མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
གངས་ཅན་བོད་ཀྱི་སྐྱེས་ཆེན་མ་འགའ་ཞིག་གི་འདས་ལོག་གི་སྐོར་བཞུགས།
མཁའ་འགྲོ་མ་སྣང་ས་འོད་འབུམ་ངན་སོང་གནས་སུ་བྱོན་སྐབས་འཁོར་འདས་ཆོས་རྒྱལ་ཆེན་པོས་དཀར་ནག་དབྱེ་འབྱེད་མཛད་པའི་འབྲས་བུའི་རྣམ་ཐར་མདོ་ཙམ་བསྡུས་པ།
༄༅། །དམྱལ་བ་མི་ཡུལ་གྱི་ས་མཚམས་ཤི་གསོན་གཉིས་ཀྱི་བཀའི་འཕྲིན་པ་སྣང་ས་ངན་སོང་གནས་སུ་བྱོན་སྐབས་འཁོར་འདས་ཆོས་རྒྱལ་ཆེན་པོས་དཀར་ནག་དབྱེ་འབྱེད་མཛད་པའི་འབྲས་བུའི་རྣམ་ཐར་ནས་མདོ་ཙམ་བསྡུས་པ་བཞུགས་སོ། །
བླ་མ་དཀོན་མཆོག་སྐྱབས་ཡུལ་རྣམས་ལ་གུས། །ཉམ་ཐག་འགྲོ་བ་རྣམས་ལ་ལྷག་པར་བྱམས། །དྲན་པ་ཙམ་གྱིས་ཡིད་ལ་དགའ་སྟེར་བའི། །ཟབ་གསལ་སྣང་སའི་ཐུགས་ལ་བདག་བསྟོད་དོ། །དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་མ། །བཅོམ་ལྡན་འཕགས་མ་སྒྲོལ་མར་གུས་ཕྱག་འཚལ། །སྣང་ས་དེ་ཉིད་ལ་དཔོན་པོ་ཡབ་སྲས་ནས་ཕྱག་འཇུག་གནང་། དེར་མ་ཟད་སྣང་ས་ཉིད་རང་འཇིག་རྟེན་ལ་སྙིང་པོ་མེད་པར་མཁྱེན་ནས་ངེས་འབྱུང་སྐྱོ་ཤས་དྲག་པོ་སྐྱེས། སྙིང་རླུང་སྟོད་འཚང་གིས་རྐྱེན་བྱས། ཚེ་དུས་བྱས་ནས་འདས་སོང་། དེའི་དགོང་མོ་སྲས་ལྷ་བུ་དར་པོ་དང་། ཡུམ་སྲས་གཉིས་ཀྱང་ཁ་བྲལ། དེའི་སང་ཞག་མོ་ཡན་གྱི་བུ་མོ་དེས་སྲས་ལྷ་བུ་དར་པོ་རྒྱབ་ཏུ་ཁུར་ནས་སྒོ་ཕྱེ་སྟེ་སྣང་སའི་སྔས་མགོར་ཕྱིན་ཏེ། དཔོན་མོ་སྣང་ས་ལགས། མ་གཟིམ་ཡར་ལ་བཞེངས་བྱས་པས་ལན་གཅིག་ཀྱང་མ་བྱུང་། གཟིམ་མལ་ནང་དུ་ལག་པ་བརྐྱངས་པས་སྐུ་ལུས་ཐམས་ཅད་གྲང་མོ་རང་ལ་སོང་འདུག །ད་དུང་ཡིད་མ་ཆེས་པར་བལྟས་པས་སྣང་ས་ནི་འདས་ཚར་འདུག །དེ་འཕྲལ་དཔོན་པོ་ཡབ་སྲས་གཉིས་ཀྱི་དྲུང་སྣང་ས་འདས་པའི་ལོ་རྒྱུས་རྣམས་ཞུས་པས། དཔོན་པོ་ཡབ་སྲས་སྣང་སའི་གཟིམ་ཆུང་དུ་ཕེབས། མོ་ཡན་བུ་མོས་ཟེར་བ་ལྟར་སྣང་ས་ནི་མལ་ན་གཟིམ་འདུག །ཁ་སང་ངེད་གཉིས་ནས་ཉེས་བརྡུངས་བྱས་པས་དེར་མི་འདོད་པའི་རྣམ་འགྱུར་བྱས་བསམ། ན་རྫུ་དང་ཤི་རྫུ་བྱས་པ་ལོས་ཡིན་དགོངས་ཏེ་སྣང་སའི་ཕྱག་གཡས་གཡོན་ནས་ཡབ་སྲས་གཉིས་ཀྱིས་འཐེན་ནས། ཚུར་ལ་ཉོན་དང་གཟུགས་མཛེས་ཡིད་ལྡན་མ། །དཔོན་མོ་སྣང་ས་ཡབ་སྲས་གཉིས་ལ་དགོངས། །ཡ་གིའི་དགུང་སྔོན་མཐོན་པོའི་དཀྱིལ་ཞིག་ན། །དཀར་གསལ་ཟླ་བ་གཟའ་ཡིས་ཟིན་ཁུལ་བྱེད། །ཟླ་བ་སྤྲིན་པས་བསྒྲིབས་པ་ལོས་བདེན་ཀྱང་། །ཆ་ཤས་མ་རྫོགས་གཟའ་འཛིན་ཅི་ལ་ཡོད། །བུ་མོ་མ་ཉལ་ད་ནི་ཡར་ལ་ལོངས། །མ་གིའི་རྒྱལ་པོའི་སྐྱེད་ཚལ་ལྡུམ་ར་ན། །མེ་ཏོག་པད་སྡོང་སད་ཀྱིས་ཁྱེར་ཁུལ་བྱེད། །པད་སྡོང་སེར་བས་བཅོམ་པ་ལོས་བདེན་ཀྱང་། །སྟོན་ཁ་མ་སླེབས་སད་ཀྱིས་ཁྱེར་དོན་མེད། །སྣང་ས་མ་གཟིམ་ཅིས་ཀྱང་བཞེངས་རོགས་མཛོད། །གཟིམ་ཆུང་སྐྱིད་པོ་དྲོད་འཇམ་མལ་སའི་ནང་། །དཔོན་མོ་སྣང་ས་ཤི་རོ་བྱེད་ཁུལ་བྱེད། །ལུས་ལ་ན་ཚ་ཡོང་པ་ལོས་བདེན་ཀྱང་། །གློ་བུར་མི་རྟག་འཆི་བ་ཡོང་དོན་མེད། །བུ་མོ་མ་ཉལ་ད་ནི་ཡར་ལ་ལོངས། །སྣང་ས་མ་གཟིམ་ཅིས་ཀྱང་བཞེངས་རོགས་མཛོད། །ཅེས་གསུངས་ནས་གཟིམས་མལ་ནས་ཡར་བསླངས་པས་སྣང་ས་ནི་གསུང་ལན་སྨོག་རྒྱུ་ཡོང་བ་ལྟ་ཅི་སྨོས། སྐུ་ལུས་ཀྱང་རེངས་པར་གྱུར་ནས་ཡོད་པས་ད་འདས་པར་ཐག་ཆོད་མཁྱེན་པས་ཡབ་སྲས་གཉིས་ཀྱང་འགྱོད་པ་དྲག་པོ་སྐྱེས་ཀྱང་། གཞན་བྱ་ཐབས་ནི་མ་བྱུང་བར་སྡུག་བསྔལ་མྱོང་། སྣང་སའི་དགོངས་རྫོགས་ལ་ཡར་དཀོན་མཆོག་ལ་མཆོད། མར་ངན་སློང་ལ་སྦྱིན་པ་བཏང་། དགེ་འདུན་ལ་བསྙེན་བཀུར་རྒྱ་ཆེར་བྱས། རྩིས་མཁན་བོས་ཏེ་རྩིས་བྱས་པས། ཚེ་མ་ཟད་ཟས་གྲངས་གོས་གྲངས་མ་ཐིམ། སྔ་དྲོ་སྣང་སའི་སྐུ་གདུང་དེ། ཤར་ཕྱོགས་རི་བོའི་རྩེར་ཞོག་ལ། ཞག་བདུན་བར་ལ་སྒུལ་ཁྱོམ་མི་གཏོང་བར་དེ་དོན་སྐུ་གདུང་ཤིང་གི་ཁྲི་ལ་བསྐྱོན། རས་ཡུག་དཀར་པོ་ཞིག་གིས་བསྒྲིལ། སྣམ་བུ་དཀར་པོ་ཞིག་གིས་བསྡམས། ཤར་རི་གླང་ཆེན་གྱི་སྣ་ཞགས་སྤུངས་པ། དེའི་རྩེར་སྣང་སའི་སྐུ་སྤུར་དེ་བསྐྱལ། དེའི་དུས་ཨ་ཅེ་སྣང་སའི་རྣམ་ཤེས་དེ་ནི་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར། སྲིད་པ་བར་དོར་འཁྱམས་པའི་མཇུག་ཏུ། ཨ་བ་གླང་མགོ་སོགས་ལས་མཁན་ཕོ་ཉ་རྣམས་ཀྱིས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དུ་ཁྲིད་ཙ་ན། ལས་དགེ་བ་བྱེད་མི་རྣམས་མཐོ་རིས་དང་། ལམ་དཀར་པོ་སྣམ་བུ་བརྐྱངས་པ་ལྟ་བུ་དེ་ལ་ཡར་འགྲོ། ལས་མི་དགེ་སྡིག་པ་བྱེད་མི་རྣམས་ངན་སོང་དམྱལ་ཁམས་བཅོ་བརྒྱད་ལ་འགྲོ་བའི་ལམ་ནག་པོ་ལ་མར་ཐུར་དུ་འཁྲིད་ཅིང་། ལྷག་པར་ཚ་དམྱལ་ལྕགས་སྲེག་ས་གཞིའི་སྟེང་ཁྲོ་ཆུ་ཁོལ་མའི་ནང་དུ་འཚོད་པར་བྱེད། མེར་བསྲེགས་པས་རབ་ཏུ་ཚ་བའི་སྡུག་བསྔལ་དཔག་མེད་དང་། གྲང་དམྱལ་རྣམས་ནི་གངས་རི་འཁྱགས་རོད་ཅིང་ཤིན་ཏུ་གྲང་བའི་སྡུག་བསྔལ་བཟོད་གླགས་མེད། མནར་མེད་དེ་རྣམས་མཐོང་བས་སྣང་ས་ཤིན་ཏུ་འཇིགས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དེར་པུས་མོ་བཙུགས་ཐལ་མོ་སྦྱར་ཏེ་འདི་སྐད་ཞུས། ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་སྒྲོལ་མ་མཁྱེན། །བྱིན་གྱིས་རློབས་ཤིག་མ་དང་མཁའ་འགྲོའི་ཚོགས། །དགེ་སྡིག་དཀར་ནག་ལས་ཀྱི་ཤན་འབྱེད་མཁན། །གཤིན་རྗེ་ཆོས་རྒྱལ་བུ་མོ་བདག་ལ་དགོངས། །བུ་མོ་མ་ཤི་གསོན་པོར་སྡོད་པའི་དུས། །མི་ཡུལ་དྲན་པ་སྒང་དུ་སྡོད་ཙ་ན། །ལུས་ཀྱིས་ལྷ་ཆོས་བྱེད་རྒྱུ་མ་བྱུང་ཡང་། །སེམས་ཀྱིས་ཀུན་ལ་ཕན་སེམས་ཆེ་བར་བྱས། །སྐྱེས་པའི་མཇུག་ཏུ་འཆི་བ་ངོ་ཤེས་ནས། །མཛེས་པའི་གཟུགས་ལ་ཆགས་སེམས་བྱས་པ་མེད། །བསགས་པའི་ནོར་རྣམས་ཟད་པར་ངོ་ཤེས་ནས། །མཆོད་སྦྱིན་མ་གཏོགས་སེར་སྣ་བྱས་པ་མེད། །འདུས་པའི་གྲོགས་དང་བྲལ་བ་ངོས་ཤེས་ནས། །བྱམས་པའི་གཉེན་ལ་བརྩེ་གདུང་བྱས་པ་མེད། །བཟོད་པ་ཆོས་ཀྱི་སྙིང་པོ་ཡིན་བསམས་ནས། །སྡང་བའི་དགྲ་ལ་ཁོང་ཁྲོས་དཀྲུགས་པ་མེད། །དཀར་ནག་དགེ་སྡིག་ལས་ཀྱི་ཤན་འབྱེད་མཁན། །གཤིན་རྗེ་ཆོས་རྒྱལ་བུ་མོར་ཐུགས་རྗེས་གཟིགས། །ཞེས་ཞུས་པས། གཤིན་རྗེ་ཆོས་རྒྱལ་གྱིས་ཨ་ཅེ་སྣང་སའི་ཟེར་དོན་ལྟར། ལྷ་འདྲེ་གཉིས་ཀྱིས་རྡེའུ་དཀར་ནག་གཤེར་བའི་རྡེའུ་དཀར་པོ་དེ་སྤུངས་ནས་མང་བ་བྱུང་། ནག་པོ་ནི་རེ་གཉིས་ལས་མ་བྱུང་། གཤིན་རྗེས་མེ་ལོང་ནང་དུ་གཟིགས་པས་ཨ་ཅེ་སྣང་ས་འདི་ནི་བུད་མེད་ཕལ་བ་མ་ཡིན། རིགས་བཟང་མཁའ་འགྲོ་མ་ཡིན་པར་དགོངས། ཆོས་རྒྱལ་གྱིས་སྣང་ས་ལ་འདི་སྐད་གསུངས། མ་གཡེང་ཉོན་དང་བུ་མོ་སྣང་ས་འོད། །དཀར་པོ་དགེ་བ་བྱེད་མི་ཐར་བའི་ལམ་ལ་གཏོང་། །ང་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་ཡིན། །དུས་གསུམ་སངས་རྒྱས་ཀུན་གྱི་རང་གཟུགས་ཡིན། །ནག་པོ་སྡིག་པ་བྱེད་མི་ངན་སོང་དམྱལ་བར་གཏོང་། །ང་ནི་འཆི་བདག་གཤིན་རྗེ་རྒྱལ་པོ་ཟེར། །བསྟན་དགྲ་སྡིག་ཅན་འདུལ་བའི་ཁྲོ་རྒྱལ་ཡིན། །ནག་ཆེན་དཔོན་པོས་མི་ཁེབས་པ། །སྡིག་ཅན་བླ་མས་མི་འདྲོང་པར། །གཤིན་རྗེའི་ཁྲིམས་ར་འདི་རུ་ཚུད་ན་ཐར་ས་མེད། །བུ་མོ་སྡིག་ཅན་མ་ཡིན་རིགས་བཟང་མཁའ་འགྲོ་ཡིན། །ལུས་ཀྱིས་འཁོར་བ་སྤྱོད་པས་ལྷ་ཆོས་མི་ཐུབ་ཀྱང་། །སེམས་ཀྱི་ཆོས་དོན་རྟོགས་ནས་སངས་རྒྱས་གོ་འཕང་དེ་དུས་ཐོབ། །ལུས་སེམས་གཉིས་ཀས་ལྷ་ཆོས་བྱུང་ན་ཚེ་གཅིག་སངས་རྒྱས་ཅིས་ཀྱང་ཐོབ། །ལན་ཅིག་ཁྱེད་རང་མི་ཡུལ་དུ་སོང་ལ། །སྒྱུ་མའི་ལུས་རྟེན་དེ་ལ་སླར་ཞུགས་ལ། །ཆོས་བྱས་འགྲོ་དོན་དཔག་མེད་ཡོང་བར་གྱིས། །ཕུང་པོ་འཇའ་ལུས་སྔོན་སངས་རྒྱས་པ་འོང་། །ཞེས་གསུངས་སོ། །སྣང་ས་ཉིད་ཀྱང་ཤིན་ཏུ་དགའ་སྟེ། གཤིན་རྗེ་ཆོས་རྒྱལ་ལ་ཕྱག་འཚལ་ལོ། །བྱིན་བརླབས་ཞུས་ཏེ་ཡར་འཛེགས་ནས་བྱོན། ཨ་ཅེ་སྣང་ས་རང་གི་སྐུ་གདུང་དེ་ལ་ཐུགས་སེམས་ཞུགས་ཏེ་ཐུགས་དྲན་པ་སོས་སོ། །
དེའི་ཚེ་དཔོན་མོ་སྣང་ས་དེས། ཤར་ཕྱོགས་ཀྱི་སྤང་རིའི་རྩེ་དེ་ན་རོ་རས་ཀྱི་སྟོད་གཡོགས་དང་། སྣམ་དཀར་གྱི་སྨད་གཡོགས་མཛད། མེ་ཏོག་ཆར་དང་འཇའ་འོད་གུར་ཁང་ཕུབ། ཞབས་གཉིས་རྡོ་རྗེ་དཀྱིལ་མོ་ཀྲུང་དུ་བཞུགས། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད། དར་ཅིག་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལ་བཞུགས་སོ། །ཨ་ཙ་མ་ཆོས་མེད་པའི་འཆི་ལུགས་འདི་འདྲར་དགོངས། སྤྱན་ཆབ་བསིལ་ཞིང་མཁའ་འགྲོ་སྡེ་ལྔ་ལ་གདུང་བའི་འབོད་པ་འདི་སྐད་གསུངས་སོ། །བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །བུ་མོ་ཆོས་མེད་མ་ལ་ཐུགས་རྗེས་གཟིགས། །ལས་ངན་ཅན་མ་འཁོར་བ་འདི་ནས་དྲོངས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ཤར་གྱི་དར་ཐག་དཀར་པོ་ཤར་ནས་རྐྱོངས། །བུ་མོ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་ངན་ཅན་མ་འཁོར་བའི་གནས་ནས་དྲོངས། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ལྷོ་ཡི་དར་ཐག་སྔོན་པོ་ལྷོ་ནས་རྐྱོངས། །བུ་མོ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་ངན་ཅན་མ་འཁོར་བའི་གནས་ནས་དྲོངས། །ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ། །ནུབ་ཀྱི་དར་ཐག་དམར་པོ་ནུབ་ནས་རྐྱོངས། །བུ་མོ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་ངན་ཅན་མ་འཁོར་བའི་གནས་ནས་དྲོངས། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །བྱང་གི་དར་ཐག་ལྗང་ཁུ་བྱང་ནས་རྐྱོངས། །བུ་མོ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་ངན་ཅན་མ་འཁོར་བའི་གནས་ནས་དྲོངས། །དབུས་ཕྱོགས་བུདྡྷ་རིགས་ཀྱི་མཁའ་འགྲོ་མ། །དབུས་ཀྱི་དར་ཐག་སྔོན་མོ་དབུས་ནས་རྐྱོངས། །བུ་མོ་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་ངན་ཅན་མ་འཁོར་བའི་གནས་ནས་དྲོངས། །མིག་མཆི་མ་འཁྲུགས་བཞིན་གསོལ་བ་རྩེ་གཅིག་ཏུ་བཏབ། མཁའ་འགྲོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་ལྟར་བྱོན། བུ་མོ་ཁྱོད་ལ་ད་ལྟ་དར་ཐག་བརྐྱང་མ་རན་དེ་ལྟ་བུའི་སྡུག་བསྔལ་མ་བྱེད་ཅིག །ཚེ་མཇུག་འདི་ལ་ཆོས་ཀྱི་སྐལ་བ་ཡོད། བླ་མ་བཟང་གསུམ་ལ་ཆོས་དང་གདམས་ངག་ཞུས། སྙིང་རུས་སྐྱེད་ལ་ཆོས་ཀྱི་ཉམས་རྟོགས་གཟིགས། བླ་མའི་གསུང་རྒྱུན་རྣམས་མགུར་དུ་འཐེན། བསྟན་པ་དང་སེམས་ཅན་གྱི་དོན་གྱིས་ཤིག་གསུངས། ལུང་བསྟན་མཛད་དེ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བཞུད་དོ། །དེར་སྣང་སའི་ཐུགས་ལ། མཁའ་འགྲོའི་ལུང་བསྟན་བཟང་པོ་རང་བྱུང་། ད་ང་རང་ཡང་འདི་ནས་ཆོས་ལ་འགྲོ་དགོས་དགོངས་ནས། རྟོགས་ལྡན་ཨ་རག་གིས་བཟི་ནས་གཉིད་དུ་སོང་། གཉིད་སད་པ་དང་གྲི་གུག་ཁྱེར་ནས་སྐུ་གདུང་ལ་ཁྲམ་རྒྱག་ཏུ་ཕྱིན་པས། སྣང་ས་ནི་སྣམ་བུ་དཀར་པོ་དེས་སྨད་གཡོགས་མཛད། རས་ཡུག་གིས་སྟོད་གོས་མཛད་ནས་མཉམ་བཞག་ལ་སྐུ་ཀྲོང་ངེར་བཞུགས་འདུག །འདི་རོ་ལངས་ཤིག་ཡིན་ནམ་སྙམ། འཇིགས་ཤིང་སྐྲག་ནས་གོམ་བདུན་ཕྱིར་བྲོས་ནས་ཤི་ལོག་ཡིན་ནམ་རོ་ལངས་ཡིན་བྱས་པས། རྡོ་བླངས་ནས་རྡེག་གྲབས་བྱས་པས་སྣང་སའི་ཐུགས་ལ་འདི་ལ་ལབ་ཅིག་མ་བཤད་ན་ང་ལ་རྡོས་བརྡེག་ཉེན་འདུག་དགོངས་ནས་བླ་མ་རྟོགས་ལྡན་པ་ཚུར་ཤོག་དང་། ང་རོ་ལངས་མ་ཡིན་ནོ་གསུངས་པས། རྟོགས་ལྡན་པ་ཡང་འཇིགས་ཟིང་ངེ་བའི་ངང་ནས་བྱོན་པས། སྣང་སའི་ཞལ་ནས་རོ་ལངས་པ་མིན། སྙིང་རླུང་སྟོད་འཚང་ལ་བརྟེན་ནས་ཤི་བ་ཡིན། རོ་སྐྱོང་བླ་ཤར་དུ་བསྟན་པ་ཉི་མ་ཤར་བ་དང་། ཁྱེད་རང་གི་མེ་ཆེན་པོ་བཏང་། དེས་ངའི་ལུས་དྲོས་དྲན་པ་སོས་པ་ཡིན། ད་རྟོགས་ལྡན་པ་རང་ངས་བསླབ་པ་སྐད་མ་བྱེད་པར་ཁྱེད་རང་གིས་སྒོམ་པའི་འོད་གསལ་དུ་བྱུང་བ་ལྟར་སོགས་གྱིས་ལ། སྤྱིར་འཇིག་རྟེན་རྣམས་ལ་ཆགས་སྒོ་ཆེན་པོ་འདུག །སྒོས་བུད་མེད་ལུས་འདི་ཆགས་སྒོ་ཆེ་བར་འདུག །ཕུང་པོ་བསྐོར་བ་དང་ངུ་རྫི་བྱས་ནས་མི་ཡོང་བར་འདུག་པས། སུ་ཡང་མ་ཕེབས་ཞོག །གལ་ཏེ་ཕེབས་རང་ཕེབས་པ་ན། དཔོན་པོ་དང་ཡབ་ཡུམ་གཉིས་ལ་ཕེབས་གསུངས། རྟོགས་ལྡན་དེ་དགའ་དྲགས་ཏེ། ཆང་དང་ཨ་རག་འདྲེས་པ་ནས་སྣང་ས་ལ་ཞུས། སྨད་གཡོགས་རྒྱུར་རྗེས་བྱས་ནས་མགྱོགས་པོར་ཕྱིན་པས། ཡུལ་པ་ཐམས་ཅད་སྟོན་མོ་ལེན་པ་ལ་འཚོགས་འདུག །དེའི་དཀྱིལ་དུ་རྟོགས་ལྡན་སླེབས་ནས་དཔོན་པོ་ཡབ་སྲས་དང་ཡུལ་མི་ཐམས་ཅད་ལ། ཁྱེད་འདིར་ཚོགས་ཐམས་ཅད་བདག་ལ་གསོན། །རྣལ་འབྱོར་བདག་གི་སྒོམ་ཉམས་འོད་གསལ་དང་། །རྨི་ལམ་ལ་སོགས་མཚན་ལྟས་བཟང་པོ་བྱུང་། །དཔོན་མོ་སྣང་ས་འོད་དེ་འབུམ་པ་དེ། །རིགས་བཟང་མཁའ་འགྲོ་མ་ཡི་མཚན་མར་འདུག །ཕུང་པོ་རྫས་གཙང་ལས་ནི་བྱེད་མ་ནུས། །སྤྱིར་འཇིག་རྟེན་ལས་ལ་ཆགས་སྒོ་ཆེ། །སྒོས་བུད་མེད་ལུས་འདི་ཆགས་སྒོ་ཆེ། །སྣང་སའི་སྐུ་སྤུར་བསྐོར་པ་དང་། །ངུ་འབོད་ཆེན་པོ་བྱས་གྱུར་ན། །ཁྱེད་རྣམས་ཀུན་ལ་གནོད་འདུག་པས། །ཁྱེད་ཀུན་སུ་ཡང་མ་བྱོན་ཅིག །གལ་ཏེ་མི་གསན་འབྱོན་པ་ན། །དཔོན་པོ་ཡབ་ཡུམ་གཉིས་བྱོན་ཅིག །ཅེས་ཞུས་པས། དེར་དཔོན་པོའི་ཞལ་ནས། ཁྱེད་ཡུལ་མི་རྣམས་ཀྱིས་གོའམ་གསུངས་པས། བུ་མོ་དོན་མ་རྟོགས་རྣམས་ན་རེ། སྤྱིར་སྤྲང་པོའི་རྨི་ལམ་ལ་རྩིས་འཇོག་སུས་བྱེད། སྒོས་འོད་གསལ་ལ་རྩིས་འཇོག་སུས་ཐུབ། དཔོན་མོ་སྣང་སའི་ཕུང་པོ་བསྐོར་བ་ལ་རྟོགས་ལྡན་པས་མཁས་བརྒྱ་བྱས་ཟེར། དཔོན་པོ་ཡབ་ཡུམ་གཉིས་དུར་ཁྲོད་དུ་བྱོན་ནས་གཟིགས་པས། སྣང་ས་ནི་འཇའ་འོད་ཀྱི་གུར་ཁང་ཕུབ་ནས་བཞུགས་འདུག །ཕྱག་འཚལ་ནས་འདས་ལོག་སྣང་ས་ལ་ཁྱིམ་ལ་ཕེབས་རོགས་ཡོང་པས་ཞུ་བ་ཕུལ་རུང་། སྣང་ས་དེ་འཇིག་རྟེན་བྱ་བ་ལ་སྐྱོ་བ་སྐྱེས་ཤིང་། བློ་ཆོས་ལ་ཨེ་འགྱུར་བསམ་པས་མགུར་འདི་གསུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །ཆོས་མེད་མ་ལ་ཐུགས་རྗེས་གཟིགས། །ཚུར་ལ་གསོན་དང་དཔོན་པོ་ཡབ་སྲས་ལགས། །མདང་སང་ཞག་གསུམ་བར་དུ་ནི། །ཕུང་པོ་ས་རྡོ་བཞིན་དུ་བསྐྱུར། །རྣམ་ཤེས་བར་དོར་འཁྱམས་དགོས་བྱུང་། །སྐྱབས་ཡུལ་མེད་པའི་གནས་སུ་ཕྱིན། །གླང་མགོ་ལ་སོགས་ཕོ་ཉ་ཡིས། །ཆོས་ཀྱི་རྒྱལ་པོའི་དྲུང་དུ་ཁྲིད། །དཀར་ནག་དབྱེ་བའི་རྡེའུ་གཤེར། །རྩིས་གྲངས་ཞིབ་ཏུ་བྱས་པའི་ཚེ། །འཇིགས་ཤིང་སྐྲག་ནས་སྐད་མ་ཐོན། །ཚ་གྲང་སྡུག་བསྔལ་བཟོད་པར་དཀའ། །སྡིག་ཅན་མི་རྣམས་དམྱལ་བའི་ཡུལ། །ཡི་མུག་བཙོ་སྲེག་སྡུག་བསྔལ་ཡ་རེ་ང་། །བུ་མོ་སྣང་ས་འོད་འབུམ་ངས། །ཚ་གྲང་དམྱལ་ཁམས་བཅོ་བརྒྱད་མཐོང་། །འཇིགས་ཤིང་སྐྲག་ནས་མ་བཟོད་པར། །ཆོས་རྒྱལ་ཆེན་པོར་ཞུ་ཕུལ་བས། །ཁྱོད་ནི་མཁའ་འགྲོའི་སྤྲུལ་པར་འདུག །འཇིག་རྟེན་མི་ཡུལ་ལོག་སོང་ལ། །བླ་མ་བཟང་ལ་དབང་ཁྲིད་ཞུས། །དམ་ཆོས་གཤའ་མ་སྙིང་ནས་གྱིས། །བླ་མའི་གདམས་ངག་སྙིང་ལ་ཆོངས། །འགྲོ་བའི་དོན་གྱིས་གསུངས་ནས་བཏང་། །དགའ་དྲགས་ཕྱག་ཕུལ་ལོག་ནས་འོངས། །ཤི་ལོག་བུ་མོ་སྣང་ས་ང་། །ཚེ་མཇུག་འདི་ལ་ཆོས་མིན་པ། །འཇིག་རྟེན་བྱ་བ་བྱེད་རེ་ཤི །ཡབ་སྲས་དགའ་བོ་ཡུལ་ལ་གཤེགས། །སྐྱིད་དོ་སོམས་ལ་ལྷ་ཆོས་མཛོད། །ཅེས་གསུངས་སོ། །དཔོན་སྒྲ་ཆེན་སྤྱན་ཆབ་བསིལ་ཞིང་འགྱོད་སེམས་དྲག་པོས་ཞུ་བ་ཕུལ་བས། སྣང་སས་དཔོན་པོ་སྒྲ་ཆེན་ལ་ཞེན་ལོག་བརྒྱད་ཀྱི་མགུར་འདི་གསུངས། དུག་ལྔ་ཡེ་ཤེས་ལྔ་རུ་བསྒྱུར་མཛད་པའི། །རིགས་ལྔ་མཁའ་འགྲོ་སྡེ་ལྔར་སྙིང་ནས་འདུད། །ཆོས་མེད་མ་ལ་ཐུགས་རྗེས་གཟིགས། །དཔོན་པོས་བདག་ལ་གསན་དུ་གསོལ། །ཆོས་མེད་སྣང་ས་འོད་འབུམ་ང་། །མ་ཤི་གསོན་པོའི་དུས་ཙ་ན། །འཇིག་རྟེན་ས་མཁར་གང་སྐྱིད་བསྡད། །བུ་མོ་ཤི་བའི་དུས་ཙ་ན། །ཕུང་པོ་རོ་སྐྱོང་ཁ་འདིར་སླེབས། །འཇིག་རྟེན་ས་མཁར་ཕྱོགས་ལ་སྐྱོ་བ་སྐྱེས། །ཆོས་མེད་སྣང་ས་འོད་འབུམ་ང་། །མ་ཤི་གསོན་པོའི་དུས་ཙ་ན། །གྱི་ལིང་རྟ་ཕོ་གང་བཟང་ཞོན། །བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །རྒྱུག་པ་བཞིའི་ཁྲི་ལ་བསྐྱོན། །གྱི་ལིང་རྟ་ཕོའི་ཕྱོགས་ལ་ཞེན་པ་ལོག །ཆོས་མེད་སྣང་ས་འོད་འབུམ་ང་། །མ་ཤི་གསོན་པོའི་དུས་ཙ་ན། །ཉེ་འབྲེལ་འཁོར་གཡོག་མང་པོས་བསྐོར། །བུ་མོ་ཤི་བའི་དུས་ཙ་ན། །འཁོར་མེད་གཅིག་པུར་འགྲོ་དགོས་བྱུང་། །ཉེ་འཁོར་ཕྱོགས་ལ་སྐྱོ་བ་སྐྱེས། །ཆོས་མེད་སྣང་ས་འོད་འབུམ་ང་། །མ་ཤི་གསོན་པོའི་དུས་ཙ་ན། །རིན་ཆེན་རྒྱན་བཏགས་འཇམ་ཕྲུག་ལེགས་པོ་གྱོན། །བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །རྒྱན་གོས་མེད་པར་བར་དོར་འཁྱམས་དགོས་བྱུང་། །ང་རྒྱན་གོས་ཕྱོགས་ལ་སྐྱོ་བ་སྐྱེས། །ཆོས་མེད་སྣང་ས་འོད་འབུམ་ང་། །མ་ཤི་གསོན་པོའི་དུས་ཙ་ན། །རོ་མཆོག་བཟའ་བཏུང་སྣ་ཚོགས་བཟོས། །བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །བཟའ་བཏུང་ཕར་ཞོག་ལུས་ཀྱང་བཞག་ནས་འགྲོ། །བཟའ་བའི་ཕྱོགས་ལ་སྐྱོ་བ་སྐྱེས། །ཆོས་མེད་སྣང་ས་འོད་འབུམ་ང་། །མ་ཤི་གསོན་པོར་བསྡད་པའི་དུས། །ཟས་ནོར་ཀུན་ལ་བསོག་འཇོག་བྱས། །བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །ནོར་མེད་གཅིག་པོར་འཁྱམ་དགོས་བྱུང་། །ནོར་རྫས་ཕྱོགས་ལ་སྐྱོ་བ་སྐྱེས། །ཆོས་མེད་སྣང་ས་འོད་འབུམ་ང་། །ང་མ་ཤི་གསོན་པོར་སྡོད་པའི་དུས། །གཏན་གྲོགས་ཁྱིག་བརྡུངས་མང་པོ་བཏང་། །སྣང་ས་འཇིག་རྟེན་ཕྱི་མར་འཁྱམས་པའི་དུས། །བུ་མོར་མི་རྟག་འཆི་བ་བྱུང་ཙ་ན། །སྣང་སའི་དགོངས་རྫོགས་ཡིན་ཟེར་དགེ་རྩ་བྱེད། །འཇིག་རྟེན་གཏན་གྲོགས་ཕྱོགས་ལ་སྐྱོ་བ་སྐྱེས། །ཆོས་མེད་སྣང་ས་འོད་འབུམ་ང་། །མ་ཤི་གསོན་པོར་སྡོད་པའི་དུས། །ལྷ་བུ་དར་པོ་བསམ་ནས་དཀའ་ལས་བྱས། །སྣང་ས་འཇིག་རྟེན་ཕྱི་མར་འཁྱམས་པའི་དུས། །གཅེས་པའི་བུ་ཆུང་འཁོར་བའི་འདོགས་ཐག་ཡིན། །འཇིག་རྟེན་བུ་ཚའི་ཕྱོགས་ལ་སྐྱོ་བ་སྐྱེས། །བུ་མོ་ང་ནི་མི་སྡོད་ཆོས་ལ་འགྲོ། །སྣང་ས་འོད་འབུམ་མི་སྡོད་རི་ཁྲོད་འགྲིམ། །ཁྱིམ་ཐབ་ཁྱོད་ལ་མནའ་མས་ཐོགས་དོགས་མེད། །བུ་མོ་གང་མཛེས་བག་མར་བླངས་ནས་ནི། །འཁོར་བའི་བརྩོན་རར་ཡབ་སྲས་ག་ལེར་བཞུགས། །ཞེས་གསུངས་པས། དཔོན་པོ་ཡབ་སྲས་གཉིས་ནི་སྣང་ས་ཐུགས་བདེན་པར་དགོངས་ནས་ཞུ་ལན་ཞུ་མ་ནུས་སོ། །སྲས་ལྷ་བུ་དར་པོས་ཞུ་འདྲེན་ཞུས་པས། དེའི་ཞུ་ལན་སོགས་སྣང་ས་རང་གི་གཞུང་ལ་གཟིགས། དེར་འདུས་ཐམས་ཅད་ཀྱིས་སྣང་ས་ལ་ཁྱོད་གྲོངས་བའི་རྐྱེན་དང་ཤི་ནས་འབྱོན་པའི་རྒྱུ་ཅི་ལྟ་བུ་ཞིག་བྱུང་། བདག་ཅག་རྣམས་ཀྱི་སེམས་ལ་ཕན་ཕྱིར་མགུར་ཞིག་གསུང་བར་ཞུ་ཞུས་པས། སྣང་སའི་ཐུགས་ལ་རྒྱུ་འབྲས་བདེན་པའི་དྲང་གཏམ་གྱི་མགུར་ཞིག་འཐེན་ན་བློ་ཆོས་ལ་བསྒྱུར་ནས་སྡིག་པ་སྤོང་། དགེ་ལ་བརྩོན་དུ་འགྲོ་བའི་ཆེད་དུ་དགོངས། དེར་ཚོགས་རྣམས་ལ་མགུར་འདི་གསུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །བུ་མོ་ང་ཡི་འཆི་རྐྱེན་ནི། །མ་ནས་ཆོས་དྲན་སྐྱོ་ཤས་ཆེ། །དེའི་ཁར་དཔོན་པོ་ཡབ་སྲས་ཀྱིས། །བརྡུངས་བརྡེགས་ཆེན་པོ་བཏང་བ་དང་། །ཚེ་སྔོན་ལས་ཀྱིས་དེད་པའི་མཐུས། །སྙིང་རླུང་སྟོད་འཚང་ལང་ནས་འཆི། །འཆི་བའི་རྐྱེན་ནི་དེ་ལྟར་ལགས། །སྣང་ས་ང་ཤི་ལོག་བྱེད་པའི་རྒྱུ། །རྣམ་ཤེས་སྲིད་པ་བར་དོར་འཁྱམས། །དམྱལ་བའི་སྡུག་བསྔལ་སྣ་ཚོགས་མཐོང་། །ཆོས་རྒྱལ་ཆེན་པོར་ཞུ་བ་ཕུལ། །ཁྱོད་ནི་མཁའ་འགྲོའི་སྤྲུལ་པར་འདུག །འཇིག་རྟེན་མི་ཡུལ་ཕྱོགས་སུ་བཏང་། །དགའ་དྲགས་ཕྱག་ཕུལ་ལོག་ནས་འོངས། །ལོག་པའི་རྒྱུ་ནི་དེ་ལྟར་ལགས། །ད་དུང་གསོན་དང་འདིར་ཚོགས་རྣམས། །མ་འོངས་བསྐལ་པ་སྙིགས་མའི་ཚེ། །ཆོས་ཁྲིམས་སྐྱེ་བོས་བྱེད་པ་ཡོང་། །དགེ་སྦྱོར་ཆོས་བརྒྱད་ཁོ་ནར་བྱེད། །སངས་རྒྱས་ཡིད་སྨོན་བྱེད་བཞིན་ལུས། །གྲགས་ཕྱིར་བསྙེན་པ་རྫོགས་པར་འདོད། །སློབ་གཉེར་མ་བྱས་མཁས་ཉམས་བྱེད། །བསྙེན་སྒྲུབ་བློ་མེད་ཟོག་ལ་རིངས། །ཐེག་པ་ཆེན་པོའི་སྒོམ་ཆེན་ལས། །མུ་སྟེགས་སྒྲུབ་ཕྲན་དག་ལ་དགའ། །རྣམ་མཁྱེན་སངས་རྒྱས་སྒྲུབ་པ་ལས། །ཚེ་འདིར་སྙན་གྲགས་ཡོང་བ་དགའ། །རི་ཁྲོད་དབེན་གནས་བརྟེན་པ་ལས། །གྲོང་ཁྱེར་ས་ཞིང་འཁོར་ལ་དགའ། །མཚན་དང་ལྡན་པའི་བླ་མ་ལས། །བསླུ་བྱེད་བུད་མེད་དག་ལ་དགའ། །མཆེད་གྲོགས་ཆོས་མཛད་མི་དྲན་པ། །དད་མེད་ཡོན་བདག་རྣམས་ལ་དགའ། །རང་ཉིད་མ་སྨིན་གཞན་དབང་བསྐུར། །རང་སེམས་མ་གྲོལ་གཞན་ཁྲིད་འདེབས། །མི་ཤེས་པ་ལ་ཤེས་རྫུན་བྱེད། །དགེ་འདུན་རྟེན་དགོན་བཤན་པས་འཛིན། །དགེ་འདུན་དག་ལ་ཁྲལ་འཇལ་འབབ། །གཙུག་ལག་ཁང་ལ་འཁྲུག་ཁང་བྱེད། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཤིག །བསྟན་སྲུང་མ་མཉེས་ནད་ཡམས་འོང་། །རི་ཁྲོད་དགོན་པར་རྐུན་མ་འབྱུང་། །ཆོས་བྱེད་རྣམས་ནི་སྤྲང་འཁྱམ་བྱེད། །བླ་མ་སློབ་དཔོན་ཁྱི་ལྟར་འཁྱམ། །ཟབ་ཆོས་ནོར་ཕྱིར་འཚོང་བར་བྱེད། །སློབ་བུས་བླ་མ་མི་འཁུར་བའི། །དམྱལ་བ་རིན་གྱིས་ཉོས་པ་ཡིན། །དེ་དུས་ཆོས་སྐད་ཁ་ནས་གཏོང་། །གང་ལའང་བཤད་པ་མི་ནག་མཁས། །ཆོས་ཁ་ལ་ཡོད་དེ་གཏིང་ལ་མེད། །བསྙེན་བཀུར་གནས་ཀྱི་བླ་མ་ལ། །གཏམ་ངན་གྱིས་ནི་གཤེ་སྐུར་འདེབས། །ཆོས་ཡོད་པ་ལས་ནོར་ཡོད་དགའ། །བླ་མ་བཟང་པོའི་བྱིན་རླབས་ལས། །སྡིག་ཆེན་རྣམས་ཀྱི་འཐབ་སྐད་བཟང་། །སྡོམ་ལྡན་ཅན་གྱི་བཙུན་པ་ལས། །ཆོས་ཚུལ་མཁན་དེ་བཙན་བཙུན་དགའ། །ངོ་མཚར་ཅན་ལ་ཟོག་པོ་འགྲིམས། །རྟ་ལམ་བོང་བུས་སྤྱོད་པ་མང་། །རྒྱལ་ཁམས་ཁྲིམས་མེད་གང་བ་མང་། །དྲང་པོའི་རྒྱུ་འབྲས་རྩི་བ་ཉུང་། །མར་འགྲོ་དད་པ་ལྡོག་པ་སླ། །དམ་ཆོས་ཞུས་ནས་མགོ་སྨོད་བྱེད། །དབང་བསྐུར་ཞུས་ནས་ཡུད་དེ་འཁོན། །ཆོས་ཀྱི་ཕྱིར་དུ་སྤྱོད་མཁན་ཉུང་། །ཁྲིད་ཁ་ཞུས་པ་གཏོང་ལ་འགྲས། །དམ་ཚིག་མི་བསྲུང་དམ་ཉམས་སོགས། །ཕ་མའི་དྲིན་ལན་འཇལ་མཁན་ཉུང་། །ངོ་ཚ་ཁྲེལ་འཛེམ་ཤོར་བ་མང་། །ངན་གཡོ་ཅན་ལ་དྲང་བར་ལྟ། །བཟང་སེམས་ཅན་ལ་ལྐུགས་པར་འཇོག །ཕ་སྤུན་ཉེ་ཚན་དམེ་འཁྲུགས་གཏོང་། །མིང་སྲིང་ངོ་ཚ་བཏང་ནས་གདོང་། །སྡིག་རྔམས་ཕྱོགས་སུ་ཆེ་འགྲན་བྱེད། །དཀར་པོའི་ལྷ་རྣམས་མ་མཉེས་པས། །ནག་པོའི་ཀླུ་རྣམས་ཁྲོས་ནས་འཁྲུགས། །ཆར་ཆུ་དུས་སུ་མི་འབེབས་ཤིང་། །སད་དང་སེར་བ་ལྡང་བ་དང་། །ལོ་ཉེས་མུ་གེ་ལ་སོགས་འབྱུང་། །ཁ་ཕོ་ཆེ་ལ་སྙིང་རུས་ཆུང་། །སེར་སྣ་ཆེ་ལ་གཏོང་ཕོད་ཆུང་། །གཡེང་བ་ཆེ་ལ་བརྩོན་འགྲུས་ཆུང་། །ཁས་ལེན་ཆེ་ལ་ཉམས་ལེན་ཆུང་། །ལོག་ལྟ་ཆེ་ལ་དད་པ་ཆུང་། །དེ་འདྲའི་དུས་ཤིག་འབྱུང་བའི་ཚེ། །མི་རྣམས་ཚེ་ཐུང་ལེ་ལོ་ཆེ། །ནད་མང་བདེ་བ་ཆུང་བ་དང་། །ཤེས་རྒྱུད་ཉོན་མོངས་རགས་པ་དང་། །རྐྱེན་དང་བར་ཆད་མང་བའི་དུས། །དམ་ཆོས་ཟབ་ལ་དོན་ཉུང་བ། །ཟབ་ལ་ཁྱེད་ནི་བདེ་བ་ཡིས། །ཆོས་ཀུན་སྙིང་པོ་གཅིག་བསྡུས་པའི། །ཟབ་ཆོས་ཡི་གེ་དྲུག་མ་བགྲོངས། །ཞེས་གསུངས་པས། དེར་ཚོགས་པ་ཐམས་ཅད་ཀྱིས་མཁའ་འགྲོ་མ་དངོས་སུ་མཐོང་ནས་ཐུན་མོང་མ་ཡིན་པའི་དད་པ་ཆེན་པོ་སྐྱེས། ཕྱག་མང་དུ་འཚལ། ལ་ལ་ཆོས་ལ་ཞུགས། ལ་ལས་སྡིག་སྤངས་དགེ་བ་བསྒྲུབས། སྡིག་པ་སྣ་རེ་སྤངས་ནས་དགེ་བ་སྣ་རེ་བསྒྲུབ་པའི་དམ་བཅའ་ཕུལ། སྣང་ས་འོད་དེ་འབུམ་པ་ཤི་ལོག་བྱས་ནས་འཁོར་བློན་འབངས་མངའ་ཞབས་ལ་སོགས་པའི་སེམས་ཅན་མང་པོ་ཆོས་ལ་བཀོད་པའི་ལེའུ་ནས་འདིར་འདས་ལོག་གི་སྐོར་ཟུར་ཙམ་བསྡུས་པ་ལས། རྒྱས་པར་འདོད་ན་གཞུང་ལ་གཟིགས་ན་མཁྱེན། །སྤར་བརྐོས་སྦྱིན་བདག་བླ་རྩེའི་ཞབས་སྡོད་ནས། །དགེ་འདུན་དོན་ཡོད་པ་ནས་ཞུས་པའི་མཐུས། །ཕ་མས་ཐོག་དྲངས་སེམས་ཅན་མ་ལུས་ཀུན། །གཡུ་ལོ་བཀོད་པའི་ཞིང་དུ་སྐྱེ་བར་ཤོག །དགེའོ།། །།
ཀུན་བཟང་ཆོས་ཀྱི་སྒྲོལ་མའི་འདས་ལོག་མཐོང་བ་དོན་ལྡན་ཀུན་གསལ་ཤེལ་གྱི་མེ་ལོང་།
༄༅། །དག་སྣང་ཟབ་ལམ་ཀུན་འདུས་མཁའ་འགྲོའི་སྙན་བརྒྱུད་ཟབ་དོན་པདྨའི་སྙིང་ཐིག་ལས་ཀུན་བཟང་ཆོས་ཀྱི་སྒྲོལ་མའི་འདས་ལོག་མཐོང་བ་དོན་ལྡན་ཀུན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
ན་མོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྱི་གཟུགས། མཚུངས་མེད་ཐུགས་རྗེའི་གཏེར་མཛོད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྩ་བའི་བླ་མ་རིན་པོ་ཆེའི་ཞབས་ཀྱི་པདྨོ་ལ་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཨེ་མ་ཧོ། རིག་གདངས་མི་འགྱུར་ཀ་དག་ངོ་བོ་ཆོས་སྐུ་ཀུན་ཏུ་བཟང་། །རིག་གདངས་མ་འགགས་ལྷུན་གྲུབ་ལོངས་སྐུ་སྤྱན་རས་གཟིགས། །རིག་རྩལ་ཐུགས་རྗེའི་སྒྱུ་འཕྲུལ་རོལ་གར་སྤྲུལ་སྐུ་པདྨ་འབྱུང་། །རིག་སྟོང་དབྱིངས་ཉིད་རྒྱལ་ཡུམ་སྒྲོལ་མར་སྣང་ལ་གུས་ཕྱག་འཚལ། །གྲུབ་བརྙེས་རིག་འཛིན་རྒྱ་མཚོའི་སྤྱི་གཟུགས་མཆོག །གྲུབ་པའི་དབང་ཕྱུག་ཁྲོ་ཟུར་རྒྱལ་སྲས་དང་། །གྲུབ་བརྙེས་དངོས་གྲུབ་འབྱུང་གཏེར་མཁའ་འགྲོ་མ། །གྲུབ་རིགས་ཀུན་བཟང་ཆོས་ཀྱི་སྒྲོལ་མར་འདུད། །འཁོར་འདས་གྱེས་གཞི་བདེ་གཤེགས་སྙིང་པོ་ཉིད། །རང་ངོ་ཤེས་དང་མ་ཤེས་ཁྱད་པར་ལམ། །གྲོལ་འཁྲུལ་སྣང་བའི་འབྲས་བུ་འབྱུང་བའང་། །དོན་ལ་ཆོས་ཉིད་ཁྱབ་བརྡལ་ཆེན་པོའི་ཆིངས། །ལྟ་བ་སྟོང་ཆེན་ཀ་དག་བསམ་བརྗོད་བྲལ། །སྒོམ་པ་མ་བཅོས་རང་བབ་ངང་དུ་ཀློད། །སྤྱོད་པ་སྒོ་གསུམ་བྱ་བཏང་བག་ཡོད་བཞིན། །སྣང་བཞི་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོག །འདི་ན་ཐར་འདོད་སྐལ་བཟང་སྐྱེས་བུ་ཡི། །ཡིད་ཀྱི་རེ་བ་མ་ལུས་སྐོང་བའི་ཕྱིར། །འདས་ལོག་ཆོས་ཚུལ་མཐོང་བ་དོན་ལྡན་བཤད། །ཆོས་བདག་དཔའ་བོ་མཁའ་འགྲོས་གནང་བར་མཛོད། །དེ་ལ་འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་བཟང་ཆོས་ཀྱི་སྒྲོལ་མ་རང་ལོ་སོ་བདུན་ལ་བབས་པའི་དུས་སུ། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ཏེ་རྒྱབ་ཏུ་བོར་ནས། ཚེ་རབས་གཏན་གྱི་སྐྱབས་གནས་གྲུབ་ཆེན་ཁྲོ་ཟུར་རྒྱལ་སྲས་ཀྱི་མདུན་དུ་སོང་སྟེ། བླ་མར་བརྟེན་པས་ཁོང་ཤིན་ཏུ་དགྱེས་བཞིན་པར་བདག་ལ། འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་བསྐུར། ཇོ་འཁོར་ཁམས་གསུམ་དབྱིངས་སྒྲོལ་ལག་ཏུ་གཏད། བར་དོ་དྲུག་ཁྲིད་ཀྱི་གདམས་པ་གནང་། འཁོར་བ་དོང་སྤྲུགས་ཀྱི་སྨོན་ལམ་བཏབ། མ་འོངས་པ་ན་ཁྱེད་ཀྱི་འདས་ལོག་གི་ཆོས་འདི་ཀས་འགྲོ་དོན་རྒྱ་ཆེན་པོ་འོང་བར་ལུང་བསྟན། གཟེངས་བསྟོད། དབུགས་དབྱུང་། དེ་ལྟ་བུའི་བཀའ་སྩལ་རིན་པོ་ཆེའི་ཕྲེང་བ་བཟློག་མ་ནུས་པར་མདོ་སྨད་སྒང་དྲུག་གི་ཡ་གྱལ་ཟལ་མོ་སྒང་གི་ཉེ་འདབས། པདྨ་ཤེལ་བྲག་སྟག་ཚང་ཕུག་པ་གོང་མ་ནི་དཔའ་བོ་གྲུབ་ཐོབ་རྣམས་ཀྱི་བཞུགས་གནས་ཡིན་པས་མཚོ་ཕུ་རིན་པོ་ཆེ་ཉིད་བཞུགས། ཕུག་པ་འོག་མ་ནི་རིག་འཛིན་མཁའ་འགྲོའི་ཚོགས་ཁང་ཡིན་པས་བདག་དེར་འདུག་སྟེ། ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ནས་མ་ཎི་དུང་གསུམ། བརྐྱང་ཕྱག་བྱེ་བ། བསྙེན་གནས་ཆ་བརྒྱ་དང་སོ་བརྒྱད་ཁ་ལོང་བར་ཉེ་བ། ས་ག་ཟླ་བའི་ཚེས་བཅུའི་ནུབ་མཚན་ཕྱེད་ཙམ་ན། མཉམ་བཞག་གི་ཐུན་ལ་འདུག་པའི་སྣང་བ་འདི་གཏད་སོ་བྲལ་བའི་ཟང་ཐལ་རྗེན་པར་བུད་པའི་ཚེ། དྲིན་ཆེ་བའི་ཨ་མ་དྲན་པའི་ཉམས་མགུར་ཐོལ་བྱུང་དུ་སྨྲས་པའོ། །ཀྱཻ་མ། སྔོན་ཨ་མ་ཡོད་དུས་དྲིན་མ་གོ །ད་ཨ་མ་དྲན་ནས་ཡི་མུག་ཆེ། །ཟས་བཟང་པོ་ཡོད་ཀྱང་འཕྲོད་ཐབས་དཀའ། །གོས་དྲོན་པོ་ཡོད་ཀྱང་འཕྲོད་ཐབས་མེད། །ཚིག་སྙན་པོ་ཡོད་ཀྱང་འཕྲོད་ཐབས་མེད། །ཐབས་ཅི་ཞིག་བྱས་ན་འཕྲོད་ཐབས་ཡོད། །ཁྱེད་མཁྱེན་ལྡན་རྣམས་ཀྱིས་དགོངས་པར་མཛོད། །སྤྱིར་ཨ་མ་ཡོད་དུས་སྐྱོ་གདུང་མེད། །ད་ཨ་མ་མེད་དུས་ཨ་མ་དྲན། །གསུང་ཡི་གེ་དྲུག་མའི་བྱིན་རླབས་དང་། །རང་དགེ་རྩ་ཅི་ཡོད་བློས་བླངས་ནས། །གནས་གར་ཡོད་ཨ་མའི་དགེ་རྩར་བསྔོ། །ལྷ་ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས། །ལུས་སེམས་བསྐྱེད་པའི་ཨ་མ་དྲིན་ཅན་མ། །ཨ་མ་འགྲོ་དུས་བདག་ལ་སྡུག་བསྔལ་ནི། །རང་ཉིད་རླུང་དམར་དྲག་པོས་དེད་པ་འདྲ། །ཨ་མ་ཉལ་དུས་རི་བོས་མནན་པ་འདྲ། །ཚ་མོ་འཐུང་དུས་ཟངས་དམར་ནང་ལྷུང་འདྲ། །གྲང་མོ་འཐུང་དུས་གངས་རིའི་ནང་འདུག་འདྲ། །འཁྲིག་པ་སྤྱད་དུས་གནམ་ས་བརྡབས་པ་འདྲ། །རང་གི་སྐྱེ་གནས་བར་དོའི་སྣང་ཚུལ་ཡིན། །ད་ཨ་མའི་སྡུག་བསྔལ་ཡོད་ཚུལ་བཤད། །ཟླ་དགུ་ཞག་བཅུ་མ་རྫོགས་པར། །ཁུང་དུ་འཆི་ནད་གདུག་པས་ཐེབས། །ལྷ་རྗེ་ཞིག་ལ་བསྟན་པ་ན། །ལ་ལས་ཁྲག་མཁྲིས་ཡིན་ནོ་ཟེར། །ལ་ལས་ཁྲག་སྐྲན་ཡིན་ནོ་ཟེར། །ལ་ལས་བད་ཀན་ཡིན་ནོ་ཟེར། །ཚ་གྲང་ངོ་མི་ཤེས་པའི་ནད། །ཟས་ཟོས་རོ་མི་མྱོང་བ་དང་། །གོས་གྱོན་དྲོད་མེད་སྣང་བ་འཆར། །ལུས་དྲོད་ཉམས་པའི་གྲང་ངར་ཆེ། །གཉིད་རྨུག་འཐུམས་པས་ཤིན་ཏུ་གདུང་། །ཟླ་བ་གཉིས་གསུམ་ཙམ་ནས་བུ། །ཡོད་པའི་བརྡ་ཐོན་ལྡོག་ཐབས་མེད། །ལུས་ཀུན་མི་བདེ་ཡིད་ཁ་ལོག །ཟླ་དགུ་ཕལ་ཆེར་རྫོགས་པ་ན། །སྐ་རགས་སྐེད་པར་མི་འདུག་པར། །ཟོས་ན་ཕོ་བར་མི་ཤོང་ཞིང་། །མ་ཟོས་བཀྲེས་པས་མི་ཐེག་གི །ཐ་མ་བུ་རྒྱུད་བཙའ་བའི་དུས། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན། །ལན་བདུན་ཐོན་པའི་སྣང་བ་ཤར། །ལུས་ནི་ཚལ་བར་གས་སྙམ་བྱེད། །བུ་ཡང་ལྕགས་སྲེག་ས་གཞི་ལ། །བྱེའུ་ཕྲུག་ལྷུང་འདྲའི་མི་བཟོད་པའི། །སྡུག་བསྔལ་དཔག་མེད་མྱོང་བར་བྱེད། །མ་ལག་དར་བས་འཇམ་པའི་དྲིན་ཅན་མ། །མ་སྐད་དུང་བས་སྙན་པའི་དྲིན་ཆེན་མ། །མ་རུམ་མེ་བས་དྲོ་བའི་དྲིན་ཆེན་མ། །མ་འོ་བདུད་རྩི་ལས་ཞིམ་དྲིན་ཆེན་མ། །མ་འདིས་མཚོན་ནས་འགྲོ་དྲུག་ཨ་མ་དྲན། །མ་ཡིས་གཙོ་བྱས་འགྲོ་དྲུག་མཁའ་ཁྱབ་འགྲོ་བ་ལ། །དགེ་རྩ་ཅི་ཡོད་མ་ལུས་བསྔོ་བར་བྱ། །ཞེས་བརྗོད་དེ་ཐུན་གྲོལ་བས་ཐོ་རེངས་ཁ་ལ་བབས་འདུག །དེའི་ཚེ་རང་གི་ཐོར་ཐུག་གི་མེ་འབུད་བཞིན་གླུ་འདི་ལྟར་བླངས་སོ། །སེམས་མི་འགྱུར་དབྱིངས་རིག་དབྱེར་མེད་ཀྱི་ངོ་བོ། །བླ་མ་དང་གཅིག་ཏུ་བསྲེས་ཏེ་བཞག་ནས། །སྒྱེད་པུ་གསུམ་འཕགས་པ་རིགས་གསུམ་མགོན་པོ། །སྣང་སྟོང་འོད་གསལ་སྐོལ་སྣོད་ཀྱི་ཟངས་ང་། །དུག་ལྔ་ཚར་གཅོད་ཡེ་ཤེས་ཀྱི་མེ་དཔུང་། །ཤེས་རབ་རང་བྱུང་སྦུད་པ་རེ་ཐོགས་ནས། །ནང་བཅུད་བདུད་རྩིའི་རྒྱ་མཚོ་ཚོགས་མཆོད་ཀྱི་རང་བཞིན། །ཐབས་འདི་ཤེས་ན་ཚེགས་ཆུང་དོན་ཆེན་གྱི་གདམས་པ། །མྱུར་དུ་ཚོགས་རྫོགས་སྒྲིབ་སྦྱངས་སངས་རྒྱས་ས་ཐོབ་ཤོག །ཅེས་བརྗོད་ནས་ཐོར་ཐུག་ཉུང་ཟད་ཅིག་བཏུང་བ་དེའི་མོད་ལ་ལུས་ཐམས་ཅད་འདར་ཡོམ་ཡོམ། རྩ་ཐམས་ཅད་སྦུད་ཐར་ཐར། སྣང་བ་ཐམས་ཅད་འཕར་ཤིག་ཤིག །སྨད་རླུང་སྟོད་དུ་འཁྲུགས། སྟོད་རླུང་སྨད་དུ་འཁྲུགས། ལུས་ཀྱི་ནང་ཐམས་ཅད་རླུང་གིས་བརྒྱང་སྟེ་གས་འགྲོ་བ་ལྟ་བུ་དང་། ཡང་ནད་རླུང་མཁྲིས་བད་ཀན་གསུམ་འཁྲུགས་ནས་ནད་ཀྱི་ཟུག་རྔུས་གདུངས་པས་ལུས་སེམས་རྣལ་དུ་མི་ཕེབས་པར་གྱུར་པ་ན། བདག་གི་སེམས་ཉིད་བླ་མའི་ཐུགས་དང་བསྲེས་ཏེ་ནད་འདི་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མར་གང་དུ་འགྲོ། དབྱིབས་དང་ཁ་དོག་ཇི་ལྟར་འདུག་བརྟགས་པས། ངོ་བོ་ངོས་གཟུང་མེད་པར་ཤར་གྲོལ་དུས་མཉམ་རྟོག་མེད་ནམ་མཁའ་ལྟ་བུའི་ཀློང་དུ་ལྷོད་དེ་བཞག་པས། ངོ་བོའི་དབྱིངས་ལ་ཅིར་ཡང་མ་གྲུབ་པ་སྟོང་ཆེན་ཁྱབ་བརྡལ་ཆེན་པོའི་རང་བཞིན་ཡིན་པ་ལ། རྩལ་སྣང་མ་ངེས་པ་སྣ་ཚོགས་སུ་ཤར་བ་ན། སླར་ཡང་ནད་ཀྱིས་མནར་བས་རང་གི་སེམས་ལ། ན་ན་གཡོག་མཁན་མེད། ཤི་ན་འཕོ་འདེབས་ནི་མེད། ཕ་ཡུལ་ཁ་ཐག་རིང་། ཕ་ཁུ་རྣམས་ཞེ་ཆགས་ཆེ་བ་སོགས་འཁྲུལ་པའི་ཡོ་ལང་འགྱེད། ལུས་བ་སྤུ་གཟིངས། མིག་མཆི་མ་འཁྲུགས། ཨ་ཁ་ཁ་འདི་འདྲའི་འཁྲུལ་པ་མ་ཆོད་ན། བར་དོ་ག་ལ་ཆོད་སྙམ་ནས་གླུ་འདི་སྐད་ཅེས་བླངས་སོ། །གནས་སྤྱི་གཙུག་བདེ་ཆེན་འཁོར་ལོ་ན། །ཕ་སྐྱབས་མགོན་གང་ཤར་རང་གྲོལ་མཁྱེན། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །ཐུགས་དབྱེར་མེད་ངང་ནས་བྱིན་གྱིས་རློབས། །ལུས་ན་ཚ་ཟུག་གཟེར་བཟོད་ཐབས་མེད། །ད་ཡན་ལག་བཞི་ཀ་ཁུང་ལ་ལྟུང་། །ནད་འདི་འདྲ་འོང་བ་ཡི་རེ་མུག །སྤྱིར་འཇིག་རྟེན་མི་ལ་སྐྱེ་འཆི་མང་། །ཚེ་ཕྱི་མ་མི་དྲན་སྙིང་རེ་རྗེ། །ད་འཆི་བ་དྲན་པར་བྱིན་གྱིས་རློབས། །ཆོས་སྙིང་ནས་དྲན་པར་བྱིན་གྱིས་རློབས། །ཤི་བར་དོ་ཆོད་པར་བྱིན་གྱིས་རློབས། །གནས་སྐྱེ་བཟང་ཐོབ་པར་བྱིན་གྱིས་རློབས། །ཞེས་སྨྲས་སོ། །ཡང་འོད་གསལ་གྱི་སྣང་ངོར་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཡང་སྤྲུལ་གང་ཤར་རང་གྲོལ་དེ་ཉིད་འཇའ་འོད་འོད་ཕུང་ཐིག་ལེའི་ཀློང་ན་ངོ་བོ་བླ་མ་ཁོང་ཡིན་པ་ལ། རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་སྐུར་བཞེངས་ཏེ་གླུ་འདི་སྐད་ཅེས་བླངས་སོ། །
རིགས་ཀྱི་བུ་མོ་མ་གཡེང་ལེགས་པར་ཉོན། །རང་སེམས་ཕན་ན་སངས་རྒྱས་བཙལ་རྒྱུ་མེད། །རང་ལུས་ཕན་ན་དཀྱིལ་འཁོར་སྒྲུབ་རྒྱུ་མེད། །བླ་མ་ཆོས་སྐུ་ཡིན་པས་རང་ངོ་ཟུང་། །བླ་མ་ལོངས་སྐུ་ཡིན་པས་འགག་མེད་སྒོམས། །བླ་མ་སྤྲུལ་སྐུ་ཡིན་པས་རང་གྲོལ་ངང་། །སེམས་ཀྱི་ཐོག་མཐའ་ཕུད་པ་ངོ་མཚར་ཆེ། །ངོ་བོ་ངོས་གཟུང་མེད་པ་ཟང་ཐལ་ལེ། །ཕྱལ་མེད་རང་གྲོལ་ཁྱབ་བརྡལ་ཀུན་ཏུ་བཟང་། །ཡེ་སྟོང་མཐའ་བྲལ་བློ་འདས་རྫོགས་པ་ཆེ། །སྐྱེ་འཆི་བར་དོ་ཟེར་བ་ག་ལ་ཡོད། །ཐམས་ཅད་རང་སྣང་སྒྱུ་མའི་མིག་འཕྲུལ་འདྲ། །སེང་གེའི་གསོབ་ལྟར་བར་དོའི་མཚང་རིག་ནས། །གཉིས་མེད་རང་རིག་རྒྱ་མཚོའི་བཙན་ས་ཟུངས། །ཞེས་དོན་གྱི་ངོ་སྤྲོད་གདབ་པ་དང་། །ཡང་འདི་ལྟར་ཕྱི་སྣོད་འཇིག་རྟེན་མི་རྟག་འཇའ་ཚོན་འདྲ། །ནང་བཅུད་སེམས་ཅན་མི་རྟག་གློག་འོད་འདྲ། །བཟའ་ཚང་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །རྒས་པ་མི་རྟག་ལ་ཁའི་ཉི་ཟེར་འདྲ། །གཞོན་པ་མི་རྟག་དབྱར་གྱི་མེ་ཏོག་འདྲ། །བྱིས་པ་མི་རྟག་ཤིང་མགོའི་བྱེའུ་ཆུང་འདྲ། །སྒྱུ་ལུས་མི་རྟག་ནམ་མཁའི་འཇའ་ཚོན་འདྲ། །གླིང་བཞི་རི་རབ་ལྷ་གནས་མན་ཆད་ནི། །མེ་བདུན་ཆུ་གཅིག་དག་གིས་འཇིག་པར་འགྱུར། །ཐམས་ཅད་མི་རྟག་ཡིན་པར་ངོ་རེ་སྤྲད། །ཅེས་གསུངས་པས་བདག་གི་སྣང་བ་ལ། ད་འཆི་ཡང་འགྱོད་པ་མེད་ངེས་པ་ཡིན། སྤྱིར་ཆོས་ཐམས་ཅད་མི་རྟག་ཅིང་མི་བརྟན་པ་བློ་གཏད་མེད་པ་འདི་འདྲ་ཡིན་ན། རང་ལྟ་བུར་འཆི་བར་ཅིས་མི་འགྱུར། ཡི་མུག་འགྱོད་པ་ཐམས་ཅད་ག་ལ་ཡོད། དེར་མ་ཟད་དོན་མེད་སྟོང་ལོག་བྱེད་པའི་མི་ཞིག་འཆི་བ་དང་ཡང་ཅུང་མི་འདྲ་སྟེ། སེམས་ཀྱི་གནས་ལུགས་ན་དགའ་ཤི་སྐྱིད། ཕ་ཁྱིམ་བུ་འགྲོ། མ་པང་བུ་འཇུག་གི་གདམས་པ་མ་ལུས་པ་རང་གི་ཁོང་དུ་ཆུད་ཡོད་པ་ལགས་པས། ད་ནི་ན་རུང་ཤི་རུང་བློ་བདེ་སེམས་བདེ་ཡིན་སྙམ་པའི་ཐུན་ཡུན་རིང་ལ་གནས་སོ། །
སླར་ཡང་ཚེའི་འདུ་བྱེད་མཐའ་དག་ཟད་ནས་ངེས་པར་འཆི་བར་ཉེ་བྱུང་བས། སྔར་ཐོས་པའི་ཆོས་རྣམས་དང་། བླ་མའི་གདམས་ངག་རྣམས་གསལ་འདེབས་ཡང་ཡང་བྱས། ཁྱད་པར་དུ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ལ་བཞག་པས། དལ་ཅིག་ཙམ་ན་འཆི་ཁ་བར་དོ་ནི། གཟུགས་སྒྲ་ལ་ཐིམ་པའི་རྟགས། ཐག་རིང་ཐུང་གི་གཟུགས་ཐམས་ཅད་མི་གསལ་བར་རབ་རིབ་ཏུ་གྱུར། ཤ་ས་ལ་ཐིམ་པས་པགས་བཞི་ས་ལ་འཐོར། ས་འོག་ཏུ་ལྟུང་ཉམས་བྱེད། སྒྲ་དྲི་ལ་ཐིམ་པས་རྣ་བས་སྒྲ་སྙན་མི་སྙན་ཀུན་མི་ཐོས། ཁྲག་ཆུ་ལ་ཐིམ་པས་ལུས་སྟོབས་ཤོར། ཁ་ཆུ་སྣ་ཆུ་འཛགས། ལྕེ་སྐམ། དྲི་རོ་ལ་ཐིམ་པས་སྣའི་དྲི་བཟང་ངན་ཐམས་ཅད་མི་ཚོར་བར་འགགས། དྲོད་མེ་ལ་ཐིམ་པས་ལུས་ཀྱི་དྲོད་འཆོར། ཤེས་པ་རེས་གསལ། རེས་མི་གསལ། རང་གཞན་ངོ་མི་ཤེས་པ་འབྱུང་། རོ་རེག་ལ་ཐིམ་པས། ལྕེས་རོ་ཁ་མངར་མི་ཚོར་བར་ཟས་སོས་ཟོས་ཀྱང་རྡོ་ཟོས་པ་དང་འདྲ། དབུགས་རླུང་ལ་ཐིམ་པས། དབུགས་འདར་ཡང་ཡང་རྐང་ལག་གིས་ཡོབ་ཡོབ་བྱེད། རེག་ཆོས་ལ་ཐིམ་པས། ལུས་ཀྱི་རེག་བྱ་མི་ཚོར་ཞིང་མདངས་ཉམས་པས་མདོག་སེར་དེངས་དེངས། རྩ་ཆེན་རེ་ཆད་དུས་རི་ཆེན་རེ་འཇིག་པའི་སྒྲ་དང་བཅས་པར་སྣང་། རྩ་འབྲིང་རེ་ཆད་དུས་རི་འབྲིང་རེ་ཞིག་པའི་སྒྲ་དང་བཅས་པར་སྣང་། རྩ་ཕྲན་རེ་ཆད་དུས་རི་ཕྲན་རེ་ཞིག་པའི་སྒྲ་དང་བཅས་པར་སྣང་། གཞན་ཡང་རྒྱ་མཚོ་ཆེན་པོའི་ནང་དུ་ལྟུང་ནས་རྦ་རླབས་དྲག་པོའི་བར་ན་གནས་པ་དང་། མེ་ཆེན་པོ་འབར་བའི་དཀྱིལ་དུ་འདུག་པ་དང་། རི་གཟར་ཆེན་པོའི་ངོས་ལ་འཛེགས་པ་དང་། མྱ་ངན་གྱི་ཐང་ཆེན་པོར་འགྲོ་བ་དང་། མུན་ནག་ཆེན་པོར་འཐིབ། ལས་རླུང་དྲག་པོ་འཚུབས། འཇིགས་པའི་སྒྲ་གྲགས། ཡ་ང་བག་ཚ་བའི་ངང་ནས་དལ་ཅིག་འདུག་པ་ན། དབུ་མའི་ཡར་སྣའི་ཧཾ་ལ་རོ་མའི་དྭངས་མ་དཀར་པོ་ཐིམ། མར་སྣའི་ཨཱཿལ་རྐྱང་མའི་དྭངས་མ་དམར་པོ་ཐིམ། སྙིང་ཀའི་ཡེ་ཤེས་འོད་གསལ་གྱི་དྭངས་མ་ཆེན་མོའི་ནང་དུ་ཐིམ་པས་རྣམ་རྟོག་ཕྲ་རགས་ཀྱི་རྟོག་པ་འགགས་ནས་ཡེ་ཤེས་རིག་པའི་རྩལ་གྱི་འོད་གསལ་ཆེན་པོ་འཆར་རོ། །འདི་ཡི་གནད་བཤད་ན། རང་སེམས་ལ་སངས་རྒྱས་རང་ཆས་སུ་ཡོད་པ་ཉིད་རང་ལ་སྣང་བ་ཡིན་པས། སེམས་ཉིད་སྟོང་པའི་ངང་ལས་ཆོས་སྐུའི་འོད་གསལ་རྣམ་པ་བཞི་དང་། སྣང་བའི་ཆ་ལས་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་རྣམ་པ་ལྔ་འཆར་རོ། །
དང་པོ་ནི་རྣམ་རྟོག་འོད་གསལ་ལ་ཐིམ་པས་ཕྱི་རྟགས་སུ་སྣང་བ་ལ་འོད་གསལ་སྣ་ལྔ་སྨིག་རྒྱུ་ལྟ་བུར་འཆར། ནང་རྟགས་སུ་སྣང་བའི་འོད་གསལ་བདེ་གསལ་མི་རྟོག་པའི་ཡེ་ཤེས་མེ་ལོང་འཆར་རོ། །ཡེ་ཤེས་དེས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་འགགས། སྣང་བ་མཆེད་པ་ལ་ཐིམ་པས་ཕྱི་རྟགས་སུ་སྐྱ་འོད་ཟླ་བ་ཤར་བའི་འོད་ལྟ་བུར་འཆར། ཆུའི་ངོ་བོ་དཀར་ཆ་ཐུར་ལ་བྱུང་ནས་སྙིང་གར་ཐིམ་པས་ཡིད་ཀུན་གཞི་ལ་འཇུག །ནང་རྟགས་སུ་གསལ་ལ་དེར་འཛིན་མེད་པའི་འོད་གསལ་འཆར་རོ། །ཡེ་ཤེས་དེས་འདོད་ཆགས་ལས་བྱུང་བའི་རྟོག་པ་བཞི་བཅུ་འགགས། མཆེད་པ་ཐོབ་པ་ལ་ཐིམ་པས་ཕྱི་རྟགས་སུ་ཉི་མ་ཤར་བའི་མེ་འབར་བ་ལྟར་དམར་སེར་ལམ་མེར་འཆར། མེའི་ངོ་བོ་དམར་ཆ་གྱེན་དུ་རྒྱུ་ཞིང་སྙིང་གར་ཐིམ་པས་ཉོན་ཡིད་ཀུན་གཞི་ལ་འཇུག །ནང་རྟགས་སུ་བདེ་གསལ་འཛིན་པ་མེད་པའི་ཡེ་ཤེས་སྔར་བས་ལྷག་པ་འཆར། ཡེ་ཤེས་དེས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས། ཐོབ་པ་ཉེ་བར་ཐོབ་པ་ལ་ཐིམ་པས་ཡེ་ཤེས་འཆར་བས་ཕྱི་རྟགས་སུ་འོད་གསལ་མཐིང་ནག་གམ་ལྗང་ནག་མུན་སྲོལ་ལྟ་བུར་འཆར། སྙིང་གའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ནང་གི་ཁྲག་དབུགས་ཀྱི་དྭངས་མ་ཐིག་ལེ་ཨ་ཧཾ་ལ་རྫོགས་པར་ཐིམ་པས། ནང་རྟགས་སུ་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སངས་རྒྱས་ཆོས་སྐུ་མངོན་སུམ་པར་འཆར་རོ། །དེའི་ཚེ་ན་རང་བྱུང་རིག་པ་བརྗོད་མེད་ནམ་མཁའ་ལྟ་བུའི་ཀློང་དུ་འབྱམས་ཀླས་པས། སྒྲ་རང་བྱུང་བྲག་ཆ་ལྟ་བུའི་རྡོ་རྗེའི་ཚིག་བླང་དོར་དང་བྲལ་བར་སྨྲས་པ། ཨེ་མ་ཧོ། སྣང་སྲིད་འཁོར་འདས་ཆོས་རྣམས། །སྣང་བ་སྣ་ཚོགས་སྒྱུ་འཕྲུལ། །སྣང་ལ་རང་བཞིན་མེད་པས། །སྣང་བཅས་འཁྲུལ་པ་རང་སངས། །གཞི་རྒྱུད་བདེ་གཤེགས་སྙིང་པོ། །གཞི་འབྲས་གཉིས་མེད་ཆོས་སྐུ། །གཞི་ཡི་བཞུགས་ཚུལ་མཐར་ཐུག །གཞི་གནས་རིག་པ་སྤྲོས་བྲལ། །ཐོག་མའི་གནས་ལུགས་རང་ཞལ། །ཐོག་མ་ཉིད་དུ་མཐོང་བས། །ཐོག་མའི་སངས་རྒྱས་ཀུན་བཟང་། །ཐོག་མའི་རྒྱལ་པོ་ཨ་ཧོ། །ཀུན་བཟང་མཐའ་བྲལ་རིག་པ། །ཀུན་ནས་ཟླུམ་པོར་འཁྱིལ་བས། །ཀུན་ཀྱང་མཉམ་ཉིད་ཆེན་པོར། །ཀུན་གྲོལ་ཡེ་སངས་རྒྱས་སོ། །དོན་དམ་ཆོས་ཉིད་བཞུགས་ཚུལ། །དོན་ལ་རང་སེམས་འདི་ལས། །དོན་པོ་གཞན་ན་མེད་པས། །དོན་འདི་ཤེས་པ་གལ་ཆེ། །སེམས་ཀྱི་གསང་འདི་གབ་ན། །སེམས་ཅན་ཡིན་ནོ་ཅོག་གི །སེམས་ན་རྨི་འདྲའི་འཁྲུལ་པས། །སེམས་ཁམས་རྟག་ཏུ་བསླུས་སོ། །ད་ནི་རང་གི་སེམས་ཉིད། །ད་ལྟ་རྩ་གདར་ཆོད་དང་། །ད་ལེར་རང་ངོ་ཤེས་འོང་། །ད་བར་འཁྲུལ་པ་རང་སངས། །ཡེ་གྲོལ་གཤིས་ཀྱི་ཡིན་ལུགས། །ཡེ་སྟོང་ཀ་དག་ཟང་ཐལ། །ཡེ་བབ་གཟུང་འཛིན་རང་གྲོལ། །ཡེ་དག་ཀུན་བཟང་དགོངས་པ། །གནས་ལུགས་སྤྲོས་བྲལ་ཆེན་པོ། །གནས་འགྱུ་རིག་གསུམ་བྲལ་བས། །གནས་ཚུལ་རྗེན་པར་བརྐྱངས་ན། །གནས་པ་ཇི་བཞིན་མངོན་གྱུར། །ཡེངས་མེད་སྒོམ་གྱི་ངོ་བོ། །དྲན་མེད་རང་བབ་གནས་ལུགས། །འབད་མེད་རང་བྱུང་རིག་པ། །འཛིན་མེད་བཏང་བཞག་བྲལ་བར། །ཆད་མེད་རྒྱུན་དུ་བརྟེན་ན། །སྤྲོས་མེད་རིག་སྟོང་རྗེན་པ། །སྣང་མེད་ཆོས་སྐུའི་དགོངས་བརྒྱུད། །བདེན་མེད་སེམས་ལ་འཕོ་འོང་། །སྐྱེ་མེད་ཀ་དག་ཀུན་བཟང་། །འགག་མེད་ལྷུན་གྲུབ་སྣང་བ། །རྩོལ་མེད་ཐུགས་རྗེའི་རང་མདངས། །བཅོས་མེད་ལྷུག་པར་བརྐྱང་དགོས། །དག་མཉམ་འཁོར་འདས་རིག་རྩལ། །དག་དབྱིངས་དྭངས་མའི་ངང་དུ། །དག་པ་རབ་འབྱམས་སྣང་བ། །དག་ཆེན་སྒྱུ་མའི་མིག་འཕྲུལ། །རང་གྲོལ་རིག་སྟོང་རྗེན་པ། །རང་མདངས་འོད་གསལ་སྒྱུ་འཕྲུལ། །རང་བཞིན་མྱང་འདས་ཆེན་པོར། །རང་བྱུང་མ་བཙལ་ལྷུན་གྲུབ། །ལྟ་བ་མ་བཅོས་སྤྲོས་བྲལ། །ལྟ་བྱེད་རང་བྱུང་ཡེ་ཤེས། །བལྟ་ཡུལ་རང་གི་ཆོས་ཉིད། །བལྟ་བྱ་ལྟ་བྱེད་བྲལ་བ། །སྒོམ་པ་མ་ཡེངས་དྲན་པས། །བསྒོམ་བྱ་རྡུལ་ཙམ་མེད་པར། །སྒོམ་མེད་ཡེངས་མེད་ངང་ནས། །སྒོམ་གྱིས་བར་མེད་སྐྱོང་དགོས། །ས་དང་ལམ་གྱི་རྣམ་བཞག །ས་བཅུའི་སེམས་དཔའ་ལྟ་བུའི། །ས་ལམ་ཡུན་རིང་འགྱིང་བ། །ས་མཆོག་འདི་ལ་མེད་ཀྱང་། །ས་ལམ་གཅིག་ཆོད་མིག་འཕྲུལ། །ས་བཅུ་ལམ་ལྔ་ཡོངས་རྫོགས། །ས་འདིའི་ཁྱད་ཆོས་བླ་མེད། །ས་མཆོག་རྒྱལ་པོ་ཨ་ཧོ། །ཨ་དོན་ཀུན་བཟང་དགོངས་པ། །ཨ་མ་ཆོས་ཀྱི་སྒྲོལ་མས། །ཨ་མཚར་ཚིག་གི་མེ་ཏོག །ཨ་ལ་ལ་སྟེ་གཏོར་ཡོད། །དེ་ནས་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་ནི། མཐའ་དབུས་བྲལ་བའི་ཆོས་དབྱིངས་ཡེ་ཤེས་སྟོན་ནམ་གཡའ་དག་པ་ལྟ་བུ་ཅིར་ཡང་བརྗོད་པ་དང་བྲལ་བར་འཆར། རང་རྩལ་ཅིར་ཡང་འགྱུར་བའི་རྣམ་པ་ལས། འོད་མཐིང་གི་ཐིག་ལེ་ཟླུམ་པོའི་ནང་དབུས་སུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡབ་ཡུམ་ཚོམ་བུའི་དཀྱིལ་འཁོར་དང་བཅས་པ་བསམ་གཏན་གྱི་ཞག་གཅིག་ལ་འཆར་རོ། །
དེ་ནས་འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་འོད་ཐིག་ཟླུམ་བསྐོར་གྱི་ནང་དུ། རིགས་བཞིའི་ཚོམ་བུའི་དཀྱིལ་འཁོར། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། སྣང་བ་མཐའ་ཡས། དོན་ཡོད་གྲུབ་པ་ཡབ་ཡུམ་བསམ་གཏན་གྱི་ཞག་རེ་རེའི་བར་དུ་འཆར་རོ། །གཞན་ཡང་འོད་ལྔའི་ཐིག་ལེའི་ཀློང་དུ། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །ཁྲོ་ཆེན་སྒོ་བཞི་དང་བཅས་པ་འཆར། གཞན་ཡང་དག་པ་མཁའ་སྤྱོད་ཀྱི་ཞིང་ནས་རིག་འཛིན་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་འོད་ཐིག་གི་ཀློང་དུ་འཇིག་རྟེན་གྱི་ཁམས་གང་བར་འཆར་བ་དང་། དེ་བཞིན་དུ་བུདྡྷ་ཧེ་རུ་ཀ་སོགས་རིགས་ལྔའི་ཁྲག་འཐུང་དང་། ཀེ་སེང་། སྒོ་མ། དབང་ཕྱུག་རྣམས་ཀྱང་འཇའ་འོད་དང་། མེ་དཔུང་གི་ཀློང་ན་བཞུགས་པ། སྣང་སྲིད་ཐམས་ཅད་འཕར་ཤིག་ཤིག །འདར་ཡོམ་ཡོམ། འུར་དིར་དིར། ཀི་ཟིང་ཟིང་འཆར་བར་གྱུར་ཏོ། །
དེ་ནས་སྲིད་པ་བར་དོ་འཆར་ཚུལ་ནི། རང་ཉིད་ལུས་གཅེར་བུ་དབང་པོ་ཀུན་ཚང་བ། ལུས་སྔ་མ་ལྟ་བུ་ཞིག་ཀྲོང་ངེར་སྐྱེས་སོ། །དེ་ནས་གཡོ་བ་ལས་ཀྱི་རླུང་དམར་གྱིས་སྡོད་པའི་དབང་མེད་པར་རིག་པ་རྟེན་མེད་པ་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུར་དབུགས་ཀྱི་རྟ་ལ་ཞོན་ནས་ལང་ལོང་དུ་རྒྱུ་ཞིང་བར་དོའི་འཕྲང་ལ་སོང་ངོ་། །དེ་ན་ལུང་པ་ཁ་བྱང་བསྟན། ཕུ་ཐག་ཤིན་ཏུ་རིང་བ། རྫ་རི་སྔོ་ཟེང་ངེ་བ། རྫ་ཆུ་སྔོ་ཁྲ་ལ་ལ། བྱ་རོག་སྐད་དུང་དུང་གྲག་པ། འཇག་མས་ཀི་ཤད་བྱེད་པ། ཤིན་ཏུ་འཇིགས་ཤིང་ཡ་ང་བ། མ་ངེས་པའི་རྟགས་དྲུག་སྟེ། གནས་ལ་ངེས་པ་མེད་པས་གར་འགྲོ་དང་གར་འདུག་གི་གཏད་སོ་མེད་པ། རྟེན་ལ་ངེས་པ་མེད་པས་ཟམ་པའི་རྒྱུ་ཤིང་སོགས་ལ་རྟེན་ཚོམ་རུང་འདུག་དབང་མེད་པ། སྤྱོད་ལམ་ལ་ངེས་པ་མེད་པས་ཅི་བྱེད་འདི་བྱེད་མེད་པར་ཡུད་ཙམ་ཡུད་ཙམ་གྱིས་འགྱུར་བ། ཟས་ལ་ངེས་པ་མེད་པས་ཟས་བཟང་ངན་ཇི་ལྟར་མཐོང་རུང་མ་བསྔོས་ན་སྤྱོད་དབང་མེད་པ། གྲོགས་ལ་ངེས་པ་མེད་པས་འདི་དང་འགྲོགས། འདི་དང་མི་འགྲོག་ཟེར་བའི་ངེས་པ་མེད། རྣམ་ཤེས་ཡིད་ལུས་ལ་ངེས་པ་མེད་པས། རེས་བདེ་རེས་སྡུག་བསྔལ་ཞིང་ཡུད་ཙམ་གྱིས་འགྱུར་འགྲོ་བ་དང་།
གཞན་ཡང་གནས་ས་རྩ་མེད་པས་རླུང་གར་འདུག་འདིར་འདུག་མེད། ཁམས་དཀར་དམར་ནང་གི་ཉི་ཟླ་མེད་པས་ཕྱིའི་ཉི་ཟླ་མི་གསལ། མུན་ནག་ཆེན་པོ་སྣང་། རླུང་དམར་དྲག་པོ་ཡང་འཚུབ། གཟའ་སྐར་རྣམས་ཐང་ལ་རྒྱུག་པ་ལྟ་བུའི་སྣང་བ་སོགས་སྒྱུ་མའི་འཕྲུལ་བཞིན་ཏུ་འབྱུང་ངོ་། །དེ་ནས་རང་གི་བསུ་བ་ལ་ནི། ལྷན་ཅིག་སྐྱེས་པའི་ལྷ་བུ་དཀར་པོ་མཛེས་ཤིང་ཡིད་དུ་འོང་བ་གཞོན་ནུ་ལང་ཚོ་དར་ལ་བབས་པ་ལྟ་བུ། རྡེའུ་དཀར་པོ་མང་པོ་ཐོགས་པ་ཞིག་དང་། མཉམ་པར་འོང་བའི་བདུད་ནག་པོ་མི་སྡུག་པའི་མཚན་མ་དགུས་བརྒྱན་པ། ཁེངས་གདུག་ཆེ་བ། དྲི་ངན་བྲོ་བ། རྡེའུ་ནག་འགའ་རེ་ཐོགས་པ། དེ་གཉིས་ལྷན་དུ་འགྲོ་བའི་སྣང་བ་ཤར། དེ་ཚེ་ཡུལ་ཡངས་པ་ཆེན་པོ་ཉམས་དགའ་བ། མེ་ཏོག་སྣ་ཚོགས་ཀྱིས་གང་བ། བྱ་སྐད་སྙན་པ་མང་པོ་གྲག་པ། དྲི་བཟང་པོ་སྤོས་དུད་ཀྱིས་ཁྱབ་པ། ངོ་མཚར་བའི་གླིང་ཞིག་ཏུ་སླེབས་པ་ན། དེར་ངོ་བོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིན་པ་ལ། རྣམ་པ་བླ་མ་གང་ཤར་རང་གྲོལ་སང་ཇི་ལྟ་བུ་བྱོན་ནས་རིགས་ཀྱི་བུ་མོ་འགྲོ་དང་། རིག་ནས་གོ་རྒྱུ་འདུག་གོ །རིག་པ་འཁྲུལ་པའི་རང་གཟུགས། རིག་རན་མིན་པས་ཨེ་གོ །ཞེས་གསུངས་ནས་བླ་མ་ཁོ་རང་གིས་ལམ་སྣ་ཁྲིད་ནས་ལམ་རིང་པོ་ཡ་ཀྱུ་མ་ཀྱུ་མང་པོ་སྐས་ཐེམ་ལྟ་བུའི་རྣམ་པ་བརྒྱུད་དེ་འགྲོ་བའི་ཚེ། རེས་འགའ་མུན་ནག་འཐིབ། རེས་འགའ་འོད་འབར། རེས་འགའ་སྟེང་དུ་ཕྱིན། རེས་འགའ་འོག་ཏུ་འགྲོ། རེས་འགའ་བར་སྣང་ལ་འགྲོ་བའི་སྣང་བ་ཤར་རོ། །
དེ་ནས་ལ་མཐོན་པོ་དགུང་ལ་ཟུག་པ་འདྲ་བ་ཞིག་གི་རྒྱབ་ཏུ་ངུ་སྐད་དིར་དིར་འདོན་འདུག་སྟེ་ལམ་མཁན་བླ་མ་ཐུགས་རྗེ་ཅན་ལ་དྲིས་པ་ལ། དེ་ན་རེ། འདི་ནི་ཤི་གསོན་བྱེ་མའི་ལ་ཁ་རེད། ངུ་སྐད་འདོན་འདུག་མི་རྣམས་ལ་ཁའི་སྟེང་ན་མི་མགོའི་ལབ་རྩེ་མང་པོ་ཡོད་དེ། དེ་རྣམས་ངུ་འདུག་པ་ཡིན་གསུངས། དེ་ནས་མྱུར་དུ་ལ་རྩེ་ལ་སླེབས་པ་ན། མི་མགོའི་ལབ་རྩེ་ཆེན་པོ་བལྟ་མི་བཟོད་པ་མང་པོ་སྤུངས་ཡོད་པ་ལས། སྐམ་པོ་རྣམས་ནི་ལོ་དུང་ཕྱུར་གྱི་བར་དུ་ཆུ་ཚན་ནང་དུ་བསྐོལ་ནས་ཕུད་པ་ལྟ་བུ། སྐྱ་ཟིང་ངེ་ལྟ་བུ་དང་ཤ་ཁྲག་གི་དྲི་ཙམ་ཡང་ཡོད་མ་མྱོང་བའོ། །རྙིད་པ་རྣམས་ནི་ལོ་བརྒྱའི་བར་དུ་ནད་ཀྱིས་མནར་བ་ལྟ་བུ། མིག་ཁོང་དུ་སོང་བ་སྣ་ཐུར་དུ་ཞུམ་པ། ཁ་ལ་ནད་དྲེག་ཆགས་པ། དྲི་ངན་མི་ཞིམ་པ་འཐུལ་ལོ། །རློན་པ་རྣམས་ནི་མིག་རྩ་རྒོད་པ། བཀྲག་མདངས་རྒྱས་པ། སོ་དཀར་བསྟན་པ། མཁུར་ཚོས་ལ་ཁྲག་གི་ཐིག་ལེ་ཆགས་པ། ཐམས་ཅད་ཀྱིས་ཀྭི་སྒྲ་ཧ་སྒྲ་ངུ་སྒྲ་དིར་དིར་འདུག་གོ །ཡང་བླ་མ་ལགས། སེམས་ཅན་ལས་ངན་པ་མི་མགོ་སྐམ་པོ་འདི་དག་གིས་ལས་ཅི་བྱས་པའི་རྣམ་སྨིན་ཡིན། རྒྱུ་གང་ལགས། རྐྱེན་ཅི་ཡོད་ཞུས་པས། བླ་མའི་ཞལ་ནས། འདི་རྣམས་གསོན་གྲང་ང་ཁམས་ན་ཡོད་དུས་སུ། ལྷ་མགོ་བཅད། དགོན་རྐུབ་ཕུད། གཞན་གྱི་རྒྱུ་ཟས་ཟ་བར་འདོད་དེ། དམག་ཇག་ལ་སོང་ནས་ལམ་དུ་བསད་པས་རོ་རུལ་ཞིང་རུས་པ་སྐྱ་ཁྲོལ་དུ་བུད་པའི་གཤིན་པོ། འཕོ་བཏབ་དང་ལམ་འདྲེན་མེད་པ། ཐ་ན་གསུར་དྲི་ཙམ་ཡང་ཚོར་མ་མྱོང་བའི་ལས་ངན་སྡིག་ཅན་རྣམས་ཡིན། འདི་རྣམས་ཐར་པའི་ལམ་ལ་འགོད་པར་མཁའ་འགྲོ་མ་ཁྱེད་ཀྱིས་མཛོད་གསུངས་པས། བདག་གིས་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་འདི་བཏབ་བོ། །ཨེ་མ་ཧོ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །བུ་མ་གཡེང་རིག་པ་ཡར་ལ་གཏོད། །སེམས་སྐྱེ་མེད་བླ་མའི་ཐུགས་ཀར་འཕོས། །ལུས་འཇའ་སྐུ་འགྲུབ་པར་བྱིན་གྱིས་རློབས། །ལན་གསུམ་དང་ཧིཀཿསྒྲ་བརྗོད། དེ་ནས་མ་ཎིའི་རྒྱང་འབོད་དང་ཇོ་འཁོར་བསྐོར་བས་སེམས་ཅན་དུང་ཕྱུར་གཅིག་ཐར་པའི་ལམ་ལ་འདྲེན་པར་གྱུར་ཏོ། །
ཡང་བླ་མ་ལགས། མི་མགོ་རྙིད་པ་འདི་རྣམས་ཀྱིས་ལས་ཅི་བྱས། རྒྱུ་ཅི་ཡོད། རྐྱེན་ཅི་ཡིན་ཞུས་པས། བླ་མས། འདི་རྣམས་གསོན་གྲང་ང་ཁམས་ན་ཡོད་དུས། ཉེས་མེད་ཀྱི་སེམས་ཅན་ལ་བརྡུངས་བརྡེགས་བྱས་པས་ན་ཚ་ཡུན་རིང་དུ་མྱོང་བ་དང་། མུ་གེས་མནར་བའི་རྣམ་སྨིན་གྱིས་འདི་རྣམས་ནད་རླུང་མཁྲིས་བད་ཀན་སོགས་ཀྱིས་གདུངས་བས་ཉམ་ཐག་པར་འདུག །འདི་ལས་ཐར་ཐབས་མཁའ་འགྲོའི་ཐུགས་རྗེས་ཟུང་གསུངས་པས་བདག་གིས་འདི་ལྟར་བརྗོད་དོ། །ན་མོ། བཅོམ་ལྡན་སངས་རྒྱས་སྨན་པའི་རྒྱལ་པོ་དང་། །བདེ་གཤེགས་མཆེད་བརྒྱད་དམ་ཆོས་བྱང་སེམས་དང་། །ཉན་རང་དགེ་འདུན་ཚོགས་ལ་གསོལ་བ་འདེབས། །དམིགས་ཡུལ་ནད་ལས་ཐར་ཞིང་བདེ་བར་ལྡན། །སྨན་པའི་རྒྱལ་པོའི་ཞབས་དྲུང་སྐྱེ་བར་ཤོག །ལན་གསུམ་དང་ཧིཀཿསྒྲ་བརྗོད། དེ་ནས་མ་ཎིའི་རྒྱང་འབོད་ལན་གསུམ་ཇོ་འཁོར་བསྐོར་བས་སེམས་ཅན་དུང་ཕྱུར་གཅིག་ཐར་པའི་ལམ་ལ་འདྲེན་པར་གྱུར་ཏོ། །ཡང་བླ་མ་ལགས། མི་མགོ་རློན་པ་འདི་རྣམས་ཀྱིས་ལས་ཅི་བྱས། རྒྱུ་གང་ལགས། རྐྱེན་ཅི་ཡིན་ཞུས་པས་བླ་མས། འདི་རྣམས་གསོན་གྲང་ང་ཁམས་ན་ཡོད་དུས་སེམས་ཅན་རྣམས་ཀྱི་སྲོག་ཧུར་ཐུམ་དུ་བཅད་དེ། ཤ་གསར་བ་ཟོས། ཁྲག་དྲོན་མོ་འཐུང་པ་སོགས་ཀྱི་ཉེས་པས་གཟའ་གདོང་ཐུག་ལྟ་བུའི་ནད་དྲག་ལ་རྒོད་པ་རེས་ད་ལྟ་ཤི་མ་ཐག་པ་ཡིན་ཏེ། འདི་རྣམས་ཐར་པ་ཐོབ་ཐབས་མཁའ་འགྲོ་མ་མཁྱེན་གསུངས་པས། བདག་གིས་ཟབ་མོ་གཅོད་ཀྱི་གདམས་པ་ལ་འཕོ་བ་ནམ་མཁའ་སྒོ་འབྱེད་ཅེས་བྱ་བ་འདི་སྐད་བཏབ་བོ། །ཀྱཻ་མ། སྐྱེ་མེད་ཆོས་སྐུ་ཡུམ་ཆེན་ལབ་ཀྱི་སྒྲོན། །འགག་མེད་ལོངས་སྐུ་ཕག་མོ་ལབ་ཀྱི་སྒྲོན། །རྩོལ་མེད་སྤྲུལ་སྐུ་ཁྲོས་མ་ལབ་ཀྱི་སྒྲོན། །པདྨ་འབྱུང་གནས་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་ནད་གདོན་རྒྱུ་འབྲས་བཅས། །ཡུམ་དོན་སྐྱེ་མེད་མཁའ་རུ་ཕཊ་ཀྱིས་བཤིག །འཁྲུལ་མེད་བདེ་ཆེན་ཞིང་དུ་འཕོ་བར་ཤོག །ལན་གསུམ་དང་ཧིཀཿསྒྲ་བརྗོད། །དེ་ནས་མ་ཎིའི་རྒྱང་འབོད་ལན་གསུམ་དང་ཇོ་འཁོར་བསྐོར་བས་སེམས་ཅན་དུང་ཕྱུར་གཅིག་ཐར་བའི་ལམ་ལ་འགོད་པར་གྱུར་ཏོ། །
དེ་ནས་ལ་ཆེན་པོ་དེ་བརྒལ་བས་ལུང་པ་གཞུང་ཤིན་ཏུ་ཟབ་པ། གཏིང་མི་མངོན་པ། ཉམས་རྩུབ་པ་ཞིག་ལ་སླེབས་འདུག །དེར་གཤིན་ཆུ་ཁམ་པ་རབ་མེད་ཟེར་བའི་ཆུ་ཆེན་པོ། དཔག་ཚད་མང་པོའི་བར་དུ་དམར་ཉི་ལི་ལི་གང་བ། ནང་དུ་ཆུ་གནས་གདུག་པ་ཅན་དུ་མས་འགྲེ་ལྡོག་བྱེད་པ། ཆུ་རླུང་ཁྲག་སྤྲིན་དམར་ནག་ལང་ལོང་དུ་གཡོ་བ། རྦ་རླབས་ཁྲག་གི་ལྦུ་བ་དམར་ཐར་ཐར་དགུང་ལ་འཕྱུར་བའི་གཏིང་མི་མངོན་པའི་ནང་དུ་སེམས་ཅན་གྲངས་མེད་པ་རྣམས་ངུ་དིར་དིར་འདུག་པས། བླ་མ་ལགས། འདིར་ཡོད་པའི་སེམས་རྣམས་ཀྱིས་ལས་ཅི་བྱས་པ་རེད་ཞུས་པས། བླ་མས། འོ་འདི་རྣམས་ཀྱིས་གསོན་གྲང་ང་ཁམས་ན་ཡོད་དུས། ཚེ་ཐར་བསད་པ་དང་། སྲམ་དང་ཉ་བསད་པ་དང་། ཤ་བ་དང་རི་དྭགས་བསད་པ་སོགས་ཀྱི་ཉེས་པ་ཡིན་གསུངས་སོ། །ཡང་གཤིན་ཟམ་ཁྲ་བོ་ལྡེམ་ཤིང་རྒྱ་ཆེ་བ་ཞིག་སྣང་བས། བླ་མས། གཤིན་ཟམ་འདི་ཡང་གསོན་དུས་སུ། བླ་མར་བཀུར། ཕ་མར་བརྩེ། བཀའ་སྡོམ་པ་དམ་ཚིག་ཚུལ་བཞིན་སྲུང་མི་རྣམས་ལ་ལྕགས་ཀྱི་སྡོང་པོ་པང་གིས་མི་འཁྱུད་པ་བརྒྱ་རེ་གཤིབས་ཏེ་ཅི་དགར་འགྲོ་ཆོག་པ་ཞིག་ཏུ་སྣང་ངོ་། །ཡང་བླ་མ་ལ་སྨོད། ཕ་མ་ལ་བརྙས། སྡོམ་པ་དམ་ཚིག་ཆུ་ལ་དོར་ནས་ལོག་ལྟས་རྒྱུད་གང་བ་རྣམས་ལ་ཟམ་པ་ཕྲ་ལ་རྩྭ་འཇག་མ་ལྔ་གཤིབས་ལྟ་བུའི་རི་མོ་ཙམ་ལས་མི་སྣང་བར་གསུངས་སོ། །ཡང་བུ་ཆུང་དཀར་པོས་ཁྲིད་དེ་འགྲོ་བ་ན། མདུན་མཁར་གྲུ་གང་ཙམ་གྱི་ཐད་ནས་བླ་མ་གང་ཤར་རང་གྲོལ་ཉིད་ལྷ་ཐུགས་རྗེ་ཆེན་པོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་བྱོན་ནས་ད་ནི་ཆུ་འདི་བརྒལ་ཏེ་ཕ་རོལ་ལ་འགྲོ་དགོས་གསུངས་སོ། །དེར་འགྲོ་བར་ཆས་པ་ན། སྐྱབས་རྗེ་མཚོ་ཕུ་རིན་པོ་ཆེ་ལ་གསོལ་བ་བཏབ། བར་དུ་སྣང་བ་འཇིགས་ནས་འདི་སྐད་དུ། ཨེ་མ་ཧོ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །སྐྱབས་ཇོ་བོ་བཀྲ་ཤིས་རབ་བརྟན་མཁྱེན། །ཤི་བར་དོའི་ཡུལ་དུ་ཐུགས་རྗེས་ཟུངས། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །ཞེས་བརྗོད་པས་དེ་མ་ཐག་ཏུ་གསུང་སྙན་པའི་སྒྲ་དང་བཅས་བླ་མ་སྤྱི་བོར་བྱོན་ནས་བཞུགས་པའི་སྣང་བ་ཤར་རོ། །
ཡང་དེ་ནས་ལྷོ་ཕྱོགས་ཀྱི་ནམ་མཁའ་ནས་འོད་ཟེར་སེར་པོའི་ལམ་ཤར་བའི་སྣ་ལ། རྩ་བའི་བླ་མ་བསོ་རྒན་རིན་པོ་ཆེ་རྣལ་འབྱོར་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་བྱོན་ནས་བདག་གི་སྙིང་ཁར་ཉི་ཟླའི་གདན་ལ་བཞུགས་པར་སྣང་། དེ་ནས་བླ་མ་གཉིས་མགྲིན་གཅིག་ཏུ་གླུ་འདི་སྐད་ཅེས་བླངས་སོ། །རིགས་ཀྱི་བུ་མོ་ཚུར་གསོན་དང་། །གཤིན་ཆུ་ཁམ་པ་རྦབ་རྒོད་འདི། །རང་སེམས་འཁྲུལ་པའི་རྩལ་སྣང་ཡིན། །གཤིན་ཟམ་ཁྲ་བོ་ལྡེམ་པ་འདི། །རྒྱུ་འབྲས་ལ་དྲང་ཤན་འབྱེད་པའི་བརྡ། །འདིར་ཡོད་སེམས་ཅན་གྲངས་མང་པོ། །སངས་རྒྱས་སྤྲུལ་པས་འདྲེན་པའི་སྐལ་པ་ཡོད། །རིག་དང་མ་རིག་ཁྱད་པར་ཙམ་ལས་མེད། །ཟམ་ཤིང་དཀྱིལ་དུ་བཞུགས་ལ་ཇོ་འཁོར་སྐོར། །མ་ཎིའི་རྒྱང་གླུ་ལོངས་ལ་སྨོན་ལམ་ཐོབ། །ཅེས་གསུངས་པ་ལྟར་བྱས་པས་དེ་མ་ཐག་གཤིན་ཆུ་བསྐམས་ནས་གྲམ་པ་སྐྱ་ཁྲ་ལེར་བུད་པ་ན། དེར་ངོ་ཤེས་པའི་ཚེ་འདས་ཨ་ཁུ་སྲུང་མ། སྲུ་མོ་ཀ་བུག །སྲུ་མོ་རྫོགས་འེ། ཉག་རོང་དཔལ་འབྱོར། ཉག་སྟོད་ཐར་ལོ། ཡ་མ་སྐྱིད། གླུ་བ་ཨ་ངན་རྣམས་དང་། ངོ་མི་ཤེས་པའི་ཚེ་འདས་གྲངས་མེད་པ་རྣམས་ལ་གདུག་པའི་སྦྲུལ་ཆེན་པོ་མགོ་དགུ་རེ་ཡོད་པ་ཀུན་གྱིས་ཁ་གདངས། མིག་བསྒྲད། ལྕེ་བརྐྱངས་ཤིང་ཚེ་འདས་རྣམས་ཀྱི་མགོ་ཁ་ནང་དུ་བཅུག་སྟེ་ཆེམ་ཆེམ་བལྡད་པས་ཀླད་པ་སྐྱ་ཁྲ་ལ་ལ་ཁ་ཟུར་ནས་འཛེག་བཞིན་ཟ་བར་བྱེད་དོ། །
དེའི་ཚེ་ཡང་མགོ་མེད་པའི་ལུས་ཁོག་ནས་སྐད་གདངས་དམའ་བའི་ངག་གིས། འོ་མཁའ་འགྲོ་མ་ཀུན་བཟང་ཆོས་ཀྱི་སྒྲོལ་མ་རིན་པོ་ཆེ་ལགས། ཁྱེད་གསོན་གྲང་ང་ཁམས་ལ་བྱོན་གྱི་ཡིན་ན། ངེད་ཅག་གི་འཕྲིན་འདི་ཟེར་རོགས་ཐུགས་རྗེ་མི་ཆུང་བར་ཞུ་ཟེར། བདག་གིས་ཀྱང་ཡི་མུག་སྟེ། མཆི་མ་ཁྲལ་ལ་ལ་བྱུང་བཞིན། འོ་ཁྱེད་རྣམས་ལ་ཅི་ཟེར་གྱི་ཡོད་སྨྲོས་དང་འཕྲོད་ངེས་བྱེད་ཡ་སྨྲས། དེ་རྣམས་ཀྱིས་ཐར་མདོ། ཡིག་བརྒྱ། ཚེ་ཐར། ཇོ་དར། མ་ཎི་ཅི་འགྲུབ་ལ་མ་འཆུགས་རེམ་རེམ། དེ་ལྟར་བྱས་ན་ངེད་ཅག་གཤིན་ཆུ་ཁམ་པ་རབ་མེད་ལ་བརྒལ་བའི་ཚེ། ཚེ་ཐར་གང་ཡོད་ཀྱི་རྟ་ཕོ་མྱུར་བ་དེ་ཞོན་ནས། མཚན་ལྡན་ཇོ་དར་དཀར་པོ་ལག་ཏུ་ཐོགས་ལ་མ་ཎིའི་དབྱངས་དང་བཅས་འགྲོ་ཆོག་པར་འདུག་པས་ཀུན་ལ་གོ་གོ་ཐོས་ཐོས་བྱེད་པ་བཀའ་དྲིན་མ་ཆུང་། ཁྱིམ་བཟའ་ཚང་ཉེ་བ་ཕུ་ནུ་ཐམས་ཅད་ཀྱིས་ངེད་ཅག་ལ་སྙིང་རེ་ཨེ་རྗེ་བལྟ་འདུག་ཟེར་རོ། །བདག་གིས་ཀྱང་སྙིང་རྗེ་ཚད་མེད་པ་སྐྱེས་ཤིང་། ཇོ་འཁོར་བསྐོར་མ་ཎིའི་རྒྱང་འབོད་ལན་གསུམ་བྱས་པས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལས་བྱེད་པའི་དཔལ་ཆོས་སྐྱོང་བྲག་ལྷ་མགོན་པོ་ཡིན་ཟེར་བའི་མི་དཀར་རྟ་དཀར་ཅན་ཞིག་གིས་མཚན་ལྡན་ཇོ་དར་དཀར་པོ་ཐོགས་ནས་ཀྱི་ལི་ལི་འཁོར་བས་ནམ་མཁའ་ལ་འཇའ་འོད་དང་ཐིག་ལེས་གང་། བར་སྣང་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་དབྱངས་ཡིད་འཕྲོག་པས་གང་། ས་གཞི་ལ་མེ་ཏོག་དཀར་སེར་དམར་ལྗང་མང་པོས་གང་ནས་སེམས་ཅན་དེ་དག་སྐད་ཅིག་གིས་བདེ་ཆེན་དག་པའི་ཞིང་དུ་བྱ་བརྒྱ་འུར་གཅིག་གིས་དཀྲོགས་པ་བཞིན་དུ་འུར་དིར་གྱིས་གཤེགས་པར་གྱུར་ཏོ། །དེ་ནས་སྤྱི་བོའི་བླ་མ་དང་སྙིང་ཁའི་བླ་མ་གཉིས་འོད་དུ་ཞུ་ནས་ལམ་ཁྲིད་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་གཅིག་གི་ངོ་བོར་གྱུར་ཏོ། །
དེ་ནས་ཡང་བདག་གིས་གླུ་འདི་ལྟར་བླངས་སོ། །སྐྱབས་གཅིག་ཀུན་འདུས་རྩ་བའི་བླ་མ་མཁྱེན། །སངས་རྒྱས་གཞན་ན་མེད་དོ་རང་གི་སེམས། །སེམས་ཉིད་གདོད་ནས་དག་པ་ཆོས་ཀྱི་སྐུ། །རིག་པ་ཆོས་སྐུར་ངོ་སྤྲོད་བླ་མ་རྗེ། །བར་དོའི་ལམ་ཁྲིད་བླ་མ་བཀའ་དྲིན་ཅན། །སྟོང་གསུམ་ས་སྟེང་བསྐོར་ཀྱང་ཁྱེད་འདྲ་མེད། །བཀའ་དང་དམ་ཚིག་སྡོམ་ལ་མ་འགལ་བས། །ཕྱི་མར་བླ་མ་ཁྱེད་དང་ལྷན་ཅིག་འགྲོགས། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །ཞེས་བརྗོད་དོ། །དེ་ནས་ལམ་ཁྲིད་བླ་མ་དེ་སྔོན་དུ་བྱོན། བདག་དེའི་རྗེས་སུ་འབྲངས་ལ་ལག་གཡས་སུ་ཇོ་འཁོར་བསྐོར། གཡོན་དུ་བགྲང་ཕྲེང་འདྲེན་བཞིན་མ་ཎིའི་འཛབ་དབྱངས་བཅས་གར་སྟབས་ཀྱིས་སོང་བས། ཕ་རི་ལ་སླེབས་པ་ན་གཤིན་ཟམ་དེ་ཡང་འཇའ་ལྟར་ཡལ་ལོ། །དེ་ནས་ཡང་སོང་བས་གཤིན་རྗེའི་ཨ་ཐང་སྐྱ་མོ་ལ་སླེབས་པ་ན། ཐང་ཆེན་པོ་རྟ་པའི་ཉིན་ལམ་བཅོ་བརྒྱད་ཙམ་ཡོད་པ། རི་ཀླུང་མེད་པར་ཕྱེ་མའི་སྐྱ་ཤིག་ཤིག་འདུག་པ། རྩྭ་ཆུ་ཤིང་གསུམ་གྱི་མིང་ཡང་མི་གྲག་པ། ཉམ་ང་བའི་གནས་སུ་ལས་ངན་སྡིག་པོ་ཆེ་རྣམས་ལ་ལས་མཁན་སྦྲུལ་དང་གཟིག་དང་རྟ་ཡི་མགོ་ཅན་སོགས་དཔག་ཏུ་མེད་པ་དག་གིས་ལྕགས་ཀྱུ་ཅན་གྱིས་བཟུང་ངོ་། །སྐམ་པ་ཅན་གྱིས་གཅུས་སོ། །ཐོ་བ་ཅན་གྱིས་བརྡུང་ངོ་། །སོག་ལེ་ཅན་གྱིས་འདྲའོ། །རལ་གྲི་ཅན་གྱིས་གཏུབ་བོ། །སྟ་རེ་ཅན་གྱིས་གཤག་གོ །རྭ་ཅོ་ཅན་གྱིས་ཕུག་གོ །མཆུ་རྣོན་ཅན་གྱིས་ཟའོ། །སྡེར་མོ་ཅན་གྱིས་བྲད་དོ། །གུག་རི་ཅན་གྱིས་བཞར་རོ། །དེ་ལྟར་བྱས་པའི་ཁྲག་ཟག་པ་སྣམ་བུ་བརྐྱངས་པ་ལྟར་དམར་ན་ར་ར་རྒྱུག་གོ །སེམས་ཅན་ཐམས་ཅད་ར་ལུག་སེར་བས་དེད་པ་བཞིན་དུ་དིར་དིར་དེད་ནས་འདུག་གོ །བདག་གིས་བླ་མ་ལགས། ལས་ངན་པའི་སེམས་ཅན་འདི་དག་གིས་ལས་ཅི་བྱས་པའི་ཉེས་པ་ཡིན་ཞུས་པས། བླ་མས། འདི་རྣམས་ཀྱིས་གསོན་དུས་སུ་རི་དྭགས་ཉེས་མེད་རྣམས་བསད་པ་དང་། སེམས་ཅན་གསོན་བཤའ་བྱས་པ་དང་། ནང་དབུགས་མ་ཆད་གོང་སྲོག་རྩ་བཅད་པ་དང་། གསོན་ཤ་ལ་རྔམ་ཟས་བྱས་པ་དང་། གསོན་ཁྲག་ལ་ཧབ་ཐོབ་བྱེད་པ་དང་། ཟས་སྣ་དགུ་ཡོད་ཀྱང་། ཤ་གསར་བ་ཁྲག་དྲོན་མོ་ལ་རྟག་ཏུ་གདུང་བས་ཉེས་པ་ཡིན་པས། ད་ཁྱེད་ཀྱིས་འཁོར་ཆེན་སྐོར་ལ་མ་ཎིའི་རྒྱང་འབོད་གྱིས། འཁོར་བ་དོང་སྤྲུགས་ཀྱི་སྨོན་ལམ་ཐོབ་དང་ཐར་པ་འཐོབ་པར་འགྱུར་རོ་གསུངས་སོ། །བདག་གིས་དེ་ལྟར་བྱས་པས། སེམས་ཅན་ཉིས་བརྒྱ་ཙམ་ལས་འདྲེན་པར་མ་གྱུར། ཤུལ་དུ་ལས་ངན་མང་པོ་ལྷག་ཡོད་པ་ལ་འདྲེན་ཐབས་ཅི་དྲག་བསམས་ནས་གླུ་འདི་ལྟར་བླངས་སོ། །མདུན་མཁར་བླ་མ་སྤྱན་རས་གཟིགས། །བརྩེ་བ་ཆེན་པོས་བདག་ལ་དགོངས། །མཚན་ལྡན་ཇོ་དར་དཀར་པོ་དེ། །ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་ནོ། །འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ། །མ་ལུས་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་བརྗོད་པས་གཤིན་རྗེའི་ཨ་ཐང་སྐྱ་མོ་ནས་བཟུང་སྟེ། གཤིན་ལ་ཆེན་པོའི་བར་གྱི་རི་དགུ་ཆུ་དགུ་ཟམ་དགུ་ལས་མཁན་སོ་པ་དགུ་རྣམས་ཕྱི་ནས་རིམ་པར་ཡོད་ཅིང་དེ་དག་གི་བར་བར་ན་སེམས་ཅན་དུང་ཕྱུར་མང་པོས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བཞིན་ཡོད་པས་ཐམས་ཅད་ལ་མཚན་ལྡན་གྱི་ཇོ་དར་དཀར་པོ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ཐར་པའི་ལམ་ལ་བཀོད་པར་གྱུར་ཏོ། །
རྒྱས་པར་རི་དགུ་སོགས་རེ་རེ་ནས་འགྲོ་དོན་མཛད་ཚུལ་ཡོད་ཀྱང་ཡི་གེར་འཇིགས་ནས་བྲི་མ་ནུས་སོ། །དེ་ནས་ཡང་གཤིན་ལ་ཆེན་པོའི་ངོས་སུ་འགྲོ་བའི་ཚེ། སེམས་ཅན་ལ་ལ་དག་གསོན་གྲང་ང་ཁམས་ན་ཡོད་དུས། སྟག་གཟིག །དོམ་དྲེད། དུག་སྦྲུལ། སྤྱང་ཀི །ཝ། བྱ་རྒོད། བྱི་བ། ལི་ལི་སོགས་བསད་ཚད་ཀྱིས་ལམ་བཀག་སྟེ། ཕར་ལ་འགྲོ་བ་ལྟ་ཅི་སྨོས། ཕྱིར་ལ་ཡང་འོང་མི་འཇུག་པར་གསོན་རྔན་གྱི་སྡུག་བསྔལ་བཟོད་པར་དཀའ་བ་གཏད་དོ། །དེང་སང་བླ་མ་འཕོ་བཏབ་འགའ་རེས། གཤིན་པོ་འདིས་སེམས་ཅན་འདི་ལྟ་བུ་བསད་པས་ལམ་གེགས་བྱེད་འདུག་གསུངས་པ་དེའང་འདི་ན་ཡོད་པ་རྣམས་ཡིན་ནོ། །ཡང་ལ་ལ་དག་གསོན་གྲང་ང་ཁམས་ན་ཡོད་དུས། ཚེ་ཐར་བཏང་། སྲོག་བླུ་བྱས་པའི་ཡོན་ཏན་ནི། ཚེ་ཐར་དང་སྲོག་བླུ་རེ་རེའི་སྤུ་ཉག་རེ་རེ་ནས་ཚེ་ཐར་དང་སྲོག་བླུ་གྲངས་མེད་པ་འཕྲོས་ཏེ། རེ་རེས་སེམས་ཅན་གྲངས་མེད་པ་ཁུར་ནས་བྱའི་རྒྱལ་པོ་ངང་བ་ནམ་མཁའ་ལ་འཕུར་བ་བཞིན། ནམ་མཁའ་རྟེན་མེད་ཀྱི་དབྱིངས་སུ་ཐོགས་མེད་དུ་འཕུར་ཏེ་ཐར་ལམ་ལ་འགྲོའོ། །ཡང་གསོན་དུས་སུ་ལ་ལས་ཇོ་དར་བསྒྲུབས་པའི་ཕན་ཡོན་ནི། བར་དོའི་སྐབས་སུ་མཚན་ལྡན་ཇོ་དར་དཀར་པོ་ལ་ལས་ལམ་སྣ་ཁྲིད། ལ་ལས་རྒྱབ་ནས་བསྐྱོར། ལ་ལས་ཟུར་ནས་བཀྱགས་ཏེ། འཇའ་འོད་ཀྱི་གུར་ཕུབ་མེ་ཏོག་གི་ཆར་ཕབ། སྙན་པའི་རོལ་མོ་དང་བཅས་ཏེ། བདེ་ཆེན་ཐར་པའི་ལམ་དུ་ཁྲིད་དེ་སངས་རྒྱས་པར་བྱེད་དོ། །དེར་མ་ཟད་ཇོ་དར་གྱི་གྲིབ་མ་ཕོག་པ་དང་། རླུང་ཕོག་པའི་སེམས་ཅན་རྣམས་ཀྱང་གནས་སྐབས་ངན་སོང་ལས་ཐར་བ་དང་། མཐར་ཐུག་སངས་རྒྱས་པར་བྱེད་དོ། །
སླར་ཡང་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། །ཐུགས་རྗེ་ཆེན་པོ་དཀར་གསལ་གངས་རི་འདྲ། །ཉི་མ་འབུམ་གྱིས་འཁྱུད་འདྲའི་འོད་ཟེར་འབར། །འཇའ་འོད་ཐིག་ལེ་འཁྲིགས་པའི་ཀློང་ན་བཞུགས། །མཚན་ལྡན་ཇོ་དར་དཀར་པོ་འབུམ་གྱིས་བསྐོར། །ཐུགས་རྗེ་ཆེ་ལྡན་ཁྱེད་རྣམས་བྱིན་རླབས་ཀྱིས། །འདི་ན་ཡོད་པའི་བར་དོའི་འགྲོ་བ་ཀུན། །རང་རིག་རང་ངོ་ཤེས་ཏེ་རང་སངས་རྒྱས། །ཀུན་བཟང་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་ཤོག །ཅེས་བརྗོད་དོ། །དེ་ནས་ཡང་ལྷ་མཆོག་ཐུགས་རྗེ་ཆེན་པོའི་ཞལ་སྔ་ནས། རིགས་ཀྱི་བུ་མོ་མ་གཡེང་ང་ཕྱིར་ཤོག །ད་ནི་དམྱལ་བ་དོང་ནས་སྤྲུག་ཏུ་འགྲོ། །བུ་མོ་སྙིང་སྟོབས་མ་ཞན་འགྲོ་དོན་འོང་། །ཞེས་གསུངས་སོ། །དེ་ནས་གཤིན་ལ་ཆེན་པོའི་ཁས་མདའ་སྟོང་འདྲ་བའི་ནང་དུ་བྱིན་པར་གྱུར་ཏོ། །
དེར་ཅུང་ཟད་བསྡད་ནས་ཕྱོགས་ཐམས་ཅད་དུ་བལྟས་པས་ལམ་ཆེན་པོ་བརྒྱད་ཀྱི་འདུས་མདོ་གཅིག་ཏུ་སླེབས་འདུག །བདག་གིས་ལམ་ཁྲིད་བླ་མ་ལ། ལམ་བརྒྱད་པོ་གང་དུ་འགྲོ་ས་ཡིན་ཞུས་པས། འགྲོ་བ་རིགས་དྲུག་ཏུ་འགྲོ་བའི་ལམ་དྲུག་དང་། ཡར་ཐར་པའི་ལམ་ལ་འགྲོ་སའི་ལམ་དང་། ཆོས་ཀྱི་རྒྱལ་པོའི་མདུན་དུ་འགྲོ་བའི་ལམ་དང་བརྒྱད་ཡིན། དེའང་ཞིབ་ཏུ་བཤད་ན། ཞེ་སྡང་གི་རང་གཟུགས་ཀྱི་ལམ་དཀར་ནག་ཐུར་དུ་དོད་པ་སྣེ་མོ་དམྱལ་བའི་ཡུལ་དུ་ཟུག་པ། སེར་སྣའི་རང་གཟུགས་ཀྱི་ལམ་ལྗང་སྐྱ་ཡི་དྭགས་ཡུལ་དུ་ཟུག་པ། གཏི་མུག་རང་གཟུགས་ཀྱི་ལམ་ནག་པོ་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བ་དུད་འགྲོའི་ཡུལ་དུ་ཟུག་པ། ཕྲག་དོག་གི་རང་གཟུགས་ཀྱི་ལམ་ཁྲ་བོ་ལྷ་མིན་ཡུལ་དུ་ཟུག་པ། ང་རྒྱལ་གྱི་རང་གཟུགས་ཀྱི་ལམ་དཀར་པོ་ལྷ་ཡུལ་དུ་ཟུག་པ། འདོད་ཆགས་ཀྱི་རང་གཟུགས་ཀྱི་ལམ་མཐིང་ག་མི་ཡུལ་དུ་ཟུག་པ། འདི་དག་ནི་རིགས་དྲུག་གི་ལམ་དྲུག་གོ །
ཡང་འོད་ལྔའི་ཁ་དོག་ཅན་གྱི་ལམ་རྩེ་མོ་ལྔ་གྱེས་པ་འདི། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་ལ་བགྲོད་ས་རེད། དེའང་ཞིབ་ཏུ་བཤད་ན། ལམ་དཀར་པོ་དར་དཀར་གྱི་སྣམ་བུ་བརྐྱངས་པ་ལྟ་བུ་འདི་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལ་འགྲོ་ལམ་ཡིན། ལམ་སེར་པོ་དར་སེར་གྱི་སྣམ་བུ་བརྐྱངས་པ་ལྟ་བུ་འདི་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ལ་འགྲོ་ལམ་ཡིན། ལམ་དམར་པོ་དར་དམར་གྱི་སྣམ་བུ་བརྐྱངས་པ་ལྟ་བུ་འདི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་འགྲོ་ལམ་ཡིན། ལམ་ལྗང་གུ་དར་ལྗང་གི་སྣམ་བུ་བརྐྱངས་པ་ལྟ་བུ་འདི་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ལ་འགྲོ་ལམ་ཡིན། ལམ་མཐིང་ག་དར་མཐིང་གི་སྣམ་བུ་བརྐྱངས་པ་ལྟ་བུ་འདི་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་ལ་འགྲོ་ལམ་ཡིན། འདི་དག་ནི་ཐར་པའི་ལམ་ལ་འགྲོ་སའི་ལམ་ཡིན་ནོ། །
ཡང་ལམ་དཀར་གསལ་ཤེལ་གྱི་ཐེམ་སྐས་ལྟ་བུ་ལས་རྒྱུ་འབྲས་བླང་དོར་ཐམས་ཅད་གསལ་བ་འདི་ནི། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན་དུ་འགྲོ་སའི་ལམ་ཡིན་ནོ། །ཡང་དག་པའི་ཞིང་ཁམས་ལ་འགྲོ་མི་རྣམས་ནི། ལ་ལ་ནི་ཚེ་ཐར་གྱིས་བསྐྱལ། ལ་ལ་ནི་མར་མེས་བསྐྱལ། ལ་ལ་ནི་ཚ་ཚས་བསྐྱལ། ལ་ལ་ནི་ཇོ་དར་གྱིས་བསྐྱལ་བ་སོགས་རང་རང་གིས་དགེ་བ་ཅི་བསགས་པ་དེ་དག་གིས་སྐྱེལ་མ་བྱེད་ཅིང་། རིགས་ལྔའི་ཡུམ་མཆོག་དཀར་སེར་དམར་ལྗང་མཐིང་མདོག་གི་མཁའ་འགྲོ་སྡེ་ལྔ་དང་། སེམས་དཔའ་སེམས་མ་སོགས་ལྷ་དང་ལྷ་མོ་རྣམས་ཀྱིས་རོལ་མོ་སྣ་ཚོགས་བསྒྲགས། སྙན་པའི་གླུ་ལེན། མཛེས་པའི་གར་བསྒྱུར། མེ་ཏོག་གི་ཆར་ཕབ། དྲི་བཟང་སྤོས་དུད་བཅས་རང་རང་གང་ལ་འབྲེལ་ཞིང་དད་པའི་ཞིང་ཁམས་དེར་སྐྱེལ་བར་བྱེད་དོ། །
ཡང་མར་ངན་སོང་ལ་འགྲོ་མི་རྣམས་ནི། གཤིན་རྗེའི་ལས་མཁན་མགོ་བརྙན་སྣ་ཚོགས་པ། ཁྲོ་ཞིང་གཏུམ་པ་རྔམ་ལ་འཇིགས་པ། མི་སྡུག་པའི་གཟུགས་ཅན། དེ་དག་གིས་མིག་དམར་པོ་ཧོ་རེ་བསྒྲད། ཁ་གནམ་ས་ལྟ་བུ་གདངས། སོ་གངས་རི་ལྟར་གཙིགས། འཇིགས་པའི་ཀྭི་སྒྲ་དིར་དིར་ལས་ངན་སྡིག་ཅན་རྣམས་ཀྱི་སྐེ་ལ་མི་འཆོར་བའི་ཞགས་པ་ནག་པོ་བསྐོན་ནས་རང་དབང་མེད་པར་ཁྲིད་དོ། །སོད་ཡ། རྒྱོབ་ཡ། གཏུབས་ཡ། བཀས་ཡ། གཤག་ཡ། ཟེར་ནས་ནག་ཀྱི་ལི་ལི། འཚུབ་སྒ་ར་ར། ངུ་ཆི་ལི་ལི་དེད་ནས་འགྲོ་བ་ཡིན་གསུངས་སོ། །ཡང་བདག་གིས་བླ་མ་བཀའ་དྲིན་ཅན་ལགས། འདིར་རྒྱུ་འབྲས་ལ་སྤང་ལེན་མ་བྱས་ན། ཤི་དམྱལ་བའི་ཡུལ་དུ་འགྲོ་ཐབས་དཀའ། ཟེར་བ་དེ་ཐོག་ཏུ་བབ་པ་ཡིན་པས། དེའི་ཚུལ་རྒྱས་པར་གསུངས་བར་ཞུ་སྨྲས་སོ། །རིགས་ཀྱི་བུ་མོ་གསོན་དང་། ཡ་ལས་འབྲས་དཀར་ནག་སྤང་ལེན། །ཡ་དྲང་སྲོང་རྒྱལ་པོའི་གསུང་བཞིན། །ཡ་གོ་བདེ་མདོ་རྩ་བཤད་ན། །ཨ་ལས་ལམ་མི་དགེ་བཅུ་པོ། །ཨ་སྲོག་ལ་བབས་རུང་མི་བྱེད། །ཨ་དགེ་བཅུའི་ཚུལ་ཁྲིམས་གཙང་མ། །ཨ་མི་ཉམས་བསྲུང་བ་གལ་ཆེ། །ཡ་དམ་ཆོས་འདུལ་བའི་འདུལ་ཁྲིམས། །ཡ་ཉིས་བརྒྱ་ལྔ་བཅུ་ཚུལ་བཞིན། །ཡ་ཡང་དག་བསྲུང་བ་གནད་ཡིན། །ཨ་བྱང་ཆུབ་སེམས་དཔའི་ཐེག་པའི། །ཨ་སྡོམ་དང་ཉེས་བྱས་མཐའ་དག །ཨ་མ་ནོར་ཡང་དག་བསྲུང་ན། །ཨ་རྒྱལ་སྲས་གོང་མ་མཉེས་འོང་། །ཡ་གསང་སྔགས་རྡོ་རྗེ་ཐེག་པའི། །ཡ་དམ་ཚིག་ས་ཡ་འབུམ་སྡེ། །ཡ་རྡོ་རྗེ་འཆང་གི་བཀའ་བཞིན། །ཡ་ཚུལ་བཞིན་མི་ཉམས་བསྲུང་དགོས། །ཨེ་མི་མངོན་ནམ་མཁའི་དབྱིངས་ནས། །ཨེ་རྒྱལ་བ་གོང་མས་གཟིགས་དང་། །ཨེ་རྒྱུ་འབྲས་དཀར་ནག་ཤན་འབྱེད། །ཨེ་གཟུ་དཔང་དྲང་ཤན་བཤད་དོ། །ད་དེང་སང་སྙིགས་མ་ལྔ་བདོ། །ད་སྐྱིད་ཀྱི་ཡ་ཏ་བོར་ནས། །ད་སྡུག་གི་ཁ་ཏ་ལོས་འོང་། །ད་བཙུན་པའི་འདུལ་ཁྲིམས་བསྲུང་ལུགས། །ད་བུ་ཚ་བུ་མོ་སྐྱོང་ཚུལ། །ད་འདི་འདྲ་སངས་རྒྱས་གསུང་ན། །ད་ཡོད་རབས་མེད་དོ་ཨ་ཁུ། །ད་བསྟན་པའི་བླ་བཙོང་མ་བྱེད། །ཡེ་བྱང་སེམས་སྙིང་རྗེའི་བདག་པོ། །ཡེ་ཚོང་དང་གཡོ་སྒྱུ་གང་ཤེས། །ཡེ་ཤ་ཚ་སྙིང་རྗེ་ཆུང་ལུགས། །ཡེ་རྒྱལ་སྲས་སྤྱོད་པ་མི་འདྲ། །ཡ་སྔགས་འཆང་རལ་ཁུར་ཅན་ཚོ། །ཡ་གསང་སྔགས་བསྐྱེད་རྫོགས་ཅི་ཡོད། །ཡ་ནག་མོ་ཆང་གི་དགའ་སྟོན། །ཡ་མུ་སྟེགས་ཅན་ལ་ཡོད་འདུག །ཨེ་བདག་འཛིན་གཅོད་པའི་གྲུབ་ཐོབ། །ཨེ་ང་རྒྱལ་གཟུང་འཛིན་གྱི་འདྲེ་རྒོད། །ཨེ་རང་སར་བཞག་ནས་གཞན་ལ། །ཨེ་གཤད་བརྡུང་གིས་འདུལ་རབས་མི་འདུག །ཁོང་རྨ་བྱ་འདྲ་བའི་བཙུན་ཆུང་། །ཁོང་ཡག་ཡག་ནམ་མཁའི་འཇའ་ཚོན། །ཁོང་རྐྱེན་ངན་རླུང་གིས་གཏོར་ཚེ། །ཁོང་ཁོག་རུས་སྡོང་རྒན་ཞིག་འདྲ། །ལ་གཏོ་ཡས་འདུལ་འདོན་གྱི་བླ་མ། །ལ་རང་སྲོག་ཅི་འགྱུར་གྱི་དོགས་པས། །ལ་རང་ལ་བློ་གཏད་ནི་མེད་བཞིན། །ལ་ཡོན་བདག་འདྲེ་གདོན་དེ་འདུལ་ཡ། །ཡ་ཤི་བོའི་རྣམ་ཤེས་འདྲེན་པའི། །ཡ་འཕོ་འདེབས་བླ་མ་ཕལ་ཆེར། །ཡ་རློམ་སེམས་རྟ་ཕོ་ཞེར་བཅུག །ཡ་ཤི་བོའི་རྣམ་ཤེས་འདྲེན་ཡ། །ཨ་མངོན་ཤེས་ལུང་སྟོན་གྱི་བདག་པོ། །ཨ་རང་གི་ལེགས་ཉེས་རེ་ཨེ་མཐོང་། །ཨ་རང་མི་ཤེས་རོགས་ཤེས་ཀྱི་མཁྱེན་པ། །ཨ་ལ་ལ་ཁོ་ཐག་ཆོད་ཡ། །ཡ་དགེ་མ་ཇོ་མོ་ལ་ལས། །ཡ་བླ་མ་བཟང་པོ་ཞིག་བསྟེན། །ཡ་ལུས་ངག་ཡིད་གསུམ་དགེ་ལ། །ཡ་ཡང་ཡང་བསྐུར་བར་ཁས་བླངས། །ད་མི་རུང་གཡེན་དང་རྫུན་ཚིག །ད་མི་ནག་སྤྱོད་པ་ཅི་དགར། །ད་ཇོ་ལེ་ཉོ་ལེ་སྤྱད་ནས། །ད་བུ་ཕྲུག་གསོད་པ་ཨེ་རིག །ལ་རྔོན་པ་རྐུན་མ་ཤན་པ། །ལ་རང་གིས་རང་ལ་སེམས་ན། །ལ་མི་བསད་རྒྱུ་བོ་རི་དྭགས། །ལ་མི་རྐུ་རྒྱུ་བོ་གཞན་ནོར། །ཨེ་མི་གསོད་རྒྱུ་བོ་སེམས་ཅན། །ཡ་དམྱལ་བ་ཡོད་དོ་ཨེ་གོ །ཐར་དུས་མི་འདུག་ཨེ་རིག །བཟང་བཟང་དགེ་བ་འབོད་ཡ། །ཡག་ཡག་དམ་ཆོས་སྒྲུབས་ཡ། །དགའ་དགའ་ཕྱི་མར་སྐྱིད་ཡ། །ལགས་ལགས་སངས་རྒྱས་ལེགས་འོང་། །ཡང་ཅིག་གསོན་དང་སྙིགས་མའི་སེམས་ཅན་རྣམས། །ཤ་ཚ་སྙིང་གཏམ་དོན་ཆེ་ཚིག་ཉུང་བཤད། །འདི་ཕྱིའི་བློ་གཏད་དཀོན་མཆོག་གསུམ་ལ་གྱིས། །བསླུ་བ་མེད་དོ་སངས་རྒྱས་བཀའ་ཡིན་ནོ། །ཕན་ཐོགས་ངེས་པ་དམ་པའི་ཆོས་ཡིན་པས། །སྙིང་ནས་བྱེད་བློ་བྱུང་ན་ཡ་རབས་ཡིན། །དགེ་བ་བྱས་པའི་འབྲས་བུ་བདེ་བ་འབྱུང་། །སྡིག་པའི་རྣམ་སྨིན་སྡུག་བསྔལ་དཔག་མེད་མྱོང་། །དགེ་སྡིག་བསླུ་བ་གཏན་ནས་ཡོད་མི་སྲིད། །མདོ་ལས། ལུས་ཅན་རྣམས་ཀྱི་ལས་འདི་ནི། །ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་གནས། །བསྐལ་པ་མང་པོའི་བར་དུ་ཆུད་མི་ཟ། །རང་བྱས་རང་ལས་གཞན་ལ་སྨིན་དུ་མེད། །ཇི་ལྟར་ས་བོན་མངར་པོ་བཏབ་པ་ན། །འབྲས་བུ་མངར་པོ་ལས་གཞན་མི་འབྱུང་ལྟར། །ནས་ལས་སྲན་མ་གྲོ་ལས་འབྲས་མི་འགྱུར། །དེ་བཞིན་གང་བསགས་དཀར་ནག་ལས་རྒྱུ་འབྲས། །སྨིན་པར་འགྱུར་བ་ཐེ་ཚོམ་མི་དགོས་པས། །དགེ་སྒྲུབ་སྡིག་སྤང་བྱེད་པ་གལ་ཆེ་གསུངས། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། །ང་ལྟ་བ་ནམ་མཁའ་ལས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །གསུངས་པ་འདི་ལ་ཡང་ཡང་བསམ་པར་བྱ། །སྟོང་སྐད་མ་ཆེ་འཛིན་པ་ཅི་ཐུལ་གྱིས། །ང་རྒྱལ་མ་ཆེ་འཛིན་པ་རང་རྒྱུད་ཅི་འདུལ་གྱིས། །ཚོང་ལས་གཡོ་སྒྱུ་མ་བྱེད་དྲང་ལམ་སྐྱོངས། །བུན་སྐྱེད་མ་བྱེད་ཕྱི་མར་ཚབ་དགོས་འབྱུང་། །རྒྱུ་འབྲས་དྲང་ལམ་བླངས་ན་དྲང་སྲོང་ལུགས། །སྤང་ལེན་གོ་ལོག་བྱེད་ན་བདུད་ཀྱི་ལས། །སྲོག་གཅོད་བྱས་ན་སྲོག་ལན་ལྔ་བརྒྱ་དགོས། །མི་ཚངས་སྤྱོད་ན་འཁོར་བའི་གཏིང་རྡོར་འགྱུར། །མ་བྱིན་བླངས་ན་འདི་ཕྱི་གཉིས་ཀར་ཕུང་། །རྫུན་སྨྲས་རང་གཞན་ཀུན་གྱི་སེམས་ལ་ལྷོད། །ཕྲ་མ་དབྱེན་གྱིས་དགེ་འདུན་འཁོར་ལོའང་གཏོར། །ཚིག་རྩུབ་སྨྲས་པས་མི་བློ་ཚལ་བར་བཀས། །ངག་འཁྱལ་གཏམ་གྱིས་མིས་འཕྱ་རང་དོན་བོར། །བརྣབ་སེམས་འཆང་བས་འདོད་པ་གང་རྒྱུ་མེད། །གནོད་སེམས་དབང་གིས་གཞན་གྱིས་རྟག་ཏུ་སྡང་། །ལོག་ལྟ་ཅན་ལ་ཐར་ལམ་རྩད་ནས་ཆད། །ཞེ་སྡང་བྱས་པས་དམྱལ་བའི་ཡུལ་དུའགྲོ། །སེར་སྣས་ཡི་དྭགས་གཏི་མུག་དུད་འགྲོར་འཕེན། །ཕྲག་དོག་ལྷ་མིན་ང་རྒྱལ་ལྷ་ཡི་ཡུལ། །འདོད་ཆགས་མི་ཡུལ་དགེ་བས་བདེ་བ་ཅན། །དགེ་སྡིག་གང་བྱས་བདེ་སྡུག་འབྲས་བུ་སྨིན། །བླང་དོར་མ་ནོར་ཞིབ་ཏུ་ཤེས་པར་མཛོད། །ཅེས་ཆེ་ལོང་ཙམ་ཞིག་བཤད་དོ། །
ཡང་གལ་ཆེ་དོན་ཆེ་འགའ་ཞིག་བཤད་ན་སེམས་ལ་བཟུང་དགོས་ལ། གསོན་པོ་རྣམས་ལ་བཤད་དགོས། ཕན་ཐོགས་རྒྱ་ཆེན་པོ་ཡོད་དོ། །འོ་ན་གསོན་གྲང་ང་ཁམས་ན་ཡོད་པའི་མི་ཤི་མི་རྣམས་ཀྱི་དགེ་རྩ་ལ། དགོང་ཞག་ཞེ་དགུ་སོང་སྟེ་རྫོགས་མཚམས་ལ་བབས་དུས་ལམ་གྱི་འདུས་མདོ་འདིར་ཐོན་གྱི་ཡིན། ཤི་བོ་དེའི་དགེ་རྩ་ལ་ཆོས་བཟང་པོ་རེ་བསྒྲུབས་ན། འདི་ནས་ཡར་གྱི་ལམ་བཟང་པོ་ལ་འགྲོ། ཆོས་མ་བྱས་པའམ་ཅུང་ཟད་རེ་བྱས་ཀྱང་སེར་སྣ་དང་ཁོང་ཁྲོ་སོགས་ལ་འདྲེས་ན། འདི་ནས་མར་གྱི་ལམ་ངན་པ་ལ་འགྲོ། ཡང་ཁྱད་པར་དུ་མ་ཎི་དུང་ཡོད་པའི་ཤི་བོ་ཞིག་དམྱལ་བར་ལྷུང་བའི་དཔེ་མེད་ལ། སེམས་ཅན་མང་པོ་རི་བོ་ཏ་ལར་འདྲེན་པར་བྱེད། དེར་མ་ཟད་ཆུ་མགོ་ན་ཡོད་པས་ཆུ་མཇུག་གི་སེམས་ཅན་ངན་སོང་དུ་མི་འགྲོ། དེའི་གྲིབ་མ་ཕོག་པས་ཀྱང་ལུས་སྒྲིབ་འདག །མི་དེར་ཚེ་འདིར་ནད་མེད་ལོངས་སྤྱོད་ཆེ་བ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ། །ཡང་བརྐྱང་ཕྱག་བྱེ་བ་རེ་འཚལ་མི་ཡོད་པ་རྣམས་ཀྱང་ངན་སོང་དུ་མི་འགྲོ། གནས་སྐབས་སུ་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར། མཐར་ཐུག་སངས་རྒྱས་པར་འགྱུར་རོ། །བརྐྱང་ཕྱག་རྒུར་ཕྱག་འབུམ་འཚལ་ན། མི་དེ་ངན་སོང་མེད། ཕྱི་མར་མི་ལུས་ཆོས་ལྡན་ཐོབ། བརྒྱ་ཕྱག་རེ་རྒྱུན་མ་བཅད་ན། ཚེ་འདིར་རྐྱེན་སེལ། ཕྱི་མའི་སྒྲིབ་སྦྱོང་ཡིན། ཡང་ཚེ་འབར་རྒྱུན་དུ་བཙུགས་ན་མི་དེ་ངན་སོང་མེད་ཅིང་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ནུབ་གཅིག་མར་མེའི་རྒྱུན་བཙུགས་ན། ཚོགས་རྫོགས་སྒྲིབ་པ་སྦྱངས། སྐོང་བུ་ཕྱི་བདར་བྱས་པས་ཀྱང་སྡིག་སྒྲིབ་བྱང་། འོད་ཀྱིས་མ་རིག་མུན་པ་སེལ་བ་སོགས་ཕན་ཡོན་མཐའ་ཡས་སོ། །ཡང་དར་ཅོག་གཅིག་བཏབ་ན་ནད་མེད། གཉིས་བཏབ་ན་ཚེ་རིང་། གསུམ་བཏབ་ན་ལོངས་སྤྱོད་རྒྱས། བཅུ་གསུམ་བཏབ་ན་ཅི་འདོད་འགྲུབ། བརྒྱ་བཏབ་ན་ངན་སོང་མེད། སུམ་བརྒྱ་བཏབ་ན་དག་པའི་ཞིང་དུ་འགྲོ། ཕན་ཡོན་མཐའ་ཡས་སོ། །ཡང་ཚེ་ཐར་བཏང་ན། ཚེ་བསྲིང་། ནད་ཉུང་། འབྱོར་པ་རྒྱས། ངན་སོང་མེད། ཐར་ལམ་ཐོབ་པ་སོགས་ཕན་ཡོན་མཐའ་ཡས་སོ། །ཡང་སྟེང་རི་ཁྲོད་ན་བཞུགས་པའི་བྱང་སེམས་གྲུབ་ཐོབ་རྣམས་ལ་མཚམས་ཟས་རེ་སྤྲད། མར་སྤྲང་ལོང་རྣམས་ལ་སྦྱིན་པ་རེ་གཏོང་། རང་རང་གི་སྐུ་རིམ་སྒྲུབ་དུས། སེར་སྣ་མེད་པར་བླ་སེར་ལ་མཆོད་ན། ཚེ་འདིའི་རྐྱེན་སེལ་ཕྱི་མའི་འགྲོ་ཆས་འོང་བས་ཀུན་གྱིས་གཟབ་གཟབ་རེ་བྱེད་དགོས་སོ། །ཡང་བླ་མ་སེར་མོ་པ་རྣམས་ནས་ཀྱང་དམ་ཆོས་འདུལ་བ་ནས་གསུངས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་པོ་ལ་ཕྲ་ཞིང་ཕྲ་བ་ནས་མི་ཉམས་པར་བསྲུང་བ་འདི། བསྟན་པའི་གཞི་མ་དགེ་འདུན་གོས་ངུར་སྨྲིག་འཆང་བའི་སྡེ་ཡིན་པས་འདི་ལས་མི་འདའ་བ་གལ་ཆེ། དེང་སང་བན་སྐྱ་སེར་གང་ཡིན་ངོ་མི་ཤེས་པས་སྐྱ་ཤོབ་ཤོབ་འདྲེ་གཟུགས་མངོན་སུམ་པ་འདྲ་བ་ཞིག་བྱེད་པ་འདི་བསྟན་པའི་ཞབས་འདྲེན། སེར་སྡེའི་བླ་བཙོང་། རང་གི་ནང་རྟགས་ཕྱིར་ལ་བུད་པ་ཡིན་པས་ངོ་མཚར་གྱི་ཡ་མཚན་གྱི་ཅི་ཡང་མེད། སྔོན་རྒྱ་གར་འཕགས་པའི་ཡུལ་ན་དགེ་འདུན་འཕགས་པའི་སྡེ་གཉིས་ཏེ། ངུར་སྨྲིག་དགེ་འདུན་གྱི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་མཆོད་གནས་གཉིས་ཡོད་ལ། བོད་འདིར་ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཏེ། མཆོད་གནས་ཀྱི་སྡེ་གཉིས་སུ་བཞག་ཡོད་པས་ལུགས་བཟང་པོ་མ་ནོར་ན། བོད་ལྷ་མིའི་དབུ་འཕང་དགུང་ལ་བསྙེགས་པའི་དུས་བཟང་། ཨོ་རྒྱན་པདྨ་དང་། པཎ་ཆེན་བི་མ། མཁན་ཆེན་ཞི་བ་འཚོ། ལོ་ཆེན་བཻ་རོ་སོགས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཞལ་འཛོམས་དུས་ཆོག་ན། དེང་སང་མི་ཆོག་པ་ཅིའི་ཕྱིར་ཡོད། ཡང་རབ་བྱུང་སྔགས་པ་གང་ཡིན་ཡང་རང་རང་གི་ཆ་ལུགས་ཇི་ལྟ་བ་བྱེད་ཀྱི་ལས། ཁ་ཁ་སོ་སོ་མང་པོ་བྱེད་ཀྱི་མི་འདུག་པར་སྔགས་པ་རྣམས་ཀྱིས་ཀྱང་རལ་པ་བཞག་ལུགས། ན་བཟའ་གྱོན་ལུགས། སྤྱོད་ལམ་བརྟེན་ལུགས། བསྙེན་སྒྲུབ་བྱེད་ལུགས་ཐམས་ཅད་རྒྱ་གར་གྲུབ་ཆེན་རྣམས་དང་། བོད་ཀྱི་རྗེ་འབངས་ཉེར་ལྔ་དང་། གྲུབ་ཐོབ་གོང་མ་རྣམས་ཀྱི་ཕྱག་སྲོལ་བཟང་པོའི་རྒྱུན་ལྟར་བྱས་ན་དགའ། ཆོག་བཟང་། དེ་མིན་རྒྱ་བོད་ཧོར་གསུམ་གང་ཡིན་ངོ་མི་ཤེས་པ་འདྲ་བ་ཞིག་བྱས་པས་བརྟུལ་ཞུགས་ཀྱི་སྤྱོད་པ་བརྐྱངས་པ་ཡིན་ན། རྒྱ་རྒན་རྣམས་ཀྱང་གྲུབ་ཐོབ་རེ་ཨེ་མི་ཡིན། རྣལ་འབྱོར་པ་ལ་ཆས་བཅུ་གསུམ་ཡོད་པའི་དེ་དག་གང་དགར་འཆང་ན་ཆོག་གི ། བག་མ་འདྲ་འདྲ་རེ་བྱེད་པའི་ལུགས་འདི་རྒྱུད་ལུང་མན་ངག་གང་ན་ཡོད། ཡང་གྲོང་ཆོག་ལ་འགྲོ་དུས་སུ་རྣམ་གསུམ་དག་པའི་ཤ་མ་གཏོགས་བསྔོས་ཤ་གཏན་ནས་ཟ་མི་རུང་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་གཞིར་བཞག་ནས། སྙིང་རྗེ་རེ་ཡོད་ན་ཤ་མི་ཟ་བར་དམ་བཅས་ཀྱང་ངོ་མཚར་ཆེ། ཁྱད་པར་དེང་སང་ཕལ་ཆེར་ཞིག་གིས་ཉེས་པ་ཀུན་གྱི་རྩ་བ་ཆང་རེ་ཅི་དགར་བཏུང་ནས་སྨྱོ་བའི་གར་བྱེད་ཅིང་། གསུང་རྒྱུའི་འདོན་པ་དེ་ཕར་བཞག །ལོང་གཏམ་གྱི་གཏེར་སྒོ་ཕྱེས་ནས་ཁྱིམ་པ་ཚོས་མཐོང་ན་མ་དད་པ་སྐྱེ་བར་བྱེད་པ་དེ་འདྲ་མ་བྱེད། འདོན་པ་ལ་ལྷག་ཆད་སོང་བ་ན། ཕྱི་མར་འབུམ་འགྱུར་དུ་སོང་ནས་ལུས་ཤ་ཁྲག་གིས་འཚབ་དགོས་པ་དང་། སྐྱེ་རབས་དུ་མར་རྒྱལ་བའི་གསུང་རབ་ལ་བསླབ་སྦྱངས་བྱས་ཀྱང་ཅི་ཡང་མི་ཤེས་པའི་གཡག་རྒན་ལྟ་བུར་འགྱུར་རོ། །
ཡང་བན་ཆུང་རྣམས་ཀྱང་རབ་སོར་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་རྣམས་མི་ཉམས་པར་བསྲུང་ཀྱི་དང་། དེ་ཙམ་མི་ནུས་ཀྱང་རང་གང་ཤེས་ཀྱིས་ཆོས་ལ་འབད་པ་དང་། དཀོན་མཆོག་གི་ན་བཟའ་འདི་རང་ལ་གྱོན་རྒྱུའི་བསོད་ནམས་རེ་ཡོད་པ་འདི་མ་ནོར་མ་ནོར་སྐུ་ཚེ་རིང་། སྐྱ་གཟུགས་རེ་བྱས་ན་ཁ་ཟས་དང་མི་འཕྲད། རྒྱབ་གོས་དང་མི་ལྡན། བུ་ཕྲུག་ཡི་དྭགས་འདྲ་བ་མང་པོས་བསྐོར། འདི་འདྲ་བ་ཞིག་གང་ནས་བྱེད་ཀྱི་དྲན་སྙམ་པ་འབྱུང་བའི་མི་བྱེད་ཁ་མེད་རེ་བྱུང་ན་མ་གཏོགས་མ་བྱེད་རེམ་རེམ། ཡང་དེང་སང་ཇོ་མོ་འགའ་རེས་དང་པོ་སྐྲ་བཅད་སྡོམ་ཞུ་བྱས་ཏེ། བླ་མ་དཀོན་མཆོག་ལ་མགོ་བཏགས། ལུས་སེར་གོས་གྱོན། ཤ་དར་རྒས་དར་འདྲ་བ་ཞིག་བྱས་ལ། ཕྱིར་ཕ་ཁྱིམ་ལ་འཚང་སྟེ། བཟའ་ཚང་གི་དབང་ཆེན། ཡོད་མེད་ཀྱི་ཤག་འདེབས། ཕ་མ་ལ་གཤེ་སྐུར་བྱས་ལ། ར་ལུག་རྟོལ་ལེ་ཞིག་བཤའ་རྒྱུ་ཡོད་དུས་སུ་ཤན་པ་ལ་ཁ་བརྡ་ལག་བརྡ་ཞིག་བྱས་ཏེ། མིག་བཙུམ་ལ་ཁ་ཤུབ་ཤུབ་གཟབ་གཟབ་རེ་བྱེད་མདོག་བྱེད། ཁྱད་པར་དུ་བུ་ཕྲུག་གསོད་པ་འདི་ཤིན་ཏུ་ཐ་ཆད་ཡིན། ཕ་མ་བུ་རྒྱུད་ཟེར་བའང་མ་གོ་བ་དང་འདྲའོ། །ཡང་དེང་སང་ཕལ་ཆེ་བ་ཞིག་གིས་ཁ་དུད་སྣ་དུད་རེ་འཐེན། མནའ་ཆེན་པོ་རེ་བསྐྱལ། བོས་ལོ་རེ་ཁུར། ཆང་རེ་བཏུང་། ཁ་མཚར་རེ་རྩེ་བཞིན་མདོག་མདོག་རེ་བྱེད་ཀྱིན་འདུག་གི་ད། ད་ཡ་སེམས་ནང་དུ་ཁུག་ལ་ཉོན་དང་ལེགས་པོ་རེ་བྱེད་ཨི་འདུག་གི་སེམས་གཏན་ལ་ཕོབ་དང་། ཨེ་མ་གཡེང་ང་ལ་ཉོན་དང་ཞིབ་ཏུ་བཤད། སྔོན་ཆད་རྒྱ་གར་འཕགས་པའི་ཡུལ་གྲུ་ན། །བདུད་ཆེན་དགའ་རབ་དབང་ཕྱུག་བུ་མོ་བདུན། །མངལ་ཁྲག་ས་ལ་བཏབ་པའི་འབྲས་བུ་ནི། །སྔར་མ་མཐོང་བའི་ལྡུམ་བུ་སྔོ་རླབས་རླབས། །དེ་ལས་དེ་འདྲ་མང་འཕེལ་བོད་ཁམས་གང་། །ལས་ངན་ལ་ལས་ཁར་འཐེན་ལ་ལ་ཡིས། །སྣ་དང་མིག་སོགས་དབང་པོའི་སྒོ་རུ་བླུག །དེ་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཟབ་གསུངས། །དེ་ལ་བར་གཅོད་རྫས་ངན་ལོག་སྨོན་བཏབ། །བསྟན་པ་ཉམས་པའི་ཐབས་སུ་བཞག་པ་ཡིན། །དེ་བས་འདི་ལ་འཛེམ་པ་གལ་ཆེའོ། །ཁ་དུད་སྣ་དུད་འཐེན་པའི་མི་དེ་ཡི། །ཁ་རླངས་ཕོག་ཚད་རྡོ་རྗེ་དམྱལ་བར་འགྲོ། །གྲིབ་མ་ཕོག་ཚད་དམྱལ་བ་མནར་མེད་འགྲོ། །ཟས་གོས་ཁ་ལག་འབྲེལ་ཚད་དམྱལ་བར་འགྲོ། །དེ་ཡི་ལས་ཀྱི་ལྷ་རྣམས་ཉམས་པར་འགྱུར། །རབ་བྱུང་འཐེན་ན་སྡོམ་པ་ལྷག་མར་བྱེད། །སྔགས་པས་འཐེན་ན་དངོས་གྲུབ་འཇའ་ལྟར་ཡལ། །མི་སྐྱ་ཕོ་མོ་དག་གིས་འཐེན་པ་ན། །སྐྱེ་བོ་འབུམ་ཕྲག་དྲུག་ཅུ་བསད་པ་འདྲ། །ཚེ་འདིར་ནད་མང་དབུལ་ཕོངས་སྡུག་བསྔལ་ཆེ། །ཆུ་མགོར་དུད་འཐེན་གཅིག་ཡོད་ཆུ་སྔ་དེར། །ཡོད་ཚད་སེམས་ཅན་ཐམས་ཅད་དམྱལ་བར་འགྲོ། །བཟའ་ཚང་གཅིག་གིས་འཐེན་པའི་དུ་ཡོད་མི། །དམྱལ་བར་འགྲོ་ལ་དགོན་དཔོན་བླ་མས་ཀྱང་། །འཐེན་ན་གྲྭ་འཁོར་དུ་ཡོད་དམྱལ་བར་འགྲོ། །ཡིད་མ་ཆེས་ན་སངས་རྒྱས་བཀའ་དང་ནི། །པདྨ་འབྱུང་གནས་བཀའ་ལ་ལྟོས་དང་གསལ། །ཡང་གཅིག་གསོན་དང་བཤད་པར་བྱ། །བསྐལ་ངན་སྙིགས་མའི་དུས་སུ་ནི། །སྔོན་མེད་དུག་བོས་ཁ་མང་ཞིག །བདུད་ཀྱིས་སྨོན་ལམ་དང་པོ་བཏབ། །རྫས་ངན་ཁ་དུད་སྣ་དུད་བྱུང་། །བར་དུ་བདུད་ཀྱིས་སྨོན་ལམ་བཏབ། །དུག་བོས་ཁ་མང་འདི་འདྲ་འབྱུང་། །སྒྲ་ཐོས་སེམས་ཅན་མྱལ་བར་འགྲོ། །ལག་པས་རེག་ན་ཐར་པ་མེད། །མིག་གིས་མཐོང་ནས་ངན་སོང་འགྲོ། །རྒྱབ་ལ་ཁུར་ན་ཕྲག་ལྷ་ཉམས། །ཡུལ་དུ་དར་ས་དེ་ཡི་ཡུལ་ལྷ་འབྲོས། །རྒྱ་འདྲེ་འགོང་པོའི་ཚང་བཅའ་ཆོ་འཕྲུལ་སྟོན། །ཕྱི་འཁྲུགས་ནང་འཁྲུགས་མཚོན་གྱི་ཡོ་ལང་འགྱེད། །འདིས་བསད་ཤ་ཁྲག་ཁར་སོང་གང་དེ་དག །ཕྱི་མར་རྡོ་རྗེ་དམྱལ་བར་བསྐལ་བརྒྱར་གནས། །ནད་མང་གདོན་ཆེ་ལས་ལམ་ཐུར་དུ་འགྲོ། །བོས་འདི་ཡོད་མིའི་བདུན་བརྒྱུད་ཚུད་ཆད་མི། །ཐར་པ་ཐོབ་དུས་མེད་ལ་དམྱལ་བར་འགྲོ། །བོས་དང་དུ་བ་ལག་ལེན་འདེབས་མི་ལ། །ཤི་དུས་འོད་དཔག་མེད་པ་དངོས་བྱོན་ནས། །འཕོ་བ་བཏབ་ཀྱང་ཐེབ་པར་མི་འགྱུར་ན། །བླ་མ་བཟང་ཡང་ཐེབ་པར་ག་ལ་སྲིད། །སྐྲ་རྟགས་ཐོན་པས་འཕོ་བ་ཐེབ་སྙམ་ན། །དེ་ལ་ངེས་པ་འགའ་མེད་ལས་ཀྱིས་ཤེས། །སྔོན་གྱི་དགེ་བཤེས་ཤེས་རབ་རྒྱལ་མཚན་གྱིས། །སྣ་དུད་འཐེན་ནས་ཚེ་ཟད་ཤི་བ་ན། །དགེ་སློང་ཆོས་ཀྱི་འབྱུང་གནས་འཕོ་བཏབ་ཀྱང་། །མ་ཐེབ་ཁེ་བོས་བསད་པའང་དེ་དང་འདྲ། །དེ་བས་སྤང་བར་བྱ་བ་གནད་དུ་ཟུང་། །བདུད་སྨོན་ལོག་པའི་ཉེས་པ་ཤིན་ཏུ་ལྕི། །རྒྱལ་བའི་བཀའ་དང་བླ་མའི་ལུང་གིས་གྲུབ། །ཐ་མའི་སྨོན་ལོག་བཏབ་པས་འབྲས་བུའི་རྟགས། །ཁ་ཕོར་ལྕགས་སྣོད་ནང་འཐུང་ཞྭ་ལྷམ་གྱོན། །མཐའ་མིའི་རྒྱན་ཆ་ངོ་མི་ཤེས་པ་ཞིག །དབྱར་གྱི་མེ་ཏོག་ལྟ་བུར་ངེས་མེད་འབྱུང་། །སྐྲ་རྩེ་བྲེགས་པའི་སྔུན་ཐུང་རྒྱབ་སྐྲ་རིང་། །རང་ཆས་བསྐྱུར་ནས་རྒྱ་ཧོར་མི་འདྲའི་གོས། །གྱོན་ནས་ངོ་མི་ཤེས་པ་ཞིག་བྱེད་པ། །མཐའ་མི་དབུས་སུ་འོང་བའི་སྔ་ལྟས་ཡིན། །གྲུབ་ཐོབ་ཡིན་ཟེར་སྡིག་ལས་བྱེད་པ་ཡི། །སྨོན་ལམ་ལོག་པའི་འགྱུར་སྟོབས་ཆེ་བ་འགའ། །ཁ་ལག་འབྲེལ་ཚད་དམྱལ་བར་འགྲོ་ངེས་སོ། །འདི་དག་མཉམ་དུ་འཛོམས་པ་དུས་ངན་མཐའ། །ཡིན་པས་ཀུན་གྱིས་མ་ནོར་བརྟག་པར་བྱ། །དེ་ནས་མནའ་ཟོས་པ་ཡི་ཉེས་པ་བཤད། །དགོན་གནས་ཉི་མ་ལྷ་ས་ལྟ་བུ་དང་། །དགོང་སྔོན་ཉི་ཟླས་ཁེབ་པའི་དམ་ཆོས་དཔང་། །བཀའ་ཆོས་བསྟན་བཅོས་འབུམ་དང་སྡིག་སྒྲིབ་ཁུར། །ལ་སོགས་མང་དུ་ཁུར་ནས་ཟོས་པ་ཡི། །ཉེས་པ་བསྐལ་བརྒྱའི་བར་དུ་ཟད་པ་མེད། །དམྱལ་བར་སྐྱེས་ལ་ལྕེ་ནི་དཔག་ཚད་འཐེན། །ཐོང་གཤོལ་ལྔ་བརྒྱས་རྨོས་བྱེད་ལྕགས་འཛེར་བརྒྱབ། །སྐྱེ་བ་ལྔ་བརྒྱའི་བར་དུ་ལྐུགས་པོར་འགྱུར། །མནའ་ཟོས་པ་ལ་ཐར་བ་ཐོབ་པ་དཀོན། །དེས་ན་མནའ་མི་སྐྱེལ་བ་གལ་ཆེའོ། །ཆང་ཡང་ཉེས་པ་ཀུན་གྱི་གཞི་ཡིན་ལ། །རྩྭ་མགོའི་ཟིལ་པ་ཙམ་ཞིག་སུས་འཐུང་ཡང་། །བདག་ཅག་སྟོན་པའི་ཁོང་གི་རྗེས་འཇུག་མིན། །གང་ཟག་དེ་ཡི་སྟོན་པ་བདག་མིན་ནོ། །གསུངས་ཕྱིར་འདི་ལ་མི་འཛེམ་བཏུང་གྱུར་ན། །བག་མེད་དབང་གིས་གད་མཆོང་གཡང་མཆོང་བྱེད། །སྡོམ་དང་དམ་ཚིག་མ་ལུས་རྩད་ནས་གཅོད། །ཚེ་འདིར་བཀྲ་མི་ཤིས་ཤིང་བཀའ་ཆད་འོང་། །ཕྱི་མ་རྡོ་རྗེ་དམྱལ་བའི་གནས་སུ་འགྲོ། །བསྐལ་པ་དུང་ཕྱུར་བར་དུ་ཐར་མི་འགྱུར། །དེ་བས་ཆང་འདི་སྤང་བར་བྱ་བ་ཡིན། །འདི་དག་མདོར་བསྡུས་ཙམ་ལས་བཤད་མ་ནུས། །རྒྱས་པར་བཤད་ན་ཟད་པའི་མཐའ་མེད་དོ། །གཞན་ཡང་རྩ་བའི་བླ་མ་བསད་མི་དང་། །ཀློག་རྫུན་བཀྱགས་མི་དགེ་འདུན་གསོལ་ཁ་བྲག །རི་བོ་ཆེན་པོ་མེ་ལ་བསྲེགས་མི་དང་། །སྡོམ་དང་དམ་ཚིག་ཉམས་པའི་ལས་ངན་དང་། །ཁྱི་དང་སྤྲང་པོའི་སྐལ་བ་བཅད་མི་དང་། །རྡོ་རྗེ་མནར་མེད་དམྱལ་བར་ལྟུང་ནས་ཡོད། །འདི་དག་གཙོར་བྱས་འགྲོ་དྲུག་ཕ་མ་ལ། །མ་ཎིའི་ཇོ་འཁོར་བསྐོར་ལ་སྨོན་ལམ་ཐོབ། །དུང་ཕྱུར་གྲངས་མེད་འདྲེན་པའི་སྐལ་བ་ཡོད། །ཅེས་གསུངས་སོ། །བདག་གིས་ཀྱང་སྙིང་རྗེ་ཆེན་པོ་བསྐྱེད། བླ་མ་དཀོན་མཆོག་ལ་དད་པ་བཞག །ལས་རྒྱུ་འབྲས་ལ་བག་ཟོན་བྱས་ཏེ། ཁམས་གསུམ་འཁོར་བ་དོང་སྤྲུགས་ཀྱི་གླུ་ཐོས་པ་རང་གྲོལ་ཞེས་བྱ་བ་འདི་བླངས་སོ། །ཨོཾ་ཨཱ་ཧཱུཾ། མདུན་མཁར་ཇོ་བོ་སྤྱན་རས་གཟིགས། །སྤྲང་ཉམ་ཐག་བུ་ལ་ཐུགས་རྗེས་དགོངས། །མདོ་ཤོར་གྱི་ཚེ་འདས་ལས་ངན་རྣམས། །མགོན་ཁྱེད་ཀྱིས་ལམ་སྣ་འདྲེན་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལམ་དཀར་པོ་དར་སྐུད་བརྐྱངས་འདྲ་ལ། །ད་ཁ་དོག་སྣ་ལྔའི་འོད་སྐུད་འཁྱུད། །འདི་མི་འགྱུར་ཆོས་སྐུའི་གསང་ལམ་ཡིན། །གནས་འོག་མིན་མཁའ་སྤྱོད་ཞིང་དུ་དྲོངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གནས་སྐྱེ་མེད་ཆོས་དབྱིངས་གཞལ་ཡས་ན། །གཞི་མི་འགྱུར་ཆོས་སྐུ་སྣང་མཐའ་ཡས། །དོན་བློ་འདས་ངང་ནས་གསོལ་བ་འདེབས། །དབྱིངས་སྤྲོས་བྲལ་དགོངས་པའི་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གནས་མ་འགགས་ལྔ་ལྡན་གཞལ་ཡས་ནས། །གདངས་འགག་མེད་ལོངས་སྐུ་སྤྱན་རས་གཟིགས། །ཡེ་གདོད་ནས་རྣམ་དག་གསོལ་བ་འདེབས། །དོན་དབྱེར་མེད་ངང་ནས་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གནས་རྩོལ་མེད་ཐུགས་རྗེའི་གཞལ་ཡས་ནས། །རྩལ་སྣ་ཚོགས་སྤྲུལ་སྐུ་པད་མ་འབྱུང་། །གདངས་དག་མཉམ་ཆེན་པོར་གསོལ་བ་འདེབས། །ཨ་འཁོར་བ་ཀ་དག་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞིང་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །ལྷ་རྒྱལ་བ་སྲས་དང་བཅས་པ་ཡི། །ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས། །ཚེ་དུས་ལས་འདས་པའི་འགྲོ་བ་རྣམས། །ཞིང་བདེ་བ་ཅན་དུ་འདྲེན་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟེང་རིག་འཛིན་དཔའ་བོས་རོལ་མོ་འཁྲོལ། །བར་དཔའ་བོ་མཁའ་འགྲོས་གླུ་གར་རྩེ། །འོག་སེམས་དཔའ་སེམས་མས་ལམ་སྣ་འདྲེན། །ཡུམ་མཁའ་འགྲོ་སྡེ་ལྔས་རྒྱབ་ནས་སྐྱོར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་ཡེ་གཞི་ཀུན་བཟང་ཆོས་ཀྱི་རྒྱལ། །ཨ་ཡེ་དག་ལས་མཁན་ཞི་ཁྲོའི་ལྷ། །ཨ་དམྱལ་གནས་འོག་མིན་ཆོས་ཀྱི་དབྱིངས། །ཨ་དེ་དོན་ལས་ལོག་ན་མེད་དོ་ཨ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བསྐལ་བཟང་སངས་རྒྱས་སྟོང་རྩའི་རྒྱལ་ཚབ་མཆོག །མདོ་སྔགས་ཆོས་ཕུང་བརྒྱད་ཁྲིའི་སྙིང་པོ་དངོས། །རིགས་སྔགས་གཅིག་ཆོག་རྒྱལ་པོ་ཡི་གེ་དྲུག །ཆོས་སྐུའི་རང་བསྲེལ་ཡིད་བཞིན་ནོར་བུ་འདྲ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདི་ཉིད་སྒོམ་བཟླས་བྱེད་ཚུལ་ཟུར་ཙམ་བཤད། །སྐུ་གསུམ་བསྐྱེད་རྫོགས་མན་ངག་རྒྱལ་པོ་འདི། །བཀའ་གཏེར་གདམས་པའི་བཅུད་བསྡུས་སྙིང་པོའི་མར། །པདྨ་འབྱུང་གནས་རང་ལུགས་དྲི་མེད་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལས་ཅན་བསྐལ་བཟང་ཡོངས་ཀྱི་གཙུག་གི་རྒྱན། །མ་ལུས་འགྲོ་བ་འདྲེན་པའི་ཐབས་བསམ་ཡས། །ཡོད་ཀྱང་ཀུན་གྱིས་ཤེས་པར་མི་ནུས་པས། །འདི་ན་གོ་བདེ་མདོ་རྩ་བཤད་ཀྱིས་ཉོན། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །ཐ་མལ་ལུས་སེམས་གནས་འགྱུར་བཅོམ་ལྡན་འདས། །ཆོས་སྐུ་འོད་དཔག་མེད་པ་སྣང་སྟོང་སྐུ། །འཇའ་ལུས་སྒྱུ་མའི་སྐུ་རུ་ལམ་མེར་བསྒོམ། །ཨོཾ་ཨ་མི་དྷེ་ཝཱ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐུ་ཡི་བ་སྤུའི་བུ་ག་ཐམས་ཅད་ལས། །འོད་ཟེར་བྱེ་བ་ཕྲག་བརྒྱ་དཔག་མེད་འཕྲོས། །འོད་ཟེར་རེ་རེའི་སྣེ་ལ་སྣང་མཐའ་ཡས། །གྲངས་མེད་འཕྲོས་པས་འཁོར་བ་དོང་སྤྲུགས་བསམ། །ཨོཾ་ཨ་མི་དྷེ་ཝཱ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གང་སྣང་ལྷ་སྐུ་གྲག་ཚད་སྔགས་ཀྱི་གདངས། །དྲན་རྟོག་ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་། །འཁོར་འདས་གཉིས་མེད་རང་གྲོལ་ཡེ་སངས་རྒྱས། །འགྲོ་ཀུན་ཕྱམ་གཅིག་ཆོས་སྐུའི་ས་ཐོབ་ཤོག །ཨོཾ་ཨ་མི་དྷེ་ཝཱ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ཉིད་གནས་འགྱུར་ལོངས་སྐུ་སྤྱན་རས་གཟིགས། །ངན་སོང་དོང་སྤྲུགས་དཀར་གསལ་ཤེལ་གྱི་མདངས། །སྣང་ལ་རང་བཞིན་མེད་པ་ཆུ་ཟླ་འདྲ། །སྟོང་གསུམ་གང་བའི་སྐུ་རུ་གསལ་བར་བསྒོམ། །ཨོཾ་ཨ་མི་དྷེ་ཝཱ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྣང་གྲག་རིག་གསུམ་ཐུགས་རྗེ་ཆེན་པོའི་ངང་། །ཐུགས་རྗེ་ཆེན་པོའི་ཐུགས་ནི་ནམ་མཁའི་དབྱིངས། །ས་རྣམས་སྐུ་ཤ་ཆུ་རྣམས་སྐུ་ཁྲག་ཡིན། །ཉི་ཟླ་སྤྱན་གཉིས་རི་རབ་སྣོམ་བྱེད་ཤངས། །བར་སྣང་ཞལ་དང་སྐར་མ་ཚེམས་ཡིན་ནོ། །ཇོ་དར་ཡོད་ཚད་ལྗགས་དང་རླུང་དབུགས་ཡིན། །རྩི་ཤིང་ནགས་ཚལ་དབུ་སྐྲ་བ་སྤུ་ལ། །སྒྲ་རུ་གྲག་ཚད་ཐམས་ཅད་གསུང་ཡིན་པས། །གསུང་མཆོག་ཡི་གེ་དྲུག་པའི་ཆོས་ཀྱི་སྤྲིན། །སྟོང་གསུམ་འཇིག་རྟེན་ཡོངས་ལ་ཁྱབ་པར་བསམ། །ཨོཾ་ཨ་མི་དྷེ་ཝཱ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་ཐུགས་རྗེ་ཆེན་པོའི་རང་བཞིན་ལས། །ཆོས་ཀུན་གཅིག་ཀྱང་ཡོད་པར་མི་འདུག་པས། །རང་རང་ཁམས་ལས་འོད་ཟེར་བྱེ་བ་བརྒྱ། །སྟོང་དང་ཁྲི་འབུམ་དུང་ཕྱུར་གྲངས་མེད་འཕྲོས། །འོད་ཟེར་རེ་རེའི་སྣེ་ལ་སྤྱན་རས་གཟིགས། །ཡང་སྤྲུལ་ཉི་ཟེར་རྡུལ་ལྟར་བསམ་ཡས་འཕྲོས། །ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ་དབྱངས་སྒྲོགས། །ཕྱི་སྣོད་འཇིག་རྟེན་རི་བོ་པོ་ཊ་ལ། །ནང་བཅུད་སེམས་ཅན་ཐུགས་རྗེ་ཆེན་པོའི་སྐུ། །སྒྲ་གྲག་ཡིག་དྲུག་གང་ཤར་རང་གྲོལ་ངང་། །མ་ཎི་གཅིག་བཟླས་བརྒྱ་སྟོང་ཁྲི་འབུམ་དང་། །བྱེ་བ་ས་ཡ་དུང་ཕྱུར་གྲངས་མེད་འཕེལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ད་ནི་རིགས་དྲུག་དོང་སྤྲུག་ཡིག་དྲུག་གི །བསྐྱེད་བཟླས་ཟབ་མོ་འདི་བཞིན་བྱ་བ་ཡིན། །རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བས། །ཐུགས་ལས་འོད་ཟེར་དཔག་མེད་འཕྲོས་པའི་རྩེར། །བཅོམ་ལྡན་ཐུབ་པ་དྲུག་པོ་གྲངས་མེད་དང་། །ཡིག་དྲུག་འགྲོ་བ་རིགས་དྲུག་དོང་ནས་སྤྲུགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བསམ་གཏན་ཕར་ཕྱིན་མཉམ་ཉིད་ཡེ་ཤེས་སྐུ། །ང་རྒྱལ་རྣམ་དག་ལྷ་ཡི་ཐུབ་པ་དང་། །ཨོཾ་ཡིག་དཀར་པོ་ལྷ་ཡི་ཡུལ་དུ་འཕྲོས། །ལྷ་རྣམས་འཆི་འཕོ་ལྟུང་བའི་སྡུག་བསྔལ་སྦྱངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བརྩོན་འགྲུས་ཕར་ཕྱིན་མཉམ་ཉིད་ཡེ་ཤེས་སྐུ། །ལེ་ལོ་རྣམ་དག་མི་ཡི་ཐུབ་པ་དང་། །མ་ཡིག་དམར་པོ་མི་ཡི་ཡུལ་དུ་འཕྲོས། །མི་རྣམས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྦྱིན་པའི་ཕར་ཕྱིན་སོར་རྟོག་ཡེ་ཤེས་སྐུ། །སེར་སྣ་རྣམ་དག་ཡི་དྭགས་ཐུབ་པ་དང་། །ཎི་ཡིག་སེར་པོ་ཡི་དྭགས་ཡུལ་དུ་འཕྲོས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་མཐའ་དག་སྦྱངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚུལ་ཁྲིམས་ཕར་ཕྱིན་བྱ་གྲུབ་ཡེ་ཤེས་སྐུ། །ཕྲག་དོག་རྣམ་དག་ལྷ་མིན་ཐུབ་པ་དང་། །པད་ཡིག་ལྗང་གུ་ལྷ་མིན་ཡུལ་དུ་འཕྲོས། །ལྷ་མིན་ཕྲག་དོག་སྡུག་བསྔལ་སྦྱངས་བར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཤེས་རབ་ཕར་ཕྱིན་ཆོས་དབྱིངས་ཡེ་ཤེས་སྐུ། །གཏི་མུག་རྣམ་དག་དུད་འགྲོའི་ཐུབ་པ་དང་། །མེ་ཡིག་དམར་ནག་དུད་འགྲོའི་ཡུལ་དུ་འཕྲོས། །དུད་འགྲོ་གླེན་ལྐུག་སྡུག་བསྔལ་མ་ལུས་སྦྱངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཟོད་པའི་ཕར་ཕྱིན་མེ་ལོང་ཡེ་ཤེས་སྐུ། །ཞེ་སྡང་རྣམ་དག་དམྱལ་བའི་ཐུབ་པ་དང་། །ཧཱུྃ་ཡིག་མཐིང་ནག་དམྱལ་བའི་ཡུལ་དུ་འཕྲོས། །དམྱལ་བ་ཚ་གྲང་སྡུག་བསྔལ་ཡོངས་སུ་སྦྱངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཧྲཱིཿ སྐུ་གསུམ་སྙིང་པོ་རིགས་བརྒྱ་འདུས་པའི་བཅུད། །རིགས་གཅིག་སྙིང་པོ་གསེར་གྱི་འབྲུ་གཅིག་པ། །ཀུན་འདུས་ཡིད་བཞིན་ནོར་བུ་རིན་པོ་ཆེ། །རང་རིག་སྟོང་གསལ་ངོ་བོ་ཧྲཱིཿལ་ལྟོས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཧྲཱིཿ སྣང་སྲིད་ཆོས་རྣམས་འགྲོ་བ་རིགས་དྲུག་ཀུན། །ལན་ཚྭ་ཆུ་རུ་ཞི་བཞིན་འོད་དུ་ཞུ། །སྙིང་པོ་ཧྲཱིཿལ་ཐིམ་པས་ནམ་མཁའི་ངང་། །སྤྲོས་བྲལ་ཀ་དག་ཀློང་དུ་ཨེ་མ་ཧོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སླར་ཡང་མཁའ་ལ་འཇའ་ཚོན་ཤར་བ་བཞིན། །སྤྲུལ་པའི་སྐུ་མཆོག་རིག་འཛིན་པདྨ་འབྱུང་། །སྣང་སྲིད་ཟིལ་གྱིས་གནོན་པའི་སྐུར་བསྒོམས་ལ། །སྣང་གྲག་འགྱུ་གསུམ་ལྷ་སྔགས་ཆོས་ཉིད་ངང་། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐུགས་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །འོད་ཟེར་རྩེ་ལ་སྤྲུལ་པའི་གུ་རུ་བརྒྱད། །ཡང་སྤྲུལ་གྲངས་མེད་འཕྲོས་པའི་མཐུ་བྱིན་གྱིས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕྱི་སྣོད་ཟངས་མདོག་དཔལ་རིའི་ཞིང་ཁམས་ལ། །ནང་བཅུད་རིག་འཛིན་དཔའ་བོ་མཁའ་འགྲོ་མ། །རྣལ་འབྱོར་གྲུབ་ཐོབ་གཏེར་སྟོན་བརྒྱ་རྩ་སོགས། །གུ་རུ་པདྨ་ཚེ་འདིར་མངོན་གྱུར་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྗོད་དོན་ལ་ལེགས་པར་བསམ་བྱས་ནས། །སྐུ་གསུམ་སྙིང་པོ་ལན་གཅིག་བརྗོད་པས་ཀྱང་། །དུང་ཕྱུར་བྱེ་བར་འགྱུར་བ་གདོན་མི་ཟ། །ཅི་ཕྱིར་ཞེ་ན་སྔར་འདས་སངས་རྒྱས་རྣམས། །དགེ་སྡིག་གང་བྱས་འཕེལ་སྟོབས་བསམ་པ་ལ། །ཐུག་པར་ཡང་ཡང་གསུངས་པས་ཡིད་ཆེས་མཛོད། །ལྔ་བརྒྱའི་དུས་འདིར་སྡིག་པ་འཕེལ་སྟོབས་ཆེ། །དེ་ནི་དགེ་བ་འཕེལ་བའང་ཆོས་ཉིད་ཡིན། །གང་ཞིག་དད་པས་ཚིག་རྗེས་དོན་དྲན་བཞིན། །བཟླས་བརྗོད་བྱས་ན་དུང་ཕྱུར་གྲངས་མེད་དུ། །འཕེལ་བར་འགྱུར་རོ་པདྨ་ང་ཡི་བཀའ། །བསླུས་ན་པདྨ་ཞན་ནོ་ཕྱི་རབས་རྣམས། །ལོག་ལྟ་ཐེ་ཚོམ་ཅན་ལ་སྐལ་བ་མེད། །ཤཱཀ་ཐུབ་སྐུ་དུས་མུ་སྟེགས་པ་དང་འདྲ། །པད་འབྱུང་ང་ལའང་གཤེ་སྐུར་བྱས་པ་ཡིན། །དུས་ངན་སེམས་ཅན་ཐམས་ཅད་མགུ་བར་བཀའ། །ལས་དང་སྐལ་བཟང་ཡོད་པ་རྣམས་ཀྱིས་ལོངས། །འདི་ཕྱི་གཉིས་ཀར་ཕན་པ་རྒྱ་ཆེན་ཡོད། །ཤི་དུས་པདྨ་ང་ཉིད་བསུ་བར་འོང་། །ཕྱི་མར་ཟངས་མདོག་དཔལ་གྱི་རི་བོར་འདྲེན། །རྟོགས་གྲོལ་དུས་མཉམ་ཆེན་པོར་འཚང་རྒྱའོ། །ས་མ་ཡཱཿ རྒྱ་རྒྱ་རྒྱ༔
དེ་ནས་སྐུ་གསུམ་དབང་གི་རིམ་པ་བཤད། །དེ་ལ་ཕྱི་དབང་བརྒྱ་དང་ཉི་ཤུ་ལྔ། །ནང་དབང་དྲུག་ཅུ་གསང་དབང་ཁྲི་ཕྲག་གི །སྙིང་པོ་བཅུད་བསྡུས་ཁྱེར་བདེའི་ལས་རིམ་ནི། །རྒྱས་པར་སྔོན་རྗེས་དབང་གཞུང་སྤྱི་ལྟར་བྱ། །བསྡུ་ན་མནྜལ་ཕུལ་ལ་གསོལ་འདེབས་ནི། །ཀྱཻ་ཧོ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བླ་མ་དང༔ བཀའ་དྲིན་རྨད་བྱུང་སྐུ་གསུམ་ཨོ་རྒྱན་རྗེ༔ དད་མོས་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ ལུས་ལ་འགྱུར་མེད་སྤྲུལ་སྐུའི་དབང་བྱིན་ཕོབས༔ ངག་ལ་འགག་མེད་ལོངས་སྐུའི་དབང་བྱིན་ཕོབས༔ སེམས་ལ་འཁྲུལ་མེད་ཆོས་སྐུའི་དབང་བྱིན་ཕོབས༔ ངོ་བོ་ཉིད་སྐུའི་དབང་བྱིན་དངོས་གྲུབ་སྩོལ༔ ཞེས་གསོལ་བ་བཏབ་ནས་བླ་མ་ཡིས། ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ སྡོམ་པ་དམ་ཚིག་ཚུལ་བཞིན་བསྲུང་ནུས་ན༔ སྨིན་བྱེད་དབང་གི་བདུད་རྩི་ཁྱོད་ལ་སྦྱིན༔ དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བར་འགྲོ༔ དེ་བས་རྟག་ཏུ་མ་ཉམས་བསྲུང་བར་བྱ༔ ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་ཐོབ༔ ཅེས་དམ་ཚིག་བསྒྲགས་ལ་དངོས་གཞིའི་དབང་ན༔ དང་པོ་བུམ་པ་ཐོགས་ལ་འདི་སྐད་དུ༔ ཧྲཱི༔ བུམ་པ་སྟོང་གསལ་གཞལ་ཡས་ཁང་༔ སྐུ་གསུམ་ཡེ་ཤེས་བདུད་རྩིས་བཀང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་པ་སྐུའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ དེས་ལུས་དང་རྩ་ཡི་སྒྲིབ་པ་དག༔ ཐབས་བསྐྱེད་རིམ་བསྒོམ་པ་ལ་དབང་༔ ལུས་སྤྲུལ་སྐུར་སྨིན་ནས་གཞན་དོན་དཔག་མེད་འགྲུབ་པའི་དབང་ཐོབ་པ་ཡིན་ནོ༔
དེ་ནས་པད་མ་འབྱུང་གནས་ཀྱི་སྐུ་ཙཀ་ཐོགས་ལ༔ ཧྲཱིཿ དུས་གསུམ་སངས་རྒྱས་ཀུན་དངོས་པད་མ་འབྱུང་༔ མཐུ་རྩལ་རྨད་བྱུང་སྣང་སྲིད་ཟིལ་གནོན་སྐུའི༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསྐྱེད་པ་སྐུ་ཡི་དབང་རྣམས་ཐོབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རིན་པོ་ཆེའི་དབང་རྣམས་ཅིག་ཆར་དུ་ཐོབ་པ་ཡིན་ནོ༔ དེ་ནས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཙཀ་ཐོགས་ལ། ཧྲཱིཿ སྙིང་རྗེའི་དབང་ཕྱུག་ལོངས་སྤྱོད་རྫོགས་པའི་སྐུ༔ ཁམས་གསུམ་ཡོངས་གྲོལ་ཐུགས་རྗེ་ཆེན་པོའི་དབང་༔ སྐལ་ལྡན་བུ་ལ་སྦྱིན་པས་གསང་དབང་ཐོབ༔ ངག་རྣམས་ལོངས་སྤྱོད་རྫོགས་སྐུར་སྨིན་ནས་གཞན་དོན་བྱེད་པའི་སྐལ་པ་ཡོད་དོ༔ ངག་རྣམས་ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོགཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཝཀྐ་ཨ་བྷི་ཥིཉྩ་ཨཱཿ དེས་ངག་དང་རླུང་གི་སྒྲིབ་པ་དགཿ བདེ་སྟོང་རྩ་རླུང་བསྒོམ་པ་ལ་དབང་ཿ དེ་ནས་ཡི་གེ་བདུན་པའི་དབང་ནི། ཧྲཱིཿ གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི༔ སྙིང་པོ་བཅུད་བསྡུས་ཡི་གེ་བདུན་པའི་དབང༔ སྐལ་ལྡན་ཁྱོད་ལ་བསྐུར་བའི་མཐུ་བྱིན་གྱིས༔ བཟླས་པ་སྔགས་ཀྱི་འཁོར་ལོའི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཝཱཀྐ་ཨ་བྷི་ཥིཉྩ་ཨ༔ དེས་སྙིང་པོ་ལན་གཅིག་བརྗོད་པས་དུང་ཕྱུར་གྲངས་མེད་དུ་འཕེལ་ཏེ་འཁོར་བ་དོང་ནས་སྤྲུག་པའི་དབང་ཐོབ་པ་ཡིན་ནོ༔ དེ་ནས་ཚིག་དབང་རིན་པོ་ཆེ་ཧྲཱིཿཡིག་ཐོགས་ཏེ༔ དེ་ནས་སྣང་མཐའི་སྐུ་ཙཀ་ཐོགས་ལ། ཧྲཱིཿ ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་། །ལྷུན་གྲུབ་གཟུགས་སྐུའི་བཀོད་པ་སྣང་མཐའི་སྐུ། །དེ་རིང་སྐལ་ལྡན་བུ་ལ་དབང་བསྐུར་བས། །སེམས་ཉིད་ངོ་བོ་ཆོས་སྐུར་སྨིན་པར་ཤོག །ཨོཾ་ཨཱ་མི་དྷེ་ཝ་ཧྲཱིཿཙིཏྟ་ཨ་བྷི་ཥིཉྩ་ཨཱཿ དེས་ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱོང་། བསྐྱེད་རིམ་རྫོགས་རིམ་བསྒོམ་པ་ལ་དབང་། སེམས་ཉིད་ངོ་བོ་ཆོས་སྐུར་སྨིན་ནས་གཞན་དོན་བྱེད་པའི་སྐལ་ལྡན་ཡིན་ནོ། །
ཧྲཱིཿ སྐུ་གསུམ་སྙིང་པོ་ཧྲཱིཿཡིག་འདི་ལ་ལྟོས༔ ངོ་བོ་ངོས་གཟུང་མེད་པ་ཀ་ནས་དག༔ རང་བཞིན་མ་འགགས་འོད་གསལ་གཏིང་མཐའ་བྲལ༔ རང་གྲོལ་རིག་པའི་རྒྱལ་པོའི་ངང་དུ་ཀློད༔ ཨ་ཕཊཿ ཨ་ཕཊཿ ཨ་ཕཊཿ དེས་ཤེས་བྱའི་སྒྲིབ་པ་སྦྱངས༔ འོད་གསལ་རྫོགས་པ་ཆེན་པོའི་མྱུར་ལམ་བསྒོམ་པ་ལ་དབང་༔ སེམས་ཉིད་ངོ་བོ་ཉིད་སྐུར་སྨིན༔ དུག་ལྔ་ཡེ་ཤེས་ལྔར་ཅིག་ཆར་དག༔ གདོད་མའི་མགོན་པོ་ཀུན་བཟང་ཆོས་སྐུའི་རྒྱལ་སྲིད་ཐོབ༔ ལུས་འཇའ་ལུས་འགྲུབ༔ ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུར་སངས་རྒྱས་པར་གྱུར་ཅིག༔ དེ་ལྟར་བྱས་པའི་གསང་སྔགས་འཇུག་པའི་སྒོ༔ དབང་བཞི་ཡོངས་རྫོགས་མ་ལུས་བསྐུར་བ་ཡིན༔ འདི་ཡི་ཆ་ལག་བུམ་པ་བསྒྲུབ་པ་ནི། རིན་ཆེན་བུམ་པ་བཅུད་ལྡན་བཤམས་བཀོད་ལ། བསང་སྦྱངས། སྣོད་ཀྱི་འཇིག་རྟེན་བུམ་པའི་གཞལ་ཡས་ཁང་༔ བཅུད་ཀྱི་སེམས་ཅན་སྐུ་གསུམ་ཞི་ཁྲོའི་ལྷ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་གང་༔ མྱོང་གྲོལ་བཅུད་ལྡན་བདུད་རྩིའི་རྒྱ་མཚོར་གྱུར༔ དེ་ནས་སྐུ་གསུམ་སྙིང་པོ་ཅི་རིགས་བཟླ། ལས་བུམ་ནང་དུ་བདུད་རྩི་འཁྱིལ་བ་བསྐྱེད༔ ཨོཾ་ཨཱ་མྲྀ་ཏེ་ཧཱུྃ་ཕཊ༔ བུམ་ལྷ་འོད་ཞུ་དག་བྱེད་བདུད་རྩིར་གྱུར༔ དེ་ནས་ཚེ་དབང་ཚེ་འགུགས་བྱེད་འདོད་ན། ཧྲཱིཿ འོད་དཔག་མེད་མགོན་ཕྱག་གི་ལྷུང་བཟེད་ནང་༔ ཚེ་ཡི་བུམ་པ་ཚད་དང་མཚན་རྫོགས་དབུས༔ ཧྲཱིཿ ལས་བཅོམ་ལྡན་ཚེ་དཔག་མེད་པ་གསལ༔ ཕྱོགས་བཞིར་སེམས་མ་བཞི་དང་མགྱོགས་མ་བཞི༔ རང་བྱུང་འོད་ལྔའི་ཀློང་དུ་མ་འདྲེས་བསྐྱེད༔ དམ་ཡེ་དབྱེར་མེད་སྐུ་ལས་བདུད་རྩི་བབས༔ བདག་དང་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་ཨ་མ་ར་ཎི་ཛི་ཝནྟ་ཡེ་སྭཱ་ཧཱ༔ ཞེས་བརྗོད། དབང་ལ་དམ་བསྒྲགས་རྗེས་སུ་ནི། ཨོཾ་ཆོས་ཀྱི་དབྱིངས་ནས་ཚེ་བསྐུལ་བས༔ ཚེ་དཔག་མེད་དང་སེམས་མ་བཞི༔ མགྱོགས་མ་བཞི་སོགས་ཚེ་ཡི་ལྷ༔ བསྐུལ་ལོ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ སྔོན་ཚེ་ཚེ་དཔག་མེད་པ་དང་༔ ལྷ་མོ་གོས་དཀར་སྒྲོལ་མ་གཉིས༔ སྐྱེ་འཆི་མེད་པའི་དངོས་གྲུབ་ཐོབ༔ བར་དུ་དུར་ཁྲོད་བརྒྱད་རྣམས་སུ༔ རིག་འཛིན་བརྒྱད་དང་མཁའ་འགྲོ་བརྒྱད༔ འཆི་མེད་ཚེ་ཡི་གྲུབ་པ་ཐོབ༔ ཐ་མ་མ་ར་ཏི་ཀ་རུ༔ པདྨ་འབྱུང་གནས་མཚོ་རྒྱལ་གཉིས༔ གཞོམ་མེད་ཚེ་ཡི་རིག་འཛིན་བརྙེས༔ ད་ལྟ་གསང་སྔགས་དཀྱིལ་འཁོར་འདིར༔ ཇོ་མོ་ཤེལ་དཀར་རྡོ་རྗེ་མཚོས༔ རྡོ་རྗེའི་ཚེ་མཆོག་བསྒྲུབས་པ་མཛད༔ འཆི་མེད་ཚེ་དབང་རིག་འཛིན་གྲུབ༔ སྔོན་གྱི་མཛད་པ་དེ་བཞིན་དུ༔ ད་ལྟ་སྒྲུབ་མཆོག་བདག་ཅག་ལ༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ བསྐལ་བར་གནས་པའི་ཚེ་སྩོལ་ཅིག༔ མི་འགྱུར་བ་ཡི་ཚེ་སྩོལ་ཅིག༔ མི་ནུབ་པ་ཡི་རྒྱལ་མཚན་ཚུགས༔ མི་གཡོ་བ་ཡི་གཡུང་དྲུང་གྱིས༔ བླ་ཚེ་འཁྱམས་དང་ཡར་བ་ཁུག༔ ཆད་པ་མཐུད་ལ་རལ་བ་དྲུབ༔ གས་པ་སྦྱོར་ལ་ཉམས་པ་གསོས༔ རྡོ་རྗེའི་ཚེ་མཆོག་མྱུར་དུ་སྩོལ༔ སྐྱེ་འཆི་མེད་པར་བྱིན་གྱིས་རློབས༔ ཞེས་བསྐུལ་ཞིང་ཚེ་གཟུངས་བརྗོད་ལ་རྒྱས་གདབ་པ་ནི༔ ཧྲཱིཿསྦའོ་སྦའོ་ཚེ་སྦའོ༔ ཆོས་ཀྱི་དབྱིངས་སུ་ཚེ་སྦའོ༔ ཕྱག་རྒྱ་བདུན་གྱི་རྒྱས་གདབ་བོ༔ མི་ཤིགས་རྡོ་རྗེ་ལྟ་བུར་གྱུར༔ དྷརྨ་དྷརྟུ་རཀྵ་བྷྲཱུཾཿ ཞེས་མི་དམིགས་ངང་དུ་མཉམ་པར་གཞག །དེ་ཡིས་ཚེ་ཡི་བར་ཆད་ངེས་པར་སེལ། ཕྱི་མ་བདེ་ཆེན་དག་པའི་ཞིང་དུ་འགྲོ། ས་མ་ཡ༔ རྒྱ་རྒྱ་རྒྱ༔
དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྐུ་མདུན་དུ་འགྲོ་བ་ལ། ལྷ་མཆོག་ཐུགས་རྗེ་ཆེན་པོས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་པར་བྱའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས། ཡེངས་འཁྲུལ་གྱི་དབང་དུ་མི་བཏང་བར་དབང་དོན་བརྡ་འཕྲོད་ངེས་སུ་གསན་ཞིང་། ཏིང་ངེ་འཛིན་ལ་བློ་ཅི་ནུས་སུ་བཞག་ནས་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། ཡེ་ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐུགས་ཀྱི་ཡང་བཅུད། ཨུ་རྒྱན་སློབ་དཔོན་ཆེན་པོའི་མན་ངག །བོད་ཡུལ་ཁ་བ་ཅན་གྱི་གཏེར་གཅིག །ཟབ་ཆོས་རྫོགས་པ་ཆེན་པོ། སྡེ་སྣོད་གསུམ་ཉམས་སུ་ལེན་པའི་ཆ་ལག །སྙིང་ཐིག་རིགས་གསུམ་གྱི་ཡ་གྱལ། རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་སྤྲུལ་མཁའ་འགྲོ་མ་ཀུན་བཟང་ཆོས་ཀྱི་སྒྲོལ་མའི་དགོངས་གཏེར། ཟབ་དོན་པདྨའི་སྙིང་ཐིག་ལས། རིགས་འདུས་དཀྱིལ་འཁོར་རྒྱ་མཚོ་ངན་སོང་དོང་སྤྲུགས་ཀྱི་དབང་བསྐུར་བ་ལ། ཐོག་མར་མནྜལ་ཕུལ། དེ་ནས་དད་པ་རྣམ་གསུམ་སོགས་དང་ལྡན་པའི་གསོལ་བ་འདེབས་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ། དཀྱིལ་འཁོར་རྒྱ་མཚོའི་སོགས། དམ་བསྒྲགས་རྗེས་སུ་ཚེ་འགུགས་བརྗོད། ཕྱོགས་བཅུའི་སྐུ་གསུམ་གྱི་ཞིང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅོམ་ལྡན་འདས་ཚེ་དཔག་མེད་པ་དང་ཚེ་ལྷ་མགྱོགས་མ་བཞིའི་སྐུར་བཞེངས་ཏེ། འཇའ་འོད་འཁྲིགས་པའི་ཀློང་ནས་བྲོ་ཁྲིག་ཁྲིགས་གར་ཁྱུག་ཁྱུགས་མཛད་ཅིང་། གཡོན་བུམ་པའི་དབང་བསྐུར། གཡས་མདའ་དར་གཡབ་པ་ཙམ་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཚེའི་བཅུད་དང་ཡོན་ཏན་ཚེའི་དངོས་གྲུབ་ཐམས་ཅད་བསྡུས་ནས་ཁྱོད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །འོག་ནས་འབྱུང་བའི། ཨོཾ་ཆོས་ཀྱི་དབྱིངས་ནས་སོགས་རྒྱས་གདབ་བར་བརྗོད། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས། དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་དང་ལྷན་ཅིག་ཏུ། རིན་པོ་ཆེའི་བུམ་པ་བདུད་རྩིས་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག །སྐུ་དང་ཡེ་ཤེས་ཀྱི་གོ་འཕང་རྒྱུད་ལ་བཞག་པའི་མོས་པ་མཛོད། ཧྲཱིཿབུམ་པ་སྟོང་གསལ་སོགས་གཞུང་ལྟར་རོ། །གཞོན་ནུ་བུམ་སྐུར་སངས་རྒྱས་པར་གྱུར་ཅིག །དེ་ནས་སློབ་དཔོན་དཀྱིལ་འཁོར་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད།
ཧྲཱིཿ འོད་དཔག་མེད་ཀྱི་བཀྲ་ཤིས་ཤོག །སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག །པདྨ་འབྱུང་གནས་བཀྲ་ཤིས་ཤོག །རྒྱལ་བ་ཞི་ཁྲོའི་བཀྲ་ཤིས་ཤོག །ཅེས་དང་། སྔགས་བླ་མེད་ལུགས་ཀྱི་བཀྲ་ཤིས་གང་འོས་བརྗོད། །དེ་ལྟར་བྱས་པས་གསང་སྔགས་འཇུག་པའི་སྒོ། །དབང་བཞི་ཡོངས་རྫོགས་མ་ལུས་བསྐུར་བ་ཡིན། །ཞེས་གསུངས་པ་བཞིན་དབང་བཞི་ཡོངས་རྫོགས་ཀྱི་དབང་ལེགས་པར་གྲུབ་པ་ཡིན་པས། ཇི་སྐད་བཤད་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པའི་ཚུལ་རྣམས་ལ་བསྲུང་སྡོམ་བགྱི་ཞིང་། རིགས་ཀུན་གྱི་ཁྱབ་བདག་འདི་ཉིད་ལྷག་པའི་ལྷར་བསྐུལ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་བཀའ་སོགས་གསུམ། དབང་བསྐུར་ཟབ་མོ་རྫོགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མནྜལ་ཕུལ། དེ་ལྟར་མནྜལ་དུ་མ་ཟད་རང་གི་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་གསུམ། དེ་ལྟར་དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བ་འདིས་མཚོན་ཏེ། རང་གཞན་ནམ་མཁའི་མཐའ་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་ཀྱང་། མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་འདི་ལྟར་ལྷན་ཅིག་ཏུ་གསུང་ཞིང་། ཆོས་འདིའི་སྒོ་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་པར་ཞུ། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་ཅི་རིགས་བརྗོད་དོ། །
ཞེས་པ་འདི་ཀུན་བཟང་ཆོས་ཀྱི་སྒྲོལ་མའི་བྱིན་རླབས་ཆ་ཤས་ཐོན་ཙམ་པོ། དབོན་སྤྲུལ་བཟང་སྐྱོང་པས་མཛོ་མེད་གླང་རྨོས་ཞེས་པའི་དཔེ་དོན་ཐོག་ཏུ་ལྡན་ཀྱང་རང་ལ་ཉེར་མཁོའི་ཆེད་དུ་བྲིས་པའོ། །ཤོག་ངོ་གཅིག་མེད། ལམ་སྣ་དྲངས། ལྷ་བུ་དཀར་པོ་དུང་གི་སོ་སྒོ་ཅན་ཞི་ཞིང་འཛུམ་པ། རྡེའུ་དཀར་པོ་རི་རབ་ཙམ་ཐོགས་པ་ཞིག་རང་དང་གཤིབས་ནས་འགྲོ་ཞིང་། བདུད་ནག་པོ་མདོག་ངན་པ་ངོ་ཤོར་བ་ཞིག་རྗེས་སུ་འབྲངས་ནས་འོང་། དེའི་ཚེ་བདག་གི་བསམ་པ་ལ། ད་ང་རང་གསོན་གྲང་ང་ཁམས་ན་ཡོད་དུས་ཆོས་དགེ་བ་ནི་ཅུང་ཟད་རེ་བསགས་ཡོད་ཀྱང་། ཆོས་ཀྱི་རྒྱལ་པོའི་ངོ་སོ་ཅི་ཙམ་ལོན་གྱི་ཡིན་བསམས་ནས་དོགས་པ་སྐྱེ་བ་ན། དྲན་པས་ཟིན་ཏེ་ཨ་ཁ་ཁ་མི་རྣམས་ཐེ་ཚོམ་གྱིས་ཕུང་འདུག །ལར་དགེ་བ་ནི་འདི་མ་བསྒྲུབས་བསམ་པ་གཅིག་ཀྱང་མེད། སྡིག་པ་ལ་ནི་ཤིན་ཏུ་འཛེམ། ལས་རྒྱུ་འབྲས་ལ་བསླུ་བ་གཏན་ནས་མེད་པས་བདག་གིས་དྲང་པོའི་གཏམ་གྱིས་ཞུས་ན། ངེས་པར་ཐར་པའི་ལམ་ལོས་ལོན་བསམས་ནས་མ་ཎིའི་རྒྱང་འབོད་དང་ཇོ་འཁོར་བསྐོར་བཞིན་སོང་ངོ་། །དེ་ནས་གཤིན་རྗེའི་གྲོང་ཁྱེར་གྱི་ཕྱིའི་ལྕགས་རི་ཆེན་པོ་ལྕགས་སྲེག་འབར་བའི་རང་བཞིན་མེའི་ཚྭ་ཚྭ་ཐོ་རོ་རོ་འཕྲོ་བ། སྟོང་གསུམ་འཇིག་རྟེན་ནང་དུ་བཞག་ན་ཤོང་བས་རྒྱ་ཆེ་ལ་ཁྱོན་ཡངས་པ་ཞིག་མཐོང་ངོ་། །ཡང་བལྟས་པས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་རི་རབ་འདྲ་བ་མི་མགོ་སྐམ་རློན་རྙིད་གསུམ་དང་རུས་པའི་རྩིག་པ་ལ་གནམ་ལྕགས་ཀྱིས་གཟེར་བཏབ་པ། ཀླད་ཁྲག་གིས་ཞ་ལ་བྱས་པ། ཐོད་པའི་ཁ་བད་དང་། ཞིང་ལྤགས་ཀྱི་ཐོག་ཁེབ། ཉི་ཟླའི་མཐོང་ཁུང་། རུས་སྦལ་གྱི་ཀ་གདན། ལྷ་བརྒྱད་ཀྱི་ཀ་བ། གཟའ་ཆེན་གྱི་ཀ་ཞུ། བདུད་ནག་གི་གདུང་མ། རྒྱུ་སྐར་གྱི་གྲལ་ཕྱམ། ཐོད་པའི་ཁེབ། ཙིཏྟའི་ཏོག །ཞིང་ལྤགས་ཀྱི་གདུགས། རྐང་ལག་གི་འཕན། སྟག་གཟིག་གི་རྒྱལ་མཚན། རྒྱུ་མ་དང་མགོ་སྙིང་གི་དོ་ཤལ། ཕྱི་ནང་ཀུན་ཏུ་འཇིགས་པའི་མེ་དཔུང་འབར་བ། དུག་རླངས་ཀྱི་འཚུབ་མ་གཡོ་བ། བསྐལ་པའི་ཁྲོ་ཆུ་རྒྱུག་པ། ལས་བྱེད་ཀྱི་ཕོ་ཉ་སྣ་ཚོགས་སྤྲིན་ལྟར་འཁྲུགས་པ། ཟ་བྱེད་ཀྱི་གཅན་གཟན་མང་པོས་ངུ་དུར་བྱེད་པ། གཅོད་བྱེད་ཀྱི་མཚོན་ཆ་དུ་མའི་བུ་ཡུག་འཚུབས་པ། འཇིགས་ཤིང་ཡ་ང་བ་སྣང་ངོ་། །
དེ་ནས་ལྕགས་རིའི་ནང་དུ་ཕྱིན་ནས་བལྟས་པས། ཕྱོགས་ཐམས་ཅད་ན་གཤིན་རྗེའི་གྲོང་ཁྱེར་བལྟ་མི་བཟོད་པ། བདུད་དང་སྲིན་པོ། ཤ་ཟ་དང་། རོ་ལང་། ཀེང་རུས་དང་། བྱ་གཅན་མང་པོས་ངར་སྒྲ་འདོན་པ། རྒྱལ་པོའི་རྒྱུག་ལམ། བཙན་གྱི་ཤ་ཁང་། ཤན་པའི་བཤས་ར། འདྲེ་མོའི་གནས་ཚང་། གཟའ་རྒོད་ཀྱི་གདུང་སྣ་སོགས་སེམས་ཅན་གྱི་སྲོག་ལ་རྔམས་ཤིང་རྒྱུག་པ་ཤ་སྟག་དང་། སྤྲུལ་པའི་ལས་མཁན་ཉེར་བརྒྱད་ནི། དཀར་སེར་དམར་ལྗང་གི་མདོག་ཅན། མགོ་བརྙན་སྣ་ཚོགས་པ། ལག་ན་མཚོན་ཆ་དུ་མ་ཐོགས་པ། ལས་ཀྱི་རང་གཟུགས་ལྕགས་ཀྱི་སྤྱང་ཀི་བརྒྱད། ཟངས་ཀྱི་ཁྱི་བརྒྱད། གསེར་གྱི་འཕར་བ་བརྒྱད། དུང་གི་སྐྱེས་བུ་མདུང་དམར་ཅན་བརྒྱད། གཡུ་ཡི་བུད་མེད་བཤའ་གྲི་ཅན་བརྒྱད་ལ་སོགས་པའི་ལས་མཁན་དཔག་ཏུ་མེད་པས་དམྱལ་བའི་སེམས་ཅན་ལས་ངན་པ་རྣམས་ཤ་ཚལ་པ། ཁྲག་ཐིགས་པ་བྱེད་བཞིན་ཀི་སྒྲ་དི་རི་རི་དེད་ནས་རྒྱུག་པ་མཐོང་ངོ་། །
དེ་ནས་བདག་གིས་གླུ་འདི་ལྟར་བླངས་སོ། །ཨེ་མ་ཧོ། གཞི་མ་བཅོས་ཆོས་སྐུ་སྣང་མཐའ་ཡས། །གནས་མ་འགགས་ལོངས་སྐུ་སྤྱན་རས་གཟིགས། །རྩལ་སྣ་ཚོགས་སྤྲུལ་སྐུ་པདྨ་འབྱུང་། །ཉམ་ཐག་པའི་སྤྲང་མོའི་ལམ་སྣ་དྲོངས། །གཉོམ་ཆུང་བ་གཤིན་པོའི་སེམས་རྩ་ཡིན། །བུ་དཔའ་བོ་གཤིན་རྗེའི་ལས་མཁན་རེད། །སྐྱབས་དྲིན་ཆེན་རྩ་བའི་བླ་མ་མཁྱེན། །གསོན་གྲང་ང་ཁམས་ནས་འདི་རུ་སླེབས། །དཔོན་ཆོས་རྒྱལ་མདུན་དུ་འགྲོ་རན་ཡང་། །ང་སྤྲང་པོ་བློ་ནི་སེམས་བདེ་ཡིན། །གཞི་མི་འགྱུར་ཀུན་ཏུ་བཟང་པོ་ལས། །ད་ཆོས་ཀྱི་རྒྱལ་པོ་ཡོད་དོན་མེད། །དེའི་རང་རྩལ་རྒྱལ་བ་རིགས་ལྔ་ལས། །ད་ལས་མཁན་རྣམ་ལྔ་ཡོད་དོན་མེད། །ངོ་མ་ཤེས་གཤིན་རྗེའི་ལས་མཁན་ཡིན། །ངོ་ཤེས་ན་རྒྱལ་བ་ཞི་ཁྲོའི་ལྷ། །ཁྲིམས་དཀར་ནག་མེད་པར་གཅོད་ཀྱི་མིན། །ལས་རྒྱུ་འབྲས་རང་བྱས་རང་ལ་སྨིན། །གནས་འདི་ནས་གཤིན་ལ་ཁྲ་བོའི་བར། །ད་དམྱལ་བའི་སེམས་ཅན་མང་པོ་དྲངས། །ལམ་མཁན་གྱི་བླ་མ་སྤྱི་བོར་བཞུགས། །ལས་བུ་ཆུང་དཀར་པོ་འབྲལ་མེད་ཡོད། །ད་ཐེ་ཚོམ་མེད་པར་ཤར་གྱིས་འགྲོ། །ཞེས་བརྗོད་དེ་འཇུག་པའི་སྒོ་ཆེན་པོ་ཞིག་ཡོད་པའི་ཤར་སྒོ་ནས་སོང་བ་ལ། དེར་གཤིན་རྗེའི་ལས་མཁན་རྟ་དང་། ཁྱི་དང་། སེང་གེ་དང་། སྦྲུལ་གྱི་གདོང་པ་ཅན་དུ་མས་མི་འཆོར་བའི་གཤིན་རྗེའི་ཞགས་ནག་ང་ཡི་རྐེ་ལ་བརྒྱབས་ཏེ་བཤའ་ལུག་བཞིན་རང་དབང་མེད་པར་ཁྲིད་ལ་ཆོས་ཀྱི་རྒྱལ་པོའི་སྐུ་དྲུང་དུ་སླེབས་སོ། །དེ་ནས་ཡང་བལྟས་པས་རུས་པ་སྣ་ཚོགས་ཀྱི་ཁྲི་མཐོ་ལ་རྒྱ་ཆེ་བའི་སྟེང་དུ། གཅན་གཟན་སྣ་ཚོགས་ཀྱི་པགས་པ་དང་ཞིང་ལྤགས་དམར་ཙེ་རེ་བའི་གདན་ལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་གཟི་བརྗིད་མེ་ལྟར་འབར་བ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་ཅིང་ཁྲོ་ལ་རྔམས་པ། གཏུམ་ལ་འཇིགས་པ། སྤྱན་གསུམ་སྡང་མིག་ཧྲིག་ཧྲིག་གཟིགས་པ། དབུ་སྐྲ་དམར་སེར་གནམ་ལ་གཟེངས་ཤིང་། ཟར་བུ་ཐུར་དུ་འཕྱང་པ། ཐོད་སྐམ་ལྔ་དང་། ཝ་ཕག་ཞལ་ནག་པོ་ངུར་བ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ། ཕྱག་གཡས་ཀྱི་དང་པོ་ན་ཁྲམ་ཤིང་། གཉིས་པ་ན་རྡོ་རྗེ། གསུམ་པ་ན་སྦྲུལ་ཞགས། གཡོན་གྱི་དང་པོ་ན་མེ་ལོང་། གཉིས་པ་ན་བྷནྡྷ། གསུམ་པ་ན་པདྨ་བསྣམས་པ། ཞིང་གླང་གི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས། མི་མགོའི་ཕྲེང་བ། སྦྲུལ་རིགས་ལྔའི་ཆུན་པོ་སོགས་དུར་ཁྲོད་རོལ་པའི་ཆས་བརྒྱད། གར་དགུའི་ཉམས་ཅན། བལྟ་མི་བཟོད་པའི་རང་བཞིན་ཅན་དུ་མཐོང་ངོ་། །
དེ་ནས་ཆོས་ཀྱི་རྒྱལ་པོའི་ཞལ་ནས་འདི་སྐད་དུ། ཨེ། རིགས་ཀྱི་བུ་མོ་གསོན་དང་། གསོན་གྲང་ང་ཁམས་ན་ཡོད་དུས་སུ། །ཐོབ་དཀའ་བ་དལ་འབྱོར་མི་ལུས་ཐོབ། །འཕྲད་དཀའ་བ་དམ་པའི་ཆོས་དང་འཕྲད། །མཇལ་དཀའ་བ་མཚན་ལྡན་བླ་མར་མཇལ། །ཤེས་དཀའ་བ་རྒྱུ་འབྲས་སྤང་བླང་ཤེས། །ཁྱོད་མི་འགྱོད་པ་རེ་བྱས་ལོས་ཡོད་ཡ། །ལས་དཀར་པོ་དགེ་བ་ཅི་འདྲ་བྱས། །ད་ནག་པོ་སྡིག་པ་ཇི་ལྟར་སྤངས། །སྐྲ་གཅོད་པའི་བླ་མ་སུ་ཞིག་ཡིན། །སེམས་བསྐྱེད་པའི་བླ་མ་དེ་གང་ལགས། །དབང་ཞུས་པའི་བླ་མ་ཇི་འདྲ་ཡོད། །སྒོམ་བསྐྱེད་རྫོགས་བཟླས་བརྗོད་ཅི་ཙམ་ཡོད། །ད་མ་འགྱངས་མྱུར་དུ་ཤོད་དང་ཡ། །ངེད་གཤིན་རྗེའི་ཁྲིམས་ར་ཤིན་ཏུ་དམ། །གཡོ་སྒྱུ་དང་རྫུན་ཚིག་ལབ་ས་མེད། །མེ་ལོང་དང་ཡིག་ཆུང་གསལ་ཆ་ཆེ། །རྒྱ་མ་དང་རྔ་ཆེན་ཤིན་ཏུ་དྲང་། །ཁྲམ་ཤིང་ལ་ཐེབ་ཚད་ཤོར་དུས་མེད། །ད་དྲང་དུ་བཤད་ན་དྲང་ལམ་ལོན། །ཁྲིམས་ཡོ་འཆུག་མེད་པས་གོ་བར་གྱིས། །ཞེས་གསུངས་པ་དང་།
དེའི་ཚེ་བདག་གིས་རང་ལ་བརྟགས་པས། སྙིང་བརྡབ་པ་རྔ་རྒན་བརྡུང་བརྡུང་། རྐང་སུག་བཞི་ས་ལ་མི་ཚུགས། ལུས་ཤིང་ལོ་རླུང་གིས་བསྐྱོད་བསྐྱོད་བྱེད་ཀྱིན་འདུག །རྒྱུ་འབྲས་བསླུ་མེད་ལ་ངེས་པ་སྐྱེས་ནས་མིག་མཆི་མ་འཁྲུག་བཞིན་ལུས་པུས་བཙུགས། ལག་ཐལ་མོ་སྦྱར་ནས་གླུ་འདི་སྐད་ཅེས་བླངས་སོ། །ཀྱཻ་མ། ཆོས་ཡོད་དུས་ཆོས་རྒྱལ་རིན་པོ་ཆེ། །ཆོས་མེད་དུས་ཁྲིམས་རྒྱལ་རིན་པོ་ཆེ། །ལས་དཀར་ནག་གི་གཟུ་བ་རིན་པོ་ཆེ། །ངོ་མཐོ་དམན་མེད་པའི་རིན་པོ་ཆེ། །ཁ་ཚེ་སྟོད་འཁོར་བའི་གཡོག་མོ་ཡིན། །གཞན་དབང་གིས་སྡིག་པ་གྲངས་མེད་བསགས། །བར་དུ་འཁོར་བ་པ་ཞིག་ཡིན། །ཁྱོ་ཕོ་བརྟེན་ནས་སྡིག་པ་བསགས། །འཁོར་བ་རྨི་ལམ་འདྲ་བར་ཤེས། །ངས་འཁོར་བ་མ་སྤངས་འཁོར་བས་སྤངས། །ང་བུ་གཅིག་ཡོད་ཀྱང་འཆི་བདག་ཁྱེར། །སྙིང་བརྩེ་ཡང་དབང་མེད་འབྲལ་དགོས་བྱུང་། །ལོ་སུམ་ཅུ་སོ་བདུན་བར་དེ་ལ། །འཁོར་བ་ཡི་མཐའ་རུ་འདུག་དགོས་བྱུང་། །དེ་ནས་དབེན་པའི་རི་ལ་སོང་། །གཅིག་པུར་དམ་ཆོས་སྙིང་ནས་བསྒྲུབས། །བློ་གཏད་ལྷ་དང་བླ་མར་བྱས། །དགེ་སྡུག་ལ་སྤང་བླང་ཞིབ་ཏུ་བྱས། །ད་དགེ་སྡིག་མགོ་མཉམ་ལོས་ཡིན་ཏེ། །དགེ་བའི་ལས་ཀྱིས་མཐོ་སྙམ་ཡོད། །ངས་བཤད་པའི་ཅི་བྱ་ཁྲིམས་ལམ་ལ། །ལྟོས་དང་གསལ་ལོ་ཁྱེད་ཀྱིས་ཤེས། །ཞེས་དེ་སྐད་ཅེས་ཞུས་སོ། །དེ་ནས་ཆོས་ཀྱི་རྒྱལ་པོའི་ཞལ་ནས། འོ་རིགས་ཀྱི་བུ་མོ་ཁྱོད་ལ་བདེན་ལམ་དོ་དན་རེ་ཡོད་ཀྱང་། ད་དུང་ངེད་གཤིན་རྗེའི་ཁྲིམས་ལམ་ལ་ནི། རང་རིག་གསལ་བའི་མེ་ལོང་། སྣང་སྟོང་གསུང་རྒྱལ་པོ་ཏི། རྟོག་མེད་རྒྱ་ལམ་འདྲ་བའི་རྒྱ་མ། གཏད་མེད་ལེགས་ཉེས་གསལ་བའི་ཁྲིམས་རྔ། མི་འཆོར་དུས་ལ་བབ་པའི་ཁྲམ་ཤིང་། དགེ་སྡིག་ཆུད་མི་ཟ་བའི་རྡེའུ་དཀར་ནག་རྣམས་ཡོད་པས་ང་རང་གི་ལས་ལ་བསྐོས་པའི་ལས་མཁན། རཀྴ་གླང་མགོ །དྷརྨ་སྤྲེལ་མགོ །གདུག་པ་དོམ་མགོ །ཏི་ར་ཕག་མགོ །རྔམ་པ་སྟག་མགོ །ཟུག་པ་ཁྱི་གདོང་། མཚེར་བ་རྟ་གདོང་། ཟ་བ་རྒོད་གདོང་། གཏུམ་པ་སེང་གདོང་། ཁྲ་བོ་གཟིག་གདོང་སོགས་དཔག་ཏུ་མེད་པ་ཡོད་པས་རང་རང་གི་ལས་ལ་གཟིགས་ཤིག་ཛཿགསུངས་པ་དང་།
དེ་ནས་ཁྲོམ་དམར་ནག་འཁྲུགས་པའི་དཀྱིལ་ནས་མི་ཞིག་ལངས་འོང་བ། བདུད་ནག་པོ་བཞིན་མི་སྡུག་པ། ཡིད་དུ་མི་འོང་དྲི་ངན་མི་ཞིམ་པ་འཐུལ་བ། ཕྲག་པ་གཡས་སུ་ཏ་ལེན་ནག་པོ་ཁུར་བ་ཞིག་ན་རེ། འོ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དགོངས་དང་། བུ་མོ་འདི་གསོན་གྲང་ང་ཁམས་ན་ཡོད་དུས་སུ། རྐང་ཞབས་ནས་འབུ་མང་པོ་བསད། ལག་མང་བས་སྡིག་པ་མང་དུ་ཡོད། ལྷ་ས་ནས་ཚེར་མ་ར་མགོ་པང་གང་བརྐུས། མ་ལ་འོ་བཀྲུས་ཞོ་བཀྲུས་ཟོས། ཁྱིམ་རོགས་ལ་ནས་མཛུབ་ཤུབས་གང་བརྐུས། བཟོ་བ་ལ་ཁབ་དང་སྐུད་པ་བརྐུས། ཇོ་དར་དང་མར་མེ་ངོམ་ཆོས་བྱས་པ་སོགས་སྡིག་པ་མང་དུ་ཡོད་པས་འདིར་གཟིགས་ཤིག་ཟེར་ནས་རྡེའུ་ནག་པོ་ཏ་ལེན་ཕྱེད་ཙམ་ཞིག་ཆོས་རྒྱལ་གྱི་གཡས་སུ་བརྒྱ་སྟེབ་ལ་བླུགས་སོ། །དེ་ནས་ལྷ་བུ་དཀར་པོ་གཟུགས་མཛེས་པ། གཟི་མདངས་འབར་བ། དྲི་བཟང་འཐུལ་བ། ཏ་ལེན་དཀར་པོ་ཕྲག་པ་གཡོན་དུ་ཁུར་བ་ཞིག་ན་རེ། ཨེ་ཧེ། མི་ངན་པ་ཁྱོད་ཅི་ཟེར། བུ་མོ་འདིའི་ལོ་རྒྱུས་ལ་ང་མཁས་ཡ། བཙུན་མ་འདི་གསོན་གྲང་ང་ཁམས་ན་ཡོད་དུས་སུ། འཁོར་བར་རྒྱབ་ཀྱིས་ཕྱོགས། བླ་མ་བཟང་པོ་བསྟེན། དད་པ་དག་སྣང་ཆེ། དབེན་པའི་རི་ལ་སོང་། གཅིག་པུར་ལྷ་ཆོས་བསྒྲུབས། དཀའ་སྤྱད་སྙིང་རུས་མཛད། དར་ཅོག་དང་མར་མེ། ཚེ་ཐར་དང་ཚ་ཚ་གྲངས་མང་བསགས། སྡིག་པ་ལ་འཛེམ་བག་བྱས་པ་སོགས་དགེ་བ་དཔག་མེད་ཡོད་པས་གཟིགས་དང་ཛཿཟེར་ནས་རྡེའུ་དཀར་པོ་རི་རབ་ཙམ་ཆོས་རྒྱལ་ཀྱི་གཡོན་དུ་བརྒྱ་སྟེབ་སྟེང་དུ་སྤུངས་སོ། །
དེ་ནས་ཡང་ཆོས་ཀྱི་རྒྱལ་པོའི་ཞལ་ནས། རོགས་དཀར་པོས་བཤད་ན་དཀར་པོ་བདེན། །ནག་པོས་བཤད་ན་ནག་པོ་བདེན། །དེ་འདྲ་བ་ཡིན་དང་ནོར་དོགས་མེད། །ལྷ་དཀར་པོའི་ཞལ་ངོ་དཀར་ལུགས་དང་། །བདུད་ནག་པོའི་ངོ་མདངས་ཞན་ལུགས་དང་། །ད་བུ་མོའི་བཤད་པ་དྲང་ལུགས་དང་། །ངའི་མཁྱེན་པའི་ཡེ་ཤེས་གསལ་ལུགས་ལ། །ཨེ་ཞིབ་ཏུ་བརྟགས་པས་ཤེས་ཚར་ཡང་། །ངེད་གཤིན་རྗེའི་ཁྲིམས་ལམ་ད་དུང་བསྐྱང་། །ངའི་ལས་མཁན་རྣམས་ཀྱིས་གཟིགས་ཤིག་ཛཿཞེས་གསུངས་པ་དང་། སྤྲེལ་མགོ་ཅན་གྱིས་མེ་ལོང་ལ་བལྟས་པས་དགེ་སྡིག་གི་གཟུགས་བརྙན་ཐམས་ཅད་སོ་སོར་མ་འདྲེས་པར་རང་བྱུང་རང་ཤར་དུ་གསལ་ལོ། །དོམ་མགོ་ཅན་གྱིས་ཡིག་ཆུང་ལ་བལྟས་པས་ལས་རྒྱུ་འབྲས་ཀྱི་ཞིབ་ཆ་ཐམས་ཅད་གསལ་དག་ཁྲ་ཤིག་ཤིག་བྲིས་འདུག །སྟག་མགོ་ཅན་གྱིས་དྲང་ཤིང་རྒྱ་མ་ལ་བཏེག་པས་དགེ་བ་སྟོབས་ཆེ་སྟེ་རྒྱ་རྡོ་དཔག་ཚད་ཙམ་ལ་ཡར་སོང་། ཕག་མགོ་ཅན་གྱིས་རྔ་ཆེན་བརྡུངས་པས་སྒྲ་དབྱངས་འབྲུག་ལྟར་ལྡིར། རོལ་མོ་ལྟར་སྙན། པི་ཝཾ་ལྟར་མཛེས་ཏེ། ལྷ་ཚངས་པའི་གནས་མན་ཆད་དུ་གྲགས་སོ། །ཁྱི་མགོ་ཅན་གྱིས་ཁྲམ་ཤིང་ལ་བལྟས་པས་ཁྲམ་དཀར་པོ་མང་པོ་ཡོད། ནག་པོ་མེད་པས་མགོ་སྤྲུགས་ཤིག་བྱེད། ལས་མཁན་རྣམས་ཀྱིས་མགྲིན་གཅིག་ཏུ། ཨ་ལ་ལ་ཧོ། རིགས་ཀྱི་བུ་མོ་བཙུན་མ་འདི་འདྲ་རེ་འོང་རྒྱུ་ཡོད་པ་ངོ་མཚར་ཆེ། འདི་ལ་ཆད་པ་གཅོད་རྒྱུ་ག་ལ་ཡོད། དམྱལ་བའི་འཁོར་བ་དོང་ནས་སྤྲུག་ཏུ་བྱོན་པ་ཡིན་པས་ཆོས་ཀྱི་རྒྱལ་པོས་དགོངས་པར་ཞུ་ཞུ་ཞུས་སོ། །དེ་ནས་ཆོས་ཀྱི་རྒྱལ་པོས་ཅང་མི་གསུང་པར་འཛུམ་གྱི་ལེ་བཞུགས་འདུག །
དེ་ནས་བདག་གིས་ཕྱག་དགུ་ཕྲུགས་སུ་འཚལ། པུས་མོ་ས་ལ་བཙུགས། ལག་ཐལ་མོ་སྦྱར་ནས་གླུ་འདི་སྐད་ཅེས་བླངས་སོ། །ཀྱཻ། ཆོས་ཡོད་དུས་ཆོས་རྒྱལ་རིན་པོ་ཆེ། །ཆོས་མེད་དུས་ཁྲིམས་རྒྱལ་རིན་པོ་ཆེ། །ལས་དགེ་སྡིག་གི་གཟུ་བ་རིན་པོ་ཆེ། །ངོ་མཐོ་དམན་མེད་པའི་རིན་པོ་ཆེ། །ང་སྤྲང་མོའི་ལོ་རྒྱུས་ཞིབ་ཏུ་བཤད། །དང་པོ་གཡོག་ལ་འདུག་པའི་ཚེ། །བེའུ་ཆུང་ལུ་གུ་རེའུ་དང་། །རྟོལ་ལེ་ཁྱིའུ་ལ་སོགས་པའི། །ཉམ་ཆུང་སེམས་ཅན་ཐམས་ཅད་ལ། །ལུས་བྱམས་ངག་སྙན་བརྩེ་གདུང་བྱས། །རྫི་རྟའི་གཡག་རྒན་གཅེས་སྤྲས་བསྐྱངས། །སྣ་མ་འཐེན་ལ་ལྕགས་མ་བྲབས། །མཛོ་མོའི་རྟོལ་ལེ་རིག་མ་ཐག །མ་འོ་ཁམ་གང་ཨེ་རག་བསམས། །བཤན་པའི་ལག་ཏུ་འགྲོ་བའི་ཚེ། །མ་བུའི་སྡུག་བསྔལ་དཔག་མེད་མཐོང་། །སྲོག་རེ་བླུ་ཐབས་ཨེ་ཡོད་བསམས། །བླུ་ཐབས་མ་བྱུང་ང་རང་ངུས། །རྟོལ་ཤ་ཟ་དུས་བསྔོ་བ་མཛད། །གསུང་ཡི་གེ་དྲུག་མའི་སྐྱེལ་མ་བཏང་། །ཁྱོད་ཆོས་རྒྱལ་ཐུགས་ཀྱིས་ལོས་དགོངས་བསམ། །ཨེ་ན་རེ་ཆོས་རྒྱལ་རིན་པོ་ཆེ། །བར་དུ་བག་མར་འགྲོ་བའི་ཚེ། །སྡིག་རྒན་ཁྱོ་ཕོ་སྡིག་ལ་དགའ། །སེམས་ཅན་སྣ་ཚོགས་བསད་པ་ཡི། །ཤ་ཁྲག་ཞིམ་ཞིམ་ཟ་ལ་བཟང་། །སྲོག་རེ་བླུ་རྒྱུ་ཨེ་རྙེད་བསམ། །མ་རྙེད་འཁོར་བར་མི་འདུག་པའི། །སྙིང་ནས་དམ་བཅའ་བརྟན་པོ་བྱས། །ཐབས་ཅི་དྲག་གིས་འཁོར་བ་རྒྱང་དུ་དོར། །ཨེ་ན་རེ་ཆོས་རྒྱལ་རིན་པོ་ཆེ། །ཐ་མར་རི་ཁྲོད་ལ་འགྲོ་བའི་ཚེ། །མོ་ལོ་སུམ་ཅུ་སོ་བདུན་སྟེང་། །བླ་མ་གང་ཤར་རང་གྲོལ་བརྟེན། །སྔོན་ཆོས་བཅུ་ལ་མཐར་ཕྱིན་མཛད། །འབུམ་ལྔ་བསྐོར་གྲངས་མང་དུ་བསོགས། །གཞན་ཕན་བྱང་ཆུབ་སེམས་གཉིས་བསྐྱེད། །རྒྱལ་སྲས་སྤྱོད་པ་ཕྱིན་དྲུག་བསླབས། །ཤཱཀྱའི་དགེ་ཚུལ་མ་ཞིག་མཛད། །ལས་འབྲས་སྤང་བླང་ཞིབ་ཏུ་བྱས། །སྡོམ་དང་བསླབ་པ་མིག་ལྟར་བསྲུངས། །མ་ཎི་དུང་ཕྱུར་གསུམ་རེ་བཏོན། །བསྙེན་གནས་བརྒྱ་དང་སོ་བརྒྱད་གྲུབ། །སེར་སྣ་དང་བྲལ་བའི་ཚེ་འབར་བཙུགས། །ས་བདག་མེད་ལ་ཚ་ཚ་གྲངས་མེད་བཏབ། །ཆུ་བདག་མེད་ལ་ཡོན་ཆབ་མང་དུ་བཤམས། །རླུང་བདག་མེད་ལ་འཁོར་ལོ་མང་དུ་བསྐོར། །མེ་བདག་ལ་མེ་མཆོད་གྲངས་མང་བཏང་། །ཁ་བདག་མེད་ལ་མ་ཎི་གཟབ་གཟབ་བཏོན། །སེམས་བདག་མེད་ལ་དད་གུས་དག་སྣང་བསྐྱེད། །ལག་བདག་མེད་ལ་ཕྲེང་ཆུང་འདྲེན་པར་བྱས། །རི་སེར་པོའི་ངོས་ལ་དར་ཅོག་བཙུགས། །འབྲེལ་ཐོགས་ཀྱི་སེམས་ཅན་འདྲེན་ཕྱིར་བསྔོས། །ཐང་ཆེན་པོའི་དཀྱིལ་དུ་དར་ཅོག་བཙུགས། །དད་ལྡན་ལ་བསོད་ནམས་ཐོབ་ཕྱིར་བསྔོས། །བྲག་དཀར་པོའི་དཀྱིལ་དུ་དར་ཅོག་བཙུགས། །ཡོན་བདག་གི་སྐུ་ཚེ་རིང་ཕྱིར་བསྔོས། །ཨེ་ན་རེ་འཆི་བདག་ཆོས་ཀྱི་རྒྱལ། །ཡང་དངོས་གཞི་རྩ་རླུང་གི་གདམས་པ་ཞུས། །རྒྱབ་རས་དཀར་གོས་དང་བཅུད་ལེན་ཟས། །རྩ་དབུ་རྐྱང་རོ་གསུམ་འཁོར་ལོ་ལྔ། །སྟེང་སྤྱི་བོའི་བྃཿཧྃཿདང་ལྟེ་འོག་མེ། །རླུང་བུམ་ཅན་རླུང་ཁུག་བརྒྱ་རྩ་བརྒྱད། །ཐབས་རང་ལུས་གནད་དུ་བསྣུན་པ་ཡིས། །ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི། །བཅུ་དྲུག་གི་འགྲོས་ཀྱིས་ཞི་བདེ་དྲངས། །ད་རྩ་རླུང་ཐིག་ལེའི་བྱེད་བཅིངས་ཀྱིས། །ས་བཅུ་དང་ལམ་ལྔའི་ཡོན་ཏན་ཀུན། །རྩའི་འཁོར་ལོའི་མདུད་པ་རེ་རེ་ཞིག །དེ་བཞིན་ཏུ་ཟླ་བ་ཡར་ངོས་འདྲ། །སྒྱུ་ལུས་དང་སྟོང་གཟུགས་མཐར་ཕྱིན་ཏེ། །ཟུང་འཇུག་གི་སྐུ་གྲུབ་མངོན་སངས་རྒྱས། །ཡང་ན་རེ་ཐེག་མཆོག་རྫོགས་པ་ཆེའི། །གདམས་པ་ཞུན་ཐར་བཅད་པའི་ཚེ། །ད་ལུས་ངག་ཡིད་གསུམ་གང་གཙོ་བལྟས། །སེམས་གཙོ་བོ་ཡིན་པ་ཁོ་ཐག་ཆོད། །ཡང་སེམས་ལ་ཁ་དོག་དབྱིབས་ལ་སོགས། །འདུག་མི་འདུག་བརྟགས་པས་མེད་ཐག་ཆོད། །ཡང་འཁོར་བའི་རྩ་བ་མ་རིག་པ། །ང་བདག་གི་གཟུང་འཛིན་འཁྲུལ་འཁོར་ཤར། །དང་པོ་ནི་ངའམ་བདག་ཅེས་བྱ་བའི། །གདགས་གཞི་ཞིག་བདེན་བདེན་ཡོད་ཡོད་སྣང་། །འདི་དང་པོ་བྱུང་ས་དང་བྱུང་མཁན་གྱིས། །ངོ་བོ་ལ་ཞིབ་ཏུ་བརྟགས་དཔྱད་བྱས། །སྔར་བྱུང་ས་མེད་པའི་ས་ལ་གཏུགས། །བར་དུ་གནས་ས་དང་ཐ་མ་ལ། །འགྲོ་ས་འགྲོ་མཁན་གཉིས་མེད་ཐག་བཅད། །དེས་བདག་ལྟའི་འཛིན་པ་རང་ཞིག་སོང་། །ཡང་ཕྱི་ནང་གི་ཆོས་རྣམས་བདེན་གྲུབ་ཏུ། །འཛིན་པ་འདི་ལ་བརྟག་དཔྱད་ན། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱི་ཡུལ་དུ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཀུན་ལ་བྱུང་གནས་འགྲོ་གསུམ་བརྟགས། །བདེན་མེད་སྒྱུ་མ་རྨི་ལམ་ལྟར། །གཟུང་བའི་ཡུལ་འདི་སྟོང་པར་ཤེས། །ཕྱི་ཡི་སྣང་བ་སྟོང་པར་ཤེས། །རང་གི་ཕུང་ཁམས་སྟོང་པར་ཤེས། །བར་གྱི་རྟོག་ཚོགས་སྟོང་པར་ཤེས། །དྲང་པོར་ཤེས་པའང་རང་སྟོང་ཉིད། །སྟོང་པ་ནམ་མཁའི་རོལ་པ་ཡིན། །ཐོགས་མེད་ཕྱི་ཡི་ནམ་མཁའ་དང་། །འཛིན་མེད་ནང་གི་ནམ་མཁའ་དང་། །མི་འགྱུར་གསང་བའི་ནམ་མཁའ་གསུམ། །ནམ་མཁའ་གཅིག་གི་རང་བཞིན་ཡིན། །ནམ་མཁའ་རང་རིག་དྲི་མེད་ལ། །ངོ་བོ་མེད་པ་ཀ་ནས་དག །ངོས་བཟུང་མེད་པ་ཟང་ཐལ་ལེ། །བར་མེད་བྱས་ཡལ་ས་ལེ་དང་། །ཧྲིག་གེ་ཝལ་ལེ་སང་ངེ་བ། །རང་བྱུང་རིག་པ་ཀུན་ཏུ་བཟང་། །འཛིན་པ་སྤྲིན་དང་རྦ་རླབས་འདྲ། །གཟུང་འཛིན་འཁྲུལ་པའི་བར་ལག་སྦྲེལ། །འཛིན་པ་བློ་ཡིན་བློ་ཀུན་རྫོབ། །ཀུན་རྫོབ་སྤང་བྱ་འཁྲུལ་སྣང་ཡིན། །རིག་པ་གཅིག་ཤེས་ཀུན་རྫོབ་ལ། །རིག་རྩལ་དམ་པ་རིགས་བརྒྱའི་ལྷ། །གཞན་ན་མེད་དོ་རང་བྱུང་བ། །སྣང་སྟོང་གཉིས་མེད་རིག་པའི་གཤིས། །རྟག་ཆད་གཉིས་མེད་ཀློང་ཆེན་པོ། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །བཟང་ངན་གཉིས་མེད་མཉམ་པ་ཉིད། །རེ་དོགས་གཉིས་མེད་རང་བབ་ཡིན། །ཡེ་གཞིའི་རང་ཤེས་རྗེན་པར་སོང་། །འདི་ཀ་ཀ་དག་ཁྲེགས་ཆོད་ཡིན། །ལྷུན་གྲུབ་ཐོད་རྒལ་ཉམས་ལེན་ནི། །བཞུགས་སྟངས་གཟིགས་སྟངས་དང་བཅས་པར། །རིག་པ་རང་བྱུང་སྒྲོན་མ་དྲུག །འཛིན་མེད་ལམ་ནས་རབ་བསྒོམས་པས། །ལྔ་ལྡན་ཐིག་ལེ་ཕྱང་བ་ཙམ། །དེ་དབུས་རང་བྱུང་རང་ཤར་བའི། །སྐུ་དཀར་འོད་ཟེར་དཀར་པོ་སྣང་། །སླར་ཡང་རང་གི་སྤྱི་བོར་ཐིམ། །སྐུ་དམར་འོད་ཟེར་དམར་པོ་སྣང་། །རང་གི་མགྲིན་པར་ཐིམ་པར་གྱུར། །སྐུ་མཐིང་འོད་ཟེར་མཐིང་ག་སྣང་། །བདག་གི་སྙིང་གར་ཐིམ་པར་གྱུར། །སྣང་བཞིའི་རིམ་པ་རྫོགས་པར་བསླབས། །མི་འགྱུར་ལྟ་བའི་གདེང་ཆེན་ཐོབ། །མི་ནོར་བསྒོམ་པ་རྒྱུན་མ་བཅད། །མི་རྟོག་ཤུགས་འབྱུང་སྤྱོད་པ་བསྐྱངས། །མི་གནས་སྐྱེ་མེད་གཞི་ཡི་ཁམས། །མི་སྒོམ་རང་བྱུང་རིག་པའི་ལམ། །མི་འབྱུང་རང་བྱུང་རིག་པ་འབྲས་བུ་ཆེ། །ཚེ་འདིར་ལུས་སེམས་མ་སྤངས་པར། །འཇའ་ལུས་འོད་སྐུར་སྨིན་པ་དང་། །གཞོན་ནུ་བུམ་སྐུར་སངས་རྒྱས་སོ། །སླར་ཡང་བར་དོ་དྲུག་ཁྲིད་ཞུས། །སྣང་སྲིད་འཁོར་འདས་ཆོས་ཐམས་ཅད། །བར་དོ་དྲུག་ཏུ་གཏན་ལ་ཕབ། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་བསླབས། །དེ་ལྟར་ཡིན་ནོ་ཐུགས་ལ་ཞོག །ཅེས་ཞུས་སོ། །
དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས། ཨེ་མ། བཙུན་མ་ཁྱོད་འདྲ་བྱོན་པ་ངོ་མཚར་ཆེ། །ང་ཡང་དགའ་ལ་སྐྱིད་པའི་སྣང་བ་ཤར། །རང་སྣང་དག་པའི་ཞིང་ཁམས་གཡུ་ལོ་བཀོད། །རྗེ་བཙུན་འཕགས་མ་སྒྲོལ་མའི་རྣམ་སྤྲུལ་ཞིག །བསམ་བཞིན་དམྱལ་བ་དོང་ནས་སྤྲུག་ཏུ་བྱོན། །ཡ་མཚན་རྨད་བྱུང་དགེ་ལེགས་དཔལ་གྱིས་ཕྱུག །ཨེ། དགེ་སྡུག་རྒྱུ་འབྲས་ཞིབ་ལུགས་དང་། །ལྟ་བའི་རྒྱལ་ས་ནོན་ལུགས་ལ། །ངས་ཁྱོད་ལ་མིང་ཞིག་བཏག་པར་བྱ། །ཀུན་བཟང་ཆོས་ཀྱི་སྒྲོལ་མར་གསོལ། །ཀུན་བཟང་འཁོར་འདས་ཆོས་ཀུན་ཀྱང་། །བཟང་ངན་མཉམ་བརྡལ་ཤོང་ཡང་ཆེ། །སྒྲོལ་མ་ངན་སོང་ཡོངས་སྒྲོལ་ཞིང་། །དམ་པའི་ཆོས་ཀྱི་འབྱུང་གནས་མ། །མ་རིག་མུན་སེལ་སྒྲོན་མེ་གསལ། །དོན་དང་ལྡན་པར་མཚན་གསོལ་ལོ། །ཞེས་གསུངས་པའི་དེ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། རྗེ་བཙུན་ཨཱརྱ་ཏཱ་རེ་བྱོན་ནས་སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་གདམས་པ་གནང་། འགྲོ་དོན་ངན་སོང་གི་ཡུལ་དུ་འདུག་ཅེས་ལུང་བསྟན། འཁོར་བ་དོང་སྤྲུགས་ཀྱི་འཁོར་ཆེན་བསྐོར་ལ་བྱོན་དང་། སེམས་ཅན་སྟོང་ཕྲག་མང་པོ་འདྲེན་པར་འགྱུར་རོ། །ཞེས་དབུགས་དབྱུང་ངོ་། །ཡང་གསང་བདག་ཕྱག་ན་རྡོ་རྗེའི་ཞལ་ནས། ཁྱེད་ཀྱིས་འཁོར་བ་དོང་སྤྲུགས་ཀྱི་སྨོན་ལམ་ཐོབ་ལ་འཁོར་ཆེན་བསྐོར་ནས་བྱོན་དང་། ངས་ཁྱེད་ཀྱི་ལམ་སྣ་འདྲེན་ནས་དམྱལ་བ་ཡང་སོས་ཀྱི་ཡུལ་དུ་ཕེབས་འགྲོ་ལགས་གསུངས་པས། བདག་གིས་འགྲོ་གྲབས་བྱས་པ་དང་མཉམ་དུ། ཆོས་ཀྱི་རྒྱལ་པོའི་ཉེ་འཁོར་ན་གནས་པའི། རྟོལ་ལེ། ཁྱི་རྒན། གཡོག་མོ་སོགས་སེམས་ཅན་ཉམ་ཐག་པ་མང་པོ་ངུ་དིར་དིར་ང་རང་གི་གཟན་གྱི་སྣེ་ལ་འཇུས་འདུག །
དེ་ནས་དཔལ་དགྱེས་མཚོ་སང་གི་རྟོལ་ལེ་དམར་པོ་ངོ་དཀར་པོ་ཅན་ཞིག་གིས་བདག་ལ་མིག་མཆི་མ་ཕྲོམ་ཕྲོམ་སུག་བཞི་འདར་ཡོམ་ཡོམ་བྱེད་བཞིན་འཕྲིན་འདི་ལྟར་ཟེར་རོ། །ཀྱཻ། མི་ཡུལ་ནས་བྱོན་པའི་མཁའ་འགྲོ་ལགས། །གསོན་གྲང་ང་ཁམས་ལ་འཕྲིན་འདི་ལྡོབ། །ང་རྟོལ་ལེ་མ་བུའི་སྡུག་ཅིག་མེད། །མ་གྲབས་དྲོན་མོར་འདུག་དབང་མེད། །མ་སྐད་སྙན་ཡང་ཉན་དབང་མེད། །མ་འོ་མངར་ཡང་ནུ་དབང་མེད། །དཀར་ངོགས་ལ་འཕྲང་ཡང་གསོད་དུ་ཉེ། །ཅུང་ཟད་མ་ཡི་ཟུར་དུ་འཇོག །རྔ་ལི་གེར་གེར་བྱས་ནས་རྒྱུག །བཞོན་མའི་འཆང་ལ་ནུས་ལ་འདུག །ང་རང་ནམ་གསོད་ནམ་གསོད་བསམ། །སྒྱིད་པར་ནམ་འཇུ་ནམ་འཇུ་བསམ། །མ་བུ་ནམ་བྲལ་ནམ་བྲལ་བསམ། །སྲོག་འདི་བཞོན་མས་ཨེ་བསྐྱབ་བསམ། །སྲིན་པོ་གདོང་དམར་མ་དེ་ཡིས། །བཞོ་ཚར་ཟེར་ནས་ཤན་པ་འབོད། །དེ་མ་ཐག་ཏུ་ཤན་པ་ཐོན། །ལག་པ་གཡོན་ལ་ཐག་པ་བཟུང་། །གཡས་ཀྱི་རྟོལ་ལེའི་སྒྱིད་པར་འཇུ། །སྙིང་ནི་ཚར་པ་དགུ་རུ་གས། །གསོད་ཆས་བྱེད་པ་སུས་མཐོང་བསམ། །སྲོག་ཅིག་སྐྱོབ་ནི་ཨེ་ཡོད་སྙམ། །སྲོག་སྐྱོབ་མེད་པར་ཁོ་ཐག་ཆད། །ཤན་པས་སྒོ་ཁར་ཁྱེར་ནས་མནན། །རྐང་ལག་བཞི་ཀ་ཐག་པས་བསྡམས། །ཤན་པའི་ངོ་ལ་བལྟས་ནས་ངུས། །འོ་དོད་ཆེན་པོ་བོས་ན་ཡང་། །མ་ཕན་ཁ་མཆུ་ཐག་པས་བསྡམས། །དབུགས་ཀྱི་རྒྱུ་འགྲུལ་ཐག་གིས་བཀག །འཆི་རྒྱུ་མེད་དོ་རྟོལ་ལེའི་སྡུག །དབུགས་ཆེན་ཕྱི་ལ་མི་འགྲོ་ཐག་པས་བསྡམས། །དབུགས་ཆུང་ནང་དུ་མི་འོང་མཆིན་པ་གས། །རྩ་ཆེན་ཐམས་ཅད་རླུང་གིས་བཀང་ནས་བརྒྱང་། །རྩ་ཕྲན་ཐམས་ཅད་རླུང་གིས་བརྒྱང་ནས་གད། །རྩ་ཆུང་ཐམས་ཅད་རླུང་གི་ཤེད་ཀྱིས་ཆད། །ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་གོང་། །པགས་པ་བྲལ་ནས་ཤ་ཁྲག་དམར་ཉོག་གེ །ལུས་སེམས་གཉིས་ཀ་ཆུ་ཚན་ནང་དུ་བཙོས། །སྙིང་རྗེ་མེད་པའི་ཤན་པ་ལས་ངན་པོས། །ཤ་ཁྲག་མྱུར་དུ་ཟ་ཞིང་ཧ་བགད་བྱེད། །དེ་ཚེ་ཆོས་རྒྱལ་མདུན་ལ་འགྲོ་རྟེན་དུ། །མ་ཎི་གཅིག་གི་སྐྱེལ་མ་ཨེ་རྙེད་བསམ། །བཟའ་ཚང་ཀུན་ལ་ཉུལ་ནས་བལྟས་པའི་ཚེ། །མ་ཎི་ཨོཾ་གཅིག་མ་རྙེད་སྡུག་བསྔལ་ཆེ། །ཞག་གསུམ་ང་ཡི་ནུ་སྐལ་འོ་མ་བསོགས། །ཁྱིམ་རོགས་བཟའ་ཚང་ཀུན་འདུས་འཐུང་བར་བྱེད། །ངེད་མ་བུའི་དོན་དུ་མ་ཎི་ཨེ་རྙེད་བསམ། །མ་ཎི་གཅིག་ཀྱང་མ་རྙེད་སྡུག་བསྔལ་ཆེ། །བར་དོའི་འཕྲང་ལ་འགྲོ་དགོས་ཡི་རེ་མུག །འཆི་བདག་གཤིན་རྗེ་ངོ་འཇིགས་ཅི་དགོས་བསམ། །ལས་མཁན་ངོ་མི་ཤེས་པ་ཨ་ཐང་ཆད། །ཅི་བྱེད་འདི་བྱེད་མ་ཆུད་ནས། །ཨ་མའི་ཟུར་ལ་སོང་ནས་བལྟས། །ལས་ངན་བུ་སྡུག་ང་ཡི་དོན། །ཨ་མ་ངུས་པའི་མཆི་མ་ནི། །བསོགས་ན་རྒྱ་མཚོ་ཙམ་ཡོད་དོ། །ང་རྟོལ་ངན་ཨ་མས་མི་རིག་གི །འདུག་བསམས་ཀྱང་འདུག་དབང་ང་ལ་མེད། །གཞན་གྱི་བེའུ་མཐོང་བའི་ཚེ། །ང་ཡིན་བསམས་ནས་ངུར་ཆུང་བྱེད། །མ་ཡིན་ཨ་མ་བསད་པ་འདྲ། །བཞོན་མ་དེ་ལ་དུང་དུང་བྱེད། །འདི་ཡིས་ངའི་བུ་ཨེ་སྦྱིན་བསམ། །ཨ་མའི་སེམས་ཀྱི་སྡུག་བསྔལ་འདི། །ས་རྡོ་ཡིན་རུང་མི་ཐེག་གི །དོན་མེད་ཤན་པ་འོ་མས་གསོས། །མཐའ་མ་ཨ་མ་བཤའ་རྒྱུ་ཡིན། །ངེད་མ་བུའི་སྡུག་བསྔལ་ཡི་མུག་འདི། །ཁོང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞུས། །བསྔོ་བ་དང་སྨོན་ལམ་གཟབ་གཟབ་ཞུ། །ཡང་མི་སྐྱ་ཕོ་མོ་རྣམས་ལ་སྨྲོས། །སྙིང་རྗེ་ནས་མ་ཎི་བསྔོ་སྨོན་ཞུ། །བན་བླ་མ་སེར་མོ་རྣམས་ལ་གསུངས། །ཡིག་དྲུག་དང་མཚན་སྔགས་གསུང་བར་ཞུ། །མདོ་སྔགས་ཀྱི་དམ་ཆོས་བཤད་པའི་དུས། །ང་མ་བརྗེད་བསྔོ་སྨོན་བཀའ་དྲིན་ཞུ། །མགོ་མཐོ་དམན་མེད་པ་ཐམས་ཅད་ཀྱིས། །ཚེ་འདི་ཡི་སྐུ་རིམ་དང་ཕྱི་མའི་ཆོས། །གང་ལའང་སྲོག་བླུ་འདིས་བཟང་མེད། །འཛམ་གླིང་མཐའ་སྐོར་བྱས་པ་དང་། །རྟོལ་ལེ་གཅིག་སྲོག་བླུས་པ་མཉམ། །མ་ཎི་དུང་བདུན་ཕན་ཡོན་དང་། །རྟོལ་ལེ་གཅིག་སྲོག་བླུས་པ་མཉམ། །ངས་གཤིན་རྗེའི་ཡུལ་ནས་ཤི་ལག་འཐེན། །ད་མ་བརྗེད་ཡེ་ཤེས་མཁའ་འགྲོ་མ། །ང་རྟོལ་ལེ་ཚེ་ཐར་སྲོག་བླུ་རེའི། །སྐུ་དྲིན་མ་ཆུང་ཡང་ཡང་ཞུ་ཞུ་ཞུའོ། །
དེ་ནས་འབང་ཀོས་རྩིས་ཁྱི་རྒྱ་རྒོད་ཀྱིས་འཕྲིན་འདི་སྐད་ཟེར། ང་སྔ་མོ་ནམ་གྱི་ཐོ་རངས་ལ། །ཁྱི་རྒན་བཏག་སར་འབོད་པའི་ཚེ། །ལྕི་ལེབ་སྟེང་དུ་ཞོ་ཐིགས་དྲུད། །ཞོ་ཐིགས་བལྡགས་ནས་ལྕི་ལེབ་ཟོས། །མ་ལོམ་ཁ་ཟུར་ཐུར་དུ་འཕངས། །མགོ་ལྤགས་ལ་འཇུས་དྲུད་ནས་སོང་། །ལྕགས་ཐག་གྲང་མོས་སྐེ་ལ་བཏགས། །ང་རང་ཤག་ཐབས་མ་ཐོན་པས། །ཉལ་ས་གངས་རི་དཀར་པོའི་ནང་། །བཏགས་ན་དམྱལ་བའི་སྡུག་བསྔལ་མྱོང་། །ཁྱི་ར་མེད་པའི་ཐང་རྗེན་ཡིན། །ཁྱིམ་ནས་ཟས་ཆ་བསྒུལ་དུས་ལ། །ཁྱི་ཆས་ཨེ་བླུད་རེ་བ་ཆེ། །འོ་མའི་རྐྱལ་བ་བཤིགས་པའི་དུས། །བཀྲུ་བཤལ་ཞིག་ནི་ནམ་བླུད་བསམ། །ཤ་བརྒྱ་རུས་བརྒྱ་འཆོས་ན་ཡང་། །ཁུ་ཐིགས་གཅིག་ནི་འཐུང་རྒྱུ་མེད། །རྩམ་པ་སྒྱོ་བརྒྱ་འཐག་ན་ཡང་། །མ་ལོམ་མཆིག་རྩ་ཆབ་ཆོབ་བླུད། །ཉིན་གཅིག་ཉི་མ་རེ་རེ་ལ། །ལྟོ་ཆས་གཅིག་ལས་འཐུང་རྒྱུ་མེད། །དབྱར་དུས་ཉི་མས་སྒོག་ནས་གདུངས། །ལྟོག་སྐོམ་གཉིས་ཀྱིས་མནར་བར་འདུག །ཡི་དྭགས་འདྲ་བའི་ཁྱི་རྒན་ང་། །དགུན་དུས་ལྷགས་པས་གདུང་བའི་ཚེ། །ལྟོག་འཁྱགས་གཉིས་ཀས་ང་རང་མནར། །ན་ནིང་ཁས་རྙིང་ད་ལོ་ཡོད། །མཐའ་མ་ཁྱི་རྒན་ཁ་བསྐོར་ནས། །མཚེར་ཤུལ་བསྲུངས་ནས་མུ་གེས་ཤི །འཇིག་རྟེན་མི་ཡུལ་བུད་མེད་རྣམས། །ཁྱི་ཆས་ལན་གསུམ་བླུད་རོགས་མཛོད། །སྡུག་བསྔལ་ཡོད་པའི་ལོ་རྒྱུས་འདི། །བླ་མ་བྱང་སེམས་སེར་མོ་དང་། །མི་སྐྱ་ཕོ་མོ་ཀུན་ལ་ཤོད། །བསྔོ་བ་སྨོན་ལམ་ནན་ཏན་མཛོད། །འཕྲིན་འདི་སྡེབས་པ་བཀའ་དྲིན་ཞུ། །དེ་ནས་ཁྱི་རྒན་གར་འགྲོ་འདིར་སོང་མེད་པར་འཇའ་ཡལ་བ་ལྟར་མེད་སོང་ངོ་། །ཡང་བུད་མེད་ཤ་ཁ་སྔོ་སང་ངེ་བ་ལྷ་མཚོ་ཟེར་བའི་གཡོག་མོ་དེ་ན་རེ། ང་རང་གི་འཕྲིན་འདི་གསུངས་རོགས་བཀའ་དྲིན་མི་ཆུང་བར་ཞུ། ཀྱཻ་མ། ང་གསོན་གྲང་ང་ཁམས་ན་ཡོད་དུས་སུ། །ཨ་སྐྱོང་ལྷ་བ་སང་གི་ནི། །ལོ་དགུའི་བར་གྱི་གཡོག་མོ་ཡིན། །ཁ་ཡར་འཁོར་གཡོག་མོའི་སྡུག་ཅིག་མེད། །ཟས་གྲབས་སུ་ཟོས་ཀྱང་ཁ་རིན་ཡོད། །གོས་མཉམ་དུ་གྱོན་ཡང་སྐུམ་རྩག་ཡིན། །རྐང་ལྷམ་མེད་བ་མོ་ལྡོག་ཆོམ་ཡིན། །མགོ་ཞྭ་མེད་དགུང་སྔོན་མཐོན་པོ་ཡིན། །ཟས་ཟ་དབང་མེད་པའི་དབང་ཆུང་ཡིན། །ནག་མོ་ཚགས་དབང་གདོང་དམར་མས། །རྟོལ་ལེ་ངེད་གཉིས་ཁང་ནང་ཕུད། །མཉམ་དུ་གྲང་ངར་ལྷགས་པས་ཤི །ངས་གཤིན་རྗེའི་ཡུལ་དུ་བསྒུགས་ནས་ཡོད། །ལུས་མ་དག་སྐྱེ་བ་མོ་ལུས་བླངས། །མི་ཡུལ་དུ་འཁྱམས་པའི་གཡོག་མོ་ཡིན། །གཡོག་གླ་མ་སྦྱིན་བསྒུགས་ནས་ཡོད། །ང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན། །རྟོལ་ལེ་འོག་མིན་མཁའ་སྤྱོད་འཕངས། །ཁྱེད་མི་ཡུལ་བཙན་ཕྱུག་འཛོམས་པ་རྣམས། །གཡོག་མོ་རྣམས་ཀྱི་རྣམ་ཐར་འདི། །མ་རྗེད་གསོན་པོ་རྣམས་ལ་ཤོད། །སྙིང་རྗེ་རེ་ཡོད་ན་བསྔོ་སྨོན་གྱིས། །གུ་རུའི་རྒྱལ་ཚབ་གྲུབ་པའི་རྗེ། །གཏེར་སྟོན་བརྒྱ་རྩ་གཏེར་ཕྲན་སྟོང་། །ཡང་སྤྲུལ་བྱེ་བ་ཕྲག་བརྒྱ་སོགས། །མ་ངེས་སྤྱོད་པ་སྣ་ཚོགས་འགྱེད། །སྨད་པར་མ་བྱེད་ཉེས་པ་ཆེ། །བཟང་ངན་ཞིབ་ཏུ་བརྟགས་ན་གསལ། །ཆང་དང་ཆུ་གཉིས་ནོར་བ་མེད། །འཁོར་བར་སྣང་ལ་འདས་པ་དངོས། །སྤྱོད་པ་ངན་འདྲ་དོན་ལ་བཟང་། །ཡ་མཚན་ཆོས་དང་མི་འགལ་བ། །མཐའ་མ་ཉི་མ་ཤར་བ་འདྲ། །ནོར་བ་མེད་དོ་ཤེས་པར་གྱིས། །ཕལ་བའི་མི་དང་འདྲ་བ་མེད། །ང་ནི་མཁའ་སྤྱོད་ཉུལ་དུ་འགྲོ། །མཁའ་འགྲོ་རྣམས་ཀྱི་བསུ་མ་ཡོད། །རིག་འཛིན་བླ་མས་རོལ་མོ་འཁྲོལ། །ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་འགྲོ། །ཞེས་གསུངས་ནས་མི་སྣང་བར་གྱུར་རོ། །
དེ་ནས་དམྱལ་བ་ཡང་སོས་ལ་འགྲོ་བའི་ཚེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། ལྷ་མཆོག་ཐུགས་རྗེ་ཆེན་པོས་ལམ་སྣ་དྲངས། ང་རང་རྗེས་སུ་འབྲངས་ནས་སོང་སྟེ། ཚ་དམྱལ་བརྒྱད་པོ་རིམ་པར་སྟེང་ནས་སྟེང་འོག་བྱས་ཏེ་ཆགས་ཡོད་ཅིང་། ཚ་དམྱལ་བརྒྱད་ཀ་པོ་ཐམས་ཅད་ལས་མཐུན་གྱི་དབང་གིས་ས་གཞི་ཐམས་ཅད་ལྕགས་སྲེག་འབར་བ་མེ་ལྕེ་དམར་སྒ་ར་ར་མཆེད་པ། ཕྱོགས་ཐམས་ཅད་ལྕགས་སྲེག་གི་ར་བས་བསྐོར་བ། སྟེང་ནས་མེ་སྟག་གི་ཆར་བ་དམར་ཐ་ར་ར་བབ་པ་ཤ་སྟག་མཐོང་ངོ་། །ཡང་རེ་རེ་བཞིན་ཉེ་འཁོར་ལྷག་པ་བཅུ་དྲུག་གྲོང་དང་དགོན་པའི་ཚུལ་དུ་ཐད་ཀར་ཆགས་ཡོད་པ་དང་། མ་ངེས་པའི་དམྱལ་ཁམས་དཔག་ཏུ་མེད་པ་སྣང་ངོ་། །ལྕགས་སྲེག་གི་ས་གཞི་དེར་ལས་མཁན་དཔག་ཏུ་མེད་པ་རྣམས་ཀྱིས་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དམྱལ་བའི་སེམས་ཅན་ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་གང་འདུག །དེར་ངོ་ཤེས་པའི་ཚེ་འདས། ཨ་ལོ། ཨ་ནེ་དཔའ་ལོ། ཉག་ཧོར་དཀོན་མཆོག་དང་ངོ་མི་ཤེས་པ་མང་པོ་ཞིག་ལ་རི་རབ་ཙམ་གྱིས་བསྣུན་ཏེ་ཤ་སྐྱོ་ཁྲག་སྐྱོ་དམར་ནུར་གྱིས་བཏང་། ཡང་ཐོ་ལུམ་ཡར་བཏེག་པའི་ཚེ་ནམ་མཁའ་ནས་སོས་པར་གྱུར་ཅིག་ཅེས་སྒྲ་གྲག་པར་གྱུར་པས་ཡང་སྔར་བཞིན་སོས་ནས་ཐོ་ལུམ་གྱིས་གནུར་ཏེ་ལན་བརྒྱད་ཁྲིར་འཆི། ལན་བརྒྱད་ཁྲིར་སོས་པ་སོགས་ཉིན་ཞག་གཅིག་ལ་སྡུག་བསྔལ་དེ་ལྟ་བུ་དཔག་ཏུ་མེད་པ་མྱོང་བཞིན། བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་གནས་དགོས་སོ། །
དེ་ནས་ཨ་ལོ། དཔའ་ལོ། དཀོན་མཆོག་རྣམས་ཀྱིས་ཀུན་བཟང་ཆོས་ཀྱི་སྒྲོལ་མ་རིན་པོ་ཆེ་ཁྱེད་ཀྱིས་ངེད་རྣམས་ཀྱི་འཕྲིན་འདི་ཟེར་རོགས་གྱིས་ཞུས། ངེད་ཅག་གསོན་གྲང་ང་ཁམས་ན་ཡོད་དུས་མནའ་ཟོས་པ་དང་། ཚེ་ཐར་བསད་པ་དང་། མི་རྟ་བསད་པ་དང་། བཤས་ལུག་བསད་པ་སོགས་ཀྱི་ཉེས་པས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་འདུག །ད་ཚེ་ཐར་དང་། དར་ཅོག །ཐར་མདོ་དང་མ་ཎི་གང་འགྲུབ་རེ་ལ་མ་འཆུགས་རེམ་རེམ་གསུངས་རོགས་ཞུ། དེ་ནས་བདག་གིས་དེ་དག་ལ་དམིགས་ནས་འཁོར་ཆེན་བསྐོར་བཞིན་གླུ་འདི་ལྟར་བླངས་སོ། །ཀྱཻ་མ། ཉམ་ཐག་པའི་དམྱལ་བའི་སེམས་ཅན་རྣམས། །ལྷ་ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས། །དཔལ་བྲག་ལྷ་མགོན་པོའི་སྡོང་གྲོགས་མཛོད། །མཚན་ལྡན་གྱི་ཇོ་དར་དཀར་པོ་དང་། །སྤྲང་མོ་རང་གི་སྨོན་ལམ་མཐུས། །མཁའ་སྤྱོད་དག་པའི་ཞིང་དུ་འཕོས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྗོད་པས་སེམས་ཅན་བདུན་ལས་འདྲེན་མ་ནུས། དེ་མ་ཐག་ཏུ་ནམ་མཁའི་དབྱིངས་ནས་རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་བཅས་དར་ཅོག་དཀར་པོ་བསམ་གྱིས་མི་ཁྱབ་པ་བྱོན་ནས་སེམས་ཅན་རྩིས་གྲངས་མེད་པ་འདྲེན་པར་གྱུར་ཏོ། །
དེ་ནས་ཡང་བདག་ཉིད་ཐུགས་རྗེ་ཆེན་པོས་ལམ་སྣ་དྲངས་ནས་སོང་བས་ཡང་དམྱལ་བའི་སེམས་ཅན་གྲངས་མེད་པ་རྣམས་ཀྱི་སྙིང་ཁ་ནས་ལྕགས་ཀྱི་སྐམ་པ་མེ་འབར་བས་གཟེར་ཏེ། སྙིང་གྱེན་དུ་འཐེན་ནས་ཕྱིར་ཕུད་པ་དང་། གདུག་པའི་ཐག་པ་ནག་པོ་བརྒྱད་རེ་སྐེ་ལ་བཏགས་ནས་ཕར་འཐེན་ཚུར་འཐེན་བྱས་པས་ངུ་སྐད་དུང་དུང་བྱེད་ཀྱིན་འདུག་པས། འདི་ལས་ཅི་བྱས་པ་ཡིན་ཞེས་ཐུགས་རྗེ་ཆེན་པོ་ལ་དྲིས་པས། དེ་ན་རེ། འདི་བཤའ་ལུག་སོགས་གསོད་དུས་སྐེ་ལ་ཐག་པ་བཏགས་ནས་ཁྲིད་པ་དང་མཆུ་ཐག་པས་བསྡམས་པ་དང་། སྲོག་རྩ་བཅད་པའི་ཉེས་པ་ཡིན་གསུངས། བདག་གིས་འཁོར་ཆེན་བསྐོར་ལ་གླུ་འདི་ལྟར་བླངས་སོ། །ཀྱཻ་མ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སངས་རྒྱས་འོད་དཔག་མེད་པ་བྱིན་རླབས་ཅན། །ལས་ངན་དམྱལ་བའི་སེམས་ཅན་འདི་རྣམས་ནི། །མགོན་པོ་ཁྱེད་ཀྱིས་ཐར་ལམ་འདྲེན་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྗོད་པས་སེམས་ཅན་བདུན་ལས་མ་འདྲེན་ནོ། །ཡང་རོལ་མོའི་སྒྲ་དང་བཅས་དར་ཅོག་དཀར་པོ་མང་དུ་བྱོན་ནས་སེམས་ཅན་དུང་ཕྱུར་མང་པོ་འདྲེན་པར་གྱུར་ཏོ། །ཡང་ཐུགས་རྗེ་ཆེན་པོས་ལམ་སྣ་དྲངས་ཏེ་བདག་སོང་བས་དམྱལ་བའི་སེམས་ཅན་མང་པོ་ཤ་ལྤགས་སོ་སོར་བྲལ་ཏེ། ཡང་བཤས། ཡང་སོས། དེ་ལྟ་བུའི་སྡུག་བསྔལ་མཐའ་ཡས་པ་མྱོང་ངོ་། །དེར་ངོ་ཤེས་པའི་ཚེ་འདས་རྫ་བའི་དོན་གྲུབ། ཛ་འགོའི་བློ་བཟང་། རྒན་མོ་ཀ་རིས་རྣམས་ན་རེ། ངེད་དག་བདག་མེད་ཀྱི་ཤི་བོ་ཡིན། མི་ཡུལ་ནས་མ་ཎི་རེ་བླུ་རོགས་ཞུ། ཞེས་འཕྲིན་བསྐུར་བའི་ཚེ་འདས་གསུམ་དང་ངོ་མི་ཤེས་པའི་ཚེ་འདས་མང་པོ་འདྲེན་མ་ནུས་སོ། །དད་པ་དག་སྣང་མེད་པ་དག་ཡིན་ནོ། །ཡང་ལམ་སྣ་ཐུགས་རྗེ་ཆེན་པོས་ཁྲིད་ནས་སོང་བའི་ལྕགས་ཀྱི་གསལ་ཤིང་ཆེན་པོ་ཞིག་སྣང་ལ། དེ་ཡི་རྩེ་མོ་ནས་རྩ་བའི་བར་དུ་ལས་མཁན་རྣམས་ཀྱིས་དམྱལ་བའི་སེམས་ཅན་རྣམས་ཡར་མར་ལ་དེད་ཅིང་རྒྱུ་མ་ཐམས་ཅད་ཐག་བྲན་པ་ལྟར་གནར་འདུག་པ་མཐོང་བའི་མོད་ལ། ཐུགས་རྗེ་ཆེན་པོ་ལ་དྲིས་པས། དེ་ན་རེ། དེ་རྣམས་གསོན་གྲང་ང་ཁམས་ན་ཡོད་དུས་སུ་ཤན་པ་ལག་དམར་རྣམས་ཀྱིས་སེམས་ཅན་གསོད་དུས་རྒྱུ་མ་རྣམས་ཡར་གནམ་ལ་འདྲེན། མར་ས་ལ་དྲུད། བཙོ་བསྲེགས་ཟ་འཐུང་སོགས་བྱས་པས་ཉེས་དམིགས་ཡིན་གསུངས་པས། བདག་གིས་ཇོ་འཁོར་བསྐོར་བཞིན་གླུ་འདི་སྐད་ཅེས་བླངས་སོ། །ཨེ་མ་ཧོ། སྐྱབས་མཚུངས་མེད་རྩ་བའི་བླ་མ་དང་། །ཤར་རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །ལས་ངན་པའི་སེམས་ཅན་འདི་དག་རྣམས། །མགོན་ཁྱེད་ཀྱིས་ཐར་པའི་ལམ་སྣ་དྲོངས། །ཡུམ་མཁའ་འགྲོ་རྣམས་ཀྱིས་རྒྱབ་ནས་སྐྱོལ། །གསུང་ཡི་གེ་དྲུག་མས་སྐྱེལ་མ་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྗོད་པས་སེམས་ཅན་མང་པོ་འདྲེན་མ་ནུས་སོ། །ཡང་རོལ་མོ་དང་བཅས་དར་ཅོག་བསམ་གྱིས་མི་ཁྱབ་པ་བྱོན་ནས་སེམས་ཅན་དུང་ཕྱུར་མང་པོ་འདྲེན་པར་གྱུར་ཏོ། །ཡང་ཐུགས་རྗེ་ཆེན་པོས་ལམ་འདྲེན་བྱས་ནས་སོང་བས་སྤུ་གྲིའི་ཐང་ཆེན་པོ་ལ་ཐོན་པར་གྱུར་ཏོ། །དེར་གནས་པའི་སེམས་ཅན་ལུས་ངན་པ་རྣམས་ཀྱི་ཤ་དུམ་བུར་འཐོར། ཁྲག་ཐིགས་པ་བྱས། ཡང་ལས་མཁན་ར་ལུག་འབྲི་གཡག་སོགས་ཀྱི་མགོ་ཅན་རྣམས་ཀྱིས་རྭ་ཅོས་ཐལ་མར་ཕུག་གོ །ཡང་གཅན་གཟན་མཆེ་བ་ཅན་རྣམས་ཀྱིས་ཟ་འདྲད་བྱེད་དོ། །འདི་ན་ཡོད་པའི་ཚེ་འདས་སྟོང་ཕྲག་བདུན་ཙམ་གྱི་ཆ་འཕྲོད་ཡོད། ད་དུང་མང་པོ་ལྷག་ཡོད་པ་རྣམས་ལ་དམིགས་ཏེ། ཇོ་འཁོར་བསྐོར་ཞིང་གླུ་འདི་ལྟར་བླངས་སོ། །ཀྱཻ་མ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །སྐྱེ་མེད་སྤྲུལ་སྐུ་ལབ་སྒྲོན་མཁྱེན། །ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ། །མཁའ་སྤྱོད་དག་པའི་ཞིང་དུ་སྤོར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྡུག་བསྔལ་ཅུང་ཟད་སྲབ་པ་ལས་འདྲེན་མ་ནུས་སོ། །འདི་ལོག་ལྟ་ཅན་རྣམས་ལ། དཀར་པོའི་ཆོས་མི་འབྱུང་ཕྱིར་རོ། །
ཡང་ཐུགས་རྗེ་ཆེན་པོས་ལམ་འདྲེན་བྱས་ནས་སོང་བའི་ལྕགས་ཀྱི་སྡོང་པོ་ཞིག་ལ་བླ་མ་རལ་པ་ཅན་ཞིག་འཛེགས་ནས་ཡོད་པ་ལ། སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོས་ལུས་ཐམས་ཅད་དམར་ཐ་ར་ར་ཟ་ཞིང་སྡུག་བསྔལ་ལོ། །ཁྱོད་འདིར་སྐྱེ་བའི་རྒྱུ་ཅི་ཡིན་དྲིས་པས། ང་མི་ཡུལ་ན་ཡོད་དུས། བུད་མེད་ཕྱུག་པོ་ནོར་རྫས་ཆེན་པོ་ཡོད་པའི་སྦྲུམ་མ་ཞིག་བསད་པའི་རྣམ་སྨིན་ཡིན་གསུངས་སོ། །བདག་གིས་རིག་པ་རང་གྲོལ་གྱི་གླུ་འདི་ལྟར་བླངས་སོ། །ཨེ་མ་ཧོ། དམྱལ་བ་རང་གི་སེམས་ཡིན་པས། །ཆོས་ཉིད་སྟོང་པའི་ངང་དུ་བཞུགས། །ལས་ཀྱི་སྲིན་བུ་མཆུ་རྣོན་རྣམས། །ཕུང་པོ་ལྷག་མེད་སྦྱིན་པར་སྒོམ། །ཟབ་མོ་གཅོད་ཀྱི་གདམས་ངག་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་དང་འཁོར་ཆེན་བསྐོར་ཀྱང་འདྲེན་མ་ནུས་སོ། །དེ་ནས་རོལ་མོ་དང་བཅས་ཇོ་དར་མང་པོ་བྱོན་ནས་སེམས་ཅན་སྟོང་ཙམ་འདྲེན་ཡང་། བླ་མ་ཁོ་དད་མེད་གྲུ་སྐོ་འདྲ་བ་ཞིག་ཡིན་པས་འདྲེན་མ་ནུས་སོ། །ཡང་གནས་དེར་ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་ནང་དུ་དམྱལ་བའི་སེམས་ཅན་མང་པོའི་ཁར་ཁྲོ་ཆུ་ཁོལ་མ་བླུགས་པས་ལུས་ཐམས་ཅད་ཤིང་ཁྲ་སྐམ་ལ་མེ་འབར་བ་བཞིན་མེ་ལྕེ་དམར་ནག་འབར་ཞིང་ཚིག་གོ །བདག་གིས་ཐུགས་རྗེ་ཆེན་པོ་ལ་འདི་རྣམས་ཀྱིས་ལས་ཅི་བསགས་པ་ཡིན་ཞུས་པས། དེ་ན་རེ། འདི་རྣམས་ཀྱིས་སྲོག་བཅད་ནས་ཤ་ཁྲག་ལ་རྟག་ཏུ་ལོངས་སྤྱད་པའི་ཉེས་པ་ཡིན་གསུངས་སོ། །མ་ཎིའི་རྒྱང་འབོད་དང་ཇོ་འཁོར་བསྐོར་བས་སེམས་ཅན་བསམ་གྱིས་མི་ཁྱབ་པའི་སྡུག་བསྔལ་སེལ་ལོ། །སྤྱིར་དམྱལ་བའི་ཚེ་ཚད་ལ་ལས་གང་བྱས་ཀྱི་རྣམ་སྨིན་མ་ཟད་ཀྱི་བར་དུ་གནས་དགོས་ཀྱང་། ངོས་བཟུང་བྱས་ན་དམྱལ་བ་ཡང་སོས་སང་འདི་དག་གི་ཚེ་ཚད་ལ་ནི་འཇིག་རྟེན་མི་རྣམས་ཀྱི་ལོ་གྲངས་ལ་གཞལ་ན། མི་ལོ་བྱེ་བ་ཕྲག་འབུམ་དང་། དྲུག་ཁྲི་དང་སྟོང་ཕྲག་གཉིས་ཀྱི་བར་དུ་ཐུབ་པར་གསུངས་སོ། །དེ་ནས་རོལ་མོའི་སྒྲ་དང་མ་ཎིའི་དབྱངས་དང་བཅས་དཔལ་ཆོས་སྐྱོང་བྲག་ལྷ་མགོན་པོ་ལ་མཚན་ལྡན་ཇོ་དར་དཀར་པོ་འབུམ་གྱིས་བསྐོར་ཏེ་བྱོན་ནས་དམྱལ་བ་ཡང་སོས་ན་གནས་པ་དང་། ཉེ་འཁོར་ལྷག་པ་བཅུ་དྲུག་གི་སེམས་ཅན་ཐམས་ཅད་དྲངས་ནས་ཡང་སོས་དོང་ནས་སྤྲུགས་ཏེ་སྟོངས་པར་བྱས་སོ། །
དེ་ནས་ཡང་འཕགས་པ་ཐུགས་རྗེ་ཆེན་པོས་བདག་ལ་འདི་སྐད་དུ། ཨེ་བཙུན་མ་རིན་ཆེན་ཡེ་ཤེས་མཁའ་འགྲོ་ལགས། །མར་མར་འགྲོ་དང་འདི་བས་ཐུ་རྣམས་ཡོད། །ད་ནི་དམྱལ་བ་ཐིག་ནག་ཡུལ་དུ་འགྲོ། །སྐབས་འགར་ཆུ་ཆེན་ལ་བརྒལ་སྣང་། །སྐབས་འགར་ས་འོག་འགྲོ་སྣང་ཤར། །སྐབས་འགར་བར་སྣང་འགྲོ་སྣང་ཤར། །ད་ནི་ལྟོས་དང་གསལ་ལོ་གསུངས། །དེ་ནས་བལྟས་པས་ལྕགས་སྲེག་གི་ས་གཞིའི་སྟེང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བསྒྱེལ་ནས་ལུས་ལ་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་སོ་གཉིས་སོགས་བཏབ་ལ། ལས་མཁན་སྟག་དང་གཟིག་གི་གདོང་པ་ཅན་གཉིས་ཀྱིས་སོག་ལེ་མེ་འབར་བས་དྲ་གཏུབ་གཤར་བའི་ཤ་ཁྲག་དམར་ཐར་ཐར་སོང་ཡང་དྲ་ཟིན་པ་རྣམས་སླར་ཡང་འབྱར་ཏེ། ཡང་དྲ་ཡང་འབྱར་བའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བཞིན་མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་འབུམ་དང་། ཡང་དགུ་ཁྲི། དྲུག་སྟོང་། བརྒྱ་བཅུ་རྩ་གཉིས་ཀྱི་བར་དུ་མྱོང་ངོ་། །དེ་ནས་བདག་གིས་ཐུགས་རྗེ་ཆེན་པོ་ལ་སེམས་ཅན་ལས་ངན་པ་ངུ་སྒྲ་དིར་དིར་འདུག་པ་འདི་རྣམས་ཀྱིས་ལས་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས། དེ་ན་རེ། འདི་དག་གིས་གསོན་གྲང་ང་ཁམས་ན་ཡོད་དུས་ཁྱོ་བོ་གཅིག་ལ་བུད་མེད་གཉིས་ཡོད་པ་དང་། བུད་མེད་གཅིག་ལ་ཁྱོ་ཕོ་གཉིས་ཡོད་པ་རྣམས་ཕྲག་དོག་གི་དབང་གིས་གསོད་གཅོད་བྱས་པ་དང་། སེར་མོ་དཀའ་ལོག་བྱས་པ་དང་། ཇོ་ལོག་མ་དང་། ཁྱད་པར་བུ་ཕྲུག་བསད་པ་དང་། ཞེ་སྡང་དབང་གིས་ཕ་མ་གཉེན་བཤེས་ལ་ཚིག་ངན་སྣ་ཚོགས་སྨྲས་པ་དང་། ཕྲ་མ་རྫུན་སོགས་སྨྲས་པའི་ཉེས་པ་ཡིན་གསུངས་སོ། །དེ་ནས་བདག་གིས་ཇོ་འཁོར་བསྐོར་ཞིང་མིག་མཆི་མ་འཁྲུགས། ལག་ཐལ་མོ་སྦྱར། ཡིད་དུང་ངེ་བའི་ངང་ནས་གླུ་འདི་ལྟར་བླངས་སོ། །ཀྱཻ་མ། ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་སུ། །བཅོམ་ལྡན་སངས་རྒྱས་འོད་དཔག་མེད་པ་ལ། །རྒྱལ་སྲས་རྣམ་གཉིས་དགྲ་བཅོམ་འབུམ་གྱིས་བསྐོར། །དམིགས་ཡུལ་དམྱལ་བའི་སེམས་ཅན་འདི་རྣམས་ནི། །ཞིང་མཆོག་བདེ་བ་ཅན་དུ་འདྲེན་པར་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་མ་ཎིའི་དབྱངས་དང་ཇོ་འཁོར་བསྐོར་བས་སེམས་ཅན་སྟོང་ཕྲག་གཅིག་འདྲེན་པར་གྱུར་ཏོ། །འདིར་ཉེ་འཁོར་ན་དམྱལ་ཁམས་མང་དུ་ཡོད་ཀྱང་མ་བྲིས་སོ། །དེར་དཔལ་ཆོས་སྐྱོང་བྲག་ལྷ་མགོན་པོ་ལ་ཇོ་དར་འབུམ་གྱིས་བསྐོར་བ་བྱོན་ནས་ཐིག་ནག་གི་དམྱལ་ཁམས་དོང་ནས་སྤྲུགས་ཏེ་སྟོངས་པར་བྱས་སོ། །
ཡང་ཐུགས་རྗེ་ཆེན་པོས་ནས་ལམ་སྣ་དྲངས་ཏེ་བསྡུས་འཇོམས་ཡུལ་དུ་འགྲོའོ་གསུངས་ནས་སོང་བས། དེར་རི་ཆེན་པོ་གཅན་གཟན་རི་དྭགས་གཡུང་དག་ཆུ་གནས་སོགས་ཀྱི་མགོ་བརྙན་ཅན་དུ་མ་སྣང་། ཡང་དེ་དག་གི་དྲུང་དུ་དོང་ཆེན་པོ་གཏིང་ཟབ་པའི་ནང་དུ་ལྕགས་ཀྱི་གཏུན་ཆེན་པོ་ཡུལ་ལྗོང་ཙམ་གྱི་ནང་དུ་དམྱལ་བའི་སེམས་ཅན་འབུམ་ཕྲག་མང་པོ་ཕྱོགས་ཐམས་ཅད་ནས་བསྡུས་ཏེ་བླུགས་ལ། ལས་མཁན་རྣམས་ཀྱིས་ལྕགས་ཀྱི་ཐོ་ལུམ་རི་བོ་ཙམ་གྱིས་བརྡུངས་ཏེ་འཐག་ནས་ལུས་འདམ་བུ་ལྟར་བྱའོ། །ཤི་ཙམ་ནས་སླར་གསོན་ལ། ཡང་ཤི་བ་སོགས་སྡུག་བསྔལ་ཞིང་། དེ་ནས་ཕྱིར་ཐོན་པ་ན་རི་མགོ་བརྙན་ཅན་རྣམས་ཀྱིས་བརྡུང་ཁ་བཀྱེ་བའི་བར་དུ་འཐར་ནས་ཤ་ཚལ་པ་ཁྲག་ཐིགས་པ་བྱས་ནས་སླར་ཡང་གཏུན་ནང་བརྡུང་བ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བཞིན་མི་ལོ་བྱེ་བ་ཕྲག་གསུམ་དང་། ཡང་དྲུག་ཁྲི། བརྒྱ་སྟོང་རྩ་གཅིག་གི་བར་དུ་འདུག་དགོས་སོ། །དེ་ནས་ཐུགས་རྗེ་ཆེན་པོ་ལ་འདི་ལས་ཀྱིས་རྣམ་སྨིན་ཅི་ཡིན་དྲིས་པས། དེ་ན་རེ། འདི་དག་གིས་སེམས་ཅན་ཆེ་བ་མི་རྟ་གླང་ཆེན་སྟག་གཟིག་དོམ་དྲེད་སོགས་བསད་པ་དང་། འབྲིང་བ་ཤ་ཡུ་གནའ་དགོ་གཉན་གླ་བ་སོགས་བསད་པ་དང་། ཆུང་བ་རི་བོང་བྱི་བ་བྱི་ལ་ཤིག་ལྗི་བ་སྲོ་མང་སོགས་བསད་པའི་རྣམ་སྨིན་ཡིན། ཁྱོད་ཀྱིས་ཇོ་འཁོར་བསྐོར་ལ་མ་ཎིའི་རྒྱང་འབོད་གྱིས་དང་འདྲེན་སྐལ་ཆུང་གསུངས་སོ། །བདག་གིས་དེ་ལྟར་བྱས་པས་གཅིག་ཀྱང་མ་འདྲེན་ནོ། །
དེ་ནས་ལྷོ་ཕྱོགས་ལྕགས་ཟམ་སྤྲུལ་སྐུ་ཡིན་ཟེར་བའི་རྣལ་འབྱོར་པ་གོས་དཀར་ཅན་རུས་པའི་རྒྱན་དྲུག་གསོལ་བ། ཐང་སྟོང་རྒྱལ་པོའི་སྐྱེ་བ་ཞིག་བྱོན་ནས། བསྡུས་འཇོམས་ཀྱི་ཡུལ་ཐམས་ཅད་སྟོངས་པར་བྱས་སོ། །འདིར་མ་ངེས་པའི་དམྱལ་ཁམས་གྲངས་མེད་ཡོད་ཀྱང་བྲི་མ་ནུས་སོ། །དེ་ནས་བདག་གིས་ཕྱག་དགུ་ཕྲུགས་སུ་འཚལ་ནས་འདི་སྐད་དུ། བསམ་པ་བཟང་པས་བྱང་ཆུབ་སེམས་དཔའི་རིགས། །རིགས་བཟང་པོ་རིག་འཛིན་སྔགས་འཆང་རིགས། །བརྒྱུད་བཟང་པོ་ཐང་སྟོང་རྒྱལ་པོའི་བརྒྱུད། །སྤྲང་མོ་ང་རང་ཐུགས་རྗེས་འཛིན་པར་ཞུ། །ཁྱེད་བྱ་བྲལ་གྱི་བླ་མ་རིན་པོ་ཆེ། །ཁྱེད་རྫོགས་ཆེན་གྱི་བླ་མ་རིན་པོ་ཆེ། །ཁྱེད་བརྟུལ་ཞུགས་ཀྱི་བླ་མ་རིན་པོ་ཆེ། །ཤི་བར་དོའི་སེམས་ཅན་དོང་ནས་སྤྲུགས། །ཁྱེད་དང་འབྲལ་མེད་བྱིན་གྱིས་རློབས། །ཕྱི་མ་རྔ་ཡབ་ཟངས་མདོག་དཔལ། །ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །ཅེས་གསོལ་བ་བཏབ་པས་བླ་མའི་ཞལ་ནས། དད་པ་ཅན་ལ་ང་ཉིད་དབྱེར་མེད་ཡོད། །བླ་མ་ང་ཉིད་མ་བརྗེད་ཐུགས་ཡིད་བསྲེ། །སྐད་ཅིག་བླ་མའི་སྣང་བ་འབྲལ་མེད་བྱ། །བདེ་ཆེན་དག་པ་མཁའ་སྤྱོད་ཞིང་དུ་འགྲོ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཡང་ཐུགས་རྗེ་ཆེན་པོས་ལམ་སྣ་ཁྲིད་དེ་དམྱལ་བ་ངུ་འབོད་ཀྱི་ཡུལ་དུ་འགྲོ་གསུངས་པས། དེར་སོང་ནས་བལྟས་པས་དམྱལ་བའི་ཡུལ་དུ་ལྕགས་སྲེག་གི་ཁང་པ་སྒོ་མེད་པ་མེ་དཔུང་ཆེན་པོའི་ནང་དུ་སྒྱེད་པུ་གསུམ་གྱི་སྟེང་དུ་ཟངས་དམར་ཆེན་པོ་སྟོང་གསུམ་ཙམ་གྱི་ནང་དུ། ཁྲོ་ཆུ་ཁོལ་མ་བསྐོལ་ནས་ལྷོག་ལྷོག་པོར་ཁོལ་ཞིང་རྦ་རླབས་དགུང་ལ་འཕྱུར་བའི་ནང་དུ་སེམས་ཅན་གྲངས་མེད་པ་འབྲས་བཙོས་པ་བཞིན་དུ་སྟེང་འོག་འགྱུར་ཞིང་རུག་རུག་བཙོ། ལས་མཁན་གཟིག་དང་དོམ་གྱི་མགོ་ཅན་གཉིས་ཀྱིས་གཟིག་དང་དོམ་གྱི་སྦུད་པའི་སྒྲ་འབྲུག་ལྟར་གྲག །སྤྲེལ་མགོ་ཅན་གྱིས་ཁ་ལེབ་ལག་གཡས་པས་གནམ་ལ་བཏེག །ཕག་མགོ་ཅན་གྱིས་ལྕགས་ཀྱུའི་ཐུར་མ་རྣོན་པོས་དཀྲུགས་ལ་ཡང་ཡང་འཚེད་དོ། །སེམས་ཅན་དུ་མས་ངུ་སྒྲ་ཅིལ་ཅིལ་འདུག་གོ །བདག་གིས་ལྷ་ཐུགས་རྗེ་ཆེན་པོ་ལ་སེམས་ཅན་འདི་རྣམས་ཀྱིས་ལས་ཅི་བྱས་པ་ཡིན་ཞུས་པས། དེ་ན་རེ། འདི་རྣམས་ཀྱིས་སྲོག་བཅད་པ་ཤ་ཁྲག་ལ་སེར་སྣ་བྱས་ཏེ། བརྐུས་རེས་དང་བརྡུང་རེས་བྱས་པའི་ལས་དང་། ལྷ་མགོ་བཅད་དགོན་རྐུབ་ཕུད། གྲྭ་པ་མར་ལོག །ཇོ་ལོག་བུ་བསད། གཡོ་སྒྱུས་རྒྱུད་གང་བ་རྣམས་ཀྱི་ལས་བྱས་པ་དང་། སྨན་པས་བསམ་བཞིན་དུ་སྨན་ལོག་བྱས་པ་དང་། སྨན་ཡོན་ཆེན་པོ་ཟོས་པ་སོགས་ཀྱི་ཉེས་པ་ཡིན་པས་མ་ཎིའི་རྒྱང་འབོད་དང་ཇོ་འཁོར་བསྐོར་ལ་སྨོན་ལམ་བཏབ་ན་འདྲེན་སྐལ་ཡོད་དོ་གསུངས་སོ། །
དེ་ནས་བདག་གིས་སྨོན་ལམ་གྱི་གླུ་འདི་སྐད་ཅེས་བླངས་སོ། །གནས་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་། །ཆོས་སྐུ་ཡུམ་ཆེན་མགོན་པོ་འོད་དཔག་མེད། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། །རྡོ་རྗེ་སེམས་དཔའ་མགོན་པོ་འོད་དཔག་མེད། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་སུ། །རིན་ཆེན་འབྱུང་ལྡན་མགོན་པོ་འོད་དཔག་མེད། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཚེ་དཔག་མེད་པ་མགོན་པོ་འོད་དཔག་མེད། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ། །དོན་ཡོད་གྲུབ་པ་མགོན་པོ་འོད་དཔག་མེད། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་སུ། །རྣམ་པར་སྣང་མཛད་མགོན་པོ་འོད་དཔག་མེད། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊ་ཅེས་དང་ཨོཾ་མ་ཎི་པདྨེ་ཧཱུྃ། འཁོར་ཆེན་བསྐོར་བས་སེམས་ཅན་མང་པོ་འདྲེན་ཡང་ད་དུང་སེམས་ཅན་གྲངས་མེད་པ་ཡོད་པའི་གསེབ་ཏུ། དམྱལ་ཟངས་ཀྱི་གཏིང་ན་ཨ་མའི་སྐད་ལྟ་བུའི་ངག་ཅིག་ཟིལ་ཟིལ་གྲག་འདུག་ཀྱང་མཐོང་རྒྱུ་ནི་མེད་པས། ཨ་མ་ངང་རིས་ཀྱི་མིང་ནས་ལན་གསུམ་བོས་ལ། ཀྱཻ་མ། མ་ཡི་བུ་མོ་ང་ཉིད་སེམས་ཅན་ལས་ངན་དབང་གིས་སྡུག་བསྔལ་གྲངས་མེད་མྱོང་། །ད་དུང་ཨ་མ་ཟེར་ནས་ལན་གསུམ་བོས། །མར་མར་ཟངས་དམར་གཏིང་དེ་ཉུལ་དུ་སོང་། །སྐད་གདངས་ཆེ་བས་ཨ་མ་ལན་གཅིག་བོས། །དེ་ནས་བལྟས་པའི་ཨ་མའི་གློ་མཆིན་དང་། །རྒྱུ་མ་ལ་སོགས་ཟངས་དམར་གཏིང་ལ་འབྱར། །ཨ་མ་འདྲ་བའི་བུད་མེད་མང་དུ་འབྱར། །བདག་གིས་ཐུགས་རྗེ་ཆེན་པོ་ལ་ཞུས་པས། །ཨ་མས་གཙོ་བྱས་དམྱལ་བའི་སེམས་ཅན་རྣམས། །ཐར་དུས་ནམ་ཞིག་ཡོད་དོ་གསུངས་བར་ཞུས། །འཕགས་པ་ཐུགས་རྗེ་ཆེན་པོའི་ཞལ་སྔ་ནས། །ཁྱེད་ཀྱིས་འཁོར་ཆེན་བསྐོར་ལ་སྨོན་ལམ་ཐོབ། །ཨ་མ་འདྲེན་སྐལ་ཡོད་དོ་དགའ་བར་གྱིས། །དེ་ཚེ་དམྱལ་ཟངས་ངོ་སྤྲོད་གླུ་འདི་བླངས། ཀྱཻ་མ། སྔོན་གྱི་ཨ་མ་དྲིན་ཅན་མ། །ཟངས་དམར་འདི་ནི་ཞེ་སྡང་རང་གཟུགས་ཡིན། །ཞེ་སྡང་སྤོངས་ཤིག་ཨ་མ་དྲིན་ཅན་མ། །ཁྲོ་ཆུ་འདི་ཡང་འདོད་ཆགས་རྒྱ་མཚོ་ཡིན། །འདོད་ཆགས་སྤོངས་ཤིག་ཨ་མ་དྲིན་ཅན་མ། །མེ་མདག་འདི་ཡང་ཕྲག་དོག་དབང་གིས་སྣང་། །ཕྲག་དོག་སྤོངས་ཤིག་ཨ་མ་དྲིན་ཅན་མ། །མུན་པ་འདི་ཡང་གཏི་མུག་ལས་གྲུབ་པས། །གཏི་མུག་སྤོངས་ཤིག་ཨ་མ་དྲིན་ཅན་མ། །ཚ་ངར་འདི་ཡང་ང་རྒྱལ་བྱས་པས་སྣང་། །ང་རྒྱལ་སྤོངས་ཤིག་ཨ་མ་དྲིན་ཅན་མ། །ཨ་མས་གཙོ་བྱས་བུད་མེད་ལས་ངན་རྣམས། །སེམས་ཅན་འདི་བཤའ་འདི་གཏུབ་ཤན་པར་སྤྲད། །མཛོ་མོའི་རྟོལ་ལེ་བསམ་མི་ཁྱབ་པ་བསད། །དེ་ཡི་འབྲས་བུ་དམྱལ་བའི་ཡུལ་དུ་འདུག །གསོད་སེམས་སྤོངས་ཤིག་ཨ་མ་དྲིན་ཅན་མ། །བྱི་ལོང་ཕུག་ཀྱང་རྩིས་གྲངས་མེད་པ་བླངས། །འབྲས་བུ་དམྱལ་བ་དང་ནི་ཡི་དྭགས་འཕེན། །སྔར་བྱས་སྡིག་ལ་འགྱོད་ཅིང་ཕྱིན་མི་བྱེད། །དམ་བཅའ་བརྟན་པོས་བཤག་པ་ཡང་ཡང་གྱིས། །ལག་གིས་ཐལ་མོ་གྱིས་ལ་དད་གུས་བསྐྱེད། །བུ་མོ་ང་ཉིད་ཁྱེད་ཀྱི་ལམ་འདྲེན་ཡིན། །བྱམས་དང་སྙིང་རྗེ་བྱང་སེམས་ཚད་མེད་བསྐྱེད། །དད་པ་མེད་པའི་མི་རྣམས་འདྲེན་མི་ནུས། །ཨ་མར་ལྷན་དུ་ཡོད་པའི་བུད་མེད་རྣམས། །བདག་ནི་འདྲེན་པའི་དེད་དཔོན་གཅིག་ཏུ་ཤོག །ཉོན་དང་ཨ་མ་བུད་མེད་རྣམས། །བུ་མོས་སྙན་པའི་གླུ་དབྱངས་ལེན། །སྤྱི་གཙུག་ཉི་ཟླ་པདྨའི་སྟེང་། །སྐྱབས་རྗེ་གང་ཤར་རང་གྲོལ་མཁྱེན། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས། །མཁའ་སྤྱོད་ཞིང་དུ་ལམ་སྣ་དྲོངས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །སྤྲུལ་སྐུ་བསོ་རྒན་རིན་པོ་ཆེ། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས། །མཁའ་སྤྱོད་ཞིང་དུ་ལམ་སྣ་དྲོངས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །གུ་རུ་པདྨ་འབྱུང་གནས་མཁྱེན། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས། །མཁའ་སྤྱོད་ཞིང་དུ་ལམ་སྣ་དྲོངས། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རྗེ་བཙུན་འཕགས་མ་སྒྲོལ་མ་མཁྱེན། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས། །མཁའ་སྤྱོད་ཞིང་དུ་ལམ་སྣ་དྲོངས། །གསང་གནས་བདེ་སྐྱོང་འཁོར་ལོ་ན། །ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་མཁྱེན། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས། །མཁའ་སྤྱོད་ཞིང་དུ་ལམ་སྣ་དྲོངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་བྱས་པས་སེམས་ཅན་མང་པོ་འདྲེན་ཅིང་། དམྱལ་ཟངས་ཚལ་བར་གས། མེ་རང་ཞིར་སོང་། ཁྲོ་ཆུ་བསྐམས་ནས་སོང་ཡང་། ཨ་མ་ནི་དམྱལ་ཟངས་ལ་འབྱར་འདུག་པས་མ་ཎི་དུང་ཕྱུར་གཅིག་སྦྱིན་ནས་བསྔོ་བ་མཛད།
སླར་ཡང་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་འདི་བཏབ་བོ། །ཨེ་མ་ཧོ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ཨ་མའི་ལམ་སྣ་བདེ་བ་ཅན་དུ་དྲོངས། །ཟབ་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པ་དང་། །ཟག་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཨ་མའི་ལམ་སྣ་རི་བོ་ཏ་ལར་དྲོངས། །ཟབ་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པ་དང་། །ཟག་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཨ་མའི་ལམ་སྣ་ཟངས་མདོག་དཔལ་རིར་དྲོངས། །ཟབ་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པ་དང་། །ཟག་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཨ་མའི་ལམ་སྣ་གཞོན་ནུ་བུམ་སྐུར་དྲོངས། །ཟབ་ལམ་འཕོ་བ་མཁའ་སྤྱོད་འགྲུབ་པ་དང་། །ཟག་མེད་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས། །ཕཊ་ཕཊ་ཕཊཿ ཅེས་བརྗོད་དེ་ཨ་མ་དང་དམྱལ་ཟངས་སོ་སོར་བྲལ་ཏེ། མི་དམིགས་པར་བཞག་ལ་བལྟས་པས། ལྷ་སའི་རྒྱུ་སྨད་ཕྱོགས་ཀྱི་ཕྱུག་པོའི་བུ། ཕ་མིང་དུ་མ་ཞེས་ལྷ་མོ་ཟེར་བ་ཞིག་ཏུ་སྐྱེས་སོ། །འདི་དག་གི་ཚེ་ཚད་ནི། མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་དང་། འབུམ་བཞི་ཁྲི་དང་། ཡང་སྟོང་དང་བྱེ་བ་ཕྲག་བདུན་ཐུབ་པར་གསུངས་སོ། །འདིར་ཉེ་འཁོར་གྱི་དམྱལ་བ་གྲངས་མེད་ཡོད་ཀྱང་བྲི་མ་ནུས་སོ། །དེ་ནས་དཔལ་ཆོས་སྐྱོང་བྲག་ལྷ་མགོན་པོ་ལ་དར་ཅོག་འབུམ་གྱིས་བསྐོར་བ་བྱོན་ནས་རོལ་མོའི་སྒྲ་དང་བཅས་ངུ་འབོད་ཀྱི་དམྱལ་ཁམས་དོང་ནས་སྤྲུགས་ཏེ་སྟོངས་པར་བྱས་སོ། །
ཡང་ཐུགས་རྗེ་ཆེན་པོས་ལམ་སྣ་ཁྲིད་དེ་དམྱལ་བ་ངུ་འབོད་ཆེན་པོའི་ཡུལ་དུ་འགྲོ་གསུངས་ཏེ། སོང་ནས་བལྟས་པས་ལྕགས་ཁང་མེ་འབར་བ་གྲུ་བཞི་ཉིས་རིམ་ནང་ན་མེ་སྟག་གི་ཚྭ་ཚྭ་དམར་ཐ་ར་ར་འཕྲོ་བ། ཕྱོགས་ཐམས་ཅད་ནས་དམྱལ་བའི་སེམས་ཅན་ཁ་བ་དང་བུ་ཡུག་འཚུབ་པ་བཞིན་དུ་གཤིན་རྗེའི་ལས་མཁན་དཔག་ཏུ་མེད་པས་ར་ལུག་སེར་བས་དེད་པ་བཞིན་དུ་ངུ་ཅི་ལི་ལི་དེད་ནས་ཁང་པའི་ནང་དུ་བཅུག་སྟེ། ཐོ་བས་བརྡུངས། རལ་གྲིས་གཏུབ། མཚོན་ཆ་སྣ་ཚོགས་ཀྱིས་རྡེག །འབར་བའི་མེས་ཚིག །དུ་བས་འཐུབ། སྡུག་བསྔལ་དཔག་ཏུ་མེད་པ་མྱོང་འདུག །སྒོ་བཞི་ཀ་ལ་ལྕགས་ཞུན་གྱི་ཞ་ལ་བྱས་པའི་བར་ནས་བལྟས་པས། དེ་ན་ཤ་བའི་ཨ་གྲགས་ཡིན་ཟེར་བའི་རྔོན་པ་ཞིག་གི་སྐེ་ལ་ཐག་པ་ནག་པོ་བཏགས་ཏེ། མེ་འབར་བའི་ནང་དུ་ཁྲིད་ལ་ལྕགས་ཀྱི་གསལ་ཤིང་རྩེ་ལ་མེ་འབར་བ་ཞིག་རྐང་མཐིལ་གཉིས་དང་། མགོ་བོ་ཐལ་ཕྱུང་དུ་ཕིག་ནས་ན་ཚ་གཟེར་ཟུག་བཟོད་མེད་དུ་སྐྱེས་ཏེ་ངུ་འབོད་ཆེན་པོ་འདོན་བཞིན་དུ་བདག་ལ་བལྟས་ནས། ཀྱཻ་མ། ཀུན་བཟང་ཆོས་ཀྱི་སྒྲོལ་མ་ཁྱེད་གསོན་གྲང་ང་ཁམས་ན་འགྲོ་དུས་ང་ཡི་འཕྲིན་འདི་གསུངས་རོགས་ཞུ་ཞུ། ཨ་སྐྱབས་དགྲ་བླ་སང་ངའི་ཡུས་བ་ཡིན་པས་རྡོར་གཅོད་དངུལ་བྲིས་ཤིག་དང་། ཚེ་ཐར་ཅི་མང་། མ་ཎི་དུང་ཡོན་ཞིག་སྒྲུབས་རོགས་ཞུ། སྤྲང་པོ་ལ་སྦྱིན་པ་འགྱེད། ཁྱད་པར་བཤའ་ངེས་པ་རེ་སྲོག་བླུ་གྱིས། ང་ནི་ཤི་ནས་འདིར་སྐྱེས་ཏེ་མི་ལོ་དྲུག་ཅུ་རེ་དགུ་ཡིན་ཀྱང་དམྱལ་བའི་སེམས་ཅན་གྱི་ཞག་གཅིག་གི་སྔ་དྲོ་ཙམ་ཡང་ཟད་མེད་དོ། །ཚེ་ཚད་ལ་ངེས་པ་མེད་ཅིང་། ཞག་ཚད་ལ་ཟད་མཐའ་མེད་དོ། །ཡང་འཛི་སྨད་ནས་ཡིན་ཟེར་བའི་ཚེ་འདས་ཤ་གསོད་མང་པོ་ངུ་སྒྲ་དིར་དིར་འདོན་འདུག་པ་མཐོང་ངོ་། །ཡང་སྒོ་ཞིག་ནས་བལྟས་པའི་སྒོ་ཞེས་ཡིན་ཟེར་བའི་རྔོན་པ་ཁྱི་བཀྱེ་ཞིག་དང་། རྫ་བའི་ཁྱི་ཁེ་མ་ཡིན་ཟེར་བའི་རི་དྭགས་སྟོང་ལྷག་ཙམ་རེ་བསད་པ་དང་། གཞན་ཡང་ལྷ་དང་བླ་མའི་ནོར་རྫས་ཕྲོགས་པའི་སེམས་ཅན་གྲངས་མེད་པ་ཡོད་དོ། །ཡང་སྒོ་ཞིག་ནས་བལྟས་པའི་བླ་མ་སེར་མོ་དཀོར་སྒྱེ་རྣམས་འདུག་གོ །ཁ་ཚེ་གང་ལ་དཀོར་ནག་ཐལ་བ་འགམ་འགམ་བྱས་ཏེ། མིག་གིས་ཡིག་གཟུགས་མི་རིག །རྣ་བས་འདོན་སྒྲ་མི་ཐོས། ཁ་ནས་ཡི་གེ་ལྡེབ་མི་ཐུབ་ཀྱང་། ལག་པ་ཡོབ་ཡོབ་ལག་རྟེན་ལ་འཇུས་ནས། མིག་ཆུ་སེར་འཕུར་ཏེ་འདར་སིག་སིག་དུང་སྐད་དང་རྔ་སྒྲ་གར་གྲག་སར་ཐོན་ཡོད། དེ་ནས་ཡང་གོང་བླ་སེར་ལ་བླ་བཙག །མར་སྤྲང་ལོང་ལ་ཞེ་སྡང་། བར་ཡོན་བདག་ལ་རྐང་འདྲེན། ཐ་ན་ཞོ་ཕོར་ཁའི་མཐོ་དམན། ཤ་སྐལ་གྱི་ཆེ་ཆུང་། གསོལ་ཇ་རེའི་བཟང་ངན་ཐམས་ཅད་ལ་ཁ་བཏོན་ཁོག་ཏུ་བཟུང་སྟེ་སྐྲན་ནད་ཀྱིས་ཐེབས་པ་ལྟ་བུ་རེ་བྱས་ལ། གསུང་རན་པ་བསྐྱེད་རྫོགས་ཀྱི་གནད་རྣམས་བསྒོམ་པ་ཕར་ཞོག་གཉིད་ཅི་འོང་བྱས་ཏེ། ཇ་ཐག་ཅུང་ཟད་རེ་རིང་ཡང་དབུ་མཛད་ལ་ཁ་ལོག་དང་མིག་ལྡང་ཁྲིག་ཁྲིག་བྱེད་འདུག་པ་དང་། སངས་རྒྱས་ཀྱི་གསུང་རབ་གང་དང་གང་བཏོན་ཀྱང་དོན་ཞིག་བསམ་རྒྱུ་ཡོད་པར་གཏན་ནས་མི་སེམས་པར། མི་མིང་རེ་དང་ཁ་རྩོག་འདྲ་བ་རེ་ཡོད་དུས་འུར་འདོན་རེ་བྱས་ཏེ། མཚང་འབྲི་ཁོང་ཁྲོ་སྣ་ཚོགས་བྱས་ལ་ཚོགས་ངན་བསགས་ཏེ་དམྱལ་བར་འགྲོ་ངེས་རེ་བྱས་ཡོད་པའི་རྣམ་པར་སྨིན་པ་ཡིན། ཡང་ཤི་གསོན་གཉིས་ཀའི་མགོ་བསྐོར་ཏེ། མི་མཁྱེན་མཁྱེན་རྫུན། མི་གོ་གོ་མདོག །མི་ཤེས་ཤེས་མདོག །ངས་དངོས་ཉམས་དང་རྨི་ལམ་གང་ལ་བརྟགས་ཀྱང་ཁྱེད་སང་ལ་ལྷ་འདི་འདྲ་ཞིག་ཡོད་པའི་གཏང་རག་བཟང་པོ་བྱས་ཡོད། འདྲེ་འདི་དང་འདིས་གནོད་པ་བྱས་ཡོད་པས། དེ་ལ་ཆད་པ་འདི་འདྲ་བ་རེ་བཅད་ཡོད། ཡང་ཚེ་ལས་འདས་པ་འདས་མ་འདིས་སེམས་ཅན་རྒྱུ་ནོར་འདི་འདྲ་བ་ལ་ཆགས་འདུག་པས་འདི་ང་རང་ལ་སྦྱིན་ན་བཟང་། ང་མིན་པ་སུས་ཀྱང་མི་འདྲེན། ང་གཅིག་པུས་ཞིང་ཁམས་བདེ་བ་ཅན་ལ་འཕངས་ཡོད། ད་སེམས་ནད་མི་དགོས་སྐྱིད་སྐྱིད་ལ་འདུག་ཆོག་ཟེར་ནས་མི་ཆོས་བླ་མའི་རྫུན་ཆེན་པོ་བཤད་དེ་མགོ་བསྐོར་བའི་ཉེས་པ་དང་། ཡང་འདོན་མ་ཚར་བ་ལ་ཚར་ཟེར་ནས་ཀློག་རྫུན་བཀྱགས་པའི་ཉེས་པ་དང་། དམྱལ་བའི་སེམས་ཅན་དེ་རྣམས་ཀྱི་ཁ་ནང་དུ་ཁྲོ་ཆུ་ཁོལ་མ་བླུགས་པས་ཁོག་པའི་ནང་ཁྲོལ་ཐམས་ཅད་སིལ་སིལ་ཚིག་གོ །ཡང་ལྕེ་དཔག་ཚད་ཙམ་དུ་བརྐྱངས་དེར་ལྕགས་འཛེར་དུང་ཕྱུར་དུ་མ་བཏབ་ཅིང་། ལས་ཀྱི་སྲིན་བུ་ལྕགས་མཆུ་ཅན་མང་པོའི་མཆུ་ཟངས་ཀྱིས་འཇིབ་ཏུ་དཔག་ཏུ་མེད་པའི་ཁྲག་འཐུང་། ཤ་ཟ། རུས་པ་ཕུག །རྐང་འཇིབས་ནས་སྡུག་བསྔལ་ཞིང་ངུ་སྐད་དུང་དུང་འདུག །ཡང་སྒོ་ཞིག་ནས་བལྟས་པས་བུ་མོ་བག་མ་ལ་འགྲོ་བའི་དུས་སུ་ཤ་ཁྲག་གི་སྟོན་མོ་དང་རྫོངས་ཆེན་བཞག་པའི་ཉེས་པས་དུག་སྦྲུལ་མེ་འབར་བས་ལུས་ལ་འཁྱུད་དེ་ཟ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་འདུག །དེ་རྣམས་ལ་དམིགས་ནས་གླུ་འདི་ལྟར་བླངས་སོ། །
ཆོས་དབྱིངས་སྐྱེ་མེད་ཞིང་ཁམས་ནས། །ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ། །འགག་མེད་ལོངས་སྐུའི་ཞིང་ཁམས་ནས། །ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ། །རྩོལ་མེད་སྤྲུལ་སྐུའི་ཞིང་ཁམས་ནས། །སྤྲུལ་སྐུ་མ་ཅིག་ལབ་སྒྲོན་མ། །རང་སྣང་གཡུ་ལོ་བཀོད་པ་ནས། །རྗེ་བཙུན་འཕགས་མ་ཏཱ་རེ་མ། །མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་ནས། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དམིགས་ཡུལ་ཐར་པའི་ལམ་སྣ་དྲོངས། །དམྱལ་བའི་སྡུག་བསྔལ་སྦྱང་དུ་གསོལ། །བདེ་ཆེན་དག་པའི་ཞིང་དུ་སྤོར། །ཕཊཿབརྗོད་མི་དམིགས་ངང་དུ་བཞག །ཆོས་འཁོར་བསྐོར་ཞིང་སྨོན་ལམ་བཏབ། །མ་ཎིའི་རྒྱང་འབོད་ལན་གསུམ་བྱས། །སེམས་ཅན་བཅུ་ཙམ་འདྲེན་པར་གྱུར། །འདི་དག་གི་ཚེ་ཚད་ནི་མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། ཡང་བྱེ་བ་ཕྲག་ལྔ། ཁྲི་ཉིས་སྟོང་དང་། དྲུག་ཅུ་རྩ་དྲུག་གི་བར་དུ་ཐུབ་བོ། །འདིར་ཉེ་འཁོར་གྱི་དམྱལ་བ་མང་པོ་ཡོད་ཀྱང་བྲི་མ་ནུས་སོ། །དེ་ནས་མདུན་གྱི་ནམ་མཁའ་རུ། །ཆོས་སྐྱོང་བྲག་ལྷ་མགོན་པོ་ལ། །དར་ཅོག་འབུམ་གྱིས་བསྐོར་ཏེ་བྱོན། །རོལ་མོ་དང་བཅས་ངུ་འབོད་ཡུལ། །གནས་པའི་སེམས་ཅན་ཐམས་ཅད་ཀུན། །སྐད་ཅིག་གཅིག་གིས་སྟོངས་པར་བྱས། །
དེ་ནས་ལྷ་ཐུགས་རྗེ་ཆེན་པོས་སྣ་ཁྲིད་ཏེ་དམྱལ་བ་ཚ་བའི་ཡུལ་དུ་འགྲོ་གསུངས་ནས། དེར་སོང་ནས་བལྟས་པའི་རེས་འགའ་ན་ལྕགས་ཀྱི་ཁང་ཁྱིམ་མེ་འབར་བའི་ནང་དུ་ལས་མཁན་རྣམས་ཀྱིས་མདུང་ཐུང་མེ་འབར་བས་ལུས་གྱེན་དུ་ཕུག་ཚེ་སྤྱི་བོ་ནས་ཐལ་མར་བྱུང་སྟེ་ནང་ཁྲོལ་ཐམས་ཅད་བསྲེགས་ནས་ཁ་སྣ་སོགས་ལས་མེ་འབར་བ་དང་དུ་བ་ཕྱུར་ཕྱུར་འབར་འདུག །རེས་འགའ་ན་ལྕགས་ཀྱི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁྲོ་ཆུ་ཁོལ་མར་བཙོ་ཞིང་ཆུ་ཁར་གཡེང་ཚེ་ལས་མཁན་རྣམས་ཀྱིས་ལྕགས་ཀྱུས་བཟུང་སྟེ། མགོ་ཐོ་བས་བརྡུངས་ཀླད་པ་སྐྱ་ཙེར་ཙེར་ཕུད་དེ་སྡུག་བསྔལ་ལོ། །ཡང་རེས་འགའ་ཟངས་རི་དམར་པོ་གནམ་དུ་ཟུག་པའི་དྲུང་དུ་སེམས་ཅན་རྣམས་ཀྱི་ཁ་ནང་དུ་ཟངས་ཞུན་དམར་པོ་བླུགས་ཏེ། ལུས་ཁྲ་སྐམ་ལ་མེ་འབར་བ་བཞིན་དུ་འབར་རོ། །
དེ་ནས་ཡང་ཐུགས་རྗེ་ཆེན་པོ་ལ་འདིར་སྐྱེ་བའི་རྒྱུ་ཅི་ལགས་ཞུས་པས། དེ་ན་རེ། འདི་རྣམས་ཀྱིས་རི་བོ་མེ་ལ་བསྲེགས་པ་དང་། ཐང་ཤིང་གི་ཐལ་བ་ཕབ་པ་དང་། ནགས་ལྤགས་བཀོག་པའི་ཉེས་པ་དང་། སེམས་ཅན་གྱི་དབུགས་མ་ཆད་གོང་ནས་གསོན་བཤའ་བྱས་པའི་རྣམ་སྨིན་ཡིན་གསུངས་སོ། །འདི་དག་གི་ཚེ་ཚད་ནི་མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། ཡང་བཞི་འབུམ་དང་། བྱེ་བ་ཕྲག་ཁྲིག་ཕྲག་དྲུག་སྟོང་ལྔ་བརྒྱ་དང་སུམ་ཅུའི་བར་དུ་ཐུབ་བོ། །དེར་ངོ་ཤེས་པའི་ཚེ་འདས་ཨོ་རྒྱན། ཚུལ་བཟང་། དབུས་བླའི་མག་པ་ཡིན་ཟེར་བའི་སྐྱ་རས་དེ་རྣམས་ན་རེ། ངེད་ཀྱི་བཟའ་ཚང་རྣམས་ལ་འཕྲིན་འདི་ཟེར་རོགས་ཞུ། ཐར་མདོ་དང་། བཤའ་ངེས་རེ་སྲོག་བླུ་གྱིས། ངེད་ཅག་གི་ལ་ལས་སྡོམ་པ་ཤོར་བའི་ཉེས་པ་ཡོད། དེ་ལ་ཇོ་དར་དང་ཚུལ་ཁྲིམས་རྣམ་དག་གི་གཟུངས་རྡོ་ལ་བརྐོ་དགོས། ལ་ལས་ཚོང་བྱེད་དུས་མནའ་ཟོས་པས་མནའ་བཤགས་རེ་བརྐོ་རོགས་དང་། ལ་ལས་དཀའ་ལོག་བྱས་པ་ཡིན་པས་སྡོམ་པ་བསྲུང་རོགས་གྱིས་ཞེས་བསྐུར་བས། དེ་འཕྲོད་ཐབས་རེམ་རེམ།
དེ་ནས་དེ་དག་ལ་དམིགས་ནས་གླུ་འདི་ལྟར་བླངས་སོ། །མདུན་གྱི་བླ་མ་སྤྱན་རས་གཟིགས་དབང་མཁྱེན། །བཀའ་གཏེར་གསང་སྔགས་གསར་རྙིང་བླ་མ་མཁྱེན། །ཞྭ་དམར་ཞྭ་སེར་ནབ་པའི་བླ་མ་མཁྱེན། །ལྷ་མཆོག་ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས། །གསུང་མཆོག་ཡི་གེ་དྲུག་མས་སྐྱེལ་མ་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་མ་ཐག་ཏུ་བྲག་ལྷ་མགོན་པོ་ལ། །དར་ཅོག་འབུམ་གྱིས་བསྐོར་ནས་བྱོན། །རོལ་མོ་དུ་མའི་སྒྲ་དང་བཅས། །ཚ་བའི་དམྱལ་བ་དོང་ནས་སྤྲུགས། །སྐད་ཅིག་གཅིག་གིས་སྟོངས་པར་གྱུར། །དེ་ནས་ཡང་ཐུགས་རྗེ་ཆེན་པོས་ལམ་སྣ་ཁྲིད་དེ་དམྱལ་བ་རབ་ཏུ་ཚ་བའི་ཡུལ་དུ་འགྲོའོ་གསུངས་ནས། དེར་སོང་ནས་བལྟས་པས། དམྱལ་བའི་ཟངས་ང་ཆེན་པོ་གནམ་ཐང་ལ་ལྷུང་བ་ལྟ་བུ་ཞིག་གི་ནང་དུ་སེམས་ཅན་མང་པོ་ཁྲོ་ཆུས་བཙོ་ཞིང་རྐང་ལག་བཞི་ཀ་ལྕགས་ཀྱི་ཕུར་བ་བཞིས་གཟེར་ཏེ་ཁ་སྦུབ་ཏུ་བརྒྱང་འདུག་པ་མཐོང་ངོ་། །ཡང་ལྕགས་ཀྱི་སྣམ་བུ་མེ་འབར་བས་ལུས་མགོ་མཇུག་མེད་པར་དཀྲིས་ཏེ་སྡུག་བསྔལ་བ་དང་། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་མེ་དམར་ནག་འབར་བ་ཅན་གྱིས་ཕུག་པས་སྡུག་བསྔལ་མྱོང་བ་སོགས་མཐོང་ངོ་། །ཡང་ཐུགས་རྗེ་ཆེན་པོ་ལ་འདི་ལས་ཅི་བྱས་པ་ཡིན་ཞུས་པས། འོ་འདི་དག་གིས་ནི་སེམས་ཅན་གྱི་སྤུ་བཏོགས་པ་དང་། རྐང་ལག་བཞི་ཀ་བཀྱིགས་པ་དང་། ཡང་ཁལ་བཀལ་བ་དང་། རྨོས་བྱས་པ་དང་། ཁྲག་གཏར་བ་སོགས་ཀྱི་ཉེས་པ་ཡིན་གསུངས་སོ། །
ཡང་དེ་ན་ཡོད་པའི་རྨོས་གཡག་དང་རྨོས་མཛོ། རྨོས་པ་དཔག་ཏུ་མེད་པ་ཡོད་པ་རྣམས་དང་། ངོ་ཤེས་པའི་ཚེ་འདས་བཀྲ་ཤིས། ཉག་སྟོད་ཡ་མ་སྒྲོན། སྙི་སྟོད་ནས་ཚེ་བདག་རྡོ་རྗེ། ཐོས་ལི་དང་། སྐྱིད་ལོ། མགོན་པོ་རྣམས་ན་རེ། ངེད་ཅག་གི་བཟའ་ཚང་ཕ་ཁུ་ཚ་ཉེ་བ་ཕུ་ནུ་དང་། ཞིང་བདག་རྨོས་པ་སོགས་ལ་སྡུག་བསྔལ་འདི་ལྟ་བུ་མྱོང་གིན་འདུག་པ་གསུངས་རོགས་ཞུ་ཞུ། རྨོས་གཡག་དང་རྨོས་མཛོ་རྣམས་ཀྱིས་ན་རེ། ངེད་ཅག་གསོན་གྲང་ང་ཁམས་ན་ཡོད་དུས་ཞིང་བདག་རྣམས་ཀྱིས་མགོ་ལ་དོར་བཅིངས། ཐག་པས་བསྡམས་ནས་མིག་གིས་ལམ་མི་མཐོང་བ་ཙམ་རེ་བྱས་ཏེ་གཟེར་ཆིལ་ཆིལ་འདུག་གོ །སྣ་ཐག་རྒོད་རྩུབ་མོས་འཐེན་ལ་ཁྲག་ཆལ་ཆལ་ཁྲིད་ཅིང་འཕོངས་ལྕག་ཚན་གྱིས་བྲབས་ཏེ་མནར་བའི་སྡུག་བསྔལ་ལོ། །ཡང་ཐོང་གཤོལ་ས་ལ་དྲུད་དུས་མགོ་ནང་གི་ཁྲག་དང་ཆུ་སེར་ཐམས་ཅད་སྙིང་ནང་དུ་སོང་ནས་ནག་ཐིམ་ཐིམ་བྱེད་དོ། །སུག་བཞི་ས་ལ་ཟུག་པས་འགྲོ་མི་ནུས། །རྭ་རྣ་ཐག་པས་བསྡམས་ཏེ་གཟེར་དམ་དམ། ནང་དབུགས་ཁ་སྣར་མི་ཤུད་འཁུན་དིར་དིར། ཚ་དྲོད་མེ་ལྟར་འབར་བས་ཟིལ་པ་ཕྲོམ་ཕྲོམ། ན་ཡང་བསྲན། ཚ་ཡང་བསྲན། སྡུག་བསྔལ་མི་ཤི་མ་ལོག་གི་བར་དུ་ཤི་འགྲོས་རོ་འགྲོས་བྱས་ནས་སོང་ཡང་། ཞིང་བདག་གིས་ངོ་མི་ལོན་པར་མ་ཟད། ད་རུང་སྣ་ཐག་པས་འཐེན། འཕོངས་ལྕག་ཚན་གྱིས་བྲབས་ནས་དམོད་མོ་སྣ་ཚོགས་བྱེད་ཅིང་ཕ་བསད་ཀྱི་ལག་དམར་མཐོང་བ་དང་འདྲ་བའི་སྡུག་བསྔལ་མང་དུ་གཏད། ཞིང་བདག་ལ་སྟོང་ནས་མང་པོ་ཡོད་ཀྱང་ངེད་ཅག་ལ་ཕུལ་གང་ཙམ་མི་དབང་བར་སྡིག་པ་སྣ་ཚོགས་ལ་འབགས་ཡོད་དེ། ས་སྟེང་གི་འབུ་རྣམས་ས་འོག་ཏུ་དེད། ས་འོག་གི་འབུ་རྣམས་ས་ཁར་བླངས་པའི་ཉེས་པས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཨེ་རིག་གི་ཟེར་རོ། །བདག་གིས་བལྟས་པས་ཤ་རུས་ལ་སྦྲང་མ་འཁོར་བ་བཞིན་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོས་ཟ་ཞིང་བར་མཚམས་མེད་པར་གང་འདུག་གོ །
ཡང་སྤུ་བྲེགས་པའི་སེམས་ཅན་དང་ཁྲག་གཏར་བ་དང་ཁལ་བཀལ་བའི་སེམས་ཅན་རྣམས་ཀྱི་རང་རང་གི་ལས་ལ་བསྐོས་པ་འདི་ལྟར་ཡིན་ཟེར་ངུ་དིར་དིར་མང་པོ་བཤད་ཀྱང་བྲི་མ་ནུས། ཐམས་ཅད་ཀྱིས་ཕྲིན་ཕྱོགས་བསྡུས་ཙམ་པ་འདི་ལྟར་ཟེར། གསོན་གྲང་ང་ཁམས་ན་ཡོད་མི་རྣམས་ཀྱིས་རྨོས་གཡག་དང་རྨོས་མཛོ་རྣམས་ཀྱི་དགེ་རྩ་ལ་ཞིང་རེ་ཚེ་ཐར་བྱེད་རྒྱུ་དང་། རྨོས་རྨོ་དུས་སུ་ཁ་བྱམས་ལག་བྱམས་རེ་ལ་མ་འཆུགས། ངེད་ཅག་གི་སྤུ་གྲིས་བྲེག་རྒྱུ་ཨེ་འོང་གི་རེམ་རེམ། ཁལ་ཡང་ཐེག་ཚོད་ལས་མི་བཀལ་ཞིང་བརྡུང་གཤད་མི་བྱེད་པ་མཁྱེན་མཁྱེན། ཡང་ཕྱོགས་ཤིག་ན་སེམས་ཅན་མང་པོས་ངུ་དིར་དིར་བྱེད་འདུག་པ་ལ་བལྟས་པས་དམྱལ་བའི་ལྕགས་ཟངས་དམར་པོའི་ནང་དུ་སེམས་ཅན་དུང་ཕྱུར་བསམ་གྱིས་མི་ཁྱབ་པ་ཁྲོ་ཆུས་བཙོ་བཞིན་འབུ་སྲིན་ལྕགས་ཀྱི་མཆུ་རྣོན་ཅན་རྣམས་ཀྱིས་ཟ་ཞིང་རྐང་གི་བར་དུ་ཕུག་གོ །དེ་དག་ན་རེ། ངེད་རྣམས་ཀྱིས་རྨོས་རྨོ་དུས་སུ་མཛོ་གཡག་ལ་བརྡུངས། འབུ་དུང་ཕྱུར་མང་པོ་བསད་ཡོད་དེ། ནས་བྲེ་གང་བཏབ་ས་ལ། འབུ་ཕུལ་གསུམ་ལྷག་ཙམ་བསད་པས་སྣ་ཁྲིད་ཐོང་འདེད། གང་ཡང་བན་དེས་བྱས་ན་སྲོག་ལན་བྱེ་བར་འགྱུར། བུད་མེད་ཡིན་ན་སྲོག་ལན་འབུམ་འགྱུར་དགོས། སྐྱེས་པ་ཡིན་ན་སྲོག་ལན་ལྔ་བརྒྱ་འཇལ་དགོས། ཡང་ཆུ་ཁར་གཡེང་ཚེ་བྱ་རྒོད་དང་ཁྭ་ཏ་སོགས་དཔག་ཏུ་མེད་པས་ཟ་ཞིང་སྡུག་བསྔལ་ལོ། །ཚེ་ཚད་ནི་བར་གྱི་བསྐལ་པ་གཅིག་ཐུབ་སྟེ། མི་ལོས་གཞལ་དུ་མེད་དོ། །
དེ་དག་རྣམས་ལ་དམིགས་ནས་གླུ་འདི་ལྟར་བླངས་སོ། །སྐྱབས་དཀོན་མཆོག་ཀུན་འདུས་བླ་མ་མཁྱེན། །དམྱལ་ཁམས་འདི་ན་ཡོད་པའི་ཚེ་འདས་རྣམས། །ལས་ངན་རྒྱུ་འབྲས་བག་ཆགས་ཀུན་བྱང་སྟེ། །ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་ལ་སྙིང་རྗེ་ཚད་མེད་པ་སྐྱེས་ལ་བརྒྱལ་སོང་ངོ་། །དེ་ནས་བླ་མ་སྤྱན་རས་གཟིགས་ཀྱིས་འདི་སྐད་དུ། རིགས་ཀྱི་བུ་མོ་མ་སུན་ང་ལ་ཉོན། །ད་དུང་སེམས་ཅན་ཀུན་གྱི་དོན་ཆེད་དུ། །བྱང་ཆུབ་སེམས་མཆོག་བསྐྱེད་ལ་སྨོན་ལམ་ཐོབ། །འཁོར་ཆེན་བསྐོར་ལ་མ་ཎིའི་རྒྱང་འབོད་གྱིས། །ཞེས་དྲིལ་བུའི་སྒྲ་དབྱངས་ལྟར་སིལ་སིལ་གྲག་པས་བརྒྱལ་སང་ངོ་། །དེ་མ་ཐག་ཏུ་དེ་ལྟར་བྱས་པས་སེམས་ཅན་ལྔ་ཙམ་འདྲེན་ནོ། །དེ་ནས་བདག་གིས། ཡང་། རང་སྣང་གཡུ་ལོ་བཀོད་པ་ནས། །རྗེ་བཙུན་འཕགས་མ་སྒྲོལ་མ་བྱོན། །དབྱིངས་རིག་དབྱེར་མེད་ཞིང་ཁམས་ནས། །མཚན་ལྡན་ཇོ་དར་དཀར་པོ་བྱོན། །བྲག་ལྷ་མགོན་པོས་སྡོང་གྲོགས་མཛོད། །དབྱངས་སྙན་རོལ་མོའི་སྒྲ་དང་བཅས། །ཡི་གེ་དྲུག་པས་སྐྱེལ་མ་དང་། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་པས་མཚན་ལྡན་ཇོ་དར་དཀར་པོ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་རབ་ཏུ་ཚ་བའི་དམྱལ་ཁམས་དོང་ནས་སྤྲུགས་ལ་སྟོངས་པར་བྱས་སོ། །
ཡང་ལྷ་མཆོག་ཐུགས་རྗེ་ཆེན་པོས་དགྱེས་བཞིན་ད་ནི་རྡོ་རྗེའི་དམྱལ་བ་མནར་མེད་པའི་ཡུལ་དུ་འགྲོའོ་གསུངས་ཏེ། ཁོང་སྔོན་མ་བྱོན་ནས་བདག་རྗེས་སུ་འབྲངས་ཏེ་སོང་ནས་བལྟས་པས། ས་གཞི་ཐམས་ཅད་ལྕགས་སྲེག་འབར་བ་མེ་ལྕེ་དམར་ནག་གི་ཕྲེང་བ་རྒ་ར་ར་འཁོར་བ། སྟེང་ནས་མེ་མདག་གི་ཆར་བ་མགར་གྱི་ཚྭ་ཚྭ་ལྟར་ཐོ་རོ་རོ་འཐོར་བ། བར་ན་དུག་ནག་གི་དུ་བ་དྲི་ཚོར་བ་ཙམ་གྱིས་བརྒྱལ་འགྲོ་བས་གང་ནས་ཕྱུ་རུ་རུ་འཕྱུར་བ། ལས་མཁན་གདུག་པ་ཅན་མང་པོས་སོད་སོད་རྒྱོབ་རྒྱོབ་ཆོད་ཆོད་ཀྱི་སྒྲ་རི་རབ་ཞིག་པ་ལྟ་བུའི་འུར་སྒྲ་གྲག་པ། བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་ལ། དེ་ན་ལྕགས་སྲེག་ལས་གྲུབ་པའི་སྒྱེད་པོ་རི་རབ་གསུམ་ལ་མི་མགོ་ཁྲག་འཛགས་པ་དུ་མས་ཕྲ་བཏབ་པ། དེའི་སྟེང་དུ་དམྱལ་བའི་ཟངས་དམར་སྟོང་གསུམ་གང་བ་ཙམ་གྱི་ནང་དུ། ལྕགས་སྲེག་དུམ་བུ་མང་པོ་སོལ་ཕུང་ལྟར་རི་རབ་བྱེ་བ་ཕྲག་བརྒྱ་ཙམ་སྤུངས་པའི་བར་བར་ན། དམྱལ་བའི་སེམས་ཅན་ས་ཆེན་པོའི་རྡུལ་ལས་མང་བས་བར་མཚམས་མེད་པར་གང་འདུག་གོ །ཕྱོགས་ཐམས་ཅད་ནས་ལས་མཁན་མགོ་བརྙན་ཅན་སྣ་ཚོགས་པས་སྟག་གཟིག་གི་སྦུད་པ་བུས་པས་མེ་དམར་ནག་འབར་ཞིང་མེ་ལྕེ་དགུང་ལ་མཆེད་དེ་སྤྲིན་ལྟར་འཁྲིགས། མེ་སྟག་སེར་ལྟར་འབེབས། མེ་སྒྲ་འབྲུག་ལྟར་གྲག་ཅིང་སེམས་ཅན་གྱི་ལུས་དང་དམྱལ་བའི་མེ་གཉིས་དབྱེར་མེད་དུ་གྱུར་ཏེ་ལུས་མི་སྣང་ཞིང་མེ་ཕུང་དམར་བོང་བོང་འབར་བའི་ཀློང་དུ་ཨ་ཙ་ཙ། ཨ་ས་ས། ཨ་ར་ར། ཨ་མ་མ། ཨ་ཡ་ཡ། ཟེར་བའི་སྒྲ་ལས་མི་སྣང་ངོ་། །དེ་ནས་བདག་གིས་ལྷ་མཆོག་ཐུགས་རྗེ་ཆེན་པོ་ལ་འདི་ལྟ་བུའི་མེ་འདི་མཐོང་མ་མྱོང་བས་འདི་ཇི་ཙམ་ཚ་ངར་ཆེ་ཞུས་པས། དེ་ན་རེ། མེ་འདིའི་ཚ་ངར་བསམ་གྱིས་མི་ཁྱབ་སྟེ། ཤིང་ཕལ་པའི་མེ་ལས་བདུན་འགྱུར་དུ་ཙནྡན་གྱི་མེ་ཚ། དེ་ལས་བདུན་འགྱུར་དུ་དུས་མཐའི་མེ་ཚ། དེ་ལས་བདུན་འགྱུར་དུ་དམྱལ་བ་ཡང་སོས་ཀྱི་མེ་ཚ། དེ་ལས་རིམ་པ་བདུན་འགྱུར་བདུན་འགྱུར་དུ་དམྱལ་བ་འོག་མ་འོག་མའི་མེའི་ཚ་ངར་ཆེ་ཞིང་། མནར་མེད་ཀྱི་མེ་འདིའི་མེ་སྟག་ཡུངས་འབྲུ་ཙམ་ཞིག་འཇིག་རྟེན་གྱི་ཁམས་འདིར་ཐོན་འོང་ན། རྩྭ་ཕུང་ལ་མེ་མཆེད་པ་བཞིན་དུ་རི་རབ་གླིང་བཞི་ལྷ་དང་བཅས་པ་གཞོབ་ཐིལ་གྱིས་ཚིག་པར་འགྱུར་རོ། །དམྱལ་བ་གཞན་བདུན་ལས་སྡུག་བསྔལ་བདུན་འགྱུར་ལས་ཆེ་ཞིང་དེ་ལས་སྡུག་བསྔལ་གྱིས་མནར་ཚུལ་ངན་པ་གཞན་མེད་པས་ན་མནར་མེད་པའི་དམྱལ་བ་ཞེས་བྱའོ་གསུངས་སོ། །
ཡང་ལྷ་མཆོག་ཐུགས་རྗེ་ཆེན་པོ་ལ་སེམས་ཅན་འདི་རྣམས་ཀྱིས་ལས་ཅི་བྱས་པའི་རྣམ་སྨིན་ཡིན་ཞུས་པས། དེ་ན་རེ། འདི་དག་གིས་ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་སྐྱེས་པ་དང་། དམ་པའི་ཆོས་སྤངས་པ་དང་། དགེ་འདུན་གྱི་དཀོར་ལ་འབགས་པ་དང་། མཁན་པོ་དང་། སློབ་དཔོན་ལ་སྨོད་པ་དང་། རྩ་བའི་བླ་མ་ལ་སྐུར་བ་འདེབས་པ་དང་། ཁྱད་པར་དུ་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་རྣམས་ལ་ལོག་ལྟ་བྱས་པ་དང་། གུ་རུ་པདྨའི་རྒྱབ་ཚབ་སྤྲུལ་པའི་གཏེར་སྟོན་རྣམས་ལ་ཉེས་དགའ་ལེགས་སྡུག །ཟུར་ཟ་ཕྲག་དོག །འདི་ལས་ང་ལྷག །ང་བཙུན་ང་མཁས། འདི་ནི་མི་བཟང་ངེས་པ་ཡིན་སྙམ་སྟེ། གཤིས་ཀྱི་ཡིན་ལུགས་ལ་ལྟ་བའི་མིག་ལོང་ནས་རྟག་ཏུ་ལོག་ལྟའི་དུག་གིས་རྒྱུད་གང་བའི་ལས་བསགས་པ་རྣམས་དང་། ང་ཆེ་ང་གཉན་གྱི་དཔོན་པོ་དང་བླ་མ་ཕལ་ཆེ་བས་དམག་འགོ་ཇག་སྙིང་བྱས་ཏེ། རྒྱ་བོད་ཀྱི་དམག་འཁྲུགས་ཆེན་པོའི་སྣ་འདྲེན་པ་ཉེས་མེད་ཀྱི་སེམས་ཅན་སྡུག་བསྔལ་ལ་སྦྱོར་བའི་ཤན་པ་ལག་དམར་རྣམས་དང་། ཡང་བཙན་པོ་ལ་ངོ་ལེན། ཁས་དམན་ལ་ཆད་པ། གཟུ་ལོག་དང་ཁྲིམས་ལོག་བཙུགས། ཟ་རྔམས་འཆའ་རྔམས་ཀྱི་ངང་ནས་མི་ཚེ་ཟད་ནས་ཤི་བས་འདིར་སྐྱེས་པ་དང་། གཞན་ཡང་ཉེས་མེད་ཀྱི་སེམས་ཅན་གསོད་པ་དང་། ཤ་ཁྲག་ལ་དམར་གཡོས་བྱེད་པ་དང་། མ་ཎི་ཨོཾ་གཅིག་མི་འདོན་པ་དང་། ཕྱི་སོ་སོར་ཐར་བའི་འདུལ་ཁྲིམས་ཉམས་པ་དང་། བར་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། ནང་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ས་ཡ་འབུམ་སྡེ་ལས་ལྟུང་བ་ཕྲ་མོ་ཡན་ཆད་བྱུང་བ་རྣམས་ནི་འདིར་སྐྱེས་པ་ཡིན་ནོ། །ཞེས་གསུངས་སོ། །
དེ་ནས་བདག་གིས་ཕྱོགས་ཐམས་ཅད་ལ་བལྟས་པས། དམྱལ་བའི་སེམས་ཅན་དེ་དག་རྟག་ཏུ་མེས་མནར་བའི་ཐར་འདོད་ཀྱི་བློ་རྒྱུན་ཆད་མེད་པར་ཡོད་ཀྱང་སྐབས་འགར་སྒོ་ཕྱོགས་ཕྱོགས་ནས་ཕྱེ་བས་བྲོས་སྙམ་བྱེད་ནས་འགྲོ་བའི་ཚེ། ལས་མཁན་རྣམས་ཀྱིས་མདའ་མདུང་རལ་གྲི་སོགས་ཀྱིས་བརྡེགས་པས་སྡུག་བསྔལ་ལོ། །འདིའི་ཚེ་ཚད་ནི་འདི་ཡིན་ཏེ། མནར་མེད་པའི་སྒོ་དེར་ལྕགས་ཀྱི་རི་བོ་དཔག་ཚད་སྟོང་དྲུག་པ་ཞིག་ཡོད་པ་དེ་ཉིད་དམྱལ་བའི་སྒོ་སྲུང་དེས་ལག་པས་ཕྱི་དོར་བྱས་ཏེ་ནམ་ཟད་པ་ན་ཚེ་འཕོས་པའོ། །དེ་ནས་དམྱལ་བ་མནར་མེད་པའི་ཉེ་འཁོར་ལྷག་པ་བཅུ་དྲུག་གི་སྣང་ཚུལ་ལ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། རལ་གྲི་ལོ་མའི་ནགས་ཚལ། ཐལ་ཚན་གྱི་ཆུ་བོ་རབ་མེད་དེ། ཤར་ན་བཞི། ལྷོ་ན་བཞི། ནུབ་ན་བཞི། བྱང་ན་བཞི་སྟེ་བཅུ་དྲུག་གོ །ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་ཡང་། ཤར་ལྷོ། ལྷོ་ནུབ། ནུབ་བྱང་། བྱང་ཤར་རྣམས་ལ་རེ་རེ་ཡོད་དོ། །
དེ་ཡང་ཞིབ་ཏུ་བཤད་ན། མེ་མ་མུར་གྱི་འོབས་ནི། མནར་མེད་པའི་ལྕགས་སྲེག་གི་སྡུག་བསྔལ་གྱིས་ཡུན་རིང་དུ་གདུང་བས་སྡིག་སྒྲིབ་ཕལ་ཆེར་སྲབ་པ་ན་ཕྱོགས་བཞི་ནས་སྒོ་ཕྱེ་བའི་སྣང་བ་འཆར་ཏེ། ཕྱིར་བལྟས་ཙ་ན་ཕ་གིར་འོབས་བཟང་པོ་གྲིབ་མའི་བསིལ་ཅན་དང་། ཆུ་ཀླུང་ཡིད་དུ་འོང་བ་མཐོང་བས་དེར་ཕྱིན་ཚེ་ལྕགས་ཀྱི་ཁྱི་ཆེན་པོ་འཇིགས་སུ་རུང་བ་ཟངས་ཀྱི་མཆེ་བ་ཅན་མང་པོས་ལུས་ཐམས་ཅད་འདྲད་ཅིང་ཤ་དུམ་བུར་བཅད་ཀྱིན་དེད་ནས་འོང་ཚེ་བྲོས་པའི་སྣང་བ་ཤར་ཏེ། བྲོས་ལམ་དུ་མེ་མདག་འབར་བ་རྡོ་རྣོན་ཁ་ཟུར་ཅན་གྱིས་གང་བའི་འོབས་ཆེན་པོ་པུས་མོ་ནུབ་ཙམ་པ་དེར། རྐང་པ་འཇོག་ཙམ་གྱིས་ཤ་ལྤགས་ཚིག་ནས་རུས་པ་དཀར་སེང་སེང་སོང་བའི་ཡར་བཏེག་ཚེ་ཤ་ལྤགས་སླར་སོས་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་ལས་མ་ཟད་བར་དུ་མྱོང་ངོ་། །ཡང་རོ་མྱགས་ཀྱི་འདམ་ནི། མེ་སྒོ་ལས་ཐར་སྙམ་སྐྱེས་ཏེ་ཕྱིན་པ་ན་ཤིན་ཏུ་བསིལ་བའི་འདམ་མཐོང་སྟེ། ཞུགས་མ་ཐག་ཏུ་བྱིན་པའི་འདམ་རྫབ་དང་མི་རོ་རྟ་རོ་ཁྱི་རོ་སོགས་རོ་རུལ་བ་ཤིན་ཏུ་དྲི་མི་ཞིམ་པ་བྲོ་བའི་འདམ་དུ་ཚུད་ནས་སྤྱི་བོའི་བར་དུ་ནུབ་སྟེ་སྲོག་ཆགས་ལུས་དཀར་ལ་མགོ་ནག་པའི་འབུ་སྲིིན་ལྕགས་ཀྱི་མཆེ་བ་ཅན་མང་པོས་ཤ་ལྤགས་འབིགས་ཤིང་སྡུག་བསྔལ་མི་བཟོད་པ་མྱོང་ངོ་། །ཡང་རལ་གྲི་ལོ་མའི་ནགས་ཚལ་དང་སྤུ་གྲིའི་ཐང་ནི། མེ་སྒོ་ནས་ཐར་ཏེ་ཕྱིན་པ་ན་ཐང་ཐམས་ཅད་སྤུ་གྲི་རེག་གཅོད་ཀྱི་སོ་གྱེན་དུ་བསྟན་ནས་བར་མཚམས་མེད་པར་གང་ཡོད་པའི་ས་དེར་ཕྱིན་ཏེ། རྐང་པ་ཚལ་བར་བཀས་བཞིན་སོང་བས་རྒྱང་རིང་པོ་ན་ནགས་ཚལ་སྔོན་པོ་ཡིད་དུ་འོང་བ་ཞིག་སྣང་བས། དེར་འགྲོ་བའི་ཚེ་ལྕགས་ཀྱི་སྡོང་པོ་མེ་འབར་བ་ཡལ་ག་དང་ལོ་མ་ཐམས་ཅད་ལྕགས་ཀྱི་རལ་གྲི་དཔག་ཏུ་མེད་པ་སི་ལི་ལི་གཡོ་བ་མཐོང་མ་ཐག་ཏུ། ལས་ཀྱི་རླུང་དམར་དྲག་པོས་བསྐྱེད་པའི་རལ་གྲིའི་ལོ་མ་རྣམས་ཐ་ར་ར་འཐོར་ཏེ། མཚོན་ཆའི་ཆར་གྱིས་ལུས་ཚལ་བ་དུམ་བུར་གཏུབས། ས་གཞི་ཐམས་ཅད་ལྕགས་སྲེག་གི་ཚེར་མ་རྣོན་པོ་མཐོ་གང་བ་འབའ་ཞིག་རྩྭ་ལྟར་སྐྱེས་པའི་གང་ནས། རྐང་པ་གཡས་བཞག་དུས་གཡས་ཕུག །གཡོན་བཞག་དུས་གཡོན་ཕུག །གཞོག་གཡས་གཡོན་གང་བཞག་ཕུག་པའི་སྡུག་བསྔལ་མྱོང་ངོ་། །
ཡང་ཐལ་ཚན་གྱི་ཆུ་བོ་རབ་མེད་ནི་མེ་སྒོ་ལས་ཐར་བའི་སྣང་བ་ཤར་མ་ཐག་ཏུ་ཤིན་ཏུ་སྐོམ་པས་གདུངས་ནས་བལྟས་ཚེ་ཆུ་ཀླུང་ཤིན་ཏུ་བསིལ་བ་ཞིག་ཡོད་པའི་སྣང་བ་འཆར་ཏེ། ཕྱིན་པ་ན་ཆུ་ཀླུང་ཞིག་ག་ལ་ཡོད། དེར་འཇུག་མ་ཐག་ཏུ་རི་ཉམས་དགའ་བའི་རྩེར། ཐལ་ཚན་གྱི་ཆུ་བོ་དྲག་པོ་མེས་བཞུས་པའི་ཟངས་ཞུན་དང་ལྕགས་ཞུན་ལྟར་ཤིན་ཏུ་ཚ་བའི་དབལ་གྱིས་རེག་པ་ཙམ་གྱིས་རྐེད་པ་ཡན་ཆད་ཀྱི་ཤ་རྣམས་གཞོབ་ཐུལ་གྱིས་ཚིག་སྟེ། རུས་པ་དཀར་སེང་སེང་འགྲོ་ཞིང་ལུས་མ་ཟད་བར་དུ་སྡུག་བསྔལ་ལོ། །ཡང་ལྕགས་ཀྱི་རི་བོ་དང་ཤལ་མ་ལིའི་སྡོང་པོ་ནི་དེ་དག་ལས་ཐར་ཏེ་ཕྱོགས་མཚམས་སུ་འགྲོ་བའི་སྣང་བ་ཤར་མ་ཐག་ཏུ། རི་ཉམས་དགའ་བའི་རྩེར་ལྗོན་ཤིང་ཡིད་དུ་འོང་བ་ཞིག་མཐོང་མ་ཐག་ཏུ་དེར་ཕྱིན་ཚེ་ལྕགས་བསྲེགས་ཀྱི་རི་བོ་མེ་འབར་བ་ཞིག་ཏུ་གྱུར་ནས་སྟེང་ན་སྔོན་གྱི་གྲོགས་མཛའ་བར་གྱུར་པ་དག་གིས་འབོད་པའི་སྣང་བ་སྐྱེས་ཏེ་ཤིན་ཏུ་ཆགས་ཏེ་ཐེ་ཚོམ་མེད་པར་མིག་བཙུམས་ནས་བརྒྱུགས་པས། བར་ལམ་ནས་ཅེ་སྤྱང་དང་ཁྱི་དང་སྟག་གཟིག་མང་པོས་ཤ་ཁམ་རེ་བཅད་ཀྱིན་བཅད་ཀྱིན་དེད་ནས་འོང་ཚེ་ཤིན་ཏུ་སྐྲག་ཅིང་དངངས་ནས་བྲོས་ཏེ་སྡོང་པོ་ལ་འཛེགས་ཚེ། སྡོང་པོ་དེ་ཡང་ལྕགས་ཀྱི་ཚེར་མ་རྣོན་པོ་སོར་བཅུ་དྲུག་པས་གང་བ། ཡལ་ག་དང་ལོ་མ་ཐམས་ཅད་རལ་གྲི་དང་། མདུང་དང་། མདའ་དང་། རྩེ་གསུམ་སོགས་མཚོན་ཆ་སྣ་ཚོགས་ཀྱི་རང་བཞིན་ཁ་ཐུར་དུ་གྱུ་བ་ཞིག་ཏུ་གྱུར་ནས་ཤ་ཚལ་པ་ཁྲག་ཐིགས་པ་བྱེད་བཞིན་ཤིང་རྩེར་སླེབས་པ་ན་སྔར་གྱི་དགའ་བའི་གྲོགས་ཏེ་མ་ཡིན་པར་ལྕགས་ཀྱི་བུད་མེད་འཇིགས་སུ་རུང་བ་ལུས་སོག་ལེ་ལྟར་རྩུབ་པས་འཁྱུད་དེ། ཤ་དམར་ཤར་ཤར་གཅོད་ཅིང་ཁྭ་ཏ་དང་བྱ་རྒོད་སོགས་ཀྱིས་མིག་བྲུ་ཀླད་པ་ཕུད་ནས་ཟ་བར་བྱེད།
ཡང་རྩ་བ་ནས་འབོད་པའི་སྣང་བ་ཤར་ཏེ་མར་བབ་པ་ན། མཚོན་ཆ་དང་ཚེར་མ་ཐམས་ཅད་ཁ་གྱེན་དུ་བསྟན་པས་བྲང་དང་རྒྱབ་གཞུང་ནས་ཕུག་ལ་ཁྲག་དམར་ནར་གྱིས་འཛེགས་ཏེ་རྒྱུ་མ་དང་གློ་སྙིང་ཐམས་ཅད་དམར་ལོང་ལོང་གནར་བས་བབས་ཏེ་ཐོན་པ་ན་ལྕགས་ཀྱི་བུད་མེད་འཇིགས་སུ་རུང་བ་ཁྱི་བྲེ་བོ། ཁྭ་ཏ་རྡོ་རྗེའི་མཆུ་ཅན་དང་། དུར་བྱ་དུག་སྦྲུལ་མང་པོས་རྒྱུ་མ་དང་ནང་ཁྲོལ་འབྱིན་ཅིང་མིག་འབྲུ། ཀླད་པ་འཇིབ། ཤ་ཚལ་བ་ཁྲག་ཐིགས་པ་བྱས་ཏེ་ལས་མ་ཟད་བར་དུ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་མཐོང་ངོ་། །ཡང་བདག་གིས་ཐུགས་རྗེ་ཆེན་པོ་ལ་འདི་རྣམས་ཀྱིས་ལས་ཅི་བྱས་པ་ཡིན་ལགས་ཞུས་པས། དེ་ན་རེ། སྡོམ་པ་དམ་ཚིག་མི་བསྲུང་ན། །དེ་ནི་མེ་མ་མུར་དུ་བསྲེག །དགེ་འདུན་དཀོར་ལ་སྤྱོད་པ་ན། །རོ་མྱགས་འདམ་དུ་སྲིན་བུས་ཟ། །བག་མེད་སྡིག་པ་གང་བྱས་པ། །རལ་གྲིས་ལུས་པོ་ཚལ་བར་གཤག །ཉ་སོགས་ཆུ་གནས་བསད་པ་ཡིས། །ཐལ་ཚན་ཆུ་བོ་རབ་མེད་འགྲོ། །བྱི་མོ་བྱི་མོ་བྱས་པ་ཡིས། །ཤལ་མ་ལི་ཡི་སྡོང་པོར་སྐྱེས། །ལྕགས་ཀྱི་བུད་མེད་ཁྱི་ཚོགས་དང་། །ཁྭ་ཏ་བྱ་རྒོད་དག་གིས་ཟ། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །ཇོ་འཁོར་བསྐོར་ལ་སྨོན་ལམ་ཐོབ། །མ་ཎིའི་རྒྱང་འབོད་ལན་གསུམ་དང་། །ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས། །མནར་མེད་ཉེ་འཁོར་བཅུ་དྲུག་བཅས། །སྐད་ཅིག་གཅིག་གིས་འདྲེན་པར་འགྱུར། །ཞེས་གསུངས་སོ། །
དེ་ནས་དམྱལ་བའི་སེམས་ཅན་དེ་ལ་དམིགས་ནས་གླུ་འདི་ལྟར་བླངས་སོ། །ན་མོ་གུ་རུ་དྷེ་ཝ་ཌཀྐི་ནི་ཧཱུྃ། གནས་རང་སྣང་འོག་མིན་ཆོས་དབྱིངས་ནས། །དཔལ་འཆི་མེད་མགོན་པོ་འོད་དཔག་མེད། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་མ་འགགས་རི་བོ་ཏ་ལ་ནས། །ལྷ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་རྩོལ་མེད་ཟངས་མདོག་དཔལ་རི་ནས། །རྗེ་ཨོ་རྒྱན་པདྨ་འབྱུང་གནས་ལ། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་དག་པ་མཁའ་སྤྱོད་ཕོ་བྲང་ནས། །ཡུམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་རང་སྣང་རྣམ་དག་གི་ཞིང་ཁམས་ནས། །ཆོས་རྒྱལ་དང་འབངས་རིགས་ཉེར་ལྔ་ལ། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་དག་པ་རབ་འབྱམས་དཀྱིལ་འཁོར་ནས། །ལྷ་བཅོམ་ལྡན་རྒྱལ་བ་ཞི་ཁྲོ་ལ། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་བཀའ་འདུས་གསང་བའི་ཕོ་བྲང་ནས། །བཀའ་ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་གསེར་སྟོད་འབྲོང་རི་སྨུག་པོ་ནས། །དཔལ་ཆོས་སྐྱོང་བྲག་ལྷ་མགོན་པོ་ལ། །བདག་གསོལ་བ་དེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །གནས་ཆོས་དབྱིངས་འགྲོ་འདུལ་ཕོ་བྲང་ནས། །མཚན་ལྡན་གྱི་ཇོ་དར་དཀར་པོ་ལ། །བདག་གསོལ་བ་འདེབས་སོ་ལམ་སྣ་དྲོངས། །ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །མགོན་ཁྱེད་ཀྱི་ཐུགས་རྗེ་བྱིན་རླབས་དང་། །བདག་ལྷག་བསམ་རྣམ་དག་བདེན་པའི་མཐུས། །མནར་མེད་དང་ཉེ་འཁོར་བཅུ་དྲུག་བཅས། །མ་ལུས་པར་བདེ་ཆེན་ཞིང་དུ་འཕོས། །དུས་གསུམ་དུ་བསགས་པའི་དགེ་ཚོགས་ཀུན། །ལས་ངན་པའི་སེམས་ཅན་དོན་དུ་བསྔོ། །དེས་དམྱལ་བའི་འཇིག་རྟེན་དོང་སྤྲུགས་ཏེ། །འགྲོ་ཀུན་གྱི་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་དེ་འཁོར་ཆེན་བསྐོར་མ་ཎིའི་རྒྱང་འབོད་ལན་གསུམ་བྱས་པ་དང་། ཇོ་དར་བསམ་གྱིས་མི་ཁྱབ་པ་དང་རོལ་མོའི་སྒྲ་དང་བཅས་པ་འཕྲོས་ཏེ། མནར་མེད་དང་ཉེ་འཁོར་བཅས་སྐད་ཅིག་གིས་སྟོངས་པར་བྱས་སོ། །ཡང་སེམས་ཅན་གྱི་ལས་བསམ་གྱིས་མི་ཁྱབ་པའི་དབང་གིས་སྔར་བཞིན་སྣང་བར་གྱུར་ཏོ། །དེ་བས་དམྱལ་བའི་གནས་འདི་རྣམས་གང་ན་ཡོད་པ་ཡིན་སྙམ་ན། འདི་འོག་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་རོལ་ན་དམྱལ་བ་ཡང་སོས་སང་ཡོད། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན། དམྱལ་བ་གཞན་བདུན་པོ་ཡོད་ཅིང་། ཞེང་དུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ཉི་ཤུ་ཡོད་དོ། །དེ་ནས་ཡང་བལྟས་པའི་མཐོང་སྣང་ལ། ཉེ་འཁོར་གྱི་འདབས་ཤིག་ན་ཟངས་རི་དམར་པོ་དགུང་ལ་བསྙེགས་པ། མེ་མདག་གི་ཚྭ་ཚྭ་འཕྲོ་བ་ཞིག་དང་། དེ་ནས་དཔག་ཚད་ཁྲི་ཕྲག་རེའི་ཕ་རོལ་ན། གངས་རི་དཀར་པོ་ཤེལ་ལྟ་བུ་ཁ་བ་དང་བུ་ཡུག་འཚུབ་པ་ཞིག་སྣང་ངོ་། །
ཡང་ལྷ་ཐུགས་རྗེ་ཆེན་པོ་ལ་བདག་གིས་དྲིས་པ། ཟངས་རི་དང་གངས་རི་འདི་གཉིས་གནས་གང་ཡིན་སེམས་ཅན་སུ་ཞིག་ཡོད་པ་ཡིན་ལགས། དེ་ན་རེ། གནས་ནི་ཚ་དམྱལ་དང་གྲང་དམྱལ་གྱི་ཡུལ་ཡིན། སེམས་ཅན་ནི་ཁྱེད་ཀྱི་ཨ་ཕས་གཙོས་ལས་ངན་མང་པོས་ཚ་གྲང་རེ་མོས་སུ་མྱོང་བ་སྟེ་སྡུག་བསྔལ་ལོ། །དེ་ན་ངའི་རྗེས་སུ་ཤོག་དང་ཨ་ཕ་སོགས་འདྲེན་དུ་འགྲོ་གསུངས་སོ། །དེ་ནས་སོང་སྟེ་ཨ་ཕ་ནག་འགྱ་ཞེས་མིང་ནས་ལན་གསུམ་བོས་པས། ཨ་ཕ་སྐར་མདའ་རྒྱུག་པ་ལྟར་ཤར་ཤར་རྒྱུག་ཅིང་མཛོ་མོ་རྟོལ་ལེ་སོགས་སེམས་ཅན་མང་པོས་འུར་དིར་དིར་དེད་ནས་ཉན་དབང་དང་ལྟ་དབང་མེད་པར་ཟངས་རི་དམར་པོའི་ནང་ལ་རྒྱུག་གོ །བདག་དེར་སོང་ལ་སྐད་གདངས་མཐོན་པོས་ཨ་ཕའི་མིང་ནས་ལན་གསུམ་བོས་ལ། འཁོར་ཆེན་བསྐོར་ཏེ་གླུ་འདི་ལྟར་བླངས་སོ། །ཀྱཻ་མ། ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་གསོལ་བ་འདེབས། །བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་གསོལ་བ་འདེབས། །དེ་སྲས་བྱང་སེམས་ཉན་རང་ལ་གསོལ་བ་འདེབས། །ཨ་ཕས་གཙོར་བྱས་འགྲོ་བ་འདི་ཀུན་ཀྱང་། །བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས། །ཕྱིར་མི་ལྡོག་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་ཅིང་མ་ཎིའི་རྒྱང་འབོད་ལན་གསུམ་བྱས་པས་སེམས་ཅན་བརྒྱ་ཙམ་འདྲེན་ཞིང་། མེ་ཐམས་ཅད་ཞི་སྟེ་ཟངས་རི་ཡང་མི་སྣང་བར་གྱུར་ཏོ། །
དེ་ནས་ཨ་ཕ་ནི་སྔོན་བསད་པའི་ར་མ་ཚེ་ཐར་ནག་པོ་ཞིག་དང་། གཡག་ཚེ་ཐར་སྔོན་པོ་དང་དམར་པོ་གཉིས་མཛོ་མོ་དང་རྟོལ་ལེ་སོགས་སེམས་ཅན་མང་པོས་འུར་དིར་དིར་དེད་ནས་ལ་ལའི་རྭས་ཕུག །ལ་ལའི་སོས་འདྲད། ལ་ལའི་རྨིག་པས་གནུར་ཏེ་འཚུབ་ཀྱི་ལི་ལི་གངས་རི་དཀར་པོའི་ནང་དུ་ཤར་ཤར་འགྲོ་བར་སྣང་ངོ་། །ཡང་བདག་གི་མིག་མཆི་མ་འཁྲུགས། ལག་ཐལ་མོ་སྦྱར་ནས་གསོལ་བ་འདི་ལྟར་བཏབ་བོ། །ཀྱེ་བླ་མ་གང་ཤར་རང་གྲོལ་མཁྱེན། །ཕ་རྒད་པོ་ཐར་པའི་ལམ་སྣ་དྲོངས། །ང་ངུས་པས་མ་ཕན་ཤོར་ཏེ་ཐལ། །གངས་རི་དཀར་པོའི་དཀྱིལ་དུ་དེད་ནས་སོང་། །ད་ཁ་བ་བུ་ཡུག་འཚུབ་མས་གདུངས། །ཕ་དེས་སོ་འཐམས་སྨྲེ་སྔགས་འདོན། །ལུས་ལྷགས་པས་མནར་བས་ཤ་ལྤགས་གས། །དེའི་བར་ན་འབུ་སྲིན་དུ་མས་ཟོས། །འདིའི་སྡུག་བསྔལ་ཟད་པའི་མཐའ་ཡོད་དོ། །ཕ་དྲིན་ཅན་ཐར་དུས་ནམ་ཞིག་ཡོད། །ཁོང་མཁྱེན་ལྡན་རྣམས་ཀྱིས་གསུངས་བར་ཞུ། །ཞེས་ཞུས་པ་དང་། ཡང་ཐུགས་རྗེ་ཆེན་པོའི་ཞལ་ནས། ད་མི་འགྱང་མྱུར་དུ་འགྲོ་དགོས་སོ། །ཕ་ད་རུང་ཐར་བའི་དུས་མེད་ཀྱང་། །གྲང་དམྱལ་གྱི་སེམས་ཅན་མང་པོ་འདྲེན། །ཁྱེད་ཐུགས་ངལ་མ་མཛད་བྱང་སེམས་བསྐྱེད། །ཅེས་གསུངས་སོ། །དེ་ནས་ལྷ་ཐུགས་རྗེ་ཆེན་པོས་ལམ་སྣ་ཁྲིད་དེ་སོང་ནས་བལྟས་པས། གྲང་དམྱལ་རྣམས་ཀྱི་ཡུལ་ནི་ཕྱོགས་ཐམས་ཅད་གངས་རིའི་ཕྲེང་བས་བསྐོར་ཞིང་། འོག་གི་ས་གཞི་ཐམས་ཅད་དར་རྒོད་པོ་རྡོ་ལེབ་ལྟ་བུ་འཁྱགས་རོམ་ཤིན་ཏུ་གྲང་བའི་རང་བཞིན་ཅན་གཅོང་རོང་ཡ་ང་བའི་གནས། སྟེང་ཐམས་ཅད་ཁ་བ་བུ་ཡུག་འཚུབ་མས་གང་སྟེ། དྲོད་རྟ་རྔ་ཙམ་ཡང་རྒྱུ་མི་ནུས་ཤིང་གྲང་ངར་འབའ་ཞིག་གིས་གདུང་བའི་གནས་སུ། དམྱལ་བའི་སེམས་ཅན་ཁ་བ་བུ་ཡུག་འཚུབ་པ་ལྟར་གྲངས་མེད་པ་ལུས་གཅེར་བུ་གུམ་གུམ་པོར་སོང་ཞིང་། བསྒུལ་བསྐྱོད་ཙམ་ཡང་མི་ནུས་པར་གྲང་རེག་གི་རྣོ་ངར་རུས་པའི་གཏིང་དུ་སོང་ནས་བཟོད་དུ་མེད་པའི་སྡུག་བསྔལ་ཁོ་ནས་མནར་བར་གྱུར་པ་མཐོང་ངོ་། །ཡང་དམྱལ་བའི་སེམས་ཅན་རྣམས་ཀྱིས་སྡུག་བསྔལ་མི་འདྲ་བ་བརྒྱད་མྱོང་བ་ལ་མིང་བརྒྱད་དུ་གྲགས་པ་གྲང་དམྱལ་བརྒྱད་ཅེས་བྱའོ། །
དེ་ཡང་གོང་དུ་བཤད་པ་ལྟ་བུའི་ས་གཞི་གངས་དང་ཆབ་རོམ་ཁ་བ་བུ་ཡུག་འཚུབས་པའི་གནས་སུ་ལུས་ལྷགས་པས་གདུང་སྟེ་མགོ་མཇུག་མེད་པར་སོལ་བ་སྤུངས་པ་ལྟར་ཆུ་བུར་སྐྱ་ཐར་ཐར་བུད་ནས་ཤིན་ཏུ་ཉམ་ཐག་པ་ནི་ཆུ་བུར་ཅན་ཡིན་ནོ། །ཆུ་བུར་དེ་དག་བརྡོལ་ནས་རྨ་མང་པོར་གྱུར་ཏེ་ཁྲག་རྣག་ཆུ་སེར་ཐམས་ཅད་ཆུ་ཀླུང་ཆེན་པོ་ལྟར་བབས་པས་སྡུག་བསྔལ་སྔར་ལས་ཆེ་བ་ནི་ཆུ་བུར་རྡོལ་བ་ཡིན་ནོ། །ཡང་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མ་བཟོད་ནས་ཨ་ཆུ་ཆུ་ཞེས་པའི་སྨྲེ་སྔགས་ཀྱི་གདངས་དྲག་པོ་རྒྱུན་མི་ཆད་པར་འདོན་པ་ནི་ཨ་ཆུ་ཟེར་བ་ཡིན་ནོ། །ཡང་སྔར་ལས་ཆེ་བས་སྐད་ཀྱི་གདངས་ཉམས་ཏེ་རྐན་ཕུག་ནས་ཀྱེ་ཧུད་ཀྱེ་ཧུད་ཟེར་ཞིང་ཤུགས་རིང་འདོན་པ་ནི་ཀྱེ་ཧུད་ཟེར་བ་ཡིན་ནོ། །ཡང་སྡུག་བསྔལ་གྱི་གདུག་རྩུབ་དྲག་པོས་མནར་ཆེ་བས་སོ་འཐམས་ཏེ། སྐད་འདོན་མི་ནུས་པར་ཡིད་ཀྱིས་སྨྲེ་སྔགས་འདོན་པ་ནི་སོ་འཐམས་པ་ཡིན་ནོ། །ཡང་གྲང་ལྷགས་རླུང་གིས་བཏབ་པས་སྡུག་བསྔལ་སྔར་ལས་ཆེ་བས་ཕྱིའི་ལྤགས་པ་སྔོན་པོར་སོང་སྟེ་རྨ་ཁ་ཐམས་ཅད་ཕྱིར་འགྱུར་ལ་ཚལ་པ་བཞི་དང་དྲུག་ཏུ་གས་པ་ནི་ཨུཏྤལ་ལྟར་གས་པ་ཡིན་ནོ། །ཡང་སྡུག་བསྔལ་གྱི་དབལ་ཁ་བཟོད་དཀའ་བས་ཕྱིའི་པགས་པ་ཁྲོལ་གྱིས་ཞིག་ནས་ནང་གི་ཤ་གསར་བ་དམར་ཧུ་རེ་བ་གྲང་ལྷགས་ཀྱིས་གདུང་བས་ཚལ་བ་བརྒྱད་དམ་བཅུར་གས་པ་ནི་པདྨ་ལྟར་གས་པ་ཡིན་ནོ། །
ཡང་དེ་ལས་མདོག་སྔོ་ནག་ཏུ་གྱུར་ཏེ་སེར་ཁ་བཅུ་དྲུག་དང་སོ་གཉིས་སོགས་གྲངས་མེད་ཀྱི་བར་དུ་གས་ཏེ་ཆུ་རྒྱུས་ཕྲ་མོས་འབྲེལ་བའི་མངོན་པའི་རྨ་ནང་ནས་ཆུ་སེར་དང་། ཞག་དང་། རྐང་མར་ཀྱང་འཛགས་པ་དང་། དེ་ལྟར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་གྲངས་མེད་པ་ཞུགས་ནས་རྒྱུན་དུ་ཟ་ཞིང་སྡུག་བསྔལ་བ་ནི་པདྨ་ལྟར་ཆེར་གས་པ་ཡིན་ནོ། །འདི་དག་གི་ཡུལ་ན་ཡོད་པའི་སེམས་ཅན་ནི་ཁ་བ་བུ་ཡུག་འཚུབས་བཞིན་རྩིས་གྲངས་མེད་པ་ཡོད་པའི་ནང་དུ་ཚེ་འདས་ཨ་གྱའི་ཁྱི་ལོ། སྐལ་མཚོ། གཡོག་མོ་འདྲིས་ཆེ་བ་སྐྱིད་རིས། ཐར་ལམ་གཉིས། ཨ་ཕ་ནག་འགྱ་སོགས་ཡོད་པའི་ གཡོག་མོ་གཉིས་ན་རེ། ངེད་གཉིས་གསོན་གྱི་དུས་སུ་འདྲིས་ཆེ་བ་བཟང་ས་མཐུན་ས་ཡིན་པས་འཕྲིན་འདི་གསུངས་རོགས་ཞུ། གཡོག་གླ་ཕྲོགས་པའི་སྡུག་བསྔལ་གྱིས་རང་སྲོག་བཅད་དེ་འགག་གྲིར་ཤི་བས་འདིར་སྐྱེས་པ་ཡིན་ནོ། །ད་ངེད་གཉིས་བདག་མེད་ཡིན་པས་ཆོས་བཏང་མཁན་ནི་མེད་ཀྱང་གསོན་གྲང་ང་ཁམས་ཀྱི་ངེད་གཉིས་ཐོས་ཚད་ཀྱིས་མ་ཎི་བསྔོ་སྨོན་རེ་གསུངས་རོགས་ཞུ་ཞུ་ཞུ།
འདས་ལོག་གི་ཡི་གེའི་ནང་དུ་ཚེ་ལས་འདས་མ་སྐྱིད་རིས་དང་ཐར་ལམ་ངེད་གཉིས་ཀྱི་མིང་འདེབས་རོགས་ཞུ། ཡང་ཚེ་འདས་མང་པོས་དར་ཅོག་དང་ཚེ་ཐར་སྒྲུབས་རོགས་སོགས་ཕྲིན་མང་དུ་བསྐུར་ཡོད་པ་འཕྲོད་པས་མ་བྲིས་སོ། །འདི་དག་གི་ཚེ་ཚད་ནི། གྲོང་ཁྱེར་ཀོ་ས་ལའི་བྲེས་གཞལ་ནས་བཅུ་ཚན་ཉི་ཤུ་ཤོང་བའི་ཁང་པའི་ནང་དུ་ཏིལ་བླུགས་ལ། ཆུ་བུར་ཅན་གྱི་ལོ་བརྒྱ་བརྒྱ་ན་ཏིལ་ཉག་མ་རེ་ཕྱིར་འཕངས་ཏེ། ཏིལ་ནམ་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་འཕོས་པར་འགྱུར་རོ། །ལྷག་མ་བདུན་པོ་རིམ་པར་ཚེ་ཚད་ཉི་ཤུ་ཉི་ཤུའི་འགྱུར་གྱིས་ཚེ་རིང་ལ་སྡུག་བསྔལ་ཇེ་ཆེ་ཡིན་ནོ། །
ཡང་འདིར་སྐྱེ་བའི་རྒྱུ་གང་ཡིན་པའི་ཚུལ་ཐུགས་རྗེ་ཆེན་པོ་ལ་དྲིས་པས། དེ་ན་རེ། སེམས་ཅན་ལས་ངན་པ་རྣམས་ཀྱིས་ལས་རྒྱུ་འབྲས་མེད་པར་ལྟ་བ་དང་། སེམས་ཅན་མང་པོའི་སྲོག་བཅད་པ་དང་། བླ་མ་དང་ཆོས་ལ་ལོག་ལྟ་བྱས་པ་དང་། གཡོ་སྒྱུ་དང་དད་ལོག་གནོད་སེམས་སོགས་བྱས་པའི་རྣམ་སྨིན་ཡིན་གསུངས་སོ། །དེ་ནས་འདི་དག་ལ་དམིགས་ནས་གླུ་འདི་ལྟར་བླངས་སོ། །སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །ཆོས་སྐུ་ཨ་མི་དྷེ་ཝ་མཁྱེན། །འགག་མེད་ངེས་པ་ལྔ་ལྡན་ནས། །ལོངས་སྐུ་ལོ་ཀི་ཤྭ་ར་མཁྱེན། །རྩོལ་མེད་ཐུགས་རྗེའི་ཞིང་ཁམས་ནས། །སྤྲུལ་སྐུ་པདྨ་ཀ་ར་མཁྱེན། །རང་སྣང་མཁའ་སྤྱོད་གཞལ་ཡས་ནས། །ཡུམ་ཆེན་ཨཱརྱ་ཏ་རེ་མཁྱེན། །ཨ་ཕས་གཙོར་བྱས་འགྲོ་འདི་དག །ཐར་པ་ཆེན་པོའི་གྲོང་དུ་ཁྲིད། །ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། །མྱུར་དུ་འགྲོ་དོན་འགྲུབ་པར་ཤོག །ཅེས་བརྗོད་དེ་མ་ཎིའི་རྒྱང་འབོད་བྱས་པས་སེམས་ཅན་དུང་ཕྱུར་གཅིག་ཙམ་ལས་མ་འདྲེན་ནོ། །དེ་མ་ཐག་ཏུ་དཔལ་བྲག་ལྷ་མགོན་པོ་ལ་དར་ཅོག་འབུམ་གྱིས་བསྐོར་བ་བྱོན་ཏེ། རོལ་མོའི་སྒྲ་དང་བཅས་སེམས་ཅན་གཅིག་ཀྱང་མ་ལུས་པར་འདྲེན་ནོ། །དེས་དམྱལ་བ་གྲང་དམྱལ་གྱི་ཡུལ་ཐམས་ཅད་སྟོངས་པར་བྱས་སོ། །ཨ་ཕ་ནི་ཡི་དྭགས་ཀྱི་ཡུལ་དུ་སྐྱེས་སོ། །
དེ་ནས་ཡང་བལྟས་པས་སེམས་ཅན་གྱི་ལས་ངན་པ་ཟད་པ་མེད་པས་སྔར་བཞིན་སྣང་བར་གྱུར་ཏོ། །དེ་ནས་ལྷ་ཐུགས་རྗེ་ཆེན་པོས་བདག་ལ་འདི་སྐད་གསུངས་སོ། །རིགས་ཀྱི་བུ་མོ་ད་ནི་དམྱལ་བ་ཉི་ཚེ་བའི་གནས་ཀྱང་ངེས་པ་མེད། སྡུག་བསྔལ་ཡང་ངེས་པ་མེད་པའི་ཕྱོགས་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་དང་། དོན་ཆེན་ཡོད་པར་འདུག་གོ །གསུངས་པ་ལྟར་བདག་ཕྱོགས་ཐམས་ཅད་ཀྱི་ནམ་མཁའ་ལ་འཕུར་ཏེ་བལྟས་པས་དམྱལ་བ་ཉི་ཚེ་བའི་སེམས་ཅན་རྣམས་ནི། ལ་ལ་རི་བོ་ཆེན་པོས་མནན་ཏེ་སྡུག་བསྔལ། ལ་ལ་ལྗོན་ཤིང་ལ་གནས་ཏེ་བཅད་གཏུབས་ཀྱིས་སྡུག་བསྔལ། ལ་ལ་ནི་ནམ་མཁའ་ལ་རྟེན་མེད་པས་སྡུག་བསྔལ། ལ་ལ་བྲག་གི་བར་དུ་བཅར་བས་སྡུག་བསྔལ། ལ་ལ་མེ་ནང་དུ་བསྲེགས་པས་སྡུག་བསྔལ། ལ་ལ་ཆུ་ཚན་དུ་འཚེད་པས་སྡུག་བསྔལ། ལ་ལ་ཆབ་རོམ་དུ་རེངས་པས་སྡུག་བསྔལ། ལ་ལ་རྡོ་བར་དུ་འཐིམས་པས་སྡུག་བསྔལ། གཞན་ཡང་ཉི་ཚེ་བའི་སེམས་ཅན་གྱི་རང་གི་ལུས་དེ་ཉིད་གཏུན་དང་། ཕྱག་མ་དང་། འགལ་དུམ་དང་། སྒོ་དང་། ཀ་བ་དང་། སྒྱེད་པུ་དང་། ཐག་པ་སོགས་ལུས་སུ་སྣང་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ་དྲག་པོས་མནར་ནས་འདུག་བཞིན་དུ། གཅིག་པུར་གནས་སམ། ཉུང་ངུར་གནས་སམ། མང་པོ་ལྷན་དུ་འདུག་ནས་གནས་པ་སོགས་འདི་ཡིན་འདི་མིན་གྱི་ངེས་པ་མེད་པར་བསམ་གྱིས་མི་ཁྱབ་པ་མཐོང་ངོ་། །
དེར་ངོ་ཤེས་པའི་ཚེ་འདས་བླ་མ་འོད་འགྲོས། བླ་མ་ཆོས་བསམ། རྒྱབ་ཚང་བླ་མ་སོགས་དཀོར་ནག་ཐལ་བ་འགམ་འགམ་བྱེད་ཅིང་། ཁྱད་པར་དུ་དམར་ཆོག་བྱེད་མི་རྣམས་དང་། ཡང་འཕོ་འདེབས་ཀྱི་བླ་མ་ཕལ་ཆེ་བས་ཚེ་འདས་དེ་གར་སོང་འདིར་འགྲོ་རེ་མི་གོ་བར་མ་ཟད་ཕཊ་ཤར་གསུམ་པོའི་ཚེ་ཡང་ཐུགས་ཐོག་ཏུ་མི་བཞུགས་པར་ཉུང་བསྡུས་ཤིག་འདོན། མང་པོའི་གཤོ་མེད། ཁ་གྲགས་མིང་སྙན་ཅན་པོའི་ལུགས་ཡིན། ད་སྔ་རྟ་ཕོ་བཟང་པོ་དུ་མ་བླངས། ཡང་དུས་ཆོག་ཟེར་ནས་རྒྱུ་ཟས་བསམ་གྱིས་མི་ཁྱབ་པ་བླངས་པ་ཕྱི་མ་དེ་བུ་ལོན་དུ་སོང་ཡོད་པ་རྣམས་དང་། ཡང་ཤི་བོ་ཤི་དུས་ཤ་གསར་བ་རེ་འཕྲོད་དགོས་ཟེར་བའི་རྒྱུ་འབྲས་གོ་ལོག་ཏུ་ལྟ་བས། ལུག་སེམས་ཅན་རེ་མྱུར་དུ་བསད་ནས་ཤ་ཁྲག་མ་དམར་གཡོས་བྱས་ཏེ་ཡོན་བདག་མཆོད་གཉིས་པོ་དམྱལ་བའི་ཡུལ་དུ་འགྲོ་བའི་ལས་བྱས་པས་འདིར་སྐྱེས་སོ། །ཡང་བླ་མ་དང་སེར་མོ་པ་ལ་ལ་དག་གྲོང་ཆོག་ལ་འགྲོ་དུས་ཇི་ཟ་ཇི་འཐུང་ལ་ཐུགས་མཐིལ་གཏད་དེ། ཡོན་བདག་སང་ལ་སྲུང་སྐྱོབ་ཀྱི་ཐུགས་བསྐྱེད་ལྷོད་ལྷོད་གྱུར་ཏེ། ཤ་ཞིག་མིན་པར་ཟས་སྣ་ཅི་དྲངས་ཀྱང་། ཐུགས་བབ་ཆུང་བས་ཡོན་བདག་ལ་མིག་ལྡང་བྱས་ཏེ་ཨེ་ཧེ་ཧེ་ཁྱེད་ཚང་མིན་པས་ཤ་བཟང་པོ་རེ་རྙེད་ཡོད། ཁྱེད་ཀྱིས་རིན་ཆེན་པོ་མ་སྟེར་བས་ལན་ཡིན། གནམ་གཡོས་ཤིག་ཡོད་དོན་མེད་གསུངས་ནས་ཤ་ཁྲག་ལ་ཤིན་ཏུ་མཉེས་པའི་ལས་ཀྱིས་འདིར་སྐྱེས་པ་ཡིན་ནོ། །དེ་ནས་བླ་མ་རྣམས་ཀྱིས་གཙོས་ཚེ་འདས་ཀུན་གྱིས་ཕྲིན་འདི་ལྟར་ཟེར་རོ། །ཀྱཻ། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །གསོན་གྲང་ང་ཁམས་ལ་འདི་ལྟར་གསུངས། །ཁོང་བླ་སེར་དམར་ཆོག་བྱེད་མི་དང་། །དཀོར་ནག་ལ་རྟག་ཏུ་འབྱམས་པ་དང་། །ཤི་གསོན་གྱི་མགོ་སྐོར་བྱེད་པ་དང་། །བླ་གཟུགས་ཀྱི་སྡོམ་པ་ཆུ་དོར་དང་། །སེར་གཟུགས་ཀྱི་བསྟན་པའི་བླ་བཙོང་རྣམས། །ཉི་ཚེ་བའི་དམྱལ་བར་འོ་བརྒྱལ་ཆེ། །ཐོན་ཚར་ནས་ཕྱིར་ལ་ལྡོག་ཐབས་མེད། །དེའི་ཕྱིར་ན་རང་དབང་ཡོད་དུས་འདིར། །དགེ་སྒྲུབ་དང་སྡིག་སྤང་ཞིབ་ཏུ་གྱིས། །རང་སེམས་དེ་རང་ལ་དཔང་དུ་ཚུགས། །བློ་མི་འགྱོད་པ་རེ་བྱེད་དགོས་ལགས། །དགོན་པ་དང་སེར་སྡེ་ཕལ་ཆེ་བས། །ཚེས་བཅུ་དང་དགུ་གཏོར་སྒྲུབ་མཆོད་དང་། །སྨོན་ལམ་དང་སྤྱི་སྲུང་ལ་སོགས་དུས། །སེམས་ཅན་དེ་མང་པོའི་སྲོག་བཅད་དེ། །ཤ་ཁྲག་གི་དམར་གཡོས་བྱས་ཏེ་མཆོད། །དམར་ཆོག་གི་ལས་ཀ་རྔམ་ཆེན་འདིས། །ཁོང་ཡོན་མཆོད་གཉིས་ཀར་སྡུག་བསྔལ་ཆེ། །ཉི་ཚེ་བའི་དམྱལ་བ་འདིར་སྐྱེས་ཏེ། །བསྐལ་པ་དེ་འབུམ་དུ་ཐར་མི་འགྱུར། །ཡང་སེར་མོས་སྲོག་བཅད་བྱེ་བར་འགྱུར། །བུད་མེད་སྲོག་བཅད་འབུམ་འགྱུར་ཡིན། །སྐྱེས་པས་སྲོག་ལན་ལྔ་བརྒྱ་དགོས། །མགོ་མཐོ་དམན་མེད་པ་ཐམས་ཅད་ཀྱིས། །དམར་ཆོག་དང་དཀོར་ལ་མ་འབྱམས་ཤིག །སྲོག་བཅད་རེ་སྤང་བའི་བཀའ་དྲིན་ཞུ། །རེམ་རེམ་དེ་མ་འཆུགས་མཁྱེན་མཁྱེན་ཡ། །ཞེས་སྨྲས་ཏེ་ཚེ་འདས་དེ་རྣམས་འགྲོ་བའི་ཚེ་ན་ཟངས་ཀྱི་ཁྱི་དམར་པོ་བརྒྱད་དང་། ལྕགས་ཀྱི་སྤྱང་ཀི་དཀར་པོ་བརྒྱད་ཀྱིས་དེད་ནས་ཤ་ཁམ་ཁྲག་ཐིགས་བྱས་ཏེ། ལས་མཁན་མང་པོས་སེམས་ཅན་རྣམས་ཀྱི་ཁར་ཟངས་ཞུན་ཁོལ་མ་བླུགས་ཏེ་ལུས་ཤིང་ཁྲ་སྐམ་ལ་མེ་མཆེད་པ་བཞིན་འབར་རོ། །རེས་འགའ་ནི་ཐང་ཆེན་པོར་འགྲོ་བའི་ཚེ་རྩི་ཤིང་ཐམས་ཅད་མཚོན་ཆར་གྱུར་ཏེ་བཅད་གཏུབས་ཀྱི་སྡུག་བསྔལ། རེས་འགའ་སྦྲ་དང་ཁང་པ་རུ་སྣང་། ཁ་ཚབ་འཕེན་དུས་ཀླད་པ་བུད་པའི་སྣང་བ་ཤར། སྒོ་ཕྱེ་དུས་ཁོག་པའི་ཁ་ཕྱེ་བའི་སྣང་བ་ཤར། ཀ་བའི་གདན་སྙིང་ལ་བྱས་པ་དང་། ཐག་པ་ལ་ལུས་སུ་སྣང་སྟེ་བརྐྱང་བསྐུམ་གྱིས་སྡུག་བསྔལ། ཡང་སྒྱེད་པུ་ལ་ལུས་སུ་སྣང་ལ། མེ་འབར་བའི་ཚེ་ཁོག་པ་ལ་མེ་འབར་བའི་སྣང་བ་ཤར། ནངས་སྔ་མོ་ཐབ་ཁུང་དུ་མ་ཎི་བཏབ་པས་སེམས་ཅན་མང་པོ་འདྲེན། དེ་ལྟ་བུའི་གནས་དང་སྡུག་བསྔལ་ལ་ངེས་པ་མེད་པ་དང་། ཚེ་ཚད་ལ་ཡང་ངེས་པ་མེད་པས་སྣང་བ་གནས་འགྱུར་གྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ངོ་། །
དཔེར་ན་མི་ཞིག་ལ་ཉིན་རེ་བཞིན་མདུང་གིས་ལན་སུམ་བརྒྱ་རེ་བསྣུན་ན། དེ་མི་ཡུལ་ན་སྡུག་བསྔལ་ཆེ་ཤོས་ཤིག་ཡིན་ཡང་། དམྱལ་བའི་སྡུག་བསྔལ་ཕྲ་མོ་ཡང་དཔེ་མི་ཐུབ། མཚོན་མི་ནུས་པས་སྡུག་བསྔལ་ཤིན་ཏུ་ཆེ་སྟེ། དེ་དག་ལ་དམིགས་ནས་འཁོར་ཆེན་བསྐོར་སྨོན་ལམ་འདི་ལྟར་བཏབ་བོ། །ཆོས་སྐུ་སྣང་མཐའ་རྒྱལ་བ་སྲས་བཅས་ཀྱིས། །དམྱལ་བ་ཉི་ཚེའི་སེམས་ཅན་ལས་ངན་རྣམས། །བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས། །སྐད་ཅིག་གཅིག་གིས་གྲོལ་བར་བྱིན་གྱིས་རློབས། །ཞེས་བརྗོད་དེ་མ་ཎིའི་རྒྱང་འབོད་བྱས་པས་ཐམས་ཅད་ཀྱི་སྡུག་བསྔལ་ཅུང་ཟད་རེ་སྲབ་ནས་དལ་གཅིག་ངལ་བསོས་ལ་འདུག་གོ །དེ་ནས་ཕྱོགས་བཞི་ན་སེམས་ཅན་མང་པོ་འུར་འུར་འདུག་པ་ཐོས་ནས་དེར་སོང་ལ་བལྟས་པས་ངོ་ཤེས་པ་དང་མི་ཤེས་པའི་ཚེ་འདས་མང་པོས་འདི་ལྟར་ཟེར། ངེད་ཅག་གསོན་གྲང་ང་ཁམས་ན་ཤི་བའི་རོ་དེ་ཉིད་དབྱར་དུས་སུ་མེ་ལ་བསྲེགས་པའི་དབང་གིས། འབུ་བསམ་གྱིས་མི་ཁྱབ་པ་བསད་པས་འདི་ལྟར་ཡིན་ཏེ་ལྟོས་དང་། དཀྱིལ་འཁོར་གྱི་ལྷ་ལ་སྦྱིན་སྲེག་ཕུལ་པའི་བསོད་ནམས་ཀྱིས་ངེད་ཅག་ལ་ཟས་གོས་རྒྱུ་ནོར་འཛོམས་པ། ལུས་འདི་འདྲ་རེད་ཟེར་གཅེར་བུར་བསྟན་ནས་འབུ་སྲིན་དུང་ཕྱུར་མང་པོ་ཟངས་ཀྱི་མཆུ་རྣོན་མེ་འབར་བ་ཅན་གྱིས་ཟོས་ནས་ལྤགས་དང་ཤ་ཟད་དེ་རུས་པ་དཀར་སེང་སེང་མཐོང་ངོ་། །
ཡང་ལ་ལ་དག་ན་རེ། ངེད་ཅག་གི་རོ་ཆུ་ནང་ལ་འཕངས་ཏེ་ཉ་སྲམ་སོགས་ཀྱིས་ཟོས་པས་ལོངས་སྤྱོད་ཆེན་པོ་དང་ལྡན་ཡང་། ཀླུ་དཀར་ཕྱོགས་པ་རྣམས་ལ་ཤ་ཁྲག་གིས་ཕོག་ཐུག་སོང་སྟེ་ནད་དྲག་པོས་ཐེབས་ནས་ཤི་བས་གྲོང་ཁྱེར་མང་པོ་སྟོངས་སོང་བའི་རྣམ་སྨིན་འདི་རེད་ཟེར་ཏེ། བལྟས་པས་ལུས་ལ་མཛེ་ནད་ཀྱིས་ཟིན་ལ་རྐང་ལག་དང་ཁ་སྣ་སོགས་ཆད་ནས་སྡོང་དུམ་རུལ་བ་འདྲ་བ་ཞིག་མཐོང་ངོ་། །ཡང་ལ་ལ་དག་ན་རེ། ངེད་ཅག་གི་རོ་ས་འོག་ཏུ་མནན་ན་ལུས་ལ་འབུ་སྲིན་དུང་ཕྱུར་མང་པོ་ཆགས་ཏེ་མཉམ་དུ་རུལ་ནས་ཤི་བས་ང་རང་ལ་སྡུག་བསྔལ་འདི་འདྲ་ཡོད་ཟེར། བལྟས་པས་ལུས་ལ་ཁྲག་རྣག་གི་འདམ་རྫབ་མཐོ་གང་བའི་དཔངས་ཅན་རེ་ཆགས་ཏེ། འབུ་སྲིན་ལྕགས་ཀྱི་མཆུ་ཅན་མང་པོས་ཟོས་ནས་ནང་གི་ཤ་ཐམས་ཅད་མེད་པར་བྱས་ལ་རུས་པ་སྐྱ་ཁྲོལ་དུ་འདུག །ལྷ་བ་དང་རྐང་གི་ནང་དུའང་ཟོས་པས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་མཐོང་ངོ་། །ཡང་ལ་ལ་དག་ན་རེ། ངེད་ཅག་གི་རོ་བྱམས་སྙིང་རྗེ་ཅན་པོས་རོ་གླ་ལ་མི་ལྟ་བར་བྱ་འབོད་བྱས་ནས་མ་མཁའ་འགྲོ་རྣམས་ལ་ཚོགས་མཆོད་དུ་གྱུར་ནས་ཚོགས་བསགས་པའི་བསོད་ནམས་ཀྱིས་ལུས་འདི་ལྟར་ཡིན་ཟེར། བལྟས་པས་ལུས་ལ་དར་ཚོན་གྱི་གོས་དང་། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་དུ་མ་ལུས་གར་སྟབས་ཤིགས་ཤིག །ངག་གླུ་དབྱངས་སང་སང་། དག་པ་མཁའ་སྤྱོད་ཀྱི་ཞིང་དུ་འགྲོ་ཟེར་བ་མཐོང་ངོ་། །
ཡང་ལམ་མཁན་ཐུགས་རྗེ་ཆེན་པོ་ལ་ཞུས་པ། འདི་རྣམས་ཐར་དུས་ནམ་ཞིག་ཡིན། །ལས་སྒྲིབ་ཇི་ལྟར་བྱས་ན་དག །ཐུགས་རྗེ་ཆེ་ལྡན་གསུངས་བར་ཞུ། །འཕགས་པའི་ཞལ་ནས་འདི་སྐད་གསུངས། །ཉོན་དང་ཡེ་ཤེས་མཁའ་འགྲོ་མ། །འདི་རྣམས་ཐར་པའི་དུས་ཡོད་དེ། །ཇོ་འཁོར་བསྐོར་ལ་སྨོན་ལམ་ཐོབ། །འདི་ནས་འཕོས་ནས་མ་འོངས་པར། །རྒྱུ་མཐུན་འབྲས་བུ་བྱེད་ལས་ཀྱིས། །སྐྱེ་བ་ལྔ་བརྒྱའི་བར་དག་ཏུ། །མེར་སྲེག་ཤིག་སྲོ་ལྗི་བས་ཟ། །ཆུར་འཕང་ཀླུ་ནད་གདུག་པས་ན། །ས་མནན་མདོག་སྡུག་དྲི་ངན་བྲོ། །དེ་བས་སྒྲིབ་སྦྱོང་གནད་ལ་འབོད། །ལས་ངན་དག་ནས་བདེ་བར་ལྡན། །ཞེས་གསུངས་བདག་གིས་འདི་ལྟར་བརྗོད། །ཀུན་བཟང་ཆོས་ཀྱི་སྒྲོལ་མ་ངས། །ཇི་ལྟར་རེམ་ཀྱང་འདྲེན་མ་ནུས། །འདས་ལོག་འཆད་ཉན་བྱས་པ་ཡི། །དགེ་བས་དམྱལ་ཁམས་དོང་སྤྲུགས་ཤོག །གནས་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་། །སྐྱབས་ཀུན་འདུས་གུ་རུ་པདྨ་འབྱུང་། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །ཚེ་འདས་རྣམ་ཤེས་མཁའ་སྤྱོད་ཞིང་དུ་དྲོངས། །ཞིང་ཕྱོགས་བཅུ་རབ་འབྱམས་ན་བཞུགས་པ་ཡི། །རྗེ་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །དམིགས་ཡུལ་རྣམས་ཐར་པའི་ལམ་ལ་དྲོངས། །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་དེ་ཇོ་འཁོར་བསྐོར་ལ་མ་ཎིའི་རྒྱང་འབོད་བྱས་པས་ཚེ་འདས་བདུན་ལས་མ་འདྲེན་ནོ། །དེ་ནས་དཔལ་བྲག་ལྷ་མགོན་པོ་ལ་དར་ཅོག་དུང་ཕྱུར་དུ་མས་བསྐོར་བ་བྱོན་དེ་རོལ་མོའི་སྒྲ་དང་བཅས་ཉི་ཚེ་བའི་དམྱལ་ཁམས་དོང་ནས་སྤྲུགས་ཏེ་སྟོངས་པར་བྱས་སོ། །འདི་དག་ནི་དམྱལ་བ་རྣམས་རིགས་བསྡུས་ཏེ་མདོར་བསྡུས་སུ་བྲིས་པ་ཡིན། རྒྱས་པར་བྲིས་ན་ཤིན་ཏུ་མང་བས་ཡི་གེ་མང་འགྲོ་བ་ལ་དོགས་ནས་བྲི་མ་ནུས་སོ། །རྟག་ཏུ་དམྱལ་ཁམས་ལ་འདི་ཡོད་དང་འདི་མེད་ཀྱི་ངོས་བཟུང་མེད་པས་ས་ཆེན་པོའི་རྡུལ་ལྟར་བསམ་གྱིས་མི་ཁྱབ་པས་སྨྲ་བར་ག་ལ་ནུས།
དེ་ནས་ལྷ་ཐུགས་རྗེ་ཆེན་པོས་ལམ་སྣ་ཁྲིད་དེ་ད་ནི་ཡི་དྭགས་ཀྱི་ཡུལ་དུ་འགྲོའོ་གསུངས་སོ། །དེར་སོང་ལ་བལྟས་པས་ལམ་ལྗང་སྐྱ་ཞིག་གི་སྣེ་ལ་ཡི་དྭགས་གནས་ན་གནས་པའི་ཡུལ་ནི། ཐང་ཐམས་ཅད་སྐྱ་ཤིག་ཤིག །རི་ཐམས་ཅད་དམར་ཟིང་ཟིང་། ཐལ་རྡུལ་གྱིས་ནག་ལྷུང་ལྷུང་། དྲི་ངན་གྱི་རླངས་པ་ཐུལ་ཐུལ། ཡིད་དུ་མི་འོང་ཞིང་སྡུག་བསྔལ་གྱིས་མནར་བའི་གནས་སུ། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་རྣམས་ནི། ལུས་ཤིན་ཏུ་རིད་པ། སྐྲ་གཟེངས་པ། མདོག་ནག་པ། མདངས་ཉམས་པ། ལོ་དུང་ཕྱུར་གྱི་བར་དུ་ཟས་སྐོམ་གྱི་དྲི་ཙམ་ཡང་ཚོར་མ་མྱོང་བས་ཁོ་ཤོག་སྐམ་པོ་ལྟ་བུ། ནག་དེང་དེང་ཡོད་པ་ཤ་སྟག་གིས་གང་བར་མཐོང་ངོ་། །དེ་ནས་ཡི་དྭགས་ཀྱི་སེར་སྣའི་དུག་གི་ཚད་པས་གདུངས་བས་ཁ་ཤིན་ཏུ་སྐོམ་སྟེ། ཆུ་ཞིག་གར་ཡོད་བསམས་ནས་ཡི་དྭགས་རྣམས་ལ་དྲིས་པ། གྲོགས་པོ་དག་ཡུལ་འདིར་ཆུ་ཡོད་དམ་དྲིས་པས། དེ་དག་ན་རེ། ངེད་ཅག་ཡུལ་འདིར་སྐྱེས་ཏེ། མི་ལོ་བྱེ་བ་རེ་ཡིན་ཡང་ཆུའི་སྒྲ་ཙམ་ཡང་ཐོས་མ་མྱོང་། ཁ་ལག་རྭ་ཅོ་ལྟར་གྱོང་ཡོད་པ་འདི་ཆུ་ཐིགས་པ་ཙམ་རེག་མ་མྱོང་ལ་ཤིན་ཏུ་སྐོམ་པས་གདུང་སྟེ། ད་ཐུགས་རྗེ་ཅན་ཆུ་སྩོལ་ཆུ་སྩོལ་ཟེར་ཏེ་ཡི་དྭགས་སྟོང་ཕྲག་མང་པོས་བསྐོར་ནས་འདུག་གོ །བདག་གིས་སྙིང་རྗེ་ཤས་མི་བཟོད་པ་སྐྱེས་ཏེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདི་ལྟར་བཏབ་བོ། །དེ་ནས་མདུན་གྱི་ནམ་མཁའ་ལ། །འཕགས་པ་གཙོ་འཁོར་གསུམ་བྱོན་ཏེ། །སྐུ་ལས་བདུད་རྩི་དཀར་པོ་བབས། །ཡི་དྭགས་རྣམས་ནི་ངོམས་ཤིང་ཚིམ། །ལས་ངན་ནད་གདོན་སྡིག་སྒྲིབ་དག །རི་བོ་ཏ་ལར་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་བརྗོད་ཅིང་བལྟས་པས་དེར་ངོ་ཤེས་པའི་ཚེ་འདས་རྒྱ་མདའི་མགོན་པོ་ནོས་ཆུང་། ཞིང་ལྷའི་མ་ནི་དང་། ངོ་མི་ཤེས་པའི་ཚེ་འདས་མང་པོ་ཡོད་པ་ཀུན་ལ་དམིགས་ཏེ་གླུ་འདི་ལྟར་བླངས་སོ། །དབྱིངས་སྐྱེ་མེད་ཀ་དག་ནམ་མཁའ་ནས། །ཚེ་གཅིག་ལ་བཞེངས་པའི་ཇོ་དར་མཁྱེན། །ད་ཡི་དྭགས་འདི་རྣམས་འདྲེན་པར་མཛོད། །དཔལ་བྲག་ལྷ་མགོན་པོས་སྡོང་གྲོགས་མཛོད། །གསུང་ཡི་གེ་དྲུག་མས་སྐྱེལ་མ་མཛོད། །དབྱིངས་མཁའ་སྤྱོད་ཞིང་དུ་སྐྱེ་བར་ཤོག །ཅེས་བརྗོད་པས་ཡི་དྭགས་རྣམས་ཀྱི་སྡུག་བསྔལ་ཅུང་ཟད་སྲབ་ནས་འདུག་གོ །
ཡང་བདག་གིས་བལྟས་པས། ཕ་ནག་འགྱ་ཡི་དྭགས་ཀྱི་གྲབས་ན་ཐོན་འདུག །ཕ་ལས་ངན་ཨ་ཕ་སྙིང་རེ་རྗེ། །ངས་ཁྱོད་ལ་ཐར་པའི་ལམ་སྟོན་བྱ། །གནས་སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། །ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས། །ཨ་ཕའི་ལམ་སྣ་བྱང་ཆུབ་ལམ་ལ་དྲོངས། །ཞིང་མཆོག་བདེ་བ་ཅན་དུ་འདྲེན་པར་མཛོད། །དབྱིངས་སྟོང་པ་མདུན་གྱི་ནམ་མཁའ་རུ། །ཕ་བླ་མ་གང་ཤར་རང་གྲོལ་མཁྱེན། །ཨ་ཕའི་ལམ་སྣ་བྱང་ཆུབ་ལམ་ལ་དྲོངས། །ཞིང་མཆོག་བདེ་བ་ཅན་དུ་འདྲེན་པར་མཛོད། །སྙིང་ཁ་ཉི་ཟླའི་གདན་སྟེང་ན། །སྤྲུལ་སྐུ་བསོ་རྒན་རིན་པོ་ཆེ། །ཡིད་དུང་ངེ་བ་ལ་འདུ་འབྲལ་མེད། །རྗེ་ཁྱེད་ཀྱི་ཐུགས་རྗེས་བྱིན་རླབས་ཀྱིས། །ཕ་ཨ་ཕའི་ལམ་སྣ་འདྲེན་པར་མཛོད། །གནས་རི་བོ་ཏ་ལར་སྐྱེ་བར་ཤོག །དཔལ་ཆོས་སྐྱོང་བྲག་ལྷ་མགོན་པོ་མཁྱེན། །མཚན་ལྡན་གྱི་ཇོ་དར་དཀར་པོ་མཁྱེན། །ཡི་དྭགས་ཀྱི་འགྲོ་བ་འདི་དག་ཀུན། །ཁྱད་པར་དུ་ཕ་རྒན་ལས་ངན་འདི། །ཞིང་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་དེ་ཇོ་འཁོར་བསྐོར། མ་ཎིའི་རྒྱང་འབོད་བྱས་པས་ཕ་ཚེ་འཕོས་ཏེ་ལྷ་སའི་རྒྱུ་སྟོད་ཕྱོགས་སུ་མི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཏོ། །
དེ་ནས་ཡང་སོང་ལ་བལྟས་པས། ཡི་དྭགས་ནང་གི་སྒྲིབ་པ་ཅན་རྣམས་ནི། མགོ་ཆེ་ཁ་ཆུང་མགྲིན་པ་ཕྲ། །རྐང་ལག་འཇག་སྐྱ་ལྟ་བུ་ལ། །མདོག་སྔོན་ལུས་རིད་སྐྲ་གཟེངས་པ། །ལྟོ་བ་རྒྱས་པ་ཡུལ་ལྗོངས་ཙམ། །ཟས་སྐོམ་ལོ་སྟོང་མི་རྙེད་སྡུག །རྙེད་ཀྱང་ཁ་རུ་མི་འགྲོ་ལ། །སོང་ཡང་མགྲིན་པར་མི་ཚུད་ཅིང་། །ཚུད་ཀྱང་ལྟོ་བར་མི་ཁེང་ལ། །ཅུང་ཟད་ལྟོར་སོང་ཁྲོ་ཆུར་གྱུར། །ཁོག་པའི་ནང་ལ་མེ་འབར་བས། །གློ་སྙིང་ནང་ཁྲོལ་ཐམས་ཅད་ཚིག །དབྱར་གྱི་དུས་ན་ཟླ་བ་ཚ་ཞིང་བསྲེགས། །དགུན་གྱི་ཉི་མའང་གྲང་ཞིང་ལྷགས་པས་གདུངས། །བཀྲེས་སྐོམ་སྡུག་བསྔལ་བཟོད་གླགས་མེ་ལྟར་འབར། །སེར་སྣའི་ལས་ཀྱི་རྣམ་སྨིན་གྲུབ་པ་ཡིན། །འདི་དག་ལ་དམིགས་ནས་ཇོ་འཁོར་བསྐོར་ལ་སྨོན་ལམ་བཏབ། ལྷ་མཆོག་ཐུགས་རྗེ་ཆེན་པོ་མཁྱེན། །ལས་ངན་པའི་འགྲོ་བ་འདི་དག་ཀུན། །ཞིང་རི་བོ་ཏ་ལར་ལམ་སྣ་དྲོངས། །གནས་འདི་སྟོངས་པར་བྱིན་གྱིས་རློབས། །ཞེས་བརྗོད་དེ་དེ་དག་གི་སྡུག་བསྔལ་སྲབ་ནས་ངལ་གསོའོ། །དེ་ནས་ཡི་དྭགས་དགོས་ཁུར་གྱི་སྒྲིབ་པ་ཅན་ནི། ཡི་དྭགས་བལྟ་མི་བཟོད་པ་རེ་རེའི་ལུས་ལ་མང་པོའི་ཚང་བཅས་ནས་ཟོས་པས་སྡུག་བསྔལ་ལ་སྤྱོད་པ་བསམ་གྱིས་མི་ཁྱབ་བོ། །ཡང་ཡི་དྭགས་ཀྱི་འགྲོ་བ་ལ་རིགས་མི་འདྲ་བ། ལ་ལ་སྡོང་དུམ་ལྟ་བུ། ལ་ལ་ལོང་ཁ་ལྟ་བུ། ལ་ལ་གྲོད་པུ་ལྟ་བུ། ལ་ལ་མཚེར་བ་ལྟ་བུ། ལ་ལ་གཡོས་ལྟ་བུ། ལ་ལ་རྒྱུ་མ་ལྟ་བུ། ལ་ལ་རྐང་ལག་ལྟ་བུ་སོགས་སུ་སྣང་སྟེ། དེ་རྣམས་གསོན་དུས་སུ་ཤ་བགོ་བའི་སྐལ་ལྷག་བླངས་བ་དང་། ཤ་འདི་རྣམས་ལ་སེར་སྣ་བྱས་པའི་ལས་ཀྱིས་ཡིན་ནོ། །ཡང་ལ་ལ་དག་གསོན་དུས་སུ་བུད་ཤིང་ལ་སེར་སྣ་བྱས་པས་ལས་ཀྱི་ལུས་ལ་བུད་ཤིང་སྣ་ཚོགས་ཟུག་སྟེ། ཤིང་དེ་དག་ལ་མེ་འབར་བས་སྡུག་བསྔལ་ལོ། །
ཡང་ལ་ལ་དག་མཆིག་ལ་སེར་སྣ་བྱས་པས་སྔུན་རྒྱབ་ཏུ་མཆིག་ཡ་ཁ་མ་ཁ་གཉིས་ལྕགས་འཛེར་གྱིས་བསྡམས་པའི་སྡུག་བསྔལ་ལོ། །ཡང་ལ་ལ་དག་ཟས་ཟོམ་ལ་སེར་སྣ་བྱས་པས་ལྕགས་ཀྱི་ཟས་ཟོམ་དཔག་ཚད་ཙམ་གྱི་ནང་དུ་ལྟུང་སྟེ་ཁྲོ་ཆུ་ཁོལ་མས་ཚིག་པས་སྡུག་བསྔལ་ལོ། །ཡང་ལ་ལ་དག་གོས་ཟས་ལ་སེར་སྣ་བྱས་པས་ལྕགས་ཀྱི་སྣམ་བུ་མེ་འབར་བས་དྲིལ་ཏེ་སྡུག་བསྔལ་ལོ། །ཡང་ལ་ལ་དག་ཆུང་མ་ལ་སེར་སྣ་བྱས་པས་ཟངས་ཀྱི་ཁྱི་མོ་མེ་འབར་བས་ལུས་ལ་འཁྱུད་དེ་མགོ་ཁར་བཅུག་སྟེ་ཟ་བས་སྡུག་བསྔལ་ལོ། །ཡང་ལ་ལ་དག་ཁྱོ་ཕོ་ལ་སེར་སྣ་བྱས་པས་ལྕགས་ཀྱི་སྐྱེས་པ་འཇིགས་སུ་རུང་བས་མདུང་དམར་རྩེ་བརྒྱ་བས་ལུས་ཀུན་ཕུག་སྟེ་སྡུག་བསྔལ་ལོ། །ཡང་ལ་ལ་དག་ཟས་ཟ་མ་ལ་སེར་སྣ་བྱས་པས་ཟས་གང་རྙེད་ཀྱང་མེ་མདག་དང་ཐལ་སྐྱོ་རུ་གྱུར་ནས་ཟས་ཟ་དབང་མེད་པས་སྡུག་བསྔལ་ལོ། །དེ་དག་གིས་མཚོན་སེར་སྣ་བྱས་པའི་ཉེས་པས་ཡི་དྭགས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །དེ་དག་གི་ཚེ་ཚད་ནི་མི་རྣམས་ཀྱི་ཟླ་བ་རེ་ལ་ཡི་དྭགས་ཀྱི་ཞག་གཅིག །དེས་ན་དེའི་ཞག་སུམ་ཅུ་ཟླ་བ། ཟླ་བ་བཅུ་གཉིས་ལོ་རུ་བརྩིས་པའི་ལོ་སྟོང་ཕྲག་བཅོ་ལྔ་རེ་ལ་འདུག་དགོས་སོ། །དེ་ནས་མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་ནི། བཙན་རྒྱལ་པོ། གྲི་བོ། ཐེའུ་རང་། ཡུལ་འདྲེ། ཡུལ་གཤེད། རྒྱ་འདྲེ་འགོང་པོ། བདུད་དང་སྲིན་པོ། གཞི་བདག་གདུག་པ་ཅན་གྱིས་དཔོན་འགའ་ཞིག་གི་བླ་ཁྱེར་ཏེ། དཔོན་རིན་པོ་ཆེ་འདི་དང་འདི་ཡིན་ཟེར་ནས་གཤེད་མ་ཁ་གཡར་གྱི་ཟ་འདྲེ་རྣམས་ཡིན་ནོ། །
འདི་དག་ལ་སྡུག་བསྔལ་ཆེ་སྟེ། ཁ་ཟས་དང་མི་འཕྲད། རྒྱབ་གོས་དང་མི་ལྡན། གནས་ངེས་མེད་རྫ་རི་བྲག་རི་ལ་བརྟེན། གྲོགས་ངེས་མེད་མཁའ་རྒྱུའི་ཡི་དྭགས་རྣམས་དང་འགྲོགས། དྲི་ཙམ་དང་ཤ་གསར་བ་ཁྲག་དྲོན་མོའི་ཟས་ལ་རེ་ནས་ཉིན་མཚན་ཁོར་ཡུག་ཏུ་རླུང་དམར་བཞིན་དུ་རྒྱུག་ཅིང་དལ་ཁོམ་མེད། གལ་ཏེ་སེམས་ཅན་ཞིག་ལ་གནོད་པ་བསྐྱལ་ཏེ་ཟས་ཅུང་ཟད་རེ་རྙེད་ཀྱང་སྔགས་པ་ནུས་མཐུ་ཅན་གྱིས་བརྡུངས་བརྡེགས་བྱས་པས་སྡུག་བསྔལ་ལོ། །འདི་དག་ཤི་མ་ཐག་ཏུ་དམྱལ་བར་འགྲོ་ངེས་པས། སྡུག་བསྔལ་ནས་སྡུག་བསྔལ་བརྒྱུད་དེ་བསྐལ་པ་མང་པོར་གནས་དགོས་སོ། །དེ་དག་ལ་དམིགས་ནས་ཇོ་འཁོར་བསྐོར་ཞིང་གླུ་འདི་ལྟར་བླངས་སོ། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་གང་ཤར་རང་གྲོལ་དང་། །སྤྲུལ་སྐུ་བསོ་རྒན་ཆོས་དབྱིངས་རྡོ་རྗེ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཡི་དྭགས་འཁོར་བ་དོང་ནས་སྤྲུགས་པར་ཤོག །བདེ་ཆེན་དག་པའི་ཞིང་དུ་འདྲེན་པར་ཤོག །དཔལ་ལྡན་བྲག་ལྷ་མགོན་པོས་སྡོང་གྲོགས་མཛོད། །མཚན་ལྡན་ཇོ་འཁོར་དཀར་པོའི་མཐུ་སྟོབས་ཀྱིས། །ཡི་དྭགས་འཇིག་རྟེན་སྟོངས་པར་གྱུར་ཅིག་གོ །ཞེས་བརྗོད་དེ་མ་ཎིའི་རྒྱང་འབོད་བྱས་པས་ཅུང་ཟད་ཅིག་འདྲེན་ནོ། །དེ་ནས་དཔལ་བྲག་ལྷ་མགོན་པོ་ལ་དར་ཅོག་དཀར་པོ་འབུམ་གྱིས་བསྐོར་བ་བྱོན་ཏེ། རོལ་མོའི་སྒྲ་དང་བཅས་ཐར་པའི་ལམ་ལ་དྲངས་ནས་ཡི་དྭགས་ཀྱི་ཡུལ་སྟོངས་པར་བྱས་སོ། །
དེ་ནས་ལྷ་ཐུགས་རྗེ་ཆེན་པོས་ལམ་སྣ་དྲངས་ཏེ་ད་ནི་བླུན་རྨོངས་དུད་འགྲོ་རྣམས་འདྲེན་པའི་སླད་དུ་འགྲོའོ་གསུངས་སོ། །དེར་སོང་ལ་བལྟས་པས། ལམ་ནག་པོ་མུན་རུབ་པ་ལྟ་བུའི་སྣེ་མོ་ན་དུད་འགྲོ་བྱིང་ན་གནས་པའི་ཡུལ་མུན་པ་ནག་པོས་ཁྱབ་པའི་ནང་། ཡན་ལག་དང་ཉང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བའི་སར་རྒྱ་མཚོ་ཆེན་པོའི་ནང་ན་ཉ་དང་ཆུ་སྲིན་དུང་དང་སྦལ་བ། འབུ་སྲིན་ཆེན་པོ་མང་པོ་ཆང་འགག་གི་སྦང་མ་བཞིན་ལྕིབ་ལྕིབ་གང་ནས་ཡོད་པ་རྣམས་ཀྱི་སྡུག་བསྔལ་ནི། ཆེ་ཆེས་ཆུང་ཆུང་རྣམས་ཁྱུར་མིད་བྱེད། ཆུང་ཆུང་གིས་ཆེན་པོ་རྣམས་ཐལ་མར་འབིགས་ཤིང་ཟ། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་བ་དུ་མས་ཚང་བཅས་ནས་ཟས་སུ་བྱེད་པ་དང་། ལ་ལ་དག་ཁ་ཟས་མེད་པས་བཀྲེས་སྐོམ་གྱིས་མནར་བ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་མཐོང་ངོ་། །དེ་དག་གི་ཚེ་ཚད་མཆོག་ཏུ་རིང་བ་རྣམས་བསྐལ་བ་རེ་ཐུབ་འོང་། ཐུང་བ་ཞག་རེ་ཡུད་ཙམ་སོགས་ངེས་པ་མེད་དོ། །དེ་ནས་དེ་དག་རྣམས་ལ་དམིགས་ནས་གླུ་འདི་ལྟར་བླངས་སོ། །ཤེས་རབ་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མ་ལུས་དགོངས། །ཁྱེད་རྣམས་ཐུགས་རྗེ་བྱིན་རླབས་ནུས་པའི་མཐུས། །དུད་འགྲོ་བླུན་རྨོངས་སྡུག་བསྔལ་སྦྱང་དུ་གསོལ། །ཞེས་བརྗོད་དེ་འཁོར་ཆེན་བསྐོར། མ་ཎིའི་རྒྱང་འབོད་བྱས་པས་དལ་གཅིག་ལ་སྡུག་བསྔལ་སྲབ་ནས་ངལ་བསོ། ཡང་ཁ་འཐོར་བའི་དུད་འགྲོ་ལྷ་དང་མི་ཡུལ་ན་ཡོད་པ་རྣམས་ཀྱང་སྤྱི་མཐུན་ལས་ཀྱིས་བླུན་རྨོངས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཁོ་ན་ལ་སྤྱོད་དོ། །བདག་ཏུ་མ་བཟུང་བའི་རི་དྭགས་གཅན་གཟན་བྱ་བྱེའུ་འབུ་སྲིན་སོགས་དཔག་ཏུ་མེད་པ་དག་འཇིགས་སྐྲག་གི་སྡུག་བསྔལ་གྱིས་མནར་ཏེ། ཟས་ཁམ་གང་ཟ་ཡང་བག་མི་ཕེབས་བཞིན་ཏུ་ཟ། མལ་ས་གཅིག་ཏུ་འདུག་ཀྱང་སྡོད་མི་ཚུགས་པར་འདྲོག་ཕྲི་ལི་ལི་བྱེད། མི་སྐད་གཅིག་ཐོས་ཀྱང་གསོད་མཁན་གྱི་རྔོན་པ་ཨེ་ཡིན་སྙམ་སྟེ་ལུས་འདར་ཡང་ཡང་། དབུགས་འཕར་ཤིག་ཤིག །སེམས་ནག་ཐིམ་ཐིམ། ལྤགས་ཚ་ཟིང་ཟིང་། མིག་མཆི་མ་ཕྲོམ་ཕྲོམ། རྔོན་པ་ནམ་ཐོན། བོས་ཁ་ནམ་གྲགས། ཞ་མདས་ནམ་གཟིར་བསམས་ཏེ་སྡུག་བསྔལ་ཞིང་།
གཞན་ཡང་གསོད་ཐབས་ཀྱི་འཕྲུལ་སྣ་ཚོགས་རྙི་དང་རྒྱ་དང་སྨད་དང་གོ་ཚེ་སོགས་མི་འདྲ་བ་དུ་མས་རྭ་ཡི་དོན་དུ་ཤ་བ། རྩིའི་དོན་དུ་གླ་བ། ལྤགས་ཀྱི་དོན་དུ་སྟག་གཟིག་སྲམ་དང་ཝ་ལ་སོགས་གསོད་པ་དང་། གླག་གིས་ཁྲ་གསོད། ཁྲས་བྱེའུ་གསོད། བྱེའུས་འབུ་གསོད། འབུ་ཆེ་བས་ཆུང་བ་གསོད། ཆུང་བས་ཕྲ་མོ་གསོད་པ་སོགས་གཅིག་གིས་གསོད་པས་སྡུག་བསྔལ་རྟག་ཏུ་མྱོང་བར་འདུག་གོ །ཡང་མི་ལ་བརྟེན་པའི་དུད་འགྲོ་རྣམས་ནི། བླུན་ཞིང་རྨོངས་ཏེ་ཤན་པས་རྐེ་གཅོད་རན་ཡང་མིག་སྔོ་ཅེ་རེ་བལྟ་འདུག་པ་ལས་ཅང་མི་ཤེས་ཤིང་། ཁལ་འགེལ། རྨོས་རྨོ། བྱ་གཅོད། སྣ་འབིགས། ཞོ་བཞོ། ཁྲག་གཏར། སྟེང་ལ་ཞོན། རྒྱབ་བཅད། ཁྲག་རྣག་འཛེགས། ལྕགས་ཀྱིས་བྲབ། རྡོ་དང་དབྱུག་པས་བརྡུང་། སྲོག་མ་ཆད་ཙམ་དུ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་འདུག་པ་མཐོང་ངོ་། །
དེ་ནས་ཡང་ཉེས་མེད་ཀྱི་རི་དྭགས། ཤ་བ། གླ་བ། དགོ། གནའ། རྐྱང་། ཡུ་མོ། འབྲོང་། སྟག །གཟིག །དོམ། དྲེད། ཝ། རྦེ། སྤྱང་ཁུ། བྱི་བ། རི་བོང་། སྲམ་སོགས་རྨིག་ཆགས་སྡེར་ཆགས་གཤོག་ཆགས་དཔག་ཏུ་མེད་པས་འདི་སྐད་ཟེར་རོ། །ཀྱཻ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །ངེད་ཉེས་མེད་ཀྱི་རི་དྭགས་གཅན་གཟན་སོགས། །རྔོན་པར་ནོག་འཁོན་ཅུང་ཟད་མེད། །ངེད་རིག་དུས་ཕ་བསད་ལག་དམར་འདྲ། །སྙིང་ནག་པས་གསོད་ལ་སྔ་ཕྱི་སྐྱེ། །ང་མ་བསད་རྔོན་པ་བཀའ་དྲིན་ཅན། །ངས་ཁྱེད་ལ་གནོད་པ་ཟུར་ཙམ་མེད། །རྩྭ་ཡར་སྐྱེས་ཀྱི་རྩེ་མོ་དང་མར་འབབས་ཆུའི། །དྭངས་མ་ལ་སྤྱོད་ནས་རང་གར་འདུག །ངེད་ཉིན་མོ་འགྲོ་ན་གསོད་པས་སྡུག །རྩྭ་ཟ་དབང་དང་ཆུ་ལ་འཐུང་དབང་མེད། །བཀྲེས་སྐོམ་གྱི་ཟུག་རྔུ་མ་བཟོད་ནས། །ནངས་དགོང་ལ་སྲོག་དང་བསྡོས་ནས་འོང་། །རྩྭ་ཁམ་ཟོས་ཀྱང་སྔ་ཕྱིར་ཡང་ཡང་བལྟས། །ཆུ་ཁམ་གང་འཐུང་ཡང་མིག་གིས་ཕྱོགས་སུ་བལྟས། །ངས་ཟོས་འཐུང་ཉམས་ལ་ཕན་དུས་མེད། །རྔོན་པ་ལ་དུག་བཞིན་འཛེམས་ནས་བྲོས། །མེ་མདའ་ལ་གཤེད་མ་ལག་དམར་མཐོང་། །རྙི་འགུགས་ལ་འཆི་བདག་བདུད་དུ་ཤེས། །འཆི་བ་ལ་དོགས་ནས་ཕག་ཏུ་གབ། །ཇི་ལྟར་ཡང་མ་ཕན་བསད་དུ་ཤོར། །ཕ་མ་རྣམས་བསད་པས་བུ་ཕྲུག་སྡུག །བུ་ཕྲུག་རྣམས་བསད་པས་ཕ་མ་སྡུག །ཉེས་མེད་ངེད་ཆད་པས་མནར་བ་འདི། །ཁོང་དགོན་སྡེ་དང་བླ་སློབ་སྙིང་རྗེ་ཅན། །ཨེ་གཟིགས་ན་རི་རྒྱ་ཀླུང་རྒྱ་རེའི། །སྐུ་བཀའ་དྲིན་མ་ཆུང་ཐུགས་རྗེ་ཅན། །ཁྱེད་ཤཱཀྱའི་ལུགས་བཟང་གནོད་མེད་ཅིང་། །དུས་རྟག་ཏུ་སྲོག་བཅད་སྤངས་ཡོད་པས། །ངེད་ཅག་གི་རེ་ལྟོས་ཁྱེད་ལ་བཅའ། །ཁྱེད་སྐྱབས་ཀྱི་མགོན་པོ་ཡིན་ནམ་ཅི། །ངེད་ཡལ་བར་དོར་ན་ཚིག་ཏུ་ཟ། །ལྷ་དཀོན་མཆོག་ཡོད་ན་སྐྱོབ་རན་རེད། །བཀའ་ཆོས་སྐྱོང་ཡོད་ན་རྒྱུག་རན་རེད། །ཁོང་བླ་སེར་ཡོད་ན་གཟིགས་རན་རེད། །དབྱིངས་ཡེ་ཤེས་མཁའ་འགྲོས་དགོངས་རན་རེད། །ངེད་སྡུག་ལ་ཐུག་ནས་སྐྱབས་ཞུས་ཡིན། །ད་ངའི་སྲོག་མི་གཅོད་པ་ཡི་ཐབས། །དེ་ཡོད་ན་ཕྱི་མའི་དགེ་བ་ལ། །ཐབས་དེས་དྲག་མེད་དོ་རང་སྲོག་ལ། །དཔེ་བཞག་ན་ཀུན་གྱིས་ཤེས་པར་འགྱུར། །ཡ་མ་བརྗེད་སྙིང་རྗེའི་དབང་ཕྱུག་རྣམས། །རི་རྒྱ་དང་ཀླུང་རྒྱ་མཛད་པར་ཞུ། །ཞེས་བརྗོད་ལ་སྙིང་རྗེ་རྗེ་ལྟར་འདུག་གོ །
དེ་ནས་བདག་གིས་དེ་དག་ལ་དམིགས་ནས་འཁོར་ཆེན་བསྐོར་ཞིང་གླུ་འདི་ལྟར་བླངས་སོ། །སྐྱབས་ཀུན་འདུས་བླ་མ་སྤྱན་རས་གཟིགས། །ཁོང་མཁྱེན་རབ་བདག་པོ་འཇམ་དཔལ་དབྱངས། །མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོར། །ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ནི། །མགོན་མེད་ཀྱི་དུད་འགྲོའི་ལམ་སྣ་དྲོངས། །ཞིང་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་བརྗོད་དོ་མ་ཎིའི་རྒྱང་འབོད་བྱས་པས་སེམས་ཅན་ཅུང་ཟད་ཙམ་ལས་མ་འདྲེན་ཡང་། དཔལ་བྲག་ལྷ་མགོན་པོ་ལ་དར་ཅོག་འབུམ་གྱིས་བསྐོར་བ་བྱོན་ཏེ་རོལ་མོའི་སྒྲ་དང་བཅས་དུད་འགྲོའི་འཁོར་བ་དོང་ནས་སྤྲུགས་ཏེ་གཅིིག་ཀྱང་མ་ལུས་པར་སྟོངས་པར་བྱས་སོ། །སྐབས་འདིར་ལྷ་དང་ལྷ་མིན་གྱི་ཡུལ་སོགས་དཔག་ཏུ་མེད་པ་ལ་འགྲོ་དོན་བྱ་ཚུལ་ཡོད་ཀྱང་བྲི་མ་ནུས་སོ། །ཡང་དག་པའི་ཞིང་ཁམས་ཀྱི་སྣང་ཚུལ་མང་དུ་ཡོད་ཀྱང་ཁྱབ་བརྡལ་དུ་བྲི་བྱ་མ་ཡིན་ཏེ། མཁའ་འགྲོའི་གསང་རྒྱ་དང་ཁྱད་པར་དུ་ཟབ་པ་ཡོད་པས་འབྲི་མ་སྤོབས་སོ། །
དེ་ནས་ཡང་ལྷ་མཆོག་ཐུགས་རྗེ་ཆེན་པོས་ལམ་སྣ་ཁྲིད་དེ་ད་ནི་སླར་ཡང་འཇིག་རྟེན་མི་ཡུལ་དུ་འགྲོའོ་གསུངས་སོ། །བདག་གིས་བལྟས་པ། མི་རྣམས་ལ་རྩ་བའི་སྡུག་བསྔལ་གསུམ། སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་བབ་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པ་མཐོང་ནས་ལྷ་ཐུགས་རྗེ་ཆེན་པོ་ལ་དྲིས་པ། བདག་གིས་མི་ཡུལ་སངས་རྒྱས་བྱོན་པའི་ཞིང་ཁམས་སུ་འགྲོ་དོན་ཇི་ལྟར་འོང་ལགས། དེ་ན་རེ། ཁྱེད་མི་ཡུལ་དུ་བྱོན་པ་ངོ་མཚར་ཆེ། །འདས་ལོག་གི་ཆོས་འདིས་འགྲོ་དོན་འོང་། །ཕྱི་མཐའ་ལ་ཇེ་གསལ་ཇེ་དར་ཡིན། །བར་སྐབས་སུ་བདུད་ཀྱིས་བར་ཆད་བྱེད། །བློ་ལེགས་ཉེས་གུ་རུ་པདྨར་དྲིས། །ལྷ་ཡི་དམ་འཕགས་པ་ང་རྒྱལ་གྱིས། །དུས་སྐད་ཅིག་ཙམ་དུ་འབྲལ་བ་མེད། །རྗེ་འཕགས་མ་སྒྲོལ་མ་དངོས་ཡིན་པས། །མ་མཁའ་འགྲོ་རྒྱ་མཚོ་གྲོགས་པོ་ཡིན། །བཀའ་ཆོས་སྐྱོང་སྲུང་མ་རང་འཁོར་ཡིན། །མི་དུང་ཕྱུར་མང་པོ་འདྲེན་པ་ཡིན། །ད་སྐུ་ཚེའི་འདུ་བྱེད་བསྲིང་བ་ཡིན། །ཐབས་ལྷ་དང་བླ་མས་ད་སྩོལ་ཅིག །ཅེས་གསུངས་མ་ཐག་ཏུ་སྐུ་གསུམ་གྱི་ཞིང་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དང་། ཚེ་ལྷ་མགྱོགས་མ་བཞིའི་རྣམ་པར་བཞེངས་ཏེ། གཡས་ཐམས་ཅད་ཀྱིས་མདའ་དར་དང་། གཡོན་ཐམས་ཅད་ཀྱིས་ཚེའི་བུམ་པ་ཐོགས་ལ་ཞལ་ནས་ཚེ་འགུགས་འདི་ལྟར་གསུངས་སོ། །ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས། །སྣ་ཚོགས་དར་གྱི་མདའ་དར་གཡས། །ཨིནྡྲ་ནི་ལེའི་བུམ་པ་གཡོན། །གསང་ཡུམ་གོས་དཀར་སྒྲོལ་མས་འཁྲིལ། །ཚེ་བུམ་བདུད་རྩིས་བཀང་བ་བསྣམས། །ཚེ་དབང་སྐུར་ཅིག་ཚེ་སྩོལ་ཅིག །འཆི་མེད་རིག་འཛིན་ཐོབ་པར་ཤོག །ཨོཾ་བྷྲུཾ་ཨ་ཡུརྫྙཱ་ན་ཧཱུྃ། བྷྲུཾ་ཎི་ཛ་སིདྡྷི་ཕ་ལ་སྭཱ་ཧཱ། ཧྲཱིཿ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་ན་དུང་གི་བུམ་པ་འཛིན། །ཞལ་ནས་ཚེ་ཡི་སྙིང་པོ་བརྗོད། །འཆི་མེད་ཚེ་ཡི་དབང་སྐུར་ཅིག །
ཧྲཱིཿ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་ན་གསེར་གྱི་བུམ་པ་འཛིན། །ཞལ་ནས་ཚེ་ཡི་སྙིང་པོ་བརྗོད། །འཆི་མེད་ཚེ་ཡི་དབང་སྐུར་ཅིག །ཧྲཱིཿ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་ན་བྱུ་རུའི་བུམ་པ་འཛིན། །ཞལ་ནས་ཚེ་ཡི་སྙིང་པོ་བརྗོད། །འཆི་མེད་ཚེ་ཡི་དབང་སྐུར་ཅིག །ཧྲཱིཿ བྱང་གི་ཕྱོགས་ནས་ཚེ་འགུགས་མ། །ཕྱག་ན་གཡུ་ཡི་བུམ་པ་འཛིན། །ཞལ་ནས་ཚེ་ཡི་སྙིང་པོ་བརྗོད། །འཆི་མེད་ཚེ་ཡི་དབང་སྐུར་ཅིག །ཧྲཱིཿ སེམས་ཀྱི་ཁམས་ནས་ཚེ་ཉམས་ན། །བདེ་གཤེགས་མཁའ་འགྲོས་ཚེ་སྩོལ་ཅིག །ཁྲག་གི་ཁམས་ནས་ཚེ་ཉམས་ན། །མ་མཱ་ཀི་ཡིས་ཚེ་སྩོལ་ཅིག །ཤ་ཡི་ཁམས་ནས་ཚེ་ཉམས་ན། །སངས་རྒྱས་སྤྱན་མས་ཚེ་སྩོལ་ཅིག །དྲོད་ཀྱི་ཁམས་ནས་ཚེ་ཉམས་ན། །གོས་དཀར་མོ་ཡིས་ཚེ་སྩོལ་ཅིག །རླུང་གི་ཁམས་ནས་ཚེ་ཉམས་ན། །དམ་ཚིག་སྒྲོལ་མས་ཚེ་སྩོལ་ཅིག །ཧྲཱིཿ མི་ནུབ་པ་ཡི་རྒྱལ་མཚན་ཚུགས། །མི་འགྱུར་བ་ཡི་གཡུང་དྲུང་གྱིས། །ཚེ་ཟད་པ་ཡི་ཚེ་སྩོལ་ཅིག །མི་མངོན་ཆོས་ཀྱི་དབྱིངས་སུ་སྦ། །ཧྲཱིཿ འོད་དཔག་མེད་ཀྱི་བཀྲ་ཤིས་ཤོག །སྤྱན་རས་གཟིགས་ཀྱི་བཀྲ་ཤིས་ཤོག །པདྨ་འབྱུང་གནས་བཀྲ་ཤིས་ཤོག །རྒྱལ་བ་ཞི་ཁྲོའི་བཀྲ་ཤིས་ཤོག །ཧྲཱིཿ ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་དབང་། །རིགས་ཀྱི་བུ་མོ་ཁྱོད་ལ་བསྐུར་བ་ཡིས། །མི་ཡུལ་སངས་རྒྱས་བྱོན་པའི་ཞིང་ཁམས་སུ། །འགྲོ་དོན་མཐར་ཕྱིན་འཁོར་བ་དོང་སྤྲུགས་ཤོག །ཅེས་གསུངས་ཏེ་ལུང་བསྟན།
ཚེ་བསྲིང་དབང་བསྐུར་སྨོན་ལམ་བཏབ་སྟེ་ཐུགས་རྗེ་ཆེན་པོས་ལམ་སྣ་བྱས་ཏེ་ལྷ་བུ་དཀར་པོ་དང་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་སྐྱེལ་མ་མཛད་དེ། རོལ་མོའི་སྒྲ་བསྒྲགས། སྙན་པའི་གླུ་བླངས། མཛེས་པའི་གར་བསྒྱུར། མེ་ཏོག་སྣ་ཚོགས་འཐོར་ལ་མགྲིན་གཅིག་ཏུ་འདི་སྐད་ཟེར་རོ། །ཀྱཻ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །ད་ངན་སོང་འགྲོ་དོན་མཐར་ཕྱིན་ནས། །མི་ཡུལ་ན་འགྲོ་དོན་ལྷག་མ་ཡོད། །ད་མ་འགྱངས་མྱུར་དུ་བྱོན་པར་ཞུ། །ཞེས་བརྗོད་དེ་ལམ་མཐིང་ག་ཞིག་སྣང་བ་བརྒྱུད་དེ་འོང་བས། བོད་བྲེ་ཧོར་གཉིས་ཀྱི་མཚམས་ན་ཤེལ་གྱི་མཆོད་རྟེན་གཅིག་མཐོང་ངོ་། །དེ་ལ་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མཆོད་པ་སྣ་ཚོགས་ཕུལ་ལ། བང་རིམ་འོག་མ་རྣམས་ལ་དྲི་ནག་པོ་དང་། གཡའ་འདག་མི་ཐུབ་པ་ཆགས་ཡོད་པ་བྱི་དོར་བྱེད་ཅིང་། དྲི་ནག་འདི་ད་དུང་ཉོན་ཤེས་ཀྱི་སྒྲིབ་པའི་ལྷག་མ་ཡོད་པའི་བརྡ་ཡིན་པས་སྒྲིབ་སྦྱོང་ལ་འབད་དགོས། ད་ནི་སྐུ་གདུང་ལ་དབང་བསྐུར་རབ་གནས་བྱ་གསུངས་ལ་འདི་སྐད་དུ། ཐུགས་མཆོག་མི་རྟོག་ཆོས་སྐུའི་དབང་བྱིན་སྩོལ། །གསུང་མཆོག་མི་འགག་ལོངས་སྐུའི་དབང་བྱིན་སྩོལ། །སྐུ་མཆོག་མི་འགྱུར་སྤྲུལ་སྐུའི་དབང་བྱིན་སྩོལ། །སྐུ་གསུམ་རྒྱལ་བ་ཡོངས་ཀྱི་དབང་བྱིན་སྩོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭ་ཧཱ་ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་མཉམ་དུ་མཆོད་རྟེན་ལ་བདག་ཞུགས་པའི་སྣང་བ་ཤར་ཏེ་བརྒྱལ་སོང་ངོ་། །དེ་ནས་ཅུང་ཟད་བརྒྱལ་སང་བ་ན་སླར་ཡང་འདི་སྣང་མཆེད་ཚུལ་ནི། རང་ལོ་ཞེ་བརྒྱད་པ་བསྐལ་པ་མེ་སྦྲུལ་ལོ་ཡིན་པ་འདྲ་ཆུ་རྟ་ལོའི་ས་ཀ་ཟླ་བའི་ཚེས་བཅུའི་ནུབ་ནས་བཟུང་འདི་སྣང་མཐའ་དག་འགགས་ཏེ་ཕྱི་མའི་སྣང་མཆེད་ལ་ཞག་བདུན་དུ་གྱུར་ནས་ཚེས་བཅོ་བརྒྱད་ཀྱི་ནམ་ལངས་ཡོས་བུའི་དུས། སླར་ཉག་སྟོད་ཁ་བ་ལུང་རི་པདྨ་ཤེལ་ཁྲག་སྟག་ཚང་ཕུག་པ་ན་ཕུང་པོ་ཤི་མིན་གསོན་མིན་འདུག་པའི་ནང་དུ་ལྡོག་པ་མཐོང་ངོ་། །
དེ་ནས་བདག་སྣང་ཉམས་ལ་མིག་གིས་རབ་རིབ་ལས་གཟུགས་གསལ་བོར་མི་མཐོང་། སྣས་དྲི་མི་ཚོར། རྣ་བས་སྒྲ་མི་ཐོས། ལུས་སྡོང་པོ་འགྱེལ་བ་ལྟར་ཐང་ཆད་དེ་བདག་མི་ཐུབ་པ་དང་། བཀྲེས་སྐོམ་གྱིས་ཁ་གྱོང་སྟེ་ཚ་བ་དང་། རྐང་ལག་ཚུར་བསྡུས་ཀྱང་ལུས་སྦྲིད་ནས་འདུག་གོ །དེ་ནས་ཨ་ནེ་དགེ་འདུན་དབང་མོས་རྒྱ་གར་མ་ར་ཏི་ཀ་ནས་བསྒྲུབས་པའི་ཚེ་ཆུ། རིག་འཛིན་བརྒྱད་ཀྱི་སྒྲུབ་ཆུ། དངོས་གྲུབ་གཏེར་མཛོད་ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་ཚེ་ཆུ་བདུད་རྩིའི་ཡང་བཅུད། དེ་དག་རྣམས་ཐོད་པ་མཚན་ལྡན་གྱི་ནང་དུ་བླུགས་ལ་གསེར་གྱི་སྐྱོགས་ཆུང་གང་བདག་གི་ཁར་བླུགས་ཏེ་གླུ་འདི་ལྟར་བླངས་སོ། །རིགས་ཀྱི་བུ་མོ་གསོན་དང་། །ནམ་མཁའ་ལྟ་བུའི་སེམས་འདི། །འཆི་མེད་རྒུད་མེད་ཡིན་ནོ། །ཆོས་ཉིད་ནམ་མཁའ་ལྟ་བུ། །ཆོས་ཅན་རིག་པ་རང་བྱུང་། །སྟོང་གསལ་ཀློང་ཆེན་བློ་འདས། །སྣང་བཞིན་ངོ་བོ་རང་སྟོང་། །སྟོང་བཞིན་སྣང་བ་རང་ཤར། །སྣང་སྟོང་ཤར་གྲོལ་དུས་མཉམ། །སྐྱེ་འཆི་གཉིས་མེད་རྫོགས་ཆེན། །ཇི་སྣང་ཇི་མཐོང་ཐམས་ཅད། །རིག་རྩལ་རང་གི་ཆོ་འཕྲུལ། །ལུས་ཚུགས་ཟུངས་ལ་ཚོགས་རོལ། །འདས་ལོག་ཆོས་ཚུལ་རྒྱ་མཚོ། །མ་བརྗེད་མི་རྗེད་གཟུངས་ཀྱིས། །ཟུངས་ལ་འགྲོ་འདི་སྐྱོབས་ཤིག །ཅེས་བརྗོད་ལ་བདུད་རྩི་ལྷག་མེད་དུ་རོལ་ལོ། །དེ་ནས་སྐྱབས་མགོན་མཚོ་ཕུ་རིན་པོ་ཆེའི་དབུ་བཞུགས་བླ་གྲྭ་ཐམས་ཅད་ཀྱིས་བསུ་བའི་ཕྱིར་ཚོགས་མཆོད་མང་དུ་ཕུལ་ནས་དགའ་སྟོན་བྱེད་ཅིང་། འཚོགས་པ་སྟོང་ཕྲག་བདུན་ཙམ་གྱིས་དེ་རིང་མཁའ་འགྲོ་མ་འདས་ལོག་བྱས་ནས་མི་ཡུལ་དུ་བྱོན་པ་རེད་ཟེར་ནས་གླུ་ལེན། བྲོ་འཁྲབས། དགའ་སྟོན་རྒྱ་ཆེན་པོ་བྱས་ཏེ། ངོ་མཚར་བའི་ལྟས་བཟང་དང་བཀྲ་ཤིས་བཅས་རྫོགས་པར་བྱས་སོ། །དེ་ནས་བཟུང་ད་ལྟའི་བར་དུ་དོན་དམ་འོད་གསལ་རྫོགས་པ་ཆེན་པོ་དང་། ཀུན་རྫོབ་རྒྱུ་འབྲས་བསླུ་མེད་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་ཏེ། འགྲོ་དོན་དཔག་ཏུ་མེད་པ་བྱུང་བ་ཡིན་ནོ། །
ད་ནི་ཉིད་ཀྱི་སྐུ་ཕྲེང་སྐྱེ་རབས་དང་། །སློབ་མའི་བཟང་ངན་ཆོས་བདག་བཅས་པ་བཤད། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་གུས་པས་ཉོན། །སྒྲོ་སྐུར་བྲལ་བ་གཤིས་ཀྱི་ཡིན་ལུགས་སྨྲ། །གཞི་དབྱིངས་མི་འགྱུར་ཆོས་སྐུ་སྣང་མཐའ་ཡས། །གཞི་སྣང་ལྷུབ་གྲུབ་ལོངས་སྐུ་སྤྱན་རས་གཟིགས། །གཞི་རྩལ་ཐུགས་རྗེ་སྤྲུལ་སྐུ་པདྨ་འབྱུང་། །གཞི་སྟོང་རྗེ་བཙུན་སྒྲོལ་མའི་སྒྱུ་འཕྲུལ་གར། །ཞིང་འདིའི་མགོན་པོ་ཤཱཀྱ་སེང་གེའི་དུས། །རྒྱ་གར་མཁའ་འགྲོ་དམ་ཚིག་སྒྲོལ་མར་གྲགས། །དགེ་སློང་ཆོས་ཀྱི་འབྱུང་གནས་ཞབས་དྲུང་དུ། །དགེ་མ་བརྩོན་འགྲུས་བཟང་མོ་ཞེས་བྱའི་མིང་། །པདྨའི་དྲུང་དུ་ནེའུ་ཆུང་ས་ལེ་སྒྲོན། །ཧཱུྃ་ནག་དུས་སུ་ཤེས་རབ་སྒྲོན་མར་བཏགས། །བཻ་རོ་ཚ་རོང་བྱོན་དུས་བློ་གསལ་སྒྲོན། །འཛམ་གླིང་སྐུ་དུས་གཡོག་མོ་ནེའུ་ཆུང་སྐྱིད། །བླ་མ་མདོ་སྔགས་བསྟན་པའི་རྒྱལ་མཚན་དྲུང་། །འདས་ལོག་གླང་བཟའ་ཆོས་སྐྱིད་སྒྲོལ་མ་ཡིན། །མདོ་སྨད་སྐྱབས་མགོན་གང་ཤར་རང་གྲོལ་དུས། །ཀུན་བཟང་ཆོས་ཀྱི་སྒྲོལ་མ་ཞེས་སུ་གྲགས། །སྙིགས་དུས་འགྲོ་དོན་དུས་ལ་བབས་པ་ན། །ངོ་མཚར་ལྟས་བཟང་འཇའ་འོད་དྲི་ཞིམ་དང་། །མེ་ཏོག་ཆར་དང་རོལ་མོའི་སྒྲ་དང་བཅས། །ལྕགས་ཕོ་རྟ་ཡི་ལོ་ལ་བདག་ཉིད་བལྟམས། །ཟླ་བ་གསུམ་ནས་འཕགས་པའི་ཞལ་མཐོང་ཞིང་། །མ་ཎི་ཡི་གེ་དྲུག་མ་དག་དག་བརྗོད། །དེ་ནས་སྐབས་འགར་ཨོ་རྒྱན་པདྨ་སོགས། །ལྷ་དང་བླ་མའི་སྣང་བ་དཔག་མེད་འཆར། །ངེས་མེད་ཡུལ་དུ་འགྲོ་དོན་དཔག་མེད་ལ། །འབྱུང་བར་ལུང་བསྟན་དབང་བསྐུར་སྨོན་ལམ་བཏབ། །དད་དང་དག་སྣང་མོས་གུས་རང་ཤུགས་འབྱུང་། །བྱམས་དང་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེས། །ལོ་བརྒྱད་བར་དུ་སྦས་པའི་འགྲོ་དོན་མཛད། །ཟས་ནོར་ཆུང་བས་གཞན་གྱི་གཡོག་ལ་སོང་། །ཉིན་མཚན་བར་མེད་སྒོམ་གྱི་ངོ་བོ་བསྐྱངས། །རང་བྱུང་ལྟ་བའི་རྒྱལ་པོའི་བཙན་ས་བཟུང་། །ལུས་ངག་ཡིད་ཀྱིས་ཀུན་ལ་བྱམས་བྱམས་བྱས། །མ་ཎི་རྒྱུན་དུ་བརྗོད་ལ་ཉམ་ཐག་འགྲོར། །ཕན་པ་རྒྱ་ཆེན་བཏགས་ལ་སྨོན་ལམ་བཏབ། །གཡོག་མོ་ཕལ་པ་ཞིག་དང་མི་འདྲ་བྱས། །ཉི་ཤུ་ཕན་ལ་ཁྱིམ་ཐབ་བཟུང་ནའང་། །འཁོར་བར་སྙིང་པོ་མེད་པ་ཆུ་ཤིང་བཞིན། །མེ་མུར་འོབས་དང་སྲིན་མོའི་གླིང་ལྟ་བུ། །སྤུ་གྲིའི་སོ་དང་མི་གཙང་འདམ་དུ་མཐོང་། །ངེས་འབྱུང་སྐྱོ་ཤས་བཟོད་གླགས་མེད་པ་འབར། །འཁོར་བ་རྒྱབ་ཏུ་དོར་ནས་དབེན་རི་ལ། །སྙིང་ནས་དམ་ཆོས་བྱེད་པའི་དམ་བཅའ་དང་། །དེ་ལྟར་འགྲུབ་པར་གསོལ་བ་ཡང་ཡང་བཏབ། །སོ་བདུན་ལོ་ལ་གུ་རུའི་ཞལ་གཟིགས་ཏེ། །ད་ནི་སྔོན་གྱི་ཐ་ཚིག་དུས་ལ་བབས། །འགྲོ་དོན་ཡལ་བར་དོར་ན་སུ་ལ་རེ། །མ་འདུག་དབེན་པའི་རི་ལ་མྱུར་དུ་བྱོན། །རྐྱེན་དུས་བྱས་ཏེ་འཁོར་བ་སྤངས་ནས་བྲོས། །སྐྱབས་མགོན་གང་ཤར་རང་གྲོལ་བླ་མར་བསྟེན། །སྔོན་འགྲོ་རྩ་རྫོགས་བར་དོ་དྲུག་ཁྲིད་ཞུས། །གཞན་ཡང་གསར་རྙིང་བླ་མ་བརྒྱ་ཕྲག་བསྟེན། །དབང་དང་གདམས་ངག་མ་ལུས་ཡོངས་རྫོགས་གནང་། །ཀུན་ལ་ཉམས་ལེན་གནད་ཀྱི་ཞུན་ཐར་བཅད། །གནས་སྐོར་སྒྲིབ་སྦྱང་ཚོགས་བསག་ཐབས་ལ་འབད། །དེ་ནས་སྐྱབས་རྗེ་མཚོ་ཕུའི་དྲུང་དུ་ཕྱིན། །ཉིད་ཀྱིས་དབང་བསྐུར་ལུང་བསྟན་ཇི་བཞིན་དུ། །ཞེ་བརྒྱད་ལོ་ལ་ཞག་བདུན་འདས་ལོག་བྱས། །འཇིག་རྟེན་ཕྱི་མའི་སྣང་ཚུལ་རྗེན་པར་མཐོང་། །གཤིན་གསོན་བར་ལ་ཕྲིན་གྱི་ཕོ་ཉ་བྱས། །སེམས་ཅན་དུང་ཕྱུར་མང་པོ་འདྲེན་པར་གྱུར། །རང་གཞན་དགེ་ལ་བསྐུར་ཞིང་སྡིག་ལ་འཛེམས། །གཅིག་མིན་ཀུན་ལ་ཕན་པའི་ཆོས་འཁོར་བསྐོར། །བྲག་དཀར་དྲུང་དུ་ཤཱཀྱའི་དགེ་ཚུལ་བསྒྲུབས། །སྡོམ་དང་བསླབ་པ་མིག་འབྲས་བཞིན་དུ་བསྲུངས། །མ་ཎི་བསྙེན་གནས་ཚ་ཚ་མར་མེ་དང་། །དར་ཅོག་བྱེ་བ་མང་པོ་བཏབ་པར་བྱས། །ཕྱོགས་མེད་གཞན་དོན་འབའ་ཞིག་ལྷུར་བླངས་ཏེ། །བདག་དོན་ཟས་གོས་གང་རྙེད་ཆོག་ཤེས་བརྟེན། །བློ་སེམས་རྟག་ཏུ་དཀར་པོའི་ཆོས་ལ་བཀོད། །རྒྱལ་སྲས་སྤྱོད་པའི་རྗེས་སུ་བདག་འབྲངས་ཀྱང་། །ལོག་ལྟ་བདུད་ཀྱི་རྒོལ་བ་མེ་བས་ཚ། །དམ་སྲི་འདྲེ་མོའི་གནོད་པ་ཆུ་བས་གྲང་། །ལྟ་ལོག་བན་དྲེད་མང་པོས་ས་མཐར་དབྱུང་། །ལྟས་ངན་གྲི་བོ་ངན་པས་གསོད་དུ་ཆས། །མི་མྱོང་དགུ་མྱོང་ཤི་བ་མ་མྱོང་ཙམ། །སྐྱིད་སྡུག་ངེས་མེད་བར་དོའི་སེམས་ཅན་འདྲ། །ཉེས་མེད་རང་གར་འདུག་ཀྱང་ཆད་པས་མནར། །རང་གི་ལས་ངན་ཟད་པའི་ཐབས་སུ་བསྒོམས། །རང་ལོ་བདུན་ཅུ་དོན་གཅིག་ལ་བབས་དུས། །སྔོན་སྨོན་དུས་འཛོམས་མགོ་ལོག་ས་ཆ་ནས། །ཆོས་བདག་སྐལ་བཟང་ཡོངས་ཀྱི་རེ་སྐོང་ཕྱིར། །སྤྲང་མོའི་དག་སྣང་ཟབ་པའི་ཆོས་སྐོར་རྣམས། །མཚོ་སྐྱེས་རྡོ་རྗེའི་བཀའ་གསང་བདུད་རྩིའི་བཅུད། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོ་མཆོག །ཡེ་ཤེས་མཁའ་འགྲོའི་གསང་ལམ་སྒྱུ་འཕྲུལ་ལས། །འདས་ལོག་མཐོང་བ་དོན་ལྡན་གཏན་ལ་ཕབ། །བསྐལ་པའི་བར་དུ་འགྲོ་དོན་རྒྱུན་མི་འཆད། །མ་འོངས་ཤར་ཕྱོགས་དག་ལྷ་སྒམ་པོ་རུ། །དགེ་སློང་རིག་འཛིན་ཆོས་ཀྱི་རྡོ་རྗེ་ཡིས། །བསྟན་དང་འགྲོ་ལ་ཕན་པའི་དོན་ཆེན་འགྲུབ། །རང་གི་ལོ་རྒྱུས་རང་གིས་བཤད་པ་འདི། །མི་མཛའ་མོད་ཀྱིས་རྔ་ལ་དབྱུག་བརྡུངས་ལྟར། །སྐལ་ལྡན་སློབ་མའི་སྐུལ་ཚིག་ལྕག་གིས་བྲབས། །མ་བཟོད་རང་གི་ངང་ཚུལ་དྲང་པོར་སྨྲས། །
ད་ནི་སློབ་མའི་མཚན་ཉིད་བཤད་པར་བྱ། །བསྐལ་བཟང་སངས་རྒྱས་སྟོང་དང་ཤཱཀྱ་ཐུབ། །པཎ་གྲུབ་རིག་འཛིན་བྱེ་བའི་ལུགས་བཟང་པོ། །མན་ངག་སྙིང་ནས་བརྟེན་པ་སྐལ་པ་བཟང་། །དད་ལྡན་སྙིང་གི་སློབ་མ་སྣོད་ལྡན་རྣམས། །དད་པ་དག་སྣང་མོས་གུས་ཤིན་ཏུ་ཆེ། །ལྷ་དང་བླ་མ་སྲོག་གི་ཕྱིར་མི་གཏོང་། །སྙིང་སྟོབས་བརྩོན་འགྲུས་མི་ཞན་དམ་ཆོས་བསྒྲུབས། །སྣོད་མེད་ལས་ངན་སྐལ་ཆད་ལོག་ལྟ་ཅན། །རྫུན་དང་གཡོ་སྒྱུ་གྱོད་དང་ཁ་མཆུ་རྩོད། །དམ་ཆོས་དུག་བཞིན་སྤོང་ལ་སྡིག་པར་དགའ། །ཕྱི་ནང་སྐྱོན་གྱི་གོང་བུ་འབའ་ཞིག་ཅན། །བདུད་ནག་དགའ་རབ་དབང་ཕྱུག་ས་ཐིལ་ནག །བདུད་ཕོ་དགུང་ཁ་ཉུལ་སོགས་བདུད་ཕོ་དང་། །བདུད་མོ་ར་ག་ལྕགས་མཆུ་དམར་རྒྱན་མ། །བདུད་མོ་དམ་སྲི་ཁོག་ཞུགས་མ་ལ་སོགས། །སྐྱེས་པའི་སྙིང་ཞུགས་གསོད་དང་གཏུབ་ལ་རྔམས། །བན་དེའི་སྙིང་ཞུགས་དད་མེད་ལོག་ལྟ་ཅན། །བླ་མའི་སྙིང་ཞུགས་ང་རྒྱལ་ཕྲག་དོག་ཆེ། །བུད་མེད་སྙིང་ཞུགས་སྡོམ་པ་དམ་ཚིག་འཕྲོག །ཤཱཀྱ་ཐུབ་པར་མུ་སྟེགས་པ་ཡིས་རྩོད། །ཨོ་རྒྱན་ཆེན་པོར་བདུད་རྒྱལ་བློན་འབངས་འཚེ། །རྒྱ་གར་པཎ་གྲུབ་མུ་སྟེགས་པ་ཞེས་གླེང་། །བཻ་རོ་ཙ་ན་ཕྲ་མ་དབྱེན་གྱིས་སྤྱུགས། །མཁས་བཙུན་རྣམས་ལ་ཚུལ་འཆོས་ཡིན་པར་སྨྲས། །གྲུབ་ཐོབ་རྣམས་ལ་ཟོག་པོ་ཟེར་ཞིང་གཤེ །གཏེར་སྟོན་རྣམས་ལ་རྫུན་གྱིས་མགོ་སྐོར་ཟེར། །རང་མིན་དུ་ཡང་སྐྱོན་ཅན་འབའ་ཞིག་སྣང་། །དཔེར་ན་དུང་གི་ཁ་དོག་ཡིན་ལུགས་དཀར། །མཁྲིས་ནད་ཅན་ལ་སེར་པོར་སྣང་བ་བཞིན། །སངས་རྒྱས་དངོས་སུ་མི་གཟུགས་བྱོན་ན་ཡང་། །དད་མེད་ལོག་ལྟ་ཅན་ལ་གཤེད་མར་སྣང་། །དཔེར་ན་འཛམ་གླིང་ཉི་མས་ས་སྟེང་ཁྱབ། །བྱང་བསྟན་ཕུག་པར་ཉི་ཟེར་མི་སྣང་བཞིན། །སངས་རྒྱས་འགྲོ་ཀུན་སྙོམས་པའི་དོན་བྱོན་ཡང་། །དད་མེད་ལོག་ལྟ་ཅན་གྱི་རང་སྐལ་ཆད། །སྐུ་ཕྱོགས་བྲག་དཀར་སྤྱན་རས་གཟིགས་དབང་དངོས། །མཁས་བཙུན་བཟང་གསུམ་ཡོན་ཏན་ཆེ་ནའང་། །བདུད་མོ་གདོང་མར་ནག་ཕྱོགས་བསྟན་བཤིག་འགས། །ས་མཐར་ཕུད་ཅིང་གཤེ་སྐུར་བྱེད་ལ་ལྟོས། །ཁྲོ་ཟུར་རྒྱལ་སྲས་བཀྲ་ཤིས་རབ་བསྟན་ཡང་། །གྲུབ་ཆེན་གནམ་ས་འདྲ་བ་ཡིན་ན་ཡང་། །སྡིག་དྲེད་ལོག་ལྟ་ཅན་གྱི་བདུད་ཕོ་འགས། །ཁྲིམས་བཅད་སྐུ་སྲོག་རྒོལ་བ་འདི་ལ་ལྟོས། །ཨ་བོས་བླ་མ་བསྟན་འཛིན་དར་རྒྱས་ཀྱང་། །སྲོང་བཙན་རྣམ་སྤྲུལ་ཤི་མཐར་དམ་ཆོས་བསྒྲུབས། །སློབ་མ་འཇའ་ལུས་པ་ལ་དུ་མ་ཡོད། །ཆོས་དྲེད་བདུད་མོས་བསྟན་པ་བཤིགས་ལ་ལྟོས། །གཏེར་ཆེན་བདུད་འཇོམས་རྡོ་རྗེ་གྲོ་ལོད་དངོས། །གདུང་རྒྱུད་ཐམས་ཅད་པདྨའི་རྒྱལ་ཚབ་ཡིན། །མདོ་སྔགས་བསྟན་པའི་གཞི་མ་བཙུགས་ནའང་། །ལོག་ལྟ་མང་ཡོད་སྐུ་འཕྲོག་ངན་དུག་བྱེད། །གྱོད་དང་ཁ་མཆུ་བན་དྲེད་གསུམ་པོ་འདིས། །དགོན་སྡེ་གྲྭ་ཚང་བླ་སློབ་འཐོར་འདྲ་བྱེད། །རྫུན་དང་དབྱེན་དང་བུད་མེད་གསུམ་པོ་འདིས། །བསྟན་པ་གཉིས་ཀྱི་ཆོས་འཁོར་རྨང་ནས་བཤིགས། །རྐུ་དང་འཕྲོག་དང་ཇག་པ་གསུམ་པོ་འདིས། །རང་གིས་རང་ཕུང་བརླག་པའི་རུ་མ་བྱེད། །ཚོང་དང་གཡོ་སྒྱུ་ངན་སྡིག་གསུམ་པོ་འདིས། །འདི་ཕྱིར་གཉིས་མེད་གཅེར་བུར་ལག་སྟོང་བྱེད། །དད་དང་མོས་གུས་དག་སྣང་གསུམ་མེད་ན། །ཡར་འགྲོའི་སྒོ་འདི་རང་གིས་འདན་པ་ཡིན། །སོར་བྱང་སྔགས་ཀྱི་སྡོམ་པ་གསུམ་མེད་ན། །མཐོ་རིས་ཐར་པའི་ཐེམ་སྐས་ཆག་པ་ཡིན། །ངེས་འབྱུང་སྐྱབས་འགྲོ་སེམས་བསྐྱེད་གསུམ་མེད་ན། །མི་དེས་བྱང་ཆུབ་ལམ་མཆོག་རྙེད་དུས་མེད། །ཚོགས་བསག་སྒྲིབ་སྦྱང་ཉམས་ལེན་གསུམ་མེད་ན། །མཐར་ཐུག་འབྲས་བུ་སྐུ་གསུམ་འགྲུབ་དུས་མེད། །དེ་ཕྱིར་ལས་ངན་བདུད་ཀྱི་སྤྲུལ་པ་རྣམས། །དམ་ཆོས་བདུད་རྩིའི་སྣོད་བཟང་ཁ་ཐུར་སྦུབ། །ཡར་འགྲོའི་དཔྱང་ཐག་ཡོད་པ་རང་གིས་བཅད། །ཆོས་ཀྱི་བགོ་སྐལ་རྣམ་གཡེང་ཁྱི་ལ་བསྐུར། །དམྱལ་བའི་གཏིང་རྡོ་བྱེད་པ་ཤིན་ཏུ་དཔའ། །སྤྲང་མོ་རང་ཡང་དམ་ཆོས་ཚུལ་བཞིན་སྤྱད། །མ་ཉེས་རང་གར་འདུག་ལ་ཆད་པས་མནར། །མར་མེ་ཚེ་འབར་མར་ཁུ་འཐུངས་སོ་ཟེར། །ཡོན་ཆབ་མཆོད་པ་ཚུལ་འཆོས་ཡིན་ནོ་ཟེར། །སཙྪ་བཏབ་ན་ས་འབུ་འདྲའོ་ཟེར། །ཚེ་ཐར་སྲོག་བླུ་འཚོ་ཆས་ཡིན་ནོ་ཟེར། །མ་ཎི་འདོན་ན་ཉི་མ་རིང་བས་ཟེར། །སྐོར་ཕྱག་བྱས་ན་འདུག་མི་ཐུབ་བོ་ཟེར། །འདུག་ན་རོ་ཉལ་བྱས་ལ་སྐྱེད་མེད་ཟེར། །བསྒོམ་ན་རྟག་ཆད་མཐའ་ལས་མ་འདས་ཟེར། །བཤད་ན་བྲེ་མོའི་ལུང་གཏམ་ཡིན་ནོ་ཟེར། །བསྒྲུབ་ན་འཁོར་བའི་སྣོན་མ་ཡིན་ནོ་ཟེར། །དར་ཅོག་བཏབ་ན་ལས་ངན་འགའ་ཞིག་གི །སྙིང་ལ་ལྕགས་འཛེར་བྱས་ལས་ཕྲག་དོག་ཆེ། །འདུག་དབང་མེད་པས་ཇོ་དར་གཅེར་བུར་ཁུར། །མཚན་མོ་གཅིག་ལ་ངུ་བཞིན་སྤོས་ནས་སོང་། །དབྱིངས་ནས་རྒྱལ་བ་སྲས་བཅས་བདེན་ཚིག་བརྗོད། །བཀའ་སྲུང་ཆོས་སྐྱོང་སྲུང་མར་དམོད་པ་དོར། །གླིང་གི་དཔའ་ཐུལ་སུམ་ཅུའི་སྨོན་ལམ་འདེབས། །བདག་ཀྱང་ལས་ངན་ཟད་ཕྱིར་སྙིང་རུས་བསྐྱེད། །རང་ལ་ལོག་ལྟ་སྐུར་འདེབས་ཚིག་ངན་དང་། །རྐུ་འཕྲོག་གླེང་བཀལ་བརྙས་བཅོས་བྱེད་མི་རྣམས། །ཤིན་ཏུ་སྙིང་རྗེས་བདག་བས་གཞན་གཅེས་བསྒོམས། །འཁོར་གྱི་ཐོག་མར་སྐྱེ་བར་སྨོན་ལམ་བཏབ། །འདི་དག་མ་གྲོལ་བར་དུ་མི་འདོར་བའི། །སེམས་བསྐྱེད་དམ་བཅའ་བརྟན་པོ་ཡང་ཡང་བྱས། །བཟང་འབྲེལ་ཚེ་གཅིག་སངས་རྒྱས་མ་བྱུང་རུང་། །ངན་འབྲེལ་འཁོར་བ་མཐའ་ཅན་ལོས་འོང་སྙམ། །ལ་ལས་འདས་ལོག་ཡིན་ན་དམྱལ་བ་སྟོན། །ངེད་ཚོ་ཤི་བོ་རྣམས་ལ་བལྟ་འགྲོ་ཟེར། །མུ་སྟེགས་རྒྱང་འཕེན་ལས་ཀྱང་ཐུ་བ་ཡོད། །ལས་ངན་མི་ཚེ་སྡིག་ལ་ཟད་གྱིས་དང་། །དམྱལ་བའི་གནས་སུ་འགྲོ་ཆོག་ཨ་ལ་ལ། །སྐྱིད་ཅིག་ཡོད་ན་བསྐལ་པར་འདུག་ཆོག་ལགས། །ཚ་གྲང་སྡུག་བསྔལ་འོ་བརྒྱལ་མི་ཆེའམ། །དེ་ཡི་སྣོད་མིན་གདུལ་བྱ་བཤད་ཟིན་ནོ། །
ད་ནི་ཆོས་བདག་གདུལ་བྱ་བསྟན་པར་བྱ། །ལས་ལྡན་སྙིང་གི་སློབ་མ་སྐར་ཚོགས་ཙམ། །ཆོས་འདིས་འདྲེན་ཅིང་བསྟན་པ་འཛིན་སྐྱོང་སྤེལ། །ཁྱད་པར་སྔོན་སྨོན་དུས་འཛོམས་སྐྱེས་བུ་ནི། །དངོས་ཉམས་རྨི་ལམ་ལུང་བསྟན་མཐུན་པ་ཡིས། །གདུལ་བྱའི་ཞིང་མཆོག་མགོ་ལོག་ཡུལ་གྲུ་རུ། །གྲུབ་ཆེན་ས་ར་ཧ་པའི་སྒྱུ་འཕྲུལ་གར། །སྐྱབས་མགོན་བླ་མ་ཀུན་ལྡན་རིན་པོ་ཆེ། །མཐོང་ཐོས་དྲན་རེག་ཐར་པའི་ལམ་འགོད་པའི། །སྐྱེས་བུ་དམ་པ་སྦས་པའི་རྣལ་འབྱོར་པ། །མ་ངེས་གྲུབ་རྟགས་མཁྱེན་པ་ཐོགས་རྡུགས་མེད། །འཕོ་བ་ཐེབ་ཚད་བདེ་ཆེན་ཞིང་དུ་འདྲེན། །བྱང་ཆུབ་སེམས་ལྡན་རྟོགས་པ་ཀློང་དུ་གྱུར། །མདོ་སྨད་ཁམས་སུ་འགྲན་ཟླ་བྲལ་བ་ཡིན། །རྨད་བྱུང་ལྷ་མིའི་གཉེན་གྱུར་དཔའ་བོ་འདིས། །ཉི་རྡུལ་གྲངས་ཀྱི་འགྲོ་བ་མཁའ་སྤྱོད་སྐྱེལ། །རྔ་ཡབ་གླིང་ནས་བསམ་བཞིན་མི་རུ་སྤྲུལ། །ཨོ་རྒྱན་པདྨའི་བཀའ་གསུང་སྨོན་ལམ་མཐུས། །སྤྲང་མོ་རང་གི་ཆོས་ཀྱི་བདག་པོ་རུ། །ལྷ་དང་བླ་མས་གནང་བ་ངོ་མཚར་ཆེ། །སྐྱེས་བུ་འདི་ཡི་འདས་ལོག་ཆོས་ཚུལ་གང་། །འཆད་ཅིང་དབང་བསྐུར་ངོ་སྤྲོད་བྱས་པ་ཡིས། །མི་དང་མི་མིན་བསམ་ལས་འདས་པ་འདྲེན། །ཐེ་ཚོམ་མེད་དོ་ཡེ་ཤེས་མཁའ་འགྲོའི་བཀའ། །བལྟས་ན་སྐྱ་མིན་སེར་མིན་ར་ལུ་ཅན། །བརྟགས་ན་ངེས་འབྱུང་སྐྱོ་ཤས་ངང་ཚུལ་བཟང་། །ལས་འབྲས་བླང་དོར་འབྱེད་པའི་མིག་རྣོན་པོ། །ཨ་ཁུ་ར་རྩག་ཅན་འདིས་རབ་ཀྱེ་ཡ། །བལྟས་ན་འཁོར་བའི་བན་རྒན་བུ་མང་ཅན། །བརྟགས་ན་དད་གུས་བྱམས་དང་སྙིང་རྗེ་ལྡན། །ཡ་རབས་དམ་པའི་ཆོས་ལ་འདྲིས་ཆ་ཆེ། །ཨ་ཁུ་རལ་པ་ཅན་འདིས་རབ་ཀྱེ་ཡ། །བལྟས་ན་སྤྲང་པོ་མི་མིན་ནོར་མིན་ལ། །བརྟགས་ན་སྐྱེས་ཐོབ་ཤེས་རབ་ཁུང་ནས་འབར། །རིག་པའི་གནས་ལྔར་སྔོན་སྦྱངས་འཕྲོ་སད་པའི། །ཨ་ལགས་ར་མང་ཅན་འདིས་རབ་ཀྱེ་ཡ། །བལྟས་ན་འཁོར་བའི་སེམས་ཅན་རང་འགའ་མ། །བརྟགས་ན་པདྨའི་རྒྱལ་ཚབ་ཟབ་གཏེར་བདག །ཀློང་ཆེན་དགོངས་པའི་གསང་མཛོད་ནང་ནས་རྡོལ། །ཨ་ཙེ་ར་ལུ་ཅན་འདིས་རབ་ཀྱེ་ཡ། །ཀུན་བཟང་དགོངས་པ་ཨ་ཏིའི་གསང་ལམ་གྱི། །རྟོགས་པ་མངོན་གྱུར་སྦས་པའི་བརྟུལ་ཞུགས་བཟུང་། །འགྲོ་དོན་མཐའ་རྒྱས་མཁའ་ལ་ཉི་ཤར་འདྲ། །ཐལ་ཕུང་མེ་སྟག་འདྲ་བའི་ཆོས་བདག་ཡིན། །གཞན་ཡང་ལས་ལྡན་སྐལ་བཟང་སྟོང་ཕྲག་གིས། །འཆད་ཉན་སྒོམ་སྒྲུབ་ལྷུར་ལེན་འབད་རྩོལ་བྱེད། །སངས་རྒྱས་བསྟན་པ་དར་རྒྱས་འགྲོ་དོན་འཕེལ། །སེམས་ཅན་དུང་ཕྱུར་མང་པོ་འདྲེན་པར་འགྱུར། ས་མ་ཡཱ། མ་འོངས་དུས་ཀྱི་ཐ་མ་ལ། །ང་ཡི་སྦས་གཏེར་མཐོང་བ་དོན་ལྡན་འདི། །གཏན་ལ་ཕབ་ནས་ཉན་བཤད་རྒྱུན་བཟུང་ན། །ཚེ་འདིར་ཚེ་རིང་ནད་མེད་ལོངས་སྤྱོད་ལྡན། །ཕྱི་མར་རྔ་ཡབ་ཟངས་མདོག་དཔལ་རིར་འདྲེན། །པདྨ་ང་དང་འདྲ་བར་གདོན་མི་ཟ། །མཐའ་དམག་དུས་འཁྲུགས་མཚོན་ཆའི་རུ་འཛིངས་བཟློག །ནད་མུག་གདོན་རྒོད་འདྲེ་ཡི་བར་ཆད་སོལ། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །མ་གྱུར་འགྲོ་རྣམས་སངས་རྒྱས་ཐོབ་ཕྱིར་བསྔོ། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །ས་མ་ཡཱཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ ཟབ་རྒྱཿ སྦས་རྒྱཿ གསང་རྒྱཿ གཏད་རྒྱཿ གཉན་རྒྱཿ བཅུད་རྒྱཿ བརྡ་ཐིམཿ གུ་ཧྱཿ༼ཨྠི༽ཿ བཀའ་སྲུང་འཛམ་ལྷ་རིགས་ལྔ་དངཿ ལྷ་མོ་ནོར་རྒྱུན་ཚོགས་ལ་གཏདཿ ཐུབ་པར་སྲུངས་ཤིག་མཐུ་རྩལ་ཅནཿ དམ་ཉམས་ལག་ཏུ་མ་བཏང་ཞིགཿ ལས་ཅན་སྐལ་བཟང་ཡོངས་ལ་སྤྲོདཿ ཁ་འཛིན་སྡོང་གྲོགས་ཟས་ནོར་སྤེལཿ མཐུན་རྐྱེན་དངོས་གྲུབ་ཆར་བཞིན་འབེབསཿ མི་མཐུན་བར་ཆད་དབྱིངས་སུ་སོལཿ བཛྲ་ས་མ་ཡཱཿ ཨུ་ཏན་ན་ར་ཀནཿ ས་མ་ཡཿ མ་ཡིག་མི་གསལ། མ་ཅིག་འཕགས་མོའི་རྣམ་འཕྲུལ་གང་དེ་ཡིས། །མ་གྱུར་འགྲོ་བའི་དོན་ཕྱིར་འདས་ཚུལ་བསྟན། །མ་དག་རིགས་དྲུག་སྣང་ལུགས་མི་འདྲར་མཆེད། །མ་བརྗེད་གཞུང་བཟུང་སླར་ཡང་མི་ཡུལ་ལོག །མ་འདྲེན་གཤིན་པོས་གཙོར་བྱས་བསྟན་འགྲོའི་དོན། །མ་ལུས་མཐོང་བ་དེ་ལ་དོན་ཆེར་ལྡན། །མ་རིག་དྲི་མེད་ཀུན་ནས་གསལ་བའི་གཏམ། །མ་ནོངས་ཤེལ་གྱི་མེ་ལོང་ཡིད་བཞིན་ནོར། །མ་ཡི་ཐུགས་སྲས་ལས་ལྡན་སློབ་བུའི་དོན། །མ་བཅོས་པདྨའི་སྙིང་གི་ཐིག་ལེ་ལས། །མ་མོ་མཁའ་འགྲོའི་བཀའ་ཡིས་གནང་བཞིན་དུ། །མ་ནོར་ཡང་དག་དག་སྣང་སྐོར་ལས་ཕབ། །མི་སྲིད་འདས་ནས་སླར་ལོག་ངང་ཚུལ་གཏམ། །ཡང་སྲིད་ཕྱི་མའི་འགྲོ་ལ་ཕན་པའི་ཆོས། །ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་པར། །དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །ཀུན་བཟང་ཐུགས་ཀྱི་སྙིང་པོ་དམ་ཆོས་འདི། །ཀུན་ནས་བསྟན་དང་འགྲོ་ལ་ཕན་སེམས་ཅན། །ཀུན་ལྡན་ལ་སོགས་དུ་མས་བསྐུལ་བའི་ངོར། །ཀུན་བཟང་ཆོས་ཀྱི་སྒྲོལ་མའི་གསུང་བཞིན་དུ། །ཀུན་ཏུ་ཉུལ་བའི་སྤྲང་པོ་ཤ་གཏེར་བས། །ཀུན་གྱི་མཐོང་གསལ་ཡི་གེའི་རིས་སུ་བཀོད། །ཀུན་ཀྱང་གདོད་མའི་མགོན་པོའི་སར་ཕྱིན་ཤོག །ཀུན་ཉོན་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག །
ཅེས་ཀུན་བཟང་ཆོས་ཀྱི་སྒྲོལ་མའི་འདས་ལོག་མཐོང་བ་དོན་ལྡན་ཀུན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་འདི་ནི་བསྐལ་པ་ལྕགས་འབྲུག་གི་ལོར་༡༩༤༠ལོར་ས་ག་ཟླ་བའི་ནང་བདག་རྨ་ཡུལ་ས་ཡི་ཐིག་ལེ་མ་ཅིག་ཁྲོས་མ་ནག་མོའི་མདུན་ཞོལ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཉེ་འདབས། དཔལ་ལྡན་བདེ་མཆོག་འཁོར་ལོའི་ཉེ་དྲུང་། དམ་ཅན་ར་ཆིབས་ཅན་གྱི་གནས་མཆོག །མདོ་སྔགས་བཤད་སྒྲུབ་བསྟན་པའི་སྲོག་ཤིང་། སྙིང་པོ་བསམ་གཏན་བསྒོམ་པའི་་་་་། མཇུག་མི་ཚང་ལགས།
བཙུན་མ་ཚུལ་ཁྲིམས་ཆོས་མཚོ་ལ་སྟན་གཅིག་ཐོག་ལ་མཚོ་རྒྱལ་གྱིས་ཆ་བསྐུར་གྱི་བསྐུལ་མ་ཉུང་བསྡུས་མཐོ་རིས་ཐར་པའི་ཐེམ་སྐས་ཉིད་ཀྱི་མཐོང་ཚུལ།
༄༅། །བཙུན་མ་ཚུལ་ཁྲིམས་ཆོས་མཚོ་ལ་སྟན་གཅིག་ཐོག་ལ་མཚོ་རྒྱལ་གྱིས་ཆ་བསྐུར་གྱི་བསྐུལ་མ་ཉུང་བསྡུས་མཐོ་རིས་ཐར་པའི་ཐེམ་སྐས་ཉིད་ཀྱི་མཐོང་ཚུལ་འགའ་ཞིག་བཞུགས་སོ། །
ཀ་དག་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ། །གང་འདུལ་སྒྱུ་འཕྲུལ་རོལ་གར་ལོངས་སྤྱོད་རྫོགས། །སྣ་ཚོགས་ཅིར་ཡང་འཆར་བ་སྤྲུལ་པའི་སྐུ། །སྐུ་གསུམ་ངོ་བོ་གཅིག་བསྡུས་པདྨ་འབྱུང་། །དབྱེར་མེད་སྟག་ཤམ་ནུས་ལྡན་རྡོ་རྗེ་དང་། །འབྲལ་མེད་སྤྱི་བོ་འཁོར་ལོའི་རྒྱན་དུ་རོལ། །གསང་སྔགས་གདམས་པའི་ལྡེ་མིག་མཚོ་རྒྱལ་ཡུམ། །དགོངས་འདུས་ཆོས་ཀྱི་མཛོད་འཆང་དབང་མོའི་ཞབས། །དབྱེར་མེད་ངོ་བོ་གཅིག་བསྡུས་བརྩོན་འགྲུས་བཟང་། །འབྲལ་མེད་སྙིང་གི་པདྨོར་རྟག་ཏུ་བརྟེན། །མདོ་ཁམས་ཕྱུག་དྲུག་གཡང་གི་ལྟེ་བ་ཡི། །ཡོན་ཏན་གནས་མཆོག་གཟེ་རྒྱལ་ཙཱ་རི་ཏྲའི། །ལྷོ་ཕྱོགས་པ་ཡི་ཐིག་ལེ་ཉལ་འགྲོའི་ཞོལ། །འཕགས་ནོར་རིན་ཆེན་བདུན་གྱིས་སྤྲས་པའི་ས། །སྙན་གྲགས་སྒྲ་བརྒྱའི་རྒྱལ་པོ་ལོ་ཡི་མགོར། །ཡར་ཚེས་བཟང་པོའི་གསུམ་པའི་དུས་ཀྱི་ཚེ། །སྐར་མ་རྒྱལ་ལ་བབས་པས་སྐལ་བཟང་ཟེར། །ལེགས་སྦྱིན་སྤྲུལ་པ་ཡིན་པས་སྒྲོལ་མར་བཏགས། །དེ་འདྲའི་བུ་མོ་རང་ལོ་བཅུ་དགུའི་དུས། །འབྱུང་ཁམས་འཁྲུགས་ཤིང་ཤི་ལ་ཁད་པའི་སྐབས། །ཉིན་འཁྲུལ་མཚན་འཁྲུལ་བར་མཚམས་མེད་པའི་དུས། །མངོན་སུམ་འཆི་བ་ཡིན་འདྲ་བདག་གིས་མཐོང་། །དེ་ནས་བཟུང་སྟེ་ཉིན་ཞག་བདུན་གྱི་བར། །བདག་ལ་འཁྲུལ་པའི་སྣང་བ་འདི་ལྟར་ཤར། །དང་པོ་འབྱུང་ཁམས་དབང་པོ་ཐིམ་སྡུད་ནི། །སྙིང་གི་རྩ་རྣམས་ཆད་པའི་དུས་སུ་ནི། །རི་བོ་མགོ་མཇུག་ལོག་པའི་སྣང་བ་བྱུང་། །མིག་གི་རྩ་རྣམས་ཆད་པའི་དུས་སུ་ནི། །ཉི་ཟླ་ཐང་ལ་ལྷུང་བའི་སྣང་བ་འབྱུང་། །ལྕེ་ཡི་རྩ་རྣམས་ཆད་པའི་དུས་སུ་ནི། །ནམ་མཁའ་མེ་འོད་གློག་ཁེངས་པའི་སྣང་བ་བྱུང་། །རྣ་བའི་རྩ་རྣམས་ཆད་པའི་དུས་སུ་ནི། །འབྲུག་སྟོང་དུས་གཅིག་ལྡིར་བ་དང་། །བྲག་དམར་ཐོག་གིས་གཏོར་བའི་སྣང་བ་བྱུང་། །སྣ་ཡི་རྩ་རྣམས་ཆད་པའི་དུས་སུ་ནི། །རི་ཉིལ་ཁང་རྡིབ་སྨུག་ཞོད་འཁྲིགས་པའི་སྣང་བ་བྱུང་། །མགོ་ཡི་རྩ་རྣམས་ཆད་པའི་དུས་སུ་ནི། །ནགས་རིར་མེ་ཆེན་མཆེད་པའི་སྣང་བ་བྱུང་། །ཀླད་པའི་རྩ་རྣམས་ཆད་པའི་དུས་སུ་ནི། །བརྒྱ་ལུག་སྤྱང་ཀིས་གཏོར་བའི་སྣང་བ་བྱུང་། །སོ་ཡི་རྩ་རྣམས་ཆད་པའི་དུས་སུ་ནི། །བརྒྱ་ལུག་ལྟ་རེ་ཆད་པའི་སྣང་བ་བྱུང་། །ཁྲག་གི་རྩ་རྣམས་ཆད་པའི་དུས་སུ་ནི། །ཁྲག་མཚོ་ལ་ཁོལ་བའི་སྣང་བ་བྱུང་། །གློ་བའི་རྩ་རྣམས་ཆད་པའི་དུས་སུ་ནི། །རི་བོར་མེ་ཆེན་མཆེད་པའི་སྣང་བ་བྱུང་། །མཆིན་པའི་རྩ་རྣམས་ཆད་པའི་དུས་སུ་ནི། །ལྕགས་སྦལ་མགོ་དགུ་ལུས་ལ་འབྱར་བའི་སྣང་བ་བྱུང་། །ཨོལ་ཁྲོང་རྩ་རྣམས་ཆད་པའི་དུས་སུ་ནི། །དུང་གི་མཆོད་རྟེན་ཞིག་པའི་སྣང་བ་བྱུང་། །མིད་པའི་རྩ་རྣམས་ཆད་པའི་དུས་སུ་ནི། །གཡུ་ལུང་ཁྱུ་འདེད་བརྒྱབ་པའི་སྣང་བ་བྱུང་། །རྒྱུ་མའི་རྩ་རྣམས་ཆད་པའི་དུས་སུ་ནི། །སྦྲུལ་དཀར་ནག་གནས་སུ་འཁྱུག་པའི་སྣང་བ་བྱུང་། །མཁལ་མའི་རྩ་རྣམས་ཆད་པའི་དུས་སུ་ནི། །སྟག་ཁྱི་གཟིག་ཁྱི་ལ་ལ་གཤར་བའི་སྣང་བ་བྱུང་། །ཡན་ལག་རྩ་རྣམས་ཆད་པའི་དུས་སུ་ནི། །སྡོང་རྒན་ཐང་ལ་འགྱེལ་པའི་སྣང་བ་བྱུང་། །བེམ་པོའི་རྩ་རྣམས་ཆད་པའི་དུས་སུ་ནི། །རྫ་རི་ཐང་ལ་ཉིལ་བའི་སྣང་བ་མཐོང་། །དེ་ཡི་དུས་སུ་ལམ་སྣ་འདྲེན་པའི་བླ་མ་དམ་པས་འདི་སྐད་གསུངས། དང་པོ་སྙིང་གི་རྩ་རྣམས་ཆད་པའི་དུས་སུ་ཡི་དམ་རྟ་ཕག་ཡབ་ཡུམ་ལ་གསོལ་བ་ཡང་ཡང་འདེབས་དགོས། དེ་བཞིན་དུ་མིག་གི་རྩ་རྣམས་ཆད་པའི་དུས་སུ་ས་ཡི་སྙིང་པོ་ལ་གསོལ་བ་ཡང་ཡང་འདེབས་དགོས། རྣ་བའི་རྩ་རྣམས་ཆད་པའི་དུས་སུ་ནམ་མཁའི་སྙིང་པོ་ལ་གསོལ་བ་ཡང་ཡང་འདེབས་དགོས། སྣ་ཡི་རྩ་རྣམས་ཆད་པའི་དུས་སུ་བྱམས་པ་མགོན་པོ་ལ་གསོལ་བ་ཡང་ཡང་འདེབས་དགོས། ལྕེ་ཡི་རྩ་རྣམས་ཆད་པའི་དུས་སུ་ཕྱག་ན་རྡོ་རྗེ་ལ་གསོལ་བ་ཡང་ཡང་འདེབས་དགོས། ཀླད་པའི་རྩ་རྣམས་ཆད་པའི་དུས་སུ་ཤཱཀྱ་ཐུབ་པ་ལ་གསོལ་བ་ཡང་ཡང་འདེབས་དགོས། སོ་ཡི་རྩ་རྣམས་ཆད་པའི་དུས་སུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་གསོལ་བ་ཡང་ཡང་འདེབས་དགོས། ཁྲག་གི་རྩ་རྣམས་ཆད་པའི་དུས་སུ་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་ཡང་ཡང་འདེབས་དགོས། གློ་བའི་རྩ་རྣམས་ཆད་པའི་དུས་སུ་ཚེ་དཔག་མེད་ལ་གསོལ་བ་ཡང་ཡང་འདེབས་དགོས། མཆིན་པའི་རྩ་རྣམས་ཆད་པའི་དུས་སུ་ཡུམ་རྡོ་རྗེ་ཕག་མོ་ལ་གསོལ་བ་ཡང་ཡང་འདེབས་དགོས། རྒྱུ་ལོང་རྩ་རྣམས་ཆད་པའི་དུས་སུ་ཀེའུ་རི་མ་མོ་རྣམས་ལ་གསོལ་བ་ཡང་ཡང་འདེབས་དགོས། མགོ་དང་ཨོལ་ཁྲོང་བེམ་པོའི་རྩ་རྣམས་ཆད་པའི་དུས་སུ་རིགས་གསུམ་མགོན་པོ་དང་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་ཡང་ཡང་འདེབས་དགོས། ཡན་ལག་བཞི་ཡི་རྩ་རྣམས་ཆད་པའི་དུས་སུ་མཁའ་འགྲོ་སྡེ་བཞི་ལ་གསོལ་བ་ཡང་ཡང་འདེབས་དགོས་གསུངས། རྗེས་གཤིན་ཡུལ་གྱི་འབྱུང་ལྔའི་ལས་ཆད་ཚུལ་གྱི་འབྱུང་ལྔ་གཡོ་འཁྲུག་ཐིམ་སྡུད་འདི་ལྟར་ཤར། དེ་ནས་རླུང་རི་རྦུད་ནས་མེ་རི་འབར། མེ་རི་འབར་ནས་ཆུ་རི་ཁོལ། ཆུ་རི་ཁོལ་བས་ས་རི་ཉིལ། དུང་རི་འབར་བས་ཀླད་ལ་ལྡིང་། དུས་སྐད་གཅིག་ལོག་འདྲའི་སྣང་བའི་སྐབས། སྐྱབས་བླ་མས་འདི་སྐད་གསོལ་འདེབས་གསུངས། རླུང་གི་གཡར་པོ་བྱས་པའི་དབུགས། འདི་རླུང་ལ་ཐིམ་པའི་དུས་སུ་རིག་པ་འཁྱམས། སྣང་ཡུལ་ཐམས་ཅད་ལྗང་ཁུར་འཆར་བ་དང་རང་ལྷ་ཡི་རང་འོད་ཡིན་པར་ངོ་ཤེས་ན་རླུང་རླུང་ཁམས་དམ་ཚིག་སྒྲོལ་མ་དང་གཉིས་སུ་མེད་པར་འགྱུར་རོ། །དེ་བཞིན་འགྲེའོ། །མེ་ནི་གཡར་པོ་བྱས་པའི་དྲོད་འདི་མེ་ལ་ཐིམ་པའི་དུས་སུ་རིག་པ་འཁྱམས། སྣང་ཡུལ་ཐམས་ཅད་དམར་པོར་འཆར་བ་རང་ལྷ་ཡི་རང་འོད་ཡིན་པར་ངོ་ཤེས་ན་མེ་ཁམས་གོས་དཀར་མོ་དང་། ཆུ་ནི་གཡར་པོ་བྱས་པའི་ཁྲག་འདི་ཆུ་ལ་ཐིམ་པའི་དུས་སུ་རིག་པ་འཁྱམས། སྣང་ཡུལ་ཐམས་ཅད་འོད་དཀར་པོར་སྣང་བ་འཆར་བ་རང་ལྷའི་རང་འོད་ཡིན་པར་ངོ་ཤེས་ན་ཆུ་ཁམས་མ་མ་ཀི་དང་གཉིས་སུ་མེད་པར་འགྱུར་རོ། །ས་ནི་གཡར་པོ་བྱས་པའི་ཤ་འདི་ས་ལ་ཐིམ་པའི་དུས་སུ་རིག་པ་འཁྱམས། སྣང་ཡུལ་ཐམས་ཅད་སེར་པོར་འབར་བ་ནི་རང་ལྷའི་རང་འོད་ཡིན་པར་ངོ་ཤེས་ན་ས་ཁམས་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པར་འགྱུར་རོ། །དུང་ནི་གཡར་པོ་བྱས་པའི་རུས་པ་དུང་རིར་ཐིམ་པའི་དུས་སུ་རིག་པ་འཁྱམས། སྣང་ཡུལ་ཐམས་ཅད་དཀར་པོར་སྣང་བ་འཆར་བ་ནི། རང་ལྷའི་རང་འོད་ཡིན་པར་ངོ་ཤེས་ན་དུང་ཁམས་སྤྱན་རས་གཟིགས་སམ་ནམ་མཁའི་དབྱིངས་ཕྱུག་མ་དང་གཉིས་སུ་མེད་པར་འགྱུར་རོ། །ཞེས་གསུངས།
དེ་ནས་འབྱུང་བ་རྣམས་རིམ་གྱིས་ལྡོག་ནས། སྤྱི་བོར་ཕ་ལས་ཐོབ་པའི་ཐིག་ལེ་དཀར། །ཟླ་བ་མཐུར་བབ་ལྟ་བུའི་དཀར་ལམ་འཆར། །ཕྱི་རྟགས་དཀར་གསལ་ཟླ་བ་འབུམ་ཤར་འདྲ། །ནང་རྟགས་སུ་སྨིག་རྒྱུ་ལྟ་བུར་འཆར། །ཞེ་སྡང་ལས་གྱུར་རྟོག་པ་སོ་གསུམ་འགགས། །དགའ་བའི་ཡེ་ཤེས་སྐད་ཅིག་ཉིད་ལ་འཆར། །མ་གཡེང་ངོ་མཐོང་ཞེ་སྡང་རྣམ་པར་དག །བཅོམ་ལྡན་རྡོ་རྗེ་སེམས་དཔའི་སྐུ་འགྲུབ་བསམ། །ལྟེ་འོག་མ་ལས་ཐོབ་པའི་ཐིག་ལེ་དམར། །ཉི་མ་གྱེན་འགྲོ་དམར་ལམ་ཞེས་པ་འབྱུང་། །ཕྱི་རྟགས་དུས་གཅིག་ཉི་མ་འབུམ་ཤར་འདྲ། །ནང་རྟགས་མེ་ཁྱེར་ལྟ་བུ་དམར་ཁྲོམ་ཁྲོམ། །འདོད་ཆགས་ལས་གྱུར་རྟོག་པ་བཞི་བཅུ་འགགས། །མཆོག་དགའི་ཡེ་ཤེས་སྐད་ཅིག་ཉིད་ལ་སྐྱེས། །མ་ཡེངས་ངོ་མཐོང་འོད་གསལ་རྣམ་པར་དག །བཅོམ་ལྡན་སྣང་བ་མཐའ་ཡས་གསུང་འགྲུབ་བསམ། །ཕྱི་དབུགས་ཆད་ནས་རྣམ་ཤེས་ཚོགས་བརྒྱད་འགགས། །ནམ་མཁའི་ཁམས་ནས་སེམས་ཀྱི་ནག་ལམ་འཆར། །བར་སྣང་ཁམས་ནས་བེམ་པོའི་ནག་ལམ་འཆར། །ས་གཞི་ཁམས་ནས་སྡིག་པའི་ནག་ལམ་འཆར། །ནག་ལམ་གསུམ་པོ་གའུ་ཁ་སྦྱོར་འདྲ། །ཕྱི་རྟགས་ཉི་ཤུ་དགུ་ཡི་སྨག་ནག་འདྲ། །ནང་རྟགས་རྣམ་ཤེས་བུམ་ནང་མར་མེ་འདྲ། །གཏི་མུག་ལས་གྱུར་རྟོག་པ་རིམ་བདུན་འགགས། །སྙིང་ཁར་ཐིག་ལེ་དཀར་དམར་འཕྲད་པའི་བར། །རྣམ་པར་ཤེས་པ་འཐུམས་ཤིང་གནས་པ་ཡིན། །དགའ་བྲལ་ཡེ་ཤེས་སྐད་ཅིག་ཉིད་ལ་སྐྱེས། །མ་ཡེངས་ངོས་ཟིན་གཏི་མུག་རྣམ་པར་དག །རྣམ་སྣང་ཐུགས་ཀྱི་རྡོ་རྗེའི་གོ་འཕང་དུ། །དེ་ནས་འོད་གསལ་སྤྲོས་བྲལ་ནམ་མཁའ་ལྟར། །དེ་ཉིད་རང་ངོ་ཤེས་ན་སངས་རྒྱས་ཏེ། །མ་རིག་འཁོར་བའི་འཁྲུལ་འཁོར་ཡི་རེ་མུག །དེ་རང་ལུས་འཇའ་ཟེར་འོད་ཀྱི་སྐུ། །སྣང་ཡུལ་ཐམས་ཅད་འོད་ལྔའི་ཚོམ་བུ་འཁྲུངས། །ཁོང་སྟོང་གཅིག་གི་དཀྱིལ་དུ་བསྡད་སྣང་ལ། །སྟེང་འོག་སྐར་ཁུང་དགུ་ཡི་ཧ་རེ་གསལ། །རང་ཉིད་ཤིའམ་ཡིད་ནི་མ་ཆེས་སྐབས། །ཕྱི་རོལ་ཕྱོགས་ནས་པདྨས་སྙན་འགྱུར་གྱིས། །སྙན་སྔགས་འདི་ལ་འཛབ་དབྱངས་ལན་གསུམ་མཛད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་སིདྡྷི་ཧཱུྃཿ ལན་གསུམ། ཧྲཱི་པདྨ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ༔ བྷྱེ་དཱེ་མ་དཱ་རི་ཨེ་ཀ་ཙ་ཏི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལན་གསུམ་གསུང་དབྱངས་སྙན་པོའི་རྒྱང་རིང་གཅིག་ནས་ཇེ་ཉེར་བྱུང་བས་འོད་ཟེར་སྣ་ཚོགས་དཀར་པོ་ཤས་ཆེ་བ་སྤྱི་བོར་ཚངས་བུག་སྐར་ཁུང་ནས་བྱུང་། སྐར་ཁུང་ཡང་ཇེ་ཆེར་འོད་ཟེར་ཡང་ཇེ་བཀྲག་བྱུང་ནས་བདག་གུ་རུ་རིན་པོ་ཆེ་ལ་གསོལ་འདེབས་རྒྱང་འབོད་ལན་མང་བྱས་པས། ཚངས་བུག་ནས་འཇའ་ཟེར་གྱི་ཀློང་ནས་པདྨ་འབྱུང་གནས་མངོན་སུམ་དུ་ཞལ་མཇལ་བས་འདི་སྐད་གསུངས་སོ། །ཀྱཻ་སྐྱེ་མེད་སྟོང་པ་ཆེན་པོ་ནི། །མགོན་མེད་འཁོར་བའི་ཆགས་སྡང་སྒྲོལ། །དུག་ལྔའི་ཡོ་ལང་བསྒྲལ་དུ་གསོལ། །སྐྱེ་མེད་ཆོས་སྐུ་འགྲུབ་པར་ཤོག །སྐུ་འགྱུར་བ་མེད་པ་བླ་མའི་སྐུ། །བླ་མའི་སྐུ་ལ་གསོལ་བ་འདེབས། །སྐུ་རྡོ་རྗེ་འགྲུབ་པར་བྱིན་གྱིས་རློབས། །གསུང་འགག་པ་མེད་པ་བླ་མའི་གསུང་། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་འཁྱལ་པ་མེད་པ་ལོངས་སྐུའི་ཀློང་དུ་གྲོལ། །ཐུགས་འཁྲུལ་པ་མེད་པ་བླ་མའི་ཐུགས། །བླ་མའི་ཐུགས་ལ་གསོལ་བ་འདེབས། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཁྱོད་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །སེམས་རྩེ་གཅིག་པདྨར་གསོལ་བ་འདེབས། །ཉམས་རྟོགས་པ་ཆོས་སྐུའི་ཀློང་དུ་གྲོལ། །ལམ་མཁའ་སྤྱོད་འགྲུབ་པར་ཐེ་ཚོམ་མེད། །སྐུ་རྡོ་རྗེ་འཇའ་འོད་ཀློང་དུ་ཐིམ། །གནས་མཁའ་སྤྱོད་ཟངས་མདོག་དཔལ་རི་རུ། །སེམས་ངེས་པ་ཅན་གྱིས་གསོལ་བ་ཐོབ། །ཐུགས་ཞི་བའི་ངང་ནས་སྨོན་ལམ་འགྲུབ། །བདག་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །སྒོས་ཕ་མ་བཞིན་དུ་སྐྱབས་མགོན་མཛོད། །སེམས་རྩེ་གཅིག་གུས་པས་གསོལ་བ་ཐོབ། །ཁྱོད་མ་གཡེང་མ་འཁྲུལ་ང་ལ་ཉོན། །སྡུག་བསྔལ་འཁོར་བ་ལས་ད་བྲལ་ལོ། །སེམས་རིག་པའི་རྩེ་མོ་ལྷ་ལ་གཏོད། །རྒྱུ་རྒྱབ་མ་རྣམས་ལ་སེམས་ཆགས་མེད། །སེམས་གཏད་པའི་མི་ལ་སེམས་ཆགས་མེད། །སྒོས་བཀའ་དྲིན་ཅན་གྱིས་བྱིན་གྱིས་རློབས། །ད་ནི་འཁོར་བའི་ལས་དང་བྲལ། །སྡུག་བསྔལ་ཞེ་སྡང་ཁ་ནས་ཐར་བར་གྱིས། །འཁོར་བའི་འདོད་ཆགས་ཞི་གྱུར་ཅིག །སེམས་འཁྲུལ་པའི་ཁ་ནས་ཐར་བར་གྱིས། །གཉིད་གཏི་མུག་ཁ་ནས་ཐར་བར་གྱིས། །སེམས་ཆོས་སྐུར་འགྲུབ་པར་བྱིན་གྱིས་རློབས། །ཁྱེད་ཀྱི་སྤྱི་བོར་བདེ་ཆེན་འཁོར་ལོའི་དབུས། །སངས་རྒྱས་འོད་དཔག་མེད་མགོན་སྒོམས། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས། །དམར་གསལ་རྡོ་རྗེ་ཕག་མོ་སྒོམས། །སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས། །ཆོས་སྐུ་ཀུན་ཏུ་བཟང་པོ་སྒོམས། །ལྟེ་བར་སྤྲུལ་པའི་འཁོར་ལོའི་དབུས། །རྒྱལ་ཡུམ་སྒྲོལ་མ་དཀར་མོ་སྒོམས། །གསང་གནས་བདེ་ཆེན་འཁོར་ལོའི་དབུས། །ཨོ་རྒྱན་པད་འབྱུང་ཡབ་ཡུམ་སྒོམས། །རང་གི་རྒྱབ་ཀྱི་སྐྱབས་ལྷ་ཡིན་པར་ངེས། །ཡན་ལག་བཞི་དང་མགོ་བོ་ལྔར། །ལོངས་སྐུ་རྒྱལ་བ་རིགས་ལྔའི་ཚོགས། །སྒོ་བརྒྱད་འཁོར་བའི་སྐར་ཁུང་འགགས། །སྒོ་གཅིག་ཐར་པའི་ལམ་དུ་བྱེད། །བར་དོ་ཁ་ཁེག་ཆོས་པར་བྱིན་གྱིས་རློབས། །ངན་སོང་ལྡོག་པས་ནོན་པར་བྱིན་གྱིས་རློབས། །མཐོ་རིས་ཐར་ལམ་བགྲོད་པར་བྱིན་གྱིས་རློབས། །ད་ནི་ཁྱོད་ཀྱིས་ཞིང་ཁམས་བགྲོད་འདོད་ན། །ཞིང་ཁམས་བགྲོད་པའི་རྟ་ཕོ་ཡོང་བར་གྱིས། །ཞེས་གསུངས་ནས་ཧཱུྃ་དང་ཧྲཱི་ལ་སོགས་ཡིག་འབྲུ་བརྒྱད་ཀྱིས་འཁོར་བའི་སྒོ་འགགས་ནས་ཕྱག་ནས་དང་ཕྱག་མཚན་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་ནས་ཡལ་སོང་། དེ་ནས་རང་གིས་རང་ལ་འཕོ་བའི་གསོལ་འདེབས་བླ་མ་རྒྱང་འབོད་འདི་ལྟར་སྐད་སྙན་པོའི་དབྱངས་དང་བཅས་ཏེ་སྨྲས། ཨེ་མ། སྐྱབས་མེད་བདག་གི་སྐྱབས་གནས། །འདྲེན་མཆོག་དྲིན་ཆེན་གྱི་བླ་མ། །མཚན་ལྡན་ཐུགས་རྗེ་ཡི་མངའ་བདག །བདག་མེད་སྤྲང་པ་ལ་སོགས། །ལས་ཚན་བཞི་པ། ཐུགས་ཡིད་གཅིག་འདྲེས་བར་རོ། །
འཕོ་བའི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ དམིགས་མེད་སྤྲོས་དང་བྲལ་བའི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། །ལྷུན་གྲུབ་འོད་ལྔ་འཁྲིགས་པའི་ཕོ་བྲང་ནས། །ལོངས་སྐུ་ཞི་ཁྲོ་ཡབ་ཡུམ་ལ་གསོལ་བ་འདེབས། །གནས་ལུགས་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །བར་རོ། །ཡང་། ཧྲཱི། གདོད་ནས་རྣམ་དག་ཕྱི་སྣོད་འོད་གསལ་ཞིང་། །ནང་བཅུད་ལྷ་ཚོགས་ལྷ་མོར་གསལ་བའི་ངང་། །བདག་ལུས་སྣང་སྟོང་རྡོ་རྗེ་རྣལ་འབྱོར། །སོགས། ཧཱུྃཿགདོད་ནས་སྐྱེ་མེད་ཆོས་སྐུའི་ཀློང་ཡངས་ནས། །ཀུན་ཏུ་བཟང་པོ་འོད་དཔག་མེད་པ་ལ་ནས་ཟབ་ལམ་འཕོ་བ་འབྱོངས་སོགས་མཁའ་སྤྱོད་འགྲུབ་པར་ཤོག་བར་རོ། །གུ་རུ་པདྨ་འབྱུང་གནས་དང་། །དབྱེར་མེད་སྟག་ཤམ་རྡོ་རྗེ་ཡིན། །འབྲལ་མེད་སྤྱི་གཙུག་འདིར་བཞུགས་པས། །གཟུང་འཛིན་ཞེན་པ་སྒྲོག་དང་ཕྲོལ། །ཡིད་རྩེ་གཅིག་གཏོད་དང་སྐལ་པ་ཅན། །བདག་ད་ནི་འཆི་བའི་དུས་ལ་བབ། །ཕྱི་སྣང་བ་རི་ལོག་གནམ་ས་འཁྲུག །འབྲུག་ལྡིར་བའི་སྒྲ་དང་ས་གཡོ་དང་། །གངས་ཉིལ་བ་ཁང་ཆེན་འགྱེལ་བ་འདྲ། །ནག་ལམ་དང་དམར་ལམ་ཤེས་པ་འབྱུང་། །སྣ་ཚོགས་སྔར་མེད་གློ་བུར་བྱུང་། །ཇི་ལྟར་བྱུང་ཡང་འཇིགས་སྐྲག་ཡལ། །བླ་མ་སྤྱི་བོའི་གཙུག་ཏུ་སྒོམས། །སྣང་སྲིད་པད་འབྱུང་སྤྱན་གཟིགས་སོགས། །སྒྲ་གྲག་ཆོས་ཉིད་ཡི་གེ་དྲུག །གང་ཤར་ཆོས་སྐུའི་རོལ་པ་ལ། །སྐྱབས་བླ་མར་ཆོས་ཤིག་རིགས་ཀྱི་བུ། །ཡར་ལྟོས་དང་སྤྱི་བོར་བླ་མ་བཞུགས། །སྐྱབས་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །སྐུ་འོད་དཔག་མེད་མགོན་པདྨ་འབྱུང་། །ཐུགས་ཀ་ནས་འོད་ཟེར་ཐིག་ལེ་གཅིག །ཚངས་བུག་ནས་མིག་དང་འབྲེལ་བ་སྣང་། །འདི་བརྒྱུད་ནས་མཁའ་འགྲོའི་སྐས་ལ་འཛེགས། །ཕ་པད་འབྱུང་སྐུ་དང་གཉིས་མེད་བསྲེས། །སེམས་ཤེས་པ་འུར་གྱིས་ད་འཕོས་ཤིག །ཕཊ། རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་རྒྱ་སྲན་ཙམ་འཕར་འདར་ལིང་ལིང་བྱེད་པ་དེ་ཉིད་ཕཊ་ཀྱི་སྒྲས་སྐར་མདའ་འཕངས་པ་ལྟར་པདྨ་འབྱུང་གནས་ཀྱི་ཐུགས་ཁར་ཐིམ་ནས་གཉིས་སུ་མེད་པར་གྱུར་པར་བསམ། ཕཊ་ཕཊ་ཕཊ། ཅེས་དང་། ཀྱེ་མ་བླ་མ་ཡི་དམ་མཁའ་འགྲོ་ཁྱེད་རྣམས་ལ། །དེ་ལྟར་རྩེ་གཅིག་གསོལ་བ་སོགས་ནས་ཕྲིན་ལས་འཛིན་པར་ཤོག་བར། འདས་ལོག་མས་རང་གིས་རང་ལ་འཕོ་བ་བཏབ་ཚུལ་གྱི་འགྲིགས་རིལ་འཁྲུལ་མེད་བློས་ཟིན་པ་ལགས། དེ་ནས་རྣམ་ཤེས་སྤྱི་བོ་ནས་ཕྱི་རོལ་ལ་ཐོན་མཚམས་མ་གཅིག་ལབ་ཀྱི་སྒྲོན་མས་གཅོད་གསུངས་བེམ་པོ་འབྲུག་ཏུ་མཐོང་སྟེ་འཇིགས་སྐྲག་དང་བཅས་ཏེ་མལ་དུ་ལུས་ཏེ། མཚོ་རྒྱལ་གྱི་ཕུར་པས་བཏད་ནས་ཐལ་རྣམ་ཤེས་འཇའ་ཡི་ལམ་ནས་ཟག་མེད་དཔལ་ཟངས་མདོག་དཔལ་རིའི་ཤར་ཕྱོགས་ཁྲུས་རྫིང་པདྨའི་སྦུབས་ལ་བརྫུས་ཏེ་སྐྱེས་མ་ཐག །ཆུ་ཚོད་གསུམ་གྱི་མཚམས་ནས་མེ་ཏོག་པདྨ་ཁ་ཕྱེས་ཏེ་ལྷའི་བུ་དང་བུ་མོས་རིན་པོ་ཆེའི་བུམ་པ་ནས་བདུད་རྩིའི་ཆུ་རྒྱུན་གྱིས་ཁྲུས་གསོལ་ཞིང་། ལྷ་ཡི་པཎ་ཙ་ལི་ཀའི་གོས་དམར་སེར་གསུམ་རིམ་པར་གནང་ཞིང་གྱོན་པ་ནི་ཐེག་པ་རིམ་འཇུག་གི་རྟེན་འབྲེལ་ཡིན་གསུངས། དེ་ནས་འཇའ་ཡི་ལམ་ནས་ཡར་སོང་སྟེ་ནང་གི་ལྕགས་རི་ཤར་གྱི་སྒོ་དྲུང་དུ་སླེབ་པར། ཤར་གྱི་སྒོ་ཁང་ནས་རྡོ་རྗེ་ཁྲ་གདོང་མས་ཡར་ལ་སོང་ཟེར་བས། ཡར་གྱི་ནང་ཁྱམས་སུ་འོད་ཟེར་དཀར་པོའི་རང་བཞིན་མིག་གིས་མི་བཟོད་པ་བར་སྣང་ཐམས་ཅད་འཇའ་འོད་ཟེར་གསུམ་གྱི་རང་བཞིན་ལྟ་བས་མི་ཚུགས་པའི་གསེབ་ནས་དཔལ་རི་པདྨ་འོད་ཀྱི་གླིང་ཆེན་རྩེ་མོ་ནམ་མཁའི་ཁམས་སུ་ཟུག་པའི་ཕྱི་རོལ་ནམ་མཁའ་ཐམས་ཅད་འཇའ་འོད་ཟེར་གསུམ་སྤྲིན་དུ་འཁྲུགས་པའི་གསེབ་ནས། དཔའ་བོ་མཁའ་འགྲོ་གྲངས་ལས་འདས་པ་རྣམས་ཀྱིས་གླུ་གར་གྱི་མཆོད་པ་དང་། དེ་འོག་མཆོད་པའི་ལྷ་མོ་གྲངས་ལས་འདས་པས་མཆོད་རྫས་ཐོགས་ནས་བསྟོད་དབྱངས་ཡན་ལག་དྲུག་ཅུའི་སྙན་པའི་གླུ་དབྱངས་དང་བཅས་ཏེ་མཆོད་པ་འབུལ་བའོ། །
དེ་ནས་ཡར་ལ་ཤར་ཕྱོགས་ཀྱི་རིན་པོ་ཆེའི་ཐེམ་སྐས་ནས་ཤར་གྱི་སྒོ་དྲུང་དུ་སླེབས་པས་སྒོ་དྲུང་རྒྱལ་པོ་ཡུལ་འཁོར་སྲུང་གིས་བུ་མོ་ཁྱོད་རང་ཡར་ལ་སོང་ཞིག་གསུངས། ཡར་ནང་དུ་སོང་ནས་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཡང་ཡང་མཇལ་བས། འོད་དང་འོད་ཟེར་གྱི་ཕུང་པོ་མིག་གིས་མི་བཟོད་པས་སོ་སོར་གསལ་མ་ཐེབས། དེ་ནས་མཚོ་རྒྱལ་གྱིས་བུ་མོ་ཁྱོད་གཉིས་སྣང་མ་རིག་འཁྲུལ་པས་མ་བསྒྲིབས་པར་གསོལ་བ་ཡང་ཡང་ཐོབ་དང་ང་ཡིས་ལྷ་ངོ་སྤྲད་གསུངས་ནས། ལྷ་ཚོགས་སོ་སོར་ཕྱག་མཁར་གྱིས་ཐུག་ཐུག་མཛད་ནས་གསུངས་པ། དབུས་ཀྱི་གཙོ་བོ་པདྨ་གེ་སར་ལ་པདྨ་འབྱུང་གནས་པད་འབྱུང་འཇའ་ཚོན་པའི་སྐུ་རུ་གྱུར་ནས་བཞུགས་སྣང་དགེ་སློང་ཆ་བྱད་ཅན། ཆོས་གོས་རྣམ་གསུམ་པཎ་ཞྭ་རྣ་རིང་གསོལ། །གཡས་གཡོན་མནྡ་ར་བ་མཚོ་རྒྱལ་གཉིས། །ལོངས་སྐུའི་ཆས་ལྡན་རིན་ཆེན་རྒྱན་ཆས་སྤྲས། །མདུན་དུ་སྒྲུབ་བཞིས་བསྐོར་པ་ཕུན་སུམ་ཚོགས། །སྒྲུབ་བཞིའི་མགོ་རེར་རྒྱང་གྲགས་རེ་རེའི་ཚད། །ཕྱི་ནང་མཆོད་བཤམས་བཀོད་པ་རྒྱས་བཤད་ནི། །ཡིག་འབུང་འཇིགས་ཕྱིར་འདི་རུ་བྲི་བ་ཉུང་། །སྒྲུབ་པའི་ཚོགས་པ་འབུམ་ལས་ལྷག་པར་བཞུགས། །སྒྲུབ་པ་དངོས་ནི་དཀོན་མཆོག་སྤྱི་འདུས་གསུངས། །ཤར་དུ་མ་གཅིག་ལབ་ཀྱི་སྒྲོན་མ་ལ། །སྒྲོལ་མ་དཀར་སྔོན་དབྱངས་ཅན་ལྷ་མོ་དང་། །གནམ་སྨན་ཨོ་རྒྱན་བུ་ཁྲིད་བདེ་ཆེན་མཚོ། །ལབ་སྒྲོན་མདུན་དུ་ཐོད་ནང་ཤ་ལྔ་དང་། །བདུད་རྩི་ལྔ་ཡི་རླངས་པའི་སྤྲིན་གསེབ་ནས། །འདོད་པའི་མེ་ཏོག་ལྔ་ཡི་ཆར་འབེབས་གྱུར། །ཕྱི་རོལ་གཅོད་ཡུལ་བརྒྱུད་པས་བསྐོར་བའོ། །ལྷོ་ཕྱོགས་གུ་རུ་སྣང་སྲིད་ཟིལ་གནོན་ལ། །མདུན་དུ་གནམ་སྨན་གཡས་སུ་མནྡ་ར། །ཕྱིས་རྨི་ལམ་འགར་མཐོང་སྣང་ལ་གུ་རུ་སྣང་སྲིད་ཟིལ་གནོན་གུ་རུ་རྟ་ཕག་ཡབ་ཡུམ་སོགས་མ་ངེས་རྣམ་འགྱུར་འཁོར་རྒྱས་བསྡུས་འཁྲུལ་སྣང་བར་འཚལ། རྒྱབ་ཏུ་གཡུ་སྒྲོན་གཡོན་དུ་མཚོ་རྒྱལ་མ། །མཆོག་ལྡན་རྡོ་རྗེ་དྲི་མེད་འོད་ཟེར་སོགས། །རིམ་བྱོན་རྩ་བརྒྱུད་བླ་མས་བསྐོར་བའོ། །ནུབ་ཏུ་ཆོས་སྐུ་ཨོ་རྒྱན་མགོན་པོ་དང་། །མདུན་དུ་སྒྲོལ་དཀར་གཡས་སུ་གྲུབ་རྒྱལ་མ། །རྒྱབ་ཏུ་ཕག་མོ་པད་མཚོ་གཡོན་ཚེ་འཕེལ། །དེ་རྒྱབ་རིམ་བྱོན་བཀའ་བརྒྱུད་བླ་མས་བསྐོར། །བྱང་ཕྱོགས་བདུད་འདུལ་མཁའ་འགྲོ་སེང་གདོང་མ། །ཕྱོགས་བཞིར་སེང་གདོང་རིགས་བཞི་ཕྲ་མེན་བརྒྱད། །དབང་མོ་ཉེར་བརྒྱད་མ་མགོན་དམ་ཅན་བསྐོར། །ཤར་ལྷོར་དངོས་གྲུབ་གཏེར་སྦྱིན་དཔལ་ཆེན་མོ། འཁོར་དུ་ལྷ་མོ་བརྒྱད་དང་ཀུན་འཁྱིལ་མཆེད། །ལྷོ་ནུབ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ། །ཕྱོགས་བཞི་མཚོ་རྒྱལ་རིགས་བཞི་བདུད་འདུལ་བཞི། །སྒོ་བཞི་སོགས་སར་རིགས་བཞི་མཁའ་འགྲོ་བཞི། །ནུབ་བྱང་མཁའ་འགྲོ་ཚེ་འཕེལ་མཆེད་ལྔ་ལ། །བརྟན་མ་བཅུ་གཉིས་འཇིག་རྟེན་མཁའ་འགྲོས་བསྐོར། །བྱང་ཤར་རྡོ་རྗེ་གཡུ་སྒྲོན་མ་ལ། །ཕག་གདོང་མཆེད་ལྔ་བསྟན་སྐྱོང་ལྷ་མོས་བསྐོར། །ཕྱི་རོལ་དཔའ་བོ་རོལ་པ་བརྒྱ་ཡིས་བསྐོར། །དེ་རྒྱབ་མཁའ་འགྲོ་རོལ་པ་བརྒྱ་ཡིས་བསྐོར། །དེ་རྒྱབ་གྲུབ་ཆེན་བརྒྱ་དང་བརྒྱད་ཅུས་བསྐོར། །ནང་སྒོའི་ཕྱོགས་བཞིར་སྒོ་སྲུང་ཆེན་པོ་ནི། །ཤར་དུ་རྡོ་རྗེ་མཁའ་འགྲོ་བདུད་འདུལ་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོ་བདུད་འདུལ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་བདུད་འདུལ་དམར། །བྱང་དུ་ཀརྨ་མཁའ་འགྲོ་བདུད་འདུལ་ལྗང་། །ཕྱོགས་བཞིའི་རྩིག་པ་རིན་ཆེན་ལྔ་སྦྲགས་སོ། །ཤར་སྒོ་དུང་ལ་སྒོ་ཕོག་དངུལ་ལས་བྱས། །ལྷོ་སྒོ་གསེར་ལ་སྒོ་ཕོག་རིན་ཆེན་བྱས། །ནུབ་སྒོ་བྱི་རུ་སྒོ་ཕོག་ཟངས་ལས་བྱས། །བྱང་སྒོ་གཡུ་ལ་སྒོ་ཕོག་བཻཌཱུརྱ། །ཕྱི་ཡི་སྒོ་སྲུང་རྒྱལ་པོ་ཆེན་པོ་བཞི། །སྒོ་ཁང་མཚམས་ཀྱི་བར་ཁྱམས་རིན་ཆེན་ལྔའི། །ཐེམ་སྐས་ལ་འཛེགས་བར་ཁང་མཇལ་དུ་སོང་། །སྔ་མ་བཞིན་དུ་ཨ་མ་མཚོ་རྒྱལ་གྱིས། །སོ་སོར་ལྷ་ངོ་སྤྲད་པ་འདི་ལྟར་ལགས། །དབུས་གཙོ་པད་འབྱུང་ཡིད་བཞིན་ནོར་བུ་ལ། །རྒྱལ་བ་རིགས་ལྔ་ཐོད་ཕྲེང་སྡེ་ལྔས་བསྐོར། །ཤར་དུ་གུ་རུ་པདྨ་ཐོད་ཕྲེང་རྩལ། །ལྷོ་རུ་གུ་རུ་སྣང་སྲིད་ཟིལ་གནོན་དང་། །ནུབ་ཕྱོགས་གུ་རུ་པདྨ་ཚེ་དཔག་མེད། །བྱང་དུ་གུ་རུ་པདྨ་ཆེ་མཆོག་རྩལ། །ཤར་ལྷོ་གུ་རུ་ནོར་ལྷ་ཡབ་ཡུམ་དང་། །ལྷོ་ནུབ་གུ་རུ་དབང་མཛད་ཡབ་ཡུམ་དང་། །ནུབ་བྱང་གུ་རུ་དྲག་པོ་ཡབ་ཡུམ་དང་། །བྱང་ཤར་གུ་རུ་དྲག་པོ་ཡབ་ཡུམ་དང་། །སོ་སོའི་འཁོར་ཚོགས་ཚོམ་བུས་བསྐོར་བའོ། །ཤར་དུ་གསང་ཆེན་དམ་པ་རིགས་བརྒྱ་དང་། །དབུས་ཀྱི་གཙོ་བོ་རྣམ་སྣང་རིགས་ལྔ་ལ། །ཕྱོགས་མཚམས་བརྒྱད་དུ་སེམས་དཔའ་ཡབ་ཡུམ་བརྒྱད། །སོ་སོའི་འཁོར་ཚོགས་ཚོམ་བུས་བསྐོར་བའོ། །ལྷོ་རུ་འགྲོ་འདུལ་ཐུགས་རྗེ་ཆེན་པོ་ནི། །དབུས་ཀྱི་གཙོ་བོ་སྤྱན་གཟིགས་ཕྱག་བཞི་པ། །ཡབ་ཡུམ་སྲས་གསུམ་མགོན་པོ་ཚེ་དཔག་མེད། །མི་གཡོ་དོང་སྤྲུགས་རིགས་དྲུག་སྤྱན་རས་གཟིགས། །རྟ་མགྲིན་རིག་བྱེད་ཛམ་ལྷ་མགོན་པོ་བཅས། །བསྐལ་བཟང་སངས་རྒྱས་སྟོང་དང་རྩ་གཉིས་བསྐོར། །ནུབ་ཏུ་རྟ་མཆོག་དབང་དྲག་རོལ་པ་ཡི། །དབུས་ཀྱི་གཙོ་བོ་རྟ་མགྲིན་རྟ་དབུ་ལྔ། །ཕྱོགས་བཞི་ཁྲོ་ཆེན་བཞི་དང་ཐབས་ཤེས་སྲས། །ཕྱི་རོལ་ཁྲོ་བཅུ་ཁྲ་ཐབ་ཉི་ཤུས་བསྐོར། །སེང་ཧ་ཕྲ་མེན་དབང་ཕྱུག་ཉི་ཤུ་བརྒྱད། །བསེ་ཡི་ལྷ་མོ་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་གནོད་སྦྱིན་བརྒྱད། །སྡེ་དཔོན་ཁྱི་སྤྱང་གདུལ་ཀ་གནང་ཡུལ་སོགས། །ཡང་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར་བའོ། །བྱང་དུ་མཁའ་འགྲོ་གསང་བ་སུམ་སྦྲེལ་གྱི། །དབུས་ཀྱི་གཙོ་མོ་རྡོ་རྗེ་ཕག་མོ་ལ། །གཡས་སུ་གསང་ཡེ་གཡོན་དུ་ཁྲོས་མ་ནག །ཕྱི་རོལ་ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་དང་། །དེ་ཡི་ཕྱི་རོལ་ཕྱོགས་མཚམས་མཁའ་འགྲོ་བརྒྱད། །སྟེང་འོག་ཕྱོགས་བཞིར་སྒོ་མ་གདོང་ཅན་དྲུག །ཕྱི་རོལ་འཇིག་རྟེན་འདས་དང་མ་འདས་པའི། །ཡང་འཁོར་ཤ་ཟ་མཁའ་འགྲོ་འབུམ་གྱིས་བསྐོར། །ཤར་ལྷོ་གུ་རུ་སྣང་སྲིད་ཟིལ་གནོན་ལ། །ཕྱོགས་མཚམས་བརྒྱད་དུ་ཀེའུ་རི་མ་མོ་བརྒྱད། །སྒོ་མ་བཞི་དང་ཕྱོགས་སྐྱོང་བཅུ་ཡིས་བསྐོར། །ཡང་འཁོར་དཔའ་བོ་མཁའ་འགྲོས་བསྐོར་བའོ། །ལྷོ་ནུབ་གུ་རུ་པདྨ་ཐོད་ཕྲེང་རྩལ། །ཕྱི་རོལ་ཕྱོགས་མཚམས་གུ་རུ་མཚན་མཆོག་བརྒྱད། །སྟོང་འོག་ཕྱོགས་བཅུར་ཁྲོ་རྒྱལ་ཡབ་ཡུམ་བཅུ། །ཕྱོགས་བཞིར་སྒོ་སྲུང་ཕྱི་རོལ་གྲུབ་བརྒྱས་བསྐོར། །ནུབ་བྱང་གུ་རུ་དྲག་པོ་མཐིང་ག་ལ། །དེ་ཡི་ཕྱི་རོལ་ཕྱོགས་བཞིར་ཁྲོ་ཆེན་བཞི། །སྟེང་འོག་ཕྱོགས་བཅུར་ཁྲོ་ཆེན་ཡབ་ཡུམ་བཅུ། །ཕྱོགས་བཞིར་ཀི་ལ་སྲས་བཞི་སྒོ་མ་བཞི། །ཡང་འཁོར་བཀའ་སྲུང་ཆོས་སྲུང་དམ་ཅན་བསྐོར། །བྱང་ཤར་བླ་མ་ཕུར་སྦྲགས་མའི་དཀྱིལ་འཁོར་ནི། །དབུས་སུ་ཧཱུྃ་ནག་དྲག་པོ་ཐོད་ཕྲེང་རྩལ། །ཐུགས་ཀར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །ཕྱི་རིམ་ཀི་ལ་སྲས་བཞི་ཁྲོ་རྒྱལ་བཅུ། །གཡས་གཡོན་ཁྲ་ཐབ་མ་མོ་ཉི་ཤུས་བསྐོར། །ཕྱི་རིམ་ཕུར་སྲུང་བཅུ་གཉིས་ཡང་འཁོར་སྟོང་། །རྩ་གསུམ་དགོངས་འདུས་ལྷ་ཚོགས་སོ་སོའི་མདུན། །སྒྲུབ་གཞི་ཕུན་སུམ་ཚོགས་པ་བདུན་ལྡན་གྱི། །ཕྱི་ནང་མཆོད་གཏོར་གཞུང་བཞིན་རྒྱས་པ་རེ། །སོ་སོར་རྡོ་རྗེ་རྒྱལ་པོ་རྒྱལ་ཐེབ་དང་། །ལས་བྱེད་སྒོ་མཚམས་ལ་སོགས་ཆ་ཚང་རེ། །སྒྲུབ་པའི་དངོས་གཞི་འཛབ་ཀྱི་རྒྱུན་པ་བཅས། །སོ་སོར་མཆེད་ལྕམ་བཞི་ཁྲི་ལྔ་ཁྲི་ཙམ། །ཞི་རྒྱས་དབང་དྲག་ཆས་གོས་རོལ་ཆ་ནི། །འབུད་རྡུང་དཀྲོལ་སོགས་སྤྱན་གཟིགས་མཆོད་པའི་རྫས། །ཁོ་མོ་མིག་གི་འཁྲུལ་སྣང་ངོ་མཚར་ཆེ། །ཕྱོགས་བཞིར་རིན་ཆེན་རྩིག་པ་ལྔ་ལས་གྲུབ། །ཕྱི་ནང་མེད་པར་ཟང་ཐལ་འོད་གསལ་འབར། །སྒོ་བཞི་ཚོས་མདོག་རིན་ཆེན་བཞི་ལས་གྲུབ། །སྒོ་ཁང་བཞི་ལ་སྒོ་སྲུང་གདོང་ཅན་བཞི། །སྒོ་མཚམས་རིན་ཆེན་ཐེམ་སྐས་ལ་འཛེགས་ནས། །སྟེང་ཁང་ནང་དུ་དབུས་གཙོ་རྡོ་རྗེ་དང་། །འོད་དཔག་མེད་དང་དུས་གསུམ་སངས་རྒྱས་དང་། །ཏཱཻ་ནཱག་མར་མི་ལ་སོགས་བཀའ་བརྒྱུད་ཀྱི། །རིམ་བྱོན་གསེར་ཕྲེང་འཕགས་མཆོག་ཆོས་ལྷུན་བར། །སྐུ་མདོག་ཕྱག་མཚན་ལ་སོགས་བཤད་ན་ཡང་། །ཡིག་འབུང་ཆེ་ཕྱིར་འདི་རུ་འབྲི་བ་མིན། །དེ་བཞིན་ཟུར་བླ་ཨོ་རྒྱན་ཆོས་འཕེལ་དང་། །ཕྲིན་ལས་བསྟན་འཛིན་རྡོ་རྗེ་ཕག་མོ་བཅས། །ད་རུང་མང་དུ་ཟེར་ཡང་འབྲི་མ་ནུས། །ཤར་གླིང་སྒྲོལ་མ་དཀར་སྔོན་ལྷ་ཚོགས་དང་། །ལྷོ་ཕྱོགས་པད་འབྱུང་གུ་རུ་མཚན་མཆོག་བརྒྱད། །ནུབ་ཕྱོགས་རྟ་མགྲིན་ཕག་མོ་དམར་ནག་བཅས། །བྱང་ཕྱོགས་སྨན་བླ་བདེ་གཤེགས་མཆེད་བདུན་སོགས། །ཕྱི་རོལ་དགོངས་བརྒྱུད་སྟོན་པ་བཅུ་གཉིས་དང་། །དེ་ཡི་ཕྱི་རོལ་རྗེ་འབངས་ཉི་ཤུ་ལྔ། །དེའི་ཕྱི་རིམ་གླིང་པ་བཅུ་གསུམ་སོགས། །གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་གིས་བསྐོར། །དེ་ཡི་ཕྱི་རིམ་བཀའ་བཞིའི་བླ་མས་བསྐོར། །ཤར་གྱི་སྒོ་སྲུང་མིའུ་དཀར་པོ་ནི། །དུང་གི་རལ་པ་མདའ་གཞུ་ཐོགས་པའོ། །ལྷོ་ཡི་སྒོ་སྲུང་མིའུ་སེར་པོ་ནི། །འབུམ་གྱི་རལ་ཅན་སྤུ་གྲི་ཐོགས་པའོ། །ནུབ་ཀྱི་སྒོ་སྲུང་མིའུ་དམར་པོ་ནི། །ཁྲག་གི་རལ་ཅན་གྲི་གུག་ཐོད་ཁྲག་བསྣམས། །བྱང་གི་སྒོ་སྲུང་མིའུ་ལྗང་ནག་ནི། །མཐིང་གི་རལ་ཅན་ལྕགས་ཀྱུ་ཞགས་པ་བསྣམས། །གཙང་ཁ་རིན་ཆེན་བཞི་ལས་གྲུབ་ཚུལ་ནི། །ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻཌཱུརྱ། །ནུབ་ཕྱོགས་རཱ་ག་བྱང་ཕྱོགས་ཨིནྡྲའི་མདོག །ཕྱི་ནང་མེད་པར་གསལ་བའི་རང་བཞིན་ནོ། །ཤར་སྒོ་དུང་ལ་སྒོ་ཕོག་དར་དཀར་བརྒྱན། །ལྷོ་སྒོ་གསེར་ལ་སྒོ་ཕོག་དར་སེར་བྱས། །ནུབ་སྒོ་བྱི་རུ་སྒོ་ཕོག་དར་དམར་བརྒྱན། །བྱང་སྒོ་གཡུ་ལ་སྒོ་ཕོག་དར་སྔོན་བརྒྱན། །ཕྱི་རིམ་གཞལ་ཡས་ཁང་ལ་རྩ་གསུམ་པ། །སེར་པོ་ཕ་གུ་དྲ་བ་དྲྭ་ཕྱེད་དང་། །མདའ་ཡབ་ཤར་བུ་དཀྱིལ་འཁོར་དཀོར་ཆ་མང་། །ཤོད་ཁང་ཕྱོགས་བཞིར་གསེར་འཕྲུ་རྒྱ་ཕིབས་བཅས། །མཚམས་བཞིར་རྒྱལ་མཚན་བཞི་དང་གསེར་ཉི་ཟླ། །གདུགས་དང་ཕྱེ་ཕུར་དཀྱིལ་འཁོར་རྒྱན་ཆས་སྤྲས། །བར་ཁང་ཕྱོགས་བཞིར་གསེར་འཕྲུ་མཚམས་བཞིར་ལྕོང་བཞི་དང་། །གསེར་འཕྲུའི་གདན་ནི་མུ་མེན་བཻཌཱུརྱ། །དབུས་ཀྱི་ཏོག་ནི་པད་རཱག་དམར་པོར་གྲུབ། །འོད་ཟེར་དམར་པོ་ས་གཞི་བར་སྣང་ཁྱབ། །གཞལ་ཡས་དེ་ཡི་རྩ་བར་འདོད་སྣམ་ནི། །རིན་ཆེན་དམར་པོ་གྲུབ་པའི་གཞལ་ཡས་ཁང་། །མཆོད་ལྷ་གྲངས་མེད་མཆོད་རྫས་ཐོགས་པ་ཡིས། །ལྷ་ཚོགས་རྣམས་ལ་བསྟོད་དབྱངས་རྒྱ་མཚོ་འབུལ། །ཕྱོགས་བཞི་རིན་ཆེན་ལྔ་ལས་གྲུབ་པ་ཡི། །སོ་སོར་ཐེམ་སྐས་རིམ་པ་བརྒྱད་བརྒྱད་རེ། །སྒོ་ཡི་ཕྱི་ཁྱམས་ཤར་དཀར་ལྷོ་ཕྱོགས་སེར། །ནུབ་ཕྱོགས་དམར་ལ་བྱང་ཕྱོགས་ལྗང་ཁུའི་མདོག །དེ་ཡི་ཕྱི་རིམ་རྒྱ་ནག་ལྕགས་རིས་བསྐོར། །ལྕགས་རིའི་སྒོ་ཁང་གློ་འབུར་རིགས་བཞི་ལ། །ཤར་དུ་རྡོ་རྗེ་ཕག་གདོང་སྐུ་མདོག་དཀར། །ལྷོ་རུ་རིན་ཆེན་ཕག་གདོང་སྐུ་མདོག་སེར། །ནུབ་ཏུ་པདྨ་ཁྱི་གདོང་སྐུ་མདོག་དམར། །བྱང་དུ་ཀརྨ་འུག་གདོང་སྐུ་མདོག་ལྗང་། །སོ་སོས་རང་རྟགས་ཕྱག་མཚན་བསྣམས་པའོ། །ཕྱི་རོལ་བར་མཚམས་ལིང་རྩེ་ཆེན་པོ་ལ། །ཤར་དུ་ཁྲུས་རྫིང་གླིང་དཔོན་རྡོ་རྗེ་སེམས། །ལྷ་དང་ལྷ་མོས་ཁྲུས་གསོལ་གླུ་གར་དང་། །རིན་ཆེན་ན་བཟའ་གསོལ་དང་རྩེ་འཇོ་རོལ། །ལྷོ་གླིང་ལོངས་སྤྱོད་འདོད་ཡོན་ཕྱུར་བུར་བསྙིལ། །གླིང་དཔོན་རིན་འབྱུང་ཡབ་ཡུམ་འཁོར་གྱིས་བསྐོར། །རྒྱན་གོས་རིན་ཆེན་གཏེར་གྱི་ཆར་ཆེན་འབེབས། །ནུབ་གླིང་པདྨ་རྒྱས་འདྲའི་གཞལ་ཡས་ནས། །རྟ་ཕག་ཡབ་ཡུམ་གཙོ་དང་འཁོར་གྱིས་བསྐོར། །ལྷ་དང་ལྷ་མོ་མང་པོ་སྤྲིན་ལྟར་གཏིབས། །ཐབས་དང་ཤེས་རབ་གཉིས་མེད་ཟུང་དུ་འཇུག །དགའ་བཞི་སྤེལ་སྦྱངས་བདེ་སྟོང་རྟོགས་པ་སྤར། །བྱང་ཕྱོགས་དྲག་པོ་རྩལ་གྱི་གླིང་མཆོག་དེར། །གླིང་དཔོན་ཁྲོ་རྒྱལ་མ་ཕྲེང་གཙོ་དང་འཁོར། །ཡང་འཁོར་མཚོན་ཆ་ཐོགས་པ་གྲངས་མེད་ཀྱིས། །ཧ་ཧ་ཧཱུྃ་ཕཊ་རྒྱོབ་སོད་འབྲུག་སྟོང་ལྡིར། །དེ་དག་ཚོགས་དཔོན་བཞི་པོ་པད་འབྱུང་ནི། །གང་འདུལ་དེར་སྤྲུལ་ལས་བཞི་སྒྲུབ་པའི་གནས། །དེའི་ཕྱི་རོལ་འོད་འབར་ལྕགས་རིས་བསྐོར། །ལྕགས་རིའི་ཕྱོགས་བཞིར་སྒོ་ཁང་ཆེན་པོ་བཞི། །ཤར་ཁང་དུང་ལ་ལྷོ་ཁང་གསེར་ལས་གྲུབ། །ནུབ་ཁང་བྱི་རུ་བྱང་ཁང་མུ་མེན་གྲུབ། །ཀུན་ལ་གསེར་འཕྲུ་རྒྱ་ཕིབས་བརྒྱན་པའོ། །ཤར་གྱི་སྒོ་སྲུང་ཁྲོ་རྒྱལ་རྟ་མགྲིན་དམར། །ལྷོ་ཡི་སྒོ་སྲུང་རྡོ་རྗེ་གཞོན་ནུ་དང་། །ནུབ་ཀྱི་སྒོ་སྲུང་མགོན་པོ་ཟླ་འོད་དེ། །བྱང་དུ་ཁྲོ་རྒྱལ་བདུད་རྩི་འཁྱིལ་པའོ། །དེའི་ཕྱི་རོལ་བར་ཁྱམས་ཆེན་པོ་ནི། །དཔག་ཚད་ཉིས་ཁྲི་ཡོད་པའི་ཁོར་ཡུག་ལ། །ཤར་དུ་ལུས་འཕགས་པོ་ཞེས་ཛ་ཧའི་གླིང་། །ལྷོ་རུ་འཛམ་བུ་གླིང་ཞེས་དཔལ་ལྡན་གླིང་། །ནུབ་ཏུ་བ་ལང་སྤྱོད་ཅེས་དགེ་འོད་གླིང་། །བྱང་དུ་སྒྲ་མི་སྙན་ཞེས་ཕོ་བྲང་གླིང་། །ཤར་ལྷོ་གླིང་ཕྲན་དཀར་པོ་ཌཱཀྐིའི་གླིང་། །ལྷོ་ནུབ་གླིང་ཕྲན་སེར་པོ་ཌཱཀྐིའི་གླིང་། །ནུབ་བྱང་གླིང་ཕྲན་དམར་པོ་ཌཱཀྐིའི་གླིང་། །བྱང་ཤར་གླིང་ཕྲན་ལྗང་མོ་ཌཱཀྐིའི་གླིང་། །གླིང་ཆེན་བཞིའི་བཀོད་པ་དབུས་དང་མཚུངས། །ཕྱི་བློན་འབངས་བློན་གྲོང་ཁྱེར་ཁྲི་འབུམ་རེ། །གླིང་ཕྲན་གླིང་དཔོན་མཁར་རྩེག་གསུམ་པ་རེ། །ཡང་འཁོར་གྲོང་ཁྱེར་སྟོང་ལྔ་བརྒྱ་རེ། །གླིང་ཆེན་གླིང་ཕྲན་བརྒྱད་པོ་སོ་སོ་ལ། །གཙོ་བོ་པད་འབྱུང་སྤྲུལ་སྐུ་རྡོ་རྗེ་བཞུགས། །ཆོས་ནི་རྒྱུད་བཞི་ཐེག་པ་རིམ་པ་དགུ། །གང་ལ་གང་འདུལ་དེ་ལ་དེ་སྤྲུལ་འཆད། །ཕྱི་རིམ་སོ་སོའི་ལྕགས་རི་རིམ་པ་བདུན། །ས་གཞི་རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ། །སྐྱེད་མོས་ཚལ་བཟང་མེ་ཏོག་ལོ་འདབ་རྒྱས། །དཔག་བསམ་ལྗོན་ཤིང་བྱ་རིགས་སྐད་སྙན་བསྒྲགས། །བར་སྣང་མཆེད་པའི་སྤྲིན་ཕུང་འཁྲིགས་པའི་གསེབ། །འདོད་དགུ་རིན་ཆེན་གཏེར་གྱི་ཆར་རྒྱུན་འབེབ། །ཕྱི་རོལ་ལྕགས་རི་ཆེན་པོས་ཁོར་ཡུག་བསྐོར། །ཕྱི་དཀར་ནང་དམར་རྩེ་མོ་མེ་དཔུང་འབར། །ཕྱོགས་བཞི་སྒོ་ཁང་སྒོ་སྲུང་གདོང་ཅན་བརྒྱད། །ཕྱི་རིམ་མཚོ་ཡིས་བསྐོར་བའི་ཕྱོགས་བཞི་ལ། །ཤེལ་ཟམ་ཕྱོགས་མཐུན་ཟ་ཁར་ཁྲུས་ཁང་རེ། །མཁའ་འགྲོ་སྡེ་བཞིས་ཁྲུས་ཀྱི་ལས་བྱེད་དོ། །དེའི་ཕྱི་རོལ་འཁོར་ཡུག་ཆེན་པོ་ནི། །དཔག་ཚད་སུམ་ཁྲི་ཡོད་པའི་གླིང་བཅུ་གཉིས། །ཕྱོགས་བཞིར་གླིང་ཆེན་བར་མཚམས་གླིང་ཕྲན་བརྒྱད། །གླིང་གཞི་སོ་སོར་གྲོང་ཁྱེར་བྱེ་བས་བསྐོར། །གླིང་ཕྲན་སོ་སོར་གྲོང་ཁྱེར་ཁྲི་འབུམ་རེ། །ཤར་ཁང་དངུལ་ལ་ལྷོ་ཁང་གསེར་ལས་གྲུབ། །ནུབ་ཁང་ཟངས་ལ་བྱང་ཁང་ལྕགས་ལས་གྲུབ། །གསེར་འཕྲུ་རྒྱ་ཕིབས་བཀོད་པ་ཕུན་ཚོགས་རེ། །གླིང་བཞི་གླིང་ཕྲན་བཅུ་གཉིས་སོ་སོ་ལ། །གླིང་དཔོན་པདྨའི་སྤྲུལ་པ་རེ་རེ་ཡིས། །ལས་བཞིའི་སྒོ་ནས་གང་འདུལ་དེར་སྤྲུལ་པའི། །སོ་སོར་བློར་འཚམ་ཐེག་དགུའི་བརྡ་དང་སྦྱར། །གླིང་བཞི་ལྕགས་རི་རིམ་པ་ལྔ་ལྔ་དང་། །གླིང་ཕྲན་སོ་སོར་ལྕགས་རི་གསུམ་གསུམ་རེ། །དེ་ཡི་ཕྱི་རིམ་ལྕགས་རི་བསིལ་ཚལ་ཞེས། །ཁྱུང་འབྲུག་སྟག་གཟིག་གཅན་གཟན་ཉ་སྦལ་སྦྲུལ། །འཇིགས་རྔམ་སྣ་ཚོགས་རི་མོ་འདྲ་བ་ཡི། །ཕྱོགས་བཞི་སྒོ་སྲུང་གདོང་ཅན་ཁྲོ་རྒྱལ་རེ། །དེའི་ཕྱི་རིམ་མཚོན་ཆས་བསྐོར་བའོ། །ལྕགས་རིའི་ཕྱོགས་བཞིར་མཚོ་ལ་ཟམ་ཆེན་རེ། །ཟམ་ཁ་སོ་སོར་རིན་ཆེན་སྒོ་ཁང་རེ། །ཤར་ཁང་རྡོ་རྗེ་སྟག་གདོང་ཁྲུས་བུམ་ཐོགས། །ལྷོ་ཁང་རིན་ཆེན་ཕག་གདོང་ཁྲུས་བུམ་ཐོགས། །ནུབ་ཁང་པདྨ་སྦྲུལ་གདོང་ཁྲུས་བུམ་ཐོགས། །བྱང་ཁང་ཀརྨ་སྦྲུལ་གདོང་ཁྲུས་བུམ་ཐོགས། །དེ་ཡི་ཕྱི་རོལ་ལྕགས་རིས་བསྐོར་བའོ། །དེ་ཡི་ཕྱི་རིམ་བར་ཁྱམས་ཆེན་པོ་ན། །ཤར་ཕྱོགས་སྲིན་པོ་རྡོ་རྗེ་ཟླ་བ་དཀར། །མགོ་དགུ་རལ་པ་གྱེན་ལ་བརྫེས་པའོ། །གཡས་གསུམ་མི་རོ་གྱེན་ལ་གཡུག །གཡོན་གསུམ་རྟ་རོ་ཐུར་དུ་དཔྱང་། །མི་རུས་ཁང་པ་རྩེག་དགུ་ལ། །མི་སྐྲ་དམར་པོའི་རྔ་ཐུག་བཙུགས། །ཐོད་ཚལ་གསུམ་དང་ཁ་ཊྭཱཾ་བརྒྱན། །ཡང་འཁོར་བྱེ་བ་འབུམ་གྱིས་བསྐོར། །ལྷོ་ཕྱོགས་སྲིན་པོ་ཉི་མ་རིན་ཆེན་སེར། །མགོ་དགུ་ལག་དྲུག་རལ་པ་འཕྱང་། །གཡས་གསུམ་གླང་ར་གྱེན་དུ་གཡུག །གཡོན་གསུམ་ཕག་རོ་ཐུར་དུ་དཔྱང། །མི་རོའི་ཁང་པ་རྩེག་དགུ་ལ། །མི་སྐྲ་དམར་པོའི་རྔ་ཐུག་བཙུགས། །ཐོད་ཚལ་གསུམ་དང་ཁ་ཊྭཱཾ་བརྒྱན། །ཡང་འཁོར་གྲོང་ཁྱེར་བྱེ་བ་འབུམ། །ནུབ་ཕྱོགས་སྲིན་པོ་པདྨ་དམར། །མགོ་དགུ་ལག་དྲུག་རལ་པ་འཕྱང་། །ཕྱག་གཡས་རྟ་རོ་གྱེན་ལ་གཡུག །གཡོན་གསུམ་གཟིག་རོ་ཐུར་དུ་དཔྱང། །ཡ་ཁ་གནམ་ལ་ཐུག་པའོ། །མ་ཁ་ས་ལ་ཐུག་པའོ། །ལྕེ་མོ་བར་སྣང་ཁམས་ལ་གཡུག །ཁྲག་གི་ཁང་པ་རྩེག་དགུ་ལ། །མི་དམར་རལ་པ་རྔ་ཐུག་བཙུགས། །ཐོད་པ་ཚལ་གསུམ་ཁ་ཊྭཱཾ་བརྒྱན། །ཡང་འཁོར་བྱེ་བ་འབུམ་གྱིས་བསྐོར། །ཐོད་ཚལ་ཁ་ཊྭཱཾ་ཡང་བདག་གནད་ལ་ཡིན་བཀའ་དམ་འོག་ཏུ་འདུ་རྟགས་ཟེར། བྱང་ཕྱོགས་སྲིན་པོ་ཀརྨ་དྲག་པོ་ལ། །མགོ་དགུ་ལག་དྲུག་རལ་པ་འཕྱང་། །ཕྱག་གཡས་དྲེད་མགོ་གྱེན་ལ་གཡུག །གཡོན་པས་སྦྲུལ་ནག་ཞགས་པ་འཛིན། །སྦྲུལ་གྱི་ཁང་པ་རྩེག་དགུ་ལ། །མི་སྐྲ་དམར་པོའི་རྔ་ཐུག་བཙུགས། །ཐོད་ཚལ་གསུམ་དང་ཁ་ཊྭཱཾ་བརྒྱན། །ཡང་འཁོར་གྲོང་ཁྱེར་བྱེ་བས་བསྐོར། །སོ་སོའི་ལྕགས་རི་འབོད་བདུན་ནི། །སྲིན་པོའི་ཐོད་པ་སྐམ་རློན་བརྩེགས། །བར་དུ་ཁྲག་རྣག་རྒྱ་མཚོ་བསྐྱིལ། །སྟེང་ན་རུས་གླིང་བཤུད་གླུ་ལེན། །བར་མཚམས་རུས་མཁར་གྲངས་སུ་མེད། །སྟེང་དུ་ཞིང་དབྱུག་ཐོད་སྐམ་བརྒྱན། །མི་རོ་རྟ་རོ་གཅལ་དུ་བཀྲམ། །སོད་སོད་རྒྱོབ་རྒྱོབ་ཧ་ཧ་བསྒྲགས། །དུག་ཤིང་ཚེར་མས་ས་གཞི་ཁྱབ། །ཤར་གྱི་ཆུ་ནི་རྣག་གི་ཆུ། །ལྷོ་ཡི་ཆུ་ནི་ཆུ་སེར་ཆུ། །ནུབ་ཀྱི་ཆུ་ནི་ཁྲག་གི་ཆུ། །བྱང་གི་ཆུ་ནི་ཀླད་པའི་ཆུ། །ཀླད་པ་དུག་མཚོ་ཁོལ་ཁོལ་རེད། །བར་བར་སྟག་གཟིག་རྔམ་སྐད་བསྒྲགས། །བྱ་ནག་གཅན་སྤྱང་འཚུབས་སེ་འཚུབ། །སྟེང་ནས་ཐོག་སེར་གློག་དམར་འཁྱུག །བར་སྣང་མེ་རླུང་ཚྭ་ཚྭ་འཐུལ། །ཤིན་ཏུ་འཇིགས་ཤིང་ཡ་ངའི་གནས། །ཕྱི་རོལ་ལྕགས་རི་བཅུ་གཉིས་ནི། །ནང་མ་ཐོད་པ་སྐམ་རློན་བརྩེགས། །དེ་རྒྱབ་དུང་ཤེལ་པདྨ་རག །མུ་མེན་བཻཌཱུརྱ་དང་གཟི། །མར་གད་གསེར་དངུལ་ཟངས་དང་ལྕགས། །ཕྱི་ནས་རིམ་པར་བསྐོར་བའོ། །དེ་རྒྱབ་དྷ་ན་ཀོ་ཤའི་མཚོ། །མཚོ་ཞེང་སྐྱ་ཚུགས་བཅོ་བརྒྱད་ལྷག །དེ་ལ་ཕྱོགས་བཞིར་ཟམ་ཆེན་བཞི། །ཟམ་རེར་བང་སོ་བཅོ་བརྒྱད་རེ། །ནང་ནས་ཕྱི་ལ་རིམ་པ་བཞི། །ཤེལ་དཀར་བཻཌཱུརྱ་པདྨ་རག །མར་གད་ཤེལ་དང་རིན་ཆེན་ལྔ། །མུ་ཏིག་གསེར་དངུལ་ཟངས་ལྕགས་དང་། །ཙན་དན་དཀར་དམར་དུ་རུ་ཀ །ཨར་ནག་ཨར་དམར་གོ་སྙོད་དང་། །སེང་ལྡེང་གཉིས་དང་བཅོ་བརྒྱད་དོ། །བང་སོ་རེ་རེར་ཁྲུས་ཁང་རེ། །རྒྱུ་ནི་བང་ཟམ་དག་དང་མཚུངས། །ཁྲུས་ཁང་རེ་ར་བྱང་སེམས་རེ། །ཕྱག་ན་བུམ་དར་མེ་ལོང་བསྣམས། །སྐལ་ལྡན་ཕོ་མོ་འགྲོ་བའི་དུས། །ལས་ཀྱི་བག་ཆགས་སྒྲིབ་གཡོགས་འཁྲུ། །ལུས་པོ་དུང་ཤེལ་ལྟ་བུར་གསལ། །བར་མཚམས་སྒོ་སྲུང་ཕོ་མོ་དང་། །མི་བསྲུན་སྟག་གཟིག་རྒྱུ་ནའང་། །སྔོན་སྦྱངས་སྐལ་ལྡན་བགྲོད་པའི་དུས། །ཉེ་བར་འཚེ་བའི་མིང་མི་གྲགས། །དཔལ་རི་པདྨ་འོད་གླིང་གི །ཕྱི་ནང་གླིང་དང་གླིང་ཕྲན་དང་། །ཆུ་ཟམ་ལ་སོགས་ཕྱི་བཀོད་དང་། །ནང་གི་ལྷ་ཚོགས་ཚོམ་བུ་བཅས། །མཚོ་རྒྱལ་ཉིད་ཀྱིས་ཞིབ་བཤད་མཛད། །བདེན་ཚིག་སྨོན་ལམ་འདི་ལྟར་གསུངས། །ཁྱེད་ཀྱིས་མ་ནོར་མ་འཁྲུལ་ནས། །མི་བརྗེད་གཟུངས་ཀྱང་ཐོབ་པར་ཤོག །རྗེ་འཇུག་སྣང་བ་སྤྲོ་བའི་ཕྱིར། །ཡི་གེ་གསུམ་པོ་ཁོད་ལ་ཞོག །ཕྱི་རབས་ཕན་ཐོགས་ཡོང་བར་ངེས། །ད་ནི་མ་འདུག་བུ་མོ་མྱུར་དུ་སོང་། །ཤི་གསོན་བར་གྱི་ཆ་བསྐུར་འགྲོ་འདུལ་མཚོ། །མྱུར་དུ་སོང་ལ་དམྱལ་བའི་ལྟད་མོ་ལྟོས། །དགའ་སྡུག་ཅི་ཡོད་ཁྱེད་ཀྱི་ལས་ལ་རག །དགེ་སྡིག་ཅི་བྱས་ཁྱེད་ཀྱི་ལུས་ལ་སྨིན། །མཁའ་འགྲོའི་ཚོགས་ཆང་འཐུངས་ནས་མྱུར་དུ་སོང་། །གསུངས་ནས་ཚོགས་ཆང་འཐུངས་ནས་མར་ལ་བབ། །གོས་མེད་གཅེར་བུར་གྱུར་པའི་ཕ་མ་མཐོང་། །མང་དུ་ངུས་ནས་ལ་གཅིག་བརྒྱབ་བརྒྱལ་ནས་སོང་། །ཕ་མ་གཉིས་པོ་ལ་ནས་ཕར་ལ་ལོག །རང་ཉིད་མལ་ནས་ཡོང་པའི་མཚམས། །བྲག་དཀར་ཕུག་པ་འདྲ་བའི་སྒོ་མཚམས་དེར། །ལུས་ལ་གནས་པའི་གྲི་ཁབ་འབིག་གསུམ་བཞག །ལ་དེར་ཤི་གསོན་བྱེ་བའི་ལ་ཁ་ཟེར། །ཨོཾ་མ་ཎི་པདྨེ་ཧཱུྃཿ དེ་ནས་འགྲོ་བའི་ལམ་སོ་ལ། །གཤིན་ལ་ཁྲ་བོ་ཟེར་བ་ལ། །ལ་ཆེན་གཟར་ཟུག་དགུང་ལ་ཟུག །གོང་ན་མི་མགོའི་ལབ་ཙེ་ནི། །རི་བོ་ཙམ་ཞིག་འཇིགས་སྐྲག་ཆེ། །ཧ་ཧ་ཧེ་ཧེ་སྒྲ་རེ་ཆེ། །དེ་ལ་སྐྱ་ཚུགས་དགུ་ཙམ་འདུག །དེ་ཡི་ལ་བདག་བཤད་པ་ནི། །ལས་མཁན་ཕག་རྒོད་མགོ་ཅན་གྱིས། །ཕྱག་གཡས་རྡོ་རྗེ་ཕ་ཝང་འཛིན། །གཡོན་པས་རླུང་རྒྱ་ཤ་མགོ་བསྣམས། །མི་ཚད་གཉིས་ཙམ་ལྷག་པར་འདུག །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །ཁྱོད་ས་ཆ་གང་གི་བུ་མོ་ཡིན། །ཡུལ་ཕྱོགས་གང་ནས་འགྲོ་མི་ཡིན། །ལ་ཆེན་འདི་སྐད་བགྲོད་དགོས་ན། །ལ་བདག་ང་ལ་བཛྲ་མཇལ་དར་དགོས། །ལ་ཆེན་འདི་ཉིད་བགྲོད་པའི་རྟ་ཕོ་ལ། །ཚེ་འཕོས་གྲངས་ནི་གང་མང་དགོས། །དེ་སྐད་གསུངས་ནས་བཛྲ་ཕུལ། །བདག་གིས་ཚེ་ར་གཅིག་ཞོན་ནས། །ལ་ཆེན་དེ་ཡི་ཕར་ནང་སླེབས། །ཨོཾ་མ་ཎི་པདྨེ་ཧཱུྃཿ དེ་བས་ཐུ་བ་ད་ཡོད་འདུག །བྲག་དམར་ཡུ་རྩེ་འཁོར་གཅོད་ཟེར། །སྤུ་གྲི་སོ་ནི་གྱེན་བསྟན་འདྲ། །དེ་ཡི་སྟེང་ནས་འགྲོ་དགོས་འདུག །དེ་ཡི་བྲག་བདག་བཤད་པ་ནི། །ལས་མཁན་གླང་གི་མགོ་བོ་ཅན། །མི་ཚད་གསུམ་བསྡོམས་ཙམ་ཞིག་འདུག །རལ་གྲི་ཐོད་ཁྲག་ཕྱག་ན་བསྣམས། །སྐུ་མདོག་དམར་ནག་འཇིག་ལ་བརྗིད། །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །ཁྱོད་ས་ཆ་གང་གི་བུ་མོ་ཡིན། །ཡུལ་ཕྱོགས་གང་ནས་འགྲོ་མི་ཡིན། །ང་བྲག་དམར་འདི་ཡི་བྲག་བདག་ཡིན། །བྲག་བདག་ང་ལ་མཇལ་དར་བཛྲ་དགོས། །བྲག་དམར་འདི་ལ་ལམ་གཙང་ཅི་འདྲ་ཡོད། །ཁྱོད་བམ་པོ་ཤ་མེད་སྤུ་མེད་སྤྲུལ། །སྤྱི་བོའི་གཙུག་ཏུ་དམ་པ་རིགས་བརྒྱ་སྒོམས། །འཚུབས་མ་རྦུད་པ་ལྟ་བུར་ཕར་ནང་སླེབས། །དེ་ལྟར་སྒོམ་ནི་མི་ཤེས་འབོར་དིག་ཁྱོད། །གལ་ཟུང་འཕོང་བ་ལྟ་བུ་ཆེ་ཆུང་མེད། །ཡོ་དྲང་མེད་པར་མགོ་ལུས་སྣ་གཞུང་གཤགས། །ཚེ་ལོ་གསུམ་གྱི་བར་ཐག་འདུག་དགོས་འདུག །བདག་གིས་ལྷ་སྒོམ་མ་ཤེས་དེ་བཞིན་འདུག །ན་ཚ་སྡུག་བསྔལ་བཟོད་མེད་མྱོང་བའི་སྐབས། །མཚོ་རྒྱལ་ཡིད་དྲན་གསོལ་བཏབ་འཕྲང་ལས་གྲོལ། །ལར་ནི་མི་སྐྱ་ཕོ་མོ་མང་པོ་ཞིག །བྲག་བདག་ལ་ནི་འུག་པའི་མགོ་ཅན་གྱིས། །བྲག་ལ་བསྐྱོན་ནས་མགོ་ལུས་དུམ་གཉིས་བྱེད། །དེ་སྟེ་རལ་གྲིས་དུམ་བུ་ཚལ་དུ་གཏུབ། །དེ་བཞིན་ཡང་ཤི་ཡང་སོས་མང་པོ་བྱེད། །ན་ཚ་ངུ་འབོད་ཨོ་ངར་རི་ལུང་བཤིག །འདི་འདྲ་སྡུག་བསྔལ་འབྲས་བུ་ཅི་ཡིན་བསམ། །མ་ཅིག་ཇོ་མོའི་ཞལ་ནས་འདི་སྐད་གསུངས། །འཇིག་རྟེན་གྲང་ང་ཁམས་ན་འདུག་པའི་དུས། །ཁྲིམས་ལ་ཡོ་དྲང་བྱས་པའི་དཔོན་པོ་དང་། །རྒྱུ་དང་ཟ་མ་ལག་ལེན་བགོ་མཁན་རྣམས། །ཕམ་རྒྱལ་ཆ་གཡས་བྱས་པའི་ཉེས་དམིགས་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃཿ འདི་སྐབས་རྒྱ་མི་འགའ་ཞིག་མཐོང་། །མི་ནི་སེང་གདོང་བྱ་གཤོག་ཅན། །རྐང་ལག་སྦར་མོ་ཡོད་པ་འགས། །རྒྱ་ཡུལ་བར་ལ་དེད་སྣང་ཤར། །དེ་ཚེ་སུ་ཡིན་བསམ་མ་ཐག །མཚོ་རྒྱལ་ཞལ་ནས་འདི་སྐད་གསུངས། །རྒྱ་མི་བར་ཤོག་ཐམས་ཅད་ནི། །འདི་ཕྱིན་བར་དོ་འགྲིམ་ཚུལ་མེད། །ཕར་ལ་དེད་མཁན་མི་དེ་རྣམས། །ཁོ་རང་ཡུལ་གྱི་ཡུལ་བདག་རེད། །དེ་ཡིས་ཕར་བཀུག་དེར་ལུས་ལེན། །མཐོ་རིས་ངན་སོང་ཅི་མི་སྲིད། །ཡང་དེ་བས་ཐུ་བ་ད་ཡོད་འདུག །བྲག་དཀར་མདའ་སྒྲོ་འདྲ་བ་ལ། །ལས་མཁན་གླ་བའི་མགོ་བོ་ཅན། །ཕྱག་གཡས་ཐོད་དབྱུག་ནམ་མཁར་ཕྱར། །གཡོན་པས་ཐོད་པ་ཁྲག་ཞལ་བཀང་། །དེ་ལ་མི་ཚད་ལྔ་བས་ལྷག །ས་ཆ་འདི་ནས་འགྲོ་བའི་བསྒོམ་བྱ་ལ། །རང་ལུས་ཐང་དཀར་རྒོད་ལ་སྤྲུལ། །སྤྱི་བོར་སྤྱན་རས་གཟིགས་དབང་སྒོམས། །དེ་ལྟར་བསྒོམས་པའི་ཕན་ཡོན་ལ། །བྱ་རྒོད་རྙི་ལས་ཐར་བ་བཞིན། །ལྟ་སྒོམ་མེད་པའི་ཕོ་མོ་རྣམས། །ཞ་བོ་བཞིན་དུ་ནུད་དེ་ལང་། །ཉི་མ་བཅུ་གསུམ་བར་ཐག་ཏུ། །གཤོག་དྲུག་མེད་ན་མི་ཐར་རོ། །བདག་གིས་མཚོ་རྒྱལ་གསོལ་བཏབ་མཐུས། །འཇིགས་སྐྲག་མེད་པར་བདེ་བར་བགྲོད། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །ཟང་གི་རི་ལ་ཟང་གི་རྡོ། །དེ་ལ་མེ་རི་འཚུབས་ཞེས་ཟེར། །དེ་ཡི་ལམ་སྲུང་བཤད་པས་ན། །ལས་མཁན་རྔ་མོང་མགོ་ཅན་གྱིས། །ཕྱག་གཡས་ལྕགས་ནག་ཐོ་བ་འཛིན། །གཡོན་པས་ལྕགས་ཀྱུ་ཞགས་པ་འཛིན། །མི་ཚད་དགུ་ལས་ལྷག་པ་ཡོད། །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །བུས་ཁེ་དུང་གི་ལྷམ་ཆུང་སྤྲུལ། །མགོན་པོ་སྤྱན་རས་གཟིགས་དབང་བསྒོམ། །དེ་ལྟར་བསྒོམས་པའི་ཕན་ཡོན་ལ། །རྫ་བྲག་འདི་ཡི་ཡར་ཁར་དུ། །དྲན་ལོང་མེད་པར་ཡར་སླེབས་སོ། །ལྟ་སྒོམ་མེད་པའི་ཕོ་མོ་ཚོ། །ལོ་གྲངས་ལྔ་ཡི་བར་དུ་ལུས། །སུས་མི་འདི་ཉིད་ཕྱིན་ཆད་ལ། །རུས་པ་སྐྱ་ནག་སེང་ངེ་བྱུང་། །ལག་པ་འདི་ཡིས་བཟོད་མི་ཚུགས། །བེམ་པོ་འདི་ནི་རིལ་བུ་འགྱེལ། །བེམ་པོ་སྐྱ་ནག་སེང་ངེ་བྱུང་། །རྡོ་ཀེ་ཀེ་རེ་ལ་ཤ་གཏུབ་རེ། །ས་ཀོང་ཀོང་རེ་ལ་ཁྲག་ཐིགས་རེ། །ཁོག་སྟོད་སོས་ཚེ་ཁོག་སྨད་སྣད། །ཁོག་སྨད་སོས་ཚེ་ཁོག་སྟོད་སྣད། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །ཁེ་ཚོད་རྟ་ཁལ་རྒྱབ་ཆད་དང་། །གློ་བུག་རྐང་ལག་ཆག་གྲུམ་སོགས། །ཤི་བསད་སྣ་མིན་སྣ་ཚོགས་ཀྱིས། །ལས་ཀྱི་རྣམ་པར་སྨིན་པ་ལགས། །ཕྱི་རབས་ཡིད་ལ་དེ་ལྟར་ཞོག །བདག་གིས་མཚོ་རྒྱལ་གསོལ་བཏབ་མཐུས། །སྐད་ཅིག་རྫ་བྲག་ཡར་ཁར་སླེབས། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །རྒྱ་མཚོ་མེར་མ་ཟེར་བ་གདའ། །ཆུ་དེ་ཡི་ཆུ་སྲུང་བཤད་པ་ན། །ལས་མཁན་སྦྲུལ་གྱི་མགོ་ཅན་གྱིས། །ཕྱག་གཡས་པས་ཁྲོ་ཆུ་ཁོལ་མ་བསྣམས། །ཕྱག་གཡོན་དུག་ཆུ་ཕོར་དགུ་འཛིན། །མི་ཚད་བཅུ་གཉིས་ལྷག་པར་གདའ། །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །འདི་ནས་འགྲོ་བའི་དུས་ཀྱི་ཚེ། །ལུས་པོ་ཉ་བོ་གཤོག་དྲུག་སྤྲུལ། །སྤྱི་བོར་སྤྱན་རས་གཟིགས་དབང་བསྒོམ། །དེ་ལྟར་བསྒོམས་པའི་ཕན་ཡོན་ལ། །ཆུ་ཆེན་འདི་ཡི་ཕར་ཀ་རུ། །གཞིག་ལོང་མེད་པར་སོས་པའོ། །སྡིག་དྲེད་ཆེ་བའི་ཕོ་མོ་ཚོ། །དེ་ལྟར་ལྟ་སྒོམ་མ་ཤེས་ན། །ལོ་གྲངས་བཅུ་གཉིས་བར་ཐག་ཏུ། །རྒྱ་མཚོ་འདི་རུ་བྱིང་བ་ཡིན། །དེ་འདྲའི་སྡུག་བསྔལ་ཅི་ཡིན་བསམ། །མ་ཅིག་ཇོ་མོས་འདི་སྐད་གསུངས། །གསང་སྔགས་ཆོས་ལ་ལོག་ལྟ་བྱེད། །དཀོར་ལ་བག་མེད་སྤྱོད་པ་ཡི། །ལས་ཀྱི་འབྲས་བུ་ཡིན་ནོ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །གཤིན་ཆུ་ཁམ་པ་རྔམ་འཇིགས་ཆེ། །ཁམ་ནག་རི་ལུང་བཤིགས་ཤིང་འབབ། །ཆུ་སྒྲས་རྒྱོབ་རྒྱོབ་སོད་སོད་བསྒྲགས། །གཤིན་ཟམ་ལྡེམ་དྲུག་ཡ་རེ་ང་། །ཆུ་དེའི་ཆུ་སྲུང་བཤད་པ་ན། །ལས་མཁན་རྟ་ཡི་མགོ་ཅན་གྱིས། །ཕྱག་གཡས་ལྕགས་ཀྱུ་ཞགས་པ་འཛིན། །གཡོན་པས་སྦལ་ནག་མགོ་དགུ་བསྣམས། །མི་ཚད་བཅོ་ལྔ་ལྷག་པར་གདའ། །འཁོར་དུ་རང་འདྲ་བརྒྱ་ཡིས་བསྐོར། །དེ་ནས་འགྲོ་བའི་ལམ་སོ་ལ། །ལྕགས་ནག་སྦལ་པ་ནག་པོ་བདུན། །ཁ་ནས་མེ་འབར་སྣ་ནས་དུ་བ་འཐུལ། །ཟམ་ཁ་འདི་ཉིད་སྲུང་མི་ཡིན། །ཁྱོད་ས་ཆ་གང་གི་བུ་མོ་ཡིན། །ཡུལ་ཕྱོགས་གང་ལ་འགྲོ་མི་ཡིན། །གནམ་ལ་འཕུར་དབང་མེད་པའི་བྱ་རྒྱ་ཡོད། །བར་སྣང་སྦུད་དབང་མེད་པའི་རླུང་རྒྱ་ཡོད། །ས་གཞིར་འགྲོ་དབང་མེད་པའི་བྱིས་རྒྱ་ཡོད། །དེ་སྐད་ཟེར་བའི་ལན་དུ་ལ། །རྣལ་འབྱོར་བདག་གིས་འདི་སྐད་སྨྲས། །ང་འཇིག་རྟེན་གྲང་ང་ཁམས་ནས་འོང་ལེ་ཡིན། །གཤིན་རྗེའི་ཁྲམ་ཁ་འདི་ལ་ཕོག་ལེ་རེད། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཇལ་མི་ཡིན། །དེ་སྐད་སྨྲས་པའི་ལན་དུ་ལ། །ཁྱོད་རང་ཆུ་ཆེན་འདི་ཡི་ཕ་ཀར་འགྲོ་དགོས་པ། །ཆུ་ཆེན་འདི་ལ་ཆུ་གླ་ཅི་འདྲ་ཡོད། །ཟམ་ཆེན་འདི་ལ་ཟམ་གླ་ཅི་འདྲ་ཡོད། །ང་རང་དགོས་པའི་ཆོས་སྐལ་ཅི་འདྲ་ཡོད། །བུ་མོ་ཁྱོད་ཀྱི་ཆོས་ཀྱི་ཆོས་སྐལ་ཅི་འདྲ་ཡོད། །ཆོས་རྒྱལ་མཇལ་བའི་མཇལ་དར་ཅི་འདྲ་ཡོད། །ཆུ་ཆེན་བརྒྱབ་པའི་རབ་རྟ་ཅི་འདྲ་ཡོད། །རང་རང་ས་ཡུལ་བགྲོད་པའི་ཆོས་སྐལ་ཅི་འདྲ་ཡོད། །དེ་སྐད་ཟེར་བའི་ལན་དུ་ལ། །རྣལ་འབྱོར་བདག་གིས་འདི་སྐད་ཟེར། །བུ་མོ་བདག་ནི་མི་ལོ་བཅུ་དགུ་ཡིན། །ང་འཇིག་རྟེན་གྲང་ང་ཁམས་ལ་འདུག་ཚུལ་ལ། །ཆོས་ཅི་ཡོད་སྔ་མའི་ལས་འབྲས་ཡིན། །སྡིག་ཅི་བསགས་སྔ་མའི་ལས་འབྲས་ཡིན། །ཆོས་ཟེར་བ་ཅི་ཡང་མི་སྲིད་དེ། །སྡུག་སྡིག་པ་ཐ་གུ་ཁྲ་ཁྲིས་རེད། །ཆུ་ཆེན་འདི་ཡི་ཆུ་གླ་ལ། །མ་ཎི་དཀར་པོ་རྒྱང་གྲགས་ཕུལ། །ཟམ་ཆེན་འདི་ཡི་ཟམ་གླ་ལ། །བཛྲ་གོང་གི་ཉི་ཤར་ཡོད། །ཆོས་རྒྱལ་མཇལ་བའི་མཇལ་དར་ལ། །མ་ཎི་དཀར་པོ་རྒྱང་གྲགས་ཡོད། །ང་རང་ས་ཡུལ་བགྲོད་པའི་ཆོས་སྐལ་ནི། །ཅི་ཡང་ཡོད་པ་མི་སྲིད་དོ། །དེ་སྐད་གསུངས་པའི་ལན་དུ་ལ། །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །ད་བགྲོད་དགོས་ན་ཟམ་པ་འདི་ནས་བུད། །རྒྱེབ་དགོས་ན་ཆུ་ཆེན་འདི་ནས་སོང་། །དེ་སྐད་ཟེར་བའི་མཚམས་ཤེད་རེད། །ཆུ་པོའི་ཟམ་ཆེན་བུད་པའོ། །ཟམ་ཕྱེད་སླེབས་མཚམས་ཆུ་ཡིས་ཁྱེར། །རང་དང་མཆེད་གྲོགས་མང་པོ་ཁུར། །བར་དུ་སྐེ་ལ་ལྕགས་ཐག་བླུགས། །བལ་འདབ་བཞིན་དུ་ལྡབ་ཏུའོ། །ལུས་པོ་ཆུ་རྡོ་བཞིན་དུ་འཁྱགས། །ཁ་ནས་ཨ་ཆུས་མི་ཆོད་དོ། །ཆུ་ཁར་ཉི་མ་ལྔ་ལ་ལུས། །དེ་ནས་ཕར་ཀའི་ཟམ་ཁར་ཐར། །ཡང་དེ་ཡི་ཟམ་ཁ་སྲུང་མཁན་ལ། །ལས་མཁན་ཉ་འོ་གཤོག་དྲུག་ཟེར། །མགོ་བོ་ཆུ་སྲིན་གཡས་ལྕགས་ཀྱུ། །གཡོན་པས་ཐོད་པ་ཁྲག་ཞལ་བསྐང་། །མི་ཚད་བཅུ་བདུན་ལྷག་པར་གདའ། །བུ་མོ་བདག་ལ་འདི་སྐད་གསུངས། །ཁྱོད་ཀྱི་དེ་འདྲ་མྱོང་དོན་ནི། །སྐྱེ་བ་འདི་ཡི་སྔ་མ་ལ། །དཀོར་དཀར་དཀོར་ནག་མང་པོ་ཟོས། །དེ་ཡི་ཉེས་པ་ཡིན་ནོ་གསུངས། །ལར་འདོད་ཆགས་ཞེ་སྡང་ང་རྒྱལ་དང་། །ཕྲག་དོག་བྱས་པའི་ཉེས་དམིགས་ལ། །གཤིན་ཆུའི་ནང་ན་འདུག་དགོས་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །བར་དོའི་གཤིན་ཐང་སྐྱ་མོ་ལ། །སྐྱ་ཚུགས་ཉི་ཤུ་རྩ་བརྒྱད་འདུག །དེ་ཡི་ལམ་སྲུང་བཤད་པ་ན། །ལས་མཁན་གཟའ་བདུད་ར་ཧུ་ལ། །མགོ་དགུ་བྱ་རོག་ལྟོ་ཞལ་ཅན། །ཕྱག་གཡས་ཆུ་སྲིན་རྒྱལ་མཚན་ཕྱར། །གཡོན་པས་ར་ཡི་མདའ་གཞུ་འགེང་། །མགོ་ལུས་མེད་པར་མིག་གིས་གང་། །བུད་མེད་བདག་གིས་དེ་ལྟར་མཐོང་། །གཞན་མ་རྣམས་ཀྱི་སྣང་ངོ་ལ། །ལས་མཁན་སེངྒེའི་མགོ་ཅན་ལ། །ལག་ན་གདུག་པའི་མཚོན་ཆ་ཐོགས། །ཁ་ནས་སོད་སོད་རྒྱོབ་རྒྱོབ་ཟེར། །མི་ཚད་བཅྭོ་བརྒྱད་ལྷག་པར་ཡོད། །འཁོར་དུ་ལས་མཁན་སྣ་ཚོགས་ཀྱིས། །མི་སྐྱ་ཕོ་མོ་མང་པོ་དང་། །མཛོ་ཁལ་མང་པོ་ཁྲིད་དུ་འོང་། །ཐོང་སོ་མང་པོས་རྨོ་རུ་འོང་། །རྒྱ་ཞིང་རྨོ་རུ་འོང་བའི་ཉེས་པ་ཟེར། །བྲང་ཐོག་རྟ་ཡིས་ལག་བྲོ་རྡུང་། །རྟ་བརྒྱུགས་བྱས་པའི་ཉེས་པ་ཟེར། །བུད་མེད་མང་པོའི་ལུས་པོ་ལ། །འབུ་ནག་མང་པོས་ཁོལ་དུ་འོང་། །རུས་པ་སྐྱ་ནག་སང་སང་བྱུང་། །རྩ་འབུ་སྙུག་འབུ་བསད་པའི་ཉེས་པ་ཟེར། །ཨ་ཉོག་མང་པོའི་ལུས་པོ་ལ། །བྱ་བྱེའུ་མང་པོས་བཙག་ཏུ་འོང་། །གཡུང་དྭགས་མང་པོས་བརྡུང་དུ་འོང་། །ཁེས་ཆེ་གཉོམ་ཆུང་བྱས་པའི་ཉེས་པ་ཟེར། །ལས་མཁན་སྟག་གི་མགོ་ཅན་དང་། །ལས་མཁན་སེངྒེའི་མགོ་ཅན་གྱིས། །ཁྱོད་ཅོག་པོ་མ་དེ་ཨི་ཡིན་ཟེར། །མཚོན་ཆ་མང་པོས་གཏུབ་ཏུ་འོང་། །ཐོ་ཆེན་མང་པོས་བརྒྱབ་ཏུ་འོང་། །བཙན་བཙན་བྱས་པའི་ཉེས་པ་ཟེར། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །བར་དོའི་འཕྲང་རིང་ཆེན་པོ་ལ། །ཡངས་དོག་མེད་པར་སོ་ཁུང་ཙམ། །ཐག་ནི་སྐྱ་ཚུགས་གསུམ་ལས་ལྷག །ཐོ་ཆུང་སྐམ་པ་ཕྱག་ན་བསྣམས། །ལུས་ཚད་ཉི་ཤུ་ལྷག་པར་གདའ། །བྲིང་སྣེར་ཕོ་མོའི་སྐྲ་ཚར་བཏགས། །སྣེ་ཡ་རྐང་པའི་མཐེ་བོང་བཏགས། །བྲག་ཁུང་སོ་ཁུང་ཙམ་ནས་འདྲེན། །སྐམ་པས་རྨུག་ཅིང་ཐོ་བས་བརྡུངས། །དེ་ཡི་ཕར་ཀར་སླེབས་པའི་དུས། །ལུས་པོ་ཤ་བྲིང་རིང་ཐུང་དྲ། །ཕྲ་སྦོམ་སྟོང་སྐུད་ཉག་མ་ཙམ། །རྐང་ལག་མང་པོ་གོག་ལེ་མཐོང་། །དེ་འདྲའི་ཉེས་པ་ཅི་ཡིན་བསམ། །མ་ཅིག་ཇོ་མོས་འདི་སྐད་གསུངས། །གྲང་ང་ཁམས་ལ་འདུག་དུས་ལ། །ཆེ་བཙན་རྐུ་ཕྲོགས་ཉེས་པ་ཡིན། །རྐང་ལག་མང་པོ་གོག་ལེ་མཐོང་། །བླ་མ་བཟང་པོ་ཕེབས་པའི་དུས། །མ་ལང་རྐང་ལག་བརྐྱང་བ་དང་། །དུག་ལྔའི་རྗེས་འབྲང་འགྲོ་འདུག་དང་། །ཁྱད་པར་རྐུ་འཕྲོག་བརྔོན་རི་དྭགས། །སོང་པའི་ཉེས་པ་ཡིན་ནོ་གསུངས། །གནས་སྐོར་སོང་ན་སྒྲིབ་པ་བྱང་། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །ལྕགས་སྲེག་ཐང་ཆེན་འབར་བ་ལ། །དེ་ཡི་མེ་སྒོ་སྲུང་མཁན་ལ། །མེ་ཆུ་དུག་མཚོན་རྣམ་སྲས་དམར། །ལས་མཁན་སྟག་གི་མགོ་བོ་ཅན། །ཕྱག་གཡས་མེ་གཡབ་དམར་པོ་ཕྱར། །གཡོན་པས་ཕྱེ་མར་ཕུར་མ་བསྣམས། །མི་ཚད་ཉེར་གཅིག་ལྷག་པར་གདའ། །ཡང་འཁོར་ལས་མཁན་གྲངས་མེད་ཀྱི། །མགོ་བརྙན་སྣ་མིན་སྣ་ཚོགས་གདའ། །ཕྱག་ན་མཚོན་ཆ་སྣ་ཚོགས་གཟུགས། །ཁ་ནས་སོད་སོད་རྒྱོབ་རྒྱོབ་ཟེར། །ལས་ངན་སྡིག་ཅན་ཞེ་རེ་སྔངས། །གཙོ་བོས་བདག་ལ་འདི་སྐད་ཟེར། །ལྕགས་སྲེག་ཐང་ཆེན་འབར་བ་འདི། །སྐྱ་ཚུགས་བདུན་ལས་ལྷག་པར་ཡོད། །ཆོས་ཡོད་རྣམས་ལ་མི་སྐྱོན་ཏེ། །ཆོས་མེད་ཕྱིར་ལ་བསྲེག་པ་ཡིན། །དེ་སྐད་ཟེར་བའི་བར་མཚམས་དེར། །ཕོ་མོ་བརྒྱ་སྟོང་མང་པོ་ཞིག །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །མཚོན་ཆ་སྣ་ཚོགས་བརྒྱབ་ཅིང་དེད། །སོད་སོད་རྒྱོབ་རྒྱོབ་འབྲུག་བཞིན་གྲག །སེར་བས་བྲབ་བྲབ་བརྒྱབ་ནས་བྱུང་། །འགྲོ་ལོང་མེད་པའི་ལམ་རིང་ནས། །ཤ་ལ་ཚལ་པ་བྱེད་ཅིང་ཐལ། །ཁྲག་ལ་ཐིགས་པ་བྱེད་ཅིང་འགོས། །ཤ་རུས་དུམ་བུ་སྟོང་དུ་ཐལ། །འོག་ནས་ལྕགས་སྲེག་མེ་ཆེན་འབར། །སྟེང་ནས་ཁྲོ་ཆུ་ཁོལ་མ་བླུག །ཤ་རུས་ལྦུ་བ་ཙིར་ཙིར་སྲེག །ཨ་ཚ་ཨ་ནའི་ངུ་འབོད་ནི། །གནམ་ས་རི་ལུང་བཤིགས་ནས་འདུག །ལས་མཁན་སྟག་གི་མགོ་ཅན་ལ། །འདི་འདྲའི་སྡུག་བསྔལ་ཅི་ཡིན་ཞུས། །དྲི་མི་དགོས་དང་བཤད་ཆས་ཡོད། །ལར་ནི་གཙུག་ལག་དགེ་འདུན་གྱི། །དབེན་གནས་བསྲེགས་དང་རི་མེ་བཏང་། །སྲོག་ཆགས་སྣ་ཚོགས་མེར་བསྲེགས་དང་། །ཆུ་གནས་སྣ་ཚོགས་སྐམ་འདོན་སོགས། །དེ་འདྲའི་ལས་ངན་སྡིག་ཅན་ཡིན། །ཚ་དམྱལ་བརྒྱད་ལ་རིམ་བཞིན་བསྲེག །བསྐལ་པ་བརྒྱ་སྟོང་མི་ཐར་གསུངས། །བུ་མོ་ཁྱོད་ཀྱི་ལས་འབྲས་ནི། །ཉི་མ་གསུམ་ལ་སྨིན་དགོས་གསུངས། །ཁོག་སྟོད་ཚིག་ཚེ་ཁོག་སྨད་སོས། །ཁོག་སྨད་ཚིག་ཚེ་ཁོག་སྟོད་སོས། །སེམས་ཅན་ཕ་མ་བསད་ཟོས་དང་། །ཤ་ཆེན་གྱོན་པའི་ཉེས་དམིགས་ཟེར། །དྲན་པ་བླངས་ནས་གཡས་ལ་བསྲེགས། །སྙིང་ངན་བྱས་པའི་ཉེས་སྒྲིབ་ཟེར། །ལྕེ་འདི་བླངས་ལ་གཡོན་དུ་བསྲེགས། །མངར་གསུམ་ལྕེ་ལ་སྦོས་པའི་ཉེས་པ་ཡིན། །སྣ་འདི་བྲེག་ལ་གཡོན་དུ་བསྲེགས། །འདི་ཡི་ནང་དུ་མི་གཙང་ཟས་སུ་འཐེན། །དེ་ཡི་ལས་འབྲས་དུས་གཅིག་སྨིན་པ། །ཡར་ཁ་མར་འགྲམ་ཕྱེས་ནས་བར་ལ་བསྲེགས། །དེ་ནི་ཅི་བསམ་མ་ལབ་ཉེས་པ་དང་། །རྫུན་དང་ཕྲ་མ་སྨྲས་པའི་ཉེས་དམིགས་ཡིན། །སོ་འདི་ཕུད་ལ་ཟུར་ཁར་བསྲེག་རྒྱུ་གྱིས། །སེམས་ཅན་ཤ་ཁྲག་ཟོས་པའི་ཉེས་དམིགས་ཡིན། །རྣ་བ་བྲེགས་ནས་གཡས་ལ་བསྲེགས། །རྫུན་དང་ཕྲ་མ་གོ་བའི་ཉེས་དམིགས་ཡིན། །རྐང་པ་བྲེགས་ནས་གཡོན་དུ་བསྲེགས། །དེ་ནི་ཆོས་ཀྱི་རྗེས་ལ་མ་སོང་ནས། །རྐུ་དང་རི་དྭགས་རྗེས་སུ་འབྲང་བ་དང་། །འབུ་སྲིན་མང་པོ་རྡོག་ལམ་སོང་བ་ཡི། །ལས་འབྲས་དེ་རིང་དུས་གཅིག་སྨིན་པ་ཡིན། །ཕྱི་ཤ་གཟུག་བཞི་བྲེགས་ནས་དཀྱིལ་དུ་བསྲེགས། །མི་ཚེ་སྟོང་འཁྱམས་བྱས་པའི་ལས་འབྲས་ཡིན། །རྒྱུ་མ་བྲེགས་ནས་གཡོན་དུ་བསྲེག་པར་གྱིས། །ཆོས་དང་འགྲོ་ཆས་རྣམས་ལ་མ་གཟབ་ནས། །ཅི་ཡོད་ལུང་ཁར་བླུགས་པའི་ལས་འབྲས་ཡིན། །མགོ་འདི་བྲུས་ནས་དཀྱིལ་དུ་བསྲེག་པར་གྱིས། །ཆོས་ཀྱི་འབྲས་བུ་མིག་གིས་མ་མཐོང་ནས། །རྐུ་དང་རྫུན་དང་མི་དགེ་སྣ་ཚོགས་རིགས། །དེ་ཡི་ལས་འབྲས་དུས་གཅིག་སྨིན་པ་ཡིན། །མགོ་འདི་བྲེགས་ལ་ཡར་ཁར་བསྲེག་རྒྱུ་གྱིས། །ལྷ་དང་ལྟ་སྒོམ་སྤྱོད་གསུམ་མ་བྱས་ནས། །མགོ་ཡ་ཝ་ལྟར་མགོ་འཕང་ཨི་མཐོ་ལྟ། །དེ་ནི་གྲ་ལོ་རྒྱས་པའི་ཉེས་དམིགས་ཡིན། །ཁ་འདི་བྲེགས་ལ་མར་ལ་བསྲེག་རྒྱུ་གྱིས། །ཆོས་ཀྱི་འབྲུ་ཡི་སྐད་འཕང་མ་མཐོང་ནས། །དོན་མེད་རྫུན་དང་ཕྲ་མ་ལབ་ལབ་ནས། །དེ་རིང་ལས་འབྲས་དུས་གཅིག་སྨིན་རྒྱུ་གྱིས། །མཁྲིས་པ་བླངས་ནས་དེ་ཡི་ཁ་ལ་ལུག །དེ་ཡི་ཁ་མངར་ལྟ་བའི་ལས་འབྲས་ཀྱིས། །གློ་བ་བྲེགས་ལ་གཡོན་ལ་སྲེག་རྒྱུ་གྱིས། །དེ་ནས་དབུགས་རྒྱུ་ལམ་དུ་མ་བཤགས་ཤིང་། །གཟེར་དང་ཁྲོ་གཏུམ་ངང་དུ་དབུགས་འདི་བཤང་། །དེ་ཡི་ལས་འབྲས་དུས་གཅིག་སྨིན་པ་ཡིན། །ད་ནི་ཨོལ་ཀྲོང་བྲེགས་ལ་ཡར་ཁར་སྲེགས། །རང་ལུས་མཆོད་རྟེན་བཤིགས་པའི་ཉེས་དམིགས་ཡིན། །ད་ནི་གསང་གནས་བྲེགས་ལ་བར་དུ་སྲེགས། །སྙིང་ནས་བཀའ་སྤྱད་སྡོམ་པ་མ་ནུས་ནས། །མི་ཚེ་འདོད་ཆགས་དབང་གིས་དེད་དེད་ནས། །དེ་རིང་ལས་འབྲས་དུས་གཅིག་སྨིན་པ་ཡིན། །བེམ་པོ་དེ་ནི་ད་སྲེགས་ཤིག །སྡིག་པའི་དྲི་མ་འདི་ཡིས་ཡུལ་ཁམས་ཁྱབ། །ད་རུང་ཅི་བྱས་ཕོ་མོ་ལུས་ལ་སྨིན། །ལུས་པོ་འདི་ནི་མྱུར་ཐབས་ད་རྫུམ་ལ། །སོས་པར་གྱུར་ལ་མ་འདུག་ད་སོང་ཟེར། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །ཆུ་བུར་ཅན་གྱི་བརྒྱལ་བ་ལ། །དེའི་དམྱལ་སྲུང་བཤད་པ་ན། །ལས་མཁན་མཐིང་རིལ་མགོ་བོ་ཅན། །ཕྱག་གཡས་ལྕགས་ཀྱུ་ཞགས་པ་འཛིན། །གཡོན་པས་སྟོས་ཁེ་སོ་གསུམ་བསྣམས། །མི་ཚད་ཉེར་ལྔ་ལྷག་པར་ཡོད། །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །ཆོས་མཛད་རྣམས་ལ་མི་སྐྱོན་ཏེ། །ཆོས་མེད་རྣམས་ལ་འདི་ལྟར་འདུག །དེ་སྐད་ཟེར་བའི་བར་མཚམས་དེར། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །ཕོ་མོ་མང་པོ་དེད་ནས་བྱུང་། །ཆབ་ཁྲོམ་མཚོ་ཆེན་འཁྱིལ་བ་ཡི། །ཆུ་འཆག་གར་གྱི་སིད་ལེའི་ནང་། །རིལ་མ་ཆུ་ལ་བཏབ་བཞིན་འཕངས། །སྐེ་ལ་ལྕགས་ནག་ཞག་ཁ་བླུགས། །གཡས་པས་སྟིས་ཁེ་སོ་གསུམ་རྒྱག །སྟེང་ནས་ཁ་བ་རླུང་དམར་འཚུབ། །གྲང་དམྱལ་བཞི་པོ་རིམ་པ་བཞིན། །འཁྱགས་ཚད་སྡུག་བསྔལ་འདི་ལྟར་རོ། །དང་པོ་ཆུ་བུར་ཟེར་བ་དེ། །ལུས་ནི་འཁྱགས་པས་ཆུ་བུར་ཁེངས། །གཉིས་པ་ཆུ་བུར་རྡོལ་བ་ནི། །ཆུ་བུར་རལ་ནས་ཆུ་སེར་འབབ། །གསུམ་པ་ཨ་ཆུའི་སྐད་ནི་འབྱིན། །བཞི་པ་ཀྱེ་ཧུད་ངུ་འབོད་བྱེད། །སོ་འཐམ་སྐད་ཆད་སོ་སྒྲ་ཏོག །པདྨ་ལྟར་གས་ལུས་ཚལ་བཞི། །ཨུཏྤལ་ལྟར་གས་བཅུ་དྲུག་གོ །ཨུཏྤལ་ལྟར་ནི་ཆེར་གས་པ། །ལུས་ནི་དུམ་བུ་སྟོང་དུ་འཐོར། །འཁྱགས་ཚད་སྡུག་བསྔལ་འདི་འདྲ་ནི། །མྱོང་དགོས་འབྲས་བུ་འདི་ལྟར་ལགས། །ཐར་པའི་དུས་ནི་ནམ་ཡོད་ཨང་། །ལས་མཁན་མཐིང་རིལ་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྱི། །ན་བཟའ་སྙན་དར་བླངས་པ་དང་། །བླ་མ་དགེ་འདུན་ན་བཟའ་དང་། །བྱ་བཏང་གཉོམ་ཆུང་ཆས་གོས་སོགས། །རྐུ་འཕྲོག་བཅོམ་པའི་ཉེས་དམིགས་ལགས། །བསྐལ་པ་བརྒྱ་ལ་མི་ཐར་གསུངས། །ཚ་དམྱལ་བརྒྱད་ཀྱི་བར་མཚམས་སུ། །གྲང་དམྱལ་བརྒྱད་ནི་རིམ་པ་བཞིན། །ཚ་གྲང་སྡུག་བསྔལ་རྒྱུན་མི་འཆད། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་དོ། །དམྱལ་བ་བསྡུས་འཇོམས་བྱ་བ་ཡོད། །བྲག་གཉིས་གཡག་གི་གདོང་པ་འདྲ། །བྲག་དེའི་བྲག་བདག་བཤད་པ་ན། །ལས་མཁན་ཆུ་བྱའི་མགོ་བོ་ཅན། །ཕྱག་གཉིས་སྟ་རེ་ངར་མ་ཕྱར། །གཡོན་པས་སྡིགས་མཛུབ་ཐུར་དུ་འཕྱང་། །མི་ཚད་ཉེར་བདུན་ལྷག་པར་འདུག །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །ཆོས་ཡོད་རྣམས་ལ་མི་སྐྱོན་ཏེ། །ཆོས་མེད་བྲག་བར་ཤིག་བཞིན་གཅིར། །དེ་སྐད་ཟེར་བའི་བར་སྐབས་དེར། །ཡང་འཁོར་ལས་མཁན་མང་པོ་ཡིས། །མཚོན་ཆ་སྣ་མིན་སྣ་ཚོགས་ཐོགས། །ཕོ་མོ་མང་པོ་དེད་ནས་བྱུང་། །བྲག་གཉིས་བར་དུ་ཤིག་བཞིན་གཅིར། །ལས་མཁན་སྣ་མིན་སྣ་ཚོགས་དེས། །སོད་སོད་རྒྱོབ་རྒྱོབ་འབྲུག་སྟོང་ལྡིར། །སྟ་རེ་ངར་མས་གཏུབ་ཏུ་འོང་། །སྤུ་གྲི་ངར་མས་དྲ་རུ་འོང་། །ཤ་རུས་དུམ་བུ་སྟོང་དུ་འཐོར། །ལྕགས་དམར་གཞུང་པ་ཆེན་པོའི་ནང་། །ལྕགས་སྲེག་ཐོ་ལུས་རྫས་བཞིན་འདུལ། །སྐབས་སྐབས་ཏིལ་བཞིན་བརྡུངས་ལ་བཙིར། །དེ་འདྲའི་ཡང་ཤི་ཡང་སོས་ལ། །སྡུག་བསྔུལ་ཚད་ནི་བགྲང་མི་ནུས། །བསྐལ་པ་མང་པོར་མི་ཐར་བ། །འདི་འདྲ་ཅི་ཡི་རྣམ་སྨིན་ལགས། །མ་ཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །གཡག་ལུག་ར་དང་བྱ་ཕག་སོགས། །གཞན་ཡང་སྲོག་ཆགས་མང་པོ་སོགས། །གསོད་ལུགས་སྣ་ཚོགས་བྱས་པ་ཡི། །ལས་ཀྱི་རྣམ་སྨིན་ཡིན་ནོ་གསུངས། །ཕྱི་རབས་རྣམས་ཀྱི་ཐུགས་ལ་ཞོག །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །མི་གཙང་བ་ཡི་འདམ་རྫབ་ན། །ལས་མཁན་སྟག་གི་མགོ་ཅན་གྱིས། །ལྕགས་སྲེག་སོག་ལེ་མེ་འབར་གཟུང་། །མི་ཚད་སུམ་ཅུ་ལྷག་པར་འདུག །འཁོར་དུ་ལས་མཁན་སྣ་ཚོགས་ཀྱི། །ཕོ་མོ་བརྒྱ་སྟོང་མང་པོ་ཞིག །རྦབ་རྒོད་འདྲིལ་འདྲིལ་བྱས་ནས་དེད། །རྫ་རི་ཉིལ་ཉིལ་བྱས་ནས་བྱུང་། །མི་གཙང་འདམ་རྫབ་ནང་དུ་ཐལ། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །སྣམ་བུ་གསུབ་གསུབ་བྱེད་དུ་འོང་། །སྟག་མགོ་ཅན་གྱིས་དྲ་རུ་འོང་། །ཤ་སྦྲང་ཁྲ་བོས་ཟ་རུ་འོང་། །རུས་པ་སྐྱ་ནག་ཁྲལ་ཁྲལ་འགྲོ། །དེ་འདྲའི་སྡུག་བསྔལ་ཅི་ཡིན་བསམ། །ལས་མཁན་སྟག་གི་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །ལུས་མེད་ཡིད་ཀྱི་རྣལ་འབྱོར་མ། །མ་གཡེང་ཕྱི་རབས་བཤད་རྒྱུ་ལ། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །སོ་ཐར་དམ་ཚིག་ཉམས་པ་དང་། །སྒོམ་ཆེན་རྣམས་ཀྱི་ཟས་ནོར་ཕྲོགས། །དགེ་འདུན་དཀོར་ལ་བག་མེད་སྤྱད། །ལོག་པའི་འཚོ་བར་ལོངས་སྤྱོད་པའི། །དེ་འདྲའི་སྐྱེས་པ་བུད་མེད་ཡིན། །བསྐལ་མང་ཐར་པར་མི་སྲིད་ཟེར། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །དམྱལ་བ་ཐིག་ནག་ཟེར་བ་ལ། །མཐིང་ནག་དེ་ཡི་དེད་དཔོན་ལ། །ལས་མཁན་ཆུ་སྲིན་མགོ་བོ་ཅན། །གཡས་པར་གྲི་གུག་གཡོན་ཐོད་ཁྲག །མི་ཚད་སོ་དྲུག་ལྷག་པར་གདའ། །རྣལ་འབྱོར་བདག་ལ་འདི་སྐད་ཟེར། །འདི་ནས་འགྲོ་བའི་དུས་ཀྱི་ཚེ། །རང་ལུས་རྒྱ་བྲག་དམར་པོར་སྤྲུལ། །སྤྱི་བོར་རྡོར་སེམས་ཡབ་ཡུམ་སྒོམས། །དེ་འདྲ་བསྒོམས་པའི་ཕན་ཡོན་ལ། །སྤྱན་རས་གཟིགས་དབང་ཞལ་མཐོང་ནས། །དཀར་གསལ་ཉི་ཟླ་ཤར་བ་འདྲ། །དེ་འདྲ་བསྒོམ་པ་མི་ཤེས་པར། །ཞེ་ཁ་རྨོངས་པའི་ཕོ་མོ་ཚོ། །ལོ་གྲངས་བཅོ་བརྒྱད་བར་དུ་ལུས། །སྡིག་པ་ཤིན་ཏུ་ཚབས་ཆེ་ན། །བསྐལ་པ་མང་པོ་ཐར་མི་སྲིད། །དར་སྐུད་ནག་པོ་བཞི་སྒྲིམ་ལ། །གལ་ཕྱེ་ནག་པོ་བྱུག་ནས་ནི། །ལུས་ལ་ཐིག་ནག་བརྒྱབ་ནས་དྲ། །དེ་སྐད་ཟེར་ཞིང་ཡོད་པ་ལ། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །ཕོ་མོ་སྟོང་ཕྲག་མང་པོ་ཞིག །སྤྱང་ལུག་འདྲེས་ལྟར་བྱས་ནས་བྱུང་། །ལམ་ལ་འགྲོ་ལོང་མེད་པའི་ངང་། །ཤ་ལ་ཚལ་པ་བརྒྱ་རུ་བྱས། །ཁྲག་ལ་ཐིགས་པ་སྟོང་དུ་བྱས། །ལུས་ལ་ཐིག་ནག་བརྒྱ་སྟོང་བརྒྱབ། །སོག་ལེ་ཅན་གྱིས་དྲ་རུ་འོང་། །སྟ་རེ་ཅན་གྱིས་གཙག་ཏུ་འོང་། །སྟིས་ཁེ་ཅན་གྱིས་རྨུག་ཏུ་འོང་། །འཛུམ་འཛུམ་ཅན་གྱིས་འབྲུ་རུ་འོང་། །སྤུ་གྲི་ཅན་གྱིས་གཏུབ་ཏུ་འོང་། །ཨ་ཚ་ཨ་ནའི་ངུ་འབོད་ནི། །ས་གཞོབ་མང་པོ་ཁོལ་དུའོ། །འདི་འདྲའི་སྡུག་བསྔལ་ཅི་ཡིན་བསམ། །ལས་མཁན་འུག་པའི་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །ལས་ངན་ཕོ་མོ་འདི་རྣམས་ནི། །གྲང་ང་ཁམས་ལ་འདུག་པའི་དུས། །དྲིན་ཅན་རྩ་བའི་བླ་མ་ལ། །དམ་ཚིག་ཆག་པའི་ཉེས་པ་དང་། །སྒོམ་པའི་རི་ཁྲོད་རྟོགས་ལྡན་དང་། །ཉམ་ཆུང་བཅོམ་པའི་རྐུན་པོ་དང་། །ཕ་མ་སློབ་དཔོན་མཆེད་གྲོགས་ལ། །དམ་ཚིག་ཆག་པའི་ལས་ངན་རྣམས། །སེམས་ཅན་སྣ་མིན་སྣ་ཚོགས་ཀུན། །སེམས་ཅན་གསོད་ལུགས་སྣ་ཚོགས་བྱེད་མི་དང་། །བན་བོན་བཙུན་པ་སྡོམ་ཤོར་དང་། །ཡོ་དྲང་བྱས་པའི་དཔོན་པོ་དང་། །མཐུན་གཉིས་རྫུན་དང་ཕྲ་མ་མཁན། །བསམ་ངན་འཆང་བའི་ཕོ་མོ་དང་། །དེ་འདྲའི་ལས་ངན་སྡིག་ཅན་ཡིན། །བསྐལ་པ་སྟོང་ལ་མི་ཐར་གསུངས། །གྲང་ང་ཁམས་ཀྱི་མི་རྣམས་ལ། །དེ་འདྲ་གདའ་འོ་ཤོད་ལ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །ཟངས་ཀྱི་རི་ལ་ཟངས་ཀྱི་ཚེར། །ཁ་གཅིག་ལྕགས་སྲེག་ཚེར་མ་ནི། །མདའ་གྲི་མདུང་གསུམ་གཤིབས་པ་འདྲ། །གྲི་ཁབ་འབིག་སུམ་གཤིབས་པ་འདྲ། །ཤལ་མ་རི་ཡི་སྡོང་པོ་ཟེར། །རི་འདིའི་རི་བདག་བཤད་པ་ན། །ལས་མཁན་ཤ་བའི་མགོ་བོ་ཅན། །ཕྱག་གཡས་གནམ་ལྕགས་ཐོ་བ་བསྣམས། །གཡོན་པས་ཐོད་པ་ཁྲག་ཞལ་བསྐང་། །མི་ཚད་སོ་དགུ་ལྷག་པར་འདུག །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །འདི་ནས་འགྲོ་བའི་དུས་ཀྱི་ཚེ། །རང་ལུས་མཆོད་རྟེན་སྤྲུལ་ལ་སྒོམས། །འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་ཐོབ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེར་མ་འདི་ཡི་ཡར་ཁར་དུ། །ཐོགས་འགོར་མེད་པར་སླེབ་ཏུ་འོང། །བྱ་རིགས་རྣམས་ཀྱིས་མི་དགྲའོ། །སྦྲུལ་ནག་སྟོང་གིས་མི་འཇིག་གོ །ལྟ་སྒོམ་མེད་པའི་ཕོ་མོ་ནི། །བཙུན་པ་བཙུན་མ་ཤས་ཆེ་ནི། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །སྟོང་ཕྲག་མང་པོ་དེད་ནས་བྱུང་། །ཚེར་མ་རལ་གྲི་འདྲ་བ་གཡས་ནས་ཟུག །གཡས་ནས་ཟུག་ནས་གཡོན་ལ་ཕུད། །མདའ་སོ་འདྲ་བ་གཡོན་ནས་ཟུག །གཡོན་ནས་ཟུག་ནས་གཡས་ལ་ཕུད། །མདུང་སོ་འདྲ་བ་སྨད་ནས་ཟུག །སྨད་ནས་ཟུག་ཅིིང་སྟོད་ནས་ཕུད། །ལོ་མ་གྲི་ཁབ་འབིག་གསུམ་འདྲ། །ཤ་ནི་དུམ་བུ་སྟོང་དུ་བྱས། །ཁྲག་ནི་ཐིགས་པ་སྟོང་དུ་ཟག །ཕག་རྒོད་བརྒྱ་ཡིས་ཟ་རུ་འོང་། །ཤ་བ་སྐྱབ་སྒྲ་གྲགས་ཤིང་ཟ། །ཁྲག་འཐུང་ཧུབ་སྒྲ་གྲགས་ཤིང་ཧུབ། །རུས་མུར་ཁྲོབ་སྒྲ་གྲགས་ཤིང་མུར། །སྦྲུལ་ནག་སྟོང་གིས་སྨད་ནས་འཁྱུད། །དུག་ལྕེ་བརྒྱ་ཡིས་ལྡག་ཏུ་འོང་། །རུས་པ་སྐྱ་ནག་སངས་སེ་སང་། །འདབ་ཆགས་བརྒྱ་ཡིས་སྟོད་ནས་ཟ། །སོག་སྲུབ་བར་ནས་གློ་བ་འཐེན། །བྱ་གཅིག་རྟོགས་ཚེ་གཅིག་ནི་སོས། །དེ་འདྲའི་སྡུག་བསྔལ་ཅི་ཡིན་བསམ། །ལས་མཁན་ཤ་བའི་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །ལུས་མེད་ཡིད་ཀྱི་རྣལ་འབྱོར་བུ་མོ་ཁྱོད། །སྔོན་ནས་ཚོགས་གཉིས་བསགས་པའི་འབྲས། །ཡུལ་འདི་ན་དྲི་བཤད་ངོ་མཚར་ཆེ། །ལས་ངན་སྡིག་ཅན་དེ་རྣམས་ནི། །གྲང་ང་ཁམས་ན་འདུག་པའི་དུས། །མཚམས་མེད་ལྔ་ལ་སྤྱད་པ་དང་། །རང་རྒྱུད་བསད་པའི་བུད་མེད་དང་། །བན་བོན་བཙུན་པ་སྡོམ་ཤོར་རྣམས། །ས་འདི་ནས་མི་ཡོང་གཅིག་ཀྱང་མེད། །དམྱལ་བ་མྱོང་ལུགས་འདི་འདྲ་ཡོད། །བསྐལ་པ་བརྒྱ་སྟོང་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་དེ་བས་ཐུ་བ་ད་ཡོད་འདུག །མེ་མ་མུར་གྱི་ས་ཆ་ན། །མེ་འོབས་པུས་ནུབ་དཔག་ཚད་བཅུ། །རྐང་ལག་གཞོབ་ཐུབ་དམར་པོ་འབར། །དེ་ཡི་མེ་སྲུང་བཤད་པས་ན། །ལས་མཁན་འབྲུག་གི་མགོ་བོ་ཅན། །ཕྱག་གཡས་མེ་ལྕགས་མགོ་དགུ་ཕྱར། །གཡོན་པས་མེ་ཡི་ཞགས་པ་འཛིན། །ལུས་ཚད་ཞེ་གསུམ་ལྷག་པར་གདའ། །རྣལ་འབྱོར་བདག་ལ་འདི་སྐད་གསུངས། །འདི་ནས་འགྲོ་བའི་དུས་ཀྱི་ཚེ། །རང་ལུས་སྟོང་པ་ཉིད་དུ་སྤྲུལ། །སེམས་ཉིད་རྟ་ཕག་ཡབ་ཡུམ་བསྒོམ། །དེ་ལྟར་བསྒོམས་པའི་ཕན་ཡོན་ལ། །རླུང་འཚུབས་བཞིན་དུ་ཡར་ཁར་ཐོན། །སྒོམ་བྱེད་མི་ཤེས་ཕོ་མོ་རྣམས། །ཆུ་ཁའི་བྱེ་མ་ཙམ་ཞིག་ནི། །མེ་མུར་པུས་ནུབ་ཙམ་གྱི་ནང་། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །ཡར་ཁ་མར་ལ་འཐེན་དུ་འོང་། །ཕྱག་གཡས་མེ་ལྕགས་མགོ་དགུ་དེས། །མེ་དམར་ལྕགས་དགུ་ཁ་ལ་བླུགས། །གཡོན་པས་མེ་ཡི་ཞགས་པ་འདེབས། །མེ་དམར་འོབས་ཀྱི་ནང་དུ་ནི། །ཤ་རུས་སྐྱ་ནི་ཁྲལ་ཁྲལ་འགྲོ། །འདི་འདྲའི་སྡུག་བསྔལ་ཅི་ཡིན་བསམ། །རང་བཞིན་སྔངས་ཤིང་ཅུང་ཟད་བརྒྱལ། །དེ་ནས་གསོལ་བ་འདི་ལྟར་བཏབ། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །ཆོས་སྐུའི་མཁའ་ཀློང་ཡངས་པ་ལ། །ལོངས་སྐུའི་ཐུགས་རྗེའི་སྤྲིན་ཕུང་འཁྲིགས། །སྤྲུལ་སྐུའི་བྱིན་རླབས་ཆར་རྒྱུན་འབེབས། །དུག་ལྔའི་མེ་འོབས་ཞི་བར་མཛོད། །ལས་ངན་ཕོ་མོ་འདི་དག་ཀུན། །སྡུག་བསྔལ་ཞི་ནས་བདེ་ལྡན་ཤོག །བདག་གི་སྨོན་ལམ་འགྲུབ་པར་ཤོག །དེ་སྐད་སྨྲས་པས་ལས་མཁན་གྱིས། །སྦྲུལ་གྱི་མགོ་ཅན་འདི་སྐད་ཟེར། །ལུས་མེད་ཡིད་ཀྱི་རྣལ་འབྱོར་མ། །སྔོན་བསགས་སྨོན་ལམ་ལེགས་ལགས་ཏེ། །སྡིག་ཅན་ཕོ་མོ་འདི་རྣམས་ལ། །རང་བྱས་རང་ལ་སྨིན་ལེ་ལ། །གཞན་གྱི་སྨོན་པས་སྐྱོབ་དཀའ་ཟེར། །འདི་འདྲའི་སྡུག་བསྔལ་ཅི་འདྲ་ལགས། །ཐར་པའི་དུས་ནི་ནམ་ཡོད་ཨང་། །དེ་སྐད་ཞུས་པའི་ལན་དུ་ལ། །བུ་མོ་བདག་ལ་འདི་སྐད་གསུངས། །ལས་ངན་སྡིག་ཅན་འདི་རྣམས་ནི། །གྲང་ང་ཁམས་ལ་འདུག་པའི་དུས། །རི་མེ་བསྐྱེས་དང་འབུ་སྲིན་བསྲེགས། །བཙུན་པ་བཙུན་མ་ཁྲིམས་ཉམས་དང་། །དཀོན་མཆོག་དཀོར་ལ་བག་མེད་སྤྱོད། །རླམ་སེམས་རློམ་སེམས་ལོག་ལྟ་ཅན། །དེ་འདྲའི་ལས་ངན་སྡིག་ཅན་ཡིན། །བསྐལ་པ་མང་པོར་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །ལྕགས་ཁང་སྒོ་མེད་ཟེར་བ་ལ། །རྒྱ་དཔངས་དཔག་ཚད་གྲངས་ལས་འདས། །ལྕགས་ཁང་སྐེད་པ་ཕྱིན་ཆོད་ནི། །སོལ་མེའི་ནུབ་ནས་དམར་པོར་གྱུར། །ལྕགས་ཁང་དེ་ཡི་བདག་པོ་ལ། །བཙན་རྒྱལ་ཐོག་རྒོད་འབར་བ་ཟེར། །མི་དམར་ཁྲག་གི་རལ་པ་ཅན། །ཕྱག་གཡས་ཁྲོ་ཆུ་ཁོལ་མ་བསྣམས། །གཡོན་པས་ལྕགས་དམར་སེར་བ་འཛིན། །ལུས་ཚད་སོ་བདུན་ལྷག་པར་འདུག །རྣལ་འབྱོར་བདག་ལ་འདི་སྐད་ཟེར། །ལྕགས་ཁང་འདི་ནས་འགྲོ་བའི་ཚེ། །རང་ལུས་ང་རྒྱལ་འབྲུག་སྟོང་སྤྲུལ། །སྒོམ་རྒྱུ་གུ་རུ་དྲག་པོ་བསྒོམ། །དེ་ལྟར་བསྒོམས་པའི་ཕན་ཡོན་གྱིས། །ལྕགས་ཁང་ལོགས་ཡ་ས་བདབ་ངང་། །སྒོམ་མེད་བསྐྱེད་མེད་ཕོ་མོ་ནི། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །རྩི་རྩི་གྲངས་མེད་དེད་ནས་བྱུང་། །རྫ་རི་གངས་རི་ཉིལ་ཉིལ་རེད། །ལྕགས་ཁང་དེ་ཡི་ནང་ཤེད་ན། །རིལ་རྡོག་ཙམ་ཞིག་བྱས་ནས་བཙུད། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །མཚོན་ཆ་མང་པོས་དྲ་གཏུབ་བྱེད། །ཐོ་ཆེན་མང་པོས་རྒྱག་རྡུང་བྱེད། །ལྕགས་མཁར་རྡུང་རྡུང་བྱེད་དུ་འོང་། །སྟེང་ནས་གནམ་ལྕགས་སེར་བ་འབེབ། །ཁ་ན་ཁྲོ་ཆུ་ཁོལ་མ་བླུག །ཤ་རུས་ཐམས་ཅད་མྱགས་མྱགས་འགྱུར། །སོས་གཅིག་ཟེར་ནས་སོས་པར་འགྱུར། །ཡང་ཤི་ཡང་སོས་རེས་མོས་ལ། །སྡུག་བསྔལ་ཚད་ནི་བགྲང་མི་ནུས། །ངུ་འབོད་གནམ་ས་རི་ལུང་ཁེངས། །དེ་འདྲའི་སྡུག་བསྔལ་ཇི་ལྟར་ལགས། །ཐར་པའི་དུས་ཚོད་ནམ་ཡོད་གསུངས། །མ་ཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །བླ་མའི་ཐུགས་ཀྱི་དམ་ཚིག་ཉམས། །དགེ་བཅུ་བོར་ནས་མི་དགེ་སྤྱོད། །ཉེས་མེད་རི་དྭགས་གསོད་མཁན་དང་། །སེམས་ཅན་གསོད་དང་རྐུ་འཕྲོག་བྱས། །རྫུན་སྨྲས་ཚུལ་ཁྲིམས་ཕབ་མཁན་དང་། །དཀའ་ཐུབ་སྡོམ་པ་ཞིག་རྣམས་ཡིན། །ལོ་གྲངས་བསྐལ་པར་ཐར་མི་སྲིད། །དེ་ཕྱིར་གྲང་ང་ཁམས་རྣམས་ལ། །མ་གསང་སྐད་ཆ་དྲང་པོར་ཤོད། །མ་ནོར་ཡི་གེར་ཁོད་ཅིག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃཿ ཡང་དེ་བས་ཐུ་བ་ད་ཡོད་འདུག །དེ་ནས་འགྲོ་བའི་ལམ་སོ་ན། །དམྱལ་བ་ཆགས་འཇིག་ཟངས་ཁར་དེར་ཡོད་དོ། །དམྱལ་ཟངས་ཟེར་བ་དེ་ཡི་ཁ་འཁོར་ལ། །རྟ་ཕོས་ཉིན་ལམ་བཅོ་བརྒྱད་ཡོད། །སྒྱེད་པུའི་ཚད་ནི་རི་བོ་འདྲ། །ཕྱོགས་བཞི་མེ་སྒོ་སྲུང་བའི་མི་བཞི་ཡོད། །དེ་ནས་འགྲོ་དུས་ཆོས་པ་རྒྱ་ཆེན་དགོས། །དེ་ཉིད་མ་རྟོགས་ལས་འབྲས་འདིར་བཤད་ན། །སྟག་ཁོལ་ཅན་གྱིས་གཡས་ནས་འབུད་དུ་འོ། །གཟིག་ཁོལ་ཅན་གྱིས་གཡོན་ནས་འབུད་དུ་འོང། །དྲེད་ཁོལ་ཅན་གྱིས་གཡས་སྟག་འབུད་དུ་འོ། །དོམ་ཁོལ་ཅན་གྱིས་གཡོན་སྟག་འབུད་དུ་འོ། །ཁོལ་མོ་ཟེར་བ་འབྲུག་སྟོང་ལྡིར་ལྡིར་རེད། །ཟངས་ཁ་འདི་ནི་ལྷག་ཁོལ་ལྷོག་ཁུལ་རེད། །མི་རོ་ཟེར་བ་ཤ་གཏུབ་བཞིན་དུ་ལྡེང། །དེ་ནས་ལས་མཁན་བྱ་རིགས་མགོ་ཅན་གྱིས། །ཉ་རོ་བཤན་བཤན་བྱེད་དུ་འོང་། །ལས་མཁན་ཨ་བ་གླང་མགོ་སོགས། །གཟར་བུ་ཐོགས་པ་བཅུ་ཡིས་འཆུ་ཞིང་འདུག །ལས་མཁན་སེངྒེ་རབ་བརྟན་སོགས། །ཕོར་པ་ཐོགས་པ་བཅུ་ཡིས་འཐུང་ཞིང་འདུག །ལས་མཁན་རཀྴ་ཕག་མགོ་སོགས། །ལྕགས་ཀྱུ་ཐོགས་པ་བཅུ་ཡིས་དཀྲུགས་ཤིང་འདུག །ལས་མཁན་ཞེ་སྡང་སྦྲུལ་མགོ་སོགས། །སོག་ལེ་ཐོགས་པ་བརྒྱ་ཡིས་དྲ་ཞིང་འདུག །ལས་མཁན་ར་ཡི་མགོ་ཅན་སོགས། །སྐམ་པ་ཐོགས་པ་བཅུ་ཡིས་ཀྱུ་ཞིང་འདུག །ལས་མཁན་སྟག་གི་མགོ་ཅན་སོགས། །སྟ་རེ་ཐོགས་པ་བཅུ་ཡིས་གསེ་ཞིང་འདུག །ལས་མཁན་གཟིག་གི་མགོ་ཅན་སོགས། །རལ་གྲི་ཐོགས་པ་བཅུ་ཡིས་གཏུབས་ཤིང་འདུག །ལས་མཁན་དོམ་གྱི་མགོ་ཅན་སོགས། །སྟིས་ཁེ་ཐོགས་པས་གཞོག་ཅིང་འདུག །ལས་མཁན་དྲེད་ཀྱི་མགོ་ཅན་གྱིས། །གསོར་ཆེན་ཐོགས་པ་བཅུ་ཡིས་ཕུག་ཅིང་འདུག །ལས་མཁན་འཕར་བའི་མགོ་ཅན་སོགས། །ཟངས་ལྕེ་ཐོགས་པ་བཅུ་ཡིས་ལྡག་ཅིང་འདུག །ལས་མཁན་སྤྱང་ཀིའི་མགོ་ཅན་སོགས། །དྲ་གཟོང་ཐོགས་པ་བཅུ་ཡིས་དྲ་ཞིང་འདུག །ལས་མཁན་ཕ་ཝང་མགོ་ཅན་སོགས། །ཐོ་བ་ཐོགས་པ་བཅུ་ཡིས་བརྡུང་ཞིང་འདུག །ལས་མཁན་མ་མོ་སྐྱིན་མགོ་སོགས། །འཛུམ་ཆེན་ཐོགས་པ་བཅུ་ཡིས་འབྲུ་ཞིང་འདུག །ལས་མཁན་ཕུག་ཤུད་མགོ་ཅན་སོགས། །ཁྲོ་ཆུ་ཁ་སབ་བྱེད་དུ་འོང་། །ལས་མཁན་ཁྲ་ཕྲུག་མགོ་ཅན་སོགས། །དུག་ཤིང་འབར་ཁ་བྱེད་དུ་འོང་། །ལས་མཁན་བྱ་རོག་མགོ་ཅན་སོགས། །ཁྲག་དམར་རྒྱུན་བསབ་བྱེད་དུ་འོང་། །ལས་མཁན་བྱ་རྒོད་མགོ་ཅན་གྱིས། །རྒྱུ་ཞགས་འདོམ་འཇལ་བྱེད་དུ་འོང་། །ལས་མཁན་སྐྱ་ཀའི་མགོ་ཅན་གྱིས། །དུག་ཆུ་ཁ་སབ་བྱེད་དུ་འོང་། །ལས་མཁན་འུག་པའི་མགོ་ཅན་སོགས། །ལས་བྱས་ཕོ་མོ་རྣམས་ལ་བཙོ་སྲེག་བྱེད་དུ་འོང་། །དེ་འདྲའི་སྡུག་བསྔལ་མྱོང་དོན་ནི། །གྲང་ང་ཁམས་ལ་འདུག་པའི་དུས། །མི་དགེ་བཅུ་དང་མཚམས་མེད་ལྔ། །གསང་སྔགས་རྡོ་རྗེའི་དམ་འགལ་སོགས། །མནར་མེད་འདི་རུ་འགྲོ་དགོས་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་ལས་མཁན་སེངྒེའི་མགོ་ཅན་གྱིས། །ཉི་མ་ཤར་ལ་ཁ་བལྟས་ནས། །ཧ་ཧ་དང་ཧོ་ཧོ་མང་དུ་ཟེར་ཙ་ན། རི་དྭགས་སྣ་མིན་སྣ་ཚོགས་མང་དུ་བྱུང་ནས། ལས་ངན་སྡིག་ཅན་ཕོ་མོ་ཚོ་ལ། སྲོག་གི་ལན་ཆགས་གང་ཡོད་པའི། མགོ་ཅན་ལས་མཁན་མཚོན་ཆ་སྣ་ཚོགས་ཐོགས་པས་སྲོག་ལན་དགུ་སྐོར་བྱེད་ནས་འབྲས་བུ་མྱུར་དུ་སྨིན་པ་ཡིན་ནོ་ཟེར། ཤ་བའི་མགོ་ཅན་སྟོད་ནས་ཟ། །གནའ་བའི་མགོ་ཅན་སྨད་ནས་ཟ། །འབྲོང་གི་མགོ་ཅན་སྐེད་པ་ཟ། །དགོ་བའི་མགོ་ཅན་ཁ་སྣ་ཟ། །གཉན་གྱི་མགོ་ཅན་ཡན་ལག་ཟ། །རྩིབ་ཉག་མགོ་ཅན་མིག་འབྲས་འབྲུ། །སྐྱ་ཀའི་མགོ་ཅན་དྲན་པ་ཟ། །གཙོད་ཀྱི་མགོ་ཅན་མགོ་བོ་ཟ། །སྤྲིན་རྣའི་མགོ་ཅན་གློ་བ་ཟ། །གླ་བའི་མགོ་ཅན་རྐ་ཡ་གཏུབ། །རྒྱ་གོར་མགོ་ཅན་མཁལ་མ་གཏོར། །རི་བོང་མགོ་ཅན་མཚེར་བ་ཟ། །བྱི་བའི་མགོ་ཅན་རྒྱུ་མ་ཟ། །ད་ནི་ཟངས་ཁ་འདི་ཡི་ཤར་ཕྱོགས་ནས། །རི་དྭགས་སྣ་མིན་སྣ་ཚོགས་ཁ་ནས་ཐར། །ད་ནི་འདི་རྣམས་མི་གསད་སྤང་བྱའོ། །ས་ཆ་འདི་ནས་མི་འོང་དམ་བཅའོ། །སེངྒེ་རབ་བརྟན་ཐུགས་ལ་དེ་ལྟར་ཞོག །ད་ནི་ཁྲིམས་ཀྱི་ལས་ནས་ཐར། །གར་འགྲོ་མིག་གིས་སྤྱོད་གྱུར་ཅིག །མི་དགེ་བཅུ་པོ་སྤངས་ནས་དགེ་བཅུར་སྤྱོད། །ཅེས་ཟེར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་གསུམ། ཡང་ཟངས་ཁ་འདི་ཡི་ལྷོ་ཕྱོགས་ནས། ལས་མཁན་རཀྴ་ཕག་མགོ་ཡིས་ཧ་ཧ་དང་ཧེ་ཧེ་མང་དུ་ཟེར་ཙམ་ནས་གཅན་གཟན་སྣ་མིན་སྣ་ཚོགས་ཀྱི་མགོ་བརྙན་མང་དུ་བྱུང་ནས་སྲོག་གི་ལན་ཆགས་གང་ཡོད་པའི་ལས་ངན་སྡིག་ཅན་ཕོ་མོ་ཚོ་ལ་སྲོག་ལན་དགུ་སྐོར་ནས་ལས་ཀྱི་འབྲས་བུ་མྱུར་དུ་སྨིན་པ་ཡིན་ནོ། །ཟེར་ནས། སྟག་མགོ་ཅན་གྱིས་སྟོད་ནས་ཟ། །གཟིག་མགོ་ཅན་གྱིས་སྨད་ནས་ཟ། །དོམ་གྱི་མགོ་ཅན་སྐེད་པ་ཟ། །དྲེད་ཀྱི་མགོ་ཅན་མགོ་བོ་ཟ། །སྤྱང་ཀིའི་མགོ་ཅན་ཁ་སྣ་ཟ། །འཕར་བའི་མགོ་ཅན་རྒྱུ་ལོང་ཟ། །ཝ་ཡི་མགོ་ཅན་སྙིང་ག་ཟ། །སྦེ་ཡི་མགོ་ཅན་ཡན་ལག་ཟ། །སྤྲེའུའི་མགོ་ཅན་རྣ་བ་ཟ། །བྱི་བའི་མགོ་ཅན་མཆིན་པ་ཟ། །ཕག་གི་མགོ་ཅན་མཚེར་པ་ཟ། །སྲེ་མོང་མགོ་ཅན་སྲོག་རྩ་གཅོད། །ཁྱི་ཡི་མགོ་ཅན་དབང་པོ་འཇོམས། །གང་ཁྱུག་མགོ་ཅན་མིག་འབྲས་འབྲུ། །སེང་གེའི་མགོ་ཅན་མཁྲིས་པ་འཇིབ། །བྱི་བའི་མགོ་ཅན་ཀླད་པ་ཟ། །སྲ་ཡི་མགོ་ཅན་མཁལ་མ་གཏོར། །ཨོ་དཀར་མགོ་ཅན་གློ་བ་ཟ། །ད་ནི་ཟངས་ཁ་འདི་ཡི་གཡས་ཟུར་ནས། །གཅན་གཟན་སྣ་མིན་སྣ་ཚོགས་ཁ་ནས་ཐར། །ད་ནི་འདི་མི་གསོད་སྤང་བྱའོ། །ས་ཆ་འདི་ན་མི་ཡོང་དམ་བཅའོ། །རཀྴ་ཕག་མགོའི་ཐུགས་ལ་ཞོག །ད་ནི་ཁྲིམས་ཀྱི་ཁ་ནས་ཐར། །གར་འགྲོ་མིག་གིས་སྤྱོད་གྱུར་ཅིག །མི་དགེ་བཅུ་པོ་སྤངས་ནས་དགེ་བཅུ་སྒྲུབས། །ཞེས་ཟེར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་གསུམ། ཡང་ཟངས་ཁ་འདི་ཡི་ནུབ་ཕྱོགས་ན། །ལས་མཁན་དར་མ་སྤྲེལ་མགོ་ཡིས། ཧ་ཧ་དང་ཧེ་ཧེ་མང་དུ་ཟེར་ཙ་ན་བྱ་རིགས་སྣ་མིན་སྣ་ཚོགས་ཀྱི་མགོ་ཅན་ལས་མཁན་མང་དུ་བྱུང་ནས། སྲོག་ལེན་གང་ཡོད་པའི་ལས་ངན་སྡིག་ཅན་ཕོ་མོ་ཚོ་ལ་སྲོག་ལན་དགུ་སྐོར་བྱེད་ནས་ལས་ཀྱི་འབྲས་བུ་མྱུར་དུ་སྨིན་པ་ཡིན་ནོ་ཟེར་ནས། བྱ་བ་བྱ་རྒོད་མགོ་ཅན་གྱིས། །བེམ་པོའི་སྟོད་ནས་ཟའོ། །འདོད་པ་པུ་ཤུད་མགོ་ཅན་གྱིས། །ལུས་པོའི་སྨད་ནས་ཟའོ། །བྱ་ཚོགས་ཁུ་ལིང་མགོ་ཅན་གྱིས། །མིག་གི་ཨ་འབྲས་ཟའོ། །འདྲེ་བྱ་སྲེག་པའི་མགོ་ཅན་གྱིས། །རྣ་བ་ཕུག་ནས་ཟའོ། །སྒྲིབ་ཅན་ཁྭ་ཏའི་མགོ་ཅན་གྱིས། །ལྟག་རྩ་བ་མེན་ར་འདྲ་ཟའོ། །བྱ་རྒན་གོ་བོའི་མགོ་ཅན་གྱིས། །སྙིང་གི་དཀྱིལ་ནས་ཟ་རུ་འོང་། །སྲིན་བྱ་འུག་པའི་མགོ་ཅན་གྱིས། །གློ་བ་དམར་དུར་ཟ་རུའོ། །ཆོས་སྐྱོང་བྱ་རོག་མགོ་ཅན་གྱིས། །མཁལ་མའི་དཀྱིལ་ནས་གཏོར་བའོ། །གཤེད་བདག་སྐྱ་ཀའི་མགོ་ཅན་གྱིས། །རྣམ་ཤེས་གཞན་ལ་གཏོར་བའོ། །ཟླ་བ་ཁྲ་ཡི་མགོ་ཅན་གྱིས། །ཡན་ལག་བཞི་པོ་ཟ་རུའོ། །དར་མ་གླག་གི་མགོ་བོ་ཅན། །སྲོག་རྩ་དམར་པོ་གཅོད་པའོ། །བདེ་འགྱུར་ལྕོང་ཆུང་མགོ་ཅན་གྱིས། །སྒང་ཕག་མཆུ་ལ་ཐོགས་པའོ། །བྱ་རྒྱལ་ཁྱུང་གི་མགོ་བོ་ཅན། །ཡན་ལག་ཐམས་ཅད་ཟླུམ་པོར་ཟ། །བདུད་བྱ་རྣ་བ་འཁོར་གཅོད་ཀྱིས། །བེམ་པོའི་ཀླད་ནས་འཇོམས་པའོ། །གསོད་ལུགས་སྣ་མིན་སྣ་ཚོགས་ཀྱིས། །མཚོན་ཆ་མང་པོས་དྲ་གཏུབ་བྱེད། །ཟངས་ཁ་འདི་ཡི་ནུབ་ཕྱོགས་ནས། །བྱ་རིགས་སྣ་མིན་སྣ་ཚོགས་ཁ་ནས་ཐར། །ད་ནི་འདི་ནས་མི་གསོད་སྤང་བྱའོ། །ས་ཆ་འདི་ནས་མི་ཡོང་དམ་བཅའོ། །དར་མ་སྤྲེལ་མགོའི་ཐུགས་ལ་དེ་ལྟར་ཞོག །ད་ནི་ཁྲིམས་ཀྱི་ཁ་ནས་ཐར། །གར་འགྲོ་མིག་གིས་སྤྱོད་གྱུར་ཅིག །མི་དགེ་སྤངས་ནས་དགེ་བཅུ་སྒྲུབས། །ཞེས་ཟེར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་གསུམ། ཡང་ཟངས་ཁ་འདི་ཡི་བྱང་ཕྱོགས་ནས། ལས་མཁན་སྦྲུལ་གྱི་མགོ་ཅན་གྱིས། ཧ་ཧ་དང་ཧེ་ཧེ་མང་དུ་ཟེར་ནས་དུད་འགྲོ་སྣ་མིན་སྣ་ཚོགས་མགོ་ཅན་ལས་མཁན་མང་དུ་བྱུང་ནས། སྲོག་གི་ལན་ཆགས་གང་ཡོད་ཀྱི་ལས་ངན་སྡིག་ཅན་ཕོ་མོ་ཚོ་ལ། སྲོག་ལན་དགུ་སྐོར་བྱེད་ནས་ལས་ཀྱི་འབྲས་བུ་སྨིན་པ་ཡིན་ནོ་ཟེར་ནས། སེམས་ཅན་གླང་ཆེན་མགོ་ཅན་གྱིས། །སྙིང་གི་དཀྱིལ་ནས་ཟ་རུ་འོང་། །སེམས་ཅན་དྲེད་ཀྱི་མགོ་ཅན་གྱིས། །ཡན་ལག་བཞི་པོ་ཟ་རུའོ། །སེམས་ཅན་ར་ཡི་མགོ་ཅན་གྱིས། །མིག་གི་ཨ་འབྲས་ཟ་རུ་འོང་། །སེམས་ཅན་གླང་གི་མགོ་ཅན་གྱིས། །སྲོག་རྩ་དམར་པོ་གཅོད་དུ་འོང་། །སེམས་ཅན་བོང་བུའི་མགོ་ཅན་གྱིས། །གློ་བ་དམར་པོ་ཟ་རུ་འོང་། །སེམས་ཅན་མཛོ་ཡི་མགོ་ཅན་གྱིས། །མཆིན་པ་དམར་ལ་ཟ་རུ་འོང་། །སེམས་ཅན་བ་ཡི་མགོ་ཅན་གྱིས། །རྒྱུ་ལོང་ཀླད་རུས་ཁྲག་ཏུ་འོང་། །སེམས་ཅན་ལུག་གི་མགོ་ཅན་གྱིས། །མཚེར་མ་མཆུ་ལ་ཐོགས་པའོ། །སེམས་ཅན་ར་ཡི་མགོ་ཅན་གྱིས། །ཕུང་པོའི་ཀླད་པ་འཇོམ་པའོ། །བསད་ལུགས་མང་པོའི་ལས་འབྲས་ཀྱིས། །མཚོན་ཆ་མང་པོས་དྲ་གཏུབ་བྱེད། །ཟངས་ཁ་འདི་ཡི་བྱང་ཕྱོགས་ནས། །དུད་འགྲོ་གླེན་ལྐུག་ཁ་ནས་ཐར། །ད་ནི་འདི་ན་མི་གསོད་སྤང་བྱའོ། །ས་ཡུལ་འདི་ནས་མི་ཡོང་དམ་བཅའོ། །ཞེ་སྡང་སྦྲུལ་མགོའི་ཐུགས་ལ་དེ་ལྟར་ཞོག །ད་ནི་ཁྲིམས་ཀྱི་ལས་ནི་ཐར། །གར་འགྲོ་མིག་གིས་སྤྱོད་གྱུར་ཅིག །མི་དགེ་བཅུ་པོ་སྤངས་ནས་དགེ་བཅུ་སྒྲུབས། །ཞེས་ཟེར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་གསུམ། དམྱལ་ཁམས་བཅོ་བརྒྱད་ཕྱི་རོལ་ཏུ། མེ་མུར་རོ་མྱགས་སྤུ་གྲིའི་ལམ། །རལ་གྲི་ནགས་ཚལ་ཐལ་ཚན་དང་། །ཆུ་བོ་རབ་མེད་ཡང་ཤི་སོགས། །ཕྱི་རོལ་ཁོར་མོ་ཡུག་ཏུ་སྣང་། །སོ་སོར་ལས་འབྲས་སྨིན་ཚུལ་ནི། །འདུལ་ཁྲིམས་ཞིག་ན་མེ་མུར་སྐྱེ། །ལོག་འཚོ་སྤྱོད་ན་རོ་མྱགས་སྐྱེ། །ཆོས་ཁྲིམས་ཞིག་དང་རྐུན་པོར་སྐྱེ། །སྤུ་གྲི་ངར་མའི་ལམ་ལ་གནས། །གཡུལ་འཁྲུག་ཞེ་སྡང་རྣམ་སྨིན་གྱིས། །རལ་གྲི་ལོ་མའི་ནགས་ཚལ་སྐྱེ། །ཆུ་ནས་སྐམ་ཕུད་རྣམ་སྨིན་ལ། །ཐལ་ཚན་ཆུ་བོ་རབ་མེད་སྐྱེ། །མནའ་རྫུན་དབྱེན་བྱས་རྣམ་སྨིན་ལ། །ལྕེ་ཐོག་ཐོང་གཤོལ་ལྔ་བརྒྱས་རྨོ། །ཁྲོ་ཆུ་བླུགས་ཤིང་མཚོན་ཆས་གཏུབ། །ཚིག་རྩུབ་ངག་འཆལ་རྣམ་སྨིན་ལ། །སྐེ་ལྕེར་ལྕགས་འཛེར་བརྒྱ་སྟོང་བརྒྱབ། །བྲེ་ཕུལ་གཡོ་བྱས་རྣམ་སྨིན་ལ། །ཤ་རྣམས་གསོན་བྲེགས་བྲེ་ལ་འབྱར། །རྒྱ་སྲང་གཡོ་བྱས་ཉེས་དམིགས་ལ། །གསོན་པོར་བྲེགས་གཏུབ་རྒྱ་འཇོག་བྱེད། །སེམས་ཅན་གཞན་ལ་བསད་བཅུག་པས། །རྣམ་སྨིན་ཉིན་ཚེ་ཡང་སོས་བཀྱིད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་དེ་ནས་འགྲོ་བའི་ལམ་སོ་ལ། །ལམ་དཀར་ནག་གསུམ་གྱི་སུམ་མདོ་ལ། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། །སྟེང་མི་འགྱུར་རྨ་བྱའི་གདུགས་གཅིག་ཕུབ། །གདུགས་དེ་ལ་རིན་ཆེན་དར་དཔྱང་བརྒྱན། །འོག་མི་འགྱུར་བྱོལ་སོང་གཙོ་བརྒྱད་ཁྲི། །དེ་སྟེང་དམར་ཡག་སྟག་གིས་བརྒྱན། །བར་མཚམས་ཐོད་པ་སྐམ་རློན་བརྔམས། །སྐུ་མཆོག་རི་རྒྱལ་ལྷུན་པོ་འདྲ། །སྐུ་མདོག་དམར་ནག་འོད་ཟེར་འབར། །ཞལ་བཞི་ཕྱོགས་བཞི་འཇིགས་ལ་བརྔམས། །དབུ་སྐྲ་ཁམ་ནག་གྱེན་ལ་བརྫེས། །ཐོད་སྐམ་ལྔས་དང་དབུ་རྒྱན་དང་། །སྦྲུལ་དང་རིན་ཆེན་ཟར་ཚགས་ཕྱེད། །སྤྱན་གཉིས་ཉི་ཟླ་ཤར་བ་འདྲ། །གསུང་སྐད་འབྲུག་སྟོང་ལྡིར་བ་བཞིན། །ཕྱག་གཡས་ཁྲམ་ཤིང་གཡོན་མེ་ལོང་། །སྐུ་ལ་དར་གྱི་ན་བཟའ་གསོལ། །རིན་ཆེན་སྣ་ལྔའི་རྒྱན་ཆ་སྤྲས། །ཕྱི་རོལ་གཅན་གཟན་པགས་པ་ནི། །གོང་འཐོབ་ཐང་ཆེ་བས་གོང་བ་བྱས། །གཟིག་ཁྱི་ཁྲག་འཐུང་བས་མཐའ་རྒྱན་བྱས། །སྟག་མི་ཤ་ཟ་བས་སྒྲོག་དན་བྱས། །ཕོ་སྲམ་བརྒྱ་ཡིས་ཕུ་དུང་བྱས། །མོ་སྲམ་བརྒྱ་ཡིས་ཆུ་སྤུ་བྱས། །སྲམ་ཕྲུག་བརྒྱ་ཡིས་སྲུབ་ཟན་བྱས། །མི་ལྤགས་རློན་པས་སྐེད་དཀྲིས་བྱས། །དམར་ཡག་སྟག་གིས་ཤམ་ཐབས་བྱས། །གཟིག་ལྤགས་གཡས་གཡོན་ཤམ་བུ་བྱས། །སྦྲུལ་ནག་སྟོང་གིས་དོ་ཤལ་བྱས། །མི་མགོ་སྐམ་རློན་ལྔ་བཅུས་བརྒྱན། །ཕྱག་ཞབས་སྦྲུལ་གྱི་གདུབ་གུ་ལ། །ཐོད་པ་སྐམ་རློན་ཚལ་པས་བརྒྱན། །དེ་འདྲའི་སྐུ་མཆོག་རྔམ་ཞིང་བརྗིད། །མཇལ་བ་ཙམ་གྱིས་འདར་ཞིང་སྔངས། །འཁོར་དུ་ལས་མཁན་བྱེ་བ་འབུམ། །མགོ་བརྙན་སྣ་ཚོགས་མཆེ་བ་གཙིགས། །གདུག་པའི་མཚོན་ཆ་ཟངས་སེ་ཟང་། །རྒྱོབ་རྒྱོབ་སོད་སོད་འབྲུག་སྒྲ་བསྒྲགས། །མདུན་དུ་ལྕགས་ནག་རམ་གདན་བཀོད། །དེ་སྟེང་རྡོ་ཕྱེ་བཀྲམ་པའི་སྟེང་། །སྡིག་ཅན་བུ་མོ་བདག་ཉིད་ནི། །པུས་བཙུགས་ཐལ་མོ་སྦྱར་ནས་བསྡད། །ཡུས་དེའི་མི་སྐྱ་ཕོ་མོ་ནི། །ཆུ་ཁའི་བྱེ་མ་ཙམ་ཞིག་སྣང་། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེས། །བུ་མོ་བདག་ལ་འདི་སྐད་སྨྲས། །ཁྱོད་ས་ཆ་འདི་ན་ཡོང་དོན་ཅི་ཡིན་གསུངས། །ཡོང་དགོས་ལེའི་ཡོང་དོན་ཅི་ཡོད་གསུངས། །སྐད་ཆ་གླ་བོ་ཅི་འདྲ་ཡོད། །དེ་སྐད་གསུངས་པའི་ལན་དུ་ལ། །བུ་མོ་བདག་གིས་འདི་སྐད་ཞུས། །ང་ས་ཆ་འདི་ན་ཡོང་དོན་ནི། །དཔོན་གཤིན་རྗེའི་ཁྲིམས་ལ་ཕོག་ལེ་རེད། །ཚེ་ཟད་ནས་མི་ཡོང་ཁ་མེད་རེད། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལགས། །ང་ཞིང་ཁམས་བགྲོད་པའི་རྟ་ཕོ་ལ། །ཆོས་ཀ་ཅི་འདྲ་དགོས་ཤིང་གདའ། །ཁྱེད་ཆོས་རྒྱལ་མཇལ་བའི་མཇལ་དར་ལ། །མཇལ་དར་ཅི་འདྲ་དགོས་ཤིང་གདའ། །ལས་མཁན་བརྔན་པའི་ཡོ་བྱད་ལ། །བརྔན་རྫས་ཅི་འདྲ་དགོས་ཤིང་གདའ། །དམྱལ་ཁམས་འདི་ནས་ཐར་ཐབས་ལ། །ཆོས་ཀ་གང་ལ་གཟབ་ན་དྲགས། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལགས། །ཆོས་ཡོད་ཆོས་རྒྱལ་རིན་པོ་ཆེ། །ཆོས་མེད་ཁྲིམས་རྒྱལ་རིན་པོ་ཆེ། །དེ་སྐད་ཞུས་པའི་ལན་དུ་ལ། །བུ་མོ་བདག་ལ་འདི་སྐད་གསུངས། །འཇིག་རྟེན་ཁམས་ཀྱི་བུ་མོ་ཁྱོད་རང་ལ། །ལམ་སྣ་འདྲེན་པའི་བླ་མ་ཅི་འདྲ་ཡོད། །དབང་བསྐུར་ཆོས་བཤད་བྱེད་པའི་བླ་མ་སུ་འདྲ་ཡིན། །རོ་བསྲེགས་འཕོ་འདེབས་བྱེད་པའི་བླ་མ་སུ་འདྲ་ཡོད། །ཁྱོད་ཀྱི་རྫུན་དུ་མ་ལབ་དྲང་པོར་ཤོད། །དེ་སྐད་གསུངས་པའི་ལན་དུ་ལ། །བུ་མོ་བདག་གིས་འདི་སྐད་ཞུས། །འཕོ་བ་རང་གིས་རང་ལ་བཏབ། །གཅོད་ནི་ལབ་ཀྱི་སྒྲོན་མས་བཏང་། །བེམ་པོའི་ལུས་སྦྱིན་ལུས་ནས་ཐལ། །རོ་བསྲེགས་བྱེད་པའི་བླ་མ་མེད། །བཤའ་གཏུབ་བྱེད་པའི་སྒོམ་པ་མེད། །ལམ་སྣ་འདྲེན་པའི་བླ་མ་ལ། །བླ་མ་པད་འབྱུང་ཡབ་ཡུམ་བཞུགས། །དབང་བསྐུར་ཆོས་ཞུས་བླ་མ་ལ། །བླ་མ་ཆོས་དབྱིངས་བསྟན་འཛིན་བཞུགས། །བླ་མ་གྲགས་པ་འགྲོ་འདུལ་བཞུགས། །ཆོས་ཐོག་མར་ཞུས་པའི་བླ་མ་ལ། །བླ་མ་བསྟན་འཛིན་འོད་གསལ་བཞུགས། །ལས་དགེ་སྡིག་ཞིབ་གཤེར་མྱུར་དུ་མཛོད། །ལམ་དཀར་པོའི་ལམ་སྣ་མྱུར་དུ་སྟོན། །ཁྱེད་རྣམ་པའི་གསོལ་སྐལ་ཅི་ཡོད་གསུངས། །དེ་སྐད་ཞུས་པའི་མཚམས་དེ་རུ། །ལས་ཀྱི་བུ་ཆུང་ནག་པོ་དེས། །སྡུག་ངོ་བ་གཅིག་བྱས་ནས་བྱུང་། །རས་ནག་ཁུག་མའི་ནང་ཤེད་ནས། །མནའ་སྡིག་རྡེའུ་ནག་པོ་འགའ། །ཆོས་རྒྱལ་མདུན་གྱི་གཡོན་ཟུར་བཞག །འདི་གྲང་ང་ཁམས་ལ་འདུག་པའི་དུས། །མནའ་ནག་མང་པོ་ཁ་ནས་ཟོས། །འབུ་སྲིན་གྲོག་མ་མང་པོ་བསད། །འདབ་ཆགས་བྱ་བྱེའུ་སྐྱ་ཀ་བསད། །སེམས་ཅན་གསུམ་ཙམ་སྤྱང་ཀིར་བྱིན། །ཁ་ནས་རྫུན་ནག་མང་པོ་ལབ། །ལུས་ལ་ཤ་ཆེན་པགས་པ་གྱོན། །ཤ་ནི་ཟ་བ་སྤྱང་ཀི་འདྲ། །ཁྲག་ནི་འཐུང་བ་སྲིན་པོ་འདྲ། །ཤིག་ནི་བསད་བསད་མྱོག་མྱོག་ནས། །མཛུབ་མགོ་འབའ་ཤ་ཐོགས་ནས་ཐལ། །འདོད་ཆགས་ཞེ་སྡང་དུག་མཚོ་ཁོལ། །ང་རྒྱལ་ཕྲག་དོག་མེ་ལྟར་འབར། །དེ་འདྲའི་སྡིག་ཅན་བུ་མོ་ཡིན། །ཁྲིམས་ཅི་གཅོད་ཆོས་རྒྱལ་ཐུགས་ལ་དྲིས། །དེ་སྐད་ཟེར་བའི་བར་མཚམས་སུ། །ལས་ཀྱི་བུ་ཆུང་དཀར་པོ་སླེབས། །རས་ཁུག་དཀར་པོའི་ནང་ཤེད་ནས། །རྡེའུ་དཀར་ཆོས་རྒྱལ་མདུན་གཡས་སྤུངས། །འདི་ཡིས་ཁ་ནས་བཏོན་པ་ལ། །མ་ཎི་བྱེ་བ་ལྷག་ཙམ་འགྲུབ། །ཡིག་བརྒྱ་སྟོང་ཚར་ཁ་ནས་བཏོན། །སྒྲོལ་མ་དཀར་སྔོན་མང་དུ་བཏོན། །བར་ཆད་ལམ་སེལ་སྟོང་ཚར་འགྲུབ། །བཛྲ་དུང་ཡོན་འདི་ལ་ཡོད། །དགོན་ཆེན་བརྒྱ་ཚོགས་འདི་ལ་ཡོད། །གཟེ་རྒྱལ་སྐོར་བ་བཅུ་གསུམ་ཡོད། །དམར་ནག་རཀྟའི་སྐོར་བརྒྱ་ཡོད། །ཆོས་མཁར་ལྷ་ཁང་དཀར་པོ་ལ། །སྐོར་བ་སུམ་བརྒྱ་ལྷག་པར་འདུག །བཙུན་མོ་རི་འབར་ཆེ་ཆུང་ལ། །སྐོར་བ་གསུམ་གསུམ་ལྷག་ཙམ་འདུག །མནའ་བཤགས་ཚར་ནི་སུམ་བརྒྱ་གདའ། །དེ་འདྲའི་བུ་མོ་ཆོས་མ་ལགས། །ལམ་དཀར་པོའི་ལམ་སྣེ་མྱུར་དུ་སྟོན། །དེ་སྐད་ཞུས་པའི་ལན་དུ་ལ། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས། །ལས་ཀྱི་བུ་ཆུང་དཀར་ནག་གཉིས། །བདེན་རྫུན་འདྲ་ལ་ཙམ་ཞིག་འདུག །མེ་ལོང་འདི་ལ་ལྟོས་དང་གསལ། །དེ་སྐད་གསུངས་ནས་བལྟས་ཙ་ན། །བྱ་བྱེའུ་འབུ་སྲིན་མང་པོ་དང་། །མནའ་སྡིག་མེ་ལོང་ཁྱབ་ནས་འདུག །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ལས་མཁན་སེངྒེ་རབ་བརྟན་ལ། །ང་ཡི་སྐུ་མཁར་མི་མཐོང་སར། །ལྕགས་སྲེག་ཐང་ཆེན་འབར་བར་ཁྲིད། །ཟོག་སྤྱང་ཀིས་ཟིན་པའི་ཉེས་དམིགས་ཡིན། །མནའ་ནག་པོ་བསྐུལ་བའི་ཉེས་དམིགས་ཡིན། །དེ་སྐད་གསུངས་པས་བུ་མོ་བདག །སེངྒེ་རབ་བརྟན་སྔོན་ནས་ཁྲིད། །རཀྴ་ཕག་མགོས་རྒྱབ་ནས་དེད། །དུག་སྦྲུལ་ནག་པོས་ལྕགས་བྲབ་བྱས། །ལྕགས་སྲེག་ཐང་ཆེན་འབར་བར་བསྲེགས། །སྟེང་ནས་ཁྲོ་ཆུ་ཁོལ་མ་བླུགས། །ལས་མཁན་བྱ་བྱེའུ་འབུ་སྲིན་སོགས། །ཤིག་དང་སྐྱ་ཀའི་མགོ་ཅན་གྱིས། །མཚོན་ཆ་མང་པོས་དྲ་ཞིང་གཏུབ། །ཡང་ཤི་ཡང་སོས་མང་པོ་ལ། །ཞག་པོ་འགའ་ཞིག་རེད་སྣང་ཤར། །སྐད་ཅིག་པད་འབྱུང་ཡབ་ཡུམ་དྲན། །གསོལ་བ་སྙིང་ནས་འདི་ལྟར་གདབ། །ང་ལུས་མེད་ཡིད་ཀྱི་བུ་མོ་ལ། །ན་ཚ་ཟུག་གཟེར་བཟོད་གླགས་མེད། །ལས་ཀྱི་རྣམ་སྨིན་ཡིན་ན་ཡང་། །པད་འབྱུང་ཡབ་ཡུམ་ཐུགས་རྗེས་ཟུང་། །སེམས་ཉིད་ཆོས་སྐུ་ཉག་ཅིག་ལ། །ལས་ཀྱི་གཤིན་རྗེ་མི་སྲིད་དོ། །དུག་ལྔ་དགྲ་རུ་ལངས་པས་ཉེས། །མ་འཁྲུལ་ཨ་མའི་ཐུགས་རྗེས་སྐྱོབས། །དེ་སྐད་གསོལ་བ་བཏབ་པའི་མཐུས། །ལས་ཀྱི་བུ་ཆུང་དཀར་པོ་དེས། །བུ་མོ་ཡར་ལ་བསུ་བར་སླེབས། །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ཡང་འཇིག་རྟེན་བུ་མོ་ཁྱོད་རང་ལ། །དགའ་སྡུག་ཅི་འདྲ་ཙམ་ཞིག་གདའ། །དེ་སྐད་གསུངས་པའི་ལན་དུ་ལ། །བུ་མོ་བདག་གིས་འདི་སྐད་སྨྲས། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །དགའ་སྡུག་ཅི་ཡོད་ཨེ་མི་ཤེས། །ཉང་མྱོང་ཟེར་ལེ་ཙམ་ཞིག་ཉང་ནས་ཐལ། །མཐོང་ཟེར་ལེ་ཙམ་ཞིག་མཐོང་ནས་ཐལ། །ཡང་ཤི་ཡང་སོས་མང་པོ་ལ། །ལོ་གྲངས་གཅིག་ནི་རེད་ནས་ཐལ། །དེ་སྐད་ཞུས་པའི་ལན་དུ་ལ། །ལོ་གྲངས་གཅིག་ནི་མ་རེད་དོ། །དམྱལ་བ་ཁ་དུག་ཆེ་བ་རེད། །ང་ཇ་ཕོར་གང་འཐུང་ཕོར་གང་བླུགས། །ཕོར་གང་སྐོར་བ་མ་ཡལ་ཐལ། །ཧ་ཧ་གསུངས་ནས་ཞལ་ཡང་འཛུམ། །བདག་གིས་མ་ཎི་མཇལ་དར་ཕུལ། །དགེ་སྡིག་ཞིབ་གཤེར་མྱུར་དུ་མཛོད། །དེ་སྐད་ཞུས་པའི་ལན་དུ་ལ། །ལས་མཁན་སེངྒེ་རབ་བརྟན་ནི། །ཡི་གེ་འདོན་ལ་མཁས་པ་ཡིན། །ལས་མཁན་རཀྴ་ཕག་མགོ་ནི། །རྒྱ་མ་འཇོག་ལ་མཁས་པ་ཡིན། །ལས་མཁན་གཏུམ་པོ་རབ་གྲགས་ནི། །མེ་ལོང་བཟུང་ལ་མཁས་པ་ཡིན། །ལས་མཁན་ཨ་བ་གླང་མགོ་ནི། །རྒྱ་མ་རྒྱལ་ཚབ་རྒྱོབ་ལ་ཤོག །དེ་སྐད་གསུངས་ནས་དགེ་སྡིག་བཅག །ཆོས་ཀྱི་རྒྱ་ཁ་མཐོ་རུ་འོང་། །རྒྱ་སྟེང་གནམ་དུ་འཕེལ་དུ་འོང་། །ཆོས་རྒྱལ་ཉིད་ནས་འདི་སྐད་གསུངས། །ལས་མཁན་སེངྒེ་རབ་བརྟན་དང་། །ལས་མཁན་གཏུམ་པོ་རབ་གྲགས་ཀྱིས། །བུ་མོ་འདི་ནི་ཐར་ལམ་སྐྱོལ། །ད་ནི་བུ་མོ་ཁྱོད་རང་མིང་དུ་ནི། །ཤི་གསོན་བར་གྱི་ཆ་བསྐུར་འགྲོ་འདུལ་མཚོ། །གཉོམ་ཆུང་རྣམས་ཀྱི་ཕ་མ་གྱིས། །སྲུ་སྤྲང་རྣམས་ལ་སྦྱིན་པ་ཐོངས། །གནས་སྐོར་ཇོ་མཇལ་མང་དུ་གྱིས། །རང་གིས་མ་ཎི་ཅི་ཐོན་གྱིས། །སེམས་ཅན་ཀུན་ལ་ཕན་ཕྱིར་བསྔོས། །ལྷ་དང་བླ་མར་མཆོད་འབུལ་གྱིས། །ལྷ་རྫས་མཆོད་པ་གཙང་སྦྲ་གྱིས། །ཉམས་ལེན་བླ་མའི་རྣལ་འབྱོར་སྒོམས། །དོན་དམ་སྟོང་ཉིད་སེམས་ལ་དྲིལ། །སྤོ་ཏི་ཕྱི་རབས་རྣམས་ལ་གཏོད། །དེང་ཕྱིན་འདི་རུ་ཡོང་མི་དགོས། །ཁྱོད་ནི་བདེ་ཆེན་གནས་སུ་གཤེགས། །དེ་སྐད་ཞུས་པའི་ལན་དུ་ལ། །རྣལ་འབྱོར་བདག་གིས་འདི་སྐད་སྨྲས། །ཕ་ཡུལ་གཤིན་རྗེའི་ཡུལ་ཆེན་ལ། །ཡི་གེ་ན་གཅིག་སྐྱི་ཁུངས་མེད། །པུ་རྗེ་མེད་པའི་ས་ཆ་ལ། །ཆོས་ཀྱི་ལྷག་མ་ཅུང་ཟད་ནི། །ཞིང་ཁམས་བགྲོད་པའི་ལམ་རྒྱགས་ཡོད། །དེ་སྐད་ཞུས་ནས་ཡར་ལ་འོང་། །ཡར་ཡར་སོང་ནས་མར་མར་བལྟས། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །ཕོ་མོ་མང་པོ་སྲེག་ལེ་མཐོང་། །སྙིང་རྗེའི་སེམས་ཀྱིས་མ་བཟོད་ནས། །བསྔོ་བ་བཟང་པོའི་རྒྱས་བཏབ་ནས། །མ་ཎི་བརྒྱ་ནི་རླུང་ལ་བསྐུར། །དེ་རྣམས་བསྔོས་པའི་ཕན་ཡོན་གྱིས། །ཕོ་མོ་བརྒྱ་ཙམ་ཐར་ནས་བྱུང་། །ཨ་མའི་ཐུགས་རྗེ་ལ་བརྟེན་ནས། །བདེ་ཆེན་ཞིང་ལ་ལམ་སྟོན་བྱས། །སྐད་ཅིག་རླུང་འབུད་བཞིན་དུ་ཐར། །དེ་ནས་སོང་བའི་ལམ་སོ་ལ། །མི་རྒན་འདམ་ལ་ཟུག་པ་མཐོང་། །དེ་ལ་མ་ཎི་གསུམ་ཙམ་བྱིན། །མ་ཎི་གསུམ་གྱི་བྱིན་རླབས་ཀྱིས། །མི་རྒན་ལངས་ནས་སྐམ་སར་སླེབས། །དེ་ནས་ཡར་ལ་སོང་བའི་སྐབས། །ཚེར་མ་མང་པོ་ཟུག་ནས་ཐལ། །རྐང་པ་རྣམས་ཀྱིས་མི་བཟོད་དོ། །ནམ་མཁའི་དབྱིངས་ནས་སྒྲ་འདི་གྲག །སུག་གེར་ཆོས་ནི་བརྐུས་ཤིག་གསུངས། །དེ་ནས་མ་ཎི་བླུགས་ནས་འཕུར། །ལམ་དཀར་པོ་མདའ་སྟོང་འདྲ་བའི་ཟུར། །མ་ཡེ་ཤེས་མཚོ་རྒྱལ་བཞུགས་པར་མཇལ། །མ་ཡི་ཞལ་ནས་འདི་སྐད་གསུངས། །ཁྱོད་བུ་མོ་འདི་ན་སླེབས་པར་སྤྲོ། །ཉང་མྱོང་པ་ཅི་འདྲ་སྣང་ནས་ཐལ། །སྡིག་པ་ཟེར་བ་ཅི་ཙམ་གདའ། །དགེ་སྡིག་ཞིབ་གསལ་ཅི་འདྲ་བྱས། །ཆོས་ཀྱི་ལྷག་མ་ཅི་ཙམ་གདའ། །ཤི་བོ་ཅི་ཙམ་ལམ་སྟོན་བྱས། །དེ་སྐད་གསུངས་པའི་ལན་དུ་ལ། །མ་ལ་བདག་གིས་འདི་སྐད་ཞུས། །དང་པོ་འགྲོ་བའི་སྐབས་ཉིད་དུ། །གཤིན་ཆུ་ཁམ་པ་རབ་མེད་ན། །ཞག་མ་ལྔ་ལ་ལུས་སྣང་ཤར། །དེ་ནས་ཡོང་བའི་བར་སྐབས་ལ། །དམྱལ་བ་ལྕགས་སྲེག་ཐང་ཆེན་ལ། །བསྲེགས་གཏོར་མང་པོ་བྱས་ནས་ཐར། །ཆོས་རྒྱལ་མདུན་དུ་སླེབས་དུས་ལ། །དཔོན་ལ་ཁྲིམས་ཁ་ཚ་ལེ་འདུག །ལས་མཁན་དྲག་རྩལ་ཆེན་པོ་གདའ། །བུ་ཆུང་ནག་པོ་ཁ་ཧམ་ཆེ། །མྱོང་ཟེར་ལེ་དམྱལ་བ་དེ་ནས་མྱོང་། །སྡུག་ཟེར་ལེ་ཆོས་རྒྱལ་མདུན་ནས་སྡུག །ཤི་ཟེར་ལེ་ལྕགས་སྲེག་ཐང་ལ་ཤི །མཐོང་ཟེར་ལེ་གཤིན་ཡུལ་དེ་ན་མཐོང་། །མཐའ་མི་འབུད་ཡར་ཐར་མེད་ཆས་བྱས། །ཆོས་ལྷག་ཧྲཱིཿདཱ་བརྒྱ་ནི་ལྷག །མ་ཎི་ཉིས་བརྒྱ་ཁ་ལྷག་ཙམ། །བཛྲ་ས་ཏྭ་བཅུ་གསུམ་ལྷག །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ཆོས་ལྷག་གཞན་ལ་བྱིན་གཅིག་གསུངས། །མ་བྱིན་བདག་གིས་ཁྱེར་ནས་འོང་། །དེ་ནས་ཡར་ལ་ཕྱིན་པའི་སྐབས། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །ཕོ་མོ་མང་པོ་སྲེག་ལེ་མཐོང་། །སྙིང་རྗེའི་སེམས་ཀྱིས་མ་བཟོད་ནས། །མ་ཎི་བརྒྱ་ཙམ་རླུང་ལ་བསྐུར། །བསྔོ་བ་བཟང་པོའི་རྒྱས་བཏབ་ནས། །ཕོ་མོ་བརྒྱ་ལྷག་ཙམ་ཞིག་བྱུང་། །བདེ་ཆེན་ཞིང་ལ་ལམ་སྟོན་བྱས། །དེ་ནས་ཡར་ལ་ཡོང་བའི་ཕྱིར། །ཟངས་ཀྱི་ཚེར་མའི་ནགས་ལ་སླེབས། །བྱ་རིགས་མང་པོ་འཕུར་མ་སླེབས། །རྐང་པ་རུས་པ་སྐྱ་སེར་གྱུར། །བདག་གིས་རྐང་ཞབས་མ་ཎི་བསྐུས། །ཚེར་མའི་སྒྲ་ནི་མི་གྲག་གོ །ཨ་མ་མཚོ་རྒྱལ་མདུན་ན་སླེབས། །དེ་ནས་རི་བོའི་རྩེ་ལ་སླེབས། །མཚོ་རྒྱལ་ཞལ་ནས་འདི་སྐད་གསུངས། །མ་ཎི་བཅུ་གསུམ་ཁྱེར་ལ་ཤོག །བདེ་ཆེན་ཞིང་ཁམས་བགྲོད་པའི་དུས། །པདྨའི་ཕྱག་རྒྱ་ཅན་ཆས་དགོས། །ཆོས་ལྷག་འདི་རྣམས་བྱ་ལ་བྱིན། །གསུངས་ནས་ཆོས་ལྷག་རླུང་ལ་བསྐུར། །ཟངས་ཚེར་ནང་གི་བྱ་རིགས་རྣམས། །བཞི་བརྒྱ་ཙམ་ཞིག་ཕྱོགས་བཞིར་འཕུར། །ཕྱོགས་བཞིའི་ཞིང་ཁམས་རྣམས་སུ་ཐར། །ད་རུང་ཆོས་ལྷག་ཡོད་པ་དེ། །ཆུ་བུར་ཅན་གྱི་ཕོ་མོ་ཚོ། །ཆོས་ལྷག་རླུང་ལ་བསྐུར་བའོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
དེ་ནས་མཚོ་རྒྱལ་མཉམ་དུ་ཡར་ལ་སོང་མཚམས་ལ་ཁ་དེར་འཇའ་འོད་སྣ་ལྔའི་འོད་ཟེར་ཕྱོགས་བཞི་དབུས་ལྔ་ནས་ཟུག་པར་མཚོ་རྒྱལ་གྱི་ཞལ་ནས། བུ་མོ་ཁྱོད་རང་མ་གཡེང་པར་བདག་གིས་སྟོན་པས་འདི་ལྟར་ལྟོས་དང་། ཤར་གྱི་འཇའ་སྔོན་པོ་འདི་མངོན་པར་དགའི་ཞིང་གི་འོད་ཟེར་ཡིན་ནོ། །ལྷོ་ཡི་འཇའ་འོད་སེར་པོ་འདི་དཔལ་དང་ལྡན་པའི་ཞིང་གི་འོད་ཟེར་ཡིན་ནོ། །ནུབ་ཀྱི་འཇའ་འོད་དམར་པོ་འདི་བདེ་ཆེན་ཞིང་གི་འོད་ཟེར་ཡིན་ནོ། །བྱང་གི་འོད་ཟེར་ལྗང་ཁུ་འདི་ལས་རབ་རྫོགས་པའི་ཞིང་གི་འོད་ཟེར་ཡིན་ནོ། །དབུས་ཕྱོགས་འཇའ་འོད་དཀར་པོ་འདི་འོག་མིན་སྟུག་པོ་བཀོད་པའི་ཞིང་གི་འོད་ཟེར་ཡིན་ནོ། །
གཞན་ཡང་འཇའ་འོད་འོད་ཟེར་སྣ་ཚོགས་ཤར་བ་འདི་ཡང་ཞིང་ཁམས་སྣ་ཚོགས་ཀྱི་འོད་ཟེར་ཡིན་ནོ། །དེས་ཁྱེད་རང་གིས་དགེ་སྡིག་གི་རྒྱུ་འབྲས་ཞིབ་ལེགས་པར་གྲུབ་པས་ཞིང་ཁམས་གང་དགའ་ལེགས་པར་གདམ་ག་གྱིས་ཤིག་ཅེས་གསུངས་པས། ལེགས་སོ། །བདག་ནི་ནུབ་ཕྱོགས་ཀྱི་འོད་དམར་པོ་འདི་དང་འགྲོགས་ནས་བསམ་འགྲུབ་བདེ་ཆེན་ཀུན་དགའི་ཞིང་དེར་དགའ་བདེ་ཕུན་སུམ་ཚོགས་པ་ཡོད་ཐོས་པས། ང་རང་དེ་ན་འགྲོ་བསམ་པས་ཨ་མ་མཚོ་རྒྱལ་ཁྱེད་ཀྱིས་ལམ་སྣ་འདྲེན་པའི་བཀའ་དྲིན་ཞུས་ནས། གོམ་པ་བདུན་བོར་བའི་མཚམས་ལ་སེངྒེ་དཀར་མོ་དང་དྲེལ་དཀར་མོ་གཉིས་ལ་སྒ་སྲབ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་ཡོད་འདུག་པས་མཚོ་རྒྱལ་གྱིས་སེངྒེ་དང་། བདག་གིས་དྲེལ་དཀར་ཞོན་ནས་འཇའ་དམར་པོའི་སྟེང་ནས་ནུབ་རིའི་རྩེར་སྐད་ཅིག་ལ་བྱོན། བདེ་ཆེན་ཞིང་གི་བཀོད་པ་ལག་མཐིལ་ལྟ་བུར་མཇལ་བས་ཡིད་སྣང་བ་སྤྲོ་ཞིང་དགའ་བ་ཁྱད་པར་སྐྱེས་ནས། ཕྱག་གསུམ་འཚལ་ཞིང་དག་པ་བདེ་ཆེན་ཞིང་དུ་སྐད་ཅིག་ཉིད་དུ་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པའི་མཚམས་ལ། དྲེལ་དང་སེངྒེ་རྣམས་ལ་ཐིམ་ནས་ས་གཞི་ཐམས་ཅད་ནི་མནན་བཏེག་ན་སྤར་བར་བྱེད་པ། གོམ་པ་དུ་བོར་ཐམས་ཅད་ལ་མེ་ཏོག་སྡེར་ཁ་ཙམ་འདབ་མ་བརྒྱད་པ་རེ་བཀྲག་ཅིང་སོང་བས། བཀྲ་ཤིས་ལྷ་ལུང་ཟེར་བ་ནས་བདུད་རྩིའི་རྒྱུན་ཆེན་པོ་འབབ་པ་ནས་ཡན་ལག་ལྔ་ཁྲུས་དང་མང་དུ་འཐུངས་པས་སྡིག་སྒྲིབ་ཐམས་ཅད་དག །སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི། ལུས་དུང་གི་མཆོད་རྟེན་ལྟར་གྱུར་ནས། ལུང་ཆེན་རེ་ལ་གོམ་ཆེན་རེ། ལུང་ཆུང་རེ་ལ་གོམ་ཆུང་རེ་བྱས་ནས་ཡར་ལ་སོང་ནས། ས་གཞི་ནི་སྔོན་མ་ལྟར་ལ་རིན་པོ་ཆེ་སྣ་ཚོགས་གཅལ་དུ་བཀྲམ་པ་བར་སྣང་མིག་གི་མཐོང་ཡུལ་ཐམས་ཅད་ལ་མཆོད་པའི་སྤྲིན་ཕུང་འཁྲིགས་པའི་གསེབ་ནས་རིན་པོ་ཆེ་སྣ་ཚོགས། དར་ཟབ་སྣ་ཚོགས། འབྲུ་སྣ་ཚོགས། སྨན་སྣ་ཚོགས། མཆོད་པ་སྣ་ཚོགས། མེ་ཏོག་སྣ་ཚོགས། འདོད་དགུའི་ལོངས་སྤྱོད་སྣ་ཚོགས་གང་འདོད་ཀྱི་ཆར་ཆེན་འབེབས་སོ། །ཅི་འདོད་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཕྱུར་བུས་གཏམས་ལ། སྙན་པའི་ཆོས་སྒྲ་ཆུ་དང་རླུང་གིས་སྒྲོག་པ། ཤིང་ཐམས་ཅད་བྱང་ཆུབ་ལྗོན་ཤིང་། ལོ་མ་དར་ཟབ་སྣ་ཚོགས་འབྲས་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཕྲེང་དང་མེ་ཏོག་བརྒྱན་པའི་གསེབ་ནས། ངོ་བོ་བྱང་ཆུབ་སེམས་དཔའ་ལ་སྣང་ཚུལ་བྱ་རིགས་སྣ་ཚོགས་ཀྱིས་ཆོས་དབྱིངས་སྣ་ཚོགས་ཀྱི་ཡན་ལག་དྲུག་ཅུའི་དབྱངས་སྙན་སྒྲོག་པ། རང་ཉིད་བདེ་ཆེན་ཞིང་ཀུན་སླེབས་ཀ་ཡིད་མོས་གུས་གདུང་བས་གསོལ་བ་འདི་ལྟར་བཏབ་པའོ། །ད་ནི་བདེ་ཆེན་ཞིང་དེར་སླེབས་པ་ཡིན། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །ང་ཡི་གསེར་དང་རིན་ཆེན་སྣ་ཚོགས་འདི། །མ་ཅིག་ཇོ་མོས་བདག་ལ་གནང་བ་ཡིན། །དེ་རིང་གཙོ་བོ་གསུམ་པོའི་མདུན་ལ་འབུལ། །བདག་གིས་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །ལུས་ངག་ཡིད་གསུམ་སྨིན་གྲོལ་སངས་རྒྱས་ནས། །ཕྱི་རབས་རྣམས་ལ་ཕན་ཐོགས་རྒྱ་ཆེན་ཤོག །མ་གྱུར་འགྲོ་དྲུག་མཁའ་ཁྱབ་སེམས་ཅན་དང་། །ཁྱད་པར་བར་དོའི་སྐབས་ལ་ཡོད་ཚད་རྣམས། །བདག་ཉིད་བཞིན་དུ་བདེ་ཆེན་ཞིང་ཁམས་འདིར། །བདག་དང་འབྲལ་བ་མེད་པར་ཤོག །རྩེ་གཅིག་སྨོན་ལམ་གང་བཏབ་དེང་འགྲུབ་ཤོག །ཅེས་གསོལ་བ་བཏབ་པས་ལྕགས་རི་ཕྱི་ནང་བར་གསུམ་ལ་གོམ་པ་གསུམ་གྱིས་འོད་དཔག་མེད་ཀྱི་མདུན་ན་སླེབས། སེམས་དགའ་ཞིང་ཡི་རང་ནས་ཕྱག་གསུམ་འཚལ་ནས་ཡར་ལ་ལྟ་བའི་མཚམས་སུ། རིན་པོ་ཆེའི་གཞལ་མེད་ཁང་བཟང་ནི་བཀྲ་ཤིས་སྒོ་མང་གི་རྣམ་པར་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། ཕྱི་ནང་སྒྲིབ་གཡོགས་བྲལ་བ་ནམ་མཁའི་ཁམས་དང་མཉམ་པ། མཆོད་རྫས་ལོངས་སྤྱོད་གང་འདོད་ཕུན་སུམ་ཚོགས་པ་ཕྱུར་བུར་གཏམས་པའི་དབུས། བྱང་ཆུབ་ཀྱི་ཤིང་ལོ་འདབ་མེ་ཏོག་འབྲས་བུ་ཕྱོགས་བཅུར་རྒྱས་པའི་དྲུང་དུ། ཨེ་མ་ཧོ། ཆོས་སྐུ་སངས་རྒྱས་འོད་དཔག་མེད་མགོན་དེ། །སྐུ་མཆོག་རི་རྒྱལ་ལྷུན་པོ་ལྟ་བུར་བརྗིད། །གསུང་མཆོག་འགག་མེད་ཆོས་དབྱིངས་འབྲུག་ལྟར་སྒྲོགས། །ཐུགས་མཆོག་སྒྲིབ་བྲལ་དུས་གསུམ་ས་ལེར་གཟིགས། །སྐུ་རྒྱབ་བྱང་ཆུབ་ཤིང་ལ་བརྟེན་མཛད་དེ། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འབྲུ་བདུན་བསྐང་། །དབུ་ཡི་གཙུག་གཏོར་ནམ་མཁའི་རྒྱན་ལ་མཛེས། །བྱམས་པའི་སེམས་ཀྱིས་འགྲོ་བ་ཡོངས་ལ་གཟིགས། །དགོངས་པ་ཟབ་མོ་ནམ་མཁའི་མཐའ་དང་མཉམ། །སྐུ་ཡི་གཟི་བརྗིད་ཉི་མ་འབུམ་ལས་ལྷག །འཇམ་པའི་བཞིན་རས་བདེ་བའི་ཉམས་དང་ལྡན། །བདག་ཉིད་འགྲོ་བ་ཡོངས་ཀྱི་བུ་རྣམས་ལ། །དུས་གསུམ་རྟག་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ནངས་རེ་བཞིན་དུ་གསོལ་བ་རྩེ་གཅིག་ཐོབ། །བདེ་ཆེན་ཞིང་དུ་བགྲོད་པར་ཐེ་ཚོམ་མེད། །ཡང་འཁོར་སུམ་ཁྲི་དྲུག་སྟོང་བསྐོར་བའོ། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱབས་སྦྱིན་པད་དཀར་གཡོན། །གསུང་དབྱངས་ཐེག་ཆེན་ཆོས་ཀྱི་སྒྲ་རྣམས་སྒྲོགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པ་པདྨའི་གཡོན། །ཡང་སྤྲུལ་སུམ་སྟོང་ལྔ་བརྒྱས་བསྐོར་བའོ། །གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ཐུགས་རྗེས་སྤྱན་རས་ཡངས་པས་བདག་ལ་གཟིགས། །ཕྱི་རིམ་བྱང་སེམས་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་ཆོས་གོས་རྣམ་གསུམ་དང་། །པདྨའི་ཕྱག་རྒྱ་མཆོད་སྤྲིན་རྒྱ་མཚོར་འབུལ། །ཞལ་གསུང་མགུར་མ་ཆོས་དབྱངས་ཁྲ་ལ་ལ། །ཐུགས་དགོངས་ནམ་མཁའ་ལྟ་བུར་བདག་ལ་གཟིགས། །བར་མཚམས་བདུད་རྩིའི་མཚོ་རྫིང་པདྨའི་སྦུབས། །བོད་ཡུལ་ལས་དག་བྱང་ཆུབ་སེམས་དཔའ་རྣམས། །ཞིང་འདིར་འབྱོན་པའི་པདྨ་འདི་དག་ཡིན། །ཆུ་ཚོད་གསུམ་གྱི་ཡུན་ལ་ཁ་བྱེ་སྟེ། །སངས་རྒྱས་ཞལ་མཇལ་བདེ་སྐྱིད་ཕུན་སུམ་ཚོགས། །བསམ་འགྲུབ་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །ཤར་ཕྱོགས་སྤྱན་གཟིགས་ཕྱག་སྟོང་སྤྱན་སྟོང་ལ། །ཡབ་ཡུམ་སྲས་གསུམ་ཉེ་བའི་སྲས་ཆེན་བརྒྱད། །ཡང་འཁོར་སྟོང་དང་འབུམ་གྱིས་བསྐོར་བའོ། །ལྷོ་ཕྱོགས་པད་འབྱུང་ཡིད་བཞིན་ནོར་བུའི་ཚུལ། །ཕྱི་རོལ་ཐོད་ཕྲེང་སྡེ་ལྔ་མཚན་མཆོག་བརྒྱད། །དེ་རྒྱབ་གུ་རུ་གཙོ་དགུ་ཚོམ་བུར་བཅས། །ཡང་སྤྲུལ་པད་འབྱུང་བྱེ་བ་ཕྲག་བརྒྱས་བསྐོར། །ནུབ་ཕྱོགས་བཅོམ་ལྡན་ཚེ་དཔག་མེད་མགོན་ལ། །རྣམ་རྒྱལ་སྒྲོལ་མ་དཀར་སྔོན་ཚེ་འཕེལ་མ། །ཡང་སྤྲུལ་བདུན་ཁྲི་དྲུག་སྟོང་བསྐོར་བའོ། །ཤར་ལྷོར་གཙོ་བོ་རྡོ་རྗེ་ཕག་མོ་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་ཌཱཀི་བཞི། །ཡང་སྤྲུལ་སུམ་ཁྲི་དྲུག་སྟོང་བསྐོར་བའོ། །གཡས་སུ་སྒྲོལ་མ་དཀར་སྔོན་བྱེ་བ་བརྒྱ། །གཡོན་དུ་སེང་གདོང་རིགས་ལྔ་སུམ་ཁྲི་སྟོང་། །ཡང་འཁོར་སྟོང་དང་ལྔ་བརྒྱས་བསྐོར་བའོ། །ལྷོ་ནུབ་རྟ་མགྲིན་རྟ་དབུ་ལྔ་པ་ལ། །ཕྱི་རོལ་སྐུ་གསུང་ཐུགས་སྤྲུལ་ཁྲོ་ཆེན་བཞི། །དེ་ཡི་ཕྱི་རོལ་ཁྲོ་བཅུ་ཁྲ་ཐབས་བཅུ། །ཡང་སྤྲུལ་བྱེ་བ་འབུམ་གྱིས་བསྐོར་བའོ། །ནུབ་བྱང་གུ་རུ་རྡོ་རྗེ་གྲོ་ལོད་རྩལ། །མདུན་དུ་དྲག་དམར་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་གསེར་རྡོར་རྩེ་ནས་རླུང་གཡབ་ཕྱར། །གཡོན་པས་ལྕགས་ཀྱུ་སྡིག་རྒོད་མགོ་དགུ་བསྣམས། །གཡས་སུ་གུ་རུ་དྲག་པོ་ཐོད་ཕྲེང་རྩལ། །རྒྱབ་ཏུ་གུ་རུ་སྣང་སྲིད་ཟིལ་གནོན་རྩལ། །གཡོན་ཕྱོགས་དྲག་མཐིང་ཞལ་གསུམ་ཕྱག་དྲུག་པ། །ཕྱི་རོལ་སོ་སོའི་འཁོར་ཚོགས་ཚོམ་བུ་དང་། །ཡང་སྤྲུལ་བྱེ་བ་ཕྲག་བརྒྱས་བསྐོར་བའོ། །བྱང་ཤར་གཙོ་བོ་མཁའ་འགྲོ་མཚོ་རྒྱལ་མ། །ཕྱི་རོལ་ཕྱོགས་བཞི་མཚོ་རྒྱལ་རིགས་བཞི་དང་། །མཚམས་བཞིར་བདུད་འདུལ་རིགས་བཞི་དེའི་ཕྱོགས་བཞིར། །སེང་གདོང་རིགས་བཞི་ཡང་སྤྲུལ་བྱེ་བ་འབུམ། །དེའི་ཕྱི་རོལ་ཕྱོགས་མཚམས་སྟེང་འོག་བཅུར། །ཕྱོགས་བཅུའི་སངས་རྒྱས་རྣམས་ནི་གཙོ་བོ་ལ། །འཁོར་ནི་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །ཡང་སྤྲུལ་བྱེ་བ་འབུམ་གྱིས་བསྐོར་བའོ། །ཤར་ཕྱོགས་བཀའ་བཞི་བརྒྱུད་པའི་བླ་མ་རྣམས། །ནམ་མཁའི་སྐར་ཚོགས་ལྟ་བུར་གྲངས་མེད་དོ། །ལྷོ་ཕྱོགས་ཉང་ཆོས་སྟག་ཤམ་རྡོ་རྗེ་སོགས། །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩ་གཉིས། །ནམ་མཁའི་སྤྲིན་ཚོགས་ལྟ་བུར་གཏིབ་པའོ། །ནུབ་ཕྱོགས་ས་སྐྱ་དགེ་ལྡན་བླ་མ་རྣམས། །ས་གཞིའི་རྩི་ཐོག་བཞིན་དུ་བཀྲ་བའོ། །བྱང་ཕྱོགས་མདོ་སྔགས་བརྒྱུད་པའི་བླ་མ་རྣམས། །གྲངས་སུ་མ་མཆིས་བྱེ་བ་འབུམ་འབུམ་རྣམས། །ནམ་མཁའ་བར་སྣང་ཐམས་ཅད་གང་བའོ། །ས་གཞི་རིན་ཆེན་སྣ་ལྔའི་རང་བཞིན་ལ། །བདུད་རྩིའི་མཚོ་རྫིང་སྤང་ལྗོངས་སྐྱེད་མོས་ཚལ། །མེ་ཏོག་སྣ་ཚོགས་འོད་ཟེར་འཇའ་རིས་འཁྱུགས། །མནན་ན་ནེམ་ནེམ་བཏེག་ན་སྤར་བྱེད་པ། །བདེ་འཇམ་ཡངས་ཤིང་གོམ་རེར་པདྨ་འཁྲུངས། །ལྗོན་ཤིང་རིན་ཆེན་སྣ་ལྔ་ལོ་འདབ་རྒྱས། །འབྲས་བུ་རིན་ཆེན་རྒྱན་ཕྲེང་ཟག་ཚང་སྤྲས། །དར་སྣ་ལྔའི་ཅོད་པཎ་འཕྱང་བའོ། །ཤིང་ལོའི་བར་མཚམས་མེ་ཏོག་སྣ་ཚོགས་དག་གི་གསེབ་ལམ་ནས། །བྱང་སེམས་ངོ་བོ་བྱ་རིགས་སྣ་ཚོགས་ཀྱིས། །ཡིད་འོང་མཛེས་ཤིང་ལྟ་སྡུག་འཕུར་འཛུམ་བཅས། །ཆོས་དབྱིངས་ཡན་ལག་དྲུག་ཅུའི་སྒྲ་སྐད་བསྒྲགས། །བར་བར་ཐམས་ཅད་བདུད་རྩིའི་མཚོ་རྫིང་ལ། །དྲི་ཞིམ་སྤོས་ཀྱི་ངད་ལྡན་ཐུལ་ཐུལ་འཐུལ། །ཆུ་རླུང་སྒྲ་ལ་ཆོས་སྒྲ་སིལ་སལ་བསྒྲགས། །བར་སྣང་མཆོད་པའི་སྤྲིན་དཔུང་འཁྲིགས་གསེབ་ནས། །མཆོད་པའི་ལྷ་མོ་བྱེ་བ་གྲངས་མེད་ཀྱིས། །མཆོད་རྫས་སྣ་ཚོགས་བསྟོད་དབྱངས་བཅས་ཏེ་འབུལ། །ཕྱོགས་མཚམས་བརྒྱད་དང་བར་མཚམས་ཐམས་ཅད་དུ། །རིན་ཆེན་ཁང་བཟང་བཀོད་པ་ཕུན་སུམ་ཚོགས། །དབུས་སུ་རིན་ཆེན་གཞལ་མེད་ཁང་བཟང་ནི། །བཀྲ་ཤིས་སྒོ་མང་ཚུལ་དུ་ཡོད་པ་ལ། །ཕྱི་ནང་མེད་པར་འོད་ཟེར་ལྔ་ལས་གྲུབ། །འཇའ་འོད་ཐིག་ལེ་ཐིག་ཕྲན་ཟེར་ཐག་འཚེར། །ལྟ་བ་མིག་གིས་མི་བཟོད་ངོ་མཚར་འཆར། །བར་མཚམས་མེ་ཏོག་པདྨའི་ཕྲེང་བ་ལ། །ཞིང་འདིར་བྱོན་པའི་དགེ་སློང་སྤུས་གཙང་རྣམས། །པདྨའི་སྦུབས་འཁྲུངས་ཞག་པོ་བཅུ་གསུམ་མཚམས། །མེ་ཏོག་ཁ་ཕྱེ་སངས་རྒྱས་ཞལ་མཇལ་ལོ། །དེའི་ཕྱི་རིམ་ལྕགས་རི་ཁོར་ཡུག་ལ། །རིམ་པ་བདུན་བདུན་གསུམ་ནི་ཡོད་པ་དེ། །བར་བར་ཐམས་ཅད་མཚོ་རྫིང་ལྗོན་ཤིང་རྒྱས། །བར་མཚམས་ཤར་གླིང་འོ་མའི་རྒྱ་མཚོ་ལ། །འཐུང་ན་སྡིག་མེད་འོ་མ་བརྒྱའི་ལས་མངར། །ལྷོ་གླིང་ལོངས་སྤྱོད་ཟས་སྣའི་རོལ་མོ་ལ། །སྡིག་མེད་ཟས་སྣའི་ལོངས་སྤྱོད་ཕུན་སུམ་ཚོགས། །ནུབ་གླིང་ཤིང་ནི་གླག་ཤའི་ཚལ་ཆེན་ན། །སྡིག་མེད་ཤ་ལྟར་ཟ་ཞིང་ཤ་བས་ཞིམ། །བྱང་གླིང་བསྐོལ་ཇའི་སྐྱེད་ཚལ་རབ་རྒྱས་ན། །སྡིག་མེད་ཇ་ལྟར་བཀོལ་བས་ཇ་བས་ཞིམ། །ཤར་ལྷོ་འབྲས་ཀྱི་སྙེ་མའི་ཚལ་ཆེན་དང་། །ལྷོ་ནུབ་ནས་ཀྱི་སྙེ་མའི་ཚལ་ཆེན་དང་། །ནུབ་བྱང་གྲོ་ཡི་སྙེ་མའི་ཚལ་ཆེན་དང་། །བྱང་ཤར་མ་རྨོས་ལོ་འབྲས་ཚལ་ཆེན་དང་། །བར་མཚམས་མཐོང་ཡུལ་ས་ཕྱོགས་ཐམས་ཅད་དུ། །ཁ་ཟས་ལོངས་སྤྱོད་སྤྲིན་ལྟར་འཁྲིགས་པའོ། །དེའི་ཕྱི་རིམ་པདྨའི་ཕྲེང་བ་ལ། །ཆོས་ལྡན་མི་སྐྱ་ཕོ་མོ་འཁྲུངས་པའི་གནས། །ཡུན་ནི་མི་གནས་སྨོན་ལམ་གང་ཐོབ་ཡིན། །རབ་ནི་ཞག་གྲངས་ཟླ་གྲངས་ལོ་གྲངས་སོགས། །ཡང་མཐའ་རྣམས་ནི་ལོ་གྲངས་ལྔ་བརྒྱའི་བར། །མེ་ཏོག་མི་ཕྱེ་བདེ་སྐྱིད་ལོངས་སྤྱོད་ལྡན། །དེ་འདྲ་སྨོན་ལམ་མ་ཐོབ་སྐྱོན་དུ་མཆིས། །དུས་རྒྱུན་སྨོན་ལམ་ཐོབ་ལ་ཐེ་ཚོམ་སྤོངས། །མེ་ཏོག་ཁ་ཕྱེ་སངས་རྒྱས་ཞལ་མཇལ་ལོ། །དེའི་ཕྱི་རིམ་ལྕགས་རི་བཅུ་གཉིས་ལ། །ཤེལ་ལྕགས་རིན་ཆེན་བཅུ་གཉིས་ལྕགས་རིའོ། །དེའི་ཕྱི་རིམ་མཚོ་ཆེན་དཔག་ཚད་བཞི། །ཕྱོགས་བཞི་ཟམ་བཞི་རིན་ཆེན་ལྔ་ལས་གྲུབ། །བང་སོ་བཅོ་བརྒྱད་དག་ནི་ཡོད་པ་སྟེ། །བང་སྒྲོམ་རེ་ལ་ཤེལ་ཁང་རེ་རེས་མཚན། །ཤེལ་ཁང་རེ་ལ་སྒོ་སྲུང་རེ་རེས་མཚན། །སྒོ་སྲུང་རེ་རེས་ཁྲུས་ཆབ་རེ་རེ་བསྣམས། །བདག་དང་མ་གྱུར་ནམ་མཁས་ཁྱབ་ཚད་ཀུན། །བདེ་ཆེན་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །བདག་གིས་སྨོན་ལམ་ཇི་ལྟར་བཏབ་ཚད་ཀུན། །གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་བདེ་ཆེན་ཞིང་ཕྱི་ནང་གི་བཀོད་པ་ལག་མཐིལ་ལྟ་བུར་མཇལ་ཞིང་མཚོ་རྒྱལ་གྱིས་ལྷ་ངོ་སོ་སོར་སྤྲད་བཞིན་གྱི་མེ་ལོང་ལམ་ཙམ་བཤད་ཟིན་ཏོ། །
དེ་ནས་སངས་རྒྱས་འོད་དཔག་མེད་ཀྱིས་ཕྱག་གཡས་བདག་གི་སྤྱི་བོར་བཞག་ནས་ཞལ་གདམས་འདི་གསུངས་སོ། །ཨེ་མ་ཧོ། སྙིང་རྗེ་མེད་པའི་བུ་མོ་ང་ལ་ཉོན། །མིང་ནི་བཀའ་ཐུབ་བརྩོན་འགྲུས་བཟང་མོར་ཐོག །ཁྱེད་ནི་འཁོར་བའི་ལས་ལ་མ་གཡེང་ནས། །ང་ཡིས་ཅི་ཟེར་ཚིག་འདི་ཉམས་སུ་ལོངས། །བྱམས་དང་སྙིང་རྗེ་ཕར་ཕྱིན་དྲུག་ལ་སྤྱོད། །འཁོར་བའི་ལས་ངན་འདོད་ཆགས་ཞི་གྱུར་ཅིག །བག་ཆགས་གཉིས་འཛིན་རྟོག་པ་བྲལ་གྱུར་ཅིག །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བ་དང་། །དབང་བཞི་ཡེ་ཤེས་འཇའ་ལུས་སྐུ་འགྲུབ་ནས། །བདེ་ཆེན་ཞིང་འདིར་འབྲལ་མེད་གདོད་གནས་ཤོག །དེ་བཞིན་ཁྱེད་ཀྱིས་སྨོན་ལམ་རྒྱུན་དུ་ཐོབ། །འགྲུབ་པར་འགྱུར་རོ་ཐེ་ཚོམ་ཡོད་པ་མིན། །ཞེས་གསུངས། དེ་ནས་བདེ་ཆེན་ཞིང་གི་སྨོན་ལམ་ཕྱི་ནང་བཀོད་པ་ཆེ་ཁོག་ལས། ཕྱོགས་མཚམས་གཞལ་མེད་ཁང་སོ་སོར་ལྷ་ཚོགས་ཚོམ་བུ་ཤར་བ། བར་སྐབས་བྱང་ཆུབ་ཤིང་དྲུང་རེ་རེར་བྱང་ཆུབ་སེམས་དཔའི་འཁོར་ཚོམ་བུས་རྒྱས་བསྡུས་མང་པོར་ཆོས་འཆད་ཚུལ། རེ་རེས་སྒོམ་འདེབས་ཚུལ། བླ་མ་དགེ་སློང་རྟོགས་ལྡན་དེ་རྣམས་ཀྱི་མཚན་དང་། བདེ་ཆེན་ཞིང་ནས་ཚུལ་ཡོང་ཚུལ། །གསོལ་བ་བཏབ་ཚུལ། བྱིན་རླབས་ཆེ་ཚུལ་མང་དུ་ཡོད་ཚུལ་བྲི་མ་ནུས། དེ་ནས་མཚོ་རྒྱལ་གྱི་ཞལ་ནས། བུད་མེད་ཁྱོད་ཀྱིས་ཞིང་བཀོད་གཉིས་ནས་ལྷ་ཚོགས་ཚོམ་བུ་ལོགས་སུ་མཇལ་བ་འདི་ནི་སྐྱེ་བ་འདིའི་སྔ་རོལ་རྩ་བའི་ཡི་དམ་དུ་བསྒྲུབས་པའི་འབྲས་བུ་ལགས། ད་ཡང་ལྷ་སྐལ་ཡིན་འདུག་པས་དེ་བཞིན་བསྒྲུབས་ལ་དྲིལ་ལོ་གསུངས།
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ལྕགས་ཁང་སྒོ་མེད་བར་མཚམས་དེར། །བུ་མོ་གསུམ་ཙམ་སླེབས་ནས་བྱུང་། །ཕ་བོང་དཀར་པོའི་སྟེང་རོལ་ནས། །སྐད་འགྱུར་ཁུགས་གླུ་རུ་བླངས་ནས་ནི། །བུ་མོ་བདག་གིས་འདི་སྐད་སྨྲས། །ཁྱོད་མོ་སྨན་གསུམ་ཙམ་བྱུང་ལེ་འདི། །ས་ཆ་གང་གི་ཕྱོགས་ནས་འོང། །མིང་ལ་ཇི་སྐད་ཟེར་བ་ཡིན། །ཡུལ་ཕྱོགས་གང་ལ་འགྲོ་མི་ཡིན། །དེ་སྐད་སྨྲས་པའི་ལན་དུ་ལ། །རྣལ་འབྱོར་བདག་ལ་འདི་སྐད་ཟེར། །ས་ཆ་གཙང་སྟོད་ཕྱོགས་ནས་ཡིན། །མིང་ནི་ལྷ་སྐྱིད་ལྷ་གསལ་མ། །ཚེ་རིང་མཚོ་མོ་ཟེར་བ་ཡིན། །ད་ལྟ་གཤིན་རྗེ་ཕ་ཡུལ་ཡིན། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། །ཁྲིམས་ཁ་གྲངས་ཞིབ་ཅི་འདྲ་གདའ། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །ཚ་བའི་ཚ་དམྱལ་ཅི་འདྲ་གདའ། ཆུ་བུར་ཅན་གྱི་དམྱལ་བ་ལ། །གྲང་བའི་གྲང་དམྱལ་ཅི་འདྲ་གདའ། །ཁྲོ་ཆུ་ཁོལ་མའི་དམྱལ་བ་ལ། །ཚོས་པའི་ཚོས་དམྱལ་ཅི་འདྲ་གདའ། །དམྱལ་ཟངས་གྲུ་བཞི་ཟེར་བ་ལ། །ཚད་དུ་བཞག་ན་ཅི་ཙམ་གདའ། །འོག་ནས་འབུད་མི་དུ་ཙམ་གདའ། །མི་རོ་གཙག་མཁན་དུ་ཙམ་གདའ། །ཆོས་རྒྱལ་མཇལ་བའི་ལམ་པོ་ལ། །ལས་མཁན་དྲག་རྩལ་ཅི་འདྲ་གདའ། །དེ་ནས་འགྲོ་བའི་ལམ་སོ་ལ། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། །བཀྲག་དང་གཟི་མདངས་ཅི་འདྲ་གདའ། །སྟོབས་དང་མངའ་ཐང་ཅི་འདྲ་གདའ། །ཁྲིམས་ཁ་དྲང་ཞིབ་ཅི་འདྲ་གདའ། །དེ་འདྲ་ཟེར་བའི་ལན་དུ་ལ། །བུ་མོ་བདག་གིས་འདི་སྐད་སྨྲས། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །སྐྱ་ཚུགས་བདུན་གྱི་ལམ་དུ་གདའ། །ཆོས་ཡོད་རྣམས་ལ་མི་སྐྱོན་ཏོ། །ཆོས་མེད་སྡིག་ཅན་ཕྱལ་ལེར་སྲེག །ཚ་བའི་ཚ་དམྱལ་དེ་འདྲ་གདའ། །ཆུ་བུར་ཅན་གྱི་དམྱལ་བ་ལ། །ཆགས་ཕྲོམ་མཚོ་ཆེན་དཔག་ཚད་སྟོང་། །ཆོས་ཡོད་རྣམས་ལ་མི་སྐྱོན་ཏོ། །ཆོས་མེད་སྡིག་ཅན་ཐམས་ཅད་ལ། །སྟེང་ནས་བླུགས་དུས་འོག་ནས་ཚོས། །འོག་ནས་བླུགས་དུས་སྟེང་ནས་ཚོས། །ཚོས་པས་ཚོས་དམྱལ་དེ་འདྲ་གདའ། །དམྱལ་ཟངས་ཟེར་བའི་ཁ་འཁོར་ལ། །རྟ་ཕོས་ཉིན་ལམ་བཅོ་བརྒྱད་གདའ། །འོག་ནས་འབུད་མི་བཞི་ཙམ་གདའ། །སྟག་ཁོལ་ཅན་གྱིས་གཡས་ནས་འབུད། །གཟིག་ཁོལ་ཅན་གྱིས་གཡོན་ནས་འབུད། །དྲེད་ཁོལ་ཅན་གྱིས་རྒྱབ་ནས་འབུད། །དོམ་ཁོལ་ཅན་གྱིས་སྔོན་ནས་འབུད། །ཁོལ་མོ་འབྲུག་སྟོང་ལྡི་རི་རེད། །མེ་རི་རང་འབར་རྒྱག་ཏུའོ། །མི་རོ་གཙག་མཁན་མང་དུ་གདའ། །སོག་ལེ་ཅན་གྱིས་དྲ་དུའོ། །རལ་གྲི་ཅན་གྱིས་བྲེག་ཏུའོ། །སྐམ་པ་ཅན་གྱིས་རྨུག་ཏུའོ། །དྲ་གཟོང་ཅན་གྱིས་དྲ་དུའོ། །ཐོ་བ་ཅན་གྱིས་བརྒྱབ་ཏུའོ། །སྟ་རེ་ཅན་གྱིས་གཙག་ཏུའོ། །སྟེས་ཁེ་ཅན་གྱིས་གཞོག་ཏུའོ། །གུག་རུ་ཅན་གྱིས་གཞར་དུའོ། །གསོར་ལོ་ཅན་གྱིས་ཕུག་ཏུའོ། །འཛུམ་ཆེན་ཅན་གྱིས་འབྲུ་དུའོ། །ཆོས་ཡོད་རྣམས་ལ་མི་སྐྱོན་ཏོ། །ཆོས་མེད་རྣམས་ལ་དེ་ལྟར་གདའ། །ཆོས་རྒྱལ་མཇལ་བའི་ལམ་སོ་ལ། །ལས་མཁན་དྲག་རྩལ་འདི་ལྟར་གདའ། །ལས་མཁན་གཏུམ་པོ་རབ་གྲགས་ཀྱིས། །བྱེའུ་ཁྲ་ཡིས་བཅུམ་བཅུམ་བྱེད་དོའོ། །ལས་མཁན་རཀྴ་ཕག་མགོ་ཡིས། །གླག་ཐད་ལ་རུབ་རུབ་བྱེད་དོའོ། །ལས་མཁན་སྤྱང་ཀིའི་མགོ་ཅན་གྱིས། །སྤྱང་ལུག་ལ་འདྲེས་ལྟར་བྱེད་དུའོ། །ལས་མཁན་སེང་གེ་རབ་བརྟན་གྱིས། །འཕར་བ་ར་ལ་གཞུམ་གཞུམ་རེད། །ལས་མཁན་ཨ་ཝ་གླང་མགོ་ནི། །ཆུ་བྱ་ཉ་ལ་འཇུམ་འཇུམ་རེད། །ལས་མཁན་དར་མ་སྤྲེལ་མགོ་ནི། །སྤྱང་ཐུང་མཆེ་དུག་ལངས་པ་འདྲ། །ལས་མཁན་དོམ་གྱི་མགོ་ཅན་གྱིས། །ལུས་ལ་རྒྱང་ཤིང་རྒྱབ་ཏུའོ། །ཆོས་ཡོད་རྣམས་ལ་མི་སྐྱོན་ཏོ། །ཆོས་མེད་རྣམས་ལ་དེ་ལྟར་གདའ། །ལམ་དཀར་ནག་གཉིས་ཀྱི་སུམ་མདོ་ལ། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། །སྐུ་གཟི་མདངས་ཉི་ཟླ་སྟོང་བས་ལྷག །སྤྱན་རྩ་གློག་དམར་བཞིན་དུ་འཁྱུག །གསུང་སྐད་འབྲུག་སྟོང་བཞིན་དུ་གྲགས། །ཞལ་བཞི་ཕྱོགས་བཞི་འཇིགས་ལ་རྔམ། །དབུ་སྐྲ་ཁམ་ནག་གྱེན་ལ་བརྫེས། །ཐོད་སྐམ་ལྔ་སོགས་རུས་རྒྱན་དྲུག །ན་བཟའ་སྣ་ཚོགས་དག་གིས་བརྒྱན། །སེང་ཁྲི་པད་ཉི་ཟླ་བའི་སྟེང་། །སྐུ་མདོག་རི་རྒྱལ་ལྷུན་པོ་བཞིན། །སྡིག་ཆེན་རྣམས་ཀྱི་སྣང་ཚུལ་ལ། །དྲག་པོ་འཇིགས་བྱེད་སྐུ་རུ་བཞེངས། །མགོ་བརྙན་ལས་བྱེད་བྱེ་བས་བསྐོར། །སྡིག་ཆེན་ཁྲིམས་ཀྱིས་བཤའ་གཏུབ་བྱེད། །ཆོས་ཡོད་རྣམས་ལ་བྱང་སེམས་སྐུ། །ཞི་འཛུམ་དར་དང་རིན་ཆེན་བརྒྱན། །དབུ་ལ་རིན་ཆེན་དཔྲོག་ཞུ་གསོལ། །མེ་ལོང་རྒྱ་མ་ཡིག་ཆུང་ལ། །དཀར་ནག་ལས་འབྲས་ཞིབ་བཤེར་ལ། །ཆོས་མཛད་ཐར་ལམ་དཀར་པོར་བསྐྱལ། །དེ་འདྲ་གདའོ་སྨྲས་པའི་མཚམས། །ཅུང་ཟད་འཁྲུལ་པའི་སྣང་ཆ་ལ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན། །བུ་མོ་གསུམ་དེ་སླེབས་ནས་བྱུང་། །ཚེ་རིང་མཚོ་མོ་ཟེར་བ་དེ། །ལས་མཁན་སྟག་གི་མགོ་ཅན་གྱིས། །བྱེའུ་ཁྲ་ཡིས་བཅུམ་བཅུམ་བྱེད་དུའོ། །ཤིང་ལོ་གསིག་གསིག་བྱེད་དུའོ། །ལས་ཀྱི་བུ་ཆུང་ནག་པོ་དེ། །ཁ་འཛུམ་ངོ་འཛུམ་ཤིགས་སེར་སླེབས། །ཆོས་རྒྱལ་ཉིད་ལ་འདི་སྐད་གསོལ། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །ཁ་མ་ཎི་བཏོན་ན་ཞེན་པ་ལོག །ལུས་སྐོར་བ་བརྒྱབ་ན་ཀླད་ཡུ་འཁོར། །འབུ་སྲིན་སྣ་མི་སྣ་ཚོགས་བསད། །གཅན་གཟན་ལི་ལི་ལག་ན་ཤོར། །སྦལ་པ་སྡོམ་སྡིག་མང་པོ་བསད། །སེམས་ཅན་ར་ལུག་མང་པོ་བསད། །ཚེར་སྲ་སྲེག་པ་མང་པོ་བསད། །ཁ་ནས་མནའ་ནག་མང་པོ་ཟོས། །ཡར་ངོ་མར་བཀྱེ་བྱེད་མཁན་རེད། །རྐུ་རྫུན་ཕྲ་མ་མང་པོ་བྱས། །སྡིག་པའི་ལས་ལ་ཅི་འབགས་བྱས། །དེ་འདྲའི་སྡིག་ཆེན་བུ་མོ་ཡིན། །ཁྲིམས་ཅི་གནང་ཆོས་རྒྱལ་ཐུགས་ལ་དྲིས། །དེ་སྐད་ཟེར་བའི་ལན་དུ་ལ། །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ཁྱོད་གྲང་ང་ཁམས་ལ་འདུག་ཚུལ་ལ། །བསད་བསད་བསྐུར་བསྐུར་མང་དུ་རེད། །ནག་པོའི་སྡིག་ལ་འདབ་གཅིག་འདྲེས། །དཀར་པོའི་ཆོས་ལ་ཡ་གཅིག་བྲལ། །དེ་འདྲའི་བུ་མོ་སྡིག་ཆེན་འདི། །ལས་མཁན་གཏུམ་པོ་རབ་གྲགས་དང་། །ལས་མཁན་སེངྒེ་རབ་བརྟན་གྱིས། །རྫུན་ལྕེ་ཉིན་ལམ་དགུ་ལ་ཐོན། །ལྕེ་ཐོག་རྒྱ་ཞིང་བར་མེད་རྨོས། །མུན་ནག་རྐུ་བྱས་ཉེས་པ་ལ། །དམྱལ་བ་ཐིག་ནག་ཡུལ་དུ་ཐོངས། །འབུ་སྲིན་བསད་པའི་ཉེས་དམིགས་ལ། །སྲོག་གི་ལན་ཆགས་དགུ་སྐོར་གྱིས། །ཚ་གྲངས་དམྱལ་ཁམས་བཅོ་བརྒྱད་ནས། །བསྐལ་པ་སྟོང་ལ་མ་གཏང་གསུངས། །དེ་ནས་ལས་མཁན་གཉིས་ཀྱིས་སྡིག་ཅན་བུ་མོ་མགོ་ས་ལ་བཙུགས་ནས་ཤ་ཁྱེར་ཁྲག་ཁྱེར་ངང་ལ་མར་ལ་དེད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་ལྷ་གསལ་གཡོན་གྱི་བུ་ཆུང་དེས། །ཆོས་རྒྱལ་ཉིད་ལ་འདི་སྐད་ཞུས། །འདི་གྲང་ང་ཁམས་ལ་འདུག་ཚུལ་ལ། །སེམས་ཅན་ཤ་ཆེན་པགས་པ་གྱོན། །ཇ་ཚ་གཉིས་ལ་དད་པ་བྱས། །བེའུ་དང་ལུ་གུས་རྐན་རྣམས་གཅེར། །ཁ་ནི་མནའ་དང་རྫུན་ལ་དགའ། །མི་ཚེ་སྟོང་ཟད་ངང་ལ་འཁྱམས། །ཉིན་མོ་འཁོར་བའི་ལས་ལ་གཡེངས། །མཚན་མོ་གཏི་མུག་ཉིད་ལ་འཐིབས། །བར་སྐབས་ལྟོ་གོས་ལས་ལ་འབྲངས། །ཆོས་མེད་སྡིག་ཅན་བུད་མེད་ཡིན། །དེ་སྐད་ཞུས་པའི་ལན་དུ་ལ། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས། །ལས་མཁན་སྟག་གི་མགོ་ཅན་ལ། །ང་ཡི་སྐུ་མཁར་མི་མཐོང་སར། །སྡིག་ཅན་བུ་མོ་མར་ལ་ཁྲིད། །འབུ་སྲིན་བསད་པའི་ཉེས་དམིགས་ལ། །སྲོག་གི་ལན་ཆགས་དགུ་སྐོར་གྱིས། །སྒོ་བཤས་བཤས་པའི་ཉེས་དམིགས་ལ། །ཚ་བའི་ཚ་དམྱལ་བརྒྱད་པོ་ལ། །སྲོག་གི་ལན་ཆགས་དགུ་སྐོར་གྱིས། །མནའ་རྫུན་བྱས་པའི་ཉེས་དམིགས་ལ། །ཁ་ལ་ཁྲོ་ཆུ་ཁོལ་མ་བླུགས། །དེ་སྐད་གསུངས་པས་ལས་མཁན་དེས། །གང་གསུངས་བཤའ་གཏུབས་བསྲེགས་གཏོར་བྱས། །དེ་ནས་བུ་ཆུང་དཀར་པོ་དེས། །ཆོས་རྒྱལ་མདུན་ལ་ཡར་ཁྲིད་ནས། །བུ་མོ་འདི་ཡི་རྣམ་ཐར་ལ། །གྲང་ང་ཁམས་ལ་འདུག་དུས་ལ། །རྡོ་ལ་མ་ཎི་བྱེ་བ་བརྐོས། །ཆོས་དར་ལུས་ཚད་བཅོ་ལྔ་གདབ། །ཐིག་ཆེན་ཞི་ཁྲོ་བཅོ་ལྔ་བླུགས། །མཚོ་དཀར་སྐོར་བ་མང་དུ་བྱས། །སྲུ་སྤྲང་ཀུན་ལ་སྦྱིན་པ་བཏང་། །ར་ལུག་བཞི་ལ་ཚེ་ཐར་བྱས། །དེ་འདྲའི་བུ་མོ་ཆོས་མ་ལགས། །འདི་འདྲའི་དམྱལ་བ་མྱོང་ལུགས་ལ། །ཆོས་ཀྱང་དགེ་མེད་སྡིག་མེད་རེད། །དེ་སྐད་ཞུས་པའི་ལན་དུ་ལ། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས། །བུ་མོ་ཁྱོད་ཀྱིས་སྡིག་བྱས་གེགས་དེས་པ། །ད་ནི་མི་ལུས་ཐེག་ཆེན་སྤྱོད་གྱུར་ཅིག །ཁྱོད་ནི་འཁོར་བའི་ལས་ལ་མ་གཡེང་པར། །དམ་པའི་ཆོས་ལ་ཡང་ཡང་གཟབ་པར་གྱིས། །ཞེས་གསུངས་ནས་ལས་མཁན་སེངྒེ་རབ་བརྟན་ལ། བུ་མོ་ཤར་ཕྱོགས་རྡོ་རྗེ་ཡི་བྲག་ལམ་ནས་བར་མི་ཡུལ་དུ་ལམ་སྟོན་གྱིས་ཤིག་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
དེ་ནས་ལྷ་སྐྱིད་གཡོན་གྱི་བུ་ཆུང་དེས། །ཆོས་རྒྱལ་ཉིད་ལ་འདི་སྐད་ཞུས། །འདི་གྲང་ང་ཁམས་ལ་འདུག་ཚུལ་ལ། །མ་ཎི་དུང་ཆེན་གསུམ་ཡང་ཁ་ནས་བཏོན། །བཛྲ་སྟོང་མཁར་གསུམ་ཡང་རྡོ་ལ་བརྐོས། །ནོར་ལུག་བརྒྱ་ཙམ་ཚེ་ཐར་བྱས། །སྒྲོལ་མ་སྟོང་ཚར་གསུམ་ཡང་ཁ་ནས་བཏོན། །བྲག་དམར་བྱ་ཁྱུང་ཚལ་གྱི་ཀེའུ་ཚང་དུ། །གུ་རུ་ཤཱཀྱ་སེངྒེའི་སྤྲུལ་པ་མཆོག །དགེ་སློང་ཞིག་ལ་ཞོ་རྫིའུ་ཕུལ་བའི་དགེས། །དགེ་དེས་བདེ་ཆེན་ཞིང་གི་ལམ་རྒྱགས་ཡོད། །དེ་སྐད་སྨྲས་པའི་མཚམས་སུ་ནི། །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ཁྱོད་གྲང་ང་ཁམས་ལ་འདུག་ཚུལ་ལ། །འབུ་སྲིན་གྲོག་མ་གཅིག་ལ་ལག་མ་ཐོགས། །དཀར་པོའི་ཆོས་རྣམས་མཐའ་རུ་ཕྱིན་པ་དང་། །བུ་མོ་ཁྱོད་ནི་བདེ་ཆེན་ཞིང་དུ་གཤེགས། །དེ་ནས་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །འཇིག་རྟེན་ཁམས་ཀྱི་བུ་མོ་ཐམས་ཅད་ལ། །འདི་འདྲའི་དམ་ཆོས་སྒྲུབ་ན་དགའ་བ་ལ། །ཞེས་གསུངས་པས། དེ་མཚམས་ནམ་མཁའི་ཁམས་ནས་འཇའ་འོད་དཀར་དམར་གྱི་ལམ་ལས་ནུབ་ཕྱོགས་བདེ་ཆེན་ཞིང་དུ་བུ་མོ་དེ་ཉིད་གློག་འཁྱུགས་པ་བཞིན་དུ་གཤེགས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །བར་སྣང་འོད་ཀྱི་གུར་ཁང་ནས། །བླ་ཆེན་ཞིག་ནི་ཕེབས་ནས་བྱུང་། །ཕོ་མོ་དུང་ཕྱུར་གསུམ་ཙམ་ཞིག །བདེ་ཆེན་ཞིང་དུ་དྲངས་ནས་ཐར། །དེ་འདྲའི་ལས་ཅན་སྐྱེས་བུ་འདི། །སུ་ཞིག་ཡིན་སྙམ་བསམ་པའི་ཚེ། །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །སྤྱན་རས་གཟིགས་དངོས་བོད་ཡུལ་དུ། །ཞྭ་ནག་ཅོད་པན་འཛིན་པ་ནི། །ཀརྨ་ཐེག་མཆོག་རྡོ་རྗེ་ཡིན། །དེ་འདྲའི་ལས་ཅན་མིང་མི་འབྱོར། །སྔ་སོར་སྟག་ལུང་རིན་པོ་ཆེ། །ངག་དབང་བསྟན་པའི་ཉི་མ་རྗེ། །དམྱལ་ཁམས་འདི་རུ་ཕེབས་པའི་ཚེ། །དམྱལ་ཟངས་ཤར་ནས་ནུབ་ཏུ་རྫོགས། །ཕོ་མོ་དུང་ཕྱུར་ལྔ་བརྒྱ་ཙམ། །ཕྱོགས་བཞིའི་ཞིང་ཁམས་རྣམས་སུ་དྲངས། །གནས་སྐབས་མཐར་ཐུག་བདེ་ལ་བཀོད། །སྐབས་གཅིག་དམྱལ་ཁམས་སྟོངས་པར་བཞག །དེ་འདྲའི་ལས་ཅན་སྐྱེས་བུ་དེ། །རྡོ་རྗེ་འཆང་དངོས་གཉིས་སུ་མེད། །སྤྲུལ་པ་གངས་ཅན་བོད་ཡུལ་ཁྱབ། །སྤྱན་རས་གཟིགས་དང་པད་འབྱུང་ལ། །ངོ་བོ་གཅིག་ལ་གཉིས་སུ་མེད། །རྗེས་འཇུག་གསོལ་བ་ལྷང་ལྷང་ཐོབ། །བྱིན་རླབས་རྟགས་ཚད་མྱུར་དུ་འབྱུང་། །ཆོས་རྒྱལ་ཞལ་ནས་དེ་སྐད་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་སྣང་བ་སེམས་ཀྱི་འཁྲུལ་སྣང་ལ། །བྲག་སྤུ་རྩེ་འཁོར་གཅོད་ཡར་ལོག་ནས། །ལྷ་རྗེ་རྡོ་རྗེ་ཚེ་འགྲུབ་ཅེས། །ལུས་ལ་སེར་གོས་གྱོན་ནས་འདུག །སྨན་ཁུག་ཕྲག་ལ་བཀལ་ནས་འདུག །སྨན་སྤར་ཕྱག་ཏུ་བསྣམས་ནས་འདུག །རྟ་ཕོ་རག་དཀར་རྔོག་ནག་ཆིབས། །དེ་ཡིས་བདག་ལ་འདི་སྐད་གསུངས། །ད་ནངས་ཉི་མའི་སྔ་དྲོ་ལ། །མི་གཞོན་ཅན་གཅིག་ཨི་ཐོས་ལགས། །ཁྱོད་ས་ཆ་གང་གི་བུ་མོ་ཡིན། །ཡུལ་ཕྱོགས་གང་ལ་འགྲོ་མི་ཡིན། །གཞན་དང་མི་འདྲ་རྟགས་ཆེན་མ། །ས་ཆ་འདི་ནས་འགྲོ་དུས་ལ། །དྲེལ་དཀར་ཆིབས་ནས་བྱོན་པ་མཚར། །ང་ནི་མི་འདུག་ས་ཡུལ་སླེབས་ནས་དགོས། །རང་ལ་ཡོད་པའི་ཆོས་སྐལ་འདི་ཙམ་ཡོད། །སྨན་པ་བྱས་ནས་མི་མགོ་བརྒྱ་ཙམ་སོས། །ཙ་རིའི་རི་ལ་སྐོར་བ་མང་པོ་བརྒྱབ། །དབུས་རིའི་རི་ལ་སྐོར་བ་མང་པོ་བརྒྱབ། །ཁ་ནས་བཏོན་པའི་བཛྲ་དུང་གཅིག་ཡོད། །ཚེ་ཐར་བཅོ་ལྔ་ཙམ་ཞིག་བྱས་པ་ཡིན། །སེམས་ཅན་ཤ་ནི་མ་ཟོས་སྤང་བྱ་བྱས། །ཤ་ཆེན་པགས་པ་མ་གྱོན་སྤང་བྱ་བྱས། །ནད་ངོ་མ་མཐོང་མི་བཅུ་ལག་ཉེས་ཤོར། །དེ་རྣམས་རྒྱལ་བའི་ཐུགས་རྗེ་ལ་བརྟེན་ནས། །བསྔོ་སྨོན་བཟང་པོ་མང་པོ་ནན་ཆེ་བས། །དག་པའི་ཞིང་ཁམས་བགྲོད་པ་ཡིད་ལ་ཤར། །ང་ལ་འདི་ནས་ལུང་བསྟན་མང་ཙམ་གྱིས། །དེ་སྐད་ཟེར་བའི་ལན་དུ་ལ། །རྣལ་འབྱོར་བདག་གིས་འདི་སྐད་སྨྲས། །ང་ནི་བོད་ཀྱི་ཡུལ་གྱི་བུ་མོ་ཡིན། །མིང་ལ་ཆ་བསྐུར་བར་གྱི་འགྲོ་འདུལ་མཚོ། །དྲེལ་དཀར་མོ་ཟླ་འོད་འཕུར་ཤེས་འདི། །མ་མཚོ་རྒྱལ་ཉིད་ཀྱིས་བསྐུར་ལེ་ཡིན། །གཡོན་གྱི་ཁ་ཊྭཱཾ་རྩེ་གསུམ་ལ། །རྩེ་ལ་ཉི་ཟླ་སྐར་གསུམ་བཀྲ། །སློབ་དཔོན་པདྨས་བསྐུར་ལེ་ཡིན། །སོང་གསུངས་ནས་གཤིན་ཡུལ་མངགས་ལེ་ཡིན། །ཆོས་ཡོད་དྲང་སྲོང་རྣམས་ལ་ལམ་སྟོན་གྱིས། །ཆོས་མེད་སྡུག་སྡུག་རྣམས་ལ་སྐད་ཆ་དྲང་གཏམ་གྱིས། །དེ་སྐད་གསུངས་ནས་མངགས་ལེ་ཡིན། །མངགས་པའི་བུ་ལ་ནོར་ཡ་མེད། །སྨྲས་པའི་ཚིག་ལ་མཐོ་དམན་མེད། །ཁྱོད་ཡ་ཡུལ་འདི་ནས་འགྲོ་བའི་དུས། །མར་དུ་མ་དམའ་ཡར་ལ་མཐོ་ཞིང་ཤོག །མར་དུ་དམའ་ན་བར་དོའི་འཕྲང་ལ་ཐུག །ཁྱོད་ཀྱི་ཡར་ལ་མཐོ་ཞིང་འདི་ན་ཤོག །བྲག་དཀར་གཏོར་འདྲ་བའི་རྟགས་ལྟག་ནས་ཤོག །འདི་ནས་ཕྱི་ལྟས་མི་འོས་ས་ཆ་ཡིན། །ད་ནི་ཁྱོད་རྣམས་འབྱོན་པའི་ལམ་སོ་ནས། །བྲག་དཀར་རྣ་མཆོག་འདྲ་བའི་ཡར་ལྟག་ལ། །མི་སྐྱ་ཨ་འགོ་ཅན་གཅིག་འདུག་གོ་ལགས། །དེ་ནས་མི་སྐྱའི་རྩར་དུ་སླེབས་པ་ལ། །མི་སྐྱ་དེ་ཉིད་ཁྲིད་ནས་བྱོན་ལ་ཐལ། །ནམ་མཁའི་དབྱིངས་ནས་འཇའ་འོད་སོ་སོར་ཤར། །དེ་ནས་ཡར་མཐོ་ཡར་མཐོ་ཡར་ལ་གཤེགས། །ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་གཤེགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་དམའ་གཤིན་ཆུ་ཁམ་པའི་རབ་སོ་ནས། །མི་རྒན་སངས་རྒྱས་རབ་བརྟན་ཟེར། །ཕོ་མོ་བཅོ་ལྔ་ཁྲིད་ནས་བྱོན། །རྣལ་འབྱོར་བདག་ལ་འདི་སྐད་ཟེར། །ཁྱོད་ས་ཆ་གང་ནས་ཡོང་ལེ་ཡིན། །ཡུལ་ཕྱོགས་གང་ལ་འགྲོ་མཁན་ཡིན། །མིང་ལ་ཅི་འདྲ་རྫོ་ལེ་ཡིན། །ལམ་སྟོན་བླ་མ་ཅི་འདྲ་ཡོད། །ཆོས་ཐོབ་བླ་མ་ཅི་ཙམ་ཡོད། །དབང་ཐོབ་བླ་མ་ཅི་ཙམ་ཡོད། །དེ་སྐད་སྨྲས་པའི་ལན་དུ་ལ། །རྣལ་འབྱོར་བདག་ལ་འདི་སྐད་ཟེར། །མི་རྒན་ང་ནི་ཆབ་མདོ་སྟོད་ནས་ཡིན། །ང་ལ་ཡོད་པའི་ཆོས་སྐལ་འདི་འདྲ་འགི །སྟོད་ཀྱི་རྒྱ་གར་ཕྱིན་ཆད་དང་། །སྨད་ཀྱི་རྒྱ་ནག་ཡན་ཆོད་ཀྱི། །བར་དུ་ཡོད་པའི་གནས་རྣམས་མཇལ། །ཇོ་དར་འདོམ་པ་ལྔ་བརྒྱ་གདབ། །ཞི་ཁྲོ་སྦྱིན་སྲེག་བརྒྱ་ཚོ་བཅུ་གསུམ་བླུགས། །འབུམ་པོ་ཏི་བཅུ་གཉིས་དག་ཚར་བཞེངས། །ཆོས་ལ་མདོ་བརྒྱ་བསྐལ་བརྒྱ་བསྒྲུབས། །སྲུ་བྱ་བྲལ་རྣམས་ལ་སྦྱིན་པ་རྒྱ་ཆེན་བཏང་། །དཔོན་ཆོས་རྒྱལ་མཇལ་ནས་དོགས་པ་མེད། །ཕོ་མོ་བཅོ་ལྔ་ཁྲིད་རྒྱུ་འདི། །ང་རང་ཡུལ་ཀྱི་ཕོ་མོ་ཡིན། །རང་མགོ་མ་ཐོན་གཅིག་ཀྱང་མེད། །ང་རང་མི་འདུག་ས་ཡུལ་བགྲོད་ནི་དགོས། །བོད་ཡུལ་བཙུན་མ་ཁྱེད་རང་གིས། །སྔོན་ལ་རི་ཙམ་སྤང་རྒྱུ་འདི། །ནང་ན་ཇི་ལྟར་གཏུམས་ནས་ཡོད། །གཡས་ལ་དར་ཁ་མང་པོ་བཏགས་ལེ་དེ། །ཕོ་མོ་གང་གིས་བཏགས་ལེ་རེད། །དེ་སྐད་ཟེར་བའི་ལན་དུ་ལ། །སྔོན་ནས་རི་ལྟར་སྤུང་རྒྱུ་འདི། །སངས་རྒྱས་སྨན་བླའི་ཆོ་ག་ཡིན། །ཆོས་འདི་ནས་ལེའུ་རེ་རེ་བཞིན། །གཡས་ཀྱི་དར་ཁ་བཏགས་ལེ་འདི། །མ་ཡེ་ཤེས་མཚོ་རྒྱལ་བསྐུལ་མ་ཡིན། །ཕོ་མོ་སྔོན་མར་བཏགས་ཤིག་རྒྱག །ཆོས་རྒྱལ་མཇལ་ནས་མཇལ་དར་གྱིས། །ཡེ་ཤེས་མཚོ་རྒྱལ་གནང་ལེ་སྨོས། །སངས་རྒྱས་སྨན་བླའི་ཆོ་ག་འདི། །གཤིན་ཆུ་རྒྱབ་པའི་རབ་རྟ་ཡིན། །ལས་མཁན་མཇལ་བའི་ངོ་གཡར་གྱིས། །ནམ་མཁའ་འགྲོ་བའི་འཕུར་གཤོག་གྱིས། །དེ་སྐད་སྨྲས་པའི་མཚམས་ཤེད་ནས། །བར་སྣང་འཇའ་ཟེར་སྣ་ལྔ་འཁྲིགས། །ཆོས་གཤོག་ཟུག་ནས་མཁའ་ལ་འཕུར། །ནུབ་ཕྱོགས་བདེ་ཆེན་ཞིང་དུ་གཤེགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །རྟ་ཕོ་རག་དཀར་ཆིབས་པ་ཡི། །བླ་མ་གཅིག་ནི་ཕེབས་ནས་བྱུང་། །ཕོ་མོ་ལྔ་བརྒྱ་ཙམ་ཞིག་ནི། །ཕྱོགས་བཞིའི་ཞིང་ཁམས་རྣམས་ལ་དྲངས། །འདི་ཉིད་སུ་ཡིན་བསམ་ཙ་ན། །མ་གཅིག་ཇོ་མོས་འདི་སྐད་གསུངས། །པད་འབྱུང་སྤྲུལ་པ་ས་པན་ཡིན་ནོ་གསུངས། །ཡང་བླ་མ་གཅིག་ནི་ཕེབས་ནས་བྱུང་། །གླང་ཆེན་ཞིག་ནི་ཆིབས་ནས་གདའ། །ཕོ་མོ་བཞི་བརྒྱ་ཙམ་ཞིག་ནི། །ལས་རབ་རྫོགས་པའི་ཞིང་དུ་དྲངས། །ངག་དབང་ཀུན་བཟང་རྒྱ་མཚོ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ལས་མཁན་གཉིས་ཀྱིས་དགེ་སློང་གཅིག །བྱེའུ་ཁྲ་ཡིས་བཅུམ་བཅུམ་བྱས་ནས་བྱུང་། །ལས་ཀྱི་བུ་ཆུང་ནག་པོ་དེས། །ཆོས་རྒྱལ་ཉིད་ལ་འདི་སྐད་ཞུས། །འདི་གྲང་ང་ཁམས་ལ་འདུག་ཚུལ་ལ། །མིང་ལ་གཡུང་དྲུང་བསྟན་པ་ཟེར། །དགེ་སློང་ཞུས་ནས་ཆོས་གོས་གྱོན། །ལྐོག་ལ་ཤ་ཆང་བུད་མེད་སྤྱོད། །ཁ་ནས་མནའ་རྫུན་དཀོར་ནག་འགམ། །དེ་འདྲའི་ལས་ངན་སྡིག་ཅན་ཡིན། །ཁྲིམས་ཅི་སྤྱོད་ཆོས་རྒྱལ་ཐུགས་ལ་དྲིས། །དེ་སྐད་ཞུས་པའི་ཆོས་རྒྱལ་གྱིས། །བཀའ་ལོག་གསུང་ལོག་དགེ་སློང་དེར། །བཙུག་ལག་བརྒྱ་གཤིགས་ཉེས་པས་ཐུ། །དམྱལ་ཟངས་ནང་དུ་མར་ལ་དྲུད། །བསྐལ་པ་སྟོང་ལ་མ་བཏང་གསུངས། །ལས་མཁན་ཆུ་སྲིན་མགོ་ཅན་གྱིས། །ཁྲོ་ཆུ་དུག་ཆུ་ཁ་ནས་བླུགས། །ཨོ་ངར་རི་ལུང་བཤིགས་ནས་འདུག །སྤྱི་གཙུག་ས་ལ་བཙུགས་ནས་ཐལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་བླ་མ་གཅིག་ནི་ཕེབས་ནས་བྱུང་། །མིང་ལ་དབང་འབུམ་ཟེར་བ་ཡིན། །གྲང་ང་ཁམས་ལ་འདུག་ཚུལ་ལ། །དཀའ་སྤྱད་སྡོམ་པ་སྙིང་རུས་མེད། །བཀའ་མེད་ལུང་མེད་དབང་ལུང་བསྐུར། །རྒྱུ་ཟས་འབུལ་བ་ཧབ་ཐོབ་བྱེད། །ཆོས་མཛད་གཞན་ལ་སྐུར་པ་བཏབ། །རང་བསྟོད་གཞན་ལ་སྨད་པ་དང་། །དཀོར་ལ་ཡབ་ཚེ་ཟ་གནག་བྱེད། །ཆོས་ལ་སྒྲ་ལོག་གཡོ་རྫུན་བྱེད། །རང་གིས་རང་ཕུང་ལས་ངན་དེ། །སྡིག་ཅན་ཤན་པ་ལག་དམར་འདྲ། །ཚ་གྲང་དམྱལ་ཁམས་བཅོ་བརྒྱད་ལ། །ལོ་གྲངས་ཉིས་སྟོང་འདུག་དགོས་གསུངས། །ལས་མཁན་རྣམས་ཀྱིས་མར་དེད་དོ། །ཡང་བྱ་བྲལ་དགེ་མ་ཞིག་ནི་བྱུང་། །གོས་ཨ་རྒབ་ཀུར་ཁྲབ་བྱས་པ་གྱོན། །མིང་ནི་ཚེ་རིང་ཆོས་སྐྱིད་ཟེར། །དུང་གི་མཆོད་རྟེན་གྲུ་གང་ཁྱེར། །ང་གྲང་ང་ཁམས་ལ་འདུག་པའི་དུས། །གནས་མཆོག་གངས་རིར་སྐོར་ཚད་བརྒྱབ། །མ་ཕམ་མཚོ་ལ་སྐོར་བརྒྱ་བསོགས། །ཙ་རི་རོང་སྐོར་ལན་གསུམ་བརྒྱབ། །དབུས་རི་བར་སྐོར་ལན་བདུན་བརྒྱབ། །ཡིད་བཞིན་ནོར་བུ་ལན་མང་མཇལ། །ཀོང་པོ་བོན་རིར་གཡོན་སྐོར་ལྔ། །ལ་ཕྱི་གངས་ཀྱི་ར་བ་ནས། །སྨོན་ལམ་བཟང་པོ་བཏབ་ལེ་དེ། །དེ་རིང་འགྲུབ་པར་གྱུར་ཅིག་ཟེར། །པད་དབྱངས་ཆེན་པོ་བྱེད་དོ། །གསོལ་བ་འདི་ལྟར་འདེབས་སོ་ལགས། །ཨེ་མ་ཧོ། གནས་མཆོག་གངས་རིའི་ཕོ་བྲང་ནས། །པད་འབྱུང་དཔའ་བོ་མཁའ་འགྲོ་འབུམ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འབྲེལ་ཐོགས་མཁའ་སྤྱོད་ཞིང་བགྲོད་ཤོག །ལ་ཕྱི་གངས་ཀྱི་ར་བ་ནས། །དག་པ་ཤེལ་གྱི་རི་བོ་ལ། །དཔའ་བོ་མཁའ་འགྲོ་བྱེ་བ་འབུམ། །གསོལ་བ་འདེབས་སོ་ཐར་ལམ་དྲོངས། །བསམ་ཡས་བཙུག་ལག་ཧས་པོ་རིར། །པད་འབྱུང་བེེ་རོ་ཙ་ན་དང་། །གནས་དེར་བཞུགས་པའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ལྷ་སའི་གཙུག་ལག་ལྕགས་པོ་རིར། །ཇོ་བོ་ཡིད་བཞིན་ནོར་བུ་དང་། །གནས་དེར་བཞུགས་པའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐར་ལམ་དྲོངས། །ཡར་ལུང་ཤེལ་བྲག་མགོན་པོ་རིར། །རྩིས་ཐང་བྱམས་པའི་གཙུག་ལག་ཁང་། །གནས་འདིར་བཞུགས་པའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐར་ལམ་དྲོངས། །དེ་ལྟར་རྒྱང་འབོད་ལྷང་ལྷང་མཛད། །ཕོ་མོ་བརྒྱ་ལྷག་ཙམ་ཞིག་ནི། །ཟངས་མདོག་དཔལ་རིར་དྲངས་ནས་ཐལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་བྲག་དཀར་འདབ་བཟོ་འདྲ་བའི་འོག །ཆབ་མདོ་སྟོད་ཀྱི་ས་ཆ་ནས། །བླ་མ་རིན་ཆེན་བསྟན་རྒྱལ་དེས། །ཕོ་མོ་བཅུ་གསུམ་ཁྲིད་ནས་བྱུང་། །སྔོན་མི་བཀྲ་ཤིས་དོན་ལྡན་དེ། །སྦུག་ཆལ་ཕུལ་བའི་འབྲེལ་བ་རེད། །ཤར་ཕྱོགས་མངོན་དགའི་ཞིང་དུ་དྲངས། །དེ་མིན་རྣམས་ལ་རྒྱུ་འབྲས་ཨེན་ཙམ་རེ། །ཐམས་ཅད་ཡར་ཡར་ཐར་པའི་ལམ་སྣེར་བཞག །ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །བུད་མེད་རལ་བ་ཅན་གཅིག་ནི། །ལས་མཁན་སྟག་གི་མགོ་ཅན་གྱིས། །མར་ལ་དྲུད་ཅིང་སྟ་རེས་གསེས། །ངུ་འབོད་ལུང་པ་བཀང་དོའོ། །འདི་འདྲའི་ལས་ངན་ཇི་ལྟར་ལགས། །ལས་མཁན་དེ་ལ་དྲིས་པའི་ལན། །འདི་གྲང་ང་ཁམས་ལ་འདུག་པའི་ཚེ། །མ་བྱས་པ་ལ་གཅིག་ཀྱང་མེད། །ཡ་ང་ཕྲག་དོག་མེ་ལྟར་འབར། །འདོད་ཆགས་ཞེ་སྡང་དུག་མཚོ་ཁོལ། །དེ་འདྲ་བྱས་པའི་ཉེས་དམིགས་ཡིན། །ཡུན་རིང་བསྐལ་པར་མི་ཐར་ཟེར། །ཡང་བྲག་དེའི་བྲག་འདབས་ནས། །བླ་མ་གཅིག་ནི་སླེབས་ནས་བྱུང་། །ཕོ་མོ་ལྔ་ཙམ་གཟན་མཐུར་འཇུས། །སེང་མགོ་ཅན་གྱིས་མར་ལ་དྲུད། །ལས་མཁན་གླང་གི་མགོ་ཅན་ལ། །རྣལ་འབྱོར་བདག་གིས་འདི་སྐད་སྨྲས། །དཔོན་སློབ་མར་མར་འཐེན་རྒྱུ་འདི། །ཇི་ལྟར་བྱས་པའི་འབྲས་བུ་ལགས། །དེ་སྐད་སྨྲས་པའི་ལན་དུ་ལ། །བླ་མ་ཆོས་མེད་རྒྱུ་སྦྱིན་རེད། །བེའུ་སྦྲེལ་ནགས་ལ་བརྒྱབ་འདྲ་རེད། །བླ་མ་འདི་ཡི་རྣམ་ཐར་ལ། །དཀོར་ནག་ཁྲོ་ཆུ་ཧབ་ཟོས་བྱས། །མི་དོན་ཕར་སྔགས་མ་གཏོགས་པ། །རང་དོན་དམ་ཆོས་ཟེར་བ་ནི། །དུང་ཐིག་ཙམ་ཞིག་མ་མཆིས་ཟེར། །ལས་མཁན་དྲེད་ཀྱི་མགོ་ཅན་དང་། །ལས་མཁན་དོམ་གྱི་མགོ་ཅན་གྱིས། །མར་ལ་དེད་ཅིང་མར་ལ་དྲུད། །ལས་མཁན་དོམ་གྱི་མགོ་ཅན་གྱིས། །སྟ་རེ་ངར་མ་རྩག་དོའོ། །ལས་མཁན་སྦྲུལ་གྱི་མགོ་ཅན་གྱིས། །སྟེའུ་ཁེ་ངར་མས་གཞོག་དོའོ། །ལས་མཁན་སེངྒེའི་མགོ་ཅན་གྱིས། །དྲ་གཟོང་མང་པོས་དྲ་དུའོ། །ལས་མཁན་དོམ་གྱི་མགོ་ཅན་གྱིས། །གྲི་གུག་གཉིས་ཀྱིས་གཤག་དོའོ། །འདི་འདྲའི་ལས་ངན་སྡིག་ཅན་འགའ། །ཇི་ལྟར་བྱས་པའི་འབྲས་བུ་ལགས། །ལས་མཁན་དོམ་གྱི་མགོ་ཅན་ལ། །བུ་མོ་བདག་གིས་དྲིས་པའི་ལན། །དཀོར་ལ་བག་མེད་སྤྱད་པ་དང་། །སེམས་ཅན་ཕ་མར་བསད་ཟོས་དང་། །རྫུན་གྱིས་ཡར་ངོ་མར་བསྐྱེད་དང་། །དེ་འདྲའི་ལས་ངན་སྡིག་ཅན་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །མི་སྐྱ་ཞིག་ནི་ཕྱིན་ནས་བྱུང་། །རྣལ་འབྱོར་བདག་གིས་འདི་སྐད་སྨྲས། །ས་ཆ་གང་གི་ཕྱོགས་ནས་ཡིན། །མིང་ལ་ཅི་འདྲ་རྫོ་ལེ་ཡིན། །ཡུལ་ཕྱོགས་གང་ལ་འགྲོ་མི་ཡིན། །དེ་སྐད་སྨྲས་པའི་ལན་དུ་ལ། །རྣལ་འབྱོར་བདག་ལ་འདི་སྐད་ཟེར། །ས་ཆ་ཀ་ཕུ་ཟེར་བའི་ཡིན། །རུས་པ་བྱི་གིའི་བུ་ཞིག་ལགས། །མིང་ལ་བཀྲ་ཤིས་དོན་འགྲུབ་ཟེར། །གཤིན་རྗེ་ཆོས་རྒྱལ་མཇལ་དུ་འགྲོ། །དགེ་སྡིག་ཞིབ་གཤེར་བྱེད་དགོས་ལགས། །དེ་སྐད་ཟེར་བའི་མཚམས་དེ་རུ། །ལས་མཁན་སྟག་གི་མགོ་ཅན་གྱིས། །སྟ་རེ་ངར་མས་བརྒྱབ་ཏུའོ། །ལུས་པོ་ཕྱ་ལ་བྱེད་དོའོ། །སྟེའུ་ཁེས་འཁོར་གཅོད་བྱེད་དོའོ། །ངུ་འབོད་གནམ་ས་ཁོལ་དུའོ། །དེ་མཚམས་ཡར་ལ་འགྲོ་མི་ཡིན། །ཟེར་ནས་ཁ་ཤིག་བྱེ་ནས་ཐལ། །བདག་ལ་འདི་སྐད་ཆ་བསྐུར་རོ། །སྡིག་བཤག་གསེར་གྱི་སྤུ་གྲི་དང་། །ཐར་མདོ་ཐར་ཆེན་རྡོ་ལ་རྐོས། །ཇོ་དར་གང་མང་བཞེངས་ཤོག་ཟེར། །ཡང་བྱ་བྲལ་རྟོགས་ལྡན་ཞིག་ནི་བྱོན། །མིང་ལ་པདྨ་བསམ་གཏན་ཟེར། །ཕོ་མོ་སུམ་བརྒྱ་དྲངས་ནས་བྱོན། །ཡང་དགེ་སློང་གཅིག་ནི་བྱོན་ནས་བྱུང་། །མིང་ལ་ཚེ་བརྟན་ཆོས་འཕེལ་ཟེར། །གྲང་ང་ཁམས་ལ་འདུག་པའི་དུས། །ཚུལ་ཁྲིམས་དག་ནི་དག་པ་ལ། །སེམས་ནི་བུད་མེད་ལུས་པ་འདྲ། །དེ་ཡི་ཉེས་དམིགས་ཡིན་ནོ་ཞེས། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །དྲུད་ཅིང་དུག་ཆུ་ཁོལ་མ་འགྱེད། །ངུ་འབོད་གནམ་ས་ཁོལ་དོའོ། །ལོ་གྲངས་མང་པོར་འདུག་དགོས་ཟེར། །དེ་མཚམས་ཐར་ལམ་བགྲོད་ཡོང་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ལྷོ་ཕྱོགས་མོན་ཁའི་བྲག་ལམ་ནས། །ཕོ་མོ་མང་པོ་སླེབས་ནས་བྱུང་། །བུ་མོ་བདག་གིས་འདི་སྐད་སྨྲས། །ཁྱོད་ས་ཆ་གང་གི་ཕོ་མོ་ཡིན། །ཡུལ་ཕྱོགས་གང་ལ་འགྲོ་མཁན་ཡིན། །གྲང་ང་ཁམས་ལ་འདུག་པའི་དུས། །དགེ་སྡིག་སྤང་བླང་ཅི་འདྲ་བྱས། །དེ་སྐད་སྨྲས་པའི་ལན་དུ་ལ། །སྔོན་གྱི་མི་དེས་འདི་འདྲ་ཟེར། །ང་ས་ཆ་ཆབ་སྟོད་ཟེར་བ་ཡིན། །མིང་ལ་བཀྲ་ཤིས་རྣམ་རྒྱལ་ཟེར། །ཆོས་ཅི་བྱས་རང་གི་དོན་ལ་བཏགས། །མ་ཎི་བྱེ་བ་གཉིས་ནི་གྲུབ། །བཛྲ་དུང་གཅིག་ཁ་ནས་བཏོན། །དར་ཅོག་འདོམ་པ་བཅུ་གསུམ་ཡོད། །མ་ཎི་གསེར་ཟམ་བཅྭོ་བརྒྱད་ཡོད། །ཞིང་ཁམས་བགྲོད་པའི་ཆོས་སྐལ་དེ་འདྲ་ཡོད། །ཁྱེད་བུ་མོ་གང་གི་ཕྱོགས་ནས་ཡིན། །གཞན་དང་མི་འདྲ་རྟགས་ཆེན་མ། །ང་གར་འགྲོ་གང་བསམ་ལམ་སྟོན་ཞུ། །དེ་སྐད་ཟེར་བས་བདག་ཉིད་ཀྱིས། །བྲག་དམར་ཞིག་གི་རྩེ་མོ་ནས། །གར་འགྲོ་གང་བསམ་དེར་སོང་སྨྲས། །ལམ་དཀར་པོ་དེ་ཡི་ལམ་སྣེར་བཞག །དེ་ནས་མར་ལ་སོང་མཚམས་ན། །ཤལ་མ་རི་ཡི་སྡོང་པོ་ལ། །ནག་མོ་འགའ་ཞིག་འབྱར་བ་མཐོང་། །ཤ་རུས་དུམ་བུ་སྟོང་དུ་འཐོར། །རང་རྒྱུད་བསད་པའི་ཉེས་དམིགས་ལགས། །ཕ་རིའི་ཟད་ཚེར་རྩེ་མོ་ནས། །ནག་མོ་གཅིག་ནི་འདུག་ལེ་མཐོང་། །སྟེང་ནས་བྱ་ཡིས་ཟ་ཞིང་འདུག །བར་ན་དུག་སྦྲུལ་འཁྱུད་ནས་ལྡག །འོག་ནས་ཁྱི་ཡིས་ཟ་ཞིང་འདུག །ཤ་རུས་སྐྱ་ནི་ཁྲལ་ཁྲལ་འགྲོ། །འདི་ཇི་ལྟར་བྱས་པའི་ཉེས་དམིགས་ལགས། །ལས་མཁན་དར་མ་སྤྲེལ་མགོ་ལ། །བུ་མོ་བདག་གིས་དྲིས་པའི་ལན། །ཤལ་མ་རི་ལ་འབྱར་ལེ་འདི། །གྲང་ང་ཁམས་ལ་འདུག་པའི་དུས། །རང་རྒྱུད་བསད་པའི་ཉེས་དམིགས་ཡིན། །སྟེང་ནས་བྱ་ཡིས་བཏོག་ལེ་འདི། །འདོད་ཆགས་ཆེ་བའི་ཉེས་དམིགས་ཡིན། །བར་ནས་སྦྲུལ་ནག་འཁྱུད་ལེ་འདི། །ཞེ་སྡང་ང་རྒྱལ་ཉེས་པ་ཡིན། །འོག་ནས་ཁྱི་ཡིས་ཟ་ལེ་དེ། །ཁྱི་ཁྲུད་མ་བྱས་ཉེས་པ་ཡིན། །ཕག་རྒོད་བརྒྱ་ཡིས་ཟ་ལེ་འདི། །གཏི་མུག་ཆེ་ལེའི་ཉེས་པ་ཡིན། །མིང་ལ་མཚོ་རྡིས་ཟེར་ལེ་ཡིན། །འདི་གཅིག་པུ་མ་ཡིན་ཀུན་ལ་འབྱུང་། །གྲང་ང་ཁམས་ཀྱི་བུད་མེད་ཀུན། །རང་རྒྱུད་བསད་པའི་ཉེས་དམིགས་ལ། །དམྱལ་བ་མྱོང་ལུགས་འདི་འདྲ་གདའ། །མ་གསང་སྐད་ཆ་དྲང་པོར་ཤོད། །དེ་སྐད་གསུང་མཚམས་བུད་མེད་དེར། །བདག་གིས་འདི་སྐད་སྨྲས་པ་ལགས། །དགེ་མེད་ལས་ངན་བུ་མོ་ཁྱོད། །དེ་རིང་ཟང་ཐལ་རྩེ་ནས་ཐོན། །ཆ་བསྐུར་ཆོས་རྣམས་ཐམས་ཅད་ལ། །ཐར་མདོ་ཐར་ཆེན་བརྐོས་ལེ་རེད། །སྡིག་བཤགས་ཟེར་བ་བརྐོས་ལེ་རེད། །ཞ་ཁྲོ་བརྒྱ་ཁྲོ་ཕྱེད་བརྒྱ་བླུགས། །དེ་རིང་ཤིང་གི་རྩེ་མོ་ནས། །ཕ་ཡི་རི་ཆེའི་སྐོར་འབུམ་བསོགས། །བསྔོ་དབྱངས་མང་པོ་བྱས་ལེ་རེད། །ལྕགས་སྲེག་ཚེར་མའི་རྩེ་ནས་ཐོན། །བརྗེས་ཤིང་ཚུར་ལ་འཐེན་པའི་ཚེ། །ཟངས་ཚེར་མཁུར་བར་ཟུག་པ་ཡིས། །ཤ་ནི་རུབ་གཅིག་གོག་ནས་ཐལ། །ཕྱི་རབས་ཨ་ཉོག་རྟགས་ཆེན་འབྱུང་། །སྟོང་ཁྲོ་མྱུར་དུ་ཁ་ཁོང་ཟེར། །དེ་ནས་ཡར་ལ་ལམ་སྟོན་བྱས། །ཡང་ས་ཆ་དེ་ཡི་མཚམས་ཤེད་ནས། །མར་དུ་བབ་པའི་སྐབས་ཤིག་ལ། །ཕར་དུ་བལྟས་པའི་བྲག་དཀྱིལ་ན། །ཆུང་བྱིས་སྦ་གསུམ་གྱི་མགོ་ཡང་མཐོང་། །ཨ་མ་ཟེར་ནས་འབོད་དོའོ། །ངས་ལས་མཁན་ཕག་གི་མགོ་ཅན་ལ། །བྲག་སྐྱིལ་ཨ་ཉོག་རིག་རྒྱུ་འདི། །དགེ་མེད་སྡིག་ཅན་ཅི་འདྲ་རེད། །སྐྱེ་ངན་ལུས་ངན་ཨ་ཉོག་གསུམ། །ལས་ཅི་འདྲ་བྱས་པའི་ཉེས་དམིགས་ལགས། །དེ་སྐད་སྨྲས་པའི་ལན་དུ་ལ། །ཕག་མགོ་ཅན་གྱིས་འདི་སྐད་ཟེར། །ཆོས་མ་བྱས་སྡིག་པ་བྱས་ཙམ་ན། །དེ་འདྲ་ཡོང་བའི་ས་ཆ་རེད། །ཕྱི་རབས་དེ་འདྲ་རེད་གདའ་རྫོས། །དགེ་མེད་སྡིག་ཅན་ཨ་ཉོག་གསུམ། །ཨ་ཉོག་ཆོད་ལ་བརྒྱབ་པའི་ཉེས་དམིགས་རེད། །འདི་ག་ཆོད་ལ་བརྒྱབ་པའི་འཁོན་རེད་གསུངས། །ཕྱི་རབས་དེ་འདྲ་རེད་གདའ་རྫོས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་རྟོགས་ལྡན་ཞིག་ནི་བྱོན་ནས་བྱུང་། །ཕྱི་ནང་གཙང་བའི་དགེ་སློང་ཡིན། །རྩ་རོང་མང་པོ་བརྒྱབ་ལེ་ཡིན། །ཁྱད་པར་གངས་རི་འཁོར་ལས་གསུངས། །ཕོ་མོ་བཞི་བཅུ་དྲངས་ནས་ཐལ། །མིང་ལ་ནིས་ཐུང་ཆོས་འབྱོར་ཟེར། །ཡང་དགེ་སློང་ཞིག་ནི་བྱོན་ནས་བྱུང་། །མིང་ལ་སངས་རྒྱས་ཆོས་འཕེལ་ཟེར། །ཚུལ་ཁྲིམས་གཙང་ལ་སྙིང་རུས་ཆེ། །སེར་ཆགས་གཞན་དང་ང་མི་འདྲ། །སེམས་ཀྱི་ང་རྒྱལ་ཆེ་བ་དེས། །མི་སྐྱ་ཞིག་གི་ལུས་ལེན་དགོས། །དེ་མཚམས་ཐར་བ་ཐོབ་བོ་གསུངས། །ཡང་ལ་བལྟས་པའི་ས་ཆ་ནས། །སྐྱེ་བོ་ཁ་ནག་བ་ཞིག་བྱུང་། །ཁྱོད་ས་ཆ་གང་གི་ཕྱོགས་ནས་ཡིན། །ཡུལ་ཕྱོགས་གང་ལ་འགྲོ་མཁན་ཡིན། །ཁྱོད་གུག་གེ་གུག་གེ་འོང་ལུགས་ལ། །ལུས་པོ་སྡིག་སྒྲིབ་ཆེ་ལུགས་ཀྱིས། །ཕོ་ནི་མ་བྱས་ཐོན་པ་འདྲ། །དེ་འདྲ་བརྫས་པའི་མཚམས་དེ་རུ། །ལས་མཁན་སྟག་གི་མགོ་ཅན་དང་། །ལས་མཁན་སྤྱང་ཀིའི་མགོ་ཅན་གྱིས། །མདའ་རྩག་མདུང་རྩག་མང་པོ་བྱས། །ཁབ་བཙག་འབིག་བཙག་མང་པོ་བྱེད། །དུག་ཆུ་ཁྲོ་ཆུ་ཁོག་ལ་འགྱེད། །ཨོ་ངར་རི་ལུང་བཤིགས་ནས་འདུག །འདི་ཇི་ལྟར་བྱས་པའི་རྣམ་སྨིན་བསམ། །མ་ཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །ཁ་འདོད་ཁོག་ལ་མ་ཤོངས་ནས། །ཕུ་རྒྱུག་མདའ་རྒྱུག་མང་པོ་བྱས། །མནའ་རྫུན་ཁྲམ་གཏམ་མི་མགོ་སྐོར། །གཞན་གྱི་བུད་མེད་མང་པོར་སྤྱད། །དེ་འདྲ་བྱས་པའི་ཉེས་དམིགས་ཡིན། །ལོ་གྲངས་བརྒྱ་ལ་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་ཨ་མ་ཡེ་ཤེས་མཚོ་རྒྱལ་གྱིས། །བུ་མོ་བདག་ལ་འདི་སྐད་གསུངས། །ཁྱོད་ཅི་ཡིན་དེ་ཡིན་མེད་པར་མ་འདུག་ནས། །འདི་བརྗེས་དེ་བརྗེས་མེད་པར་མ་ལབ་ནས། །ཚིག་འབྲུ་ནི་འཕྲང་མ་ཡིན་པར་རྫོས། །སྐད་ནི་ཆོས་གླུ་འགྱུར་མེད་ངང་ལ་དྲོངས། །དྲང་དྲང་རྣམས་ལ་ཐར་པའི་ལམ་སྟོན་གྱིས། །སྡུག་སྡུག་རྣམས་ལ་སྐད་ཆ་དྲང་བཤད་གྱིས། །དེ་སྐད་གསུངས་པའི་མཚམས་དེ་རུ། །དམྱལ་བ་ཐིག་ནག་ཡུལ་ཆེན་ལ། །ཕོ་མོ་སྟོང་ཕྲག་ཙམ་ཞིག་བྱུང་། །ལས་མཁན་པུ་ཤུད་མགོ་ཅན་ལ། །རྣལ་འབྱོར་བདག་གིས་འདི་སྐད་སྨྲས། །ཕ་རིའི་ཕོ་མོ་མང་པོ་འདི། །ས་ཆ་གང་གི་ཕྱོགས་ནས་རེད། །ཡུལ་ཕྱོགས་གང་ལ་འགྲོ་རྒྱུ་ཡིན། །ཁ་མ་གསང་གླའོ་དྲང་གཏམ་གྱིས། །དེ་སྐད་སྨྲས་པའི་ལན་དུ་ལ། །བུ་མོ་བདག་ལ་འདི་སྐད་གསུངས། །ས་ཆ་གར་ས་གར་ནས་རེད། །སྔོན་མའི་མི་རྒན་བཤད་པ་ན། །ཆོས་ནི་ཆེན་པོའི་བུ་གཅིག་རེད། །མིང་ལ་བཀྲ་ཤིས་མགོན་པོ་ཟེར། །ལབ་རྒྱུ་ཅི་ཡོད་ཁོ་རང་ལོབ། །ང་ནི་མི་ཁོམ་པ་གཅིག་ཡིན། །ཚེ་འདས་རོ་བཤའ་གཏུབ་གསུམ་དགོས། །ཁྱེད་ཀྱིས་ག་ལེར་གྱིས་ལ་ལོབ། །དེ་སྐད་གསུངས་ནས་བུད་མེད་གཅིག །བྱེའུ་ཁྲ་ཡིས་བཅུམ་བཅུམ་བྱས་ནས་ཐལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་རྣལ་འབྱོར་བདག་གིས་འདི་སྐད་སྨྲས། །བཀྲ་ཤིས་མགོན་པོ་གཙོར་བྱས་ཕོ་མོ་རྣམས། །ཁྱེད་རྣམས་མ་གཡེང་མ་གཡེང་ང་ལ་ཉོན། །ང་ཇོ་མོའི་ཞལ་གདམས་མན་ངག་ཡོད། །ས་འདི་དམྱལ་བ་ཐིག་ནག་ཡུལ་ཆེན་ཡིན། །ཁྱེད་རྣམས་མར་དུ་མ་དམའ་ཡར་ལ་ཤོག །མེ་ལོང་འདི་ཡི་འོད་ལ་ལྟ་ཞིང་ཤོག །མར་མེ་འདི་ཡི་གསལ་མདངས་ལྟ་ཞིང་ཤོག །འོད་གསལ་ཆོས་སྐུའི་འཇའ་འོད་འཁྲིགས་པའི་ཀློང་། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས། །གཅིག་བསྡུས་མ་ཅིག་ཇོ་མོ་མཚོ་རྒྱལ་ལ། །གསོལ་བ་སྙིང་ཁོང་རུས་པའི་གཏིང་ནས་ཐོབ། །བདེ་ཆེན་ཞིང་དུ་ལམ་སྣ་འདྲེན་པར་ངེས། །མ་ཡི་སྤྱི་བོར་རྡ་ོརྗེར་འཆང་ཡབ་ཡུམ་ལ། །ཕྱག་ཆེན་ཆོས་དྲུག་མན་ངག་སྙན་བརྒྱུད་ཀྱི། །བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །དཔྲལ་བ་བདེ་ཆེན་སྐུ་ཡི་འཁོར་ལོའི་དབུས། །ཆོས་སྐུ་སངས་རྒྱས་འོད་དཔག་མེད་པ་ལ། །སངས་རྒྱས་བྱང་སེམས་ཉན་ཐོས་དགྲ་བཅོམ་བསྐོར། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །མགྲིན་པ་ལོངས་སྤྱོད་གསུང་གི་འཁོར་ལོའི་དབུས། །འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རིགས་ལྔ་ཐུབ་དྲུག་ཇོ་འབྱོམ་པཎ་གྲུབ་བསྐོར། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །སྙིང་ཁ་ཆོས་དབྱིངས་ཐུགས་མཆོག་འཁོར་ལོའི་དབུས། །རྒྱལ་བ་ཀུན་འདུས་པདྨ་འབྱུང་གནས་ལ། །སྐུ་ལྔ་མཚན་བརྒྱད་གཏེར་ཆེན་བརྒྱ་རྩས་བསྐོར། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ལྟེ་བ་སྤྲུལ་པའི་ཡོན་ཏན་འཁོར་ལོའི་དབུས། །ཡི་དམ་རྟ་ཕག་ཡབ་ཡུམ་སྲས་བཅས་ལ། །ཐེག་དགུ་རྒྱུད་བཞི་ཡི་དམ་ལྷ་ཚོགས་བསྐོར། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །གསང་གནས་བདེ་སྐྱོང་ཕྲིན་ལས་འཁོར་ལོའི་དབུས། །གསང་བ་ཡེ་ཤེས་ཕག་མོ་ཁྲོས་ནག་མ། །འབུམ་ཕྲག་ཡོངས་ཀྱི་མཁའ་འགྲོ་བྱེ་བས་བསྐོར། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཡང་དག་སྡེ་བཞི་དུར་ཁྲོད་གནས་བརྒྱད་ལ། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོ་ལ། །བཀའ་གཏེར་ཡེ་ཤེས་ཆོས་སྐྱོང་འབུམ་ཕྲག་བསྐོར། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ལུས་གནས་བ་སྤུ་བྱེ་བ་ཉི་ཁྲི་ལ། །དཔའ་བོ་མཁའ་འགྲོ་གཏེར་གྱི་གོང་བུ་བཞིན། །སྐུ་དང་ཞིང་ཁམས་གཉིས་སུ་མེད་པར་བཞུགས། །གསོལ་བ་འདེབས་སོ་ཚེ་འདས་ལམ་སྣ་དྲོངས། །ཕྱི་རོལ་དགོངས་བརྡ་སྙན་རྒྱུད་གཏེར་རྒྱ་ཚིག །སྨོན་ལམ་དབང་བསྐུར་ལས་འཕྲོ་གཏེར་བརྒྱུད་སོགས། །དགུ་ལྡན་བརྒྱུད་པའི་བླ་མ་སྤྲིན་ལྟར་གཏིབས། །གསོལ་བ་འདེབས་སོ་ཚེ་འདས་ཐར་ལམ་དྲོངས། །རྒྱལ་བ་ཀུན་འདུས་མ་ཅིག་མཚོ་རྒྱལ་མ། །དད་གསུམ་སྙིང་ནས་གསོལ་བ་བཏབ་པའི་མཐུས། །སྐྱབས་མེད་མགོན་བྲལ་ཕོ་མོ་འདི་དག་ཀུན། །སྒོ་གསུམ་སྒྲིབ་དག་ལུས་ངག་སྨིན་གྲོལ་ཤོག །སྐུ་གསུམ་མངོན་གྱུར་ས་ལམ་གཅིག་ཆར་བགྲོད། །ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་མཆོག་ཏུ། །ཆོས་སྐུ་སངས་རྒྱས་འོད་དཔག་མེད་མགོན་དང་། །ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །མ་ཅིག་ཇོ་མོའི་ཐུགས་རྗེས་བདེན་པ་ཡིས། །ཚེ་འདས་ཕོ་མོ་བཞི་བརྒྱ་ལྔ་བཅུ་ཐམ། །ནུབ་ཕྱོགས་བདེ་ཆེན་ཞིང་དུ་དྲངས་ཐལ། །གསོལ་འདེབས་འདི་ལ་འཁོར་བ་དོང་སྤྲུགས་གསུངས། །གང་འདོད་ཤམ་བསྒྱུར་འདོད་འབྱུང་ནོར་བུའི་ཕྲེང་། །རྗེས་འཇུག་ཉམས་བླངས་རྩེ་གཅིག་གསོལ་བཏབ་ན། །ཇོ་མོས་མི་བསླུ་དངོས་གྲུབ་གཉིས་ཐོབ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །མི་སྐྱ་ཞིག་ནི་སླེབས་ནས་བྱུང་། །ས་ཆ་གྲུ་ཡ་ནང་ནས་ཡིན། །མིང་ལ་ཚ་བཤུ་ལྷ་རྒྱས་ཟེར། །སྐྱེ་བ་འདི་ཡི་སྔ་མ་ལ། །འབུམ་པོ་ཏི་བཅུ་གཉིས་བཞེངས་ལེ་ཡིན། །ད་ལྟ་སྐྱེ་བ་འདི་ཉིད་ལ། །བསྐལ་བཟང་དང་ནི་གསེར་འོད་བཞེངས། །དར་ཅོག་འདོམ་པ་བརྒྱ་ལྷག་བཞེངས། །དཀར་ཕྱོགས་ཆོས་རྣམས་ཐམས་ཅད་ལ། །རྩོལ་བ་ཆེ་ཐང་སྐྱེད་དེ་བསྒྲུབས། །སྡིག་ལ་དུག་བཞིན་སྤང་བྱ་བྱས། །ཆོས་ཕྱོགས་དགེ་བ་གང་འགྲུབ་དེ། །མཁའ་ཁྱབ་སེམས་ཅན་ཀུན་ལ་བསྔོས། །དེ་འདྲ་ཟེར་ནས་མ་ཎིའི་དབྱངས། །ལས་རབ་རྫོགས་པའི་ཞིང་ཁམས་ལ། །ཕོ་མོ་བཅུ་ཕྲག་ཁྲིད་ནས་ཐལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་ལྕགས་སྲེག་ཐང་ཆེན་འབར་བའི་ཟུར། །མི་སྐྱ་ཞིག་གིས་འདི་སྐད་ཟེར། །ང་གྲང་ང་ཁམས་ལ་འདུག་པའི་དུས། །དམྱལ་བ་འདི་འདྲ་ངས་མ་ཤེས། །གཞི་བདག་རྣམས་ལ་འགྲས་སུ་བཟུང་། །ཉེས་མེད་རི་དྭགས་མང་པོ་བསད། །རྨོན་མོ་དགེ་བཀུག་མང་དུ་བྱས། །ངས་མ་བྱས་པ་ལ་གཅིག་ཀྱང་མེད། །མི་རྟ་ཁྱི་གསུམ་ང་ཡིས་བསད། །སྤྱང་དྲེད་འཕྱི་བ་ང་ཡིས་བསད། །བྱ་རིགས་སྣ་མིན་སྣ་ཚོགས་བསད། །ལས་དེ་ལྟར་བྱས་པའི་ཉེས་དམིགས་ལ། །གཞི་བདག་དྲག་རྩལ་ཅན་རྣམས་ཀྱིས། །ལྕགས་ཁང་སྒོ་མེད་ནང་ཤེད་དུ། །རིལ་རྡོག་ཙམ་ཞིག་བྱས་ནས་བཙུད། །ཕྱི་ནས་སོལ་བའི་སྦུད་ཅིང་སྲེག །ནང་ནས་ཁྲོ་ཆུ་དུག་ཆུས་སྦྱོང་། །སྐབས་སྐབས་ལས་མཁན་སྣ་ཚོགས་ཀྱིས། །རི་དྭགས་བསད་པའི་ཉེས་དམིགས་ཀྱིས། །ལས་མཁན་ཤ་བའི་མགོ་ཅན་གྱིས། །སྟ་རེ་ངར་མས་གསེས་དོའོ། །ལས་མཁན་གནའ་བའི་མགོ་ཅན་གྱིས། །མདའ་མདུང་མང་པོས་རྩག་ཏུའོ། །ལས་མཁན་དགོ་བའི་མགོ་ཅན་གྱིས། །སྟེའུ་ཁེ་ངར་མས་གཞོག་དོའོ། །ལས་མཁན་གླ་བའི་མགོ་ཅན་གྱིས། །སྤུ་གྲི་ངར་མས་གཏུབ་ཏུའོ། །སྲོག་ལེན་དགུ་སྐོར་བྱེད་དོའོ། །ཨོ་ངར་རི་ལུང་བཤིགས་ཤིང་འདུག །གྲང་ང་ཁམས་ལ་འདུག་དུས་ལ། །འདི་འདྲ་ཡོད་སྣང་ཡིད་ལ་མེད། །ད་ནི་ང་ཡི་སྡུག་གཅིག་མེད། །རྫོ་ལུང་མེད་པའི་ངང་དུ་ནི། །ལས་མཁན་བརྒྱ་སྟོང་མང་པོ་ཡིས། །ཁྱོད་ཀྱིས་མི་བསད་ཉེས་པ་ཟེར། །མཚོན་ཆ་སྣ་མིན་སྣ་ཚོགས་ཀྱིས། །བར་མཚམས་མེད་པར་དྲ་ཞིང་བཏུབ། །ན་ཚའི་སྡུག་བསྔལ་མ་བཟོད་ནས། །ཁྱེད་ཀྱིས་མ་ཎི་སྐྱི་རོགས་ཟེར། །བདག་གིས་མ་ཎི་བྱིན་པ་དང་། །འཇིག་རྟེན་ཁམས་ནས་ཨ་ནེ་ཡིས། །མ་ཎི་གཅིག་ནི་དབྱངས་དགོས་ཟེར། །ཚུར་ཁར་སླེབས་ནས་དབུགས་མལ་བཤང་། །དེ་མཚམས་ལས་མཁན་མང་པོས་དྲུད། །རྟ་ཡི་མགོ་ཅན་མང་པོ་ཡིས། །གནའ་རྣམས་བསད་པའི་ཉེས་དམིགས་ཟེར། །མཚོན་ཆ་མང་པོས་དྲ་དོའོ། །ཤ་གཏུབ་བྲེ་ལ་འཇལ་དོའོ། །ཁྲག་གི་རྒྱ་མཚོ་འཁྱིལ་དོའོ། །ཡང་ཤི་ཡང་སོས་མང་པོ་ལ། །སྲོག་ལན་དགུ་སྐོར་བྱེད་དོ་སྣང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་ཁྱི་སྤྱང་མང་པོ་བསད་པ་ལས། །ལས་མཁན་ཁྱི་སྤྱང་འཕྱི་དྲེད་ཀྱི། །མགོ་ཅན་བརྒྱ་སྟོང་མང་པོ་ནི། །ཁ་སོར་མཚོན་ཆ་ངར་མ་ཐོགས། །དེ་ཡིས་ཟ་ཞིང་གསུབ་ཏུའོ། །མཚོན་ཆ་མང་པོས་དྲ་ཞིང་གཏུབ། །མེ་མུར་འོབས་ཀྱི་ནང་དུ་འཕེན། །ཨ་ཚ་རྫོ་ནས་ངུ་དོའོ། །ཨ་ན་རྫོ་ནས་འབོད་དོའོ། །བྱ་རིགས་གཡུང་དྭགས་བསད་པ་ལ། །སོ་སོའི་མགོ་ཅན་ལས་མཁན་གྱིས། །རྒྱག་རྡུང་དྲ་གཏུབ་བར་མཚམས་མེད། །ངས་ལས་མཁན་སེངྒེའི་མགོ་ཅན་ལ། །སྡིག་ཆེན་བུ་ཆེན་ཟེར་བ་འདི། །ཐར་པའི་དུས་གཅིག་ནམ་ཡོང་ལ། །དེ་སྐད་ཞུས་པའི་ལན་དུ་ལ། །ལས་ངན་སྡིག་ཆེན་འདི་ཉིད་ཀྱིས། །དཀོན་མཆོག་ལོག་བལྟས་བླ་མར་སྨོད། །བསད་བསད་རྫུན་དང་མནའ་ནག་ཟོས། །འདི་བསྐལ་པ་བརྒྱ་སྟོང་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདི་ཐར་ཐབས་གང་ལགས་ཞུས། །མནའ་བཤགས་སྡིག་བཤགས་རྡོ་རྗེ་གཅོད། །ཐར་མདོ་རྡོ་བརྐོས་ཇོ་དར་ནི། །ལུས་ཚད་བརྒྱ་ཙམ་འགྲུབ་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྐབས་གཅིག་ལ། །ལས་མཁན་གཉིས་ཀྱི་བུ་མོ་གཅིག །བྱེའུ་ཁྲ་ཡིས་བཅུམ་བཅུམ་བྱས་ནས་བྱུང་། །ཤ་ཁྱེར་ཁྲག་ཁྱེར་ངང་ལ་བཟུང་། །འོག་ནས་མེ་སྟོང་ཁ་བསྣོལ་འཇོག །ལུས་པོ་ཐམས་ཅད་གཞོབ་ཐུལ་བསྲེགས། །ཁོག་ནས་མེ་དཔུང་འབར་བ་ཡིས། །ཁ་ནས་མེ་ལྕེ་ལྷབ་ལྷབ་འབར། །མིག་དང་སྣ་ཁུང་དུད་པ་འཐུལ། །སྐབས་སྐབས་ཁྲོ་ཆུ་དུག་ཆུས་སྦྱངས། །ཤ་རུས་སྐྱ་ནི་སིབ་སིབ་འགྲོ། །འདི་ཇི་ལྟར་བྱས་པའི་ཉེས་དམིགས་རེད། །ལས་མཁན་སེངྒེའི་མགོ་ཅན་ལ། །བུ་མོ་བདག་གིས་དྲིས་པའི་ལན། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །འདོད་ཆགས་ཆེ་བའི་ལས་འབྲས་ཡིན། །ཡང་ཤི་ཡང་སོས་མང་པོ་ལ། །བསྐལ་པ་མང་པོར་འདུག་དགོས་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ནས་རང་ལ་རང་གིས་སྐྱོ་བ་སྐྱེས་ཏེ། ཤ་རུས་ཞིག་པ་ལྟ་བུ་ཞིག་བྱུང་ནས་རྒྱལ་སྲས་ཐུགས་རྗེ་ཅན་རྣམས་ལ་གསོལ་བ་འདི་ལྟར་གདབ་པའོ། །ཨེ་མ་ཧོ། ཀ་དག་ཆོས་སྐུའི་མཁའ་ཀློང་ནས། །ལྷུན་གྲུབ་ལོངས་སྐུའི་ཟེར་སྟོང་འཕྲོ། །རབ་འབྱམས་ཞིང་བཞུགས་རྒྱལ་བའི་གཙོ། །བཀའ་བཞི་བརྒྱུད་པའི་བླ་མ་དང་། །པད་འབྱུང་རྗེ་འབངས་ཉི་ཤུ་ལྔ། །གཏེར་ཆེན་བརྒྱ་དང་གཏེར་ཕྲན་སྟོང་། །བཀའ་གཏེར་བརྒྱུད་པའི་བླ་མ་དང་། །ཐེག་དགུ་རྒྱུད་བཞི་ཡི་དམ་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོ་རྣམས། །གཅིག་འདུས་ཇོ་མོ་མཚོ་རྒྱལ་དང་། །དབྱེར་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལས་ཅན་ལུས་ངན་བུད་མེད་བདག །འཁོར་བ་དུག་གི་འདམ་རྫབ་ནས། །མྱུར་དུ་སྐམ་སར་དབུགས་དབྱུང་ནས། །བསླུ་བྲིད་ཚིག་གིས་མི་འཚེ་བར། །མ་རིགས་དུག་ལྔའི་ནད་ལས་ཐར། །འཁོར་བའི་འདོད་ཆགས་རྩད་ནས་ཆོད། །ཐར་ལམ་བྱང་ཆུབ་ལམ་ལ་བཏེག །དྲིན་ཆེན་རྩ་བའི་བླ་མའི་དྲུང་། །སྐྱབས་གསུམ་སྡོམ་པ་ནས་བཟུང་སྟེ། །སོ་ཐར་བྱང་སེམས་གསང་བ་སྔགས། །རིམ་ཞུགས་སོ་སོའི་བསྲུང་སྡོམ་རྣམས། །ཕྲ་རགས་དམ་ཚིགས་མ་ཉམས་པའི། །རྟོགས་པ་རིམ་གྱིས་ན་འཕར་ནས། །བྱང་ཆུབ་སེམས་དཔའི་གྲལ་འཁོད་ནས། །སྡོམ་གསུམ་རྣམ་དག་བསླབ་གསུམ་བརྒྱན། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །འདུས་བྱས་ཕུང་པོ་འདི་དོར་ཚེ། །འབྱུང་ལྔ་ཡུམ་ལྔའི་ངང་དུ་ཐིམ། །སེམས་རིག་ཆོས་སྐུའི་ཀློང་དུ་གྲོལ། །རོལ་མོ་འཇའ་འོད་སྤོས་སྤྲིན་ཆར། །དཔའ་བོ་མཁའ་འགྲོས་མདུན་བསུས་ནས། །བདེ་ཆེན་ཞིང་གི་པདྨའི་སྦུབས། །བརྫུས་ཏེ་སྐྱེ་བ་མྱུར་ལེན་ནས། །སྐྱེས་མ་ཐག་ཏུ་མེ་ཏོག་ཕྱེ། །འོད་དཔག་མེད་པའི་ཞལ་མཐོང་ནས། །གསུང་གི་བདུད་རྩི་མྱོང་བར་ཤོག །གང་ལ་གང་འདུལ་དེར་སྤྲུལ་ནས། །མ་གྱུར་མཁའ་ཁྱབ་སེམས་ཅན་རྣམས། །བདེ་ཞིང་འདྲེན་པའི་མཐུ་ལྡན་ཤོག །དྲིན་ཆེན་རྩ་བརྒྱུད་བླ་མ་དང་། །མ་ཅིག་ཇོ་མོ་མཚོ་རྒྱལ་དང་། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས། །བདག་གིས་སྨོན་ལམ་གང་བཏབ་པ། །གེགས་མེད་འགྲུབ་པར་མཛད་དུ་གསོལ། །ཏྱད་ཐཱ། པཉྩ་ཏྲ་ཡ་ཨ་ཝ་བོ་དྷ་ན་ཡ་ཞེས་གསོལ་སྨོན་ལམ་ཞེ་ཐག་པ་ནས་བཏབ་ཅིང་སྣང་བ་གཏད་མེད་བུན་ནེ་སོང་བའི་སྐབས་ཤིག་ཏུ། ཤར་ཕྱོགས་དུང་འོད་འབར་བའི་རི་རྩེ་ནས། རྣལ་འབྱོར་པ་གཅིག་གིས་ཆོས་གོས་རྣམ་གསུམ་དང་། དར་དཀར་གྱི་ཅོད་པན་འཕུར་ཞིང་། མགུར་ཆེན་འདི་ལྟར་གསུངས་སོ། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་པ། མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བཞི་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་མཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །ཚེ་འདས་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །རྒྱལ་བའི་ཞིང་ཁམས་རྣམ་དག་པདྨ་བཀོད། །རང་བྱུང་ལྷུན་གྲུབ་དུར་ཁྲོད་དགའ་བའི་ཚལ། །རིག་འཛིན་རྣམ་གསུམ་རིམ་བྱོན་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཚེ་འདས་ཐར་ལམ་དྲོངས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སོགས་ཀྱི་གདངས་སྙན་པའི་དབྱངས་དང་བཅས་ཏེ་ལྕགས་སྲེག་ཐང་ཆེན་འབར་བ་ནས་ཕོ་མོ་བཞི་བརྒྱ་ཙམ་ཞིག་ཕྱོགས་བཞིའི་ཞིང་ཁམས་རྣམས་ལ་སྐད་ཅིག་གིས་དྲངས་ཐལ། རྣལ་འབྱོར་པ་དེ་ནི་གྲགས་པའི་མཚན་དེ་ཡིན་ནོ། །འདི་རི་བོ་ཆེའི་རྟོགས་ལྡན་ཞིག་ཟེར། དེ་ནས་མདུན་གྱི་ཞབས་འོག་ཏུ། །ཕོ་མོ་མང་པོ་མནན་ལེ་མཐོང་། །འདི་ཅི་ཡི་རྣམ་སྨིན་ཡིན་བསམ་ཙ། །མ་ཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །བླ་མ་བཟང་པོ་ཕེབས་པའི་དུས། །མ་ལངས་ཕྱག་དང་སྐོར་བ་མེད། །རྐང་ལག་བརྐྱངས་པའི་རྣམ་སྨིན་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །ཕོ་མོ་མང་པོའི་གསང་གནས་སུ། །རྩི་ཐག་སྒྲིམ་བཤད་མང་པོ་བྱེད། །ཁོག་སྟོད་ཁོག་སྨད་དུམ་བུར་གཏོང་། །འདི་ཅི་ཡི་རྣམ་སྨིན་ཡིན་བསམ་ཙ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །སྡོམ་གསུམ་བླངས་ནས་མི་ཚངས་སྤྱོད། །དམ་སྡོམ་ཉམས་པའི་རྣམ་སྨིན་ཡིན། །ད་དུང་བསྐལ་པའི་བར་དུ་ཡང་། །དམྱལ་ཁམས་བཅྭོ་བརྒྱད་མྱོང་དགོས་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་རྣལ་འབྱོར་རས་གཟན་དང་དབུ་སྐྲ་རྒྱབ་ཏུ་སིལ་བུར་གྲོལ་བ་དེ་ཉིད། སེངྒེ་དཀར་མོ་ལ་ཞོན་ནས། སྐུ་གསུམ་རྒྱལ་བའི་དབང་པོ་ལྷུན་གྲུབ་རྗེ་སོགས་ཀྱི་མགུར་ཆོས་མང་དུ་གསུངས་ནས། དམྱལ་བ་ཆུ་བུར་ཅན་གྱི་ཡུལ་ནས་ཕོ་མོ་ལྔ་བརྒྱ་ཙམ་ཞིག་བདེ་ཆེན་ཞིང་དུ་དྲངས་ཐལ་ལོ། །བདག་གིས་སུ་ཡིན་བསམ་ཙ་ན། མ་གཅིག་ཇོ་མོའི་ཞལ་ནས། ད་ལྟའི་རྣལ་འབྱོར་པ་དེ་རི་ཕ་བླ་མ་ཀརྨ་བསྟན་འཛིན་རྒྱ་མཚོ་ཡིན་གསུངས། འདྲེན་རྒྱུའི་ཕོ་མོ་དེ་རྣམས་རྒྱུ་ཟས་ཀྱི་འབྲེལ་བ་གང་ཡོད་རེད་ཟེར་གསུངས། བདག་གིས་གསོལ་བ་རྩེ་གཅིག་བཏབ་པས་དབང་དང་གདམས་པ་ཡང་ཐོབ། ཕྱིས་དཔལ་རི་ནས་དགོངས་འདུས་སྒྲུབ་ཆེན་སྐབས། སྒྲུབ་དབང་ཞིབ་རྒྱས་རྩ་བའི་དབང་འདེབས་ཚིག་དོན་རྣམས་བརྗེད་མེད་དྲན་པས་ཟིན་འདུག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །རི་དྭགས་མགོ་ཅན་སྣ་ཚོགས་ཀྱིས། །ལྕགས་ཐག་མང་པོས་མི་གཅིག་ཁྲིད། །མཚོན་ཆ་སྣ་ཚོགས་ལུས་ལ་བརྒྱབ། །མེ་སྦོར་ཁ་རྣམས་གཏུག་རྒྱག་བྱེད། །ཤིང་ཆས་སྦྱངས་ཤི་རྒྱག་དོའོ། །ལྕགས་ཁང་ནང་ལ་བཙུད་དོའོ། །ཕྱི་ནས་སོལ་མེས་སྲེག་དོའོ། །ངུ་འབོད་གནམ་ས་ཁོལ་དོའོ། །ཤ་རུས་སྐྱ་ནི་སིལ་ལི་འགྲོ། །དེ་འདྲའི་ལས་ངན་སྡིག་ཅན་འདི། །ལས་ཅི་ཡི་རྣམ་སྨིན་ཡིན་བསམ་ཙ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །ཉེས་མེད་རི་དྭགས་གསོད་མཁན་ཡིན། །ཡང་ཤི་ཡང་སོས་མང་པོ་ལ། །བསྐལ་པ་བརྒྱར་ཡང་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །བུད་མེད་གཅིག་ནི་སླེབས་ནས་ཀྱང་། །མིང་ལ་ཚེ་དབང་སྒྲོལ་མ་ཟེར། །ང་གྲང་ང་ཁམས་ལ་འདུག་དུས་ལ། །བླ་མ་བཟང་པོ་ཕེབས་པའི་དུས། །འབུལ་བ་ཅུང་ཟད་ཅི་རྙེད་ཕུལ། །ཕྱག་འཚལ་གསོལ་བ་ཡང་ཡང་བཏབ། །དམ་ཆོས་མ་ཎི་བཀའ་འབུམ་བཞེངས། །ཁྱི་སྤྲང་ལོང་ང་སྦྱིན་མང་བཏང་། །སྦྱིན་གཏོང་སེར་སྣ་སྤུ་ཙམ་མེད། །དེ་རིང་བར་དོ་འགྲིམས་པའི་སྐབས། །ལྷ་དང་བླ་མའི་ཐུགས་རྗེས་ཟུངས། །དཀོན་མཆོག་གསུམ་གྱིས་ལམ་སྣ་དྲོངས། །ཁྱི་སྤྲང་ལོང་ངའི་སྦྱིན་འབྲས་ཡིན། །ཟེར་ནས་བཛྲ་དབྱངས་དང་བཅས། །ཕོ་མོ་བདུན་ཙམ་སྣ་དྲངས་ནས། །ཐར་ལམ་དཀར་པོར་འཇུག་པར་ཐལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་ལུས་མེད་སེམས་ཀྱི་སྣང་བ་ལ། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །ཕོ་མོ་མང་པོ་སྲེག་ལེ་མཐོང་། །ལས་མཁན་སྟག་གི་མགོ་ཅན་གྱིས། །འཇོར་ཆེན་ཞིག་གིས་དཀྲུག་དོའོ། །མགོ་བོ་མན་ཆད་མེ་ནང་ནུབ། །མགོ་བོ་མིན་པ་མི་རིག་དོ། །ཨ་ཚ་ཨ་ནའི་ངུ་འབོད་ནི། །ས་གཞོག་བརྒྱ་སྟོང་ཁོལ་དོའོ། །ངས་ལས་མཁན་སྟོན་པ་རབ་བསྒྲགས་ལ། །འདི་ཇི་ལྟར་བྱས་པའི་འབྲས་བུ་རེད། །དེ་སྐད་སྨྲས་པའི་ལན་དུ་ལ། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །རྒྱལ་བའི་གསུང་རབ་དགེ་འདུན་ཆོས། །རེ་ཞིག་མེར་བསྲེགས་རྣམ་སྨིན་དང་། །བཤས་ཚོང་མང་པོས་ཁ་བར་དང་། །མནའ་ནག་མང་པོ་ཟོས་པས་ཉེན། །བསྐལ་པ་སྟོང་ལ་མི་ཐར་གསུངས། །ཡང་གཅིག་ལྕགས་སྲེག་ཐང་ཆེན་ལ། །སོལ་མེ་རི་རབ་ཙམ་གྱི་ནང་། །མི་སྡེ་མང་པོ་སྲེག་པ་མཐོང་། །ཤ་རུས་སྐྱི་ནི་ཁྲལ་ཁྲལ་འགྲོ། །སྐབས་སྐབས་གྲི་མདུང་མང་པོས་འཛེར། །ལུས་ལ་ཞིང་རྨོ་འཇོར་གྱིས་རྐོ། །མདའ་ཙག་ཁབ་ཙག་འབིག་ཙག་བྱེད། །ཤ་རུས་དུམ་བུ་སྟོང་དུ་འཐོར། །འདི་ཇི་ལྟར་བྱས་པའི་ཉེས་དམིགས་ལགས། །ལས་མཁན་སེངྒེའི་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །མཚོན་ཆ་སྣ་མིན་སྣ་ཚོགས་དང་། །ཁ་བཀད་ཐོང་འཇོར་མདེའུ་སོགས། །མཚོན་ཆ་བརྡུང་བའི་མགར་བ་དང་། །རྩི་ཤ་ཉ་ཤ་ཉིན་ཤ་ཟ་མཁན་གསུམ། །ཡང་གཅིག་ཕོ་མོ་མང་པོས་འགའ། །ལྕེ་ནས་ལྕགས་དམར་ཞགས་པ་འཐེན། །ཞིང་རྨོ་ཁྲོ་ཆུ་ཁ་ལ་བླུག །མིག་ནས་ཁྲག་འབབ་སྣ་ནས་དུད་པ་འཐུལ། །སྐབས་སྐབས་མགོ་ནི་བྲག་བར་གཅུར། །འདི་ཅི་ཡི་རྣམ་སྨིན་ཡིན་བསམ་ཙ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །མནའ་རྫུན་དུ་མའི་ཉེས་དམིགས་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་ཤར་ཕྱོགས་འོད་ལྔའི་གུར་ཁང་ནས། །རྣལ་འབྱོར་སྐྱེས་བུ་ལས་ལྡན་ཞིག །ནང་དུ་གསང་གོས་དཀར་པོ་དང་། །ཆོས་གོས་རྣམ་གསུམ་ཞྭ་ཁྲ་གསོལ། །རྟ་མཆོག་ངང་དཀར་ཁྲི་སྟེང་ཕེབས། །ཕོ་མོ་སྟོང་ཕྲག་ཙམ་ཞིག་ནི། །ཤར་ཕྱོགས་མངོན་དགའི་ཞིང་དུ་དྲངས། །དེ་ཉིད་སུ་ཡིན་བསམ་ཙ་ན། །མ་གཅིག་ཇོ་མོས་འདི་སྐད་གསུངས། །སྐྱེས་བུ་ལས་ལྡན་དེ་ཉིད་ནི། །ཤར་ཕྱོགས་མེ་ལོང་རྡུལ་བྲལ་ནས། །ངག་དབང་ལྷུན་གྲུབ་རང་གྲོལ་གསུངས། །བདག་གིས་གསོལ་བ་འདི་ལྟར་བཏབ། །སྣང་སྲིད་འཛིན་བྲལ་འོད་ལྔའི་ཀློང་། །ཆོས་སྐུ་རྡོར་འཆང་མི་གཟུགས་ཅན། །ངག་དབང་ལྷུན་གྲུབ་རང་གྲོལ་ཞེས། །གསོལ་འདེབས་བུ་ལ་དབང་བཞི་བསྐུར། །སྒྲིབ་བཞི་དག་ནས་ལམ་བཞི་འབྱོངས། །སྐུ་བཞི་མངོན་གྱུར་མྱང་འདས་བར། །རིགས་ཀྱི་བདག་པོར་དབྱེར་མེད་ནས། །གང་འདུལ་འགྲོ་བའི་དེད་དཔོན་ཤོག །ཅེས་གསོལ་བ་བཏབ་ནས་བླ་མ་རང་སེམས་དབྱེར་མེད་ནས་སྣང་སྲིད་འཁོར་འདས་ཐམས་ཅད་ཆོས་ཉིད་ཁྱབ་བདལ་ཆེན་པོའི་ཀློང་དུ་འབྱམས་ཀླས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །བྲག་ཕུག་ཧ་ལོང་འདྲ་བའི་ནང་། །ཕོ་མོ་མང་པོ་བརྒྱང་ནས་འདུག །ཡར་མར་ཐར་པ་མི་སྲིད་དོ། །མཆོང་ལུང་ནང་དུ་ལུང་ཆད་འདྲ། །འདི་ཅིའི་རྣམ་སྨིན་ཡིན་བསམ་ཙ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །ཕྱག་འཚལ་དུས་གནས་ལྔ་ས་ལ་མ་གཏུགས་ཉེས་སྐྱོན་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕྱག་ལ་ཉེས་སྐྱོན་དེ་ཙམ་ན། །ཕན་ཡོན་བྱ་བ་གང་ལགས་ཞུས། །མ་གཅིག་ཇོ་མོས་འདི་སྐད་གསུངས། །བླ་མའམ་ནི་རྟེན་ཁྱད་འཕགས། །ཡང་ན་དཀོན་མཆོག་གསུམ་འདབས་དྲུང་། །གནས་ལྔ་དེར་གཏུགས་བརྐྱང་ཕྱག་ནི། །བརྒྱ་ཕྲག་རེ་ཡི་ཕན་ཡོན་ནི། །ཚེ་འདིར་ལུས་ཀྱི་ན་ཚ་ཞི། །ཐུན་མོང་དངོས་གྲུབ་གང་འདོད་འགྲུབ། །ཕྱི་མ་ངན་སོང་སྐྱེ་སྒོ་ཆོད། །ས་བཅུ་ལམ་ལྔ་རིམ་བགྲོད་ནས། །རྡོ་རྗེ་འཛིན་པའི་སར་འགོད་གསུངས། །དེ་ཕྱིར་ཁྲི་ཕྱག་འབུམ་ཕྱག་གི །ཕན་ཡོན་ཕྱོགས་བཅུའི་སངས་རྒྱས་ཀྱིས། །བསྐལ་པར་བརྗོད་ཀྱང་གྲངས་མི་རྫོགས། །ཕྱག་འབུམ་འགྲུབ་པའི་མི་དེ་ནི། །མཐོང་ཐོས་འབྲེལ་བ་ཐོབ་ཚད་ཀུན། །བདེ་ཆེན་ཞིང་དུ་འདྲེན་པར་ངེས། །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ད་རུང་མང་ཞིང་འདུག་ནའང་། །མ་བྲིས་ཕྲིས་པ་མཐོལ་ལོ་བཤགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ལྕགས་སྲེག་ཁང་སྒྲོམ་འབར་བའི་ནང་། །རྒན་མོ་ཞིག་ལྕགས་ཐག་མང་པོས་བསྐོར། །སྟེང་ནས་བྲག་རི་སྔོན་པོས་མནན། །ཟུར་དུ་སྔགས་ནག་མི་གཅིག་གདའ། །གཉིས་ཀ་བཀྲེས་ཤིང་སྐོམ་ཚད་ནི། །ཁྲོ་ཆུ་འཐུངས་ཤིང་མེ་མུར་འགམ། །སྡུག་བསྔལ་ཚད་ནི་བགྲང་མི་ནུས། །ཐར་པའི་དུས་གཅིག་ཡོད་དམ་མེད། །འདི་ཅི་ཡི་རྣམ་སྨིན་ཡིན་ནམ་བསམ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །རྗེ་བཙུན་མི་ལ་རས་ཆེན་ལ། །དུག་ཆེན་འདྲེན་རོགས་དགེ་མོ་རེད། །སྟེང་ནས་བྲག་སྔོན་མནན་ལེ་དེ། །འདྲེན་བླ་གཡུ་ཟོས་ཉེས་པ་རེད། །ཟུར་དུ་མི་གཅིག་ཡོད་པ་དེ། །དུག་ཟོས་བསྐོར་མཁན་སྔགས་ནག་རེད། །སྒོམ་ཐེམ་ཁྲོ་ཆུའི་ཕ་བོང་ལ། །སྲ་འཐུག་དཔག་ཚད་སྟོང་དུ་ཡོད། །ཟད་མཚམས་ཐར་པ་ཨི་ཐོབ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་བླ་མ་བཟང་པོ་ཕེབས་ནས་བྱུང་། །ཕོ་མོ་ལྔ་བརྒྱ་ཙམ་ཞིག་ནི། །བདེ་ཆེན་ཞིང་དུ་དྲངས་ནས་ཐལ། །ཀུན་བཟང་རྡོ་རྗེ་དབང་དྲག་ཡིན། །ཡང་བླ་མ་ཞིག་ནི་ཕེབས་ནས་བྱུང་། །ཚེ་འདས་ཕོ་མོ་མང་པོ་འགའ། །ལས་རབ་རྫོགས་པའི་ཞིང་དུ་དྲངས། །ཀུན་བཟང་རིན་ཆེན་ཕྲིན་ལས་ཡིན། །ཡང་གཅིག་འཁྲུལ་པའི་སྣང་བ་ལ། །འཇིགས་སུ་རུང་བའི་ལས་ངན་འགས། །ཕོ་མོ་མང་པོ་དེད་ནས་བྱུང་། །རྫ་རི་ཉིལ་ཉིལ་བྱས་ནས་བྱུང་། །སེར་བ་བྲབ་བྲབ་བྱས་ནས་བྱུང་། །གདུག་པའི་མཚོན་ཆ་ཟིངས་སེ་ཟིང་། །རྒྱོབ་རྒྱོབ་སོད་སོད་སྒྲ་རེ་ཆེ། །མགོ་ལུས་དུམ་བུ་ཚལ་པ་སྟོང་། །ངུ་འབོད་གནམ་ས་ཁོལ་ཞིང་འདུག །ཁྲག་མཚོ་ཁོལ་མའི་ནང་དུ་ཐལ། །འདི་ཅི་ཡི་རྣམ་སྨིན་ཡིན་བསམ་ཙ། །མ་ཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །སྟོང་ལུག་མང་པོའི་བདག་པོ་དང་། །ཚོང་ཆེན་ལུག་གི་ཁ་ཕ་དང་། །བཤས་ཚོང་བྱེད་པའི་ཁ་ཕ་དང་། །ཤ་ཁྱི་དར་མའི་བདག་པོ་དང་། །གཞན་གྱི་ཟས་ནོར་རྐུ་མི་དང་། །རྩི་ཤ་བསྔོས་ཤ་ཉིན་ཤ་ཟ། །རམ་ནག་སྐོར་འཐུས་བྱེད་མི་དང་། །ས་ཞིང་ཆུ་མའི་བདག་པོ་དང་། །ལས་ངན་སྡིག་ཅན་དེ་རྣམས་ཡིན། །བསྐལ་པ་སྟོང་ལ་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་བླ་མ་གཅིག་ནི་ཕེབས་ནས་བྱུང་། །ཚེ་འདས་ཕོ་མོ་འགའ་ཞིག་དང་། །ལྕགས་ཁང་སྒོ་མེད་ནང་ཤེད་ནས། །རྔོན་པ་བདུན་ནི་དྲངས་ནས་ཐལ། །བླ་མ་བསམ་གཏན་དོན་འགྲུབ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །ཕོ་མོ་མང་པོ་དེད་ནས་བྱུང་། །མི་གཙང་འདབ་རྫབ་ནང་དུ་ཕུལ། །སྣམ་བུ་བསུབ་བསུབ་བྱེད་དོའོ། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །མཚོན་ཆ་མང་པོས་དྲ་ཞིང་གཏུབ། །མགོ་འབུར་ཙམ་ཡང་མི་སྣང་ངོ་། །ངུ་འབོད་ཟི་ལངས་ཁོལ་ནས་འདུག །ལས་འདི་ཡི་རྣམ་སྨིན་ཇི་ལྟར་ལགས། །ལས་མཁན་ཤ་བའི་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །ལྷ་ཁང་ནང་དུ་དྲི་ངན་རྡུལ་སྤྲུགས་དང་། །དགེ་འདུན་དང་ནི་མཚོས་ལ་ལ། །མི་གཙང་སྣོད་དུ་གསོལ་ཆས་ཕུལ། །རྒྱ་ལམ་ནང་དུ་དྲི་ངན་བཞག །དགེ་འདུན་དཀོར་ལ་བག་མེད་སྤྱད། །ཚུལ་ཁྲིམས་མི་གཙང་བ་རྣམས་ཡིན། །ལས་ཀྱི་རྣམ་སྨིན་དེ་ལྟར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ཕ་བོང་ཆེན་པོའི་ཟུར་དུ་སླེབས། །ཨོ་ངར་རི་ལུང་ཁོལ་ནས་འདུག །འདི་ཇི་ལྟར་ཡིན་འདུག་བསམ་པའི་ཚེ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །བདག་ལ་རྡོ་རྗེ་ཕུར་པ་གནང་། །ཁྱོད་ཀྱིས་བྲག་འདི་བཤིགས་ཤིག་གསུངས། །ཇོ་མོའི་ཐུགས་རྗེའི་བདེན་པ་ཡིས། །བྲག་ནི་དུམ་བུ་འཐོར་ལ་ཐལ། །བྲག་དཀྱིལ་འབུ་ནག་དུང་ཕྱུར་དཀྱིལ། །སྦལ་པ་ནག་པོ་ཆེ་ལེགས་པ། །མར་ལ་ཡུངས་ཞི་འབྱར་འདྲ་མཐོང་། །འདི་ཅི་ཡི་རྣམ་སྨིན་ཡིན་བསམ་ཙ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །གྲང་ང་ཁམས་ལ་འདུག་དུས་ལ། །དབང་ལུང་ཉམས་ལེན་བསྙེན་སྒྲུབ་བོར། །ཐུགས་རྗེ་བྱིན་རླབས་མེད་པ་ཡི། །བླ་མ་ཕལ་ཆེར་འདི་འདྲ་རེད། །འབུ་ནག་ལུས་ལ་ཁོལ་བ་དེ། །ཚེ་འདས་མང་པོའི་ཟས་ནོར་འབགས། །དེ་ཡི་རྣམ་སྨིན་ཡིན་ནོ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནམ་མཁའི་འཇའ་ཟེར་འཁྲིགས་པའི་ཀློང་། །གྲུབ་ཐོབ་རྒྱ་བོ་ཞིག་ནི་ཕེབས། །གསང་མཚན་ཕྲིན་ལས་བསྟན་འཛིན་ཞུ། །ཕོ་མོ་ལྔ་བརྒྱ་ལྷག་ཙམ་གཅིག །བདེ་ཆེན་ཞིང་དུ་དྲངས་ནས་ཐལ། །དེ་རིང་དཔལ་རིའི་རྩེ་ནས་བྱོན། །སྔ་སོར་ཞིང་ལ་ཕེབས་པའི་དུས། །དུང་ཕྱུར་མང་པོ་དྲང་ལེ་ཐོས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་བླ་ཆེན་ཞིག་ནི་ཕེབས་ནས་བྱུང་། །ཕོ་མོ་ལྔ་བཅུ་ཙམ་ཞིག་དྲངས། །བླ་མ་བསམ་གཏན་བསྟན་འཕེལ་ཞུ། །ད་དུང་འདྲེན་པའི་ཐོག་མ་རེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན། །འཇང་ཡུལ་ཉི་མ་ཁྲི་འཛིན་དང་། །བལ་པོའི་ཨ་བཀྲ་རྒྱལ་པོ་གཉིས། །དགེ་སྡིག་ཞིབ་གཤེར་བྱེད་ཙ་ན། །ལྷན་སྐྱེས་ལྷ་དང་མཉམ་པར་བདུད། །རོགས་དཀར་ནག་གཉིས་ཀྱི་ནག་པོ་དེས། །རལ་པ་སྔོ་ནག་གྱེན་ལ་བརྫེས། །སྐུ་ལ་དར་ནག་གོས་ཟུ་གསོལ། །ཕྱག་ན་རས་ནག་ཁུག་མ་བསྣམས། །དེ་ཡིས་འདི་སྐད་ཞུ་བ་ཞུས། །འཇང་ཡུལ་ཉི་མ་ཁྲི་བཙན་འདི། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །ཆོས་དགེ་བ་སྤང་བྱ་བྱས་པ་འདྲ། །སྡུག་སྡིག་པ་ཅི་འཁོར་ཅི་སོག་ཡིན། །བལ་པོའི་ཨ་བཀྲ་རྒྱལ་པོ་འདི། །སྔ་མ་སྡིག་པའི་བུ་གཅིག་ལགས། །ད་ལྟ་ཡང་གཅིག་བཤད་པ་ན། །ཤ་ཁྲག་ལ་རྔམ་ཞིང་མནའ་ལ་དགའ། །དེ་འདྲའི་བུ་གཅིག་ཡིན་ནོ་ཟེར། །དེ་མཚམས་བུ་ཆུང་དཀར་པོ་དེས། །དབུ་སྐྲ་རིན་ཆེན་ཟུར་ཕུད་དང་། །སྐུ་ལ་དར་དཀར་གོས་ཟུ་གསོལ། །ཕྱག་གཡོན་རས་དཀར་ཁུག་མ་བསྣམས། །ཆོས་རྒྱལ་ཉིད་ལ་འདི་སྐད་ཞུས། །འཇང་ཡུལ་ཉི་མ་ཁྲི་བཙན་འདི། །གྲང་ང་ཁམས་ལ་འདུག་དུས་སུ། །གཙང་གི་ས་སྐྱའི་བཀའ་འབུམ་བཞེངས། །ཤཱ་རིའི་བུའི་མདོ་ཆུང་བཞེངས། །ཨོ་རྒྱན་པདྨའི་དུང་སྤྲུག་བླུགས། །ཆོས་ནི་དེ་ཙམ་འདི་ལ་ཡོད། །བལ་པོའི་ཨ་བཀྲ་རྒྱལ་པོ་འདི། །ཆོས་ནི་གོང་མར་མཉམ་ཞུས་བྱས། །དགེ་སྒྲུབ་སྡིག་སྤང་ཉམས་ལེན་གཟབ། །སངས་མཉམ་དུ་རྒྱས་པའི་སྨོན་ལམ་བཏབ། །དབང་ཆོས་མཉམ་ཞུས་སྨོན་ལམ་མཐུས། །དེ་སྔ་དམྱལ་ཁམས་བཅོ་བརྒྱད་ནས། །ཉང་མཐོང་ཐམས་ཅད་མཉམ་མཐོང་རེད། །ད་ནི་སྡིག་པའི་ལས་འབྲས་དག །དགེ་བའི་ཐར་ལམ་མྱུར་སྩོལ་ཞུ། །ཆོས་རྒྱལ་ཉིད་ཀྱིས་འདི་སྐད་གསུངས། །དཀར་པོས་རྫོ་དུས་དཀར་པོ་བདེན། །ནག་པོས་རྫོ་དུས་ནག་པོ་བདེན། །དཀར་ནག་བདེན་རྫུན་འདྲ་ལེ་འགུ། །ཁྱོད་རང་ཤོད་དང་གསལ་ཡོང་གསུངས། །འཇང་ཡུལ་ཉི་མ་ཁྲི་བཙན་གྱིས། །ཆོས་རྒྱལ་ཉིད་ལ་འདི་སྐད་ཞུས། །ཆོས་ཡོད་ཆོས་རྒྱལ་རིན་པོ་ཆེ། །ཆོས་མེད་ཁྲིམས་རྒྱལ་རིན་པོ་ཆེ། །ངེད་གཉིས་དབང་ཆེན་སྨོན་ལམ་མཐུས། །ཉང་མཐོང་ཆེ་ཆུང་མ་གཏོགས་པ། །དམྱལ་ཁམས་བཅོ་བརྒྱད་མཉམ་བགྲོད་བྱས། །ད་ནི་སྡིག་པའི་ཁྲིམས་ལས་ཐར། །དཀར་པོའི་ཐར་ལམ་མཉམ་ཚོལ་ཞུ། །ཡང་ཆོས་རྒྱལ་ཉིད་ཀྱིས་འདི་སྐད་གསུངས། །ཁྱོད་རང་གཅིག་ཙམ་མི་བདེན་དེ། །མེ་ལོང་རྒྱ་མ་ཡིག་ཆུང་གསུམ། །སོ་སོར་ལྟ་དང་གསལ་ཡོང་གསུངས། །ཆོས་ཀྱི་རྒྱལ་པོས་མེ་ལོང་ལ། །ཉི་མ་ཁྲི་བཙན་བལྟས་ཙ་ན། །འོད་ནི་དཀར་པོ་ལམ་ལ་ཤར། །ལས་མཁན་སེངྒེ་རབ་བརྟན་ནི། །ཡི་གེ་འདོན་ལ་མཁས་པ་ཡིན། །ཡི་གེ་བལྟས་ཙམ་བྱས་པའི་ཚེ། །བུ་ཆུང་དཀར་པོ་བདེན་ནོ་ཟེར། །ལས་མཁན་སྟོན་པ་རབ་བསྒྲགས་ནི། །རྒྱ་མ་བཀྱག་ལ་མཁས་པ་ཡིན། །དགེ་སྡིག་རྒྱ་འཇོག་བྱེད་ཙ་ན། །སྡིག་པ་ཅི་ཡང་མི་སྲིད་དོ། །མ་ཎི་རེ་རེ་འཁྱེར་ཟེར་འདུག །རྒྱ་མ་མགོ་མཇུག་ལོག་དོའོ། །རྒྱ་སྡིང་གནམ་ལ་འཕེལ་དོའོ། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས། །བུ་ཆུང་དཀར་པོས་ཟེར་བ་བདེན། །དབང་ཆོས་གདམས་ངག་མཉམ་དུ་ཞུས། །དམ་ཚིག་སྨོན་ལམ་བདེན་པའི་མཐུས། །མངོན་དགའི་ཞིང་དུ་མཉམ་དུ་གཤེགས། །གསུང་མཚམས་འཇའ་འོད་དཀར་པོའི་ནང་། །གློག་འོད་འཁྱུགས་པ་བཞིན་དུ་བྱོན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །མེ་མ་མུར་གྱི་ས་ཆ་ལ། །བུད་མེད་ནག་ངོ་བ་ཞིག་དང་། །བུད་མེད་ཁ་ཤོ་གཅིག་དང་གཉིས། །སྐྱེས་པ་ཨོག་ཚོམ་ཅན་ཞིག་ནི། །ཁོག་སྟོད་ཁོག་སྨད་བྱས་ནས་ཐལ། །གཟུག་བཞི་སྐད་ཅིག་ཚིགས་རྣམས་འཐོར། །ནང་རོལ་རྒྱུ་མ་ཐམས་ཅད་དྲུད། །ལས་མཁན་ཕག་གི་མགོ་ཅན་དང་། །ལས་མཁན་པུ་ཤུད་མགོ་ཅན་སོགས། །ལས་མཁན་སྣ་མིན་སྣ་ཚོགས་ཀྱིས། །ཕོ་མོ་གསུམ་གྱི་ལུས་པོ་ལ། །ཐིག་ནག་མང་པོ་རྒྱག་ཅིང་དྲ། །ཁ་ལ་ཁྲོ་ཆུ་དུག་ཆུ་བླུག །ངུ་འབོད་ས་གཞོག་ཁོལ་དོའོ། །འདི་འདྲའི་སྐྱེས་པ་བུད་མེད་གསུམ། །ལས་ཇི་ལྟར་བྱས་པའི་འབྲས་བུ་ལགས། །ལས་མཁན་གླང་གི་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །མནའ་གསུམ་མཉམ་དུ་བཞག་པ་ཡི། །ཆེ་ཆུང་བྱས་པའི་བུ་མོ་གསུམ། །ཞེ་སྡང་འཁྲུག་རྩོད་རྣམ་སྨིན་ཡིན། །འདི་འདྲའི་ཕོ་མོ་མང་དུ་འབྱུང་། །བསྐལ་པར་འཁྲུག་རྩོད་དྲ་གཏུབ་བྱེད། །བསྐལ་པ་སྟོང་ལ་མི་ཐར་གསུངས། །མིང་ནི་ཨ་མཆོད་དོན་གྲུབ་མིང་། །སྐལ་སྨད་རྫ་དམར་བུ་གཅིག་རེད། །ཐར་པའི་ཐབས་ལ་ཅི་དགོས་ཞུས། །གསེར་གཡུ་དངུལ་གྱིས་བྲིས་པ་ཡི། །སྡིག་བཤགས་གསེར་གྱི་སྤུ་གྲི་གསུམ། །མནའ་བཤགས་རིན་ཆེན་ཕྲེང་བ་གསུམ། །བཞེངས་ནས་ཐར་པ་ཐོབ་བོ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
དེ་ནས་སོང་བའི་ཐང་གཅིག་ལ། །བུད་མེད་གཅིག་ལ་སྦྲུལ་ནི་འཁྱུད། །གྲུ་གུ་ལྡོག་ལྡོག་བྱེད་ནས་གདའ། །ངུ་འབོད་རི་ལུང་བཤིགས་ནས་འདུག །འདི་ཅིའི་རྣམ་སྨིན་ཡིན་བསམ་ཙ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །འདི་གྲང་ང་ཁམས་ལ་འདུག་དུས་ལ། །ཞེ་སྡང་སྦྲུལ་བསད་ཉེས་པ་རེད། །སྦྲུལ་ལ་སྦྲུལ་མདོ་མ་བརྐོས་ན། །ཞེ་སྡང་སྦྲུལ་ལ་ཡའོ་མེད། །བསྐལ་པ་སྟོང་ལ་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །བུད་མེད་བཙུན་མའི་ཆ་བྱད་ཅིག །བྱ་རྒྱལ་ཁྱུང་ལ་ཆིབས་ནས་བྱོན། །དམྱལ་ཟངས་སྟེང་ལ་འཕུར་ཞིང་ལྡིང་། །གསོལ་འདེབས་མགུར་དབྱངས་ཁྲ་ལ་ལ། །འཇའ་ཟེར་འོད་ལྔ་ཁྱུགས་སེ་ཁྱུག །བྱིན་རླབས་སྤྲིན་དཔུང་ཐིབས་སེ་ཐིབ། །བདུད་རྩིའི་སྦྲང་ཆར་ཆིལ་ལེ་འབེབས། །དམྱལ་ཟངས་གྲུ་བཞིའི་ནང་ཤེད་ནས། །ཕོ་མོ་བརྒྱ་ལྷག་ཙམ་ཞིག་ནི། །ཁྱུང་སྒྲོར་ཐིམ་ནས་དཔལ་རིར་གཤེགས། །ལབ་ཀྱི་སྒྲོན་མའི་འོད་ཟེར་འཕྲུལ། །ཀ་དག་ཆོས་མཚོ་ཡིན་པར་སྣང་། །ཡང་གཅིག་ཤར་ཕྱོགས་འོད་ཟེར་ནི། །ཉི་མ་ཤར་བ་འདྲ་གཅིག་བྱུང་། །དེ་མཚམས་རྣལ་འབྱོར་གཅིག་ནི་ཕེབས། །ཕོ་མོ་ལྔ་བརྒྱ་ཉེར་བདུན་ཙམ། །ཟངས་མདོག་དཔལ་རིར་དྲངས་ནས་ཐལ། །དེ་ཉིད་སུ་ཡིན་བསམ་ཙ་ན། །མ་ཅིག་ཇོ་མོས་འདི་སྐད་གསུངས། །ཤར་ཕྱོགས་མེ་ལོང་རྡུལ་བྲལ་ནས། །རྡོ་རྐོན་ཕག་མོ་ཟེར་བ་ཡིན། །འཁྲུལ་ཞིག་རྣལ་འབྱོར་ཆེན་པོ་ལགས། །
འདི་ཡན་ཆོད་འདས་ལོག་མ་སྟོད་གནས་ལ་འབྱོན་ཁ་བྲིས་ཤིང་། འདས་ལོག་སྐབས་དང་བྲི་བའི་བར་ཟླ་བ་བཞི་ལྔ་ཙམ་སོང་བས་ཅུང་ཟད་འཁྲུགས་ཀྱང་འདུག་པའི་ཆེ་ལོང་ཉུང་བསྡུས་ཙམ་ལས་མ་བྲིས་སོ། །ཇོ་དར་མར་མེ་ཚ་ཚ་སྐོར་བ་སོགས་ཀྱི་ཕན་ཡོན་ཆོས་རྒྱལ་ཉིད་ཀྱིས་ཕྱི་རབས་ཀུན་ལ་ཉམས་ལེན་གྱི་ཆ་བསྐུར། འདས་ལོག་མ་རང་ལུས་ཕུང་པོའི་ནང་དུ་ཞུགས་ཚུལ་སོགས་ཤིན་ཏུ་མང་བར་འདུག་ཀྱང་བྲེལ་སྟབས་ཀྱིས་ཡི་གེར་མ་འཁོད་པའོ། །ཡ་ང་བྱ་འདབས། བྲག་དཀར་ལྷ་ཆུ། ཙཱ་རི་སོགས་ཕྱི་ནང་གི་བཀོད་པ་ཕན་ཡོན་སོགས་ཞིབ་རྒྱས་མང་དུ་འདུག་ཀྱང་། དེ་སྐབས་གསོལ་འདེབས་འགའ་མ་གཏོགས་ཡི་གེར་མ་འཁོད་པས་ཕྱིས་ཅུང་ཟད་འཁྲུགས་པའི་སྟབས་ཀྱིས་ཕན་ཡོན་ཆེ་ལོང་མ་གཏོགས་ཡི་གེར་མ་བྲིས་སོ། །
དེ་ནས་མཚུར་ཕུར་སླེབས་ནས་ཆད་ཇའི་སྐབས། །ཅུང་ཟད་འཁྲུལ་པའི་སྣང་བ་ལ། །རང་མདུན་བླ་མ་པད་ཞྭ་ཅན། །ཕྱག་ནི་རྡོ་རྗེ་ཐོད་པ་བསྣམས། །ཞལ་ནི་འཛུམ་འདྲ་འདི་སྐད་གསུངས། །དེ་རིང་དྲི་བ་ངེས་ཅན་ལ། །གཤིན་པོས་ཆ་བསྐུར་དོན་མེད་དང་། །དམྱལ་ཁམས་ཆགས་ཚུལ་རྒྱུ་འབྲས་སོགས། །མང་མང་ཉུང་བསྡུས་རན་པོར་ཤོད། །དེ་མིན་ཁ་ནི་དམ་པོར་སྡོད། །དེ་སྔ་ཅི་དྲན་སྨྲ་བ་དེ། །སྨྱོ་འམ་གདོན་གྱིས་བཏབ་པ་འདྲ། །སྐྱབས་མགོན་བླ་མ་མཇལ་བའི་དུས། །ཆོས་ཀྱི་ལེགས་ཉེས་ཞུ་མི་དགོས། །རྒྱལ་བ་ཐམས་ཅད་ངོ་བོ་གཅིག །གསར་རྙིང་བཀའ་གཏེར་དབྱེ་བ་མེད། །བཀའ་མ་ནུབ་ན་གཏེར་མ་སྐྱོངས། །གཏེར་ཆོས་གཏེར་རྙིང་ཉམས་ལེན་ཚུལ། །གཏེར་རྙིང་རྣམས་ནི་རྣོ་བའི་ཚུལ། །ཉམས་སུ་ལེན་ཚུལ་མན་ངག་ཡིན། །རང་གི་ཆོས་སྐལ་ཉམས་ལེན་ནི། །འཕྲོད་པ་འདི་བཞིན་གཞན་མ་སེམས། །ཕུར་ཚུགས་ནན་ཚུགས་སྙིང་པོར་དྲིལ། །བཀའ་བརྒྱུད་བླ་མ་རྒྱབ་རྟེན་མཆོག །དེ་རིང་སྐྱབས་མགོན་བླ་མའི་མདུན། །སྐྱབས་སྡོམ་རབ་བྱུང་ལེགས་པར་སྒྲུབས། །སྒྲུབ་པ་བྱ་བཏང་གང་ལེགས་ཞུས། །གསོལ་བ་སྙིང་ནས་ཡང་ཡང་ཐོབ། །བྱིན་རླབས་དབང་བཞི་དངོས་སུ་ཞུས། །བླ་མ་རང་སེམས་དབྱེར་མེད་བསྲེས། །གང་ཤར་ངོ་བོ་དེ་ཀར་ཞོག །དེ་མིན་ཁ་ནི་དམ་པོར་སྡོད། །དགོས་པ་གནད་ཆེན་སྨྲ་དགོས་དུས། །བདག་གིས་ལུང་ནི་སྟོན་བཞིན་སྨྲོས། །ནད་དང་གདོན་གྱི་བྱུང་ཁུངས་ནི། །བཤད་ནི་མི་དགོས་མན་ངག་ཡིན། །རིམ་གྲོ་གནད་དམིགས་བཤད་པའི་མཐུས། །ཅི་བསམ་ཅི་དྲན་སྨྲས་པ་ན། །མ་ཡི་ཞལ་བཀོད་གནང་དང་མཚུངས། །བདག་གི་བསྒོ་བའི་བཀའ་མ་བཅག །གསུངས་ནས་རྡོ་རྗེ་སྤྱི་བོར་བཞག །དེ་ནས་འཇའ་ལྟར་ཡལ་ནས་སོང་། །མ་ཡི་ཞལ་བཀོད་གསུངས་པ་ནི། །སྔ་སོར་སྐོར་ལམ་བཞུགས་པའི་དུས། །སྐོར་རོགས་འགའི་ཚོགས་འདོགས་ཉེས། །དྲི་བ་འགའ་ལ་གང་དྲན་སྨྲས། །དེ་ལ་ཆགས་འཇོག་ཅི་ཡང་མེད། །ཕྱིས་ནས་ཨུ་ཐུག་ཡང་དྲི་བྱས། །དེ་ལ་ཁྲོ་ཚིག་འགའ་ཞིག་སྨྲས། །དེ་ནས་ཅུང་ཟད་འཐུམ་པ་ལ། །མཚོ་རྒྱལ་ཞལ་ནས་འདི་སྐད་གསུངས། །བུད་མེད་ཁ་ནི་གྱོད་ཀྱི་སྒོ། །གྱོད་ཀྱི་སྒོ་མོ་འདན་ན་བཟང་། །བུད་མེད་ཁ་ལ་སྤུ་གྲི་ཐོགས། །སྤུ་གྲིས་ཡ་ཉེས་ཕུང་འཚེངས་བྱེད། །བུད་མེད་ཁ་ལ་ནད་མུག་ཚང་། །ནད་མུག་རིང་དུ་དོར་ན་བདེ། །བུད་མེད་ཁ་ལ་དུག་མཚོ་ཚང་། །དུག་མཚོའི་རྐྱལ་ཁ་དམ་དུ་སྡོམས། །བུད་མེད་ཁ་ལ་དུག་ཆུ་ཁོལ། །གང་འཕྲད་འཕུང་བས་དོགས་ཟོན་གྱིས། །བུད་མེད་ཁ་ལ་མེད་དཔུང་འབར། །ཀུན་ཀྱང་མྱ་ངན་སྡུག་བསྔལ་རྒྱུ། །ཁ་རོག་བསྡད་ན་བདེ་བ་ཐོབ། །ཟེར་བ་བདེན་འདུག་ཨ་མཚར་རེ། །གསུངས་པ་དེ་ཡང་ཡིན་པར་འདུག །འདི་སྐབས་སྐྱབས་མགོན་དམ་པའི་དྲུང་། །སྐྱབས་སྡོམ་རབ་བྱུང་ཞལ་མཇལ་དང་། །དབང་དང་སེམས་ཁྲིད་ཞལ་གདམས་ནི། །ཞིབ་རྒྱས་བཀའ་དྲིན་ལེགས་པར་ཐོབ། །དེ་ཕྱིར་མཐོ་དམན་ཀུན་གྱིས་ནི། །གཤིན་པོའི་དྲི་བ་མང་དུ་བྱུང་། །སོ་སོར་བདེ་སྡུག་མདོར་བསྡུས་བཤད། །དེ་ནས་ཕ་ཡུལ་སླེབས་པའི་སྐབས། །སྐྱབས་མགོན་རྒྱལ་བའི་དབང་པོ་ཡི། །ཞལ་གྱི་བདུད་རྩི་ཐོབ་པ་བཞིན། །ཉམས་ལེན་སྒྲུབ་ལ་དྲིལ་བསམས་ནས། །དྲིན་ཆེན་བླ་མ་དམ་པའི་དྲུང་། །ཁྲིད་ཀྱི་ཞུ་གནས་བྱེད་པའི་སྐབས། །འདས་ལོག་བྲིས་པའི་འཕྲོས་རྣམས་ནི། །མ་ནོར་ཡི་གེར་བྲིས་ཤོག་གསུངས། །དེ་ནས་མཚམས་དམ་སྒྲུབ་པའི་སྐབས། །སེམས་ཉིད་འཁྲུལ་པའི་སྣང་བ་ལ། །ཆུ་བུར་ཅན་གྱི་ཡུལ་ཆེན་ལ། །ལས་མཁན་གནའ་བའི་མགོ་ཅན་གྱིས། །བུ་གཞོན་ཨ་མགོ་ཅན་གཅིག་ནི། །ཆབ་བྲེམ་གར་གྱི་ཁྲ་ལེ་བའི། །སྣམ་བུ་བསུབ་བསུབ་བྱེད་ནི་འདུག །ལུས་པོ་ཐམས་ཅད་ཆུ་བུར་འཐོར། །ཁ་ལ་ཁྲོ་ཆུ་ཁོལ་མ་བླུག །དུག་སྦྲུལ་ཁྲ་བོ་ལུས་ལ་འཁྱུད། །ལས་མཁན་པུ་ཤུད་མགོ་ཅན་གྱིས། །སྟེའུ་ཁེ་ངར་མས་རྩག་དོའོ། །ལས་མཁན་གླ་བའི་མགོ་ཅན་གྱིས། །རྙི་ཐག་རྐེ་ལ་བསྐོན་ནས་དྲུད། །ལས་མཁན་སྟག་གི་མགོ་ཅན་གྱིས། །སྟ་རེ་ངར་མས་གསེ་དོའོ། །ལས་མཁན་རྟའི་མགོ་ཅན་གྱིས། །བྲང་ཐོག་བྲོ་རྡུང་བྱེད་དོའོ། །ལས་མཁན་ཁྱི་ཡི་མགོ་ཅན་གྱིས། །མཆེ་བ་རི་ལྟར་གཙིགས་ནས་སྲུབ། །འདི་འདྲའི་སྡུག་བསྔལ་ཅི་ཡིན་བསམ། །ལས་མཁན་ཕ་ཝང་མགོ་ཅན་ལ། །ལས་ངན་སྡིག་ཅན་བུ་གཞོན་འདི། །ས་ཆ་གང་གི་ཕྱོགས་ནས་རེད། །མིང་ལ་ཇི་ལྟར་རྫོ་ལེ་རེད། །ཆུ་བུར་ཅན་ལ་མངགས་ལེ་དེ། །ལས་ཇི་ལྟར་བྱས་པའི་རྣམ་སྨིན་ཡིན། །ལུས་ལ་དུག་སྦྲུལ་འཁྱུད་ལེ་དེ། །ལས་ཇི་ལྟར་བྱས་པའི་རྣམ་སྨིན་ཡིན། །དེ་སྐད་སྨྲས་པའི་ལན་དུ་ལ། །རྣལ་འབྱོར་བདག་ལ་འདི་སྐད་ཟེར། །ས་ཆ་ས་སྔོན་མདའ་ནས་ཡིན། །མིང་ལ་བཀྲ་ཤིས་ཚེ་རིང་ཟེར། །ཆུ་བུར་ཡུལ་ལ་བཏང་ལེ་དེ། །རྐེ་གཏམ་འདྲེ་རུ་བསྐུར་ཞོར་རེད། །དུག་སྦྲུལ་ཁྲ་བོ་འཁྱུད་ལེ་དེ། །ཞེ་སྡང་ཆེ་བའི་ཉེས་པ་རེད། །ཁ་ལ་ཁྲོ་ཆུ་བླུག་ལེ་དེ། །མནའ་ནག་ཟོས་པའི་ཉེས་པ་རེད། །ལས་མཁན་མང་པོས་དྲ་གཏུབ་དེ། །རི་དྭགས་བཤའ་གཏུབ་ཉེས་པ་རེད། །བསྐལ་པ་མང་པོར་མི་ཐར་གསུངས། །ཐར་བ་ཆེན་པོ་ཐོབ་དགོས་ཞུས། །ཞི་ཁྲོ་བརྒྱ་དང་ཇོ་དར་བརྒྱ། །གསེར་དངུལ་གཡུས་བྲིས་མནའ་བཤགས་གསུམ། །རྡོ་བརྐོས་མནའ་བཤགས་གཅིག་དང་བཞི། །ཆུ་སྦྱིན་འབུམ་ཐར་བཅུ་གསུམ་བཅས། །གྲུབ་ན་དལ་འབྱོར་ཐོབ་བོ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ཆུ་རི་སྔོན་པོའི་རྩེ་མོ་ནས། །འཇའ་འོད་དམར་པོའི་ཟེར་ཐག་བརྒྱུད། །གྲུབ་ཐོབ་དཀར་ཆས་ཅན་གཅིག་སླེབས། །ཕོ་མོ་སྟོང་ཚོ་བདུན་ཙམ་གཅིག །ཕྱོགས་བཞིའི་ཞིང་ཁམས་རྣམས་སུ་དྲངས། །འདི་འདྲའི་གྲུབ་ཐོབ་སུ་ཡིན་བསམ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །བོད་ཡུལ་པད་འབྱུང་མི་གཟུགས་ཅན། །ཨོ་རྒྱན་མཆོག་གྱུར་གླིང་པ་ཡིན། །འདྲེན་རྒྱུའི་ཕོ་མོ་འདི་རྣམས་ནི། །རྒྱུ་ཟས་འབྲེལ་བ་ཐོབ་ཚད་ཡིན། །ད་དུང་འདྲེན་པའི་ཐོག་མར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ཆོས་ཀྱི་རྒྱལ་པོའི་མདུན་དྲུང་དུ། །བུ་མོ་གཅིག་ནི་སླེབས་ནས་བྱུང་། །ས་ཟ་བཀྲ་ལྷ་ཟེར་བ་ཡིན། །ཆོས་རྒྱལ་ཞལ་ནས་འདི་སྐད་ཟེར། །ཁྱོད་གྲང་ང་ཁམས་ལ་ཡར་སོང་ལ། །མར་མེ་མཚན་འབར་བརྒྱ་བླུགས་དང་། །ཐར་པའི་ལམ་སྣེ་སྟོན་ནོ་གསུངས། །དེའི་རྣམ་ཤེས་རུས་པར་སྤར། །བུ་མོ་ལྷ་མཚོ་ཟེར་བ་ཡིན། །ཆུང་བྱིས་པའི་དུས་ནས་སྤུ་ལུ་བསོག །མར་མེ་མཚན་ཐུབ་བཅོ་བརྒྱད་བླུགས། །གཞན་གྱི་ནོར་གཡུ་བཏགས་པའི་དུས། །འཇིག་རྟེན་ཆོས་ལ་རྟག་པ་མེད། །བདག་གི་མར་མེ་བླུག་བསམ་སྐྱིད། །བསམ་པ་རྣམ་དག་སེར་སྣ་བྲལ། །ལོ་བརྒྱད་དུས་ནས་ཚེ་དུས་གྱུར། །དེང་སང་ཆོས་རྒྱལ་མདུན་ན་སླེབས། །ཆོས་རྒྱལ་ཞལ་ནས་འདི་སྐད་གསུངས། །ཁྱོད་བྲང་ང་ཁམས་ལ་སོང་དོན་ལ། །དམ་ཆོས་ཇི་ལྟར་འབད་ཐལ་གསུངས། །ངས་ལྷག་བསམ་རྣམ་པར་དག་པའི་མཐུས། །མར་མེ་བརྒྱ་གསུམ་བཅོ་བརྒྱད་བླུགས། །ད་དཀར་པོའི་ལམ་སྣེ་བསྟན་དུ་གསོལ། །དེ་སྐད་ཞུས་པའི་ལན་དུ་ལ། །ལེགས་སོ་བུ་མོ་རྒོད་པོ་བྱུང་། །ལས་མཁན་སེངྒེ་རབ་བརྟན་ཁྱོད། །དཀར་པོའི་ལམ་སྣེར་སྐྱོལ་ཅིག་གསུངས། །བུ་མོ་དེ་ཡིས་གོས་དཀར་གྱོན། །ལག་ཏུ་མར་མེ་གཅིག་བལྟམས་ནས། །བར་སྣང་འཇའ་ཟེར་དམར་པོའི་སྟེང་། །སྐད་ཅིག་བདེ་ཆེན་ཞིང་དུ་གཤེགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །བར་དོའི་མུན་ནག་ཆེན་པོ་ནས། །རྒན་མོ་གཅིག་ནི་སླེབས་ནས་བྱུང་། །འོད་ཟེར་ཉི་མ་ཤར་བ་འདྲ། །ལས་མཁན་སེངྒེའི་མགོ་ཅན་ལ། །དེ་འདྲའི་འོད་ཟེར་ཇི་ལྟར་ལགས། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །རྒན་མོའི་འོད་ཟེར་འདི་འདྲ་ནི། །བྲང་ང་ཁམས་ལ་འདུག་པའི་དུས། །གཙང་མར་མར་མེ་མཚན་འབར་བླུགས། །བསྔོ་བ་བཟང་པོའི་རྒྱས་གདབ་ཕུལ། །དེ་འདྲའི་ཕན་ཡོན་ཡིན་ནོ་གསུངས། །རྒན་མོས་ཕོ་མོ་བརྒྱ་ཙམ་ཁྲིད། །བར་དོའི་མུན་ནག་ཡུལ་ནས་ཐར། །ཡང་གཅིག་གཤིན་ཐང་སྐྱ་མོ་ལ། །ད་ལྟའི་ཕོ་མོ་དེ་དག་རྣམས། །མར་ཁུའི་རྒྱ་མཚོར་ལོངས་སྤྱོད་འདུག །ལས་མཁན་གླང་གི་མགོ་ཅན་ལ། །འདི་ཇི་ལྟར་བྱས་པའི་ཆོས་འབྲས་ལགས། །དེ་སྐད་སྨྲས་པའི་ལན་དུ་ལ། །བུ་མོ་བདག་ལ་འདི་སྐད་གསུངས། །མར་ཁུའི་རྒྱ་མཚོར་ལོངས་སྤྱོད་འདི། །མར་མེ་བླུགས་པའི་ཕན་ཡོན་ཡིན། །འཁོར་གྱི་ཕོ་མོ་འདི་དག་གིས། །རྒན་མོའི་མར་མེ་བླུགས་པའི་དུས། །བསམ་པ་རྣམ་དག་རྗེས་ཡི་རངས། །བསྔོ་བ་བཟང་པོ་བྱས་པའི་འབྲས། །ད་ལྟ་མར་ཁུའི་རྒྱ་མཚོ་ལ། །མཉམ་པར་ལོངས་སྤྱོད་ཆོག་པ་ཡིན། །རཱ་གའི་བདེ་ཆེན་ཞིང་སྨོན་ལས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རངས་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་དང་འདྲ་འདུག་ཡིད་ལ་ཤར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ཆུ་བུར་ཅན་གྱི་ས་ཆ་ལ། །ཕོ་མོ་མང་པོ་འཁྱགས་འབྱར་འདུག །བུ་མོ་ཞིག་གིས་གཙོས་བྱས་པའི། །རས་གོས་དཀར་དམར་སྦག་མཁན་འདུག །ལས་མཁན་ཤ་བའི་མགོ་ཅན་ལ། །རས་གོས་གྱོན་མཁན་ཇི་ལྟར་ལགས། །དེ་སྐད་སྨྲས་པའི་ལན་དུ་ལ། །རས་གོས་གྱོན་པའི་བུ་མོ་འདི། །བྲང་ང་ཁམས་ལ་འདུག་པའི་དུས། །དཀར་དམར་རས་གོས་བཟོ་རྒྱུ་རྣམས། །མ་གྱོན་སྡོང་རས་ལེགས་པར་བྱས། །དེའི་ཕན་ཡོན་ཡིན་ནོ་གསུངས། །འཁོར་གྱི་རས་གོས་གྱོན་མཁན་རྣམས། །བུ་མོས་ཆོས་ལ་ཡི་རངས་ནས། །བསྔོ་སྨོན་ཐོབ་པའི་འཁོར་རྣམས་གསུངས། །ཡང་གཅིག་ཆོས་ཀྱི་རྒྱལ་པོའི་མདུན། །བན་རྒན་གཅིག་ནི་སླེབས་ནས་བྱུང་། །བསམ་ཡས་བྱང་ཆུབ་ཆེན་མོའི་མདུན། །མར་མེ་ཕུལ་བའི་ཕན་ཡོན་ཟེར། །ཕོ་མོ་བརྒྱ་ཙམ་ཁྲིད་ནས་ཐལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བློ་དམན་བུ་མོ་བདག་ཉིད་ཀྱིས། །ཆོས་རྒྱལ་ཉིད་ལ་འདི་སྐད་ཞུས། །རང་རིག་ཆོས་སྐུའི་ངོ་བོ་ལ། །གཤིན་ཡུལ་གཤིན་རྗེ་མི་སྲིད་ཀྱང་། །འཁོར་བའི་གཉིས་འཛིན་སྦྱང་པའི་ཕྱིར། །འཁྲུལ་ངོར་གཤིན་རྗེའི་དེད་དཔོན་མཚར། །ཁྱོད་ཉིད་ཀུན་ཏུ་བཟང་པོ་དངོས། །བློན་ཆེན་རྒྱལ་བ་རིགས་ལྔ་སྟེ། །ཡང་འཁོར་ལས་མཁན་གྲངས་མེད་ཀྱང་། །དོན་དམ་དམ་པ་རིགས་བརྒྱ་དངོས། །མ་འཁྲུལ་ཞི་ཁྲོའི་ལྷ་ཚོགས་ཡིན། །ད་ལྟ་མི་ཡི་ལུས་ལ་ཚང་། །འཁྲུལ་ངོར་གཤིན་རྗེའི་དེད་དཔོན་མཐོང་། །ཇོ་མོས་བདག་ལ་ངོ་སྤྲོད་གནང་། །བརྡ་དོན་ཡིད་ཀྱི་ཡུལ་དུ་འཕྲོད། །ངོ་མཚར་ཆེའོ་རིན་པོ་ཆེ། །ཆོས་ཡོད་ཆོས་རྒྱལ་རིན་པོ་ཆེ། །ཆོས་མེད་ཁྲིམས་རྒྱལ་རིན་པོ་ཆེ། །དོན་དམ་སངས་རྒྱས་རིན་པོ་ཆེ། །ད་ལྟའི་ཕོ་མོ་དེ་དག་གིས། །མར་མེ་འགའ་ཡིས་སངས་རྒྱས་འགྲུབ། །དེ་འདྲའི་ངོ་མཚར་ཆེ་ལགས་ན། །མར་མེའི་ཕན་ཡོན་ཇི་ལྟར་ལགས། །མདོར་བསྡུས་བདེ་བདེ་གསུངས་བར་ཞུ། །ལེགས་སོ་ལེགས་སོ་འགྲོ་བའི་མགོན། །སྔོན་སྦྱངས་ཚོགས་གཉིས་བསགས་པའི་འབྲས། །ཇོ་མོའི་བ་སྤུ་བརྒྱད་གཤགས་ཀྱི། །བྱིན་རླབས་རྒྱུད་ལ་ཞུགས་པའི་རྟགས། །ད་ལྟའི་བུད་མེད་འཁྱོལ་མོ་ཁྱོས། །སེམས་ཅན་དོན་ལ་ཁ་ཤག་ཚད་པ་མཚར། །རང་རྒྱུད་གྱོང་པོ་མ་དུལ་བར། །གཞན་གྱི་སེམས་རྒྱུད་གྲོལ་བར་དཀའ། །མོས་གུས་མཆི་མ་མ་འཁྲུགས་པར། །བླ་མའི་བྱིན་རླབས་འཇུག་པར་དཀའ། །ཉམས་ལེན་སྙིང་པོར་མ་དྲིལ་ན། །སྟོང་ཉིད་ལྟ་བ་རྟོགས་པར་དཀའ། །སྙིང་རྗེས་ཚན་ཁ་མ་རྡོལ་བར། །གཞན་དོན་འགྲོ་དོན་ཡོང་བར་དཀའ། །འཁྲུལ་བ་རང་སར་མ་གྲོལ་བར། །ཆོས་ཉིད་བཙན་ས་ཟིན་པར་དཀའ། །དེ་ཕྱིར་ཉམས་ལེན་སྙིང་པོར་དྲིལ། །ཟོབ་དང་ཨང་སྡིར་རང་མཐོ་སྤོངས། །གཞན་དོན་འགྲོ་བའི་དོན་ལ་བརྩོན། །ངོ་མཚར་ཆེའོ་སྐལ་བཟང་སྒྲོན། །འཁོར་བའི་འདམ་གྲོལ་ཚུལ་ཁྲིམས་མཚོ། །མ་གཡེང་སྙན་གསོན་འགྲོ་འདུལ་མཚོ། །མར་མེ་ཇོ་དར་ཚ་ཚ་རྡོ། །ཕན་ཡོན་རྒྱས་པར་བཤད་པ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །བསྐལ་པར་བརྗོད་ཀྱང་གྲངས་མི་རྫོགས། །དེ་ལས་ལྷག་པའི་ཆོས་གཞན་ནི། །ཡོད་པར་མ་སེམས་ཕྱི་རབས་རྣམས། །གསར་རྙིང་མདོ་རྒྱུད་ཀུན་ལ་གསལ། །མདོར་བསྡུས་ཚིག་ཐོ་འདིར་བཤད་ནས། །ལྷག་བསམ་རྣམ་པར་དག་པ་ཡིས། །མ་རིག་འགྲོ་བའི་མུན་སེལ་དང་། །མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀུན། །ཐར་ལམ་བྱང་ཆུབ་ཐོབ་པའི་ཕྱིར། །སེར་སྣ་འབག་རྩོག་དྲི་དང་བྲལ། །གཙང་ཞིང་གཙང་མའི་སྐར་ཆུང་རེ། །ཕུལ་བའི་བསོད་ནམས་མཐའ་ལས་འདས། །ཚེ་འདིར་རྐྱེན་ངན་བར་ཆད་བཟློག །ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ། །ཕྱི་མ་བར་དོ་འགྲིམ་པའི་དུས། །ཀོང་བུ་འདུག་ནས་གཞལ་ཡས་ཁང་། །མར་ཁུ་འདོད་དགུའི་རྒྱ་མཚོར་འཁྱིལ། །གང་འདོད་བཟའ་བཏུང་ཕུན་ཚོགས་འབྱུང་། །སྡོང་རས་དཀར་དམར་དྲི་མེད་ཀྱིས། །གང་འདོད་ལུས་ཀྱི་གོས་རྣམས་འབྱུང་། །སྡོང་ནི་ལུས་པོའི་སྲོག་རྟེན་དང་། །བར་དོར་ཐར་པའི་ལམ་འདྲེན་འབྱུང་། །འོད་ཀྱིས་མ་རིག་མུན་པ་སེལ། །མེ་མདོག་སྣ་ལྔས་དུག་ལྔ་བསྲེགས། །ཡེ་ཤེས་ལྔ་དང་སྐུ་ལྔ་འགྲུབ། །ཞིང་ཁམས་ལྔ་ལ་རང་དབང་ཐོབ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གཞན་ལ་འགྲན་སེམས་ང་རྒྱལ་དང་། །རང་གི་སྙན་གྲགས་ཆོས་བརྒྱད་ཕྱིར། །མར་མེ་བརྒྱ་རྩ་ཕུལ་བས་ཀྱང་། །བླུན་པོས་ཙནྡན་མེར་བསྲེགས་བཞིན། །ཕན་ཡོན་ཡོད་པར་མི་སྲིད་གསུངས། །བསམ་པ་སེམས་ཀྱི་ཁྱེར་སོ་ལགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ཟངས་ཁ་གྲུ་བཞིའི་གཡས་གཡོན་ནས། །ལྷའི་བུ་དང་བུ་མོའི་ཚོགས། །གདུགས་དང་རྒྱལ་མཚན་རྔ་རོལ་སྒྲ། །ནམ་མཁའི་ཁམས་ཁེབས་བསུ་བར་ཆས། །བར་སྣང་འཇའ་ཟེར་འཁྱུག་པའི་ཀློང་། །འོད་ཟེར་ཉི་མ་འབུམ་བརྡལ་དབུས། །ལས་མཁན་ཐམས་ཅད་འུར་ཟེངས་སེ། །ནམ་མཁར་ལྟ་ཞིང་གཡས་གཡོན་ཕྱིན། །རྒྱལ་ཆེན་སྡེ་བཞིས་གྱོམ་བཏེག་དབུས། །ཞྭ་ནག་ཅོད་པན་འཛིན་པ་ཡི། །བླ་ཆེན་ཞིག་ནི་ཕེབས་པར་མཇལ། །འཁོར་དུ་ཉན་ཐོས་མཆོག་བརྒྱད་བསྐོར། །ཞལ་ནས་ཆོས་དབྱངས་ཁྲ་ལ་ལ། །ནམ་མཁར་བྱིན་རླབས་སྤྲིན་དཔུང་འཁྲིགས། །བར་སྣང་བདུད་རྩིའི་སྦྲང་ཆར་དང་། །མེ་ཏོག་ཆར་འབེབས་ཀྱི་ལི་ལི། །ས་གཞི་ཚུལ་ཁྲིམས་དྲི་ངད་དང་། །སྨན་སྤོས་དྲི་བཟང་ཐུ་ལུ་ལུ། །ཚ་བའི་དམྱལ་བ་བསིལ་དང་ལྡན། །གྲང་བའི་དམྱལ་བ་དྲོ་དང་ལྡན། །དམྱལ་ཡུལ་ལྷ་ཡི་ཡུལ་དུ་གྱུར། །ཕོ་མོ་དུང་ཕྱུར་གསུམ་ཙམ་ཞིག །ཞིང་ཁམས་རྣམས་སུ་དྲངས་ནས་ཐལ། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས། །སྐྱེས་བུ་ལས་ཅན་མང་འབྱོན་ཏེ། །འདི་འདྲའི་སྐྱེས་བུ་འབྱོན་མི་སྲིད། །འོད་དཔག་མེད་དང་སྤྱན་གཟིགས་དངོས། །སྤྲུལ་པ་བསྐལ་བཟང་སངས་རྒྱས་སྟོང་། །ཡང་སྤྲུལ་པད་འབྱུང་བྱེ་བ་འབུམ། །གངས་ཅན་བསྟན་པའི་གསལ་སྒྲོན་ཀུན། །ཐམས་ཅད་འདི་ཡི་སྤྲུལ་པ་ཡིན། །འདིས་ལྷག་སངས་རྒྱས་ཡོད་མི་སྲིད། །ཐེ་ཚོམ་ཡིད་གཉིས་བྲལ་བ་ན། །མཇལ་ཚད་སྲིད་པ་ཐ་མ་ཡིན། །མ་གཡེང་གསོལ་བ་ལྷང་ལྷང་ཐོབ། །ད་དུང་འདྲེན་པའི་ཐོག་མ་ཡིན། །ཆོས་རྒྱལ་ཞལ་ནས་དེ་སྐད་གསུངས། །བདག་གིས་གསོལ་བ་འདི་ལྟར་བཏབ། །ཡེ་དག་རྫོགས་པ་ཆེན་པོའི་ཀློང་། །འབྲལ་མེད་གཉུག་མའི་ད་ལ་ནས། །རིགས་བརྒྱའི་ཁྱབ་བདག་ཀརྨ་པ། །རང་སེམས་ཕྱག་རྒྱ་ཆེ་ལ་འདུད། །དགེ་འདིས་མཁའ་ཁྱབ་སེམས་ཅན་ཀུན། །རྣམ་མཁྱེན་རྫོགས་བྱང་འགོད་སེམས་བསྐྱེད། །ཡེངས་མེད་འཛིན་མེད་སྤྲོས་དང་བྲལ། །གང་ཤར་གཏད་མེད་སོ་མའི་ཀློང་། །མ་འགགས་ཡིད་ཀྱི་ཆོ་འཕྲུལ་ལས། །མི་ལུས་བྱ་རོག་མགོ་བོ་ཅན། །སྤྱན་གསུམ་དར་ཁྲའི་ཅོད་པན་ཅན། །སྟག་མོའི་སྟེང་ལ་འདོར་ཐབས་བསྒྲད། །བུ་མོ་བདག་ལ་འདི་སྐད་གསུངས། །ཁྱོད་ཉིད་སུ་ཡིན་གང་ཡིན་གསུངས། །འདས་ལོག་མ་དེ་གར་ཡོད་གསུངས། །འདས་ལོག་བདག་ལ་བབ་ལགས་ཞུས། །ཡི་གེར་ཅི་ཙམ་འགོད་ཡོད་གསུངས། །ཡི་གེ་ཆེ་ཆེར་བྲིས་ཡོད་ཞུས། །བསྟན་པའི་རྩ་བ་ཚུལ་ཁྲིམས་ལས། །དགེ་ཚུལ་ཇོ་མོའི་ཕན་ཡོན་དང་། །དམ་ཆོས་ཉམས་པའི་ཉེས་པ་གང་། །ཆོས་རྒྱལ་ཉིད་ཀྱིས་ཅི་ལྟར་གསུངས། །ཡི་གེར་ཇི་ལྟར་འགོད་ཡོད་གསུངས། །ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། །སྡོམ་གསུམ་བསྲུང་ཚུལ་ཕན་ཡོན་དང་། །ཉམས་པས་ཉེས་དམིགས་རྒྱུ་འབྲས་ཀྱི། །སོ་སོའི་ལས་འབྲས་སྨིན་ཚུལ་སོགས། །གསུངས་ཀྱང་ཡི་གེར་མ་འགོད་ཞུས། །བསྟན་པའི་རྩ་བ་དམ་སྡོམ་ཡིན། །དཀར་ནག་རྒྱུ་འབྲས་མ་བྲིས་ན། །མིན་ན་ཁྱོད་ཀྱིས་ཇི་ལྟར་བྲིས། །ཚུལ་ཁྲིམས་ཕན་ཡོན་ཆག་འཇོག་ན། །ཚུལ་ཁྲིམས་ལྡན་པའི་བསོད་ནམས་ནི། །ཕྱུར་བུར་དཔུང་པའི་རབ་འབྱམས་རྡུལ། །སྟོང་གསུམ་འདི་ཡི་སྣོད་དུ་མཚུངས། །དེང་སང་བསྟན་པའི་མར་གཤམ་འདིར། །ཚུལ་ཁྲིམས་སྣ་གཅིག་ལྡན་པ་ན། །ཕྱོགས་བཅུའི་རྒྱལ་བ་མཆོག་ལས་ལྷག །ཅེས་སོ། །ཚུལ་ཁྲིམས་ཉམས་པའི་ཉེས་པ་ནི། །ཁྲིམས་ལྡན་བཙུན་པ་ཕོ་མོ་རྣམས། །གཟུགས་མཛེས་སྐྱེས་པ་བུད་མེད་ལ། །ཡིད་ཆགས་ཚུལ་ཁྲིམས་ཞིག་གྱུར་ན། །དཔེར་ན་ཕྱེ་ལེབ་མར་མེ་ལ། །ཆགས་ཏེ་མཆོངས་དང་ཁྱད་པར་མེད། །དེའི་ཉེས་པ་བཤད་པས་ན། །གཙུག་ལག་ཁང་དང་ལྷ་ཁང་བཤིགས། །གསུང་རབ་མཆོད་རྟེན་མེ་ལ་བསྲེགས། །ལག་ཏུ་སྲོག་གཅོད་གྲི་བཟུང་ནས། །སྟོང་གསུམ་དུས་གཅིག་བརླགས་པས་ཐུ། །ཚེ་འཕོས་རྡོ་རྗེ་དམྱལ་བ་རུ། །སྐྱེ་བ་འབུམ་ཕྲག་བརྒྱའི་བར། །ཚ་གྲངས་སྡུག་བསྔལ་བཟོད་གླགས་མེད། །རྣ་བར་ཐོས་ཀྱང་སྙིང་རྩ་འདར། །ཐོག་ཏུ་བབ་ན་ཅི་འདྲ་སེམས། །བསམ་ཤེས་མི་ལ་སེམས་ཡོད་ན། །སྙིང་ལ་རུས་པ་ཐོན་པར་མཛོད། །ཚུལ་ཁྲིམས་ལྡན་པའི་དགེ་སློང་གིས། །མཛེས་མར་གཟུགས་བལྟས་ཡིད་ཤར་ན། །སྐད་ཅིག་དེའི་ལྟུང་བ་ནི། །སྐེ་བཅད་མཆོད་རྟེན་བཤིགས་དང་མཚུངས། །ཚུལ་ཁྲིམས་ལྡན་པའི་བཙུན་མ་ཡིས། །མི་གཅིག་གཟུགས་མཛེས་སྐྱེ་ཡག་ལ། །མིག་གིས་གཟུགས་བལྟས་ཡིད་བླངས་ན། །སྐད་ཅིག་དེ་ཡི་ལྟུང་བ་ནི། །ཕ་བུ་མནའ་བཞག་བྲལ་དང་མཚུངས། །དུག་ལྔ་ཡིད་ལ་དྲན་ཙམ་གྱིས། །ལྟུང་བ་དེ་ལྟར་བྱུང་གྱུར་ན། །དུག་ལྔའི་རྗེས་སུ་འབྲངས་གྱུར་ན། །ཐར་པའི་གོ་སྐབས་ཅི་ལ་ཡོད། །ཚུལ་ཁྲིམས་ལྡན་པའི་དགེ་སློང་ལ། །གཞན་གྱིས་སྐུར་པ་བཏབ་གྱུར་ན། །དེའི་ལྟུང་བ་བཤགས་པ་ནི། །གཙུག་ལག་མཆོད་རྟེན་བཤིགས་དང་མཚུངས། །དོན་དང་ལྡན་པའི་བཙུན་མ་ལ། །ཞལ་ཁྲོབ་མང་པོ་ལབ་པ་ན། །སྐད་ཅིག་དེ་ཡི་ལྟུང་བ་ནི། །འདབ་ཆགས་ཐ་མ་བསད་དང་མཚུངས། །བཙུན་མ་རྣམས་ལ་རིགས་འགྲེས་སོ། །ཞེས་སོ། །ཡང་སྡོམ་གསུམ་དམ་ཚིག་བསྲུང་ཚུལ་ནི། །དགེ་སློང་དང་ནི་དགེ་སློང་མར། །ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་ཐམ། །མདོར་བསྡུས་ཉམས་ལེན་ཅུང་སྤྲོ་ན། །རྩ་བ་བཞི་པོ་སྲོག་ལྟར་བསྲུང་། །ཆང་དང་བསྔོས་ཤ་དགོས་སོགས་སྤངས། །དགེ་ཚོགས་གང་འགྲུབ་མཁའ་ཁྱབ་ཀྱི། །འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །མདོ་དོན་ཚིག་རྩ་གནད་འགག་ཡིན། །གསང་བ་སྔགས་ཀྱི་དམ་ཚིག་ནི། །རྒྱས་པར་ས་ཡ་འབུམ་རེ་གསུངས། །མདོར་བསྡུས་རྩ་བ་སྐུ་གསུང་ཐུགས། །དགེ་འདུན་སེར་གོས་གྱོན་ཚད་ལ། །དག་སྣང་མོས་གུས་ཁྱད་མེད་གྱིས། །རང་གི་རྩ་བའི་བླ་མ་དེ། །སངས་རྒྱས་སེམས་ཅན་སུ་ཡིན་རུང་། །སྤྱི་བོར་རིགས་བདག་དབྱེར་མེད་ཆོས། །བླ་མའི་སྐུ་ཡི་དམ་ཚིག་ཡིན། །ལུས་ལྷ་ངག་སྔགས་རླུང་རྡོར་བཟླས། །ཡི་དམ་གསུང་གི་དམ་ཚིག་ཡིན། །སེམས་ནི་སྟོང་ཉིད་ཕྱག་ཆེན་ལྟ། །ཚེས་བཅུའི་དུས་མཆོད་ཚོགས་གཏོར་གཟབ། །ལེགས་པར་གསང་སྔགས་ཆོས་མི་འཆད། །མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཡིན། །དུས་རྒྱུན་གཏོར་བསྔོས་དགུ་གཏོར་དང་། །ལོ་དུས་བསྐང་གསོལ་ཚོགས་མཆོད་བརྩོན། །ཡོན་ཏན་ཕྲིན་ལས་ནོར་ལྷ་ཆོས་སྲུང་གི །དམ་ཚིག་རྣམས་ནི་དེ་ལ་འདུས། །དུས་རྒྱུན་རང་སེམས་ངོ་བོ་སྐྱོངས། །སྐབས་སྐབས་གཏོང་ལེན་དམིགས་པ་སྦྱང་། །དབང་ཁྲིད་གདུལ་བྱའི་རེ་བ་བསྐང་། །འབྲེལ་ཐོགས་གཙོ་བྱས་མཁའ་ཁྱབ་འགྲོ། །བདེ་ཞིང་བགྲོད་པའི་བསྔོ་སྨོན་བྱ། །དམ་ཚིག་ཉམས་ལེན་རྩ་ཐོ་གསུངས། ལེགས་སོ་ལེགས་སོ་རིན་པོ་ཆེ། །ཁྱོད་ནི་སུ་ཡི་སྤྲུལ་པ་ལགས། །མཚན་ལ་ཇི་ལྟར་གསོལ་བ་ཡིན། །བདག་གིས་ཞུས་པའི་ལན་དུ་ལ། །ང་རང་ང་ངོ་མ་ཤེས་ན། །བླ་མ་རྡོར་འཆང་སྤྲུལ་གཞི་ཡིན། །སྟོན་པ་ཕྱག་ན་རྡོ་རྗེ་ཡིན། །ཡི་དམ་འཁོར་ལོ་བདེ་མཆོག་ཡིན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིན། །ཆོས་སྐྱོང་ཡེ་ཤེས་མགོན་པོ་དང་། །ལས་མགོན་བྱ་རོག་གདོང་དུ་སྤྲུལ། །བསྟན་པའི་སྲུང་མ་གཅིག་པུ་ཡིན། །སེམས་ཅན་བདེ་སྡུག་བསོད་ནམས་ནི། །སངས་རྒྱས་བསྟན་པ་འདི་ལ་རག །དགེ་འདུན་ལེགས་ཉེས་དམ་སྡོམ་དང་། །ཉམས་ལེན་འདུལ་ཁྲིམས་རག་ལས་ཤེས། །གལ་ཆེན་ཡིན་པས་ཁྱོད་ལ་བཤད། །མ་ནོར་ཡི་གེར་ཕྲིས་ཤིག་གསུངས། །དེ་ནས་འཇའ་ལྟར་ཡལ་ནས་སོང་། །
༈ བོད་ཀྱི་བུ་མོ་སྐལ་བཟང་སྒྲོལ་མའམ་པདྨ་བདེ་ཆེན་ཆོས་མཚོས་རི་ཆེར་བརྐྱང་ཕྱག་འཚལ་སྐབས། རས་ཆུང་རྡོ་རྗེ་གྲགས་པས་ཞལ་གཟིགས་ནས་མི་རྟག་དྲན་སྐུལ་གྱི་མགུར་མ་འདི་གསུངས་སོ། །ཁྱོད་མ་ཡེངས་མ་ཡེངས་ང་ལ་ཉོན། །ཚུར་ཉོན་དང་ཞུ་རྒྱུ་ང་ལ་ཡོད། །ཁྱོད་སྣང་བ་ཡིག་དྲུག་གསུང་། །སྣང་བ་མཐོ་ཡང་གཏད་སོ་མེད། །གཏད་སོ་ལྷ་ཆོས་གཉིས་ལ་མཛོད། །བསམ་བློ་ཐོངས་ཤིག་ལྷ་ཆོས་སྒྲུབས། །སྨན་བུ་མོ་མཚོ་ཁའི་དར་ཆགས་འདི། །དགུན་སྟོད་ལ་ཆགས་ཀྱང་སྨད་ལ་འཇིག །སྨན་བུ་མོའི་འདུག་ལུགས་དེ་དང་འདྲ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །གཟུགས་སྐྱེ་ལོ་མེ་ཏོག་ཡ་བཀྲག་འདྲ། །མེ་ཏོག་སད་ཀྱིས་ཁྱེར་འདྲ་འོང་། །སྨན་བུ་མོའི་སྐྱེས་གཟུགས་དེ་དང་མཚུངས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །གོས་རྒྱན་དྲུག་ནམ་མཁའི་འཇའ་ཚོན་འདྲ། །དུས་ད་ལྟ་གསལ་ཡང་ད་ལྟ་ཡལ། །སྨན་བུ་མོའི་བཀྲག་མདངས་དེ་དང་འདྲ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཞིང་ཆུ་མ་ནང་གི་ལྗང་ཆུང་དེ། །དབྱར་སྟོད་ལ་མཛེས་ཀྱང་སྨད་ལ་སྐམ། །སྨན་བུ་མོའི་དགའ་སྐྱིད་དེ་དང་མཚུངས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཁང་ཁྱིམ་རི་རབ་ཆགས་ལ་འདེབས། །མི་རྟག་ཆུ་ཡི་ལྦུ་བ་འདྲ། །དུས་ད་ལྟ་ཡོད་ཀྱང་ད་ལྟ་ཡལ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །རྒྱུ་ཟས་ནོར་ནམ་མཁའི་སྤྲིན་ཚོགས་འདྲ། །དུས་ད་ལྟ་འདུས་ཀྱང་ད་ལྟ་ཡལ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །གཉེན་བཟའ་ཚང་ལ་ཁའི་སྤ་ཁུང་འདྲ། །དེ་སྟོན་ལ་ཆད་ཀྱང་དཔྱིད་ལ་འཁོར། །མི་རྟག་སྒྱུ་མ་རྨི་ལམ་འདྲ། །སྨན་བུ་མོ་གནས་འགྲོ་ཟེར་བ་དེ། །ཤིང་ལོའི་སྟེང་གི་བྱ་བབ་འདྲ། །དུས་ད་ལྟ་བབས་ཀྱང་ད་ལྟ་འཕུར། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །དྲིན་ཕ་མ་སྤྲིན་བར་ཉི་མ་འདྲ། །དུས་ད་ལྟ་དྲོ་ཡང་ད་ལྟ་གྲང་། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ལུས་པོ་ས་ནག་དོང་དང་འདྲ། །ཟས་ཟ་མ་དོང་ནང་ཆུ་བླུགས་བཞིན། །འདྲེ་ཤི་བདག་བྱུང་ན་ཕ་རོལ་འགྲོ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །བོད་འགྲོ་དྲུག་སྒང་ཁའི་བྱེའུ་ཆུང་འདྲ། །ཁྲ་སྐྱ་བཀྲ་བྱུང་ན་ཕ་རོལ་འགྲོ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །གཉེན་ཉེ་འབྲེལ་མགྲོན་ཁང་གཡར་པོ་འདྲ། །དུས་སྐད་ཅིག་འདུས་ཀྱང་སོ་སོར་བྲལ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །འབྲི་གྭ་མས་ལམ་གཞུང་སྙེག་པ་འདྲ། །གྭ་ལྷག་གེ་ཕྱི་བལྟས་བྱས་འདྲ་དེ། །དུས་ད་གང་འདུག་ལུགས་ཟེར་བ་རེད། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ལམ་སྐྱ་མོའི་གཞུང་དྲུག་སྙེག་འདྲ་དེ། །ཚེ་ཕྱི་མ་གཤིན་རྗེའི་ཕ་ཡུལ་ཏེ། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །འདུག་ཆོས་མ་བྱེད་འཆི་ཆོས་གཟོབས། །ཕ་བླ་མ་དགུང་གི་ཉི་མ་འདྲ། །ཆོས་ཞུ་ན་ན་སོ་གཞོན་དུས་ཞུ། །འཕྱི་ཆེས་ན་ཉི་མ་ནུབ་རིར་གཤེགས། །དེ་ད་ནངས་ཡོད་ཀྱང་དོ་དགོང་མེད། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །སེམས་རིག་པ་མེ་ལོང་གཟུགས་བརྙན་འདྲ། །དེ་གསལ་ལ་འཛིན་ཀྱང་དངོས་པོ་མེད། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །སེམས་རིག་པ་གཟུང་དུ་མེད་པ་དེ། །རྟ་རྒོད་སྒ་བྲོས་ལོབ་པ་འདྲ། །བཏང་ཡང་འགྲོ་ས་མེད་པ་དེ། །རྟེའུ་བཟུང་བའི་རྒོད་མ་འདྲ། །སེམས་རིག་པ་གཏད་སོ་མེད་པ་དེ། །ཆུ་མར་བབ་གཞུང་གི་གཉེར་མ་འདྲ། །དེ་ཨི་འདྲ་མི་འདྲ་འདྲ་གསུམ་རེད། །སེམས་རིག་པ་གཏད་སོ་མེད་པ་དེ། །གར་འགྲོ་ཐོང་ལ་རྒྱང་སོ་ཚུགས། །ལུག་ཁྱུ་འཚོ་བའི་རྫི་རྒན་ལྟར། །སྒོམ་ཆེན་སེམས་ཀྱི་གཞག་ཐབས་ཡིན། །རྟག་ཡང་དག་དཀར་པོའི་ཆོས་འདི་རྟག །བློ་ཕུག་དམ་པའི་ཆོས་ལ་གཏོད། །བློ་ལྷ་ཆོས་གཉིས་ལ་གཏད་སོ་ཡོད། །དེས་རང་མགོ་ཐོན་ཅིང་གཞན་རོགས་ཕན། །ལུས་ལུས་པོ་བླ་མ་རྣམས་ཀྱིས་སྐྱོབ། །ལྷ་བླ་མས་སྐྱོབས་དང་སྐྱོབ་ངེས་ཡིན། །ས་བདེ་ཆེན་ཡུལ་དུ་ལམ་སྣ་དྲོངས། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དཀར་པོའི་ཆོས་ལ་འཕྲད་པར་ཤོག །ནག་པོའི་སྡིག་དང་བྲལ་བར་ཤོག །དུས་ཡང་ཡང་ཆོས་ལ་འཕྲད་པར་ཤོག །ཆོས་མཐའ་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་གསང་བདག་རས་ཆུང་པས་མི་རྟག་བརྒྱུད་སྐུལ་གྱི་གསུང་མགུར་གསུངས་པ་རྫོགས་སོ།། །།
ཡི་གེ་པ་ནི་སྐལ་བཟང་སྐྱེ་བའི་ཕྲེང་བར་བླ་མ་༼བླ་མ་ནི་འཛམ་གླིང་སྐུ་སྐྱེ་འཛམ་གླིང་རྡོ་རྗེ་༽དང་མཁའ་འགྲོ་མར་༼མཁའ་འགྲོ་ནི་སྦས་གནས་སྒོ་འབྱེད་བདེ་ཆེན་མིང་ཅན་༽དམ་ཚིག་ལས་ཀྱི་འབྲེལ་བ་ཆེར་ཟབ། དེ་ཡང་ཆོས་མེད་སྤྲང་སྒོམ་ཟོབ་པའི་ཡིན་ཡང་ཟོབ་གྲགས་པའི་མིང་འཛིན་གང་དེའོ། །ཀྱེ་མ་ཀྱེ་ཧུད། ལས་ངན་འཁོར་བའི་འདམ་རྫབ་ལ། །ལུས་ངན་ཟ་མ་མོ་ལུས་བདག །རྐྱེན་ངན་བདུད་ཀྱིས་སེམས་དཀྲུགས་ནས། །ཕ་མས་གནས་རྫོངས་བྱེད་པའི་དུས། །རས་ཆུང་ཞལ་ནས་འདི་སྐད་གསུངས། །ཁྱེད་ཕ་མས་སྨྱོ་གཏམ་ཨ་རེ་མཚར། །འཁོར་བའི་དུག་ཆུས་མྱོས་ཆེ་བས། །བུ་མོ་ཁྱོད་ཀྱང་དེས་ར་མཚར། །མིག་ལྡན་ལོང་པའི་སྤྱོད་འགྲོས་སྡུག །ང་རང་ཕ་བུ་སྨྱོ་ལུགས་འདི་ལྟར་རོ། །ཕ་སྨྱོ་བུ་སྨྱོ་མྱེས་པོ་སྨྱོ། །ཡང་མྱེས་ཏཻ་ལོ་བཟང་པོ་སྨྱོ། །མྱེས་པ་ནཱ་རོ་པཎ་ཆེན་སྨྱོ། །ཕ་རྒན་མར་པ་ལོ་ཙཱ་སྨྱོ། །ང་རང་མི་ལ་ཕ་བུ་སྨྱོ། །སྨྱོ་བའི་སྨྱོ་ལུགས་བཤད་པ་ན། །མྱེས་པོ་ཏཻ་ལོ་བཟང་པོ་དེ། །ཕྱག་རྒྱ་ཆེན་པོའི་གདོན་གྱིས་སྨྱོ། །མྱེས་པོ་ནཱ་རོ་པཎ་ཆེན་དེ། །རིག་པ་བརྟུལ་ཞུགས་གདོན་གྱིས་སྨྱོ། །ཕ་རྒན་མར་པ་ལོ་ཙཱ་སྨྱོ། །རྒྱུད་སྡེ་བཞིའི་གདོན་གྱིས་སྨྱོ། །ང་རང་མི་ལ་ཕ་བུ་དེ། །རྩ་རླུང་གཉིས་ཀྱི་གདོན་གྱིས་སྨྱོ། །ཕྱོགས་རིས་མེད་པའི་ལྟ་བས་སྨྱོ། །དམིགས་མེད་རང་སར་སྒོམ་པས་སྨྱོ། །འཛིན་མེད་རང་གྲོལ་སྤྱོད་པས་སྨྱོ། །ཟོལ་ཟོབ་མེད་པ་དམ་ཚིག་སྨྱོ། །རེ་དོགས་མེད་པ་འབྲས་བུ་སྨྱོ། །སྨྱོ་བས་མི་ཚད་འདྲེ་ཡིས་གདོན། །ཕོ་གདོན་བླ་མའི་གདམས་ངག་གདོན། །མོ་གདོན་མཁའ་འགྲོའི་བྱིན་རླབས་གདོན། །བློ་བདེ་འགོང་པོ་ཕུགས་སུ་ཞུགས། །དེ་ལྟར་སྨྱོ་བའི་རྣལ་འབྱོར་ལ། །དུས་རྒྱུན་དུ་བདེ་སྐྱིད་རྒྱུན་ཆད་མེད། །འདྲེས་གདོན་པོས་མི་ཚད་ན་ཡང་ན། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །རྫོགས་པ་ཆེན་པོ་མདུན་ནས་གཟེར། །ལུས་ཀྱི་བདེ་དྲོད་མེ་ལྟར་འབར། །ཁ་ནས་གདམས་ངག་ཁྲག་ལྟར་སྐྱུག །ཆོས་ཉིད་བདེན་པས་བྱང་ཁོག་རྒྱས། །ན་བས་མ་ཚད་འཆི་ཡང་འཆི། །ལྟ་བའི་ཀློང་དུ་ཕྱོགས་རིས་འཆི། །སྒོམ་པའི་ཀློང་དུ་བྱིང་རྒོད་འཆི། །སྤྱོད་པའི་ཀློང་དུ་ཚུལ་འཆོས་འཆི། །དམ་ཚིག་ཀློང་དུ་ཟོལ་ཟོབ་འཆི། །འབྲས་བུའི་ཀློང་དུ་རེ་དོགས་འཆི། །སྐུ་གསུམ་ངང་དུ་རྣལ་འབྱོར་འཆི། །རྣལ་འབྱོར་ཤི་བའི་ན་ས་དེར། །སྣམ་བུ་བརྐྱངས་པ་མ་ལགས་པའི། །ཕྱི་སྣང་བ་ཁྲ་བོའི་ནང་རོལ་ན། །རྩ་འདྲེས་པའི་ཐག་པ་མ་ལགས་པའི། །ཨ་ཝ་དྷཱུ་ཏིའི་ཐག་པས་སྒྲོག །སྣ་བཤལ་བུ་རྩ་མ་ལགས་པའི། །བུ་རིག་པའི་ཆེ་ཆུང་ཡར་ལོངས་ལ། །རྣལ་འབྱོར་ཤི་བའི་རོ་འདི་ཁུར། །ས་ལམ་སྐྱ་མོ་མ་ལགས་པའི། །བྱང་ཆུབ་ཆེན་པོའི་ལམ་ལ་དྲོངས། །ས་མཁན་མཁའ་འགྲོ་སྡེ་བཞིས་མཛོད། །རོ་སྣ་བཀའ་བརྒྱུད་བླ་མས་དྲོངས། །གཡའ་རི་སྤང་རི་མ་ལགས་པའི། །དཔལ་ཀུན་ཏུ་བཟང་པོའི་ས་ལ་སྐྱོལ། །ཝ་དང་སྤྱང་ཀི་མ་ལགས་པའི། །ཐབས་ཤེས་གཉིས་ཀྱི་ཝ་སྤྱང་རོལ། །རྡོ་རྗེ་འཆང་གི་གཏེར་དུ་སྦོས། །ཅེས་སོ། །ཡང་མི་ལའི་རྫོང་དྲུག་ཡང་གསུངས་སོ། །རས་རྒན་མགུར་འབུམ་ལ་ཞུ་དག་ཕེར་བ་ཡོད་འདུག །ཡང་རས་ཆུང་རྡོར་དྲག་གིས་འདི་སྐད་གསུངས། སྨན་ན་ཆུང་བུ་མོ་སྣང་མཐོ་མ། །ཁྱོད་སྣང་བ་མཐོ་ཡང་གཏད་སོ་མེད། །གཏད་སོ་ལྷ་ཆོས་གཉིས་ལ་གྱིས། །མཁས་ཟེར་ལེ་ང་མཁས་ཁོ་མཁས་ཡིན། །རང་དགོས་པའི་ཆོས་ལ་མི་མཁས་སོ། །འཆི་ཁ་ཆོས་ལ་མ་གཟབས་ན། །འདུག་ཟེར་ལེ་དགོང་ཁའི་ཉི་མ་བཞིན། །སྙིང་ཕོད་ང་ཆེ་ཁོ་ཆེ་ལ། །གནས་སྐོར་བསྐོར་བས་སྙིང་པོ་མེད། །སྡུག་སྡིག་པའི་སྟེང་གི་རྒོད་པོ་ལ། །ཆོས་དཀར་པོའི་སྟེང་གི་སྦར་འཁོབ་ཚོ། །མི་ཡུལ་ལུས་འདི་བླངས་ཚུན་ནས། །ལོ་གསུམ་རེད་ནས་སྡིག་དང་འདྲེས། །ཕ་མ་མན་ཤུས་ཁ་ལ་བཏབ། །རྩི་ཤིང་མི་ཤུས་ལུས་ལ་གྱོན། །ས་རྡོ་མན་ཤུས་མགོ་ལ་བཞག །དེས་ཕ་ཡུས་འགྲོ་ཚོས་ཨི་ཡོང་ངོ་། །ང་ཚེ་སྟོད་བྱས་པ་རྣམ་གསུམ་ཡོད། །ཚེ་སྟོད་ལ་བྱས་པ་རྣམ་གསུམ་དེ། །ཁ་མཚར་གླུ་ལ་འགྱུར་ཞིང་པོ། །གནས་དཀར་པོའི་གོང་ང་ལེན་ར་ཡོད། །གནས་ཡུལ་སྒྲུབ་པ་བྱེད་དུ་འགྲོ། །སྲིབ་ཀྱི་བྲག་དམར་བཙན་རྒོད་རྫོང་། །བཙན་དམར་པོའི་ཁ་གནོན་བྱེད་ནས་བསྡད། །ཉིན་གྱི་བྲག་དཀར་ལྷ་བྲག་རྫོང་། །ལྷ་དཀར་པོའི་མཚམས་གྲལ་མཉམ་འདུག་བྱས། །ཡར་ཆབ་གཙང་པོའི་ནང་ཤེད་ལ། །ཉི་མ་བདུན་ལ་སྒྲུབ་པ་མཛད། །ཉ་སྲམ་མང་པོ་བྱིན་གྱིས་བརླབས། །ཉ་ཤི་བ་མང་པོ་བདེ་ལ་བཀོད། །ཕོ་ཚེ་སྟོད་ཀྱི་ཆོས་སྐལ་དེ་འདྲ་ཡིན། །སེམས་ཀྱིས་དེ་འདྲ་བསྐྱེད་ནས་དགོས། །ཉིན་མོའི་བཟའ་བཏུང་ཟ་མི་དགོས། །མཚན་མོའི་ལུས་གོས་གྱོན་མི་དགོས། །བར་སྐབས་གཏི་མུག་འཐིབ་མི་དགོས། །ཟས་ནོར་སྒྱུ་མར་ཆགས་འཛིན་མེད། །འཇིག་རྟེན་འཁོར་བར་མི་ཡོང་འདུག །འཁོར་བའི་བྱ་བཞག་ཟེར་བ་རྫུན་གཏམ་རེད། །ང་ཡིས་འཇིག་རྟེན་ཁམས་འདི་ཆོས་ལ་བསྒྱུར། །ང་ནི་འཇའ་ལ་ཐིམ་ཞིང་འོད་ལ་ཆིབས། །དག་པ་དགའ་ལྡན་ལྷའི་ཡུལ་དུ་སོང་། །མ་ཡེངས་མ་ཡེངས་རིགས་ཀྱི་བུ། །གཡེང་བའི་ལས་ལ་ཕན་ཡོན་མེད། །སེམས་རིག་པ་པུ་རུ་ཆོས་ལ་སྒྲིམ། །ཁྱོད་སྣང་བ་མ་མཐོ་ཡིག་དྲུག་གསུངས། །ལར་བསམ་བློ་ཐོང་ཞིང་ལྷ་ཆོས་སྒོམ། །རྒྱུ་ཟས་ནོར་མང་བོ་ཆོས་ལ་ཐོངས། །རྒྱུ་ཟས་ནོར་རྒྱུ་རྩར་མ་ཕྱིན་ན། །རྒྱུ་ཟས་ནོར་རང་སེམས་ཆགས་པ་རེད། །གཟུགས་བཀྲག་མཛེས་ནམ་མཁའི་འཇའ་ཚོན་རེད། །དུས་ད་གང་མགྲོན་པོའི་ཚུགས་སོ་རེད། །ཚེ་རིང་ཐུང་ཉི་རྒས་གྲིབ་སོ་རེད། །ལུས་དཔའ་རྩལ་ནམ་མཁའི་གློག་འོད་རེད། །དུས་སྐད་ཅིག་མི་རྟག་འགྲོ་བའི་དུས། །ཚེ་ཕྱི་མ་གཤིན་རྗེ་ཕ་ཡུལ་རེད། །འདུག་ཆས་མ་བྱེད་འཆི་ཆས་གྱིས། །རང་ནམ་འཆི་སྟག་མོ་ལངས་འདྲ་རེད། །རྐྱེན་གློ་བུར་དགྲ་ཇག་སུ་གཅིག་རེད། །ལར་ཕ་ཡུལ་གཤིན་རྗེའི་ས་ཆ་ནས། །དུས་ད་ཤོག་ཟེར་བའི་སྔ་ཆ་མེད། །ད་འཆི་ཆོས་རྣམས་ལ་ཅི་འབུངས་གྱིས། །ནམ་ཡར་ལངས་སྨོན་ལམ་བཟང་པོ་ཐོབ། །ཕ་བླ་མ་དགོང་གི་ཉི་མ་བཞིན། །ཆོས་འཆི་ཁར་ཐོབ་པར་ཐེ་ཚོམ་མེད། །དྲོ་སྐད་ལ་སྨོན་ལམ་ཐེངས་གསུམ་ཐོབ། །ལུས་ཕྱག་གསུམ་འཚལ་ཞིང་ཛྙཱ་ན་ཐོན། །ཆོས་དཀར་པོར་འཕྲད་པ་ཐེ་ཚོམ་མེད། །དགོང་ནུབ་ལ་གསོལ་བ་རྩེ་གཅིག་ཐོབ། །ལུས་ཕྱག་གསུམ་འཚལ་ཞིང་མ་ཎི་ཐོན། །ནུབ་བདེ་ཞིང་བགྲོད་པར་ཐེ་ཚོམ་མེད། །ཨེ་མ་དྲིན་ཆེན་བླ་མ་རིན་པོ་ཆེ། །ལུས་འདི་བདེ་དྲོད་དྲི་བཟང་ཆེ་ལུགས་ལ། །སེམས་གནས་ལུགས་ལྟད་མོ་ཡག་ལུགས་ལ། །འདི་ནི་ལྷ་དང་བླ་མའི་བྱིན་རླབས་ཡིན། །དུས་རྣམས་རྟག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །ནམ་མཁའ་འདི་བས་ཡངས་གཅིག་སྒོམ་ལ་གདའ། །རང་སེམས་སྟོང་ཉིད་མཐའ་བྲལ་རྟོགས་པའི་དུས། །ས་རྡོ་རི་བྲག་ཙམ་ཡང་མི་སྣང་ངོ་། །ཕྱི་ནང་ཐམས་ཅད་སྟོང་པའི་རང་བཞིན་གྱུར། །ཉི་ཟླའི་འོད་བས་གསལ་གཅིག་མེད་བསམ་སྟེ། །ཉི་ཟླ་འདི་བས་གསལ་གཅིག་སྒོམ་ལ་གདའ། །དབྱིངས་རིགས་དབྱེར་མེད་འོད་གསལ་འདྲེས་པའི་དུས། །ཉིན་དང་མཚན་མོ་ཙམ་ཡང་མི་སྣང་ངོ་། །ཉིན་མཚན་མེད་པར་འོད་གསལ་རང་བཞིན་གྱུར། །ལྷག་པའི་ལྷའི་མང་གཅིག་སྒོམ་ལ་གདའ། །སྐུ་དང་ཐིག་ལེ་ཞིང་ཁམས་འཆར་བའི་དུས། །རྩིས་གྲངས་ཐོབ་པ་ཙམ་གཅིག་མི་སྣང་ངོ་། །ཕྱོགས་མཚམས་མ་ལུས་འོད་སྐུའི་རང་བཞིན་གྱུར། །བར་སྣང་འཇའ་བས་བཀྲག་གཅིག་སྒོམ་ལ་གདའ། །ཡེ་ཤེས་འོད་ལྔའི་རང་འོད་འཆར་བའི་དུས། །སྟེང་འོག་ཕྱོགས་མཚམས་ཅི་ཡང་མི་སྲིད་དེ། །ཀུན་ཀྱང་དངས་མ་ལྔ་ཡི་རང་བཞིན་གྱུར། །ཀྱེ་མ་སྙིང་པོ་མེད་པའི་མི་རྣམས་ཚིག་འདིར་ཉོན། །དང་པོ་མཆོད་སྦྱིན་བྱས་ནས་ཀྱང་། །རྗེས་ནས་འགྱོད་པ་བྱས་པས་ན། །ཆུ་བོའི་ནང་དུ་བླུགས་པ་འདྲ། །མི་ཕན་ཟས་ནོར་བརླག་པའི་རྒྱུ། །མི་ལུས་རིན་ཆེན་ཐོབ་ན་ཡང་། །མི་དགེ་སྡིག་པ་སྤྱད་པས་ན། །འདྲེ་དང་སྲིན་པོའི་ལུས་དང་འདྲ། །མི་ལུས་འདྲེ་རུ་བསྒྱུར་བའི་རྒྱུ། །བླ་མས་ཆོས་ལུགས་མཛད་པའི་དུས། །ཉམས་སུ་ལེན་པ་མ་བྱས་ན། །རྒྱ་མཚོའི་འགྲམ་གྱི་ཡི་དྭགས་འདྲ། །གྲོལ་བ་མེད་ཅིང་ངལ་དུབ་རྒྱུ། །དབང་དང་སྡོམ་པ་ཐོབ་ན་ཡང་། །དམ་ཚིག་བསྲུང་བར་མ་བྱས་ན། །སྨན་ཚུལ་དུག་དང་འཕྲད་པ་འདྲ། །མི་ཕན་གནོད་པ་ཆེ་བའི་རྒྱུ། །གཉེན་འདུན་རྒྱབ་ཏུ་བོར་ནས་ཀྱང་། །མི་ལུས་ཆགས་སྡང་བྱེད་པ་ན། །ཆུ་ཡི་ནང་དུ་བླུགས་པ་འདྲ། །གང་དུ་འདུག་ཀྱང་ཆགས་སྡང་འགྱུར། །དང་པོ་ཆོས་པ་བྱས་ནས་ཀྱང་། །ཐ་མ་སྡིག་ལས་བྱས་པ་ན། །སྦྲང་མ་མེ་ལ་མཆོངས་པ་འདྲ། །རང་ཕུང་རང་བརླག་བྱེད་པའི་རྒྱུ། །ལྷ་ཆོས་རྒྱབ་ཏུ་བོར་ནས་ཀྱང་། །མི་ཆོས་གཤའ་མ་བྱས་པས་ན། །གསེར་དང་ཐལ་བ་བརྗེས་པ་འདྲ། །བཟང་པོ་དུག་ཕུང་རྟེན་པའི་རྒྱུ། །དུད་འགྲོ་མང་པོ་བསད་ནས་ཀྱང་། །དགེ་རྩ་ཆོས་སྤྱོད་བྱས་པ་ན། །བུ་བསད་མ་ལ་བྱིན་པ་འདྲ། །མི་དགེ་སྡུག་བསྔལ་མྱོང་བའི་རྒྱུ། །དབེན་པའི་རི་ཁྲོད་འདུག་ནའང་། །བསྐྱེད་རྫོགས་སྒྲུབ་པ་མ་བྱས་ན། །རི་དྭགས་དབེན་པར་བསྡད་པ་འདྲ། །སྒོམ་པ་རྣམས་ལ་དེ་སྐད་ཞུས། །ཅེས་གསུངས་ནས་འཇའ་ལྟར་ཡལ་སོང་། ཡང་མཚོ་རྒྱལ་གྱི་སྒྲུབ་པའི་སྐབས་ཤིག་ཏུ། བསྒྲང་ཞིང་སྣང་བ་རྒྱ་ཡན་གང་ཤར་གཏད་མེད་ཀྱི་ངང་ནས་མིག་གི་འཁྲུལ་སྣང་ལ་ཕ་བོང་དཀར་པོ་ཞིག་གི་སྟེང་དུ་མི་ལ་ཡིན་ཟེར་བའི་སྐུ་མདོག་སྔོ་སྐྱ་གདོང་ཤིན་ཏུ་ནག་པ། རས་དཀར་གྱི་ན་བཟའ་གསོལ་བ་ཞིག་གིས་འདི་སྐད་ཅེས་གསུངས་སོ། །
ཨེ་མ་ཧོཿ རས་ཆེན་སེམས་ཉིད་རྣམས་ཀྱི་སྒོམ་ཚུལ་ནི། །འཕགས་པའི་ནོར་གྱིས་ཟད་མེད་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །དབྱེར་མེད་གཟུགས་བཀྲག་མདངས་ལེགས་དེ། །འཇའ་འོད་རང་གུར་ལ་ཡང་འདུག །ཡེ་ཤེས་འོད་ལྔ་འབར་བ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །སྣ་ཚོགས་དཀར་དམར་ཤར་བ་དེ། །དབྱར་གྱི་མེ་ཏོག་ལ་ཡང་གདའ། །སྣང་བ་སྣ་ཚོགས་ཤར་བ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །གནམ་ལ་ནམ་འཕང་མཐོ་བ་དེ། །བྱ་རྒྱལ་ཁྱུང་ཆེན་ལ་ཡང་གདའ། །ཆོས་ཀྱི་སེམས་འཕང་མཐོ་བ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །འདོད་ཡོན་ལོངས་སྤྱོད་རྒྱས་པ་དེ། །བླ་མ་སྟོབས་ཆེན་ལ་ཡང་གདའ། །མཆོད་སྤྲིན་སྣང་བ་གང་བ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །དམག་གི་གཡུལ་ངོ་བཟློག་ཐབས་དེ། །གླང་ཆེན་ས་སྲུང་ལ་ཡང་གདའ། །ཉོན་མོངས་དམག་ཚོགས་ཐུབ་པ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །དམ་ཉམས་དགྲ་བོ་གསོད་ཐབས་དེ། །ངན་སྔགས་མཐུ་ཆེན་ལ་ཡང་གདའ། །བརྟེན་ཕུང་དུག་ལྔ་བསད་ཐབས་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །ཆོས་ཀྱི་ཁ་བཤད་མཁས་པ་དེ། །དགེ་སློང་རབ་འབྱམས་ལ་ཡང་གདའ། །ཆོས་ཀྱི་དོན་བཤད་མཁས་པ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །འཇིག་རྟེན་མི་ཆོས་བཟང་པོ་དེ། །མི་ཆེན་གཙོ་བོ་ལ་ཡང་གདའ། །མི་ཆོས་བསྟན་བཅོས་མཁས་པ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་འདུག །ས་ལམ་མྱུར་དུ་བགྲོད་པ་དེ། །གྱི་ལིང་རྟ་ཕོ་ལ་ཡང་གདའ། །ཞིང་ཁམས་མྱུར་དུ་བགྲོད་པ་དེ། །སྒོམ་གྱི་གནས་ལུགས་ལ་ཡང་གདའ། །སེམས་ཉིད་ཡིད་བཞིན་ནོར་བུ་ལ། །མ་ཡེངས་ལྟོས་དང་སྒོམ་ཆེན་རྣམས། །བཟང་ངན་ཡོན་ཏན་སྒོམ་ལ་ཚང་། །ཡེངས་མེད་བསྒོམ་ན་དགའ་ལུགས་དང་། །སྣ་ཚོགས་ཤར་ན་སྤྲོ་ལུགས་ལ། །ཉམས་རྟོགས་ཤར་ན་སྐྱིད་ལུགས་ནི། །བཅས་བཅོས་ཅི་ཡང་མི་བྱའོ། །ད་ནི་ཆོས་པའི་བཟང་པོ་རྣམ་དྲུག་བཤད། །ཆོས་མཛད་བཟང་པོ་ཉི་མའི་དཀྱིལ་འཁོར་འདྲ། །རང་གཞན་ཐམས་ཅད་ཆོས་ཀྱིས་ཁྱབ་པར་མཛད། །ཆོས་པ་བཟང་པོ་ཉི་མའི་དཀྱིལ་འཁོར་འདྲ། །སེམས་ཅན་ཀུན་ལ་ཕན་པ་རྒྱ་ཆེར་མཛད། །ཆོས་པ་བཟང་པོ་སྨན་པའི་རྒྱལ་པོ་འདྲ། །འགྲོ་ཀུན་སྡུག་བསྔལ་ནད་རྣམས་སེལ་བར་མཛད། །ཆོས་པ་བཟང་པོ་རིན་ཆེན་གཏེར་དང་འདྲ། །བསྐྱེད་རྫོགས་སྒོམ་ཞིང་མཚམས་དང་སྒྲུབ་པ་མཛད། །ཆོས་པ་བཟང་པོ་དབེན་པའི་རི་དྭགས་འདྲ། །ཆགས་འཛིན་འདོད་པ་སྤངས་ནས་དབེན་གནས་འགྲིམ། །ཆོས་པ་བཟང་པོ་བྱ་རྒྱལ་ཁྱུང་ཆེན་འདྲ། །འཁོར་བར་རེ་དོགས་བྲལ་བའི་ངང་ལ་བཞུགས། །དེ་ནི་ཆོས་པ་བཟང་པོ་རྣམ་དྲུག་མཛོད། །ད་ནི་ཆོས་པ་ངན་པ་རྣམ་དྲུག་བཤད། །ཆོས་པ་ངན་པ་དམག་དཔོན་མདུང་ཐོགས་འདྲ། །གཅིག་ལ་མི་ཕན་ཀུན་ལ་གནོད་པ་བྱེད། །ཆོས་པ་ངན་པ་མི་དཔོན་ཧོར་འདྲ་འདྲ། །ཉིན་མཚན་མེད་པར་ཅི་རག་ཅི་གནོད་བྱེད། །ཆོས་པ་ངན་པ་བཤས་ཚོང་བྱེད་པ་འདྲ། །མཆོད་སྦྱིན་མི་བྱེད་ཟས་ནོར་ཅི་འབུངས་བྱེད། །ཆོས་པ་ངན་པ་མདོག་ངན་བག་མ་འདྲ། །རྒྱན་གོས་འདོད་ཅིང་གྲགས་འདོད་ཆོས་མི་འདོད། །ཆོས་པ་ངན་པ་བསམ་ངན་དུག་དང་འདྲ། །བསམ་བཟང་མི་དྲན་བསམ་ངན་སྣ་ཚོགས་དྲན། །ཆོས་པ་ངན་པ་མི་ངན་ཁྲམ་པ་འདྲ། །དགེ་བ་མི་བྱེད་སྡིག་པ་སྣ་ཚོགས་བྱེད། །དེ་ནི་ཆོས་པ་ངན་པ་རྣམ་དྲུག་མཛོད། །ད་ནི་ཆོས་པའི་ལུས་པ་རྣམ་དྲུག་བཤད། །རང་ཉིད་འཆི་དུས་གྲོགས་མེད་གཅིག་པུར་འགྲོ། །ཉེ་འཁོར་བཟང་ཡང་མི་ཕན་མལ་དུ་ལུས། །རང་ཉིད་འཆི་དུས་གོས་མེད་གཅེར་བུར་འགྲོ། །གོས་ལྷམ་བཟང་ཡང་མི་ཕན་མལ་དུ་ལུས། །རང་ཉིད་འཆི་དུས་ཟས་མེད་གཅིག་པུར་འགྲོ། །ཟས་ནོར་ཡོད་ཀྱང་མི་ཕན་མལ་དུ་ལུས། །རང་ཉིད་འཆི་དུས་རྣམ་ཤེས་རླུང་ལྟར་འཚུབ། །འདུག་རོགས་བཟང་པོ་ཡོད་ཀྱང་མལ་དུ་ལུས། །རང་ཉིད་འཆི་དུས་གཏད་མེད་གཅིག་པུར་འགྲོ། །ཁྱིམ་མཚེས་བཟང་ཡང་མི་ཕན་མལ་དུ་ལུས། །རང་ཉིད་འཆི་དུས་གཤིན་རྗེས་གཅིག་པུར་ཁྲིད། །རྒྱུ་ཟས་ལོངས་སྤྱོད་མི་ཕན་མལ་དུ་ལུས། །དེ་ལྟར་སྒོམ་ཆེན་ལུས་པ་རྣམ་དྲུག་མཛོད། །ཕྱི་རབས་སྒོམ་ཆེན་རྣམས་ལ་དེ་སྐད་ཞུས། །
ཞེས་རས་རྒན་གྱི་གསུང་མགུར་ལ་པདྨ་བདེ་ཆེན་ཆོས་མཚོ་ལ་དཀའ་ཐུབ་བརྩོན་འགྲུས་བཟང་མོ་ཆུང་བས་དགོངས་འདུས་གསང་སྔགས་ཆོས་གླིང་ཟེལ་སྐྱོག་མཆོད་ཁང་བཀྲ་ཤིས་དགའ་ཚལ་དུ་སྨྲས་པའོ། །ཡི་གེ་པ་ནི་པདྨ་བདུད་འདུལ་ལོ།། །།
འདས་ལོག་སྐལ་བཟང་སྒྲོལ་མ་ལ་བན་ཆུང་བསམ་གཏན་བློ་གྲོས་ཀྱིས་སྐྱིད་སྡུག་གི་ཆ་བསྐུར་ངུ་བྲོ་དགོད་ཤོར་བྷི་ཛ་ཧཱ་ར།
༄༅། །འདས་ལོག་སྐལ་བཟང་སྒྲོལ་མ་ལ་བན་ཆུང་བསམ་གཏན་བློ་གྲོས་ཀྱིས་སྐྱིད་སྡུག་གི་ཆ་བསྐུར་ངུ་བྲོ་དགོད་ཤོར་བྷི་ཛ་ཧཱ་ར་བཞུགས།
ན་མོ་གུ་རུ་དྷེ་ཝ་ཌཱཀི་ནི། སྐྱབས་གསུམ་ཡི་དམ་མཁའ་འགྲོ་གསུམ། །བཀའ་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་ཡ་མཚན་དངོས་གྲུབ་བདག་ལ་སྩོལ། །ལུས་གདན་ཐོག་འདི་རུ་སངས་རྒྱས་ཤོག །བན་ཆོས་མེད་བསམ་གཏན་ཀློང་ཡངས་ཀྱི། །སྙིང་ཡང་ཡང་ལྟ་བའི་གཅེས་པའི་མིག །མིང་སྨོས་ན་བསམ་གཏན་བློ་གྲོས་ཞེས། །མི་ཁོ་བོས་བཅའ་འདོན་བྲི་གསུམ་གྱི། །དྲིན་ཡང་ཡང་ཆེ་བ་སྙིང་གི་ནོར། །རྟག་མི་ཐུབ་སྒྱུ་མ་རྨི་ལམ་འདྲ། །ལུས་གར་སོང་རོ་ལ་ཚེ་འཕོས་ནས། །མི་ཁོ་བོའི་དྲན་པ་ཕྱི་ལ་ཐོན། །སེམས་སྟོང་ཉིད་ལྟ་བ་ཡེ་མ་གྲུབ། །སྡུག་བསྲན་བཟོད་མེད་པས་མྱ་ངན་ངུས། །མ་མཚོ་རྒྱལ་གར་རོལ་བདེ་ཆེན་མཚོ། །ཞིང་འདིར་སྣང་འདས་ལོག་སྐལ་བཟང་སྒྲོན། །མི་ཁོ་བོས་ཐོས་མ་ཐག་ཉིད་དུ། །བུ་དེའི་སྐྱིད་སྡུག་ལེགས་ཉེས་རྣམས། །ད་ཡང་ཡང་དྲི་བ་ཞིབ་ཏུ་བྱོས། །དེ་དྲི་མལ་དྲི་ཡུག་དྲི་ལན་གསུམ། །སྨན་ལས་འཕྲོ་སད་པའི་མཁའ་འགྲོ་དེས། །སང་བར་དོའི་ཆོས་རྒྱལ་མ་མཇལ་སྐབས། །བྲག་དཀར་པོའི་སྟེང་དུ་བན་ཆུང་དེས། །བློ་ལུས་ངག་ཡིད་གསུམ་བདེ་ཞིང་ལྷོད། །སྐད་འགྱུར་ཁུགས་སྙན་པའི་དབྱངས་དང་བཅས། །འདིའི་ཕྲིན་ཆ་གསལ་པོར་བསྐུར་རོ་གསུངས། །དུས་དང་པོ་འཆི་བའི་བར་སྐབས་སུ། །ལུས་འབྱུང་བཞིའི་ཐིམ་ལྡོག་སྲན་བཟོད་དཀའ། །ཆོས་ཉིད་ལྷ་ཡང་བཀྲག་འཇིགས་ཆེ། །ངོ་མ་མཐོང་སྡུག་བསྔལ་དཔག་མེད་མྱོང་། །དེ་རྫ་བྲག་དམར་པོར་ཕྱིན་སྣང་ལ། །སྙིང་རུས་པ་སྐྱ་ནག་སང་སང་བྱུང་། །གཟེར་ཚ་ན་བཟོད་གླགས་མེད་པའི་དུས། །སྙིང་བརྩེ་ཞིང་དམ་ཚིག་མ་ཆགས་པའི། །མཆེད་གྲོགས་མཆོག་བསམ་གཏན་ཆོས་འཕེལ་གྱིས། །སྨྱུག་ཚིགས་གསུམ་ལག་རྟེན་གནང་བ་དང་། །སྐྱབས་བླ་མ་གསུམ་གྱི་གཏོར་མ་གསུམ། །ངོ་ཤེས་པའི་གཏོར་མ་རྣམ་གསུམ་གདའ། །དེས་ལམ་འཕྲང་སྒྲོལ་བའི་རྟགས་སུ་བཞག །རྟགས་དེ་ལ་བརྟེན་ནས་འཕྲང་རིང་སྒྲོལ། །འཕྲང་སྒྲོལ་མཚམས་ཤི་བ་ངོས་ཡང་ཟིན། །ངོས་ཟིན་ནས་བླ་མར་རྒྱང་འབོད་བྱས། །སྐྱབས་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱིས། །འཕྲང་རིམ་གསུམ་པ་རིམ་གསུམ་གསུམ་དགུ། །དུས་སྐད་ཅིག་ཉིད་ལ་བགྲོད་པར་མཆིས། །དུས་ད་དུང་ལམ་འཕྲང་མང་པོ་ལ། །ལམ་མི་འགྱུར་ལམ་རྟགས་རིན་ཆེན་གྱི། །དུང་དཀར་པོ་མཆོད་རྟེན་སོར་གསུམ་ཙམ། །དེ་མང་པོ་བསྒྲིགས་པ་ལ་བརྟེན་ནས། །ད་འདི་རུ་ཕྱིན་པ་བླ་མའི་དྲིན། །སྐྱབས་བླ་མ་རྣམ་གསུམ་སྤྱི་བོར་བསྒོམས། །ད་ལམ་སྣ་འདྲེན་པའི་བླ་མ་ལ། །རྗེ་སངས་རྒྱས་ཀུན་འདུས་པད་འབྱུང་བཞུགས། །མི་བདག་གི་སྐྱབས་ལྷ་ལུས་ལྷ་ཡིན། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །མཆོག་དྲིན་ཆེན་སྟག་ཤམ་རྡོ་རྗེ་བཞུགས། །དབུགས་ཆད་ཁར་རྒྱང་འབོད་ལན་གསུམ་མཛད། །དུས་དེ་འདྲ་ཡང་ཡང་ཡིད་ལ་ཡོད། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །མགོན་ངག་དབང་ལྷུན་གྲུབ་རང་གྲོལ་བཞུགས། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །སྐྱབས་བླ་མ་བསམ་གཏན་བསྟན་འཛིན་བཞུགས། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །མགོན་བླ་མ་རིན་ཆེན་རྣལ་རྒྱལ་བཞུགས། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །སྐྱབས་བླ་མ་བསམ་གཏན་བསྟན་འཕེལ་བཞུགས། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །སྐྱབས་བླ་མ་ཆོས་དབྱིངས་བསྟན་འཛིན་བཞུགས། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །སྐྱབས་བླ་མ་ཀུན་བཟང་རྡོ་རྗེ་བཞུགས། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །སྐྱབས་བླ་མ་ཀུན་བཟང་བསྟན་འཛིན་བཞུགས། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །དྲིན་འཁོར་མེད་དྲག་པ་འགྲོ་འདུལ་བཞུགས། །གསོན་གཉེན་ཆོས་བྱས་པའི་བླ་མ་ཚོས། །རྒྱ་ཆེ་བའི་ཚེ་འདས་མི་དྲོང་ངོ་། །ལྷ་བླ་མ་སྡུག་ལེ་མ་རེད་དེ། །ཕོ་རང་རང་འདྲེན་སྐལ་སུ་ཡོད་རེད། །གསོན་དད་པ་མོས་གུས་གང་ཆེ་རེད། །ཡང་ཕྱི་རབས་རྣམས་ལ་ཆ་འདི་བཅོལ། །རང་དང་པོས་ཁ་འདི་སུ་བལྟས་ཀྱིས། །ཆོས་གྲུབ་མཐའ་བཟང་པོ་གང་འཕྲད་དེ། །བདག་གཏན་གྱི་སྐྱབས་གནས་ལྷ་སྐལ་དེ། །དེ་རང་གིས་རང་ལ་མ་བསྐུར་ནས། །ཕ་བླ་མ་གཉིས་ལ་འདུན་པ་གཏོད། །དེ་འདྲེན་སྐལ་ཅན་གྱི་བླ་མ་རེད། །ཆོས་གྲུབ་མཐའ་བསྒྱུར་བའི་ཉེས་པ་ལ། །འདུན་པ་གཏད་པའི་བླ་མ་མེད། །ཡང་ཤི་ཡང་སོས་མང་པོ་དགོས། །བཤགས་པ་བཛྲ་ས་ཏྭ་ཐོན། །དད་ལོག་བྱས་པའི་ཉེས་དམིགས་ལ། །ཤི་ནས་གཤིན་ཡུལ་འགྲོ་ཉིན་མོ། །རང་ཉིད་ཞིང་ཁམས་བགྲོད་དུས་ཀྱང་། །ལོ་གྲངས་བཅུ་ཡི་བར་ཐག་རིང་། །བཤགས་པ་བཛྲ་ས་ཏྭ་ཐོན། །ཆོས་ལ་ཁ་བཏང་མ་བྱེད་རྫོས། །ཁ་བཏང་བྱས་པའི་ཉེས་དམིགས་ལ། །ཆོས་ཀྱི་སྒྲ་མེད་ཡུལ་དུ་སྐྱེ། །བཤགས་པ་བཛྲ་ས་ཏྭ་ཐོན། །དཀོར་ལ་ཡིབ་ཆེ་མ་བྱེད་རྫོས། །ཡིབ་ཆེ་བྱས་པའི་ཉེས་དམིགས་ལ། །རང་ཆོས་ཚེ་འདས་གཞན་གྱིས་འཕྲོག །དེ་བཤགས་དྲི་མེད་བཤགས་རྒྱུད་ཐོན། །འདོན་པའི་འདོན་མཚམས་མ་གཅོད་རྫོས། །འདོན་མཚམས་བཅད་པའི་ཉེས་དམིགས་ལ། །བར་དོའི་སྐབས་སུ་བླ་མ་ཡིས། །ཆོས་བཤད་གསུང་སྒྲ་མི་ཐོས་སོ། །བཤགས་པ་བཛྲ་ས་ཏྭ་ཐོན། །ཆོས་ལ་ཁ་བཤད་མ་བྱེད་རྫོས། །ཁ་བཤད་བྱས་པའི་ཉེས་དམིགས་ལ། །རང་ཕྱི་རབས་ལུས་གཅིག་ལེན་པའི་དུས། །གང་བརྫས་ངག་འཁྱལ་ལུས་དེ་སྨིན། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །འདོན་ཆོས་སྤྱོད་ཉམས་རྩར་མ་ཕྲོད་ན། །རང་སེམས་ཡང་ཡང་གཡེང་བ་བྱས་པའི་ཉེས་དམིགས་ལ། །བར་དོར་ཆོས་དེ་འཚབ་དགོས་སོ། །བཤགས་པ་བཛྲ་ས་ཏྭ་ཐོན། །ལུས་ངག་ཡིད་གསུམ་ལྷ་སྔགས་ཏིང་འཛིན་བསྐྱེད། །བསྐྱེད་རྫོགས་མཆོད་པ་མ་ཚང་ཉེས་པ་ལ། །ཕྱི་རབས་ལུས་གཅིག་ལེན་པའི་དུས། །ཁ་ཡོ་སྣ་གཟུར་ལུས་སུ་འགྲོ། །བཤགས་པ་བཛྲ་ས་ཏྭ་ཐོན། །སྒོམ་གསུམ་མ་བྱས་ཉེས་པ་ལ། །གཞན་གྱི་སྲོག་གཅོད་མང་པོ་བྱས་པ་འདྲ། །དེ་ཡི་བཤགས་པ་བཛྲ་ས་ཏྭ་ཐོན། །འདོན་ཆོས་སྤྱོད་རྣམས་ནི་མ་ཧྲུག་ག་ལེ་ཞོག །བྲེལ་ཞིང་ལྷག་ཆད་སོང་བའི་ཉེས་པ་ལ། །ལས་མཁན་དྲག་རྩལ་ཅན་གྱིས་རྣག་དོ་རྫོས། །བཤགས་པ་བཛྲ་ས་ཏྭ་ཐོན། །ཡོན་བདག་རྣམས་ཀྱི་ཆོས་འདོན་བྱེད་ཉིན་མོ། །ཟས་དང་འབུལ་བ་རྣམས་ལ་མ་འཁོང་རྫོས། །མ་འཁོང་ཁ་རོག་སྡོད་དང་རང་ལ་འབྱུང་། །ཡ་ཡུད་མེད་པར་ས་ལམ་བགྲོད་པར་གདའ། །སྦྱིན་བདག་རྣམས་ལ་རྒྱུ་ཚོད་འབྲས་བུ་འབྱུང་། །དེ་ལྟར་མ་ཡིན་འཁོང་པའི་ཉེས་པ་ལ། །རང་གི་ཆོས་ལ་ཆུད་ཟོས་ཡོང་ཉེན་གདའ། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །རང་གིས་ཅི་བྱེད་ལག་ན་ཡོད་ཉིན་མོ། །རང་གི་འཆི་ཆོས་བཟང་པོ་མ་གྲུབ་ན། །བར་དོའི་སྐབས་ལ་ལག་སྟོང་མགོ་འཁོར་འདྲ། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །ཡར་གྱི་བླ་མ་ལྷ་ལ་མཆོད་པ་ཕུལ། །མར་གྱི་སྲུ་སྤྲང་རྣམས་ལ་སྦྱིན་པ་གྱིས། །དེ་ལྟར་བྱས་པའི་ཕན་ཡོན་བར་དོའི་སྐབས། །ཟ་འཐུང་ཅི་བསམ་ལག་པའི་གར་བརྙབ་རེད། །མཆོད་སྦྱིན་རྒྱབ་ནས་སེར་སྣ་བྱས་གྱུར་ན། །དེའི་ཉེས་པ་ཡི་དྭགས་ཡུལ་དུ་སྐྱེ། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །ས་ཡུལ་འདི་བས་གཞན་ལ་འགྲོ་བའི་དུས། །རྟ་ལ་ལྕག་ཚན་མ་རྒྱག་ག་ལེར་སོང་། །དེའི་ཉེས་པས་རང་ལ་ལྕག་བྲབ་བྱས། །མགོ་སྟོང་ཆ་ལོག་མེད་པར་རྣག་དོ་རྫོས། །དེའི་བཤགས་པ་བཛྲ་སཏྭ་ཐོན། །གཞན་གྱི་ལུས་ལ་ལོག་ལྟ་མ་བྱེད་རྫོས། །རང་གི་ལུས་ལ་དེ་ལྟར་སྨིན་དོ་རྫོས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །རང་ཉིད་བྲང་ང་ཁམས་ལ་འདུག་ཉིན་མོ། །གཉིད་དང་གཏི་མུག་འདོད་ཆགས་དབང་གིས་དེད། །དེ་འདྲ་ཟེར་བ་ཕྱི་རབས་མ་དྲན་རྫོས། །དེ་འདྲ་བྱས་པའི་ཉེས་དམིགས་འདི་ལྟར་གདའ། །གཏི་མུག་གཉིད་འདི་དགེ་བའི་ཆོམ་རྐུན་རེད། །ཅི་བྱས་མེད་པར་མགོ་འཁོར་ངང་དུ་འགྲོ། །དེའི་བཤགས་པ་བཛྲ་སཏྭ་ཐོན། །འདོད་ལོག་བྱས་པའི་ཉེས་དམིགས་འདི་ལྟར་རོ། །སྡོང་ཡོག་བརྒྱ་རྩ་ཁ་བསྣོལ་བྱེད་ནས་འཇོག །མེ་ཚང་ཟེར་བ་ཕོ་མོའི་ལུས་ལ་འཆའ། །མེ་ནི་ཚ་ཐབ་ངང་དུ་འབར་དོའོ། །དུག་ཆུ་ཕོར་བརྒྱ་ལུས་ཀྱི་ནང་དུ་འགྱེད། །བར་སྐབས་ལྕགས་དམར་འཛེར་མང་ལུས་ལ་འགྱེད། །སྨྲེ་སྔགས་ན་ཚའི་ངུ་འབོད་གནམ་ས་ཁོལ་དོའོ། །དེ་འདྲ་མ་དྲན་བུ་མོ་ཁྱོད་རང་ཤེས། །ཨ་མཚར་བརྫས་དོ་ཕྱི་རབས་རྣམས་ལ་ཤོད། །དེའི་བཤགས་པ་བཛྲ་སཏྭ་ཐོན། །གཞོན་ནུ་རང་བྱུང་ཚུལ་ཁྲིམས་རྣམ་དག་དེ། །བར་དོ་གཡུལ་འཁྲུག་བརྒྱ་ཡིས་མི་ཚུགས་སོ། །དེ་ནི་ཕྱི་རབས་རྣམས་ཀྱི་ཐུགས་ལ་ཞོག །རང་རང་སྒོ་བཤས་མང་དུ་བྱེད་ཉིན་མོ། །མར་མེ་གྲངས་མང་བླུགས་ལ་སེམས་རྒྱ་བསྐྱེད། །བསྔོ་བ་སྨོན་ལམ་བཟང་པོའི་རྒྱས་ཐོབ་ཅིག །དེ་ཉིན་སྒོ་བཤས་ཕ་མ་འདྲ་བ་བཤས། །ཤ་ཟ་ཁྲག་འཐུང་སྲིན་པོ་སྤྱང་ཀི་འདྲ། །ཤ་མེད་ཚིལ་མེད་ཟེར་ཞིང་ཟོས་པའི་ཉེས། །ལས་ངན་ཟོག་གི་མགོ་ཅན་སྣ་ཚོགས་ཀྱིས། །སྒོ་བཤས་བཤས་པའི་ཕོ་མོ་ཐམས་ཅད་ལ། །སྟ་རེས་གསེ་ཞིང་སྤུ་གྲིས་གཏུབ་དོའོ། །ཤ་མེད་ཚིལ་མེད་ཟེར་ཞིང་བཙོ་ཞིང་སྲེག །སྐབས་སྐབས་ཤ་མེད་ཚིལ་མེ་མང་པོ་སྦར། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །བཤགས་པ་ཡིག་དྲུག་བཛྲ་སཏྭ་ཐོན། །བུ་རྒྱུད་རྣམས་ཀྱིས་ཕ་མ་མ་གཤད་རྫོས། །ཕ་མར་གཤད་ན་དམ་ཚིག་ཆག་པས་ཉེས། །ལྕགས་བྲག་ཕར་ནང་ཚུར་ནང་ཨ་མ་འབོད། །ཨ་ཕོ་ཟེར་དུས་ལྕགས་སྲེག་ཐོ་བས་རྡུང་། །ཀླད་པ་འབོ་ཞིང་སྡུག་བསྔལ་ཚད་ལས་འདས། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེ་ཡི་བཤགས་པ་བཛྲ་སཏྭ་ཐོན། །ང་རྒྱལ་ཞེ་སྡང་ཁྲོ་གཏུམ་མ་བྱེད་རྫོས། །སྡིག་པ་ར་ཙའི་ལུས་སུ་འགྲོ་དོ་རྫོས། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །སྣང་བ་བཟའ་རྒྱག་མ་བྱེད་བུ་མོ་ཚོ། །རྒྱ་བྱིའུ་ཅོ་གའི་ལུས་སུ་འགྲོ་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །གླུ་དང་ཀུ་ཅོ་མང་པོ་མ་བྱེད་རྫོས། །ངུ་འབོད་ཡུལ་དུ་ཡུན་རིང་འདུག་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །སེར་སྣ་ཅན་གྱི་ཡི་དྭགས་ཡུལ་དུ་སྐྱེ། །ཆོས་ལ་སྦྱིན་པ་སེར་སྣ་མ་བྱེད་རྫོས། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །ང་ཡིས་དུག་ཤོག་བླུགས་པའི་ཉེས་དམིགས་དེས། །ཁྲོན་ཆུང་ཆུ་བསྐམས་ཉ་སྦལ་ལྕོང་མོ་ཤི །རང་གི་ལུས་ལ་ཉ་རྒྱ་སྦལ་ཚང་བཅའ། །ཡར་འགྲོ་མེད་པའི་ལས་ཀ་དེ་རང་རེད། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་སཏྭ་ཐོན། །ལྷ་གསལ་མར་མེ་རྡིལ་ཚང་མ་བྱེད་རྫོས། །བར་དོའི་རྣམ་ཤེས་མེ་ལྷབ་ལྷབ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་སཏྭ་ཐོན། །ཇ་འུ་ཟི་ཟེར་བ་མ་བཀལ་རྫོས། །ཇ་འུ་ཟི་བཀལ་བའི་ཉེས་དམིགས་ལ། ཁ་རྒྱབ་མང་པོ་འཕེད་དོའོ། །རྣ་ནག་མང་པོ་རྒྱབ་ཏུ་གདའ། །ཁྲོ་ཆུ་དུག་ཆུར་ལོངས་སྤྱོད་དོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་སཏྭ་ཐོན། །ཚྭ་ནི་ཁ་ལ་མ་ལེན་རྫོས། །རྟ་རྒྱབ་ཁལ་རྒྱབ་མང་པོ་བྲེགས། །ཚྭ་ནི་བཏབ་པའི་ཉེས་དམིགས་ལ། །རྒྱབ་ཆད་གློ་བུག་ལུས་སུ་འགྲོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །མནའ་ནག་མང་པོ་མ་སྐྱེལ་རྫོས། །མནའ་ནག་བཅའ་བའི་ཉེས་པ་ལ། །ལྕེ་མར་འཐེན་ཞིང་རྒྱ་ཞིང་རྨོ། །ཁ་ལ་ཁྲོ་ཆུ་བླུག་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་སཏྭ་ཐོན། །རྫུན་ཚིག་ཁ་ལ་མ་ལེན་རྫོས། །རྫུན་ཚིག་བཤད་པའི་ཉེས་པ་ལ། །རྫུན་ལྕེ་ཉིན་ལམ་དགུ་ལ་འཐེན། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །དུ་བ་ཁ་ལ་མ་འཐེན་རྫོས། །དུ་བ་འཐེན་པའི་ཉེས་དམིགས་ལ། །ཁ་ལ་དུག་ཆུ་ཁོལ་མ་བླུགས། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །རྣ་ལོང་རྣ་བར་མ་རྒྱག་རྫོས། །རྣ་ལོང་བརྒྱབ་པའི་ཉེས་དམིགས་ལ། །གཤིན་རྗེས་ཡོབ་རྡེབ་བྱེད་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །ཤ་ཆེན་པགས་པ་མ་གྱོན་རྫོས། །པགས་པ་གྱོན་པའི་ཉེས་དམིགས་ལ། །ཚ་དམྱལ་ཡུལ་དུ་སྐྱེ་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །རང་རྒྱལ་རོགས་ཕམ་མ་བྱེད་རྫོས། །དེ་འདྲ་བྱས་པའི་ཉེས་དམིགས་ལ། །དབུལ་པོའི་ལུས་སུ་འགྲོ་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །བླ་མ་ཞུ་འབར་མ་བྱེད་རྫོས། །ཞུ་འབར་བྱེད་པའི་ཉེས་དམིགས་ལ། །འགྲོ་ཤུལ་བསྐལ་པའི་བར་ཐག་རིང་། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །སྣ་ཐ་ཟེར་བ་མ་འཐེན་རྫོས། །སྣ་ཐ་འཐེན་པའི་ཉེས་དམིགས་ལ། །བྱང་ཆུབ་དབུ་མའི་རྩ་ལམ་འགགས། །བསྐྱེད་རིམ་ལྷ་རྣམས་མི་མཐོང་ངོ་། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །བླ་མ་རྣམས་ཀྱི་གོ་ས་ལ། །ཉམས་ལེན་དབང་ལུང་མེད་པ་ཡི། །དབང་བསྐུར་ཆོས་བཤད་མ་བྱེད་རྫོས། །ལོང་པས་ལོང་པ་ཁྲིད་པ་འདྲ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །བྱིན་རླབས་མེད་པའི་བླ་མ་ཚོས། །འཕོ་བ་མང་པོ་མ་འདེབས་རྫོས། །བེའུ་སྦྲེལ་ནགས་ལ་བརྒྱབ་འདྲ་རེད། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །ལྟ་སྒོམ་སྤྱོད་གསུམ་མ་འཁྲུལ་བླ་མ་རྣམས། །དག་པའི་ཞིང་དུ་འབྱོན་པར་ཐེ་ཚོམ་མེད། །ལྟ་སྒོམ་སྤྱོད་གསུམ་འཁྲུལ་པའི་བླ་མ་རྣམས། །འདི་ནི་ཡོང་བསམ་འགྲོ་བའི་ལམ་ཉིད་དུ། །བྱ་འཕུར་རྗེས་གཙང་གར་སོང་ཆ་མེད་སོང་། །བླ་མ་ཆོས་མེད་ཁྱི་ལུད་དར་གཏུམས་འདྲ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །སྨན་པ་རྣམས་ཀྱི་གོ་ས་ལ། །ནད་ལོག་སྨན་ལོག་མ་བྱེད་རྫོས། །ནད་ལོག་སྨན་ལོག་ཉེས་དམིགས་ལ། །བསྐལ་པ་གསུམ་ལ་མི་ཐར་གསུངས། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །དཔོན་པོ་རྣམས་ཀྱི་གོ་ས་ལ། །ཁྲིམས་ལ་ཡོ་དྲང་མ་བྱེད་རྫོས། །ཡོ་དྲང་བྱས་པའི་ཉེས་དམིགས་ལ། །བསྐལ་པ་ཆགས་ཞིག་མ་སྟོངས་པར། །ཞིང་ཆའི་བརྒྱངས་ཤིང་རྒྱག་དོ་རྫོས། །ཡོ་དྲང་ཐིག་ནག་རྒྱག་དོ་རྫོས། །མཚོན་ཆ་མང་པོས་དྲ་དོ་རྫོས། །ཡར་ཐར་མེད་པའི་བར་ཐག་རིང་། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །བློན་པོ་རྣམས་ཀྱི་གོ་ས་ལ། །རྒྱུ་ལ་བར་ཟན་མ་ཟ་རྫོས། །བར་ཟན་ཟོས་པའི་ཉེས་པ་ལ། །འདབ་ཆགས་བྱ་ལུས་དཔག་མེད་ལེན། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །ཨ་མཆོད་རྣམས་ཀྱི་གོ་ས་ལ། །ཆོས་ལ་ཀློག་རྫུན་མ་རྫོ་རྫོས། །ཀློག་རྫུན་བྱས་པའི་ཉེས་པ་ལ། །ལྕེ་འཐེན་ཞིང་རྨོ་དུག་ཆུ་བླུག །བསྐལ་པ་གསུམ་ལ་ཡར་ཐར་དཀའ། །ཕྱི་མར་ཆོས་ནི་འཚབ་དགོས་སོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །བན་ཆུང་རྣམས་ཀྱི་གོ་ས་ལ། །འདོན་ཆོས་སྤྱོད་མེད་པའི་བན་ཆུང་ཚོ། །ཟ་ཆེ་ཡིབ་ཆེ་མ་བྱེད་རྫོས། །ཆོས་སྤྱོད་རྣམས་ལ་སུ་རུ་བསྒྲིམ། །ཟ་ཡེབ་འཐུང་ཡེབ་ཆེ་ཆེ་ན། །བསྐལ་པ་བརྒྱ་ལ་ཡར་ཐར་མེད། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །ལྕི་ཁུར་བསྙུ་རྡུང་བྱེད་མཁན་རྣམས། །འབུ་སྲིན་མང་པོའི་ཉེས་དམིགས་ཡིན། །འབུ་ནག་ལུས་ལ་འཁོད་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །མ་སྲུ་རྣམས་ཀྱི་གོ་ས་ལ། །ཞེ་སྡང་ཕྲག་དོག་མ་བྱེད་རྫོས། །ཞེ་སྡང་བསགས་པའི་ཉེས་པ་ལ། །དྲེད་མོང་ལུས་སུ་འགྲོ་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །མགར་བ་རྣམས་ཀྱི་གོ་ས་ལ། །གྲི་མཚོན་བརྡུངས་པའི་ཉེས་དམིགས་ལ། །གྲི་མདུང་གཡས་བཙུགས་གཡོན་ནས་ཕུད། །མེ་སྦོར་ཁ་རྣམས་གཏུག་རྒྱག་བྱེད། །མདེའུ་ཁོག་ལུས་གཟེར་ཟུག་ནི། །སྟོང་ལུག་མ་བུ་འཕྲད་པ་འདྲ། །སྒྲ་སྐད་ཀྱིས་རྣ་གདོང་བཀད་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །དེའི་བཤགས་པ་བཛྲ་ས་ཏྭ་ཐོན། །རྔོན་པ་རྣམས་ཀྱི་གོ་ས་ལ། །ཉེས་མེད་རི་དྭགས་མ་གསོད་རྫོས། །རི་དྭགས་བསད་པའི་ཉེས་དམིགས་ལ། །ལས་མཁན་སྣ་མི་སྣ་ཚོགས་ཀྱིས། །ཡང་ཤི་ཡང་སོས་མང་པོ་བྱེད། །སྲོག་ལན་དགུ་སྐོར་བྱེད་དོའོ། །མེ་སྦོར་མང་པོས་སྟེང་ནས་གནོན། །ཤ་ཁྱེར་བྲག་རྒྱང་རྒྱག་དོའོ། །གཞི་བདག་འཁོར་ལ་སྐྱེ་དོའོ། །ལྕགས་ཁང་ནང་ལ་བཅུག་དོའོ། །བསྐལ་པ་བརྒྱ་ལ་མི་ཐར་རོ། །ཕྱི་རབས་རྣམས་ལ་དེ་འདྲ་ཞུས། །བཤགས་པ་བཛྲ་ས་ཏྭ་ཐོན། །འཕྱི་བ་ཁུང་བདུག་བྱེད་མི་དང་། །སྦེ་མོ་ལག་དཀར་གསོད་མི་དང་། །ཨ་བྲ་ཆུ་ཁྲིད་བྱེད་མི་དང་། །སྤྱང་ཀི་ལམ་འགུགས་བྱེད་མི་དང་། །ཝ་དང་དྲེད་མོང་གསོད་མི་དང་། གཅན་གཟན་སྟག་གཟིག་ལི་ལི་དང་། །དེ་རྣམས་བསད་པའི་ཉེས་དམིགས་ལ། །སྤུ་གྲངས་མར་མེས་སྡིག་མི་འདག །བསྐལ་པ་བརྒྱ་ལ་ཡར་ཐར་མེད། །གལ་ཏེ་ཐར་པ་ཐོབ་པས་ཀྱང་། །སྡིག་ཅན་ཤན་པའི་ལུས་སུ་འགྲོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །བཤགས་པ་བཛྲ་ས་ཏྭ་ཐོན། །རྐུན་མ་རྣམས་ཀྱི་གོ་ས་ལ། །རྐུ་འཕྲོག་ཡིད་ལ་མ་བཞག་རྫོས། །བཅོམ་འཕྲོག་བྱས་པའི་ཉེས་དམིགས་ལ། །སྐལ་བརྒྱར་མུན་པའི་གླིང་དུ་སྐྱེ། །མིག་ལ་ཚ་འདེབས་ཡན་ལག་ཤིང་གིས་སྦྱོང་། །ཁ་ལ་དུག་ཆུ་ཁོལ་མ་བླུག །བསྐལ་པ་བརྒྱ་ལ་ཡར་ཐར་མེད། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །བཤགས་པ་བཛྲ་ས་ཏྭ་ཐོན། །བརྒྱ་ལུག་འཚོ་སྐོར་སྐྱོང་མི་དང་། །ཞིང་རྨོ་གྲོ་མ་རྐོ་མཁན་ཚོ། །འབུ་སྲིན་བསད་པའི་ཉེས་དམིགས་ལ། །ས་རྡོ་མང་པོ་སྟེང་ནས་གནོན། །འབུ་སྲིན་མང་པོ་ལུས་ལ་འཁོད། །ཁྲག་གི་ཆར་པ་མང་པོ་འབེབ། །བསྐལ་པ་མང་པོར་ཡར་ཐར་མེད། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །བཤགས་པ་བཛྲ་ས་ཏྭ་ཐོན། །ཚོང་ཆེན་ལུག་གི་ཁ་ཕ་དང་། །བཤས་ཚོང་མང་པོའི་ཁ་ཕ་རྣམས། །ཁྲག་དམར་ནང་དུ་སྐྱེ་དོ་རྫོས། །མེ་མ་མུར་ནང་སྐྱེ་དོ་རྫོས། །ཟངས་ལྕེ་དམར་པོས་ལྡག་དོའོ། །ཤ་རུས་སྟོང་དུ་འཇིག་དོའོ། །བསྐལ་པ་སྟོང་ལ་ཡར་ཐར་མེད། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །བཤགས་པ་བཛྲ་ས་ཏྭ་ཐོན། །སོ་ཤིག་སེན་ཤིག་བྱེད་མི་རྣམས། །མི་ཤིག་བྱེ་ཤིག་བྱེད་མི་རྣམས། །མེ་མུར་ནང་དུ་རབ་ཏུ་བསྲེག །ཤིང་གི་ཐོ་བས་རྡུང་པ་དང་། །ཁ་བར་སོ་བར་འཆའ་དོའོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །བཤགས་པ་བཛྲ་ས་ཏྭ་ཐོན། །རྟོལ་ལེ་བསད་པའི་རྣམ་སྨིན་ལ། །བསྐལ་པ་གསུམ་ལ་ཡར་ཐར་མེད། །གལ་ཏེ་ལུས་གཅིག་ཐོབ་པའི་དུས། །འདྲེ་དང་སྲིན་པོའི་ཡུལ་དུ་འགྲོ། །ཕྱི་རབས་རྣམས་ལ་དེ་སྐད་གདའོ་ཞུས། །བཤགས་པ་བཛྲ་ས་ཏྭ་ཐོན། །ང་ཡི་ཕྲིན་ཆ་གསལ་པོ་འདི། །ཕྱི་རབས་རྣམས་ཀྱི་དོན་ཆེད་དུ། །ཁྱོད་ཀྱིས་མ་ནོར་མ་འཁྲུལ་བར། །ཡི་གེ་གསལ་བོར་འཁོད་ལ་ཤོག །ཡང་ཡང་ཟེར་བའི་འབྲས་བུའོ། །དེ་རིང་བན་ཆུང་བསམ་བསྟན་པའི། །ཧྲག་ཧྲིག་ཤོག་ཐོག་འགོད་པ་དེས། །བན་ཆུང་ཐུགས་དགོངས་རྫོགས་པ་དང་། །ཕྱི་རབས་འགྲོ་ལ་ཕན་ཐོགས་ཤོག །ཆོས་ཀྱི་ཆར་པ་འབེབ་པར་ཤོག །དགེ་བའི་སྐུལ་མ་ཡོང་བར་ཤོག །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཆ་བསྐུར་ཆོས་རྣམས་གྲུབ་པའི་སྐབས། །ལམ་དཀར་ནག་གསུམ་གྱི་སུམ་མདོ་དེར། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་མདུན། །བན་ཆུང་བསམ་གཏན་བློ་གྲོས་སླེབས། །དགེ་སྡིག་ཞིབ་གཤེར་བྱེད་དུ་ཛ། །རོགས་དཀར་ནག་གཉིས་ཀྱི་དཀར་པོ་དེས། །དཔོན་ཆོས་རྒྱལ་ཉིད་ལ་འདི་སྐད་ཞུས། །འདི་གྲང་ང་ཁམས་ལ་འདུག་པའི་དུས། །ཆུང་ལོ་བརྒྱད་ལོན་ནས་སྐྲ་རྩེ་བཅད། །སྐྲ་བཅད་པ་ཚུན་བའི་ཆོས་པ་ཡིན། །ཆོས་དགེ་བ་གཉིས་ལ་ཅི་འབུངས་བྱས། །སྡུག་སྡིག་པ་གཉིས་ལ་སྤང་བྱ་བྱས། །རྩིས་ས་རིས་བརྒྱབ་པའི་ཕན་ཡོན་ལ། །ཆོས་བསྐལ་བརྒྱར་བཏོན་པའི་ཕན་ཡོན་གདའ། །ཞི་ཁྲོ་བརྒྱ་དང་བཅུ་གཅིག་བླུགས། །མ་ཎི་བཛྲ་དུང་ཡོན་ལྔ། །དྲི་མེད་བཤགས་རྒྱུད་མང་པོ་བཏོན། །ཚེ་སྙིང་གསེར་ཟམ་མང་པོ་ཡོད། །བླ་མ་ཡིད་བཞིན་ནོར་བུ་ཡི། །ཚོགས་བསྐང་སྟོང་དང་བཅུ་གཉིས་ཡོད། །མཁའ་འགྲོ་མཚོ་རྒྱལ་ཚོགས་བརྒྱ་གཅིག །སེང་གདོང་མ་ཡི་སྟོང་ཚོགས་བཅུ། །སེང་གདོང་ཚོགས་བརྒྱར་བྱེ་ཉི་ཤུ། །རང་དོན་བཞེངས་པའི་ཆོས་ཀ་ལ། །འདོན་ཆ་ཆོས་སྤྱོད་ཆ་ཚང་བཞེངས། །བསྐང་གསོལ་ཚ་ཚ་པོ་ཏི་དང་། །ནོར་ལྷ་གསེར་འོད་པོ་ཏི་དང་། །བླ་མ་ནོར་བུའི་པོ་ཏི་བཞེངས། །བདུད་འདུལ་དྲག་པོའི་པོ་ཏི་བཞེངས། །མནའ་བཤགས་སྡིག་བཤགས་ཀླུ་འབུམ་བཞེངས། །བླ་མ་ནོར་བུ་བདུད་འདུལ་ལ། །སྟག་ཤམ་རྡོ་རྗེ་ལ་སོགས་པའི། །ཞལ་ཐང་སྤོས་ལེགས་དད་རྟེན་བཞེངས། །ཡི་གེ་མང་པོ་བཞེངས་པ་ཡོད། །ཐང་གའི་སྒྲོལ་ཏོག་མང་པོ་བཞེངས། །རྟ་མགྲིན་མདོས་ཆེན་མང་པོ་གཟབ། །དེ་ལ་ཕན་ཡོན་ཅི་འདྲ་གདའ། །སྐུ་འདྲ་མང་པོའི་ཞབས་འགག་བརྡུངས། །དེ་ལ་ཕན་ཡོན་ཅི་འདྲ་གདའ། །རང་རང་ཇོ་དར་བཤད་པ་ན། །ལུས་ཚད་ལྔ་བཅུ་ལྷག་ཙམ་ཡོད། །གཟེ་རྒྱལ་སྐོར་བ་བཅུ་གསུམ་ཡོད། །བར་སྐོར་དྲུག་དང་རིན་པོ་ཆེ། །སྐོར་བ་བཅུ་ཕྲག་གསུམ་ཡོད་པས། །དེ་ལ་ཕན་ཡོན་ཅི་ཡོད་གདའ། །དེ་སྐད་ཞུས་པའི་ལན་དུ་ལ། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས། །ཁྱོད་བྲ་ང་ཁམས་ལ་འདུག་པའི་དུས། །ཆོས་ཀྱང་མང་པོ་ཡོད་འདུག་སྟེ། །སྡིག་པ་དེ་ཡི་མགོ་འཁྲི་གདའ། །བུ་ཆུང་ནག་པོས་ཟེར་བ་ལ། །འདི་བྲང་ང་ཁམས་ལ་འདུག་པའི་དུས། །བྱ་བྱེའུ་མང་པོ་བསད་པ་ཡིན། །འབྲི་གྭ་མ་རྐང་པ་བཅག་ནས་བསད། །རྩིབས་མགོ་རྡོ་ཡིས་གཉོག་པ་ཡིན། །དེ་ལ་ཉེས་པ་ཅི་འདྲ་གདའ། །དེ་སྐད་ཙམ་ཞིག་ཞུས་པའི་ལན། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུངས། །ཁྱོད་ཞིང་ཁམས་བགྲོད་པའི་རྟ་ཕོ་ལ། །སྡིག་བཤགས་གསེར་གྱི་སྤུ་གྲི་ཐོན། །དྲི་མེད་བཤགས་རྒྱུད་སྟོང་ཚར་དགོས། །མ་ཎི་བཛྲ་གསེར་ཟམ་དགུ། །ཞི་ཁྲོ་བརྒྱ་ཙམ་བླུགས་ཤོག་ལ། །དེ་ནས་མེ་ལོང་ཡིག་ཆུང་གསལ། །དེ་སྐད་གསུངས་པའི་མཚམས་ཤེད་ནས། །ཆ་བསྐུར་ཆོས་རྣམས་གྲུབ་པའི་རྗེས། །ལས་མཁན་སྟོན་པ་རབ་གྲགས་ནི། །རྒྱ་མར་ཆོས་རྣམས་བཅག་པའོ། །ཆོས་ཀྱི་རྒྱ་ཁ་མཐོ་དོའོ། །རྒྱ་སྟེང་གནམ་ལ་འཕེར་དོའོ། །དེ་སྐད་ཟེར་པའི་ལན་དུ་ལ། །ཆོས་ཀྱི་རྒྱལ་པོས་འདི་སྐད་གསུང་། །ལས་མཁན་སེངྒེ་རབ་བརྟན་གྱིས། །འདི་ཡི་མིང་ཡིག་ལག་ཏུ་ཞོག །དེ་སྐད་གསུང་མཚམས་མིང་ཡིག་གཏད། །ཆོས་ཀྱི་རྒྱལ་པོས་ཕྱག་ཐམ་གནང་། །མི་ཡུལ་གར་འགྲོ་རང་དབང་ཆེ། །དམ་ཆོས་མ་རྗེད་ཡིད་ལ་ཞོག །སེངྒེ་རབ་བརྟན་ཁྱོད་ཀྱིས་ལམ་སྟོན་གྱིས། །དེ་སྐད་གསུངས་ནས་དཀར་པོའི་ལམ་སྣེར་བསྐྱལ། །ཡང་ལམ་སྣ་འདྲེན་པའི་བླ་མ་ལ། །སྐྱབས་བླ་མ་བསམ་གཏན་བསྟན་འཕེལ་བཞུགས། །དྲིན་འཁོར་མེད་གྲགས་པ་འགྲོ་འདུལ་དང་། །སྙིང་ཡང་གཅེས་པདྨ་བདེ་ཆེན་མཚོ། །སེང་དཀར་མོའི་གོང་ལ་བསྐྱོན་ནས་དྲོངས། །དུས་སྐབས་གཅིག་ཟངས་མདོག་དཔལ་རི་རུ། །ཤར་ཁྲུས་གླིང་པདྨ་སྦུབས་ལ་བསྐྱལ། །སྐབས་དེ་ནས་བདག་ལ་འདི་ལྟར་ཟེར། །ད་བཀའ་དྲིན་ཅན་གྱི་བུ་མོ་ཁྱོད། །གནས་དཔལ་རིར་ལམ་བསྟན་མཉམ་བགྲོད་ཡིན། །ད་ཁྱོད་རྣམས་འདི་རུ་འབྱོན་པའི་ཚེ། །ས་འདི་ནས་གོམ་པ་བདུན་བོར་ནས། །གནས་བདེ་ཆེན་ཞིང་བགྲོད་བྱིན་གྱིས་རླབས། །ཤི་གསོན་བར་གྱི་ཆ་བསྐུར་འགྲོ་འདུལ་མཚོ། །ང་ཡི་ལྷ་སྐལ་པདྨ་འབྱུང་གནས་ཡིན། །ཁྱོད་ཀྱི་ལྷ་སྐལ་ཡེ་ཤེས་མཚོ་རྒྱལ་དང་། །དབྱེར་མེད་གཅིག་ཏུ་འདྲེས་པར་ཐེ་ཚོམ་མེད། །སྐབས་གཅིག་ཕྱི་རོལ་བོད་ལ་བྱོན་པའི་དུས། །འཇིག་རྟེན་ཕོ་མོ་རྣམས་ལ་འདི་ལྟར་གསུངས། །རང་གི་སེམས་ཕུགས་དམ་པའི་ཆོས་ལ་གཏོད། །ཟས་ནོར་ཅི་ཡོད་དཀོན་མཆོག་མཆོད་པ་གྱིས། །ལུས་ངག་ཡིད་གསུམ་རྩ་བའི་བླ་མར་མཆོད། །དེ་ལྟར་བསྒོམས་པའི་ཕན་ཡོན་ལ། །ཤི་བར་དོའི་སྐབས་ནས་ལམ་སྣ་འདྲེན། །ཐུགས་ཞི་བ་བྱང་ཆུབ་སེམས་དང་ལྡན། །དོན་བླ་མ་རང་སེམས་དབྱེར་མེད་ནས། །གནས་ལུགས་གཅིག་ཏུ་འདྲེས་པར་ཐེ་ཚོམ་མེད། །ཀ་ཧཱུྃ་ཧྲཱིཿམ་ཎི་པདྨེ་ཧཱུྃ་ཧྲཱིཿ དོན་ཡང་ཡང་དམ་པའི་ཆོས་ལ་སྤྱོད། །ནུབ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །ད་དུང་རིམ་པར་འབྲི་རྒྱུ་ཡོད་གསུངས།
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ལྕགས་སྲེག་ཐང་ཆེན་འབར་བ་ལ། །ཕོ་མོ་སྟོང་ཕྲག་ཙམ་གཅིག་ནི། །ལས་མཁན་སྣ་མི་སྣ་ཚོགས་འགས། །བྱེའུ་ཁྲ་ཡིས་བཅུམ་བཅུམ་བྱས་ནས་དེད། །མཚོན་ཆ་སྣ་མིན་སྣ་ཚོགས་བརྒྱབ། །ཨ་ཚ་ཨ་ནའི་ངུ་འབོད་ནི། །བརྒྱ་ལུག་མ་བུ་འདྲེས་འདྲེས་རེད། །འོག་ནས་མེ་ལྕེ་ལྷབས་སེ་ལྷབ། །སྟེང་ནས་ཁྲོ་ཆུ་ཁོལ་མ་འབེབས། །བར་སྣང་གློག་འོད་ཁྱུགས་སེ་ཁྱུག །མེ་འོད་དཔག་ཚད་བདུན་ལ་ཁྱབ། །གདུག་པའི་མཚོན་ཆ་ཟིངས་སེ་ཟིང་། །གིང་གིས་ཧ་ཧ་སོད་སོད་ཟེར། །མང་བ་མེ་འོད་ནང་དུ་ཐལ། །མི་གཅིག་ལས་མཁན་མང་པོ་ཡིས། །ཕར་འཐེན་ཚུར་འཐེན་བྱེད་དོའོ། །སྡུག་བསྔལ་ཡི་མུག་སྙིང་རྗེ་ཆེ། །འཇའ་འོད་འཁྱིལ་བའི་འོད་ཀློང་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། །མཁའ་འགྲོ་འབུམ་ཕྲག་ཙམ་གྱིས་བསྐོར། །བདག་ལ་འདི་ལྟར་གསུང་སྣང་ཤར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདི་སྐྱེ་བ་འདི་ཡི་ཐོག་མ་ལ། །བོད་ཡུལ་རྒྱལ་བའི་ནང་བློན་ཡིན། །མི་མདའ་གསུམ་གྱི་གསོད་རྩ་བྱས། །དེ་མིན་ཉེས་བྱས་མ་ཎི་ལེན། །ལོ་གསུམ་བར་དུ་དམྱལ་ཁམས་འགྲིམས། །རྒྱལ་བའི་དབང་པོའི་ཐུགས་རྗེ་དང་། །ཡིད་བཞིན་ནོར་བུའི་བྱིན་རླབས་དང་། །བསྐལ་བརྒྱ་མདོ་བརྒྱ་བཏོན་པ་དང་། །གཞན་ཡང་དགེ་སློང་མང་པོ་ལ། །འཚོགས་ཇ་ན་བཟའ་བཞུགས་གདན་ཕུལ། །སྡོད་གནས་ཀུན་ལ་འབྲེལ་བ་བྱས། །གཞན་ཡང་དགེ་ཆོས་འགའ་ཡོད་པས། །བྱིན་རླབས་ཐུགས་རྗེ་གཅིག་བསྡོམས་པས། །གངས་ཅན་བོད་ཀྱི་ཡུལ་ཁམས་ལ། །འཛམ་གླིང་བསྟན་པའི་སྒྲོན་མེ་མཆོག །རབ་འབྱམས་ཞིང་ཁམས་གཉིས་པ་མཆོག །ཤར་ཕྱོགས་མེ་ལོང་རྡུལ་བྲལ་ནས། །རྡོར་འཆང་སྤྱན་གཟིགས་ཕྱག་རྡོར་གྱི། །སྤྲུལ་པ་དངོས་བྱོན་གསུམ་གྱི་མདུན། །ཚད་དང་ལྡན་པའི་ཕོ་ལུས་ཐོབ། །འདི་གོང་བློན་པོ་གུ་རུ་ཞེས། །མི་མེ་མདས་བསད་པ་གཅིག་ཡོད་དང་། །བེར་ཀ་བརྒྱབ་ནས་བུད་མེད་ཤི། །དེ་མིན་ཉེས་བྱས་འགའ་ཡོད་པས། །དགེ་སྡིག་ཆོས་རྒྱལ་མདུན་ན་ཞིབ། །ཞི་ཁྲོ་བརྒྱ་དང་ཐར་མདོ་བརྐོས། །ཇོ་བོ་ཡིད་བཞིན་ནོར་བུར་མཇལ། །དེ་སོགས་འགྲུབ་མཚམས་ཕོ་ལུས་ཆོས་ལྡན་ཐོབ། །དགེ་ཆོས་དེ་སོགས་མ་འགྲུབ་ན། །མི་ལོ་དགུ་ལ་དམྱལ་ཁམས་འགྲིམ། །དེ་མཚམས་ཕོ་ལུས་ཐོབ་ཡོང་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་བཛྲ་ས་ཏྭ་ཧཱུྃ། མ་ཎི་ཚ་ཚ་ཇོ་དར་མཚམས་སྒྲུབ་གནས་སྐོར་སོགས་ཀྱི་ཕན་ཡོན་རིམ་གྱིས་བྲི་རྒྱུ་ཡོད་ལགས།
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ཆུ་བུར་ཅན་གྱི་ས་ཆ་ན། །འདས་ལོག་ལྷུན་གྲུབ་བཟང་མོ་རེད། །ཇོ་འཁོར་ཕྱི་གསུས་བྱེད་མཁན་གྱི། །ཚེ་འདས་ཕོ་མོ་ལྔ་བརྒྱ་ཙམ། །འོལ་མོ་ལུང་དང་པདྨ་ཞིང་། །གཉིས་སུ་སྣང་ཡང་ངོ་བོ་གཅིག །གང་གི་ཞིང་ཁམས་བགྲོད་གཅིག་གསུངས། །མ་ཏྲིའི་དབྱངས་རིང་བྱས་ནས་བྱུང་། །ཕོ་མོ་ལྔ་བརྒྱ་ཐམ་པ་དེ། །སྣང་བ་ཆོས་སྐུའི་ངང་ལ་ཐལ། །མ་གཅིག་ཇོ་མོས་འདི་སྐད་གསུངས། །མ་ཡེངས་ཉོན་དང་རིགས་བཟང་མ། །བན་དང་བོན་གཉིས་ཁྱད་པར་མེད། །ཐེ་ཚོམ་སྤོངས་ལ་དད་མོས་གྱིས། །བན་ཆོས་ཕྱག་རྒྱ་ཆེན་མོ་ཡིན། །བོན་ཆོས་རྫོགས་པ་ཆེན་པོ་ཡིན། །བན་ནི་ཤཱཀྱ་ཐུབ་པ་ཡིན། །བོན་ནི་སྟོན་པ་གཤེན་རབ་ཡིན། །ངོ་བོ་གཅིག་ལ་གཉིས་སུ་སྣང་། །མཁའ་འགྲོ་མཐིང་འོད་འབར་མ་དང་། །མཁའ་འགྲོ་འོད་ལྡན་འབར་མ་གཉིས། །ངོ་བོ་གཅིག་ལ་སྣང་ངོར་གཉིས། །དེ་བཞིན་ཕྱོགས་རིས་མེད་པར་མཛོད། །ཅེས་གསུངས་སོ། །ཡང་གཅིག་འཁྲུལ་པའི་སྣང་བ་ལ། །གཤིན་ཆུ་ཁམ་པའི་རབ་སོ་ལ། །སྐྱེས་པ་རལ་པ་ཅན་ཞིག་གིས། །བུ་འདིར་ཤོག་ཟེར་ནས་འབོད་དོའོ། །ཨོ་ངར་རི་ལུང་ཁོལ་དུའོ། །ང་རྒྱལ་དུག་མཚོ་ཁོལ་དོའོ། །སྐབས་སྐབས་གཤིན་ཆུར་ཁོལ་དུའོ། །སྐབས་སྐབས་ལྕགས་སེར་བྲབ་ཏུའོ། །སྐབས་སྐབས་མུན་པས་བརྒྱལ་དུའོ། །སྐབས་སྐབས་གཅན་གཟན་མང་པོས་ཟ། །བྱེའུ་ཁྲ་ཡིས་བཅུམ་བཅུམ་བྱེད་དོའོ། །མཚོན་ཆ་མང་པོས་གཏུབ་ཏུའོ། །ངུ་འབོད་རི་ལུང་ཁོལ་དོའོ། །ལས་མཁན་ཕ་ཝང་མགོ་ཅན་ལ། །རྣལ་འབྱོར་བདག་གིས་དྲིས་པའི་ལན། །མེ་མདའ་བརྒྱབ་པའི་ཉེས་པ་རེད། །བསྐལ་པའི་མུན་པས་བརྒྱལ་ལེ་དེ། །ཕ་བུ་ལྟ་ལོག་ཉེས་པ་རེད། །ལས་མཁན་མང་པོས་དྲ་གཏུབ་དེ། །བཤས་ཚོང་མང་པོའི་ཁ་ཕ་དང་། །ཚོང་ཁེས་མི་མགོ་མང་པོ་བསྐོར། །དེ་འདྲའི་ལས་ངན་སྡིག་ཅན་ཡིན། །བསྐལ་པ་སྟོང་ལ་མི་ཐར་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་བཛྲ་ས་ཏྭ་ཧཱུྃ།
ཡང་གཅིག་འཁྲུལ་པའི་སྣང་བ་ལ། །ས་གཞི་བར་སྣང་ཐམས་ཅད་སྤོས་དྲི་བཟང་པོས་ཁྱབ་ཅིང་། འཇའ་ཟེར་འོད་ལྔའི་ཐིག་ལེ་ཐིག་ཕྲན་ཤིག་ཤིག་ཡམ་ཡམ་འགུལ་འགུལ་འོད་ཟེར་ཟེར་ཐག་ལམ་ལམ་འཕྲོ་བའི་རྒྱབ་ཀྱི་ནམ་མཁའ་ནས། གྲུབ་ཐོབ་རྣལ་འབྱོར་མང་པོ་ཞིག་ཕྱག་ཆ་སྣ་ཚོགས་བསྣམས་ནས་ཕེབས་པར་མཇལ་བའི། བདག་གིས་ཆོས་རྒྱལ་ཉིད་ལ་འདི་སྨྲས་སོ། །ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ། དུས་གསུམ་མཁྱེན་པ་ལགས། ད་ལྟ་བར་སྣང་འཇའ་ཟེར་འོད་ལྔ་འཁྲིགས་པའི་དབུས་ནས་གྲུབ་ཐོབ་ངོ་མཚར་ཅན་མང་པོ་ཕེབས་པ་འདི་རྣམས་ས་ཆ་གང་གི་ཕྱོགས་ནས་བྱོན། ཆོས་ཀ་གང་ལ་དྲིལ་བ་ལགས། །ཞིང་ཁམས་གང་ལ་ཕེབས་ཟིན་རེད། །ལོ་ནི་ཅི་ཙམ་ཞིང་ཁམས་བཞུགས། །ཕྱག་ཆ་སྣ་ཚོགས་བསྣམས་པ་འདི། །བརྡ་ཆོས་ཇི་ལྟར་བཞེད་པ་ལགས། །ཆོས་ཀྱི་རྒྱལ་པོའི་ཞལ་ནས། འདི་འདྲའི་གྲུབ་ཐོབ་ངོ་མཚར་ཆེ། ས་ཆ་སྣ་ཚོགས་སྟོད་སྨད་འགའ་ནས་རེད། ཆོས་ནི་མདོ་སྔགས་གསར་རྙིང་རིས་སུ་མ་ཆད་པའི་ཕྱག་རྫོགས་སོ་སོའི་ཟུང་གི་སྒོ་ནས་བླ་མ་རྣམས་ཀྱི་སྒྲུབ་པ་མཐར་ཕྱིན་ནས་ཕྱི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ། ནང་རླུང་སེམས་ལ་རང་དབང་ཐོབ་པ་རྣམས་ཡིན། ད་ལྟ་བདེ་ཆེན་ཞིང་དུ་ཕེབས་པ་ལགས། ཕྱག་ཆ་ནི་ཤེལ་དཀར་དྲི་མེད་འོད་ཟེར་འབུམ་ཕྲག་འཕྲོ་བ་འཛིན་པ་འདིའི། གྲུབ་ཐོབ་རྣལ་འབྱོར་འདི་རྣམས་ཆོས་རྣམས་ཀུན་གྱི་སྙིང་པོ་སྟོང་ཉིད་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་རྟོགས་པ་མཐར་ཕྱིན་པའི་བརྡ་རྟགས་ཡིན་ནོ། །རྣལ་འབྱོར་འདི་རྣམས་བསྐལ་པ་ཆགས་ནས་མ་སྟོངས་བར་ཞིང་ཁམས་ལ་བཞུགས་པའི་ཚེ་ཚད་ཡིན་ནོ་གསུངས་སོ། །མེ་ལོང་དང་རྨ་བྱའི་སྒྲོ་མདོངས་འཛིན་པའི་གྲུབ་ཐོབ་རྣལ་འབྱོར་འདི་རྣམས་རྫོགས་པ་ཆེན་པོའི་དབང་བཞིའི་རིག་པ་ཚད་ལ་ཕེབས་པའི་བརྡ་རྟགས་ཡིན་ནོ། །རྣལ་འབྱོར་འདི་རྣམས་འཇིག་རྟེན་མིའི་ལུས་ལྷ་ལ་ཞི་ཁྲོའི་ལྷ་ཚོགས་མི་སྲིད་ཟེར་བ་མ་རེད་བར་དུ་ཞིང་ཁམས་ལ་བཞུགས་པའི་ཚེ་ཚད་ཡིན་ནོ་གསུངས་སོ། །སྤོས་ཆགས་འཛིན་པའི་གྲུབ་ཐོབ་འདི་རྣམས་ཚུལ་ཁྲིམས་རྣམ་པར་དག་པའི་བརྡ་རྟགས་ཡིན་ནོ། །རྣལ་འབྱོར་པ་འདི་རྣམས་གནམ་ས་མགོ་མཇུག་མ་ལོག་བར་དུ་བཞུགས་པའི་ཚེ་ཚད་ཡིན་གསུངས། ཉི་ཟླ་ནོར་བུ་འཛིན་པའི་གྲུབ་ཐོབ་འདི་རྣམས་རྩ་རླུང་ཐིག་ལེར་རང་དབང་ཐོབ་པའི་བརྡ་རྟགས་ཡིན་གསུངས། རྣལ་འབྱོར་འདི་རྣམས་ནམ་མཁར་ཉི་ཟླ་འཆར་མེད་བར་དུ་ཞིང་ཁམས་ལ་བཞུགས་པའི་ཚེ་ཚད་ཡིན་ནོ་གསུངས། དར་དཀར་གྱི་ཡུ་བ་འཛིན་པའི་གྲུབ་ཐོབ་རྣལ་འབྱོར་འདི་རྣམས་དམ་ཚིག་བསྲུང་སྡོམ་ངོ་ལྐོག་བྲལ་ཞིང་མཐར་ཕྱིན་པའི་བརྡ་རྟགས་ཡིན། རྣལ་འབྱོར་པ་འདི་རྣམས་བར་སྣང་ས་གཞི་མ་གཡོ་བར་ཞིང་ཁམས་ལ་བཞུགས་པའི་ཚེ་ཚད་ཡིན་ནོ་གསུངས་སོ། །དེ་བཞིན་དུ། སཱཙྪ། ཆུ་གཏོར། མར་མེ། ཇོ་དར། མ་ཎི་རྡོ་བརྐོས། ལམ་འཕྲང་། དགེ་གྲུ། དགེ་ཟམ། བླ་མ་དཀོན་མཆོག་ལ་མཆོད་པ་ཕུལ། རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཁྱད་པར་ཅན་བཞེངས། དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པ་ཀློག་འདོན་བྲི་གསུམ། གཟུངས་སྔགས་བྱིན་རླབས་ཁྱད་པར་ཅན་ཁ་ཏོན་བཟླས་བརྗོད། དགེ་འདུན་ལ་བསྙེན་བཀུར། ཕྱག་དང་གནས་སྐོར། བསྙུང་གནས། ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་འབུལ། ཉ་དང་གྲོག་མར་གཟེན་འབྲུ། དབུལ་ཕོངས་མ་ནུས་པ་ལ་སྦྱིན་གཏོང་། བྱམས་སྙིང་རྗེའི་སྒོ་ནས་དཀར་པོའི་དགེ་བའི་ཆོས་བཅུ་ལ་འབད་པ་དང་ལེན་བགྱིས་པའི་རྣལ་འབྱོར་ཕོ་མོ་གྲངས་ལས་འདས་པ་མང་པོ་སོ་སོའི་བརྡ་རྟགས་ཀྱི་ཕྱག་མཚན་དང་བཅས་ཞིང་ཁམས་རྣམས་སུ་འབྱོན་པ་ཡིན་ནོ། །
དེ་རྣམས་ཕྱོགས་བཞིའི་ཞིང་ཁམས་སོགས་ལ་བཞུགས་པའི་ཚེ་ཚད་ནི་རྒྱལ་བའི་སྐུའི་བ་སྤུའི་གྲངས་དང་། དབུ་སྐྲའི་གྲངས་དང་། པདྨ་འདབ་སྟོང་གི་གྲངས་དང་། རྣལ་འབྱོར་དེ་རྣམས་སོ་སོའི་སྨོན་ལམ་དང་། སེམས་བསྐྱེད་དུ་རྒྱ་ཆེ་ཆུང་ལ་རག་ལས་སོ། །ཞེས་གསུངས་སོ། །གྲུབ་ཐོབ་རྣལ་འབྱོར་དེ་རྣམས་ཀྱིས་དམྱལ་བའི་མི་སྐྱ་ཕོ་མོ་ཉོག་མང་པོ་ཁྱུ་ཁྱུ་མ་དད་ནས་ཞིང་ཁམས་རྣམས་སུ་དྲངས་ཐལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་བཛྲ་ས་ཏྭ་ཧཱུྃཿ ཨོཾ་བཛྲ་ས་ཏྭ་ཧཱུྃཿ དེ་ལྟར་རྒྱུ་འབྲས་དངོས་སྣང་མངོན་སུམ་པ། །ལྷག་ལུས་སྦ་གསང་རང་བཟོས་མ་བཅོས་པར། །འགྲོ་འདུལ་ཆོས་མཚོའི་ཐུགས་ཀྱི་ཡེ་ཤེས་རྩལ། །ཡོངས་ཤར་དགེ་ཚོགས་ཆུ་ཀླུང་འབུམ་བརྡལ་བ། །འགྲོ་ཀུན་ངན་འགྲོའི་ཚ་གདུང་ཡོང་བྲལ་ཏེ། །རྣམ་མཁྱེན་གྲིབ་བསིལ་སྦྱིན་པའི་རྒྱུར་གྱུར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །མངྒ་ལཾ།