← Search

མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།

ཡབ་མཆོག་ལྡན་རྡོ་རྗེ། ལྷ་ལྕམ་ཙནྡྲ་ཏཱ་རེ། ཤེས་རབ་ཆོས་ཀྱི་སྒྲོན་མ། གླིང་བཟའ་ཆོས་སྐྱིད། ཀརྨ་དབང་འཛིན། སངས་རྒྱས་ཆོས་འཛོམས།

བོད་ཀྱི་སྐྱེས་ཆེན་མ་འགའ་ཞིག་གི་དག་སྣང་དང་འདས་ལོག་གི་སྐོར་བཞུགས།།

རྗེ་བཙུན་ཀུན་དགའ་བཟང་མོའི་ཡུམ་ཇོ་མོ་སྒྲོལ་མའི་དག་པ་རབ་འབྱམས་དཀྱིལ་འཁོར་ཕོ་བྲང་གཟིགས་ཚུལ་གསང་བའི་རྣམ་ཐར། མཛད་པ་པོ་ཡབ་མཆོག་ལྡན་རྡོ་རྗེ།

༄༅། །རྗེ་བཙུན་ཀུན་དགའ་བཟང་མོའི་ཡུམ་ཇོ་མོ་སྒྲོལ་མའི་དག་པ་རབ་འབྱམས་དཀྱིལ་འཁོར་ཕོ་བྲང་གཟིགས་ཚུལ་གསང་བའི་རྣམ་ཐར་བཞུགས།

ཆོས་སྐུ་སྤྲོས་དང་བྲལ་བའི་ཤེས་རབ་ཕར་ཕྱིན་མ། །ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུར་བསྟན་ཕག་མོ་ཉིད། །སྣ་ཚོགས་མ་འགག་སྤྲུལ་སྐུའི་ཐབས་བསྟན་པ། །འཇའ་ལུས་རྒྱན་ཤར་རིགས་བཞི་མཁའ་འགྲོའི་ཚོགས། །སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གུས་པས་འདུད། །སྐུ་གསུམ་དབྱེར་མེད་ཡེ་ཤེས་མཁའ་འགྲོ་མ། །མཁྱེན་བརྩེའི་ནུས་པ་མཐར་ཕྱིན་ཇོ་མོ་སྒྲོལ། །ཀུན་ཁྱབ་མཁའ་འགྲོའི་དབང་མོ་ཁྱེད་ཉིད་རྒྱལ་གྱུར་ཅིག །ཡེ་ཤེས་མཁའ་འགྲོ་ཇོ་མོ་སྒྲོལ་མ་ཡིས། །རང་སྣང་དག་པ་ལྷ་ཡི་གཟིགས་ཚུལ་དག་པ་རབ་འབྱམས་ཀྱི་ཞིང་ཁམས་དཀྱིལ་འཁོར་ཕོ་བྲང་གི་གཟིགས་ཚུལ་མགུར་དུ་གསུངས་པའི་ཚུལ་ནི། འབྲུག་ལོ་སྤྲེལ་ཟླ་བའི་ཚེས་བརྒྱད་ཀྱི་ནུབ་མོ་དཀོན་མཆོག་རྒྱལ་མཚན་ཚང་གི་ཁང་པ་ཚེ་དབང་སྐྱབས་ཀྱི་ཟུར་དུ་སྤོས་ནས། ཁང་གསར་གྱི་ནང་དུ། བླ་མ་མཆོག་ལྡན་རྡོ་རྗེ་དཔོན་སློབ་གདན་དྲངས་ནས། བཀྲ་ཤིས་བརྗོད་པ་དང་། ཚོགས་འཁོར་མཛད་པའི་ས་ན། དཔལ་ཉིད་བྱ་བའི་བཙུན་མ་ཞིག་བློ་ལ། ཀ་ནམ་པའི་བུ་མོ་རྣམས་ཀྱི་ཆང་རྒྱུན་བྱས་ནས་དྲངས་པའི་སར། ཌཱཀྐི་མའི་ཞལ་ནས། དོ་ནུབ་ཀྱི་ཚོགས་འཁོར་འདི་ཡང་ཤིན་ཏུ་ཡག་ལེ་ཡོད། ངས་བོན་ཏི་སྟོང་སྒྲོགས་སུ་མངའ་རི་རྒྱལ་མོ་འཁྲུངས་པའི། ཞག་ལྔ་དྲུག་གི་སྔོན་དུ། སྙུག་ཕུང་ཞིག་གི་རྩ་བར། གཉིད་པའི་སྣང་བ་ལ་དཀྱིལ་འཁོར་དང་ཕོ་བྲང་གི་ཚུལ་མང་པོ་མཐོང་བའི་སྣང་བ་བྱུང་ཙ། དེ་དང་འདྲ་དལ་ཁད་ཀྱི་མང་པོ་དོ་ནུབ་ཀྱང་མདུན་གྱི་ནམ་མཁར་ཕེབས་ནས་སྣང་གསུང་ཞིང་མགུར་མང་པོ་བྱེད་བདོ་པ་ལ། མཆོག་ལྡན་རྡོ་རྗེས། རྫུན་མ་ལབ་ཁ་རོག་སྡོད་གསུངས་པའི་སར། རྟོགས་ལྡན་མ་གུར་གྱིས། ཞིང་ཁམས་མཐོང་རབ་ཡོད་ན་གསུངས་དང་ཟེར་བའི་སར། ཡང་ཌཱཀྐི་མའི་ཞལ་ནས། བསྙེན་པའི་དབྱངས་སུ་གསུངས་པ་འདི་ལྟར་ཏེ། ཙན་དན་དྲི་བཟང་སྤོས་ཀྱི་ངད། །སིད་ལའི་ངད་ལྡན་དྲི་བཟང་འཁྱུགས། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །སྣང་སྲིད་རྣམ་དག་རྒྱལ་བའི་ཞིང་། །སྣ་ཚོགས་མཛེས་ལྡན་ཀུན་དགའི་གནས། །ཆོས་འབྱུང་གདན་ལ་པདྨའི་ཁྲི། །སྣང་སྲིད་ཆོས་སྐུའི་གཞལ་ཡས་ཁང་། །བམ་ཆེན་མཁར་ལ་མི་སྡུག་བརྒྱན། །དུར་ཁྲོད་ཞིང་ལ་འཇིགས་པའི་ཆས། །དེ་འདྲའི་གནས་མཆོག་དམ་པ་ན། །རང་བྱུང་དཔལ་ལྡན་ཧེ་རུ་ཀ །བླ་མེད་དཔའ་བོ་དཔའ་མོ་མང་པོའི་དབུས། །དཔལ་ལྡན་འཁོར་ལོ་བདེ་མཆོག་བཞུགས། །བདེ་སྟོང་རྡོ་རྗེ་མཁའ་འགྲོ་མ། །བདེ་དང་སྟོང་ལ་དབྱེ་བ་མེད། །འཁོར་དུ་གསང་སྔགས་བྱེ་བས་བསྐོར། །འཇའ་ཚོན་གཟུགས་ལ་ཆོས་ཀྱི་གཏེར། །མ་འགགས་ཡེ་ཤེས་ཞིང་ཁམས་རྫོགས། །སྣ་ཚོགས་མ་བྱེད་རྒྱན་གྱིས་མཛེས། །ཕྱག་རྒྱ་ལྔ་ལྡན་ཚོགས་ཀྱིས་མཆོད། །མང་སའི་ལྷུ་དུམ་ཉི་ལི་ལི། །བམ་ཆེན་རོ་ཡི་ཚོགས་སོ་འཕན། །མི་སྡུག་སྦྲུལ་གྱི་རྒྱན་ཆ་ཅན། །མི་མགོའི་དོ་ཤལ་ཕྲེང་བས་བརྒྱན། །འབད་མེད་ཞིང་དང་བདེ་བའི་གནས། །སྐྱོན་མེད་ཐབས་ལམ་སྦྱོར་ཐབས་ནི། །ཡུམ་མཆོག་དགའ་བཞི་རྣམ་པར་དག །སྤྲུལ་པ་ཐབས་དང་འདུ་འབྲལ་མེད། །རྣམ་དག་སྐུ་ལྔ་རྒྱན་དུ་ཤར། །ལ་ལས་ཆོས་ཉིད་རྣམ་པར་དག །ལ་ལ་སྤྲོས་བྲལ་ཡེ་ཤེས་རྩལ། །ལ་ལས་སྐུ་ལྔ་ཡོངས་སུ་གོན། །རིགས་མཆོག་དཔལ་ལྡན་འཁོར་ལོ་སྡོམ། །བླ་མེད་དཔའ་བོའི་དབུས་ན་འགྱིང་། །དྲག་པོའི་ལས་མཛད་མུ་སྟེགས་འདུལ། །འཁོར་བའི་སྐྱོན་གྱིས་མ་གོས་པའི། །ཕག་མོ་ཉིད་དང་ཐ་དད་མེད། །བརྡ་སྟོན་གནད་ཀྱི་དོན་རྣམས་གྲོལ། །རང་བྱུང་རྟོག་མེད་དུར་ཁྲོད་གནས། །དྲག་པོའི་བརྡ་སྟོན་ཁྲོ་མོའི་སྐུ། །གདུག་པ་འཇོམས་མཛད་འཇིགས་པའི་ཚུལ། །དུར་ཁྲོད་ཚང་ཚིང་འཁྲིགས་པའི་དབུས། །བདེ་སྟོང་གཡོ་མེད་སྟོང་གསུམ་ཟིལ་གྱིས་ནོན། །ཕཊཿཀྱི་ང་རོས་ཧ་ཧའི་གད་མོ་སྒྲོགས། །འཇིགས་པའི་གཟུགས་ལ་མི་སྡུག་ཚུལ། །ལྗང་ནག་འགྱིང་གཟུགས་གཟི་བརྗིད་ཅན། །བདུད་བཞི་ཟིལ་ནོན་སྐུ་བཞིས་བརྒྱན། །ཆོས་འབྱུང་བཞི་ལ་རོ་ཡི་གདན། །ཀེང་རུས་མཁར་ལ་བམ་ཆེན་ཟོན། །མི་རོ་རྟ་རོ་གཅལ་དུ་བཀྲམ། །མང་སའི་ཚོགས་ནི་རི་ལྟར་སྤུང་། །དུར་ཁྲོད་ཞིང་ལ་འཇིགས་པའི་ཆས། །ནང་རོལ་རྒྱུ་མ་གཅལ་དུ་བཀྲམ། །ཐོད་པའི་མཁར་ལ་ཞིང་ཆེན་གདུགས། །དྲག་པོའི་འོད་ཟེར་མདའ་ལྟར་འཕེན། །དུར་ཁྲོད་ཆས་ལ་ཅང་ཏེའུའི་སྒྲ། །མི་རྐང་གླིང་བུའི་སྒྲ་དང་བཅས། །གྲུ་གུག་མཚོན་ཆས་ངར་འཛིན་གཅོད། །ལོག་རྟོག་སྐལ་མེད་ཚར་གཅོད་ཅིང་། །སྐལ་ལྡན་དག་པའི་ཞིང་དུ་འདྲེན། །བཅོམ་ལྡན་འཁོར་ལོ་སྡོམ་པ་དང་། །དྲག་པོའི་སྦྱོར་ཐབས་བདུད་དཔུང་འཇོམ། །ཡབ་ཡུམ་གཉིས་མེད་ཟུང་འཇུག་བསྡོམས། །ལ་ལ་མཁའ་དབྱིངས་རྣམ་པར་དག །ལ་ལས་གསང་སྔགས་ཐབས་ལམ་སྟོན། །ལ་ལས་བདག་འཛིན་རྩད་ནས་གཅོད། །ལ་ལས་སྤྲོས་མེད་བདེ་བ་སྐྱེད། །ལ་ལས་བདུད་བཞི་ཟིལ་གྱིས་གནོན། །ལ་ལས་གསང་སྔགས་གནད་ཀྱི་ཆགས་པ་འབེབས། །ལ་ལས་གཏི་མུག་མུན་པ་སེལ། །ཀུན་ཀྱང་མི་བཟད་སྣ་ཚོགས་མདོག །ཅིག་མ་འདྲེས་སོ་སོར་གསལ། །དཀར་སེར་དམར་ལྗང་མཐིང་གའི་འོད་ཟེར་འབར། །སོ་སོ་མ་ཡིན་ཐ་མི་དད། །བདེ་བའི་ཡབ་ལ་སྟོང་ཡུམ་བརྒྱན། །བདེ་སྟོང་དབྱེར་མེད་ཧེ་རུ་ཀ །དྲག་པོའི་གཟུགས་ལ་གདུག་པའི་ཆས། །དྲག་པོའི་ཕྲིན་ལས་རྒྱུན་ཆད་མེད། །ཞལ་བཞི་བདུད་བཞི་ཟིལ་གྱིས་གནོན། །སྤྱན་གསུམ་སྡང་མིག་དུག་གསུམ་གཟིར། །བཅུ་གཉིས་ཕྱག་ན་སྣ་ཚོགས་ཕྱག་འཚལ་གར་ཐབས་བསྒྱུར། །ཞལ་ནས་ཧ་དང་ཧཱུྃ་གིས་ཆར་པ་འབེབས། །བཅོམ་ལྡན་དཔའ་བོ་ཆེན་པོ་ནི། །ཡབ་ཡུམ་གཉིས་མེད་བག་ཆགས་སྐྱོན་དང་བྲལ། །དྲི་མེད་རྣམ་དག་བཅོམ་ལྡན་བདེ་བ་མཆོག །ཐུགས་ཀྱི་སྲས་ན་བརྡ་དོན་བསམ་མི་ཁྱབ། །སྟོང་ཉིད་འོད་ཟེར་སྤྲུལ་པ་ཕྱོགས་བཅུར་འགྱེད། །གསུང་གི་སྲས་ནི་གསང་སྔགས་བརྡ་ཐབས་སྒྲོགས། །འདུལ་བ་མདོ་སྡེ་གནད་ཀྱིས་རྟེན་འབྲེལ་སྦྱར། །གསུང་གི་ང་རོས་གསང་སྔགས་འབྲུག་སྒྲ་སྒྲོགས། །བཅོམ་ལྡན་འཁོར་ལོ་སྡོམ་པ་ཡིས། །ཐུགས་ཀྱི་སྲས་མཆོག་བསྐྱེད་རིམ་རབ་ཏུ་གསལ། །རྩོལ་སྒྲུབ་བྲལ་ཞིང་ལྷ་དང་ལྷ་མོའི་ངང་། །ཕྱག་རྒྱ་ལྔ་སྦྱོར་གསང་སྔགས་བརྡ་དོན་རྟོགས། །སྙིང་རྗེ་ཚད་མེད་ཤུགས་ཀྱིས་འདྲེན། །གཞན་སྣང་ཚིམ་མཛད་མ་ལུས་བཟློག །ས་བཅུའི་རིམ་སེལ་རྟེན་འབྲེལ་ཁྱད་མི་བསད། །སྤྲིན་ཚོགས་འཁྲིགས་ཀྱང་ཉི་ཟླ་གསལ་བ་བཞིན། །འཁོར་བར་བསྡད་ཀྱང་ཞིང་ཁམས་འདུ་འབྲལ་མེད། །དམན་ལུས་བཟུང་ཡང་ཆོས་སྐུ་ལྷུན་གྱིས་གྲུབ། །མཁའ་སྤྱོད་གནས་དང་རང་བྱུང་དག་པའི་ཞིང་། །དག་པ་ཞིང་ཁམས་ཀྱི་ལོ་རྒྱུས་མང་དུ་ཡོད། །ཨོ་རྒྱན་རང་བྱུང་དག་པའི་ཞིང་ཁམས་ལ། །བཅོམ་ལྡན་འཁོར་ལོ་སྡོམ་པ་དང་། །ཡུལ་བཞིའི་བདག་མོ་མཁའ་སྤྱོད་གཙོ་མོ་དང་། །དབྱིངས་ཀྱི་གཙོ་མོ་དབང་ཕྱུག་མཁའ་འགྲོ་མ། །རྡོ་རྗེ་ཕག་མོས་རིགས་དྲུག་སྐྱེ་སྒོ་གཅོད། །རྡོ་རྗེ་མཁའ་འགྲོའི་བརྡ་ཐབས་དོན་དུ་སྟོན། །རིན་ཆེན་མཁའ་འགྲོ་མཉམ་ཉིད་དབྱིངས་སུ་དག །པད་མ་མཁའ་འགྲོས་དབང་བཞི་སེམས་སུ་བསྐུར། །ལས་ཀྱི་མཁའ་འགྲོ་སྣང་སྟོང་སེམས་སུ་རྫོགས། །ཡེ་ཤེས་མཁའ་འགྲོ་སྐྱེ་མེད་རྣམ་པར་དག །སངས་རྒྱས་མཁའ་འགྲོ་འཁོར་འདས་དབྱིངས་སུ་བྲལ། །རང་རྒྱུད་དག་པའི་ཞིང་ཁམས་ཡིན། །ཞེ་འདོད་ཆུང་ནས་ཚུགས་པ་ཡིན། །དག་སྦྱང་འབྱོངས་ན་ཞིང་ཁམས་འཆར། །ཞིང་ཁམས་ལོགས་སུ་མི་གདའ་འོ། །སྙིང་རྗེ་རྩལ་ལ་འགྲོ་དོན་འབྱུང་། །མཉམ་ཉིད་རྟོགས་ན་ཡེ་ཤེས་རྒྱས། །རྩ་རླུང་བརྟེན་ན་བདེ་སྟོང་འཆར། །རེ་དོགས་མཚན་མའི་ཐག་པ་ཆོད། །རང་ལུས་ཐ་མལ་དུ་མ་བཟུང་བས། །མཁའ་སྤྱོད་གནས་དང་ཐ་དད་མེད། །གཉིས་མེད་ངང་ལས་ཐུགས་ཐག་ཆོད། །རྐྱེན་སྣང་ཐམས་ཅད་གྲོགས་སུ་ཁྱེར། །སྟོང་པ་མ་བསྒོམ་སྒོམ་མཁན་ཕྲོལ། །ནུབ་མོ་བག་ཆགས་རྨི་ལམ་ཡང་། །ཚུབ་སྟེ་གང་བྱུང་ལྷུན་གྲུབ་སྟེ་བསྲེས། །མངོན་སྣང་མེད་དེ་རྐྱེན་གྱིས་བཀོད། །ཆགས་ཞེན་མེད་དེ་བློ་ཐག་ཆོད། །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཞིང་ཁམས་འབྲལ་མེད་ལྷུན་གྱིས་རབ་འགྲུབ་ནས། །སྐད་ཅིག་འབྲལ་མེད་རྒྱན་དུ་ཤར་བར་ཤོག །ཅེས་གསུངས་པ་དང་། ཡང་མཆོག་ལྡན་རྡོ་རྗེ། ད་ལྟ་མདུན་འདི་ན་མང་པོ་གདའ་ཟེར་བ་ལ། ཌཱཀྐི་མའི་ཞལ་ནས། རང་བཞིན་རྒྱ་ཆེ་བ་སྔོན་པོ་རླུང་གི་དཀྱིལ་འཁོར་དབྱིངས་སུ་འཁྱིལ། །བསྐལ་པ་མེ་ཡི་དཀྱིལ་འཁོར་འོད་དུ་འབར། །རཀྟ་ཁྲག་གི་རྒྱ་མཚོ་དམར་ནག་འཁྱིལ། །བམ་ཆེན་སྐམ་རློན་གསར་པ་ཏལ་ཏིལ་གཅལ་དུ་བཀྲམ། །ཀེང་རུས་མཁར་ནི་གྲུ་བཞི་རབ་ཏུ་དཀར། །ཟུར་བཞིར་ཞེ་སྡང་མེ་ཆེན་རབ་ཏུ་འབར། །ལོག་ལ་རཀྟའི་ཞལ་ཆུ་ཆི་ལི་ལི། །དབུས་སུ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཕྱི་ནི་རིན་ཆེན་སྣ་ཚོགས་དག་ལས་གྲུབ། །ནང་ན་ཐོད་པ་སྐམ་རློན་ཚར་དུ་བརྩེགས། །གནམ་ལྕགས་ཞུན་མ་འབར་བའི་མཛེར་དང་བཅས། །ཁྲག་དང་ཞག་གི་ཞལ་ཆུ་ཆི་ལི་ལི། །ལྷ་ཆེན་མང་པོའི་ཀ་བ་གྱེན་དུ་བསླང་། །ཀླུ་ཆེན་མང་པོས་གདུང་མ་འཕྲད་ལ་སྦྲེལ། །གཟའ་སྐར་མང་པོའི་གྲལ་གྲབ་ལ། །མི་སྡུག་སྦྲུལ་གྱིས་ཚག་ཚག་བྱས། །ཤ་ཆེན་མང་པོ་སྟོང་དུ་བརྡལ། །ཞིང་ཆེན་གཡང་གཞིས་བླ་རེ་བྲེས། །ཀེང་རུས་མཆོད་རྟེན་ཟུར་དུ་བརྩེགས། །ཞུན་ཆེན་གསལ་བའི་མེ་ཆེན་འབར། །ཙིཏྟ་སྙིང་གི་ཕོ་ལོང་ལ། །དབུས་སུ་རྡོ་རྗེ་གདན་སྟེང་རིན་པོ་ཆེའི་ཏོག་ཕུབ། །བསྐལ་པའི་མེ་ཆེན་འབར་ཞིང་གདབ། །མི་མགོའི་ཚ་ཚ་འཁྲུགས་ཤིང་གདའ། །ཕོ་བྲང་དེའི་དབུས་སུ་ཡར་ལྟོས་དང་། །ཐོད་པ་དཀར་དམར་འཁྲིགས་པའི་ཁྲི་སྟེང་དུ། །བམ་ཆེན་ཁྲི་ལ་པད་མའི་གདན། །ཕོ་བྲང་དེའི་དབུས་སུ་ཡར་ལྟོས་དང་། །མཁའ་སྤྱོད་གཙོ་མོ་དབྱིངས་ཀྱི་ཌཱཀྐི་ནི། །དམར་གསལ་མདངས་ལྡན་རབ་ཏུ་སྒེག་པའི་གཟུགས། །འཁོར་ལོ་ཐོད་ཁྲག་ཁ་ཊཱཾ་བསྣམས། །ཤར་དུ་ཐོད་པ་དཀར་པོ་འགྲོགས་པའི་སྟེང་ཤེད་ན། །མི་བསྐྱོད་རྡོ་རྗེའི་མཁའ་འགྲོ་ནི། །དཀར་མོ་ལུས་ལ་འགྱིང་བག་ཅན། །རིན་ཆེན་ཐོར་ཚུགས་དབུ་ལ་བརྒྱན། །ཕྱག་ན་རྡོ་རྗེ་ཁ་ཏྲཾ་བསྣམས། །དཀར་གསལ་མདངས་ལྡན་བཞད་ཅིང་སྣང་། །ལྷོ་ཕྱོགས་ཐོད་པ་སེར་པོ་འཁྲིགས་པའི་ཁྲི་སྟེང་དུ། །རིན་ཆེན་མཁའ་འགྲོ་སེར་མོ་ནི། །གསེར་གྱི་མདངས་ལ་འགྱིང་བག་ཅན། །དབུ་ལ་རིན་ཆེན་ཐོར་ཚུགས་བརྒྱན། །ཕྱག་ན་རིན་ཆེན་ཐོད་ཁྲག་བསྣམས། །སེར་མོ་མདངས་ལྡན་བཞད་ཅིང་སྣང་། །ནུབ་ཕྱོགས་ཐོད་པ་དམར་ནག་འཁྲིགས་པའི་ཁྲི་སྟེང་ན། །དབང་གི་མཁའ་འགྲོ་པདྨ་ཌཱཀྐི་ནི། །དམར་མོ་ལུས་ལ་འགྱིང་བག་ཅན། །རིན་ཆེན་ཐོར་ཚུགས་དབུ་ལ་བརྒྱན། །ཕྱག་ན་པད་མ་ཁ་ཊྭཱཾ་བསྣམས། །དམར་མོ་མདངས་ལྡན་བཞད་ཅིང་བསྣམས། །བྱང་ན་ཐོད་པ་ལྗང་ནག་འཁྲིགས་པའི་ཁྲི་སྟེང་དུ། །སྣ་ཚོགས་མཁའ་འགྲོ་ཌཱཀྐི་ནི། །ལྗང་མོ་ལུས་ལ་འགྱིང་བག་ཅན། །རིན་ཆེན་ཐོར་ཚུགས་དབུ་ལ་བརྒྱན། །ཕྱག་ན་རྒྱ་གྲམ་ཁ་ཊྭཱཾ་ཐོད་ཁྲག་བསྣམས། །ལྗང་མོ་མདངས་ལྡན་བཞད་ཅིང་སྣང་། །ཡུམ་ལྔ་གཉིས་སུ་མེད་པ་ལ། །ཡབ་ལྔ་རྒྱན་དུ་འཆར་ཞིང་སྣང་། །དེ་དག་བཞུགས་པའི་སྟེང་ཕྱོགས་སུ། །དཔལ་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །མཐིང་གསལ་མདངས་ལྡན་མཚན་དཔེས་བརྒྱན། །སྒྱུ་མའི་གཟུགས་བརྙན་འཇའ་ལུས་བཞིན། །རིན་ཆེན་ཐོར་ཚུགས་དབུ་ལ་བརྒྱན། །རུས་པའི་རྒྱན་དྲུག་སྒེག་པའི་སྐུ། །བདུད་བཞི་ཟིལ་གནོན་སྐྱིལ་ཀྲུང་མི་གཡོ་བཅས། །གཡས་པས་རྡོ་རྗེ་གཡོན་པས་དྲིལ་བུ་བསྣམས། །བདག་མེད་ཡུམ་དང་བདེ་སྟོང་ལྷན་ཅིག་རོལ། །མི་འགྱུར་དྲུག་ལྡན་རྡོ་རྗེ་འཆང་ལ་བསྐོར་ནས། །བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་གདའ། །དེ་དག་བཞུགས་པའི་མཐའ་སྐོར་དུ། །གིང་ཕོ་གིང་མོ་གློག་ལྟར་འཁྱུག་ཅིང་གདའ། །དཀར་སེར་དམར་ལྗང་གྲི་དང་ཐོད་པ་བསྣམས། །གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོའི་ཚོགས། །ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས། །སྤྲིན་དཔུང་འཁྲིགས་པ་བཞིན་དུ་བཞུགས་ནས་གདའ། །ཕོ་བྲང་དེའི་ཕྱི་རིམ་དུ། །དྲག་པོའི་སྔགས་ཀྱིས་ཚ་ཚ་འཕྲོ་ཞིང་གདའ། །གཞལ་ཡས་ཁང་གི་ཕྱི་རིམ་དུ། །རྡོ་རྗེ་འབར་བའི་ཚོགས་ནི་སྐར་ལྟར་འཁྲུག་ཅིང་གདའ། །ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་ཞིང་གདའ། །ཕོ་བྲང་དེའི་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །རྡོ་རྗེ་དཀར་མོ་རས་གྱེན་དུ་བསླང་ནས་གདའ། །སྔོན་པོའི་ར་བ་འཕྲད་དུ་བསྒྲིགས་ནས་གདའ། །དམར་པོ་པད་མ་དྲིལ་བུ་བསྣོལ་ཐབས་སུ་ཁྲིགས་སེ་གདའ། །ལྗང་གུ་རྒྱ་གྲམ་དྲིལ་བུ་རྩེ་སྤྲད་ཁྲིགས་སེ་གདའ། །མེ་ལྟར་འབར་ཞིང་ཚ་ཚ་འཁྲུགས་ཤིང་གདའ། །རྡོ་རྗེའི་ར་བ་དེའི་ཕྱི་རིམ་དུ། །སྣ་ཚོགས་རྡོ་རྗེ་ལྕགས་རི་འཐན་ན་གདའ། །དྲག་པོའི་ཕཊཿནི་མེ་ལྟར་འབར་བའི་ཚ་ཚ་འཁྲུགས་ཤིང་གདའ། །རྡོ་རྗེ་ལྕགས་རི་དེའི་ཕྱི་རིམ་དུ། །གསེར་གྱི་འཁོར་ལོ་གཡས་སུ་འཁྱིལ་ཞིང་གདའ། །མེ་ཡི་འཁོར་ལོ་གཡོན་དུ་འཁྱིལ་ཞིང་གདའ། །མེ་ལྕེ་ཡི་རྩེ་ནི་ནམ་མཁར་འབར་ཞིང་གདའ། །བྱ་ཁྱུང་རྒྱལ་པོའི་ཚོགས་ནི་མེ་ལྟར་འབར་ཞིང་གདའ། །འཇིགས་བྱེད་ཁྲོ་བོའི་ཚྭ་ཚྭ་འཕྲོ་ཞིང་གདའ། །ཚ་དྲག་ངད་དང་ལྡན་པས་རྡོ་རྗེའི་ཚྭ་ཚྭ་འཁྲུགས་ཤིང་གདའ། །མདུང་དང་ཏྲི་ཤུལ་ལ་སོགས་པ། །དྲག་པོའི་རྡོ་རྗེའི་མདའ་ནི་ཆར་ལྟར་འབེབས་ཤིང་གདའ། །ཆེམ་ཆེམ་འུར་འུར་སྒྲ་ནི་སྟོང་ཁམས་ཁྱབ་ཅིང་གདའ། །དེ་ལྟར་ཁྱབ་པའི་ཕྱི་རོལ་དུ། །མཚོན་ཆ་སྣ་ཚོགས་སྐར་ལྟར་འབར་ཞིང་འཁྲུགས་ཤིང་གདའ། །འཁོར་ལོ་གྲི་དང་རྡོ་རྗེ་རལ་གྲི་བཅས། །བེ་ཅོན་དགྲ་སྟ་ཐོད་དབྱུག་ཁ་ཊྭཱཾ་དང་། །དབྱུག་ཏོ་ཕུར་པ་སྤུ་གྲི་དང་། །དྲག་པོའི་མཚོན་ཆའི་ཚོགས་ནི་མེ་ལྟར་འབར་ཞིང་གདའ། །རང་སེམས་མ་བཅོས་ལྷུན་གྲུབ་དཀྱིལ་འཁོར་ནས། །སྤྲུལ་པའི་བདེ་སྟོང་རང་ལུས་གཞལ་ཡས་ཁང་། །སྣང་སྟོང་མ་འགགས་མངོན་སུམ་ལྷང་ངེ་བ། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོར་གདའ། །རྣམ་དག་ཆོས་ཀྱི་དབྱིངས་ཀྱི་མཁའ་ཀློང་ན། །ཡེ་ཤེས་སྒྱུ་མའི་གཟུགས་བརྙན་དུ་བསྟན་པ་ཡི། །རྣམ་དག་ལྷ་ཡི་ཕོ་བྲང་དེ་འདྲར་གདའ། །ང་ཡང་དེ་རུ་མྱུར་དུ་ཕྱིན་པར་གདའ། །ཞེས་གསུངས་ཤིང་། སྤྱན་ཧྲིག་ཧྲིག་མཛད་ཅིང་སྣང་བ་དང་། ཡང་མཆོག་ལྡན་རྡོ་རྗེས། ཁྱོད་མིན་པ་ངེད་ཚོ་གཞན་མཁའ་སྤྱོད་དུ་མི་ཕྱིན་པ་ཨེ་ཡིན། ཅེས་བཞད་གད་དུ་བཟླས་པས། ཡང་ཌཱཀྐི་མའི་ཞལ་ནས། བསྟན་པ་འཛིན་པའི་གྲོགས་མཆོག་གསོན། །གཞན་ཡང་འདིར་འཚོགས་སྐལ་ལྡན་ཕོ་མོ་ཚོ་གསོན། །མཁའ་སྤྱོད་གནས་སུ་འགྲོ་འདོད་ན། །སྣང་བའི་ཡུལ་ལ་ངོས་མ་འཛིན། །སྟོང་པའི་ངོས་ལ་ཚོད་མ་འཛིན། །མཉམ་ཉིད་ངང་ལ་ཐེ་ཚོམ་ཆོད། །རང་བྱུང་གི་དོན་ལ་བློས་མ་བཅོས། །འོག་མིན་མཁའ་སྤྱོད་བློས་མ་བཟོ། །རང་རིག་དྲི་མེད་མཁའ་སྤྱོད་ཡིན། །སྐུ་ལྔ་རྣམ་དག་ཞིང་ཁམས་ཡིན། །གནས་དང་ཡུལ་གྱི་ཞེན་ཆགས་ཕྲོལ། བྱར་མེད་སྟོང་པའི་རྒྱས་འདེབས་ལ། །གཏད་མེད་ལྟ་བའི་གཏད་སོ་ཕྲོལ། །རང་མདངས་རིག་པའི་རང་གསལ་ལ། །སྒོམ་བློ་འདེབས་ཀྱི་ཤེས་པ་ཧ་ཐང་ཆད། །སྤྱོད་པ་མ་འགགས་རང་གྲོལ་བ། །ཡིན་མིན་ཤེས་པ་ཧ་ཐང་ཆད། །སྐུ་ལྔ་མ་བཅོས་རྒྱན་ཤར་ལ། །རིགས་ལྔ་ལྷུན་གྱིས་གྲུབ་པར་ཤོག །ཅེས་གསུངས་སོ། །མཚན་ལྡན་ཇོ་མོ་སྒྲོལ་མ་ཡི། རང་སྣང་དག་པ་ལྷ་ཡི་གཟིགས་ཚུལ། སྣང་སྲིད་བདེ་ཆེན་ཞིང་དུ་ཤར་བ་གསང་བའི་རྣམ་ཐར་ཐུགས་རྒྱུད་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས། དགེ་བ་འདིས་མཚོན་ནས། བདག་གཞན་དགེ་བའི་རྩ་བ་ཅི་སྙེད་ཀུན། །སྐྱེ་བ་ཀུན་ཏུ་ཡེ་ཤེས་མཁའ་འགྲོ་མ། །ཇོ་སྒྲོན་མཉེས་ཤིང་རྗེས་སུ་འཛིན་གྱུར་ཅིག །ཅེས་པ་འདི་ནི་ཡབ་མཆོག་ལྡན་རྡོ་རྗེས་ཡི་གེར་བཀོད་པའོ། །

དག་པ་གཡུ་ལོ་བཀོད་པའི་ཞིང་ཁམས་ཀྱི་མཐོང་སྣང་ཨུཏྤལའི་ཕྲེང་བ། ལྷ་ལྕམ་ཙནྡྲ་ཏཱ་རེའི་དག་སྣང་།

༄༅། །དག་པ་གཡུ་ལོ་བཀོད་པའི་ཞིང་ཁམས་ཀྱི་མཐོང་སྣང་ཨུཏྤལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས་པའི། །ཞབས་ཀྱི་པདྨོ་ལ་ནི་བཏུད་དེ། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་དུ། །ལྷག་པའི་ལྷ་ལ་བསྟོད་པར་བྱའོ། །ཕྱག་འཚལ་སྒྲོལ་མ་ལྷ་ཡི་ལྷ་ཁྱོད། །དངོས་གྲུབ་མ་ལུས་ཀུན་གྱི་འབྱུང་གནས། །ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར། །འདོད་པའི་འབྲས་བུ་སྟེར་བར་མཛད་མ། །གང་ཞིག་ཡིད་ཅན་སྒྲོལ་མའི་ཞིང་ཁམས། །མངོན་པར་ཡིད་ལ་བྱ་བར་འདོད་པས། །དད་པའི་པདྨོ་བཞད་པའི་གསོས་སུ། །དག་པའི་སྣང་བའི་བསིལ་ཟེར་སྤྲོའོ། །

ཡང་པོ་ཏ་ནས་ཕྱིར་འོངས་ནས་གཡོན་ཕྱོགས་ཀྱི་ངོས་ནས་ཡར་སོང་བས། སྒྲོལ་མ་དཀར་མོས་ལམ་སྣ་མཛད་དེ་ཕྱོགས་གཅིག་ཏུ་སླེབ་སོང་། ཡུལ་ཁམས་ཐམས་ཅད་གར་བལྟས་སྔོ་ལྗང་ངེ་ཡོད་པ། མཛེས་ཤིང་ལྷུན་ཆགས་པ། ངོ་མཚར་ཁྱད་པར་དུ་འཕགས་པའི་བཀོད་པ་དུ་མས་བརྒྱན་པ། ནམ་མཁའ་འཇའ་འོད་སྣ་ལྔའི་གུར་ཁང་ཕུབ་པ། མེ་ཏོག་པདྨ་སྣ་ཚོགས་ཀུན་ཏུ་བཀྲམས་པ། དབྱར་དགུན་གྱི་མིང་མེད་པ། དཔག་བསམ་གྱི་ལྗོན་ཤིང་ལོ་འདབ་རྒྱས་པ། དེ་ལ་གསེར་གྱི་བྷུ་སི་གཡེར་ཁ་འདུ་གྷ་དར་གྷནྜི་དྲིལ་བུ་སོགས་དཔྱང་བ། རླུང་གིས་བསྐྱོད་པའི་སྒྲ་ལས་སཾསྐྲྀ་ཏའི་སྐད། ན་མོ་ཨཱརྱ་ཏཱ་རེ་མྃཿ ཞེས་པ་སོགས་ཆོས་ཀྱི་སྒྲ་འབྱུང་བ། ཕྱོགས་ཐམས་ཅད་ནས་འཕགས་མའི་སྤྲུལ་པའི་བྱ་ཀ་ལ་པིངྐ་ཀ་རན་བ་རྨ་བྱ་ཁྲུང་ཁྲུང་ནེ་ཙོ་དང་རི་སྐེགས་ཁུ་བྱུག །ངུར་སོགས་རྩེ་བ་ཡིད་མཐུན་པ་ལོངས་སྤྱོད་ཀྱི་འབྱོར་བ་བསམ་གྱིས་མི་ཁྱབ་པ་དང་། མཚམས་ཐམས་ཅད་ལ་བདུད་རྩིའི་རྫིང་བུ་ཡན་ལག་བརྒྱད་ལྡན། རིན་པོ་ཆེའི་ཁྲུས་ཀྱི་ཁང་རྩེག་ཏུ་ལེགས་པ། དེ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་མིང་ཙམ་ཡང་མེད་པ། རི་ཐམས་ཅད་གསེར་དངུལ་གཡུ་ལ་སོགས་པ་སྤུངས་པ། སྐྱེ་བ་ཐམས་ཅད་པདྨའི་སྙིང་པོ་ཟེའུ་འབྲུ་ལས་རྫུས་ཏེ་སྐྱེས་པ། མི་མཐུན་པ་ཅ་ཅོའི་སྒྲ་སོགས་ཚེ་རབས་གཏན་དུ་མི་ཐོས་པ། དེར་གནས་ཐམས་ཅད་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་སེམས་མ་ཤ་སྟག་གོ །

དེ་ལྟ་བུའི་ས་ཕྱོགས་དེ་ནི་བློས་དཔག་པ་ལས་འདས་པ། ཆེ་ཆུང་གི་ཚད་བཟུང་དུ་མེད་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་སྟོང་ཕྲག་མང་པོ་འདུག །བདག་སྐད་ཅིག་ཉིད་ལ་དབུས་ཀྱི་ཕོ་བྲང་གི་སྒོ་འགྲམ་དུ་སླེབ། ཕོ་བྲང་དེ་ནི་རྨད་བྱུང་འཕྲུལ་གྱི་གནྡྷོ་ལ། གྲོལ་བ་བཞི་ལྡན་གྱི་གཞལ་ཡས་ཁང་ཆེན་པོ་སྟེ།

དེ་ལ་ཕྱི་ནས་མཇལ་ཚེ་བློ་ཡི་གཉིད་འཐུག་ལས་སད་པ། མ་རིག་པའི་རབ་རིབ་དང་བྲལ་བ། ཡེ་ཤེས་ཀྱི་མཐོང་བ་རྒྱས་པ། བྱམས་དང་སྙིང་རྗེ་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་ནུས་པ་ཞིག་བྱུང་། དེའི་ནུབ་སྒོ་ནས་སོང་བས། གུ་ཧྱ་དཱེ་བི་ཞེས་བྱ་བ་དང་འཕྲད། བདག་ལ་ཐུགས་མཉེས་ཚོར་ཆེན་པོ་མཛད་དུ། དེ་ནས་ཕར་སོང་བས་ཁྱམས་ཤིག་ཏུ་ལྷ་མོ་གོས་ལྗང་ཅན་སྟོང་ཕྲག་མང་པོས་རྒྱ་གར་གྱི་སྐད་དུ། སྒྲོལ་མ་ཉེར་གཅིག་མའི་བསྟོད་པ་གསུངས་ནས། མཚམས་སུ་ཏིང་ཏིང་ཤག་དང་གསེར་གྱི་མཁར་རྔ་ཙནྡ་ཀུ་ལ་སྦྲུལ་གྱི་སྙིང་པོ་ཙ་དུར་གརྦྷ་ལས་བྱས་པའི་རྔ་དང་། སིལ་སྙན་དང་། ཀ་དཱོ་ར་དང་ཏམྦུ་ར་གླིང་བུ་སོགས་རོལ་མོའི་རིགས་བྱེད་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ནི་མཚམས་དག་ཏུ་མཛད་དོ། །དེར་མོས་གུས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བདག་གིས་ཧ་ལམ་ཡིད་ཀྱིས་མཆོད་པ་དང་སྒྲོལ་མའི་བསྟོད་པ་སྨོན་ལམ་བཅས་ནན་ཏན་ཏུ་བྱས། ཡང་ཁང་བུ་ཆུང་ཞིག་ཏུ་སོང་བས་དེ་ཝི་གཅིག་བཞུགས། དེ་ནི་ཤིན་ཏུ་རྒས་པའི་ཉམས་ལྟར་དབུ་སྐྲ་དཀར་པོ་དུང་ལྟར་འཁྱིལ་བ་ཚེམས་ཀྱི་ཕྲེང་བ་མ་རྡོལ་བ། ལང་ཚོ་དར་ལ་བབས་པ་བཞིན་བཀྲག་མདངས་ཁྱད་པར་དུ་འཕགས་པ་ཞིག་འཁོར་དུ་མས་བསྐོར་ཏེ་བཞུགས། དེའི་གསང་བའི་མཚན་ལ་གཱཽ་རི་ཀི་དྷི་མ་ཞེས་བྱ། མཚན་དངོས་ནི་ཨརྱ་དཱེ་ཝི་ཞེས་ཡོངས་སུ་གྲགས་པ་ཞིག་མཇལ། ཕྱག་དང་སྐོར་བ་མཎྜལ་ཡན་ལག་བདུན་པ་དང་གསོལ་འདེབས་སྨོན་ལམ་ཞུས། དེས་ཀྱང་བུ་མོ་འདི་ཅི་ཡིན། བདག་གི་མདུན་དུ་འོང་བ་འདི་ཤིན་ཏུ་བསྐལ་བ་རེ་བཟང་། ཨེ་མ་ཧོ། འདིར་ཁྱོད་ཐོན་པ་ཅིའི་ལས་འཕྲོ་ཡིན། བདག་ནི་རྨད་དུ་བྱུང་བའི་ལྷ་གཅིག་རྗེ་བཙུན་སྒྲོལ་མས་རྗེས་སུ་བཟུང་བའི་འཆི་མེད་རྡོ་རྗེའི་ཚེ་ལ་མངའ་བརྙེས་པའི་སྦས་པའི་དཔའ་མོ་ཞིག་ཡིན་གསུངས། བདག་གི་མགོ་ཐོག་ཏུ་ཕྱག་གཉིས་ཀ་བཞག་ནས། ཕྱག་འཚལ་པདྨ་རཱ་གའི་མདངས་ལྡན། །དགའ་བ་བཅུ་དྲུག་ལང་ཚོ་རབ་རྒྱས། །མི་མཐུན་བདུད་ཀྱི་གཡུལ་ལས་རྒྱལ་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་མ། །ཞེས་གསུངས་ཏེ་ཐུགས་དགྱེས་དགྱེས་མཛད་དེ། བདག་གི་བརྙན་ཙམ་ཡང་འཕགས་བོད་གཉིས་ཆར་ན་མེད། ཞིང་འདིར་སྒྲོལ་མས་རྗེས་སུ་བཟུང་བའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་དངོས་ཉམས་རྨི་ལམ་དག་ཏུ་བྱོན་ཡང་། བདག་དང་མཇལ་འཕྲད་བྱེད་པ་ནི་གཅིག་ཀྱང་མེད་གསུངས་པས་བདག་ཡིད་རབ་ཏུ་སྤྲོ་བ་ཞིག་ཀྱང་བྱུང་། དེ་ནས་ཡང་སོང་བས་དབུས་ཀྱི་གཞལ་ཡས་ཁང་དུ་སླེབ། དེ་ན་ནི་དུང་དང་གསེར་དང་བྱུ་རུ་དང་མརྒད་དང་ཨིནྡྷ་སྙིལ་ལྔ་ཡི་རྩིག་པ་ལ་ཁ་བད་ཐམས་ཅད་ནི་པདྨ་རཱ་ག་ལས་བྱས་པ་མཇལ། ཀ་བ་རྣམས་ནི་མུ་ཏིག་དམར་པོ་དང་གདུང་མ་དག་མན་ཤེལ། གྲལ་ཕྱམས་རྣམས་ནོར་བུ་དགོས་འདོད་ཀུན་འབྱུང་ལས་གྲུབ་པ། ཕྱོགས་ཐམས་ཅད་ནས་གསལ་བྱེད་ཀྱི་མཐོང་སྐར་རབ་ཏུ་ཕྱེ་བ། གསེར་གྱི་ཕ་གུ་ཡི་སྟེང་དུ། བྱུ་རུའི་བྲེ་ཕུལ་གྱིས་བཏེགས་པའི་སྟེང་དུ་ལྗང་སྔོན་གཡུ་ཡི་རྒྱ་ཕིབ་མཐོ་བ། ཕྱོགས་བཞིར་ཆུ་སྲིན་མ་ཀ་ར་ཡི་ཁ་ནས་མུ་ཏིག་དཀར་སེར་དམར་ལྗང་གི་ཆུན་འཕྱང་གི་དྲྭ་བ་དྲྭ་ཕྱེད་ལ་གསེར་གྱི་བྷུ་སི་ལི་གྷ་སོགས་སྒྲ་སྙན་པར་འཁྲོལ་བ།

གཞན་ཡང་ངན་སོང་གི་སྡུག་བསྔལ་འཕྲོག་པའི་རོལ་མོའི་སྒྲ་སྣ་ཚོགས་སྙན་པར་འཁྲོལ་བ། ཚད་མེད་པའི་སྤོས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ། མཆོད་ཚོགས་བསམ་ལས་འདས་པའི་བཀོད་པ་ཁྱད་པར་དུ་འཕགས་པ། དེའི་དབུས་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པ། ཟླ་བའི་གདན་གྱི་སྟེང་དུ། སྐྱབས་གཅིག་ཐུགས་རྗེའི་བདག་ཉིད། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲིང་མོ། ལྷ་དང་བཅས་པའི་འཇིག་འདས་ཆེ་རྒུ་ཡོངས་ཀྱི་ཞབས་ཀྱི་འཁོར་ལོ་གཙུག་ཕུད་ཀྱིས་ཉེ་བར་བཏེགས་མ། འཕགས་པའི་སྤྱན་ཆབ་ལས་འཕྲོས་པའི་ལྷ་མོ་ཨཱརྱ་ཏཱ་རེ་མ་དེ་ཉིད། སྐུ་མདོག་ལྗང་སྔོན་གཡུ་ཡི་ལྷུན་པོ་ལ། ཉིན་བྱེད་སྟོང་གིས་འཁྱུད་པ་ལས། ལྷག་པའི་མཚན་དང་དཔེ་བྱེད་ཀྱི་འོད་ཟེར་མུ་མེད་པ་འཕྲོ་བ། གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་གྱི་སྐུ་ལ་ལྷ་རྫས་དར་གྱི་ན་བཟའ་དང་། རིན་ཐང་བརྗོད་བས་བྲལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་སྤྲས་པ་གནག་སྣུམ་དབུ་སྐྲའི་ལན་ཚར་ཕྱེད་ཐོར་ཚུགས་དང་ཕྱེད་ཐུར་དུ་དཀྲོལ་བའི་འདབ་མས་ཕྲག་ཟུར་ཁེབ་པ། དར་ལྗང་སྔོན་གྱི་ཆུན་འཕྱངས་རླུང་གིས་གཡེང་བ། ཕྱག་གཡོན་པས་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་ཨུཏྤལ་ལྗང་གུའི་ཡུ་བ་ནས་བཟུང་སྟེ་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེས་པ། ཕྱག་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱས་འཁྲུལ་སྣང་འཁོར་བའི་འཇིགས་ཚོགས་མཐའ་དག་ལས་སྐྱོབ་པར་མཛད་པ། ཞབས་གཉིས་སེམས་མའི་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་མདུན་ནས་བརྩམ་སྟེ་གཡོན་སྐོར་དུ། འཕགས་མ་བྱང་ཆུབ་སེམས་མ་མང་པོ་དང་། གཡས་སུ་གྲུབ་ཐོབ་ཉི་མ་སྦས་པ་དང་། རྒྱབ་ཏུ་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན། གཡོན་དུ་སྙན་ངག་པ་ཙནྡྲ་གོ་མི། མདུན་དུ་ཇོ་བོ་རྗེ་དཱི་པཾ་ཀ་ར། གཙོ་འཁོར་སྟོང་ཕྲག་དུ་མ་རྣམས་དང་། འབྲུག་གྲགས་སྒྲོལ་མ། དབང་ཆེན་སྒྲོལ་མ། ལྷུན་གྲུབ་སྒྲོལ་མ། འཇིགས་མེད་སྒྲོལ་མ། འོད་ཟེར་སྒྲོལ་མ། འགྲོ་འདུལ་སྒྲོལ་མ། ཟངས་ཡུན་སྒྲོལ་མ། བསམ་ཡས་སྒྲོལ་མ། ཐབས་མཁས་སྒྲོལ་མ། བྱང་ཆུབ་སྒྲོལ་མ། དབུས་གཙང་སྒྲོལ་མ། རྒྱ་ནག་སྒྲོལ་མ་སོགས་འབུམ་ཕྲག་ཏཱ་རེ་དུ་མའི་ཚོགས་བསམ་ལས་འདས་པ་རྣམས་མངོན་སུམ་མིག་གི་སྤྱོད་ཡུལ་དུ་མ་འདྲེས་མ་ནོགས་པར། གདོས་བཅས་རང་རྒྱུད་དུ་གཏོགས་པའི་ཤ་ཁྲག་གི་ཕུང་པོ་མ་ཡིན་པར། ཡེ་ཤེས་སྒྱུ་མའི་ལུས་ཅན་སྣ་ཚོགས་སྣང་བའི་ཆོ་འཕྲུལ་ཅན། མཐའ་དག་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་མེར་མཇལ། དེའི་ཚེ་ཐ་མལ་མཚན་འཛིན་གྱི་ལོག་རྟོག་འདི་རང་སར་འགགས། ཅི་ཡང་མི་འཛིན་ངང་ལ་གང་ཡང་མ་འགགས་པའི་དག་པ་རབ་འབྱམས་ཀྱི་བཀོད་པ་འབྱམས་ཀླས་པའི་ངང་དེར་སྨྲ་བསམ་བརྗོད་ལས་འདས་པར་དར་ཅིག་ལུས། དེའི་ཚེ་རྗེས་ཤེས་ཀྱི་སྣང་བ་དད་སྤྲོ་འདྲེས་པ་ལྟ་བུའི་ངང་དེར་ཕྱག་དགུ་ཕྲུགས་སུ་འཚལ་ཏེ། འཕགས་མའི་མདུན་དེར་སོང་ནས་མཎྜལ་དང་ཡན་ལག་བདུན་པ་ཕུལ། གངས་ཅན་སྐྱོབས་པའི་ལྷ་གསུམ་ལ་གསོལ་འདེབས་གདུང་ཤུགས་དྲག་པོ་བྱས། ཞབས་སྤྱི་བོར་བླང་སྟེ་སྨྲེ་སྔགས་འདོན་པའི་དབྱངས་ཀྱིས། ཀྱེ་མ་ཀྱེ་མ་རྒྱལ་ཡུམ་ཐུགས་རྗེ་ཅན། །སྙིང་སྡུག་བུ་མོ་འཁོར་བའི་དགོན་པར་འཁྱམས། །རྟོག་ཚོགས་བརྒྱད་ཁྲིའི་ཨར་ཅག་ཆོམ་པོས་གཙེས། །ཡང་དག་དགེ་བའི་ནོར་བཟང་འཕྲོག་ལ་ཁད། །ཐུགས་རྗེས་ཟུངས་ཤིག་ཨཱརྱ་ཏཱ་རེ་མ། །ད་དུས་སྙིགས་མའི་རྣམ་འགྱུར་ངོམ་པའི་ཚེ། །རྒྱལ་བསྟན་ཉི་མ་ཆུ་ལྷའི་མགྲོན་དུ་ཕྱོགས། །བསྟན་འཛིན་བཤེས་ཚོགས་ཞི་བའི་གྲོང་དུ་བཞུད། །མདོ་སྔགས་བསྟན་པ་ཕྱོགས་ལྷུང་སྤྲིན་གྱིས་བསྒྲིབས། །ཐུགས་རྗེས་ཟུངས་ཤིག་ཨཱརྱ་ཏཱ་རེ་མ། །ཡིད་ཅན་སྐྱེ་རྒུ་ཐར་བའི་ངལ་སྟེགས་བྲལ། །ལས་ཉོན་ནད་ཀྱིས་རྟག་ཏུ་གཟིར་བཞིན་དུ། །མི་བཟོད་དུཿཁའི་སྡུག་བསྔལ་རྒྱུ་འབྲས་སྤྱོད། །རྣམ་མཁྱེན་ཐར་བའི་གླིང་དུ་བསྒྲོད་ལ་རིང་། །ཐུགས་རྗེས་གཟིགས་ཤིག་ཨཱརྱ་ཏཱ་རེ་མ། །ནག་ཕྱོགས་འབྱུང་པོའི་རུ་མཚོན་མཁའ་ལ་ངོམ། །ཆོས་བྱེད་སྐྱེས་བུའི་རྒྱལ་མཚན་འོད་མདངས་ཉམས། །ཆོས་ལྟར་བཅོས་པས་ས་སྟེང་གང་བའི་དུས། །འགྲོ་རྣམས་ལོག་པའི་ལམ་དུ་ཁ་དཀྲི་ན། །ཐུགས་རྗེས་ཟུངས་ཤིག་ཨཱརྱ་ཏ་རཱེ་མ། །མཐའ་མ་ཀླ་ཀློའི་ཚོགས་ཀྱིས་བསྟན་ཞབས་སྡུད། །དུ་རུ་ཀཿལྔའི་ཡོ་ལངས་རབ་ཏུ་འཁྲུགས། །ཕུང་བྱེད་བདུད་ཀྱི་དམག་དཔུང་ལྷུད་དུ་ཉེ། །འདི་ཉིད་མི་སྐྱོབས་མཁྱེན་ནུས་གང་དུ་སྟོན། །ཐུགས་རྗེས་གཟིགས་ཤིག་ཨཱརྱ་ཏཱ་རེ་མ། །ཞེས་སོགས་ཡིད་རབ་ཏུ་གདུང་བའི་ཚིག་དུ་མ་བཏོན་ནས། འཕགས་མའི་ཕྱག་གཡས་པ་ཡིད་བཞིན་འཁོར་ལོའི་མཚན་མཆོག་རྣམ་པར་བཀྲ་བ་དེ། བདག་གི་མགོ་ཐོག་ཏུ་བཞག་བཞིན་དུ། ཀྱེ་ཡིད་འོང་ལྷ་ལྕམ་ཙནྡྲ་ཏཱ་རེ་ཉོན། །སྔོན་ཚེ་བསྐལ་པ་དང་པོའི་དང་པོ་རུ། །བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚེ། །བུད་མེད་གཟུགས་ཀྱིས་རྫོགས་སངས་རྒྱས་པ་ནི། །སུས་ཀྱང་མི་སྨོན་དེ་ལྟར་མ་མཆིས་པས། །ཁོ་མོས་སྨོན་ལམ་འདི་ལྟར་བཏབ་པ་ཡིན། །ཟ་མ་མོ་ཡི་གཟུགས་སུ་བདག་སྟོན་ཏེ། །ཡིད་ཅན་རྒྱ་མཚོ་བྱང་ཆུབ་ཆེན་པོར་འགོད། །བདག་གི་མིང་ཙམ་དྲན་པའི་མོད་དེ་ལ། །འཇིགས་པ་བརྒྱད་སོགས་དབུགས་དབྱུང་བྱེད་པ་དང་། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པ་དང་། །མངོན་རྫོགས་སངས་རྒྱས་ས་ལ་མ་བཀོད་ན། །བདག་ནི་ནམ་ཡང་འཚང་རྒྱ་མ་གྱུར་ཅིག །ཞེས་སོགས་སྨོན་ལམ་འབུམ་ཕྲག་དུ་མ་ཡི། །ཞལ་བཞེས་དམ་བཅའ་བྱས་ཤིང་ཞིང་འདི་རུ། །ཡེ་སངས་རྒྱས་ལ་ཡང་སངས་རྒྱས་ཚུལ་བསྟན། །སྤྱིར་ན་འགྲོ་བ་ཡོངས་ལ་ཐུགས་རྗེ་ཆེ། །སྒོས་སུ་བོད་འབངས་དག་ལ་ཕྲིན་ལས་མྱུར། །དེ་ཕྱིར་ཤེས་ཡོད་སྐལ་པ་ལྡན་པ་རྣམས། །འདི་བཞིན་འཕགས་མའི་བཀའ་འདི་གཅེས་པར་ཟུངས། །སྙིགས་མ་ལྔ་བདོའི་བསྟན་པའི་ལྷག་ཞབས་ཚེ། །ཀླ་ཀློའི་འཇུག་པས་བསྡུ་ལ་ཉེ་བའི་སྐབས། །དམ་ལྡན་རྟེན་བཟང་མི་རྟག་རྒུད་པས་མནར། །རྒྱུ་འབྲས་འཆོལ་ན་བདེ་སྡུག་མདོ་རྒྱུད་དྲིས། །རྒྱུ་ནོར་གཉེན་འདུན་ཕ་མ་སྐྱབས་མ་ཡིན། །གང་གིས་སྐྱོབས་ན་བསླུ་མེད་དཀོན་མཆོག་གསུམ། །ཁྱད་པར་གངས་ཅན་སྐྱོབས་པའི་ལྷ་གསུམ་ལ། །ཉིན་མཚན་དུས་དྲུག་གསོལ་བ་ཡང་ཡང་ཐོབ། །བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད། །པོ་ཏཱ་ལ་རུ་འཕགས་མཆོག་སྤྱན་རས་གཟིགས། །རྔ་ཡབ་གླིང་དུ་གུ་རུ་ཐོད་ཕྲེང་རྩལ། །གཡུ་ལོ་བཀོད་ཞིང་ཨཱརྱ་ཏཱ་རེ་མ། །ཀུན་འདུས་ངོ་བོ་རྩ་བའི་བླ་མ་རྣམས། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ། །དབྱེ་བསལ་མེད་པར་རང་གི་རིག་པ་དང་། །འདུ་འབྲལ་མི་དམིགས་གདོད་ནས་མཉམ་པ་ཉིད། །འོན་ཀྱང་དུས་ཀུན་བློ་སྣ་དགེ་ལ་གཏོད། །ཡེངས་མའི་ངང་དུ་མི་ཚེ་མ་སྐྱེལ་བར། །ཁ་ཚིག་ཙམ་མིན་སྙིང་ཁུང་རུས་གཏིང་ནས། །དད་པ་དག་སྣང་སྙིང་རྗེ་བྱང་སེམས་དང་། །བརྩོན་འགྲུས་ཤེས་རབ་དྲན་ཤེས་བག་ཡོད་བརྟེན། །སྦྱོར་དངོས་རྗེས་གསུམ་ཚང་ན་དོན་འབྲས་སྨིན། །ཁྱད་པར་ཐུགས་རྗེ་ཆེ་བའི་ལྷ་གསུམ་གྱི། །སྙིང་པོ་མ་ཎི་སིདྡྷི་ཏཱ་རེ་དང་། །རང་གཞན་སྨྱུང་བར་གནས་པ་ལན་གཅིག་གིས། །བསྐལ་བ་བཞི་ཁྲིའི་སྡིག་ལྟུང་མཐར་བྱེད་ན། །མང་དུ་གནས་པའི་ཕན་ཡོན་སྨོས་ཅི་དགོས། །དེ་བས་རྒྱུ་འབྲས་མ་འཆོལ་སྤང་བླང་མཛོད། །ངེས་པར་གསོལ་བ་འདེབས་ནུས་སྐལ་ལྡན་རྣམས། །

བར་དོ་མེད་པར་གཡུ་ལོ་བཀོད་ཞིང་དུ། །འོང་བ་དེ་ལ་དཀའ་ཚེགས་ངལ་བ་མེད། །བསུ་མ་བདག་ཉིད་འོང་ཞེས་དབུ་བསྙུང་བཞེས། །ང་ཡི་སྤྲུལ་པ་དགེ་བཤེས་ཐ་ཤལ་དང་། །སྐྱེས་པ་བུད་མེད་བྱ་དང་རི་དྭགས་སོགས། །གང་འདུལ་གཟུགས་སུ་དེ་ལྟར་སྤྲུལ་པ་ནི། །བྱེ་བ་ཕྲག་བརྒྱའི་ཚུལ་དུ་ཡོད་པས་ན། །དད་པ་དག་སྣང་གསོལ་འདེབས་སྨོན་ལམ་ཐོབ། །ཅེས་གསུངས་སོ། །ཡང་དེ་རྣམས་ལ་དད་སྤྲོ་ཚད་མ་མཆིས་པས་དབང་བཞི་བླང་བ་སོགས་སྨོན་ལམ་ཡང་ཡང་དུ་བཏབ། སྒྲོལ་མ་དང་འབྲལ་བའི་སྡུག་བསྔལ་ནི་ལྷ་འཕོ་ལྟུང་ལས་ཐུ་བ་བྱུང་ཡང་། སྒྲོལ་མས་བདག་ལ་ཡིད་མ་སྡུག་དང་། ཚེ་རབས་གཏན་དུ་རང་རེ་འབྲལ་བ་མེད་ཅིང་ཁྱོད་ཀྱི་མཚན་རིག་འཛིན་སྒྲོལ་མ་ཞེས་བཏགས་པ་ཡིན་གསུངས། མ་ཟད་ང་ཡི་ཕྲིན་ལས་ཀྱི་སྤྲུལ་པའི་ལྷ་མོ་ཞིག་དང་དུས་དྲུག་ཏུ་འབྲལ་མེད་དུ་མི་དང་མི་ལབ་པ་ལྟ་བུར་ཆོག་པ་ཡོད་གསུངས། ཡང་སོང་བས་ཁང་ཆུང་ཞིག་ཏུ་རས་པ་དམ་པ་རྒྱ་གར་དང་མཇལ། དབུ་སྐྲ་དཀར་པོ་ཡིད་ཙམ་ཟད་པ་སྐུ་ཤ་རྒྱས་པ་ཞིག་ལ་སྲས་བཞི་སྲས་མོ་བཞི་འདུག །སྲས་མོ་ཐ་ཆུང་ལ་སྤྱང་གྲ་མ་ཟེར། ང་ལ་བདག་ཙ་ལ་ནས་འོང་བ་ཡིན་དགའོ་ཟེར། སྒྲོལ་མའི་གར་གླུ་ཤིན་ཏུ་སྙན་པར་ལེན། བདག་ལ་སྙིང་བརྩེ་བརྩེ་བྱེད་དུ། ཡབ་ཀྱིས་ཕྱག་ཏུ་ཚེ་བུམ་ཞིག་བསྣམས་ནས་ཡང་ནས་ཡང་དུ་བཞད་དེ་བཞུགས་དུས། བདག་ལ་སྨོན་ལམ་བཏབ་པར་ཞུས་པས་བཞད་དེ་སྤྱན་ཧྲིག་གེས་གཟིགས་ཏེ་དགོངས་གཏད་དར་གཅིག་གནང་དུ། ཡང་ཤར་སྒོ་ནས་ཕྱི་རོལ་དུ་འོང་།བདུད་རྩིའི་རྫིང་བུ་རུ་སོང་ནས་ཁྲུས་བྱས། འཆི་མེད་ཚེ་ཡི་བདུད་རྩི་བཏུང་ངོ་། །

དེ་ན་ཡོད་ཚད་མཇལ་ཚད་རྣམས་བྲི་དགོས་ན་ནི་དུམ་པ་མང་པོ་ཡོད་ངེས་ཀྱང་བྲི་མ་ནུས། ཡང་སོང་བས་ཞིང་དེ་དང་ཧ་ཅང་མི་རིང་ཞིག་ན། ཤིང་ཀནྡ་ཊ་བ་རྩ་བ་གསེར་ལས་བྱས་པ། སྡོང་པོ་དངུལ་ལས་བྱས་པ། ཡལ་ག་བཻཌཱུརྱ་ལས་བྱས་པ། ལོ་མ་སྤུག་ཤེལ་ལས་བྱས་པ། མེ་ཏོག་པདྨ་རཱ་ག་ལས་བྱས་པ། འབྲས་བུ་རྡོ་ཡི་སྙིང་པོ་ལས་གྲུབ་པའི་དཔག་བསམ་གྱི་ཤིང་ས་བཀབ་ནུས་པ་ལྟ་བུའི་ཤིང་དེར་དར་སྣ་ཚོགས་ཀྱི་འཕན་དང་མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་ལ་གསེར་གྱི་བྷུ་སི་ལི་ག་སྒྲ་དང་བཅས་དཔྱང་པའི་སྟེང་དུ། བྱ་ཡི་རྒྱལ་པོ་ཤིང་མི་ཕྱ་ལ་ཆགས་པ། དོན་ལ་བྱ་མ་སར་དེ་ཡིན་ཡང་། མིང་གི་རྣམ་གྲངས་གཞན་བྱ་ཀ་ལནྚ་བ་ཞེས་བྱ་བ་དེ་བཞུགས། དེ་ནི་ལུས་པོ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། སྤྱི་བོའི་གཙུག་ཏུ་ནོར་བུ་སརྦ་ཕཱ་ལ་ཞེས་བྱ་བའི་ཐོར་ཚུགས་ཅན། མདོག་རྨ་བྱ་ལས་མཛེས་པ་དེའི་ངག་ཏུ། སརྦ་བུདྡྷ་ཡེ་ཨེ་ཀ་པོ་ཊ་ལ་ཡཱ་ན་དུཿ ཁ་ཤིནྟཾ་སིདྡྷི་ཕ་ལ་ཧོཿ ཞེས་སྒྲ་དེ་བོད་སྐད་དུ་བསྒྱུར་ན། ཐམས་ཅད་མ་ལུས་རྫོགས་པའི་སངས་རྒྱས་ཉག་གཅིག་ཐོབ་ཕྱིར་རི་བོ་ཏ་ལར་འགྲོ། རིགས་དྲུག་འཁོར་བའི་སྡུག་བསྔལ་དང་བྲལ་ཞིང་བཟང་པོའི་དངོས་གྲུབ་སྩོལ། ཅེས་པ་ཡིན་པར་མངོན་དེ་ན་མི་རྒན་མགོ་དཀར་པོ་ཞིག་གི་ལག་ཏུ་སྟ་རེ་ཨརྠ་ཙན་ཊ་དེ་ཐོགས་ཏེ། ཤིང་དེའི་རྩ་བར་འདུག །བདག་ནི་ཤིང་ཐོག་ལ་ལོངས་སྤྱོད་དེ་སྡོད་པའི་ཚེ་མི་དེའི་ངག་ནས། ཨརྱ་ལོ་ཀི་ཤོ་རས་མངག་པའི་བུ། །མིང་ལ་ཀརྨ་སརྦ་མངྒ་ལ། །ཀ་རཀྡ་ཊ་བ་རྩ་བ་དྲུང་ནས་འབྱིན་ཟེར་ནས། བྱ་ཚོགས་གཞན་དག་གིས། ཀྱེ་མ་ཞེས་ཅ་ཅོའི་སྒྲ་འབྱིན་ཏེ། གཤོག་པ་ཀུག་ཀུག་བྱས་ནས། མིག་ནས་མཆི་མ་འབབ་བོ། །དེའི་ཚེ་བྱ་ཡི་རྒྱལ་པོ་དེས་ཟེར་བ། །ཤིང་ཀ་རནྡ་ཊ་བ་མ་གཅོད་དང་། །བྱ་ཀ་རནྚ་པ་ས་ལ་འབབ། །མི་ཁྱོད་ནི་ཚེ་རིང་ནད་མེད་ཤོག །བྱ་ང་ནི་རི་བོ་ཏཱ་ལར་འགྲོ། །ཞེས་ཟེར་ནས་དེ་འདྲའི་གཅོད་ཚུལ་བབས་ཚུལ་རེས་མོ་བྱེད་པར་མཐོང་ངོ་། །ཞེས་སོགས་མཐོང་སྣང་མ་ངེས་པ་མང་ངོ་། །དེ་ནས་འཕགས་པས་བྱིན་གྱིས་བརླབས་པའི་དགེ་བསྙེན་གཅིག་གིས་བདག་ལ་གཟིགས་འདུག་ཏུ། བདག་གིས་སྒྲོལ་མ་ལ་བསྟོད་པ་ཉེར་གཅིག་པ་བཏོན་པས། དེས་དེ་ལ་ཕན་ཡོན་འདི་ལྟར་ཡོད་གསུངས། སུ་ཡི་བློ་ལ་བསྟོད་པ་འདི་འཛིན། །ཉེས་ལྟུང་མ་ལུས་དྲུང་ནས་འབྱིན་ཅིང་། །ལེགས་པའི་ཡོན་ཏན་ཡར་ངོའི་ཟླ་ལྟར། །སངས་རྒྱས་སྟོང་གིས་བྱིན་གྱིས་རློབ་འགྱུར། །ཨེ་མ་བསྟོད་པའི་རྒྱལ་པོ་འདི་ནི། །ལན་གཅིག་ཡིད་ལ་དྲན་པ་ཙམ་གྱིས། །ཞིང་མཆོག་དམ་པ་བདེ་བ་ཅན་དུ། །ཐེ་ཚོམ་མེད་པར་ངེས་པར་སྐྱེ་འགྱུར། །ཞེས་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་ཡོན་གཞུང་ནས་བཤད་པ་ལྟར་གསུངས་སོ། །དེའི་ཚེ་ན་སྔོན་ཚེ་རྡོ་རྗེ་འཆང་དང་གུ་རུ་པདྨའི་དམ་ལ་གནས་ཤིང་ཟབ་རྒྱས་ཆོས་གཏེར་གྱི་གཉེར་ཁ་སྐྱོངས་བ། བར་དུ་གངས་ལྗོངས་སྒྲུབ་རྒྱུད་རྒྱན་གཅིག་མི་ལ་བཞད་པ་རྡོ་རྗེ་ལ། ལ་ཕྱི་གངས་དང་ཆུ་བར་རྣམས་སུ། རླུང་སེམས་དྷཱུ་ཏིར་དྲངས་བའི་མཛའ་ན་མོ། བླ་མ་མཆོག་སྤྲུལ་རྡོ་རྗེ་རིག་འཛིན་འཇིགས་མེད་མདོ་སྔགས་བསྟན་འཛིན་དང་། གྲུབ་བརྒྱའི་གཙུག་རྒྱན་བདེ་ཆེན་རྡོ་རྗེ་སོགས་ཀྱི་སྲུང་མ་སྐུ་ཚེའི་བར་ཆད་བསལ་ཞིང་། འགྲོ་དོན་ཕྱོགས་མེད་སྤེལ་བའི་ཁ་ལོ་བསྒྱུར་བ། མཚན་ཡོངས་སུ་གྲགས་པ་ལྷ་སྨན་རྒྱལ་མོ་བཀྲ་ཤིས་ཚེ་རིང་མ་ཞེས་བྱ་བ་དེ་ཉིད་ཀྱིས་སྐུ་མདུན་རིན་པོ་ཆེའི་སྒྲུབ་ཁང་ནས་འབོད་སྐད་ལན་གསུམ་བྱས་བྱུང་སྟེ། ཀྱེ་བུ་མོ་ཟླ་བ་སྒྲོལ་མ་ཁྱོད། འཇིག་རྟེན་མི་ཡུལ་དུ་ཤོག་ཅིག་ཅེས་པའི་སྒྲ་སྐད་ལྷང་ལྷང་བདག་གིས་ཐོས་བྱུང་བའི་རྐྱེན་དེས་ངའི་ཨ་ཁུ་རིན་པོ་ཆེ་དང་མཐུན་གྲོགས་མཛའ་བཤེས་ཕ་མ་ཐམས་ཅད་ཡོད་པ་ཁྲོམ་ཡུལ་ཡིན་པས་འགྲོའོ་སྙམ་དུ་སེམས་ལྷག་པར་གདུང་། དེ་ནས་གྲོགས་སྒྲོལ་མ་དཀར་མོ་ངེད་གཉིས་ཡུད་ཙམ་ཞིག་ལ་འོང་བས། མི་ཡུལ་གྱི་ཞག་ལྔ་ཉིན་མཚན་བཅུ་རེད་སོང་ཟིན། རང་གི་ཕུང་རྒོག་ལ་ཤེས་པ་ཞུགས་པས་སྦྲིད་ཆམ་ཆམ། གསལ་སྣང་ཡེ་མེད་པ་ཞིག་བྱུང་། དེའི་དར་ཅིག་ནས་ཞིང་ཁམས་མཐོང་སྣང་ལ་དད་སྤྲོ་དང་། དམྱལ་བའི་ལས་སྣང་ལ་ཡིད་རབ་ཏུ་སྐྱོ་བཞིན་པའི་ངང་ལ་གཉིད་སད་པ་ལྟར་གྱུར། ཨ་ཁུ་དྲུང་པ་ང་ཡི་མདུན་དུ་ཚེ་མདའ་ཞིག་བསྣམས་ཏེ་སྤྱན་དཀར་དམར་གྱི་ལེར་གཟིགས་ནས་བཞུགས་འདུག །རང་ཅུང་ཟད་ཁྲེལ་བ་ལྟ་བུས་ཅི་ཡང་སྨྲ་མི་ཕོད་པ་ཞིག་ཏུ་གྱུར། རི་ཥིའི་སྨན་ཆར་དང་རྣམ་འཇོམས་ཀྱི་སྒྲུབ་པའི་ཆུས་ཁྲུས་བྱས། ཀུན་གྱིས་འོ་མ་བརྒྱལ་ལམ་སོགས་ངུ་དགོད་སྣ་ཚོགས་བྱེད། ཁྱོད་ལྟོག་ཡོད་སྐོམ་ཡོད་ཟེར་ཏེ་བཟའ་བཏུང་རྣམས་མགོ་ཐོག་བྱོ་བ་ལྟ་བུ་བྱེད་པས། ང་ནི་སྐོམ་ལྟོག་གི་སྡུག་བསྔལ་གཏན་ནས་མ་མྱོང་སྨྲས་ཀྱང་བདེན་པར་མི་འཛིན་པར་ཀུན་གྱིས་ཟོ་ཞིག་འཐུང་ཞིག་ཟེར། ཐམས་ཅད་ཀྱང་རྔ་མོང་རྔེའུ་ཕྲུག་སྟོར་ནས་སླར་རྙེད་པ་ལྟར་དགའ་སྤྲོ་དཔག་མེད་ཐོབ་བཞིན་ཚོགས་ཀྱི་དགའ་སྟོན་ལ་རོལ་བར་བྱས་སོ། །དེ་ནས་ཞག་གཅིག་གཉིས་ངལ་གསོས་ནས། སླར་བཅོས་སླད་མེད་པར་དཔལ་རི་པོ་ཏཱ་ལ་གཡུ་ལོ་བཀོད་པ་དམྱལ་སྣང་རྣམས་གྱ་ཟུར་སྤྲུལ་སྐུ་ཁོ་ནས་བྲིས་པའོ། །

༈ འདིར་སྨྲས་པ། མཐའ་ཡས་རྒྱལ་བ་ཡོངས་ཀྱི་གསང་བ་གསུམ། །དབྱེར་མེད་གཅིག་བསྡུས་རྒྱལ་ཡུམ་ཏཱ་རེ་མའི། །ཐུགས་རྗེའི་གཟི་འོད་སྙིང་ལ་ཕོག་པའི་མོད། །ཡིད་ཀྱི་མུན་པ་མ་ལུས་སེལ་བར་མཛད། །སྔོན་སྨོན་དབང་གིས་དག་པའི་ཞིང་ཁམས་ནི། །མངོན་སུམ་སྙིང་གི་མེ་ལོང་གསལ་བའི་མཐར། །ཕྱོགས་ལྷུང་ཕྲག་དོག་གདོན་གྱིས་མ་གཙེས་པའི། །སྒྲོ་སྐུར་ཀུན་བྲལ་ཡང་དག་གཞུང་བཟང་པོ། །འདི་ཀོ་བླ་མའི་བཀའ་དྲིན་ཉིད་ལས་བྱུང་། །དེ་ཕྱིར་མ་དཔེ་མི་གསལ་དགེ་བའི་བཤེས། །དམ་པ་རྣམས་ལ་གུས་པས་ཕྱག་བགྱིད་ན། །སྐྱེ་བ་ཀུན་ཏུ་བྱིན་གྱིས་རློབས་པར་མཛོད། །སརྦ་མངྒ་ལཾ། བཀྲ་ཤིས།

ཤེས་རབ་ཆོས་ཀྱི་སྒྲོན་མའི་པོ་ཏཱ་ལའི་དག་སྣང་འཕྲལ་ཡུན་སྨན་པའི་གསོས་སྦྱིན་པད་དཀར་ཆུན་པོ།

༄༅། །ཤེས་རབ་ཆོས་ཀྱི་སྒྲོན་མའི་པོ་ཏཱ་ལའི་དག་སྣང་འཕྲལ་ཡུན་སྨན་པའི་གསོས་སྦྱིན་པད་དཀར་ཆུན་པོ་ཞེས་བྱ་བ་བཞུགས་སོ། །

སྙིང་རྗེའི་གཏེར་ཆེན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །བུ་མོས་ཇི་བཞིན་སྨྲ་བར་མི་ནུས་ཀྱང་། རི་བོ་ཏཱ་ལའི་ལོ་རྒྱུས་ཉུང་ངུ་ཞིག་ཞུ་ན། རྒྱ་གར་རྡོ་རྗེ་གདན་གྱི་ཤར་ལྷོའི་མཚམས་ན། རི་བོ་ཏཱ་ལ་ཟེར་བ་དེ་འདུག །ས་ཕྱོགས་ཐམས་ཅད་མེ་ཏོག་མཛེས་པས་ཁེབས་པ། རིན་པོ་ཆེའི་དཔག་བསམ་གྱི་ལྗོན་ཤིང་སྐྱེས་པ། བདུད་རྩིའི་ཆུ་མིག་འཁྱིལ་བ། བྱ་ཚོགས་རྣམས་ཀྱིས་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། སྐྱེ་བ་ཐམས་ཅད་མེ་ཏོག་ལས་སྐྱེས་པ།

དབྱར་དགུན་དུས་བཞི་མི་འགྱུར་བ། སྡུག་བསྔལ་གྱི་མིང་ཙམ་ཡང་མེད་པ། བདེ་སྐྱིད་ཀྱི་སྣང་བ་དཔག་ཏུ་མེད་པ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་མ་རྣམས། ཟས་སུ་རོ་བརྒྱ་ལྡན་པའི་ཟས་མཆོག །གོས་པཉྫ་ལི་ཀ།།བཏུང་བ་ལྷ་ཡི་བདུད་རྩི། སྐྱེ་རྒ་ན་འཆི་ཡིས་དབེན་པ། དེ་བཞིན་གཤེགས་པའི་ཚོགས་ལ་བསྙེན་བཀུར་བརྩོན་པ། ཐུགས་རྗེ་ཆེན་པོ་ཆོས་ཉན་པ། ཚད་མེད་པའི་སྙིང་རྗེས་རྒྱུད་གྲོལ་བ། ཡན་ལག་བརྒྱད་ལྡན་གྱི་ཁྲུས་ཀྱི་རྫིང་བུ་ལ་བརྩེ་བ། དེ་ན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་མཛེས་ཤིང་ཡིད་དུ་འོང་བ། མ་འདྲེས་རིམ་ལྔའི་རྩིག་པ། ཕྱི་གསལ་ནང་གསལ་འཇའ་ཚོན་འོད་ཀྱི་དྲྭ་བས་མཛེས་པ། ཉི་ཟླ་སྟོང་ཕྲག་གི་མཐོང་སྐར་ཡོད་པ། ཤེལ་གྱི་ཀ་བ་སྟོང་ཕྲག་གིས་བཏེགས་པ། རཏྣའི་ཚོགས་ཀྱི་གདུང་མས་མཛེས་པ། གཡུ་ཡི་གྲལ་ཕྱམས་བྱུ་རུའི་ཁ་བད། མུ་ཏིག་གི་ཐེམ་སྐས། རིན་པོ་ཆེ་སྣ་ལྔའི་གཞལ་ཡས་ཁང་གི་ཕྱི་རོལ་ཏུ་པདྨ་རཱ་གའི་འདོད་སྣམས་ལ་མཆོད་པའི་ལྷ་མོ་སྟོང་ཕྲག་དུ་མས་གར་བརྩེ་བ། སྟེང་དུ་གསེར་གྱི་རྒྱ་ཕིབ་དར་དཀར་གྱི་གདུགས། ཆོས་ཀྱི་འཁོར་ལོ་ལ་རི་དྭགས་ཉན་ཅིང་འདུད་པ། གཞལ་ཡས་ཁང་གི་ཕྱོགས་བཞིར་ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་ཆུན་འཕྱང་དཔྱངས་པ། དྲིལ་བུ་དང་གཡེར་ཁའི་སྒྲ་སྙན་སྒྲོགས་པ་ཕྱོགས་ན་སྒོ་བཞིས་མཛེས་པ་དེའི་ནུབ་སྒོ་ནས་སོང་བས་ཡེ་ཤེས་ཀྱི་ལྷ་མོ་དང་ཞལ་མཇལ། གཞལ་ཡས་ཁང་གི་ནང་དུ་སོང་བས་མིག་འཕྲུལ་ལྟ་བུའི་འདོད་ཡོན་ལོངས་སྤྱོད་ཚད་མེད་པ། ལྷ་ཆེན་འཕྲུལ་དགའི་སྤྱོད་ཡུལ་ལས་འདས་པའི་མཆོད་ཚོགས་དཔག་མེད་བཤམས་པའི་དབུས་སུ་པད་དཀར་འདབ་མ་འབུམ་བརྡལ་གྱི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་འགྲོ་འདུལ་ཐུགས་རྗེ་ཆེན་པོ་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཐལ་སྦྱར་ནོར་བུ་འཛིན་པ་གཡས་པ་འོག་ཤེལ་ཕྲེང་དང་། གཡོན་འོག་ཨུཏྤལ་དཀར་པོ་སྙན་ཐད་ཁ་གྱེས་པ་མཚན་དང་དཔེ་བྱད་བལྟ་བས་མི་ངོམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་གསོལ་བ། རི་དྭགས་ཀྲིཥྞ་ས་རའི་ལྤགས་པས་ནུ་གཡོན་བཀབ་པ། ཞབས་གཉིས་རྡོར་སྐྱིལ་དུ་བཞུགས་པ་འོད་ཟེར་མུ་མེད་པ་འཕྲོ་བ་ཞིག་བཞུགས། དེ་ནས་བདག་གི་གྲོགས་སྒྲོལ་མའི་ཞལ་ནས། གནས་འདི་ནི་མེ་ཏོག་བརྒྱན་པའི་ཡུལ། །ཞིང་འདི་ནི་རིན་ཆེན་གཞལ་ཡས་ཁང་། །ལྷ་འདི་ནི་རྒྱལ་ཀུན་ཐུགས་རྗེའི་ལྷ། །འཁོར་འདི་ནི་སེམས་དཔའ་སེམས་མའི་འཁོར། །ཁྱོད་བསྐལ་བཟང་གུས་པས་ཕྱག་མཆོད་འབུལ། །ལས་འབྲེལ་བ་བཟང་པོའི་སྨོན་ལམ་ཐོབ། །ཅེས་གསུངས་པས་བདག་གི་ཡིད་རབ་ཏུ་དྭངས་ཤིང་སྤྲོ་བ་དང་བཅས་པའི་ཕྱག་འཚལ་བཞིན་དུ། སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འགྱེད། །བླ་མ་མཆོག་དང་དབྱེར་མེད་པའི། །འཁོར་ཚོགས་བཅས་ལ་གུས་ཕྱག་འཚལ། །དངོས་ཡིད་བླ་མེད་མཆོད་ཚོགས་འབུལ། །སྡིག་ལྟུང་སྙིང་ནས་འགྱོད་བཤགས་སྡོམ། །ཟག་བྲལ་དགེ་ལ་རྗེས་ཡི་རངས། །མྱ་ངན་མི་འདའ་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་རྒྱུན་བསྐོར་གསོལ། །དགེ་ཚོགས་མཁའ་མཉམ་འགྲོ་དྲུག་ཀུན། །འཕགས་མཆོག་གོ་འཕང་མྱུར་འཐོབ་བསྔོ། །ཚེ་རབས་ཀུན་ཏུ་ཐུགས་རྗེ་ཆེ། །ཉིད་དང་འབྲལ་མེད་བྱིན་རླབས་ཞུ། །ཞེས་སྙིང་ནས་གསོལ་བ་བཏབ་པས་འཕགས་མཆོག་ཐུགས་རྗེ་ཅན་གྱི་ཞལ་འཛུམ་པའི་མདངས་ལྡན་པས་ཚངས་པའི་དབྱངས་དལ་རིང་སྙན་འཇེབ་འཁོར་གྱི་དཀྱིལ་འཁོར་ཡོངས་ལ་ཁྱབ་པའི་གསུང་གི་རང་སྒྲ་བསྒྲགས་པ་བདག་གིས་འདི་ལྟར་ཐོས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ང་ཡི་བླ་མ་སྙིང་རྗེ་ཆེན་པོ་ཡིན། །ང་ཉིད་རྒྱལ་ཀུན་ཐུགས་རྗེ་རང་གཟུགས་ལྷ། །ང་ཡི་ཕྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ། །ཉམ་ཐག་འགྲོ་ཀུན་ལྷག་པར་ཐུགས་རྗེས་འཛིན། །བུ་མོ་ཁྱོད་ཀྱང་སྙིང་རྗེའི་སེམས་ལྡན་པས། །ཞིང་འདིར་ང་མཐོང་སྐལ་བཟང་ད་ལྟ་ཐོབ། །ང་ལ་དད་མོས་ཕྱག་མཆོད་འབྲེལ་ཚད་ཀུན། །སྔོན་སྔོན་མཐུ་ཡིས་བདེ་ཆེན་ཞིང་དུ་འདྲེན། །སྙིང་རྗེའི་དབང་གིས་མཁའ་མཉམ་འགྲོ་དྲུག་དང་། །ལྷག་པར་གངས་ཅན་བོད་ཀྱི་སྐྱེ་རྒུ་ཀུན། །ང་ཡི་མཚན་ཐོས་དད་ཕྱག་འབྲེལ་ཚད་རྣམས། །ཐུགས་རྗེའི་རྗེས་འཛིན་ཐུགས་རྗེ་ཆེ་ཞེས་གྲགས། །ལྷག་པར་མགོན་མེད་ཡོངས་ལ་དུས་དྲུག་ཏུ། །ཐུགས་རྗེའི་ཡེ་ཤེས་སྤྱན་རས་ཐོག་མེད་ཀྱིས། །ཀུན་ཏུ་གཟིགས་པ་མི་དཔོན་སྡིག་སྡུག་ལས། །གཏན་དུ་བསྐྱབས་པས་སྤྱན་རས་གཟིགས་ཞེས་གྲགས། །ང་ཡི་སྐུ་བསྒོམ་མཚན་དྲན་སྙིང་པོ་བཟླ། །སྨྱུང་བར་གནས་ལ་བརྩོན་པ་གང་སུ་དག །མཚམས་མེད་སྡིག་ལྡན་ཡིན་ཀྱང་བདེ་ལྡན་ཞིང་། །འདྲེན་ཕྱིར་འཇིག་རྟེན་དབང་ཕྱུག་ཞེས་སུ་གྲགས། །ང་ཉིད་མཐོང་ཐོས་དྲན་རེག་སེམས་ཅན་ཀུན། །བདེ་ལྡན་འོད་དཔག་མེད་པའི་ཆོས་གྲལ་དུ། །འབད་མེད་འདྲེན་པའི་སྔོན་སྨོན་མཐུ་བཙན་པས། །འཁོར་བ་རང་གྲོལ་ཞེས་པར་རྒྱལ་བས་བསྔགས། །ཀྱེ་མ་ད་དུས་རྒྱལ་བའི་བསྟན་ཞབས་འདིར། །ང་ཡི་ཐུགས་རྗེས་ལྷག་པར་བསྐྱང་མོད་ཀྱང་། །དཔྱངས་ཐག་ཆད་པའི་ལྕགས་ཀྱུ་ཇི་བཞིན་དུ། །དད་མོས་བྲལ་བའི་མི་དགེ་དབང་བཙན་ཕྱིར། །ཐུགས་རྗེས་གཟིགས་ལ་བྲོས་པ་བཞིན་དུ་སོང་། །བྱང་བསྟན་ཕུག་པར་ཉི་མའི་ཟེར་སྒུག་བཞིན། །རྒྱལ་ཀུན་ཐུགས་རྗེ་སྣང་བའི་འཇུག་བྲལ་བ། །ངེད་ཀྱི་ཐུགས་རྗེ་ཕྱོགས་ལྷུང་ཡིན་མོད་ཀྱང་། །རང་བཞིན་ཚུལ་མིན་ལོག་རྟོག་གོམས་ཆེ་བའི། །ལོག་ལམ་ངན་འགྲོའི་མུན་ཁྲོད་ཡང་ཡང་འཁྱམས། །ཚུལ་འདི་རང་བྱས་རང་ལ་སྡིག་མཐོང་ནས། །ང་ཡི་གདུལ་བྱ་མགོན་མེད་སྙིང་རེ་རྗེ། །དུས་ཀྱི་སྙིགས་མར་ནད་མཚོན་མུ་གེས་མནར། །ཚེ་ཡི་སྙིགས་མ་གློ་བུར་བདུད་ཀྱིས་འཕྲོག །གཏམ་གྱི་སྙིགས་མ་གཡོ་རྒྱུས་བསླུ་བྲིད་མཁས། །ཟས་ཀྱི་སྙིགས་མ་ལོག་འཚོ་དང་དུ་ལེན། །ལྟ་བའི་སྙིགས་མ་རྟག་ཆད་གཡང་ཁ་རུ། །རྒྱལ་བའི་ཕྱག་གིས་བཀག་ཀྱང་མི་ཁོག་པར། །སྲེད་བཞིན་ཐེ་ཚོམ་མེད་པར་སྡུག་བསྔལ་ལམ། །བདེར་རློམ་རྒྱུག་འདྲའི་ལས་ངན་སྙིང་རེ་རྗེས། །ད་རིས་རང་ཤ་རང་ལ་ཚ་བས་ན། །རང་སྡུག་རང་ཤོལ་རང་བྱས་རང་མནར་བའི། །སྔར་བྱས་ལས་ཉོན་མཚང་ཆེན་དྲན་བྱས་ལ། །རང་གྲོས་རང་ལ་འདེབས་རན་གངས་ཅན་པ། །བརྒྱ་ལམ་དལ་འབྱོར་རྟེན་ཐོབ་ད་རིས་ཙམ། །དགེ་བའི་བཤེས་འཕྲད་དམ་ཆོས་བསྒྲུབས་པ་དང་། །མཐུན་རྐྱེན་འཛོམས་པ་ཚེ་མཇུག་འདི་ཀ་ཙམ། །དུས་འདིར་ཁས་ཉེན་འདམས་ཁ་འཆུག་གྱུར་ན། །ཕྱིས་ནས་ངན་འགྲོར་དུཿཁའི་ཁ་བརྒྱུད་དེ། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །འཆི་བདག་གཤིན་རྗེ་འཇིགས་པའི་སུན་མ་དེ། །ནམ་འོང་ཆ་མེད་སེམས་ལ་རྟེན་བཟང་འདིར། །སྙིང་པོ་དམ་པའི་ལྷ་ཆོས་ཉམས་ལེན་རེམ། །ཆོས་ཀྱང་ལྟར་སྣང་འཇིགས་སྐྱོབས་ལེགས་སྨོན་གྱི། །ཚུལ་འཆོས་ཙམ་མིན་དགེ་མིན་སེམས་ལ་ལྟོས། །དགེ་བའི་ཞིང་ལ་དལ་རྟེན་ཐོབ་དུས་འདིར། །དགེ་ཚོགས་ས་བོན་བླང་དོར་མ་འཆོལ་ཐོབ། །དགེ་བའི་ཆུ་ལུད་དྲན་ཤེས་བག་ཡོད་གསུམ། །དགེ་བའི་རྐྱེན་བྱེད་འཆི་བ་མི་རྟག་སེམས། །དགེ་བའི་སོ་ནམ་གུས་རྟག་བརྩོན་འགྲུས་རྩོམ། །དགེ་བའི་རྩ་བ་ཡིད་ཆེས་དད་པ་ཡིན། །དགེ་བའི་སྡོང་པོ་སྙིང་རྗེའི་ལྷག་བསམ་ཡིན། །དགེ་བའི་སྙིང་པོ་སྨོན་འཇུག་བྱང་སེམས་ཡིན། །དགེ་བའི་ཡལ་འདབས་ཕ་རོལ་ཕྱིན་དྲུག་ཡིན། །དགེ་བའི་ལོ་འདབས་མོས་བསྔོ་ཡི་རངས་ཡིན། །དགེ་བའི་མེ་ཏོག་བསྡུ་དངོས་རྣམ་བཞི་ཡིན། །དགེ་བའི་འབྲས་བུ་སྟོང་ཉིད་སྙིང་རྗེ་ཆེ། །དགེ་བའི་ལྗོན་བཟང་འདི་བཞིན་བསྐྱེད་གྱུར་ན། །རང་གཞན་འཕྲལ་ཡུན་སྨན་པའི་འདོད་འབྱིན་པ། །མི་བསླུ་རྟེན་འབྱུང་ངེས་པའི་རང་བཞིན་ཡིན། །དགེ་ཚོགས་ལྗོན་བཟང་སྲུང་ཐབས་མི་ལྡན་པས། །བར་མ་དོ་རུ་ཡང་ཡང་ཆུད་འཛའ་བས། །རྨོངས་པས་རྒྱུ་འབྲས་ལོག་ལྟ་ཆོས་སྤོང་དང་། །བཏུལ་ཞུགས་ཉམས་པ་དགེ་བའི་སད་ཆེན་ཡིན། །ཞེ་སྡང་ཁྲོ་དང་མཁོན་འཛིན་ཕྲག་དོག་པ། །དགེ་སྨྲས་གསོད་པའི་སེར་བ་དྲག་པོ་ཡིན། །རྙེད་བཀུར་ཆགས་དང་ཁྱིམ་ལ་ཡང་ཡང་འཁྲེན། །དགེ་རྩ་སྐྱེལ་བར་བྱེད་པའི་ཁོང་སྲིན་ཡིན། །མངོན་པའི་ང་རྒྱལ་རྒྱགས་དང་ཁེངས་སེམས་ཀྱིས། །བླ་མ་བྱང་སེམས་བརྙས་བྱེད་ཁྱད་གསོད་པ། །དགེ་ཚོགས་རུང་མིན་བགྱིད་པའི་བཙའ་ཐན་ཡིན། །འདི་དག་རྣམ་སྨིན་སྡུག་བསྔལ་ཆེར་བསྐྱེད་ཅིང་། །དགེ་བའི་ནོར་མང་འཛོམ་པའི་དགྲ་ཆེན་ཡིན། །དེ་དག་གཉེན་པོ་ཤེས་རབ་རྣམ་གསུམ་དང་། །དྲན་ཤེས་བག་ཡོད་བརྟེན་དང་དགེ་སྦྱོང་གི །ཆོས་བཞིན་རྒྱུན་བརྟེན་གཞན་གྱི་དཔལ་ལ་དགའ། །མི་རྟག་སྐྱོ་ཤེས་ཞེན་ལོག་གཏིང་ནས་དྲན། །ཁེངས་བསྐྱུངས་དག་སྣང་ཕྱོགས་མེད་སྦྱང་བ་ཡི། །སྲུང་བཟློག་འདི་དག་རྒྱུན་དུ་འབྲལ་མེད་མཛོད། །དང་པོ་དད་མོས་སྙིང་རྗེས་ཀུན་བསླང་སྟེ། །དུས་ཁྲིམས་ཡན་ལག་བརྒྱད་པའི་སྡོམ་ཁྲིམས་མནོས། །སྒོ་གསུམ་རྣམ་གཡེང་སྤོངས་ལ་སེམས་རྩེ་གཅིག །གང་སྣང་རྒྱལ་བ་ཀུན་འདུས་སྤྱན་རས་གཟིགས། །སྒྲ་གྲགས་སྙིང་པོ་ཡི་གེ་དྲུག་མའི་སྒྲ། །དྲན་རྫོགས་དམིགས་མེད་བྱང་ཆུབ་སེམས་ཀྱི་བབ། །ཁྱེར་སོ་གསུམ་དང་མི་འབྲལ་ངང་ཉིད་ནས། །གཅིག་ཆོག་ཡི་གེ་དྲུག་མ་རྒྱུན་དུ་འབོད། །དུས་གསུམ་རང་གཞན་དགེ་ཚོགས་གཅིག་བསྡོམ་སྟེ། །འགྲོ་ཀུན་སངས་རྒྱས་མྱུར་དུ་ཐོབ་པའི་ཕྱིར། །སྲས་བཅས་རྒྱལ་བའི་རྗེས་འགྲོའི་བསྔོ་སྨོན་གྱིས། །མཚམས་སྦྱོར་རྟ་བཟང་སྲབ་ཀྱིས་ཁ་བསྒྱུར་འདྲ། །རྒྱུན་དུ་དགེ་སྦྱོང་ཆོས་བཞིར་འབད་གྱུར་ན། །འཆི་ཁ་བདེ་བ་ཅན་གྱི་ཞིང་མཆོག་དེར། །སྤྲོ་དགའི་ངང་ནས་ང་ཡི་འདྲེན་པ་ལ། །ཐེ་ཚོམ་མེད་དོ་བོད་འབངས་ཡོངས་ལ་སྤེལ། །ཡིད་གཉིས་མ་བྱེད་ཤ་ཚའི་སྙིང་གཏམ་ཡིན། །ཚེ་འདིར་མ་ཞེན་རྨི་ལམ་སྐྱིད་སྣང་འདྲ། །སྡིག་ལ་མ་རྔམ་རང་སྡུག་ཟད་མཐའ་མེད། །ཆོས་བརྒྱད་མ་སྒྲུབ་རང་མགོ་རང་གཡོག་ཡིན། །ཤོམ་ར་མ་མང་སང་ཙམ་འཆི་བ་སེམས། །འབུང་གསུམ་དམ་པའི་ཆོས་ལ་སྙིང་ནས་རེམ། །རང་དྲིན་རང་ལ་ཆེའོ་བོད་འབངས་ཀུན། །ཁྱོད་ཀྱང་དེ་བཞིན་བསམ་སྦྱོར་རབ་དགེ་བས། །མ་ཎི་ཏཱ་རེ་རྒྱུན་དུ་བསྒྲག་བྱ་ཞིང་། །ཀུན་ལ་དགེ་བའི་བསྐུལ་མ་ཅི་ནུས་ཐོང་། །ཕྱི་མ་གང་འདོད་ཞིང་བཟང་ཕྱིན་པས་ཆོག །ང་དང་འབྲལ་མེད་བུ་མོ་དགེས་བཞིན་དོང་། །ཞེས་གསུངས་པས། དད་སྤྲོ་མཆོག་ཏུ་ཐོབ་ཅིང་། བྱིན་རླབས་ཞུ་བའི་དམིགས་འདུན་དང་བཅས་ཏེ། སྤྱན་རས་གཟིགས་དབང་ཁྱེད་སྐུ་ཅི་འདྲ་དང་སོགས་བསྟོད། ལག་ཐལ་མོ་སྦྱར་བཞིན། ཕྱི་འགྲོས་ཀྱིས་ཡང་ཡང་མཇལ་བཞིན་སྨོན་ལམ་བཏབ་པས། འཕགས་པའི་ཞལ་ནས། གང་གིས་མོས་པའི་ཡིད་བྱེད་པ། །དེ་ཡི་མདུན་ན་ང་བཞུགས་ཏེ། །དབང་བསྐུར་བྱིན་གྱིས་རློབས་པ་ལ། །ཐེ་ཚོམ་མེད་དོ་ཏཱ་རེ་མ། །ཞེས་གསུངས་བདེན་པར་གསུངས་པའི་ཚིག་དེ་ལ་ལྷག་པར་ཡིད་ཆེས་ཀྱི་དད་པ་ཐོབ་སྟེ་དགའ་སྤྲོ་དང་བཅས་རྒྱལ་བའི་གཞལ་ཡས་ཁང་པའི་ནང་ཁྱམས་ནས་བསྐོར་བ་ལན་གསུམ་བྱས་ཏེ། སྐྱེ་ཀུན་བླ་མ་འཕགས་པའི་རྒྱལ་པོ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །སྤྱན་རས་གཟིགས་དབང་གོ་འཕང་མྱུར་ཐོབ་ཤོག །ཅེས་བརྗོད་དེ་འོང་མི་ཕོད་པ་ཙམ་གྱིས་སེམས་འཕྲང་བཞིན་དལ་གྱི་ཕྱི་མིག་ཡང་ཡང་བཅས་པས་འོང་ངོ་། །

དེ་ནས་ང་ཡི་ངོ་ཤེས་མཁན་ནི། བཟུར་བའི་ཕྱོགས་ནས་སྦྱིན་པ་དོན་ལྡན། མཆོག་གྲུབ། ཆོས་དཔལ་བཟང་པོ། ཡོན་ཏན། པདྨ་ཆོས་དབང་། ཨ་རྡོར། ཚུལ་ཁྲིམས་མཚོ། རིག་འཛིན་བཟང་མོ། ཨ་པོ་ཆུང་། ཁ་ལ་རྣམས་དང་། འཛིང་བ། སྡེ་དགེ་བ། གེ་རི་པདྨ་ཚེ་བརྟན། འགྱུ་གུང་བསྟན་འཕེལ། ཀརྨ་བཟང་པོ། གྱ་ཟུར་པ།

ཨ་ཁུ་དབང་མཆོག །པདྨ་བཟང་པོ། ཁྲོམ་དགེ་བ། ཨ་ཁུ་རྒྱལ་མཚན། སྦྱིན་པ། བསོད་རྒྱལ། ཐེག་མཆོག །གཡོག་རྡོ་རྗེ་སོགས་དང་། ཚེ་སྔོ། སྐྱོམ་རིན་ཆེན་དེ། ཁྲོམ་དགེའི་སློབ་རྒྱུད་དེ་རྣམས་ངེས་པར་བཞུགས་འདུག །ངོ་མི་ཤེས་པའི་སྐྱེ་བོ་ཕོ་མོ་དག་ཀྱང་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །

སྐབས་ཀྱི་འཕྲོས་དོན། སྔ་མའི་རྒྱབ་སྐྱོར་ལུང་གི་ངེས་པ་ཅུང་ཟད་སྐྱེད་པའི་ཕྱིར་དེ་ཡང་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་དེ་ཉིད་ནི། སྔོན་བསྐལ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་དུས་ནས། ཞིང་འདི་ཉིད་དུ་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ཞིག་ཏུ་བྱུང་བའི་ཚེ་ཡབ་རྒྱལ་པོ་འཁོར་ལོས་སྒྱུར་བ་རྩིབ་ཀྱི་མུ་ཁྱུད་ཅེས་བྱ་བ་དེའི་སྲས་སྟོང་ཕྲག་གཅིག་ཏུ་བྱུང་བའི་ཚེ། ཐུ་བོ་མིག་མི་འཛུམ་པ་རུ་གྱུར་པའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་ཞབས་དྲུང་དུ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་ན་སྤྱིར་འགྲོ་དྲུག་སེམས་ཅན་ཡོངས་ལ་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ཤིང་། ལྷག་པར་དུ་སྡུག་བསྔལ་རྒྱུ་འབྲས་ལ་གནས་པའི་ཉམ་ཐག་མགོན་མེད་ཀྱི་འགྲོ་བ་རྣམས་ཀྱི་བདག་ཉིད་ཡིད་ཀྱི་ལམ་དུ་དྲན་ཞིང་མིང་བརྗོད་པར་གྱུར་མ་ཐག་ཏུ་དེ་དག་སྡུག་བསྔལ་དང་བྲལ་ནས་སྡུག་བསྔལ་མཐར་བགྱིད་མ་བྱས་པ་དེ་སྲིད་དུ་བདག་ཡོངས་སུ་འཚང་རྒྱ་བར་མ་གྱུར་ཅིག །ཅེས་གསུངས་ཤིང་དམ་བཅས་ཏེ། ཟབ་པ་དང་རྒྱ་ཆེ་བའི་སྤྱོད་པ་ཡོངས་སུ་རྫོགས་པའི་ཚེ་དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཞེས་མཚན་གསོལ་ཞིང་། མ་འོངས་པ་ན་བདེ་ལྡན་པདྨོ་ལྗོངས་ཀྱི་ཞིང་དུ་རྒྱལ་མཆོག་མགོན་པོ་འོད་དཔག་ཏུ་མེད་པའི་རྒྱལ་ཚབ་དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་ཀྱི་རྒྱལ་པོ་རུ་གྱུར་ནས་འགྲོ་བའི་དོན་བླ་ལྷག་ཏུ་མཛད་དེ་ཞེས་ལུང་བསྟན་ཅིང་དམ་བཅས་པའི་དོན་བཞིན་འགྲོ་དྲུག་ཡིད་ཅན་སྤྱི་དང་། བྱེ་བྲག་གངས་ཅན་བོད་ཀྱི་ཡུལ་དུ་འགྲོ་དོན་ལྷག་པར་མཛད་པ་ཡིན་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅད་བྱེ་བ་ཁྲག་ཁྲིག་མང་པོ་སྡུག་བསྔལ་ལ་ལོངས་སྤྱོད་པ་རྣམས། སྤྱན་རས་གཟིགས་ཀྱི་མིང་ཐོས་པ་ཙམ་གྱིས། སྡུག་བསྔལ་མི་བཟད་པའི་ཕུང་པོ་དེ་དག་ལས་ཡོངས་སུ་ཐར་བར་འགྱུར་རོ། །སེམས་ཅན་གང་ཞིག་མེ་དང་། ཆུ་དང་། དུག་དང་། མཚོན་ཆ་དང་། སྲིན་པོ་དང་། གནོད་སྦྱིན་དང་། འདྲེ་དང་། ལྕགས་སྒྲོགས་དང་། ཆོམ་རྐུན་གྱི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་བསྐྱབ་པར་འགྱུར་རོ། །ཉོན་མོངས་དུག་ལྔ་དང་ཉེས་པའི་ཚོགས་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཀུན་ནས་ཕྱག་འཚལ་བ་ཙམ་གྱིས་འདོད་པའི་དོན་མ་ལུས་པ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །

ཞེས་གསུངས། ཟ་མ་ཏོག་བཀོད་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས། ཐུགས་རྗེ་ཆེན་པོའི་ངོ་མཚར་རྫུ་འཕྲུལ་འོད་ཀྱི་མཐུ་ཇི་འདྲ་ཡོད་ཅེས་དྲིས་པས། དེ་བཞིན་གཤེགས་པའི་ཞལ་ནས་བཀའ་བསྩལ་པ། སྤྱན་རས་གཟིགས་ཀྱི་ཐུགས་རྗེས་དམྱལ་པའི་སེམས་ཅན་དག་ཡོངས་སུ་སྨིན་པར་མཛད་ནས། ད་ལྟ་ཡི་དྭགས་ཀྱི་གྲོང་ཁྱེར་དུ་དཀའ་ཚེགས་མེད་པ་འཁོར་ལོས་སྒྱུར་བ་སྐྱེད་མོས་ཚལ་དུ་བཞུགས་པ་བཞིན་དུ་འཇུག་ནས་མེ་ཡི་གདུང་བ་དག་ལ་བསིལ་བ་སྦྱིན་ཞིང་། མེ་ཡི་འོབས་ཐམས་ཅད་པདྨའི་རྫིང་བུ་རུ་བསྒྱུར། དམྱལ་སྲུང་རྣམས་ཀྱང་ཕན་ཚུན་བྱེར་ཞིང་འཐོར་ནས་ཆོས་ཀྱི་རྒྱལ་པོས་ཕྱག་འཚལ་ཞིང་བསྔགས་པ་ཡང་ཡང་དུ་མཛད། ཡི་དྭགས་ཀྱི་གྲོང་ཁྱེར་ཀྱང་བསིལ་བར་མཛད། རྡོ་རྗེ་སེལ་བའི་ཚོགས་ཀྱང་ཞི་བར་གྱུར། གཏེར་སྲུང་རྣམས་ཀྱང་མ་རུང་པའི་རྩུབ་སེམས་ཞི་ནས་བྱམས་སེམས་དང་ལྡན། ཕྱག་གི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཅུ། ཞབས་ཀྱི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཞི་བཅུ་བྱུང་སྟེ། ཐུགས་བརྩེ་བ་ཆེན་པོའི་བ་སྤུའི་ཁུང་བུ་ནས་ཟིལ་བ་འབབ་པའི་ཆུས་ཡི་དྭགས་རྣམས་མྱོང་མ་ཐག་ཏུ་མགྲིན་པ་ཡང་བར་འགྱུར། ལུས་ཡོངས་སུ་རྫོགས་པར་འགྱུར། ལྷའི་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པ། འཛམ་བུའི་གླིང་ན་གནས་པའི་ཆོས་ལ་སྤྱོད་པ་དག་གི་དགེ་བའི་རྒྱུས་ཆོས་ལ་ཡིད་རབ་ཏུ་རངས་བ་བྱས་པས་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་འབྱུང་ངོ་། །དེའི་ཚེ་འཇིགས་ལྟའི་རི་བོ་ཉི་ཤུ་མཐོ་བ་དག་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས། དེ་དག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེས་ནས་བྱང་ཆུབ་སེམས་དཔའ་འདོད་པའི་བཞིན་ཞེས་པར་གྱུར་ཏེ་སྨིན་པར་མཛད་དོ། །

དེ་བཞིན་དུ་ཉིན་རེ་རེ་ནའང་སེམས་ཅན་གྱི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐེར་འབུམ་དག་ཡོངས་སུ་སྨིན་པར་མཛད། སྤྱན་རས་གཟིགས་ཀྱི་སྤོབས་པ་དེ་འདྲ་བ་ནི་དེ་བཞིན་གཤེགས་པ་རྣམས་ལའང་མེད་དོ། །ཞེས་གསུངས་སོ། །གཞན་ཡང་གདུལ་བྱ་རྣམས་ལ་ཉིན་མཚན་དུས་དྲུག་ཏུ་རང་རང་གི་ཁམས་དབང་བསམ་པ་དང་མཐུན་པའི་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ལྷ་དང་། དྲི་ཟ་དང་། གནོད་སྦྱིན་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། འཁོར་ལོས་སྒྱུར་བ་དང་། ཤ་ཟ་དང་། མཆོག་གི་གཟུང་དང་། བྲམ་ཟེ་དང་། ལག་ན་རྡོ་རྗེ་རྣམས་ཀྱི་གཟུགས་སུ་སྤྲུལ་ནས་ཆོས་སྟོན་པར་མཛད་དོ། །

གཞན་ཡང་མཚན་ཙམ་ཞིག་འཛིན་པར་བྱེད་ན། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་མཉམ་གྱི་མཚན་འཛིན་པ་དང་མཉམ་ཞིང་། དེ་བཞིན་དུ་སྐུ་བཞེངས་པ་ཡང་དུས་གསུམ་དུ་བྱོན་ཞིང་བཞུགས་བཞུད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་མཉམ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལོ་བརྒྱར་སྤྱོད་པ་བས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཉིན་གཅིག་བསྒོམས་པའི་བསོད་ནམས་ཆེ་ཞེས་སོགས་བསམ་གྱིས་མི་ཁྱབ་བོ། །གཟུངས་སྔགས་འདོན་པའི་ཕན་ཡོན་ནི། འཕགས་པ་ཞལ་བཅུ་གཅིག་གི་གཟུངས་ལ། གཞན་ཡང་ཡོན་ཏན་བཞི་ཡོངས་སུ་འཛིན་པར་འགྱུར་ཏེ། འཆི་བའི་ཚེ་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་བ་དང་། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། ཡ་ང་བ་མ་སྤངས་པར་འཆི་བའི་དུས་བགྱིད་པར་མི་འགྱུར་བ་དང་། འདི་ནས་ཤི་འཕོས་ནས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་སོགས་གསུངས། ཡང་མ་ཎི་འབྲུ་དྲུག་ལ་སངས་རྒྱས་ཀྱི་མཛོད་ཐམས་ཅད་འདུས། ནད་གདོན་བར་ཆད་མ་ལུས་པ་སེལ། ཚེ་རིང་ནད་མེད་སོགས་ཡོན་ཏན་བགྲང་འདས་འཐོབ། རིགས་དྲུག་གི་སྡུག་བསྔལ་ཞི། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས། རྒྱལ་བའི་སྐུ་དྲུག་འཐོབ། མདོར་ན་ཡིག་དྲུག་མཐོང་བ་ཐོས་པ་དྲན་པ་རེག་པ་ཙམ་གྱིས་བྱང་ཆུབ་ཀྱི་ས་བོན་ཐེབ། སྒྲིབ་པ་ཀུན་མྱུར་དུ་འདག །ངན་སོང་གི་ལུས་ངན་སྤོངས། བདེ་འགྲོའི་རྟེན་བཟང་བརྒྱུད་དེ་མྱུར་དུ་མངོན་རྫོགས་སངས་རྒྱས་པར་འགྱུར། ཐུགས་རྗེ་ཆེན་པོའི་སྒོ་ནས་སྨྱུང་བར་གནས་པ་ལན་གཅིག་བྱས་པས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ཞིང་། མཚམས་མེད་ལྔ་སོགས་ལས་སྒྲིབ་ཐམས་ཅད་བྱང་། ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་འགྱུར་རོ། །

སྐྱེས་དམན་བུད་མེད་ཀྱིས་ཀྱང་སྨྱུང་གནས་ལན་གཅིག་བྱས་ནས་ཤི་འཕོས་ན། ས་ལ་གནས་པའི་བྱང་སེམས་སྐྱེས་པའི་ལུས་ཐོབ་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར། ལུས་སྨྱུང་བར་གནས་པས་ལུས་ཀྱི་སྒྲིབ་པ་འདག །ཡི་དྭགས་སུ་མི་སྐྱེ། ངག་སྨྲ་བ་བཅད་པས་ངག་སྒྲིབ་འདག །དུད་འགྲོའི་ལུས་སུ་མི་སྐྱེ། གཟུངས་ཡིད་ཀྱིས་བཟླས་པས་ཡིད་སྒྲིབ་འདག །དམྱལ་བའི་སྐྱེ་སྒོ་ཆོད། སྒོ་གསུམ་ཁྱེར་སོ་གསུམ་ལྡན་དུ་བྱས་པས་འཁོར་བ་ལས་མྱུར་དུ་གྲོལ། སྨྱུང་བར་གནས་པའི་ནང་སྔ་དྲོ་དེ་ལ་བཤོས་དྲངས་ན་ས་བརྒྱད་པའི་བྱང་སེམས་ལ་དྲངས་པ་དང་མཉམ། གསོ་སྦྱོང་བླང་བ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་བ་དང་མཉམ། སྨྱུང་གནས་ཀྱི་སྦྱིན་བདག་དེ་མ་ངན་སོང་གསུམ་དུ་མི་སྐྱེ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན། སྐྱེ་བ་ཐམས་ཅད་དུ་མི་ཟད་པའི་གཏེར་དང་འཕྲད། སྦྱིན་པའི་ཕར་ཕྱིན་རྫོགས། བྱང་ཆུབ་མྱུར་དུ་འཐོབ་པ་སོགས་ཕན་ཡོན་བསམ་མི་ཁྱབ་པའི་ཚུལ་ལ་སྤྲོ་དགའ་དང་བཅས་ཐེ་ཚོམ་མེད་པའི་ལྷག་བསམ་དད་མོས་ཀྱི་ཤུགས་དྲག་པོར་ཉིན་མཚན་གཡེལ་མེད་རྣམ་པར་དག་པའི་དགེ་སྦྱོར་ལ་བརྩོན་པ་རྒྱུན་ལྡན་དུ་བྱས་ཏེ། ཚེ་ལྷག་དོན་ལྡན་དུ་བྱས་ན། དོན་གཉིས་ལྷུན་གྲུབ་ཏུ་འབྱུང་བ་ལ་ཐེ་ཚོམ་མེད་ངེས་པ་རྒྱལ་བའི་བདེན་གསུང་བསླུ་མེད་འཕགས་ཆེན་ཡོངས་ཀྱི་ཉམས་མྱོང་རང་རིག་མངོན་སུམ་གྱི་ཚད་མ་གསུམ་གྱིས་ལེགས་པར་གྲུབ་པའི་གནས་འདི་ལ་ཡིད་ཆེས་ཀྱིས་འཇུག་པར་འོས་ཤིང་། དེའང་ཞུགས་ལོ་ཙམ་མ་ཡིན་པར། རབ་སྐྱེ་འཆིའི་འཇིགས་པ་བྲལ་བ། འབྲིང་འཆི་བྲོད་ཀྱི་གདེངས་དང་ལྡན་པ། ཐ་མ་འཆི་ཁ་མི་འཚེར་ཙམ་རེ་མཛད་ཐུབ་པར་ལག་ཐལ་མོ་སྦྱར་བཞིན་ཀུན་ལ་སྙིང་ནས་གསོལ་བ་འདེབས་ལེགས་པས་ཐུགས་ཡིད་གཉིས་བྲལ་ཞིང་གཟུ་བོར་གནས་པའི་ཐུགས་ཀྱིས་འདི་འདྲའི་བགྱི་བ་དོན་ལྡན་དུ་འབྱུང་བ་ཡང་ཡང་བསྐུལ་མ་འདེབས་པ་ལེགས་སོ། །

བུ་མོ་ཤེས་རབ་ཆོས་སྒྲོན་གྱི་དཔལ་རིའི་དག་སྣང་མངོན་སྣང་གསལ་བའི་སྒྲོན་མེ།

༄༅། །བུ་མོ་ཤེས་རབ་ཆོས་སྒྲོན་གྱི་དཔལ་རིའི་དག་སྣང་མངོན་སྣང་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་སྤྲུལ་པའི་སྐུ་མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཆི་མེད་མགོན་པོའི་རྣམ་རོལ་སྤྱན་རས་གཟིགས། །འཆི་མེད་གྲུབ་པའི་དབང་པོ་ཨོ་རྒྱན་རྗེ། །འཆི་མེད་དངོས་གྲུབ་མཆོག་སྩོལ་ཏཱ་རེ་མ། །འཆི་མེད་རིག་འཛིན་སྩོལ་ཕྱིར་སྙིང་ནས་གུས། །འདི་ན་ལྔ་བདོའི་ཕྱོགས་འཛིན་ལོག་རྟོག་གི །འཕྲང་ལ་གནས་ཚུལ་སྨྲ་བའི་ལམ་རིང་ཡང༌། །ཐར་འདོད་ཐར་བའི་ལམ་སྲོལ་འཇུག་སླད་དུ། །ལྷག་བསམ་སྨན་པའི་གདམས་ཕྲེང་མདོ་ཙམ་སྤེལ། །དེ་ལ་འདིར་གང་གླེང་བར་བྱ་བའི་དངོས་པོ་ཝ་ཤུལ་ཁྲོམ་གྱི་ཡུལ་ཕྱོགས་ན་གནས་པའི་བླ་མ་ཁྲོམ་དགེ་ཚང་གི་འཇིགས་རྒྱལ་གྱི་བུ་མོ་ཟླ་བ་སྒྲོལ་མ་ཞེས་བྱ་བ་དེ་ཉིད་ཆུང་ངུ་བྱིས་པའི་དུས་ནས་སྙིང་རྗེ་རྒྱུད་ལ་མངའ་ཞིང་། དད་པ་དང་དག་སྣང་ཕྱོགས་མེད་དུ་ཡོད་པ། དམན་པ་སྤྲང་པོ་ཐམས་ཅད་ལ་བྱམས་སེམས་ཆེ་བ། མཆོད་སྦྱིན་ལ་གཅིག་ཏུ་བརྩོན་པའི་ངང་ཚུལ་ཅན། སྔར་ཚིག་བདུན་གསོལ་འདེབས་འབུམ་ཕྲག་སོགས་བསྙེན་པ་དུ་མ་སོང་རྗེས། དང་པོ་ཡེ་ཤེས་ཀྱི་ཌཱཀྐི་མ་རྡོ་རྗེ་གཡུ་སྒྲོན་མ་སོགས་ཡེ་ཤེས་པ་དང་གཞན་ཡང་ས་བརྒྱད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡུལ་ལྷའི་ཚུལ་བཟུང་བྱང་གི་ལྷ་གཉན་ཆེན་པོ་བབས་ཏེ། དུས་གསུམ་གྱི་རིང་མོ་སྨྲས་པ་མེད་ཀྱང༌། དུས་ཚིགས་ཞིང་ཁམས་དུ་མར་བགྲོད་ཕྱིར་ཚེ་ཡང་ཕུར་གསུམ་གྱི་བསྙེན་མཚམས་ལ་འདུག་དགོས་པར་ལུང་བསྟན། དེའི་ཚེ་༧རྗེ་ཁྲོམ་དགེ་སྐུ་མདུན་རིན་པོ་ཆེས་གཏེར་ཆེན་ལས་ཀྱི་རྡོ་རྗེའི་ཚེ་ཡང་ཕུར་གསུམ་གྱི་དབང་བསྐུར་མཛད་པའི་ཚེ། བག་ཆགས་འཁྲུལ་བའི་སྣང་བ་རང་སངས་ཏེ།

འཁྲུལ་མེད་རིག་པའི་ངོ་བོ་གཤིས་ལུགས་དེ་ངོ་འཕྲོད། རིག་པ་རྗེན་པར་བུད་པས་རྡོ་རྗེ་གསང་ཚིག་བར་མེད་དུ་རྡོལ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོའི་ཞལ་གཟིགས། བདེ་སྟོང་བསམ་གྱིས་མི་ཁྱབ་པའི་ཉམས་དུ་མ་ཐུགས་རྒྱུད་ལ་འཁྲུངས་པ་ཡིན་ནོ། །

དེ་ནས་ལོ་ཐམས་ཅད་ཀྱི་ཐོག་མ། ལོ་རྒན་དྲུག་ཅུའི་མགོ་བོ། ཤིང་ཕོ་བྱི་བའི་ལོ་སྟེ། གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་གསར་དུ་དར་བའི་རྟེན་འབྲེལ་ཁྱད་པར་ཅན་གྱི་དུས་ཟླ་བ་བརྒྱད་པའི་དམར་ཕྱོགས་ཌཱཀྐི་འདུ་བའི་དུས་ཚོད་ཉེར་གསུམ་ཉིན་ལ། ༧མཆོག་སྤྲུལ་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་ཏེ་བུ་མོ་རང་གི་སྔ་ཕྱི་བར་གསུམ་གྱི་རྨི་ལམ་ཉམས་སྣང་སོགས་ནན་ཏན་ཏུ་ཞུས་པས། ཐུགས་སྤྲོ་བ་བསམ་གྱིས་མི་ཁྱབ་པ་མཛད་ནས་ཤིན་ཏུ་མཉེས། དེའི་ཚེ་བུ་མོ་ལ་སྒྲོལ་མ་དཀར་མོས་ལུང་བསྟན་པ་ལྟར་དུ། ཉི་མ་དྲུག་བདུན་ཙམ་ཞིག་བསམ་གཏན་ལ་གནས་པའམ། བཅུད་ལེན་ནམ། ཤི་བའི་ཚུལ་དུ་ངེས་པར་འདུག་དགོས་ཞེས་ཞུས་པའི་ཚེ། སྐུ་མདུན་རིན་ཆེན་དང་སྤྲུལ་སྐུ་དྲུང་པ་གཉིས་ནས་དེ་འདྲ་བའི་དགོས་པ་གཏན་ནས་མེད་ཅིང་ད་ལྟ་ཁྱོད་རང་སྨྱུང་གནས་ཞག་གཅིག་ཙམ་འདུག་པ་ལའང་བཀྲེས་སྣང་སྐོམ་སྣང་ཅི་ཙམ་ཞིག་ཡོད། དེ་བས་དྲན་རྒྱུ་མ་མང་བར་རང་གནས་བསམ་གཏན་གྱི་ཁང་བུར་བསྐྱེད་རྫོགས་ཀྱི་གནད་ལ་ངལ་གསོ་བཞིན་བསྙེན་པ་ཆ་རེ་བགྲང་ན་མི་ལེགས་སམ་ཞེས་གསུངས་ཀྱང་དེ་ལྟར་བྱས་ན་རང་གི་ནད་ལ་ཕན་པ་དང་ཤིན་ཏུ་དགོས་པ་ཆེན་པོ་ཞིག་ཡོད་ངེས་ལགས། དེ་བས་ང་ཡི་རྩར་བཟའ་བཏུང་གང་ཡང་མ་བཞག་པར་སྒོ་སྡོམ་རེ་བཞག་དགོས་ཞེས་ཡང་ཡང་ཞུས་པས། སྐུ་མདུན་རིན་པོ་ཆེ་ནས་ད་དེ་ལྟར་མ་བྱེད་ཁྱོད་ཀྱི་ནད་ལ་ཕན་པ་བྱ་ན་ཕུར་པ་སོགས་ཀྱི་དབང་དང༌། སྨེ་བརྩེགས་ཀྱི་ཁྲུས་སོགས་སྐུ་རིམ་ཞབས་བརྟན་ཅི་དགོས་དང༌། ཚེ་ཐར་སོགས་རྒྱ་ཆེན་ངེས་པར་བཏང་བས་དེ་ལུགས་དང་དེ་མིན་སེམས་ཅན་གཞན་ལ་ཕན་པ་བསྒྲུབ་ཅིང་འགྲོ་དོན་བྱ་བར་བསམ་ན། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་སོགས་ཐུགས་རྗེའི་ཆེན་པོའི་ཐུགས་རྒྱུད་བསྐུལ་ཏེ་མ་ཎི་བསྔོ་སྨོན་བཅས་བྱས་ན་དེའི་བསམ་པ་མི་ལ་ཕན་པའི་ལུང་བསྟན་བསམ་གྱིས་མི་ཁྱབ་པ་བབས། ཡང་སྐབས་ཤིག་ཏུ་སྤྲུལ་སྐུ་རྣམ་གསུམ་དང་ཨ་སྤྲུལ་སོགས་མར་སྦྲ་ཆེན་ནང་དུ་བྱོན་ཏེ་ལོ་རིམ་ཆེན་མོ་བསྒྲུབས་ཟིན་པའི་སང་ཉིན་གྲོལ་བའི་དོ་ནུབ་ཏུ་ཉམས་རྨི་ལམ་དུ་འདྲེས་པའི་སྣང་བ་ལ་གླ་ཤར་སྒང་ནས་དམ་སྲི་མོ་སྤུན་གསུམ་སྲིད་པ་གསུམ་གྱི་སྲོག་དབུགས་སྡུད་བྱེད་གསུམ་གྱི་གཙོ་མོའི་ལག་ན་དར་ནག་དང་ཞགས་པ་ཐོགས་ཏེ་བདག་གི་སྐེ་ལ་ཡང་ཡང་བླུག་རྩིས་བྱེད་ཀྱང༌། ལས་ལྷ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར་གསལ་གཞོན་ནུའི་ཚུལ་ལྡན་དེའི་སྲུང་སྐྱོབ་ཀྱི་རཱ་གུར་དུ་ཚུད་དེ་ཞགས་པས་མ་ཐེབས། མཚམས་ཤིག་ཡང་གཅིག་གིས་ཚོན་གྱི་གྲུ་གུ་རྡོ་ལུ་འདྲ་བ་ཞིག་བདག་གི་སོག་ཕྲག་ཏུ་བརྒྱབ་སྟེ་ཐལ། དེའི་སྒྲོལ་མས་འདི་ཤིན་ཏུ་མ་ལེགས་ཀྱང༌། ད་བདག་རྒྱ་གར་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་ནས་སྨན་ཀཎྡྲ་ཌ་བ་དེ་ལེན་དུ་འགྲོ་བས་ཞག་བཞིའི་བར་དུ་བདག་མི་འོང༌། དེའི་ཚེ་མིང་པོ་དཔལ་ཆེན་ལྟ་བུའི་ལུས་ལྷ་ཅན་གྱི་གོས་གྱོན་ལ་ཡིད་མ་འཕྲོད་བར་སྡོད་ཅིག །ཞག་བཞིའི་ནུབ་མོ་བགེགས་གཏོར་བརྒྱ་རྩ་ཐོངས། དེའི་ཚེ་བདག་སྨན་འབྱོར་བའི་རྟགས་སུ་ཉི་མ་སྤྲིན་བྲལ་འོད་འབར་བའམ། རླུང་འཚུབ་མས་བསྐོར་ཏེ་འོང་གསུངས་ནས་ཞག་བཞིའི་བར་དུ་སྐེ་རགས་ལུས་ལ་བཅིང་མ་ཐུབ་པར་ཟུག་གཟེར་གྱི་སྡུག་བསྔལ་ཤིན་ཏུ་ཚབས་ཆེ་བ་བྱུང༌། ཞག་བཞིའི་ནུབ་མོ་སྤྲུལ་སྐུ་དྲུང་པ་ཚང་གིས་བགེགས་གཏོར་བརྒྱད་ཅུ་བཏང་ཚེ་སྲོག་གཅོད་སྤུན་གསུམ་རྣམས་དགའ་མགུ་སྤྲོ་བཞིན་རང་གནས་སུ་སོང་མཐར་དེའི་ཚེ་སྨན་ཡང་མངོན་སུམ་དུ་སླེབས་པའི་དྲི་ཡིས་སྦྲ་སྟོད་སྨད་ཐམས་ཅད་དུ་ཁྱབ། ལ་ཁ་ལ་སྨན་དྲི་ཤིན་ཏུ་ཞིམ་པ་ཁྱད་འཕགས་བྱུང༌། དེ་མ་ཐག་ཏུ་ལུས་ཀྱི་ཟུག་གཟེར་རང་སངས་དུ་གྱུར་པའི་ངོ་མཚར་ཆེ་བ་མཐོང་ཆོས་མངོན་དུ་གྱུར་བྱུང༌། དུས་ཐེངས་ཅིག་རྐྱེན་དབང་གིས་ངེས་པར་འཆི་བའི་དུས་བབས་ལྟ་བུ་ཐོག་བབས་སུ་བྱུང་བའི་ཚེ། སྐྱབས་གཅིག་ཐུགས་རྗེའི་གཏེར་མཛོད་ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེས་ཚེ་འགུགས་ནན་ཏན་དང༌། དཔལ་ས་སྐྱའི་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་བཀའ་གཏད། དཔལ་ཧེ་བཛྲ་སྐྱབས་ཆོག་སོགས་བྱས་མཐར་ཟུག་གཟེར་རག་པ་ཀུན་ཞི་ཞིང་ཕྲ་བ་བདེ་སྟོང་གི་ངང་ལ་གནས་པའི་དུས་དེར། ༧རིག་བརྒྱའི་ཁྱབ་བདག་མཚུངས་བྲལ་ཐུགས་རྗེའི་གཏེར་གཅིག་དོན་གྱི་རྡོ་རྗེ་འཆང་ཆེན་པོ་དྲི་མེད་མཁའ་སྤྱོད་དབང་པོས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང༌། ལུས་མེད་ཡེ་ཤེས་མཁའ་འགྲོ་དང་མི་དང་མི་ལབ་པ་ལྟ་བུའི་ཚུལ་གྱིས་ཕན་ཚུན་གསུང་དྲི་རྨེད་གསལ་བར་མཛད་ཚེ་བུ་མོ་རང་གི་ཚེ་འདིའི་བར་ཆད་སེལ་བ་དང༌། འགྲོ་བའི་དོན་རང་ནུས་དང་བསྟུན་པར་འབྱུང་བ་དང༌། སྤྲུལ་སྐུའི་བདེའམ་ཞེས་སོགས་བཀའ་ནན་དུ་མ་བསྩལ་ཀྱང་དེ་ལྟར་བྱས་ན་ཤིན་ཏུ་ལེགས་ཀྱང༌། བདག་གི་ཡི་དམ་ལ་དྲན་པ་དེ་མ་བྱས་ཐབས་མེད་ཡིན་ན་ཟེར་ནས་ཕྱི་བཤོལ་མ་ཐུབ་ནས་དེ་ལྟར་ཐག་བཅད། དེ་ནས་ཚེས་ཉེར་ལྔའི་ཉིན་པར་འདུག་ལུགས་སོགས་ཕྱོགས་ཐམས་ཅད་ཀུན་བློ་ཕུད། དགོང་མོ་དབང་གི་དུས་ཚོད། མཁའ་འགྲོ་འདུ་བའི་དུས་སུ་ཀུན་མཁྱེན་བླ་མ་རིན་པོ་ཆེ་སྐུ་མདུན་ཚང་གི་གཙོར་མཛད་པའི་བླ་སྤྲུལ་ཁྱད་འཕགས་བདུན་ཙམ་དང་སློབ་འབངས་དུ་མས་མཐའ་བསྐོར་བའི་ཚོགས་གྲལ་དུ་བུ་མོ་རང་ཡང་སོང༌། དེར་བསྡད་པའི་ཚེ་སྔར་བས་ཀྱང་སེམས་རབ་ཏུ་དྭངས་ཤིང་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། མ་སྦྱངས་པའི་ཡི་གེ་ཡུམ་ཀ་ཚོགས་བསྐང་བཅས་སྐུ་མདུན་རིན་པོ་ཆེའི་སྙན་ལམ་དུ་སྒྲིགས་འདོན་བྱས་པ་དང་ཡིད་རབ་ཏུ་དགའ་བ་སོགས་ནུབ་དེ་ལས་སྐྱིད་མེད་པ་ལྟ་བུ་ཞིག་བྱུང་བ་ཡིན་ནོ། །

དེ་ནས་ཚོགས་གྲོལ་བ་དང༌། རིན་པོ་ཆེའི་སྐུ་མདུན་དལ་ཅིག་བཞུགས། དེའི་ཚེ་རིན་པོ་ཆེས་ད་བུ་མོ་ཁྱོད་རང་ཞི་དྲག་ཐབས་ཚུལ་དུ་མའི་སྒོ་ནས་མ་འདུག་ཅེས་ཡང་ཡང་གསུངས་ཀྱང་མ་ཕན་པར། ད་འདུག་པར་ཐུག་པ་ཡིན་པས་ཚིག་འདི་རྣམས་མ་བརྗེད་པར་ཡིད་ལ་ཟུངས་ཤིག་གསུངས། ད་སྔར་ལྟར་མ་དག་འཁྲུལ་པ་རྒྱ་འབྱམས་ཀྱི་ལམ་ལ་མ་ཞུགས་པར་ཁྱོད་རང་གི་གཉུག་མ་སེམས་ཀྱི་རང་བབས་གང་ཡིན་པ་དེའི་ཐོག་ཏུ་མ་བཅོས་པར་ཞོག་ཅིག་ཡང་སྐབས་སུ་བླ་མ་དང་ལྷག་པའི་ལྷ་ལ་དད་པ་དང་དག་སྣང་འགྲོ་དྲུག་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་ཅི་ནུས་ཀྱིས་སྡོད་ཅིག་གསུངས་ཏེ་ཚོགས་ཕུད་སྡེར་གང་ཕྱག་གནང་མཛད་དེ། བླ་མ་དཀོན་མཆོག་གསུམ་དང་ཨོ་རྒྱན་ཆེན་པོའི་སྐྱབས་འོག་ཏུ་ཚུད་དེ་འགལ་རྐྱེན་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་ནས་གནས་ལུགས་བྱང་ཆུབ་སེམས་གཉིས་ཀྱི་དགོངས་པ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ནས་རྗེ་བཙུན་འཕགས་མ་སྒྲོལ་མས་ལམ་སྣ་དྲངས་ཏེ་འགྲོ་བའི་དོན་དཔག་ཏུ་མེད་པ་འགྲུབ་པར་ཤོག་ཅིག །གསུངས་པས་དད་པ་མཆི་མ་འཁྲུགས་པ་ལྟ་བུའི་ངང་དེར་ཕྱག་གསུམ་བཙལ་ནས་རང་གི་སྒྲུབ་ཁང་དུ་ལོག །དེ་ནས་སྤྲུལ་སྐུ་དྲུང་པ་ཚང་ལ་ད་ནི་ངེས་པར་ཤི་སོང་བ་ལྟ་བུའི་ཚུལ་གྱིས་ཞག་ལྔ་ཙམ་ཞིག་ལ་འདུག་ཚེ་དེར་གྲྭ་སློབ་ཀུན་ཀྱང་ཕྱི་ནང་དུ་རྒྱུ་འགྲུལ་མང་པོ་མི་བྱེད་ཅིང་ཀུ་ཅོ་འུར་དིར་སོགས་བབ་ཅོལ་བྱུང་རྒྱལ་གྱི་སྐད་སྒྲ་དྲག་པོ་མ་བྱེད་པར་ང་ཡི་རྩར་ཡོད་པའི་འཚོ་ཆས་འདི་རྣམས་ནས་འབྲུ་བདུན་ཆ་གཅིག་ཀྱང་མ་བཞག་པར་ཕྱིར་དབྱུངས། ད་གོས་གསར་བ་ལྤགས་གོས་མ་ཡིན་པ་ཞིག་ཁྱེར་ཤོག །ཚུར་གལ་སྲིད་མ་ཤི་འོང་རྒྱུ་ཡོད་ན་དེའི་ཚེ་ཁ་བཤལ་བའི་རྒྱུ་སངས་རྒྱས་སྨན་བླའི་བྱིན་རླབས་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་བྱུང་བའི་རི་ཥིའི་སྨན་ཆར་བབ་དུས་ཀྱི་ཆུ་གཙང་མ་བུམ་པ་གང་དགོས། བདག་གི་ལུས་འདིའི་བག་ཆགས་མངལ་སྒྲིབ་དྲི་མ་སྦྱངས་ཕྱིར། རྣམ་འཇོམས་ཀྱིས་སྒྲུབ་པའི་དྲི་བཟང་ཆུས་ལུས་བཀྲུས། དེའི་ཚེ་ཡང་རྟེན་འབྲེལ་གྱི་ཁྱད་པར་བུ་མོ་སྒྲོལ་མའི་མིང་ཅན་ཞིག་དགོས་ཟེར་བས། མ་བསྒྲིགས་རང་འགྲིགས་སུ་གྱུར་ཏེ་དམ་གཙང་གི་དགེ་མ་ཚུལ་ཁྲིམས་སྒྲོལ་མས་གྲོགས་བྱས། བདག་གི་མགོ་ལ་རིགས་ངེས་ཤིང་བར་ཆད་མེད་པའི་ཕྱིར་རས་སྔོན་པོ་ནམ་མཁའི་མདོག་ཅན་ཀྱིས་དཀྲིས་དགོས་ཟེར། ང་ཚུར་མ་འོང་བར་དུ་སྐུ་ཞབས་རིན་པོ་ཆེའི་ལྷ་སྨན་ཚེ་རིང་མཆེད་ལྔའི་གསོལ་མཆོད་དྲུང་པ་ཚང་གིས་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་བརྒྱ་རེ། སློབ་འབངས་འདུས་སྡེ་སྤྱི་ནས་ཚིག་བདུན་གསོལ་འདེབས་བར་ཆད་ལམ་སེལ་བཛྲ་གུ་རུ་སྒྲོལ་མ་རྣམས་དག་སྣང་ལ་བར་ཆད་མེད་ཕྱིར་ཅི་ནུས་རེམ། སྒོ་ཁ་འདི་ལ་ལྕགས་རྒྱོབ་ལ་གོས་སྔོན་ཅན་གྱིས་བསྲུང་ཕྱིར་རས་སྔོན་དཀྲིས། དེའི་སྟེང་དུ་སྲིན་པོ་ཕོ་མོ་ཟིལ་གྱིས་གནོན་ཕྱིར་ཐིལ་མགོ་མཇུག་ཐུར་དུ་ལོག་ལ་རྒྱོབ། ཀུན་གྱིས་ཟླ་བ་སྒྲོན་མ་འདི་ལྟར་བྱས་པ་ཅི་ཡིན་དྲིས་ན་ཤི་སོས་ཐག་མ་ཆོད་ཙམ་ལས་སུ་ལའང་བཟང་ངན་གང་ཡང་མ་སྨྲ། མར་ཡུལ་མི་ཁྱིམ་ཚང་ལའང་མིང་པོ་དཔལ་ཆེན་ལ་ཁྱོད་ཀྱི་སྲིང་མོ་དེ་ཤི་མིན་སོས་མིན་འདི་ལྟར་འདུག་པས་ལྟ་བར་ཤོག་ཅེས་ཞག་ལྔ་ཡི་ནང་བར་ཐོན་པར་གྱིས། འདི་ན་ང་ཡི་གང་སྨྲས་པ་ཐམས་ཅད་ཚགས་ཆུང་ངུ་ཞིག་ལའང་དོན་ཆེན་པོ་ཡོད་པས་དེ་ལྟར་གྱིས་ཟེར། གང་སྨྲས་པ་ལྟར་དུ་སྤྲུལ་སྐུ་དྲུང་པ་དཔོན་གཡོག་གིས་ཁས་བླངས་ཤིང་དམ་ལ་གནས་བཞིན་ཉལ་མལ་དུ་ལྷོད་ཆགས་པར་བྱས་ཏེ་བསྡད་པ་ཡིན་ནོ། །

དེར་བུ་མོ་རང་ཡང་རྣམ་པར་རྟོག་པ་གཞན་གྱིས་བར་མ་ཆོད་པར་སེམས་ལྷོད་རང་བབས་སུ་ཞོག་ཟེར་བ་ལྟར་བཞག་པས། གུ་ཡང་བདེ་བ་ཆེན་པོའི་ངང་ལ་གསལ་ཉམས་ཤིན་ཏུ་དྭངས་བ་ཞིག་བྱུང༌། དེའི་ཚེ་ཀུན་གཞི་རྟོག་མེད་དུ་བག་ལ་ཞ་བ་ཡང་མ་ཡིན། བདེ་གསལ་མི་རྟོགས་པའི་ཉམས་ཀྱི་རྒྱར་འཐུམ་པ་ཡང་མ་ཡིན། འཁྲུལ་འབྱམས་རྒྱ་ཡན་དུ་སོང་བ་ཡང་མ་ཡིན་པར་གནས་ལུགས་ཐ་མལ་གྱི་ཤེས་པ་གོ་མ་འགགས་པའི་ཆ་ལས་ས་ཕྱོགས་འདི་ནི་མ་ཡིན་པའི་ཡུལ་ཐམས་ཅད་ཀྱི་སྒྲ་སྐད་ཀྱང་ཐོས་པ་ལྟ་བུ་ཞིག་ཡིན་པར་འདུག །དེ་ནས་ཉི་ཤུ་དྲུག་གི་ཉི་མ་རྩེ་ཤར་ལ་འཕགས་མ་རྗེ་བཙུན་སྒྲོལ་མ་དཀར་མོ་སྐུ་མངོན་སུམ་དུ་འཇའ་ཟེར་འོད་ཕུང་གི་ཀློང་ན་སྐུ་མདོག་དཀར་པོ་ཤེལ་གྱི་བུམ་པ་ལྟ་བུ་ཞིག་མཇལ། ཕྱག་ཏུ་མདའ་དར་བསྣམས་པས་བྱིན་རླབས་གནང༌། ཡང་རྔ་ཡབ་དཔལ་རིའི་ཕྱོགས་ནས་འཇའ་ཚོན་སྣ་ལྔ་སྒྲིལ་མ་ཞིག་སྒྲུབ་ཁང་ལ་ཞུགས། དེའི་ལམ་སྣེ་ནས་བུ་མོ་དར་དང་རུས་པའི་རྒྱན་གྱིས་བརྒྱན་པ་བཞི་ཡང་བསུ་མར་སླེབ་བྱུང༌། ཤར་གྱི་མཁའ་འགྲོ་ཚེ་ལ་དབང་བའི་ལྷ་མོ་དཀར་གསལ་ཕྱག་ན་ཚེ་ཡི་མདའ་དར་བུམ་པ་འཛིན་པ། ལྷོ་ཡི་མཁའ་འགྲོ་ཨ་སྤྱང་སྒྲོལ་མ། ནུབ་ཀྱི་མཁའ་འགྲོ་གཡུ་འབྲུག་སྒྲོལ་མ། བྱང་གི་མཁའ་འགྲོ་བྱང་ལྷ་སྡེ་དེ་རྣམས་ཀྱིས་དར་སྣ་ཚོགས་དཀར་དམར་འདྲེས་པའི་དར་གྱི་འདོ་ལིའི་སྟེང་དུ་བཞག་སྟེ། དེ་མ་ཐག་ཏུ་མཁའ་འགྲོ་སྡེ་བཞི་དང་རང་དང་བཅས་པའི་ངག་ཏུ་ཚིག་བདུན་གསོལ་འདེབས་དང་བསྙེན་པ་བཛྲ་གུ་རུ་མ་ཎི་རྒྱུན་མ་བཅད། སེམས་བདེ་བ་ཆེན་པོ་བཟང་ངན་དེར་འཛིན་མི་ཤེས་པའི་འོད་གསལ་གྱི་ངོ་བོ་རུ་འབྱམས་ཀླས་ཏེ་ཅི་ཡང་མ་ཡིན་པའི་སྐྱེ་མེད་ནམ་མཁའ་ལྟ་བུ། དེའི་གདངས་གང་ཡང་མ་འགགས་པའི་ལྷུན་གྲུབ་ཉམས་ཀྱི་རོལ་མོ་དག་པ་རབ་འབྱམས་སྤྲིན་གྱི་འཁོར་ལོའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཤར་བ་ཡིན་ནོ། །

དེ་ནས་མི་མངོན་ནམ་མཁའི་དབྱིངས་སུ་ཇེ་མཐོ་ཇེ་མཐོར་ཐང་དཀར་རྒོད་པོས་གནམ་འཕང་བཅད་པ་ལས་མྱུར་བའི་ཟློས་གར་མིག་འཕྲུལ་བསྒྱུར་བ་ལྟ་བུའི་ངང་དེར་སྐད་ཅིག་མ་གཅིག་གི་ཚེ་ས་ཆ་ཡུལ་ཁམས་ངོ་མི་ཤེས་པ་ནམ་མཁའ་ཐང་ལ་ལྷུང་བ་ལྟ་བུའི་ཐང་ཆེན་པོའི་དཀྱིལ་དུ་བྲག་རི་སྙིང་གི་དབྱིབས་དང་འདྲ་བ་ལ་ཕྱོགས་ཐམས་ཅད་རི་དམར་པོ་ཁྲག་གིས་བྲན་པ་ལྟ་བུའམ་མཚོན་ཆ་གནམ་དུ་གཟེངས་པ་ལྟ་བུ་ནམ་མཁའ་ནས་འཇའ་ཚོན་འོད་ལྔའི་གུར་ཡང་ཕུབ་པ། རྨ་བྱ་དང༌། ཀ་ལནྡ་དང༌། ཀ་ལ་པིངྐ་སོགས་བྱ་རྣམས་ལྡིང་ཞིང་རྩེད་འཇོར་རོལ་བ། སྣང་བ་བསྒྱུར་ནུས་པའི་སྤོས་ཀྱི་དྲི་ཞིམ་པོས་ཁྱབ་པ། ས་ཕྱོགས་ཐམས་ཅད་མེ་ཏོག་དཀར་སེར་དམར་ལྗང་སྔོན་པོ་སྣ་ལྔའི་ཚོན་མཛེས་པ་སྐྱེ་བ་ཞིག་མངོན་སུམ་དུ་མཇལ་བྱུང༌། ཡང་རི་སྔོན་པོ་བཻཌཱུརྱའི་མདོག་ལྟ་བུ་ཤིན་ཏུ་ཡིད་དུ་འོང་བ་ཞིག་ཀྱང་མཇལ། སེམས་ལ་དད་པ་དང་དག་སྣང་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེ་ངག་ཏུ་བླ་མའི་རྣལ་འབྱོར་དང་ཚིག་བདུན་གསོལ་འདེབས། སྔར་སྒྲོལ་མ་དཀར་མོའི་ཞལ་ནས་གསུངས་པའི་གསོལ་འདེབས་སོགས་བར་མ་ཆད་བཞིན། ལུས་ཀྱིས་ཀྱང་ཕྱག་དང་མཎྜལ་བྱས་པ་ཡིན། ས་ཕྱོགས་དེ་ནི་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་ཞེས་བྱ་བ་དེ་ཉིད་ཡིན་པར་འདུག །བྲག་རི་དེ་ཡི་སྐེད་པ་ཙམ་ཞིག་ན་ལྷུན་མཉམ་ཡངས་པ་ཆེན་པོའི་ཕོ་བྲང་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ཁང༌། རྒྱུ་སྤྲུལ་པའི་གཙུག་ལག་ཁང་དེ་ནི་རིན་པོ་ཆེའི་སྣ་ལྔ་ལས་གྲུབ་པ་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཕྱི་ནས་ནང་གསལ་བ་ནང་ནས་ཕྱི་གསལ་བ། འཇའ་ཚོན་གྱི་དྲྭ་བ་བསྒྲིགས་པ་གྲུ་བཞི་སྒོ་བཞི་ཁྱམས་དག་ནའང་ནང་གསེས་སུ་གཙུག་ལག་སྟོང་ཕྲག་ལས་ཀྱང་ལྷག་པ། དེ་ན་རིག་འཛིན་དང་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པའོ། །བུ་མོ་ང་རང་དང་པོ་ཤར་གྱི་སྒོ་དེར་སླེབས། དེར་བུད་མེད་བཞི་པོས་སྣ་ཚོགས་དར་གྱི་གོས་འཇའ་ཤར་བ་ལྟ་བུ་ཞིག་བསྐོན་ཏེ་བཞག །གྲོགས་མོ་རྣམས་ནི་གར་སོང་ཆ་མེད་གྱུར། དེ་ནས་ཤར་གྱི་སྒོ་མ་དེས་ཁྱོད་སུ་ཡིན་ཟེར། ང་འཇིག་རྟེན་མི་ཡུལ་དུ་ཡོད་པའི་ཁྲོམ་དགེའི་བུ་མོ་ཟླ་བ་སྒྲོལ་མ་ཡིན་དགོས་ཆེད་ཅིའི་ཕྱིར་ཞིང་འདིར་འོང་ཟེར། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་ཕྱིར་རྔ་ཡབ་དཔལ་གྱི་རི་བོ་ལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དང་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་མཇལ་དུ་འོང་བ་ཡིན། ཞུས་པས་མཁའ་འགྲོ་དེས། ཁྱོད་རྡོ་རྗེ་ཕག་མོས་བྱིན་གྱིས་རློབས། །འགལ་རྐྱེན་ཚེ་ཡི་བར་ཆད་སོལ། །འཆི་མེད་རྡོ་རྗེའི་དབང་ཐོབ་ནས། །འགྲོ་དོན་དཔག་མེད་འགྲུབ་པར་ཤོག །གསུངས་སོ། །

དེའི་ཚེ་ཤར་སྒོ་ཤེལ་གྱི་སྒོ་མོའི་སྒོ་སྟེང་ན་དེ་བཞིན་གཤེགས་པའི་སྐུ་དང་མཐོང་བ་རང་གྲོལ་གྱི་ཡི་གེ་བཅས་འབུར་དུ་དོད་པ་སྒོ་ཡི་གཡས་གཡོན་ན་རིན་པོ་ཆེའི་གཡུ་འབྲུག་སྔོན་མོ་གཡས་འཁྱིལ་དུ་ཡོད་པའི་ལག་ན་ནོར་བུ་སྣ་ཚོགས་བཟུང་བ་དེ་ལ་ངོ་མཚར་མཐོང་བའི་ལྟད་མོ་ཁྱད་པར་ཅན་ཡིད་འཕྲོད་པ་ཞིག་འདུག །

མཁའ་འགྲོ་དེས་ཕྱག་གཡས་པས་ནོར་བུ་ཆུ་ཤེལ་ལས་གྲུབ་པའི་ལྡེ་མིག་མཐོ་གང་བ་ཙམ་ལ་གསང་བ་འཕྲུལ་གྱི་བརྡ་ཡིག་རང་བྱུང་དུ་ཡོད་པ་ཞིག་གིས་སྒོ་ཤག་གིས་ཕྱེས། ནང་དུ་སོང་བས་རིན་པོ་ཆེ་ལས་གྲུབ་པའི་སྐས་ཆེ་བ་གཅིག་འདུག །དེ་ནས་ཡར་སོང༌། གཞལ་ཡས་ཁང་གཅིག་ན། ཁྲིའུ་ཆུང་ལ་རྒྱལ་ཚབ་བྱམས་པ་མི་འགྱུར་དབུ་སྐྲ་ཐོར་ཚུགས་དང་དར་དཀར་པོའི་བེར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ཕྱག་གཡོན་ན་ཤེལ་དཀར་པོའི་ཕྲེང་བ་ཆེ་ཆུང་མཐེ་བོང་ཙམ་ཞིག་བརྒྱ་དང་བརྒྱད་བགྲང་བཞིན་འཁོར་དུ་མཁའ་འགྲོ་མ་དར་དཀར་པོའི་ན་བཟའ་ཅན་བརྒྱ་ཕྲག་མང་པོས་བསྐོར་ཞིང་འདོད་ཡོན་ཚོགས་ཀྱི་འཁོར་ལོ་བསྐོར། རྡོ་རྗེ་ལས་བྱེད་མ་གོས་སྔོན་པོ་ཅན་གྱིས་ཕྱོགས་བཞིའི་ནམ་མཁར་ཚོགས་ཕུད་སྟོབས་ཏེ་བཞུགས་འདུག །བུ་མོ་རང་ཡང་དེའི་གྲལ་མཐའ་ནས་ཕྱག་གསུམ་འཚལ་ཡིད་ལ་ཅི་དྲན་གྱི་སྨོན་ལམ་བཟང་པོ་བཏབ། བླ་མའི་མདུན་སོང་ནས་ཡི་གེ་བརྒྱ་བའི་བཤགས་སྦྱངས་དང་མཎྜལ་ཚོམ་བུ་བདུན་མ་ཕུལ། བླ་མའི་གཡས་ཟུར་ནས་མཁའ་འགྲོ་མ་གཅིག་གིས་ལོ་རྒྱུས་ཞིབ་དྲིས་བྱེད་པར། རང་ནས་ཡིན་ལུགས་ཀྱི་སྐད་ཆ་རྣམས་དྲང་པོར་ཞུས་པས་བླ་མས་ཐུགས་མཉེས་ཚོར་ཆེན་པོ་མཛད། ཚོགས་ཀྱི་དགའ་སྟོན་ལ་རོལ། ཡང་ཕྱིར་བུད་བྱས་ཏེ་གཞལ་ཡས་ཁང་གཅིག་ཏུ་སོང་བས་བུད་མེད་སྔོན་མོ་གཅིག་གིས་ལམ་སྣ་མཛད། དེ་བཞུགས་ཀུན་གྱིས་སྨད་ཕྱོགས་ཀྱི་རིགས་ཅན་མཁའ་འགྲོ་ཞིག་ལ་ཁྲུས་མཛད་ནས་འདུག །རང་གིས་ཀྱང་ཐོབ། དེའི་དབུས་ཁྲི་མཐོ་བ་ཞིག་ལ་དར་དམར་པོའི་གདན་ཁྱད་པར་དུ་འཕགས་པ་ཞིག་བཏིང་བའི་སྟེང་དུ་མདོ་སྔགས་བསྟན་པའི་སྒྲོན་མེ། རིག་འཛིན་བྱེ་བའི་གཙུག་ཕུད། མཁས་གྲུབ་འགྲན་ཟླ་དང་བྲལ་བའི་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྐུ་གཟི་བརྗིད་ཆེ་ཞིང་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་སྐུ་ལ་ཆོས་གོས་རྣམ་པ་གསུམ་དབུ་ལ་སྡེ་སྣོད་གསུམ་ཞུ་གསོལ་བ་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ། འཁོར་དུ་དཔའ་བོ་དང་མཁའ་འགྲོ་རྣལ་འབྱོར་མ་བརྒྱ་ཕྲག་ལྷག་ཙམ་གྱིས་བསྐོར་བ་ཞིག་མཇལ། སྔར་ལྟར་ཕྱག་མཆོད་མཎྜལ་དང་དར་དཀར་པོ་དྲི་མ་མེད་པ་གཅིག་གིས་མཇལ་དར་བྱས། རང་ནུས་ཀྱི་སྨོན་ལམ་བཏབ། བླ་མ་ཐུགས་རྒྱུད་རྩུབ་ཧྲག་གེ་བའི་ཚུལ་སྟོན་མཛད་པ་ཞིག་རེད། མོ་ལ་གསུང་མཛད་ཚིག་གཅིག་མི་བྱེད་པར་མི་གཟིགས་པའི་ཚུལ་བྱེད་ཀྱིན་འདུག །དེ་ནས་ཡང་གཞལ་ཡས་ཁང་གཅིག་ཏུ་སླེབས། སྒོ་སྲུང་བུ་མོ་ལོ་བཅོ་ལྔ་ཙམ་ལས་མ་ལོན་པ་གཅིག་འདུག །ཕར་ངོ་མི་ཤེས་ཀྱང་ཚུར་དགའ་སྤྲོ་ཕ་མ་བུ་དང་ཐུག་པ་ལྟ་བུ་ཞིག་བྱེད། དེའི་ནང་དུ་གདན་དམའ་བའི་སྟེང་དུ་དར་ལྗང་གི་འབོལ་བརྩེགས་པའི་སྟེང་རྡོ་རྗེ་ཕག་མོའི་སྐྱེ་བ་སྡེ་དགེ་ཕྱོགས་ཀྱི་མཁའ་འགྲོ་གཡུ་ལྷ་ཟེར་བ་གཅིག་བཞུགས་འདུག །དབུ་སྐྲ་དར་ནམ་མཁའི་མདོག་ཅན་གྱིས་དཀྲིས་ཤིང་ཕྱག་ཏུ་བེ་བུམ་ཆུང་ངུ་ཞིག་བསྣམས་ནས་བར་དོའི་རྩ་ཚིག་གསུང་བཞིན་བཞུགས། འཁོར་དུ་མཁའ་འགྲོ་མ་བཅུ་དྲུག་ཙམ་ཞིག་འདུག །རང་གིས་ཀྱང་ཕྱག་དང་རྒྱ་གར་གྱི་ཙནྡན་དཀར་པོ་ལས་གྲུབ་པའི་སྤོས་ཀྱི་མཆོད་པ་ཡང་བྱས། རང་ལ་བདུད་རྩི་ལྔ་ལས་གྲུབ་པའི་སྤོད་དང་སྦྱར་བའི་ཟས་བཟང་པོ་བྱིན། མི་ཡུལ་ལོ་རྒྱུས་ཕན་ཚུན་གསུང་གླེང་དུ་མ་མཛད། སླར་ཁྱོད་ཕོ་བྲང་འདི་ཡི་དབུས་ཀྱི་རྒྱ་མཐོངས་ན་ཐེམ་སྐས་བཞི་ཡོད་པས་སྐས་ནག་པོའི་ནང་ནས་མ་འགྲོ་འགྲོ་ན་དུག་སྦྲུལ་གདུག་པ་ཅན་དང་སྲིན་པོའི་འཚེ་བ་ཡོད། དེ་བས་ཐེམ་སྐས་ལྗང་གུ་ལ་གཏོད་དེ་སོང་གསུངས། ཡང་སོང་བས་གཞལ་ཡས་ཁང་གཅིག་ན་བུད་མེད་སྐྲ་སྐྱ་སེར་དུ་སོང་བ་རྒས་ཉམས་ཅན་ཞིག་ལ་མཁའ་འགྲོ་མ་ཉིས་བརྒྱ་ཙམ་ཞིག་གིས་བསྐོར་མཁའ་འགྲོ་རྣམས་ཀྱིས་ཀར་གླིང་ཞི་ཁྲོ་དང་དྲི་མེད་བཤགས་རྒྱུད་གསུངས་ནས་བཞུགས། གཙོ་མོ་དེའི་རླུང་བུམ་ཆེན་བཟུང་ནས་རླུང་རོ་བསལ་བས་སྦྲུལ་དང་སྦལ་བ་ཉ་སོགས་ཆུ་གནས་ཀྱི་སྲོག་ཆགས་དུ་མ་སྐྱུག་བཞིན་ལ་དེ་རྣམས་ཀྱི་རོ་ལས་འཇའ་ཚོན་དཀར་སེར་དམར་ལྗང་ཤར་ཏེ། རྣམ་ཤེས་དག་པའི་ཞིང་དུ་འདྲེན་པར་འདུག །དེའི་མཚན་མཁའ་འགྲོ་དབང་མོ་ཞེས་བྱ་དེ་ཉིད་ཡིན་པར་འདུག །སྔར་ལྟར་ཕྱག་མཆོད་བྱས། སྐུ་མདུན་དུ་སོང་ནས་བྷནྡྷའི་ཕྲེང་བ་གཅིག་བདག་གི་མགོ་ཐོག་ཏུ་བཞག་ཏེ་ཅུང་ཞིག་བཞད་དེ་སུ་ཡིན་གྱི་གསུང་གླེང་ཉུང་ངུ་མཛད། ཡང་གཞལ་ཡས་ཁང་གཅིག་ན། དར་གྱི་གདན་ལ་དྷཱ་ཀི་མ་ཞི་བའི་ལྷ་མོ་སྐུ་མདོག་དཀར་ལ་ལྷ་རྫས་ཀྱི་ན་བཟའ་གསོལ་བ་འཁོར་དུ་མཁའ་འགྲོ་མ་བདུན་ཙམ་ཞིག་གིས་བསྐོར་བ་གཅིག་མཇལ། རང་གི་ཕྱག་མཆོད་བྱས། མཁའ་འགྲོ་དེས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་དང་མ་ཎི་འབྲུ་དྲུག་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་ཤིན་ཏུ་སྙན་པ་ཞིག་གསུངས་ཀྱང་སྐབས་འདིར་ཡི་གེ་མང་དོགས་ནས་མ་བྲིས། ཡང་སྒོ་ཤར་དུ་བསྟན་པའི་གཞལ་ཡས་ཁང་ཤིན་ཏུ་མཛེས་པ་ཞིག་ན་ཌཱཀྐི་འབུམ་གྱི་གཙོ་མོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐུ་ལ་ལྷ་རྫས་དྲི་མ་མེད་པའི་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་མཛེས་པར་སྤྲས་པ་དབུ་སྐྲ་གནག་སྣུམ་དུ་འཁྱིལ་བ་རུས་པ་དང་རིན་པོ་ཆེའི་རྒྱན་སོགས་བརྗོད་དུ་མེད་པའི་གཟུགས་མཛེས་པ་བལྟ་ན་སྡུག་པ་ཞིག་ལ་འཁོར་དུ་ཡེ་ཤེས་མཁའ་འགྲོ་མ་སྟོང་ཕྲག་དུ་མས་བསྐོར་ཏེ་བླ་མ་རིག་འཛིན་འདུས་པ་དང༌། ཡི་དམ་དཔལ་ཆེན་འདུས་པ། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་བསྐོར་ནས་བཞུགས་འདུག །རང་ཡང་དེའི་ཚོགས་གྲལ་དུ་སོང་ནས་ཕྱག་མཆོད་སྔར་ལྟར་བྱས་པས་ཐུགས་དགྱེས་ཚོར་མཛད་ལོ་རྒྱུས་རྣམས་ཞིབ་གསལ་ཞུས། འདི་ནས་ཡར་སོང་དང་ཨ་ཁུ་ཉིད་དང་མཇལ་སྣ་ཞིག་ཀྱང་བདག་གིས་བཏང༌། སྒོ་སྲུང་ཤིན་ཏུ་བཙན་པོ་ཡོད་ཕྱིར་ཐར་དཀའ་གསུངས། ཡར་ཡར་སོང་བས་ཕོ་བྲང་ཤིན་ཏུ་འཇིགས་ལ་རྔམ་པ་སྣང་བ་ཚ་ཟིང་ཟིང་དུ་འགྱུར་ནུས་པ། མི་ལྤགས་ཀྱི་བླ་བྲེ་བརྒྱངས་པ། སྦྲུལ་གྱི་ཐག་པ་བྲེས་པ། མི་མགོ་སྐམ་པོ་རློན་པ་རྙད་རྙིད་སྐྲ་དང་བཅས་པ་འཕྱང་བ། རེ་འབྱམས་ནག་པོའི་ལྤགས་པས་ཡོལ་བ་བྱས་པའི་དཀྱིལ་ན་ཤེལ་མུན་ནག་གི་མདོག་ལྟ་བུའི་ཁྲི་ལ། རྣལ་འབྱོར་པ་དཔའ་བོ་ནམ་མཁའ་འོད་གསལ་ཞེས་བྱ་བ་སྐུ་མདོག་སྨུག་ནག་རལ་པ་ཐོར་ཚུགས་རྡོ་རྗེའི་རྩེར་གཡུ་ཡི་ཕྲ་ཅན་སྙན་ལ་དུང་གི་ཝང་མིག །གོས་དཀར་ཅན་ཕྱག་ན་ཌཱ་མ་རུ་དང་མི་རྐང་གི་གླིང་བུ་ཐོགས་པ། ཤིན་ཏུ་གཟི་བྱིན་བཟོད་པར་དཀའ་བ། འཁོར་དུ་བེར་ནག་པོའི་གོས་ཅན་དྲུག་གིས་བསྐོར་བ། རལ་བ་ནག་ར་ལེ། ཁ་ངོ་ནག་དུང་ངེ་བ། རབ་ཏུ་ཁྲོས་པའི་ངང་ཚུལ་ཅན་ཤ་སྟག་བཞུགས། དེ་ལ་ཕྱག་མཆོད་བྱས་སྨོན་ལམ་བཏབ། ཡང་སོང་བས་སྒོ་སྲུང་བུད་མེད་དཀར་མོ་དར་དང་རུས་པའི་རྒྱན་གྱིས་བརྒྱན་པ་གཅིག་མཇལ། མཚན་ནོར་འཛིན་སྒྲོན་མ་ཟེར། རང་དང་ཚེ་རབས་མང་པོ་ལས་འབྲེལ་ཡོད་པ་ཞིག་རེད། གཞལ་ཡས་ཁང་དམར་སེར་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ་ཤེལ་དམར་གྱི་ཁྲི་ཤིན་ཏུ་མཐོ་བ་ཞིག་ལ། དར་སྣ་ཚོགས་ཀྱི་འབོལ་གྱི་སྟེང་དུ་ལྷ་ལྕམ་མནྡ་ར་བ་སྐུ་མདོག་དམར་སྨུག་ཕྱག་གཡས་ན་མདའ་དར་དང་གཡོན་ཚེ་བུམ་འཛིན་པ། དར་གྱི་ཨངྒ་རག་དང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་འཁོར་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བརྒྱ་ཕྲག་གཅིག་གིས་བསྐོར་བ་གཙོ་མོས་རྡོ་རྗེ་མི་ཤིགས་ན་དཱའི་རོལ་མོའི་གླུ་དབྱངས་ལེན་ཅིང་བཞུགས་པ་ལ་སྔར་ལྟར་ཕྱག་མཆོད། སྒྲོལ་མས་གསུངས་པའི་གསོལ་འདེབས་བཏོན། དད་པ་བསམ་གྱིས་མི་ཁྱབ་པ་སྐྱེས། ཚོགས་གྲལ་ནས་ཡར་སོང་བས། བདག་གི་མགོ་ཐོག་ཏུ་ལྷ་ལྕམ་གྱིས་ཕྱག་གཡས་པའི་ཚེ་མདའ་བཅས་བཞག་ནས། ཧཱུྃ། ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །སོགས་ནས། བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་འདི་ལ་དབང་བཞི་བསྐུར༔ དུས་མིན་འཆི་བའི་བར་ཆད་སོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཞེས་གསུངས། ཡང་ཡར་སོང་བས། ཁང་བཟང་ཡིད་དུ་འོང་བ་གཅིག་འདུག །དེའི་ཤར་ན་སྒོ་མོ་བཅུ་གཉིས། ལྷོ་ན་སྒོ་མོ་བཅུ་གཉིས། ནུབ་ན་སྒོ་མོ་བཅུ་གཉིས། བྱང་ན་སྒོ་མོ་བཅུ་གཉིས། ཤར་ཕྱོགས་ཀྱི་སྒོ་དང་སྒོ་མོ་ཐམས་ཅད་ཤེལ། ལྷོ་ཕྱོགས་ཀྱི་སྒོ་དང་སྒོ་མོ་ཐམས་ཅད་གསེར། ནུབ་ཕྱོགས་ཀྱི་སྒོ་དང་སྒོ་མོ་ཐམས་ཅད་པདྨ་རཱ་ག །བྱང་ཕྱོགས་ཀྱི་སྒོ་དང་སྒོ་མོ་ཐམས་ཅད་གཡུ་ལས་གྲུབ་པ་ཤ་སྟག་རེད། ཤར་གྱི་ཕྱོགས་ན་འགྲོ་བ་འདྲེན་པའི་ལྷ་མོ་བཅུ་གཉིས། ལྷོ་ཕྱོགས་ན་ཐར་ལམ་སྟོན་པའི་ལྷ་མོ་བཅུ་གཉིས། ནུབ་ཀྱི་ཕྱོགས་ན་འབར་བ་མེ་ཡི་ལྷ་མོ་བཅུ་གཉིས། བྱང་གི་ཕྱོགས་ན་བདུད་ལས་རྒྱལ་བའི་ལྷ་མོ་བཅུ་གཉིས། ཐམས་ཅད་ཀྱང་ཕྱོགས་མདོག་གི་ན་བཟའ་གསོལ་ཞིང་བཞུགས། ཕྱི་ཡི་སྒོ་ལྕགས་ནི་གསེར་ལས་བྱས་པ་ཕུ་དུང་ཙམ་སྟེ་མཁའ་འགྲོ་མ་ཞིག་གིས་སྒོ་ཕྱེས་ནས་མངག །བྱང་གི་སྒོ་དེ་ཕྱེས་ནས་སོང༌། ནང་ན་ཀ་བ་བརྒྱ་དང་བརྒྱད་ཅུ་ཡོད་པ། མཁའ་འགྲོ་མ་བརྒྱ་དང་བརྒྱད་ཅུ་དར་དང་རུས་པའི་རྒྱན་གྱིས་སྤྲས་པ་ཐམས་ཅད་ཀྱིས་དབྱངས་གཅིག་ཏུ། ཧྲཱི༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགགས་རང་བྱུང་འགྲོ་བ་འདྲེན༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔ སྐུ་གསུམ་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འཕགས་ཡུལ་པཎ་ཆེན་བོད་ལ་ཐུགས་རྗེ་ཆེ༔ མཚོ་སྐྱེས་རྡོ་རྗེ་སྐྱེ་འཆི་བགྲེས་རྒུད་བྲལ༔ ད་ལྟ་གདུག་པའི་སྲིན་ཚོགས་ཆོས་ལ་བསྒྱུར༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ་ལ་བསྟོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ལ་ན་མོ་ཧཱུྃ༔ ཞེས་རོལ་མོའི་སྒྲ་དང་བསྒྲགས་ཏེ་གར་གླུ་ངན་སོང་རང་གྲོལ་ཞེས་བྱ་བ་དེ་ཉིད་ལེན་ཅིང་བཞུགས་འདུག་པས་རང་གིས་དད་སྤྲོ་ཚད་ལས་འདས་པ་བྱུང༌། ཡང་སོང་བས་ཕོ་བྲང་གཅིག་ན། བུད་མེད་དཀར་མོ་གོས་ཆེན་དཀར་པོའི་གཟན་དང་ཤམ་ཐབས་དཀར་པོ་མནབ་པ་ཤེལ་དམར་པོའི་ཕྲེང་བ་ཕྱག་ན་བཟུང་བ། མཚན་ལ་དགེ་སློང་མ་ཀུན་དགའ་སྨོན་ལམ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ཞེས་བྱ་བ་དེ་ཉིད་ཡིན་པར་འདུག །བདག་ལ་ཐུགས་རྗེ་མཉེས་མཉེས་མཛད། ཡོལ་བ་དར་གྱི་རྒྱན་ལྡན་དེ་ཕྱེ་ནས། བདག་ཀྱང་ཕོ་བྲང་དབུས་སུ་ཁྲིད། འཁོར་མཁའ་འགྲོ་མ་བདུན་ཙམ་ཞིག་བཞུགས། བདག་ལ་གདན་དཀར་པོ་ཞིག་བཏིང་མཁའ་འགྲོ་དེ་ཡི་ཕྱག་ཏུ་ཚེ་མདའ་དཀར་པོ་ཞིག་བསྣམས་ནས་བདག་གི་མགོ་ཐོག་ཏུ་བཞག་སྟེ། ཨོཾ་དྲི་མ་མེད་པའི་དང་པོའི་ཚེཿ དཔལ་མཆོག་ཉི་ཟླ་ཁ་སྦྱར་ཁུགཿ འཕོ་བ་མེད་པ་བདེ་ཆེན་ཚེཿ

འོད་ལུས་དྭངས་མའི་དཔལ་དུ་ཁུགཿ འགྲོ་འོང་མེད་པ་རྒྱུན་གྱི་ཚེཿ རྟག་བརྟན་མི་ཤིགས་ཀློང་དུ་ཁུགཿ བརྐུས་འཕྲོག་ཉམས་རལ་རྣམ་རྟོག་ཚེཿ མི་རྟོག་ཡེ་ཤེས་གཤིས་སུ་ཁུགཿ འཁོར་འདས་ལམ་སྣང་འཁྲུལ་བའི་ཚེཿ ཡེ་ཡིན་རང་བབས་ངང་དུ་ཁུགཿ འགགས་པ་མེད་ན་རྒས་རྒྱུ་མེདཿ འགགས་མེད་རྒས་མེད་ཚེ་ཡང་ཁུགཿ སྐྱེ་བ་མེད་ན་ཤི་རྒྱུ་མེདཿ སྐྱེ་མེད་འཆི་མེད་ཚེ་ཡང་ཁུགཿ ཨཱཿཨཱཿཨཱཿ ཞེས་གསུངས་ཏེ་ཁྱོད་འཇིག་རྟེན་མི་ཡུལ་ནས་ཚུར་ལ་ཞིང་འདིར་འོང་བ་ལ་ལྟོས་ན་ཤིན་ཏུ་སྐྱེ་བ་བཟང་པོ་ཞིག་ཡིན་པར་འདུག །ཁྱོད་སྙིང་རྗེ་གསུངས་ནས་བཤུམ། བུ་མོ་ཨ་དཔལ་ཟེར་བ་དེ་གྲོགས་ལ་མངག་ཐུར་དུ་འདིར་ཤོག་གསུངས་ནས་ང་ཕྱིར་བསྐྱལ། དེ་ནས་རྗེ་བཙུན་སྒྲོལ་མ་དཀར་མོ་དེས་བདག་ལ་གསུངས་པ། ད་བུ་མོ་ཟླ་བ་སྒྲོལ་མ་ཁྱོད་འཇིག་རྟེན་མི་ཡུལ་ནས་ཚད་བཙུགས་ཏེ་ཞིང་འདིར་ཁྲིད་འོང་མི་ང་རང་ཡིན། ད་དུང་ཨུ་འུ་གཉིས་དཔལ་རི་ལ་འདུག་པའི་དུས་ལ་ནི་མ་བབས། ས་བཅུ་ལ་གནས་པ་རྣམས་ཀྱིས་སྤྱོད་ཡུལ་དུ་གྱུར་པའི་སྟེང་གི་ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མ་དཔག་མེད་ཀྱིས་བསྐོར་ཏེ་ཆོས་ཐུགས་རྗེ་ཆེན་པོ་པདྨ་གར་དབང་གི་རྒྱུད་སྟོན་པའི་ངེས་པ་ལྔ་ལྡན་གྱི་ཞིང་ངོ་། །དེའི་སྟེང་དུ་སྤྲོས་བྲལ་ཆོས་སྐུའི་ཞིང་ཁམས། གུ་རུ་པདྨ་གདོད་མའི་མགོན་པོའི་རང་སྣང་ལས་ཐ་མི་དད་པའི་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཚོགས་ལ་ཆོས་བརྡ་ཚིག་བློ་ཡུལ་དུ་འདས་པའི་མན་ངག་གསང་བ་ཆེན་པོའི་རྒྱུད་རྫོགས་པ་ཆེན་པོ་རིག་པ་རང་ཤར་གསུངས་ཏེ་བཞུགས་པའང༌། ད་ལྟ་མཇལ་བའི་སྐལ་པས་དབེན། དུས་ནམ་ཞིག་ཚེ་མཇལ་ཆོག་པའི་སྨོན་འདུན་ཡང་ཡང་འདེབས། ཁྱོད་ཀྱིས་ང་ཞིང་འདིར་འོང་ཡོད་པ་མ་སྨྲ་གསུངས། ང་ནི་སྙིང་གས་པ་ལྟ་བུའི་སྡུག་བསྔལ་དང༌། སེམས་འཐོར་བ་ལྟ་བུའི་མྱ་ངན། ཅི་བསམ་འདི་དྲན་མེད་པའི་གཏད་མེད་སྣང་བ་ཟང་མ་ཟི་གཅིག་ཏུ་གྱུར་ཏེ་མིག་རྡོལ་བ་ལྟ་བུའི་མཆི་མ་ཟག །ད་ང་གུ་རུ་རིན་པོ་ཆེ་མཇལ་རུང་ཡང་མཇལ་རྟེན་གསེར་དངུལ་མཎྜལ་དང་དར་ཙམ་ཡང་མེད་བསམས། དེ་མ་ཐག་ཏུ་སྒྲོལ་མའི་མདའ་དར་ནས་དར་དཀར་པོ་ཤིན་ཏུ་རིང་བ་དྲི་མ་མེད་པ་ཞིག་གནང༌། བདག་ཐེ་ཚོམ་ཆེ་བས་མདའ་དར་ཟད་འགྲོ་སྙམ་ཡང༌། སྒྲོལ་མས་འདི་ནི་ནམ་ཡང་ཟད་རྒྱུ་མེད་པས་སེར་སྣ་མེད་གསུངས། ངུ་ས་འདི་ན་མིན་པས། གུ་རུའི་མདུན་དུ་སོང་ལ་ཞུ་རྒྱུ་ཅི་ཡོད་ཞུས། ཁྱོད་ལ་གསེར་དངུལ་ནོར་བུ་ཅི་བྱིན་ཡང་མ་ཁྱེར། དར་སྔོན་པོ་གཅིག་ལ་སྤྲུལ་པའི་སྐུ་ལྔའི་གཟུགས་བརྙན་ཡོད་པ་དེ་གནང་རོགས་ཞུས། སྔོན་གྱི་ལས་འཕྲོ་སད་པ་དང༌། འགྲོ་དོན་ཕྱོགས་མེད་འབྱུང་བ་དང༌། ངན་སོང་གི་འགྲོ་བ་རྣམས་མཐོང་ཞིང་དགེ་བསྐུལ་ནུས་པ། སྨོན་ལམ་གང་བཏབ་ངེས་པར་འགྲུབ་པ་ཞིག་ཞུས་གསུངས། དེ་ནས་ཡང་ཤེལ་དམར་པོའི་ཁང་པ་བྱུ་རུའི་ལག་གདུབ་ཀྱི་འཕར་ཁ་འཐེན་པ་ལྟ་བུ་ལ་ལྡེ་མིག་མི་དགོས་པ་བརྡ་ཡིག་དམར་པོ་ཞིག་སྤུང་པ་འདུག །སྒོ་ཁ་ན་བུད་མེད་སྐྲ་དཀར་པོ་དུང་གི་མདོག་ལྟར་འདུག །ཚེམས་ནི་གཅིག་ཀྱང་མ་ལྷུང་བ་མཚན་ལ་ཚེ་དབང་འབར་མ་ཞེས་བྱ་བ་ཡིན་པར་འདུག །བདག་ལ་ཚེ་འགུགས་རྒྱས་གདབ་མཛད། ཤེལ་རྡོ་ཟུར་དྲུག་པ་གཅིག་གནང༌། དེ་ཡང་མི་ཐུག་པའི་སྣང་བ་ཞིག་ཤར། འབྲས་ཀྱི་མཎྜལ། ཟུར་སྤོས་རྒྱའི་རི་མོ་ལྟར་བཀོད་པ་ཞིག་གི་རྩེར་བཞག །ཡང་གཞལ་ཡས་ཁང་རྒྱ་ཆེ་བ། རྒྱུན་རིང་བ་དཔངས་མཐོ་བ། ཆེ་ཆུང་ཚད་ལས་འདས་པ་ཞིག་ན། རྨ་བྱའི་གདུགས་བརྒྱ་ཕྲག་དང༌། དར་གྱི་རྒྱལ་མཚན། ཟ་འོག་གི་འཕན། ལྷ་རྫས་ཀྱི་བླ་བྲེ། ནོར་བུའི་ཏོག །མུ་ཏིག་གི་དྲྭ་བ་དྲྭ་ཕྱེད། མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་དུ་མ་ཧཱ་ག་ཎ་ཙཀྲའི་ཚོགས་ཀྱི་ལོངས་སྤྱོད་རི་ལྟར་སྤུང་བ། རྫ་ལྟར་ཉིལ་བ། བདུད་རྩི་མཚོ་ལྟར་འཁྱིལ་བ། དམ་རྫས་ཀྱི་ལོངས་སྤྱོད་ལྷ་ཆེན་འཕྲུལ་དགའི་སྤྱོད་ཡུལ་ལས་འདས་པའི་དཔེ་མེད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་མུ་མཐའ་མེད་པའི་འོད་ཟེར་ཀུན་ནས་འཕྲོ་བའི་དཀྱིལ་འཁོར་དུ་བློ་ཡིས་དཔག་པར་དཀའ་བའི་ཁྲི་རྒྱ་ཁྱོན་ཆེ་ཞིང་ཁང་པ་བརྩེགས་གསུམ་ཙམ་ལས་མཐོ་བའི་སྟེང་དུ་པདྨ་འདབ་མ་སྟོང་གིས་མཚོན་པའི་སྣ་ཚོགས་དར་གྱི་འབོལ་གདན་སུམ་བརྩེགས་ཀྱི་སྟེང་དུ། སྐྱབས་གནས་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་རྒྱལ་ཀུན་ཐུགས་ཀྱི་དབང་ཕྱུག་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པ། གངས་ཅན་བོད་ཀྱི་ལྗོངས་ཀྱི་ལྷ་སྐལ་གཅིག་པུ་ཨོ་རྒྱན་གྱི་གུ་རུ་པདྨ་ཐོད་ཕྲེང་རྩལ་འཆི་མེད་མཚོ་སྐྱེས་རྡོ་རྗེ་དེ་ཉིད་སྐུ་མདོག་དཀར་དམར་མདངས་ལྡན་ཕྱག་གཡས་གཡོན་རྡོ་རྗེ་དང་བྷནྡྷ་བདུད་རྩིས་བཀང་བའི་ཚེ་བུམ་བསྣམས་པ། གྲུ་མོ་གཡོན་ན་རྡོ་རྗེ་གསང་བའི་ཁ་ཌཱཾ་རྩེ་གསུམ་བརྟེན་པ། ཞབས་གཉིས་རྒྱལ་པོའི་རོལ་སྟབས། སྐུ་ལ་དར་ཟ་འོག་སྨུག་པོ་གཅིག་གི་བེར། དར་དམར་པོའི་ཤམ་ཐབས། ཆོས་གོས་དམར་པོ་གསེར་གྱི་ལཉྫ་རིས་བརྩེགས་པ་དར་དཀར་པོ་པཉྩ་ལི་ཀའི་ཟླ་གམ་དབུ་ལ་པདྨ་མཐོང་གྲོལ་གསོལ་བ་ཞིག་མཛད་ལ། བདག་བུ་མོས་ཨོ་རྒྱན་ཆེན་པོའི་ཞལ་རས་མཚན་དཔེའི་དཀྱིལ་འཁོར་བལྟ་བས་མི་ངོམས་པ་དེ་ཉིད་མཇལ་བའི་མོད་ལ་ད་ལྟའི་ཐ་མལ་གྱི་སྣང་བ་བན་བུན་འདི་རང་འགགས་ཏེ་སྨྲ་བསམ་བརྗོད་པ་ལས་འདས་པ། ལྐུག་པས་བུ་རམ་མྱོང་བ་ལྟ་བུའི་ཉམས་ཞིག་སྐྱེས། དགའ་སྐྱོ་འདྲེས་མ་ལྟ་བུའི་ངང་ལ་དར་གཅིག་གནས། ཡང་ཨོ་རྒྱན་ཆེན་པོ་དེ་ཡི་ཕྱོགས་བཞི་ན་སྣ་ཚོགས་དར་གྱི་གོས་ཅན། འོད་ཕུང་སྒྱུ་མའི་ལུས་ཅན། བདེ་སྟེར་ཡེ་ཤེས་ཀྱི་ཌཱཀྐི་མ་བཞི་ཡིས། ཕྱོགས་བཞིར་ཚེ་མདའ་དང༌། ཚེ་བུམ་བསྣམས་ནས་བརྡ་བསྟོད་གསུང་བཞིན་བཞུགས། ཁྲི་དེའི་གཡས་ཕྱོགས་སུ་ཁྲི་མཐོ་བ་གཅིག་ལ་འཕགས་པ་སྤྱན་རས་གཟིགས་དབང༌། བྱང་ཕྱོགས་བོད་ཁ་བ་ཅན་སྐྱོང་ཕྱིར་ཆོས་རྒྱལ་གྱི་ཚུལ་བཟུང་བ་སྲོང་བཙན་སྒམ་པོ་དང༌། གནུབ་ནམ་སྙིང་། དག་པོ་ཟླ་འོད་སོགས་དམ་པའི་སྐྱེ་རྒྱུད་དུ་མའི་ཕྲེང་བ་རིམ་བྱོན་གྱི་ཟློས་གར་རྗེ་བཙུན་ཐུགས་རྗེའི་མངའ་བདག་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་འདྲེན་མཆོག་བདེ་ཆེན་རྡོ་རྗེའམ་དྲི་མེད་མཁའ་སྤྱོད་དབང་པོ་དེ་ཉིད་སྐུ་གཟི་བརྗིད་སྔར་ལས་ལྷག་པ། ངུར་སྨྲིག་གི་རྒྱལ་མཚན་གྱིས་བརྗིད་པ་དབུ་ལ་པཎ་ཞུ་གསོལ་བ་ཕྱག་ན་ཌཱ་མ་རུ་དང་དྲིལ་བུ་བསྣམས་པ། དེ་ཕྱོགས་བཞིར་མཁའ་འགྲོ་མ་དཀར་མོ་བཞིས་ཕྱག་ན་མདའ་དར་སྔོན་པོ་ཤ་སྟག་བསྣམས་པ། མདུན་དུ་མཁའ་འགྲོ་མ་ཁྲོ་མོའི་ཞལ་ཅན་མཐིང་ནག་དར་ཁྲའི་སྐ་རགས་ཅན་མདའ་དར་སྔོན་པོ་བཟུང་བ་ཞིག་བཅས་མཇལ། གཡོན་གྱི་ཕྱོགས་ན་ཁྲི་སྟེང་དུ་རྟོགས་ལྡན་འཇིགས་མེད་དཔའ་བོ། ཛ་ཀཿམཆོག་སྤྲུལ་རིན་པོ་ཆེའི་ཐུགས་སྲས་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་ཡང་སྲིད་བྱ་བྲལ་བ་རྫ་དཀོན་མཆོག་དེ་ཉིད་སྐུ་མདོག་སྔོ་ནག་དར་གྱི་ན་བཟའ་ལྷབ་ལྷུབ་དང་དབུ་ལ་པཎ་ཞུ་གསོལ་བ། ཕྱག་ན་བུམ་པ་བསྣམས་པ། སྐུ་ཚེ་གཅིག་ལ་ཀ་ལྷུན་ཟུང་འཇུག་གི་གསང་ལམ་ནས་སྣང་བཞི་མཐའ་རུ་ཕྱིན། བློ་སེམས་ཆོས་ཟད་དུ་སོང་བའི་གྲུབ་ཐོབ་ཀྱི་རྒྱལ་པོ་དེའི་ཕྱོགས་བཞིར་མཁའ་འགྲོ་མ་དམར་མོ་བཞིས་མདའ་དར་དམར་པོ་བསྣམས་པ་དང༌། མདུན་ན་མཁའ་འགྲོ་མ་གཅིག་བཅས་བཞུགས། དཔའ་བོ་རིག་པ་འཛིན་པའི་ཚོགས། རྨ་བྱའི་དབུ་ཞྭ་གསོལ་བ་སྟོང་ཕྲག་བཅུ་ཙམ་ཞིག་མཇལ། མཐའ་བསྐོར་དུ་མཆོད་ཡོན་ཞབས་བསིལ། མེ་ཏོག་སོགས་ནས་ཞལ་ཟས་ཀྱི་བར་བྱེ་བ་ཕྲག་ཁྲིག་གིས་གཏམས་པ་དེ་རྣམས་ཀྱི་ལ་ལས་ཕྱག་ཏུ་རྡོ་རྗེ་དྲིལ་བུ། ལ་ལས་ཅང་ཏེའུ། ལ་ལས་སིལ་སྙན། ལ་ལས་གསེར་གྱི་རྔ་བོ་ཆེ། ལ་ལས་མཁར་རྔ། ལ་ལས་དུང་དང༌།ལ་ལས་དུང་དམར། ཕྱོགས་བཞི་ན་དཀར་སེར་དམར་ལྗང་། ནུབ་ཀྱི་དུང་དམར་བྱུ་རུ་ལས་གྲུབ། ཌཱ་ཀི་མ་གོས་དམར་སེར་ཅན་གཉིས་ཀྱིས་གཉིས་འབུད། འགྲོ་ཀུན་གསང་སྔགས་ཀྱི་ལམ་དུ་མ་དབང་དུ་འདུས་པའི་དགོས་པ་ཁྱད་པར་ཅན་ཡོད་གསུངས། རྐང་གླིང་མི་རྐང་གླིང་བུ་ཤ་སྟག་ལས་ཟངས་རག་ནི་མི་འདུག །རྒྱ་གླིང་ནི་བརྒྱ་ཕྲག་ཙམ་ཞིག་ཀྱང་འབུད། མཆོད་ཡོན་ནི་བརྒྱ་ཡང་འདུག །མཆོད་དཔོན་རྣམས་ཀྱིས་གོས་སེར་མནབས་ཤིང་ཕྲག་གཡོན་ན་དར་ཁྲ་རེ་བཀབ་འདུག །དེས་མཁའ་འགྲོ་མ་ཞིག་ལ་དྲིས་ཏེ། འདི་ན་སྒྲུབ་ཆེན་གསུང་རྒྱུ་འདི་ཅི་རེད་ཞུས་པས། འདི་སྔ་འགྱུར་ཆོས་ཀྱི་སྙིང་པོ་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་བྱེད་པ་རེད་གསུངས། ཚོགས་མང་རྣམས་བཞེངས། རང་ཡང་ངོ་ཚ་འཇིགས་སྐྲག་བཅས་ཕྱག་དགུ་ཕྲུགས་སུ་འཚལ་ཏེ། ཡར་སོང་ནས་ཀུན་མཁྱེན་མ་ཧཱ་གུ་རུའི་ཞབས་སྤྱི་བོར་བླངས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཎྜལ་དང་། དར་དཀར་པོ་དྲི་མ་མེད་པ་གཅིག་ཕུལ། ཨོ་རྒྱན་ཆེན་པོས་ཕྱག་བདག་གི་མགོ་ཐོག་ཏུ་བཞག་སྟེ་ཚིག་བདུན་གསོལ་འདེབས་གསུངས་ནས་བཞུགས། ཨ་ཁུ་མཁའ་སྤྱོད་ནས། ཚེ་ལ་དབང་བ་ཚེ་མཐའ་ཡསཿ ཞེས་གསུངས་ཏེ་ཚེ་མདའ་བསྣམས་ནས་ཚེ་འགུགས་གསུངས། རྫ་དཀོན་མཆོག་གིས། ཡེ་ཤེས་སྣང་བ་ལམ་མེ་བཿ འགྲོ་བའི་མར་མེ་ཡེ་ཤེས་སྒྲོནཿ གཟི་བརྗིད་ཆེན་པོ་འོད་གསལ་བཿ སྔགས་འཆང་མངའ་བདག་རིགས་སྔགས་རྒྱལཿ ཨཿཕཊཿཨཿཕཊཿ ཨཿཕཊཿ ཞེས་གསུངས། ང་རང་དར་དཀར་པོའི་གདན་ལ་པུས་བཙུགས་སུ་བསྡད་དེ། བསམ་པ་མ་བདེ་བར་ངུས། ཡང་ངུས། ཡང་ཡང་ངུས། མཆི་མ་ཟག་པ་རྣམས་ཤེལ་གྱི་གོ་ཅེན་གྱི་སྟེང་དུ་ཆུ་ལྟར་འཁྱིལ། དེ་ནས་སྡུག་ཡུས་ཀྱི། ཨ་ཁུ་རིན་པོ་ཆེ་ལགས། སྤྱིར་སེམས་ཅན་རྣམས་དང་། སྒོས་སུ་ངེད་ཅག་སྙིང་བརྩེ་ཡུལ་དུ་གྱུར་པའི་སློབ་འབངས་རྣམས་སྡུག་བསྔལ་དུ་བསྒྱུར་ཏེ། ཨ་ཁུ་ཉིད་གར་བྱོན་ཆ་མེད་ཀྱིས་ཞིང་དུ་བཞུད་པས། བུ་མོ་སྙིང་ཕྱུང་བ་ལས་ཀྱང་ཐུ་བའི་སྡུག་བསྔལ་ཆེ། སློབ་འབངས་ལྟོས་བཅས་རྣམས་ཀྱིས་ཀྱང་དེ་བཞིན་ཡིན། ད་ནི་ཨ་ཁུ་ཉིད་སླར་འཇིག་རྟེན་མི་ཡུལ་དུ་འགྲོ་བའི་དོན་དུ་མ་བྱོན་ཐབས་མེད་སྙིང་ནས་གསོལ། སྐུ་ཉིད་མ་བྱོན་བར་དུ་བུ་མོ་གར་ཡང་མི་འགྲོ་ངེས། དེ་བས་ཆེད་དུ་གཏད་དེ་འོང་། འོང་ནས་མཇལ། མཇལ་ཏེ་ཞུས། ཞུས་པ་དེ་དོན་དང་ལྡན་པར་ཞུ་ཞུ། ཞེས་མིག་རྡོལ་རྡོལ་ངུས། དེ་ནས་དྲི་མེད་མཁའ་སྤྱོད་དབང་པོས་ཐུགས་བརྩེ་བརྩེ་བརྒྱ་མཛད་དེ། བུ་མོ་ཟླ་སྒྲོན་གྱིས་གང་ཞུས་རྣམས་ངེས་པར་བདེན། ཁྱོད་ཅག་གི་སྡུག་བསྔལ་གཏན་ནས་མ་བྱེད། ང་དང་བླ་མ་ཨོ་རྒྱན་ཆེན་པོ་གཉིས་ལ་དབྱེ་བ་སྤུ་ཙམ་མེད་ཐ་སྙད་སྐྱེ་འཆི་མིང་བཏགས་ཙམ་ལས་ང་ལ་སྐྱེ་འཆིའི་འཁྲུལ་འཛིན་ཅུང་ཟད་ཙམ་ཡང་མེད། ཁྱད་པར་དུ་མི་རྒན་བདེ་ཆེན་རྡོ་རྗེ་ང་ལ་བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་བྱ་ཁྱུ་འུར་རྡོས་དཀྲོགས་པ་ལྟར་སྐུ་གསུམ་རྒྱལ་བའི་ཞིང་ཁམས་རྔ་ཡབ་དཔལ་གྱི་རི་ལ་འདྲེན་ཡོད། ད་དུང་གསོལ་འདེབས་ནུས་པའི་སློབ་འབངས་རྣམས་ཀྱང་ཚོམ་བུ་གཅིག་ཏུ་སངས་རྒྱས་པའི་ཐ་ཚིག་ཚེ་ང་ཡི་དོན་དུ་སྡུག་བསྔལ་བསོགས་མི་རྣམས། བླ་མ་སངས་རྒྱས་ཆོས་སྐུར་མཐོང་བའི་མོས་གུས་འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་ཅི་བྱེད། རང་འདོད་དང་མ་འདྲེས་པའི་དགེ་སྦྱོར་ལྟར་སྣང་ཆོས་བརྒྱད་དུ་མ་སོང་བའི་བསྙེན་སྒྲུབ་གཅིག་ཆོག་ཡིག་དྲུག་ཏུ་ཤེས་ནས་དགེ་བསྐུལ། ཐམས་ཅད་རང་སེམས་ལ་འདུས་པས་ཉམས་ལེན་རེམ། མ་འཆུག་མ་འཆུགས་དང་སྐྱེ་མི་ལུས་རྒྱ་བོར་མ་ཐག་ཏུ་བྱ་ངང་བས་ངང་ཕྲུག་ཁྲིད་པ་ལྟར་ཞིང་འདི་རུ་བདག་གིས་མི་འདྲེན་རེ་དཀོན་མཆོག་གསུམ། དེ་བས་ཁྱོད་མི་ཡུལ་དུ་སོང་ལ་ང་ཡིས་བསྐུར་བའི་འཕྲིན་འདི་ཀུན་ཁྲོམ་དགེ་སྐུ་མདུན་དང་སྡེ་དགོན་ཁྱིམ་ཚང་སྙིང་ཉེ་བའི་སློབ་མ་རྣམས་ལ་ང་དང་མངོན་སུམ་ཐུག་ཀྱང་འདི་ལས་ལྷག་པ་ཅི་ཡང་བཤད་རྒྱུ་མེད་པས་དེ་ལྟར་གྱིས་ཤིག་གསུངས་ནས་བཟའ་བཏུང་ཚོགས་ཀྱི་འཁོར་ལོ་གྱ་ནོམ་པ་གནང་། ཡང་ཕྱག་གསུམ་འཚལ་ནས་མར་འོང་སྟེ། ཤེལ་གྱི་ཁང་པ་ཕྱོགས་བཞི་མཚམས་བརྒྱད་གཡུ་འབྲུག་ཕྱག་ན་ནོར་བུ་ཡོད་པ་བརྒྱད་འཁྱིལ་བ་ཞིག་ན་མལ་དང་སྔས་གདན་ཡིད་སྤྲོ་བ་ཞིག་འདུག་པ་དེར་བསྡད། ཌཱཀྐི་མ་གཅིག་གིས་བདག་གི་གསོལ་དཔོན་བྱེད་བདག་ཅུང་ཟད་གཉིད་པའི་སྣང་བ་བྱུང་། ཡང་བྱ་རྨ་བྱ་ལྗང་སྔོན་ཞིག་གིས་ཨ་ཨ་ཨུ་ཨུ་ཨེ་ཨོ་ཨཾཿ ཞེས་པའི་སྒྲས་བསྐུལ་ནས་གཉིད་སད། དེ་མ་ཐག་ཏུ་སྐུ་མདུན་སོང་སྔ་ལྟར་མཇལ། ཕྱག་མཆོད་རྒྱས་པ་ཕུལ་ཡང་སྐུ་མདུན་སོང་ནས་ཡང་ངུས་ལ་ཨ་ཁུ་ཁྱོད་བྱོན་པ་གཅིག་ཏུ་མ་ཟད་ཤུལ་དུ་བཞུགས་པའི་རེ་ལྟོས་འགྲོ་བའི་སྐྱབས་མགོན་གཅིག་པུ་ཁྲོམ་དགེ་མཆོག་སྤྲུལ་རིན་པོ་ཆེ་ཉིད་ངེད་ཅག་རྣམས་ཀྱི་བསོད་ནམས་ཀྱི་དུས་ལས་ཡོལ་ན་ཐམས་ཅད་ཀུན་མིག་མེད་ལོང་བ་ལོང་ཁྲིད་མེད་པ་གཡང་ཁར་བསྐྱུར་བ་ལས་སྡུག་ཆེ་བ་ཞིག་འོང་ན་དེའི་སྐུ་ཚེ་ལ་བར་ཆད་མེད་ཅིང་འགྲོ་དོན་མཐའ་རུ་ཕྱིན་པ་འཁོར་སློབ་རྣམས་ཡིད་ཚིམ་པའི་ཐབས་ཅི་དགོས་ཞུས་པས་ཨ་ཁུ་མཁའ་སྤྱོད་ཐུགས་ཕངས་མཛད་དེ། དེ་ངེས་པར་བདེན་སྐུ་ཚེ་ནི་ལོ་བཅུ་གཅིག་བར་དུ་བཞུགས། དེ་ཚུན་ཆད་ཀྱི་སྙུན་གཞི་ཕྲན་བུ་ཡོད་སྲིད་ན། མཁའ་འགྲོ་སུན་བཟློག་གྲངས་ལྡན་ལོ་རིམ་དང་། མཚམས་སུ་ཉི་མ་ཤར་ཕྱོགས་ལ་སྐུ་གླུད་བཏང་ན་ཕན། དེའི་བར་དུ་བཞུགས་ངེས་པ་ཡིན་གསུངས། ད་ཁྱོད་རྣམས་འབྱོན་ཞུས་པས། ད་དུང་རེ་ཞིག་དུར་ཁྲོད་མེ་རི་འབར་བའི་ཞིང་དུ་འགྲོ་ཞིང་མ་ཚོགས་རྣམས་ལ་ལྕེ་བཙུན་སྙིང་ཐིག་གི་ཆོས་སྟོན་མཐར། སྤྲུལ་སྐུ་འཁྲུངས་ཚུལ་སོགས་རྒྱས་པར་ཡོད་ཀྱང་གསང་རྒྱ་དགོས་ཕྱིར་མ་བྲིས། དེ་ནས་བུ་མོ་ཉིད་ཀྱང་ཞིང་འདིར་འདུག་པས་མི་འོང་། ཁྱོད་རང་ཡང་མི་ཡུལ་དུ་སོང་ལ་འགྲོ་དོན་མཛོད། ང་ཡང་ལོ་གསུམ་ལས་མི་འགོར་བར་སླར་འཁྲུངས་འོང་གསུངས། རང་སྐྱབས་དང་བྲལ་བས་སྡུག་བསྔལ་ཤིན་ཏུ་ཆེ་ཡང་འོང་རྩིས་བྱས། ཚིག་བདུན་གསོལ་འདེབས་ཚར་གསུམ་བཏོན་བདག་ལ་སྨོན་ལམ་ཁྱད་པར་ཅན་གུ་རུ་རིན་པོ་ཆེ་དང་ཨ་ཁུ་དཀོན་མཆོག་གསུམ་ནས་སྨོན་ལམ་མང་པོ་བཏབ། བདག་གི་མིང་ལ་རྔ་ཡབ་དཔལ་གྱི་རི་ལ་ཕེབས་པའི་བརྡ་རྟགས་སུ་མཁའ་འགྲོ་མ་ཤེས་རབ་ཆོས་སྒྲོནཿ ཞེས་བཏགས། དེ་ནས་ཚོགས་མང་གིས་རོལ་མོ་དཀྲོལ་ཌཱཀྐི་མ་རྣམས་ཀྱིས་སྐྱེལ་མ་མཛད་དུ་ང་རང་གི་ལུས་ནི་འཁྱོལ་སེམས་ནི་ཆགས་མཆི་མ་དབང་མེད་དུ་འོང་ཡང་བྱ་ཐབས་བྲལ། རང་གིས་ཀྱང་སྨོན་ལམ་བསམ་གྱིས་མི་ཁྱབ་པ་བཏབ། དེ་ནས་མར་འོང་བས། མཁའ་འགྲོ་ཚེ་དབང་འབར་མ་དང་མཇལ་འཕྲད་མཛད། བདུད་རྩི་ཆ་བདུན་ཤེལ་རྡོ་ལས་གྲུབ་པའི་མཁའ་འགྲོའི་སྒྲོམ་བུ་གྲུ་གང་གནང་། དེ་མ་ཁྱེར་བས་བདག་ལ་སྨོན་ལམ་བཟང་པོ་བཏབ་སྟེ། སངས་རྒྱས་བསྟན་པ་དར་གྱུར་ཅིགཿ བླ་མའི་སྐུ་ཚེ་བསྟན་གྱུར་ཅིགཿ འགྲོ་ལ་བདེ་སྐྱིད་འབྱུང་གྱུར་ཅིགཿ ཐམས་ཅད་སངས་རྒྱས་ཐོབ་གྱུར་ཅིགཿ ཅེས་གསུངས་ཡང་མཁའ་འགྲོ་ལས་དབང་དང་མཇལ། དར་དཀར་པོ་འབྲས་དང་སྤོས་ཐུར་སོགས་གནང་ཅུང་ཟད་བསྡདཿ འདི་ལ་བདེ་སྐྱིད་འབྱུང་བར་ཤོགཿ འདི་ལས་བར་ཆད་མེད་པར་ཤོགཿ འདི་ལ་སྲུང་སྐྱོབས་བྱེད་པར་ཤོགཿ འདི་ཡིས་འགྲོ་དོན་ནུས་པར་ཤོགཿ ཅེས་གསུངས། ཡང་ལྷ་ལྕམ་མནྡ་ར་བ་དང་མཇལ། བུད་མེད་ཁྲོ་མོའི་ཆས་ཅན་ཞིག་གིས་ལྷུང་བཟེད་ཅིག་གིས་ནང་ནས་བདུད་རྩི་སོལ་ཁུ་འདྲ་བ་ཞིག་བླུད་ནས། སེམས་ཅན་བདེ་དང་ལྡན་གྱུར་ཅིགཿ སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིགཿ བདེ་དང་རྟག་ཏུ་མི་འབྲལ་ཞིངཿ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོགཿ ཅེས་གསུངས། ཡང་རས་པ་ནམ་མཁའ་འོད་གསལ་མཇལ། བྱང་ཆུབ་སེམས་མཆོག་རིན་པོ་ཆེའི་སོགསཿ གོང་ནས་གོང་དུ་འཕེལ་བར་ཤོགཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་གསུངས་ཡང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མཇལ། ཐང་ཆུང་གོར་ལྟ་བུ་ཞིག་ནང་། གུ་རུའི་མཚན་སྔགས་དང་འབྲེལ་བའི་མགུར་གཅིག་བླང་བ་ཡོད་ཀྱང་མ་བྲིས། སྨོན་ལམ་འདི་འདྲ་ཞིག་གསུངས། བུ་མོ་ཟླ་བ་སྒྲོན་མ་འདི། །འཇིག་རྟེན་མི་ཡི་ཡུལ་ཁམས་ནས། །གདོས་བཅས་ལུས་ཀྱི་ཕུང་པོ་ཡི། །ཆུ་བུར་མིག་གིས་མཐོང་ཡུལ་དུ། །ཤར་ནས་ཤར་ལ་བལྟས་པའི་ཚེ། །ཤེལ་གྱི་སྒོ་མོ་མཇལ་བར་ཤོག །ལྷོ་ནས་ལྷོ་ལ་བལྟས་པའི་ཚེ། །གསེར་གྱི་སྒོ་མོ་མཇལ་བར་ཤོག །ནུབ་ནས་ནུབ་ལ་བལྟས་པའི་ཚེ། །བྱུ་རུའི་སྒོ་མོ་མཇལ་བར་ཤོག །བྱང་ནས་བྱང་ལ་བལྟས་པའི་ཚེ། །གཡུ་ཡི་སྒོ་མོ་མཇལ་བར་ཤོག །བཛྲ་གུ་རུའི་གླུ་ལེན་ཚེ། །པདྨ་འབྱུང་གནས་མཇལ་བར་ཤོག །འདི་ན་ཚོགས་འཁོར་ནམ་བསྐོར་ཚེ། །བུ་མོ་ཞིང་འདིར་སླེབས་པར་ཤོག །ཁ་ལག་འབྲེལ་བའི་སེམས་ཅན་རྣམས། །རྔ་ཡབ་གླིང་དུ་འདྲེན་པར་ཤོག །ཞེས་གསུངས་ནས་ཚེས་བཅུ་ཉེར་ལྔ་བཅོ་ལྔ་གནམ་གང་འབུམ་འགྱུར་དེ་རྣམས་ལས་ཤོག་ཅིག་གསུངས། ཁྱེད་རང་མ་ངུ་བར་བྱོན་ཅིག་གསུངས་ནས་སྤྱན་ཆབ་བསིལ་ཏེ་གོམ་པ་བརྒྱ་ཡི་ས་ལ་སྐྱེལ་མ་མཛད། དེ་རིང་གི་འདི་མ་གཏོགས་ང་ཡང་གར་འགྲོ་མཁན་ཞིག་མིན་གསུངས། གོམ་པ་བཅུ་དང་བརྒྱ་ནས་ཕྱིར་བལྟས་བྱས་པས་ཡང་མཇལ། སེམས་ཤིན་ཏུ་ལྷག་པར་འཁྲེང་པ་ཞིག་བྱུང་། དེ་ལས་སྡུག་པ་མ་བྱུང་གསུངས། དེ་ནས་མར་མཁའ་འགྲོ་དབང་མོ་ཆེ་བཞུགས་པའི་ཕྱོགས་སུ་སླེབས། སྒོ་སྲུང་གཅིག་གིས་བསུ་བ་བྱས། སྐུ་མདུན་དུ་སོང་བས། རང་སྔར་ནས་འདྲིས་ཆེ་བས། བྲལ་དོགས་ཀྱིས་ངུས། མཁའ་འགྲོ་མ་ཅུང་ཟད་བཤུམ། བདག་ལ་འབྲས་སྤར་བ་གང་གནང་། བདག་ནི་སྐྱེལ་མི་ཁོམ་བདག་ལ་ཆ་བསྐུར་ས་ཞིག་ཡོད་ཀྱང་ཁྱེད་འཇིག་རྟེན་མི་ཡི་ཡུལ་ནས་བློ་ཐག་ཆོད་དེ་འོང་བ་ལ་སྐྱོན་མེད་གདུག་པ་ཆུ་སྲིན་རྩུབ་པ་དུག་སྦྲུལ་གྱི་ཁ་ལ་མི་ཐར་ཚེ། འབྲས་འདི་གཏོར་ལ་མཁའ་འགྲོའི་དབང་མོའི་ཕྱག་ནས་ཡིན་ཞེས་བརྗོད་ལ་གཏོར་གསུངས། ཡང་མར་འོང་བས་སྡེ་དགེ་མཁའ་འགྲོ་གཡུ་ལྷ་སོགས་མཁའ་འགྲོ་བརྒྱད་ཀྱིས་བསུ་མ་བྱས། ཞིང་ཁམས་ཀྱི་ལོ་རྒྱུས་ཞུ་ལན་བྱས། ཡང་ཡང་ངུས་པས་ད་དོ་ནུབ་སྡོད་ཅིག་གསུངས། བདག་གིས་ཚེ་ཡང་ཕུར་གསུམ་གྱི་སྒོ་ནས་དབང་ཞིག་བསྐུར་ན་མཁའ་འགྲོ་ཁྱེད་འཇིག་རྟེན་མི་ཡུལ་དུ་ཡོད་པའི་སྤྲུལ་སྐུ་ཁྱད་འཕགས་རྣམས་དང་བླ་མ་དགེ་བའི་བཤེས་གཉེན་སྤྲུལ་པའི་གཏེར་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བར་ཆད་སེལ་བའི་མཁའ་འགྲོ་བཟང་མོ་ཞིག་འོང་གསུངས་ཀྱང་བདག་དབང་ནི་ཞུ་མ་ཁོམ། ཡང་འོང་ནས་སྒྲོལ་མ་དཀར་མོས་བདག་ལ་ཚིག་རང་ངན་པ་ཟེར་རྒྱུ་སླབ་སྟེ། འཇམ་དཔལ་མཁྱེན་བརྩེ་དབང་པོའི་མདུན་སོང་། མཁྱེན་བརྩེ་དགོངས་བཞིན་དུ་སྔར་ལས་ཐུགས་དྭངས་དྭངས་ལྟ་བུ་ཞིག་མཛད། ཅུང་ཞིག་བཞད་བདག་ཐལ་མོ་སྦྱར་ཚུལ་མཛད་པ་ལ། སྒྲོལ་མ་དཀར་མོས་ཐལ་མོ་སྦྱར་དང་མ་སྦྱར་མེད། དད་པ་བྱས་དང་མ་བྱས་མེད། རྗེ་བཙུན་སྒྲོལ་མ་དཀར་མོ་སྐྱེ་བ་འདི། འཇིག་རྟེན་མི་ཡུལ་འགྲོ་རྒྱུ་ཡིན། ཞེས་སོགས་གསུངས། ཡང་མར་འོང་བས། རྒྱལ་ཚབ་བྱམས་པ་མི་འགྱུར་གྱིས་མཁའ་འགྲོ་ལྔ་བསུ་མ་བཏང་། བྱམས་པ་མི་འགྱུར་གྱིས། ཁྱོད་ལས་མཁན་རྣམས་ཀྱི་འཇིགས་པ་བསལ་ཕྱིར། རྡོ་ལས་བྱས་པའི་འཁོར་བ་སྡིག་མདུད་གཡའ་མ་གཤེགས་པའི་རྡོ་རྗེའི་མདུད་པ་ཞིག་གནང་། བྱང་ཆུབ་སེམས་མཆོག་སོགས་སྨོན་ལམ་གསུངས། མར་འོང་བའི་ལམ་དུ། སྒྲོལ་མ་དཀར་མོས། ད་འུ་ཅག་གཉིས་ཁུར་དགོས་རྒྱུའི་རིན་ཆེན་ཤེལ་ལས་གྲུབ་པའི་མཁའ་འགྲོའི་སྒྲོམ་བུ་ནི་མ་ཁྱེར་མི་དགོས་རྒྱུ་ཡིས་རྡོ་ཡི་མདུད་པ་ག་ལ་འཁྱེར་ཟེར་ཏེ། ཐང་ལ་བསྐྱུར། དེ་ནས་མར་འོང་བས་བྲག་རིའི་བར་འདབས་ན། སྨོན་ལམ་ཆེན་པོའི་ཞིང་ཁམས་ཤེལ་གྱི་ཕོ་བྲང་རྒྱ་ཆེ་བ་ཤེལ་གྱི་སྒོ་ལ། ཤེལ་གྱི་སྒོ་ལྕགས་ཕུ་དུང་ཙམ། སྒོ་སྟེང་གཡས་གཡོན་ཚེ་དཔག་མེད་ཀྱི་སྐུ་གཉིས་ཙམ། བར་དུ་འབྲུ་དྲུག་ལཉྫ་ཝརྟུ་ཡི་གེ་སུམ་ཕབ་བྱས་པ་ཞིག་མཇལ། དེ་ནས་སྔར་གྱི་མཁའ་འགྲོ་གཡུ་ལྷ་དེ་སྒོ་སྲུང་རྒྱ་ཇག་ལ་ཚང་གི་བུ་མོ་ཨ་དམ་ཟེར་བ་དང་ཐུག །དགའ་དགའ་བྱེད། ཁ་བསྐྱལ། སྐེ་ལ་འཁྱུད་ནས་འཇིག་རྟེན་པ་ལྟར་བྱེད་དུ། དེ་ཡི་ཕོ་བྲང་ནང་དུ་ཁྲི་མཐོ་བ་གཅིག་ལ་བླ་མ་རྒས་ཉམས་ཅན་ཞལ་ཚོམ་དཀར་པོ་ཡོད་པ། དེའི་ཟུར་གྱི་མདུན་གྱི་ཁྲི་ལ། ཁྲོམ་དགེ་འཇིགས་མེད་ཁྲོ་རྒྱལ་གྱི་སྲིང་མོ་ཨ་ཤེས་སྒྲོན་མ་ཟེར་བ་འདུག །དེ་གཉིས་ལ་བུད་མེད་སྐྲ་ཐམས་ཅད་ས་ལ་གྲིས་པ་ཞིག་གིས། ཆོས་དྲི་ལན་མང་པོ་བྱེད་ཅིང་འདུག །དེ་ན་སྐྱ་སེར་བུད་མེད་སྟོང་ཕྲག་ཉི་ཤུ་ཙམ་ཞིག་འདུག །ཐམས་ཅད་ཀྱིས་ལག་ན་མར་མེ་ཀོང་བུ་རེ་བཟུང་ནས་སྨོན་ལམ་བཏབ་ནས་བཞུགས་འདུག །དེ་ནས་ཡར་སོང་བས་ཨ་ཤེས་སྒྲོན་མ་དེས། འཇིགས་མེད་ཁྲོ་རྒྱལ་ལ་གསུང་འཕྲིན་འདི་ལྟར་བསྐུར། བདག་ནི་སྨོན་ལམ་ཆེན་པོས་ཞིང་འདིར་སྐྱེ་བ་ཡིན། ཕ་མ་གཉིས་ནི་ཟངས་རི་མཁར་དམར་གྱི་ཕྱོགས་སུ་སྐྱེ་བ་བླངས་ནས། སྔགས་པ་ནུས་ལྡན་གྱི་ཚུལ་གྱིས་འགྲོ་དོན་མཛད་དེ་ཡོད། ཁྱོད་ཀྱི་མིང་ལ་ཆུང་དུས་ནི་གཡུ་སྒྲ་སྙིང་པོ་ཟེར། ད་ལྟར་ཅི་ཟེར་མི་གསལ་ཡང་། ད་ཁྱོད་རང་དགེ་སྡིག་གང་བསགས་ཐམས་ཅད་དཀར་ནག་འདྲེས་རྒྱུ་རེད། སྤྱིར་འཁོར་བའི་སྐྱེ་བོ་ལ་དགེ་སྡིག་མ་འདྲེས་པ་དཀའ་ཡང་སྒོས་མི་ལུས་ལན་གཅིག་ཐོབ་པའི་དོན་པོ་ལ། ད་ནི་ཚོད་བཟུང་རན་པས་ཡི་གེ་དྲུག་མ་ཐོན་ལ་མཚམས་རེ་ལ་བསྡད་རྒྱུ་མ་འཆུག །དེ་ནས་ཚེ་འཕོས་མ་ཐག་ཏུ་རྔ་ཡབ་དཔལ་གྱི་རི་ལ་སྐྱེ་ངེས་པ་ཐེ་ཚོམ་མེད་གསུངས། རང་གིས་སྨོན་ལམ་ནན་ཏན་བཏབ་བོ། །ཞེས་པའི་དཔལ་རི་ཉམས་སྣང་ཐུང་ངུ་འདི་ཡང་བླ་མ་ཁྲོ་དགེ་ཚང་གི་བུ་མོ་མཁོས་ཆུང་ཟླ་བ་སྒྲོལ་མ་ཞེས་བྱ་བ་ཞག་ལྔའི་བར་དུ་ཤི་ནས། དཔལ་རིའི་དག་སྣང་དུ་རི་བོ་ཏ་ལའི་མཐོང་སྣང་རྗེས་དྲན་འདི་ཉིད་མཁས་པའི་ཚིག་གིས་མ་བཅོས། སྙན་པའི་ངག་གིས་མ་བསྒྱུར། སྡེབ་སྦྱོར་གྱི་ཕྲེང་བས་མ་བརྩམ། མཁའ་འགྲོ་གསང་ཚིག་གིས་དོན་མི་གོ་བར་མ་བྱས་ཏེ། བུ་མོ་རང་གིས་སྨྱོན་གཏམ་ཆལ་ཆོལ་དུ་སྨྲས་པ་ཇི་བཞིན་དག་སྤྲུལ་བས་ཁྲོམ་མ་ཎི་བཀྲ་ཤིས་ཀྱིས་ལ་ཐོག་ཏུ་ཡི་གེ་རིས་སུ་ཕབ་པ་འདི་ཉེས་མཆིས་ཌཱཀྐི་ཆོས་སྲུང་ཚོགས་ལ་བཤགས་ཤིང་དགེ་བས་བདག་གི་མིང་ཙམ་ཐོས་ཤིང་དག་སྣང་འདི་ལ་སྤྲོ་བ་བྱེད་ཚད་རྔ་ཡབ་དཔལ་གྱི་རི་ལ་སྐྱེ་བའི་རྒྱུར་གྱུར་ཅིག །དགེའོ། །ལགས་སོ། །དགེའོ། །མངྒ་ལམ། ཤུ་བྷམ་རུ།

དམྱལ་བ་མི་ཡུལ་གྱི་ས་མཚམས་ཤི་གསོན་གཉིས་ཀྱི་བང་ཆེན་བཀའ་ཡི་འཕྲིན་པ་གླིང་བཟའ་ཆོས་སྐྱིད་བར་དོའི་གནས་སུ་བྱོན་ནས་འཁོར་འདས་ཀྱི་ཆོས་ཀྱི་རྒྱལ་པོ་ཆེན་པོས་དཀར་ནག་དབྱེ་བའི་འབྲས་བུའི་རྣམ་ཐར་མདོར་བསྡུས་བ།

༄༅། །དམྱལ་བ་མི་ཡུལ་གྱི་ས་མཚམས་ཤི་གསོན་གཉིས་ཀྱི་བང་ཆེན་བཀའ་ཡི་འཕྲིན་པ་གླིང་བཟའ་ཆོས་སྐྱིད་བར་དོའི་གནས་སུ་བྱོན་ནས་འཁོར་འདས་ཀྱི་ཆོས་ཀྱི་རྒྱལ་པོ་ཆེན་པོས་དཀར་ནག་དབྱེ་བའི་འབྲས་བུའི་རྣམ་ཐར་མདོར་བསྡུས་བཞུགས་སོ། །

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དཔལ་ལྡན་བླ་མ་སངས་རྒྱས་བཅོམ་ལྡན་འདས། །དམ་པའི་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ལས་ངན་སྡིག་སྒྲིབ་མ་ལུས་བསལ་དུ་གསོལ། །ང་གླིང་བཟའ་ཆོས་སྐྱིད་སེམས་རིག་ལུས་དང་བྲལ་བའི་དུས་སྡུག་བསྔལ་བྱུང་ལུགས་དང་། དགེ་སྡིག་གི་ཕན་གནོད་དང་། རྒྱལ་ཁམས་ཀྱི་ལོ་རྒྱུས། གཤིན་རྗེ་ཆོས་རྒྱལ་གྱིས་འཕྲིན་བསྐུར་བ་རྣམས་སེམས་ཅན་གཞན་ལ་ཕན་པར་བྱ་བའི་ཕྱིར་ཡི་གེར་དགོད་པར་བྱ། ང་ཆོས་སྐྱིད་ཞག་བཅུ་དྲུག་ན་ནས་མོ་བཏབ། རྩིས་བྱས། སྨན་བཏང་། རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར་ཐུ་རུ་སོང་སྟེ། ད་ནི་ང་འཆི་བ་འདྲ་བསམ་སྟེ། ཆུང་དུས་བཙུན་མ་བྱེད་བསམ་སྟེ་ཕ་མ་དང་ཕ་མིང་གིས་བྱེད་མ་སྟེར། གཞོན་དུས་དབང་ལུང་ཁྲིད་གསུམ་ནི་གཅིག་ཀྱང་མ་ཐོབ། སྒོམ་པའི་ཉམས་ཆེན་པོ་ནི་མེད། ཡར་བླ་མ་དཀོན་མཆོག་ལ་མཆོད་པ་དང་། མར་འགྲོ་དྲུག་སེམས་ཅན་ལ་སྦྱིན་པ་བཏང་རྒྱུ་ནི་མེད། རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྒྲུབས་པའི་དགེ་བ་ཆེན་པོ་ནི་མེད། བླ་མ་སློབ་དཔོན་ཁ་ཤས་ལ་ཟས་འབྲེལ་རེ་ཡོད་འདིས་ཅི་ཕན་ན་མ་གཏོགས་གཞན་དགེ་རྩ་ཆེན་པོ་ནི་མེད། ད་ནི་འགྱོད་པ་ཆེན་པོ་གཅིག་བྱུང་བས། ད་ང་ནི་འཆི་བ་ཡིན་པར་འདུག་བསམས་ནས་སེམས་པ་སྡུག །ལོ་རེ་ལ་གནག་ལུག་ཉི་ཤུ་སུམ་ཅུ་རེ་བསད་ཡོད། དེ་ཀུན་གྱི་ནང་ན་སྡིག་པ་ལས་དགེ་བ་གཅིག་ཀྱང་མེད། ཁོང་ཕ་བུ་རྣམས་ཀྱིས་དགེ་བ་ཆེན་པོ་ཨེ་གཏོང་མི་ཤེས། ཁོང་ནོར་ཞེན་ཆེ་བས་དད་པ་ནི་མེད། དགེ་བ་ཆེན་པོ་ཨེ་གཏོང་མི་ཤེས། ཡིན་ཡང་འདི་ཙམ་ཞིག་ང་ལ་ཐོངས་ཟེར་དགོས་བསམ་སྟེ་ཁྱེད་ཕ་བུ་རྣམས་འདིར་ཤོག་བྱས་ཏེ། ད་ང་ནི་ནད་འདིས་མི་གཏོང་བར་འདུག །ང་ལ་བསོད་ནམས་བསགས་པའི་དགེ་བ་ཆེན་པོ་ནི་མེད། སྡིག་པ་མང་པོ་ནི་ཞོར་ལ་བསགས་སོང་། ངའི་རྗེས་སུ་ནོར་སུམ་ཆ་དང་། ང་རང་གི་གཡུ་བྱུ་རུ་དེ་རྣམས་ཕྱེད་བུ་མོ་ལ་བྱིན། ཕྱེད་རང་གི་རྗེས་སུ་ཐོངས། དགེ་རྩ་རལ་ཙམ་བཏང་བ་རྣམས་དམ་པ་གསུམ་གྱི་རྩིས་ཟིན་པ་གྱིས། ཁྱོད་ཕ་བུ་རྣམས་རབ་ན་ཆོས་གྱིས། དེ་ལྟར་མ་བྱུང་ཡང་བུ་གཉིས་པོར་ཆོས་བྱེད་དུ་ཆུག །ཐ་མ་སྡིག་པའི་ཕྱོགས་ལ་འཛེམས་པར་གྱིས་དགེ་བའི་ཕྱོགས་ལ་བློ་དཀར་པོ་གྱིས་མ་གཏོགས་འཆི་ཁར་འགྱོད་པ་ཆེན་པོ་ཡོང་གི་འདུག །བུ་མིང་སྲིང་རྣམས་ནག་མོ་གཞན་གྱི་ལག་ཏུ་མི་འཇུག་རྒྱུའི་ཁས་ལེན་བྱ་དགོས་ལབ་པས། ཁོ་ན་རེ། ནོར་སུམ་ཆ་བཏང་ན་ངེད་ཕ་བུ་བཞི་པོས་ཅི་ཟ། གཡུ་བྱུ་རུ་རྣམས་བུ་མོ་ལ་དགོས་ཡོང་། ནང་གི་ཐབ་ཟིན་མི་གཅིག་མ་བླངས་ན་འདི་རྣམས་ཆུང་སྟབས་ཐབ་ཟིན་དཀའ་འདུག་པས། ཁྱོད་ལ་དགེ་བ་མ་ཕམ་པ་ཞིག་བཏང་ཡོང་། འདི་ཙམ་ཡིན་ཟེར་ནས་ཁས་ལེན་བྱ་རྒྱུ་མེད་ཟེར། ད་ཁོས་ཟེར་ལུགས་ཀྱིས་དགེ་བ་ཆེན་པོ་ཞིག་མི་བཏང་བ་འདྲ། ང་རང་ལ་དབང་ཡོད་དུས་གཡུ་བྱུ་རུ་རྣམས་བླ་མ་སློབ་དཔོན་ལ་ཕུལ་མ་ཤེས་ཆོས་ཕྱོགས་སུ་བཏང་མ་ཤེས་ཡི་རེ་མུག །ད་ཁོས་ནག་མོ་གཞན་ཞིག་བླངས་ན་ངའི་མིང་སྲིང་འདི་རྣམས་སྡུག་པོ་ཡོང་བར་འདུག་སྙིང་རེ་རྗེ་བསམས་ནས་ཡོད་པའི་ངང་ལ་ལུས་མགོ་བོ་འཁོར་ཏེ། ང་ནི་ས་ཡི་འོག་ཏུ་སོང་སྙམ་པའི་སྣང་བ་བྱུང་། སྟེང་ནས་མི་མང་པོས་མནན་པའི་དངངས་སྐྲག་བྱུང་། དེའི་རྗེས་ལ་རྒྱ་མཚོ་ཆེན་པོ་གཅིག་གི་ནང་དུ་ཕར་གཡེངས་ཚུར་གཡེངས་བྱས་ཏེ་གྲང་ལ་ལུས་ཆུ་བུར་རྡོལ་བའི་སྡུག་བསྔལ་བྱུང་། ཡང་ས་གཞི་ཐམས་ཅད་མེས་ཁེངས་ཏེ། འུར་སྒྲ་ཆེན་པོ་འབར་བའི་ནང་དུ་ལུས་ཚིག་པའི་སྡུག་བསྔལ་བྱུང་། ཡང་དེའི་རྗེས་ལ་དམར་ལམ་ལམ་དང་། དཀར་ལམ་ལམ་དང་། སེར་ལམ་ལམ་དང་། ས་སྲོད་འདྲ་བ་དང་། འུར་སྒྲ་ཆེན་པོ་རང་བྱུང་། མི་བདེན་པའི་བདེན་པ་ཞིག་བྱུང་། དེ་ནས་ཡུད་ཙམ་ན་ང་ནི་དགྲ་ཁུག་ན་སླེབས་འདུག་སྙམ་ཙམ་ན། མགོ་ཐོག་ཏུ་འོད་ཁ་དོག་ལྔ་ཙམ་ཤར་བའི་དཀྱིལ་ནས་འོད་ཟེར་མང་པོ་འཕྲོས་ཏེ། འོད་ཟེར་རེ་རེའི་སྣ་ལ་མིའི་ལུས་ལ་མགོ་བོ་མི་འདྲ་བ་དུ་མ་ཡོད་པ། མིག་ཉི་ཟླ་ཙམ་བགྲད་པ་ལག་ན་མཚོན་ཆའི་རིགས་མི་འདྲ་བ་མང་པོ་ཐོགས་ནས། ཧ་ཧ་དང་ཧཱུཾ་ཧཱུཾ་སོད་སོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་འབྲུག་སྟོང་སྒྲོགས་པ་ཙམ་བྱུང་། འཇིགས་སྐྲག་བསམ་གྱིས་མི་ཁྱབ་པ་བྱུང་། སྔར་ཁྲིད་ཞུས་པའི་བླ་མས་གསུངས་ནས། འོད་ཐམས་ཅད་རང་འོད། ཟེར་ཐམས་ཅད་རང་ཟེར། གཟུགས་ཐམས་ཅད་རང་གཟུགས། སྒྲ་ཐམས་ཅད་རང་སྒྲ་ཡིན། རང་སེམས་ཀྱི་རང་མདངས་ཡིན་གསུངས་པས། དེ་འདི་ཡིན་བསམ་ཙ་ན་ཡལ་ནས་སོང་། སྐྲག་དངངས་ཡང་ཞིག །དེ་ནས་ང་རང་གི་མལ་ས་བལྟས་ཙ་ན། ཕག་པ་ཆེན་པོ་གཅིག་གི་རོ་བམ་དྲི་ཐུལ་ལེ་བ་ཞིག་ལ་ང་རང་གི་གོས་བཀབ་ནས་བཞག་འདུག །བུ་མིང་སྲིང་དང་གྲོང་རོགས་ཁྱིམ་མཚེས་ཐམས་ཅད་འོང་ནས་ངུ་འབོད་བྱེད། ལ་ལས་ལག་པ་བཟུང་སྟེ་ངུ་འབོད་བྱེད་ཅིང་འདུག་པ་ལ། དེ་དང་མཉམ་དུ་འབྲུག་སྟོང་སྒྲོགས་པའི་འུར་སྒྲ་ཙམ་བྱུང་། དེ་ནས་རྣག་ཁྲག་གི་སེར་བ་སྒོ་ང་ཙམ་དུ་བབས། ན་ཚ་བཟོད་བླག་མེད་པ་བྱུང་། ཡང་ཁོང་རྣམས་ངུ་འཕྲོ་ཆད་ཙ་ན། འུར་སྒྲ་ཡང་ཆད། སེར་བ་ཡང་ཆད། ན་ཚ་ཡང་ཞིག་ནས་སོང་། དེ་ནས་བུ་ཆོས་མགོན་ན་རེ། ད་ང་རང་རྣམས་ངུ་བཞིན་བསྡད་པས་ཅི་ཕན། འཕོ་བ་འདེབས་མི་ཞིག་ཀྱང་མེད་པས། བླ་མ་བན་དཀར་བ་གཙོས་སློབ་དཔོན་ཉི་ཤུ་རྩ་གཅིག་གདན་འདྲེན་དགོས། ཆོ་ག་དང་སྨོན་ལམ་འདོན་ན་དྲག །སྒོམ་ཆེན་ཐུགས་རྗེའི་རིན་ཆེན་ལ་ཨ་ཅེ་རང་ཡང་དད་པ་བྱེད་ཅིང་ཡོད་པས་ཁོང་གདན་དྲངས་ནས་རྒྱུན་དུ་བཞུགས་སུ་ཞུ། རྡོ་རྗེ་གཅོད་པ་འདོན་མི་བཞི་ཙམ་ཚོལ་ཟེར་ཙ་ན། ཁྱོ་པོ་ན་རེ། བོན་པོའི་བླ་མ་བཞི་བཀུག་དགོས་ཟེར། བུ་ཆོས་མགོན་ན་རེ། བོན་པོ་ལ་ཨ་ཅེ་དད་པ་མེད་ཀྱང་ཁྱེད་རང་རྣམས་གང་དགར་གྱིས། ང་ནི་བན་དཀར་བ་དང་སྒོམ་ཆེན་གདན་འདྲེན་ལ་འགྲོ་ཟེར་ནས་སོང་། ཚ་བོ་ཁྲོ་བོ་སྐྱབས་དང་ཁྱོ་པོ་རང་ཁལ་མ་འདྲེན་དུ་སོང་། ཁྱིམ་ན་ནས་ཁལ་དྲུག་ཡོད་པ་དེ་རུ་བ་ལ་རྩམ་པ་བཅོས་སུ་བཏང་། ངའི་བསམ་པ་ལ་འདི་ཚོས་ཅི་བྱེད་པ་ཡིན་ནམ་རིམ་གྲོ་བྱེད་པ་ཨེ་ཡིན། ང་རང་གི་ནད་ནི་དྲག་སོང་བས་ཁྱེད་རང་རྣམས་དེར་ཚོགས་བྱ་མི་དགོས་བསམ་ཙ་ན། ཚུར་ལ་ཕྱེད་ཙམ་ཡང་མི་གཏོང་པས་སེར་སྣ་ཞིག་ཤོར། ཤི་བ་ཡིན་བསམ་པ་ནི་མ་བྱུང་། བུ་འབྲིང་བས་མཆོད་གནས་པ་ཐུགས་རྗེ་རིན་པོ་ཆེ་ཁྲིད་ནས་བྱུང་། རྡོར་གཅོད་འདོན་རྒྱུ་བཏང་ནས་སོང་། མཆོད་གནས་ཀྱིས་སྐྱབས་འགྲོ་ནས་ཆོ་ག་བྱེད་ཀྱིན་འདུག་པས་དགའ་ཚོར་ཆེན་པོ་བྱུང་། དེ་ནས་དགོང་མོ་སོང་ཙ་ན་བླ་མ་སློབ་དཔོན་ཉི་ཤུ་ཙམ་དང་། སྒོམ་ཆེན་ཐུགས་རྗེ་རིན་པོ་ཆེན་བྱོན་བླ་མ་ལ་ཕྱག་འཚལ་ནས་བྱིན་རླབས་ཞུས་པས་གནང་མ་བྱུང་ཅི་ཡིན་བསམ་སྟེ། བློ་མ་བདེ་བར་དེར་བསྡད་ཙ་ན། བླ་མ་སྒོམ་ཆེན་པས་ཕག་རོའི་མགོ་ལ་ཕྱག་བཞག་སྟེ་སྐྱབས་འགྲོ་འདོན། ཆོས་བཤད་སྨོན་ལམ་བཏབ་ཅིང་འདུག །སྐབས་སྐབས་སུ་ཆོས་སྐྱིད་ཁྱོད་ཤི་བ་དེ་བྱུང་བ་ཡིན་ནོ། །བུ་དང་ཟས་ནོར་ལ་མ་ཆགས་པར་ཁྱོད་རང་གི་རྣམ་པར་ཤེས་པ་དེ་ཨཱ་དཀར་པོའམ་ཐིག་ལེ་དཀར་པོའི་རྣམ་པ་གཅིག་ཏུ་སྒོམས་ལ་ང་ཡི་སྙིང་ཁར་ཤོག །ང་དང་མཉམ་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས་བདེ་བ་ཅན་དུ་ཤོག །ངེད་རང་གཉིས་པ་འདིར་འགྲོ་བ་ཡིན་ནོ་གསུང་གི་འདུག་ཙ་ན། ང་ནི་ཤི་བ་ནི་མ་ཡིན་ལུས་ནི་སྔ་མ་དང་འདྲ་བ་ཡོད། བླ་མས་དེ་འདྲ་གསུང་ཙ་ན་འགྲོ་བསམ་སྟེ། ང་ཕག་པ་ལ་སྐྲག་ནས་ཡོད་པས་འགྲོ་མ་ནུས། བླ་མས་ཕཊ་གསུང་ཙ་ན་དགའ་ཡ་ལེ། སྤྲོ་སང་ངེ་སྐྱིད་ཡ་ལེ་བྱུང་། བླ་མས་འཕོ་བ་ཕྱིས་འདུག །བེམ་རིག་བྲལ་ཚར་འདུག་གསུངས་སོ། །

དེ་ནས་ཇ་བསྐོལ་ཤ་དང་ཟ་མ་བཟོས་ནས་ཚོགས་འཁོར་དྲང་འདུག་གོ །ང་ལ་ནི་བྱིན་མ་བྱུང་། སྒོམ་ཆེན་པ་དེ་ན་རེ། བུ་མོ་ཁྱོད་རང་གི་མ་ལ་ཟས་སྐལ་སྐྱོལ་གསུངས་པས། བུ་མོས་ཟན་ཞིག་དང་ཤ་དུམ་ཞིག་སྡེར་ནང་དུ་བཅུག །ཇ་གསུར་ཞིག་མཉམ་དུ་ཕག་རོའི་སར་བཞག་ནས། ཨ་མ་དགོངས་སུ་གསོལ་ཟེར་ཞིང་འདུག་པས། ངས་བསམ་པ་ལ་ང་རང་ལ་མི་སྟེར་བར་ཕག་རོའི་རྩར་བཞག་ནས་སྐྱུག་བྲོ་བ་ལ་བསམ་སྟེ་བུ་མོ་ལ་ཡིད་ཆད་ནས་བྱུང་། སྐོམ་པ་དང་ལྟོགས་པ་བྱུང་ཡང་བསྲན་ནས་བསྡད། སྒོམ་ཆེན་གྱི་ཞལ་ནས་མ་ཎི་ལ་སོགས་གཟུངས་སྔགས་འགའ་རེ་བཏོན་ནས་མེའི་ནང་དུ་ངའི་ཟས་སྐལ་དེ་ནས་དུམ་རེ་བསྲེགས་པ་ན། ངས་ཟ་འཐུང་བྱས་པའི་སྣང་བ་བྱུང་། བཀྲེས་སྐོམ་ཡང་ཞི་ནས་སོང་། བླ་མ་དཔོན་སློབ་ཀྱིས་ཚོགས་འཁོར་མཆོད་བཤམས་ཚར་ནས་ཆོ་ག་བྱེད་ཅིང་འདུག་གོ །བླ་མ་དང་ཐུགས་རྗེ་རིན་པོ་ཆེ་སྒོམ་ལ་བཞུགས་འདུག །ང་ལ་ནི་ཁོང་ཐམས་ཅད་ཁྲོས་ནས་ཟས་སྐལ་ཡང་མ་བྱུང་ནས་སེམས་སྐྱོ་བ་དང་ལུས་ཆུ་སེལ་ཆིལ་ཆིལ་བྱས་པ་དང་། ལུས་སེམས་གཅིག་ཏུ་བསྡད་རྒྱུ་དེ་བར། བྱ་སྒྲོ་རླུང་གིས་བསྐྱོད་པ་ལྟ་བུར་ཕར་གཡོ་ཚུར་གཡོ་བྱེད་དེ་ཡོད་པའི་ངང་ནས། ད་ང་ནི་ཅི་བྱས་པ་དྲག་གམ། གཡུ་བྱུ་རུ་དེ་རྣམས་ཁྱེར་ནས་རྒྱ་ཁམས་སུ་འཁྱམ་དགོས་བསམ་པ་གཅིག་བྱུང་། བུ་མིང་སྲིང་ཀུན་གྱིས་ཨ་མ་ཟེར་ཞིང་ངུ་འབོད་བྱེད་ཅིང་འདུག་ཙ་ན། ཡང་ང་རྣག་ཁྲག་གི་སེར་བ་བབས་ནས་སྡུག་བསྔལ་ཚད་མེད་པ་བྱུང་། ཡང་ངུ་འཕྲོ་ཆད་པ་ན་དེ་ཡང་ཆད་ནས་སོང་། གཞན་ཡང་མཐོང་སྣང་ནི་མེད་པ་ལ་དངངས་སྐྲག་ཡེ་རེ་བ་སྒྲ་གཅིག་ངེ་བ་དང། ལུས་ལ་བརྗིད་དང་ཤུགས་དྲགས་ནི་མེད་པས་སེམས་ཆལ་ཆིལ་ཚལ་ཚུལ་ལང་ལིང་མང་པོ་བྱུང་སྟེ། བླ་མ་བན་དཀར་བ་འདིའི་རྩར་ཨི་དྲག་བསམ་སྟེ་ཁོང་བཀའ་གདམས་པའི་དགེ་སློང་ཡིན་པས་ནག་མོ་རྒྱུད་ལ་སྡོད་དུ་ཨེ་འཇུག་མི་ཤེས་བསམས་ནས་ཁོང་གི་རྒྱབ་ཏུ་ཡིབས་ནས་བསྡད་པས། ཆོ་ག་འདོན་པ་དེ་སྙན་པོ་ཞིག་བྱུང་སྟེ་འཇིགས་སྐྲག་ཞི་མ་ཐུབ། ཡང་སྒོམ་ཆེན་པའི་རྩར་ཕྱིན་པས་ཨེ་དྲག་བསམ་སྟེ་ཕྱིན་པས། ཁོང་ནི་ཕྱི་ནང་གི་སྒྲིབ་གཡོགས་མེད་པས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པའི་སྐུ་འདྲ་གཅིག་ཏུ་མཇལ། ཞལ་ནས་སྙིང་རེ་རྗེ་གསུང་གི་འདུག །ཐུགས་རྗེ་རིན་པོ་ཆེ་ང་དང་དབྱེར་མེད་དུ་འཇའ་སྟོང་ངེ་མཉམ་པར་བཞག་འདུག །ངའི་བློ་ཚལ་ཚུལ་ཐམས་ཅད་ཞི་ནས་དགའ་བདེ་དཔག་ཏུ་མེད་པ་བྱུང་། དེ་ནས་ཡུད་ཅིག་སོང་ནས་དྲན་པ་ཟིན་ཙ་ན། ཁོང་རྣམས་གསོལ་བ་བཞེས་ཤིང་འདུག་པས། ང་ལ་མ་སྟེར་སྔོན་མ་ལྟར་ཕག་རོའི་སར་བཞག་ནས་འདུག །སྒོམ་ཆེན་གྱིས་སྔོན་མ་ལྟར། ངའི་ཟས་སྐལ་མེ་ལ་བསྲེགས་ནས་འདུག་པས། ང་ལ་ཡང་ཟ་འཐུང་བྱེད་པའི་སྣང་བ་བྱུང་། དེ་ནས་ཡུད་ཙམ་ཞིག་ལ་འགྲོ་གྲབས་བྱེད་ནས་འདུག་པ་ན། དེ་ནས་མི་གཅིག་གིས་ཆོས་སྐྱིད་ཁྱོད་འདིར་ཤོག་དང་ཟེར་ཞིང་འདུག་པས་ང་ཡང་བལྟ་རུ་ཕྱིན་པ། ང་རང་གི་ཕ་རེད་བསམ་པ་གཅིག་གིས་ངའི་རྗེས་ལ་ཤོག་དང་སྟོན་རྒྱུ་ཡོད་ཟེར། དེ་ནས་མགྱོགས་པར་ཚུར་གཏོང་གི་ཡིན་ཟེར། འདིར་ཁྱིམ་ནང་ལ་བླ་མ་དཔོན་སློབ་མང་པོ་བཞུགས་འདུག་སྟེ་ཐམས་ཅད་ང་ལ་ཁྲོས་ནས་འདུག །ཁོང་ཕ་བུ་རྣམས་ཀྱིས་ཟས་སྐལ་ཡང་མི་སྟེར་འདུག །ང་རང་ལ་དབང་ནི་མི་འདུག །ང་ཕྱི་ལ་འགྲོ་དགོས་བསམས་ནས་དེ་མ་ཐག་ཏུ་སྒང་ཉག་གཅིག་གི་སྟེང་སླེབས་སོང་། རྩྭ་ཤིང་ཡང་མ་སྐྱེས་པའི་ལམ་སྐྱ་ཐལ་ལེ་བ་གཅིག་ལ་སླེབས་སོང་། དེ་ནས་མར་ལ་བྱ་ར་གཅིག་བྱས་པས། བྱེ་མའི་ཐང་ཆེན་པོ་འབུར་གཤོང་མེད་པ་གཅིག་ལ་རྟའི་ཉིན་ལམ་ཉི་ཤུ་ཙམ་ཡོད་པའི་ཐང་ཆེན་པོ་གཅིག་འདུག་པའི་དེའི་གཞུང་དུ་ཆུ་མེར་མེར་བ་སྟོད་སྨད་གང་ལའང་བབས་མི་ནུས་པའི་ཞེང་མདའ་རྒྱང་གང་ཙམ་འདུག་པ་དེའི་སྟེང་དུ་ཟམ་པ་གཅིག་འདུག །ཚུ་རོལ་ཕྱོགས་ཀྱི་ཐང་ཁ་ན་གྲོང་ཁྱེར་ཆེན་པོ་བསམ་གྱིས་མི་ཁྱབ་པ་འདུག །དེ་ནས་ང་ཡི་ཟླ་གྲོགས་དེ་ན་རེ། ཁྱོད་ཚུར་ཤོག་ཟེར་བས་ཕྱིན་པས་གྲོང་དེའི་ནང་དུ་སླེབས་སོང་། ངའི་གྲོགས་དེ་ན་རེ། ཁྱོད་ཀྱིས་འདི་ན་ངོ་ཤེས་པ་ཨེ་འདུག་ལྟོས་དང་ཟེར། ཁོང་ཟམ་པ་མ་གི་ཕ་རོལ་དེར་ཤོག་ཟེར་ནས་སོང་། ངའི་ངོ་ཤེས་ཨེ་ཡོད་བསམས་ནས་གྲོང་དུ་ཕྱིན་ནས་བལྟས་པ། མི་ཕོ་མོ་བསམ་གྱིས་མི་ཁྱབ་པ་གྲོག་ཚང་ཁ་བཤིགས་པ་ལྟ་བུར་འདུག །ལ་ལ་ནི་གོས་ཀྱང་ལེགས་པ་ལ་མདོག་ཀྱང་ལེགས་པ་འདུག །ལ་ལ་གོས་ངན་པ་ལ་མདོག་ངན་པ་ཐལ་མདོག་འདྲ་བ་འདུག །ཐམས་ཅད་གློག་འཁྱུག་པ་བཞིན་ངོ་ནག་ཐུལ་ལེ་འདུག །ལ་ལ་ནི་ངུ་བཞིན་འདུག །ད་ང་ཡང་དེ་འདྲ་ཡོང་སྙམ་ནས་ལུས་འདར་ཁྲི་ལི་ལི་བྱུང་། ཡང་ཕྱིན་པ་ན་མི་མང་པོ་འདུས་པའི་ནང་དུ། སྔར་ངེད་ཕྱུགས་རྫི་ཆོས་མགོན་འདུག་སྟེ། མོས་ང་ལ་ལེགས་པར་བལྟས་ནས། མོ་ན་རེ། ཨ་ཞེ་ཡང་འདིར་སླེབས་ཡོད་པ་ཨེ་ཡིན་ཟེར། ཡིན་ཁྱོད་འདི་ན་ཡོད་པས་བྱས་པས། ང་འདི་རུ་ཡོད་པ་ཡིན་ཏེ་ཨ་ཞེ་ང་སྐྱིད་པོ་མ་བྱུང་ཟེར། ཡང་མོ་ལ་གྲོང་དེའི་མིང་ལ་ཅི་ཟེར། མི་ཐམས་ཅད་འདུས་ནས་འདུག་པ་འདི་ཅི་ཡིན། ཟམ་པ་འདིའི་ཕ་རོལ་ན་སུ་ཡོད། ང་དེ་ན་ཤོག་ཟེར་མཁན་ཞིག་བྱུང་བས་འགྲོ་བསམ་པ་ཡིན་ལབ་པས། མོ་ན་རེ། འདི་ནི་འཇིག་རྟེན་མི་ཡུལ་ནས་ཚེ་འཕོས་པའི་ཤི་གསོན་མཚམས་ཡིན། ད་ནི་བར་དོ་བྱ་བ་ཡིན། འདིར་བསྡད་པ་རྣམས་ནི་འགའ་རེ་ཚེ་ཚད་རྫོགས་ནས་ཞག་ཞེ་དགུའི་ཚུན་ལ་དགེ་བ་དང་བདུན་ཚིག་སྒུག་མི་རྣམས་ཡིན། འགའ་ཚེ་ཚད་མ་རྫོགས་པར་ལས་མཁན་རྣམས་ཀྱིས་མིང་རུས་ནོར་ནས་ཁྲིད་པ་རྣམས་ཡིན། མི་ལོ་བཅུ་བཅོ་ལྔ་ཉི་ཤུ་སུམ་ཅུ་མ་སོང་བར་དུ་དགེ་བ་སྒུག་མི་རྣམས་ཡིན། ཟ་རྒྱུ་གྱོན་རྒྱུ་ལེགས་པོ་ཡོད་པ་རྣམས་ནི་ཚེ་སྔོན་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་བཏང་བ་དང་། རྗེས་སུ་ཉེ་འབྲེལ་གྲོགས་བཤེས་རྣམས་ཀྱིས་བླ་མ་སུ་མོས་ལ་བསྔོ་སྨོན་ཆེ་འབྲིང་ཆུང་གསུམ་ཞུ་ཞིང་རྒྱས་ཐེབས་ནས་ཞག་རེ་ལ་བརྒྱ་འགྱུར་སོང་ནས་ལོངས་སྤྱོད་ཆེ་བ་ཡིན། དབུལ་བ་རྣམས་ནི་ཚེ་སྔོན་མར་དགེ་བ་མ་བཏང་། རྗེས་སུའང་ཉེ་འབྲེལ་རྣམས་ཀྱིས་བཏང་རྒྱུ་མེད་པ་རྣམས་ཡིན། ཅུང་ཟད་བྱུང་རུང་བསྔོ་བའི་རྒྱས་མ་ཐེབས་བས་འཕེལ་བསྐྱེད་མ་བྱུང་བ་རྣམས་ཡིན། འདིར་ཡུན་རིང་སྟེ་ཟས་ནི་མེད། ད་ཚེ་ཚད་རྫོགས་ནས་ཟམ་པ་དེའི་ཕ་རོལ་ན་ཆོས་རྒྱལ་དཔོན་གཡོག་ཡོད་པས། དེར་ཕྱིན་ནས་དགེ་སྡིག་གི་རྩིས་གྲངས་བྱས་ནས་རང་གིས་སྔོན་མ་དགེ་བ་བཏང་བ་དང་། རྗེས་སུ་བྱེད་མཁན་ཡོད་མཁན་ཡོད་པ་རྣམས་ནི་ཡར་མཐོ་རིས་ཐར་ལམ་གཏོང་གི་འདུག་གོ །ལས་མི་དགེ་བ་བྱས་པ་དང་རྗེས་སུ་དགེ་བ་བྱ་མཁན་མེད་པ་རྣམས་ནི་བཙོ་སྲེག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བར་འདུག་གོ །ང་ཡང་ཅི་འདྲ་ཡོང་བསམས་ནས་ཉིན་མཚན་མེད་པར་སྡུག་བསྔལ་བྱུང་བ་ཡིན། འདིར་ང་དང་པོ་སླེབས་དུས་ཕ་རོལ་དེ་ན་ཕྱིན་པར། ཚེ་ཚད་མ་རྫོགས་བར་ཁྱོད་འདིར་སླེབས་པ་ཡིན་པས། ད་དུང་ཡོང་མ་རན་ཕར་སྡོད་དུ་སོང་ཟེར་ནས་འདིར་སླེབས་པ་ཡིན། ཨ་ཞེ་རང་སོང་ལ་ཆོས་ཀྱི་རྒྱལ་པོ་དཔོན་གཡོག་གིས་ཅི་གསུངས་ལྟོས། ད་དུང་ཕ་རོལ་སྡོད་ཟེར་ན་འདིར་ཤོག་ཟེར། མོའི་སྐད་ཆ་དེ་ཐོས་པ་དང་སྐྲག་པ་གཅིག་བྱུང་། དེ་ནས་ཟམ་པ་དེ་ལ་སྣ་གཏད་ནས་ཕྱིན་པས་དེའི་སྟེང་དུ་མི་གཅིག་གན་རྐྱལ་དུ་བརྡབས་ནས་འདུག །ཡན་ལག་ཕྱོགས་བཞིར་བརྒྱང་འདུག་པའི་སྟེང་དུ་གཤིན་རྗེ་གཅིག་གིས་བྲང་ཁར་མནན་ནས་ཁ་ལ་ཁྲོ་ཆུ་ཁོལ་མ་བླུག་ཅིང་འདུག །ངས་གྲོགས་དེ་ལ་མི་འདིས་ཅི་ཉེས་པའི་ལས་དྲིས་པས། ཁོ་ན་རེ། འདི་མི་ཡུལ་སྡོད་དུས་མི་རྒྱུ་བརྐུས་ནས་ཟོས་པས། ནོར་བདག་གིས་ཁྱོད་ངའི་ནོར་བརྐུས་སམ་བྱས་པས། ཁོ་ན་རེ། ངས་མ་བརྐུས་ཟེར་ནས་དཀོན་མཆོག་དཔང་དུ་བོར་བའི་ཉེས་པ་ཡིན། ད་རུང་ཡང་སྲོག་བཅད་པའི་ཉེས་པ་གཅོད་དགོས་ཡོད་ཟེར། དེ་ནས་ང་ལ་འདིར་ཤོག་ཟེར་ནས་ཕྱིན་པས། རིན་པོ་ཆེ་ལྷགས་ཀྱི་ཕོ་བྲང་གཅིག་གི་ནང་ན་གསེར་གྱི་ཁྲི་ཆེན་པོ་གཅིག་གི་སྟེང་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་གསེར་བཙོ་མའི་མདོག་ལྟར་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པ། དབུ་ལ་གཙུག་ཏོར། ཆོས་གོས་སྟག་རིས་བཀྲ་བ་དར་གྱི་ཡོལ་བ་དང་། གོས་ཆེན་གྱི་བླ་བྲེ་དང་མཆོད་པའི་རིགས་མི་འདྲ་བ་མང་པོ་བཤམས་ནས་འདུག །དེའི་གཡས་ན་གཤིན་རྗེ་གླང་གི་མགོ་ཅན་མེ་ལོང་བཟུང་བ། གཡོན་ན་སྤྲེའུ་མགོ་ཅན་རྒྱ་མ་ཐོགས་པ། མདུན་ན་གླ་བའི་མགོ་ཅན་ཡི་གེ་འབྲི་ཞིང་། གཞན་ཡང་གཤིན་རྗེའི་ལས་མཁན་ཕོ་ཉ་མང་པོ་མགོ་བརྙན་མི་འདྲ་བ་སྣ་ཚོགས་ཁ་གདངས་ཤིང་མཆེ་བ་བརྩེགས་པ། མིག་ཉི་ཟླ་ཙམ་བགྲད་ཅིང་འཇིགས་པའི་ཆ་ལུགས་ཅན། ལག་ན་མདུང་དང་། རལ་གྲི་དང་། མདའ་གཞུ་དང་། སྟ་རེ་དང་། ཟོར་བ་དང་། ལྕགས་ཀྱུ་དང་། སོག་ལེ་དང་། ཐོ་བ་དང་། ཞགས་པ་དང་། འཇོར་བུ་དང་། སྐམ་པ་ལ་སོགས་པ་མཚོན་ཆ་དཔག་ཏུ་མེད་པ་ཐོགས་ནས། རྒྱོབ་རྒྱོབ་དང་སོད་སོད་ཀྱི་ཀི་སྒྲ་སྒྲོགས་ཧ་ཧ་དང་ཧཱུཾ་ཧཱུཾ་གི་སྐད་སྒྲ་སྒྲོགས་པ། མཆོང་རྒྱུག་བྱེད་ཅིང་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་པ་བསམ་གྱིས་མི་ཁྱབ་པའི་མདུན་ན། མི་ཕོ་མོ་སུམ་བརྒྱ་ཙམ་འདུག་པས་དགེ་སྡུག་གི་ཤན་འབྱེད་ཅིང་འདུག་པས། དེ་རྣམས་ཀྱི་ནང་ནས་མི་གཟུགས་རིང་ཞིང་ཤ་རྩ་སྔོ་བ། ཕྱིང་པ་གྱོན་པ་ལག་པ་ན་ཕྲེང་བ་ཐོགས་ཤིང་མ་ཎི་འདྲེན་པ་གཅིག་ལ། ཆོས་ཀྱི་རྒྱལ་པོས། འོ་ཁྱོད་མི་ཡུལ་སྡོད་དུས། ཡར་སངས་རྒྱས་པའི་དགེ་རྩ། གསང་སྔགས་ཟབ་མོའི་དབང་ལུང་ཁྲིད་གསུམ་ཐོབ་པ། ལུས་ལྷར་བསྒོམས་པ། ངག་ནས་སྔགས་བཟླས་པ། རང་སེམས་ལ་རང་གིས་བལྟས་ནས་འཁྲུལ་མེད་ཀྱི་རང་སེམས་དང་མཇལ་ནས་འཁྲུལ་སྣང་བདེན་མེད་དུ་རྟོགས་པ་ནི་སངས་རྒྱས་པའི་རྒྱུ་ཡིན་པས། ཅི་འདྲ་བྱེད་ཡོད། ཡར་དཀོན་མཆོག་གསུམ་ལ་མཆོད་ཅིང་དམ་པའི་ཆོས་འབྲི་བ། འཕགས་པའི་དགེ་འདུན་ལ་འབུལ་བ་ཞབས་ཏོག །ཕ་མའི་དྲིན་ལན་འཇལ་བ་དང་། དབུལ་ཕུངས་ལ་སྦྱིན་པ་བཏང་བ་དང། ཁེ་གྲགས་ལ་མི་ལྟོས་པའི་བསྔོ་བས་རྒྱས་ཐེབས་པ། སེམས་ཅན་སྲོག་སྐྱོབ་པ། ལུས་ཀྱི་མི་དགེ་བ་གསུམ་སྤངས་པ་ལུས་ཀྱི་དགེ་བ། ངག་གི་མི་དགེ་བ་བཞི་སྤངས་པ་ངག་གི་དགེ་བ། ཡིད་ཀྱི་མི་དགེ་བ་གསུམ་སྤངས་པ་ཡིད་ཀྱི་དགེ་བ་སྟེ། དགེ་བ་བཅུ་བསྲུང་བ་ཡོད་ན་ཚེ་རབས་གཏན་དུ་བདེ་ཞིང་གནས་ཞིང་ཁམས་སུ་འགྲོ་ཞིང་མཐོ་རིས་ལྷ་མིའི་བདེ་འབྲས་ཐོབ་པའི་འབྲས་ཅན་ཡིན་པས། ཅི་བྱས། ལུས་ཀྱི་སྒྲིབ་པ་དག་ཕྱིར་གནས་སྐོར་ཕྱག་འཚལ། སྨྱུང་གནས། ལུས་ངག་ཡིད་གསུམ་གྱི་དཀའ་ཐུབ་གང་འདྲ་བྱས་པ་ཡོད། ཡང་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བའི་རྒྱུ་མི་དགེའི་སྔ་མས་མ་ཆོད་ན། ལུས་བསྐྱེད་པའི་ཕ་མ་བསད་པ། སེམས་བསྐྱེད་པའི་བླ་མ་བཀྲོངས་པ། དགེ་འདུན་ཕྲ་མའི་དབྱེན་སྦྱོར་བྱས་པ། ལོག་པའི་ལས་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་བྱས་པ་ཡོད་དམ། ཡང་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཞུས་པས་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ། བླ་མ་སློབ་དཔོན་དང་མཆེད་གྲོགས་ཀྱི་ཐུགས་དཀྲུགས་པ། ཡིད་ཆད་པའི་ལོག་སྨོན་དང་དད་ལོག་བྱས་པས་དམ་ཚིག་ཉམས་པ་ཡོད་དམ་ཤོད་ཅིག །ཡང་ཉེས་མེད་ཨ་ཅང་ཡང་བཏས་པས། རྒྱལ་ཁམས་འགྲིམས་པའི་ཆོས་མཛད་གནས་སྐོར་བ་འཕྲོག་བཅོམ་བྱེད་ཅིང་རྒྱུད་འཚོག་བྱས་པའི་ཉེས་ཆེན་བྱས་སམ། ཡང་ལུས་ཀྱི་སྲོག་བཅད། མ་བྱིན་ལེན་པ། མི་ཚངས་སྤྱོད་པ། ངག་གི་སྒོ་ནས་རྫུན་ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱིས་བརྣབ་སེམས། གནོད་སེམས། ལོག་ལྟ་ལ་སོགས་མི་དགེ་བཅུ་བྱས་པ། གསང་སྔགས་ཀྱི་ཆོས་ལ་མ་དད་ཅིང་ལྟ་ལོག་བྱས་པ། ཐེག་པ་ཆེན་པོའི་དམ་ཚིག་ལ་སྐུར་པ་བཏབ་པ། ཆོས་མཛད་རྣམས་ཀྱི་ཟས་སྐལ་འགག་པའི་ལས་ངན་བསགས་པ་ཡོད་དམ་བག་མེད་ཀྱི་ལས་བསགས་པ་གང་ཡོད་མ་གསང་བར་ཤོད་ཅིག་གསུངས་འདུག་པས། མི་དེས་ན་རེ། ལགས་ང་མི་ཚང་མངའ་ཐང་གི་བསོད་ནམས་དར་བ་ཟེར་བ་ཡིན། ང་ཉམ་ཆུང་སྙིང་རྗེ་ཅན་ཆོས་ཕྱོགས་སུ་དད་པ་ཆེ་བ་ཆུང་དུས་ནས་མ་ཎི་འདྲེན་ཅིང་བན་དེ་ཞིག་བྱ་དགོས་སྙམ་ཡང་། ཕ་མ་དང་ཉེ་བ་ཀུན་གྱིས་ཁྱིམ་ཐབ་ཟིན་དགོས་ཟེར་ནས་བྱེད་མ་བཅུག་ཀྱང་། བླ་མ་འགྲོ་དོན་སུ་བྱོན་ལ་ཕེབས་བསུ་སྐྱེལ་མ་དང་བསྙེན་བཀུར་གྱི་འབྲེལ་བ་གང་ལྕོགས་རེ་ཕུལ། དབང་ལུང་ཆོས་ཁྲིད་མང་པོ་ཞུས་ནས་སྒོམ་གཅིག་བྱ་བསམ་ཡང་མ་ཁོམ། ལྷ་ས་ཇོ་བོ་ལ་མཆོད་མེ་དང་ཞལ་ཟས་ཕུལ། ཇ་ཁྱེར་ནས་དགོན་སྡེ་རྣམས་ལའང་མང་ཇ་བཅུ་བདུན་བཏང་། དབེན་སར་བཞུགས་པའི་སྒོམ་ཆེན་སྒྲུབ་པ་མཛད་པའི་གྲུབ་ཆེན་ཞིག་ལ་ལོ་ཉི་ཤུའི་སྒྲུབ་རྒྱགས་ཕུལ། བྱོན་ཁར་སྣམ་བུ་ལེགས་པ་གཅིག་ཕུལ་ནས་སྨོན་ལམ་ཞུས། མདོ་བསྐལ་བཟང་བྲིས་ནས་སྟོང་ཚར་གཅིག་ཀློག་ཡོན་གསེར་སྲང་གང་། རྟ་གཅིག་ཇ་ཁྲིག་གཉིས་བཅས་ཕུལ་ནས་བསྔོ་བ་སྨོན་ལམ་ཞུས་བླ་མ་ཡང་མཉེས་པར་བྱས། ད་ཤི་ན་དགེ་བའང་མི་འགྱོད་ཅིང་། མི་ཁ་མི་འཆར་བ་བཏང་། ཚུར་ལའང་དགྲ་མེད་ཕར་ལའང་གནོད་པ་བསྐྱལ་མ་མྱོང་། རྐུ་འཕྲོག་བཅོམ་གསུམ་ཡང་བྱེད་མ་མྱོང་། ལོ་བཅུ་གསུམ་ནས་འདིར་མ་སླེབས་བར་ཉིན་རེ་འཇམ་དཔལ་མཚན་བརྗོད་དང་མ་ཎི་ཁྲི་ཚོ་རེ་ཆག་མེད་བྱས། མ་ཎི་སྐུལ་མི་བླ་མ་གཅིག་ལ་གཡུ་མཛོ་རུ་བ་གཅིག་ཕུལ་ནས་བསྔོ་སྨོན་ཞུས་པའི་དགེ་བ་རྣམས་ཡོད་ལགས། སྡིག་པའི་ཕྱོགས་སུ་གྱུར་པ་ལ་ཁྱིམ་དུ་སེམས་ཅན་མང་པོ་བསད་པའི་ཤ་ཟོས། སྲོག་བཅད་མི་ནི་ང་མིན། ངའི་དགེ་སྡིག་བྱེད་ལུགས་འདི་ལྟར་ལགས་པས་དེ་ལུགས་ཀྱི་ཐུགས་རྗེས་འཛིན་པར་ཞུ་ཟེར་གྱིན་འདུག་པ་ན། ཆོས་ཀྱི་རྒྱལ་པོས། འོ་ཁྱོད་ཟེར་བ་དེ་བདེན་མི་བདེན་མེ་ལོང་དང་ཡི་གེ་ལ་ལྟོས་གསུངས་པ་ན། གླང་མགོ་ཅན་གྱིས་མེ་ལོང་ལ་བལྟས་པས། ད་དགེ་བའི་ཕྱོགས་སུ་གྱུར་པ་ལ། བུ་ཚའི་དུས་སུ་བསྙེན་གནས་དང་། སྨྱུང་གནས་བསྲུངས་འདུག །གྲངས་སུ་མི་ཆོད་པའི་མ་ཎི་ཡང་མང་པོ་བགྲངས་འདུག །དེ་རྣམས་ཁོ་རང་ཟེར་བ་བདེན་པ་འདུག་སྟེ། སྡིག་པའི་ཕྱོགས་སུ་ཁོང་མི་གསུམ་གྱིས་གཡག་གཅིག་བརྐུས་ནས་བསོད་མཁན་མ་བྱུང་བར་ཁོང་རང་གསུམ་ཤོ་བརྒྱབས་ནས་ཁོང་ཤོ་བབས་ནས་གསོད་མཁན་བྱས་འདུག་ཟེར་བ་ན། ནམ་མཁའ་ནས་མི་དཀར་པོ་གཅིག་བྱུང་སྟེ། མི་འདི་ནི་དཔག་ཏུ་མེད་པའི་དགེ་བ་བྱས་པ་བསམ་གྱིས་མི་ཁྱབ། སྡིག་པའི་ཕྱོགས་ཏིལ་འབྲུ་ཙམ་ཡང་མེད། སངས་རྒྱས་ཀྱི་ཞིང་ཁམས་སུ་བཏང་བར་རིགས་པས། ལྷ་མིའི་བདེ་འབྲས་ཙམ་དུའང་མི་འདི་བཏང་བ་མིན། སྐྱེ་བ་འདི་ལ་བསགས་པའི་དགེ་བ་ཚད་འདི་ཡིན་ཟེར་ནས་རྡེའུ་དཀར་པོ་བྲེ་ཕྱེད་བཞི་ཙམ་གཅིག་སྤུངས་བྱུང་ངོ་། །ཡང་མི་ནག་པོ་གཅིག་བྱུང་ནས། མི་འདིས་ཚེ་རབས་དུ་མ་ནས་བསགས་པའི་སྡིག་པ་མང་པོ་ཡོད། དམྱལ་བ་མིན་པ་འགྲོ་ས་མེད་ཟེར་ནས། ཁོ་སྡིག་པ་བསགས་པའི་རྡེའུ་ཚད་འདི་ཡིན་ཟེར་ནས་རྡེའུ་ནག་པོ་བྲེ་གང་ཙམ་སྤུངས་བྱུང་བས། དེ་ནས་རྡེའུ་དཀར་ནག་གཉིས་སྲང་ལ་གཞལ་ནས་འདུག་པས། དགེ་བ་བགྱིས་པ་འབོགས་ཡང་ཆེ། སྡིག་པ་ཅུང་ཞིག་གྲངས་ཡང་ཉུང་བར་འདུག་དགེ་བའི་སྟོབས་ཀྱིས་སྡིག་པ་དག་འདུག་ཟེར། ཆོས་ཀྱི་རྒྱལ་པོའི་ཞལ་ནས། འོ་ཁྱོད་མི་ལུས་ནས་ཡང་ཐར་པ་དང་མཐོ་རིས་ལ་སོང་ངོ་། །

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཆོས་རྒྱལ་གྱིས་ཡང་མི་གཅིག་ལ་དྲི་བ་བྱེད་ཀྱིན་འདུག །མི་དེ་ན་རེ། ངས་འདི་འདྲའི་དགེ་སྡིག་གི་རྩིས་གྲངས་ཞིབ་མོར་དངོས་སུ་ཨེ་ཡོད་མ་ཤེས་པར། ཟས་ནོར་ཁ་འདེང་པ་ཙམ་ཡང་མེད་པ་དང་། ངའི་ཆུང་མའང་དད་པ་ཆུང་བ་དང་། ཡུལ་ཁྲིམས་ཀྱིས་ཁྲལ་ཕོག་པ་མ་གཏོགས་དེ་མིན་པ་སྦྱིན་པ་ཆེན་པོ་བཏང་བ་མེད། ང་རང་གི་ལུས་ངག་ཡིད་གསུམ་གྱིས་དགེ་བའང་སྒྲུབ་མ་ནུས། དབང་ཡང་ཚེ་དབང་རེ་ཙམ་མ་གཏོགས་ཞུ་མ་མྱོང་། གནས་སྐོར་བ་སྒོ་རྩར་བྱུང་བ་ན་ང་ཡི་སྐྱེས་དམན་དེས་བསོད་སྙོམས་ཡང་མི་སྟེར་བ་འདུག །ང་རང་ཡང་སྡིག་པ་ཉ་ཁལ་གཅིག་བསད་མྱོང་། ཁྱིམ་ནས་བྱ་ཕག་ར་ལུག་ཁལ་གཅིག་བསད་མྱོང་། གྲོགས་པོ་ངན་པའི་སྟོབས་ཀྱིས་བྱ་བྲལ་ཕོ་མོ་གཅིག་གཉིས་འཕྲོག་བཅོམ་བྱེད་མྱོང་། ད་ང་འགྱོད་པ་ན་མཆི་མ་མང་ཙམ་ཤོར། ལག་པས་བྲང་བརྡུང་ཞིང་འདར་ཁྲི་ལི་ལི་འདུག་པས། གཤིན་རྗེ་མཚོན་ཆ་ཐོགས་པ་རྣམས་དགའ་ནས་ཧ་ཧ་དང་ཧཱུཾ་ཧཱུཾ་དང་ཤུགས་སྒྲ་འདེབས་ཤིང་མཆོང་གྲབས་བྱེད་ཀྱིན་འདུག་པས། ཆོས་སྐྱིད་ང་རང་ཡང་འཇིགས་སྐྲག་ཚད་མེད་བྱུང་། དེ་ནས་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ད་ཁོང་ཟེར་ལུགས་ཀྱིས་དགེ་བ་ཆེན་པོ་གཅིག་མི་འདུག །སྡིག་པ་དེ་ལས་མེད་པ་ཨེ་བདེན་ལྟོས་གསུངས་པས། སྔོན་མ་ལྟར་མེ་ལོང་དང་ཡི་གེ་ལ་བལྟས་ནས། ལས་མཁན་རྣམས་ན་རེ། ཧ་ཧ་སྡིག་པ་དེ་ལས་མེད་ན་ཨ་རེ་དྲག་སྟེ། ཉ་བསད་པའི་གྲངས་ནི་ཆོད་པ་ཨེ་འདུག །ཁྱོད་རང་གིས་ཡི་གེ་འདི་ལ་ལྟོས་དང་། བྱ་ཕག་མང་པོ་བཟུང་ནས་བསད་པ་ལ་བྱ་ཉི་ཤུ་རྩ་དགུ། ཕག་ཆེ་ཆུང་ལྔ་བཅུ། ལུག་ལྔ་བཅུ་ང་གསུམ། བ་ལང་གནག་ཕྱུགས་དྲུག་ཅུ་བསད་པ་ལ་ཨེ་འདུག་ལྟོས་དང་། རི་རྒྱ་བཅད་ནས་མེ་ལ་བསྲེགས་པའི་དུས་སུ་འབུ་གྲོག་སྦུར་བསྲེགས་པའི་གྲངས་ནི་འབྲུ་ཡི་གྲངས་ལས་མང་བ་འདི་ལ་ལྟོས་དང་། དད་པ་ཅན་གནས་སྐོར་ལ་འགྲོ་མཁན་ལ་ཁྱོད་མི་བཞི་བསྡེབས་ནས་ཐུབ་པ་རྣམས་ལ་འཕྲོག་བརྡུངས་བྱས། མི་ཐུབ་པ་རྣམས་ལ་འཇབ་བརྐུས་བཟོས་པའི་ཡི་གེ་འདི་ལ་ཁྱོད་རང་ཟེར་འདུག་པས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། འོ་ཁྱོད་ཚོགས་མ་བསགས་པའི་ལས་ངན་ཅན་ཡིན་པར་འདུག །ཚེ་འདིའི་ལྟོ་གོས་ཀྱི་ཆེད་དུ་ཚེ་རབས་གཏན་དུ་སྡུག་པའི་ལས་འདི་འདྲ་བསགས་ནུས་པའི་སྙིང་རུས་ཆེན་པོ་ཁྱོད་འདྲ་བ་རང་གིས་རང་ལ་སྙིང་རྗེ་མ་བལྟས་པ་ཡིན་ནམ། ད་ཁོས་ཟེར་ལུགས་དེ་མཚམས་མེད་པ་ལྔ་དེ་དང་ཉེ་བ་ལྔ་ཙམ་སོང་འདུག །སེམས་ཅན་བསད་པ་དེ་རྣམས་ལས་གནས་སྐོར་པ་དང་། ཆོས་མཛད་པ་རྣམས་འཕྲོག་བཅོམ་དང་གནོད་པ་བྱས་པ་སྡིག་པ་ཆེ། ད་ཁྱོད་དམྱལ་བ་ཡང་སོས། ཐིག་ནག །བསྡུས་འཇོམས་ཚ་དམྱལ་གསུམ་དང་། གྲང་དམྱལ་བརྒྱད་ཀྱི་ནང་དུ་ཁྲིད་ཅིག །སྡིག་ཟས་འཕྲོག་ཟས་ཟོས་འདུག་པས་ཁ་ལ་མེ་མ་མུར་དང་ཁྲོ་ཆུ་ཁོལ་མ་བླུགས་ཤིག་གསུང་གིན་འདུག་པས། ཡང་མི་དཀར་པོ་གཅིག་བྱུང་ནས། ཁོ་མཐོ་རིས་མིན་པ་དམྱལ་བ་འགྲོ་བའི་ལས་མ་བྱས། སྐྱེ་བ་འདི་ཡི་དགེ་བ་བྱས་པའི་གྲངས་འདི་ཡིན་ཟེར་ནས་རྡེའུ་དཀར་པོ་བྲེ་གང་ཙམ་སྤུངས་སོང་། ཡང་མི་ནག་པོ་གཅིག་བྱུང་སྟེ། ཁྱོད་ཀྱིས་མི་དགེ་བའི་ལས་བསགས་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་། སྐྱེ་བ་འདི་ལ་སྡིག་པ་བསགས་པའི་གྲངས་འདི་ཡིན་ཟེར་ནས་རྡེའུ་ནག་པོ་རི་རབ་ཙམ་སྤུངས་ཏེ་མི་འདི་དམྱལ་བ་མནར་མེད་མིན་པ་འགྲོ་ས་མེད་ཟེར་ནས། གཤིན་རྗེ་ལ་ལས་སྐེ་ལ་ཐག་པ་བཏགས། ལ་ལས་སྙིང་ཁར་ལྕགས་ཀྱུ་བཏབ་ནས་ལྕགས་ཁང་གྲུ་བཞིའི་ནང་དུ་ཁྲིད་སོང་ངོ་། །འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། མི་རྣམས་ལ་ང་འདྲ་བའི་སྡིག་པའི་ལས་མ་བྱེད་ཨ། སྡུག་བསྔལ་ལས་ཐར་བའི་དུས་མི་འདུག་ཟེར་ཞིང་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་མ་མ་ཧོར་སྨན་གྱི་རྐྱལ་པ་ཁྱེར་པ་གཅིག་ལ་དྲི་བ་བྱེད་འདུག་པས། མི་ན་རེ། ལགས་ང་མི་ཡུལ་དུ་ལྷ་རྗེ་ཡིན་ལགས། ཞུ་རྒྱུ་ཡང་རེ་འགའ་ཡོད། ལས་དགེ་སྡིག་གི་ཕན་གནོད་ཚོར་ནས། དགེ་བའི་ཕྱོགས་སུ་རྡོར་གཅོད་གཅིག་གསེར་གྱིས་བཞེངས་ནས། དེ་སྟོང་ཚར་གཅིག་དང་བརྒྱ་ཕྲག་གཅིག་ལྷག་ཙམ་བཏོན། བྲི་འདོན་གཉིས་ལ་འབྲི་གཡག་གཉིས། རས་ཡུག་གཅིག །ཕྱིང་བ་གཅིག་དང་ནས་ཁལ་དྲུག་ཕུལ་ཡོད་ལགས། ཀུན་རིག་གི་ཆོ་ག་ལྔ་བརྒྱ་བྱས་པའི་ཡོན་ལ། ཁྲོ་གཅིག །རྟ་ཕོ་མོ་གསུམ། གཡག་བཅུ་བདུན། ཞིང་གཅིག་ཕུལ་ནས་བསྔོ་བ་སྨོན་ལམ་ཞུས། ཡང་བྱ་བྲལ་ཕོ་མོ་སྒོ་རྩར་བྱུང་ན་སྒོ་ཡོན་མི་སྟེར་བ་བྱེད་མ་མྱོང་། རང་གི་ངག་ནས་འཇམ་དཔལ་མཚན་བརྗོད་ཚར་རེ་ཆག་མེད་བྱས། རྣམ་འཇོམས་དང་།

སྒྲོལ་མ་ཁ་འདོན་མང་པོ་བྱས་གྲངས་སུ་མི་ཆོད། ལྷ་རྗེར་ཚུལ་ཟས་ནོར་གང་བྱིན་ན་མ་གཏོགས། ཟ་འདོད་དང་ཧམ་པ་བྱེད་མ་མྱོང་། སེམས་ཅན་ལ་ཕན་ཐོགས་བྱས་པ་ཡིན། ནད་པ་ཡོད་ཟེར་མི་བྱུང་ན། ད་ངས་ཕན་ཨེ་ཐོགས་བསམ་པའི་སེམས་རེ་མ་གཏོགས་སྨན་ལོག་དང་བཅོས་ལོག་བྱེད་མ་མྱོང་། རྗེས་སུ་ཁོང་མ་བུའི་དགེ་བ་ལེགས་པར་བཏང་བ་ཡོད་ལ། སྡིག་པ་ལ་རང་གིས་སྲོག་བཅད་པ་མེད། ཁང་པ་རུ་སོང་ནས་འཁོར་བ་ཁྱིམ་ལ་སྲོག་ཆགས་མང་པོ་བསད་སོང་ཟེར་ནས། ཡང་མེ་ལོང་དང་ཡི་གེ་ལ་བལྟས་ནས། དགེ་བའི་ཕྱོགས་སུ་བདེན་པར་འདུག །སྡིག་པའི་ཕྱོགས་ལ་ཁྱོད་ཀྱི་ཤ་གཉེན་གཅིག་ནས། ནད་པ་དེ་ཁྱེད་ལ་བཅོས་སུ་བཞག་པས། ཁྱོད་ཀྱིས་ཁོང་ནོར་ཕྱུག་པོ་དེ་ལ་ཕྲག་དོག་བྱས་ནས་ནད་པ་ལ་སྨན་ལོག་བཏང་། ནད་པ་དེ་ཟླ་བ་བརྒྱད་ན་ནས་ནོར་ཕྱུགས་རྣམས་ཟད་པར་བྱས། ཡང་དྲག་པའི་སྨན་བཏང་ནས་མ་ཤི་ཙམ་བྱུང་འདུག །འབུལ་བ་ལ་ཁྲབ་བཟང་པོ་གཅིག་ཟོས་འདུག །ནད་ཡུན་རིང་། ན་བའི་ཉེས་པ་ཁྱོད་ལ་ཡོད། ཁྱོད་རང་གི་ཁྱིམ་ནས་གཡག་ལུག་བརྒྱ་དང་བདུན་བཅུ་དོན་ལྔ་བསད་འདུག་ཟེར་བ་ན། ཡང་སྔོན་མ་ལྟར་རྡེའུ་དཀར་ནག་ཤར་བས། དཀར་པོ་ཅུང་མང་བར་འདུག་སྟེ་རྒྱ་མར་བཏེག་པས་ལྗིད་ནག་པོ་ཆེ་བར་འདུག་གོ་ཟེར་བ་ན། ཆོས་ཀྱི་རྒྱལ་པོས། འོ་ཁྱོད་ཀྱིས་ནད་པ་ལ་བཅོས་ལོག་དེ་མ་བྱས་ན་ལྷ་མིའི་ལུས་ཐོབ་པ་འདུག་སྟེ། ད་ཁྱོད་དུག་མཚོ་ཁོལ་མའི་ནང་དུ་ཁྱེར་ཅིག །སྨན་ལོག་བཏང་བའི་ཉེས་པ་ཁ་ལ་དུག་ཆུ་ཁོལ་མ་རྒྱུན་དུ་ཕོབ་ཅིག །ལུས་ལ་ལྕགས་གཟེར་སྟོང་ཚར་གཅིག་ཐོབ། དེ་ནས་དགེ་བས་སྡིག་པ་དག་ནས་ཡང་དུ་སོང་བ་དང་། ཡར་ལ་ཐོངས་གསུང་གི་འདུག་པས། གཤིན་རྗེ་རྣམས་ཀྱིས་སྙིང་ཁ་ནས་ལྕགས་ཀྱུས་བཟུང་སྟེ་སོད་སོད་དང་རྒྱོབ་རྒྱོབ་ཟེར་ནས་ཁྱེར་སོང་ངོ་། །མི་དེ་ན་རེ། འོ་འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། ལྷ་རྗེ་ཀུན་ལ་འཕྲིན་བསྐུར་རོགས་གནང་། ནད་པ་རྣམས་ལ་སྨན་ལོག་དང་བཅོས་ལོག་མ་བྱེད། སྡིག་པ་དང་རྣམ་སྨིན་ཆེན་པོ་འདི་འདྲ་ཁུར་དགོས་འདུག་གོ་ཟེར་ནས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

དེ་ནས་ཡང་མི་སྔོན་པོ་ཕྱིང་པ་གྱོན་པ་གཅིག་ལ་དྲི་བ་བྱེད་ཀྱིན་འདུག་པས། མི་དེ་ན་རེ། ང་ཕ་ལ་བུ་གཅིག་མིན་པ་མེད་པས། ནག་མོ་ཕ་བཟང་གི་བུ་མོ་ཞིག་ལེན་དགོས་འདུག་ཟེར་ནས་དམ་པ་བསོད་ནམས་ཀྱི་བུ་མོ་བླངས་པས། སྡོད་མ་འཇུག་པར་ཁ་མཆུ་བྱེད་དགོས་བྱུང་། གནག་ལུག་ཉིས་བརྒྱ་ཙམ་ཡོད་པ་དེ་ཕལ་ཆེར་ཁ་མཆུ་ལ་སོང་། དེས་ང་ཡི་ནག་མོའི་ཕ་ཉེའི་ཁང་པ་མེ་ལ་བསྲེགས། བ་ལང་མཛོ་ཕོ་མོ་ར་ལུག་རྟ་དང་བཅས་པ་བདུན་ཅུ་དོན་ལྔ་ཚིག །ངས་སྒོར་བསྒུགས་ནས་མི་རྣམས་ཐོན་བྱུང་། ངས་མདའ་བརྒྱབ་ནས་མི་ཕོ་མོ་གཉིས་བསད་སོང་། ཤུལ་ནས་ཡང་དཔག་ཏུ་མེད་པ་མ་འཆམས་པ་རང་བྱུང་། ཡང་ནག་མོ་གཞན་ཞིག་ནས་བླངས་པས། ཕ་མེས་དང་ཕ་མས་ནོར་བྱིན་ནས་སྔར་འདྲ་བ་བྱུང་། ད་ང་སྡིག་པ་དེ་ཙམ་བྱེད་དགོས་བྱུང་སྙམ་ནས་བློ་མ་བདེ་བ་བྱུང་ནས། སྡིག་པ་དེ་རྣམས་བཤགས་པའི་ཐབས་ཅི་འདྲ་བྱས་ན་དག་བསམས་ནས་བླ་མ་མང་པོ་ལ་ཞུས་པས། བླ་མ་ཁོང་རྣམས་ན་རེ། དབང་ཁྲིད་ཟབ་མོ་ཞུས་ནས་བསྒོམ་ན་དག་ཟེར། ལ་ལས་གནས་བསྐོར་ན་དག་ཟེར། ལ་ལས་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དེ་ཕན་ཡོན་ཆེ། ལ་ལས་བསྙེན་གནས་དང་སྨྱུང་གནས་བསྲུང་ཞིང་མ་ཎི་དུང་ཕྱུར་འདོན་ན་དག་ཟེར། ལ་ལས་ཞི་ཁྲོའི་ཆོ་ག་ན་རཀ་བསྐང་བཤགས་ཀྱིས་དག །ལ་ལས་མ་ཎི་བསྐུལ་མི་དང་སྒོམ་ཆེན་མང་པོ་ལ་འབུལ་བ་ཞབས་ཏོག་བྱས་ན་དག་ཟེར་བྱུང་བས། ད་ང་རང་གིས་བསམ་པར་སྣ་ཁ་རེ་རེས་ཨེ་དག་མི་ཤེས། ཁོང་རྣམས་ཀྱིས་གསུངས་པ་ཐམས་ཅད་ལ་འབྲེལ་བ་རེ་བྱེད་དགོས་བསམས་ནས་ངས་སུས་ཀྱང་མ་ཚོར་བར་སྤྲང་ཆས་བྱས་ཏེ་ཡར་སྟོད་གངས་རི་མན་ཆད། མར་ཁམས་ཀཿཐོག་གི་གནས་རི་སྟེང་བསམས་ནས་ཕྱིན་པས། བླ་མ་སློབ་དཔོན་བྱིན་རླབས་ཅན་དང་། གྲགས་པ་ཆེ་བ་རྣམས་དང་མཇལ། སྡིག་པ་མ་གསང་བ་ང་འདྲ་བ་གཅིག །ལྷག་པར་ང་རང་ལ་སྡིག་པ་འདི་འདྲ་ཡོད་པ་ལས་ངན་ང་ཡིན་ནོ། །མཐོལ་ལོ་བཤགས་སོ་བྱས་ནས་སྐད་ཆེན་པོ་འདོན། ངུ་བཞིན་བཤགས་པ་བྱས། ཕྱག་དང་སྐོར་བ་སོགས་འབྲེལ་བ་གང་ཆེ་རེ་བྱས། ལོ་གཉིས་སོང་ནས་རང་གི་ཁྱིམ་དུ་སླེབས། དེ་ནས་སྒོམ་ཆེན་པའི་བླ་མ་གཅིག་ནས་དབང་ཁྲིད་ཟབ་མོ་ཞུས་ནས། སེམས་རིག་གསལ་སྟོང་གི་ངོ་བོ་ལ་བླ་མས་སྒོམ་ལུགས་ཇི་ལྟར་བསླབ་པ་བཞིན་བསྒོམས་ལགས། སྨྱུང་གནས་སྐུལ་མིའི་བླ་མ་བྱོན་པའི་སར་ཕྱིན་ནས་ལོ་གཅིག་ཧྲིལ་པོར་བསྡད་ནས་འབྱངས་སོ། །

དུས་བཟང་ལ་བསྙེན་གནས་སྨྱུང་གནས་སྤེལ་མར་གནས་སོ། །མ་ཎི་ཉི་མ་རེ་རེ་ལ་བསྒོམས་ནས་ས་ཡ་བརྒྱད་སོང་། རྡོ་རྗེ་གཅོད་པ་དང་བྱང་ཆུབ་ལྟུང་བཤགས་གཉིས་གསེར་གྱིས་བཞེངས་ནས། སྟོང་ཚར་རེ་རེ་བཏོན་ནས་ཟས་དང་ཡོན་མང་པོ་བྱིན། རྙིང་མའི་བླ་མ་ཞིག་ལ་ཞི་ཁྲོའི་ཆོ་ག་ན་རཀ་བསྐང་བཤགས་བརྒྱ་ཚར་གཉིས་བྱས་པའི་ཡོན་ལ་རྟ་བཟང་པོ་གཅིག་དང་གཡུ་མཛོ་རི་བ་གཅིག །གོས་ཆེན་ཁ་གང་བཅས་འབུལ་བ་སུམ་ཚན་ཕུལ། མ་ཎི་བསྐུལ་མི་དང་སྒོམ་ཆེན་པ་ཡུལ་ཕྱོགས་ནས་ཉིན་ལམ་གཅིག་ཚུན་ཆོད་བྱོན་པ་ལ་འབུལ་བ་ཞབས་ཏོག་གང་འབྱོར་བྱས་འབྲེལ་པ་རེ་ཕུལ་ནས་བཤགས་པ་དང་བསྔོ་སྨོན་ཞུས། བཀའ་གདམས་པའི་བླ་མ་གཅིག་ལ་འབུལ་མཚོན་པ་གཅིག་བྱས། ང་ལ་སེམས་ངོ་སྤྲོད་པའི་བླ་མ་དེ་རྒྱུན་དུ་རི་ལ་བཞུགས་སུ་གསོལ་ནས་མོས་གུས་བྱས། ཤ་དང་མར་ཐུད་རྩམ་པ་ན་བཟའ་སོགས་ང་རང་འདིར་མ་འོང་བར་དུ་ཕུལ་ཡོད་ལགས། བླ་མས་ཐུགས་རྗེས་འཛིན་པ་ཡོད། སྡིག་པ་དག་པའི་རྟགས་མང་པོ་བྱུང་། ད་ཁྱོད་རྣམས་ཀྱིས་ངའི་སྡིག་པ་དག་མ་དག་གཟིགས་པར་ཞུ། མ་དག་ཀྱང་འགྱོད་པ་མེད་ཟེར་འདུག་པས། མེ་ལོང་དང་ཡི་གེ་ལ་བལྟས་ནས་ཁོང་རང་གིས་ཟེར་བ་ལྟར་རྫུན་མི་འདུག་ཟེར། ཆོས་ཀྱི་རྒྱལ་པོ་འཛུམ་བག་མཛད་ནས། འོ་སྡིག་པ་བྱེད་མི་མང་སྟེ་བཤགས་པ་བྱེད་མི་ཉུང་། ཁྱོད་ཀྱི་ཕོ་རྒོད་པོ་རང་བྱས་འདུག །སྡིག་པ་བྱས་པ་ལ་ཡོན་ཏན་མེད། བཤགས་པ་བྱས་ན་བྱང་བའི་ཡོན་ཏན་ཡོད། སྟོབས་བཞིའི་སྒོ་ནས་བཤགས་ན། མཚམས་མེད་པ་ལྔ་བྱས་ནའང་བྱང་བ་ཡིན། ཁྱོད་ཀྱི་བཤགས་ལུགས་དེ་སྟོབས་བཞི་ཀ་ཚང་བ་ཡིན་པས་སྡིག་པ་དག་འདུག །གནས་སྐོར་བ་དང་བསྙེན་གནས་དང་སྨྱུང་གནས་བསྲུང་བ་ལ་ལུས་ཀྱིས་དཀའ་བ་སྤྱད་པས་ལུས་ཀྱི་སྡིག་པ་དག་པ་ཡིན། ངག་གིས་སྐྱབས་འགྲོ་མ་ཎི་བགྲངས་པས་ངག་གི་སྡིག་པ་དག །སེམས་ཀྱིས་བསྐྱེད་རྫོགས་ཟུང་འཇུག་གི་དོན་བསྒོམས་པས་སེམས་ཀྱི་སྡིག་པ་དག །ཁྱོད་ཀྱིས་སྡིག་པ་དེ་ཙམ་བྱས་པ་ལ་དགེ་བ་དེ་ཙམ་བྱས་འདུག །ད་ཁྱོད་འབྲེལ་ཚད་འདྲེན་ནུས་པ་ཡིན་པར་འདུག །ད་ཁྱོད་སྐྱེ་བ་འདི་ནས་གཞན་གྱིས་བར་མ་ཆོད་བར་དུ་མི་ནས་མི་རུ་བརྒྱུད་དེ་གསང་སྔགས་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་སྐྱེ་བ་བཞིའི་ཐ་མ་ལ་སངས་རྒྱས་པར་འགྱུར་རོ། །ད་ལམ་སེར་པོ་ལྷ་མིའི་ལམ་ཡིན་པས་སོང་གསུངས་པས། མི་དེ་དགའ་ཡལ་ལེ་བྱས་ནས། འོ་འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། མི་སྡིག་ཅན་རྣམས་ལ་ང་བཞིན་དུ་སྡིག་པ་བཤགས་སྡོམ་གྱིས་དགེ་བ་ལ་འབད་སྦྱང་གིས་སྡིག་པ་དག་ནས་མཐོ་རིས་ལ་འགྲོ་བར་གདའོ་ཟེར་ནས་སོང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་རས་པའི་ཆ་ལུགས་སུ་བྱས་པའི་རྣལ་འབྱོར་པ་འདྲ་བ་གཅིག་བྱུང་ནས་དེ་ལ་དྲི་བ་བྱེད་ཀྱི་འདུག་པས། རས་པ་དེ་ན་རེ། ལགས་ང་གཙང་བྲག་ཕུག་ལུང་གི་རས་པ་ཤེས་རབ་རྡོ་རྗེ་བྱ་བ་ཡིན། ངས་ཆུང་དུས་ནས་ཆོས་སྒོར་ཞུགས། མཚམས་བསྙེན་སྒྲུབ་ཀྱི་སློབ་གཉེར་ཡང་དག་པར་བྱས། དེ་ན་བླ་མ་ཡོན་ཏན་རྒྱ་མཚོ་ལ་སྔགས་ཀྱི་དབང་ཁྲིད་ཆོས་གསུམ་ཞུས། ཉམས་ལེན་གྱིས་གཏན་ལ་ཕབ་པ་གཅིག་ལ། སེམས་ཀྱི་དོན་ཡང་འགའ་རེ་བྱས་ཤིང་ཟས་ནོར་ལ་བསོག་འཇོག་བྱེད་མ་མྱོང་། སྲིད་ནའང་ཆོས་ལ་མ་གཏོགས་ཆོས་ཀྱི་ཉེས་པ་བསགས་པ་ནི་མེད་ཟེར་བས། གླང་མགོ་དང་སྤྲེའུ་མགོ་ཅན་གཉིས་ཀྱིས། མེ་ལོང་དང་ཡི་གེ་ལ་ལྟ་བཞིན་འདུག་པས། ཁོང་གཉིས་ན་རེ། ཧ་ཧ་སྡིག་པ་མ་བསགས་པའི་མི་ཁྱོད་འདྲ་བ་ཨང་། དང་པོ་ཁྱོད་ཀྱིས་མཚན་ཉིད་ཧ་དེ་ཧོ་དེ་གཅིག་བསླབས། དེ་ནས་བླ་མ་ཡོན་ཏན་རྒྱ་མཚོ་ལ་དབང་ཁྲིད་ཆོས་གསུམ་ཞུས་ཏེ། ཁྱོད་ཀྱིས་བླ་མའི་མགོ་བསྐོར་ནས་ཆགས་པ་སྤྱད། བཙུན་མོ་མགོ་བསྐོར་ནས་ཆགས་པ་སྤྱད། ཁོང་མ་བུ་གཉིས་ཀྱིས་བླ་མའི་གསོལ་རྒྱུན་རྣམས་ཁོང་དང་མཉམ་དུ་ཟོས་ཏེ། བླ་མས་དེ་རིག་ནས་བཙུན་མོ་གཉིས་ལ་བཀའ་བཀྱོན་མཛད་པས། ཁོང་གཉིས་ངུ་བཞིན་བསྡད་པས། ཨེ་པཱ་ལགས་ཁྱོད་ལ་ཕར་ལ་ཆོས་པ་ན། ཚུར་ལ་གཏམ་ངན་འདི་འདྲ་བསླབ་པ་ཟེར་ནས། རྡོ་ཁུར་ཏེ་བླ་མའི་སྐུ་ལ་གསོར་གསོར་བྱས། གསུང་ལ་ཡང་བཟུང་སྟེ་སྨྲ་ངན་ཕབ། ཐུགས་ལ་ཡང་བཟུང་ནས་ཐུགས་དཀྲུགས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པར་བྱས། རྒྱལ་ཁམས་གཞན་དུ་ལོ་གཅིག་ཀྱང་སྒྲུབ་པ་མ་བྱས་པ་ལ་ཁྱོད་ཀྱིས་སྒྲུབ་པ་ཐོབ་པའི་རྟོགས་ལྡན་གྱི་སྤྱོད་པས་སངས་རྒྱས་ཡིན་ཚུལ་བྱས། རྒྱུན་དུ་གྲོང་ཡུལ་འགྲིམས་ཤིང་། ཆད་ཆོད་ཀྱི་སྤྱོད་པ་སངས་རྒྱས་ང་རང་ཡིན་ཚུལ་བྱས། རང་གཞན་གཉིས་ཀ་ཕུངས་སུ་བཅུག །ཁྱོད་ཀྱིས་འབྲེལ་ཚད་ངན་སོང་དུ་ཁྲིད་པ་འདི་ལ་ལྟོས་དང་། བླ་མའི་བཙུན་མོ་དེས་བླ་མ་ལ་གཡུ་གཅིག་དང་གསེར་ཞོ་གཉིས་ཡོད་པ་བཅས་བླ་མ་ལ་བཤགས་པ་ཕུལ། ཚོགས་འཁོར་བརྒྱ་ཚར་བྱས། རྡོ་རྗེ་སེམས་དཔའི་སྐུ་གཅིག་བཞེངས་ནས་ཡིག་བརྒྱ་འབུམ་ཕྲག་བཅོ་ལྔ་བཏོན་པས་དམ་ཚིག་ཉམས་ཆག་སོར་ཆུད་ནས་དག་ཟིན། ཁྱོད་ཀྱིས་བཤགས་པ་ནི་མ་བྱས་སྡིག་པ་ཆེན་པོ་བསགས་ཡོད། མི་རྟ་ཁྱི་གསུམ་གྱིས་གཙོས་སེམས་ཅན་ས་ཡ་གཅིག་བསད་པ་ལས་དབང་ཁྲིད་ཆོས་གསུམ་ཞུས་པའི་བླ་མའི་སྐུ་གསུང་ཐུགས་ཡང་བཟུང་ནས་གནོད་པ་བྱས་པའི་སྡིག་པ་ཆེ། ད་བཤད་རྒྱུ་ནི་ཅི་མི་འདུག །ད་ཁོ་མར་ཟང་ཐལ་དུ་མནར་མེད་ནང་དུ་ཁྲིད་ལ་ཐར་པའི་དུས་མེད་དོ་ཟེར་བས། གཤིན་རྗེ་རྣམས་ཀྱིས་ལྕགས་ཀྱུ་དང་། ལུས་ལ་ལྕགས་གཟེར་སྟོང་ཚར་གདབ་ནས་ལྕགས་ཁང་སྒོ་མེད་གཅིག་གི་ནང་དུ་ཁྲིད་སོང་ངོ་། །མི་དེ་ན་རེ། འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། དབང་ཁྲིད་ཆོས་གསུམ་ཞུས་པའི་བླ་མ་ལ་དམ་ཚིག་མ་ཉམས་པ་བྱེད་པ་གལ་ཆེ་འདུག་གོ །གལ་ཏེ་ཉམས་ན་དེ་མ་ཐག་ཏུ་སྒོ་གསུམ་གྱི་སྒོ་ནས་འགྱོད་པ་དྲག་པོའི་ངང་ནས་གཉེན་པོ་སྟོབས་བཞི་ཚང་བས་བཤགས་པ་དང་། ཞི་ཁྲོ་ཡི་གེ་བརྒྱ་པ་དང་ན་རཀ་བསྐང་བཤགས་ཀྱི་མདོ་དང་དམ་ཚིག་གསོ་བ་གལ་ཆེ་བ་འདུག་ཟེར་ཞིང་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་དེའི་མཚམས་སུ་གཤིན་རྗེ་ཆོས་རྒྱལ་ཞལ་ནས། ད་ཁོང་བྱོན་བྱུང་ཟེར་ཞིང་འདུག་པས། ཕ་རིའི་སྒང་ཉག་དེ་ལ་བལྟས་པས། བན་དེ་ཤམ་ཐབས་མནབས་པ་སྟོད་དུ་ཕོ་སྟོད་དམར་པོ་གཅིག་གྱོན་པ། དབུ་ལ་དོམ་ར་གྱོན་པ་གཅིག་ལ་མི་ཕོ་མོ་སུམ་སྟོང་ཙམ་གྱིས་བསྐོར་ནས། བྲོ་བརྡུངས་ཤིང་མ་ཎིའི་དབྱངས་དི་རི་རི་འཐེན་ཞིང་། ལམ་སྒང་ཉག་དེའི་སྟེང་ནས་གཟིགས་ནས་ཞལ་ནས་འདི་ལྟར། མར་དམྱལ་ཁམས་ན་ཡོད་པའི་སེམས་ཅན་རྣམས། འོ་ང་ནི་མ་ཎི་བ་ཇོ་ཆུང་མར་པའི་སེང་གེ་བྱ་བ་ཡིན། ཕ་རི་ཚུར་རི་ན་ང་དང་འབྲེལ་བ་ཡོད་མི་ཡོད་ན་ངའི་རྗེས་ལ་ཤོག་ཅིག །ཁྱོད་རྣམས་སྡོད་ས་དེ་ན་མིན། འདི་ནི་བར་དོ་དང་དམྱལ་བའི་གནས་ཡིན་ནོ། །ང་ནི་དག་པའི་ཞིང་ཁམས་ལ་འགྲོ་བ་ཡིན་ནོ་གསུང་གི་འདུག་པས། དམྱལ་བའི་སྒོ་རྣམས་རིམ་བཞིན་ཁ་ཕྱེ། གཤིན་རྗེ་རྣམས་ཀྱི་མཚོན་ཆ་ཐམས་ཅད་ས་ལ་ལྷུང་། གཤིན་རྗེ་རྣམས་གན་རྐྱལ་དུ་འགྱེལ། དེའི་བར་ལ་ཕ་རི་ཚུ་རི་ནས་མི་ཕོ་མོ་བསམ་གྱིས་མི་ཁྱབ་པ་དེ་རྣམས་ཀྱིས་ཁོང་གི་གསུང་དེ་ཐོས་པ་དང་། ངའི་བླ་མ་ཡིན་པ་འདུག །ངའི་བླ་མ་ཡིན་པར་འདུག་ཟེར་ནས་ཐམས་ཅད་བླ་མའི་རྗེས་ལ་སོང་བ་ལ། གཤིན་རྗེ་རྣམས་ཡར་ལངས་ཏེ་ཕྱི་མིག་གིས་བལྟས་ནས། ཁྱོད་རྣམས་ལ་ལ་འགྲོ་བས་ཆོག་སྟེ་ལ་ལས་འགྲོ་བའི་ལས་ཅི་བྱས་ཡོད་ཟེར་ནས་ཕོ་མོ་སུམ་བརྒྱ་ཙམ་ལྕགས་ཀྱུས་བཟུང་ནས་ཡར་མར་རང་གནས་སུ་བསྐྱལ་འདུག་གོ །མི་ཡར་སོང་བ་རྣམས་བུད་མེད་མང་ལ་སྐྱེས་པ་ཉུང་། མར་ལོག་པ་རྣམས་སྐྱེས་པ་མང་ལ་བུད་མེད་ཉུང་། ངས་ནས་ཁོང་ཁྲོ་ཡང་མ་བྱས་འབྲེལ་བ་ཡང་མེད་པས་མ་ཕྱིན། དེ་ནས་ཆོས་རྒྱལ་ལ་ཞུས་པ། བན་དེ་ཚོ་འགྲོ་བ་ཕོ་མོ་དེ་ཙམ་ཁྲིད་ནས་སོང་བ་ལ་འདིར་དགེ་སྡིག་གི་ཤན་གང་ཡང་འབྱེད་མི་དགོས་པར། ཁྲིམས་དམ་པོ་དེ་ལ་ཁོང་མཚན་ཅན་དེ་རྣམས་ཐར་ནས་སོང་། དེ་འདྲ་ཁོང་ནུས་པ་ཅན་ཡིན་པ་ལ། མར་ཁྲིད་པ་རྣམས་ཡར་མི་གཏོང་བ་ཅི་ཡིན། མར་ལོག་པ་ལ་སྐྱེས་པ་མང་བུད་མེད་ཉུང་བ་དེ་ཅི་ཡིན་ཞུས་པས། ཡང་ཆོས་རྒྱལ་གྱིས། བན་དེ་དེ་མ་ཎི་བ་ཇོ་ཆུང་སྨྲ་བའི་སེང་གེ་བྱ་བ་ཡིན། ཁོང་ཆུང་ཆུང་ནས་ཐུགས་རྗེ་ཆེན་པོ་ལ་དད་པ་བྱེད་ཅིང་། སྙིང་པོ་མ་ཎི་ཡི་གེ་དྲུག་པ་དེ་རང་ན་སོ་གཞོན་དུས་ནས་མོས་པ་བྱེད། གཞན་རྒྱལ་ཁམས་ཕྱོགས་ཐམས་ཅད་ལ་བསྐུལ་པ་ཡིན། ཁོང་གིས་ཁྲིད་པ་རྣམས་ནི་ཁོང་ལ་ཞལ་མཇལ་གསུང་ཐོས་ཟས་འབྲེལ་ཆོས་འབྲེལ་དང་བསྔོ་བ་སྨོན་ལམ་ཐོབ་པ་ལུས་ངག་ཡིད་གསུམ་དད་གུས་བྱས་པ་རྣམས་ཡིན། བྱིན་རླབས་ཐོབ་པ་རྣམས་ཐུགས་རྗེས་འདྲེན་པ་ཡིན། ཁོང་མིན་པ་གཞན་འདིར་དགེ་སྡིད་མ་ཤེས་པ་ཡར་ཐར་ལམ་ལ་འགྲོ་ས་མེད། མར་ཁྲིད་པ་རྣམས་ནི་ཁོང་ལ་འབྲེལ་བ་སྣ་རེ་ཡང་མེད་པ་རྣམས་ཡིན། ལ་ལ་ནི་འབྲེལ་བ་ཡོད་ཀྱང་གཏིང་ནས་དད་ལོག་བྱེད་མཁན་ཡིན། དད་ལོག་མ་བྱས་ན་ཡར་ལ་འགྲོ་རྒྱུ་ཡིན་ཏེ། ཕོ་ཚོད་མ་ཟིན་པ་སྡུག་རང་གིས་ཉོས་པ་ཡིན། སྐྱེས་པ་མར་ལོག་པ་རྣམས་ནི། ང་རང་སྐྱེས་པ་ཡིན་བསམ་པའི་ལྟ་བ་མཐོན་པོ་བྱས། འཆི་དགོས་པ་ནི་མ་དྲན། རང་གོང་དུ་ཡོད་བསམས་ནས་བླ་མ་ལ་དད་པ་ནི་མ་བྱས་ཆོས་ཐུན་རེ་ཡང་མ་ཞུས། གཞན་མ་ཎི་བསྐུལ་པ་ལ་མ་ཕྱིན། བུ་མོ་དང་ནག་མོ་འབུལ་བ་ཞབས་ཏོག་རེ་ཕྱིར་ནས་ཆོས་ཞུས་དང་མ་ཎི་འདྲེན་པར་འགྲོ་བ་ན་ནོར་ལ་སེར་སྣ་བྱས་ནས། ཁོང་རྣམས་དད་པ་དང་འཆི་བ་དྲན་དྲན་ནས་འགྲོ་བ་ནི་མིན། ཅི་ཞིམ་ཅི་མངར་ཁྱེར་ནས་བན་དེ་གསོས་ནས་ཅི་བྱེད་པ་ཡིན་ཟེར་ནས་རྡེག་བརྡུང་བྱེད། བླ་མ་རྣམས་ལ་ཟོག་པོ་མི་མགོ་སྐོར་མཁན་ཟེར་ནས་ཚིག་ངན་འདོན་མི་རྣམས་ཡིན། ད་དུང་ཡང་སྡུག་བསྔལ་མྱོང་དགོས་པ་ཡོད། སྐྱེས་པ་ཡར་སོང་བ་རྣམས་ཀྱིས་དེ་འདྲ་མ་བྱས་པར། ཁོང་རྣམས་དད་པ་བྱས་ཤིང་འབུལ་བ་ཞབས་ཏོག་དང་ཆོས་ཞུས་བྱེད་པ་དང་། ནང་ན་བུ་མོ་དང་ནང་མི་ལའང་རྡེག་བརྡུང་མ་བྱས་པ་ཚོགས་བསགས་པར་སོང་འཆི་བའི་དུས་སུ་ཕན་པ་ཡིན་ཟེར་བའི་མི་རྣམས་ཡིན། ཡར་སོང་བའི་བུད་མེད་རྣམས་ནི་བླ་མ་ཀུན་ལ་དད་པ་བྱས། འབུལ་བ་ཞབས་ཏོག་མཐུན་འབྱོར་དོན་ལྡན་བྱེད་པ་རྣམས་ཡིན། ཚེ་རབས་ཐམས་ཅད་དུ་ཡར་འགྲོ་བ་ཡིན། ཡི་དམ་ཐུགས་རྗེ་ཆེན་པོ་ལ་བྱས། སྙིང་པོ་མ་ཎི་རིགས་དྲུག་སེམས་ཅན་གྱིས་དོན་དུ་བགྲངས། གཞན་ལའང་བསྐུལ་ནས་ཕན་ཐོགས་ཆེན་པོ་ཡོད་པ་ཡིན་ཏེ། བྱེད་མཁན་ནི་ཉུང་། འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པའི་མི་ལ་འབྲེལ་བ་སྣ་རེ་བྱས་ན་དེ་འདྲ་ཡོད་དེ། འབྲེལ་མཁན་ཉུང་བར་གདའོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱཿ

ཡང་བཙུན་མོ་ལེགས་པ་གཅིག་ལ་དྲི་བ་སྔོན་མ་ལྟར་བྱེད་ཀྱིན་འདུག །བཙུན་མོ་ན་རེ། ང་ནི་རང་གི་ཞིང་ལ་སོ་ནམ་བྱས་ཤིང་རང་ཟས་ཟོས། རང་ལྟོ་གོས་འཛོམས་ན་སངས་རྒྱས་གཞན་ན་མེད། སྦྱིན་པ་བཏང་ན་ཕྱི་མ་ཕན་ཟེར་བ་རྫུན་ནི་ཡིན། མི་ཕྱུག་པོ་རྣམས་ཀྱང་རང་གིས་རྩོལ་སྒྲུབ་དང་། ལས་ཀ་སོ་ནམ་མ་བྱས་པར་སུས་ཀྱང་བྱེད་མཁན་མི་འདུག་བསམས་ནས་སུ་ལའང་བྱིན་མ་མྱོང་། བླ་མ་སློབ་དཔོན་ལ་ཞབས་ཏོག་འབུལ་བ་འགྲོ་མི་རྣམས་ཀྱིས་ང་ཡང་བསྐུལ་བས་ང་ཟོག་ཆོས་ཉན་མི་ཁོམ། རང་ཟས་ཟ་ཞིང་རང་སར་བསྡད་པ་ཡིན། ཆོས་ཀྱི་ཕྱོགས་སུ་འདི་བཏང་ཞུས་རྒྱུ་མེད། སྡིག་པ་ཡང་འདི་འདྲ་ཡོད་ཅི་ཞུ་རྒྱུ་མེད་ལགས། ངས་དེ་འདྲའི་དགེ་སྡིག་མངོན་སུམ་དུ་ཡོད་པ་མ་ཤེས། ཤེས་ན་དགེ་བ་བཏང་རྒྱུ་འགའ་རེ་ཡོད། རང་གིས་རང་ལ་གོ་མ་ཆོད་པ་ཡིན། ད་ཕྱིར་ལོག་རྒྱུ་ཡོད་ན་དགེ་བ་ལ་འབུངས་པ་ལགས་ཟེར་བ་ན། གཤིན་རྗེ་རྣམས་ཀྱིས་མེ་ལོང་དང་ཡི་གེ་ལ་བལྟས་ནས། འོ་ཁྱོད་མགོ་འདི་བས་མཐོ་ཙམ་གོས་སེར་པོ་གྱོན། འདྲེན་པའི་བླ་མ་ལ་དད་པ་ཏིལ་འབྲུ་ཙམ་ཡང་མི་འདུག །ཆོས་སྒྲ་རྣ་བས་མ་ཐོས་ཕྱི་མ་ཅི་ཕན་ཅི་གནོད་མ་ཤེས་པར། གང་ཡང་རང་གིས་ཟོས་ནས་གཞན་ལ་ངོམ་ངོམ་བྱས། གཞན་མི་རྣམས་ཀྱིས་ཆོས་ཞུས་འབུལ་བ་ཞབས་ཏོག་བྱས་པ་ལ། ཁྱོད་ཀྱིས་གཏམ་ངན་གྱིས་སྦྱོར་འདེབས་བརྗོད་ཅིང་། ཁོང་རྣམས་དད་པ་ཆེ་བ་ནི་མིན། མཐུན་ཕྱོགས་ཀྱི་ངོ་ལ་སྟེར་བ་ཡིན་ཟེར་ཞིང་གཞན་གྱི་སྐྱོན་བརྗོད་བརྩམ་པ་ལ་ཁྱོད་ཀྱིས་གྲོགས་མང་པོ་བྱས། གཞན་ལ་ཁ་བཏང་བ་དང་སྨ་འབེབས་གང་ཐུབ་བྱས། མཐུན་པ་གཉིས་མཐོང་ན་དེ་ལ་དབྱེན་དང་ཕྲ་མ་བཅུག་ནས་ཕྱེ་བྲལ་བྱེད་དུ་བཅུག །ཉེ་རིང་ཐམས་ཅད་ཡིད་བཅད་སེམས་དཀྲུགས། མི་ཐམས་ཅད་ཁོང་ཁྲོ་དང་ཞེ་སྡང་མེ་འབར་འབར་དང་ཆུ་ཁོལ་ཁོལ་བྱེད་དུ་བཅུག །ཟ་རྒྱུ་མེད་པའི་སྡིག་པའི་ལས་ཆེན་པོ་ཁྱོད་ཀྱིས་བསགས་འདུག །ཡང་བླ་མ་ཤེས་རབ་འོད་ཟེར་ལ། ཡོན་བདག་ཚེ་དབང་སྒྲོལ་མ་དང་། བསོད་ནམས་དཔལ་སྐྱིད་གཉིས་དབང་ཁྲིད་ཞུས། འབུལ་བ་ཞབས་ཏོག་མང་པོ་བྱས་པ་ལ། ཁྱོད་ཀྱིས་ཡོན་མཆོད་གཉིས་སྦྲགས་ནས་གཏམ་ངན་སྨྲས་པས། བླ་མའི་ཐུགས་དཀྲུགས། བླ་མ་ལ་མི་ལ་ལས་དད་ལོག་བྱས་ཏེ། ངན་སོང་སྡུག་བསྔལ་གྱི་རྒྱུ་བྱས། སྲོག་ཆགས་སྟོང་ཕྲག་གཅིག་བསད་པ་ལས་སྡིག་པ་ཆེ། བླ་མ་ཉིད་ཀྱི་ངོ་བོ་རྟོགས་པའི་རྣལ་འབྱོར་འབྲེལ་ཚད་འདྲེན་ནུས་པའི་བླ་མ་ཡིན་པ་ལ། ར་ཁ་གདོང་དམར་མ་ཁྱོད་ཀྱི་ཁ་གཏམ་འདི་ལ་ལྟོས་དང་། བསོད་སྙོམས་པ་སུ་བྱུང་རུང་ཁྱེད་རང་གིས་མ་བྱིན་པས་མི་ཆོག་པར་འདྲེ་བན་དེ་རྒྱལ་མགོན་འདྲ་ཟེར། མི་རྣམས་ཁྱི་འདྲ་མཛོ་ཕོ་མཛོ་མོ་འདྲ་བྱས་པ་འདི་ལ་ལྟོས་དང་། རྗེས་སུ་དགེ་བ་ཅུང་ཞིག་འདུག་སྟེ་ཕན་གནོད་མི་འདུག་ཟེར་བ་ལ། ཆོས་རྒྱལ་གྱི་ཞལ་ནས། མི་ཡུལ་དུ་མི་ལུས་ཐོབ་པ་འདྲ་འདྲ་ལ། ལ་ལ་ལྷ་མིའི་བདེན་འབྲས་ཐོབ་པ་བྱས་ནས་ཡོང་གི་འདུག །ལ་ལ་ལྟོ་གོས་དོན་དུ་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་དུས་མེད་པར་བྱས་ནས་ཡོང་གི་འདུག །ད་ཁྱོད་འདྲ་བའི་བཙུན་མ། ཡར་བླ་མ་སློབ་དཔོན་གྱི་ཐུགས་དཀྲུགས། མར་ཡུལ་མི་ཉེ་རིང་གི་ཡིད་བཅད། ཞེ་སྡང་ཁོང་ཁྲོ་བསླངས། རང་གིས་ཉེས་པ་བྱས་པ་རང་གི་ལུས་ངག་ཡིད་གསུམ་ལ་སྨིན་ནས། དམྱལ་བ་ངུ་འབོད་ཆེན་པོ་མན་ཆད་གྲང་དམྱལ་པདྨ་ལྟར་གས་པ་ཡན་ཆད་མོ་སྡུག་བསྔལ་དུ་ཆུག །ལྕེ་ཨོག་མའི་ཞབས་ནས་འཐེན་ལ་རྨོས་རྒྱོབ། ལྕགས་གཟེར་སྟོང་ཐོབ། དམྱལ་བ་འདི་རྣམས་ཀྱི་ནང་དུ་ལོ་གྲངས་ཡང་རབ་ཏུ་ལས་ངན་མ་ཅན་དེ་སྡོད་དུ་ཆུག །དེ་ནས་མི་བསོད་སྙོམས་པ་ལ་རྒྱལ་འགོང་འདྲ་བྱས་པ་དང་། ཁྱི་འདྲ་བ་དང་། མཛོ་ཕོ་མཛོ་མོ་འདྲ་བྱས་པའི་རྣམ་སྨིན་ནག་ཉེས་ཀྱིས་ཁྱིའི་ལུས་དང་འདྲ་བའི་ལུས་དཔག་ཏུ་མེད་པ་ལེན་དགོས། མཛོ་ཕོ་མཛོ་མོའི་ལུས་དཔག་ཏུ་མེད་པ་ལེན་དགོས་པ་ཡོད། སྐྱེ་བ་གཞན་ཐོབ་པའི་སྐལ་བ་མེད་གསུང་གི་འདུག་པ་ན། ལས་མཁན་རྣམས་ཀྱིས་ལྕགས་ཀྱུས་སྙིང་ཁར་བཟུང་ནས་ཁྲིད་སོང་ངོ་། །མོས་འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། མ་ཚོར་བའི་སྡིག་པ་ཞོར་ལ་བསགས་པའི་བྱ་བ་ངན་པ་དང་། གཞན་ལ་ཕྲག་དོག་ངན་སེམས་དང་ཟས་ནོར་གཞན་ལ་མི་སྟེར་བར་ངོམ་ངོམ་མ་བྱེད་ཟེར་ཞིང་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་མི་གོས་དཀར་པོ་ལ་གོང་རྒྱན་སྨུག་པོ་བྱས་པའི་མི་གཅིག་ལ་དྲི་བ་བྱེད་ཅིང་འདུག་གོ །མི་དེ་ན་རེ། ང་འགྲོ་བའི་ས་དེ་ལ་རི་དྭགས་མང་པོ་འདུག་པས། གླ་བ་གནའ་བ་འགའ་རེ་བསད་པའི་སྡིག་པ་ཡོད་ལགས། ཁྱིམ་ན་སྲོག་ཆགས་བརྒྱད་དགུ་བསད་སོང་ངོ་། །ལམ་ཁ་རིང་པོ་སོང་དུས་གནས་སྐོར་བ་གཅིག་གཉིས་འཕྲོག་བཅོམ་བྱས་པའི་སྡིག་པ་ཡོད་ལགས། དགེ་བའི་ཕྱོགས་སུ་འདི་བཏང་བསམ་པ་མེད། ང་བཟའ་མི་མང་སྟབས། དགེ་བ་ཆེན་པོ་ནི་བཏང་རྒྱུ་མ་བྱུང་། འདིར་སླེབས་པ་ན། ཁྱོད་དཔོན་གཡོག་གིས་དགེ་སྡིག་གི་རྩིས་གྲངས་ཞིབ་མོར་མཐོང་བ་ན་འགྱོད་པ་བྱུང་སྟེ་བྱེད་ཐབས་མ་རྙེད་ཟེར་ནས་འདུག་པ་ན། ཡང་གཤིན་རྗེ་རྣམས་ཀྱིས་མེ་ལོང་དང་ཡི་གེ་ལ་བལྟས་ནས། འོ་ཁྱོད་ལ་སྡིག་པ་དེ་ལས་མེད་ན་ཡུན་ཐུང་སྟེ། ཉེས་མེད་ཀྱི་རི་དྭགས་བདག་མེད་ཀྱི་རྩྭ་ཆུ་ལ་སྤྱོད་པར་རེ་འགའ་ཁྱི་བཏང་ནས་བསད། རེ་འགའ་སྙིང་བཏོན་ནས་བསད། རེས་འགའ་མདའ་བརྒྱབས་ནས་བསད། གནའ་བ་དགུ་བཅུ། གླ་བ་རེ་བདུན། དོམ་ལྔ། སྤྲེའུ་བཅུ་གཅིག་དེ་རྣམས་བསད། ར་བཅུ་གཅིག །ལུག་དགུ། གླང་གཉིས། ཕག་བཅུ་བདུན་བསད་འདུག་པ་དེ་ཁྱོད་རང་ཡིན་པ་འདི་ལ་ལྟོས་དང་། ཟམ་གདོང་དུ་མི་བསྒུག་ནས་དགེ་འདུན་པ་དང་གནས་སྐོར་བ་སུ་བྱུང་བ་ཐམས་ཅད་ཁྱོད་ཀྱིས་ཐོབ་པ་ཡིན་ཟེར་ཞིང་ལ་ལ་བཟང་ཕྲོགས་བྱས། ལ་ལ་ངན་ཕྲོགས་བྱས་ནས་ལོ་བཅུ་གཉིས་ཀྱི་བར་དུ་འཕྲོག་བཅོམ་དེ་ཙམ་བྱས་འདུག །ཁྱོད་མེད་དུས་ཟམ་གླ་མིན་པ་འཕྲོག་བཅོམ་བྱེད་མཁན་སུ་ཡང་མེད། ཁྱོད་ངན་པའི་ཁ་བྱས་པས་སྐལ་བ་ཆེ་ཤོས་ནི་ཁྱོད་ལ་ཟ་རྒྱུ་མེད། སྡིག་ཆེན་ཁྱོད་ཀྱིས་ཁྱེར་འདུག་པས། བསོད་སྙོམས་འདི་རྣམས་ཆོས་པ་ཀུན་གྱི་ཟས་སྐལ་ཡིན་པ་ལ། སྡིག་ཅན་ཁྱོད་ཀྱིས་ངན་ཁ་བྱས་ནས་མ་བྱིན་པ་བྱས་ཏེ། བསོད་སྙོམས་པའི་ཁ་བཀག་བྱས་པ་འདི་ལ་ལྟོས་དང་། སྡིག་པ་གཞན་ཕྱོགས་གཅིག་ཏུ་བཞག་པའི་བསོད་སྙོམས་པའི་ཁ་བཀག་པ་སྡིག་པ་ཆེ། དགེ་འདུན་ཕོ་མོ་མང་པོ་ཡིད་ཆད་བཏང་། དེང་དུས་བསོད་སྙོམས་ཁྱོད་མིན་པ་གཞན་གྱིས་བཅད་མ་མྱོང་། ཁྱོད་ངན་པས་ཁ་བྱས་པས། ཁྱོད་ཡི་དྭགས་གནས་སུ་ལོ་སྟོང་ཕྲག་གཅིག་སྡུག་བསྔལ་མྱོང་དགོས་འདུག །འཕྲོག་བཅོམ་དང་བསོད་སྙོམས་ཁ་བཀག་པའི་ཉེས་པ་མནར་མེད་དམྱལ་ཁམས་བཅུ་དྲུག་ལ་ལོ་བརྒྱའི་བར་དུ་སྡུག་བསྔལ་མྱོང་དགོས། སྲོག་གཅོད་པའི་ཉེས་པ་རྣམས་ཀྱིས་དམྱལ་བ་ཡང་ཤི་ཡང་སོས་དང་ཐིག་ནག་ལ་འགྲོ་དགོས་པ་འདུག །དམྱལ་ཁམས་དེ་ལས་ཐར་ན། རི་དྭགས་དུད་འགྲོ་བསད་པ་རྣམས་ཀྱིས་ལུས་བླངས་ཏེ་སྲོག་ལན་མཇལ་དགོས་པ་འདུག །སྙིང་རེ་རྗེ་གསུང་གི་འདུག་པས། ཡང་མི་དཀར་པོ་གཅིག་བྱུང་ནས། ཁོས་དེ་འདྲ་བའི་སྡུག་བསྔལ་ཐོབ་པ་མེད་ཚེ་རབས་མང་པོར་བསགས་པའི་དགེ་བ་ཡོད་ཟེར། རྡེའུ་དཀར་པོ་ནི་མ་བྱུང་། ཡང་མི་ནག་པོ་གཅིག་བྱུང་ནས། ཁོ་མནར་མེད་མིན་པ་གཞན་ན་འགྲོ་ས་མེད་ཟེར། ཁོས་ཚེ་འདི་ལ་བསགས་པའི་སྡིག་པའི་ཕུང་པོ་འདི་ཡིན་ཟེར་ནས། རྡེའུ་ནག་པོ་རི་རབ་ཙམ་སྤུངས་བྱུང་བས། ལས་མཁན་རྣམས་ཀྱིས་ཤ་རུལ་ལ་སྦྲང་མ་འཐིབ་པ་བཞིན་དུ་བྱས་ནས་ཁྱེར་སོང་ངོ་། །ཁོ་ན་རེ། འཇིག་རྟེན་མི་ཡུལ་དུ་ཕེབས་མི་ཡོད་ན་ང་འདྲ་བའི་སྡིག་པ་ཆེན་པོ་བྱས་ན་སྡུག་བསྔལ་ལས་ཐར་བའི་དུས་མི་འདུག་གོ་ཟེར་གྱིན་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་བུད་མེད་ཤ་ཆེ་ཆུང་རན་པ་གཅིག་ལ་ལག་ན་ཕྲེང་བ་སེར་པོ་གཅིག་བཟུང་ནས་མ་ཎི་འུ་རུ་རུ་འདྲེན་པ་གཅིག་ལ་དྲི་བ་བྱེད་ཅིང་འདུག་པས། བུ་མོ་ན་རེ། ལགས་ང་ཕ་བཟང་གི་བུ་མོ་ཆོས་སྒྲོན་ཡིན། བླ་མ་སློབ་དཔོན་ཐམས་ཅད་ཀྱིས་ངའི་མིང་མི་ཤེས་མཁན་གཅིག་ཀྱང་མེད། བཙུན་མ་གཅིག་བྱེད་དགོས་སྙམ་ཡང་། ཆུང་དུས་ནས་མི་ལ་བྱིན་རང་དབང་ནི་མ་ཐོབ། ཁྱིམ་དུ་སྡོད་བའི་བློ་ཙམ་ཡང་མ་བསྐྱེད། ཕུགས་བཙུན་མ་གཅིག་བྱེད་རྒྱུ་ཨེ་ཡོང་བསམ། ནམ་འཆི་ཆ་མི་ངེས་འདུག །ཐམས་ཅད་འཆི་བ་མིན་པ་གཞན་འགྲོ་ས་མི་འདུག །ཤི་དུས་དམ་ཆོས་མ་གཏོགས་གཞན་ཕན་པའི་བྱ་བ་ཇི་ལྟར་མཁས་ཀྱང་ཕན་པ་མི་འདུག་བསམ་སྟེ་ང་རང་ལ་ནོར་གང་ཡོད་པ་དེ། བླ་མ་སློབ་དཔོན་དགེ་འདུན་པ་བཟང་ངན་སུ་བྱོན་ལ། འབུལ་བ་ཞབས་ཏོག་གང་འབྱོར་གྱི་འབྲེལ་བ་རེ་བཏང་ཡོད། དབང་ཁྲིད་ཆོས་གསུམ་གནང་མི་དང་། མ་ཎི་བསྐུལ་མི་སུ་བྱུང་ལ་གཞི་བཟུང་རེ་བྱས་ཤིང་དབང་ཁྲིད་ཆོས་གསུམ་ཡང་མང་པོ་ཐོབ། སེམས་ལ་ལྟ་རྟོག་ཀྱང་བྱས། སྒོམ་ཆེན་ཀུན་མཁྱེན་ཀུན་དགའ་ཡེ་ཤེས་ལ་ན་བཟའ་སྐུ་རགས་ཞབས་ལྷམ་སོགས་ཆ་ཚང་ལོ་དྲུག་ལ་འདང་ངེས་ཕུལ་ཡོད་ལ། རྩ་བའི་བླ་མ་ཁོང་གིས་སྤྱོད་ལམ་ཇི་ལྟར་མཛད་རུང་སངས་རྒྱས་ཀྱི་མཛད་སྤྱོད་ཡིན་སྙམ་པའི་དད་གུས་བྱས། ལ་ལས་ནི་དད་ལོག་བྱེད་མི་ཡང་འདུག །ཆོས་པ་ན་བཟའ་སྲབ་པ་སུ་བྱོན་ལ་བུ་མོ་བཙུན་མ་རྣམས་བསྡུས་ནས་ན་བཟའ་སྐུ་རགས་ལྷམ་ཚུན་ཆོད་འབྲེལ་བ་རེ་བྱས། མ་ཎི་འབུམ་ལོ་ཐར་དུ་འདོན་མ་གཅིག་གིས་བླ་མར་འབུལ་བ་ཕུལ་དུ་བྱོན་པ་ལ་རང་གིས་ཞབས་ཏོག་དང་། གཡུ་གཅིག །ནས་ཁལ་ལྔ་ཕུལ་ནས་བསྔོ་སྨོན་ཞུས། ཡང་མ་ཎི་བསྐུལ་བའི་བླ་མ་གཅིག་ལ་ཐེར་མ་བུབས་བཙོས་ནས་ཕུལ། ཞབས་སྒྲོག་ཡང་ཕུལ། གཞན་ཡང་བླ་མ་སློབ་དཔོན་སུ་བྱོན་ལ་ཞབས་ཏོག་མཐུན་འབྱོར་གྲོགས་དན་སོགས་གང་ལྕོགས་ཀྱི་འབྲེལ་བ་རེ་ཞུས་ཡོད་ལ། སུ་ཡི་བཀའ་ཡང་མ་བཅག་པར་བྱས་ཡོད། མི་རྣམས་ང་ལ་དགའ་མགུ་ཡོད་ལགས། ཡང་བསྙུང་གནས་བསྐུལ་མིའི་བླ་མ་གཅིག་བྱོན་པ་ལ་ནས་འབོ་ཉི་ཤུ་སོང་། དུས་མཆོད་བཟང་པོ་མང་པོར་སོང་། ལོ་བཅུ་བདུན་སོང་ནས་མ་ཎི་གྲངས་སུ་བཅུག་ནས་བྱེ་བ་གཅིག་དང་འབུམ་ཐེར་གསུམ་ལྷག་ཙམ་སོང་། དུང་ཕྱུར་གཅིག་ཨེ་ཐོན་བསམ་པས་གློ་བུར་དུ་ལོ་སུམ་ཅུ་སོ་གསུམ་གྱི་སྟེང་དུ་འདིར་སླེབས་སོང་། སྔར་ཁྲིད་ཞུས་པའི་བླ་མའི་གསུངས་ནས། ཕྱི་རོལ་གྱི་གཟུགས་བཟང་ངན་ཇི་ལྟར་སྣང་ཡང་རང་སེམས་འཁྲུལ་པའི་རང་གཟུགས་ཡིན། བདེན་པར་གྲུབ་པ་མེད་གསུངས། ད་དེ་རིང་ཆོས་ཀྱི་རྒྱལ་པོ་དཔོན་གཡོག་རྣམས་ཀྱང་རང་སེམས་ཀྱི་བརྡ་ཙམ་ཡིན། དོན་དུ་བདེན་པ་གཅིག་ཀྱང་མེད། སེམས་ལ་ཁ་དོག་དང་གཟུགས་ངོ་བོ་གཟུང་རྒྱུ་ཅི་ཡང་མ་གྲུབ་པས་བཙོ་སྲེག་ཤ་གཏུབས་བྱེད་རྒྱུ་ཡང་མི་འདུག །ངས་སེམས་ལ་བལྟས་པ་དེ་ཡིན་ལགས། སེམས་ཀྱིས་ཟིན་པ་ལ་དགེ་བ་དེ་རྣམས་ཡོད་ལགས། ཤུལ་དུ་ཞིང་གསུམ། བ་མ་བུ་གཉིས། གཡུ་ལྔ། ནས་ཁལ་ཉི་ཤུ་ཙམ་ཞིག་ཡོད་ལགས། ངས་གནས་ཚང་དུ་མཆོད་གནས་གདན་ལ་འབུལ་བ་གྱིས་ལབ་པས་མིང་པོ་གཉིས་མི་དགའ་བྱེད་ཀྱི་ཡོད་པས་ཨེ་གཏོང་མ་ཤེས། ཕ་མ་གཉིས་ནི་མེད་ལགས། སྡིག་པའི་ལ་ཡོག་མ་བྱས། རྐང་འོག་ཏུ་འབུ་གྲོག་མང་པོ་བསད་སྙམ་བཤགས་པ་བྱས། མདང་ཞག་ང་ཆོས་སྒྲོན་གྱིས་བུ་མོ་གཅིག་དང་འཐབ་མོ་ཤོར་བས། ང་རང་གཉིས་བཤགས་པ་བྱེད་རེས་བྱས། དེ་མིན་པ་མི་སེམས་བསད་པའི་བྱ་བ་ངན་པ་བྱེད་མ་མྱོང་། ཕ་མ་གཉིས་ལ་ལན་ལོག་བྱེད་མ་མྱོང་། ཆོས་ཞུས་ཚུན་ཆོད་དགེ་སྡིག་གི་ཕན་གནོད་ཚོར་བས་ལས་ངན་གྱི་སྡིག་པ་བསགས་བསམ་པ་མེད་ལགས་ཟེར་གྱི་འདུག་པས། མེ་ལོང་དང་ཡི་གེ་ལ་བལྟས་ནས། ལས་མཁན་རྣམས་ན་རེ། འོ་དགེ་ཕྱོགས་མ་ཎི་འབུམ་ཕྲག་ལྷག་ཙམ་སོང་འདུག །སྐྱབས་འགྲོ་དང་གསོལ་འདེབས་ཀྱང་མང་པོ་བྱས་འདུག །ཕྱག་དང་སྐོར་བ་ཉལ་ཕྱག་ལང་ཕྱག་ཆག་མེད་བྱས་འདུག །ཟས་དང་གོས་སློང་མི་བྱུང་ན་མི་སྟེར་བ་བྱས་མི་འདུག །བསོད་སྙོམས་པ་སུ་བྱུང་ལ་ལེགས་པར་བྱིན་འདུག །ཕ་མའི་ཚོར་བ་མང་པོ་བྱིན་འདུག །གྲོང་དུ་རྒས་མོ་ཨ་མཚོ་མ་ལ་ཟ་རྒྱུ་མེད་པས། རྩི་ནས་དང་ཚི་ལུ་དུམ་བུ་མང་པོ་བྱིན་འདུག །སྡིག་པའི་ཕྱོགས་ལ་འབུ་སྤར་མོ་གང་ཙམ་རྐང་པས་ཉིལ་ཉིལ་བྱས་འདུག །གཞན་ཁྱིམ་བཟུང་དུས་ཕར་ཚུར་གཉིས་ནས་འབྲི་གཡག་གསུམ། གླང་གཅིག །ལུག་དང་བདུན་བསད་འདུག །སྡིག་པ་བཞི་ཆ་ཕར་ཚུར་ཕ་མ་གཉིས་ཀྱིས་ཐོབ། བཞི་ཆ་ཁྱོད་ཀྱི་ཐོབ། བཞི་ཆ་ཕ་རོལ་དེར་ཐོབ། བཞི་ཆ་བསད་མཁན་དེར་ཐོབ་པར་འདུག་གསུངས་པ་ན། ད་ཁྱོད་ལ་གཞན་སྡིག་པ་ཆེན་པོ་ནི་མི་འདུག་ཟེར་བ་ན། ཆོས་ཀྱི་རྒྱལ་པོས། འོ་ཁྱོད་དད་པ་ཆེ། བསམ་པ་བཟང་། ཁ་ཉུང་། མི་སེམས་མ་བསད། ཆོས་པ་རྣམས་ལ་འབུལ་བ་ཞབས་ཏོག་གྲོགས་དན་བྱས་པ་རྣམས་ཀྱང་། ཚེ་འདིའི་ཁེ་གྲགས་ཀྱིས་མ་གོས་པ་ཕྱོགས་རེས་མེད་པར་བྱས། བསྔོ་བ་སྨོན་ལམ་གྱིས་རྒྱས་ཐེབས་ནས་གོང་འཕེལ་དུ་སོང་འདུག །ལུས་ངག་ཡིད་གསུམ་གྱི་དགེ་བའི་རྩ་བ་ཡང་དག་པ་བསྒྲུབས་འདུག །དེ་ཐམས་ཅད་འདུས་བྱས་ཀྱི་དགེ་རྩ་ཡིན། ཁྱོད་ཀྱི་སེམས་ལ་བལྟས་ནས་ཁ་དོག་དངོས་པོར་མ་གྲུབ་ཅིང་། གསལ་སྟོང་དབྱེར་མེད་དུ་རྟོགས་ཤིང་། གསལ་བ་ནང་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་བདེན་པ་མེད་པ་འདི་ལ་གོམས་འདྲིས་བྱས་ནས་སྣང་སེམས་དབྱེར་མེད་ཀྱི་དོན་ལ་སྦྱངས་ཤིང་བསྒོམས་པ་འདི་འདུས་མ་བྱས་ཀྱི་དགེ་རྩ་ཡིན། ཁྱོད་ཀྱི་སྒོམ་དེ་ཡུན་ཐུང་བས་བརྟན་པ་མ་ཐོབ་ནས་ངེད་ཀྱི་གཟུགས་རྣམས་མཐོང་བ་ཡིན། སྒོམ་པ་ཆིག་དྲིལ་བྱས་ནས་བརྟན་པ་ཐོབ་པ་ན། འཁྲུལ་མེད་ཀྱི་སེམས་ཉིད་རང་ངོ་རང་གིས་ཤེས་ནས་དེ་རྣམས་མ་གྲུབ་པ་བདེན། ཁྱོད་ཀྱིས་སེམས་རང་བཞིན་ཙམ་མཐོང་བ་ཡིན་པས་ཕན་ཐོགས་ཆེན་པོ་ཡོད། ད་ཁྱོད་ཀྱི་སྡིག་པ་ཕྲ་མོ་རྣམས་དག་འདུག །ད་དུང་སེམས་ཉིད་ཇི་ལྟ་བ་བཞིན་དོན་མ་རྟོགས་བར་དུ་དག་པ་སངས་རྒྱས་ཀྱི་ཞིང་ཁམས་མི་འཆར། ཁྱོད་ཀྱི་བླ་མ་ཀུན་དགའ་ཡེ་ཤེས་དེ་སེམས་ཉིད་ཀྱི་དོན་རྟོགས་པའི་རྣལ་འབྱོར་པ་འབྲེལ་ཚད་འདྲེན་ནུས་པའི་གང་ཟག་ཡིན་པས་ཞབས་ཏོག་བྱས་པ་མ་ནོར་འདུག །ཁོང་གིས་སྔར་ཡང་འདི་ནས་མང་པོ་དྲངས་ནས་སོང་། ད་ཁྱོད་རང་འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གསང་སྔགས་ཀྱི་ཆོས་དར་བའི་ས་ཕྱོགས་ཡོད། དེ་ན་བྲམ་ཟེ་ལོ་བརྒྱ་ཐུབ་པ་རུས་ཆེ་བ་རིགས་བཟང་བ་ཕོ་མོ་གཉིས་ལ་བུ་གསུམ་གྱི་འབྲིང་བ་རུ་ཁྱོད་སྐྱེས་ནས་གསང་སྔགས་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་མཐར་འཁྱོལ་ནས་ལོ་བརྒྱད་ཅུ་གྱ་བདུན་ལ་ཚེའི་དུས་བྱས་ནས་མངོན་དགའི་ཞིང་དུ་སྐྱེས་ནས་ཆོས་ཀྱི་གད་བདར་བྱས་ཤིང་། ཞིང་ཁམས་བྱང་ནས་བྱང་ཕྱོགས་སུ་སངས་རྒྱས་པར་འགྱུར་རོ། །

ཕྱོགས་གཅིག་ནས་གསོལ་འདེབས་འཐེན་པའི་སྒྲ་ལྷང་ལྷང་འདུག །ལམ་དཀར་པོའི་སྣེ་ལ་བླ་མ་ཐང་ཤམ་ཅན་སྒོམ་ཞྭ་གྱོན་པ་གཅིག་གིས། ང་ནི་སྒོམ་ཆེན་ཀུན་དགའ་ཡེ་ཤེས་ཡིན། །སེམས་ཉིད་རྟོགས་པའི་རྣལ་འབྱོར་ཡིན། །འབྲེལ་ཚད་འདྲེན་ནུས་ཀྱི་རྟོགས་ལྡན་ཡིན། །ཁྱོད་ལས་ངན་འཁྲུལ་པའི་གྲོང་ཁྱེར་དུ། །འདིར་གནས་ཀྱི་སེམས་ཅན་མ་ལུས་ཀུན། །སྒོས་ཀྱི་བདག་ལ་འབྲེལ་པ་རྣམས། །ཡང་སྒོས་མ་བཟང་ཆོས་སྒྲོན་མ། །ཁྱོད་མི་ཡུལ་དུ་ཡོད་པའི་དུས་ལའང་། །ང་ལ་འབུལ་བ་བྱས་པ་ཨེ་དྲན་ནམ། །ངས་ཁྱོད་ལ་སེམས་ངོ་སྤྲད་པ་ཨེ་དྲན་ནམ། །ད་ཤ་ཁྲག་ལུས་པོ་བཞག་ཟིན་གྱིས། །འཁྲུལ་པ་དེ་བདེན་པར་མ་འཛིན་ཅིག །སེམས་དངོས་མེད་ཟང་ཐལ་ང་ཕྱིར་ཤོག །ང་དག་པའི་ཞིང་དུ་འགྲོ་བ་ཡིན། །གསུངས་པ་ན། ངའི་བླ་མ་ཡིན་པར་འདུག་ཨེ་རེ་དགའ་ཟེར་ནས་སོང་། གཞན་ཡང་ཕ་རི་ཚུ་རི་ནས་མི་ཕོ་མོ་སུམ་བརྒྱ་ཙམ་སོང་། ལ་ལ་གཤིན་རྗེ་རྣམས་ཀྱིས་མར་དེད་བྱུང་བ་ལ། སྐྱེས་པ་མང་བར་འདུག་གོ །དེ་རྣམས་ལ་ལ་དད་པ་དང་འབྲེལ་བ་མེད་པ་རྣམས་ཡིན། ཆུ་རྡོ་ལྕགས་ཀྱུས་མ་ཟིན་པ་དང་འདྲའོ། །ལ་ལས་ནི་དང་པོ་དད་པ་བྱས་རྗེས་སུ་གསང་ཡུམ་བརྟེན་པ་ལ་བློར་མ་ཆུད་པར་དད་ལོག་བྱས་ཤིང་སྐུར་པ་བཏབ་པ་རྣམས་ཡིན་གསུང་གི་འདུག་པས། བུ་མོས་འདི་སྐད། འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། སྤྱིར་མི་རྣམས་དང་སྒོས་སྨར་ཁམས་སྒང་ན་བུ་མོ་རྣམས་ལ་འཕྲིན་ཆ་འདི་གྱིས། དམྱལ་བ་མངོན་སུམ་རྗེན་ཅེར་འདུག །དགེ་སྡིག་གི་རྩིས་གྲངས་ཞིབ་མོར་འདུག །སྡིག་པ་ཅན་རྣམས་བཙོ་སྲེག་བྱེད་ཀྱིན་འདུག །རང་ལ་ཟས་ནོར་གང་ཡོད་རྣམས་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ། སྤྱིར་ཆོས་མཛད་རྣམས་ལ་འབྲེལ་པ། སྒོས་སྒོམ་ཆེན་པ་རྣམས་ལ་ཞབས་ཏོག་གང་འགྲུབ་གྱིས། ཡང་སྒོས་ཀུན་དགའ་ཡེ་ཤེས་ལ་གསོལ་བ་སྙིང་ནས་ཐོབ། འབྲེལ་ཚད་འདྲེན་ནུས་ཀྱི་བླ་མ་རེད་འདུག །ལྷ་སྤྱན་རས་གཟིགས་ལ་གསོལ་བ་ཐོབ། སྙིང་པོ་མ་ཎི་བགྲོངས་ཤིག །ལར་བུ་མོ་ང་བཞིན་བྱེད་གྱུར་ན། ཐར་པའི་ལམ་ལ་འགྲོ་བ་འདུག་གོ་ཟེར་ནས་དཔོན་སློབ་ཐམས་ཅད་གསོལ་བ་དི་རི་རི་འདེབས་ཤིང་ལམ་དཀར་པོའི་ནང་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་བཙུན་མ་པགས་རྩག་གྱོན་པ་ལུས་བྲང་མིག་ཐད་དུ་བགྲད་ནས་སྡོད་མི་གཅིག་ལ་དྲི་བ་བྱེད་ཀྱིན་འདུག་པས། བཙུན་མ་དེ་ན་རེ། ང་ལོ་ཉི་ཤུ་ལོན་ནས་ཆོས་གཅིག་བྱ་དགོས་བསམས་ཏེ་ཕྱིན་པས་གཞོན་པའི་སྣང་བར་སོང་ནས། ཆོས་མང་པོ་ཞུས་ཏེ་ཉམས་ལེན་བྱེད་རྒྱུ་མ་བྱུང་། བླ་མ་སུ་བྱོན་ལ་ཟས་འབྲེལ་རེ་ཕུལ། གཞན་ཡང་བསོད་སྙོམས་པ་སུ་བྱོན་ལ་གང་ཡོད་ཀྱི་སྒོ་ནས་འབྲེལ་བ་རེ་བྱས། གནས་སྐོར་བ་དང་སྤྲང་པོ་སྒོ་རྩར་སུ་བྱུང་ལ་སྟོང་ལོག་མ་བཏང་བར་བྱིན། བན་བོན་ཕོ་མོ་སུམ་བརྒྱ་ཙམ་ལ་ཤ་ཆང་ཟན་གསུམ་གྱིས་ཚོགས་འཁོར་བྱས། གང་རྩེའི་རས་པ་ལྷ་སར་ཇོ་བོ་ལ་མཆོད་མེ་འབུལ་དུ་བྱོན་པ་ལ་མར་ཞོ་བརྒྱད་དང་རས་ཡུག་གཅིག་ཕུལ། ཡང་སྒོམ་ཆེན་གཅིག་ལ་ལོ་གཅིག་གི་སྒྲུབ་རྒྱགས་སྦྱར་བྱོན་ཁར་གོས་གཅིག་ཕུལ་ནས་བསྔོ་བ་ཞུས། བྱ་བྲལ་བ་ཉམ་ཆུང་གཅིག་རྐང་པ་ལ་ཁྱིས་ཟོས་འདུག །དེ་ངས་སོས་པར་བྱས་ནས་དེའི་བར་ཡིག་དྲུག་འདྲེན་དུ་བཅུག །ཡོན་སྣམ་བུ་ལེགས་པ་གཅིག་ཕུལ། ལྷ་སའི་ཇོ་བོ་དང་ཙ་རི་བཅས་པའི་གནས་ཀྱང་འགའ་རེ་མཇལ། བསྙེན་གནས་དང་སྨྱུང་གནས་བཞི་བཅུ་ཙམ་སོང་། སྒྲོལ་མ་དང་བྱམས་སྨོན་ཁ་འདོན་མང་རབ་སོང་། ལོ་ཉེར་གསུམ་སོང་ནས་ཉམས་ཁྲིད་ཞུས་ཏེ། དབྱར་མཚམས་དགུན་མཚམས་བྱས་ནས་ས་བདག་ཀླུ་གཉན་གྱི་གནོད་པ། ཉོན་མོངས་པ་རང་ཁར་མི་ཚོར་ཙམ་ཡོད། ཞོར་ལ་ཡིག་དྲུག་དཔུང་བསྐྱེད་ནས་བགྲངས། ནངས་ནུབ་སྐྱབས་འགྲོ་གསོལ་འདེབས་ཆག་མེད་བྱས། དགེ་བ་དེ་ཀུན་ཡོད་ལགས། ཡང་སྡིག་པའི་ཕྱོགས་ལ། ལོ་ཉི་ཤུ་མན་ཆད་ལ་ཕ་མའི་ཞབས་ཏོག་གྲོགས་དན་བྱེད་པའི་དོན་ལ། ང་རང་གི་ཞིང་ལས་བྱེད་སྐབས་རྐང་འོག་འབུ་གྲོག་མང་པོ་བསད་པ་དང་། ལོ་གཅིག་ན་ནས་ལོ་གཤུད་མེ་འབར་ཤ་ཟ་དགོས་བབ། ཚོགས་གསོག་བྱེད་དུས་འབྲི་གཡག་གཉིས་བསད་སོང་། སྡིག་པ་དེ་རྣམས་ཡོད་ལགས། གཞན་མིའི་སྐྱོན་ལ་འབར་མ་མྱོང་། མི་སེམས་བསད་པའི་བྱ་བ་བྱེད་མ་མྱོང་། བླ་མ་དང་མཆེད་གྲོགས་ཀྱི་དམ་ཚིག་ཉམས་པའི་བྱ་བ་བྱེད་མ་མྱོང་། དང་པོ་ཁ་ངན་ཚིག་རྩུབ་རྣོན་པོ་ཡང་མེད། སུ་དང་ཡང་འཐབ་མོ་བྱེད་མ་མྱོང་ཟེར་འདུག་པར། མེ་ལོང་དང་ཡི་གེ་ལ་བལྟས་ནས། ད་རུང་དགེ་ཕྱོགས་སུ་ཚེས་བཅུ་མཆོད་པའི་ཚོགས་གྲལ་དུ་ཆང་ཚད་ང་ལྔ་དང་ཟས་ཚོགས་བཅས་བཏང་འདུག །གཞན་མོ་རང་ཟེར་བ་ལྟར་བདེན་གདའ། སྡིག་པའི་ཕྱོགས་དེ་མི་བདེན་པ་འདུག །མི་རྣམས་ནས་སྡིག་པ་སྤངས་ནས་དགེ་བ་བྱེད་ཟེར་འདུག་སྟེ། ཁྱོད་ལ་རྒན་མོ་ཉམ་ཆུང་ཐར་ལུས་མས། ཤ་ཁོག་སྨད་གཅིག་དང་མར་རིལ་གསུམ་ཁྱོད་ལ་བཅོལ་བས་ཁྱོད་ཀྱིས་རྐུན་མ་ལ་ཤོར་སྐད་བྱས། རས་པ་རྡོ་བཟང་དང་གཉིས་ཀྱིས་ལྐོག་ཟས་ཟོས་པའི་ཡི་གེ་འདི་ལ་ལྟོས་དང་། རྒན་མོ་དེ་ལོ་གཅིག་སྙིང་ཁ་ནས་ཐོན་པ་ལྟ་བུའི་སྡུག་བསྔལ་བྱུང་འདུག །ཡང་རིགས་པ་གྲུབ་དཔལ་གྱིས་གཡུ་གཅིག་ཁྱོད་ལ་ཆུ་རྡོལ་ཚོང་གྲོགས་བཅོལ་བ་ལ། དེ་ཁྱོད་ཀྱིས་ཕྲེང་ལུང་བཏགས་ནས་མདུད་པ་གྲོལ་སྟོར་སོང་ཟེར་སྐད་བྱས་ནས་མ་སྟེར། གཡུ་ཁྱོད་ཀྱིས་ཇོ་མཇལ་འགྲོ་དུས་བཙོང་ནས་ཟོས་འདུག །སེམས་དྲང་པོ་བྱས་པ་ཨེ་འདུག་ཡི་གེ་འདི་ལ་ལྟོས་དང་ཟེར་གྱིན་འདུག་པས། ཆོས་རྒྱལ་གྱིས། འོ་ཁྱོད་ཀྱིས་ཕོ་མ་བྱས་འདུག །ཁྱོད་ཀྱིས་ཤ་མར་དང་གཡུ་དེ་མ་ཟོས་ན། སེམས་ངོ་ཡང་ཟུར་ཙམ་རྟོགས་པ་ལ། མཆོད་སྦྱིན་ཡང་འགའ་རེ་བཏང་འདུག །ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་དགེ་སྦྱོར་བྱས་པའི་སྟོབས་ཀྱིས་ལྷ་དང་མིའི་ལུས་གང་དགའ་ལ་ལོངས་སྤྱོད་ཆེན་པོ་གཅིག་ཏུ་སྐྱེ་བ་འདུག་པས། ད་རྒྱ་མར་བཏེག་ནས་རྡེའུ་དཀར་ནག་གཉིས་རྒྱ་མར་བཏེག་པས་སྡིག་པ་མང་ལ་དགེ་བ་ཉུང་བར་འདུག །ཤ་མར་དང་གཡུ་ཟོས་པའི་ཉེས་པས་སྡིག་པ་ཆ་གཉིས་ཀྱིས་ལྕི། དགེ་བ་ཡང་བར་འདུག་ཟེར་བས། ཆོས་རྒྱལ་གྱིས། འོ་ཁྱོད་ཀྱིས་རྒས་མོ་དང་རིགས་པ་སྒྲུབ་པ་དེ་གཉིས་ཀྱི་སེམས་བསད་ཅིང་། བློས་མ་ཐོང་བའི་ལོག་པའི་ཟས་ཟོས་པས། མི་གཙང་རྣག་ཁྲག་གི་མཚོ་ནང་དུ་ཁྱེར་ལ་དུག་མཚོ་ཁོལ་མ་དང་། མེ་མར་མུར་དོང་དེ་གསུམ་ལ་ཁྲིད་དེ་ཁ་ལ་ཆུ་ཁོལ་མ་རྒྱུན་དུ་ཕོབ་ཅིག །དེ་ནས་སྡིག་པ་ཡང་། དགེ་བ་ལྕི་བ་དང་ཡར་བཏང་གསུངས་པ་ན། གཤིན་རྗེའི་ཕོ་ཉ་ལས་མཁན་རྣམས་ཀྱིས་སྐེ་ལ་ལྕགས་ཐག་གིས་ཁྲིད་ནས་སོང་ངོ་། །མོ་ན་རེ། འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། གཞན་གྱི་ནོར་དང་ཟས་མ་རྐུ། ཉེས་པ་ཆེན་པོ་འདུག་གོ་ཟེར་ཞིང་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་བུ་མོ་ཤ་ཆེན་པོ་ཁ་ངོ་ལེགས་པོ་གོས་བཟང་པོ་གྱོན་པ། སྐེད་པ་ལ་གསེར་དངུལ་ལ་གཡུ་བྱི་རུ་ཕྲ་པང་བྱས། ཆེ་འགྱིང་ཅན་གྱི་བུ་མོ་གཅིག་ལ་དྲི་བ་བྱེད་ཀྱིན་འདུག །བུ་མོ་ན་རེ། ལགས་ང་ན་ས་དམར་གུང་རྒྱལ་གྱི་བུ་མོ་ཡིན་ལགས། དེ་རིང་ཁྱིམ་ནས་ཕ་མའི་སར་ཕྱིན་པས་བར་ན་ཆུ་གཅིག་ཡོད་པ་ལ་འབོག་ནས་བསྒྱེལ་བས་འདིར་སླེབས་སོང་། འདི་ན་དེ་འདྲའི་དགེ་སྡིག་གི་རྩིས་གྲངས་ཞིབ་མོར་ཡོད་པ་མ་ཤེས་པ་དགེ་ཆོས་བཏང་མ་དྲན། དྲན་ན་བླ་མ་སློབ་དཔོན་མང་པོ་བྱོན་དུས་ཆོས་དང་བྱིན་རླབས་ཞུས། ཟས་འབྲེལ་འགྲོ་འདོད་དེ་མི་རྣམས་ཀྱིས་མི་ཆེན་གྱི་བུ་མོ་མི་འདྲ་བ་མགོ་ཆུང་ཀླད་མེད་ཟེར་ནས་མ་ཕྱིན། བླ་མ་གཞོན་ནུ་རྒྱལ་མཚན་ལས་ཁྲིད་ཉན་པས། ཁོང་གིས་ང་ལ་ཡུམ་ཤོག་ཟེར་བས། ང་རང་རྩིས་ཆེན་པོ་བྱས་པས་དེ་འདྲའི་བླ་མ་རྒྱལ་ཁམས་ལ། ང་ལ་དེ་འདྲ་ཟེར་བསམས་ནས་ཁྲིད་དེ་ཡང་ཚང་བ་ཞིག་མ་ཐོབ། དད་པ་ཡང་མ་སོང་། ན་སོ་གཞོན་པས་དགེ་བ་སྒྲུབ་མ་ཤེས་ལགས། ད་ལུས་ཀྱི་གཡུ་བྱུ་རུ་འདི་རྣམས་ཁྱོད་ཆོས་རྒྱལ་ལ་ཕུལ་ནས་ང་ཕྱིར་ལོག་ཏུ་གཏང་བར་ཞུ། ཆོས་བྱེད་པའི་བསམ་པ་ཡོད། ཡར་མི་བཏང་བ་ཡིན་ན་སྡིག་པ་བྱས། འོག་གི་ཙིར་ཙིར་ཧོབ་ཧོབ་དེ་ནང་མི་གཏོང་རོགས་ཞུ་ཟེར་འདུག་པས། མེ་ལོང་དང་ཡི་གེ་ལ་བལྟས་པས། འོ་ཁྱོད་ལ་སྡིག་པ་མེད་ཟེར་བ་མི་བདེན་འདུག །

ཁྱིམ་ནས་བག་མ་གཏོང་དུས་སེམས་ཅན་ཉེར་གསུམ་བསད་པའི་སྡིག་པ་བཞི་ཆ་ཁྱོད་ཀྱི་ཐོབ། ཡང་བླ་མ་གཞོན་ནུ་རྒྱལ་མཚན་དེ་རྫོགས་པ་ཆེན་པོའི་དོན་བསྒོམ་ཞིང་སེམས་ཉིད་ཀྱི་ངོ་བོ་ཡང་རྟོགས། འགྲོ་དོན་ཡང་རྒྱ་ཆེན་བྱས། ཁོང་ཟླ་བ་སྔོན་མ་ལ་འདིར་བྱོན་ནས་ཕ་རི་ཚུ་རི་ནས་སྟོང་ཕྲག་ལྷག་ཙམ་དྲངས་སོང་། དེ་འདྲའི་བླ་མ་བཟང་པོ་ཡིན་པ་ལ། ཁྱོད་ཀྱིས་ཆོས་ཞུ་རུ་ཕྱིན་དུས་གསང་ཡུམ་ཤོག་གསུངས་པས། ང་ཕ་བཟང་མི་ཆེན་གྱི་བུ་མོ་ཡིན་པ་ལ། རྒྱལ་ཁམས་སྐོར་བའི་གནས་སྐོར་བ་གཅིག་གིས་ང་ལ་འདི་འདྲ་ཟེར་བསམས་ནས་དད་ལོག་བྱས། ཆོས་ཞུ་འཕྲོ་བཞག་ནས་གྲོགས་མོ་ལ་བཤད་པས། བུ་མོ་ཆོས་སྒྲོན་ན་རེ། ཁོང་སྣང་ཆོས་བདེན་མེད་དུ་རྟོགས་པས་དེ་འདྲ་ཞུ་མི་རུང་བ་འདུག །བླ་མ་དེ་སྐུ་གཤེགས་པ་ན། རྟགས་དང་རིང་བསྲེལ་བྱོན་པ་དང་། འཇའ་གུར་གྱིས་ནམ་མཁའ་ཁེངས་པ་དང་། རྟགས་བཟང་པོ་མང་པོ་འདུག །ཁྱོད་ཀྱང་འདྲེན་བསམ་པས། ད་ཁྱོད་རང་དད་ལོག་བྱས་ལན། མོ་ན་རེ། ངོ་ཤེས་ཚོ་ལ་དད་པ་བྱེད་པར་འགྲོ་མི་དགོས་ཅི་བྱེད་ནས་འགྲོ་ཟེར་ཞིང་འདུག །གྲོགས་མོ་རྣམས་ལ་རྩིབ་མོའི་ཚིག་ལབ་ཅིང་འདུག །བླ་མ་ལ་དད་ལོག་བྱས་ནས་མི་མང་པོ་ལ་བཤད་པས་མང་པོ་བླ་མ་ལ་དད་པ་ལོག་འདུག་པས་མི་རྣམས་ངན་སོང་དུ་འགྲོ་བའི་བྱ་བ་བྱས་འདུག །ལུང་པ་དེའི་ནང་དུ་བླ་མའི་གདུལ་བྱ་ལ་གནོད་འདུག །མི་རྟ་ཁྱི་གསུམ་གྱི་མགོ་བྱས་སྲོག་ཆགས་སྟོང་ཕྲག་གཅིག་བསད་པ་ལས། བླ་མ་སློབ་དཔོན་ལ་སྐུར་པ་འདེབས་པ་དེའི་སྡིག་པ་ཆེ། ད་རྡེའུ་རྣམས་བཏེག་དགོས་པ་མི་འདུག །ཁྱོད་མི་ཆེན་གྱི་བུ་མོ་ཤ་ཆེན་པོ་ཡང་འདུག །བཀྲག་མདངས་ཀྱང་ལེགས་པར་འདུག །གསེར་གཡུ་བྱུ་རུ་སོགས་མང་པོ་འདུག་སྟེ། འདི་ན་དེ་ཀུན་གྱིས་ཕན་མི་ཐོགས་ཆོས་ཞུས་དམ་ཚིག་ཉམས་པ་དང་། བླ་མ་ལ་གནོད་པ་བྱས་པས་མ་གི་དམྱལ་ཁམས་ཐམས་ཅད་ལ་འགྲོ་དགོས་པར་འདུག །ལྕེ་ལྐོག་མའི་འོག་ནས་དྲོངས་ལ་ལྕགས་གཟེར་སྟོང་ཚོ་ཐོབ་བར་དུ་ཞིང་རྨོས། མགོ་ལ་གསོར་གྱིས་ཕུག །གཞན་ད་དུང་ཚེ་ཚད་མ་རྫོགས་བར་ཕ་རི་ལ་སྡོད། དེ་ནས་སྡུག་བསྔལ་མགྱོགས་པར་མྱོང་དགོས་པ་ཡོད། བླ་མའི་བཀའ་ཆད་ཀྱིས་མགྱོགས་པ་ཁྱོད་ལ་བྱུང་བ་ཡིན། ཚེ་ཚད་དྲུག་བཅུ་རེ་ལྔ་འདུག་སྟེ། ལོ་ཉི་ཤུ་ལ་ཡོང་མ་རན་པར། བླ་མའི་བཀའ་བཅགས་པ་དང་། དད་ལོག་བྱས་པའི་ཉེས་པས་དུས་མ་ཡིན་པར་འཆི་དགོས་པ་བྱུང་། ད་སྡུག་བསྔལ་འདི་ལྟ་བུ་བྱུང་བ་དེ་ཁྱོད་རང་གིས་མྱོང་པ་ཡིན་གསུང་གིན་འདུག་པས། བུ་མོ་དེ་འདར་ཕྲི་ལི་ལི་མཆི་མ་ཕྲོམ་ཕྲོམ་བྱུང་བ་དང་། གཤིན་རྗེ་རྣམས་ཀྱིས་ཁྱོད་ངུ་འདོད་ན་དམྱལ་བ་ངུ་འབོད་ཀྱི་གནས་ཡོད་ཟེར་ནས་ལྕགས་ཀྱུས་སྙིང་ནས་བཟུང་སྟེ། སོད་སོད་རྒྱོབ་རྒྱོབ་ཟེར་ཞིང་། མཚོན་ཆ་ཟིང་ཟིང་བྱས་ནས་ཁྱེར་སོང་ངོ་། །བུ་མོ་དེ་ན་རེ། འཇིག་རྟེན་མི་ཡུལ་དུ་འགྲོ་མི་ཡོད་ན། ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ལ་དད་ལོག་དང་སྣ་ལོག་མ་བྱེད་ཅིག །སྐུར་པ་མ་འདེབས་ཉེས་པ་ཆེན་པོ་འདུག་གོ་ཟེར་གྱིན་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

མི་ལོ་བདུན་ཅུ་ལོན་པ། སྣམ་གོས་ཐུང་ངེ་བ་གཅིག་གི་སྟེང་ན་ཕྱིང་པ་གྱོན་པ། མགོ་ལ་འབུ་རས་གྱོན་པ། ལག་གཡས་ན་མ་ཎིའི་འཁོར་ལོ་བསྐོར་བ། གཡོན་པས་ཕྲེང་བ་འདྲེན་ཞིང་མ་ཎི་དི་རི་རི་འདྲེན་ཞིང་། མི་ཕོ་མོ་དྲུག་ཅུ་ཙམ་གྱིས་བསྐོར་ནས་ཐམས་ཅད་མ་ཎི་དི་རི་རི་འདྲེན་ཞིང་། འོ་ང་ནི་མ་ཎི་རྡོ་བརྐོ་པ་ཤེས་རབ་རིན་ཆེན་ཡིན། ཕ་རི་ཚུ་རིའི་གྲོང་ན་ངའི་ཉེ་བ་རྩ་ལྡག་དང་ཟས་འབྲེལ་ལུས་འབྲེལ་ཡོད་པ་རྣམས་ངའི་རྗེས་ལ་ཤོག་ཅིག །ང་ནི་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཤོག་གསུངས་པས་ང་ནི་དེར་འགྲོ་བ་ཡིན་ནོ་ཟེར་བ་ན། མི་ཕོ་མོ་བཞི་བརྒྱ་ཙམ་སོང་བ་ལ། ཡང་གཤིན་རྗེ་རྣམས་ཀྱིས་སུམ་ཅུ་ཙམ་ཞིག་མར་ཁྲིད་བྱུང་བས་མི་དེ་རྣམས་ཅི་ཡིན་བྱས་པས། དེ་ནི་མ་ཎི་དུང་ཕྱུར་ཐོན་པ་ཡིན། རྡོ་ལ་མ་ཎིའི་ཡི་གེ་བཏོད་ནས་ལམ་གྱི་འཕྲང་ལ་བསྒྲིགས་ནས་བཞག་པས། མི་འཁྲུལ་པ་རྣམས་ཀྱིས་བསྐོར་བ་དང་། མ་ཎི་འདྲེན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། ཁོང་ལ་སྲས་མིང་སྲིང་གསུམ་ཡོད་པས་མི་རྣམས་ངན་པ་བསམས་ནས་དད་ལོག་བྱེད་མི་རྣམས་ཡིན། དེའི་རྗེས་ལ་སོང་མི་རྣམས་ནི། ཁོ་རང་གི་ཉེ་བ་རྩ་ལག་རྣམས་དང་མ་ཎི་བརྐོ་བའི་དུས་སུ་བཟའ་བཏུང་དྲངས་པའི་ཡོན་བདག་རྣམས་ཡིན། ཁོང་ལ་དད་པ་དང་མོས་གུས་ཀྱི་འབྲེལ་པ་བྱེད་ན་འབྲེལ་ཚད་འདྲེན་ནུས་པ་ཡིན་ཏེ། མི་རྣམས་ཁ་རྗེ་མེད་པས་འབྲེལ་བ་ཕུལ་བའི་མི་ནི་ཉུང་བར་གདའ། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་མ་ཎི་དུང་ཕྱུར་བཏོན་ནས་རང་གཞན་གཉིས་ཀ་ཐར་ལམ་འགྲོ་བ་ཡིན་ཏེ། ནུས་པའི་མི་རྣམས་ཉུང་བར་གདའ། ད་རེས་ཡར་ལ་ཁྲིད་པ་རྣམས་ནི་ཁོ་རང་གི་རྩ་ལག་འབྲེལ་བ་ཡོད་པ་རྣམས་ཡིན་ནོ། །གསུངས་ཀྱིན་འདུག་པས། མ་ཎི་པ་ན་རེ། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ལ་མ་ཎི་དུང་ལ་སྦུངས་ནས་བགྲོངས་ཤིག་གསུང་འདུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འོ་ལགས་སོ། །

ཆོས་རྒྱལ་གྱི་ཞལ་ནས། ད་ནི་གླིང་ཟ་ཆོས་སྐྱིད། ང་ཡི་གྲོང་རྣམས་ལ་ལ་ནི་དགེ་སྡིག་གི་ཤན་འབྱེད་ནས་མར་ལ་སོང་། ལ་ལ་ནི་ཤན་འབྱེད་མི་དགོས་པར་བླ་མ་རྣམས་ཀྱིས་དྲངས་ནས་སོང་། ད་ལྟ་བྱུང་བ་རྣམས་ནི་ཕ་རི་ཚུ་རི་དེ་ན་སྡོད་གསུངས་འདུག །ད་ང་རང་གི་སེམས་ལ། སྔོན་ལ་ང་མ་གཏོགས་སུ་ཡང་མི་འདུག །ད་ང་ལ་དགེ་བ་ཆེན་པོ་གཅིག་བཤད་རྒྱུ་ནི་མེད། རྫུན་སྨྲས་ན་ནི་མི་ཡོང་བར་འདུག །ད་ང་ཅི་འདྲ་གཅིག་བྱེད་འོང་བསམས་ནས་འདར་ཁྲི་ལི་ལི་བྱེད་ཀྱིན་ཡོད་པས། ཆོས་ཀྱི་རྒྱལ་པོ་སྤྱན་བཙུམ་ནས་དར་གཅིག་མཉམ་པར་བཞག་ནས། སྟག་གི་མགོ་ཅན་ལ་ནག་མོ་འདི་ཁྲིད་སོང་། ཁྱེད་གཤིན་ཡུལ་དུ་བྱ་ར་གཅིག་བྱེད་དུ་སོང་། ཅི་འདྲ་འདུག་ཡིད་ལ་བཞག་ནས་མགྱོགས་པར་ཤོག་གསུངས་པས། སྟག་མགོ་མི་ལུས་ཅན་གྱིས་ཁྲིད་ནས་སྐས་ནག་པོ་གཅིག་བཙུགས་ནས་འདི་ལ་འཛེགས་ནས་ཤོག་ཟེར་ཁོང་སྔོན་ནས་སོང་། ང་རང་ཕྱིན་དུས་མགོ་འཁོར་ཞིང་ལག་པ་སྐས་ལ་འཆང་ནས་ཕྱིན་པས་སྐས་མགོར་སླེབས་ནས་བལྟས་པས། ས་གཞི་ཐམས་ཅད་ལྕགས་བསྲེགས་ཀྱི་ཚ་ངར་དང་ལྡན་པ། དེའི་ནང་དུ་ལྕགས་རི་ཆེན་པོ་ལོགས་རེ་ལ་བྱ་རྒོད་པོའི་ཉིན་ལམ་གསུམ་རེ་ཡོད་པ་བསྐོར་བས། དེའི་ཕྱོགས་བཞིར་སྒོ་བཞིའི་ནང་དུ་སྒོ་ཆེན་བཅད་ནས། བར་མཚམས་སུ་ལྕགས་རི་ཐེན་ནས་འདུག །དེའི་གོང་མའི་ནང་དུ་མི་ཕོ་མོ་མང་པོ་གན་རྐྱལ་དུ་མནན་ནས། གཤིན་རྗེ་རྣམས་ཀྱིས་མཚོན་ཆ་བརྒྱབས་ནས་དུམ་བུར་གཏུབས། ཡང་སོས་པར་གྱུར་ཅིག་ཟེར་འདུག་པས་ཡང་སྔར་བཞིན་མི་ཤི་བར་འདུག །ཡང་གཏུབ་ཀྱིན་འདུག །འདི་རྣམས་མི་ངན་རྫས་སྦྱོར་གྱི་མཐུ་བྱད་བྱེད་མི་དང་། ཕ་མ་ལ་དྲིན་ལན་མི་འཇལ་བར་སྡུག་ཏུ་འཇུག་མི་དང་། མཆེད་གྲོགས་རྣམས་ཀྱི་ཡིད་ཆད་བྱེད་མི་དང་། མི་གཞན་ལ་དབང་ཆེན་པོ་བྱེད་ནས་འཕྲོག་བཅོམ་བྱེད་མི་དང་། ངན་སེམས་བྱེད་མི་རྣམས་ཡིན་ཟེར། ཡང་དེའི་འོག་ཏུ་མི་མང་པོ་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་མནན་ནས་ལུས་ལ་ཐིག་མང་པོ་མིག་མང་རིས་སུ་བཏབ། དེའི་སྟེང་དུ་མཚོན་ཆ་རྣམས་ཀྱིས་གཤགས་པ་དང་། བཅད་པ་དང་། གཏུབ་པ་དང་། དྲ་བ་དང་། མནན་པ་བྱེད་ཀྱིན་འདུག །དེ་རྣམས་བྱ་ཕག་བསད་མི། སྦྲང་ཚང་བཅོམ་མི། ཉ་བསད་མི། ལྷ་རྗེ་ནད་པ་ལ་བཅོས་ལོག་བྱེད་མི། ཡང་དེའི་འོག་ཏུ་ལྕགས་རི་ཟུར་རྣོན་པོ་གཉིས་ཀྱི་བར་དུ་མི་མང་པོ་འཐར་བ་དང་། ཡང་གཏུན་གཞོང་གི་ནང་དུ་སྤུངས་ནས་ཐོ་བ་མེ་འབར་བས་བརྡུང་ཞིང་འདུག །དེ་རྣམས་ནི། གཅན་གཟན་དང་རི་དྭགས་བསད་མི་དང་། སྡིག་པ་ཅན་གྱི་ཤ་ཟ་མི་དང་། མདའ་གཞུ་བཟོ་མི་དང་། རང་གི་བུ་དང་བུ་མོ་གསོད་མི་དང་། རིན་ཆེན་གྱི་སྒོ་ནོར་བསད་ནས་ཟ་མི་རྣམས་ཡིན། ཡང་དེའི་འོག་ཏུ་མེ་ཕུང་ཆེན་པོ་འབར་བའི་ནང་དུ་མི་མང་པོ་བསྲེགས་འདུག་པས། ཉེ་དུའི་མིང་ནས་བོས་ནས་སྨྲེ་སྔགས་འདོན་ཅིང་ངུ་འབོད་བྱེད་ཀྱིན་འདུག །དེ་རྣམས་ནི་དུག་གིས་ཉོ་ཚོང་བྱེད་མི་རྣམས་དང་། མི་རྟ་ཁྱི་གསུམ་བསད་མི་དང་། མི་ལ་དུག་བླུད་མི་དང་། དགེ་སློང་འདུལ་ཁྲིམས་ཉམས་པ་དང་། རྩ་བའི་བླ་མ་ལ་སྨད་ར་བྱེད་མི་དང་། མགར་བའི་མཚོན་ཆ་བརྡུང་མི་རྣམས་ཡིན་ཟེར། ཡང་དེའི་འོག་ཏུ་ལྕགས་བསྲེགས་ཀྱི་ཁང་པ་ཆེན་པོའི་ནང་དུ་མི་ཕོ་མོ་བསམ་གྱིས་མི་ཁྱབ་པ་བཅུག་ནས། ཕྱི་ནང་གཉིས་ནས་མེ་འབར་ཏེ་གཞོབ་ཐུལ་ལུ་ལུ་བསྲེགས་འདུག །བར་དུ་ཚ་ཞིང་ཚོས་གྲབས་བྱས་ནས་མ་བཟོད་པར། ཨ་ཕ་ཨ་མ་ཟེར་ཞིང་ངུ་འབོད་འབྲུག་སྟོང་ལྡིར་བའི་སྐད་འདུག །དེ་རྣམས་དགེ་འདུན་ལ་སྐུར་པ་བཏབ་མི་དང་། དཀོན་མཆོག་གསུམ་ལ་ལོག་ལྟ་བྱེད་མི་དང་། ཕྲ་མ་བྱེད་མི་དང་། མི་སེམས་དཀྲུགས་ནས་འཁྲུགས་རྩོད་བྱེད་མི། རྒྱལ་ཁམས་ཀྱི་གནས་སྐོར་བ་ལ་འཕྲོག་བཅོམ་བྱེད་མི་ཡིན་ཟེར་ཞིང་འདུག །ཡང་མེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རབ་ཏུ་འབར་བའི་ནང་དུ། ཕོ་མོ་བསམ་གྱིས་མི་ཁྱབ་པ་བཅུག་ནས་སྲེག་གིན་འདུག །སྐམ་པས་བཟུང་ནས་ཕྱིར་བཏོན་ཐོ་བས་བརྡུངས་ཏེ་མེ་ལ་བསྲེག་གི་འདུག །ཡང་འགའ་རེ་ཟངས་ཆེན་པོ་ཁ་སྦྱོར་གྱི་ནང་དུ་བཙོ་ཡིན་འདུག །ཆུ་ཁོལ་བའི་སྐད་ནི་ས་སྟེང་ཁྱབ་པའི་སིལ་སྒྲ་ཆེན་པོ་འདུག །གཤིན་རྗེ་རྣམས་ཀྱི་འབོད་སྒྲ་ནི་ས་སྟེང་ཁ་ནོན་ལོག་འདྲ་འདུག །དེ་རྣམས་ནི་མཚམས་མེད་པ་ལྔ་བྱེད་མི་དང་། དེ་དང་ཉེ་བ་ལྔ་བྱེད་མི་དང་། འཕགས་པའི་གང་ཟག་རྣམས་ལ་ཞེ་ཐག་པ་ནས་སྨ་ཕབ་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཤིགས་མི་དང་། དགེ་འདུན་གྱི་དཀོར་རྐུ་མི་དང་། དགེ་འདུན་ཕོ་མོའི་ཟས་སྐལ་བཀག་མི་རྣམས་ཡིན་ཟེར། དེའི་འོག་ཏུ་མི་ཕོ་མོ་མང་པོ་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་གན་རྐྱལ་མནན་ནས་ཡན་ལག་ཕྱོགས་བཞིར་བརྒྱངས་ནས། ལྕགས་ཕུར་བཞི་ལ་བཏགས་ནས་སོད་སོད་རྒྱོབ་རྒྱོབ་ཟེར་ཞིང་མཚོན་ཆ་རལ་གྲིས་གཤགས་པ་དང་། སོག་ལེས་དྲ་བ་དང་། མདའ་མདུང་གིས་གཙབས་པ་དང་། སྟ་གྲིས་འཇོམས་པ་དང་། གཟོང་གིས་བརྐོ་བ་དང་། གསོར་གྱིས་ཕུག་པ་དང་། ནང་ཆ་ཐམས་ཅད་མེ་འབར་བ་དང་། བུ་ག་རྣམས་ནས་མེ་འཁྱིལ་ལྷབ་ལྷབ་འབར་གྱིན་འདུག་པས། ངས་ནི་མིག་ལྟ་ཆེན་པོ་བྱེད་མ་ནུས། དེ་རྣམས་ནི་སྔར་གྱི་ཆོས་ལ་ལོག་ལྟ་བྱེད་མི་རྣམས་དང་། རང་སེམས་སངས་རྒྱས་ལ་རྒྱབ་བསྟན་ནས། གནས་ལུགས་ཀྱི་དོན་ལ་མ་མོས་པ་རྣམས་དང་། དབང་ཁྲིད་ཆོས་གསུམ་ཞུ་བའི་བླ་མ་ལ་མ་དད་ཅིང་མ་གུས་པས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཏུ་སོང་ཞིང་གནོད་པའི་བྱ་བ་བྱས་པ་རྣམས་ཡིན་ཞིང་ཐར་པའི་དུས་མེད་དོ། །དམྱལ་བ་གོང་མ་རྣམས་ལས་བདུན་འགྱུར་གྱི་སྡུག་བསྔལ་ཆེ་སྟེ་མེ་ཡང་བདུན་འགྱུར་གྱིས་ཚ་ཟེར། དེ་ནི་དམྱལ་བ་ཚ་དམྱལ་བརྒྱད་པ་དེ་ཡིན་པས། དེའི་ཕ་རོལ་ན་གྲང་དམྱལ་བརྒྱད་ཡོད་ཟེར། ཕར་ལ་བལྟས་ནས་ལྕགས་རི་ཚ་དམྱལ་བརྒྱད་དང་འདྲ་འདྲ་ལ། གྲུ་ཁྱོན་བརྒྱད་ཡོད་པའི་ནང་དུ་ཆུ་སྔོ་སི་ལི་ལི་གང་བའི་ནང་དུ། མི་ཕོ་མོ་དང་དུད་འགྲོ་གཅན་གཟན་གྱི་རིགས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་པ་ཐམས་ཅད་གཅེར་བུར་འདུག །ཕྱིའི་ལྕགས་རིའི་བུ་ག་དྲ་བ་ལྕགས་ཚར་འདུག་པའི་ནང་དུ་རླུང་འུ་རུ་རུ་ཡོང་གི་འདུག །རླུང་དེ་ཕོག་པ་རྣམས་མི་བཟོད་པའི་གྲང་ངར་ཆེན་པོ་འདུག །གྲུ་ཁྱོན་གོང་མའི་ནང་དུ་མི་རྣམས་ཨ་ཆུས་ཟེར་ཞིང་འདར་ཁྲི་ལི་ལི་འདུག །དེའི་འོག་མ་རྣམས་ཀྱིས་ཀྱེ་ཧུད་ཀྱེ་ཧུད་ང་འདྲ་ཡོང་བ་ཟེར་ཞིང་འདུག །དེའི་འོག་མ་རྣམས་ནི་གྲང་དྲགས་ནས་སྐད་མ་ཐོན་ཁ་འཐམ་འདུག །དེའི་འོག་མ་མི་རྣམས་ནི་ཕྱོགས་ལྔ་དྲུག་གས་ནས་རྣག་ཁྲག་ལྷུག་ལྷུག་འབབས་ཀྱིན་འདུག །དེའི་འོག་མ་ནི་ཕྱོགས་སུམ་ཅུར་བཞི་བཅུར་མིག་མང་རིས་སུ་གས་ནས་རུས་པ་སྐྱ་ཁྲོལ་ཁྲོལ་བ་ལ་རྩ་དང་རུས་པའི་འབྲེལ་པ་ཙམ་ལས་མི་འདུག །གཤིན་རྗེ་རྣམས་ཀྱིས་ཐམས་ཅད་ཡར་ཕྱུང་ནས་འདོངས་ཟེར་བ་ན། ཁོང་རྣམས་ནི་ཨ་ཆུས་གྲང་བ་ལ་ཟེར་གྱིན་འདུག །གོང་འོག་བར་གསུམ་གྱི་སེམས་ཅན་ཐམས་ཅད་ཚ་དམྱལ་བརྒྱད་དུ་ཁྱེར་སོང་ངོ་། །ཚ་དམྱལ་བརྒྱད་ཀྱི་སེམས་ཅན་ཐམས་ཅད་གྲང་དམྱལ་བརྒྱད་དུ་བཅུག་འདུག །འདི་ན་རྒྱུན་དུ་བཞག་རྒྱུ་ཡིན་ཟེར། འདི་རྣམས་མི་ཡུལ་དུ་སྡོད་སྐབས་དགོས་པའི་ཆོས་ནི་མ་དྲན་ཕྱི་མ་སྡུག་བསྔལ་དེ་འདྲ་ཡོང་ཨེ་ཡོང་བསམ། ཚེ་འདིའི་ཟས་གོས་གཉིས་ཀྱི་ཕྱིར་དང་། ཉེ་བ་རྩ་ལག་གི་ཁ་རྒྱུག་བྱས་ནས། ཕྱོགས་རིས་བྱས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་པ་ཡིན་པས་ཐར་པའི་དུས་མེད་ཟེར། དེའི་ཕྱི་རོལ་ན་གཤིན་རྗེ་གཅིག་གིས། ཁྱོད་ཉེ་ཚེ་ཉེ་འཁོར་ཡོད་ནའང་ད་སྡོད་ལོང་མེད་མགྱོགས་པར་ཤོག་ཟེར། དེ་ནས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱིན་ནས། ཆོས་ཀྱི་རྒྱལ་པོས། ད་ལྟ་ཁྱོད་ཚེ་ཚད་མ་སོང་ཞིང་མིང་རུས་ནོར་ནས་ཁྲིད་པ་ཡིན། ད་ཁྱོད་སོང་གནས་ཁང་དེ་ཡལ་གྲབས་འདུག །མེ་ལོང་དང་ཡི་གེ་ལ་བལྟས་ན་སྐྱིད་པོ་རང་མི་ཡོང་སྟེ། ད་རེས་ཁྱོད་རང་གི་ཁྱིམ་ལ་ལོག་སོང་ལ་ཕྱིར་ལོག་དུས་དགེ་བའི་ཕྱོགས་ལ་བརྩོན་འགྲུས་ཡོད་པར་གྱིས་ནས་ཤོག །དགེ་སྡིག་གི་ཕན་གནོད་ཆེ་ཆུང་ཁྱོད་རང་གིས་མཐོང་བ་དེ་ཡིན། ད་འཇིག་རྟེན་གྱི་མི་རྣམས་ལ་ངའི་འཕྲིན་འདི་མ་བརྗེད་པར་གྱིས་ཤིག །ཡང་དགེ་མེད་ལུས་ཐོབ་དུས་ཆོས་མེད་སྟོང་ལོག་བྱས་པ་ཡིན། མི་སེམས་ཆུང་བ་རྣམས་ལ་འཕྲིན་འདི་གྱིས། །ང་ཤི་བའི་ཡུལ་ལ་སླེབས་སོང་གྱིས། །ཆོས་ཀྱི་རྒྱལ་པོ་དང་མཇལ་ལོ་གྱིས། །དམྱལ་ཁམས་བཅྭོ་བརྒྱད་མཐོང་ངོ་གྱིས། །འཁོར་བའི་རྒྱ་མཚོ་ཆེན་པོ་རྒྱ་ཆེ་ཞིང་། །འགྲོ་བ་ཕོ་མོ་མང་མེད་འདུག་གོ་གྱིས། །ཚེ་སྔོན་ལས་ཀྱིས་བདའ་བ་ཡིན། །སྲིད་པའི་རྩེ་ནས་དམྱལ་བའི་བར། །ཁྱོད་འགྲོ་བ་རིགས་དྲུག་སེམས་ཅན་ཚོ། །ལམ་འཕྲང་འགྲིམ་ས་གཅིག་ལས་མི་འདུག་གྱིས། །གཅིག་ནས་གཅིག་ཏུ་འགྲོ་བའི་མི། །ལམ་དཀར་ནག་གཉིས་ལས་མེད་དོ་གྱིས། །མི་འགྲོ་ཟེར་ས་མི་འདུག་གྱིས། །འགྲོ་ས་ཚད་མ་མི་འདུག་གྱིས། །ཡིན་མིན་གྱི་དབྱེ་གསལ་བྱེད་དོ་གྱིས། །རང་སྣང་འོད་གསལ་གྱི་མེ་ལོང་ལ། །དགེ་སྡིག་བསགས་པ་གང་བྱེད་རྣམས། །ལག་པའི་མཐིལ་ནས་གསལ་འདུག་གྱིས། །ལས་དགེ་སྡིག་གི་བྱ་བ་གང་བྱས་ཀུན། །ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཉིས། །དཀར་ནག་གི་རྩིས་གྲངས་མ་ནོར་བར། །རྡེའུ་དཀར་ནག་བསགས་འདུག་གྱིས། །མི་དགེའི་སྡིག་པ་སྤངས་པ་ལེགས་འདུག་གྱིས། །དགེ་བ་བསྒྲུབ་ན་ཐར་པ་ཐོབ་འདུག་གྱིས། །ཡར་འགྲོ་མར་འགྲོའི་འབྱེད་པ་ད་རེས་ཡིན། །དགེ་སྡིག་གི་ཆད་པ་ཡིན་འདུག་གྱིས། །དགེ་བ་ལ་སྙིང་སྟོབས་མ་ཆུང་གྱིས། །སྡིག་པ་ལ་འཛེམས་ན་ཁེ་འདུག་གྱིས། །ཐམས་ཅད་འགྲིམ་པའི་ལམ་འཕྲང་ནི། །ཁབ་ཀྱི་མིག་ལས་དོག་འདུག་གྱིས། །འཆི་བདག་གཤིན་རྗེའི་ཁ་དུག་གིས། །འབར་བ་མེ་ལས་ཚ་འདུག་གྱིས། །ལས་མི་དགེ་བྱེད་པའི་སྡུག་བསྔལ་ནི། །བར་སྣང་གློག་ལས་མགྱོགས་འདུག་གྱིས། །དགེ་སྡིག་གཉིས་ཀའི་རྩིས་གྲངས་ནི། །ག་བུར་ལས་ཀྱང་ཞིབ་འདུག་གྱིས། །ལས་དགེ་བ་བྱས་པའི་ཕོ་མོ་རྣམས། །འདི་ཕྱིའི་བསམ་པ་འགྲུབ་འདུག་གྱིས། །ངན་སོང་རྡོག་པས་ནོན་འདུག་གྱིས། །མཐོ་རིས་ཀྱི་ལམ་ལ་བཏང་འདུག་གྱིས། །བསམ་པའི་དོན་རྣམས་འགྲུབ་འདུག་གྱིས། །ལས་མི་དགེ་སྒྲུབ་པའི་ཕོ་མོ་རྣམས། །བློ་སྙིང་གཏིང་ནས་རུལ་འདུག་གྱིས། །ཐར་པའི་འགྲིམ་ལམ་ཆད་འདུག་གྱིས། །ངན་སོང་གི་ལམ་ལ་བཏང་འདུག་གྱིས། །འཆི་བདག་གཤིན་རྗེའི་ཕོ་ཉ་ནི། །ནམ་མཁའི་ཐོག་ལས་དྲགས་འདུག་གྱིས། །ཐལ་ཆེན་གྱི་ཆུ་བོ་རབ་མེད་འདི། །གཏིང་རྒྱ་མཚོ་ལས་ནི་ཟབ་འདུག་གྱིས། །གྲོགས་མེད་བར་དོ་འཁྱམས་དུས་སུ། །མགོན་སྐྱབས་དཔུང་གཉེན་མེད་དོ་གྱིས། །ལྕགས་སྲེག་གི་ས་གཞི་འབར་བ་འདི། །མེ་སྟོང་འགྱུར་ལས་ནི་ཚ་འདུག་གྱིས། །སྙིང་ཚལ་པ་བརྒྱར་བཀས་སྡུག་བསྔལ་ནི། །ཡུན་བསྐལ་པ་བས་ཀྱང་རིང་འདུག་གྱིས། །ལར་སྐྱེ་འགྲོ་སེམས་ཅན་ཕོ་མོ་རྣམས། །བསམ་བློ་ཞིབ་མོར་ཐོངས་ཤིག་གྱིས། །རང་གིས་རང་ལ་སྙིང་རྗེ་སྐྱེད་ཅིག་གྱིས། །མི་བསམ་པ་བཟང་པོ་སྐྱིད་འདུག་གྱིས། །ཡར་འགྲོ་མར་འགྲོ་རང་གི་སེམས་ལ་འདུག་གོ་གྱིས། །ལས་དགེ་བ་བྱས་པ་ལེགས་འདུག་གྱིས། །མི་ཆོས་ཡོད་རྣམས་ལ་ལེགས་འདུག་གྱིས། །ལས་སྡིག་ཅན་རྣམས་ལ་འགྱོད་འདུག་གྱིས། །མི་དགེ་བྱེད་པའི་དམུ་རྒོད་རྣམས། །གསོན་པོའི་དུས་སུ་ཡང་ཕྱུག་གིས། །ཤི་བའི་ནངས་པར་གར་འགྲོ་ལྟ་ཡོང་གྱིས། །ལར་ཁམས་གསུམ་འཁོར་བའི་སེམས་ཅན་ཀུན། །རང་སྡུག་རང་གིས་ཉོས་པ་ཡིན། །སྡུག་བསྲན་མ་ཆུང་སྙིང་རེ་རྗེ། །སྙིང་རྗེ་ཡང་རྗེ་ལ་ཚིམ་ཡང་ཚིམ། །སྡིག་པ་ཅན་ལ་འཁོར་ཡང་འཁོར། །སྡིག་པའི་འབྲས་བུ་སྨིན་འདུག་གསུངས། །གང་སྣང་དགྲ་རུ་མཐོང་ནས་ཡོད། །དགྲ་མིན་བྱ་བ་གཅིག་ཀྱང་མེད། །རང་ལས་མེ་བྱུང་རང་སྲེག་ལྟར། །མེ་ལོགས་ལ་ཡོད་པ་མ་ཡིན་ནོ། །རང་སྣང་དགྲ་རུ་ལངས་པ་འདི། །དགྲ་ཀུན་རྫོབ་འཛིན་པ་ཡ་རེ་ང་། །རྣམ་རྟོག་ལ་མ་རིག་ཡི་རེ་མུག །སྡིག་སེམས་མཚོན་ཆ་སྣ་ཚོགས་འདི། །མི་སུ་ཡིས་བརྡུངས་ཏེ་སུ་ལ་གནོད། །འདི་རང་གིས་བརྡུངས་པས་རང་ལ་གནོད། །གཞན་ལ་གནོད་པ་ག་ལ་སྲིད། །འཇིགས་པ་གཤིན་རྗེའི་དམག་ཚོགས་འདི། །སྐྱེས་པའི་ཕ་མ་སུ་ཡིན་ནམ། །དམྱལ་མའི་སྡུག་བསྔལ་སྣ་ཚོགས་འདི། །ལས་ངན་འཁྲུལ་པས་རང་ཉིད་སྡུག །སྤྱིར་མདང་སུམ་རྨི་ལམ་འདྲ་བ་ཡིན། །དམྱལ་བ་འདི་རང་སྣང་དུ་མ་ཤེས་ན། །རིགས་དྲུག་གི་སེམས་ཅན་ཐར་དུ་མེད། །ཁམས་གསུམ་འཁོར་བ་འདི་ལ་སྟོང་དུས་མེད། །རང་སྣང་འདི་སྟོང་པར་མ་ཤེས་ན། །སངས་རྒྱས་ཀྱི་ཞིང་དུ་སླེབས་དུས་མེད། །སྟོང་ཉིད་ཀྱི་འཆར་ཚུལ་མ་ཤེས་ན། །རང་སེམས་སངས་རྒྱས་སུ་རྟོགས་དུས་མེད། །རང་སྣང་གི་འགྲོ་ཚུལ་ཤེས་གྱུར་ན། །དམྱལ་བ་བཙལ་ཡང་རྙེད་པ་མེད། །དེ་རྙེད་ཀྱང་བདེ་བའི་ཞིང་ཁམས་ཡིན། །དོན་དེ་འདྲ་སྟོན་པའི་བླ་མ་ཚོལ། །ལས་ཀྱི་འཁྲུལ་སྣང་མ་གཏོགས་པ། །ཕྱོགས་འདི་ན་སུ་ཡང་ཡོད་མ་ཡིན། །རང་སེམས་ཀྱི་རང་གཟུགས་སྣ་ཚོགས་ལ། །འཇིགས་སྐྲགས་སྐྱེས་པའི་བསམ་མེད་རྣམས། །རང་སྒྲིབ་ལས་རང་ཉིད་བསྲེགས་པ་ཡིན། །མེད་བཞིན་སྣ་ཚོགས་སྣང་བ་འདི། །སྣང་ཡང་བདེན་པར་མ་གྲུབ་པའི། །སྣང་སྟོང་དབྱེར་མེད་གཤིས་ལུགས་འདི། །གནས་ལུགས་རང་ངོ་འཕྲོད་པ་འདི། །ངོ་སྤྲོད་རང་གི་སེམས་ལ་ཞོག །རང་གཟུགས་ཡིན་པར་ཁོ་ཐག་ཆོད། །རང་མིན་གྱི་གཟུགས་སྣང་གཞན་མེད་པས། །འཁོར་འདས་ཀུན་རང་སེམས་སུ་ཁོ་ཐག་ཆོད། །རྟག་ཏུ་རང་སེམས་དཔང་པོར་ཞོག །སྙིང་པོ་མ་ཎི་པདྨེ་བགྲོངས། །ཕན་ཐོགས་ཆེ་ཆུང་ཨེ་མ་མཐོང་། །འཕྲིན་དེ་རྣམས་ཐམས་ཅད་མ་བརྗེད་པར། །ལོ་རྒྱུས་དེ་ཀུན་ལ་ཤོད་ཅིག་ཨང་། །ད་ཁྱོད་རང་རང་གི་ཁྱིམ་དུ་སོང་། །གསུངས་པས། སྔར་ང་རང་ཡོང་བའི་སྒང་ཉག་དེ་ལ་ཁ་བལྟས་ནས་ཡོང་བས་དེ་མ་ཐག་ཏུ་ཁྱིམ་དུ་སླེབས་སོང་། ངའི་མལ་ས་ལ་བལྟས་པས། ཕྱ་ར་ཡིས་ཡོལ་བ་བྱས་པའི་ཕྱོགས་ན། སྔར་གྱི་ཕག་རོ་དེ་ལ་ངའི་གོས་ཕྱིང་པ་རྙིང་པ་དེས་གཡོགས་ནས་ཕག་རོ་ཙོག་ཙོག་ལ་བཞག་འདུག །ངའི་བསམ་པ་ལ་ཁོང་ཕ་བུ་རྣམས་ཀྱིས་ང་ཕག་པ་ལ་སྐྲག་གི་ཡོད་པས། ང་ལ་ངན་བྱས་ནས་བསམ་འདུག་པས་ནས། མལ་དུ་ཕག་རོ་ལ་གོས་གཡོགས་ནས་འཇོག་པ་དེས་ཅི་བྱས་བསམས་ནས། སྙིང་ན་ནས་ད་སྐྲག་མ་སྐྲག་མེད་སྙམ་ནས་གོས་དང་མཉམ་དུ་སྦྲགས་ཏེ། གོས་འདི་བུར་དགོས་བསམ་སྟེ་མིག་བཙུམ་ནས་ལག་པ་གཉིས་ཀྱིས་བཟུང་ནས་འཐེན་པས། གན་རྐྱལ་དུ་འགྱེལ་ནས་གཉིད་སད་པ་འདྲ་བ་གཅིག་བྱུང་བས་ཁ་ནས་ཤུགས་བྱས་པ་བྱུང་། བུ་ཆེ་བ་དེས་བསྟས་ནས། ཨ་མ་ཨ་མ་ཟེར་བས། ཨ་མས་ཨཱ་བྱས་པས། ཨ་མ་ལོག་འདུག་ཐམས་ཅད་ཤོག་ཟེར་བས། ཉེ་འཁོར་ཐམས་ཅད་སླེབས་བྱུང་། དེར་ལོ་རྒྱུས་ཐམས་ཅད་བཤད་པས་ཐམས་ཅད་ངུ་བཞིན་འདུག །ང་རང་ཡང་དམྱལ་བའི་སྡུག་བསྔལ་དེ་འདྲ་དྲན་ནས་སྐྱོ་བ་སྐྱེས་ནས་ངུ་འབོད་ཤོར། ནད་ཀྱང་དྲག་ནས་བྱུང་། བླ་མ་སློབ་དཔོན་རྣམས་ལ་འབུལ་བ་ཡང་ཕུལ། བླ་མ་སློབ་དཔོན་རྣམས་ལོག་བྱོན་སོང་། དེ་ནས་སྟོན་ཁ་སོང་བ་ན་མ་ཎི་དུང་ཕྱུར་གཅིག་བྱས། ཡུལ་གྱི་དགོན་པ་རྣམས་ལ་ཚོགས་འཁོར་རེ་བྱས། དེ་ནས་ཕ་བུ་གཉིས་པོར་ཆོས་རྒྱགས་བསྐུར་ནས་གང་མོས་སུ་བཏང་། ངེད་རང་མ་བུ་གཉིས་ཀྱང་བཙུན་མ་བྱས། འཇིག་རྟེན་འདིའི་བྱ་བ་བློས་བཏང་ནས་གནས་སྐོར་ལ་ཕྱིན། དེ་ལྟར་དམྱལ་བ་མངོན་སུམ་རང་འདུག །ཚེ་ཕྱི་མའི་བདེ་སྡུག་དེས་རང་གིས་རང་ལ་རག་ལས་པ་འདུག །སེམས་ནང་དུ་ལྟོས་ལ་ཐུགས་བསམ་ལེགས་པོ་ཐོངས་ཤིག་འགྲོ་བ་ཕོ་མོ་རྣམས། རང་དབང་རང་ལ་ཡོད་དུས་སུ། ཚེ་འདིའི་བྱ་བ་བློས་བཏང་ནས། རབ་ཀྱིས་གནས་ལུགས་དོན་ལ་བསྒོམ། འབྲིང་གིས་ལུས་ངག་ཡིད་གསུམ་གྱི། མི་དགེ་བ་བཅུ་སྤོངས་དགེ་བ་སྒྲུབས། དཔེ་མཁྱུད་མ་བྱེད་གཞན་ལ་སྟོན། འབྲི་དང་འཆད་དང་ཀློག་ལ་བརྩོན། གཞན་ལའང་ཕན་ཡོན་ཡོད་ཅིང་། དགེ་བ་ཅི་ནུས་སྒྲུབ་པ་དང་སྡིག་པ་སྤང་བའི་དམ་བཅའ་རེ་གྱིས། ཐ་མའང་མ་ཎི་དུང་ཕྱུར་མན་ཆད་ཁྲི་འབུམ་ཡན་ཆད་གང་ཐོན་རེ་དམ་བཅའ་སྐུ་མཛོད། ཕན་ཡོན་ཆེན་པོ་འདུག་པས། དམྱལ་ཁམས་ཀྱི་ལོ་རྒྱུས་མིག་གིས་མཐོང་། རྣ་བས་ཐོས་རུང་། ད་རུང་ཨེ་བདེན་བསམ་པ་བྱུང་བས་ཚེ་འདི་ལ་སྟོང་ཟད་མ་གཏང་ཞིག །རང་གིས་རང་ལ་སྙིང་རྗེ་སྐྱེད། རང་གིས་རང་ལ་ཤ་ཚ་གྱིས། རང་གིས་རང་ལ་ཐུགས་རྗེས་ཟུངས། རང་གིས་རང་ལ་ཞེ་མ་ཁྲེལ། བར་དོའི་གནས་སུ་འགྱོད་པའི་བྱ་བ་མ་བྱེད་ཅིག །སྡིག་པ་སྤོངས་ལ་དགེ་བ་སྒྲུབས། སྙིང་ནས་རང་གི་སེམས་ཡིན་ནོ། །ངས་མ་བརྗེད་པ་གཅིག་ཡིན་ནའང་།པུ་ཏི་བཅུ་ཙམ་ཡོད་ད་འདི་ཙམ་མིན་པ་བརྗེད་ནས་མི་འདུག །མདོ་འདིའི་ཕན་ཡོན་གྱིས། སེམས་ཅན་ཀུན་ལ་ཁྱབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་ནས། །དུག་གསུམ་གཤིན་རྗེའི་དམག་ལས་རྒྱལ་བར་ཤོག །དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །རྣམ་ཐར་འདི་སྙིང་རུས་བཏང་ནས་བཞེངས་པས། །ཕ་མ་རིགས་དྲུག་སེམས་ཅན་ཐམས་ཅད་ལས། །ཁམས་གསུམ་འཁོར་བ་དོང་ནས་དཀྲུགས་ནས་ཀྱང་། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །སརྦ་མངྒ་ལཾ།

འདས་ལོག་མ་ཀརྨ་དབང་འཛིན་གྱི་རྣམ་ཐར།

༄༅། །འདས་ལོག་མ་ཀརྨ་དབང་འཛིན་གྱི་རྣམ་ཐར་བཞུགས་སོ། །

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །བདག་སོགས་འགྲོ་དྲུག་ཐར་པའི་ལམ་ལ་དྲོངས། །ལྷག་པར་དུ་ཆོས་ཀྱི་རྒྱལ་པོའི་དམྱལ་ཁམས་བཅུ་དྲུག་གི་སྡུག་བསྔལ་མྱོང་ལུགས་དང་། དགེ་སྡིག་གི་རྩིས་གྲངས་ཞིབ་པར་ཡོད་ཚུལ་དང་བཅས་པ་རྣམས་མཁའ་འགྲོ་མ་ཀརྨ་དབང་འཛིན་ལ་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གསུང་འཕྲིན་དང་བཅས་པ་རྣམས་ཀུན་ལ་ཕན་ཕྱིར་བཤད་པར་བྱ། དེ་ཡང་རྣམ་ཐར་འདི་ཉིད་ཉན་པར་བྱེད་པ་ལ། དམ་ཚིག་རྣམ་པ་གསུམ་བསྲུང་བ་གལ་ཆེ་སྟེ། ཤེས་ཀྱང་གོང་བཅོད་མི་བྱེད་པ་དང་གཅིག །བར་དུ་མ་ཡེངས་པས་ཉན་པ་དང་གཉིས། ཐ་མ་འཆལ་བར་མི་གཏོང་བ་གསུམ། དམ་ཚིག་རྣམ་གསུམ་དང་ལྡན་པའི་སྒོ་ནས་གསན་དགོས་ཏེ། དེ་ཡང་རྣམ་ཐར་འདིའི་ལོ་རྒྱུས་ནི། ཡུལ་སྐྱིད་པོ་ལྷོ་བྲག་ལུང་པའི་ཕྱོགས། །ཡང་སྒོས་དགེ་བཅུ་ལུང་པའི་ཕུ། །འཁྲུངས་པའི་ཡུལ་ནི་ཀུན་དགའ་གླིང་ཞེས་བྱ། །ཡབ་ཀྱི་མཚན་ལ་མཚོ་སྐྱེས་རྡོ་རྗེ་ཞུ། །ཡུམ་གྱི་མཚན་ལ་ཚེ་རིང་ཆོས་འཛོམ་ཞུ། །རང་ཉིད་མཚན་ལ་འདི་ལྟར་ཞུ་བ་ཡོད། །ཡུམ་གྱིས་མཚན་གསོལ་ལྷ་དབང་བུ་ཁྲིད་ཞུ། །བླ་མས་མཚན་གསོལ་ཀརྨ་དབང་འཛིན་ཞུ། །ཡུལ་སྐྱིད་པོ་ཁྲ་ལུང་སྐོར་མོའི་དབུས། །ཡང་སྒོས་བཀྲ་ཤིས་འོག་གྲུ་རུ། །ཡབ་ཡུམ་གྲོས་བྱས་ཁྱིམ་ཐབ་བག་ལ་བརྫངས། །སྔོན་ནས་ལས་འབྲས་བཟང་པོ་ཡོད་པའི་མཐུས། །བླ་མ་རི་ཁྲོད་སྒོམ་ཆེན་ལ་སོགས་ལ། །དབང་ཁྲིད་གདམས་ངག་ལ་སོགས་མང་ཞུས་ནས། །དུས་ནམ་ཞིག་གི་ཚེ་དབེན་པའི་གནས་མཆོག་ཁྲ་ཕུ་ཞེས་བྱ་བའི་རི་ཁྲོད་ཅིག་ཡོད་པ་དེར། སྐུ་མཚམས་དང་གནས་འབྲེལ་ལ་འབྱོན་པར་ཆས་པས། ཡུལ་མི་གྲོང་པ་ཀུན་གྱིས་རི་ཁྲོད་དུ་ཁ་ཟས་ཡོ་བྱད་རྣམས་རིམ་པར་ཕུལ། དེ་ནས་ཁྲ་ཕུར་ཕེབས་པ་དང་། དཀོན་མཆོག་ལ་དད་པ་ལྷག་པར་སྐྱེས། གདུང་ཤུགས་དྲག་པོས་མཆི་མ་མང་དུ་ཤོར་ཏེ། ད་ལྟ་རྒྱན་དུ་མས་བརྒྱན་ཀྱང་། ཚེ་འདི་རྨི་ལམ་ཙམ་ཡིན་པས། དེ་ལ་དལ་འབྱོར་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་དུས་སེམས་ཅན་མཐོ་རིས་སུ་འདྲེན་ཐུབ་པའི་གདེང་ཞིག་མ་བྱུང་ཡང་། རང་སེམས་ལ་གོ་བ་ཞིག་མ་བསྐྱེད་ན། མི་ཡོང་བསམ་པའི་འདུན་པ་ཞིག་སྐྱེས་ནས། གྲུབ་ཆེན་ནོར་བུ་བཀྲ་ཤིས་ལ་དབང་ཁྲིད་གདམས་ངག་སོགས་མང་དུ་ཞུས་ནས། དེར་སྒྲུབ་པ་ལ་བཞུགས་དུས་སྤྲེའུ་ཟླ་བའི་ཚེས་བཞིའི་ཉིན། ཉི་མ་གུང་ཡོལ་གྱི་དུས་འཇའ་སྤྲིན་འཐིབས་པའི་དབུས་ན། པདྨའི་སྡོང་པོ་འདབ་མ་རྒོད་ཀྱི་གཤོག་པ་ཙམ་ཡོད་པའི་དབུས་ན། འཇའ་ཚོན་སྣ་ལྔའི་ཡོལ་དང་། བླ་རེའི་ཚུལ་དུ་ཡོད་པ། དེའི་དཀྱིལ་ན་ལྟ་བས་མི་བཟོད་པའི་གུ་རུ་རིན་པོ་ཆེའི་སྐུ་ལྟ་བས་ཆོག་མི་ཤེས་པ། ཕྱག་གཡས་ན་ཀ་པཱ་ལ་བདུད་རྩིས་གང་བའི་སྟེང་ན་ཚེའི་བུམ་པ་བསྣམས་པ། དེའི་ཞལ་ནས་མཛེ་རིགས་བཅོ་བརྒྱད་ལ་ཕན་པ་དང་། སེམས་ཅན་སྡུག་བསྔལ་ལས་ཐར་པའི་སྔགས་ལུང་རྗེས་གནང་སོགས་རྒྱས་པར་གནང་། དེའི་མཐའ་སྐོར་དུ། རྗེ་བཙུན་སྒྲོལ་དཀར་གྱི་སྐུ་བྱིས་པ་ལོ་བརྒྱད་ལོན་པ་ཙམ་པས་མཆོད་པ་འབུལ་བའི་ཚུལ་དུ་འདུག །དེའི་མཐའ་སྐོར་དུ་འཇའ་འོད་གུར་ཕུབ་པ་ལྟ་བུར་འདུག །དེ་རྣམས་མཐོང་མ་ཐག་ཏུ་དད་པ་དྲག་པོས་བ་སྤུ་གཡོ་ཞིང་། ཚེ་འདིའི་འཇིག་རྟེན་གྱི་སྣང་བ་ནུབ། ཚེ་སྔོན་གྱི་སྐྱེ་བ་ལྷང་ཙམ་རེ་དྲན། རང་གི་དྲིན་ཆེ་བའི་ཕ་མས་ཐོག་དྲངས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས། བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོ་སྐྱེས་ནས་ཡི་དམ་ལྷ་ཚོགས་མང་དུ་ཞལ་གཟིགས་པ་བྱུང་སྟེ། ད་ལན་ཡི་གེར་བཀོད་པ་མེད་དོ། །

དེ་ནས་ལོ་གཅིག་སོང་བ་དང་། འབྲུག་ལོ་ཡོས་ཀྱི་ཟླ་བའི་ཚེས་བཅུ་གཅིག་གི་ཉིན། ནད་དྲག་པོ་ཞིག་ཕོག་སྟེ། མི་ངོ་མི་ཟིན་ཅིང་བཟའ་བཏུང་ལ་སོགས་པ་གང་ལ་ཡང་དགའ་སྤྲོ་ཤོར་བ་དང་། རང་གི་གཉེན་ཚན་ལ་སོགས་པ་སྙིང་ལ་འདོད་པ་དང་། ལངས་ན་ཉལ་སྙིང་འདོད། ཉལ་ན་ལངས་སྙིང་འདོད་པ་བྱུང་། དེ་ནས་ཚེས་བཅུ་གཉིས་ཀྱི་ཉིན། རང་གི་ཕྱག་གཡོག་སྤྲུ་གུ་བསོད་ནམས་ཚེ་རིང་ཟེར་བ་ཞིག་ཡོད་པ་དེས་ངའི་གདོང་ལ་བལྟས། ཁོང་རང་ཡང་མཆི་མ་འདོན་པ་དང་། ང་ལ་འདི་ལྟར་ཟེར་གྱིན་འདུག་གོ །དཔོན་མོ་ལགས་ད་ནི་སྤྱན་སྒོར་རྣམས་ཀྱང་བརྡིབས་པ་དང་། ཤངས་ཀྱང་འཁྱོགས་ནས་མི་འདུག་པས། ཡུལ་དུ་ཕྱིན་ནས་སྡེ་པ་ལ་ཡར་ཕེབས་ཞུས་པ་མི་དྲག་གམ་ཟེར་བ་ལ། ང་རང་གི་བསམ་པ་ལ་ནད་ཨེན་ཙམ་རེ་བྱུང་ཚད་ལ། ཡུལ་ལ་འབོད་དུ་ཕྱིན་ན་ཆོས་པའི་མཚན་ཉིད་དུ་མི་འགྲོ་བར་འདུག་བསམས་ནས། དོ་ནུབ་སྡོད་དང་སང་ནས་ལྟ་རུང་བྱེད་དོ་བྱས་པས། དེ་ནས་ཉི་མ་ཕྱེད་ཡོལ་དུས་ལ་གྲང་ཤུམ་སྐྱེས་པ་དང་། སྐོམ་ཚད་ཆེ་བའི་སྟབས་ཀྱིས་ཆུ་བཏུང་བ་ཐམས་ཅད་སྣ་ནས་ལུད། དེ་ནས་འབྱུང་བ་བཞི་རིམ་གྱིས་ཐིམ་པའི་རྟགས་སུ། ས་ཆུ་ལ་ཐིམ་པའི་རྟགས་སུ་ལུས་ཡར་གཟེངས་ཀྱང་མར་བྱིང་འགྲོ་བ་དང་། ཆུ་མེ་ལ་ཐིམ་པའི་རྟགས་སུ་སྐོམ་ཚད་ཆེ་བས་ཆུ་བཏུང་བ་ཐམས་ཅད་སྣ་ལས་ལུད། མེ་རླུང་ལ་ཐིམ་པའི་རྟགས་སུ་གོན་ཀྱང་དྲོད་མེད་ལུས་འདར་སིལ་དུ་བྱུང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་དབུགས་རྟེག་ཅིང་མནན་ཀྱང་མི་ནོན་པ་བྱུང་། མིག་གི་འོད་བསྐོར་ཉམས་པས་ན་རང་གི་ཟླ་གྲོགས་རྣམས་ཀྱང་ངོ་མི་ཤེས། རྣ་བའི་སྒྲ་ཉམས་པས་ན་ཚུར་ལབ་ཀྱང་སྒྲ་མ་ཐོས། རྩ་རྣམས་རིམ་པར་ཐིམ་པས་ཕར་སྨྲ་མ་ཐུབ། ཚེ་འདིའི་སྣང་བ་ནུབ། ཚེ་ཕྱི་མའི་སྣང་བ་འཆར་མཚམས་ལ་ཐུག །རིག་པ་ཆུ་ནང་ལས་གསལ། ཨ་ཙ་མ། རང་གི་གཉེན་ཉེ་འཁོར་རོགས་སྒོས་མཛའ་རྣམས་ཡིད་ལ་དྲན་ཀྱང་མི་གཏོང་བ་འདུག །ང་གཅིག་པོར་འགྲོ་དགོས་པའི་དུས་ཤིག་བྱུང་། ཆོས་བྱས་པའི་གདེང་ཚད་ནི་མེད། དགེ་སྡིག་ཅི་བྱས་ཐམས་ཅད་རང་གི་སེམས་ལ་གསལ་ལེར་དྲན། འགྱོད་སེམས་དྲག་པོས་མཆི་མ་མང་དུ་ཤོར། དེའི་དུས་འུར་སྒྲ་དང་ཚིག་སྒྲ་ཤིན་ཏུ་ཆེ་བར་བྱུང་། དེའི་སྟེང་ལ་མར་མེ་རྫ་ཕུག་ཏུ་ཁ་གཏུམས་པ་ལྟ་བུ་ཞིག་བྱུང་། རྣམ་པར་ཤེས་པ་སྙིང་གི་དཀྱིལ་དུ་དྲན་མེད་དུ་བརྒྱལ་བྱུང་བས། དེའི་དུས་ཤི་སྙམ་པའི་སྡུག་བསྔལ་དང་། མ་ཤི་སྙམ་པའི་དགའ་ཚོར་གང་ཡང་འཛིན་རྒྱུ་མེད་པར་ཐོམ་མེར་ལུས་སོང་། དེ་ནས་དུས་ཤིག་ཙ་ན། ཕྱི་ཕ་གི་ནས་བུད་མེད་ཅིག་གི་སྐད་ལྷང་ངེ་བ་གཅིག་བྱུང་བས། བླ་མས་བཏགས་པའི་མིང་དེ་ཇི་ལྟར་དགོས་པ་འདུག་པས་སྔར་ང་རང་གི་མིང་ལ་ཨ་མས་བཏགས་པའི་ལྷ་དབང་བུ་ཁྲིད་ཟེར་བ་མ་གཏོགས་པ། བླ་མས་བཏགས་པའི་མིང་ནས་འབོད་མཁན་མེད་ནའང། དེའི་དུས་སུ་ཀརྨ་དབང་འཛིན་ཟེར་ཞིང་བོས་ནས་ང་ལ་ཚིགས་བཅད་འདི་ལྟར་གསུངས་བྱུང་། ཁྱོད་མི་རྟག་སྒྱུ་མའི་གནས་ཁང་ཞིག་པ་མ་ཤེས་སམ། སྒྱུ་མའི་ལུས་ལ་ཆགས་ཞེན་མ་བྱེད་པར། སེམས་ཆོས་ཉིད་ངང་དུ་ཡར་ཤོག་དང་། ཞེས་པའི་སྐད་ལྷང་ངེ་བ་ཞིག་བྱུང་བས། དེར་ང་རང་གིས་ཀྱང་དྲན་པ་ཚིར་གྱིས་བརྒྱབ་པས། ང་ཤི་བ་མ་ལགས་སམ་བསམ་པའི་ངང་ནས། ཡར་བལྟས་པས་ཟོམ་ཁ་ཕུབ་དེའི་དཀྱིལ་ན་བུག་པ་ཡོད་པ་ལྟ་བུ་སྐྱ་ཐལ་ལེ་བ་ཞིག་འདུག་པ་དང་། འགྲོ་འདུག་གི་སྣང་བ་གང་ཡང་མེད་ན་ཡང་། སྐད་ཅིག་དེ་ཉིད་ལ་དེའི་སྟེང་དུ་སླེབས་འདུག་པས། ང་རང་གི་མགོ་བོ་ཡིན་པ་མ་ཤེས་པར། བུག་པའི་མཐའ་ཐམས་ཅད་ཤིང་ཚབ་ཚུབ་སྐྱེས་པ། དེའི་ཁྲུ་གང་ཙམ་ན། འོད་དཀར་པོ་ཕྱི་ཐམས་ཅད་རྨ་བྱའི་སྒྲོ་མདོངས་ལྟར་ཁྲ་ཆི་ལེ་བ་ཡོད་པ། དེའི་ཕྱོགས་བཅུར་འོད་ཟེར་ཁ་དོག་མང་དུ་འཕྲོ་ཞིང་། དེ་རྣམས་མཐོང་མ་ཐག་ཏུ་སེམས་ཀྱི་ཞུམ་མེ་བ་དང་། སྣང་བ་དགུ་འགྱུར་ལས་གསལ་བ་ཞིག་བྱུང་། སེམས་ལ་ལུས་ཀྱི་རྟེན་མེད་པས་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ་ཞིག་བྱུང་། དེའི་དུས་ན་སེམས་སྐྱོ་ཆད་དེ་བ་ཞིག་བྱུང་། ཡང་དེར་བསམ་པ་ལ་ད་ལན་གྱི་བུད་མེད་ཀྱི་སྐད་དེ་དང་བསྟུན་པས། ང་ཤི་བ་མ་ལགས་སམ། བསམ་པའི་ངང་ནས་ང་རང་གི་ཟླ་བོ་རྣམས་བཙལ་བས་ནི་གཅིག་ཀྱང་མི་འདུག །ཡང་ཤི་བ་ནི་མ་ཤེས་ནས། ངས་གྱོང་ལྟོ་གོས་གཏམ་གསུམ་ལ་སྤང་བྱ་བྱས་ནས་ཆོས་བྱས་པ་ནི་མེད། ང་འདི་འདྲའི་སེམས་སྐྱོ་བ་ལ་ཡུལ་དུ་འགྲོ་བསམ་པའི་སྣང་བ་ཤར་ཙམ་གྱིས། བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུའི་འོག་གྲུ་རུ་སླེབས་བྱུང་ངོ་། །དེ་ནས་ང་ནང་དུ་ཕྱིན་པར། ངུ་འབོད་ཀྱི་སྐད་ཆེན་པོ་གཅིག་འདུག་པ་ལ། སྡེ་པའི་དྲུང་དང་སྐྱེ་རྒྱལ་ཐམས་ཅད་ཁྲ་ཕུ་ལ་བྱོན་ནས་མི་འདུག །གཡོག་མོ་ཐམས་ཅད་ཀྱིས་ངའི་མིང་ནས་འབོད་ཅིང་ངུ་འབོད་བྱེད་ཀྱིན་འདུག །ངའི་བསམ་པ་ལ། རང་ཤི་བ་ནི་མ་ཤེས། སྡེ་པའི་དྲུང་གིས་བཀའ་བཀྱོན་ཞིག་གནང་བ་ཡིན་བསམས་ནས། ངས་གཡོག་མོ་རྣམས་ལ། སྡེ་པའི་དྲུང་གིས་བཀའ་བཀྱོན་བཞིན་བྱུང་ངམ་ཅི་བྱུང་བྱས་ཏེ། ཁོང་རྣམས་ཀྱི་དཔུང་པ་ནས་བཟུང་སྟེ་ཡར་བླངས་ཀྱང་མ་མཐོང་བཞིན་བྱེད་ཀྱིན་འདུག །ཡང་ཕྱི་མ་གི་ན་ངུ་འབོད་ཀྱི་སྐད་ལྷང་ངེ་བ་ཞིག་འདུག་པར། ངས་ཕྱིར་བལྟས་པས། མི་ཐམས་ཅད་ང་ཤི་བ་ཡིན་པ་འདུག་ཟེར་བའི་གླེང་མོ་སྣ་ཚོགས་བྱེད་ཀྱིན་འདུག །ཡང་ལ་ལ་རྣམས་ནི་ང་ལ་གནང་འཁྱོངས་བཟང་ལ་ཐུགས་ཆུང་བ་ཡོད་པས་ཕངས་པ་ལ་ཟེར་ཞིང་འདུག །ལ་ལ་རྣམས་ཀྱིས་རུ་ངར་ལ་ཕྲག་དོག་པ་ཡོད་ཟེར་ཞིང་ལྐོགས་བཤད་མང་དུ་བྱེད་ཀྱིན་འདུག་པ་ལ། དེ་ཡང་ངའི་སེམས་ལ་ཕོག་སྟེ། མི་ངུ་མི་རྣམས་ཀྱི་གདོང་ལ་བལྟས་ནས་མཆི་མ་ཤོར་བ་ཞིག་བྱུང་ཡང་། མི་འཆོར་བ་ལྟར་བྱས་ནས་ནང་དུ་སླེབས་པ་དང་མཆི་མ་མང་དུ་ཤོར། ཡང་ཁོང་རྣམས་ལ་ལ་ནི་སྲས་མོ་གྲོངས་ཟེར། ལ་ལ་དཔོན་མོ་གྲོངས་ཟེར། ལ་ལ་ནི་སྲས་མོ་སྙིང་རྗེ་ཟེར། ལ་ལ་ནི་སྡེ་པ་སྙིང་རྗེ་ཟེར། ངུས་པ་ལ་བརྟེན་ནས་རྣག་ཁྲག་གི་སེར་བ་བྱ་མོའི་སྒོ་ང་ཙམ་བབས་ནས་རུས་པ་རྣམས་བཅོམ་སོང་བསམ་པ་དང་། པགས་པ་རྣམས་བརྟོལ་སོང་བསམ་པའི་སྡུག་བསྔལ་དང་འུར་སྒྲ་ཆེན་པོ་ཞིག་ཀྱང་བྱུང་ངོ་། །ཡང་རང་གི་ལུས་ལ་བལྟས་པར་གོས་སྔར་ཇི་བཞིན་གོན་པ་ལྟར་གོན་འདུག །ཡང་སེར་བ་བབས་ཙ་ན་ལུས་རྗེན་པ་རུ་འདུག །སྡུག་བསྔལ་བཟོད་བླག་མེད་པའི་འོ་དོད་ཅིག་ཀྱང་ཤོར། ཡང་གཟུགས་མེད་པའི་སྐད་ལྷང་ངེ་བ་གཅིག་གིས་ཁྱོད་ཁྲ་ཕུར་ཤོག་དང་ཟེར་བ་ཞིག་བྱུང་བས། དེ་མ་ཐག་ཏུ་འགྲོ་དགོས་བསམ་པའི་སྣང་བ་ཤར་ཙམ་གྱིས་ང་ཁྲ་ཕུར་སླེབས་བྱུང་ངོ་། །སྡེ་པ་དཔོན་གཡོག་རྣམས་ཀྱང་ཁྲ་ཕུ་ལ་ཕེབས་འདུག །ཇ་ཆང་ལ་སོགས་པ་མང་པོ་བྱས། བཙུན་པ་གཉིས་ཀྱིས་སྐུ་འདྲ་ཞལ་ཐང་རྣམས་བཀྲམས་ནས། མཆོད་པ་ཤོམ་གྲབས་བྱེད་ཀྱིན་འདུག །ཡང་ངའི་བསམ་པ་ལ་རང་ཤི་བ་ནི་མ་ཤེས། ཚེས་བདུན་གྱི་མཆོད་པ་ཞིག་ཡོད་པ་ཡིན་ནམ་བསམ་པ་བྱུང་། ཡུལ་ནས་མི་གཅིག་སླེབས་གཉིས་སླེབས་སྡེ་པའི་དྲུང་གི་སྐུ་ཕྱོགས་སུ་སླེབས་ནས། ཐམས་ཅད་སྡེ་པ་ལ་ཆང་འདྲེན་ཅིང་སེམས་གསོ་བའི་གླེང་མོ་མང་དུ་ཞུ་ཞིང་འདུག །དེ་ནས་གཉེར་པ་བདེ་ཆེན་གྲགས་པ་སླེབས་ནས། ངས་སྤོས་ཤེལ་དང་ཐོད་ཚི་བྱི་རུ་རྣམས་རས་ལ་བསྒྲིལ་ནས་གཏོང་ཁང་གི་ནང་དུ་བཞག་སོང་། དེ་ནས་སྡེ་པའི་དྲུང་ལ་ཕྱག་ཕུལ་ནས། ཞབས་དྲུང་ལགས་སྤྱན་ཆབ་མི་སྙིལ་རོགས་མཛོད། དེ་ཁམ་ཆེ་དང་ཐུགས་ངལ་ཆེ་བ་ཐུགས་དངོས་ཀྱི་བདེན་ཏེ། ཁོང་འགོ་གྲུའི་མནའ་མ་མཛད་པའི་ཐུགས་རྩིས་མེད་པའི་ཁྲབ་ཤོས་སྦས་ཁུར་གྱི་བུ་མོ་ཐམས་ཅད་ཆོས་ལ་འཁྲིད་པའི་གླེང་མོ་མང་པོ་མཛད་ཀྱིན་འདུག་པས། འདི་འོག་གྲུའི་རྒྱལ་པོས་བསྡུས་པ་ཡིན་ཡོང་ཟེར། ཁོང་གྲོངས་པ་བས་ཁྱེད་ཀྱི་ཕྱག་མཛུབ་ཅིག་བསྙུང་བ་སྡུག་བསྔལ་ཆེ་བས། གང་ལྟར་ན་སྤྱན་གྱི་སྡུག་བསྔལ་བས་ཕྱག་གི་སྡུག་བསྔལ་དང་། སྐུ་སྤུར་འདི་རྣམས་བསེང་བ་ལ་བརྩོན་འགྲུས་མཛད་པ་གྲགས་ཟེར་བ་ལ། སྡེ་པ་ཡང་སྤྱན་ཆབ་མང་དུ་འདོན་གྱིན་འདུག །སྡེ་པའི་ཞལ་ནས། ཉི་མ་གནམ་གྱི་གུང་ནས་རྒས། ངེད་གཉིས་ཀྱི་འགྲོགས་ཡུན་གྱི་ཐུང་མི་ཐུང་ལ། གྲོགས་གཅིག་པོ་དེ་དང་འབྲལ་དགོས་པའི་དུས་བྱུང་ཞེས་སྤྱན་ཆབ་མང་དུ་འདོན་གྱིན་འདུག །ཡང་སྡེ་པའི་ཞལ་ནས། སྔར་ཡང་གྲོངས་ལོག་བྱུང་བ་ཡིན། ད་རུང་གྲོངས་ལོག་ཡོང་ཤས་ཆེ་བས། སྔར་གྲོངས་ལོག་བྱུང་བའི་སྐབས་སུ་གླིང་ཟ་ཆོས་སྐྱིད་ཁ་སྐྱེངས་པའི་གཏམ་མང་ཏུ་ཁྱེར་བྱུང་བའི། ཞེ་དགུ་མ་སོང་རིང་ལ་སྐུ་སྤུར་ལ་ཐོ་རེག་པ་མ་བཏང་བ་དྲག་ཟེར་གྱིན་འདུག་པ་ལ། ང་རང་ཡང་མཆི་མ་ལྷུག་པར་ཤོར། དེར་ང་ཤི་མ་ཤི་དབྱེར་མ་ཕྱེད་པར་ཐེ་ཚོམ་སྐྱེས་ནས་བྱུང་ངོ་། །

ཡང་ང་མ་ཤི་བསམ་པའི་སྣང་བ་ཤར་ཏེ། ངས་སྡེ་པའི་ཕྱག་ལ་འཇུས་ཏེ། ང་རང་ཡང་མ་ཤི་ཟེར་བའི་ལོ་རྒྱུས་མང་དུ་བྱས། སྡུག་བསྔལ་བྱེད་མི་དགོས་ཟེར་བའི་ལོ་རྒྱུས་མང་དུ་བྱས་ཀྱང་། སྡེ་པའི་དྲུང་དང་ཁོང་དཔོན་གཡོག་ཐམས་ཅད་ང་ལ་ལན་མི་སྟེར་བར་འདུག །ངའི་བསམ་པ་ལ་མི་ཐམས་ཅད་ང་ལ་ཁྲོས་ནས་འདུག་བསམ་པ་བྱུང་། དེ་ནས་གསོལ་ཇ་གཅིག་སྡེ་པའི་དྲུང་ལ་ཞུས་སོང་། ངས་ཀྱང་སྔར་གྱི་བག་ཆགས་ཀྱིས་སྡེ་པའི་དྲུང་གི་བཞུགས་གདན་ནོན་ཙམ་བྱས་ནས་བསྡད་པའི་མི་གཞན་རྣམས་ལ་ཇ་བྱིན། ང་ལ་མ་བྱིན་པར་འགོམས་ནས་སོང་། ད་རུང་མ་ལྡང་པ་ཡིན་ཡོད་སླར་འདབས་ནས་ཁྱེར་ཡོང་བསམ་པ་བྱུང་། དེ་ནས་སྡེ་པའི་དྲུང་གི་ཚེ་རིང་རབ་བརྟན་ལ་ཇ་གཅིག་རྒྱག་རྒྱུ་བསྐུར་སོང་བས། ཇ་དེ་ནས་འདེབས་གཅིག་འཕྲི་ནས་གཡས་དར་གྱི་ནང་དུ་བླུགས་སོང་། ངའི་བསམ་པ་ལ་གཟའ་ཆུང་ལ་བྱ་བ་ཉེས་པ་འདི་འདྲ་བ་བྱེད་པ་བསམས་ནས་ཁོང་དཔོན་གཡོག་གཉིས་ཀ་ལ་ཁྲེལ་བ་ཞིག་བྱུང་། དེ་ནས་གསོལ་བ་ཞིག་དྲངས་སོང་བ་ལ། སྡེ་པ་དང་མཉམ་དུ་གྱིས་ཀྱང་མི་ཟེར། སྡེ་པའི་མཉམ་དུ་སོང་ཡང་མི་གསུང་བར་འདུག །ང་ལ་ལོགས་སུ་མ་བྱིན། ང་རང་ལ་ཟ་བའི་དབང་ནི་མི་འདུག །ང་ཡི་མིག་ནས་མཆི་མ་མང་དུ་ཤོར། ཨ་ཙ་མ་ཆོས་བྱེད་བྱས་པས་ནི་ཆོས་བྱེད་དུ་མ་བཅུག །རང་གི་ཕ་ཡུལ་དུ་ཕ་མ་དང་སྡོད་དུ་མ་བཅུག །ཁྱོད་ཀྱི་སྐྱིད་ཁག་ངས་ཁྱག་ཟེར། ཆོས་བྱེད་ལོང་མེད་པར་འཇིག་རྟེན་གྱི་བྱ་བ་ལ་བཅུག །ད་གཡོག་འདི་ཚོའི་བྱེད་ལུགས་དང་། སྡེ་པའི་དྲུང་གི་མཛད་སྤྱོད་མང་བའི་ཤེས་ཀྱི། ང་ལ་ཟ་དབང་དང་འཐུང་དབང་ནི་མི་འདུག །ད་ང་ཆོས་ལ་འགྲོ་དགོས་བསམས་ནས། དགོན་པའི་སྒོ་ཕྱིར་ཐོན་ནས་ཁ་ལོག་ཅིག་བྱས་ཏེ། ངས་སྡེ་པའི་དྲུང་ལ་དང་པོ་ཕ་མའི་གཅེས་ཕྲུག་བྱེད་པའི་དུས་ཁྱེད་ཀྱིས་ཡེ་བྱེད་ཁུ་བྱེད་ཀྱིས་ལུང་པ་ཁེངས། ད་ནི་ང་ལ་ཟ་དབང་དང་འཐུང་དབང་ནི་མེད། མི་རྣམས་ཀྱི་ཁ་ལ་ཉན་ནས་ལྟོ་གྲལ་དང་ཆང་གྲལ་ནས་དོན། སྤྱིར་སྐུ་སྐྱེ་རྒྱལ་བ་ལ་གཞུང་དང་ཁྲེལ་མི་འདུག །སྒོས་སྡེ་པ་གཡུ་རྒྱལ་ཕུན་ཚོགས་ལ་གཞུང་ཕྱི་ཐག་མི་འདུག །རང་གི་ཕ་མས་བྱིན་པའི་རྒྱན་ཆས་རྣམས་བསྡམས། དང་པོར་ལྷ་མོར་མཐོང་། ད་ནི་ཁྱི་ལྟར་འཁྱམས། ལབ་པའི་རྗེས་ནི་ཆུ་ལ་དབྱུག་པ་བརྒྱབ་པའི་རྗེས་ཙམ་ཡང་མི་འདུག །བུད་མེད་ཀྱི་སྐྱིད་སྡུག་དེ་སྐྱེ་ལ་རོ་ཐག་མ་ཁོན་བར་དུ་མི་ཤེས་ཟེར་བ་དེ་ད་ལྟ་ངའི་ཐོག་ཏུ་བྱུང་། བུ་མོ་སྔར་འཇིག་རྟེན་མ་བྱས་པ་རྣམས་ཆོས་གྱིས་ཟེར་དགོས་བསམ་པ་ཡང་མང་པོ་བྱུང་། སྡེ་པའི་དྲུང་ཁྱེད་དཔོན་གཡོག་རྣམས་གསན་མཛོད་ཅིག །སྔར་ངའི་སྡེ་པ་རྡོ་རྦབ་ཡུར་ཚངས་སུ་བྱུང་འདུག་པས། ད་ཁྱེད་ནོར་འདུན་མས་འཚེངས་པ་མཛོད་ཅིག །ང་ཆོས་ཀྱིས་འཚེངས་པ་བྱེད་དོ་བྱས། སྡེ་པའི་དྲུང་ཐུགས་མ་འགྱོད་པ་མཛོད་ཅིག་བྱས། ང་ཆོས་ལ་འགྲོ་དགོས་བསམས་ནས་ཐེ་ལེ་བ་ཞིག་ཕྱིན་ནོ། །ཁོང་ཐམས་ཅད་འཁུན་ཐང་ངེར་བསྡད་དེ། ང་ལ་སྡོད་ཟེར་བའི་མི་ནི་གཅིག་ཀྱང་མི་འདུག །དེའི་སྟེང་ལ་ཕུ་ཡ་གི་ནས་མི་མ་ཡིན་མང་པོ་སྐད་ཤབ་ཤུབ་བྱེད་ཅིང་ཡོང་གིན་འདུག །དེ་རྣམས་ཀྱི་གཏམ་གྱི་ཚིག་ལ་ཉན་པའི། མ་གིའི་ཡུལ་དགེ་བཅུ་ལུང་པ་ན། སྟོན་མོ་ཞིག་ཡོད་པར་འདུག་པས། ངེད་རང་ཚོ་འགྲོ་ཡོང་ཟེར་ནས་གོམ་པ་ལ་རིང་ཐུང་མེད་པ་བྱས་སོང་ངོ་། །

ངས་ཀྱང་ཁོང་གི་རྗེས་བསྙེགས་ཕྱིན་པས། སྐད་ཅིག་ཙམ་ལ་ང་རང་གི་སྐྱེ་ཡུལ་ཀུན་དགའ་གླིང་དུ་སླེབས་བྱུང་། གཟིམ་ཁང་ནང་དུ་འགྲོ་དགོས་བསམ་པ་ལ། སྔར་འདྲེས་པའི་ཁྱི་རྣམས་ང་ལ་རྨུག་གི་འདུག །དེ་ནས་དབུ་མཛད་ཆོས་རྒྱལ་བསོད་ནམས་ཀྱིས། དགོན་པར་གཏོར་མ་གཏོང་བའི་སྐད་ཅིག་འདུག་པ་ལ། དེར་ཆུ་དང་སྤག་གི་རིལ་བུ་མང་པོ་ཕྱིར་བསྐྱུར་བྱུང་བ་ལ། རིགས་དྲུག་གི་མི་མ་ཡིན་ཐམས་ཅད་དེར་འདུས་ནས། གཏོར་ཆུ་དང་གཏོར་རིལ་ལ་ཤ་རུལ་ལ་སྦྲང་མ་འདུས་ལྟ་བུར་བོས་པའི་མགྲོན་རྣམས་ཀྱིས་ཁྱེར། དེའི་ལྷག་མ་རྣམས་ནི་འོག་གི་མགྲོན་རྣམས་ཀྱིས་ཁྱེར། དེའི་འོག་མ་དབང་ཆུང་བ་རྣམས་ཀྱིས་མ་ཐོབ་པར། བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་ཁ་ས་ལ་སྦུབས་ནས་འོ་དོད་ཆེན་པོ་གཏོང་གིས་འདུག །ལ་ལ་རྣམས་ནི་གཅིག་ལ་འཇུས་ནས་ངུ་ཞིང་བསྡད་འདུག །ང་རང་ཡང་སྐུ་ཆེ་བའི་སྟབས་ཀྱིས་ཁ་སྐོམ་གྲོད་པ་ལྟོགས་ཀྱང་དེར་སློང་དུ་མ་ཕྱིན། དེ་རྣམས་མཐོང་བ་ཙམ་གྱིས་སྙིང་རྗེ་དྲག་པོ་སྐྱེས་ཏེ། སྐྱེས་ཀྱང་རང་ལ་སྟེར་རྒྱུ་ནི་མི་འདུག །ལོང་མས་ལོང་མ་ཁྲིད་པ་ཡིན་པར་འདུག་བསམས་ནས། སྐད་ཆེན་པོས་ངུ་འབོད་ཤོར་རོ། །ཡང་གཟུགས་མེད་པའི་སྐད་ལྷང་ངེ་བ་ཞིག་བྱུང་བས། སྔོན་དགེ་བའི་ལས་འབྲས་མེད་པ་དང་གཅིག །རང་གི་སྡུག་བསྔལ་མྱོང་དགོས་པ་དང་གཉིས། དགེ་བའི་བཤེས་གཉེན་དམིགས་པ་རྒྱ་ཆུང་བ་དང་གསུམ། དེ་གསུམ་འདུས་པ་ཡིན་པས་ཁྱོད་རང་སྡུག་བསྔལ་མ་བྱེད་ཅིག་ཟེར་གྱིན་འདུག་པ་ལ། དེ་མ་ཐག་ཏུ་ང་རང་གི་ཕ་མ་གཉིས་ཀྱང་སེམས་ལ་དྲན་ཏེ། ཟག་རུམ་དགོན་པར་འགྲོ་དགོས་བསམ་པའི་སྣང་བ་ཤར་ཙམ་གྱིས། སྐད་ཅིག་ཉིད་ལ་ཟག་རུམ་དགོན་པར་སླེབས་བྱུང་། དེར་ཨ་མ་ལགས་ཞབས་སྐོར་ལ་ཕེབས་འདུག །ངས་ཨ་མ་ལ་ལྟོ་ཞིག་དང་ཆང་ཞིག་གནང་དང་བྱས་པས། ཨ་མ་ནི་ང་ལ་ཅི་ཡང་མི་གསུང་བར་མ་མཐོང་བ་བཞིན་བྱས་ནས་སྐོར་བ་ལ་བྱོན་སོང་། ཡང་ངའི་བསམ་པ་ལ། སྔར་ཡིན་ན་འོག་ཏུ་རྟ་ཞོན། གདོང་ལ་འཁྱོས་མའི་འུ་ལགས་བསྡས་ཡོང་ཙ་ན། ཨ་མ་ལགས་ཀྱིས་ཨ་ཅེ་ཕེབས་བྱུང་ཟེར་ནས། བསུ་ཆང་དང་ཞབས་ཏོག་ལྷག་པར་ཅན་མཛད་ཀྱིན་ཡོད་པ་ལ། ད་ལན་ཨ་མའི་སྤྱན་དང་ངའི་མིག་མ་འཕྲད་པ་མཛད་ཀྱིན་འདུག་པ་ལ། ངའི་སྔོན་དུ་སྡེ་པའི་དྲུང་གི་ཡི་གེ་ཞིག་འབྱོར་པ་ཡིན་ནམ་བསམ་པ་བྱུང་། རང་གི་ཕྲུ་གུ་ལ་མི་བསམ་པར། མིའི་བུ་ལ་བསམ་རྒྱུ་ཡིན་པར་འདུག་བསམ་ནས་སེམས་ཡིད་ཐག་ཆད་པ་གཅིག་བྱུང་། སླར་སྐོར་ཁང་གི་ཁ་ཕྱིར་ལོགས་ལ་ཕྱིན་ནས་ཨ་མའི་ན་བཟའ་ལ་འཇུས་ནས། ངས་སྔར་འཇིག་རྟེན་ཕ་མ་དང་གྲོས་མཐུན་དུ་བྱས་པའི། བཀོད་ཚད་ཐོད་པའི་རི་མོ་ལ་བཀོད་ཡོད་བསམས་ནས། སྡེ་པའི་དྲུང་གི་ཤར་མོ་ཡང་ཁོང་རང་གིས་བརྟེན། རྡུང་རྡེག་དང་བཀའ་བཀྱོན་སོགས་མང་བར་གནང་ཡང་། བུ་མོའི་ལུས་འདི་འདྲ་བཀའ་བ་སྤྱོད་དགོས་པ་ཡིན་ཡོད་བསམས་ནས། ཕ་མས་སྙན་ཀྱང་མ་བཀྲོགས། ད་ནི་རང་ལ་ཕྲུ་གུ་མེད་པའི་ཤེས་ཀྱིས། ལྟོ་གྲལ་དང་ཆང་གྲལ་ནས་བཏོན། སླར་ཕྱི་ཐག་མེད་པའི་བྱ་བ་མང་དུ་བྱས་བྱུང་བས། ང་ནི་བྱ་རྒྱུ་ཆོས་ལས་མེད་པས། ད་ལན་གྱི་ལབ་གཞི་འདི་དང་གླེང་གཞི་འདི་རྣམས་ཕ་མ་གཉིས་ལ་མཛད་དཀའ་མི་བྱེད་པའི་ང་ལ་ལྟོ་ཞིག་གནོང་དང་། ང་ཆོས་ལ་འགྲོ་བ་ཡིན་བྱས་པས། ཨ་མས་ནི་མ་ཐོས་མ་མཐོང་བ་བཞིན་བྱས་ནང་ལ་ཐེག་སོང་། ང་རང་ཡང་སེམས་ཡིད་ཐག་ཆད་ནས་ས་ལ་འགྱེལ་མཆི་མ་མང་དུ་ཤོར། ཡང་བསམ་བློ་བཏང་ཙ་ན། རང་གི་གྲོགས་དང་འཁོར་གཡོག་རྣམས་ཀྱིས་མཐོང་བཏང་བའི་རྗེས་སུ། ཕ་མ་གཉིས་ལ་རེས་ཀྱང་མི་འཚེངས་པ་འདུག་བསམས་ནས། ཨ་མས་ཤོག་མ་བྱས་ཀྱང་། ངས་ཨ་མའི་རྗེས་ལ་ནང་དུ་ཕྱིན་པས། ཁོང་རང་དཔོན་གཡོག་ཐམས་ཅད་གསོལ་བ་བཞེས་ཤིང་འདུག །ང་ལ་ཟོ་ཡང་མི་ཟེར་ཞིང་མ་མཐོང་བཞིན་བྱེད་ཀྱིན་འདུག །ཨ་མས་ལྟོ་ཞིག་བྱིན་ཡོང་བསམས་ནས། ཨ་མས་རྒྱབ་ཏུ་བསྡད་པས་ལྟོ་ནི་བྱིན་མ་བྱུང་། ཁོང་རང་དཔོན་གཡོག་ཐམས་ཅད་གསོལ་བ་བཞེས་ཤིང་མི་རྣམས་ལ་ཡར་བཤད་མར་བཤད་མང་དུ་བྱས་ཕྱི་ལ་དོན་སོང་། ངས་བསམ་པ་ལ་ཐམས་ཅད་ཁྲོས་འདུག་བསམས་ནས། ཕྱི་ལ་ཕྱིན་པས་སེམས་ཡིད་ཐག་ཆད་པས་ས་ལ་འགྱེལ་མཆི་མ་མང་དུ་ཤོར། ཡང་ངའི་བསམ་པ་ལ་གྲུབ་ཆེན་ནོར་བུ་བཀྲ་ཤིས་ཀྱིས་ང་རང་ལ་བར་དོའི་སྣང་ཚུལ་གནང་བ་རྣམས་ལམ་གྱིས་དྲན་བྱུང་། དེ་ནས་ཤི་བ་ཡིན་སྙམ་ནས། ལུས་ལ་གྲིབ་སོ་ཡོད་མེད་བལྟས་པས། ལུས་ལ་གྲིབ་སོ་ཡང་མི་འདུག །གོམ་པ་ཕར་འགྲོ་ཚུར་འགྲོ་བྱས། རྡོག་སྐད་དང་སྡིག་སྒྲ་ཡང་མི་འདུག །ཨ་ཙ་མ་ཤི་བ་ཡིན་པ་འདུག་བསམས་ནས། ཨ་ཙ་མ་ང་མི་ཡུལ་དུ་སྡོད་རིང་ནི། མཐོངས་ཁ་ལ་བལྟས་པའི་ཡུན་ཙམ་ལས་མ་བྱུང་། ཆོས་བྱས་པའི་གདེང་ཚད་ནི་མེད། རང་དབང་ཡོད་དུས་སྦྱིན་པ་འདི་གཏང་ཟེར་རྒྱུ་ནི་མེད། གཤིན་རྗེ་རྣམས་ཀྱིས་ད་ལྟ་གཟུང་ཡོང་བསམ་པའི་འོ་དོད་ཆེན་པོ་ཤོར་རོ། །དེ་ནས་སྐད་ཅིག་དེ་ཉིད་ལ་བུད་མེད་རས་དཀར་པོའི་གོས་གྱོན་པ་སྐྲ་རྒྱབ་ཏུ་བཅིངས་པ་ལག་ཏུ་ཌ་རུ་ཁྱེར་བའི་བུད་མེད་དེས། ངའི་དཔུང་པ་ནས་བཟུང་ཡར་བསླངས་བྱུང་། སྡུག་བསྔལ་མ་བྱེད་ཡར་ལོངས་དང་། ཉོན་མོངས་སླེབ་དུས་གཉེན་པོས་མ་སླེབ་ན། ཆོས་ཡོད་ཟེར་བ་རྫུན་དང་ཚིག་རྩུབ་ཡིན། སྐྱེ་འཆི་མིའི་བསོད་ནམས་ཡིན། ཡང་ཡང་ཡོང་བ་ཐུབ་པས་གསུངས། ཤི་བ་ནི་ཁྱོད་གཅིག་པུ་མ་ཡིན་པས་ཐམས་ཅད་འགྲོ་བའི་ལམ་ཡིན་ནོ། །སྡུག་བསྔལ་མ་བྱེད་པར། ངེད་རང་གཉིས་སྔར་ཕྱིན་པའི་ལམ་དེ་ལ་བསྡེབས་ནས་འགྲོ་ཡོང་ཟེར་ཞིང་སེམས་ངོའི་ངོ་སྤྲོད་དང་བཅས་གནང་བྱུང་ངོ་། །

ང་རང་ཡང་ཁོང་གི་རྗེས་ལ་འགྲོ་བསམས་ནས། ཨ་མས་ནི་མིག་ཀྱང་མི་ལྟ་བར་འདུག་བསམས་ནས། ང་རང་གིས་ཨ་མའི་མཚན་ནས་བརྗོད་ནས་ང་རང་བསྡད་དུས་ནི་ཨ་མས་བཟའ་བཏུང་ཡང་མ་བྱིན། ད་ནི་འགྲོ་དགོས་པའི་དུས་ཤིག་བྱུང་། ཨ་མ་ཐུགས་མ་འགྱོད་པ་མཛོད་ཅིག །ཁ་ནས་ནི་ཐག་ཆོད་ཆོད་འདྲ་བ་བྱས། སེམས་ནི་ང་རང་གིས་ཨ་མ་འབྲལ་མ་ཕོད་པའི་སྟབས་ཀྱིས། ངའི་རྗེས་ལ་རྗེས་སྙེག་ཅིང་སླེབ་ཡོང་ངམ་བསམ་པའི་རེ་བ་ཞིག་བྱས། ཟུར་མིག་ཚིག་གེ་བ་ཕྱིན་པའི། ངའི་རྗེས་ལ་ཡོང་མཁན་ནི་གཅིག་ཀྱང་མི་འདུག །དེ་ནས་རང་གི་ཡུལ་དེ་ནི་རི་ཆེན་པོ་གཅིག་གིས་རིབ་སྟེ་བསྒྲིབས་སོང་། སེམས་སྐྱོ་ཆོད་དེ་བའི་ངང་ནས་མཆི་མ་མང་དུ་ཤོར་དུ་བྱུང་ངོ་། །དེ་ནས་ངས་ཕར་ཕྱིན་པའི་ས་ནས། ལམ་ཁ་བྲག་གསུམ་ཡོད་པའི་བར་མ་དེ་ལ་ཕྱིན་པས། དེར་ཉི་མ་ལྷོ་ནུབ་ཀྱི་ཕྱོགས་ན་རི་ཆེན་པོ་གནམ་ལ་ཟིང་ངེ་བ་ཡོད་པའི་སྟེང་ན། ང་རང་གི་ཨ་ཁུ་ལགས་ཡིན་ཟེར་བ་ཞིག་དབུ་དྲོ་ཡོམ་མེ་ཡོད་པ། ཕྱག་ན་ཕྲེང་བ་ནག་པོ་ཐོགས་པ། ཕྱག་ཞབས་གཉིས་གར་སྟབས་ལིང་ངེ་བ་ཡོད་པ་དེས། ང་ལ་ཀརྨ་དབང་འཛིན་ཟེར་ཞིང་མིང་ནས་བོས་ཏེ། ཁྱོད་རང་གི་ལམ་སྣ་ནོར་སོང་གསུངས་ནས། ང་ལ་ཚིགས་བཅད་འདི་ལྟར་གསུངས་སོ། །འཁོར་བ་རྒྱ་མཚོ་འཁྱིལ་བའི་ནང་ཞིག་ན། །ཉོན་མོངས་སྡུག་བསྔལ་ཉ་མོ་འཁྱུག་འདྲ་ཡོད། །ཁྱོད་རིག་འཛིན་ཐར་བ་སྒྲུབ་འདོད་ན། །བློ་ཞེ་སྡང་སྤོངས་ལ་ཡར་ཤོག་དང་། །རྨི་ལམ་བར་དོའི་གྲོང་ཁྱེར་ན། །ཞེན་ཅིང་ཆགས་པས་འཁོར་བར་འཁྱམས། །ཁྱོད་བདེ་ཆེན་ཐར་པ་སྒྲུབ་འདོད་ན། །འདོད་ཆགས་སྤོངས་ལ་ཡར་ཤོག་དང་། །ང་ནི་འཇིག་རྟེན་ཀུན་གྱི་ལྷ། མུན་པ་སེལ་བའི་སྒྲོན་མེ་ང་ཡིན་པས། །ཁྱོད་རིག་འཛིན་བདེ་བ་ཐོབ་འདོད་ན། །ཕྲག་དོག་སྤོངས་ལ་ཡར་ཤོག་དང་། །གསུངས་ཤིང་ལམ་དཀར་ནག་ཁྲ་གསུམ་དང་། འོད་ཟེར་ཁ་དོག་སྣ་ལྔ་དེ་ཐམས་ཅད་ཀྱི་ངོ་སྤྲོད་མང་དུ་མཛད་བྱུང་། དེ་ནས་ཡང་ང་ཡར་འགྲོ་དགོས་བསམ་པ་དང་། རླུང་དམར་ཆེན་པོ་གཅིག་ལངས་ཏེ། ང་དབང་མེད་དུ་ནམ་མཁའ་ལ་བཏེག་ནས། ཡར་ཁྱེར་མར་བརྡབས། མིག་གི་ལྟ་སྣང་ལ་མགོ་བརྙན་རིགས་མི་གཅིག་པ་མིག་ག་ཚུགས་སུ་ལྟ་བ།

མཆེ་བ་གངས་རི་ཙམ་གཙིགས་པ། ལུས་ལ་སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ། རུས་པའི་རྒྱན་དྲུག་གསོལ་བ། ལ་ལ་ནི་ཐོད་པ་ལག་ཏུ་ཐོགས་ནས་ཀླད་པ་ལྡག་ཅིང་ཡོད་པ། ལ་ལ་མིའི་རྒྱུ་མ་འདོམ་ལ་འཇལ་ཞིང་འདུག །ལ་ལ་མིའི་རྐང་པ་ནས་ལུས་ཕྱེད་མར་གཤགས་ནས་ཤ་ཟ་ཞིང་འདུག །ལ་ལ་ནི་མཚོན་ཆའི་རིགས་ནམ་མཁའ་ལ་འཕྱར་ཞིང་འདུག །དེ་ན་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་པ། དེ་རྣམས་དང་ང་གཉིས་ཁ་རླངས་བུ་ཡུག་འཚུབས་པ་བཞིན་དུ། ཡར་བསྡེབས་མར་བསྡེབས་མང་དུ་བྱས་བྱུང་བས། དེའི་དུས་ན་ཕ་མ་དང་གཉེན་ཉེ་འཁོར་གྲོགས་སྒོས་མཛའ་དང་བཅས་པ་རྣམས་ཡིད་ལ་དྲན་ལོང་མ་བྱུང་། དེ་ནས་རླུང་དམར་དེས་ཐང་ཆེན་པོ་ཞིག་ཏུ་བསྐྱལ་བྱུང་། དེར་སླེབས་པ་དང་རླུང་དམར་དེ་རྣམས་ཀྱང་ཞི། ཁྲོ་བོ་འཇིགས་པའི་ཆ་ལུགས་ཅན། དེ་རྣམས་མིག་གི་མཐོང་ས་ན་མེད། རྣ་བའི་ཐོས་ས་ན་མེད། རྒྱོབ་སོད་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་བྱུང་། ཨེན་ཙམ་སྡུག་བསྔལ་ཆུང་དུ་སོང་བས། རང་གི་ཕ་མ་དང་གཉེན་ཉེ་འཁོར་གྲོགས་སྒོས་མཛའ་ཐམས་ཅད་ཡིད་ལ་དྲན་ནས། ཕ་མ་གཉིས་ཀྱི་མཚན་ནས་བོས་འོ་དོད་བརྒྱབས་པས། ང་འགྲོ་ཡོ་ཟེར་བས་གྲོས་ཕར་བྱས་ཀྱང་། ཕ་མ་གཉིས་ཀྱིས་འགྲོ་སྡོད་ཀྱི་གྲོས་ཚུར་མ་བྱས། ང་གཅིག་པུར་གཏོང་བ་ཕོད་ཆེན་ཤིན་ཏུ་ཆེ་བ་ཟེར་ཞིང་འགྲེ་ལོག་བྱེད་ཅིང་ངུས་པས། ཡང་བུད་མེད་ལག་ཏུ་ཌ་རུ་ཁྱེར་བ་སྐྲ་རྒྱབ་ཏུ་བཅིངས་པ། རས་དཀར་པོའི་གོས་གོན་པ་ཞིག་སླེབས་བྱུང་བས། ངས་དེའི་ན་བཟའ་ནས་འཇུས་ཏེ། ཨ་ཙ་མ་ཐང་འདིའི་མིང་ལ་ཇི་སྐད་ཟེར་བ་ཡིན། ཕ་གིའི་གྲོང་ཁྱེར་ཆེན་པོ་ཕ་གིའི་མིང་ལ་ཇི་སྐད་ཟེར་བ་ཡིན། ཨ་ཅེ་ཁྱེད་རང་གི་མཚན་ལ་ཇི་སྐད་ཟེར་བ་ཡིན། ང་ལ་གྲོགས་སྒོས་མཛའ་གཉེན་ཉེ་འཁོར་དེ་ཙམ་ཡོད་པ་ཡིན་ཏེ། ང་ལ་འགྲོ་སྡོད་ཀྱི་གྲོས་སུ་གང་ཡང་མེད་པར་འདིར་སླེབས་བྱུང་། ད་ངའི་རྒྱན་ཆས་འདི་རྣམས་ཨ་ཅེ་ཁྱེད་རང་གི་ཕྱག་ཏུ་བཞེས་ལ། ང་མི་ཡུལ་དུ་སླར་གཏོང་བར་ཞུ་དང་བྱས་མཆི་མ་མང་དུ་ཤོར། ཨ་ཅེ་དེའི་ཞལ་ནས། མ་རིག་པ་ཚབ་ཆེ་བས་རང་དགྲ་རུ་ལངས་པ་ཡིན། ནམ་མཁའི་ཁ་བཅོད་ལྟ་བུའི་ཐང་འདི་ནི་སྤུ་གྲི་བྱེ་ཐང་ཁ་ཡང་ཟེར། སྡིག་པོ་ཆེ་དམྱལ་བའི་གནས་སུ་འགྲོ་བའི་ལམ་ཡིན་ནོ་གསུངས་པའི་དེ་མ་ཐག་ཏུ། ནམ་མཁའ་ནས་སྤུ་གྲིའི་ཆར་ཡང་བབས། ས་གཞི་ནས་སྤུ་གྲིའི་ཚལ་ཀྱང་སྐྱེས། ཐང་དེ་ན་ཡོད་པའི་མི་ཐམས་ཅད་ལུས་དུམ་བུར་གཏུབས་ནས་ས་གཞི་ཐམས་ཅད་ཁེངས་སོང་། ཡང་ཨ་ཅེ་དེའི་ཞལ་ནས། ཕ་གིའི་གྲོང་ཁྱེར་ཆེན་པོ་ཕ་གི་ནི། གློད་ཐང་གི་གྲོང་ཁྱེར་ཆེན་པོ་ཡང་ཟེར། དམར་ཁམས་སྒང་གི་ཡུལ་ཀྱང་ཟེར། གཤིན་ཡུལ་ཀྱི་གྲོང་ཁྱེར་ཆེན་པོ་ཡང་ཟེར། ཁྱོད་ཀྱིས་ང་ངོ་མ་ཤེས་ན་ངའི་མིང་ལ་གསང་མཚན་རྡོ་རྗེ་ཡོ་ག་མ་ཟེར། ཁྱོད་དང་ང་གཉིས་གྲོགས་མོ་ཡིན་ནོ། །ངེད་རང་གཉིས་ལུས་དང་གྲིབ་མ་བཞིན་ཡོད་དོ། །ཁྱོད་ལ་གཉེན་ཉེ་འཁོར་གྲོགས་སྒོས་མཛའ་རྣམས་མེད་པ་མ་ཡིན་ཏེ། རང་ལུས་ཉེ་འཁོར་ནོར་རྫས་དང་བཅས་པ་རྣམས་དབང་མེད་ཤུལ་དུ་བཞག །སྡིག་སྒྲིབ་དང་རྣམ་སྨིན་ཁུར་དུ་ཁུར། ད་ལྟ་འདི་ནི་བར་དོའི་གནས་བྱ་བ་ཡིན་ནོ་ཟེར་བྱུང་བས། དེ་མ་ཐག་ཏུ་དྲན་མེད་དུ་བརྒྱལ་བྱུང་། ཡང་བརྒྱལ་བ་སངས་པ་དང་། ཡང་ངས་ཨ་ཅེ་དེ་ལ་ང་ཤི་བ་ཡིན་ནམ་བྱས་པས། ཡང་ཨ་ཅེ་དེའི་ཞལ་ནས། ཁྱོད་རང་གི་ལུས་ནི་མི་ཡུལ་དྲན་པ་སྒང་དུ་བོར་ཚར་ཟེར། མི་ཡུལ་དྲན་པ་སྒང་ན་ལ་ལ་ནི་ཁྱོད་རང་གི་ཕུང་པོ་ལ་ཁ་སྙིང་སྦྱར་ནས་ངུ་འབོད་བྱེད་ཀྱིན་འདུག །ལ་ལ་ནི་ཁྱོད་ཀྱི་དགེ་རྩའི་གྲབས་བྱེད་ཀྱིན་འདུག །ལ་ལ་རྣམས་ནི་མ་ཐོས་སངས་རྒྱས་སུ་འདུག་ཟེར་བ་ལ། ངས་བསམ་པ་ལ། ཨ་ཙ་མ་ཤི་བ་ཡིན་པ་འདུག་པ། དེའི་སྡུག་བསྔལ་ཆོས་བྱེད་ལོང་ཡོད་དུས་ཆོས་མ་བྱས་བསམ་པའི་འགྱོད་པ། རང་གིས་སྡིག་པ་བྱས་པ་རྣམས་ལ་བསམ་བློ་མང་དུ་བཏང་བས། ང་རང་གིས་སྡིག་པ་བྱས་པ་རང་ནི་སྲེག་པ་གཅིག་བསད་པ་ལས་མི་འདུག་སྟེ། ཡིན་ཀྱང་ངའི་སྐྱིད་སྡུག་དེ། ལས་ཟད་ནས་མི་འདུག་བསམ་པ་དང་། ད་ང་འདི་ནས་ལོག་ཆོག་པ་དང་ཐོན་པའི་དུས་གཅིག་ཡོད་ཤས་ཆུང་། ང་འདི་ནས་ལོག་ཕྱིན་ཆོག་པའི་དུས་གཅིག་བྱུང་ན་མི་ཡུལ་ཡོད་པའི་མི་རྣམས་ལ། བློ་ཤ་སྟག་ཏུ་བྱས་ནས་ལྷ་ཆོས་རེམ་མཛོད། བསགས་པའི་ནོར་ལ་སྙིང་པོ་མི་འདུག །ཅི་ཡོད་དཀོན་མཆོག་གི་ཞབས་དྲུང་དུ་ཕུལ། འཇིག་རྟེན་བྱ་བ་འདི་ལ་སྙིང་པོ་གཅིག་ཀྱང་མི་འདུག །ལས་སུ་ཡི་དམ་བསྙེན་སྒྲུབ་བཟླས་པ་རེམ་ལ་གྱིས། མཛའ་བཤེས་དང་ཉེ་འཁོར་ལ་སྙིང་པོ་མི་འདུག་པས་དབེན་ས་དང་རི་ཁྲོད་འགྲིམས་མཛོད་དང་། ཞེ་སྡང་དང་ང་རྒྱལ་འདི་ལ་སྙིང་པོ་མི་འདུག་པས་ཡི་དམ་དེ་དང་འབྲལ་མེད་དུ་སྒོམས་མཛོད་དང་། འཇིག་རྟེན་མི་ཡུལ་དུ་ལྷ་ཆོས་མ་བྱས་ན་འཇིག་རྟེན་གྱི་བྱ་བ་ཇི་ལྟར་མཁས་གྱུར་ཀྱང་། སྙིང་པོ་གཅིག་ཀྱང་མི་འདུག་པས། ལུས་ཀྱི་སྒྲིབ་པ་དག་ཕྱིར་དུ་དམ་ཆོས་ཕྱག་རྒྱ་ཆེན་པོ་སྒོམས། དེ་གསུམ་གང་ཡང་མ་བྱས་ན་ཡུལ་འདིར་བགྲོད་པའི་ཐབས་མི་འདུག་གོ་བྱས་ནས་རང་གི་བྲང་ལག་གཡས་གཡོན་རེ་མོས་སུ་བརྡུངས་ཤིང་མཆི་མ་མང་དུ་ཤོར་རོ། །ཆོས་མ་བྱས་པའི་འགྱོད་པ་རྟས་མ་ཟིན་པ་བྱུང་ངོ་། །

ཡང་ངས་ཨ་ཅེ་ཁོང་ལ་འདི་ལྟར་ཞུས་སོ། །ངས་སྔོན་སྡིག་སྒྲིབ་བསགས་པ་རང་ནི་མེད། ང་རླུང་ཆེན་པོས་ཁྱེར་ཏེ། རྒྱོབ་རྒྱོབ་སོད་སོད་ཟེར་བའི་སྒྲ་འབྲུག་སྟོང་དུ་ལྡིར་བའི་འཁོར་དུ་ཁྲིད། འོད་ཟེར་ཁ་དོག་མང་པོས་འཐུམས། འོད་ཟེར་ཁ་དོག་མི་འདྲ་བ་ལྔ་འཚེར་ཞིང་འཕྲོ། དེ་རྣམས་ཀྱི་ནང་དུ་ང་འཐུམས་ནས་དངངས་སྐྲག་དང་འཇིག་སྣང་མང་དུ་བྱུང་བས། ཡང་ཨ་ཅེ་དེའི་ཞལ་ནས། ཁྱོད་རླུང་དམར་ཆེན་པོས་བདས་པ་དེ་ནི། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་བདས་པ་ཡིན་ནོ། །མགོ་བརྙན་སྣ་ཚོགས་ཀྱིས་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ་དེ་ནི། རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ཡིན་ནོ། །ལག་ན་མཚོན་ཆ་སྣ་ཚོགས་ཁྱེར་བ་དེ་ནི། ཉོན་མོངས་རྩ་བ་གཅོད་གྱུར་ཀྱང་། ཁྱོད་ཀྱིས་རྨི་ལྟས་ལོག་པའི་མཚོན་ཆ་མཐོང་བ་ཡིན། ཞལ་ནས་ཆོས་ཀྱི་སྒྲ་སྒྱུར་ཀྱང་། ཁྱོད་ཀྱིས་སྣང་བ་ལོག་པའི་རྒྱོབ་སོད་ཀྱི་སྒྲར་གོ་བ་ཡིན། དེ་རྣམས་ལ་སྐྱབས་སུ་མཆི་བསམ་གྱིས། འོད་ཟེར་ཁ་དོག་མང་དུ་འཕྲོ་བ་དེ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་འོད་ལམ་ཡིན་ནོ། །འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བ་དེ་ནི། རྒྱལ་བ་རིགས་ལྔའི་འོད་ལམ་ཡིན་ནོ། །

དེ་རྣམས་ལ་སྐྱབས་སུ་མཆི་བསམ་པའི་མོས་པ་གྱིས། སྒྲ་ཐམས་ཅད་རང་སྒྲ། འོད་ཐམས་ཅད་རང་འོད། ཟེར་ཐམས་ཅད་རང་ཟེར། སྒྲ་འོད་ཟེར་གསུམ་རང་ནས་ཤར་བ་ཡིན་ནོ། །རང་སྣང་སྒྲ་རུ་མ་ལངས་ཤིག་གསུངས་བྱུང་བ་དང་། ཡང་ཨ་ཅེ་ཁོང་གི་ཞལ་ནས། ཁྱེད་སྡིག་པ་ཆེ་དྲགས་པ་མ་ལགས་ཏེ། དུས་ངན་སྙིགས་མའི་སེམས་ཅན་རྣམས། དུག་ལྔ་རགས་པས་དམྱལ་བར་ལྷུང་དོགས་ནས། ཁྱེད་ཀྱིས་མི་ཡུལ་དྲན་པ་སྒང་དུ་འཕྲིན་པ་བྱེད་དགོས་རྒྱུ་ཡིན་པས། འདི་རྣམས་ལ་ཞིབ་པར་ལྟོས་ལ། ད་དུང་འདི་ནས་ཕར་ལ་ངེད་རང་གཉིས་བསྡེབས་ནས་ལྟ་བ་ལ་འགྲོ་ཡོ་ཟེར་ནས། ངས་ཁོང་གི་རྗེས་ལ་ཕྱིན་པས། ཐང་དེའི་ནུབ་ཕྱོགས་ནས་མི་ལུས་ཤྭ་བའི་མགོ་ཅན་ལག་ཏུ་ཞགས་པ་ནག་པོ་ཐོགས་པ། མིག་ཁྲོ་ཚུགས་སུ་ལྟ་བ། ལྕེ་དར་ཡུག་ཙམ་བརྐྱངས་པ་དེས། རྒན་མོ་མགོ་ལ་གཟི་དང་མཆོང་བཏགས་པ་ཞིག་བདས་ནས་བྱུང་བས། ཡང་ངས་ཟླ་གྲོགས་ཀྱི་བུད་མེད་དེ་ལ་ངས་འདི་ལྟར་སྨྲས་པ། ཨ་ཙ་མ། ཡ་གི་ཤྭ་བའི་མགོ་ཅན་བྱས་པ་ཡ་གི་སུ་ཡིན། སྔོན་ལ་ཡོང་བའི་རྒན་མོ་མགོ་ལ་གཟི་དང་མཆོང་བཏགས་པ། དངངས་སྐྲག་དང་སྡུག་བསྔལ་མྱོང་དགོས་པ་ཡ་གི་སུ་ཡིན་པས། ཡང་བུད་མེད་དེ་ན་རེ། ང་ལ་ཁྱོད་སྐྲག་མི་དགོས། ཞེན་མི་དགོས། ཡ་གིའི་ཤྭ་བའི་མགོ་ཅན་ཡ་གི་ནི། རང་གི་ལྕགས་མཁར་ཐོད་པའི་གཞལ་ཡས་ནས། ཡི་དམ་ཐོད་པའི་ལྷ་ཚོགས་རྣམས་ཡིན། དེ་ཡང་ཤར་ནུབ་ལྷོ་བྱང་ཐམས་ཅད་དུ་རང་རང་གི་ཁམས་དང་བསྟུན་པའི་ཁ་དོག་སོ་སོར་འཆར་བ་ཡོད་དོ། །སྔོན་ལ་ཡོང་བའི་རྒན་མོ་སྡུག་བསྔལ་མྱོང་བ་དེ་ནི། ཁམས་བྱེ་སྙིང་བྱ་བ་ནས་ཡིན། གྲོང་ཚོ་སུམ་བཅུ་སོ་བདུན་ཡོད་པ། ཨར་ཇག་རྐུན་གསུམ་དང་། བདག་མེད་ཀྱི་རི་དྭགས་བཤོར་བ་བྱེད་པ། ལོག་པའི་ལམ་ལ་འཇུག་པའི་རྒན་ཕོ་རྣམས་ཀྱི་ཆུང་མ་ཡིན་ནོ། །འདི་ནི་བར་དོའི་གནས་བྱ་བ་ཡིན་ནོ། །ད་དུང་འདི་ནས་ཀྱང་ལས་དཀར་ནག་གི་ཤན་འབྱེད་བྱས་ནས་སྡུག་བསྔལ་མནར་མེད་དུ་འགྲོ་དགོས་པ་ཡོད་དོ། །

ཡང་དེ་ནས་ཕར་ཕྱིན་པ་ན། ཐང་ཆེན་པོ་གཅིག་ཡོད་པའི་ས་ན། རི་ཆེན་པོ་ཟུར་གསུམ་པ་བཙན་བཤོས་འདྲ་བ། མདོག་ནི་གློ་བ་ཆུས་བཤལ་བ་ལྟ་བུར་འདུག །

དེའི་བྱང་ཕྱོགས་ན་ལྕགས་ཀྱི་ཤལ་མ་རི་རྩེ་གསུམ་ས་ལ་སྡིག་པ་རྩེ་ལྔ་གནམ་ལ་གཏད་པ། རྒྱལ་ཆེན་ཁྲབ་རིགས་ལྟ་བུར་ཁྲ་ཤིག་ཤིག་ཡོད་པ། ངར་ངར་ཚིར་ཚིར་ཟེར་བའི་སྒྲ་ཡོད་པ། དེའི་མདུན་ན་མི་དར་རྒན་དུ་ཡོད་པ། མགོ་རྦད་མགོ་ཡོད་པ། མདུན་སོ་གཅིག་ཆག་པ་ཞིག་གཤིན་རྗེ་རྣམས་ཀྱི་མདུན་ནས་ལྕགས་ཀྱུས་བཟུང་། རྒྱབ་ནས་མདུང་གིས་བརྡས། ཆུ་བོ་གངྒཱའི་བྱེ་རྡོ་ཡིན་ཟེར་བ། རྡོ་སྲན་ཆུང་གི་བཟོ་འདྲ་བ་འཕངས་པའི་ལོན་ཚད་གཅིག་རྒྱབ་ཏུ་བཀལ་ནས་འདུག །དེ་མ་ཐག་ཏུ་ལྕགས་ཀྱི་ཤལ་མ་རིའི་རྩེ་ནས་ལུས་ཐམས་ཅད་གཉེར་མས་གང་བ་བཞིན་མི་སྡུག་པ་ལྔ་སླེབས་ནས་སྐད་ངུ་སྐད་དུ་བྱེད་ཅིང་། ནང་པ་སྤེ་སྲས་པ་ལགས། ཁྱེད་གང་ན་བཞུགས་ཡོད། ངེད་བུད་མེད་ཐམས་ཅད་ཁྱེད་དང་འབྲལ་ཕོད་པས། ཁྱེད་གར་ཡོད་ཀྱི་སར་ཡོང་དགོས་པ་བྱུང་བས། ཁྱེད་གང་ན་བཞུགས་ཡོད་ཟེར་བ་ལ། དེར་མི་དེས་གཤིན་རྗེ་རྣམས་ཀྱི་དབང་ནི་མ་ཐོབ། སྐད་ནི་ངུ་སྐད་དུ་བྱེད་པ་དང་། ང་འདི་ན་ཡོད་དོ། །སྐྱིད་པོ་འདི་ན་མི་འདུག་བུད་མེད་ཚོ་འདིར་འོང་པའི་གནས་མི་འདུག་གོ་ཟེར་བ་ལ། ཡང་གཤིན་རྗེ་རྣམས་ན་རེ། ཁྱོད་ལ་ཆགས་པའི་བུད་མེད་དང་། བསགས་པའི་ནོར་ནི་ཁྱོད་ལ་ཡོད་ཟེར་ཞིང་། ཞགས་པ་ནག་པོ་ཞིག་གིས་བཅིངས་ནས་ཤལ་མ་རིའི་རྩེ་ལ་ཡར་དྲུད་སོང་། ཡང་ལུས་ཀྱི་ཤ་ཐམས་ཅད་ལྕགས་ཀྱི་ཤལ་མ་རིའི་ཚེར་མའི་རྩེ་ལ་ཡར་དྲངས་སོང་། སྔར་གྱི་བུད་མེད་སྐད་གཏོང་མཁན་དེ་རྣམས་ལྕགས་ཀྱི་བྱ་ཁྲ་རང་དུ་སོང་ནས། དེ་རྣམས་ཀྱིས་ལུས་ཀྱི་ཤ་དང་ཀླད་པ་མིག་རྣམས་བརྐོས་ནས་ཟོས་སོང་། ན་ཚ་དང་སྡུག་བསྔལ་ནི་བཟོད་བླག་མེད་པ་བྱུང་སོང་། ཡང་རང་རང་གི་སྡུག་བསྔལ་འཁོར་ཡུག་ཏུ་མྱོང་དགོས་པའི་སྟབས་ཀྱིས། རུས་པ་ལ་སེམས་ཆགས་ཏེ་ཡིད་ལུས་སྔར་ལྟར་ཆགས་སོ། །ཡང་གཤིན་རྗེ་རྣམས་ཀྱིས་ཞགས་པས་བཅིངས་ནས། ཡང་ཤལ་མ་རིའི་རྩ་བ་མ་གི་ན། སྔར་གྱི་བུད་མེད་ཡིན་ཟེར་བ་དེ་རྣམས་ཀྱིས། ཡང་རིའི་རྩ་བ་མ་གི་ནས་ངུ་འབོད་བྱེད་ཀྱིན་འདུག་པས། ཡང་གཤིན་རྗེ་རྣམས་ཀྱིས་སྔར་བཞིན་དྲུད་ནས་སོང་། ཡང་ཤ་དང་ནང་རོལ་ཐམས་ཅད་ཤལ་མ་རིའི་ཚེར་མ་ལ་དམར་ནར་གྱིས་འཁོན་ནས་སོང་། ཡང་ད་རང་གི་བུད་མེད་སྐད་གཏོང་མཁན་ཐམས་ཅད་ཟངས་ཀྱི་ཁྱི་མོ་རང་དུ་སོང་ནས། ཤ་རུས་རྣམས་སྔར་བཞིན་ཟོས་སོང་། ཡང་རུས་པ་ཏི་གི་གཅིག་ལ་སེམས་ཆགས་ཏེ། ལུས་ཐམས་ཅད་བཅུ་ལོག་ཏུ་བྱས། དངངས་སྐྲག་ཆེན་པོའི་ངང་ནས་ངུ་འབོད་དཔག་ཏུ་མེད་པ་གཏོང་གིན་འདུག་གོ །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། བྱང་ཕྱོགས་ཀྱི་གཤིན་རྗེའི་རྒྱལ་པོ་དེ་ལ་འདི་ལྟར་ཞུས་སོང་བས། ཀྱེ་མ་གཤིན་རྗེའི་རྒྱལ་པོ་གསན་མཛོད་དང་། །སྔོན་བསགས་དལ་འབྱོར་མི་ལུས་ཐོབ་དུས་ན། །དབང་པོ་ཚང་ཞིང་རྣམ་རིག་བཀྲ་བ་དང་། །འདི་འདྲའི་དངངས་སྐྲག་སྡུག་བསྔལ་མྱོང་དགོས་པ། །མི་ཡུལ་བསྡད་དུས་བྱ་བ་ཅི་བྱས་པ། །གཤིན་རྗེ་རྣམས་ཀྱང་ཧ་ཅང་ཕོད་ཚད་ཆེ། །བདག་གི་ལེན་པས་ལས་འབྲས་དག་ནུས་ཡོད། །བཅིངས་པ་ཁྲོལ་ལ་མི་ཡུལ་འཕྲིན་སྐུར་འཚལ། །ཟེར་བ་ལ། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། ངེད་རྣམས་ཕོད་ཚན་ཆེ་བ་མ་ལགས་ཏེ། སྔོན་མས་གང་བྱས་ཕྱི་མའི་ལམ་སྣ་ཡིན། ལས་ངན་ཚོགས་མ་བསགས་ཀྱི་སྡིག་ཅན་འདི། མི་ཡུལ་དྲན་པ་སྒང་དུ་བསྡད་དུས་སུ། དཀོན་མཆོག་གི་དབུ་འཕང་འདི་ཡིས་སྨད། དགེ་འདུན་གྱི་སྡེ་ནི་འདི་ཡིས་དཀྲུགས། ཀུན་དང་མི་མཐུན་པའི་བྱ་བ་མང་དུ་བྱས། དཔོན་བཟང་ཕྲག་ལ་བཀལ་ནས་འཕྲོག་བཅོམ་བྱས། རང་ནོར་མི་སྤྱོད་གསེར་ལས་ཕངས་པ་བྱས། གཞན་གྱི་ནོར་ལ་ཡོད་མེད་མ་བལྟས་པར། ཤིག་ལ་རྒྱུས་པ་འདོན་བྱས་པ་ཡིན། འུ་ལག་ཕར་བཀལ་རྐང་གླ་ཚུར་ལ་སྙེག །བདག་ཡོད་བདག་མེད་བུད་མེད་ཆགས་པ་སྤྱད། ཞེ་སྡང་སེར་རྣ་འདོད་ཆགས་མཁན་ཁྱོད་ལ། ད་ལྟ་སྐྱིད་པོ་ཨི་འདུག་ལྟོས་དང་ཟེར། ད་དུང་འདིས་ཀྱང་ཐུས་པ་མི་འདུག་པས། འཇུག་ལ་ཁྱོད་ཀྱི་དགེ་རྩ་གཏང་དུས་སུ། ཆུ་ཆེན་པོ་བགྲོད་པའི་ཕ་རོལ་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས་ནས་ཡོད། ལས་དཀར་ནག་ཀྱི་ཤན་འབྱེད་བྱས་ནས་ཀྱང་། ད་དུང་ཁྱོད་ལ་དམྱལ་བ་མ་གཏོགས་འགྲོ་ས་མི་འདུག །ཁྱོད་ལ་མཐོ་རིས་ཐོབ་པའི་སྐལ་བ་མེད་དོ་ཟེར་གྱིན་འདུག །ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། བུད་མེད་ཁྱོད་ཀྱི་ངོ་ལ་བརྟེན་ནས་བཅིངས་པ་ཁྲོལ་ལ་བསྡམས་པ་ཀློད་ནས། ཁྱོད་རང་གི་ཡུལ་དུ་འཕྲིན་པ་ཞིག་བསྐུར་རྒྱུ་ཡོད་ན་སྐུར་ཅིག་ཟེར་གྱིན་འདུག་པ་ལ། གཤིན་རྗེ་རྣམས་ཀྱི་གསུང་རིགས་དང་། རང་གི་སྣང་བ་བདུན་འགྱུར་ལས་གསལ་བས། ད་ལྟ་མྱོང་དགོས་སྡུག་བསྔལ་རྣམས་མེ་ལོང་ལས་གསལ་བར་མཐོང་། སྔོན་རང་ལ་དབང་ཡོད་དུས་ནི། དཀོན་མཆོག་ལ་ཞབས་ཏོག་ནི་ཉིན་མོའི་སྐར་མ་ཙམ་ཡང་བྱས་པ་མ་དྲན། སྡིག་སྒྲིབ་བསགས་པ་ནི་བྱེ་མའི་གྲངས་ལས་མང་བར་དྲན། ཨ་ཙ་མ་བྱ་བ་ངན་པ་དེ་རྣམས་དྲན་ནས་དབང་མེད་དུ་ངུ་འབོད་ཤོར་ཞིང་། ལག་གཉིས་ཀྱིས་བུད་མེད་དེའི་དཔུང་པར་བཟུང་ནས་ཡར་བསླངས་ནས། འདི་ལྟར་གསུང་གིན་འདུག་གོ །རང་དབང་ཡོད་དུས་ལྷ་ཆོས་མ་བྱས་པས། འདི་རུ་སླེབས་དུས་ངུས་པས་ཅི་ལ་ཕན། མ་ཁལ་ཁར་ཆུག་སྙིང་ལ་རུས་པ་སྐྱེད། བླ་མའི་ཞལ་རས་སྤུ་ཙམ་མ་མཇལ་བའི། འདི་འདྲའི་སྡིག་ཅན་ཡོང་བ་སྙིང་རེ་རྗེ། འོན་ཀྱང་སྡིག་པ་བཤགས་པས་འདག་ཐབས་ཡོད། མི་ཡུལ་དྲན་པ་སྒང་དུ་འཕྲིན་པ་ཞིག་སྐུར་དང་ཟེར་བ་ལ། མི་དེ་ཡང་དྲན་པ་ཨེན་ཙམ་སོས་ནས། མི་དེའི་ཁ་ནས་འཕྲིན་འདི་ལྟར་བསྐུར་རོ། །ལས་ངན་ཚོགས་མ་བསགས་ཀྱི་སྡིག་ཅན་ང་། ང་སྐྱེ་ས་གཙང་གི་ཕྱོགས་ནས་ཡིན། ཡུལ་གྱི་མིང་ལ་བདེ་ཆེན་གང་སྟེང་ཟེར། གྲོང་ཚན་བཅུ་གཉིས་ཙམ་གྱི་ནང་པ་ཡིན། བུ་གཉིས་བུ་མོ་གསུམ་སྐྱེ་སྨན་བཅས་པ་ཡོད། གཞན་ཡང་གཡོག་འཁོར་བླ་མཆོད་བཅས་པ་ཡོད། དེ་རྣམས་ལ་འཕྲིན་པ་འདི་ལྟར་གསུངས། བསགས་པའི་ནོར་ལ་སྙིང་པོ་མི་འདུག་གྱིས། །གང་ཡོད་དགེ་བའི་ཕྱོགས་ལ་འབུངས་ཤིག་གྱིས། །མཐུན་པར་འགྲོགས་ཀྱང་སྙིང་པོ་མི་འདུག་གྱིས། །དལ་འབྱོར་ཐོབ་དུས་དམ་པའི་ལྷ་ཆོས་གྱིས། །ངག་སྨྲ་བ་མཁས་ཀྱང་སྙིང་པོ་མི་འདུག་གྱིས། །མ་ཡེངས་ཡི་གེ་དྲུག་མ་བགྲོངས་ཤིག་གྱིས། །འཇིག་རྟེན་གཡོག་བསྐོས་འདི་ལ་མཁས་གྱུར་ཀྱང་། །སྙིང་པོ་གཅིག་ཀྱང་མི་འདུག་གྱིས། །མ་ཡེངས་བླ་མའི་རྣལ་འབྱོར་རྒྱུན་དུ་སྒོམས། །བདག་གི་སྡིག་པ་དག་ཕྱིར་དུ། །མཆོད་རྟེན་བརྒྱ་ཚར་བཞེངས་ཤིག་གྱིས། །སངས་རྒྱས་ཀྱི་མཚན་འབུམ་བཞེངས་ཤིག་གྱིས། །གསུང་རབ་རྡོར་གཅོད་སྡིག་བཤགས་འབྲི་ཀློག་གྱིས། །གྲུབ་མཐའ་མི་གཅིག་པའི་ཆོས་སྡེ་བརྒྱ་རྩ་ལ། །བཀུར་སྟི་ཞབས་ཏོག་མང་ཇ་བསྔོ་རྟེན་ཕུལ། །ལུས་ངག་ཡིད་གསུམ་འབུངས་ནས་བཤགས་པ་གྱིས། །སེར་སྣས་བསགས་པའི་ནོར་རྫས་རྣམས། །འཇིག་རྟེན་ཁྱིམ་པ་རྣམས་ལ་ནོར་འགྱེད་ཐོངས། །རྒྱལ་ཁམས་འགྲིམས་པའི་བླ་མ་མ་ཎི་པ་ལ། །བཀུར་སྟི་ཞབས་ཏོག་བསྔོ་རྟེན་ཟོང་ཕུལ། །བླ་མ་མཚན་ཉིད་ལྡན་པ་སྤྱན་དྲོངས་ལ། །ཆོས་ན་རཀ་དོང་སྤྲུག་ཚུགས་ཤོག་གྱིས། །བཤགས་པ་དེ་རྣམས་བྱས་འདུག་ན། །སྡུག་བསྔལ་འདི་ལས་ཐར་ཚོད་འདུག་པས། །མི་གཞན་མ་རྣམས་ལ་ང་འདྲ་བའི་སྡིག་པའི་ལས་མ་བྱེད་གྱིས་ཟེར་ནས། ཡང་གཤིན་རྗེ་རྣམས་ཀྱིས་སྔར་བཞིན་ཞགས་པ་ནག་པོ་གཅིག་གིས་བཅིངས་ནས་ཁྲིད་ནས་སོང་། ཨོཾ་མ་ཎི་པདྨེ་ཧཱུྃཿ

ཡང་རི་དེའི་ནུབ་ཕྱོགས་སུ་ཕྱིན་པས། ཐལ་ཚན་གྱི་མཚོ་ཆེན་པོ་དཀྱུས་ལ་རྒྱང་གྲགས་གཉིས་ཙམ་ཡོད་པ་དེའི་འགྲམ་ན་སྐྱེས་པ་གཞོན་ནུ་གཟུགས་བྱད་ལེགས་པ། སྐྱེ་ལ་ཕག་པའི་མཆེ་བ་བཏགས་པ་གོས་དམར་པོ་ཨོ་ཝག་དཀར་པོ་གྱོན་པ་ཞིག །གཤིན་རྗེ་རྣམས་ཀྱིས་ལྕགས་ཀྱུས་མགྲིན་པ་ནས་བཟུང་སྟེ། ཐལ་ཚན་གྱི་མཚོ་དེའི་དཀྱིལ་དུ་ཁྲིད་ནས་སོང་ངོ་། །མི་དེ་མཚོ་དེའི་དཀྱིལ་དུ་སླེབས་པ་དང་། ལུས་ཀྱི་ཤ་ཐམས་ཅད་མེའི་ནང་དུ་ལ་ཆ་ཚིག་པ་ལྟ་བུ། ལུས་ཀྱི་ཤ་ཐམས་ཅད་བལ་སུ་ཙམ་དང་། ཕོར་པ་ཙམ་དང་སྒོང་ང་ཙམ་ཁོལ་གྱིས་འདུག །ཡང་རྩ་དང་རྒྱུས་པ་མ་བྲལ་ཙམ་གྱི་བར་ནས་ཁྲག་དང་ཆུ་སེར་རྣམས་ཀྱང་ཁོལ་ཡོང་གིན་འདུག་གོ །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། ནུབ་ཕྱོགས་ཀྱི་གཤིན་རྗེའི་རྒྱལ་པོ་རྣམས་ལ་འདི་ལྟར་གསུང་གིན་འདུག་གོ །ཁྱེད་གཤིན་རྗེ་རྣམས་ཀྱིས་གསོན་དང་། འདི་ན་ཡོད་པའི་སྐྱེས་པ་གཞོན་ནུ་འདི། གཟུགས་བྱད་ལེགས་ཤིང་དབང་པོ་བཀྲ་བར་སྐྱེས། འདི་འདྲའི་དངངས་སྐྲག་སྡུག་བསྔལ་མྱོང་དགོས་པ། མི་ཡུལ་བསྡད་དུས་ཅི་འདྲ་བྱས་པ་ཡིན་ཟེར་གྱིན་འདུག་པ་ལ། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། མི་འདི་མི་ལུས་རིན་ཆེན་གསེར་ལས་དཀོན་པ་ཐོབ་དུས་ནི། ལོ་བཅུ་གསུམ་ནས་ད་ལྟའི་བར་དུ་སྡིག་པའི་ལས་འབའ་ཞིག་བྱས། ཆུ་ནང་གི་སེམས་ཅན་ཐམས་ཅད་བདེ་རུ་མ་བཅུག་ད་ལྟ་འདི་རྣམས་ཚུལ་ཙམ་ཡིན་ན། ད་འདི་ནས་ཕར་ཕྱིན་ན་ཆོས་ཀྱི་རྒྱལ་པོ་ཡང་བཞུགས་སོ། །

ལས་དཀར་ནག་གི་རྩིས་གྲངས་ཞིབ་མོར་བྱས་ནས། ད་དུང་དམྱལ་བ་དུམ་ཙམ་ཞིག་མྱོང་དགོས་པ་འདུག །ད་ལན་བུད་མེད་ཁྱོད་ཀྱི་ངོ་ལ་བརྟེན་ནས། འདི་ལ་ཤེས་བཞིན་སྒྲིབ་པ་མི་འདུག་པས། འཕྲིན་པ་སྐུར་རྒྱུ་ཡོད་ན་སྐུར་ཅིག་ཟེར་བ་ལ། ཡང་མི་དེའི་ཁ་ནས་འདི་ལྟར་ཟེར་རོ། །ལས་ངན་ཚོགས་མ་བསགས་ཀྱི་སྡིག་ཅན་ང་།

ངའི་སྡོད་ས་ལྷོ་སྟོད་ལུང་པ་བྱས། ང་རང་མིང་ལ་བཀྲ་ཤིས་དོན་འགྲུབ་ཟེར། ལས་དགེ་སྡིག་གི་རྩིས་གྲངས་ནི། ཞིབ་མོ་འདི་འདྲ་ཡོད་པ་མ་ཤེས་སོ། །ངས་ལྟོ་གོས་གཉིས་ཀྱི་དོན་དུ་ཡང་། གཞོན་ནུ་ནས་ཕ་མས་ཁྲིད་ནས་སྡིག་པ་བསགས། ངས་སྡིག་པ་བྱས་པའི་རྣམ་སྨིན་ཡིན། ང་རང་གི་སྟེང་དུ་བབས་ནས་བྱུང་། ངའི་ཕ་མ་གཉིས་ལ་འཕྲིན་པ་ཞིག་གསུངས་དང་། སྤྱིར་སེམས་ཅན་རྣམས་ལ་སྙིང་རྗེ་སྒོམས། དེ་ནས་སེམས་ཅན་རྣམས་ཀྱི་སྲོག་མ་གཅོད། སྒོས་ཆུ་ནང་གི་ཉ་རྣམས་མ་གསོད་གསུངས་དང་། ངའི་ཉ་དོལ་རྣམས་གྲིས་གཏུབས་གྱིས་དང་། ལྕགས་ཀྱུ་རྣམས་རྡོ་ཡིས་རྡུངས་གྱིས་དང་། ངའི་སྡིག་པ་བྱས་པ་དག་བྱེད་དུ། བླ་མ་མ་ཎི་བ་ནང་དུ་སྤྱན་དྲོངས་ལ། ཞག་བདུན་གྱི་བར་དུ་གྲོང་པ་ཡུལ་མི་ཐམས་ཅད་བོས་ནས་སྙིང་པོ་མ་ཎི་པདྨེ་འདྲེན་དུ་ཆུག །ངའི་ལུས་ཆས་ཚང་མར་བཅས་པ་རྣམས། བླ་མ་མ་ཎི་པའི་དྲུང་དུ་ཕུལ་ལ་བསྔོ་བ་མ་ཎིའི་ར་མདའ་ཞུས་ཤོག་གསུངས་དང་། དེར་མ་ཎི་བརྒྱ་རྩ་རེ་ཙམ་བགྲངས་པ་དང་། འདིར་ཚིག་རེ་སླེབས་ནས་ཡོང་གི་འདུག་པ་ལ། མ་ཎི་ཚིག་རེ་སླེབས་པའི་ཕན་ཡོན་གྱིས། ཐར་མེད་བར་དོའི་གནས་ཞེས་བྱ་བ་ནས། བདེ་བ་དཔག་ཏུ་མེད་པ་ཐོབ་ཀྱིན་འདུག །ད་ང་རང་མི་ཡུལ་བསྡད་དུས་ནི། ས་སྐྱིད་པོ་ཡམ་འབྲོག་སྒང་ཞེས་ནས། བླ་མ་མ་ཎི་བ་ཞིག་ཡང་ཕེབས་བྱུང་བས་ང་ལ་དབང་མེད་པས་ཤིས་འབུལ་ཞབས་ཏོག་གཞན་མ་ཞུ་རྒྱུ་ནི་མ་བྱུང་། ང་རང་གི་མེ་ལྕགས་མེ་ཁུག་རྣམས་ཕུལ་ནས་ཐུགས་ལ་འཇོག་པར་ཞུ་ཞུས་པས། དེ་ནས་ཁོང་གིས་རྒྱལ་ཁམས་ལ་མ་ཎི་བསྐུལ་བའི་ཕན་ཡོན་ལ་བརྟེན་ནས། གཤིན་རྗེ་རྣམས་ཀྱི་ཞལ་ནས། ཁྱོད་ནི་མི་ཡུལ་དུ་བསྡད་པའི་དུས་ན། ཁྱོད་ཀྱི་ཉ་རྣམས་གསོན་མར་ཉ་རྗེན་བཙོས་ནས་ཟོས་པའི་རྣམ་སྨིན་གྱིས། ཁྱོད་རང་གི་ལྤགས་པ་ཚལ་མར་བཤུལ་ནས་ཁྲིམས་སྟེགས་ཆེན་པོའི་སྟེང་དུ་བརྐྱལ་ཏེ། སྟ་རེས་གཙབ་ཐོ་བས་བརྡུངས་ནས། འཇམ་རྩིང་ནས་ཙམ་འཆོལ་དགོས་རྒྱུ་ཡིན་ཏེ། ཁྱོད་མི་ཡུལ་དུ་བསྡད་དུས། བླ་མ་མ་ཎི་བ་ལ་མ་ཎིའི་བསྐུལ་མ་གཅིག་བསྐུར་འདུག་པས། མ་ཎི་དེས་རྒྱལ་ཁམས་ལ་མ་ཎི་བསྐུལ་བའི་ཕན་ཡོན་གྱིས་འདིར་མ་ཎི་བརྒྱ་གསུམ་སླེབས་བྱུང་བས་དེའི་ཕན་ཡོན་གྱིས། ཉ་རྣམས་གསོན་མར་ཉ་རྗེན་བཙོས་ཟོས་པའི་སྡུག་བསྔལ་ལས་ཐར་རོ། །ད་དུང་སྡིག་པ་གཞན་རྣམས་དག་བྱེད་དུ། ཆོས་རྡོ་རྗེ་གཅོད་པ་འབྲི་ཀློག་གྱིས་དང་། རི་ཁྲོད་དུ་བཞུགས་པའི་སྒྲུབ་ཆེན་ཕོ་མོ་རྣམས་ལ་ཕོགས་དང་གཏོར་ཕྱེ་སྐྱོལ་ལས། བར་དོ་ཆབ་གཏོར་གྱི་གཏོར་མ་ཐོང་གྱིས་དང་། གཞན་ཡང་འཇིག་རྟེན་གྱི་བྱ་བ་ཞེ་སྡང་དང་ང་རྒྱལ་ཕྲག་དོག་རྣམས་ཞོག་ལས། དམ་པའི་ལྷ་ཆོས་ལ་འབུངས་གྱིས་དང་། ཆོས་མ་བྱས་ན་འདིར་སླེབས་ནས་སྐྱིད་སྡུག་ངོ་ཤེས་ནས་མི་འདུག་གོ་ཟེར་ཞིང་། མཆི་མ་མང་དུ་འདོན་གྱིན་འདུག་གོ །ད་དུང་སྡུག་བསྔལ་མ་ཚང་བར་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་རི་དེའི་ལྷོ་ཕྱོགས་ན། འདི་ནས་བལྟས་ན་དུང་གི་ཆུ་ཆེན་པོ། ཤར་ཕྱོགས་ནས་བལྟས་ན་སྲིད་པའི་ཆུ་ཆེན་པོ་ཟེར་བ། ཆུ་དེའི་ཆེ་ཆུང་ནི་འཛམ་བུ་གླིང་གི་ཆུ་ཐམས་ཅད་དེར་འཛོམས་པ་ཙམ་འདུག །ཆུ་དེའི་དབྱིབས་དབྱར་ཁའི་ན་བུན་ལྟ་བུ་ལ་མདོག་འཇའ་ཚོན་གྱི་རགས་སུ་འདུག་གོ །དེ་ལ་ལྕགས་ཀྱི་ཟམ་པ་རིང་མོ་ཞེང་ལ་རྟ་པ་སུམ་ཅུ་ཙམ་རྟ་དཔུང་བྱས་ཀྱང་ཤོང་ཙམ་འདུག །ཟམ་པ་དེའི་ཚུར་ཁ་ན་ཟམ་མཁར་རིང་མོ་གཅིག་འདུག །དེའི་ཉི་མའི་ཤར་ཕྱོགས་ན་གྲོང་ཁྱེར་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་འདུག །གྲོང་ཁྱེར་དེའི་ནང་ན་མི་སྐྱིད་སྡུག་སྣ་མི་སྙོམས་པ་མང་པོ་འདུག །ལ་ལ་ནི་ཁང་པ་རབ་རྩེས་འཕྱོངས་རྩེས་བརྒྱན་པ་དེའི་ནང་ན། བུ་མོ་མང་པོ་རྒྱན་ཆས་བརྒྱན་པ། བཙུན་མོ་གོས་ལེགས་པར་གྱོན་པ། མི་རྒན་པོ་སྣུམ་ཞག་ཆེ་བ་ལག་ན་ཕྲེང་བ་བཟུང་ཞིང་མ་ཎི་འདྲེན་པ། དེ་རྣམས་ལ་ལ་ནི་གླུ་ལེན། ལ་ལ་ནི་མ་ཎི་པད་དབྱངས་བྱེད། ལ་ལ་ནི་སྐྱབས་འགྲོ་དང་གསོལ་འདེབས་བྱེད། ད་དུང་སྦྱིན་པ་ཕར་ཡང་སྟེར། ཚུར་ཡང་བླང་ཆོག་པ་འདུག །དེ་རྣམས་ལ་ཤི་སྙམ་པའི་སྡུག་བསྔལ་དང་། གཤིན་རྗེ་རྣམས་ཀྱི་འཇིགས་སྐྲག་ནི་སྤུ་ཙམ་ཡང་མི་འདུག །གཞན་མ་ཚོགས་མ་བསགས་པའི་མི་རྣམས་ནི་མགོ་ཁེབ་པའི་ཁང་པ་ཡང་མེད། ལུས་ལ་གོས་ཀྱང་མེད། སྔར་སྦྱིན་པ་མ་བཏང་བའི་ཤིས་ཀྱིས། ལྟོགས་དྲགས་ཟ་རྒྱུ་མེད་པའི་མི་རྣམས་ནི། མི་ཡུལ་ན་བསྡད་དུས་བླ་མ་ལ་སྐུར་བ་བཏབ། གྲྭ་རོགས་གྲོགས་མཆེད་རྣམས་ལ་ཁ་སྨྲས་བྱས་པ། དགེ་བའི་ཁ་འགག་བྱས་པ། མ་བྱིན་པ་ལེན་པ། ཚོགས་མ་བསགས་པའི་མི་དེ་རྣམས་ནི་སྦྱིན་པའི་ལས་འབྲས་མེད་པའི་མི་དེ་རྣམས་ནི། ལྟོགས་ཤིང་སྐོམ་པའི་སྡུག་བསྔལ་མྱོང་དགོས་པ་འདུག །སྡུག་བསྔལ་ཆོག་ཙམ་འདུག་སྟེ། ད་དུང་དེས་མ་ཆོག་པར། གཤིན་རྗེ་རྣམས་ཀྱིས་སྙིང་ཁ་ནས་ལྕགས་ཀྱུ་བརྒྱབས་ནས་ཁྲིད་སོང་། དེ་ནས་ཕར་ཕྱིན་པའི་ས་ན་ཡོད་པའི་མི་རྣམས་ནི་མི་ཡུལ་བསྡད་དུས་སྦྱིན་པ་དང་། ཡར་དཀོན་མཆོག་ལ་མཆོད་པ་ནི་ཉིན་མོའི་སྐར་མ་བས་ཉུང་། མར་ངན་ལོང་ལ་སྦྱིན་པ་ནི་སྤྲང་པོ་ལ་སྒོ་ཕྱེ་ཙམ་ཡང་མ་བྱིན། རང་གི་སྦྱིན་པ་མ་སྦྱིན་པས་མ་ཆོག །སྦྱིན་པ་མིས་གཏོང་མཁན་ལ་ཡང་ཁ་གནོད་དང་ཚིག་གནོད་མང་དུ་གཏང་། རྟོགས་ལྡན་ཕོ་མོ་འཚོ་བ་བསོད་སྙོམས་ལ་བརྟེན་ནས་བཞུགས་མི་རྣམས་ལ་འཕྲོག་བཅོམ་དང་བརྡུངས་བཙོག་མང་དུ་བྱས། ཞེ་སྡང་ནི་མེ་བཞིན་འབར། འདོད་ཆགས་ནི་ཆུ་ལྟར་འཁྲུགས། ཕྲག་དོག་ནི་རླུང་ལྟར་འཚུབ། སྦྱིན་པ་མ་བཏང་བའི་མི་དེ་རྣམས་ཡི་དྭགས་གི་གནས་སུ་སྐྱེས། དེ་རྣམས་ལུས་ཀྱི་ཆ་ལུགས་ནི་ལུས་གཅེར་བུ་ལྟོ་བ་རྫིང་བུ་ཙམ། མགྲིན་པ་རྟ་རྔ་ཙམ། ཡན་ལག་འཇག་མ་ཙམ་ཡོད་པའི་ཡི་དྭགས་དེ་རྣམས་ནི། སྐོམ་པའི་སྡུག་བསྔལ་གྱིས་ཁ་ལ་མེ་འབར། ལྟོགས་པའི་སྡུག་བསྔལ་བཟོད་གླགས་མེད་པས་རང་རང་གི་ནང་མི་གཉེན་ཚན་རྣམས་ཡིད་ལ་དྲན་རེ་ཆེ་བས་ངའི་རྗེས་ལ་ཟ་རྒྱུ་འཐུང་བཞིན་ཨི་ཡོང་བསམས་ནས་ནང་རྒྱ་སོ་བཟང་པོ་མེད་ཀྱང་། ཕྱིའི་ཞིང་དང་ནང་གི་རྒྱན་ཆས་ཕྲན་བུ་ཡོད་པ་རྣམས་བཙོང་ནས་གཏང་ཡོང་བསམས་ནས་མི་ཡུལ་དུ་བྱ་ར་བྱེད་ཀྱིན་འདུག །བྱས་ཀྱང་སུ་གང་གིས་རྗེས་ལ་གཏོང་མཁན་ནི་མེད། སྦྱིན་པའི་ལས་འབྲས་མེད་པས་མི་དེ་རྣམས་ལ་སངས་རྒྱས་རྣམས་ཀྱང་སེམས་ཅན་དོན་ལ་གཟིགས་ནས། འཕགས་པ་སྤྱན་རས་གཟིགས་ཁ་སར་པ་ཎི་ཕྱག་གཡས་སྐྱབས་སྦྱིན། གཡོན་མཆོག་སྦྱིན་མཛད་པའི་སྣ་ནས་འོ་མའི་ཆུ་རྒྱུན་འབབ་ཀྱིན་འདུག་པས། ཚོགས་མ་བསགས་པའི་ཡི་དྭགས་རྣམས་ནི། སངས་རྒྱས་ཀྱི་སྐུ་ལ་བལྟས་ནས་ཐག་རིང་པོའི་བར་ལ་བྲོས་འགྲོ་བ་འདུག །ཡང་ལ་ལ་ནི་མིག་ལག་པས་འགེབ་ཅིང་ལུས་ཁ་སྦུབ་ཏུ་བྱས་བསྡད་འདུག །ཡང་མི་ཡུལ་ན་ཡོད་དུས་ན། དཀོན་མཆོག་ལ་ཞབས་ཏོག་ཕྲན་བུ་རེ་ཙམ་ཞུས། བསྙེན་གནས་བསྙུང་གནས་ཀྱི་ལོ་རྒྱུས་ཕྲན་བུ་རེ་ཙམ་ཐོས། གསོ་སྦྱོང་བྱེད་པའི་མི་རྣམས་ལ་དད་པ་བག་ཙམ་རེ་སྐྱེས་པའི་མི་རྣམས་ནི། དེའི་འབྲས་བུའི་ཤུགས་ཀྱིས། སྤྱན་རས་གཟིགས་ཀྱི་ཕྱག་ནས་བབས་པའི་འོ་མའི་ཆུ་རྒྱུན་དེ་རང་གི་ལག་པའི་མཐིལ་དུ་བཟེད་ནས་ལག་ངར་ལ་ཁ་གཏད་ནས་འཐུངས་ཤིང་། སྤྱན་རས་གཟིགས་ཀྱི་ཞལ་ནས། ཨོཾ་ཨཱཿཧྲི་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿ ཞེས་གསུངས་ནས་ཁར་བདུད་རྩི་བབས་ནས་སེམས་ཅན་ཐམས་ཅད་བཀྲེས་སྐོམ་གྱི་སྡུག་བསྔལ་བསལ་ལོ། །སྔོན་ནས་སྦྱིན་པ་མ་བཏང་བའི་མི་རྣམས་ནི་ཡི་དྭགས་ཀྱི་གནས་སུ་ལྷུང་སོང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གྲོང་ཁྱེར་དེའི་ཁྲོད་དུ་ཕྱིན་པས། གཤིན་རྗེ་རྣམས་ཀྱིས་སྐྱེ་སྨན་རྒན་མོ་གཅིག་ཞགས་པས་བཅིངས། ལུས་ནི་ཕ་བོང་ཆེན་པོ་གཅིག་གི་འོག་ཏུ་མནན། ལྕེ་ལྐོག་མའི་འོག་ནས་དྲངས་ཏེ། གཤོལ་ལྕགས་མེ་འབར་བས་རྨོས་རྨོ་ཞིང་འདུག །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས་གཤིན་རྗེ་རྣམས་ལ་འདི་སྐད་ཟེར་གྱིན་འདུག་གོ །ཨ་ཙ་མ་རྒན་མོ་འདིས་མི་ཡུལ་ན་བསྡད་དུས་ཅི་འདྲ་བྱས་པ་ཡིན་བྱས་པས། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། བུད་མེད་འདི་མི་ཡུལ་དྲན་པ་སྒང་ན་བསྡད་དུས། སྤྱིར་ནི་བུད་མེད་ཀྱི་ལུས་ཀྱང་བྱས། བྱ་བ་མང་ལ་བྱས་པ་ཆུང་། སྨྲ་བ་མང་ལ་དོན་གོ་ཆུང་། ཡང་སྒོས་བུད་མེད་འདིས་ཀྱང་ཡར་དཀོན་མཆོག་གི་ཞབས་ཏོག་མ་བྱས་མར་ངན་སློང་ལ་སྦྱིན་པ་ནི་མ་བཏང་། གྲོང་པ་ཁྱིམ་མཚེས་རྣམས་ལ་ཞེ་སྡང་ཕྲག་དོག་མང་དུ་བྱས། རྫུན་དང་ཚིག་རྩུབ་མང་དུ་བྱས། ད་ལྟ་འདི་རྣམས་ནི་བར་དོའི་སྣང་ཚུལ་ཡིན། ད་དུང་ཁྱོད་ཀྱིས་རྒྱལ་པོའི་ཞལ་མི་མཐོང་། ད་དུང་སྡུག་བསྔལ་མྱོང་ལུགས་ནི་ལུས་ལ་ལྕགས་གཟེར་སྟོང་ཐོབ་ཅིག །ཁ་ལ་ཁྲོ་ཆུ་ཁོལ་མ་རྒྱུན་དུ་བླུགས་ཤིག་ཟེར་གྱིན་འདུག་པ་ལ། ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། གཤིན་རྗེ་རྣམས་ལ་འདི་ལྟར་ཟེར་གྱིན་འདུག་གོ །བསྡམས་པ་ཀློད་ལ་བཅིངས་པ་ཁྲོལ། མི་ཡུལ་དྲན་པ་སྒང་དུ་མི་ཉེ་འཁོར་རྣམས་ལ་འཕྲིན་པ་ཞིག་བསྐུར་འཇུག་རོགས་མཛོད་དང་བྱས་པས། ཡང་གཤིན་རྗེ་རྣམས་ན་རེ། ཁྱོད་ལ་བུ་དང་བུ་མོ་ཚ་བོ་རྣམས་ཡོད་ན། དམྱལ་བའི་སྡུག་བསྔལ་མྱོང་ལུགས་དང་། དེའི་སྡིག་པའི་ཕན་གནོད་དང་། སྡིག་བཤགས་རྗེད་སྐོར་གྱི་འཕྲིན་པ་ཞིག་སྐུར་ཅིག་བྱས་པས། ཡང་བུད་མེད་རྒན་མོ་དེ་ན་རེ། ཀྱེ་མ་ཀྱེ་ཧུད་ཟེར་ཞིང་ངུ་ཡིན་བསྡད་འདུག །ངས་ཡུལ་དུ་འཕྲིན་པ་ཞིག་བསྐུར་ཀྱང་། ནང་མ་འབྲང་གཙང་བ་ནི་མེད། དགེ་བ་ཡང་གཏོང་རྒྱུ་ཆེར་མེད། ད་ཡོད་ལྟ་ང་རང་ལ་བུ་གཉིས་ཙམ་ཡོད། བུ་རྒན་པ་ནི་འཇིག་རྟེན་བྱས། བུ་གཞོན་པ་ནི་དཔོན་པོའི་ཕྱག་གཡོག་བྱེད་ཀྱིན་ཡོད་ལགས། མིང་ལ་བཀྲ་ཤིས་རྡོ་རྗེ་ཟེར། ངའི་ཡུལ་ནི་ལྷོ་སྟོད་ལུང་པ་ནས་ཡིན། གྲོང་གི་མིང་ལ་འབྲིང་པ་སྤེ་སར་ཟེར། ངའི་བུ་རྒན་པ་ལ་མནའ་མ་ང་རང་གི་ཚ་མོ་བཀུག །ཁུར་རྣམས་ཐམས་ཅད་ཕར་གཏད། བུ་ལ་མདུན་མ་མ་བཅོས་བར་དུ་ང་རང་ཡང་རྒྱ་སོ་ངན་པའི་སྟབས་ཀྱིས་ཡར་དཀོན་མཆོག་ལ་ཞབས་ཏོག །མར་ངན་སློང་ལ་སྦྱིན་པ་གཏོང་རྒྱུ་ནི་མ་བྱུང་། མི་རྟོག་གྲག་ལ་མ་གྱི་དཔེ་བཞིན། མི་ལྟོགས་དྲགས་ལ་ལམ་གྱི་དཔེ། ད་ལོ་ལས་སང་ཕོད་དྲག་པ་ཡོང་ངམ་བསམ་པའི་རེ་བའི་དབང་དུ་སོང་།

དེ་ནས་དབང་ཐག་ཐམས་ཅད་མནའ་མའི་ལག་ཏུ་སྤྲད་ཚར་བ་དང་། ང་རང་ཡང་ཟ་དབང་དང་འཐུང་དབང་ཡང་མ་བྱུང་། སྦྱིན་པ་གཏོང་བའི་སྐལ་བ་ག་ལ་ཡོང་། ཅི་བྱས་ཀྱང་མནའ་མའི་མིག་སྔར་མི་མཛེས། ནང་ན་ཡོ་ཆས་ཁུར་རྒྱུ་ནི་མེད། ཁང་པ་གྲུ་ཆད་གཅིག་ཏུ་ལྟོ་ལམ་གྱི་ཡར་མར་ནས་བཙལ་ནས་ལོག་ཏུ་བསྡད། དང་པོ་རང་ལ་ཕ་མས་བྱིན་པའི་གོས་ལྗང་ཁྲ་ཞིག་དང་། རང་གི་གྲོགས་དང་བྲལ་བའི་དུས་ན། ངའི་གྲོགས་དེས་ཟེར་བ་ལ། བུ་འདིས་ཁྱོད་ལ་བྱམས་པོ་བྱེད་ཤས་ཆུང་བས། གཡུ་འདི་བུ་ལ་མ་བསྟན་པར་ཁྱོད་རང་གི་གྱིས་ཤིག་ཟེར་ནས། སྤར་ཕུག་ཏུ་གཡུ་མཛོ་རི་བ་གཅིག་བཅུག་བྱུང་། དེ་སྦས་ནས་བཞག་ཀྱང་། ང་རང་གཞིས་ལ་མ་བསྡད་པའི་སྐབས་སུ། མནའ་མས་ཆས་ཀ་རྣམས་གཡེང་པས་གཡུ་མཐོང་བ་དང་། གཡུ་དང་གོས་གཉིས་མིག་ལ་བཅུག་པ་དེས། སྐྱ་འཕམ་གྱི་དུས་ན་ནང་མི་རྣམས་ཀྱིས་ལྟོ་མ་བྱིན། ཕྱི་ནས་ལྟོ་བཙལ་བས་མ་རྙེད། ལུས་སྟོང་འགྱེལ་རྒྱག་ལ་ཁད་པའི་སྐབས་ཙ་ན། ང་འཆི་བའི་རྐྱེན་ནི། མནའ་མས་ངའི་བུ་ལ་ཆང་བྱིན་ནས། བུ་དེའི་སྟེང་དུ་གཉིད་ལ་སོང་བ་དང་། འོག་ཁང་དུ་གཡོག་མོ་དང་མནའ་མས་ངའི་མགོ་བོ་ལྟག་འཁོར་དུ་གཅུས་ནས། ཡུན་རིང་འོག་ཏུ་མནན་ནས། བུ་དང་གྲོང་པ་ལ་ཁུ་རྒྱག་ལོང་དབང་མེད་པའི་ངང་ནས་འདིར་སླེབས་བྱུང་། ད་ནི་བུ་བཀྲ་ཤིས་རྡོ་རྗེ་ལ་འཕྲིན་པ་ཞིག་གྱིས་དང་། ཨ་མ་ལ་དགེ་བའི་ཁམ་གང་ཡང་མ་བྱུང་། ནག་ཚང་གི་ཤིང་ཁྲོད་ན་ང་རང་གིས་བན་ཚང་བ་རྣམས་ལ་ལྷམ་སྒྲོག་དང་སྐུད་པ་བཙོངས་པའི་རིན་ལ། ནས་རྫ་མ་གང་དང་བལ་སུ་གང་ཡོད་པས། དེ་རྣམས་ཡོན་བྱེད་གྱིས་ལ། གུ་རུ་ལྷ་ཁང་གི་བན་ཚང་བ་རྣམས་ལ་བཞེས་ཐུག་བསྔོ་རྟེན་ཕུལ་གྱིས་དང་། ཡང་བྱ་ཚང་གི་ཕྱི་རྒྱུག་ཁྲོག་སྤོང་གི་ཁྲོད་ན། སྒྲོ་བའི་ཕྱི་གཡོགས་ཀྱིས་དྲིལ་བའི་ནང་ན། ཚྭ་དང་ཚོད་སྡོར་སྤན་ཐོག་ཅིག་དང་བཅས་པ་ཡོད། གཞན་ནི་ལེན་རྒྱུ་ཆེན་པོ་མེད། བྲ་བེ་སྨིན་དྲུག་གི་ལག་ནས་ཕྲེང་བའི་མདོ་འཛིན་བཙོངས་པའི་རིན་ནས་ཁལ་ཕྱེད་དང་གཉིས་བླང་ཆོག་པ་ཡོད། སྤེ་སར་ནུབ་མ་བུ་ཁྲིད་ལྷ་མོ་ལ་གོས་ཀྱི་ལྟེ་པ་གཉིས་བཅོལ་ནས་ཡོད། དེ་རྣམས་ལོངས་ལ་སྤེ་སར་ལུང་པ་ལ་ཆང་ཕོར་བ་རེ་ལས་མ་བྱུང་ཡང་ཨེ་ཡོང་ལྟོས་དང་། དེ་མ་ལགས་པའི་ནོར་ནི་མེད། བུས་ཀྱང་ཨ་མ་ལ་བསམས་ནས་སྡིག་པ་འདི་རྣམས་དག་ཐབས་གྱིས་ལ། དེ་ལྟར་བྱས་ཀྱང་ངའི་སྡིག་པ་དག་མི་ཐུབ་འདྲ་ཟེར་ཞིང་མཆི་མ་མང་དུ་འདོན་གྱིན་འདུག་གོ །འགྱོད་ཀྱང་བྱ་ཐབས་མི་འདུག་གོ །ང་འདྲ་བའི་བྱ་བ་ངན་པ་མ་བྱེད་ཟེར་གྱིན་འདུག་གོ །ཡང་རྫུན་དང་ཚིག་རྩུབ་བྱས་པའི་རྣམ་སྨིན་གྱིས། གཤིན་རྗེ་རྣམས་ཀྱིས་ཁ་ལ་ཆུ་ཁོལ་མ་རྒྱུན་དུ་བླུག་གིན་འདུག་གོ །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། གཤིན་རྗེ་རྣམས་ལ་འདི་ལྟར་ཟེར་གྱིན་འདུག་གོ །གཤིན་རྗེ་རྣམས་ཀྱང་བདག་ལ་ཚུར་གསོན་དང་། གཤིན་ཡུལ་གྱི་གྲོང་ཁྱེར་འདི་ན་སྐྱིད་སྡུག་སྣ་མི་སྙོམས་པས། མང་དུ་འདུག་པའི་མི་ལ་ལ་རྣམས་ཀྱང་། ལྟོགས་སྐོམ་གྱི་སྡུག་བསྔལ་ཙམ་གྱིས་བཞག་ནས། གཤིན་རྗེ་རྣམས་ཀྱིས་ལུས་ཕྱེད་མར་གཤགས་པ་དང་། སྙིང་རྒྱབ་ནས་བཏོན་ནས་རང་གི་ཁ་ལ་འདུག་པ། ལུས་རྣམས་དུམ་བུར་གཏུབས་པ་དང་། གཞན་རྣམས་ཀྱང་ལས་ཀྱི་རྣམ་པར་སྨིན་པས་ཡི་དྭགས་ཀྱི་སྡུག་བསྔལ་མྱོང་དགོས་པ་འདུག །དེ་རྣམས་ལ་སྡུག་བསྔལ་གཅིག་ནས་གཅིག་ཏུ་བར་མ་ཆད་པ་མྱོང་དགོས་པ་འདུག །ཡང་ཁང་པ་ཀ་བཞི་གདུང་བརྒྱད་ནང་ན་ཡོད་པའི་མི་རྣམས་ནི། སྡུག་བསྔལ་མེད་ཅིང་བདེ་བ་ལ་གནས་ཏེ། གཤིན་རྗེ་རྣམས་ཀྱིས་གླགས་མི་རྙེད་པ་འདི་རྣམས་གང་ཡིན་ཟེར་གྱིན་འདུག་པ་ལ། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། འདིར་ཁང་པ་ཀ་བཞི་གདུང་བརྒྱད་ཀྱི་ནང་ན་བསྡད་པའི་མི་རྣམས་ནི། ཁོང་རང་རྣམས་མི་ཡུལ་ན་བསྡད་པའི་དུས་ན། རང་གི་ཁང་པ་གད་བདར་ལེགས་པར་བྱས་ནས། བླ་མ་མཚན་ཉིད་ལྡན་པ་རྣམས་ཀྱང་སྤྱན་དྲངས། རྟོགས་ལྡན་ཕོ་གང་ནས་ཕེབས་ཀྱང་གཙང་སྦྲ་ཆེ་བར་བྱས་ནས་གནང་བཏང་། བཀུར་སྟི་ཞབས་ཏོག་མང་དུ་བྱས་ནས་བླ་མ་མ་ཎི་པ་རྣམས་ཀྱང་སྤྱན་དྲངས། མ་ཎིའི་གཞི་གཟུང་ནས་བསྐུར་གྲངས་དྲགས་བྱས། མ་ཎི་དམ་ཆ་མང་དུ་བླངས། མ་ཎི་མ་ཆགས་པར་བགྲངས་པའི་ཕན་ཡོན་གྱིས། དེ་དག་གཤིན་རྗེ་རྣམས་ཀྱིས་ལྟ་རུ་མི་རུང་བ་ཡིན་ནོ། །ད་ལྟ་སྦྱིན་པ་གཏོང་རྒྱུ་དང་ལེན་རྒྱུ་གང་ཡང་ཡོད་པ་འདི་རྣམས་ནི། མི་ཡུལ་དྲན་པ་སྒང་ན་བསྡད་དུས། ཅི་ཡོད་སྦྱིན་པ་བཏང་བའི་ཕན་ཡོན་ཡིན་ནོ། །

ད་ལྟ་སྦྱིན་པ་ཕར་གཏོང་བ་དེ་ནི། རང་མི་ཡུལ་ན་བསྡད་དུས་བླ་མ་ལ་སྦྱིན་པ་གཏོང་བའི་དམ་བཅའ་བླངས་པའི་ཕན་ཡོན་གྱིས། ད་དུང་སྦྱིན་པ་གཏོང་རྒྱུ་ཡོད་པ་ཡིན་ནོ་ཟེར་བ་ལ། ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། གཤིན་རྗེ་རྣམས་ལ་འདི་ལྟར་ཟེར་གྱིན་འདུག །འོ་ན་ཁོང་རྣམས་ལ་ལྟ་བའི་གདེང་དང་སྒོམ་པའི་ཉམས་དེ་ཙམ་ཡོད་པ་ལ། གཤིན་ཡུལ་གྱི་གྲོང་མོ་ཆེ་འདིར་ད་ལྟ་ཙམ་སྡོད་དགོས་པའི་རྒྱུ་མཚན་ཅི་ཡིན་བྱས་པས། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། འདི་ན་ཡོད་པའི་མི་ལ་ལ་རྣམས་ནི། རང་རང་དགེ་བའི་གྲབས་བྱེད་པ་ལ་བསྒུགས་ནས་བསྡད་པ་ཡིན། ལ་ལ་རྣམས་ནི་ཟན་གྲངས་མ་ཐིམ་པ་བསྒུགས་ནས་བསྡད་པ་ཡིན་ནོ། །མི་འདི་རྣམས་དགེ་བ་ནམ་བྱུང་བ་དང་། ཆུ་བོ་ཆེན་པོ་འདི་བགྲོད་པའི་ཕ་རོལ་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི། ལས་དཀར་ནག་གི་ཤན་འབྱེད་མཛད་ཅིང་བཞུགས་ཡོད་པས་དེར་ཕྱིན་ནས། དགེ་སྡིག་གི་ཤན་འབྱེད་བྱས་ནས། མི་འདི་ལུས་ཐོབ་པར་འདུག་གོ་ཟེར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཟམ་ཁ་དེའི་རྒྱ་སྒོའི་མདུན་ན་བུ་མོ་ལུས་བདེ་ཞིང་ཁ་འབུར་རེ་བ་ཡོད་པ་ཞིག་རེས་འགའ་གླུ་ལེན། རེ་འགའ་བྲོ་འཁྲབ། རེས་འགའ་མཆི་མ་འདོན་གྱིན་འདུག་པ་ལ་ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། བུ་མོ་དེ་ལ་དྲི་བ་བྱེད་ཀྱིན་འདུག་པ་ལ། བུ་མོ་གཞོན་ནུ་མ་དེའི་ཁ་ནས་འདི་སྐད་ཟེར་གྱིན་འདུག་གོ །ངའི་ཡུལ་ནི་ལྷོ་སྟོད་ཕྱོགས་ནས་ཡིན་ལགས། གྲོང་གི་མིང་ལ་སྣེ་སྡོང་ཟེར་བ་ཡིན་ལགས། ཨ་ཕའི་མིང་ལ་ཆོས་རྒྱལ་ཚེ་རིང་ཟེར་ལགས། ཨ་མའི་མིང་ལ་གསེར་ཆུང་ཟེར། ང་རང་གི་མིང་ལ་རྡོ་རྗེ་རྒྱལ་མོ་ཟེར། ལུང་པ་ལ་སོག་པོ་སླེབས་པའི་དུས་ནས་ང་དབང་མེད་དུ་སོག་པོས་ཁྲིད། མི་མང་པོའི་ཁྲོད་དུ་ནད་ཅིག་ཕོག་ཕ་མ་གཉིས་དང་མ་ཕྲད་པར་འདིར་སླེབས་བྱུང་། དེ་ནས་ངས་ཆོས་ཀྱི་རྒྱལ་པོའི་སྐུ་གཞོག་ཏུ་སླེབས་པ་དང་། ཆོས་ཀྱི་རྒྱལ་པོའི་ཞལ་ནས། བུ་མོ་ཁྱོད་རིགས་བཟང་བློ་གསལ་ང་རྒྱལ་མི་འདུག་སྟེ། ཨེན་ཙམ་ཕ་མ་དང་ནོར་རྫས་ལ་ཆགས་འདུག་པས། ཁྱོད་རང་གི་སྐྱེ་ཡུལ་གྱི་ལུང་པའི་ཕུ་རུ་སྨན་མོ་ཞིག་ཏུ་སྐྱེ་བ་ལོངས་ཤིག་གསུངས་བྱུང་བས། ཡང་དེས་བུ་མོ་ཁྱོད་ནོར་ལ་ཆགས་པ་དེ་ཙམ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་བྱས་པས། བུ་མོ་དེ་ན་རེ། ངའི་ཐོད་དང་སྐྱེ་ཆ་རྣམས་བླ་མ་ལ་མ་ཕུལ་བར། ཐོད་མཛེས་བྱི་རུ་རྣམས་ཁྱེར་ནས་མིག་ལྟས་མི་མཐུན་པའི་བུ་མོ་གཅིག་ལ་བཙོང་པས་ཡིད་མ་དགའ་བཞིན་གཤིན་རྗེ་རྣམས་ཀྱིས་དངངས་སྐྲག་དང་འཇིགས་སྣང་ཡོད་ཀྱང་། དེ་མ་བརྗེད་པར་སྙིང་ཁར་སྟོང་ངེ་བསྡད་པས། དེའི་ཆགས་ཞེན་ལ་བརྟེན་ནས། སྨན་མོ་གཅིག་ཏུ་སྐྱེ་བ་ལོངས་ཤོག་གསུངས་བྱུང་ཟེར་ཞིང་མིག་མཆི་མས་གང་ནས་སོང་། ཡང་བུ་མོ་དེའི་ཁ་ནས་འདི་ལྟར་ཟེར་རོ། །ད་ང་རང་གི་ལུང་པའི་ཕུའི་ལྷ་ལ། ལྷ་རྟེན་གཅིག་ཀྱང་རྩིགས་གསུངས་དང་། ང་སྨན་མོ་ལ་ཡང་ལྷ་རྟེན་རྩིགས་ཤོག་གསུངས་དང་། བསྐང་བཤགས་བརྒྱ་ཚར་ཐོངས་ཤོག་གསུངས་དང་། ཚོགས་འཁོར་བརྒྱ་ཚར་ཐོངས་གསུངས་དང་། དེ་ལྟར་བྱས་ན། ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱོད་སྨན་མོའི་ལུས་དེ་བོར་ནས་མི་ལུས་ཐོབ་པར་ཡོད་དོ་གསུངས་བྱུང་བས། འཕྲིན་པ་དེ་རྣམས་གསུངས་རོགས་མཛོད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་ལྒ་དང་གཡེར་མ་འབྲས་ཤོག་བུ་ལ་སོགས་པའི་ཁུར་རྩ་རི་རབ་ཙམ་ཁུར་བ་ཞིག །བུད་མེད་རྒན་མོ་མིག་རྩ་དམར། སྐྲ་སྐྱ་ཕྱེད་སྔོ་ཕྱེད་དུ་ཡོད་པ། སྐྲ་མདུད་བརྒྱབ་པའི་སྣེ་མོ་སྤྱི་ཁེབ་ལ་བསྐོར་བའི་བུད་མེད་ཅིག །གཤིན་རྗེ་རྣམས་ཀྱིས་མདུན་ནས་ཞགས་པས་ཁྲིད། རྒྱབ་ནས་མདུང་གིས་བདས། ལོངས་སྤྱོད་དབང་མེད་པའི་ཁུར་རྩ་ཆེན་པོ་རི་རབ་ཙམ་ཁུར་བ་གཅིག་སླེབ་བྱུང་བས། ས་དང་ཁུར་རྩ་གཉིས་ཀྱི་བར་ནས། ང་ལ་མིག་འབུར་ཚུགས་སུ་བལྟ་ཞིང་འདུག་པ་ལ། བུད་མེད་རྒན་མོ་དེས་ངའི་ཟླ་གྲོགས་ཀྱི་བུ་མོ་དེ་ལ་ག་ནས་ཡིན་ཟེར་ཞིང་དྲི་ཡིན་འདུག་པ་ལ། ངའི་ཟླ་གྲོགས་ཀྱི་བུ་མོ་དེ་ན་རེ། ཁྱེད་རང་གི་བུ་མོ་འདིའི་སྐྱེ་ས་དགེ་བཅུ་ཀུན་དགའ་གླིང་ནས་ཡིན། ལྕམ་སྲིང་ལྔ་ཡོད་པའི་འབྲིང་མ་ཡིན། ཁྱོད་ཀྱིས་ངོ་མི་ཤེས་སམ། འདིར་མིང་དང་རུས་མ་ནོར། འཛམ་བུའི་གླིང་གི་མི་ཡུལ་བྱ་བ་ཡ་གི་ན་དུག་ལྔ་རགས་པས་ལས་སུ་དམག་འཁྲུག་དང་། ཨར་ཇག་གཅིག་གིས་གཅིག་གསོད་པ་དང་། ཆོས་སྙིང་ནས་མི་དྲན་པ་ཚེ་ལུག་མཇུག་ལས་ཐུང་། བློ་སྣ་ནམ་མཁའི་སྐར་ཚོགས་ལས་མང་བ། མི་རྟག་འཆི་བ་བྱུང་དུས་སྡུག་བསྔལ་ཡུངས་འབྲུ་ལས་ཆུང་བ། རང་གི་ཕ་མའི་རོ་ཡིན་ཀྱང་ཁྱི་རོ་སྐྱུར་སྐྱུར་བྱེད་པའི་དུས་གཅིག་བྱུང་། དྲིན་ཆེན་ཕ་མའི་དྲིན་ལན་མི་འཇལ་བར། མིའི་བུ་མོའི་ཁ་ལ་ཉན་ནས་ཕ་མ་ཡིད་བཅད་ལ་གཏོང་བའི་དུས་ཤིག་ཡོང་བས། ལས་དཀར་ནག་དགེ་སྡིག་འདི་ལ་བལྟས་ནས། ཆོས་ཀྱི་རྒྱལ་པོའི་བཀའ་དང་མ་འགལ་བར་བྱས་ནས། བར་དོ་དང་དམྱལ་བའི་ལོ་རྒྱུས་རྣམས་མི་ཡུལ་དྲན་པ་སྒང་དུ་ལོག་ནས་འཕྲིན་པ་བྱེད་དགོས་རྒྱུ་ཡིན་ནོ། །ཁྱོད་བུད་མེད་ཀྱི་ལུས་བྱས་ནས། ཁུར་རྩ་ཆེན་པོ་རི་རབ་ཙམ་ཞིག་ཁུར། གཤེད་མས་སྔོན་ནས་ཁྲིད་མཚོན་ཆས་མཇུག་ནས་བདས། ཡང་ན་ཁྱོད་སྡེ་དཔོན་ཆེན་པོའི་བཀའ་བློན་མ་ཞིག་ཡིན་ནམ། དགེ་འདུན་གྱི་དབྱེན་མ་ཞིག་ཡིན་ནམ། ཚོང་འདུས་ཆེན་པོའི་གནས་ཆེན་མ་ཞིག་ཡིན་ནམ། སྡེ་ཞོལ་ཆེན་པོའི་ཆང་ཚོང་མ་ཞིག་ཡིན་ནམ། ཅི་བྱས་པ་ཡིན་བྱས་པས། ཡུལ་གང་ནས་ཡིན། མིང་ལ་ཅི་སྐད་བྱ་བ་ཡིན་གསུངས་པ་ལ། ཡང་རྒན་མོ་ན་རེ། རང་གི་ལག་པས་རང་གི་བྲང་བརྡུངས་ནས། མིག་མཆི་མས་གང་སྟེ། ཨ་ཙ་མ་ད་ཁོང་གི་ཞལ་རས་ལ་བལྟས་ན་ཆོས་རྗེ་ཀུན་དགའ་གླིང་པའི་ཞལ་རས་འདྲ་མོ་རང་འདུག །ང་མི་ཡུལ་ན་ཡོད་དུས་ཁོང་ཡུམ་གྱི་སྐུ་ལ་བཞུགས་པའི་གྲབས་ཀྱང་མེད། སྔར་ཕན་ཆད་ལྕགས་ཁང་སྒོ་མེད་ནང་དུ་སྡོད་དགོས་བྱུང་། དེ་རིང་ཚེས་བཅོ་ལྔ་ཡིན་པས། ལྕགས་ཁང་གི་ཕྱིར་ཐོན་པ་དེ་ཡང་སོས་ཡིན། དེ་རིང་ཕྱིར་ཐོན་ཆོག་པའི་རྒྱུ་མཚན་ནི། ང་མི་ཡུལ་ན་ཡོད་པའི་དུས་ན། རྒྱལ་བ་ཁུ་དབོན་གྱི་མཆོད་པའི་སྦྱིན་བདག་ངེད་མ་སྨད་ཀྱིས་བྱས་པའི་ཕན་ཡོན་ཡིན་ནོ། །

ངའི་སྐྱེ་ས་དགེ་བཅུ་ལུང་པ་ནས་ཡིན་ལགས། གྲོང་གི་མིང་ལ་སྲོག་ཆས་འོག་མ་ཟེར། ང་རང་གི་མིང་ལ་དགོས་སྐྱིད་འཛོམ་པ་ཟེར། གྲོགས་གྱི་མིང་ལ་གནས་པོ་སྡེ་པ་ཟེར། ཁོང་རང་གི་བཀའ་བློན་བྱས། དགེ་བཅུ་གཞིས་ཁའི་བཙུན་པ་ཕྱོགས་ནས་སླེབས་པ་རྣམས་ཀྱི་ཆས་ཀ་ང་ལ་བཅོལ་ས་བྱས། ཡང་མོན་མཁན་ཐམས་ཅད་ཀྱིས་ང་ལ། ཨ་མ་དགོས་སྐྱིད་འཛོམ་པ་ཟེར་ཞིང་ང་ལ། ལྒ་དང་གཡེར་མ་རས་འབྲས་ཤོག་བུ་ལ་སོགས་པ་མང་དུ་བྱིན། ཤ་ཆང་ལ་སོགས་པས་སྣེ་ལེན་རེ་བྱས་རུང་། ཁོང་རྣམས་ཀྱིས་ལ་ལུང་མང་པོ་ལ་ཁུར་རྩ་ཁུར་བས། ང་ལ་ཁུར་རྩ་རི་རབ་ཙམ་ཁུར་དགོས་པ་དེ། ཁོང་རྣམས་ཀྱིས་དཀོར་ལན་མ་འཇལ་བའི་རྣམ་སྨིན་ཡིན་ནོ། །

ཡང་དགེ་བཅུ་གཞིས་ཁའི་བཙུན་པ་ཕྱོགས་ནས་ཕེབས་པ་ཐམས་ཅད་ཀྱིས་ང་ལ་ཆས་ཀ་འཆོལ་ས་བྱས་ནས་ཆས་བཞག་ནས་ཤི་བ་རྣམས་ཀྱི་ཆས་ཕྲན་བུ་ལ་ངས་ངན་སྡོམས་བྱས། དེར་མ་ཟད་པའི་སྡིག་ངས་ཁ་རེ་ལ་གཡག་གཉིས་རེ་ཙམ་བསད། སྡུག་བསྔལ་ཡུན་རིང་འདི་འདྲ་མྱོང་དགོས་པ་ཟེར་ཞིང་བསྡད་འདུག །དེ་ནས་གཤིན་རྗེ་སྟག་ལྤགས་ཀྱི་ཤམ་ཐབས་ཡོད་པ། མིག་ཁྲོ་ཚུགས་སུ་ལྟ་བ། ལག་པ་གཡས་ཐོ་བ་ནམ་མཁའ་ལ་འཕྱར་བ་དེས། རྒན་མོ་དེའི་མགོ་ཐོག་ཏུ་ལན་གཅིག་བརྒྱབ་སོང་། ཧ་ཧ་ཟེར་ཞིང་གད་མོའི་སྒྲ་སྒྲོགས་ཤིང་། ཁྱོད་ཀྱི་ཁྲམ་དང་གཡོ་སྒྱུ་དེ་ཙམ་བྱས། སྡིག་སྒྲིབ་དེ་ལས་མེད་ན་དྲག་སྟེ་ཟེར། ཁྱོད་མི་ཡུལ་དྲན་པ་སྒང་ན་སྡོད་དུས་ན། ཆོས་སྡེ་གཅིག་གི་བཀའ་བློན་བྱས་འདུག །རང་གི་དཀར་ནག་ཐམས་ཅད་ཁོང་དུ་བཞག་ནས། དཔོན་པོ་ལ་སྐུར་པ་མ་བཏབ་ཀྱང་བཏབ་བོ་ཟེར་ནས་རྫུན་དང་ཕྲ་མ་བྱས་འདུག །དཔོན་པོས་སྙན་ཀྱང་ཁྱོད་ཀྱིས་རྒྱང་འདུག །ཞུས་སྣ་ཡང་ཁྱོད་ཀྱིས་བྱས་འདུག །དཔོན་པོའི་འབུལ་བྱས་ལྷག་མ་རྣམས་ཁྱོད་ཀྱིས་ལྐོག་ཟས་མ་བྱས་སམ། མི་ནག་མེད་དཔོན་པོའི་ཁྲིམས་རར་བསྐྱལ་འདུག །དགེ་འདུན་ཀྱི་སྡེ་ཡང་ཁྱོད་ཀྱིས་དཀྲུགས་འདུག །གྲྭ་ཚང་གི་ནོར་ཡང་ཁྱོད་ཀྱིས་ཟོས་འདུག །ཏིལ་གྱི་མར་ཁུ་སྐྱེ་ཟོམ་བརྩུགས་ནས་བླངས་འདུག །སྤྱི་པ་ལ་ཞི་བའི་སྒོ་ནས་སློང་མོ་བྱས་ནས། ངན་པའི་ཁོག་ནས་རྐུན་མ་བྱས་འདུག །བུད་མེད་འདི་སྣ་རྣོ་བའི་སྟོབས་ཀྱིས། མིས་མ་ལབ་པའི་གཏམ་ཐམས་ཅད་ནི་དཔོན་པོའི་སྙན་དུ་ཁྱོད་ཀྱིས་བསྐྱལ། མི་མགོ་མཐོ་ཞིང་རྒྱུ་མཚན་ཆེ་བ་རྣམས་ལ་ཞེ་སྡང་དང་ང་རྒྱལ་ཕྲག་དོག་བྱས་འདུག །མི་ཆོས་བྱེད་མཁན་ཐམས་ཅད་ལ་ཡང་། བཀུར་སྟི་ཞབས་ཏོག་མི་བྱེད་པའི་ཁར། འཇིག་རྟེན་མ་ནུས་ལྐོག་ཉལ་ཡིན་ཟེར། ཡང་ལས་རྒྱུ་འབྲས་ཤོད་པའི་མི་དང་། ཡང་སྙིང་ཡི་གེ་དྲུག་མ་རྒྱལ་ཁམས་ཐམས་ཅད་ལ་སྐུལ་བར་བྱེད་ཅིང་སེམས་ཅན་བདེ་ལ་བཀོད་ཕྱིར་དང་། སྡིག་པོ་ཆེ་རྣམས་འགྱོད་སེམས་སྐྱེ་བའི་ཕྱིར། སྐལ་ལྡན་ལས་ཅན་གྱི་མི་རྣམས་མཐོ་རིས་གནས་སུ་བགྲོད་པའི་ཕྱིར་དང་། སྔོན་ཡང་སྦྱིན་པའི་ལས་འབྲས་མེད་པའི་ན། ཚེ་འདི་ལ་ལོངས་སྤྱོད་ཆུང་བ་དང་། སྦྱིན་པ་གཏོང་བའི་འདུ་ཤེས་མེད་པའི་མི་རྣམས་ལ། སྦྱིན་པ་ཐབས་ཀྱིས་ལེན་པའི་ཕྱིར་དུ། བླ་མ་མ་ཎི་བ་འགྲོ་དོན་ལ་ཕེབས་དུས་སུ། སྔོན་ནས་བསོད་ནམས་བསགས་པའི་མི་རྣམས་ཀྱིས། མ་ཎི་བའི་གསུང་དེ་ཐོས་པ་ཙམ་གྱིས། ཞབས་ཏོག་བསྙེན་བཀུར་འབྲེལ་བ་རེ་ཁྱེར་ནས་མ་ཎི་འདྲེན་དུ་འགྲོ་དུས་ན་ཡང་། ཁྱོད་ཀྱིས་མ་ཎི་འདྲེན་དུ་མ་ཕྱིན་པས་མ་ཆོག །མི་རྣམས་ལ་ཁྱོད་ཀྱིས་འདི་ལྟར་ལབ་འདུག །རང་གིས་ལས་མ་ནུས་པས་མ་ཆོག །ཟོག་པོ་འདིའི་རྩ་རུ་ནང་མེད་པར་བཏང་ནས་ཁྱེར་ཕྱིན། འགུགས་སྔགས་ཟས་གཏེར་ཁྱི་ཁྲིད་བརྒྱབ་ནས་འདུག་ཟེར་ཞིང་། གཏམ་དེ་མང་དུ་གླེང་པ་ལ་བརྟེན་ནས་ད་ལྟ་བར་དོའི་གནས་སུ་སྡོད་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ། །

རྒྱལ་ཁམས་འགྲིམ་པའི་བླ་མ་མ་ཎི་བ་རྣམས་ལ་བཀུར་སྟི་ཞབས་ཏོག་མ་བྱུང་ཡང་། ལོག་ལྟ་ཞུས་པས་ག་ལ་ཡོང་། ཡང་བུད་མེད་དེས་ཁ་ནས་འདི་ལྟར་ཟེར། ཨ་ཙ་མ་ང་མི་ཡུལ་དྲན་པ་སྒང་ན་སྡོད་དུས། འཆི་བ་ཡོང་བསམ་སེམས་ལ་མེད། པག་སང་གི་དོང་ས་དེ་ན་གྲུ་གསུམ་དེ་ན་བླ་མ་མ་ཎི་གཞན་ལས་གཟི་བརྗིད་ཆེ་བ་ཞིག་སླེབས་འདུག་པས། མི་གཞན་མ་ཐམས་ཅད་མ་ཎི་བའི་དྲུང་དུ་མ་ཎི་འདྲེན་པར་ཕྱིན་ནས། ཉི་མ་རེ་ལ་གཏམ་རེ་ཁྱེར་ཡོང་གིན་འདུག །མ་ཎི་བ་འདི་ལས་ལྷག་པ་མི་འདུག །ལས་རྒྱུ་འབྲས་ཀྱི་ལོ་རྒྱུས་དེ་རྣམས་ཐོས་པས་སེམས་ལ་ཤིན་ཏུ་ཕན་པ་བྱུང་ཟེར། ང་ཡང་ཆོས་བྱེད་ཟེར་གཏམ་མང་གླེང་གིན་འདུག་པས་ངའི་བསམ་པ་ལ་འཆི་བ་ཐམས་ཅད་ཀྱིས་བཅོག་པ་ལ། ང་གཅིག་པོས་མི་བཅོག་པ་མི་སྲིད། སྔོན་ལ་མ་ཎི་ཁོང་རང་ཚོ་ལ་ཡང་འཆི་བ་ལས་སྤྲོས་པ་མེད་བསམས་ནས། ཁོང་རང་ཚོ་ལ་འདིར་འགྲོ་འདིར་སྡོད་བྱ་བ་ནི་མེད། མདོར་ན་ནམ་མཁའི་ན་བུན་ལྟ་བུ་ཡིན། ཁོང་རྣམས་ཁས་འཆི་བ་ནམ་ཡོང་ཆ་མི་འདུག་ཅིང་། འཆི་བ་ཐོགས་བབས་སུ་བྱུང་དུས། རང་གི་ནོར་རྫས་རྣམས་ཀྱིས་ཕན་མི་ཐོགས་པར་རང་ཉིད་གཅིག་པུར་འགྲོ་དགོས་པའི་དུས་ཤིག་ཡོང་ཟེར་བ་དེ། མི་རྣམས་ཀྱིས་ངའི་གདོང་དུ་ལབ་མོ་བྱས་པ་དེ། རང་གི་རྣ་བའི་ཡུལ་དུ་ཐོས་ན་ཡང་། རང་གི་བུ་ཚ་རྣམས་ཀྱང་རེངས་པ་དང་། རང་གི་ཁ་ལ་མ་ཉན་པ་དང་གཅིག །གྲོགས་འདི་སྐྱུར་དད་ཆེ་ཞིང་ཚིག་ལ་མ་གནས་པ་གཉིས། ཡུལ་འདི་ཞེ་སྡང་ཆེ་ཞིང་ཆོས་ལ་མ་དད་པ་དང་གསུམ། གྲོང་པའི་ཆགས་སྡང་འདི་ལ་བསམ་ནའང་། བུ་ལ་འབོགས་རྒྱུ་དང་། བུ་མོ་ལ་རྫོངས་འདེབས་རྒྱུ་དང་། དགོས་སྐྱིད་འཛོམ་པ་ཤི་བའི་དུས་དགེ་རྩ་དང་། གཉེན་ཉེ་འབྲེལ་རྣམས་ལ་ལག་བདེ་སྐྱོང་རྣམས་བྱུང་ན་དེས་ཆོག་བསམས་ནས། འཆི་བ་དྲན་ཀྱང་ནོར་རྫས་འདི་ལ་མགོ་གང་འདྲིལ་བྱེད་དགོས་པ་བྱུང་། འདིར་སླེབས་ཙ་ན་ཆོས་དང་འཇིག་རྟེན་གཉིས་རྒྱབ་འགལ་དུ་སོང་ནས་མི་འདུག །འཆི་བའི་དུས་ལ་སླེབས་དུས། ཕན་པའི་བྱ་བ་ནི་ཏིལ་འབྲུ་ཙམ་ཡང་མི་འདུག །འགྱོད་ཀྱང་ཐལ་ལོ་ཟེར། ད་ཤུལ་ན་ཡོད་པའི་མི་རྣམས་ལ་ཕྲིན་པ་འདི་ལྟར་མཛོད། མི་ཆོས་བྱས་པས་ལྷ་ཆོས་མི་འདུག་གོ །ཚེ་འདིའི་འདུན་མ་བསྒྲུབས་ཀྱང་ཕྱི་མའི་དོན་མ་བྱུང་། ཚེ་འདིའི་འཇིག་རྟེན་བྱ་བ་མཁས་ན་ཡང་། བར་དོའི་གནས་འདིར་བྱ་བ་མཐའ་བཞིན་ཐུག །བླ་མ་བཟང་གསུམ་བྱོན་དུས་འབུལ་བ་མ་བྱས་པའི། མི་ཡུལ་ནོར་རྫས་མང་བས་ཅི་ཞིག་ཕན། ཚེ་འདིའི་ཁེང་གྲགས་ཟང་ཟིང་མང་ན་ཡང་། བར་དོའི་གནས་འདིར་སླེབས་དུས་ཕན་པ་མེད། བུ་དང་ཚ་ཡུག་རྣམས་ལ་འཕྲིན་པ་མཛོད། འཇིག་རྟེན་ལིང་གིས་མི་སྐྱུར་ཀྱང་། ཕྱེད་ཙམ་ཨ་མའི་རྗེས་ལ་གཏོང་རོགས་མཛོད། དེ་མིན་བསམ་བློ་ཞིབ་མོར་འདུག་ཀྱང་། ད་དུང་སྡིག་པ་དག་ཐབས་གཅིག་དགོས་པ་འདུག་ཟེར་ཞིང་མཆི་མ་དུམ་པ་རེ་འདོན་གྱིན་འདུག་གོ །བྱས་པ་བུ་ཐོག་ཏུ་བྱས་ཀྱང་། བྱས་པའི་དྲིན་མེད་ཟེར་ཞིང་། ནོར་དམའ་ཐོག་ནས་ཤ་འུ་ཐོག་པ་ལྟ་བུ་ཕ་མའི་དོན་དུ་དགྲ་ལ་ཤོར་བ་ལྟ་བུའི་ཕངས་སེམས་བྱེད་ཀྱིན་འདུག །བུ་འདིས་ཕ་མའི་རྗེས་ལ་གཏོང་བ་མི་སྲིད་པས། ངའི་བུ་མོ་བཀྲ་ཤིས་ལྷ་མོ་ཟེར་བ་ཉི་མོ་མིས་ལབ་པ་ལ་ཏིང་བཀྲོལ་བ་ཞིག་ཡོད་པ་དེ། ཕ་མ་དང་གཞན་མ་རྣམས་ཀྱིས་མ་ཐོས་པའི་མཁར་པ་དང་གཡུ་རོ་གཉིས་ཀྱི་གཡུ་ཕྱེད་དཔོན་པོའི་སྐུ་དྲིན་ལས་བྱུང་། ཕྱེད་ལ་རིན་སུམ་ཅུ་ཐམ་པ་སྤྲད་ནས་ཉོས་པ་དེ། ཕ་མས་མ་ཚོར་བ་བྱས་ནས། བུ་མོ་བཀྲ་ཤིས་ལྷ་མོ་ལ་བྱིན། གཞན་ཡང་སྟོད་ཐུང་དར་ལྗང་མ་གཉིས་ཡོད་པའི། གཅིག་བུ་མོ་གཞོན་པའི་ཆོས་རྒྱགས་ལ་བྱིན། དར་ལྗང་མ་གཅིག་དང་གཟན་སྟག་ཁྲ་གཅིག །ལྷམ་ཕག་སྣ་མ་གཅིག །ཤ་ཚེའི་ལག་སྐོར་གཅིག །དེ་རྣམས་ནི་ཀུན་གླིང་ཨ་མ་བསོད་ནམས་རྒྱལ་མོ་ལ་འབྲེལ་ཆེ་བ་མེད་ཀྱང་། དགེ་བཅུ་གཞིས་ཁའི་བླ་མའི་དབོན་མོ་ཡིན་པ་དང། ལུང་པ་དེ་རྣམས་ཀྱིས་བྲེ་ཚད་སྲང་ཚད་བྱེད་ཀྱིན་འདུག་པ་ལ། དེ་རྣམས་ང་རང་གི་ཚེ་ལ་རིང་ཐུང་བྱུང་ན། བུ་མོ་དང་ཨ་མ་ལག་སྦྲེལ་བྱས་ནས། བུ་མོའི་སྦས་ནོར་ཀྱི་བྱེས་བཅོལ་ཡོད། གཞན་ཡང་ངེད་རང་ཕ་མ་གཉིས་ཀྱིས་གྲོས་བྱས་ནས་ཆས་ཀ །དགེ་བཅུ་ལུང་པའི་བུ་མོ་དཔེ་འདྲ་ལས་ལྷག་པ་བྱིན་ཡོད། ང་ཨ་མ་ལ་དགོས་དུས་བུ་མོས་སོམས་ཤིག །ཨ་མས་སྡིག་པ་བཤགས་ཐབས་འདི་ལྟར་གྱིས། ཡུལ་པ་སྤྱི་དམངས་དཀྲུགས་པའི་བཤགས་པ་ལ། རྡོར་གཅོད་དང་སྡིག་བཤགས་བཞེངས་ཤོག་གྱིས། དགེ་འདུན་རྣམས་དབྱེན་དཀྲུགས་བྱས་པར། ཞབས་ཏོག་བཀུར་སྟི་ཕྱག་དང་སྐོར་བ་གྱིས། བཙུན་པ་རྣམས་ཀྱི་དཀོར་ཟས་དང་ཆས་ཀ་ངན་སྡོམ་བྱས་པ་ལ་རྟོགས་ལྡན་ཕོ་མོ་གང་ནས་ཕེབས་བྱུང་ཡང་། ཞབས་ཏོག་བཀུར་སྟི་བསྔོ་རྟེན་སོ་སོར་ཕུལ། རྒྱལ་ཁམས་འགྲིམ་པའི་བླ་མ་མ་ཎི་བ་རྣམས་ལ་ངས་ཞབས་ཏོག་མ་བྱས་པའི་ཁར། ཁ་བཏང་བའི་ཉེས་དམིགས་འདི་ཙམ་འདུག་པས། བསྙེན་གནས་བསྙུང་གནས་བསྲུང་བའི་མི་རྣམས་ལ་ཞབས་ཏོག་བཀུར་སྟི་འབུངས་ལས་གྱིས། ཡིག་བརྒྱ་འབུམ་འགྱུར་འདོན་དུ་ཆུག །སྡིག་པའི་བཤགས་ཐབས་དེ་རྣམས་བྱས་འདུག་ན། ཨ་མའི་སྡུག་བསྔལ་འདི་ལས་སངས་དུས་ཡོང་པ་འདུག་པས་ཟེར་གྱིན་འདུག་པ་ལ། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། ཁྱོད་ལ་ཤུལ་ན་ཡོད་པའི་མི་རྣམས་ཀྱིས་སྡིག་པའི་བཤགས་ཐབས་བྱེད་མཁན་ཡོད་ན། ཁྱོད་འདིར་ལོ་ཕྱེད་དང་བཞི་ལས་སྡོད་མི་དགོས་སོ་བྱས་ཀྱང་། ད་དུང་མོ་རང་བསམ་བློ་བཏང་ནས། སྐྱིད་པ་ཁབ་རྩེ་ཙམ་ཡང་མི་འདུག་པ་ཤེས་ནས། མཆི་མ་རང་དབང་མེད་པར་ཤོར་བྱུང་། རང་གི་ལག་པས་རང་གི་བྲང་རྡུང་ཞིང་། ལག་པ་གཡོན་མས་རང་གི་ཝ་བ་འབྲད་ཅིང་ཨ་ཙ་མ་ངའི་སྡུག་བསྔལ་འདི་ལ་གཟིགས་དང་ཟེར་ནས། སྔོན་གྱི་ལས་རྣམས་དྲན་འགྱོད་པ་རྟས་མི་ཟིན་པ་བྱུང་། ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། མི་ཆོས་བྱས་པས་ལྷ་ཆོས་མི་འགྲུབ་བོ། །འཇིག་རྟེན་བྱ་བ་ཐོངས་ལ་ལྷ་ཆོས་མཛོད། ཅི་ཡོད་ཕངས་སེམས་མ་བྱེད་སྦྱིན་པ་ཐོངས། ང་རྒྱལ་ཆགས་སྡང་མ་བྱེད་ཀུན་ལ་ཅི་ཕན་གྱིས། ཞེ་སྡང་ཕྲག་དོག་བྱས་ན་ང་འདྲའི་བུད་མེད་སྡུག་བསྔལ་འདི་འདྲ་མྱོང་བ་ཟེར་ཞིང་བསྡད་འདུག་པ་ལ། བུད་མེད་དེ་གཤིན་རྗེ་རྣམས་ཀྱིས་ཁྲིད་སོང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་དེ་ནས་ལྷོ་ཕྱོགས་སུ་སླེབས་པ་དང་། ང་རང་གི་མིང་པོ་ཚངས་པ་རྒྱལ་མཚན་ཟེར་བ་དེ་དང་འཕྲད་བྱུང་། ཨ་ཙ་མ་སེམས་ཤིན་ཏུ་སྐྱོ་བ་ཞིག་བྱུང་། ངས་མིང་པོའི་ལག་པ་ནས་བཟུང་ནས། མཆི་མ་མང་དུ་ཤོར། ཨོ་ལོ་ཁྱེད་ད་ཙམ་སྡོད་དགོས་པའི་རྒྱུ་མཚན་ཅི་ཡིན་བྱས། ཁྱེད་བླ་མའི་བུ་རུ་སྐྱེས། ན་སོ་གཞོན་པས་སྡིག་པ་བསགས་པ་རང་མེད་ཡོད་བྱས། ངའི་མིང་པོ་ན་རེ། ང་ལ་ཨ་ཅེ་ཟེར་ཞིང་སྐད་ངུ་སྐད་བྱེད་ཅིང་མཆི་མ་མང་དུ་འདོན་གྱིན་འདུག་གོ །ཡང་ང་ལ་འདི་ལྟར་ཟེར་གྱིན་འདུག་གོ །ཨ་ཅེ་ངའི་ནོར་འདོད་ཀྱི་སྡིག་པ་བསགས་པ་མེད་ཀྱང་། རང་ལ་ཕ་མ་ཇོ་ཇོས་མཐོང་ཆུང་བྱས་པའི་སྟབས་ཀྱིས་དགོས་པའི་ཆོས་མ་བཅོལ། བླ་མའི་བུ་ཡིན་ཀྱང་ཆོས་ཀྱི་གོ་བ་ནི་གཅིག་ཀྱང་མ་རྙེད། དབང་རྒྱུ་མེད་པས་ཕྱུགས་རྫིར་ཡང་བཅོལ། ཕྱུགས་མ་བུའི་ཁ་ར་དང་རྩེ་ལ་ཆུང་དེ་རང་ལ་དགོས་ཕྱུགས་རྫི་བྱས་ནས། ཕྱུགས་ལ་ཁྲག་རྒྱག་ཤེས་པ་ལ་མཁས་པ་ལྟར་བྱས། རང་བྱིས་པའི་དུས་ན་དགེ་སྡིག་ངོ་མ་ཤེས་པར། བྲག་རྫིའུ་དང་བྱི་ལ་རྣམས་བཟུང་ནས་ངས་གསོན་བསྲེགས་བཏང་བས་དེའི་རྣམ་སྨིན་ནི་འདི་ལྟར་བྱུང་ངོ་། །འདི་ནས་ཟམ་ཕར་བགྲོད་པའི་ས་ན་བསྐལ་པའི་མེ་དཔུང་ཆེན་པོ་གཅིག་ཀྱང་འདུག་གོ །གཤིན་རྗེ་ལས་མཁན་ཕོ་ཉ་རྣམས་ཀྱིས་ང་དབང་མེད་དུ་ཁྲིད་བྱུང་། མེ་དེ་འབར་བའི་ཚེག་སྒྲ་འུར་སྒྲ་སྟོང་གསུམ་ཆོད་སོང་བསམ་པའི་འཇིགས་སྐྲག་ཆེན་པོ་གཅིག་འདུག་གོ །འཇིགས་པའི་གཤིན་རྗེ་མང་པོས་བསྐོར། གཤིན་རྗེ་སྟག་གི་མགོ་བྱས་པ་ཞིག་གིས། ལྕགས་ཀྱི་སྐམ་པ་རིང་པོས་ངའི་སྐེད་པ་ནས་བཟུང་། ཁྱོད་རང་རིགས་དང་གདུང་རུས་ལེགས་ཀྱང་། ཁྱོད་རང་གི་སྤྱོད་པས་ལེན་འདུག་པས་ཙ་གཙང་ཟས་ཆུ་གཙང་ལྟུང་པའི་ས་འོག་ཏུ་བསྡད་པའི་སེམས་ཅན་ཐམས་ཅད་ནི་ནམ་མཁའི་བྱ་འཕུར་ཀྱང་འཇིགས་སྐྲག་བྱེད་པའི་སེམས་ཅན་དེ་རྣམས་ཁྱོད་ཀྱིས་གསོན་བསྲེགས་མ་བྱས་སམ། འདབ་ཆགས་བྱའི་ཚང་ནས་ཕྲུ་གུ་མ་དོན་ནམ། མེ་ལ་བསྲེགས་ཤིག་ཐོ་བས་རྡུང་ངོ་ཟེར་བའི་ང་རོའི་སྒྲ་ཞིག་བྱུང་བས་ང་མེ་དཔུང་ཆེན་པོ་དེའི་ནང་དུ་བསྐྱུར་བྱུང་། དེར་རང་གི་ཉེ་བ་རྣམས་ཀྱི་མིང་ནས་ལྷང་ལྷང་བོས་ཀྱང་། རོགས་དང་ར་མདའ་བྱེད་མཁན་ནི་གཅིག་ཀྱང་མ་བྱུང་། ངས་མ་བཟོད་པའི་ཨ་ར་དང་ཨ་ཚ་ཟེར་བའི་སྐད་འབྲུག་སྟོང་ལྡིར་བ་ཙམ་འདུག །དེའི་ཁྲོད་ནས་སྐྱེས་པའི་སྐད་ཅིག་གིས། འདི་ནི་གདུང་རིང་བསྲེལ་འཛིན་པའི་རྒྱུད་པ་ཡིན་པས་འདི་ལ་ཤེས་བཞིན་གྱི་སྡིག་པ་མི་འདུག་པས། ཐོངས་མཛོད་ཟེར་བའི་སྦྲང་མའི་སྐད་ཅིག་བྱུང་། དེ་མ་ཐག་ཏུ་གཤིན་རྗེ་སྟག་གི་མགོ་ཅན་དེས་ལྕགས་ཀྱི་སྐམ་པ་རིང་མོ་དེས་ཕར་དཀྲུགས་ཚུར་དཀྲུགས་བྱས་ནས། སྐམ་པས་ང་མེའི་ནང་ནས་དོན་རྒྱང་གྲགས་རིང་པོའི་བར་དུ་བསྐྱུར་བྱུང་། ང་ཡང་ན་ཚ་དང་སྡུག་བསྔལ་བཟོད་གླགས་མེད་པས་དྲན་མེད་དུ་རྒྱལ་བྱུང་ངོ་། །

ཡང་དྲན་པ་སོས་པ་དང་། ཨ་ཙ་མ་ང་རང་ང་རང་སྟེ། ངའི་རྩེ་གྲོགས་བྱེད་པའི་ཟླ་གྲོགས་རྣམས་ཀྱང་སྙིང་རྗེ་སྙམ་ནས་མཆི་མ་མང་དུ་ཤོར། ཡང་གཤིན་རྗེ་དོམ་གྱི་མགོ་ཅན་ལ་སོགས་པའི་གཤིན་རྗེ་རྣམས་འདུས་ནས་ང་ལ་འདི་སྐད་ཟེར་གྱིན་འདུག་གོ །ཁྱོད་བླ་མའི་བརྒྱུད་པ་གདུང་རིང་བསྲེལ་འཛིན་མཁན་ཡིན་ན། ཉམས་དང་རྟོགས་པ་འཆར་རྒྱུ་ཡོད་དམ། སྙིང་ཁར་ཡི་དམ་སྒོམ་རྒྱུ་ཡོད་དམ། ལམ་སྣ་འདྲེན་པའི་བླ་མ་ཡོད་དམ། ཆོས་སྐྱོང་སྲུང་མའི་རྒྱབ་རྟེན་ཡོད་དམ། བྱམས་དང་སྙིང་རྗེ་རྒྱུད་ལ་བསྒོམས་སམ་ཟེར་བྱུང་བ་ལ། ང་ལ་དེ་རྣམས་མེད་པའི་ལོ་རྒྱུས་རྣམས་བཤད་པས། ཡང་གཤིན་རྗེ་རྣམས་ན་རེ། བླ་མ་ཡི་དམ་གྱི་ལམ་སྣ་དང་། ཉམས་དང་རྟོགས་པ་འཆར་རྒྱུ་མེད་ན། འདིར་ཡོང་བའི་གནས་མེད་ཟེར་གྱིན་འདུག་པ་ལ། ཡང་སྐྱེས་པ་སྔར་གྱི་སྐད་སྦྲང་མའི་སྐད་ཙམ་འདོན་མཁན་དེས་མི་ནག་པོ་རས་སྔོན་གྱི་གོས་གོན་པ། སྐྲ་སྤྱི་བོར་བཅིངས་པ། རྣ་བར་ཤོག་རིལ་རྒྱས་པ་དེས་ངའི་མིང་པོ་ལ་ཁྱོད་རང་གི་ཨ་ཅེ་ཡ་གིར་སླེབས་འདུག་ཟེར་བ་ལ། ངའི་མིང་པོ་ན་རེ། ཨ་སྐྱིད་པོ་ཨ་ཅེ་ང་སྐྱིད་པོ་མ་བྱུང་། ད་དུང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱོད་རྒྱ་བླ་མའི་རྒྱུད་པ་ཡིན་ཀྱང་། ཉམས་དང་རྟོགས་པ་འཆར་རྒྱུ་མེད་པ་ལ་བརྟེན་ནས་འཁྲུལ་སྣང་ངོས་མ་ཟིན་པས་སྡུག་བསྔལ་བག་ཙམ་མྱོང་དགོས་པ་ཡིན། མི་ཁྱོད་ཀྱི་གདུང་དང་རིགས་རྒྱུད་ནི་སྨོས་མི་དགོས་ཀྱང་། ལུས་ཀྱི་སྡིག་པ་དག་ཕྱིར་ཕྱག་དང་སྐོར་བ། ངག་གི་སྡིག་པ་དག་ཕྱིར་ཡི་གེ་དྲུག་མ། ཡིད་ཀྱི་སྡིག་པ་དག་ཕྱིར་དུ་ཆོས་ཕྱག་རྒྱ་ཆེན་པོ་ཞིག་བལྟས་ན། མ་གིའི་ལྕགས་རི་ཁོར་ཡུག་གི་ནང་ན་ཡོད་པའི་སེམས་ཅན་ཐམས་ཅད་དྲངས་ནས་རིག་འཛིན་གྱི་ས་ཐོབ་པར་འདུག་སྟེ། ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི་དཀའ་བ་སྤྱད་པས་ད་དུང་ལུས་ངན་གཉིས་ཙམ་བླངས་ནས་དེ་ནས་སྐྱེས་པ་ཕོ་ལུས་ཐོབ་པར་ཡོད་དོ་གསུངས་སོ། །

ཡང་ངས་ཨ་ལོ་ཁྱོད་གར་འགྲོ་བྱས་པས། ཆོས་ཀྱི་རྒྱལ་པོའི་བཀའ་བཀོད་ལ། ཁྱོད་རང་ལྷོ་སེང་གེ་རྫོང་དུ་སྐྱེ་བ་ལོངས་ཤོག་གསུངས་བྱུང་བས། ད་ཕ་རིར་འགྲོ་མོད་ཟེར་ཞིང་འདུག །འོ་ན་ངས་ཁྱོད་ལ་ཕན་པའི་ཕྱིར་དུ། མང་ཇ་དང་བསྔོ་རྟེན་རྡོར་གཅོད་སོགས་བཞེངས། ཀློག་འདོན་བྱེད། རྟོགས་ལྡན་ཕོ་མོ་བོས་ནས་གཏོར་མ་འབུམ་ཐེར་བཏང་། ང་རང་འཁོར་གཡོག་རྣམས་ཁྲིད་ནས་ཟླ་བ་གཅིག་གི་བར་དུ་ཕྱག་བརྒྱ་ཚར་རེ་བཙལ་བྱས་པས། ཁྱོད་ལ་ཕན་ཡོན་ཅི་འདྲ་བྱུང་བྱས་པས། ཡང་ངའི་མིང་པོ་ན་རེ། ཨ་ཅེ་ལ་ཤ་དང་པགས་ཟ་རྒྱུ་རང་མ་བྱུང་སྟེ། ངས་རྩི་གུ་གསུམ་བརྩུགས་པའི་ཞག་བདུན་ནས་ཁམ་བུ་སྨིན་ནས་ཟ་ཆོག་པ་བྱུང་ཟེར་གྱིན་འདུག །ད་ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་སེང་གེ་རྫོང་ལ་འགྲོ་ཟེར་ཞིང་འདུག་པ་ལ། ངས་མིང་པོའི་ལག་པ་ནས་བཟུང་ནས་སེམས་འཕྲེང་བ་ཚད་མེད་པ་བྱུང་། ཉི་མ་ལྷོ་ནུབ་ཕྱོགས་ལ་ཁ་བལྟས་ནས་ཕྱིན་པས། ཨོ་ལོ་རང་སེམས་གཏན་ལ་ཕོབ་ཅིག །ཡི་དམ་རྡོ་རྗེ་ཕག་མོ་ལ་གསོལ་བ་ཐོབ་ཅིག །ཨུ་རྒྱན་རིན་པོ་ཆེ་ལ་གསོལ་བ་ཐོབ་ཅིག །བླ་མའི་བུ་ཡིན་པ་ལ་རྟོག་པ་མ་འཁྲུལ་པ་གྱིས་ཤིག་བྱས་ལག་པས་བཟུང་སྟེ་ཕྱིན་པས། ནུབ་ཕྱོགས་ཀྱི་རིའི་རྩེ་ནས་རྦབ་ཀྱི་འཇིགས་པ་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ནས་རླུང་དམར་ཆེན་པོ་ཞིག་ལངས་ནས། ངས་མིང་པོའི་ལག་ནས་འཛིན་དབང་མེད་པར་རླུང་དམར་ཆེན་པོ་དེས་ཁྱེར་སོང་། ང་ནི་དྲན་མེད་དུ་ས་ལ་འགྱེལ་བྱུང་། སྡུག་བསྔལ་མུན་པ་འཐིབས་པ་ལྟ་བུར་བྱུང་། ངའི་ཟླ་གྲོགས་ཀྱི་བུ་མོ་དེ་སླེབས་ནས་ངའི་དཔུང་པ་ནས་བཟུང་ནས་ང་ཡར་བསླངས་བྱུང་སྟེ། ཁྱོད་ཀྱི་མིང་པོ་དེ་རིགས་བཟང་བློ་གསལ་ང་རྒྱལ་མེད་པ་ཞིག་ཡོད་དེ། དམ་ཆོས་ཕྱག་རྒྱ་ཆེན་པོ་མ་བསྒོམས་པས་སྡུག་བསྔལ་དུ་མ་ཞིག་མྱོང་དགོས་པ་དེ་ཁྱོད་སྡུག་བསྔལ་མ་བྱེད་པར་ཡར་ལོངས་ཟེར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་སྒོ་དེའི་ནང་དུ་སླེབས་ནས་གཤིན་རྗེའི་ཕོ་ཉ་འཇིགས་པའི་ཆ་ལུགས་ཅན་མང་པོས་མི་གཞན་པ་སྦད་མགོ་བ་ཞིག་ཁྲིད་ནས། ལྕགས་ཀྱི་ཕ་བོང་ཆེན་པོ་ཞིག་གིས་མནན་འདུག་གོ །ནང་རོལ་ཐམས་ཅད་ཁ་དང་མིག་ནས་ལུད། རྩིབས་ལོགས་ཐམས་ཅད་ཞགས་པའི་བར་ནས་ཀྱང་ནང་རོལ་ལུད་ཡོང་གིན་འདུག་གོ །ཡང་ངའི་སྔར་གྱི་ཟླ་གྲོགས་ཀྱི་བུ་མོ་དེས་གཤིན་རྗེ་རྣམས་ལ་དྲི་བ་བྱེད་ཀྱིན་འདུག་པ་ལ། གཤིན་རྗེ་རྣམས་ན་རེ། ཁྱོད་མི་ཡུལ་དྲན་པ་སྒང་དུ་བསྡད་པའི་དུས་ན། དཔོན་བཟང་པོ་ཕྲག་ལ་བཀལ་ནས་སུ། ལུང་པ་ཕུ་མདའ་ཡིན་ཀྱང་། ཁྲེལ་མེད་བརྡུང་བཙོག་མང་དུ་བྱས། དེས་ལས་ཀྱི་རྣམ་སྨིན་ནི་འདི་ལྟར་མྱོང་དགོས་པ་ཡོད། ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས་ཁྱེད་གཤིན་རྗེ་རྣམས་ཀྱང་ཕོད་གསན་དང་། མི་འདི་མི་ཡུལ་དྲན་པ་སྒང་དུ་འཕྲིན་པ་ཞིག་བསྐུར་དགོས་པ་ཡོད་པས་ཁྱེད་རྣམས་ཀྱིས་ལྷོད་པ་ཞིག་མཛོད་དང་ཟེར་ནས། ཡང་གཤིན་རྗེ་རྣམས་ཀྱིས་མི་དེ་ལྕགས་ཀྱི་ཕ་བོང་འོག་ནས་དོན་བྱུང་ངོ་། །མི་དེ་ན་ཚ་དང་སྡུག་བསྔལ་བཟོད་གླགས་མེད་པར་འདུག་གོ །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། སྐྱེས་པ་ཁྱེད་སྡུག་བསྔལ་འདི་ལྟ་བུ་མྱོང་དགོས་པ་ཅི་བྱས། ཡུལ་ག་ནས་ཡིན་མིང་ལ་ཅི་ཟེར་བྱས་པས། ཡང་མི་དེས་ཁ་ནས་འདི་སྐད་ཟེར་རོ། །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད་དང་། ངའི་ཡུལ་ནས་སྟོད་ལུང་པ་ནས་ཡིན་ལགས། ཡང་སྒོས་ཞལ་མོ་ཇི་ལིད་ནས་ཡིན། ང་རང་མིང་ལ་ཚེ་རིང་དར་རྒྱས་ཟེར། ཨ་མའི་མིང་ལ་ལྷ་དབང་བུ་ཁྲིད་ཟེར། ང་རང་ཡང་ཕྲུ་གུ་ནས་ཇོ་བོའི་དྲུང་གི་ཕྱག་གཡོག་བྱས། ཚེ་རིང་དར་རྒྱས་ཧུར་པོ་ཡིན་ཟེར་བ་དེ་རྣ་བའི་རྒྱན་དུ་སོང་ནས། ལུང་པ་ཕུ་མདའ་མེད་པར་འཕྲོག་བཅོམ་མང་དུ་བྱས། ངས་ལོ་ཉི་ཤུ་རྩ་བཞི་ལ་བློ་སྡིང་གི་བྱང་རྟ་པ་བྱས་ནས་སྙེད་ཀ་ཕར་བཙོང་ནས་མི་རྣམས་བཟུང་། ཆས་རྣམས་ཕྲོགས། ཚུར་ཕྱག་འཚལ་བའི་མགོ་ལ་བརྒྱབ། དེར་ཡུལ་མི་རྣམས་ལ་སྐད་བཏང་བས་ལུང་པའི་རྒན་པོ་ཐམས་ཅད་འདུས་ནས། མི་རེའི་ལག་ཏུ་ཆང་རེ་ཁྱེར་ནས་ངས་མ་ཉན་གྱི་ང་ལ་ཆང་རེ་བྱིན། རྒན་པོ་རྣམས་ཀྱིས་འཇམ་པོའི་གཏམ་སྨྲས་ཀྱང་། ངས་ཆང་འཐུང་ཆང་ཤད་ཀྱིས་རྒན་པོ་གཅིག་གཉིས་བཟུང་སྟེ། སྔར་ཀྱང་དཔོན་པོ་ལ་བརྙས་བཅོས་མང་དུ་བྱས་ཀྱང་། ཚེ་རིང་དར་རྒྱས་ཧུར་པོ་ཡིན་ཟེར་ནས་བཀའ་བཀྱོན་མ་གནང་བས་ཤེས་ཀྱི། རྒན་པོ་བཀྱིགས་ནས་དེའི་ནང་ན་རྒན་པོ་ཁ་འཇམ་ལ་དོན་འཁྲེགས་པ་ཞིག་ཡོད་པ་དེ་བཀྱིགས་པས་མ་ཆོག་པ་རྡོ་ཆེན་པོ་གཅིག་གིས་མནན་ཏེ་བཞག །མཚན་མོ་རང་དང་དེའི་བུད་མེད་དེ་དང་མཉམ་དུ་ལྷན་བསྡེབས་བྱས། ནམ་ལངས་ཙ་ན་རྒན་པོ་རྡོས་མནན་པ་དེ་ཤི་ནས་མི་འདུག །རྡོས་མ་མནན་པ་དེ་མ་ཤི་ཙམ་འདུག །དེའི་ལས་ཀྱི་རྣམ་པར་སྨིན་པ་ངའི་ལུས་ཐོག་འདི་རུ་སྨིན་འདུག་པས་ངའི་ཨ་མ་ལྷ་དབང་བུ་ཁྲིད་ལ་འཕྲིན་པ་མཛོད་དང་། ནང་གི་ནོར་རྫས་དང་ཕྱིའི་ཞིང་རྣམས་ཚོང་ལ་ངའི་རྗེས་ལ་ཐོངས་ཤོག་གྱིས་དང་། ངའི་སྡུག་བསྔལ་འདི་ལས་བསལ་ཐབས་ལ། སེམས་ཅན་འཆི་ངེས་ཤེས་པའི་སྲོག་བླུ་ཐོངས། མི་ནག་མེད་དཔོན་པོའི་ཁྲིམས་རར་ཚུད་པ་རྣམས་ནོར་གྱིས་བླུས་ཤོག་གསུངས་དང་། ཆོས་དྲི་མེད་བཤགས་རྒྱུད་ལ་འབྲི་ཀློག་གྱིས་དང་། གཙུག་ལག་ཁང་དང་མཆོད་ཁང་ལ་དཀར་མེ་ཞལ་ཟས་བརྒྱ་ཚར་ཕུལ་ཤོག་གྱིས། འཕགས་པའི་དགེ་འདུན་རྣམས་ལ་ཞབས་ཏོག་ཞུས། ཨ་མས་བཤགས་པ་ཕྱག་དང་སྐོར་བ་གྱིས། རྙིང་མའི་བླ་མ་རྣམས་ལ་སྐང་བཤགས་བརྒྱ་ཚར་ཚུགས། བཤགས་པ་དེ་རྣམས་བྱས་འདུག་ན་ངའི་སྡུག་བསྔལ་འདི་ལས་ཐར་ཚོད་འདུག་སྟེ། ཤུལ་པ་རྣམས་ཀྱིས་ལེ་ལོར་མ་སོང་བ་གྱིས་དང་ཟེར་ནས་འདུག །ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། ཁྱོད་ད་དུང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་ཕྱོགས་སུ་ཕྱིན་ནས་ལས་དཀར་ནག་དགེ་སྡིག་གི་ཤན་འབྱེད་བྱས་ནས། ཁྱོད་ལ་སྡིག་པ་དེ་ལས་མེད་ན་དྲག་སྟེ་ཟེར་ནས་སླར་ཡང་ཐག་པ་བཞིས་བསྡམས། ཕུར་བཞི་ལ་བཀྲམས་ནས་བཞག་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

དེ་ནས་ཟམ་པ་དེ་ཕར་བགྲོད་པའི་ས་ན། རྡོའི་ཐེམ་སྐས་ཆེན་པོ་གཅིག་གི་སྟེང་ན་རྟོག་ལྡན་ལུས་ཐ་ཐག་དང་མགོ་ལ་དོམ་ར་བརྒྱུས་པ་ཞིག་དེར་འདུག་པས། གཤིན་རྗེ་རྣམས་ཀྱིས་བ་སྤུ་ཐམས་ཅད་བྲེགས། ཁ་ལ་ལྕགས་གཟེར་གྱི་རྒྱུན་དུ་མེ་ཐལ་རྒྱུན་དུ་བླུག་གིན་འདུག་པ་ལ། ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། གཤིན་རྗེ་རྣམས་ལ་མི་འདིས་ཉེས་པ་ཅི་འདྲ་བྱས་པ་ཡིན་བྱས་པས། གཤིན་རྗེ་རྣམས་ན་རེ། མི་འདི་མི་ཡུལ་དྲན་པ་སྒང་ན་ཡོད་པའི་དུས་ན། ཆོས་ནི་ཐིགས་པ་གཅིག་ཀྱང་མེད་པར་སྐྱེ་བོ་མི་ནག་རྣམས་ཀྱི་གདོང་དུ་ཆོས་ཡོད་ཚུལ་བྱས་ཏེ། ང་གནས་གང་བཟང་དུ་རི་འགྲིམས་ནས་སྡོད་པའི་མི་ཞིག་ཡིན་པས། སྐུ་གཤེགས་རྣམས་ཀྱི་གདོང་ཞལ་བཞུགས་པ་རྣམས་ཀྱི་སྐུ་རིམ་ལ་དམིགས་པའི་ཕོགས་དང་གཏོར་ཕྱེ་གནང་བ་ཞུ་ཟེར་ནས། ཐེབས་ཚད་བསླངས་ནས་ཡར་དཀོན་མཆོག་ལ་མཆོད་པ་ནི་མ་ཕུལ། མར་ཡི་དྭགས་ལ་སྦྱིན་པ་ནི་སེ་གོལ་རྟོག་པ་ཙམ་ཡང་མ་བྱས། རང་གི་བུ་སྨད་གསོས་པའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་ནོ་ཟེར་གྱིན་འདུག་གོ །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་དེ་ནས་ཕར་ཕྱིན་པས། ཨ་ནེ་གོས་དམར་པོ་གྱོན་པ་ཞྭ་མོ་ལྡིང་ཞྭ་བྱས་པ། གཟན་ལྷེབ་གོན་བྱས་པའི་ཨ་ནེ་གཅིག་ནི། གཤིན་རྗེ་རྣམས་ཀྱི་ཁྲོད་ན་བསྡད་འདུག་སྟེ། གཤིན་རྗེ་རྣམས་ཀྱིས་དངངས་སྐྲག་དང་འཇིགས་སྣང་ཆེན་པོ་རང་ནི་མི་འདུག་སྟེ། འོན་ཀྱང་ལྟོགས་པའི་སྡུག་བསྔལ་དུམ་རེ་འདུག །ཡང་ངའི་ཟླ་གྲོགས་བུད་མེད་དེས། ཨ་ནེ་དེ་ལ་ཁྱོད་གང་ནས་ཡིན། ཁྱོད་ཨ་ནེའི་ཆ་ལུགས་བྱས་ད་ཙམ་འདིར་སྡོད་དགོས་པའི་རྒྱུ་མཚན་ཅི་ཡིན་བྱས་པས། བཙུན་མ་དེའི་ཁ་ནས་འདི་ལྟར་ཟེར། ང་སྐྱེ་བཅུ་ལུང་པ་ནས་ཡིན་ལ། གྲོང་གི་མིང་ལ་སྲོག་ཆས་གོང་མ་ཟེར། ང་རང་མིང་ལ་ཤེས་རབ་དབང་མོ་ཟེར། ང་རང་ན་སོ་གཞོན་པའི་དུས་ཚོད་ན། ཆོས་བྱེད་འདུན་མ་དྲག་པོ་ཡོད་ལགས་ཀྱང་། ཆོས་བྱས་ཀྱང་སྐྱེ་དམན་གྱི་ལུས་འདི་འདྲ་འཕུང་རྩལ་ཆུང་བས་ཤས་ཀྱིས། སྒོམ་ཞི་གནས་བགྲོད་ཙམ་རང་འདུག་སྟེ། བར་དོ་བགྲོད་པའི་སྒོམ་ཞིག་རང་འདུག །ད་ལྟ་འདིར་སྡོད་དགོས་པ་ནི། ང་རང་མི་ཡུལ་དུ་སྡོད་པའི་དུས་ན་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་གཏོང་རྒྱུ་མ་བྱུང་བའི་སྟེང་དུ། ངའི་འཁོར་མ་རྣམས་ཀྱིས་ང་ལ། མི་གཞན་ཤི་བ་དང་མཉམ་དུ། དགེ་རྩ་སྤྱིར་བཏང་བའི་ང་ལ་དབང་རྒྱུ་ཆེར་མ་བྱུང་། གང་ཐོབ་པ་དེ་ཡང་ང་ཡུལ་ཡོད་དུས་ན་ངས་དཀོར་ལན་མ་འཇལ་བས་དེས་ལན་དུ་ཁྱེར་སོང་། ད་ལྟ་ང་ལ་ཟ་རྒྱུ་དང་འཐུང་རྒྱུ་ནི་གཅིག་ཀྱང་མི་འདུག །ངའི་འཁོར་མ་རྣམས་ལ་འཕྲིན་པ་ཞིག་གསུངས་དང་། དགོན་གསུམ་སེར་ཚོགས་ཤིག་ཐོངས་གྱིས་དང་། ཡུལ་པ་རྣམས་ལ་སྟོན་མོ་ཞིག་ཐོངས་གྱིས་དང་ཟེར་གྱིན་འདུག་པ་ལ། ཡང་གཤིན་རྗེ་རྣམས་ཀྱིས་ཁྱོད་ལ་བར་དོའི་དམྱལ་བ་བགྲོད་པའི་སྒོམ་རང་མི་འདུག་སྟེ། སྡིག་པ་ཡང་ཆེར་མི་འདུག །ཁྱོད་སྐྱེ་བ་སྔོན་མ་ལྷ་རིས་པ་ཟ་འདོད་མེད་པ་ཞིག་ཡིན་པར་འདུག །མ་ཎི་དང་ཡི་དམ་ཀྱི་གཟུངས་སྔགས་མང་དུ་བགྲངས་འདུག་པའི་ཕན་ཡོན་གྱིས། ངེད་གཤིན་རྗེ་རྣམས་ཀྱིས་འཇིགས་སྐྲག་གཏོང་མི་ནུས་པ་དེའི་ཕན་ཡོན་ཡིན་ནོ། །ད་ལྟ་ཁྱོད་ཀྱིས་ཆོས་ཀྱི་རྒྱལ་པོའི་ཞལ་མི་མཐོང་བ་དེ་ནི། ཁྱོད་རང་ལ་དམིགས་པའི་དགེ་རྩ་མེད་པས་ལན་ནོ་ཟེར་ནས། ཨ་ནེ་དེ་དེར་བསྒུགས་ནས་བསྡད་འདུག་གོ །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

དེ་ནས་ཕར་ཕྱིན་པའི་ས་ན་བསྐལ་པའི་མེ་དཔུང་ཡིན་ཟེར་བའི་ཉིན་ལམ་རེའི་ས་ནས། མེ་དེས་དེད་པའི་མི་ཐམས་ཅད་འུར་གྱིས་ཚིག་འགྲོ་བར་འདུག །ཡང་མེ་དེའི་དཀྱིལ་ན་ཚོགས་མ་བསགས་པའི་མི་མང་པོ་ཚུད་ནས་འདུག །ཡང་རླུང་ཆེན་པོ་ལངས་པའི་དུས་ན། མེ་དཔུང་དེ་ཕར་གཡོས་པའི་ས་ན་མི་མང་པོ་ནག་རོག་རོག་བྱེད་ཀྱིན་འདུག །ཡང་མེ་དེའི་འཕྱོ་ལུགས་ཤིག་ལ། མི་དེ་རྣམས་མིག་མི་མཐོང་བར། མེ་དེས་སྟོང་གསུམ་ཆོད་སོང་བསམ་པ་འབར་གྱིན་འདུག །ཡང་གཤིན་རྗེ་དོམ་གྱི་མགོ་ཅན་གྱིས། ལྕགས་ཀྱི་སྐམ་པས་མི་གཅིག་མེ་དཔུང་ནས་བཏོན་ནས་རྒྱང་རིང་པོའི་བར་དུ་བསྐྱུར་བྱུང་། མི་དེ་ནི་མ་བཟོད་པའི་སྡུག་བསྔལ་ལུས་བཅུ་ལོག་བྱེད་ཅིང་། ངུ་འབོད་ཆེན་པོ་བྱེད་ཅིང་འདུག་གོ །ད་དུང་སྡུག་བསྔལ་དེས་མ་ཆོག་པར། མི་དེས་བཟོ་རིགས་ཤེས་པའི་སྟབས་ཀྱིས། ལུས་ཀྱི་གཡས་སུ་གྲི་དང་། གཡོན་དུ་མདུང་། མདུན་དུ་མདུང་ལ་སོགས་པའི་མཚོན་ཆ་སྣ་ཚོགས་ཆར་ལྟར་འབབ་ཀྱིན་འདུག །ཡང་ངའི་ཟླ་གྲོགས་བུད་མེད་དེས་གཤིན་རྗེ་རྣམས་ལ་སྐྱེས་པ་འདིའི་ཡུལ་གང་ནས་ཡིན། མིང་ལ་ཅི་ཟེར། ལས་ཀྱི་སྡུག་བསྔལ་འདི་ལྟ་བུ་མྱོང་དགོས་པ་ཅི་ཡིན་ཟེར་གྱིན་འདུག་པ་ལ། ཡང་ལྷོ་ཕྱོགས་ཀྱི་གཤིན་རྗེའི་རྒྱལ་པོ་དེའི་ཞལ་ནས་འདི་སྐད་ཟེར་རོ། །མི་འདི་ནི་ཁྲ་ལུང་སྒོར་མོ་ནས་ཡིན་ནོ། །གྲོང་གི་མིང་ལ་སྣན་ཆ་ཟེར་བ་ཡིན། མི་འདི་ཡང་རིག་པ་བཀྲ་བ་ཡོད་པས། དཀར་བཟོ་དང་ནག་བཟོ་གཉིས་ཀ་བྱས། ད་ལྟ་གཟའ་ཆེན་པོ་ཨ་བྱུང་ཟེར་ཞིང་། མཚོན་ཆ་སྣ་ཚོགས་ནམ་མཁའ་ལ་འཕྱར་ཞིང་རྒྱག་གྲབས་བྱེད་ཀྱིན་འདུག་གོ །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། མི་དེ་ལ་དྲི་བ་བྱེད་ཀྱིན་འདུག །ཁྱོད་ལ་འདི་ལྟ་བུ་མྱོང་དགོས་པ་ཅི་ཡིན། ཁྱོད་མི་ཡུལ་དྲན་པ་སྒང་དུ་འཕྲིན་པ་བསྐུར་དགོས་པ་མེད་དམ་ཟེར་གྱིན་འདུག་པ་ལ། མི་དེས་ཆོས་དྲུང་ཀརྨ་དབང་འཛིན་གྱི་གདོང་ལ་བལྟས་ནས་མཆི་མ་མང་དུ་འདོན་པ་དང་། ལག་པ་གཉིས་ཐལ་མོ་སྦྱར་ཏེ། ཨ་ཙ་མ་ང་མི་ཡུལ་ན་ཡོད་ཙ་ན། ཁྱོད་ང་རང་གི་དཔོན་པོའི་ཇོ་མོ་ཡིན་པར་འདུག་སྟེ། དཔོན་པོ་ཆེ་བས་ཕྱག་འབུལ་བྱས་པ་མ་གཏོགས་པ། དེའི་དུས་ན་དད་པ་རང་ནི་མེད། ཁྱེད་ལ་འདི་ལྟ་བུའི་ནུས་པ་ཡོད་པ་ནི་མ་ཤེས། ད་ངའི་བུ་ཨོ་རྒྱན་ཚེ་རིང་ལ་འཕྲིན་པ་ཞིག་མཛོད་དང་། ངའི་ནག་བཟོ་བྱས་ནས་མདའ་མདུང་བཟོས་པའི་ལས་ཀྱི་རྣམ་པར་སྨིན་པ་ལ། ལུས་ལ་མཚོན་ཆ་སྣ་ཚོགས་ཆར་ལྟར་འབབ་ཀྱིན་འདུག་གོ །དཀར་བཟོ་བྱས་ནས་གསེར་དང་གཡུ་སྦས་པའི་རྣམ་སྨིན་ལ་ང་མེ་དཔུང་ཆེན་པོའི་ནང་དུ་བསྐྱུར་བྱུང་ངོ་། །ངའི་དམག་ལ་ཕྱིན་དུས་མི་གཅིག་གི་རྣ་བ་ལ་གཡུ་ལེགས་པར་བཏགས་པ་ཞིག་བྲོས་སོང་བས། ངས་དཔོན་པོའི་བྱུས་འགྲོས་ལ་བསམ་པ་ནི་མ་ཡིན། ངས་གཡུ་ལ་བལྟས་ནས་བསད་པས་གཡུ་དེ་ནི་མི་གཞན་ཞིག་གིས་ཁྱེར་སོང་། དེའི་ལས་རྣམ་སྨིན་དག་བྱེད་དུ། ཆོས་ན་རཀ་དོང་སྤྲུག་ཚུགས་ཤོག་གྱིས་དང་། ཐར་པ་གླིང་གི་མ་ཎི་སྒྲུབ་མཆོད་ལ་ཁྲི་ཆང་ཐོངས་ཤོག་གྱིས་དང་། ཡི་གེ་དྲུག་མ་འདི་ལས་ཕན་ཡོན་ཆེ་བ་མི་འདུག་གོ །ང་རང་མི་ཡུལ་ན་ཡོད་དུས་མ་ཎི་བ་དཔལ་འབྱོར་རྒྱ་མཚོ་ལ་ཉིན་གང་གང་གི་ཞབས་ཏོག་བྱས་པས་འདིར་སེམས་ལ་བདེ་བ་ཨེན་ཙམ་ཐོབ་ནས་བྱུང་། ཡང་བླ་མ་མ་ཎི་བ་མོན་ཕྱོགས་ནས་བྱོན་པ་གཅིག་ལ་ཞག་གསུམ་གྱི་བར་ལ་མ་ཎི་འདྲེན་ཤོག་བྱས་ནས་མ་ཎི་འདྲེན་དུ་བཅུག །ཡང་བླ་མ་མ་ཎི་བ་ཨ་མ་ཤི་བའི་དོན་དུ་མ་ཎི་རྒྱལ་ཁམས་ལ་མ་ཎི་བསྐུལ་བ་ཡིན་ཟེར་བ་ཞིག་ལ་ང་རང་གི་འཕྲལ་འདོགས་ཀྱི་གཡུ་དཔུང་ཆེན་པོ་དེ་ཁོང་ལ་ཕུལ། དེའི་ཕན་ཡོན་ལ་བརྟེན་ནས་འདིར་སེམས་ལ་བདེ་བ་དཔག་ཏུ་མེད་པ་ཐོབ་ནས་བྱུང་། ད་དུང་ཕའི་དོན་དུ་མ་ཎི་བ་རྣམས་ཞབས་ཏོག་གྱིས་གསུངས་དང་། ལྷ་དང་རྟེན་མཆོད་ཁྱད་པར་ཅན་རྣམས་ལ། དཀར་མེ་ཞལ་ཟས་ཕུལ་གྱིས་དང་། ཕའི་དོན་དུ་ཕྱག་དང་སྐོར་བ་གྱིས་གསུངས་དང་། རི་བྲག་ལ་བཞུགས་པའི་རྟོགས་ལྡན་ཕོ་མོ་རྣམས་ལ་ཞབས་ཏོག་གཏོར་ཕྱེ་ཕུལ་གྱིས་དང་། དཀར་ལུགས་ཀྱི་དགེ་སློང་མ་སྤྱན་དྲོངས་ལ་ཕག་མོའི་སྦྱིན་སྲེག་གྱིས་དང་། སྡིག་སྒྲིབ་སྲེག་པ་ལ་འདི་ལས་ཕན་ཡོན་ཆེ་བ་མི་འདུག་གོ །ཕ་ལ་སོམ་ལས་ཕྱིའི་ཞིང་ལ་ཕངས་ན་ནང་གི་ནོར་རྫས་ཚོང་། ནང་གི་ནོར་རྫས་ཕངས་ན་ཕྱིའི་ཞིང་ཚོང་ལ་ངའི་རྗེས་ལ་གང་འགྲོ་གྱིས་གསུངས་དང་། འདི་ན་སྐྱིད་པ་ཁབ་ཙམ་ཡང་མི་འདུག་གྱིས་དང་། དེར་སྡིག་པའི་ལས་རྣམས་དག་བྱེད་གྱིས་གསུངས་དང་། འཕྲིན་པ་བསྐུར་བའི་དགེ་བ་དེ་རྣམས་བྱས་ན། ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱོད་མི་ལུས་ཐོབ་པར་ཡོད་དོ་གསུང་གིན་འདུག་གོ་ཟེར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་དེ་ནས་ཕར་ཕྱིན་པའི་ས་ན། ཤིང་སྡོང་པོ་གཅིག་གི་དྲུང་ན། ཨ་ནེ་སྦད་མགོ་མ་གཅིག་གཤིན་རྗེ་རྣམས་ཀྱིས་སྐེ་ལ་ཞགས་གཅིག་དཀྲིས་ཏེ། ལུས་ནི་ལྕགས་ཀྱི་ཕ་བོང་ཆེན་པོ་གཅིག་གིས་མནན། ཁོག་སྟོད་ལྕགས་ཀྱི་ཐོ་བས་བརྡུངས། ཁ་ལ་ཁྲོ་ཆུ་ཁོལ་མ་རྒྱུན་དུ་བླུག་གིན་འདུག །ཡང་གཤིན་རྗེ་སྟག་གི་མགོ་ཅན་མི་ལྤགས་ཀྱི་ཤམ་ཐབས་བྱས་པ་གཅིག་གིས། རྐང་གཡོན་མས་བཙུན་མ་དེའི་སྨད་ནས་མནན། ལག་པ་གཡས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང་ཁོག་སྨད་དུམ་བུར་བཏུབ་ཀྱིན་འདུག་པ་ལ། ཡང་ང་ཁྲིད་མཁན་གྱི་བུ་མོ་དེས། གཤིན་རྗེ་སྟག་གི་མགོ་ཅན་དེ་ལ་དྲི་བ་བྱེད་ཀྱིན་འདུག་པ་ལ། གཤིན་རྗེས་ཁ་ནས་འདི་སྐད་ཟེར་རོ། །ཨ་ནེ་འདི་སྐྱེ་ས་དགེ་བཅུ་ལུང་པ་ནས་ཡིན། མོ་རྩ་དར་རླུང་དར་གྱི་དུས་ན། དང་པོ་ཆོས་བྱེད་ཟེར་ཞིང་། ཕ་མས་འདུན་མ་བྱས་ཀྱང་། ཕ་མའི་ཁ་ལ་མ་ཉན་པར་ཆོས་བྱས། འཇིག་རྟེན་ལ་འདོད་པ་གཏིང་ནས་མེད་ཟེར་ཞིང་། ནོར་རྫས་ལ་འདོད་པ་མེད་ཟེར། ཐར་པའི་ལམ་སྣ་མི་ཤེས་པར། བྱང་ཆུབ་ཀྱི་ལམ་སྣ་འདྲེན་ནོ་ཟེར། ཉོན་མོངས་འདམ་དུ་བྱིང་བ་མ་ཤེས་པར། མཐོ་རིས་ཀྱི་སྐས་ཀ་འཛུགས་སོ་ཟེར། དེའི་དུས་ཉོན་མོངས་པ་རྩད་མ་ཆོད་པ་གཤིས་ཀྱིས། རང་གི་རུས་གཅིག་དང་མཉམ་དུ་འཁྲིག་པ་སྤྱད། རང་གི་རྟོག་པས་མ་གྲོལ་པར་གྲོལ་རྫུ་བྱས་པས། ཡི་དམ་ལྷ་ཚོགས་ཐམས་ཅད་ཁྲོས་ནས་འདུག །གདོས་བཅས་ཀྱི་ཕྲུ་གུ་མ་བསད་དམ། བླ་མའི་བཀའ་ནི་ཆུ་ལ་འཕོ། དར་དཀར་གྱི་ཡོལ་བ་མེ་ལ་བསྲེགས། མཐོ་རིས་ཀྱི་སྐས་ཀ་སྐེད་པ་ནས་ཆག །ཁྱོད་རང་གཅིག་པོ་མ་ལགས་པའི། ཁྱོད་ལ་འབྲེལ་བ་ཐོགས་ཚད་རྣམས། དམྱལ་བའི་གནས་སུ་མ་བསྐྱུར་རམ། རང་གི་ཕ་མ་ཡིད་བཅད་ལ་མ་བཏང་ངམ། སེམས་ཅན་བྱམས་དང་སྙིང་རྗེས་སྐྱོང་བ་ལ། ཉོན་མོངས་མ་ཐུལ་སྡིག་ལས་བྱས། ཁྱོད་ཀྱིས་གཡོ་སྒྱུ་ཕུང་གསུམ་མ་བྱས་སམ། བཙུན་མའི་གཟུགས་སུ་བྱས་པ་ཡིས། རང་གི་ཉེ་འཁོར་འཁོར་ས་རུ། དེའི་སྔས་མགོར་ཁྱོད་བོས་ནས། བློ་སྙིང་བྲང་གསུམ་གཏད་ནས་ཀྱང་། ཁྱོད་ལ་ཁ་ཆེམས་བཤད་དུས་སུ། ཨ་ནེ་བཙུན་མ་ཁྱོད་ཀྱིས་ཀྱང་། ལས་རྒྱུ་འབྲས་གཉིས་པོ་ཁྱད་དུ་བསད། ཉེ་འབྲེལ་གྱི་མི་རྣམས་མགོ་བསྐོར་ནས། ཆས་རྣམས་ཐམས་ཅད་ལྐོག་ཏུ་སྦས། གཤིན་པོ་ཡིད་བཅད་ལ་མ་བཏང་ངམ། ཁྱོད་ཀྱིས་བྱས་ངན་པ་མ་བྱས་སམ། ད་ལྟ་སྐྱིད་པོ་ཨེ་འདུག་ལྟོས་ཤིག་ཟེར། བླ་མའི་བཀའ་ལས་འགལ་བའི་རྣམ་སྨིན་ལ། མཆོད་རྟེན་བརྒྱ་ཡི་འོག་ཏུ་ཆུག་ཅིག་ཟེར། ཕ་མ་ཡིད་ཆད་བཏང་བའི་རྣམ་སྨིན་ལ། དམྱལ་བ་ཚ་གྲང་གི་བར་དུ་རེ་མོས་ཚུད་ཅིག་ཟེར། གཤིན་པོ་ཡི་ཆད་ལ་བཏང་བའི་རྣམ་སྨིན་ལ། ཡི་དྭགས་ངུ་འབོད་ཀྱི་གནས་སུ་ཁྲིད་ཅིག་ཟེར། རང་སྐྱེས་བུ་ཚ་བསད་པའི་རྣམ་སྨིན་ལ། མགོ་བོ་ཐོ་བས་རྡུངས། སྨད་རལ་གྲིས་གཏུབས། དུག་སྦྱར་གཏོང་བྱས་པའི་རྣམ་སྨིན་ལ། ཁ་ལ་དུག་ཆུ་ཁོལ་མ་རྒྱུན་དུ་བླུགས་ཤིག་ཟེར། གཤིན་རྗེ་རྣམས་ཀྱིས་ཕོད་ཚན་ཆེ་བ་བྱེད་ཀྱིན་འདུག་གོ །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། བཙུན་མ་དེ་ལ་དྲི་བ་བྱེད་ཀྱིན་འདུག་པ་ལ། ཁྱོད་ཆ་ལུགས་ཆོས་པའི་ཆ་ལུགས་བྱས་ནས་འདི་འདྲའི་དངངས་སྐྲག་སྡུག་བསྔལ་མྱོང་དགོས་པ། སྡིག་པ་བདེན་ན་བཤགས་པ་བདེན་པས། ཁྱོད་རང་གི་ཡུལ་གང་ནས་ཡིན། ཡུལ་དུ་འཕྲིན་པ་ཞིག་སྐུར་དང་ཟེར་བ་ལ། གཤིན་རྗེ་རྣམས་ཀྱི་ཞལ་ནས། ཁྱོད་འཕྲིན་པ་ཞིག་བསྐུར་ན་ལྷོད་པ་ཞིག་གྱིས་ཟེར་ནས། བསྡམས་པ་ཀློད་བཅིངས་པ་བཀྲོལ་ནས། མོ་རང་གིས་མིག་གི་མཆི་མ་ཕྱིས། ཁའི་ཁྲག་རལ་རྣམས་ལག་པས་ཕྱིས། ལག་པ་ཐལ་མོ་སྦྱར། ཨ་ཙ་མ་ཆོས་པ་ང་འདྲ་བའི་ལས་ངན་ཚོགས་མ་བསགས་མ་ང་ལ་བླ་མའི་ཐུགས་རྗེས་གཟིགས་ཤིག་ཟེར་ནས། སྔར་གྱི་བག་ཆགས་ཀྱིས་བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་དུམ་པ་རེ་བྱེད་ཀྱིན་འདུག་པ་ལ། དེར་གཤིན་རྗེ་རྣམས་ངར་ཐོག་ནས། ལག་པ་གཡོན་མས་བཙུན་མ་དེའི་ལྟག་རྩ་ནས་བཟུང་ནས། ཁྱོད་མཐོ་རིས་ཀྱི་སྐས་ཆག །ཡེ་ཤེས་ཀྱི་དཀར་ཁུང་འགགས་པའི་བཙུན་མ་ཁྱོད། ཕ་བླ་མའི་བཀའ་ལས་འགལ། ཐུགས་དཀྲུགས་ནས། ད་བླ་མ་ལ་གསོལ་བ་འདེབས་པ་ཨེན་ཙམ་ཐལ་ཟིན་ཟེར་ནས། རལ་གྲི་ནམ་མཁའ་ལ་འཕྱར་ནས་རྒྱག་གིན་འདུག་གོ །ཡང་ཨ་ནེ་དེས་ཁ་ནས་འཕྲིན་པ་འདི་ལྟར་གསུངས་རོགས་མཛོད་དང་། ངའི་སྐྱེ་ས་དགེ་བཅུ་ལུང་པ་ནས་ཡིན་ལ། ཡང་སྒོས་ཕུག་གི་མནན་ཙ་ནས་ཡིན། སྡོད་ས་ཟངས་འགྲོ་ཟེར་བ་ཡིན། ང་རང་མིང་ལ་འབྲུག་ལྷ་འཛོམ་ཟེར་བ་ལགས། ངས་སྡིག་པ་འདི་བྱས་བསམ་པ་མེད་ཀྱང་། གཤིན་རྗེ་རྣམས་ཀྱིས་ང་རང་ལ་རྒྱུས་མེད་ཐམས་ཅད་གསུང་གིན་འདུག །ང་རང་གི་བསམ་པ་ལ་འཁོར་བ་དོང་སྤྲུག་ཅིག་བྱེད་བསམ་པ་ཡིན་ཀྱང་། ནང་མི་རྣམས་དང་ཁ་འཆམས་པར་སོང་བས། ད་ངའི་ཆོས་འདིའི་ཁ་ཐབས་འདི་ལ་གཟིགས་དང་ཟེར་ཞིང་ངུ་ཡིན་བསྡད་འདུག །ད་ངའི་ནུ་མོ་ཐུབ་བསྟན་དཔལ་འཛོམས་ཟེར་བ་ཡོད་པའི་དེས་ཁུར་གྱིས། ཁྱེད་མིང་སྲིང་གཉིས་ཀྱིས་ངའི་སྡུག་བསྔལ་འདི་ལས་བསལ་ཕྱིར་དུ་བཤགས་པ་འདི་ལྟར་བྱེད་རོགས་གྱིས་དང་། བླ་མའི་གསུང་གི་དམ་ཚིག་ཉམས་པ་དག་ཕྱིར་དུ། སངས་རྒྱས་ཀྱི་མཚན་འབུམ་བཞེངས་གསུངས་དང་། རྡོར་གཅོད་སྡིག་བཤགས་བཞེངས་གསུངས་དང་། མི་འཁྲུག་པའི་སྦྱིན་སྲེག་གྱིས་དང་། ལྷ་ཁང་རྟེན་ཁྱད་འཕགས་རྣམས་ལ་དཀར་མེ་ཞལ་ཟས་བརྒྱ་ཚར་ཕུལ། ཕྱག་དང་སྐོར་བ་ལ་འབུངས་གྱིས་དང་། བླ་མ་མ་ཎི་བ་རྣམས་ལ་ཡང་། བསྔོ་རྟེན་ཟོང་བསྐུར་ཕུལ་གྱིས་དང་། ཆུ་ཆེན་ལ་ཟམ་པ་ཚུགས་གྱིས་དང་། སེམས་ཅན་འཆི་ངོས་ཤེས་པའི་སྲོག་བླུ་ཐོངས་གསུངས་རོགས་མཛོད་དང་། སྡིག་པའི་བཤགས་ཐབས་དེ་རྣམས་བྱས་འདུག་ན། ངའི་སྡུག་བསྔལ་འདི་ལས་ཨེན་ཙམ་བཤགས་ཐབས་ཡོང་བ་འདུག་པར་གྱིས་དང་། ང་འདྲ་བའི་ཆོས་པའི་རྐང་འདྲེན་མ་བྱེད་གྱིས་དང་ཟེར་གྱིན་འདུག་གོ །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

དེ་ནས་ཕར་ཕྱིན་པའི་ས་ཕྱོགས་ན། ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་ནི། ལྕགས་རིའི་ཁོར་ཡུག་རིམ་པ་ལྔས་ཡོངས་སུ་བསྐོར་བ་ཡོད་པ། དེའི་ཕྱོགས་བཞི་ལ་རྒྱ་སྒོ་རེ་ཡོད་པ། རྒྱ་སྒོ་དེ་རྣམས་ཀྱི་སྒོ་སྲུང་ནི། གཤིན་རྗེ་ལ་ལ་ནི་སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ། ལ་ལ་ནི་མི་ལྤགས་ཀྱི་ཤམ་ཐབས་གྱོན་པ། དེ་རྣམས་ནི་ལག་ན་མདུང་དང་རལ་གྲི་ཕྱར་བ། གཟུགས་ཀྱི་ཆེ་ཆུང་ནི་རི་རབ་ཙམ་ཡོད་པ། མིག་ཉི་ཟླ་ཙམ་ཁྲོ་ཚུགས་སུ་ནམ་མཁའ་ལ་ལྟ་བ། རལ་པ་ཁམ་ནག་ནམ་མཁའ་ལ་བརྫིས་པས་བར་སྣང་ཁྱབ་པ། ཁ་ནས་ཧཱུཾ་ཧཱུཾ་ཕཊ་ཕཊ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་སྒྲོག་པ། གཤིན་རྗེ་དེ་འདྲ་བ་རྒྱ་སྒོ་རེ་ལ་བརྒྱད་བརྒྱད་དང་། རྒྱ་སྒོ་བཞི་ཡོད་པ་བྱང་ཕྱོགས་ཀྱི་རྒྱ་སྒོའི་གདོང་ལ་གཤིན་རྗེའི་ལས་མཁན་ཕོ་ཉ་མང་པོ་ཚོགས་ནས། ལ་ལ་རྩིས་དང་ཆུ་ཚད་ལྟ་ཞིང་འདུག །ལ་ལ་རྣམས་ཀྱང་ཆོས་རྒྱལ་ཞབས་དྲུང་དུ། ལས་དགེ་སྡིག་གི་ཤན་འབྱེད་བྱས་ནས་ཀྱང་། སྡིག་པའི་ལས་ཀྱི་རྣམ་སྨིན་རྣམས་རང་ཐོག་མྱོང་དགོས་པའི་མི་རྣམས་གཤིན་རྗེ་རྣམས་ཀྱིས་རྐང་པ་ནས་བཟུང་སྟེ། རྡོའི་ཁྲིམས་སྟེགས་ཆེན་པོའི་སྟེང་དུ། མི་ཐམས་ཅད་གན་རྐྱལ་དུ་བརྒྱངས་ནས་ལུས་ནི་དུམ་བུར་བཏུབས་ནས་ནི། མཚོན་ཆའི་འཁོར་ལོ་ནམ་མཁའ་ལ་བཏེག་ནས། འཁོར་ལོ་དེའི་འཁྱེར་ཐབས་ཤིག་ལ། འཁོར་ལོ་མར་བབས་ནས། མི་དེ་རྣམས་ཀྱི་ལུས་བརྒྱ་སྟོང་དུ་འགྲོ་བར་འདུག་གོ །དེའི་ནང་ནས་ཀྱང་སྡུག་བསྔལ་ཆེ་བའི་མི་རྣམས་ནི་ཡན་ལག་ཐལ་མོ་སྦྱར་ནས་ཀྱང་། ཕྱག་འཚལ་བའི་ཚུལ་དུ་བྱེད་ཅིང་འདུག་གོ །འཇིགས་པའི་གཟུགས་ཀྱི་གཤིན་རྗེ་རྣམས་ཀྱིས་ཐོ་བ་མེ་འབར་བ་ནམ་མཁའ་ལ་ཕྱར་ནས། ཡན་ལག་དུམ་བུར་བཏུབས་པ་རྣམས་ཀྱང་། སླར་འཇམ་རྩིང་ནས་ཙམ་རྡུང་གིན་འདུག་གོ །མི་དེ་རྣམས་ཀྱི་ཁ་ནས་འདི་ལྟར་ཟེར་རོ། །ཨ་ཙ་མ་མི་ཡུལ་དྲན་པ་སྒང་ལ་ཐོན་མི་ཡོད་ན་འཕྲིན་པ་འདི་ལྟར་གསུངས་དང་། ང་འདྲ་བའི་སྡིག་པ་ཅན་གྱི་ལས་མ་བྱེད་གྱིས་དང་། འདི་འདྲའི་སྡུག་བསྔལ་མྱོང་དགོས་པ་མང་པོ་འདུག །སྡུག་བསྔལ་འཇིགས་སྐྲག་དེ་རྣམས་མཐོང་བ་དང་། ང་རང་དབང་མེད་པར་བརྒྱལ་བྱུང་ངོ་། །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས། ངའི་ལག་པ་ནས་བཟུང་ནས་ཡར་བསླངས་བྱུང་བས། ང་ལ་འདི་ལྟར་གསུང་གིན་འདུག་གོ །རང་རང་གི་ལས་ཀྱི་སྡུག་བསྔལ་མྱོང་དགོས་པ་ལ། ཁྱོད་རང་སྡུག་བསྔལ་མ་བྱེད་ཅིག་གསུངས་བྱུང་བས། ངའི་སེམས་ལ་འདི་ལྟར་དྲན་བྱུང་ངོ་། །སྡུག་བསྔལ་མ་བྱེད་གསུངས་གྱུར་ཀྱང་། ང་རང་མི་ཡུལ་དྲན་པ་སྒང་ན་ཡོད་དུས་སུ། ཆོས་བྱེད་བློ་བྱས་ཀྱང་ཁ་ཆོས་སུ་སོང་། བློ་རྩེ་གཅིག་ཏུ་དྲིལ་བའི་ལྷ་ཆོས་མ་བྱས་འགྱོད་པ་ཆེའོ། །ཆགས་ཞེན་སེར་སྣ་སྤངས་ནས་ཀྱང་ངས་རང་ནོར་སྦྱིན་པ་མ་བཏང་འགྱོད་པ་ཆེ། ཆགས་སྡང་ཕྲག་དོག་སྤངས་ནས་ཀྱང་། གཅིག་པུར་རི་ཁྲོད་མ་འགྲིམས་ང་རེ་འགྱོད། ལས་མཁན་གཤིན་རྗེ་ཕོ་ཉའི་ཚོགས་ཀྱིས་ཁྲིད། འཇིགས་སྐྲག་སྡུག་བསྔལ་མཐོང་གྱུར་ཀྱང་། ད་དུང་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ། འགྲོ་དགོས་པ་འདུག་བསམས་ནས། ཆོས་ཀྱི་རྒྱལ་པོས་ང་ལ་ཅི་འདྲ་ཞིག་གསུང་ཡོང་ངམ་བསམ་པའི་སྡུག་བསྔལ་ཆེན་པོ་ཞིག་བྱུང་། ཆོས་ཕྱག་ཆེན་གྱི་སྒོམ་ཁྲིད་དེ་ལམ་ཙམ་ཞུས་ཀྱང་། བསྒོམ་པ་མིན་ཏེ་གོམས་པ་ཡིན་ཟེར་བཞིན་བསྒོམ་ཡུན་ཐུང་བས། འདི་རྣམས་ཀྱི་སྡུག་བསྔལ་དང་། དངངས་སྐྲག་བཟོད་དུ་མི་རུང་བ་འདུག་པས། ཨ་ཙ་མ་ད་མི་ཡུལ་དུ་ལོག་ཕྱིན་ཆོག་པའི་དུས་ཤིག་བྱུང་ན། རང་གི་ཁ་ལྟ་འགྲོ་བའི་མི་རྣམས་ལ་སྙིང་དམར་པོ་བསྟན་ནས་ལས་དཀར་ནག་གི་རྒྱུ་འབྲས་བསླབ་ཡར་འདི་ལྟར་བྱེད་དགོས་བསམ་པ་བྱུང་། ནོར་རྫས་རྣམས་ལ་ཆགས་ཞེན་མ་བྱེད་པར། ཅི་ཡོད་སྦྱིན་པར་ཐོངས་ཤིག་ཟེར་དགོས་བསམ། འཇིག་རྟེན་བྱ་བ་ལིངས་ཀྱིས་བསྐྱུར་ནས་ཀྱང་། བློ་རྩེ་ཆོས་ལ་དྲིལ་ཅིག་ཟེར་དགོས་བསམ། གང་ལའང་ཆགས་ཞེན་ཞིག་ཀྱང་མ་བྱེད་པར། དབེན་པའི་རི་ཁྲོད་འགྲིམས་ཤིག་ཟེར་དགོས་བསམ། རྒྱུན་དུ་ཡི་དམ་འབྲལ་མེད་སྙིང་ཁར་སྒོམས་ཤིག་ཟེར་དགོས་བསམ་པ་བྱུང་ངོ་། །རང་གི་ཉེ་འབྲེལ་ལ་མ་ཆགས་པར་བླ་མ་དང་དཀོན་མཆོག་ལ་གསོལ་བ་ཐོབ་དང་ཞེས་འདིར་གཤིན་རྗེ་རྣམས་ཀྱི་དྲུང་དུ། དཔོན་པོ་དང་ཉེ་འབྲེལ་རྣམས་ཀྱི་མི་ཕན་པར་འདུག་གོ །ང་ཡང་མི་རྣམས་ལ་ཆོས་གྱིས་ཟེར་དགོས་བསམས་ནས་འདུན་མ་དང་། ང་རང་ཡང་ཆོས་མ་བྱས་བསམ་པའི་འགྱོད་པ་རྟས་མི་ཟིན་པ་བྱུང་ངོ་། །ཆོས་མ་བྱས་པའི་མི་རྣམས་ཀྱི་སྐྱིད་སྡུག་ངོ་ཤེས་ནས་མི་འདུག་བསམས་ནས་མཆི་མ་མང་དུ་ཤོར། རང་གི་ལག་པས་རང་ལ་སྤར་ཚིར་གྱིས་བརྒྱབ་ནས། ཨ་ཙ་མ་བྱ་ཐབས་ནི་མི་འདུག །འགྱོད་ཀྱང་ཐལ་ལོ་བྱས་པས། ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས་ང་ལ་འདི་སྐད་གསུངས་བྱུང་ངོ་། །

སེམས་ཅན་ལས་ཀྱི་སྡུག་བསྔལ་མྱོང་བ་ལ། སྒོས་ཀྱི་སྡུག་བསྔལ་མྱོང་མི་དགོས། ཁྱོད་ལ་ངའི་ཟླ་གྲོགས་ཡོད་གཞན་སྡིག་པ་ཅན་གྱི་མི་རྣམས་ནི། ལས་ཀྱི་སྡིག་སྒྲིབ་ནི་རྒྱབ་ཏུ་ཁུར། རྒྱབ་རྟེན་གྱི་བླ་མ་དང་ཡི་དམ་ནི་མེད། སེམས་བརྩེ་བའི་གཉེན་ཚན་ཤུལ་དུ་ལུས། སེར་སྣས་བསགས་པའི་ནོར་རྫས་ཤུལ་དུ་ལུས། རང་ཉིད་གཅིག་པུར་བར་དོའི་འཕྲང་རིང་འདིར། ལས་མཁན་གཤིན་རྗེ་རྣམས་ཀྱི་ལག་ཏུ་བཟུང་། ཕ་འབོད་མ་འབོད་ཇི་ཙམ་བྱས་འདུག་ཀྱང་། ཕན་ཐོགས་ར་ཟླ་བྱེད་མཁན་སུ་ཡང་མེད། མི་འདི་རྣམས་ཀྱི་སྡུག་བསྔལ་མཐོང་ཙ་ན། ཁྱོད་རང་སྡུག་བསྔལ་གྱིས་མ་འཆིངས་པར། ཁྱོད་རང་འདི་ནས་ཡར་ལྟོས་དང་ཟེར་གྱིན་འདུག་པ་ལ། ངས་ཡར་བལྟས་པས། ལམ་རྒྱ་གྲམ་ཁྲ་ཤིག་གེ་བ་ཞིག་འདུག་པ་ལ། དེའི་ལམ་དང་པོ་ནི་དཀར་ལ་འོད་དང་ལྡན་པ་ཞིག་འདུག་པ་དེ། གང་གི་ལམ་ཡིན་བྱས་པས། དེ་ནི་རིག་འཛིན་ལྷའི་ལམ་ཡིན་ཟེར། དེའི་འོག་ན་ལམ་སྔོ་སྐྱ་གཅིག་འདུག་པ་དེ་གང་གི་ལམ་ཡིན་བྱས་པས། ལྷ་མ་ཡིན་གྱི་ལམ་ཡིན་ཟེར། དེའི་འོག་ན་ལམ་སེར་སྐྱ་གཡའ་སྔོ་ཁྲོལ་བའི་ཁྲོད་ན། མི་གཅིག་གིས་ཕྱིན་པའི་རྗེས་ཙམ་ཞིག་འདུག་པ་དེ་གང་གི་ལམ་ཡིན་བྱས་པས། འདི་ནི་མིའི་ཡུལ་དུ་འགྲོ་བའི་ལམ་ཡིན་ཟེར་རོ། །དལ་འབྱོར་མི་ལུས་རིན་ཆེན་འདི། གྱང་ལོགས་ལ་སྲན་མ་གཏོར་བ་འདྲ། ཉིན་མོའི་སྐར་མ་བས་ཀྱང་དཀོན་ཟེར་རོ། །

དེའི་འོག་ན་ལམ་ལྗང་སྐྱ་ཞིག་འདུག་པ་དེ་གང་གི་ལམ་ཡིན་བྱས་པས། བྱོལ་སོང་གི་ལམ་ཡིན་ཟེར་རོ། །དེའི་འོག་ན་ལམ་ནག་ཅིག་འདུག་པ་དེ་གང་གི་ལམ་ཡིན་བྱས་པས། ཡི་དྭགས་ཀྱི་ལམ་ཡིན་ཟེར། དེའི་འོག་ན་ལམ་ནག་ལ་རྩུབ་པ་གཅིག་འདུག་པ་དེ་གང་གི་ལམ་ཡིན་བྱས་པས། དམྱལ་བ་ཐར་མེད་གནས་ལ་འགྲོ་བའི་ལམ་ཡིན་ཟེར་རོ། །ཡང་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ནས་སྐད་ཀྱི་ང་རོ་དྲག་པོ་ཞིག་བཏང་བས། མ་གི་ལྕགས་རི་ཁོར་ཡུག་ནང་ཞེས་ན་ང་བོས་ནས་ཅི་བྱེད་ཟེར་གྱིན་འདུག་གོ །ད་ལྟ་ཉིད་དུ་ཁྲིད་ཤོག་ཟེར་རོ། །ཕོ་བྲང་དེའི་ནང་ཞིག་ན། ཆོས་ཀྱི་རྒྱལ་པོའི་བཀོད་པ། མི་ཡུལ་དྲན་པ་སྒང་ཞེས་ནས་ཚེ་ལས་འདས་པ་ཞིག་ཡོང་གིན་འདུག་གོ །ད་ལྟ་ཉིད་དུ་ཁྲིད་ཤོག་ཟེར་རོ། །གཤིན་རྗེ་ཕོ་ཉ་མང་པོ་ཚོགས་ནས། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་ཀྱང་། རྒྱོབ་སོད་ཟེར་བའི་སྒྲ་སྒྲོག་ཅིང་ས་གཞི་བར་སྣང་ཐམས་ཅད་ཆོད་བསམ་པའི་གཤིན་རྗེ་ཕོ་ཉ་མང་པོ་ཆས་ནས་སོང་། ངའི་བསམ་པ་ལ་སུ་ཞིག་ཡོང་ངམ་བསམ་བལྟས་པས། ཡང་སྔར་ང་རང་གིས་ཡོང་བའི་ཟམ་པ་རིང་མོ་དེའི་ཁ་ནས་ཚུར་ལ་པད་ཞྭ་སྣ་རིང་གོན་པའི་ཨ་ནེ་བཙུན་མ་གཉིས་བྱུང་། ཟམ་པ་ཚུར་མ་བགྲོད་པའི་ས་ནས་ཕག་ནས་བཀྲ་ཤིས་ཁ་བཏགས་ཤིག་གཏོར་ནས། ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ངོས་ལ་ཁ་བལྟས་ནས་ཕྱག་མཇལ་གྱི་ཚུལ་དུ་སྐྱ་ཡུག་དེ་བཏང་སོང་། ཕྱག་འཁོར་གསུམ་འཚལ་ནས་དེ་ནས་ཡང་གཤིན་རྗེ་རྣམས་ལ་ལག་པས་ནན་ནན་པ་དང་ཡུག་ཡུག་ལན་གསུམ་བྱས་སོང་བས། གཤིན་རྗེ་རྣམས་ཚུར་མ་བགྲོད་པར་ཆུ་ཁ་དེར་གཤིན་རྗེ་རྣམས་ལུས་སོང་། དེ་ནས་ཨ་ནེ་བཙུན་མ་དེ་ནི་ལམ་དཀར་ལ་འཚེར་བའི་འོད་དང་ལྡན་པ་དེ་ལ་ལངས་སོང་། ཡང་ལམ་གྱི་བར་སྐད་དེ་ནས་ཨ་ནེ་བཙུན་མ་དེའི་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ། སྨོན་ལམ་བཏབ་ནས་དབུ་ཞྭ་ཕུད་ནས་གཡབ་མོ་བྱས་ཏེ། སྐད་སྙན་ལ་ངང་རིང་བ་ཞིག་བྱས་ནས་འདི་སྐད་གསུང་གིན་འདུག་གོ །མ་གི་ལྕགས་རི་ཁོར་ཡུག་ནང་ཤེད་ན། རང་རང་ལས་ཀྱིས་སྡུག་བསྔལ་མྱོང་དགོས་པའི། དམྱལ་བ་ཐིག་གཅོད་ཀྱི་སྡུག་བསྔལ་མྱོང་མཁན་རྣམས། ང་ལ་ཟས་འབྲེལ་ཐོགས་ཚད་ཡར་ཤོག་དང་། བློ་ཞེ་སྡང་སྤོངས་ལ་ཡར་ཤོག་དང་། ང་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོ། མ་གིའི་ལྕགས་རི་ཁོར་ཡུག་ནང་ཤེད་ན། རང་གི་བླ་མ་དང་ཕ་མ་ལ་དམ་ལོག་བྱས་པའི་མི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་མཁན་རྣམས། ང་ལ་ཆོས་འབྲེལ་ཐོགས་ཚད་ཡར་ཤོག་དང་། བློ་ཞེ་སྡང་སྤོངས་ལ་ཡར་ཤོག་དང་། ང་ལྕང་ལོ་ཅན་གྱི་གནས་སུ་འགྲོ། མ་གི་ལྕགས་རི་ཁོར་ཡུག་ནང་ཤེད་ན། རང་རང་གིས་སྡུག་བསྔལ་མྱོང་བ་ཡི། དམྱལ་བ་ངུ་འབོད་ཀྱི་སྡུག་བསྔལ་མྱོང་མཁན་རྣམས། ང་ལ་བཟང་འབྲེལ་ཐོགས་ཚད་ཡར་ཤོག་དང་། བློ་ཕྲག་དོག་སྤོངས་ལ་ཡར་ཤོག་དང་། ང་ནི་ན་ག་ཁྱུང་རྩེ་ཞེས་སུ་འགྲོ། མ་གི་ལྕགས་རི་ཁོར་ཡུག་ནང་ཤེད་ན། རང་རང་གི་སྡུག་བསྔལ་མྱོང་དགོས་པའི། ཆོས་མཛད་རྣམས་ལ་རྫུན་དང་དབྱེན་བྱས་པའི་ལུས་ཀྱི་ལྤགས་པ་ཚལ་པར་བཤུས་པ་རྣམས། ང་ལ་གཏམ་འབྲེལ་ཐོགས་ཚད་ཡར་ཤོག་དང་། བློ་ཞེ་སྡང་སྤོངས་ལ་ཡར་ཤོག་དང་། ང་སངས་རྒྱས་འོད་དཔག་མེད་ཀྱི་གནས་སུ་འགྲོ། མ་གི་དམྱལ་ཁམས་བཅྭོ་བརྒྱད་ན། རང་ནོར་སྦྱིན་པར་མ་བཏང་བའི་གཞན་ནོར་ལ་ཧབ་ཟས་བྱས་པའི་དམྱལ་བ་བཀྲེས་སྐོམ་སྡུག་བསྔལ་མྱོང་མཁན་རྣམས། ང་ལ་ལུས་འབྲེལ་ཐོགས་ཚད་ཡར་ཤོག །ཅེས་གསུངས་པས། མ་གིའི་ལྕགས་རིའི་ཁོར་ཡུག་གི་ནང་ནས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་མི་དང་། དམྱལ་བ་ངུ་འབོད་ཀྱི་སྡུག་བསྔལ་མྱོང་མི་རྣམས་དང་། ལུས་ཀྱི་པགས་པ་ཚལ་མར་བཤུས་པ་དང་། བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་མི་རྣམས་དང་། ལྕགས་མཁར་སྒོ་མེད་ཀྱི་ནང་ན་ཡོད་པའི་མི་རྣམས་དང་བཅས་གཤིན་རྗེ་རྣམས་ཀྱིས་བཟུང་ཡང་མ་ཐུབ་པར་ཐམས་ཅད་ཁོང་གི་རྗེས་ལ་སོང་ངོ་། །ཟངས་རྒྱ་མ་ཁ་བཅད་ཀྱང་ཁ་བུག་ཏུ་ལོག་སོང་ངོ་། །མི་བརྒྱ་སྟོང་ཙམ་ནི་ཟངས་ཀྱི་མཐིལ་གྱི་དྲེག་པ་ལ་འདྲེགས་ནས་འདུག་གོ །མི་གཞན་ཐམས་ཅད་ཁོང་གི་རྗེས་ལ་སོང་། ཟངས་ཀྱི་འཐིལ་དུ་དྲེག་པ་ལ་འདྲེགས་ནས་ཡོད་པའི་མི་རང་རང་གི་མིང་ནས་བཤད་པའི་མདོ་བསྡུས་ཙམ་ལ་འདི་ལྟར་འདུག་གོ །ཡུལ་ལྷོ་སྟོད་ལུང་པའི་ཕྱོགས་ནས་དབུ་མཛད་དཔལ་འབྱོར་ཟེར་བ་ཡང་འདུག་གོ །ས་ཤིག་གཙང་གི་ལུང་པའི་ཕྱོགས་ནས་མདའ་དཔོན་སྒོག་ལུང་བ་ཟེར་བ་ཡང་འདུག་གོ །གཙང་གི་གངས་ཅན་ཕྱོགས་ནས་དཔོན་མོ་ཆོས་སྐྱིད་ཟེར་བ་ཡང་འདུག་གོ །ཡ་འབྲོག་རི་བོ་བྲག་ཅེས་ནས་གནས་ཆེན་དཔོས་དྲག་ཟེར་བ་ཡང་འདུག་གོ །ལྕགས་ལྕེ་གྲི་གུའི་ཞོལ་ཁྲོད་ནས་གནས་ཆེན་བསོད་ནམས་དར་རྒྱས་ཟེར་བ་ཡང་འདུག་གོ །སྨད་འཚོང་མ་བསོད་ནམས་དབང་མོ་ཟེར་བ་ཡང་འདུག་གོ །ས་ཤིག་ཚོང་འདུས་མཚོ་སྣའི་ལུང་པ་ན་བཙུན་པ་བསྟན་འཛིན་ཟེར་བ་ཡང་འདུག་གོ །ས་ཤིག་ཁུ་མཐིང་ལྷ་ཁང་ནས་དཀོན་མཆོག་ལྷུན་གྲུབ་ཟེར་བ་ཡང་འདུག་གོ །གཞན་ཡང་ངོ་མི་ཤེས་པའི་མི་མང་པོ་འདུག །དེ་རྣམས་རང་གི་མིང་ནས་བཤད་པ་རྣམས་ཀྱིས་སྡིག་པའི་བཤགས་ཐབས་ཀྱི་འཕྲིན་པ་མང་དུ་བསྐུར་བྱུང་སྟེ། ད་ལན་འདི་ལ་ཡི་གེར་བཀོད་པ་མེད་དོ། །

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚོགས་མ་བསགས་པའི་མི་དེ་རྣམས་མ་གཏོགས་པ། མི་གཞན་མ་ཐམས་ཅད་མ་ཎི་མ་དེའི་རྗེས་ལ་བསྙེགས་ནས་རིག་འཛིན་གྱི་ས་ལ་སོང་།

ཡང་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ནས་སྐད་ཀྱི་ང་རོ་དྲག་ཅིག་བཏང་བྱུང་བས། ལས་རྒྱུ་འབྲས་རྩིས་པའི་དགེ་བའི་འབྲས་བུ་མེད་པ་རྣམས་འདིར་ཁྲིད་ཤོག་ཅིག་གསུང་གིན་འདུག་པ་ལ། སྐད་ཅིག་ཉིད་ལ་ལས་མཁན་གཤིན་རྗེ་རྣམས་བར་སྣང་འགྲིབ་འགྲོ་བ་ཙམ་དང་། ས་གཞི་ཐམས་ཅད་ཆོད་འགྲོ་བ་ཙམ་བྱས་སོང་། གཤིན་རྗེ་རྣམས་ཡ་གིར་སླེབས་པ་དང་། རླུང་དམར་ཆེན་པོ་གཅིག་ཏུ་ལངས་སོང་སྟེ་མི་དེ་རྣམས་རླུང་དེས་ཡར་སྡེབ་མར་སྡེབ་མང་དུ་བྱས་ནས་ཡང་ཟས་འབྲེལ་དང་ཆོས་འབྲེལ་ཐོགས་པའི་མི་རྣམས་ནི། བཅའ་གསུམ་དུ་དགོས་པའི་བཅའ་གཅིག་ཙམ་ཡར་ལངས་སོང་། གཞན་མ་རྣམས་ཡང་མར་དམྱལ་བའི་གནས་སུ་ཁྲིད་ནས་བྱུང་ངོ་། །མར་ལོག་པའི་མི་རྣམས་ནི་འཕྲིན་པ་འདི་ལྟར་སྐུར་གྱིན་འདུག་གོ །མི་ཡུལ་དྲན་པ་སྒང་ལ་ཐེགས་མི་ཡོད་ན། མི་རྣམས་ལ་འཕྲིན་པ་འདི་ལྟར་གསུང་མཛོད་དང་། ཡར་དཀོན་མཆོག་ཞབས་ནས་ཐེག་གྱིས་དང་། མར་ངན་སློང་ལ་སྦྱིན་པ་ཐོངས་གསུངས་དང་། རྟོགས་ལྡན་ཕོ་མོ་གང་ནས་ཕེབས་འདུག་ཀྱང་ཞབས་ཏོག་བཀུར་སྟི་གྱིས་གསུངས་དང་། ལས་འཕྲོ་གང་ཡོད་མི་ཤེས་པར་འདུག་གོ །བླ་མ་མ་ཎི་བ་རྣམས་ལ་ཞབས་ཏོག་གྱིས་གསུངས་དང་། ཡི་གེ་དྲུག་མ་འདི་ལས་མཐུ་སྟོབས་ཆེ་བ་མི་འདུག་གོ །ནག་པོ་སྡིག་པའི་ལས་ལ་འཛེམས་དང་། སྡིག་པའི་ལས་བྱས་ན་འདི་འདྲའི་ལས་ཀྱི་རྣམ་སྨིན་འདུག་གོ་ཟེར་རོ། །ཡར་བླ་མ་ལ་ཞབས་ཏོག་བྱས་པ། མར་ངན་སློང་ལ་སྦྱིན་པ་བཏང་བ་དང་། བླ་མ་མ་ཎི་བ་ལ་ཞབས་ཏོག་བྱས་པ་དང་། མདོར་ན་དཀར་པོ་དགེ་བའི་ལས་བྱས་པ་རྣམས་མཐོ་རིས་ཀྱི་གནས་སུ་སོང་། མི་གཞན་རྣམས་ནི་གཤིན་རྗེ་རྣམས་ཀྱིས་མར་ཁྲིད་བྱུང་། མི་དེ་རྣམས་ཀྱི་ནང་ནས་བུད་མེད་སྐྱེ་ས་དབུས་པ་ཡིན་པ། གོས་སྟག་ཕྲུག་གོན་པ། སྟོད་གོས་སེར་པོ་ལ་ནག་པོའི་ཁྲ་ཡོད་པ། མུ་ཏིག་གི་ཐོད་གོན་པ་ཞིག་གཤིན་རྗེ་རྣམས་ཀྱིས་ལྕགས་ཀྱུས་སྙིང་ཁ་ནས་བཟུང་ནས་ཁྲིད་པ་དང་། བུད་མེད་དེའི་གཞོགས་ཀྱི་མི་རྣམས་དང་། ས་དང་རྡོ་ཐམས་ཅད་ལག་པས་འཆང་ཞིང་། ལག་པ་ཐལ་མོ་ཐབ་ཐབ་བྱེད་ཀྱིན་འདུག་གོ །བུད་མེད་དེའི་ཁ་ནས་འདི་ལྟར་ཟེར་གྱིན་འདུག་གོ །མི་ཡུལ་དྲན་པ་སྒང་དུ་ཐེགས་མི་ཡོད་ན་ང་འདྲ་བའི་བུད་མེད་མ་བྱེད་གྱིས་དང་། ཡང་སྒོས་མིག་སེར་དང་ཕྲག་དོག་མ་བྱེད་གྱིས་དང་། སྒོས་ཆོས་པ་རྣམས་ལ་ཞབས་ཏོག་གྱིས་གསུངས་དང་། དགེ་བ་གཏོང་ལ་ངན་འགག་མ་བྱེད་གྱིས་དང་། ཡར་དཀོན་མཆོག་ལ་ཞབས་ཏོག་ཞུས་ཤིག །མར་ངན་སློང་ལ་སྦྱིན་པ་ཐོངས་ཤིག །ལར་མི་རྣམས་ལ་ཁ་སྨྲས་ཚིག་རྩུབ་མ་བྱེད་གྱིས་དང་། སྒོས་ཆོས་པ་རྣམས་ལ་སྐུར་ཞུས་མ་བྱེད་གྱིས་དང་། ང་འདྲའི་ལས་ངན་ཚོགས་མ་བསགས་པ་འདི་འདྲ་འདུག་གོ་ཟེར་རོ། །

ཡང་གཤིན་རྗེ་མི་ལུས་དོམ་གྱི་མགོ་ཅན་མི་ལྤགས་ཀྱི་ཤམ་ཐབས་བྱས་པ་དེས། ལག་པ་གཡོན་པས་ལྕགས་ཀྱུས་སྙིང་ཁ་ནས་བཟུང་། ལག་པ་གཡས་པས་རལ་གྲི་ནམ་མཁའ་ལ་འཕྱར། གཤིན་རྗེ་དེའི་ཞལ་ནས། བུད་མེད་ཁྱོད་ཀྱི་མི་ཡུལ་དྲན་པ་སྒང་ན་སྡོད་པའི་དུས་ན། ལས་སྒྲིབ་དང་སྡིག་པའི་རྣམ་པར་སྨིན་པ་ནི་གཞིར་བཅས། དེར་མ་ཟད་པའི་བླ་མ་མཚན་ཉིད་དང་ལྡན་པ་སངས་རྒྱས་མི་ལྤགས་གོན་པ་དེ་ལྟ་བུ་ལ། རང་གིས་ཞབས་ཏོག་བྱེད་ཅིང་མི་ལབ་ལབ་བྱས་ཆོག་པའི་དུས་ཚོད་ན། ཁྱོད་སྐྱིད་དུ་མ་ཚོར་རམ། བླ་མ་ལ་དད་པ་དང་ཞབས་ཏོག་མ་བྱས་པའི་ཁར། ཁྱོད་ཀྱིས་མི་རྣམས་ལ་ཕུང་དང་གཡོ་སྒྱུ་བྱས་ཤིང་། བླ་མ་མཚན་ཉིད་དང་ལྡན་པ་དེ་ལྟ་བུ་ལ་ཆོས་མེད་ཟོག་པོ་མཁན་ཡིན་ཟེར་ཞིང་གཏམ་ངན་མང་དུ་བཏང་། ཕོ་དཀར་མོ་ནག་ཏུ་འདུག་ཟེར་ཞིང་། སྤྱིར་སྐྱེས་པ་རྣམས་ཀྱི་མགོ་བསྐོར། སྒོས་བུ་མོ་རྣམས་ཀྱི་གང་མིན་སྣ་དགུའི་གཏམ་མང་དུ་གླེང་། བུ་མོ་ཐམས་ཅད་ཀྱི་བློ་ལད་དུ་བཅུག །ཕ་མས་བཅོས་པའི་འདུན་མ་ལ་མ་ཉན་པར་བཞག་སར་མི་འདུག་བཏང་སར་མི་འགྲོ། བུ་མོ་ཐམས་ཅད་ཀྱི་འདུན་མ་རླུང་ལ་སྐུར་མཁན་དེ་ཁྱོད་ཡིན། བཙུན་མ་དེས་ལེན་པ་ཡིན་ནོ། །དེ་ངེད་རང་རྣམས་ཀྱི་ལུང་པའི་ཕུར་བསྡད་ནས་ཡུལ་འདིར་བརླག་ཤིང་དུ་འགྲོ་བར་འདུག་ཟེར་ནས། མོ་རང་གི་མི་རྣམས་ལ་ཕར་ལབ་ཚུར་ལབ་མི་ཁས་ཁེངས་པར་བྱས་པས་དེའི་ལས་ཀྱི་རྣམ་སྨིན་དང་། བླ་མ་དེ་ལྟ་བུ་ལ་ལག་ངན་གྱིས་རྡུང་བཙོག་དང་། ཚིག་ངན་གྱིས་སྐུར་བ་བཏབ་པ་ལ་བརྟེན་ནས་གཤིན་རྗེ་རྣམས་ཀྱིས་སྙིང་ཁར་ལྕགས་ཀྱུས་བཟུང་སྟེ། ལུས་ལ་ལྕགས་གཟེར་སྟོང་ཚོ་ཐོབ་ཅིག །ཁ་ལ་ཁྲོ་ཆུ་ཁོལ་མ་རྒྱུན་དུ་བླུགས་ཤིག །ད་དུང་སྡུག་བསྔལ་དེས་མ་ཆོག་པར་དམྱལ་བ་ངུ་འབོད་ཀྱི་གནས་སུ་ཁྲིད་ཅིག་ཟེར་རོ། །ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ལོ་དྲུག་ཅུ་རེ་བདུན་གྱི་བར་དམྱལ་བའི་གནས་སུ་ཁྲིད་ཅིག་གསུངས་པས། བུད་མེད་དེ་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་སོང་། ཡང་བུད་མེད་དེའི་ཁ་ནས་འདི་ལྟར་ཟེར་རོ། །ང་འདྲ་བའི་ལས་ངན་མ་བསོགས་གྱིས་དང་། སྤྱིར་སེམས་ཅན་ཐམས་ཅད་ལ་བརྣབས་སེམས་དང་གནོད་སེམས་མ་བྱེད་གྱིས་དང་། སྒོས་རྟོགས་ལྡན་ཕོ་མོ་རྣམས་ལ་ཞབས་ཏོག་གྱིས་དང་། ཞབས་སྤྱི་བོར་ཁུར་གྱིས་དང་། བླ་མ་སངས་རྒྱས་སུ་འདུག་པ་ངོ་མི་ཤེས་པར་འདུག་གོ །ངས་བླ་མ་ལ་ལོག་ལྟ་དང་ཁ་སྨྲས་བྱས་པ་ལ་བརྟེན་ནས་ང་ལ་སྡུག་བསྔལ་འདི་ལྟ་བུ་འདུག་གོ །ངའི་བརྟེན་གྲོགས་དགེ་བ་ལེགས་པ་ལ་འཕྲིན་པ་མཛོད་དང་། ངས་ཁྱོད་ཀྱི་བླ་མ་ལ་ཞབས་ཏོག་མ་བྱས་སྐུར་པ་བཏབ་པའི་ལས་ཀྱི་རྣམ་སྨིན་དག་བྱེད་དུ། གསེར་གྱི་མཆོད་རྟེན་ཞིག་བཞེངས་ཤོག་གྱིས་དང་། ངས་བླ་མ་ལ་སྐུར་པ་ཚབས་ཆེར་བཏབ་པའི་རྣམ་སྨིན་དག་བྱེད་དུ། མདོ་སྡེ་བསྐལ་བཟང་དང་སངས་རྒྱས་ཀྱི་མཚན་འབུམ་བཞེངས་གྱིས་དང་། བླ་མའི་ཕྱག་གི་ནོར་རྣམས་ཚགས་བྱས་པའི་ལས་ཀྱི་རྣམ་སྨིན་དག་བྱེད་དུ། བླ་མ་མཚན་ཉིད་དང་ལྡན་པ་སྤྱན་དྲོངས་ལ་ངའི་ནོར་རྣམས་ཐམས་ཅད་བླ་མའི་ཕྱག་ཏུ་ཕུལ་ལ་ཕྱག་དང་སྐོར་བ་བཤགས་པ་ལ་འབུངས་གྱིས་དང་། དེ་རྣམས་བྱས་ཀྱང་ངའི་སྡུག་བསྔལ་འདི་ལས་ཐར་དུས་མི་འདུག་གོ་ཟེར་ཞིང་། ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ནས། སྐད་ཀྱི་ང་རོ་དྲག་པོ་ཞིག་གིས་སྔ་རིམ་ནས་ཤོག་ཅིག་ཟེར་བྱུང་ངོ་། །ཡང་སྒོ་སྲུང་དེ་ན་རེ། ཁྱེད་རང་གཉིས་ལ་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་ཤོག་གསུང་བའི་བརྡ་ཡིན་པར་འདུག་ཟེར་བ་དང་། དེ་མ་ཐག་ཏུ་ངའི་སྙིང་ལ་མདའ་ཕོག་པ་ལྟ་བུ་བྱུང་ངོ་། །འདིར་བསྡད་ན་ནི་སེམས་ཅན་རང་རང་ལས་ཀྱི་སྡུག་བསྔལ་འདི་ལྟ་བུ་མྱོང་བ་མཐོང་ནས། ང་རང་ཡང་སེམས་ལ་བདེ་བ་སྐད་ཅིག་ཙམ་ཡང་མ་ཐོབ། ད་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་འགྲོ་དགོས་པ་འདུག་བསམས་ནས། ཡང་བསམ་བློ་རེ་བཏང་བས། ང་རང་དབང་ཡོད་དུས་ཆོས་ནི་མ་བྱས། ལྟ་བའི་གདེང་དང་སྒོམ་པའི་ཉམས་ཀྱི་དྲི་བ་འབུལ་རྒྱུ་ནི་མེད། གནས་རེ་བསྐོར་ནས་དཀོན་མཆོག་ལ་མཆོད་པ་ཕུལ་བ་ནི། བླ་མ་དཀོན་མཆོག་གི་དྲུང་དུ་དཀའ་བ་སྤྱད་པ་ནི་མེད། རང་དབང་ཡོད་དུས་ཟང་ཟིང་ནོར་གྱི་སྦྱིན་པ་བཏང་བ་ནི་མེད། ད་ངས་ཡི་དམ་ལ་གསོལ་བ་འབྲལ་མེད་བཏབ་ཡོད་པས་ཐུགས་རྗེའི་སྤྱན་གྱིས་གཟིགས་ཞེས་གསོལ་བ་བཏབ་བོ། །ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས་ང་ཡར་བསླངས་ནས་ངའི་མིག་གི་མཆི་མ་རྣམས་ལག་པས་ཕྱིས་ནས། ཁྱོད་ཟང་ཟིང་གི་སྦྱིན་པ་དང་། སྒོམ་བརྟན་ཐུབ་པ་ཞིག་མེད་ཀྱང་། འོན་ཀྱང་ཁྱོད་རང་གི་སེམས་ལ་སྒྲིབ་པ་མ་ཞུགས་ཤིང་མེ་ལོང་གཡའ་དག་པ་བཞིན་འདུག་པས། ཁྱོད་དང་ང་གཉིས་སྔོན་ནས་འབྲེལ་བ་ཡོད་པས། ངས་ཁྱོད་ཀྱི་ལམ་སྣ་འདྲེན་ནོ་ཟེར་ཞིང་འདུག །ངའི་ལག་པ་ནས་བཟུང་སྟེ། ལྕགས་རིའི་ནང་སྐས་རིང་མོ་དེ་ལ་ཡར་ཁྲིད་ནས་བྱུང་། །ཡར་ཕྱིན་པའི་ལུས་འདར་བའི་ངང་ནས་བདེ་ཡངས་ཆེན་པོ་དེར་སླེབ་བྱུང་ངོ་། །དེར་སླེབས་མ་ཐག་ཏུ་ཆོས་ཀྱི་རྒྱལ་པོ་ནི་ཁྲི་ཤིང་གི་སྟེང་ན་གུ་རུ་རིན་པོ་ཆེ་རྒྱན་ཆ་ལུགས་བྲིས་སྐུ་ལ་ཡོད་པ་བཞིན་དུ་མངོན་སུམ་དུ་མཐོང་བྱུང་ངོ་། །དེ་མཐོང་མ་ཐག་ཏུ་ལུས་ཀྱི་བ་སྤུ་གཡོ་ཞིང་། གདུང་ཤུགས་དྲག་པའི་ངང་ནས་མཆི་མ་མང་དུ་ཤོར་རོ། །ཕྱག་དང་སྐོར་བ་བྱེད་དགོས་བསམས་ཀྱང་། གཡས་གཡོན་གྱི་ཁྲོ་བོ་ཁྲོ་མོ་དར་གྱི་ན་བཟའ་གསོལ་བ།མི་མགོའི་ཕྲེང་བ་དོ་ཤལ་བྱས། མཆེ་བ་གངས་རི་ཙམ་གཙིགས་པ། མིག་ཁྲོ་ཚུགས་སུ་ནམ་མཁའ་ལ་ལྟ་བ། སྐད་སྒྲ་སྒྲོགས་པ་འཇིགས་པའི་ཆ་ལུགས་ཅན་རྣམས་ནི། མི་ཡུལ་ནས་སུ་ཞིག་ཡོང་ངམ་བསམ་བྱ་ར་བྱེད་ཀྱིན་འདུག །སྐུ་གཞོགས་གཡས་ནས་གཤིན་རྗེ་གླང་གི་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་འཕྱར་གྱིན་འདུག །སྐུ་གཞོགས་གཡོན་ཕྱོགས་ནས་གཤིན་རྗེ་སྟག་གི་མགོ་ཅན་གྱིས་མི་ལྤགས་ཀྱི་ཤམ་ཐབས་བྱས་པ། ཕྱག་ཞབས་གཉིས་རུས་པའ་ཚིག་རྒྱན་བྱས་པ་ཞིག་གིས་ཡི་གེར་ལྟ་ཞིང་འདུག །གཡོན་ཕྱོགས་ན་རྡོལ་རོག་ཕག་གི་མགོ་ཅན་གྱིས་རྩིས་དང་ཆུ་ཚོད་ལྟ་ཞིང་འདུག །སྡིག་པ་སྦྲུལ་གྱི་མགོ་ཅན་གྱིས་མི་རྣམས་ཤར་ནུབ་ལྷོ་བྱང་གང་ནས་བྱུང་བྱ་ར་བྱེད་ཀྱིན་འདུག །གཤིན་རྗེའི་འཇིགས་སྐྲག་དེ་རྣམས་མཐོང་བ་དང་ང་རང་དབང་མེད་པར་བརྒྱལ་བྱུང་ངོ་། །

ཡང་ངའི་ཟླ་གྲོགས་ཀྱི་བུད་མེད་དེས་ཡང་ཡར་བསླངས་ནས་ང་ལ་འདི་སྐད་གསུངས་བྱུང་ངོ་། །ཁྱོད་མགོ་ནས་བཏེག་ན་འཇིང་ནས་བོར། ཁྱོད་ལ་ཡ་གིའི་སྤུ་གྲི་བྱེ་ཐང་ཁ་རུ་ངོ་སྤྲད་པ་རྣམས་མི་དྲན་ནམ། ད་ལྟ་དབུས་སུ་བཞུགས་པ་འདི། ཕྱི་ལྟར་ཆོས་ཀྱི་རྒྱལ་པོ། ནང་ལྟར་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡང་ཡིན། དེའི་གཡས་ཕྱོགས་ཀྱི་སྤྱན་ཁྲོ་ཚུགས་སུ་ནམ་མཁའ་ལ་ལྟ་བ་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་སྒྲོག་པ་རྣམས་ནི་ཕྱི་ལྟར་ཆོས་ཀྱི་རྒྱལ་པོའི་ཡང་སྙིང་ཡིན། ནང་ལྟར་འཕགས་པ་འཇམ་དཔལ་ཁྲོས་པ་ཡིན། འཕགས་པ་འཇམ་དཔལ་གྱི་མཚན་བརྗོད་པ་ཙམ་གྱིས་འཇིགས་སྐྲག་དེ་ལས་གྲོལ་ལོ། །ཡང་གཡོན་ཕྱོགས་ཀྱི་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་གྱི་སྒྲ་སྒྲོག་པ་རྣམས་ནི་ཕྱི་ལྟར་གཤིན་རྗེའི་ཕོ་ཉ། ནང་ལྟར་ན་རྒྱལ་བ་མི་འཁྲུགས་པ་ཡང་ཡིན། མི་འཁྲུགས་པའི་གཟུངས་བཏོན་ན་སེམས་ཅན་མཐོ་རིས་གནས་སུ་འདྲེན་པ་ཡིན་ནོ། །

གཤིན་རྗེ་གཞན་རྣམས་རང་ལུས་རྒྱལ་བའི་དཀྱིལ་འཁོར་ནས་ཡི་དམ་ཞི་ཁྲོའི་ལྷ་ཚོགས་སུ་ངོ་སྤྲད་དེ་མི་དྲན་ནམ། དེ་རྣམས་སེམས་ལ་ལེགས་པར་ཟུངས་ལ་ཁྱོད་སྡིག་སྒྲིབ་ཆེན་པོ་མི་འདུག་པས། ཡར་ལོངས་དང་། སེམས་རྩེ་གཅིག་ཏུ་དྲིལ་ཕྱག་དང་སྐོར་བ་གྱིས་གསུངས་བྱུང་བས། གཤིན་རྗེ་ལས་མཁན་རྣམས་ལ་འཇིགས་པའི་སྟབས་ཀྱིས་སྨོན་ལམ་རྒྱ་ཆེན་འདེབས་པ་མ་བྱུང་ངོ་། །

དེ་ནས་སྡིག་པ་སྦྲུལ་གྱི་མགོ་ཅན་གྱིས་འདིར་སྡོད་ཅིག་ཟེར་བྱུང་སྟེ་ང་དེར་བསྡད་དོ། །ཡང་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་ནས། སྐད་ཀྱི་ང་རོ་དྲག་པོ་ཞིག་བཏང་བྱུང་བས། མ་གི་ལྕགས་རི་ཁོར་ཡུག་ནང་ཤེད་ན་ང་བོས་ནས་ཅི་བྱེད་ཟེར་གྱིན་འདུག་པ་ལ། ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས་མི་ཡུལ་དྲན་པ་སྒང་ཞེས་ནས་མི་ཚེ་ལས་འདས་པ་ཞིག་ཡོང་གིན་འདུག་པས་ད་ལྟ་ཉིད་དུ་ཁྲིད་ཤོག་གསུངས་པའི་ང་རོ་དྲག་པོ་ཞིག་བཏང་བྱུང་ངོ་། །དེ་མ་ཐག་ཏུ་གཤིན་རྗེའི་ལས་མཁན་ཕོ་ཉའི་ཚོགས་རྣམས་མཚོན་ཆ་སྣ་ཚོགས་ལག་ན་ཐོགས་ནས། འཇིགས་ཤིང་དངངས་བའི་གཤིན་རྗེ་རྣམས་ནི། ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཟེར་བ་དང་། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་སྒྲོགས་ཤིང་ས་གཞི་བར་སྣང་ཆོད་འགྲོ་བ་ཙམ་བྱས་ནས་སོང་། ཡང་ཡ་གི་ནས་མར་ལ་སྐྱེ་དམན་གསེར་མ་བཞག་སྒོར་ཙམ་བྱས་པ་ཞིག་སླེབས་བྱུང་སྟེ། གཤིན་རྗེ་རྣམས་ཀྱིས་དེ་མཐོང་བ་དང་། སྐྱེ་དམན་དེ་གྱེན་དུ་དུམ་པ་ཞིག་བྲོས་སོང་། ཡང་བྲོས་ཀྱང་མ་ཐར་བར། ཁ་ལོག་ཅིག་བྱས་ནས། མ་ཎིའི་དབྱུག་རྡོ་རྡེབ་ཅིང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཟེར་ཞིང་འདུག་པ་ལ། གཤིན་རྗེ་རྣམས་ནི་མ་ཎིའི་སྒྲ་ཐོས་པ་དང་རང་སར་ལུས་སོང་། ཡང་བུད་མེད་དེའི་མདུན་ནས་ལྷ་དཀར་པོ་དེ་རས་དཀར་པོའི་གོས་གྱོན་པ། སྐྲ་སྤྱི་བོར་བཅིངས་པ་དར་དམར་པོས་བསྡམས་པ། ལག་ན་དུང་གི་ཕྲེང་བ་བཟུང་བ་གཅིག་གིས། བུད་མེད་དེའི་དཔུང་པ་གཡོན་ནས་བཟུང་ནས་ཁྲིད་བྱུང་ངོ་། །གཡས་གཡོན་གྱི་གཤིན་རྗེ་རྣམས་ཀྱིས་མོ་ལ་རྒྱག་དབང་མེད་པར་ཐལ་ལེ་བྲོས་སོང་། སྐྱེ་དམན་དེ་ཡང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སླེབས་འདུག་པ་དང་། དེ་ལ་ཆོས་ཀྱི་རྒྱལ་པོས་དྲི་བ་ཞིབ་ཏུ་མཛད་ཀྱིན་འདུག་པ་ལ། ཆོས་ཀྱི་རྒྱལ་པོའི་ཞལ་ནས། སྤྱིར་ལྷོ་འཛམ་བུའི་གླིང་དུ་སྐྱེས། སྒོས་མི་ལུས་རིན་ཆེན་ཐོབ་དུས་ན། ཡར་དཀོན་མཆོག་ལ་ཞབས་ཏོག་ཞུས་སམ། མར་ངན་སློང་ལ་སྦྱིན་པ་བཏང་ངམ། བར་དུ་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བསྒོམས་པ་ཡོད་དམ། ལུས་ཀྱི་སྒྲིབ་པ་དག་ཕྱིར་ཕྱག་དང་སྐོར་བ་བྱས་པ་ཡོད་དམ། ངག་གི་སྒྲིབ་པ་དག་ཕྱིར་དུ་ཡིག་དྲུག་རྒྱུན་དུ་བགྲངས་པ་ཡོད་དམ། ཡིད་ཀྱི་སྒྲིབ་པ་དག་ཕྱིར་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཡོད་དམ། ཕ་མའི་ཞབས་ནས་བཏེག་པ་ཡོད་དམ། ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་རྒྱུན་དུ་བཏབ་པ་ཡོད་དམ། ཡུལ་རིན་ཆེན་གླིང་དུ་ཕྱིན་ནས་སྟོང་ལོག་མིན་ཙམ་བྱས་ཡོད་དམ། མི་ལུས་རིན་ཆེན་ཐོབ་དུས་ན་ཁྱོད་སྟོང་ལོག་བྱས་པ་མེད་དམ། ཅི་བྱས་ད་ལྟ་ཤོད་ཅིག་གསུང་གིན་འདུག་གོ །བུད་མེད་དེ་ནི་ལུས་འདར་ཞིང་ས་ལ་མ་ཆགས་པར་དྲན་མེད་དུ་བརྒྱལ་སོང་། ཡང་བུད་མེད་དེའི་གཡོན་ཕྱོགས་ནས་ལྷ་དཀར་པོ་བཞེངས་ནས། ལྷ་དཀར་པོ་དེའི་ཞལ་ནས་འདི་ལྟར་གསུངས་སོང་། ད་སྡུག་བསྔལ་བྱས་པས་མི་ཕན་པ་འདུག་གོ །འདུས་བྱས་མི་རྟག་པ་ཤ་ཁྲག་གི་ལུས་དེ་མི་ཡུལ་དྲན་པ་སྒང་དུ་ལུས། ལས་ཀྱི་རྣམ་པར་སྨིན་པ་མ་བསགས་ཤིང་། ད་ནི་ཆོས་ཀྱི་རྒྱལ་པོའི་དྲུང་དུ་གཏམ་རྣམས་གསལ་བར་ཤོད་ཅིག་གསུང་གིན་འདུག་པ་ལ། མོ་ནི་ལུས་འདར་ཞིང་སྐད་ངན་སྐད་ཀྱི་ངང་ནས་ཞུ་བ་འདི་ལྟར་འབུལ་གྱིན་འདུག་གོ །

ཀྱེ་མ་ཀྱེ་ཧུད་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ངའི་ཡུལ་ནི་དབུས་ཀྱི་ཕྱོགས་ནས་ཡིན་ལགས། ངའི་མིང་ལ་བསམ་སྐྱིད་ཟེར་བ་ཡིན་ལགས། ང་ཆོས་བྱེད་བསམ་པའི་འདུན་པ་དྲག་པོ་ཡོད་ཀྱང་། ཕ་མ་གཉིས་གྲོས་བྱས་ནས། འཇིག་རྟེན་གྱི་བྱ་བ་བྱེད་དགོས་བྱུང་། ལྷ་ཆོས་བྱེད་པའི་དབང་མ་བྱུང་། དེ་ནས་ཡང་ང་ཡོད་པའི་ལུང་པ་དེར་དམར་ནད་ཆེན་པོ་ཞིག་བྱུང་ནས། ང་རང་ཡང་ཚོགས་མ་བསགས་པར་རང་གི་ཕྲུ་གུ་མིང་སྲིང་གཉིས་དང་། རང་གི་གཏན་གྲོགས་དང་བཅས་པ་ཤི །དེ་རྣམས་ཀྱི་རྗེས་སུ་དགེ་བ་ལ་གང་འགྲོ་བྱས་ཀྱང་། ང་རང་གི་མིང་པོ་ལ་མནའ་མ་འགུགས་ཐུགས་ཉེས་པའི་སྟབས་ཀྱིས་དང་པོ་སྐྱེ་ས་སྟབས་ནས་ཕྱིས་ལོག་འགྲོ་ས་མ་བྱུང་། འདི་ནི་རིགས་ངན་ཞིང་ཁ་མ་དྲོ་བ་ཡིན་ཟེར་ཞིང་། ཕ་མིང་རྣམས་ཀྱང་མོའི་ཁ་འོག་ཏུ་སོང་བ་དང་། ང་མི་ཡུལ་གཞན་ཞིག་ཏུ་འཁྱམས་དགོས་པ་བྱུང་། ལྟོ་ལམ་གྱི་ཡས་མས་ནས་བཙལ་ནས། དགེ་བ་ཁམ་ཆེ་བ་གཏོང་རྒྱུ་མ་བྱུང་ཡང་། དཀོན་མཆོག་ལ་ཞབས་ཏོག་གང་འབྱོར་བྱས། མར་ངན་སློང་ལ་སྦྱིན་པ་དུམ་པ་རེ་མིན་པ་གཏོང་རྒྱུ་མ་བྱུང་། གཞན་ཡང་བླ་མ་མ་ཎི་བ་རྣམས་ལ་འབུལ་བ་ཞབས་ཏོག་བྱས། མ་ཎིའི་སྐུལ་མ་རེ་ཕུལ། མ་ཎིའི་དམ་བཅའ་ཡང་བླངས། ལྟ་བ་གདེང་དང་སྒོམ་པའི་ཉམས་མེད་ཀྱང་། གནས་རི་ཁྲོད་རྣམས་ལ་གནས་འབྲེལ་རེ་བྱས། སྨོན་ལམ་རེ་བཏབ། རྟོགས་ལྡན་ཕོ་མོ་རྣམས་ལ་རྩམ་པ་ཕོར་བ་རེ་ལས་མ་བྱུང་ཡང་་གང་འབྱོར་གྱིས་འབྲེལ་པ་རེ་བྱས། ཡང་བླ་མ་མ་ཎི་བ་ཕྱིས་འབྱུང་དུ་སྤྱན་ཤོར་བ་ཡིན་ཟེར་བའི་སྤྱན་ཡ་གཅིག་ལོང་བ་ཞིག་བྱོན་བྱུང་བས། དེ་ལ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་རྣམས་ཀྱང་ཞུས། བསྙེན་གནས་སྨྱུང་གནས་གཏོང་མི་རྣམས་ལ་ཞབས་ཏོག་ཡང་ཞུས། མ་གིའི་རྩི་རྩི་འུར་འུར་ཟེར་བ་མ་གིར་མ་གཏོང་རོགས་ཟེར་ཞིང་མཆི་མ་མང་དུ་འདོན་གྱིན་འདུག །ཡང་གཡོན་ཕྱོགས་ནས་ལྷ་དཀར་པོ་བཞེངས་ནས། ཆོས་ཀྱི་རྒྱལ་པོ་ལ་ཕྱག་སྐོར་བ་མང་དུ་བྱས་ནས་འདི་སྐད་ཅེས་ཞུས་སོང་། ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། སྐྱེ་སྨན་འདི་སྐྱེ་ས་རིགས་ཁུངས་ནི། མོ་རང་གིས་ཞུས་པ་བཞིན་ཡིན། མོ་རང་རྐང་པ་འཁྱམས་སོང་སོང་ཡང་། བསགས་པའི་ནོར་ནི་མེད། ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་པ་བཏང་བྱས་པ། བར་སེམས་ཅན་ལ་སྙིང་རྗེ་བསྒོམས་པ་དང་། རྟོགས་ལྡན་ཕོ་མོ་རྣམས་ལ་ཞབས་ཏོག་ཞུས་པ་དང་། བླ་མ་མ་ཎི་བ་རྣམས་ལ་ཞབས་ཏོག་དང་མ་ཎིའི་སྐུལ་མ་ཕུལ། མ་ཎིའི་དམ་བཅའ་ཡང་ཕུལ་ནས་ཡི་གེ་དྲུག་མ་རྒྱུན་དུ་བགྲངས་པའི་ཕན་ཡོན་དང་། བསྙེན་གནས་བསྙུང་གནས་བསྲུངས་པའི་མི་རྣམས་ལ་བཀུར་སྟི་དང་། ཞབས་ཏོག་བྱས་པའི་ཕན་ཡོན་འདི་ཙམ་ཡོད་དོ་ཟེར་ནས། རྡེའུ་དཀར་པོ་བྲེ་ཕྱེད་ཙམ་སྤུངས་བྱུང་ངོ་། །ཡང་གཡས་ཕྱོགས་ནས་འདྲེ་ནག་པོ་དེ་ལངས་ནས། ནམ་མཁའ་ལ་ཧ་ལན་གསུམ་བརྒྱབ་ནས་ཆོས་ཀྱི་རྒྱལ་པོ་སྐུ་ཆེ་ཡང་། མོ་ཡི་སྡིག་པ་འགག་མི་ཚུགས། མོ་ངན་བསམ་སྐྱིད་ཟེར་བ་ཁྱོད། གཞན་གྱི་སྐྱེས་པ་སེམས་ལ་ཞུགས། སྔོན་ནས་བཏང་བའི་བརྟེན་གྲོགས་དེའི་ཕྲུ་གུ་ཕངས་མེད་མ་བྱས་སམ། རང་གི་ཕྲུ་གུ་ཕངས་མེད་མ་བྱས་སམ། རང་གི་ཕྲུ་གུ་ལ་ཕངས་མེད་མ་བྱས་ནས་ཁྱོད་ཀྱིས་ཁྲམ་དུ་མ་བྱས་སམ། ཚེ་འདས་ལ་དགེ་རྩ་ཅི་བཏང་བ། བདག་མེད་ཀྱི་ཕྲུ་གུ་མ་བསད་དམ། ཁྱོད་ཀྱིས་སྡིག་པའི་བཤགས་ཐབས་ཅི་བྱས་པ། ཕ་མ་ལ་དད་གུས་གང་བྱས་པ། ཁྱོད་ཀྱི་རྫུན་དང་ཚིག་རྩུབ་མ་སྨྲས་སམ། དཀོན་མཆོག་ལ་ཞབས་འདེགས་ག་ནས་བྱས། ངན་སློང་ལ་སྦྱིན་པ་ག་ལ་བཏང་། སྡིག་པ་བསགས་པའི་རྡེའུ་ནག་པོ་འདི་ཙམ་ཡོད་ཟེར་ནས། རྡེའུ་ནག་པོ་བྲེ་ཕྱེད་ཙམ་སྤུངས་བྱུང་ངོ་། །

ཡང་གཤིན་རྗེ་སྤྲེའུ་མགོ་ཅན་ལངས་ནས། སྤྲེའུ་མགོ་ན་རེ། ལྷ་འདྲེ་གཉིས་མི་འཆམ་མི་དགོས་ངའི་སྲང་འདི་སྲང་ཚད་ཡིན། རྡེའུ་དཀར་ནག་གཉིས་ངའི་སྲང་ལ་བཏེག་པས་ཆོག་ཟེར་ཞིང་སྲང་ལ་བཏེག་སོང་བས། སྤྲེའུ་མགོ་ཅན་ན་རེ། འདི་ནི་རྡེའུ་དཀར་པོ་མང་ལྕི་བ་འདུག །ནག་པོ་ཉུང་ཡང་བ་འདུག །མཐོ་རིས་གནས་སུ་ཐོངས་བ་མཛོད་ཅིག་ཟེར་རོ། །ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས་གཤིན་རྗེ་གླང་གི་མགོ་ཅན་དེ་ལངས་ནས་སྲིད་པ་ལས་ཀྱི་མེ་ལོང་དེ། ཆོས་རྒྱལ་དྲུང་དུ་ཕྱར་སོང་བས་ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་། ཁྱོད་མི་ཡུལ་དྲན་པ་སྒང་ན་ཡོད་དུས་ན་དཀར་པོ་དགེ་བའི་ཕྱོགས་སུ་ནི། བྱས་སོ་ཟེར་བ་བདེན་པ་འདུག །ཡར་དཀོན་མཆོག་ལ་ཞབས་ཏོག་བྱས་འདུག །མར་ངན་སློང་ལ་སྦྱིན་པ་བཏང་འདུག །རྒྱུན་དུ་མ་ཎི་པདྨེ་བགྲང་འདུག །རྒྱལ་ཁམས་འགྲིམ་པའི་བླ་མ་མ་ཎི་བ་རྣམས་ལ་འབུལ་བ་ཞབས་ཏོག་བྱས་འདུག །འཕགས་པའི་དགེ་འདུན་རྣམས་ལ་ཡང་ཞབས་ཏོག་དང་བཀུར་སྟི་བྱས་འདུག །རྟོགས་ལྡན་ཕོ་མོ་རྣམས་ལ་ཡང་དཔངས་མཐོ་བའི་ཞབས་ཏོག་མ་བྱུང་ཡང་། གང་འབྱོར་གྱི་འབྲེལ་བ་རེ་བཏང་འདུག །རྒྱལ་ཁམས་ཀྱི་བླ་མ་མ་ཎི་བ་རྣམས་མ་ཎིའི་དམ་བཅའ་བླངས་ནས་ཀྱང་། མ་ཎི་ཡང་མང་དུ་བགྲངས་འདུག །གཞན་མ་དགེ་བ་ཤོགས་ཆེ་བ་མ་བྱུང་ཡང་། ཕྱག་དང་སྐོར་བ་མང་བར་བྱས་འདུག །ཁྱོད་ཀྱི་སྡིག་པ་མ་བྱས་ཟེར་བ་ཡང་མི་བདེན་པ་འདུག་གོ །བག་མ་བཏང་བའི་དུས་ན་སུ་ཡིན་འདི་ཡིན་མེད་པའི་ཕྲུ་གུ་གཅིག་ཁྱོད་ཀྱིས་ཁུར་ནས་ཁྱོད་ཕྱུག་པོ་ཆེན་པོའི་བག་མར་ཚུད་དགོས་ནས། ཁྱོད་ཀྱིས་མེད་པར་མ་བཏང་ངམ། རང་གི་ཕྲུ་གུ་བསད་པ་དེ་སྡིག་པ་གཞན་ལས་ཆེའམ། རྐང་ལེབ་རྒྱ་བསད་པ་ལས། རང་གི་ཕྲུ་གུ་བསད་པ་སྡིག་པ་ཆེ། དམྱལ་བ་མ་གཏོགས་འགྲོ་ས་མི་འདུག་ནའང་། དེ་ལ་ཁྱོད་ཀྱིས་འགྱོད་སེམས་དྲག་པོ་སྐྱེས་ནས། ལུས་ཀྱི་སྒོ་ནས་ཕྱག་དང་སྐོར་བ་བྱས་འདུག །ངག་གི་སྒོ་ནས་ཡི་གེ་དྲུག་མ་རྒྱུན་དུ་བགྲང་འདུག །ཡང་མ་ཎི་བའི་དྲུང་དུ་བཤགས་པའི་ཚིག་བརྗོད་ཅིང་ཕྱག་དང་སྐོར་བ་མང་དུ་བྱས་འདུག །སྡིག་པ་གཞན་མ་རྣམས་དག་འདུག་གོ །གཞན་ཡང་དཀར་ཕྱོགས་དཀོན་མཆོག་ལ་ཞབས་ཏོག་དང་། དགེ་འདུན་ལ་ཞབས་ཏོག་ཞུ་དུས་སུ་ཁྱོད་ཀྱི་བསམ་པ་ལ་འདི་ལྟར་འདུག །ཕྱུག་པོ་རྣམས་ཀྱིས་ཞབས་ཏོག་བྱས་པ་དང་། ངས་ཞབས་ཏོག་བྱས་པ་ལ་ཁྱད་མེད་ཀྱང་། ཁོང་ཕྱུག་པོ་རྣམས་གྲལ་གྱི་མགོ་རུ་བཞག །ཞབས་ཏོག་སྦ་དར་སོགས་བཟའ་བ་གནང་གི་འདུག །ང་གྲལ་གྱི་སྨད་དུ་གདན་མེད་དུ་བཞག་ནས་ལྟོ་དང་གནང་སྦྱིན་ཡང་སྟོང་མིན་ཙམ་རེ་མ་གཏོགས་མ་བྱུང་ནས། ཞབས་ཏོག་ཆེ་ཆུང་ལ་མི་ལྟ་བར། ཁ་དྲག་ཞན་དང་གདོང་བཟང་ངན་ལྟ་མཁན་ཀྱང་ཡིན་པར་འདུག་བསམས་ནས། སེམས་ཡེ་ཁུན་བྱས་འདུག་པས། དེའི་ཉེས་པས་དགེ་འདུན་ལ་ཞབས་ཏོག་ཞུས་ཀྱང་། ཁྱོད་ཀྱི་སེམས་ལ་ཡེ་ཁུན་བྱས་པས། ལྷམ་རྗེས་འབོག་བསུབ་ཏུ་སོང་འདུག །ཞབས་ཏོག་བྱས་ནས་སྡུག་ཡུས་མ་བྱས་ན་ཁྱོད་མི་ལུས་ཐོབ་པ་འདུག་སྟེ། ཞབས་ཏོག་བྱས་སྡུག་ཡུས་བྱས་པས་དེའི་ཉེས་པས་ད་ལན་བྱ་གོ་བོ་ཞིག་གི་ལུས་ལོངས་ཤོག་ཅིག་གསུངས་སོང་བས། ཡང་བུད་མེད་དེའི་ཁ་ནས་འདི་ལྟར་ཟེར་རོ། །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོར་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད་དང་། ཡི་གེ་དྲུག་མ་འབུངས་ལས་བགྲོངས་ཤིག་གྱིས། ཡར་དཀོན་མཆོག་ལ་མཆོད་པ་ཕུལ་ཅིག་གྱིས། མར་ངན་སློང་ལ་སྦྱིན་པ་ཐོངས་ཤིག་གྱིས། དགེ་བའི་ལས་ལ་འབྲས་བུ་འདུག་གོ་གྱིས། མ་ཎི་པདྨེ་བགྲང་པ་ལ་ཕན་ཡོན་འདུག་གྱིས། བློ་ཕུགས་ཆོས་ལ་གཏད་ན་འཇིག་རྟེན་ཁྱིམ་པ་ཡིན་ཀྱང་། དམྱལ་བ་བར་དོའི་གནས་ལས་ཐར་འདུག་གྱིས། དགེ་འདུན་ལ་ཞབས་ཏོག་ཞུས་པ་ལ། སྡུག་ཡུས་ཡེ་འཁུན་མ་བྱེད་གྱིས་ཟེར་ནས་བྱ་གོ་བོ་གཅིག་གི་ལུས་ལེན་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ནས་སྐད་ཀྱི་ང་རོ་དྲག་པོ་ཞིག་བཏང་བྱུང་བས། མ་གིའི་ལྕགས་རི་བར་སྐོར་ནང་ཤེད་ནས། ང་བོས་ནས་ཅི་བྱེད་གསུང་གིན་འདུག་གོ །ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཚེ་ལས་འདས་པ་ཞིག་ཡོང་གིན་འདུག་གི་ད་ལྟ་ཉིད་དུ་ཁྲིད་ཤོག་ཟེར་བའི་སྐད་ཀྱི་ང་རོ་དྲག་པོ་ཞིག་བཏང་བྱུང་བས། ཡང་ལས་མཁན་གཤིན་རྗེ་ཕོ་ཉའི་ཚོགས་རྣམས་ཀྱིས་ཟམ་པ་རིང་མོ་དེའི་སྣ་ནས་མར་ལ་སྐྱེས་པ་དར་རྒུད་དུ་ཡོད་པ། རལ་བ་སྤྱི་བོར་བཅིངས་པ། གོས་དམར་པོ་གོན་སྟོད་གོས་དཀར་པོ་ལ་ནག་པོའི་འབུར་ཁྱུག་བཏང་། གཟན་དཀར་པོ་ལ་ནག་པོའི་སྒོ་ཆེན་ཡོད་པ། ལག་པ་ཕྲེང་བ་གཞན་རྣམས་མ་ཎི་བགྲང་པ་དང་། ཡི་དམ་གྱི་བཟླས་བརྗོད་བྱས་པས་མིག་བྱང་ནས་བྲུལ་ཏེ། དེའི་ལྷག་ཕྲེང་བ་རྡོག་པོ་བཅོ་ལྔ་བཅུ་དྲུག་ཙམ་ཡོད་པ་སྐེ་ལ་གོན་པའི་མི་གཅིག་ནི་གཤིན་རྗེ་རྣམས་ཀྱིས་འཛིན་ཡང་མ་ཐུབ་པར། གཡོན་ཕྱོགས་ནས་མི་དཀར་པོ་རས་དཀར་པོའི་གོས་གོན་པ། སྐྲ་སྤྱི་བོར་བཅིངས་པ། ལག་པ་གཡས་ཀྱིས་ཁུག་མག་གི་ཕུར་བ། ལག་པ་གཡོན་ཤེལ་དཀར་གྱི་ཕྲེང་བ་འཛིན་པ་དེས་མི་དེའི་དཔུང་པ་ནས་བཟུང་ནས་གཤིན་རྗེ་རྣམས་ཀྱི་ཁྲོད་ནས་ཐལ་ལེ་ཁྲིད་བྱུང་ངོ་། །ཆོས་ཀྱི་རྒྱལ་པོའི་དྲུང་དུ་སྐྱེས་པ་དེ་སླེབས་བྱུང་བས། ལུས་འདར་ཞིང་མཆི་མ་མང་དུ་འདོན་གྱིན་འདུག་གོ །མི་དེ་ལག་པ་གཡས་གཡོན་རེ་མོས་སུ་བྱེད་ཅིང་མཆི་མ་ཕྱིས་ཤིང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཟེར་ཞིང་འདུག །ཆོས་ཀྱི་རྒྱལ་པོ་ལ་དྲི་བ་འདི་ལྟར་འབུལ་གྱིན་འདུག་གོ །ཆོས་ཀྱི་རྒྱལ་པོ་ལ་ཕྱག་དང་སྐོར་བ་བྱས་ཞབས་སྤྱི་བོར་བླངས་ནས་འདི་སྐད་ཅེས་ཞུས་སོང་ངོ་། །ཀྱེ་མ་ཀྱེ་ཧུད་ཆོས་རྒྱལ་བདག་ལ་དགོངས་སུ་གསོལ། ངའི་ཡུལ་ནི་བྲག་ལུང་པ་ནས་ཡིན། ཡང་སྒོས་རྩན་འགྲོ་ལུང་པ་ནས་ཡིན། མིང་ལ་དཔལ་འབྱོར་ཟེར་བ་ཡིན། རིགས་དང་རུས་ནི་ཇོ་བོ་ཡིན། ང་ཆུང་དུས་ནས་འཆི་བ་ལ་ཞེན་ནས་བློ་ཆོས་སུ་རུང་བ་གཅིག་བྱས་ཏེ། འདི་ན་དགེ་སྡིག་གི་རྩིས་གྲངས་ཞིབ་མོ་འདི་ལྟ་བུ་ཡོད་པ་ནི་མ་ཤེས། ངེད་སྤུན་གསུམ་ཡོད་པའི་ཆུང་ཤོས་ཡིན་ལགས། རྒན་པ་ནི་ཁར་ཆུའི་བཙུན་པ་ཡིན། ཙ་རིའི་རི་པ་ཡང་མང་དུ་བྱས་ལ། ང་རང་གི་བསམ་པ་ལ་སྤུན་འབྲིང་པ་ལ་ཐབ་ཁུར་གཏད་ནས། ང་རང་ཆོས་བྱེད་བསམ་པའི་འདུན་མ་ཡོད་ཀྱང་། སྤུན་འབྲིང་བ་བསམ་པ་མ་བཟང་བས་ནང་གི་ནོར་རྫས་རྣམས་ཁུར། སྐྱེ་སྨན་ཕྱི་ལོག་ནས་བཙལ། ཕ་མས་གྲོས་བཏབ་ཀྱང་ཕ་མའི་ཁ་ལ་མ་ཉན། དེའི་དུས་ན་ཕ་མ་དང་གཉེན་ཚན་འཁོར་མ་རྣམས་ཀྱིས་ང་ལ་ཁྱོད་ཆོས་བྱས་པས་མི་ཡོང་། ཕ་གཞིས་འདི་རྣམས་འཛིན་དགོས་ཟེར་ཞིང་ཞུ་བ་ནན་ཏན་དུ་བྱས་བྱུང་བས། ང་རང་གིས་བསམ་པ་ལ་འཇིག་རྟེན་གྱི་བྱ་བ་ལ་སྐྱོ་བ་གཏིང་ནས་སྐྱེས་ཀྱང་། ཕ་མ་ཡིད་བཅད་ལ་འགྲོ་བ་འདུག་བསམས་ནས་འཇིག་རྟེན་བྱ་བ་བྱེད་དགོས་བྱུང་། ངའི་ཁང་པ་དེ་དབྱར་དགུན་སྟོན་དཔྱིད་མེད་པར་རྒྱ་ལམ་འཕོག་པའི་སྡོང་ན་ཡོད་པས། རྟོགས་ལྡན་ཕོ་མོ་གང་ནས་ཕེབས་ཀྱང་། ཐུགས་དམ་བཟང་བ་རྣམས་ལ་ལོ་ཕོགས་དང་ཟླ་ཕོགས་བརྒྱབ། དེ་འོག་མ་རྣམས་ལ་ཞག་བདུན་ཕོགས་བརྒྱབ། གཞན་མ་རྣམས་ལ་ཟས་འབྲེལ་གང་འབྱོར་རེ་བྱས། ང་རང་གིས་འཇིག་རྟེན་བྱས་ནས་འདིར་མ་ཡོང་བར་ལ་ཁྱིམ་སྡིག་རྣམས་སྤངས་ལ། བླ་མ་སློབ་དཔོན་རྣམས་ཀྱི་དྲུང་དུ་རང་གི་ནོར་རྣམས་ཕུལ་ནས་བསགས་པའི་སྡིག་སྒྲིབ་དག་ཕྱིར་དུ་བཤགས་པ་བྱས། ཡིག་བརྒྱ་ཞག་རེ་ལ་གང་ཐོན་བྱེད་པའི་དམ་བཅའ་ཕུལ། ཡང་རྒྱལ་ཁམས་འགྲིམ་པའི་བླ་མ་མ་ཎི་བ་གཅིག་ཕེབས་བྱུང་བས་དེ་ལ་རང་གི་མ་ཎིའི་གཞི་བཟུང་ནས། ལུང་པའི་མི་རྣམས་ཐམས་ཅད་ལ་མ་ཎི་འདྲེན་དུ་ཤོག་ཟེར་སྐད་བཏང་ནས་མ་ཎི་འདྲེན་མཁན་རྣམས་ལ། མཚན་ལ་ཕྱེ་མར་ཕོར་བ་རེ་དང་ཆང་ཕོར་བ་རེ་བྱིན། ཉིན་མོ་ཆང་ཕོར་རེ་དང་། རྩམ་པ་ཕོར་བ་རེ་བྱིན་ནས་མ་ཎི་འདྲེན་དུ་བཅུག །མ་ཎིའི་གྲངས་བསོགས་པ་ནི་མ་བྱུང་། འདྲེན་མཁན་དང་མི་འདྲེན་པ་ཕྱེད་ལས་མི་འདུག །ཞག་བདུན་གྱི་བར་དུ་མ་ཎི་བརྩིགས། བླ་མ་མ་ཎི་བ་ཐེགས་ཙ་ན་ང་རང་གི་གོས་ཀྱི་ཕྲུག་གིས་མགོ་བྱས་པའི་འབུལ་བ་བདུན་ཚན་གཅིག་ཕུལ། རྒྱལ་ཁམས་ལ་འབྱོན་ན་འདི་ལ་སྐུལ་མ་མཛད་རོགས་མཛོད་བྱས་ནས་ཁ་བཏགས་གཅིག་ཕུལ། ང་རང་གིས་ཞག་རེ་ལ་མ་ཎི་ཁྲི་ཚོ་རེ་འདྲེན་པའི་དམ་བཅའ་ཡང་ཕུལ། དཔལ་ཀྱི་བསམ་ཡས་དང་ལྷ་ས་གཉིས་ལ་མཆོད་མེ་དྲེལ་རྒྱབ་གཉིས་འབུལ་དུ་བཏང་། རང་གི་བསྙེན་གནས་དང་བསྙུང་གནས་མང་དུ་བཏང་། ནོར་རྣམས་ལ་སྙིང་པོ་མི་འདུག་བསམས་ནས་ཡུལ་པ་རྣམས་ལ་སྟོན་མང་དུ་བཏང་། དཀོན་མཆོག་ལ་ཞབས་ཏོག་ནི་ཐབས་ཁྱེར་གཞན་ལ་སྦྲེས་པའི་གང་ཐོབ་བྱས། རྒྱུན་དུ་རྒྱལ་པོ་མདོ་ལྔ་དང་། ཡི་གེ་དྲུག་མ་ལ་ཁ་འདོན་བྱས་པ་ལགས། ལྟ་བའི་གདེང་དང་སྒོམ་པའི་ཉམས་མེད་ཀྱང་། བླ་མ་མ་ཎི་བ་རྣམས་ལ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་ཞུས་ནས་རྒྱུན་དུ་ཐུགས་རྗེ་ཆེན་པོ་བསྒོམས་པ་ལགས་པས། ང་མ་གི་རྩི་རྩི་འུར་འུར་ཟེར་བ་མ་གི་ལ་མི་གཏོང་རོགས་མཛོད་ཟེར་བ་ལ། ཡང་གཡོན་ཕྱོགས་ནས་ལྷ་དཀར་པོ་དེ་ལངས་ནས་ཆོས་ཀྱི་རྒྱལ་པོ་ལ་ཕྱག་དང་སྐོར་བ་བྱས་ནས། ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། མི་འདི་ནི་སྐྱེ་བོ་བྱང་ཆུབ་སེམས་དཔའ་ཡིན། འཇིག་རྟེན་ཁྱིམ་ཐབ་བྱས་ནས་ཀྱང་། དཀར་པོ་དགེ་བའི་ལས་ལ་དཀར་ཞིང་སྡིག་པའི་ལས་ལ་ནག །ཡར་དཀོན་མཆོག་གི་ཞབས་ནས་བཏེག །མར་ངན་སློང་ལ་སྦྱིན་པ་བཏང་། རྒྱུན་དུ་མ་ཎི་པདྨེ་བགྲང། ལས་དཀར་པོ་བསགས་པའི་རྡེའུ་དཀར་པོ་འདི་ཙམ་ཡོད་པས། མི་འདི་མཐོ་རིས་གནས་སུ་གཏོང་བར་ཞུ་ཟེར་ཞིང་། རྡེའུ་དཀར་པོ་རི་རབ་ཙམ་སྤུངས་སོང་། ཡང་གཡས་ཕྱོགས་ནས་འདྲེ་ནག་པོ་ཁོ་ལངས་ནས། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་ལ། མི་ངན་དཔལ་འབྱོར་ཟེར་བ་འདིས། བློ་ངན་བསམ་ངན་མ་བྱས་སམ། དཀོན་མཆོག་ཞབས་ནས་ག་ལ་བཏེག །ཚེར་མ་དར་གཡོགས་ཁྱོད་ཀྱིས་བྱས། ངན་སློང་ལ་སྦྱིན་པ་ཁྱོད་ཀྱིས་མ་བཏང་། རྟོགས་ལྡན་ཕོ་མོ་རྣམས་ཀྱི་མཚང་ནས་བྲུས། ཕྱི་རུ་ཞབས་ཏོག་བྱེད་དོ་སྐད། རྟོགས་ལྡན་ཕོ་མོ་རྣམས་ཀྱི་ནི། ཆོས་རྒྱགས་གསེར་གཡུ་བྱས་པ་རྣམས། ཁྱོད་ཀྱིས་ངན་བསྡོམས་མ་བྱས་སམ། མི་ལ་ཞེ་སྡང་མཐོ་དོག་མ་བྱས་སམ། ཁྱོད་ཀྱི་དགེ་བ་ཐམས་ཅད་ནི་ཞེ་སྡང་ཁ་དྲག་ངོས་ནས་མ་བྱས་སམ། རང་གི་ཐབས་སྡིག་སྤང་ཟེར་ནས་རྩྭ་གཙང་ཆུ་གཙང་བཏུང་པ་ཡི། རི་དྭགས་རྣམས་ཀྱང་མ་བཤོར་རམ། རང་གི་ཕ་མ་ཡིད་བཅད་ལ་མ་བཏང་ངམ། དམྱལ་བ་མ་གཏོགས་འགྲོ་ས་མེད། སྡིག་པ་བསགས་པའི་རྡེའུ་འདི་ཙམ་ཡོད་ཟེར་ནས། རྡེའུ་ནག་པོ་བྲེ་ཕྱེད་ཙམ་སྤུངས་སོང་། ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་། རྡེའུ་དཀར་ནག་གཉིས་སྲང་ལ་ཐེག་ཅིག་གསུང་གིན་འདུག་གོ །དེར་གཤིན་རྗེ་སྤྲེའུའི་མགོ་ཅན་གྱིས་ལངས་ནས། རྡེའུ་དཀར་ནག་གཉིས་སྲང་ལ་བཏེག་སོང་བས། གཤིན་རྗེ་སྤྲེའུ་མགོ་ཅན་གྱི་ཞལ་ནས། རྡེའུ་ནག་པོ་ཉུང་ཞིང་ཡང་བ་འདུག །དཀར་པོ་མང་ཞིང་ལྕི་བར་འདུག་པས། མཐོ་རིས་གནས་སུ་གཏོང་བ་མཛོད་ཅིག་ཟེར་བ་ལ། ཡང་ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས། རཀྴ་གླང་གི་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱར་སོང་བས། དེ་ནས་ཆོས་ཀྱི་རྒྱལ་པོ་ནི་ཞལ་འཛུམ་པ་མཛད་ཀྱིན་འདུག་གོ །ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱོད་ནི་མི་ལུས་གཙང་མ་ཐོབ་དུས་ན། སྟོང་ལོག་མིན་ཙམ་བྱས་འདུག་པས། ཁྱོད་རང་གི་ཁ་ནས་ཟེར་བ་གཞན་མ་རྣམས་ནི་བདེན་པར་འདུག །ཁྱོད་ཀྱིས་སྡིག་པ་མ་བྱས་ཟེར་བ་དེ་ཨེན་ཙམ་མི་བདེན་པ་འདུག་གོ །ཁྱོད་ན་སོ་གཞོན་པའི་དུས་ན། ཕྱིའི་བྱིས་པ་ཟླ་གྲོགས་རྣམས་ཀྱིས་ཁྱོད་བསླུས་ཏེ། རི་བོང་དང་སྲེག་པ་འདྲེས་པ་བཅོ་ལྔ་ཙམ་བསད་འདུག །ཁྱོད་རང་འཇིག་རྟེན་གྱི་གཞི་རྟེན་ལ་འབེབས་དུས། གཡག་བཞི་དང་ར་ལུག་འདྲེས་པ་བཅུ་གསུམ་ཙམ་བསད་འདུག །གཞན་མ་ཁྱོད་ཀྱིས་དགེ་བའི་ཕྱོགས་སུ་ལས་སྟོབས་ཆེ་བར་བྱས་འདུག་པས། ཁྱོད་རང་གི་དགེ་བ་འདི་བྱས་ཟེར་བ་རྣམས་བདེན་པ་འདུག་གོ །བསྙེན་གནས་བསྙུང་གནས་བསྲུངས་པ་རྣམས་འདིར་མེ་ལོང་ཡི་གེ་ལ་གསལ་འདུག །ཡར་དཀོན་མཆོག་ལ་ཞབས་ཏོག་ཡང་བྱས་འདུག །མར་ངན་སློང་ལ་སྦྱིན་པ་ཡང་བཏང་འདུག །ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་རྒྱུན་དུ་བཏབ་ནས་འདུག་གོ །མ་ཎི་དང་བཟླས་པ་བསྙེན་སྒྲུབ་ཀྱང་བྱས་འདུག །ལྷག་ཏུ་མཚན་ལྡན་ཀྱི་ཇོ་བོ་རིན་པོ་ཆེ་ལ་དཀར་མེ་ཞལ་ཟས་ཕུལ་འདུག །སྨོན་ལམ་ཡང་གོ་མ་ལོག་པར་བཏབ་འདུག །ཕ་མའི་བཀའ་ནུས་བཞིན་བསྒྲུབས་ཤིང་ཞབས་ནས་བཏེག་འདུག །སྒྲུབ་ཆེན་ཕོ་མོ་རྣམས་ཀྱི་ཞབས་ནས་བརྟེག་འདུག །དགེ་བ་འདི་བྱས་ཟེར་བ་ཡང་བདེན་པ། དཀོན་མཆོག་རྣམས་ཀྱི་ཐུགས་རྗེས་ཁྱོད་རང་གིས་ཐམས་སྡིག་བསགས་པ་དང་། རི་བོང་དང་སྲེག་པའི་སྡིག་པ་རྣམས་དག་ནས་འདུག་གོ །ད་ཁྱོད་ཀྱིས་ལུས་ཀྱི་སྡིག་པ་དག་ཕྱིར་ཕྱག་དང་སྐོར་བ་མང་དུ་བྱས་འདུག །ངག་གི་སྒྲིབ་པ་དག་ཕྱིར་དུ་ཡི་གེ་དྲུག་མ་མང་དུ་བགྲང་འདུག །ཡིད་ཀྱི་སྡིག་པ་དག་ཕྱིར་དུ་ཆོས་ཕྱག་རྒྱ་ཆེན་པོའི་ངོ་བོ་གཅིག་བལྟས་ན་ཁྱོད་རིག་འཛིན་གྱིས་ས་ཞིག་ཐོབ་པ་འདུག་སྟེ། ཕྱག་ཆེན་གྱི་ངོ་བོ་མ་བལྟས་པས་འདི་ནས་གཙང་གུང་ས་ཁ་སྟོད་ཀྱི་ཕྱོགས་སུ་ཕ་ནི་རྩན་སྐྱབས་ཟེར་བའི་བུ་གཅིག་པར་སྐྱེ་བ་ལོངས་ཤོག་ཅིག །སྔར་སྦྱིན་པ་བཏང་བའི་ཕན་ཡོན་གྱིས་སྔར་ལས་ལོངས་སྤྱོད་ཆེ་བར་ཡོང་ངོ་། །དགེ་སྟོབས་ཀྱང་དེ་ལས་ཆེ་བར་ཐོངས་ཤིག །ཡར་དཀོན་མཆོག་གི་ཞབས་ཏོག་གྱིས་ཤིག །ངའི་བསླབ་བྱ་འདི་རྣམས་སེམས་ལ་ཟུངས། རྒྱུན་དུ་ཐུགས་རྗེ་ཆེན་པོ་སྒོམས། སྙིང་པོ་ཡི་གེ་དྲུག་མ་བགྲོངས། སེམས་ཅན་རྣམས་ལ་སྙིང་རྗེ་སྒོམས། དེར་དགེ་སྟོབས་ཆེ་བར་གྱིས་ལ། ལོ་དྲུག་བཅུ་རེ་བདུན་ལ་ཚེའི་དུས་གྱིས་ལ་འདིར་ཤོག་ཅིག །དེ་ནས་རིག་འཛིན་གྱི་ས་ཐོབ་པར་བྱེད་དོ། །གསུངས་ནས་ཆོས་ཀྱི་རྒྱལ་པོའི་སྤྱན་སྒོར་ཟངས་པ་ཞིག་མཛད་སོང་དེར། མི་དེ་ནི་ཀི་ཀི་ཟེར་ནས། ཐེ་བོང་རྣམས་ལ་སྐྱེར་ནས་མཐེ་བོང་གནམ་ལ་ཀེར་འདི་ལྟར་ཟེར་རོ། །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན་འཕྲིན་པ་འདི་ལྟར་གསུངས་དང་། ཁྱད་པར་རྩན་ཀྲོ་འགྲོ་གཏམ་ཞོལ་ཕྱོགས་ལ་འཕྲིན་པ་གསུངས་དང་། ང་དཔལ་འབྱོར་གྱི་འཕྲིན་པ་བསྐུར་འདུག་གྱིས། ནོར་ཡོད་པ་སྦྱིན་པ་ཐོངས་གྱིས་དང་། ཡར་དཀོན་མཆོག་གི་ཞབས་ནས་ཐེག་གྱིས་དང་། ཐུགས་རྗེས་ལམ་སྣ་འདྲེན་གྱི་གྱིས། ང་དཔལ་འབྱོར་གྱིས་མི་ལུས་ཐོབ་སོང་གྱིས། རྟིང་མ་རིག་འཛིན་གྱི་ས་ལ་སོང་གྱིས་ཟེར་ནས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ལས་མཁན་གཤིན་རྗེ་རྣམས་ཀྱིས་ཡང་བཙུན་པ་རྒན་པོ་ཞིག་ཁྲིད་ནས་བྱུང་ངོ་། །ཆོས་ཀྱི་རྒྱལ་པོའི་དེ་ལ་དྲི་བ་སྔར་བཞིན་མཛད་ཀྱིན་འདུག་གོ །མི་དེ་ནི་ལུས་འདར་ཞིང་ལག་པ་ཐལ་མོ་སྦྱར་ནས་དྲི་བ་འདི་ལྟར་འབུལ་བ་འདུག་གོ །ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ང་སྐྱེ་ས་ལྷོ་བྲག་ལུང་པ་ནས་ཡིན། ཡང་སྒོས་མན་ཆད་ཀྱི་ལུང་པ་ནས་ཡིན་ལགས། ང་ཡི་མིང་ལ་ངག་དབང་གྲགས་པ་ཟེར། ང་བླ་མ་གུ་རུའི་རྒྱུད་པ་ཡིན། སྒོམ་པའི་ཉམས་དང་རྟོགས་པ་མ་རྙེད་ཀྱང་། བསླབ་ཤེས་ཡོན་ཏན་བླ་མའི་ཞབས་ནས་བཏེག །རབ་བྱུང་བྱས་ནས་སྡིག་པའི་ལས་རྣམས་སྤངས། རྒྱུན་དུ་བཛྲ་གུ་རུ་པདྨ་བགྲང། དཀོན་མཆོག་ཐུགས་རྗེས་བདག་ཀྱང་མ་གིའི་རྩི་རྩི་འུར་འུར་ཟེར་བ་དེ་ལ་མི་གཏོང་རོགས་མཛོད་ཟེར་བ་ལ། ཡང་གཡོན་ཕྱོགས་ནས་ལྷ་དཀར་པོ་དེ་ལངས་ནས། ཆོས་ཀྱི་རྒྱལ་པོ་ལ་འདི་ལྟར་ཞུ་ཡིན་འདུག་གོ །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། མི་འདི་ནི་རིགས་རྒྱུད་གུ་རུའི་རྒྱུད་པ་ཡིན། བླ་མའི་བཀའ་བཞིན་བསྒྲུབས་ནས་ཡོན་བསླབས། རྒྱུན་དུ་བསྐང་གསོ་བཟླས་པ་མ་ཆགས་པ་བྱས། སྔོན་གྱི་སྦྱིན་ཤུགས་ཆེས་ཆེར་ནི་མེད་པ་ཡིན། སྦྱིན་པ་ཆེན་པོ་གཏོང་རྒྱུ་མ་བྱུང་ཡང་། མི་སེམས་སྲེག་པའི་ནོར་བླངས་པ་མེད། དགེ་བ་བསགས་པའི་འབྲས་བུ་འདི་ལྟར་ཡོད། ལིང་པ་དྲུག་གི་ལག་ནས་རི་དྭགས་བླུས། སྙིང་རྗེ་དྲག་པོས་སེམས་ཀྱིས་མ་བཟོད་པར། ཆས་དང་རྒྱན་རྣམས་བཀྲོལ་ནས་སེམས་ཅན་སྲོག་ཀྱང་བླུས། རྒྱལ་ཁམས་འགྲིམ་པའི་སྒྲུབ་ཆེན་ཕོ་མོ་རྣམས། ལུང་སྟོང་ཇག་པའི་འཇིགས་པ་ཡོད་པ་ལ། སྐྱབས་དང་སྐྱེལ་མ་བྱས་པའི་ཕན་ཡོན་ཡོད། གཞན་ཡང་དབང་བསྐུར་བླ་མ་རྣམས་ལ་ཡང་། ཚོགས་དང་བསྔོ་རྟེན་འབྲེལ་པ་གང་འབྱོར་བྱས། གུ་རུའི་ཚེས་བཅུ་ཀུན་དང་མཐུན་པར་བྱས། ངན་ལོང་སྒོ་ཕྱེ་སྟོང་ལོག་མིན་ཙམ་བྱས། སངས་རྒྱས་ཀྱི་སྐུ་རྟེན་བཞེངས་དུས་སུ། དེ་ལ་ཞབས་འདེགས་འབྲེལ་པ་གང་འབྱོར་བྱས། རྒྱུན་དུ་བཛྲ་གུ་རུ་བགྲང་པ་ཡིས། རྡེའུ་དཀར་པོ་འདི་ཙམ་ཡོད་དོ་ཟེར་ནས། རྡེའུ་དཀར་པོ་སྤར་ཕྱེད་ཙམ་སྤུངས་སོང་། ཡང་མི་དེའི་གཡས་ཕྱོགས་ནས་འདྲེ་ནག་པོ་ཁོ་ལངས་ནས། ཆོས་ཀྱི་རྒྱལ་པོ་ལ་འདི་ལྟར་ཞུས་སོང་། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་རྒྱུ་ཡོད། མི་ངན་ངག་དབང་གྲགས་པ་ཟེར་བ་འདིས། དད་ཟས་ཤི་ཟས་དཀོར་ནི་མང་དུ་ཟོས། དཀོར་སྦྱོང་བྱས་པ་ཉིན་མོའི་སྐར་མ་ཙམ། ཁྱོད་ཀྱིས་དཀོར་ལན་ཙམ་ཡང་གར་བཏང་བ། སེམས་ཅན་སྲོག་གཅོད་མ་བྱས་ཟེར་བ་རྫུན་དུ་འདུག །ར་ལུག་རྣམས་ཀྱང་ཁྱོད་ཀྱིས་ཐོབ་ཚད་བསད། བླ་མའི་ཐུགས་ཀྱང་ཁྱོད་ཀྱིས་མ་དཀྲུགས་སམ། ཉེ་འཁོར་རྣམས་ཀྱི་སེམས་ཀྱང་མ་དཀྲུགས་སམ། ད་ཁྱོད་ཀྱིས་དམ་ཚིག་མ་བསྲུངས་པས། དཀོན་མཆོག་གི་བཀའ་ཆད་མ་བྱུང་ངམ། རྒྱུ་འབྲས་མ་འཛེམས་དཀོར་ལ་ཁྱོད་ཀྱིས་འབགས། བདེན་ཚིག་མ་བལྟས་བཀའ་རྣམས་ལོག་པར་སྤྱད། ཁྱོད་ཀྱིས་བྱ་བ་ངན་པ་བྱས་པ་ཡིས། རྡེའུ་ནག་པོ་འདི་ཙམ་ཡོད་དོ་ཟེར། རྡེའུ་ནག་པོ་སྤར་གང་ཙམ་ཞིག་སྤུངས་སོང་། ཆོས་ཀྱི་རྒྱལ་པོའི་གཡོན་ཕྱོགས་ནས་ལས་མཁན་སྤྲེའུ་མགོ་ཅན་ལངས་ནས་ཀྱང་། རྡེའུ་དཀར་ནག་གཉིས་པོ་ནི་ནག་པོ་ཤེད་ཆེ་བར་འདུག་པས། ཆོས་ཀྱི་རྒྱལ་པོས་གཟིགས་ཤིག་ཟེར་ཞིང་འདུག་པ་ལ། ཡང་ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས། རཀྴ་གླང་གི་མགོ་ཅན་གྱིས་ལངས་ནས་སྲིད་པ་ལས་ཀྱི་མེ་ལོང་དེ། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱར་སོང་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་། ངས་ལས་ཀྱི་མེ་ལོང་འདི་ལ་བལྟས་པས། ལྷ་འདྲེ་གཉིས་ཀྱིས་ལབ་པའི་གཏམ་དེ་ཕྱེད་བདེན་ཕྱེད་མི་བདེན་པ་འདུག །དགེ་བ་བཏང་སྡིག་པ་མ་བྱས་ཟེར་བ་ཡང་མི་བདེན་པ་འདུག །ལར་ཁྱོད་ཀྱིས་བུད་མེད་ཀྱང་བརྟེན། བླ་མའི་ཐུགས་ཀྱང་དཀྲུགས། གཉེན་འཁོར་རྣམས་ཀྱིས་ཞིབ་པར་བསླབས་ཀྱང་། ཁྱོད་ཀྱིས་ཁ་ལ་མ་ཉན་པར་གཉེན་འཁོར་གྱི་སེམས་ཀྱང་མ་དཀྲུགས་སམ། ལྷག་པར་ཁྱོད་བསྐང་གསོའི་རྒྱུན་པ་བྱས་ནས་ཀྱང་། དམ་ཚིག་མ་བསྲུངས་འབག་རྩོག་མང་དུ་བྱས། དཀོན་མཆོག་རྣམས་ཀྱང་ཐུགས་ནི་ཁྲེལ་བ་ཡིས། འཆི་བའི་རྐྱེན་ནི་དེ་ཡིན་ནོ། །བདེན་ཚིག་མ་བལྟས་བླ་མའི་བཀའ་ཡང་བཟློག །རྡོ་རྗེ་དམྱལ་བའི་གནས་སུ་ད་ཐོངས་ཤིག །དཀོར་སྦྱོང་དཀོར་ལན་མ་འཇལ་རྣམ་སྨིན་ལ། ཡི་དྭགས་ངུ་འབོད་གནས་སུ་ད་ཐོངས་ཤིག་གསུངས་སོང་། ད་ཁྱོད་རང་གི་རིགས་རྒྱུད་གུ་རུའི་རྒྱུད་པ་ཡིན་པ་གཅིག །སེམས་ཅན་འཆི་ངེས་ཤེས་པའི་སྲོག་བླུས་པ་དང་གཉིས། རྒྱལ་ཁམས་འགྲིམ་པའི་སྒྲུབ་པ་ཕོ་མོ་རྣམས་ལ་ལུང་སྟོང་ཇག་པའི་འཇིགས་པ་ཡོད་སར་སྐྱབས་དང་སྐྱེལ་མ་བྱས་པའི་དེའི་ཕན་ཡོན་གྱིས། ཐར་མེད་དམྱལ་གནས་སུ་འགྲོ་དགོས་པ་འདུག་ཀྱང་། ད་བདུན་ནས་དམྱལ་བ་ནས་ཐར་བ་གྱིས་ཤིག་གསུངས་སོང་ངོ་། །དེར་མི་དེ་ལག་པ་གཡས་གཡོན་གྱིས་རང་གི་བྲང་ལ་བརྒྱབ་ཅིང་། མི་དེའི་ཁ་ནས་འཕྲིན་པ་འདི་ལྟར་བསྐུར་གྱིན་འདུག་གོ །ལས་འཕྲོ་ཅན་མ་མི་ཡུལ་འབྱོན་ཟེར་ན། སྤྱིར་ལྷོ་བྲག་ལུང་པ་ལ་འཕྲིན་པ་མཛོད། ཡང་སྒོས་མན་ཆད་ལུང་པ་ལ་འཕྲིན་པ་མཛོད། ངའི་གཉེན་ཚན་རྣམས་ལ་འཕྲིན་པ་མཛོད་དང་། ངའི་བླ་མར་བཀའ་ལོག་བྱས་པའི་བཤགས་པ་ལ་སངས་རྒྱས་ཀྱི་མཚན་འབུམ་བཞེངས་གསུངས་དང་། ལྷ་དགོན་ལ་མཆོད་པ་ཆག་ཅིང་འབག་རྩོག་བྱས་པའི་བཤགས་པ་ལ་ལྷ་མགོན་སྙན་དར་དང་གཏོར་ཚོགས་ཤིག་ཕུལ་གསུངས་དང་ཟེར་ནས་བཙུན་པ་དེ་ནི་གཤིན་རྗེ་རྣམས་ཀྱིས་ཞགས་པས་ཁྲིད་ནས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ། གཤིན་རྗེ་ལས་མཁན་ཕོ་ཉ་རྣམས་ཀྱིས་བླ་མའི་ཆ་ལུགས་བྱས་པ་ཞིག་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་བྱུང་ངོ་། །ཆོས་ཀྱི་རྒྱལ་པོའི་ཞལ་ནས། དྲི་བ་གོང་བཞིན་མཛད་ཀྱིན་འདུག་པ་ལ། མི་དེ་ཡང་ལུས་འདར་བ་དང་། སྔར་བྱ་བ་ངན་པ་བྱས་པ་ཐམས་ཅད་རང་གི་སེམས་ལ་དྲན། ཆོས་མ་བྱས་པའི་འགྱོད་པ་ཆེན་པོ་སྐྱེས་ནས་མཆི་མ་མང་དུ་འདོན་ཅིང་ཆོས་ཀྱི་རྒྱལ་པོ་ལ་དྲི་བ་འདི་ལྟར་ཞུ་ཡིན་འདུག་གོ །ཀྱེ་མ་ཀྱེ་ཧུད་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ངའི་སྐྱེ་ས་གཙང་གི་ཕྱོགས་ནས་ཡིན། ཡང་སྒོས་ཉིང་རོའི་ཕྱོགས་ནས་ཡིན་ལགས། ངའི་མིང་ལ་ཕུན་ཚོགས་ཟེར་བ་ཡིན་ལགས། ང་ཡང་ལུང་པ་དེའི་གསོན་ཆོག་གཤིན་ཆོག་སྡུད་མཁན་ཞིག་ཡིན་ལགས། རང་གི་ཕ་དེ་སྔ་མོ་ནས་གྲོངས་པ་ཡིན་ལགས། ཆོས་ནང་དོན་གྱི་སྒོམ་ཁྲིད་དབང་ལུང་རྣམས་ཞུས་ནས། གཏིང་མའི་དོན་ཞིག་བསྒྲུབ་རྩིས་ཡིན་རུང་། ལོང་མེད་པར་འདིར་སླེབས་བྱུང་བས། འགྱོད་པ་ཅན་ལ་ཐུགས་རྗེས་གཟིགས་སུ་གསོལ་ཟེར་ཞིང་མཆི་མ་མང་དུ་འདོན་གྱིན་འདུག་པ་ལ། དེའི་གཡོན་ཕྱོགས་ནས་ལྷ་དཀར་པོ་དེ་བཞེངས་ནས། ཆོས་ཀྱི་རྒྱལ་པོ་ལ་ཕྱག་གསུམ་བཙལ་ནས། ཆོས་ཀྱི་རྒྱལ་པོ་ལ་འདི་ལྟར་ཞུ་འདུག་གོ །ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། མི་འདི་ཨུ་རྒྱན་གྱི་རྒྱུད་འཛིན་ཡིན་ཅིང་། སྒོམ་མི་དགོས་པ་སངས་རྒྱས་ཐོབ་པ། འདོན་ཆོས་སྤྱོད་བྱེད་མི་དགོས་པ་ཚེ་འདས་རྣམས་ཀྱི་སྡུག་བསྔལ་སེལ་ནུས་པ། ལར་དཀར་པོ་དགེ་བའི་ལས་ལ་དཀར་ཞིང་། ནག་པོ་སྡིག་པའི་ཕྱོགས་ལ་ནག་པ། ཡར་མཐོ་ལ་མི་འགྲིམ་པ། ངན་སློང་དང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ། ལར་སེམས་ཅན་མང་པོའི་སྲོག་ཀྱང་བླུས། སྒོས་ཁྱི་ར་བ་རྣམས་ཀྱི་ལག་ནས་རི་དྭགས་རྣམས་རང་གི་ནོར་རྫས་རྣམས་བྱིན་ནས་སྲོག་ཀྱང་བླུས་པ་ཡོད་ལགས། ཡང་དཔོན་པོ་སྡིག་སྤྱོད་ཀྱི་དྲུང་དུ། མི་གསུམ་ཁྲིམས་གཅོད་ཀྱིན་འདུག་པ་ལ་ཁོང་རང་གི་དར་རས་འཕངས་མེད་དུ་ཁྱེར་ནས་སྐུ་རང་ཆེ་ཡང་ཕྱག་ཕར་བཙལ་ནས་སེམས་ཀྱིས་མ་བཟོད་པར་མཆི་མ་མང་དུ་བཏོན། མི་དེ་ནས་སྤྱི་སྲོག་བླུས་པའི་འབྲས་བུ་ཡང་ཡོད་དོ། །རྒྱུན་དུ་ཁ་ཕན་དང་ཚིག་ཕན་མང་དུ་བཏགས། དད་ཟས་ཤི་ཟས་ཟོས་པའི་དཀོར་མ་འབགས། དགེ་བ་བསགས་པའི་རྡེའུ་དཀར་པོ་འདི་ཙམ་ཡོད་དོ་ཟེར་ནས་རྡེའུ་དཀར་པོ་སྤར་ཕྱེད་ཙམ་སྤུང་བྱུང་ངོ་། །ཡང་གཡས་ཕྱོགས་ནས་འདྲེ་ནག་པོ་ཁོ་ལངས་ནས། ཆོས་ཀྱི་རྒྱལ་པོའི་སྐུ་ཆེ་ཡང་། མི་འདིའི་སྡིག་པ་འགག་མི་ཚུགས། མི་ངན་ཕུན་ཚོགས་ཟེར་བ་འདིས། རྒྱུད་པ་བཟང་ལ་རེ་ལྟས་ངན། ཆོས་ཕྱག་ཆེན་གྱི་ངོ་བོ་མ་རྟོགས་པར། དད་ཟས་ཤི་ཟས་ཀྱི་ཐལ་བ་མ་འགམ་མམ། ཚེ་འདས་རྣམས་ཀྱང་བར་དོར་འཁྱམ་དུ་བཅུག །ཁྱོད་ཀྱི་དཔེ་ཆ་སྐམ་པོ་ལག་ནས་བཟུང་། དཀོར་གྱི་ནོར་རྫས་སྙིང་ལ་ཞུགས། ཡོན་བདག་རྣམས་ཀྱི་སྣང་ལམ་དུ། རོལ་མོ་སྒྲ་དིར་འུར་དིར་བྱས། ཚེ་འདས་གང་སོང་མ་ཤེས་པར། ནོར་རྫས་དང་ཟ་མ་བླངས་ནས་ཀྱང་། རང་ཉིད་འབུལ་བས་ཚིམ་པ་བྱུང་བ་དང་། དགེ་བ་གཞན་ལ་གཏོང་བའི་ཁ་འགག་བྱས་པའི་རྣམ་སྨིན་ཀྱང་ཡོད། དཀོར་ཟས་རི་རབ་ཙམ་དང་དཀོར་ཆུ་རྒྱ་མཚོ་ཙམ་སྐྱིལ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡོད་ལགས་ཤིང་། རྡེའུ་ནག་པོ་སྤར་གང་ཙམ་སྤུངས་སོང་། ཡང་སྤྲེའུ་མགོ་ཅན་གྱིས་ལངས་ནས་ཀྱང་། རྡེའུ་དཀར་ནག་རྒྱ་མ་ལ་བཏེག་སོང་། སྤྲེའུ་མགོ་ཅན་གྱི་ཁ་ནས་ཀྱང་། ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ལྷ་འདྲེ་གཉིས་ཀྱི་རྡེའུ་དཀར་ནག་ནི། ནག་པོ་མང་ཞིང་ཤས་ཆེ་བ་འདུག །དཀར་པོ་ཉུང་ཞིང་ཡང་བ་འདུག་གོ །ཆོས་ཀྱི་རྒྱལ་པོས་གཟིགས་སུ་གསོལ་ཟེར་ནས། ཡང་ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས། རཀྴ་གླང་གི་མགོ་ཅན་གྱིས། སྲིད་པ་ལས་ཀྱི་མེ་ལོང་དེ། ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་། སྲིད་པ་ལས་ཀྱི་མེ་ལོང་ལ་བལྟས་པས། རྒྱུ་འབྲས་བག་ཕྱེ་བས་ཞིབ་པ་ཡོད་པས། ཁྱོད་རྙིང་ལུགས་ཀྱི་བླ་མའི་རྒྱུད་པ་ཡིན་ཀྱང་། རྒྱུད་པ་ས་བརྒྱབ་རྡོ་བརྒྱབ་འགྲོ་རྒྱུ་ཡིན་ཀྱང་། ཐབས་དང་ཤེས་རབ་གཉིས་ཡ་མ་བྲལ་བ་ཟུང་འབྲེལ་དུ་བྱེད་དགོས་པ་ཡིན། ལར་ལུང་པ་དེའི་བླ་དཔོན་དུ་འདུག་སྟེ། དད་ཟས་དང་ཤི་ཟས་ཀྱི་ཐལ་བ་བསྡུས་ནས་མང་པོ་འགམ་འདུག །ཁྱོད་ཀྱིས་ལུང་པ་དེའི་བླ་མ་དཔོན་དུ་བྱས་ནས། བདེན་པ་ཡོད་པའི་མི་དེ་རྒྱབ་ཏུ་བསྐྱུར། བདེན་པ་མེད་པའི་མི་རྣམས་ཀྱི་ལག་ནས་ལྐོག་རྔན་བླངས་ནས། བདེན་པ་ཡོད་པའི་མི་དེ་རྒྱབ་ཏུ་བསྐྱུར། བདེན་པ་མེད་པའི་མི་དེ་རྣམས་དང་དུ་བླངས། བདེན་ཚིག་མ་བལྟས་པ་མིའི་སྙིང་ལ་ལྕགས་བཅུག་པའི་ལས་ཀྱི་རྣམ་སྨིན་ཀྱང་ཡོད། ཡང་རང་གི་ལྟོ་སྐལ་ཁུར་ནས་ཁྱོད་རང་གི་གཡོག་བྱེད་ཅིང་། བློ་གཏད་པའི་མི་རྣམས་ཤི་བའི་སྐབས་སུ། དགེ་བ་ཆེར་མ་བཏང་བ། རྔ་སྒྲ་དིར་འུར་དིར་བྱེད་ཅིང་ཐམས་ཅད་ནང་དུ་ཟོས། ཚེ་འདས་ངན་སོང་དུ་དབང་མེད་བཏང་བའི་སྡིག་པ་ཡང་ཡོད། ཁྱོད་ལ་གཞན་ཡང་ལས་ཀྱི་རྣམ་པར་སྨིན་པ་མང་པོ་ཁུར་དགོས་པར་འདུག་སྟེ། ད་ཁྱོད་རྒྱུད་པ་བཟང་བ་གཅིག །སེམས་ཅན་འཆི་ངོས་ཤེས་པའི་སྲོག་བླུས་པས་དམྱལ་བ་གཞན་མ་རྣམས་ཀྱི་སྡུག་བསྔལ་ལས་ཐར་རོ། །རང་སེམས་ཉིད་ཀྱི་ངོ་བོ་མ་རྟོགས་པས། དད་ཟས་ཤི་ཟས་ཀྱི་ཐལ་བ་འགམ་པའི་ལས་ཀྱི་རྣམ་པར་སྨིན་པ་ནི། འདི་ནས་ཉི་མའི་བྱང་ཕྱོགས་ན། བྲག་རི་གནམ་དུ་མཆོངས་པ་འདྲ་བའི་འགྲམ་ན། རྣག་ཁྲག་གི་མཚོ་མོ་འཁྱིལ་བ་ཡོད་དོ། །མཚོ་མོ་དེ་ལྟར་འཁྱིལ་བའི་ནང་ན། སེམས་ཅན་ཆུང་ཆུང་གིས་ཆེ་བ་ཟ་བ་ཡོད་དོ། །ཞག་པོ་བཅུ་གསུམ་སྡུག་བསྔལ་མྱོང་དུ་ཆུག་ཅིག །སེམས་ཅན་ཆུང་ཆུང་གིས་ཆེ་བ་ཟ་བའི་རྒྱུ་རྐྱེན་ནི། རང་ལ་བློ་གཏད་བྱས་པ་ཡི། ཚེ་འདས་རྣམས་ཀྱང་མ་འགྲོངས་པའི། ཟས་ནོར་མང་པོ་ཟོས་པའི་རྣམ་སྨིན་ཡིན། ཁྱོད་ཚེ་ཚད་མ་རྫོགས་པར། འདིར་ཡོང་དགོས་པའི་རྒྱུ་རྐྱེན་ནི། རང་གསོལ་པའི་ལྷ་མོ་ལ་མཆོད་པ་འབག་རྩོག་བྱས་པ་ཡིས། དེའི་བཀའ་ཆད་འདི་ལྟར་ཡིན། ཁྱོད་རང་ཞོན་པའི་འོག་རྟ་ལ་སྤགས་སྦྱིན་དུས་ཁྱོད་རང་གི་ལག་པའི་མཐེ་བོང་ལ་རྨུགས་ནས་འདུག་པས། དེ་ལ་གཉན་གཅིག་ཤོར་ནས། གཉན་དེས་སྙིང་རྩ་ལ་བཟུང་ནས་ཀྱང་། ཁྱོད་འདི་རུ་སླེབས་པ་ཡིན་ནོ། །ཁྱོད་ཀྱི་དཀོར་ལན་མ་འཇལ་རྣམ་སྨིན་ལ། འདི་ནས་ཉི་མ་ཤར་ལྷོའི་མཚམས་ཤེད་ན། ཡི་དྭགས་ངུ་འབོད་ཅན་གྱི་གནས་ཞེས་བྱ་བ་དེ་ན། རང་ལ་ཟ་རྒྱུ་དང་འཐུང་རྒྱུ་མེད་པའི་ཁུ་རྩ་ཆེན་པོ་རི་རབ་ཙམ་ཁུར་ནས་ཀྱང་། ཁ་ལ་མེ་འབར་བའི་སྡུག་བསྔལ་ཡོད་པ་དེར། ཞག་གསུམ་སྡོད་ཅིག་གསུང་གིན་འདུག་གོ །ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱོད་ཡི་དྭགས་ངུ་འབོད་ཀྱི་གནས་སུ་ཞག་གསུམ་ལས་འདུག་མི་དགོས་པའི་རྒྱུ་མཚན་ནི། ཁྱོད་ཀྱི་ལས་དཀར་པོའི་འབྲེལ་པའི་ཨ་ཁུ་རྡོ་རྗེ་གྲགས་པ་ཟེར་བ་ཡོད་པ་དེས། མི་རྣམས་བསགས་ནས་སྟོན་མོ་མ་བཏང་ཡང་། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་གཏོར་མ་རྒྱུན་གཏོར་དང་། དཀོན་མཆོག་ལ་མཆོད་པ་མ་ཆག་པར་ཕུལ། ཡིད་ཏིང་ངེ་འཛིན་གྱི་ངང་ནས། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམས་པའི་ཕན་ཡོན་གྱིས་ཡི་དྭགས་ངུ་འབོད་སྡུག་བསྔལ་ལས་ཐར་རོ་གསུངས། ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་། མི་དེ་ལ་ལུང་བསྟན་འདི་ལྟར་གསུང་གིན་འདུག་གོ །དེ་ནས་སྔོན་གྱི་ལས་འཕྲོ་འདི་ལྟར་ཡོད་དོ། །ཡུལ་ཅིག་དབུས་ཀྱི་ལུང་པ་ནས། ཡང་སྒོས་གཞུང་གི་ཕྱོགས་ཤེད་ནས། ནང་པ་རྒྱུད་དང་ལོངས་སྤྱོད་ཆེར་མེད་པའི་ཆོས་དཀར་ཞིང་དད་པ་ཆེ་བ། མིང་ལ་བསྟན་འཛིན་དོན་འགྲུབ་ཅེས་བྱ་བ་ཡོད་པ་ལ། དེའི་སྐྱེ་དམན་ལ་མེ་ཏོག་གོས་དཀར་ཞེས་བྱ་བ་ཡོད་དོ། །དེ་གཉིས་ཀྱི་བུ་རུ་སྐྱེ་བ་ལོངས་ཤོག་གསུངས། ཁྱོད་རང་གི་མིང་ལ་བསོད་ནམས་ཚེ་དབང་ཞེས་བྱ་བ་ཡོང་ངོ་། །རྙིང་མའི་རྒྱུད་འཛིན་གཅིག་དང་མཇལ་ནས་ཀྱང་། ལུང་དང་མན་ངག་ཐམས་ཅད་ཞུས་ནས་ཀྱང་། སྔར་ལས་ལྷག་པའི་འགྲོ་དོན་གྱིས་ཤིག་གསུང་གིན་འདུག་པ་ལ། བླ་མ་དེ་ནི་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་སོང་ངོ་། །

ཡང་བླ་མ་དེའི་ཞལ་ནས་འཕྲིན་པ་འདི་ལྟར་སྐུར་གྱིན་འདུག་གོ །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད་དང་།

སྤྱིར་འཛམ་བུ་གླིང་ལ་འཕྲིན་པ་མཛོད། སྒོས་གཙང་ཉིང་རོ་ཟུར་ཁང་ཕྱོགས་ལ་འཕྲིན་པ་མཛོད། དད་ཟས་ཤི་ཟས་ཟོས་པའི་ཁུར་རྩ་ནི། རི་རབ་ཙམ་ཞིག་འདུག་གོ །

རང་སེམས་ཉིད་ཀྱི་ངོ་བོ་མ་རྟོགས་པས། གཞན་གྱིས་ཡར་འདྲེན་མ་བྱེད་གྱིས། སྔར་ང་རང་ལ་དགེ་རྩ་བཏང་བ་རྣམས་མི་གཞན་མ་རྣམས་ཀྱིས་ཁྱེར་སོང་གྱིས། དད་ཟས་ཤི་ཟས་ཟོས་པ་མ་ལགས་པས། རང་ནོར་དབང་ཡོད་ཀྱིས་དགེ་བ་ཐོངས་ཤིག་གྱིས། སྔར་ང་རང་གིས་ཡར་འདྲེན་བྱས་པ་ཡི། ཚེ་འདས་རྣམས་ཀྱི་མིང་བཀོད་ལ། རང་གི་ནང་གི་ནོར་རྫས་རྣམས་ཕངས་སེམས་མ་བྱེད་སེར་སྣའི་མདུད་པ་ཁྲོལ། བླ་མ་མཚན་ཉིད་དང་ལྡན་པའི་ཞབས་དྲུང་དུ་ཕུལ་ལ་བསྔོ་བ་སྨོན་ལམ་རེ་ཞུས་གསུངས་དང་། དེ་བཞིན་དུ་བླ་མ་མ་ཎི་བ་སུ་བྱོན་ལ་བསྔོ་རྟེན་ཟུང་བསྐུར་ཕུལ་ཅིག་གྱིས། ངའི་ཉེ་བ་རྣམས་ལ་འཕྲིན་པ་གྱིས། དཀོན་མཆོག་དྲུང་དུ་ཕྱག་དང་སྐོར་བ་གྱིས། མདོ་རྒྱ་ཆེ་རོལ་པ་བཞེངས་གསུངས་དང་། གསེར་གྱི་མཆོད་རྟེན་བཞེངས་གྱིས་དང་། བཤགས་པ་འདི་རྣམས་བྱས་འདུག་ན། སྣག་ཁྲག་གི་མཚོ་ནང་སྡུག་བསྔལ་དང་། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་བ་འདུག་ཅེས་ཟེར་རོ། །གཤིན་རྗེ་རྣམས་ཀྱིས་བྱང་ཕྱོགས་སུ་ཁྲིད་སོང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་བླ་མ་སྐུ་ཤམ་དཀར་པོ་དཀྲིས་པ། རྔ་ལོང་གི་སྐེ་རགས་བཅིངས་པ། ཞལ་རས་སྔོ་ཁྲོམ་མེ་བ་ཡོད་པ་ཞིག །ཞལ་ནས་བཛྲ་གུ་རུའི་སྒྲ་དིར་དིར་མཛད་ནས། ཆོས་ཀྱི་རྒྱལ་པོའི་དྲུང་དུ་བྱོན་བྱུང་ངོ་། །ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་གཡས་གཡོན་གྱི་གཤིན་རྗེས་རྒྱོབ་སོད་ཀྱི་སྒྲ་སྒྲོག་པ་རྣམས་ནི་རེ་ཞིག་ཐ་ལེ་ལུས་སོང་། དེར་བླ་མ་དེས་ཆོས་ཀྱི་རྒྱལ་པོ་ལ་ཕྱག་དང་སྐོར་བ་བྱས་ནས། ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་བསྡད་སོང་། དེ་ནས་ཆོས་ཀྱི་རྒྱལ་པོས་བླ་མ་དེ་ལ་དྲི་བ་སྔར་བཞིན་མཛད་ཀྱིན་འདུག་པ་ལ། བླ་མ་དེས་ཆོས་ཀྱི་རྒྱལ་པོ་ལ་དྲི་བ་འདི་ལྟར་འབུལ་གྱིན་འདུག་གོ །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ངའི་སྐྱེ་ས་ཡ་འབྲོག་སྒང་ནས་ཡིན། ངའི་མིང་ལ་མདོ་སྔགས་བསྟན་འཛིན་ཟེར། རྒྱུད་པ་མ་ཉམས་ཨུ་རྒྱན་རྒྱུད་འཛིན་ཡིན། ལར་གུ་རུ་ཉིད་ཀྱི་བཀའ་དང་འགལ་བ་ནི་གཅིག་ཀྱང་བྱས་པ་མེད། འདིར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང་། རང་ལ་འབྲེལ་པ་ཐོགས་ཚད་འདྲེན་དུ་ཡོང་བ་ཡིན་ལགས་ཟེར་བ་ལ། དེར་ཆོས་ཀྱི་རྒྱལ་པོའི་ཞལ་ནས། འོ་ན་ལས་ཀྱི་མེ་ལོང་དེ་ཕྱོར་དང་གསུངས་པ་ལ། ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས་རཀྴ་གླང་གི་མགོ་ཅན་དེ་ལངས་ནས་སྲིད་པ་ལས་ཀྱི་མེ་ལོང་དེ་ཕྱར་སོང་བས། ཆོས་ཀྱི་རྒྱལ་པོས་སྲིད་པ་ལས་ཀྱི་མེ་ལོང་ལ་གཟིགས་ནས། ཁྱོད་ཨུ་རྒྱན་གྱི་རྒྱུད་འཛིན། ཕས་གཏེར་དུ་སྦས་པ་བུས་འདོན་ནུས་པ་ཞིག་ཡིན་པར་འདུག་པས། ལྷ་འདྲེ་གཉིས་ཀྱི་རྡེའུ་དཀར་ནག་བཤེར་མི་དགོས་པ་འདུག །ད་དུང་ཁྱོད་རང་གི་འགྲོ་དོན་མི་ཡུལ་ཡ་འབྲོག་སྒང་ན་ཡོད་པས། མ་གིའི་དམྱལ་ཁམས་བཅྭོ་བརྒྱད་ན་ཡོད་པའི་ཟས་འབྲེལ་ཆོས་འབྲེལ་ཐོགས་ཚད་པའི་མི་རྣམས་ཡར་དྲོངས་ལ་སོང་ཞིག་གསུངས་སོང་བས། ཆོས་ཀྱི་རྒྱལ་པོས་དེ་སྐད་གསུངས་མ་ཐག་རོལ་མོའི་སྒྲ་དང་འོད་ཆེན་པོ་ཞིག་བྱུང་། དེར་ཀརྨ་དབང་འཛིན་གྱི་ཐུགས་ལ་སུ་ཞིག་ཡིན་ནམ་བསམས་བལྟས་པས། གཏེར་བདག་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བསུ་བ་དར་ལམ་བཏང་ནས་བྱུང་ངོ་། །

དེར་བླ་མ་དེས་ཕོ་བྲང་གི་ལྕགས་རིའི་ཁ་ནས་འདི་ལྟར་གསུང་གིན་འདུག་གོ །མ་གིའི་ལྕགས་རི་ཁོར་ཡུག་ནང་ཤེད་ན། ང་ལ་ཟས་འབྲེལ་ཆོས་འབྲེལ་ཐོགས་ཚད་རྣམས། ང་ནི་མདོ་སྔགས་བསྟན་འཛིན་ཞེས་པ་ཡིན། ང་འབྲེལ་པ་ཐོགས་ཚད་ཡར་ཤོག་དང་། ཞེས་གསུང་གིན་འདུག་གོ །དེ་མ་ཐག་ཏུ་དམྱལ་ཁམས་བཅྭོ་བརྒྱད་ཀྱི་ནང་ནས། སྐྱེ་སྨན་སྨིན་འགུགས་བྱས་པ་མང་པོ་དང་། མི་ཕོ་མོ་མང་པོ་ཁོང་གི་གསུང་ཐོས་ཙམ་གྱིས་ངའི་བླ་མའི་གསུང་བྱུང་ཟེར་ཞིང་། ཐམས་ཅད་ཁོང་གི་རྗེས་ལ་ཡར་ལངས་སོང་། ཡང་དེ་ནས་ཕར་ཕྱིན་པའི་ས་ན། ཨ་ནེ་གདོང་ལ་སྨེ་བ་ཡོད་པ་ཞིག་ལུས་ལ་ལྕགས་གཟེར་སྟོང་བཏབ། ལྕེ་ལྐོག་མའི་འོག་ནས་དོན་ནས་གཤོལ་ལྕགས་མེ་འབར་བས་རྨོས་རྨོ་ཞིང་འདུག་གོ །དེར་གཤིན་རྗེ་རྣམས་ན་རེ། ཁྱོད་ལ་སྒོམ་པའི་ཉམས་དང་རྟོགས་པ་འཆར་རྒྱུ་ཡོད་ན་འཆར་རན། ཡི་དམ་གྱི་ལྷ་ཡོད་ན་འགྲུབ་རན། སྐྲ་བཅད་མིང་སྤོས་ཀྱི་བླ་མ་ཡོད་ན་བསྒོམ་རན། སྐྲ་བཅད་མིང་སྤོས་ཀྱི་བླ་མ་རྒྱབ་ཏུ་བསྐྱུར། ད་ལྟ་འདི་ལྟ་བུའི་སྡུག་བསྔལ་མྱོང་དགོས་པ་བསམ་བློ་ཐོངས་དང་བྱས་པས། དེའི་དུས་བླ་མ་དེའི་གསུང་ལྷང་ངེ་བས། ངས་སྐྲ་བཅད་མིང་སྤོས་པའི་མི་ཡོད་ན་ངའི་རྗེས་ལ་ཤོག་ཅིག་ཟེར་བྱུང་བས། ཡང་གཤིན་རྗེ་རྣམས་ཀྱིས་བླ་མ་དེ་ལྟ་བུའི་ཆོས་སྒོར་བཞུགས། ད་ལྟ་བླ་མའི་ན་བཟའ་ནས་འཇུ་རན་ཟེར་བ་ལ་དེར་བླ་མས་གསུང་ཞིང་། མོའི་དཔུང་པ་ནས་ཡར་བཟུང་ནས་ཡར་བླངས་སོང་བས། ཨ་ནི་དེ་ནི་བླ་མའི་ཞལ་ལ་བལྟས་ནས། སླར་ཡང་ལས་ཀྱི་རྣམ་པར་སྨིན་པས་སླར་ཡང་དམྱལ་བར་ལྷུང་སོང་། ཡང་ཀརྨ་དབང་འཛིན་གྱིས་གཤིན་རྗེ་རྣམས་ལ་བླ་མ་དེ་ལྟ་བུས་དཔུང་པ་ནས་བཟུང་ཡར་འཐེན་ཀྱང་། མར་དམྱལ་བར་འགྲོ་དགོས་པའི་དོན་ཅི་ཡིན་བྱས་པས། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། ཨ་ནེ་འདིས་ཀྱང་མི་ཡུལ་དྲན་པ་སྒང་ན་བསྡད་པའི་དུས་ན། དཀོར་སྦྱོང་དང་ཁ་འདོན་ནི་སྤུ་ཙམ་ཡང་མ་བྱས། དགོན་པའི་གྲས་བྱས་ནས། དགོན་པ་རི་ཁྲོད་ཀྱི་དཀོར་ཡང་ཟོས། རང་གི་སྐྲ་བཅད་མིང་སྤོས་བླ་མ་ལ་དད་པ་དང་མོས་གུས་མ་བྱས་པར། མི་རྣམས་ཀྱི་སར་བླ་མའི་མཚང་སྣ་དགུ་ནས་བརྗོད། སྐུར་བ་དང་མི་ཁ་བཏང་བའི་རྣམ་སྨིན་དང་། བླ་མའི་གཟུངས་མ་བྱས་ནས་བྱིན་རླབས་སུ་མ་ཤེས་པར། མིག་སེར་དང་ང་རྒྱལ་ཕྲག་དོག་བྱས་པའི་ཉེས་པས་བླ་མ་དེ་ལྟ་བུའི་དཔུང་པ་ནས་བཟུང་ཡར་བླངས་ཀྱང་། མ་འདྲོངས་པར་དམྱལ་བར་འགྲོ་དགོས་པ་ནི་དེའི་རྣམ་སྨིན་ཡོན་ནོ། །

ཡང་བླ་མའི་ཞལ་ནས་ངའི་བཀའ་དང་གདམས་ངག་ཁྱད་དུ་བསད་ཀྱང་། འོན་ཀྱང་སྨོན་ལམ་གྱི་འབྲེལ་པ་ཡོད་པས་ཡར་ཤོག་དང་གསུངས་ནས་ཁྲིད་ནས་སོང་། དེ་ནས་དཔག་ཚད་གཅིག་ཕྱིན་པའི་ས་ནས། རླུང་དམར་ཆེན་པོ་གཅིག་གིས་ཁྱེར་སོང་། ཡང་ངས་བླ་མ་དེ་ལྟ་བུའི་དཔུང་པ་བཟུང་ཡང་མ་ཐུབ་པར། རླུང་གིས་ཁྱེར་སོང་བ་ཅི་ཡིན་བྱས་པས། ཡང་གཤིན་རྗེ་རྣམས་ཀྱི་ཞལ་ནས། ཐབས་དང་ཤེས་རབ་གཉིས་ཡ་མ་ཟུང་འབྲེལ་དུ་དགོས་པ་ཡིན། བླ་མའི་ཐུགས་རྗེ་དང་མོས་གུས་གཉིས་འབྲལ་མེད་དུ་དགོས་པ་ཡིན་ཏེ། བླ་མའི་ཐུགས་རྗེ་མ་གཏོགས་མོ་རང་གི་དད་པ་དང་མོས་གུས་ནི་སྐད་ཅིག་ཙམ་ཡང་མ་བྱས་པར་འདུག །འོན་ཀྱང་བླ་མའི་ཐུགས་རྗེས་བྱོལ་སོང་གི་གནས་སུ་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་དྲུང་དུ། གཤིན་རྗེ་རྣམས་ཀྱིས་སྐྱེ་སྨན་སེ་མ་སེར་སྐོང་གཙུག་གཡུ་གསེར་གྱི་ཨ་ལོང་བཅས་པ་བཏགས་པ་གཅིག་ཁྲིད་བྱུང་བའི། དེར་ཆོས་ཀྱི་རྒྱལ་པོས་སྐྱེ་སྨན་དེ་ལ་དྲི་བ་སྔར་བཞིན་མཛད་ཀྱིན་འདུག་པ་ལ། སྐྱེ་སྨན་དེ་ནི་མིག་ཆུ་འདོན་པ་དང་། ཆོས་ཀྱི་རྒྱལ་པོ་ལ་འདི་ལྟར་འབུལ་གྱིན་འདུག་གོ །ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ང་སྤྱིར་ནི་དབུས་ཀྱི་ཕྱོགས་ནས་ཡིན། ཡང་སྒོས་ཆོས་འཁོར་ལྷ་སའི་ཕྱོགས་ནས་ཡིན་ལགས། ངའི་མིང་ལ་ཨ་མ་ལྷ་ལྷ་ཟེར་བ་ཡིན་ལགས། ངས་ཚེ་སྟོད་ལ་ཚོང་དཔོན་གྱི་ཆུང་མ་བྱས་ལགས། ང་ལ་ནོར་ལོངས་སྤྱོད་ཆེ་བར་ཡོད་ལ། ལས་ཀྱི་སྡིག་སྒྲིབ་མང་བར་བསགས། དེ་ནས་རང་གི་གཏན་གྲོགས་དང་ཤི་བྲལ་བྱུང་། ད་དུང་གྲོགས་ཀྱི་དུང་སེམས་མ་ཆོད་པར། ཕྱིའི་གྲོང་པ་ཁྱིམ་མཚེས་ཀྱི་ཞེ་སྡང་ལ་བལྟས་ནས་རང་དང་རྒན་གཞོན་མི་སྙོམས་པའི་གཏན་གྲོགས་ཤིག་ཀྱང་བཙལ། ཕྱིའི་ཞེ་སྡང་གི་དབང་དུ་སོང་ནས་འཆི་བ་ནི་མ་དྲན། དེ་ནས་དུས་ནམ་ཞིག་ཙ་ན། བསམ་ཡས་སུ་སྐོར་བ་ལ་ཕྱིན་པས། དེར་བླ་མ་མ་ཎི་བ་ཞིག་ཕེབས་བྱུང་བས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་དང་། ལྷག་པར་དུ་གླིང་བཟའ་ཆོས་སྐྱིད་རྣམ་ཐར་ལ་སོགས་པ་རྒྱས་པར་གསུང་གིན་འདུག་པ་ལ། དེས་ངའི་སྙིང་ལ་མདའ་ཕོག་པ་ལྟ་བུ་བྱུང་བས། འཆི་བ་སྙིང་ནས་དྲན་བྱུང་། སྔར་ངས་བསགས་པའི་ནོར་ལ་སེར་སྣ་བྱས། དགེ་བ་མ་བཏང་བར་ཞེ་སྡང་ང་རྒྱལ་ཕྲག་དོག་བྱས་པ་ལ་འགྱོད་པ་དྲག་པོ་བྱས། རང་གི་ནོར་རྫས་ཡོད་ཚད་ཡར་དཀོན་མཆོག་ལ་ཞབས་ཏོག །མར་ངན་སློང་ལ་སྦྱིན་པ་བཏང་། གསེར་ཡོད་མཚན་ལྡན་གྱི་ཇོ་བོ་རིན་པོ་ཆེ་ལ་གསེར་ཆབ་བསྒྲོན། རང་གི་ཁ་དབུགས་འདྲེན་པའི་བརྟེན་གྲོགས་དེ། མཐུན་པར་བྱུང་ན་སྔར་བཞིན་འགྲོགས་ལུགས་བྱས། མ་མཐུན་འདུག་ཀྱང་དེ་ཆགས་ཞེན་མེད་པར་བསགས་པའི་སྡིག་སྒྲིབ་དག་ཕྱིར་དུ། བསྙེན་གནས་དང་བསྙུང་གནས་ལ་སོགས་མང་དུ་བསྲུངས། །དགོས་མེད་ཀྱི་སྨྲ་བ་ཅ་ཅོ་སྤངས་ནས་ཀྱང་། །རྒྱུན་དུ་ཡི་གེ་དྲུག་པར་འབུངས་ནས་བགྲང། །དབང་ཁྲིད་ཆོས་གསུམ་གནང་བའི་བླ་མ་ལ། །ས་ཕྱོགས་གང་ནས་ཡུལ་འདིར་ཕེབས་འདུག་ཀྱང་། །ཞབས་ཏོག་བཀུར་སྟི་གང་འབྱོར་འབུངས་ནས་བྱས། །གདམས་ངག་དབང་ཁྲིད་ལ་སོགས་མང་དུ་ཞུས། །ཕྲག་དོག་གཡོ་སྒྱུ་གནོད་སེམས་སྤངས་ནས་ཀྱང་། །

རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམས་པ་ལགས། །ལུས་ཀྱི་སྒྲིབ་པ་དག་ཕྱིར་ཕྱག་དང་སྐོར་བ་མང་དུ་བྱས། བདག་ཀྱང་མ་གི་རྩི་རྩི་འུར་འུར་ཟེར་བ་དེ་ལ་མི་གཏོང་རོགས་མཛོད་ཟེར་བ་ལ། ཡང་བུད་མེད་དེའི་གཡོན་ཕྱོགས་ནས། ལྷ་དཀར་པོ་དེ་བཞེངས་ནས་ཀྱང་། མོ་རང་གིས་ཞུས་པ་ལྟར་ཞུས་སོང་ནས་རྡེའུ་དཀར་པོ་སྤར་གང་ཙམ་སྤུངས་སོང་། ཡང་བུད་མེད་དེའི་གཡས་ཕྱོགས་ནས། འདྲེ་ནག་པོ་དེ་ལངས་ནས། འདྲེ་ནག་པོའི་ཁ་ནས་འདི་ལྟར་ཟེར་རོ། །ཆོས་ཀྱི་རྒྱལ་པོ་སྐུ་ཆེ་ཡང་། མོ་ཡི་སྡིག་པ་འགག་མི་ཚུགས། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་རྒྱུ་ཡོད། མོ་ངན་ལྷ་ལྷ་ཟེར་བ་ཁྱོད། བསམ་ངན་ཕུགས་སུ་བཅུག་ནས་ཚེར་མ་དར་གཡོགས་བྱས། རང་དོན་མི་འགྲུབ་དོགས་ནས་ལྷ་ལ་གསོལ་མཆོད་གཏོང་། མི་དོན་འགྲུབ་ཀྱིས་དོགས་ནས་སྨོན་ལམ་ཕྱིར་ལོག་འདེབས། བསམ་བཟང་ཡིན་ཟེར་བསམ་ངན་ཕུགས་སུ་བཅུག །ཕྱི་ལྟར་མ་ཎི་འདྲེན་ཅིང་ནང་དུ་འཆལ་གཏམ་བྱེད། ཁྱོད་ཀྱིས་བསྙེན་གནས་བསྙུང་གནས་བསྲུངས་པ་རྣམས་ཕྱི་ཆོས་སྙན་གྲགས་ཀྱི་སྲུང་བ་མ་གཏོགས་པ།

ནང་ནམ་འཆི་ངེས་མེད་བསམས་ནས་སྡོམ་པ་མིག་གི་འབྲས་བུ་ལྟར་བསྲུང་བ་ག་ལ་ཡོད། ཁྱོད་ཀྱིས་བྱས་པ་ཐམས་ཅད་སྡིག་པའི་ལས་སུ་བྱས། ཟོས་པ་ཐམས་ཅད་དཀོར་གྱི་ལས་སུ་ཟོས། ཁྱོད་ཀྱིས་སྡིག་པ་བསགས་པའི་རྡེའུ་ནག་པོ་འདི་ཙམ་ཡོད་དོ་ཟེར་ཞིང་རྡེའུ་ནག་པོ་སྤར་ཕྱེད་ཙམ་སྤུངས་སོང་། ཡང་སྤྲེའུ་མགོ་ཅན་གྱིས་ལངས་ནས་རྡེའུ་དཀར་ནག་གཉིས་པོ་རྒྱ་མ་ལ་བཏེག་སོང་བས། སྤྲེའུ་མགོ་ཅན་གྱི་ཞལ་ནས། རྡེའུ་དཀར་ནག་གཉིས་ནག་པོ་ཉུང་ཞིང་ཡང་བར་འདུག །དཀར་པོ་མང་ཞིང་ལྕི་བར་འདུག་པས། འདི་ནི་མཐོ་རིས་གནས་ལ་གཏོང་རོགས་མཛོད་ཅིག་ཟེར་བ་ལ། ཡང་རཀྴ་གླང་གི་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། དེ་ནས་ཆོས་ཀྱི་རྒྱལ་པོས་སྲིད་པ་ལས་ཀྱི་མེ་ལོང་ལ་གཟིགས་ནས། ཞལ་འཛུམ་པ་མཛད་ཀྱིན་འདུག །སྡིག་པ་བྱས་པའི་མི་དེ་མང་བར་འདུག་སྟེ། ལས་ངན་སྡིག་པ་བསགས་པ་ལ། འགྱོད་སེམས་བྱེད་མཁན་ཁྱོད་ལས་མི་འདུག་པས། མི་ལ་ལ་ནི་གཞོན་དུས་སུ་ལྷ་ཆོས་བྱས་ཀྱང་། རྟིང་མ་སྡིག་པ་བསགས་པའི་རྣམ་སྨིན་འཁུར་དགོས་པ་རང་འགའ་ཞིག་འདུག་གོ །ངས་ལས་ཀྱི་མེ་ལོང་ལ་བལྟས་པས་ཁྱོད་ཀྱི་བྱ་བ་དོན་ལྡན་བྱས་ནས་འདུག་གོ །ཡར་མཆོད་མར་སྦྱིན་གྱི་དགེ་བ་ཡང་བཏང་འདུག །ཁྱོད་རང་གི་གཙུག་གཡུ་ལ་བཏགས་པའི་གསེར་གྱི་ཨ་ལོང་དེ་ཡང་། ཇོ་བོ་རིན་པོ་ཆེ་ལ་གསེར་ཆབ་བསྒྲོན་ནས་འདུག་གོ །

ལས་རྒྱུ་འབྲས་ཀྱི་ཆོས་ཐོས་པ་ཙམ་གྱིས་ཀྱང་དེ་ལ་ངེས་ཤེས་སྐྱེས་ནས་ཀྱང་། སྔར་བྱས་སྡིག་པའི་ལས་ལ་འགྱོད་སེམས་སྐྱེས། ལུས་ངག་ཡིད་གསུམ་སྡིག་པ་དག་ཕྱིར་དུ། བསྙེན་གནས་བསྙུང་གནས་ཀྱང་མང་བར་བསྲུངས་ནས་ཀྱང་། ཁྱོད་ཀྱི་ཚེ་སྟོད་ལ་སྡིག་པ་མང་པོ་ཡོད་ཀྱང་། དེ་ལ་འགྱོད་སེམས་དྲག་པོ་རང་བྱས་ནས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཤགས་པ་བྱས་པས། སྐད་ཅིག་དྲན་ཆོག་གི་ཆོས་ཡིན་པས། དེའི་འབྲས་བུས་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་འདུག །མི་ཡུལ་དུ་མི་ལུས་ལེན་པར་སོངས་ཤིག་གསུངས་སོ། །འཕན་ཡུལ་གླང་ཐང་ཞེས་པ་རུ་མི་ལུས་གཙང་མ་ལོངས་ཤོག་གསུང་གིན་འདུག་གོ །ཁྱོད་མི་ནག་གི་ཆ་ལུགས་ཡིན་འདུག་ཀྱང་། བསྙེན་གནས་བསྙུང་གནས་བསྲུངས་སྐབས་སུ། སྡོམ་པ་གཙང་མ་བསྲུང་བའི་ཕན་ཡོན་གྱིས། ཕན་ཡུལ་གླང་ཐང་ཞེས་བྱ་རུ། སྐྱེས་པ་ཕོ་ལུས་བླངས་ནས། བླ་མ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ་ནས། དགེ་སློང་དགྲ་བཅོམ་པ་ཡང་དག་པ་ཐོབ་པ་ཡོད་དོ་གསུངས་པས། བུད་མེད་དེ་ཡང་དམྱལ་བའི་སྡུག་བསྔལ་མྱོང་མི་དགོས་པར། མཐེ་བོང་ནམ་མཁའ་ལ་སྐྱེར་ནས་སོང་ངོ་། །བུད་མེད་དེའི་ཁ་ནས་འཕྲིན་འདི་ལྟར་སྐུར་གྱིན་འདུག་གོ །ལས་འཕྲོ་ཅན་མི་ཡུལ་ལ་འབྱོན་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། སྤྱིར་འཛམ་བུ་གླིང་ལ་འཕྲིན་པ་མཛོད། སྒོས་ཆོས་འཁོར་ལྷ་སའི་ཕྱོགས་ལ་འཕྲིན་པ་གྱིས། ང་མ་ཅིག་ལྷ་ལྷ་ཟེར་བ་ང་། ཚེ་སྟོད་འཇིག་རྟེན་གྱི་བྱ་བ་བྱས། ཚེ་སྨད་འཆི་ཁར་ཕན་པའི་ཆོས་ཤིག་བྱས། ཆོས་བྱས་པ་འདི་ལ་སྙིང་པོ་འདུག་གོ་གྱིས། བསགས་པའི་ནོར་རྫས་སྦྱིན་པར་ཐོངས་ཤིག་གྱིས། དད་གུས་མོས་པས་ཕྱག་དང་སྐོར་བ་གྱིས། མཚན་ལྡན་ཇོ་བོ་ལ་མོས་གུས་སྐྱེད་ཅིག་གྱིས། ཐུགས་རྗེ་དང་ནུས་པ་འདུག་གོ་གྱིས། འཕན་ཡུལ་གླང་ཐང་ཞེས་བྱ་རུ། མི་ལུས་གཙང་མ་ཐོབ་ནས་ཀྱང་། ཚུལ་ཁྲིམས་སྲུང་བའི་དགེ་སློང་ཐོབ་སོང་གྱིས་ཟེར་ནས། བུད་མེད་དེ་ཡང་འཕན་ཡུལ་གླང་ཐང་ཕྱོགས་ལ་མི་ལུས་གཙང་མ་ལེན་པར་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་དྲུང་དུ། ལས་མཁན་གཤིན་རྗེ་ཕོ་ཉའི་ཚོགས་ཀྱིས་བུད་མེད་གཅིག་ཁྲིད་བྱུང་ངོ་། །བུད་མེད་དར་རྒན་དུ་ཡོད་པ། མུ་ཏིག་གི་སྤྲུལ་ཐོད་ཡོད་པ། ལག་ཏུ་དུང་གི་ཕྲེང་བ་ཐོགས་པ་གཅིག །ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ། ལུས་འདར་ཞིང་མཆི་མ་འདོན་པ་དང་། སྨྲ་མ་ནུས་པར་ཡུན་རིང་ལུས་སོང་། ཡང་ཆོས་ཀྱི་རྒྱལ་པོས་བུད་མེད་དེ་ལ་དྲི་བ་སྔར་བཞིན་མཛད་ཀྱིན་འདུག་པ་ལ། བུད་མེད་དེས་ཆོས་ཀྱི་རྒྱལ་པོ་ལ་དྲི་ལན་འདི་ལྟར་འབུལ་གྱིན་འདུག་གོ །ཀྱེ་མ་ཀྱེ་ཧུད་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ལས་ངན་ཚོགས་མ་བསགས་ཀྱི་སྡིག་ཅན་བུད་མེད་ང་། ངའི་སྐྱེ་ས་གཙང་གི་ཕྱོགས་ནས་ཡིན། ཡང་སྒོས་གཙང་གི་བྱམས་ཆེན་ཕྱོགས་ནས་ཡིན། སྐྱེས་པའི་ཡུལ་ལ་མཁར་ཅིག་ལུང་རིང་ཟེར། ཆོས་བྱས་དགེ་བ་འདི་གཏང་ཞུ་རྒྱུ་མེད། ལས་ངན་སྡིག་པ་བསགས་པའི་ཉེས་དམིགས་བདག་ལ་ཡོད། བདག་གི་སྐྱིད་སྡུག་ཆོས་ཀྱི་རྒྱལ་པོས་གཟིགས་ཟེར་ཞིང་། མཆི་མ་མང་དུ་འདོན་ཅིང་ལག་པ་གཡས་གཡོན་རང་གི་བྲང་ལ་རྒྱག་ཅིང་འདུག་པ་ལ། ཡང་བུད་མེད་དེའི་གཡོན་ཕྱོགས་ནས་ལྷ་དཀར་པོ་དེ་བཞེངས་ནས། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་ལ། ངའི་བུད་མེད་བསམ་གཏན་ཟེར་བ་འདི། ཡར་མཆོད་མར་སྦྱིན་གྱི་དགེ་བ་མ་བཏང་ཡང་། དཀོན་མཆོག་དབུ་འཕང་མ་སྨད་དོ། །བླ་མའི་ཐུགས་ཀྱང་མ་དཀྲུགས་སོ། །ཤེས་བཞིན་གྱི་སྒྲིབ་པ་བྱུང་དོགས་མེད། རྒྱུན་དུ་སྒྲོལ་མ་ཉིད་ལ་གསོལ་བ་བཏབ་པ་དང་། མི་ལ་བརྣབས་སེམས་གནོད་སེམས་མ་བྱས་པས་རྡེའུ་དཀར་པོ་འདི་ཙམ་ཡོད་ཟེར་ནས་སྤར་ཕྱེད་ཙམ་སྤུངས་སོང་། ཡང་བུད་མེད་དེའི་གཡས་ཕྱོགས་ནས་འདྲེ་ནག་པོ་དེ་ལངས་ནས། འདྲེ་ནག་པོའི་ཁ་ནས་འདི་ལྟར་ཟེར་རོ། །ལས་ངན་ཅན་གྱི་བུད་མེད་སྡིག་ཅན་ཁྱོད། དགེ་སྡིག་མི་ཤེས་ཟེར་ནས་དགེ་བ་གང་བཏང་བ། བསམ་ངན་མ་བྱས་ཟེར་ཞིང་ཁྱིམ་མཚེས་ཆས་རྣམས་སྦས། དཀར་ནག་མི་བདེན་ཟེར་ཞིང་བྲེ་ལོག་སྲང་ལོག་བྱས། སྡིག་པ་བསགས་པའི་རྡེའུ་ནག་པོ་འདི་ཙམ་ཡོད་ཟེར་ནས། རྡེའུ་ནག་པོ་སྤར་གང་ཙམ་ཞིག་སྤུངས་སོང་། ལས་མཁན་སྤྲེའུ་མགོ་ཅན་དེ་ལངས་ནས་རྡེའུ་དཀར་ནག་གཉིས་སྲང་ལ་བཏེག་སོང་བས། ཡང་སྤྲེའུ་མགོ་ཅན་ན་རེ། རྡེའུ་དཀར་ནག་གཉིས་ཡང་ལྕི་མི་འདུག་པས། ཆོས་ཀྱི་རྒྱལ་པོས་གཟིགས་ཤིག་ཟེར་བ་ལ། ཡང་ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས་རཀྴ་གླང་གི་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་ལྟར་གསུངས་སོང་། དལ་འབྱོར་གྱི་མི་ལུས་ཐོབ། དབང་པོ་ཚང་བར་སྐྱེས་ཀྱང་། ཐ་མལ་དུ་ལུས་པ་འགའ་ཞིག་ཡོང་གི་འདུག་ཨང་། ཉེས་ལྟུང་དྲི་མའི་ཚོགས་རྣམས་ང་ཡི་ཟ་ལྟུང་སྡིག་དང་མ་འདྲེས་པ་མི་སྲིད་པས། ལར་དངོས་སྡིག་དུམ་ཙམ་ཞིག་འདུག་སྟེ། ཁྱོད་ཀྱིས་སྒྲོལ་མ་ཉིད་ལ་གསོལ་བ་བཏབ་པའི་ཐུགས་རྗེ་ཡིས་སྡིག་པ་གཞན་རྣམས་དག་འདུག །སྡིག་པ་ཕྲན་བུ་བསགས་པའི་ཉེས་དམིགས་པ། ཞག་གསུམ་གྱི་བར་དུ་དམྱལ་བར་མྱོང་དུ་བཅུག །དེ་ནས་དམྱལ་བ་ནས་ཐར་ནས་ཀྱང་། རི་མཐོ་ས་གཙང་དབུལ་ཕོངས་བཀྲེས་སྐོམ་གྱི་སྡུག་བསྔལ་མེད་པར། འདབ་ཆགས་བྱའི་སྐྱེ་བ་ལོངས་ཤོག་གསུངས་སོ། །

དེའི་བར་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་སོང་། ཡང་བུད་མེད་དེའི་ཁ་ནས་འཕྲིན་པ་འདི་ལྟར་བསྐུར་གྱིན་འདུག་གོ །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན།

འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། སྤྱིར་དབུས་གཙང་ཕྱོགས་ལ་འཕྲིན་པ་མཛོད། སྒོས་རིན་དཔུངས་བྱམས་ཆེན་ཕྱོགས་ལ་འཕྲིན་པ་མཛོད། ངའི་ལུས་ཤ་ཁྲག་ནས་ཆད་པའི་བུ་བེལ་ལོད་ལ་འཕྲིན་པ་མཛོད། ཕ་ས་སྐྱོང་འབྲུག་རྒྱས་ནི་སྔོན་ལ་གཤེགས། ང་ལུས་སེམས་བསྐྱེད་པའི་ཨ་མ་ལ། བུ་ཡིས་མི་བསམ་སུ་ཡིས་བསམ། ཐུགས་རྗེ་ཆེན་པོའི་ཡང་སྙིང་འགྲུབ་བོ་ཟེར། འགྲོ་བ་སེམས་ཅན་ཐམས་ཅད་ལ་འགྲོ་དོན་འདུག་གོ་གྱིས། ཨ་མ་དམྱལ་བའི་གནས་ལ་ལྷུང་སོང་གྱིས། མཐོ་རིས་སྐས་ཀ་ཚུགས་ཤོག་གྱིས། མ་རིག་མུན་པའི་སྒྲོན་མེ་སྤོར་ཅིག་གྱིས། ཨ་མ་སྡུག་བསྔལ་གྱི་གོང་བུར་བསྡད་འདུག་གྱིས། ཟེར་ནས་གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་སོང་། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ནས། སྐད་ཀྱི་ང་རོ་དྲག་པོ་ཞིག་བཏང་བྱུང་བས། མི་ཡུལ་དྲན་པ་སྒང་ཤེད་ནས། ཚེ་ལས་འདས་པ་ཞིག་ཡོང་གིན་འདུག་པས་ད་ལྟ་ཉིད་དུ་ཁྲིད་ཤོག་གསུངས་པའི་སྐད་ཀྱིས་ང་རོ་དྲག་པོ་བཏང་བྱུང་བས། ལས་མཁན་གཤིན་རྗེ་ཕོ་ཉའི་ཚོགས་རྣམས་གཟུགས་རི་རབ་དང་མཉམ་པ། ཞལ་གནམ་ལ་རེག་པ། མིག་ཉི་ཟླ་དང་མཉམ་པ། མཆེ་བ་གངས་རི་ཙམ་གཙིགས་པ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། ཞགས་པ་ནག་པོ་ཐོགས་པ། ངག་ནས་རྒྱོབ་རྒྱོབ་སོད་སོད་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ཙམ་གྱི་སྒྲ་སྒྲོག་ཅིང་། གཤིན་རྗེ་རྣམས་ཆས་ནས་སོང་བ་ལ། ཡ་གིའི་ཟམ་པ་རིང་མོ་དེའི་སྣ་ནས་མར་ལ། བླ་མ་མ་ཎི་བ་དབུ་ལ་དོམ་ར་གསོལ་བ། ཕྱག་ན་མ་ཎིའི་འཁོར་ལོ་བསྐོར་ཞིང་། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གསུང་ཞིང་མ་ཎིའི་སྒྲ་དི་རི་རི་བྱས་ནས་ཆོས་རྒྱལ་དྲུང་དུ་ཕེབས་ནས་འདུག་གོ །དེར་ཆོས་ཀྱི་རྒྱལ་པོ་ཁྲི་སྟེང་ནས་བཞེངས་ནས་ཞལ་འཛུམ་པ་མཛད་ཅིང་། ཆོས་ཀྱི་རྒྱལ་པོའི་ཞལ་ནས། མ་ཎི་བ་དེ་འདིར་བྱོན་པ་ངོ་མཚར་ཆེ་ཞིང་། འགྲོ་བ་སེམས་ཅན་གྱི་དོན་ཇི་ལྟར་མཛད་གསུང་གིན་འདུག་པ་ལ། ཡང་མ་ཎི་བ་དེས་ཆོས་ཀྱི་རྒྱལ་པོ་ལ་ཕྱག་དང་སྐོར་བ་བྱས་ཏེ་འདི་སྐད་ཅེས་ཞུས་སོང་། ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ང་བསོད་ནམས་བསགས་པས་དལ་འབྱོར་མི་ལུས་ཐོབ། སྨོན་ལམ་འབྲེལ་བས་དམ་པའི་ཆོས་དང་མཇལ། དེ་ནས་ངའི་བསམ་བློ་རེ་བཏང་བས། འཆི་བ་མི་རྟག་པ་དྲན་ནས། རང་ཉིད་གཅིག་པུ་བར་དོའི་གནས་ན་ཐོན་པ་ཙམ་མ་ལགས་པས་འགྲོ་བ་སེམས་ཅན་ཐམས་ཅད་ཐར་པའི་ལམ་ལ་འདྲེན་ནུས་པ་ཞིག་བྱེད་དགོས་བསམས་ནས། ལུས་ཀྱི་སྒོ་ནས་བསླབ་པ་གསུམ་གྱི་སྡོམ་པ་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུངས། ངག་གི་སྒོ་ནས་ཕྲ་མ་ཚིག་རྩུབ་རྣམས་སྤངས། རྒྱལ་ཁམས་ཐམས་ཅད་ལ་ཡི་གེ་དྲུག་མའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ལས་རྒྱུ་འབྲས་ཀྱི་ཆོས་རྣམས་བཤད་ནས། མི་རྣམས་སྔར་བྱས་ཀྱི་སྡིག་པའི་ལས་ལ་འགྱོད་སེམས་སྐྱེས་ནས། ཐམས་ཅད་དགེ་བ་ལ་བཀོད་ནས་བློ་ཆོས་སུ་བསྒྱུར་བ་ཡང་ཡོད་ལགས། རང་རྒྱལ་ཁམས་ལ་འགྲོ་དུས། ཡོན་བདག་རྣམས་ཀྱི་ལག་ནས་འཕྲལ་བཟའ་བཏུང་ཕྲན་བུ་ཟོས་པ་མ་གཏོགས། གཞན་ཡོན་བདག་རྣམས་ཀྱིས་འབུལ་བ་བྱས་པ་རྣམས། དགེ་ཕྱོགས་སུ་བཏང་བ་མ་གཏོགས་རང་གི་ལྟོ་གོས་ཀྱི་དབང་དུ་བཏང་བ་ནི་གཅིག་ཀྱང་མེད་ལགས། ཡང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རི་ཆེན་པོའི་རྩེ་ནས་སྐད་ཀྱི་ང་རོ་ཆེན་པོས་ཡི་གེ་དྲུག་མའི་པད་དབྱངས་འཐེན། དེ་བཞིན་དུ་ཆུ་ཆེན་པོའི་འགྲམ་དུ་ཡང་འཐེན། རླུང་ཆེན་པོ་ལངས་པའི་དུས་སུ་ཡང་འཐེན། ངག་གྲེ་བ་བདེ་བ་ལ་སེམས་བསྐྱེད་བཟང་པོའི་ངང་ནས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་ཎིའི་པད་དབྱངས་འཐེན་པ་ལགས། ཆོས་ཀྱི་རྒྱལ་པོ་ཡང་ལས་དགེ་སྡིག་གི་རྩིས་གྲངས་དང་། རྒྱུ་འབྲས་བག་ཕྱེ་བས་ཞིབ་པར་འདུག་ཟེར་བ་དེ་བདག་གིས་ཐོས་པས། ངའི་ལུས་ངག་ཡིད་ཀྱི་སྒོ་ནས་བསགས་པའི་ཉེས་བྱས་འདུག་ན། བདག་གི་ལུས་ཐོག་འདི་རུ་ཐོང་ཞིག །གཞན་མ་སངས་རྒྱས་ཐམས་ཅད་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་གི་སྨོན་ལམ་འགྲུབ་པར་ནུས་ན། བདག་ལ་དྲིན་ཆེ་བའི་ཕ་མས་ཐོག་དྲངས་པའི། བདག་ལ་ཟས་འབྲེལ་ཆོས་འབྲེལ་ཐོགས་ཚད་དང་། མདོར་ན་འགྲོ་བ་སེམས་ཅན་ཐམས་ཅད་མཐོ་རིས་གནས་ལ་འདྲེན་ནུས་པར་གྱུར་ཅིག་ཅེས་ཞུས་པས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། ལས་ཀྱི་མེ་ལོང་ལ་ལྟ་མི་དགོས་པ་ཞིག་ཡིན་པ་འདུག་སྟེ། འོན་ཀྱང་ལྟོས་ཤིག་གསུངས་ནས། གཤིན་རྗེ་གླང་གི་མགོ་ཅན་གྱིས། སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། དེར་ཆོས་ཀྱི་རྒྱལ་པོས་ཞལ་འཛུམ་པ་མཛད་ནས། ཆོས་ཀྱི་རྒྱལ་པོས་སྲིད་པ་ལས་ཀྱི་མེ་ལོང་ལ་གཟིགས་ནས། ལར་བླ་མ་མ་ཎི་བ་རྣམས་ལ་ཡར་བཤད་མར་བཤད་ཀྱི་དགེ་སྡིག་གཉིས་སུ་ཡོང་གིན་འདུག་པ་ལ། ཁྱོད་ལུས་ཀྱི་སྒོ་ནས་སྡིག་པ་དང་དཀོར་ལ་འབགས་པ་མི་འདུག །ངག་གི་སྒོ་ནས་རྫུན་དང་ཚིག་རྩུབ་མ་བྱས་པར་འདུག །ཡིད་ཀྱི་སྒོ་ནས་བརྣབ་སེམས་དང་གནོད་སེམས་མ་བྱས་པར་འདུག །ལར་མི་བདུན་ལས་མ་བྱུང་ཡང་མ་ཎི་བསྐུལ་ནུས་པ་དེ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ནོ། །དེ་ཡང་ཆོས་ཟབ་སར་བདུད་ཟབ་ཟེར་བ་བཞིན། ལ་ལ་ནོར་འདོད་སྐྱེས་ནས་མ་ཎི་ལྟོ་གོས་ཀྱི་ཕྱིར་དུ་བསྐུལ་བ་འགའ་ཞིག་ཡོད། དེ་རྣམས་ནི་ཐུགས་རྗེ་ཆེན་པོའི་བཀའ་དང་འགལ་བ་ཡིན་གསུངས། ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱོད་ཀྱི་མིང་ལ་བསོད་ནམས་རིན་ཆེན་ཟེར་བ་ཡིན་པར་འདུག །ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བ་བསྒྲུབས་ཤིང་སེམས་ཅན་གྱི་དོན་མཛད་པ་དེ་ཐུགས་རྗེ་ཆེན་པོའི་ཐུགས་ཀྱི་སྲས་ཡིན་ནོ། །ཡང་ཆོས་ཀྱི་རྒྱལ་པོའི་མ་ཎི་བ་དེའི་མགོ་ལུས་མེད་པར་སྤྱན་ཁྲ་ཧྲིག་ཧྲིག་པ་གཟིགས་ནས་ཁྱོད་སྔོན་ནས་བསོད་ནམས་བསགས། དགེ་བ་སྒྲུབ་པའི་མི་ཞིག་ཡིན་པར་འདུག་པས། མ་གིའི་དམྱལ་ཁམས་བཅུ་དྲུག་གི་ནང་ན། རང་རང་གི་ལས་ཀྱི་རྣམ་པར་སྨིན་པའི་སྡུག་བསྔལ་མྱོང་མི་ཐམས་ཅད་ཡར་དྲོངས་ལ་མཐོ་རིས་གནས་སུ་བྱོན་ཅིག་གསུང་གིན་འདུག་པ་ལ། གཞན་ཡང་ཚོགས་མ་བསགས་པའི་མི་ལས་འབྲེལ་ཆོས་འབྲེལ་ཟས་འབྲེལ་མེད་པའི་མི་རྣམས་ལ་ཁྱོད་ཀྱིས་སྨོན་ལམ་རྒྱ་ཆེན་ཐོབ་ཅིག་གསུངས་ནས། དེར་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ད་ཁྱོད་རང་ཡ་གིའི་ཕོ་བྲང་གི་རྩེ་ནས་གཟིགས་ཤིག་གསུངས་ནས། དེར་གཤིན་རྗེ་དོམ་གྱི་མགོ་ཅན་གྱིས། མ་ཎི་བ་དེ་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་གི་རྩེར་ཁྲིད་ནས་འདུག་པ་ལ། དེར་ཕོ་བྲང་གི་རྩེ་ནས་བལྟས་པའི་དེའི་དུས་ན་རོལ་མོའི་སྒྲ་དང་འོད་ཆེན་པོ་ཞིག་བྱུང་ངོ་། །ཡང་ངའི་བསམ་པ་ལ་སུ་ཞིག་འབྱོན་པ་ཡིན་ནམ་བསམ་པ་བྱུང་བ་ལ་བར་སྣང་ཐམས་ཅད་འཇའ་དང་འོད་ཀྱིས་གང་བའི་ཁྲོད་ནས། དབུ་ལ་པྲོག་ཞུ་གསོལ་བ། ཕྱག་ན་ཌ་མ་རུ་བསྣམས་པ། རུས་པའི་རྒྱན་དྲུག་གསོལ་བ་དེ་རྣམས་ཀྱིས་དར་ལམ་འཐེན། དེའི་སྔོན་ཁྲོ་བོའི་ཆ་ལུགས་ཅན་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། ལག་གཡས་ནོར་བུ་དང་གཡོན་བྷན་དྷ་བསྣམས་པ། དེ་རྣམས་གར་སྟབས་ཀྱི་ཚུལ་དུ་འགྲོ་ཞིང་། གཡས་བསྐོར་དུ་བྱས་ནས་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་ཕེབས་ནས་བྱུང་ངོ་། །

དེར་ཀརྨ་དབང་འཛིན་གྱིས་ཞིབ་པར་བལྟས་པས། ཆོས་ཀྱི་རྒྱལ་པོ་ནི་དགོངས་པ་ལ་བཞུགས་འདུག །དེའི་སྐབས་སུ་ཁྲོ་བོ་རྣམས་གར་སྟབས་ཀྱི་ངང་ནས། གླུ་དབྱངས་ཚིགས་སུ་བཅད་པ་འདི་ལྟར་ཕུལ་ལོ། །རིག་དང་མ་རིག་གཉིས་ཀྱི་མཚམས་ཤེད་ན། །ཉོན་མོངས་སྡུག་བསྔལ་སེལ་མཛད་པའི། །ལྷ་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལས་དཀར་ནག་དགེ་སྡིག་ཤན་འབྱེད་ཀྱི། །སྡིག་ཅན་དམྱལ་བར་ཚར་གཅོད་ཅིང་། །ལས་ཅན་མཐོ་རིས་གནས་སུ་འདྲེན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །འཛམ་བུ་གླིང་གི་སྐྱིད་སྡུག་སྔོན་ལས་ཡིན། །ལས་ངན་གྱི་སྡུག་བསྔལ་བསམ་ལས་འདས། །བཟང་ངན་གྱི་དབྱེ་བ་འབྱེད་མཛད་པའི། །ཐུགས་རྗེ་ཆེན་པོའི་བཀའ་སྒྲུབ་པའི། །མཐོང་ཐོས་དྲན་རེག་དེ་གར་བཞུགས་པ། །སེམས་ཅན་སྙིང་རྗེས་འདྲེན་མཛད་པའི། །བསོད་ནམས་རིན་ཆེན་དེ་གང་ན་བཞུགས། །ད་ལྟ་མཁའ་སྤྱོད་གནས་སུ་གཤེགས། །གསུངས་ཤིང་གར་སྟབས་དང་སྦྲགས་ནས་མཆོད་པའི་བྱེ་བྲག་རྣམས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕུལ་བ་ལ། ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁོང་རྣམས་ལ་འདི་ལྟར་གསུངས་སོ། །ངའི་ཐུགས་སྲས་བསོད་ནམས་རིན་ཆེན་ཟེར་བ་འདི། །སྐལ་ཅན་ལས་ཅན་རྣམས་ཀྱིས་ཞབས་ནས་བཏེག །འཛམ་བུའི་གླིང་དུ་སེམས་ཅན་འགྲོ་དོན་མཛད། །དད་མེད་ལོག་ལྟ་ཅན་ཚོ་དམྱལ་བར་ལྷུང་། །བཟང་ངན་མི་འབྱེད་ཐར་པའི་ལམ་སྣ་འདྲེན། །འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི། །ཐུགས་ཀྱི་སྲས་པོ་དེ་འདྲ་འདུག །ངའི་ཐུགས་སྲས་བསོད་ནམས་རིན་ཆེན་འདི། །འགྲོ་བ་སེམས་ཅན་རྣམས་ཀྱི་ལམ་སྣ་དྲོངས། །དཔའ་བོ་མཁའ་འགྲོ་གིང་དང་བཅས་པ་ཡིས། །འགྲོ་བ་སེམས་ཅན་རྣམས་ཀྱི་རྒྱབ་ནས་སྐྱོར། །ལས་ཀྱི་རླུང་དམར་དྲག་པོས་མ་སྐྱོད་པར། །བདག་གི་སྨོན་ལམ་རྣམ་དག་འགྲུབ་གྱུར་ན། །སངས་རྒྱས་ཞིང་དུ་གཤེགས་གྱུར་ཅིག །གསུངས་ནས་ཆོས་ཀྱི་རྒྱལ་པོ་ཐུགས་དགོངས་པ་ལ་བཞུགས་འདུག །ཡང་མ་ཎི་བ་དེས་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་གི་རྩེ་ནས་མ་ཎི་ནམ་མཁའ་ལ་བསྐོར་ཞིང་འདི་ལྟར་གསུང་གིན་འདུག་གོ །མ་གིའི་དམྱལ་ཁམས་བཅུ་དྲུག་ནང་ཤེད་ན། །ང་ལ་འབྲེལ་བ་ཐོགས་པའི་མི་ཡོད་ན། །མི་ང་ངོ་མ་ཤེས་ཟེར་འདུག་ན། །ང་མ་ཎི་བ་བསོད་ནམས་རིན་ཆེན་ཟེར་བ་ཡིན། །ལས་མི་དགེ་བཅུ་པོ་རྒྱབ་ཏུ་བོར། །དགེ་བ་བཅུ་པོ་དང་དུ་བླངས། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམས། །སྤྱི་བོར་ཐུགས་རྗེ་ཆེན་པོ་བསྒོམས། །རྒྱུན་དུ་ཡི་གེ་དྲུག་མ་བགྲངས། །ང་ལ་ཟས་འབྲེལ་ཐོགས་ཚད་ཡར་ཤོག་དང་། །དོན་འབྲས་བུའི་ཆོས་རྣམས་མ་གོ་བའི། །བློ་ང་རྒྱལ་གྱི་དབང་དུ་སོང་བ་རྣམས། །བློ་ང་རྒྱལ་སྤོངས་ལ་ཡར་ཤོག་དང་། །མ་གི་ལྕགས་རིའི་ཁོར་ཡུག་ནང་ཤེད་ན། །རང་གཟུང་འཛིན་གྱི་ལྟ་བ་མ་ཆོག་པའི། །ཉོན་མོངས་ཀྱི་དབང་དུ་སོང་བ་རྣམས། །ང་ལ་ཆོས་འབྲེལ་ཐོགས་ཚད་ཡར་ཤོག་དང་། །བློ་ཉོན་མོངས་སྤོངས་ལ་ཡར་ཤོག་དང་། །ང་ནི་རི་བོ་ཏ་ལའི་གནས་སུ་འགྲོ། །མ་གིའི་ལྕགས་རིའི་ཁོར་ཡུག་ནང་ཤེད་ན། །སྔོན་ལས་ཀྱི་རྣམ་སྨིན་ཐོག་ཏུ་ཁུར། །འཕྲལ་ལྟར་སྣང་གི་བྱ་བ་ཙམ་ཞོག་ལ། །ང་མ་ཎི་བ་བསོད་ནམས་རིན་ཆེན་ཟེར་བ་ང་། །ངའི་བཀའ་ལ་ཉོན་ལ་ཡར་ཤོག་དང་། །སེམས་འཁྲི་བ་ཆོད་ལ་ཡར་ཤོག་དང་། །དེ་སྐད་ཅེས་གསུང་གིན་འདུག་པ་ལ། མ་གིའི་ལྕགས་རིའི་ཁོར་ཡུག་གི་ནང་ན་ཡོད་པའི་མི། ཁོང་ཟས་འབྲེལ་ཆོས་འབྲེལ་དང་། མདོར་ན་ངན་འབྲེལ་ཐོགས་པ་ཐམས་ཅད་ཁོང་གི་གསུང་ཐོས་པ་ཙམ་གྱིས་ཁོང་གི་རྗེས་ལ་ཡར་ལངས་སོང་། ཡང་བཟང་འབྲེལ་དང་ངན་འབྲེལ་གཅིག་ཀྱང་མེད་པ་རྣམས་ནི་ད་དུང་དམྱལ་བའི་སྡུག་བསྔལ་མྱོང་ཞིང་། ཁོང་ལ་འབྲེལ་བ་མ་བཏང་པའི་འགྱོད་པ་རྟས་མི་ཟིན་པ་འདུག །ཡང་མ་ཎི་བ་དེ་ནི་ཡ་གི་འཇའ་དང་འོད་ཀྱི་ཁྲོད་ན་ཞབས་གཉིས་གར་སྟབས་ལིང་བའི་ངང་ནས་ལམ་གྱི་བར་སྐེད་དེ་ནས། མ་ཎི་བ་དེའི་ཞལ་ནས། ཀརྨ་དབང་འཛིན་ལ་མི་ཡུལ་དུ་འཕྲིན་པ་འདི་ལྟར་སྐུར་གྱིན་འདུག་གོ །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། །སྤྱིར་འཛམ་བུའི་གླིང་ལ་འཕྲིན་པ་མཛོད། །སྒོས་གཙང་གི་ཕྱོགས་ལ་འཕྲིན་པ་གྱིས། །ངའི་སྲིང་མོ་དཀར་གསལ་ལ་འཕྲིན་པ་གྱིས། །ཨ་ཇོ་ཐར་པའི་ལམ་ལ་སོང་ངོ་གྱིས། །དྲིན་ཆེན་ཕ་མས་ཐོགས་དྲངས་པའི། །བཟང་འབྲེལ་ངན་འབྲེལ་ཐོགས་ཚད་རྣམས། །ཐར་པའི་ལམ་ལ་དྲངས་སོང་གྱིས། །ངན་སོང་སྒོ་མོ་བཀག་སོང་གྱིས། །ཡི་དམ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་རྒྱུན་དུ་འདེབས་ནུས་ན། །ཐུགས་རྗེ་དང་ནུས་པ་འདུག་གོ་གྱིས། །དམྱལ་བའི་སྡུག་བསྔལ་ལས་ཐར་སོང་གྱིས། །སྤྱིར་ནི་རྒྱལ་ཁམས་བསྐོར་བ་ཡི། །བླ་མ་མ་ཎི་བ་རྣམས་ལ་འཕྲིན་པ་གྱིས། །ཞེ་སྡང་ང་རྒྱལ་ཕྲག་དོག་སྤོངས། །རང་ནོར་འདོད་ཀྱི་དབང་དུ་མ་སོང་བར། །དྲིན་ཅན་ཕ་མས་ཐོགས་དྲངས་པའི། །མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རྣམས། །བསགས་པའི་སྡིག་སྒྲིབ་བྱང་ངོ་བསམ། །ངན་སོང་གི་སྡུག་བསྔལ་སེལ་ལོ་བསམ། །ཐུགས་རྗེ་ཆེན་པོའི་ཡང་སྙིང་འདི། །སེམས་ཅན་གྱི་དོན་ལ་སྐུལ་ཅིག་གྱིས། །རང་དོན་སྤོངས་ལ་འགྲོ་དོན་གྱིས་ཤིག་གསུངས། །ཐར་པའི་ལམ་ལ་དྲོངས་ཤིག་གྱིས། །སྤྲང་པོ་བསོད་ནམས་རིན་ཆེན་ང་། །གཟུགས་སྐྱེ་འབྲས་སྒོ་ལོ་མ་ལེགས་ཀྱང་། །ངག་གྲེ་འགྱུར་བདེ་བ་མེད་ལགས་ཀྱང་། །འཇིག་རྟེན་ཆོས་བརྒྱད་སྤངས་ནས་སུ། །རྒྱལ་ཁམས་ཆོས་ཀྱི་འཁོར་ལོ་བསྐོར། །ལར་རྒྱལ་ཁམས་བསྐོར་བའི་མ་ཎི་བ་རྣམས། །ཐམས་ཅད་ང་བཞིན་གྱིས་ཤིག་གསུངས་ནས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གསུངས་ཤིང་འབྲེལ་ཚད་ཀྱི་སེམས་ཅན་དྲངས་ནས་རིག་འཛིན་གྱི་ས་ལ་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་དྲུང་དུ། མི་ཆ་ལུགས་གོས་སྐྱ་མིན་སེར་མིན་བྱས་པ། མགོའི་སྐྲ་ཐམས་ཅད་འཕྱང་ལོག་གེ་བ་བྱས་པ། སྐེ་ལ་རཀྴའི་ཕྲེང་བྱས་པ། ལག་ན་སྤང་མཁར་ཁྱེར་བ། རྒྱབ་ཏུ་ཨུ་རྒྱན་གྱི་ཞལ་ཐང་ཁུར་བའི་མི་གཅིག་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སླེབས་བྱུང་བ་ལ། ཆོས་ཀྱི་རྒྱལ་པོས་མི་དེ་ལ་དྲི་བ་སྔར་བཞིན་ཞིབ་མོར་མཛད་ཀྱིན་འདུག་པ་ལ། མི་དེས་ཆོས་ཀྱི་རྒྱལ་པོ་ལ་དྲིས་ལན་འདི་ལྟར་འབུལ་གྱི་འདུག་གོ །ཀྱེ་མ་ཀྱེ་ཧུད་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ལས་ངན་ཅན་གྱི་སྡིག་ཅན་ང་། ངའི་སྐྱེ་ས་གཙང་གི་ཕྱོགས་ནས་ཡིན། ངའི་རིགས་རུས་སྔགས་པའི་རྒྱུད་ཡིན་ལགས། ཕའི་མིང་ལ་འདི་ལྟར་ཟེར་བ་ལགས། སྔགས་པ་ཧཱུཾ་ནག་མེ་འབར་ཟེར་བ་ཡིན། དེའི་དུས་ན་ཕྱིའི་མི་རྣམས་ཀྱིས། ངའི་ཕའི་གདོང་ལ་བལྟས་ན་ལུས་ཐམས་ཅད་རྩེ་ཞུམ་མེ་བ་བྱེད་ཀྱི་ཡོད་པའི་མཐུ་དང་ནུས་པ་ཡོད་ཀྱང་། ངའི་བསམ་པ་ལ་འཇིག་རྟེན་བྱ་བ་ཇི་ལྟར་མཁས་གྱུར་ཀྱང་། སྙིང་པོ་གཅིག་ཀྱང་མི་འདུག་བསམས་ནས་ང་རང་གི་ལྕམ་གླིང་གིས་ཐོག་དྲངས་པའི་འོད་ཆེ་བ་ཐམས་ཅད་ཀྱིས་གུ་རུ་མཚན་བརྒྱད་ཀྱི་སྐུ་རྣམས་བཞེངས། ང་རང་གི་བུད་མེད་རྒྱན་དུ་མས་བརྒྱན་པ་ཞིག་ཡོད་པ་དེ། རང་གི་ཁ་ལ་ཤིན་ཏུ་ཉན་པར་ཡོད་པས། དེ་ལ་འདི་ལྟར་སྨྲས་ནས་ལར་བསགས་པའི་ནོར་དང་ལུས་ཀྱི་གོས་ལ་ཡང་སྙིང་པོ་མི་འདུག་པས། རང་ཉིད་འཆི་བའི་དུས་ན་ཐམས་ཅད་ཅམ་དེ་བཞག་ནས་འགྲོ་དགོས་པར་འདུག །སྙིང་པོ་གཅིག་ཀྱང་མི་འདུག་ཅེས་སྨྲས་སྟེ། ལུས་ཀྱི་རྒྱན་གོས་ཐམས་ཅད་བཙོངས་ཏེ་གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་བཞེངས། ཡར་ངོ་མར་ངོ་གཉིས་ཀྱི་ཚེས་བཅུ་དང་རྟེན་དེ་རྣམས་ལ་མཆོད་པ་རྒྱུན་དུ་ཕུལ། དེར་རྙིང་མའི་བླ་མ་ཞིག་གདན་དྲངས་ནས་བཀྲ་ཤིས་རབ་གནས་དང་བཛྲ་གུ་རུའི་ལུང་རྣམས་ཞུས་ནས་གུ་རུ་ཉིད་ལ་གསོལ་བ་རྒྱུན་དུ་བཏབ། གྱོང་ལྟོ་གོས་གཏམ་གསུམ་ལ་སྤང་བྱ་བྱས། ང་རང་གི་གཉེན་དང་གྲོང་པ་ཁྱིམ་མཚེས་རྣམས་ཀྱི་ཁ་ནས་ཀྱང་། ཕ་བཟང་དེ་ལྟ་བུའི་བུས་ཕའི་རྐང་འདྲེན། ཉེ་འཁོར་རྣམས་ཀྱི་ཁྱུ་ནས་བུད་པ་དེ་འདྲ་ཡོང་བ། འཇིག་རྟེན་པ་ཡིན་ཟེར་འཇིག་རྟེན་པའི་ལུགས་ཀྱང་མེད། ཆོས་པ་ཡིན་ཟེར་ཆོས་པའི་སྒོམ་ཚུལ་ཡང་མེད། འདི་འདྲའི་བུ་ཡོང་བ་ཨང་ཟེར་ཞིང་ཐམས་ཅད་ཀྱིས་ང་ལ་ལབ་ཅིག་བྱུང་། ལབ་ཀྱང་ང་འཆི་བ་ལ་འཇིགས་ནས་སྡིག་པའི་ལས་ལ་འཛེམས། ཡར་དཀོན་མཆོག་ལ་མཆོད་པ་མར་ངན་སློང་ལ་སྦྱིན་པ་བཏང་། གང་ཡོད་དགེ་བའི་ཕྱོགས་སུ་འབུངས། རྒྱུན་དུ་གུ་རུ་ཉིད་ལ་གསོལ་བ་བཏབ། མ་གིའི་རྩི་རྩི་འུར་འུར་ཟེར་བ་དེ་ལ་མི་གཏོང་རོགས་མཛོད་ཟེར་གྱིན་འདུག་གོ །

ཡང་མི་དེའི་གཡས་ཕྱོགས་ནས་ལྷ་དཀར་པོ་དེ་ལངས་ནས། ཆོས་ཀྱི་རྒྱལ་པོའི་རིན་པོ་ཆེ། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་ལ། ངའི་གཙང་གཞུང་གི་སྔགས་པ་གུ་རུ་ཚེ་རིང་ཟེར་བ་འདི། ནག་པོ་སྡིག་པའི་ལས་རྣམས་རྒྱབ་ཏུ་བསྐྱུར། དཀར་པོ་དགེ་བའི་ལས་རྣམས་མང་དུ་བསགས། ལྟོ་གོས་གཏམ་གསུམ་ཀུན་ལ་གྱོང་བསྐུར་ནས། མི་གྲལ་བུད་ཀྱང་འགྱོད་པ་མེད་པར་བྱས། སེར་སྣས་བསགས་པའི་ནོར་རྫས་ཐམས་ཅད་ཀྱིས། རྒྱུན་དུ་གུ་རུ་ཉིད་ལ་གསོལ་བ་བཏབ། ངག་གིས་བཛྲ་གུ་རུ་རྒྱུན་དུ་བགྲངས། ལུས་ཀྱི་སྒོ་ནས་ཕྱག་དང་སྐོར་བ་བྱས། གུ་རུ་ཉིད་ཀྱང་འབྲལ་མེད་རྒྱུན་དུ་བསྒོམས། དགེ་བའི་འབྲས་བུ་འདི་ལྟར་ཡོད་ཟེར་ཞིང་རྡེའུ་དཀར་པོ་རི་རབ་ཙམ་ཞིག་སྤུངས་སོང་། ཡང་མི་དེའི་གཡོན་ཕྱོགས་ནས་འདྲེ་ནག་པོ་ཁོ་ལངས་བྱུང་སྟེ་འདྲེ་ནག་པོའི་ཁ་ནས་འདི་ལྟར་ཟེར་རོ། །ལྷ་དཀར་པོ་ཁྱོད་ལ་ཟེར་རྒྱུ་དེ་ལས་མེད་དམ། མི་ངན་གུ་རུ་ཚེ་རིང་ཟེར་བ་འདིས་སྡིག་པའི་ལས་ཀྱི་རྣམ་སྨིན་མང་དུ་ཡོད། དགེ་བའི་འབྲས་བུ་ཏིལ་འབྲུ་ཙམ་ཡང་མེད། སྡིག་པ་བསགས་པའི་འབྲས་བུ་འདི་ལྟར་ཡོད་ཟེར་ནས། །རྡེའུ་ནག་པོ་ཐུ་བ་གང་ཙམ་སྤུངས་སོང་། ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས། རཀྴ་གླང་གི་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས་ཆོས་ཀྱི་རྒྱལ་པོས་མེ་ལོང་ལ་གཟིགས་ནས་མི་ཡུལ་དྲན་པ་སྒང་ཤེད་ནས། ཚོགས་བསགས་པའི་མི་རེ་རེ་ཙམ་འདུག །ངའི་སྲིད་པ་ལས་ཀྱི་མེ་ལོང་འདི་ལ་བལྟས་པས་དགེ་བའི་ཕྱོགས་སུ་ཁྱེད་རང་ཟེར་བ་ལྟར་བདེན་པ་འདུག །རྡེའུ་ནག་པོ་དུམ་ཙམ་འདུག་པ་དེ་ནི་ཁྱེད་རང་ན་སོ་གཞོན་དུས་ཁྱེད་ཀྱི་ཕ་དེས་དཀོན་མཆོག་དཔང་དུ་བཙུགས་ནས་བདེན་པ་མ་བརྡར་བར། རང་གི་དཀར་ནག་ཕྲན་བུ་ཡོད་པ་དང་། མིའི་རྔན་པ་ལ་བལྟས་ནས་མཐུ་བཟློག་མང་དུ་བྱས་འདུག་གོ །དེའི་ཟ་མ་ཟོས་པའི་རྣམ་སྨིན་ཡིན་ནོ། །གཞན་མ་ཁྱོད་ཀྱིས་གུ་རུ་ཉིད་ལ་གསོལ་བ་འབྲལ་མེད་བཏབ་འདུག །ནོར་ལོངས་སྤྱོད་ཐམས་ཅད་དཀར་པོ་དགེ་བའི་ཕྱོགས་ལ་སྤུངས་འདུག །ལུས་ཀྱིས་ཕྱག་དང་སྐོར་བ་བྱས་འདུག །ངག་གིས་བཟླས་པ་དང་བསྙེན་སྒྲུབ་མ་ཆག་པར་བྱས་འདུག །ཡིད་ཀྱིས་ཏིང་ངེ་འཛིན་དང་མ་བྲལ་བར་བྱས་འདུག །དེའི་མཐུ་དང་ནུས་པ་ལ་བརྟེན་ནས་ཁྱོད་རང་ལ་སྡིག་པ་ཕྲན་བུ་ཡོད་པ་རྣམས་དག་ནས་འདུག་གོ །ད་ཁྱོད་རང་གི་ཕ་དེ་དམྱལ་བའི་གནས་ན་ལྷུང་ནས་འདུག་གོ །རང་གི་ལུས་སེམས་བསྐྱེད་པའི་ཕ་ཡིན་པས་ད་ལྟ་ལྟོས་ཤོག་གསུང་གིན་འདུག་གོ །གཤིན་རྗེ་དོམ་གྱི་མགོ་ཅན་དེས་མི་དེ་མར་ལ་ཁྲིད་ནས་སོང་བས་སྔགས་པ་ཧཱུྃ་ནག་མེ་འབར་ཁོ་ནི་དམྱལ་ཁམས་ནས་སྔགས་པའི་ཧོམ་ཁུང་འདྲ་བའི་ནང་ན། ངའི་ཕ་དེ་བཅུག་ནས་བཞག་འདུག །ཐག་བཞི་ལ་བསྡམས། ཕུར་བཞི་ལ་བཀྲམ་ནས་འདུག །སྙིང་ཁར་ལྕགས་ཀྱི་ཕུར་པ་མེ་འབར་བས་བརྡབས་ནས་འདུག །ཁ་ལ་ཁྲོ་ཆུ་ཁོལ་མ་རྒྱུན་དུ་བླུགས། གཡས་གཡོན་གྱི་གཤིན་རྗེ་ཕོ་ཉའི་ཚོགས་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་ཁྱེར་ནས་རྒྱོབ་རྒྱོབ་སོད་སོད་ཀྱི་སྒྲ་སྒྲོག་ཅིང་། མཐོ་རི་བོའི་རྩེ་ནས་ཀྱང་ལྕགས་ཀྱི་བྱ་ཁྲ་རྣམས་ཀྱིས་བྱ་ར་བྱེད་པ། མི་དེས་བླ་མ་ལ་གསོལ་བ་མ་བཏབ་པས་དེ་དུས་སྐྱབས་མགོན་བྱེད་པའི་བླ་མ་ཡི་དམ་ནི་མེད། སྡུག་བསྔལ་གྱི་གོང་བུར་ཚུད་ནས་ཀྱང་སྐད་ནི་འཛེར་འཛེར་ངུས་གྱུར་ཀྱང་། ཕན་ཐོགས་ར་མདའ་བྱེད་མཁན་ནི་གཅིག་ཀྱང་མི་འདུག །བུ་དེའི་སྐད་ངོ་ཤེས་ནས་ཡང་ངའི་ཕ་དེས་ཁ་ནས་འདི་སྐད་ཟེར་ཞིང་འདུག་གོ །ངའི་མིང་ནས་འབོད་ཅིང་ངུ་འབོད་ཤོར་རོ། །ངས་ཕ་སྔགས་པ་ཧཱུྃ་ནག་མེ་འབར་ལ་འདི་ལྟ་བུའི་སྡུག་བསྔལ་མྱོང་དགོས་པ་ཅི་ཡིན་བྱས་པས། ཡང་ངའི་ཕ་དེས་ཁ་ནས་འདི་སྐད་ཟེར་ཞིང་འདུག་གོ །ང་རྒྱུད་པ་མ་ཉམས་ཧཱུཾ་ནག་མེ་འབར་རྒྱུད། སྔོན་ནས་གུ་རུ་ཉིད་ཀྱི་བཀའ་སྒྲུབ་པའི། བསྟན་པ་བཤིག་པའི་དགྲ་བོ་མ་བཏུལ་ན། སྔགས་པ་རང་ལ་བཀའ་ཆད་ཡོང་ངོ་གསུངས། དམ་ཉམས་དགྲ་བོ་ཐམས་ཅད་ཚར་གཅད་པས། དེའི་རྣམ་སྨིན་སྡུག་བསྔལ་འདི་འདུག་གོ་ཟེར་ཞིང་ང་ལ་བུ་ཡོད་པའི་དགོས་པ་ལ་ཕའི་སྡུག་བསྔལ་འདི་ལ་ཕན་པའི་ཐབས་དང་ནུས་པ་ཨེ་ཐོན་ལྟོས་དང་ཟེར་བ་ལ། ཡང་གཤིན་རྗེ་དོམ་གྱི་མགོ་ཅན་དེ་ཁྲོས་ཏེ་ལངས་ནས་འདི་སྐད་ཟེར་ཞིང་འདུག་གོ །ཁྱོད་མི་ཡུལ་དྲན་པ་སྒང་ན་ཡོད་དུས་ཁྱོད་ཀྱིས་བྱ་བ་ངན་པ་བྱས་ལ། བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་ཏེ། དཀོན་མཆོག་དཔང་དུ་བཙུགས་ནས་བྱ་བ་མ་བྱས་པར། སངས་རྒྱས་བསྟན་པའི་སྤྱི་དགྲ་བྱེད་མཁན་ཚོ། སངས་རྒྱས་བསྟན་པ་བསམ་ནས་ཁྱོད་ཀྱིས་མ་བསྒྲལ། ཁྱོད་རང་གི་དཀར་ནག་ཡོད་ཚད་ལ་ངན་སྔགས་སྦྱོར་རྫས་ཀྱི་མཐུ་གཏད་མང་དུ་བྱས། དེའི་རྣམ་སྨིན་ད་དུང་མྱོང་དགོས་པ་ཡོད་དོ་ཟེར་བ་ལ། ཡང་བུ་དེའི་ཁ་ནས་འདི་ལྟ་བུའི་སྡུག་བསྔལ་ལས་སྐྱོབ་ནུས་པའི་མཐུ་དང་ནུས་པ་མེད། འོན་ཀྱང་དཀོན་མཆོག་ལ་གསོལ་བ་བཏབ་པའི་མཐུ་དང་ནུས་པ་བརྟེན་ནས་ཆོས་ཀྱི་རྒྱལ་པོ་ལ་ཞུ་བ་ཞིག་འབུལ་དགོས་བསམས་ནས། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱིན་ནས་མིག་མཆི་མས་གང་། ལག་པ་གཡས་གཡོན་རང་གི་བྲང་ལ་རྒྱག་ཅིང་ངུ་འབོད་ཀྱི་ངང་ནས་འདི་སྐད་ཞུས་སོ། །ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། །བདག་གི་ཕ་ནི་རིགས་རྒྱུད་མ་ཉམས་ཧཱུྃ་ནག་མེ་འབར་རྒྱུད། །བཀའ་ནི་མ་ཉམས་དམ་ཉམས་སྒྲོལ་བར་གདམས། །ཡིད་ནི་མ་ཉམས་ཡི་དམ་བཟླས་པ་བྱས། །དཀོན་མཆོག་རྣམས་ཀྱི་མཐུ་དང་བདེན་པ་བདར། །ལོག་ལྟའི་ཆོས་ནི་གཅིག་ཀྱང་བྱས་པ་མེད། །དཀོན་མཆོག་གསུམ་ནི་ནུས་མཐུ་ཆུང་ལགས་སམ། །ཡི་དམ་ལྷ་ཡིས་སྔགས་པ་བསླུས་ལགས་སམ། །འོན་ཀྱང་བདག་གིས་མི་ཡུལ་སྡོད་དུས་སུ། །མི་གྲལ་བུད་ནས་ཚེ་འདིའི་འདོད་ཡོན་སྤངས། །གང་ཡོད་དཀོན་མཆོག་ཉིད་ལ་མཆོད་པ་ཕུལ། །དེའི་མཐུ་དང་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས། །ངའི་ཕ་དམྱལ་བའི་སྡུག་བསྔལ་ལས་དོན་ནས། །མཐོ་རིས་ཀྱི་གནས་སུ་གཏོང་བར་ཞུ་ཟེར་ནས་ཕྱག་འཚལ་མཆི་མ་མང་དུ་འདོན་གྱིན་འདུག་པ་ལས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། མི་དེ་ལ་འདི་སྐད་ཅེས་གསུང་གིན་འདུག་གོ །ཁྱོད་ཀྱི་ཕ་སྔགས་པ་ཧཱུྃ་ནག་མེ་འབར་བྱ་བ་དེས། དགོས་པའི་ཡི་དམ་མི་འགྲུབ་པར། མི་དགོས་པའི་སྡུག་འདྲེ་གྲུབ་ནས་འདུག །བློ་དཀོན་མཆོག་དཔང་བཙུགས་ཀྱི་བྱ་བ་མ་བྱས་པར། ངན་སྔགས་སྦྱོར་རྫས་ཀྱི་བྱ་བ་མང་དུ་བྱས་འདུག །མི་ནག་མེད་དམྱལ་བར་བཏང་འདུག །དཀོན་མཆོག་ཁྱད་དུ་བསད་པའི་སྔགས་པ་དེ་སངས་རྒྱས་ཞིང་ཁམས་མཐོང་བའི་དཀར་ཁུང་འགགས། མ་རིག་མུན་པ་སེལ་བའི་སྒྲོན་མེ་ཤི །ཐུགས་རྗེས་མྱུར་དུ་གཟིགས་པའི་ཡི་དམ་ཡལ། རང་གིས་ཉེས་བྱས་རང་གི་ལུས་ཐོག་སྨིན། དཀོན་མཆོག་གསུམ་པོ་ཐུགས་ནི་ཁྲེལ་ནས་ཀྱང་། དམྱལ་བའི་གནས་ནས་ཐར་བར་མི་སྲིད་གསུངས། འོན་ཀྱང་ཕ་མས་བུ་ལ་བརྩེ་གདུང་བྱས་པ་ཡིས། བུས་ཀྱང་བསམ་པ་སྐད་ཅིག་ཙམ་ཡང་མ་ལོག་པར་བྱས་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་པའི་ཕན་ཡོན་ལ་བརྟེན་ནས། ཞག་བཅུ་གཉིས་ནས་དམྱལ་བའི་སྡུག་བསྔལ་ལས་ཐར་བར་གྱིས་ཤིག །ད་དུང་གཙང་ཕྱོགས་ཀྱི་ལུང་པ་རི་རྐན་ཞེས་བྱ་བར་ཀླུ་བཙན་གཅིག་ཏུ་སྐྱེ་བ་ལོངས་ཤོག་གསུང་གིན་འདུག་གོ །བུ་དེ་ནི་ངའི་ཕའི་སྡུག་བསྔལ་ལས་ད་དུང་ཐར་དུས་མི་འདུག་ཟེར་ཞིང་ངུ་ཡིན་བསྡད་འདུག་པ་ལ། དེ་མ་ཐག་ཏུ་རོལ་མོའི་སྒྲ་དང་འོད་ཆེན་པོ་ཞིག་བྱུང་། དེར་སུ་ཞིག་ཡོང་གི་ཡོད་དམ་བསམ། ཀརྨ་དབང་འཛིན་གྱིས་བལྟས་པས། བར་སྣང་ཐམས་ཅད་འཇའ་དང་འོད་ཀྱིས་གང་སྟེ། སྔོན་ལ་གུ་རུ་བློ་ལྡན་མཆོག་སྲེད་ཀྱིས་སྣ་དྲངས་ནས་བར་དུ་བུད་མེད་རྒྱན་དུ་མས་བརྒྱན་པ་ལྔ་ཙམ་བྱུང་ངོ་། །མཆོད་པ་སྣ་ལྔ་ལག་ཏུ་ཁྱེར་ནས་གར་སྟབས་དང་རོལ་མོའི་གླུ་དབྱངས་དང་བཅས་ནས་བྱུང་ངོ་། །དེའི་རྗེས་ལ་གུ་རུ་སེང་གེ་སྒྲ་སྒྲོག་གིས་གར་སྟབས་མཆོད་པའི་ཚུལ་དུ་བྱས་ནས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བྱུང་ངོ་། །དེའི་དུས་སུ་ཁོང་རྣམས་ཀྱི་ཐུགས་རྗེས་བར་དོའི་སེམས་ཅན་ཐམས་ཅད་ལ་སེམས་ལ་བདེ་བ་དཔག་ཏུ་མེད་པ་ཐོབ་སོང་། ཡང་ཁོང་རྣམས་ཀྱིས་མཆོད་པའི་བྱེ་བྲག་རྣམས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕུལ་ནས་གླུ་དབྱངས་ཚིགས་སུ་བཅད་པ་འདི་ལྟར་ཕུལ་ལོ། །ཆོས་ཀྱི་རྒྱལ་པོ་བདག་ལ་སྙན་གསན་འཚལ། །སྔོན་ནས་བསོད་ནམས་བསགས་པ་ཡིས། །གུ་རུའི་སྒྲུབ་ཐབས་བཟླས་པ་རྒྱུན་དུ་བྱས། །བསྙེན་པ་འཁྱོལ་ནས་ཨུ་རྒྱན་དངོས་དང་མཇལ། །མན་ངག་ལུང་བསྟན་ཐོབ་པའི་བསོད་ནམས་ཅན། །གུ་རུ་ཚེ་རིང་ཞེས་དེ་གང་ན་ཡོད། །ད་ལྟ་རིག་འཛིན་ས་ལ་གཏོང་བར་ཞུ། །ཞུས་པས། ཡང་ཁོང་རྣམས་ལ་ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་ལྟར་གསུངས་སོང་། གུ་རུ་བློ་ལྡན་མཆོག་སྲེད་ཚུར་གསོན་དང་། །བསོད་ནམས་བསགས་པས་དལ་འབྱོར་མི་ལུས་ཐོབ། །སྨོན་ལམ་དབང་གིས་གུ་རུ་ཉིད་དང་མཇལ། །ལོག་པའི་བསམ་པ་སྐད་ཅིག་མི་འབྱུང་ཞིང་། །ཚེ་འདིའི་འཇིག་རྟེན་བྱ་བ་ལིང་གིས་བསྐྱུར། །ལོངས་སྤྱོད་ཐམས་ཅད་གུ་རུ་ཉིད་ལ་ཕུལ། །ལས་རྒྱུ་འབྲས་གཉིས་ཀྱི་ཤན་འབྱེད་བྱས། །བསྐལ་བར་ལྡན་པའི་གུ་རུ་ཚེ་རིང་འདི། །དག་པའི་ཞིང་ཁམས་ཐོབ་བོ་གསུངས། །ངན་སོང་རྡོག་པས་བསྣོན་ནོ་གསུངས། །སྤྲིན་དཀར་པོ་ལ་སྤར་འཛིན་རྒྱག་གོ་གསུངས། །ཡ་གི་ཕོ་བྲང་རྩེ་མོ་ནས་ལས་འབྲེལ་ཡོད་པའི་མི་རྣམས་རང་རང་ལས་ཀྱི་རྣམ་སྨིན་གྱིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་གིན་འདུག །དེ་རྣམས་ཡར་དྲངས་ནས་ཀྱང་མཐོ་རིས་གནས་སུ་འབྱོན་པར་ཞུ། སེམས་ཅན་འགྲོ་དོན་ནུས་པར་ཤོག་ཅེས་གསུངས་པ་དང་། གུ་རུ་བློ་ལྡན་མཆོག་སྲེད་ཀྱིས་ཐོག་དྲངས་པའི་དཔའ་བོ་མཁའ་འགྲོའི་ཕྱག་གིས་དར་ཐག་གི་སྣེ་མོ་གུ་རུ་ཚེ་རིང་གི་ལག་ཏུ་གཏད་སོང་། མི་དེས་གུ་རུ་བློ་ལྡན་མཆོག་སྲེད་ལ་ཕྱག་དང་སྐོར་བ་བྱས་པས་ཡར་ཁོང་གི་རྗེས་ལ་ལངས་སོང་། མི་དེས་ལམ་གྱི་བར་སྐེད་ཡ་གི་ནས་ཁ་ཕྱིར་ལོག་ཅིག་བྱས་ནས་འདི་སྐད་ཟེར་གྱིན་འདུག་གོ །མ་གི་ལྕགས་རི་ཁོར་ཡུག་ནང་ཤེད་ན། གུ་རུ་ཉིད་ལ་གསོལ་བ་བཏབ་པའི་མི། ང་ལ་འབྲེལ་བ་ཐོགས་ཚད་ཡར་ཤོག་དང་ཟེར་བ་ལ། གསང་སྔགས་རྙིང་མའི་ཆོས་ལ་བརྩོན་འགྲུས་བྱེད་མཁན་རྣམས། གཞན་ཡང་ཁོང་རང་ནང་ཚང་ཉེ་འཁོར་དང་། ཁོང་རང་ལ་འབྲེལ་བ་ཡོད་པའི་མི་རྣམས་གུ་རུ་ཚེ་རིང་གི་རྗེས་ལ་ཡར་ལངས་སོང་། གུ་རུ་བློ་ལྡན་མཆོག་གིས་སྣ་དྲངས། གུ་རུ་སེང་གེ་སྒྲ་སྒྲོག་གིས་མཇུག་མཛད་ནས་རིག་འཛིན་གྱི་ལམ་ལ་སོང་ངོ་། །

ཡང་གུ་རུ་ཚེ་རིང་གིས་ཀརྨ་དབང་འཛིན་ལ་འཕྲིན་པ་འདི་ལྟར་བསྐུར་གྱིན་འདུག་གོ །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། སྤྱིར་འཛམ་བུ་གླིང་ལ་འཕྲིན་པ་མཛོད། སྒོས་གཙང་གི་ཕྱོགས་ལ་འཕྲིན་པ་མཛོད། སེར་སྣའི་ནོར་ལ་གསོག་འཇོག་མ་བྱེད་གྱིས། ཅི་ཡོད་དཀོན་མཆོག་ཕྱོགས་ལ་འབུངས་ཤིག་གྱིས། འབྲས་བུ་དུས་སུ་སྨིན་འདུག་གྱིས། དོན་མེད་ཀྱི་སྨྲ་བ་སྤངས་ནས་ཀྱང་རྒྱུན་དུ་བཛྲ་གུ་རུ་བགྲོངས། ཐུགས་རྗེས་ལམ་སྣ་དྲངས་སོང་གྱིས། ཚེ་འདིའི་འཁོར་བའི་གཉེན་འདབས་སྤོངས། བླ་མ་དཀོན་མཆོག་དང་དུ་ལོངས། གུ་རུ་ཚེ་རིང་རང་མགོ་ཐོན་སོང་གྱིས། གུ་རུ་ཉིད་ཀྱི་ཞལ་ཡང་མཇལ་སོང་གྱིས། དཔའ་བོ་མཁའ་འགྲོའི་བསུ་མ་འདུག་གོ་གྱིས། ཆོས་མཐུན་རྣམས་ལ་གསོལ་བ་ཐོབ་ཅིག་གྱིས། ངའི་བསོད་ནམས་ལྷ་སྒྲོན་ལ་འཕྲིན་པ་གྱིས། ང་དང་ཁྱེད་གཉིས་འདུ་འབྲལ་མེད་དོ་གྱིས། སྔར་ལྟར་དམ་ཚིག་མ་འཁྲུལ་ན། ལོ་ནི་བདུན་གྱི་ནང་ཞེས་སུ། ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དེར། དངངས་སྐྲག་མི་དགོས་ང་རང་བསུ་རུ་ཡོང་། གཙང་ཕྱོགས་སུ་ངའི་བུད་སྨད་རྣམས་ལ་འཕྲིན་པ་གྱིས་ཟེར་ནས། ཁོང་ནི་མཐོ་རིས་གནས་སུ་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་དྲུང་དུ་གཤིན་རྗེ་རྣམས་ཀྱིས་བཙུན་པའི་ཆ་ལུགས་བྱས་པ། སྒོམ་ཐག་གོན་པ་གཅིག་ཁྲིད་བྱུང་བས། མི་དེ་ལ་ཆོས་ཀྱི་རྒྱལ་པོའི་དྲི་བ་སྔར་བཞིན་མཛད་ཀྱིན་འདུག་པ་ལ། ཡང་མི་དེས་ཆོས་ཀྱི་རྒྱལ་པོ་ལ་ཞུ་བ་འདི་ལྟར་འབུལ་གྱིན་འདུག་གོ །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ང་སྐྱེ་ས་ཡར་འབྲོག་སྒང་ནས་ཡིན། ང་ཉ་པ་གྲོགས་མཆེད་དང་འཐབ་མོ་ཤོར་ནས་ང་ཆོས་ལ་ཕྱིན། ང་རང་གི་ལུང་པའི་ཕུ་དེ་ན་དགོན་པ་གཅིག་ཡོད་པ་དེར་ཆོས་ལ་ཕྱིན། བླ་མ་ལ་སྐྲ་བཅད་མིང་སྤོས་ལུས་བསྒྱུར་ནས། ངོ་སྤྲོད་ཞུས་ནས་བསྒོམས་ལགས་ན། བླ་མས་མིག་སེར་བྱས་བཀའ་དྲིན་སྐྱོང་རྒྱུ་རང་མ་བྱུང་། བདག་གི་དོན་ནས་ཡུལ་གཞན་ཞིག་ཏུ་འགྲོ་དགོས་བསམས་ནས་ཕྱིན་པས་བླ་མས་གྲྭ་པ་རྣམས་ཀྱིས་ངའི་རྗེས་ཟིན་ནས་ཁོང་རྣམས་དང་འཛིངས་པས་ང་ཕམ་ནས་འདིར་སླེབས་བྱུང་། འདིར་དགེ་སྡིག་གི་རྩིས་གྲངས་ཞིབ་མོར་ཡོད་གསུང་གིན་འདུག་ཀྱང་། རང་ན་སོ་གཞོན་ནས་བདེན་བསམ་པ་མ་བྱུང་། ད་ནི་ཆོས་ཀྱི་རྒྱལ་པོའི་ཐུགས་རྗེས་གཟིགས་ཟེར་ནས་ཤུགས་རིང་ནར་གྱི་གཏོང་གིན་འདུག་པ་ལ། དེར་ལྷ་དཀར་པོ་ལངས་ནས་ཆོས་ཀྱི་རྒྱལ་པོ་ལ་འདི་ལྟར་ཞུས་འདུག་གོ །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། མི་འདིས་དགེ་བ་ཆེན་པོ་གཏོང་རྒྱུ་མ་བྱུང་ཡང་། གསང་སྔགས་བླ་མེད་ཀྱི་ཆོས་སྒོར་ཞུགས་ནས་བླ་མས་གདམས་ངག་གནང་ནས་བསྒོམས་པའི་འབྲས་བུ་འདི་ཡིན་ཟེར་ནས། རྡེའུ་དཀར་པོ་སྤར་ཕྱེད་ཙམ་སྤུངས་སོང་། ཡང་འདྲེ་ནག་པོ་ལངས་ནས་ཧ་ཧ་ཆོས་ཀྱི་རྒྱལ་པོ་སྐུ་ཆེ་ཡང་། མི་འདི་ཡི་སྡིག་པ་འགག་མི་ཚུགས། མི་འདིས་དང་པོ་ཉ་པ་བྱས་ཆུ་ནང་གི་སེམས་ཅན་རྣམས་བདེ་རུ་མ་བཅུག །རང་ལ་ཉའི་སྐལ་བ་བྱུང་བས་མ་ཆོག་པར། ཟླ་བོ་རྣམས་བསད། དེ་ལ་བརྟེན་ནས་ཁྱོད་ཀྱིས་ཆོས་བྱས་ཏེ་བླ་མ་ལ་ལུང་མན་ངག་ཐམས་ཅད་ཞུས་ནས། ཁྱོད་ཀྱི་ཁས་སྒོམ་བྱེད་ཟེར་ཞིང་མ་བྱས་པར། བླ་མའི་ཕྱག་རྒྱ་གསང་ཡུམ་ལ་སྦྱོར་བ་བྱས་པས་མ་ཆོག །ཁྱོད་ཀྱི་བླ་མའི་ཞབས་རྡོས་བརྡུངས་ནས་བླ་མའི་ཕྱག་གི་ནོར་ཐམས་ཅད་ཁྱོད་ཀྱིས་ཁུར་ནས་མ་ཕྱིན་ནམ། བླ་མ་ལ་ནོར་དང་རྐང་པ་གཉིས་ཀ་མེད་པས་ཡིད་བཅད་མ་བཏང་ངམ། སྡིག་པ་བྱས་པའི་གྲངས་འདི་ཡིན་ཟེར་ནས་རྡེའུ་ནག་པོ་རི་རབ་ཙམ་སྤུངས་སོ། །

ཡང་སྤྲེའུ་མགོ་ཅན་གྱིས་རྡེའུ་དཀར་ནག་གཉིས་ཡང་ལྕི་རྒྱ་མ་ལ་བཏེག་སོང་བས་སྤྲེའུ་མགོ་ཅན་ན་རེ། རྡེའུ་དཀར་ནག་གཉིས་ནག་པོ་ལྕི་བར་འདུག །འདི་ནི་ཆོས་ཀྱི་རྒྱལ་པོས་གཟིགས་ཤིག །ཡང་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་གཡས་ཕྱོགས་ནས། རཀྴ་གླང་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། སྲིད་པ་ལས་ཀྱི་མེ་ལོང་ལ་གཟིགས་ནས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས་སོ། །ཁྱོད་དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་ན། ཡར་ཐར་པ་བྱང་ཆུབ་ཀྱི་ས་སྒྲུབ་རྒྱུ་ལ། མར་ངན་སོང་གི་སྡུག་བསྔལ་ཐར་དུས་མེད་པའི་ལས་སྒྲུབ་མཁན་ཁྱོད་འདྲ་བ་ཡོང་བ་ཨང་གསུངས་ནས། མི་ཁྱོད་ཀྱི་སྡིག་པ་འདྲེ་ནག་པོས་ཟེར་བ་བདེན་པར་འདུག །ད་དུང་དེ་ལས་ལྷག་པའི་སྡིག་པ་གསང་སྔགས་བླ་མེད་སྟོན་པའི་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བརྡོས། གསུང་ལ་ཀློག །ཐུགས་གཏིང་ནས་ཁྲེལ་བ་བཏང་འདུག་པས་རྐང་ལེབ་དུང་འགྱུར་ས་ཡ་ཁྲི་འབུམ་བསད་པ་བས་ཀྱང་སྡིག་པ་ཆེའོ། །དེ་ཡང་བསྐལ་པར་བགྲངས་ན་ཐོན་པ་ཡོད་དེ། ཁྱོད་ཀྱི་སྡིག་པ་འདི་ལ་བསྐལ་པ་ཁྲག་ཁྲིག་དཔག་ཏུ་མེད་པ་བགྲངས་ཀྱང་ཐོན་དུས་མེད་པས་རྡོ་རྗེའི་དམྱལ་བ་ཞེས་བྱ་བ་དེར་ཁྲིད་ཅིག་གསུངས་ནས། གཤིན་རྗེ་འཇིགས་པའི་ཆ་ལུགས་ཅན་མང་པོས་མཚོན་ཆ་སྣ་ཚོགས་ནམ་མཁའ་ལ་འཕྱར་ཞིང་རྒྱོབ་རྒྱོབ་སོད་སོད་ཟེར་ཞིང་། རྡོ་རྗེ་དམྱལ་བ་ཞེས་བྱ་བ་དེར་ཁྲིད་སོང་ངོ་། །མི་དེ་ལྕགས་ཀྱི་ཁང་པ་ཤིན་ཏུ་ཆེ་བ་ཕྱོགས་བཞི་ལ་མེ་ཆེན་པོ་རང་བྱུང་དུ་འབར་བ། ནང་དུ་ཟངས་ཆུ་ཁྲོ་ཆུ་ཁོལ་མའི་ཁྲོད་ན་མི་གཞན་ཀྱང་འདུག་སྟེ། ཁོང་ཡང་བཅུག་སོང་ངོ་། །

ཀརྨ་དབང་འཛིན་ལ་མི་དེའི་ཁ་ནས་འཕྲིན་པ་འདི་སྐད་སྐུར་གྱིན་འདུག་གོ །ལས་འཕྲོ་ཅན་མ་མི་ཡུལ་འབྱོན་ཟེར་ན་འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། ཁྱད་པར་ཡར་འབྲོག་སྒང་ལ་འཕྲིན་པ་མཛོད། ལས་ངན་ང་འདྲའི་ཆོས་པ་མ་བྱེད་གྱིས། རང་གི་སྐྲ་བཅད་མིང་སྤོས་ཀྱི་བླ་མ་ལ་དབང་ཁྲིད་གདམས་ངག་ཡོངས་རྫོགས་ཞུས་པའི་མཐར། ཅི་གསུངས་བཀའ་བཞིན་སྒྲུབ་པ་མ་གཏོགས་པའི། བླ་མའི་སྐུ་གསུང་ཐུགས་ལ་བརྡོས་པ་ཡིས། ལས་ངན་སྡིག་ཅན་ང་འདྲ་མ་བྱེད་གྱིས། དམྱལ་བ་ཐར་མེད་གནས་སུ་ཚུད་སོང་གྱིས། ད་ངའི་ཤུལ་ན་ཕན་ཐོགས་བྱེད་མཁན་ཡང་མེད་ལགས། ངས་སྡིག་པ་བསགས་པ་ཚབས་ཆེ་བས། འདི་ན་ཕན་ཐོགས་པའི་བྱ་ཐབས་མི་འདུག་ཟེར་ནས་སྨྲེ་སྔགས་ཀྱི་ངང་ནས་བསྡད་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་སྐུ་དྲུང་དུ། གཤིན་རྗེ་རྣམས་ཀྱིས་མི་ཞིག་ཁྲིད་བྱུང་བས། མི་དེ་གོས་སྔོན་པོ་དོར་མ་རྒྱ་མ་གཟན་སྣ་ལྔ། སྐྲ་སྦད་མགོ་ཡོད་པ། གཡུ་དཔུངས་ཆེན་པོ་བཏགས་པ། མི་ཡོང་ཤས་རྣམ་པ་ཞིག་འདུག་པ་ལ་ཆོས་ཀྱི་རྒྱལ་པོས་སྔར་བཞིན་དྲི་བ་མཛད་སོང་བས། མི་དེས་ཆོས་ཀྱི་རྒྱལ་པོ་ལ་ཞུ་བ་འདི་ལྟར་འབུལ་གྱིན་འདུག་གོ །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ངའི་སྐྱེ་ས་ཚོང་འདུས་ཕག་རིའི་ཕྱོགས་ནས་ཡིན། འདུ་སའི་སྟབས་ཀྱིས་ཚོང་ཕྲན་བུ་བྱས་ཏེ་བླ་མ་ལྷ་པ་ངའི་བླ་མ་ཡིན། དེ་ལ་ཞབས་ཏོག་འབུངས་ནས་ཞུས་ཟེར་བ་ལ་སོགས་བྱས་མང་པོ་ཟེར་གྱིན་འདུག་སྟེ། ཡང་ལྷ་དཀར་པོ་དེ་ལངས་ནས་མི་འདི་ཚོང་འདུས་ལ་དབང་བའི་སྡིག་པ་ཕྲན་བུ་ཡོད་ནའང་། དགེ་བ་ཡང་མང་པོ་བྱས་པས་གྲངས་འདི་ཡིན་ཟེར་ནས་རྡེའུ་དཀར་པོ་སྤར་གང་ཙམ་ཞིག་སྤུངས་སོང་། ཡང་འདྲེ་ནག་པོ་ཁོ་ལངས་ནས་འདྲེ་ནག་པོའི་ཁ་ནས་འདི་ལྟར་ཟེར་རོ། །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་དང་། མི་འདི་ཡིས་སྡིག་པ་བྱས་པ་བསམ་གྱིས་མི་ཁྱབ། ཚོང་འདུས་ཕག་རིའི་གནས་ཆེན་བྱས་ནས། ལྷོ་བོད་གཉིས་ཀ་ནས་མི་ཕྱུགས་ཀྱི་རྒྱབ་དམར་པོར་སོང་སོང་། ལ་ལུང་མང་པོ་བརྒལ་ནས་ཡོང་བ་ལ། ཁྱོད་ཀྱི་ཚོང་ལུགས་མཐུན་མ་བརྒྱབ་པར་རང་གི་ནོར་ལ་མི་རི་བ་ལ་རི་ཟེར། གཞན་གྱི་ནོར་ལ་རི་བ་ལ་མི་རི་ཟེར་ཞིང་འཕྲོག་པ་ཙམ་བྱས་ནས་མགྲོན་པོ་ཡིད་ཆད་ཕམ་དུ་བཅུག །གཞན་ཡང་ཚོང་འདུས་ཀྱི་དུས་ན་ནི། རང་གི་ཉེ་ཕྱོགས་དང་རྔན་པ་ལ་བལྟས་ནས། མི་གཞན་མ་རྣམས་ལ་མགོ་བསྐོར་མང་དུ་བཏང་། སེམས་ཅན་གྱི་སྲོག་གཅོད་པ་ལ་ནི་རྔོན་པ་བས་ཀྱང་དགའ་བར་བྱས། འདི་འདྲའི་སྡིག་པ་བསམ་མི་ཁྱབ། དམྱལ་བ་ཐར་མེད་མ་གཏོགས་འགྲོ་ས་མེད། སྡིག་པ་བསགས་པའི་གྲངས་འདི་ཡིན་ཟེར་ནས་རྡེའུ་ནག་པོ་རི་རབ་སྤུངས་སོང་། ཆོས་ཀྱི་རྒྱལ་པོའི་གཡོན་ཕྱོགས་ནས་ལས་མཁན་སྤྲེའུ་མགོ་ཅན་གྱིས་རྡེའུ་དཀར་ནག་གཉིས་ཀྱི་ཡང་ལྕི་ནི་ལས་ཀྱི་རྒྱ་མ་རིང་མོ་ལ་བཏེག་སོང་བས། ཡང་སྤྲེའུ་མགོ་ཅན་ཞལ་ནས་ཀྱང་། རྡེའུ་དཀར་ནག་གི་ཡང་ལྕི་ནི་དཀར་པོ་ཡང་ཞིང་ནག་པོ་ལྕི་བར་འདུག །འདི་ནི་ཆོས་ཀྱི་རྒྱལ་པོས་གཟིགས་ཟེར་རོ། །ཡང་ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས་རཀྴ་གླང་གི་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། ཆོས་ཀྱི་རྒྱལ་པོས་ལས་ཀྱི་མེ་ལོང་ལ་གཟིགས་ནས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་ལྟར་གསུངས་སོ། །ཁྱོད་བསོད་ནམས་བསགས་པའི་དལ་འབྱོར་མི་ལུས་ཐོབ་འདུག་སྟེ། སྡིག་པ་འདྲེ་ནག་པོས་ཟེར་བ་བདེན་པར་འདུག །ཁྱོད་ཀྱིས་འབུལ་བ་བྱས་པའི་བླ་མ་དེ། མཚན་ཉིད་དང་ལྡན་པ་རང་ཞིག་འདུག་སྟེ། ལྷག་པར་འབུལ་ཆས་རྣམས་འཇིག་རྟེན་གཏམ་གྲགས་ཀྱི་དབང་དུ་སོང་འདུག །རྒན་པོ་བྱེད་དུས་མི་ནོར་མང་པོ་ཟོས་ཏེ་མི་ཐམས་ཅད་ཀྱིས་ལབ་པ་ཞིག་བྱུང་འདུག །ད་ལྕགས་དང་ཚྭའི་རི་བོའི་འོག་ཏུ་ནོན་ཅིག །མི་ནོར་ཟོས་ལྟུང་བྱས་པའི་རྣམ་སྨིན་ལ་ཁ་ལ་ཁྲོ་ཆུ་ཁོལ་མ་རྒྱུན་དུ་བླུགས་ཤིག་གསུངས་པ་ལ་གཤིན་རྗེ་རྣམས་ལངས་ནས་ལྕགས་དང་ཚྭའི་འོག་ཏུ་མནན་སོང་། ཁ་ལ་ཁྲོ་ཆུ་ཁོལ་མ་རྒྱུན་དུ་ལྡུག་གིན་འདུག་ལ། ཡང་མི་དེའི་ཁ་ནས་འཕྲིན་པ་འདི་ལྟར་བསྐུར་རོ། །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། སྤྱིར་འཛམ་བུའི་གླིང་ལ་འཕྲིན་པ་མཛོད། སྒོས་ཚོང་འདུས་ཕག་རིའི་ཕྱོགས་ལ་འཕྲིན་པ་མཛོད། ཡང་སྒོས་ངའི་ནུ་བོ་ཨ་དར་ལ་འཕྲིན་པ་མཛོད། ཚོང་ལ་གཡོ་སྒྱུ་འཁྲུལ་གསུམ་མ་བྱེད་གྱིས། མི་ནོར་ལྕགས་ཀྱི་རི་བོར་སོང་ནས་ཀྱང་དེའི་འོག་ཏུ་ཚུད་འདུག་གྱིས། ངའི་སྡུག་བསྔལ་འདི་ལས་ཐར་བྱེད་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་ཞིག་བཞེངས་ཤོག་གྱིས། སྒྲུབ་ཆེན་ཕོ་མོ་རྣམས་ལ་ཞབས་ཏོག་ཞུས་ཤོག་གྱིས། དཀར་ལེབ་རིན་ཆེན་སྒང་སོགས་སུ་སྒྲུབ་སྡེ་གཅིག་གང་ཚུགས་གྱིས་དང་དེ་ལྟར་བྱས་ན་ངའི་སྡུག་བསྔལ་འདི་ལས་ཐར་བར་འདུག་གོ་ཟེར་ཞིང་། གཤིན་རྗེ་རྣམས་ཀྱིས་ཁྲིད་ནས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་སྐུ་དྲུང་དུ་གཤིན་རྗེ་རྣམས་ཀྱིས་བཙུན་པ་དོམ་ར་གོན་པ་ལག་ན་སྦ་མཁར་ཁྱེར་བ་ཞིག་ཁྲིད་བྱུང་བས་དེ་ལ་ཆོས་ཀྱི་རྒྱལ་པོས་དྲི་བ་སྔར་བཞིན་མཛད་ཀྱིན་འདུག་པ་ལ། མི་དེས་ཆོས་ཀྱི་རྒྱལ་པོ་ལ་ཞུ་བ་འདི་ལྟར་འདུག་གོ །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ང་སྐྱེ་ས་གཙང་གི་ཕྱོགས་ནས་ཡིན། ཡང་སྒོས་བྱམས་ཆེན་ཕྱོགས་ནས་ཡིན། ཆུང་དུས་ནས་ཆོས་བྱས། དེ་ནས་མ་ཎིས་འགྲོ་དོན་བྱས། རྒྱལ་ཁམས་ལ་མ་ཎི་བསྐུལ་དུ་ཕྱིན་ནས་མ་ཎིའི་འགྲོ་དོན་ཡང་བྱས་ལགས། དཀོར་ཕྲན་བུ་བྱུང་བ་རྣམས་བྱམས་ཆེན་གྱི་དཀར་མེ་ལ་ཕུལ་ལགས། ང་མ་གིའི་རྩི་རྩི་འུར་འུར་ཟེར་བ་མ་གིར་མི་གཏོང་རོགས་མཛོད་ཟེར་བ་ལ། ཡང་ལྷ་དཀར་པོ་བཞེངས་ནས་ཁོ་རང་ཟེར་བ་བཞིན་ཡིན་ཟེར་ཞིང་། མི་འདིས་དགེ་བ་བྱས་པའི་གྲངས་འདི་ལྟར་ཡིན་ནོ་གསུངས་ཤིང་རྡེའུ་དཀར་པོ་སྤར་ཕྱེད་ཙམ་སྤུངས་སོང་བ་ལ། ཡང་འདྲེ་ནག་པོ་ཁོ་ལངས་ནས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་ལ་མི་འདིའི་སྡིག་པ་བསམ་ལས་འདས། དང་པོ་བཙུན་ཆུང་བྱས་ནས་དཀོར་ཟན་མགོ་རིལ་བྱས་པ་མ་གཏོགས་པས་ཆོས་ཀྱི་སྣང་བ་ཏིལ་འབྲུ་ཙམ་ཡང་མེད། ཡང་ཁྱོད་ཀྱིས་མི་གཞན་མ་རྣམས་ཀྱི་མ་ཎིའི་འགྲོ་དོན་བྱས་ནས་གདུལ་བྱ་ཡོང་བ་མཐོང་ནས་ཡང་མ་ཎི་བསྐུལ་དུ་འགྲོ་ཟེར་ནས་མིག་འཁྲུལ་ལ་སོགས་པ་ཤེས་ཚད་བསླབས་ནས། མ་ཎིས་འགྲོ་དོན་གང་ཆེ་མི་བྱེད་པར། མིའི་མགོ་བསྐོར་གང་ཐུབ་ཐུབ་བྱས་འདུག །ནོར་བསོགས་གང་ཐུབ་ཁྱོད་ཀྱིས་བྱས་འདུག །བུ་མོ་ཁ་འབྲས་གཙང་བ་རྒྱན་གོས་ལེགས་པ་རྣམས་ལ་ཁྱོད་ཀྱིས་འགུགས་བརྒྱབ་ནས་ཁྲིད་འདུག །མ་ཎི་བ་ཀུན་གྱི་བླ་བཙོང་རང་བྱས་འདུག །བྱམས་ཆེན་ལ་དཀར་མེ་འབུལ་རྒྱུ་ཡིན་ཟེར་ནས་མི་ལ་ཐོབ་སློངས་ནས་ཀྱང་། ཁྱོད་ཀྱིས་བར་གྱི་བུ་སྨད་གསོ་ཞིང་རང་གིས་ཟོས། བྱམས་ཆེན་ལ་མཆོད་པ་དད་པས་བླངས་ནས་དཀར་མེ་དང་ཞལ་ཟས་ནི་མ་ཕུལ། མིའི་སར་འཚོར་ཁོག་གི་མཆོད་པ་ཕུལ་བ་ལ་ནི་ཕན་ཡོན་དྲག་ཙམ་གྱིས་ཁྱེར་ནས་མེད། མ་ཎིས་འགྲོ་དོན་བྱེད་པ་ཡང་ནོར་ཕྱིར་མ་གཏོགས་ཐུགས་རྗེ་ཆེན་པོ་གུས་པ་དང་སེམས་ཅན་ལ་སྙིང་རྗེ་སྐྱེས་ནས་མ་ཎིས་འགྲོ་དོན་གང་ནས་བྱས། ལོག་འཚོ་དང་ཕྲ་ཚིག་སྣང་སེམས་ཡང་བྱས་པས་ཟས་ནོར་གྱིས་བསྒྲུབས་པའི་གྲངས་ཀྱི་རྡེའུ་ནག་པོ་འདི་ཙམ་ཡོད་ཟེར་ནས་རྡེའུ་ནག་པོ་རི་རབ་ཙམ་སྤུངས་བྱུང་ངོ་། །ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་རྡེའུ་དཀར་ནག་རྒྱ་མ་ལ་ཐེག་ཅིག་གསུངས་པ་དང་། ལས་མཁན་སྤྲེའུ་མགོ་ཅན་གྱིས་རྡེའུ་དཀར་ནག་རྒྱ་མ་ལ་བཏེག་སོང་བས་སྤྲེའུ་མགོ་ཅན་གྱི་ཞལ་ནས། རྡེའུ་དཀར་ནག་ཡང་ལྕི་འདི་དཀར་པོ་ཡང་ཞིང་ནག་པོ་ལྕི་བར་འདུག་གོ །འདི་ནི་ཆོས་ཀྱི་རྒྱལ་པོས་གཟིགས་ཤིག་ཞུས་པ་དང་། ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས་རཀྴ་གླང་གི་མགོ་ཅན་གྱིས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་། ཁྱོད་དལ་འབྱོར་མི་ལུས་རིན་ཆེན་ཐོབ། དམ་པའི་ཆོས་དང་མཇལ་ནས་ཀྱང་། ཡར་ནི་ཐར་པ་སྒྲུབ་རྒྱུ་ལ་མར་དམྱལ་བའི་གཏིང་ནི་ཅི་ཟབ་དང་། ཡུན་རིང་བའི་ཐབས་སྒྲུབ་པའི་ཁྱོད་འདྲ་བའི་བཙུན་པ་ཡོང་བ་ཨང་། མ་ཎིས་འགྲོ་དོན་བྱེད་ཟེར་ནས་ལུས་ཀྱི་ཉེས་པ་སྲོག་གཅོད་མ་བྱིན་ལེན། མི་ཚང་སྤྱོད་པས་ལུས་ཀྱི་གསུམ་པོ་ཉམས། ངག་གི་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་བཞི་པོ་ཉམས། ཡིད་ཀྱི་བརྣབ་སེམས་གནོད་སེམས་ལོག་ལྟ་བྱས་པས་ཉམས། ལྷག་པར་ལོག་འཚོ་དང་ཤི་ཟས་ཀྱི་ཐལ་བ་མང་དུ་འགམ་འདུག་པས་དམྱལ་བ་མེ་མ་མུར་དང་། རོ་མྱགས་ཀྱི་འདམ་རྫབ་ཏུ་རེ་མོས་སུ་ཁྲིད་ཅིག །དེ་ནས་ལུས་ཀྱི་སྡོམ་པ་ཉམས་པས་ལྕགས་ཀྱི་ཤལ་མ་རི་ལ་ཁྲིད་ཅིག །ངག་གི་སྡོམ་པ་ཉམས་པས་ལྕེ་ལྐོག་མའི་འོག་ནས་ཐོན་ལ་ཞིང་རྨོས་ཤིག །ཡིད་ཀྱི་སྡོམ་པ་ཉམས་པས་ཡི་དྭགས་ངུ་འབོད་ཀྱི་གནས་སུ་ཁྲིད་ཅིག །རང་ལ་དབང་རྒྱུ་མེད་པའི་ཟས་ནོར་རི་བོས་ནོན་ཅིག་ཅེས་གསུངས་པས། མ་ཎི་བ་དེ་ནི་མཆི་མ་ཁྲག་ཏུ་ཉི་ལེ་བ་དང་། རང་གི་ལག་པས་རང་གི་བྲང་རྡུང་ཞིང་མི་དེའི་ཁ་ནས་འདི་ལྟར་ཟེར་རོ། །ལས་འཕྲོ་ཅན་མ་མི་ཡུལ་འབྱོན་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད་དང་། སྒོས་གཙང་བྱམས་ཆེན་ཕྱོགས་ལ་འཕྲིན་པ་མཛོད། ང་མ་ཎི་བ་པད་དཀར་རྒྱ་མཚོ་འདྲ་བ་མ་བྱེད་གྱིས། རྒྱལ་ཁམས་བསྐོར་བའི་བླ་མ་མ་ཎི་བ་རྣམས་སེམས་ཅན་འགྲོ་དོན་མ་གཏོགས་པའི། འདོད་ཆགས་ཕྲ་མས་མགོ་བོ་མ་སྐོར་གྱིས་དང་། ང་འདྲའི་སྡུག་བསྔལ་མྱོང་དགོས་པ། དམྱལ་བ་གཅིག་ནས་ཐར་ཀྱང་གཅིག་ཏུ་འགྲོ་བར་འདུག་གོ །ངའི་སྡུག་བསྔལ་འདི་ལས་ཐར་བྱེད་དུ་ངའི་ཆུང་མ་བྱམས་སྒྲོན་ལ་འཕྲིན་པ་ཞིག་གྱིས་དང་། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་གྱིས་དང་། རྡོར་གཅོད་ན་རཀ་དོང་སྤྲུགས་ཚུགས་གྱིས་དང་། ཟང་ལ་མཁར་གྱི་དཔོན་སློབ་རྣམས་ལ་ཞབས་ཏོག་དང་བསྔོ་རྟེན་ཕུལ་གྱིས་དང་། བསགས་པའི་ནོར་རྫས་ད་ལྟ་དགྲ་རུ་ལངས་འདུག་པས་བྱམས་ཆེན་ཆོས་སྡེ་ལ་ཞབས་ཏོག་བསྔོ་རྟེན་ཕུལ་གྱིས་དང་། དེ་ལྟར་བྱས་ནས་སྡུག་བསྔལ་ཅུང་ཟད་ཡང་དུ་འགྲོ་བར་འདུག་པས། ཕྱིས་ཀྱི་རྒྱལ་ཁམས་བསྐོར་བའི་མ་ཎི་བ་རྣམས་རང་དབང་ཡོད་དུས་གང་ཡོད་དུ་སྦྱིན་པར་ཐོངས། མི་ནོར་སློང་ནས་བསགས་འདུག་ན་རང་ལ་དབང་རྒྱུ་མེད་པའི་ཟས་ནོར་རི་བོའི་འོག་ཏུ་མནན་འདུག་གྱིས་ཟེར་ནས་ལུས་འདར་སིལ་སིལ་བྱེད་ཀྱིན་འདུག་པ་ལ། གཤིན་རྗེ་རྣམས་ཀྱིས་ལྕགས་ཀྱུས་སྙིང་ཁ་ནས་བཟུང་ནས་ཁྲིད་སོང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་གཤིན་རྗེའི་ལས་མཁན་ཕོ་ཉའི་ཚོགས་ཀྱིས་མི་གཟན་སྣ་ལྔ་དང་གཡུ་དཔུངས་བྱི་རུ་བཏགས་པའི་མི་གཅིག་ཁྲིད་བྱུང་བ་དེ་ལ་ཆོས་ཀྱི་རྒྱལ་པོས་དྲི་བ་སྔར་བཞིན་མཛད་སོང་བར། མི་དེས་ཆོས་ཀྱི་རྒྱལ་པོ་ལ་ཞུ་བ་འདི་ལྟར་འབུལ་གྱི་འདུག་གོ །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ལས་ངན་གྱི་སྡིག་ཅན་ང་། ང་སྐྱེ་ས་གཙང་གི་ཕྱོགས་ནས་ཡིན། ཡང་སྒོས་པད་རྣམ་ཞེས་བྱ་བ་ནས་ཡིན། ངའི་མིང་ལ་ལྡིང་དཔོན་དགོས་སླེབ་ཟེར། དམ་པའི་ལྷ་ཆོས་ཤིག་བྱེད་བསམས་ཀྱང་། རང་ལ་དབང་མེད་དཔོན་པོའི་ལས་དབང་དུ་སོང་། རང་དོན་གྱི་སྡིག་པ་མ་བྱས་ཀྱང་། དཔོན་པོའི་ཕྱག་གཡོག་ཞུས་ཙ་ན་སྡིག་པ་ཕྲན་བུ་བྱེད་དགོས་བྱུང་། ངས་དགེ་བ་བྱས་པ་འདི་ལྟར་ཡོད་ལགས། རྟག་རི་བླ་མར་ཞབས་ཏོག་འབུལ་བ་བྱས། དབང་དང་ཆོས་ཁྲིད་འབྲེལ་བ་ཙམ་རེ་ཞུས། ངས་མ་ཎི་སྒྲུབ་སྡེར་ཞབས་ཏོག་ཞུས། གཞན་ཡང་ཆོས་སྡེ་རྣམས་ལ་ཞབས་ཏོག་གང་དྲག་ཞུས། སྒོ་དྲུང་དུ་རྩན་བཙུན་རྟོགས་ལྡན་ཕོ་མོ་བྱུང་ཚད་ལ། སྒོ་ཡོན་ཟས་ཀྱི་འབྲེལ་པ་གང་འབྱོར་བྱས། ང་མ་གིའི་སྐད་ངན་རྩེ་རེ་བ་དེ་ལ་མི་གཏོང་རོགས་མཛོད་ཟེར་ཞིང་འདུག་པ་ལས། ཡང་ལྷ་དཀར་པོ་དེ་བཞེངས་ནས་ཀྱེ་མ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་ལ། མི་འདིའི་ལོ་རྒྱུས་ཁོ་རང་གིས་ཞུ་བ་བཞིན་ཡིན་ལགས། དཔོན་པོའི་དབང་གིས་མི་སེར་ལ་དབང་སྤྱོད་ཕྲན་བུ་ནི་དབང་མ་ཐུབ་པར་བྱེད་དགོས་བྱུང་འདུག །གཞན་མ་དགེ་བའི་ལས་འདི་ཙམ་ཡོད་ཟེར་ནས་རྡེའུ་དཀར་པོ་སྤར་གང་ཙམ་སྤུངས་སོང་།ཡང་འདྲེ་ནག་པོ་ཁོ་ལངས་ནས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་ལ། མི་འདིའི་སྡིག་པ་བསམ་ལས་འདས། དཔོན་བཟང་ཕྲག་པ་ལ་བཀལ་ནས་ཀྱང་། མི་ནག་མེད་འཕྲོག་བཅོམ་བརྡུངས་བཙོག་བྱས། མི་ནོར་ཟོས་པ་གྲངས་ཀྱིས་མི་ལངས་སོ། །ལྷག་པར་མི་ལུས་ཐོབ་པའི་དཀའ་ལས་ལ། ཁྱོད་ཀྱིས་མིའི་ལག་པ་བྲང་ཁར་བསྣོལ་བཏབ་བཀྱིགས་པས་མ་བསད་དམ། གཞན་མ་ཁྱོད་ཀྱིས་སྡུག་པ་བྱས་ཚད་རྣམས། ད་ལན་གྲངས་ཀྱིས་མི་ཟད་བརྗོད་མི་ལངས་སོ། །སྡིག་པ་བསགས་པའི་གྲངས་འདི་ཡིན་ཟེར་ནས། རྡེའུ་ནག་པོ་རི་རབ་ཙམ་སྤུངས་སོ། །ཡང་སྤྲེའུ་མགོ་ཅན་ན་རེ། རྡེའུ་ནག་མང་བར་འདུག་རུང་། དཀར་ནག་ཡང་ལྕི་མཉམ་པར་འདུག་པས། ཆོས་ཀྱི་རྒྱལ་པོས་གཟིགས་ཤིག་ཟེར་རོ། །ཡང་ཆོས་ཀྱི་རྒྱལ་པོས་གཡས་ཕྱོགས་ནས། གཤིན་རྗེ་གླང་གི་མགོ་ཅན་དེ་ལངས་ནས་སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཕྱར་སོང་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་ཀྱང་། མི་ཁྱོད་ཀྱིས་སྡིག་པ་མང་བར་བྱས་འདུག་ནའང་། རྟོགས་ལྡན་གྱི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་དང་མཇལ་འདུག །དེ་ལ་ཞབས་ཏོག་དད་གུས་ཆེན་པོ་རང་བྱས་འདུག །སྡིག་པ་གཞན་མ་རྣམས་ཕལ་ཆེར་དག་འདུག །རྗེས་ལ་མི་ཞིག་བཀྱིགས་ཐག་ཐལ་དུ་བཅུག་འདུག་པས། འཆི་བའི་ལམ་ལ་ཉེ་དུས་སུ་ལས་དཀར་ནག་གི་བྱ་བ་གང་བྱས་ཀྱང་། དེ་ཤུགས་ཆེ་བར་འདུག་པས་འཆི་ཁར་མི་བཀྱིགས་ཐག་བཏང་བའི་རྣམ་སྨིན་དུ་ཡུལ་ནི་ལྷོ་རོང་སྟོད་ཞེས་སུ་ཆོས་སྡེ་ཞིག་གི་སྐོར་ཁང་དུ་ཁྱི་ལག་པ་བསྣོལ་ནས་འགྲོ་མི་ཤེས་པ་གཅིག་ཏུ་སྐྱེ་བ་ལོངས་ཤོག་ཅིག །དེ་ནས་རྟོགས་ལྡན་བླ་མའི་ཐུགས་རྗེ་ཡིས། མི་ལུས་ཐོབ་པར་འདུག་གོ་གསུངས་སོང་བས། ཡང་མི་དེའི་ཁ་ནས་འཕྲིན་པ་འདི་ལྟར་ཟེར་རོ། །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། སྤྱིར་འཛམ་བུ་གླིང་གི་མི་ལ་འཕྲིན་པ་མཛོད། ལྷག་པར་གཙང་པད་རྣམ་ཕྱོགས་ལ་འཕྲིན་པ་མཛོད། སྒོས་དཔོན་པོས་ཧོར་འདྲ་བྱེད་མི་རྣམས་ལ་འཕྲིན་པ་མཛོད། དཔོན་ཕྲག་ཁུར་གྱིས་དབང་ཆེ་མ་བྱེད་གྱིས། ཟ་འདོད་སྐྱིག་ཐག་མ་བྱེད་གྱིས། འཕྲོག་བཅོམ་དང་བརྡུང་རྡེག་མ་བྱེད་གྱིས། ཟ་འདོད་བཀྱིགས་ཐག་མ་བྱེད་གྱིས། ཉེས་པ་དེ་ལྟར་བསགས་འདུག་ན། དམྱལ་བའི་སྡུག་བསྔལ་གྲངས་མང་ལ་སྡུག་བསྔལ་ཡུན་རིང་མྱོང་དགོས་འདུག །སྒྲུབ་སྡེ་རྟོགས་ལྡན་གྱི་བླ་མ་ལ་དད་གུས་དང་འབུལ་བ་ཞབས་ཏོག་གྱིས། ཐུགས་རྗེ་དང་ནུས་པ་འདུག་གོ་གྱིས། སྡིག་ཅན་ང་ཡང་དམྱལ་བ་ལས་ཐར་སོང་གྱིས་ཟེར་ནས་རླུང་དམར་ཐལ་ལེ་བ་བྱས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་ལས་མཁན་གཤིན་རྗེ་ཕོ་ཉའི་ཚོགས་ཀྱིས་མི་སྟོད་གོས་དང་དོར་མ་རྒྱ་མ། གཟན་རྒྱ་མ་སྐྲ་རྦད་མགོ་བྱས་པ་ཞིག་ཁྲིད་ནས་བྱུང་ངོ་། །ཆོས་ཀྱི་རྒྱལ་པོས་མི་དེ་ལ་དྲི་བ་སྔར་བཞིན་མཛད་ཀྱིན་འདུག་པ་ལ། མི་དེས་ཆོས་ཀྱི་རྒྱལ་པོ་ལ་ཞུ་བ་འདི་ལྟར་འབུལ་གྱིན་འདུག་གོ །ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ལས་ངན་གྱི་སྡིག་ཅན་ང་། ང་སྐྱེ་ས་རྐོང་པོའི་ལུང་པ་ནས་ཡིན། ངེད་རང་གི་ལུང་པའི་སྲོལ་དུ་སོང་བས་ཕག་དང་ནོར་ཕྱུགས་ཕྲན་བུ་གསོད་དགོས་པ་བྱུང་ལགས། སྡིག་པ་གཞན་བསགས་པ་མེད་ལགས། དཀར་པོ་དགེ་བའི་ཕྱོགས་ལ་འདི་ལྟར་ཡོད་ལགས། ཤེལ་སྟོད་སྒྲུབ་སྡེའི་བླ་མ་དཔོན་སློབ་རྣམས་ལ་ཚོགས་འཁོར་ཞབས་ཏོག་རེ་ཙམ་ཞུས། བླ་མ་ལ་འབུལ་བ་ཆེ་བར་ཕུལ་ལགས། བླ་མས་བཀའ་དྲིན་བསྐྱངས་པ་མཛད་བྱུང་། དེ་ནས་ང་ལ་རྒྱུ་འབྲས་ཀྱི་ཆོས་འགའ་རེ་གསུངས་བྱུང་བས་སྔར་སེམས་ཅན་བསད་པ་རྣམས་ལ་འགྱོད་པ་དྲག་པོ་སྐྱེས་ནས་བཤགས་པ་མང་པོ་ཕུལ། དེ་ནས་བཟུང་སྟེ་སྡིག་པ་མ་བྱས་པར་སྤངས། བླ་མ་ལ་བཀའ་ཆོས་ཞུས་ནས་ཁ་འདོན་སྐྱབས་འགྲོ་སེམས་བསྐྱེད་བསླབས། བླ་མའི་རྣལ་འབྱོར་བསྒོམས་ཤེས་ཙམ་ཡོད་ལགས། ཕྱག་ཆེན་ཞུ་དགོས་བསམ་རུང་། རྟག་པར་སྒོམ་ལ་སྡོད་ལོང་མ་བྱུང་ཟེར་བ་ལ། ཡང་ལྷ་དཀར་པོ་དེ་ལངས་ནས་ཀྱང་ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། མི་འདི་མི་ཡུལ་ན་ཡོད་དུས་ཡུལ་ཀྱི་ལུགས་ངན་པའི་སྟབས་ཀྱིས་སྡིག་པ་ཕྲན་བུ་བྱས་འདུག་ནའང་། གསང་སྔགས་ཀྱི་རྣལ་འབྱོར་ཕོ་མོ་རྣམས་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་ཞུས། བླ་མ་ལ་འབུལ་བ་ཆེན་པོ་ཕུལ་ནས་བསྔོ་བ་ཞུས། རྒྱུན་དུ་བླ་མའི་རྣལ་འབྱོར་བསྒོམས་ནས་མ་ཎི་བགྲངས་པའི་ཕན་ཡོན་འདི་ཙམ་ཡོད་ཟེར་ནས་རྡེའུ་དཀར་པོ་སྤར་ཕྱེད་ཙམ་སྤུངས་སོང་ངོ་། །ཡང་མི་དེའི་གཡས་ཕྱོགས་ནས་འདྲེ་ནག་པོ་ཁོ་ལངས་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་འདྲེ་ནག་པོས་འདི་ལྟར་ཞུས་སོང་། མི་འདིས་སྡིག་པ་བསམ་ལས་འདས། རྩྭ་གཙང་ཆུ་གཙང་བཏུང་པ་ཡི། སེམས་ཅན་བརྒྱ་ལྷག་ཙམ་ཞིག་བསད་འདུག །ཡུལ་དུ་ཕག་ཉིས་བརྒྱ་དང་བཅུ་གཉིས་ཙམ་ཞིག་བསད་འདུག །ཆུ་ནང་གི་ཉ་རྣམས་གྲངས་མེད་དུ་བསད་འདུག །སྡིག་པ་བྱས་པའི་གྲངས་འདི་ཙམ་ཡོད་ཟེར་ནས་རྡེའུ་ནག་པོ་རི་རབ་ཙམ་ཞིག་སྤུངས་སོང་བས། ཡང་རྡེའུ་དཀར་ནག་གཉིས་ལས་མཁན་སྤྲེའུ་མགོ་ཅན་གྱིས་རྒྱ་མ་ལ་བཏེག་སོང་བས། སྤྲེའུ་མགོ་ཅན་གྱི་ཞལ་ནས་ཀྱང་། འདི་ནི་ནག་པོ་ཅུང་ཞིག་ལྕི་བར་འདུག་གོ་ཟེར་བ་ལ། ཆོས་ཀྱི་རྒྱལ་པོའི་གཡས་ཕྱོགས་ནས་རཀྴ་གླང་གི་མགོ་ཅན་གྱིས་ལངས་ནས་ཀྱང་། སྲིད་པ་ལས་ཀྱི་མེ་ལོང་དེ་ཆོས་རྒྱལ་དྲུང་དུ་ཕྱར་སོང་བས། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ལས་ཀྱི་མེ་ལོང་ལ་གཟིགས་ནས་ཀྱང་ཆོས་རྒྱལ་ཞལ་ནས་འདི་ལྟར་གསུངས་སོ། །

ཁྱོད་ཀྱིས་སེམས་ཅན་སུམ་བརྒྱ་ཙམ་བསད་འདུག་སྟེ། ཤེས་བཞིན་གྱི་སྒྲིབ་པ་མི་འདུག་ཅིང་། བཤགས་པ་དགའ་རབ་བྱས་འདུག་པས། ལྷག་པར་གསང་སྔགས་ཀྱི་རྣལ་འབྱོར་ཕོ་མོ་ལ་ཚོགས་འཁོར་ཞུས་པ་དེ་དགེ་བ་ཆེན་པོ་རང་ཡིན་ཅིང་། སྐྱབས་འགྲོ་དང་བླ་མའི་རྣལ་འབྱོར་ཡང་བསྒོམས་འདུག །དམྱལ་བར་ཡུན་རིང་སྡོད་མི་དགོས་པར་འདུག་ནའང་། རང་རང་གི་སྡུག་བསྔལ་ཝལ་ཙམ་མྱོང་དགོས་པས་དམྱལ་བ་ཡང་སོས་སུ་ཞག་གསུམ་སྡོད་ལ། དེ་ནས་བླ་མའི་དྲུང་དུ་སྡོམ་པ་བླངས་པའི་ཕན་ཡོན་གྱིས་ས་ཅིག་རྐོང་པོ་རྐྱེན་གྱི་ལུང་པ་དེ་རུ་དལ་འབྱོར་ཀྱི་མི་ལུས་ལོངས་ཤོག་ཅིག །དམ་པའི་ཆོས་དང་མཇལ་བར་ཡོད་དོ། །ལོངས་སྤྱོད་དང་ལྡན་པ་ཙ་རིའི་ཞབས་ཏོག་བྱེད་པ་ཞིག་ཡོང་ངོ་། །ཆོས་ཀྱི་རྒྱལ་པོའི་ཞལ་ནས་དེ་ལྟར་གསུངས་པས་མི་དེ་ཕུགས་མི་ལུས་ཐོབ་པས་དགའ་ནའང་། འཕྲལ་དམྱལ་བ་མྱོང་དགོས་པས་སྡུག་དྲགས་ནས་ཀརྨ་དབང་འཛིན་ལ་འཕྲིན་པ་འདི་ལྟར་ཟེར་གྱི་འདུག་གོ །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། མི་ཡུལ་རྐོང་པོའི་ཕྱོགས་ལ་འཕྲིན་པ་ཞིག་གསུངས་དང་། སེམས་ཅན་སྲོག་གཅོད་བྱས་པའི་རྣམ་སྨིན་ལ་དམྱལ་བ་ཡང་སོས་ཀྱི་སྡུག་བསྔལ་མྱོང་དགོས་འདུག །ཕྱིས་ཀྱི་མི་རྣམས་སེམས་ཅན་མ་གསོད་གྱིས་དང་། ཤེལ་སྟོད་ཀྱི་བླ་མ་དཔོན་སློབ་ལ་ཞབས་ཏོག་ཚོགས་འཁོར་ཞུས་ཤིག་གྱིས་དང་། ཐུགས་རྗེས་ལམ་སྣ་འདྲེན་བགྱིད་གྱིས། ཁོང་རྣམས་ཀྱི་ཐུགས་རྗེ་དང་ནུས་པ་དེ་མེད་ན་ང་དམྱལ་བ་ནས་ཐར་དུས་མི་ཡོང་བ་འདུག་གོ་ཟེར་ཞིང་གཤིན་རྗེ་རྣམས་ཀྱིས་ཁྲིད་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

བར་དོ་དམྱལ་བའི་ཡུལ་ནས་གཤིན་པོ་རྣམས་ཀྱིས་འཕྲིན་པ་བསྐུར་བའི་ལོ་རྒྱུས་རྒྱས་པར་བཤད་ན་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་པ་འདུག་ནའང་།

སྐལ་ལྡན་ལས་འཕྲོ་ཅན་གྱི་མི་རྣམས་ལ་གོ་བ་ཅན་ལ་ཟུར་ཙམ་གྱིས་ཤེས་ཤིང་། ཕ་རོལ་ཚེ་ལས་འདས་པའི་མི་རྣམས་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་དགེ་སྡིག་ཤན་འབྱེད་བྱས་པའི་ལོ་རྒྱུས་དང་། གཤིན་པོ་རྣམས་ཀྱིས་མི་ཡུལ་དུ་འཕྲིན་པ་བསྐུར་བའི་ལོ་རྒྱུས་མདོར་བསྡུས་ཡོད་ཙམ་ཡི་གེར་བཀོད་པ་རྫོགས་སོ།། །།

ད་ནི་འདས་ལོག་མ་ཀརྨ་དབང་འཛིན་ཁོང་། ཆོས་ཀྱི་སྐུ་གཞོགས་སུ་ཉིན་ཞག་བདུན་གྱི་བར་དུ་བཞུགས་ནས་ཆོས་ཀྱི་རྒྱལ་པོའི་བཀའ་བཀོད་དང་། གཤིན་པོ་རྣམས་ཀྱི་འཕྲིན་པ་དང་ཀརྨ་དབང་འཛིན་ཁོང་རང་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ལུང་བསྟན་དང་། མི་ཡུལ་དྲན་པ་སྒང་དུ་ཆོས་ཀྱི་རྒྱལ་པོས་ཀརྨ་དབང་འཛིན་ལ་ཆོས་རྒྱལ་ཀྱི་བཀའ་བཀོད་བསྒྱུར་བ་མི་ཡུལ་དུ་ཀློག་པའི་ལོ་རྒྱུས་འདི་ལྟར་ལགས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

དེ་ནས་ཆུ་ཕར་ཁ་དེ་ནས་ཀརྨ་དབང་འཛིན་ལ་སྐད་ཀྱི་ང་རོ་ཞིག་བཏང་བྱུང་ནས་དེ་ཡང་བན་དེ་ཞྭ་མོ་སེར་པོ་གོན་པ་མཐང་ཤམ་ལ་ཁྲེག་གེ་ཞིག་གིས་འདི་སྐད་ཟེར་བྱུང་བས། ཁྱེད་རང་དཔོན་གཡོག་གཉིས་ཉི་མ་རི་ཤར་རླུང་ཤར་བབས། ལས་རྒྱུ་འབྲས་ཀྱི་ཤན་འབྱེད་ནི་མཐོང་། ཆོས་ཀྱི་རྒྱལ་པོའི་ཞལ་ནི་མཇལ། ལས་མཁན་གཤིན་རྗེ་ཕོ་ཉའི་འཇིགས་སྐྲག་ནི་མཐོང་། ལས་དགེ་སྡིག་གི་ཤན་འབྱེད་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ཡིད་ལ་བཟུང་ནས་ཡར་ལོག་ཤོག་ཅིག །སྒྱུ་ལུས་ཀྱི་ཁང་སྟོང་དེ་རི་མཐོ་ས་གཙང་གི་ས་ལ་བསྐྱལ་གྲབས་འདུག་གོ་ཟེར་ནས་རླུང་ཤུད་དེ་བའི་ངང་ནས་ཡལ་སོང་ངོ་། །དེ་ནས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ངའི་ཟླ་གྲོགས་ཀྱི་བུད་མེད་དེས་ཆོས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། ད་ནི་འདི་རུ་ཉིན་ཞག་བདུན་ཙམ་སོང་། ཚེ་འདས་ཀྱི་ལུས་ཀྱང་བརྡལ་བ་ལ་ཐུག་གོ །སྔོན་གྱི་ལས་འཕྲོ་འདི་ལྟར་འདུག་པས་འཛམ་བུ་གླིང་དུ་འཕྲིན་པ་སྐྱེལ་བར་གཏོང་ངམ། དལ་འབྱོར་གྱི་མི་ལུས་ལེན་པར་གཏོང་ངམ། ཡར་རིག་འཛིན་གྱི་ས་ལ་གཏོང་ངམ། བཀའ་ཚིག་དམ་པ་བདག་ལ་གསུང་དུ་གསོལ་ཞེས་གསོལ་བ་བཏབ་ནས་ཕྱག་དང་སྐོར་བ་མང་དུ་བྱས་སོང་། དེ་ནས་ཆོས་ཀྱི་རྒྱལ་པོས་ཀརྨ་དབང་འཛིན་ལ་སྤྱན་ཁྲོ་ཚུགས་སུ་གཟིགས་ནས་དེའི་རྟིང་ཐུགས་དགོངས་ལ་བཞུགས་འདུག །དར་ཅིག་ནས་ཆོས་ཀྱི་རྒྱལ་པོས་སྤྱན་ཁྲ་ཧྲིག་གེ་མཛད་ནས་སྲིད་པ་ལས་ཀྱི་མེ་ལོང་དེ་ལ་གཟིགས་སོང་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཀརྨ་དབང་འཛིན་ལ་འདི་ལྟར་གསུངས་བྱུང་ངོ་། །ཁྱོད་རིགས་རུས་མ་ནོར་གསུམ་པའི་རྒྱུད། མདོག་ནི་མ་ནོར་སྨུག་པོའི་མདོག །སེམས་ནི་མ་བཅོས་གཉུག་མའི་ངང་། ལོ་ནི་མ་ནོར་ལུག་གི་ལོ། དུས་ནི་མ་ནོར་ཆོ་འཕྲུལ་ལུག་གི་ཟླ། ཉི་མ་མ་ནོར་སྤྲེའུའི་ཉིན། དུས་ཆེན་ཚེས་བཅུ་གཉིས་དུས་ན་འདིར་སླེབས་ནས་ལས་དགེ་སྡིག་གཉིས་ཀྱི་ཤན་འབྱེད་ཀྱི་གཤིན་རྗེའི་རྩིས་གྲངས་ཞིབ་མོ་མ་མཐོང་ངམ། གཤིན་རྗེ་ཕོ་ཉས་དེད་པ་ཡང་མ་མཐོང་ངམ། ཆོས་ཀྱི་རྒྱལ་པོ་ཡིན་པ་མ་གོའམ། སྔོན་གྱི་གླིང་བཟའ་ཆོས་སྐྱིད་ལོག་པ་དེ་རིགས་དང་མིང་རུས་ནོར་བ་ཡིན་ནོ། །

དར་རྩེ་མདོ་ནས་ཡིན་པའི་བུད་མེད་བསམ་གཏན་ཟེར་བ་དེ་དང་། ཁམས་ཀྱི་ལུང་པ་ནས་ཡིན་པའི་རིགས་རྒྱུད་བོན་པོ་ཡིན་པའི་བུད་མེད་ཨིནྡྲ་ཟེར་བ་དེ་དང་།

ཁྱོད་རང་དང་གསུམ་པོ་མིང་དང་རིགས་རྒྱུད་མ་ནོར་བས་འདི་རྣམས་མ་བརྗེད་པར་སེམས་ལ་ལེགས་པར་ཟུང་ལ་འཛམ་བུའི་གླིང་གི་མི་རྣམས་ལ་འཕྲིན་པ་གྱིས་ཤིག །ཁམས་བོན་གྱི་བུད་མེད་ཀློག་པའི་རྒྱུ་མཚན་ནི། བོན་གྱི་ཆོས་ལ་ཇི་ལྟར་མཁས་གྱུར་ཀྱང་། སངས་རྒྱས་ཐོབ་པའི་འབྲས་བུ་ཁྱད་པར་མེད། ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་ནས་ཀྱང་། ཕྱག་རྒྱ་ཆེན་པོའི་ངོ་བོ་ལྟ་དགོས་པའི་ལོ་རྒྱུས་རྒྱས་པ་དེ། ཁམས་བོན་གྱི་བུད་མེད་ལ་བསྐུར་ནས་ཡོད་དོ། །ད་ཁྱོད་ཤི་གསོན་གཉིས་ཀྱི་བང་ཕྱིན་དང་། འཛམ་བུའི་གླིང་གི་མི་ལ་འཕྲིན་པ་གྱིས། ཤི་གསོན་གཉིས་ཀྱི་བང་ཕྱིན་བྱས་ཆོག་པའི་རྒྱུ་མཚན་ནི་འདི་ལྟར་ཡིན་ནོ། །ཁྱོད་ཀྱི་རྒྱུད་འཛིན་ནི་རྡོ་རྗེ་ཕག་མོ་དངོས་སུ་ཞལ་མཇལ་ནས་དབང་ལུང་མན་ངག་ཐམས་ཅད་ཐོབ་པའི་རྒྱུད། དེ་ནས་མི་རྒྱུད་བདུན་གྱི་བར་དུ་མཁའ་འགྲོའི་ཁ་རླངས་མ་ཡལ་བ་ཡིན་ནོ། །སེམས་ཅན་གྱི་འགྲོ་དོན་ནུས་པ་ཡིན་ནོ། །ཐར་པའི་ལམ་སྟོན་ནུས་པ་ཡིན་ནོ། །སྲིད་པའི་ལུང་ལ་ཐེབས་པ་ཡིན་ནོ། །ད་ཁྱོད་རང་གི་སྐྱེ་བ་བླངས་པའི་ཚུལ་ནི། །ཚེ་སྔ་མའི་སྔ་མ་རྒྱ་གར་གྱི་ཡུལ་དུ་གླང་པོ་ཆེ་མངོན་ཤེས་མཁན་ཞིག་ཏུ་སྐྱེ་བ་བླངས་འདུག །དེ་ནས་ལྷོ་བྲག་ཁོན་ལྡིང་གི་ཕྱོགས་སུ་བུད་མེད་ཅིག་གི་ལུས་སུ་སྐྱེས་ནས་ཆུང་ཕ་མས་ཁྲིད་པའི་དུས་ཚོད་ནས་རང་གི་རང་དབང་ཐོབ་དུས་སུ་ལྷ་ཁང་རྣམ་སྣང་ལྷ་ཚོགས་ཀྱི་དྲུང་དུ་དཀར་མེ་ཞལ་ཟས་ཕུལ་ནས་སྨོན་ལམ་རྒྱ་ཆེར་བཏབ་བོ། །

དེ་ནས་ལྷོ་བྲག་ཁོ་མཐིང་ལྷ་ཁང་གི་ཕྱོགས་སུ་ཨུ་རྒྱན་གྱི་རྒྱུད་པ་འཛིན་པའི་གཏེར་སྟོན་སྣང་རྩེ་ཞེས་བྱ་བར་ཕེབས། དེར་ཁོང་ལ་ཁྱོད་རང་གི་ནོར་རྙིང་པགས་ཧྲལ་ནས་ཕུལ། བསྔོ་བ་དང་སྨོན་ལམ་ཞུས། གཏེར་སྟོན་རང་གིས་དམ་རྫས་མྱོང་གྲོལ་དང་གུ་རུའི་བྱང་སེམས་དཀར་དམར་དང་བཅས་པའི་དམ་རྫས་རྣམས་བུད་མེད་ཁྱོད་ལ་གནང་ནས། གཏེར་སྟོན་གྱི་ཡུན་རིང་པོའི་བར་དུ་སྨོན་ལམ་འདི་ལྟར་བཏབ་བོ། །ཚེ་ཕྱི་མ་བྱང་ཆུབ་ཀྱི་ལམ་སྟོན་ནུས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་བློ་མ་རིག་པ་སྤངས་ནས་དགེ་བ་ལ་སྐུལ་ནུས་པར་གྱུར་ཅིག །ཕྱི་མ་མཁའ་སྤྱོད་ཀྱི་གནས་སུ་བདག་རང་དང་འཕྲད་པར་གྱུར་ཅིག་གསུངས་ནས། གཏེར་གྱི་སྨོན་ལམ་དང་ནུས་པ་ལ་བརྟེན་ནས་དེ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་གདོང་རྒྱུད་ཡིན་པས་རྒྱུན་དུ་སྙིང་རྗེས་སེམས་ཅན་རྣམས་ལ་བུ་ལྟར་བརྩེ་བས་སྐྱོང་བ། ཞལ་ནས་ཡི་གེ་དྲུག་མ་དང་མ་བྲལ་བར། ཐུགས་ནི་གསལ་སྟོང་ཡེངས་མེད་ཀྱི་ངང་ནས་ཡི་དམ་ལྷ་དང་མ་བྲལ་བར། དེའི་སྐུ་མཐོང་བ་ཙམ་གྱིས་ངན་སོང་གི་སྒོ་ཁེག་པ།

གསུང་ཐོས་པ་ཙམ་གྱིས་མཐོ་རིས་ཀྱི་ལམ་བགྲོད་ནུས་པ། དེ་ལྟ་བུའི་གཟུངས་མ་ཁྱོད་ཀྱིས་བྱས་འདུག །སྔོན་གྱི་དགེ་བའི་མཐུ་དང་དེའི་ཕན་ཡོན་གྱིས་འདི་ནས་མི་ཡུལ་དུ་སོང་ལ་མི་ཡུལ་གྱི་མི་རྣམས་ལ་ཕྲིན་པ་གྱིས། ཡང་སྒོས་གཙང་རྒྱལ་རྩེའི་ཕྱོགས་སུ་འཕྲིན་པ་གྱིས། སྔོན་གྱི་ལས་འབྲེལ་བཀའ་བབས་དེ་ན་ཡོད། ཁང་པའི་མིང་ལ་ལྕང་ར་ཟེར་བ་ཡོད། རྒྱལ་སྲང་སྦུས་གླིང་སྒོ་ལྷོར་ལྟ་བ། སྒོ་ལུང་ལྕགས་སྒྲིལ་ཟངས་སྒྲིལ་དུ་ཡོད་པ། མིའི་ལོ་སྙིང་སྟག་ལོ་ཕག་ལོ་བྱི་ལོ་གསུམ་ཡོད། དེ་རྣམས་ཀྱི་དགེ་བའི་སྣ་འདྲེན་བྱེད་པ་ཡོད། ཡུལ་དེར་ཐོག་མར་སླེབས་དུས་ཆུ་མིག་གི་ཁར་བུད་མེད་གཟུགས་རིང་ཞིང་བྱད་མཚར་བ། མདོག་སྔོ་ཞུ་ལེ་བ་ཞིག་ཡོད་པའི་བུད་མེད་ཅིག་དང་འཕྲད་ནས། བུད་མེད་དེས་ཁྱོད་ཀྱི་མགོ་ལུས་མེད་པར་བལྟས་ནས་ལོ་རྒྱུས་ཞིབ་པར་དྲི་བར་ཡོད་དོ། །དེ་ལ་བར་དོ་དམྱལ་བའི་ལོ་རྒྱུས་རྣམས་སྦས་གསང་མ་བྱས་པར་ཞིབ་པར་ཤོད་ཅིག །དེར་བུད་མེད་དེ་ནང་དུ་ལོག་ནས་ཟས་ཀྱི་འབྲེལ་པ་ཐོག་མར་དེས་འདོགས་པར་ཡོད་དོ། །ཁྱོད་དང་ཐོག་མར་འཕྲད་པའི་བུད་མེད་དེ་ནི་མཁའ་མགྲོ་མ་ཙནྜི་དྷ་ཟེར་བའི་སྤྲུལ་པ་ཡིན། ཁྱོད་ཀྱི་ལོ་རྒྱུས་ལ་སྦས་གསང་མ་བྱས་པར་བཤད་ན་བུད་མེད་དེས་ལུང་པའི་མི་གཞན་ཐམས་ཅད་ལ་ལོ་རྒྱུས་རྒྱས་པར་བཤད་པས་གཡས་གཡོན་གྱི་མི་ཐམས་ཅད་ཁྱོད་རང་གི་མདུན་དུ་འདུ་བ་ཡོད་དོ། །དེར་འདུས་པའི་མི་རྣམས་ནི་སྔོན་ནས་བསོད་ནམས་བསགས་པ་དང་ལས་འབྲེལ་ཡོད་པའི་མི་རྣམས་ཡིན་ནོ། །ཡང་སྔོན་ནས་བསོད་ནམས་དང་ལས་འབྲེལ་མེད་པ་དང་སྡིག་པའི་ལས་བསག་པའི་འཕྲོ་ཡོད་པའི་མི་རྣམས་ནི་ཁྱོད་ལ་སྐུར་བ་བཏབ་ཅིང་ལོག་པར་ལྟ་བའི་མི་འགའ་ཞིག་ཡོང་བ་ཡོད་དོ། །དེ་རྣམས་ལ་བཏང་སྙོམས་ལ་ཞོག་ལ་ཆོས་རྣམས་འཕྲོ་བཞིན་ཤོད་ཅིག །ལྷག་ཏུ་མི་སྐྱེ་ས་གཙང་རོང་མཐིལ་ནས་ཡིན་པས་ལོ་བཅུ་གསུམ་ཙམ་ནས་ཉང་སྨད་ཕྱོགས་ནས་ཆོས་ཀྱི་བླ་མ་ཤཱ་རིའི་བུའི་སྤྲུལ་པ་ཡིན་པའི་བླ་མ་དེའི་དྲུང་དུ་སྡོམ་པ་ལེགས་པར་བླངས་ནས། བསླབ་པ་གསུམ་གྱི་སྡོམ་པ་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པ་ཞིག་ཁྱོད་ཀྱི་དྲུང་དུ་ཡོང་། ཉིན་གཅིག་ཇ་ཞིག་ཁྱེར་ནས་ཁྱོད་ལ་ཟས་འབྲེལ་རེ་བཏགས། གཏམ་གྱི་གླེང་མོ་བྱེད། དེ་ནས་ཉིན་ཞིག་འཛམ་བུ་གླིང་གི་མི་རྣམས་ཀྱི་འཕྲིན་ཇི་སྐད་ཟེར་ལྟ་རུ་ཡོང་དེའི་དུས་སུ་སྔོན་གྱི་ལས་རྣམས་ཀྱང་བྱང་། སྡིག་སྒྲིབ་རྣམས་ཀྱང་བྱང་། ཆོས་ཀྱི་རྒྱལ་པོའི་ཐུགས་རྗེ་ཀློང་ཡངས་ཀློང་རྡོལ་དུ་བརྡོལ། སངས་རྒྱས་ཀྱི་བསྟན་པ་ཡང་དར། ཉོན་མོངས་དུག་ལྔ་རང་གྲོལ་དུ་སོང་ནམ་མཁའ་སྤྲིན་མེད་ལ་ཉི་མ་ཤར་བ་ལྟ་བུ་གསལ་བ་ཞིག་ཡོང་བ་ཡོད་དོ། །དེར་དགེ་སློང་དེ་ཡང་ཁྱོད་ལ་དད་པ་ལྷག་པར་སྐྱེས་ནས་ཁྱོད་རང་གཉིས་འོད་ཟེར་ཕར་ཚུར་དུ་འཕྲོས་ནས་དགེ་སློང་དེ་ཡང་སྐྱེ་བ་སྔ་མ་དྲན་པར་འགྱུར་རོ། །དེ་ནས་ཆོས་ཀྱི་རྒྱལ་པོའི་ཞལ་ནས་བུད་མེད་ཁྱོད་ཉོན་ཅིག་ངས་ཞིབ་པར་བཤད་དོ། །འཛམ་བུ་གླིང་གི་མི་སྐལ་ལྡན་ལས་ཅན་རྣམས་ལ་འཕྲིན་པ་འདི་ལྟར་གྱིས་གསུངས་ནས། ཆོས་ཀྱི་རྒྱལ་པོས་ཀརྨ་དབང་འཛིན་ལ་ངེད་རང་འཛམ་བུ་གླིང་གི་མི་རྣམས་ལ་གསུང་ཕྲིན་ཚིགས་སུ་བཅད་པ་འདི་ལྟར་གསུངས་སོ། །སྤྱིར་འཛམ་བུའི་གླིང་དུ་སྐྱེས་པ་ཡི། །སྒོས་མི་ལུས་རིན་ཆེན་ཐོབ་དུས་ན། །དམྱལ་བའི་ས་བོན་མ་གསོག་གྱིས། །ནག་པོ་སྡིག་པའི་ལས་རྣམས་སྤོངས་ཤིག་གྱིས། །དགེ་བའི་ལས་ལ་འབུངས་ཤིག་གྱིས། །ཆོས་ཕྱག་ཆེན་གྱི་ངོ་བོ་ལྟོས་ཤིག་གྱིས། །ཤེས་བཞིན་གྱི་སྒྲིབ་པ་མ་གསོག་གྱིས། །རྫུན་དང་ཕྲ་མ་མ་བྱེད་གྱིས། །དུག་སྦྱོར་རྩུབ་ལས་མ་བྱེད་གྱིས། །ཐར་མེད་དམྱལ་བར་གཏོང་ངོ་གྱིས། །དྲིན་ཆེན་ཕ་མ་ཡིད་བཅད་མ་གཏོང་གྱིས། །དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་བར་གཏོང་ངོ་གྱིས། །བསགས་པའི་ནོར་ལ་སེར་སྣ་མ་བྱེད་གྱིས། །ཡི་དྭགས་བཀྲེས་སྐོམ་གནས་སུ་གཏོང་ངོ་གྱིས། །དམ་པའི་ཆོས་ལ་ཁྱད་གསོད་མ་བྱེད་གྱིས། །སྲིད་པའི་རི་གསུམ་འོག་ཏུ་མནན་ནོ་གྱིས། །ལར་གཉོམ་ཆུང་གི་མི་ལ་ཁྱད་གསོད་མ་བྱེད་གྱིས། །དམྱལ་བ་ངུ་འབོད་ཀྱི་གནས་སུ་གཏོང་ངོ་གྱིས། །ཚུལ་ཁྲིམས་དང་སྡོམ་པ་མི་སྲུང་ཡང་། །མོ་བདག་ཡོད་ལ་ཆགས་པ་མ་སྤྱོད་གྱིས། །ལྕགས་ཀྱི་ཤལ་མ་རི་ལ་འཕྲད་དོ་གྱིས། །གཏིང་ནད་ཁོང་ནག་མ་བྱེད་གྱིས། །ལྕགས་གཟེར་སྟོང་གིས་རྒྱག་གོ་གྱིས། །ཆུ་ནང་གི་ཉ་རྣམས་མ་གསོད་གྱིས། །ཐལ་ཆེན་གྱི་མཚོ་ལ་འབྲང་ངོ་གྱིས། །བདག་མེད་ཀྱི་རི་དྭགས་མ་གསོད་གྱིས། །ཉིན་ཞག་རེ་ལ་འཆི་དུས་གྲངས་མེད་བྱེད་དུ་འཇུག་གོ་གྱིས། །རང་སྐྱེས་ཀྱི་ཕྲུ་གུ་མ་གསོད་གྱིས། །དམྱལ་བ་ཐར་མེད་གནས་སུ་གཏོང་ངོ་གྱིས། །རང་གི་ལུས་ཚགས་དམ་པར་མ་བསྲུང་ན། །ཁྲོ་ཆུ་ཁོལ་མར་བྷ་གར་བླུགས་སོ་གྱིས། །རབ་བྱུང་བཙུན་པས་འདུལ་ཁྲིམས་མ་བསྲུངས་ན། །ལུས་ཀྱི་ལྤགས་པ་ཚད་མར་བཤུ་ཡོ་གྱིས། །རང་ཕྱི་ནང་གི་སྒྲོ་འདོགས་མ་ཆོད་པར། །ཚེ་འདས་ཀྱི་ཡར་འདྲེན་མ་བྱེད་གྱིས། །ཁྲག་དང་རྣག་གི་མཚོ་ནང་དུ་གཏོང་ངོ་གྱིས། །ཚེ་འདས་མཁའ་སྤྱོད་གནས་སུ་མ་བསྐྱལ་པའི། །ཤི་ཟས་ཀྱི་ཐལ་བ་མ་འགམ་གྱིས། །སེམས་ཅན་ཆུང་ཆུང་གིས་ཆེ་བ་ཟ་བའི་སྡུག་བསྔལ་ཡོད་དོ་གྱིས། །བྲེ་ལོག་དང་སྲང་ལོག་མ་བྱེད་གྱིས། །རང་ལུས་དུམ་བུར་གཏུབས་ནས་ཀྱང་། །བྲེ་སྲང་གི་ནང་དུ་འཇལ་ལོ་གྱིས། །མ་བྱིན་པའི་ནོར་རྫས་མ་ལེན་གྱིས། །ཡི་དྭགས་ངུ་འབོད་ཀྱི་གནས་སུ་གཏོང་ངོ་གྱིས། །རི་བྲག་གི་རྟོགས་ལྡན་ཕོ་མོ་དང་། །རྒྱལ་ཁམས་འགྲིམ་པའི་བླ་མ་མ་ཎི་བ་ལ། །དད་ལོག་དང་སྐུར་བ་མ་བཏབ་གྱིས། །ལྕགས་ཁང་སྒོ་མེད་ནང་དུ་འཇུག་གོ་གྱིས། །ནག་མེད་ཀྱི་མི་རྣམས་མ་གསོད་གྱིས། །ལྕགས་ཀྱི་ཕ་བོང་འོག་ཏུ་མནན་ནོ་གྱིས། །ལར་དཀོན་མཆོག་ལ་རྩུབ་སྨྲས་མ་འདེབས་གྱིས། །ལྕེ་སྤུ་གྲིས་དུམ་བུར་བཏུབ་བོ་གྱིས། །རང་སྐྲ་བཅད་མིང་སྤོས་ཀྱི་བླ་མ་ལ། །དད་ལོག་དང་སྐུར་པ་མ་འདེབས་གྱིས། །དམ་ཆོས་པོ་ཏིའི་འོག་ཏུ་མནན་ནོ་གྱིས། །རང་ལ་བློ་བཏང་པའི་ཕུང་དུ་མ་འཇུག་གྱིས། །རང་སྙིང་བཏོན་ནས་རང་གི་ཁ་རུ་འཇུག་གོ་གྱིས། །སྔགས་པ་བྱས་ནས་ཡི་དམ་མ་བསྒྲུབས་པར། །གཞན་ལ་མཐུ་གཏད་ངན་སྔགས་མ་བྱེད་གྱིས། །ཐར་མེད་དམྱལ་བའི་གནས་སུ་གཏོང་ངོ་གྱིས། །ཉམས་དང་རྟོགས་པ་རྒྱུད་ལ་མ་སྐྱེས་པའི། །ཆོས་བརྒྱད་ཀྱི་ཁ་བཤད་མ་བྱེད་གྱིས། །དམྱལ་བ་མུན་ཁུང་ནང་དུ་འཇུག་གོ་གྱིས། །སེར་སྣས་བསགས་པའི་ནོར་རྗས་རྣམས། །བླ་མ་དཀོན་མཆོག་ཞབས་ནས་ཐེགས་ཤིག་གྱིས། །མཐོ་རིས་གྱི་ལམ་སྣ་འདྲེན་ནོ་གྱིས། །ཞལ་ཟས་དང་མཆོད་མེ་ཕུལ་ཞིག་གྱིས། །མ་རིག་གི་མུན་པ་གསལ་ལོ་གྱིས། །རྒྱུན་དུ་ཕྱག་དང་སྐོར་བ་གྱིས། །ཚོགས་བསགས་དང་སྒྲིབ་སྦྱོང་ཡིན་ནོ་གྱིས། །ལར་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ་བོ་གྱིས། །ང་ཆོས་ཀྱི་རྒྱལ་པོ་བཞུགས་འདུག་གྱིས། །ལས་དཀར་ནག་དགེ་སྡིག་གཉིས་པོ་ཡི། །ཤན་འབྱེན་ཞིབ་པར་བྱེད་ཀྱིས་གྱིས། །དཀར་པོ་དགེ་བའི་ལས་ལ་འབུངས་མིའི་མི། །མཐོ་རིས་གནས་ལ་གཏང་ངོ་གྱིས། །ནག་པོ་སྡིག་པ་བསགས་པའི་མི། །དམྱལ་བའི་གནས་སུ་གཏོང་ངོ་གྱིས། །འཛམ་བུའི་གླིང་གི་མི་རྣམས་ཀྱིས། །ང་ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་སྒྲུབས། །ང་ཕྱི་ལྟར་ཆོས་ཀྱི་རྒྱལ་པོ་ཡིན། །ནང་ལྟར་ཐུགས་རྗེ་ཆེན་པོ་ཡིན། །སྙིང་པོ་མ་ཎི་པདྨེ་བགྲོངས་ཤིག་གྱིས། །ང་ཕྱི་ལྟར་ཆོས་ཀྱི་རྒྱལ་པོ་ཡིན། །ནང་ལྟར་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡིན། །སྙིང་པོ་གུ་རུ་པདྨ་སིདྡྷི་བགྲོངས་ཤིག་གྱིས། །ང་ཕྱི་ལྟར་ཆོས་ཀྱི་རྒྱལ་པོ་ཡིན། །ནང་ལྟར་ཤཱཀྱ་ཐུབ་པ་ཡིན། །སྙིང་པོ་ཤཱཀྱ་མུ་ནེ་བགྲོངས་ཤིག་གྱིས། །རྒྱུན་དུ་དགེ་བར་བློ་སྟོབས་སྐྱེད། །སྡིག་པ་ཕྲ་ཞིང་ཕྲ་བ་སྤོངས། །སེམས་ཅན་ཀུན་ལ་ཕན་ཆེར་ཐོགས། །བླ་མ་སྤྱི་བོར་གཙུག་ཏུ་སྒོམས་ཤིག་གྱིས། །ཡི་དམ་འབྲལ་མེད་སྙིང་ལྟར་བསྒོམ། །འཛམ་བུ་གླིང་གི་མི་རྣམས་ལ། །འཕྲིན་པ་འདི་ལྟར་ཞིབ་ཏུ་གྱིས། །སྡིག་ཅན་དམྱལ་བའི་གནས་ན་ལྷུང་འདུག་གྱིས། །སྡིག་བཤགས་དགེ་བའི་སྐྱེལ་མ་ཐོངས་ཤོག་གྱིས། །འཛམ་བུ་གླིང་གི་མི་རྣམས་ལ། །སྔར་བྱས་པ་ལ་འགྱོད་སེམས་སྐྱེད་ཅིག་གྱིས། །ཕྱིན་ཆད་སྡིག་པ་མི་བྱེད་བསམ་པ་ཡི། །དམ་བཅའ་ཀུན་གྱིས་ལོངས་ཤིག་གྱིས། །ཅི་ཡོད་དགེ་བའི་ཕྱོགས་ལ་འབུངས་ཤིག་གྱིས། །ལུས་ངག་ཡིད་གསུམ་དགེ་ལ་འབུངས་ཤིག་གྱིས། །ཞེས་པ་འདི་ཡན་ནི་ཆོས་ཀྱི་རྒྱལ་པོས་ངེད་རང་འཛམ་བུ་གླིང་གི་མི་རྣམས་ལ་གསུངས་པ་ཡིན་པར་འདུག་གོ །ད་འདི་མན་ནི་ཆོས་ཀྱི་རྒྱལ་པོས་ཀརྨ་དབང་འཛིན་ཁོང་རང་ལ་བསླབ་བྱ་དང་མ་འོངས་པའི་ལུང་བསྟན་སྦྲགས་མ་འདི་ལྟར་གསུངས་སོ། །

རིགས་བཟང་བློ་གསལ་ཀྱང་། སྔོན་ནས་སྦྱིན་འབྲས་མེད་པའི་སྐྱེས་བུ་འབྱོར་མེད་སངས་རྒྱས་ཀྱི་ཞབས་ནས་མ་ཐེག་པ། དགེ་བའི་སྐུལ་མ་དང་ཆོས་ཀྱི་འབྲེལ་པས་ཐེག་པ་ཡར་འཛེག་ཏུ་འགྲོ་བ་ཡིན་པས་ལས་རྒྱུ་འབྲས་ཀྱི་ཆོས་རྣམས་ཤོད་ལ། མི་དེ་རྣམས་ལ་ཟས་ཀྱི་འབྲེལ་པ་རེ་ཐབས་ཀྱིས་ལོངས་ཤིག །དེ་ཟ་བའི་དུས་སུ་སྐྱེ་བོ་ཕལ་པའི་ལས་བྱས་པས་བཟའ་བཏུང་ཟ་བཞིན་མ་བྱས་པར། ཕུད་ཀྱིས་བླ་མ་དཀོན་མཆོག་དང་ཡི་དམ་དྲན་པར་གྱིས་ཤིག །དེའི་ལྷག་མས་ནི་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ཐ་མི་དད་པའི་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་བསྔོས་ཤིང་། དེ་ནས་རང་གི་ལུས་ལ་ཡིད་ཀྱིས་གསང་སྦྱངས་བྱས་ཏེ། རང་གི་ཕུང་པོའི་སྒྲིབ་པ་ཐམས་ཅད་སྦྱངས་ནས་དཀའ་བ་སྤྱད་པའི་ལུས་དེ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་སུ་ཡོད་པའི། ལུས་ཀྱི་རྩ་འདབ་རེ་རེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་དྲུག་ཅུ་རྩ་བཞི་གནས་ཡོད་དོ། །རང་གི་མགྲིན་པའི་རྩ་འདབ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་ཞལ་ཐམས་ཅད་གྲོ་སོག་གྲིས་བཏུབ་པ་ལྟ་བུ་ཁྲ་རུམ་མེ་ཡོད་པར་བསམ། རང་གི་བཟའ་བཏུང་ཟོས་པ་ཐམས་ཅད་ཚོགས་འཁོར་དུ་ཤེས་པར་བྱས་ནས་རང་གི་མིད་པ་བྱང་ཆུབ་ཀྱི་ལམ་ལས་དྲངས་ཏེ་ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་ཚིམ་པར་བསམས་ནས། དམིགས་པ་དེ་རྣམས་མ་ཆགས་པར་བྱོས། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་ལས་ཐར་རོ། །དེའི་ཕན་ཡོན་ནི་དགེ་འདུན་སྟོང་ཕྲག་ཅིག་ལ་བསྙེན་བཀུར་བྱས་པ་དང་མཉམ་མོ། །སྔར་འབྱོར་མེད་རྣམས་ཀྱིས་ཟས་ཀྱི་འབྲེལ་པ་བཏགས་པའི་ཕན་ཡོན་ནི། མི་དེ་ཐམས་ཅད་ཀྱང་ཕྱི་མ་འབྱོར་པ་ཆེ་ཞིང་ཆོས་མཐུན་པར་འགྱུར་རོ། །གཞན་མ་མི་དད་པ་ཅན་རྣམས་ཀྱིས་འབུལ་བ་བྱས་པ་རྣམས་ནི་དགེ་བའི་རྩ་བར་ཅི་འགྱུར་གྱིས་ཤིག །དཀོན་མཆོག་ཀྱི་དྲུང་དུ་མཆོད་མེ་ཞལ་ཟས་ཕུལ་ཅིག །དེའི་སྐབས་སུ་དམིགས་པ་འདི་ལྟར་གྱིས་ཤིག །འདས་མ་འདས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་སྤྲིན་འཐིབས་པ་བཞིན་དུ་སྤྱན་དྲོངས་ཤིག །དེའི་མདུན་དུ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སའི་རྡུལ་ལས་མང་བ་ཁྲིད་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས། རིགས་དྲུག་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་སེམས་བརྩེ་བ་ཆེན་པོའི་ངང་ནས་གདུང་བའི་འོ་དོད་ཆེན་པོ་འབོད་ཅིང་། སྨོན་ལམ་དང་དམིགས་པ་གོ་མ་ལོག་པར་རྒྱ་ཆེན་པོ་ཐོབ་ཅིག །ལྷ་ཁང་བརྒྱའི་ནང་དུ་མཆོད་པ་དང་སྨོན་ལམ་དམིགས་པ་འདི་ལྟ་བུ་འདེབས་ནུས་ན་ཚེ་གཅིག་ལུས་གཅིག་ལ་ཚོགས་རྫོགས་ཤིང་སྒྲིབ་པ་དག་ནས་མངོན་དགའི་ཞིང་དུ་འགྲོ་བར་འགྱུར་རོ། །

དེ་རྣམས་རང་གཞན་གཉིས་ཐད་དུ་བདེན་པར་ཤོད་ཅིག །རྫུན་དང་ཚིག་རྩུབ་སྤོངས་ཤིག །སྣང་བ་འཁྲིད་མཁས་པས་ངང་གིས་ཤོད་ཅིག །གཤིན་རྗེ་ཕོ་ཉའི་ངད་པ་མེ་ལས་ཚ་འདུག་གྱིས། །ལས་དགེ་སྡུག་གི་རྩིས་གྲངས་ཞིབ་མོ་འདུག་གོ་གྱིས། །དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཆེའོ་གྱིས། །བར་དོའི་གནས་འདིར་ལམ་ཐག་རིང་ངོ་གྱིས། །སྡིག་ཅན་རྣམས་ཀྱང་འགྱོད་སེམས་སྐྱེས་ཤིག་གྱིས། །སྐལ་ལྡན་ཀུན་ཀྱང་ཡིག་དྲུག་བགྲོངས་ཤིག་གྱིས། །སྐལ་མེད་སྡིག་ཅན་དམྱལ་བར་ལྷུང་དུས་སུ། །སྐྱབས་མེད་མགོན་མེད་སྨྲེ་སྔགས་ངུ་འབོད་བྱེད། །དེ་དུས་ཕྱིས་ཟིན་ད་ལྟ་དབང་ཡོད་དུས། །རྒྱུ་འབྲས་འཛེམ་ཞིང་དམ་པའི་ལྷ་ཆོས་མཛོད། །དེ་སྐད་བརྗོད་ཅིང་འཛམ་བུ་གླིང་གི་མི་ལ་འཕྲིན་པ་གྱིས་ཤིག །འཛམ་བུ་གླིང་གི་མི་ལ་འཕྲིན་པ་བྱས་ཤིང་སེམས་ཅན་གྱི་འགྲོ་དོན་བྱས་ན་སྐྱེ་བ་འདིའི་རྟིང་མ་རྒྱ་གར་གྱི་པཎྜིཏ་རུ་སྐྱེ་བ་བླངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་དོ། །འཛམ་བུའི་གླིང་གི་མི་ལ་འཕྲིན་པ་མ་བྱས་བདེན་པར་མ་བརྗོད་ན་ལོ་བཞི་བཅུ་ཞེ་དགུའི་ནང་དུ་འདིར་འོང་སྟེ། སླར་ཡང་ཡུལ་ལྷོ་སྟོད་ཀྱི་ཚེར་མགོ་ཞེས་བྱ་རུ་ད་དུང་བུད་མེད་ཅིག་ཏུ་སྐྱེ་བ་བླངས་ནས་མིང་ལ་བསོད་ནམས་ཆོས་སྒྲོན་ཞེས་བྱ་བ་ཡོང་ཡོད་དོ། །ད་དུང་གདུལ་བྱའི་ལྷག་མ་སྐྱོང་དགོས་པའི། །ལོ་ནི་བཅུ་གསུམ་ལོན་པའི་དུས་ན་ནི། །མྱ་ངན་འདས་ནས་ཆོས་རྒྱལ་བདག་གི་དྲུང་། །སྔོན་གྱི་སྨོན་ལམ་འབྲེལ་པས་གཤིན་རྗེས་མི་ཟིན་པར། །རང་སྣང་དག་པས་ཕ་བུ་འཕྲད་པ་བཞིན། །ལས་དགེ་སྡིག་དཀར་ནག་སླེབས་དོན་རྣམས། །ཞིབ་པར་ཉན་ནས་མི་ཡུལ་ལོག་ནས་ཀྱང་། །སྔོན་གྱི་ལས་འཕྲོ་སྔོན་སྦྱངས་མཐུ་སྟོབས་ཀྱིས། །གཟུགས་མཛེས་དྲི་ཞིམ་ཚངས་པའི་དབྱངས་སྙན་གྱིས། །ཁྲོམ་ལྷ་མི་ཐམས་ཅད་ཁ་ལོ་བསྒྱུར། །སྡིག་ཅན་བཟོད་གླགས་མེད་པས་མཆི་མ་འཆོར། །བདུད་རིགས་སངས་རྒྱས་བསྟན་པ་སྨད་པའི་རིགས། །རུས་རིགས་བཤན་རུས་རིགས་ནི་བདུད་མོའི་རིགས། །འགའ་ཞིག་ཆགས་སྡང་བྱས་ཏེ་ངན་སེམས་བཅུག །སྲོག་ལ་འབད་ཅིང་སྐུ་ལ་བདོ་བའི་དུས། །དེ་དུས་བཀའ་སྲུང་བདེན་པ་བདོར་ལ་ཟློག་པ་གྱིས། །དཀོན་མཆོག་དབྱིངས་ན་བཞུགས་པས་བར་ཆད་སེལ། །གཞན་ཡང་ཁྱོད་ཀྱི་འགྲོ་དོན་བསམ་མི་ཁྱབ། །ཕ་མ་ཉེ་འཁོར་ནོར་རྫས་ཆགས་སེམས་སྤོངས། །ང་ཡི་བཀའ་བཞིན་ཉན་ནས་ཁམས་ཀྱི་ཕྱོགས། །ཡུལ་ཀྱི་མིང་ནི་བྱེ་ཤོད་མཐིལ་ཞེས་བྱ། །གྲོང་ཚོ་དྲུག་བརྒྱ་ཙམ་ཞིག་དེ་རུ་འདུ། །སྔོན་ནས་ཆོས་འབྲེལ་ཐོགས་པའི་བླ་མ་ཞིག །ཐག་རིང་ཡུལ་ནས་ཁྱོད་ཀྱི་གཏམ་ཐོས་པས། །མོས་པས་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས། །མཇལ་དུས་ཕན་ཚུན་ཆོས་ཀྱི་གླེང་མོ་བྱེད། །སྔོན་ནས་ལས་འབྲེལ་སྨོན་ལམ་ཡོད་པའི་མཐུས། །ཞལ་བཞུགས་དུས་ན་ཆོས་ཞུས་ཐམས་ཅད་ནི། །ཆོས་རྒྱལ་ང་ཡི་ཐུགས་རྗེའི་ནུས་པ་ཡིས། །གཉིད་སད་རྨི་ལམ་ལྟ་བུར་སལ་ལེར་དྲན། །དད་གུས་དྲག་པོས་འཇིག་རྟེན་བློ་སྣ་སྟུང་། །ཆོས་བརྒྱད་སྤངས་ནས་ཞབས་ཕྱིར་འབྲང་ངོ་ཟེར། །གཅིག་གླེང་གཉིས་གླེང་ཁམས་ཀྱི་ཡུལ་རྣམས་ཀྱང་། །རྒྱུ་འབྲས་བདེན་པ་བཤད་པས་སྣང་བ་ཆོས་ལ་བསྒྱུར། །སྔར་བྱས་སྡིག་པའི་ལས་ལ་འགྱོད་སེམས་བཤགས་པ་བྱེད། །སྐལ་ལྡན་ལས་འཕྲོ་ཅན་རྣམས་ཁྱོད་ཕྱིར་འགྲོ། །སྐལ་མེད་ལོག་ལྟ་ཅན་རྣམས་དམྱལ་བར་འགྲོ། །སྐལ་ཅན་ལས་ཅན་ཐར་པའི་ལམ་ལ་བཀོད། །གདུལ་བྱའི་གནས་སྒོ་ཁམས་ཀྱི་ཡུལ་ནས་ཕྱེ། །སེམས་ཅན་འགྲོ་དོན་ལ་སྟོད་ཕྱོགས་སུ་བྱེད། །ལ་ལས་ལྷ་ཡིན་ལ་ལས་བདུད་ཡིན་ཟེར། །བཟང་ངན་སྣ་ཚོགས་ལབ་པའི་དུས་ཚོད་ན། །ལ་སྟོད་ལུང་པའི་བྱང་གི་ཕྱོགས་ཤེད་ན། །དཔལ་ཆེན་དགའ་ལོས་བྱིན་གྱིས་བརླབས་པའི་གནས། །བྲག་རི་ཆེན་པོ་གནམ་ལ་མཆོངས་འདྲ་ཡོད། །དེ་རུ་ཕག་མོའི་བསྙེན་སྒྲུབ་ཟླ་བདུན་གྱིས། །ཡི་དམ་དངོས་སུ་མཇལ་ནས་བར་ཆད་སེལ། །མི་རྣམས་མོས་གུས་བསྐྱེད་པའི་མཐུན་རྐྱེན་ནི། །ད་ལྟ་ཚེ་འདིར་འཕྲད་པའི་སྨོན་ལམ་ཤུགས། །སྔོན་ནས་ལས་འབྲེལ་ཡོད་པའི་མི་གཅིག་གིས། །སྐྱེ་ས་གཙང་ཡིན་སྡོད་ས་ལྷོ་ཡི་ཕྱོགས། །ཆོས་ཀྱི་ཉམས་ལེན་ལྷོ་བྲག་མཁར་ཆུར་བྱས། །ཚེ་ཚད་ཁྱོད་ཀྱི་སྐྱེ་བ་གཉིས་ཙམ་ཐུབ། །དེ་ཡིས་བླ་མར་ཁུར་ཅིང་ལོ་རྒྱུས་ནི། །ཁྱོད་ཀྱི་སྐྱེ་བ་གཉིས་ཀྱི་བར་དུ་ནི། །འདས་ལོག་རྒྱུ་འབྲས་ཆོས་ཀྱི་གསུང་ལུགས་རྣམས། །མི་རྣམས་ཀུན་ལ་ལོ་རྒྱུས་རིམ་པར་བཤད། །མི་རྣམས་ཐམས་ཅད་རིམ་གྱིས་ཆོས་ལ་འཁོར། །དེ་ནས་དབུས་གཙང་ཕྱོགས་སུ་འགྲོ་དོན་སྐྱོང་། །སྔོན་ནས་ལས་འབྲེལ་ཡོད་ཚད་བདེ་ལ་བཀོད། །ལས་རྒྱུ་འབྲས་བདེན་པའི་ཆོས་བཤད་དང་། །ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གསུང་འཕྲིན་དང་། །ཚེ་འདས་རྣམས་ཀྱི་འཕྲིན་པ་ལེགས་པར་བསྒྱུར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པའི་མི། །སྐྱེ་བ་སྔོན་མ་ཆོས་དང་མཐུན་པའི་མི། །ཡུལ་རིགས་གཅིག་པས་སྔོན་གྱི་ལས་འབྲེལ་ཡོད། །འགྲོ་དོན་མཇུག་ཀྱང་ཙ་རིའི་ཕྱོགས་སུ་སྐྱོང་། །སྔོན་གྱི་ལས་འབྲེལ་བུད་མེད་ཅིག་དང་འཕྲད། །སྐྱེ་བ་འདི་ཡི་ལས་འབྲེལ་མི་ཞིག་ཡོད། །སྐྱེ་བ་ཕྱི་མ་གདུལ་བྱའི་ལྷག་མ་སྐྱོང་། །ཚེ་འདིར་འབྲེལ་པའི་གདུལ་བྱའི་ལྷག་མ་སྐྱོང་། །ལོ་ནི་དྲུག་ཅུ་ལོན་ནས་ཚེ་ཚད་རྫོགས། །སྔོན་ནས་ལས་འབྲེལ་སྨོན་ལམ་ཡོད་པ་རྣམས། །ཚེ་གཅིག་དུས་གཅིག་བྱས་ནས་མཁའ་སྤྱོད་གནས་སུ་འགྲོ། །ཞལ་མཐོང་གསུང་ཐོས་ཐམས་ཅད་ངན་སོང་སྒོ་མོ་ཁེགས། །ཁྱད་པར་དད་པ་ཅན་རྣམས་མངོན་དགའི་ཞིང་དུ་འགྲོ། །དེའི་དུས་ན་དམྱལ་བ་དོང་ནས་སྤྲུགས། །སངས་རྒྱས་རྣམས་ཀྱང་དགོངས་པ་ལན་གཅིག་དགྱེས། །བདུད་རིགས་འབྱུང་པོའི་བསྟན་པ་ལན་གཅིག་ནུབ། །དེ་དུས་ཞལ་མཐོང་ཙ་ན་གསོལ་བ་མི་འདེབས་པའི་མི་འགའ་ཞིག་ཡོད། །མདོར་བསྡུས་ཡོད་ཙམ་ཕྱི་མའི་ལུང་བསྟན་ཡིན། །ད་དུང་ཁྱོད་ཀྱིས་ཚེ་འདིའི་བྱ་བ་ཐོངས། །སྡོད་སེམས་མ་བྱེད་ཡུལ་གྱི་ཞེན་པ་སྤོངས། །ལས་འབྲེལ་ཡོད་པས་རྒྱལ་ཁམས་ལམ་སྣ་འདྲེན། །སྐལ་མེད་ལོག་ལྟ་ཅན་ཚོའི་བློར་མི་ཤོང་། །ཚེ་འདིར་འབྲེལ་པ་ཐོགས་ཚད་རྟིང་མའི་སྐྱེ་མཐའ་ལ། །ཆོས་ཉན་སྐད་ཐོས་མཐོང་བའི་སེམས་ཅན་རྣམས། །ངན་སོང་ཁེགས་ནས་མཐོ་རིས་མི་འགྲོ་རི། །རྒྱས་བསྡུས་ཡིན་པས་སེམས་ལ་དེ་ལྟར་ཞོག །སྐལ་ཅན་ལས་ཅན་རྣམས་ཀྱི་རྣ་བར་བླུག །ཉེ་རིང་མ་ལྟ་སྦྱིན་པ་ཕྱོགས་བཞིར་ཐོངས། །སྐྱིད་སྡུག་མ་ལྟ་རྒྱལ་ཁམས་ཕྱོགས་མེད་འགྲིམས། །ལོ་རྒྱུས་ཟོང་དུ་མ་ཚོངས་གང་བྱུང་ཆོས་ཕྱིར་ཐོངས། །ཁྱོད་ཀྱི་སྐྱེ་བ་ཕྱི་མའི་དུས་ཚོད་ན། །མི་ལོ་སུམ་ཅུ་སོ་ལྔ་ལོན་པའི་དུས། །ཆོས་རྒྱལ་བཀའ་ལུང་ཚེ་འདས་འཕྲིན་པ་རྣམས། །མི་རྣམས་ཀུན་ལ་རིམ་པར་བཤད་གྱུར་ཀྱང་། །སྐལ་མེད་ལོག་ལྟ་ཅན་གྱི་རིགས་རྣམས་ནི། །བདེན་པར་མི་འཛིན་ལོག་པའི་གཏམ་དུ་སྨྲ། །ཅོལ་ཆུང་རྣམས་ཀྱང་དེའི་ཁ་ཕྱིར་འབྲང་། །ལོག་ལྟ་ཅན་རྣམས་དད་པ་སྐྱེ་ཕྱིར་དུ། །དད་ཅན་ཁྲོམ་པ་ཐམས་ཅད་འཚོགས་དུས་སུ། །ངེས་ཤེས་འདྲོང་ཕྱིར་ཚེའི་དུས་ཀྱང་བྱེད། །དབང་པོའི་སྒོ་རྣམས་རིམ་པར་འགགས་ནས་ཀྱང་། །དབང་པོའི་དྭངས་མ་མིག་ཕུག་དོང་ལ་བརྡིབས། །དཀར་མཛེས་ཡལ་སྔོ་སྐྱ་ཧམ་སྐྱའི་མདོག །ལུས་ཀྱི་དྲོད་ཡལ་ཞག་བདུན་བརྡར་རྡོ་བཞིན། །དད་ཅན་བུད་མེད་ཡང་ཡང་ལྟ་ཞིང་ངུ་། །སྐྱེས་པ་རྣམས་ཀྱང་འཕྲང་ནས་སྙིང་རླུང་འཕྱོ། །ལས་ཅན་རྣམས་ནི་ཕྱག་དང་སྐོར་བ་བྱེད། །སྡིག་ཅན་རྣམས་ནི་བློ་ལ་ཐེ་ཚོམ་སྐྱེ། །བདུད་རིགས་རྣམས་ནི་ད་རུང་མི་བདེན་ཟེར། །ཕྱི་མ་བདེན་ཚིག་མེད་པར་ལྕེབས་སོང་ཟེར། །ད་དུང་ལོག་ནས་བདེན་ནོ་གཞན་མི་བདེན་ཟེར། །རྒྱལ་ཚུགས་བྱེད་ཅིང་རྒྱན་ཆས་དཔང་དུ་འཛུགས། །ཞག་བདུན་སོང་ནས་ཆོས་རྒྱལ་དྲུང་དུ་འཁོར། །སྔར་ཀྱི་གཏམ་ལས་དེ་དུས་རྒྱས་པར་བྱེད། །ཚེ་འདས་ནོར་རྣམས་སྦས་བསྲི་བྱས་པ་ཡིས། །མངོན་སུམ་གཟིགས་ནས་དངོས་འདོན་མང་དུ་བྱས། །དད་ཅན་རྣམས་ནི་ཡིད་སྨོན་སྐོར་བ་བྱེད། །མ་དད་པ་རྣམས་དམ་པའི་ཆོས་ལ་བཀོད། །དེ་བཞིན་གོང་གསལ་ཞག་པོ་བདུན་བདུན་ལ། །ཆོས་རྒྱལ་དྲུང་ནས་ལན་འཁོར་བའི་གཏིང་། །འཛམ་བུའི་གླིང་གི་མི་རྣམས་ཆོས་ལ་བསྒྱུར། །འབྲེལ་ཚད་རྟིང་མ་མཁའ་སྤྱོད་གནས་སུ་འདྲེན། །དེ་རྣམས་ཆོས་རྒྱལ་མ་འོངས་ལུང་བསྟན་ཡིན། །ཕྱི་མའི་མིང་ལ་བསོད་ནམས་ཟེར་བ་འབྱུང་། །ད་དུང་ཆོས་ཀྱི་རྒྱལ་པོ་ཞེས་ན་རེ། །ཁྱོད་ལ་ཚེ་འདིའི་མཐུ་སྟོབས་ཆེ་བར་མི་འདུག་པས། །ད་དུང་སྙིང་རུས་གྱིས་ལ་སྨོན་ལམ་རྒྱ་ཆེར་ཐོབ། །སྒྱུ་ལུས་ཁང་སྟོང་དེ་འཇིག་གྲབས་ན་འདུག་གོ །འདི་རྣམས་མ་བརྗེད་ལེགས་པར་སེམས་ལ་བཅག་པར་གྱིས་ལ། །ཆོས་རྒྱལ་ང་ཡི་བཀའ་རྣམས་དང་དུ་ལོངས། །གཤིན་རྗེ་ཕོ་ཉའི་འཇིགས་སྐྲག་དངངས་སྐྲག་དང་། །ལས་དགེ་སྡུག་གཉིས་ཀྱི་རྩིས་གྲངས་ནི། །འདི་རྣམས་མ་བརྗེད་འཛམ་གླིང་མི་ལ་ཤོད། །དཀར་པོ་དགེ་བའི་ལས་ལ་བརྩོན་པར་གྱིས། །ལོ་ནི་བཞི་བཅུ་ཞེ་དགུ་མ་སོང་ཚུན། །དེ་བར་སེམས་ཅན་འགྲོ་དོན་གང་ཆེ་གྱིས། །དེ་ནས་ཞག་དགུ་ལོན་ནས་འདི་རུ་ཤོག །ཕྱི་ཐན་འདོད་ན་མི་འཁྲུགས་སྟོང་ཚར་བཞེངས། །གནས་རི་བཟང་སར་ཕྱག་དང་སྐོར་བ་གྱིས། །ཟླ་བདུན་བར་དུ་ཚེའི་སྒྲུབ་པ་གྱིས། །ཕྱི་ཐན་ལོ་གསུམ་བཤོལ་ཀྱང་འདེབས་པར་བྱེད། །ད་ནི་རི་ཀླུང་ཉི་དྲོས་དུས་ན་སླེབས་ནས་འདུག །སྨོན་ལམ་ཐོབ་ལ་རང་གི་ཡུལ་དུ་ལོག །གཤིན་ཡུལ་ནས་ལོག་པ་ནི་ཉིན་མོའི་སྐར་མ་ཙམ། །ཆོས་རྒྱལ་གསུང་འཕྲིན་རིན་ཆེན་གསེར་ལས་དཀོན། །དམ་ཚིག་སྲུངས་ལ་སྨོན་ལམ་རྒྱ་ཆེར་ཐོབ་གསུངས། །ཆོས་ཀྱི་རྒྱལ་པོ་ནི་ལྟ་གདེང་གི་ངང་ལ་བཞུགས་འདུག །དེ་དུས་ལས་ངན་ཚེ་ལས་འདས་རྣམས་ཀྱང་གཤིན་རྗེ་རྣམས་ཀྱིས་ལྕགས་ཀྱུས་སྙིང་ཁ་ནས་བཟུང་ནས་ཁྲིད་འགྲོ་བའི་མི་རྣམས་ན་ཀརྨ་དབང་འཛིན་ལ་འཕྲིན་པ་འདི་ལྟར་བསྐུར་གྱིན་འདུག་གོ །ལས་འཕྲོ་ཅན་མ་མི་ཡུལ་ལ་འབྱོན་ཟེར་ན། རང་རང་གི་རྗེས་དགེ་སློང་དཀོན་མཆོག་གི་ཞབས་ཏོག་དང་། ལྷག་པར་བར་དོ་དམྱལ་བའི་སྡུག་བསྔལ་བསལ་བ་ལ་སྙིང་པོ་ཡི་གེ་དྲུག་མ་ལས་ཕན་ཐོགས་ཆེ་བ་མི་འདུག་པས། ཡི་གེ་དྲུག་མའི་སྐུལ་མ་མ་ཎི་བ་རྣམས་ལ་བསྐུར་བ་དང་། མ་ཎིའི་ཁྲི་ཆང་ལ་སོགས་པ་དང་། མདོར་ན་དགེ་བའི་ཕྱོགས་ལ་འབད་འབུངས་ཐོངས་ཤོག་ཟེར་བའི་འཕྲིན་པ་མང་དུ་བསྐུར་གྱིན་འདུག་གོ །

དེ་ནས་ང་རང་གིས་ཡུལ་དུ་ལོག་འགྲོ་བསམ་པའི་སྣང་བ་ཤར་བ་དང་། ང་རང་གི་ཡུལ་དུ་སླེབས་འདུག་པ་དང་ནང་དུ་འགྲོ་བསམ་པ་ལ་ཁྱི་གྭ་པའི་རོ་ཁ་ལྦུ་བ་ཆི་ལེ་བ་ཞིག་འདུག་པ་དང་། འཇིགས་པ་དང་སྐྱུག་བྲོ་བའི་སྣང་བ་ཤར་ནས་ཕར་གོམ་པ་དུམ་པ་ཞིག་བྲོས་ཕྱིན་ནས། སླར་བསམ་བློ་ཞིག་བཏང་བས་འགོམས་ནས་ཕྱིན་པས་ཆོག་བསམས་ནས་ཁྱི་རོ་དེ་ལ་འགོམས་ནས་ཕྱིན་པས་དེ་མ་ཐག་ཏུ་རང་གི་ལུས་ལ་སེམས་ཞུགས་པ་དང་། སླར་ཡང་དྲན་པ་སྟོར་ནས་རུབ་པ་ལྟ་བུ་ཞིག་བྱུང་། དེ་ནས་དྲན་པ་ཨེན་ཙམ་རྙེད་པ་དང་། རང་གི་ལུས་ཅུང་ཟད་འགུལ་བ་དང་། ངའི་རྒྱུན་བཞུགས་པ་དེས་ཕཊ་ཚར་གསུམ་བརྒྱབ་བྱུང་སྟེ། ང་དམྱལ་ཁམས་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་མ་བརྗེད་པ་ཡོད་དུས། ང་ཡར་ལ་སྦར་འཕར་བྱུང་བས་ངའི་གདོང་ལ་བཏང་བའི་ཡོལ་བ་དེ་ཡང་ལིང་ཀྱིས་བཏང་བྱུང་བས། རྒྱལ་པོ་ཐུ་བའི་སྟབས་ཀྱིས་རོ་ལངས་པ་མིན་ནམ་བསམས་ནས། རྒྱུན་བཞུགས་པས་ཡོལ་བ་ཕར་བསལ་ནས་ངའི་མགོ་ལ་ལག་པས་ནན་ནན་པ་མང་དུ་བྱས་བྱུང་བས། དེ་ནས་ངའི་ཕག་ཏུ་དྲོད་ཡོད་མེད་ལྟ་བའི་ཕྱིར་དུ་ལག་པ་བཏང་བྱུང་བས་ང་རང་ཡང་མ་ཤི་ཟེར་ཞིང་ལག་པས་འཛིན་དགོས་བསམས་ཀྱང་། ཞག་བདུན་གྱི་བར་དུ་ལུས་སེམས་བྲལ་བའི་ལྕེ་སྒྲམ་གྱུར་ནས་རྒྱུན་བཞུགས་དེ་དྲན་པ་བསྟན་པས་ཤེས་ཀྱི། ངའི་སྙིང་ཁར་དྲོད་ཡོད་མེད་བལྟས་བྱུང་བས། ངའི་སྙིང་ཁར་དྲོད་འདུག་པ་དང་ནང་མི་རྣམས་ཀྱི་མིང་ནས་བོས་ནས། སྲས་མོ་ལོག་བྱུང་ཐམས་ཅད་འདིར་ཤོག་དང་ཟེར་ནས་འདུག་པས། དེར་ཁོང་རང་གི་གཏན་གྲོགས་ཀྱི་ཡུམ་དེ་ཕེབས་ནས་ཨ་མའི་བུ་མོ་ལོག་ཡོང་བ་ཡིན་ནམ་ཟེར་ཞིང་མིག་ནས་མཆི་མ་འདོན་པ་དང་། ང་རང་གི་ཀློག་པའི་བེམ་པོ་རྩེམ་པ་དེ་སོ་ཡིས་འགྲིལ་གྱིན་འདུག་གོ །དེ་ནས་སྡེ་པ་བགྲེས་པའི་ང་སྡོད་ས་སྤོས་ནས། བུ་རམ་དང་སྦྲང་རྩི་སྦྱར་བའི་སྐོམ་ལྡན་བྱིན་ཀྱང་། ཞག་བདུན་གྱི་བར་དུ་ལུས་སེམས་བྲལ་བས་མིད་པ་བསྐམས་ནས་ཐུར་མས་བླུད་པ་མ་གཏོགས་འཐུང་མ་ཤེས། སང་ཉིན་ནས་རིམ་པས་ཤེད་རྙེད་ནས་མི་རྣམས་ཐམས་ཅད་ལ་ཞལ་བསངས་དང་། སྲས་མོ་ལོག་བྱུང་ཟེར་བས་དད་ཅིང་མོས་པར་གྱུར་ཏོ། །

དེ་ནས་ང་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གསུང་འཕྲིན་རྣམས་བསྒྱུར་བ་རྒྱལ་ཁམས་ལ་འགྲོ་འདོད་ཀྱང་། དེར་མི་འགའ་ཞིག་ང་ལ་ཆགས་སྡང་གཏམ་ངན་གྱི་མི་ཁ་བཏང་བས། མི་རིགས་ངན་གྲགས་ནས་ཞག་བདུན་གྱི་ལུས་བཞག་ནས། སེམས་ཀྱི་དབུས་གཙང་གི་ཕྱོགས་ལ་མི་ཐམས་ཅད་ཀྱི་དབུགས་སྡུད་པར་ཕྱིན་ནས། ལོག་ཡོང་བ་ཡིན་པར་འདུག་ཟེར་ཞིང་ལབ་པས། མི་གཞན་ཐམས་ཅད་ཀྱིས་དེའི་ཁ་ཕྱིར་འབྲངས་ནས། མི་ལ་ལ་ན་རེ་དེ་འདྲ་ཡིན་ན་བདུད་མོ་རང་ཡིན་པར་འདུག་ཟེར་ནས་མི་ཁས་ལུང་པ་ཁེངས་པར་གྱུར་ཏོ། །དེ་ནས་སྡེ་པ་བགྲེས་པའི་ཞལ་ནས། ཙ་རི་འཁོར་བའི་སྙན་གྲགས་མེད་པར། མགོན་གཡག་བརྐུས་པའི་མི་ཁའི་དཔེ་བཞིན་ཡོང་བ་འདུག་པས། རེ་ཞིག་གསང་ལ་སྡོད་གསུངས་གསང་ནས་བཞག་པ་ཡིན། དེ་ནས་ནམ་ཞིག་ཁྲ་ཁུར་དཔོན་སློབ་རྗེ་རིན་པོ་ཆེ་ཕྱགས་ཕེབས་ནས་འདུག །དེར་ངས་ཀྱང་བཀའ་ཆོས་ཞུ་བར་ཕྱིན་པས། སེམས་ངོ་སྤྲོད་སླ་བའི་སྟབས་ཀྱིས་དཔོན་སློབ་རིན་པོ་ཆེའི་དྲུང་དུ་རང་གི་དྲི་བ་རྣམས་ཕུལ་བས།

བླ་མའི་ཞལ་ནས། བཀའ་ཆོས་ཡུན་དེ་ལས་མ་སོང་བར་རྟོགས་པ་དེ་ཙམ་སྐྱེ་བ་དགའ་མོ་ཡིན་པར་འདུག་གསུངས་བྱུང་བས། དེ་ང་རང་གི་ཞལ་ཏ་མ་ཞིག་ཡོད་པ་དེས་ཁོང་སེམས་ངོ་སྤྲོད་པ་སླ་མོ་ལོས་ཀྱང་ཡོང་། ཁོང་གི་གཤིན་ཡུལ་ཕྱིན་ནས་ལོག་ཡོང་ཡིན་ཟེར་སོང་བ་ལ་དེར་བླ་མས་ང་ལ་ཆང་གར་མ་ཀ་པཱ་ལ་གསུམ་བསྟུད་ནས་གནང་བྱུང་། དེའི་རྗེས་ལ་དཔོན་སློབ་རིན་པོ་ཆེའི་ཞལ་ནས་ང་ལ་འདི་ལྟར་གསུངས་བྱུང་། དང་པོ་ངས་ཀྱང་ཤི་ཡུལ་ལ་ལན་གསུམ་ཙམ་འགྲོ་མྱོང་བས། ང་ཕྱིན་པ་དང་སྲས་མོ་ཕྱིན་པ་འདྲ་མི་འདྲ་ལྟ་བས། སྲས་མོས་ལོ་རྒྱུས་ཤིག་གྱིས་དང་གསུངས་པས། དེར་ངས་ལོ་རྒྱུས་རྣམས་རྒྱས་པར་ཞུས་པས། མི་རྣམས་ཀྱང་གཅིག་སླེབས་གཉིས་སླེབས་རིམ་པ་མང་དུ་འཛོམས་ནས་བྱུང་། དཔོན་སློབ་རིན་པོ་ཆེ་ཡང་སྤྱན་ཆབ་བསིལ་ཞིང་གཟིགས་ཀྱིན་འདུག །དེའི་ཉིན་བཀའ་ཆོས་རྣམས་ཀྱང་བཤོལ་ངས་དམྱལ་བའི་ལོ་རྒྱུས་དང་། གཤིན་ཡུལ་གྱི་གཤིན་པོ་རྣམས་ཀྱིས་འཕྲིན་པ་བསྐུར་བ་རྣམས་དེའི་ཉིན་འཁྱོངས་པར་ཞུས། དཔོན་སློབ་རིན་པོ་ཆེ་ཡང་ཐུགས་ཡིད་ཆེས་ནས་བླ་མའི་ཞལ་ནས། སྲས་མོ་ཁྱེད་ལ་དེ་ཙམ་གྱི་ངེས་ཤེས་འདྲོངས་པར་འདུག་པ་ལ། ད་ཁྱེད་རྒྱལ་ཁམས་ཕྱོགས་མེད་འགྲིམས་ལ་འགྲོ་དོན་གྱིས་ཤིག །ངའི་འོག་རྟ་གཅིག་དྲེའུ་གཅིག་ཕྱག་གཡོག་གཉིས། ཞལ་ཏ་མ་གཅིག་བཅས་གཏོང་བས་རྒྱལ་ཁམས་ལ་སོང་གསུངས་ནས། ཁོང་རང་གི་མགུལ་སྒོམ་དེ་ཡང་རང་ལ་གནང་བྱུང་། ཁྱེད་རང་ལ་སྟོད་ཕྱོགས་ལ་སོང་ལ་འགྲོ་དོན་ཆེ་བར་ཡོང་ངོ་། །བུ་སློབ་ཀྱང་ང་ལས་མང་བར་ཡོང་བར་ཡོད་དོ་གསུངས་བྱུང་། ང་རང་ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་སུ་སླེབས་དུས། ཆོས་ཀྱི་རྒྱལ་པོའི་སྐུ་གཞོགས་གཡས་གཡོན་གྱི་གཤིན་རྗེ་ཕོ་ཉའི་འཇིགས་སྐྲག་མཐོང་བས་སྟབས་ཀྱིས། རང་ཉིད་གཅིག་པོ་སངས་རྒྱས་ཐོབ་པའི་སྨོན་ལམ་འདེབས་པ་མ་གཏོགས། སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་ནུས་པར་གྱུར་ཅིག་ཟེར་བའི་སྨོན་ལམ་འདེབས་པ་མ་བྱུང་བའི་སྟབས་ཀྱིས་ང་རང་གི་ཨ་མ་ལ་ཆགས་ནས་འགྲོ་དོན་རྒྱ་ཆེ་བར་མ་བྱུང་བ་ཡིན་ནོ། །

ཀརྨ་དབང་འཛིན་གྱི་ཐུགས་ལ་གང་ཡོད་ཡི་གེར་བཀོད་ན། རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་མགུར་འབུམ་སྦྲགས་མ་ཙམ་ཡོང་བ་འདུག་ཀྱང་། ད་ལན་ཆོས་དྲུང་ཀརྨ་དབང་འཛིན་གྱིས་བར་དོ་དམྱལ་ཁམས་འཁོར་བའི་ལོ་རྒྱུས་དང་ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གསུང་འཕྲིན་དང་། ཕ་རོལ་ཚེ་ལས་འདས་པའི་མི་རྣམས་ཀྱི་འཕྲིན་པ་དང་། ཀརྨ་དབང་འཛིན་གྱི་རྣམ་ཐར་ཕྱོགས་བསྡུས་ཡི་གེར་བཀོད་པ་རྫོགས་སོ།། །།

ཨོཾ་ཨཱ་ཧཱུྃ། ཀརྨ་དབང་འཛིན་གྱི་རྣམ་ཐར་འདི་ཐོས་པ་ཙམ་གྱིས་སྡིག་པ་བྱས་པ་ལ་འགྱོད་སེམས་སྐྱེས་ནས་དཀར་པོ་དགེ་བའི་ཕྱོགས་སུ་དམ་བཅའ་རེ་ལེན་ནུས་ན་རང་དོན་འགྲུབ་པས་སེམས་ལ་གོ་བ་ཨེན་རྩ་རེ་མཛོད། འཇིག་རྟེན་འདི་རུ་དགེ་བ་རེ་མ་བྱས་ན་འཆི་ནས་དམྱལ་བར་སླེབས་དུས་འགྱོད་ཀྱང་འཕྱིས་པ་ཡིན། རང་དོན་རང་གིས་མ་བསྒྲུབས་ན་གཞན་གྱིས་སྒྲུབ་པ་དཀའ་ལས་རྩ། རྣམ་ཐར་འདི་བརྩམས་ཐོས་ཀྱང་སེམས་ལ་གོ་བ་མེད་ན་བྱོལ་སོང་བས་ཀྱང་བླུན་ནོ། །

ཡང་རང་རེ་མི་ཡུལ་དྲན་པ་སྒང་ན་ཡོད་པའི་མི་རྣམས་ནི་ཆོས་མཛོད་ལ་ཆོས་མཛད་པ་རྣམས་དམྱལ་བ་ལས་ཐར་རོ། །བཀྲ་ཤིས། དགེའོ། །མངྒ་ལཾ།

རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འདས་ལོག་སངས་རྒྱས་ཆོས་འཛོམས་ཀྱིས་ཞག་བདུན་ལ་མར་དམྱལ་ཁམས་དང་ཡར་ཞིང་ཁམས་བཅས་མཇལ་བའི་ལོ་རྒྱུས་རྣམ་ཐར་ཁྱད་པར་ཅན།

༄༅། །རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འདས་ལོག་སངས་རྒྱས་ཆོས་འཛོམས་ཀྱིས་ཞག་བདུན་ལ་མར་དམྱལ་ཁམས་དང་ཡར་ཞིང་ཁམས་བཅས་མཇལ་བའི་ལོ་རྒྱུས་རྣམ་ཐར་ཁྱད་པར་ཅན་བཞུགས་སོ། །

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ རང་བཞིན་གདོད་ནས་དག་པའི་ཆོས་ཉིད་ལ། །སྤྲོས་པའི་མཚན་མ་ཀུན་གྱིས་རབ་དབེན་ཞིང་། །མཉམ་ཉིད་མི་གཡོ་རྒྱལ་བ་ཀུན་གྱི་ཐུགས། །

ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྐྱེ་མེད་རྣམ་པར་དག་པའི་དབྱིངས་ཉིད་ལས། །མ་འགགས་ཡེ་ཤེས་ཆེན་པོའི་རྩལ་གྱི་ནི། །རྒྱལ་བའི་དཀྱིལ་འཁོར་རང་གསལ་ཀུན་ལ་ཁྱབ། །ལོངས་སྐུ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཟུང་འཇུག་དག་པའི་མཁའ་ཀློང་ཡངས་པ་ལས། །ཐུགས་རྗེ་ཆེན་པོའི་ཉི་འོད་རབ་གསལ་ཞིང་། །འགྲོ་ཀུན་མ་རིག་མུན་པ་སེལ་མཛད་པའི། །ཆོས་རྒྱལ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་དྲུག་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཐུགས་མངའ་བའི། །འགྲོ་བའི་སྡུག་བསྔལ་ཐམས་ཅད་སེལ་མཛད་པའི། །ཐུགས་རྗེ་ཆེན་པོ་ཉིད་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱི་ཕན་བདེ་བསྒྲུབ་པའི་ཕྱིར། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་ནས། །ཕྲིན་ལས་རྣམ་བཞིས་ཐོགས་མེད་སྒྲུབ་མཛད་མ། །ཡེ་ཤེས་མཁའ་འགྲོའི་ཞབས་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རྒྱལ་བའི་བཀའ་བཞིན་བསྟན་པ་སྲུང་མཛད་པ། །ཞིང་བཅུ་སྒྲོལ་མཛད་དྲག་པོའི་འཁོར་དང་བཅས། །ཆོས་སྐྱོང་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྤྲུལ་པ། འདས་ལོག་སངས་རྒྱས་ཆོས་འཛོམས་འདི་ཉིད་ཀྱིས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ཐར་བའི་ཕན་ཡོན་དང་། ལྷག་པར་དམྱལ་ཁམས་བཅོ་བརྒྱད་ཀྱི་གནས་སུ་བྱོན་ནས། རིགས་དྲུག་གི་སེམས་ཅན་ཐམས་ཅད་འདི་རང་རང་ལས་ཀྱི་རྣམ་པར་སྨིན་པས་སྡུག་བསྔལ་མྱོང་ལུགས་དང་། བར་མིའི་ཡུལ་ན་ཡོད་པའི་མི་རྣམས་ལ། ཕ་རོལ་ཚེ་ལས་འདས་པའི་མི་རྣམས་དང་། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ལེ་ལོ་ཅན་ཆོས་ལ་བསྐུལ་བ་དང་། སེར་སྣ་ཅན་གྱི་མི་རྣམས་སྦྱིན་པ་ལ་བསྐུལ་བ་དང་། ཞེ་སྡང་དང་ང་རྒྱལ་ཕྲག་དོག་ཆེ་བ་རྣམས་བྱམས་པའི་སེམས་ལ་འཇུག་པའི་ཕྱིར་དང་། སྡིག་པ་ཅན་གྱི་མི་རྣམས་དགེ་སེམས་དྲག་པོ་བསྐྱེད་ནས་བཤགས་པ་ལ་འབུངས་བའི་ཕྱིར་དང་། བླ་མ་རྡོ་རྗེ་སློབ་དཔོན་མཆེད་གྲོགས་ཆོས་མཛད་དྲིན་ཆེ་བའི་ཕ་མ་དང་བཅས་པ་རྣམས་ལ། དད་གུས་དྲག་པོ་དང་དམ་ཚིག་བསྲུང་བའི་ཕྱིར་དང་། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ། གནོད་པའི་བསམ་པ་སྐད་གཅིག་ཙམ་ཡང་མི་བགྱིད་ཅིང་། བྱམས་པའི་སེམས་དང་ལྡན་པའི་ཕྱིར་དང་། ལྷག་པར་དུ་ཆོས་ཀྱི་རྒྱལ་པོས་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་ཡོད་ལུགས་དང་དགེ་སྡིག་རྩིས་གྲངས་ཞིབ་པར་ཡོད་ཚུལ་དང་བཅས་པ་རྣམས། ཨ་ལགས་འདས་ལོག་སངས་རྒྱས་ཆོས་འཛོམས་ལ། ཆོས་ཀྱི་རྒྱལ་པོའི་བཀའ་ལུང་གསུང་འཕྲིན་དང་བཅས་པ་རྣམས་ཀུན་ལ་ཕན་ཕྱིར་བཤད་པར་བྱ། དེ་ཡང་རྣམ་ཐར་འདི་ཉིད་ཉན་པར་བྱ་བ་ལ། དམ་ཚིག་རྣམ་པ་གསུམ་བསྲུང་བ་གལ་ཆེ་བས། ཤེས་ཀྱང་དགོངས་སྤྱོད་མི་བྱེད་པར་ཉན་པ་དང་གཅིག །བར་དུ་མ་ཡེངས་པར་ཉན་པ་དང་གཉིས། ཐ་མ་འཆལ་བར་མི་གཏོང་བ་དང་གསུམ། དམ་ཚིག་རྣམ་པ་གསུམ་དང་ལྡན་པའི་ངང་ནས་གསན་དགོས་ཏེ། དེ་ཡང་རྣམ་ཐར་དེའི་ལོ་རྒྱུས་ནི། ལྷོ་ལྗོངས་བཀྲ་ཤིས་སྒང་གི་མངའ་ཞབས་སུ། ཡུལ་ལས་ཁྱད་འཕགས་རི་གསང་གདུང་ཞེས་བྱ་བར། ཡབ་བསོད་ནམས་དོན་གྲུབ་དང་། ཡུམ་ཡེ་ཤེས་མཁའ་འགྲོ་མའི་མཚན་ཅན་ཚེ་དབང་རྒྱལ་མོ་གཉིས་ལ། རྗེ་བཙུན་སྤྱན་རས་གཟིགས་ཀྱི་སྤྲུལ་པ། འདས་ལོག་སངས་རྒྱས་ཆོས་འཛོམས་ལོ་བཅུ་གཉིས་ལ། ཁྱི་ལོ་ཟླ་བ་དྲུག་པའི་ཚེས་ཉེར་གསུམ་ལ་མི་དངོས་ཅན་གཅིག་བྱུང་ནས་དེ་སྐད་ཅེས་སྨྲས་པ་དང་། བུ་མོ་འདི་ཡེ་ཤེས་མཁའ་འགྲོ་མའི་མཚན་རྟགས་ཡིན། ཚེ་སྔ་མ་འདས་ལོག་ཀརྨ་དབང་འཛིན་གྱི་སྐྱེ་བ་ཡིན་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔

ཨེ་མ་འདས་ལོག་ངའི་རྨི་ལམ་ལ། ཕག་ལོ་ཟླ་བ་དྲུག་པའི་ཚེས་ཉེར་བཞི་ལ་མི་དཀར་པོ་གཅིག་བྱུང་སྟེ། དེའི་ཞལ་ནས་བུ་མོ་ཁྱོད་གཙང་སྦྲ་བྱས་ན། ཁྱོད་རང་དམྱལ་ཁམས་བཅོ་བརྒྱད་བསྐོར་བའི་ལུང་བསྟན་ཡོད། གཙང་སྦྲ་མ་བྱས་ན་ཁྱོད་ལ་ཚེ་ཚད་ཞག་བདུན་ལས་མེད་པ་ཡིན་ཞེས་པས། དེ་ནི་མི་མ་ཡིན་པར་སྤྱན་རས་གཟིགས་དངོས་སུ་མཇལ་བས་སེམས་སྤྲོ་མོ་བྱུང་། ལན་གཅིག་རྨི་ལམ་ལ་རང་གི་ཕ་ཁྱིམ་ཡིན་སྙམ་པའི་ངང་ལ་ཁྲོ་ཞལ་དཀར་པོ་གཅིག་དང་། སེར་པོ་གཅིག །དམར་པོ་གཅིག །ལྗང་ཁུ་གཅིག །སྔོན་པོ་གཅིག་འཆར་རོ། །ཁྲོ་བོ་འདིས་ང་རང་བསྐོར་ཞིང་བཞུགས་པ་མཐོང་། དེའི་དུས་སུ་རང་ལ་འཇིགས་པ་ཆེན་པོ་ཞིག་བྱུང་། ང་ཤི་བ་ཡིན་ན་རང་གི་ཕ་མ་སྤུན་ཟླ་ཉེ་འབྲེལ་ཐམས་ཅད་དེ་ཁར་མིན་འདུག་པས་ཉམས་སྣང་གཅིག་འཆར་བྱུང་བ་དང་། མི་རིགས་མི་གཅིག་པ་མི་སྣ་ཚོགས་དང་། རང་གི་ཨ་ཞང་དང་སྔར་ནས་རང་གིས་ངོ་ཤེས་པ། གཤིན་པོ་ཐམས་ཅད་ཀྱང་འདིའི་ནང་ལ་མ་ཚང་མི་འདུག་སྟེ། དེའི་ཚེ་ང་ཤི་བ་ཡིན་འདུག་བསམ་སྟེ་མཆི་མ་མང་དུ་ཤོར་ནས་ཡོད་པ་དང་། མི་དཀར་པོ་ཞལ་ཤིན་ཏུ་དཀར་བ་གཅིག་བྱུང་ནས་ཁྱོད་མ་ཤི་བ་ཡིན། ངུ་མི་དགོས་ཟེར་ནས་ངའི་ལག་པ་གཡས་པ་ནས་བཟུང་སྟེ། ཡར་ཤོག་ཟེར་ནས་ཁྲིད་དེ་སྒོ་ནས་ཐོན་ཏེ། སྨྲ་བསམ་བརྗོད་མེད་ཀྱི་ལམ་ནས་ཁྲིད་དེ་རི་ནག་པོ་དཔངས་མཐོ་བ་ཞིག་གི་རྩར་སླེབས་པ་དང་། ང་ཡིས་ཁོ་ལ་ད་ང་རང་ལ་གྲོགས་ནི་མེད། ད་ནི་གར་འགྲོ་ཟེར་སྡོད་པའི་བར་ལ། རི་ནག་པོ་གཅིག་གི་ནང་ལ་ཤིང་ནག་པོ་གཅིག་ཡོད་པ་དེ་ལ་མཆོད་པ་ཕུལ་མཁན་སྣ་ཚོགས་མཐོང་སྟེ། ཉམས་སྣང་བཟང་པོ་བྱུང་ནས་ངས་ཁོ་ལ་འདི་གང་གི་རི་ཡིན་ཟེར་བས། ཁོང་གི་ཞལ་ནས་རི་འདི་ངོ་ཤེས་ན་རི་བོ་ཏ་ལ་ཡིན། ངོ་མ་ཤེས་ན་རི་བོ་ནག་པོ་ཡིན་གསུངས།

ཡང་ཁོང་གིས་ཁྲིད་དེ་ཡར་སོང་བ་དང་། རང་གི་ཕུའི་ལྷ་ཁང་ལ་སླེབས་པ་དང་། མི་དམར་པོ་ཞིག་བྱུང་སྟེ་བུ་མོ་ཁྱོད་རང་གར་འགྲོ་གསུངས། ང་རང་ལྷ་ཁང་མཇལ་བ་ལ་ཕྱིན་པ་ཡིན་ཞུས་པས། ཁྱེད་རང་ཚེ་ཚད་མ་སླེབས་པས་སླར་ལོག་དང་གསུངས། ཞག་གཅིག་ལ་སླར་ལོག་ནས་བལྟས་པས། ཕ་མ་གཉིས་པོས་ཤི་བ་ཡིན་ཟེར་སྡུག་བསྔལ་དཔག་ཏུ་མེད་པ་བྱས་ནས་འདུག །ཡང་ངས་ཕ་མ་གཉིས་ལ་སྨྲས་པ། མི་དངོས་ཅན་གྱིས་སྨྲས་པ་དང་རྨི་ལམ་དུ་མི་དངོས་མེད་ཀྱིས་སྨྲས་པ་ཆ་མཐུན་སོང་། ང་ཚེ་སྔོན་གྱི་ལུང་བསྟན་གཅིག་ཡིན་ནམ། ཚེ་ད་ལྟ་རྐྱེན་ཡིན་བྱས་པས། ཕ་མ་གཉིས་ཀྱིས་ཞུས་པས། བུ་མོ་ཁྱོད་ལ་ད་ལྟའི་རྐྱེན་མ་ཡིན་ཏེ། ཚེ་སྔོན་གྱི་ལུང་བསྟན་ཞིག་འདུག །དེ་ནི་ཁྱི་ལོ་ཟླ་བ་དྲུག་པའི་གནམ་གང་ཉི་མ་སྔ་དྲོ་ལ་འཆི་རྟགས་འཆར་བའི་ཚེ། ཉི་མ་ནུབ་པ་དང་ས་རུབ་པ་དང་རང་གི་ལུས་མ་ཡིན་པར་མཐོང་བས་སེམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་ནས་ངུ་འབོད་ཤོར་བ་དང་། ཡང་ཡུམ་གྱིས་པང་དུ་བླངས་ནས་བུ་མོ་ཁྱོད་ཅི་ལ་ངུ་བ་ཡིན་སྨྲས་པ། དེ་རིང་ང་ནི་ཟས་ལ་ཡང་དྲོ་བ་མ་ཚོར། ཆུ་ཡང་བཏུང་སྙིང་མི་འདོད། ཁྱོད་ཕ་མ་གཉིས་དང་སྤུན་མཚན་འཁོར་རྣམས་དང་འབྲལ་ནས་ང་རང་གཅིག་པུར་འགྲོ་དགོས་པའི་དུས་གཅིག་འབྱུང་། དེ་ནས་ཕ་མ་གཉིས་ཀྱིས་སྨྲས་པ་དང་། སྔར་མི་དངོས་ཅན་གྱིས་ཟེར་བ་བཞིན་དུ། འདས་ལོག་ཀརྨ་དབང་འཛིན་གྱི་སྐྱེ་བ་ཡིན་ཟེར་བ་བཞིན། ཁྱོད་རང་སླར་ལོག་རྒྱུ་ཡོད་ན་ཕུང་པོ་ཉར་ཚགས་ཡོང་བས་དེ་མ་ཡིན་པར་སླར་ལོག་མེད་ན་ཕུང་པོ་ཉར་ཚགས་མི་ཡོང་བས་ཞེས་སྨྲས་པ་དང་། ངའི་ཕུང་པོ་རས་དཀར་གཙང་མས་གུར་ཕུབ་ནས་མེ་ཏོག་སྤོས་དང་མར་མེ་ལ་སོགས་པ་ཕུལ་ནས་ཞག་མ་བདུན་གྱིས་ཉིན་མཚན་མེད་པར་མ་ཎི་ལེགས་པར་བགྲངས་ནས་བསྲུངས་སོ། །ཡང་ང་རང་འདས་སོང་ནས་ཞག་བདུན་ལ་མ་ལོག་ན་ཞག་བཅོ་ལྔ་ལ་ལོག་གི། ཞག་བཅོ་ལྔ་ལ་ལོག་རྒྱུ་མེད་ན་ངའི་ཕུང་པོ་ཞིག་ཤིག་ཅེས་གསུངས་སོ། །

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ལས་དང་རྣམ་ཤེས་འབྲལ་དུས་ནམ་མཁའ་ནས་འབྲུག་ལྡིར་བ་ལྟ་བུ་དང་། སྟེང་ནས་བྲག་རྒས་པ་རྡིབ་པ་ལྟ་བུ་དང་། མུན་པའི་ནང་དུ་ཚུད་པ་ལྟ་བུ་དང་། ཤི་སྙམ་པའི་སྡུག་བསྔལ་དང་། མ་ཤི་སྙམ་པའི་སྡུག་བསྔལ་གཉིས་འབྱུང་སྟེ། མུན་པའི་ནང་དུ་ཚུད་པ་མ་ཡིན་ཏེ། ལུས་དང་སེམས་འབྲལ་བའི་དུས་གཅིག་འབྱུང་། སྐད་ཅིག་ལ་རྣམ་པར་ཤེས་པ་སྤྱི་གཙུག་ཏུ་སླེབས་པ་དང་། རང་གི་རོ་ཡིན་པ་མ་ཤེས་པར། ཕག་གི་རོ་རི་བོ་ཙམ་གཅིག་མཐོང་བྱུང་། དེའི་དུས་སུ་མཆི་མ་མང་དུ་ཤོར། རང་གི་ཡི་དམ་མདུན་དུ་བྱོན་ནས་དེ་སྐད་གསུངས་པ། ཁྱོད་འཆི་བ་ཡིན་པ་མ་ཤེས་སམ། སྒྱུ་མའི་ལུས་ལ་ཆགས་ཞེན་མ་བྱེད་པར། རང་སེམས་ཆོས་ཉིད་ངང་དུ་ཡར་ཤོག་དང་། ཁྱོད་ངས་གར་ཁྲིད་ཤོག་ཅིག་ཟེར་ལག་པ་ནས་བཟུང་སྟེ་ཁྲིད་སོང་བས། གནམ་ས་བར་སྣང་གར་ཡང་ངོས་བཟུང་མེད་པར་སླེབས་པ་དང་། ཡང་ངའི་བསམ་པ་ལ་གང་ཡང་ངོས་བཟུང་མེད་པ་འདི་ཅི་ཡིན་བསམ་ནས་བསྡད་ཙ་ན། ཡང་ཡི་དམ་གྱི་ཞལ་ནས། ཁྱེད་རང་མ་ཎི་ལན་བདུན་བགྲོངས་ཤིག་གསུངས་པས། ཡང་ངས་མ་ཎི་ལན་བདུན་སྒྲ་སྐད་གསལ་པོར་བཏོན་ཏེ་བགྲངས་པས། ཡི་དམ་གྱིས་ཁྲིད་དེ་རི་ནག་པོ་ཤིན་ཏུ་མཐོ་བ་ཉམ་ང་བ་སྤྲིན་ནག་པོས་གཡོགས་པའི་ནང་དུ་སླེབས་པ་དང་། གཟུགས་མེད་པའི་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་རྒྱོབ་རྒྱོབ་སོད་སོད་ཞི་ཁྲོའི་སྒྲ་དཔག་ཏུ་མེད་པ་བྱུང་། ང་རང་ནི་ཤིན་ཏུ་འཇིགས་པ་བྱུང་ནས་དྲན་མེད་དུ་འགྱེལ་སོང་། དེའི་ཚེ་ཡི་དམ་གྱིས་ལག་པ་ནས་བཟུང་སྟེ་དེ་སྐད་ཅེས་གསུངས་སོ། །

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ རང་ངོ་རང་གིས་མ་ཤེས་ན། །རི་བོ་ནག་པོ་མཐོང་བ་ཡིན། །རང་ངོ་རང་གིས་ཤེས་གྱུར་ན། །རྣམ་པར་སྣང་མཛད་ཞིང་ཁམས་ཡིན། །དེ་ནས་ཕར་འགྲོ་བ་ལ། རི་བོ་དཀར་པོ་གཅིག་གི་རྩ་རུ་སླེབས་པ་དང་། དེ་ནས་རི་བོ་སེར་པོ་གཅིག །དམར་པོ་གཅིག་དང་། ལྗང་ཁུ་གཅིག །རི་དེ་རྣམས་ངོ་ཤེས་ན་རྒྱལ་བ་རིགས་ལྔའི་ཞིང་ཁམས་ཡིན། ངོ་མ་ཤེས་ན་བར་དོ་དང་པོ་དེ་ལ་ཟེར། རི་བོ་དེའི་ནང་ལ་ཚེ་ལས་འདས་པ་རྣམས་སྤྲིན་ནག་པོ་དང་། ཆར་པ་ཆེན་པོ་དང་། སེར་བ་ཆེན་པོས་བརྡུང་བའི་སྡུག་བསྔལ་དྲག་པོ་མྱོང་བར་མཐོང་། དེ་ནས་ཡང་རང་སེམས་ཤིན་ཏུ་མི་དགའ་བ་གཅིག་བྱུང་ནས། ཡི་དམ་ལ་ཞུས་པ། ཨེ་མ་ཚེ་འདས་འདི་རྣམས་ཅིའི་ཕྱིར་དུ་སྡུག་བསྔལ་དེ་ཙམ་ཞིག་མྱོང་བ་ཡིན་ཞུས་པས། ཡི་དམ་གྱི་ཞལ་ནས། འཛམ་བུའི་གླིང་དུ་ཡོད་པའི་དུས། །དགེ་སྦྱོར་བསྔོ་ལན་གནས་པའི་ཚེ། །ངུ་འབོད་འདོན་པའི་རྣམ་སྨིན་ཡིན། །མུན་ནག་ནང་ནས་ཐར་དུས་མེད། །ཞེས་གསུངས། དེ་ནས་མར་འགྲོ་བ་ལ། ལམ་ནག་པོ་གཅིག་དང་འཕྲད་པའི་ནང་ལ།

འཛམ་བུའི་གླིང་གི་མི་ཚེ་ལས་འདས་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་མཐོང་། དེ་ནས་བླ་མ་དགེ་བའི་བཤེས་གཉེན་མན་ཆད་དང་། འགྲོ་བ་སྲོག་ཆགས་འབུ་སྲིན་མང་པོ་མཐོང་བ་དེ་ཇི་ལྟར་ཡིན་ཞུས་པས། ཡི་དམ་གྱིས་གསུངས་པ། ཚེ་ལས་འདས་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་འགྲོ་བའི་ལམ་ཡིན་གསུངས།

ཡང་ལམ་འདི་ལ་ཚེ་ལས་འདས་པ་མི་རྒད་པོ་གོས་དཀར་པོ་གྱོན་པ་གཅིག་རྒྱབ་ཏུ་ཤ་ཁུར་རི་བོ་ཙམ་ཁུར་བ་སྨྲེ་སྔགས་འདོན་ཅིང་འགྲོ་བ་མཐོང་། ཡང་ཡི་དམ་ལ་ཞུས་པས། ལྷའི་ཞལ་ནས། མི་ཡུལ་དུ་བསྡད་པའི་དུས་སུ་ན་འཕྲོག་བཅོམ་བྱས་པའི་རྣམ་སྨིན་ཡིན། འདི་ནས་ཕར་ལ་འགྲོ་བ་ན། ཆོས་ཀྱི་རྒྱལ་པོའི་ཞལ་མཇལ་ནས། ལས་ནི་དགེ་སྡིག་གཉིས་པོ་ཤན་ཕྱེ་ནས་དམྱལ་ཁམས་ཟངས་མོ་ཆེ་ལ་འགྲོ་བ་ཡིན། དེ་ཡང་བུ་མོ་ཁྱོད་ཀྱི་ཡུལ་གྱི་མི། ཨ་ཕ་དར་རྒྱས་ཟེར་བ་ཡང་འདུག་གསུངས། མི་འདིའི་དོན་ལ་དགེ་བ་ཇི་ལྟར་བྱས་ན་སྒྲོལ་བ་ཡིན་ཞུས་པས། ཡང་གསུངས་པ། བསྐང་བཤགས་དང་ནི་སྡིག་བཤགས་དང་། མ་ཎི་ས་གཅིག་བགྲངས་དང་དར་ཆེན་འཕྱར། སྡུག་བསྔལ་འདི་ལས་གྲོལ་བ་ཡིན་ཞེས་གསུངས། དེ་ནས་མར་ལ་འགྲོ་བ་ན། ས་གཞི་ལྗང་ཁུའི་ནང་ལ། མཆོད་རྟེན་དཀར་པོ་གཉིས་དང་། ནག་པོ་གཉིས། མཆོད་རྟེན་དེ་བཞིའི་བར་ལ་ཁ་དོག་ལྔ་ལྡན་པའི་མཆོད་རྟེན་ལྔའི་རྩ་བར་ཤིང་དཀར་པོ་གཅིག་དང་། ནག་པོ་གཅིག་ཡོད་པ་དར་ཆེན་གཅིག་འཕྱར་བ་མཐོང་། ཡང་ཞུས་པས། དེའི་གྲོང་ཁྱེར་དང་མཆོད་རྟེན་རྣམས་ཅི་ཡིན་ཞུས་པས། ཡང་གསུངས་པ། ཡུལ་འདིའི་མིང་ནི་གཤིན་ཡུལ་གྲོང་མོ་ཆེ་ཡང་ཟེར། མཆོད་རྟེན་འདི་ལྔ་ངོ་ཤེས་ན་རྒྱལ་བ་རིགས་ལྔའི་ཞིང་ཁམས་ཡིན། མཆོད་རྟེན་འདི་ཡི་རྩ་བ་རུ། ལྕགས་ཀྱི་ས་གཞི་ནག་པོའི་ནང་། ལྕགས་སྤྲིན་ནག་པོའི་ནང་ལ་ནི། མི་ཞིག་མཆི་མ་ཤོར་བ་མཐོང་། ཡང་ཞུས་པས། མི་འདིས་འཛམ་བུའི་གླིང་དུ་བསྡད་དུས་ལ། །བྱ་དང་འབུ་སྲིན་བསད་པའི་རྣམ་སྨིན་ཡིན། །དེ་ནས་ལྕགས་ཁང་ནང་དུ་གཏོང་བ་ཡིན། །ཞེས་གསུངས།

ཡང་མི་གོས་དམར་པོ་གྱོན་པ། རྒྱབ་ཏུ་དམ་ཆོས་པོ་ཏི་གཅིག་ཁུར་ནས་ཡོང་བ་མཐོང་། ཡང་མི་དེ་གར་འགྲོ་ཞུས་པས། ཡང་གསུངས་པ། མི་དེས་ནི་འཛམ་བུའི་གླིང་དུ་བསྡད་དུས་སུ། རྒྱལ་བའི་བཀའ་གསུང་མང་པོ་སྒྲོགས་པ་ཡིན། འདིའི་དགེ་བའི་ཆོས་རྒྱལ་ཆེན་པོའི་ཞལ་མཇལ་ནས་མཐོ་རིས་ཐར་པའི་ལམ་དུ་འགྲོ་བ་ཡིན། ཡང་མི་ལ་ལ་ནི་ཁ་བུབ་ནས་ངུ་བ་དང་། ལ་ལ་ནི་ལངས་ནས་ངུ་བ་དང་། ལ་ལ་ས་བསྡད་ནས་ངུ་བ་དང་། ལ་ལ་ནི་དགའ་སྐྱིད་ལྡན་པར་ཡོད་པ་མཐོང་། ཡང་ངའི་སེམས་འཁྲུལ་སྣང་གཅིག་བྱུང་ནས་མི་འདི་རྣམས་ཇི་ལྟར་ཡིན་ཞུས་པས། ཡི་དམ་གྱིས་གསུངས་པ། མི་ངུ་བ་མང་པོ་ཡོད་པ་འདི་དུད་འགྲོ་མང་པོ་སྲོག་གཅོད་བྱས་པའི་རྣམ་སྨིན་དང་། ང་རྒྱལ་ཕྲག་དོག་འདོད་ཆགས་སེར་སྣ་བསགས་པའི་རྣམ་སྨིན་ཡིན། འདི་ལས་ངན་བསགས་པས་དམྱལ་བར་འགྲོ་བ་ཡིན། དགའ་སྐྱིད་ཡོད་པའི་མི་རྣམས་ནི། མི་ཡུལ་དམ་ཆོས་ཀློག་དང་དགེ་སྦྱོར་མཐོང་། ཕན་ཡོན་འདིས་སངས་རྒྱས་ཀྱི་ས་ཐོབ་བོ་ཞེས་གསུངས། དེ་ནས་ལམ་དམར་པོ་གཅིག་མར་ལ་འགྲོ་བ་དང་། ས་གཞི་ཐམས་ཅད་དང་རི་བོ་རི་ཕྲན་ཕུ་མདའ་མེད་པ་ཐམས་ཅད་དཀར་ཞིང་དྭངས་པའི་ནང་ལ་སླེབས་པ་དང་། ཡི་དམ་ལྷ་ཡང་དཀར་པོ། ང་ཡང་དཀར་པོར་གྱུར་སོང་། འདི་ལ་ཡོད་པའི་གཤིན་པོ་རྣམས་ཀྱང་དཀར་ཞིང་མི་ཡུལ་གྱི་གཟུགས་གང་ཡིན་པ་དཔག་ཏུ་མེད་པ་འདུག །འོད་ཟེར་ཡང་དཀར་ཞིང་དྭངས་པའི་ནང་ལ་ཁྲོ་བོ་ཞལ་ཤིན་ཏུ་དཀར་བ། རལ་པ་ལྗང་ཁུ་ཕྱག་ན་ནག་ཐག་བསྣམས་པ། འབྲུག་སྟོང་གི་སྒྲ་སྒྲོགས་པ་ལྟ་བུའི་ཁྲོ་བོ་གྲངས་མེད་དུ་འདུག་པས། ངས་ཡི་དམ་ལ་ང་རང་གཉིས་གར་སླེབ་པ་ཡིན་ཞེས་ཞུས་པས། ཡང་ཡི་དམ་གྱིས་གསུངས་པ། མི་ཤི་ཚད་ཞག་གཅིག་སོང་བ་དང་། ས་གཞི་དཀར་པོ་འདི་དང་འཕྲད་པ་ཡིན། རང་གིས་ངོ་ཤེས་ན་རྡོ་རྗེ་སེམས་དཔའི་ཞིང་ཁམས་ཟེར་བ་ཡིན། དེ་ནས་ཕར་ཕར་འགྲོ་བ་ན། ཁྲོ་བོ་སེར་པོ་གཅིག་དང་འཕྲད་པ་དང་། ཁྲོ་བོ་དམར་པོ་གཅིག་དང་འཕྲད། ཁྲོ་བོ་ལྗང་ཁུ་གཅིག་དང་འཕྲད། ང་རང་དྲན་མེད་དུ་འགྱེལ་ལོ། ཡང་ཡི་དམ་ཞལ་ཡང་དཀར་པོ། ན་བཟའ་ཡང་དཀར་པོ། ཕྱག་ན་འཕྲེང་བ་བསྣམས་པ་གཅིག་མདུན་དུ་བྱོན་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེ་མ་བུ་མོ་ཡར་བཞེངས་དང་། །ད་ལྟ་འཆར་བའི་འཇིགས་པ་རྣམས། །རང་སྣང་ཞི་ཁྲོའི་ལྷ་ཚོགས་ཡིན། །དེ་ལ་དངངས་སྐྲག་མ་བྱེད་པར། །དེ་བས་བུ་མོ་ཡར་ཤོག་དང་། །ཚེ་ལས་འདས་པ་ཐམས་ཅད་ལ། །ཞག་ལྔར་འཆར་བའི་ལྷ་ཚོགས་ཡིན། །ཞེས་གསུངས། དེ་ནས་མར་ལ་འགྲོ་བ་ན་ཟམ་པ་ནག་པོ་གཅིག་གི་དྲུང་དུ་སླེབས། ཟམ་པ་དེའི་སྟེང་དུ་བྲག་རི་ཆེན་པོ་གཅིག་ཡོད་པ། འོག་ཏུ་ཆུ་རྒྱ་མཚོ་ཆེན་པོ་དཔག་ཏུ་མེད་པ་མེར་མེར་ཡོད་པ། ཟམ་པ་འདིའི་རིང་ཐུང་ནི་རྟ་ཕོས་ཉིན་ལམ་བཅོ་བརྒྱད་འགྲོ་རུང་ཚད་གྲངས་མི་ནུས་པའི་ཟམ་པ་ཆེན་པོ་གཅིག་ཡོད་པ། ཟམ་པ་ནག་པོ་འདི་བརྒལ་བའི་ཕ་རོལ་ན། གཤིན་རྗེ་གླང་གི་མགོ་ཅན་གཅིག་དང་འཕྲད། ཞལ་ཤིན་ཏུ་དམར་བ་སྤྱན་གསུམ་ཡོད་པ། དབུ་སྐྲ་སྔོན་པོ་སྟག་ཤམ་གསོལ་བ། ཕྱག་ན་ཞགས་པ་ནག་པོ་ཐོགས་པ་དང་། གཤིན་པོ་རྣམས་ནི་བཅིངས་ཏེ་བརྡུང་བ་མཐོང་། གླང་གི་མགོ་ཅན་གྱི་ཞལ་ནས་ཀྱང་། ཁྱེད་རྣམས་ཕག་ཤ་ཟ་བ་ཨེ་ཞིམ་འདུག །ཡང་ཞུས་པ། འདི་རྣམས་ཅི་བྱས་པའི་ཉེས་དམིགས་ཡིན་ཞུས་པས།

ཡང་ལྷའི་ཞལ་ནས། མི་ཡུལ་གྲང་ང་ཡུལ་དུ་བསྡད་དུས་ལ། ཤ་ཟ་སྲོག་གཅོད་བྱས་པའི་རྣམ་སྨིན་ཡིན། དེའི་ནང་ལ་སྟག་གཟིག་དོམ་སྤྲེའུ་བྱ་ཕག་ལ་སོགས་དུད་འགྲོ་སྣ་ཚོགས་ཀྱིས་བསུ་བ་མཐོང་། ཡང་དུད་འགྲོ་དེ་རྣམས་ཀྱི་ཁ་ནས་དེ་སྐད་ཟེར། བུ་མོ་ཁྱོད་འཛམ་བུའི་གླིང་ནས་ཡོང་བ་ཡིན་ནམ། ངེད་ཚོའི་སྲོག་གཅོད་པའི་མི་རྣམས་ཀྱང་ད་ལྟ་ཡོང་ཉན་འདུག་གམ་ཨེ་མི་འདུག །ངེད་རྣམས་ཀྱིས་སྲོག་ལན་ཞིག་འཇལ་དགོས་ཟེར་རོ། །ཡང་བུ་མོ་ངས་སྨྲས་པ། འཛམ་བུའི་གླིང་ནས་ཚེ་ཟད་དུས་ལ་བབ་པའི་མི་ནི་འགའ་རེ་ཡོང་ཉེན་འདུག་གོ་ཨང་། རང་གིས་སྲོག་བཅད་པའི་དུད་འགྲོ་དང་། སྲོག་ཆགས་ཀྱི་རིགས་རྣམས་ནི་སྲོག་ལན་འཇལ་དགོས་ཟེར་ཞིང་བསུ་ནས་བསྡད་ཡོད་དོ། །དེ་ནས་ཡང་ཨ་མ་གོས་སྔོན་པོ་གྱོན་པ་གཅིག་རི་བོ་ནག་པོས་ནོན་པ་སྤྲིན་ནག་པོས་གཡོགས་པ་མང་པོ་མཐོང་། ཡང་ང་རང་འདི་ལྟ་བུའི་སྡུག་བསྔལ་མང་པོ་མྱོང་བ་མཐོང་ནས་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཡི་དམ་ལ་ཞུས་པས། ཡང་ཡི་དམ་ལྷས་གསུངས་པ། འཛམ་བུའི་གླིང་དུ་བསྡད་དུས་ལ། ཆང་ཚོང་ཁེ་བོགས་བྱས་པ་ཡིས། །རྣམ་སྨིན་འདི་ཡིས་སྡུག་བསྔལ་མྱོང་། །འདི་ལས་བསྐལ་པ་མ་སྟོངས་བར། །ཐར་པའི་དུས་ཤིག་མེད་དོ་གསུངས། །དེ་ནས་མར་ལ་འགྲོ་བ་ན། བྲག་དཀར་པོ་གཅིག་དང་སེར་པོ་གཅིག། ཆུ་དམར་ལྗང་གཉིས་པོ་བརྒལ་བར་མཐོང་། འདི་ནི་ཅི་ཡིན་ཞུས་པས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེ་མ་བུ་མོ་ཚུར་གསོན་དང་། །བྲག་དཀར་སེར་གཉིས་པོ་མཐོང་བ་དེ། །ལས་དགེ་སྡིག་གཉིས་ཀྱི་ཕོ་བྲང་ཡིན། །ཆུ་དམར་ལྗང་གཉིས་པོ་མཐོང་བ་དེ། །དམྱལ་བའི་ཡུལ་གྱི་ཆུ་རྒྱུན་ཡིན། །ཞེས་གསུངས།

དེ་ནས་ལམ་ཁ་དོག་མི་འདྲ་བ་གསུམ་དང་འཕྲད། ལམ་གོང་མ་དཀར་པོ་འདིའི་ནང་གཤིན་རྗེ་སེངྒེ་མགོ་ཅན་བཞུགས་པ་མཐོང་། ལམ་བར་མ་སེར་པོ་འདིའི་ནང་གཤིན་རྗེ་གླང་གི་མགོ་ཅན་བཞུགས་པ་མཐོང་། ལམ་ནག་པོ་འོག་མ་འདིའི་ནང་གཤིན་རྗེ་སྤྲེའུ་མགོ་ཅན་བཞུགས་པ་མཐོང་། ལམ་འདི་གསུམ་པོ་གང་གི་ལམ་ཡིན་ཞུས་པས། ང་རང་གཉིས་པོ་ལམ་འདི་གང་ནས་ཕྱིན། ལམ་དཀར་པོ་འདི་ནི་མཐོ་རིས་འགྲོ་བའི་ལམ་ཡིན་གསུངས། ལམ་དཀར་པོ་དེ་ལས་འོད་ཁ་དོག་ལྔ་མིག་གིས་བལྟར་མི་བཟོད་པ་འཆར་རོ། །ལམ་ནག་པོ་དེ་ནས་མར་བལྟས་པས་གྲོང་ཁྱེར་མི་གཅིག་པ་སྣ་ཚོགས་མཐོང་། ལམ་སེར་པོ་དེ་ལས་འོད་ཟེར་ཁ་དོག་མི་གཅིག་པ་དྲུག་ཏུ་འཆར། དེ་ནས་ང་སྙིང་རླུང་ལངས་ནས་མཆི་མ་མང་དུ་ཤོར། ཡི་དམ་ལྷའི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་ཀྱི་ཧུད་བུ་མོ་ཚུར་གསོན་དང་། །མ་རིག་སྡིག་པ་ཚབས་ཆེ་བའི། །རང་སྣང་དགྲ་རུ་མ་ལངས་པར། །རིག་པ་རང་ངོ་ཤེས་པར་གྱིས། །འོད་ཟེར་དཀར་པོ་འཆར་བ་འདི། །རྡོ་རྗེ་སེམས་དཔའི་འོད་ཟེར་ཡིན། །འོད་ཟེར་སེར་པོ་འཆར་བ་འདི། །རིན་ཆེན་འབྱུང་གནས་འོད་ཟེར་ཡིན། །འོད་ཟེར་དམར་པོ་འཆར་བ་འདི། །སྣང་བ་མཐའ་ཡས་འོད་ཟེར་ཡིན། །འོད་ཟེར་ལྗང་ཁུ་འཆར་བ་འདི། །དོན་ཡོན་གྲུབ་པའི་འོད་ཟེར་ཡིན། །འོད་ཟེར་མཐིང་ག་འཆར་བ་འདི། །རྣམ་པར་སྣང་མཛད་འོད་ཟེར་ཡིན། །འོད་ཟེར་དཀར་པོ་བཀྲག་མེད་འཆར་བ་འདི། །ལྷ་ཡི་ཐུབ་པའི་འོད་ཟེར་ཡིན། །འོད་ཟེར་དམར་པོ་བཀྲག་མེད་འཆར་བ་འདི། །ལྷ་མིན་ཐུབ་པའི་འོད་ཟེར་ཡིན། །འོད་ཟེར་སྔོན་པོ་བཀྲག་མེད་འཆར་བ་འདི། །མི་ཡི་ཐུབ་པའི་འོད་ཟེར་ཡིན། །འོད་ཟེར་ལྗང་ཁུ་བཀྲག་མེད་འཆར་བ་འདི། །བྱོལ་སོང་ཐུབ་པའི་འོད་ཟེར་ཡིན། །འོད་སེར་པོ་བཀྲག་མེད་འཆར་བ་འདི། །ཡི་དྭགས་ཐུབ་པའི་འོད་ཟེར་ཡིན། །འོད་ཟེར་དུད་ཁ་བཀྲག་མེད་འཆར་བ་འདི། །དམྱལ་བའི་ཐུབ་པའི་འོད་ཟེར་ཡིན། །འོད་ཟེར་དྲུག་པོ་འདི་དག་ཀྱང་། །བུ་མོ་ཁྱོད་རང་འགྲོ་བའི་ལམ་ཡིན་ནོ། །གྲོང་ཁྱེར་སྣ་ཚོགས་མཐོང་བ་ནི། །གཤིན་ཡུལ་ཐང་མོ་ཆེ་ཡང་ཟེར། །དམྱལ་ཁམས་བཅྭོ་བརྒྱད་ཡུལ་ཡང་ཟེར། །བར་དོའི་གྲོང་མོ་ཆེ་ཡང་ཟེར། །དེ་གཤིན་རྗེའི་གྲོང་ཁྱེར་ཡིན།

དེ་ནས་ལམ་སེར་པོ་ནས་ཕར་ནུབ་ཀྱི་ཕྱོགས་སུ་འགྲོ་བ་དང་། ཆོས་ཀྱི་རྒྱལ་པོའི་ཕོ་བྲང་མཇལ། ས་གཞི་ནག་པོ་གཅིག་གི་ནང་ལྕགས་རི་ནག་པོས་བསྐོར་བ་དང་། སྟེང་དུ་མེ་རི་དམར་པོ་འབར་བ་དང་། དུ་བ་ནག་པོའི་གུར་ཕུབ་པ་ཕོ་བྲང་ནི་འཛམ་བུ་གླིང་གི་རི་བོ་རི་རབ་བརྩེགས་པ་ལྟར་ནམ་མཁའ་ཁྱབ་པ་ཙམ་དུ་ཡོད་པ།

དེའི་ཕྱོགས་བཞི་ལ་སྒོ་སྲུང་། ཤར་དུ་སྟག་གི་མགོ་ཅན། ལྷོ་རུ་ཕག་གི་མགོ་ཅན། ནུབ་ཏུ་སེངྒེའི་མགོ་ཅན། བྱང་དུ་སྤྱང་ཀིའི་མགོ་ཅན། ཤིན་ཏུ་འཇིགས་པའི་སྒོ་གཡས་གཡོན་ན་གཡས་ནས་དོམ་གྱི་མགོ་ཅན་འཇིགས་སྒྲ་འདོན་པ་མཐོང་། གཡོན་ནས་ཁྱིའི་མགོ་ཅན་གྱིས་འཇིགས་སྒྲ་འདོན་པ་མཐོང་། ཤིན་ཏུ་འཇིགས་པའི་སྡུག་བསྔལ་འབྱུང་ནས་བརྒྱལ་སོང་བ་དང་། ཡང་ཡི་དམ་གྱིས་གསུངས་པ། སྒོ་སྲུང་འདིས་འཇིགས་པའི་སྒྲ་སྒྲོགས་ཀྱང་། སྣང་བ་འཁྲུལ་པའི་རང་སྒྲ་ཡིན་པ་ལ།

དེ་ལ་དད་པ་དང་མོས་པ་བྱེད་པས་ཆོག །དེ་རྣམས་ཆོས་ཀྱི་རྒྱལ་པོས་སྒོ་སྲུང་ཡིན་ནོ་གསུངས། དེ་ནས་ཡི་དམ་དང་མཉམ་དུ་ཕོ་བྲང་ནང་དུ་སླེབས་པ་དང་།

ས་སྔོ་བའི་དབུས་སུ་ཁྲི་སྣ་ཚོགས་བཏེགས་པའི་སྟེང་དུ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་དམར་ནག་སྤྱན་གསུམ་ནམ་མཁར་གཟིགས་པ། མཆེ་བ་གཉིས་ས་ལ་བཙུགས་པ། དབུ་སྐྲ་རལ་པ་ཁ་དོག་སྣ་ལྔ་གྱེན་དུ་བསྒྲེངས་པ། དབུ་ལ་ཐོད་སྐམ་དང་པྲོག་ཞུ་གསོལ་བ། སྐུ་ལ་ན་བཟའ་དར་སྣ་ཚོགས་དང་སྟག་ཤམ་གསོལ་བ།

ཕྱག་གཡས་ན་སྲིད་པའི་མེ་ལོང་བསྣམས་པ། ཕྱག་གཡོན་ན་རལ་གྲི་དང་མེ་ཆུ་བསྣམས་པ། མེ་རི་དམར་པོའི་ནང་དུ་སྐུ་རི་བོ་བཅོ་བརྒྱད་བརྩེགས་པ་ཙམ་དུ་བཞེངས་ཏེ་བཞུགས་པ། གསུང་ནི་འབྲུག་སྟོང་ལྡིར་བ་ལྟ་བུའི་སྒྲ་ཡོད་པ། དེའི་གཡས་ན་འདྲེ་ནག་ཆུང་སྐུ་མདོག་ནག་པོ། རལ་པ་དམར་པོ་ན་བཟའ་སྟག་ཤམ་གསོལ་བ། ཕྱག་ན་རྡེའུ་ནག་པོ་བསྣམས་པ། འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ། སྐུ་ནི་རི་རབ་ཙམ་དུ་བཞེངས་ཏེ་བཞུགས་པ་མཐོང་། དེའི་གཡོན་དུ་ལྷ་སྐུ་མདོག་དཀར་པོ། དབུ་ལ་པྲོག་ཞྭ་གསོལ་བ། སྐུ་ལ་ན་བཟའ་དཀར་ལྗང་གསོལ་བ། ཕྱག་གཡས་ན་རྡེའུ་དཀར་པོ་བསྣམས་པ། ཕྱག་གཡོན་ན་འཕྲེང་བ་དཀར་པོ་བསྣམས་པ། ཡི་གེ་དྲུག་མ་གསུངས་ཤིང་བཞུགས་པ་མཐོང་། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་ལ། ལས་མཁན་གླང་གི་མགོ་ཅན་བྱ་བ་དེ། སྐུ་མདོག་དམར་པོ་སྟག་ཤམ་གསོལ་བ་དང་། ཕྱག་ན་ཞགས་པ་ནག་པོ་བསྣམས་པ་མཐོང་། གཤིན་རྗེ་སེངྒེའི་མགོ་ཅན་བྱ་བ་དེ། སྐུ་མདོག་དཀར་པོ་གཡུ་རལ་སྔོན་པོ་སྟག་ཤམ་གསོལ་བ། ཡིག་འབྲུ་དམར་པོ་ཀློག་ཅིང་བཞུགས་པ་མཐོང་། སྐུ་མདོག་སྔོན་པོ་ཕྱག་ན་རལ་གྲི་བསྣམས་པ། ལས་མཁན་སྟག་གི་མགོ་ཅན་བྱ་བ་དེ། སྐུ་མདོག་ནག་པོ་ཕྱག་ན་སྟ་རེ་བསྣམས་པ། ལས་མཁན་ཁྱིའི་མགོ་ཅན་བྱ་བ་དེ། སྐུ་མདོག་སྨུག་པོ་ཕྱག་ན་དྲིལ་བུ་བསྣམས་པ། ལས་མཁན་བྱའི་མགོ་ཅན་བྱ་བ་དེ། སྐུ་མདོག་སྔོན་པོ་ཕྱག་ན་དགྲ་སྟ་བསྣམས་པ། གཤིན་རྗེ་སྦྲུལ་གྱི་མགོ་ཅན་བྱ་བ་དེ། སྐུ་མདོག་ལྗང་ཁུ་ཕྱག་ན་བུམ་པ་བསྣམས་པ། གཤིན་རྗེ་བྱི་བའི་མགོ་ཅན་བྱ་བ་དེ། སྐུ་མདོག་སྨུག་པོ་ཕྱག་ན་ལྕགས་སྒྲོགས་བསྣམས། ལས་མཁན་ཡོས་ཀྱི་མགོ་ཅན་བྱ་བ་དེ། སྐུ་མདོག་སེར་པོ་ཕྱག་ན་ལྕགས་ཀྱུ་བསྣམས། ལས་མཁན་སྤྲེའུ་མགོ་ཅན་བྱ་བ་དེ། སྐུ་མདོག་སྨུག་ནག་ཕྱག་ན་སྲང་ཆུང་བསྣམས། ལས་མཁན་ལུག་གི་མགོ་ཅན་བྱ་བ་དེ། སྐུ་མདོག་ལྗང་ཁུ་ཕྱག་ན་མེ་རི་བསྣམས། ལས་མཁན་ཁྱུང་གི་མགོ་ཅན་བྱ་བ་དེ། སྐུ་མདོག་དམར་པོ་ཕྱག་ན་ཞགས་པ་བསྣམས། གཤིན་རྗེ་དཔག་ཏུ་མེད་པ་སྐུ་གཟུགས་ཆེ་ཆུང་ནི་རི་བོ་ཙམ་ཡོད་པ། དེ་རྣམས་ཀྱི་ཞལ་ནས་ཀྱང་། ཧཱུཾ་ཧཱུཾ་ཕཊ་ཕཊ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་སྒྲོག་པ། ལ་ལ་ནི་རྩིས་བལྟ་ཞིང་འདུག །ལ་ལ་ནི་ཆུ་ཚོད་བལྟ་ཞིང་འདུག །ལ་ལ་ནི་ཡི་གེ་འབྲི་མཁན་ཡང་འདུག །ལ་ལས་དགེ་སྡིག་གཉིས་ཀྱི་ཤན་ཕྱེ་ཞིང་འདུག །ལས་ཀྱི་རྣམ་པར་སྨིན་པས་གཤིན་པོ་རྣམས་ལུས་དུམ་བུར་དུམ་བུར་གཏུབ་ནས་མཚོན་ཆ་ནམ་མཁའ་གང་བར་བབ་པ་མཐོང་། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ། ལ་ལ་ནི་བར་དོའི་འཇིགས་པ་དེ་མ་མཐོང་བས་མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །སྡིག་པ་སྲོག་གཅོད་མང་པོ་བྱས་པ་ཡིན། །སེམས་ཅན་སྲོག་གཅོད་མང་པོ་བྱས་པ་ཡིན། །སེམས་ནི་གནོད་སེམས་ཕྲག་དོག་སེར་སྣ་དང་། །ང་རྒྱལ་ལ་སོགས་བརྣབ་སེམས་ངག་འཁྱལ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་ནི། །འདི་རྣམས་དྲན་པས་འགྱོད་པ་དྲག་པོ་བསྐྱེད། །ཀྱི་ཧུད་ཅེས་ཁ་བུབ་ཏུ་འགྱེལ་ལོ། །ངུ་འབོད་ཆེན་པོ་འབོད་ནས་ཞུས་པ། ལ་ལ་ནི་འཇིགས་པ་འདིས་མི་ཆོག་པར་ད་རུང་ཡང་དམྱལ་བར་འགྲོ་དགོས་འདུག་ཟེར་ཞིང་མཆི་མ་མང་དུ་ཤོར་བ་མཐོང་། ལ་ལ་ནི་དམ་པའི་ཆོས་ལ་དཀར་བ། དམ་ཆོས་འབྲི་ཀློག་དང་ལམ་འཕྲང་བསལ་བ་དང་། ཡར་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང་། མར་ངན་སློང་ལ་སྦྱིན་པ་གཏོང་བ་ཡིན། ཞེས་ཞུས་སོ། །

ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱེད་རྣམས་ལས་དགེ་སྡིག་རྣམས་ནི། ངའི་ལས་ཀྱི་མེ་ལོང་ལ་ལྟོས་དང་གསུངས་པས། དེ་ནས་གཤིན་རྗེ་གླང་གི་མགོ་ཅན་ལན་གསུམ་འབོད་ནས། འཛམ་བུ་གླིང་གི་མི་སྡིག་ཅན་རྣམས་ནི། ཚེ་ཟད་དུས་ལ་བབས་ནས་ངའི་མདུན་དུ་སླེབས་ནས་འདུག་གོ། ངའི་ལས་ཀྱི་མེ་ལོང་ལ་བལྟས་པས། དཀར་པོ་དགེ་བའི་ལས་ནི་གཅིག་ཀྱང་མི་འདུག་སྟེ། ནག་པོ་སྡིག་པའི་ལས་ནི་གྲངས་མང་འདུག །ཁྱེད་ཀྱིས་ཞགས་པ་ནག་པོས་སྐེ་བཅིངས་ནས་ད་ལྟ་དམྱལ་བའི་གནས་སུ་ཁྲིད་ཅིག་གསུངས། གཤིན་པོ་རྣམས་ནི་དངངས་སྐྲག་གི་འཇིགས་པ་མཐོང་ནས་འགྱེལ་ལོ། །དྲན་པ་ཙམ་གཅིག་རྙེད་པས། འདི་ལྟ་བུའི་སྡུག་བསྔལ་མྱོང་བ་མཐོང་ནས་མཆི་མ་ཆར་བབས་པ་ལྟར་ཤོར་ནས་བྱུང་། ཡི་དམ་ལྷའི་ཞལ་ནས་ཀྱང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེ་མ་བུ་མོ་ཚུར་གསོན་དང་། །གཤིན་པོ་འཇིགས་པའི་ཕོ་བྲང་འདི། །ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ཡིན། །ལས་མཁན་སྣ་ཚོགས་མཐོང་བ་ནི། །ཆོས་ཀྱི་རྒྱལ་པོའི་འཁོར་གཡོག་ཡིན། །མི་མང་ངུ་ཞིང་འདུག་པ་འདི། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །སྲོག་གཅོད་བྱས་པའི་རྣམ་སྨིན་ཡིན། །དད་མོས་བྱེད་པའི་མི་རྣམས་ནི། །དགེ་བ་བྱས་པའི་ཕན་ཡོན་ཡིན། །དེའི་དུས་སུ་ཡི་དམ་ལྷ་ཡང་ཞལ་དཀར་པོ་དུང་གི་ཁ་དོག་དང་ལྡན་པ། དབུ་ལ་པྲོག་ཞྭ་དཀར་ལྗང་གསོལ་བ། ལྷའི་ན་བཟའ་སྐུ་ལ་གསོལ་བ་གཅིག་ཏུ་འགྱུར་སོང་བས། དེ་ནས་ང་རང་ཡང་སྔར་གྱི་ལུས་དང་མི་འདྲ་བ། ཤ་ཁྲག་གི་ལུས་མ་ཡིན་པའི་བར་དོའི་ལུས་ཡིན་པར་ཤེས། སྔོན་གྱི་བག་ཆགས་རྣམས་ལྷང་གིས་དྲན་བྱུང་། རང་གི་ཡི་དམ་ལྷ་ཡིན་པར་ངོ་ཤེས་ནས། ང་རང་གི་སེམས་ཀྱིས་འཛམ་བུ་གླིང་དུ་བསྡད་དུས་ལ། ནག་པོ་སྡིག་པ་བྱེད་པ་ཡང་མེད། དཀར་པོ་དགེ་བ་བྱེད་པ་ཡང་མེད། ཚེ་སྔོན་གྱི་དགེ་སྡིག་ཅི་འདྲ་ཡོད་དམ། གཤིན་རྗེ་ལས་མཁན་རྣམས་ཀྱི་འཇིགས་སྐྲག་ཆེན་པོ་གཅིག་ད་ལྟ་བྱུང་སོང་བསམ་ནས་མཆི་མ་མང་དུ་ཤོར་བ་དང་། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་ཅེས་གསུངས།

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་འཛམ་བུའི་གླིང་གི་བུ་མོ་ཁྱོད། །མི་རབས་བཅུ་གཅིག་མ་ནོར་བར། །རིགས་བརྒྱུད་ཕ་མ་མ་ནོར་བར། །འདི་རིང་འདི་རུ་སླེབས་བྱུང་ངམ། །སྐྱེ་བ་འདིའི་དུས་སུ་བུ་མོ་ཁྱོད་ཀྱིས་མར་དམྱལ་ཁམས་བཅྭོ་བརྒྱད་ཀྱི་སྡུག་བསྔལ་ཡོད་ལུགས་དང་། མཐོ་རིས་ཐར་པའི་ཞིང་ཁམས་ཡོད་ལུགས་དང་།

བར་དོ་གཤིན་རྗེ་རྣམས་ཀྱིས་དགེ་སྡིག་གཉིས་ཤན་ཕྱེ་ལུགས་དང་། ཕ་རོལ་ཚེ་ལས་འདས་པ་རྣམས་ཀྱི་སྡུག་བསྔལ་མྱོང་ལུགས་རྣམས་ཞག་བདུན་གྱི་བར་དུ་བུ་མོ་ཁྱོད་ཀྱིས་ཞིབ་པར་བལྟས་ནས། འཛམ་བུའི་གླིང་གི་མི་རྣམས་ལ་གཤིན་གསོན་གཉིས་ཀྱི་འཕྲིན་པ་དེ་ལྟར་མཛོད། །མིང་ཡང་འདས་ལོག་སངས་རྒྱས་ཆོས་འཛོམས་བཏགས་སོ། །བླ་མ་ཆོས་ཀྱི་རྒྱལ་པོས་བཀའ་ལུང་མང་པོ་གནང་ནས། བུ་མོ་ཁྱོད་ཞག་བདུན་ལ་དམྱལ་ཁམས་བཅོ་བརྒྱད་བསྐོར་ནས་འཛམ་བུའི་གླིང་དུ་སླར་ལོག་དགོས། ཞེས་གསུངས་སོ། །དེའི་ནང་ལ་མི་གོས་སེར་པོ་གྱོན་པ་གཅིག །གཤིན་རྗེ་གླང་གི་མགོ་ཅན་གྱིས་སྐེ་ནས་ཞགས་པ་ནག་པོས་བཅིངས་པ་མཐོང་། ལག་པ་རྒྱབ་ཏུ་བཅིངས་ནས་ལས་མཁན་རྣམས་ཀྱིས་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་རྒྱོབ་རྒྱོབ་སོད་སོད་ཟེར་ཞིང་ལྕགས་ཀྱི་ཐོ་བས་བརྡུང་པ་མཐོང་། འདིས་ཅི་རང་བྱེད་པའི་རྣམ་སྨིན་ཡིན། ཞེས་ཞུས་པས། ཡི་དམ་གྱི་ཞལ་ནས། སྡིག་པ་བྱེད་པའི་མི་གཅིག་ཡིན་གསུངས།

ཡང་ཡི་དམ་གྱི་ཞལ་ནས། ཀྱེེ་མ་གཤིན་རྗེ་རྣམས་ཀྱིས་ཚུར་གསོན་དང་། མི་འདི་བསྡམས་པ་ཐོང་ལ་བཅིངས་པ་ཁྲོལ། མི་ཡུལ་གྲང་ང་ཁམས་ལ་འཕྲིན་པ་བསྐུར་ན་ཨེ་ཡོང་ངམ་ཞེས་གསུངས་པ་དང་། དེ་ནས་གཤིན་རྗེ་རྣམས་ཀྱིས་བཅིངས་པ་ཅུང་ཟད་ཁྲོལ་ནས་འདུག་པ། མི་འདིས་ཁ་ནས་ལས་ཅན་བུ་མོ་ཁྱེད་མིའི་ཡུལ་དུ་བྱོན་ཟེར་ན། འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། ངའི་སྐྱེས་ས་ནུབ་ཀྱི་ཕྱོགས་ནས་ཡིན། ང་ནི་བསྡད་ས་སྤུངས་ཐང་རྫོང་ཡང་ཟེར། ངའི་མིང་ལ་སྡེ་པ་འབྲུག་རྒྱལ་ཟེར། ང་ནི་འཛམ་བུའི་གླིང་དུ་བསྡད་དུས་སྡིག་པ་གྲངས་མང་བསགས་ནས་ད་ནི་དམྱལ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཡོད། ངའི་ནུ་བོ་རྡོ་རྣམ་རྒྱལ་ཞེས་པ་ལ། ངའི་དོན་དུ་སྐུ་རྟེན་མི་འཁྲུགས་པ་བརྒྱ་བཞེངས་དང་། གསུང་རྟེན་བཀའ་འགྱུར་བཞེངས་དང་ཟེར། ཐུགས་རྟེན་བྱང་ཆུབ་མཆོད་རྟེན་བརྒྱ་བཞེངས་དང་། ཡི་གེ་དྲུག་མའི་དར་ཆེན་བརྒྱ་རྩ་འཕྱར། འཕགས་པའི་དགེ་འདུན་རྣམས་ལ་བསྔོ་བ་ཞབས་བརྟན་མང་དུ་ཕུལ། རྟོགས་ལྡན་རྣལ་འབྱོར་ཕོ་མོ་རྣམས་ལ་ནི། བསོད་སྙོམས་ཞབས་ཏོག་མང་པོ་ཕུལ་ཅིག་དང་། རྡོར་གཅོད་སྡིག་བཤགས་མང་པོ་བཞེངས་དང་ཟེར། ཡར་དཀོན་མཆོག་ལ་མཆོད་པ་གང་མང་། མར་ངན་སློང་ལ་སྦྱིན་པ་གྲངས་མེད་ཐོང་། དགེ་བ་འདི་རྣམས་བསྒྲུབ་ན་ང་རང་སྡུག་བསྔལ་འདི་ལས་ཐར་གྱིན་འདུག །དགེ་བ་འདི་རྣམས་མ་བསྒྲུབས་ན་ང་རང་འདི་ལས་ལྷག་པའི་དམྱལ་བར་མྱོང་དགོས་འདུག །མི་ཡུལ་དུ་དཔོན་པོ་སུས་བྱེད་ཀྱང་གཞན་ལ་བརྡུང་རྫོབ་བརྡེག་མ་བྱེད་ཅིག །ང་འདྲ་སྡིག་པ་མ་བྱེད་ཅིག །སྤྱིར་འཛམ་བུའི་གླིང་གི་མི་རྣམས་ལ་འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། ཡང་ལས་མཁན་རྣམས་ཀྱིས་སྔར་བཞིན་དུ་བཅིངས་ནས་དམྱལ་བར་ཁྲིད་སོང་བ་མཐོང་།

ཡང་ཡི་དམ་ལྷ་དང་མཉམ་དུ་ལམ་དམར་པོ་གཅིག་ནས་མར་འགྲོ་བ་དང་། ལམ་ནག་པོ་གཅིག་གི་ནང་དུ་སླེབས་པས། འདིའི་ནང་ལ་གཤིན་རྗེ་སྤྲེའུའི་མགོ་ཅན་གྱིས། ཕྱག་ན་ཞགས་པ་ནག་པོ་ཐོགས་ནས་གཤིན་པོ་རྣམས་བཅིངས་ཏེ་ཁྲིད་སོང་བ་མཐོང་། ཡང་ངས་ཡི་དམ་ལ་མི་འདི་གར་འགྲོ་བ་ཡིན་ཞུས་པས། ཡི་དམ་གྱི་ཞལ་ནས་འདི་རྣམས་གཤིན་ཡུལ་བར་དོ་ལ་འགྲོ་བ་ཡིན་གསུངས། དེ་ནས་མར་འགྲོ་བ་ལ་ས་གཞི་དམར་པོའི་ནང་ལ་སླེབས་པ་དང་། ལས་མཁན་རྣམས་ཀྱིས་མི་ལ་ལ་རྐང་ལག་ནས་བཟུང་སྟེ་ལྕགས་སྤྲིན་ནག་པོའི་ནང་དུ་བཏང་བ་མཐོང་། ངུ་ཞིང་སྨྲེ་སྔགས་མང་པོ་འདོན་ཀྱང་ཕན་པ་མེད། ལ་ལ་ནི་ལྕགས་ཀྱི་ཞགས་པས་ལག་པ་བཅིངས་ཏེ་འདུག་པ་མཐོང་། ལ་ལ་ནི་ལྕགས་སྒྲོགས་ཀྱི་རྐང་པ་བཅིངས་ཏེ་བཞག་པ་མཐོང་། ལ་ལ་ནི་དར་ཆེན་གཅིག་གི་རྩ་བར་ངུ་ཞིང་བསྡད་པ་མཐོང་། ལ་ལ་ནི་དགའ་ཞིང་བསྡད་པ་མཐོང་། ལ་ལ་ནི་དར་ཤིང་ཁྱེར་བ་མཐོང་། སྡུག་བསྔལ་མང་པོ་མྱོང་བ་མཐོང་ནས་མི་འདི་རྣམས་སྡིག་པ་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས།

ཡང་ཡི་དམ་ལྷའི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། གྲོང་ཁྱེར་འདིའི་མིང་ནི་གཤིན་ཡུལ་བར་དོ་ཡིན། ལྕགས་སྤྲིན་ནག་པོའི་མི་རྣམས་ནི། འཛམ་བུའི་གླིང་དུ་བསྡད་པའི་དུས་ལ་ནི། ཚིག་རྩུབ་གནོད་སེམས་བསམ་པའི་རྣམ་སྨིན་ཡིན། ལྕགས་སྒྲོགས་ཞགས་པ་ནག་པོས་བཅིངས་པ་ནི། དུད་འགྲོ་ཡན་ལག་བཅིངས་ནས་བསད་པའི་རྣམ་སྨིན་ཡིན། དར་ཤིང་རྩ་བར་ངུ་ཞིང་འདུག་པའི་མི་རྣམས་ནི། ཤུལ་མི་རྣམས་ཀྱིས་དགེ་བ་གཏོང་རྒྱུ་མེད་པའི་རྣམ་སྨིན་གྱི་ངུ་འབོད་ཤོར། དགའ་ཞིང་སྐྱིད་པར་བྱེད་པའི་མི་རྣམས་ནི། དར་ཆེན་འཕྱར་བའི་ཕན་ཡོན་ཡོད་པ་ཡིན། དར་ཤིང་གཞན་གྱིས་ཁྱེར་བ་མཐོང་བ་ནི། རབ་གནས་མེད་པས་གཞན་གྱིས་ཁྱེར་བ་ཡིན། འདིའི་ནང་དུ་སྡུག་བསྔལ་མྱོང་བའི་མི་རྣམས་ནི།

བསྐལ་བ་མ་སྟོངས་བར་དུ་ཐར་དུས་མེད་པ་ཡིན་གསུངས། ཡང་འདིའི་ནང་ལ་གོས་དམར་པོ་གྱོན་པའི་མི་རྒན་མོ་གཅིག་ལྕགས་སྤྲིན་ནག་པོའི་ནང་དུ་ཀྱི་ཧུད་ཟེར་ངུ་ཞིང་འདུག་པ་མཐོང་། ཡང་རྒན་མོ་འདི་སྡིག་པ་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས། ཡི་དམ་ལྷའི་ཞལ་ནས། མི་ཡུལ་བསྡད་དུས་ཁ་སྨྲས་དང་ཞུ་ལོག་བྱས་པའི་རྣམ་སྨིན་དང་། སྦྱིན་པ་ཕར་བཏང་རྒྱུ་མེད་པའི་ཚུར་ལེན་ཟ་བའི་རྣམ་སྨིན་ཡིན་གསུངས། དེ་ནས་མར་འགྲོ་བ་ན། ལམ་ནག་པོ་གཅིག་གི་ནང་ལ་སླེབས་པས། ས་གཞི་ཡང་ནག་པོ་ཚད་མེད་པ་འདི་ལ། མི་མགོ་གསུམ་གྱིས་སྒྱེད་པུ་བཙུགས་པ། ཟངས་ཆེན་དམར་པོ་རི་རབ་ཙམ་བཙུགས་པ་མཐོང་། དེའི་གཡས་ནས་ཕག་གི་མགོ་ཅན་སྐུ་མདོག་སྔོན་པོ་ཕྱག་ན་འབུད་པ་ནག་པོ་བཟུང་སྟེ་མེ་བཏང་བ་མཐོང་། དེའི་གཡོན་དུ་ཁྱུང་གི་མགོ་ཅན་སྐུ་མདོག་དཀར་པོ་ཕྱག་ན་འབུད་པ་ནག་པོ་བཟུང་སྟེ་མེ་བཏང་བ་མཐོང་། ཟངས་ཆེན་འོག་ནས་མེ་འོབས་ཆེན་པོ་འབར་བ་མཐོང་། ཟངས་ཆེན་འདིའི་ཁ་ནས་ཁྲོ་ཆུ་དམར་པོ་རྦ་ཀློང་འཁྲུགས་པ་མཐོང་། ཟངས་ཆེན་འདིའི་གཡས་ན་གླང་གི་མགོ་ཅན་སྐུ་མདོག་དམར་པོ་ཕྱག་ན་ཞགས་པ་ནག་པོས་གཤིན་པོ་རྣམས་ནི། སྐེ་ནས་བསྡམས་ཏེ་ཟངས་ཆེན་ནང་དུ་སྐྱུར་བ་མཐོང་། གཡོན་ན་སྟག་གི་མགོ་ཅན་སྐུ་མདོག་ནག་པོས་གཤིན་པོ་རྣམས་རྐང་ལག་ནས་བཟུང་སྟེ་ཟངས་ཆེན་ནང་ལ་སྐྱུར་བ་མཐོང་། མི་ཡུལ་གྲང་ང་ཁམས་བསྡད་དུས་ལ། ཤ་ནི་རློན་པ་ཟ་བའི་ཨེ་ཞིམ་འདུག །ཁྲག་ནི་དྲོན་མོ་བཏུང་བ་ཨེ་ཞིམ་འདུག །ད་ལྟ་ལས་ཀྱི་རྣམ་སྨིན་འདིས། ད་ལྟ་སྐྱིད་པ་ཨི་བྱུང་འདུག །ཤ་དང་རུས་པ་མ་འབྲལ་གྱི་བར་དུ་བཙོས་པ་མཐོང་། ཡང་ཡང་བཙོས་ཀྱང་ཡང་སླར་སོས་ནས་ཡང་ཡང་སྐྱུར་བ་མཐོང་། ཡང་དེའི་མཐའ་སྐོར་དུ་གཤིན་རྗེ་གྲངས་མེད་ཡོད་པ། དེའི་ནང་ལ་ཚད་ལས་འདས་པའི་མི་བསམ་གྱིས་མི་ཁྱབ་པས་ངུ་ཞིང་འདུག་པ་མཐོང་། གཤིན་རྗེ་རྣམས་ཀྱིས་རང་གི་ཤ་རང་གི་ཁ་རུ་བཅུག་པ་མཐོང་། ལ་ལ་ནི་ལྕགས་ཀྱི་ཐོ་བ་ནག་པོས་བརྡུང་བ་མཐོང་། ལ་ལ་ནི་གཤིན་རྗེ་སྤྲེའུའི་མགོ་ཅན་གྱིས་སྲང་ཆུང་དུ་བཅུག་ནས་འཇལ་བ་མཐོང་། ལ་ལ་ནི་རྟ་ཆེན་པོས་འོག་ཏུ་གནོན་པ་མཐོང་། ལ་ལ་ནི་རྡོ་ལེབ་ཆེན་པོ་རི་བོ་ཙམ་གྱི་འོག་ཏུ་གནོན་པ་མཐོང་། དེ་རྣམས་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་། ང་རང་ཡང་སེམས་ཤིན་ཏུ་སྐྱོ་ནས་རང་དབང་མེད་པར་མཆི་མ་མང་དུ་ཤོར་ནས་ཡི་དམ་ལ་ཞུས་པས།

ཡང་ཡི་དམ་ལྷས་གསུངས་པ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་ཀྱི་ཧུད་མ་ཡེངས་ཚུར་ཉོན་དང་། །འཇིག་པའི་ཟངས་ཆེན་དམར་པོ་མཐོང་བ་དེ། །མི་སྡིག་ཅན་བཙོས་པའི་ཟངས་ཆེན་ཡིན། །གླང་མགོ་ཅན་གྱིས་བཟུང་ནས་བཅུག་པ་དེ། །སྤྱིར་ཡང་འཛམ་བུའི་གླིང་ལ་བསྡད་དུས་སུ། །བྱ་ཕག་མང་པོ་བསད་པའི་རྣམ་སྨིན་ཡིན། །སྟག་མགོ་ཅན་གྱིས་བཟུང་ནས་བཅུག་པ་མཐོང་། །ར་ལུག་མང་པོ་བསད་པའི་རྣམ་སྨིན་ཡིན། །རང་གི་བུ་ལྟར་གསོ་བའི་སེམས་ཅན་ནི། །རེ་རེ་བསད་པའི་སྡིག་པ་དཔག་མེད་ཡོད། །རེ་རེ་བསད་པའི་རྣམ་སྨིན་དཔག་མེད་ཡོད། །བསྐལ་པ་སྟོང་གི་བར་དུ་ཟངས་ཆེན་འདི་ལས་མི་ཐར་གསུངས། །མི་ནི་མང་པོ་ངུ་ཞིང་འདུག་པ་དེ། །ཟངས་ཆེན་ནང་དུ་བསྐྱུར་ནས་འདུག་བསམ་སྟེ། །སེམས་ལ་སྡུག་བསྔལ་མང་པོ་མྱོང་བ་ཡིན། །རང་ཤ་རང་གི་ཁ་ལ་བཅུག་པ་དེ། །སེམས་ཅན་གྱི་སྙིང་ཟ་བའི་ཉེས་དམིགས་ཡིན། །ལྕགས་ཀྱི་ཐོ་བ་ནག་པོས་བརྡུངས་བ་དེ། །མི་ལ་བརྡུང་རྫོབ་བརྡེག་མང་པོ་བྱས་པའི་ཉེས་དམིགས་ཡིན། །སྤྲེའུའི་མགོ་ཅན་གྱིས་སྲང་ལ་བཅུག་པ་ནི། །བྲེ་ལོག་སྲང་ལོག་བྱས་པའི་རྣམ་སྨིན་ཡིན། །རྟ་ཆེན་པོས་འོག་ཏུ་གནོན་པ་འདི། །སྔ་མ་རྟ་ལ་ཞོན་པའི་རྣམ་སྨིན་ཡིན། །རྡོ་ལེབ་ཆེན་པོའི་འོག་ཏུ་གནོན་པ་འདི། །ཁལ་མེད་དུད་འགྲོ་རྣམས་ལ་ཁུར་རུ་བཀལ་བའི་རྣམ་སྨིན་ཡིན། །ཡང་ཟངས་ཆེན་ནག་པོ་གཅིག་དང་། སྔོན་པོ་གཅིག །སྨུག་པོ་གཅིག །ལྗང་ཁུ་གཅིག །ཟངས་ཆེན་འདི་རྣམས་ཆེ་ཆུང་རི་བོ་ཙམ་ཡོད་པ། འདི་རྣམས་ཀྱི་ནང་དུ་ཁྲོ་ཆུ་རྦ་རླབས་འཁྲུགས་པ་ཡོད། དེའི་མཐའ་སྐོར་ལ་ཟངས་ཆེན་རེ་རེ་ལ་གཤིན་རྗེ་འབུད་པ་བརྒྱབ་མཁན་གཉིས་གཉིས་ཡོད་པ། གཤིན་རྗེ་གྲངས་མེད་བསྐོར་ནས་ལས་མཁན་རྣམས་ཀྱིས་ཚེ་ལས་འདས་པ་རྣམས་བཟུང་ནས་ཟངས་ཆེན་ནང་ལ་བཅུག་པ་མཐོང་། དེའི་མཐའ་ཐམས་ཅད་སྡུག་བསྔལ་མྱོང་བའི་མི་གྲངས་མེད་ཡོད་པ་མཐོང་། ཡང་སྡུག་བསྔལ་འདི་རྣམས་སྔ་མ་ཅི་བྱེད་པའི་རྣམ་སྨིན་ཡིན་ཞེས་ཞུས།

ཡི་དམ་གྱི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་ཀྱི་ཧུད་མ་ཡེངས་ཚུར་ཉོན་དང་། །ཟངས་ནག་པོའི་ནང་ལ་ཡོད་པའི་མི་རྣམས་ནི། །འཛམ་བུའི་གླིང་དུ་བསྡད་པའི་དུས་ལ་ནི། །མཚོན་ཆ་དང་ནི་མདའ་མདུང་མང་པོ་ཡིས། །དལ་འབྱོར་མི་ལུས་བསད་པའི་རྣམ་སྨིན་ཡིན། །ལོ་ནི་ཁྲི་འབུམ་བར་དུ་ཐར་དུས་མེད། །ཟངས་ཆེན་སྔོན་པོའི་ནང་ལ་ཡོད་པའི་མི་རྣམས་ནི། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། དབང་ཆེན་དཔོན་པོ་བྱེད་བའི་རིགས་རྣམས་ཡིན། །རྡུང་རྡེག་དང་ནི་འཕྲོག་བཅོམ་བྱས་པ་དང་། །མ་བྱིན་བླངས་ནས་ཁྱེར་བའི་མི་རྣམས་དང་། །ཁ་ངན་ཚིག་རྩུབ་སྨྲས་པའི་མི་རྣམས་ནི། །དབང་བཙོང་དཔོན་པོ་བྱས་པའི་རྣམ་སྨིན་ཡིན། །ལོ་ནི་སྟོང་གི་བར་དུ་མི་ཐར་གསུངས། །ཟངས་ཆེན་ལྗང་ཁུའི་ནང་དུ་ཡོད་མི་རྣམས། །རང་གི་གསོ་བའི་སེམས་ཅན་སྣ་ཚོགས་རྣམས། །རང་གིས་བསད་ནས་ཤ་ཟ་རྣམ་སྨིན་ཡིན། །ལོ་ནི་བརྒྱ་ཡི་བར་དུ་མི་ཐར་གསུངས། །དེའི་ནང་མཚོན་ཆའི་རི་བོ་ཁ་ཐམས་ཅད་ནམ་མཁར་གཏད་པ། དེའི་ནང་གཤིན་རྗེ་དོམ་གྱི་མགོ་ཅན་སྐུ་མདོག་ནག་པོ། ཕྱག་ན་ལྕགས་ཀྱི་གྲི་གུག་གིས་མི་གོས་དམར་པོ་གྱོན་པ་གཅིག་མགུལ་ནས་བཟུང་སྟེ་བཅུག་པ་མཐོང་། ཡང་མི་འདིས་རིའི་རྩེ་ལ་འགྲོ་བ་ལ་མཚོན་ཆ་རྣམས་ཁ་མར་གཏད་ནས་རང་གི་ལུས་ལ་ཟུག་པ་མཐོང་། ཡང་རི་བོའི་རྩེ་ནས་མར་བབས་པ་ལ་མཚོན་ཆའི་ཁ་ཐམས་ཅད་ཡར་གཏད་ནས་རང་གི་ལུས་ལ་ཟུག་པ་མཐོང་། དེའི་ནང་ལ་གཟུགས་མེད་པའི་ངུ་སྐད་ལྷང་ལྷང་ཐོས་པ་དང་། ཡང་མི་འདི་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས།

ཡི་དམ་ལྷའི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་བུ་མོ་མ་ཡེངས་ཚུར་ཉོན་དང་། །མཚོན་ཆའི་རི་བོ་ཆེན་པོ་འདི་ཤལ་མ་རིའི་སྡོང་པོ་ཡིན། །ལས་མཁན་དོམ་གྱི་མགོ་ཅན་འདི། །ཤལ་མ་རིའི་སྒོ་སྲུང་ཡིན། །གོས་དམར་པོ་གྱོན་པའི་ཨ་ཎེ་འདི། །མིང་ལ་ལྷ་དབང་འཛོམས་པ་ཟེར། །ཡུལ་ནི་ནུབ་ཀྱི་ཕྱོགས་ནས་ཡིན། །འཛམ་བུའི་གླིང་དུ་བསྡད་དུས་སུ། །དྲིན་ཅན་བླ་མའི་དྲུང་དུ་ནི། །བཀའ་ཆོས་ལུང་ཁྲིད་མང་པོ་ཞུས། །བླ་མའི་བཀའ་འགལ་ཚུལ་ཁྲིམས་ཉམས། །མོ་རང་བུ་ཕོ་གཅིག་ཀྱང་སྐྱེས། །མི་ལ་མི་སྟོན་རང་གིས་བསད། །རང་བུ་བསད་པའི་རྣམ་སྨིན་ཡིན། །བསྐལ་པ་མ་སྟོངས་བར་དུ་མི་ཐར་གསུངས། །གཟུགས་མེད་ངུ་སྐད་མང་པོ་ཐོས་པ་འདི། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །ཉེ་རིང་ཆགས་སྡང་བྱས་པའི་ཕ་མ་རྣམས། །ཤལ་མ་རི་ནས་ཐར་དུས་མེད་དོ་གསུངས། །ཨ་མ་ཤལ་མ་རི་རྩར་སླེབས་པ་དང་། །བུ་ཚའི་ངུ་སྐད་རིའི་རྩེ་ནས་ཐོས། །ངུ་སྐད་ཐོས་ཀྱང་མ་བུ་འཕྲད་དུས་མེད། །ཉི་མ་རེ་ལ་ལས་ལན་ཉི་ཤུ་ཞིག །ཡང་བསྐྱར་བསྒྲུབ་སྟེ་ཡར་འགྲོ་མར་འགྲོ་བྱེད། །དེ་ནས་ཐར་དུས་མེད་པའི་སྡུག་བསྔལ་ཡོད། །ཨ་མས་བུ་ཚ་བསད་པའི་རྣམ་སྨིན་ཡིན། །ཡང་འདིའི་ནང་ལ་བྲག་དམར་པོ་ཆེན་པོ་འདིའི་རྩེ་ནས་མེ་རི་ནག་པོ་འབར་བའི་ནང་དུ། བ་ནོར་རི་བོ་ཙམ་གྱིས་འོག་ཏུ་གན་རྐྱལ་གནོན་པ། བ་ནོར་འདི་མིའི་སྙིང་ཟ་བ་དང་ཁྲག་འཐུང་བ་མང་པོ་མཐོང་ནས་ཡི་དམ་ལ་ཞུས་པས། ཡི་དམ་གྱི་ཞལ་ནས། བྲག་དམར་པོ་ཆེན་པོ་མཐོང་བ་འདི། །དམྱལ་བ་མུན་ནག་ཆེན་པོའི་ཡུལ་ཡང་ཟེར། །བ་ནོར་འདིའི་འོག་ཏུ་གནོན་པ་འདི། །བ་ལ་ཞོ་བཞོས་བྱས་པའི་རྣམ་སྨིན་ཡིན། །མིའི་སྙིང་ཁྲག་འཐུང་བ་དེ། །བ་ལ་རྡུང་རྫོབ་རྡེག་བྱས་པའི་རྣམ་སྨིན་ཡིན། །ཞེས་གསུངས། ཡང་དེའི་ནང་ལ་མི་གོས་ནག་པོ་གྱོན་པའི་མི་གཅིག་གཤིན་རྗེ་ཤ་བའི་མགོ་ཅན་སྐུ་མདོག་ལྗང་ཁུ་ཕྱག་ན་ལྕགས་སྒྲོགས་ནག་པོས་སྐེ་ནས་བཅིངས་ཏེ། བྲག་ཆེན་པོའི་འོག་ཏུ་མནན་པ་མཐོང་། མི་འདིས་ཅི་བྱས་པའི་རྣམ་སྨིན་ཡིན་ཞེས་པས།

ཡང་ལྷའི་ཞལ་ནས། ལྕགས་རྡོ་ཆེན་པོའི་འོག་ཏུ་མནན་པ་དེ། །དགེ་འདུན་རྣམས་ལ་ཆང་ཚོང་བྱས་པའི་རྣམ་སྨིན་ཡིན། །འདིའི་ནང་ལ་གཤིན་རྗེ་ཕག་གི་མགོ་ཅན་སྐུ་མདོག་སྔོན་པོ་ཕྱག་ན་མེ་རི་དམར་པོའི་གྲི་གུག་གིས་མིའི་སྙིང་ལ་འཛུགས་པ་འདི། མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །མི་སྐྱ་རྣམས་ཀྱི་ཆོས་པ་ཐམས་ཅད་ལ། །གནོད་སེམས་ཕྲག་དོག་རྣམ་སྨིན་རང་ལ་ཁུར། །གཤིན་རྗེ་འབྲུག་གི་མགོ་ཅན་སྐུ་མདོག་སེར་པོ་ཕྱག་ན་ཞགས་པ་ནག་པོས་མི་དགེ་སློང་འདྲ་བ་གཅིག་ལག་པ་རྒྱབ་ཏུ་བཅིངས་ཏེ། དམྱལ་བ་ཟངས་ཆེན་ནང་དུ་བཅུག་རྒྱུ་ཡིན་ཟེར་ཞིང་ཁྲིད་སོང་བ་མཐོང་། མི་འདིས་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས། ཡི་དམ་གྱི་ཞལ་ནས། གཤིན་རྗེ་རྣམས་ལ་འདི་སྐད་ཅེས་གསུངས་སོ། །ཁྱེད་ཅག་གཤིན་རྗེ་རྣམས་ཀྱང་ཚུར་གསོན་དང་། །མི་འདི་ཆོས་པ་གཅིག་རང་ཡིན་པར་འདུག །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །ལས་ནི་ཅི་འདྲ་བྱས་པའི་རྣམ་སྨིན་ཡོད། །ཡུལ་ལ་འཕྲིན་པ་བསྐུར་ན་ཨེ་ཡོང་གསུངས། ཡང་གཤིན་རྗེ་རྣམས་ཀྱིས་དེ་སྐད་སྨྲས་པ། མི་འདི་ཆོས་པའི་ཚུལ་གཅིག་ཡིན་ཀྱང་རུང་། །སྡིག་པའི་ལས་ནི་མང་པོ་བྱས་ཀྱིན་འདུག །གཤིན་པོའི་དཀོར་ཟས་མང་པོ་ཟོས་པ་ཡོད། །དཔོན་པོའི་ཟས་ཀྱང་མང་པོ་ཟ་བར་འདུག །ཆུང་ངུའི་དུས་ན་བྱ་གཅིག་བསད་པ་ཡོད། །དཀའ་བ་མ་སྤྱད་མི་ལ་དབང་བསྐུར་བྱས། །རྣམ་སྨིན་འདིས་ཟངས་ཆེན་ནང་དུ་འགྲོ་དགོས་ཡོད། །མི་འདི་བཅིངས་པ་དང་བརྡུང་པ་ལས་ཅུང་ཞིག་ཙམ་ཁྲོལ་ནས་ཡོད། །མི་འདིས་འཕྲིན་པ་བསྐུར་ཞིང་འདུག །ཀྱཻ་མ་ཀྱི་ཧུད་ལས་ལྡན་བུ་མོ་ཚུར་གསོན་དང་། །ཁྱེད་མིའི་ཡུལ་དུ་བྱོན་ཟེར་ན། །ངའི་ཡུལ་ནི་བཀྲ་ཤིས་སྒང་ནས་ཡིན། །ངའི་མིང་ལ་ཚེ་རིང་དཀར་ཅུང་ཟེར། །ངའི་ཨ་མ་བཀྲ་ཤིས་ཆོས་འཛོམས་ལ། །ངའི་དོན་དུ་རྡོར་གཅོད་སྡིག་བཤགས་སྟོང་། །ལྷ་ཁང་རྣམས་ལ་བརྒྱ་མཆོད་མང་པོ་ཕུལ། །གསུང་མཆོག་ཡི་གེ་དྲུག་མའི་དར་ཆེན་འཕྱར། །ངའི་སྡིག་པའི་ལས་རྣམས་དག་ཕྱིར་དུ། །ལྟུང་བཤགས་དང་བསྔོ་བ་སྨོན་ལམ་ཞུས། །ཨ་མ་ཁྱོད་ཀྱི་བུ་ལ་སྙིང་བརྩེ་ན། །ངའི་དོན་དུ་དགེ་བ་འདི་རྣམས་སྒྲུབས། །མིའི་ཡུལ་དུ་སྐྱེ་བ་གཅིག་ཏུ་འགྲོ། །དགེ་བ་འདི་རྣམས་ཁྱོད་ཀྱིས་མ་བསྒྲུབས་ན། །ལོ་བརྒྱའི་བར་དུ་ཟངས་ཆེན་ནས་མི་ཐར། །འཛམ་བུའི་གླིང་དུ་འཕྲིན་པ་དེ་ལྟར་གསུངས། །ཡང་ལས་མཁན་རྣམས་ཀྱིས་སྔར་བཞིན་བཅིངས་ཏེ་ཟངས་ཆེན་ནང་དུ་ཁྲིད་སོང་བ་མཐོང་། དེའི་ནང་ལས་མཁན་སྤྱང་ཀིའི་མགོ་ཅན་སྐུ་མདོག་ནག་པོ་ཕྱག་ན་ལྕགས་ཀྱུས་མི་གོས་དམར་པོ་གྱོན་པ་མི་རྒན་མོ་གཅིག་ལྕགས་ཀྱུས་བསྡམས་ཏེ་གླང་གི་མགོ་ཅན་གྱིས་ཐོ་བ་ནག་པོས་བརྡུང་ཞིང་ཁྲིད་སོང་བ་མཐོང་། ཀྱཻ་མ་ཀྱི་ཧུད་ཟེར་ཞིང་རང་གི་བྲང་ལ་ལག་པས་བརྡུངས་ནས་ངུ་བ་མཐོང་། མི་འདི་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས། ལྷའི་ཞལ་ནས། མི་འདི་དཔོན་གྱི་ཨ་མ་གཅིག་ཡིན་འདུག །ལས་མཁན་གཤིན་རྗེ་རྣམས་ཀྱང་ཚུར་གསོན་དང་། །མི་འདི་བསྡམས་པ་ལྷོད་ལས་བཅིངས་པ་ཅུང་ཟད་ཁྲོལ། །མི་འདིས་སྡིག་པའི་ལས་ནི་ཅི་བྱས་འདུག །སྡིག་པ་དག་ཕྱིར་དགེ་བ་སྒྲུབ་མཁན་ཡོད། །འཛམ་བུའི་གླིང་དུ་འཕྲིན་པ་གཏོང་རོགས་གནང་། །གཤིན་རྗེ་རྣམས་ཀྱིས་ལན་ནི་དེ་ལྟར་ཞུས། །མི་འདི་གྲང་ང་ཁམས་ལ་བསྡད་དུས་སུ། །སྐྱེ་བ་བུད་མེད་ཅིག་གི་ལུས་ཡིན་ཀྱང་། །སྲོག་གཅོད་སྡིག་པ་མང་པོ་བྱས་པ་ཡོད། །དཔོན་པོའི་དཀོར་ནི་མང་པོ་ཟ་ཞིང་འདུག །གཡོག་པོ་གཡོག་མོ་རྣམས་ལ་རྡུང་རྫོབ་རྡེག་བྱེད། །སེམས་ནི་ང་རྒྱལ་ཞེ་སྡང་ཕྲག་དོག་བྱེད། །གཤིན་རྗེ་ངེད་ཀྱང་དབང་བཙན་ཆེ་བ་མ་ཡིན་ཏེ། །སྤྱིར་གྱིས་འཛམ་བུའི་གླིང་གི་ཡུལ་ནས་མར། །སྡིག་པ་རྒྱབ་ཏུ་ཁུར་ནས་ཡོང་བའི་མི། །ད་ལྟ་ཟངས་ཆེན་ནང་དུ་བཅུག་རྒྱུ་ཡིན། །ད་རུང་སྡུག་བསྔལ་འདི་ཡིས་མ་ཆོག་པར། །དམྱལ་བ་ཐིག་ནག་ནང་དུ་ཁྲིད་རྒྱུ་ཡིན། །ལོ་ནི་འབུམ་ཚོ་གསུམ་ཡང་ཐར་དུས་མེད། །

ཡང་མི་འདིའི་ཁ་ནས་དེ་སྨྲས་པ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་འཛམ་བུའི་གླིང་གི་བུ་མོ་ཁྱོད། །འཛམ་བུའི་གླིང་དུ་ཕེབས་ཟེར་ན། །རྒན་མོ་ངའི་འཕྲིན་གཅིག་གསུངས་རོགས་མཛོད། །སྐྱེ་ས་འབྲུག་པ་གཞུང་ནས་ཡིན། །མིང་ལ་ཆོས་ཀྱི་ལྷ་མོ་ཟེར། །གསོ་བའི་ཚ་བོ་ཚ་མོ་ཡོད། །མིང་ལ་དཔལ་ལྡན་སེངྒེ་ཡིན། །ཁྱེད་སྤུན་ཉེ་འབྲེལ་ཐམས་ཅད་ཀྱིས། །རྒན་མོ་ངའི་སྡིག་པ་དག་ཕྱིར་དུ། །སྐུ་རྟེན་མི་འཁྲུགས་པ་གཅིག་བཞེངས། །གསུང་རྟེན་བཀའ་འགྱུར་ཀློག །མཆོད་རྟེན་རྣམས་ལ་སྐུ་དཀར་ཕུལ། །སྡིག་བཤགས་དང་ནི་རྡོ་རྗེ་གཅོད་པ་བཞེངས། །བླ་མ་རྣམས་ལ་བསྔོ་རྟེན་ཕུལ། །དགེ་འདུན་ཚོགས་འཁོར་ཞབས་ཏོག་འབུལ། །བླ་མ་མ་ཎི་བ་རྣམས་ལ། །

ཟོང་སྐོར་བསྔོ་རྟེན་བཅས་པ་ཕུལ། །རི་ཁྲོད་བཞུགས་པའི་རྣལ་འབྱོར་ལ། །ཡིག་དྲུག་འདྲེན་པའི་ཡོ་བྱད་ཕུལ། །བླ་མ་ཡི་དམ་མཁའ་འགྲོ་ལ། །དད་མོས་གུས་པས་མཆོད་པ་ཕུལ། །རྒྱལ་ཁམས་སྐོར་བའི་སྤྲང་ལོང་ལ། །བྱམས་དང་སྙིང་རྗེས་སྦྱིན་པ་ཐོང་། །རྒན་མོ་ངའི་རྒྱན་དང་གོས་བཟང་རྣམས། །དཀར་པོ་དགེ་བའི་ཕྱོགས་སུ་གཏོང་རོགས་གྱིས། །མི་ཡུལ་བསྡད་པའི་མི་རྣམས་ཐམས་ཅད་ལ། །དབང་ཆེན་དཔོན་པོ་སུ་དང་སུས་བྱེད་ཀྱང་། །མི་ལ་རྡུང་རྫོབ་རྡེག་མང་པོ་མ་བྱེད་པར། །བཀའ་ཁྲིམས་དྲང་པོར་དཔོན་རྣམས་བྱེད་དང་ཟེར། །ལས་ངན་ཚོགས་མ་བསགས་པའི་རྒན་མོ་ང་། །སྡིག་པའི་ལས་རྣམས་ང་འདྲ་མ་བྱེད་པར། །འཛམ་བུའི་གླིང་གི་མི་རྣམས་ཐམས་ཅད་ལ། །ཕྱི་མའི་དོན་དུ་བསམ་ཞིང་མ་ཎི་འདྲེན། །དེ་བཞིན་ཁ་འདོན་དགེ་སྦྱོར་སྒྲུབ་ནུས་ན། །བ་གླང་སྤྱོད་དུ་མི་ལུས་བླངས་པ་ཡོད། །འཛམ་བུའི་གླིང་དུ་དགའ་སྐྱིད་ཙམ་ཡོད་ཀྱང་། །དམྱལ་བའི་ཡུལ་དུ་སླེབས་པའི་མི་རྣམས་ནི། །སྐྱིད་པ་སྐད་ཅིག་ཙམ་ཡང་མི་འདུག་གོ །རྒན་མོ་ངའི་འཕྲིན་པ་གསུངས་རོགས་མཛོད། །དེ་མ་ཐག་ཏུ་ལས་མཁན་གླང་མགོ་ཅན་དང་སྤྱང་མགོ་ཅན་གཉིས་ཀྱིས་སྔར་བཞིན་བཅིངས་ཟངས་ཆེན་ནང་དུ་ཁྲིད་སོང་བ་མཐོང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་དེ་ནས་མར་ལ་འགྲོ་བ་ན། ལམ་དམར་པོ་གཅིག་གིས་ནང་ལ་གཤིན་རྗེ་འུག་པའི་མགོ་ཅན་སྐུ་མདོག་སྔོན་པོ་ཕྱག་གཡས་པ་ཐོད་པའི་ཕྲེང་བ་བསྣམས་པ། ཕྱག་གཡོན་རལ་གྲིའི་རྩེ་ལ་མི་རོ་སྐྱོན་པ་མཐོང་། ལས་མཁན་འདིའི་མདུན་དུ་མི་གོས་དཀར་པོ་གྱོན་པ། མགོ་ལ་དར་དཀར་པོས་གཡོགས་པ་གཅིག་རལ་གྲིས་མི་འདི་མགོ་ནས་མར་ལུས་དུམ་བུར་དུམ་བུར་གཏུབ་པ་མཐོང་། ང་རང་ཡང་སེམས་སྐྱོ་ནས་སྡུག་བསྔལ་ཆེན་པོ་གཅིག་བྱུང་། མི་འདིས་སྡིག་པ་ཅི་བྱས་པ་ཡིན་ཞུས་པས། ཡི་དམ་ལྷའི་ཞལ་ནས་མི་འདི་སྡིག་པ་བྱེད་པའི་མི་གཅིག་ཡིན་གསུངས།

ཡང་ལྷའི་ཞལ་ནས། ཁྱེད་གཤིན་རྗེ་རྣམས་ཀྱང་ཚུར་གསོན་དང་། །མི་འདི་སྡིག་པ་སྦྱང་ཕྱིར་བཤགས་ཐབས་ཡོད། །ལུས་ནི་དུམ་བུར་དུམ་བུར་གཏུབ་པའི་མི། །

ད་ལྟ་གྲང་ང་ཁམས་ཀྱི་མི་རྣམས་ལ། །འཕྲིན་པ་བསྐུར་ན་ཨེ་ཡོང་རམ་གསུངས་སོ། །གཤིན་རྗེ་རྣམས་ཀྱི་ལྷ་ལ་ཞུས་པ། མི་འདི་དུམ་བུར་དུམ་བུར་གཏུབ་པ་དེ། །དུད་འགྲོ་སྣ་ཚོགས་བསད་པའི་རྣམ་སྨིན་ཡིན། །དབང་བཙོང་ཁ་ངན་སྨྲས་པའི་སྡིག་པ་དང་། །མ་བྱིན་བླངས་ནས་ཟ་བའི་སྡིག་པ་ཡོད། །དཔོན་པོས་བཀའ་མེད་པར་ཟ་བའི་སྡིག་པ་ཡོད། །འདི་ནས་མར་དམྱལ་བ་ཟངས་ཆེན་ནང་དུ་ཁྲིད་རྒྱུ་ཡིན། །ལོ་ནི་སྟོང་གི་བར་དུ་ཐར་དུས་མེད་ཅེས་སྨྲས། ཡང་མི་འདིའི་ཁ་ནས་དེ་སྨྲས་པ། ཀྱེེ་མ་འཛམ་བུའི་གླིང་གི་བུ་མོ་ལགས། །སྤྱིར་གྱི་འཛམ་བུའི་གླིང་དུ་ལོག་ཟེར་ན། །ངའི་འཕྲིན་པ་དེ་ལྟར་གསུངས་རོགས་མཛོད། །ངའི་ཡུལ་ནི་རྐང་ལུང་ཡུལ་ནས་ཡིན། །ངའི་མིང་ལ་ཁོ་ཆེ་ལུང་པོ་ཟེར། །གཏན་གྲོགས་མིང་ལ་ནོར་ལ་དེ་ལྡན་ཡིན། །བུ་དང་བུ་མོ་བཅས་པ་ཁྱེད་རྣམས་ཀྱིས། །ངའི་སྡིག་པ་ཐམས་ཅད་དག་ཕྱིར་དུ། །བསྐང་བཤགས་སྟོང་དང་སྡིག་བཤགས་སྟོང་ཀློགས་དང་། །རྡོར་གཅོད་སྟོང་དང་ཡིག་དྲུག་དར་ཆེན་འཕྱར། །ཡར་གྱི་དཀོན་མཆོག་མཆོད་པ་མང་དུ་ཕུལ། །དགེ་བ་དེ་ལྟར་སྒྲུབ་ན་སྐྱེ་བ་ལེན། །དགེ་བ་དེ་རྣམས་མ་བསྒྲུབས་ན་མར་དམྱལ་བར། །ངེས་པར་ཐིག་ནག་གནས་སུ་འགྲོ་དགོས་ཡོད། །ཡང་ལས་མཁན་འུག་པའི་མགོ་ཅན་གྱིས་བཅིངས་ཏེ། ཟངས་ཆེན་ནང་དུ་ཁྲིད་སོང་བ་མཐོང་། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཟངས་ཆེན་འདི་རྣམས་ཀྱི་ཕྱི་ཐམས་ཅད་ལས་ཀྱི་རླུང་དམར་ཆེན་པོས་བསྐོར་ཞིང་འདུག །ནང་ཐམས་ཅད་ཁྲོ་ཆུ་ནག་པོ་རྦ་རླབས་ཁོལ་ཞིང་འདུག་པ་ཡང་། ཚེས་བཅུ་དང་། བཅོ་ལྔ། གནམ་གང་གསུམ་ལ་དམྱལ་བའི་ཡུལ་ཡང་དུས་བཟང་ཡིན་ནོ། །དེའི་དུས་སུ་ལས་ཀྱི་རླུང་དམར་ཆེན་པོ་ཁྲོ་ཆུ་ཁོལ་མ་ཡང་ཞི་བར་འགྱུར་རོ། །མི་ལས་ངན་སྡིག་ཅན་དམྱལ་བ་མནར་མེད་དུ་འགྲོ་བར་འདུག་ན། དེའི་དུས་མི་དང་སྲོག་ཆགས་ལ་སོགས་པ་ཐམས་ཅད་ཐར་བར་འདུག་གོ།

ཡང་དེའི་ཚེ་མི་གོས་དཀར་དམར་གྱོན་པ་གཅིག །ཕྱག་གཡས་མ་ཎི་ལག་སྐོར་བསྣམས་པ། ཕྱག་གཡོན་པ་ཕྲེང་བ་བསྣམས་པ་གཅིག །ཟངས་ཆེན་རྣམས་ལ་སྐོར་བ་ལན་གསུམ་སྐོར་གྱི་འདུག་གོ །ཡང་ཟངས་ཆེན་ལྗང་ཁུ་ཁ་བུབ་ཏུ་བོར་ཞིང་། འདི་ནས་ཡར་འགྲོ་སྟེ་གསེར་གྱི་ཐེམ་སྐས་གསུམ་གྱི་རྩེ་ནས་མི་འདིའི་ཁ་ནས་དེ་ལྟར་གསུངས་བཞིན་འདུག་གོ །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཧྲཱིཿ ཀྱཻ་མ་མི་ཡུལ་གྲང་ང་ཁམས་ཞེས་ནས། །ཚེ་འདས་ཐམས་ཅད་མཐོ་རིས་འདྲེན་དུ་ཡོང་། །ཚེ་འདས་རྣམས་ཀྱིས་ང་ངོ་མ་ཤེས་ན། །ང་ནི་མ་ཎི་ཤེས་རབ་བསྟན་འཛིན་ཡིན། །ང་ལ་ཟས་འབྲེལ་ཆོས་འབྲེལ་ཡོད་པ་རྣམས། །ཟོང་སྐོར་འབུལ་བ་བསྔོ་རྟེན་ཕུལ་མི་རྣམས། །གསོལ་བ་ཚོགས་འཁོར་ཞབས་ཏོག་ཞུ་མི་རྣམས། །ང་ནི་མཐོ་རིས་རི་བོ་ཏ་ལར་འགྲོ། །ང་ལ་འབྲེལ་པ་ཐོབ་ཚད་ཡར་ཤོག་དང་། །མར་གྱི་དམྱལ་བ་ཟངས་ཆེན་ནང་ཤེད་ན། །ལས་ངན་ཚོགས་མ་བསགས་པའི་སྡིག་ཅན་རྣམས། །འདོད་ཆགས་སྤངས་ནས་ཡར་ཤོག་དང་། །ང་ནི་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོ། །མར་གྱི་ལྕགས་རི་ཁོར་ཡུག་ནང་ཤེད་ན། །དམྱལ་བ་ཐིག་ནག་སྡུག་བསྔལ་མྱོང་མཁན་རྣམས། །སེམས་ཀྱི་ང་རྒྱལ་སྤངས་ནས་ཡར་ཤོག་དང་། །ང་ནི་ལྕང་ལོ་ཅན་གྱི་ཞིང་དུ་འགྲོ། །མར་དམྱལ་བའི་གྲོང་ཁྱེར་ནང་ཤེད་ན། །བླ་མ་དང་ཕ་མར་བཀའ་ལོག་བྱེད་མི་རྣམས། །དམྱལ་བ་ཚ་གྲང་སྡུག་བསྔལ་མྱོང་མཁན་རྣམས། །སེམས་ཀྱི་ཕྲག་དོག་སྤངས་ནས་ཡར་ཤོག་དང་། །མར་གྱི་དམྱལ་ཁམས་མུན་པའི་ནང་ཤེད་ན། །ནོར་ལ་སེར་སྣ་ངན་སེམས་བསྐྱེད་པའི་མི། །དམྱལ་བ་ངུ་འབོད་སྡུག་བསྔལ་མྱོང་མཁན་རྣམས། །བློ་སེར་སྣ་སྤངས་ནས་ཡར་ཤོག་དང་། །ང་ནི་ཞིང་མཆོག་ཟངས་མདོག་དཔལ་རིར་འགྲོ། །མར་གྱི་མཚོན་ཆར་གྲོང་མོའི་ནང་ཤེད་ན། །ལུས་ཀྱི་པགས་པ་གཅེར་བུར་བཤུས་པ་རྣམས། །བློ་སེམས་ཆགས་སྡང་སྤངས་ནས་ཡར་ཤོག་དང་། །ང་ནི་འོག་མིན་གནས་ཀྱི་ཞིང་དུ་འགྲོ། །མ་གི་ན་རག་དམྱལ་ཁམས་བཅྭོ་བརྒྱད་ན། །རང་ནོར་མི་ལ་སྦྱིན་པ་མ་བཏང་བས། །གཞན་གྱི་ནོར་ལ་འཕྲོག་བཅོམ་བྱེད་པ་རྣམས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་མྱོང་མཁན་རྣམས། །སྤྱན་རས་གཟིགས་ཀྱི་དྲུང་དུ་སྐྱེ་བར་ཤོག །ཡང་དེའི་ཚེ་ཟངས་ཆེན་ནང་དུ་སྡུག་བསྔལ་མྱོང་མཁན་རྣམས། དམྱལ་བ་ཐིག་ནག་གི་སྡུག་བསྔལ་དང་། ངུ་འབོད་ཀྱི་སྡུག་བསྔལ་དང་། ཡི་དྭགས་ཀྱི་སྡུག་བསྔལ་དང་། མཚོན་ཆར་གྱི་སྡུག་བསྔལ་མྱོང་མི་རྣམས་དང་། དམྱལ་ཁམས་བཅྭོ་བརྒྱད་ཀྱི་ནང་ན་ཡོད་པའི་ཚེ་ལས་འདས་པ་ཐམས་ཅད་དེའི་དུས་སུ་སོང་ནས་གྲོལ་སོང་བ་མཐོང་། ཁོང་གཤིན་རྗེ་རྣམས་ཀྱིས་ཀྱང་བཟུང་བར་མ་ནུས་སོ། །དེའི་དུས་སུ་ཚེ་ལས་འདས་པ་རྣམས་ཀྱང་མ་ཎི་བའི་རྗེས་སུ་མཐོ་རིས་གྲོལ་བར་མཐོང་ངོ་། །ཡང་ཟངས་ཆེན་འོག་ཁ་བུབ་ཏུ་མི་གཅེར་བུ་ཁ་ནས་ངུ་འབོད་འདོན་ཞིང་འདུག་པ་མཐོང་། ལ་ལ་ནི་བོད་ལྷ་ས་ཕྱོགས་ནས་ཚོང་དཔོན་ཚེ་རིང་རབ་བརྟན་ཟེར་བ་འདུག །ལ་ལ་ནི་ཨ་མ་དཔལ་སྒྲོན་ཟེར་བ་ཡང་འདུག །ལ་ལ་ནི་དཔོན་པོ་སྐལ་བཟང་ཆོས་རྒྱལ་ཟེར་བ་ཡང་འདུག །ཡང་གཙང་གིས་ཕྱོགས་ནས་སྡེ་པ་བཀྲ་ཤིས་ལྷུན་གྲུབ་ཟེར་བ་ཡང་འདུག །ཨ་མ་ཨེ་ཅུང་བུ་ཏི་ཟེར་བ་ཡང་འདུག །འབྲུག་གཞུང་ཕྱོགས་ནས་སྡེ་པ་རྡོ་རྗེ་ཟེར་བ་ཡང་འདུག །ཨ་མ་བསོད་ནམས་དཔལ་སྐྱིད་ཟེར་བ་ཡང་འདུག །ཨ་པ་དཀར་ཅུང་ཟེར་བ་ཡང་འདུག །རྟ་དབང་གི་ཕྱོགས་ནས་པདྨ་ཚེ་རིང་ཟེར་བ་ཡང་འདུག །ལ་ལ་ནི་ཚེ་བརྟན་དཔལ་སྒྲོན་ཟེར་བ་ཡང་འདུག །རང་རང་གི་ས་ཕྱོགས་དང་རང་རང་གི་མིང་ནས་འབོད་ལ་ངུ་ཞིང་འདུག་པ་མཐོང་། དེའི་ཚེ་གཤིན་རྗེ་རྣམས་ཀྱིས་ལས་ཀྱི་རླུང་དམར་ཆེན་པོ་གཅིག་བཏང་བྱུང་། འདིར་ལུས་པའི་གཤིན་པོ་ཐམས་ཅད་ཀྱང་རླུང་དམར་འདིས་ཡར་ཁྱེར་མར་ཁྱེར་བྱེད་ཅིང་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བ་མཐོང་ནས། ཡང་ཡི་དམ་ལ་ཞུས་པ། མི་འདིས་ཟངས་མོ་ཆེ་ཁ་བུབ་ཏུ་བོར་བ་དང་། འདིའི་ནང་མི་བསམ་གྱིས་མི་ཁྱབ་པ་མཐོ་རིས་སུ་དྲངས་ནུས་པ་དང་། ཟངས་ཆེན་པོའི་འོག་ཏུ་ལུས་པའི་མི་རྣམས་དང་། གཤིན་རྗེ་ཕོ་ཉ་རྣམས་ཀྱིས་ཀྱང་ཁོ་ལ་འཇིགས་པ་མི་གཏོང་བ་འདི་མི་ཡུལ་དུ་བསྡད་པའི་དུས་སུ་དཀར་པོ་དགེ་བའི་ལས་ནི་ཅི་བྱས་པ་ཞུས་པས་ཡི་དམ་ལྷའི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་ལས་བཟང་བུ་མོ་ཁྱོད་ནི་ཚུར་ཉོན་དང་། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །དཀར་པོ་དགེ་བའི་ཕྱོགས་སུ་མང་པོ་གཏོང་། །མིང་ནི་མ་ཎི་ཤེས་རབ་བསྟན་འཛིན་ཟེར། །གསེར་གྱི་ཐེམ་སྐས་གསུམ་སྟེང་སླེབ་པ་འདི། །ས་ནི་གསུམ་པ་ཐོབ་པའི་མི་གཅིག་ཡིན། །ཚེ་འདས་ཐམས་ཅད་མཐོ་རིས་འདྲེན་ནུས་པ། །འཛམ་བུའི་གླིང་ན་རྒྱལ་ཁམས་བསྐོར་ནས་ཀྱང་། །གསུང་མཆོག་ཡིག་དྲུག་བསྐུལ་བའི་ཕན་ཡོན་ཡིན། །ཟངས་ཆེན་འོག་ཏུ་ལུས་པའི་ཚེ་འདས་རྣམས། །མ་ཎི་པ་ལ་ཆོས་འབྲེལ་ཟས་འབྲེལ་མེད། །ཟངས་ཆེན་འདིའི་འོག་ཏུ་ལུས་སོང་ངོ་། །བྲག་དང་ས་རྡོ་ཤིང་ཆེན་ཐམས་ཅད་ལ། །གསུང་མཆོག་ཡིག་དྲུག་བྲིས་པའི་ཕན་ཡོན་ཡིན། །སྤྱིར་གྱི་འགྲོ་བ་སེམས་ཅན་འདྲེན་ཕྱིར་དུ། །བཀྲ་ཤིས་སྒོ་མང་གྲངས་ནི་མང་དུ་བཞེངས། །མ་ཎི་དུང་ཕྱུར་འབུམ་ཚོ་གསུམ་དུ་སླེབ། །ལས་མཁན་རྣམས་ཀྱིས་འཇིགས་སྐྲག་མེད་པ་འདི། །སྡིག་པའི་ལས་རྣམས་སྤངས་པའི་ཕན་ཡོན་ཡིན། །གསུང་དབྱངས་སྙན་པའི་ཡར་ཤོག་བསྐུལ་བ་ནི། །འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན། །ཞིང་མཆོག་རི་བོ་ཏ་ལར་སྐྱེ་བར་ཤོག །འདི་ནི་དམྱལ་བའི་གླིང་སྟེ་དང་པོའོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཧྲཱིཿ འདི་ནས་མར་འགྲོ་བ་ན། མིའི་རུས་པའི་ཐེམ་སྐས་གསུམ་ཡོད་པའི་སྟེང་སླེབ་པ་དང་། ཡི་དམ་གྱི་ཞལ་ནས། འདི་ནས་མར་ལྟོས་དང་གསུངས་པས། འདི་ནས་མར་བལྟས་པ་ལས་ས་གཞི་ཐམས་ཅད་དམར་པོ་ཡོད་པ། འདིའི་ནང་ཁྲག་དམར་པོའི་རྦ་ཀློང་འཁྲུགས་ཤིང་ཡོད་པ། ཆུ་ཐམས་ཅད་མེ་རི་དམར་པོ་འབར་ཞིང་སྒྲ་འུར་འུར་དང་དུང་དུང་གི་སྒྲ་སྒྲོགས་པ་མཐོང་། འདིའི་ནང་ལ་ལས་མཁན་སེངྒེའི་མགོ་ཅན་སྐུ་མདོག་དཀར་པོ་མི་ལྤགས་དང་རུས་རྒྱན་གསོལ་བ། ཕྱག་ན་ལྕགས་སྒྲོགས་དམར་པོས་མི་སྡིག་ཅན་རྣམས་བཅིངས་ཏེ་ཁྲག་གི་རྒྱ་མཚོའི་ནང་དུ་སྐྱུར་བ་མཐོང་། འདིའི་མཐའ་ཐམས་ཅད་གཤིན་རྗེ་བསམ་གྱིས་མི་ཁྱབ་པ་ཡོད་པ།

ཡང་ལས་མཁན་རྣམས་ཀྱི་མི་ཚེ་ལས་འདས་པ་རྣམས་ཡན་ལག་ནས་བཟུང་སྟེ་ཁྲག་གི་རྒྱ་མཚོའི་ནང་དུ་བསྐྱུར་བ་དང་། རང་ཡིད་ཀྱི་ལུས་ཤ་ཐམས་ཅད་དུར་ཞིང་སྒོ་ང་ཙམ་དུ་ཁོལ་ཞིང་འདུག་གོ། ཉིན་ཞག་རེ་ལ་རང་ལུས་བརྒྱ་རྩ་རེ་གྲུབ་ཅིང་ཡང་ཡང་དུར་བ་མཐོང་། མི་ལ་ལ་ནི་ཁ་ནས་མེ་འབར་བ། ལ་ལ་ནི་ཁ་ནས་དུད་པ་ནག་པོ་རང་གི་ཁ་ནས་ཐོན་ཏེ་རང་ལ་ཐིམ་པར་མཐོང་། འདིའི་མཐའ་སྐོར་ལ་ངུ་འབོད་འདོན་པའི་མི་གྲངས་མེད་དུ་འདུག་པ་མཐོང་། འདི་ལྟ་བུའི་སྡུག་བསྔལ་མྱོང་བ་རྣམས་སྡིག་པ་ཅི་བྱས་པའི་རྣམ་སྨིན་ཡིན། དམྱལ་ཁམས་འདིའི་མིང་ནི་ཅི་ཡིན་ཞུས་པས། ཡི་དམ་གྱི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་ལས་ལྡན་བུ་མོ་མ་ཡེངས་ཚུར་ཉོན་དང་། །ཁྲག་གི་རྒྱ་མཚོ་མེ་ཆེན་འབར་བ་འདི། །ཚ་དམྱལ་ཆེན་པོའི་ཡུལ་མོ་ཆེ་ཡང་ཟེར། །གཤིན་རྗེ་སེངྒེ་མགོ་ཅན་བྱ་བ་དེ། །དམྱལ་ཁམས་འདིའི་སྒོ་སྲུང་ཡིན་ནོ་གསུངས། །ཁྲག་མཚོའི་ནང་དུ་ཡོད་པའི་ཚེ་འདས་རྣམས། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །རྒྱུ་མེད་མི་ལ་ཁུར་ཤོག་ཟེར་ནས་ཀྱང་། །སེམས་སྡུག་མང་པོ་བཏང་བའི་རྣམ་སྨིན་ཡིན། །ཁ་ནས་མེ་རི་འབར་བའི་མི་རྣམས་ནི། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །རང་ནོར་མིའི་ཁྱེར་ཡོང་བསམ་ནས་ཀྱང་། །འཆི་བ་ཡིད་ལ་མི་དྲན་མི་ཚེ་ཟད། །ནོར་ལ་ཆགས་སྡང་བྱེད་པའི་རྣམ་སྨིན་ཡིན། །ཁ་ནས་དུ་བ་ནག་པོ་འཁྱིལ་བ་འདི། །བསོད་སྙོམས་སློང་མཁན་རྣལ་འབྱོར་ཕོ་མོ་ལ། །ཁ་ངན་ཚིག་ངན་སྨྲས་པའི་རྣམ་སྨིན་ཡིན། །ཞེས་གསུངས་སོ། །འདིའི་ནང་ལ་མེ་རི་དམར་པོ་འབར་བའི་ནང་དུ། ཚེ་ལས་འདས་པ་མི་རྒད་པོ་འདྲ་བའི་རིགས་རྣམས་ཁ་བུབ་ཏུ་ཡོད་པ་ལ་ལྕགས་རྡོ་ཆེན་པོས་མགོ་ལ་གནོན་པ། རྐང་པ་རྣམས་ལྕགས་སྒྲོགས་ཀྱིས་བཅིངས་ནས་བཞག་པའི་སྟེང་དུ་ཡང་གླང་གཉིས་ཀྱིས་ཞིང་རྨོས་ཏེ་ཡོད་པ། ལ་ལ་ནི་གཤིན་རྗེ་དུར་བྱ་མགོ་ཅན་གྱིས་བཟུང་སྟེ་ཁ་ལ་ཁྲག་དམར་པོ་བླུག་གིན་འདུག །ལ་ལ་ནི་གཤིན་རྗེ་ཆུ་སྲིན་མགོ་ཅན་སྐུ་མདོག་དམར་པོ་ཕྱག་ན་ལྕགས་ཀྱི་རྐམ་པ་ནག་པོས་ལྕེ་ནས་བཟུང་སྟེ་བཏོན་པ་དང་། ལས་མཁན་རའི་མགོ་ཅན་གྱིས་ཕྱག་ན་གྲི་གུག་ནག་པོས་ཨ་མ་རྒན་མོ་འདྲ་བ་ཞིག་སྐེ་ནས་བཙུགས་ཏེ་བཞག་པ། གཤིན་རྗེ་ལུག་གི་མགོ་ཅན་ཕྱག་ན་རལ་གྲིས་མི་གཅིག་གི་སྙིང་ཁར་བཙུགས་ནས་བཞག་པ་མཐོང་།

ཡང་དེའི་ནང་ལ་མི་ངུ་ཞིང་འདུག་པ་གྲངས་མེད་དུ་འདུག་པ་མཐོང་ནས་ཡི་དམ་ལ་ཞུས་པས། ཡི་དམ་གྱི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་ལས་ལྡན་བུ་མོ་ཚུར་ཉོན་དང་། །ལྕགས་རྡོ་ཆེན་པོས་མགོ་ལ་གནོན་པ་འདི། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་ལ། །གླང་ནོར་རྡུང་རྫོབ་རྡེག་བྱས་པའི་རྣམ་སྨིན་ཡིན། །མི་རོའི་སྟེང་དུ་ཞིང་རྨོས་བྱེད་པ་འདི། །གླང་ནོར་ཞིང་རྨོས་བྱས་པའི་རྣམ་སྨིན་ཡིན། །ལྕགས་སྐམ་ནག་པོས་ལྕེ་ནས་བཏོན་པ་འདི། །བླ་མ་སློབ་དཔོན་དགེ་འདུན་ཐམས་ཅད་ལ། །རྫུན་ཚིག་མང་པོ་སྨྲས་པའི་རྣམ་སྨིན་ཡིན། །ཁ་ལ་ཁྲག་ཆུ་མང་པོ་བླུག་པ་འདི། །གླང་ནོར་རྩྭ་ཆུ་མ་བྱིན་རྣམ་སྨིན་ཡིན། །རུས་པའི་རལ་གྲི་སྙིང་ལ་འཛུགས་པ་འདི། །དཔོན་བཟང་མི་ཡི་རིགས་རྣམས་ཐམས་ཅད་ལ། །ཁ་ངན་རྫུན་ཚིག་སྨྲས་པའི་རྣམ་སྨིན་ཡིན། །ལ་ལ་ངུ་ཞིང་མང་པོ་འདུག་པ་འདི། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །འཇིགས་པ་དེ་རྣམས་ཡོད་པ་མ་ཤེས་པས། །དམ་པའི་ཆོས་དང་མ་ཎི་མ་འདྲེན་པའི། །བར་དོ་སླེབ་ནས་འགྱོད་པས་ཕན་པ་མེད། །བར་དོའི་སྡུག་བསྔལ་འདི་ལ་འགྲོ་དགོས་འདུག །ཀྱི་ཧུད་ཀྱི་ཧུད་ཟེར་ནས་ངུ་ཞིང་འདུག །སྡུག་བསྔལ་བཟོད་གླགས་མེད་པ་གྲངས་མེད་མཐོང་། །བུ་མོ་ང་ཡང་མཆི་མ་མང་དུ་ཤོར། །དེའི་ཚེ་ཁྲག་གི་རྒྱ་མཚོའི་ནང་ནས་མི་གཅིག་ཁོག་སྟོད་ཡར་སྟོན་ནས་ལས་མཁན་དུར་མགོ་ཅན་གྱི་ཐོ་བ་ནག་པོས་བརྡུང་བ་མཐོང་། ཡང་ཡི་དམ་ལྷའི་ཞལ་ནས། ཀྱཻ་མ་གཤིན་རྗེ་རྣམས་ཀྱང་ཚུར་གསོན་དང་། །མ་གི་ཁྲག་མཚོ་རྦ་ཀློང་འཁྲུགས་པའི་ནང་། །ཚེ་འདས་ཐམས་ཅད་ཐོ་བས་བརྡུང་བ་རྣམས། །སྤྱིར་ཡང་འཛམ་བུའི་གླིང་ན་བསྡད་དུས་ལ། །སྡིག་པ་ཇི་ལྟར་བྱས་པའི་རྣམ་སྨིན་ཡིན། །ཁྲག་དམར་རྒྱ་མཚོའི་ནང་དུ་བཅུག་པ་བས། །སྐད་ཅིག་ཡུད་ཙམ་ཅུང་ཟད་ཕྱིར་སྟོན་མཛོད། །མི་ཡུལ་གྲང་ང་ཁམས་ལ་འགྲོ་མཁན་ཡོད། །འཕྲིན་པ་སྐུར་མཁན་ཡོད་ན་སྐུར་རོགས་མཛོད། །ཅེས་གསུངས་སོ། །

ཡང་གཤིན་རྗེ་རྣམས་ཀྱིས་ལན་གསོལ་བ། འདིའི་ནང་ལ་ཡོད་པའི་མི་རྣམས་ནི། །ལས་ངན་ཚོགས་མ་བསགས་པའི་མི་རྣམས་ཡིན། །ཐོ་བ་ནག་པོས་མགོ་ནས་བརྡུང་བ་དེ། །མི་ནི་དཔོན་པོ་བྱེད་པའི་མི་གཅིག་ཡིན། །སྡུག་བསྔལ་འདི་རུ་མྱོང་བས་མི་ཆོག་པར། །ལྕགས་མཁར་སྒོ་མེད་ནང་དུ་འགྲོ་དགོས་ཡོད། །ཅེས་ཟེར་ཞིང་ཡུད་ཙམ་གཅིག་སྟོན་ནོ། །འདིའི་ནང་ནས་མི་ཤ་སྔོ་དམར་ཞིག་གིས་ཁ་ནས་འཕྲིན་པ་དེ་ལྟར་བསྐུར་ཞིང་འདུག་གོ། ཀྱེེ་མ་ཀྱི་ཧུད་མཚན་ལྡན་བུ་མོ་ཚུར་གསོན་དང་། །མི་ཡུལ་གྲང་ང་ཁམས་ལ་བྱོན་ཟེར་ན། །ངའི་སྤུན་དང་སྲིང་མོ་གཉེན་རྣམས་ཀྱིས། །ངའི་དོན་དུ་དགེ་བ་བསྒྲུབ་དགོས་པས། །སྤྱིར་ནི་འཛམ་བུའི་གླིང་དུ་བསྡད་དུས་ལ། །ལོ་ནི་བཅུ་གསུམ་ཡན་ཆད་དཔོན་པོ་དཀོར་ཟོས། །དཀོར་ཟས་དེ་ལྟར་ཟོས་པའི་རྣམ་སྨིན་གྱིས། །ཐོ་བ་ནག་པོས་མགོ་ལ་བརྡུང་གིན་ཡོད། །སྡུག་བསྔལ་འདི་ལས་ཐར་པ་ཐོབ་ཕྱིར་དུ། །གསུང་རྟེན་བཀའ་འགྱུར་ཆེན་མོ་ཀློག་དང་ཟེར། །བརྒྱད་སྟོང་སངས་རྒྱས་མཚན་འབུམ་བཞེངས་དང་ཟེར། །ལོ་ནི་ཉེར་གསུམ་ནས་ནི་དཔོན་པོ་བྱེད། །རྒྱལ་ཁྲིམས་དྲང་པོར་མ་བྱེད་གཡོ་སྒྱུ་བྱེད། །མི་ལ་རྡུང་རྫོབ་རྡེག་འཕྲོག་བཅོམ་མང་དུ་བྱེད། །མི་ལ་དབང་བཙོང་བྱས་པའི་རྣམ་སྨིན་གྱིས། །ད་ལྟ་ཁྲག་དམར་རྒྱ་མཚོའི་ནང་དུ་ཡོད། །འདི་ལས་ཐར་བའི་དགེ་བ་དེ་ལྟར་བྱ། །སྐུ་རྟེན་གུ་རུ་མཚན་བརྒྱད་བཞེངས་རོགས་གྱིས། །ཀཾ་ཀ་ནི་ཡང་འབུམ་ཚོ་གསུམ་དུ་ཐོན། །བྱ་ཕག་དུད་འགྲོ་བསད་པའི་རྣམ་སྨིན་དང་། །ཤ་ཟ་ཁྲག་དྲོན་བཏུང་བའི་རྣམ་སྨིན་གྱིས། །མཚོན་ཆའི་འཁོར་ལོའི་ནང་དུ་སྡུག་བསྔལ་ཡོད། །སྡིག་པ་དེ་རྣམས་དག་ཕྱིར་སྡིག་བཤགས་ཀློག །རྡོར་གཅོད་སྟོང་དང་དར་ཆེན་མང་དུ་འཕྱར། །གྲོགས་མོའི་བར་མའི་བུ་ལ་ཕའི་དོན་ལ་དགེ་བ་བསྔོ་བ་སྨོན་ལམ་འདོན་ཞིང་ཆོས་ལ་འབུངས། ཡང་གྲོགས་མོ་ཆུང་མའི་བུ་མོ་ལ་ཕ་ཡི་དོན་དུ་ཡིག་བརྒྱ་འབུམ་ཚོ་གསུམ་དང་བླ་མ་རྣམས་ལ་བསྔོ་རྟེན་ཕུལ། ཁྱེད་རྣམས་ཀྱིས་དཀར་པོ་དགེ་བའི་ཕྱོགས་སུ་གང་མང་སྒྲུབས་ཤིག་ཟེར། ང་ལ་བསམ་ཕྱིར་དགེ་བ་འདི་སྒྲུབ་ན། །བོད་ནི་གངས་ཅན་ཡུལ་དུ་སྐྱེ་བ་ཐོབ། །ང་ལ་སྡིག་པ་བསམ་གྱིས་མི་ཁྱབ་ཡོད། །ངའི་དོན་དུ་དགེ་བ་མི་གཏོང་ན། །འདི་ནས་མར་ལྕགས་མཁར་སྒོ་མེད་ནང་དུ་འགྲོ་དགོས་འདུག །ལོ་ནི་སུམ་སྟོང་བར་དུ་ཐར་དུས་མེད། །སྤྱིར་འཛམ་བུའི་གླིང་དུ་འཕྲིན་པ་གསུངས་རོགས་མཛོད། །ཡང་ལས་མཁན་རྣམས་ཀྱིས་བཅིངས་ཏེ་ཁྲག་གི་རྒྱ་མཚོའི་ནང་དུ་ཁྲིད་སོང་བ་མཐོང་། ཡང་ཡི་དམ་ལ་ཞུས་པས། འདིར་བསྡད་པའི་མི་རྣམས་སྡིག་པ་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས།

ཡི་དམ་ལྷའི་ཞལ་ནས་དེ་སྐད་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མ་གི་ཁྲག་དམར་རྒྱ་མཚོའི་ནང་ཞིག་ན། །ལུས་ནི་ཡང་ཡང་སྒྲུབ་ཅིང་སྐྱུར་བ་རྣམས། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །དབང་ཆེན་དཔོན་པོ་བྱས་པའི་རྣམ་སྨིན་ཡིན། །མེ་རི་དམར་པོའི་སྡུག་བསྔལ་མྱོང་མི་རྣམས། །དཔོན་པོའི་ཞབས་ཕྱི་བྱེད་པའི་རྣམ་སྨིན་ཡིན། །མིའི་ཡུལ་དུ་དགའ་སྐྱིད་སུ་ཡོད་ཀྱང་། །འདི་རུ་སླེབས་ནས་སྐྱིད་པར་མི་འདུག་གོ། བསྐལ་པ་གཅིག་གི་བར་དུ་མི་ཐར་གསུངས། །འདི་ནི་ཚ་དམྱལ་གྱི་གྲོང་ཁྱེར་ཡིན་ཞེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འདི་ནས་ནུབ་ཀྱི་ཕྱོགས་སུ་འགྲོ་བ་དང་། ས་གཞི་ལྗང་ཁུ་ཞིག་གི་ནང་དུ་སླེབས་པ་དང་། འདི་ནས་མར་ལྟོས་དང་གསུངས་པས། ངས་མར་ལ་བལྟས་པས། ས་གཞི་ཐམས་ཅད་འཁྱགས་པ་འཁྱགས་རོམ་ཡོད་པ། དེའི་ནང་ལ་བསྐལ་པའི་གངས་རི་གྲངས་མེད་ཡོད་པ། འདིའི་མཐའ་ཐམས་ཅད་ཆུ་རྒྱ་མཚོ་ཆེན་པོས་བསྐོར་ཞིང་ཡོད་པ། འདིའི་ནང་ན་གཤིན་རྗེ་ཕག་གི་མགོ་ཅན། སྐུ་མདོག་སྔོན་པོ་ན་བཟའ་སྟག་ཤམ་གསོལ་བ། མཆེ་བ་ས་ལ་བཙུགས་པ་ཕྱག་ན་ཞགས་པ་ནག་པོས་ཚེ་ལས་འདས་པ་རྣམས་སྐེ་ནས་བཅིངས་ཏེ། བསྐལ་པའི་གངས་རིའི་ནང་དུ་བཅུག་པ་མཐོང་། འདིའི་ནང་དུ་གཤིན་རྗེ་བསམ་གྱིས་མི་ཁྱབ་པ་ཡོད། ཡང་ལས་མཁན་རྣམས་ཀྱིས་ཚེ་ལས་འདས་པ་རྣམས་ནི་ལག་པ་རྒྱབ་ཏུ་བཅིངས་ཏེ་བཅུག་པ་དང་། ལ་ལ་ནི་མགོ་བརྡུང་ཞིང་བཅུག་པ། ལ་ལ་ནི་རྐང་པ་བཅིངས་ཏེ་བཅུག་པ། ལ་ལ་ནི་སྐེ་ནས་ལྕགས་ཀྱི་གྲི་གུག་གིས་བཟུང་སྟེ་བཅུག་པ། ལ་ལ་ནི་ལུས་ནས་བཟུང་སྟེ་བཅུག་པ་མཐོང་། དེའི་ནང་ཡོད་པའི་མི་རྣམས་ནི། ཤིན་ཏུ་གྲང་བའི་སྡུག་བསྔལ་དཔག་ཏུ་མེད་པ་མཐོང་། ལ་ལ་ནི་གོས་མེད་པས་ལུས་གཅེར་བུ་ཡན་ལག་ཐམས་ཅད་བསྐུམས་ཤིང་མགོ་བོ་ས་ལ་བཙུགས་ནས་ངུ་ཞིང་འདུག །ལ་ལ་ནི་གྲང་དྲག་ནས་སྙིང་གས་ནས་ཡོད་པ། ལ་ལ་ནི་གྲང་ཞིང་ཡན་ལག་ཆད་ནས་སོང་ཡོད་པ། འདི་འདྲ་བའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པ། མི་འདི་རྣམས་ཀྱིས་ཁ་ནས་འདི་སྐད་ཟེར་ཞིང་འདུག་གོ། སྤྱིར་འཛམ་བུའི་གླིང་ལ་བསྡད་དུས་སུ། །བར་དོའི་འཇིགས་སྐྲག་ཐམས་ཅད་མ་མཐོང་ཞིང་། །ནག་པོ་སྡིག་པའི་ལས་ནི་གྲངས་མང་བྱས། །དེའི་རྣམ་སྨིན་ད་ལྟ་འདི་རུ་སླེབས་ནས་བྱུང་། །ཀྱི་ཧུད་ཀྱི་ཧུད་ཟེར་ནས་ངུ་ཞིང་འདུག །ལ་ལ་ནི་མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། ཡར་དཀོན་མཆོག་ལ་མཆོད་པ་མ་ཕུལ། མར་དབུལ་ཕོངས་རྣམས་ལ་སྦྱིན་པ་མ་བཏང་བས། སེར་སྣ་བསགས་པའི་གོས་ཟས་འདི་རྣམས་ཀྱི། བར་དོའི་ཡུལ་འདིར་སླེབས་ནས་ཕན་པ་མེད། ཁ་བ་བུ་ཡུག་ནང་དུ་སྡུག་བསྔལ་ཡོད། ཡང་དེའི་དུས་སུ་མོ་ང་ཡང་ཤིན་ཏུ་གྲང་བའི་སྡུག་བསྔལ་གཅིག་བྱུང་བ་དང་། དེའི་ཚེ་ང་རང་ཡང་སེམས་ཤིན་ཏུ་སྐྱོ་བ་གཅིག་བྱུང་ནས། དེའི་བར་དུ་ཡོད་པའི་མི་རྣམས་སྡུག་བསྔལ་འདི་ལྟ་བུ་མྱོང་དགོས་པ་འདི་ཅི་ཡིན་ཞུས་པས། ཡི་དམ་ལྷའི་ཞལ་ནས་འདི་སྐད་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་བུ་མོ་མ་ཡེངས་ཚུར་ཉོན་དང་། །བསྐལ་པའི་གངས་རི་ཆེན་པོས་བསྐོར་བ་འདི། །དམྱལ་བ་གྲང་དམྱལ་ཆེན་པོའི་ཡུལ་ཡང་ཟེར། །ཆུ་ནི་རྒྱ་མཚོ་ཆེན་པོས་བསྐོར་བ་འདི། །དམྱལ་ཁམས་གྲང་དམྱལ་ཆེན་པོའི་ཆུ་ཡང་ཟེར། །ལས་མཁན་ཕག་གི་མགོ་ཅན་བྱ་བ་འདི། །དམྱལ་ཁམས་གྲང་དམྱལ་འདིའི་སྒོ་སྲུང་ཡིན། །དེའི་ནང་གཤིན་རྗེ་གྲངས་མེད་ཡོད་པ་འདི། །ལས་མཁན་ཕག་མགོ་ཅན་གྱི་འཁོར་གཡོག་ཡིན། །སྐེ་ནས་ཞགས་པས་བཅིངས་ཏེ་བཅུག་པ་རྣམས། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །ངུ་ཞིང་སྡུག་བསྔལ་བྱེད་པའི་མི་རྣམས་ཡིན། །ལག་པ་རྒྱབ་ཏུ་བཅིངས་ཏེ་བཅུག་པ་འདི། །མི་ཡི་གོས་རྣམས་འཕྲོག་པའི་རྣམ་སྨིན་ཡིན། །མི་རྣམས་མགོ་ལ་བརྡུང་ཞིང་བཅུག་པ་ནི། །མི་ལ་རྡུང་རྫོབ་རྡེག་བྱས་པའི་རྣམ་སྨིན་ཡིན། །རྐང་ལག་ལྕགས་སྒྲོགས་བཅིངས་ཏེ་བཅུག་པ་འདི། །དུད་འགྲོའི་ཡན་ལག་བཅིངས་པའི་རྣམ་སྨིན་ཡིན། །སྐེད་པར་ལྕགས་སྒྲོགས་བཟུང་སྟེ་བཅུག་པ་རྣམས། །རང་གོས་མ་གྱོན་གྲང་སྡད་རྣམ་སྨིན་ཡིན། །མིའི་ལུས་པོ་བཟུང་སྟེ་བཅུག་པ་རྣམས། །དུད་འགྲོ་ཆུ་ལ་སྐྱུར་བའི་རྣམ་སྨིན་ཡིན། །ཤིན་ཏུ་གྲང་བའི་སྡུག་བསྔལ་མྱོང་བ་རྣམས། །སྐུའི་ན་བཟའ་བརྐུས་པའི་རྣམ་སྨིན་ཡིན། །གཅེར་བུ་མགོ་ས་ལ་བཙུགས་ཏེ་ངུ་བ་རྣམས། །དབུལ་པོའི་རྐུན་མ་བྱས་པའི་རྣམ་སྨིན་ཡིན། །སྙིང་ན་གས་ནས་སྡུག་བསྔལ་མྱོང་མི་རྨས་རྣམས། །བཙུན་པའི་མི་ཡིས་བརྐུས་པའི་རྣམ་སྨིན་ཡིན། །ཡན་ལག་ཐམས་ཅད་དུམ་བུར་ཆད་པ་ནི། །མི་རྣམས་བཙོན་དུ་བཅུག་པའི་རྣམ་སྨིན་ཡིན། །ཁ་བ་བུ་ཡུག་བརྡུང་ཞིང་ཡོད་པ་རྣམས། །གོས་ཀྱིས་སྦྱིན་ཤུལ་མེད་པའི་རྣམ་སྨིན་ཡིན། །སྤྱིར་ནས་འཛམ་བུའི་གླིང་ན་བསྡད་དུས་སུ། །གོས་དང་དར་ཟབ་མང་པོ་ཡོད་གྱུར་ཀྱང་། །འཆི་བའི་དུས་སུ་སློག་རུལ་བཞིན་དུ་བོར། །གཅིག་པུར་བར་དོའི་ཡུལ་དུ་སླེབས་ཙ་ན། །གོས་དང་དར་ཟབ་ཐམས་ཅད་ཡིད་ལ་དྲན། །ཡིད་ལ་དྲན་ཀྱང་རང་ལ་ཕན་པ་མེད། །གྲང་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཡོད། །བུ་མོ་ཁྱེད་རང་གྲང་བའི་སྡུག་བསྔལ་འདི། །ཚེ་འདི་ཉིད་ཀྱི་ལས་ནི་མ་ཡིན་ཏེ། །ཕ་མའི་སྡུག་བསྔལ་བྱས་པའི་རྣམ་སྨིན་ཡིན། །འདི་རུ་ཡོད་པའི་ཚེ་འདས་ཐམས་ཅད་ནི། །བསྐལ་པ་མ་སྟོངས་བར་དུ་ཐར་དུས་མེད། །ཅེས་གསུངས་པ་དང་།

ཡང་གཤིན་རྗེ་རྣམས་ལ་ཡི་དམ་ལྷའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཁྱེད་གཤིན་རྗེ་རྣམས་ཀྱང་ཚུར་གསོན་དང་། །མར་གི་གངས་རི་ཆེན་པོས་བསྐོར་བའི་ནང་། །གྲང་བའི་སྡུག་བསྔལ་མང་པོ་མྱོང་མཁན་རྣམས། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །ལས་ནི་ཅི་འདྲ་བྱས་པའི་རྣམ་སྨིན་ཡིན། །སྡུག་བསྔལ་འདི་ལས་གྲོལ་ཐབས་ཨེ་ཡོད་དམ། །མི་ཡུལ་གྲང་ང་ཁམས་ལ་ཕེབས་མཁན་ཡོད། །འཕྲིན་པ་སྐུར་མཁན་ཡོད་ན་སྐུར་རོགས་མཛོད། །ཅེས་གསུངས་པ་དང་། གཤིན་རྗེ་རྣམས་ཀྱིས་ལན་གསོལ་པ། སྤྱིར་འཛམ་བུའི་གླིང་གི་མི་རྣམས་ནི། །སྡིག་པ་རྒྱབ་ཏུ་ཁུར་ནས་འདི་རུ་སླེབས། །ངེད་གཤིན་རྗེ་རྣམས་ཀྱིས་དབང་ཡོད་བྱས་པ་མ་ཡིན་ཏེ། །རང་རང་སྡིག་པ་བྱས་པའི་རྣམ་སྨིན་ཡིན་ཟེར་གིན་འདུག་གོ། ཡང་ཁ་བ་བུ་ཡུག་ཆེན་པོའི་ནང་ནས་མི་གཅེར་བུ་གཅིག་བྱུང་ནས་ལག་པ་གཉིས་བྲང་བརྡུངས་ནས་མི་འདིའི་ཁ་ནས་དེ་སྐད་ཟེར་རོ། །ཀྱེེ་མ་ཀྱི་ཧུད་ལས་ལྡན་བུ་མོ་མི་ཡུལ་ཕེབས་ཟེར་ན། །སྤྱིར་འཛམ་བུའི་གླིང་དུ་འཕྲིན་པ་གསུངས་རོགས་མཛོད། །ང་ཡི་སྐྱེ་ས་བུམ་གཏང་ཕྱོགས་ནས་ཡིན། །ཡུལ་གྱི་མིང་ནི་སྤྱན་སྡེ་བི་ཞེས་བྱ། །ངའི་མིང་ལ་ཨ་མ་བཟང་མོ་ཡིན། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །མཚན་ལྡན་བླ་མ་རྣམས་ལ་སྐུར་བ་བཏབ། །འཕགས་པའི་དགེ་འདུན་རྣམས་ལ་ཁ་ངན་སྨྲས། །རྒྱལ་ཁམས་བསྐོར་བའི་མ་ཎི་པ་ལ་སྐུར་བ་བཏབ། །ཡུལ་གྱི་གྲོང་མི་རྣམས་ལ་ཁ་སྨྲས་སྤྲོད། །དགེ་བའི་ཕྱོགས་སུ་འབྲེལ་པ་ཅུང་ཟད་བཏགས། །དར་ཆེན་འཕྱར་ནས་རྡོར་གཅོད་སྡིག་བཤགས་ཀློག །རང་གི་སྒོ་རུ་སླེབས་པའི་སྤྲང་ལོང་ལ། །ཕར་ལ་སྦྱིན་པ་རྒྱ་ཆེར་མེད་ན་ཡང་། །སྟོང་ལོག་མིན་ཙམ་བྲེ་གང་ཕུལ་རེ་བྱིན། །ལས་རྣམས་འདི་ལྟར་ལ་སོགས་བྱས་ནས་ཀྱང་། །འཆི་བ་གཅིག་པུར་མྱོང་བའི་དུས་ལ་བབས། །མཐོ་རིས་ཐར་པའི་སྐལ་པ་མ་བྱུང་བར། །ལས་མཁན་རྣམས་ཀྱིས་ཁྲིད་དེ་བསྐལ་པའི་གངས་རི་ཆེན་པོའི་ནང་དུ་སྡུག་བསྔལ་ཡོད། །ངའི་བུ་དང་བུ་མོ་གཉེན་འཁོར་ཐམས་ཅད་དང་། །བུ་ནི་ཆེ་བའི་མིང་ལ་སྒོམ་ཆེན་ཟེར། །ཨ་མ་ངའི་སྡིག་པ་དག་ཕྱིར་དུ། །དམ་ཆོས་པོ་ཏི་བཅུ་དྲུག་ཀློག་དང་གྱིས། །རྡོར་གཅོད་སངས་རྒྱས་མཚན་འབུམ་ཀློག་དང་གྱིས། །ཡིག་དྲུག་མ་ཎི་དར་ཆེན་འཕྱར་དང་ཟེར། །སྐུ་རྟེན་གསུང་རྟེན་ཡོད་པའི་ལྷ་ཁང་ལ། །ཞལ་ཟས་བརྒྱ་དང་མར་མེ་བརྒྱ་འབུལ་མཛོད། །དགེ་བ་འདི་རྣམས་བསྒྲུབ་ན་མིའི་ཡུལ་དུ་སྐྱེ་བ་ལེན། དགེ་བ་འདི་ལྟར་མ་བསྒྲུབས་ན་དམྱལ་ཁམས་འདི་རུ་ལོ་ནི་བཅུ་གཅིག་སོང་། ད་རུང་སྡུག་བསྔལ་འདི་ཡིས་མི་ཆོག་པར་དམྱལ་བ་མནར་མེད་དུ་འགྲོ་དགོས་ཡོད། དམྱལ་ཁམས་དེའི་ནང་དུ་ལོ་ནི་དགུ་བཅུའི་བར་དུ་ཐར་དུ་མེད། འཛམ་བུའི་གླིང་གི་མི་རྣམས་ལ་ངའི་འཕྲིན་པ་དེ་ལྟར་གསུང་རོགས་མཛོད། ང་འདྲའི་སྡིག་པ་མ་བྱེད་ཟེར་ཞེས་ཟེར་ནས་སྔར་བཞིན་ཁྲིད་སོང་ངོ་། །གངས་རི་འདིའི་བྱང་ཕྱོགས་སུ་ཐལ་ཆེན་གྱི་མཚོ་གཅིག་འདུག་པ་མཐོང་། དེའི་མཐའ་སྐོར་དུ་ལས་མཁན་བྱི་བའི་མགོ་ཅན། སྐུ་མདོག་ནག་པོ་ཕྱག་ན་གྲི་གུག་དམར་པོ་བསྣམས་པ། མིའི་སྙིང་ལ་ཟུག་སྟེ་ཐལ་མཚོ་ཆེན་པོ་གཅིག་གི་ནང་དུ་བཅུག་པ་མཐོང་། གཤིན་རྗེ་དེའི་འཁོར་གཡོག་ཀྱང་བསམ་གྱིས་མི་ཁྱབ་པ་མཐོང་། མཚོ་དེའི་ནང་དུ་མི་གཅེར་བུ་མང་དུ་ཡོད་པ། མཚོ་དེ་རྦ་ཀློང་འཁྲུག་ཅིང་འཇིགས་སྒྲ་ཆེན་པོ་ཡོད་པ། དེའི་ནང་དུ་སྡིག་པ་ཅན་རྣམས་ཤ་དང་རུས་པ་མ་འབྲལ་གྱི་བར་དུ་བཙོས་ཤིང་འདུག་གོ། ལ་ལ་ནི་རང་གི་ཁ་ལ་རྣག་ཁྲག་ནག་པོ་བླུག་གིན་འདུག །ལ་ལ་ནི་མགོ་ལ་ཐོ་བ་ནག་པོས་བརྡུང་ཞིང་འདུག །ལ་ལ་ནི་ཐལ་བའི་ཁུ་བ་ཁ་ལ་བླུག་གིན་འདུག །འདི་འདྲའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་། ངས་ཡི་དམ་ལྷ་ལ་ཞུས་པས།

ལྷའི་ཞལ་ནས་དེ་སྐད་ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མིའི་བུ་མོ་ཚུར་ཉོན་དང་། །ཐལ་ཆེན་མཚོ་མོ་ཆེན་མོ་མཐོང་བ་དེ། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །ཉ་རྣམས་མང་པོ་བསད་པའི་རྣམ་སྨིན་ཡིན། །ཁ་ལ་རྣག་ཁྲག་མང་པོ་བླུག་པ་འདི། །ཆུ་ལ་ཉ་དུག་བཏབ་པའི་རྣམ་སྨིན་ཡིན། །མགོ་ལ་ཐོ་བ་ནག་པོས་བརྡུང་བ་འདི། །ཆུ་བྱ་ཡན་ལག་བཅད་པའི་རྣམ་སྨིན་ཡིན། །ཐལ་བའི་ཁུ་བ་ཁ་ལ་བླུག་པ་དེ། །ཉ་བསད་ཁེ་ཚོང་བྱེད་པའི་རྣམ་སྨིན་ཡིན། །ཉ་རྣམས་མང་པོ་བསད་པའི་རྣམ་སྨིན་གྱིས། །བསྐལ་པ་མ་སྟོང་ཐལ་ཆེན་མཚོ་ནང་དུ། །ཐར་དུས་མེད་པའི་སྡུག་བསྔལ་དཔག་ཏུ་མེད། །དེའི་ནང་ནས་མི་ཤ་ཁ་དོག་ནག་པོ་གཅིག་བྱུང་ནས་མི་འདིའི་ཁ་ནས་འདི་སྐད་ཟེར་རོ། །ཀྱེེ་མ་ཀྱི་ཧུད་ལས་ལྡན་བུ་མོ་མི་ཡུལ་ཕེབས་ཟེར་ན། །འཛམ་བུའི་གླིང་དུ་འཕྲིན་པ་འདི་ལྟར་མཛོད། །ང་ཡི་ཡུལ་ནི་ཨུ་རྫ་རོང་གྱང་མཁར། །ང་ཡི་མིང་ནི་བསམ་འགྲུབ་ཕུན་ཚོགས་ཡིན། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་ལ། །གནོད་མེད་སེམས་ཅན་ཉ་རྣམས་མང་པོ་བསད། །རི་དྭགས་ཤ་དང་བྱ་རྣམས་མང་པོ་བསད། །མི་ལ་ང་རྒྱལ་ཕྲག་དོག་ཞེ་སྡང་བྱས། །དགེ་སྡིག་བཤད་ཀྱང་རང་གིས་མ་ཉན་པར། །སྡིག་པའི་ལས་ནི་གྲངས་མང་བྱས་ཡོད་པའི། །སྡིག་པ་དེ་བཞིན་བསགས་པའི་རྣམ་སྨིན་གྱིས། །ཐལ་ཆེན་མཚོ་མོ་འདི་རུ་བཅུག་ནས་ཡོད། །སྤྱིར་ཡང་འཛམ་བུའི་གླིང་གི་མི་རྣམས་ལ། །ཆུ་ནང་གི་ཉ་རྣམས་མ་གསོད་གྱིས། །རི་དྭགས་བྱ་དང་ཤྭ་རྣམས་མ་གསོད་གྱིས། །ང་དང་འདྲ་བའི་སྡིག་པ་མ་བྱེད་ཅིག །ཟེར་བ་དང་མཚོའི་ནང་དུ་ཁྲིད་སོང་ངོ་། །གྲང་བའི་དམྱལ་ཁམས་རྫོགས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

དེ་ནས་ནུབ་ཀྱི་ཕྱོགས་སུ་ཡི་དམ་ལྷ་དང་མཉམ་དུ་ཕྱིན་པ་དང་། ས་གཞི་ཐམས་ཅད་དམར་པོ་ཆེན་པོ་གཅིག་གི་ནང་དུ་སླེབས་པ་དང་། གཤིན་རྗེ་གཟིག་གདོང་སྐུ་མདོག་དཀར་དམར་ཕྱག་ན་ལྕགས་སྒྲོགས་དམར་པོས་མི་ཚེ་ལས་འདས་པ་རྣམས་བཅིངས་ཏེ། མེ་ཆེན་པོ་འབར་བའི་ནང་དུ་བཅུག་པ་མཐོང་། དེའི་ནང་དུ་ལྕགས་ཀྱི་ཚེར་མ་རེ་རེའི་རྩེ་ནས་མེ་རི་ཁ་དོག་སྣ་ཚོགས་འབར་ཞིང་འདུག་པ། མེའི་འུར་སྒྲ་ནི་ས་གཞི་ཐམས་ཅད་ཡོམ་ཡོམ་མེར་མེར་པོའི་སྒྲ་འབྱུང་ངོ་། །དེའི་ནང་དུ་ཡོད་པའི་མི་རྣམས་ནི། བསྐལ་པའི་མེ་རང་གི་ལུས་ནས་འབར་བའི་སྣང་བ་བྱུང་། ལ་ལ་ནི་སྙིང་ནས་མེ་ནག་པོ་འབར་ཞིང་འདུག །ལ་ལ་ནི་མགོ་བོ་ནས་མེ་ཆེན་པོ་འབར་ཞིང་འདུག །ལ་ལ་ནི་ཁ་ལ་མེ་ཆུ་ནག་པོ་བླུག་གིན་འདུག །དེའི་རྩ་ན་ལས་ཀྱི་རླུང་དམར་པོ་གཅིག་བྱུང་ནས་མེ་དམར་པོ་ཆེན་པོ་རྣམས་རླུང་གིས་ཡར་ཁྱེར་མར་ཁྱེར་ཡོད་པའི་བར་ལ། མི་རྣམས་ཀྱི་མགོ་བོ་ནག་རུམ་མཐོང་གིན་འདུག་གོ། དེའི་ཚེ་བུ་མོ་ང་རང་ཡང་ཤིན་ཏུ་འཇིགས་པའི་སྡུག་བསྔལ་ཆེན་པོ་གཅིག་བྱུང་ནས། ཡང་ཡི་དམ་ལ་འདི་ལྟ་བུའི་སྡུག་བསྔལ་མྱོང་དགོས་པ་ནི་ཅི་ཡིན་ཞུས་པས།

ཡི་དམ་ལྷའི་ཞལ་ནས་འདི་སྐད་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་མ་ཡེངས་བུ་མོ་ཚུར་གསོན་དང་། །བསྐལ་པའི་ས་གཞི་དམར་པོ་མཐོང་བ་རྣམས། །བསྐལ་པའི་མེ་རི་འབར་བའི་གྲོང་ཡང་ཟེར། །ལས་མཁན་གཟིག་གི་མགོ་ཅན་བྱ་བ་དེ། །མེ་གྲོང་འདིའི་སྒོ་སྲུང་ཡིན་ནོ་གསུངས། །བསྐལ་པའི་མེ་རི་སྣ་ཚོགས་འབར་བ་རྣམས། །འཆི་རྒྱུ་མེད་པའི་མེ་ཆེན་ཡིན་ནོ་གསུངས། །དེའི་ནང་བཅུག་པའི་ཚེ་ལས་འདས་པ་རྣམས། །སྤྱིར་ཡང་མིའི་ཡུལ་དུ་བསྡད་དུས་སུ། །ནགས་རི་ཆེན་པོ་བསྲེགས་པའི་རྣམ་སྨིན་ཡིན། །རང་རང་ལུས་ནས་མེ་ཆེན་འབར་བ་འདི། །བྱོལ་སོང་མེ་རུ་བསྲེགས་པའི་རྣམ་སྨིན་ཡིན། །སྙིང་ནས་མེ་རི་ཆེན་པོ་འབར་བ་འདི། །གྲོང་ཁྱེར་ཆེན་པོ་བསྲེགས་པའི་རྣམ་སྨིན་ཡིན། །མགོ་ལ་མེ་ཆེན་འབར་བ་འདི་རྣམས་ནི། །ལྷ་ཁང་མེ་བསྲེག་བྱས་པའི་རྣམ་སྨིན་ཡིན། །ཁ་ལ་མེ་ཆུ་ནག་པོ་བླུག་པ་འདི། །ཁ་ངན་ཚིག་རྩུབ་སྨྲས་པའི་རྣམ་སྨིན་ཡིན། །དེའི་ནང་ཡོད་པའི་ཚེ་འདས་ཐམས་ཅད་ནི། །སྡིག་པའི་ལས་ནི་གྲངས་མང་ཡོད་པ་རྣམས། །ཤཱཀྱ་ཐུབ་པའི་བསྟན་པ་མ་ནུབ་བར། །སྡུག་བསྔལ་འདི་ལས་ཐར་དུས་མེད་དོ་གསུངས། །རང་རང་ལས་ཀྱིས་སྡུག་བསྔལ་མྱོང་བ་ལ། །བུ་མོ་ཁྱོད་རང་སྡུག་བསྔལ་བྱེད་མི་དགོས། །ཞེས་གསུངས་སོ། །དེའི་ནང་ལ་གཤིན་རྗེ་གཟིག་གི་མགོ་ཅན་ཕྱག་ན་ལྕགས་སྐམ་ནག་པོས་མི་ཤ་མདོག་དམར་པོ་གཅིག་བཟུང་སྟེ། གཤིན་རྗེ་དེའི་ཞལ་ནས་མི་འདི་ཚེ་སྟོད་ལ་གནག་རྫི་བྱས། ཚེ་སྨད་ལ་ཚོང་པ་བྱེད་ཅིང་སྡིག་པ་མང་པོ་བྱས་པའི་སྡིག་པ་མང་པོ་ཡོད་པས། མིའི་ཡུལ་ནས་མར་ལ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སླེབས་ནས། ལས་དགེ་སྡིག་གཉིས་པོ་ཤན་ཕྱེ་ནས་འདི་རུ་སླེབས་བྱུང་ནས་མེ་འོབས་ནང་དུ་བཅུག་གོ་ཟེར། ལོ་སུམ་སྟོང་བར་དུ་ཐར་དུས་མེད། ད་རུང་སྡུག་བསྔལ་འདིས་མི་ཆོག་པར་ལྕགས་མཁར་སྒོ་མེད་ནང་དུ་འགྲོ་དགོས་ཡོད། གཤིན་རྗེ་རྣམས་ཀྱིས་འཇིགས་པ་མང་པོ་གཏོང་གིན་འདུག །

ཡང་གཤིན་རྗེ་རྣམས་ལ་ཡི་དམ་ལྷའི་འདི་སྐད་ཅེས་གསུངས་སོ། །ཁྱེད་ཅག་གཤིན་རྗེ་རྣམས་ཀྱང་ཚུར་གསོན་དང་། །མི་འདིས་སྡུག་བསྔལ་དེ་ལྟར་མྱོང་ལུགས་རྣམས། །ལས་ནི་ཇི་ལྟར་བྱས་པའི་རྣམ་སྨིན་ཡིན། །སྡིག་པའི་ལས་འདི་དགེ་བས་བཤགས་ཐབས་ཡོད། །མིའི་ཡུལ་ལ་འཕྲིན་པ་བསྐུར་ན་མི་རུང་ངམ། །ཞེས་གསུངས་སོ། །ལས་མཁན་རྣམས་ཀྱིས་དེ་སྐད་ཅེས་སྨྲས་པ། མི་འདིས་ཚེ་གཅིག་སྡིག་པའི་ལས་ལ་སྤྱོད། ངེད་གཤིན་རྗེ་རྣམས་ཀྱིས་དབང་ཡོད་མ་ཡིན་ཏེ། ཁྱོད་རང་སྡིག་པ་བསགས་པའི་ལས་ཡིན་པས་ཟེར་ནས་ལྕགས་ཀྱི་སྐམ་པས་ཅུང་ཟད་ལྷོད་ནས་ཡོད་པ། ཡང་མི་འདིའི་ཁ་ནས་འདི་སྐད་ཟེར། ཀྱཻ་མ་ཀྱི་ཧུད་ལས་ལྡན་བུ་མོ་མི་ཡུལ་ཕེབས་ཟེར་ན། །ངའི་ཕྲིན་པ་དེ་ལྟར་གསུངས་རོགས་མཛོད། །ངའི་ཡུལ་ནི་བོད་ཡུལ་མཁར་རྟག་ཡིན། །ངའི་མིང་ནི་ཨ་ཅུང་ཚེ་རིང་ཟེར། །ངའི་གྲོགས་དང་མིང་སྲིང་བུ་ཚ་ལ། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །ཚེ་སྟོད་ནོར་རྫི་བྱས་ནས་ཕྱུགས་བརྒྱ་བསད། །དེའི་རྣམ་སྨིན་ཟངས་ཆེན་ནང་དུ་བསྐྱུར། །ལོ་ནི་འབུམ་གྱི་བར་དུ་ཐར་དུས་མེད། །དམྱལ་བ་འདི་ལས་གྲོལ་བའི་བཤགས་ཐབས་ལ། །སྐུ་རྟེན་གུ་རུ་མཚན་བརྒྱད་ལྷ་ཁང་བཞེངས། །འབྲི་ཡི་ཞོ་བཞོས་གསོན་ཁྲག་གཏར་རྣམ་སྨིན། །མཚོན་ཆའི་འཁོར་ལོ་ལོ་ནི་བརྒྱ་བཅུའི་བར། །དམྱལ་བ་འདི་ལས་ཐར་པའི་དུས་མེད་དོ། །འདིའི་བཤགས་ཐབས་རྡོར་གཅོད་སྡིག་བཤགས་བཞེངས། །ཤ་ཚོང་ཁེ་སྤོགས་བྱས་པའི་རྣམ་སྨིན་ལ། །འདིའི་བཤགས་ཐབས་སངས་རྒྱས་མཚན་འབུམ་བཞེངས། །ཚེ་སྨད་ཁེ་ཚོང་བྱེད་པའི་དུས་ལ་ནི། །རྟ་བོང་རྣམས་ལ་ཁལ་ནི་མང་པོ་བཀལ། །བྲེ་ལོག་སྲང་ལོག་བྱས་པའི་རྣམ་སྨིན་གྱི། །སྡུག་བསྔལ་འདི་ལས་གྲོལ་བའི་ཕྱིར་དུ་ནི། །ཡི་གེ་དྲུག་མའི་དར་ཆེན་མང་དུ་འཕྱར། །ནགས་རི་སྤང་རྣམས་མེས་བསྲེགས་པའི་སྡིག་པ་བསམ་གྱིས་མི་ཁྱབ་པ་ཡོད། །འདིའི་རྣམ་སྨིན་གྱིས་བསྐལ་པ་གཅིག་གི་བར་དུ་མེ་འོབས་ཆེན་པོའི་ནང་ནས་ཐར་དུས་མེད། །འདིའི་བཤགས་ཐབས་བཀའ་འགྱུར་ཆེན་མོ་ཀློགས་དང་གྱིས། །ལམ་འཕྲང་བསལ་ནས་ཆུ་ལ་ཟམ་པ་ཚུགས་དང་གྱིས། །ང་ལ་སྙིང་རྗེ་བསམ་ནས་དགེ་བ་འདི་སྒྲུབ་ན། །སྡུག་བསྔལ་འདི་ལས་ཐར་ནས་མིའི་ཡུལ་དུ་སྐྱེ་བ་ཐོབ་གིན་འདུག་གོ །སྤྱིར་ཡང་འཛམ་བུའི་གླིང་གི་མི་རྣམས་ལ། །སྲོག་གཅོད་སྡིག་པའི་ལས་ནི་སྤོངས་ཤིག་གྱིས། །དཀར་པོ་དགེ་བའི་ལས་ནི་འབུངས་ཤིག་གྱིས། །འཛམ་བུའི་གླིང་གི་མི་རྣམས་ཀུན་ལ་འཕྲིན་པ་དེ་ལྟར་གསུངས་རོགས་མཛོད། །ཅེས་ཟེར་ནས་མེ་འོབས་ཆེན་པོའི་ནང་དུ་ཁྲིད་སོང་ངོ་། །དེའི་ནང་ལ་རི་ནག་པོ་ཆེན་པོ་ཞིག་གི་མཇུག་ཏུ། གཤིན་རྗེ་བྱའི་མགོ་ཅན་སྐུ་མདོག་སྨུག་པོ་ཕྱག་ན་ཞགས་པ་ནག་པོས་ཚེ་ལས་འདས་པ་རྣམས་ཞགས་པས་བཅིངས་ཏེ་རི་བོ་དེའི་ནང་ནས་རང་གི་རྩ་བའི་བླ་མ་དང་མཆེད་གྲོགས་དམ་ཚིག་གཅིག་པ་རྣམས་ལ། བཀའ་ལོག་དམ་ལོག་མ་བྱེད་ཟེར་མཁན་ཡང་འདུག །ལ་ལ་ནི་དགེ་འདུན་དང་རྒྱལ་ཁམས་བསྐོར་བའི་མ་ཎི་པ་ལ་ལོག་ལྟ་དང་སྐུར་པ་མ་བྱེད་ཟེར་མཁན་ཡང་འདུག །ལ་ལ་ནི་འཇིག་རྟེན་པ་རྣམས་བསྙེན་གནས་སྨྱུང་གནས་བསྲུངས་བའི་དུས་ལ། དམ་ཚིག་དང་སྡོམ་པ་རྣམས་མ་ཉམས་པར་བསྲུང་བར་བགྱིས་ཟེར་མཁན་ཡང་འདུག །ལ་ལ་ནི་རྣལ་འབྱོར་ཕོ་མོ་རྣམས་ལ་ཁ་ངན་ཚིག་ངན་མ་སྨྲས་ཤིག །ཀྱི་ཧུད་ཀྱི་ཧུད་ཟེར་ཞིང་མི་མང་པོ་ངུ་ཞིང་འདུག་པ་མཐོང་། འདི་རྣམས་ལས་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས།

ཡི་དམ་ལྷའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་མ་ཡེངས་བུ་མོ་ཚུར་གསོན་དང་། །རི་བོ་ཆེན་པོས་འོག་ཏུ་མནན་པ་རྣམས། །སྤྱིར་ཡང་མིའི་ཡུལ་དུ་བསྡད་དུས་ལ། །དྲིན་ཅན་བླ་མ་གོང་མ་ཐམས་ཅད་ལ། །བཀའ་ལུང་མན་ངག་མང་པོ་ཞུས་ནས་ཀྱང་། །བླ་མར་བཀའ་དམ་ལོག་པའི་རྣམ་སྨིན་ཡིན། །སྡིག་པ་སྤངས་བའི་དམ་བཅའ་ཞུས་ནས་ཀྱང་། །སྡིག་པ་དམ་བཅའ་ཤོར་བའི་རྣམ་སྨིན་ཡིན། །དགེ་བའི་ལས་རྣམས་སྒྲུབ་པར་ཁས་བླངས་ཀྱང་། །དགེ་ལས་མ་བྱེད་ཤོར་བའི་རྣམ་སྨིན་ཡིན། །མཆེད་གྲོགས་དམ་ཚིག་གཅིག་པའི་མི་རྣམས་ལ། །ཁ་ངན་ཚིག་ངན་སྨྲས་པའི་རྣམ་སྨིན་ཡིན། །རྒྱལ་ཁམས་བསྐོར་བའི་མ་ཎི་པ་རྣམས་ལ། །འབུལ་བ་མ་ཕུལ་མ་ཎི་མ་བགྲངས་པའི། །སེམས་ནི་ལོག་ལྟ་བསམ་པའི་རྣམ་སྨིན་ཡིན། །མི་ནག་བསྙེན་གནས་སྨྱུང་གནས་བསྲུངས་བ་ལ། །དམ་ཚིག་སྡོམ་པ་ཉམས་པའི་མི་རྣམས་ནི། །བསྐལ་པ་མ་སྟོངས་བར་དུ་མི་ཐར་རོ། །ཞེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ དེ་ནས་ཡི་དམ་ལྷ་དང་མཉམ་དུ་ཤར་མཚམས་སུ་ཕྱིན་པ་དང་། མིའི་ཐོད་པའི་རི་བོ་བརྩེགས་པ་བཞིན་དུ་མཐོང་བྱུང་བ་དང་། ཡི་དམ་ལྷའི་ཁྱེད་རི་ཡི་རྩེར་ཤོག་དང་གསུངས་ནས། ངས་མར་ལ་བལྟས་པས། རི་བོ་དེའི་ཤར་ཕྱོགས་སུ་དུག་མཚོ་ནག་པོ་རྦ་ཀློང་འཁྲུགས་ཤིང་ཡོད་པ། མཚོ་དེའི་སྟེང་ན་དུག་སྤྲིན་ནག་པོས་བསྐོར་ཞིང་ཡོད་པ། མཚོ་འདིའི་སྒྲ་ནི་འུར་འུར་དང་ཆེམ་ཆེམ་སྒྲ་ཆེན་པོ་འདུག །ངའི་མདུན་དུ་གཤིན་རྗེ་སྤྱང་ཀིའི་མགོ་ཅན། སྐུ་མདོག་ལྗང་ཁུ་ན་བཟའ་སྟག་ཤམ་དང་དར་ལྗང་གསོལ་བ། ཕྱག་ན་དུག་གི་རྐྱལ་པའི་ནང་དུ་དུག་ཆུས་བཀང་ཞིང་བསྣམས་པ། ཕྱག་གཡོན་པས་ཚེ་འདས་རྣམས་སྐེ་ནས་བཟུང་སྟེ། དུག་མཚོའི་ནང་དུ་བཅུག་པ་མཐོང་། ལ་ལ་ནི་ཁ་ལ་དུག་ཆུ་མང་པོ་བླུག་ཅིང་འདུག །ལ་ལ་ནི་རལ་གྲིས་སྙིང་ལ་དཀྲུག་ཅིང་འདུག །ལ་ལ་ནི་རང་གི་ཤ་དང་རུས་པ་མ་འབྲལ་གྱི་བར་དུ་བཙོས་ཤིང་འདུག །དེ་ལྟ་བུའི་སྡུག་བསྔལ་དཔག་ཏུ་མེད་པ་མཐོང་ནས། བུ་མོ་ང་རང་ཡང་མཆི་མ་མང་དུ་ཤོར། སྡུག་བསྔལ་འདི་ལྟ་བུ་མྱོང་བའི་མི་རྣམས་ནི་ལས་ཅི་འདྲ་བྱས་པའི་རྣམ་སྨིན་ཡིན་ཞུས་པས། ལྷའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །རྦ་ཀློང་འཁྲུག་པའི་རྒྱ་མཚོ་ཆེན་པོ་འདི། །སྡིག་ཅན་བཙོས་པའི་དུག་གི་མཚོ་མོ་ཟེར། །ལས་མཁན་སྤྱང་ཀི་མགོ་ཅན་བྱ་བ་ནི། །དུག་མཚོ་འདིའི་སྒོ་སྲུང་ཡིན་ནོ་གསུངས། །འདི་རུ་བཅུག་པའི་ལས་ངན་སྡིག་ཅན་རྣམས། །མི་རྣམས་དུག་སྦྱིན་བསད་པའི་རྣམ་སྨིན་ཡིན། །ཁ་ལ་དུག་ཆུ་ནག་པོ་བླུག་པ་འདི། །དུག་སྦྱོར་མང་པོ་བྱས་པའི་རྣམ་སྨིན་ཡིན། །སྙིང་ཁར་རལ་གྲི་ནག་པོས་དཀྲུག་པ་འདི། །དུག་གིས་ཁེ་ཚོང་བྱས་པའི་རྣམ་སྨིན་ཡིན། །ཤ་རུས་མ་འབྲལ་བར་དུ་བཙོས་པ་འདི། །བླ་མ་དཔོན་པོ་ཆོས་པ་ཐམས་ཅད་དང་། །གྲོང་མི་གཉེན་འཁོར་ཆེ་ཆུང་ཐམས་ཅད་ལ། །དུག་སྦྱིན་མི་མང་བསད་པའི་རྣམ་སྨིན་ཡིན། །ཡང་ཡང་འགྲུབ་བཅིང་དུག་མཚོའི་ནང་དུ་སྐྱུར། །མི་ནི་རེ་རེ་བསད་པའི་རྣམ་སྨིན་ཡིན། །བསྟན་པ་མ་ནུབ་བར་དུ་མི་ཐར་གསུངས། །མར་གྱི་དུག་གི་མཚོ་མོའི་ནང་ཞིག་ན། །ལས་ངན་ཚོགས་མ་བསགས་པའི་སྡིག་ཅན་རྣམས། །སྤྱིར་ནི་འཛམ་བུའི་གླིང་ན་འགྲོ་མཁན་ཡོད། །དེ་ལ་འཕྲིན་པ་བསྐུར་ན་མི་རུང་ངམ། །ཞེས་གསུངས་པ་དང་། མཚོ་དེའི་ནང་ནས་མི་ཤ་ཁ་དོག་ནག་པོ་རྒན་མོ་གཅིག་བྱུང་ནས་དེའི་ཁ་ནས་འདི་སྐད་ཟེར་རོ། །ཀྱེ་མ་ཀྱི་ཧུད་ལས་ལྡན་བུ་མོ་མི་ཡུལ་ཕེབས་ཟེར་ན། །འཛམ་བུའི་གླིང་དུ་འཕྲིན་པ་གསུངས་རོགས་མཛོད། །ངའི་ཡུལ་ནི་བཀུར་སྟོད་ཕྱོགས་ནས་ཡིན། །ངའི་ཡུམ་ནི་ཨ་མ་སེར་ཅུང་ཟེར། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །བླ་མ་སློབ་དཔོན་གསུམ་ལ་དུག་བྱིན་ནས། །བསད་པའི་ཉེས་དམིགས་དུག་མཚོའི་ནང་དུ་ལྷུང་། །ལོ་ནི་སུམ་སྟོང་བར་དུ་ཐར་དུས་མེད། །གཞན་ཡང་ཕྱོགས་ཀྱི་ཚོང་པ་བདུན་ཙམ་བསད། །དེའི་རྣམ་སྨིན་བསྐལ་པ་གཅིག་གི་བར། །དུག་མཚོ་འདི་ལས་ཐར་དུས་མེད་པ་ཡིན། །རང་གི་གྲོང་ཡུལ་མི་ཡང་དྲུག་ཙམ་བསད། །མི་ནི་འདི་ཙམ་བསད་པའི་རྣམ་སྨིན་གྱིས། །རང་ལུས་དུག་མཚོའི་ནང་དུ་བཙོས་ཤིང་ཡོད། །ང་ལ་སྡུག་བསྔལ་འདི་ཡིས་མི་ཆོག་པར། །ལྕགས་མཁར་སྒོ་མེད་ནང་དུ་འགྲོ་དགོས་ཡོད། །བུ་དང་བུ་མོ་གྲོང་མི་ཐམས་ཅད་ལ། །ལས་ངན་ང་ཡི་སྡིག་པ་དག་ཕྱིར་དུ། །སངས་རྒྱས་སྐུ་དང་རིགས་གསུམ་མགོན་པོ་བཞེངས། །རྡོར་གཅོད་སྟོང་དང་སྡིག་བཤགས་སྟོང་ཀློག་དགོས། །ཡིག་བརྒྱ་འབུམ་དང་ཡིག་དྲུག་དར་ཆེན་འཕྱར། །ཡུལ་མི་བཀུག་ནས་མ་ཎི་ཞག་བདུན་བཙུགས། །དགེ་བ་འདི་རྣམས་སྒྲུབ་པའི་ཕན་ཡོན་གྱིས། །སྡུག་བསྔལ་འདི་ལས་ཐར་ནས་ལྷ་ཡུལ་འགྲོ། །འཛམ་གླིང་ནོར་ལ་སྙིང་པོ་མི་འདུག་གོ །ཅི་ཡོད་ཨ་མའི་ཕྱོགས་སུ་གཏོང་རོགས་གྱིས། །གཞན་ལ་དུག་སྦྱིན་བསད་པའི་མི་རྣམས་ལ། །དུག་སྦྱོར་སྡིག་པའི་ལས་ནི་མ་བྱེད་གྱིས། །མི་ཡུལ་དགའ་སྐྱིད་འཛོམས་པའི་དབང་ཡོད་ཀྱང་། །བར་དོ་སླེབས་ནས་དགའ་སྐྱིད་ཅུང་ཟད་མེད། །ཀྱི་ཧུད་ཀྱི་ཧུད་ཟེར་ཞིང་སྔར་བཞིན་དུག་མཚོ་ནག་པོའི་ནང་དུ་ཁྲིད་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་ཡི་དམ་གྱི་ཞལ་ནས། ཁྱོད་ལྷོ་ཡི་ཕྱོགས་སུ་ལྟོས་དང་གསུངས་པས། ངས་མར་ལ་བལྟས་པས་རྒྱ་མཚོ་སྨུག་པོ་རྦ་ཀློང་འཁྱིལ་ཞིང་ཡོད་པ་མཐའ་ཐམས་ཅད་མེ་རི་དམར་པོ་འབར་ཞིང་ཡོད་པ། ལྕགས་སྤྲིན་ནག་པོས་བསྐོར་ཞིང་ཡོད་པ། དེའི་མདུན་དུ་གཤིན་རྗེ་ཆུ་སྲིན་མགོ་ཅན། སྐུ་མདོག་དམར་པོ་ན་བཟའ་སྟག་ཤམ་གསོལ་བ། ཕྱག་ན་ལྕགས་སྒྲོགས་དམར་པོས་ཚེ་ལས་འདས་པ་རྣམས་ཀྱི་རྐང་པ་ནས་བཅིངས་ཏེ་མཚོའི་ནང་དུ་བཅུག་པ་མཐོང་། ཡང་གཤིན་རྗེ་དེའི་འཁོར་གཡོག་ཀྱང་བསམ་གྱིས་མི་ཁྱབ་པ་མཐོང་། ལ་ལ་ནི་ཤ་དང་རུས་པའི་ནང་དུ་བཙོས་ཤིང་འདུག །ལ་ལ་ནི་སྟ་རེ་ནག་པོ་མགོ་ལ་བརྡུང་བ་མཐོང་། ལ་ལ་ནི་རང་གི་ཁྲག་རང་ལ་བླུག་གིན་འདུག །ལ་ལ་ནི་རྡོ་བ་ཆེན་པོས་གནོན་པ་མཐོང་། དེ་ལྟ་བུའི་སྡུག་བསྔལ་དཔག་ཏུ་མེད་པ་མཐོང་ནས་ཡི་དམ་ལ་ཞུས་པས། ཡི་དམ་གྱི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཀྱེེ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །མ་གི་མཚོ་ཆེན་མེ་རིས་བསྐོར་བ་འདི། །ལས་ངན་སྡིག་ཅན་བཙོས་པའི་མཚོ་མོ་ཡིན། །ལས་མཁན་ཆུ་སྲིན་མགོ་ཅན་བྱ་བ་འདི། །མཚོ་ཆེན་སྨུག་པོ་འདི་ཡི་བདག་པོ་ཡིན། །ལྕགས་སྒྲོགས་དམར་པོས་བཅིངས་ཏེ་བཅུག་པ་འདི། །སྤྱིར་ཡང་མིའི་ཡུལ་དུ་བསྡད་དུས་ལ། །རྒྱ་ཚོས་ལས་བྱེད་འབུ་སྲིན་གྲངས་མེད་བསད། །རྣམ་སྨིན་རབ་ཏུ་ཚ་བའི་ནང་དུ་བཙོས། །མགོ་ལ་སྟ་རེ་ནག་པོས་བརྡུང་པ་འདི། །རྒྱ་ཚོས་ཁེ་ཚོང་བྱས་པའི་རྣམ་སྨིན་ཡིན། །ཁ་ལ་ཁྲག་ཆུ་མང་པོ་བླུག་པ་འདི། །རྒྱ་ཚོས་རྣམས་ལ་བཙོས་པའི་རྣམ་སྨིན་ཡིན། །རྡོ་བོ་ཆེན་པོའི་འོག་ཏུ་གནོན་པ་འདི། །རྒྱ་ཚོས་གོས་རྣམས་གྱོན་པའི་རྣམ་སྨིན་ཡིན། །རྒྱ་ཚོས་ལས་འདི་བྱས་པའི་མི་རྣམས་ནི། །བསྐལ་པ་གསུམ་དུ་འདི་ལས་མི་ཐར་གསུངས། །ཡང་འདིའི་ནང་ནས་རང་གིས་ངོ་ཤེས་པའི་མི་གསུམ་བྱུང་སྟེ། སྔོན་ལ་བྱུང་བའི་མི་འདིའི་ཁ་ནས་ཀྱང་འདི་སྐད་ཟེར། མིའི་བུ་མོ་འདི་རུ་ཅི་ལ་ཕེབས། ཚེ་ཟད་དུས་ལ་བབས་ནས་ཕེབས་པ་ཡིན་ནམ་ཇི་ལྟར་ཡིན་ཞེས་སྨྲས་སོ། །ང་ཡང་འཆི་བའི་དུས་གཅིག་བྱུང་སྟེ་འདི་རུ་སླེབས། ཡང་འཛམ་བུའི་གླིང་དུ་ལོ་རྒྱུས་བཤད་དགོས་ན། ཆོས་ཀྱི་རྒྱལ་པོས་ང་ལ་མིའི་ཡུལ་དུ་ལོག་དགོས་པའི་ལུང་བསྟན་གསུངས། འཕྲིན་པ་བསྐུར་དགོས་ཡོད་ན་སྐུར་རོགས་གྱིས། མི་འདིའི་ཁ་ནས་འདི་སྐད་ཟེར། ཀྱེེ་མ་ཀྱི་ཧུད་ལས་བཟང་བུ་མོ་ལན་གཅིག་ཚུར་གསོན་དང་། །ང་ནི་མིའི་ཡུལ་དུ་བསྡད་དུས་སུ། །སེམས་ཅན་བྱ་དང་ཕག་ནི་མང་པོ་བསད། །དེའི་རྣམ་སྨིན་དམྱལ་བ་ཟངས་ཆེན་ནང་། །ལོ་ནི་གཅིག་གི་བར་དུ་བསྡད་དགོས་བྱུང་། །རྒྱ་ཚོས་ལས་འདི་བྱས་པའི་རྣམ་སྨིན་གྱིས། །མཚོ་མོ་འདིའི་ནང་དུ་སྡུག་བསྔལ་ཡོད། །ངའི་བུ་དང་བུ་མོར་འཕྲིན་པ་གསུངས་རོགས་མཛོད། །ལས་ངན་ངའི་སྡིག་པ་དག་ཕྱིར་དུ། །ཆོས་ནི་བསྐང་བཤགས་རྡོར་གཅོད་ཀློག་དང་གྱིས། །ཡི་གེ་དྲུག་མའི་དར་ཆེན་འཕྱར་དང་གྱིས། །སྡིག་བཤགས་སྟོང་དང་བརྒྱ་མཆོད་ཕུལ་དང་གྱིས། །དགེ་བ་འདི་རྣམས་བསྒྲུབ་ན་སྡུག་བསྔལ་འདི་ལས་ཐར་ཏེ་མིའི་ཡུལ་དུ་བུ་མོ་གཅིག་གི་ལུས་སུ་འགྲོ་ཉེན་ཡོད། ཡང་རྗེས་སུ་འོངས་བའི་མི་འདིའི་ཁ་ནས་འདི་སྐད་ཟེར། ངའི་མིང་ལ་ཡོང་བྷ་ཟེར་བ་ཡིན། །ངའི་གྲོགས་དང་བུ་ཚ་རྣམས་ལ་འཕྲིན་བསྐུར་བགྱིས། །ང་རང་མིའི་ཡུལ་དུ་བསྡད་དུས་སུ། །སྦྲང་རྩི་བླངས་ནས་ཟ་བའི་རྣམ་སྨིན་དང་། །གཞན་ཡང་སྡིག་པ་མང་བའི་རྣམ་སྨིན་གྱིས། །ད་ལྟ་རྒྱ་མཚོའི་ནང་དུ་སྡུག་བསྔལ་ཡོད། །བཤགས་སྦྱངས་པོ་ཏི་བཅུ་དྲུག་ཀློག་དང་གྱིས། །ཕུར་བཞུགས་སྒོམ་ཆེན་ཆུ་གཏོར་གཏང་དུ་བཅུག །བཤགས་པ་འདི་རྣམས་འབྱོར་ན་བྱ་ངང་པ་གཅིག་གི་ལུས་སུ་འགྲོའོ། །ཡང་རྗེས་མར་ཡོད་པའི་མི་འདིའི་ཁ་ནས་འདི་སྐད་ཟེར་རོ། །ངའི་མིང་ལ་སྲི་ཐར་འབྲུག་རྒྱས་ཟེར། །ངའི་ཕ་མ་སྤུན་ཟླ་རྣམས་ལ་འཕྲིན་ཅིག་གསུངས་རོགས་མཛོད། །ང་ནི་ཆུང་དུས་ནས་བའི་ཞོ་ལས་བྱས་པའི་རྣམ་སྨིན་དང་། །གཞན་ཡང་དུད་འགྲོ་མང་པོ་བསད་པའི་རྣམ་སྨིན་གྱིས། །ད་ལྟ་རྒྱ་མཚོའི་ནང་དུ་སྡུག་བསྔལ་ཡོད། །འདི་ལས་གྲོལ་ཐབས་ཆོས་བཀའ་འགྱུར་ཀློག་དང་གྱིས། །ཆོས་ན་རཀ་དོང་སྤྲུགས་དང་ཉི་ཁྲི་བཞེངས་དང་གྱིས། །བཤགས་སྦྱངས་འདི་རྣམས་སྒྲུབ་ན་ཤར་ལུས་འཕགས་པོར་སྐྱེ་བ་ལེན། །ཅི་ཡོད་ཐམས་ཅད་བླ་མ་དཀོན་མཆོག་ལ་མཆོད་པ་འབུལ། །མར་ངན་སློང་ལ་སྦྱིན་པ་གཏོང་། །སྡིག་པའི་ལས་རྣམས་སྤངས་ཞིང་མ་ཎི་ལ་འབུངས། །སྤྱིར་མིའི་ཡུལ་དུ་ཕྲིན་པ་དེ་ལྟར་གསུངས་རོགས་མཛོད། །འདི་སྐད་ཅེས་སྨྲས་ནས་ཡང་སྔར་བཞིན་རྒྱ་མཚོའི་ནང་ཁྲིད་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་ཡི་དམ་ལྷའི་ཞལ་ནས། བུ་མོ་ཁྱོད་རང་ནུབ་ཀྱི་ཕྱོགས་སུ་ལྟོས་གསུངས་པས། ངས་མར་ནུབ་ཀྱི་ཕྱོགས་སུ་བལྟས་པས། དུ་བ་ནག་པོའི་མཚོ་ཆེན་པོ་རྦ་ཀློང་འཁྲུག་ཅིང་ཡོད་པས། དེའི་མཐའ་ཐམས་ཅད་ལྕགས་སྤྲིན་ནག་པོས་བསྐོར་ཞིང་ཡོད་པ། དེའི་མདུན་དུ་ལས་མཁན་རྟའི་མགོ་ཅན་སྐུ་མདོག་སྨུག་པོ་ན་བཟའ་སྟག་ཤམ་དང་རུས་རྒྱན་གསོལ་བ། ཕྱག་གི་རྒྱུ་མའི་ཞགས་པས་ཚེ་ལས་འདས་པ་རྣམས་ལག་པ་གཉིས་རྒྱབ་ཏུ་བཅིངས་ཏེ་བཅུག་པ་མཐོང་། མཚོ་འདིའི་སྒྲ་ནི་ནམ་མཁའ་ནས་འབྲུག་སྟོང་ལྡིར་བ་ཙམ་དུ་འདུག །ཡང་དེའི་ནང་ནས་ཀྱི་ཧུད་ཀྱི་ཧུད་ཟེར་ཞིང་། ང་དང་འདྲ་བའི་སྡིག་པ་མ་བྱེད་ཅིག་ཟེར་ཞིང་སྐད་མང་པོ་གཏོང་གིན་འདུག་གོ། ལ་ལ་ནི་རྐང་པ་གཉིས་ནས་བཟུང་སྟེ་མཚོའི་ནང་དུ་བཅུག་གིན་འདུག །ལ་ལ་ནི་གཅེར་བུ་ཡན་ལག་ཐམས་ཅད་བཟུང་སྟེ་སྐྱུར་བ་མཐོང་། ཡང་ལས་མཁན་རྣམས་ཀྱི་མི་སྡིག་ཅན་རྣམས་ལ་མིའི་ཡུལ་དུ་བསྡད་དུས་སུ། ཟས་ཞིམ་མང་པོ་ཟོས་ནས་ཀྱང་། །སྡིག་པའི་ལས་ནི་གྲངས་མང་བསགས་པའི་རྣམ་སྨིན་གྱིས། །ད་ལྟ་འདི་རུ་སླེབས་བྱུང་ཨང་། །མཚོ་མོའི་ནང་དུ་བཙོས་པ་འདི་རྣམས་ད་ལྟ་སྐྱིད་པ་ཨེ་འདུག་ལྟོས་དང་ཟེར་ཞིང་། ཤ་དང་རུས་པ་མ་འབྲལ་གྱི་བར་དུ་བཙོས་ཤིང་འདུག་གོ། དེ་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་ནས་ཡི་དམ་ལ་འདི་རྣམས་ཅི་ཡིན་ཞུས་པས། ཡི་དམ་གྱི་ཞལ་ནས་དེ་སྐད་གསུངས། ཀྱེེ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །དུ་བ་ནག་པོས་བསྐོར་བའི་རྒྱ་མཚོ་འདི། །ཤིན་ཏུ་གྲང་བའི་མཚོ་མོ་ཆེ་ཡང་ཟེར། །གཤིན་རྗེ་རྟའི་མགོ་ཅན་བྱ་བ་འདི། །མཚོ་ཆེན་འདིའི་སྒོ་སྲུང་ཡིན་ནོ་གསུངས། །ལག་པ་རྒྱབ་ཏུ་བཅིངས་ཏེ་བཅུག་པ་རྣམས། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །དབྱར་གསུམ་ལས་བྱེད་འབུ་སྲིན་མང་པོ་བསད། །འབྲས་བུ་ལོ་ཐོག་མང་པོ་ཡོད་ན་ཡང་། །ཡར་མཆོད་མར་སྦྱིན་མེད་པའི་རྣམ་སྨིན་གྱིས། །མཚོ་དེའི་ནང་ནས་སྡུག་བསྔལ་བརྗོད་མི་ལངས། །རྐང་པ་གཉིས་ནས་བཟུང་སྟེ་བཅུག་པ་རྣམས། །བླ་མའི་བཀའ་ཆོས་གདམས་ངག་ཞུས་ནས་ཀྱང་། །ཆོས་པ་ཡིན་ཟེར་ས་ལས་བྱས་ནས་ནི། འབུ་སྲིན་མང་པོ་བསད་པའི་རྣམ་སྨིན་གྱིས། །མཚོ་འདིའི་ནང་དུ་སྡུག་བསྔལ་གྲངས་མི་ལངས། །གཅེར་བུ་སྣ་ཚོགས་སྡུག་བསྔལ་མྱོང་མཁན་རྣམས། །མིའི་ལོངས་སྤྱོད་རྒྱ་ཆེར་ཡོད་ན་ཡང་། །ཡར་མཆོད་མར་ལ་སྦྱིན་པ་མི་གཏོང་ན། །བར་དོར་སླེབས་ནས་འགྱོད་པས་ཕན་པ་མེད། །སྡུག་བསྔལ་འདི་ལས་བསམ་གྱིས་མི་ཁྱབ་འདུག །ཀྱེེ་མ་མ་གི་གྲང་དམྱལ་ནང་ཞིག་ན། །ལས་ངན་ཚོགས་མ་བསགས་པའི་སྡུག་ཅན་རྣམས། །མི་ཡུལ་གྲང་ང་ཁམས་ལ་འགྲོ་མཁན་ཡོད། །འཕྲིན་པ་སྐུར་མཁན་ཡོད་ན་རི་རྩེར་ཤོག །ཡི་དམ་ལྷའི་འདི་སྐད་གསུངས་པ་དང་། མཚོ་འདིའི་ནང་ནས་རྒན་མོ་མགོ་དཀར་པོ་ཡོད་པ་གཅིག་བྱུང་སྟེ། ལག་པ་གཉིས་བྲང་ལ་བརྡུང་ཞིང་མཆི་མ་མང་དུ་ཤོར་ཞིང་ཁ་ནས་འདི་སྐད་ཟེར་རོ། །ལས་འཕྲོ་ཅན་མ་མི་ཡུལ་ཕེབས་ཟེར་ན། །ངའི་འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། །ལུང་པའི་མིང་ནི་བཀྲ་ཤིས་སྒང་ནས་ཡིན། །ངའི་མིང་ནི་ཚེ་རིང་འཛོམས་པ་ཡིན། །ངའི་བུ་དང་བུ་མོ་བུ་ཆུང་དང་། །ཚེ་རིང་དར་རྒྱས་བཅས་པ་ཐམས་ཅད་ལ། །ལས་ངན་ཚོགས་མ་བསགས་པའི་རྒན་མོ་ང་། །མི་ཡུལ་བསྡད་དུས་སྡིག་པའི་ལས་མང་བྱེད། །ལས་སྒྲིབ་དག་ཕྱིར་སློབ་དཔོན་སྐུ་བཞེངས་དང་། །བུ་ཚ་སྐྱེས་དུས་བྱ་མང་གསོད་པའི་སྡིག །བཤགས་ཐབས་རྡོར་གཅོད་ཀློག་དང་གྱིས། །མི་ལ་ཁ་སྨྲས་བྱས་པའི་རྣམ་སྨིན་གྱིས། །ད་ལྟ་མཚོ་མོའི་ནང་དུ་སྡུག་བསྔལ་ཡོད། །དེའི་བཤགས་ཐབས་བསྐང་བཤགས་སྡིག་བཤགས་ཀློག །མི་ལ་གནོད་སེམས་བསམ་པའི་རྣམ་སྨིན་གྱིས། །མཐོ་རིས་ཐར་པའི་སྐལ་བ་མ་བྱུང་སྟེ། །དེ་ལས་ཐར་ཕྱིར་ཡིག་དྲུག་གང་མང་འདྲེན། །ང་ལ་བསམ་ནས་དགེ་བ་འདི་བསྒྲུབ་ན། །བྱང་ཕྱོགས་སྒྲ་མི་སྙན་དུ་སྐྱེ་བ་ལེན། །ད་ལྟ་རྒྱ་མཚོའི་ནང་དུ་སྡུག་བསྔལ་ཡོད། །ད་རུང་སྡུག་བསྔལ་འདིས་མི་ཆོག་པར། །དམྱལ་བ་མནར་མེད་གནས་སུ་འགྲོ་དགོས་ཡོད། །སྤྱིར་ཡང་འཛམ་བུའི་གླིང་གི་མི་རྣམས་ལ། །ལས་ངན་ང་འདྲའི་སྡིག་པ་མ་བྱེད་ཅིག །དཀར་པོ་དགེ་བའི་ཕྱོགས་སུ་གཏོང་རོགས་གྱིས། །དེ་སྐད་སྨྲས་ཤིང་མཚོའི་ནང་དུ་ཁྲིད་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་ལྷའི་ཞལ་ནས་བུ་མོ་ཁྱོད་རང་འདི་ནས་མར་ལ་བྱང་ཕྱོགས་སུ་ལྟོས་དང་གསུངས་པས། ཡང་ངས་བྱང་ཕྱོགས་སུ་བལྟས་ན། ཁྲག་གི་མཚོ་མོ་དམར་པོ་རྦ་ཀློང་འཁྲུགས་ཤིང་། སྤྲིན་དམར་པོས་བསྐོར་ཞིང་ཡོད་པ། མཚོ་འདིའི་སྒྲ་ནི་སྟེང་ནས་བྲག་ཆེན་པོ་རྡིབ་པ་ལྟ་བུའི་འུར་སྒྲ་ཆེན་པོ་ཡོད་པ། དེའི་མདུན་དུ་གཤིན་རྗེ་ར་གདོང་མགོ་ཅན་ཕྱག་ན་ལྕགས་ཀྱི་ཞགས་པ་ནག་པོས་ཚེ་ལས་འདས་པ་རྣམས་བཅིངས་ཏེ་ཁྲག་གི་རྒྱ་མཚོ་ཆེན་པོའི་ནང་དུ་བཅུག་པ་མཐོང་། ལ་ལ་ནི་སྙིང་ལ་གྲི་གུས་བཟུང་སྟེ་བཅུག་པ་མཐོང་། ལ་ལ་ནི་སྤྱི་བོ་ནས་བཟུང་སྟེ་བཅུག་པ་མཐོང་། ཡང་འདི་ལྟ་བུའི་སྡུག་བསྔལ་མྱོང་དགོས་པ་ནི་ཅི་ཡིན་ཞུས་པས། ལྷའི་ཞལ་ནས་འདི་སྐད་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཀྱེེ་མ། ཁྲག་དམར་རྒྱ་མཚོ་རྦ་རླབས་འཁྲུག་པ་འདི། །ཚ་དམྱལ་གྱི་ནི་མཚོ་མོ་ཆེ་ཡང་ཟེར། །མཚོ་མོ་འདིའི་སྒྲ་ཆེན་སྒྲོག་པ་ནི། །གཤིན་རྗེ་ལས་མཁན་རྣམས་ཀྱི་གསུང་སྒྲ་ཡིན། །ཁྲག་མཚོ་འདིའི་བདག་པོ་ཡིན་ནོ་གསུངས། །འདི་རུ་བཅུག་པའི་ཚེ་འདས་ཐམས་ཅད་ནི། །སྤྱིར་ཡང་མིའི་ཡུལ་དུ་བསྡད་དུས་སུ། །བླ་མ་སློབ་དཔོན་ཆོས་པ་ཐམས་ཅད་ལ། །ཁ་ངན་ཚིག་ངན་སྨྲས་པའི་རྣམ་སྨིན་དང་། །ཞེ་སྡང་ཕྲག་དོག་ང་རྒྱལ་བྱེད་པ་རྣམས། །བར་དོའི་མཚོ་མོའི་ནང་དུ་བཙོས་ཤིང་ཡོད། །སྙིང་ནས་གྲི་གུས་བཟུང་སྟེ་བཅུག་པ་རྣམས། །གནོད་སེམས་ཁ་སྨྲས་བྱས་པའི་རྣམ་སྨིན་གྱིས། །ཁྲག་དམར་རྦ་རླབས་མང་དུས་བཙོས་ཤིང་ཡོད། །སྤྱི་བོའི་སྐྲ་ནས་བཟུང་སྟེ་བཅུག་པ་རྣམས། །ཆོས་པ་ང་རྒྱལ་བྱས་པའི་རྣམ་སྨིན་གྱིས། །ཁྲག་དམར་མཚོ་མོའི་ནང་ནས་ཐར་དུས་མེད། །ཚ་དམྱལ་གྱི་ནི་མཚོ་ཆེན་ཡིན་ནོ་གསུངས། །སྔོན་གྱི་རི་བོ་འདིའི་འོག་ནས་ངུ་འབོད་ཆེན་པོ་གཅིག་ཐོས་ཀྱིན་འདུག་གོ། འདི་ཅི་ཡིན་ཞུས།

ལྷའི་ཞལ་ནས་འདི་སྐད་ཅེས་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ རི་བོ་ཆེན་པོ་འདི་སྲིད་པའི་རྡོ་ཡིན་གསུངས། །དེའི་འོག་ནས་ངུ་སྐད་འདོན་པ་འདི། །ཕ་མ་ལ་བཀའ་ལོག་བྱེད་པའི་རྣམ་སྨིན་གྱིས། །བྲག་འདིའི་འོག་ཏུ་བཅུག་གིན་འདུག །ཡང་བྲག་འདིའི་རྩ་བ་ནས་ལས་མཁན་རྒོད་གདོང་ཅན། ཕྱག་གཡས་ན་སྟ་གྲི་བསྣམས་པ། གཡོན་པས་ཚེ་འདས་རྣམས་བཟུང་སྟེ་ཁྲིད་སོང་བ་མཐོང་། ཡང་ལྷའི་ཞལ་ནས། ཁྱེད་ཅག་གཤིན་རྗེ་རྣམས་ཀྱང་ཚུར་གསོན་དང་། །གཤིན་རྗེ་ལས་མཁན་དབང་བཙན་ཆེ་ནས་འདུག །མི་འདི་ཅི་རང་བྱེད་པའི་སྡིག་པ་ཡོད། །ད་ལྟ་དམྱལ་བ་གང་དུ་ཁྲིད་རྒྱུ་ཡིན་གསུངས་པ་དང་། ཡང་ལས་མཁན་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ། །གཤིན་རྗེ་དབང་བཙན་ཆེ་བ་མ་ལགས་ཏེ། །མི་འདིས་སྡིག་པ་གྲངས་མེད་བསགས་ནས་ཡོད། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །ཕ་མར་རྡུང་རྫོབ་རྡེག་བྱས་པའི་སྡིག་པ་ཡོད། །ཕ་མར་སྐུར་པ་བཏབ་པའི་རྣམ་སྨིན་ཡོད། །མི་ལ་ལོག་ལྟ་བསྐྱེད་པའི་རྣམ་སྨིན་གྱིས། །ད་ལྟ་བྲག་ཆེན་པོའི་འོག་ཏུ་བཅུག་རྒྱུ་ཡིན། །ལོ་ནི་འབུམ་ཚོ་གསུམ་བར་ཐར་དུས་མེད། །ཕ་མ་གཉིས་ལ་བཀའ་ལོག་བྱས་པའི་དམྱལ་བའི་ཡུལ་ཡང་ཟེར་རོ། །དམྱལ་བའི་མཚོ་ཆེན་པོ་བཞི་ཡོད་པས། མཚོ་རེ་རེའི་བར་ལ་དཔག་ཚད་རེ་རེ་ཡོད་དོ། །ཞེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ དེ་ནས་ནུབ་བྱང་ཕྱོགས་སུ་ཕྱིན་པ་དང་། ལྕགས་ཀྱི་ཐེམ་སྐས་ལྔ་ཡོད་པའི་རྩེ་རུ་སླེབས་པ་དང་།

ཡི་དམ་ལྷའི་ཞལ་ནས་འདི་སྐད་གསུངས། བུ་མོ་འདི་ནས་མར་ལ་ལྟོས་དང་གསུངས་པས། ཡང་ངས་མར་བལྟས་པས། ས་གཞི་ཐམས་ཅད་དམར་པོ་ཡོད་པ། མཐའ་སྐོར་ཐམས་ཅད་མེ་རི་དམར་པོ་འབར་ཞིང་ཡོད་པ། དེའི་མདུན་དུ་གཤིན་རྗེ་སྦྲུལ་གྱི་མགོ་ཅན་སྐུ་མདོག་སེར་པོ་ཕྱག་ན་སྦྲུལ་གྱི་ཞགས་པས་མི་ཚེ་ལས་འདས་པ་རྣམས་སྐེ་ནས་བཅིངས་ཏེ་མེ་རི་འབར་བའི་ནང་དུ་སྐྱུར་བ་མཐོང་། ལས་མཁན་དེའི་འཁོར་གཡོག་ཀྱང་དཔག་ཏུ་མེད་པ་ཡོད་པ། ཡང་དེའི་ནང་མི་གཅེར་བུ་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་ཡང་འདུག །ལ་ལ་ནི་ལུས་ལས་མགོ་བོ་ཆེ་ཞིང་མགོ་བོ་རི་རབ་ཙམ་ཡོད་པ། སྐྱལ་པ་རི་བོའི་ལྗོངས་པ་ཙམ། ཡན་ལག་འཇག་མ་ཙམ་མགྲིན་པ་རྩྭའི་སྐུད་པ་ཙམ་ལས་མེད་པ། ཁ་ནས་མེ་འབར་བ་ཡང་ཡན་ལག་ཐམས་ཅད་མེ་འབར་བ། བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་ནས། ངས་ལྷ་ལ་ཞུས་པས། སྡུག་བསྔལ་འདི་ལྟ་བུ་མྱོང་དགོས་པ་ནི་ཅི་ཡིན་ལགས་ཞུས་པས། ལྷའི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མི་ཡི་བུ་མོ་ཚུར་གསོན་དང་། །གྲོང་ཁྱེར་མེ་རི་དམར་པོས་བསྐོར་བ་འདི། །ཡི་དྭགས་ངུ་འབོད་ཆེན་པོའི་ཡུལ་ཡང་ཟེར། །གཤིན་རྗེ་སྦྲུལ་གྱི་མགོ་ཅན་བྱ་བ་འདི། །ཡི་དྭགས་ཡུལ་གྱི་སྒོ་སྲུང་ཡིན་ནོ་གསུངས། །བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་མྱོང་མཁན་རྣམས། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་ལ། །ཟས་ནོར་ལོངས་སྤྱོད་རྒྱ་ཆེན་ཡོད་ན་ཡང་། །ཡར་མཆོད་མར་སྦྱིན་འབྲེལ་པ་མ་གཏོང་བར། །གཞན་གྱི་ནོར་ལ་སེར་སྣ་བསམ་པའི་མི། །ད་ལྟ་བཀྲེས་སྐོམ་སྡུག་བསྔལ་མྱོང་བ་རྣམས། །གཅེར་བུ་སྣ་ཚོགས་སྡུག་བསྔལ་ཡོད་པ་ནི། །རང་གོས་མ་གྱོན་གཞན་ལ་སེར་སྣ་བྱེད། །ཟས་ནོར་གོས་ནི་རི་བོ་ཙམ་ཡོད་ཀྱང་། །ཟས་ཟོས་དབང་མེད་གོས་ནི་གྱོན་དབང་མེད། །ཆུ་ནི་རྒྱ་མཚོ་ཡོད་ཀྱང་བཏུང་དབང་མེད། །བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་བསམ་མི་ཁྱབ། །ཡི་དྭགས་རྣམས་ཀྱིས་ཁ་ནས་འདི་སྐད་ཟེར། །མི་ཡུལ་འཛམ་བུའི་གླིང་གི་མི་རྣམས་ལ། །སེར་སྣ་ཕྲག་དོག་ཞེ་སྡང་མ་བྱེད་གྱིས། །ངུ་འབོད་ཆེན་པོ་འདོན་གྱིན་འདུག །ཤུལ་མི་རྣམས་ནི་དགེ་བའི་ལས་ལ་འབུངས། །ལྟུང་བཤགས་དང་ནི་མཆོད་རྟེན་བཞེངས་པའི་མཐུས། །རྣལ་འབྱོར་ཕོ་མོར་ཆུ་གཏོར་གཏོང་གྱུར་ན། །ཡི་དྭགས་སྡུག་བསྔལ་འདི་ལས་ཐར་གྱིན་འདུག །དེ་ལྟར་མ་བགྱིས་ན་བསྐལ་པ་བརྒྱའི་བར་དུ་མི་ཐར་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ དེ་ནས་ཡང་གཤིན་རྗེ་རྟའི་མགོ་ཅན་སྐུ་མདོག་དམར་པོ། སྤྱན་གསུམ་ཧྲཱིག་ཧྲཱིག་གཟིགས་པ། ན་བཟའ་མི་སྤགས་གཡང་གཞི་གསོལ་བ། ཕྱག་གཡས་ན་ལྕགས་སྐམ་ནག་པོས་མིའི་ཆུང་མ་རྐུན་མ་བྱེད་པའི་མི་གཅིག་གིས་རང་གི་ཕོ་མཚན་ནས་བཟུང་སྟེ་དྲུས་པ་མཐོང་། ཕྱག་གཡོན་པས་རལ་གྲི་སྔོན་པོས་མགོ་ལ་བརྡུང་ཞིང་འདུག །གཤིན་རྗེ་པེ་ཏ་ལི་མགོ་ཅན་སྐུ་མདོག་ནག་པོ་ན་བཟའ་མི་སྤགས་ཀྱི་གཡང་གཞི་གསོལ་བ། གཡས་པས་མོས་ཕོ་རྐུན་མ་བྱེད་པའི་བུད་མེད་གཅིག་རྐང་པ་ནས་བཟུང་སྟེ་མགོ་བོ་ཐུར་དུ་བསྐྱུར་ཏེ། ཕྱག་གཡོན་པས་ཁྲོ་ཆུ་དམར་པོ་བྷ་ག་རུ་བླུག་པ་དང་། ནང་གི་གློ་སྙིང་རྒྱུ་མ་ནང་ཁྲོལ་རྣམས་ཁ་སྣ་ནས་ཕྱི་རུ་ཐོན་བྱུང་བས་ཤིན་ཏུ་ཚ་བའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ནས་ངུ་སྐད་ཆེན་པོ་འདོན་ཞིང་འདུག །ལ་ལ་ནི་སྙིང་ནས་ལྕགས་ཀྱི་གྲི་གུས་བཟུང་ནས་ཡོད་པ། ལ་ལ་ནི་ཁ་ལ་ཁྲོ་ཆུ་དམར་པོ་བླུག་གིན་འདུག །ལ་ལ་ནི་ཁྲོ་ཆུ་དམར་པོའི་ནང་དུ་བཙོས་ཤིང་ཡོད་པ། དེ་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་། ཡི་དམ་ལྷ་ལ་འདི་ཅི་ཡིན་ཞུས་པས།

ལྷའི་ཞལ་ནས་འདི་སྐད་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །ལས་མཁན་ཀྲི་ཏའི་མགོ་ཅན་བྱ་བ་འདི། །དམྱལ་ཁམས་འདིའི་སྒོ་སྲུང་བྱ་བ་ཡིན། །ལྕགས་སྐམ་ནག་པོས་ཕོ་མཚན་དྲུས་པ་འདི། །མིའི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །རང་གྲོགས་ཡོད་ཀྱང་གཞན་གྲོགས་རྐུ་འཕྲོག་བྱེད། །བུད་མེད་གྲོགས་ཅན་བརྐུས་པའི་རྣམ་སྨིན་ཡིན། །ཤིན་ཏུ་ཚ་བའི་སྡུག་བསྔལ་དཔག་ཏུ་མེད། །བུད་མེད་བྷ་གར་ཁྲོ་ཆུ་བླུག་པ་འདི། །རང་གི་གྲོགས་ནི་རྒྱབ་ཏུ་སྐྱུར་བཞག་ནས། །གཞན་གྱི་གྲོགས་པོ་བརྐུས་པའི་རྣམ་སྨིན་ཡིན། །ཕོ་ཡི་ཁ་ལ་ཁྲོ་ཆུ་བླུག་པ་འདི། །སྐྱེས་པས་བུད་མེད་བསླུ་བའི་རྣམ་སྨིན་ཡིན། །ཁྲོ་ཆུ་དམར་པོའི་ནང་དུ་བཙོས་པ་འདི། །བུད་མེད་གཞང་ཚོང་བྱས་པའི་རྣམ་སྨིན་ཡིན། །མགོ་ལ་རལ་གྲི་ཆེན་པོས་བརྡུང་པ་འདི། །བུད་མེད་དབང་བཙོང་བྱས་པའི་རྣམ་སྨིན་ཡིན། །འདོད་ཆགས་ཕྲག་དོག་བྱེད་པའི་མི་རྣམས་ནི། །བསྐལ་པ་མ་སྟོངས་བར་དུ་མི་ཐར་གསུངས། །འདི་ནི་བྱོལ་སོང་གི་དམྱལ་ཁམས་ཡིན་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་མི་གཅེར་བུ་བསམ་གྱིས་མི་ཁྱབ་པ་འདུག །ནམ་མཁའ་ནས་མཚོན་ཆར་དཔག་ཏུ་མེད་པ་གཅེར་བུ་རྣམས་ཀྱི་ལུས་ལ་འབབས་པ་མཐོང་། ལ་ལ་ནི་སྙིང་ལ་རལ་གྲི་བཙུགས་ནས་འཆི་བ་ཡོད། ལ་ལ་ནི་ལྕགས་ཀྱི་ཐོ་བ་ནག་པོས་མགོ་ལ་བརྡུང་ཞིང་འཆི་བ་ཡོད། ལ་ལ་ནི་ང་འདྲའི་སྡིག་པ་མ་བྱེད་ཟེར་ནས་ངུ་ཞིང་འདུག །ཡང་ངས་ལྷ་ལ་ཅི་ཡིན་ཞུས་པས།

ལྷའི་ཞལ་ནས་འདི་སྐད་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མཚོན་གྱིས་ཆར་པ་ཆེན་པོ་འབབས་པ་འདི། །དམྱལ་བའི་མཚོན་ཆ་འཁོར་ལོའི་ཡུལ་ཡང་ཟེར། །གཅེར་བུའི་ལུས་ལ་མཚོན་ཆར་འབབས་པ་རྣམས། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །མཚོན་ཆ་སྣ་ཚོགས་བརྡུང་བའི་རྣམ་སྨིན་ཡིན། ཤིན་ཏུ་ཚ་བའི་སྡུག་བསྔལ་གྲངས་མེད་ཡོད། །སྙིང་ལ་རལ་གྲི་རྣོན་པོས་བཙུགས་པ་འདི། །རལ་གྲིས་མི་རྣམས་བསད་པའི་རྣམ་སྨིན་ཡིན། །ལྕགས་ཀྱི་ཐོ་བ་ནག་པོས་བརྡུང་བ་འདི། །མཚོན་ཆའི་ཁེ་ཚོང་བྱས་པའི་རྣམ་སྨིན་ཡིན། །མཚོན་གྱི་ཆར་པས་བརྡུང་ཞིང་འཆི་བ་རྣམས། །མཚོན་ཆའི་སྲོག་གཅོད་བྱས་པའི་རྣམ་སྨིན་ཡིན། །ད་ལྟ་ལྕགས་བཟོ་བྱེད་པའི་སྡིག་པ་རྣམས། །རང་གི་མགོ་ལ་བབས་པའི་དམྱལ་བ་འདི་ལས་སྡུག་པ་མེད་དོ། །བསྐལ་པ་མ་སྟོངས་བར་འདི་ལས་མི་ཐར་འདུག །ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་དེའི་ནང་ལ་དུ་བ་འཁྱིལ་བའི་ནང་དུ་མི་ཚེ་ལས་འདས་པ་རྣམས་ཀྱི་མགོ་བོ་ནས་ཤིང་སྔོན་པོ་སྐྱེས་ཤིང་ཡོད་པ། ལ་ལ་ནི་མིའི་སྙིང་ནས་ཤིང་ནག་པོ་སྐྱེས་ཤིང་ཡོད། ལ་ལ་ནི་མིའི་གསང་གནས་ནས་ཤིང་ནག་པོ་སྐྱེས་ཤིང་ཡོད་པ། ལ་ལ་ནི་མིའི་ལག་པ་གཉིས་ནས་ཤིང་ནག་པོ་སྐྱེས་ཤིང་འདུག །ལ་ལ་ནི་མིའི་རྐང་པ་གཉིས་ནས་ཤིང་ནག་པོ་སྐྱེས་ཤིང་འདུག །དེའི་དུས་རླུང་ནག་ཆེན་པོ་གཅིག་བྱུང་བ་དང་། ཏམ་ཀའི་ཤིང་ཐམས་ཅད་རླུང་གིས་ཡར་མར་གཡོ་ཞིང་ཡོད་པའི་དུས་སུ་མིའི་སྙིང་ཐམས་ཅད་ཕྱིར་བཏོན་པ་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་ནས། ཡང་ཡི་དམ་ལྷ་ལ་འདི་རྣམས་ཅི་ཡིན་ཞུས་པས།

ལྷའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །དུ་བ་ནག་པོ་འཁྱིལ་བ་མཐོང་བ་འདི། །མི་རྣམས་ཏམ་ཀ་འཐུང་བའི་རྣམ་སྨིན་ཡིན། །མིའི་མགོ་ནས་ཤིང་ནག་སྐྱེས་པ་འདི། །མི་རྣམས་སྣ་ཐ་འཐེན་པའི་རྣམ་སྨིན་ཡིན། །སྙིང་ལ་ཤིང་ཆེན་ནག་པོ་སྐྱེས་པ་འདི། །ཁ་ལ་ཏམ་ཀ་ཟོས་པས་རྣམ་སྨིན་ཡིན། །གསང་གནས་ཤིང་ཆེན་ནག་པོ་སྐྱེས་པ་འདི། །ཆོས་པས་ཏམ་ཀ་ཟོས་པའི་རྣམ་སྨིན་ཡིན། །ལག་པ་གཉིས་ནས་ཤིང་ནག་སྐྱེས་པ་འདི། །མི་ལ་ཏམ་ཀ་བཙོང་བའི་རྣམ་སྨིན་ཡིན། །རྐང་པ་གཉིས་ནས་ཤིང་ནག་སྐྱེས་པ་འདི། །ཏམ་ཀའི་ཤིང་རྣམས་བཙུགས་པའི་རྣམ་སྨིན་ཡིན། །དགོན་སྡེ་གཅིག་གི་ནང་ལ་ཆོས་པ་གྲྭ་མང་ཡོད་ཀྱང་། མི་གཅིག་གིས་ཏམ་ཀ་འཐུང་ན་ཚུལ་ཁྲིམས་ཉམས་སོ། །རྫོང་ཆེན་གཅིག་གི་ནང་དུ་དཔོན་པོ་ཆེ་ཆུང་གྲངས་མང་ཡོད་ཀྱང་། མི་གཅིག་གིས་ཏམ་ཀ་འཐུང་ན་ཐམས་ཅད་དམྱལ་བར་འགྲོའོ། །ཡང་གྲོང་ཁྱེར་གཅིག་གི་ནང་དུ་མི་གཅིག་གིས་ཏམ་ཀ་འཐུང་ན་ཐམས་ཅད་དམྱལ་བར་འགྲོ། ཕ་མ་གཉིས་གཅིག་གིས་ཏམ་ཀ་འཐུང་ན་བུ་ཚ་ཐམས་ཅད་དམྱལ་བར་འགྲོ། ཁྲོམ་ཆེན་པོ་གཅིག་གི་ནང་དུ་མི་གཅིག་གིས་ཏམ་ཀ་འཐུང་ན་ཁྲོམ་ཐམས་ཅད་དམྱལ་བར་འགྲོ། ཏམ་ཀ་འཐུང་བ་དང་ཟོས་པ་དང་སྣ་ཐ་འཐེན་པ་དང་གསུམ་གྱི་དུ་བ་ལྷ་ལ་ཕོག་པས་ལྷ་ཐམས་ཅད་ཉམས་ནས་འགྲོ་བའི་ཉེས་དམིགས་ཀྱིས་བསྐལ་པ་གསུམ་གྱི་བར་དུ་དུ་བ་ནག་པོ་འཐིབ་པའི་སྡུག་བསྔལ་ལས་ཐར་དུས་མེད། ཁའི་དུ་བ་འདིས་བར་གྱི་བཙན་ལ་གནོད་པས། བཙན་ཐམས་ཅད་ཉམས་ནས་འགྲོ་བའི་ཉེས་དམིགས་ཀྱིས་ལོ་ནི་སུམ་སྟོང་གི་བར་དུ་ཐར་དུས་མེད། ཁ་ཆུ་འདི་འོག་གི་ས་ལ་འཕོས་ན་འོག་གི་ཀླུ་ལ་གནོད་པས་ཀླུ་ཐམས་ཅད་ཉམས་ནས་འགྲོ་བའི་རྣམ་སྨིན་གྱིས་བསྟན་པ་གཅིག་གི་བར་དུ་ཐར་དུས་མེད། ཏམ་ཀའི་དྲི་མ་འདིས་རང་གི་ལུས་ཀྱི་ལྷ་ཉམས་འདིས་རྣམ་སྨིན་གྱིས་རང་གི་མགོ་བོ་དང་ལུས་ཡན་ལག་ཐམས་ཅད་ནས་ཤིང་ཆེན་ནག་པོ་སྐྱེས་ནས་བསྐལ་པ་མ་སྟོངས་བར་དུ་ཐར་དུས་མེད་དོ། །ཡང་འདིའི་ནང་ནས་ཚེ་ལས་འདས་པ་རྣམས་ཀྱི་ཁ་ནས་འདི་སྐད་ཟེར་གྱིན་འདུག །མི་ཡུལ་འཛམ་བུའི་གླིང་གི་མི་རྣམས་ལ། །ཏམ་ཀའི་ལས་རྣམས་མ་བྱེད་སྡིག་ཆེར་འདུག །ཐར་དུས་མེད་པའི་སྡུག་བསྔལ་མྱོང་དགོས་འདུག །དཀར་པོ་དགེ་བའི་ལས་ནི་ཅི་བྱས་ཀྱང་། །ནག་པོ་ཏམ་ཀའི་སྡིག་པ་དག་དུས་མེད། །སྡུག་བསྔལ་འདིས་མི་ཆོག་ལྕགས་མཁར་སྒོ་མེད་དུ། །བསྐལ་པ་མ་སྟོངས་བར་དུ་ཐར་དུས་མེད། །ཅེས་གསུངས་སོ། །ཀྱི་ཧུད་ཟེར་ནས་ངུ་སྐད་ཆེན་པོ་འདོན་གྱིན་འདུག་གོ །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ གཤིན་རྗེ་འུག་པའི་མགོ་ཅན་སྐུ་མདོག་སྔོན་པོ་ན་བཟའ་སྟག་ཤམ་དང་དར་ལྗང་གསོལ་བ། ཕྱག་ན་ཞགས་པ་ནག་པོས་ཚེ་ལས་འདས་པ་རྣམས་ཀྱི་སྐེ་ནས་བཅིངས་ཏེ། རྡོ་རྗེའི་རི་བོ་ཆེན་པོ་བཅྭོ་བརྒྱད་བརྩེགས་པ་ཙམ་ཡོད་པའི་ནང་དུ་མི་རིགས་མི་གཅིག་པ་སྣ་ཚོགས་དེའི་འོག་ཏུ་མནན་པ་མཐོང་། ལ་ལ་ནི་མགོ་ནས་མེ་ཆེན་པོ་འབར་ཞིང་འདུག །ལ་ལ་ནི་ཁ་ལ་ཟངས་ཆུ་དམར་པོ་བླུག་གིན་འདུག །ལ་ལ་ནི་སྙིང་ཁར་རྡོ་རྗེ་ཆེན་པོ་བཙུགས་ཀྱིན་འདུག །ལ་ལ་ནི་རྐང་པ་གཉིས་ནས་ཞགས་པས་བཅིངས་ཀྱིན་འདུག །ལ་ལ་ནི་ཁ་ས་ལ་སྦུབས་ནས་རྡོ་རྗེ་ཆེན་པོས་གནོན་གྱིན་འདུག །འདི་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་ནས་འདི་ཅི་ཡིན་ཞུས་པས།

ལྷའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །རི་བོ་ཆེན་པོའི་འོག་ཏུ་གནོན་པ་འདི། །རྡོ་རྗེ་དམྱལ་བའི་ཡུལ་ཡང་ཟེར་བ་ཡིན། །ལས་མཁན་འུག་པའི་མགོ་ཅན་བྱ་བ་དེ། །དམྱལ་ཁམས་འདིའི་སྒོ་སྲུང་ཡིན་པར་འདུག །རི་བོ་བརྩེགས་པའི་འོག་ཏུ་མནན་པ་འདི། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །བླ་མ་དགེ་སློང་ཚུལ་ཁྲིམས་བསྲུངས་མཁན་རྣམས། །སྡོམ་པ་ཉམས་ཤིང་གྲོང་ཁྱེར་འགྲིམ་པ་དང་། །འཇིག་རྟེན་འཁོར་བར་འཁྱམས་པའི་རྣམ་སྨིན་ཡིན། །རྡོ་རྗེ་དམྱལ་བར་ལྷུང་ནས་ཡོང་གིན་འདུག །རི་བོ་བརྩེགས་པའི་འོག་ཏུ་གནོན་པ་རྣམས། །ལྷ་དང་ལྷ་མིན་འདིའི་འོག་སྡུག་བསྔལ་ཡོད། །མིའི་མགོ་ནས་མེ་ཆེན་འབར་བ་འདི། །སློབ་མས་བཀའ་ལོག་བྱས་པའི་རྣམ་སྨིན་ཡིན། །ཁ་ལ་ཟངས་ཆུ་དམར་པོ་བླུག་པ་འདི། །ཆོས་པ་རྣམས་ཀྱིས་ཆང་འཐུང་རྣམ་སྨིན་ཡིན། །སྙིང་ལ་རྡོ་རྗེ་ཆེན་པོས་བཙུགས་པ་འདི། །གསང་སྔགས་དམ་ཚིག་ཉམས་པའི་རྣམ་སྨིན་ཡིན། །རྐང་པ་ཐམས་ཅད་ཞགས་པས་བཅིངས་པ་ནི། །ཆོས་པས་ཁེ་ཚོང་བྱས་པའི་རྣམ་སྨིན་ཡིན། །ཁ་ནི་འོག་ཏུ་སྦུབས་ནས་གནོན་པ་འདི། །བླ་མ་དགེ་འདུན་གྱི་དཀོར་ཟས་ཟ་བའི་རྣམ་སྨིན་ཡིན། །རྡོ་རྗེ་དམྱལ་བར་ཡོད་པའི་མི་རྣམས་ནི། །དམ་ཚིག་མང་པོ་ཉམས་པའི་རྣམ་སྨིན་ཡིན། །སྡུག་བསྔལ་འདི་ལས་ཐར་དུས་མེད་དོ་གསུངས། །ཡང་དེའི་ནང་ལ་དམ་ཆོས་པོ་ཏི་རི་བོ་བརྩེགས་པ་ཙམ་ཡོད་པ། དེའི་འོག་ཏུ་མི་ཚེ་ལས་འདས་པ་དཔག་ཏུ་མེད་པ་མཐོང་། མཆོད་རྟེན་ཆེན་པོའི་འོག་ཏུ་མི་གྲངས་མེད་གནོན་གྱིན་འདུག །ཡང་ཁང་པ་རི་བོ་ཙམ་གྱི་འོག་ཏུ་མི་གྲངས་མེད་གནོན་པ་འདུག །ཡང་རྡོ་བོ་ཆེན་པོའི་འོག་ཏུ་མི་དཔག་ཏུ་མེད་པ་མནན་པ་མཐོང་། ཡང་བྲག་རི་ཆེན་པོ་གཉིས་ཀྱི་བར་ལ་མི་གྲངས་མེད་སྦྱར་ནས་ཤིང་ཆེན་པོ་སྐྱེས་ཤིང་ཡོད་པ། ཡང་རང་གི་ལུས་ལ་བྲག་རི་བོ་ལྟ་བུ་རྒྱབ་ཏུ་ཁུར་བ་ཡང་གྲངས་མེད་འདུག །ཡང་རང་གི་ལུས་ལ་ཕུར་པ་བཙུགས་པ་ཡང་མང་པོ་འདུག །ཡང་རང་གི་ལུས་ལ་བྱོལ་སོང་རྣམས་ཀྱིས་བསྐོར་བ་ཡང་མཐོང་། ཡང་ལས་མཁན་ཤ་བའི་མགོ་ཅན་དེས་མི་སྡིག་ཅན་རྣམས་སྐེ་ནས་ཞགས་པས་བཅིངས་ཏེ་ཁྲིད་སོང་བ་མཐོང་། གླང་ཆེན་མགོ་ཅན་གྱིས་རྡོ་ཆེན་པོ་ཕྱག་ན་བསྣམས་ཏེ་མིའི་སྙིང་ལ་གནོན་པ་མཐོང་། གཤིན་རྗེ་དོམ་གྱི་མགོ་ཅན་གྱིས་ཕྱག་ན་སོ་ལི་བསྣམས་ཏེ་མིའི་ལུས་ན་བཏུབ་པ་མཐོང་། འདི་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་ནས། ངས་ལྷ་ལ་ཞུས་པས། ལྷའི་ཞལ་ནས་འདི་སྐད་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །དམ་ཆོས་པོ་ཏིའི་འོག་ཏུ་མནན་པ་རྣམས། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །ཆོས་ལ་བམ་ཀློག་བྱས་པའི་རྣམ་སྨིན་ཡིན། །ད་ལྟ་དམ་ཆོས་འོག་ཏུ་སྡུག་བསྔལ་ཡོད། །མཆོད་རྟེན་འོག་ཏུ་གནོན་པའི་མི་རྣམས་ནི། །མཆོད་རྟེན་ནང་གཟུངས་བཏོན་པའི་རྣམ་སྨིན་ཡིན། །མི་རྣམས་ཁང་པ་རྒྱབ་ཏུ་ཁུར་མཁན་རྣམས། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །མགྲོན་པོ་རྣམས་ལ་གནས་ཚང་མ་སྦྱིན་པར། །ཁ་ངན་ཚིག་ངན་སྨྲས་པའི་རྣམ་སྨིན་ཡིན། །རྡོ་བོ་ཆེན་པོས་འོག་ཏུ་མནན་པ་འདི། །རྡོ་བཟོ་བྱེད་པའི་མི་རྣམས་ཐམས་ཅད་ཀྱིས། །རྡོ་འོག་འབུ་སྲིན་བསད་པའི་རྣམ་སྨིན་ཡིན། །

བྲག་རི་གཉིས་ཀྱི་བར་ལ་སྦྱར་བ་འདི། །ལུས་ཀྱི་ཤིག་རྣམས་བསད་པའི་རྣམ་སྨིན་ཡིན། །བྲག་རི་རྒྱབ་ཏུ་ཁུར་བའི་མི་རྣམས་ནི། །རྟ་བོང་ཁལ་བཀལ་བྱས་པའི་རྣམ་སྨིན་ཡིན། །རང་ལུས་ཕུར་པ་མང་པོ་བཙུགས་པ་དེ། །སྔགས་པས་ངན་མཐུ་བྱས་པའི་རྣམ་སྨིན་ཡིན། །རང་ལ་དུད་འགྲོ་སྣ་ཚོགས་བསྐོར་བ་དེ། །མོ་པ་རྣམས་ཀྱི་སེམས་ཅན་སྣ་ཚོགས་པ། །གྲངས་མེད་གསོད་དུ་བཅུག་པའི་རྣམ་སྨིན་ཡིན། །དེའི་སྲོག་ལན་རང་ལ་ཁུར་བ་ཡིན། །ལས་མཁན་ཤ་བའི་མགོ་ཅན་བྱ་བ་དེ། །མི་ནི་སྣ་ཚོགས་ཞགས་པས་བཅིངས་པ་དེ། །རི་དྭགས་མང་པོ་གསོད་པའི་རྣམ་སྨིན་ཡིན། །དམྱལ་བ་ལྕགས་མཁར་ནང་དུ་ཁྲིད་རྒྱུ་ཡིན། །གཤིན་རྗེ་གླང་ཆེན་མགོ་ཅན་བྱ་བ་ཡིས། །མིའི་སྙིང་ལ་བྲག་རིས་གནོན་པ་འདི། །གཏོར་བཟློག་སྲི་མནན་བྱས་པའི་རྣམ་སྨིན་ཡིན། །ལས་མཁན་དོམ་གྱི་མགོ་ཅན་བྱ་བ་དེས། །མིའི་ལུས་པོ་མཚོན་གྱིས་གཏུབ་པ་འདི། །ཤིང་བཟོས་འབུ་སྲིན་གསོད་པའི་རྣམ་སྨིན་ཡིན། །རང་གི་མགོ་ལ་ཤིང་ཆེན་སྐྱེས་པ་འདི། །མི་ཡུལ་གྲང་ང་ཁམས་ལ་བསྡད་དུས་སུ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་ནས་ཀྱང་། །ཤིང་དང་བྲག་རི་མེ་ཆུ་ཐམས་ཅད་ལ། །རང་སྲོག་རང་གིས་ལྕེབས་པའི་རྣམ་སྨིན་ཡིན། །ལུས་ལས་ཤིང་ཆེན་སྐྱེས་པའི་སྡུག་བསྔལ་ཡོད། །ལས་ཀྱི་སྡུག་བསྔལ་མྱོང་མཁན་བསམ་མི་ཁྱབ། །མི་ཡུལ་གང་བྱེད་བར་དོར་སྡུག་བསྔལ་ཡོད། །ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་ཐང་ཆེན་པོ་གཅིག་གི་ནང་དུ་སླེབས་སོང་། གཤིན་རྗེ་སྟག་གི་མགོ་ཅན་དང་གླང་གི་མགོ་ཅན། ཁྱུང་གི་མགོ་ཅན་སྤྲེའུའི་མགོ་ཅན་ཕག་གི་མགོ་ཅན། ལས་མཁན་འདི་རྣམས་ཀྱི་འཁོར་གཡོག་ནི་ཁྲི་གསུམ་ཙམ་ཡོད་པ། རང་རང་གི་སྐུ་ལ་ན་བཟའ་སྟག་ཤམ་དང་མི་ལྤགས་ཀྱི་གཡང་གཞི་རུས་རྒྱན་དང་། དར་སྣ་ཚོགས་གསོལ་བ། སྐུ་མདོག་སྣ་ཚོགས་སྤྱན་གསུམ་ཁྲོ་ཚུགས་སུ་བལྟ་བ། ཕྱག་མཚན་མཚོན་ཆ་སྣ་ཚོགས་བསྣམས་ཏེ་གར་སྟབས་སུ་བཞུགས་པ། འདི་རྣམས་ཕྱེད་ཙམ་ཐང་ཆེན་པོ་འདིའི་སྟོད་ལ་བཞུགས་ཡོད་པ། ཕྱེད་ཙམ་ཐང་ཆེན་སྨད་ལ་བཞུགས་པ་ཡོད། ཐང་ཆེན་འདིའི་བར་ལ་མི་ཚེ་ལས་འདས་པ་རྣམས་གནམ་གྱི་སྐར་མ་དང་སའི་བྱེ་མ་ལས་མང་བ་བསམ་གྱིས་མི་ཁྱབ་པ་འདུག །ལ་ལ་ནི་ལུས་གཅེར་བུ་ཁ་ནམ་མཁའ་ལ་བལྟས་ནས་ངུ་ཞིང་འདུག །ལ་ལ་ནི་ཁ་ས་ལ་སྦུབས་ཏེ་ངུ་ཞིང་འདུག །ལ་ལ་ནི་ཁ་ཡུལ་ཕྱོགས་སུ་བལྟ་ཞིང་ངུ་བ། ལ་ལ་ནི་ཁ་ཞིང་ཁམས་ཀྱི་ཕྱོགས་སུ་བལྟ་ཞིང་ངུ་བ། ལ་ལ་ནི་མིའི་ཡུལ་གྱི་ལམ་ལ་བལྟ་ཞིང་ངུ་བ། ལ་ལ་ནི་གཤིན་རྗེ་རྣམས་ལ་བལྟ་ཞིང་ངུ་བ། མི་ཡང་བསམ་གྱིས་མི་ཁྱབ་པ་མཐོང་། ལ་ལ་ནི་མི་ཡུལ་དུ་བལྟ་ཞིང་དགའ་སྤྲོ་བྱེད་པའི་མི་ཡང་འདུག །ལ་ལ་ནི་ཞིང་ཁམས་ཀྱི་ཕྱོགས་སུ་བལྟ་ཞིང་ཕྱག་འཚལ་མཁན་ཡང་འདུག །ལ་ལ་ནི་ཟས་ནོར་ལོངས་སྤྱོད་འབྱུང་ནས་དགའ་སྐྱིད་འཛོམས་པའི་མི་ཡང་འདུག །ལ་ལ་ནི་དམ་ཆོས་པོ་ཏི་རྒྱབ་ཏུ་ཁུར་ནས་སྡོད་པའི་མི་ཡང་འདུག །ལ་ལ་ནི་ཡི་གེ་དྲུག་མའི་དར་ཆེན་འཕྱར་ནས་ལག་པས་བཟུང་ནས་བསྡད་པའི་མི་ཡང་བསམ་གྱིས་མི་ཁྱབ་པ་ཡང་འདུག །ཡང་ལས་མཁན་རྣམས་ཀྱིས་བཅིངས་པ་ནས་བཀྲོལ་ཏེ་འཇིགས་སྐྲག་ཡང་མི་གཏོང་བར་འདུག་གོ། ངས་ཡི་དམ་ལྷ་ལ་ཞུས་པ། ལ་ལ་ནི་དགའ་སྐྱིད་ཡོད་པ། ལ་ལ་ནི་ངུ་འབོད་ཡོད་པ། ལ་ལ་ནི་བཀྲེས་སྐོམ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་མཐོང་ནས་ཇི་ལྟར་ལགས་ཞུས་པ་དང་།

ཡི་དམ་ལྷས་དེ་སྐད་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །བསྐལ་པའི་ཐང་ཆེན་ཆེན་པོ་ཡོད་པ་འདི། །སྲིད་པའི་བར་དོ་ཆེན་པོའི་ཡུལ་ཡང་ཟེར། །ཡང་སོས་དམྱལ་བའི་གྲོང་མོ་ཆེ་ཡང་ཟེར། །གཤིན་རྗེ་དཔག་ཏུ་མེད་པ་འཛོམས་པ་འདི། །ཚེས་བཅུ་དང་བཅོ་ལྔ་གནམ་གང་གསུམ། །དམྱལ་ཁམས་བཅྭོ་བརྒྱད་ཀྱི་ནི་དུས་བཟང་ཡིན། །འདིའི་དུས་སུ་དམྱལ་ཁམས་བཅོ་བརྒྱད་ཀྱི། །ལས་མཁན་རྣམས་ཀྱང་འདི་རུ་འཛོམས་རྒྱུ་ཡིན། །ཐང་སྟོང་དེ་ལ་བཞུགས་པའི་གཤིན་རྗེ་རྣམས། །ཟངས་ཆེན་ཚ་དམྱལ་རྣམས་ཀྱི་བདག་པོ་ཡིན། །ཐང་ཆེན་སྨད་ལ་བཞུགས་པའི་གཤིན་རྗེ་རྣམས། །མཚོ་ཆེན་གྲང་དམྱལ་རྣམས་ཀྱི་སྒོ་སྲུང་ཡིན། །བཅིངས་པ་དགྲོལ་ནས་འཇིགས་པ་མི་གཏོང་བས། །དུས་བཟང་གསུམ་ལ་དམྱལ་བའི་ཡུལ་ནས་ཐར། །ཡང་སོས་ཐང་ཆེན་ནང་ལ་སླེབས་པ་ཡིན། །དམྱལ་ཁམས་བཅྭོ་བརྒྱད་ངན་སོང་མྱོང་མཁན་རྣམས། །དུས་བཟང་གསུམ་ལ་དམྱལ་བ་ཡང་སོས་སླེབས། །གཅེར་བུ་ནམ་མཁར་བལྟ་ཞིང་ངུ་བ་རྣམས། །མིའི་ཡུལ་འཛམ་བུའི་གླིང་དུ་བསྡད་པའི་དུས། །སྲོག་གཅོད་སྡིག་པ་བྱེད་པའི་མི་རྣམས་ཡིན། །ལྕགས་མཁར་ནང་ནས་ཐར་པའི་མི་རྣམས་ནི། །འགྱོད་སེམས་དྲག་པོ་བསྐྱེད་ནས་ངུ་བ་ཡིན། །ས་ལ་བུབ་སྟེ་ངུ་བའི་མི་རྣམས་ནི། །ཆོས་པ་ཚུལ་ཁྲིམས་ཉམས་པའི་མི་རྣམས་ཡིན། །རྡོ་རྗེ་དམྱལ་ནས་ཡང་སོས་སླེབས་ནས་ཀྱང་། །རང་སེམས་འགྱོད་པའི་ངང་ནས་ངུ་བ་ཤོར། །མི་ཡུལ་ཕྱོགས་སུ་བལྟ་ཞིང་ངུ་བ་རྣམས། །ཟངས་ཆེན་ནང་ནས་ཐར་པའི་མི་རྣམས་ནི། །འཛམ་བུའི་གླིང་ནས་དགེ་གཏོང་ཡོད་ན་བསམ། །ཡུལ་ཕྱོགས་བལྟ་ཞིང་སྡུག་བསྔལ་བསམ་གྱིན་དུས། །ཞིང་ཁམས་ཕྱོགས་སུ་བལྟ་ཞིང་ངུ་བ་རྣམས། །མཐོ་རིས་ཐར་པའི་བསྐལ་པ་མ་བྱུང་བས། །རང་སེམས་འགྱོད་པ་བསྐྱེད་ནས་ངུ་དགོས་བྱུང་། །མི་ཡུལ་ལམ་ལ་བལྟ་ཞིང་ངུ་བ་འདི། །མཚན་ལྡན་བླ་མ་རྣམས་ནི་ཕེབས་ནས་སུ། །ལས་ངན་འདྲེན་དུ་རེ་ནས་ངུ་བ་ཤོར། །གཤིན་རྗེ་རྣམས་ལ་བལྟ་ཞིང་ངུ་མི་རྣམས། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་ལ། །མི་ལ་རྡུང་རྫོབ་རྡེག་བྱས་པའི་རྣམ་སྨིན་དང་། །སེམས་ལ་འགྱོད་སེམས་བྱུང་ནས་ངུ་བ་ཡིན། །ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་རྣམས་ཀྱི། །མི་རྣམས་དུས་བཟང་གསུམ་ལ་ཡང་སོས་སླེབས། །ཉི་མ་རེ་ལ་བརྒྱ་རྩར་འཆི་བ་ཡོད། །ཡང་ནི་ཉི་མ་རེ་ལ་བརྒྱ་རྩར་སོས། །མིའི་ཡུལ་དུ་བལྟ་ཞིང་དགའ་བ་རྣམས། །འདི་ལས་ཐར་ནས་མིའི་ཡུལ་འགྲོ་ཟེར་རོ། །ཞིང་ཁམས་ཕྱོགས་ལ་དད་ཅིང་ཕྱག་འཚལ་རྣམས། །མ་དག་འཁོར་བའི་གནས་ལས་ཐར་ནས་ཀྱང་། །དག་པའི་ཞིང་དུ་འགྲོ་རྒྱུ་ཡིན་ནོ་ཟེར། །ཟས་ནོར་ལོངས་སྤྱོད་སྣ་ཚོགས་ཡོད་པ་རྣམས། །སྔ་མ་མཆོད་སྦྱིན་བྱས་པའི་སྦྱིན་ཤུགས་ཀྱིས། །བར་དོར་སྦྱིན་ཤུགས་བྱུང་སྟེ་དགའ་སྐྱིད་ཡོད། །དམ་ཆོས་པོ་ཏི་རྒྱབ་ཏུ་ཁུར་མཁན་རྣམས། །མི་ཡུལ་ཡོད་པའི་མི་རྣམས་ཐམས་ཅད་ཀྱིས། །གཤིན་དོན་ཆོས་ཀློག་བྱས་པའི་ཕན་ཡོན་ཀྱང་། །ཡང་སོས་འདི་རུ་སླེབས་པས་ཐོབ་པ་ཡིན། །ཡི་གེ་དྲུག་མའི་དར་ཆེན་བཟུང་མཁན་རྣམས། །དར་ཆེན་མང་པོ་འཕྱར་བའི་ཕན་ཡོན་གྱིས། །སྲིད་པའི་བར་དོར་སླེབས་ནས་བདེ་བ་ཡོད། །འདི་ཡི་ནང་ལ་བཞུགས་པའི་གཤིན་རྗེ་རྣམས། །འདི་རུ་སླེབས་པའི་ཞི་བའི་ཚུལ་དུ་བཞུགས། །ཚེ་ལས་འདས་པའི་མི་བསམ་གྱིས་མི་ཁྱབ་པ་རྣམས་སྔར་བཞིན་དམྱལ་བར་སླར་ལོག་འགྲོ་མཁན་ཡང་ཡོད། རིགས་དྲུག་ལ་འགྲོ་མཁན་ཡང་ཡོད། མིའི་ཡུལ་དུ་སླར་ལོག་འགྲོ་མཁན་ཡང་ཡོད། ཞིང་ཁམས་ལ་འགྲོ་མཁན་ཡང་ཡོད། མི་སྣ་ཚོགས་དགའ་སྐྱིད་འཛོམས་པ་རྣམས་ཀྱང་། རང་རང་སོ་སོའི་གནས་ལ་འགྲོ་གིན་འདུག །ཡར་འགྲོ་མར་འགྲོ་ཡི་ས་མཚམས་དམྱལ་བ་ཡང་སོས་ཆེན་པོ་ཡིན་ནོ། །ཞེས་གསུངས་སོ། །

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ དེ་ནས་མར་ལ་དཔག་ཚད་གཅིག་གི་ས་ན། ས་གཞི་ཐམས་ཅད་མཐིང་གི་ཁ་དོག་ལྟ་བུ་ཡོད་པའི་ནང་ལ། ཆུ་ཆེན་པོ་གཅིག་ཡོད་པའི་ཆུ་འདིའི་མཚམས་ན། རྡོ་ནག་པོ་ཞིག་གི་གཞོང་པ་ནམ་མཁའ་ཙམ་དུ་ཡོད་པའི་ནང་ལ། གཤིན་རྗེ་རྟའི་མགོ་ཅན་ཞལ་གཅིག་བྱའི་མཆུ་གསུམ་ཡོད་པ། སྐུ་མདོག་མཐིང་ནག་སྐུ་གཅེར་བུ་གར་སྟབས་སུ་བཞུགས་པ། སྤྱན་གསུམ་ཁྲོ་ཚུགས་སུ་བལྟ་བ། ཕྱག་གཡས་ན་རལ་གྲི་བསྣམས་པ། གཡོན་པས་ཐིག་སྐུད་སྔོན་པོ་བསྣམས་པ། དེའི་གཡས་ན་ཁྱིའི་མགོ་ཅན་སྐུ་མདོག་དམར་པོ། ཕྱག་གཡས་ན་མདུང་རྩེ་གསུམ་བསྣམས་པ། གཡོན་ཐིག་སྐུད་དམར་པོ་བསྣམས་ནས་བཞེངས་ཏེ་བཞུགས་པ། དེའི་གཡོན་ན་རའི་མགོ་ཅན་སྐུ་མདོག་སྨུག་པོ་ཕྱག་གཡས་སྟ་གྲི་བསྣམས་པ། གཡོན་ན་ཐིག་སྐུད་སྨུག་པོ་བསྣམས་ནས་བཞེངས་ཏེ་བཞུགས་པ། གཤིན་རྗེ་དེ་གསུམ་གྱི་འཁོར་གཡོག་ཀྱང་བསམ་གྱིས་མི་ཁྱབ་པ་རྡོའི་གཞོང་པའི་མཐའ་ཐམས་ཅད་བསྐོར་ཞིང་ཡོད་པ། དེའི་ནང་དུ་ཚེ་ལས་འདས་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཡང་འདུག །མི་ལ་ལ་ནི་གན་རྐྱལ་བརྡབ་ནས་མགོ་བོ་ནས་མར་རྐང་མཐིལ་གྱི་བར་ཐིག་སྔོན་པོ་བཏབ་ཀྱིན་འདུག །རྟའི་གདོང་འདིའི་རལ་གྲིས་ལུས་ཐམས་ཅད་དུམ་བུར་གཏུབ་པ་མཐོང་། ལ་ལ་ནི་མིའི་ལུས་ས་ལ་བུབ་ནས་རྒྱབ་གཞུང་དུ་ཐིག་སྐུད་དམར་པོ་བཏབ་ནས། ཁྱིའི་མགོ་ཅན་གྱིས་མདུང་རྩེ་གསུམ་གྱིས་ལུས་ཐམས་ཅད་དུམ་བུར་གཏུབ་ནས་ཡོད། ལ་ལ་ནི་ལངས་ཏེ་ཐིག་སྐུད་སྨུག་པོ་བཏབ་ནས། རའི་མགོ་ཅན་གྱི་སྟ་གྲི་ནག་པོས་མིའི་ཡན་ལག་ཐམས་ཅད་དུམ་བུར་གཏུབ་ཀྱིན་འདུག །ལ་ལ་ནི་ལུས་ཀྱི་ལྤགས་པ་ཐམས་ཅད་བཤུལ་གྱིན་འདུག །ལ་ལ་ནི་མགོ་འགས་པ། ལ་ལ་ནི་སྙིང་ལ་ཕུར་པ་བཙུགས་པ། ལ་ལ་ནི་ལྕགས་སྐམ་ནག་པོས་མགོ་བོ་སྦྱར་ནས་མིག་གཉིས་ཕྱིར་བཏོན་ནས་ཡོད་པ། ལ་ལ་ནི་ཁ་ལ་མེ་ཆུ་བླུག་ཅིང་ཡོད་པ། ལ་ལ་ནི་མགོ་ཐུར་དུ་བཙུགས་ནས་རྐང་པ་གཉིས་ལ་ལྕགས་ཀྱི་ཚེར་མ་བཙུགས་པ། ལ་ལ་ནི་མགྲིན་པ་བཏུབ་ནས་ཆུར་སྐྱུར་བ། ཚེ་ལས་འདས་པ་ཐམས་ཅད་ཐིག་གིས་མཚོ་ཆེན་དེ་ལ་བཅུག་པ་མཐོང་། མཚོ་འདིའི་མཐའ་མར་མི་གཅེར་བུ་དཔག་ཏུ་མེད་པ་ཀྱཻ་མ་ཀྱི་ཧུད་ཟེར་ཞིང་ངུ་སྐད་ཆེན་པོ་འདོན་ཞིང་འདུག་གོ། ཡང་འདི་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་བས། བུ་མོ་ང་ཡང་སེམས་སྐྱོ་བ་ཞིག་བྱུང་ནས། འདི་རྣམས་ཚེ་སྔ་མ་ལས་ནི་ཅི་བྱས་པའི་སྡུག་བསྔལ་འདི་ལྟར་མྱོང་བ་ཡིན་ཞེས་ཞུས་པས། ཡི་དམ་ལྷའི་ཞལ་ནས་འདི་སྐད་ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་མ་ཡེངས་བུ་མོ་ཚུར་ཉོན་དང་། །རྒྱ་མཚོ་ཆེན་པོ་ཡོད་པ་འདི་དག་ནི། །དམྱལ་བ་ཐིག་ནག་མཚོ་མོ་ཆེ་ཡང་ཟེར། །རྡོ་ནག་གི་གཞོང་པ་ཆེན་པོ་འདི། །ལུས་ནི་དུམ་བུར་གཏུབ་པའི་ཡུལ་ཡང་ཟེར། །གཤིན་རྗེ་རྟའི་གདོང་ཅན་བྱ་བ་འདི། །དམྱལ་བ་ཐིག་ནག་དཔོན་པོ་ཡིན་ནོ་གསུངས། །ཁྱི་གདོང་ར་གདོང་མགོ་ཅན་ཐམས་ཅད་ནི། །དམྱལ་ཁམས་འདིའི་བཤན་པ་ཡིན་ནོ་གསུངས། །གན་རྐྱལ་བཞག་ནས་ཐིག་སྔོན་བཏབ་པ་འདི། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་པའི་དུས། །དུད་འགྲོ་བྱ་ཕག་མང་པོ་གསོད་པ་དང་། །རང་གསོའི་སེམས་ཅན་གསོད་པའི་རྣམ་སྨིན་གྱིས། །ཉི་མ་རེ་ལ་ལུས་ནི་བརྒྱ་རྩར་གཏུབ། །ལུས་འདི་བརྒྱ་རྩར་གཏུབ་ཀྱང་ཡང་ཡང་སོས། །ལོ་ནི་འབུམ་གསུམ་ཐིག་ནག་འདི་ལས་མི་ཐར་རོ། །ལུས་ནི་ས་ལ་སྦུབས་ཏེ་གཏུབ་པ་རྣམས། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །ཆོས་པ་ཚུལ་ཁྲིམས་ཡོད་པའི་མི་རྣམས་ཀྱིས། །དལ་འབྱོར་མི་གསུམ་བསད་པའི་རྣམ་སྨིན་གྱིས། །ཉི་མ་རེ་ལ་ལས་ནི་བདུན་ཅུ་སྒྲུབས། །བདུན་ཅུ་སྒྲུབ་ཀྱང་ཡང་བསྐྱར་གཏུབ་ཀྱིན་འདུག །བསྐལ་པ་གསུམ་གྱི་བར་དུ་མི་ཐར་རོ། །མིའི་ཡན་ལག་ཐམས་ཅད་གཏུབ་པ་འདི། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །དཔོན་བྱེད་དབང་བཙན་ཆེ་བས་མི་ཆོག་པ། །འབངས་མི་རྡུང་རྫོབ་རྡེག་བྱས་པའི་རྣམ་སྨིན་གྱིས། །ཡན་ལག་རལ་གྲིས་གཏུབ་པའི་སྡུག་བསྔལ་ཡོད། །ལོ་ནི་སྟོང་གི་བར་དུ་ཐར་དུས་མེད། །ལུས་ཀྱི་ལྤགས་པ་ཚལ་བཤུས་བྱེད་པ་འདི། །དུད་འགྲོ་ལྤགས་པ་གསོན་བཤུས་རྣམ་སྨིན་ཡིན། །ཉི་མ་རེ་ལ་ལུས་ནི་ལྔ་བཅུ་དང་། །ལྤགས་པ་བཤུས་པས་སྡུག་བསྔལ་མང་པོ་ཡོད། །བསྐལ་པ་གཅིག་གི་བར་དུ་ཐིག་ནག་ཆེན་པོ་ནས། །མི་རྣམས་འདི་ལས་ཐར་དུས་མེད་དོ་གསུངས། །མགོ་བོ་གེད་པ་ཡོད་པའི་མི་རྣམས་ནི། །དམག་འཁྲུག་བྱས་ནས་མི་གསོད་རྣམ་སྨིན་ཡིན། །བསྟན་གཅིག་བར་ལ་ཐིག་ནག་དེ་རུ་ལུས། །སྙིང་ལ་ཕུར་པ་ཟུར་གསུམ་བཙུགས་པ་འདི། །བླ་མ་རྣམས་ལ་མཐུ་བཏང་རྣམ་སྨིན་ཡིན། །སྙིང་ལ་ཕུར་པ་བཏབ་པས་སྡུག་བསྔལ་ཡོད། །ལྕགས་སྐམ་ནག་པོས་མགོ་སྦྱར་མིག་བཏོན་འདི། །མི་ཡུལ་ཨར་ཇག་བྱས་པའི་རྣམ་སྨིན་ཡིན། །ཉིན་རེར་མིག་གཉིས་ལན་ནི་ཉི་ཤུ་རེ། །བཏོན་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། །ལོ་སྟོང་བར་དུ་འདི་ལས་ཐར་དུས་མེད། །ཁ་ལ་མེ་ཆུ་ནག་པོ་བླུག་པ་འདི། །དགེ་འདུན་སྐུར་པ་བཏབ་པའི་རྣམ་སྨིན་ཡིན། །རྐང་པ་གཉིས་ལ་ལྕགས་ཚེར་བཙུགས་པ་འདི། །བྱ་དང་རི་དྭགས་བསད་པའི་རྣམ་སྨིན་ཡིན། །སྐེ་ནས་གཏུབ་སྟེ་ཆུ་ལ་སྐྱུར་བ་འདི། །སྐུ་གསུང་ཐུགས་རྟེན་བཞུགས་པའི་ལྷ་ཁང་ལ། །འོག་རླུང་གཙང་བཙོག་ཤོར་བའི་རྣམ་སྨིན་ཡིན། །ཁ་སྨྲས་ཞུ་ལོག་བྱས་པའི་རྣམ་སྨིན་གྱིས། །ཐིག་ནག་ཆུ་ལ་སྐྱུར་བའི་སྡུག་བསྔལ་ཡོད། །ངུ་སྐད་མང་པོ་འདོན་པའི་མི་རྣམས་ནི། །མི་ཡུལ་བསྡད་དུས་ལྷ་ཆོས་མ་བྱས་པར། །ད་ལྟ་འགྱོད་སེམས་བསྐྱེད་ནས་ངུ་སྐད་འདོན། །ལས་ངན་ཚོགས་མ་བསགས་པའི་སྡིག་ཅན་རྣམས། །བསྐལ་པ་བདུན་གྱི་བར་དུ་ཐིག་ནག་འདི་ལས་མི་ཐར་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡི་དམ་གྱི་ཞལ་ནས་བུ་མོ་ཁྱེད་རང་མར་ལ་ལྟོས་དང་གསུངས། ངས་མར་ལ་བལྟས་པས་དཔག་ཚད་གསུམ་ཡོད་པའི་ས་རུ་སླེབས་པ་དང་། ས་གཞི་ཐམས་ཅད་ནག་པོ་ཡོད་པ། དུ་བ་ནག་པོས་སྟེང་འོག་ཐམས་ཅད་ཐིབ་འཐིབས་ཡོད་པས་ལྕགས་ཀྱི་ཁང་པ་ནག་པོ་རི་བོ་བཅྭོ་བརྒྱད་བརྩེགས་པ་ཙམ་དུ་ཡོད་པ། སྟེང་དུ་མཚོན་ཆ་སྣ་ཚོགས་ཁང་པ་ཐོག་ཕུབ་པ་ལྟར་ཡོད་པ། འདིའི་མདུན་དུ་གཤིན་རྗེ་གླང་གི་མགོ་ཅན་སྐུ་མདོག་ནག་པོ་མི་ལྤགས་ཀྱི་གཡང་གཞི་གསོལ་བ། ཕྱག་མཚན་ཞགས་པ་དང་གྲི་གུག་བསྣམས་ཏེ་བཞུགས། ཚེ་ལས་འདས་པ་རྣམས་འདིས་བཅུག་པ་མཐོང་། ཡང་ཁང་པ་དམར་པོའི་ནང་ནས་མེ་རི་དམར་པོ་འབར་ཞིང་ཡོད་པ། དེའི་མདུན་གཤིན་རྗེ་གཟིག་མགོ་ཅན་སྐུ་མདོག་སྨུག་ནག་ཡོད་པ། ཕྱག་ན་ཡོད་པའི་ལྕགས་སྒྲོགས་ཀྱིས་བཅིངས་ཏེ་ཁང་པའི་ནང་དུ་བཅུག་པ་མཐོང་། ཡང་ཁང་པ་སྔོན་པོ་རླུང་དམར་ཆེན་པོས་བསྐོར་བ། དེའི་རྩ་བར་གཤིན་རྗེ་ཡོས་ཀྱི་མགོ་ཅན་སྐུ་མདོག་ལྗང་ཁུ་ཡོད་པ། ཕྱག་ན་རྒྱུ་མའི་ཞགས་པས་ཚེ་ལས་འདས་པ་རྣམས་མགུལ་བ་བསྡམས་ཏེ་བཅུག་པ་མཐོང་། ཡང་ཁང་པ་སྨུག་པོའི་ཕྱི་ནང་ཐམས་ཅད་དུ་སྦྲུལ་ཆེན་པོས་བསྐོར་ཞིང་ཡོད་པ། དེའི་མདུན་དུ་གཤིན་རྗེ་ཤ་བའི་མགོ་ཅན་སྐུ་མདོག་སྔོན་པོ་ན་བཟའ་སྟག་ཤམ་གསོལ་བ། ཕྱག་ན་ལྕགས་ཀྱུ་བསྣམས་ཏེ་ཚེ་ལས་འདས་པ་རྣམས་བཅུག་པ་མཐོང་། ཁང་པ་འདི་རྣམས་ཀྱང་ཤིན་ཏུ་འཇིགས་པའི་ཁང་པ་ཡོད་པས། ཁང་པ་འདི་རྣམས་ཀྱི་ནང་དུ་ལས་མཁན་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་འདུག །ཁང་པ་འདི་རྣམས་ཀྱི་ནང་ནས་ཀྱང་མི་གཟུགས་མི་མཐོང་བའི་ངུ་སྐད་མང་པོ་དཔག་ཏུ་མེད་པ་ཕྱི་ལ་ཐོས་བྱུང་ངོ་། །ཁང་པའི་ཕྱི་ལ་ཚེ་ལས་འདས་པ་བསམ་གྱིས་མི་ཁྱབ་ངུ་སྐད་ཆེན་པོ་འདོན་གྱིན་འདུག །ལ་ལ་ནི་ལྕགས་ཀྱི་ཐོ་བས་མགོ་ལ་བརྡུང་ཞིང་ཡོད། ལ་ལ་ནི་སྙིང་ལ་མདའ་བཙུགས་པ་འདུག །ལ་ལ་ནི་ལུས་ལྕགས་གཟེར་སྟོང་གདབ་པ་ཡོད། ལ་ལ་ནི་སྦྲུལ་གྱི་ཞགས་པས་བཅིངས་པ་འདུག །ལ་ལ་ནི་ཏམ་ཀའི་དུག་རྣམས་ཁ་ལ་བླུག་གིན་འདུག །ལ་ལ་ནི་ཁྲོ་ཆུ་དམར་པོ་བླུག་གིན་འདུག །ལ་ལ་ནི་བྲག་ཆེན་པོ་རྒྱབ་ཏུ་ཁུར་གྱིན་འདུག །འདི་ལྟ་བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མཐོང་། ཡི་དམ་ལྷ་ལ་ཞུས་པས། ལྷས་འདི་སྐད་ཅེས་གསུངས་སོ། །

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་ལས་ཅན་བུ་མོ་ཚུར་གསོན་དང་། །ས་གཞི་སྟེང་འོག་ནག་པོས་འཐིབས་པ་འདི། །དམྱལ་ཁམས་བཅྭོ་བརྒྱད་གྲོང་མོ་ཆེ་ཡང་ཟེར། །ཁང་པ་ནག་པོར་མཚོན་ཆར་ཕུབ་པ་འདི། །ཤན་པ་སྡིག་ཅན་བཅུག་པའི་ལྕགས་ཁང་ཡིན། །གཤིན་རྗེ་གླང་གི་མགོ་ཅན་བྱ་བ་འདི། །ཁང་པ་ནག་པོ་འདིའི་སྒོ་སྲུང་ཡིན། །དེའི་ནང་དུ་བཅུག་པའི་མི་རྣམས་ནི། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །དལ་འབྱོར་མི་ལུས་ལན་ཅིག་ཐོབ་དུས་ལ། །འཆི་བ་མི་དྲན་མི་ལུས་སྟོང་པར་སོང་། །མི་ཡུལ་དུད་འགྲོ་མཐོང་ཚད་ཐམས་ཅད་ནི། །གྲངས་ཀྱིས་མི་ནུས་སེམས་ཅན་འབུམ་ཚོ་བསད། །ཤ་ཟ་ཁྲག་འཐུང་བྱེད་པའི་བཤན་པ་ཚོགས། །ས་སྟེང་ས་འོག་ཅི་ཡང་མི་མཐོང་བར། །ལྕགས་སྒྲོམ་ནག་པོའི་ནང་དུ་སྡུག་བསྔལ་ཡོད། །བསྐལ་པ་གསུམ་གྱི་བར་དུ་མི་ཐར་གསུངས། །དེའི་ནང་ནས་ངུ་འབོད་འདོན་པ་རྣམས། །འཛམ་བུའི་གླིང་དུ་ཡོད་པའི་མི་རྣམས་ཀྱིས། །སེམས་ཅན་སྲོག་གཅོད་མི་བྱེད་ཚེ་ཐར་གཏོང་། །སྲོག་གཅོད་སྡིག་པ་སྤོངས་ཤིག་མི་རྣམས་ཀུན། །མཚོན་ཆར་ཆེན་པོའི་སྡུག་བསྔལ་ཡོད་དོ་ཟེར། །ཁང་པ་དམར་པོ་མེ་རི་འབར་བ་འདི། །ལྕགས་ཁང་གཉིས་པ་ངུ་འབོད་ཁང་པ་ཡིན། །ལས་མཁན་གཟིག་གི་མགོ་ཅན་བྱ་བ་འདི། །ཁང་པ་འདིའི་སྒོ་སྲུང་ཡིན་ནོ་གསུངས། །དེའི་ནང་དུ་ཡོད་པའི་ཚེ་འདས་རྣམས། །སྤྱིར་ཡང་མིའི་ནང་དུ་བསྡད་དུས་སུ། །ནགས་རི་སྤང་རི་གཙུག་ལག་ཁང་རྣམས་ལ། །མེར་བསྲེགས་བཏང་བའི་སྡིག་པ་གྲངས་མེད་ཀྱིས། །ས་སྟེང་ས་འོག་གང་ཡང་མི་མཐོང་བས། །ལྕགས་སྒྲོམ་མེ་རི་ནང་དུ་སྡུག་བསྔལ་ཡོད། །མི་ལུས་ལན་ཅིག་ཐོབ་པའི་དུས་གཅིག་ཏུ། །སྤང་ནགས་མང་པོ་བསྲེགས་པའི་རྣམ་སྨིན་གྱིས། །བསྐལ་པ་བདུན་གྱི་བར་དུ་མི་ཐར་གསུངས། །ཁང་པ་སྔོན་པོ་རླུང་དམར་བསྐོར་བ་འདི། །ལྕགས་སྒྲོམ་རླུང་ཐར་ཆེན་པོའི་ཡུལ་ཡང་ཟེར། །ལས་མཁན་ཡོས་ཀྱི་མགོ་ཅན་བྱ་བ་འདི། །ཁང་པ་འདིའི་སྒོ་སྲུང་ཡིན་པར་འདུག །མགུལ་ནས་བཟུང་སྟེ་བཅུག་པའི་ཚེ་འདས་རྣམས། །སྤྱིར་ཡང་མིའི་ཡུལ་དུ་བསྡད་པའི་དུས། །དཔོན་པོ་དབང་བཙོང་བྱེད་པའི་མི་རྣམས་དང་། །འཕྲོག་བཅོམ་མ་བྱིན་བླངས་པའི་རྣམ་སྨིན་ཡིན། །སྟེང་འོག་བར་སྣང་གང་ཡང་མི་མཐོང་བས། །ལྕགས་སྒྲོམ་སྔོན་པོའི་ནང་དུ་སྡུག་བསྔལ་ཡོད། །བསྐལ་པ་བཅུའི་བར་དུ་མི་ཐར་གསུངས། །ཁང་པ་སྨུག་པོ་དུག་སྦྲུལ་བསྐོར་བ་འདི། །ལྕགས་ཁང་མུན་ནག་ཆེན་པོའི་གླིང་ཡང་ཡིན། །ལས་མཁན་ཤ་བའི་མགོ་ཅན་བྱ་བ་འདི། །ཁང་པ་འདིའི་བདག་པོ་ཡིན་ནོ་གསུངས། །དེའི་ནང་དུ་བཅུག་པའི་ཚེ་འདས་རྣམས། །སྤྱིར་ཡང་མི་ཡི་ཡུལ་དུ་བསྡད་དུས་སུ། །ཚུལ་ཁྲིམས་སྡོམ་པ་བསྲུངས་བའི་མི་རྣམས་ཀྱིས། །སྲོག་གཅོད་སྡིག་པ་བྱས་པའི་རྣམ་སྨིན་ཡིན། །དགེ་འདུན་དམག་དཔོན་བྱས་པའི་རྣམ་སྨིན་དང་། །གསང་སྔགས་དམ་ཚིག་ཤོར་བའི་རྣམ་སྨིན་ཡིན། །སྟེང་འོག་བར་གསུམ་གང་ཡང་མི་མཐོང་སར། །ལྕགས་ཁང་སྨུག་པོའི་ནང་དུ་སྡུག་བསྔལ་འདུག །བསྐལ་པ་སྟོང་གི་བར་དུ་ཐར་དུས་མེད། །ལྕགས་ཁང་བཞི་པོ་འདི་ལ་ཕྱིན་པས་ཕྱི་ནང་གང་ཡང་མི་མཐོང་བར། ནམ་མཁའ་ལ་རེག་པ་ཙམ་ཤིན་ཏུ་འཇིགས་པའི་ཁང་ནག་མང་པོ་ཡོད་པ། དེའི་ནང་ལ་ཚ་དམྱལ་གྱི་སྡུག་བསྔལ་དང་། གྲང་དམྱལ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་འདུག་གོ། གཤིན་རྗེ་རྣམས་ཀྱིས་ཚེ་ལས་འདས་པ་རྣམས་ལ་འདི་སྐད་གསུངས། ཁྱེད་རྣམས་མིའི་ཡུལ་དུ་བསྡད་དུས་སུ། །དཀར་པོ་དགེ་བའི་ལས་ནི་མ་བྱེད་པར། །ནག་པོ་སྡིག་པའི་ལས་ནི་གྲངས་མང་བྱེད། །ཁང་ནག་ནང་དུ་སྐྱིད་པ་ཨེ་འདུག་ལྟོས། །གཤིན་རྗེ་རྣམས་ཀྱིས་དབང་བཙོང་མ་ཡིན་ཏེ། །ཁྱེད་རྣམས་སྡིག་པ་བསགས་པས་ལས་ཡིན་ནོ། །ཁང་པའི་ནང་ནས་ངུ་སྐད་ཕྱིར་ཐོས་པས། །བསྐལ་པ་མ་སྟོངས་བར་དུ་ཐར་དུས་མེད། །ཟེར་ཞིང་ངུ་སྐད་མང་པོ་འདོན་ཞིང་འདུག། ཁང་པའི་ཕྱི་ནས་ངུ་སྐད་འདོན་པ་རྣམས། །མིའི་ཡུལ་སྡིག་པ་བསགས་ནས་འདི་རུ་སླེབས། །ཁང་པའི་ནང་དུ་བཅུག་གིན་འདུག་བསམ་ནས། །ངུ་འབོད་འདོན་ནས་སྡུག་བསྔལ་མང་པོ་མྱོང་། །མགོ་ལ་ཐོ་བ་ནག་པོས་བརྡུང་བ་འདི། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །ར་ལུག་གཡག་དང་བ་ཕྱུགས་དུད་འགྲོའི་རིགས། །ཐོ་བས་བརྡུང་ཞིང་བསད་པའི་རྣམ་སྨིན་གྱིས། །མགོ་ལ་ཐོ་བ་ནག་པོས་སྡུག་བསྔལ་ཡོད། །སྙིང་ལ་ལྕགས་མདའ་ནག་པོ་བཙུགས་པ་འདི། །རི་དྭགས་ཤ་བ་ཀ་ཤ་ཕག་རིགས་ལ། །མདའ་དང་མེ་མདས་བསད་པའི་རྣམ་སྨིན་ཡིན། །ལུས་ལ་ལྕགས་གཟེར་སྟོང་ཙམ་བཏབ་པ་འདི། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །བླ་མ་དགེ་འདུན་རྣམས་ལ་སྐུར་བ་བཏབ། །སྡིག་པ་སྣ་ཚོགས་བྱས་པའི་རྣམ་སྨིན་དང་། །ལྕགས་གཟེར་སྟོང་ཚོགས་བརྡུང་བའི་རྣམ་སྨིན་ཡིན། །སྦྲུལ་གྱི་ཞགས་པས་བཅིངས་ཏེ་ཡོད་པ་རྣམས། །རང་སྦྱིན་མ་བཏང་མི་ནོར་སེར་སྣ་བྱེད། །རྣམ་སྨིན་སྦྲུལ་ཞགས་བཅིངས་པའི་སྡུག་བསྔལ་ཡོད། །ཏམ་ཀའི་དུག་རྣམས་ཁ་ལ་བླུག་པ་འདི། །ཏམ་ཀ་མང་པོ་བཏུང་བའི་རྣམ་སྨིན་ཡིན། །ཁ་ལ་ཁྲོ་ཆུ་བླུག་པའི་སྡུག་བསྔལ་ཡོད། །དད་ཟས་གཤིན་ཟས་མང་པོ་ཟོས་པ་དང་། །དཔོན་པོས་དཀོར་ཟས་ཟོས་པའི་རྣམ་སྨིན་གྱིས། །ཁ་ལ་ཁྲོ་ཆུ་བླུག་པའི་སྡུག་བསྔལ་ཡོད། །རྡོ་བ་ཆེན་པོས་ལུས་ལ་གནོན་པ་འདི། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །གསེར་བཟོ་དངུལ་བཟོ་བྱེད་པའི་མི་རྣམས་ཀྱི། །རྒྱུ་ལ་གཡོ་སྒྱུ་བྱས་པའི་རྣམ་སྨིན་གྱིས། །བྲག་ཆེན་རྒྱབ་ཏུ་ཁུར་བའི་སྡུག་བསྔལ་ཡོད། །ལྕགས་ཁང་ནང་དུ་སྡུག་བསྔལ་མྱོང་མི་རྣམས། །བསྐལ་པ་འབུམ་གསུམ་འདི་ལས་མི་ཐར་འདུག །ལྕགས་ཁང་ཕྱི་ལ་ཡོད་པའི་མི་རྣམས་ནི། །འབུམ་ཚོ་གཅིག་བར་འདི་ལས་མི་ཐར་འདུག །ལྕགས་ཁང་ནག་པོའི་ནང་དུ་ཡོད་མི་རྣམས། །འཛམ་གླིང་གསེར་གྱི་གླིང་དུ་སྐྱེས་ནས་ཀྱང་། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་པའི་དུས། །དཀར་པོ་དགེ་བའི་ལས་ནི་མ་བྱེད་པར། །མི་རབས་གསུམ་བར་སྡིག་པའི་ལས་ལ་སྤྱོད། །གཞན་ཡང་སྡིག་པ་གྲངས་ཀྱིས་མི་ནུས་པས། །བཤན་པའི་ལུས་བླངས་དུད་འགྲོ་འབུམ་གསུམ་བསད། །སྡིག་པ་དེ་ལྟར་བྱས་པའི་རྣམ་སྨིན་གྱིས། །བསྐལ་པ་བརྒྱ་ཡི་བར་དུ་མི་ཐར་གསུངས། །ལྕགས་མཁར་དམར་པོའི་ནང་དུ་ཡོད་པ་རྣམས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་ནས་ཀྱང་། །མི་རབས་ལྔའི་བར་དུ་མི་ཡུལ་དུ། །དཀར་པོ་ཚུལ་ཁྲིམས་མང་པོ་ཞུས་ནས་ཀྱང་། །ཚུལ་ཁྲིམས་ཉམས་ནས་བཀའ་ལོག་བྱེད་པ་རྣམས། །བསྐལ་པ་གསུམ་གྱི་བར་དུ་མི་ཐར་རོ། །ལྕགས་སྒྲོམ་སྔོན་པོའི་ནང་དུ་ཡོད་མི་རྣམས། །མི་ཡུལ་དཔོན་པོའི་ལུས་སུ་ལེན་ནས་ཀྱང་། །དབང་བཙོང་སྡིག་པའི་ལུས་ནི་གྲངས་མེད་བྱེད། །དམག་འཁྲུག་རྡུང་རྫོབ་རྡེག་བྱས་པའི་རྣམ་སྨིན་གྱིས། །བསྐལ་པ་སྟོང་གི་བར་དུ་མི་ཐར་གསུངས། །ལྕགས་ཁང་སྨུག་པོའི་ནང་དུ་ཡོད་མི་རྣམས། །མི་རབས་བཅུའི་བར་དུ་སྐྱེ་བ་ལེན་ནས་ཀྱང་། །གནག་རྫི་བྱས་ནས་ཕྱུགས་རྣམས་ཁྲག་གཏར་བ། །རྔ་རྩི་བྲེགས་ནས་ཞོ་ལེན་བྱེད་པ་དང་། །དུད་འགྲོ་བསད་ནས་ཤ་ཟ་ཁྲག་འཐུང་བྱེད། །འདིའི་རྣམ་སྨིན་བསྐལ་པ་མ་སྟོངས་བར། །ལྕགས་ཁང་སྨུག་པོ་འདི་ལས་མི་ཐར་འདུག །ལྕགས་ཁང་བཞིའི་ནང་དུ་ཡོད་མི་རྣམས། །དུས་ནི་ནམ་ཞིག་འདི་ལས་ཐར་པའི་ཚེ། །སངས་རྒྱས་ཞིང་དུ་སྐྱེ་བ་ལེན་པར་འདུག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འདིའི་ནང་ནས་མི་གོས་དཀར་པོ་གྱོན་པ་སྐྱེས་པ་གཞོན་ནུ་གཅིག་གིས་ཁ་ནས་འདི་སྐད་ཟེར་རོ། །ཀྱཻ་མ་ཀྱི་ཧུད་ལས་འཕྲོ་ཅན་མ་མི་ཡུལ་ཕེབས་ཟེར་ན། །ངའི་འཕྲིན་པ་འདི་ལྟར་གསུངས་རོགས་གྱིས། །ང་ནི་སྐྱེ་ས་ནུབ་ཀྱི་ཕྱོགས་ནས་ཡིན། །ངའི་མིང་ལ་སྲི་ཐར་འབྲུག་རྒྱལ་ཟེར། །ཨ་ཕ་རྡོ་རྗེ་རྣམ་རྒྱལ་འཕྲིན་པ་གསུངས། །ང་རང་མིའི་ཡུལ་དུ་བསྡད་དུས་སུ། །དབང་ཆེན་དཔོན་པོའི་བུ་ཚར་སྐྱེས་ནས་ཀྱང་། །མི་ལ་རྡུང་རྫོབ་རྡེག་བྱས་པའི་རྣམ་སྨིན་གྱིས། །མགོ་ལ་ཐོ་བ་ནག་པོས་བརྡུང་གིན་ཡོད། །སྡིག་པ་དག་ཕྱིར་བཀའ་འགྱུར་ཀློག་དང་གྱིས། །བྱ་ཕག་དུད་འགྲོ་བསད་པའི་རྣམ་སྨིན་དང་། །ཤ་ཟ་ཁྲག་འཐུང་བྱས་པའི་རྣམ་སྨིན་དང་། །དཔོན་པོའི་དཀོར་ཟས་ཟོས་པའི་རྣམ་སྨིན་གྱིས། །ད་ལྟ་མེ་རིའི་ནང་དུ་སྡུག་བསྔལ་ཡོད། །སྡིག་པ་འདི་དག་མ་ལུས་དག་ཕྱིར་དུ། །སྐུ་རྟེན་བྱང་ཆུབ་ལྟུང་བཤགས་བཞེངས་དང་གྱིས། །མ་ཎི་དུང་ཕྱུར་ཆུ་སྐོར་ཚུགས་དང་གྱིས། །མར་གྱི་ངན་སློང་རྣམས་ལ་སྦྱིན་པ་ཐོང་། །མི་རྣམས་ཀུན་ལ་མ་ཎི་འདྲེན་དུ་བཅུག །དགེ་བའི་ཕན་ཡོན་བར་དོར་སླེབས་འདུག་གོ །གཞན་ཡང་དགེ་བ་གྲངས་མང་གཏོང་རོགས་གྱིས། །ཕ་ཡི་དཔོན་བྱེད་བཀའ་ཁྲིམས་དྲང་པོར་གྱིས། །ནག་པོ་སྡིག་པའི་ལས་རྣམས་མ་བྱེད་གྱིས། །དགེ་བའི་ཕྱོགས་སུ་གང་མང་གཏོང་རོགས་མཛོད། །བར་དོར་སླེབས་ནས་སྐྱིད་པར་མི་འདུག་གོ །ངའི་འཕྲིན་པ་འདི་ལྟར་གསུངས་རོགས་མཛོད། །དེ་སྐད་ཟེར་ཞིང་ཡང་ལྕགས་མཁར་འདིའི་ནང་དུ་ཁྲིད་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་འདིའི་ནང་ནས་མི་ཤ་མདོག་ནག་གཅིག་བྱུང་ནས། མི་དེའི་ཁ་ནས་འཕྲིན་པ་དེ་སྐད་ཟེར། །ཀྱཻ་མ་མིའི་བུ་མོ་ཚུར་གསོན་དང་། །སྤྱིར་ཡང་མིའི་ཡུལ་དུ་ལོག་ཟེར་ན། །ངའི་སྐྱེས་ས་སྤ་གྲོ་ཚོང་འདུས་ནས། །ང་རང་མིང་ནི་བསོད་ནམས་དར་རྒྱས་ཟེར། །ངའི་བུ་དང་བུ་མོར་འཕྲིན་པ་གསུངས། །ང་ནི་མིའི་ཡུལ་དུ་བསྡད་དུས་སུ། །ཚེ་སྟོད་དུད་འགྲོ་སུམ་ཅུ་ཙམ་ཡང་བསད། །ཚེ་སྨད་ཁེ་ཚོང་བྱས་པའི་རྣམ་སྨིན་ཡིན། །དཀར་པོ་དགེ་བའི་ལས་རྒྱ་ཆེར་མེད་ཀྱང་། འབྲེལ་པ་ཙམ་རེ་ཕུལ་བ་རྣམས་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་ལ་ལས་དགེ་སྡིག་གཉིས་ཀྱི་ཤན་ཕྱེ་ནས་ལྷ་དང་འདྲེ་གཉིས་ཀྱི་རྡེའུ་དཀར་ནག་སྤུངས། སྤྲེའུ་མགོ་ཅན་གྱིས་རྡེའུ་དཀར་ནག་སྲང་ལ་སྟེགས་པས། སྤྲེལ་མགོ་ཅན་གྱིས་རྡེའུ་དཀར་པོ་ཡང་བར་འདུག །རྡེའུ་ནག་པོ་ལྕི་བར་འདུག་ཞུས་པས།

ཡང་གླང་མགོ་ཅན་གྱིས་ཞགས་པས་བཅིངས་ནས་ཀྱང་། ལས་མཁན་རྣམས་ཀྱིས་ཁྲིད་ནས་ལྕགས་ཁང་ནང་དུ་བཅུག །ཚ་ཞིང་གྲང་བའི་སྡུག་བསྔལ་དཔག་མེད་ཡོད། །སྡུག་བསྔལ་འདི་ལས་ཐར་པའི་དགེ་བ་སྒྲུབས། །ཐུགས་རྟེན་བྱང་ཆུབ་མཆོད་རྟེན་བཞེངས་དང་གྱིས། །དུད་འགྲོ་སུམ་ཅུ་བསད་པའི་སྡིག་དག་ཕྱིར། །སྡིག་བཤགས་སངས་རྒྱས་མཚན་འབུམ་བཞེངས་རོགས་གྱིས། །ཚེ་སྨད་ཚོང་བྱས་སྡིག་པ་དག་ཕྱིར་དུ། །མཚན་ལྡན་བླ་མ་རྣམས་ལ་བསྔོ་རྟེན་ཕུལ། །མ་ཎི་པ་རྣམས་ཁྱིམ་དུ་གདན་དྲངས་ནས། །གྲོང་མི་ཐམས་ཅད་ཁྱིམ་དུ་བཀུག་ནས་ཀྱང་། །ཞག་བདུན་བར་དུ་མ་ཎི་འདྲེན་དུ་བཅུག །མ་ཎི་འདྲེན་པའི་ཕན་ཡོན་འདིར་དགོས་འདུག །སྤྱིར་གྱི་འཇིག་རྟེན་ལོངས་སྤྱོད་ཆེ་གྱུར་ཀྱང་། །བར་དོར་སླེབས་ནས་སྙིང་པོ་མི་འདུག་གོ །ཡར་མཆོད་མར་སྦྱིན་དགེ་བའི་ལས་རྣམས་གྲུབ། །ནག་པོ་སྡིག་པའི་ལས་རྣམས་མ་བྱེད་གྱིས། །མིའི་ཡུལ་ཡོད་པའི་ཕལ་པ་ཐམས་ཅད་ལ། །བུ་མོ་ཁྱོད་ཀྱིས་འཕྲིན་པ་གསུངས་རོགས་མཛོད། །ཡང་མི་འདི་ནི་སྔར་བཞིན་ཁྲིད་སོང་ངོ་། །དེ་ནས་ཡང་སོས་འདིའི་ནང་ནས་མི་གོས་དཀར་པོ་གྱོན་པ་གཅིག་བྱུང་ནས། བུ་མོ་ང་ལ་འདི་སྐད་ཟེར་བྱུང་བའི་བུ་མོ་ཁྱོད་མིའི་ཡུལ་ནས་མར་བར་དོར་ཡོང་ལུགས་ཅི་ཡིན་བྱས་པས། བུ་མོ་ཁྱོད་ཀྱིས་ང་ངོ་མ་ཤེས་ན། །ང་ནི་ཨ་ཞང་ཚེ་རིང་དཔལ་འབྱོར་ཡིན། །སྤྱིར་ཡང་མིའི་ཡུལ་དུ་བསྡད་དུས་སུ། །འཇིག་རྟེན་འདི་རུ་འཁོར་བ་འཁྱམས་ནས་ཀྱང་། །ནག་པོ་སྡིག་པའི་ལས་ནི་གྲངས་མང་བྱེད། །ཁེ་ཚོང་ཁུར་བཀལ་བྱས་པའི་རྣམ་སྨིན་གྱིས། །ད་ལོ་ཟངས་ཆེན་ནང་དུ་ལོ་གསུམ་སོང་། །དེ་རིང་དུས་བཟང་ཡིན་པས་ཡང་སོས་སླེབས། །བཀྲེས་ཤིང་སྐོམ་པ་སྡུག་བསྔལ་གྲངས་མང་མྱོང་། །བུ་མོ་ཁྱོད་ཀྱིས་ཟས་ཤིག་བྱིན་དང་ཟེར། །ཀྱཻ་མ་ངའི་ཨ་ཞང་ཚུར་ཉོན་དང་། །བར་དོར་ཚ་དམྱལ་གྲང་དམྱལ་མྱོང་དགོས་པས། །བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་མྱོང་བ་རྣམས། །ལས་ནི་ཅི་རང་བྱས་པའི་རྣམ་སྨིན་ཡིན། །ཀྱཻ་མ་ང་ནི་འཛམ་གླིང་སྣང་བ་ནུབ་ནས་ཀྱང་། །བླ་མ་ཆོས་ཀྱི་རྒྱལ་པོའི་ཞལ་ནས་གསུངས། །དམྱལ་ཁམས་བཅྭོ་བརྒྱད་གྲོང་ཁྱེར་བསྐོར་ནས་ཤོག །གཤིན་གསོན་གཉིས་ཀྱི་འཕྲིན་པ་བྱེད་དགོས་གསུངས། །སླར་ཡང་མི་ཡུལ་ལོག་པའི་ལུང་བསྟན་འབྱུང་། །ཨ་ཞང་ཁྱོད་ཀྱི་བཤགས་སྦྱངས་ཅི་བྱེད་དགོས། ངས་མི་ཡུལ་གྱི་ཟས་ཤིག་ཨ་ཞང་རང་ལ་བྱིན་པ་དང་། ཨ་ཞང་གིས་ཟས་འདི་ལག་ཏུ་བླངས་ནས་བུ་མོ་ཁྱོད་མི་ཡུལ་དུ་ལོག་ཟེར་ན། ཁྱེད་ཚ་མོ་དང་ཚ་བུ་སྤུན་ཟླ་བུ་དང་བུ་མོ་གཉེན་འཁོར་ཐམས་ཅད་ཀྱིས་བར་དོ་འདི་ལས་ཐར་བ་ཐོབ་ཕྱིར་དུ། ན་རཀ་དོང་སྤྲུགས་སྡིག་བཤགས་ཀློག་དང་གྱིས། །རྡོར་གཅོད་སྟོང་དང་ཡིག་དྲུག་དར་ཆེན་འཕྱར། །རྣལ་འབྱོར་ཕོ་མོར་ཆུ་གཏོར་གཏོང་རོགས་གྱིས། །དཀར་པོ་དགེ་བའི་ལས་འདི་མང་བསྒྲུབས་ན། །མིའི་ཡུལ་དུ་སྐྱེ་བ་ཐོབ་ཀྱིན་འདུག །ངས་བྱིན་པའི་ཟས་འདི་ཟ་བའི་དབང་མ་བྱུང་སྟེ། རླུང་དམར་ཆེན་པོ་གཅིག་གིས་ཁྱེར་སོང་ངོ་། །ཡང་སོས་ཀྱི་ཐང་ཆེན་འདིའི་ནང་ནས་ལས་རླུང་གཅིག་བྱུང་ནས། ཨ་ཞང་ཡང་རླུང་དམར་གྱིས་ཁྱེར་སོང་བ་མཐོང་བས། བུ་མོ་ང་རང་ཡང་མཆི་མ་མང་དུ་ཤོར་ནས་དྲན་མེད་དུ་འགྱེལ་སོང་བ་དང་། ཡི་དམ་ལྷས་དཔུང་པ་གཡས་པ་ནས་བཟུང་སྟེ་འདི་སྐད་ཅེས་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱཻ་མ་ཀྱི་ཧུད་བུ་མོ་ཡར་ལོངས་དང་། །མ་ཡེངས་རིགས་བཟང་བུ་མོ་ཚུར་ཉོན་དང་། །རང་རང་ལས་ཀྱིས་སྡུག་བསྔལ་མྱོང་བ་ལ། །ཨ་ཞང་སྡིག་པ་ཁྱོད་ཀྱིས་བཀག་མི་ཐུབ། །ད་ལྟ་ཡང་སོས་འདི་རུ་སླེབས་པ་དང་། །གཤིན་རྗེ་རྣམས་ཀྱིས་འཇིགས་པ་མེད་པ་ཡང་། །བུ་མོ་ཁྱོད་ལ་བལྟས་ནས་ཐར་བ་ཡིན། །སྡུག་བསྔལ་མ་བྱེད་བུ་མོ་ཡར་ཤོག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་བླ་མ་འདྲ་བའི་ན་བཟའ་སེར་པོ་གྱོན་པ་གཅིག་ཕྱག་ན་མ་ཎི་ལག་སྐོར་བསྣམས་པ། ཞལ་ནས་མ་ཎི་འདོན་ཞིང་དམྱལ་བ་ཟངས་ཆེན་ནང་དུ་བྱོན་པར་མཐོང་། ཟངས་ཆེན་སྨུག་པོའི་ཕྱི་ནས་སྐོར་བ་ལན་གསུམ་བསྐོར་ནས། ཕྱག་གཡས་པའི་ཟངས་ཆེན་ཁ་ནས་བཟུང་སྟེ་ཁ་བུབ་ཏུ་བོར་ནས། དུང་གི་ཐེམ་སྐས་ལྔའི་སྟེང་དུ་ཕེབས་པས་ཞལ་ནས་འདི་ལྟར་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ མར་གྱི་དམྱལ་ཁམས་བཅྭོ་བརྒྱད་ནང་ཤེད་ན། །རང་རང་ལས་ཀྱིས་སྡུག་བསྔལ་མྱོང་མཁན་རྣམས། །ཚེ་འདས་རྣམས་ཀྱིས་ང་ངོ་མ་ཤེས་ན། །ཁམས་གླིང་དཔལ་འབྱོར་བྱ་བའི་ཕྱོགས་ནས་ཡིན། །མིང་ནི་བླ་མ་པདྨ་རྣམ་རྒྱལ་ཡིན། །ང་ནི་འཇིག་རྟེན་འཛམ་བུའི་གླིང་ནས་མར། །ཚེ་འདས་ཐམས་ཅད་མཐོ་རིར་འདྲེན་ཕྱིར་ཡོང་། །ལས་ངན་ཚོགས་མ་བསགས་པའི་སྡིག་ཅན་རྣམས། །ཚ་གྲང་སྡུག་བསྔལ་གྲངས་མེད་མྱོང་མཁན་རྣམས། །ང་ནི་ཞིང་མཆོག་རི་བོ་ཏ་ལར་འགྲོ། །ང་ལ་ཟས་འབྲེལ་ཐོབ་ཚད་ཡར་ཤོག་དང་། །མ་གི་དམྱལ་ཁམས་ཟངས་ཆེན་ནང་ཡོད་རྣམས། །སྲོག་གཅོད་སྡིག་པ་མང་པོ་བྱེད་མཁན་རྣམས། །ང་ནི་ཞིང་མཆོག་ཟངས་མདོག་དཔལ་རིར་འགྲོ། །ང་ལ་ཆོས་འབྲེལ་ཐོབ་ཚད་ཡར་ཤོག་དང་། །མ་གི་དམྱལ་ཁམས་གྲོང་མོའི་ནང་ཤེད་ན། །ལུས་ཀྱི་ལྤགས་པ་ཚ་ཤུལ་བྱེད་པ་རྣམས། །ང་ནི་ཞིང་ཁམས་ལྕང་ལོ་ཅན་དུ་འགྲོ། །ང་ལ་ལུས་འབྲེལ་ཐོབ་ཚད་ཡར་ཤོག་དང་། །ང་ནི་ནུབ་ཕྱོགས་བདེ་བ་ཅན་དུ་འགྲོ། །བླ་མ་ཕ་མ་བཀའ་ལོག་བྱེད་པའི་མི། །མ་གི་ཐིག་ནག་སྡུག་བསྔལ་མྱོང་མཁན་རྣམས། །བློ་སེམས་ཞེ་སྡང་སྤངས་ནས་ཡར་ཤོག་དང་། །ང་ནི་འོག་མིན་ཞིང་མཆོག་གནས་སུ་འགྲོ། །མི་ནོར་སེར་སྣ་ཕྲག་དོག་བྱེད་པའི་མི། །དམྱལ་བ་ཡི་དྭགས་སྡུག་བསྔལ་མྱོང་མཁན་རྣམས། །བློ་སེར་སྣ་སྤངས་ནས་ཡར་ཤོག་དང་། །ང་ནི་དགའ་ལྡན་ཞིང་ཁམས་གནས་སུ་འགྲོ། །མ་གི་དམྱལ་ཁམས་བཅྭོ་བརྒྱད་ནང་ཤེད་ན། །དམྱལ་བ་ངུ་འབོད་སྡུག་བསྔལ་མྱོང་མཁན་རྣམས། །བློ་སེམས་ང་རྒྱལ་སྤངས་ནས་ཡར་ཤོག་དང་། །ང་ནི་ཞིང་མཆོག་མངོན་པར་དགའ་བར་འགྲོ། །མ་གི་ལྕགས་རི་ཁོར་ཡུག་ནང་ཤེད་ན། །ལས་ཀྱི་རྣམ་སྨིན་རྒྱབ་ཏུ་ཁུར་མཁན་རྣམས། །སེམས་ནི་ཆགས་ཞེན་སྤངས་ནས་ཡར་ཤོག་དང་། །ང་ནི་བླ་མ་པདྨ་རྣམ་རྒྱལ་ཡིན། །འཇིག་རྟེན་བྱ་བ་རྒྱབ་ཏུ་བསྐྱུར་ནས་ཀྱང་། །ཕྱི་མའི་དོན་ལ་དམ་པའི་ལྷ་ཆོས་བྱེད། །འགྲོ་དྲུག་སེམས་ཅན་དོན་ལ་མ་ཎི་བགྲོངས། །ང་སེམས་ཞེན་ཆགས་སྤངས་པའི་མི་གཅིག་ཡིན། །ང་ལ་འབྲེལ་པ་ཐོབ་ཚད་ཡར་ཤོག་དང་། །ཞེས་གསུངས་སོ། །

དེ་ནས་བླ་མ་འདིའི་རྗེས་ལ་མི་འབུམ་གསུམ་ཙམ་སྡུག་བསྔལ་དེ་ལས་ཐར་ཏེ་མཐོ་རིས་ལམ་དཀར་པོའི་ལམ་ལ་འགྲོ་བ་མཐོང་། ཡང་དེའི་ནང་ནས་བླ་མ་ལ་ཆོས་འབྲེལ་མེད་པའི་མི་བརྒྱ་ཙམ་ཞིག་མར་ལ་ལོག་ཡོང་བ་མཐོང་། མི་འདི་རྣམས་སྐད་ཅིག་ཉིད་དུ་གཤིན་རྗེ་རྣམས་ཀྱིས་ཞགས་པས་བཅིངས་ཏེ་ཁྲིད་སོང་བ་མཐོང་། ཡང་བླ་མ་འདི་ལ་ཟས་འབྲེལ་མེད་པ་རྣམས་ཟངས་ཆེན་གྱི་མཐིལ་དུ་ལུས་སོང་བ་ཡང་མང་པོ་འདུག །ཡང་བླ་མ་འདིའི་ཞལ་ནས་བུ་མོ་ང་ལ་འདི་སྐད་གསུངས། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་མིའི་བུ་མོ་ཚུར་ཉོན་དང་། །འཛམ་བུའི་གླིང་དུ་ཁྱོད་ནི་ལོག་ཟེར་ན། །མིའི་ཡུལ་དུ་བསྡད་མི་ཐམས་ཅད་ལ། །ལས་དགེ་སྡིག་གཉིས་ཀྱི་འཕྲིན་པ་གསུངས་རོགས་མཛོད། །ང་ནི་ཁམས་ཡུལ་དཔལ་རིའི་ཕྱོགས་ནས་ཡིན། །མིང་ནི་བླ་མ་པདྨ་རྣམ་རྒྱལ་ཟེར། །སྤྱིར་ཡང་མིའི་ཡུལ་དུ་བསྡད་པའི་དུས། །འཇིག་རྟེན་ཆགས་ཞེན་རྒྱབ་ཏུ་བསྐྱུར་ནས་ཀྱང་། །འགྲོ་བ་སེམས་ཅན་འདྲེན་ཕྱིར་ལྷ་ཆོས་བྱེད། །བར་དོར་འཇིགས་པ་བསམ་ཞིང་མ་ཎི་འདྲེན། །མ་ཎི་འདྲེན་པའི་ཕན་ཡོན་བར་དོར་སླེབས། །དམྱལ་ཁམས་བཅྭོ་བརྒྱད་སྡུག་བསྔལ་མྱོང་མཁན་རྣམས། །ལས་ངན་ཚོགས་མ་བསགས་པའི་སྡིག་ཅན་རྣམས། །མཐོ་རིས་ཐར་པའི་ཞིང་དུ་འདྲེན་སོང་གྱིས། །ང་རང་རིག་འཛིན་གནས་སུ་འགྲོ་རྒྱུ་ཡིན། །འཛམ་བུའི་གླིང་དུ་བསྡད་པའི་མི་རྣམས་ལ། །ནག་པོ་སྡིག་པའི་ལས་རྣམས་མ་བྱེད་གྱིས། །དཀར་པོ་དགེ་བའི་ཕྱོགས་སུ་བརྩོན་པར་གྱིས། །རང་སེམས་ཞེ་སྡང་འདོད་ཆགས་སྤངས་ནས་ཀྱང་། །གསུང་མཆོག་ཡི་གེ་དྲུག་མ་འདྲེན་རོགས་གྱིས། །བར་དོར་ཕན་ཡོན་ཆེ་བ་འདི་ལས་མེད། །འཛམ་བུའི་གླིང་ལ་འཕྲིན་པ་དེ་ལྟར་མཛོད། །ཅེས་དེ་སྐད་གསུངས་ཤིང་རིག་འཛིན་གྱིས་གནས་སུ་ཕེབས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡང་བར་སྣང་སྟོང་པའི་ངང་ནས་གཟུགས་མེད་པའི་སྒྲ་སྐད་གཅིག་གསུངས་སོ། །ཁྱེད་རང་གཉིས་ཀྱིས་དམྱལ་ཁམས་བཅྭོ་བརྒྱད་ཀྱི་སྡུག་བསྔལ་ཐམས་ཅད་མཐོང་བྱུང་ངམ། དེ་རིང་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ་ཡར་ཤོག་དང་ཟེར་བའི་སྒྲ་སྐད་ལྷང་ངེ་གཅིག་བྱུང་ངོ་། །འདི་ནས་ཡར་ལ་འགྲོ་དགོས་བསམ་པའི་ངང་ལས་ཡི་དམ་ལྷ་དང་མཉམ་དུ་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ནང་དུ་སླེབས་བྱུང་ངོ་། །ཆོས་ཀྱི་རྒྱལ་པོ་ཡང་སྔར་བཞིན་ཁྲོ་བོའི་ཚུལ་དུ་བཞུགས་པ་མཐོང་། ལྷ་དང་འདྲེ་གཉིས་ཀྱང་ལས་དཀར་ནག་གི་ཤན་ཕྱེ་བ་མཐོང་། གཤིན་རྗེ་ལས་མཁན་རྣམས་ཀྱང་སྔར་བཞིན་ཁྲོ་བོའི་ཚུལ་དུ་བཞུགས་པ་མཐོང་། ལས་ངན་ཚེ་ལས་འདས་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་པར་འདིར་སླེབས་འདུག་གོ། ཡང་ལས་མཁན་གཤིན་རྗེ་གླང་གི་མགོ་ཅན་གྱིས་ཚེ་ལས་འདས་པ་མི་གཅིག་ཞགས་པའི་བཅིངས་ཏེ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཁྲིད་བྱུང་ངོ་། །ཆོས་ཀྱི་རྒྱལ་པོའི་ཞལ་ནས་མི་འདི་ལ་འདི་སྐད་ཅེས་གསུངས་སོ། །ཀྱེེ་ཚེ་འདས་ཁྱེད་རང་ཚུར་ཉོན་དང་། །འཇིག་རྟེན་སྣང་བ་ནུབ་ནས་ཀྱང་། །ད་ལྟ་བར་དོ་འདི་རུ་སླེབས་བྱུང་ངམ། །འཛམ་བུའི་གླིང་གི་ས་ཕྱོགས་གང་ནས་ཡིན། །མིང་དང་རིགས་ནི་ཇི་སྐད་ཟེར། །ནག་པོ་སྡིག་པའི་ལས་ནི་ཅི་ཙམ་ཡོད། །དཀར་པོ་དགེ་བའི་ལས་ནི་ཅི་ཙམ་བྱས། །འཛམ་གླིང་གསེར་གྱི་གླིང་དུ་ཕྱིན་ནས་ཀྱང་། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་ནས་ནི། །མི་ལུས་སྟོང་པར་བོར་བ་མ་ཡིན་ནམ། །ལས་ནི་དགེ་སྡིག་ཐམས་ཅད་དྲང་པོར་ཤོད། །ད་ལྟ་དྲང་པོར་ཁྱེད་ཀྱིས་མ་བཤད་ན། །ངེད་ཀྱིས་རལ་གྲི་འདིས་ད་ལྟར་གཏུབ། །ཞལ་ནས་འདི་སྐད་གསུངས་ཤིང་སྤྱན་གསུམ་ཧྲིག་གིས་གཟིགས་པ་མཐོང་། མི་འདི་མཆི་མ་མང་དུ་ཤོར་ཞིང་ཁ་ནས་འདི་སྐད་ཞུས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་ཀྱི་ཧུད་ཆོས་རྒྱལ་རིན་པོ་ཆེ། །ཚེ་འདས་ང་ལ་གསོན་ཞིང་དགོངས་སུ་གསོལ། །ཡུལ་ནི་ལྷོ་ཡི་འཛམ་བུའི་གླིང་ནས་ཡིན། །ལུང་པའི་མིང་ནི་སྐུར་སྟོད་བྱ་བ་ཡིན། །ང་རང་མིང་ལ་རྟ་མགྲིན་ཕུན་ཚོགས་ཟེར། །ང་ནི་མིའི་ཡུལ་དུ་བསྡད་དུས་ལ། །ལྟོ་གོས་གཉིས་ཀྱི་དོན་ལ་སྡིག་བསགས་དགོས། །རང་སོའི་སེམས་ཅན་ཉི་ཤུ་ཙམ་དུ་བསད། །གཞན་ཡང་བྱ་ཕག་ར་ལུག་མང་དུ་བསད། །ཕུ་ལ་བཞུགས་པའི་བླ་མ་རྣམས་ལ་སྐུར་བ་བཏབ། །རང་གི་གྲོང་པ་རྣམས་ལ་དབང་བཙོང་བྱས། །རང་གི་བུ་ཚ་གསོ་བའི་དོན་དུ་ནི། །ཕྱིར་ཚོང་པ་མི་བདུན་རང་ཡུལ་སླེབས། །དེ་དུས་ངས་རྐུན་མ་བྱས་དགོས་བྱུང་། །གཞན་ཡང་སྡིག་པ་བསམ་གྱིས་མི་ཁྱབ་ཡོད། །ཚེ་སྨད་སྡིག་པ་སེམས་ལ་མི་དྲན་པ། །ཕྱོགས་ཀྱི་མ་ཎི་པ་གཅིག་རང་ཡུལ་ཕེབས། །ཡུལ་གྱི་མི་རྣམས་མ་ཎི་འདྲེན་དུས་ལ། །ང་ཡང་མ་ཎི་འདྲེན་དུ་ཕྱིན་པ་དང་། །མ་ཎི་པ་འདིས་གླིང་བཟའ་ཆོས་སྐྱིད་ཀྱི་རྣམ་ཐར་ལས་དགེ་སྡིག་གཉིས་ཀྱི་བར་དོའི་འཇིགས་པ་ཡོད་ལུགས་མང་པོ་གསུངས་བྱུང་། དེ་ནས་ང་རང་ཡང་སེམས་ལ་སྡིག་པ་བྱས་པ་རྣམས་ལྷག་པར་འགྱོད་པ་ཆེན་པོ་བསྐྱེད་བྱུང་བས། འདིའི་བཤགས་པ་ཅི་བྱེད་དགོས་བསམ་ནས་མ་ཎི་པ་འདི་ལ་འབུལ་བ་ཞབས་ཏོག་འབྲེལ་པ་ཙམ་ཕུལ་བ་ཡིན་ལགས། བླ་མ་དགེ་འདུན་རྣམས་ལ་ཞབས་ཏོག་ཅུང་ཟད་རེ་ཕུལ། བསོད་སྙོམས་ལ་ཕེབས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ་ཟས་ཀྱི་འབྲེལ་པ་ཙམ་རེ་ཕུལ་བ་ཡིན། དཀར་པོ་དགེ་བའི་ལས་ནི་དེ་ཙམ་ལས་བྱེད་རྒྱུ་མ་བྱུང་ལགས། ནག་པོ་སྡིག་པའི་ལས་ནི་གྲངས་མང་བསགས་ནས་འདི་རུ་སླེབས་བྱུང་ལགས། དཀོན་མཆོག་གསུམ་གྱི་སྐྱབས་ནི་བདག་ལ་མེད། མཁའ་འགྲོ་ཆོས་སྐྱོང་གི་རྒྱབ་རྟེན་ནི་བདག་ལ་མེད། མ་ཎི་བགྲངས་བའི་དགེ་བ་ནི་ང་ལ་མེད། མར་གྱི་དམྱལ་ཁམས་ནང་དུ་མི་གཏོང་བ་ཞིག་ཆོས་རྒྱལ་ཆེན་པོའི་ཐུགས་རྗེས་བཟུང་དུ་གསོལ། ཞེས་ཞུས། ཁ་ནས་ཀྱི་ཧུད་ཟེར་ཞིང་ཕྱག་ལན་གསུམ་འཚལ་བ་མཐོང་། གཡས་ཕྱོགས་ནས་འདྲེ་ནག་པོ་ལངས་ནས། ཧ་ཧ་ཆོས་ཀྱི་རྒྱལ་པོ་ཁྱེད་ལ་ཞུ་རྒྱུ་ཡོད། །སྡིག་ཅན་རྟ་མགྲིན་ཕུན་ཚོགས་ཟེར་བ་འདི། །སྤྱིར་ཡང་མིའི་ཡུལ་དུ་བསྡད་དུས་ལ། །བླ་མ་དགེ་འདུན་རྣམས་ལ་སྐུར་པ་བཏབ། །དྲིན་ཅན་ཕ་མ་རྣམས་ལ་ལོག་ལྟ་བསྐྱེད། །ཕྱིའི་ཚོང་པ་རྣམས་ལ་རྐུན་མ་བྱེད། །རང་གི་བུ་ཚ་རྣམས་ལ་རྡུང་རྫོབ་རྡེག་བྱེད། །མ་བྱིན་བླངས་ནས་དབང་བཙོང་བྱེད་པ་དང་། །མི་ནོར་སེར་སྣ་བསགས་པའི་རྣམ་སྨིན་དང་། །བྱ་ཕག་ར་ལུག་གང་མང་བསད་པ་དང་། །དགེ་བ་བྱེད་པ་ཁྱོད་ཀྱིས་རྫུན་པ་ཡིན། །ཁྱོད་ལ་དམྱལ་བ་མ་གཏོགས་འགྲོ་ས་མེད། །སྡིག་པ་བྱས་པའི་རྡེའུ་དེ་ཙམ་ཡོད། །རྡེའུ་ནག་པོ་བྲེ་གསུམ་སྤུངས་སོང་། གཡོན་ཕྱོགས་ནས་ལྷ་དཀར་པོ་དེ་བཞེངས་ནས། ཆོས་རྒྱལ་ཆེན་པོ་བདག་ལ་གསན་མཛོད་དང་། །བླ་མ་དགེ་འདུན་རྣམས་ལ་ཞབས་ཏོག་ཕུལ། །མ་ཎི་པ་རྣམས་ལ་འབུལ་བ་ཟས་འབྲེལ་ཞུས། །གྲོང་པ་རྣམས་ལ་གྲོགས་མཐུན་བྱེད་པ་དང་། །དགེ་བ་བསགས་པའི་རྡེའུ་དེ་ཙམ་འདུག །རྡེའུ་དཀར་པོ་བྲེ་གསུམ་ཙམ་སྤུངས་སོང་། །ཡང་སྤྲེལ་མགོ་ཅན་གྱིས་ལྷ་དང་འདྲེ་གཉིས་མ་འཆམས་ནས། །རྡེའུ་དཀར་ནག་སྲང་ལ་སྟེགས་པས་ཆོག །སྲང་ལ་སྟེགས་པའི་དཀར་པོ་ཡང་ཞིང་ནག་པོ་ལྗིད་བར་འདུག་སྟེ། ཡང་མདུན་ནས་གཤིན་རྗེ་སྦྲུལ་མགོ་ཅན་གྱིས་སྲིད་པའི་མེ་ལོང་ལ་བལྟས་པས། ནག་པོ་སྡིག་པའི་ལས་ནི་མང་ཞིང་དཀར་པོ་དགེ་བའི་ལས་ནི་ཉུང་བར་འདུག །ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཁྱེད་ལྷ་དང་འདྲེ་གཉིས་ཀྱི་གཏམ་ཕྱེད་བདེན་ཕྱེད་མི་བདེན་པར་འདུག །ཆོས་ཀྱི་རྒྱལ་པོས་མི་འདི་ལ་འདི་སྐད་གསུངས། འཛམ་གླིང་གསེར་གྱི་གླིང་དུ་ཕྱིན་ནས་ཀྱང་། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་སུ། །རང་ལ་ཕན་པའི་ཆོས་ཤིག་མི་བྱེད་པར། །ངན་པ་ལས་ཀྱི་སྡིག་པ་གྲངས་མེད་བསགས། །དཀར་པོ་དགེ་བའི་ལས་ལས་སྡིག་པ་མང་། །དམྱལ་བར་མ་གཏོགས་འགྲོ་ས་གང་ཡང་མེད། །དུད་འགྲོ་ཉི་ཤུ་བསད་པའི་རྣམ་སྨིན་གྱིས། །ལོ་ནི་ལྔ་བཅུའི་བར་དུ་ཟངས་ཆེན་ནང་དུ་འགྲོ་དགོས་འདུག །བླ་མ་ལ་སྐུར་པ་བཏབ་པའི་རྣམ་སྨིན་གྱིས། །རྡོ་རྗེ་དམྱལ་བར་ལོ་ནི་བརྒྱད་ཅུའི་བར་དུ་སྡོད། །མ་བྱིན་ཚུར་བླངས་བྱས་པའི་རྣམ་སྨིན་གྱིས། །བྲག་ཆེན་པོའི་འོག་ཏུ་ལོ་སྟོང་གི་བར་དུ་ཐར་དུས་མེད། །སེར་སྣ་ཕྲག་དོག་བྱས་པའི་རྣམ་སྨིན་གྱིས། །ཡི་དྭགས་ངུ་འབོད་ནང་དུ་འགྲོ་དགོས་འདུག །མི་ལ་དབང་བཙོང་བྱས་པའི་རྣམ་སྨིན་གྱིས། །ཐིག་ནག་ནང་དུ་ལོ་བརྒྱའི་བར་དུ་མི་ཐར་འདུག །བུ་ཚ་རྡུང་རྫོབ་བརྡེག་བྱས་པའི་རྣམ་སྨིན་གྱིས། །ཤལ་མ་རི་ལ་ལོ་ནི་དགུ་བཅུའི་བར་དུ་མི་ཐར་འདུག །ཕ་མ་ལ་བཀའ་ལོག་བྱས་པའི་རྣམ་སྨིན་གྱིས། །བྲག་ཆེན་པོའི་འོག་ཏུ་ལོ་སྟོང་གི་བར་དུ་ཐར་དུས་མེད། །སེར་སྣ་ཕྲག་དོག་བྱས་པའི་རྣམ་སྨིན་གྱིས། །རི་བོའི་འོག་ཏུ་ལོ་ནི་འབུམ་གཅིག་སྡོད་དགོས་ཡོད། །མི་གཞན་ལས་རྐུན་མ་བྱས་པ་རྣམས། །བླ་མ་དགེ་འདུན་རྣམས་ལ་ཞབས་ཏོག་ཕུལ་བའི་ཕན་ཡོན་གྱིས། །རྐུན་མ་བྱས་པའི་སྡིག་པ་དག་པར་འདུག །བྱ་ཕག་དུད་འགྲོ་བསད་པའི་སྡིག་པ་རྣམས། །མ་ཎི་པ་རྣམས་ལ་ཞབས་ཏོག་ཕུལ་བའི་ཕན་ཡོན་དང་། །མ་ཎི་བསྐུལ་བས་སྡིག་པ་དག་འདུག །བརྣབ་སེམས་གནོད་སེམས་བྱེད་པའི་རྣམ་སྨིན་གྱིས། །དམྱལ་བ་མནར་མེད་ཀྱི་ནང་དུ་སྐྱེ་ནས་ཀྱང་། །བསྐལ་པ་གཅིག་གི་བར་དུ་འདི་ལས་མི་ཐར་རོ། །སྡིག་པ་གྲངས་མང་བྱས་པའི་རྣམ་སྨིན་གྱིས། །དམྱལ་བའི་ཡུལ་དུ་འགྲོ་བའི་དུས་ལ་བབས། །མིའི་ཡུལ་ནས་སྡིག་པ་ཁུར་ཡོང་པའི་ལས་ཡིན་ནོ། །ཀྱི་ཧུད་ཟེར་ཞིང་ངུས་པས་ཕན་མི་ཐོག་གོ །ཆོས་ཀྱི་རྒྱལ་པོའི་ཞལ་ནས་གླང་མགོ་ཅན་ལ་ལན་གསུམ་འབོད། །མི་སྡིག་ཅན་འདི་ཁྱེད་ཀྱི་ཞགས་པས་བཅིངས་ཏེ་དམྱལ་བའི་ཡུལ་དུ་ཁྲིད་ཅིག་གསུངས་སོ། །ལས་མཁན་གླང་མགོ་ཅན་གྱིས་ཧ་ཧ་ལན་གསུམ་བྱེད་ཡར་ལངས་ནས། མི་འདིའི་སྐེ་ནས་ཞགས་པས་བཅིངས་ཏེ་དམྱལ་བའི་ཡུལ་དུ་ཁྲིད་སོང་བ་མཐོང་། འདིའི་འཁོར་གཡོག་རྣམས་ཀྱིས་ཀྱང་། ལ་ལས་མགོ་ལ་སྟ་རེ་ནག་པོས་བརྡུང་བ་མཐོང་། ལ་ལས་རྒྱབ་ནས་རལ་གྲི་ཆེན་པོས་བརྡུང་བ་མཐོང་། ལ་ལས་རྐང་པ་ནས་བཟུང་སྟེ་ཁྲིད་སོང་བ་མཐོང་། ལས་མཁན་རྣམས་ཀྱིས་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་འཇིགས་སྒྲ་ཆེན་པོ་གཏོང་གིན་འདུག། ཡི་དམ་ལྷའི་ཞལ་ནས། ཁྱེད་གཤིན་རྗེ་རྣམས་ཀྱང་ཚུར་ཉོན་དང་། །མི་འདི་ལ་འཇིགས་སྒྲ་དེ་ཙམ་གཏོང་དགོས་པ། །སྡིག་པ་ཅི་རང་བྱེད་པའི་ལས་ཡོད་བསམ། །མི་ཡུལ་གྲང་ང་ཁམས་ལ་ཐལ་མཁན་ཡོད། །མི་འདི་ལ་སྡིག་པ་ཡོད་ཀྱང་བཤགས་ཐབས་ཡོད། །ད་ལྟ་བཅིངས་པ་ཡུད་ཙམ་གྲོལ་དང་གསུངས། །མིའི་ཡུལ་དུ་འཕྲིན་པ་གཏོང་རོགས་བཅུག །ཁྱེད་གཤིན་རྗེ་རྣམས་ཀྱང་སྐད་ཅིག་བཞུགས་དང་གསུངས། ཡང་ལས་མཁན་རྣམས་ཀྱིས་གསོལ་པ། ཁྱེད་ལྷའི་མཁའ་འགྲོ་སྙན་གསོན་དང་། །ངེད་ཅག་གཤིན་རྗེས་དབང་བཙོང་མ་ཡིན་ཏེ། །ཚེ་འདས་ཁོ་རང་བསགས་པའི་ལས་ཡིན་པས། །དམྱལ་བའི་ཡུལ་དུ་བཅུག་པའི་དུས་གཅིག་བྱུང་ཟེར་ཞིང་འདུག་གོ། བཅིངས་པ་རྣམས་ཅུང་ཟད་ཅིག་ཁྲོལ་བ་དང་། མི་འདིའི་ཁ་ནས་འཕྲིན་པ་བསྐུར། ཀྱེེ་མ་ཀྱི་ཧུད་ལས་ཅན་བུ་མོ་མི་ཡུལ་ཕེབས་ཟེར་ན། །ལས་ངན་ངའི་འཕྲིན་པ་གསུངས་རོགས་མཛོད། །ང་ནི་སྐྱེས་ས་སྐུར་སྟོད་ཕྱོགས་ནས་ཡིན། །ངའི་གྲོགས་མོ་པད་བསྟན་སྒྲོལ་མ་ཡིན། །བུ་དང་བུ་མོ་གཉེན་འཁོར་ཐམས་ཅད་ལ། །ང་ལ་སྙིང་རྗེའི་དགེ་བ་གཏོང་རོགས་གྱིས། །དུད་འགྲོ་ཉི་ཤུ་བསད་པའི་སྡིག་དག་ཕྱིར། །རྡོར་གཅོག་སྟོང་དང་སྡིག་བཤགས་ཀློག་དང་གྱིས། །བླ་མ་སྐུར་བཏབ་སྡིག་པ་དག་ཕྱིར་དུ། །ཡིག་བརྒྱ་སངས་རྒྱས་མཚན་འབུམ་བཞེངས་དང་གྱིས། །དབང་བཙོང་སེར་སྣའི་སྡིག་པ་དག་ཕྱིར་དུ། །ཡིག་དྲུག་དར་ཆེན་འཕྱར་དང་ཆུ་གཏོར་ཐོང་། །དམྱལ་བ་མནར་མེད་འདི་ལས་ཐར་བའི་ཕྱིར། །རྒྱལ་བ་མི་འཁྲུགས་པའི་སྐུ་གཅིག་བཞེངས་དང་གྱིས། །དམྱལ་ཁམས་བཅྭོ་བརྒྱད་སྡུག་བསྔལ་ཐར་བའི་ཕྱིར། །མ་ཎི་པ་ལ་འབུལ་བ་ཞབས་ཏོག་ཕུལ། །གྲོང་མི་རྣམས་ལ་བཟའ་བཏུང་སྦྱིན་ནས་ཀྱང་། །བདུན་ཕྲག་གསུམ་བར་མ་ཎི་འདྲེན་དུ་བཅུག །དགེ་བ་དེ་བསྒྲུབས་དམྱལ་བ་ནས་ཐར་ཏེ། །ནུབ་ཕྱོགས་བ་གླང་སྤྱོད་དུ་སྐྱེ་བ་ལེན་དུ་འགྲོ། །འཛམ་བུའི་གླིང་གི་མི་རྣམས་ཐམས་ཅད་ལ། །འཇིག་རྟེན་བྱ་བ་ཇི་ལྟར་མཁས་གྱུར་ཀྱང་། །བར་དོར་སླེབས་ནས་ཕན་པ་མི་འདུག་གོ། འཛམ་གླིང་ཀུན་ལ་འཕྲིན་པ་གསུངས་རོགས་མཛོད། །ཡང་ལས་མཁན་རྣམས་ཀྱིས་སྔར་བཞིན་བཅིངས་ཏེ་ཁྲིད་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

ཡང་མི་ཡུལ་ནས་མར་མི་ན་བཟའ་དམར་སེར་གྱོན་པ། དབུ་སྐྲ་རྒྱབ་ཏུ་བཅིངས་པ་ཕྱག་ན་འཕྲེང་བ་བསྣམས་པ། རྒྱབ་ཏུ་སྐུ་ཞིག་ཁུར་ནས་གསོལ་འདེབས་ལྷང་ལྷང་འདོན་པ་གཅིག་འདིར་སླེབས་བྱུང་། མི་འདིས་ཆོས་ཀྱི་རྒྱལ་པོ་ལ་ལན་གསུམ་བསྐོར་ནས་ཕྱག་ལན་གསུམ་འཚལ་ནས་སྐུ་མདུན་དུ་བསྡད་སོང་ངོ་། །ཆོས་ཀྱི་རྒྱལ་པོས་མི་འདི་ལ་དྲི་བ་སྔར་བཞིན་གནང་བྱུང་། མི་འདིས་དེ་སྐད་ཞུས། ཀྱེེ་མ་ཆོས་ཀྱི་རྒྱལ་པོ་བདག་ལ་གསན་མཛོད་དང་། །སྤྲང་པོ་སྡིག་པ་སྤངས་པའི་མི་གཅིག་ཡིན། །ང་ནི་སྐྱེ་ས་སྤ་གྲོ་ཕྱོགས་ནས་ཡིན། །ངའི་རིགས་བརྒྱུད་པདྨའི་བརྒྱུད་པ་ཡིན། །ངའི་མིང་ནི་ངག་དབང་དཔལ་འབྱོར་ཟེར། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་སུ། །སྡིག་པའི་ལས་རྣམས་བསྐྱུར་ནས་རྒྱབ་ཏུ་བོར། །བར་དོའི་ཡུལ་དུ་འཇིགས་པ་ཡོད་བསམ་ནས། །བླ་མ་རྣམས་ལ་བཀའ་ལུང་མང་པོ་ཞུས། །ནོར་དང་ལྟོ་གོས་རྣམས་ལ་མ་ཆགས་པར། །གཅིག་པུར་རི་ཁྲོད་འགྲིམ་ནས་ལྷ་ཆོས་བྱས། །ལུས་ཀྱི་སྡིག་དག་ཕྱག་དང་སྐོར་བ་བྱས། །ངག་གི་སྒྲིབ་པ་དག་ཕྱིར་ཡིག་དྲུག་འདྲེན། །ཡིད་ཀྱི་སྒྲིབ་པ་དག་ཕྱིར་འོད་གསལ་སྒོམ། །བཛྲ་གུ་རུ་ས་ཡ་གཅིག་ཏུ་སླེབས། །གནས་ཡང་གངས་ཅན་གངས་ཆུད་ཐམས་ཅད་བསྐོར། །གུ་རུའི་གནས་ཆེན་སྤ་གྲོ་སྟག་ཚང་དུ། །ལོ་ནི་བཅུ་གཅིག་བར་དུ་མཚམས་ལ་བསྡད། །ལྟོ་དང་གོས་རྣམས་སྦྱིན་བདག་རྣམས་ཀྱིས་བྱིན། །ཆོས་ནི་མང་པོ་བྱེད་རྒྱུ་མ་བྱུང་ཡང་། །འབྲེལ་པ་ཙམ་གཅིག་བྱས་ནས་ཡོད་པ་ལ། །ང་ལ་སྐྱབས་དང་རེ་ས་གཞན་མི་འདུག །དམྱལ་ཁམས་ཀྱི་ནང་དུ་མི་གཏོང་བར། །མཐོ་རིས་ཐར་པའི་ཞིང་དུ་གཏོང་རོགས་མཛོད། །གཡས་ཀྱི་ཕྱོགས་ནས་འདྲེ་ནག་པོ་ཁོ་ལངས་བྱུང་ནས། མི་ངན་ངག་དབང་དཔལ་འབྱོར་ཟེར་བ་འདི། །ཆུང་ངུས་དུས་ལ་སེམས་ཅན་གསུམ་ཙམ་བསད། །གསོན་ཟས་གཤིན་ཟས་དཀོར་ནི་མང་དུ་ཟོས། །ཁྱོད་ནི་ཆོས་བྱས་ཟེར་བ་རྫུན་ཚིག་ཡིན། །སྡིག་པ་བསགས་པའི་རྡེའུ་དེ་ཙམ་ཡོད། །ཟེར་ཞིང་རྡེའུ་ནག་པོ་བྲེ་ཕྱེད་ཙམ་སྤུངས་སོང་ངོ་། །གཡོན་ནས་ལྷ་དཀར་པོ་ལངས་ནས། ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཞུ་བ་འབུལ། །རྣལ་འབྱོར་ངག་དབང་དཔལ་འབྱོར་ཟེར་བ་འདི། །དཀར་པོ་དགེ་བའི་ལས་ནི་མང་དུ་བསགས། །སྡིག་པའི་ལས་རྣམས་ཐམས་ཅད་རྒྱབ་ཏུ་བསྐྱུར། །གཅིག་པུར་འཁོར་བ་སྤངས་ནས་ལྷ་ཆོས་བྱེད། །ལྟོ་དང་གོས་རྣམས་ནས་མ་ཎི་འདྲེན། །ལུས་ངག་ཡིད་གསུམ་སྡིག་པ་དག་ཕྱིར་དུ། །ཕྱག་འཚལ་སྐོར་བ་མང་དུ་བསྐོར་བ་ཡིན། །རྒྱུན་དུ་གུ་རུ་ཉིད་ལ་གསོལ་བ་བཏབ། །བཛྲ་གུ་རུ་ས་གཅིག་འདྲེན་པ་ཡིན། །མར་ལ་དམྱལ་བའི་ཡུལ་དུ་གཏང་རྒྱུ་མེད། །རིག་འཛིན་ས་ལ་བཏང་བའི་མི་ཞིག་ཡིན། །དཀར་པོ་དགེ་བ་བསགས་པའི་རྡེའུ་དེ་ཙམ་ཡོད། །རྡེའུ་དཀར་པོ་རི་བོ་ཙམ་སྤུངས་སོང་། ཆོས་ཀྱི་རྒྱལ་པོའི་ཞལ་ནས་ངས་སྲིད་པའི་མེ་ལོང་ལ་ལྟོས་ཤིག་གསུངས་པས། ཆོས་ཀྱི་རྒྱལ་པོས་སྲིད་པའི་མེ་ལོང་ལ་གཟིགས་ཞལ་འཛུམ་པ་མཛད་ནས། མི་ཡུལ་འཛམ་བུའི་གླིང་ལ་དཀར་པོ་དགེ་བ་བྱས་མཁན་ནི་ཉུང་གི། མི་ཁྱོད་ལྷ་ཆོས་བྱས་པ་ཡིན་ཟེར་བ་ནི་བདེན་པར་འདུག །ལྷ་དཀར་པོ་ཁྱོད་རང་གིས་ཁྲིད་ནས་རིག་འཛིན་གྱི་ས་ལ་འཁོད་པར་བྱའོ། །མི་འདིའི་ཞལ་ནས་འཕྲིན་པ་དེ་ལྟར་བསྐུར། ལས་ཅན་བུ་མོ་ཚུར་ལ་གསན་མཛོད་དང་། །ནུབ་ཕྱོགས་སྤ་གྲོར་འཕྲིན་པ་གསུངས་རོགས་གྱིས། །ངའི་མིང་ལ་ངག་དབང་དཔལ་འབྱོར་ཡིན། །སྲིང་མོ་ཆོས་སྒྲོན་དེ་ལ་འཕྲིན་པ་གསུངས། །ང་ནི་མིའི་ཡུལ་ལ་བསྡད་པའི་དུས། །འཁོར་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་ཀྱང་། །གཅིག་པོར་ལྷ་ཆོས་བྱས་པའི་ཕན་ཡོན་གྱིས། །བར་དོར་སླེབས་ནས་འཇིགས་སྐྲག་མེད་པ་དང་། །

མཐོ་རིས་རིག་འཛིན་ས་ལམ་ཐོབ་པ་ཡིན། །སྲིང་མོ་ཁྱེད་ཀྱང་ཕྱི་མའི་དོན་དུ་ནི། །ཅི་ཡོད་བླ་མའི་ཕྱོགས་སུ་ཕུལ་དང་གྱིས། །སེར་སྣ་བསགས་པའི་ཟས་ནོར་ཐམས་ཅད་ནི། །མར་གྱི་སྤྲང་པོ་རྣམས་ལ་སྦྱིན་པ་ཐོང་། །བརྣབ་སེམས་གནོད་སེམས་སྡིག་པ་སྤངས་བྱས་ནས། །རྒྱུན་དུ་ཡི་གེ་དྲུག་མ་འདྲེན་པར་གྱིས། །འཆི་བ་སེམས་ལ་དྲན་ནས་ལྷ་ཆོས་བྱས། །སྡིག་ཅན་མི་རྣམས་ཀུན་ལ་འཕྲིན་པ་གསུངས། །མི་འདི་རིག་འཛིན་ས་ལ་འཁོད་སོང་གྱིས། །ཟེར་ནས་རིག་འཛིན་ཆེན་པོའི་ས་ལ་ལངས་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཆོས་ཀྱི་རྒྱལ་པོའི་ཞལ་ནས། བུ་མོ་ཁྱོད་རང་ངའི་ཕོ་བྲང་རྩེ་ནས་ཡར་མཐོ་རིས་ཞིང་ཁམས་ཐམས་ཅད་ལ་ལྟོས་དང་གསུངས། ཡི་དམ་ལྷས་དུང་གི་ཐེམ་སྐས་གསུམ་གྱི་རྩེ་རུ་ཕེབས་ནས། བུ་མོ་ཁྱེད་རང་ངའི་རྗེས་ལ་ཤོག་དང་གསུངས་པས། ཡི་དམ་གྱི་ཞལ་ནས་བུ་མོ་ཁྱེད་རང་ཡར་ལ་ལྟོས་དང་གསུངས། ངས་ཡར་ལ་བལྟས་པས་བར་སྣང་སྟོང་པའི་ངང་ལས། གཡུ་ལས་གྲུབ་པའི་མཆོད་རྟེན་བང་རིམ་ལྔ་ཡོད་པའི་མདུན་དུ་ལྷའི་བུ་མོ་སྐུ་མདོག་དཀར་མོ་སྐུ་ལ་ན་བཟའ་རུས་རྒྱན་གསོལ་བ་ཕྱག་ན་མེ་ཏོག་བསྣམས་ཏེ་བཞུགས་པ་མཐོང་། འདི་ནས་ཡར་ཁྲུ་གང་གཅིག་གི་སར་དུང་གི་ལྷ་ཁང་ཕྱི་ནང་མེད་པར་ཤེལ་དཀར་འདྲ་བའི་ནང་དུ། ལྷའི་བུ་མོ་སྐུ་མདོག་སེར་མོ་ན་བཟའ་དར་དཀར་གསོལ་བ། ཕྱག་ན་དུང་གི་བུམ་པ་བསྣམས་ཏེ་བཞུགས་པ་མཐོང་། འདི་ནས་ཡར་འདོམ་གང་གི་སར་དཀྱིལ་འཁོར་ལྗང་ཁུ་ཡོད་པའི་ནང་ལ། ལྷའི་བུ་མོ་སྐུ་མདོག་ལྗང་ཁུ་ན་བཟའ་དར་དམར་གསོལ་བ། ཕྱག་ན་མར་མེ་དམར་པོ་བསྣམས་ཏེ་བཞུགས་པ་མཐོང་། འདི་གསུམ་ཡོད་པའི་མདུན་དུ་མིའི་གཟུགས་འདྲ་བ་ཡང་རེ་རེ་གཉིས་གཉིས་བཞུགས་པ་མཐོང་། ཡི་དམ་ལྷ་ལ་འདིར་སྐྱིད་པའི་ཞིང་ཁམས་ཡོད་པ་རྣམས་ཅི་ཡིན་ཞུས་པས།

ལྷའི་ཞལ་ནས་དེ་སྐད་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ མ་ཡེངས་བུ་མོ་ཚུར་ཉོན་དང་། །ནོར་བུ་གཡུ་ལས་འགྲུབ་པའི་མཆོད་རྟེན་འདི། །ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་ཕོ་བྲང་ཡིན། །ནོར་བུ་དུང་ལས་འགྲུབ་པའི་ལྷ་ཁང་འདི། །སངས་རྒྱས་མཁའ་འགྲོ་རྣམས་ཀྱི་ཕོ་བྲང་ཡིན། །ཁ་དོག་མཐིང་ལས་འགྲུབ་པའི་དཀྱིལ་འཁོར་འདི། །བུདྡྷ་མཁའ་འགྲོ་རྣམས་ཀྱི་ཕོ་བྲང་ཡིན། །འདི་ལ་བཞུགས་པའི་མི་གཟུགས་འདྲ་བ་རྣམས། །འཛམ་གླིང་མི་ཡུལ་བསྡད་པའི་དུས་ལ་ནི། །མ་ཎི་ས་གཅིག་བགྲངས་བའི་ཕན་ཡོན་གྱིས། །ད་ལྟ་མཁའ་འགྲོ་རྣམས་ཀྱི་ཞིང་ཁམས་འདི་རུ་སླེབས་པ་ཡིན། །འདི་ནས་ཡར་བལྟས་པས་འདོམ་གསུམ་གྱི་སར་དངུལ་ལས་འགྲུབ་པའི་སྒོ་ཆེན་པོ་འདི་ལ། རིན་པོ་ཆེ་ནོར་བུ་མང་པོས་བརྒྱན་པ། སྒོ་ཡི་དྲུང་དུ་ཤིང་གི་སྡོང་པོ་སྔོན་པོ་ལོ་མ་སྣ་ཚོགས་ཀྱིས་བརྒྱན་པ། རྩེ་མོ་མེ་ཏོག་དཀར་སེར་དམར་ལྗང་སྣ་ཚོགས་འབར་ཞིང་ཡོད་པ། ཕོ་བྲང་འདི་ལ་ཟུར་བཞི་ཡོད་པ། ཤར་གྱི་ཕྱོགས་ལ་ཤིང་གི་སྡོང་པོ་དཀར་པོ་ལོ་མ་ལྗང་ཁུ། མེ་ཏོག་དཀར་ལྗང་ཤར་ཞིང་ཡོད་པ། ཤིང་གི་རྩ་བར་ཕྱག་འཚལ་མི་ཡང་མང་པོ་ཡོད་པ། ལྷོ་ཕྱོགས་ཀྱི་ཤིང་གི་སྡོང་པོ་སེར་པོ་ལོ་མ་དམར་པོའི་རྩེ་ལ་མེ་ཏོག་དམར་པོ་འབར་ཞིང་ཡོད་པ་འདིའི་རྩ་བར་དམ་ཆོས་པོ་ཏི་ཀློག་ཅིང་བཞུགས་པའི་མི་ཡང་བསམ་གྱིས་མི་ཁྱབ་པ་བཞུགས་པ་མཐོང་། ནུབ་ཀྱི་ཕྱོགས་ལ་ཤིང་གི་སྡོང་པོ་དམར་པོ་ལོ་མ་དམར་ལྗང་མེ་ཏོག་བཞུགས་པའི་མི་ཡང་གྲངས་མེད་འདུག །བྱང་གི་ཟུར་འདི་ལ་ཤིང་གི་སྡོང་པོ་ལྗང་ཁུ་ལོ་མ་དཀར་ལྗང་ཡོད་པ་མེ་ཏོག་དཀར་དམར་གྱི་འཕྲེང་བས་བསྐོར་ཞིང་ཡོད་པ། འདིའི་རྩ་བར་མི་འཕྲེང་བ་བཟུང་སྟེ་མ་ཎི་འདྲེན་ཅིང་བསྡད་པའི་མི་ཡང་གྲངས་མེད་འདུག །ཕྱོགས་བཞི་འདིའི་ནང་ལ་ས་གཞི་ཐམས་ཅད་སྔོ་ཞིང་དྭངས་པ། འདིའི་ནང་ལ་མཛེས་ཤིང་ཡིད་དུ་འོང་བའི་མི་ཡང་བསམ་གྱིས་མི་ཁྱབ་པ་འདུག །ཕོ་བྲང་འདིའི་ཕྱིའི་ལྕགས་རི་ཐམས་ཅད་ནོར་བུ་གཡུ་དང་མུ་ཏིག་བྱི་རུ་གསེར་དངུལ་ལ་སོགས་པ་རྣམས་ཀྱིས་ལྕགས་རི་རིམ་པ་བདུན་གྱི་ཕྱི་ནས་བསྐོར་བ། སྟེང་དུ་འཇའ་ཚོན་སྣ་ལྔས་བསྐོར་ཞིང་ཡོད་པ། ས་གཞི་དེའི་དབུས་སུ་འོ་མའི་མཚོ་དཀར་ཞིག་ཡོད་པ། མཚོ་འདིའི་དབུས་ན་ཤིང་གི་སྡོང་པོ་ལྔ་ཡོད་པ། སྟེང་ནས་སྡོང་པོ་སོ་སོར་ཤར་གྱི་སྡོང་པོ་དཀར་པོ་ལོ་འདབ་དཀར་པོའི་རྩེ་ལ་མེ་ཏོག་འཕྲེང་བའི་ནང་ལ། ཕོ་བྲང་དཀར་ཞིང་ཡོད་པའི་ནང་དུ་པདྨ་དཀར་པོ་དང་ལྡན་པ། ལྷ་སྐུ་མདོག་དཀར་པོ་ཕྱག་ན་རྡོ་རྗེ་བསྣམས་པ་ལོངས་སྐུའི་བརྒྱན་ཆ་ལུགས་གསོལ་བ། འོད་ཟེར་དཀར་ལྗང་གིས་བསྐོར་ཞིང་ཡོད་པ། དེའི་དྲུང་དུ་དགའ་སྐྱིད་ལྡན་པའི་མི་ཡང་འདུག །ལྷོ་ཕྱོགས་ཀྱི་ཤིང་སྡོང་པོ་སེར་པོ་ལོ་འདབ་རྒྱས་པའི་རྩེ་ལ་མེ་ཏོག་གི་འཕྲེང་བས་བསྐོར་བའི་ནང་ལ། ཕོ་བྲང་སེར་པོའི་ནང་དུ་པདྨ་སེར་པོའི་གདན་ལ་སྐུ་མདོག་སེར་པོ་ཕྱག་ན་ནོར་བུ་བསྣམས་པ། འོད་ཟེར་སེར་ལྗང་གིས་བསྐོར་བ། དེའི་དྲུང་དུ་མ་ཎི་འདྲེན་ཞིང་བཞུགས་པའི་མི་ཡང་འདུག །ནུབ་ཕྱོགས་ཀྱི་ཤིང་སྡོང་པོ་དམར་པོ་ལོ་འདབ་དམར་སེར་མེ་ཏོག་དམར་པོ་རྒྱས་པའི་རྩེ་ལ། ཕོ་བྲང་དམར་པོའི་ནང་དུ་ཉི་མའི་གདན་ལ་ལྷ་སྐུ་མདོག་དམར་པོ་ཕྱག་མཚན་པདྨ་བསྣམས་པ། འོད་ཟེར་དཀར་དམར་གྱིས་བསྐོར་ཞིང་ཡོད་པ་དེའི་གྲོང་དུ་གསུང་ཆོས་སྒྲོག་ཅིང་བཞུགས་པའི་མི་ཡང་འདུག །བྱང་ཕྱོགས་ཀྱི་ཤིང་སྡོང་པོ་ལྗང་ཁུ་ལོ་མ་རྒྱས་པའི་རྩེ་ལ། མེ་ཏོག་དཀར་ལྗང་གི་ནང་དུ་ཕོ་བྲང་ལྗང་ཁུའི་ནང་དུ་ཟླ་བའི་གདན་ལ། ལྷ་སྐུ་མདོག་ལྗང་ཁུ་ཕྱག་ན་རལ་གྲི་བསྣམས་པ་ན་བཟའ་སྣ་ཚོགས་གསོལ་བ། འོད་ཟེར་ལྗང་སེར་གྱིས་བསྐོར་ཞིང་ཡོད་པ་འདི་ལ་གསོལ་འདེབས་གནང་ཞིང་བཞུགས་པའི་མི་ཡང་མང་པོ་འདུག །དབུས་ཀྱི་ཤིང་སྡོང་པོ་སྔོན་པོ་ལོ་འདབ་སྣ་ཚོགས་རྒྱས་པའི་རྩེ་ལ། མེ་ཏོག་དཀར་སེར་དམར་ལྗང་སྣ་ཚོགས་འབར་ཞིང་ཡོད་པ། དེའི་སྟེང་དུ་ཕོ་བྲང་དཀར་ཞིང་དྭངས་པ་དུང་མཚོའི་མདངས་དང་ལྡན་པ། ཕོ་བྲང་གསུམ་བརྩེགས་ཡོད་པའི་ཕྱི་རོལ་ཏུ་འོད་ཟེར་སྣ་ལྔའི་གུར་ཕུབ་པ། ཕོ་བྲང་འོག་མའི་ནང་དུ་ཁྲི་པདྨ་བརྩེགས་པའི་གདན་ལ་ལྷ་སྐུ་མདོག་དཀར་པོ་དབུ་ལ་པྲོག་ཞུ་གསོལ་བ་ན་བཟའ་དཀར་དམར་གསོལ་བ། ཕྱག་ན་འཕྲེང་བ་དང་འོ་མའི་ཆུ་རྒྱུན་བསྣམས་པ། དེའི་གཡས་གཡོན་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྐོར་ཞིང་ཡོད་པ། དེའི་མཐའ་སྐོར་ལ་ཕྱག་འཚལ་སྐོར་བ་བྱས་པའི་མི་ཡང་མང་པོ་འདུག །ཕོ་བྲང་བར་མའི་ནང་ལ་སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་ཤེལ་དཀར་གྱི་འཕྲེང་བ་བསྣམས་པ། གཡོན་འོག་མས་མེ་ཏོག་དཀར་པོ་འཛིན་པ། དབུ་ལ་རྒྱལ་བ་རིགས་ལྔའི་པྲོག་ཞུ་གསོལ་བ། སྐུ་ལ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་གསོལ་བ། ཞབས་གཉིས་སྐྱིལ་མོ་ཀྲུང་དུ་བཞུགས་པ། འོད་ཟེར་སྣ་ཚོགས་ཀྱིས་བསྐོར་བའི་ནང་དུ་ཆུ་ནང་གི་ཟླ་བ་ལྟ་བུར་བཞུགས་པའི་ཞལ་ནས་ཡི་གེ་དྲུག་མའི་གསུང་སྒྲོག་ཅིང་བཞུགས་པ་མཐོང་། དེའི་གཡས་སུ་པདྨ་དམར་པོའི་གདན་ལ་ལྷ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་པ་འོད་ཟེར་དམར་པོས་བསྐོར་ཞིང་བཞུགས་པ། གཡོན་དུ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། འོད་ཟེར་དཀར་ལྗང་གི་བསྐོར་ཞིང་བཞུགས་པ། སྟེང་ནས་གདུགས་དང་རྒྱལ་མཚན་བ་དན་དང་བླ་བྲེས་སྣ་ཚོགས་ཀྱི་གདུགས་ཕུབ་པ། མདུན་དུ་མཆོད་པའི་ལྷ་མོ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱིས། ཕྱག་ན་སྤོས་དང་མར་མེ་ཞལ་ཟས་མེ་ཏོག་སྣ་ཚོགས་ཀྱིས་མཆོད་པ་ཕུལ་མཁན་ཡང་གྲངས་མེད་ཡོད་པ། ལ་ལས་སྒྲའི་མཆོད་པ། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང་ཡོད། ལ་ལ་ནི་དུང་ཆེན་དང་རྒྱ་གླིང་པི་ཝང་གླིང་བུ་དང་དྲིལ་བུ་ཌཱ་མ་རུ་སིལ་སྙན་ལ་སོགས་ཕུལ་ཞིང་ཡོད་པ། ལྷའི་སྐུ་མདུན་དུ་སྤྱིར་འཛམ་བུ་གླིང་གི་བླ་མ་འདྲ་བ་ན་བཟའ་དཀར་པོ་བཞེས་པ་ཕྱག་ན་འཕྲེང་བ་བསྣམས་ནས་བཞུགས་མཁན་ཡང་འདུག །ལ་ལ་ནི་ན་བཟའ་སེར་པོ་བཞེས་པ། ཕྱག་ན་དཔེ་ཆ་བསྣམས་ནས་བཞུགས་མཁན་ཡང་འདུག །ལ་ལ་ནི་ན་བཟའ་དམར་པོ་བཞེས་ནས་ཕྱག་ན་བུམ་པ་བསྣམས་ཏེ་བཞུགས་མཁན་ཡང་ཡོད། ལ་ལ་ནི་ན་བཟའ་ལྗང་ཁུ་གསོལ་ཏེ་ཕྱག་ན་རྡོ་རྗེ་བསྣམས་ནས་བཞུགས་མཁན་ཡང་ཡོད། ལ་ལ་ནི་ན་བཟའ་སྔོན་པོ་གསོལ་ཞིང་ཕྱག་གཉིས་མཉམ་བཞག་གིས་བཞུགས་པ། ལ་ལ་ནི་ཡི་གེ་དྲུག་མའི་མ་ཎི་འཁོར་ལོ་ཕུལ་མི་དང་། དམ་ཆོས་པོ་ཏི་ཕུལ་མི་དང་། བྱང་ཆུབ་ཀྱི་མཆོད་རྟེན་ཕུལ་མི་དང་། སྐུ་རྟེན་ཕུལ་མི་དང་། ཞལ་ཐང་ཕུལ་མི་དང་། མར་མེ་སྤྱི་གཙུག་ཏུ་བཞག་ནས་ཕུལ་མི་དང་། མ་ཎི་པད་དབྱངས་ཕུལ་མི་དང་། ནོར་བུ་བྱི་རུ་དང་མུ་ཏིག་གཡུ་དང་སྤོས་ཤེལ་དུང་དང་། གསེར་དངུལ་ཟངས་ལྕགས་ལ་སོགས་ནོར་བུ་སྣ་ཚོགས་ཕུལ་མི་ཡང་འདུག །དར་དཀར་སེར་དམར་ལྗང་ཡང་བསམ་གྱིས་མི་ཁྱབ་པ་ཕུལ་མཁན་ཡང་འདུག །ཤིང་ཐོག་གི་འབྲས་བུ་སྣ་ཚོགས་ཕུལ་མི་ཡང་འདུག །དགའ་བའི་གླུ་ལེན་སྐྱིད་པའི་བྲོ་བརྡུང་ཕུལ་མཁན་ཡང་བསམ་གྱིས་མི་ཁྱབ་པ་མཐོང་། ཕོ་བྲང་གོང་མའི་ནང་ཉི་ཟླའི་གདན་ལ་ལྷ་སྐུ་མདོག་དམར་པོ་ན་བཟའ་དམར་སེར་གསོལ་བ། ཕྱག་གཉིས་མཉམ་བཞག་སྐྱིལ་ཀྲུང་དུ་བཞུགས། འོད་ཟེར་སྣ་ལྔས་བསྐོར་ཞིང་ཡོད་པ། མཆོད་པའི་ལྷ་མོ་བདུན་གྱིས་མཆོད་པ་སྣ་ཚོགས་ཕུལ་ཞིང་བཞུགས་པ་མཐོང་། འདིའི་ནང་དུ་ལྷའི་གཟུགས་འདྲ་བ་དང་མིའི་གཟུགས་འདྲ་བ་བསམ་གྱིས་མི་ཁྱབ་པ་མཐོང་། ལ་ལ་ནི་མེ་ཏོག་གི་ནང་ནས་སྐྱེས་པ་ཡང་ཡོད། ལ་ལ་ནི་འོད་ཟེར་གྱི་ནང་ནས་སྐྱེས་པ་ཡང་འདུག །ལ་ལ་ནི་ཤིང་གི་སྡོང་པོ་ལས་སྐྱེས་པ། ལ་ལ་ནི་ས་གཞི་སྔོན་པོའི་ནང་ནས་སྐྱེས་པ། ལ་ལ་ནི་འོ་མའི་མཚོ་ལས་སྐྱེས་པ། ལ་ལ་ནི་པདྨའི་སྡོང་པོ་ལས་སྐྱེས་པ། ལ་ལ་ནི་ཟས་ཕུན་སུམ་ཚོགས་པ་ལས་སྐྱེས་པ། ལ་ལ་ནི་ནོར་བུའི་ནང་ལས་སྐྱེས་པ། ལ་ལ་ནི་ཕོ་བྲང་འདིའི་ནང་ནས་སྐྱེས་པའོ། །འདི་རྣམས་བསམ་གྱིས་མི་ཁྱབ་པ་ཡོད། ལ་ལ་ནི་བར་སྣང་སྟོང་པའི་ནང་ནས་འཕུར་ཞིང་འདི་རུ་ཡོང་བ་ཡང་ཡོད། ལ་ལ་ནི་ཉི་མའི་ཟེར་ལ་ཞོན་ནས་འོང་བ་ཡང་ཡོད། ལ་ལ་ནི་རྟ་མཆོག་རྒྱལ་པོ་བྷ་ལ་ཧ་ལ་ཞོན་ནས་སླེབས་མཁན་ཡང་འདུག །ལ་ལ་ནི་རླུང་ལ་ཞོན་ནས་སླེབས་པ་མཐོང་། ལ་ལ་ནི་གོས་ཀྱིས་གཤོག་པ་བྱས་ནས་སླེབས་པ་ཡང་འདུག །ལ་ལ་ནི་ལམ་དཀར་པོའི་ནང་ནས་ཡར་སླེབས་པ་ཡང་འདུག །ཞིང་ཁམས་འདི་ནས་ཕར་སོང་བའི་མི་ཡང་འདུག །ལ་ལ་ནི་ནམ་མཁའི་དབྱིངས་སུ་འཕུར་བའི་མི་ཡང་འདུག །ལ་ལ་ནི་ཉི་མའི་ཟེར་ལ་ཆིབས་ནས་སོང་བ་ཡང་འདུག །ལ་ལ་ནི་གོས་ཀྱིས་གཤོག་པ་བྱས་སོང་མི་ཡང་འདུག །ལ་ལ་ནི་ཕོ་བྲང་དེའི་ནང་ནས་བྱ་དཀར་པོའི་ལུས་ལ་སྤྲུལ་ཏེ་འཕུར་སོང་བའི་མི་ཡང་བསམ་གྱིས་མི་ཁྱབ་པ་མཐོང་། ཕོ་བྲང་འདིའི་ཕྱི་ནས་དཔག་བསམ་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐོར་བ། ཆུ་སྣ་བདུན་གྱིས་བསྐོར་བ། མ་རྨོས་པའི་ལོ་ཐོག་གིས་བསྐོར་བ། ཤིང་ཐོག་གི་འབྲས་བུ་སྣ་ཚོགས་ཀྱིས་བསྐོར་བ། ནང་ལ་མེ་ཏོག་སྣ་ཚོགས་ཀྱིས་བསྐོར་བ། དེའི་ནང་ལ་ནོར་བུ་སྣ་བདུན་གྱིས་བསྐོར་བ། ནང་ལ་ཉི་མ་སྤུན་བདུན་གྱིས་བསྐོར་བ། ཕོ་བྲང་འདིའི་སྟེང་འོག་བར་གསུམ་ཐམས་ཅད་འཇའ་ཚོན་སྣ་ལྔས་བསྐོར་ཞིང་ཡོད་པ་མཐོང་། ཕོ་བྲང་འདིའི་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བ། ཕྱི་དང་ནང་མེད་པ་ཤེལ་དཀར་གྱི་ཁ་དོག་ལྟ་བུར་གསལ་ཞིང་ཡོད་པ་མཐོང་། དགའ་ཞིང་སྐྱིད་པའི་མི་ཡང་བསམ་གྱིས་མི་ཁྱབ་པ་མཐོང་། དེ་ལྟ་བུའི་ཞིང་ཁམས་མཐོང་ནས་སེམས་ཡང་དགའ་བར་གྱུར། ཕྱག་ལན་གསུམ་འཚལ་ནས་ངས་ཡི་དམ་ལ་འདི་ལྟར་ཕོ་བྲང་ཉམས་དགའ་བ་དང་། ལྷ་གྲངས་མེད་བཞུགས་པ་དང་བླ་མ་དགེ་བའི་བཤེས་གཉེན་གྲངས་མེད་བཞུགས་པ་དེ་ལྟ་བུ་ཅི་ཡིན་ཞུས་པས།

ལྷའི་ཞལ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ནོར་བུ་དངུལ་ལས་གྲུབ་པའི་སྒོ་ཆེན་འདི། །ཕོ་བྲང་རི་བོ་ཏ་ལའི་སྒོ་མོ་ཡིན། །ལྗོན་ཤིང་སྡོང་པོ་སྔོན་པོ་ཡོད་པ་འདི། །ཞིང་ཁམས་འདིའི་ལྗོན་ཤིང་ཡིན་ནོ་གསུངས། །ཤར་གྱི་ལྗོན་ཤིང་དཀར་པོ་ཡོད་པ་འདི། །ནོར་བུ་དུང་ལས་གྲུབ་པའི་ལྗོན་ཤིང་ཡིན། །རྩ་བར་ཕྱག་འཚལ་བསྡད་པའི་མི་རྣམས་ནི། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །ཕྱག་འབུམ་སྐོར་བ་བྱས་པའི་ཕན་ཡོན་ཡིན། །ལྷོའི་ལྗོན་ཤིང་སེར་པོ་ཡོད་པ་འདི། །ནོར་བུ་གསེར་ལས་གྲུབ་པའི་སྡོང་པོ་ཡིན། །དེའི་རྩར་དམ་ཆོས་ཀློག་ཅིང་ཡོད་པ་རྣམས། །མི་ཡུལ་ཆོས་ཀློག་བྱས་པའི་ཕན་ཡོན་ཡིན། །ནུབ་ཀྱི་ལྗོན་ཤིང་དམར་པོ་ཡོད་པ་འདི། །ནོར་བུ་བྱི་རུ་གྲུབ་པའི་སྡོང་པོ་ཡིན། །ཕྱག་མཚན་བུམ་པ་བསྣམས་ནས་བཞུགས་པ་རྣམས། །མི་ཡུལ་མཆོད་རྟེན་བཞེངས་པའི་ཕན་ཡོན་ཡིན། །བྱང་གི་ལྗོན་ཤིང་ལྗང་ཁུ་ཡོད་པ་འདི། །ནོར་བུ་གཡུ་ལས་གྲུབ་པའི་སྡོང་པོ་ཡིན། །དེའི་དྲུང་མ་ཎི་འདྲེན་ཅིང་བསྡད་པ་རྣམས། །བསྙེན་གནས་སྨྱུང་གནས་བསྲུངས་པའི་ཕན་ཡོན་ཡིན། །མཛེས་ཤིང་ཡིད་འོང་སྣ་ཚོགས་མཐོང་བ་རྣམས། །ཕྱི་ནང་མཆོད་པ་ཕུལ་བའི་ཕན་ཡོན་ཡིན། །ལྕགས་རི་འཇའ་ཚོན་སྣ་ལྔས་བསྐོར་བ་དེ། །རི་བོ་ཏ་ལའི་ལྕགས་རིས་བསྐོར་བའི་འོད་ཟེར་ཡིན། །འོ་མའི་ཁ་དོག་དཀར་ཞིང་ཡོད་པ་འདི། །ཡི་དྭགས་བཀྲེས་སྐོམ་སེལ་བའི་མཚོ་མོ་ཡིན། །མཚོའི་ནང་ནས་སྣ་ཚོགས་འཁྲུངས་པ་འདི། །ཞིང་ཁམས་འདི་རྣམས་འཁྲུངས་པའི་ལྗོན་ཤིང་ཡིན། །ཕོ་བྲང་དཀར་པོའི་ནང་དུ་བཞུགས་པའི་ལྷ། །རྡོ་རྗེ་སེམས་དཔའ་བཞུགས་པའི་ཞིང་ཁམས་ཡིན། །འདི་ལ་དགའ་སྐྱིད་འཛོམས་པའི་མི་རྣམས་ནི། །མིའི་ཡུལ་དུ་བསྡད་པའི་དུས་སུ་ནི། །ཡར་མཆོད་མར་སྦྱིན་བྱེད་པའི་ཕན་ཡོན་ཡིན། །ཕོ་བྲང་སེར་པོའི་ནང་དུ་བཞུགས་པའི་ལྷ། །སངས་རྒྱས་རིན་ཆེན་འབྱུང་ལྡན་ཞིང་ཁམས་ཡིན། །དེའི་དྲུང་དུ་མ་ཎི་འདྲེན་པའི་མི། །མི་ཡུལ་མ་ཎི་འདྲེན་པའི་ཕན་ཡོན་ཡིན། །ཕོ་བྲང་དམར་པོའི་ནང་དུ་བཞུགས་པའི་ལྷ། །སྣང་བ་མཐའ་ཡས་བཞུགས་པའི་ཞིང་ཁམས་ཡིན། །འདི་ལ་གསུང་ཆོས་སྒྲོགས་པའི་མི་རྣམས་ནི། །དགེ་འདུན་བཀའ་འགྱུར་ཀློག་པའི་ཕན་ཡོན་ཡིན། །ཕོ་བྲང་ལྗང་ཁུ་ནང་དུ་བཞུགས་པའི་ལྷ། །དོན་ཡོན་གྲུབ་པ་བཞུགས་པའི་ཕོ་བྲང་ཡིན། །དེའི་དྲུང་དུ་གསོལ་བ་འདེབས་ཤིང་བཞུགས་པ་རྣམས། །མི་ཡུལ་མཆོད་པ་ཕུལ་བའི་ཕན་ཡོན་ཡིན། །དབུས་ཀྱི་སྡོང་པོ་སྣ་ཚོགས་ཡོད་པ་འདི། །རི་བོ་ཏ་ལར་འཁྲུངས་པའི་སྡོང་པོ་ཡིན། །ཕོ་བྲང་གསུམ་བརྩེགས་དཀར་ཞིང་ཡོད་པ་འདི། །སྐུ་གསུང་ཐུགས་རྣམས་བཞུགས་པའི་ཞིང་ཁམས་ཡིན། །ཕོ་བྲང་འོག་མའི་ནང་དུ་བཞུགས་པའི་ལྷ། །ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་ཡིན། །འོ་མའི་ཆུ་རྒྱུན་དཀར་པོ་བསྣམས་པ་འདི། །ཡི་དྭགས་བཀྲེས་སྐོམ་སེལ་བའི་ཆུ་རྒྱུན་ཡིན། །དེའི་དྲུང་དུ་མཆོད་པ་ཕུལ་མཁན་རྣམས། །གངས་ཅན་གནས་ལ་མཆོད་པ་ཕུལ་བའི་མཐུས། །ད་ལྟ་ཞིང་ཁམས་འདི་རུ་སྐྱེས་པ་ཡིན། །ཕོ་བྲང་བར་མའི་ནང་དུ་བཞུགས་པའི་ལྷ། །སྣ་ཚོགས་ཁྲིའི་སྟེང་དུ་བཞུགས་པའི་ལྷ། །འཕགས་པ་ཐུགས་རྗེ་ཆེན་པོ་ཡིན་ནོ་གསུངས། །གསུང་མཆོག་ཡི་གེ་དྲུག་མ་འདྲེན་ཅིང་བཞུགས། །འགྲོ་བ་རིགས་དྲུག་འདྲེན་པའི་གསུང་སྒྲ་ཡིན། །གཡས་སུ་སྐུ་མདོག་སེར་པོ་བཞུགས་པ་འདི། །སྲས་མཆོག་ནོར་བུ་འཛིན་པ་ཡིན་ནོ་གསུངས། །གཡོན་དུ་སྐུ་མདོག་དཀར་པོ་བཞུགས་པ་འདི། །སྲས་མོ་རིགས་ལྔ་འཛིན་པ་ཡིན་ནོ་གསུངས། །སྟེང་ན་མཆོད་རྫས་སྣ་ཚོགས་བསྐོར་བ་དེ། །ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་ཕུལ་བ་ཡིན། །མཆོད་པའི་ལྷ་མོ་སྣ་ཚོགས་བཞུགས་པ་དེ། །ཐུགས་རྗེ་ཆེན་པོར་མཆོད་པ་ཕུལ་བ་ཡིན། །སྤོས་དང་མར་མེ་ཞལ་ཟས་ཕུལ་མི་རྣམས། །ལྷ་ཁང་སྐུ་རྟེན་གསུང་རྟེན་བཞུགས་པའི་སར། །མར་མེ་ཞལ་ཟས་ཕུལ་བའི་ཕན་ཡོན་ཡིན། །རི་བོ་ཏ་ལར་མཆོད་པའི་ལྷ་མོར་སྐྱེས། །མེ་ཏོག་སྣ་ཚོགས་ཕུལ་ཞིང་བཞུགས་པ་རྣམས། །མེ་ཏོག་སྟོང་ཙམ་ཕུལ་བའི་ཕན་ཡོན་གྱིས། །ཐུགས་རྗེ་ཆེན་པོའི་དྲུང་དུ་སྐྱེས་པ་ཡིན། །སྣ་ཚོགས་སྒྲ་ཡིས་མཆོད་པ་ཕུལ་མཁན་རྣམས། །ཆོས་སྒྲ་སྒྲོག་ཅིང་ཕུལ་བའི་ཕན་ཡོན་གྱིས། །ཞིང་ཁམས་འདིའི་ནང་དུ་སྐྱེས་པ་ནི། །ན་བཟའ་དཀར་པོ་བཞེས་ནས་བཞུགས་མཁན་རྣམས། །མིའི་ཡུལ་དུ་བསྡད་པའི་དུས་ལ་ནི། །མི་ལུས་ཐོབ་ནས་ལྷ་ཆོས་བྱེད་པ་རྣམས། །དམ་ཆོས་གསང་སྔགས་ཐོབ་པའི་ཕན་ཡོན་གྱིས། །སྤྱན་རས་གཟིགས་ཀྱི་དྲུང་དུ་སྐྱེས་པ་ཡིན། །སྐུ་མདོག་སེར་པོའི་ཚུལ་དུ་བཞུགས་པ་རྣམས། །ཚུལ་ཁྲིམས་སྡོམ་པ་བསྲུང་བའི་ཕན་ཡོན་གྱིས། །སྤྱན་རས་གཟིགས་ཀྱི་དྲུང་དུ་སྐྱེས་པ་ཡིན། །ཞལ་ནི་དམར་པོའི་ཚུལ་དུ་བཞུགས་པ་རྣམས། །བཀའ་ལུང་མང་པོ་གནང་བའི་ཕན་ཡོན་གྱིས། །འཕགས་པ་འདིའི་དྲུང་དུ་སྐྱེས་པ་ཡིན། །ཞལ་ནི་ལྗང་ཁུ་ཡོད་པའི་ལྷ་རྣམས་ནི། །ཡིག་དྲུག་མང་པོ་བསྐུལ་བའི་ཕན་ཡོན་གྱིས། །གནས་མཆོག་རི་བོ་ཏ་ལར་སྐྱེས་པ་ཡིན། །ཞལ་ནི་སྔོན་པོ་ཡོད་པའི་ལྷ་རྣམས་ནི། །སྤྱིར་ནི་འཛམ་བུ་གླིང་དུ་ཡོད་པའི་དུས། །མཚམས་བཅད་མང་པོ་བྱེད་པའི་ཕན་ཡོན་གྱིས། །སྐྱེ་འཆི་མེད་པའི་ཞིང་དུ་བཞུགས་པ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འཕགས་པ་ཐུགས་རྗེ་ཆེན་པོའི་ཞབས་དྲུང་དུ། །ལས་བཟང་མིའི་འཁོར་ལོ་ཕུལ་མཁན་རྣམས། །མ་ཎི་འཁོར་ལོ་བཞེངས་པའི་ཕན་ཡོན་གྱིས། །ད་ལྟ་ཞིང་ཁམས་འདི་རུ་སླེབས་པ་ཡིན། །དམ་ཆོས་པོ་ཏི་མཆོད་རྟེན་ཕུལ་མཁན་རྣམས། །ལྷ་ཁང་མཆོད་རྟེན་བཞེངས་པའི་ཕན་ཡོན་གྱིས། །ཞིང་ཁམས་འདི་ཡི་ནང་དུ་སྐྱེ་བ་ཡིན། །སྐུ་ཡི་རྟེན་དང་ཞལ་ཐང་ཕུལ་མི་རྣམས། །སྐུ་རྟེན་མང་པོ་བཞེངས་པའི་ཕན་ཡོན་གྱིས། །ལྷ་མཆོག་འདིའི་དྲུང་དུ་སྐྱེ་བ་ཡིན། །མར་མེ་སྤྱི་གཙུག་བཞག་སྟེ་ཕུལ་མཁན་རྣམས། །ལུས་ངག་ཡིད་གསུམ་ཕུལ་བའི་ཕན་ཡོན་གྱིས། །ཞིང་མཆོག་རི་བོ་ཏ་ལར་སྐྱེ་བ་ཡིན། །ཨོཾ་ནི་མ་ཎི་པད་དབྱངས་ཕུལ་མཁན་རྣམས། །སྤྱིར་ཡང་འཛམ་བུའི་གླིང་དུ་བསྡད་དུས་སུ། །མ་ཎི་མང་པོ་བསྐུལ་བའི་ཕན་ཡོན་གྱིས། །ད་ལྟ་ཞིང་མཆོག་འདི་རུ་སྐྱེ་བ་ཡིན། །ནོར་བུ་གསེར་དངུལ་མང་པོ་ཕུལ་མཁན་རྣམས། །མི་ཡུལ་འཛམ་བུའི་གླིང་དུ་བསྡད་དུས་སུ། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ། །ནོར་བུ་སྣ་ཚོགས་ཕུལ་བའི་ཕན་ཡོན་གྱིས། །ཞིང་ཁམས་འདིའི་ནང་དུ་སྐྱེ་བ་ཡིན། །དར་གོས་ཁ་དོག་སྣ་ཚོགས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ལ་ཕུལ་བའི་ཕན་ཡོན་གྱིས། །ཞིང་ཁམས་འདིའི་ནང་དུ་སྐྱེ་བ་ཡིན། །ཐུགས་རྗེ་ཆེན་པོའི་དྲུང་དུ་སྐྱེ་བ་ཡིན། །ཤིང་ཐོག་འབྲས་བུ་སྣ་ཚོགས་ཕུལ་མི་རྣམས། །ལྗོན་ཤིང་འབྲས་བུ་ཕུལ་བའི་ཕན་ཡོན་གྱིས། །ད་ལྟ་ཞིང་ཁམས་འདི་རུ་སྐྱེ་བ་བླངས། །དགའ་བའི་གླུ་བྲོ་མང་པོ་ཕུལ་མི་རྣམས། །འཛམ་གླིང་གནས་ནི་གངས་ཅན་ཐམས་ཅད་ལ། །གླུ་བྲོ་མཆོད་པ་ཕུལ་བའི་ཕན་ཡོན་ཡིན། །ལྷ་མཆོག་འདིའི་དྲུང་དུ་སྐྱེ་བ་ཡིན། །ཕོ་བྲང་གོང་མར་ལྷ་དམར་བཞུགས་པ་ནི། །ཆོས་སྐུ་སྣང་བ་མཐའ་ཡས་ཡིན་ནོ་གསུངས། །མཆོད་པའི་ལྷ་མོ་བདུན་གྱིས་བསྐོར་བ་འདི། །མཆོད་པ་སྣ་ཚོགས་ཕུལ་བའི་ཕན་ཡོན་གྱིས། །སངས་རྒྱས་འདིའི་དྲུང་དུ་སྐྱེས་པ་ཡིན། །ངའི་དྲུང་དུ་མི་ནི་སྣ་ཚོགས་ཡོད་པ་དེ། །ལས་ནི་དག་པའི་མི་རྣམས་འདི་རུ་སྐྱེ། །མེ་ཏོག་པདྨའི་ནང་ནས་སྐྱེས་པ་འདི། །མེ་ཏོག་འབུམ་གསུམ་ཕུལ་བའི་ཕན་ཡོན་གྱིས། །བདེ་བ་ཅན་གྱི་ཞིང་དུ་སྐྱེས་པ་ཡིན། །འོད་ཟེར་སྣ་ཚོགས་ནང་ནས་སྐྱེས་པ་རྣམས། །འོད་གསལ་ཏིང་འཛིན་སྒོམ་པའི་ཕན་ཡོན་ཡིན། །འོད་ཟེར་དེའི་ནང་ལ་བཞུགས་རྒྱུ་ཡིན། །ཤིང་གི་སྡོང་པོའི་རྩེ་ལ་སྐྱེས་པའི་མི། །ནགས་ཕུག་རི་ཕུག་བྲག་ཕུག་ཐམས་ཅད་ལ། །གཅིག་པུར་དཀའ་བ་སྤྱད་པའི་ཕན་ཡོན་གྱིས། །པདྨའི་སྡོང་པོའི་རྩེ་རུ་བཞུགས་པ་ཡིན། །ས་གཞི་སྔོན་པོའི་ནང་དུ་བཞུགས་པ་རྣམས། །སྦྱིན་པ་བཏང་བའི་ཕན་ཡོན་ཡིན་ནོ་གསུངས། །ཞིང་མཆོག་འདིའི་ནང་དུ་སྐྱེ་བ་ཡིན། །འོ་མའི་མཚོ་ནང་ནས་སྐྱེས་པ་རྣམས། །བླ་མ་བཤེས་གཉེན་མཐོ་རིས་འདྲེན་མི་རྣམས། །འོ་མའི་མཚོ་འདིའི་ནང་དུ་སྐྱེས་པ་ཡིན། །པདྨའི་སྡོང་པོའི་ནང་དུ་སྐྱེས་པ་རྣམས། །སྐུ་རྟེན་བརྒྱ་རྩར་བཞེངས་པའི་ཕན་ཡོན་གྱིས། །པདྨའི་སྡོང་པོའི་ནང་དུ་སྐྱེས་པ་ཡིན། །ཟས་ནི་ཕུན་ཚོགས་ནང་དུ་སྐྱེས་པ་འདི། །ཚོགས་ནི་བརྒྱ་ཚོགས་ཕུལ་བའི་ཕན་ཡོན་གྱིས། །ཟས་ནི་སྣ་ཚོགས་ནང་དུ་སྐྱེས་པ་ཡིན། །ནོར་བུ་མང་པོའི་ནང་དུ་འཁྲུངས་པ་རྣམས། །ནོར་ནི་སྣ་ཚོགས་ཕུལ་བའི་ཕན་ཡོན་གྱིས། །ཞིང་ཁམས་འདིའི་ནང་དུ་སྐྱེས་པ་ཡིན་ནོ་གསུངས། །

ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ སྟོང་པའི་ངང་ལས་འཕུར་ཞིང་འོང་བ་རྣམས། །ཚེ་ལུས་གཅིག་ལ་ས་ལམ་ཐོབ་མི་རྣམས། །ཉི་མའི་ཟེར་ལ་ཞོན་ནས་འོང་བ་ཡིན། །འཛམ་གླིང་བསྡད་དུས་ཚེས་བཅུ་བཟུང་མི་རྣམས། །ཕོ་བྲང་འདིའི་ནང་དུ་སླེབས་པ་ཡིན། །རྟ་མཆོག་རྣམས་ལ་ཞོན་ནས་འོང་མི་རྣམས། །བླ་མའི་འགྲོ་དོན་བྱེད་པའི་ཕན་ཡོན་གྱིས། །རི་བོ་ཏ་ལའི་ཞིང་དུ་སྐྱེ་བ་ཡིན། །ལ་ལ་རླུང་ལ་ཞོན་ནས་ཡོང་མཁན་རྣམས། །གསང་སྔགས་ཉམས་ལེན་བྱས་པའི་ཕན་ཡོན་གྱིས། །སངས་རྒྱས་འདིའི་དྲུང་དུ་སླེབས་པ་ཡིན། །གོས་ཀྱིས་གཤོག་པ་བྱེད་ནས་འོང་མི་རྣམས། །གཅེར་བུ་དཀའ་བ་སྤྱད་པའི་ཕན་ཡོན་གྱིས། །རི་བོ་ཏ་ལའི་ཞིང་དུ་སྐྱེ་བ་ཡིན། །ལམ་དཀར་པོ་ཡོད་པའི་མི་རྣམས་ནི། །མི་ཡུལ་དར་ཆེན་འཕྱར་བའི་ཕན་ཡོན་གྱིས། །ཐུགས་རྗེ་ཆེན་པོའི་དྲུང་དུ་སྐྱེ་བ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞིང་ཁམས་འདི་ནས་ཕར་ལ་འགྲོ་བའི་མི་རྣམས་ནི། །འཛམ་བུའི་གླིང་དུ་མི་ལུས་ལེན་དུ་འགྲོ་བ་ཡིན། །ནམ་མཁའི་དབྱིངས་སུ་འཕུར་ཞིང་སོང་བ་རྣམས། །སྟེང་ཕྱོགས་ལྷའི་ཡུལ་དུ་འགྲོ་བ་ཡིན། །ཉི་མའི་ཟེར་ལ་ཆིབས་ནས་འགྲོ་བ་རྣམས། །འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་འགྲོ་བ་ཡིན། །བྱ་དཀར་མོའི་ལུས་ལ་སྤྲུལ་ཞིང་འགྲོ་བ་རྣམས། །འཛམ་བུའི་གླིང་དུ་མ་ཎི་བསྐུལ་དུ་འགྲོ་བ་ཡིན། །ཕོ་བྲང་ཕྱི་ལ་དཔག་བསམ་གྱི་ལྗོན་ཤིང་དང་། །ཆུ་བྱ་སྣ་ཚོགས་དང་མ་རྨོས་པའི་ལོ་ཐོག་དང་། །ཤིང་སྣ་ཚོགས་ཀྱི་འབྲས་བུ་སྣ་ཚོགས་དང་། །མེ་ཏོག་གི་ཁ་དོག་མང་བོ་དང་། །ནོར་སྣ་ཚོགས་ཀྱིས་བསྐོར་བ་རྣམས། །རི་བོ་ཏ་ལའི་ཕྱིའི་མཆོད་པ་ཡིན་ནོ་གསུངས། །ཉི་མ་བདུན་གྱིས་བསྐོར་ཞིང་ཡོད་པ་དེ། །ཕོ་བྲང་འདིའི་བར་གྱི་མཆོད་པ་ཡིན་ནོ་གསུངས། །སྟེང་འོག་ཐམས་ཅད་འཇའ་ཚོན་སྣ་ལྔས་བསྐོར་བ་དེ། །ཐུགས་རྗེ་ཆེན་པོའི་འོད་ཟེར་ཡིན་ནོ་གསུངས། །ཕྱི་ནང་མེད་པར་ཕོ་བྲང་དཀར་པོ་དེ། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་ཡིན་ནོ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འཕགས་པ་འདིའི་ཞབས་དྲུང་དུ་དགའ་ཞིང་སྐྱིད་པ་ཡོད་པ་རྣམས། །འཛམ་བུའི་གླིང་དུ་བསྡད་པའི་མི་རྣམས་ཀྱིས། །ཡིག་དྲུག་མང་པོ་འདྲེན་པའི་ཕན་ཡོན་དང་། །དཀར་པོ་དགེ་བའི་ལས་བསྒྲུབས་ཕན་ཡོན་དང་། །ནོར་རྣམས་སྦྱིན་པ་བཏང་བའི་སྦྱིན་ཤུགས་ཀྱིས། །འཕགས་པའི་དྲུང་དུ་སྐྱེས་པ་ཡིན་ནོ་གསུངས། །ཞིང་ཁམས་འདིའི་ཤར་ཕྱོགས་དཔག་ཚད་གསུམ་གྱི་ས་རུ། འོད་སྔོན་པོའི་ནང་དུ་ཕོ་བྲང་གཡུའི་མདངས་དང་ལྡན་པ། བྱང་ཆུབ་ཀྱི་མཆོད་རྟེན་ལྟ་བུ་ཕྱི་ལ་ལྕགས་རི་རིམ་པ་བདུན་གྱིས་བསྐོར་བ། ཕོ་བྲང་འདིའི་ནང་དུ་གླང་པོ་ཆེས་བཏེག་པའི་ཁྲིའི་གདན་ལ། ལྷ་སྐུ་མདོག་སྔོན་པོ་ཕྱག་གཉིས་མཉམ་བཞག་གི་སྟེང་དུ། རྡོ་རྗེ་རྩེ་ལྔ་བསྣམས་པ་ལོངས་སྐུའི་རྒྱན་སྣ་ཚོགས་གསོལ་བ། ལྷ་དེའི་མཐའ་སྐོར་དུ་ལྷ་གྲངས་མེད་དུ་བཞུགས་པ་མཐོང་། ཞིང་ཁམས་འདིའི་ལྷོ་ཕྱོགས་སུ་འོད་ཟེར་སེར་པོ་མདངས་དང་ལྡན་པ། གསེར་གྱི་བུམ་པ་ལྟ་བུའི་ཕྱི་ལ་ལྕགས་རི་རིམ་པ་ལྔས་བསྐོར་བ། ཕོ་བྲང་འདིའི་ནང་ལ་རྟ་མཆོག་གིས་བཏེག་པའི་གདན་ལ་ལྷ་སྐུ་མདོག་སེར་པོ་ཕྱག་ན་ཐོད་དཀར་བདུད་རྩིའི་བཀང་ཞིང་བསྣམས་པ། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བསྐོར་ཞིང་བཞུགས་པ་མཐོང་། ཞིང་ཁམས་འདིའི་ནུབ་ཀྱི་ཕྱོགས་སུ་འོད་ཟེར་དམར་པོའི་ནང་ལ་ཕོ་བྲང་ཡང་བྱི་རུའི་མདངས་དང་ལྡན་པ། རྨ་བྱས་བཏེག་པའི་ཁྲིའི་སྟེང་དུ་ལྷ་སྐུ་མདོག་དམར་པོ། ཕྱག་ན་བདུད་རྩིའི་གང་བའི་བུམ་པ་དམར་པོ་བསྣམས་པ། མཆོད་པའི་ལྷ་མོ་སྣ་ཚོགས་ཀྱིས་བསྐོར་ཞིང་བཞུགས་པ་མཐོང་། ཞིང་ཁམས་འདིའི་བྱང་ཕྱོགས་སུ། འོད་ཟེར་ལྗང་ཁུའི་ནང་དུ་ཕོ་བྲང་གཡུའི་ཁ་དོག་ལྟ་བུ་ལ། ལྕགས་རི་རིམ་པ་བདུན་གྱིས་བསྐོར་ཞིང་ཡོད་པ། ལྷ་སྐུ་མདོག་ལྗང་ཁུ་ཤང་ཤང་གི་ཁྲི་ལ་བཞུགས་པ། ཕྱག་ན་རལ་གྲི་བསྣམས་ནས་ཡོད་པ། མཐའ་སྐོར་དུ་ལྷ་གྲངས་མེད་བཞུགས་པ་མཐོང་། ཡི་དམ་ལྷ་ལ་དགའ་ཞིང་སྐྱིད་པའི་ཞིང་ཁམས་གྲངས་མེད་མཐོང་བ་དེ་ཅི་ཡིན་ཞུས་པས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ འོད་ཟེར་སྔོན་པོས་བསྐོར་བའི་ཕོ་བྲང་འདི། །མངོན་པར་དགའ་བའི་ཞིང་ཁམས་ཡིན་ནོ་གསུངས། །ལྷ་ནི་སྐུ་མདོག་སྔོན་པོ་བཞུགས་པ་དེ། །མི་འཁྲུགས་པ་ཡི་ལྷ་རྣམས་ཡིན་ནོ་གསུངས། །འོད་ཟེར་སེར་པོས་བསྐོར་བའི་ཕོ་བྲང་དེ། །ཟངས་མདོག་དཔལ་རིའི་ཞིང་ཁམས་ཡིན་ནོ་གསུངས། །ལྷ་ཚོགས་སྐུ་མདོག་སེར་པོ་བཞུགས་པ་ནི། །ཨོ་རྒྱན་གུ་རུའི་དཔའ་བོ་མཁའ་འགྲོ་ཡིན། །འོད་ཟེར་དམར་པོས་བསྐོར་བའི་ཕོ་བྲང་འདི། །བདེ་བ་ཅན་གྱི་ཞིང་ཁམས་ཡིན་པར་གསུངས། །ལྷ་དེ་སྐུ་མདོག་དམར་པོ་བཞུགས་པ་རྣམས། །སངས་རྒྱས་སྣང་བ་མཐའ་ཡས་ཡིན་པར་གསུངས། །འོད་ཟེར་ལྗང་ཁུས་བསྐོར་བའི་ཕོ་བྲང་འདི། །དགའ་ལྡན་ལྷའི་ཞིང་ཁམས་ཡིན་པར་གསུངས། །ལྷ་ནི་སྐུ་མདོག་ལྗང་ཁུ་བཞུགས་པ་རྣམས། །འཇམ་དཔལ་དབྱངས་ཀྱི་ཞིང་ཁམས་ཡིན་ནོ་གསུངས། །སངས་རྒྱས་ཞིང་ཁམས་གྲངས་མེད་མཐོང་བ་རྣམས། །སྐྱེ་འཆི་མེད་པའི་ཞིང་ཁམས་ཡིན་ནོ་གསུངས། །ཞིང་ཁམས་འདི་རུ་བཞུགས་པའི་མི་རྣམས་ཀུན། །ལས་ནི་དག་པའི་མི་རྣམས་ཡིན་ནོ་གསུངས་སོ། །ཡང་རི་བོ་ཏ་ལའི་ཕྱི་ལ་ཤིང་སྡོང་སྔོན་པོ་གཅིག་གི་དྲུང་དུ། གདན་གསུམ་བརྩེགས་ཀྱི་སྟེང་དུ། བླ་མ་ན་བཟའ་དམར་པོ་བཞེས་པ་ཕྱག་ན་འཕྲེང་བ་བསྣམས་པ་གཅིག་གི་ཞལ་ནས་བུ་མོ་ང་ལ་འདི་སྐད་གསུངས། བུ་མོ་ཁྱོད་འཛམ་བུའི་གླིང་དུ་ལོག་ཟེར་ན། །འཛམ་བུའི་གླིང་དུ་འཕྲིན་པ་དེ་ལྟར་མཛོད། །བླ་མ་ཤེས་རབ་པད་དཀར་གྱིས། །ངའི་དགོན་པ་རིགས་གསུམ་མགོན་ནས་ཡིན། །སྒོམ་ཆེན་ང་ལ་སློབ་བུ་མང་པོ་ཡོད། །ང་ལ་དད་མོས་སྙིང་བཙུན་ཡོད་གྱུར་ན། །ངའི་རྗེས་འཇུག་དངུལ་གྱི་མཆོད་རྟེན་བཞེངས་རོགས་གྱིས། །སྐུ་རྟེན་གསུང་རྟེན་བཞུགས་པའི་ལྷ་ཁང་ལ། །ཅི་འབྱོར་ཚོགས་འཁོར་མང་པོ་ཕུལ་ནས་ཀྱང་། །ཨོ་རྒྱན་གུ་རུར་གསོལ་བ་དྲག་ཏུ་བཏབ། །མ་ཡེངས་ལྷ་ཆོས་མཛོད་ཅིག་ཤུལ་མི་རྣམས། །ངའི་ཆིབས་པ་རྟ་གཅིག་ཡོད་པ་འདི། །མི་དབང་དཔོན་པོའི་ལག་ཏུ་མི་གཏོང་བར། །དགོན་པའི་ནང་དུ་ཚེ་ཐར་གཏོང་ཤིག་གྱིས། །སྔོན་དུ་འཆི་བའི་ཚེ་འདས་གྲངས་མེད་རྣམས། །སྡིག་པའི་ལས་མང་བྱས་པའི་རྣམ་སྨིན་གྱིས། །ཚ་ཞིང་གྲང་བའི་སྡུག་བསྔལ་དཔག་མེད་ཡོད། །དམྱལ་ཁམས་བཅྭོ་བརྒྱད་འདི་ལས་ཐར་ཕྱིར་དུ། །ནོར་རྣམས་སྦྱིན་པ་གཏོང་ཞིང་མ་ཎི་འདྲེན། །ང་ལ་ཟས་འབྲེལ་ཆོས་འབྲེལ་ཡོད་པ་རྣམས། །མཐོ་རིས་རི་བོ་ཏ་ལར་འདྲེན་ནས་ཡོད། །ས་ལམ་ཐོབ་ནས་འཕགས་པའི་དྲུང་དུ་སླེབས། །སློབ་བུ་རྣམས་ཀྱང་གསོལ་བ་བཏབ་རོགས་གྱིས། །འཛམ་གླིང་ཀུན་ལ་འཕྲིན་པ་དེ་ལྟར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཡི་དམ་ལྷའི་ཞལ་ནས་འདི་སྐད་གསུངས། སྲིང་མོ་མ་ཡེངས་ང་ཡི་ཚིག་ལ་ཉོན། །ཞིང་ཁམས་རི་བོ་ཏ་ལ་འདི་ཡི་ནང་། །འཕགས་པ་གཙོ་འཁོར་གསུམ་པོ་མཇལ་བ་འདི། །མི་ཚེ་འདི་ཡི་ལས་འཕྲོ་མ་ཡིན་ཏེ། །སྔོན་ཐོག་གསོལ་བ་བཏབ་པའི་ཕན་ཡོན་གྱིས། །འཕགས་པ་འདི་དང་མཇལ་བ་སེམས་ནི་སྤྲོ་མོ་འབྱུང་ཡོད་དམ། མངོན་པར་དགའ་བ་དང་། ཟངས་མདོག་དཔལ་རི་དང་། བདེ་བ་ཅན་གྱི་ཞིང་ཁམས་དང་། དགའ་ལྡན་ལྷ་ཡུལ་གྱི་ཞིང་ཁམས་ཞེས་གྲངས་མེད་པ་འདིའི་ནང་ལ་སངས་རྒྱས་གྲངས་མེད་མཇལ་བའི་སེམས་དགའ་བ་འབྱུང་ངམ་གསུངས། འདི་ནས་ཡར་གྱི་ཞིང་ཁམས་འདི་རྣམས་མཇལ་བའི་འདིར་ཡི་གེར་བཀོད་པ་འབྲི་ཙམ་ཡིན། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཟམ་པ་འདིའི་ཕ་གི་ཕྱོགས་ནས་རྣལ་འབྱོར་པ་ཞིག་གིས་འདི་སྐད་སྨྲས། བུ་མོ་ཁྱོད་རང་ཤི་ནས་མི་ཡུལ་གྱི་ཞག་བདུན་སོང་བ། ཕ་མ་དང་གཉེན་འཁོར་རྣམས་ཀྱིས་ཕུང་པོ་དེ་རིང་མེ་ལ་བསྲེགས་གྲབས་བྱེད་ཀྱིན་འདུག་པས། ཁྱོད་རང་མྱུར་དུ་ཡར་ལོག་དང་གསུངས་པས། འོ་ན་བུ་མོ་ང་རང་ཡར་ལ་ལོག་དགོས་བསམ་པ་དང་། དེ་ནས་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སླེབས་བྱུང་། མིའི་བུ་མོ་གོས་དམར་པོ་གྱོན་པ་གཅིག་ཆོས་རྒྱལ་དྲུང་དུ་སླེབས་ནས་འདུག །མི་འདི་ལ་ཆོས་ཀྱི་རྒྱལ་པོས་དེ་ལྟར་གསུངས་བ་མཐོང་། ཀྱེ་མ་བུ་མོ་ཚུར་ཉོན་དང་། ཁྱེད་ཀྱིས་མི་རབས་གཅིག་ནས་བདུན་ཙམ་སོང་། སྐྱེ་བ་འདིའི་ཐོག་ལ་གཤིན་གསོན་གཉིས་ཀྱི་འཕྲིན་པ་བྱེད་དགོས་གསུངས། ཆོས་ཀྱི་རྒྱལ་པོ་ལ་ཞུ་ལན་འདི་སྐད་ཞུས་པ་མཐོང་། ཀྱེེ་ཆོས་རྒྱལ་ཆེན་པོ་བདག་ལ་དགོངས་སུ་གསོལ། ཁྱོད་ཀྱི་བཀའ་བཞིན་བར་དོའི་སྲིད་གསུམ་མ་ལུས་བསྐོར་ནས་ཀྱང་། ཡར་མིའི་ཡུལ་དུ་ཕྱིན་ཙ་ན། ངའི་ཕུང་པོ་མེ་རུ་བསྲེགས་ཚར་འདུག །ངེད་ནི་འཕྲིན་པ་བཤད་རྒྱུ་མ་བྱུང་ལགས། ང་ནི་ཆོས་རྒྱལ་དྲུང་དུ་མ་ལོག་ཀ་མེད་བྱུང་། བདག་ནི་སྐྱེ་བ་གཅིག་ཏུ་འགྲོ་བར་ཞུ། ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀྱེེ་མ་བུ་མོ་མ་ཡེངས་ངའི་བཀའ་ལ་ཉོན། །སྐྱེ་བ་འདི་ཐོག་ལུང་བསྟན་འདི་ལས་མ་བྱུང་བས། །ཡུལ་ནི་རྒྱ་ནག་ཕྱོགས་སུ་སྐྱེ་བ་ལེན་དུ་སོང་། །ཕ་མ་འབྱོར་ལྡན་ཅན་གྱི་བུ་གཅིག་སྐྱེས་ནས་ཀྱང་། །ལོ་ནི་བཅྭོ་བརྒྱད་ལོན་དུས་ལྷ་ཡིས་ལུང་བསྟན་ཡོང་། །ཚེ་ཡི་དུས་བྱས་རྫོགས་ནས་འདི་རུ་ཡོང་དགོས་འདུག །སྔར་བཞིན་གསོན་གཤིན་གཉིས་ཀྱི་འཕྲིན་པ་བྱེད་དགོས་ཡོད། །ཁྱོད་ཀྱི་འགྲོ་དོན་རྒྱ་ནག་ཕྱོགས་སུ་ཡིན་ནོ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བུ་མོ་འདིའི་ཁ་ནས་འདི་སྐད་ཟེར། རིགས་བཟང་བུ་མོ་མི་ཡུལ་ཕེབས་ཟེར་ན། །བུ་མོ་ངའི་འཕྲིན་པ་གསུངས་རོགས་མཛོད། །ངའི་སྐྱེ་ས་རྟ་དབང་ཕྱོགས་ནས་ཡིན། །ཡུལ་གྱི་མིང་ནི་གཙང་པོ་གྲོང་ཞེས་ཟེར། །ངའི་མིང་ལ་རྡོ་རྗེ་ལྷ་མོ་ཡིན། །ང་རང་བར་དོའི་ཡུལ་དུ་སླེབས་པ་དང་། །བླ་མ་ཆོས་ཀྱི་རྒྱལ་པོའི་ཞལ་མཇལ་ནས། །ཞག་བདུན་བར་དུ་བར་དོར་འཁྱམ་དགོས་བྱུང་། །སྔོན་གྱི་ལས་འཕྲོས་མི་ཡུལ་སླེབས་ཙ་ན། །ངའི་ཕུང་པོ་མེ་ལ་བསྲེགས་ནས་མེད། །སྔོན་གྱི་ལུང་བསྟན་མ་བྱུང་ཕ་མ་སྤུན་ཟླ་དང་། །གཉེན་འཁོར་རྣམས་དང་འཕྲད་པའི་དབང་མ་བྱུང་། །དམྱལ་བའི་ནང་དུ་སྡུག་བསྔལ་མ་མྱོང་བར། །མི་ཡུལ་རྒྱ་ནག་ཕྱོགས་སུ་སྐྱེ་བ་ལེན་དུ་སོང་། །དེ་སྐད་ཟེར་ནས་ལམ་སེར་པོ་གཅིག་ནས་ཡར་ལ་སོང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཟམ་པ་ཕ་གི་ཕྱོགས་ནས་མི་སྒོམ་ཆེན་གོས་དམར་པོ་གྱོན་པ་གཅིག་གི་ཁ་ནས་འདི་སྐད་ཟེར་རོ། །ཁྱེད་རང་གཉིས་པོ་ཡར་མི་ཡུལ་དུ་མ་ལོག་ན། ཁྱེད་ཀྱི་ཕུང་པོ་མེ་ལ་བསྲེག་གྲབས་ཡོད། མི་དེ་ཡང་ནུབ་ཕྱོགས་སུ་འཕུར་སོང་ངོ་། །ཡི་དམ་ལྷས་ཆོས་ཀྱི་རྒྱལ་པོ་ལ་ཕྱག་དང་སྐོར་བ་མང་དུ་བྱས་ནས་འདི་སྐད་ཅེས་ཞུས་སོ། །ཆོས་ཀྱི་རྒྱལ་པོ་བདག་ལ་དགོངས་སུ་གསོལ། འདི་རུ་སླེབས་ནས་མིའི་ཞག་ནི་བདུན་ཙམ་སོང་། བུ་མོ་འདིའི་སྒྱུ་ལུས་ཕུང་པོ་འདི་ཕ་མ་རྣམས་ཀྱིས་ཞིག་གྲབས་བྱེད་ཀྱིན་ཡོད། སྔོན་གྱི་ལུང་བསྟན་མི་ཡུལ་དུ་འཕྲིན་པ་གཏོང་རྒྱུ་ཡིན་ནམ། ཡར་ཞིང་ཁམས་ལ་གཏོང་རྒྱུ་ཡིན་ནམ། བར་རིགས་དྲུག་ལ་གཏོང་རྒྱུ་ཡིན་ནམ། ད་ནི་གར་འགྲོའམ་བཀའ་གཅིག་གནང་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་ནས་ཆོས་ཀྱི་རྒྱལ་པོས་བུ་མོ་སངས་རྒྱས་ཆོས་འཛོམས་ལ་སྤྱན་ཁྲོ་ཚུགས་སུ་གཟིགས་ནས། ངའི་དགོངས་པ་ལ་བཞུགས་སུ་གསོལ། དར་ཅིག་ནས་སྤྱན་ཧྲིག་གེ་བ་སྲིད་པའི་ལས་ཀྱི་མེ་ལོང་ལ་གཟིགས་ནས། ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས་སོ། །ཁྱོད་མིང་དང་རུས་མ་ནོར་བར་མི་རབས་བཅུ་གཅིག་བརྒྱུད། ལོ་ནི་མ་ནོར་མེ་ཁྱི་ལོའི་ཟླ་བ་དྲུག་པའི་དུས་ཆེན་གནམ་གང་ལ་འདི་རུ་ངའི་དྲུང་དུ་སླེབས་ནས་ལས་དཀར་ནག་གཉིས་ཀྱི་ཤན་ཕྱེ་ས་མཐོང་ངམ། གཤིན་རྗེ་ལས་མཁན་རྣམས་ཀྱི་འཇིགས་པ་ཡང་མཐོང་ངམ། ཡར་སངས་རྒྱས་ཀྱི་ཞིང་ཁམས་མཇལ་ལམ། ཆོས་ཀྱི་རྒྱལ་པོ་ང་ཡིན་པར་ཤེས་སམ། སྔོན་གྱི་དུས་སུ་སྐྱེས་པ་གཅིག་གིས་སྐྱེ་བ་ཐོབ་པའི་དུས་སུ། ལྷ་ཆོས་རྣམ་པར་དག་པ་བྱས་པ་དང་། འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པའི་ཕན་ཡོན་གྱིས། ད་ལྟ་ཁྱེད་རང་གཤིན་གསོན་གཉིས་ཀྱི་འཕྲིན་པ་བྱེད་དགོས་པས། ཁྱོད་ཀྱི་ཤ་ཁྲག་ཕུང་པོ་ལ་ཁྱེད་རང་ལུང་པའི་དཔོན་པོ་རྣམས་ཀྱི་ནི། ཁྱེད་ལ་བདུད་ཀྱི་སྤྲུལ་པ་ཡིན་ཟེར་ཞིང་།

ཡན་ལག་རྣམས་ལ་ལྕགས་ཀྱི་ཚེར་མ་བཙུགས་པ་དང་། ཕ་མ་རྣམས་ཀྱང་སྡུག་བསྔལ་བྱེད་ནས་ཡོད། འཛམ་གླིང་འདིའི་ཡུལ་དུ་སླེབས་པ་དང་། མི་སྣ་ཚོགས་ཁ་ནས་གཏམ་ངན་མང་པོ་ཐོས། ལ་ལའི་ཁ་ནས་བདུད་ཀྱི་སྤྲུལ་པ་ཡིན་ཟེར་ནས། ལ་ལའི་ཁ་ནས་རྫུན་ཡིན་ཟེར་མཁན་ཡང་ཡོད། ལ་ལའི་ཁ་ནས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ནམ་ཟེར་མཁན་ཡང་ཡོད། ཅི་ཡིན་མིན་མ་ཤེས་ཟེར་མཁན་ཡང་མང་པོ་ཡོད། འདིའི་དུས་སུ་ལྷོ་ཕྱོགས་ནས་སངས་རྒྱས་ཀྱི་སྤྲུལ་པ་གྲུབ་ཐོབ་པ་བཟང་པོ་གཅིག་ཕེབས་ནས། བུ་མོ་ཁྱོད་ལ་གཤིན་གསོན་གཉིས་ཀྱི་འཕྲིན་པ་བྱེད་མཁན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་གསུངས། བུ་མོ་ཁྱོད་རང་བར་དོའི་ལོ་རྒྱུས་རྣམས་མ་གསང་བར་ཁོ་ལ་ཞིབ་པར་བཤད་དགོས་པ་ཡོད་དོ། །ཁྱོད་ཀྱི་འགྲོ་དོན་འབྲིང་ཙམ་དེ་ནས་ཡོང་། དེ་ནས་བྱང་ཕྱོགས་དགེ་སློང་གཉིས་འབྱུང་སྟེ། བུ་མོ་ཁྱོད་ལ་བླ་མའི་ཁྲི་རུ་འོང་། ཁྱོད་ཀྱི་བླ་མའི་མཚན་ནི་ངག་དབང་བསམ་གཏན་ཡིན། བླ་མ་འདི་དང་ཞལ་མཇལ་ནས་བར་དོའི་འཇིགས་སྐྲག་རྣམས་ཁྱོད་ལ་དྲི་བ་བྱེད་ཡོང་ངོ་། །

དམྱལ་ཁམས་བཅྭོ་བརྒྱད་ཀྱི་ལོ་རྒྱུས་རྣམས་གསལ་པོར་ཞུ་དགོས་པས། ཚེ་སྔོན་གྱི་ལུང་བསྟན་དང་ལས་འཕྲོ་ཡོད། ཁྱོད་ཀྱི་འགྲོ་དོན་རྒྱས་པ་འདི་ནས་ཡོང་།

ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། ཡང་བུ་མོ་ཁྱོད་རང་ལེགས་པར་ཉོན་ཅིག་གསུངས། འཛམ་བུའི་གླིང་དུ་འཕྲིན་པ་དེ་ལྟར་གསུངས་རོགས་མཛོད། འཛམ་བུའི་གླིང་གི་མི་རྣམས་ཐམས་ཅད་ལ། ཆོས་རྒྱལ་ཆེན་པོའི་ཞལ་ནས་འདི་ལྟར་གསུངས། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ལྷོ་ནི་འཛམ་བུའི་གླིང་དུ་སྐྱེས་པ་རྣམས། །

དལ་འབྱོར་མི་ལུས་རིན་ཆེན་ཐོབ་པའི་དུས། །སྡིག་པ་དམྱལ་བའི་ས་བོན་མ་བསགས་གྱིས། །སྲོག་གཅོད་སྡིག་པའི་ལས་རྣམས་སྤངས་ནས་ཀྱང་། །དཀར་པོ་དགེ་བའི་ལས་ལ་འབུངས་ཤིག་གྱིས། །ཆོས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དང་། །ཤེས་ཤིང་སྡིག་པའི་ལས་རྣམས་མ་བྱེད་པར། །བྱ་དང་རི་དྭགས་དུད་འགྲོ་མ་གསད་གྱིས། །དམྱལ་བ་ཟངས་ཆེན་ནང་དུ་ལྷུང་ངོ་ཟེར། །ཞེ་སྡང་ང་རྒྱལ་ཕྲག་དོག་མ་བྱེད་གྱིས། །དམྱལ་བ་ཚ་དམྱལ་ནང་དུ་གཏོང་ངོ་གསུངས། །གཞན་གྱིས་གོས་རྣམས་འཕྲོག་བཅོམ་མ་བྱེད་གྱིས། །གྲང་དམྱལ་འདིའི་ནང་དུ་བཅུག་གོ་གྱིས། །དུག་སྦྱོང་གིས་ན་ལས་རྣམས་མ་བྱེད་གྱིས། །དུག་མཚོ་ནག་པོའི་ནང་དུ་བཙོས་དོགས་གྱིས། །

རྫུན་ཚིག་དང་ནི་ཕྲ་མ་མ་བྱེད་གྱིས། །ལྕེ་ནས་ལྕགས་ཀྱི་སྐམ་པས་འཐེན་ནོ་གྱིས། །དྲིན་ཅན་ཕ་མར་ཁ་ལོག་མ་བྱེད་གྱིས། །སྲིད་པ་གསུམ་གྱིས་འོག་ཏུ་མནན་ནོ་གྱིས། །བསགས་པའི་ནོར་ལ་སེར་སྣ་མ་བྱེད་གྱིས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་མྱོང་ངོ་གྱིས། །དམ་པའི་ཆོས་ལ་བམ་ཀློག་མ་བྱེད་གྱིས། །རི་བོ་ཆེན་པོའི་འོག་ཏུ་མནན་ནོ་གྱིས། །གཉོམ་ཆུང་མི་ལ་ཁྱད་གསོད་མ་བྱེད་གྱིས། །དམྱལ་བ་ངུ་འབོད་གནས་སུ་ལྷུང་ངོ་གྱིས། །ཚུལ་ཁྲིམས་དང་ནི་སྡོམ་པ་མ་བསྲུངས་ཀྱང་། །བུད་མེད་རྣམས་ལ་ཆགས་པ་མ་བྱེད་གྱིས། །ལྕགས་ཀྱི་ཤལ་མ་རི་ལ་གཏོང་ངོ་གྱིས། །བརྣབ་སེམས་དང་ནི་གནོད་སེམས་མ་བྱེད་ཅིག །ལུས་ལ་ལྕགས་ཟེར་སྟོང་ཕྲག་བཅུག་གོ་གྱིས། །ཆུ་ནང་གི་ནི་ཉ་རྣམས་མ་གསད་གྱིས། །ཐལ་ཆེན་མཚོ་མོའི་ནང་དུ་བཅུག་གོ་གྱིས། །རང་གི་སྐྱེས་པའི་བུ་ཚ་མ་གསོད་ཅིག །གཞན་གྱིས་གྲོགས་པོ་དབང་བཙོང་མ་བྱེད་གྱིས། །ཁྲོ་ཆུ་ཁོལ་མ་བྷ་གར་བླུག་གོ་གྱིས། །རབ་བྱུང་བཙུན་པའི་ཚུལ་ཁྲིམས་མ་བསྲུངས་ན། །རྡོ་རྗེ་དམྱལ་བའི་ནང་དུ་བཅུག་གོ་གྱིས། །རང་གིས་ཕྱི་ནང་འགྲོ་དོགས་མ་ཆོད་པའི། །ཚེ་འདས་རྣམས་ཀྱི་ཡར་འདྲེན་མ་བྱེད་གྱིས། །ཁྲག་གི་རྒྱ་མཚོའི་ནང་དུ་ལྷུང་ངོ་གྱིས། །བྲེ་ལོག་དང་ནི་སྲང་ལོག་མ་བྱེད་གྱིས། །ལུས་སྲོག་དུམ་བུར་དུམ་བུར་གཏུབ་ནས་ནི། །བྲེ་དང་སྲང་གི་ནང་དུ་འཇལ་ལོ་གྱིས། །ཕ་མས་མ་བྱིན་ནོར་ནི་མ་ལེན་གྱིས། །ཡི་དྭགས་ངུ་འབོད་གནས་སུ་ལྷུང་ངོ་གྱིས། །རི་ཁྲོད་འགྲིམས་པའི་རྟོགས་ལྡན་ཕོ་མོ་རྣམས། །རྒྱལ་ཁམས་ཡོངས་ལ་བསྐོར་བའི་མ་ཎི་པར། །ལོག་ལྟ་དང་ནི་སྐུར་པ་མ་བྱེད་ཅིག །ལྕགས་མཁར་སྒོ་མེད་ནང་དུ་བཅུག་གོ་གྱིས། །ནག་མེད་མི་རྣམས་མ་གསད་གྱིས་དང་གསུངས། །བསད་ན་ལྕགས་ཀྱི་རི་བོའི་ནང་དུ་བཅུག་ཟེར། །དམ་ཆོས་པོ་ཏིའི་འོག་ཏུ་གནོན་ནོ་གྱིས། །བློ་གཏད་མི་རྣམས་ཕུང་བར་མ་བཅུག་གྱིས། །རང་སྙིང་བཏོན་ནས་ཁ་རུ་བཅུག་གི་གསུངས། །མཐུ་གཏད་དང་ནི་ངན་སྔགས་མ་བྱེད་ཅིག །རང་གི་གསོ་བའི་སེམས་ཅན་མ་གསོད་གྱིས། །བསད་ན་ལུས་ཀྱི་སྤགས་པ་བཤུད་དོ་གྱིས། །ཞོ་བཞོས་དང་ནི་སྤུ་བཏོག་མ་བྱེད་གྱིས། །དམྱལ་བ་ཐིག་ནག་ནང་དུ་བཅུག་གོ་གྱིས། །ཤ་ཚོང་མར་ཁེ་མ་བྱེད་དྲང་པོར་བྱེད། །བྲག་ཆེན་པོའི་འོག་ཏུ་མནན་ནོ་གྱིས། །ཨར་ཇག་དང་ནི་རྐུན་མ་མ་བྱེད་གྱིས། །ལུས་ནི་དུམ་བུར་གཏུབ་པའི་སྡུག་བསྔལ་ཡོད། །དབང་བཙོང་དང་ནི་རྡུང་རྫོབ་རྡེག་མ་བྱེད་ཅིག །མགོ་ལ་ཐོ་བ་ནག་པོའི་སྡུག་བསྔལ་ཡོད། །ནགས་རི་ཆེན་པོ་མེ་བསྲེག་མ་བཏང་གྱིས། །མེ་དཔུང་ཆེན་པོར་བསྲེག་པའི་སྡུག་བསྔལ་ཡོད། །སྐུ་རྟེན་ཐུགས་རྟེན་གཟུངས་རྣམས་མ་བཏོན་ཅིག །མཆོད་རྟེན་ཆེན་པོའི་འོག་ཏུ་མནན་ནོ་གྱིས། །རང་སྲོག་རང་གིས་ལྕེབས་ཏེ་མ་འཆི་གྱིས། །ཡང་སོས་ནང་དུ་ཉིན་རེ་བརྒྱ་རེ་འཆི། །བླ་མ་དགེ་འདུན་རྣམས་ལ་ཆང་མ་བཙོང་། །རི་བོ་ཆེན་པོའི་འོག་ཏུ་མནན་ནོ་གྱིས། །དམག་འཁྲུགས་དང་ནི་བཤན་པ་མ་བྱེད་གྱིས། །དམྱལ་བ་མནར་མེད་ནང་དུ་གཏོང་ངོ་གྱིས། །ལས་ནི་དགེ་སྡིག་དཀར་ནག་གཉིས་པོ་ཡི། །ཤན་ནི་ཞིབ་པར་ཕྱེ་ཞིང་ཡོད་དོ་གྱིས། །སྡིག་ཅན་ཏམ་ཀའི་ལས་རྣམས་བྱེད་མཁན་ཚོ། །ཐར་མེད་ཐིག་ནག་ནང་ནས་ཐར་དུས་མེད། །ཏམ་ཀའི་ལས་ནི་གཅིག་ཀྱང་མ་བྱེད་གྱིས། །ནག་པོ་སྡིག་པ་བྱེད་པའི་མི་རྣམས་ཀུན། །དམྱལ་ཁམས་བཅྭོ་བརྒྱད་ནང་དུ་གཏོང་ངོ་གྱིས། །དཀར་པོ་དགེ་བ་བྱེད་པའི་མི་རྣམས་ནི། །མཐོ་རིས་ཐར་པའི་གནས་སུ་གཏོང་ངོ་གྱིས། །འཛམ་བུའི་གླིང་གི་མི་རྣམས་ཐམས་ཅད་ལ། །ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་བསྒྲུབས་ནུས་ན། །ང་ནི་ཕྱི་ལྟར་ཆོས་ཀྱི་རྒྱལ་པོ་ཡིན། །ནང་ལྟར་ཐུགས་རྗེ་ཆེན་པོ་ཡིན། །སྙིང་པོ་མ་ཎི་ཡི་གེ་དྲུག་མ་འདྲེན། །ང་ཕྱི་ལྟར་ཆོས་ཀྱི་རྒྱལ་པོ་ཡིན། །ནང་ལྟར་ཨོ་རྒྱན་པདྨ་འབྱུང་གནས་ཡིན། །སྙིང་པོ་བཛྲ་གུ་རུ་སིདྡྷི་འདྲེན། །འཛམ་བུའི་གླིང་གི་མི་རྣམས་ཐམས་ཅད་ཀྱིས། །སྔར་གྱི་སྡིག་པའི་ལས་ལ་འགྱོད་སེམས་སྐྱེད། །ཕྱིན་ཆད་སྡིག་པའི་ལས་ལ་འཛེམ་པར་གྱིས། །གཤིན་རྗེའི་འཇིགས་སྐྲག་མེ་ལས་ཚ་བ་འདུག །དམྱལ་བ་ཚ་གྲང་སྡུག་བསྔལ་གྲངས་མེད་ཡོད། །བར་དོའི་ཡུལ་ནི་ལམ་ཐག་རིང་ནས་ནི། །སྡིག་ཅན་རྣམས་ནི་འགྱོད་སེམས་སྐྱེད་ཅིག་གྱིས། །སྐྱབས་མེད་མགོན་མེད་ངུ་འབོད་སྨྲེ་ངག་འདོན། །བླ་མ་འབྲལ་མེད་རང་གི་སྤྱི་བོར་སྒོམས། །ཡི་དམ་འབྲལ་མེད་རང་གི་སྙིང་ཁར་སྒོམས། །སྐུ་རྟེན་གསུང་རྟེན་བཞུགས་པའི་ལྷ་ཁང་ལ། །སྤོས་དང་མར་མེའི་མཆོད་པ་ཕུལ་ནས་ཀྱང་། །ཕྱག་འཚལ་སྐོར་བ་མང་པོ་བྱས་ཤིག་གྱིས། །ད་ལྟ་རང་དབང་ཡོད་དུས་ལྷ་ཆོས་གྱིས། །ཅི་ཡོད་དཀོན་མཆོག་མཆོད་པ་ཕུལ་རོགས་གྱིས། །སེར་སྣས་བསགས་པའི་ནོར་རྣམས་སྦྱིན་པ་གཏོང་། །འཛམ་བུའི་གླིང་དུ་བསྡད་པའི་མི་རྣམས་ལ། །ཆོས་ཀྱི་རྒྱལ་པོའི་གསུང་འཕྲིན་དེ་ལྟར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་གསུངས། བུ་མོ་ཁྱོད་ལ་སྔོན་གྱི་ཀརྨ་དབང་འཛིན་གྱི་གདན་ས་དང་། གནས་གངས་ཆེན་དང་གངས་ཆུང་ཐམས་ཅད་ལ་སྐོར་བ་བྱས་པའི་དུས་སུ། མི་རྣམས་ཀུན་གྱིས་བར་དོའི་ལོ་རྒྱུས་རྣམས། ཁྱོད་ལ་རིམ་པ་བཞིན་དུ་དྲི་རུ་ཡོང་། དེའི་ནང་ནས་ལས་འཕྲོ་ཡོད་པའི་མི་རྣམས་ལ། བར་དོའི་ལོ་རྒྱུས་རྣམས་མ་གསང་པར་བཤད་དགོས་པས། དེའི་དུས་མི་རྣམས་ཐམས་ཅད་ཆོས་ལ་བསྐུལ། ངའི་བཀའ་བཞིན་ཁྱོད་ལ་བླ་མས་ཀྱང་འདི་ལྟར་གསུང་རྒྱུ་ཡིན། བླ་མའི་ཞལ་ནས་ཀྱང་འབྲུག་གཞུང་སྤུངས་ཐང་བདེ་ཆེན་ལ་ཐལ་དགོས་གསུངས། དཔོན་པོ་མི་རྒན་ཆེ་ཆུང་ཐམས་ཅད་ཀྱིས། ལ་ལའི་དད་པའི་སྒོ་ནས་མོས་གུས་བྱེད། ལ་ལའི་ལོག་ལྟའི་སྒོ་ནས་སྐུར་པ་བཏབ། དེའི་དུས་ཁ་ནི་སྣ་ཚོགས་སྨྲ་མཁན་ཡོང་། ཁྱེད་རང་ཐེ་ཚོམ་མེད་པར་བཤད་དགོས་གསུངས། ཁྱོད་ཀྱི་འགྲོ་དོན་རྒྱས་པ་དེ་ནས་ཡོང་། བུ་མོ་ཁྱོད་ཀྱི་ཚེ་ཚད་བར་ཆད་ནི། ལོ་ནི་སུམ་ཅུ་སླེབས་དུས་བར་ཆད་ཡོད། དེ་དུས་ཚེ་སྲིང་ལྔ་བཅུའི་དུས་འདི་རུ་ཡོང་དགོས་པས། གཤིན་རྗེའི་འཇིགས་པ་མི་ཡོང་བར་ཕ་བུ་འཕྲད་པ་བཞིན་དུ་འོང་། ད་རུང་འཛམ་བུའི་གླིང་སྦས་ཡུལ་ཕྱོགས་སུ་སྐྱེ་བ་ལེན་དགོས་པས། མིང་ཡང་བདེ་ཆེན་དབང་མོ་བྱ་བ་འབྱུང་། འདིའི་འགྲོ་དོན་གདུལ་བྱ་མཐའ་རྫོགས་ནས། ཨུ་རྒྱན་མཁའ་འགྲོའི་ཞིང་དུ་སྐྱེ་བ་ལེན་དུ་འགྲོ། ཤ་ཉ་ཕག་སྒོང་གསུམ་རྣམས་སྤང་བར་བྱ། ངའི་བཀའ་ལ་སེམས་ཀྱིས་ལེགས་པར་གཟུངས། ཁྱོད་ཀྱི་ཕུང་པོ་བསྲེགས་གྲབས་བྱེད་པ་ཡོད་པས། ད་ནི་འཛམ་བུའི་གླིང་དུ་ལོག་ནས་འགྲོ་བར་བྱ། དེའི་དུས་སུ་ཚེ་འདས་རྣམས་ཀྱི་ཁ་ནས་དེ་སྐད་ཟེར་གྱིན་འདུག །ཀྱེེ་མ་ཀྱི་ཧུད་རིགས་བཟང་བུ་མོ་མི་ཡུལ་ཕེབས་ཟེར་ན། །མི་ཡུལ་བསྡད་པའི་མི་རྣམས་ཐམས་ཅད་ལ། །སྲོག་གཅོད་སྡིག་པའི་ལས་རྣམས་སྤོངས་ཤིག་གྱིས། །དཀར་པོ་དགེ་བའི་ལས་རྣམས་འབུངས་ཤིག་གྱིས། །རྒྱུན་དུ་ཡི་གེ་དྲུག་མ་འདྲེན་ཤིག་གྱིས། །བར་དོར་སླེབས་ནས་འདི་ལས་ལྷག་པའི་ཕན་པ་མེད་ཟེར་ཞིང་། ཚེ་ལས་འདས་པ་གྲངས་ཀྱིས་མི་ལོངས་བས་ངའི་རྗེས་ལྟ་ཞིང་འདུག་གོ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ད་ནི་ཡར་ལ་འགྲོ་དགོས་བསམ་པ་དང་། བར་སྣང་ནས་རླུང་ལྗང་ཁུ་གཅིག་བྱུང་ནས་ཡར་ལ་ཁྱེར་བྱུང་བའི་སྐད་ཅིག་ལ་རང་ཡུལ་གྱིས་ཟ་ཆུ་སྒང་དུ་སླེབས་བྱུང་བས། དེ་ནས་ཨ་མ་གཅིག་ཆུ་ལེན་དུ་སླེབས་བྱུང་བ་དང་། འདི་དང་མཉམ་དུ་ཕྱིན་པ་དང་། རང་གི་ཕུང་པོ་ངོ་མ་ཤེས་པར་ཕག་གི་རོ་ལྟ་བུ་གཅིག་མཐོང་བྱུང་། ཅི་ཡིན་མི་ཤེས་བསྒོམས་ནས་སོང་བ་དང་། དྲན་པ་སྟོར་ནས་ས་རུབ་པ་ལྟ་བུར་བྱུང་། དེ་ནས་ལུས་ཅུང་ཟད་ཅིག་འགུལ་བས། འདི་རུ་བསྡད་པའི་མི་གཅིག་གིས་ངའི་སྙིང་ལ་དྲོད་ཡོད་མེད་བལྟས་པས་སྙིང་ཁར་དྲོད་ཅུང་ཞིག་ཡོང་པ་དང་། ཕུང་པོ་སྲུང་མཁན་མ་སྨད་བདུན་གྱིས་བུ་མོ་ལོག་བྱུང་ཟེར་ནས་ངུ་འབོད་གཏོང་ངོ་། །ཡང་ཡུམ་གྱིས་ཡོང་ནས་ངའི་གོས་རྣམས་རིམ་གྱིས་བཤུབས་ནས། ངའི་བུ་མོ་ཁྱོད་ལོག་བྱུང་ངམ་ཟེར་ནས་ང་རང་གི་ལག་ནས་བཟུང་སྟེ་ངུ་འབོད་བཏང་ངོ་། །

ཟླ་བ་བདུན་པའི་ཚེ་བདུན་གྱིས་ཉི་ཤར་ལ་རང་ཡུལ་གྱི་མི་ཆེ་ཆུང་ཐམས་ཅད་ཀྱིས་བུ་མོ་གཤིན་ཡུལ་ནས་ལོག་བྱུང་ཟེར་ནས། ངའི་རྩར་སླེབས་ནས་མི་ཐམས་ཅད་གཏམ་གླེང་མང་པོ་བྱེད་བྱུང་། དེ་ནས་ཕ་མ་དང་གཉེན་འཁོར་རྣམས་ཀྱིས་ཟ་བཏུང་སྣ་ཚོགས་བྱིན་ཀྱང་། ཞག་བདུན་གྱི་བར་དུ་ལུས་སེམས་འབྲལ་བའི་སྟབས་ཀྱིས་མགྲིན་པ་བསྐམས་ནས་ཆུ་ཡང་འཐུང་མི་ཚུགས་སོ། །འདི་རུ་སྡོད་པའི་མི་ཆོས་ལ་དཀར་བའི་མི་རྣམས་ཀྱིས་ནི། བུ་མོ་ཁྱོད་ཞག་བདུན་གྱི་བར་དུ་གར་འཁྱམས་སོང་བ་ཡིན། དད་ཅན་བུད་མེད་རྣམས་ནི་ང་ལ་བལྟ་ཞིང་ངུ་མཁན་ཡང་མང་པོ་འདུག །སྐྱེས་པ་རྣམས་ཀྱང་ཕངས་སེམས་བསྐྱེད་ནས་སྙིང་རླུང་ལངས། ལས་ཅན་རྣམས་ནི་ཕྱག་དང་སྐོར་བ་བྱས། །སྡིག་ཅན་རྣམས་ནི་བློ་ཐེ་ཚོམ་སྐྱེས། བདུད་རིགས་རྣམས་ནི་ད་རུང་མི་བདེན་ཟེར། འདི་རུ་འཛོམས་པའི་མི་རྣམས་ཐམས་ཅད་ཀྱིས་ཁྱོད་ཀྱིས་བར་དོའི་ལོ་རྒྱུས་རྣམས། ངེད་འདི་རུ་འཛོམས་པ་རྣམས་ལ་གསུངས་རོགས་མཛོད། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ང་ཞག་བདུན་གྱི་བར་དུ་མི་ཡུལ་བཞག་ནས་འགྲོ། ཡི་དམ་ལྷ་དང་མཉམ་དུ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སླེབས། ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་ཞིབ་པར་གནང་། དམྱལ་ཁམས་བཅོ་བརྒྱད་ཐམས་ཅད་བསྐོར་དགོས་གསུངས། ཡར་ཞིང་ཁམས་ཐམས་ཅད་མཇལ་དགོས་གསུངས། གཤིན་གསོན་གཉིས་ཀྱི་འཕྲིན་པ་བྱེད་དགོས་གསུངས། བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་འཕྲིན་འདི། རིན་ཆེན་ནོར་བུ་གསེར་ལས་དཀོན་པའོ། །ཁྱོད་འཛམ་གླིང་མི་རྣམས་ཐམས་ཅད་ཀྱིས། །ནག་པོ་སྡིག་པའི་ལས་ལ་འཛེམས་རོགས་གྱིས། །སེར་སྣ་བསགས་པའི་ཟས་ནོར་ཐམས་ཅད་ནི། །ཡར་མཆོད་མར་ལ་སྦྱིན་པ་གཏོང་རོགས་གྱིས། །འདིའི་དུས་མི་རྣམས་ཐམས་ཅད་ཆོས་ལ་བསྐུལ། །དེ་རིང་ཞག་བདུན་སོང་ནས་ཆོས་རྒྱལ་དྲུང་ནས་ལོག །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ བདུན་ཕྲག་ཉི་ཤུ་རྩ་གཅིག་སོང་བའི་རྣམ་ཐར་འདི། འདིར་ཡི་གེ་བཀོད་པ་འབྲིང་ཙམ་ཡིན། རང་གི་ཨ་མ་ལ་ཞེན་ཆགས་ནས་འགྲོ་དོན་རྒྱ་ཆེར་བྱེད་རྒྱུ་མ་བྱུང་ངོ་། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

འདས་ལོག་སངས་རྒྱས་ཆོས་འཛོམ་གྱི་བར་དོའི་དམྱལ་ཁམས་བཅྭོ་བརྒྱད་ཀྱི་གནས་སུ་བྱོན་པའི་ལོ་རྒྱུས་དང་། བླ་མ་ཆོས་ཀྱི་རྒྱལ་པོའི་གསུང་འཕྲིན་དང་། ཕ་རོལ་ཚེ་ལས་འདས་པའི་མི་རྣམས་ཀྱི་འཕྲིན་པ་དང་བཅས་པ་མདོར་བསྡུས་ཙམ་ཡིན་ནོ།། །།ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ སརྦ་མངྒ་ལཾ།

Pecha page