་ཞུས་ནས་ཕྱིར་སོང་བ་ན་ཟོག་རང་ཁྱིམ་ཐད་ཀྱི་ལུང་པའི་ནང་དུ་འདུག་པ་མཐོང་ནས་ཡ་མཚར། ཡང་སྡུག་བསྔལ་ཧ་ཅང་ཆེ་བའི་རིག་གསར་གྱི་སྐབས་ཤིག་ན་སྤུངས་ཡུལ་སྡེ་བའི་བྲུག་ལོ་སོགས་ལ་སེམས་མ་ཕམ་དང་མ་འོངས་པར་འཚོ་བ་སོགས་གང་ཐད་ནས་སྐྱིད་པོ་འོང་རྒྱུ་ཡོད་ཅེས་གསུངས་ཚེ། བྲུག་ལོས་ཡིད་མ་ཆེས་ནས་གལ་ཏེ་ཁྱེད་ཀྱིས་གསུངས་པ་ལྟར་རྩམ་པ་ཟ་ཞིང་ཇ་དཀར་པོ་འཐུང་བ་སོགས་ཀྱི་སྐྱིད་པོ་ཞིག་ཤར་ཚེ་ངས་ཁྱེད་ཉིན་རེ་བཞིན་མི་འབོད་ན་ཞེས་མནའ་བསྐྱལ། མཁའ་འགྲོས་དེ་ཤར་རྒྱུ་ཡོད་པས་ངས་ནི་ཁྱོད་ཉིན་རེ་མ་དགོས་ཟླ་རེ། ཟླ་རེ་མ་དགོས་ལོ་རེ་ཡང་ཁྱོད་ཉིད་རང་མོས་ཀྱིས་འོངས་ན་མ་གཏོགས་འབོད་མི་ཐུབ་ཅེས་གསུངས། རྗེས་སུ་མཁའ་འགྲོས་གསུངས་པ་དོན་ཐོག་ཏུ་ཁེལ་སྐབས་ཁོང་གིས་བྲུག་ལོ་ལ་ཞལ་མཚར་གྱི་ཚུལ་དུ་ཁྱོད་ཀྱིས་མནའ་བསྐྱལ་ཡོད་པས་ད་ང་ཉིན་རེ་བཞིན་འབོད་དགོས་ཞེས་གསུངས།
ཡང་ཉིན་ཞིག་གླིང་ཟ་སྒྲེས་ལོ་ལ་སྒྲེས་པོ་ཞེས་གཅེས་མིང་གིས་བོས་ནས་མ་འོངས་པ་ན་ང་མཁའ་འགྲོ་ཆེན་པོར་གྱུར་སྐབས་ཁྱོད་ཅག་གིས་ང་མཇལ་རྒྱུ་ལགས་དཀའ་སྟེ། དེ་དུས་ངས་རྩག་རྒབ་རྒྱ་ར་མ་མར་གཡུགས་ནས་ཚར་ལ་གྱོན་ཏེ། མགུལ་རྒྱན་སོགས་རྒྱན་ཆ་ཡག་པོ་བཏགས་ནས་གསེར་ཁྲི་ཞིག་གི་ཐོག་ཏུ་བསྡད་པ་ན། ཁྱོད་གཡས་ནས་ཐོན་སྐབས་ང་གཡོན་ཕྱོགས་ལ་འཁོར། ཁྱོད་གཡོན་ནས་ཐོན་སྐབས་ང་གཡས་ཕྱོགས་ལ་འཁོར་བ་ན་ཁྱོད་སེམས་གཅོང་ཞིང་ཡིད་ཕམ་སྲིད། ཨ་ལ་ཨ་མཚར་ཡིན་ངས་དེ་ལྟ་བུ་བྱེད་མི་སྲིད་ཅེས་སྒྲེས་ལོའི་མགོ་ལ་ཕྱག་གིས་ཕྱུལ་ཕྱུལ་མཛད་པ་སོགས་ཞལ་མཚར་ཡན་ཆད་གང་གསུངས་ཐམས་ཅད་མཁྱེན་པ་དང་ལུང་བསྟན་དུ་སྣང༌། དེ་བཞིན་དུ་ཡང་ཉིན་ཞིག་ན་སྤུངས་ཡུལ་ཟ་འོད་དཀར་དང་མཁའ་འགྲོ་གཉིས་པདྨ་རྫོང་གི་ཉེ་འཁོར་དུ་ཁལ་མའི་རྫི་བོར་སོང་བ་ན་མཁའ་འགྲོ་མཆོག་གིས་ཚར་རྩག་ཅིག་མནབས་ཡོད་པ་ཅུང་ཟད་ཐེད་འདུག་པས། དེ་བཙེམས་པ་ན་མཁའ་འགྲོས་རང་ཅག་གཉིས་ཀྱིས་དེ་རིང་ཡར་བཙེམས་ཀྱང་སང་ཉིན་རྣ་ཏོག་ལྟ་བུ་ལང་མ་ལང་མ་བྱས་ཡོད་གསུངས། ཕྱིའི་ཉིན་མོ་མཁའ་འགྲོ་ལ་འཐབ་རྩོད་བྱས་ནས་མཁའ་འགྲོས་སྔར་ཉིན་གསུངས་པ་བཞིན་ཚར་རྩག་རྣ་ཏོག་བཞིན་ཚལ་བ་ཚལ་བར་བྱས་པ་ལྟ་བུ་འཐབ་རྩོད་ནམ་བྱེད་ཀྱང་དེ་སྔོན་ནས་མཁྱེན་ཏེ་གྲོགས་རྣམས་ལ་སང་ཉིན་ཁོ་མོ་མི་འདི་རྣམས་ཀྱིས་འཐབ་རྩོད་འདི་ལྟར་བྱེད་སྲིད་ཅེས་སྔོན་ནས་གསུངས་པ་དང༌། མགྲོན་པོ་སུ་འོང་དང་དེས་གཏམ་ཇི་བཤད་ཞོན་རྟའི་སྤུ་མདོག་སོགས་ཐམས་ཅད་སྔོན་ནས་མཁྱེན་པ་སོགས་ནམ་རྒྱུན་མཁྱེན་པ་ལ་ཆགས་ཐོགས་མེད་པས་ཀུན་ལ་སེམས་ཁོང་ནས་ཡིད་ཆེས་དང་དད་པ་གཞན་ལས་ལྷག་པ་ཡིན་ནོ། །བསྐལ་མང་གོང་ནས་མངོན་སངས་རྒྱས་པའི་སྐུ་བཞིའི་སྤྱི་གཟུགས་རྡོ་རྗེ་འཆང༌། །ཇི་ལྟ་ཇི་སྙེད་མ་ལུས་ཆོས་ཀུན་ཇི་བཞིན་གཟིགས་པ་སྨྲོས་ཅི་འཚལ། །འོན་ཏེ་ཚུར་མཐོང་འགྲོ་ངོར་ལའང་ཆགས་ཐོགས་བྲལ་བའི་མངོན་ཤེས་ཀྱིས། །ལྐོག་གྱུར་ཆོས་ཀུན་གསལ་བར་བྱེད་པ་འཇིག་རྟེན་འདི་ན་ཁྱེད་གཅིག་ཙམ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
བཅུ་པ་མཁྱེན་པའི་ཡེ་ཤེས་ཀྱིས་གཤིན་པོ་རྗེས་སུ་བཟུང་ཚུལ། གནའ་སྔ་མོ་མཉམ་ལས་ཀྱིས་འཚོ་བཞིན་པའི་སྐབས་ཤིག་ལ་མཁའ་འགྲོ་མཆོག་དང༌། བླ་མ་ཐོད་པ། བྱ་རིན་སྟོབས། ཚ་ཁོ་པད་ཚེ་སོགས་འབོས་ཀྱི་ལུང་རིང་ཞེས་པའི་སར་རྩྭ་ཐུན་དུ་སོང༌། དེར་རྒྱ་གུར་སྟར་སོ་མ་ཞིག་ཕུབ་ནས་ཐམས་ཅད་མཉམ་དུ་བསྡད། ཐེངས་ཤིག་ནུབ་ཇ་འཐུང་ཚེ་མཁའ་འགྲོས་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་ཚུལ་སོགས་གསུང་མཛད་མང་དུ་གནང་ཞིང་མཐར་བཞད་མོ་དྲག་ཏུ་མཛད་དེ་གཡས་འགྱེལ་གཡོན་འགྱེལ་བྱས། ཁོང་གི་ཞལ་ནས། ང་ངུ་རྒྱུའི་ཁ་མར་བགད་པ་ཡིན། མདང་ནུབ་མོ་མགོ་ལོག་གྱི་ལུང་ཚང་གི་འདྲ་ལོའི་སྲུང་དར་ཞེས་པ་ཤི་ནས་དམྱལ་བར་ལྷུང་སོང༌། ད་སྔོན་ང་ལ་འབྲེལ་བ་ཐོགས་ཚད་ཀྱི་སེམས་ཅན་གཅིག་ཀྱང་ངས་ངན་སོང་དུ་ཤོར་མ་མྱོང༌། ཨ་ཁ་ཁ་ཁོ་སྙིང་རེ་རྗེ། ཁོས་སྡུག་བསྔལ་དེ་ཇི་ལྟར་བཟོད་ཐུབ་གསུངས་ནས་བཤུམ་མོ་དྲག་ཏུ་མཛད། བླ་མ་ཐོད་པས་ཁྱོད་ངུ་མི་དགོས། ཁོའི་གཉེན་ཉེ་འདྲ་ལོ་སྐོར་བ་དང༌། རྫ་མཁན་སྐོར་བ་ལ་ལོ་རྒྱུས་བཤད་ནས་ཆོས་སྒྲུབ་ཏུ་འཇུག་པས་ཆོག་པ་རེད་ཅེས་ཐུགས་གསོ་མཛད། ཡང་བླ་མ་ཐོད་པས་ཁོས་ལས་ཅི་བསགས་ནས་དམྱལ་བར་ལྷུང་བ་ཡིན་ཞེས་ཞུས་པ་ན། མཁའ་འགྲོ་མཆོག་གིས་འདིས་དགེ་སློང་ཚད་ལྡན་ཞིག་བསད་པའི་ལས་ཀྱིས་དམྱལ་བར་ལྷུང་བ་ཡིན་ལ། སྤྱིར་འདྲ་ལོའི་བུ་འདི་བསྐལ་ཆེན་མང་པོའི་བར་དམྱལ་བར་འདུག་དགོས་ཀྱང་ངས་བསྐལ་ཆེན་རྣམས་བསྐལ་ཆུང་དུ་བསྒྱུར་ལ། གལ་ཏེ་བསྐལ་ཆུང་གཅིག་གཉིས་ཀྱི་རིང་ཙམ་ལ་སྡོད་དགོས་བྱུང་ནའང་ཁོའི་ཚབ་ཏུ་ང་རང་ཉིད་དམྱལ་བར་སྡོད་རྒྱུ་ཡིན་གསུངས།
ཕྱིའི་ཉིན་མོར་གྱི་ལོང་ཚང་གི་རྫ་ཚེ་ཞེས་པས་རྟ་ཁམ་ཁམ་ཀ་ཞུར་ཞིག་ཞོན་ནས་མཁའ་འགྲོའི་དྲུང་དུ་ཐོན་ཏེ། ཁར་ནུབ་འདྲ་ལོའི་སྲུང་དར་ཤི་སོང་བས་ཁྱེད་ལ་བསྔོ་འབྲས་ཤིག་ཕུལ་ཏུ་འོང་བ་ཡིན་ཞེས་བཤད། མཁའ་འགྲོ་མཆོག་གིས་ཨོ་སྙིང་རྗེ་སྲུང་དར་ཤི་མ་ཐག་ཏུ་ངས་གོ་བྱུང་གསུངས་ཤིང་ལོ་རྒྱུས་རྣམས་གསུངས་པ་ན་རྫ་ཚེ་ལ་ལྡོག་མེད་ཀྱི་དད་པ་སྐྱེས་ཤིང་དེ་ཕྱིན་རྫ་མཁན་ཚང་དང་མཁའ་འགྲོ་ཚང་རྣམས་དད་འདུན་ཧ་ཅང་ཆེ་བའི་ཡོན་བདག་མཆོད་དུ་གྱུར།
ཡང་ཉིན་ཞིག་མཁའ་འགྲོ་མཆོག་གི་མནལ་ལམ་དུ་དགོན་པའི་པ་ནེའི་ཆུང་མ་སྔོ་ལོའི་མ་རྒན་རྒྱམ་ཟ་ཞེས་ཀ་ཟེར་བ་སྔར་ཤི་སོང་བ་དེས་རྩག་པ་ཧྲུལ་པོ་མཐའ་ཆོན་དམར་པོ་ཅན་ཞིག་གྱོན་ནས་དྲུང་དུ་འོངས་ཏེ། བླའི་སྟེང་གི་རྩག་པའི་ཧྲུལ་མཚམས་ཀྱི་སྦུ་གུར་མཛུབ་མོས་བྲད་བཞིན་ངོ་ངན་ཞིང་ཉམ་ཐག་ཐག་གི་ངང་སྨྲེ་སྔགས་གི་རྣམ་པས། ང་རྒན་མོ་ཞེས་ཀ་ཡིན། ངེད་ཚང་ལ་ཇ་ཀོ་གཡོགས་མ་འགའ་རེ་ཡོད་ལ། དེ་བླ་མ་པད་གཅེས་དང༌། མཁན་བཟོད་རྒྱམ། མཁའ་འགྲོ་རིན་པོ་ཆེ་ཁྱེད་རྣམས་ལ་བསྔོ་འབྲས་ཀྱི་རྟེན་དུ་གསོལ་ཇར་ལ་ཨེ་འབུལ་བསམས་ཀྱང་འབུལ་མ་སོང༌། མ་ཟད་ངའི་ཉལ་སའི་འོག་ཏུ་གཡུ་ཞིག་ཡོད་པ་དེ་བུ་མོ་སྔོ་ལོས་བདག་གི་ཉལ་ས་བསལ་སྐབས་རྙེད་དེ་མོ་རང་གི་སྐེ་རྒྱན་གྱི་ནང་དུ་བཏགས་ནས་འདུག་ཅེས་བཤད། ཕྱིའི་ནངས་མོ་དེའི་ལོ་རྒྱུས་དག་བླ་མ་ཐོད་པ་ལ་གསུངས་ནས་དེ་བདག་པོ་ཚང་ལ་བཤད་དང་མི་བཤད་ཅེས་གྲོས་བྱས་པ་ན། བླ་མ་ཐོད་པས་དེ་ནི་ཤི་གསོན་བར་གྱི་སྐད་སྐུར་ཡིན་པས་མ་བཤད་ན་མི་རུང་བས་ངེས་པར་བཤད་དགོས་ཞེས་བཤད། དེ་ནས་དགོན་པའི་པ་ནེ་བོས་ནས་ཁོ་ལ་ལོ་རྒྱུས་ཞིབ་ཏུ་བསྙད་པ་ན་པ་ནེས་ཇ་ཀོ་གཡོགས་མ་ཁ་ཤས་ཡོད་ལ་དེ་དག་ཆོས་ཕྱོགས་སུ་མ་གཏོང་བའང་བདེན། གཡུ་ཞིག་ཡོད་པ་རང་གིས་གོ་མ་བྱུང༌། འོན་ཀྱང་ཕྱིར་རང་ཁྱིམ་དུ་སོང་ནས་སྔོ་ལོ་ལ་འདྲི་ཞེས་ཞུས། དེ་ནས་རང་ཁྱིམ་དུ་སོང་སྟེ། སྔོ་ལོར་དྲིས་པ་ན་སྔོ་ལོས་དེ་དངོས་གནས་བདེན་ཏེ། ཨ་མའི་ཉལ་སའི་འོག་ནས་གཡུ་ཞིག་རྙེད་དེ་རང་གི་མགུལ་དུ་བཏགས་ཡོད་ཅེས་བཤད་ནས་ཇ་དང་གཡུ་དེ་དག་དགེ་ཕྱོགས་སུ་བཏང་བ་ཡིན། ཡང་ཉིན་ཞིག་འབོས་ཀྱི་བྲག་ཆོག་འགབ་མའི་དང་པོ་ལུང་པའི་མདོར་མཁའ་འགྲོ་ཚང་དང་སྒྲོལ་མ་མཚོ་ཚང་གཉིས་མཉམ་དུ་ཡོད་སྐབས། ཉིན་ཞིག་ཁོང་ཚོགས་འདུ་ལ་སྐྱོན་བརྗོད་བྱེད་ཆེད་དུ་བོས། ཚོགས་གྲོལ་རྗེས་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་དུ་སྔར་ནས་ཤི་ཟིན་པའི་འགྱབ་བཟའ་ཨ་ལོ་ཞེས་པ་དེ་མོ་རང་ལ་སྔོན་ཆད་ནས་ཡོད་པའི་ལྕགས་ཀྱི་བཞོ་མཆར་དེའང་བཏགས་ཏེ་ཁྲ་ལྷང་ལྷང་བྱེད་བཞིན་འོང་བ་དང་འཕྲད། འགྱབ་བཟའ་ཨ་ལོས་ངས་དེང་སང་ཁ་ཟས་དང་རྒྱབ་གོས་ཙམ་ཡང་མི་རྙེད་ནའང་རུ་ཆུང་གཉིས་པ་ཚང་གི་མི་རྣམས་འདི་ནས་ཡར་འགྲོ་མར་འགྲོ་མང་དུ་བྱེད་ཀྱང་ང་མཐོང་ཁ་ཙམ་ཡང་བྱེད་མི་འདུག་ཟེར་ནས་ངུ་བཞིན་འདུག །ངས་ང་དང་མཉམ་དུ་འགྲོ། ཁྱོད་ལ་ལམ་ཁྲིད་ཡག་པོ་བྱེད་ཅེས་བཤད་ཀྱང་འགྱབ་བཟའ་ཨ་ལོས་ང་ལ་རུ་ཆུང་གཉིས་པ་ཚང་ནང་དུ་ངེས་པར་ལོན་དགོས་པ་ཁ་ཤས་ཡོད། དེ་དག་མ་ལོན་བར་གང་དུ་འགྲོ་ན་ཞེས་མནའ་བསྐྱལ། ངས་ཁྱོད་ལ་ལམ་ཁྲིད་ཡག་པོ་བྱེད། ཁ་ལ་ཉོན་མ་གཏོགས་ཁྱོད་ལ་དགོས་པ་དག་ངས་ཀྱང་སྦྱིན་ན་ཞེས་མནའ་བསྐྱལ། དེ་ནས་ངས་མོ་ལ་ཟས་ཅུང་ཙམ་སྦྱིན་ནས་དེ་རིང་ནས་བཟུང་ཉིན་བདུན་པ་ན་ང་ཡོད་སར་ཤོག་དང་ངས་ལམ་སྟོན་ཡག་པོ་བྱེད་ཅེས་བཤད་ཡོད་པར་སྒྲོལ་མ་མཚོ་ལ་གསུངས། ཉིན་བདུན་པའི་ནུབ་མོ་ཁྱི་ཁ་ཕྱོགས་པས་སྒྲོལ་མ་མཚོའི་སེམས་སུ་བུད་མེད་དེ་ཐོན་པ་ཡིན་སྙམ་ནས་སྐྲག་སྣང་ཤར། ཕྱི་ཉིན་ནངས་སྔ་མོ་སྒྲོལ་མ་མཚོས་མཁའ་འགྲོ་མཆོག་ལ་མདང་ནུབ་མོ་འགྱབ་བཟའ་ཡོང་ཨེ་ཐལ་ཞེས་དྲིས་ཚེ། ཁོང་གིས་འོངས་མ་ཐལ། སྤྱིར་ལྷ་འདྲེ་ཞིག་གིས་རྫུན་བཤད་མི་སྲིད་ཀྱང་དེང་སང་ངའི་ངན་ཞིག་མེད་པས་ཚོད་ལ་བལྟ་བ་ཡིན། ངས་དེ་སྤུངས་ཡུལ་ཚང་ནང་དུ་འཇོག་ན་གནམ་འདིའི་ཞབས་ཞེས་གསུངས་ནས་འགག་མཛད། དེའི་ནུབ་མོ་ཡང་ཁྱི་ཁ་ཧ་ཅང་རྒོད། ཕྱི་ཉིན་ནངས་སྔ་མོར་སྒྲོལ་མ་མཚོས་རྒྱུན་ལྡན་བཞིན་མཁའ་འགྲོ་མཆོག་གཟིམས་ལས་བསླངས་པ་ན་ཧ་ཅང་གཟིམས་ཡོད་པའི་ཚུལ་གྱིས་ལན་ཕྱོགས་ཕྱོགས་ཙམ་གསུངས་ནས་སླར་ཡང་གཟིམས་འདུག །སྒྲོལ་མ་མཚོ་ཟོག་ནང་དུ་སོང་ནས་འབྲུ་གཅིག་གཉིས་ཤིག་བཞོས་ཟིན་སྐབས་མཁའ་འགྲོ་ཡང་གཟིམས་ལས་བཞེངས་ཏེ་ཐོན། སྒྲོལ་མ་མཚོས་རྒྱུ་མཚན་ཅི་ཡང་མ་དྲིས་ཀྱང༌། མཁའ་འགྲོ་མཆོག་གིས་མདང་དགོང་འགྱབ་བཟའ་ཐོན་བྱུང༌། ཁོའི་བཤད་རྒྱུར་ཁར་ནུབ་མོ་ཆེད་དུ་མ་འོངས་པ་མིན་ཡང་མཁའ་འགྲོ་ཁྱེད་ལ་ད་སྐབས་མནར་གཅོད་དང་བསྡིགས་སྨོད་སྣ་ཚོགས་བྱེད་བཞིན་ཡོད་པས་སེམས་གཅོང་ནས་ཡོང་མ་ཐུབ་པ་ཡིན་ཞེས་ཟེར། དེ་ནས་ངས་ཀྱང་ལམ་སྟོན་ཡག་པོ་བྱེད་ཐུབ་སོང་གསུངས།
ཡང་མཁའ་འགྲོ་ཚང་དང་རིན་སྐྱབས་ཚང་སོགས་འབོས་ཀྱི་རྫ་རྒན་མ་ཞེས་པའི་ལུང་མདོར་བསྡད་ཡོད་པའི་སྐབས་ལ། ཉིན་ཞིག་མཁའ་འགྲོ་མཆོག་གིས་གླིང་ཟ་སྒྲེས་ལོ་ལ་ཁོ་མོ་ཆམ་རིམས་ཞིག་ཕོག་ནས་ན་གི་འདུག །ཉིན་འགའ་ལ་ཉལ་ནས་སྡོད་དགོས། ཁྱོད་ཀྱིས་གཞན་ལས་བྱེད་པ་སོགས་ལ་ཏཱ་རེ་ལྷ་མོ་ན་གི་ཡོད། ཆམ་ངན་ཞིག་ཀྱང་ངེས་པར་རེད་ཅེས་བཤད་དགོས། ཁྱེད་རང་ཡང་ང་ལ་ཇ་སྦྱིན་དུ་འོང་སྐབས་མ་གཏོགས་ངའི་དྲུང་དུ་འོང་མི་དགོས་ཞེས་གསུངས། ཉིན་ཞིག་གི་དགོང་མོ་ཇ་སྦྱིན་དུ་སོང་བ་ན་ཁོང་ཞལ་འཛུམ་ཀྱི་ལེའི་ངང་སྒྲེས་ལོ་ལ་ངས་ཉིན་མཚན་ཁ་ཤས་ཀྱི་རིང་དཀའ་ངལ་དང་སྡུག་བསྔལ་རྒྱ་ཆེན་པོ་མྱོང་ཡང་ཞེ་བློ་བདེ་བའི་བྱ་བ་ཞིག་འགྲུབ་ཡོད་ཅེས་གསུངས། ལགས་སོ་ཞུས་པ་ན། ཁོང་གིས་གནའ་སྔ་མོར་ངེད་ཨ་པཾ་གཏེར་སྟོན་ཚང་གསེར་རྟ་འབྲོས་རི་ན་བསྡད་ཡོད་ཅིང༌། ང་ཆུང་ཆུང་བྱིས་པའི་དུས་སྲས་མོ་ཀར་རིས་མ་ཞེས་འདོགས་སྐབས་མགོ་ལོག་གྱི་ལོང་ཚང་གི་རྒྱུན་ནེའི་བུ་སྲུང་དར་ཞེས་པ་ཞིག་ཡོད་པ་སེམས་ཅན་མང་པོའི་སྲོག་བཅད་པ་སོགས་མི་དགེ་བ་འདྲ་དང་མི་འདྲ་མང་པོ་བསགས་པ་དེས་ང་ལ་ཁོ་ཤི་སྐབས་ཁྱེད་འཆུག་མི་ཉན། ང་ངན་སོང་དུ་གཏོང་མི་རུང་ཞེས་ཡང་ཡང་བཤད་པ་ན་ངས་མི་གཏོང་ཞེས་ཁས་བླངས་ཡོད། ཉེ་ཆར་ཉམས་སྣང་ལ་སྤྲུལ་དབང་ཆེན་ཉི་མ་སོགས་ཀྱིས་རྒྱུན་ནེའི་བུ་ཤི་ཁར་སྲས་མོ་ཀར་རིས་མ་མཁྱེན་ཟེར་ཞོར་ཤི་ནས་དམྱལ་བར་ལྷུང་སོང༌། ཡར་འདྲེན་པའི་ཐབས་ལ་ཇི་ལྟར་འབད་ཀྱང་ཕན་མི་ཐོགས་པས་ཡར་མཐོ་རིས་སོགས་ཀྱི་གནས་སུ་འདྲེན་རྒྱུ་ཡིན་ནམ། མར་ངན་སོང་དམྱལ་བའི་གནས་སུ་འཇོག་རྒྱུ་གང་ཡིན་ཁྱོད་རང་གིས་བལྟ་དགོས་པ་རེད་ཅེས་སྐད་ཅིག་བསྐུར་ཏེ་འགན་ཆེན་པོ་ཞིག་བཀལ་ནས་བྱུང༌། དེ་ནས་ང་ཐག་རིང་པོ་ཞིག་ཏུ་སོང་བ་ན་རི་མགོ་གསུམ་གྱི་མགོར་ཟངས་ང་ཤིན་ཏུ་རྒྱ་ཆེན་པོ་ཕྱོགས་རེ་ལ་གོམ་པས་འཇལ་དཀའ་བ་ཞིག་བཙུགས་ཏེ། དེར་མི་མང་པོ་འཚེད་ཅིང༌། དཀྲུག་དབྱུག་གིས་དཀྲུག་པ་ན་མི་རྣམས་ཀྱི་མགོ་བོས་ནག་ཇིབ་ཇིབ་བྱེད་བཞིན་འདུག།ཁོ་མོས་དམྱལ་ཟངས་གི་ནང་དུ་བལྟས་ནས་སྐོར་བ་ཞིག་བྱས་ཀྱང་རྒྱུན་ནེའི་བུ་དེ་མཐོང་རྒྱུ་མི་འདུག །དེ་ཙམ་ན་དམྱལ་ཟངས་ཀྱི་ཕྱི་རོལ་ཟངས་ངའི་གཤོག་པའི་སྟེང་དུ་རྒྱུན་ནེའི་བུ་དེ་ཤིན་ཏུ་ཉམ་ཐག་པ་སྙིང་རྗེ་རྗེ་སྐད་དུ་བསྡད་ནས་འདུག །ཁོས་མར་བལྟས་པ་ན་ང་མཐོང་སྟེ་ངོ་ཤེས་ནས་ཤིན་ཏུ་དགའ་བའི་རྣམ་པ་བསྟན། ཁོ་མོས་ཕར་བལྟ་ཚུར་བལྟ་བྱས་པ་ན་སྦྲ་དཀྲུག་ལྟ་བུའི་ཤིང་དབྱུག་རིང་པོ་ཞིག་མཐོང་ནས་དེ་ཚུར་བླངས་ཏེ་དེའི་མགོ་ཕྱོགས་རྒྱུན་ནེ་རྒད་པོའི་རྐང་དྲུང་ཟངས་ངའི་གཤོག་ཐོག་ཏུ་བཞག་ཅིང༌། སྣེ་མོ་རང་གི་སྙིང་ཁར་བཞག་ནས་བུ་རྒོད་བོ་ད་མར་ནུད་ནས་ཤོག་ཅེས་བཤད་པ་ན། ཁོ་མི་འོང་སྦྲ་དབྱུག་གིས་སྣེ་མོས་ཁྱེད་ལ་སྣད་འགྲོ་ཞེས་བཤད། ཁོ་མོས་ང་ལ་མི་སྐྱོན་ད་མགྱོགས་པོར་ཤོག་གསུངས་པ་ན་མར་ནུད་ནས་མཁའ་འགྲོའི་བྲང་ཁར་འཐམ། ངས་དབྱུག་པ་དེ་ཡར་དྲག་ཏུ་བཙུགས་པའི་ཤུགས་ཀྱིས་དེར་ཚང་ལ་མི་སྲིད་པའི་ཐབ་ལོག་ཅིག་བསྒྱུར་ནས་ཕུང་དཀྲུག་ཆེན་པོ་ཞིག་བྱས་བཞག་ཅེས་ཞལ་མཚར་གསུངས། དེ་ནས་ཁོ་མོས་རྒད་པོ་དེ་ཁྲིད་ནས་འོང་སྐབས་རྩི་ཤིང་ནགས་ཚལ་ཐམས་ཅད་གྲི་མཚོན་ཡིན་པའི་ས་ཆ་ཞིག་ལ་སླེབ། ཁོ་མོ་མི་སྐྱོན་ཡང་རྒྱུན་ནེའི་བུ་ལ་མཚོན་ཆ་རྣམས་ཀྱིས་ཕུག་ནས་ཁ་ནང་ནས་ཁྲག་བྱུང་བ་ཙམ་དུ་ཐུག །དེ་ནས་རྒྱུན་ནེའི་བུ་དེ་ཁོ་མོས་ཁུར་ནས་འོང་ཡང་ད་དུང་གྲི་མཚོན་གྱིས་འབུག་པར་བྱེད། དེ་ནས་ཆུ་ཆེན་པོ་ཞིག་གི་ཁར་སླེབས་ནས་ཆུ་ལ་བགྲོད་མ་ནུས་པ་ན། ཁོ་མོས་མགོ་གོས་ཀྱིས་བཏུམ་སྟེ་སྨོན་ལམ་བཏབ་པས་ཆུ་དེ་དལ་ཅིག་ཆད་ནས་ཕ་རི་ལ་སླེབས།
དེ་ནས་ངེད་གཉིས་འོང་བ་ན་ལམ་དཀར་ནག་གཉིས་མཐོང་གི་འདུག །དེར་ཁོ་མོས་རྒྱུན་ནེའི་བུ་ལ་ཡར་ཕྱོགས་ཀྱི་ལམ་དཀར་པོ་འདི་ཞོན་ནས་སྟེང་ཕྱོགས་ཀྱི་ཁང་པ་དཀར་པོ་དེའི་ནང་འགྲོ་དགོས་པ་ཡིན། ཁྱོད་ཀྱིས་ཕྱིར་ལྟས་མ་བྱེད། ད་ཕྱིན་ཆད་ཕྱིར་འགྲོ་ས་ཞིག་ཡོད་པར་ཡང་བསམ་མི་རུང༌། དེ་རིང་ཁྱོད་ང་ལ་དགའ་ཞིང་དད་པའི་གོ་ཆོད་པ་ཡིན་ཞེས་བཤད་ནས་ལམ་ལ་བཞག་ཡོད་པས་ད་ཞེ་བདེ་བ་ཡིན་ཞེས་ཐུགས་སྤྲོ་སྤྲོ་ཚད་མེད་མཛད་པར་བཤད་དོ། །
ཡང་མཁའ་འགྲོ་ཚང་རྩིས་ཀྱི་མར་ཁུའི་ལྷས་མགོ་ན་ཡོད་སྐབས་ཤིག་ལ་བླ་མ་ཐོད་པ་དང༌། དགེ་མང་ཤ་ཉེ་སོགས་རྔ་ཁོག་ཏུ་བཅའ་དངོས་ལེན་དུ་སོང་ཡོད་པ་ན། ཉིན་ཞིག་གི་ཉིན་གུང་ཙམ་ན་མཁའ་འགྲོ་མཆོག་གིས་ཚ་ཁོ་པད་ཚེ་དང་ཚོགས་རྩ་ཟ་འོན་ཅང་སོགས་ལ་ད་ནངས་སྔ་མོ་ནམ་ལང་ཁར་དགེ་མང་ཤ་ཉེ་ཤི་ཐལ། དེ་རིང་དགོང་མོ་ངས་ཁོ་ལ་གསུར་བསྔོ་ཞིག་འདོན་དགོས་པས་དེ་སྐབས་པད་ཚེ་ཁྱོད་ཀྱིས་ང་ལ་རོགས་དགོས་གསུངས། དགོང་མོ་པད་ཚེ་དེར་སོང་བ་ན་ཚ་ཁོ་རིག་ལོ་ཡང་དེར་ཐོན་ཡོད། མཁའ་འགྲོ་མཆོག་གིས་པད་ཚེ་གསུར་ཤོམས་གསུངས་ནས་གསུར་བཤམས་ཏེ་གསུར་བསྔོ་གསུངས་ཚར་མ་ཐག །ད་དུང་ངས་ཤི་བོ་དེ་ལ་ཕན་ཆེར་མི་ཐོགས་ཏེ། ཤི་བོ་དེས་གཅན་གཟན་ཧྲེ་ཧྲེ། རྔ་མ་ཁྲ་བོར་འདུག་པ། འཕོངས་མགོ་ཆེ་བ། མགོ་དམའ་བ། རྣ་རྒྱབ་ན་སྤུ་རིང་མོ་སྐྱེས་པ་ཞིག་བསད་མྱོང་བས་དེས་ཐར་ལམ་བཀག་ནས་ཡོད་པས་གཅན་གཟན་དེ་ཅི་ཡིན་ཁྱེད་གཉིས་ཀྱིས་ཤེས་སམ་ཞེས་པད་ཚེ་དང་རིག་ལོ་གཉིས་ལ་དྲིས་པ་ན། རིག་ལོས་དེ་གཡུ་ཡིན་པ་འདྲ་བས་ས་ཆ་གང་ཞིག་ནས་ཇི་ལྟར་བསད་པ་ཡིན་ཞུས་ཚེ། ལུང་པ་ཁ་ནུབ་འཁོར་ཞིག་གི་ཁ་ནས་མི་ཁ་ཤས་ཀྱིས་རྡོ་རུབ་བྱས་ཏེ་ངན་གསོད་བྱས་པར་སྣང་གསུངས། དེ་ནས་ཉིན་གཅིག་གཉིས་ཀྱི་རྗེས་ནས་བླ་མ་ཐོད་པ་སོགས་རོགས་པ་རྣམས་ཡར་ཐོན་པ་ན། ངེད་རྣམས་རྔ་ཁོག་ཏུ་ཐོན་རྗེས་དགེ་མང་ཤ་ཉེའི་མིད་པ་སྐྲང་ནས་ཤི་སོང་ཞེས་བཤད། མཁའ་འགྲོ་མཆོག་གིས་གཅན་གཟན་ཞིག་བསད་པས་ཐར་ལམ་བཀག་ཡོད་པས། དེ་དུས་རས་དཀོན་ཡང་མ་མཐའ་ཇོ་དར་སྟོང་དར་ཞིག་འགྲུབ་དགོས་པར་གསུངས། སྐོར་ཞིག་ལ་རུ་ཆེན་དང་པོའི་རུ་ཆུང་གཉིས་པ་ཚང་གི་ལོ་ཉུང་ཁ་ཤས་ཤིག་གིས་རི་སྒང་ཞིག་ནས་གཡུ་ཞིག་བདས་ནས་ཐང་ཆད་དུ་བཅུག་སྟེ་དར་ཐོག་ཅིག་ནས་རྡོས་རུབ་རྒྱབ་ནས་བསད་པར་དགེ་མང་སྐྱབས་མགོན་སོགས་ཀྱིས་གསལ་པོར་ཤེས་པས་མཁའ་འགྲོས་གསུངས་པ་ཇི་བཞིན་ཡིན།
ཡང་མ་རྩ་རྡོར་ཐལ་ཚང་གིས་མ་རྩའི་རིན་སྐྱབས་ཚང་ལ་ལི་སྐམ་ཁ་ཤས་བྱིན་ལ། དེ་ལས་ཉུང་ཤས་ཤིག་རིན་སྐྱབས་ཀྱིས་གླིང་ནོར་འཛིན་ཚང་ལ་བྱིན། ཕྱིའི་ནངས་མོ་གླིང་ནོར་འཛིན་གྱི་ཆུང་མ་ཏཱ་རེས་ལི་སྐམ་ཟ་བཞིན་ཟོག་བཞོ་རུ་སོང་བ་ན་མཁའ་འགྲོ་མཆོག་གིས་ཁྱོད་ཀྱིས་ཅི་ཞིག་ཟ་གིན་འདུག་ཅེས་དྲིས། ཏཱ་རེས་རྡོར་ཐལ་ཚང་གིས་རིན་སྐྱབས་ཚང་ལ་བྱིན་པའི་ལི་སྐམ་ཁ་ཤས་ངེད་ལ་ཁྱེར་འོང་བ་དེ་ཡིན་ཞུས། ཁོང་གིས་དེ་ང་ལ་གཅིག་སྦྱིན་རོགས། མདང་དགོང་སྙིང་རྗེ་མ་རྩའི་རྡོར་ཐལ་གྱི་ཕ་རྒན་འདས་པོ་ཆོས་ཉིད་ང་ཡོད་སར་འོངས་ནས་སང་ཉིན་ཁྱེད་ཀྱིས་ངེད་ཚང་གི་ཟ་མ་ཞིག་རགས་ལ་བཅའ་ལག་ཞིག་ཀྱང་ཁྱེད་ལ་བསྐུར་ཡོད་ཟེར་གི་ཞེས་གསུངས། ཏཱ་རེས་དེ་ལོས་བདེན། རིན་སྐྱབས་ཀྱིས་བཅའ་ལག་ཅིག་ཀྱང་བསྐུར་ཡོད་ཟེར་གི་ཞེས་ཞུས། ཏཱ་རེའི་སེམས་ལ་མཁའ་འགྲོས་དོན་དེ་གཏན་ནས་ཐོས་མེད་པས་ངོ་མཚར་ཆེ་སྙམ་ནས་དད་པ་སྐྱེས།
ཡང་སྐོར་ཞིག་རྩིས་ཀྱི་ཁྲ་མ་ལུང་པ་ཞེས་པའི་མདོར་མཁའ་འགྲོ་ཚང་དང་ཝ་ཤུལ་སྦྱིན་ཁོ་ཚང་སོགས་ལྷན་དུ་ཡོད་དུས་ཉིན་ཞིག་སྦྱིན་ཁོ་མཁའ་འགྲོ་ཚང་དུ་སོང་ནས་གུང་ཇ་འཐུང་སྐབས། ཕོ་རོག་ཅིག་ཆོན་ཐག་གི་སྟེང་དུ་བབས་ནས་གྲོགས་བསྐྱུག །མཁའ་འགྲོ་མཆོག་གིས་ཕོ་རོག་འདིས་ང་ལ་གྲོགས་ཤིག་ཡོད་མདོག་ཡིན་ཡང་གྲོགས་ཅི་ཡིན། སྙིང་རྗེ། བྱོ་མདའི་བསམ་འགྲུབ་ཀྱི་མ་རྒན་ད་ལྟ་ཤི་སོང་བས་འཕོ་ལུང་ཞུ་རྟེན་ཙམ་ཡིན་གསུངས། ཁོང་གིས་གསུངས་པ་བཞིན་བསམ་འགྲུབ་ཀྱི་མ་རྒན་གློ་བུར་དུ་ཤི་ནས་དགོང་མོ་མུན་མ་རུབ་ཙམ་ན་འཕོ་ལུང་ཞུ་རྟེན་ཁྱེར་ནས་ཐོན། ཡང་ཉིན་ཞིག་ན་མཁའ་འགྲོ་མཆོག་གིས་ཨ་པཾ་མགོ་ཆེའི་མ་རྒན་ཤི་སོང་བ་མཁྱེན་ནས་བླ་མ་ཐོད་པ་ལ་ཁྱེད་ཀྱིས་འདོད་ཡོན་ཞིག་ཤོམས་དང་མགོ་ཆེའི་མ་རྒན་ཤི་སོང་བས་ངེད་གཉིས་ཀྱིས་གསུར་ཞིག་འདོན་གསུངས། ཅང་མ་འགོར་བར་འཕོ་ལུང་ཞུ་རྟེན་ཁྱེར་ནས་ཐོན།
ཡང་མཁའ་འགྲོ་ཚང་རྩིས་ཀྱི་མར་ཁུའི་ལྷས་ན་བཞུགས་སྐབས་ཤིག་ལ་དབང་མདའ་བླ་མ་ཚེ་དཔལ་དང༌། སྤོང་ཡུལ་ཚང་གི་གླིང་འོད་ལོ་དང༌། སོག་པོ་ཀུན་དགའ་སོགས་མི་མང་པོ་ཞིག་ལྷ་སར་སོང༌། ལོ་དེའི་སྟོན་དགུན་ཙམ་གྱི་མཚམས་ན་རུ་ཆེན་གཉིས་པའི་རུ་ཆུང་དང་པོ་ཚང་གི་མི་རྣམས་མར་ཁུའི་ལྷས་སུ་འདུས་ནས་བོ་ཐོའི་ར་བ་ཞིག་རྩིག་བཞིན་པ་ན།ནུབ་གཅིག་བྱ་རིན་སྟོབས་མཁའ་འགྲོ་ཚང་ལ་ནུབ་ཇ་འཐུང་དུ་སོང༌། ཅུང་ཞིག་ན་མཁའ་འགྲོ་མཆོག་གིས་བླ་མ་ཐོད་པ་དང་རིན་སྟོབས་དག་ལ་ངས་དབང་མདའ་ཚང་གི་མགོ་ལོག་བླ་མ་ཚེ་དཔལ་ལྷ་སར་སོང་བ་ཡིན་པར་ཐོས་ཀྱང༌། མ་ཡིན་ཏེ། ཁོ་ད་སྐབས་ཟངས་མདོག་དཔལ་རི་ན་ཐོན་འདུག་གསུངས། བླ་མ་ཐོད་པས་དེ་ལྟར་ཟེར་མི་རུང་ཁོ་ལྷ་སར་སོང་བ་ཡིན་ཟེར། མཁའ་འགྲོས་ཟངས་མདོག་དཔལ་རི་ན་ཐོན་ཡོད་པ་སེམས་ཐག་ཆོད་པ་ཡིན་པས་ངས་འགན་ཁུར་ཆོག་གསུངས། བླ་མ་ཐོད་པས་བླ་རྒན་ཁོ་སྐྲག་ནས་བྲོས་སོང་བ་རེད། དེ་ལྟར་འབྲོ་མི་དགོས་ཞེས་ཐུགས་ལ་མི་བབ་པའི་ཚུལ་མཛད། དེ་སྐབས་དེང་སང་ལྟར་ཁ་པར་གྱི་བརྒྱུད་ལམ་མེད་པས་ཉིན་གསུམ་བཞི་ཙམ་གྱི་རྗེས་ནས་དབང་མདའ་བླ་མ་ཚེ་དཔལ་ལྷ་སར་འགྲོ་བའི་ལམ་གྱི་ཟི་ལང་གྲོང་ཁྱེར་ན་ཐོན་སྐབས་གྲོངས་སོང་ཞེས་དབུས་རོགས་རྣམས་ཀྱིས་མར་ཡུལ་བ་རྣམས་ལ་ཕྲིན་ཐོན་པ་ཡིན། དེའི་ལོ་རྒྱུས་ཞིབ་པར་རིན་སྟོབས་ལ་གསལ་བ་དང༌།
ཡང་སྲིད་ཅུས་ཤིན་ཏུ་རྩུབ་སྐོར་ཞིག་ལ་མཁའ་འགྲོ་ཚང་རྩིས་ཀྱི་མར་ཁུའི་ལྷས་ན་ཡོད་སྐབས། གཡོན་རི་ཟ་ཤེར་མཚོ་ཞེས་པ་ཤི་ནས་དེ་སྐབས་སུ་ཉིན་མོ་མཁའ་འགྲོ་མཆོག་གི་དྲུང་དུ་འགྲོ་མི་ཕོད་པས་ནུབ་མོ་ཞིག་ལ་གཡོན་རི་ཚུལ་རིན་སྔོན་དུ་མཁའ་འགྲོ་ཚང་ལ་ཞུ་བར་སོང་ཞིང༌། གཡོན་རི་རྡོར་བཟང་དང༌། གླིང་བསོད་ནམས། ཧོར་བ་རྟེན་བཟང་གསུམ་གྱིས་རོ་བཟུང་ནས་རྗེས་སུ་སོང་བ་ན། མཁའ་འགྲོ་མཆོག་གིས་དེ་སྐབས་སྐུ་མདུན་ན་ཡོད་པའི་ཚོགས་རྩ་ཟ་འོན་ཅང་ལ། ད་གཟོད་ངའི་དྲུང་དུ་ཐོན་བྱུང༌། དེ་བོང་ཡུལ་སང་ཞིག་ཡིན་པ་འདྲ་ཡང་ངས་ངོས་གསལ་བོ་ཞིག་ཟིན་མ་ཐུབ། གསུར་ཞིག་འདོན་དགོས་གསུངས་ནས་གསུར་བསྔོ་རྒྱས་པ་མཛད། ཅུང་མ་འགོར་བར་ཚུལ་རིན་ཐོན་ནས་ངའི་སྲིང་མོ་ཤེར་མཚོ་ཤི་སོང་བས་རོ་རྗེས་ནས་ཁྱེར་འོང་གི་ཡོད་ཅེས་ཞུས། དེ་ནས་རོ་ཁྱེར་མི་གསུམ་ཀྱང་ཐོན་ནས་འཕོ་བ་གསུངས། མཁའ་འགྲོ་མཆོག་གིས་རྡོར་བཟང་ལ་ཁྱོད་ཀྱི་སྲིང་མོ་དེས་ངའི་སྐེ་རྒྱན་གྱི་ལྟག་ཕྱོགས་ན་རིན་པོ་ཆེའི་རིགས་རྟགས་ཅན་ཞིག་ཡོད་པས་དེ་ཁྱོད་ལ་སྦྱིན་ཟེར་བས་རིན་ཐང་ཅན་ཞིག་མིན་ཀྱང་སྙིང་རྗེ་དེ་ང་ལ་སྦྱིན་པ་ཡིན་པས་དགོས་གསུངས། རྡོར་བཟང་གིས་ལགས་སོ་ཞུས། ཕྱིར་སོང་ནས་སྐེ་རྒྱན་ལ་བལྟས་པ་ན་ངོས་གསལ་བོར་མ་ཟིན་ནས་སྐེ་རྒྱན་ཉལ་ཚགས་དམ་པོ་བྱས། སྐོར་ཞིག་རྡོར་བཟང་སོགས་མི་འགའ་ཡུལ་གཞན་དུ་བཅའ་ལག་ལེན་དུ་འགྲོ་སྐབས་ལམ་བར་དུ་མཚན་མོ་རྩིས་ཀྱི་ཁྲ་མ་ལུང་པའི་མདོར་མཁའ་འགྲོ་མཆོག་དང་དུས་ཆད་བསྒོས་ཏེ་སྐེ་རྒྱན་དེ་མཁའ་འགྲོའི་ཕྱག་ཏུ་བཞག་ཚེ་ཁོང་གིས་རིན་པོ་ཆེ་དེ་ནོར་བ་གཏན་ནས་མེད། ཞིབ་ཏུ་བལྟས་ཚེ་གསང་ན་མིག་ལྟ་བུའི་རི་མོ་ཞིག་ཡོད་གསུངས་ནས་ལག་སྒྲོན་གྱི་འོད་ལ་ཞིབ་ཏུ་ཡང་ཡང་བལྟས་པ་ན་ཨོ་འདི་རེད་གསུངས་ནས་མུ་ཏིག་ཅིག་དམིགས་ཀྱིས་བཀར། དེ་ཁོང་གིས་གསུངས་པ་བཞིན་ཉིན་མོ་ནམ་མཁར་ཕྱར་ནས་ཞིབ་ཏུ་བལྟས་ཚེ་གསང་ན་མིག་ལྟ་བུའི་རི་མོ་ཞིག་ཡོད་པར་ཐམས་ཅད་ཀྱིས་མཐོང་ངོ༌། །
ཡང་མཁའ་འགྲོ་ཚང་དང་ཚ་ཁོ་པད་ཚེ་ཚང་སོགས་དབྱར་ཁ་ཞིག་ལ་རོང་མཐའི་ཆུ་གར་ལུང་པ་ཞིག་གི་མིང༌ཁར་མཉམ་དུ་བསྡད་ཡོད་པའི་སྐབས་ཤིག་ལ། མཁའ་འགྲོ་ཚང་རོགས་རམ་པ་ཡིན་ཞིང༌། པད་ཚེ་བེའུ་ཡར་གྱི་རྫི་བོ་ཡིན་པར་བཤད། ཉིན་ཞིག་མཁའ་འགྲོ་དང་པད་ཚེ་གཉིས་ནོར་ལྷས་ཀྱི་ཉེ་འདབས་ཤིག་ན་ཡོད་སྐབས། མཁའ་འགྲོ་མཆོག་གིས་དེ་རིང་ནངས་མོ་བུད་མེད་ངོ་དཀར་པོ་མིག་ཡག་པོ་འདུག་པའི་ནད་པ་ཞིག་ཁ་བྱང་དུ་འཁོར་ནས་ཉལ་ཡོད་ཀྱང༌། ད་ཤི་སོང་བས་དེའི་ཤི་སྐད་ཟེར་མི་ཞིག་ཐོན་ལ་ཡོད་པས་ཁྱོད་ངེད་ཀྱི་ཁྱིམ་དུ་མར་ལ་སོང་ནས་ཇ་བསྐོལ། ཁྱོད་ཀྱི་ཁྱིམ་ན་བཅའ་དངོས་ཤིག་ལེན་རྒྱུ་ཡོད་པས་ངས་དེ་བླངས་ནས་མྱུར་བར་ཐོན་འོང་གསུངས། ཅུང་ཞིག་ན་རོབ་གདོང་དར་སྡས་ཀྱི་རྟ་ཁམ་ཁམ་ཞིག་ཞོན་ནས་ཐོན་ཏེ། ངའི་རྒན་མོ་ཤི་སོང་བས་ང་ཁྱེད་ལ་བསྔོ་རྟེན་འཇོག་ཏུ་འོང་བ་ཡིན་ཞེས་ཐོན་པར་བཤད་པ་དང༌། ཡང་སྤུངས་ཡུལ་སྡེ་བའི་ས་གནས་འབོས་ཀྱི་ལུང་རིང་མཚམས་ཁང་ཅན་ཞེས་པའི་ལུང་མདོར་སྐྱབས་གྲོལ་ཚང་དང༌། འོན་ཅང་ཚང༌། མཁའ་འགྲོ་རིན་པོ་ཆེ་ཏཱ་རེ་ལྷ་མོ་ཚང་གསུམ་ལྷན་དུ་བསྡད་ཡོད་པའི་ལོ་ཞིག་ལ། ཉིན་ཞིག་གི་སྔ་དྲོར་སྐྱབས་གྲོལ་གྱིས་ལུག་ཅིག་བཤས་ཏེ་ལུག་ཤ་རྩུབ་ཚལ་དང་ནང་ཆ་ཅུང་ཟད་བཅས་མཁའ་འགྲོ་རིན་པོ་ཆེ་ལ་དབུལ་དུ་སོང་བ་ན། མཁའ་འགྲོ་རིན་པོ་ཆེ་ཅུང་ཟད་བསྙུངས་ནས་གཟིམས་འདུག་ཟེར། ཤ་དེར་བཞག་ནས་སྐྱབས་གྲོལ་ཕྱིར་རང་ཁྱིམ་དུ་སོང༌། ཕྱི་དྲོ་ཙམ་ན་མཁའ་འགྲོ་མཆོག་གིས་སྐྱབས་གྲོལ་བོས་ཏེ། ཐོང་བ་རྒྱ་འོར་ཀླད་པའི་སྟེང་ན་སྤུ་འཁྱིལ་གཉིས་ཡོད་པ་ཅན་དེ་ལ་བདག་གིས་མི་ཞིག་ཤི་སོང་ན་དེ་ལས་ལྷག་པ་ཞིག་གདོན་རྒྱུ་མེད་ཀྱང་ཁོ་ལུག་གྲལ་ནས་ད་དུང་བཀར་མི་ཐུབ། ཁྱོད་ཀྱིས་འདི་ལ་དགེ་རྩ་རེ་སྒྲུབ་ཨེ་དགོས་ལྟོས་གསུངས། བཤས་པའི་ལུག་དེ་ཇི་ལྟ་བུ་ཞིག་ཡིན་མཁའ་འགྲོས་གཏན་ནས་ཐོས་མེད་པས་སྐྱབས་གྲོལ་ཡ་མཚན་ཅིང༌། ཀླད་པའི་སྟེང་ན་སྤུ་འཁྱིལ་གཉིས་ཡོད་མེད་ཁོ་རང་གིས་ཀྱང་མ་ངེས་པས་ཕྱིར་སོང་ནས་ལུག་མགོ་ལ་བལྟས་ཚེ་ཇི་བཞིན་འདུག་པར་བཤད།དེ་ལྟར་འགྲོ་བ་མིར་མ་ཟད་སྲོག་ཆག་ཕལ་བ་ཡན་ཆད་ཐུགས་བརྩེས་ནམ་ཡང་ཡལ་བར་མི་གཏོང་བར་སྐྱོབས་པ་ནི་སངས་རྒྱས་དང་བྱང་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་བ་ཐུན་མོང་མ་ཡིན་པའོ། །གང་ལ་དད་དང་ཡིད་ཆེས་ཡོད་པའི་སྐྱེ་བོ་དག་ནི་ནམ་ཞིག་ན། །འདི་སྣང་སྒྱུ་མའི་སྣང་བ་འགག་ཅིང་སྐྱབས་མེད་གཤིན་ཡུལ་འགྲིམ་པ་དང༌། །སྣ་ཚོགས་མི་དགེའི་ལས་ཀྱི་དབང་གིས་སྡུག་བསྔལ་རྒྱ་མཚོར་བྱིང་བ་ན། ། མངོན་སུམ་ལག་པའི་ཁུ་ཚུར་ནས་བཟུང་བདེ་ལྡན་ཞིང་དུ་ཁྲིད་ལ་འདུད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །བཅུ་གཅིག་པ་རྟག་འཛིན་ཅན་གྱི་ངོར་གཟུགས་སྐུའི་བཀོད་པ་ཞི་དབྱིངས་སུ་བསྡུས་ཚུལ། ཞིང་འདིའི་བསྟན་འགྲོའི་མཛད་པ་རྣམས་རེ་ཞིག་མཇུག་དྲིལ་ཞིང་ལས་དང་སྨོན་ལམ་བཟང་པོ་ཐེབས་པའི་ལས་ཅན་གཞན་གྱི་དོན་བྱེད་པའི་དུས་ལ་བབས་པ་དང༌། རྗེས་འཇུག་རྣམས་ཀྱི་རྒྱུད་ལ་ཡོད་པའི་རྟག་འཛིན་གྱི་བློ་བཟློག་ཕྱིར་དུ། ནང་མི་རྣམས་ལ་ཞལ་འཛུམ་པ་དང་བཅས་པའི་སྒོ་ནས་ནག་མོ་ང་མི་ཡུལ་འདིར་སྐྱེས་ནས་དེ་རིང་ལ་མ་ཐུག་བར་དུ་སྐྱིད་སྡུག་གང་གི་སྐབས་ཡིན་ཀྱང༌། རང་དོན་སྤངས་ཅི་ཐུབ་བྱས་ནས་ནུས་ཚོད་ཀྱི་བསྟན་འགྲོ་ལ་ཞབས་ཞུ་ཅི་ཐུབ་བྱས་པ་ཡིན། ད་ནི་རང་རེ་གཉིས་ཀྱི་བརྡ་ལུང་ལས་ཀྱང་། གྲངས་རེ་ལྔ་ལ་སྟག་མོ་དབྱིངས་སུ་གཟིམས། །ཞེས་གསུངས་ཡོད་པས་ངའི་འཇིག་རྟེན་འདི་རེ་ཞིག་རྫོགས་ལ་ཉེ་བ་ཡིན། མ་ཟད་ནད་གཞི་འདིའི་དབང་གིས་གཞན་དོན་མ་དགོས་རང་གཡོག་རང་གིས་བྱེད་མི་ཐུབ་པར་ཁྱེད་རྣམ་པ་ལ་སྡུག་ཁོ་ན་གཏད་བཞིན་ཡོད་པ་རེད། ང་ཤི་རྗེས་སུ་སྐུ་གདུང་མཆོད་རྟེན་སོགས་གང་ཡང་བྱེད་མི་དགོས། ངའི་རུས་པ་དང་རུས་ཐ་འདི་དག་ལྷ་སྐུ་དང་མཆོད་རྟེན་གྱི་ཟུང་འཇུག་ནང་དུ་སོང་ན་ཉེས་པ་ཆེན་པོ་ཡོད་པས་གཞན་ལ་གཏན་ནས་སྦྱིན་མི་དགོས། ངས་རེ་བ་ཡིན་ན་ཁྱེད་རྣམས་ཀྱིས་རང་དོན་དུ་ལོ་འདི་དག་གི་རིང་ལ་ཐོབ་ཡོད་པའི་འོད་གསལ་རྫོགས་པ་ཆེན་པོ་སོགས་གདམས་པ་ཟབ་མོ་དག་ཆུད་ཟོས་སུ་མི་གཏོང་པར་ཉམས་སུ་ལེན་ཇི་ཐུབ་བྱེད་རྒྱུ་དང༌། གཞན་དོན་དུ་ངས་ཀྱང་སྤྲུལ་རིན་པོ་ཆེ་དང་སྐད་ཅིག་ཙམ་ཡང་མི་འབྲལ་བར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་རྩ་གསུམ་སྲུང་མ་དང་བཅས་པ་དཔང་པོར་བཞག་ནས་དམ་བཅའ་བྱས་པ་ཡིན་པས་ཁྱེད་སློབ་ཚོགས་རྣམས་ནས་ཀྱང་ཁོང་གི་མཛད་པ་དང་འཕྲིན་ལས་ལ་ཞབས་ཞུ་ཅི་ཐང་བྱེད་རྒྱུ་དེ་ཡིན་གསུངས་ནས།
བོད་རབ་བྱུང་བཅུ་བདུན་པའི་ཆུ་རྟ་ལོའི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ཀྱི་དུས་ཚོད་བཅུ་གཉིས་དང་སྐར་མ་བཅུ་གཉིས་ལ། ཁང་ཁྱིམ་གྱི་ཕྱི་ནང་ཀུན་ཏུ་འཇའ་འོད་ཀྱི་གུར་དང་དྲི་བཟང་གི་ན་བུན་འཐུལ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཞི་དབྱིངས་སུ་བསྡུས་སོ། །དད་ལྡན་ཡིད་ཀྱི་མུན་སེལ་ཟླ་བ་གློ་བུར་ཆུ་ལྷའི་པང་དུ་ལྷུང༌། །བསྟན་འཛིན་སྟོང་གི་སྐུ་ཚེའི་རྟེན་ཕུར་བར་ཆད་རྐྱེན་གྱིས་གས་ཆག་ཤོར། །ཟབ་གཏེར་མཛོད་ལ་མངའ་དབང་བསྒྱུར་བའི་དབྱིངས་ཕྱུག་ཌཱ་ཀི་ཞི་བར་གཟིམས། །ལས་ལྡན་བྱེ་བའི་ཡིད་ཀྱི་མཁའ་ལ་མྱ་ངན་མུན་པ་ཐོལ་གྱིས་འཐིབ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སླར་སྨྲས་པ། འདི་ནི་དད་པའི་གྲིབ་གཟུགས་མཛེས་པར་འཁྲུལ་ནས་ཟོལ་སྟོད་རྒྱན་གྱིས་སྤུད་པ་མིན། །འདི་ནི་དག་སྣང་འཇའ་ཡི་རི་མོར་ཆགས་ནས་ངོ་བསྟོད་ཚོན་གྱིས་བྱུགས་པ་མིན། །འདི་ནི་མི་ཡི་ཡུལ་ན་ལྷ་ཞིག་བྱོན་པའི་ལོ་རྒྱུས་གསེར་གྱི་ཐམ་ག་སྟེ། །འདི་ནི་བདེན་དཔང་སྟོང་གི་རྒྱབ་ལྗོངས་ཡོད་པའི་དངོས་ཡོད་གནས་ཚུལ་ངོ་མ་ཡིན། །སྣ་ཚོགས་མ་ངེས་མཛད་ཚུལ་བྱེ་བ་ལས། །ལས་ལྡན་བདག་ཅག་མགོན་དུ་བྱོན་པའི་ཚུལ། །ཚུལ་གནས་སྐྱེ་བོ་སྟོང་གི་མཐུན་སྣང་དུ། །དུ་མ་གཅིག་དང་བྲལ་བའི་མཛད་ཚུལ་ངོམ། །ཆེར་སྙིགས་དུས་ཀྱི་མུན་པའི་སོ་ཁ་ནས། །གང་གི་བརྩེ་ཆེན་འོད་ཀྱི་ཟག་མ་རེར། །དད་དམ་འགྱུར་མེད་དཔལ་དུ་རྙེད་མྱོང་བའི། །ཚུལ་ཏེ་བསམ་ན་སྙིང་ལ་དགའ་བ་འཕེལ། །གང་གི་རྣམ་ཐར་མ་དྲོས་ཆུ་གཏེར་ཆེ། །ཆེ་བ་སྟོང་ལྡན་རྒྱལ་བའི་སྤྱོད་ཡུལ་ལས། །ལས་ཅན་བདག་འདྲའི་བློ་གྲོས་ཡུལ་མིན་ཡང༌། །ཡང་དག་དད་པའི་མྱུ་གུ་གསོ་ཕྱིར་སྤེལ། །ད་ནས་སྐྱེ་བའི་འཕྲེང་བ་ཇི་སྙེད་ཀུན། །རྒྱལ་ཡུམ་འཕགས་མ་ཁྱེད་དང་མི་འབྲལ་བར། །གཟུང་སྤོབས་བློ་གྲོས་བྱེ་བའི་སྣང་བ་ཡིས། །སྲིད་པའི་མུན་པ་མ་ལུས་སེལ་བར་སྨོན། །
ཞེས་པ་འདི་ནི་མཁའ་འགྲོ་མཆོག་ལ་མི་ཕྱེད་པའི་དད་པ་ཅུང་ཟད་ཐོབ་པ་མགོ་ལོག་པ་རིག་དར་ནས་ཁོང་ལ་སྔོན་འབྲེལ་འདྲིས་ཟབ་པའི་མི་རྣམས་དང༌། ཁོང་གི་ཞལ་ཟིན་གྱི་སློབ་མ་ད་ལྟར་བཞུགས་ཡོད་པ་རྣམས་ལ་དངོས་སུ་འདྲི་རྩལ་བཅད་པ་སོགས་རྒྱུས་ལོན་མང་དུ་བྱས་མཐར་བདེན་དཔང་ཚད་ཐུབ་ཡོད་རིགས་རྣམས་སྒྲོ་སྐུར་སྤངས་ཏེ་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཟླ་༣ཚེས་༡ཉིན་རྫོགས་པར་ཡི་གེར་བཀོད་པ་དགེ་ལེགས་འཕེལ།
བོད་ཀྱི་བུད་མེད་སྒྲུང་བ་གཡུ་སྨན་ངོ་སྤྲོད་བསྡུས་པ། མཛད་པ་པོ་སྨིན་དབུས་པོ།
༄༅། །བོད་ཀྱི་བུད་མེད་སྒྲུང་བ་གཡུ་སྨན་ངོ་སྤྲོད་བསྡུས་པ་བཞུགས་སོ། །
བོད་ཀྱི་བུད་མེད་གླིང་སྒྲུང་བ་གྲགས་ཅན་གཡུ་སྨན་ནི། བོད་རབ་བྱུང་༡༦པའི་མེ་བྱ་སྟེ། སྤྱི་ལོ་༡༩༥༧ལོར་བོད་ལྗོངས་ནག་ཆུ་སོག་རྫོང་གི་འབྲོག་མི་རླུང་རྟ་ཚང་གི་བུ་མོར་སྐྱེས། ཁོ་མོའི་ཕ་ཡབ་རླུང་རྟ་ནི་ས་ཁུལ་དེའི་གླིང་སྒྲུང་གྱེར་མཁན་གྲགས་ཅན་ཞིག་ཡིན་པའི་ཆ་ནས་བུ་མོ་གཡུ་སྨན་ལོ་ན་ཤིན་ཏུ་ཕྲ་བའི་དུས་ནས་སྤྱིར་དད་པ་དང་སྙིང་རྗེ་ལྡན་ཞིང་། ལས་འབྲས་བརྩི་བར་མོས་པ། ལྷག་པར་དུ་ཕ་ལགས་ཀྱིས་སྒྲུང་བཤད་པའི་ཤུགས་རྐྱེན་གྱིས་གླིང་རྗེ་གེ་སར་རྒྱལ་བློན་ལ་དགའ་དད་མོས་གསུམ་གྱི་བག་ཆགས་ངེས་ཅན་ཞིག་ཆགས་ཡོད་ཕྱིར། ཁོ་མོ་རང་ལོ་༡༦གི་སྟེང་། ཁོ་མོའི་ཕྱུགས་འཚོ་རོགས་བུ་མོ་ཚེ་སྐྱིད་ཟེར་བ་དང་མཉམ་དུ་རི་སྒང་ལ་ཕྱུགས་རྫིར་སོང་སྐབས། ཁོ་མོ་གཉིས་པོ་ཕྱུགས་ཁྱུའི་ཕྱོགས་གཉིས་སུ་ཆ་གྲམ་ནས་སོང་སྟེ་ཕྱུགས་ལ་བྱ་ར་བྱས། སྐབས་དེར་བུ་མོ་གཡུ་སྨན་སྤང་ཁུག་ཅིག་ཏུ་གཉིད་སོང་བའི་དུས་རྨི་ལམ་ཉམས་ཀྱི་སྣང་ཆ་ལ། ཁོ་ཚང་གི་རྒྱབ་ཕྱོགས་སུ་མཚོ་དཀར་དང་མཚོ་ནག་ཅེས་པའི་མཚོ་གཉིས་ཡོད་པའི་འགྲམ་དུ་ཁོ་མོ་སོན་ཡོད་པ་རྨིས་བྱུང་བ་དང་། མཚོ་ནག་གི་མཚོ་ནང་ནས་གློ་བུར་དུ་བཞིན་མདངས་དམར་པོ་ཅན་གྱི་བདུད་མོ་འཇིགས་སུ་རུང་བ་ཞིག་མྱུར་སྟབས་ངང་ཐོན་ཏེ། ཁོ་མོར་རང་དབང་མེད་པར་བཟུང་ནས་མཚོ་ནང་དུ་དྲུད། སྐབས་དེར་མཚོ་དཀར་གྱི་ནང་ནས་བུ་མོ་དཀར་མོ་མཛེས་སྡུག་ལྟ་བའི་ཆོག་མི་ཤེས་པ་ཞིག་སྐད་ཅིག་ཉིད་ལ་ཐོན་ནས་བདུད་ཀྱི་བུ་མོ་ལ་བཀའ་བསྒོས་པ། བུ་མོ་འདི་ངེད་གླིང་གེ་སར་སྐྱེས་བུའི་རྗེས་སུ་ཞུགས་པའི་མི་ཡིན་ཕྱིར། འདིས་གླིང་གེ་སར་གྱི་རྣམ་ཐར་སྒང་བ་བོད་ལ་སྒྲོག་པའི་འཕྲིན་ལས་བསྒྲུབ་དགོས་པས། འདི་ལ་བར་ཆད་གཏོང་མི་ཆོག་ཅེས་བཀའ་བསྒོས་པ་ན། བདུད་མོ་དེ་དངངས་སྐྲག་ངང་ཁོ་མོ་བསྐྱུར་ནས་མཚོ་ནག་ནང་བྲོས་སོང་བ་རྨིས། ཡང་ལྷ་མོ་དཀར་མོ་དེའི་འཁྲིས་ནས་མི་དཀར་དུང་མདོག་ཅིག་བྱུང་སྟེ་ཁོ་མོ་ལ། རིན་པོ་ཆེའི་ནོར་སྣ་མང་པོ་གནང་ཞིང་ཁྱོད་ནི་གླིང་གི་མི་ཡིན་པས་ཕྱིར་སོང་དང་ཆོག་གསུངས་སྣང་ཤར། ད་དུང་རྨི་ལམ་མ་སད་པར་མི་འབྲེལ་དུ་མཚོ་དཀར་གྱི་ནང་ནས་བྱ་ཐང་དཀར་ཞིག་འཕུར་འོངས་ནས་ཁོ་མོ་དུར་ཁྲོད་ཅིག་ཏུ་ཁུར་ནས་ལུས་ཀྱི་ཤ་བཅད་དེ་ལྷ་ལ་ཚོགས་མཆོད་དུ་ཕུལ་ཚེ། ཁོ་མོའི་ལུས་ལ་ན་ཚ་ཟུག་གཟེར་ཆེན་པོ་བྱུང་བའི་ཉམས་ཀྱིས་གཉིད་སད་དེ་ཕྱིར་ཁྱིམ་དུ་ལོག་ཐུབ་པ་བྱུང་མོད། དེ་ནས་བཟུང་མོའི་ལུས་ལ་མི་བདེ་བ་ཆེན་པོ་བྱུང་སྟེ་རིག་པ་ཁྲལ་ཁྲོལ་དུ་གྱུར། མཚམས་རེར་ཉམས་ལ་གླིང་གེ་སར་རྒྱལ་བློན་ཚོ་དང་ལབ་གླེང་བྱེད་པའི་བཟོ་ལྟ་འདོན་དགོས་བྱུང་བ་དང་། སྐབས་རེར་སྔར་གྱི་མཚོ་དཀར་ལས་མཇལ་བའི་ལྷ་མོ་དེ་དང་འགྲོགས་པའི་སྣང་བ་སོགས་ངེས་གཏན་མེད་པ་ཞིག་ཆགས་ཚེ། ཕ་རླུང་རྟའི་བློ་མ་བདེ་བར་ཡར་མར་གྱི་སྐྱེས་ཆེན་ཚོར་མོ་ལུང་ཞུས་ཏེ་རིམ་གྲོ་རྒྱ་མི་ཆུང་བ་བསྒྲུབས་པས། ཉིན་ལྔ་ཡས་མས་ནས་བུ་མོ་གཡུ་སྨན་གྱི་ལུས་ཁམས་བདེ་ཐང་བྱུང་བར་མ་ཟད། སྔོན་སྨོན་གྱི་ལས་འཕྲོ་སད་དེ་ངག་ནས་གླིང་སྒྲུང་ཟད་མཐའ་མེད་པ་ཞིག་གང་ཤར་ཐང་ལྷོད་མེད་པར་བཤད་ཤེས་པའི་རིག་ཀློང་བརྡོལ། ས་ཆ་དེའི་བཤད་སྲོལ་ལ་གླིང་གི་སྨན་མཆོག་བཅུ་གསུམ་གྱི་ཡ་གྱལ་མཁའ་འགྲོ་ནེའུ་ཆུང་ལུ་གུའི་ཚར་ཡག་མས་ཁོ་མོ་ལ་སྡོང་གྲོགས་མཛད་ནས་བདུད་ཀྱི་བར་ཆད་བསལ་བ་དང་། བྱིན་གྱིས་བརླབས་ནས་བློ་གཏེར་གྱི་སྒོ་ཕྱེས་པ་རེད་ཟེར་སྲོལ་ཡོད་པ་སོགས་བློ་ཡུལ་ལས་འདས་པའི་གཏམ་རྒྱུད་བྱུང་། གང་ལྟར་དུས་དེ་ནས་བཟུང་ཡི་གེ་མི་ཤེས་ཤིང་སློབ་སྦྱོང་མ་མྱོང་བའི་འབྲོག་པའི་བུ་མོ་གཡུ་སྨན། གླིང་སྒྲུང་ཟད་མཐའ་མེད་པ་གོ་རིམ་མ་ནོར་བར་གསལ་དག་གསོན་ཉམས་བཅས་གྱེར་བཤད་ཐུབ་པའི་སྒྲུང་ཆེན་མ་ཞིག་ཏུ་གྱུར་ཏེ། ཡུལ་ཕྱོགས་དེ་ནས་མཐོང་ཐོས་བྱུང་མྱོང་པ་དང་མ་མྱོང་བའི་སྒྲུང་སྣ་མང་པོ་ཐུགས་ཐོག་ནས་ཆུ་བཞུར་བ་ལྟར་བཤད་ཐུབ་པ་བྱུང་བས་ཡུལ་མི་རྒན་པ་ཚོས་བུ་མོ་གཡུ་སྒྲོན་ལ་དགའ་བསུ་གདེངས་འཇོག་ཚད་ཇེ་མཐོར་ཕྱིན་ཏེ་ཕུ་དུད་བྱེད་མཁན་ཡང་མི་ཉུང་བ་བྱུང་བ་དང་། ལྷག་པར་སྤྱི་ལོ་༡༩༨༡ལོ་དང་༡༩༨༣ལོ་ནས་བཟུང་ཁོ་མོས་སྐབས་སྐབས་སུ་ལག་ཏུ་ཕྲེང་བ་བསྣམས་ཤིང་། སྤྱན་ཟུང་བཙུམས་ནས་གླིང་དཔའ་བོའི་རྣམ་སྒྲུང་ཆུ་བཞུར་བ་ལྟར་བཤད་པར་རྒྱུན་ཆད་མེད་ཕྱིར། སྒྲུང་མ་གཡུ་སྨན་ཞེས་པའི་མཚན་སྙན་གྱིས་ཕ་ཡུལ་ནག་ཆུ་བརྒལ་ཏེ་དབུས་གཙང་སོགས་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་གྲགས་པས་ཁྱབ།
སྤྱི་ལོ་༡༩༨༧ལོ་དང༡༩༩༧ལོར་ཀྲུང་དབྱང་རིག་གནས་པུའུ་དང་། སྤྱི་ཚོགས་ཚན་རིག་ཁང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྣམས་ཀྱིས་སྔ་རྗེས་སུ་ཕུལ་བྱུང་སྒྲུང་བའི་མཚན་ཐོབ་གནང་བ་སོགས་བསྟོད་བསྔགས་རབ་དང་རིམ་པ་ཐོབ་པར་མ་ཟད། ཁོང་གིས་བཤད་པའི་སྒྲུང་ཁག་བཅུ་ལྷག་སྒྲ་ཕབ་ཅིང་དག་སྒྲིག་གི་ལས་ཀ་མཛད་མུས་ཡིན་པར་ཐོས། དེ་བཞིན་དུ་གླིང་སྒྲུང་བ་ཞིབ་འཇུག་པ་ཚོས་བཤད་པ་ལྟར་ན། སྒྲུང་མ་ཁོང་གིས་ཐུགས་ཐོག་ནས་ལྷ་གླིང་གབ་ཙེ་དགུ་སྐོར་ནས་འཛམ་གླིང་བྱང་འདུལ་ཞེས་པའི་བར་རྫོང་ཆེན་བཅོ་བརྒྱད་དང་། རྫོང་ཆུང་ཞེ་བརྒྱད་བཤད་ཐུབ་འདུག་ཟེར་ལ། ཁོང་གིས་བཤད་པའི་སྒྲུང་སྐོར་དུ་སྔར་མ་གྲགས་པའི་སྒྲུང་སྣ། གཉན་གླིང་གཡུལ་འགྱེད། ཆགས་གླིང་། རོང་གླིང་། སྒ་བདེའི་ཁྱུང་རྫོང་། མཐོང་གི་ལྕགས་རྫོང་། མཐའ་གླིང་གཡུལ་འགྱེད། ཕྱི་གླིང་གཡུལ་འགྱེད་ཟེར་བ་སོགས་ཡོད་པར་གྲགས་ཤིང་། མདོར་ན་སྒྲུང་བ་གཡུ་སྨན་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་བུད་མེད་སྒྲུང་མ་མིང་གྲགས་ཅན་གྱི་གྲས་ཡིན་པར་མ་ཟད། དཔའ་བོ་གླིང་གི་རྣམ་ཐར་བསྟོད་སྒྲུང་བཤད་པར་སྔོན་སྨོན་ལས་འཕྲོ་ཅན་དང་ཁྱད་ཆོས་འབུར་ཐོན་ཅན་གྱི་གྲས་ཤིག་གོ། །།
ཞེས་མཁན་པོ་འཆི་མེད་རིག་འཛིན་གྱིས་གསུང་སྐུལ་བཞིན་རྒྱུས་ལོན་པར་འདྲི་རྩད་ཅུང་བྱས་ཏེ་སྔར་རང་གིས་བྱང་ནག་ཆུ་ཁ་ནས་ཡིན་ཟེར་བའི་མི་རྒན་ཆོས་གྲགས་ཀྱིས་བཤད་པར་གཞི་བཅོལ་ནས་བྲིས་པ་དེར་ཡང་བསྐྱར་ཅུང་ཙམ་བཅོས་ཏེ་སྒྲུང་དགའ་སྨིན་དབུས་ཨ་དཀར་པོས་ཕུལ།
མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་རོལ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྣམ་ཐར་དད་པའི་ཤིང་རྟ། མཛད་པ་པོ་མཁན་ཨ་བཀྲ།
༄༅། །མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་རོལ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྣམ་ཐར་དད་པའི་ཤིང་རྟ་ཞེས་བྱ་བ།
ཨོཾ་སྭ་སྟི། མདོ་སྔགས་ཆོས་ཚུལ་སྨྲ་ལ་འཇི༵གས་མེ༵ད་ང༵ག་གི་དབ༵ང་། །ཕུ༵ན་ཚོ༵གས་བྱེ་བའི་འབྱུང༵་གན༵ས་བློ༵་གྲོས༵་མཚུ༵ངས་པ་མེ༵ད། །ཐུབ་བསྟན་གསལ་བྱེད་རྒྱལ་བས་ཡོངས་བསྔགས་ཆོས་ཀྱི་རྗེ། །རྫོགས་པའི་སངས་རྒྱས་དྲིན་ཆེན་བླ་མ་རྒྱལ་གྱུར་ཅིག །ཆོས་དབྱིངས་མུ༵་མཐའ་མེ༵ད་པའི་མཁའ་ཀློང་ཆེར། །རང་སྣང་ཡེ༵་ཤེ༵ས་ལོངས་སྐུའི་ཉི་གཞོན་མཛེས། །གང་འདུལ་ངོ་མཚར་མཛད་པ་རྒྱ་མཚོ༵་སྐྱོང་། །སྐུ་གསུམ་བླ་མ་ཌཱཀྐིའི་གཙོ་མོ༵་རྒྱལ། །མགོན་དེའི་མཛད་པ་ཡོན་ཏན་རྒྱ་མཚོའི་གཏེར། །བགྲང་ཡས་བདེ་གཤེགས་རྣམས་ཀྱིས་བརྗོད་དཀའ་ན། །བྱིས་པའི་བློ་ཡིས་དཔོག་པར་ནུས་མིན་ཡང་། །རང་བློ་དད་པའི་རྟེན་དུ་མདོ་ཙམ་སྤྲོ། །དེ་ལ་འདིར་བདག་ཅག་རྣམས་ཀྱི་སྐྱབས་མགོན་བླ་མ་དམ་པ་སྐུ་གསུམ་ཌཱཀྐིའི་སྤྱི་དཔལ་རིགས་བརྒྱའི་ཁྱབ་བདག་མུ་མེད་ཡེ་ཤེས་མཚོ་མོ་ཞེས་སྙན་གྲགས་ཀྱི་བ་དན་སྲིད་པའི་རྩེ་མོར་སྒྲེང་བ་གང་གི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་འདིར་ཆུའི་ཟེགས་མ་ཙམ་གླེང་བ་ལ་གཉིས་ཏེ། སྐུ་སྐྱེ་སྔ་མའི་མཛད་རྣམ་མདོ་ཙམ་སྨོས་པ་དང་། སྐྱེ་བ་འདིའི་མཛད་རྣམ་ཅུང་ཟད་སྤྲོས་ཏེ་བཤད་པའོ། །
དང་པོ་ནི། རང་གཏེར་ཤ་འུག་གཏེར་བྱོན་གབ་རྒྱའི་ལུང་བྱང་དུམ་བུ་མཐའ་མ་ལས། ཁྱད་པར་བདེ་གཤེགས་ཀུན་འདུས་མན་ངག་འདིའི༔ འཆང་བྱེད་སྣོད་ལྡན་ཆོས་ཀྱི་བདག་པོ་ནི༔ གསང་ཆེན་སྙིང་ཐིག་མན་ངག་བསྟན་པའི་བདག༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་མོ་དང་༔ པོ་ཏཱ་ལ་རུ་ཨཱརྱ་ཏཱ་རེ་མ༔ དཔལ་རི་པདྨར་ཡེ་ཤེས་མཚོ་རྒྱལ་ཏེ༔ ཨོ་རྒྱན་གཟུངས་མ་ད་ལྟའི་མཁར་ཆེན་བཟའ༔ སྐྱེ་བ་འདི་ནས་ཆོ་འཕྲུལ་གྲངས་མེད་འགྱེད༔ མ་ཅིག་ལབ་སྒྲོན་སྣང་ས་འོད་དེ་འབུམ༔ ཟུར་མོ་དགེ་འབུམ་ལ་སོགས་དུ་མའི་མཐར༔ བསམ་ཡས་ལྷོ་ཕྱོགས་གྲྭ་ཞེས་གཡོར་པོའི་ཆར༔ མཚན་རྟགས་ལས་ཅན་བཻ་རོའི་སྐྱེ་མཐའ་ཡིས༔ བརྒྱུད་འཛིན་ཌཱཀྐི་སྒྲོན་མའི་མིང་འཆང་མ༔ མདོ་རྒྱུད་ལུང་གི་གདམས་པས་རྒྱུད་ཕྱུག་པའི༔ རབ་འབྱམས་རྒྱུད་སྡེའི་ཕ་མཐར་བརྒལ་བ་འབྱུང་༔ སྔགས་ཀྱི་དོན་སྤྱོད་རྫོགས་ཆེན་རྣལ་འབྱོར་མ༔ དངོས་སམ་ཉམས་སུ་ང་དང་བཀའ་ཡང་བགྲོ༔ ཟླ་ཟེར་སྤྲུལ་པར་ཆད་མཐའ་མི་མངའ་ཡང་༔ དེ་ཕྱིར་མཚོ་རྒྱལ་དངོས་ཀྱི་སྐྱེ་མཐའ་ནི༔ ཞེས་ཀུན་ཏུ་བཟང་མོ། ཨཱརྱ་ཏཱ་རེ་མ། ཡེ་ཤེས་མཚོ་རྒྱལ། མ་ཅིག་ལབ་སྒྲོན། སྣང་ས་འོད་འབུམ། ཟུར་མོ་དགེ་འདུན་འབུམ། མི་འགྱུར་དཔལ་སྒྲོན་བཅས་གསལ་བར་བསྟན་ཏོ། །
གཞན་ཡང་སྟག་ཤམ་གཏེར་བྱོན་མཚོ་རྒྱལ་གྱི་རྣམ་ཐར་ལས། འཕགས་པ་རྟག་ཏུ་ངུའི་དུས་སུ་ཚོང་དཔོན་གྱི་བུ་མོར་སྐྱེས་པ་ན་བུ་མོ་ལྔ་བརྒྱར་བཅས་པ་ཆོས་འཕགས་ཀྱི་དྲུང་དུ་བྱོན་ནས་ཕྱིར་མི་ལྡོག་པའི་སྨོན་ལམ་ཆེན་པོ་ཐེབས་པས། དེ་ཚེ་འཕོས་ནས་ལོངས་སྐུའི་ཞིང་ཁམས་མང་པོ་ཉུལ་ནས་སླར་བཅོམ་ལྡན་འདས་ཀྱི་དྲུང་དུ་གང་གཱའི་ལྷ་མོ་ཞེས་པར་སྤྲུལ་ནས་བཀའ་བསྡུ་མཛད་ནས། ལོངས་སྐུའི་ཞིང་དུ་ལྷ་མོ་དབྱངས་ཅན་མ་ཞེས་པ་འགྲོ་བ་སྣ་ཚོགས་ཀྱི་དོན་མཛད་ནས་བཞུགས་པའི་དུས་སུ་ཞེས་གསུངས་པས་ན། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་སྐབས་སུ་ཚོང་དཔོན་བུ་མོ་དང་། བདག་ཅག་གི་སྟོན་པའི་སྐབས་སུ་སྲིང་མོ་གང་གཱའི་ལྷ་མོ། ལོངས་སྐུའི་གནས་སུ་ལྷ་མོ་དབྱངས་ཅན་མའི་རྣམ་རོལ་དུ་ལུང་བསྟན་ཅིང་། གཞན་ཡང་མཁས་དབང་ཨཱ་ནན་ཏཱ་མ་ཏིས་གཏེར་ཆེན་རིན་པོ་ཆེའི་བཀའ་ལས། རྒྱ་གར་དུ་བྲམ་ཟེ་མ་གཟུགས་ཀྱི་ཉི་མ། གྲུབ་ཐོབ་ཀུ་ཀུ་རི་པ། མཁའ་འགྲོ་མ་སུ་ཁ་སིདྡྷི་སོགས་ཀྱི་རྣམ་སྤྲུལ་དུ་ལུང་བསྟན་ཏོ། །རྗེ་བཙུན་མ་ཉིད་མཚོ་རྒྱལ་གྱི་སྤྲུལ་པ་ཡིན་པར་རིག་འཛིན་ཆོས་རྒྱལ་གླིང་པའི་ཕྱག་རྡོར་དྲེགས་པ་འདུལ་མཛད་ལས་ཀྱང་གསལ་པོར་བསྟན་ཏེ། མཚོ་རྒྱལ་ཡང་སྤྲུལ་ལྕགས་རོང་བླ་མ་མཚོ༔ བྱང་ཆུབ་སེམས་མ་སངས་རྒྱས་བརྒྱུད་འཛིན་རྣམས༔ སྐྱེས་བུ་ཕོ་མོ་བསྟན་པའི་སྲོག་ཤིང་འཛིན༔ ཨོ་རྒྱན་ང་ལ་མོས་ཤིང་ཆོས་བརྒྱུད་སྐྱོང་༔ ཞེས་བྱུང་བའི་ཕྱིར་རོ། །
དེ་ཡང་མཚོ་རྒྱལ་ཡང་སྤྲུལ་ལྕགས་རོང་བླ་མ་མཚོ་ཞེས་པ་ནི། ཡེ་ཤེས་མཚོ༵་རྒྱལ་གྱི་ཡང་སྤྲུལ་ལྕག༵ས་ཁུང་རོ༵ང་ཐའི་གདུང་རིགས་ལས་འཁྲུངས་པའི་བླ་མ་རྡོ་རྗེ་འཛིན་པ་ཆེན་མོ་མཚོ༵འི་མིང་མཐའ་ཅན་ཞིག་འབྱུང་ཞེས་པའམ། ཡང་ན་ཡེ་ཤེས་མཚོ་རྒྱལ་གྱི་ཡང་སྤྲུལ་ཞིག་འདྲ་ལྕགས་ཁུང་རོ༵ང་ཐའི་གདུང་རྒྱུད་ལས་གསེར་ལྗོངས་བླ་མ་རུ༵ང་གི་བསྟན་པའི་བདག་མོའི་ཚུལ་དུ་འབྱོན་པར་འགྱུར་ཏེ་མིང་གི་མཐའ་མ་ནི་མཚོ༵འི་ཡི་གེ་ཅན་ནོ་ཞེས་པའོ། །དེ་བཞིན་དུ། དཔའ་བོ་ལས་རབ་གླིང་པའི་ཞལ་སྔ་ནས། ད་སྐབས་གྱ་བཟི་ཇོ་མོ་དགོན་པ་ལ་དངོས་སུ་ཕན་ཆེན་པོ་མི་ཐོགས་ཀྱང་། མ་འོངས་པ་ན། ཁོང་གི་ཚ་མོ་ཞིག་གིས་འགྲོ་དོན་རྒྱ་ཆེན་བསྒྲུབ་འོང་གསུངས་པ་དེ། ཁོང་གི་སྐུ་སྐྱེ་ཕྱི་མ་ལ་དགོངས་པ་ཡིན་པར་སྣང་ངོ་། །པཎ་ཆེན་བི་མ་ལ་མི་ཏྲ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དབྱེར་མེད་པ་ཡེ་ཤེས་སྒྱུ་མའི་རྣམ་རོལ་མཁན་ཆེན་ངག་གི་དབང་པོའི་ཐུགས་སྲས་ཀྱི་གྲས་སུ་བཞུགས་པ་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་ཆེན་མུན་སེལ་རིན་པོ་ཆེ་སོགས་རྩོད་མེད་ཀྱི་མཁས་གྲུབ་དུ་མས་སྤྲུལ་པའི་གཏེར་སྟོན་དུ་བསྔགས་པ་རིག་འཛིན་ཨོ་རྒྱན་དྲི་མེད་ཀྱི་གཏེར་ལུང་ལས། ན་མོ་ཌཱཀྐི་ཀུ་ར་ཏེ་བྷ་ཏྲ་ཡ༔ ཨེ་མ་ཧོ༔ ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཐུགས་ཀློང་ནས༔ རོལ་རྩལ་མ་འགགས་བཛྲ་ཝ་ར་ཧི༔ སྤྲུལ་པའི་རྣམ་རོལ་ལྷ་མོ་དབྱངས་ཅན་མ༔ སྐུ་གསུམ་མཁའ་འགྲོའི་རྗེ་མོར་གསོལ་བ་འདེབས༔ གཞན་དོན་ཕྱོགས་མཐར་རྒྱས་པར་བྱིན་གྱིས་རློབས༔ འཕགས་ཡུལ་པུརྞའི་སྲས་མོ་ས་ལེ་བྷེ༔ བོད་ཡུལ་ཡོངས་གྲགས་མཁའ་འགྲོ་དཔལ་ཞེས་གྲགས༔ དངོས་སྤྲུལ་ཡར་ཀླུང་པདྨ་མཚོ་སྐྱིད་ཅེས༔ གཙང་གི་དྲྭ་མཐིལ་མི་འགྱུར་ཆོས་ཀྱི་སྒྲོན༔ ཤར་ལུང་གཙང་སྟོད་སྒྲོལ་མའི་མིང་ཅན་སོགས༔ ལྕམ་དང་སེམས་དཔའི་མཛད་པ་བསམ་མི་ཁྱབ༔ དཔག་མེད་འགྲོ་དོན་མཛད་ལ་གསོལ་བ་འདེབས༔ ཉེས་ཚོགས་འགལ་རྐྱེན་ཞི་བར་བྱིན་གྱིས་རློབས༔ འདི་གོང་དབུས་གཙང་སུ་ཁ་བཛྲ་ཞེས༔ ཞིང་སྣང་དུ་མར་སྤྲུལ་པས་དོན་རབ་མཛད༔ གདུལ་བྱའི་བསོད་ནམས་དཔལ་དུ་ལེགས་འཁྲུངས་ཤིང་༔ ཚུལ་ཁྲིམས་དྲི་བྲལ་རིན་ཆེན་ནོར་བུའི་དབྱིག༔ ཕུན་ཚོགས་གདུལ་དཀའ་འདུལ་ལ་གསོལ་བ་འདེབས༔ བཤད་སྒྲུབ་པད་ཚལ་རྒྱས་པར་བྱིན་གྱིས་རློབས༔ མ་འོངས་དཔལ་རི་པདྨ་འོད་ཞིང་དུ༔ མཐིང་གསལ་འབར་མ་ཌཱ་ཀི་ཟུར་ཕུད་འཆང་༔ བདག་སོགས་འཆི་འཕོས་འདུ་བྱེད་དོར་བའི་ཚེ༔ མཛུབ་མོ་ནས་དྲངས་ལམ་སྣ་འཁྲིད་པར་ཤོག༔ ཅེས་གསུང་པ་བཞིན་ཏེ། ལུང་བསྟན་གཞན་ཡང་མང་ངོ་། །
གཉིས་པ་ནི་དེ་ལ་སྐུ་སྐྱེད་པའི་ཡབ་ནི། པཎ་ཆེན་བི་མའི་རྣམ་རོལ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱིས་བསྟོད་བསྔགས་ཆེར་མཛད་པའི་ཟབ་མོ་གཅོད་ཡུལ་གྱི་གྲུབ་ཐོབ་ཆེན་པོ་ཨ་པང་ཚུལ་བློ་ཡི་སྲས་བརྒྱུད་ཞིང་ལོའམ། བཀྲ་ཤིས་རྒྱ་མཚོ་ཞུ་བ་དང་། མ་ཡུམ་ལྕགས་ཁུངས་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གདུང་རྒྱུད་ལྕགས་ཁུངས་པད་ཏེའི་སྲས་མོ་དང་། ༧ཆོས་རྗེ་ཡིད་བཞིན་ནོར་བུའི་ལྕམ་སྲིང་བྱང་ཆུབ་སེམས་མ་ཆེན་མོ་མེ་སྒྲོན་གཉིས་ཀྱི་སྲས་མོར་རབ་བྱུང་བཅུ་དྲུག་མེ་རྟ་ལོ། སྤྱི་ལོ་༡༩༦༦ ལོ་སྤྲེལ་ཟླའི་ཚེས་༢ དགུང་མོ་དབང་གི་དུས་སུ་གསེར་ལྗོངས་བླ་མ་རུང་གི་བྱང་ཕྱོགས་བདེ་འཇམ་ཡངས་པའི་ལུང་ཆེན་འཛི་ཆེན་ཁྱུང་ཤར་དུ་སྐུ་བལྟམས། ནམ་མཁའི་དབྱིངས་སུ་འཇའ་སྤྲིན་ཁ་དོག་སྣ་ལྔས་ཁེངས་པ་དང་། ༧ཆོས་རྗེ་ཡིད་བཞིན་ནོར་བུས་འཇམ་དཔལ་སྙིང་པོ་མུ་ཡིག་དུང་ཕྱུར་གཅིག་བསྙེན་མཚམས་མཐར་འཁྱོལ་བ་དང་མཉམ་དུ་སྐུ་འཁྲུངས་པས། མུ་མཚོ་ཞེས་མཚན་གསོལ། དེ་ཡང་ཆོས་རྗེས་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་རྣམ་གཉིས་ལས་དང་སྨོན་ལམ་གྱི་འབྲེལ་བ་དམིགས་བསལ་ཅན་ལ་བརྟེན་ནས་སྐྱེས་རབས་ནོར་བུའི་ཕྲེང་བར་མཉམ་དུ་འགྲོ་དོན་མཛད་པ་ཡིན་ཏེ། རྗེ་འབངས་ཉེར་ལྔའི་སྐབས་སུ་འབངས་དང་གྲོགས་ཀྱི་ཚུལ་དུ་བྱོན་ཏེ། འབངས་སྣ་ནམ་རྡོ་རྗེ་བདུད་འཇོམས། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྒྱལ་དབང་ལྔ་པའི་སྐབས་སུ་བླ་སློབ་ཀྱི་ཚུལ་དུ་བྱོན་ཏེ། བླ་མ་རྡོ་བྲག་པདྨ་འཕྲིན་ལས། སློབ་མ་མི་འགྱུར་དཔལ་སྒྲོན། རྒྱལ་དབང་བཅུ་གསུམ་པའི་སྐབས་སུ་ཡབ་ཡུམ་གྱི་ཚུལ་དུ་བྱོན་ཏེ། ཡབ་གཏེར་ཆེན་ལས་རབ་གླིང་པ། ཡུམ་མཁའ་འགྲོ་མ་པོ་མོ། རྒྱལ་དབང་བཅུ་བཞི་པའི་སྐབས་སུ་ཚ་ཞང་གི་ཚུལ་དུ་བྱོན་ཏེ། ཞང་པོ་༧ཆོས་རྗེ་ཡིད་བཞིན་ནོར་བུ། ཚ་མོ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའོ། །སླད་ནས་ཀྱང་། སྐུ་ཚེ་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ནས་ཇི་སྲིད་འཁོར་བའི་རྒྱ་མཚོ་དོང་ནས་མ་སྤྲུགས་བར་དུ་བསྟན་དང་འགྲོ་བའི་དོན་དུ་སྨན་པའི་མཛད་པ་རྒྱུན་ཆགས་སུ་འབྱུང་བ་ནི་སེམས་དཔའ་ཆེན་པོའི་ཁྱད་ཆོས་སོ། །སྲས་མོ་ཉིད་མ་ཡུམ་གྱི་ལྷུམས་སུ་བཞུགས་སྐབས། སྐུ་ལུས་ལ་ཟག་མེད་ཀྱི་བདེ་བས་ཁྱབ་ཅིང་། སྐུ་མ་འཁྲུངས་བར་དུ་གཞན་སུས་ཀྱང་མ་ཡུམ་ལ་མངལ་ཆགས་པ་མ་ཤེས་སོ། །
སྐུ་འཁྲུངས་ནས་ཉིན་གསུམ་གྱི་བར་དུ་ནུ་ཞོ་མ་བཞེས་པར་བཞུགས་ཤིང་། དུས་རྒྱུན་དུ་གཟིམ་མལ་དུ་ཆབ་བསང་མི་འདོར་བ་དང་། བྱིས་པ་ཤིན་ཏུ་ཆུང་ངུའི་སྐབས་ཀྱང་སྐུ་ལུས་དྲང་པོར་བསྲངས་ནས་བཞུགས་ལ། ཞལ་ནས་ཨ་མ་བརྗོད་མ་ཤེས་གོང་ནས་རིག་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་རྒྱུན་དུ་འདོན་ནུས་པ་དང་། གཟིམ་ངོགས་ནས་ཀྱང་ཨ་ར་པ་ཙ་ཞལ་འདོན་གནང་བས། གཞན་དག་གི་སྲས་མོ་གཟིམ་ཁུག་འདུག་སྟེ། ཨ་ར་པ་ཙ་འདོན་གྱིན་གདའ་ཟེར་བ་བྱུང་། ཡར་ཆེན་ཁ་ལ་བཞུགས་སྐབས། ཉིན་རེ་ལ། སངས་རྒྱས་མྱ་ངན་མེད་པའི་མཚན་སྔགས་ལྔ་སྟོང་རེ་ཞལ་འདོན་མཛད། གལ་ཏེ་ལྔ་སྟོང་འདོན་མ་གྲུབ་ཚེ་ཞལ་ནག་ལྷང་ངེར་བཞུགས་ལ། གྲུབ་ཚེ་ཞལ་རས་འཛུམ་དཀར་ངོམ་བཞིན་བཞུགས། ཤིང་སྤེན་མའི་ལོ་འདབ་རེ་རེའི་སྟེང་དུ་སངས་རྒྱས་མྱ་ངན་མེད་པའི་སྐུ་མང་པོ་ཤར་བ་མཇལ་ཞིང་། དགུང་ལོ་གསུམ་ཙམ་ལོན་སྐབས། མ་ཡུམ་གསེར་རྟ་རྫོང་ལ་ཚོགས་འདུ་ལ་འགྲོ་དགོས་བྱུང་སྐབས། མ་ཡུམ་གྱི་སྐུ་རིམ་ལ་བཀྲ་ཤིས་བརྒྱད་པ་བསླབ་མ་དགོས་པ་རང་བཞིན་གྱིས་དགོངས་ནས། ཟངས་ཀྱི་ཀ་ཏོ་རའི་ནང་བཀྲ་ཤིས་བརྒྱད་པ་ཚར་རེ་གྲུབ་ཚེ་ར་ལུག་གི་རིལ་མ་རེ་འཕངས་ནས་སྣོད་མ་གང་བར་གསུངས། དགུང་ལོ་དྲུག་པ་ནས་ཕྱིས་འབྱུང་གི་ལུང་བསྟན་རྣམས་ཐོགས་མེད་དུ་གསུངས། ར་རྫི་ལ་བྱོན་སྐབས་གཅན་གཟན་དྲེད་མོང་དང་སུ་མགྱོགས་ལྟ་བ་དང་། སྤྱང་ཀི་དང་ལྷན་དུ་བྱོན་ནས་སྤྱང་ཀིས་ཟོས་ཚར་ཡོད་བསམས་ཀྱང་བདེ་བར་ཁྱིམ་ལ་སླེབས་པ་ངོ་མཚར་བ་བྱུང་། ཁྱི་ཉ་ལ་བཞུགས་སྐབས་གཏེར་ཆེན་ལས་རབ་གླིང་པ་དང་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་རྣམ་གཉིས་ཀྱིས་ལྷན་དུ་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོའི་ཐུགས་ཀ་ནས་བཞེས་པའི་གཏེར་བྱོན་ཁྱད་པར་ཅན་རྡོ་རྗེ་ཕག་མོའི་སྐུ་བརྙན་དེས་རྗེ་བཙུན་མ་མུ་མཚོ་ལ་ཤིན་ཏུ་དགྱེས་པའི་རྣམ་འགྱུར་བསྟན་ཏེ། སྐུ་ཡི་གར་སྟབས་ལིང་ལིང་དུ་བསྒྱུར་ཅིང་། གསུང་གི་བཞད་སྒྲ་ཧ་རི་ནི་ས་སོགས་མཁའ་འགྲོའི་བརྡ་སྐད་མང་པོ་བསྒྲགས་པ་དེར་ཡོད་ཀྱི་དཔལ་མཛོད་དང་ཚེ་བྷྲུཾ་སོགས་བྱིས་པ་མང་པོས་མཇལ། དེ་ལ་བརྟེན་ནས་རྗེ་བཙུ༵ན་ཕ༵ག་མོ་བཞ༵ད་པ༵་ཞེས་མཚན་གྱི་སྙན་གྲགས་ཕྱོགས་སུ་ཁྱབ་དགུང་གྲངས་བཅུ་གསུམ་ནས་ཡི་དམ་བསྙེན་ཚད་དུང་ཕྱུར་གཅིག་ཞལ་འདོན་ལེགས་པར་གྲུབ། ༧ཆོས་རྗེ་ཡིད་བཞིན་ནོར་བུའི་མདུན་ནས་ཀློག་བསླབས་པས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད། ཉིད་ཀྱི་བསླབ་བྱ་ཐར་ལམ་རབ་སྣང་ལས། ལྔ་ཚན་ཡོན་ཏན་ལྡན་པའི་མཁན་སློབ་ལས། །སྤོང་བཞི་སྤོང་བདུན་སོ་ཐར་སྡོམ་པ་ནོད། །དེ་ཡང་ངེས་འབྱུང་མེད་ན་མི་སྐྱེ་བས། །སྲིད་ལས་ངེས་པར་འབྱུང་བའི་བསམ་པ་གལ། །ཞེས་གསུངས་པ་བཞིན། དགུང་ལོ་བཅུ་བདུན་པར་སྲིད་ལས་ངེས་པར་འབྱུང་བའི་བསམ་པ་དྲག་པོས་ཐུགས་རྒྱུད་བསྐུལ་ཞིང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ཡོན་ཏན་ཐམས་ཅད་ཀྱི་གཞི་དང་རྩ་བར་མཐོང་ནས། ཐབས་མཁས་ཀྱི་ཡོན་ཏན་དང་ལྡན་པའི་མཁན་པོ་བརྩོན་འགྲུས་གྲགས་པའི་མདུན་ནས། དགེ་ཚུལ་མའི་སྡོམ་པ་རྣམ་པར་དག་པ་བཞེས་ནས་བཟུང་། མིག་འབྲས་བཞིན་དུ་གཅེས་པར་བསྲུངས་དང་སྲུང་བཞིན་པ་ལགས་སོ། །
གསན་བསམ་མཛད་ཚུལ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་རྗེ་ཡིད་བཞིན་ནོར་བུའི་ཞབས་དྲུང་ནས་དགེ་ཚུལ་ཀཱ་རི་ཀ།།རྒྱལ་སྲས་ལག་ལེན་ལན་བཞི། མི་ཉག་ཀུན་བཟང་ཆོས་གྲགས་ཀྱི་རྒྱལ་སྲས་ལག་ལེན་འགྲེལ་བ། སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ལན་བཞི། འདུལ་བ་མཚོ་ཆེན། འདུལ་བ་མེ་ཏོག་ཕྲེང་རྒྱུད། སྡོམ་གསུམ་རྣམ་ངེས་ལན་གཉིས། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལན་གསུམ། མངོན་པ་མཛོད་ཀྱི་རྩ་བ། མངོན་པ་མཆིམས་ཆེན། མི་ཕམ་རིན་པོ་ཆེའི་མཁས་འཇུག་ལན་གསུམ། མི་ཕམ་རིན་པོ་ཆེའི་མངོན་པ་མཛོད་ཀྱི་འགྲེལ་བ། མངོན་པ་ཀུན་བཏུས། ཚད་མ་རིགས་གཏེར། ས་པཎ་ཚད་མ་རིགས་གཏེར་རང་འགྲེལ། མི་ཕམ་རིན་པོ་ཆེའི་ཚད་མ་རིགས་གཏེར་འགྲེལ་བ། བློ་གཏེར་དབང་པོའི་ཚད་མ་རིགས་གཏེར་འགྲེལ་བ་ལན་གསུམ། མཁས་གྲུབ་དགེ་དཔལ་གྱི་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ། ཚད་མ་རྣམ་འགྲེལ་འགྲེལ་ཆེན་མི་ཕམ་རིན་པོ་ཆེའི་གསུང་བཅས་གསན། གཞན་ཡང་། དབུ་མ་འཇུག་པའི་རྩ་བ། དབུ་མ་འཇུག་འགྲེལ་ཟླ་བའི་ཞལ་ལུང་མི་ཕམ་རིན་པོ་ཆེའི་གསུང་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་ལན་གསུམ། ངེས་ཤེས་སྒྲོན་མེ་ལན་བཞི། འཇུག་འགྲེལ་ཟླ་བའི་འོད་ཟེར། བློ་གཏེར་དབང་པོའི་འཇུག་པ་མཆན་འགྲེལ། མི་ཕམ་རིན་པོ་ཆེའི་མདོ་སྡེ་རྒྱན་གྱི་འགྲེལ་བ། ཤེར་ཕྱིན་རྩ་བ། ཤེར་ཕྱིན་སྤྱི་དོན་དཔལ་སྤྲུལ་རིན་པོ་ཆེའི་གསུང་འགྲེལ་ཆུང་དོན་གསལ། མི་ཕམ་རིན་པོ་ཆེའི་པུཎྜ་རི་ཀ །སྡུད་པ་རྒྱན་སྦྱར་མདོ་སྡུད་པའི་འགྲེལ་བ། མི་ཕམ་རིན་པོ་ཆེའི་རྒྱུད་བླའི་འགྲེལ་བ། རྗེ་བདག་ཉིད་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོ། ཆུང་བ་བཅས་ཀྱི་ཁྲིད་ལུང་། སྒྱུ་འཕྲུལ་སྐོར་ལ། གསང་སྙིང་རྩ་བ། རྒྱ་སྐོང་མཆན་འགྲེལ་ཀུན་མཁྱེན་ཞལ་ལུང་ལན་དྲུག །གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལན་གཉིས། ཡིད་ཀྱི་མུན་སེལ། མ་རིག་མུན་སེལ། གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལན་གསུམ། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེའུ་མིག་ལན་གཉིས་གསན། འོད་གསལ་རྫོགས་པ་ཆེན་པོའི་སྐོར་ལ། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། ཁྲིད་ཡིག་ཡེ་ཤེས་བླ་མ་ལན་གཉིས། ལྕེ་བཙུན་སྙིང་ཐིག་གི་འགྲེལ་བ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསུང་ལྕེ་བཙུན་སྙིང་ཐིག་གི་འགྲེལ་བ་ལས་རབ་གླིང་པའི་གསུང་ལན་གཉིས། བླ་མ་ཡང་ཏིག་ལན་གསུམ། སྨིན་གླིང་གཏེར་བདག་གླིང་པའི་སྙིང་ཐིག་ཁྲིད་ཡིག་ལན་གསུམ། ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད་ལན་གཉིས། ༧ཆོས་རྗེ་ཡིད་བཞིན་ནོར་བུའི་དགོངས་གཏེར་ཁྲིད་ཡིག་སངས་རྒྱས་ལག་སྟེར། བྱང་གཏེར་དགོངས་པ་ཟང་ཐལ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཁྲིད་ཡིག་མཁའ་ལྡིང་གཤོག་རླབས་རྣམས་དང་། སྙིང་ཐིག་ཡ་བཞིའི་དབང་ལན་གསུམ། དུས་འཁོར་དབང་མོ་ཆེ་རྗེ་བཙུན་ཇོ་ནང་པའི་ལུགས་རྒྱས་པ། དུས་འཁོར་དབང་མི་ཕམ་རིན་པོ་ཆེའི་ཆོག་བསྒྲིགས་ལན་གསུམ། ལས་རབ་གླིང་པའི་དུས་འཁོར་དབང་ལན་གསུམ་བཅས་གསན་བཞེས་མཛད། ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་མདུན་ནས། རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ཉེར་ལྔའི་སྙིང་པོ་ཐུགས་སྒྲུབ་ཡང་སྙིང་ཀུན་བཏུས་ཀྱི་དབང་ཆེན་ཟབ་རྒྱས་དང་། ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་དང་། དཔལ་གསང་བ་འདུས་པ་འཕགས་ལུགས་མི་བསྐྱོད་རྡོ་རྗེའི་བཀའ་དབང་དང་། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཚེ་དབང་བཅས་ནོད། མཁན་པོ་དགེ་དཔལ་མདུན་ནས་མི་ཕམ་རིན་པོ་ཆེའི་དུས་འཁོར་འགྲེལ་ཆེན་ཁྲིད་ལུང་དང་། སྤྲུལ་སྐུ་བདེ་ཆེན་མདུན་ནས། ལས་གླིང་གི་ཟབ་གཏེར་ཆ་ཚང་དབང་ལུང་ཐོབ། བླ་མ་ཨ་འཇམ་མདུན་ནས། སྨིན་གླིང་འདོད་འབྱུང་བུམ་བཟང་དབང་ལུང་ཆ་ཚང་། བླ་མ་ཀར་ཆོས་མདུན་ནས་བྱང་གཏེར་དགོངས་པ་ཟང་ཐལ་དབང་ལུང་ཆ་ཚང་དང་། མཁན་པོ་ཏེ་པའི་མདུན་ནས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། མཁན་པོ་ཉིད་ཀྱིས་བརྩམས་པའི་དབུ་མ་འཇུག་པའི་འགྲེལ་བ་དང་། མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་འགྲེལ་བཅས་མདོར་ན། བླ་མ་དམ་པ་རྣམས་ལས། མདོ་སྔགས་རིག་པའི་གནས་དང་བཅས་པ་དང་། སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་སོགས། ཁྱད་པར་དུ་གསང་ཆེན་སྔ་འགྱུར་རྙིང་མའི་རྒྱུད་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ལེགས་པར་ཐོབ་པ་ཡིན་ནོ། །
འགྲོ་དོན་གྱི་ཐོག་མར་ཉག་ཨ་ཛི་རོང་དུ་གྲུབ་ཆེན་པདྨ་བདུད་འདུལ་གྱི་ལུང་དོན་བཞིན། གྱ་བཟི་ཇོ་མོ་མཚོ་རྒྱལ་དགོན་དུ། མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་མངའ་གསོལ་སྐབས་སུ་བཙུན་མ་རྣམས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མ་ལྗགས་ལུང་གནང་བ་ནས་བཟུང་བཙུན་མ་རྣམས་ལ་རྒྱལ་སྲས་ལག་ལེན་ལན་གསུམ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། བྱང་སེམས་ནོར་བུའི་ཕྲེང་བ་ལན་གསུམ། དཔལ་སྤྲུལ་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ལན་གསུམ། བྱང་སེམས་སྤྱོད་འཇུག་ཆེན་མོ་ལན་གསུམ། མི་ཕམ་རིན་པོ་ཆེའི་མཁས་འཇུག་ལན་གསུམ། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ། དབུ་མ་འཇུག་པའི་འགྲེལ་བ། སེམས་ཉིད་ངལ་གསོ། གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ། ཡིད་ཀྱི་མུན་སེལ། མ་རིག་མུན་སེལ། མན་ངག་མཛོད་རྣམས་ཀྱིས་མཚོན་སྔ་ཕྱིར་ཆོས་བཀའ་མང་དུ་གསུངས་སོ། །
སྤྱི་ལོ་༡༩༨༥བོད་ཤིང་གླང་ལོར། ༧ཆོས་རྗེ་ཡིད་བཞིན་ནོར་བུའི་སྐུ་སྐྱེ་གོང་མ་ལས་རབ་གླིང་པའི་གདན་ས་དང་། རྗེ་བཙུན་མ་མུ་མཚོ་རིན་པོ་ཆེའི་སྐུ་སྐྱེ་གོང་མ་མཁའ་འགྲོ་པོ་མོའི་གདན་ས་ཉག་རོང་ཤར་རྒྱལ་བ་སྐལ་བཟང་དགོན་དུ་ཕེབས། དེའི་སྐབས་སུ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་ལ་མཁའ་འགྲོ་པོ་མོའི་སྔོན་གནས་རྗེས་དྲན་གྱི་དག་སྣང་མང་ཙམ་ཡོད་ཀྱང་རེ་ཞིག་གསང་རྒྱས་བསྡམས་སོ། །སྤྱི་ལོ་༡༩༨༧བོད་མེ་ཡོས་ལོར། རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་གཙོས་བོད་མི་ཁྲི་གཅིག་ཆོས་རྗེ་ཡིད་བཞིན་ནོར་བུའི་སྐུ་རྗེས་འབྲངས་ཏེ་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་མཇལ་དུ་བྱོན། སྤྱི་ལོ་༡༩༨༨བོད་ས་འབྲུག་ལོར་ཉག་ཤང་ལང་བྲག་དཀར་ལ་གནས་འདུས་ཀྱི་དུས་སུ་སླར་འཁོར་འདུས་པ་དུ་མ་དང་ལྷན་དུ་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞབས་འབྲིང་དུ་ཉག་རོང་ལ་བྱོན། དེ་ནས་ཉག་རོང་གྱ་བཟི་བདེ་ཆེན་གསང་སྔགས་ཆོས་གླིང་དུ་ཕེབས་ནས། དེར་བཞུགས་ཞག་གནང་ཉག་བླ་ཡེ་ཤེས་རྡོ་རྗེས་མཛད་པའི་ཉག་བླ་པདྨ་བདུད་འདུལ་གྱི་རྣམ་ཐར་སྐབས་དབྱེ་དགུ་པ་བསྟན་པ་དང་འགྲོ་བའི་དོན་དུ་བསོད་ནམས་ཀྱི་ཞིང་ས་གཙུག་ལག་ཁང་བཞེངས་ཚུལ་ལས། དེ་ནས་ཉག་ཡུལ་གྱ་བཟི་ཞེས་པ་ལ་བྱོན་ཏེ། སྔར་མེད་པའི་གྲྭ་ཚང་གསར་དུ་བསྡུས་ནས། ས་གཞིར་བྱིན་གྱིས་བརླབས་ཏེ་མཁར་སྐྱ་བ་ལ་གསང་སྔགས་བདེ་ཆེན་ཆོས་གླིང་དགོན་མིང་བཏགས། ཇོ་མོ་དགོན་གསར་བཏབ་ནས་མཚོ་རྒྱལ་དགོན་མིང་བཏགས་པར་མཛད། དེ་གཉིས་ཀྱི་གཙུག་ལག་ཁང་དང་གྲྭ་ཁང་གསར་དུ་བཏབ། དགོན་གནས་དེ་གཉིས་ལ་རྟེན་བཞག་རྒྱས་པར་མཛད་ནས། ཕྱིས་སུ་དགོན་པ་འདི་གཉིས་བསྟན་པ་དར་ཞིང་རྒྱས་པར་འབྱུང་བ་ལུང་བསྟན་པ་ནི། མ་འོངས་པ་ན། མཚོ་རྒྱལ་དངོས་ཀྱི་རྣམ་འཕྲུལ་ཞིག་དགོན་པ་འདིར་འབྱོན་འོང་བས། ཇོ་མོ་མཚོ་རྒྱལ་དགོན་ཞེས་མཚན་གསོལ། དེའི་དུས་སུ་ཉག་ཆུ་ཕར་ཁར་ཇི་ཐུ་རིའི་མཐའ་ནས་ལམ་ཆེན་གསར་པ་བྱས་ཏེ། ལམ་དེའི་སྟེང་ན་ཚོང་པ་མང་པོ་གཤར་བའི་དུས་དེར། དགོན་པ་འདིའི་ཟུར་ན་ལྕགས་ཟམ་འཛུགས། ཟམ་དེའི་ཕ་རོལ་ན་རྒྱ་གྲོང་ཁྲ་ཆེམ་ཆེམ་བྱས་པ་འོང་། ཟམ་པ་དེའི་སྟེང་ན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་རོལ་དངོས་སུ་བྱོན་པ་དང་། མཁའ་འགྲོ་མའི་སྟེང་ན་རྨ་བྱའི་གདུགས་ཕུབ། འོག་ནས་སེང་གེ་དཀར་མོའི་ཁྲི་བརྩེགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས་ན། དེ་ཡི་དུས་སུ་རྟའུ་ཉི་མཚོ་དགོན་ཡན་ཆད་ཀྱི་བཙུན་མ་རྣམས་འདུས་པས། དང་པོ་ཇོ་མོ་བརྒྱ་དང་བཅུ་གསུམ་དང་། རིམ་བཞིན་འཕེལ་ནས་ཇེ་མང་དུ་འགྲོ། ཇོ་མོ་རྟོགས་པ་མཐོན་པོར་གྱུར་ནས་འཇའ་ལུས་པ་མང་པོ་འབྱུང་བར་གསུངས་སོ། །
གོང་གི་གྲུབ་དབང་པདྨ་བདུད་འདུལ་གྱི་ལུང་དོན་བཞིན། ཇོ་མོ་མཚོ་རྒྱལ་དགོན་གྱི་ཆུའི་ཕར་ཁར་ཇི་ཐུ་རིའི་མཐའ་ནས་ལམ་ཆེན་འདོན་པ་དང་། ལམ་དེའི་སྟེང་ནས་ཚོང་པ་མགྲོན་པོ་མང་པོ་གཤར་བ་དང་། ཟུར་ལ་ལྕགས་ཟམ་བཙུགས་ཡོད་པ་དང་། ལྕགས་ཟམ་ཕ་རོལ་རྒྱ་གྲོང་ཆགས་ཡོད་པ་སོགས་ལ་ཁུངས་བཅོལ་ཏེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་སྐྱེ་འཁྲུལ་བྲལ་ཡིན་པ་ཐུགས་ཐག་བཅད་ནས། གྱ་བཟི་ཇོ་མོ་མཚོ་རྒྱལ་དགོན་དུ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་སྟེང་ལ་རྨ་བྱ་སྔོན་མོའི་གདུགས་ཕུབ། འོག་ཏུ་སེང་གེ་དཀར་པོའི་ཁྲི་བརྩེགས་ཏེ་གསེར་ཁྲིར་མངའ་གསོལ་མཛད། དེ་ཡང་གནས་ཕུན་སུམ་ཚོགས་པ་གྲུབ་ཆེན་པདྨ་བདུད་འདུལ་རྡོ་རྗེའི་ལུང་གིས་ཟིན་པའི་ཇོ་མོ་མཚོ་རྒྱལ་དགོན། སྟོན་པ་ཕུན་སུམ་ཚོགས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཡང་སྲིད་མུ་མེད་ཡེ་ཤེས་མཚོ་མོ། དུས་ཕུན་སུམ་ཚོགས་པ་མཉམ་མེད་ཐུབ་པའི་དབང་པོས་ཆོས་འཁོར་ཐོག་མར་བསྐོར་བའི་དུས་ཆེན་བོད་ཟླ་དྲུག་པའི་ཚེས་བཞི། ཆོས་ཕུན་སུམ་ཚོགས་པ་རྒྱལ་སྲས་རྣམས་ཀྱི་ལག་ལེན་གནད་དུ་དྲིལ་བའི་གདམས་པ་དངུལ་ཆུ་ཐོགས་མེད་ཀྱི་ཐུགས་དམ་གྱི་ཡང་ཞུན་བཅུ་ཕྲག་གསུམ་ལ་ཉག་མ་བདུན་གྱིས་མཛེས་པའི་ཨུ་པ་དེ་ཤའོ། །འཁོར་ཕུན་སུམ་ཚོགས་པ་ལུང་ཟིན་གྱི་ཇོ་མོ་བརྒྱ་དང་བཅུ་གསུམ་གཙོས་དད་ལྡན་སེར་སྐྱ་རྣམས་སོགས། ལས་རབ་གླིང་པའི་ཚ་མོ་ཞེས་གསུངས་པ་ཡང་སྐུ་སྐྱེ་ཕྱི་མ་རྗེ་བཙུན་མ་མུ་མཚོ་འདི་ལ་དགོངས་པ་གོང་བཞིན་སྨོས་མ་དགོས་སོ། །
དེ་ནས་ཉག་རོང་གི་དགོན་ཁག་བཅུ་གཅིག་ཙམ་དུ་ཕེབས་ནས་སྐྱེ་འགྲོ་རྣམས་ཐར་པའི་ལམ་སྣ་ཟིན་པར་བྱས་སོ། །དེ་ཡང་སྔོན་ཚེ་བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞལ་སྔ་ནས་ལས་རབ་གླིང་པ་ལ་ཉིད་ཀྱི་མཁའ་འགྲོ་པོ་མོ་དེ། བདག་གི་རྩ་བའི་བླ་མ་ཨོ་རྒྱན་སྨིན་གྲོལ་གླིང་གི་རྗེ་བཙུན་མ་འཕྲིན་ལས་ཆོས་སྒྲོན་གྱི་སྐུ་སྐྱེ་ཡིན་པས། དེང་ཕྱིན་ཆད་འཕྲིན་ལས་ཆོས་སྒྲོན་དུ་མཚན་གསོལ་དགོས་གསུངས། ཕྲིན་ལས་ཆོས་སྒྲོན་ནི་མི་འགྱུར་དཔལ་སྒྲོན་གྱི་ཡང་སྲིད་དང་གདུང་རྒྱུད་ཀྱི་ཚ་མོ་གཉིས་ཀ་ཡིན་པས། དེ་ཉིད་ཀྱི་ཡང་སྲིད་འཁྲུལ་བྲལ་རྗེ་བཙུན་མ་མུ་མཚོ་རང་ཡིན་པར་ཡིད་ཆེས་རྙེད་དེ། སྤྱི་ལོ་༡༩༨༩བོད་ས་སྦྲུལ་ལོར་ཤར་རྒྱལ་བ་སྐལ་བཟང་དགོན་གྱི་གསེར་ཁྲི་ལ་བཀོད་དེ། རྟེན་གསུམ་མཎྜལ་གྱ་ནོམ་པ་ཕུལ་ནས་བསྟན་པའི་བདག་མོར་མངའ་གསོལ་ཏོ། །
དེ་ཡང་ལྷ་མིའི་རྣམ་འདྲེན་༧གོང་ས་སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་སྔོན་གྱི་ལས་སྨོན་དུས་སུ་སད་དེ་ཐུགས་བཞེད་བླ་ན་མེད་པའི་གསོས་སུ་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་ནས་འགྲོ་གྲོན་བཏང་སྟེ་སྔོན་རྗེས་སུ་ཆོས་རྗེ་མཆོག་ལ་གདན་ཞུས་ལྟར། སྤྱི་ལོ་༡༩༩༠ ཟླ་༧ ཚེས་༡༦ ལ་འཕགས་ཡུལ་བཞུགས་སྒར་དྷ་རཾ་ས་ལར་རྩེ་རྣམ་རྒྱལ་གྲྭ་ཚང་འདུས་སྡེ་བྱིངས་ནས་བསུ་བ་ཟབ་རྒྱས་དང་བཅས་ཞབས་སོར་བཀོད། ཚེས་དེའི་ཉིན་གུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཟིམ་ཆུང་དུ་ཐོག་མར་མཇལ་བཅར་ཞུ་སྐབས། ཞང་པོ་ཆོས་རྗེ་བླ་མ་མཆོག་གིས་དར་ཉིན་མོ་བདེ་ལེགས་ཀྱིས་མདུན་བདར། སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ཅན་དང་། དངོས་རྫས་གྱ་ནོམ་པ་དུ་མ་དང་བཅས་ཞབས་བརྟན་ཚིགས་བཅད་ཀྱི་ཕྲེང་བ་ཕུལ་ཏེ་གུས་ཕྱག་ཏུ་བསྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་། བདག་ཅག་གི་སྟོན་པའི་སྣང་བརྙན་བྱིན་ལེགས་ཤིག་དང་ལྷ་རེག་ཉིན་མོ་བདེ་ལེགས་བཅས་བསྩལ་ཏེ། རིས་མེད་ཀྱི་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་ཁུར་ཆེ་བཞེས་དགོས་རྒྱུའི་གསུང་གིས་མངའ་གསོལ་བ་སོགས་སྐྱེ་ཕྲེང་དུ་མར་མཆོད་ཡོན་རྟེན་འབྲེལ་ལེགས་འགྲིགས་ཀྱིས་༧གོང་ས་མཆོག་གི་མཛད་ཕྲིན་བླ་རུ་མཐོ་བ་དང་། རྟེན་འབྲེལ་ཟུར་ཙམ་ཡང་མ་རལ་བ་ལྷ་དང་བཅས་པའི་བསྔགས་ཡུལ་དུ་གྱུར་པ་བཞིན་བསླུ་མེད་བདེན་འབྲས་ཡར་ངོའི་ཟླ་བཞིན་འཕེལ་བ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར། དེའི་ཕྱི་དྲོ་ཕོ་བྲང་གསར་པའི་ནང་དུ། ༧གོང་ས་མཆོག་ནས་གསེར་གྱི་མཎྜལ་ཕུལ་ཏེ། ༧ཆོས་རྗེ་མཆོག་གི་སྔོན་གནས་རྗེས་དྲན་གྱི་དག་སྣང་ཆོས་སྐོར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གཉན་པོའི་སྨིན་གྲོལ་དབང་བསྐུར་གྱི་རིམ་པ་རྣམས་གསན་ནས་ཆོས་འབྲེལ་གྱི་དབུ་བཙུགས། ཕྱི་ཉིན་བོད་ཟླ་༥ ཚེས་༢༥ འཕྲོད་སྦྱོར་བཟང་པོ་དང་བསྟུན། རྩེ་རྣམ་རྒྱལ་གྲྭ་ཚང་གི་གཙུག་ལག་ཁང་ཆེན་མོར། ༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་དང་། རྗེ་བཙུན་མ་མུ་མཚོ་སོགས་སྐུ་འཁོར་རྣམས་དད་དང་དམ་ཚིག་རྣམ་པར་དག་པས་འབྲེལ་བའི་གནས་ཆུང་གྲྭ་ཚང་འདུས་ཚོགས་དུ་མ་དང་བཅས། གཏེར་ཆེན་ལས་རབ་གླིང་པའི་ཟབ་གཏེར་ཕུར་པ་ཡང་གསང་སྤུ་གྲིའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས། ཚོགས་ཀྱི་མཆོད་སྤྲིན་རྒྱ་ཆེན་པོ་དང་གུ་རུའི་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་བྱིན་ཅན་ཟུང་དུ་སྦྲེལ་ཏེ་སྐྱེ་འགྲོ་ཀུན་ལ་ཕན་བདེ་རྒྱ་ཆེན་པོ་ལ་རྟག་ཏུ་འཚོ་ཕྱིར་ཐུགས་སྨོན་ཚད་མེད་ཀྱིས་རྒྱས་བཏབ། ཕྱི་ཚེས་༡༩ ཉིན་ཕོ་བྲང་གསར་པར། ༧གོང་ས་ཆེན་པོ་དང་ཆོས་རྗེ་མཆོག་དང་རྗེ་བཙུན་མ་མུ་མཚོ་བཅས་ཉིན་གུང་གསོལ་ཚིགས་ལྷན་བཞེས་ཐོག་ཚེ་རབས་དུ་མར་རྗེ་འབངས་རེས་མོས་ཀྱི་འབྲེལ་བ་དུས་སུ་སྨིན། ཆོས་རྗེ་མཆོག་གི་དག་སྣང་ཆོས་སྐོར། འཇམ་དཔལ་ཞི་སྒྲུབ། ཁྲིད་ཡིག་སངས་རྒྱས་ལག་སྟེར། ཆོས་རྗེ་དཔལ་སྤྲུལ་གྱི་ཚིགས་གསུམ་གནད་བརྡེག་སོགས་ལས་བརྩམས་ཏེ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་དཀའ་གནད་གཙོར་གྱུར་པའི་རྒྱུད་ལུང་མན་ངག་གི་གནད་གསང་དུ་མ་ཞིག་ལྷུག་སྩོལ་གྱི་གསུང་མཆིད་མཆོད་སྤྲིན་ཚུལ་དུ་ཕུལ། ༧ཆོས་རྗེ་མཆོག་ནས་སྔོན་རྗེས་ཡང་ཡང་གསོལ་བ་བཏབ་པ་བཞིན། ཕྱི་ཚེས་༢༢བོད་ཟླ་༥ཚེས་༣དང་དུས་བསྟུན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འབྲེལ་ཡོད་ཞལ་སློབ་ཉུང་ཤས་ཤིག་ལ་དམིགས་བསལ་དུ་༧རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ཉེར་ལྔའི་སྙིང་པོ་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་དབང་ཆེན་ཟབ་མོས་བཀའ་དྲིན་བསྐྱངས། སྤྱི་ཚེས་༢༥ བོད་ཟླ་༦ ཚེས་༤ ལ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་ཞིང་འདིར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་བྱིན་གྱིས་བརླབས་པའི་དུས་ཚོད་ཕུན་སུམ་ཚོགས་པའི་སྔ་དྲོའི་ཆར་ཕོ་བྲང་གསར་པའི་རྟེན་གྱི་གཙོ་བོ་སྐྱིད་གྲོང་ཇོ་བོ་ཝ་ཏི་བཟང་པོའི་སྤྱན་སྔར། ༧གོང་ས་ཆེན་པོ་དང་ཆོས་རྗེ་ཡིད་བཞིན་ནོར་བུ། རྗེ་བཙུན་མ་མུ་མཚོ། མཁན་པོ་རྣམ་གྲོལ་སོགས་དཔོན་སློབ་འདུས་པ་ལྷན་རྒྱས་ཡོངས་ནས་ཐུགས་བསྐྱེད་གདུང་བ་དྲག་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་སྐྱེ་དགུ་རྣམས་ཀྱི་ཕན་བདེའི་རྩ་ལག་གཅིག་ཏུ་སྨིན་པའི་མཛད་བཟང་རྒྱ་ཆེན་པོ་དང་། ༧གོང་ས་མཆོག་ནས་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་དེ་སྨིན་གླིང་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་རོལ་དུ་ངོས་འཛིན་དང་ཕྱག་ཡིག་ཐམ་ཀ་བཅས་གནང་། རྗེས་སུ་༧གོང་ས་མཆོག་ནས་རྗེ་བཙུན་མ་མཆོག་ལ་ཞབས་བརྟན་སྨོན་ཚིག་བྱིན་བརྒྱའི་གཏེར་ཆེན་ཞེས་བྱ་བའང་གནང་སྟེ། ཨོཾ་སྭ་སྟི། ཡེ་སྟོང་གདོད་མའི་རང་རྩལ་འགག་མེད་དུ། །ལྷུན་གྲུབ་རོལ་སྐུའི་མཛེས་པ་འབུམ་སྤྲོ་བའི། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས། །དགེ་ལེགས་བྱིན་ཆེན་ཕོབ་པའི་ཤིས་པ་སྩོལ། །མུ༵་མེ༵ད་སྲིད་མཚོར་ལྷུང་བའི་ཉམ་ཐག་འགྲོར། །དག་པའི་ཡེ༵་ཤེ༵ས་སྣང་བ་མཆོག་སྩོལ་ཞིང་། །མཚོ༵་བྱུང་ལྷ་མོ༵་དགྱེས་པའི་སྙན་འགྱུར་སྟོང་། །སྒྲོག་མཁས་རྗེ་བཙུན་མ་ལ་གསོལ་བ་འདེབས། །སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན། །འཕྲིན་ལས་མཛད་པ་ཕྱོགས་ཀྱི་འཁོར་ལོར་ཁྱབ། །ཉེ་འབྲེལ་མཆོད་ཡོན་དམ་ཚིག་གཙང་མ་ཡིས། །བསྟན་འགྲོའི་ཕན་བདེ་རིང་དུ་སྐྱོང་གྱུར་ཅིག །སྐྱབས་གནས་རྒྱལ་བའི་ཐུགས་བསྐྱེད་ཟབ་མོ་དང་། །མཐུ་ལྡན་བསྟན་སྲུང་རྒྱ་མཚོའི་ནུས་མཐུའི་སྟོབས། །གཡོ་མེད་ལྷག་བསམ་བདེན་པའི་རེ་སྨོན་ལས། །འདོད་དོན་འགྲུབ་པའི་དགེ་མཚན་འབར་གྱུར་ཅིག །ཅེས་པའང་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་གྱི་ཡང་སྤྲུལ། མུ་མེད་ཡེ་ཤེས་མཚོ་མོར་བརྟན་བཞུགས་སྨོན་ཚིག་འདི་འདྲ་ཞིག་དགོས་ཞེས་༧རྒྱལ་དབང་པདྨའི་གདུང་འཚོབ་མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་སྔ་ནས་དང་། དད་དམ་དགེ་བའི་སེར་སྐྱ་དུ་མ་ཞིག་ནས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་རབ་བྱུང་བདུན་པའི་ཟླ༧ཚེས་༡༦སྤྱི་ལོ་༢༠༠༠ཟླ་༩ཚེས་༡༤ཉིན་དྷ་རཾ་ས་ལ་ཐེག་ཆེན་ཆོས་གླིང་དུ་བྲིས་པ་དགེ་ལེགས་འཕེལ་ཅེས་སོ། །
སྤྱི་ལོ་༡༩༩༠ ཟླ་༧ ཚེས་༣༡ བོད་ཟླ་༦ ཚེས་༩ ཉིན་རྣམ་གྲོལ་གླིང་དགོན་གྱི་མཁན་སྤྲུལ་དབུ་ལས་རྣམས་དང་། གཞིས་འགོ་༡ ལས་སྣེ་བཅས་ཕེབས་བསུ་བཅར་བ་བཞིན་རྣམ་གླིང་གཙུག་ལག་ཁང་དུ། ༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་རྣམ་གཉིས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་རིན་པོ་ཆེར་ཞབས་སོར་འཁོད། ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་དང་སེ་ར་བྱེས་སྨད་ཀྱི་མཁན་རྣམ་གཉིས། གཞིས་འགོ་སྐུ་ངོ་མཆོག་དང་། ཆོས་སྡེ་ཁག་སོ་སོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་སེར་སྐྱ་མི་དམངས་ཡོངས་ལ་མཇལ་ཁ་གནང་།
སྤྱི་ལོ་༡༩༩༠ཟླ་༡༠ ཚེས་༢༢ སྔ་དྲོར་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དབུར་བཞུགས་ཀྱིས་འདུས་སྡེ་ཡོངས་ནས་ཚེ་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་དང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་དང་དེ་དང་ལྷན་དུ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་གསེར་ཁྲིར་མངའ་གསོལ་དང་། པད་ཞྭ་མཐོང་གྲོལ་ཆེན་མོ་སོགས་རྟེན་གསུམ་གྱི་མཎྜལ་གྱ་ནོམ་པ་དང་། བཀའ་དྲིན་གཏང་རག་གི་ཡོན་དུ་འབུལ་ཚོན་གྱི་རིམ་པ་རྣམས་ཚར་དུ་དངར་བ་བསྟར་ཏེ་གུས་པས་ཕུལ། སྤྱི་ལོ་༡༩༩༠ ཟླ་༡༠ ཚེས་༢༣ ཉིན་སླར་ཡང་རྣམ་གླིང་ཆིབས་ཞལ་བཏེགས། རིམ་བཞིན་ལྷོ་ཕྱོགས་དཔལ་རི། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོ། གནས་མཆོག་རྡོ་རྗེ་གདན། བྱ་རྒོད་ཕུང་པོའི་རི། ཝཱ་ར་ཎ་སྭི། མཉན་ཡོད། རྩྭ་མཆོག་གྲོང་། ལུམྦི་ནི་རྣམས་དང་། བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་གནས་མཆོག་རྣམས་སུ་ཐུགས་སྨོན་མཆོད་འབུལ་ལེགས་པར་གྲུབ་མཚམས། སྤྱི་ལོ་༡༩༩༠ ཟླ་༡༡ པའི་ཚེས་༡༨ ཉིན་ཧོང་ཀོང་བརྒྱུད་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བདེ་བར་ཞབས་སོར་བཀོད། སྤྱི་ལོ་༡༩༩༣ ལ་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་ལུང་དོན་བཞིན་འགྲོ་ཀུན་བདེ་ཆེན་ཞིང་དུ་འདྲེན་པའི་འཕྲིན་ལས་ཐོག་མར་གསེར་ཐང་བླ་རུང་མདོ། ལོ་པཎ་བསུ་སྐྱེལ་ཐང་ཆེན་དུ་བདེ་ཆེན་ཞིང་སྒྲུབ་ཉིན་བཅོ་ལྔའི་རིང་ལ། ཆོས་རྗེ་མཆོག་དང་མཉམ་དུ་དད་ལྡན་བླ་སྤྲུལ་སེར་སྐྱ་མང་ཚོགས་རགས་རྩིས་བྱས་ན་འབུམ་བཞི་ལྷག་ལ་རྗེ་བཙུན་མ་མུ་མཚོ་མཆོག་ནས་རྒྱལ་སྲས་ལག་ལེན་འགྲེལ་བ་རྒྱས་པ་དང་། མགོན་པོ་འོད་དཔག་མེད་ཀྱི་བཀའ་དབང་། འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་བཅས་བཀའ་དྲིན་དུ་བསྩལ་བ་དང་། དགེ་བ་བཅུའི་ཁྲིམས་སྲོལ་བསྡམས། རྔོན་རྐུ་སོགས་སྤྱོད་ངན་ཐམས་ཅད་རྒྱུན་གཅོད་ཐབས་ལ་ཐུགས་བརྩོན་ཆེན་པོ་གནང་། མགོན་པོ་འོད་དཔག་མེད་ཀྱི་མཚན་སོགས་ཁས་ལེན་དུ་མ་དང་། མཁའ་ཁྱབ་སེམས་ཅན་རྣམས་ཞིང་མཆོག་བདེ་བ་ཅན་དུ་འདྲེན་པའི་འཕྲིན་ལས་ཀྱི་ཉིན་བྱེད་ཐོག་མར་དྲངས།
སྤྱི་ལོ་༡༩༩༣ ཟླ༧ ཚེས་ཨ་མི་རི་ཀ་ནས་ཟུར་མང་དྲུང་པ་སྲས་རིན་པོ་ཆེ་དང་ལྕགས་མདུད་རིན་པོ་ཆེ་ཡབ་སྲས། རྒྱལ་སྤྲུལ་རིན་པོ་ཆེ་སོགས་ཆོས་ཚོགས་དུ་མ་ནས་གསོལ་བ་བཏབ་པ་བཞིན། ཞང་པོ་ཆོས་རྗེ་ཡིད་བཞིན་ནོར་བུ་དང་མཉམ་དུ་རྗེ་བཙུན་མ་ཉིད་ཨ་རིར་ཕེབས་ནས། ཟུར་མང་དྲུང་རིན་པོ་ཆེའི་ཆོས་ཚོགས་དང་། ཨ་ཏིའི་གླིང་། རིག་འཛིན་གླིང་། ཡེ་ཤེས་སྙིང་པོའི་གླིང་། བྱང་ཆུབ་ཆོས་གླིང་། གངས་ལྷའི་ལྷ་ཁང་སོགས་སུ་འཁོད་པའི་ཕྱི་རྒྱལ་སློབ་ཚོགས་རྣམས་ལ། སྨིན་གྲོལ་ཟབ་རྒྱས་ཀྱི་ཆོས་མཛོད་ཐང་མར་བརྡལ་ཏེ་རེ་བ་ཡོངས་སུ་ཚིམས་པར་བྱས། ཚེས་༢༣ ལ་ཧྥ་རན་སི་རྒྱལ་ཁབ་ཏུ་བསོད་རྒྱལ་རིན་པོ་ཆེས་གདན་ཞུ་ལྟར་རིག་པ་ཆོས་ཚོགས་སུ་ཕེབས་བསུ་རྒྱ་ཆེན་པོ་མཛད། ཚེས་༢༤ ལ་བསོད་རྒྱལ་རིན་པོ་ཆེ་དབུར་བཞུགས་པའི་ཧྥ་རན་སི་སློབ་ཚོགས་རྣམས་ལ་ཆོས་རྗེ་མཆོག་ནས་ལས་རབ་གླིང་པའི་ཕུར་པ་ཡང་གསང་སྙིང་པོའི་བསྡུས་པའི་ལུགས་ཀྱི་དབང་དང་། རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་སྒོ་ནས་གདམས་ཁྲིད་གནང་། རྗེ་བཙུན་མ་མུ་མཚོ་ནས་ཀྱང་ལས་རབ་གླིང་པའི་གཏེར་ཁ་ལས་བྱུང་བའི་གྲོ་ལོད་བདེ་གཤེགས་འདུས་པའི་དབང་བཀའ་གནང་། ཆོས་རྗེ་ཡིད་བཞིན་ནོར་བུ་དང་། རྗེ་བཙུན་མ་མུ་མཚོ། རྫོགས་ཆེན་རིན་པོ་ཆེ། པདྨ་སྐལ་བཟང་རིན་པོ་ཆེ་སོགས་ཧྥ་རན་སིའི་མཐོ་སྒང་དུ་ཕེབས་ནས་རང་ཡུལ་གྱི་ཡུལ་ལྷ་གཞི་བདག་རྣམས་ལ་བསང་མཆོད་ཕུལ།
སྤྱི་ལོ་༡༩༩༤ ཟླ་བ་༣ ལ་ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་རྣམ་གཉིས་གཙོས་དཔོན་སློབ་བཅུ་ཙམ་རྫ་སྟོད་ལྕང་མ་རི་ཁྲོད་ཀྱི་བླ་སེར་རྣམས་ཀྱིས་ལན་མང་གསོལ་བ་བཏབ་ནས་གདན་ཞུས་བཞིན། བྲག་འགོ་དཀར་མཛེས་རྫོང་གི་དགོན་པ་ཁ་ཤས་ཀྱི་གདན་ཞུས་བཞིན་དེར་བྱོན་ནས་ཆོས་འབྲེལ་གནང་། ཡིད་ལྷུང་ལྷ་མཚོ་ལ་ཕེབས་ནས་དེར་སྐུ་སྐྱེ་གོང་མ་ཉག་བླ་བསོད་རྒྱལ་གྱི་གཏེར་མཚོ་ཡིན་པས་ཡ་མཚན་པའི་གཟིགས་སྣང་དུ་མ་དངོས་སུ་མཇལ། དེ་ནས་རྫོགས་ཆེན་ཤྲཱི་སེང་ཧཱ་དང་རྫོགས་ཆེན་དགོན་གཉིས་ཀྱི་གདན་ཞུས་བཞིན་དེར་ཕེབས། དེ་ནས་ཞེ་ཆེན་དགོན་པ་དང་། འགོ་ཚ་དགོན་པ། རྫ་ཆུ་ཁ་ཁྲོ་ཤུལ་གོང་འོག་གཉིས་དང་། དགེ་མང་དགོན་སོགས་སུ་ཕེབས་ནས་དེ་རྣམས་ཀྱི་རེ་འདོད་ལྟར་ཆོས་འབྲེལ་དང་། བཀའ་དབང་ཅི་རིགས་གནང་། དེ་ནས་ཐུབ་དགའ་ཡིད་བཞིན་ནོར་བུའི་གདན་ས་ལྕང་མ་རི་ཁྲོད་དུ་ཕེབས། དེ་ནས་དཔལ་སྤྲུལ་གྱི་གདན་ས་དགེ་གོང་དགོན་དང་། སེར་ཤུལ་དགོན་པས་གདན་ཞུས་བཞིན་དེར་ཕེབས་ནས་བཀའ་ཆོས་ཟབ་རྒྱས་གནང་། དེ་ནས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་སློབ་མ་རྣམས་ཀྱིས་གདན་ཞུས་བཞིན་དེར་བཀའ་བརྒྱུད་པའི་དགོན་པ་བཅུ་ཙམ་ལ་ཕེབས་ནས་བཀའ་དབང་དང་ཆོས་འབྲེལ་རྒྱ་ཆེར་གནང་། དེ་ནས་རྨ་ཆེན་རྫོང་ཧོར་སྐོར་ལ་ཆིབས་བསྒྱུར་གནང་། དད་ལྡན་སེར་སྐྱ་རྣམས་ལ་ཆོས་འབྲེལ་ཚིམས་པར་གནང་། དེ་ནས་ཤར་རྨ་རྒྱལ་སྤོམ་རའི་མདུན་ལ་བྱོན། ལྷ་བསང་རི་ཁྲུས་ལེགས་པར་གནང་། ཨ་མྱེ་རྨ་ཆེན་གྱིས་དགྱེས་ཚོར་ཆེན་པོའི་རྟགས་སུ། རིན་ཆེན་དང་པོའི་རྒྱན་ཆ་སྤུས་ལེགས་དངོས་སུ་གནང་བར་གྲགས། སེང་འབྲུག་སྟག་རྩེ་ལ་ཕེབས་ནས། འཛམ་གླིང་སེང་ཆེན་དགྲ་འདུལ་རྗེ་བློན་རྣམས་ཀྱི་འདྲ་སྐུ་ལ་རབ་གནས་ཀྱི་མེ་ཏོག་འཐོར་སྐབས། བཀའ་བློན་འདན་མའི་སྐུ་འདྲའི་ཕྱག་གི་རུ་དར་གཡོ་བ་སོགས་རྟགས་མཚན་བཟང་པོ་བྱུང་ངོ་། །
དེ་ནས་གཅིག་སྒྲིལ་རྫོང་གི་སྨིན་ཐང་དགོན་དུ་ཕེབས། གཉན་པོ་གཡུ་རྩེའི་མདུན་ལྷ་བསང་ཕུལ་ནས། ཆོས་རྗེ་ཡིད་བཞིན་ནོར་བུས་ཕྱུག་མཚོ་ལ་བུམ་གཏེར་སྦ་བ་དང་། མཚོ་དེ་ཡི་དཀྱིལ་དུ་ཕེབས་ནས་གཏེར་གྱི་སྒྲོམ་བུ་བཞེས། དེ་ནས་སྟག་རྩེ་དགོན་ལ་ཕེབས། དེ་ནས་རྔ་བ་རྫོང་གནམ་མཚོ་དགོན་དང་རྔ་བ་ཀིརྟིའི་དགོན་ལ་ཕེབས། དད་ལྡན་སེར་སྐྱ་རྣམས་ལ་ཕྱག་དབང་བཀའ་ཆོས་གནང་། དེ་ནས་ཟང་ཆུ་རྫོང་གི་ཤར་དུང་རིའི་མ་ཎི་རང་བྱུང་གི་རི་ཁྲོད་དུ་ཕེབས། ལམ་དུ་ཁྱུང་མཆུ་རྫོང་གིས་ཕེབས་བསུ་རྒྱ་ཆེན་བྱས་ཏེ་རྨེ་བ་རུང་ཐ་དགོན་པར་ཞབས་སོར་བཀོད། རྨེ་བ། སྦྲ་ཆེན། ཨ་མོས་ཁོག་ཏུ་སེར་སྐྱ་དད་ལྡན་ཁྲི་ཚོགས་མང་པོ་མཇལ་ཁ་དང་ཆོས་འབྲེལ་གནང་། དེ་ནས་ཁྲིན་ཏུར་ཀྲའོ་ཇའོ་དགོན་པར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་གཙུག་ལག་ཁང་གི་སྒོ་འབྱེད་ཀྱི་མཛད་སྒོ་ལ་གདན་ཞུས་བཞིན་ཁྲིན་ཏུར་ཕེབས། དེར་སྒོ་འབྱེད་ལེགས་པར་གྲུབ་ནས་བཞུགས་སྒར་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་བདེ་བར་ཞབས་སོར་བཀོད། སྤྱི་ལོ་༡༩༩༤ ལོའི་སྟོན་ཁ། རྟའུ་རྫོང་ར་སྒང་དགོན་པའི་གཙོས་དགོན་ཁག་མང་པོ་དང་། མི་དམངས་རྣམས་ནས་ལན་གྲངས་གསོལ་བ་བཏབ་པ་བཞིན། ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་གཙོས་སྐུ་འཁོར་རྣམས་ལ་ཕེབས་བསུ་རྒྱ་ཆེན་དང་བཅས་ར་སྒང་དགོན་པར་ཞབས་སོར་འཁོད། བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཐེངས་གཉིས་པ་ཞག་བཅུའི་བར་དུ་འཚོགས། མཁན་སྤྲུལ་དང་བླ་སེར་ཁྲི་གཅིག་ལྷག་དང་། མང་ཚོགས་ཁྲི་ཕྲག་དུ་མར་རྗེ་བཙུན་མ་མུ་མཚོ་མཆོག་ནས་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་། འོད་དཔག་མེད་ཀྱི་བཀའ་དབང་། རྒྱལ་སྲས་ལག་ལེན། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། ལམ་གཙོ་རྣམ་གསུམ་ལྗགས་ཁྲིད་གནང་། དགེ་བཅུའི་ཁྲིམས་དང་། རི་རྒྱ་རྔོན་ཁྲིམས། རྐུ་རྒྱ་ཇག་ཁྲིམས་དང་། འོད་དཔག་མེད་ཀྱི་མཚན་འབུམ་ཐེར་ཁས་ལེན་སོགས་འགྲོ་ཀུན་བདེ་ཆེན་ཞིང་དུ་འདྲེན་པའི་འཕྲིན་ལས་ཀྱི་སྒོ་འཕར་ཕྱེས་སོ། །
སྤྱི་ལོ་༡༩༩༥ལོར་གསེར་སྟོད་རྟ་ཤུལ་དང་རྐང་རྩ་ཚོ་བ་གཉིས་ཀྱིས་གདན་ཞུས་བཞིན། ༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་སྐུ་འཁོར་རྣམས་དེར་ཕེབས་ནས་ཉིན་བཞིའི་རིང་ལ་བཟང་སྤྱོད་སྨོན་ལམ་དང་འབྲེལ་བའི་བདེ་ཆེན་ཞིང་སྒྲུབ་འཚོགས། མི་གྲངས་ཁྲི་གསུམ་ཙམ་ལ་རྗེ་བཙུན་མ་མུ་མཚོ་མཆོག་ནས། སྙིང་གཏམ་སྙིང་གི་ཐིག་ལེ་དང་། ཐར་པའི་ས་བོན་འདེབས་པའི་བཀའ་དབང་བསྐུར་ནས་འགྲོ་ཀུན་བདེ་ཆེན་ཞིང་དུ་འདྲེན་པའོ། །
༡༩༩༩ སྤྱི་ཟླ་༢ པ་ལ། བྲག་འགོ་རྫོང་བླ་མ་གནས་ནང་བླ་བྲང་ནས་གསོལ་བ་བཏབ་པ་བཞིན་༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་གཙོས་སྐུ་འཁོར་རྣམས་དེར་ཕེབས་ནས་བདེ་ཆེན་ཞིང་སྒྲུབ་ཉིན་བཞིར་འཚོགས། རྗེ་བཙུན་མ་མཆོག་ནས་འོད་དཔག་མེད་ཀྱི་བཀའ་དབང་དང་། རྒྱལ་སྲས་ལག་ལེན་གྱི་ལྗགས་བཤད་གནང་། དད་ལྡན་སེར་སྐྱ་མི་གྲངས་ཁྲི་ལྔ་ཙམ་འབྲེལ་ཚད་དོན་ལྡན་མཛད། དེ་ནས་བྲག་འགོ་འབུམ་ཉ་དགོན་པའི་གདན་ཞུ་བཞིན། ༧ཆོས་རྗེ་ཞང་ཚན་སྐུ་འཁོར་རྣམས་དེར་ཕེབས་ནས་ཉིན་ལྔའི་རིང་ལ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས་ནས་སེར་སྐྱ་མི་གྲངས་ཁྲི་བཅུ་ལས་བརྒལ་བར། རྗེ་བཙུན་མ་མཆོག་གིས་ཆོས་བཞི་རིན་པོ་ཆེའི་ཕྲེང་བ་དང་། ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་། སྤྱི་ལོ་༡༩༩༥ ལོ་ཟླ་༣ པར། ཉག་རོང་རྫོང་གི་དགོན་ཁག་ཞེ་བདུན་སྡེ་ཤོག་ཉེར་བཞི་ནས་སྔར་རྗེས་ལན་མང་གསོལ་བ་བཏབ་པ་བཞིན། ༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་རིན་པོ་ཆེ་གཙོས་སྐུ་འཁོར་རྣམས་ལ་རིང་ཐུང་གི་ཕེབས་བསུ་རྒྱ་ཆེན་པོ་བྱས་ནས་གནས་དེར་ཞབས་སོར་འཁོད། དད་ལྡན་སེར་སྐྱ་མང་ཚོགས་འབུམ་ཐེར་དྲུག་ལ་བདེ་ཆེན་ཞིང་སྒྲུབ་ཆེན་པོ་ཉིན་བརྒྱད་ཀྱི་རིང་ལ་འཚོགས་སྐབས། ༧ཆོས་རྗེ་ཡིད་བཞིན་ནོར་བུས་སྔ་དྲོ་ལ་བཀའ་ཆོས་གནང་། རྗེ་བཙུན་མ་མུ་མཚོས་ཕྱི་དྲོར་ཆོས་ཁྲིད་གནང་ནས་ཉིན་རེ་བཞིན། རྒྱལ་སྲས་ལག་ལེན། ལམ་གཙོ་རྣམ་གསུམ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། སྙིང་གཏམ་སྙིང་གི་ཐིག་ལེ། སྤྱན་རས་གཟིགས་ཀྱི་དབང་། འོད་དཔག་མེད་ཀྱི་བཀའ་དབང་བཅས་བསྩལ། འོད་ཕུང་དགོན་པའི་རྗེ་བཙུན་མ་མུ་མཚོ་གསེར་ཁྲིར་མངའ་གསོལ་བ་དང་། མཎྜལ་རྟེན་གསུམ་མཆོད་སྤྲིན་དུ་ཕུལ། དད་ལྡན་སེར་སྐྱ་རྣམས་དགེ་བཅུའི་ཁྲིམས་ལ་བཀོད་དེ་རྔོན་རྐུ་སོགས་སྤྱོད་ངན་རྣམས་རྒྱུན་བཅད་ནས། འགྲོ་ཀུན་བདེ་ཆེན་ཞིང་དུ་ལམ་སྣ་ཟིན་པར་བྱས། ཤིན་ཏུ་ངོ་མཚར་བའི་གནས་ནི། རིང་བསྲེལ་དཀར་སེར་དམར་ལྗང་གི་ཆར་འབེབས་པ་དང་། དམ་རྫས་མྱོང་གྲོལ་རིལ་བུའི་ཆར་བབས་ནས། ས་ལ་གནས་པའི་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཇི་ལྟ་བ་བཞིན། སྐྱེ་འགྲོ་ལྟོས་བཅས་རྣམས་ཤིན་ཏུ་དད་པའི་གནས་ལ་བཀོད་པར་མཛད་དོ། །
བོད་རབ་རྒྱན་སྟག་ལོར་ཆོས་རྗེ་ཡིད་བཞིན་ནོར་བུ་དང་། རྗེ་བཙུན་མ་མུ་མཚོ་གཉིས་ལ་གསོལ་བ་ཡང་ཡང་བཏབ་པ་བཞིན་ཆིབས་ཁ་མི་ཉག་ཕྱོགས་སུ་བསྒྱུར་ཏེ་དགོན་གནས་དུ་མ་དང་ལམ་བར་དུ་ར་ལི་སྟོད་པ་སྨོན་འདུན་དགོན་དུ་བྱོན་ནས་བདེ་ཆེན་ཞིང་སྒྲུབ་ཉིན་གསུམ་བར་འཚོགས་ཏེ་དད་ལྡན་མང་ཚོགས་ལ་བཀའ་དབང་དུ་མ་ཐུགས་བརྩེ་བ་ཆེན་པོས་གནང་སྟེ་ཡུལ་དགོན་ཀུན་ལ་ཕན་བདེ་བླ་ལྷག་ཏུ་སྤེལ་བར་མཛད་དོ། །
༡༩༩༥ ལོའི་ཟླ་༥ ཚེས་༡ལ་སེང་གྷ་ཕོར་སློབ་ཚོགས་ཡོངས་ནས་སྐྱབས་རྗེ་སྐུ་འཁོར་རྣམས་ལ་གདན་ཞུས་བཞིན་དེར་ཕེབས་ནས་སྐད་གྲགས་ཆེ་བ་ཧུང་ཧྥུའུ་འདུ་ཁང་ཆེན་མོར་སྐྱབས་རྗེ་མཆོག་ནས་དགེ་བསྙེན་གྱི་སྡོམ་པ་གནང་རྗེས་ཕུར་པ་མགུལ་ཁུག་མའི་བཀའ་དབང་གནང་། ཚེས་གསུམ་ཉིན། ད་ཀྲོང་ཆོས་ཚོགས་ལ་ཕུར་པ་མགུལ་ཁུག་དབང་དང་། རྗེ་བཙུན་མ་མུ་མཚོས་འཇམ་དཔལ་ཞི་སྒྲུབ་ཀྱི་བཀའ་དབང་གནང་། ཚེས་༡༤ ཉིན་སྟོན་པའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་ལ་གཟིགས་མོར་ཕེབས། ཚེས་༡༦ ལ། དཔལ་ཡུལ་བྱང་ཆུབ་ཆོས་ཚོགས་ཀྱི་སློབ་མ་རྣམས་ལ་འཇམ་དཔལ་ཞི་སྒྲུབ་ཀྱི་བཀའ་དབང་གནང་། ༡༩༩༥ ཟླ་༥ ཚེས་༢༡ ལ་མ་ལེ་ཤེས་ཡའི་སློབ་མ་རྣམས་ཀྱི་གདན་ཞུས་བཞིན་དེར་ཕེབས། འཇམ་དཔལ་ཞི་སྒྲུབ་ཀྱི་བཀའ་དབང་གནང་། ཚེས་༢༡ གི་ཕྱི་དྲོ་ལ་རྗེ་བཙུན་མ་མུ་མཚོ་ནས་ཕུར་པ་མགུལ་ཁུག་མའི་བཀའ་དབང་གནང་། ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་མུ་མཚོ་རྣམས་རང་ཡུལ་དུ་འབྱོར་རན་པའི་སྐབས་སུ། མ་ལེ་ཤེས་ཡའི་སློབ་མ་རྣམས་ཀྱིས་འབྲལ་མི་ཕོད་པའི་དད་འདུན་གྱིས་མིག་མཆི་མ་འཁྲུགས་ལུས་བ་སྤུ་གཡོ་བ་སོགས། ཚེ་རབས་གཏན་དུ་མི་འབྲལ་བའི་སྨོན་ལམ་ཡང་ཡང་བཏབ་པར་མཛད་དོ། །
༡༩༩༥ ལོར། ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་བཀོད་བཞིན། དཔལ་སྒྱུ་འཕྲུལ་དྲྭ་བའི་བློས་བསླང་འཛམ་གླིང་ན་ཁྱད་དུ་འཕགས་པ་ཞིག་ཐུགས་བསྐྱེད་བསོད་ནམས་ཀྱི་མཐུ་ལས་ཇི་ལྟར་གྲུབ་པའི་ཚུལ་ནི། ཕྱི་ནང་གི་ལྷ་རྟེན་རྣམས་ཀྱི་འགྲོ་གྲོན་ཐམས་ཅད་རྗེ་བཙུན་མ་མུ་མཚོ་རིན་པོ་ཆེ་ནས་གནང་། གཞལ་ཡས་ཁང་། སྒོ་བཞི། རྟ་བབས་བརྒྱད་པ་བཞི། རྒྱལ་མཚན་བརྒྱད། འཕན་བརྒྱད། དྲྭ་བ་དྲྭ་ཕྱེད་རྡོ་རྗེའི་ཏོག་ཅན་དང་། ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། པདྨ་སོ་གཉིས། རྡོ་རྗེའི་གྱེན་འགྲེང་། མེ་རི། ལྷ་བརྒྱད། ཀླུ་བརྒྱད། མཆོད་པའི་ལྷ་མོ་བཅུ་དྲུག་སོགས་ལ་ཁྱོན་སྒོར། འབུམ་ཐེར་བཞི་བཅུ་ལྷག་ཙམ་དང་། ནང་གི་ལྷ་ཞི་བ་བཞི་བཅུ་རྩ་གཉིས་ཟངས་གསེར་གྱིས་བྱས་པ་ལ་སྒོར། ཆིག་འབུམ་བཞི་སྟོང་བཞི་བརྒྱ་ལྷག་གི་འགྲོ་གྲོན་བཏང་ཡོད། ཁྱོན་སྒོར་ས་ཡ་ལྔ་བཞི་སྟོང་བཞི་བརྒྱ་ལྷག་གིས་སྐྱེ་དགུ་རྣམས་ཀྱིས་བསོད་ནམས་བསགས་པའི་རྟེན་ཁྱད་པར་ཅན་དུ་བསྐྲུན་པའོ། །
སྤྱི་ལོ་༡༩༩༨ ལོར་སྒྱུ་འཕྲུལ་བློས་བསླང་གི་འོག་ཏུ་སླར་ཡང་ལྷ་ཁང་ཉེར་གསུམ་བསྐྲུན་ཏེ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལྷ་ཁང་གཙོས། རྒྱ་ནག་གི་ལྷ་ཁང་། གཡུང་དྲུང་བོན་གྱི་ལྷ་ཁང་བཅས་བཞུགས་བྱང་ནི། ཤར་དུ་གཡོན་རིགས་གསུམ་མགོན་པོའི་ལྷ་ཁང་། དབུས་སུ་རྒྱུ་མཚན་ཉིད་ཐེག་པའི་ལྷ་ཁང་། གཡས་སུ་རྫོགས་པ་ཆེན་པོའི་ལྷ་ཁང་། ཤར་ལྷོ་རུ། གཡོན་དཔལ་ལྡན་ས་སྐྱའི་ལྷ་ཁང་། དབུས་སུ་སྔ་འགྱུར་རྙིང་མའི་ལྷ་ཁང་། གཡས་སུ་ཆོས་རྗེ་བཀའ་གདམས་པའི་ལྷ་ཁང་། ལྷོ་རུ། གཡོན་གནོད་སྦྱིན་ནོར་ལྷའི་ལྷ་ཁང་། དབུས་སུ་གསང་བདེ་འཇིགས་བདེ་གསུམ་གྱི་ལྷ་ཁང་། གཡས་སུ་ཚེ་ལྷ་རྣམ་གསུམ་གྱི་ལྷ་ཁང་། ལྷོ་ནུབ་ཏུ། གཡོན་དུ་གཡུང་དྲུང་བོན་གྱི་ལྷ་ཁང་། དབུས་སུ་རྒྱ་ནག་ཧཱ་ཤང་གི་ལྷ་ཁང་། གཡས་སུ་རྗེ་བཙུན་ཇོ་ནང་པའི་ལྷ་ཁང་། ནུབ་ཏུ། གཡོན་དུ་དུས་ཀྱི་འཁོར་ལོའི་ལྷ་ཁང་། དབུས་སུ་པདྨ་དབང་གི་ལྷ་ཁང་། གཡས་སུ་བཀའ་དགོངས་ཕུར་གསུམ་གྱི་ལྷ་ཁང་། ནུབ་བྱང་དུ། གཡོན་དུ་ཁྱུང་པོ་བཀའ་བརྒྱུད་པའི་ལྷ་ཁང་། དབུས་སུ་འགྲོ་མགོན་བཀའ་བརྒྱུད་པའི་ལྷ་ཁང་། གཡས་སུ་རི་བོ་དགེ་ལྡན་པའི་ལྷ་ཁང་། བྱང་དུ། གཡོན་དུ་གསུང་རབ་གླེགས་བམ་གྱི་ལྷ་ཁང་། དབུས་སུ་རྗེ་བཙུན་སྒྲོལ་མའི་ལྷ་ཁང་། གཡས་སུ་སྒོ་ཁང་། བྱང་ཤར་དུ། གཡོན་དུ་ཉན་ཐོས་དགྲ་བཅོམ་པའི་ལྷ་ཁང་། དབུས་སུ་ཆོས་སྐྱོང་སྲུང་མའི་ལྷ་ཁང་། གཡས་སུ་ཞི་བྱེད་གཅོད་ཀྱི་ལྷ་ཁང་བཅས་ཁྱོན་ལྷ་ཁང་ཉེར་གསུམ་བསྐྲུན་ནས་ཕྱག་དང་མཆོད་པ་བསྐོར་བ་སོགས་མཐོང་ཐོས་དྲན་རེག་ཐམས་ཅད་གནས་སྐབས་ནད་གདོན་བར་ཆད་ཞི་བ་དང་། མཐར་ཐུག་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཕྱིར་དུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆོས་རྗེ་ཡིད་བཞིན་ནོར་བུ་དང་། རྒྱལ་ཚབ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་རྣམ་གཉིས་ཀྱི་ཐུགས་བསྐྱེད་བླ་ན་མེད་པའི་ཤིང་རྟ་ལས་གྲུབ་པ་ཡིན་ནོ། །
སྤྱི་ལོ་༡༩༩༨ ལོ། སྔ་འགྱུར་བསྟན་པའི་མངའ་བདག་སྨིན་གླིང་གདུང་སྲས་རིན་པོ་ཆེ་དང་ཆོས་མཛད་འཇམ་དཔལ་ལགས་སོགས་ཨོ་རྒྱན་སྨིན་གྲོལ་གླིང་གི་དགེ་འདུན་པ་ལྷན་རྒྱས་ནས་ཐུགས་འདུན་བཞིན། རྗེ་བཙུན་མའི་མདུན་དུ་སྔར་ནས་ཆོས་ཀྱི་འབྲེལ་བ་ཐོབ་པའི་གོ་འཇོ་བྲག་ནག་དགོན་གསང་སྔགས་ཆོས་གླིང་གི་བླ་སྤྲུལ་རྣམས་དང་། མཁོ་ཁྱིམ་དགོན་པའི་སྤྲུལ་སྐུ་སྒྲོན་སྐྱབས་སོགས་ཀྱིས་ཀྱང་སྔ་ཕྱི་བར་གསུམ་དུ་སྐུ་སྐྱེ་གོང་མའི་ཁྲི་ལ་འཁོད་དགོས་པར་གསོལ་བ་ཡང་ཡང་བཏབ་པ་ལ་བརྟེན་ནས། ཆུ་ཕོ་སྟག་གི་ལོའི་སྟོན་ཟླ་ར་བའི་དུས་སུ། གདན་ས་གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་པདྨ་མཁའ་འགྲོའི་འདུ་གླིང་ནས་རྒྱ་ནག་ཁྲིན་ཏུར་ཆིབས་བསྒྱུར་གནང་། དེ་ནས་གནམ་གྲུར་བཞུགས་ནས་ལྷོ་ཁ་གངས་དཀར་གནམ་ཐང་དུ་ཕེབས་མ་ཐག་ཕེབས་སྒུག་ཞུ་མཁན་རྣམས་ནས་ཕེབས་འཁོར་དང་ཕེབས་སྒྲིག་ཞུ་བ་བཞིན། གང་ཉིད་ཀྱི་གོང་མའི་གདན་ས་ལ་བྱོན་པའི་སྐབས། དགོན་གྱི་བླ་གྲྭ་རྣམས་ནས་དྲི་མེད་ལྷ་དར་དཀར་པོས་སྣ་དྲངས་ཏེ། བདུག་སྤོས། གདུགས་དང་རྒྱལ་མཚན་བ་དན་སིལ་སྙན་རོལ་མོ་སོགས་ཀྱིས་མདུན་བསུས་ཤིང་། ཕེབས་བསུ་རིང་ཐུང་དང་བཀོད་བསྒྲིགས་ཚད་ལས་འདས་པ་ཞུས་སོ། །
རྗེ་བཙུན་མ་མཆོག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་ལ་ཞབས་སོར་འཁོད། དུས་ཕུན་སུམ་ཚོགས་པ་བོད་ཟླ་དགུ་པའི་ཚེས་བཅོ་ལྔའི་ཉིན་དེར། སྨིན་གྲོལ་གླིང་གི་བླ་སྤྲུལ་རྣམས་ཀྱིས་གཙོས་འདུས་སྡེ་ཡོངས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་རྗེ་བཙུན་མ་ལ་ན་བཟའ་སྤུས་ལེགས་ཆ་ཚང་དང་། ཨོ་རྒྱན་གཏེར་བདག་གླིང་པའི་ཕྱག་བཞེས་སུ་ཞྭ་པདྨ་མཐོང་གྲོལ་དབུ་ལ་གསོལ་ཞིང་བརྟན་བཞུགས་རྒྱས་པ་དང་། འབུལ་ཚན་ཚར་དུ་དངར་བ་བསྟར་ཏེ་གུས་པས་ཕུལ་ལོ། །
དེའི་ཕྱི་དྲོ་སྨིན་གླིང་དགོན་བླ་གྲྭ་ཡོངས་ནས་གསོལ་བ་ཇི་ལྟར་བཏབ་པ་བཞིན་རྗེ་བཙུན་མ་མཆོག་ནས་ཡབ་རྗེ་གཏེར་བདག་གླིང་པའི་གཏེར་ཁ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའི་ཐུགས་སྒྲུབ་རྣམ་གྲོལ་ལམ་བཟང་གི་བཀའ་དབང་ཟབ་མོ་སོགས་ཆོས་འབྲེལ་དང་། དགེ་འདུན་ཡོངས་ལ། སྨིན་གླིང་གཏེར་བདག་གླིང་པ་དང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གདུང་ཚྭ་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་རེ་དང་། བཤད་གྲྭ་རྣམས་ལ་འཇམ་དབྱངས་ཀྱི་སྐུ་འདྲ་རེ་དང་དར་བཅས་གནང་སྦྱིན་མཛད། དེ་ནས་རྗེ་བཙུན་མ་མཆོག་གིས་གོང་མའི་གཟིམས་ཆུང་སོགས་རྟེན་གཙོ་རྣམས་དུས་འགྱུར་སྐབས་སུ་ཉམས་རྒུད་ཅི་ཙམ་སོང་ཡོད་མེད་གཟིགས་ཞིབ་གནང་སྐབས། གསང་སྔགས་ཕོ་བྲང་ནང་དུ་བཞུགས་པའི་ཡབ་རྗེ་གཏེར་བདག་གླིང་པའི་སྐུ་བརྙན་ང་འདྲ་མ་མཇལ་མ་ཐག་ཏུ་སྔོན་གནས་རྗེས་དྲན་གྱི་རྐྱེན་གྱིས་བཤུམ་པ་དྲག་པོ་མཛད་བཞིན་ཐུགས་སྨོན་ཟབ་རྒྱས་གནང་། འདིའི་སྐབས་ཆོས་མཛད་འཇམ་དཔལ་ལ་སོགས་དེར་བཞུགས་པའི་དགེ་འདུན་རྣམས་ནས་ཀྱང་། སྤྱིར་བསྟན་པའི་མངའ་བདག་འཕགས་བོད་ཀྱི་སྐྱེས་ཆེན་རྣམས་ཀྱི་ལུང་བསྟན་དང་ངོས་འཛིན་ལ་འཁྲུལ་བ་ག་ལ་སྲིད། ཁྱད་པར་དུ་སྔོན་གནས་རྗེས་དྲན་གྱི་ཚུལ་ལ་བསམ་ཚེ། མི་འགྱུར་དཔལ་སྒྲོན་དངོས་ཡིན་སྙམ་པའི་ངེས་ཤེས་ལྷག་པར་སྐྱེས་སོང་གསུངས། དེ་ནས་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་གཙོ་ཆེ་ཤོས་ད་སྐབས་ལྷག་ཡོད་པ་རྣམས་རྗེ་བཙུན་མའི་མདུན་དུ་སྤྱན་དྲངས་པར་གཟིགས་ཞིབ་གནང་ཞིང་ཁྲུས་གསོལ་དང་རབ་གནས་ཟབ་རྒྱས་མཛད་དོ། །
དགེ་འདུན་ལྷན་རྒྱས་ནས་མ་འོངས་པར་གནས་འདིར་ཡང་ཡང་ཞབས་སོར་འཁོད་རྒྱུའི་རེ་འདུན་དང་། བསྟན་དང་འགྲོ་བའི་དཔལ་མགོན་དམ་པར་ཞབས་པད་རྡོ་རྗེའི་ཆོས་བདུན་དུ་བརྟན་ཅིང་། ཟབ་རྒྱས་ཆོས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པ་དང་། བདག་ཅག་རྣམས་ལ་དམིགས་མེད་ཐུགས་རྗེ་ཆེན་པོའི་འོད་ཁང་ནས་ནམ་ཡང་མི་འདོར་བའི་གསོལ་འདེབས་མགྲིན་གཅིག་ཏུ་ཕུལ་བར། རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་ཉིད་ཀྱི་ཞལ་ནས་ཀྱང་། སྤྱིར་བུད་མེད་ཀྱི་ལུས་རྟེན་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེན་པོ་ཞིག་འགྲུབ་དཀའ་ཡང་། སྔོན་དུས་རབས་བཅུ་བདུན་པའི་ནང་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པ་ལ་ཆག་འཇིག་ཆེན་པོ་བྱུང་སྐབས་རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོན་མས་བསྟན་པ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱིས་ཆོས་བརྒྱུད་སྤེལ་བ་སོགས་བསྟན་པའི་ཁུར་བླ་ནས་བླ་རུ་འདེགས་པར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པ་ཕྱི་དར་སྐབས་ཀྱི་ཤིང་རྟ་གཉིས་པ་ཞེས་ཡོངས་སུ་གྲགས་ཡོད་པ་བཞིན། ངེད་ལ་ཡང་མི་འགྱུར་དཔལ་གྱི་སྒྲོལ་མའི་མིང་ཙམ་ཐོགས་པ་ལ་བརྟེན་ནས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ལ་ཞབས་ཕྱི་གང་ཐུབ་ཞུ་ཆོག་པའི་ཞལ་བཞེས་གནང་སོང་། དེ་ནས་རིམ་བཞིན་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་ཕེབས་ནས་དེར་བཞུགས་པའི་དགེ་འདུན་རྣམས་ནས་སྣེ་ལེན་ཟབ་རྒྱས་གནང་བར་རྗེ་བཙུན་མ་ཉིད་ནས་ཀྱང་ཆོས་འབྲེལ་གང་འཚམས་ཤིག་གནང་།
དེ་ནས་ལྷ་ལྡན་ཕྱོགས་ལ་ཆིབས་ཁ་བསྒྱུར་ཏེ་ལྷ་ལྡན་གྱི་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་གཟུགས་ཡོངས་ལ་ཞལ་གསེར་ཕུལ་ཏེ་རྗེ་བཙུན་མ་སྐུ་འཁོར་ལྷན་རྒྱས་ནས་ཐུགས་བསྐྱེད་གདུང་ཤུགས་དྲག་པོས་གསོལ་འདེབས་དང་འབྲེལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྐྱེ་དགུ་རྣམས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་ཐུགས་བསྐྱེད་ཟབ་རྒྱས་གནང་། ལྷ་སར་ཉིན་གསུམ་རིང་སྨིན་གྲོལ་གླིང་གི་བསྟན་བདག་གདུང་སྲས་རིན་པོ་ཆེ་ཡང་ཐུགས་དགྱེས་ཚོར་ཆེར་བཞེས་ཀྱིས་དར་གོས་ཕྲུག་གསུམ་ལ་སོགས་པའི་འབུལ་བ་རྒྱ་ཆེར་བསྣམས་ནས་སྐུ་མདུན་དུ་ཕེབས་ཏེ། ད་རེས་རྗེ་བཙུན་མ་ཉིད་གོང་མའི་གདན་སར་ཕེབས་པ་དང་། གསེར་ཁྲིར་མངའ་གསོལ་མཛད་པར་ཁོང་ཉིད་ནས་དགའ་ཚོར་ཤིན་ཏུ་ཆེ་བ་དང་། སླད་ནས་ཀྱང་ཡང་ཡང་དུ་འབྱོན་རྒྱུའི་གསོལ་བ་འདེབས་པ་སོགས་གསུང་གླེང་ཞིབ་རྒྱས་གནང་། དེ་ནས། སྲིབ་མདའ་སྤྲུལ་སྐུ་ངེས་དོན་བསྟན་འཛིན་དང་། རྣམ་གླིང་མཁན་དཀོན་མཆོག་བསྟན་འཛིན། ཤུག་གསེབ་རིན་པོ་ཆེ། གཏེར་སྟོན་རྡོ་རྗེ་ཚེ་རྒྱལ་གྱི་སྲས་འོད་གསལ་རྡོ་རྗེ་དང་། བསྟན་པའི་སྒྲོན་མེ་སོགས་བླ་སྤྲུལ་དུ་མ་དང་། སེར་སྐྱ་མི་དམངས་ལ་མཇལ་ཁ་གནང་། སྐབས་དེར་གངས་རི་ཐོད་དཀར་དང་ཤུག་གསེབ་དགོན་པའི་མཁན་སྤྲུལ་ཡོངས་ནས་དགོན་པའི་ནང་ཞབས་སོར་འཁོད་རྒྱུའི་གསོལ་བ་བཏབ་ཀྱང་དུས་ཚོད་ཀྱི་རྐྱེན་གྱིས་དེ་རྣམས་སུ་ཕེབས་མ་ཐུབ་པར་བརྟེན་དགོན་པ་དེའི་ཡན་ལག་བྲག་ལྷ་ཀླུ་སྒུག་ནང་། སྤྲུལ་སྐུ་དང་། བླ་མ། མཁན་པོ་ཇོ་མོ་ཡོངས་རྫོགས་སྐུ་མདུན་བཅར་ཏེ། དེར་མཎྜལ་རྟེན་གསུམ་འབུལ་བ་དང་རྗེ་བཙུན་མ་ཉིད་ནས་ཀྱང་ཆོས་འབྲེལ་གང་འཚམས་གནང་། དེ་ནས་ཕོ་བྲང་པོ་ཏཱ་ལ་དང་ནོར་གླིང་རྟག་བརྟན་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕོ་བྲང་སོགས་ལ་གནས་གཟིགས་གྲུབ་མཚམས་སུ་ཉིད་ཀྱི་གདན་ས་གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་པདྨ་མཁའ་འགྲོའི་འདུ་གླིང་དུ་བདེ་བར་ཞབས་སོར་བཀོད་དོ། །
སྤྱི་ལོ་༡༩༩༩ ལོའི་རིག་འཛིན་གར་དབང་འབུམ་ཚོགས་ཆེན་པོའི་སྐབས་སུ། ༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་ཉིད་ཀྱི་སློབ་འབངས་སུ་གཏོགས་པ་སྨིན་གྲོལ་གླིང་དགོན་ལག་གོ་འཇོ་མཁོ་ཁྱིམ་དགོན། བྲག་ནག་དགོན། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ལ་སོགས་པའི་དགོན་ཁག་སུམ་ཅུ་ལྷག་ཙམ་གྱིས་བརྟན་བཞུགས་ཀྱི་གསོལ་འདེབས་དང་སྐུ་གསུང་ཐུགས་རྟེན་གྱི་མཎྜལ་ཟབ་རྒྱས་ཕུལ་བ་དང་རྗེ་བཙུན་མ་ཉིད་ནས་ཀྱང་སྟོན་པ་ཐུབ་པའི་དབང་པོའི་སྐུ་འདྲ་ཆུང་ངུ་རེ་གནང་སྦྱིན་དུ་བསྩལ། སྤྱི་ལོ་༢༠༠༠ ལ་གསེར་ཐང་བླ་རུང་ལྔ་རིག་ཆོས་གྲྭ་ཆེན་མོར། ས་ག་ཟླ་བའི་རྡོར་སེམས་དུང་སྒྲུབ་ཆེན་མོའི་ཆོས་ཚོགས་སྐབས་དེར། ཨོ་རྒྱན་སྨིན་གྲོལ་གླིང་གི་འགན་འཛིན་གཞོན་པ་དགེ་དམ་ཆོས་བསྟན་འཛིན་དང་སྐྱོར་དཔོན་བཀྲ་ཤིས་དོན་གྲུབ་གཉིས་ཆེད་དུ་རྗེ་བཙུན་མ་ཉིད་ལ་སྐུ་གསུང་ཐུགས་རྟེན་གྱི་མཎྜལ་དང་། ཟ་འོག་གི་བེར་དང་མཁན་ཞྭ་ལ་སོགས་པའི་ན་བཟའ་ཆ་ཚང་དང་། དགེ་འདུན་ཡོངས་ལ་ཡང་འགྱེད་མང་ཇ་དང་། མར་མེ་མཆོད་པ་སོགས་རྒྱ་ཆེར་མཛད་པ་དང་དེ་མིན་སྨིན་གྲོལ་གླིང་གི་དགོན་ལག་ལྔ་བཅུ་ང་བདུན་ནས་བརྟན་བཞུགས་གསོལ་འདེབས་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་གྱི་མཎྜལ་འབུལ་བ་ལ་སོགས་པའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་དང་། ཁྱད་པར་དུ་ཉག་རོང་རྫོང་གཅིག་གི་མངའ་ཁོངས་སུ་ཡོད་པའི་སྨིན་གྲོལ་གླིང་གི་དགོན་ལག་བཞི་བཅུ་གཙོ་བོར་བྱེད་པའི་དགོན་ཁག་ཡོངས་དང་རྗེ་བཙུན་མ་མུ་མཚོ་མཆོག་གི་སློབ་འབངས་སུ་གཏོགས་པ་ཐམས་ཅད་ཀྱིས་བརྟན་བཞུགས་གསོལ་འདེབས་དང་འབྲེལ་བའི་སྐུ་གསུང་ཐུགས་རྟེན་གྱི་མཎྜལ་གྱིས་སྣ་དྲངས་ནས་ཆེ་བ་རླངས་འཁོར། ཆུང་བ་ས་གདན། གྲུམ་ཙེ། སྟག་ལྤགས། གཟིག་ལྤགས་སོགས་རྒྱུ་ནོར་གྱ་ནོམ་པ། ཕལ་ཆེར་ཤོག་སྒོར་ལ་ཕབ་ཚེ་ཁྲི་དྲུག་ཅུ་རེ་བདུན་ཁ་ལོངས་ཙམ་དང་། དེ་མིན་དགོན་ལག་དང་སློབ་འབངས་རྣམས་ཀྱིས་དངོས་སུ་འབྱོར་བའི་མཆོད་པ་རྣམས་དང་། ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ཏེ་ཕུལ་ཀྱང་། ཡར་མཆོག་གསུམ་ལ་མཆོད་ཚུལ་ཙམ་མཛད་ནས་ཕྱིར་རང་རང་སོ་སོར་གནང་སྦྱིན་མཛད། བུད་མེད་ཀྱི་རྟེན་ཅན་ཞིག་ལ་དེ་ལྟ་བུའི་གསེར་ཁྲིར་མངའ་གསོལ་ཟབ་རྒྱས་ཤིག་བྱས་པ་ནི་ད་སྔོན་ལོ་རྒྱུས་ཐོག་ཤིན་ཏུ་དཀོན་པའི་གནས་སུ་སྣང་ངོ་། །རྗེ་བཙུན་མ་མཆོག་ནས་བསྟན་པའི་སྙིང་པོ་ལུང་རྟོགས་ལ་དགོངས་ནས་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པར་ཐོག་མར་བཤད་གྲྭ་འཛུགས་བསྐྲུན་གྱི་ཆེད་དུ་སྒོར་ཁྲི་བཅོ་ལྔ་དང་། རྡོར་སེམས་སྒྲུབ་པ་རྒྱུན་ཆགས་དང་བཤད་གྲྭ་རྣམས་ལ་གླ་ཕོག་སོགས་སྔ་ཕྱིར་ཁྱོན་བསྡོམ་སྒོར་ཁྲི་ཉི་ཤུ་རྩ་གསུམ་དང་སྟོང་ལྔ་ཙམ་གནང་བས་མཚོན་བསྟན་པ་ལ་གཟིགས་སྐྱོང་གང་ལེགས་གནང་བཞིན་པའོ། །
སྤྱི་ལོ༢༠༠༠ བོད་ལྕགས་འབྲུག་ལོར་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཉག་ཨ་ཛི་རོང་། གནས་ཆེན་ཤང་ལང་བྲག་དཀར་རམ་ལྷང་ལྷང་ནོར་བུ་ཡང་རྩེ་ལ་ལོ་འཁོར་གཅིག་གི་རིང་གནས་རྣམས་འདུས་པའི་སྐབས་སུ། ༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་། རྗེ་བཙུན་མ་མུ་མཚོ། ཨ་ནེ་མེ་སྒྲོན་ཏེ་སྐུ་འཁོར་གསུམ་གྱི་སྐུ་བརྙན་བྲག་རི་ལ་རང་བྱོན་དུ་གྲུབ། སྒྲོ་བཏགས་དང་འུར་བསྟོད་ཙམ་མིན་པར་དད་ལྡན་རྣམས་ཀྱི་མིག་གི་བདུད་རྩིར་མངོན་སུམ་དུ་གྱུར་པ་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་ཡོད་ལ། མང་པོ་ཞིག་གིས་ཁོང་རྣམ་པ་གསུམ་རྫུ་འཕྲུལ་གྱིས་གནས་དེར་བྱོན་ནས་བྱིན་གྱིས་རླབས་པའི་རྟགས་མཚན་དུ་ཡིད་ཆེས་བྱེད་ཀྱི་འདུག་གོ །དེའི་སྐབས་ཤིག་ཏུ་ཉག་རོང་གུ་རུ་དགོན་གྱི་བསྟན་འཛིན་རྡོ་རྗེ་ལ་གདོན་འདྲེས་གནོད་པ་བྱུང་སྐབས། རྗེ་བཙུན་མ་ལ་གསོལ་བ་དྲག་ཏུ་བཏབ་པས། མུ་མཚོ་རིན་པོ་ཆེའི་སྐུ་བརྙན་གསུང་འབྱོན་ཞིང་། འདྲེ་ངན་བསྐྲད་པ་དང་། དཀོན་མཆོག་ལ་དད་པ་དང་དག་སྣང་། ལས་འབྲས་ལ་ཡིད་ཆས་སོགས་ཞལ་གདམས་མང་པོ་དངོས་སུ་གསུངས་སོ། །དེ་བཞིན་དུ་རྗེ་བཙུན་མ་མུ་མཚོར་ཤིན་ཏུ་དད་པའི་འབྲོག་པའི་བུ་མོ་ཞིག་ལ་ཐོག་ཟེར་ཕོག་ནས་གོན་པ་ཡོངས་རྫོགས་ཚིག་པར་གྱུར་ཀྱང་། རྗེ་བཙུན་མའི་སྐུ་པར་དང་། སྐུ་པར་འཕྲད་པའི་གོན་པ་དུམ་བུ་མ་ཚིག་པར་ཡོད་ལ། བུ་མོའི་ལུས་ལ་གནོད་པ་ཅི་ཡང་མ་བྱུང་ངོ་། །ཡང་རྗེ་བཙུན་མའི་དངོས་སློབ་ཉག་རོང་རྨེ་ཁོག་གི་ཇོ་མོ་འཆི་མེད་ལ་ཐོག་ཟེར་ཕོག་སྐབས། རྗེ་བཙུན་མ་མུ་མཚོའི་སྐུ་པར་བཏགས་ཡོད་པས་ཅུང་ཟད་ཀྱང་མ་གནོད་ལ། འགྲམ་གྱི་ར་ལུག་མང་པོ་བསད་རྨས་སུ་གྱུར། འདིའི་རིགས་མང་ཡང་ཞིབ་པར་མ་སྤྲོས་སོ། །
སྤྱི་ལོ་༢༠༠༠ ལྕགས་འབྲུག་ཟླ་༨ ཚེས་༡༡ ལ་ཆོས་རྗེ་ཡིད་བཞིན་ནོར་བུའི་གཙོས་སྐུ་འཁོར་གསུམ་དང་རྒྱ་བོད་ཇོ་སེར་སུམ་སྟོང་ཙམ་རྗེ་བཙུན་མའི་སྐུ་འཁྲུངས་པའི་ཡུལ་འཛི་ཆེན་ཁྱུང་ཤར་བྱ་བར་ཕེབས། རྗེ་བཙུན་མ་སྐུ་འཁྲུངས་པའི་གནས་དེར་ཨ་སྐྱབས་ཚོ་བས་མཆོད་རྟེན་གསར་བཞེངས་ཀྱི་ཁུར་བླངས་ཏེ་འགྲོ་བའི་བསོད་ནམས་གསོགས་པའི་རྟེན་དུ་ཡོངས་སུ་གྲུབ་པར་བྱས་སོ། །
མདོར་ན། དེ་སྔ་ཡན་ཆད་དུ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་མཛད་པ་གཙོ་བོ་ནི། བདེ་ཆེན་ཞིང་སྒྲུབ་ཆེན་མོ་ལན་བདུན་སྐབས་མི་གྲངས་ས་ཡ་གཅིག་དང་འབུམ་ཐེར་བདུན་ལས་བརྒལ་བ་དང་། ༧ཆོས་རྗེ་མཆོག་དང་ལྷན་དུ་འཛམ་གླིང་གོ་ལ་ཧྲིལ་པོ་གཡས་སུ་བསྐོར་བའི་སྐབས་ཀྱི་གདུལ་བྱ་གྲངས་མེད་པ་ལ་དམ་ཆོས་བདུད་རྩིའི་བགོ་སྐལ་མང་དུ་བཀྱེས་ཏེ་ལྟོས་བཅས་ཀྱི་འགྲོ་བ་རྣམས་ཀུན་ཏུ་བདེ་བའི་གནས་ལ་བཀོད་པ་དང་། ཁྱད་པར་དུ་བོད་ཀྱི་བུད་མེད་ཀྱི་རྟེན་ཅན་རྣམས་ལ་དམིགས་པ་མེད་པའི་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ། ཞི་བ་བྱང་ཆུབ་ཀྱི་ལམ་ལ་འགོད་པའི་ཕྱིར། བུད་མེད་སྟོང་ཕྲག་མང་པོ་དམ་པའི་ཆོས་ཀྱི་སྒོར་རབ་ཏུ་བྱུང་བ་དང་། དེའི་ནང་ནས་མཁས་བཙུན་བཟང་གསུམ་ལྡན་པའི་བཙུན་མ་བརྒྱ་ལྷག་གསོ་སྐྱོང་གནང་། ཕྱོགས་ཀྱི་ཇོ་དགོན་རྣམས་ལ་མཁན་མོ་ཆེད་མངགས་མཛད། གསེར་ལྗོངས་བླ་མ་རུང་། རང་བྱུང་དྷཱུ་མ་ཐ་ལའི་པདྨ་མཁའ་འགྲོའི་འདུ་གླིང་ན། གླིང་གསུམ་ཚོམ་ལྔ། རྫོང་བརྒྱད་ཀྱི་ཁོངས་སུ་གཏོགས་པའི་སྒྲིག་གཞི་བཀོད་དེ། གླིང་གསུམ་གྱི་དབང་དུ་བྱས་ན། ལྷན་སྐྱེས་ཆོས་སྐུའི་གླིང་། ཞིང་སྐྱེས་སྤྲུལ་སྐུའི་གླིང་། སྔགས་སྐྱེས་ལོངས་སྐུའི་གླིང་། ཚོམ་ལྔའི་དབང་དུ་བྱས་ན། དབུས་ཕྱོགས། འཁོར་ལོའི་ཚོམ། ཤར་ཕྱོགས་རྡོ་རྗེའི་ཚོམ། ལྷོ་ཕྱོགས་རིན་ཆེན་ཚོམ། ནུབ་ཕྱོགས་པདྨའི་ཚོམ། བྱང་ཕྱོགས་རལ་གྲིའི་ཚོམ་སྟེ་ཚོམ་ལྔའོ། །རྫོང་བརྒྱད་ཀྱི་ཁོངས་གཏོགས་ཀྱི་དབང་དུ་བྱས་ན། གསེར་རྟ་རྫོང་། བྲག་འགོ་རྫོང་། དཀར་མཛེས་རྫོང་། ཉག་རོང་རྫོང་། རྟའུ་རྫོང་། དར་མདོ་རྫོང་། མཚོ་སྔོན་ཞིང་ཆེན་རྫོང་གཅིག་གི་ཁོངས་སུ་གཏོགས། དབུས་གཙང་རྫོང་གཅིག་གི་ཁོངས་སུ་གཏོགས་པར་བྱས་ནས་རྫོང་བརྒྱད་དོ། །
དེ་ཐམས་ཅད་ལ་ཉིན་རེར་ཆོས་ཁྲིད་གཉིས་རེ་ཆད་མེད་དང་། ལོ་ན་ཆུང་བ་རྣམས་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་སྦྱོང་དང་། ལོ་ལྔ་བཅུ་ཡན་ཆད་རྣམས་ལ་སྔོན་འགྲོ་འབུམ་ལྔའི་བསགས་སྦྱོང་དང་། ཡི་དམ་བསྙེན་ཚད་འཁྱོལ་བར་བྱས། ཡར་མར་ངོས་ཀྱི་ཚེས་བཅུ། གསོ་སྦྱོང་། སྨྱུང་གནས་ཆ་བརྒྱད་ཞུ་བ་སོགས། ཐོས་བསམ་སྒོམ་གསུམ་དང་དགེ་སྒྲུབ་སྡིག་སྤོང་གི་བྱ་བ་ལ་སྦྱོར་དུ་བཅུག་སྟེ། དེ་ནི་མཛད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འཁུམས་སོ། །ད་སྐབས་རྗེ་བཙུན་མ་མུ་མཚོ་རིན་པོ་ཆེས་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ལྟ་བ་མཁའ་ལྡིང་གཤོག་རླབས་དགེ་འདུན་པ་སུམ་སྟོང་ཙམ་ལ་ལྗགས་ཁྲིད་གནང་བཞིན་པས་མཚོན་སྐུ་གསུང་ཐུགས་ཀྱི་མཛད་པ་གང་ཅིའི་ངོས་ནས་སྐུ་སྐྱེ་གོང་མ་རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོལ་མའི་རྣམ་ཐར་གྱི་རྗེས་སུ་སྙེགས་པར་གྱུར་ཏོ། །
སླར་སྨྲས་པ། མུ་མེད་མཁའ་མཐའི་རྗེས་སོང་སྐུ་དྲིན་གྱིས། །ཁ་བ་རི་བའི་སྐྱེ་རྒུ་ལེགས་སྐྱོང་བ། །མ་གཅིག་ཡེ་ཤེས་མཚོ་རྒྱལ་ཟློས་པའི་གར། །སྐུ་གསུམ་མཁའ་འགྲོའི་གཙོ་མོ་རྒྱལ་གྱུར་ཅིག །སྔོན་བསགས་བསོད་ནམས་སྐྱ་རེངས་ཀྱིས་བོས་པའི། །རྒྱལ་བསྟན་ལྷ་ལམ་མཛེས་རྒྱན་གང་སྐུའི་ཉི། །མཁས་བཙུན་གྲུབ་པའི་གཟི་འོད་འབུམ་སྤྲོས་ཏེ། །
གདུལ་བྱའི་པད་ཚལ་སྐྱོང་བའི་མ་གཅིག་མ། །མཁས་པའི་ངང་ཚུལ་བརྗོད་འདོད་ཙམ་མིན་འཆད་རྩོད་རྩོམ་པའི་གངས་རི་བརྗིད། །གྲུབ་པའི་ཡོན་ཏན་ཕྲ་མོ་ཙམ་མིན་མཆོག་ཐུན་གྲུབ་པའི་སྤྲིན་གྱིས་མཛེས། །བཟང་པོའི་ཕྲིན་ལས་ཕྱོགས་རེ་ཙམ་མིན་ལས་བཞི་གྲུ་ཆར་ཀུན་ཏུ་འབེབས། །རྨད་བྱུང་རྣམ་ཐར་རབ་བཏགས་ཙམ་མིན་ས་སྟེང་སྐྱེ་རྒུ་དགྱེས་པའི་གཏམ། །དྲན་ཤེས་བག་ཡོད་ལྕགས་རིའི་མུ་ཁྱུད་དབུས། །གཡོ་མེད་བསླབ་གསུམ་རིན་ཆེན་ལྷུན་པོ་བརྗིད། །མདོ་སྔགས་ཡོན་ཏན་ཉི་ཟླའི་རྣ་ཆ་སྒེག །རྗེ་བཙུན་ཡེ་ཤེས་མཚོ་མོ་ཞབས་བརྟན་ཤོག །རྗེ་བཙུན་འཕགས་མའི་རྣམ་ཐར་ཆུ་ཀླུང་འབུམ། །རྫོགས་པར་འཐུང་བའི་ཡོན་ཏན་ན་ཕྲ་ཡང་། །དད་བརྩོན་ཀུ་ཤའི་རྩེ་མོར་ཆགས་པའི་རྡུལ། །སྐལ་ལྡན་གདུལ་བྱའི་དད་པའི་གསོས་སུ་སྨོན། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཐུན་མཚམས་སྤྲིན་གྱི་ལང་ཚོ་ལ་ཆགས་པའི། །འཇམ་མགོན་མཁྱེན་པའི་ཟླ་ཤེལ་གསལ་བ་དེ། །མཁྱེན་རབ་ཆུ་གཏེར་འཕེལ་བའི་དགེ་ལེགས་སྩོལ། །ཅེས་པ་འདི་ནི་ཕྲན་ལ་ལོ་གསུམ་ཙམ་སྔོན་ནས་འབྲི་འདུན་ཡོད་ཀྱང་རྣམ་གཡེང་གི་ངང་དུ་ལུས། དེ་རྗེས་ཉག་རོང་མཁན་པོ་བསོད་ནམས་རྒྱ་མཚོ་སོགས་མཁན་པོ་དུ་མ་ཞིག་གིས་བསྐུལ་བ་དང་། གོ་འཇོ་མཁོ་ཁྱིམ་སྤྲུལ་སྐུ་སྒྲོན་སྐྱབས་ནས་ཟིན་བྲིས་དུ་མ་གནང་། མགོ་ལོག་དབང་སྟོད་སྤྲུལ་སྐུ་ཐུབ་ནོར་དང་མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་རྣམ་གཉིས་ནས་འཆར་འགོད་དང་དག་བཅོས་ལ་བཀའ་དྲིན་བསྐྱངས། ལྕགས་འབྲུག་ལོ་བོད་ཟླ་༡༠ ཚེས་༢༥ པདྨ་འཁའ་འགྲོ་འདུ་བའི་དུས་ཆེན་ལ། རྫོགས་པའི་སངས་རྒྱས་ཆོས་རྗེ་ཡིད་བཞིན་ནོར་བུ་རིགས་བདག་ཏུ་ཐོབ་པའི་བན་གཟུགས་གྱི་ན་བ་ཉག་རོང་ཨ་བཀྲ་ཡིས། ཞི་བདེ་རྒྱ་མཚོ་ཆེན་པོའི་དབུས་ཀྱི་གླིང་ཕྲན་ཐེ་ཝན་བླ་རུང་མདོ་སྔགས་རིག་པའི་ཆོས་ཚོགས་སུ་གུས་པས་སྦྱར་བ་དགེ་ལེགས་འཕེལ། །
རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྣམ་ཐར་མ་བཅོས་དད་པའི་རང་མདངས། མཛད་པ་པོ་མཁན་མོ་དོན་སྐྱིད།
༄༅། །རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོའི་རྣམ་ཐར་མ་བཅོས་དད་པའི་རང་མདངས་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཨཱརྱ་ཏཱ་རེ་ཡེ། རང་བྱུང་སྤྲུལ་བའི་ཞིང་ཁམས་པདྨ་འོད། །རང་རིག་དོན་གྱི་བླ་མ་མཚོ་སྐྱེས་རྗེ། །རང་རྩལ་སྟོན་འཁོར་རྗེ་འབངས་གྲུབ་པའི་ཚོགས། །རང་སེམས་དད་པ་རྒྱ་མཚོའི་དཔལ་དུ་བསྙེན། །འཇིག༵ས་མེ༵ད་སྟོབས་བཅུའི་མཁའ་ལ་དབང་བསྒྱུར་ནས། །ཕུན༵་ཚོག༵ས་ཆོས་ཀྱིས་སྙིགས་ལྔའི་མུན་པའི་དཔུང་། །མཐར་བྱེད་ཕན་བདེའི་འོད་ཀྱི་འབྱུང༵་གན༵ས་ཆེ། །འདྲེན་མཆོག་ཆོས་ཀྱི་ཉི་མ་རྒྱལ་གྱུར་ཅིག །རྒྱལ་ཀུན་གསུང་གི་རང་མདངས་དབྱངས་ཅན་ལྷའི། །ཡེ་ཤེས་སྒྱུ་མའི་རོལ་གར་མཚན་དཔེའི་དཔྱིད། །གུ་རུའི་ཐུགས་ཟིན་ཟབ་གསང་གཏེར་བརྒྱའི་བདག །ཌཱཀིའི་དབང་ཕྱུག་མཁར་ཆེན་མཚོ་རྒྱལ་དྲན། །དུས་གསུམ་རྒྱལ་བའི་ཕྲིན་ལས་མ་ལུས་པ། །གཅིག་ཏུ་འདུས་པ་འབུམ་ཕྲག་མཁའ་འགྲོའི་གཙོ། །རིགས་བརྒྱའི་ཁྱབ་བདག་བླ་མ་བཀའ་དྲིན་ཅན། །མུ་མེད་ཡེ་ཤེས་མཚོ་མོས་དགེ་ལེགས་སྩོལ། །གང་གི་གསང་གསུམ་རྣམ་ཐར་ཟླ་འོད་ཀྱིས། །གདུལ་བྱའི་ཁམས་དབང་སྣ་ཚོགས་ཆུ་སྣོད་ཁྱོན། །ཡོངས་སུ་ཁྱབ་པའི་ཚུལ་ལ་མཐའ་མེད་ཀྱང་། །རང་བློར་ཤོང་ཙམ་དད་པས་སྤེལ་ལ་སྤྲོ། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་འདུས་པ། རྣམ་དག་བསླབ་པ་གསུམ་གྱི་མཛོད་འཛིན་གཅིག་པུ་རུ་གྱུར་པ། ཕྱོགས་དང་རིས་སུ་མ་ཆད་པའི་འགྲོ་བ་ལྷ་མི་ཡོངས་ཀྱི་བཤེས་གཉེན་དམ་པ། མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དོན་གྱི་སླད་དུ་མཚན་ནས་སྨོས་ན་མི་འགྱུར་དཔལ་གྱི་སྒྲོལ་མའི་རྣམ་རོལ་དམ་པ། རྗེ་བཙུན་བླ་མ་མུ་མེད་ཡེ་ཤེས་མཚོ་མོ་ཞེས་མཚན་སྙན་གྱི་བ་དན་དཀར་པོ་དགུང་ལ་འཕྱོ་བའི་སེམས་མ་ཆེན་མོ་མཆོག་གི་རྣམ་པར་ཐར་པ་མདོ་ཙམ་བརྗོད་པ་ལ། སྐུ་ཕྲེང་གོང་མ་དག་གི་རིམ་པ་དང་ད་ལྟའི་རྣམ་པར་ཐར་པ་གཉིས་སུ་བྱེད་པ་ལས།
༈ དང་པོ་སྐུ་ཕྲེང་གོང་མ་དག་རྡོ་རྗེའི་ལུང་དོན་ལྟར་བྱོན་པའི་སྐོར།
དེ་ཡང་དཔལ་ལྡན་བླ་མ་དམ་པ་གང་གི་སྐུ་སྐྱེ་སྔོན་བྱོན་གྱི་རིམ་པ་ལ་སྒྲོ་འདོགས་དང་སྐུར་འདེབས་སྤངས་ཏེ། གྲུབ་པའི་དབང་ཕྱུག་དག་གི་ལུང་ལ་ཕུགས་བཅོལ་ཏེ་ཅུང་ཟད་སྤྲོ་ན། དེ་ཡང་མཐའ་ཡས་པའི་འགྲོ་བ་ཡོད་དོ་ཅོག་གི་མགོན་དང་དཔུང་གཉེན་གྱི་མཛའ་བཤེས་ཆེན་མོ་དང་དེ་ལས་ཀྱང་བདག་ཅག་ལས་དང་བསོད་ནམས་ཀྱི་སྐལ་བ་སྦོམ་པའི་བུ་སློབ་དག་གི་ཚེ་རབས་གཏན་གྱི་རིགས་བདག་མོ་གཅིག་པུ། སྐུ་གསུམ་ཌཱཀིའི་རྗེ་མོ་དཔལ་མུ་མེད་ཡེ་ཤེས་མཚོ་མོ་སྟེ་སེམས་མ་ཆེན་མོ་ཁོང་ནི། དོན་ལ་ཡེ་ནས་བློ་འདས་གཉུག་མ་ཆོས་སྐུའི་ངོ་བོར་སངས་རྒྱས་སུ་ཟིན་ཀྱང་། སྣང་ཚུལ་ལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་ཆགས་པའི་དབང་གིས་སྤྲུལ་བསྒྱུར་གནང་བའི་ཚུལ་ཇི་སྙེད་གྲངས་ལས་འདས་པས། རེ་རེ་ནས་འདི་དང་འདི་ཞེས་སོ་སྐྱེའི་བློའི་གཞལ་ཡུལ་མིན་པར། ཐམས་ཅད་མཁྱེན་པ་ཁོ་ནའི་སྤྱོད་ཡུལ་ལས་མ་འདས་པ་ནི། ཇི་སྐད་དུ། དཔག་བསམ་འཁྲི་ཤིང་ལས། རྒྱལ་དང་དེ་སྲས་སེམས་དཔའི་ཚོགས་རྣམས་ཀྱི། །སྤྲུལ་དང་ཡང་སྤྲུལ་བྱེ་བ་བརྒྱ་ཕྲག་གིས། །གང་ལ་གང་འདུལ་དེ་ལ་དེར་སྟོན་ཅིང་། །སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བར་བྱེད། །ཅེས་གསུངས་པ་བཞིན་ནོ། །འདིར་གདུལ་བྱ་ལས་ཅན་དག་གི་སྐྱབས་དང་མགོན་དང་དཔུང་གཉེན་དུ་དགེ་བའི་བཤེས་གཉེན་གྱི་གར་ལ་ཇི་ལྟར་རོལ་པའི་ཚུལ་ནི། དེ་ཡང་དཔལ་ཨོ་རྒྱན་གཏེར་བདག་གླིང་པའི་རང་གཏེར་ཤ་འུག་གཏེར་བྱོན་གབ་རྒྱའི་ལུང་བྱང་དུམ་བུ་མཐའ་མ་ལས། ཁྱད་པར་བདེ་གཤེགས་ཀུན་འདུས་མན་ངག་འདིའི༔ འཆང་བྱེད་སྣོད་ལྡན་ཆོས་ཀྱི་བདག་པོ་ནི༔ གསང་ཆེན་སྙིང་ཐིག་མན་ངག་བསྟན་པའི་བདག༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་མོ་དང་༔ པོ་ཏཱ་ལ་རུ་ཨཱརྱ་ཏཱ་རེ་མ༔ དཔལ་རི་པདྨར་ཡེ་ཤེས་མཚོ་རྒྱལ་སྟེ༔ ཨོ་རྒྱན་གཟུངས་མ་ད་ལྟའི་མཁར་ཆེན་བཟའ༔ སྐྱེ་བ་འདི་ནས་ཆོ་འཕྲུལ་གྲངས་མེད་འགྱེད༔ མ་ཅིག་ལབ་སྒྲོན་སྣང་ས་འོད་དེ་འབུམ༔ ཟུར་མོ་དགེ་འབུམ་ལ་སོགས་དུ་མའི་མཐར༔ བསམ་ཡས་ལྷོ་ཕྱོགས་གྲ་ཞེས་གཡོར་པོའི་ཆར༔ མཚན་རྟགས་ལས་ཅན་བེེ་རོའི་སྐྱེ་མཐའ་ཡི༔ བརྒྱུད་འཛིན་ཌཱཀི་སྒྲོལ་མའི་མིང་འཆང་མ༔ མདོ་རྒྱུད་ལུང་གི་གདམས་པས་རྒྱུད་ཕྱུག་པའི༔ རབ་འབྱམས་རྒྱུད་སྡེའི་ཕ་མཐར་བརྒལ་བ་འབྱུང་༔ སྔགས་ཀྱི་དོན་སྤྱོད་རྫོགས་ཆེན་རྣལ་འབྱོར་མ༔ དངོས་སམ་ཉམས་སུ་ང་དང་བཀའ་ཡང་བགྲོ༔ ཟླ་ཟེར་སྤྲུལ་པར་ཆད་མཐའ་མི་མངའ་ཡང་༔ དེ་ཕྱིར་མཚོ་རྒྱལ་དངོས་ཀྱི་སྐྱེ་མཐའ་ནི༔ ཞེས་གསལ་བའི་རྡོ་རྗེའི་ལུང་གི་དོན་བཞིན་ཅུང་ཙམ་གསལ་བར་བྱེད་ན། དང་པོའི་སྤྲུལ་གཞི་ནི། ཡེ་ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པའི་རང་རྩལ་ལས་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ། དཔལ་རང་སྣང་གི་ཞིང་ནས་ཉིད་ལས་མི་གཞན་པའི་འཁོར་ལ། ངེས་དོན་བརྗོད་མེད་ཀྱི་ཆོས་རང་བྱུང་རྫོགས་པ་ཆེན་པོའི་གནས་ལུགས་ཟབ་མོ་སྟོན་པར་སྐུལ་བ་མོ་དང་། ཐོག་མཐའ་བར་གསུམ་དུ་བཀའ་ཡི་བདག་མོར་རང་ཤར་བའི་དབྱིངས་ཀྱི་ཡུམ་ཆེན་ཆོས་སྐུ་ཀུན་ཏུ་བཟང་མོ་ཡིན་པར་བསྟན་ཡོད་པ་དང་། དེའི་འོག་ཏུ་ལོངས་སྐུའི་རྒྱལ་མོ་ཨཱརྱ་ཏཱ་རེའི་རྣམ་པར་བཞེངས་ཚུལ་ནི། དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བའི་དུས་སུ། བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་གྱུར་ནས་སངས་རྒྱས་འཁོར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་པའི་སར་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་མཆོད་བཀུར་ཞུས་པའི་མཐར་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་སྐབས། ཁོང་གི་ཐུགས་དགོངས་ལ་སྐྱེས་པའི་ལུས་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི། བུད་མེད་ཀྱི་ལུས་རྟེན་ལ་འགྲོ་བའི་དོན་བྱེད་པ་ནི་འགའ་ཡང་མེད་ན། དེའི་ཕྱིར་འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱི་ལུས་རྟེན་གྱིས་འགྲོ་བའི་དོན་བྱའོ། །ཞེས་དམ་བཅས་པ་དང་ཏིང་ངེ་འཛིན་བསྒོམས་པས་མི་སྐྱེ་བའི་བཟོད་པ་ཐོབ་ཅིང་། འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་ཉིན་རེ་བཞིན་དུ་སྔ་དྲོའི་ཆ་ལ་སེམས་ཅན་བགྲང་གིས་མི་ལང་པ་འཇིག་རྟེན་གྱི་སེམས་ལས་བསྒྲལ་བ་དང་། ཕྱི་དྲོའི་ཚེ་ཡང་དེ་ཙམ་བསྒྲལ་བས་མཚན་ཡང་གནས་གྱུར་ནས་སྒྲོལ་མ་ཞེས་བྱ་བར་གྱུར། དེ་ནས་དེ་བཞིན་གཤེགས་པ་རྔ་སྒྲས་ཀྱང་ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་པ་དེ་སྲིད་དུ། མིང་ལ་ལྷ་མོ་སྒྲོལ་མའི་མཚན་འབའ་ཞིག་ཏུ་གྱུར་པ་ལུང་གིས་བསྟན། སེམས་ཅན་ཐམས་ཅད་མེ་ཆུ་གཅན་གཟན་སོགས་འཇིགས་པ་བརྒྱད་དང་སྡུག་བསྔལ་སྣ་ཚོགས་ལས་སྐྱོབ་པའི་འཕྲིན་ལས་ཀྱི་འཇུག་པ་ནམ་མཁའ་སྲིད་དུ་གཡེལ་བ་མེད་པའོ། །རྒྱལ་བའི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ། །འགྲོ་ཀུན་འཇིགས་ལས་སྒྲོལ་བའི་མྱུར་དཔའ་མོ། །གནག་སྣུམ་སྐྲ་ལོ་དཔྱངས་པའི་ལུས་རྟེན་ལས། །ཐོག་མར་མངོན་སངས་རྒྱས་པ་ཁྱེད་ལ་གུས། །བདག་ཀྱང་དེང་ནས་སྐྱེ་ཞིང་སྐྱེ་བ་རུ། །མ་གཅིག་ཁྱེད་ཀྱི་ཐུགས་བསྐྱེད་ཇི་བཞིན་དུ། །འཇིགས་བརྒྱད་གཡུལ་ལས་རྒྱལ་བའི་སྐྱབས་འོག་ནས། །ཇི་སྲིད་བྱང་ཆུབ་ལམ་ལ་བརྩོན་གྱུར་ཅིག །དེའི་འོག་ཏུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་གཏེར་ཡོངས་ཀྱི་བདག་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དུ་སྤྲུལ་ཚུལ་ནི། དེ་ཡང་གངས་ཅན་བོད་ཀྱི་ལྗོངས་ལ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གི་སྟོབས་ཀྱིས་མངའ་དབང་བསྒྱུར་བའི་སྐབས། ཡབ་མཁར་ཆེན་དཔལ་གྱི་དབང་ཕྱུག་དང་། ཡུམ་གནུབས་བཟའ་དགེ་མཚོ་ཟུང་གི་རིགས་སྲས་ཀྱི་ཚུལ་དུ་བྱོན།
དེ་ཡང་དང་པོ་སྐུ་ལྷུམས་ཞུགས་ཀྱི་སྐབས་ཤིག་ན་ཡུམ་གྱི་གཟིགས་སྣང་ལ་ནུབ་ཕྱོགས་ནས་གསེར་གྱི་བུང་བ་སྒྲ་པི་ཝང་གི་རྒྱུད་ལས་སྙན་པ་ཞིག་བྱུང་སྟེ་ཡབ་ཀྱི་སྤྱི་བོ་རུ་ཐིམ་སྣང་བྱུང་བ་དང་། ཡང་ཡབ་ཀྱི་གཟིགས་སྣང་ལ་རང་གི་ཡུམ་དེ་ལ་སྤྱན་གསུམ་འདུག་པ་དང་བུད་མེད་པི་ཝང་འཛིན་པ་ལོ་བརྒྱད་ལོན་པ་ཞིག་གིས་དབྱངས་གསལ་འདོན་པ་སོགས་གཟིགས་སྣང་སྣ་ཚོགས་བྱུང་། གཞན་ཡང་ཡབ་ཀྱི་རྨི་ལམ་དུ་པདྨ་འདབ་བརྒྱད་ཅིག་ཕྱག་ཏུ་བབས་པ་དང་། དེ་ལས་འོད་ཟེར་ཕྱོགས་དང་ཕྱོགས་མཚམས་མེད་པར་སྟོང་གསུམ་ཀུན་ཏུ་ཁྱབ་པ། སྤྱི་བོར་བྱི་རུའི་མཆོད་རྟེན་ཞིག་བྱུང་བ་དེ་ལ་རྒྱ་འཇང་ཧོར་གསུམ་སོགས་ཕྱོགས་ཐམས་ཅད་ཀྱིས་མཇལ་བ་དང་། བསླང་བ་དང་། འཕྲོག་པ་ཡིན་ཟེར་བ་སོགས་བྱུང་། ཡང་ཡུམ་གྱི་གཟིམ་མལ་དུ་ཕྱག་ཏུ་དུང་དང་བྱི་རུའི་ཕྲེང་བ་ཐོགས་པ་དང་། བྱི་རུའི་ཕྲེང་བ་ལས་ཁྲག་བབ་པ་དང་དུང་ལས་འོ་མ་བྱུང་སྟེ། འགྲོ་བ་མང་པོར་སྦྱིན་པ་ཀུན་གྱིས་ཚིམ་པར་བཏང་ཡང་མ་ཟད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་བདུད་རྩི་དཀར་དམར་གྱིས་ཁེངས་པ་སོགས་རྨིས་པ་དང་། ནངས་མོ་ཉི་མ་ཤར་བ་དང་དུས་མཚུངས་སུ་བུད་མེད་དཀར་པོ་མཐོང་མ་མྱོང་བ་ལྟ་ན་སྡུག་པ་གཅིག་བྱུང་སྟེ། རྒྱལ་པོ་ཚང་ལ་སངས་རྒྱས་འབྱོན། ཆོས་འབྱོན། དགེ་འདུན་འབྱོན། ཨ་ཨ་ཟེར་ནས་མི་སྣང་བར་གྱུར་བ་སོགས་ངོ་མཚར་བའི་ལྟས་བསམ་མི་ཁྱབ་པ་མང་པོ་དང་བཅས་ཡུམ་གྱི་ལྷུམས་སུ་ཞུགས་པ་ནས། རྒྱུན་དུ་ཨཱ་ལི་དང་ཧྲཱི་གུ་རུ་པདྨ་བཛྲ་ཨཱཿཞེས་སྒྲ་བྱུང་བ་དང་། གསང་སྔགས་ཀྱི་རྒྱུད་ཕལ་ཆེར་རྒྱ་སྐད་དུ་འདོན་པ་བྱུང་།
དེ་ནས་བྱ་ལོ་སྤྲེའུ་ཟླའི་ཚེས་བཅུའི་ཉི་མ་ཤར་བ་དང་ལྷན་དུ་སྐུ་བལྟམས། སྐུ་བལྟམས་མ་ཐག་ཞལ་ནས་དབྱངས་གསལ་དང་བླ་མ་ཨོ་རྒྱན་ཆེན་པོ་མཁྱེན་གསུངས་ནས་ཕྱེད་སྐྱིལ་དུ་ལྟ་སྟངས་ཧྲིག་གེར་བཞུགས། དེ་དང་ལྷན་ཕྱི་རུ་ས་གཡོས་པ་དང་། འབྲུག་སྒྲ་ལྡིར་བ། མཚོ་མོ་ལྷག་པར་རྒྱས་པ། མཚོ་ཁར་མེ་ཏོག་སྣ་ཚོགས་བཞད་པ་སོགས་ངོ་མཚར་བའི་དགེ་མཚན་དུ་མ་བྱུང་ཞིང་ཡུམ་གྱིས་འབྲི་མར་དྲངས་ཚེ། ཁོང་གི་ཞལ་ནས། སྤྲུལ་སྐུ་བུ་མོ་རྣལ་འབྱོར་ང་༔ ཟག་མེད་བཅུད་ཟས་ཟོས་ཟོས་ནས༔ ཟག་བཅས་ཟས་དེ་བརྗེད་ཐལ་ཡང་༔ ཨ་མའི་ཚོགས་ཆེན་རྫོགས་ཕྱིར་བཟའ༔ བཟའ་བ་མན་ངག་ཟས་ལྟར་བཟའ༔ མིད་པ་འཁོར་བ་འུབ་ཀྱིས་མིད༔ འགྲངས་པ་ཡེ་ཤེས་རིག་པས་འགྲངས༔ ཨ་ཡེ༔ ཞེས་ཡ་མཚན་པའི་བརྡ་སྐད་མང་དུ་གསུངས་ཤིང་། སྐུ་འཁྲུངས་དུས་མཚོ་མོ་ལྷག་པར་རྒྱས་པས་མཚན་ཡང་མཚོ་རྒྱལ་གསོལ། ཁོང་གཟུགས་བྱད་ཤིན་ཏུ་ལེགས་པས་དགུང་གྲངས་བཅུ་ལོན་ཚེ། རྒྱ་བལ་ཧོར་སོག་ཕྱོགས་སོ་སོའི་རྒྱལ་ཁབ་ཐམས་ཅད་ནས་ལྟ་རུ་འོང་བ་སོགས་གྲགས་པ་མཐའ་རུ་ཁྱབ་པ་ཞིག་བྱུང་། མཐར་གུ་རུ་ཨོ་རྒྱན་ཆེན་པོ་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ། ཐོག་མར་འཆིམས་ཕུ་དགེ་གོང་དང་གཡའ་མ་ལུང་རྣམས་སུ་བྱོན་ནས་མདོ་རྒྱུད་སེམས་གསུམ་སོགས་མདོར་ན་སངས་རྒྱས་ཀྱི་བཀའ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུད། བསྒྲུབ་བྱ་ཚུགས་ཐུབ་པ་དང་། བཤད་བྱ་ཁོང་གྲོལ་བ་དང་། ཤེས་བྱ་ཕུལ་དུ་ཕྱིན་པར་མཛད་པས་མི་བརྗེད་ཀྱི་གཟུངས་དང་དུར་ཁྲོད་ཀྱི་མི་རོ་བསླངས་པ་སོགས་དཔེར་ན། ཏི་སྒྲོར་མཁའ་འགྲོའི་བརྡས་བསྐུལ་ནས༔ དཀའ་བ་བརྒྱད་སྤྱད་གྲུབ་རྟགས་ཐོན༔ གཡའ་གངས་གཏུམ་མོའི་མེ་དྲོད་བརྙེས༔ འཇིག་རྟེན་འཁོར་བའི་གོས་དང་བྲལ༔ ཚོགས་ཁང་དབང་བཞི་དྲོད་དང་ལྡན༔ མཐོང་སྣང་བླ་མའི་དག་སྣང་འབྱོངས༔ བལ་ཡུལ་མི་བསད་རོ་བསླངས་ནས༔ ཨ་ཙ་ར་ནི་ཐབས་ཀྱིས་བསླུས༔ ཟབ་ལམ་བཅུད་ཀྱི་དངོས་གྲུབ་ཐོབ༔ ཅེས་གསུངས་པ་ལྟར་གྲུབ་རྟགས་མང་དུ་བྱུང་བ་དང་།
དེ་ནས་འགྲོ་བའི་དོན་མཛད་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྙིང་པོ་སྒྲུབ་པའི་རྒྱལ་མཚན་གྱི་གཞུང་བཙུགས་ཤིང་། བདུད་དང་ལོག་པ་རྣམས་མིང་མེད་དུ་བསལ། མདོ་སྔགས་གཉིས་ཀྱི་སྒོ་ནས་དགེ་འདུན་གྱི་སྡེ་སྤེལ་ཞིང་བསྐྱངས། མ་འོངས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱལ་བའི་བཀའ་མི་ནུབ་ཅིང་འཕེལ་བའི་ཆེད་དུ། བོད་ཡུལ་མཐའ་དབུས་མེད་པར་མི་ཟད་པའི་ཆོས་གཏེར་ཆེན་པོ་སྦས་པ་སོགས་བརྗོད་དུ་མེད་པའི་འགྲོ་བའི་དོན་མཛད་དོ། །རྒྱས་པར་ཁོང་གི་རྣམ་པར་ཐར་བ་གབ་པ་མངོན་ཕྱུང་རྒྱུད་མང་དྲི་ཟའི་གླུ་ཕྲེང་ལས་གསལ་ལོ། །གུ་རུའི་མན་ངག་ཟབ་མོའི་མཐར་ཐུག་པ། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་འོད་གསལ་གྱི། །གདམས་པའི་མཛོད་འཆང་ཡེ་ཤེས་མཁའ་འགྲོའི་གཙོ། །བདེ་ཆེན་རྒྱལ་མོས་བྱང་ཆུབ་བར་དུ་སྐྱོངས། །འདི་ནས་བཟུང་མཁའ་སྤྱོད་དང་ས་སྤྱོད་ཞིང་ཁམས་སོགས་འཛམ་གླིང་གི་ཡུལ་གྲུ་སྤྱི་དང་། བྱེ་བྲག་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་མཚོ་རྒྱལ་གྱི་སྐུ་སྐྱེ་ཡང་སྤྲུལ་གྲངས་མེད་པས་གང་འདུལ་དུ་འགྲོ་དོན་མཛད་པར་གསལ་བ་ནི། དེ་ཡང་གོང་གི་གཏེར་ལུང་ལས། སྐྱེ་བ་འདི་ནས་ཆོ་འཕྲུལ་གྲངས་མེད་འགྱེདཿ ཅེས་གསུངས་པ་དང་། གཞན་ཡང་པད་གླིང་གཏེར་ལུང་ཀུན་གསལ་མེ་ལོང་ལས། མཁའ་འགྲོ་སྡེ་ལྔ་མཚོ་རྒྱལ་ཐུགས་ཀྱི་སྤྲུལཿ ལབ་ཀྱི་སྒྲོལ་མ་སྣང་ས་འོད་དེ་འབུམཿ བུད་མེད་ཚུལ་འཆང་འགྲོ་དྲུག་ལམ་སྣ་འདྲེནཿ ཞེས་གསུངས་པ་བཞིན་དུ།
དེའི་འོག་ཏུ་མཚོ་རྒྱལ་སྐུ་སྤྲུལ་དུ་གྲགས་པའི་མ་ཅིག་ལབ་ཀྱི་སྒྲོལ་མའི་ཚུལ་བཟུང་བ་ནི། ཡུལ་ལབ་ཕྱི་ཞེས་བྱ་བར་ཡབ་ཆོས་ཀྱི་ཟླ་བ་དང་ཡུམ་འབུམ་ལྕམ་བྱ་བ་གཉིས་ཀྱི་སྲས་མོ་རུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས་པ་ཡིན་ཞིང་། སྐུ་མཚན་དཔེའི་མེ་ཏོག་མ་འཁྲུངས་པའི་སྔོན་གྱི་ལུག་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་གྱི་ནངས་པར། ཨ་མ་ཟེར་ནས་བོས་ཏེ། ངའི་གོས་ནི། རས་གོས་དཀར་པོ་གསར་བ་སྤོས་དང་གུ་གུལ་གྱིས་བདུག་ཅིང་དྲི་བཟང་གིས་སྦགས་པ་ལ་བྱེད་དོ་ཟེར་བ་བྱུང་བས། ཡུམ་གྱིས་དེ་བཞིན་རས་དཀར་སྟ་གོན་བྱས་རྗེས་སྐུ་འཁྲུངས། དེ་མ་ཐག་ཏུ་དྲི་བཟང་དང་སྤོས་དུད་ཀྱིས་ཁྱིམ་གང་ཞིང་། འོད་དང་། ནམ་མཁའ་ནས་རོལ་མོ་མང་པོ་གྲགས་པ་དང་། མེ་ཏོག་གི་ཆར་བབས་པ་ན། ཡུལ་མི་ཐམས་ཅད་ཀྱིས་དཔོན་ཚང་གིས་ལྷ་རྣམས་ལ་མཆོད་པ་ཕུལ་ཞིང་། མེ་ཏོག་གི་ཆར་དང་། འཇའ་འོད་སྒྲ་སྙན་མང་པོ་བྱུང་ཟེར་ནས་ཕྱག་བྱེད་པ་ཞིག་བྱུང་། དེར་ཡུམ་སོགས་ཀྱིས་དང་པོ་མཇལ་དུས་འཇའ་འོད་ཀྱི་ནང་དུ་ཞབས་བརྐྱང་བསྐུམ་གྱིས་བཞུགས་ཏེ། ཨ་མ་ཁམས་བདེའམ་ཟེར་ཞིང་ཨ་བགྲང་སྐབས། ལྗགས་སྟེང་དུ་ཧྲཱིཿདམར་པོ་འོད་ཟེར་འབར་བ་ཞིག་སྣང་བ་དང་། དཔྲལ་བར་མིག་གཅིག་སྣང་བ་ལ་འོད་ཁ་དོག་སྣ་ལྔ་རྟའི་རྔ་ཉག་ཙམ་ལྔ་འཇའ་གཟུགས་སུ་གཤིབ་པ། སྤྱི་བོའི་གཙུག་ཏུ་འོད་དཀར་པོ་མཐེའུ་ཆུང་གི་རྩེ་ཙམ་ཞིག་ལ་ཨ་དཀར་པོ་ཞིག་གིས་མཚན་པ་སོགས་ངོ་མཚར་དུ་མའི་མཚན་ལྟས་དཔེ་མེད་པ་མངའ་བ་དང་།
དེ་ནས་དགུང་གྲངས་གསུམ་ལོན་ཚེ་ཡིག་དྲུག་དང་། ཏཱ་རེ་དང་། ཧྲཱི་དང་། ཨ་དང་། ལྷ་ལ་ཕྱག་འཚལ་བ་སོགས་དང་དགུང་གྲངས་ལྔའི་སྟེང་མ་ཡུམ་གྱིས་ཡི་གེ་བསླབས་པའི་ཚེ། བརྡ་བསྟན་པ་ཙམ་གྱིས་མཁས་པར་གྱུར། རིམ་བཞིན་དགུང་གྲངས་བཅུ་དྲུག་ནས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་དང་ཐོས་བསམ་གྱིས་རང་རྒྱུད་ཕྱུག །རིག་པའི་གནས་ཀུན་ལ་ཆགས་ཐོགས་བྲལ། འཆད་རྩོད་རྩོམ་གསུམ་གྱིས་གཞན་ལུགས་དགག་པ་དང་རང་ལུགས་བཞག་པ་སོགས་མཁས་དང་གྲུབ་པའི་རྣམ་ཐར་དཔག་ཏུ་མེད་པ་དང་ཁྱད་པར་དུ་དམ་ཆོས་ཞི་བྱེད་གཅོད་ཀྱི་གྲུབ་མཐའ་གསར་བཏོད་མཛད་པ་རྒྱ་བོད་གཉིས་ཆར་ལ་གྲགས་ཤིང་དར་བ་བྱུང་། དཔེར་ན་རྒྱ་གར་བ་རྣམས་ཀྱིས་མ་ཅིག་གདན་དྲངས་ཤིང་རྒྱ་གར་དུ་འབྱོན་དགོས་ཞུས་པ་ན། མ་ཅིག་གི་ཞལ་ནས་ཁོང་གི་འགྲོ་དོན་བོད་ལ་ཡོད་ཚུལ་དང་། བོད་ཆོས་རྒྱ་གར་དུ་ད་སྔོན་ཡན་ལ་ཡོད་མ་མྱོང་བ་ཡིན་པས། སྤྲང་མོ་ངའི་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་གྲགས་པའི་གཅོད་ཡུལ་འདི་ཁྱེད་རྒྱ་གར་བ་ལ་ཡང་གཟིགས་ཕུལ་ཞིག་བྱེད་དགོས་གསུངས་པ་བཞིན། བདུད་བཞི་རང་སར་གཅོད་པའི་ཉམས་ལེན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མྱོང་ཆོས་ཤིན་ཏུ་ཟབ་པ། མ་ཅིག་གིས་མཛད་པའི་གཅོད་ཀྱི་བཀའ་ཚོམ་ཆེན་མོ། ཡང་ཚོམ་ཆེན་མོ། ཉིང་ཚོམ་ལེའུ་ལག །གནད་ཐེམ། ཁོང་རྒོལ། གསང་བ་བརྡ་ཆོས། ལ་བཟླ་སྐོར་གསུམ། གཞི་ལམ་དུ་སློང་བ། ཁྱད་པར་གྱི་གདམས་ངག་དང་བཅུ་རྒྱ་གར་གྱི་སྐད་ལ་བསྒྱུར་ནས་བོད་ཆོས་རྒྱ་གར་དུ་དར་བར་བྱས་པ་སོགས་བསམ་གྱིས་མི་ཁྱབ་པའི་འགྲོ་དོན་མཛད་ཚུལ་ནི་ཁོང་གི་རྣམ་ཐར་ལས་གསལ་བས་རྒྱས་པར་དེར་གཟིགས་པར་འཚལ་ལོ། །བདུད་བཞི་དབྱིངས་སུ་གཅོད་པའི་ཉམས་ལེན་གྱིས། །བདག་རྟོག་མཚན་འཛིན་སྒྲོལ་བའི་ལག་རྗེས་ལས། །ཟབ་མོའི་གསང་མཛོད་རྟོལ་བའི་རོལ་རྩེད་མཁན། །མ་ཅིག་མཁའ་འགྲོའི་གཙོ་དེ་རྒྱལ་གྱུར་ཅིག །
དེའི་འོག་ཏུ་མཚོ་རྒྱལ་གསུང་སྤྲུལ་སྣང་ས་འོད་འབུམ་ནི། སངས་རྒྱས་གླིང་པའི་གཏེར་ལུང་དུ། ནུབ་ཕྱོགས་མྱང་སྟོད་ཅེས་བྱའི་ཕུརཿ མཚོ་རྒྱལ་ཁྱོད་ཀྱི་གསུང་སྤྲུལ་ནིཿ འོད་དེ་འབུམ་ཞེས་གྲགས་པ་འབྱུངཿ མ་སྐྱེས་གདོད་མའི་རྣལ་འབྱོར་མཿ ཞེས་གསུངས་པ་བཞིན་དུ། དེ་ཡང་མྱང་སྟོད་རྒྱལ་རྩེ་ཁུལ་དུ་ལྗང་ཕད་ཁུད་པ་ཞེས་པའི་ཁྱིམ་ཚང་ཕལ་བ་ཞིག་ཡོད་པ་དེར་ཀུན་བཟང་བདེ་ཆེན་དང་། མྱང་ཚ་གསལ་སྒྲོན་ཟེར་བའི་ཁྱོ་ཤུག་ཟུང་ཡོད་པ་དེ་གཉིས་ཀྱིས་དུས་རྒྱུན་སྒྲོལ་མའི་བསྟོད་པ་ཉིན་ལྟར་ཆག་མེད་མཛད་པ་དང་རིམ་གྲོ་རྒྱ་ཆེར་བྱས་པའི་མཐུས། དུས་ཚེས་བཟང་པོ་ཞིག་ལ་བུ་མོ་ལྟ་བས་ཆོག་མི་ཤེས་པ་ཞིག་སྐུ་བལྟམས། དེའི་ཚེ་ཁོང་གིས་མའི་ནུ་ཞོའི་ཕུད་ནམ་མཁར་གཏོར་ཏེ་ཞལ་ནས། ང་ནི་འགྲོ་བའི་དོན་དུ་སྣང༷་བ་ཡིན། །ས༵་སྟེང་འདི་ན་བཀྲ་ཤིས་བདེ་ལེགས་ཤོག །ཕྲིན་ལས་འོད༵་ཟེར་ཕྱོགས་ཀུན་སྤྲོས་ནས་ཀྱང་། །འགྲོ་བ་འབུ༵མ་ཕྲག་ཆོས་ལ་འགོད་པར་ཤོག །ཅེས་གསུངས་པས་མཚན་ཡང་སྣང་ས་འོད་འབུམ་དུ་གསོལ། ནམ་རྒྱུན་ཁོང་གིས་སྤྱན་རས་གཟིགས་ཀྱི་སྙིང་པོ་དང་སྒྲོལ་མ་ཆད་མེད་དུ་བཟླ་བ་སོགས་དམ་པའི་ཆོས་ལ་སྔོན་སྨོན་ལས་འཕྲོ་ཟབ་པའི་མཚན་རྟགས་ཀུན་ནས་རྫོགས་ན་ཡང་། རེ་ཞིག་ལ་དཔོན་སྒྲ་ཆེན་གྱི་སྲས་གྲགས་པ་བསམ་འགྲུབ་དང་ལྷན་དུ་ཁྱིམ་ཐབ་མི་འཛིན་ཐབས་མེད་བྱུང་། དེའི་དུས་ན་རྒྱལ་སྲིད་མཛོད་ཀྱི་ལྡེ་མིག་རྒྱལ་མོ་སྣང་ས་ཁོང་ལ་སྤྲོད་རྒྱུར་གཏན་ཁེལ་བྱས་ཚེ། ཨ་ནེ་སྙེད་མོ་ཞེས་པ་ཕྲག་དོག་སྟེ་གཡོ་སྒྱུའི་སྒོ་ནས་དབྱེན་བྱས་པས། དཔོན་སྒྲ་ཆེན་ཡབ་སྲས་ཀྱིས་བུ་མོ་སྣང་ས་ལ་ཉེས་རྡུང་དྲག་པོ་བྱས་རྐྱེན་གྱིས་ཁོང་སྐུ་ཚེ་མ་ཟིན་པར་གྲོངས།
སླར་ཡང་འདས་ལོག་གི་ཚུལ་གྱིས་འགྲོ་བའི་དོན་དུ་ཕྱིར་བྱོན་པར་མྱང་སྟོད་རི་ནང་དཔོན་གཡོག་ཀུན་གྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་འགྱོད་བཤགས་མང་དུ་བྱས་ཤིང་། ཁོང་གི་སྲས་ལྷ་བུ་དར་པོའི་གཙོས་དཔོན་གཡོག་ཚང་མས་ཀྱང་ཁྱིམ་དུ་ཕེབས་བཞུགས་གནང་བའི་རེ་བ་མང་དུ་ཞུས་ཀྱང། ཁོང་གིས་འཁོར་བར་སྙིང་པོ་མེད་པར་དགོངས་ཏེ་གསང་བའི་སྟབས་ཀྱིས་བྱོན་ནས་སེ་ར་གཡའ་མ་ལུང་གི་བླ་མ་ཤཱཀྱ་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་། ཚུལ་དེ་དཔོན་སྒྲ་ཆེན་ཡབ་སྲས་ཀྱིས་ཐོས་ནས་ཞེ་སྡང་སྐྱེས་ཏེ་དམག་མང་དུ་དྲངས་སྐབས། བླ་མ་ཤཱཀྱ་རྒྱལ་མཚན་དང་སྣང་ས་འོད་འབུམ་གཉིས་ཀྱིས་རྫུ་འཕྲུལ་གྱི་སྒོ་ནས། རི་ནང་བ་རྣམས་ཀྱི་བློ་ཁ་ཡང་དག་པའི་ཆོས་ལམ་ལ་བསྒྱུར་ཅིང་། གནས་སྐབས་ཀྱི་བདེ་བ་དང་མཐར་ཐུག་གི་གཏན་བདེའི་ས་བོན་ཐེབས་པར་བྱས་པ་སོགས་འགྲོ་བའི་དོན་དཔག་མེད་མཛད་ཚུལ་སོགས་རྒྱས་པར་སྣང་སའི་རྣམ་ཐར་སོགས་སུ་གསལ། སྣང་སྲིད་སྒྱུ་མར་རོལ་བའི་ཆོ་འཕྲུལ་ལས། །ས་གསུམ་དགེ་ལེགས་བྱེ་བའི་དཔལ་སྦྱིན་མ། །བདེ་ཆེན་འོད་དམར་འགུགས་པའི་ལྕགས་ཀྱུ་ཅན། །མཁའ་འགྲོ་འབུམ་སྡེའི་གཙོ་དེ་རྒྱལ་གྱུར་ཅིག །
དེའི་འོག་ཏུ་མཚོ་རྒྱལ་ཡོན་ཏན་གྱི་སྤྲུལ་བ་ཟུར་མོ་དགེ་བ་འབུམ་མམ་མཁས་བཙུན་སངས་རྒྱས་ནི། པད་གླིང་གཏེར་བྱོན་རྣམ་ཐར་ལས། ཁྱོད་ནི་ཡོན་ཏན་གྱི་སྤྲུལ་པར་མཐོང་བས་དོན་ཡོད་པ་རིགས་ལྔས་མངའ་གསོལ་བའི་ངང་རྒྱུད་ཅན་གཅིག་ལྷོ་ནུབ་མཚམས་སུ་འབྱུངཿ ཞེས་དང་། གཞན་ཡང་སེམས་སྡེ་མྱང་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་ལས་ཀྱང་། སྦྱངས་པ་མཐར་ཕྱིན་ཏིང་འཛིན་གདེང་དང་ལྡན། །འཁོར་བའི་སྐྱོན་སྤངས་རང་བཞིན་རྣལ་འབྱོར་མ། །མ་གཅིག་ཟུར་མོ་མཁས་བཙུན་སངས་རྒྱས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་གསུངས་པ་བཞིན་དུ། ཟུར་སྟོན་བྱམས་པ་སེང་གེའི་སྲས་སུ་སྐུ་བལྟམས་པ་དང་ཆུང་དུས་ནས་ལྷན་སྐྱེས་ཀྱི་ཏིང་འཛིན་གྱིས་ཐུགས་རྒྱུད་གཏམས་པ་དང་། རྫོགས་ཆེན་སེམས་སྡེ་མྱང་ལུགས་ཀྱི་བསྟན་པའི་བདག་པོར་གྱུར་བའི་མ་ཅིག་ཟུར་མོ་ཞེས་ཕྱོགས་ཐམས་ཅད་རྫོགས་པ་ཆེན་པོའི་གྲགས་པས་ཁྱབ་པ་ཞིག་ཡིན་ནོ། །གོང་གི་ལུང་དོན་དེ་དག་ཙམ་ལས་ཁོང་གི་རྣམ་ཐར་རྒྱས་པ་མ་མཇལ་བས་ཞིབ་ཆའི་ལོ་རྒྱུས་འབྲི་བར་རྔོ་ཐོགས་པ་མ་བྱུང་ངོ་། །གཞན་ཡང་རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་ཁོང་གིས་སྤྲུལ་བསྒྱུར་སྣ་ཚོགས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་ཚུལ་ནི། སྟག་ཤམ་གཏེར་བྱོན་མཚོ་རྒྱལ་གྱི་རྣམ་ཐར་ལས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་སྐབས་སུ་ཚོང་དཔོན་བུ་མོ་དང་བདག་ཅག་གི་སྟོན་པའི་སྐབས་སུ་སྲིང་མོ་གང་གཱའི་ལྷ་མོ། ལོངས་སྐུའི་གནས་སུ་ལྷ་མོ་དབྱངས་ཅན་མའི་རྣམ་རོལ་དུ་ལུང་གིས་གསལ་བོར་བསྟན་པ་དང་། གཞན་ཡང་ཉག་རོང་མཁན་པོ་ཨ་བཀྲ་ལགས་ཀྱིས་བརྩམས་པའི་རྣམ་ཐར་དད་པའི་ཤིང་རྟ་སོགས་ན། རྒྱ་གར་དུ་བྲམ་ཟེ་མ་གཟུགས་ཀྱི་ཉི་མ། གྲུབ་ཐོབ་ཀུ་ཀུ་རི་པ། མཁའ་འགྲོ་མ་སུ་ཁ་སིདྡྷི་སོགས་ཀྱི་རྣམ་སྤྲུལ་དུ་ལུང་བསྟན་ཚུལ་གསལ་འདུག་པ་ལྟར། སྤྲུལ་པ་ཡང་སྤྲུལ་གྲངས་མེད་པ་དང་སྐུ་སྤྲུལ་གསུང་སྤྲུལ་ཐུགས་སྤྲུལ་ཡོན་ཏན་གྱི་སྤྲུལ་བ་སོགས་སྤྲུལ་བསྒྱུར་སྣ་ཚོགས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་པ་ནི་བྱང་ཆུབ་སེམས་དཔའ་དང་སེམས་མའི་མཛད་སྤྱོད་ཁོ་ནའོ། །སྣ་ཚོགས་གདུལ་བྱའི་ཁམས་དབང་སོ་སོ་རུ། །མཁས་དང་གྲུབ་བརྙེས་བྱེ་བའི་ཚུལ་བཟུང་ནས། །གང་འདུལ་འགྲོ་དོན་སྤྱོད་པའི་ཐབས་འཕྲུལ་ཅན། །དབྱིངས་ཕྱུག་མཁའ་འགྲོའི་ཚོགས་ལ་སྙིང་ནས་གུས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་དག་འོག་ཏུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྲིན་ལས་ཀྱི་སྤྲུལ་པ་སྐུ་གསུམ་ཌཱཀིའི་རྗེ་མོ་མི་འགྱུར་དཔལ་གྱི་སྒྲོལ་མ་ནི། དེ་ཡང་རང་གཏེར་ཤ་འུག་གཏེར་བྱོན་གབ་བརྒྱའི་ལུང་བྱང་དུམ་བུ་ཐ་མ་ལས། ཟུར་མོ་དགེ་འབུམ་ལ་སོགས་དུ་མའི་མཐར༔ བསམ་ཡས་ལྷོ་ཕྱོགས་གྲྭ་ཞེས་གཡོར་པོའི་ཆར༔ མཚན་རྟགས་ལས་ཅན་བེེ་རོའི་སྐྱེ་མཐའ་ཡིས༔ བརྒྱུད་འཛིན་ཌཱཀྐི་སྒྲོན་མའི་མིང་འཆང་མ༔ ཞེས་བསྟན་པ་དང་། གཞན་ཡང་། མ་འོངས་བསྐལ་པའི་ཡང་མཐའ་ལཿ གསང་སྔགས་བསྟན་པ་སྐྱོང་བའི་གཙོཿ ད་ལྟའི་བུད་མེད་མཚོ་རྒྱལ་གྱིཿ ཕྲིན་ལས་སྤྲུལ་པ་སྒྲོལ་མའི་མིངཿ ས་ཁམས་ཡོས་ཀྱི་ལོ་ལ་ནིཿ པད་ཅན་བདེ་ཆེན་ཌཱཀྐི་མཿ བསླབ་གསུམ་ནོར་བུས་རྒྱུད་གཏམས་པའིཿ རབ་བྱུང་ཆ་བྱད་བརྟུལ་ཞུགས་ཅནཿ ལས་ཅན་སློབ་མ་མང་དུ་འདུཿ ཕྱིར་མི་ལྡོག་པ་འགའ་ཡང་འབྱུངཿ རང་བཞིན་དབྱིངས་ཀྱིས་རྒྱུད་གཏམས་པའིཿ གནས་ལུགས་དོན་གྱི་མཁའ་འགྲོ་མཿ གཡོ་རུ་གྲྭ་ཡི་ཕྱོགས་སུ་འབྱུངཿ ཞེས་བྱུང་བ་ལྟར། དཔལ་བསམ་ཡས་ལྷུན་གྲུབ་གཙུག་ལག་ཁང་གི་ལྷོ་ཕྱོགས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་ཡོངས་སུ་གྲགས་པ་དེར་ཡབ་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པ་དང་། ཡུམ་ཕུན་ཚོགས་དཔལ་འཛོམས་རྣམ་གཉིས་ཀྱི་སྲས་མོ་རུ་ས་མོ་ཡོས་ཀྱི་ལོ། ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་ཌཱཀི་འདུ་བའི་དུས་ཚེས་ཁྱད་པར་ཅན་ལ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་བཀྲ་ཤིས་སྣང་བར་ཧཱུཾ་གི་སྒྲ་སོགས་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས།
དེ་ཡང་ཡབ་རྗེས་རིགས་ཀྱི་བརྒྱུད་འཛིན་ཡིན་པས་འདི་ཉིད་དཀྱུས་མར་མི་ཡོང་བས་གཙང་སྦྲ་ལ་འབད་དགོས་གསུངས་པ་དང་། ལོ་ཆེན་དྷརྨ་ཤྲཱིས་མི་གཙང་བ་སེལ་བྱེད་ཁྲོ་བོ་སྨེ་བ་བརྩེགས་པའི་བྱབ་ཁྲུས་དང་། ཡབ་རྗེ་བླ་མ་གཏེར་ཆེན་ཉིད་ཀྱིས་གཏེར་གསར་དྲག་དམར་གྱི་སྐུ་གསུང་ཐུགས་དབང་སོགས་བསྩལ་ཏེ་བརྩེ་གཟིགས་བྱམས་སྐྱོང་དང་མཐོང་ཆེན་བླ་མེད་མཛད། རིམ་བཞིན་དགུང་གྲངས་བཅུ་གཉིས་བཞེས་སྐབས་ཀྱི་དུས་ཚེས་ཕུན་སུམ་ཚོགས་པ་ཧོར་ཟླ་ལྔ་བའི་ཚེས་བཅུ་ཌཱཀི་འདུ་བའི་དུས་ཚེས་ལ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ། ཡབ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་དཔལ་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ་ཤེས་རབ་མཚོན་པའི་སྤུ་གྲིས་གཙུག་ཕུད་བཞེས་ཤིང་། མི་འགྱུར་དཔལ་གྱི་སྒྲོལ་མ་ཞེས་མཚན་གྱི་ཅོད་པན་གསོལ་ཞིང་རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་ཚེ། ཕོ་བྲང་གི་རྒྱ་ཕིབས་ཀྱི་རྩེར་འཇའ་འོད་མདུང་ཚུགས་སུ་ཤར་བ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་།
དེ་ནས་ཡབ་རྗེའི་དྲུང་དུ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དཀྱིལ་འཁོར་དུ་དབང་བཞིའི་ཆུ་བོས་སྨིན་པར་མཛད་པ་སོགས་བྱས། དགུང་གྲངས་བཅུ་གསུམ་བཞེས་སྐབས་ཡབ་རྗེ་བླ་མ་དམ་པའི་ཞབས་དྲུང་ནས་གཏེར་གསར་ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ལྷག་མེད་དུ་ཟླ་བ་བཞིར་ཉེ་བའི་བར་སྐུ་ཉིད་གཅིག་པུས་ཞུས་ཤིང་ཉམས་རྟོགས་དང་ངེས་ཤེས་ཀྱང་ཁྱད་པར་བ་འཁྲུངས་པ་དང་། ཐོད་རྒལ་དུས་རིག་པ་ཚད་ཕེབས་ཀྱི་སྣང་ཆ་རྫོགས་ཉེ་བའི་ཆར་ཡབ་རྗེའི་ཞལ་ནས། བུ་མོ་ཁྱོད་གཏེར་ལུང་ནས་བཤད་པ་བཞིན་ཁྱོད་རང་གི་སྔོན་མའི་བག་ཆགས་རྗེས་སུ་འབྲང་བས་ཚད་ལྡན་ཞིག་འདུག །ད་རེ་ཞིག་སྒོམ་ཁང་དུ་ཟླ་ཤས་ནན་ཏན་གྱིས་སྒོམས་ཤིག་དང་། དེ་རྗེས་རྡོར་སེམས་དང་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་གདམས་ཁྲིད་སྨིན་པར་འདེབས་དགོས་འདུག་ཅེས་བཀའ་བསྩལ་བ་ལྟར། ཟླ་བ་ལྔར་ཉེ་བའི་བར་ཨ་དོན་ལ་ནན་ཏན་བྱས་པ་ཡིན་གསུངས། སྒོམ་སྒྲུབ་དེ་ལས་གྲོལ་བ་དང་བསྟུན་གཏེར་གསར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྩ་ཁྲིད་རྒྱབ་རྟེན་ལུང་དང་བཀའ་སྲུང་གི་སྲོག་གཏད་སྐོར་རྫོགས་པར་བསྩལ་བ་སོགས་ལ། ཁོང་གིས་སྒྲུབ་པ་ཉམས་བཞེས་ཇི་ལྟར་གནང་སྐོར་ནས་བརྩམས་ཏེ་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ་སོགས་རྣམ་ཐར་དད་པའི་གདུང་སེལ་དུ་རྒྱས་པར་གསལ་ལོ། །དེ་ཡི་འོག་ཏུ་མཚོ་རྒྱལ་རྣམ་རོལ་མི་འགྱུར་དཔལ་གྱི་སྒྲོལ་མའི་ཡང་ཚ་དང་ཡང་སྤྲུལ་གཉིས་ཀར་གྱུར་བ་སྨིན་གླིང་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་ཞེས་པའི་སྐྱེས་ཆེན་མ། བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་བ་སོགས་ཀྱི་བླ་མར་གྱུར་བ་དེའི་སྐུ་སྐྱེ་བཞེས་པ་དང་།
དེའི་འོག་ཏུ་ཕྲིན་ལས་ལ་ལམ་མཁའ་འགྲོ་པོ་མོ་ཞེས་པའི་སྐུ་སྐྱེ་བཞེས་པ་ནི་གཏེར་ཆེན་ལས་རབ་གླིང་པའི་གཟུངས་མ་སྟེ། གཏེར་ཆེན་ཉིད་ཀྱིས་རལ་གྲི་བྲག་དཀར་ནས་བཏོན་པའི་ཐབས་དང་རྟེན་འབྲེལ་སྤྱོད་ལམ་གྱི་ལག་ལེན་བདེ་བའི་དཔལ་སྟེར་གནད་བྱང་ཟབ་པའི་མཐར་ཐུག་ལས། མཚོ་རྒྱལ་སྤྲུལ་པ་ཤིང་གླང་མཁའ་འགྲོའི་མིང་༔ མཚོ་རྒྱལ་བྱིན་རླབས་སྒྲོན་མིང་ས་སྦྲུལ་ལོར༔ ཕྱི་མ་ས་གླང་ཆུ་སྦྲུལ་ལོ་འཛིན་དང་༔ འཕྲད་ན་ནོར་དབང་ཡུན་བསྟེན་གཏེར་མང་དབང་༔ མ་འཕྲད་དབུལ་རྒུད་ཉམ་ཐག་གཏེར་མི་དབང་༔ ཞེས་དང་། རྨ་རོང་གཏེར་བྱོན་ཕྱག་རྒྱའི་གསང་ཐེམ་གནད་ཀྱི་ཡང་ཞུན་ལས་ཀྱང་། ཤིང་གླང་གོ་འཇོའི་ཡུལ་དུ་འབྱུང་༔ ས་སྦྲུལ་དེ་ཡང་སྡེ་ཡི་ཡུལ༔ ས་གླང་ལྷོ་ཡི་སྟོད་ཕྱོགས་འབྱུང་༔ ཆུ་སྦྲུལ་བྱང་གི་སྨད་ཕྱོགས་འབྱུང་༔ ཞེས་པ་ལྟར་དབང་གཟུངས་བཞིའི་ཡ་གྱལ། གོ་འཇོ་ཁང་གསར་དཔོན་གྱི་སྲས་མོ་ཤིང་གླང་ལོ་མ། མི་ཆོས་ལ་ཞེན་པ་ལོག་སྟེ་ལྷ་ཆོས་ཁོ་ན་དང་དུ་ལེན་པ་ལ་སྤྲོ་བ་དང་། འབྲི་བ་དང་ཀློག་པ་སོགས་ལ་བྱང་ཆུབ་པ་དགུང་ལོ་བཅུ་དྲུག་ཏུ་ཕྱིན་པ་དེ་ཐབས་གྲོགས་སུ་བསྟེན་དགོས་ཞེས་ལུང་བསྟན་པ་མང་དུ་བྱུང་ངོ་། །དེའི་ཚེ་ངེས་པ་དོན་གྱི་གཏེར་སྟོན་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་གཏེར་ཆེན་ལས་རབ་གླིང་པ་ཁོང་ཉིད་ཀྱི་གཏེར་ལུང་སྔ་ཕྱི་ལས་ཟིན་པའི་རྒྱུ་མཚན་དང་སྦྲེལ་ཏེ། རིགས་བདག་བླ་མ་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་སྙན་དུ། རང་གཏེར་གྱི་ལུང་གིས་ཟིན་པའི་སྲས་མོ་དེ་ཉིད་ཟབ་གཏེར་ཕྲིན་ལས་སྒྲུབ་པའི་ཐབས་གྲོགས་སུ་བསྟེན་ན་ལེགས་མིན་སྙན་གསན་དགོངས་ཞུས་ཞིབ་ཏུ་གསོལ་ཚེ། འཇམ་དབྱངས་བླ་མ་མཁྱེན་བརྩེ་དབང་པོ་མཆོག་གི་ཞལ་ནས་དེ་ནི་ལུང་གིས་མ་ནོར་བར་ཟིན་པའི་ཐབས་གྲོགས་ཡིན་ཚུལ་གསལ་པོར་ལུང་བསྟན་པར་མ་ཟད།
ཕྲིན་ལས་ཆོས་སྒྲོན་ཞུ་བ་ནི། རང་གི་རྩ་བའི་བླ་མ། སྨིན་གླིང་རྗེ་བཙུན་མ་རིན་པོ་ཆེའི་མཚན་ལགས་ན། དེའི་མིང་གི་མཐའ་ཅན་ཞིག་འདོགས་དགོས་གསུངས་ནས་ཕྲིན་ལས་ལ་མཁའ་འགྲོ་པོ་མོ་མཆོག་ལ་གཏེར་ཆེན་ལས་རབ་གླིང་བའི་རྣམ་ཐར་དུ་ཕྲིན་ལས་ལ་དང་། རྣམ་ཐར་དད་པའི་ཤིང་རྟ་རུ་ཕྲིན་ལས་ཆོས་སྒྲོན་ཞེས་མཚན་གསོལ་ཚུལ་མི་འདྲ་བ་གཉིས་གསལ་བ་ལས་འདིར་ལས་གླིང་རྣམ་ཐར་ལྟར་བྲིས་པ་ཡིན་ཞེས་པའི་མིང་གི་ཅོད་པན་གསོལ་བར་མཛད་ནའང་ཡོངས་གྲགས་སུ་དཀྱུས་མའི་མིང་དེ་ཀ་ནས་འབོད་པར་གྱིས་གསུངས་པའི་སྐོར་གཏེར་ཆེན་ལས་རབ་གླིང་པའི་རྣམ་ཐར་ལས་གསལ་བ་ལྟར། མཁའ་འགྲོ་དམ་པ་པོ་མོའམ་ཕྲིན་ལས་ན་ལགས་ཀྱང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྱུ་འཕྲུལ་མི་འགྱུར་དཔལ་གྱི་སྒྲོལ་མའི་ཡང་སྲིད་དང་སྐུའི་ཡང་ཚ་མོ་གཉིས་ཀ་ཡིན་པའི་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་གྱི་སྐུ་སྐྱེ་ཡིན་པ་རྡོ་རྗེའི་ལུང་གིས་ལེགས་པར་ཟིན་པ་དེའོ། །དེ་ཡི་འོག་ཏུ་བདག་ཅག་རྣམས་ཀྱི་སྐྱབས་མགོན་བླ་མ་དམ་པ་ལྷན་སྐྱེས་ཌཱཀིའི་གཙོ་མོ་འདི་ཉིད་ཡིན་པར་ལུང་གིས་བསྟན་པ་ལྟར་མདོ་ཙམ་བརྗོད་པ་ལ། དང་པོ་ད་ལྟའི་སྐུ་ཕྲེང་གི་རིགས་རུས་དང་ཇི་ལྟར་འཁྲུངས་པའི་སྐོར། དེ་ཡང་བདག་ཅག་གི་སྐྱབས་མགོན་ཆེན་མོ། གསང་བ་གསུམ་གྱི་ཡོན་ཏན་གྱི་ཆེ་བ་བླ་ན་མེད་པའི་དཔལ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་མཆོག་གི་མཚན་དཔེའི་མེ་ཏོག་ལྗོངས་འདིར་ཇི་ལྟར་ངོམ་པའི་ཚུལ་ནི། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བསླབ་པ་རིན་པོ་ཆེ་ལས་རིགས་རུས་ཡབ་ཡུམ་གྱི་ཆེ་བ་གཙོ་ཆེར་མིན་ཀྱང་། འདིར་མཉམ་མེད་ཤཱཀྱའི་རྒྱལ་པོ་སྟོན་མཆོག་ཐུབ་པའི་དབང་པོ་མཆོག་ཀུན་གྱིས་གཙུག་ཏུ་བཀུར་བའི་རྒྱལ་རིགས་སུ་སྐུ་འཁྲུངས་པའི་རྟེན་འབྲེལ་གྱི་ཆེ་བ་བཞིན། རྗེ་བཙུན་མ་ཁོང་གི་སྐུ་བསྐྱེད་པའི་ཡབ་ནི་གྲུབ་དབང་སྐྱེས་མཆོག་དུ་མའི་གདུང་རྒྱུད་ཟམ་མ་ཆད་པའི་རུས་ཨ་པང་ཚང་ཞེས་པའི་རིགས་རྒྱུད། པཎ་ཆེན་བཱི་མའི་རྣམ་པར་རོལ་པ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེ་མཆོག་གིས་ཨ་པང་ཚུལ་བློ་ལྟ་བུ་ཞེས་རྟོགས་པའི་ཡོན་ཏན་ལ་བསྟོད་བསྔགས་གནང་མྱོང་བའི་ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་དེ་ཡི་སྲས་རྒྱུད། ཨ་པང་བཀྲ་ཤིས་རྒྱ་མཚོའམ་ཞིག་ལོ་ཞུ་བ་དང་། སྐྱེད་ཡུམ་ནི་ལྕགས་བཟའ་མེ་ཏོག་སྒྲོན་མའམ་མེ་སྒྲོན་ཞེས་པ་རིགས་རྒྱུད་ཀྱི་དབང་དུ་བྱས་ན། བོད་མི་བུ་ལྡོང་དྲུག་གི་ཡ་གྱལ་ཨ་ལྕགས་འབྲུ་ཡི་མྱུ་གུ་གནུབས་ཡུལ་དུ་བྱུང་བ་དེ་ལས་མཆེད་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་། པདྨའི་ཐུགས་སྲས་གནུབས་བན་ནམ་མཁའི་སྙིང་པོ་སོགས་ས་ལ་གནས་པའི་གྲུབ་བརྙེས་སེམས་དཔའ་དུ་མ་གང་ཟག་མི་ཡི་ཚུལ་དུ་བརྫུས་ཏེ། སྲིད་པ་བཟུང་བ་དག་གི་གདུང་རུས་གནུབས་རིགས་ཞེས་གྲགས་པའི་གདུང་རྒྱུད། བོད་ཀྱི་གནས་ཆེན་མདོ་ཁམས་སྦ་ཞབས་བྲག་དཀར་ཞེས་པའི་ཉེ་གམ་འདྲ་བ་ལྕགས་ཁུང་ཁོག་ཏུ་གནུབས་རིགས་བྱུང་བ་ལ་ལྕགས་ཁུང་ཞེས་གྲགས་པ་དང་། དེ་ལ་གནུབས་རིགས་ཆེ་འབྲིང་ཆུང་གསུམ་ཡོད་པ་ལས་ཆུང་རྒྱུད། ལྕགས་ཁུང་སྐྱོང་ལོ་ཟེར་བ་དང་། གདུགས་དཀར་ཟེར་བ་གཉིས་བྱུང་བ་ལས་གདུགས་དཀར་ལ་སྲས་གསུམ་ཡོད་པའི་འབྲིང་བ་མགོན་སྐྱབས་ཀྱི་སྲས་ལྕགས་ཁུང་ཨ་བསྟན་ལ་སྲས་གཉིས་འཁྲུངས་པ་ལས། གཅིག་ནི་མངོན་ཤེས་དང་རྫུ་འཕྲུལ་ལ་ཆགས་ཐོགས་དང་བྲལ་བ་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ་བ་སྤྲུལ་བའི་གཏེར་སྟོན་སྒེའུ་གཏེར་རམ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་དང་། གཅིག་ནི་ཆོས་སྲིད་ལུགས་ཟུང་ལ་མཁྱེན་དཔྱོད་ཀྱི་ཡོན་ཏན་མ་ཚང་བ་མེད་པ་ལྕགས་ཁུང་ཆོས་རྒྱས་གཉིས་ཡིན་ལ། དེ་ལས་ཆོས་རྒྱས་ཀྱི་སྲས་འཕགས་པ་ནམ་མཁའི་སྙིང་པོའི་རྣམ་སྤྲུལ་དུ་གྲགས་པའི་སྐྱེས་བུ་དམ་པ་ལྕགས་ཁུང་གནས་མཆོག་སྟེ། སྒེའུ་གཏེར་ལ་མཁའ་འགྲོའི་གསང་གཏམ་ལས། གཡུ་སྒྲ་ཁྱོད་ཀྱི་ཚ་བོར་སྤྲུལ། །ཁྱོད་གྱི་གདུང་རྒྱུད་མ་སྟོངས་བར། །རིག་འཛིན་དམ་པ་རྒྱུན་མི་འཆད། །ཅེས་གཡུ་སྒྲའི་སྤྲུལ་པ་ཡིན་པར་ལུང་བསྟན་པ་དེའི་གདུང་འཛིན་ལྕགས་ཁུང་པད་ཏེའི་སྲས་མོ། འདྲེན་མཆོག་འཁོར་ལོའི་མགོན་པོ་༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་སྐུ་སྲིང་མ། དམ་པའི་ཆོས་ལ་ལྷག་པར་མོས་ཤིང་བྱམས་དང་སྙིང་རྗེས་ཐུགས་རྒྱུད་རླན་པ་དེ་ཟུང་གི་སྲས་ཀྱི་སྐལ་བ་རུ། བོད་རབ་བྱུང་བཅུ་དྲུག་མེ་རྟ་ལོ་སྟེ་སྤྱི་ལོ་༡༩༦༦ལོའི་སྤྲེལ་ཟླ་ར་བའི་ཚེས་གཉིས་ཀྱི་དགོང་ཆེན་དབང་གི་དུས་སུ་མ་ཡུམ་ལ་གནོད་པ་མེད་པར་སྐུ་མཚན་དཔེ་ཨུ་དུམ་ཝ་རའི་མེ་ཏོག་གསར་བ་མདོ་ཁམས་སའི་ཐིག་ལེ། དབལ་ཤུལ་གསེར་རྟའི་ས་ཆ་འཛི་ཆེན་གསེར་ལུང་ཕྱུག་མོ་ཞེས་པའི་རུ་ལག །ཁྱུང་ཤར་སྐྱིད་ལུང་རིང་མོའི་མདོ་ཁ་རུ་འཁྲུངས་སོ། །ཁྱེད་སྐུ་མཚན་ལྡན་པད་དཀར་འཛུམ་པའི་གཉེན། །མ་ལུས་གདུལ་བྱ་རྒྱ་མཚོའི་སྣང་ངོ་རུ། །བཀྲ་ཤིས་དགེ་མཚན་སྣང་བའི་ལྟས་དང་བཅས། །སྲིད་གསུམ་འགྲོ་བའི་དཔལ་དུ་བལྟམས་མ་ཐག །རབ་སྙན་ཚངས་པའི་དབྱངས་ཀྱིས་ཡིག་དྲུག་བསྒྲངས། །རབ་མཛེས་འཇའ་སྤྲིན་གུར་ཁྱིམ་སྣ་ཚོགས་ཀྱིས། །རབ་ཡངས་ཀུན་གསལ་བུ་མོའི་ཁྱོན་ཀུན་འགེངས། །རབ་དགའ་དམ་པའི་མཛད་བཟང་བླ་ན་མཐོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་བློ་ལྡན་དག །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་བཞིན། ཁོང་སྐུ་བལྟམས་མ་ཐག་ཕལ་བའི་སྐྱེ་བོ་ལྟར་འཇིགས་དངངས་དང་ཟུག་རྔུ་སོགས་ཀྱི་ཉམས་གང་ཡང་མེད་པར། སྤྱན་ཟུང་གིས་ཁྲ་ཧྲིག་གེར་ནམ་མཁར་གཡོ་མེད་དུ་གཟིགས་པ་དང་། སྐུ་བལྟམས་ནས་ཉིན་མཚན་དྲུག་ནས་བདུན་ལ་ཉེ་བའི་བར་དུ་ཟག་མེད་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ངང་ལ་གནས་ཏེ། ཟས་གཞན་ལྟ་ཅི་མའི་ནུ་ཞོ་ཙམ་ལ་ཡང་མ་བརྟེན་པར་བཞུགས་ཚེ། ཉེ་གནས་འགའ་རེས་སྐུ་སྙུན་བཞེས་པ་མིན་ནམ་སྙམ་ནས་ཞེ་བློ་འཚབ་དགོས་ཐུག་པ་ཞིག་དང་། གཞན་མཁའ་དབྱིངས་འཇའ་སྤྲིན་གྱིས་གང་པ་སོགས་ཕྱི་ནང་གསང་གསུམ་གྱི་རྟགས་དང་ལྟས་བཟང་མང་དུ་བྱུང་། སྐབས་དེར་༧ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གིས་ཡི་དམ་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྙིང་པོ་མུ་ཡིག་དུང་ཕྱུར་གྱི་གྲངས་མཐར་འཁྱོལ་བ་དང་། རྗེ་བཙུན་མ་སྐུ་འཁྲུངས་པ་གཉིས་མ་བཅོས་ལྷུན་གྱིས་གྲུབ་པའི་དུས་འཕྲོད་པས། མུ་མེད་ཡེ་ཤེས་མཚོ་མོའམ་མུ་མཚོ་ཞེས་འཇིག་རྟེན་དགེ་བར་བྱེད་པའི་མཚན་གྱི་ཅོད་པན་གསོལ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་ཡང་འཐོར་རོ། །དེ་ནི་མཁའ་འགྲོ་དགྱེས་པའི་མཆོད་སྤྲིན་ལས། འཇིགས་རུང་དུར་ཁྲོད་བརྒྱད་སོགས་རིག་འཛིན་གྱི་ཞིང་ན། །
རུས་རྒྱན་གཡེར་ཁའི་འཕྱང་འཕྲུལ་སིལ་སིལ་དུ་འཁྲོལ་བཞིན། །བཾ་ཆེན་བདུད་རྩིའི་ཚོགས་ཀྱི་དྭངས་མ་ལ་རོལ་བའི། །མ་ཚོགས་མཁའ་འགྲོ་བྱེ་བའི་ཚོགས་དཔོན་ཞིག་ཡོད་དེ། །ལས་སྨོན་རྐང་གླིང་སྙན་མོའི་སྐད་བརྡ་ཡིས་བསྐུལ་ཚེ། །ལྔ་ཚོམ་རིན་ཆེན་སྤུངས་པའི་གཙུག་རྒྱན་དེ་བཞག་ནས། །སྙན་འཇེབས་མཁའ་འགྲོའི་བརྡ་གླུ་ཐུགས་དབུས་སུ་འཕྲེང་བཞིན། །མཚུངས་མེད་དྲིན་ཆེན་བླ་མའི་ཞབས་འབྲིང་དུ་ཕེབས་བྱུང་། །ཞེས་གསུངས་པའི་བརྗོད་དོན་ལྟར་རོ། །
དེ་ཡང་རྗེ་བཙུན་མ་ཁོང་ཕལ་བའི་བྱིས་པ་དང་ཡེ་མི་འདྲ་བར་མ་ཡུམ་གྱིས་སྙལ་བའི་ཚེ་སྐུ་ལུས་དྲང་པོར་བཞུགས་ཤིང་། མི་སྙན་པའི་ངུ་ངག་གི་ཅ་ཅོ་མེད་པར་གཟིམ་མལ་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྙིང་པོ་གསུང་མཆོག་ཡི་གེ་དྲུག་མའི་འཛབ་དབྱངས་བྱེད་བཞིན་གཟིམས་པ་དང་། ནམ་རྒྱུན་གཟིམ་མལ་དུ་ཆབ་བསང་མི་འདོར་པ། ཁྱད་པར་གཟིམ་མལ་དུ་ཡིག་དྲུག་བསྒྲངས་པ་འདི་ནི་རྗེ་བཙུན་མ་ཁོང་གི་སྐུ་སྐྱེ་གོང་མ་མཁའ་འགྲོ་པོ་མོའམ་ཕྲིན་ལས་ཆོས་སྒྲོན་གྱི་བག་ཆགས་སད་པ་ཡིན་ཏེ། དེ་ཡང་སྐུ་སྐྱེ་གོང་མ་ལས་རབ་གླིང་པའི་སྐུ་དུས་སུ་ཡབ་ལས་རབ་གླིང་པ་ཁོང་དགུང་ལོ་རབ་ཏུ་བགྲེས་པ་ལ། མཁའ་འགྲོ་པོ་མོ་མཆོག་གིས་ཐུགས་གནད་ཤིན་ཏུ་མཛད་པར་གཏེར་ཆེན་ལས་རབ་གླིང་པ་ཁོང་གི་ཞལ་ནས་ཁྱེད་ཀྱིས་དེ་ལྟར་མཛད་མི་དགོས། ཚེ་འདིར་ཡིག་དྲུག་ཅི་ནུས་ཟློས་དང་། ཕྱི་མ་མིག་ཕྱེས་པ་ཙམ་ནས་ཁྱེད་ཀྱི་མདུན་ན་ལས་རབ་གླིང་པ་ཡོད་ངེས། ཞེས་གསུངས་པས་མཁའ་འགྲོ་ཁོང་གིས་མ་ཎི་དུང་ཕྱུར་མང་པོ་བཏོན་པས་སྐུ་ཚེ་འདིར་དེ་ཡི་བག་ཆགས་སད་པ་ཡིན་ཞེས་༧ཆོས་རྗེ་བླ་མའི་ཞལ་ནས་གསུངས། འདིར་རྣམ་ཐར་གཞན་པ་དང་ཅུང་མི་མཐུན་ཡང་། འདིར་རང་གི་དགེ་བའི་བཤེས་གཉེན་དམ་པ་མཁན་ཟླ་བ་སྒྲོལ་མ་ཁོང་གིས་༧ཆོས་རྗེ་བླ་མའི་ཞལ་ནས་གསལ་བོར་ཐོས་ཞེས་པའི་ཞལ་རྒྱུན་ལྟར་བྲིས།
༧ཆོས་རྗེ་ཡིད་བཞིན་ནོར་བུ་ཁོང་ནི་གཏེར་ཆེན་ལས་རབ་གླིང་པའི་རྣམ་རོལ་འཁྲུལ་མེད་ཡིན་པ་གཏེར་ཆེན་ཉིད་ཀྱིས་རང་གི་སྐུ་སྐྱེ་ཕྱི་མའི་ཚུལ་ཇི་ལྟར་ཡིན་པ་ནི། གནས་མི་འགྱུར་ཆོས་ཀྱི་འབྱུང་གནས་སུ། །མདངས་མི་འགྱུར་གཡུ་ཡི་མཚོ་མོ་ལ། །རིགས་མི་འགྱུར་པདྨའི་སྡོང་པོའི་རྩེར། །སྔགས་སྣ་ནམ་སྤྲུལ་པའི་ཁྱེའུ་མཆོག །ལོ་མི་འགྱུར་མཁའ་ལྡིང་བྱ་ལ་བལྟམས། །ལུས་མི་འགྱུར་ལག་མཐིལ་མཁའ་འགྲོའི་དལ། །ངག་མི་འགྱུར་སྡེ་སྣོད་རྒྱ་མཚོས་བརྒྱན། །སེམས་མི་འགྱུར་ཆོས་སྐུའི་རང་ངོ་འཕྲོད། །ཅེས་མི་འགྱུར་བའི་རྟགས་བདུན་གྱི་རྒྱས་ཐེབ་པའི་ལུང་བྱང་འཁྲུལ་མེད་རྡོ་རྗེའི་རི་མོ་གསལ་བར་གནང་ཡོད་པ་དང་།
གཞན་ཞལ་རྒྱུན་དུ། གཏེར་ཆེན་ལས་རབ་གླིང་པས་གཟུངས་མ་ལ། ཚེ་འདིར་ཡིག་དྲུག་ལ་འབད་ན། ཕྱི་མར་མིག་ཕྱེ་མ་ཐག་ལས་རབ་གླིང་པ་མདུན་ན་ཡོད་ཚུལ་གསུངས་འདུག་པའི་དོན་གྱིས་རྗེ་བཙུན་མ་གཏེར་ཆེན་ལས་རབ་གླིང་པའི་དབང་གཟུངས་བཞི་ཡི་ཡ་གྱལ་མཚོ་རྒྱལ་སྤྲུལ་པ་མཁའ་འགྲོ་པོ་མོའམ་ཕྲིན་ལས་ཆོས་སྒྲོན་གྱི་སྐུ་སྐྱེས་འཁྲུལ་མེད་ཡིན་ཚུལ་གསལ་བོར་བསྟན་ཡོད་པ་ཡིན། དེ་ཡང་སྐུ་བལྟམས་པ་ནས་གཞན་ཟླ་བསྐྱེད་ལས་ཀྱང་ཁོང་ཞག་བསྐྱེད་བྱུང་བཞིན་མཚན་དཔེའི་མེ་ཏོག་གི་མཛེས་ཞལ་ལེགས་པར་སྨིན་པའོ། །འཁྲུངས་མ་ཐག་ནས་ལས་སྨོན་རྟེན་འབྲེལ་གྱིས། །སྐྱབས་གཅིག་འཇིགས་མེད་ཆོས་ཀྱི་རྒྱལ་པོ་ཡི། །དམིགས་མེད་བརྩེ་ཆེན་རྡོ་རྗེའི་གུར་ཁང་དུ། །འཇམ་མཉེན་ཕྱག་གིས་བསྐྱངས་པ་ཁྱེད་གཅིག་པུ། །གང་ཚེ་ཆོས་ཀྱི་རྒྱལ་པོས་མུ༵་མེད༵་ཅེས། །ཡེ༵་ཤེས༵་མཚན་གྱི་མཚོ༵་བྱུང་ནོར་བུའི་ཏོག །གསོལ་དང་ལྷན་ཅིག་ཟབ་གསང་ཐུགས་ཀྱི་ཆོས། །གཅེས་སྐལ་མནོས་པའང་མཁའ་འགྲོའི་གཙོ་མོ༵་ཁྱེད། །ནང་རྟོགས་གེ་སར་སྙིང་པོ་འཛུམ་པའི་བརྡར། །ལྗོན་ཤིང་གཡུ་ཡི་འདབ་ལོ་རེ་རེ་ན། །བདེ་གཤེགས་མྱ་ངན་མེད་པའི་དགྱེས་ཞལ་རེ། །ཀུན་གཟིགས་ཁྱེད་ཀྱི་ཡེ་ཤེས་སྤྱན་ལ་མཛེས། །རྒྱལ་བའི་ཞལ་མཇལ་བདེན་གསུང་རྡོ་རྗེའི་སྒྲ། །སྐྱེ་འགྲོའི་ཐོས་འཛིན་ལམ་དུ་དྲངས་བའི་མོད། །ས་སྟེང་ཆེ་དགུའི་དད་གསུམ་ཡིད་ཀྱི་མཁའ། །གང་གི་ངོ་མཚར་མཛད་པས་ལོས་ཀྱང་ཁྱབ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་ཡང་སྐུ་ན་ཆུང་བའི་དུས་ནས་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ་ཞིང་།
བྱམས་དང་སྙིང་རྗེས་ཐུགས་རྒྱུད་ཕྱུག་པས་མཐོ་དམན་སུ་ལ་ཡང་གནོད་པ་སྤུའི་རྩེ་མོ་ཙམ་བརྩམས་པའི་ཆའང་ཡེ་མི་མངའ་བ། རྒྱུན་སྤྱོད་ཀྱི་གཤིས་ཀ་ལྷོད་ཆགས་པ། རྒན་གཞོན་སུ་ལ་ཡང་འགྲོགས་བདེ་བ། གཞན་གྱི་སེམས་ཡེ་དཀྲུག་མི་དགོས་པར་ཀུན་དང་མཐུན་པ། སུ་ཡིས་མཐོང་ཡང་ཞལ་མདངས་ཡིད་དུ་འོང་བ། ཐུགས་རྒྱུད་རབ་ཏུ་འཇམ་པའི་ཁྱད་ཆོས་ཀྱི་ངང་། དགུང་གྲངས་གསུམ་བཞི་ཙམ་ལ་སོན་ཙམ་ནས་སུས་ཀྱང་མ་བསླབ་པར་བཀྲ་ཤིས་བརྒྱད་པ་ཐུགས་ལ་མངའ་བ་དང་། ཉིན་རེ་བཞིན་སངས་རྒྱས་མྱ་ངན་མེད་པའི་མཚན་སྔགས་ལྔ་སྟོང་ཙམ་རེ་ཞལ་འདོན་བྱེད་ཅིང་། གལ་ཏེ་ཉིན་རེའི་སྐལ་མ་འགྲུབ་ཚེ་ཐུགས་ཤིན་ཏུ་སྐྱོ་བའི་ཉམས་དང་གྲུབ་ཚེ་ཐུགས་སྤྲོ་སྤྲོའི་ཚུལ་གནང་། སྐབས་དེར་གངས་ལྗོངས་མཐའ་དབུས་མེད་པའི་མཁའ་དབྱིངས་ནག་ཕྱོགས་ཆུ་འཛིན་གྱིས་བསྒྲིབས་ཤིང་། དཀར་ཕྱོགས་ཆོས་ཀྱི་འོད་སྣང་ཤིན་ཏུ་མོག་པ་སྟེ། རིག་གནས་གསར་བརྗེ་ཆེན་པོ་ཞེས་པའི་དུས་མཇུག་ཡིན་པས། ཨོ་རྒྱན་སངས་རྒྱས་གཉིས་པས་མིའི་ཤ་ཚུགས་བཟུང་བ་ས་གསུམ་འགྲོ་བའི་འདྲེན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ཁོང་ཡང་དུས་རེ་ཞིག་ར་རྫིའི་ཚུལ་དུ་བཞུགས་དགོས་ཐུག་པའི་དུས་དང་ཁེལ་ཡོད་ཕྱིར། རྗེ་བཙུན་མ་ཁོང་ཡང་ནམ་རྒྱུན་རྗེ་བླ་མའི་སྐུ་རྗེས་བསྙེགས་ཏེ་བྱོན་པའི་སྐབས་སྐབས་སུ། ཕྱི་ས་རྡོ་རི་བྲག་གི་རྣམ་པ་ལ་ཞིབ་གཟིགས་མཛད་ཅིང་ཞལ་ནས། ཨ་ཞང་ལགས། ཤིང་ལྗོན་པའི་ཡལ་ག་དང་ལོ་མ་འདི་དག་གང་ལས་བྱུང་། རྡོ་ཡི་རྣམ་པ་སྲ་བ་དང་དབྱིབས་གཟུགས་འདི་དག་རྒྱུ་གང་དག་ལས་བྱུང་བ་ཡིན་ཞེས་དྲི་བ་སྣ་ཚོགས་གློ་བུར་དུ་ལན་འདེབས་དཀའ་བ་བྱེད་ཅེས་༧ཆོས་རྗེ་བླ་མའི་ཞལ་ལས་དངོས་སུ་ཐོས། གཞན་ཡང་སྐྱེ་འགྲོའི་ཐུན་མོང་གི་སྣང་ཡུལ་ལྗོན་ཤིང་སྤེན་མའི་ལོ་འདབས་རེ་རེའི་སྟེང་། བདེ་གཤེགས་མྱ་ངན་མེད་པའི་སྐུ་གཟུགས་གྲངས་མེད་བཞུགས་ཞེས་ཐུན་མིན་གྱི་གཟིགས་སྣང་གསུངས་པ་དང་། ཉིན་ཞིག་རྗེ་བཙུན་མ་མཆོག་དང་། ཚེ་བྷྲུཾ་དང་དཔལ་མཛོད་སོགས་སྐུའི་ཉེ་སྤུན་བྱིས་པ་ཁ་ཅིག་སྐུ་ཞང་༧ཆོས་རྗེ་བླ་མ་མཆོག་གིས་བཞུགས་གནས་སུ་ཅ་ལག་ཞིག་ལེན་དུ་བཏང་ཚེ། གཏེར་ཆེན་ལས་རབ་གླིང་པ་དང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་རྣམ་པ་ཟུང་གིས་ལྷན་ཅིག་ཏུ་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོའི་ཐུགས་ཀ་ནས་བཞེས་པའི་གཏེར་རྫས་བྱིན་ལྡན། དཔལ་རྡོ་རྗེ་ཕག་མོའི་སྐུ་བརྙན་དེ་ཉིད་ཀྱིས། རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་ལ་ཐུགས་དགྱེས་པའི་ཉམས་འགྱུར་དང་། སྐུ་དགྱེས་པའི་རྡོ་རྗེའི་གར་སྟབས་ལིང་ལིང་མཛད་པ། གསུང་རྡོ་རྗེས་ཧ་རི་ནི་ས་དང་མཁའ་འགྲོའི་བརྡ་སྐད་མང་པོ་དངོས་སུ་བསྒྲགས་ཚེ། དེར་ཡོད་ཀྱི་བྱིས་པ་རྣམས་འཇིགས་སྐྲག་སྐྱེས་ནས་ཕྱིར་བྲོས་ཏེ་༧ཆོས་རྗེ་མཆོག་ལ། ངེད་ཚང་གི་རྡོ་རྗེ་ཕག་མོས་ཕར་འགྲིལ་ཚུལ་འགྲིལ་བྱེད་ཀྱིན་གདའ་ཞེས་ཞུས་པའི་རྒྱུ་མཚན་ལ་བརྟེན། ཕྱིས་སུ་བྱིན་ལྡན་སྐུ་བརྙན་དེ་ལ་ཕག་མོ་བཞད་པ་ཞེས་ཐོགས་པ་བྱུང་།
དེ་ནས་རྗེ་བཙུན་མ་དགུང་གྲངས་དྲུག་ལ་སོན་སྐབས་ད་དུང་རིག་གསར་མུན་ཀློང་གི་མཇུག་ཡིན་པས་སྐབས་སྐབས་སུ་མ་ཡུམ་འཚོགས་འདུ་སོགས་ལ་གློ་བུར་གློ་བུར་དུ་འགྲོ་དགོས་ཐུག་འདུག་པས། རྗེ་བཙུན་མས་མ་ཡུམ་གྱི་རིམ་གྲོ་ལ་བཀྲ་ཤིས་བརྒྱད་པ་གྲངས་ལྡན་ཞལ་འདོན་མཛད་པ་དང་། སྐབས་རེར་མ་ཡུམ་འཚོགས་འདུ་ལ་འགྲོ་དགོས་ཚེ་ཉིན་ལྔ་དྲུག་ཙམ་འགོར་ངེས་ཅན་ཡིན་ཞུས་ཀྱང་། རྗེ་བཙུན་མས་སྐུ་ཞང་༧ཆོས་རྗེ་མཆོག་ལ་མ་ཡུམ་མི་འགྱང་བར་ཕྱིར་ཐོན་ཞེས་གསུངས་ཚེ། འཆུག་མེད་དུ་མ་ཡུམ་ཕྱིར་བྱོན་སྲིད་པ་སོགས་ཆུང་ས་དང་ཆེ་ས་གང་ཕྱོགས་ནས་ཀྱང་ཕྱིས་འབྱུང་ལུང་དུ་བསྟན་པ་ལ་མི་ཐུག་པ་གང་ཡང་མེད་ཅེས་གསུངས་པ་ཐོས། གསུམ་གཉིས་ལང་ཚོའི་འདབ་བརྒྱ་བཞད་པའི་ཚེ། །ཁྱེད་ཐུགས་དྲི་མེད་ཤེལ་དཀར་མེ་ལོང་ངོར། །འབྱུང་འགྱུར་ལུང་གི་སྣང་བརྙན་འབུམ་རྫོགས་པས། །ཞལ་མཚར་ཀུ་རེའི་གཏམ་ཀྱང་བསླུ་བ་བྲལ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་ནས་དགུང་གྲངས་བཅུ་གསུམ་བཞེས་སྐབས་ནས་བཟུང་༧ཆོས་རྗེ་བླ་མའི་དགོངས་བཞེད་ལྟར། ཁོང་གིས་ཡི་དམ་ལྷག་པའི་ལྷའི་བསྙེན་པ་དུང་ཕྱུར་གཅིག་ཞལ་འདོན་མཛད་པ་དང་། ༧ཆོས་རྗེ་བླ་མའི་མདུན་དུ་ཀློག་སློབ་སྐབས་དཀའ་ཚེགས་མེད་པར་བྱང་ཆུབ་པ་སོགས་དམ་པའི་མཛད་བཟང་མང་དུ་སྣང་ངོ་། །གཞན་ཡང་ཇི་སྐད་དུ། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་བ་ཡང་། །ཡལ་འདབས་བརླན་པས་ཙན་དན་དྲི་བསུང་ལྟར། །གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་པ་བཞིན་རྗེ་བཙུན་མ་ཁོང་གི་ཐུགས་རྒྱུད་ལ་བྱམས་དང་སྙིང་རྗེ་ལྷན་སྐྱེས་སུ་མངའ་ཞིང་། ནམ་རྒྱུན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཉམ་བཞེས་མཛད་པས་ཁོང་གི་ཉེ་འཁོར་དུ་གནས་པ་ཐམས་ཅད་ཀྱང་ཞི་འཇམ་ལྡན་པ་ཡིན་ལ། ཁྱད་པར་གདུག་རྩུབ་ཆེ་བའི་དྲེད་དང་སྤྱང་ཀི་སོགས་ཀྱང་ཁོང་གི་མདུན་ན་ཞི་བའི་སེམས་དང་ལྡན་པ་ཤ་སྟག་ཡིན་ཏེ། རྗེ་བཙུན་མ་ཁོང་མ་ཡུམ་གྱིས་ཕྱུགས་རྫིར་བཏང་སྐབས་རེར་ཁོང་གིས་གཅན་གཟན་དྲེད་དང་སྐུ་རྩེད་བྱས་ཏེ། སུ་རྒྱལ་སུ་ཕམ་གྱིས་རྒྱུགས་གཤིབ་བྱེད་པ་ལྟ་བུའི་སྣང་ཚུལ་དང་། སྐབས་རེ་ལ་ར་རྫིར་བྱོན་ཚེ་སྤྱང་ཀི་དང་མཉམ་དུ་འགྲོགས་ནས་རི་ལུང་མང་པོའི་ཕར་རྒྱབ་ཏུ་བྱོན་པས། ཡུལ་མི་རྣམས་ལ་ཁོང་སྤྱང་ཀིའི་ཁ་ཟས་བྱས་སོང་སྙམ་པའི་བློ་མི་བདེ་བ་མང་དུ་བྱུང་བ་སོགས་ཡ་མཚན་པའི་རྟགས་དུ་མ་བསྟན་མྱོང་བ་ཡོངས་གྲགས་སུ་འདུག་པ་ཟུར་ཙམ་ལས། ཕྲ་ཞིབ་བྱས་ན་ད་དུང་ཕལ་བའི་སྤྱོད་ཚུལ་ལས་འདས་པའི་སྐོར་ཧ་ཅང་མང་མོད་འདིར་སྒྲོ་བཏགས་བསྲེ་སླད་ཤོར་བར་དོགས་ནས་མ་བྲིས་སོ། །འདི་ཡན་སྐུ་ནར་སོན་བཞིན་ཕྱི་ནང་གསང་བ་གསུམ་གྱི་ཁྱད་ཆོས་མངོན་ཚུལ་མདོ་ཙམ་བརྗོད་པའོ། །
གཉིས་པ་བསླབ་གསུམ་ཉམས་བཞེས་དང་ཐོས་བསམ་གནང་ཚུལ། དེ་ཡང་ཇི་སྐད་དུ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང་། དབུ་མ་འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང་། །རང་སངས་རྒྱས་ལ་ངེས་པའི་བདག་ཉིད་དང་། །རྒྱལ་སྲས་རྣམས་ཀྱི་མངོན་པར་མཐོ་བ་དང་། །ངེས་ལེགས་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་བཞིན་དུ་རྗེ་བཙུན་མ་ཁོང་གིས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་ཡིན་པར་དགོངས་ཏེ། དགུང་གྲངས་བཅུ་བདུན་ལ་སོན་སྐབས་ཕྱོགས་དེར་རབ་བྱུང་བཙུན་མའི་མིང་ཙམ་མེད་ཀྱང་། ཁོང་གི་ཐུགས་རྒྱུད་ནི་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་ཀུན་སློང་དྲག་པོས་རབ་ཏུ་བསྐུལ་ཏེ། མཁས་བཙུན་གཉིས་ལྡན་གྱི་མཁན་རིན་པོ་ཆེ་བརྩོན་འགྲུས་གྲགས་པའི་མདུན་སར་རབ་ཏུ་བྱུང་ཞིང་སོ་སོར་ཐར་བའི་སྡོམ་པ་ཚུལ་ལྡན་ཡང་དག་བཞེས་པ་ནས་བཟུང་། ཁོང་གིས་བསླབ་གསུམ་མིག་གི་འབྲས་བུ་བཞིན་ཉམས་བཞེས་མཛད་ཅིང་ཉེས་སྐྱོན་ཕྲ་མོས་ཀྱང་གོས་པ་མེད་པར་བསྲུངས་པ་ནི། ཇི་སྐད་དུ། དབུ་མ་འཇུག་པ་ལས། དེ་ནས་ཕུན་ཚོགས་ཡོན་ཏན་དང་ལྡན་ཕྱིར། །རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས། །དམ་པའི་ལས་ལམ་བཅུ་ཆར་སོག་པར་བྱེད། །ཅེས་གསུངས་པ་དང་སྒོ་ཀུན་ནས་མཚུངས་པ་ནི། ཆོས་རྗེ་ཡིད་བཞིན་ནོར་བུས་དགེ་འདུན་པ་ཁྲི་ལྷག་ཙམ་གྱི་དབུས་སུ། རྗེ་བཙུན་མ་འདི་ཉིད་ལ་སྐུ་ན་ཆུང་དུས་ནས་དམ་པའི་རང་རྟགས་དུ་མ་མངོན་དུ་གྱུར་ཀྱང་། དེ་ལས་ཁྱད་པར་དུ་འཕགས་པ་ནི། མངོན་རྗེས་གང་གིས་དཔག་ཀྱང་རྗེ་བཙུན་མ་ཁོང་གི་ཐུགས་རྒྱུད་ཀྱི་བསླབ་པ་དེ་ཉེས་སྐྱོན་ཕྲ་མོས་ཀྱང་མ་གོས་པ་ཞིག་ཡིན་པར་ངེས་སོ་ཞེས་བསླུ་མེད་རྡོ་རྗེའི་རང་སྒྲ་བྱུང་བ་ནི་དངོས་སློབ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན་པ་དང་། གཞན་ཡང་བསྟོད་པ་མ་ཚོགས་མཁའ་འགྲོ་དགྱེས་པའི་མཆོད་སྤྲིན་ལས། སྲིད་ལས་ངེས་པར་འབྱུང་བའི་སྐྱོ་ཤས་ཀྱིས་བསྐུལ་ནས། །གནག་སྣུམ་དབུ་སྐྲའི་ཐོར་ཚུགས་མཁན་སློབ་ལ་ཕུལ་ཏེ། །དྲི་མེད་སྡོམ་ཁྲིམས་གཙང་མ་ཐུགས་དམ་དུ་བཞེས་ནས། །ངུར་སྨྲིག་བླ་གོས་གསར་བའི་མཛེས་རྒྱན་ཞིག་བླངས་སོང་། །ཞེས་པ་ལྟ་བུའོ། །
དེ་ལྟར་རྗེ་བཙུན་མ་ཁོང་གིས་བསླབ་གསུམ་རྣམ་དག་ལ་ཐུགས་གཙིགས་མཛད་པ་ནས་བཟུང་། འདས་དང་ཕྱིས་འབྱུང་གི་ལུང་བསྟན་སོགས་ཅི་ཡང་མི་གསུང་པར་ཞལ་བཙུན་པ་དང་། རྩེ་དགོད་རྣམ་གཡེང་སོགས་མེད་པར་ཞི་དུལ་བག་ཡོད་ཀྱི་སྤྱོད་པ་ཁོ་ནས་སྐུ་འཚོ་བ་ནི་གྲུབ་རྟགས་ཀུན་གྱི་མཐར་ཐུག་དང་། རྣམ་ཐར་ཀུན་གྱི་རྒྱལ་པོ་ཡིན་པས་འགྲོ་བ་ལྷ་མི་ཡོངས་ཀྱི་ཕྱག་འོས་པའི་གནས་འཁྲུལ་མེད་དོ། །གྲངས་མེད་བསྐལ་བའི་སྔོན་ནས་ཡེ་གྲོལ་ཆོས་སྐུའི་ས་ལ་ཕྱིན་ཟིན་ཀྱང་། །དམིགས་མེད་བརྩེ་ཆེན་ཐུགས་ཀྱིས་རིས་མེད་འགྲོ་བ་ཡོངས་ལ་རབ་གཟིགས་ནས། །འདམ་སྐྱེས་འདམ་ལས་མ་གོས་དེ་བཞིན་སྲིད་པའི་སྐྱོན་ལས་མ་གོས་ཀྱང་། །ངེས་འབྱུང་ཚུལ་གྱིས་སྲིད་ལས་དབྱུང་སྟེ་གངས་ལྗོངས་བཙུན་མའི་སྲོལ་ཆེན་ཕྱེས། །མཁན་སློབ་དགེ་བཤེས་དག་ལས་ཡང་དག་པའི། །བསླབ་གསུམ་ནོར་བུའི་རྒྱན་བཟང་རབ་བླངས་ནས། །སྟོན་མཆོག་ཐུབ་པའི་བཀའ་ཡིས་བཅས་མཚམས་བཞིན། །ཚུལ་བཞིན་སྲུང་ལ་མ་ཁྱེད་མཆོག་ཏུ་བསྔགས། །རྣམ་དག་འདུལ་འཛིན་བྱེ་བའི་རྩེར་བཞུགས་པ། །འདི་འདྲ་གྲུབ་རྟགས་ཀུན་གྱི་སྙིང་པོ་དང་། །རྣམ་པར་ཐར་བ་ཡོངས་ཀྱི་རྒྱལ་པོ་རུ། །བསམས་ན་ངོ་མཚར་ནང་གི་ངོ་མཚར་ཕུལ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
དེ་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ་ཐོས་བསམ་གྱི་རྩལ་སྦྱང་ཚུལ་ནི། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་མཁྱེན་དང་བརྩེ་བའི་བདག་ཉིད་ཆེན་པོ་༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གཙོ་བོ་ཡིན་པའི་བཤེས་གཉེན་དམ་པ་དུ་མ་ཚུལ་བཞིན་དུ་བསྟེན་ཏེ། དབུ་མ་འཇུག་པ་ལས། ཡོན་ཏན་ཐམས་ཅད་བརྩོན་འགྲུས་རྗེས་འགྲོ་ཞིང་། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །ཞེས་གསུངས་པ་བཞིན་ལེ་ལོ་རྣམ་གཡེང་སོགས་ཀྱི་གཉེན་པོ་བརྩོན་འགྲུས་དྲག་པོས་དཔེ་པདྨའི་མཚོ་རུ་ངང་པ་བཞིན་ཐུགས་སྤྲོ་འདུན་དང་བཅས། ཐོག་མར་བློ་སྦྱོང་སྐོར་ལ་ཀུན་བཟང་བླ་མའི་ཞལ་ལུང་ལན་གསུམ། རྒྱལ་སྲས་ལག་ལེན་ཐེངས་བཞི། རྒྱལ་སྲས་ལག་ལེན་འགྲེལ་བ་དང་། རྒྱལ་པོ་ལུགས་ཀྱི་བསྟན་བཅོས། མདོ་སྡེ་མཛངས་བླུན། བྱང་ཆུབ་ལམ་རིམ་ཆེན་མོ་སོགས། འདུལ་བ་མེ་ཏོག་ཕྲེང་རྒྱུད། ཀཱ་རི་ཀཱ། སྡོམ་གསུམ་རྣམ་ངེས་ལན་གསུམ་སོགས་འདུལ་བའི་སྐོར་དང་། མངོན་པ་མཛོད་རྩ་བ། མངོན་པ་མཆིམས་ཆེན། མི་ཕམ་མཛོད་འགྲེལ། མངོན་པ་ཀུན་བཏུས་སོགས་མངོན་པའི་སྐོར་དང་། དབུ་མ་འཇུག་པ་རྩ་བ། འཇུག་འགྲེལ་ཟླ་བའི་ཞལ་ལུང་། རྒྱན་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་སྐོར་གསུམ། ངེས་སྒྲོན་ལན་བཞི། འཇུག་འགྲེལ་ཟླ་བའི་འོད་ཟེར། བློ་གཏེར་དབང་པོའི་འཇུག་པ་མཆན་འགྲེལ་སོགས་དབུ་མའི་སྐོར་དང་། ཚད་མ་རིགས་གཏེར། ས་པཎ་ཚད་མ་རིགས་གཏེར་རང་འགྲེལ། མི་ཕམ་རིགས་གཏེར་འགྲེལ་བ། བློ་གཏེར་དབང་པོའི་ཚད་མ་རིགས་གཏེར་འགྲེལ་བ་ཐེངས་གསུམ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སྡེ་བདུན་ཡིད་ཀྱི་མུན་སེལ། མི་ཕམ་ཚད་མ་རྣམ་འགྲེལ་འགྲེལ་ཆེན་སོགས་ཚད་མའི་སྐོར་དང་། འགྲེལ་ཆུང་དོན་གསལ། ཤེར་ཕྱིན་མངོན་རྟོགས་རྒྱན། དཔལ་སྤྲུལ་སྤྱི་དོན། མི་ཕམ་རིན་པོ་ཆེའི་པུཎྜ་རི་ཀ སྡུད་པ་རྒྱན་སྦྱར། མདོ་སྡེ་རྒྱན་གྱི་འགྲེལ་བ། མདོ་སྡུད་པའི་འགྲེལ་བ་སྟེ་ཕར་ཕྱིན་གྱི་སྐོར་སོགས་གཞུང་བཀའ་པོད་ལྔ་དང་གཞན་ཡང་རྒྱུད་སྡེ་སོགས་ཀྱི་སྐོར་ནི་སྤྱི་དོན་འོད་གསལ་སྙིང་པོ་སྐོར་གསུམ། རྒྱུད་བླ་མའི་འགྲེལ་བ། གསང་སྙིང་རྩ་བ། རྒྱ་སྐོང་མཆན་འགྲེལ་ཀུན་མཁྱེན་ཞལ་ལུང་། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལན་གཉིས། ཡིད་ཀྱི་མུན་སེལ། མ་རིག་མུན་སེལ། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེའུ་མིག་ལན་གཉིས། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། ཁྲིད་ཡིག་ཡེ་ཤེས་བླ་མ་ལན་གཉིས། ལྕེ་བཙུན་སྙིང་ཐིག་འགྲེལ་བ། བླ་མ་ཡང་ཏིག་ལན་གསུམ། གཏེར་བདག་གླིང་པའི་སྙིང་ཐིག་ཁྲིད་ཡིག་ཐེངས་གསུམ། ཞི་ཁྲོའི་བར་དོ་དྲུག་ཁྲིད་ལན་གཉིས་༧ཆོས་རྗེ་བླ་མའི་དགོངས་གཏེར་ཁྲིད་ཡིག་སངས་རྒྱས་ལག་སྟེར། བྱང་གཏེར་དགོངས་པ་ཟང་ཐལ། ལྟ་བ་མཁའ་ལྡིང་གཤོག་རླབས་སོགས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ་གསན་སྦྱང་རླབས་ཆེན་གནང་ངོ་། །
དེ་བཞིན་དུ་སྨིན་བྱེད་ཀྱི་དབང་ཟབ་དང་རྒྱབ་རྟེན་ལུང་གི་རིམ་པ་གསན་ཚུལ་ཡང་། ཁྱབ་བདག་འཁོར་ལོའི་མགོན་པོ་༧ཆོས་རྗེ་བཀའ་དྲིན་ཅན་གྱི་སྐུ་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་ལན་གསུམ་དང་དུས་འཁོར་དབང་ཆེན་ཇོ་ནང་པའི་ལུགས་རྒྱས་པ། དུས་འཁོར་དབང་མི་ཕམ་ཆོག་བསྒྲིགས་ལན་གསུམ། ལས་རབ་གླིང་པའི་དུས་འཁོར་དབང་སྐོར་གསུམ་སོགས་སྨིན་བྱེད་དབང་གི་རིམ་པ་མཐའ་ཡས་པ་དང་། གཞན་ཡང་༧གོང་ས་མཆོག་གི་མདུན་ནས་ཐུགས་རྗེ་ཆེན་པོ་དཔལ་མོའི་ལུགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་། གསང་འདུས་འཕགས་ལུགས་མི་བསྐྱོད་རྡོ་རྗེའི་བཀའ་དབང་དང་། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་དབང་དང་། རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ཉེར་ལྔའི་སྙིང་པོ་ཐུགས་སྒྲུབ་ཡང་སྙིང་ཀུན་བཏུས་ཀྱི་དབང་ཆེན་ཟབ་རྒྱས་སོགས་ཚུལ་བཞིན་དུ་མནོས་པ་དང་།
མཁན་དགེ་དཔལ་གྱི་མདུན་དུ་མི་ཕམ་རིན་པོ་ཆེའི་དུས་འཁོར་འགྲེལ་ཆེན་ཁྲིད་ལུང་དང་། ཁྲོཾ་མཐའ་སྤྲུལ་སྐུ་བདེ་ཆེན་མཆོག་གི་མདུན་ནས་གཏེར་ཆེན་ལས་རབ་གླིང་བའི་ཟབ་གཏེར་ཆ་ཚང་དབང་ལུང་དང་། མཁན་ཆེན་ཏེ་པའི་མདུན་ནས་སྤྱི་དོན་འོད་གསལ་སྙིང་པོ། བླ་མ་དཀར་ཆོས་མདུན་ནས་བྱང་གཏེར་དགོངས་པ་ཟང་ཐལ་དབང་ལུང་རྒྱས་པ། ཉག་བླ་མ་ཨ་འཇམ་ལས་སྨིན་གླིང་འདོད་འབྱུང་དབང་ལུང་རྒྱས་པ་སོགས་སྨིན་བྱེད་ཀྱི་དབང་ལུང་ཟབ་མོ་བུམ་པ་གང་བྱོས་ཀྱི་ཚུལ་དུ་བླངས་ཤིང་དོན་གྱི་ཡེ་ཤེས་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པར་བྱས་པ་ནི། རྨེ་བ་མཁན་ཆེན་འཆི་མེད་རིག་འཛིན་མཆོག་གིས་རྗེ་བཙུན་མར་བསྟོད་བསྔགས་ལས། མཉེས་གཤིན་སྙིང་རྗེས་བརླན་པའི་ཐུགས་རྒྱུད་ཀྱི་ཞིང་དུ། །དོན་གཉིས་ཡིད་བཞིན་འཇོ་བའི་དཔག་བསམ་གྱི་ལྗོན་པའི། །སྨོན་འཇུག་མྱུ་གུའི་ལང་ཚོ་ཕྱིན་དྲུག་གིས་དུད་པ། །ཉམ་ཐག་འགྲོ་བའི་མ་ཁྱེད་རྒྱལ་ཀུན་གྱི་གདུང་འཛིན། །སྡེ་སྣོད་ལུང་གི་ཆོས་ལ་ཐོས་བསམ་གྱིས་བརྩོན་ཞིང་། །ཟབ་དོན་གདམས་པའི་སྙིང་པོ་ཉམས་ལེན་གྱིས་བསྐྱངས་ནས། །མཚུངས་མེད་རིག་འཛིན་བླ་མའི་ཐུགས་གསང་ལ་གབ་པའི། །མ་ཚོགས་ཡེ་ཤེས་མཁའ་འགྲོའི་སྙིང་ནོར་ལ་དབང་ཡོད། །ཅེས་པའི་དོན་ཇི་ལྟ་བ་བཞིན་ནོ། །
དེ་ལྟར་མདོ་སྔགས་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཐུགས་སུ་ཆུབ་པའི་མཁས་གྲུབ་ཀྱི་དབང་ཕྱུག་ཆེན་མོ་ཁོང་གིས་བསྟན་པ་དང་སེམས་ཅན་གྱི་དོན་སྤྱི་དང་། བྱེ་བྲག་བུད་མེད་ཀྱི་རྟེན་ལ་ཐོས་བསམ་སྒོམ་གསུམ་གྱི་སྐལ་བ་ཧ་ཅང་ཕྲ་བའི་ཚུལ་ལ་ཆེད་དུ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ། རླབས་ཆེན་ཕྲིན་ལས་ཀྱི་འཇུག་པ་མི་དམན་པར་གནང་བའི་ཚུལ་ཡང་། མཁན་ཆེན་འཆི་མེད་རིག་འཛིན་མཆོག་གིས། འོད་གསལ་ཐེག་པ་མཆོག་གི་རྒྱལ་སྲིད་ཅིག་ཐོབ་ནས། །སྨིན་གྲོལ་བདུད་རྩིའི་ཆོས་ཆར་འགྲོ་ཁམས་ལ་ཕབ་པས། །ལེགས་སྨོན་དུས་སུ་སད་པའི་གདུལ་བྱ་ཡི་མེ་ཏོག །གསེར་འཛིན་ས་གཞི་ཡངས་པའི་ཐིག་ལེ་རུ་འཛོམས་སོང་། །གཉན་ཁྲོད་རིག་འཛིན་འདུ་བའི་ཚོགས་གྲལ་གྱི་དབུས་ན། །རོ་ལངས་གཅེར་བུར་ཞོན་པའི་བརྟུལ་ཞུགས་ཀྱི་རྒྱལ་མོ། །འདུལ་འཛིན་གསེར་རིའི་ཕྲེང་བའི་འཕགས་ཚོགས་ཀྱི་གཙུག་ན། །ཞི་དུལ་དྲང་སྲོང་ཆེན་པོའི་ཆ་ལུགས་ཀྱིས་མཛེས་པ། །ཨོ་རྒྱན་དྷུ་མ་ཐ་ལའི་གནས་ཡུལ་གྱི་ཞིང་ན། །སྙན་འཇེབས་མི་མིན་མཁའ་འགྲོའི་བརྡ་ཚིག་གི་གཏེར་མཛོད། །བསོད་ནམས་བང་རིམ་བརྩེགས་པའི་གསེར་ཁྲི་ཡི་སྟེང་ན། །ཟབ་རྒྱས་སྡེ་སྣོད་གསུམ་གྱི་ཆོས་སྒྲ་ལ་དབང་སོང་། །རང་སྣང་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི་དབུས་ན། །ཡུམ་ཆེན་རྡོ་རྗེ་ཕག་མོ་བདེ་ཆེན་གྱི་མཁའ་འགྲོ། །སྡུག་བསྔལ་ཚ་དབལ་འཁྲིགས་པའི་སྲིད་པ་ཡི་གནས་འདིར། །མུ་མེད་ཡེ་ཤེས་འཁྱིལ་བའི་མཚོ་མོ་རུ་བཞུགས་ཡོད། །ཅེས་བསྔགས་དོན་ལྟར། ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་རིས་མེད་དུ་སྤེལ་བའི་ཐོག་མ་གྲུབ་ཆེན་པདྨ་བདུད་འདུལ་གྱི་ལུང་དོན་བཞིན། ཉག་གྱ་བཟི་ཇོ་མོ་མཚོ་རྒྱལ་དགོན་གྱི་བཙུན་མ་རྣམས་ལ་རྒྱལ་སྲས་ལག་ལེན་ལྗགས་ལུང་གནང་བ་དང་།
དེ་ནས་བཟུང་སྐུ་གསུམ་མཁའ་འགྲོའི་འདུ་གླིང་གི་བཙུན་མ་རྣམས་ལ་རྒྱལ་སྲས་ལག་ལེན་འཆད་ཁྲིད་ཐེངས་གསུམ། སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་སྐོར་གསུམ། བྱང་ཆུབ་སྤྱོད་འཇུག་ཆེན་མོ་ཐེངས་གསུམ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། བྱང་སེམས་ནོར་བུའི་ཕྲེང་བ། མི་ཕམ་མཁས་འཇུག་སྐོར་གསུམ། སྤྱི་དོན་འོད་གསལ་སྙིང་པོ། ཡིད་ཀྱི་མུན་སེལ། མན་ངག་མཛོད། ལྟ་བ་མཁའ་ལྡིང་གཤོག་རླབས། དབུ་མ་འཇུག་པའི་འགྲེལ་བ། ངེས་ཤེས་སྒྲོན་མེ། སེམས་ཉིད་ངལ་གསོ་སོགས་འཆད་ཁྲིད་ཀྱི་བཀའ་དྲིན་བསམ་ཡུལ་ལས་འདས་པའི་སྒོ་ནས་གང་ལྗོངས་བཙུན་མ་ཡོངས་ཀྱིས་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ་ཐོས་བསམ་བྱེད་སྲོལ་གྱི་མཛད་སྒོ་ཐོག་མར་ཕྱེས་པའོ། །དེ་ཡང་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་མཛད་པའི་བསྟོད་པ་གུར་གུམ་གསར་བའི་ཆུན་པོ་ལས། འཇིགས་མེད་ཡབ་རྗེ་གཙུག་ཏུ་སྟེན་བཞིན་གསེར་ལྗོངས་ཆོས་ཀྱི་ཞིང་ས་རུ། །སྔོན་མེད་སྐུ་གསུམ་མཁའ་འགྲོའི་འདུ་གླིང་རྟེན་དང་བརྟེན་པ་ཡོངས་བསྐྲུན་ཏེ། །ཟབ་རྒྱས་ཆོས་འཁོར་གཡས་སུ་བསྐོར་བས་ཕྱོགས་ཀུན་དཀར་འབྱམས་ཡུག་གཅིག་ཏུ། །མངོན་པར་བསྒྱུར་བའི་སྣང་བའི་རྩེ་དགའ་ལྔ་བདོའི་མུན་པའི་གཤེད་དུ་སྤྲོས། །ཞེས་པ་ལྟར།
སྤྱི་ལོ་༢༠༠༠སྟེ་བོད་རབ་བྱུང་༡༧པའི་ལྕགས་འབྲུག་ལོའི་དབྱར་དུས་སུ་༧ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་ནས། ད་ལན་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་མཆོག་གིས་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་གྱི་ཁྲིད་ཁ་གནང་རྒྱུ་འདི། སྐུ་སྐྱེ་སྔ་མ་སྨིན་གླིང་བསྟན་བདག་མི་འགྱུར་དཔལ་གྱི་སྒྲོན་མའི་སྐུ་དུས་སུ། ཡབ་རྗེ་བླ་མ་གཏེར་བདག་གླིང་པས་རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མ་ཁོང་སྐུ་རྐྱང་ལ་གཅེས་སྐལ་དུ་ཟླ་བ་བཞིའི་བར་ཨ་ཏི་ཟབ་དོན་གྱི་སྙིང་པོའི་གདམས་པ་ལྷག་ལུས་མེད་པར་བསྩལ་ཞིང་ཉམས་ལེན་གནད་སྨིན་གནང་སྐབས། ཡབ་རྗེ་གཏེར་ཆེན་བླ་མའི་ཞལ་ནས། བུ་མོ་ཁྱོད་གཏེར་ལུང་ནས་བཤད་པ་བཞིན་ཚད་དང་ལྡན་པ་ཞིག་འདུག་ཅེས་གསུངས་པ་དང་། རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མ་ཁོང་གིས་ལན་གྲངས་མང་པོའི་བར་ཨ་ཏི་ཟབ་དོན་ལྗགས་ཁྲིད་མཛད་པ་དང་ཉམས་ལེན་གྱི་མཐིལ་དུ་བཟུང་བ་ཡིན་པས། སྐབས་འདིར་ཡང་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་མཆོག་གི་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་རྟེན་འབྲེལ་ལེགས་པོ་འདུག་ཅེས་བདེན་གསུང་ཐོས་གྲོལ་གྱི་གསུང་གི་རོལ་མོ་དཀྲོལ་བ་དང་། སྔོན་སྨོན་ཐུགས་བསྐྱེད་ཟབ་མོའི་རྟེན་འབྲེལ་དུས་སུ་བབས་པ་བཞིན། རྗེ་བཙུན་མ་མཆོག་གི་ཐུགས་དམིགས་མེད་བརྩེ་བ་ཆེན་པོའི་སྒོ་ནས་ལས་ཅན་གྱི་བུ་སློབ། མཁས་དང་གྲུབ་པའི་གཙུག་རྒྱན་མཁན་ཆེན་འཆི་མེད་རིག་འཛིན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་མཁན་སྤྲུལ་དུ་མའི་གཙོས་གསེར་ལྗོངས་བླ་མ་རུང་གི་ཆོས་སྡེ་ཡོངས་ལ་རྫོགས་པ་ཆེན་པོ་ཨ་ཏི་ཟབ་དོན་གྱི་འཆད་ཁྲིད་གནང་། དེའི་ཚེ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ལྟས་སུ་ཁོང་གིས་ཟབ་ཁྲིད་ཀྱི་དབུ་བཟུང་བ་ནས་ཉིན་ཁ་ཤས་ཀྱི་ཡུན་ལ། ནམ་མཁའ་གཡའ་དྭངས་ཤིང་ཉི་ཟེར་གྱི་འོད་མདངས་རབ་ཏུ་གསལ་བ་སོགས། རྒྱུད་ནས་བཤད་པའི་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཟླ་བ་གཅིག་གི་བར་དུ་ཁྲིད་ལུང་རྒྱས་པར་གནང་།
གཞན་ཡང་མཁའ་འགྲོ་ཉིད་ཀྱིས་སྨིན་ཁྲིད་ཀྱིས་བསྐྱངས་པའི་ཐུགས་སྲས་བུ་སློབ་ཀྱི་གཙོ་བོ་རྨེ་བ་མཁན་ཆེན་འཆི་མེད་རིག་འཛིན་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་སོགས་སྐྱེས་ཆེན་དག་གི་གཙོས་འཁོར་རྣམ་བཞི་འདུས་པའི་སྡེ་ཆེན་ལ་ལོ་རེ་བཞིན་ས་ག་ཟླ་བའི་ཚེས་༨ལ་རྡོར་སེམས་དང་། ཟླ་༩པའི་ཚེས་༡༨ཉིན་ཐུགས་རྗེ་ཆེན་པོའི་དབང་སོགས་གནང་། གཞན་རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་ཀྱི་ལུང་གནང་བ་སོགས་བཀའ་དྲིན་བསམ་ཡུལ་ལས་འདས་པ་བསྐྱངས། ཁྱད་པར་དུ་ཁོང་གིས་གངས་ལྗོངས་བཙུན་མའི་དཔེ་ཁྲིད་ཀྱི་ཤིང་རྟའི་སྲོལ་འབྱེད་ཐོག་མར་མཛད་ཚུལ་ཡང་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས། སྟོང་ཕྲག་བགྲང་བྱས་ཕྲག་པར་བཀལ་བའི་སྙོམས་མིན་ལས་དབང་ཁུར་ཆེན་གྱིས། །རྣམ་པར་དུབ་པའི་བུད་མེད་ཚོགས་རྣམས་ཐུགས་རྗེའི་ཕྱག་གིས་ཡོངས་བསྐྱབས་ཏེ། །གུར་གུམ་རྡུལ་གྱིས་ས་འདི་དཀྲིགས་པའི་དུས་ཀྱི་ལང་ཚོའི་དམར་འོད་ཀྱིས། །གངས་ལྗོངས་ཐུབ་བསྟན་མཛེས་པར་བྱས་སོ་སྤྲུལ་པའི་མྱུ་གུ་རྗེ་བཙུན་མ། །ཞེས་བསྔགས་བརྗོད་གནང་བ་ལྟར་དོན་ལ་གནས་སོ། །
གསུམ་པ་སྐུ་སྐྱེར་ངོས་འཛིན་གནང་སྟེ་ཆེ་འདོན་མཛད་ཅིང་བསྟན་འགྲོའི་དོན་ཁུར་དུ་བླངས་པའི་སྐོར། དེ་ཡང་སྐུ་གསུམ་ཌཱཀིའི་རྗེ་མོ་ཁོང་མཚོ་རྒྱལ་གྱི་སྐྱེ་སྤྲུལ་འཁྲུལ་མེད་དུ་ལུང་བསྟན་པ་ནི། གྲུབ་བརྙེས་སྐྱེས་ཆེན་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་མངའ་རིག་འཛིན་ཆོས་རྒྱལ་གླིང་པའི་ཕྱག་རྡོར་དྲེགས་པ་འདུལ་མཛད་ལས། མཚོ་རྒྱལ་ཡང་སྤྲུལ་ལྕགས་རོང་བླ་མ་མཚོ༔ བྱང་ཆུབ་སེམས་མ་སངས་རྒྱས་རྒྱུད་འཛིན་རྣམས༔ སྐྱེས་བུ་ཕོ་མོ་བསྟན་པའི་སྲོག་ཤིང་འཛིན༔ ཨོ་རྒྱན་ང་ལ་མོས་ཤིང་ཆོས་རྒྱུད་སྐྱོང་༔ ཞེས་ཡེ་ཤེས་མཚོ་རྒྱལ་གྱི་ཡང་སྤྲུལ་མཚོ་ཡི་མཚན་ཟུར་ཅན་ཞིག་འདྲ་ལྕགས་ཁུང་རོང་ཐའི་གདུང་རྒྱུད་དུ་འཁྲུངས་པར་འགྱུར་བའི་ལུང་དོན་དང་། གཞན་ཉག་བླ་པདྨ་བདུད་འདུལ་གྱི་རྣམ་ཐར་སྐབས་དབྱེ་དགུ་པ་བསྟན་པ་དང་འགྲོ་བའི་དོན་དུ་བསོད་ནམས་ཀྱི་ཞིང་ས་གཙུག་ལག་ཁང་བཞེངས་ཚུལ་ལས། དེ་ནས་ཉག་ཡུལ་གྱ་བཟི་ཞེས་པར་བྱོན་ནས་ས་གཞི་བྱིན་གྱིས་རླབས་ཤིང་དེ་ལ་གྲྭ་དགོན་དང་བཙུན་དགོན་སྔར་མེད་པ་གསར་དུ་ཕྱག་འདེབས་མཛད་ཅིང་དགོན་དེ་གཉིས་ལ་གཙུག་ལག་ཁང་དང་གྲྭ་ཁང་སོགས་བསྐྲུན་ཏེ། གྲྭ་དགོན་ལ་གསང་སྔགས་བདེ་ཆེན་ཆོས་གླིང་དང་། བཙུན་དགོན་ལ་ཇོ་མོ་མཚོ་རྒྱལ་དགོན་ཞེས་འདོགས་དགོས། ཕྱིས་སུ་དགོན་འདིར་མཚོ་རྒྱལ་དངོས་ཀྱི་སྤྲུལ་པ་ཞིག་ཕེབས་ངེས། དེའི་དུས་སུ་ཉག་ཆུའི་ཕར་ཁར་ཇི་ཐུ་རིའི་མཐའ་ནས་ལམ་ཆེན་བསྐྲུན་ཏེ། སྟེང་ནས་ཚོང་མགྲོན་མང་པོ་འགྲོ། དུས་དེར་དགོན་འདིའི་ཟུར་ན་ལྕགས་ཟམ་འཛུགས་པ་དང་ཟམ་དེའི་ཕ་རོལ་ན་གྲོང་ཁྱེར་ཁྲ་ཆེམ་མེར་བྱས་འོང་། ཟམ་པ་དེའི་སྟེང་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་རོལ་དངོས་སུ་བྱོན་པ་དང་། མཁའ་འགྲོ་མའི་སྟེང་ན་རྨ་བྱའི་གདུགས་ཕུབ། འོག་ནས་སེང་གེ་དཀར་མོའི་ཁྲི་བརྩེགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། དེའི་དུས་སུ་རྟའུ་ཉི་མཚོ་དགོན་ཡན་ཆད་ཀྱི་བཙུན་མ་རྣམས་འདུས་པས། དང་པོ་བཙུན་མ་བརྒྱ་དང་བཅུ་གསུམ་དང་། རིམ་བཞིན་འཕེལ་ནས་ཇེ་མང་དུ་འགྲོ། ཇོ་མོ་རྟོགས་པ་མཐོར་པོར་གྱུར་ནས་འཇའ་ལུས་པ་མང་པོ་འབྱུང་བར་གསུངས་སོ། །ཞེས་ལུང་བསྟན་པའི་དགོངས་དོན་དང་མཐུན་པར་ས་འབྲུག་གི་ལོར་༧ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་དང་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་སོགས་སྐུ་འཁོར་རྣམས་གནས་ཆེན་ཤིང་ལང་བྲག་དཀར་གྱི་གནས་འདུས་ལ་ཆིབས་བསྒྱུར་གནང་། སྐབས་དེར་གོང་གསལ་ཉག་བླ་པདྨ་བདུད་འདུལ་གྱིས་ལུང་གིས་བསྟན་པ་ཇི་བཞིན་དུ། ཉག་གྱ་བཟི་དགོན་གསང་སྔགས་བདེ་ཆེན་ཆོས་གླིང་དགོན་སོགས་ཀྱི་ཇ་ཐབ་དང་། ཆིབས་བསུ་སྟ་གོན་ལེགས་པོས་དགོན་དེར་གདན་ཞུ་བྱས་ཏེ་ཞག་བཞུགས་གནང་བའི་ཚེ། ཉག་ཇོ་མོ་མཚོ་རྒྱལ་དགོན་གྱི་ཕར་ཁར་ལམ་ཆེན་འདུག་པ་དང་། ལྕགས་ཟམ་དང་གྲོང་ཁྱེར་སོགས་ལུང་ཇི་ལྟ་བ་བཞིན་འདུག་པས། ཉག་མཚོ་རྒྱལ་དགོན་སོགས་དང་དད་ལྡན་སེར་སྐྱ་ཡོངས་ནས་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་ཁོང་མཚོ་རྒྱལ་གྱི་སྐྱེ་སྤྲུལ་འཁྲུལ་མེད་ལ་ངེས་ཤེས་བླ་ལྷག་ཏུ་སྐྱེས་ཏེ། རྨ་བྱ་སྔོན་མོའི་གདུགས་ཕུབ་ཅིང་རྔ་གླིང་རོལ་མོས་ཕེབས་བསུ་དང་བཅས་གདན་དྲངས་ནས་མི་འཇིགས་སེང་གེ་དཀར་མོའི་ཁྲི་ལ་མངའ་གསོལ་མཛད་དོ། །དེའི་ཚེ་མཚོ་འཁྲུངས་པདྨ་ཀ་རའི་ཐུགས་གཏེར་ཟབ་གསང་ཆོས་ཀྱི་བདག་མོ་གནས་ཡུལ་ཌཱཀི་བྱེ་བའི་གཙུག་རྒྱན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་པར་རོལ་བ། དཔལ་མུ་མེད་ཡེ་ཤེས་མཚོ་མོ་ཉིད་ཀྱིས་ཀྱང་ལས་སྨོན་རྟེན་འབྲེལ་གྱིས་བསྡུས་པའི་དེར་ཡོད་དད་ལྡན་ཡོངས་ལ་ཐུགས་བརྩེས་ཉེ་བར་གཟིགས་ཏེ། དུས་ཚེས་ཕུན་སུམ་ཚོགས་པ་མཉམ་མེད་ཐུབ་པའི་དབང་པོས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཚེས་བཟང་པོ་ལ། ཉག་མཚོ་རྒྱལ་དགོན་གྱི་བཙུན་མ་རྣམས་ཀྱི་གཙོས་དད་ལྡན་སེར་སྐྱ་ཡོངས་ལ་རྒྱལ་སྲས་ལག་ལེན་ལྗགས་ལུང་གནང་བ་སོགས་ཀྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བའི་རྟེན་འབྲེལ་གྱི་སྒོ་ཆེན་ཕྱེས། སྔོན་གྱི་ལུང་དོན་ལྟར་མ་བསྒྲིགས་རང་འགྲིག་ཏུ་སློབ་མའི་གྲངས་ཡང་ཐོག་མར་བཙུན་མ་བརྒྱ་དང་བཅུ་གསུམ་གསུངས་པ་ཇི་བཞིན་འདུག་པ་དང་། དེ་བཞིན་དུ་གྲུབ་བརྙེས་ཀྱི་གཏེར་སྟོན་ཆེན་པོ་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་མངའ་གཏེར་ཆེན་ལས་རབ་གླིང་པས་ལུང་བསྟན་ཚུལ། ཁོང་གིས་ཉག་གྱ་བཟི་དགོན་ལ་དངོས་སུ་ཕན་ཆེན་པོ་མ་ཐོགས་ཀྱང་ཁོང་གི་ཚ་མོ་ཞིག་གིས་མ་འོངས་པར་འགྲོ་དོན་རྒྱ་ཆེན་པོ་འགྲུབ་འོང་གསུངས་མྱོང་བའི་ཞལ་རྒྱུན་དེའང་ཁོང་གི་སྐུ་སྐྱེ་ཕྱི་མ་འདྲེན་མཆོག་༧ཆོས་རྗེ་བླ་མ་ཚ་ཞང་གི་སྐུ་དུས་ལ་དགོངས་ཏེ་གསུངས་པ་ཡིན་པ་གསལ་ལྷང་ངེར་མངོན་པར་བྱས་འདུག་པ་དང་།
གཞན་ཡང་སྤྱི་ལོ་༡༩༨༥བོད་ཤིང་མོ་གླང་གི་ལོར་རྗེ་བཙུན་མ་སྐུ་ཞང་ཟུང་གི་སྐུ་སྐྱེ་གོང་མའི་གདན་ས་ཆེན་པོ། ཤར་རྒྱལ་བ་སྐལ་བཟང་དགོན་དུ་༧ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་ཚ་ཞང་སྐུ་འཁོར་ཆིབས་བསྒྱུར་གནང་སྐབས། རྗེ་བཙུན་མ་མཆོག་གིས་སྐུ་སྐྱེ་སྔ་མ་མཁའ་འགྲོ་པོ་མོའམ་ཕྲིན་ལས་ཆོས་སྒྲོན་གྱི་སྐུ་དུས་ཀྱི་མཛད་པ་སྔོན་གནས་རྗེས་དྲན་དུ་དག་སྣང་ཆོས་སྐོར་བཞུགས་ཀྱང་རེ་ཞིག་གསང་རྒྱ་བྱས་ཡོད་ཚུལ་རྣམ་ཐར་དད་པའི་ཤིང་རྟ་རུ་གསལ་བ་དང་། གཞན་༧ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་དང་། སྐུ་གསུམ་ཌཱཀིའི་རྗེ་མོ་རྗེ་བཙུན་མ་རྣམ་པ་ཟུང་གིས་ནི་སྐྱེས་རབས་ནོར་བུའི་ཕྲེང་བར་ལས་སྨོན་རྟེན་འབྲེལ་ཟབ་མོས་འབྲལ་བ་མེད་པར་རྨད་བྱུང་བསྟན་འགྲོའི་དོན་མཛད་པ་ཡིན་ཏེ། སྔོན་རྒྱལ་དབང་ཨོ་རྒྱན་ཆེན་པོའི་སྐུ་དུས་འབངས་སྣ་ནམ་རྡོ་རྗེ་བདུད་འཇོམས། གྲོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ཕྱིས་སུ་བླ་མ་རྡོ་བྲག་པདྨ་ཕྲིན་ལས་དང་དེའི་སློབ་མ་མི་འགྱུར་དཔལ་གྱི་སྒྲོན་མ། ཡང་རྒྱལ་དབང་བཅུ་གསུམ་པའི་དུས་ཡབ་གཏེར་ཆེན་ལས་རབ་གླིང་པ་དང་ལུང་ཟིན་གྱི་དབང་ཡུམ་མཁའ་འགྲོ་པོ་མོའམ་ཕྲིན་ལས་ན་ཏེ་ཐབས་ཤེས་གྲོགས་ཀྱི་ཚུལ་དུ་བྱོན་པ་སོགས། འབྲལ་བ་མེད་པར་རླབས་ཆེན་བསྟན་འགྲོའི་དོན་ལ་བརྩོན་པ་ཡིན་ལ། སྐུ་ཕྲེང་འདིར་ཡང་གཏེར་ཆེན་ལས་རབ་གླིང་པའི་ལུང་དོན་བཞིན། རྒྱལ་བསྟན་རིས་མེད་ཀྱི་སྲོག་འཛིན་ལ་ཚ་ཞང་གི་ཚུལ་དུ་བྱོན་པ་སོགས་རྒྱུ་མཚན་དུ་མར་བརྟེན། རྗེ་བཙུན་མ་ཁོང་མི་འགྱུར་དཔལ་གྱི་སྒྲོན་མའི་རྣམ་རོལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན་གྱི་རོལ་གར་མཁའ་འགྲོ་པོ་མོའམ་ཕྲིན་ལས་ཆོས་སྒྲོན་གྱི་སྐུ་སྐྱེ་འཁྲུལ་མེད་དུ་གྲུབ་པ་བཞིན། བོད་ས་སྦྲུལ་ལོར་དཔལ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་མཆོག་གདན་ས་ཆེན་པོ་ཤར་རྒྱལ་བ་སྐལ་བཟང་དགོན་གྱི་བླ་སྤྲུལ་འདུས་སྡེ་ཡོངས་ཀྱིས་དར་སྣ་བ་དན་རོལ་མོས་མདུན་བསུས་ནས། མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་མཛད་ཅིང་རྟེན་འབྲེལ་ལེགས་པའི་མཆོད་རྫས་གྱ་ནོམ་བསམ་གྱིས་མི་ཁྱབ་པས་སྣ་དྲངས་ཏེ། སྐུ་གོང་མའི་གདན་སའི་བསྟན་པའི་བདག་མོ་ཉིད་དུ་མངའ་གསོལ་ཆེ་འདོན་མཛད། སྤྱི་ལོ་༡༩༨༧ཏེ་བོད་རབ་བྱུང་བཅུ་བདུན་པའི་ཐོག་མ་མེ་ཡོས་ལོར། རིགས་བརྒྱའི་ཁྱབ་བདག་༧བླ་མ་ཡིད་བཞིན་ནོར་བུ་མཆོག་སྤྲུལ་བའི་ཞིང་མཆོག་རི་བོ་རྩེ་ལྔ་རུ་མགོན་པོ་འཇམ་པའི་དབྱངས་མཇལ་དུ་ཕེབས་སྐབས། རྗེ་བཙུན་མ་མཆོག་གི་གཙོས་ལས་ཅན་གྱི་འཁོར་ཁྲི་ཕྲག་གཅིག་ལྷག་གིས་ཞབས་འབྲིང་བ་བྱས་ནས། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་བྱེ་བ་ལྷག་གྲུབ་པར་བྱེད་པའི་དུས་དེར། རྗེ་བཙུན་མ་མཆོག་གིས་འཕགས་པ་འཇམ་དཔལ་དབྱངས་ཀྱིས་དུས་ཇི་སྲིད་དུ་ཆོས་འཁོར་སྐོར་བའི་གནས། སྲེད་མེད་བུའི་བྲག་ཕུག་ནས་རྡོ་དཀར་པོ་ཞིག་ལ་རང་བྱུང་གི་ཡི་གེ་ཨ་དཀར་འོད་མདངས་བཀྲ་བ་འབུར་དུ་དོད་པ་ཅན་ཞིག་དངོས་གྲུབ་ཀྱི་དོད་དུ་རྙེད་ཚུལ་གནང་བས། དེར་ཡོད་ཀུན་ལ་དད་གུས་དང་ངོ་མཚར་རྒྱ་ཆེན་པོ་སྐྱེ་བར་བྱས། དེ་ནི་རྗེ་བཙུན་མ་ཐུགས་བཙུན་པས་ཕྱི་ངོས་ནས་རྙེད་ཚུལ་གནང་བ་མ་གཏོགས། དོན་ལ་རང་བྱུང་གི་གཏེར་སྐལ་ཞིག་ཕྱག་ཏུ་ལྷུན་གྲུབ་རང་བབས་སུ་བྱུང་བ་ཡིན་པར་ཐེ་ཚོམ་མི་འདུག་ལ། བྱིན་འབར་རང་བྱུང་གི་ཨ་དཀར་དེ་ད་ལྟ་གདན་སའི་གཟིམས་ཁང་དུ་དངོས་སུ་མཇལ་རྒྱུར་བཞུགས། བོད་ལྕགས་རྟ་ལོ་སྟེ་སྤྱི་ལོ་༡༩༩༠ལོ་ཟླ་༧ཚེས་༡༦ལ། སྔ་འགྱུར་བསྟན་པའི་བདག་པོ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་སྔ་ཕྱི་དུ་མར་གསོལ་བ་བཏབ་པ་དང་འགྲོ་གྲོན་ཕུལ་ཏེ་གདན་ཞུས་པ་ལྟར། ༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མ་ཚ་ཞང་སྐུ་འཁོར་རྣམས་འཕགས་ཡུལ་དུ་ཆིབས་བསྒྱུར་གནང་། སྐབས་དེར་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་འབྲེལ་བ་ཟབ་མོ་དུས་སུ་སད་དེ། འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་པར་རོལ་བ་ས་གསུམ་འགྲོ་བའི་འདྲེན་པ་ཆེན་པོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཞུགས་སྒར་དྷ་རཾ་སའི་རྩེ་རྣམ་རྒྱལ་གླིང་གི་གྲྭ་ཚང་འདུས་སྡེ་ཡོངས་ཀྱིས་གདུགས་དང་། དར་སྣ་བ་དན་མཁའ་རུ་བསྒྲེངས། རྔ་གླིང་རོལ་མོས་མདུན་བསུས་ནས་གདན་དྲངས་པ་ལྟར། ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། ཆོས་རྗེ་ཡིད་བཞིན་ནོར་བུ་དང་རྗེ་བཙུན་མུ་མེད་ཡེ་ཤེས་མཚོ་མོ་སྐུ་འཁོར་རྣམས་མཇལ་འཕྲད་གནང་སྟེ། ཕན་ཚུན་ཐུགས་དགྱེས་ཚུལ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་རིས་མེད་རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་སོགས་ལ་ཞལ་ཏ་མང་དུ་གནང་བ་དང་། ༧གོང་ས་ཐམས་ཅད་མཁྱེན་པ་མཆོག་དང་། རྗེ་བཙུན་མ་སྐུ་འཁོར་རྣམས་སྐུ་རབས་ཕྲེང་བར་དད་པ་དང་དམ་ཚིག་རྣམ་པར་དག་པས་འབྲེལ་བ་ཟབ་པ་སོགས་ལ་དགོངས་ཏེ། གནས་ཆུང་གྲྭ་ཚང་འདུས་ཚོགས་དང་མཉམ་དུ་གཏེར་ཆེན་ལས་རབ་གླིང་པའི་ཟབ་གཏེར་ཕུར་པ་ཡང་གསང་སྤུ་གྲིའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་པ་སོགས་ཐུགས་སྨོན་ཚད་མེད་པའི་བཀའ་རྒྱས་བཏབ་པ་དང་།
དེ་ནས་བོད་ཟླ་དྲུག་པའི་ཚེས་གཅིག་སྟེ་དུས་ཚེས་ཕུན་སུམ་ཚོགས་པའི་ཉིན། ༧གོང་ས་ཐམས་ཅད་མཁྱེན་པ་དང་། ༧ཆོས་རྗེ་ཡིད་བཞིན་ནོར་བུ། རྗེ་བཙུན་མ་མཆོག །མཁན་རྣམ་གྲོལ་སོགས་དཔོན་སློབ་འདུས་པ་རྒྱ་མཚོ་མཉམ་གཅིག་ཏུ་རྟེན་བྱིན་ལྡན་ཇོ་བོ་ཝ་ཏི་བཟང་པོ་ཞེས་བྱ་བའི་སྤྱན་སྔར་འཁོད་དེ། བསྟན་དང་འགྲོ་བའི་དོན་དུ་ཐུགས་བསྐྱེད་བླ་ན་མེད་པའི་སྒོ་ནས་དཔལ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་མཚམས་སྦྱོར་བར་མཛད། དེའི་ཚེ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་རོལ་གངས་ལྗོངས་འགྲོ་བའི་སྐྱབས་གཅིག་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་ཉིད། དཔལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པའི་མངའ་བདག་ཆེན་མོ་མི་འགྱུར་དཔལ་གྱི་སྒྲོལ་མའི་རྣམ་རོལ་ཡིན་ཚུལ། བསླུ་མེད་རྡོ་རྗེའི་བཀའ་ལུང་བརྟན་པོ་ཡང་ཡང་བསྩལ་ཏེ་ངོས་འཛིན་མཛད་ཅིང་མི་འགྱུར་བཀའ་རྟགས་རྡོ་རྗེའི་ཐམ་ཀ་ཕྱག་གིས་མནན་ཅིང་། སྐུ་ཚེ་བསྐལ་བརྒྱར་བརྟན་ཏེ་མཛད་འཕྲིན་ཉི་ཟླའི་འོད་སྣང་ཕྱོགས་སུ་རྒྱས་པའི་ཞབས་བརྟན་སྨོན་ཚིག་བྱིན་བརྒྱའི་གཏེར་ཆེན་ཞེས་པ་ཐུགས་བརྩེ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་གནང་ངོ་། །རང་སྣང་འོད་གསལ་ཞིང་ན་ལྷན་སྐྱེས་ཀྱི་ཆོས་ཉིད། །འཕོ་མེད་རྒྱལ་ཀུན་བསྐྱེད་པའི་ཡུམ་ཆེན་དུ་བཞུགས་ཀྱང་། །གང་འདུལ་མཛད་པའི་ཐབས་མཁས་ཡེ་ཤེས་ཀྱི་རོལ་གར། །སྣ་ཚོགས་ཞིང་དུ་རྩེན་པ་འཕགས་ཆེན་གྱི་རྣམ་ཐར། །ཨོ་རྒྱན་སྨིན་གྲོལ་ངེས་དོན་དགའ་ཚལ་གྱི་གླིང་གི །རིག་འཛིན་རིགས་ཀྱི་སྲས་མོ་ཡེ་ཤེས་ཀྱི་ཌཱཀིས། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་ལྷག་མ་ལ་དགོངས་ནས། །ཡང་སྤྲུལ་ཟླ་ཚེས་གསར་བའི་མཛེས་ཞལ་ཞིག་ངོམ་བྱུང་། །ཞེས་ཀྱང་སྨྲས་སོ། །
དེ་ནས་བོད་ཟླ་༦ཚེས་༩ལ་འཕགས་ཡུལ་རྣམ་གྲོལ་གླིང་དགོན་པའི་དབུ་ཆོས་བཀྲ་ཤིས་རྟགས་བརྒྱད་ཀྱི་གཙོས་དགེ་འདུན་འདུས་སྡེ་ཡོངས་ཀྱིས་མ་བགྲོས་བློ་སེམས་གཅིག་གུས་ངང་། ༧ཆོས་རྗེ་ཚ་ཞང་རྣམ་གཉིས་གདན་ཞུས་དང་། མི་འཇིགས་གདོང་ལྔའི་ཁྲི་བཤམས་ཤིང་རྔ་གླིང་རོལ་མོས་མདུན་བསུས་ཏེ། རྗེ་བཙུན་མ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་སྤེལ། དེ་ནས་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་གཙོས་བླ་སྤྲུལ་མཁན་གསུམ་དང་དགོན་སྡེ་སོ་སོའི་འདུས་སྡེ་ཡོངས་ཀྱིས་མཎྜལ་རྟེན་གསུམ་དང་། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད། སྔ་འགྱུར་བསྟན་པའི་བདག་པོ་གྲུབ་དབང་པདྨ་ནོར་བུ་མཆོག་དབུར་བཞུགས་པའི་འདུས་སྡེ་ཡོངས་ནས་ཚེ་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་དང་སྦྲེལ། སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་དང་རྗེ་བཙུན་མར་པད་ཞྭ་མཐོང་གྲོལ་ཆེན་མོའི་གཙོས་མཆོད་སྤྲིན་དཔག་ཏུ་མེད་པ་རྟེན་འབྲེལ་ཆེ་འདོན་དུ་ཕུལ། རིམ་བཞིན་འཕགས་ཡུལ་གྱི་དགོན་སྡེ་སོ་སོས་གདན་ཞུས་བཞིན་ཕེབས་གནང་དང་། སྒྲུབ་གནས་བྱ་རྒོད་ཕུང་རི་སོགས་བྱིན་ལྡན་གྱི་སྒྲུབ་གནས་ཡོངས་ལ་ཕེབས་བཞུགས་མཛད་ཅིང་ཐུགས་སྨོན་ཟབ་རྒྱས་གནང་གྲུབ་རྗེས་ཕྱིར་གངས་རིའི་ལྗོངས་ཀྱི་གདན་སར་འཁོད་དོ། །
བོད་ཆུ་བྱ་ལོ་སྟེ་ཕྱི་ལོ་༡༩༩༣ལོར་ཕྱི་གླིང་ཨ་རི་ནས་ལྕགས་མདུད་རིན་པོ་ཆེ་ཡབ་སྲས་དང་རྒྱལ་སྤྲུལ་རིན་པོ་ཆེ་སོགས་བླ་སྤྲུལ་དང་ཆོས་ཚོགས་དུ་མས་གསོལ་བ་བཏབ་པ་བཞིན་༧ཆོས་རྗེ་བླ་མ་མཆོག་དང་རྗེ་བཙུན་མ་ཚ་ཞང་སྐུ་འཁོར་རྣམས་ཨ་རི་ལ་ཕེབས་ཤིང་། ཟུར་མང་དྲུང་རིན་པོ་ཆེའི་ཆོས་ཚོགས་ཞེས་པ་དང་། ཨ་ཏིའི་གླིང་། རིག་འཛིན་གླིང་། ཡེ་ཤེས་སྙིང་པོའི་གླིང་། བྱང་ཆུབ་གླིང་སོགས་ཕྱིའི་རྒྱལ་ཁབ་ཀྱི་སློབ་ཚོགས་ཡོངས། སྨིན་གྲོལ་ཟབ་ཆོས་ཀྱིས་ཚིམས་པར་བྱས་པ་དང་། གཞན་ཡང་ཧྥ་རན་སིའི་རྒྱལ་ཁབ་ནས་བསོད་རྒྱལ་རིན་པོ་ཆེས་སྐུ་ཞང་འཁོར་བཅས་གདན་ཞུས་པ་ལྟར་ཕེབས་ཏེ། དེར་ཕྱོགས་ཀྱི་སློབ་ཚོགས་ལ་རྗེ་བཙུན་མ་མཆོག་གིས་ལས་གླིང་གྲོ་ལོད་བདེ་གཤེགས་འདུས་པའི་དབང་སོགས་གནང་། སྤྱི་ལོ་༡༩༩༤ལོ་སྟེ་བོད་ཤིང་ཁྱི་ལོར་སྐུ་ཞང་འཁོར་སློབ་རྫ་སྟོད་ལྕང་མ་སྒར་དང་། བྲག་མགོ། དཀར་མཛེས་རྫོང་གི་དགོན་པ་དུ་མ་དང་། གཞན་ཡང་ཉག་བླ་བསོད་རྒྱལ་གྱི་གཏེར་གནས་ཡིད་ལྷུང་ལྷ་མཚོ་དང་། ཞེ་ཆེན་དགོན། འགོ་ཚ་དགོན། ཁྲོ་ཤུལ་གོང་འོག་གཉིས། དགེ་མང་དགོན་སོགས་སུ་ཕེབས་ནས་ཆོས་འབྲེལ་ཟབ་མོས་དད་ལྡན་ཡོངས་ཀྱི་རེ་འདོད་ལེགས་པར་བསྐངས་སོ། །
དེ་བཞིན་མཚོ་སྔོན་ཕྱོགས་ཀྱི་སློབ་བརྒྱུད་ཀྱིས་གདན་ཞུས་བཞིན་བཀའ་བརྒྱུད་ཀྱི་དགོན་པ་རྣམས་དང་། རྨ་ཆེན་གནས་མདུན་དང་སེང་འབྲུག་སྟག་རྩེ་སོགས་སུ་བྱོན་ཏེ། དད་ལྡན་སེར་སྐྱ་ཡོངས་ལ་ཆོས་འབྲེལ་ཟབ་རྒྱས་གནང་བ་དང་། སྨིན་ཐང་མཆོག་སྤྲུལ་རྡོ་རྗེ་བརྟན་ནས་གདན་ཞུས་བཞིན་མགོ་ལོག་ཁང་སར་སྨིན་ཐང་དུ་ཆིབས་བསྒྱུར་གནང་སྟེ། ཞང་དབོན་རྣམ་གཉིས་ཀྱིས་ཐུགས་བརྩེ་བླ་ན་མེད་པས་དབང་ལུང་དང་ཞལ་ཏ་སློབ་སྟོན་མང་དུ་གནང་ཞིང་། གཏེར་ཆེན་ལས་རབ་གླིང་བའི་གཏེར་གནས་ཀུན་གྱི་རྒྱལ་པོ་ཤར་གཉན་པོ་གཡུ་རྩེའི་བྱང་ཕུར་བ་ཕྲིན་ལས་ཀྱི་གནས་སྙིང་ཕྱོགས་བཅུའི་མཚོ་ལ་གནས་ཁྲུས་བྱིན་འབེབས་དང་མཚོ་གཏེར་རྒྱ་ཆེན་སྦས། ༧ཆོས་རྗེ་མཆོག་གིས་དཔལ་རྡོ་རྗེ་སེམས་དཔའི་ཆོས་ཚན་ཁྲོམ་གཏེར་དུ་བཞེས་པ་སོགས་ཀྱི་སྐབས་ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་གནང་། གཞན་རྔ་ཡུལ་ཀིརྟི་དགོན་ཆེན་དང་། ཤར་དུང་རིའི་མ་ཎི་རང་བྱུང་རི་ཁྲོད། རྨེ་བ་རུང་ཐ་དགོན་སོགས་སུ་ཕེབས་ནས་དབང་ལུང་གི་བཀའ་དྲིན་བསྐྱངས། བོད་ཤིང་ཕག་ལོ་སྟེ་སྤྱི་ལོ་༡༩༩༥ལོར་སྐུ་ཞང་དཔོན་སློབ་གསེར་སྟོད་རྟ་ཤུལ་དང་རྐང་རྩ་སོགས་ནས་གདན་ཞུས་ལྟར་ཕེབས་ཏེ་དད་ལྡན་སེར་སྐྱ་ཁྲི་ཕྲག་གསུམ་ལྷག་ལ། ཉིན་ཁ་ཤས་རིང་ཀུན་ཏུ་བཟང་པོའི་སྨོན་ལམ་དང་འབྲེལ་ཏེ་བདེ་ཆེན་ཞིང་སྒྲུབ་དང་། རྗེ་བཙུན་མ་མཆོག་གིས་༧ཆོས་རྗེ་བླ་མའི་གསུང་བྱིན་རླབས་ཅན་སྙིང་གཏམ་སྙིང་གི་ཐིག་ལེ་སོགས་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་དུ་བསྩལ། བོད་ས་མོ་ཡོས་ཀྱི་ལོར་མཁས་གྲུབ་གཉིས་ལྡན་གྱི་གྲུབ་བརྙེས་དམ་པ་གནས་ནང་ཆོས་ཀྱི་ཉི་མ་སོགས་བླ་སྤྲུལ་དུ་མས་གསོལ་བ་བཏབ་པ་བཞིན། ༧ཆོས་རྗེ་ཚ་ཞང་དཔོན་སློབ་གནས་ནང་དང་། བྲག་མགོ་འབུམ་ཉ་དགོན་སོགས་སུ་ཕེབས་བཞུགས་གནང་། རྗེ་བཙུན་མ་མཆོག་གིས་བླ་སྤྲུལ་མཁན་གསུམ་གཙོས་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་པོར། སངས་རྒྱས་འོད་དཔག་མེད་ཀྱི་བཀའ་དབང་དང་རྒྱལ་སྲས་ལག་ལེན་ལྗགས་ཁྲིད། ལམ་མཆོག་རིན་ཆེན་ཕྲེང་བ། ལམ་གཙོ་རྣམ་གསུམ། ཐུགས་རྗེ་ཆེན་པོའི་བཀའ་དབང་སོགས་ཀྱིས་དད་ལྡན་སེར་སྐྱ་ཁྲི་ཕྲག་མང་པོའི་རེ་བའི་འབྲས་བུ་ཡོངས་སུ་བསྐངས་བར་བྱས། ཤིང་ཕག་ལོར་ཉག་རོང་ཡུལ་དགོན་ཡོངས་ཀྱིས་གསོལ་བ་ལན་གྲངས་དུ་མར་བཏབས་པ་བཞིན། ༧ཆོས་རྗེ་ཚ་ཞང་སྐུ་འཁོར་གྱི་ཞབས་སོར་ཉག་ཡུལ་དུ་བསྒྱུར་ཏེ། ཁམས་ཉག་ཡུལ་དགོན་ཁག་ཞེ་བདུན། སྡེ་ཚོ་ཆེན་ཉེར་བཞིའི་གཙོས་དད་ལྡན་སེར་སྐྱ་དཔུང་ཆེན་པོས་གུས་ལུགས་སྲོལ་བཟང་བླ་ན་མེད་པས་གདན་ཞུས་པ་ལྟར་ཕེབས་ཏེ། ཡུལ་དེར་ཉིན་བརྒྱད་ཀྱི་རིང་ལ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས། སྔ་དྲོའི་ཆ་ལ་དད་ལྡན་སེར་སྐྱ་འབུམ་ཕྲག་དྲུག་ལྷག་ལ་ཆོས་རྗེ་ཡིད་བཞིན་ནོར་བུས་ཆོས་འབྲེལ་གནང་བ་དང་། ཕྱི་དྲོ་རྣམས་སུ་རྗེ་བཙུན་མ་མཆོག་ནས་ཐུགས་དམིགས་མེད་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་ཉིན་གྲངས་བརྒྱད་ཀྱི་རིང་རྒྱལ་སྲས་ལག་ལེན། ལམ་གཙོ་རྣམ་གསུམ། ཆོས་བཞི་རིན་པོ་ཆེའི་ཕྲེང་བ། སྙིང་གཏམ་སྙིང་གི་ཐིག་ལེ་སོགས་འཆད་ཁྲིད་དང་། འཕགས་པ་ཐུགས་རྗེ་ཆེན་པོའི་དབང་། སངས་རྒྱས་འོད་དཔག་མེད་ཀྱི་དབང་ཆོག་བསྩལ་བ་སོགས་ཟབ་མོ་ཆོས་ཀྱི་དགའ་སྟོན་གྱིས་ཚིམས་པར་བྱས་པ་མ་ཟད། དཔལ་ལྡན་བླ་མ་ཁོང་གི་གསང་གསུམ་ཡོན་ཏན་གྱི་ཉི་ཟེར། དེར་འདུས་དད་ལྡན་མང་ཚོགས་ཡོངས་ཀྱི་དད་གསུམ་ཡིད་མཁར་ཡོངས་སུ་ཤར་བའི་ལག་རྗེས་སུ། རྐུ་འཕྲོག་བཅོམ་གསུམ་རྔོན་རི་དྭགས་དུད་ཆང་སོགས་བཅད་དེ་རྣམ་དཀར་དགེ་བ་བཅུའི་མཛད་ཕྲིན་གྱི་སྣང་བས་ཁོར་ཡུག་ཡོངས་སུ་ཁྱབ་པ་དང་། རྗེ་བཙུན་མ་ཁོང་གི་སྐུའི་ཉེ་འཁོར་དུ་རྒྱལ་བའི་རིང་བསྲེལ་དང་། དམ་རྫས་མྱོང་གྲོལ་གྱི་རིལ་བུ་སྦྲང་ཆར་བཞིན་དུ་བབས་པ་མཇལ་བས་དད་ལྡན་སེར་སྐྱ་ཡོངས་ཀྱིས་ངོ་མཚར་དད་གདུང་གི་འདུན་པ་བླ་ནས་བླ་རུ་མཐོ་བ་བྱུང་ངོ་། །
སྤྱི་ལོ་༡༩༩༥ལོ་སྟེ་བོད་ཤིང་ཕག་ལོར་སེང་གྷ་ཕོར་སློབ་ཚོགས་ཡོངས་དང་མ་ལེ་ཤིས་ཡའི་སློབ་མ་རྣམས་ཀྱིས་གདན་ཞུས་བཞིན་ཕེབས་བཞུགས་མཛད་ཏེ་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་གནང་བ་དང་། བོད་ས་སྟག་ལོ་སྟེ་སྤྱི་ལོ་༡༩༩༨ལོར་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་མཆོག །སྨིན་གླིང་བསྟན་པའི་མངའ་བདག་མི་འགྱུར་དཔལ་གྱི་སྒྲོལ་མའི་རྣམ་རོལ་འཁྲུལ་མེད་ཡིན་པ། ༧གོང་ས་རྒྱལ་བའི་དབང་པོ་གཙོས་བདེན་གཟིགས་སྐྱེས་ཆེན་དུ་མས་རྡོ་རྗེའི་ལུང་གིས་ཡང་ཡང་བསྟན་ཅིང་མཚན་གསོལ་ཆེ་འདོན་སོགས་གནང་བས་བསྐུལ། སྨིན་གླིང་གདུང་སྲས་རིན་པོ་ཆེ་དང་། ཆོས་མཛད་འཇམ་དཔལ། གོ་འཇོ་བྲག་ནག་དགོན་གསང་སྔགས་ཆོས་གླིང་གི་བླ་སྤྲུལ། མཁོ་ཁྱིམ་དགོན་པའི་སྤྲུལ་སྒྲོན་སྐྱབས་སོགས་བླ་སྤྲུལ་མཁན་གསུམ་འདུས་སྡེ་ཡོངས་ཀྱིས་སྐུ་སྐྱེ་གོང་མའི་གདན་སར་ཕེབས་ཞུ་ཡང་ཡང་བྱས་པ་ན། བོད་ཆུ་ཕོ་སྟག་གི་ལོར་རྗེ་བཙུན་མ་ཁོང་གིས་ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཆིབས་བསྒྱུར་གནང་། དགོན་དེའི་བླ་སྤྲུལ་མཁན་གསུམ་གྱི་གཙོས་དགེ་འདུན་འདུས་སྡེ་ཡོངས་ནས་རྔ་གླིང་རོལ་མོ་བདུག་སྤོས་སོགས། རྟེན་འབྲེལ་གྱི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པའི་སྒོ་ནས་ཕེབས་བསུ་བྱས་ཤིང་ཞབས་ཟུང་གསེར་གྱི་པདྨོ་མི་འཇིགས་གདོང་ལྔའི་ཁྲི་ལ་ཡོངས་སུ་བཀོད།
འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་སྤྲུལ་མཁན་གསུམ་གཙོས་འདུས་སྡེ་ཡོངས་ཀྱིས་མི་ཕྱེད་དད་གུས་དྲག་པོའི་སྒོ་ནས་མཎྜལ་རྟེན་གསུམ་སོགས་མཆོད་པའི་བྱེ་བྲག་མཐའ་ཡས་པ་ཕུལ་ཞིང་། ཨོ་རྒྱན་གཏེར་བདག་གླིང་བའི་ཕྱག་བཞེས་བཞིན་དབུ་ཞྭ་པདྨ་མཐོང་གྲོལ་དབུ་ལ་གསོལ་ཏེ་བརྟན་བཞུགས་རྒྱས་པ་ཕུལ། ཁོང་གིས་བླ་སྤྲུལ་འདུས་སྡེ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཨོ་རྒྱན་གཏེར་བདག་གླིང་པའི་གཏེར་བྱོན་རྡོར་སེམས་ཐུགས་སྒྲུབ་སོགས་ཀྱི་དབང་དང་ཆོས་འབྲེལ་ཟབ་རྒྱས་སུ་གནང་། དེར་བཞུགས་ཀྱི་དགེ་འདུན་འདུས་སྡེ་ཡོངས་ལ། ཨོ་རྒྱན་གཏེར་བདག་གླིང་པ་དང་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཟུང་གི་གདུང་ཚ་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་རེ་རེ་དང་། བཤད་གྲྭ་བ་རྣམས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་རེ་རེ་གནང་། རྗེ་བཙུན་མ་ཁོང་གིས་སྐུ་སྐྱེ་གོང་མའི་གཟིམ་ཆུང་གི་ཕྱིའི་བཀོད་པ་དང་ནང་བྱིན་རྟེན་སོགས་རྗེས་སུ་དྲན་ཏེ། འདི་དག་མ་རུང་བདུད་ཀྱི་ཁ་དར། དཀར་ཕྱོགས་དབུ་འཕང་དམའ་བའི་དུས་ངན་གྱི་སྐབས་རྣམས་སུ་ཆག་འཇིག་ཉམ་རྒུད་ཅི་ཙམ་བྱུང་ཡོད་སྙམ་དུ་ཞིབ་གཟིགས་ལེགས་པར་མཛད་སྐབས། ཡབ་རྗེ་དམ་པ་སྤྲུལ་བའི་གཏེར་སྟོན་ཆེན་པོ་གཏེར་བདག་གླིང་པའི་སྐུ་བརྙན་ང་འདྲ་མ་ཞེས། མཐོང་གྲོལ་བྱིན་འབར་གྱི་མཛེས་སྐུ་དེ་ཉིད་མཇལ་མ་ཐག་ཁོང་གིས་སྐུ་སྐྱེ་གོང་མ་སྨིན་གླིང་བསྟན་པའི་བདག་མོ་མི་འགྱུར་དཔལ་གྱི་སྒྲོལ་མའི་སྐུ་དུས་གསལ་ལྷང་ངེར་དྲན་ཏེ། ཐུགས་སྐྱོ་ཚད་མེད་པའི་ངང་སྤྱན་ཆབ་བསིལ་ཞིང་བཤུམ་པ་དྲག་ཏུ་མཛད་པ་དང་། ཐུགས་བསྐྱེད་སྨོན་ལམ་ཟབ་རྒྱས་བཅས་རྟེན་གསུམ་རབ་གནས་སོགས་གནང་བ་ལ། དེར་འདུས་ཀྱི་སྨིན་གླིང་ཆོས་མཛད་འཇམ་དཔལ་སོགས་བླ་སྤྲུལ་མཁན་གསུམ་འདུས་སྡེ་ཡོངས་ནས་འཕགས་བོད་མཁས་གྲུབ་གཉིས་ལྡན་རྣམ་པའི་ལུང་ལ་ནོར་འཁྲུལ་ག་ལ་སྲིད་དེ་སྲིད་པ་མིན་མོད།
འདིར་རྗེ་བཙུན་མ་མཆོག་གིས་སྐུ་སྐྱེ་གོང་མ་རྗེས་སུ་དྲན་པའི་མཛད་རྣམ་འདིས། སྨིན་གླིང་བསྟན་པའི་མངའ་བདག་ཆེན་མོ་མི་འགྱུར་དཔལ་གྱི་སྒྲོལ་མའི་རྣམ་རོལ་ཉིད་དུ་རྗེ་བཙུན་མ་ཉིད་ཀྱིས་ཉིད་ངོས་འཛིན་འཛད་ཅིང་། ལུང་གིས་བསྟན་པ་ཡིན་ནོ་ཞེས་བླ་སྤྲུལ་འདུས་སྡེ་ཡོངས་ཀྱིས་སྐུ་རབས་གོང་མའི་སྐྱེ་སྤྲུལ་འཁྲུལ་མེད་ཡིན་པར་ཡིད་ཆེས་གཏིང་ཚུགས་པ་དང་། ངེས་ཤེས་བླ་ལྷག་ཏུ་སྐྱེས་ཤིང་བཅོས་མིན་གྱི་དད་འདུན་དང་དགའ་སྤྲོ་ཚད་མེད་སྐྱེས་པར་མ་ཟད། བླ་སྤྲུལ་འདུས་སྡེ་ཡོངས་ཀྱིས་མགྲིན་གཅིག་ཏུ་བླ་མ་དམ་པ་ཕྱིས་སུ་ཡང་ཉིད་ཀྱིས་གདན་ས་འདི་ཉིད་དུ་ཞབས་ཟུང་གསེར་གྱི་འཁོར་ལོ་ལན་བརྒྱ་ཕྲག་གི་བར་ལ་འཁོད་དེ། ཞབས་པད་རྡོ་རྗེའི་གཤིས་སུ་བརྟན་ཞིང་ཟབ་གཏེར་ཆོས་ཀྱི་མཛད་འཕྲིན་ལ་རྒྱུན་ཆད་མེད་པར་བདག་ཅག་སློབ་འབངས་འདུས་སྡེ་ཡོངས་བརྩེ་ཆེན་ཐུགས་རྗེས་འདོར་བ་མེད་པར་རྗེས་སུ་འཛིན་པར་ནན་གྱིས་ཞུས་པ་ན། ལྷན་སྐྱེས་ཌཱཀིའི་གཙུག་རྒྱན་དེ་ཉིད་ཀྱིས་ཐུགས་དགྱེས་ཚུལ་བསམ་གྱིས་མི་ཁྱབ་པའི་ངང་ནས་སླར་ཡང་སྨིན་གླིང་བསྟན་པའི་བདག་མོར་ཞལ་གྱིས་བཞེས་ཏེ་འདི་ལྟར་གསུངས།
སྤྱིར་བུད་མེད་ལུས་རྟེན་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་དོན་རླབས་ཆེན་རྨད་དུ་བྱུང་བ་ཞིག་འོང་དཀའ་ན་ཡང་། སྐུ་གསུམ་ཌཱཀིའི་སྤྱི་དཔལ་མི་འགྱུར་དཔལ་གྱི་སྒྲོལ་མ་ཞེས་པའི་སེམས་མ་ཆེན་མོ་ཁོང་གིས་སྤྱིར་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། བྱེ་བྲག་ཁོང་ལ་སྔར་ཡབ་རྗེ་གཏེར་བདག་གླིང་པས་ང་ལ་བུ་ལས་བུ་མོ་ཐུགས་བརྩེ་ཆེ་བས། བུ་མོ་ཁྱེད་ལ་རེ་ཆེན་པོ་འདུག་གི་ཞེས་གསུངས་པ་བཞིན་དུ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བསྟན་པ་ལ་དུས་རབས་བཅུ་བདུན་པར་ཉམས་རྒུད་ཆེན་པོ་བྱུང་བའི་ཚེ་སྐུ་གསུམ་ཌཱཀིའི་རྗེ་མོ་ཁོང་གིས་གདན་ས་བདག་སྐྱོང་དང་། ཆོས་སྡེ་ཆེན་པོའི་ཉམས་པ་སླར་གསོ་དང་མ་ཉམས་པ་དག་གོང་འཕེལ་དུ་བཏང་ཞིང་། སྔ་འགྱུར་སྨིན་གླིང་པའི་བསྟན་པ་ཉི་ཟླའི་འོད་སྣང་ལྟར་གསལ་བར་བྱས་པའི་བཀའ་དྲིན་བསྐྱངས་པ་བཞིན། ངེད་ལ་ཡང་ཌཱཀི་དེ་ཡི་མཚན་ཙམ་ཐོབ་པས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བཤད་དང་སྒྲུབ་པའི་བསྟན་པ་ལ་ཐུགས་ཁུར་ཆེ་བཞེས་དང་། ཞབས་ཕྱི་གང་ནུས་ཞུ་ཆོག་ཞེས་ཞལ་གྱིས་བཞེས།
དེ་ནས་རྗེ་བཙུན་མ་སྐུ་འཁོར་རྣམས་དཔལ་བསམ་ཡས་གཙུག་ལག་ཁང་དུ་ཕེབས་བསུ་རྒྱ་ཆེར་བཅས་ཕེབས་ནས་དད་ལྡན་སེར་སྐྱ་ཡོངས་ལ་ཟབ་མོ་ཆོས་ཀྱི་གདམས་པ་མང་དུ་གནང་། དེ་བཞིན་དུ་སྐུ་འཁོར་ཡོངས་ཀྱིས་དབུས་ལྷ་ལྡན་དུ་ཆིབས་བསྒྱུར་གནང་སྟེ། ལྷ་ལྡན་གཙུག་ལག་ཁང་ཆེན་མོའི་རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནེ་ལ་ཞལ་གསེར་ཕུལ་ཅིང་། བསྟན་དང་འགྲོ་བའི་དོན་དུ་ཐུགས་བསྐྱེད་བླ་ན་མེད་པ་མཛད་པའི་སྐབས། སྨིན་གླིང་བསྟན་བདག་གདུང་སྲས་རིན་པོ་ཆེ་རྗེ་བཙུན་མ་ཁོང་གི་མདུན་སར་ཕེབས་ཏེ་དངོས་འབུལ་གྱ་ནོམ་གྱིས་སྣ་དྲངས་ནས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། སྐུ་གོང་མའི་གདན་སར་ཉེ་ཆར་ཕེབས་པར་བཀའ་དྲིན་ཞུས་པ་དང་། ཕྱིས་སུ་ཡང་རྒྱུན་མར་ཕེབས་ནས་སྨིན་གླིང་བསྟན་པར་ཐུགས་ཁུར་ཆེ་བཞེས་གནང་སྐུལ་སོགས་གསུང་གླེང་རྒྱ་ཆེར་མཛད། དེ་ནས་ཤུག་གསེབ་རིན་པོ་ཆེ་དང་། སྤྲུལ་ངེས་དོན་བསྟན་འཛིན། རྣམ་གླིང་མཁན་དཀོན་མཆོག་སོགས་བླ་སྤྲུལ་མཁན་གསུམ་གྱི་གཙོས་དད་ལྡན་སེར་སྐྱ་མང་པོར་མཇལ་ཁ་གནང་བ་དང་། ཀུན་མཁྱེན་ཆེན་པོའི་གདན་ས་གངས་རི་ཐོད་དཀར་དང་། ཤུག་གསེབ་དགོན་རྣམས་ཀྱི་བླ་སྤྲུལ་དང་བཙུན་སྡེ་ཡོངས་ནས་སྐུ་གསུང་ཐུགས་རྟེན་དང་མཎྜལ་སོགས་མཆོད་རྫས་ཀྱིས་སྣ་དྲངས་ཏེ། རྗེ་བཙུན་མ་ཉིད་ཀྱི་མདུན་སར་ཕེབས་ནས་ཟབ་ཆོས་གདམས་པ་མང་དུ་ཞུས།
སྤྱི་ལོ་༡༩༩༩ལོར་རིག་འཛིན་འབུམ་ཚོགས་ཆེན་པོའི་དུས་སུ་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པའི་དགོན་ལག་གོ་འཇོ་མཁོ་ཁྱིམ་དགོན། བྲག་ནག་དགོན། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་སོགས་དགོན་ཁག་སུམ་ཅུ་ལྷག་ཙམ་གྱིས་༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་། རྗེ་བཙུན་མ་རྣམ་གཉིས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་སུ་རྒྱས་ཕྱིར་བརྟན་བཞུགས་གསོལ་འདེབས་དང་སྐུ་གསུང་ཐུགས་རྟེན་གཙོས་མཆོད་པའི་མཎྜལ་རྒྱ་ཆེར་ཕུལ། བོད་ལྕགས་འབྲུག་ལོའི་ས་ག་ཟླ་བར་རྗེ་བཙུན་མར་ཨོ་རྒྱན་སྨིན་གྲོལ་གླིང་གི་ལས་གཉེར་བ་རྣམས་ཀྱིས་རྟེན་འབྲེལ་གྱི་སྐྱེས་སུ་དམིགས་ཏེ། སྐུ་གསུང་ཐུགས་རྟེན་གྱི་མཎྜལ་དང་ཟ་བེར་མཁན་ཞྭ་བཅས་ན་བཟའ་ཆ་ཚང་ཕུལ་ཞིང་། དགེ་འདུན་འདུས་སྡེ་ཡོངས་ལ་གདུགས་ཚོད་དྲངས་པ་སོགས་བསྙེན་བཀུར་རྒྱ་ཆེར་མཛད། དེ་བཞིན་དུ་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་མ་ལག་ལྔ་བཅུ་ང་བདུན་ཙམ་ནས་སྐུ་ཚེ་བསྐལ་བརྒྱར་བརྟན་ཕྱིར་བརྟན་བཞུགས་གསོལ་འདེབས་དང་འབྲེལ། མཆོད་པའི་བྱེ་བྲག་སྐུ་གསུང་ཐུགས་རྟེན་གཙོས་མཎྜལ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང་མི་འཇིགས་གདོང་ལྔའི་ཁྲི་ལ་མངའ་གསོལ་ཆེ་འདོན་གྱི་མཛད་སྒོ་སྤེལ།
དེའི་ཚེ་ཉག་རོང་ཕྱོགས་ཀྱི་དགོན་ཁག་བཞི་བཅུ་དང་ཁོང་གི་སློབ་འབངས་སུ་གཏོགས་ཚད་ཀུན་གྱིས་སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་ཅིང་མཛད་འཕྲིན་ཉི་ཟླའི་འོད་སྣང་ཕྱོགས་སུ་རྒྱས་ཕྱིར་བརྟན་བཞུགས་གསོལ་འདེབས་དང་འབྲེལ། མཆོད་པའི་རྫས་ཀྱི་བྱེ་བྲག་ལ་རྟེན་འབྲེལ་རྫས་ཀྱི་ཆེ་བ་སྐུ་གསུང་ཐུགས་རྟེན་དང་། ཕེབས་འཁོར་དང་། གོས་ཕྲུག་ཐེར་གསུམ། གདན་ཆ་སྣ་ཚོགས་སོགས་མཆོད་པའི་རྫས་བསམ་ཡུལ་འདས་པས་མཆོད་སྤྲིན་བཏེགས་སྐབས། རྗེ་བཙུན་མས་ཐུགས་དགྱེས་ཚུལ་གྱི་སྒོ་ནས་མཆོད་རྫས་དེ་དག་ལྷག་ལུས་མེད་པར་ཕྱིར་དགོན་སྡེ་རང་རང་སོ་སོར་གནང་བ་དང་། གཞན་ཨོ་རྒྱན་སྨིན་གྲོལ་གླིང་ལ་བཤད་གྲྭ་ཐོག་མར་འཛུགས་པའི་མཐུན་རྐྱེན་ལ་སྒོར་ཁྲི་ཕྲག་བཅོ་ལྔ་དང་། བཤད་གྲྭ་པ་རྣམས་ལ་ཟླ་ཕོག །དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་པ་སོགས་ཀྱི་མཐུན་རྐྱེན་ལ་སྔ་ཕྱི་ཀུན་ཏུ་སྒོར་ཁྲི་ཕྲག་ཉི་ཤུ་རྩ་གསུམ་དང་ལྔ་སྟོང་ཙམ་གནང་བ་སོགས་ཆོས་དང་ཟང་ཟིང་གིས་བརྩེ་གཟིགས་བླ་མེད་གནང་། དེ་ལྟར་ཕྱོགས་སོ་སོའི་དད་ལྡན་སེར་སྐྱ་བགྲང་དུ་མེད་པའི་ངོར་ཕེབས་བཞུགས་དང་། ཟབ་རྒྱས་ཆོས་ཀྱི་འཁོར་ལོས་འབྲེལ་ཚད་དོན་ལྡན་གྱི་མཛད་འཕྲིན་མཐའ་ཡས་པ་བསྐྱངས།
རབ་རྒྱན་ཤིང་ཕག་ལོར་༧ཆོས་རྗེ་བླ་མ་མཆོག་གི་ཞལ་ནས་གདན་ས་ཆེན་པོ་དཔལ་གསེར་ལྗོངས་བླ་མ་རུང་འདིར། འཛམ་བུ་གླིང་གི་ནད་མུག་འཁྲུག་རྩོད་དུས་ཀྱི་རྒུད་པ་སོགས་དབྱིངས་སུ་ཞུ་ཆེད་དུ། དཔལ་སྒྱུ་འཕྲུལ་དྲྭ་བའི་བློས་བསླངས་འཛམ་བུ་གླིང་ན་ཆེས་དཀོན་པ་ཞིག་བཞེང་དགོས་ཞེས་ཐུགས་ཀྱི་བཀོད་པ་ཇི་ལྟར་བསྟར་བ་བཞིན། རྗེ་བཙུན་མ་ཉིད་ཀྱིས་འགྲོ་གྲོན་བཏང་སྟེ་ཐུགས་བསྐྱེད་བསོད་ནམས་ཀྱི་མཐུ་ལས་ཇི་ལྟར་བཞེངས་པའི་ཚུལ་ནི། གཞལ་ཡས་ཁང་གི་ཕྱི་རོལ་སྒོ་བཞི། རྟ་བབས་བརྒྱད་པ་བཞི་སོགས་ལྷ་བརྒྱད། ཀླུ་བརྒྱད། མཆོད་པའི་ལྷ་མོ་བཅུ་དྲུག་གི་བར་དུ་ཕྱིའི་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ་དང་། ནང་རྟེན་གསུམ་བྱིན་རླབས་ཀྱི་གཟི་བྱིན་འབར་བ་སྟེ་ཕྱི་ནང་གིས་རྒྱན་དང་བཀོད་པ་སོགས་རང་བྱུང་ལྷུན་གྱིས་གྲུབ་པ་ལྟ་བུ་ཞིག་བཞེངས། ས་སྟག་ལོ་སླར་ཡང་སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོའི་འོག་ཏུ་གངས་ལྗོངས་ནང་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལྷ་ཁང་དང་། གཞན་གཡུང་དྲུང་བོན་དང་། རྒྱ་ནག་གི་ལྷ་ཁང་བཅས་ནང་གསེས་སོ་སོར་ཕྱེས་ན་ལྷ་ཁང་ཉེར་གསུམ་ལེགས་པར་བཞེངས་ཏེ། དགེ་འདུན་འདུས་སྡེ་ཡོངས་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཞིང་། འཛམ་གླིང་གི་རྒུད་པ་སེལ་བའི་ནོར་བུར་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་མཛད་པ་སོགས། མདོར་ན་རྗེ་བཙུན་བླ་མ་དམ་པ་མཆོག་གིས་ཐོས་བསམ་སྒོམ་གསུམ་གནང་བ་དང་། གཞན་དོན་དུ་དབང་ཁྲིད་མན་ངག་འབད་མེད་དུ་བསྩལ་བ། བསྟན་འགྲོ་སྤྱིའི་རིམ་གྲོར་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་རླབས་ཆེ་བ་དང་། ལྷག་པར་དུ་མཆོག་གི་གསང་གསུམ་གྱི་ཡོན་ཏན་ལ་མ་རྒྱུད་མཁའ་འགྲོ་བྱེ་བའི་ནུས་སྟོབས་ཀུན་ནས་རྫོགས་ཕྱིར་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་མཛད་པ་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ལགས་མོད། སྔར་ཞུས་པ་ལྟར་རྗེ་བཙུན་བླ་མ་དམ་པ་མཆོག་ཐུགས་ཤིན་ཏུ་སྒམ་ཞིང་། ཞལ་ཧ་ཅང་བཙུན་པས་བསམ་མི་ཁྱབ་པའི་མཛད་པ་དག་ནི་སྦས་ཚུལ་ཁོ་ན་གནང་རྒྱུ་མ་གཏོགས་ཞལ་འཁྱེར་གསུང་བསྒྲགས་གནང་ཡེ་ནས་མི་སྲིད་ན་འང་། རྗེ་བཙུན་བླ་མ་མཆོག་དང་ཡུན་གྱིས་འདྲིས་ཆ་ཆེ་བ་དང་། མི་གཞི་བཟང་ལ་བདེན་པར་སྨྲ་བའི་བུ་སློབ་ཚད་ལྡན་མདུན་ཞབས་པ་འགའ་ཞིག་ལ་གསལ་ཆ་ཡོད་པའི་སྐོར།
དཔེར་ན་སྔོན་གསེར་ལྗོངས་བླ་རུང་གི་ཆོས་སྡེ་དབུ་བརྙེས་ནས་ལོ་ཁ་ཤས་སྐབས། ཇོ་སེར་ཡོངས་ཀྱིས་བླ་རུང་གི་མདོ་ནས་ཡར་སྒར་ཐོག་ལ་རླངས་འཁོར་གྱི་ལམ་གསར་དུ་ལས་དུས་ཤིག་ན། རྗེ་བཙུན་མ་མཆོག་དང་མཁན་མོ་གཡང་གཅེས་རྣམ་པ་གཉིས་ཀྱིས་ཐུགས་ཉམས་མ་བཞག་པར་བྱོན་པའི་ལམ་འགྲམ་དུ། ལམ་ལས་པ་སྐོར་ཞིག་གིས་བྲག་གཏོར་ཕྱིར་འགད་རྫས་བཞག་ཡོད་པ་གློ་བུར་དུ་འབར་གས་བྱུང་ནས་རྡོ་ཐལ་དང་ལྡིར་སྒྲས་གནམ་ས་གང་། སྐབས་དེར་མཁན་མོ་གཡང་གཅེས་ཐུགས་ཧ་ཅང་བསྔངས་ནས་བླ་མའི་དབུ་འགེབ་རྩིས་བྱས་མོད། རྗེ་བཙུན་མས་སྤྱན་ལྟ་སྟངས་ཧྲིག་གེར་སྲུང་འཁོར་བསྒོམས་ནས་བཞུགས་འདུག་པ་ལས། ཉེ་འཁོར་དུ་རྡོ་ཆེ་ཆུང་མང་པོ་སེར་དྲག་ལྟར་བབས་འདུག་ཀྱང་དཔོན་སློབ་ཟུང་ལ་ཉེ་ཞོ་སྤུ་ཙམ་མ་བྱུང་བ་དང་། ཡང་རྗེ་བཙུན་བླ་མ་སྐུ་ན་ཕྲ་བའི་དུས་ཤིག་ན་སྟབས་མ་ལེགས་པར་དངུལ་ཆུ་དུག་ལྡན་ཞལ་དུ་སོང་ཡང་། གནོད་པ་ལྟ་ཅི་ཐུགས་ཉམས་ཙམ་མ་བཞེས་པའི་ཚུལ་མཁན་མོ་གཡང་གཅེས་ལ་དངོས་སུ་གསུང་རྒྱུ་འདུག །
དེ་བཞིན་དུ་རྗེ་བཙུན་མས་སྐུ་སྙུན་ཚུལ་བཞེས་པའི་སྐབས་ཤིག་ན་སྤོས་ལྡན་གྱི་སྨན་ཁང་ནས་གློག་གིས་བརྟག་དཔྱད་བྱས་ཀྱང་། བརྟགས་འབྲས་ཀྱི་པར་རིས་དེ་འཇའ་ཚོན་གྱིས་གང་འདུག་པས། སྨན་པ་ཆེད་མཁས་པ་ཚོས་བརྟག་འབྲས་གང་ཡང་མ་རྙེད་པར་མ་ཟད། སྔོན་མེད་ཀྱི་གནས་ཚུལ་ཞེས་ཧ་ཅང་ཡ་མཚན་པའི་སྒོ་ནས་སྐུ་མདུན་པ་རྣམས་ལ་སྐུ་པར་ཕྱིར་སྤྲད་པ་ད་སྐབས་གཟིམ་ཁང་དུ་དངོས་སུ་མཇལ་རྒྱུ་ཡོད་པ་ལྟ་བུ་དང་། ཡང་རྗེ་བཙུན་མའི་དངོས་སློབ་ཉག་རོང་རྨེ་ཁོག་གི་ཇོ་མོ་འཆི་མེད་ཟེར་བ་ལ་ཐོག་ཟེར་ཕོག་སྐབས་འགྲམ་གྱི་ར་ལུག་མང་པོ་བསད་རྨས་ཀྱི་གནས་ལ་གཏུགས་ཀྱང་། ཁོ་མོའི་སྐེ་ན་རྗེ་བཙུན་མའི་སྐུ་པར་བཏག་ཡོད་པས་གནོད་པ་ཅུང་ཙམ་ཡང་མ་བྱུང་བ་ལྟ་བུ་དང་། ཉག་གུ་རུ་དགོན་གྱི་གྲྭ་བསྟན་འཛིན་རྡོ་རྗེ་འབོད་པར་གློ་བུར་བའི་གནོད་པ་བྱུང་ཏེ། རྗེ་བཙུན་མ་ལ་གསོལ་བ་དྲག་ཏུ་བཏབ་སྐབས་རྗེ་བཙུན་མ་མཆོག་གི་སྐུ་བརྙན་གྱིས་གསུང་བྱོན་ཏེ་འཇིགས་པ་ལས་གྲོལ་བར་བྱས་པའི་ཚུལ་བཤད་རྒྱུ་འདུག་པ་དང་། སྤྱི་ལོ་༢༠༡༡ལོའི་ཟླ་ལྔ་པའི་ཚེས་༧ཉིན་གནས་ནང་སྤྲུལ་སྐུ་ཆོས་ཀྱི་ཉི་མ་སོགས་མཁན་སྤྲུལ་དུ་མས་གདན་ཞུ་བྱས་པ་བཞིན། རྗེ་བཙུན་མ་མཆོག་ཁམས་བྲག་འགོ་གནས་ནང་དགོན་དུ་ཕེབས་ལ་ཉེ་སྐབས། བཞུགས་ཁྲིའི་སྟེང་དུ་ཡེ་ཤེས་ཁྱུང་ཆེན་གྱི་འོད་སྐུ་བཀྲ་ལམ་མེ་བ་བཞུགས་པ། དེར་འདུས་དད་ལྡན་ཡོངས་ཀྱིས་མཐུན་སྣང་དུ་མཇལ་བ་དང་། གཞན་ཉག་ཤང་ལང་བྲག་ཏུ་བྱོན་སྐབས་བྲག་ལ་སྐུ་གཟུགས་རང་བྱུང་དུ་དོད་པ། དེ་བཞིན་སྐུ་མདུན་གྱི་བཅའ་དངོས་སོགས་ལ་སྐུ་གཟུགས་སྣ་ཚོགས་རང་བྱུང་དུ་དོད་པ་དང་སྐུའི་ཁོར་ཡུག་ཏུ་རིང་བསྲེལ་བབས་པ་སོགས་ཤིན་ཏུ་མང་ནའང་འདིར་མཚོན་ཙམ་མོ། །
ཁྱད་པར་དུ་འཛམ་གླིང་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་༧ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག་སྐུ་དངོས་སུ་བཞུགས་དུས་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། སྔ་འགྱུར་བསྟན་པའི་འབྱུང་གནས་དཔལ་གསེར་ལྗོངས་བླ་མ་རུང་གི་བསྟན་དོན་ཕྲིན་ལས་ཀྱི་འཕྲོ་རྗེ་བཙུན་མ་མཆོག་ལ་ཕ་ནོར་བུར་སྤྲད་པ་ལྟར་ཡོངས་སུ་གཏད་དེ། ཕྱིས་༧ཆོས་རྗེ་དགུང་གྲངས་དོན་གཅིག་པ་རབ་རྒྱན་ཆུ་ལུག་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་སྔ་དྲོའི་ཆ་སྟེ་སྤྱི་ལོ་༢༠༠༤ཟླ་དང་པོའི་ཚེས་༧ཉིན། གདུལ་བྱ་རྟག་འཛིན་ཅན་དག་གི་བློ་ལྡོག་ཕྱིར་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་གནང་བ་ནས་བཟུང་། གདན་སའི་སློབ་ཚོགས་ཁྲི་ཕྲག་གི་རེ་འདུན་ལྟར། རྗེ་བཙུན་མ་མཆོག་གིས་རླབས་ཆེན་ཐུགས་བསྐྱེད་བརྟན་པོའི་གོ་ཆ་བགོས་ཏེ། འཛམ་གླིང་ན་གྲགས་པ་དོན་དང་ལྡན་པའི་ཆོས་སྡེ་ཆེན་པོ་སྟེ། དཔལ་བླ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ཆེན་པོའི་བཀོད་པ། སྟོད་ན་ལྔ་རིག་ནང་བསྟན་སློབ་གླིང་། དེ་ལ་དོན་གཉིས་ལྷུན་གྲུབ་གླིང་། ཉེས་ཚོགས་རང་གྲོལ་གླིང་། འདོད་རྒུ་ཀུན་འབྱུང་གླིང་། སྣང་སེམས་དབང་སྡུད་གླིང་། ཕྱོགས་ལས་རྣམ་རྒྱལ་གླིང་སྟེ་གླིང་ཆེན་ལྔ། དེ་ལ་ནང་གསེས་དོན་གཉིས་ལྷུན་གྲུབ་གླིང་ལ་གླིང་སྟོད་གླིང་སྨད་གཉིས། འདོད་རྒུ་ཀུན་འབྱུང་གླིང་ལ་ཉིན་རི་སྲིབ་རི་ཐང་བ་གསུམ། ཕྱོགས་ལས་རྣམ་རྒྱལ་གླིང་ལ་ཤར་རྩེ་ནུབ་རྩེ་གཉིས་ཏེ་གླིང་དགུ། བར་ན་པདྨ་མཁའ་འགྲོའི་འདུ་གླིང་། དེ་ལ་གླིང་གི་དབང་དུ་བྱས་ན། ཞིང་སྐྱེས་སྤྲུལ་སྐུའི་གླིང་། ལྷན་སྐྱེས་ཆོས་སྐུའི་གླིང་། སྔགས་སྐྱེས་ལོངས་སྐུའི་གླིང་སྟེ་གླིང་གསུམ། ཚོམ་དུ་བྱས་ན། དབུས་ཕྱོགས་འཁོར་ལོའི་ཚོམ། ཤར་ཕྱོགས་རྡོ་རྗེའི་ཚོམ། ལྷོ་ཕྱོགས་རིན་ཆེན་ཚོམ། ནུབ་ཕྱོགས་པདྨའི་ཚོམ། བྱང་ཕྱོགས་རལ་གྲིའི་ཚོམ་སྟེ་ཚོམ་ཆེན་ལྔ། དེ་ལ་ཚོམ་ཆུང་ཉི་ཤུ་རྩ་བཞི་གནས་ཡུལ་ཉེར་བཞིའི་གྲངས་ལྡན་དང་། དེ་ཡི་བར་ན་བདུད་ལས་རྣམ་རྒྱལ་ཏེ་རྒྱལ་སྤྱིའི་སློབ་གླིང་། སྨད་ན་ལེགས་ཚོགས་ཆར་འབེབས་གླིང་སྟེ་དགེ་བསྙེན་ཆོས་ཚོགས་ཆེན་མོ་བཅས་རྒྱུ་སྐར་གྱི་ཕྲེང་བ་ས་ལ་བབས་པ་ལྟ་བུའི་ཆོས་སྡེ་ཆེན་པོ། འདས་པའི་ལོ་རྒྱུས་སྟེང་དཔལ་ན་ལེནྡྲའི་ཆོས་སྡེ་ཞེས་སྙན་གྲགས་ཀྱི་བ་དན་སྲིད་ན་གཡོ་བ་དེའང་ཟིལ་གྱིས་གནོན་པར་བྱེད་པ་ལྟ་བུའི་ནང་བསྟན་གྱི་བསྟི་གནས་ཆེན་པོའི་བསྟན་པའི་སྤྱི་དཔལ་དུ་མི་འཇིགས་གདོང་ལྔ་འབར་བའི་གསེར་གྱི་ཁྲི་ལ། སྐུ་བརྗིད་མཚན་དཔེའི་དཀྱིལ་འཁོར་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བཞེངས་ཏེ། སློབ་གླིང་སྤྱི་དང་ཁྱད་པར་རང་བྱུང་པདྨ་མཁའ་འགྲོའི་འདུ་གླིང་ཁོར་ཡུག་དང་བཅས་པས་ཉིན་མཚན་བར་མེད་དུ་བསླབ་གསུམ་ཉམས་ལེན་གྱི་གཞི་བཟུང་ཞིང་། གཞུང་ཆེན་བཀའ་པོད་ལྔ། སྔགས་རྒྱུད་སྡེ།
ཐུན་མོང་རིག་གནས་དང་བཅས་པར་འཆད་ཉན་གྱི་རྐང་བཙུགས་ཏེ་ཉིན་རེ་ནས་ཉིན་རེ་བཞིན་ཡར་ཚེས་ཟླ་བའི་འཕེལ་ཁ་ལྟར་འཛམ་གླིང་ཕན་བདེའི་གསོས་སུ་ཡར་རྒྱས་ལ་འགྲོ་བཞིན་ཡོད་པ་འདི་ནི་དཔལ་ལྡན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན་མ་མཆོག་གི་མཛད་པ་ཕྲིན་ལས་རྨད་བྱུང་གི་ཆེ་བའི་ཟུར་ཙམ་མོ། །
སླར་སྨྲས་པ།
དེ་ལྟར་རྨད་བྱུང་རྣམ་ཐར་བཀོད་པའི་ཚུལ། །འདི་ཀོ་ཡིད་རྟོན་རུང་བའི་བརྡ་ལུང་དང་། །ཁུངས་ལྡན་དམ་པའི་ཞལ་སྒྲོས་བཀོད་པ་ལས། །རང་བློར་གང་བྱུང་རྫུན་གྱི་བསྲེ་བསླད་མེད། །ཚེ་རབས་གཏན་གྱི་འདྲེན་མཆོག་རྗེ་བཙུན་མའི། །གསང་གསུམ་རྣམ་ཐར་རྒྱ་མཚོའི་ཟེགས་མ་ལས། །མི་ཕྱེད་དད་པའི་རང་མདངས་འདི་ཙམ་ཡང་། །དང་ལེན་ལས་སྐལ་ལྡན་པ་བསོད་ནམས་ཆེ། །འོན་ཀྱང་ཀུན་བཟང་སྤྱོད་པའི་ཆ་ཤས་འདིར། །སྐྱེས་དམན་བདག་བློས་ཚུལ་བཞིན་མ་རྟོགས་པའི། །འགལ་འཁྲུལ་ནོངས་པའི་ཉེས་ཚོགས་ཅི་མཆིས་ཀུན། །ཡེ་ཤེས་སྤྱན་དང་ལྡན་པ་ཡོངས་ལ་བཟོད། །ལས་དང་སྨོན་ལམ་བཟང་པོའི་འཕེན་པ་ཡིས། །རིགས་བདག་བླ་མའི་རྣམ་ཐར་ཉི་ཟླའི་ཟེར། །དང་དུ་བླངས་པའི་བསོད་ནམས་དཀར་པོའི་འོད། །བསྟན་འགྲོའི་རྒུད་མུན་སེལ་བའི་གསོས་སུ་མཆོད། །བསླུ་མེད་མཆོག་གསུམ་དམ་པའི་བདེན་པ་དང་། །མཐུན་ལྡན་སྡེ་གསུམ་སྲུང་མའི་མཐུ་སྟོབས་ཀྱིས། །རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །ཐུགས་བཞེད་ཀུན་འགྲུབ་མཛད་ཕྲིན་རྒྱས་པར་ཤོག །བདག་ཀྱང་ཚེ་རབས་མུ་ཏིག་ཕྲེང་བ་རུ། །བཤེས་གཉེན་དམ་པའི་དཔུང་དང་མི་འབྲལ་བར། །བསླབ་གསུམ་གོ་བགོས་རྒྱལ་སྲས་སྙིང་སྟོབས་ཀྱིས། །རྒྱལ་བསྟན་ལྕགས་རི་སྲུང་བའི་རུ་འདྲེན་ཤོག །ཅེས་རྗེ་བཙུན་བླ་མ་དམ་པ་དཔལ་མུ་མེད་ཡེ་ཤེས་མཚོ་མོ་མཆོག་གི་གསང་གསུམ་གྱི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། ཆུ་ཐིགས་ཙམ་བཀོད་པ་མ་བཅོས་དད་པའི་རང་མདངས་འདི་ཉིད་ནི། རང་ལ་ཆོས་དང་འཇིག་རྟེན་གཉིས་ངོས་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བཤེས་གཉེན་དམ་པ། གཙང་རོང་མཁན་མོ་ཟླ་བ་སྒྲོལ་མ་ལགས་ཀྱིས་རྗེ་བཙུན་བླ་མའི་རྣམ་ཐར་རྒྱས་བསྡུས་འཚམ་པ་ཞིག་མྱུར་དུ་འབྲི་དགོས་ཞེས་བཀའ་ནན་བཟློག་ཏུ་མེད་པ་བབས་པ་དང་། ཨཱརྱ་ཏཱ་རེའི་དཔེ་སྒྲིག་ཚོ་ཆུང་གི་མི་སྣ་རྣམས་དང་། རྗེ་བཙུན་བླ་མ་དམ་པའི་སྐུ་མདུན་པ་རིན་ཆེན་སྒྲོལ་མ། པདྨ་མཚོ་རྣམ་པས་ནན་སྐུལ་བྱས་པ་མ་ལྡོག་ཙམ་དུ་འབྲི་བའི་ཁུལ་ཙམ་བྱས་པ་ཡིན་མོད། གུས་མོ་བདག་ལ་སྤྱིར་སྐྱེས་སྦྱངས་ཀྱི་ཡོན་ཏན་ཧ་ཅང་ཕྲ་ཞིང་། དེ་ལས་ཀྱང་ལོ་རྒྱུས་འབྲི་བའི་ཉམས་མྱོང་ཞན་པ། འབྲི་བའི་དུས་ཚོད་ཀྱང་ཟླ་བ་བཞིའི་སློབ་ཞོར་ཙམ་ཡིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་དབང་གིས་འདི་ལ་ཞིབ་ཆ་མ་ཐོན་ཅིང་འགལ་འཁྲུལ་གྱི་ཆ་ཤོར་བ་ཡོད་སྲིད་པས། དབྱིངས་བཞུགས་མ་དང་མཁའ་འགྲོའི་ཚོགས་དང་མཁྱེན་དཔྱོད་གཉིས་ལྡན་གྱི་གཟིགས་པ་པོ་རྣམས་ལ་སྙིང་ནས་བཟོད་གསོལ་ཞུ་ཞུ། ཞེས་རྗེ་བཙུན་བླ་མ་དམ་པའི་ཞབས་རྡུལ་སྤྱི་བོར་ལེན་པའི་སློབ་འབངས་ཀྱི་གྲལ་མཐའ་བ་དོན་སྐྱིད་དམ་ཆོས་ཀྱི་སྒྲོལ་མས་སྤྱི་ལོ་༢༠༡༣སྟེ་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་ཚེས་དགེ་བར་གསང་ཆེན་པདྨ་མཁའ་འགྲོ་འདུ་བའི་གླིང་མཆོག་ཏུ་བྲིས་པ་དགེའོ།། །།སརྦ་མངྒ་ལཾ