མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
ཨོ་རྒྱན་མཁའ་འགྲོའི་གླིང་གི་ལམ་ཡིག་དང་སྒྲོལ་མའི་རྒྱུད་དག་བཞུགས།
ཨོ་རྒྱན་དྷུ་མ་ཐ་ལའི་གནས་ཡུལ་གྱི་དཀར་ཆག་རིག་འཛིན་ཞིང་དུ་བགྲོད་པའི་ཐེམ་སྐས། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱི་རྣམ་ཐར་ལས་བཏུས།
༄༅། །ཨོ་རྒྱན་དྷུ་མ་ཐ་ལའི་གནས་ཡུལ་གྱི་དཀར་ཆག་རིག་འཛིན་ཞིང་དུ་བགྲོད་པའི་ཐེམ་སྐས།
དེ་ནས་རྒྱལ་སྲས་པའི་སྒོམ་མང་རབ་ཅིག་དང་། ཡུལ་ནི་ཉི་ཤུ་རྩ་བཞིའི་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ན། རྡོ་རྗེ་ལུས་ལ་སྤྱི་གཙུག་ཡིན་ཏེ་ཛ་ལན་དྷ་ར་ཞེས་པའི་གནས་ཆེན་དེར་བྱོན་ཏེ། དེ་ན་ཤྲཱི་ན་ཀ་ར་ཀྲོ་ཏྲེ་ཞེས་བྱའི་གྲོང་ཁྱེར་ཆེན་པོ་ཡོད། ཡུལ་དེ་རང་བཞིན་གྱི་ལོངས་སྤྱོད་མོད་ལ། བུད་མེད་ཐམས་ཅད་ཀྱང་མཁའ་འགྲོ་མའི་རིགས་ཅན་དུ་འདུག་ལ། ཆུ་རླུང་ལྟ་བུ་ཞིག་ན་ས་ཆོས་འབྱུང་ལྟ་བུ་ཡོད། དེ་རྗེ་བཙུན་མའི་ཆོས་འབྱུང་དུ་འདུག །སྐོ་ལོགས་བྱ་རུ་མི་བཏུབ་པར་འདུག །དེ་ན་དུར་ཁྲོད་ལང་གྱུ་ར་ཞེས་བྱ་བ་ན། ཕ་བོང་ཐོད་པ་འདྲ་བ་ཞིག་ལ། རྗེ་བཙུན་མའི་སྐུ་རང་བྱོན་ཞིག་བཞུགས། གྲོང་ཁྱེར་དེའི་བྱང་ན་ཛ་ལན་མུ་ཁ་ཞེས་བྱ་བའི་ལྷ་གདོང་པ་བསྟན་ན་ཐམས་ཅད་མེ་རུ་འབར་ཞེས་གྲགས་པའི་རྟེན་ཡོད། རྒྱལ་པོའི་ཕོ་བྲང་ཉེ་བ་ན་མི་ཏྲ་པ་ར་ཞེས་བྱ་བའི་དུར་ཁྲོད་ན། མི་ཏྲ་གྱུ་པ་ཞེས་གྲགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཕུག་པ་ཡོད། ཕུག་དེའི་མདུན་ན་ནི་ལ་བྷྲི་ཀྵ་ཞེས་བྱ་བ་ཤིང་བརྒྱད་ཀྱི་གྱ་བ་ཞིག་ཡོད། ཤིང་དེ་ལ་གནོད་པ་བྱས་པ་ཀུན་མྱུར་དུ་ཚེའི་བར་ཆད་དུ་འགྲོ་ཞིང་འདུག་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱི་ཕུག་ཏུ་ཐུགས་དམ་མཛད་ཅིང་བཞུགས། དེ་ན་རྣལ་འབྱོར་པ་གྲུབ་པ་ཐོབ་པ་ཞིག་བཞུགས་ཤིང་འདུག །དེ་དང་ཆོས་ཀྱི་གསུང་གླེང་མང་པོ་མཛད་པས། གྲུབ་ཐོབ་དེ་ན་རེ་ཁྱེད་ཀྱང་གྲུབ་ཐོབ་ཅིག་ཡིན་གསུངས། ཕུག་དེ་ན་བཞུགས་པའི་དུས་སུ་སྲོད་ལོ་ཞིག་ན་གཏད་མེད་དུ་སོང་ནས། གྲོང་ཁྱེར་ཆེན་པོ་དེའི་གསེབ་ན་མར་ཟང་ཐལ་དུ་སོང་། ཤེས་པ་ཟ་ཟི་བན་བུན་དུ་སོང་། ལུས་ཟག་མེད་དུ་སོང་འདུག །གྲོང་ཁྱེར་ཐམས་ཅད་བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མའི་ཕོ་བྲང་དུ་འདུག །མཐའ་མ་ན་གྲིབ་ཡོད་པའང་འགའ་རེ་འདུག་གསུངས། ལང་གྱུ་རའི་དུར་ཁྲོད་དུ་གྲོགས་པོ་རྣམས་ཚོགས་འཁོར་བརྒྱ་རྩ་འབུལ་བ་ལ། རྗེ་རིན་པོ་ཆེ་པ་ལ་ཆ་རྐྱེན་བསྡུ་རྒྱུའི་རྫས་མེད་པ་ལ། མོ་བཙུན་བསོད་ནམས་མགོན་པོ་བྱ་བ་ན་རེ། ཁྱོད་རྒྱ་རས་པའང་མིན་ཆ་རྐྱེན་ཡང་མི་འདུག་པས་ཟླ་ལ་མི་འཇུག་ཟེར།
དེར་དཔོན་སྲིན་པོ་གདོང་པ་ན་རེ། ཁོང་ཟླ་ལ་མི་འཇུག་ན་ང་ཡང་ཚོགས་འཁོར་ཁོང་དང་སྟབས་སུ་བྱེད་པས། ད་ང་རང་གི་དགྲ་མིན་རྣམས་ག་རེ་ཟེར། གཞན་ཡང་དེ་སྐད་ཟེར་བ་མང་དུ་བྱུང་བས། རྗེ་རིན་པོ་ཆེའི་ཞལ་ནས། ངའི་སྐྲ་བོ་དོང་རིན་རྩེས་བཅད་པ་ཡིན། གསོལ་བ་རྒྱལ་བ་རྒོད་ཚང་པ་ལ་འདེབས་པ་ཡིན། རྒྱ་རས་པ་མིན་པ་བྱས་པས་ཆོག །ད་དགེ་འདུན་གྱི་སྡེ་ཡང་མི་ཤིག །ཁྱེད་རང་ཐམས་ཅད་ཚོགས་འཁོར་སྟབས་སུ་ཐོངས། ང་སུ་ཡི་ཡང་ཚོགས་འཁོར་གྱི་ཟླ་མི་བྱེད་གསུངས། ཛ་ལན་དྷ་རར་ཕྱག་ཕེབས། རྒྱ་ཟོང་བྱེ་གང་རི་བ་མེད་པས་འཚོ་བ་བསོད་སྙོམས་ཁོ་ན་ལ་མཛད། བསོད་སྙོམས་མཛད་ས་མེད་ཙ་ན། དཀའ་ཐུབ་མཛད་པ་ལགས་སྐད། དེ་ནས་དགེ་འདུན་གྱི་གྲྭ་སྡེབ་ཅིག་ནས། མར་ལ་འགྲོས་ཚན་བཅུ་གསུམ་བྱུང་འདུག་གསུངས། དེ་ནས་གྲོགས་པོ་རྣམས་ཀྱི་མཛད་སྤྱོད་ལ་ཡང་ཐུགས་ཅུང་ཟད་སྐྱོ་བ་སྐྱེས། གནས་ཀྱི་ཀློང་གི་སྣང་བ་ཐམས་ཅད་ཟ་ཟི་རུ་སོང་། ཨོ་རྒྱན་དུ་གཤེགས་པའི་ཐུགས་དགོངས་དྲག་པོ་བྱུང་ནས། རྗེ་བཙུན་མའི་དྲུང་དུ་མཆོད་པ་ཞིག་མཛད་ནས། གསོལ་བ་མང་དུ་བཏབ་པས་རེངས་པ་དང་རྨུགས་པ་ལ་སོགས་པའི་བར་ཆད་མང་དུ་བྱུང་བས། མཆེད་གྲོགས་རྣམས་ན་རེ། བར་ཆད་ཀྱི་ལྟས་ཀྱང་མང་བར་གདའ། ད་རེས་ཨོ་རྒྱན་དུ་མི་གཤེགས་པར་ཞུ་ཟེར་ཡང་། ཐུགས་འདུན་མ་ཁུགས་པར་དཔལ་ཡེ་དང་། དཔོན་སྲིན་པོ་གདོང་པ་གསུམ་གྱིས་ཚོགས་འཁོར་ཞིག་མཛད་དེ། འོ་སྐོལ་གསུམ་འཚོགས་ནས་ཚོགས་འཁོར་བྱེད་པ་ད་རེས་ཙམ་ཡིན་གསུངས། ལྷག་མའི་གཏོར་མ་མཛད་པར་གཟིམས་བཞུགས་པས། འབྱུང་པོ་རྣམས་ཅ་ཅོ་ཆེན་པོ་ལངས་ཏེ། འདི་ཙམ་ཞིག་སྐྱེས་ནས་ངེད་ཀྱི་སྐལ་བ་གཅོད་དམ། ངོ་ཚ་མེད་དམ་ཟེར་ཀུ་ཅོས་གསུམ་ཀ་རྣལ་ལོག་ཏུ་མ་སྟེར། ཁུར་སུ་ཆེ་བྱེད་པ་ཡིན་ཟེར་ནས་ན་བཟས་དབུ་བཏུམས་ནས་གཟིམས་ཀྱང་ཅ་ཅོ་ཆུང་དུ་མ་སོང་པར་འབྲས་སྐམ་པོ་ཚུམས་ཤིག །རྡོ་ལེབ་ཀྱི་སྟེང་དུ་བྱིན་ཡང་མ་ཕན། དེ་ན་ཞུར་འབྱུང་པོ་རྣམས་ཆེ་བར་བྱུང་ནས་འབྲས་བཙོས་ཏེ་དེ་ན་འདུག་གོ་བྱས་ཏེ། རྡོ་ལེབ་ཀྱི་སྟེང་དུ་བོར་ཙ་ན། ཅ་ཅོ་ཐམས་ཅད་མེད་པར་སོང་གསུངས།
དཔོན་སྲིན་པོ་གདོང་པ་ན་རེ། ང་ཡང་ཨོ་རྒྱན་དུ་འགྲོ་བ་ཡིན་ཟེར་ལ། རྗེ་རིན་པོ་ཆེ་པའི་ཞལ་ནས། ཉིད་སྔར་དཔོན་དུ་ཁུར་བ་ཡིན་ནའང་། ནང་གི་ཡོན་ཏན་ང་དང་ཅུང་མི་མཉམ་པའི་ཕྱིར། ཨོ་རྒྱན་གྱི་གནས་མི་བགྲོད་པས་མི་འཁྲིད་གསུངས་པས། མི་འཁྲིད་ན་ང་ནི་ངུ་བ་ཡིན་ནོ་གསུངས་པས། རྗེ་རིན་པོ་ཆེས་གསུངས་ནས། ཨོ་རྒྱན་སྤྲུལ་པའི་ཞིང་དུ་འགྲོ་བ་ལ། ངུ་ན་རྟེན་འབྲེལ་མི་བཏུབ་ཁ་རུ་ས་བླུག་གི་གསུངས་ནས་དབྱུག་པ་ས་ལ་བརྡབས་པས། འོ་ན་ངས་ཆུ་བླངས་པས་ཆོག་གི་ཟེར་ནས་བྱིན་རླབས་ཞུས་ཕྱག་རྟེན་བྱས་ཏེ་ལོ་མོ་ལ་ལ་ཟེར་ལོག་ནས་སོང་ངོ་གསུངས། རི་དེ་ནས་ཟླ་གཅིག་ལྷོ་རུ་ཕྱིན། །གནས་ཛ་ལན་དྷ་རའི་ཕོ་བྲང་ན། །ཟོང་འདོད་དགུ་འབྱུང་བའི་ཚོང་འདུས་ཡོད། །ནོར་སྙིང་སྡུག་གཅིག་ཀྱང་ཁྱེར་བ་མེད། །ཕོ་ཞེན་ལོག་འཚོགས་པའི་ཡང་རྩེ་ཡིན་གསུངས། ཡང་ཛ་ལན་དྷ་རའི་ཁ་འབར་ཡིན་ཞེས་ཀྱང་གསུངས་སོ། །ཚེམས་ཀྱི་ཟུག་རྔུ་མཁའ་འགྲོའི་གདམས་པས་སེལ། །མདུན་གྱི་ནམ་མཁར་ཡེ་ཤེས་མཁའ་འགྲོའི་ཚོགས། །དཔག་མེད་སྤྲིན་གྱི་ཕུང་པོ་ཙམ་དུ་གཟིགས། །ཟླ་ཕྱེད་ས་ཐག་ཉི་མ་གཅིག་གིས་བགྲོད། །དེ་ནས་གྲོགས་པོ་དཔལ་ཡེ་དང་གཉིས་ཀྱིས། ཨོ་རྒྱན་སྤྲུལ་པའི་ཞིང་དུ་གཤེགས་པར་ཆས་ཏེ། དཔལ་ཡེ་ལ་གོ་ལག་བཟང་པོ་ཡོད་པས། ཆོམ་རྐུན་ལ་འགོ་མི་ཐོན་གྱིས་ངན་པ་དང་རྗེས་གསུངས་པས། ཆོམ་རྐུན་གྱིས་ནམ་ཁྱེར་འདི་ཁ་གོན་པ་ཡིན་གསུངས་ནས་མ་ཉན། གྲོགས་མཆེད་ཀྱི་གསེར་ཞོ་དོ་བསྐུར་ནས། འདིས་ཨོ་རྒྱན་དུ་མཆོད་པ་མཛད་པར་ཞུ་ཟེར་ནས། དེ་བསྣམས་ཏེ་སྐུད་པས་མགུལ་དུ་བཏགས་ཏེ་བྱོན་པས་ཐུགས་མི་བདེ་འཁྱོག་གེ་འདུག །ཅིས་ལན་གཟིགས་པས་གསེར་དུ་བདག་ཏུ་བཟུང་པས་ལན་འདུག་པས། འུར་རྡོར་འཕངས་བཏང་པས་ཐུགས་བདེ་འབོལ་སོང་འདུག །གསེར་ལ་ཕངས་པའི་འདུ་ཤེས་ཅུང་ཟད་ཙམ་ཡང་མི་འདུག །དེར་གཞན་གྱིས་ཁྱེར་ཡང་མི་ལྟོ་བར་འདུག་ནས། སླར་རྩལ་ནས་རྒྱུག་པའི་རྩེ་མོར་བཏགས་ཏེ། མི་དང་འཕྲད་ཙ་ན་འདི་ན་གསེར་ཡོད་པ་ཡིན་གསུངས་པས། ཁྱོད་ཀྱི་དེ་རུ་གསེར་ཞིག་འོང་ཟེར་ཞིང་མིག་ཀྱང་མི་བལྟ་བར་འདུག་གསུངས། ཆོམ་རྐུན་ལ་འཇིགས་ནས་མཚན་མོ་བྱོན་པས་ཐུགས་ཤིན་ཏུ་འཚུབ་པ་ཞིག་བྱུང་། བར་ཆད་ཅིག་འོང་པར་འདུག་གསུངས་ཤིང་བྱོན་པས་རྗེ་རིན་པོ་ཆེ་གཡང་ལ་ལྷུངས་ནས་དེར་ཚེམས་ཧྲག་ཧྲུག་ཆག །སྙུང་ཟུག་དཔག་ཏུ་མེད་པ་བྱུང་པ་ལ། ས་དེ་ཉིད་ཀྱི་ཞིང་སྐྱོང་གི་མཁའ་འགྲོ་མ་འགའ་ཞིག་བྱོན་ནས། ཆུ་སེར་འདོན་པའི་འཕྲུལ་འཁོར་ཞིག་གནང་ཞིང་། དེ་ནས་དྭངས་མ་སྡུད་པའི་གདམས་ངག་ཅིག་གནང་བས་འཕྲལ་དུ་གདངས་དེར་སྔར་མཐུ་འཚུབ་པ་དེ་སངས་ནས་འདུག །དཔོན་སྲིན་པོ་གདོང་པ་ཡུལ་དམ་པ་ལ་ཚིག་བརྩེགས་དེས་ལན་འདུག །ད་གཟོད་ཕྱིན་པས་ཆོག་པར་འདུག་གསུངས།
གཞན་ཡང་ལམ་རྣམས་སུ་མི་མ་ཡིན་གྱི་བར་ཆད་བྱུང་བ་རྣམས། ཏིང་ངེ་འཛིན་གྱི་རོལ་པས་སླར་ཟིལ་གྱིས་མནན་ཞིང་ཆོས་རྗེ་རིན་པོ་ཆེ་རྒྱལ་བ་རྒོད་ཚང་པ་དང་། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས་ཤིང་བྱོན་པས། མདུན་གྱི་ནམ་མཁའ་ལ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་ཞལ་གཟིགས། དེའི་ཚེ་རྗེ་རིན་པོ་ཆེ་ཉིད་ཀྱི་སྐུའི་གཟི་མདངས་སྔར་བས་ཀྱང་ལྷག་པ་མཛད། སྤྱན་རྩ་དམར་ཤིག་གེ་ནམ་མཁའ་ལ་གཟིགས་ཤིང་ཞལ་ནས་འདི་སྐད་གསུངས། ད་ནི་ཚེ་འདི་བློས་བཏང་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་རྩལ་སྦྱོང་། བདེ་སྡུག་གི་སྣང་བ་ལ་རོ་སྙོམས་བྱེད། མདོར་ན་ཚེ་འདི་ཉིད་ལ་སངས་རྒྱས་ཅི་གྲུབ་བྱེད་པ་ཡིན་གསུངས། དེ་ནས་བྱོན་པས་ཉི་མ་གཅིག་ལ་ཟླ་བ་ཕྱེད་ཀྱི་ལམ་ཆོད་པ་བྱུང་། དེའི་དུས་སུ་དཔལ་ཡེས་བུད་མེད་ནམ་མཁའི་མདོག་ཅན་དཔག་ཏུ་མེད་པ་ནམ་མཁའ་ལ་འགྲོ་ཞིང་། གཉིས་ཀྱིས་ལག་པ་ནས་ཁྲིད་པའི་སྣང་བ་བྱུང་། སྣང་བ་གཏད་མེད་ཅིག་ལ་ལམ་དཔག་མེད་ཅིག་ཆོད། རྐང་མགྱོགས་ཀྱི་གྲུབ་པ་ཐོབ་འདུག་ཟེར་བའི་གྲགས་པ་ཆེན་པོ་བྱུང་འདུག་གསུངས། མུ་སྟེགས་གདུག་པའི་སྦྱོར་བ་རབ་ཞི་ཞིང་། །ཀླ་ཀློ་རྣམས་ཀྱི་མགུལ་པ་དམ་བཅིངས་ཏེ། །མཚོན་ཆ་བསྣུན་ཚེ་རླུང་སེམས་དབུ་མར་ཚུད། །གནོད་པ་མི་མངའ་འོད་གསལ་གྲོགས་སུ་གྱུར། །དེ་ནས་མཆོད་པ་བྱེད་པ་ཞིག་འདུག་ནས་སློང་དུ་བྱོན་པས་མུ་སྟེགས་བྱེད་ཡིན་པར་འདུག །དཀྱིལ་འཁོར་གྱི་ཕྱོགས་བཞི་ན་ར་རོག་པོ་རེ་བསད་འདུག །དེར་ཁོང་གྲོས་ཤིག་བྱེད་ཅིང་འདུག་པ་ལ་གསན་པས་གཅིག་གསོད་གཅིག་ཚོང་ཟེར་གྱི་འདུག །གཅིག་ན་རེ། ཅི་ཡིན་མི་ཤེས། རང་རེ་ལ་ཁ་མཆུ་འོང་པའི་དཔེ་ཡོད་ཟེར་ཞིང་འདུག །གཅིག་ན་རེ། བཙོང་དུ་མི་བཏུབ་ན་གཉིས་ཀ་གསོད་ཟེར་གྱིན་གྱེར་འཛུད་མནའ་སྐྱེལ་གྱི་འདུག །དེར་གྲོགས་མཆེད་གཉིས་ཀས་གསོལ་བ་བཏབ། རྟེན་འབྲེལ་བསྒྲིགས། མུ་སྟེགས་ཁ་འཆིངས་མཛད་པས། ནངས་པར་ཁོང་བཞིའི་གྱ་བོ་ཞིག་མ་འཚོགས་པར་སྨོད་པ་འདོར་ཞིང་འདུག་གསུངས། ཡང་ལམ་དུ་སོག་པོའི་ཤི་རྐྱེན་ཞིག་བྱུང་བ་ལ། རྗེ་རིན་པོ་ཆེས་སྐུད་པ་ཞིག་ལ་སེ་ཆིངས། མདུད་པ་བདུན་མཛད་དེ། སྣ་གཉིས་ནས་འཐེན་པས་ཁ་ཕྱད་རེ་ལས་འདུག་གསུངས། ཛ་ལན་དྷ་ར་ནས་ཞག་ཉི་ཤུ་བྱོན་པ་ན། ཆུ་ཙན་དན་བྷ་ག་ཞེས་བྱའི་ཤར་ཕྱོགས་ན་རྒྱ་བསྐྱེད་ཀྱི་ནགས་ཚལ་ཡོད་གསུངས། གནས་དེ་ན་ཞག་གྲངས་ཉི་ཤུ་ནུབ། །ཆུ་ཚན་རྡ་བྷ་གི་ཤར་ཕྱོགས་ན། །མཚོས་རྒྱ་བསྐྱེད་ཀྱི་ཐང་ལ་ཉིན་མཚན་ཕྱིན། །ངས་ནི་ཅོ་ལོ་ཞིག་ཀྱང་ཁྱེར་བ་མེད། །ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན། །ཞེས་ཀྱང་གསུངས།
དེ་ནས་ཡང་བྱོན་པས་ནུབ་ཅིག་རྣལ་ལམ་ན་བུད་མེད་ཅིག་གིས། མཚོན་མང་པོ་སྒྱེའུ་ཞིག་ཏུ་བཏུམས་ནས་འཇོག་གིན་འདུག་པ་ཞིག་བྱུང་བས། ནངས་པར་སོག་པོའི་རྟ་པ་བཞི་དང་འཕྲད་ནས་གཅིག་གིས་དེ་ལ་བརྟག་གིས་བསྡིགས་པས་སྙུང་ཟུག་ཙམ་མ་བྱུང་། རྗེ་རིན་པོ་ཆེས་ཐུགས་ངར་བསྐྱེད་ནས་བརྟུལ་ཞུགས་བཙོངས་པས། རྗེ་རིན་པོ་ཆེ་པ་རང་གི་སྒོམ་ཐག་གིས་མགུལ་ནས་བཅུས་ནས། ཉི་མ་ཕྱེད་ཀ་ཞིག་བཀྱིགས་སྐུ་བྲང་ལ་རྡོག་ཐོས་སྟེར་བས། སྤྱན་དམར་ལྗིབ་སོང་ནས་སྤྱན་གྱིས་ཅི་ཡང་མི་གཟིགས་པ་བྱུང་། དེའི་དུས་སུ་རླུང་སེམས་ཨ་ཐུང་ལ་བསྡུས་པས་དབུ་མ་ཚུད་ནས་མི་རྟོག་པ་ལ་སོང་འདུག །དཔལ་ཡེའི་བསམ་པ་ལ་གྲོངས་འདུག་བསམ་པ་བྱུང་ཟེར། དེ་ནས་དཔལ་ཡེ་ན་རེ། ཉིད་མིག་སྔོ་སངས་བྱས་ཤི་འདུག་སྙམ་པ་བྱུང་ཟེར་སྐད། དེ་ནས་ཐུགས་ངར་ལངས་ནས་གསུང་དྲག་པོ་བྱོན། ལྟ་སྟངས་དྲག་པོས་གཟིགས་ཤིང་ཟིལ་གྱིས་མནན་པས། སོག་པོ་དེ་སོང་ནས་ཁ་འདར་ཕད་ཕད་འདུག །སོག་པོའི་གྲོགས་རྣམས་ན་རེ། འདི་བསད་དང་མི་འཆི་བར་འདུག །འདི་འདྲ་བའི་གྲུབ་ཐོབ་ལ་གནོད་པ་བྱས། ཁྱོད་ལ་ཅི་འདྲ་ཡོང་ངམ། ཁྱོད་ཀྱི་བུ་སྨད་ལ་ཅི་འདྲ་ཡོང་ངམ་ཟེར་གྱིན་འདུག །ཁོ་ལ་རྣལ་པོ་མ་བྱུང་ཡོད་དམ་སྙམ་གསུངས། ཨིནྡྲ་ནི་ཞེས་བྱ་བ་དེ་ནས་ཉི་མ་གཅིག་གིས་འབར་མི་ལ་ཞེས་པར་སླེབས། དེ་ནས་སིལ་བ་ཞེས་བྱ་བར་སླེབས། དེ་ནས་སོག་པོའི་ཡུལ་དུ་སླེབས་ཏེ། ཡུལ་དེའི་མིང་ནི་བརྗེད་འདུག་གསུངས། ས་དེ་མན་ཆད་རྒྱ་གར་དང་སོག་པོ་འདྲེས་པའི་ཡུལ་དུ་འདུག་སྟེ། ཡུལ་ལ་ལ་སིན་རྡུ་ཟེར་བ་རྒྱ་གར་གྱི་ས་ཆ་ཡོད། ལ་ལ་ན་མུ་སུར་མེན་ཟེར་བ་སོག་པོ་ཡོད་གསུངས། ལ་ལ་ན་གཉིས་ཀར་ཡང་ཡོད་གསུངས། ཐང་ལ་ཡོད་པའི་མི་ཐམས་ཅད་འོ་སྐོལ་ལ་ངོ་ལྟ་བར་འདུག་གསུངས། །དེ་ནས་ཉི་མ་གཅིག་གིས་གྲོང་གཅིག་སླེབས་ཤིང་འདུག་སྟེ་མིང་བརྗེད་འདུག་གསུངས། དེ་ནས་ཁ་ཆེའི་ཡུལ་གཞུག་ཡིན་ཟེར་བ་གཙང་པོ་ཞིག་འདུག །ཆུ་དེ་བརྒལ་བ་ན་གྲོང་ཁྱེར་ཆེན་པོ། སྲ་ཧོ་ར་ཞེས་བྱ་བ་འབུམ་ཕྲག་བདུན་ཅུ་ཡོད་པ་འདུག །གྲོང་ཁྱེར་དེའི་དཔོན་པོ་ནི་སོག་པོ་མ་ལིང་ཀར་ཟེར་བ་འདུག །གྲོང་ཁྱེར་དེ་ནས་ཉིན་གཅིག་ཕྱིན་པ་ན། ན་བུ་ཏྲེ་ཞེས་ཟེར་བ་སྨན་ཚེའི་རི་བོ་ཆེན་པོ་འདུག །རི་དེ་ན་ཁ་ཆེ་དང་ཨོ་རྒྱན་ད་མ་བོ་ཞེས་བྱ་བ་དང་། མགོ་ཛྙ་ར་ཞེས་བྱ་བ་དང་། རྡོ་ཀུ་ར་ཞེས་བྱ་བ་དང་། ཛ་ལན་དྷ་ར་རྣམས་ཀྱིས་ཚ་འགྲོ་བ་ཡིན། ཛ་ལན་དྷ་རར་ཡང་། རི་བོ་ན་ཧུ་གྲི་ནས་ཚྭ་ཚོང་པ་མང་པོ་འོང་ཞིང་འདུག །དེ་རྣམས་དང་འགྲོགས་ནས་ཕྱིན་ཙ་ན། ཚྭ་འོང་པ་དེ་གཞུང་ལམ་དུ་འདུག །གཞུང་ལམ་ནི་འཇིགས་པ་ཉུང་ཞིང་འཚོ་བ་མོད་ལ་གྲོགས་ཀྱང་མོད་པར་འདུག །ཚོང་འདུས་དང་ཕལ་ཆེར་ན་འདུག །དེའི་བར་ལ་ལམ་བདེ་གསུངས། ཚྭ་དེ་རི་དེ་ནས་ཉི་མ་གཅིག་གིས་བྷ་ཏྲོ་ལ་ཞེས་བྱ་བར་སླེབས། ཆུ་དེ་ནས་ཞག་ལྔ་ནུབ་ཏུ་ཕྱིན། ནའུ་ཏྲི་སྨན་ཚྭའི་རི་བོ་ཡོད། སྨན་ཚྭ་རྡོག་པོ་ཞིག་ཀྱང་ཁྱེར་བ་མེད། ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན་གསུངས། སྨན་ཚྭ་རི་བོ་དེ་ནས་ཉི་མ་གཅིག་གི་བྷ་ཏྲོ་ལ་ཞེས་བྱ་བར་སླེབས།
དེ་ནས་ཉི་མ་གཅིག་གི་མ་ལ་ཀོ་ཏྲར་སླེབས། ཡུལ་དེར་ར་ནི་རེ་བུ་ཛེ་ཏིར་བྷིར་ཞེས་བྱ་བ་ལ་བསླངས་ནས་ཁ་ཟས་དང་། ལམ་རྒྱགས་དང་། གྱོན་རྒྱུ་ལ་སོགས་པ་སྟེར་གྱི་འདུག །དེ་ན་རྒྱལ་པོ་ཧུ་ལ་ཧུའི་གཙུག་ལག་ཁང་བཞེངས་ཀྱིན་འདུག །གྲོང་ཁྱེར་དེ་ནི་མུ་ཏིག་འབྱུང་བའི་རྒྱ་མཚོའི་སྒོ་ཡིན་ཞིང་། རྩི་བོ་ཆེ་ཡང་དེ་ན་སྐྱེ་བ་ཡིན་གསུངས། དེ་ནས་ཞག་གསུམ་ནུབ་ཏུ་ལམ། །མཁར་མ་ལ་ཀོ་ཏྲའི་གྲོང་ཁྱེར་ན། །རིན་ཆེན་མུ་ཏིག་འབྱུང་བ་རྒྱ་མཚོའི་སྒོ། །སྨན་རྩི་བོ་ཆེ་ས་ལ་སྐྱེ་བ་ཡོད། །ངས་ནི་གཅིག་ཀྱང་ཁྱེར་བ་མེད། །ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན། །ཞེས་གསུངས།
དེ་ནས་བྱང་ནུབ་ཏུ་ཞག་ལྔ་ཕྱིན་པ་ན། རུ་ཀ་ལ་ཞེས་བྱ་བའི་ཡུལ་ཡོད། གྲོང་དེ་ན་ར་ནི་པོ་རྡི་ཞེས་བྱ་བས་ལམ་རྒྱགས་སྟེར་བ་ཡོད། དེ་ནས་ཞག་བཞི་ར་ཛ་ཧུར་དེ་ཨོ་རྒྱན་གྱི་གནས་སུ་འཇུག་པའི་སྒོ་བཞི་ཡོད་པའི་གཅིག་ཡིན་ལ། གཞན་ཡང་ནི་ལི་བ་ཞེས་བྱ་བ་དང་། པུ་ཤོ་རི་བྱ་བ་དང་། ཀ་ཝོ་ཀ་ཝེ་བྱ་བ་ཡོད་གསུངས། ཨོ་རྒྱན་སྤྲུལ་པའི་གནས་མཆོག་དེར་ཆས་ནས་སླར་ཡང་ཕྱག་མ་ཕེབས་བར་ལ། བདུད་ཐེབས་བདུན་ཅུ་རྩ་གྲངས་ཤིག་བྱུང་། ཁྱད་པར་དུ་བུད་མེད་ཀྱིས་སྟེར་བ་མང་། དེ་ཆོས་རྗེ་རིན་པོ་ཆེ་རྒོད་ཚང་པའི་དྲུང་དུ་ཇོ་མོ་ཚོ་བརྡུང་པའི་རྣམ་སྨིན་དུ་འདུག །འོན་ཀྱང་ང་རང་ལ་འདོད་པ་མེད་པར་ཆོས་རྗེ་རིན་པོ་ཆེ་དང་བསྟན་པའི་ཞབས་ཏོག་ལ་བསམ་པས། ངས་བེར་ཀ་བརྒྱབ་པ་ཐམས་ཅད་ཀྱིས་ནད་གདོན་ཞི་བར་བྱུང་བ་ཡིན་གསུངས། ཨོ་རྒྱན་གནས་སྒོ་ར་ཛ་ཧུར་ཞེས་པར། །འབྲས་ཆན་གསོལ་འཕྲོ་འབུ་དང་གྲོག་མར་སྣང་། །ཆུ་བོ་སིནྡྷུའི་འགྲམ་དུ་བར་ཆད་རྣམས། །དཔག་མེད་སྣང་བ་བྱིན་རླབས་སྟོབས་ཀྱིས་ཞི། དེ་ནས་ར་ཛ་ཧུར་ཞེས་བྱ་བ་གྲོང་ཁྱེར་དེར་བསོད་སྙོམས་མཛད་ནས། འབྲས་ཆན་གསོལ་བ་དགོངས་པས་གྲོག་མར་གྱུར་ནས་གསོལ་དུ་མ་བཏུབ། ཡང་ཐེངས་ཤིག་འབུ་རུ་གྱུར་ནས་གསོལ་དུ་མ་བཏུབ་པ་བྱུང་གསུངས། དཔལ་ཡེ་སྐྱུགས་བྲོ་ནས་གསོལ་བ་མ་བྱུང་བས་བར་ཆད་ལ་འཆོར་གྱི་མི་ཐུབ་པ་བྱུང་། ངས་མིག་བཙུམས་ཟོས་པས་ལྷག་མ་འབྲས་དང་རྒུན་འབྲུམ་དུ་སོང་འདུག །གྲོང་ཁྱེར་དེའི་ནུབ་ཕྱོགས་ན་སིནྡྷུ་ཞེས་བྱ་བའི་ཆུ་བོ་ཆེན་པོ་འབབ་སྟེ། ཆུ་བོ་དེ་ནི་ཆུ་བོ་བཞིའི་གྱ་བ། གངས་ཏི་སེའི་རྒྱབ་སེངྒེའི་ཁོག་པ་ནས་འབབ་སྟེ། མང་ཡུལ་ནས་བྱུང་ཟངས་དཀར་དང་། སྤུ་ཧྲེང་གི་ཆུ་རྣམས་བསྡུས་ནས་ཁ་ཆེའི་བྱང་བྲུ་ཤའི་ཡུལ་དུ་བྱུང་སྟེ། སྟག་གཟིག་གི་ཡུལ་ནས་སོང་ནས་ཨོ་རྒྱན་གྱི་ཡུལ་དུ་སོང་བ་ཡིན་ཞེས་ཟེར་རོ། །ཆུ་བོ་དེའི་རྩར་ཅུང་ཟད་མ་སླེབ་པའི་སར་སྙེལ་མཛད་དེ་ཅུང་ཟད་གཟིམས་ནས་བཞུགས་པས། དཔལ་ཡེ་ན་རེ། སློབ་དཔོན་ཇོ་བཙུན་བཞེངས་དང་། ནམ་མཁའ་ནས་ཆུ་ཡ་གི་ཙམ་བྱུང་གསུངས། དེར་བཞེངས་ནས་གཟིགས་པས་གཙང་པོ་ནམ་མཁའ་ལ་འགྲོ་ཞིང་འདུག །གནམ་ས་བླ་ལོག་བརྒྱབ་ནས་འདུག །སྤྱན་ཡང་མི་གསལ་བར་གྱུར་ཏེ་གོམ་པ་འཁྱོར་གྱི་འདུག་པས། དཔལ་ཡེ་ན་རེ། གནམ་ས་བླ་ལོག་བརྒྱབ་འདུག །འུ་ཅག་ལ་འདི་འདྲ་འོང་པ་ཟེར།
རྗེ་རིན་པོ་ཆེའི་ཞལ་ནས། ངེས་པར་བླ་ལོག་བརྒྱབ་ན་གྲོང་ཁྱེར་ཀུན་ཏུ་ཀུ་ཅོ་ལྡངས་ཏེ་ཅི་ཡང་མི་འདུག་པས། འོ་སྐོལ་རང་གི་འཁྲུལ་སྣང་དུ་འོང་ཞེས་གསུངས། དེ་དུས་སོག་པོའི་རྟ་པ་ཀུན་གླུ་ལེན་ཞིང་སྤྱི་གཙུག་ཏུ་འགྲོ་བཞིན་འདུག །དེས་དེའི་ཉིན་ཕན་ཚུན་གཅིག་ལ་གཅིག་འཇུས་ཏེ་ར་ཛ་ཧུར་ལོག་ནས་གཞན་དུ་ཕྱིན་ན་འཚོང་དུ་འོང་ངོ་ཞེས་གསུངས་ནས། གྲོང་ཁྱེར་གྱི་མཐའ་མར་ཕག་ཚང་གཅིག་ཏུ་བཞུགས་པས། དཔལ་ཡེ་ལ་གཡས་ཕྱོགས་ན་མར་རྟ་པ་མང་པོ་རྒྱུག །གཡོན་ན་མར་བུད་མེད་མང་པོ་ཤོན་རྩེ་བའི་སྣང་བ་བྱུང་། རྗེ་རིན་པོ་ཆེ་ན་རེ། རྩ་རོ་རྐྱང་གཉིས་སུ་རླུང་ཤོར་བའི་སྣང་བ་ཡིན་གསུངས། ལུས་ནད་ཅིག་བཅོས་པས་ཕན་དུ་སོང་། གཞན་ཡང་སྣང་བ་ལ། འདི་འཆར་དང་འདི་མི་འཆར་མེད་པ་བྱུང་། དེའི་དུས་གྲོགས་མཆེད་གཉིས་ཀའི་ཞལ་ནས་རྣག་ཁྲག་སྙིམ་པ་རེ་ཙམ་བསྐྱུགས་པ་བྱུང་། དེ་ཙ་ན་ནང་གི་ནད་དག་པའི་རྟགས་སུ་འདུག་གསུངས། དེའི་སང་བསོད་སྙོམས་སློང་པ་ཙམ་ཡང་མ་བྱུང་། ཡང་གཅིག་ལ་གཅིག་འཇུས་ནས་ཆུ་བོ་སིནྡྷུའི་གྲུ་ཁར་བྱོན་པས་ཆུ་བོ་དེའི་སྒྲ་གྲགས་པ་ཙམ་གྱིས་རྗེ་རིན་པོ་ཆེ་པ་གདངས་སུ་སོང་། དཔལ་ཡེ་ནི་སླར་ཐུར་སོང་ནས་གྲུ་ནང་དུ་ཡང་རྗེ་རིན་པོ་ཆེ་པས་འཇུ་དགོས་པར་བྱུང་། མཉན་པ་གྲུ་ཐོངས་གསུངས་པས་གྲུ་བཏང་པས་ཆོག་སྟེ་ཆུ་ཕ་གིར་སླེབ་པ་དང་། ཁྱེད་གཉིས་ཧོར་དུ་འདུག་ཟེར་ནས་གསོད་དུ་འོང་ཟེར། གསོད་པས་མི་འཇིགས་ཀྱི་གྲུ་ཐོངས་གསུངས་པ་སྟེ། ཆུ་ཕ་གིར་སླེབ་པ་དང་། དཔལ་ཡེའི་ཁམས་ཀྱང་དྲག་ཏུ་སོང་སྐད། ཆུ་དེ་ཕན་ཆད་ཨོ་རྒྱན་གྱི་ས་ཆ་ཡིན་ཏེ། ཨོ་རྒྱན་གྱི་ས་ཆ་དེ་ལ་གྲོང་ཁྱེར་ཆེན་པོ་ཁྲི་ཕྲག་དགུ་ཡོད་པར་གྲགས་པ་ཡིན། ས་ཆ་དེར་སླེབ་ཙ་ན། དྷུ་མ་ཐ་ལ་མ་གཏོགས་པ་གཞན་ལ་ཨོ་རྒྱན་མི་ཟེར་བར་འདུག་ཟེར།
དེ་དུས་ན་ཨོ་རྒྱན་གྱི་རྒྱལ་ཁམས་དེ་ཧོར་གྱི་བཅོམ་མ་ཐག་ཏུ་འདུག་གསུངས། ཀ་ལ་པུར་ཞེས་བྱ་བའི་གྲོང་ཁྱེར་དུ། །མི་སྲུན་སྐྱེ་བོའི་ཚོགས་ནི་དུ་མ་ཡིས། །ཧོར་གྱི་ཉུལ་མ་ཡིན་ཞེས་རྡོ་ཆར་ཕབ། །དེ་ཚེ་བདུད་རྩིའི་རྒྱུན་ཕབ་བདེ་བར་འབྱོར། །ཆུ་བོ་དེ་དང་ཉེ་བ་ན་གྲོང་ཁྱེར་ཀ་ལ་པུར་ཞེས་བྱ་བ་འདུག །དེར་སྲོད་ལའི་དུས་སུ་བྱོན་པས་ཧོར་གྱི་ཉུལ་མར་འདུག་ཟེར་ནས་གྲོང་དེའི་ཕོ་མོ་ཐམས་ཅད་ཀྱིས་རྡོ་ཆར་ཕབ། ཤིང་སྡོང་གཅིག་གི་གསེབ་ཏུ་ཡིབས་ནས་བཞུགས་པས་ས་སྲོས་ནས། རང་རེའི་གྲོང་ལས་འགྲོ་ས་མེད་ཟེར་ནས་རང་རང་གི་ཁྱིམ་དུ་སོང་ངོ་། །དེའི་མཚན་མོ་ཆར་པ་ཆེན་པོ་ཞིག་བྱུང་སྟེ་མི་རྣམས་ཀྱང་ཕྱི་ན་མེད། ཁྱི་རྣམས་ཀྱང་མི་ཟ་བར་འདུག་ནས་སྲང་ཁ་ན་ཡར་བྲོས་ནས་བྱོན་པས་མ་ཚོར། ཨོ་རྒྱན་ནང་གི་སྟག་གཟིག་ཡིན་ཞེས་གསུངས། ཨོ་རྒྱན་ན་ཧོར་ལ་སྟག་གཟིག་ཟེར་བ་ལགས་སྐད།
དེ་ནས་བྱོན་པས་སྔར་ཧོར་ལ་བྲོས་ནས་རང་རེའི་ཡུལ་དུ་སླར་ལྡོག་པའི་བཟའ་མི་གཉིས་ཀྱི་བུད་མེད་དེས་བུ་ཆུང་ཞིག་ཁུར། བ་གླང་ར་ལུག་ཚན་ཞིག་དེད་ནས་འགྲོ་བཞིན་འདུག་པ་ལ། ངེད་བོད་ཀྱི་ཆོས་པ་ཨོ་རྒྱན་སྐོར་དུ་འགྲོ་བ་ཡིན། ཁྱེད་ལ་འབབ་པ་ཡིན་གསུངས་པས། དྷུ་མ་ཐ་ལ་མན་ཆད་ངས་སྐྱེལ་མ་ཐུབ་ཀྱིས་དེ་བཞིན་བྱའོ་ཟེར། དེར་རྗེ་རིན་པོ་ཆེ་པས། ཁོའི་བུ་ཆུང་ཁུར་ནས་ར་ལུག་འདེད་རོགས་མཛད་ནས་བྱོན་པས། དཔལ་ཡེ་ན་རེ། ཁོས་མ་ལོངས་པའི་ཚིག་འདྲ། ཉིད་ཀ་ལ་འདི་འདྲའི་མི་ཟེར་ཞིག་ཡོད་ན་ཟེར་སྐད། ཁོ་པ་ཧོར་གྱིས་བསད་པ་རྣམས་ལ་ཕ་མ་ཕངས་ཟེར། མྱ་ངན་སོང་པ་འདྲ། མ་བསད་རྣམས་ལ་ཧོར་གྱིས་ཐོ་བྱུང་ངམ་ཟེར་འགྲོ་བཞིན་འདུག །ཁོ་པས་བུ་ཆུང་ཁུར་པས་སྟག་གཟིག་ཡིན་ཟེར་བ་ཡང་མ་བྱུང་གསུངས། ཆུ་བོ་སིནྡྷུ་བརྒལ་ནས་ཉི་མ་གཅིག་གིས་བྷ་སོ་བ་ཞེས་བྱ་བར་སླེབས། དེ་ནས་བྷ་ས་ཞེས་བྱ་བ་སླེབས། དེ་ནས་ཉི་མ་གཅིག་གིས་ཀ་ཀོ་ཀ་ཞེས་བྱ་བར་སླེབས་ཏེ་གྲོང་ཁྱེར་དེ་ནི་མི་ཐམས་ཅད་དགེ་སེམས་ཆེ་བ་འཚོ་བ་མོད་པ་སིནྡྷུ་ར་འབྱུང་བ་འདུག་གོ། གྲོང་དེ་ནས་ཟླ་གཅིག་ནུབ་ཏུ་ལམ། །ཆུ་བོ་སིནྡྷུ་བརྒལ་བའི་ནུབ་ཕྱོགས་ན། །ཀོ་ས་ཀའི་གྲོང་ཁྱེར་ན། །རྫས་སིནྡྷུ་འབྱུང་པའི་ཕོ་བྲང་ཡོད། །ངས་ཀྲི་ཀ་གཅིག་ཀྱང་ཁྱེར་བ་མེད། །ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན་གསུངས། དེ་ནས་སྔར་གྱི་སྐྱེལ་མ་དེས་ཁོའི་ཡུལ་དུ་སྟོན་མོ་བཟང་པོ་བྱས། སྐྱེལ་མ་བྷོ་ནེ་ལེ་ཞེས་བྱ་བར་ཉི་མ་གཅིག་བར་དུ་བཏང་ཞིང་། དེ་ཕན་ཆད་དུ་ཁོ་ཡི་ཡི་གེ་མི་དང་འདི་ས་ཆ་འདིའི་བར་དུ་སྐྱོལ་ཞེས་པ་བཏང་པས། དྷུ་མ་ཐ་ལའི་གྲོང་ཁྱེར་དུ་ལེགས་པར་བསྐྱལ་ལོ། །བྷོ་ནེ་ལེ་ནས་སིང་ང་བོ་ཞེས་བྱ་བར་སླེབས་སོ། །དེ་ཡན་ཆད་ལ་སོགས་པ་ཐ་ཞེས་ཟེར་ཏེ། འབྲས་ས་ལུ་བཟང་པོ་དང་། ཤིང་ཏོག་རིགས་ཐ་དད་པ་བཟང་པོ་མང་པོ་སྐྱེ་བ། འབྲུ་སྣ་ཚོགས་སྨིན་པ། རྩྭ་འཇམ་པོ་རྨ་བྱའི་མགྲིན་པ་ལྟར་སྔོ་ཁྱེར་བས་ཁྱབ་པ། མེ་ཏོག་ཁ་དོག་དང་དྲི་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པ་སྐྱེ་བ། ཤིང་ལྗོན་པ་རི་དྭགས་ཐ་དད་པ་དུ་མས་གང་བ་ཡིན་ནོ། །
དེ་ནས་ཨོ་རྒྱན་གྱི་ཆུ་འགོ་དར་མ་འབར་བ་ཞེས་བྱ་བ་ཞིག་ཡོད་དོ། །ཨི་ལོ་སྤར་པ་ཏ་ཞེས་བྱ་བའི་རིའི་ནང་ན། དཔལ་ལྡན་ཤཱཀྱ་སེངྒེ་ཡི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བཞུགས་པའི་གཏེར་མཛོད་གཞལ་མེད་ཁང་མཛེས་པ། ཉིན་མོར་བྱེད་པའི་གཟི་བརྗིད་དང་མཚུངས། རབ་ཏུ་འཇིགས་པའི་ཁྲོ་བོས་གང་གི་སྒོ་སྲུང་ཞིང་། མཁའ་འགྲོའི་ཚོགས་རྣམས་དཔག་ཏུ་མེད་པ་འདུས་ནས། ཕྱི་ནང་གསང་བའི་མཆོད་པ་འབུལ་བ་གཟིགས། གྲོང་ཁྱེར་དེའི་ཤར་ཕྱོགས་ན་ཨི་ལོ་སྤར་པ་ཏ་ཞེས་བྱ་བ་ཡོད་དེ། རི་དེ་ནི་འཛམ་བུ་གླིང་གི་གྲུབ་པའི་རི་བོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཞིང་། ཁྱད་པར་དུ་ས་ལ་སྐྱེ་བའི་སྨན་གྱི་རིགས་ཐམས་ཅད་དེར་མི་སྐྱེ་བ་མེད་ཅེས་ཟེར་རོ། །གཞན་མེ་ཏོག་དང་། རྩྭ་དང་། ཤིང་ལྗོན་པ་དཔག་ཏུ་མེད་པས་མཛེས་པར་བྱས་པ། རྒུན་འབྲུམ་གྱི་ནགས་ཚལ་དང་ལྡན་པ། ཤྭ་རམ་བྷ་ལ་སོགས་པའི་རི་དྭགས་ཡིད་དུ་འོང་བས་གང་བ། གཅན་གཟན་དཔག་ཏུ་མེད་པས་གང་བ། བྱ་རྣམ་པ་སྣ་ཚོགས་ཀྱིས་སྐད་ཡིད་དུ་འོང་བའི་སྒྲ་སྒྲོག་པ། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དུ་མ་གནས་ཤིང་། ཁྱད་པར་དུ་རྣལ་འབྱོར་པ་མཐིང་ནག་སྐྲ་སྤྱི་བོར་བཅིངས་ནས་རལ་པའི་ཐོར་ཚུགས་འཆང་བ། མདའ་དང་གཞུ་འཛིན་ཞིང་སྦྲུལ་བྲམ་གྱི་ག་ཤ་བྱས་པ། རེས་འགའ་ནི་ཤིང་ལྗོན་པ་ཐོད་དུ་བྱས་པ་ཞིག་གནས་ཏེ། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པར་བྱེད་དོ། །ཞེས་ཟེར་རོ། །
རི་དེའི་ནང་གཞལ་ཡས་ཁང་དུ་མ་ཡོད་པ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པ་འདུས་ནས་ཚོགས་ཀྱི་འཁོར་ལོ་མཛད་ཅིང་འདུག །གཞལ་མེད་ཁང་དེའི་སྒོ་རྣལ་འབྱོར་པ་དམར་པོ་ཉི་མའི་འོད་ཟེར་ལྟ་བུ་ཡོད་པ་ཞིག་གིས་སྲུང་ཞིང་འདུག །གསང་བའི་བདག་པོའི་ཏིང་ངེ་འཛིན་གྱིས་སྒོ་སྲུང་དེ་ཟིལ་གྱིས་མནན་ལ། གསང་སྔགས་བཀའི་གཏེར་མཛོད་གཟིགས་དགོངས་པར་ཟིལ་གྱིས་མ་ནོན། གཞན་གང་ཡང་ཟིལ་གྱིས་མ་ནོན་པ་མ་བྱུང་གསུངས། དེ་ནས་ཞག་བདུན་ནུབ་ཏུ་ལམ། ཁ་རག་པ་རྣ་ཨི་ལོ་པ་ལ་རི་དྭགས་ཤྭ་རམ་བྷ་རི་ལ་ཁྲོལ་བ་དང་། རྒུན་འབྲུམ་ནགས་ཚལ་འཐིབ་པ་ཡོད། ངས་རྫས་ལ་ཞེན་པ་བྱས་པ་མེད། ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན། ཞེས་གསུངས། ཨིནྡྲ་བྷུ་ཏིའི་ཕོ་བྲང་ར་ཡི་མཁར། །སྔོན་གྱི་བག་ཆགས་མ་ལུས་སད་གྱུར་ཅིང་། །མི་སྲུན་སྡུག་པའི་མཁའ་འགྲོའི་བར་ཆད་རྣམས། །ཏིང་འཛིན་སྟོབས་ཀྱིས་ཞི་བ་ཉིད་དུ་མཛད། །དེ་ནས་ཉི་མ་ཕྱེད་དང་གཉིས་ཀྱིས་རའི་ཁ་ཟེར་ཁར་སླེབས་སོ། །
རའི་ཁ་དེ་ནི་རྒྱལ་པོ་ཨིནྡྲ་བྷུ་ཏིའི་ཁབ་ཀྱི་ཤུལ་ཡིན་ཟེར། ད་ལྟ་གྲོང་གཉིས་སུ་ཆད་ནས་མི་ཁྱིམ་དྲུག་ཅུ་ཙམ་འདུག །གཅིག་ན་བཞི་བཅུ་ཙམ་འདུག །དེའི་བྱང་ན་མ་གྷ་ལ་འོར་ཞེས་བྱ་བ་རྒྱལ་པོ་ཨིནྡྲ་བྷུ་ཏིས་བཞེངས་པའི་གཙུག་ལག་ཁང་ན། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སྒྲོལ་མ་དང་། འཇིག་རྟེན་དབང་ཕྱུག་ལ་སོགས་པའི་སྐུ་རྡོ་ལས་གྲུབ་པ་བཞུགས་ཟེར་ཏེ། རྗེ་རིན་པོ་ཆེས་ནི་རྒྱང་ནས་གཟིགས་པ་ལས་དེར་མ་བྱོན་གསུངས། སྤྱིར་ཡང་ཨོ་རྒྱན་གྱི་ཆ་དེ། བག་ཆགས་འཐུག་པར་འདུག །ས་ཆ་དེ་སྐྱེ་བ་བླངས་པ་འདྲ། ཁྱད་པར་རའི་ཁ་དེ་རྗེ་རིན་པོ་ཆེ་ཡི་འཁྲུངས་ཡུལ་ནས་ཟླུམ་པས་ཀྱང་། བག་ཆགས་འཐུག་པར་འདུག་གཞན་གྱིས་བརྙས་པ་བྱས་ཙ་ན། ས་ཆ་འདི་ང་ཡི་ཡིན་ཏེ་སྙམ་པ་བྱུང་། རྒྱལ་པོ་ཨིནྡྲ་བྷུ་ཏིའི་ཁབ་ཀྱི་ཤུལ་སོ་ཕག་གི་ཕུང་པོ་མཐོང་ཙ་ན། ངའི་ཡིན་པ་ལ་སྙམ་པ་བྱུང་གསུངས། ཨོ་རྒྱན་གྱི་ཡུལ་གྱི་ས་ཆ་དེར། ཐ་མལ་གྱི་རྟོག་པ་མཁྱེན་པ་རེ་བྱུང་ཙ་ན། ཤ་ཟའི་མཁའ་འགྲོ་མ་རྣམས་མདུན་དུ་རོང་སླེབས་ནས་ཟ་བ་ཡིན་གྱི་འདུག །དཔལ་གསང་བའི་བདག་པོའི་ཏིང་ངེ་འཛིན་གསལ་བཏབ་ནས། ཁྱེད་ང་ཡིས་བཟའི་བྱས་ཙ་ན་མིག་སླེབ་བྱས་ནས་ཞོ་ལོ་ལོ་བྲོས་འགྲོ་བཞིན་འདུག །བུད་མེད་དེ་རྣམས་ཀྱིས་སྟག་གཟིག་དང་། ཅེ་སྤྱང་དང་། བྱི་ལ་ལ་སོགས་པ་སྤྲུལ་བསྒྱུར་ཤེས་ཤིང་འདུག །གྲུབ་ཆེན་ལྭ་བ་པའི་དགོན་པ་རུ་ཁྱོད་ཉིད་པའི་དབང་ཕྱུག་རྒྱལ་པོ་གང་། ཨིནྡྲ་བྷུ་ཏིར་གྲགས་པ་ཡིན་ནོ་ཞེས་མཁའ་འགྲོ་མ་ལས་དངོས་སུ་ལུང་བསྟན་ཐོབ། རའི་ཁའི་ཙ་ན་ཆུ་ཕྲན་མིས་བརྒལ་བས་ཐར་ཙམ་ལྷོར་བལྟས་ནས་འབབ་ཀྱི་འདུག །ཆུ་དེ་བརྒལ་བ་དང་བྲག་སྣ་ཞིག་ན། གྲུབ་ཐོབ་ཆེན་པོ་ལྭ་བ་པའི་དགོན་པ་ཡོད། དེའི་སྟེང་ན་མར་མཁའ་འགྲོ་མས་རྡོ་ཡི་སེར་བ་ཕབ་པ་ལས། སློབ་དཔོན་ལྭ་བ་པས་སྡིགས་མཛུབ་མཛད་དེ་ཧཱུཾ་ཞེས་གསུངས་པས། རྡོ་ནམ་མཁའ་ལ་ཆགས་པ་ཡིན་ཟེར་སྒྲ་ཙམ་ཞིག་འདུག །དེ་ནས་སློབ་དཔོན་གྱིས་མཁའ་འགྲོ་མ་རྣམས་ལུག་ཏུ་བྱིན་གྱིས་བརླབས་པས། ནངས་པར་ཡུལ་དུ་བུད་མེད་གཅིག་ཀྱང་མ་བྱུང་བར། སྐྱེས་པ་རྣམས་འཚོགས་ཏེ་བལྟས་པས། སློབ་དཔོན་ལྭ་བ་པས་ལུག་འཚོ་ཞིང་བལ་བྲེགས་ནས་ལྭ་བ་མཛད་དེ་སྐུ་ལ་མནབས་པས་ལྭ་བ་པ་ཞེས་གྲགས་སོ། །ས་དེར་སྐྱེས་པ་རྣམས་ཀྱིས་ཕྱག་བྱས་ཏེ་བཟོད་པར་གསོལ་ནས་གཏོང་བར་ཞུས་ནས། སློབ་དཔོན་གྱི་ཞལ་ནས་ཆད་པ་ཁས་ལེན་ནམ་གསུངས། ཆད་པ་ནི་སློབ་དཔོན་རང་མཁྱེན་ཞུས་པས། ལྷམ་མགོ་ལ་གོན་པ་དང་། སྣ་བུག་སྣ་འཇུ་འཛུད་པ་དང་། སྦྲུལ་གྱི་ག་ཤ་འཛུད་པ་རྣམས་ཆད་པར་བརྩལ་བ་ཡིན་ཟེར་ཞིང་། ཆད་པ་གསུམ་པོ་དེ་ད་ལྟ་ཡང་ཡུལ་ཁྲིམས་སུ་སོང་ནས་འདུག་གསུངས། དེར་བུད་མེད་གཅིག་ན་རེ། རྗེ་རིན་པོ་ཆེ་ལ་ཁྱོད་ཨིནྡྲ་བྷུ་ཏི་ཡིན་ཞེས་ཟེར་བྱུང་གསུངས། ཉེ་གནས་ཤེས་རིན་གྱིས། ཨིནྡྲ་བྷུ་ཏི་དང་ལྭ་བ་པ་དུས་མཚུངས་པ་མ་ལགས་ཞེས་པས། ཨིནྡྲ་བྷུ་ཏི་ཆེན་པོ་དང་དུས་མཚུངས་པ་འདུག །གཞན་ཡང་ཨིནྡྲ་བྷུ་ཏི་གཉིས་བྱུང་འདུག །དེའི་གཅིག་རང་ཡིན་པ་འདྲ་གསུངས། ང་ཆུང་བ་ཡིན་པ་འདྲ། རའི་ཁ་ཚུད་ཆད་འཕྲ་མེན་གྱི་གླེང་དུ་འདུག །བུད་མེད་ཐམས་ཅད་རང་གང་འདོད་ཀྱི་ལུས་སུ་བསྒྱུར་ནུས་པ། སྐྱེས་བུ་ཐམས་ཅད་ཀྱི་མདངས་དང་སྲོག་འཕྲོག་པ་ལ་མཐུ་ཐོགས་མེད། ཤ་དང་ཁྲག་ལ་མངོན་པར་དགའ་བ་ཡིན་གསུངས། ཨོ་རྒྱན་རང་བྱུང་གནས་ཀྱི་སྙིང་པོ་མཆོག །དྷུ་མ་ཐ་ལར་མཁའ་འགྲོའི་ཚོགས་ཀྱིས་བསུ། །བརྡ་དང་བརྡ་ཡི་ལན་རྣམས་ལེགས་སྟོན་ཞིང་། །མཆོད་པའི་སྤྲིན་གྱིས་མཁའ་འགྲོའི་དབང་ཕྱུག་མཆོད། །རའི་ཁ་ནས་དྷུ་མ་ཐ་ལར་སླེབས་ཏེ། དྷུ་མ་ཐ་ལ་དེ་ཡང་ཨོ་རྒྱན་སྤྲུལ་པའི་གནས་ཀྱི་ངོ་བོ་ཡུལ་ཉི་ཤུ་རྩ་བཞིའི་སྙིང་པོ། ལུས་ཀྱི་སྣང་བ་གཡོན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་བཞུགས་པའི་གནས་ཡིན་ཏེ། དཔའ་བོ་རྣལ་འབྱོར་མ་རྣམས་འདུས་ནས་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་ཞིང་སྐྱོང་བ། གདུག་པའི་མཁའ་འགྲོ་མ་རྣམས་ཀྱི་ཁ་གནོན་ཡིན། གྲོང་ཁྱེར་གཟིགས་པ་ཙམ་གྱིས་ཐུགས་རྩིས་མེད་དུ་སོང་གསུངས།
དེ་ན་གནས་པའི་སྐྱེས་པ་དང་བུད་མེད་ཐམས་ཅད་མི་ཕལ་པ་རྣམས་དང་ཁ་དོག་མི་འདྲ། རིགས་ལྔའི་ཁ་དོག་ཇི་ལྟ་བ་བཞིན་འདུག །དྷུ་མ་ཐ་ལའི་མདུན་ན། ལྷ་ཁང་ཆུང་ངུ་ཞིག་གི་ནང་ན་མི་གྷ་དྷེ་བ་ཞེས་བྱ་བ། ཙན་དན་ལས་རང་བྱོན་ཡིན་ཟེར་བ། རྗེ་བཙུན་མའི་སྐུ་བཞུགས་ཀྱི་འདུག །རྗེ་བཙུན་མ་དེའི་དྲུང་དུ་དྷུ་མ་ཐ་ལར་ཕེབས་པའི་མཚན་མོ་གཟིམས་པས། རྗེ་རིན་པོ་ཆེས་ནངས་པར་བར་ཆད་ཅིག་འོང་པར་མཁྱེན་ནས། དཔལ་ཡེ་ལ་དབྱུག་བཅོས་ཤིག་བྱེད་ཤོག་གསུངས་པས། དཔལ་ཡེ་ན་རེ། ང་ནི་ཐང་ཆད་འདུག་ཟེར་ནས་མ་ཉན། ནངས་པར་དྷུ་མ་ཐ་ལའི་གྲོང་ཁྱེར་ལ་སྲང་ལམ་གསུམ་འདུག་པའི་ལྷོ་ཕྱོགས་ལ་རིན་པོ་ཆེ་བྱོན། དཔལ་ཡེ་བྱང་ལ་བྱོན་ཏེ་བསོད་སྙོམས་མཛད་པས། རྗེ་རིན་པོ་ཆེ་པ་ལ། རྣལ་འབྱོར་མ་དུ་མས་སྔུན་བསུ་ཞིང་མེ་ཏོག་གཏོར། སིནྡྷུ་རའི་ཀྲི་ཀ་འདེབས། རྒྱུད་སྡེ་ནས་ཇི་ལྟར་བཤད་པའི་ལུས་ཀྱི་བརྡ་དང་། ངག་གི་བརྡ་རྣམས་བྱེད་ཅིང་ནུས་པ་ཐོགས་པ་མེད་པར་སྟོན་ལ་འཚོ་བ་མོད་པོ་བྱུང་། དཔལ་ཡེ་ནི་མཚོན་ཆ་ཐོགས་པ་མང་པོས་བསྐོར་ནས་སྲོག་གི་བར་ཆད་དུ་དེ་སོང་བྱས། དེར་རིན་པོ་ཆེ་པས་བརྒྱུགས་ནས་བྱོན་ཏེ། ངའི་གྲོགས་ཡིན་གསུངས་པས་བཏང་། དྷུ་མ་ཐ་ལ་དེ་ན་མི་ཁྱིམ་ལྔ་བརྒྱ་ཙམ་འདུག །དེ་ན་གནས་པའི་བུད་མེད་ཐམས་ཅད་ཀྱིས་སྤྲུལ་བ་བསྒྱུར་ཤེས་ཤིང་། ཁྱོད་སུ་ཡིན་དྲིས་ཙ་ན་ང་ནི་རྣལ་འབྱོར་མའོ་ཞེས་ལན་འདེབས་ཤིང་འདུག །རྗེ་བཙུན་མ་གྷ་ལ་དྷེ་བའི་དྲུང་དུ་གཟིམས་བཞུགས་པས་བུད་མེད་ཅིག་འོངས་ནས། ང་ལ་འདོད་པ་སྤྱོད་ཅེས་ཟེར་བ་ལ། རིན་པོ་ཆེས་དབྱུག་པ་ཞིག་བརྒྱབ་པས་བྲོས་སོང་། ནངས་པར་བུད་མེད་དེས་གྲོགས་མཆེད་གཉིས་ཀ་ལ་མེ་ཏོག་གཏོར། སྤོས་བཟང་པོས་མཆོད་ཅིང་འདུག །དེ་ཚུལ་ཁྲིམས་རིན་པོ་ཆེ་བསྲུངས་པའི་ཕན་ཡོན་དུ་འདུག །ཚུལ་ཁྲིམས་མ་བསྲུངས་ན་མེ་ཏོག་གཏོར་དགོས་མི་འདུག་གསུངས། སྤྱན་གསུམ་མངའ་བའི་རྣལ་འབྱོར་མ་དང་ནི། །བྷན་དྷུ་དམར་པོའི་གདོང་མཚུངས་གཡུང་དྲུང་གིས། །དཔྲལ་བ་མཛེས་པའི་མཁའ་འགྲོས་བསྙེན་བཀུར་མཛད། །དེ་ཚེ་རྟོགས་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །གྲོང་ཁྱེར་དེ་ན་བུད་མེད་ན་ཆུང་ཞིག་ལ་མིག་གསུམ་ཡོད་པ་ཞིག་གཟིགས། ཡང་ན་ཆུང་མ་ཞིག་ལ་དཔྲལ་བ་ན་ཤ་མཚན་གཡུང་དྲུང་རིས་དམར་པོ་མཚལ་གྱིས་བྲིས་པ་འདྲ་བ་ཁྱུག་གེ་ཡོད་པ་ཞིག་གཟིགས། ཁྱོད་སུ་ཡིན་གསུངས་པས། ང་ནི་སྤྲུལ་པའི་རྣལ་འབྱོར་མའོ་ཞེས་ཟེར། ཁྱེད་ཀྱི་བླ་མ་གང་གསུངས་པས། བླ་མ་ཡང་ང་རང་ཞེས་གསུངས། ཆོས་ཅི་ཤེས་གསུངས་པས་ཆོས་ཀྱང་ང་རང་ཞེས་གསུངས། ང་ནི་རང་བྱུང་གི་རྣལ་འབྱོར་མ་ཡིན། ཐམས་ཅད་ང་རང་ལས་བྱུང་བ་ཡིན་ཞེས་ཟེར་ཞིང་འདུག །རྒྱུད་ལས། འཆད་པ་པོ་ང་། ཆོས་ཀྱང་ང་། རང་གི་ཚོགས་ལྟར་ཉན་པ་ང་། ཞེས་པའི་དོན་བསྟན་འདུག་གསུངས། ན་ཆུང་དེ་ལ་སོག་པོའི་ཚོང་པ་ཞིག་ན་རེ། ཁྱོད་རྣལ་འབྱོར་མ་ཡིན་ན། ངའི་ཡུལ་ནས་སྐབས་ཅ་རྟགས་ཅན་ཞིག་ལོང་ཤོག་ཟེར་བས། སྐད་ཅིག་གཅིག་ལ་ཧོར་ཞྭ་ཞིག་དང་མདའ་ཞིག་ཁྱེར་བྱུང་བས། སོག་པོ་དེ་ཧ་ལས་ཤིང་དད་ནས་འདུག །འདི་རྗེ་བཙུན་མའི་སྤྲུལ་པ་ཡིན་དགོངས་ནས་ཁ་ཟས་ཤིག་སློངས་གསུངས་པས། ཁྱོད་ལ་ཁ་ཟས་སྔུན་ལ་སྟེར་བ་ཀུན་ལ་འཐབ་ཏུ་ཡོང་ཟེར། ང་སྤྲང་པོ་ཡིན་པས་རྙེད་ཚད་ཟ་བ་ཡིན་བྱས་པས། ཞལ་ཟས་ཀྱི་བྱེ་བྲག་མང་པོ་སྦྱར་ནས་བྱིན། དེ་གསོལ་བ་ཙམ་གྱིས་ཐུགས་དམ་ལ་བོགས་ཆེ་བར་བྱུང་། ཁྱད་པར་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ལ་བོགས་ཆེ་བ་བྱུང་། བུད་མེད་དེ་དྷུ་མ་ཐ་ལའི་རྒྱལ་པོ་དེའི་བཙུན་མོར་འདུག་གསུངས། ཀ་ཀ་ལའི་གྲོང་དུ་བུད་མེད་ཅིག་གིས་ཐུག་པ་བྱིན་པ་བླ་མས་གསོལ་བའི་ཚེ། ས་རྣམས་གཡོས་ཤིང་གནས་འབྱོངས་དཔག་མེད་ཤར་རོ། །དེ་རྗེས་སིནྡྷུ་མདོག་མཚུངས་པ། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་ཉིད་འོད་ཟེར་ཁ་དོག་ལྔ་འབར་མངོན་སུམ་གཟིགས། ཟབ་མོ་ལམ་མཆོག་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་གནང་བས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས། གྲོང་ཁྱེར་དུ་མ་ལ་དེའི་བུད་མེད་རྣམས་ཀྱི་ནང་ན་གཅིག་རྡོ་རྗེ་རྣལ་འབྱོར་མ་ཡིན་ཟེར་ཞིང་འདུག །དེ་ངོ་ཤེས་པར་དཀའ་ན་ཡང་། གྲོང་ཁྱེར་གྱི་བུད་མེད་མ་ལུས་པའི་ལག་ནས་ཁ་ཟས་བསླང་ནས་ཟོས་ན་དངོས་གྲུབ་འབྱུང་ངེས་པར་འདུག་གསུངས།
དེ་ཡང་རྗེ་རིན་པོ་ཆེས་ཀ་ཀ་མའི་གྲོང་དུ་བུད་མེད་ས་མུད་ཏྲ་པུ་ཙ་ཞེས་པ་ཞིག་ལ་བསླངས་པས་ཐུག་པ་ཕོར་གང་བྱིན་ཏེ་གསོལ་བས། དེ་མ་ཐག་སའི་དཀྱིལ་འཁོར་རབ་ཏུ་གཡོས། སྣང་བ་ཐམས་ཅད་ཟ་ཟིར་སོང་ནས་རིགས་དྲུག་གི་གནས་འབྱོངས་དཔག་ཏུ་མེད་པ་བྱུང་། སྐད་ཅིག་ལ་སྐུ་ལུས་མི་འདྲ་བ་བཅུ་དྲུག་བླངས་པའི་ཐུགས་སྣང་བྱུང་། དམྱལ་བ་དང་ཡི་དྭགས་ཀྱི་ས་བོན་ནི་མི་འདུག །ལྷ་དང་མི་དང་བྱོལ་སོང་གི་ཤས་ཆེ་བར་འདུག །ཁྱད་པར་དུ་ཕུག་རོན་ཞིག་གི་ལུས་བླངས་པ་ལ། ཁྲས་བཞུར་བས་འཇིགས་སྐྲག་གི་བསམ་པ་ཆེན་པོ་བྱུང་། ཤེས་པ་ཟ་གཡའ་རུ་སོང་། རིག་པ་ངོས་བཟུང་དུ་མི་བཏུབ་པ་དེ་བས་ཐུ་བ་མ་བྱུང་གསུངས། གཞན་ཡང་སྣང་ལོག་འདི་མ་བྱུང་བྱ་བ་མེད། ཀུན་གཞི་ལ་བག་ཆགས་ཡོད་ཚད་འཆར་དགོས་པར་འདུག །བག་ཆགས་བཞག་ཚད་མི་འཆར་བ་སུས་ཀྱང་མི་བཏུབ་པར་འདུག །ཤར་ཚད་སྒོམ་དུ་ཤར་བ་མིན་ན་སྨྱོན་པའམ་དེ་འོང་པ་ལ་ཚེགས་མི་འདུག་གསུངས། དེའི་དུས་སུ་རིག་པ་གསལ་ཞིང་ངོས་བཟུང་ཐམས་ཅད་དང་བྲལ་བ། སྣང་བ་འདི་ལ་སྐྱག་གཏད་ཆུང་ངུ་ཞིག་ཀྱང་མེད་པར་སོང་། ཕྱི་རོལ་གྱི་རྟེའུ་དང་ཤིང་བུ་ལ་སོགས་པ་སྣོད་ཀྱི་ཡུལ་སྣང་ཐམས་ཅད་དང་། ནང་གི་རྩ་རླུང་ཐིག་ལེ་ཐམས་ཅད་རིག་པ་སྐད་ཅིག་མའི་རང་གཟུགས་སུ་ཀྲོང་སོང་། ས་གཡོ་བའི་རྒྱུ་མཚན་ཡང་། ལུས་འདི་ལེན་པའི་དུས་སུ་སའི་བག་ཆགས་དེ་ལ་བརྟེན་པའི་རྩ་ཞིག་ལུས་ལ་གྲུབ། རྩ་དེ་རུ་རླུང་སོང་། རླུང་གིས་དྲངས་ནས་བྱང་ཆུབ་ཀྱི་སེམས་སོང་བས། བག་ཆགས་ཀྱི་རྣམ་རྟོག་སྐད་ཅིག་མའི་བདེན་འཛིན་རང་སར་ཞིག །དྭངས་མ་རང་གནས་སུ་བརྟན་ཞིང་། བདེན་འཛིན་ཞིག་པས་རྩ་མདུད་ཞིག་ནས་བྱ་བཞིན་སྤྲུག་གིན་འདུག །རང་གི་ལུས་སྤྲུག་པ་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བས་ཚུགས་མི་ཐུབ་པར་ཨོ་རྒྱན་གྱི་ས་ཁོལ་པོར་གཡོས་ནས་སྤྲུག་གིན་འདུག་གསུངས།
དེའི་དུས་ན་ས་ཐོབ་པའི་ཡོན་ཏན་རྣམས་བཤད་ཚོད་བཞིན་ཆ་མཐུན་གྱི་འདུག་གསུངས། དེའི་དུས་སུ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་སིནྡྷུ་རའི་མདོག་ལྟར་དམར་ཞིང་དྭངས་པ། གཟི་བརྗིད་ཉི་མའི་སྙིང་པོ་ལྟར་མངའ་བ་དང་མཇལ། རྡོ་རྗེ་ཐེག་པའི་ཁྱད་ཆོས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སེངྒེའི་འོ་མ་ལྟ་བུ་གནང་། གསང་སྔགས་བླ་ན་མེད་པའི་རྒྱུད་ཀྱི་དགོངས་པ་ཐུགས་ལ་ཤར། རྩ་གནས་ཀྱི་མདུད་པ་ཐམས་ཅད་གྲོལ། བག་ཆགས་ཀྱི་རྣམ་རྟོག་ཐམས་ཅད་རང་ཡལ། ནང་རྡོ་རྗེ་ལུས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་གནས་ལུགས་རྣམས་མངོན་སུམ་གཟིགས། ད་ངའི་ལུས་འདི་ཟག་པ་མེད་པའི་ལུས་སུ་སོང་འདུག །སྐྱབས་སུ་མཆིའོ། །
དེ་ནས་རྗེ་རིན་པོ་ཆེའི་ཐུགས་ལ། དཔལ་ཡེ་ཡང་བོས་ལ་མཁའ་འགྲོ་མ་འདི་ལ། ཁ་ཟས་བསླངས་ལ་བཟའ་བཏུང་ཞུ་དགོངས་ཏེ་བོས་པས། སྔུན་ལ་ཚ་བ་སྟེར་མཁན་ཚོ་དེར་འོངས་ཏེ། ཁ་སུག་ཏུ་ཉལ་ནས་རང་གི་ཁུ་ཚུར་བརྩེགས་པའི་སྟེང་དུ་དཔྲལ་བ་བཞག་ནས། ངེད་ཀྱི་བླ་འཚོང་པ་ངེད་སོད་ཟེར་ནས་དཔལ་ཡེ་མཁའ་འགྲོ་མ་དེས་བྱིན་པའི་ཟས་ཟ་རུ་མ་བཅུག །དཔལ་ཡེ་ལ་ངའི་རྟོགས་པ་ཙམ་མི་ཡོང་བ་དེས་ལན་པ་ཡིན་ནམ་སྙམ་པ་བྱུང་གསུངས། དེའི་དུས་ན་ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་དེ་ན། རྣལ་འབྱོར་མ་ཆེན་མོར་གྲགས་པ་སོ་ནི་ཞེས་བྱ་བ་དང་། ག་སུ་རི་ཞེས་བྱ་བ་དང་། མ་ཏམ་གི་ཞེས་བྱ་བ། ས་ཏ་སི་ཞེས་བྱ་བ་བཞི་འདུག །རྣལ་འབྱོར་མ་ཆེན་མོ་སོ་ནི་ཞེས་བྱ་བ་དེ། རྗེ་རིན་པོ་ཆེའི་དྲུང་ན་བཞུགས་པའི་འགྲོ་བཟང་དུ་འདུག །སྤྱོད་པ་ཡང་འགྲོ་བཟང་རང་འདྲ་བ་ལྟ་བུ་ཞིག་འདུག་གསུངས། ང་བས་འགྲོ་བཟང་རྟོགས་པ་དམའ་རྒྱུ་མི་འདུག་གསུངས། མོ་ངའི་དབང་དུ་མི་འདུ། ང་མོའི་དབང་དུ་མི་འདུ་བ་ཡིན་པ་ལ། མཁའ་འགྲོ་མ་དེས་བྱིན་པའི་ཟས་ཟོས་མན་ཆད། ང་ངོས་རྟོགས་པ་མཐོ་བར་སོང་ནས། ངས་འགྲོ་བཟང་དབང་དུ་འདུས་ཏེ། གང་བྱས་ཀྱང་ཆོག་གི་འདུག་གསུངས། ཀ་མ་རྡེ་བའི་ཕུག་ཏུ་བདེ་མཆོག་དང་། མ་གྷ་ལ་རྡེ་བའི་ཞེས་བྱའི་ལྷ་ཁང་དུ་རྣལ་འབྱོར་མའི་ཚོགས་རྣམས་ལེགས་འདུག་སྟེ། ཚོགས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པ་གཟིགས། དྷུ་མ་ཐ་ལའི་གྲོང་ཁྱེར་དེའི་ནུབ་ན་ཀ་མ་དྷེ་ཀ་ཞེས་བྱའི་གངས། རྣལ་འབྱོར་མ་ཐམས་ཅད་ཀྱི་ཕོ་བྲང་དངོས་ཡིན་ཟེར་བ་འདུག །གང་དེ་ན་ཀོ་ཏམ་བྷ་ར་ཞེས་བྱ་བའི་ཆུ་དེ་འབབ་བོ། །གངས་དེའི་ནང་ན་གྲུབ་པའི་ཕུག་ཀ་མ་གྱུ་པ་ཞེས་བྱ་བ་ཡོད། ཕུག་དེའི་ནང་ན་ཁྲོ་བོ་སྐུ་མདོག་མཐིང་ནག་རུས་པའི་རྒྱན་དྲུག་གིས་བརྒྱན་པ་གཡས་གྲི་ཁུག །གཡོན་ཐོད་པ་འཛིན་པ་སྤྱན་གསུམ་ཉི་མའི་ཟེར་ལྟ་བུ། ཟིལ་མི་བཟོད་པ། མིག་ལྟ་མི་བཟོད་པ་ཞིག་འདུག །ཡེ་ཤེས་མགོན་པོ་བས་ཀྱང་ཟིལ་ཆེ་བར་འདུག །དཔལ་བདེ་མཆོག་ཡིན་པ་འདྲ་གསུངས། གྲོང་ཁྱེར་དེའི་ཤར་ཕྱོགས་ན་ཨ་བྷིར་སྨ་ཤ་ན་ཞེས་བྱ་བའི་དུར་ཁྲོད་བརྒྱད་ཀྱི་གྱ་བ་ཕག་རྒོད་དང་། སྦྲུལ་གདུག་པ་དང་། དུར་བྱ་ཀམ་ཀ་དང་། ཅེ་སྤྱང་དང་། འུག་པ་ལ་སོགས་པས་གང་བ་འདུག་པའི་མཁའ་འགྲོ་མ་རྣམས་སྤྲིན་གྱི་ཕུང་པོ་ལྟར་འདུག་པ་འཇིགས་སུ་རུང་བ་སྐྱི་བུང་ཞེས་བྱ་བ་ཡོད།
དེ་ནས་ཅུང་ཟད་བྱང་ན་ཨ་ཤོ་བྷྲི་ཀྭ་ཞེས་བྱ་བ་ཤིང་བརྒྱད་ཀྱི་གྱ་བ་ཡོད། དུར་ཁྲོད་ཆེན་པོ་དེའི་ཅུང་ཟད་ཀྱི་ལྷོ་ཕྱོགས་དྷུ་མུ་ཁུ་ཞེས་བྱ་བ་ན། ཞིང་སྐྱོང་གི་སྐུ་རྡོ་ལ་རང་བྱུང་ཡོད་དོ། །ཨ་ཤྭོ་ཀ་བྷི་ཀྭའི་གྷ་བ་ཀ་པ་ལ་བྷོ་བྱོན་ཞེས་བྱའི་རྡོ་ཞིག་ལ་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་རང་བྱུང་ཡོད་དོ། །དེ་ནས་མམ་གྷ་ལ་བྷྲི་ཀྭ་ཞེས་བྱ་བའི་བཀྲ་ཤིས་ཀྱི་ཤིང་ཡིན་ཟེར་བ་ཏ་ལའི་སྡོང་པོ་ཞིག་འདུག །དེའི་གམ་ན་མ་གྷ་ལ་པ་ནི་ཞེས་ཟེར་བའི་ཆུ་མིག་ཅིག་ལྷོར་འབབ་ཅིང་འདུག་གོ །དེའི་ཤར་ན་ཤིང་པར་པ་ཏ་ཞེས་བྱ་བའི་སེང་ལྡན་གྱི་ནགས་སྐྱེས་པའི་རི་བོ་ཆེན་པོ་ཙམ་མིན་པ་ཞིག་འདུག །རི་དེའི་ནུབ་སྣ་ན་མམ་གྷ་ལ་པ་ནིའི་ཆུ་འཆུག་ལ་མུ་ལ་སའི་ཀོ་ཏྲ་ཞེས་བྱ་བ་གྲུ་གསུམ་ཞིག་ཡོད་དེ། དེ་ན་ཙན་དན་ལས་རང་བྱོན་པའི་མམ་གྷ་ལ་དེ་བི་ཞེས་བྱ་བའི་རྗེ་བཙུན་མ་རང་བྱོན་ཞིག་བྱོན་པ་ལ། ཧོར་གྱི་དམག་བྱུང་ནས་ད་ལྟ་ནི་དྷུ་མ་ཐ་ལ་ན། ལྷ་ཁང་ཆུང་ཆུང་ཞིག་བརྩིགས་ནས་དེ་ན་བཞུགས་འདུག་གོ །རྗེ་བཙུན་མ་དེའི་མདུན་དུ་བུད་མེད་མང་པོ་འདུས་ནས་མཆོད་པ་རྣམ་པ་མང་པོ་བྱེད་པར་འདུག །ཀ་ལི་དང་ཙི་ལའི་སྒྲ་སྒྲོགས་ཤིང་། ནུས་པ་དང་མི་ལྡན་པར་སྤ་སྐོང་བར་བྱེད་ཅིང་། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པ་ཡིན་གསུངས། རྣལ་འབྱོར་མ་དེ་རྣམས་ཀྱི་གྲལ་གཞུག་ན། བོད་ཀྱི་བུད་མེད་ཤམ་བུ་གྱོན་པ་དང་། མ་ཇོ་སླེ་ཐུལ་འགའ་ཞིག་འདུག །ཁྱོད་ཀྱིས་ནམ་འོང་གསུངས་པས། ད་ནངས་འོངས་ཟེར་གྱི་འདུག །དམ་ཚིག་གི་རྫས་ནི་བོད་མོ་རྣམས་ལ་སྔུན་ལ་འདྲེན་གྱི་འདུག་གསུངས། འཛམ་བུ་གླིང་ན་དཔལ་གྱི་རི་བཅུ་གཉིས་ཡོད་པའི་རྩ་བ་ཨོ་རྒྱན་གྱི་དཔལ་གྱི་རི་དེ་ཡིན་སྐད། རི་དེའི་འགྲམ་གྱི་ལུང་པ་ལ་ཡང་ཤྲི་ལུང་ཟེར་བར་འདུག །དྷུ་མ་ཐ་ལའི་གྲོང་ཁྱེར་དེའི་བྱང་ཤར་ན་མཆོད་རྟེན་ཞིག་འདུག་སྟེ། མཆོད་རྟེན་བརྒྱད་ཀྱི་གྱ་བ་ཞིག་ཡིན་ཟེར་རོ། །ཨིནྡྲ་བྷུ་ཏིའི་གཙུག་ལག་ཁང་ཆེན་དུ། །མཁའ་ལ་མཁའ་འགྲོ་སྤྲིན་བཞིན་འདུས་གྱུར་ཏེ། །བདག་པོ་མེད་པའི་རོལ་མོའི་སྒྲ་རྣམས་ལས། །སྣ་ཚོགས་ཐེག་པའི་ཆོས་རྣམས་མ་ལུས་གསན། །ཨོ་རྒྱན་གྱི་སྒོ་ན་རྒྱལ་པོ་ཨིནྡྲ་བྷུ་ཏིས་བཞེངས་པའི་གཙུག་ལག་ཁང་ཆེན་པོ་ཞིག་འདུག །དེར་ཞག་འགའ་གཟིམས་པས་གནས་གསུམ་གྱི་མཁའ་འགྲོ་རྣམས་བར་སྣང་ལ་སྤྲིན་གྱི་ཕུང་པོ་ཙམ་དུ་འདུས་ཤིང་། གཟུགས་མི་སྣང་བའི་དྲིལ་བུ་ལ་སོགས་པའི་རོལ་མོ་སྣ་ཚོགས་རྣམས་ལས་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་པར་འདུག་གསུངས། བུད་མེད་ལ་ལས་རྡོ་རྗེ་གླིང་ན་ཆོས་རྗེ་རིན་པོ་ཆེ་རྒོད་ཚང་པ་ཆོས་གསུངས་པ་ལ། སྔ་དྲོ་ཉན་དུ་ཕྱིན་ནས་དེ་ཉིད་ཀྱི་དགོང་མོ་སླེབས་ནས་ཆོས་རྗེ་རིན་པོ་ཆེ་དེ་རིང་ཆོས་འདི་འདྲ་གསུང་བཞིན་འདུག་ཟེར་ཞིང་། ཆོས་ཀྱི་ཚིག་མང་པོ་ཁྱེར་འོང་བཞིན་འདུག །ཨོ་རྒྱན་དེ་སྤྲུལ་པའི་ཞིང་ཞིག་རང་ཡོད། གནས་དེ་རུ་བསྡད་ནས་ཟླ་བ་གསུམ་ཕན་ཆད་གཞན་གྱི་ཕུད་མཆོད་བྱས་པ་དེ་ཡང་ཁ་རུ་སིབ་སིབ་ཡོང་གིན་འདུག་གསུངས། ལ་བ་ཞེས་པའི་གྲོང་ཁྱེར་དུ་སྔོན་དུས་ཀྱི། །སྐྱེ་བ་དྲན་ཞིང་དཔལ་ལྡན་ཀམ་པ་ཡི། །ཕུག་ཏུ་ཏིང་འཛིན་སྒོམ་རྣམས་དཔག་མེད་ཐོབ། །སྔོན་གྱི་ཚེ་རབས་དུ་མ་དྲན་པར་གྱུར། །
དེ་ནས་གྲུབ་ཐོབ་ཆེན་པོ་ལྭ་བ་པའི་ཕུག་ཏུ་ཆུ་གསོལ་ཞིང་བཞུགས་དགོངས་ཏེ། ཧོར་གྱིས་བསད་པའི་མི་རུས་ལ་སོགས་པ་བསགས་ནས་བཞུགས་པས་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ཕྱེ། ས་ཆ་འདི་རུ་ངས་ཅི་བྱས་ཡོད་དེ་སྙམ་པ་བྱུང་གསུངས། ཨོ་རྒྱན་གྱི་གྲོང་ཁྱེར་ལོ་བ་ཞེས་པར་སྐུ་སྐྱེ་བ་བཞེས་ཏེ་ཁྱིམ་ཡང་མཛད་དེ། སྲས་གཉིས་འཁྲུངས་པའི་གཅིག་རྟ་ན་བར་འདུག་གསུངས། རའི་ཁ་དང་ལ་བའི་ཕུག་གི་ཐོ་སྐོར། ཁྱད་པར་དུ་བག་ཆགས་ཆེ་བར་འདུག །སྐྱེ་བ་ཡང་བླངས་པ་འདྲ་གསུངས། ས་དེ་ནས་ཞག་བཞི་ནུབ་ཏུ་ཕྱིན། །རྡོ་རེག་པ་མེད་པའི་ནུབ་ཕྱོགས་ན། །ཆུ་བོ་ལྟམ་པ་རའི་བྱང་གི་ཕྱོགས། །གངས་དཀར་མ་དྲོ་ཀའི་ཤར་ཕྱོགས་ན། །གནས་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ཆགས། །གནས་གསུམ་གྱི་མཁའ་འགྲོ་མི་གཟུགས་བཟུང་། །ཟག་མེད་བདེ་བའི་ལོངས་སྤྱོད་ཅན། །ངས་འདོད་ཡོན་ལ་ཆེད་དུ་བཟུང་བ་མེད། །ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན། །ཞེས་གསུངས། སྤྲུལ་ཡུལ་དྷུ་མ་ཐ་ལ་རུ། །ཡུམ་བཅོམ་ལྡན་འདས་མས་བྱིན་གྱིས་བརླབས། །གང་ཟག་རྒྱུད་པ་མ་ལགས་པའི། །གནས་གསུམ་མཁའ་འགྲོའི་གདམས་པ་ཐོབ། །ཟབ་ལམ་གྱི་རྟེན་འབྲེལ་འཆུག་དོན་མེད། །ཅེས་པ་ལ་སོགས་པ་གསུངས། དེ་ལྟར་ཨོ་རྒྱན་གྱི་ས་ཆ་ལ་ཟླ་བ་ལྔ་བཞུགས། དྷུ་མ་ཐ་ལ་རང་ལ་ནི་མང་པོ་ཡང་མ་བཞུགས་གསུངས། ཨོ་རྒྱན་གནས་མཆོག་དེ་ནས་སླར་བྱོན་ཚེ། །དུར་ཁྲོད་ཆེན་པོ་གཏུམ་དྲག་ཅེས་བྱའི་སྒོར། །ལྟས་ངན་འབྱུང་པོའི་གནོད་པ་ཕྱིར་བསལ་ནས། །ར་མེ་ཤྭ་རི་ཞེས་བྱའི་གནས་ཆེན་གཟིགས། །དེ་ནས་དཔལ་ཡེ་ན་རེ། ད་ནི་ཡིད་ཆེས་པས་རང་རེའི་བོད་ཡུལ་དུ་དེངས་ཟེར་བ་ལ།
རྗེ་གྲུབ་ཆེན་རིན་པོ་ཆེས། ས་ཐག་རིང་པོ་ནས་ལུས་སྲོག་ལ་མ་བསམ་པར་གནས་འདིར་བསྙེགས་བསྙེགས་རིན་ཡང་ཆོག་པར་བྱུང་བ་ཡིན། ད་ནི་རབ་ཏུ་ཐོབ་པ་འདི་རུ་འབོགས། དེ་ལྟ་མིན་ཡང་ལོ་ཙམ་ཅིས་ཀྱང་སྡོད་པ་ཡིན་གསུངས་པས། ཉིད་མི་འགྲོ་ན་ང་རྭ་ཛ་ཧུར་ཐུག་པ་སྐྱེལ་རོགས་གྱིས་ཟེར་ནས། རྭ་ཛ་ཧུར་ཐུག་སྐྱེལ་དུ་བྱོན་པས་གྲོགས་ཚོང་པ་རྣམས་ན་རེ། ཁྱེད་ཀྱི་གྲོགས་འདིས་སྐད་མི་ཤེས་པར་འདུག །བསོད་སྙོམས་ཀྱང་མི་ཤེས་པར་འདུག །ཁྱོད་མེད་ན་འཆི་བར་འདུག་ཟེར། དེར་ཐག་རིང་ནས་བླ་མ་ཞིག་གིས་བསྡུས་པའི་མཆེད་གྲོགས་གནས་ཆེན་ལ་འགྲོགས་ནས་འོངས་པ་ལ་ལམ་དུ་བར་ཆད་དུ་སོང་ན་སྙིང་རྗེ་ཞིང་། བདག་གིས་རིག་པ་བྱས་པར་ཡང་མི་འགྱུར་རོ་ཞེས་དགོངས་ནས་བྱོན། དེ་ནས་ཞག་གཉིས་ན་དབུར་ཞེས་བྱ་བར་ཕྱག་ཕེབས་ཏེ། དབུར་ཤ་ནས་ཚོང་པ་དང་འགྲོགས་ནས་བྱོན་པས། དུར་ཁྲོད་ཆེན་པོ་གཏུམ་དྲག་ཅེས་བྱ་བའི་སྒོར་བྱོན་ནས། ཚོང་པ་རྣམས་ལྟས་ངན་འབྱུང་པོའི་གནོད་པ་འོངས་པས་མི་རྣམས་འཆི་ཟེར་ཞིང་ཤིན་ཏུ་སྐྲག་ནས་འདུག་པ་ལ། རྗེ་གྲུབ་ཆེན་རིན་པོ་ཆེ་པས་ཁྱེད་རྣམས་མ་འཇིགས་ཤིག །ཁོ་བོས་འབྱུང་པོའི་གནོད་པ་ལས་བསྲུང་བར་བྱའོ་ཞེས་གསུངས་ཏེ། དབྱུག་པ་དང་བྱིན་རླབས་མཛད་ཀྱིན་བྱོན། གནས་དེ་ནས་ཞག་བདུན་ཤར་དུ་ལམ། །དུར་ཁྲོད་གཏུམ་དྲག་ལྷོ་ཡི་ཤར། །དབུར་ཤ་དཔལ་གྱི་རྒྱལ་ཁམས་ན། །འབྲུ་བདག་པོ་མེད་པ་སུ་དགའ་འཁྱེར། །རྒྱགས་ཆས་བྲེ་གང་ཡང་ཁྱེར་བ་མེད། །ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན། །ཞེས་གསུངས། དེ་ནས་ཞག་གསུམ་གྱིས་རྩི་ཀྲོ་ཊ་ཞེས་བྱ་བར་ཕྱག་ཕེབས། དེར་ཚོང་པ་དེ་པ་རྣམས་ཀྱི་ནང་ནས་རིགས་ངན་པ་མཚན་ཞིག་འཐབ་མོ་བྱས་ཏེ། གཉིས་བསད་གཅིག་རྨས་ནས་འདུག །དེར་རྗེ་གྲུབ་ཆེན་རིན་པོ་ཆེ་པས་གསང་བའི་བདག་པོའི་ཏིང་ངེ་འཛིན་གྱིས་བགེགས་ལ་ལྟ་སྟངས་མཛད་པས་འཐབ་མོ་དེ་འདུམས་པར་བྱུང་། གཟིགས་སྟངས་ཀྱིས་བགེགས་ཞི་བར་མཛད་པ་མ་ཡིན་ན། ཚོང་པ་རྣམས་ཕན་ཚུན་ཁ་ཟེར་བྱས། ཐམས་ཅད་གསོད་པར་འདུག་གསུངས།
དེ་ནས་ཉི་མ་གཅིག་གིས་ཡུལ་ཉི་ཤུ་རྩ་བཞིའི་གྱ་བ། ར་མེ་ཤྭ་རི་ཞེས་བྱ་བ་ན་རྡོ་རྗེ་ལུས་ལ་སྨིན་མའི་དབུས་ཡིན་ཏེ། གནས་དེར་ཕྱགས་ཕེབས་སོ། །གནས་དེ་ནས་ཞག་བཞི་ཤར་དུ་ལམ། །ར་མེ་ཤྭ་རི་སྨིན་མའི་གནས། །སྤྲང་ཁྱིམ་དུ་གསོས་ཤིང་ཆང་དུ་འཚོད། །ཟན་སྤགས་གཅིག་ཀྱང་ཁྱེར་བ་མེད། །ཕོ་ཞེན་ལོག་ཅན་འཚོགས་པའི་ཡང་རྩེ་ཡིན། །ཞེས་གསུངས།
ཨོ་རྒྱན་མཁའ་འགྲོའི་གླིང་གི་ལམ་ཡིག་ཐར་ལམ་བགྲོད་པའི་ཐེམ་སྐས།
༄༅། །ཨོ་རྒྱན་མཁའ་འགྲོའི་གླིང་གི་ལམ་ཡིག་ཐར་ལམ་བགྲོད་པའི་ཐེམ་སྐས་བཞུགས་སོ། །
ན་མོ་གུ་རུ་དྷརྨ་བ་ཏི་ཌཱ་ཀི་ནཱི་བྷྱཿ གྲུབ་དབང་མཆོག་རྣམས་དངོས་གྲུབ་ལེན་པའི་གནས། །མ་དང་མཁའ་འགྲོ་འདུ་བའི་སྐལ་མེད་རྣམས། །སྤ་བཀོང་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱིས། །མཆོད་པའི་ཡུལ་གྱུར་དེ་ལ་ཕྱག་འཚལ་ལོ། །དེ་ཡང་གསང་བ་བླ་ན་མེད་པའི་རྒྱུད་སྡེ་མཐའ་ཡས་པ་ནས། ནང་རྡོ་རྗེའི་ལུས་ལ་རྣ་བ་གཉིས་ཡོད་པའི་གཡས་པ་དང་སྦྱར་བ། འཕགས་ཡུལ་གྱི་དབུས་མ་ག་དྷཱ་རྡོ་རྗེའི་གདན་ནས་ནུབ་ཕྱོགས་སུ་དཔག་ཚད་ལྔ་བརྒྱ་འདས་པ་ན། རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་པ། དེ་བཞིན་གཤེགས་པ་དངོས་ཀྱི་གདུལ་བྱར་གྱུར་ཏེ། འཁོར་དང་བཅས་པ་གསང་ཆེན་གྱི་སྤྱོད་པ་བརྩམས་པས་སྙིགས་མའི་ལུས་སྤངས་ཏེ་འཇའ་ཚོན་གྱི་སྐུར་གྱུར།
དེ་ནས་དཔལ་གསང་བའི་བདག་པོས་རྒྱུད་སྡེ་རྣམས་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཞུན་མས་བྲིས་ཏེ་ཀླུ་རྣམས་ལ་གཏད། དེའི་དོན་ཉམས་སུ་བླངས་པས་ཀླུ་ཕལ་མོ་ཆེ་མཆོག་གི་དངོས་གྲུབ་ཐོབ། དེའི་བུ་དང་བུ་མོ་རྣམས་རྣལ་འབྱོར་པ་དང་མཁའ་འགྲོ་མར་གྱུར། དེ་ནས་དཔལ་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་དེང་སང་གི་བར་གྲགས་པ། ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ཆོས་ཀྱི་དཀོར་མཛོད། ཆོས་ཀྱི་རྒྱལ་པོ་མཚན་མཐུན་པ་དགུ་དང་། ཕྱག་ན་རྡོ་རྗེའི་སྤྲུལ་པ་དྲང་སྲོང་འགྲོ་བ་དབུགས་འབྱིན་དང་། གྲུབ་ཐོབ་ཆེན་པོ་ལ་ཝ་པ་སོགས་སྐྱེས་མཆོག་དུ་མ་དང་། ཁྱད་པར་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་པས་གསང་སྔགས་བླ་མེད་ཀྱི་སྤྱོད་པ་སྐྱོང་བ་ཐུན་མོང་གི་རྫུ་འཕྲུལ་དངོས་སུ་སྟོན་ནུས་པ་དེང་སང་གི་བར་དུ་ཡོད་པ། ས་མུ་དྲ་སིནྡྷུའི་ཚུ་རོལ། རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཉམས་དང་རྟོགས་པ་གོང་དུ་སྤེལ་བའི་ས། སོ་སོའི་སྐྱེ་བོ་ཕལ་བ་དག་ཀྱང་ཚེ་འདིའི་ཀུན་རྟོག་རགས་པ་འགགས་ཏེ། མི་རྟོག་པ་རྒྱུད་ལ་བསྐྱེད་ནུས་པ། དེང་སང་རྒྱ་གར་བ་རྣམས་ཀྱི་འཕྲལ་སྐད་དུ་ཀཱ་མ་ལ་པིར་ཞེས་འབོད་པའི་བཤུལ་ལམ། རིམ་པར་བགྲོད་པའི་ཚུལ་ཅུང་ཟད་ཅིག་གླེང་ན། སྤྱིར་འཛམ་བུ་གླིང་གི་ཆུ་བོ་བཞི་འབབ་ཀྱི་ལྟེ་བ་ཕལ་གྱི་གངས་ཏི་སེ་ཞེས་འབོད་ཅིང་། ཏི་སེ་ནས་གངྒཱ་ལྷོ་ནུབ་ཏུ་འབབ། མྱང་པོ་རི་རྫོང་ནས་ཉི་མ་གཅིག་གིས་པྲེ་ཏ་པུ་རིར་སླེབ། དེ་ནས་ཞང་ཞུང་གི་ཡུལ་གུ་གེ་ཁྱུང་ལུང་དུ་སླེབ། གུ་གེ་བརྒྱུད་ཏེ་ཕྱིན་པས་ཞག་ལྔ་ལ་ཤ་རཾ་ལ་རྩར་སླེབ། ལ་ཐོན་ནས་ཁུ་ནུ་རང་གི་མགོ །དེ་ནས་རྣམ་རྒྱལ༈པུ༈ཤ༈ དེ་ནས་ཉིན་གཉིས་ནས་སྭ་རར། ཁྱགས་སུ། དེ་ནས་ཉིན་ལྔ་ལ་སུ་གེ་ཐང་དུ་སླེབ། དེ་ནས་ཞག་གསུམ་ལ་ཛྭ་ལ་མུ་ཁེར་སླེབ། དེ་ན་ཡོད་པའི་རྡོ་ལ་མེ་འབར་དང་། ཆུ་ལ་མེ་འབར་གཉིས་ལ་ཀླུ་སྒྲུབ་ཀྱིས་སྦྱིན་སྲེག་མཛད།
དེའི་ཉེ་ལོགས་ན་ཀླུ་སྒྲུབ་ཀྱི་སྒྲུབ་ཁང་ཕ་བོང་དྲོད་པ་འདྲ་བ་ཞིག་འདུག །དེ་ནས་ཉིན་གཅིག་ལ་ཡུལ་ཉི་ཤུ་རྩ་བཞིའི་ཡབ་ཛཱ་ལནྡྷ་ར་ཞེས་པ་རྒྱ་གར་བ་ཀུན་ཀངྐ་ར་གོ་ཊ་ཞེས་འབོད། བོད་པ་རྣམས་ན་གར་གོ་ཊ་ཞེས་པ་ཡུལ་དེའི་ཤར་ངོས་ན་ལྷ་ཁང་མཆོད་རྟེན་གྱི་བཟོ་འདྲ་བ་དེའི་ནང་ན་མ་ཧཱ་དུར་ཁ་ཞེས་རྡོའི་རྟེན་རྨོག་འདྲ་བ་ཞིག་འདུག །དེ་ལ་རྡོ་རྗེ་ཕག་མོ་གནས་ཀྱི་ཡོད་ཟེར། དྲོད་མ་ཡལ་བར་འདུག །ལྷ་ཁང་དེའི་ཕྱོགས་བཞིར་ལས་བཞིའི་ཐབ་ཁུང་དང་། བྱང་ངོས་སུ་དམར་མཆོད་ཀྱང་བྱེད། ཤར་དུ་མི་རྣམས་ལྕེ་བཅད་ནས་ཞག་གསུམ་དེ་ཀར་འདུག་པས་སོས་ཤིང་ངག་མི་བདེ་བ་རྣམས་ལ་ཤིན་ཏུ་ཕན་པ་ཞིག་གདའ། དེར་ནུབ་གཅིག་རྨི་ལམ་དུ། རྒྱ་དར་དམར་པོའི་གུར་ཁང་གི་ནང་དུ་བཅོམ་ལྡན་འདས་མ་སྣང་ལ་རང་བཞིན་མེད་པ་ཞིག་བཞུགས་འདུག་པར། བདག་ཊི་ལ་ངང་ཁ་ཆེར་འགྲོ་བ་ལ་བར་ཆད་མེད་པར་ཨེ་ཕྱིན། ལུང་བསྟན་དབུགས་དབྱུང་གནང་དུ་གསོལ་ཞུས་པས། རྒྱ་དར་བཀྲ་ཤིས་ཁ་བཏགས་ཤིག་གནང་ནས་བར་ཆད་མེད་དོ་གསུངས།
ཡུལ་དེའི་ལྷོ་ན་ལངྒུ་ར་ཞེས་བྱ་བ་དུར་ཁྲོད་བརྒྱད་ཀྱི་ནང་ཚན་ཤིང་བརྒྱད་ཀྱི་ཡབ་ཡིན་ཟེར། གེ་སར་གྱི་སྡོང་པོ་ཡོད་པ་དེ་ལའང་དམར་མཆོད་བྱེད་ཅིང་། དེའི་ཉེ་ལོགས་ན་ཕུག་པ་ཆེན་པོ་རྒྱལ་བ་རྒོད་ཚང་པའི་སྒྲུབ་ཕུག་དེ་ལ་བོད་རྣམས་སྡོད་ཅིང་། ཟླ་བ་དང་པོ་ལ་ཆོ་འཕྲུལ་གྱི་དུས་ཆེན་རྒྱ་གར་བའི་ནང་པ་ཐམས་ཅད་ཟླ་བ་རེར་ཚུལ་དུས་མཆོད་ཞིབ་ར་ཟེར་གཏོང་གི་འདུག །གནམ་གང་གི་ཉིན་གྲོལ་སྟོན་རྒྱལ་པོའི་ཕོ་བྲང་ནང་དུ་ཛོ་ཀི་རྣམས་དང་། སེ་ཉ་སི་དང་། བོད་པ་ཐམས་ཅད་ཁྱད་མེད་དུ་མཆོད་པ་གཏོང་གིན་འདུག །དུར་ཁྲོད་དེའི་ཆུ་གཉིས་ཀྱི་བར་ན་ཕ་བོང་ཐོད་པ་འདྲ་བ་ཞིག་ལ་རྣལ་འབྱོར་མའི་སྐུ་ཤིན་ཏུ་གསལ་བ་འདུག །ཚོགས་བདག་གླང་སྣ་རང་བྱོན་ཡོད་ཟེར་བ་མི་རྣམས་ལ་བཤད་རྒྱུ་མི་འདུག་ཅིང་མ་རྙེད། ཡུལ་དེའི་བྱང་ངོས་ཀྱི་རི་དེའུ་ཆེ་བ་ཞིག་འདུག་པ་དེ་ཁ་ནུ་མ་ཨོ་ཏྲེ་ཡིན་ཟེར། ལར་ཀངྐ་ར་ཀོ་ཊའི་ཡུལ་དེ་ཤིན་ཏུ་ཉམས་དགའ་བ། ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་དགེ་སེམས་ཆེ་བ། སྐྱེས་ཕོ་མོ་ཐམས་ཅད་ལྟ་ན་སྡུག་པ། རྒྱལ་པོ་དེ་ནང་བ་ཡིན་པས་སེ་ཉ་སི་དང་། ཛོ་ཀི་གཉིས་ཀའི་སྡེ་ཡོད། རྒྱལ་རིགས་དེ་ལ་འཁོར་ལོ་སྡོམ་པའི་སྤྲུལ་བ་རེ་འབྱུང་ཟེར། ཀངྐ་ར་ཀོ་ཊ་ནས་ཉིན་གཅིག་ནུབ་ཏུ་ཕྱིན་པས། ནུ་རུ་ཕུ༈ཤྲཱི་ན་ག་ར༈པ་ཋནྣ། ནོ་ས་ར། ཀ་ཋུ་ཧ་ར། པ་རུ་རྡ༈པ་ཋན་མུ་སུར། ས་ཀི་རི། ས་ལོོ༈བྷེ་ཚར་བྷུ་ར། ས་ལ་གཽ་ཋུ། སོ་ཊ་ཀོ་ཊ། གྷ་ཙོ་ར་ཀ་ནས་ཉིན་གཉིས་ལ་བ་ལ་ན་གར་ཊི་ལར་སླེབ། དེ་ན་ཛོ་ཀིའི་སྡེ་ཡོད། བླ་མ་དེ་ཛིནྟ་པིར་ཟེར་བའི་ཕྱིས་འབྱུང་གི་གྲུབ་ཐོབ་རྩོད་མེད་དེའི་སྐུའི་སྐྱེ་བ་བྷཱ་ནཱ་ཐ་ཟེར་བ་གཞོན་ནུ་ཞིག་འདུག །གཞན་སྟག་ལེ་ནཱ་ཐ་ཟེར་བའི་གྲུབ་ཐོབ་ཅིག་འདུག །རི་དེའི་ལྷོ་ངོས་ཀྱི་བྲག་ལ་ཨོ་རྒྱན་གྱི་སྐུ་རང་བྱོན་ཤིན་ཏུ་གསལ་བ་ཞིག་འདུག །ཛཱ་པིར་དང་ཛིནྟ་པིར་གཉིས་ཀྱིས་སཱ་འཛུལ་ལ་བྱོན་པའི་ཤུལ་དེ་ན་འདུག །དེ་ནས་ཁ་ཆེ་ལ་ཕྱིན། ཁ་ཆེའི་ཡུལ་དེ་ཡང་ལུང་པ་ཤར་ནུབ་ཏུ་རིང་བ། ཟས་གོས་ལ་སོགས་པ་མོད་པ། གནས་ཀྱང་ནུབ་ཕྱོགས་ཀྱི་ཆུ་གཉིས་ཀྱི་བར་ན་སྨིན་མ་རྭ་མེ་ཤྭ་ར། དེའི་ཤར་ཕྱོགས་ན་མཚོ་ཆེན་པོ་ཞིག་གི་དཀྱིལ་ན། མང་པུ་རེ་ཟེར་བའི་མཆོད་རྟེན་གཅིག་འདུག །དེ་ཀ་དགྲ་བཅོམ་པ་ཉི་མ་གུང་པས་སྐྱིལ་ཀྲུང་བྱས་པས་ཀླུ་རྣམས་ཀྱིས་རྫི་ཆར་དྲག་པོ་ཕབ་པས། ཆོས་གོས་ཀྱི་སྣེ་བངས་པ་ཙམ་ཡང་མ་བྱུང་། སླར་མདའ་རྡོའི་མཚོན་འཕངས་པའི་ཤུལ་དུ་མེ་ཏོག་ལ་སོགས་པ་སྐྱེས་པས་ངོ་མཚར་དུ་གྱུར་ནས་བཀའ་ཅི་སྩོལ་ཞུས་པས། ངས་སྐྱིལ་ཀྲུང་གིས་མནན་པའི་ས་འདི་སྟེར་དགོས་གསུངས་པས། མཚོ་རྣམས་སྐམས་ནས་ཡུལ་ཆགས་པའི་ཡུལ་གྲུ་གཅིག་ལ་གྲོང་ཁྱེར་འབུམ་ཚོ་སོ་དྲུག་ཡོད་ཟེར། དེ་ན་རྗེ་བཙུན་ནཱ་རོ་བའི་ཀུན་དགའ་ར་བ་ཁ་ཆེ་ཁྲི་སྟན་ཡོད་ཟེར། དེའི་མཚོ་དེ་ཕྱིས་རྒྱས་པས་ཡུལ་དེའང་ཤར་ངོས་སུ་སྤོས། དེ་ལ་ཁ་ཆེ་ན་གར་དུ་གྲགས་པའི་ཡུལ་གྲུ་ཆེན་པོ་ཞིག་འདུག །ན་འོས་དྲུང་ན་བྷ་རོ་མ་ཙི་ཟེར་བ་ཕྱི་པའི་ལྷ་ཁང་ཀ་བ་བཞི་བརྒྱ་ཡོད་པ་ཞིག་འདུག །པ་ལྷར་སྒང་ན་ཁྲོན་པའི་ནང་དུ་སྒྲོལ་མའི་སྐུ་འཆར་བ་ཞིག་འདུག །དེའི་དུས་ཚོགས་ཀྱི་འཁོར་ལོ་བསྐོར། དྲན་པ་བཟང་པོ་ན་རེ། བླ་མས་ལུང་བསྟན་པའི་གནས་སུ་སླེབ། ད་དངོས་གྲུབ་ཇི་ལྟར་ཞུ་ཟེར་བས་གླུ་འདི་བླངས་སོ། །རྩ་བ་ནི་འོག་ཕྱོགས་ཀླུ་ཡུལ་ལ་ཐུག་པ། །རྩེ་མོ་ནི་དགའ་ལྡན་ལྷ་ཡུལ་ལ་སླེབ་སྣང་ངོ་། །དཔག་བསམ་ཤིང་ལ་དགོས་འདོད་འབྱུང་ཟེར་དང་པོ་ནས་ཐོས་ཟིན། །ཞུ་བ་ཞིག་ཡོད་དོ་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་ཞུ་བ་ཡིན་འབོལ་མོ་ཤོག་ཤོག །རྩ་བ་ནི་རྡོ་རྗེ་འཆང་ཆེན་ལ་ཐུག་པ། །རྩེ་མོ་ནི་དྲིན་ཅན་བླ་མ་ལ་སླེབ་སྣང་ངོ་། །བཀའ་བརྒྱུད་བླ་མ་ལ་རྟོགས་པ་དོན་གྱི་ཟབ་ཁྱད་ཡོད་ཟེར་དང་པོ་ནས་ཐོས་ཟིན། །ཞི་བ་ཞིག་ཡོད་དོ་བྱིན་རླབས་འཕོ་བའི་དབང་བསྐུར་ཞུ་བ་ཡིན་འབོལ་མོ་ཤོག་ཤོག །རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཉིད་ལ་ཐུག་པ། །རྩེ་མོ་ནི་རང་བཞིན་ཡོངས་ཤེས་ལ་སླེབ་སྣང་ངོ་། །རང་སེམས་རྟོགས་ན་སངས་རྒྱས་ཡིན་ཟེར་དང་པོ་ནས་ཐོས་ཟིན། །ཞུ་བ་ཞིག་ཡོད་དོ་ཚེ་གཅིག་མཆོག་གི་དངོས་གྲུབ་ཞུ་བ་ཡིན་འབོལ་མོ་ཤོག་ཤོག །ཅེས་སོ། །དེའི་ཤར་ཕྱོགས་ན་སྟག་སི་ལི་མ་ཟེར་བའི་རི་ཞིག་འདུག་པ། རི་བོ་གྲུ་འཛིན་ཡིན་ཟེར། དེ་ནས་ཉིན་གཅིག་གིས་པུཥྤ་ཧ་རིར་སླེབ། དེར་ཞག་བདུན་བསྡད། ན་མོ་གུ་རུ། ཕ་དྲིན་ཅན་བླ་མའི་ཞབས་ལ་འདུད། །ས་བོད་ཡུལ་གཙང་གི་རས་པ་ང་། །དཔལ་མེ་ཏོག་མདངས་འཕྲོག་གི་གནས་སུ་སླེབ། །སེམས་དགའ་དྲག་མ་བཟོད་གླུ་འདི་ཐལ། །སྨན་གུར་ཀུམ་གྱི་མེ་ཏོག་དྲི་བསུང་ལྡན། །བུང་བ་རྐང་དྲུག་གི་གཤོག་རྩལ་རྣ་བར་སྙན། །གཙང་ཆབ་སྔོན་མོའི་མཎྜལ་ཡིད་གར་འོང་། །ཤིང་ལྗོན་པའི་བསིལ་སྐྱོབ་དྭངས་ཉམས་ཆེ། །དངོས་གྲུབ་ཀྱི་བདུད་རྩི་སྐོམ་དུ་བརྟེན། །ཨེ་མ་ཧོ་སྐལ་བ་བཟང་ངོ་སྙམ། །འདི་བསམ་གྱིན་དུ་བཀའ་བརྒྱད་ཀྱི་རྣམ་ཐར་དྲན། །ཕ་སྐད་གཉིས་སྨྲ་བའི་ལོ་ཙཱ་བས། །རྒྱ་གར་ཡུལ་དུ་ལན་གསུམ་བྱོན། །སྤྲུལ་སྐུ་ནཱ་རོ་པཎ་ཆེན་ལ། །བཀའ་རྒྱ་མཚོ་ལྟར་ཟབ་སྙིང་པོའི་དོན། །གསེར་ཞུན་མ་ལྟ་བུའི་གདམས་ངག་ཞུས། །བཀའ་བབས་ལུང་བསྟན་མངའ་གསོལ་མཛད། །གངས་ཅན་འགྲོ་བའི་དོན་ལ་བྱོན། །བཤད་སྒྲུབ་ཀྱི་བསྟན་པ་ཉིན་མོར་མཛད། །གྲུབ་ཐོབ་ཀྱི་གཏེར་ཁ་གྲངས་མེད་ཕྱེས། །མཁའ་སྤྱོད་ཀྱི་གནས་ཀྱང་འདི་བས་བྲེལ། །དུས་ད་ལྟ་ནཱ་རོའི་བརྒྱུད་འཛིན་བཟང་། །ལམ་མོས་གུས་ཀྱིས་ཆོག་པའི་གནད་ཀ་ལ། །བྱིན་རླབས་ཀྱི་དབང་བཞི་སེམས་ལ་ཐོབ། །འདི་རྟོགས་པ་དོན་བརྒྱུད་ཀྱི་ཁྱད་ཆོས་ཡིན། །མི་གཞན་ལ་བརྗོད་ན་རྫུན་པའི་གཏམ། །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བ། །ལམ་སྲིད་པའི་སྡུག་བསྔལ་ཁྱད་དུ་བསད། །ལུས་བྲན་དུ་བཀོལ་ཞིང་དཀའ་བ་སྤངས། །རྐྱེན་བཟང་ངན་གྱི་སྟེང་དུ་རང་བབས་བཞག །ད་ཆོས་ཉིད་དུ་གྲོལ་རྒྱུ་མ་རྙེད་པས། །ལམ་བསྒྱུར་ཁའི་སྤང་བློ་ག་ལ་དགོས། །མི་གཞན་ལ་བཤད་ན་རྫུན་པའི་གཏམ། །ཞེས་དང་། ཕྱོགས་ལས་རྣམ་རྒྱལ་མདའ་བའི་དངོས་གྲུབ་དང་། །བདུད་སྡེའི་གཡུལ་ལས་རྒྱལ་བའི་མཐུ་སྟོབས་ཀྱིས། །འགྲོ་ཀུན་ཕན་བདེའི་ལམ་ལ་བཀོད་བྱས་ནས། །དཔལ་ལྡན་བླ་མའི་ལུང་བསྟན་འགྲུབ་པར་ཤོག །ཅེས་སྨྲས་སོ། །
དེ་དུས་མཆེད་གྲོགས་གསུམ་ཡོད་པས་ཚད་པས་ཆེར་ན། བོད་ལ་ལོགས་འགྲོ་རོགས་གྱིས་ཟེར་ཚུར་ལོག་འོངས། ཁོང་གསུམ་གྱིས་ཀསྨི་ར་ཟེར་བའི་ཡུལ་དུ་བསྡད། དེ་ནཱ་རོ་པའི་འཁྲུངས་ཡུལ་ཡིན། ངས་སེནྟ་བྲག་རི་ཟེར་བའི་དུས་ཀྱི་ཆུ་ས་ག་ཟླ་བའི་བཅོ་ལྔ་ལ་བབས་ནས་སྣྲོན་ཟླ་བའི་བཅོ་ལྔ་ཚུན་ལ་འབབ་པ་ཞིག་འདུག །དེ་ཡུལ་ཉི་ཤུ་རྩ་བཞིའི་སོར་མོ་ཡིན་ཟེར། གནས་དེ་ནང་པས་ད་ལྟའང་འཛིན། དེ་ནས་ཁོང་གསུམ་གྱི་རྩར་ལོག་པས་བོད་ལ་འགྲོ་ཟེར་མ་ཉན། རང་ཉིད་ཀྱང་ཅུང་ཟད་མ་བདེ་བས་ནད་ཀྱང་དགེ་སྦྱོར་གྱི་དྲོད་ཚད་ཉུལ་བར་གོ །ཆོས་ཤན་རྐྱེན་གྱིས་འབྱེད་པས་རྐྱེན་ཐོག་ཏུ་བློས་བཏང་། བདག་འཛིན་ཡུལ་མེད་དུ་སོང་། བག་ལ་ཉལ་ཐམས་ཅད་ཐེར་ལ་ཐོན། མཉམ་རྗེས་གཉིས་ཇེ་བརྟན་སོང་། རིག་པ་ཤུབས་ནས་ཐོན་པས་ནད་ཀྱང་བདེ་བར་ཤར་བ་ཞིག་བྱུང་། བླ་མ་སངས་རྒྱས་དངོས་སུ་མཐོང་བས་རོ་སྙོམས་ཀྱི་གདམས་ངག་ལ་ཡིད་ཆེས། ལར་སེམས་ཅན་ཐམས་ཅད་རང་རང་གི་ལས་ལ་སྤྱོད་ཅིང་སྡུག་བསྔལ་རང་གར་མྱོང་བ་འདི་སྙིང་རྗེ་སྙམ་ངེས་འབྱུང་དྲག་པོ་སྐྱེས། ལྷག་པར་ཀླ་ཀློའི་ཆོས་ལུགས་དར་བས། འབད་པས་བསྒྲུབས་ཀྱང་བྱང་ཆུབ་ཐོབ་པར་མ་གསུངས་པས། འདི་ཀུན་ཀྱང་ལམ་ལོག་པ་ལས་སླར་ལོག་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས། རྗེ་བཙུན་ངག་དབང་བཟང་པོའི་འཁོར་དུ་སྐྱེ་བར་གྱུར་ཅིག །བདག་གིས་དཔལ་ལྡན་བླ་མའི་བཀའ་བསྒྲུབས་ཤིང་། རི་ཁྲོད་པའི་མཐའ་རྒྱལ་ཁམས་ཀྱི་གནས་ཆེན་རྣམས་སུ་དྲོད་ཚད་མྱུལ་བའི་སྣང་མི་སྣང་ཀུན་བྱང་ཆུབ་ཀྱི་ལམ་ལ་འགོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ། དེ་ནས་ཚུར་འོངས་ཝ་རན་དུ་སླེབ། དེར་ཁོང་རྣམས་ཆེར་ན། མ་ཌེ་ལ་འགྲོ་དགོས་ཟེར་ཕྱིན་པས་གཅིག་ལམ་དུ་ཤི །མ་ཌེར་སླེབ་ནས་ཞག་གཉིས་ནས་གྲགས་པ་རྒྱ་མཚོ་ཤི །དེར་དྲན་པ་བཟང་པོ་ན་རེ། ང་བོད་དུ་སླེབས་ནས་ཤི་ན་བསམ་པ་འདུག །ལ་ལ་ཕྱིན་ན་ཉེ་ཟེར་འདུག་པས་འགྲོ་རོགས་གྱིས་ཟེར། ངས་ལ་ལ་ས་སྟོང་དང་ཁ་བ་ཆེན་པོ་ཡོད་ཟེར་འདུག་པས་ཕྱིན་ཤན་འདྲ་བྱུང་ན་ཤི་གསོན་ཕྱེད་ཕྱེད་འདི་རུ་སྡོད། མི་སྡོད་ན་རོང་ལ་ཕྱིན་ནས་ཆ་ཡང་དྲོ། ཟས་ཀྱང་སློང་རུང་ཕྱིན་པས་ཆོག །རོང་ལ་འགྲོ་བྱས་ཀྱང་མ་ཉན་པར་ལ་རིང་ལ་འགྲོ་དགོས་ཟེར། དེ་ལ་གླུ་འདི་བླངས། བྱ་ཆེན་འགྱུར་སྐད་མང་བ་རྣ་བར་སྙན་པ་ཙམ་བྱུང་སྟེ། །རྒྱ་ཡུལ་ཚད་པ་ཚ་བས་སྒྱིད་པ་སྐྱུར་པ་ལས་མི་འདུག །མཆོད་པ་ཁེ་ཏྲས་ལ་འབུལ་བ་དགེ་བ་ལྟར་སྣང་ཙམ་ཡིན་འདུག །ཐར་བའི་ལམ་སྟོན་ནི་མི་སྣང་སྒྱིད་པ་སྐྱུར་བ་ལས་མི་འདུག །མཆེད་གྲོགས་ལྷན་ཅིག་ཏུ་འགྲོ་བ་བློ་བག་དྲོ་བ་ཙམ་སྣང་སྟེ། །ཕན་གཏམ་བཤད་པ་ལ་མི་ཉན་སྒྱིད་པ་སྐྱུར་བ་ལས་མི་འདུག །ཅེས་སོ། །དེར་ངེད་གཉིས་ཀྱིས་ཞག་གསུམ་འོངས། གངས་ལ་ཞིག་བརྒལ། ང་དེའི་ནུབ་ལ་རྩེར་བསྡད། མཆེད་གྲོགས་སླེབ་མ་བྱུང་། སང་ཉིན་སླར་ལོག །ཁོ་ཤི་བ་ཡིན་ནམ་འགྲོ་མ་ཐུབ་པ་ཡིན་ལྟར་ཕྱིན་པས། ལའི་སྐེད་སྨད་ཙམ་དུ་འཕྲད་བྱུང་། དེའི་ཉིན་ཁ་བ་ཆེན་པོ་རང་ཞིག་བབས། འགྲོ་མ་ཐུབ། སང་ཉི་མ་སྔ་ཕྱེད་ཙམ་ལ་ཁོ་བོས་འགྲོ་ཨེ་ཐུབ་ན་ཟེར། ངས་འགྲོ་ཐུབ་པའི་རེ་བ་ཟད། ཚེ་འདིའི་ཆགས་སྡང་གི་འཁྲི་བ་ཆོད་ལ་བླ་མ་ལ་མོས་གུས་དྲག་པོ་བསྐྱེད། བར་དོའི་གདམས་ངག་དྲན་པར་བྱའོ་སྙམ་པའི་མདུན་པ་ཐོང་། ཉམས་ལེན་ཐིམ་རིམ་གང་བྱུང་གི་སྟེང་དུ་སེམས་མ་བཅོས་པར་ཀློད་ནས་བཞག་པས་ཐིམ་རིམ་སྟོང་པར་འཆར།
བཞི་པ་འོད་གསལ་ཆེན་པོ་སྟོན་གནམ་གཡའ་དག་པ་ལྟ་བུ་ཤར་བ་འོད་གསལ་བ་དེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་བཞིན། ངོ་ཤེས་པས་ཆོས་སྐུར་འཚང་རྒྱ་བར་གསུངས་འདུག །གལ་ཏེ་དེར་ལམ་མ་ཆོད་ན་བར་དོ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་དགོས་བས། སྣང་བ་གསུམ་གྱིས་རྒྱུ་བྱས་ནས་བར་དོའི་ཡིད་ལུས་དབང་པོ་ཀུན་ཚང་ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་པ། དེ་དུས་བར་དོ་ལ་བར་དོ་ཡིན་པར་ངོ་ཤེས་པས་སྒྱུ་ལུས་དང་འོད་གསལ་ཟུང་འཇུག་གིས་ཡང་དང་ཡང་དུ་འོད་གསལ་དུ་སྦྱངས་པས་ལོངས་སྐུར་འཚང་རྒྱ། དེར་ལམ་མ་ཆོད་ན་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་དུ་ཕྱིན་པས་མངལ་དུ་ཚུད། དེར་ལམ་ངན་པ་བཀག །བཟང་པོ་འཚོལ་བའི་འདམ་ཁ་ཡོད་པས་མངོན་དགའི་འཕོ་བ་ལ་སོགས་པ་ཡང་བྱ། བསམ་བཞིན་དུ་སྐྱེ་བ་ལེན་པས་དེ་ལྟར་ཡིད་ལ་བཞག་བྱས། ལར་མཆི་མ་ཞིག་ཕྱུང་ནས་ཁྱོད་ཤེས་སོགས་འདི་བྱས་སོགས་གང་དྲག་བྱ་རོགས་གྱིས་ཟེར་ནས་དབུགས་ཆད་སོང་། དེར་རྗེ་མཚན་ལྡན་བླ་མ་རིན་པོ་ཆེ། །སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ། །སྒོས་སྒྱུ་ལུས་གཡར་པོ་འཇིག་པའི་དུས། །ལམ་བར་དོ་གསུམ་གྱི་གདམས་ངག་དགོས། །ནང་འབྱུང་བ་རིམ་གྱིས་བསྡུ་བའི་སྐབས། །སྣང་མཆེད་པ་ཐོབ་པའི་རྟགས་སྣང་འཆར། །གཤིས་མ་བཅོས་རང་ངོ་ཤེས་བཞིན་དུ། །ཐིམ་རིམ་གྱི་སྟེང་དུ་རང་བབས་ཞོག །གཡའ་དག་གི་སྟོན་གནམ་ཇི་བཞིན་འབྱུང་། །དུས་དེར་ཅིག་ཅར་དུ་རྩལ་རྫོགས་སོ། །གོམས་པའི་སྟོབས་ཀྱིས་གྲོལ་བ་ཟེར། །དེ་མིན་གོམས་པ་ཅུང་ཞན་ན། །དཔུང་དེད་དཔོན་གསུམ་དང་མ་འཕྲད་ན། །བར་ཆད་བདུད་ཀྱི་ཕྱག་བརྙན་ཡོད། །གཟུར་མེད་ཀྱི་འཕྲང་ལ་སྒུག་ཅིང་འདུག །དབང་པོ་ཀུན་ཚང་རྫུ་འཕྲུལ་ལྡན། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །རྗེས་གཞིག་རིལ་འཛིན་གྱིས་ཡང་ཡང་སྦྱང་། །དེ་བར་དོ་མི་འཁྲུལ་པའི་གདམས་ངག་ཡིན། །དུས་དེ་ལས་འགྱང་ན་ལུགས་ལྡོག་གི །སྣང་བ་གསུམ་གྱི་ཉེར་ལེན་བྱས། །རང་དབང་མེད་པའི་སྐྱེ་གནས་འཚོལ། །མངལ་སྒོ་འདམ་པའི་སྦྱོར་བ་བྱ། །མངོན་དགའི་འཕོ་བ་ཞེས་བྱའོ། །ཞེས་སོ། །དེ་ནས་ཁ་བ་དང་ལ་ཞག་བཅོ་ལྔ་འོངས། བོད་ཟངས་དཀར་དུ་སླེབ། ལུས་གསོ་བ་དང་བསྟུན་པའི་མཚམས་ཤིག་བྱ་བསམ་ཡོད་པས། སྒྲུབ་ཆེན་བདེ་བ་རྒྱ་མཚོས། ངའི་དགོན་གནས་འདི་ས་རྩུབ་མོ་རང་ཞིག་ཡིན་པས། འདིར་ཕན་ཐོགས་པ་འདུག་པས་འདི་རང་དུ་མཚམས་གྱིས་ཟེར་བས་དེར་བསྡད། དེ་རྟིང་ན་རོ་པའི་སྒྲུབ་ཕུག་རྫོང་ཀུ་ལ་ཟེར་བ་དེ་ལ་ཟླ་བ་གཉིས་ཙམ་བསྡད། ན་གར་ཀོ་ཊ་ནས་སོང་བའི་མཆེད་གྲོགས་རྣམས་སླེབ། གར་ཤ་མཁའ་འགྲོའི་གནས་མཇལ་བ་དང་། དབྱར་ཆོས་གསུང་བ་ལ་ཅིས་ཀྱང་འོང་དགོས་ཚུལ་ནན་ཆེ་བས་དེ་དང་སྟབས་བསྟུན་གྱིས་འབར་གདན་དུ་ཕྱིན། སྒྲུབ་ཆེན་བདེ་བ་རྒྱ་མཚོ་དཔོན་སློབ་རྣམས་ལ་ཆོས་དབང་སོགས་ཕུལ། འགྲོ་སྐབས་ཁོང་དཔོན་སློབ་ཚོས་སྐྱེལ་ཐུང་མཛད་དེ་དུས་ཀོང་བྲོའི་ཚུལ་དུ། བཀའ་དྲིན་འཁོར་མེད་ཀྱི་རྗེ་བཙུན་སོགས་བརྩམས། དེ་ནས་གར་ཤ་སྟེང་དུ་རྒྱལ་པོ་ཚེ་རིང་དཔལ་ལྡེས་ཞབས་ཏོག་ཟླ་བ་གསུམ་ཙམ་མཛད། ཆོས་དབང་སུར་བར་བྱུང་། དེ་སྟེང་ཁང་གསར་དུ་ནུ་མོ་བསོད་ནམས་ཡུམ་སྲས་ཀྱིས་བསྙེན་བཀུར་བཏེག །ཕྱག་ཆེན་ཆོས་དྲུག་རོ་སྙོམས་རྟེན་འབྲེལ་ལམ་ཟབ། མར་མི་དྭགས་གསུམ་གྱི་བཀའ་འབུམ། ཆོས་འབྱུང་། མ་ཎི་བཀའ་འབུམ་ལ་སོགས་པ་ལུང་ཁྲིད་སྨར་བར་བྱུང་། ནུ་མོ་བསོད་ནམས་རང་ཆོས་མཛད། ངེད་རྣམས་ཀྱིས་རི་བོ་གནྡྷ་ལ། གུ་ས་ཏ༈མཎྜལ༈རོ་ཕག༈མཐེ་བོང་མ་རུ་སོགས་ངེས་མེད་ཀྱི་རི་ཁྲོད་བསྟེན། དགུན་དེ་གཡུར་རྫོང་དུ་ཟླ་བ་དྲུག་མཚམས་ལ་བསྡད། སོས་བཀྲ་ཤིས་ཤུག་ལུང་དུ་དད་འདུས་མང་པོ་ལ་ཁྲིད་ཆོས་བཤད། དེ་ནས་རང་ཡོར་རྒྱལ་པོ་ཚེ་རིང་དཔལ་ལྡེས་བོས། དེ་སྐབས་དར་རྩེར་ཟླ་བ་གཉིས་ཙམ་བསྡད། ཡོངས་དྲིལ་གར་ཤར་ལོ་གཅིག་སོང་། གྲོགས་གཞན་རྣམས་དེ་ཀར་བཞག །རྗེ་དེ་ཉིད་ཀྱི་གྲྭ་བ་གཅིག་ཡོད་པས་ང་ཡང་འགྲོ་ཟེར་ནས་མ་ཉན། ངེད་གཉིས་སེ་ཆད་རྡོ་བཟུང་། ཁྱེད་ཅིས་ཀྱང་འགྲོ་ན། ལམ་ལ་ན་ཚ་བྱུང་ན་ད་ལྟའི་འདི་འདྲ་མི་ཡོང་། དང་པོ་ཅི་ཡོང་བ་ཤོག་ཟེར་རྐྱེན་ཐེག་རྒྱུ་བ་བྱེད། རྟིང་མ་ཅི་བྱེད་མཚང་བརླག་བྱེད་པ་རང་མང་བ་ཡོང་གི་འདུག །ན་ནིང་ཁོང་གྲོགས་མཆེད་གསུམ་ནད་རྐྱེན་བྱུང་ཚེ་ཅི་དྲག་ལ་ཐུག་བྱུང་། རང་རེ་གཉིས་ད་ལྟ་ནས་ཆད་བཟུང་བ་དགའ། ཁྱེད་ན་ན་ངས་ནད་གཡོག་བྱས་བསྡད་ན། ང་བླ་མའི་བཀའ་བཅག་པར་འགྲོ་བར་འདུག་པས། ཁྱེད་རང་གང་ན་སར་བཞག་དགོས་ཡོང་བས་བསམ་བློ་ཐོང་བྱས་པས། ང་གང་སླེབ་སླེབ་འགྲོ། ནམ་འགྲོ་མ་ཐུབ་པ་དང་བཞག་ཆོག་ཟེར། དར་རྩེ་ནས་ཁང་གསར་སྐྱེ་ནས་གུས་མཎྜལ་ན་པུས་མོ་ཀུལླུ་ཏ་ཡོད།
དེ་ནས་ཉིན་གཉིས་ནས་ར་ཕག་ཏུ་སླེབ། དེ་ན་སྤྱན་རས་གཟིགས་འགྲོ་བ་དྲུག་སྒྲོལ་ཡེ་ཤེས་པ་བཞུགས་ངེས་པའི་ཀ་མ་རུའི་རྡོ་སྐུ་ཞིག་ཡོད། དེ་ནས་ཉིན་གཅིག་གིས་མཐེ་བོང་མ་རུར། དེ་ནས་ཉིན་གཅིག་གིས་པ་ཏ་ན། དེ་ནས་ཀོ་ཊ་ལའི་ལ་རྩར་སླེབ། གངས་ལ་ཆེན་པོ་དེ་བརྒལ་ནས་པང་གིར་སླེབ། དེ་ནས་སུ་རར། དེ་ནས་ཉིན་གཉིས་ལ་ན་རན་དུ་སླེབ། བ་ཡུལ་ཉེར་བཞིའི་མཆན་ཁུང་ཀ་མ་རུ་ཡིན་ཟེར། དེ་ནས་ལ་ཆེན་པོ་ཞིག་བརྒལ། ཉིན་གཉིས་ནས་ཙཾ་བྷྱེདྱཾ་པའི་རོང་གི་མགོ་ཟིན། དེ་ནས་ཞག་བདུན་ལ་རོང་དེ་ཐོན་ནས་ཧིནྡུ་ཏཾ་དུ་སླེབ། དེ་ནས་ནུ་རུ་ཕུ༈ཤྲཱི་ན་གར༈པ་ཋཎྞ༈ན་ས་ར༈ཀ་ཥྩ་ཧར༈པཱ་ཏུ་རར༈པ་ཋན་མ་སུར༈ས་ཀི་རི༈ས་ལོོ༈བྷེ་ཚུ་བྷུར༈ས་ལ་ཀོོ་ཋུ༈སཽ་ཊ༈ཀཽ་ཊ༈གྷོ་ཙོ་རཱ་ག༈དེའི་ཉེ་ལོགས་ན་ཀཥྨ་རའི་ཆུ་གཙང་པོ་དེ་ལྷོ་ལ་རྒྱུག །གྲུབ་ཐོབ་ཨོ་རྒྱན་པའི་ལམ་ཡིག་ན། གཙང་པོའི་ཕ་རོལ་ནས་ཝ་ར་མི་ལ་ཟེར་བ་ཡོད་གསུངས་པ་འདུག་པས། ཉིན་བཞི་ཁ་ལྷོ་ལ་བལྟས་ནས་བཙལ་བས་མ་རྙེད། ཞི་བ་རྣམ་རྒྱལ་ནི་ལམ་ཡིག་ནང་ན་ཡོད་ཟེར་བ་ཐམས་ཅད་མི་བདེན་པ་འདུག །ཡིག་ཆ་གཞན་རྣམས་ལའང་ཡིད་མི་ཆེས་ཟེར། ཆུ་ཐོན་ནས་ལོག་འགྲོ་ཟེར་འདུག །ངས་ཁྱེད་རང་ལོག་སོང་། འཛམ་བུ་གླིང་འདིའི་ནང་ན་ཡོད་པའི་ཡུལ་རྣམས་རྒྱ་མཚོའི་མཐའ་མ་བཅད་ན། ནམ་གཞུག་ཅི་ལ་མི་རྙེད་བྱས། དེ་ནས་ཁ་བྱང་ནུབ་ལ་བལྟས་ནས་ས་སྟོངས་ཉིན་ལྔ་ཕྱིན་པས་ཧི་ལ་ཟེར་བའི་ཡུལ་དུ་སླེབ། ལམ་ཡིག་ན་ཧོ་ར་ཞེས་པའི་ཡུལ་འབུམ་ཚོ་བདུན་ཡོད་ཟེར་བ་དྲིས་པས་སུ་ལའང་བཤད་རྒྱུ་མི་འདུག །བང་ཧོ་ཊི་ཟེར་བའི་སྨན་ཚྭའི་རི་བོ་ཡོད་གསུངས་པ་འདུག་སྟེ་བཤད་རྒྱུ་མི་འདུག །ཚྭ་ནི་ད་ལྟའང་མང་པོ་ཐོན་འོང་གི་འདུག་པས་ཚྭ་ལེན་པ་གང་ན་ཡོད་དྲིས་པས་མང་པོ་ཡོད་ཟེར། བང་ཧོ་དྲིས་པས་ཙོ་ཥ་ར་ཉེ་ཟེར། དེ་ནས་ས་སྟོངས་ཞག་གསུམ་ཕྱིན་པས། མུ་ར་ག༈ལ་ཕཱི་ར་ནས་གཙང་པོ་ཞིག་བརྒལ་ནས་ཉིན་གསུམ་ཕྱིན་པས་ཙོ་ཥ་རར་སླེབ། ལུང་པ་དེ་ཁའི་ཕྱོགས་བྱང་ནུབ་ཐམས་ཅད་རྒྱལ་མཐོ་བ། ཤར་ལྷོ་ཤིན་ཏུ་དམའ་བ། བྱང་ངོས་ནས་བྲོག་སུབ་མང་པོ་ཁ་ལྷོར་ལྟ་བའི་གཏིང་ཐམས་ཅད་ན་ཚྭ་བྲག་ལྟ་བུ་མང་པོ་འདུག་ཅིང་། རིའི་རིག་མི་འདུག །དེའི་ལྷོ་ཕྱོགས་ན་དྷ་གན་གྱི་ཡུལ་ཤིན་ཏུ་ཆེ་བ་དང་། ཛ་མོ་ལའི་ཡུལ་དེ་གཉིས་ཀ་ནང་པ་ཡིན་པས་དགེ་འདུན་གྱི་སྡེ་མང་དུ་མཆིས་ཚྭ་ཁ་དེ་ནས་ཚུར་ན་གར་ཀོ་ཊ། ལ་ཧོར༈ཨ་བྷེར་ཚུན་འོང་ཟེར། ཕར་གོརྵ་ལ༈གྷོ་ཋའི་ཨ་ཤ་ཀཾ་ཚུན་འགྲོ། ཨོ་རྒྱན་གྱི་ཡུལ་ལ་འགྲོ་ཟེར་བ་ལམ་ཡིག་ན་འདུག་སྟེ། དེང་སང་ནི་མི་རྒྱུག །ཨོ་རྒྱན་རང་ན་ཚྭ་སྔོན་པོ་ཤེལ་འདྲ་བ་འདུག །ཙོ་ཥ་ར་ནས་དྷོ་དྷོཥྣ༈ཝ་ཝུ་ལ། དེ་ནས་ཉིན་གཉིས་ལ་མ་ལོཊྚ། དེ་ན་རྒྱལ་པོ་ཧུ་ལའི་གཙུག་ལག་ཁང་ཡོད་ཟེར་བ་འདུག་སྟེ། མོ་གོལ་གྱི་དམག་གིས་བཤིག་འདུག །ཡུལ་རྣམས་དེ་ཀར་འདུག །དེ་ནས་ཁ་བྱང་ནུབ་ལ་བལྟས་ནས་ཕྱིན་པས་རུ་ཀཱ་ལ་ཟེར་བའི་ཡུལ་ཡོད་ཟེར་བ་འདུག་སྟེ་སུ་ལའང་བཤད་རྒྱུ་མི་འདུག་པས། ཞི་བ་རྣམ་རྒྱལ་ན་རེ། ངེད་རང་གཉིས་བལ་ནཱ་ག་ཊི་ལ་མཇལ་ནས་ལོག་འགྲོ་ཟེར། ངས་ད་ག་ལེ་བྱས་བཙལ་བས་རྙེད་འོང་། འདོད་པས་གདུངས་ནས་མ་རྙེད་པར་ལོག་ན་དོན་ཅི་ཡོད་བྱས། ཁ་ནུབ་བྱང་ལ་བལྟས་ནས་ཕྱིན། དེར་ལ་ཧོར་བའི་ཚོང་པ་ཞིག་དང་འཕྲད་བྱུང་། གང་ལ་འགྲོ་ཟེར། རུ་ཀཱ་ལར་འགྲོ། ལམ་གང་ཡིན་དྲིས་པས། འདི་ནས་ཕར་ལུང་པ་སྟོང་པ་ཡིན། ཇག་པ་མང་པོ་ཡོད། གསད་འོང་མ་འགྲོ། ལམ་བཤད་རྒྱུ་མེད་ཟེར། ངེད་རྣམས་ཕར་ཚད་མཉམ་དུ་ཕྱིན་པས་ཡང་ཚྭ་ཁ་ཞིག་ནས། ཚྭ་རྐོ་མི་ལྔ་དྲུག་ཙམ་སླེབ་བྱུང་བས་གང་དུ་འགྲོ། ཕྱི་ནང་གང་ཡིན་ཟེར། ངས་ནང་པ་ཡིན་བྱས་པས། ཀྱ་ཧིནྡུ་ཧ་རམྫ་ཏི་ཞེས། ཅིའི་ནང་པ་བྲན་རྒྱ་ཆེན་པོ་ཟེར་ཞིང་ངའི་མགོ་ལ་ཚྭ་རྐོ་པའི་ཐོ་བ་བརྒྱབ་བྱུང་། ངས་ས་སི་ལུམ་ས་པརྪ་དྷརྟི། ཏུ་མི་ཧ་རམྫ་ཏི་ཀྱ་ཧུ་ཝ། ཚུ་ཌི་མུ་ཧ། བདེན་པའི་རྒྱལ་པོ་ཆེན་པོའི་ས་ཆ་ལ་ཁྱོད་ཧམ་པ་ཆེན་པོ་བྱེད་པ་ཅི་ཡིན། གྲིས་གསོད་དགོས་འོང་བྱས་ཁོའི་བྲང་ནས་བཟུང་། གྲི་ཆུང་རྒྱག་གྲབས་བྱེད་པ་སྐད་བྱས་པས། ཞི་བ་རྣམ་རྒྱལ་གྱིས་བྷ་བྷ་ཕ་ལ། ཧ་མི་མོ་སུར་མ་ཧུ་ཝ་ཞེས། ཨ་ཕ་བཟང་ང་ཕྱི་པ་ཡིན་ཟེར་འདུག །གཞན་མ་རྣམས་ཀྱིས་བར་བྱས། ངེད་གཉིས་ཕྲལ་བྱུང་། ངས་ཁོའི་སྟོད་གོས་དེ་གཤགས་པས། སཱ་པ་ཀཾ་ཧཾ་ཙ་ལ། ཏིལ་ཀ་མརྟུ་མི་མུ་ཧ་ཞེས། སང་གང་ལ་འགྲོ་མདའ་བརྒྱབ་ནས་ཁྱོད་གསད་གཏོང་ཟེར་འདུག །དེ་ན་འབྲོག་སྡེ་ཞིག་འདུག་པས་དེ་ནུབ་དེ་ཁར་བསྡད། དེའི་ནུབ་རྨི་ལམ་དུ་གཟུགས་མེད་པའི་སྐད་དུ། སྔ་མའི་ལམ་ལ་ཚུར་ལོག་ན་རི་ཀཱ་ལའི་ལམ་དང་ཕྲད་འོང་ཟེར། ངས་མཆེད་གྲོགས་ལ་བཤད་པས། མི་འདི་ཀུན་གྱིས་ངེད་རང་གཉིས་ལ་བརྡུང་འཚོག་བྱེད་ཉེན་འདུག་པས་ལོག་པ་རང་དགའ་ཟེར། དེ་མ་ཐག་ཏུ་ཚུར་ལོག་པས་ལམ་ནོར་ནས་གཡས་ཕྱོགས་ཀྱི་ལམ་ལ་ཞུགས་ནས་ཕྱིན་པས་གྲོག་གཏིང་ཞིག་ན་ཚྭ་ལེན་མི་མང་པོ་འདུག །དེ་ཀུན་ལ་ལམ་དྲིས་པས་རུ་ཀཱ་ལའི་ལམ་བཤད་རྒྱུ་འདུག །དེ་ལ་འགྲོ་གྲབས་བྱས་པས། མི་རྒན་སོང་བ་གཅིག་གིས། ཏུ་མི་ས་བོ། ཨེ་ཧཾ་བྷེ་ཋ། རོ་ཊི་ཝེ་ལ་ཁཱ་ཧི་ཀྱི་ན་ཧི་ཞེས། ཁྱོད་ཚུར་ཤོག །འདི་རུ་སྡོད། ལྟོ་ཟའམ་མ་ཟ་ཟེར་བར། ངས་ཁཱ་ཧི་ཁཱ་ཧི་ཟ་བྱས་པས། ལྟོ་བྱིན་པ་ཟོས་དེའི་རིང་ཁོ་ན་རེ། ཧ་མི་བྲམ་ཟེ་ཧུ་ཝ། ཏུ་མི་ཐོར་ར་བྷྱ་ཋ། སངྒི་རྡོ་ཚྭ་ཧོ་ཛ་ཞེས་ང་བྲམ་ཟེ་ཡིན། ཁྱོད་ཨེན་ཙམ་འདུག །མཉམ་དུ་འགྲོའོ་ཟེར་བས་ཅུང་ཟད་བསྡད། ཁོང་རྣམས་ཚྭ་ཁ་ནས་ཚོང་པ་མང་པོ་འགྲོ། དེ་ཀུན་དང་མཉམ་དུ་སོང་བར་ཉིན་དགུ་ཕྱིན་པས་ལམ་བར་དེར་བ་ཚྭའི་མཚོ་ཞིག་འདུག །དེ་གནས་ཞིག་ཡིན་ཟེར་ཏེ་བརྗོད་སོང་། དེའི་འཁྲིས་ན་འབྲོག་སྡེ་ཆེན་པོ་ཞིག་འདུག །ཚོང་པ་རྣམས་ཚྭ་དང་མར་ཚོང་བྱས་བྲམ་ཟེའི་ནུ་བོ་དང་མཉམ་དུ་སོང་ཟེར།
ཡང་ས་དབར་ཞག་གསུམ་དུ་ཕྱིན་པས་རུ་ཀཱ་ལར་སླེབ། དེ་ནས་ཨཀྐི་ཐི་ཨལ། བྷ་ཧཱུ་པུར། མཱ་ལ་པུར། ཨུ་ཚ་ལ་པུར། ས་བུན་པུར། རེ་ཨུ་རེ་ཌ། ཨ་ཏྲི་གེ ། དེའི་མདུན་ན་སེང་གེ་ཁ་འབབ་ཀྱི་གཙང་པོ་ཆེན་པོ་དེ་འདུག །གཙང་པོ་ཐོན་ནས་ཉིན་གཅིག་གིས་མ་ཚིལ་ཀ་ནཱ་ཋ་ཏྲིལ་ཟེར་བའི་གནས་ཞིག་འདུག །དེ་ཀ་དཔལ་ཡེ་ཤེས་སྙིང་པོ་བཞུགས་པའི་ནུབ་ཏུ་ལ་ཀྵེ་ཊ་ཡིན་ཟེར། དེ་ནས་པོ་ར། ནོ་ཤ་ར། མ་ཏངྒ་ན། མི་ཏྲ་པ་ཎི་ཟེར་བའི་ཆུ་ལན་ཚྭ་བྲོ་བ་དེ་སློབ་དཔོན་པདྨའི་གསང་ཆབ་ཡིན་ཟེར། དེ་ནས་མཆེད་གྲོགས་ན་རེ། མི་ཐམས་ཅད་ཀྱིས་མི་ཐར་ཟེར་བས་མི་འགྲོ་ཟེར། ངས་འགྲོ་བར་ཐག་བཅད་པས། ཛོ་ཀི་ཟེར་བའི་རྣལ་འབྱོར་པ་གསུམ་དང་། ཨ་ཏུ་མ་ཞེས་ཁྱིམ་པ་གཅིག་གིས་ལམ་སྟོན་པ་དང་སྐྱེལ་བས་ཕར་ཚད་ཕྱིན། མི་གཅིག་དང་ཕྲད་ནས་ཁོང་རྣམས་ལ་གང་ལ་འགྲོ་བ་ཡིན་ཟེར། བྷོ་ཊནྟི་ཛོ་ཀི་ཀ་པུརྟི་རྟ་ཙ་ལེ་ཞེས། བོད་ཀྱི་རྣལ་འབྱོར་པ་ཨོ་རྒྱན་གྱི་ཡུལ་ལ་འགྲོ་བ་འདུག་ཟེར། མི་ནག་དེས་ཧ་མ་ར་ཨཱ་ཙི་ཀ་པུར་དྷུ་ཡི། སབ་ཙ་ལོ། སངྒི་དྷོ་ནོ་ཧོ་ཛ་ཞེས། ངེད་ཅག་དེ་རིང་རས་འཁྲུ། སང་འགྲོ། རོགས་བྱ་ཟེར། ཛོ་ཀིན་ནི་ན་རེ། ཨ་ཙི་བྷྱི་ཋ། ས་པཱ་ཨ་དྷུ་མི། སངྒི་དྷོ་ནོ་ཧོ་ཛ་ཞེས། དེ་རིང་སྡོད། སང་མི་འདི་དང་མཉམ་དུ་སོང་། རོགས་བྱས་འོང་ཟེར། ངས་མི་དེ་ལ་ཁྱོད་ཀྱི་མིང་ལ་ཅི་ཟེར་དྲིས་པས་ཙ་དུ་ལྷ་ཡི་ཟེར། དེའི་ཉིན་བསྡད་པས། ཞི་བ་རྣམ་རྒྱལ་ན་རེ། ལམ་བསྡེབས་བྱུང་ན་ང་ཡང་འགྲོ་ཟེར། ངེད་གཉིས་ཀྱིས་སང་ཉིན་ཁོ་ཅན་དུ་ཕྱིན། འགྲོའམ་བྱས་པས། ཁོ་ནམ་མཁའ་ལ་མིག་བལྟ་ཞིང་། ཨཱ་སུ་མ་བྷ་ཏི་ལ་ཧ་ཨེ༈ཀ་པུར་དྷུ་ང་ན་ཧྭི་ཞེས། ནམ་མཁའ་འཁྲིགས་སོང་རས་བཀྲུས་མ་ཚར་ཟེར། ངས་ཁོ་ལ་དེ་རིང་རས་འཁྲུའམ་མི་འཁྲུ་བྱས། རས་འཁྲུ་སང་འགྲོ་ཟེར།
ཡང་དེའི་ཉིན་བསྡད། སང་ཁོའི་རྩར་ཕྱིན། ད་འགྲོའམ་བྱས་པས། ཨ་ཏུ་མི་ན་རེ། དེ་ཛྚ་ཥྑ་ན་ཧ། ཀ་པུར་དྷུ་ང་ན་ཧི་ཞེས། ཉི་མ་དགའ་མོ་མ་བྱུང་། རས་བཀྲུས་མ་ཚར་ཟེར་བར། ངས་ཁོ་ལ་མཆིལ་མའི་ཐུལ་མེ་བཏབ། ཏུ་མ་ར་བྷུ་ར་ཧ་མི་ཙ་ལེ། ཁྱོད་སྡུག་ཀྲད་འདུག །ང་འགྲོ་བྱས་པས། ཏུ་མི་ས་པ་ཙ་ལེ། སངྒི་བྷོ་ནོ། ཨ་ཙ་བྷེ་ཋ་ཅེས་ཁྱེད་སང་འགྲོ། མཉམ་དུ་འགྲོ། དེ་རིང་སྡོད་ཟེར། ངེད་ཀྱིས་ཧ་མར་ཨ་ཙི་ཨ་ཡི། ཨ་སུ་སྨ་བྷ་ཏི་ལ་ན་ཧི། ཀ་པུར་དྷུ་ང་ན་ཧི། ཏུ་མ་ར་བྷུ་ར་ཧ་རམ་ཛ་ཏི་ཀྱ་ཀ་ཏ་ཅེས། ངས་དེ་རིང་ཡོངས་ཚེ་ནམ་མཁའ་ནི་མ་འཁྲིགས། རས་མི་འཁྲུ་འདུག །ཁྱོད་སྡུག་ཀྲད་ཧམ་པ་ཆེན་པོ་འདུག །ཅི་བྱེད་བྱས་པས་ཁ་རོག་པར་བསྡད་སོང་། དེ་ནས་ཕར་ཙམ་ཕྱིན་པས། མི་མང་པོ་འགྲོ་འདུག །ལམ་དྲིས་པས་བྲམ་ཟེ་རྒན་སོང་བ་དེས། ཀ་མར༈ཙིའི་གོས་ན་ཧི། པ་བྷན༈བྷ་བྷས༈པཾ་གྷུར༈ཏུ་མེ་མུ་ག་མ་ཏངྒི་ལ་ཙ་ལོ་ཞེས། ཨོ་ཌི་ཡཱ་ན་ལ་དཔེ་མེད་མི་ཐར། སྐྱེས་པ་ཐམས་ཅད་སྡུག་ཀྲད་ཡིན། ཁྱོད་བསད་འོང་། བྷོར་ཁ་ཊི་ལ་ལོག་སོང་ཟེར། བྲང་ནས་ཚུར་ཕུལ་བྱུང་བས། ཞི་བ་རྣམ་རྒྱལ་ན་རེ། སྦྲང་མ་མེ་དོང་ལ་ལྕེབས་ནས་དགོས་པ་མི་འདུག་ལོག་འགྲོ་ཟེར། འོ་ན་ཁྱོད་རང་ལོག་སོང་། ང་ནི་ཤི་ཤི་ལ་ཚད་བཙུགས་ནས་འགྲོ་བྱས། ངེད་གཉིས་དེ་ནས་གྱེས། དེ་ནས་མཱ་དྷ། ཨ་ཙི་མི། བཀྵི་ལི། དྷཾ་དྷོ་ར། ཀཱི་ཊུ་ཧར། བྷཥྩརྺར། པ་ཋ་བངྒེ། མུ་ཐངྣི། ཀ་པོ་ལ། ཀནྡྲ་ཧར། ཧ་སོ་ན་གར། དེ་ནས་གཙང་པོ་ཞིག་ཐོན་ནས། པ་རུ་ཀ །ནསྦྷལ། སི་ཁིར། དེ་ནས་ཉིན་ཕྱེད་ཙམ་ལ་ཇག་པ་བཅུ་དྲུག་ཙམ་དང་འཕྲད། ཀ་བུར་ཧ་ཡི་ཞེས་ཨོ་རྒྱན་ནས་ཡིན་ཟེར། རལ་གྲི་མགོ་ལ་ལན་གཉིས་བསྣུན། ཡང་གཅིག་གིས་རལ་གྲི་མགོ་ལ་བསྣུན་བྱུང་བས་ང་འགྱེལ༈རལ་པ་བཅད། གོན་ཆས་བཤུས། འཁྲིས་སུ་མི་གཅིག་བཞག །ཇག་པ་རྣམས་ཕར་ཚད་སོང་ནས་གྲོས་བྱེད་ཅིང་། དངུལ་གྱི་ཊཾ་ཀ་དང་། པ་ཡེ་ས་ཕར་གཏང་ཚུར་གཏང་མང་དུ་བྱེད་ཅིང་འདུག །ངའི་བསམ་པ་ལ་ང་བཙོང་ཡོད་པ་འདུག་སྟེ། ང་དུད་འགྲོ་ནི་མིན། མི་ཡིན་པས་ལས་སླ་བསམ་པ་ཤར། ཁོང་སྤུན་གཉིས་ཀྱིས་ཉོས་ནས་ང་ཁྲིད་ཕྱིན་པའི་ལམ་ལ་ཇག་པ་དྲུག་དང་འཕྲད། ཁོང་རྣམས་ཀྱིས་ང་འཕྲོགས་སོང་། འགའ་ཞིག་གིས་བར་བྱས། ཕར་ལབ་ཚུར་ལབ་མང་དུ་བྱས་ནས་རིན་གཏང་དགོས་བྱུང་སོང་། དེའི་རྟིང་ཉི་མ་བཞུད་མཚམས་ལ་ཇག་པ་གཅིག་དང་འཕྲད། དེ་དང་ལབ་གླེང་མང་དུ་བྱས། ཁོ་ལ་འཇམ་པོའི་ངོས་ནས་རིན་སྟེར་དགོས་བྱུང་སོང་། ནམ་ཕྱེད་ཙམ་ལ་ནོ་མོ་ལ་བཛྲ་ཏུ་སླེབ། དེར་ཁོང་གི་ལས་བཅོལ་བྱུང་། ངས་གཤའ་མ་རང་མ་བྱས་པས། ཁོང་ཚོས་བྷོ་ཊནྟི་ཧརམྫ་ཏི་ཙོ་རེ་ཧ་ཡི་ཞེས། བོད་པ་ཧམ་པ་ཆེན་པོ་ད་ཞོག་ཟེར། ལས་འཕྲོ་ཁོ་རང་གིས་བྱེད་ཅིང་འདུག །ངས་ཐུན་བཞིའི་གསོལ་འདེབས་སོགས་སྡིགས་མོ་ཕྲན་བུ་བྱས་པས་ཁ་རོག་སྡོད་ཟེར། འཕྲོ་མ་བཅད་པས་ཕ་རྒན་དེས་ཤིང་འགལ་པ་ཞིག་མགོ་ལ་ལན་གཉིས་བསྣུན། ང་འགྱེལ་ཏེ་བསྡད་པས། སླར་རྐང་རྡོས་མང་དུ་ཉེས། དེ་དུས་ང་རང་གི་སྔོན་གྱི་ལས་སྦྱོང་བའི་ཐབས་ཡིན་སྙམ། རྗེ་བླ་མའི་གསུང་རྒྱུན་དྲན། ནད་དང་སྡུག་བསྔལ་གཏམ་ངན་གསུམ་སྔོན་ལས་སྦྱོང་ལ་མེད་ཐབས་མེད། གསུངས་བ་དེ་འདི་གར་འདུག །གནས་ལུགས་ཀྱི་དོན་ལ་སྡུག་བསྔལ་སོགས་མི་མཐུན་པའི་རྐྱེན་ཅི་བྱུང་རུང་། གཞི་མེད་རྩ་བྲལ་དུ་ཤེས་པས་རོ་སྙོམས་ཀྱི་ཉམས་ལེན་གོ་བར་མ་ལུས་ཙམ་བྱུང་། རྣམ་པ་བྱ་བ་གང་ལ་ཡང་ཐབས་མཁས་པས་ཟུང་འཇུག་གི་ཉམས་ལེན་ལེགས་ཚོགས་གསོལ་འདེབས་སྨོན་ལམ་སོགས་བྱེད་པ་ལ་ཁོང་པའི་ནང་དུ་ཡུན་རིང་ན་གཡེང་བ་ཆེ་ཞིང་། ཁོང་རྣམ་པའི་བསོད་ནམས་ལ་གནོད་བསམ་ཞག་དྲུག་བསྡད། ཉིན་ནི་བྲོས་པས་མི་ཐར་བསམ། ཚེས་བཅོ་ལྔའི་ནུབ་ཁང་པའི་འགྲམ་བྲུས་ནས་བྲོས་ཕྱིན་ཏེ། མཐའ་བཙན་པ་ཞིག་ཏུ་བསྡད་ནས་གླུ་འདི་བླངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ནུབ་ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་དེ། །བློ་མོས་དྲག་མ་བཟོད་མཇལ་དུ་འོངས། །ཆུ་ཆེན་པོ་སིནྡྷུ་ཕན་ཆད་ནས། །ཨོ་རྒྱན་གྱི་ཡུལ་སྣ་ཟིན་ནོ་སྐད། །ནུབ་གོརྵ་ནཱ་ཐར་སླེབ་པའི་དུས། །ལམ་འཇིགས་པ་ཆེན་པོ་ཡོད་དེ་སྐད། །གྲོགས་མེད་གཅིག་པུར་ང་ཡིས་ཕྱིན། །འབུ་ཚེ་ཟད་གྲོག་མའི་སྒོ་རྩར་བཞིན། །བདག་ཀྱང་ཇག་པའི་དྲུང་དུ་སླེབ། །སྡིག་ཅན་ལ་གཤེད་མའི་ཚོགས་བཞིན་དུ། །ཐམས་ཅད་རུབ་ནས་ང་ཉིད་བརྡུངས། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །ཟང་ཟིང་གི་ནོར་རྫས་བདག་ལ་མེད། །ཉེ་བར་མཁོ་བའི་ཕྲན་བུ་རྣམས། །གན་སྐྱལ་བསྒྱེལ་ནས་སུས་ཁྱེར་མེད། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །རལ་པ་མུཉྫ་ཅོད་པན་དེ། །མུ་སྟེགས་ནག་པོའི་རལ་གྲིས་བཅད། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །ཕ་མས་གསོས་བའི་སྒྱུ་ལུས་འདི། །ཁྲེལ་མེད་ཇག་པས་ཉོ་ཚོང་བྱས། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །དེ་ནས་ལམ་དུ་ཆས་ཙ་ན། །ཞགས་པ་ནག་པོས་བཏགས་ནས་ཁྲིད། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །དེ་ནས་ཡུལ་དུ་སླེབ་ཙ་ན། །ཟ་ལུགས་སྡོད་ལུགས་ཁོ་བཞིན་བསླབས། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །ཐུན་བཞིའི་གསོལ་འདེབས་བྱས་དུས་སུ། །བརྡུང་བཏག་བརྡེག་བཙོག་མང་དུ་བཏང་། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །བདག་བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་ལ། །མུ་སྟེགས་ནག་པོའི་བྲན་གཡོག་བཅོལ། །དེ་ཡང་མི་རྟག་སྒྱུ་མའི་དཔེ། །ཤོ་མས་ཀྱང་བླ་མ་དྲན་པ་ལ། །ད་ནི་བྲོས་པའི་ཐབས་ཤིག་བྱ། །ནམ་ཕར་ཕྱེད་ཚུར་ཕྱེད་སོང་ཙ་ན། །ཁང་བའི་འགྲམ་བྲུས་ཕུག་ནས་ཐོན། །རི་དྭགས་མཐའ་ལ་བསྙེགས་པ་བཞིན། །རི་ནག་པོ་ཞིག་ལ་བཏང་ནས་ཕྱིན། །རྟ་བཟང་སྒྲོག་ལས་གྲོལ་པ་བཞིན། །བང་མ་འདུར་གྱིས་ངང་ནས་ཕྱིན། །རི་ནག་པོའི་མགུལ་དུ་སླེབ་ཙ་ན། །ནམ་ཡང་ལངས་ལ་ཉི་མའང་ཤར། །ཐར་བའི་གླིང་དུ་སླེབ་པ་འདྲ། །ཆུང་མ་ལ་སྐྱེས་ནས་ད་བར་དུ། །དུས་དེ་རིང་ལས་མགྱོགས་པ་འོང་མ་མྱོང་། །བྲོས་པས་ཐར་བ་མགྱོགས་པའི་ཚད། །ང་མི་ཡི་ལུས་ལ་སེང་གེའི་རྩལ། །ལྷ་གསོལ་ལོ་མཆོད་དོ་དཀོན་མཆོག་གསུམ། །ཞེས་དང་། ཡང་དེ་ཉིད་དུ་འདུག་པའི་སྐབས། ཉན་མཁན་མེད་པའི་ཤགས་འདེབས་ཀྱི་གླུ་འདི་ཐལ་ལོ། །ཕ་ངག་དབང་བཟང་པོའི་ཐུགས་རྗེ་དང་། །ངག་དབང་རྒྱ་མཚོའི་སྙིང་སྟོབས་གཉིས། །འཛོམས་པས་བསམ་པའི་དོན་ཀུན་འགྲུབ། །བྲག་ནག་པོ་ཞིག་ལ་རྒྱབ་གཏད་ནས། །མུ་སྟེགས་ནག་པོས་ཁོ་ལ་གཤགས་ཤིག་འདེབས། །གང་མཁོ་བའི་ས་ཞིག་འཚོལ་བསམ་སྟེ། །ངག་དབང་རྒྱ་མཚོ་ན་བུན་བཞིན་དུ་ཡལ། །མུ་སྟེགས་ནག་པོ་ཁྱོད་ལ་དེར་ལ་ལོ། །ཁྲེལ་མེད་ངོ་ཚ་མེད་ལ་དེ་རེ་འཛེམ། །ནམ་ཟླ་དུས་བཞིའི་ལས་དེ་འཚོལ་བསམ་སྟེ། །ངག་དབང་རྒྱ་མཚོས་ཐུན་བཞིའི་སྐྱབས་འགྲོ་བྱེད། །མུ་སྟེགས་ནག་པོ་ཁྱོད་ལ་དེར་ལ་ལོ། །ཁྲེལ་མེད་ངོ་ཚ་མེད་ལ་དེ་རེ་འཛེམ། །ལྷོ་ཚོང་བྱང་དུ་བསྐྱལ་ནས་ཁེ་ཞིག་ལེན་བསམ་སྟེ། །ངག་དབང་རྒྱ་མཚོས་ཉམས་དབྱངས་ལེན་ཞིང་གདའ། །མུ་སྟེགས་ནག་པོ་ཁྱོད་ལ་དེར་ལ་ལོ། །ཁྲེལ་མེད་ངོ་ཚ་མེད་ལ་དེ་རེ་འཛེམ། །དང་པོ་ང་ལ་ཁྱེ་ཉོ་བྱས་ལགས་ཏེ། །ད་ལྟ་ཅི་ཡང་མེད་པ་ང་ཉིད་རི་ལ་འཁོར། །མུ་སྟེགས་ནག་པོ་ཁྱོད་ལ་དེར་ལ་ལོ། །ཁྲེལ་མེད་ངོ་ཚ་མེད་ལ་དེ་རེ་འཛེམས། །བར་དུ་ང་ལ་བརྡེགས་བཙོག་མང་དུ་བྱས། །ད་ལྟ་ཕྱོགས་བཅུར་བརྒྱུགས་ནས་ང་ཉིད་བུ་བཞིན་འཚོལ། །མུ་སྟེགས་ནག་པོ་ཁྱོད་ལ་དེར་ལ་ལོ། །ཁྲེལ་མེད་ངོ་ཚ་མེད་ལ་དེ་རེ་འཛེམས། །ཐ་མར་ང་ཉིད་བཙོང་ནས་ནོར་ཞིག་ལེན་བསམ་སྟེ། །རྒྱ་ཁྲ་འཕུར་བ་བཞིན་དུ་ང་ཉིད་དགུང་ལ་ཡལ། །མུ་སྟེགས་ནག་པོ་ཁྱོད་ལ་དེར་ལ་ལོ། །ཁྲེལ་མེད་ངོ་ཚ་མེད་ལ་དེ་རེ་འཛེམས། །དགྲ་ཡང་མེད་ལ་གཉེན་ཡང་མེད། །ཆགས་སྡང་མེད་པའི་རྣལ་འབྱོར་བདེ། །ཟ་བཏུང་གི་བྱེ་བྲག་མི་འདུག་སྟེ། །རྣམ་གཡེང་མེད་པའི་རྣལ་འབྱོར་བདེ། །མཆེད་གྲོགས་ཀྱིས་གྲོས་འདེབས་མི་འདུག་སྟེ། །བློ་ཐག་ཆོད་པའི་རྣལ་འབྱོར་བདེ། །བློ་བདེ་བ་བླ་མའི་བཀའ་དྲིན་ཡིན། །ཞེས་སྨྲས་སོ། །ཡང་བསམ་བློ་ཞིག་ལ། ཁ་སང་ཡང་ཇག་པས་བཟུང་བྱུང་སྟེ་བྲོས་པས་ཐར་བྱུང་། ད་དུང་ཡང་བཟུང་བྱུང་ན་བྲོས་པས་འཐུས་བསམ་ཕར་ཕྱིན་ན་རིམ་པས་ཉེ་རུ་འགྲོ་བསམ་ཉིན་གཅིག་ཕྱིན་པས། སི་ཐར་ཟེར་བའི་ཡུལ་གཅིག་ཏུ་སླེབ་བྱུང་། དེར་ཡུལ་པས་བཟུང་ནས་འགྲོར་མ་སྟེར། མི་མང་པོས་ཁྱད་གསོད་དང་སུན་འབྱིན་མང་དུ་བྱས། ངས་དེ་ལ་ལབ་ལན་མ་གཞལ། དེར་ནང་པའི་བྲམ་ཟེ་གཅིག་བྱུང་ནས། ཏུ་མི་ཨ་ཡ་གྷོ་ཀ་ཧང་ཏེ་ཨ་ཡི་ཞེས། ཁྱོད་འོངས་སམ། ཡུལ་གང་ནས་ཡིན་ཟེར། ཧ་མི་བྷོ་ཊནྟི་ཛོ་ཀི་ཧུ་ཝ། ང་བོད་ཀྱི་རྟོགས་ལྡན་ཡིན་བྱས། བྲམ་ཟེ་ན་རེ། ཀར་ཤི་མི་རི་བྷ་ཊནྟི་ཨ་ཡ་ཅེས། ཁ་ཆེའི་བོད་ཡིན་ནམ་ཟེར། ཧ་མི་ཀ་ཤི་མི་རི་ན་ཧི། ཧ་མ་ར་མ་ཧཱ་ཙིནྡ་ཧུ་ཝ། ཀ་ཤི་ཡ་རི་ཐི་པཎྜ་པ་རི། ད་ཤ་མ་ཡི་ནི་གྷ་ཡ་ཧ་ཡི་ཞེས། ང་ཁ་ཆེ་མིན་དབུས་གཙང་ནས་ཡིན། ཁ་ཆེ་ནས་ཕར་ལ་ཐག་རིང། ཟླ་བ་བཅུ་བདུན་ནས་ཡིན་བྱས་པས་ཁོ་ཧ་ལས་སོང་། བྷོ་ཊནྟི་ཛོ་ཀི་ཛྷངྑ་ཧ་ཡི། བོད་ཀྱི་རྣལ་འབྱོར་པ་ཡག་པོ་ཡིན་ཟེར། དེ་ནས་བྲམ་ཟེས་ཡུལ་མི་རྣམས་ལ་བོད་ཀྱི་རྣལ་འབྱོར་པ་གནས་སྐོར་དུ་འོངས་པ་ཡིན་འདུག །ཁོ་བཟུང་ནས་ཁྱེད་ལ་ཅི་ཐོབ་གཏོང་རོགས་གྱིས་ཟེར་འདུག་པས་དྲག་པ་རྣམས་ཀྱིས་ཐོང་ཟེར་བཏང་བྱུང་། བྲམ་ཟེ་ན་རེ། ད་དུང་ཕར་འགྲོ་མི་ཐུབ་ང་དང་མཉམ་དུ་བྷྱས་ཧུར་ལ་འགྲོ་ཟེར་དེར་ངའི་བསམ་པ་ལ། བྷྱས་ཧུར་ན་ཛོ་ཀའི་སྡེ་ཆེན་པོ་ཡོད། རོགས་འདྲ་ཡང་རྙེད་དམ། མ་རྙེད་ན་ང་རང་ཛོ་ཀའི་ཆས་སྤྲད་ནས་འགྲོ་དགོས་པ་འདུག །བསམ་ཞག་དྲུག་ཚུར་ལག །བྷྱས་ཧུར་དུ་སླེབ། བླ་མ་དེ་ལ་པིར་བུདྡྷེ་ནཱ་ཐ་ཟེར། ང་ཛོ་ཀི་བྱེད་བྱས་བས། ཐམས་ཅད་དགའ་ནས་ཛྷངྑ་ཛོ་ཀི་ཕ་ལ་ཧོ། རྒྱ་གར་གྱི་རབ་བྱུང་བྱེད་ལུགས་རྣ་བ་ཕུག་ནས་མུཎྜ་བཏགས་མིང་འདོགས། ངའི་མིང་ལ་ཤྭ་མོ་ནཱ་ཐ་ཟེར། བྷྱས་ཧུར་གྱི་མི་ཐམས་ཅད་ཀྱིས་ཤྭ་མོ་ནཱ་ཐ་ཨ་དྷྱ་ས་དྷེ་ཞེས་ཕྱག་བཙལ། ཐམས་ཅད་ཀྱིས་བྱམས་པོ་བཅོལ་གུ་རུ་ཛྙཱ་ན་ནཱ་ཐའི་སྒོ་མོ་གྲུ་རུ་བསྡད་ས་བྱས། ཛ་ཊི་གུརྒ་ནཱ་ཐ་ས་ཏྭ་ཕོ་རོ་བྷི་བྷུ་ཏི་སོགས་ཛོ་ཀིའི་ཆོས་བསླབས། དེའི་སྐབས། བསམ་ནི་བླ་མའི་བཀའ་བཞིན་བསམས། །སྒྲུབ་ནི་བྱང་ཆུབ་སྒྲུབ་མཁན་ཡིན། །ངག་དབང་བཟང་པོ་མཁྱེན་ནོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །མི་ནི་སྐད་རིགས་མི་གཅིག་རྒྱ་གར་ཡུལ་དུ་སླེབ། །ཤར་ནུབ་ལྷོ་བྱང་དེ་ཡང་ནོར་བ་འདྲ་བས་བྱུང་། །ཤྭ་མོ་ནཱ་ཐ་ང་ལ་སྐྱོ་བའི་ཉམས་ཤིག་ཤར། །གྲོགས་ཤིག་ཡོད་པ་བོད་ལ་ལོག་ནས་སོང་། །མི་འདོད་བཞིན་དུ་གཞན་དང་འགྲོགས་དགོས་བྱུང་། །རང་དབང་རང་ལ་ཡོད་པ་མིའི་ལག་ཏུ་ཤོར། །མི་འདོད་བཞིན་དུ་གཞན་ངོ་བལྟ་དགོས་བྱུང་། །ཤྭ་མོ་ནཱ་ཐ་ང་ལ་སྐྱོ་བའི་ཉམས་ཤིག་ཤར། །མགྱོགས་པོ་རང་གིས་ཕྱིན་ཀྱང་ཀོད་པོ་མི་ཡིས་བཅོས། །མི་འདོད་བཞིན་དུ་གཞན་ཡུལ་བསྡད་དགོས་བྱུང་། །ཨོ་རྒྱན་ཞིང་གི་ཡེ་ཤེས་མཁའ་འགྲོ་མ། །བདག་གི་བསམ་པ་བཞིན་དུ་བསུ་མ་མྱུར་དུ་མཛོད། །དེ་སྐབས་ཡུལ་དེ་ན་གྱད་པ་གཅིག་འདུག །སྐྱེས་པ་གཞན་རྣམས་ཉིན་རེ་བཞིན་སྒྱུ་རྩལ་འགྲན་བཞིན་འདུག །ཞིབ་ར་གྲོལ་བའི་ཉིན་ཕྱོགས་མཐའ་དག་ནས་མི་འདུས་ནས་ལྟད་མོ་མང་པོ་འདུག །ཧོར་གྱི་དཔོན་མང་པོ་འདུག་པས། དེ་དག་གི་ཁྲོད་ན་རྩལ་པ་ཞིག་འདུག་པས། གྱད་པ་དང་འཛིང་ཟེར། ཁོང་གཉིས་རྒྱང་ཙམ་རེ་འཛིངས། ཡང་ཕར་འཆམ་ཚུར་འཆམ་བྱས། དེ་འདྲ་ལན་འགའ་རེ་བྱས། བར་སྐབས་ཤིག་ནས་གྱད་ཁོས་རྩལ་པའི་ལག་པ་ནས་བཟུང་གཡུགས་བྱུང་བས་ཐག་ཤས་ལྔ་དྲུག་ཙམ་འཕང་བྱུང་། ཁོའི་ལག་པ་ལ་རྨ་ཕྲན་བུ་བྱུང་འདུག་པས། ད་མི་འཛིང་ཟེར་བས་གྱད་པ་ན་རེ། ལན་གཅིག་འཛིང་པས་མི་ཆོག །ཤན་འབྱེད་འབྱེད་འཛིང་དགོས་ཟེར། ཡང་འཛིངས་སོང་བས་མགོ་ནས་བཀུག །རྐང་པ་ལས་འཁྱུད་ནས་ནམ་མཁར་ཁྱེར་བརྡབས་བྱུང་བས། རྐང་ལག་བཞི་ག་ཐེར་འཛིག་ཐུབ་སོང་། ད་མི་འཛིང་ཟེར་ཡང་གྱད་པས་ད་དུང་འཛིང་དགོས་རང་ཟེར། ཡང་འཛིང་སོང་བས་རྐང་པ་ཡ་གཅིག་དང་མཇིང་པ་ནས་བཟུང་སྟེ་བརྡབས་བྱུང་བས། རྐང་པ་ཡ་གཅིག་དང་ལག་པ་ཡ་གཅིག་ས་ལ་འཛུགས་ཐུབ་སོང་། ཡང་འཛིང་དགོས་རང་ཟེར་འཛིང་སོང་བས་མཇིང་པ་དང་སྒྱིད་པ་གཉིས་ནས་འཁྱུད་དེ་བརྡབས་སོང་བས། འགུལ་བ་ཙམ་ཡང་མེད་པར་ཤི་སོང་། གྱད་པ་ཁོ་གར་རྩེ་ཞིང་ལོག་སོང་། ཡང་ལན་གཅིག་དུར་ཁྲོད་བརྒྱད་ཀྱི་ནང་ཚན་འུར་འུར་སྒྲོགས་པ་ཡིན་ཟེར་པའི་ནགས་འཐུག་པོ་ཡོད་པ། ཕྱི་ནང་གཉིས་ཀའི་རོ་སྐྱེལ་ཞིང་ནང་བ་ཐམས་ཅད་མེ་ལ་བསྲེག །ཕྱི་པ་ཀུན་དུར་དུ་སྦེད། དེར་གསང་སྤྱོད་ལ་ཕྱིན་པས། ནུབ་མོ་རོ་མང་པོ་ལངས་འོང་གི་འདུག །ནམ་ལངས་པ་དང་འགྱེལ་འགྲོ། ཡང་བུད་མེད་ནག་མོ་གཅེར་བུ་མི་སྙིང་དང་རྒྱུ་མ་བཟུང་བ། ནུ་མ་ཕྲག་པ་ལ་བཀལ་བའོ། །བྷ་གར་མེ་དཔུང་འབར་བ་འཇིགས་པའི་ཚུལ་དུ་མ་སྟོན་པ། སྤྲིན་འཁྲིགས་པ་བཞིན་ལྷགས་འོང་གི་འདུག །ཟིལ་ཆེ་བ་ལ་ཚད་མི་འདུག །འོན་ཀྱང་རང་སྣང་ཕྱིར་ཤར་བ་ཆུ་ཟླ་ལྟ་བུར་གོ །
གཞི་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་ཀྱང་རྗེས་ཐོབ་ཁོ་ན་ཤས་ཆེ་བ་འདྲ་ཞིག་བྱུང་། དེ་ཅུང་ཟད་བློས་མ་ཐོངས་པར་འདུག །འདུས་བྱས་ཐམས་ཅད་ནི་མི་རྟག་ཅིང་ཟག་པ་དང་བཅས་པ། སེམས་ཀྱི་གནས་ལུགས་ནི་རྒྱུ་རྐྱེན་གང་གིས་ཀྱང་མ་བསླད་པ་ཟག་པ་མེད་པ། འདུས་མ་བྱས་པ་རིག་པ་སྐད་ཅིག་མ་འདི་ལ་མཉམ་པར་གཞག་པ་དང་མ་བཞག་པ་གཉིས་ཀ་རྟོགས་པར་འདུག་བསམ། བློས་གཏིང་ནས་ཐོངས་བ་ཞིག་བྱུང་། ལྷ་མེད་འདྲེ་མེད་དུ་ཤེས་པས་བར་ཆད་ཀྱི་རྣམ་པ་ཐམས་ཅད་ཆོས་ཉིད་དུ་འདུག །ཕྱག་རྒྱ་ཆེན་པོ་ལྟ་བ་ཡིད་ལ་མི་བྱེད་པ་རང་བཞིན་ཡོངས་ཤེས་ཀྱི་རྟོགས་པ་འདི་མཁའ་འགྲོ་སྤྱིའི་སྲོག་སྙིང་ན་འདུག །ངས་ཡུལ་ཉེར་བཞིའི་གནས་ཆེན་ཕལ་མོ་ཆེ་དང་ས་མཐའ་མང་པོ་ཞིག་བསྐོར་བས་བློ་བླ་མ་ལ་འགེལ་པ་ནི་འདུན་མའི་རྩ་བ་ན་འདུག །གོ་ཆའི་མཆོག་བློས་བཏང་བ་ལས་ལྷག་པ་མི་འདུག །དེ་ཤེས་སམ་རྟོགས་ལྡན་ཚོ་བླ་མ་ཡིན་ཟེར་ཚིག་སྐམ་པོ་རེ་བཤད་སྨིན་མ་ཟེང་ཟེང་བྱས་པ་རང་གིས་ཅང་མི་འོང་བ་འདྲ། བསམ་བློ་ལེགས་པོ་རང་མ་བཏང་ན་ལུས་ངག་གི་དགེ་བ་ལ་བརྩོན་རྒྱུ་བས་རྐྱེན་མི་ཐུབ་པ་འདུག་གོ་བྱ་ཐོངས་སོ། །ང་ལ་ཁག་མེད་དོ། །ཡུལ་དེ་ན་རེས་འགའ་ཕུབ་རལ་ཐོགས་ནས་སུ་སྐྱེན་སྐྱེན་གྱིས་རལ་གྲི་གང་ཕོག་རྒྱག །ཕུབ་བཟེད་ཐུབ་ན་ལེགས། མ་ཐུབ་ན་ཤི་རྨས་གང་བྱུང་ཡང་གུད་ཡིན་ཟེར་འདུག །ལན་གཅིག་རྒྱ་གར་བ་རྩལ་པ་ཡིན་ཟེར་བ་གཅིག་དང་ཧོར་གཅིག་རལ་ཕུབ་ཐོགས་ནས་རྒྱག་རེས་བྱེད། རོལ་ཆ་མང་པོ་བརྡུངས་ནས་ཁྲོམ་ཆེན་པོ་འཚོགས། ཁྲིམས་པ་རྟ་པ་བརྒྱ་ཙམ་གྱིས། གཅིག་རྒྱབ་གཅིག་གནོན་མི་བྱེད་པར་འཐབ། ལྟད་མོ་ཆེན་པོ་འོང་གི་འདུག །རྒྱ་གར་ན་སྒྱུ་མ་མཁན་པོས་རྒྱུ་མ་མང་པོ་འགྱེད་པ་མཐོང་། དེ་ཉིད་དུ་འདུག་པའི་སྐབས། གསོ་ཞིང་སྨྲ་བ་ཡང་མང་དུ་བྱུང་། སྔ་སོར་ནས་རྨི་ལྟས་ལོག་བཞིན་པར། དེའི་ནུབ་རྨི་ལམ་དུ་རྣམ་རྒྱལ་ལྷུན་པོའི་ཐད་ཀྱི་བར་སྣང་ལ། རྗེ་རིན་པོ་ཆེ་དེ་ཉིད་ཀྲྀ་ཥྞ་ས་རའི་པགས་པའི་སྟེང་ན་སྐྱིལ་ཀྲུང་མཛད། རས་དཀར་པོ་དྲི་མ་མེད་པ་ཞིག་བཞེས་ནས་བཞུགས་འདུག །དེ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་དུ་མས་མཆོད་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབུས་ན་འཇའ་འོད་ཀྱི་ནམ་མཁའ་ཁྱབ་པར་རོལ་མོའི་སྒྲ་དང་བཅས་ཇེ་མཐོ་ཇེ་མཐོ་ལ་སོང་ནས། རིང་ཞིག་མངོན་པར་དགའ་བའི་ཞིང་དེར་བཞུགས་ཡོད་བསམ་པའི་ངང་ནས་འཇའ་དང་བཅས་པ་ཡལ་སོང་བས། མཆེད་གྲོགས་རྡོ་རྗེ་སྤུན་གྱི་ཚོགས་དང་བཅས་པ་ངུ་ཞིང་བརྒྱལ་བར་བྱེད་པ་རྨིས། གཉིད་སད་ཚེ་མཆི་མ་མང་དུ་ཤོར་འདུག །བསམ་བཞིན་དུ་བླ་མ་དྲན་ངུ་རང་ཞིང་སོང་བས་ངུ་མ་དབྱངས་འདི་སྐད་ཅེས་ཐལ་ལོ། །འབངས་སྐལ་མེད་ངག་དབང་རྒྱ་མཚོ་ངས། །ཡུལ་རྒྱ་གར་གྱི་ས་མཐའ་སྐོར་དུ་ཕྱིན། །རྗེ་སྤྲུལ་སྐུ་ཆོས་ཀྱི་དབྱིངས་སུ་ཐིམ། །དཔལ་མངོན་དགའི་ཞིང་དུ་གཤེགས་པ་རྨིས། །ཉམས་རྨི་ལམ་ཡིན་ཏེ་རྨི་དོན་ཆུང་། །བདག་རྟག་པར་འཛིན་རྣམས་བསྐུལ་བའི་ཕྱིར། །ཞིང་འདི་ནས་གཞན་དུ་གཤེགས་དགོངས་སོ། །ཕ་ཁྱེད་ཀྱིས་འདི་འདྲ་ཕོད་ལགས་སམ། །བསྟན་རྩ་ཆགས་བྲལ་གྱི་དགེ་སློང་ཚུལ་བཟུང་ཚེ། །སྤང་བྱ་ཉེས་ལྟུང་གི་དྲི་མས་མ་གོས་པ། །བསླབ་གསུམ་རྣམ་པར་དག་པ་དེ་དྲན་པ་ལ། །བསམས་ཤིང་ངག་དབང་བཟང་པོ་དེ་དྲན་པ་ལ། །ཚུལ་ཁྲིམས་བྱང་སེམས་ཤིང་རྟ་ཆེན་པོའི་འཁུར། །འགྲོ་བའི་དོན་དུ་སྐྱོ་དུབ་མི་མངའ་བ། །བདག་བས་གཞན་གཅེས་མཛད་དེ་དྲན་པ་ལ། །བསམས་ཤིང་ངག་དབང་བཟང་པོ་དེ་དྲན་པ་ལ། །རྡོ་རྗེ་སློབ་དཔོན་ཚོགས་ཆེན་སྐྱོང་བའི་ཚེ། །ཟབ་ཁྱད་ཆོས་སྒོ་འབྱེད་པའི་ཐུགས་རྗེ་ཅན། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པའི། །སྟོན་པའི་རྒྱལ་ཚབ་ཆེན་པོ་དེ་དྲན་པ་ལ། །བསམས་ཤིང་ངག་དབང་བཟང་པོ་དེ་དྲན་པ་ལ། །གྲུབ་དབང་ས་ར་ཧ་པ་ཇི་བཞིན་དུ། །ལུང་བསྟན་ཇི་བཞིན་དུས་ལ་གཞན་དོན་གཤེགས། །ལྷ་མའི་མཆོད་འོས་དམ་པ་དེ་དྲན་པ་ལ། །བསམས་ཤིང་ངག་དབང་བཟང་པོ་དེ་དྲན་པ་ལ། །རྩོད་དུས་གངས་ཅན་ཁྲོད་ན་བཀའ་བརྒྱུད་ཀྱི། །ཡངས་པའི་ས་འདིར་གྲུབ་ཐོབ་གྲངས་མེད་བཀང་། །རྒྱལ་ཁམས་བཀང་བ་མིག་གིས་མཐོང་ལགས་སམ། །སྙིང་པོའི་བསྟན་པ་འཛིན་དེ་དྲན་པ་ལ། །བསམས་ཤིང་ངག་དབང་བཟང་པོ་དེ་དྲན་པ་ལ། །ཨེ་མ་ཁྱེད་ཀྱི་ཞལ་མཐོང་གསུང་ཐོས་ཤིང་། །རྣམ་ཐར་ཡིད་ལ་དྲན་པའི་འགྲོ་བ་རྣམས། །དད་པའི་དབང་པོ་གཡོས་ནས་གདུང་ཤུགས་ཀྱིས། །སྨོན་ལམ་ཇི་བཞིན་ཁྱོད་ཀྱི་ཞབས་དྲུང་དུ། །གདུལ་བྱ་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །ཅེས་སོ། །ཡང་ནུབ་གཅིག་རྨི་ལམ་དུ། རྗེ་དེ་ཉིད་བྱོན་ནས་མགོ་ལ་ཕྱག་བཞག་ནས་བྱིན་གྱིས་བརླབས། ང་ཤི་བ་མེད་ཀྱི་གསོལ་བ་ཐོབ་ཅིག །འདུ་འབྲལ་མེད་དོ་གསུངས། དེ་ནས་ཟླ་བ་དང་པོ་ལ། ཆོ་འཕྲུལ་གྱི་མཆོད་པ་ཟབ་ལ་རྒྱ་ཆེ་བ་གཏོང་། ཕྱོགས་མཐའི་ཛོ་ཀི་དང་། སེ་ཉ་སི་མང་པོ་འདུས་འོང་གི་འདུག །དེའི་ཚེ་ཨོ་རྒྱན་ཡུལ་ནས་ཛོ་ཀི་ཞིག་མ་ཧཱུ་ཚིནྡྷར་ཊི་ལ་མཇལ་དུ་འོངས་པ་ཡིན་ཟེར། ངེད་ཚང་གི་སྒོ་མོ་གྲུར་སྡོད་ས་མཉམ་དུ་བྱུང་བས་ཛོ་ཀི་དེས་ང་ཇག་པས་བརྡུངས་བཙོང་བཙོན་དུ་བཟུང་བ་སོགས་ཤེས་འདུག །ང་ལ་ཛོ་ཀིས་ཀ་པུར་ར་ཏི་ར་ཀིར། ཧ་མི་སངྑ་དྷོ་ནོ་ཧོ་ཛ་ཞེས། ཨོ་རྒྱན་གྱི་གནས་བསྐོར་ན་ངས་གྲོགས་བྱས་མཉམ་དུ་འགྲོ་ཟེར། ངས་ཧ་མི་པདྨ་ན་པུ་རུ་སི་ཙརྑཱ། སྱ་ལོམ་པེ་ལོམ་ཏིརྨ་ཧཱ་ཝ། པ་ཋཎྞ་ལཱ་ར་ཡི། ཧ་མི་སྨ་རི། ཏུ་མི་ས་ཙརྑ། སངྒི་ཧོ་ཛ། ཛྷངྑ་ཧ་ཡ་ཅེས། དཀོན་མཆོག་མཁྱེན། དཔལ་གྱི་རི་སྐོར་དུ་འགྲོ་བ་ཡིན། ཇག་པས་བརྡུངས། ཁྱོད་ཤེས། མཉམ་དུ་འགྲོ། བཟང་བྱས། ཛོ་ཀི་ན་དིས་དཾ་དར་ཤ་མ་ཡི་ཨི་ཧཾ་བྷྱཋ། ཧ་མི་ཧ་སོ་ན་གར་ཙ་ལེ། དརྴ་མ་ཡི་གྷ་ཡ། ཨི་ཧི་ཨ་ཡ། སངྒི་དྷོ་ནོ་ཧོ་ཛ། ཧ་མི་ཏུ་མི་མེ་ལ་ལ་ཞེས། ཉི་མ་བཅུ་འདི་རུ་སྡོད། ང་ཧ་སོ་ན་བར་ཕྱིན། ཞག་བཅུ་སོང་ནས་འདི་རུ་ལོག་འོང་།
དེ་ནས་མཉམ་དུ་འགྲོ། ང་དང་ཁྱོད་ཉེ་མོ་བྱེད་ཟེར། ང་ཞག་བཅུ་དེ་ཀར་བསྡད། ཛོ་ཀི་ལོག་མ་བྱུང་། ངས་ཀ་བུར་ལ་འགྲོ་བྱས་པས། བྷྱ་ས་ཧུར་གྱི་ཛོ་ཀི་ཐམས་ཅད་དང་། པིར་བུདྡྷ་ནཱ་ཐ་སོགས་ཀྱིས་ང་བཟུང་། ཁྱོད་རང་འདིར་མི་སྡོད་ན་དྷ་གན་ལ་སོང་། ཧིནྟུ་ཏཾ་ལ་སོང་། ལ་ཧོར་ལ་སོང་། ཀ་པུར་ལ་རྒྱུ་ནས་མི་ཐར། པ་ཋཎྞའི་སྐྱེས་པ་ཐམས་ཅད་སྡུག་ཀྲད་ཡིན། དགེ་སྡིག་ལ་མི་འཛེམ། ཁྱོད་གསད་འོང་མ་འགྲོ་ཟེར་ཁོང་ཚོས་བཟུང་། ད་འགྲོ་ཟེར་བ་ཐམས་ཅད་སུན་པ་འདུག་བསམ་ང་ཧིནྟུ་ཏཾ་ལ་འགྲོ་ལམ་གང་ཡིན་བྱས་པས་ཐམས་ཅད་དགའ་ནས་ཧིནྟུ་ཏཾ་ལ་སོང་ཟེར་ལམ་བསྟན་བྱུང་། ཁོང་རྣམས་དེ་ཁར་བསྡད་སོང་། ངས་ཕར་ཚད་ཀྱི་ཡུལ་ཞིག་ཏུ་ལྟོ་ཟོས། ཧ་སོན་གར་ལ་ཕྱིན། སྔར་གྱི་ཛོ་ཀི་ཨོ་རྒྱན་ལ་འགྲོ་ཟེར་མཁན་དེའི་མིང་ལ་བ་ལ་ནཱ་ཐ་ཟེར། བ་ལ་ནཱ་ཐ་གང་ན་འདུག་དྲིས་པས་རྙེད་བྱུང་། ང་ལ་ཨནྫ་ལི་རས་ཀྱི་ཐོད་གསར་པ་ཞིག་ཡོད་པ་དེ་ཁོང་ལ་བྱིན་ནས་ད་བར་ལ་འགྲོ་གྲབས་བྱས། ཞག་བཅུ་ལ་བསྒུགས་པས་ཁྱོད་སླེབ་མ་བྱུང་བྱས་པས། ཁྱོད་འོངས་པ་ལེགས། ས་ཙི་ས་ཙི། བདེན་བདེན། ད་སང་གནངས་འགྲོ་ཟེར། ཛོ་ཀི་དེའི་སྐྱེ་ས་པ་ཋཎྞ་ཡིན། སྔར་ཕྱི་པ་ཕྱིས་ནང་པ་ལ་ཞུགས་ནས་ཨོ་རྒྱན་གྱི་ཡུལ་དུ་ལོ་མང་པོ་སྒྲུབ་པ་ལ་བཞུགས་པ་ཞིག་ཡིན་ཟེར།
དེ་ནས་ཡུལ་པའི་ཚོང་པ་ཕར་འགྲོ་བ་དང་བསྡེབས་ནས་ཕྱིན། གཙང་པོ་ཆུང་ངུ་ཞིག་ཡོད་པ་བརྒལ་ནས། པ་རུབ། ནྱ་པ་ལ། ཨ་བུ་ཀ །ཀིལླི་ཧི་ལ། སི་ཀིར། མོ་མོ་ལ་བཛྲ། སུ་ནོར། པེ་ལ་ཧར། མུ་ཐིལླི། མུ་ཥཾིལི། མུ་ཋིཀྵི། མ་ཧཱ་ཏིལླི། ས་ཏཱ་ཧུ་ལྡྷུ། ཀ་ལ་བྷྱ་ཙི། སངྒི་ལ་དྷུ་བ། གོ་ཐའི་ཨཱ་ཤ་ཀཾ། དེ་ནས་ལ་ཆེན་པོ་ཞིག་བརྒལ་ནས་ཀ་པུར་དུ་སླེབ། ལ་དེ་ཕན་ནས་ཨོ་རྒྱན་གྱི་ཡུལ་མང་དུ་སླེབ། དེ་ནས་ཉིན་གསུམ་ཕྱིན་པས་ཛོ་མོ་ཁ་ཌིར་སླེབ། དེ་ན་རྒྱལ་པོའི་ཕོ་བྲང་ཡོད། རྒྱལ་པོ་དེ་ལ་པདྨ་ག་ཡ་ཟེར། ཨོ་རྒྱན་ལ་ཡུལ་གྲུ་ཆེན་པོ་འབུམ་ཚོ་བདུན་ཡོད་ཟེར། དེ་ཐམས་ཅད་ལ་རྒྱལ་པོ་དེས་ལུང་སྒྱུར། རྒྱལ་པོ་དེ་དང་ཛོ་ཀི་བ་ལ་ནཱ་ཐ་གཉིས་ཞལ་འདྲིས་ཡོད་པའི་སྟབས་ཀྱིས་རྒྱལ་པོས་ས་མཁན་བཏང་། ཞག་ལྔ་ཕྱིན་པས་གླིང་ཤར་དུ་སླེབ། ཨྱ་ལོམ་པེ་ལོམ་ཟེར་བའི་རི་དེ་འཛམ་བུ་གླིང་ན་དཔལ་གྱི་རི་བརྒྱད་ཡོད་པའི་ཡབ་གཅིག་ཡིན་ཟེར། རི་དེའི་རྩ་བ་ལ་ཛཱ་ཏི་ལ་སོགས་པའི་སྨན་ཤིང་གི་ནགས། སྐེད་པ་ལ་ཕལ་ཆེར་ཙན་དན་དཀར་དམར་གྱི་ནགས་ཤིན་ཏུ་འཐུག་པ། དེའི་སྟེང་ན་གུར་ཀུམ་གྱི་ལྗོངས་ཡོད་པ་བཟའ་ཤིང་སྣ་ཚོགས་པ། ལར་འཛམ་བུ་གླིང་གི་གཞི་ལ་སྐྱེ་བ་ཐམས་ཅད་དེ་ལ་མི་སྐྱེ་བ་མེད་ཟེར། གུར་ཀུམ་གྱི་ལྗོངས་དཀྱིལ་ན་རྒྱལ་པོའི་ཁྲུས་ཀྱི་རྫིང་བུའི་མཐའ་ཐམས་ཅད་ལ་ཙན་དན་དམར་པོའི་ཤིང་བཟང་གི་ཟེའུ་ལྷ་ཁང་མང་དུ་ཡོད་པ་བཀོད་པ་ཕུན་སུམ་ཚོགས་པ་ཞིག་འདུག །དུག་སྦྲུལ་སྟག་གཟིག་ལ་སོགས་པའི་གཅན་གཟན་དཔག་ཏུ་མེད་པ། ཤ་ར་ཎ། ཀྲྀཥྞ་ས་ར་ལ་སོགས་པའི་རི་དྭགས་སྣ་ཚོགས་པ་རང་བཞིན་གྱིས་བག་ཕེབས་པ། ཀངྐ་ལ་སོགས་པའི་བྱ་རིགས་བགྲང་དུ་མེད་པ། རི་དེའི་རྩེ་མོ་གངས་རི་ཤིན་ཏུ་མཐོ་བ། ལར་རི་དེ་ལ་ཐུན་མོང་གི་ཡོན་ཏན་བསམ་ལས་འདས་པ་དང་། འཇའ་ལུས་གྲུབ་པའི་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པ་བཞུགས་ཟེར། དེར་ཞག་བདུན་བསྡད་པས་སྣང་བ་ཐམས་ཅད་བདེ་སྟོང་དུ་ཤར་བས། སྔ་སོར་ལམ་བར་གྱི་དཀའ་ལས་བྱས་པ་དོན་ཆེན་དུ་སོང་། བཀའ་བརྒྱུད་གོང་མའི་རྣམ་ཐར་དྲན་པ་དང་། ཁྱད་པར་རྗེ་བཙུན་ལྷ་བརྩེ་བ་ཆེན་པོ་ལ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་འདུ་འབྲལ་མེད་པའི་གླུ་འདི་བླངས་སོ། །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །དཔལ་ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་དེ། །བཀའ་རྒྱུད་སྡེ་བླ་ན་མེད་པ་ནས། །ངོ་མཚར་དཔག་མེད་གསུངས་ལགས་པ། །དེ་སྔོན་ཆད་རྣ་བར་ཐོས་པ་ཙམ། །བློ་མོས་པས་གདུངས་ཏེ་མཇལ་སྙིང་འདོད། །རྗེ་མཚན་ལྡན་བླ་མས་ལུང་ཡང་བསྟན། །ལམ་འཇིགས་པའི་དཀའ་ལས་ཆེ་ལགས་ཏེ། །སྲོག་ཡལ་བར་དོར་ནས་ཡོངས་པས་འཚེངས། །ཕ་དྲིན་ཅན་ངག་དབང་བཟང་པོ་ལ། །གདོང་མཆི་མས་བཀང་བས་གསོལ་བ་བཏབ། །དེས་དབང་མེད་དུ་མོས་གུས་ཇེ་ཆེར་ཐལ། །བསམ་གྱིན་དུ་ཅི་གསུང་མི་བསྒྲུབ་རི། །ལས་རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བས། །དོ་ཤི་དང་དོ་ཆད་ལན་འགའ་བྱུང་། །དེས་དབང་མེད་དུ་སྒོ་གསུམ་སྒྲིབ་པ་སྦྱངས། །བསམ་གྱིན་དུ་ལས་ངན་ཟད་པས་དགའ། །མི་ལ་ལ་ཕ་མ་བས་ཀྱང་བྱམས། །ལ་ལ་གཤེད་མ་བས་ཀྱང་སྡང་། །དེས་དབང་མེད་དུ་སྒྱུ་མའི་ངོ་སྤྲོད་བྱུང་། །བསམ་གྱིན་དུ་ལས་འབྲེལ་འཇོག་པས་དགའ། །བྱམས་སྙིང་རྗེ་མེད་ཇག་པ་པ་ཋཎྞས། །ནོར་མེད་པས་མི་ཆོག་ཉོ་ཚོང་བྱས། །དེས་དབང་མེད་དུ་སྐྱིད་འདོད་ཀྱི་རེ་བ་ཆད། །བསམ་གྱིན་དུ་བྱ་བ་བཏང་བས་དགའ། །སྤྱིར་འཛམ་གླིང་གྲུབ་པའི་རི་བོ་འདི། །གྲུབ་ཐོབ་གོང་མའི་བཞུགས་གནས་ཡིན། །དེས་དབང་མེད་དུ་བཀའ་བརྒྱུད་ཀྱི་རྣམ་ཐར་དྲན། །བསམ་གྱིན་དུ་ཕ་རྗེས་བསྙེགས་པས་དགའ། །ཤིང་ཙན་དན་གྱི་དྲི་བསུང་རྒྱུན་ཆད་མེད། །སྨན་ཀངྐའི་ཚོམ་བུ་གཅལ་དུ་བཀྲམ། །དེས་དབང་མེད་དུ་རིག་པ་དྭངས་སྙིགས་ཕྱེ། །བསམ་བཞིན་དུ་བསམ་གཏན་འཕེལ་བས་དགའ། །སྔར་མ་ཐོས་བྱ་ཡི་འགྱུར་སྐད་སྙན། །སྤུ་སྡུག་གི་རི་དྭགས་བུ་བཞིན་འཁོར། །དེས་དབང་མེད་དུ་ངེས་འབྱུང་སྐྱོ་ཤས་སྐྱེས། །བསམ་གྱིན་དུ་བྱང་སེམས་བསྒོམས་པས་དགའ། །མཁའ་ལྡིང་གི་དུར་བྱ་ཀླད་ལ་ལྡིང་། །གཅན་གཏུམ་པོ་རྒྱུག་ཅིང་ངར་སྐད་སྒྲོག །དེས་དབང་མེད་དུ་སྐུ་མཚམས་དམ་དུ་བཅུག །བསམ་གྱིན་དུ་གཡེང་བ་མེད་པས་དགའ། །བཟའ་ཤིང་གི་འབྲས་བུ་སྣ་ཚོགས་ལ། །རོ་བརྒྱ་པས་ཞིམ་པའི་བཅུད་ཅིག་དགའ། །དེས་དབང་མེད་དུ་མཁའ་འགྲོ་ཚོགས་སུ་འདུ། །བསམ་གྱིན་དུ་སྐལ་བ་བཟང་བས་དགའ། །ཕྱི་ཡུལ་གྱི་ལྟད་མོ་བསམ་ལས་འདས། །ནང་སྤྲུལ་པའི་ལྷ་ཞལ་རང་སེམས་མཐོང་། །དེས་དབང་མེད་དུ་སངས་རྒྱས་ཀྱི་ས་རུ་བསྐྱལ། །བསམ་གྱིན་དུ་བྱང་ཆུབ་བསྒྲུབས་པས་དགའ། །ཨྱ་ལོམ་པེ་ལོམ་པརྤ་ཏ། །འདི་ཕྱི་ལྟར་སྤྲུལ་པ་སྐུ་ཡི་གནས། །ནང་ལྟར་ལོངས་སྐུ་གསུང་གི་གནས། །གསང་བ་ཆོས་སྐུ་ཐུགས་ཀྱི་གནས། །འདི་འབྱོར་ལྡན་བསོད་ནམས་བསོག་པའི་ཞིང་། །དད་ཅན་གསོལ་བ་འདེབས་པའི་རྟེན། །སྐལ་ལྡན་དངོས་གྲུབ་ལེན་པའི་གནས། །མ་དང་མཁའ་འགྲོ་འདུ་བའི་ཞིང་། །ཕ་དྲིན་ཅན་བླ་མའི་བཀའ་དྲིན་གྱིས། །མི་ང་ཡང་ད་ལན་འདི་རུ་སླེབ། །སྤྱིར་སངས་རྒྱས་བསྟན་པ་དར་བར་ཤོག །སྒོས་མར་གྱུར་འགྲོ་དྲུག་སེམས་ཅན་རྣམས། །འཁྲུལ་རྟོག་གི་ལམ་ལ་མི་འབྱམས་པར། །རང་སེམས་ལ་ངེས་ཤེས་འདྲོངས་བར་ཤོག །སངས་རྒྱས་ཆོས་དང་དགེ་འདུན་བདེན། །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །བདག་གི་སྨོན་ལམ་འགྲུབ་པར་ཤོག །ཅེས་སོ། །གཞན་ལུང་སྟོང་འགའ་ཞིག་ན། གཅན་གཟན་དང་། སྦྲུལ་ཕལ་པ་ནི་འདུག །དུག་སྦྲུལ་རི་འདི་ལ་མིན་པ་གཞན་ན་མི་འདུག །དུག་སྦྲུལ་གྱི་རླངས་ཕོག་པ་ཙམ་གྱིས་ཤ་དང་རུས་པ་སྐད་ཅིག་ལ་བྲལ་འགྲོ་ཟེར་འདུག །དེ་ལ་ཕན་པའི་ཐབས་ཧ་ཐུན་ཟེར་བའི་ཤིང་སྡོང་ཆེན་པོ་ཞིག་ལ་ཅོམ་ལྡུམ་གྱི་ལོ་མ་འདྲ་བ་ཞིག་འདུག །དེ་བརྡུངས་ནས་ལུས་ཀྱི་མགོ་མཇུག་མེད་པར་བྱུགས་པས་གནོད་པ་མི་སྐྱེལ། ཁོ་གཉིད་དུ་སོང་ན་དུང་བུས་ཀུ་ཅོ་བཏབ་ཀྱང་མི་ཚོར། སྦྲུལ་རིང་བ་རྣམས་འདོམ་བརྒྱད་ཙམ་པ་འདུག །ཁ་དོག་ཤིན་ཏུ་མཚར་བས་འཇའ་ཚོན་ཐང་ལ་བབས་པ་བཞིན་སྣང་། སླར་ངེད་གཉིས་ཀྱིས་མཐིལ་དུ་བབས། དེ་ནས་ཕར་ལ་ལུང་བ་པདྨ་འདབ་བརྒྱད་ཁ་ཕྱེ་བ་ལྟ་བུ་ཡོད་པའི་ཁ་ལྷོ་ནུབ་ལ་གཏད་ནས་ཞག་གསུམ་ལ། ཁ་རཀྵར། དེ་ནས་ཉིན་ལྔ་ལ་རཱ་ཡི་ཥཱར་དུ་སླེབ། དེ་ཚུན་གྱི་ཨོ་རྒྱན་གྱི་མི་རྣམས་དང་། རྒྱ་གར་བ་གཞན་རྣམས་ཆ་ལུགས་འདྲ། དེ་ཕན་གྱི་སྐྱེས་ཕོ་མོ་གཉིས་ཀ་ལ་རིན་པོ་ཆེ་ལ་སོགས་པའི་སྦྲུལ་གྱི་ག་ཤ་དང་། འགའ་ཞིག་ལ་སྦྲུལ་ནག་གི་ག་ཤ་དང་། འགའ་ཞིག་ལ་སྦྲུལ་ཁྲའི་ག་ཤ་དང་། སྐྱེས་པ་རྣམས་ལ་ཕྱིང་པའི་ཞྭ་ནག་པོ་ཐོར་ཚུགས་འདྲ་བ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། རྒྱ་གར་གྱི་བུད་མེད་གཞན་རྣམས་ལ་ཞྭ་གྱོན་པའི་ཁྲིམས་མེད། ཡུལ་དེ་ཕན་གྱི་བུད་མེད་རྣམས་ལ་ཞྭ་དང་ཞྭ་སྣེ་མེད་ཀྱི་དབྱིབས་འདྲ་བ། རིན་པོ་ཆེའི་པྲོག་ཞུས་བརྒྱན་པ། སྙན་རྒྱན་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ་འགའ་ཞིག་ལ་རིན་པོ་ཆེ་ལས་གྲུབ་པ། འགའ་ཞིག་ལས་སྦྱོར་ལས་བཅོས་པའི་ཕོ་མོ་ཐམས་ཅད་ལ་འདུག །ཡུལ་དེའི་ཕྱོགས་ལྷོ་ནུབ་ངོས་ན་རྒྱལ་པོ་ཨིནྡྲ་བྷུ་ཏིའི་ཕོ་བྲང་ཐོར་ཅོག་དགུ་ལྡན་དུ་གྲགས་པ་དེ། ད་ལྟ་ཞིག་ནས་ཤུལ་ཞིག་འདུག །དེའི་མི་རྣམས་ཤ་ཟའི་མཁའ་འགྲོ་ཡིན་ཟེར་ཆོ་འཕྲུལ་དངོས་སུ་སྟོན་ནུས་པ་འདུག །དེ་དང་ཉེ་བའི་བྱང་ནུབ་ན་སློབ་དཔོན་པདྨ་མེ་ལ་བསྲེགས་པའི་ཤུལ། ས་ཐམས་ཅད་ཚིག་ནས་རྫ་རུ་སོང་འདུག །མཚོ་ནི་མི་འདུག །
དེ་ནས་ཞག་གསུམ་བྱང་ནུབ་ཏུ་ཕྱིན་པས་ར་ཧོར་བྷྱ་ར་ཟེར་བའི་ཡུལ་ཆེན་པོ་དེ་ལ་ཤར་ནུབ་ལྷོ་བྱང་གང་ལ་ཕྱིན་ཀྱང་ཉིན་ལམ་བདུན་བརྒྱད་ཡོད་ཟེར། དེའི་དབུས་ན་ཨིནྡྲ་བྷུ་ཏི་ཆེ་བས་བཞེངས་བའི་ཀུན་དགའ་ར་བ་དེ་ལ་མངྒ་ལ་འོང་ཟེར། ཀ་བ་བརྒྱ་ཡོད་པ། དྲི་བཟང་གི་རྟེན་མང་དུ་ཡོད་པ། ཁྱད་པར་གསང་བ་འདུས་པའི་བློས་བསླང་གི་དཀྱིལ་འཁོར་རིན་པོ་ཆེ་དུ་མས་བརྒྱན་པ། ལྟ་བས་ཆོག་མི་ཤེས་པ། ཐོག་རིམ་ལྔའི་བརྩིགས་འདུག །དེ་ལ་འཛིན་སྤྲས་མཆོད་པ་ལ་སོགས་པ་ཕུལ་དུ་ཕྱིན་པ་འདུག །དེ་ཕན་གྱི་ཕྱོགས་བྱང་ནུབ་ངོས་ལ་ཡུལ་མང་པོ་ཡོད་ཟེར་ཏེ། གནས་མཇལ་རྒྱུ་དང་ལྷ་ཁང་ལ་སོགས་པ་མེད་ཟེར། ངེད་གཉིས་ཀྱིས་སྔར་གྱི་ས་རཱ་ཡི་ཥར་དུ་ཚུར་ལོག །དེའི་ལོགས་ན་གཙང་བོ་ཞིག་ཡོད་པས་ལྟ་བར་འགྲོ་རྩིས་ཀྱིས་ལྟོ་སློང་དུ་ཕྱིན་པས། བུད་མེད་གཞོན་ནུ་མ་གཅིག་གིས། ཨནྟར་ཨ་སྨེ། ཙུབྟེ་ཀ་རེ་ཞེས། ཁང་པའི་ནང་ལ་ཤོག །འདོད་པ་སྤྱོད་ཟེར། ངས་ཨནྟར་ན་ཧི། ཧ་མི་ཛོ་ཀི་ཧུ་ཝ། ཛུ་རུ་ན་ཧི། ཨ་ལི་ཀྡྷྱ་ཅེས། ཁང་བའི་ནང་ལ་མི་འོང་། ང་རྣལ་འབྱོར་པ་ཡིན། བུད་མེད་མི་སྤྱོད། བསོད་སྙོམས་བླངས་བྱས་པས་འབྲས་བཙོས་པ་གྲང་མོ་ཞིག་བསྐྱལ་བྱུང་། གྲང་མོ་ཟོས་ན་ཚད་པ་ཕོག་དོགས་ངས་གཏོར། མོ་ཁྲོས་ནས་ཁ་ནས་མེ་ཆེན་པོ་ཞིག་སྦར་བྱུང་བས་གདོང་ཚ་ཤུར་བ་ཞིག་བྱུང་། བ་ལ་ནཱ་ཐ་ནི། ཛྷངྑ་ཨཀྑི་ན་ཧི་ཅེས། དགའ་མོ་ཡིན་མེ་མ་སྦར་ཟེར་བས། སླར་ཆོ་འཕྲུལ་གཞན་མ་བྱུང་། དེ་ནས་ངེད་གཉིས་ཀྱིས་ཧཥྛ་ནས་རོ་ཊེ་བླངས་ནས་ཟོས། གཙང་པོ་ཐོན་ནས་ཉིན་གཅིག་ནས་ཨོ་ཌི་ཡཱ་ནར་སླེབ། དེའི་ཉིན་ཟླ་བ་གསུམ་པའི་ཚེས་བཅུ་དང་འགྲིག །ཡུལ་མི་ཐམས་ཅད་འདུས་ནས་གླུ་གར་རོལ་མོ་སྣ་ཚོགས་པའི་མཆོད་པ། བཟའ་བ་ལ་སོགས་པའི་རིགས་བསམ་གྱིས་མི་ཁྱབ་པ། བཏུང་བ་འབྲས་ཆང་། རྒུན་ཆང་། ནས་ཆང་། པེག་ལག །ཀ་རའི་ཆང་། ཨ་རག །ཤིང་རག །སུ་ར་ལ་སོགས་པའི་བཏུང་བ། གླུ་གར་གྱི་ངང་ནས་རང་རང་སོ་སོ་གང་འདོད་པ་ལ་ལོངས་སྤྱད་པས་ཆོག་གི་འདུག །ཐམས་ཅད་ཉམས་འབར་ནས་ལྟད་མོ་ལྟ་མཁན་མེད་པར་ལངས་ཏེ་འདོད་ཡོན་ལྔ་ལྡན་དུ་ལོངས་སྤྱོད་པར་བྱེད། དེའི་དུས་ངས་སྨྱོན་པའི་གར་སྟབས་ཀྱི་ཚུལ་དུ་འདི་ལྟར་རོ། །
ངོ་མཚར་ཅན་གནས་ཆེན་ཀཱ་མ་ལ། །ཡབ་བྱིན་རླབས་ཅན་འཁོར་ལོ་སྡོམ་པ་ལ། །ལྷ་ཉིས་སྟོང་བརྒྱད་བརྒྱའི་འཁོར་གྱིས་བསྐོར། །ཀ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་དག་པའི་སྣང་བ་འཆར་དུ་གསོལ། །ནང་སྤྲུལ་བའི་ལྷ་ཞལ་བསྟན་དུ་གསོལ། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཞིང་ངོ་མཚར་ཅན་ཨོ་རྒྱན་སྤྲུལ་བའི་གནས། །མ་བྱིན་རླབས་ཅན་རྡོ་རྗེ་ཕག་མོ་བཞུགས། །འཁོར་ཆོས་སྐུ་ཡེ་ཤེས་མཁའ་འགྲོས་བསྐོར། །ཀ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་དག་པའི་སྣང་བ་འཆར་དུ་གསོལ། །ནང་སྤྲུལ་བའི་ལྷ་ཞལ་བསྟན་དུ་གསོལ། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཁོང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་། །དུས་ཁྱད་པར་ཅན་ཡར་ངོའི་ཚེས་བཅུ་ལ། །ཁྲོམ་ལྷ་མིའི་ཚོགས་རྣམས་ཀུན་འདུས་ཏེ། །ཕྱི་ལྷ་རྫས་མཆོད་པ་བསམ་ལས་འདས། །ནང་འདོད་ཡོན་གྱི་བྱེ་བྲག་དཔག་ཏུ་མེད། །ལྷ་ཉིས་སྟོང་བརྒྱད་བརྒྱ་ལ་མཆོད་པ་འདུག །ཀ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་དག་པའི་སྣང་བ་འཆར་དུ་གསོལ། །ནང་སྤྲུལ་པའི་ལྷ་ཞལ་བསྟན་དུ་གསོལ། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཕོ་གཞོན་དཔའ་བོ་ཚོས་གཡས་སུ་གར་སྟབས་བསྒྱུར། །མོ་གཞོན་དཔའ་མོས་ཚོ་གཡོན་དུ་གླུ་དབྱངས་ལེན། །ཁོང་ལྷན་ཅིག་ཏུ་དགའ་མགུར་སྤྱོད་པ་དེ། །གསང་བ་བདེ་ཆེན་ཉམས་ཀྱི་མཆོད་པ་འབུལ། །ཀ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱི་དག་པའི་སྣང་བ་འཆར་དུ་གསོལ། །ནང་སྤྲུལ་པའི་ལྷ་ཞལ་བསྟན་དུ་གསོལ། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །བདག་རྣལ་འབྱོར་གྱི་འདུན་མ་ལྷ་ཡིས་བསྒྲུབས། །ལྷ་ཆགས་མེད་ཞེན་མེད་ཀྱི་སྤྱོད་བ་ཡིན། །ཁྱེད་དཔའ་བོ་ཚོ་དགྱེས་པའི་གར་ཞིག་བསྒྱུར། །གར་ཕྱོགས་བཅུར་རྒྱུག་ལ་སྨྱོན་པའི་བྲོ། །ཁྱེད་དཔའ་མོ་ཚོ་དགྱེས་པའི་གླུ་ཞིག་ལེན། །གླུ་སྟག་མོ་ངར་སྐད་ཀྱི་འགྱུར་ཞིག་བརྗོད། །སྐད་བོད་སྐད་དུ་བརྗོད་པ་ལྷ་ཡིས་མཁྱེན། །ལྷ་ངག་དབང་བཟང་པོ་ལ་མཆོད་པ་འབུལ། །ཞེས་སོ། །ཡུལ་དེ་ཨོ་རྒྱན་གནས་ཀྱི་མཐིལ་ཡིན་ཟེར། དེའི་ནུབ་ངོས་ན་ལྷ་ཁང་མ་ཡིག་མི་གསལ་དུ་ཞིག་ན་རྣལ་འབྱོར་མའི་སྐུ་ཙན་དན་དམར་པོ་ལ་རང་བྱོན་མི་ཚད་ཙམ་ཞིག་བཞུགས། ལྷ་ཁང་དེའི་རྒྱབ་ནས་ཧུ་ཛུ་ནཱ་ཐ་ཟེར་བའི་རྣལ་འབྱོར་མ་མི་ལོ་སྟོང་ཕྲག་ལྷག་ཙམ་འགྲོ་བ། ན་ཚོད་ཉེར་དྲུག་བདུན་ཙམ་འདྲ་བ། ཐོ་རངས་ཛོ་ཀི་ལུགས་ཀྱི་བྷ་བྷཱུ་ཏའི་ཁྲུས་བྱས། དགོང་མོ་ཐཱ་ཏི་གུརྒྷ་ནཱ་ཐའི་ཐུན་གྲུབ་པ་དང་། ཐལ་པ་རྣམས་བཀྲུས་པས་ཤ་མདོག་འཇའ་ཚོན་སྣ་ལྔ་ལྟ་བུ་སྣང་བ། དེ་ཁོ་ནར་ས་སྡེ་བཙུགས་ནས་བཞུགས་པ་ཞིག་འདུག །ང་བོད་ནས་གནས་སྐོར་དུ་འོངས་པ་ཡིན་ཞེས་བྱས་པས་ཤིན་ཏུ་ངོ་མཚར་དགྱེས་དགྱེས་མཛད། སྐད་ཆ་མང་དུ་དྲིས་བྱུང་། ཡུལ་དེ་ནས་ཀཱ་མ་ལ་པིར་ཟེར་བའི་རི་དེ་མཐོང་གི་ཡོད། རི་དེ་ལ་རྒྱུན་དུ་འཇའ་འོད་ཀྱི་གུར་ཁྱིམ་ལྟ་བུས་དངོས་མི་མཐོང་། ལན་རེ་འཇའ་རྣམས་ཡལ་ནས་གངས་རི་དངུལ་དཀར་གྱི་རྨོག་འདྲ་བ། ཟླུམ་པོ་ཤིན་ཏུ་བག་དྲོ་བ་ཞིག་འདུག །དེ་རྒྱུད་སྡེ་ནས་བཤད་པའི་དྷརྨ་གཉྫོ་ཆོས་ཀྱི་དཀོར་མཛོད་དམ། ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་དུ་གྲགས་པ་དེ་ཡིན་ཟེར། དེའི་མདུན་ན་རྡོ་རྗེའི་གསང་ཕུག་ཅེས་སམ། ཨོ་རྒྱན་པའི་ལམ་ཡིག་ན། ལྭ་བ་པའི་སྒྲུབ་ཕུག་ཡིན་ཟེར་བའི་ཕུག་པ་ཞིག་འདུག །རྡོ་དེ་ཡང་རིན་པོ་ཆེའི་རིགས་ཡིན་འདུག །དེའི་ཐད་ཀའི་བར་སྣང་ལ་མདའ་རྒྱང་གི་སྙེག་མི་སྙེག་གི་ཚོད་ན་རྡོ་སྦྲ་གུར་ཆུང་བ་ཙམ་ཞིག་གང་ལ་ཡང་མ་བརྟེན་པར་འདུག །དེ་ལ་རྒྱ་གར་པ་ཀུན་ཧ་ཛི་ཀལྤ་ཟེར། ཁོ་ཏཱས་ཀྱི་བཞུགས་གདན་ཡིན། སྲིད་པ་ཆགས་པ་ནས་ཡོད་ཟེར། ལམ་ཡིག་ན་གྲུབ་ཐོབ་ལྭ་བ་པ་ལ་མཁའ་འགྲོ་མས་རྡོ་ཆར་ཕབ་ཧཱུྃ་ཞེས་བརྗོད་སྡིགས་མཛུབ་གཏད་པས་དེ་ཀར་ལུས་པ་ཡིན་ཟེར། གནས་ཉེར་བཞི་ཕྱི་ནང་ཐུན་མོང་བ་ཡིན་པས་རྩོད་པ་བྱ་མ་དགོས། རི་དེའི་རྒྱབ་ན་དྷ་ན་ཀོ་ཤའི་སིནྡྷུ་རྒྱ་མཚོར་གྲགས་པའི་མཚོ་དེ་ལ་རྒྱ་གར་བའི་འཕྲལ་སྐད་དུ་ས་མུ་ད་སི་ཏུ་ཟེར། ཉིན་གཅིག་ལ་སླེབ་ཟེར། ངས་མཇལ་དུ་འགྲོ་བྱས་པས། བ་ལ་ནཱ་ཐ་ན་རེ། ཨསྟུ་མི་ཀཾ་ཧང་ཛ། ཀྱ་ཀ་ཏ། ཨྱ་ལོཾ་པེ་ལོཾ་ཏཱི་ར་ཀིར། རཱ་ཡི་ཥཱ་ར་ཏཱི་ར་ཀི་ར། མངྒ་ལ་ཝོད་ཏཱི་ར་ཀིར། ཨོ་ཌི་དཱི་རི་ཀིར། ཀཱ་མ་ལ་ཏཱིར་ཀིར། ཧི་ཛ་ཀརྤ་པདྨ་ན་སུ་རུ་ཏཱི་ར་ཧུ་ཝ། ཀཎྜི་བྷ་ཡ། ཨུ་ཙརྷ་ཝ། ས་མུ་དྲ་སི་ཏུ་ཧ་ཡི། ཏཱིར་ར་ཀོ་ཥ་ནཱ་ཧི། ཀྱ་ཀ་ཏ་ཞེས་ད་ཁྱོད་གང་ལ་འགྲོ། ཅི་བྱེད། ཨྱ་ལོཾ་པེ་ལོཾ་སོགས་གནས་དཀོན་མཆོག་གི་ཡིན། ལ་རྒྱབ་ནས་ཡུལ་མེད། སིནྡྷུ་རྒྱ་མཚོ་ཡོད། གནས་ལར་མེད་ཅི་བྱེད་ཟེར་ཞིང་། གནས་ཀུན་ནི་འཁོར་ཕར་སོང་ནས་ཅི་བྱེད། ལུང་པ་སྟོང་པ་ཡིན། རྒྱ་མཚོ་ཡོད། གནས་རྒྱུ་ནས་མེད་ཟེར། ཁོ་ཁྲོས་འདུག་པས། ངས་འགྲོ་ཟེར་མ་ནུས། དེའི་ལྷོ་ཕྱོགས་ན་རི་དེའུ་མི་ཆེ་བ་ཞིག་འདུག་པ་དེ་ལ་མངྒ་ལ་པ་ཎི་ཡང་ཟེར། ཕལ་གྱིས་ཨཱ་ཡུར་པ་ཎིར་བརྗོད། དེ་འཆི་མེད་ཀྱི་ཚེ་ཆུ་ཡིན་ཟེར། རྡོ་རང་ཐག་འདྲ་བ་དམར་སྨུག་གཅིག་འདུག་པ་དེ་ལས་ཆུ་འབབ་ཀྱི་འདུག །དེ་ན་བུ་མོ་བཅུའི་ཁྲུས་བྱེད་རྩེད་མོ་རྩེ་བཞིན་པ་ལ། ཉེ་བར་སླེབ་ཚེ་བྱར་སྤྲུལ་ཏེ་ཀཱ་མ་ལ་པིར་ཕྱོགས་ལ་འཕུར་ནས་སོང་། བ་ལ་ནཱ་ཐ་ལག་གཉིས་ཐལ་མོ་སྦྱར་ཛྷངྑ་ཕ་ལ་ཟེར། ཆུ་དེ་ལ་ཐག་རིང་མོ་ནས་ལེན་མཁན་མང་པོ་འོང་། ནད་ཐམས་ཅད་ལ་ཕན། ཁྱད་པར་ཚེ་རིང་བས་མི་ཕལ་མོ་ཆེ་ལོ་བརྒྱ་དང་ཉིས་བརྒྱ་སུམ་བརྒྱ་ཙམ་ཐུབ་པ་མང་བར་གདའ། གནས་གཞན་རྣམས་ལས་དེ་ཁྱད་པར་དུ་འཕགས་པར་བྱེད་ཅིང་། བ་ལ་ནཱ་ཐ་ན་རེ། ད་ཨོ་རྒྱན་ཡུལ་གྱི་གནས་ཐམས་ཅད་འཁོར་ཟེར། དེ་ཕན་ལ་ཡུལ་གྲོང་གི་རིགས་མེད་ཟེར། སྤྱིར་ཨོ་རྒྱན་གྱི་ཡུལ་གྱི་ཆགས་ཚུལ་ནི་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཕལ་མོ་ཆེ་རྫོགས་པ་དང་། གངས་ཏི་སེའི་སེང་གེ་ཁ་འབབ་ཀྱི་ཆུ་དེ་བྱང་ནུབ་ཏུ་འབབ། མང་ཡུལ་དང་པུ་རིགས་ཟངས་དཀར། ལྟུཾ་ར། སྦལ་ཏིའི་ཡུལ་བརྒྱུད། སྟག་དང་གྲུ་ཤ་ལིའི་ཡུལ་གྱི་ཆུ་ཐམས་ཅད་བསྡོངས་ནས་ཨོ་རྒྱན་གྱི་བྱང་ནུབ་ཏུ་སླེབ། དེ་ནས་ལྷོ་ཤར་ལ་གཏད་ནས་འགྲོ། རཱ་ཛ་ཧཱུར་དང་། ཨ་ཊ་ཀི་གི་ཐད་ལ་ལྷོར་རྒྱུག །
དེ་ནས་ནུབ་ཕྱོགས་སུ་འཁོར་ནས་ཨོ་རྒྱན་གྱི་རྒྱབ་ཐམས་ཅད་རྒྱ་མཚོས་འཁོར་བ། དེ་ལ་སིནྡུ་རྒྱ་མཚོ་ཟེར་བ་འདུག །ཡུལ་དེའི་མཐའ་ཐམས་ཅད་གསང་པོ་དང་རྒྱ་མཚོས་བསྐོར་བ་དེའི་ནང་སྐོར་ལ། པ་ཋཎྞ་ཟེར་བའི་མུ་སྟེགས་པའི་ཡུལ་གྱི་བསྐོར་བ། དེའི་ནང་རི་མུ་ཁྱུད་ཀྱི་ཚུལ་དུ་འཁོར་བ། ཨོ་རྒྱན་ནང་གི་ཆུ་ཐམས་ཅད་ཛོ་མོ་ཁ་ཌིའི་མདུན་ནས་ཤར་ཕྱོགས་སུ་རོང་དོག་པོ་ཞིག་འདུག་པ་དེ་ལ་བབས་ནས་སི་ཏི་པ་ཎི་དང་འདྲེས། ཛ་ཏི་ལ་སོགས་པ། ཨྱ་ལོཾ་པེ་ལོཾ་ནས་ཆུས་ཁྱེར་ཏེ་སེང་གེ་ཁ་འབབ་ཀྱི་ཆུའི་མཐར་མི་རྣམས་ཀྱིས་བཟུང་། ལར་ཨོ་རྒྱན་གྱི་རི་ལུང་ཐམས་ཅད་བཟའ་ཤིང་སྣ་ཚོགས་པ། མེ་ཏོག་ལ་སོགས་པ་རྒྱུན་དུ་འཁོར་མར་འོང་བ་ལོངས་སྤྱོད་འདོད་ཁམས་ཀྱི་ལྷ་ལ་འགྲན་བཟོད་པ། བསིལ་དྲོད་སྙོམས་པ། སྦྲང་མ་ཡང་ཉུང་བ། ཆུ་ཐམས་ཅད་བཟང་བ། གླུ་གར་ལ་སོགས་པ་རྩེད་མོ་ཁོར་མོ་ཡུག་ཏུ་སྤྱོད་པ། རྣལ་འབྱོར་པ་རྣམས་ལ་ཡེ་ཤེས་ཀྱི་རྩལ་སྣང་ཁྱབ་བརྡལ་དུ་འབྱུང་བ། སོ་སོའི་སྐྱེ་བོ་ལའང་མི་རྟོག་པ་ཤུགས་འབྱུང་དུ་འཆར་བས་གསང་སྔགས་པ་བདེ་བ་ལམ་དུ་བྱེད་ཟེར་བ་རེ་བདེན་པར་གདའ། ཨེ་མ་ཧོ། བློ་ལས་འདས་པའི་ལྟ་བ་འདི། །བླ་མས་བསྟན་དུ་མ་མཆིས་ཏེ། །དད་པ་ཁོ་ནའི་རྟོགས་བྱ་ཡིན། །མོས་གུས་ཤིག་གཏིང་ནས་གཡོས་ཙ་ན། །འཁྲུལ་པ་ཁོ་རང་དབང་མེད་པར་བྲོས། །བྱིན་རླབས་ཤིག་སྙིང་ལ་ཞུག་པ་འདྲ། །དེ་ཉིད་ཆོས་ཀྱི་གནས་ལུགས་ལ། །ཡོད་མེད་རྩོད་པ་སྒྲོ་བཏགས་ཙམ། །ཡིད་ལ་བྱེད་པ་བྲལ་བ་ལ། །སྒོམ་པ་ཐམས་ཅད་རྟོགས་པ་ཡིན། །འོད་གསལ་སྣང་བཅས་སྣང་མེད་ངང་། །ཉམས་བཞག་རྗེས་ཐོབ་རྗེས་ཤེས་སོགས། །བློ་ཡི་འཛིན་སྟངས་ཡོད་རིང་འབྱུང་། །སྤྱོད་པས་ཕ་མཐར་སོན་པ་ལ། །ཉམ་ང་བག་ཚ་ཀུན་སྤངས་ཏེ། །ཚོགས་དྲུག་ཡུལ་གྱི་སྣང་བ་སོགས། །གང་ལ་ཞེན་ཅིང་གང་ལ་སྡང་། །གཉིས་ག་མ་སྤངས་དེ་ཉིད་ངང་། །རང་བཞིན་ཤེས་པས་གྲོལ་བར་འགྱུར། །དེ་ཉིད་མཐོང་བའི་རྣལ་འབྱོར་པས། །ལྟ་བ་ནམ་མཁའི་དཀྱིལ་དུ་ལྟོས། །ཁས་ལེན་མེད་པའི་ངང་དུ་ཞོག །སྒོམ་པ་ཉི་ཟླའི་འོད་བཞིན་གསལ། །འཕེལ་འགྲིབ་མེད་པའི་ངང་ལ་ཞོག །སྤྱོད་པ་རང་བཞིན་ཤེས་པར་མཛོད། །བླང་དོར་མེད་པའི་ངང་ལ་ཞོག །འབྲས་བུ་ཐོག་མ་མཐའ་མ་མེད། །རེ་དོགས་མེད་པའི་ངང་ལ་ཞོག །ལར་འདོད་པ་ཐམས་ཅད་རང་འདོད་ཡིན། །རང་འདོད་ཟད་དམ་མ་ཟད་ལྟོས། །བློས་བྱས་ཐམས་ཅད་ཀུན་རྫོབ་ཡིན། །བློ་ལས་འདས་སམ་མ་འདས་ལྟོས། །རྐྱེན་རྣམས་ཐམས་ཅད་གློ་བུར་ཡིན། །རང་ལ་དྲིས་ཤིག་སྙིང་གཏམ་ཡིན། །ཞེས་སྨྲས་སོ། །
དེ་ནས་ཚུར་ལོག་ཞག་གཉིས་ལ་ཨོ་ཌི་ཡ་ནར་སླེབ། དེ་ལ་དྷུ་མ་ཐ་ལའང་ཟེར། ས་ཧུ་ཛུ་ནཱ་ཐ་ཟེར་བའི་རྣལ་འབྱོར་མ་དེས། དེའི་ཉིན་ཕག་མོའི་བྱིན་རླབས་མི་མང་པོ་ལ་གནང་པའང་ཐོབ། བ་ལ་ནཱ་ཐ་དེར་འདུག་ཟེར། ཁྱོད་རང་ཡང་སྡོད་ཟེར་བས་ང་བོད་ལ་སྐོར་གཅིག་འགྲོ། སླར་ལོག་འོང་བྱས། ཛོ་ཀིས་སྐྱེལ་དུ་འོངས། རི་ཡི་ཥཱར་དུ་སླེབ། དེ་ནས་མེ་དོར། ཁ་རཀྵར། དེ་ན་བུད་མེད་སྨྱོན་མ་འདྲ་བ་ཞིག་གླུ་ལེན་གར་བྱེད་ཅིང་ཉམས་འབར་བ་ལྟར་བྱེད་ཅིང་ཁ་ནས་མེ་འབར་བ་དང་། ཁྲག་སྐྱུག །དབང་པོ་གཞན་རྣམས་ནས་དུད་པ་འཐུལ་བ་ཞིག་འདུག །དེའི་རྩར་མི་རྣམས་ཉེ་མོ་རང་འགྲོ་མི་ནུས། འཇིགས་པའི་ཚུལ་བྱེད་ཅིང་གདའ། དེ་ནས་སཾ་ང་བྷོར། ག་ཝོ་ག །བྷྱ་ཋ་བྷ་ས་བྷ་སོར། དེ་ནས་ཉིན་གཉིས་ལ་ཛོ་མོ་ཁ་ཌིར་སླེབ། ཚུར་ལམ་ཛོ་མོ་ཁ་ཌི་ནས་བྱང་ཤར་ལ་འོངས་པས། ཕར་ལམ་དང་མཐུན་པ་མེད། དེ་ལུགས་ཤེས་དགོས། དེའི་ཉིན་རྒྱལ་པོ་མེ་ཏོག་ལྡུམ་ར་ན་ཕེབས་འདུག །ལྡུམ་ར་དེར་སྟག་གཟིག་སེང་གེ་དོམ་དྲེད། རི་དྭགས་སྣ་ཚོགས། བྱ་སྣ་ཚོགས། རང་རང་སོ་སོ་ལ་གཉེར་ཁ་བཀོད་ནས་འདུག །རྒྱལ་པོའི་གོས་དང་། འཕྲལ་གྱི་དགོས་བྱད་ཐམས་ཅད་སྦྱིན། ཛོ་ཀི་དེར་བསྡད། ང་ལ་རྒྱལ་པོས་སྐྱེལ་མི་ཞག་ལྔ་བཏང་སི་ཏུ་པ་ཎིའི་གཙང་པོ་ཐོན། གཙང་པོའི་ཁ་ཞེང་ལ་ཚ་ལམ་གཅིག་ཙམ་འདུག །ཞེང་ཆེ་བ་རྣམས་ལ་ཉིན་ལམ་གྱིས་མི་ཚད་པ་ཙམ་འདུག །དེ་ནས་ང་རང་གཅིག་པུར་འོངས། ར་ཛི་ཧུར་དུ་སླེབ། དེ་ནས་ཉིན་གཉིས་ནས། མཱི་ལི། ཀཾ་ཐེ། ནེ་པཱ་ལེ། ནི་ལའུ། ལངྒ་། ཧོ་ར་ཉཱ། ཨ་ཤ་ཀཾ་ནི། མ་ཧཱ་ཚིནྡེ། བྷེ་ལཾ་རི། དེ་ནས་ཞག་དྲུག་ལ་གོརྵ་ལ། དེ་ནས་ཉིན་གཉིས་ནས། གལྤ། རུ་ཀཱ་ལ། ར་ཧོརྦུཎྜ། ར་ཝ་ཏ། ས་ཏཱ། ཧ་ཏི། ཙི་རུ། རུ་ཏཱ། ཛྷེ་ལོཾ། ས་ར། བྷེ་བར། ནོ་ཤར། ར་ཙུག །དེ་ནས་ཉིན་གསུམ་ལ་ཐ་ནར་སླེབ། དེ་ནས་ལ་གཉིས་བརྒལ། རོང་ཞིག་ཏུ་སླེབ། བིརྦཉྩ་ཟེར་བའི་གངས་ལ་ཆེན་པོ་ཞིག་ཡོད་པ་བརྒལ་བས་ཞག་གཉིས་ནས་ཁ་ཆེའི་ཡུལ་སྣ་ཟིན། དེ་ནས་ཁ་ཆེའི་འཕྲེད་ལམ་བཅད་ནས་པུཥྤ་ཧ་རིར་ཕྱིན། དེའི་མདོ་ན་གུར་ཀུམ་གྱི་ལྗོངས་དང་ཉེ་བ་ན། སྤང་པོར་ཟེར་བའི་ཚོང་འདུས་ཤིག་ཡོད་པ་དེ་ནས་ཉ་བཙོས་པ་ཉོས་ནས་པུཥྤ་ཧ་རིར་ཚོགས་འཁོར་བྱས། ཉི་མ་ལ་ཉལ་བས་གཉིད་སད་པ་དང་། ཚད་པ་ཕོག་འདུག་དེར་ཤི་ནའང་བློ་བདེ་བསམས་ཉིན་མཚན་མེད་པར་གཉིད་ལོག །ཆུ་འཐུང་སྙིང་གང་འདོད་བཏུང་། ཕན་དུ་རེ་བ་བློས་སད་ནས་གཤིས་ཐོག་ཏུ་གཡོ་མེད་དུ་བསྡད་པས། ཉིན་སྣང་མཚན་སྣང་ལ་ཁྱད་མེད་པའི་ནང་ནས་རྨི་ལམ་དུ་རྩལ་ཆེ་བ་ཙམ་བྱུང་། ཞག་བདུན་ནས་ནད་གར་སོང་མེད་པར་ཁམས་སངས་ཀྱིས་སོང་། དེ་ནས་སླར་སྤང་པོར་དུ་ཕྱིན། དེ་ནས་ཉིན་གཉིས་ནས་སནྡྷ་བྲག་རིར་དུས་ཆུ་ལ་ཁྲུས་བྱས། དེ་ནས་ཀུཥྨི་རར་ཕྱིན། རྒྱ་གར་བ་རྣམས་ཁ་ཆེའི་སྤྱི་མིང་ལ་ཀེ་ཤི་མིར་ཟེར། སྒྲ་ཉམས་པར་འདུག །ཀཥྨི་ར་ཡུལ་ཚོ་གཅིག་གི་མིང་ཡིན། ནཱ་རོ་པ་འཁྲུངས་ས་དེའོ། །དེ་ནས་ལ་ཞིག་བརྒལ། ཉིན་གཉིས་ནས་ཝ་རན་དུ་སླེབ། རོང་ཞིག་ལ་ཞུགས་ནས་ཕྱིན་པས་མ་ཌེར་སླེབ། དེ་ནས་འོང་ལུང་སྟོང་པ་ཞག་བཅུ་ལ་བོད་ཟངས་དཀར་དུ་སླེབ། ཟངས་དཀར་རྒྱལ་པོས་སྦྱིན་བདག་བྱས། ཟླ་བ་གཅིག་ཙམ་བསྡད། དེ་ནས་རིམ་པས་མར་ཡུལ་དུ་སླེབ། མར་ཡུལ་གྱི་རྒྱལ་བློན་རྣམས་ཀྱིས་སྡོད་དགོས་ཞེས་ནན་ཆེས་པས་ལོ་བཞི་ཙམ་བསྡད། རྒྱ་གར་དུ་སྔ་ཕྱི་གཉིས་ཕྱིན་པའི། ལམ་གླུ་རིང་མོ་ཞེས་བྱ་བ་གཅིག་ཏུ་བསྡོམས་པ་འདི་ལྟར་རོ། །ན་མོ་རཏྣ་གུ་རུ། ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འགྲོ་དུས། །སྐྱོ་གྲོགས་རྒྱང་གླུ་རིང་མོ་ནི་བླངས་སོ། །དྲིན་འཁོར་མེད་ཀྱི་རྗེ་བཙུན་བླ་མ་ལ། །བུ་སྙིང་ནས་དང་བས་གསོལ་བ་འདེབས། །ལས་བྱ་རྒྱུ་ཆོས་ལས་མ་མཆིས་ཀྱང་། །ཆོས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །སྤྱིར་རྒྱ་བོད་གཉིས་ཀྱི་སོ་མཚམས་ན། །ཀཎྜི་གོ་ཌ་ལ་ཡིས་སྣ་དྲངས་པའི། །ལྷ་ཆེན་པོ་གནས་པའི་པརྤ་ཏ། །པིརྤཉྩ་ལ་སོགས་ལ་ཆེན་བཅུ། །ལ་ཕྲན་ལྔ་བཅུ་རྩ་བརྒྱད་ཙམ། །ལམ་དེ་ཀུན་གྱི་དཀའ་ལས་འདི་ལྟར་འདུག །སྟེང་བྷ་ཊིལྐཱ་ལ་མུན་ལྟར་གཏིབས། །བར་ཁ་བ་བུ་ཡུག་འཚུབ་མས་ཁེངས། །འོག་འཁྱགས་པ་པདྨ་ལྟ་བུར་གས། །པཾ་ཧུཾ་ཧི་ཨུངྐ་ཊིཀ་ལ་ལ་བསྒུག །གྱད་ཤཱ་མོ་ནཱ་ཐ་ཡུལ་དུ་ཞུགས། །དཔུང་མཚན་ལྡན་བླ་མའི་རྒྱབ་རྟེན་བཟང་། །མཚོན་དམིགས་སྤྲིན་ནག་པོ་པ་རྣོན་པོའི་མེ་དཔུང་སྤྲོས། །ཕྱི་ང་རའི་རྐྱེན་གྱིས་གླགས་མ་རྙེད། །ཕྱོགས་གར་འགྲོ་གཏད་སོ་མ་མཆིས་པས། །ཁ་རླངས་ཀྱི་དམག་ཚོགས། ཕ་དྲིན་ཆེན་ངག་དབང་བཟང་པོ་ལ། །བློ་ཁེལ་ངེས་སུ་བཀལ་ནས་གསོལ་བ་འདེབས། །དཔེ་གླང་ཆེན་སྨྱོན་པ་རྒྱུ་བ་བཞིན། །ཞག་བཅོ་ལྔའི་བར་དུ་ཁ་བ་ལ་ཕྱིན། །ལམ་སྔ་དྲོ་གཅིག་ཀྱང་ནོར་མ་མྱོང་། །དེ་བསམ་བཞིན་དུ་མཚན་ལྡན་བླ་མ་ལ། །དཔལ་རྫོགས་པའི་སངས་རྒྱས་དངོས་སུ་མཐོང་། །ས་ཙམྦྷེ་དམ་པའི་རོང་དུ་ཞུགས། །རོང་འཇུར་མིག་གི་འཕྲང་ལ་འགྲོ་ཙ་ན། །ཡིད་བརྟན་པོར་ཕྱིན་ཀྱང་གོམ་ཚུགས་འཁྱོར། །ནགས་འཐུག་པོ་ཞིག་ནས་ཐོན་དུས་མེད། །ཆུ་གཅིག་ལ་ལན་བརྒྱ་བརྒལ་དགོས་བྱུང་། །གཞུང་ཕྱི་ཐག་ཡིན་ཀྱང་རིང་བ་ཙམ། །རོང་དེ་ནས་འཐོན་པས་ནམ་ལངས་བཞིན། །ཕྱོགས་གང་ལ་བལྟས་ཀྱང་གུ་ཡངས་སོང་། །ཡུལ་རྒྱ་གར་མཐིལ་དུ་སླེབ་ཙ་ན། །ཐང་ཆེན་པོ་ཞིག་ལ་ཆོད་དུས་མེད། །ཁོང་རྟ་བདུན་རྒྱལ་པོ་དགུང་དུ་སླེབ། །འོག་ས་གཞི་ཐམས་ཅད་མེ་ལྟར་འབར། །ཉ་བྱེ་ཚན་ས་ལ་བསྒྲེས་པ་བཞིན། །ནོར་རིན་ཆེན་གསེར་ལས་བཏུང་ཆུ་དཀོན། །སྟོད་བྱང་ཁོག་ཁྲག་མཚོ་སྐམས་སོ་སྙམ། །ལར་ཚད་གདུང་གི་སྡུག་བསྔལ་བཤད་མི་རྫོགས། །ལུས་དབང་པོ་ཐམས་ཅད་ཉམས་སོ་སྙམ། །ཆུ་ཆེན་པོ་སིནྡྷ་བརྒལ་ནས་ཕྱིན། །མུ་སྟེགས་པ་ཋཎྞ་གྱི་ཡུལ་དུ་ཁོ་བོ་སླེབ། །མི་སྲིན་པོ་གདོང་དམར་ཇག་པ་བྱུང་། །ལྷ་མིན་འཐབ་རྩོད་ཀྱི་དམག་དཔུང་ལྷགས་སོ་སྙམ། །མཚོན་རྣོན་པོ་སྟ་ཝར་མགོ་ལ་བསྣུན། །མགོ་ཚལ་པ་བརྒྱ་རུ་གས་སོ་སྙམ། །ལས་ཕན་དུ་རེ་བ་གཞན་མ་མཆིས། །ཕཊ་དྲིན་ཅན་ལྷ་རྩེ་ཆོས་རྗེ་མཁྱེན། །ང་བདག་ཏུ་འཛིན་པའི་དགྲ་བོ་བཟློག །ཕཊ་རང་རིག་ལྷན་ཅིག་སྐྱེས་པ་དྲན། །བློས་བྱས་བདུད་ཀྱི་ལྟ་བ་བཟློག །ཕཊ་བརྗོད་མེད་ཆུ་བོའི་རྒྱུན་བཞིན་དྲན། །མཚན་བཅས་བདུད་ཀྱིས་བཅིངས་པ་བཟློག །ཕཊ་འགག་མེད་སྣང་བའི་གཞི་རྩ་བྲལ། །ཆེད་དུ་བྱས་པའི་སྤྱོད་པ་བཟློག །ཕཊ་འགྱུར་མེད་ཆོས་སྐུའི་རྒྱལ་ས་དྲན། །རེ་དོགས་བདུད་ཀྱི་འབྲས་བུ་བཟློག །ངས་བྱས་པའི་ཆོས་རྣམས་ཤུན་པར་ཐལ། །ད་བྱ་རྒྱུ་མེད་པར་མཉམ་ཉིད་ངང་། །ལར་ཆོས་ཤན་རྐྱེན་གྱིས་འབྱེད་པ་ལ། །བཟང་རྫུ་ལ་རེ་བ་ཚོ་ཅི་ཆ་ཨང།།ཕ་བླ་མའི་བྱིན་རླབས་ཞུགས་ཙ་ན། །ཅིར་སྣང་ཀུན་སྒྱུ་མའི་རོལ་རྩེད་ཡིན། །དཔལ་ཨོ་རྒྱན་ཡུལ་གྱི་མཐིལ་དུ་སླེབ། །བདག་རྣལ་འབྱོར་གྱི་སྐལ་པ་བཟང་ངོ་སྙམ། །མ་མཁའ་འགྲོའི་དོ་ར་འགྲིམ་ཙ་ན། །སྔོན་སྦྱངས་ཀྱི་བག་ཆགས་སད་དོ་སྙམ། །ལར་བཟང་རྟོག་དང་ངན་རྟོག་གང་ལ་ཡང་། །བདེན་པར་བཟུང་ན་རྣལ་འབྱོར་འཁྲུལ། །སྤྱིར་སྣང་བ་རྐྱེན་ལ་ལྟོས་པ་འདི། །མཉམ་ཉིད་དུ་གྲོལ་བའི་སྔ་ལྟས་ཡིན། །བཟང་པོ་ཞིག་ལོག་ནས་བཙལ་མ་དགོས། །རང་བྱུང་ཡིན་པས་སྒྲུབ་ཏུ་མེད། །ལྷན་སྐྱེས་ཡིན་པས་འདུ་འབྲལ་མེད། །རང་རྩལ་ཡིན་པས་བཀག་མ་དགོས། །བསྡད་ན་རིན་ཆེན་གསེར་ལས་ལྕི། །འགྲོ་ན་གྱི་ལིང་རྟ་དང་འདྲ། །གམ་འཁྲུག་མེད་པ་རྒྱན་དུ་ཆེ། །ཤུགས་འབྱུང་གི་ལམ་གླུ་རིང་མོ་འདི། །ཤྭ་མོ་ནཱ་ཐའི་སྐྱོ་གྲོགས་ཡིན། །རེ་བ་མེད་པའི་ཆོས་མེད་སྨྱོན་པ་ངས། །གླང་ཆེན་སྨྱོན་པའི་འགྲོས་ཀྱིས་ས་མཐའ་སྐོར་དུ་ཕྱིན། །འདུས་བྱས་ཆོས་ལ་སྙིང་པོ་མི་འདུག་པས། །རང་ལ་དབང་རྒྱུ་ལུས་ལས་གཞན་མ་མཆིས། །འདི་ཉིད་གཟུགས་ཅན་གཟུགས་མེད་འབྱུང་བཞིའི་རྐྱེན། །སུ་ལ་དགོས་པ་སྟེར་དུ་ཕྱིན་ལགས་པས། །སྟེར་དགོས་མེད་པར་པ་ཋཎྞ་ཡིས་ཁྱེར། །ལན་གསུམ་བྱིན་པས་སྦྱིན་པའི་བྲེ་ཁ་ཁེངས། །སླར་ཡང་རང་གིས་བྱས་ནས་ཨོ་རྒྱན་ཡུལ་དུ་ཕྱིན། །གནས་ལུགས་ཕྱག་རྒྱ་ཆེན་པོའི་རང་བཞིན་ལ། །རང་ཡང་མ་མཐོང་གཞན་ཡང་ག་ནས་མཐོང་། །མི་བདེན་བཞིན་དུ་རྫུན་སྣང་ལྟད་མོ་རྣམས། །ཆུ་ཟླ་བཞིན་དུ་རྣལ་འབྱོར་ཉམས་ལ་མཐོང་། །ཆོས་པ་སྤྱི་ཡི་ཁྱུ་རུ་མ་ཚུད་ཀྱང་། །མ་དང་མཁའ་འགྲོའི་དོ་ར་འགྲིམ་དགོས་བྱུང་། །འདུ་ལོང་ཟང་ཟིང་འབྱོར་པ་མ་མཆིས་ཀྱང་། །དགོས་མེད་རྒྱུད་ལ་སྐྱེས་པས་དགོས་དགུ་རང་ལ་ཚང་། །ཐ་སྙད་ཚིག་ལ་ཆེད་དུ་མ་སྦྱངས་ཀྱང་། །སྣང་བ་རང་སྣང་ཡིན་པས་ཐེ་ཚོམ་ཟ་དགོས་མེད། །སྡུག་བསྔལ་ལས་ངན་འཛད་པས་རང་གིས་བྱས་པས་ཆོག །བསམ་རྒྱུ་ཆོས་ལས་མེད་ཀྱང་སྤྱོད་ངན་བྱེད་དོན་མེད། །ལུས་སྲོག་ཐེར་ལ་བུད་བས་རེ་དོགས་ཀུན་དང་བྲལ། །བླ་མའི་བཀའ་བཞིན་བསྒྲུབས་པས་ཅི་བྱས་གྲོགས་སུ་སོང་། །བ་ལ་ནཱ་ཐའི་དྲིན་ཡང་བྱས་ཤེས་ཡིད་ལ་བཅགས། །ཉི་ཤུ་རྩ་བཞིའི་གནས་མཆོག་ཨོ་རྒྱན་ཡུལ་དུ་ཕྱིན། །མ་མཐོང་ཐོས་པའི་གཏམ་འདི་ཀུན་གྱི་རྣ་བའི་རྒྱན། །འདི་ཐོས་ཡིད་ལ་དྲན་པས་ཀུན་རྟོག་གཞན་མི་འབྱུང་། །དེ་ཁ་མི་རྟོག་ཡེ་ཤེས་ངོ་མ་ཡིན། །དེ་ཡི་ངང་ནས་ཚོགས་དྲུག་གང་ཤར་ཡང་། །རང་བཞིན་ཡོངས་སུ་ཤེས་ན་ལྟ་བའི་ཡང་རྩེ་ཡིན། །ཡེངས་མེད་སྒོམ་དུ་མེད་ན་སྒོམ་ཆེན་ངོ་མ་ཟེར། །རྐྱེན་ལ་སྤང་བློ་མེད་ན་རོ་སྙོམས་ཁྱད་ཆོས་ཡིན། །འཐོབ་བྱའི་རེ་བ་མེད་ན་འབྲས་བུ་མངོན་དུ་གྱུར། །ཅེས་ཀྱང་སྨྲས་སོ། །
འདི་ཉིད་ཡུལ་དང་ལམ་གྱི་གནས་ཚུལ་རགས་བསྡུས་ཡིན། ལུས་བྲན་དུ་བཀོལ་ནས་དཀའ་བ་སྤྱད་པ་རྣམས་བརྗོད་ན་ཆོས་ཕྱོགས་སུ་སྡུག་ཡུས་བྱས་པར་འགྲོ་བ་འདུག་པས་བརྗོད་མེད་དུ་བསྐྱུར། འཕྲལ་ཉམས་དང་རྨི་ལམ་དུ་བྱུང་བ་བརྗོད་ན་བློར་མི་ཤོང་བ་རྣམས་ཀྱི་སྣང་ངོར་ཁ་ཤོབ་ཏུ་འགྲོ་བས་ཅི་བདེར་བཞག་གོ །སྭ་སྟི། ཕྱག་འོས་བསྟོད་འོས་མཆོད་པར་བྱ་བའི་ཞིང་། །ཤཱཀྱའི་རིང་ལུགས་འཛིན་མཁས་རྒྱ་བོད་དུ། །རིམ་པར་བྱོན་ལས་ཨོ་ཌི་ཡཱ་ཎ་པ། །ངག་དབང་རྒྱ་མཚོའི་མཚན་གྱི་དགེ་ལེགས་དཔལ། །འཕགས་ཡུལ་རྒྱས་དེའི་ལམ་ཡིག་ཆ་ཤས་ཙམ། །བསྩལ་ཏེ་པར་ཡིག་མུ་ཏིག་འཕྲེང་བརྒྱུད་མཁན། །མི་དབང་ཆོས་རྒྱལ་སེང་གེ་རྣམ་རྒྱལ་དང་། །སྐལ་བཟང་སྒྲོལ་མས་གཞན་ཕན་མཐུན་རྐྱེན་གྱིས། །ཕོ་བྲང་སླེལ་ཆེན་རྩེ་རུ་ཡོངས་བསྒྲུབས་པ། །སླར་ཡང་ལེགས་དཔྱད་ནོར་བུའི་ཕྲ་བཀོད་པས། །བདེ་ཆེན་ས་ལ་རྩེན་དེར་ཡིག་གཟུགས་པར། །ཆོས་འོད་འབུམ་བཀྲ་ཕྱོགས་ཀྱི་འཁོར་ལོ་ཆེར། །སྤྲོ་བའི་དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག །མངྒ་ལཾ།
འཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་
༄༅། །འཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་བཞུགས།
ན་མསྟཱ་རཱ་ཡེེ། རྒྱ་གར་སྐད་དུ། ས་མ་ཛ་པ་ར་མཱརྠ་སརྦ་ཀརྨོ་ད་ཡ་ནཱ་མ་ཏཱ་རཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ། བོད་སྐད་དུ། ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ། སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་དངོས་གྲུབ་ཐམས་ཅད་ནི། །རབ་ཏུ་སྒྲུབ་བྱེད་བཤད་པར་བྱ། །བུད་མེད་བྱེ་བ་ཕྲག་བརྒྱ་ཡང་། །བདག་ལ་དད་པས་འདུད་པར་བྱེད། །ལྷ་དང་ལྷ་མིན་རིག་འཛིན་དང་། །མི་ཡི་གཙོ་བོ་དབང་དུ་བྱེད། །ཉི་མ་ཟླ་བ་དང་མཚུངས་ཤིང་། །མཁའ་ལྡིང་རྒྱལ་པོས་རྣམ་པར་འདུད། །ཀླུ་རྣམས་སྡིགས་པར་བྱེད་པ་དང་། །མི་དང་མི་མིན་གང་གིས་ཀྱང་། །བུ་མོ་ཐམས་ཅད་འཛག་བྱེད་པ། །སྐྱེས་པ་གཅིག་གིས་འདོད་ཆེན་གྱིས། །མི་ཡི་བུ་མོ་ཁྲི་ཕྲག་དང་། །ཉིན་རེར་ལྷ་དང་ལྷ་མིན་མོ། །བུད་མེད་འབུམ་ཕྲག་ཟིལ་གནོན་པ། །ཁུ་བ་རེངས་པའི་བྱེད་པ་ལས། །གཅིག་གིས་ཐམས་ཅད་འདོད་སྤྱོད་པ། །རྡོ་རྗེར་བྱེད་པ་རབ་ཏུ་བཤད། །འཇིགས་པ་ཀུན་ལས་ཐར་བ་དང་། །བསྐལ་པ་ཆེན་པོར་ཚེ་ཡང་གནས། །མཁའ་ལ་འགྲོ་དང་མི་སྣང་དང་། །རིལ་ལུ་རིལ་བུ་ལ་སོགས་རིག་འཛིན་དང་། །བཅུད་ཀྱི་ལེན་དང་གནོད་སྦྱིན་མོ། །རབ་ཏུ་སྒྲུབ་བྱེད་སྔགས་ཆེན་པོ། །ཁྲག་ཁྲིག་བཅུ་གཉིས་མཁའ་འགྲོ་མ། །འབྱུང་པོའི་བྱེ་བ་མཐུ་ཆེན་དང་། །གྲོང་ཁྱེར་གསུམ་འཇོམས་ཚངས་སོགས་ལྷ། །མངག་གཞུག་ཉིད་དུ་བྱེད་པར་འགྱུར། །འདས་པའི་དུས་ན་རྡོ་རྗེ་ཅན། །སངས་རྒྱས་དབུགས་དབྱུང་དཀྱིལ་འཁོར་སྤྲུལ། །བདེ་མཆོག་བདེ་མཆོག་དགེས་རྡོ་རྗེ། །ཡིད་བདེ་ཐིག་ལེ་ལ་སོགས་བསྟན། །འབུམ་ཕྲག་བརྒྱ་པ་སྒྲོལ་མ་ཡི། །སྔགས་ཀྱི་རྒྱལ་པོ་སྔོན་བཤད་པ། །རྫོགས་ལྡན་དུས་སུ་མི་རྣམས་སྤྱོད། །དེ་ནས་འབུམ་ཕྲག་དྲུག་པ་བཤད། །དེ་ཡང་ནུབ་ནས་ཁྲི་ཉིས་སྟོང་། །ཕྱི་མའི་དུས་སུ་བཤད་པ་ཡིན། །དེ་ཡི་སྙིང་པོ་རྩོད་དུས་འདིར། །གཡོན་པའི་སྤྱོད་པས་རྣམ་སྤྱོད་པས། །ངེས་བརྗོད་འབུམ་གྱི་རྗེས་འབྲང་པ། །སླར་ཡང་རྒྱུད་འདི་སྣང་བར་འགྱུར། །ངེས་པར་འདོད་ཆགས་ཆགས་ཆེན་འདིས། །འདོད་ལྡན་རྣམས་ལ་བྱང་ཆུབ་སྟེར། །སངས་རྒྱས་ཕྲིན་ལས་ཐམས་ཅད་འབྱུང་། །དམ་ཚིག་སྒྲོལ་མ་ཞེས་བྱའི་སྔགས། །མཁའ་འགྲོ་མ་ཀུན་འདུས་པ་ལས། །དམ་པའི་དོན་ཡང་འགྲུབ་པའོ། །
དེ་ནས་བདེ་ཆེན་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མས་རིག་སྔགས་ཀྱི་རྒྱལ་མོ་འདི་གསུངས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་དངོས་གྲུབ་ཐམས་ཅད་བྱེད་པའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། ཀུ་རུ་ཀུལླེའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ། སྙིང་པོའོ། །ཨོཾ་ཏཱ་རེ་སྭཱ་ཧཱ༔གསུང་བསྐུལ་བར་བྱེད་པའོ། །ཨོཾ་ཨཱཿཏཱཾ་ཧཱུཾ། ཐུགས་བསྐུལ་བར་བྱེད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་༼རཱ་༽ར་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྜཾ་དུཥྚཾ། པྲ་དུཥྚཾ་མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟཾ་བྷ་ཡ། མོ་ཧཱ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། འདི་ནི་ལས་ཐམས་ཅད་བྱེད་པའོ། །ལཾ་མཾ་པཾ་ཏཾ་ཧཱུཾ། ལྷ་མོ་ལྔའི་འོ། །ཨོཾ་ཨ་རལླི་བྷྱོ་བྷྱོ་ཧ་ཧ་ཧ་ཧ་སི་སི་སི་སི་ཞེས་པ་ནི་ཧེ་རུ་ཀའི་སྔགས་སོ། །ཨོཾ་ཨ་རལླྀ་༼རི་༽རྀ་གི་ཕེཾ་ཕེཾ་ཕེཾ་བྷྱོ་སྭཱཧཱ། ཞེས་པ་ནི་སྔགས་གཉིས་པའོ། །ཨོཾ་བཛྲ་བཱ་༼རི་༽ར་༼ཧི་༽ཧཱི་ཨ་༼ཝེ་༽བེ་༼ཤ་༽ཤཱ་ཡ་སརྦ་ཛྭ་ར་ཎ་ཧྲཱིཿསྭཱ་ཧཱ། རྡོ་རྗེ་ཕག་མོའི་འོ། །ཨོཾ་མཱ་༼མ་༽རི་ཙྱཻ་༼ཙེེ་༽མཾ་སྭཱ་ཧཱ། འོད་ཟེར་ཅན་མའི་འོ། །ཨོཾ་ཧྲིཾ་ཧྲིཾ་ཧཱུཾ་ཕཊ། རལ་གཅིག་མའི་འོ། །ཨོཾ་སྭཱ་ཧཱཿཞི་བར་བྱེད་པའོ། །ཨོཾ་ཨོཾ་རྒྱས་པར་བྱེད་པའོ། །ཨོཾ་བཱི་ཥ་ཊ་ཧོཿདབང་དུ་བྱེད་པའོ། །ཨོཾ་ཕཊ་གསོད་པར་བྱེད་པའོ། །སྭཱ་ཧཱ་ལཾ་ལཾ་ལཾ་ཧྲཱིཿཛཿཕཊ་ཕཊ། ཅེས་པ་ནི་ལས་བརྒྱད་བྱེད་པའོ། །ཛཿཧཱུཾ་བཾ་ཧོཿདགུག་པར་བྱེད་པའོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། བསྲུང་བའི་འོ། །སྥ་ར་ཎ་ཕཊ། སྤྲོ་བའི་འོ། །ཨོཾ་ཨ་ཀྲོ་དྷ་༼དྷེེ་༽ཀ་ཡ་མཱནྟ་ཀ་ཧཱུཾ། གཤིན་རྗེ་གཤེད་ཀྱིའོ། །ཨོཾ་ན་མོ་ཨ་ཙ་ལ་ཀཱ་ན་ཙེཊྚ་ཙེཊྚ་མོཊྚ་མོཊྚ། ཏུཊྚ་ཏུཊྚ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། གཏུམ་པོའི་འོ། །ཨོཾ་༼པདྨན་༽ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྟ་མགྲིན་གྱིའོ། །ན་མཿ ས་མནྟ་བུདྡྷོ་བྷྱོ༔ ན་མོ་མ་ཧཱ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚོཏྐི་༼ཊི་༽ཊ་བྷཱི་ཥ་ཎ་བྷེེ་ར་བཱ་ཡ། བཛྲ་སནྟོ་ཧ་དརྦཱ་ཡ། ཨོཾ་ཨ་མྲྀ་ཏ་༼ཀུནྜ་༽ཀུཎྜ་ལི་ཧཱུཾ་ཕཊ། བདུད་རྩི་འཁྱིལ་བའི་འོ། །ཨོཾ་ཧཱུཾ་ཤྲཱི་ཡ་དེ་བཱི་ཀ་ལཱི་ཀ་ལཱི་མ་ཧཱ་ཀ་ལཱི་ཧཱུཾ་བྷྱོ། ཨོཾ་མ་ཧཱ་ཀ་ལཱི་དེ་བཱི་ཀ་ར་ལཱི་བི་ཀྲནྟ་ཀཱ་ལ་རཱ་ཏྲཱི་༼ཙནྜ་༽ཙཎྜ་རཱུ་པི་ཎཱི་ཧཱུཾ་ཕཊ། ལྷ་མོ་ནག་མོའི་སྔགས་སོ། །ཨོཾ་བཛྲ་ཀི་ལི་ཀི་ལཱ་ཡ་སརྦ་བིགྷྣནྦྷནྡྷ་ཧཱུཾ་ཕཊ། ཕུར་བུས་གདབ་པའི་འོ། །སྔགས་ཀྱི་ལེའུ་སྟེ་དང་པོའོ། །
དེ་ནས་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་ཞགས་པ་དང་ལྕགས་ཀྱུའི་ཚོགས་སྤྲོས་ཏེ། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཎཾ། ཨོཾ་ཊཀྐི་ཧཱུཾ་ཛཿཞེས་པའི་སྔགས་འདི་ཕྱུང་ངོ་། །གདུག་པ་ཐམས་ཅད་བཀུག་ནས་ཀྱང་། །ནམ་མཁའི་དབྱིངས་སུ་བསྒྱེལ་ནས་ནི། །རྡོ་རྗེ་ཕུར་བུའི་ཚོགས་སྤྲོས་ནས། །གནས་ལྔ་དག་ཏུ་ཕུར་བུས་བཏབ། །བདུད་རྩི་འཁྱིལ་བ་ཁྲོ་བོ་ཆེ། །རྡོ་རྗེ་ཕུར་བུའི་བསྐུལ་བར་མཛོད། །སྟོང་གསུམ་དག་གི་ཁོར་ཡུག་ལ། །བགེགས་རྣམས་ཐམས་ཅད་བཅིང་བར་མཛད། །ཨོཾ་ལཾ་སྟམྦྷ་ཡ་ལཾ། གྲོང་མཁར་ས་ལ་གཟུགས་བྱས་ནས། །རྐང་པ་གཡོན་པས་མནན་བྱས་ལ། །མི་རུས་ལས་སྐྱེས་ཕུར་བུ་ཡིས། །བཏབ་ན་དེ་ཡི་མོད་ལ་འཆི། །སྦྲུལ་དང་སེངྒེ་གླང་པོ་དང་། །རྐུན་པོའི་ཡན་ལག་དག་ལ་གདབ། །འདི་ཡིས་གདུག་ཅིང་སྡང་སེམས་ལྡན། །ལོག་འདྲེན་དག་ལ་གདབ་པར་བྱ། །ཡེ་ཤེས་པདྨ་ཁ་ཕྱེ་ནས། །རྡོ་རྗེ་ཕུར་བུའི་རབ་སྦྱོར་བས། །རང་རང་རིགས་ཀྱི་ཁྲོ་བོར་བཅས། །རྡོ་རྗེ་སེམས་སོགས་སྔགས་ལ་གདབ། །འདི་ཡིས་རྡོ་རྗེ་འགྲུབ་པར་འགྱུར། །རྡོ་རྗེ་ཕུར་བུས་བཏབ་པ་ན། །ཕུང་པོར་རབ་ཏུ་འཇིག་པ་དང་། །རྡོ་རྗེ་གནས་ཀྱང་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལ་འདི་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་གོ །ཟླ་༼འབྲས་བུ་རྣལ་འབྱོར་ཆེན་པོ་༽བ་ཉི་མའི་རླུང་གི་དབུས། །རང་སྔགས་ས་བོན་བསྒོམ་པར་བྱ། །ལྷ་ཡི་དེ་ཉིད་དམིགས་གྱུར་ན། །བཅུ་དྲུག་པ་ལ་དེ་འགྲུབ་འགྱུར། །སེམས་ནི་ནམ་མཁར་གྱུར་པ་ལ། །ཟླ་བ་ཉི་མ་ནུབ་པ་དང་། །མུན་པའི་ཡེ་ཤེས་ཐིམ་པ་ན། །རྡོ་རྗེའི་ལྷ་ནི་འགྲུབ་པར་འགྱུར། །ཡང་ན་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །ལུས་ཀྱི་དྲི་མ་རབ་སྦྱངས་ནས། །ཡེ་ཤེས་ཆེན་པོ་རང་སྔགས་ལྷ། །ཟླ་བ་ཉ་ལ་འགྲུབ་པར་འགྱུར། །རང་སྔགས་ས་བོན་འོད་ཟེར་གྱིས། །རྡོ་རྗེ་གུར་སོགས་བརྟག་པར་བྱ། །འཇིགས་པ་བརྒྱད་ལས་བསྲུང་བ་དང་། །ལུས་མེད་རྣམས་ཀྱིས་ཀྱང་མི་མཐོང་། །སྤུ་ལས་ནད་རྣམས་སྤྲེའུ་འམ། །ཁྱི་དང་འདྲ་བར་རབ་ཏུ་དབྱུང་། །ཡེ་ཤེས་སེམས་དཔའི་དམ་ཚིག་འདིས། །རྡོ་རྗེ་མཚོན་ཆས་བསྣུན་པར་བྱ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཡེ་ཤེས་མེ་དཔུང་དཀར་པོ་བསམ། །སེམས་ཅན་ཁམས་ནི་མ་ལུས་པའི། །གནས་ལས་མེ་ནི་འབར་བར་བསྒྲུབ། །མཚམས་མེད་ལྔ་དག་བྱེད་པ་ཡང་། །གཙང་མའི་གནས་སུ་འགྲོ་བར་འགྱུར། །སྡིག་པ་རྡོ་རྗེའི་ཡེ་ཤེས་འདིས། །སྐད་ཅིག་གིས་ནི་དཔལ་ལྡན་འགྱུར། །ལྟེ་བའི་དབུས་སུ་རེ་ཁ་བསམ། །ཨ་ནི་མཆོག་ཏུ་ཕྲ་བ་སྟེ། །མི་འགྱུར་ཉམས་དགའ་བདེ་བའི་གནས། །མི་ཤིགས་ཚངས་པ་འགྲུབ་པར་འགྱུར། །རང་སྔགས་ཧཱུཾ་དང་ཡི་གེ་ཨོཾ། །རྡོ་རྗེ་ཨཱཿཡིག་བསམ་པར་བྱ། །རླུང་གི་དེ་ཉིད་རབ་གྲུབ་ནས། །མི་འགྲོ་དྲག་པོའི་ངག་ཏུ་འགྱུར། །འོད་ཟེར་རྣམ་ལྔ་སྙིང་གར་གནས། །པདྨས་རྡོ་རྗེ་རབ་དབྱེ་བ། །ཐིག་ལེ་རྡོ་རྗེ་བྱེད་པ་སྟེ། །ཡེ་ཤེས་ཁྱབ་འཇུག་རྒྱལ་པོར་འགྱུར། །དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མ་འདི་ཅི་ཞིག་ལགས། ལྟེ་བ་ལས་ནི་རླུང་ཁམས་འབྱུང་། །ཅིའི་ཕྱིར་ལུས་ཀྱི་ཆོས་སུ་འགྱུར། །བདུད་ལས་འདས་པའི་ལམ་བསྒོམས་པས། །ཇི་ལྟར་ཚངས་པ་ལ་སོགས་འགྱུར། །པདྨས་རྡོ་རྗེ་འབྱེད་བྱེད་ཅི། །འདི་དག་ཅི་ཕྱིར་འགལ་མི་འགྱུར། །དམ་ཚིག་དེ་ཉིད་མཁྱེན་པས་གསུངས། །ཉོན་ཅིག་རྡོ་རྗེ་ཇི་བཞིན་ཉོན། །ལུས་ནི་གཞན་དག་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གཡོ་བ། །དེ་ལས་འཁྲུལ་པའི་ལུས་པོ་བྱུང་། །ལྟེ་བ་སྐུ་ཞེས་བཤད་པ་དེ། །དེ་དག་དེ་ལས་བྱུང་བ་ཡིན། །བྲམ་ཟེ་མོ་ལ་འདོད་སྤྱོད་པ། །རྡོ་རྗེའི་སྐུ་རུ་འགྱུར་བའོ། །རླུང་གིས་སྨྲ་བར་བྱེད་པའི་ཕྱིར། །རྡོ་རྗེའི་ངག་སྟེ་དེ་ཉིད་བརྗོད། །དབྱངས་མཁན་བུ་མོའི་དམ་ཚིག་གིས། །རྡོ་རྗེ་གསུང་དུ་འགྱུར་བ་ཡིན། །འཁྲུལ་བའི་གཉིས་སུ་རྟོགས་པའི་སེམས། །ཐིག་ལེ་འདི་ལས་བྱུང་བའི་ཕྱིར། །མིག་མཛེས་གཡུང་མོའི་དམ་ཚིག་གིས། །རྡོ་རྗེའི་ཐུགས་སུ་འགྱུར་བའོ། །ང་ནི་འགྲོ་བས་མི་ཤེས་ཏེ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །འཕྲུལ་ལྡན་ལྷ་ཞེས་འཇིག་རྟེན་རྟོག །སྐུ་དང་གསུང་ཐུགས་རྡོ་རྗེ་སྟེ། །ཐམས་ཅད་ང་ཡི་རྣམ་པར་འཕྲུལ། །སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །འཇུག་སེལ་ཐུགས་ཀྱི་རྡོ་རྗེའོ། །འདི་ན་ཡང་དག་རྫོགས་སངས་རྒྱས། །སེམས་ཅན་ཁམས་ལ་དབྱེར་མེད་དེ། །དེ་དག་རྣམས་ཀྱི་ལུས་ངག་ཡིད། །མཉམ་འགྱུར་ཚངས་ལ་སོགས་པར་སྣང་། །ལུས་ནི་སྤྲུལ་པའི་འཁོར་ལོ་གནས། །མགྲིན་པར་དེ་བཞིན་རྨི་ལམ་མོ། །གཉིད་ཀྱི་རྣལ་འབྱོར་སྙིང་ཁར་དགོད། །བདེ་བ་སྤྱི་བོར་མངོན་པར་བརྗོད། །གཞན་ཡང་རྩ་ལྕུག་ལྗོན་པ་དང་། །རི་བོང་སྟག་སོགས་ཆུ་བོ་དང་། །ཉིན་མཚན་ལ་སོགས་དངོས་ཀུན་ཏུ། །སངས་རྒྱས་གར་མཁན་ཟློས་གར་མཛད། །གཉིད་ལ་རྡོ་རྗེའི་རྣམ་སྒོམ་པ། །ཚངས་པའི་དམ་ཚིག་གཏི་མུག་སྤོང་། །གཞན་གྱི་གཉིད་དག་སྤོང་བར་དཀའ། །བུད་མེད་བྲལ་ལ་སྡོམ་བརྩོན་མེད། །འདོད་ལྡན་ཚངས་སྤྱོད་ཆེན་པོ་ནི། །ཞི་བའི་དམ་ཚིག་འདོད་ཆགས་སྤོང་། །ཞེ་སྡང་རྡོ་རྗེར་རྣམ་བསྒོམས་ན། །རྨོངས་སེལ་ཁྱབ་འཇུག་དམ་ཚིག་གོ །གཞན་དུ་བྱམས་པས་སྤོང་བར་དཀའ། །རྣམ་པ་འདི་གསུམ་གསང་ཆེན་པོ། །ལྷ་ཡི་བདེ་བ་སེར་སྣར་བཅས། །བརྩོན་འགྲུས་ཕྲག་དོག་དམ་ཚིག་སྟེ། །གཡོ་སྒྱུས་བདུད་རྣམས་འདུལ་བྱེད་པ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །པདྨའི་སྙིང་པོ་བདེ་བ་ཅན། །ཇི་སྲིད་མ་རྙེད་འབྲས་བུ་མེད། །རྡོར་དབྱིངས་དབང་ཕྱུག་རྩ་འདི་ཡིས། །རྡོ་རྗེ་གཉིས་སྤང་འབྱེད་པར་བྱེད། །ཤེས་རབ་རྟོགས་པར་བྱེད་པ་ཐབས། །ཤེས་རབ་མེད་ལ་ཐབས་མཁས་མེད། །རྡོ་རྗེས་པདྨ་རྒྱས་བྱེད་ཀྱི། །པདྨས་རྡོ་རྗེ་འབྱེད་པར་བྱེད། །སྤྲུལ་པ་བདེ་ཆེན་འཁོར་ལོས་ཀྱང་། །ཆོས་དང་ལོངས་སྤྱོད་རྣམ་པར་འབྱེད། །དེ་ལྟའི་འདི་ནི་གསང་ཆེན་ཏེ། །རྒྱུད་གཞན་དུ་ནི་འབད་པས་སྦས། །དེ་ལ་འདི་ནི་སྐུ་གསུམ་རྡོ་རྗེའི་གསང་བའོ། །སེམས་མེད་གནས་དང་འཁྲུལ་སྐྱེད་དང་། །སྔོན་ནས་རྣམ་པར་འཁྲུལ་པ་ཡི། །འཇིག་རྟེན་འདི་ལ་སྐུ་གསུམ་གནས། །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པའོ། །རང་བྱུང་ངོ་བོ་བརྗོད་མེད་པ། །ཆོས་ཀུན་རང་བཞིན་ཞི་བ་བརྙེས། །རྐྱེན་ནི་རྣམ་པར་བཀྲ་བ་མཁྱེན། །རྡོ་རྗེ་ཅན་གྱི་ཆོས་སྐུའོ། །མེ་ལོང་གཟུགས་བརྙན་ལྟར་སེམས་འདི། །ཕྲ་ཞིང་ལུས་ནི་རྡུལ་མེད་པ། །སྐད་ཀྱང་སྒྲ་བརྙན་ལྟ་བུ་སྟེ། །དག་པའི་དཀྱིལ་འཁོར་སྣང་བའོ། །སེམས་ཅན་བསམ་པ་ཇི་བཞིན་དུ། །སྤྲུལ་པ་ཐ་དད་སྣ་ཚོགས་འཇུག །ལོངས་སྤྱོད་རྫོགས་དང་སྤྲུལ་པ་སྟེ། །གཅིག་གྱུར་འདྲེན་པ་བདེ་བ་ཆེ། །རྩ་ཡི་དྲ་བ་ལྷ་མོ་སྟེ། །དེ་བཞིན་ཁམས་དང་ཉེར་བཅས་པ། །བུད་མེད་རྣལ་འབྱོར་མའི་དཀྱིལ་འཁོར། །སྤངས་ནས་རི་མོ་སུ་ཞིག་ལེན། །དེ་ལ་འདི་ནི་རྗེས་སུ་རྣལ་འབྱོར་གྱི་དམ་ཚིག་གོ །དྲི་མས་སེམས་ནི་མངོན་བསྒོམས་པས། །རྣམ་ཤེས་ཡེ་ཤེས་དག་མི་འགྱུར། །ཐེག་པ་མཆོག་གིས་བགྲོད་པའི་གནས། །ཡེ་ཤེས་དབང་མོ་ཉན་པར་འཚལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །དངོས་པོ་བདེན་རྫུན་རྣམ་དཔྱད་ན། །རྫུན་པའི་རྡོ་རྗེ་ཡང་དག་མཐོང་། །རང་བཞིན་དག་པའི་དེ་ཁོ་ན། །ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་གཟུངས་ཀྱི་སྒོའོ། །ཧཱུཾ་ཞེས་བྱ་བ་ནི་ཡེ་ཤེས་དང་ལྡན་པའི་གཟུངས་ཀྱི་སྒོའོ། །ཕཊ༔ཅེས་བྱ་བ་ནི་དགས་པར་བྱེད་པའི་གཟུངས་ཀྱི་སྒོའོ། །ཏྲཾ་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ནི་སྨྲ་བ་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་འཆི་བ་མེད་པའི་གཟུངས་ཀྱི་སྒོའོ། །ཧྲཱིཿཞེས་བྱ་བ་ནི་རྗེས་སུ་ཆགས་པའི་གཟུངས་ཀྱི་སྒོའོ། །ཨོཾ་ཞེས་བྱ་བ་ནི་ལུས་འཇིག་པར་བྱེད་པའི་གཟུངས་ཀྱི་སྒོའོ། །ཁཾ་ཞེས་བྱ་བ་ནི་ནམ་མཁའ་ལྟ་བུའི་གཟུངས་ཀྱི་སྒོའོ། །ཨཾ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་གཟུངས་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་རབ་ཏུ་མི་གནས་པའི་གཟུངས་ཀྱི་སྒོའོ། །ཨཿཞེས་བྱ་བ་ནི་གཉིས་སུ་མེད་པའི་གཟུངས་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་རྡོ་རྗེ་རླུང་སྟེ་གཟུངས་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡོ་རྗེ་མེ་སྟེ་གཟུངས་ཀྱི་སྒོའོ། །ཝ་ཞེས་བྱ་བ་ནི་རྡོ་རྗེ་ཆུ་སྟེ་གཟུངས་ཀྱི་སྒོའོ། །ལ་ཞེས་བྱ་བ་ནི་རྡོ་རྗེ་ས་སྟེ་གཟུངས་ཀྱི་སྒོའོ། །ཏཾ་ཞེས་བྱ་བ་ནི་རྡོ་རྗེ་སེམས་ཏེ་གཟུངས་ཀྱི་སྒོའོ། །༼ཨི་༽ཨིཾ་ཞེས་བྱ་བ་ནི་རྡོ་རྗེ་དབང་པོ་རྣམས་ཏེ་གཟུངས་ཀྱི་སྒོའོ། །བཾ་ཞེས་བྱ་བ་ནི་ནམ་མཁའི་ཁམས་སུ་བྱེད་པ་སྟེ་གཟུངས་ཀྱི་སྒོའོ། །༼ཨཿ༽ཨཱཿཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའོ། །རྣམ་ཤེས་ཡེ་ཤེས་རྣལ་འབྱོར་ཏེ། །དེ་དག་རྡོ་རྗེ་རབ་སྦྱོར་བས། །རྣལ་འབྱོར་ལ་ནི་རྣལ་འབྱོར་བསྒོམ། །རྗེས་ཀྱི་རྣལ་འབྱོར་ཞེས་བྱའོ། །དེ་ལ་འདི་ནི་ཤིན་ཏུ་རྣལ་འབྱོར་གྱི་དམ་ཚིག་གོ །སྤྲེའུ་དང་གློག་ལྟར་མི་གནས་པ། །རབ་ཏུ་གཟུང་བར་དཀའ་བའི་སེམས། །འདོད་པའི་རྡོ་རྗེ་རྣམ་དཔྱད་པ། །ཡེ་ཤེས་དབང་མོ་ཉན་པར་འཚལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །གསེར་ཁམས་རྡོ་ལ་རྣམ་གནས་པ། །མངོན་པར་ཞི་བ་ཡོད་མ་ཡིན། །སྲེག་དང་དབྱེ་བའི་ཐབས་ཀྱིས་ནི། །ཉི་མ་བཞིན་དུ་རྣམ་པར་གསལ། །ལྕགས་བཞིན་མེ་ལ་རྣམ་བཟོད་ན། །གཞན་དག་ཅིའི་ཕྱིར་མི་བཟོད་བྱེད། །དེ་ཕྱིར་ཡེ་ཤེས་རྣམ་ཤེས་དག །ཆ་གཉིས་རྣམ་པར་རྟོག་མི་བྱ། །ཆ་གཉིས་ལས་ནི་སྡིག་པ་འབྱུང་། །སྡིག་པས་བསོད་ནམས་ཟད་པར་འགྱུར། །སྡུག་བསྔལ་སྡིག་པ་ཞེས་བརྗོད་དེ། །བླ་མེད་བདེ་བ་བསོད་ནམས་སོ། །བདེ་དང་སྡུག་བསྔལ་མཉམ་གྱུར་པ། །བསོད་ནམས་སྡིག་མེད་རྣམ་པར་ཐར། །སྡུག་བསྔལ་གྱིས་ནི་སེམས་གཡེང་དེ། །དགེ་དང་སྡིག་པ་རྣམ་པར་འབྱེད། །བུ་མོའི་ལོངས་སྤྱོད་བདེ་བ་ཡིས། །རྣམ་པར་མི་རྟོག་གཉིས་མེད་འགྲུབ། །རི་བོ་ཉམས་ནི་དགའ་བ་དང་། །ནགས་ཚལ་དབེན་པའི་ས་ཕྱོགས་སུ། །མིག་བཟང་བརྟན་པའི་བློ་ལྡན་བཟུང་། །དང་པོར་འདུས་པ་བྱས་ནས་ནི། །རྡོ་རྗེ་ཆོ་ག་རབ་ཏུ་བསྒྲུབ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །དམ་ཚིག་ཆེན་པོར་བྱིན་གྱིས་བརླབས། །ཁྱོགས་དང་བརླ་ཞེས་བྱ་བ་དང་། །དེ་བཞིན་ཤིན་ཏུ་རྐྱང་བ་དང་། །ཁབ་དང་གྲུ་མོའི་མཚན་ཉིད་ཀྱི། །བུང་བ་ལྟ་བུར་ཨི་ཡི་སྒྲ། །ངེས་པར་བློ་དང་ལྡན་པས་བསྐུལ། །སྒེག་ཆོས་སྟབས་ཀྱིས་འཁྱུད་ནས་ནི། །མགོ་བོའི་སྐྲ་བཟུང་ལྐོག་མ་གཟིར། །མ་མཆུའི་སྦྲང་རྩི་གཞིབ་པར་བྱ། །རྡོ་རྗེ་འཁྱུད་པས་འཁྱུད་པ་དང་། །རྡོ་རྗེ་འོ་ཡིས་འོ་གདབ་ཅིང་། །སོ་དང་སེན་མོས་བསྣུན་པར་བྱ། །རྡོ་རྗེ་པདྨར་རབ་འཇུག་ཅིང་། །སཱིད་ཀྱི་སྒྲ་རྣམས་བྱེད་པ་དང་། །ནུ་མ་འཚིར་དང་སྐྱེས་པའི་ཚུལ། །སྦྱོར་བ་ཐམས་ཅད་བྱ་བར་བྱ། །ནུ་མ་སོར་མོ་སྐེ་དང་མ་མཆུ་དང་། །རྣ་བ་མིག་དང་སྤྱི་བོ་བྷ་གར་ཡང་། འོ་བྱ་རྣ་བ་མཆན་ཁུང་སྐེ་དང་ལྟག །སེན་མོས་བཏབ་བྱ་ནུ་མ་མཆན་ཁུང་དང་། །མཁུར་ཚོས་འགྲམ་དང་རྐང་ལག་མཐིལ་དག་ཏུ། །མཉེད་པར་བྱ་ཞིང་འཁྱུད་པའི་སྟབས་བརྒྱད་བྱ། །སོར་མོ་ལིང་ག་ལྕེ་དང་ལྕེས་བསྐྱོད་ནས། །པདྨ་སྐུལ་ཞིང་རྩ་མཆོག་སད་པར་བྱ། །ཟབ་ཆེས་པ་དང་ཤིན་ཏུ་ཆུང་བ་དང་། ལྷོད་པ་དང་། རྩུབ་པ་དང་། རྟག་ཏུ་འཛག་པ་དང་། དྲོད་དང་གཤེར་བ་དང་བྲལ་བའི་བྷ་ག་ནི་སྤང་ངོ་། །དཔངས་མཐོ་བ་དང་། འཇམ་པ་དང་། སྟེང་མཉམ་པ་དང་། ཁ་རྒྱས་ཤིང་དམ་པ་དང་། ཁྲག་དང་ཁུ་བར་ལྡན་པ་དང་། སྤུ་ཉུང་བ་དང་། དུས་མ་ཡིན་པར་མི་འཛག་པ་དང་། རིང་ཞིང་སྙིང་པོ་ཟླུམ་པ་ནི་སྐལ་བ་བཟང་མོའོ། །དེ་ཡོངས་སུ་སྐུལ་བས་ཇི་སྲིད་དུ་ཁོང་ནས་སཱིཏ་ཀྱི་སྒྲ་འབྱུང་བ་དེ་སྲིད་དུའོ། །ཧཿཞེས་བྱ་བས་མཆོག་ཏུ་དགའ་བའི་ཚེ་བཅིང་བར་བྱའོ། །ཡང་ན་ཧཱུཾ་ཞེས་བྱ་བ་སྙིང་ཁ་ལ་གནས་པའི་སྒྲ་ཡིས་སོ། །ཡང་ན་ཧྲིཾ་ཧ་ཞེས་བྱ་བ་མགྲིན་པ་ལ་གནས་པའི་སྒྲ་ཡིས་སོ། །ཧཱུཾ་དང་ཕཊ་ཀྱི་བྱ་བ་དང་། མདའ་བོ་ཆེའི་སྦྱོར་བ་བྱས་ལ་ཁུ་བ་བཅིང་བར་བྱའོ། །གཞན་ཡང་ཆ་བཞི་པའི་ཕྱེད་ཀྱི་མཚམས་སུ་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་སྟེ། གལ་ཏེ་བྷ་གའི་ཟེའུ་འབྲུ་ལ་གནས་པའི་ཐིག་ལེ་ཡང་རྡོ་རྗེའི་ཁས་བཏུང་བར་བྱའོ། །སྐོར་བ་ལ་སོགས་པའི་སྦྱོར་བ་དང་རླུང་གི་སྦྱོར་བས་མཉམ་པར་བྱའོ། །འདི་ལ་དགང་བ་དང་། གཞིལ་བ་དང་། རེངས་པ་དང་། བུམ་པ་ཅན་གྱི་སྦྱོར་བས་དག་པར་བྱས་ནས་མི་མོ་རྣམས་ཀྱི་སྦྱོར་བ་ལ་འཇུག་སྟེ། ལུས་འདི་ཉིད་ཀྱི་དངོས་གྲུབ་ཐོབ་པ་ཞེས་བྱའོ། །དེ་ལས་དགའ་བ་བཞིའི་དབྱེ་བས་སྒྲུབ་པ་པོ་ལ་རེངས་པ་དང་། རྔུལ་བ་དང་། བ་སྤུ་ལྡང་བ་དང་། དབུགས་འགྱུར་བ་དང་། འདར་བ་དང་། ཁ་དོག་ལོག་པ་དང་། མཆི་མ་འབྱུང་བ་དང་། ཐིམ་པ་ཞེས་བྱ་བ་སྙིང་སྟོབས་བརྒྱད་འབྱུང་ངོ་། །
བུ་མོས་ཡེ་ཤེས་ཐོབ་པ་ནི། །སྙིང་ནི་འགུལ་ཞིང་བསྐྱོད་༼སྤྱོད་༽པ་དང་། །འདར་དང་དྲན་པ་ཉམས་པ་དང་། །སྐྲ་གྲོལ་གཅེར་བུ་གཤེར་པས་ཁྱབ། །མདོག་དམར་རབ་ཏུ་ཕྲ་བའི་མིག །ཡེ་ཤེས་ལྔ་ཡི་རྣམ་པར་འཕྲུལ། །བུད་མེད་ཤེས་རབ་ཡེ་ཤེས་ཏེ། །དེ་ལས་ཡེ་ཤེས་ལྔ་ཐོབ་འགྱུར། །རྡོ་རྗེ་ཆུ་སྐྱེས་སྦྱོར་ལྡན་པ། །སྐུ་ཡི་རྡོ་རྗེའི་བསྙེན་པར་བརྗོད། །རླུང་ནི་མཉམ་པར་གྱུར་པ་དང་། །སཱིད་ཀྱི་སྒྲ་དང་སྐད་འགྱུར་བ། །གསུང་ནི་ཉེ་བར་བསྒྲུབ་པའོ། །སྐྱོད་པ་ལས་ནི་རབ་ཞུ་བ། །ནོར་བུ་བཅུ་དྲུག་ཆ་བབས་ཏེ། །ཡིད་ཀྱི་བདེ་བས་གཉིས་འགགས་པ། །ཐུགས་ཀྱི་དེ་ཉིད་སྒྲུབ་པར་བརྗོད། །གཞུ་ཡི་གཟུགས་ཅན་རབ་སྦྱོར་བས། །དུང་དང་ཀུནྡ་ལྟར་ཐིག་ལེ། །སྡོམ་བརྩོན་བདེ་བས་གཟུང་བར་བྱ། །རང་གིས་རིག་པའི་ཡེ་ཤེས་མཆོག །སྒྲུབ་པ་ཆེན་པོ་དེ་ཉིད་དེ། །རྣམ་ཤེས་ཡེ་ཤེས་དག་པར་བྱེད། །འདི་ཡིས་རྡོ་རྗེ་བདག་ཉིད་ཆེ། །སྐུ་གསུམ་མི་བྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་འགྲུབ་པར་འགྱུར། །ཡེ་ཤེས་ཆེན་པོ་རབ་སྦྱོར་བས། །ཤིན་ཏུ་རྣལ་འབྱོར་མཁས་པས་བསྟོད། །བུད་མེད་སྒྱུ་མའི་ཕྱག་རྒྱ་འདི། །དམ་ཚིག་རྣམས་ཀྱི་མཆོག་གི་མཆོག །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །སྒྲིབ་པ་དག་ཏུ་ཡོངས་མི་འགྱུར། །དེ་སྐད་ཅེས་གསུངས་སོ། །
དེ་ལ་འདི་ནི་རྣལ་འབྱོར་དང་པོའི་དམ་ཚིག་གོ །ཨུཏྤལ་མི་འཇིགས་ཕྱག་རྒྱ་ཅན། །ཕྱག་གཉིས་རྣལ་འབྱོར་བསྒོམས་བྱས་ལ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །དབུས་སུ་ཀུན་ནས་ཟླུམ་པོ་སྟེ། །ལས་ཀྱི་སྣམ་བུ་ལྔ་དང་ལྡན། །ཨུཏྤལ་དམར་པོ་སིལ་མར་བཀྲམ། །ཟླ་བ་ཉི་མའི་སྦྱོར་བ་ལས། །དམ་ཚིག་སྒྲོལ་མ་བསམ་པར་བྱ། །ལྗང་སྔོན་འོད་ཟེར་དམར་པོ་འཁྱིལ། །མཆེ་བ་གཙིགས་པ་མེ་སྟག་འབར། །མཆོག་སྦྱིན་གྲི་གུག་ཌཱ་མ་རུ། །མདའ་དང་ཨུཏྤལ་སྡོང་བུ་དང་། །ཐོད་པ་ཁྲག་ཅན་རྩེ་གསུམ་དང་། །བཞི་པ་མེ་ཏོག་གཞུ་འཛིན་པའོ། །དུར་ཁྲོད་རྒྱན་དང་ཨུཏྤལ་རྒྱན། །གཡས་བརྐྱངས་རོལ་བའི་སྐྱིལ་ཀྲུང་ཅན། །རང་རང་སྔགས་ལས་ལྷ་མོའི་ཚོགས། །སྙིང་ཁའི་དབུས་ནས་སྤྲོ་བར་བྱ། །ཨོཾ་ཏཱ་རེ་སྭཱཧཱ། མིག་ལའོ། །ཨོཾ་ཏུཏྟཱ་རེ་སྭཱཧཱ། རྣ་བ་ལའོ། །ཨོཾ་ཏུ་སྭཱཧཱཿལྕེ་ལའོ། །ཨོཾ་རེ་སྭཱཧཱ། སྙིང་ཁ་ལའོ། །ཨོཾ་ཏྭཱ་རེ་ཎི་སྭཱཧཱཿསྤྱི་བོ་ལའོ། །སྔགས་ཀྱི་བདག་པོའི་བྱིན་རླབས་དང་། །ཡེ་ཤེས་དམ་ཚིག་མཉམ་པར་བྱ། །དབང་གི་དོན་ནི་བསྒོམས་བྱས་ལ། །རང་ལྷར་སེམས་ནི་བསྟན་བྱའོ། །རྣལ་འབྱོར་ཆེན་པོའི་ལེའུ་སྟེ་གཉིས་པའོ། །
དེ་ནས་སྒྲོལ་མས་བཀའ་སྩལ་པ། ཨོཾ་ལཾ་མཾ་པཾ་ཏཾ་ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཧཱུཾ་ཁཾ་ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཧཱུཾ་ཏཾ་ཧཱུཾ་བཛྲ་ཨ་བྷི་དྷི་པ་ཏི་སྟཾ་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཛཿཧཱུཾ་བཾ་ཧོཿབཛྲ་ས་ཏྭ། སྟཾ་སྟྭཾ་བཛྲ་ན་མ་ཨ་བྷི་ཥིཉྩ་ཧཱུཾ། དབང་བསྐུར་བའི་སྔགས་སོ། །རྡོ་རྗེ་དཀྱིལ་འཁོར་བྲི་བར་བྱ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །ཕྱི་རོལ་ར་བ་མེ་རི་བཅས། །དུར་ཁྲོད་དག་ཀྱང་བྲི་བར་བྱ། །དབུས་སུ་ཨུཏྤལ་མཐིང་ག་དགོད། །ཤར་དུ་ཞི་བའི་ཨུཏྤལ་དང་། །བྱང་དུ་བུམ་པ་བྲི་བར་བྱ། །ནུབ་ཏུ་ལྕགས་ཀྱུ་འབར་བ་སྟེ། །རལ་གྲི་ལྷོ་རུ་དགོད་པར་བྱ། །ཞི་དང་རྒྱས་དང་དབང་དང་ནི། །གསོད་བྱེད་རྣམས་ཀྱི་མཚན་མའོ། །གྲྭ་བཞིར་རིགས་ཀྱི་ལྷ་མོ་སྟེ། །ཨུཏྤལ་མཛེས་པ་རེ་རེ་བྲི། །ལྕགས་ཀྱུ་ལ་སོགས་སྒོ་རུ་དགོད། །སྟོབས་ཆེན་ཕ་རོལ་གནོན་པ་ཡི། །ཁྲོ་བོ་རྣམས་ཀྱང་གྲྭར་དགོད་དོ། །ལས་རྣམས་བྱེད་པའི་ལྷ་མོའི་ཚོགས། །ཕྱི་རོལ་དག་ཏུ་བྲི་བར་བྱ། །དབུས་སུ་བདག་ཉིད་གནས་བྱས་ནས། །རྡོ་རྗེ་མཚན་མའི་ཚོགས་སྤྲོས་པས། །སེམས་ཅན་ཁམས་རྣམས་སྦྱང་བར་བྱ། །མཆོད་པའི་སྤྲིན་གྱི་ནམ་མཁའི་ཁམས། །མཆོག་ཏུ་གང་བར་སྤྲོ་བར་བྱ། །མེ་ཏོག་ག་བུར་མ་ཉམས་པ། །བྷ་ག་མཆོག་ལས་ཡང་དག་བླངས། །རྣལ་འབྱོར་མ་ཡི་འཁོར་ལོས་མཆོད། །
ཡང་གསུངས་པ། སྒོ་དགུ་ངེས་པར་བཀག་བྱས་ནས། །རྒྱས་པ་ལྔ་ཡི་མཆོད་རྟེན་ལས། །སྲོག་ཤིང་རྩེ་མོར་རང་གི་སེམས། །མདའ་གཞུའི་སྦྱོར་བས་འཕོ་བར་བྱ། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །འདི་ཡིས་གྲོལ་འགྱུར་ཐེ་ཚོམ་མེད། །རིག་པའི་བརྟུལ་ཞུགས་སྤྱད་བྱ་སྟེ། །མི་ལྤགས་རས་རྙིང་བགོ་བའམ། །གཅེར་བུའི་བརྟུལ་ཞུགས་བྱས་ནས་ནི། །དོགས་པའི་སེམས་ནི་ཀུན་སྤངས་ནས། །ཇི་ལྟ་བུར་ན་སྣང་བ་འདི། །འདོད་སྤྱོད་བདེ་བ་ལ་བསྡུས་ནས། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །བླ་མེད་བྱང་ཆུབ་བསྒྲུབ་པར་བྱ། །དེ་ལ་འདི་ནི་རྡོ་རྗེ་དམ་ཚིག་གོ །གང་ལས་སློབ་དཔོན་དབང་བསྐུར་བ། །སློབ་དཔོན་གཅིག་ཏུ་གྱུར་པ་ཡི། །སྲིང་མོ་སྒྲོལ་མ་དང་མཉམ་རྟག །རྡོ་རྗེ་སློབ་དཔོན་དེ་བཞིན་དུ། །རིག་མའམ་བདག་གི་རིག་མ་ཡང་། །སློབ་དཔོན་མཆོག་ཏུ་ཡོངས་སུ་བརྗོད། །བླ་མ་སངས་རྒྱས་ཀུན་མཉམ་པས། །དེ་ཡི་གྲིབ་མའང་འགོམ་མི་བྱ། །འོན་ཀྱང་དགའ་མ་དགེས་དབང་མོ། །གཉིས་ཀྱི་སྒོ་དགུ་ལས་བྱུང་བ། །མི་རྟོག་སྣོད་གཅིག་བཟའ་བ་དང་། །གཙང་སྦྲའི་སེམས་ཀྱི་ཙུམ་པ་དབུལ། །ལྷན་གཅིག་མལ་སྟན་ལོངས་སྤྱོད་ནས། །ལག་གིས་རྡོ་རྗེ་བཟུང་གསོར་དེ། །ཡོ་ནིར་སོར་བྱ་དམ་འཁྱུད་ནས། །ཚིག་དང་ཡི་གེས་དགེས་བསྐུལ་བས། །སོ་དང་སེན་རིས་འདྲུད་པ་དང་། །འཇིབ་དང་སྒོ་ཡིས་ཟས་འབུལ་བ། །གུས་དང་ཕྱག་བཅས་བག་བརྐྱང་བས། །འགོངས་པ་འདི་ལ་ཉེས་མེད་དོ། །སློབ་དཔོན་དགེས་ལས་དངོས་གྲུབ་ཀུན། །བཟང་མོ་དེ་ཡིས་རྟག་ཏུ་ཐོབ། །ཡུ་ཛ་གུས་པས་གཞིབ་པ་དང་། །ཕྱག་བྱ་གལ་ཏེ་སེམས་ལྟུང་གྱུར། །འདབ་ལྡན་ལས་བྱུང་བཟའ་བར་བྱ། །ཡོ་ནིས་ཙ་རུ་དབུལ་བ་དང་། །འཁྲིག་ཐབས་འཁྲུལ་འཁོར་ཉེས་མེད་དེ། །གང་དེས་དེ་ཉིད་མཉེས་བྱེད་པའོ། །
དེ་ནས་ལས་སྣ་ཚོགས་པ་རྣམས་གསུངས་པ་ཕྱོགས་བཞི་དང་གྲྭ་བཞིར་ཨུཏྤལའི་གཟུགས་བྱ། རེ་རེ་ཡང་ཏཱཾ་གསུམ་གྱིས་མཚན་པ། ལྟེ་བ་ཀུན་ནས་ཟླུམ་པོ་ལ། ཨོཾ་པྲ་སནྣ་ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནི། སརྦ་ཨརྠ་སྭ་དྷ་ནི། སརྦ་སཏྭ་བཱ་ཤཾ་ཀ་རི། སྟྲི་བཱ་སུ་རུ་ཥོ་བཱ་ར་རཱ་ཛཱ་ནོ་བཱ་བ་ཤཾ་ཀུ་རུ་ཏཱཾ་སྭཱཧཱ། ཞེས་པ་ལྟེ་བར་བཀོད་པ། འཁོར་ལོ་རྩིབས་བཅུ་པར་པདྨ་ལ་ཡི་གེ་བཅུ་པའོ། །ཧྲཱིཿགཉིས་ཀྱི་ནང་དུ་མིང་ཆུད་པར་བྱས་ན་དབང་དུ་བྱེད་དོ། །
ཡང་ན་རྩིབས་བརྒྱད་པ་ཡི་གེ་ཡང་བརྒྱད་པ་སྟེ་དབུས་སུ་ཟླ་བ་ལ་ཏཱཾ་ཡིག་གོ། འཁོར་ལོ་ཁ་སྦྱོར་དུ་བྱས་ན་ཉི་མ་བདུན་ན་ངེས་པར་དབང་དུ་འགྱུར་རོ། །ཡང་ན་རྩིབས་དྲུག་པ་ཡི་གེ་ཡང་དྲུག་པའོ། །དབུས་སུ་ཧྲཱིཿབ་བཱ་ཤཾ་ཀུ་རུ་ཧྲཱིཿསྭཱཧཱ། གོ་རོ་ཙ་ན་དང་། ཙནྡན་དམར་པོ་དང་། རྒྱ་སྐྱེགས་དང་། ཁྲག་གི་བྷོ་ཛ་པ་ཊ་ལ་བྲི་བར་བྱ་སྟེ། སྲིད་པ་གསུམ་ཡང་དབང་དུ་བྱེད་དོ། །གུར་གུམ་ལ་སོགས་འཁོར་ལོ་ནི། །རྩིབས་བརྒྱད་མར་དང་སྦྲང་རྩིར་བཅས། །ཁ་སྦྱོར་སྦྱོར་བས་དབང་དུ་བྱེད། །སརྦ་མོ་ཧཱ་ནི་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྟཾ་མོ་ཧཱ་ཡ་བྷ་ག་བ་ཏི་ཝཱ་དཱི་སརྦ་དུཥྚ་ནཾ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། གོས་ཀྱི་མཐའ་ནི་མདུད་བྱས་ན། །ཆོམ་རྐུན་འཆིང་བར་བྱེད་པའི་མཆོག །ཨུཏྤ་ལ་ལ་མངོན་བསྔགས་པས། །གང་ལ་བྱིན་པ་དེ་དབང་འགྱུར། །ཨུཏྤ་ལས་མཚན་འཁོར་ལོའོ། །ཆུ་དབུས་སྣ་ཚོགས་རྡོ་རྗེའི་ལྟེར། །ཐོད་ལེས་མིང་མཐར་ཧྲཱིའི་བྲིས་ལ། །ཁཾ་ཕོར་དབུས་སུ་བཞག་ན་རེངས། །འདབ་བརྒྱད་པདྨར་ག་ཡིག་ནང་། །ཆུད་ཅིག་ལྟེ་བར་ག་བརྒྱད་བྲིས། །ཡུང་བས་རྡོ་ལེབ་དག་ལ་སྟེ། །ཁ་ཕུབ་བཞག་ན་ཤིན་ཏུ་རེངས། །འཁོར་ལོ་དེ་ནི་དུག་དང་ཁྲག །སྐེ་ཚེ་མི་རུས་བཏགས་པའི་ཆུས། །ཐོད་པར་ཧཱུཾ་ཕཊ་མཚན་པར་བྲིས། །འདི་ཡིས་ངེས་པར་གསོད་པར་བྱེད། །བྲོ་གར་གུར་གུམ་གྱིས་བྲིས་ལ། །ཨོཾ་བཅས་མེ་ཏོག་སེར་པོས་མཆོད། །ཡང་ན་སྭཱ་ཧཱར་ཆུད་པར་བྲི། །རྒྱས་དང་སྲུང་བ་བྱེད་པའི་མཆོག །རྩིབས་བཅུ་ཨ་ཡིག་ནང་ཆུད་པ། །ཙནྡན་ཆུས་བྲི་ཁམ་ཕོར་བཅས། །མེ་ཏོག་དྲི་བཟང་གིས་མཆོད་ན། །ཤིན་ཏུ་ཞི་བའི་ལས་ལ་མཆོག །བྷ་ག་ལིངྒ་ཧྲཱིཿཡིག་གིས། །བསྐོར་བ་མིང་དང་བསྐུལ་སྔགས་བཅས། །འདི་ཡིས་བསྒྲུབ་བྱ་འགུགས་པར་འགྱུར། །པདྨ་འདབ་མ་ཉི་ཤུ་བཞིར། །རེ་ཁ་གསུམ་བསྐོར་ཨོཾ་ཧྲིཾ་ཀླིཾ། །རྒྱལ་ལ་བྲིས་ནས་རེག་བྱས་ན། །བྲན་ཕོ་བྲན་མོ་ལྟར་ལས་བྱེད། །འཁྲུལ་འཁོར་གྲུ་བཞི་སྒོ་བཞི་པ། །སྣ་ཚོགས་རྡོ་རྗེ་སྟེགས་བུས་བརྒྱན། །ཐོ་བ་དབྱུག་ཐོ་པདྨ་དང་། །རལ་གྲི་སྒོ་དང་ཨུཏྤ་ལ། །ཐོད་བཅས་ལྕགས་ཀྱུ་མཚམས་སུའོ། །དེ་དབུས་འདབ་མ་བཅུ་པ་བྲི། །ཨོཾ་པྲ་སན་ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། དབང་དུ་བྱེད་པའི་སྔགས་སོ། །དེ་ནས་བཀའ་སྩལ་པ། ཨོཾ་སརྦ་མོ་ཧ་ནི་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚན་མོ་ཧ་ཡ་བྷ་ག་བ་ཏཱི་སརྦ་དུཥྚཱ་ནཾ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་དབུས་ཟླ་བ་ཏཱཾ་ཡིག་བཅས། །དབུས་རྩིབས་དྲུག་ལ་ཀུ་རུ་ཀུལླེ། །སྔགས་ནི་ཧྲཱིཿགཉིས་དབུས་ཆུད་པའི། །མིང་དང་བསྐུལ་བས་ལས་ཀུན་བྱེད། །འབུམ་ཕྲག་བཟླས་པས་ས་གཡོ་ཞིང་། །རྒྱ་མཚོ་བདུན་བསྐམས་དུག་ཞིར་བྱེད། །གྱོ་མོའི་སྦྱོར་བས་འབྱུང་པོ་ཀུན། །བཅིངས་ནས་ཀླུ་དང་མཁའ་འགྲོ་མའི། །སྦྱོར་བ་འཕྲོག་ཅིང་ཆར་འབེབས་དང་། །མཚོན་ཆས་མི་གནོད་ལུས་སུ་འགྱུར། །དཔྱིད་ཟླ་ར་བར་བུ་མོ་མཛེས། །རྡུལ་ལྡན་གྱི་ནི་རས་བཏགས་ལ། །ཟླ་མཚན་གྱིས་བསྒོས་དེ་ལ་ནི། །རི་མོར་དམ་ཚིག་ལྡན་པས་བྲི། །སྒྲོལ་མ་འོད་ཟེར་ཅན་མ་དང་། །ཕག་མོའི་གཟུགས་ལ་མངོན་མཆོད་ན། །གང་གང་འདོད་པའི་ལས་ཐམས་ཅད། །ཐོགས་པ་མེད་པར་འགྲུབ་པར་འགྱུར། །
གཞན་ཡང་རྩ་བའི་གཟུངས་ཀྱི་མཐུ་གསུངས་པ། །གོས་མཐའ་འམ་སྐྲ་ལ་མངོན་བསྔགས་བཅིངས། །འབྲོག་དགོན་དག་ཏུ་འཇིགས་མེད་འགྱུར། །ཨུཏྤལ་སྦྱིན་སྲེག་བརྒྱ་རྩ་ཡིས། །ངེས་པར་དབང་དུ་བྱེད་པ་ཡིན། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མེ་བ་ཤ་མ་ན་ཡེ་སྭཱཧཱ། བྱ་རོག་གཤོག་པར་བསྔགས་ནས་ནི། །དགྲ་བོའི་ཁྱིམ་དུ་སྦོས་ན་སྐྲོད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་ག་མི་ནི་དེ་བ་ད་ཏྟཾ་ཨུཏ་ཙ་ཊ་ཡ་ཧཱུཾ་ཕཊ། སོ་སོ་འཆའ་དང་ཡུངས་ཀར་དང་། །ཐང་ཕྲོམ་ཨ་ཤྭ་ཀའི་མེ་ཏོག །འདབ་བཅས་སྦྱིན་སྲེག་བྱེད་པའམ། །ཡང་ན་མངར་གསུམ་བསྲེགས་བྱས་ན། །ཉིན་བདུན་བུ་མོ་མཆོག་འཐོབ་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་བྷི་དྷ་ནཱཾ། ཀུ་མཱ་རཱི། མ་ཧྱ་མུངྤ་ཏེ་ན་ཏ་སྱཱཿསི་ཏ་པྲ་ཡཙྪནྟུ་སྭཱཧཱ། ཟླ་མཚན་རས་ལ་སྒྲོལ་མ་ནི། །ཨུཏྤལ་ཞགས་པ་བསྣམས་པ་བྲི། །མཆོད་ཅིང་ལྔ་སྟོང་བཟླས་ནས་ནི། །ཞགས་པ་ལྕགས་ཀྱུའི་སྦྱོར་བས་སྤྱད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་ཡེ་ཨ་མུ་ཀཱ་མ་མ་བ་སི་ཏཾ། སྭ་སྣ་ཀརྞེ་ཀ་ཐཱ་ཡ་ཧཱུཾ་ཕཊ། རེག་ཕྲུག་ཚེར་མ་ཟླ་མཚན་བཅས། །སྲེག་བླུགས་སྟོང་ཕྲག་གཅིག་གིས་ནི། །མི་བདག་བུ་མོ་མཆོག་ཀྱང་འགུགས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བི་དྷ་ནཾ་སྭསྠཱ་ནཱ་དཱ་ཀརྵཱ་ཡ་མ་མཱནྟི་ཀེ་ཛཿཟླ་བ་གཟས་བཟུང་འཇིག་རྟེན་དབང་། །དུང་དང་བཏགས་ཏེ་འདོད་མར་སྦྱིན། །ཡང་ན་སྦྲུལ་མགོ་གཉིས་པའི་ཤ །ཨརྐ་བལ་ལ་དྲིལ་བྱས་ལ། །བ་དམར་མར་ཁུས་མིག་སྨན་བྱ། །རྡོ་རྗེ་ཆོས་དང་ཉི་མ་དང་། །རྟ་རྒྱལ་མཆོག་གི་སྤོས་བདུག་ནས། །བལྟས་པས་པདྨ་གར་དབང་འབབ། །ཧ་ལ་ཧ་ལའི་མཇུག་མ་དང་། །འཇམ་འབྲས་རྩངས་པའི་མཇུག་མ་དང་། །མགྲོན་བུ་རོར་བཅས་ཁུ་བ་འཛིན། །སྡིག་པའམ་སྦལ་པའི་ཞག་གིས་སམ། །འོ་མ་རྣམ་གསུམ་སྦྱར་བ་དང་། །ཨ་ཕུ་མཚལ་དང་སྦྱར་བ་ནི། །གུ་གུལ་བཅས་པའི་རིལ་བུས་ཀྱང་། །རྟག་ཏུ་ཁུ་བ་རེངས་པར་འགྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སནྟ་ར་ཎི་ཧྲཱིཿདེ་བ་དཏྟ་བཱ་ཤཾ་ཀུ་རུ་ཧོ། པདྨ་ལྕགས་ཀྱུ་བཅས་པ་ཡི། །སྤུ་ཏ་ལིངྒས་དགུག་པར་བྱ། །ཞགས་པ་ལྕགས་ཀྱུ་བསྣམས་པ་ཡི། །ལྷ་མོས་འགུགས་པར་བྱེད་པ་ཡིན། །ཨོཾ་ཙ་ཏུརྦྷ་ཛ་ཥཎྨུ་ཁ་བི་ཀྲི་ཏཱ་ན་ན་ཀརྞ་བི་ཤཱ་ཙི་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱི་བྲིས་སྐུའི་མདུན་དུ་ཞག་བདུན་བཟླས་ན། རྣ་བར་སྒྲོག་པ་གྲུབ་བོ། །ཨོཾ་བུདྷ་ཙུ་རུ་མཱ་ཙུ་རུ་ཀེ་སྭཱཧཱ། མཆོད་རྟེན་གྱི་དྲུང་དུ་གཙང་སྦྲ་དང་བཅས་པས་བཟླས་ན། བདག་ཉིད་གང་དུ་སྐྱེ་བར་འགྱུར་བ་དང་། ཚེ་ཟད་པ་དང་། རིང་དུ་འཚོ་བ་ཡང་ཤེས་བར་འགྱུར་རོ། །སྦྲུལ་གྱིས་སྦལ་པའི་བཟུང་བ་ན། །དེ་དག་དུད་མེད་ཐལ་བར་བྱ། །སྦྲང་རྩིར་སྦྱར་བ་མཆན་ཁུང་དུ། །ཐིག་ལེ་བྱས་ན་འགུགས་པར་འགྱུར། །མི་ཚིལ་མི་ཡི་ཐོད་པར་བཞག །ནརྨའི་བལ་གྱིས་སྡོང་བུར་བྱ། །གཟུགས་འཚོང་ཐོད་པ་དག་ལས་ནི། །སྣག་ཚ་བླངས་ཏེ་བུ་མོ་ལ། །ཐིག་ལེ་བྱས་ན་འགུགས་པར་འགྱུར། །ཨོཾ་བཛྲ་ཏཱིཀྵ་ཡ་ཧཱུཾ་སྭཱཧཱ། འོ་མ་ལ་ལན་བདུན་མངོན་པར་སྔགས་ནས་བཀྲུས་ན་མིག་གི་རབ་རིབ་སེལ་བར་འགྱུར་རོ། །མིའི་རྟིང་པའི་ཤ་དང་། བྱི་ལ་ནག་མོའི་མཆིན་པའི་བདུག་པས་གནས་དང་རྫས་ཀྱི་འབྱུང་པོ་སྐྲོད་པར་འགྱུར་རོ། །ནིརྒུ་ཊ་དང་མུཎྚི་དང་བྷངྒ་ར་ནག་པོ་དང་། བྷངྒ་དང་ནིམྦ་ཏིག་ཏ་རྣམས་གྲིབ་མ་ལ་བསྐམས་པ་དང་། ༼བེ་ལ༽ཝ་དང་། ཛདྒི་ཧ་རི་ཏ་ཀི་རྣམས་བུ་རམ་ལ་སྦྱར་ནས་དང་པོ་ལྔ་དང་། ཕྱི་ནས་ཆུ་ཚོད་གཅིག་ནས་ལྷག་མ་ཡང་སོར་མོ་གསུམ་གྱི་ཚད་དུ་ཟོས་ན། ཟླ་བ་དྲུག་ནས་རྒན་པོ་ཡང་གཞོན་ནུར་བྱེད་པ་ལ་ཐེ་ཚོམ་མེད་དོ། །ན་མོ་བི་ག་ཏ་རཱ་ག་མེ་ཏྲི་ཡ་སིདྷི་ལོ་ཙ་ནེ་སྭཱཧཱ། ཞེས་པས་ཀྱང་རབ་རིབ་སེལ་བར་བྱེད་དོ། །ཟླུམ་པོ་མཚམས་སུ་རྡོ་རྗེས་བརྒྱན། །ཧཱུཾ་བཞིས་རྡོ་རྗེ་ལེགས་པར་མཚན། །ཨོཾ་པ་ད་ཀྲ་མ་སཱི། པ་ར་ཀྲ་མ་སཱི། ཨུ་ད་ཡ་མ་སཱི། ནེེ་ར་བདྷ་ནིརྨ་མ་སཱི། ཨརྐ་མ་སཱི། མརྒ་མ་སཱི། ཨུརྨ་༼མཱ་༽སཱི། བ་ན་མ་སཱི། གུལྨ་མ་སཱི། ཙི་བ་ར་མ་སཱི། མ་ཧ་ཧཱ་ཙི་བ་ར་མ་སཱི། ཨནྟདྡྷ་ན་མ་སཱི་སྭཱཧཱ། ལྟེ་བ་ལ་བྲི་སྟེ་ཨོཾ་ནི་ཐམས་ཅད་དུའོ། །དབུས་སུ་རྡོ་རྗེའི་གཡས་དང་གཡོན་དུ། ཨོཾ་བརྟ་ལཱི་ཨོཾ་བ་རཱ་ལི། ཨོཾ་བ་རཱ་ཧ་མུ་ཁཱི་ཞེས་བྲིའོ། །མཚམས་སུ་ཡང་། ཨོཾ་མ་མཱ་རི་ཙྱེ་ཞེས་བྲིའོ། །དབུས་སུ་ཨོཾ་བཱ་རཱ་ལཱི་ཨོཾ་བཱ་བ་ཏཱ་ལཱི། ཨོཾ་པ་རཱ་ཧ་མུ་ཁཱི་སརྦ་དུཥྚཾ་པྲ་དུཥྚཾ་ཀཱ་ཡེ་བཀྩིཏྟེ་མུ་ཁཾ་ཛམྦྷ་ཡ། སྟཾ་བྷ་ཡ། ཞེས་སོ། །དབུས་སུ་མཾ་ཡིག་གོ། དེའི་ནང་དུ་དེ་བ་དཏྟ་རཀྵ་རཀྵའོ། །འདི་ནི་གྲོ་ག་ལ་གུར་གུམ་གྱིས་བྲིས་ན་ཐམས་ཅད་དུ་བསྲུང་བ་སྟེ། འོད་ཟེར་ཅན་མའི་འཁོར་ལོའོ། །
ཡང་གསུངས་པ། དབུས་སུ་ལྷ་མོ་གསེར་མཚུངས་པ། །གསེར་གྱི་རྣ་ཆ་གཡོ་བ་ཅན། །ཞལ་བཞི་ཕྱག་བརྒྱད་འདོད་པའི་གཟུགས། །རྡོ་རྗེ་འཛིན་མའི་དཀྱིལ་འཁོར་སྒོམ། །རྣལ་འབྱོར་མ་ནི་བཅུ་དང་བཅས། །གྲྭ་བཞིར་འབྱུང་བ་བཞི་ཡང་དགོད། །དཀྱིལ་འཁོར་མཆོག་འདི་སྐུ་ཡི་ནི། །གསང་བའི་ཡེ་ཤེས་བླ་མེད་པའོ། །དེ་ནས་གསུང་གི་དཀྱིལ་འཁོར་ནི། །བྷ་གའི་དབུས་སུ་ཟླ་བ་བསྒོམ། །དམར་མོ་བཅུ་གཉིས་ལོ་ཡི་ཚུལ། །ཕྱག་རྒྱ་ལྔ་དང་ཐོད་པས་བརྒྱན། །ཞབས་བཞི་གཡས་བརྐྱང་རོལ་པར་མཛད། །བདུད་བཞི་མཉམ་པར་མནན་པའོ། །སྤྱི་བོར་ཨུཏྤལ་ཕྲེང་བ་བཅིངས། །གཡས་པ་ནག་པོ་སེར་པོ་དང་། །སྣ་ཚོགས་འབར་བས་རྣམ་པར་འཕྲོ། །དཀར་པོ་ལྗང་གུ་སྔོན་པོ་ནི། །གཡོན་གྱི་ཞལ་ལ་རིམ་པས་སོ། །སྟེང་ཞལ་དུད་ཁ་བོང་བུའི་གཟུགས། །རལ་གྲི་ཨུཏྤལ་མདའ་བོ་ཆེ། །རྡོ་རྗེ་ཀྱོ་བ་དབྱུག་པ་དང་། །ཟངས་གྲི་མི་འཇིགས་ཕྱག་རྒྱའོ། །ཐོད་པ་སྡིགས་མཛུབ་དེ་ནས་གཞན། །གཞུ་དང་ཁ་ཊྭཱཾ་ཞགས་པ་དང་། །མགོ་བོ་ནོར་བུ་བུམ་པར་བཅས། །མཆེ་གཙིགས་འདོད་པའི་གཟུགས་ཅན་མ། །ཧེ་རུ་ཀ་ཡི་སྒྲོལ་མའོ། །ཏཱཾ་ལས་ལྗང་གུ་ཞལ་གཅིག་མ། །མཆོག་སྦྱིན་ཨུཏྤལ་བསྣམས་པ་ཡིས། །འདོད་པ་ཐམས་ཅད་སྦྱིན་པར་བྱེད། །མི་འཇིགས་སྦྱིན་པའི་ཕྱག་རྒྱ་ཡིས། །འཇིགས་པ་བརྒྱད་ལས་སྐྱོབ་པ་སྟེ། །ཡི་གེ་བརྒྱད་བཟླས་ངེས་འགྲུབ་འགྱུར། །རྡོ་རྗེ་གདོང་ལྡན་ཕྱག་གཉིས་དམར། །ཧེ་ཀ་དཔལ་ཡུམ་གྱུར་པའམ། །འཁོར་ལོ་བདེ་མཆོག་རིམ་པ་ལས། །ཡང་ན་ཧེ་རུ་ཀ་སྦྱོར་བས། །༼གང་ལ་༽ང་ལ་དགའ་བ་དེ་འགྲུབ་འགྱུར། །ཐོད་པ་རྡོ་རྗེ་ཁྲག་འཐུང་དང་། །གྲི་གུག་ཕག་མོས་བསྣམས་པའོ། །བདུད་བཞི་པོ་ནི་རྣམ་པར་མནན། །ཐལ་བ་འཚོ་བྱེད་ཁ་ཊྭཱཾ་བཅས། །བྷ་ག་ལིངྒ་བཟློག་པར་བྱ། །རྡོ་རྗེས་བསྣུན་ནས་ཁྲག་འཐུང་པས། །སྐད་ཅིག་གཅིག་གིས་གསོད་པར་བྱེད། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་ཡིས། །བུ་མོ་ཐམས་ཅད་འགུགས་པར་འགྱུར། །ཁུ་བ་ཁྲག་དང་ཆང་དང་ནི། །གོང་བུ་ལ་སོགས་དགུག་པར་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཧཱུཾ་གི་ཡེ་ཤེས་ལས་བྱུང་བ། །རྡོ་རྗེ་སུམྦྷ་རབ་ཏུ་གནག །རྡོ་རྗེ་འབར་བ་དུང་དམར་དང་། །གཏུན་ཤིང་སྦྲུལ་གྱི་ཞགས་པ་བསྣམས། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མདའ་གཞུ་དབྱུག་ཐོ་འཛིན་པའི་མཆོག །རྡོ་རྗེ་ཞགས་པ་སྡིགས་མཛུབ་ཅན། །སྤྱན་གསུམ་གཡོན་བརྐྱང་སྟབས་བསྒོམ་བྱ། །ལས་རྣམས་ཐམས་ཅད་བྱེད་པ་ཡི། །ལྷ་ཡི་རྒྱལ་པོ་འདི་དག་གོ །ལྷ་མོ་ནག་མོ་རྣམ་པར་བསྒོམ། །རལ་གྲི་དང་ནི་ཐོད་པའི་ལག །ལྷ་མིན་འཇོམས་པ་དགྲ་བོ་ཡི། །མགོ་གཅོད་ཏྲི་ཤཱུ་ལ་འཆང་མ། །བྱ་རྒོད་ལྕེ་སྤྱང་ཙཱི་ལ་སྤྲོ། །རྒྱུ་མ་མི་མགོའི་མེ་ཏོག་ཅན། །མ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར། །རོ་ལ་ཞོན་པ་རྣམ་པར་བསྒོམ། །ཡང་ན་སྟག་མོ་ལ་གནས་པ། །དྲག་ཤུལ་སྤྱོད་པས་བསྒོམ་པར་བྱ། །ཁུ་བ་རྡོ་རྗེར་བྱས་པ་ལས། །རང་གི་སེམས་ནི་རྡོ་རྗེར་འགྱུར། །རྣམ་རྟོག་མེད་ཅིང་སྤྲོས་དང་བྲལ། །མཁའ་ལྟར་རང་བཞིན་གོས་པ་མེད། །རང་རིག་བདེ་བ་ཆེན་པོ་སྟེ། །དབང་བསྐུར་མཆོག་ནི་འདི་དག་གོ །མེ་ལོང་གཟུགས་བརྙན་འདྲ་སེམས་ཀྱིས། །ཐིག་ལེ་རྡོ་རྗེར་བྱེད་པར་འགྱུར། །སྲོག་དང་ཐུར་སེལ་སྒོ་དབྱེ་བས། །བཙན་ཐབས་སྦྱོར་བས་དབུགས་བཀག་ན། །ཁུ་བ་མི་འགྱུར་ཐོན་པ་སྟེ། །ཐིག་ལེ་ནོར་བུར་བཀག་སྟེ་བསྒོམ། །ལྷ་མོའི་གཟུགས་བརྙན་བསྒྱུར་བར་བྱ། །སྒྲོལ་མ་སྒྲོལ་མ་ཅན་གྲུབ་འགྱུར། །ཡང་ན་ཐོགས་མེད་གཟུགས་ཀྱིས་ཏེ། །སྐྱེས་པ་བུད་མེད་ངེས་འགྲུབ་འགྱུར། །ལས་རབ་འབྱམས་ཀྱི་ལེའུ་སྟེ་གསུམ་པའོ། །
དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །དམ་ཚིག་མཆོད་པའི་སྤྲིན་ཕུང་རབ་འབྱམས་དང་། །བསྟོད་དབྱངས་རྒྱ་མཚོའི་མངོན་པར་བསྟོད་བྱས་ནས། །ལག་ན་རྡོ་རྗེ་འཆང་ལ་རྒྱུད་འདི་གཏད། །ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལས་ཇི་སྙེད་པ་རྩ་བའི་རྟོག་པ་རྫོགས་སོ།། །།རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པ་གྲུབ་ཆེན་བུདྡྷ་ནཱ་ཐའི་ཞབས་ལས་མནོས་ནས། སླར་རྒྱ་གར་གྱི་མཁན་པོ་ནིརྦཱ་ཎ་ཤྲཱིའི་ཞལ་སྔ་ནས་དང་། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཕྱིས་འབྱུང་གི་པཎྜི་ཏ་མིའི་ཉི་མའི་དཀའ་འགྲེལ་དང་བསྟུན་ཏེ་གཡར་ཁྲལ་དུ་བསྒྱུར་བའོ། །ཡང་སླད་ཀྱི་བྷང་ག་ལར་འཁྲུངས་པའི་པཎྜི་ཏ་པུརྞ་བཛྲའི་དྲུང་དུ། སློབ་དཔོན་ཆེན་པོ་མར་མེ་མཛད་དཔལ་ཡེ་ཤེས་ཀྱིས་མཛད་པའི་རྒྱས་འགྲེལ་ཆེན་པོ་དང་བསྟུན་ནས་ཅུང་ཟད་བཅོས་ཤིང་། ཐམས་ཅད་དུ་གྲུབ་ཆེན་ཞི་བའི་ཞབས་ཀྱི་ཞལ་ལུང་གི་རེག་ཟིག་སོ་སོ་རྣམས་དང་ཁྱད་པར་གུ་རུ་ལྷོ་ཕྱོགས་པ་ཆེན་པོའི་མན་ངག་དང་བསྟུན་ནས་ལེགས་པར་བཅོས་ཏེ་དག་པར་བགྱིས་པའོ།། །།དགེ་ལེགས་འཕེལ།
འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ།
༄༅། །འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས།
རྒྱ་གར་སྐད་དུ། ས་མ་ཛ་པ་ར་མཱརྠ་སརྦ་ཀརྨོ་ད་ཡ། ཨུཏྟ་ར་ཏནྟྲ་རཱ་ཛ། བོད་སྐད་དུ། འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ། སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་འདས་མ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་དམ་ཚིག་སྒྲོལ་མ་ཞེས་བྱ་བ་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱུ་བ་དང་མི་རྒྱུ་བའི་བྱེད་པ་པོ། བརྟན་པ་དང་གཡོ་བའི་རང་བཞིན། གསང་བ་ལས་ཆེས་ཤིན་ཏུ་གསང་བ། གསང་བ་ཆེན་པོའི་དབང་ཕྱུག་མས་བདག་ཉིད་ཀྱི་རྡོ་རྗེའི་མིང་འདི་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །བཅོམ་ལྡན་འདས་མ། སྒྲོལ་མ། རྡོ་རྗེ་མ། དམ་ཚིག་སྒྲོལ་མ། རྡོ་རྗེ་རྣལ་འབྱོར་མ་ཆེན་མོ། ཡེ་ཤེས་ལྔས་བརྒྱན་པ་མ། སངས་རྒྱས་ཐམས་ཅད་གྱིས་དབང་བསྐུར་མ། ཡེ་ཤེས་དཀྱིལ་འཁོར། ཟླ་བའི་བདེ་མ། ངོ་མཚར་བདེ་མ། སྐུ་དང་གསུང་ཐུགས་ཀྱི་འདོད་མ། ཕུང་པོའི་བདག་མོ། སྐྱེ་མཆེད་ཀྱི་བདག་མོར་གྱུར་པ། འབྱུང་བ་བཞི་རྣམས་རབ་ཏུ་ཐོབ་པ། ཡུལ་དང་བྲལ་བའི་རང་བཞིན། རྒྱུད་ཀུན་གྱི་དབང་ཕྱུག་མ། ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ། རྡུལ་དང་བྲལ་བ། དྲི་མ་མེད་པ། གསང་སྔགས་ཆེན་མོ། ཤིན་ཏུ་ཕྲ་བ། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། དག་བྱེད། དག་བྱེད་ཆེན་མོ། ལས་ཐམས་ཅད་གྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཡི་གེ་བཅུའི་སྒྲ་སྒྲོག་པ། སྒྲ་སྒྲོག་དགྱེས་མ། གདུང་མ། མྱུར་མ། རྣམ་པར་ཤེས་པ་ཡོངས་སུ་དག་པ། སྲ་ཞིང་བདེ་བ། ཡེ་ཤེས་སྙིང་པོ། བདེ་བ་ཆེན་མོའོ། །
དེ་ལ་འདི་ནི་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་གི་གནས་སོ། །དེ་སྐད་ཅེས་ཀྱང་བཀའ་སྩལ་ཏོ། །དེ་ནས་ཧེ་རུ་ཀའི་དཀྱིལ་འཁོར། །འདོད་པ་ཐམས་ཅད་རབ་ཏུ་སྒྲུབ། །དཀྱིལ་འཁོར་རྣམས་ཀྱི་མཆོག་གྱུར་གསུངས། །མ་མོ་འདུས་པ་ཉམས་དགའི་གནས། །ཨཱཿལི་ཟླ་བ་ཀཱ་ལི་ཉི། །ཧཱུཾ་གི་ཡེ་ཤེས་རྡོ་རྗེ་སེམས། །ཕྱོགས་བཅུའི་དཀྱིལ་འཁོར་རྣམས་སྤྲོ་བ། །སྔགས་འདིར་མགོན་པོ་བསྐུལ་བར་བྱ། །ཨོཾ་བཛྲ་ས་ཏྭ་ཛཿཧཱུཾ་བཾ་ཧོ་སུ་ར་ཏ་སྟྭཾ་དྲྀ་ཤྱ་ཧོ། རྡོ་རྗེ་ཞེ་སྡང་བདག་ཉིད་ནི། །ནག་པོ་ཧཱུཾ་སྒྲོག་བནྡྷུའི་མིག །རྡོ་རྗེ་ཐོད་པས་ལག་སྦྲེལ་བ། །རྩེ་གསུམ་སྲིན་པོའི་མགྲིན་པ་བཙིར། །ཁྲོ་མོའི་དབང་ཕྱུག་སྐུ་ལ་འཁྱུད། །མི་ལྤགས་རློན་པའི་ན་བཟར་བཅས། །སྐྲ་སེར་གྱེན་དུ་འཁྱིལ་པའོ། །གོོ་རཱི་རི་ཙོོ་རཱི་རི་རབ་རྨོངས་དང་། །རོ་ལངས་སྦོས་མོ་ཟ་ནུས་མ། །དུར་ཁྲོད་མ་དང་གཏུམ་མོ་རྣམས། །སྔོ་དང་སེར་མོ་བཙོད་ཀྱི་མདོག །གནག་དང་དམར་སེར་ལྗང་གུ་དང་། །སྔོ་སངས་དེ་བཞིན་སེར་སྐྱའོ། །གོོ་རི་ཀེང་རུས་དབྱུག་པ་དང་། །ཐོད་པ་གཡས་དང་གཡོན་པར་བསྣམས། །ཙོོ་རཱི་རི་མདའ་གཞུ་འགེང་བྱེད་མ། །རབ་རྨོངས་རྒྱལ་མཚན་ཐོད་པ་འཛིན། །རྡོ་རྗེ་དང་ནི་བྱིས་པའི་རོ། །རོ་ལངས་མ་ཡི་གཡས་གཡོན་ནའོ། །སྦོས་མོ་རྒྱུ་མ་འདྲེན་པར་བྱེད། །ཟ་ནུས་རྡོ་རྗེ་ཐོད་པའོ། །སྙིང་དང་སྙིང་གིས་བཀང་བ་ཡིས། །ཐོད་པས་བྲེལ་བ་དུར་ཁྲོད་མ། །མགོ་དང་ལུས་འཛིན་གཏུམ་མོའོ། །ཨོཾ་ཛྭ་ལ་ཛྭ་ལ། བྷྱོཿཧཱུཾ་ཧཱུཾ་ཧཱུཾ་སྙིང་པོའོ། །ཨོཾ་ཨེ་ཧྱེ་ཧི་རུ་ལུ་རུ་ལུ་ཛཿཧཱུཾ་བཾ་ཧོ། ཨོཾ་བཛྲ་ཌཱ་ཀི་ནཱི་བྷྱཿ ཨེ་ཨ་རལླི་ཛཿཛཿ ཨོཾ་ཌཱ་ཀི་ནཱི་ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བྷནྡྷ་ཡ་བྷནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱི་ཧྲྀ་ད་ཡ་ཧཱུཾ་ཕཊ་ཛཿཛཿཧཱུཾ་བཾ་ཧོཿཊཀྐི་ཧཱུཾ་ཛཿདགུག་པའི་སྔགས་སོ། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡེ་མུ་ཏྲ་པྲ་བྷཉྫ་ཀ་ཧཱུཾ་ཕཊ། ཟིལ་གྱིས་གནོན་པའི་སྔགས་སོ། །ཨོཾ་བ་ཊ་བ་མ་༼མུ་༽ཁ་ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥཱ་ཡ་ཏོ་ཥཱ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ་ཧྲྀ་ད་ཡཾ། ཧ་ཧ་ཧི་ཧི་ཨོཾ་ཨཱཿཧཱུཾ། དབང་དུ་སྡུད་པའོ། །ཤ་ཆེན་མྱོས་བྱེད་བ་གླང་ཤ །ཁྲག་བཅས་ཧེ་རུ་ཀ་མཆོད་ན། །ཧེ་རུ་ཀ་དགྱེས་དངོས་གྲུབ་མཆོག །དུར་ཁྲོད་ཆེན་པོར་སྩོལ་བར་མཛད། །
ཡང་གསུངས་པ། ཁྲུ་ནི་ཉི་ཤུའི་ཚད་ལྡན་པ། །སྐུ་ཡི་དཀྱིལ་འཁོར་བྲི་བར་བྱ། །དབུས་སུ་གཟུགས་བརྙན་དགོད་པར་བྱ། །ཞལ་བཞི་གསེར་གྱི་མདོག་ལྟ་བུ། །རྡོ་རྗེ་ཞགས་པ་དུང་དང་མདའ། །ལྕགས་ཀྱུ་ཨུཏྤ་ལ་དང་གཞུ། །དེ་བཞིན་གདུག་ལ་སྡིགས་མཛུབ་མཛད། །པདྨ་ཟླ་བའི་གདན་ལ་བཞུགས། །ཡི་གེ་བཅུ་པའི་གདན་ལས་སྐྱེས། །མེ་ཏོག་མ་དཀར་དེ་བཞིན་དུ། །སྤོས་མ་གནག་ཅིང་མར་མེ་མ། །སེར་མོ་དྲི་མ་ཁ་དོག་དམར། །གནོད་མཛེས་མ་དང་རྣམ་རྒྱལ་མ། །སྒོ་བཞིར་ལྕགས་ཀྱུ་ལ་སོགས་དགོད། །
ཡང་གསུངས་པ། ཧཱུཾ་གི་ཡི་གེས་ཧཱུཾ་འདོན་མ། །རྡོ་རྗེ་ཕག་མོ་རྣལ་འབྱོར་བསྒོམ། །རབ་ཁྲོས་ཕག་གི་གདོང་ལྡན་མ། །རྡོ་རྗེ་ཐོད་པ་ལག་ན་ཐོགས། །གར་གྱི་རོ་ལྡན་བསྒོམས་བྱས་ལ། །ཡི་གེ་ཧཱུཾ་གིས་སྦྱོར་བཟླས་པས། །འོད་གསལ་བར་ནི་བྱེད་པ་དང་། །བགེགས་དང་ནད་རྣམས་འཇོམས་པའོ། །དེ་ལ་འདི་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །ཆོས་རྣམས་རང་བཞིན་འགྱུར་བ་མེད། །འདི་ཡི་ཡེ་ཤེས་རྡོ་རྗེ་བརྟག །གཟོད་ནས་ཞི་བ་གཉིས་སུ་མེད། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །དཔའ་བོ་ཆེན་པོ་འཁོར་ལོའི་རིགས་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཟབ་དང་རྒྱ་ཆེའི་རང་བཞིན་ནོ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གཟུང་དང་འཛིན་པ་རྣམ་པར་སྤངས། །གང་རྣམས་སྒྱུ་མའི་རང་བཞིན་ཅན། །དཔའ་བོ་ཆེན་པོ་རྡོ་རྗེ་འཛིན་པས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཆོས་རྣམས་ཐམས་ཅད་མཉམ་པ་ཉིད། །རང་བཞིན་མེད་ཅིང་གནས་པ་མེད། །དབྱེར་མེད་བརྗོད་པ་དང་བྲལ་བ། །སེམས་ཅན་དག་པ་སྙིང་རྗེ་ཅན། །དཔའ་བོ་ཆེན་པོ་རྡོ་རྗེ་ཉི་མས་དེ་སྐད་ཅེས་བཀའ་སྩལ་ཏོ། །འདི་ནི་བདེ་ཆེན་དམ་པ་སྟེ། །འཕེལ་དང་བྲི་བ་ཡོད་མ་ཡིན། །རྒྱུ་དང་འབྲས་བུ་རྣམ་འཕྲུལ་བ། །ཐམས་ཅད་རྟེན་ཅིང་འབྱུང་བའོ། །
དཔའ་བོ་ཆེན་པོ་འཇིག་རྟེན་དབང་ཕྱུག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །བདེན་པ་མ་ཡིན་རྫུན་མིན་དངོས། །འགྲོ་འདི་རང་བཞིན་ཡང་དག་པ། །ཇི་ལྟར་ཆུ་དང་ཆུ་རླབས་བཞིན། །མཆོག་ཏུ་དགའ་བ་བདག་མེད་པའོ། །དཔའ་བོ་ཆེན་པོ་རལ་གྲིའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་རྡོ་རྗེ་སྙིང་པོ་སོགས། །སྔགས་རྣམས་བཞེངས་ཤིང་ཕྱག་འཚལ་ཏེ། །དམ་ཚིག་ཆེན་མོ་རྣལ་འབྱོར་མ། །གཙོ་མོ་ཆེ་ལ་འདི་སྐད་ཞུས། །ཨེ་མ་ཧོ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ནམ་མཁའི་རང་བཞིན་ལས། །སྣ་ཚོགས་ཆོས་ཀུན་འབྱུང་བ་ནི། །རྡོ་རྗེ་རྒྱལ་མོ་ཅི་ཞིག་ལགས། །ཉོན་ཅིག་རྡོ་རྗེ་ཇི་བཞིན་ཉོན། །བདག་ཏུ་ལྟ་བ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན། །སྟོང་པ་མ་ཡིན་མི་སྟོང་མིན། །ཐོག་མེད་བསགས་པའི་བག་ཆགས་ཀྱིས། །སྣ་ཚོགས་ཞིང་དང་དབང་པོ་དང་། །གཟུགས་དང་སྒྲ་དང་རོ་ལྡན་པ། །དྲི་དང་རེག་བྱ་དང་ནི་ལུས། །ཕྱི་དང་ནང་དུ་རྣམ་གནས་པ། །ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ལས། །འབྱུང་བ་རྣམས་དང་ཡུམ་མེད་དེ། །སེམས་ཉིད་ཕྱི་རོལ་སྣང་བའོ། །ཀུན་རྫོབ་ཏུ་ནི་འཇིག་རྟེན་ཡོད། །དམ་པའི་དོན་དུ་གཞན་དག་མེད། །ནང་གི་བདེ་བ་རང་རིག་པ། །གསལ་བའི་དངོས་པོ་འདི་ཁོ་ན། །སྲིད་མེད་མྱ་ངན་འདས་པ་མེད། །ཁམས་མེད་རྣམ་པར་ཤེས་པ་མེད། །དངོས་པོ་མེད་ཅིང་སྒོམ་པ་མེད། །རྒྱ་མཚོ་ལྟ་བུ་དེ་བཞིན་ཉིད། །སྡིག་དང་བསོད་ནམས་བྱ་ལས་འདས། །གཅིག་དང་དུ་མའི་དངོས་ཀྱང་མིན། །ཐམས་ཅད་དངོས་པོ་གཅིག་གྱུར་པ། །ཡེ་ཤེས་གཅིག་ཉིད་རྣམ་པར་སྤྲོས། །སྡུག་བསྔལ་བདེ་བ་ཡུལ་རྣམ་ཤེས། །ཀུན་ལས་འདས་པའི་བདེ་ཆེན་པོ། །བྱ་བ་མེད་ཅིང་བྱེད་པོ་མེད། །མ་དཀྲུགས་རང་བཞིན་དག་པའོ། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མར་དམིགས་པར་མི་འགྱུར་རོ། །འདོད་ཆགས་ཆེན་པོའི་ཡེ་ཤེས་འདིས། །ཆགས་ལྡན་རྣམས་ལ་བྱང་ཆུབ་སྟེར། །འཁོར་བ་སེམས་ཉིད་ཕྱི་རོལ་དངོས་པོ་མེད། །སེམས་ལས་གཞན་དུ་བྱང་ཆུབ་ཡོད་མ་ཡིན། །སྲིད་དང་ཞི་བར་བྲལ་བ་སྙིང་པོ་མེད། །རང་སེམས་སྙིང་རྗེའི་བདག་ཉིད་མགོན་འདིར་ཡོད། །
དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་དང་རྒྱུད་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ན་མོ་བྷ་ག་བ་༼ཝ་༽ཏེ་མེ་རུ་ཤི་ཁ་ར་ཀུ་ཊ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱཐཱ། ཨོཾ་མེ་རུ་མེ་རུ་མ་ཧཱ་མེ་རུ་ཡེ་སྭཱཧཱ། ཨོཾ་ཨཱཿམེེ་ཏྲི་ཡེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཏིཀྵཱ་དྷིཿ ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷ་ཝརྡྷ་ནི་སྭཱ་ཧཱ། ཨོཾ་ཛམྦྷ་མོ་ཧ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མེ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པཎྟཱ་རཱ་ཎི་ཧྲཱིཿསྭཱཧཱ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཨོཾ་བཛྲ་ཙནྜ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཨོཾ་ནི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཛཾ་དྷི་ཀ་ཋ་མ་ཧོ་ཧ་ར་སརྦ་དྷ་ན་སཊྚོ་རཏྣོ། ཧཱུཾ་ཛུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མ་ནོ་ཧ་ར་ཧ་ར། ཨོཾ་ཨངྒུ་ཤ་ཨོཾ་ཨངྒུ་ཤ་ཧྲཱིཿཧྲཱིཿཧྲཱིཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཧ་ཡ་གྲྀ་བ་ཧྲཱིཿ ཨ་ཧཾ་ཨ་ཧཾ་ཨཾ་ཨཾ་ཧཱུཾ་ཧཱུཾ་སྭཱཧཱ། ཨོཾ་མ་ཧཱ་ཀ་ལ་ཧ་ན་ཧ་ན་བཛྲེ་ཎ་མ་མ་ཀརྱཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲྭ་ཡ། མ་ཧ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཧྲཱིཾ་ཏྲེཾ་ཀྵཾ་ཛཾ་ཧཱུཾ་ཧ། དི་བྱཱ་རཏྣོོ་ག་བ་རི་ཤ་ན། ཨར་པ་ཀ་ད་པ་ཡ་ཤ །ས་མ་ཡ། མ་ནུ་སྨ་ཡ། ཧྲཱིཿཧཱུཾ་ཕཊ། ཨོཾ་མཾ་དི་རི་དི་རི་ཙཎྜ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་གཾ་ག་ན་པ་ཏི་མ་མ་རཏྣ་སིདྡྷི་ག་ག་ག་ག་ག་ག་ག་ག་ག་ན་པ་ཏཾ་སྭཱ་ཧཱ། ཨོཾ་ག་ན་བཾ་ཧོ་ཡཾ་ཛཿ ག་ན་བཾ་ཧྲཱིཿ ཡཾ་ཛཿ ཉི་མའི་གདན་ལ་ཡང་དག་གནས། །བགྲང་འཕྲེང་པདྨ་དམར་པོ་བསྣམས། །གོས་དཀར་མོ་ཡིས་མགུལ་ནས་འཁྱུད། །འཇིག་རྟེན་དབང་ཕྱུག་བསྒོམ་པར་བྱ། །གྲི་གུག་ཐོད་པ་ལག་ན་ཐོགས། །ཕག་མོ་རབ་ཁྲོས་ཁ་ཊྭཱཾ་བསྣམས། །མཛེས་མ་ཡ་བའི་མེ་ཏོག་མཚུངས། །དཀར་མོ་ཕྱུགས་བདག་ཞབས་ཀྱིས་མནན། །གསེར་མདོག་མཚན་རྣམས་ཀུན་རྫོགས་ཤིང་། །བདུད་འདུལ་ཕྱག་རྒྱས་ཟིལ་གནོན་པ། །གོོ་ཏཾ་བྱང་ཆུབ་ཆེན་པོར་བསྒོམ། །མགོ་བྲེག་བརྟུལ་ཞུགས་ཆེན་པོའོ། །བྱང་ཆུབ་མཆོད་རྟེན་སྤྱི་བོར་འཛིན། །ཀླུ་ཤིང་དང་ནི་མཆོག་སྩོལ་ཕྱག །དོང་གའི་མེ་ཏོག་ལྟར་མཛེས་པ། །སངས་རྒྱས་རིག་མར་བཅས་ཏེ་བརྟག །མདོག་དཀར་འཇམ་པའི་རྡོ་རྗེ་ནི། །རལ་གྲི་གླེགས་བམ་ཕྱག་ན་བསྣམས། །ལྟེ་བར་རབ་སྔགས་འཁོར་ལོ་བཅས། །གཞོན་ནུའི་ཚུལ་ཅན་བསྒོམ་པར་བྱ། །ཟླ་བ་ལྟར་དཀར་མཆོག་སྦྱིན་དང་། །པོ་ཏིས་མཚན་པ་ཆུ་སྐྱེས་བཅས། །བསྒོམས་ནས་ཤུ་དག་དང་བཅས་པས། །སྐྱུར་པོ་འཐུངས་པས་བློ་གྲོས་སྟེར། །རིན་ཆེན་བུམ་པ་སྙེ་མར་བཅས། །གང་གི་ལག་ན་ཉེར་གནས་པ། །གསེར་ཅན་སྒྲོལ་མ་བསམ་བྱས་ན། །ཡིད་བཞིན་ནོར་བུའི་སྤྲིན་དུ་འགྱུར། །དཔག་བསམ་ཤིང་བརྟེན་ཡལ་ག་དང་། །ནོར་བུའི་འབྲས་བུ་འཛིན་པ་ནི། །གསེར་གྱི་ཕུག་ན་གནས་པར་བསམ། །ཉི་མ་འཆར་ཁ་གསར་བའི་མདོག །ལྕགས་ཀྱུ་ཨུཏྤལ་དམར་པོ་བསྣམས། །སྒེག་འཆང་དུ་མས་རྣམ་བརྒྱན་པ། །དབང་དུ་བྱེད་མ་བསམ་པར་བྱ། །དམར་མོ་ཕྱག་ནི་བཞི་པ་སྟེ། །མདའ་དང་གཞུ་ནི་འཛིན་པའི་མཆོག །ལྕགས་ཀྱུ་ཨུཏྤལ་ཕྱག་ན་བསྣམས། །ཀུ་རུ་ཀུལླེ་བསམ་པར་བྱ། །རྡོ་རྗེ་འཆང་བ་གདན་གནོན་པ། །སྔོ་བསངས་ཡིད་ཙམ་ཁྲོ་བ་སྟེ། །སྒྲུབ་པོས་མདུན་དུ་བཞག་ནས་ནི། །མཚན་བརྒྱད་པོ་ནི་བརྗོད་པར་བྱ། །ནག་པོ་མི་སྡུག་རྡོ་རྗེ་ཅན། །བརླ་གཉིས་བར་དུ་མཁའ་ལྡིང་ནི། །དུག་ཅན་ཨ་ཛ་ག་ར་འཇོམས། །སྡིགས་བྱེད་ལག་ན་རྡོ་རྗེ་བསྒོམ། །མདོག་བཟང་ཀཱ་མ་རྡེ་ནུའི་བ། །བི་ཙུ་ར་འབྲས་སྙེ་མ་འཛིན། །བུམ་པ་ལ་གནས་གནོད་སྦྱིན་མོ། །མརྐ་ཊ་ཞེས་བསམ་པར་བྱ། །པདྨ་རཱ་གའི་འོད་དང་མཉམ། །ཀྱོ་བ་ནེའུ་ལེའི་རྐྱལ་པ་ཅན། །ནོར་རྒྱན་མ་ནི་རྣམ་བསྒོམས་ན། །ངེས་པར་དབང་དུ་བྱེད་པ་ཡིན། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི། །ཁྱི་གདོང་རྡོ་རྗེ་ལྷ་མོ་བཞི། །བསྒོམས་ནས་གདུག་པ་ཀུན་འདུལ་བའི། །གཟི་བརྗིད་རྟ་མཆོག་མཚུངས་པར་འགྱུར། །ཡང་ན་ནག་པོ་དམར་དང་དཀར། །རྡོ་རྗེ་དབྱུག་ཏོ་བཅས་རལ་གྲི། །ཐོད་པ་ཞགས་པ་ཐལ་མོར་བཅས། །མཁའ་ལྡིང་རྒྱལ་པོ་རྣམ་པར་སྤྲོ། །ཕྱག་གཡོན་དབྱུག་ཏོ་འཛིན་བྱས་ནས། །ནོར་རྒྱས་ཚངས་པར་བཅས་གཟིར་པ། །བསྒོམས་ན་དུག་རྣམས་བསྐྱོད་པ་དང་། །སྣ་ཚོགས་ལས་རྣམས་འགྲུབ་པར་འགྱུར། །མུན་པའི་སྐུ་ལུས་ཁྲག་འཛག་ཞལ། །རལ་གྲི་ཐོད་བཅས་ཤ་ཟ་བ། །ཁ་ཊྭཱཾ་མགོ་བོ་ཕྲེང་བས་བརྒྱན། །དུག་ཤིང་ལ་བྱས་མཆོད་པར་བྱ། །ཛཾ་བྷ་ལ་ནི་ནོར་སྒྲུབ་པ། །སེར་པོ་པི་ཛ་པུ་ར་འཛིན། །ནེའུ་ལེ་གཡོན་བསྣམས་བསྒོམས་བྱས་ནས། །ཆུ་སྦྱིན་དབང་པོ་བསྒྲུབ་པར་བྱ། །རབ་དམར་ཐོད་པའི་གདན་ལ་གནས། །ཅང་ཏེའུ་ཐོད་པ་ཤས་གང་འཛིན། །རལ་པ་ལྡན་མ་བསྒོམས་བྱས་ན། །ཤ་ཟ་མོ་རྣམས་མངགས་གཞུག་འགྱུར། །གླང་པོ་སྤྲེའུ་རྒྱལ་བྱི་བའི་གཟུགས། །དགྲ་སྟྭ་ལ་ཕུག་ཕྱག་ན་བསྣམས། །ལྕགས་ཀྱུ་ཆང་སྣོད་བསྣམས་པ་ཡི། །ཕྱག་དྲུག་ཞབས་ནི་བཞི་པ་ལ། །ཆུང་མ་གཡོག་མོར་བཅས་བསྒོམས་ནས། །བགེགས་ཀྱི་རྒྱལ་པོ་མཆོད་པར་བྱ། །རབ་དམར་མཆེ་བ་གཙིགས་པ་ནི། །ཞགས་པ་ལྕགས་ཀྱུའི་རབ་སྦྱོར་བ། །འདི་ཡིས་བགེགས་རྣམས་འཇོམས་པ་དང་། །བློ་དང་དབང་དུ་བྱེད་པ་ཡིན། །ཧྲཱིཿབཾ་ཧཱུཾ་མེེཾ་དྷཱིཿདྷིཿཨ་ཏཾ་ཏཾ་ཏཾ་ཧྲཱིཿཧཱུཾ་ཧཱུཾ་བཾ་ཧྲཱིཿཧཾ་ཧཱུཾ་ཛི་ཧྲཱིཿགཾ་གཾ། བདག་ཉིད་ཧེ་རུ་ཀའི་སྦྱོར་བས་གནོད་གནས་དབང་པོ་དམར་པོ་གཡས་བརྐྱང་བས་བཞུགས་པ། གནོད་སྦྱིན་མོ་ལ་འཇུག་པ་བསམ་ནས། ཨོཾ་ཛམ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ནཾ་མི་དེ་ཧི་ཌཱ་ཀི་ནཱི་༼ནི་༽ཛྭཱ་ལ་སཾ་བྷ་ར་སྭཱ་ཧཱ། ཞེས་པ་འདིས་ཆུ་སྦྱིན་ན། ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུར་རོ། །ཏཱཾ་ཡིག་ཡེ་ཤེས་ལས་སྐྱེས་པ། །ཞལ་བཞི་པ་ལ་ཤ་ཡི་མདོག །ཕྱག་གཉིས་ཨུཏྤལ་ཕྱག་རྒྱ་ཅན། །ཕྲེང་བ་མདའ་ཆེན་འཁོར་ལོ་དང་། །རྒྱལ་མཚན་གཞུ་དང་བུམ་པ་འཛིན། །ལྷ་མོ་སྒྲོལ་མ་བསམ་པར་བྱ། །འཇིགས་པ་བརྒྱད་ལས་བསྲུང་བར་འགྱུར། །སྔགས་འདིས་བཟའ་བཅའ་རོར་བཅས་འབུལ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱཾ། ཧེ་ཧེ་བྷ་ག་བ་ཏེ་མ་ཧཱ་ས་ཏྭཱ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ་ཨི་དཾ་བཱ་ལིང་གྲྀཧྣ་པཱ་ཡ་གྲྀཧྞ་པཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ་སརྦ་བི་པཉྩཱ་༼པཉྩ་༽རེ་སྭཱ་ཧཱ། ཟླ་བ་ཉི་མ་སྨན་དང་དྲི། །མར་ཁུ་སྒྲོལ་མ་ལྔར་བཅས་པ། །རྣལ་འབྱོར་ལྡན་པས་བཟའ་བ་དང་། །ཙ་ཏུ་༼རུ་༽དེ་བཞིན་གཏོར་མ་བྱ། །སྒྲོལ་མའི་གཟུངས་ཀྱིས་བུམ་པ་ལ་བཟླས་ཏེ་ནད་པ་ལ་བཀྲུས་ན། ནད་ནས་ཐར་བར་འགྱུར་རོ། །ཐིག་གུ་ལ་མདུད་པ་བྱས་ཤིང་། ཤིང་བུ་ལ་སྔགས་ལ་ཨ་ཞེས་བཟླས་པས་ཆོམ་པོ་བསྲུང་བར་འགྱུར་རོ། །
ཕག་མོའི་སྔགས་འབུམ་བཟླས་ཏེ་དཀྱིལ་འཁོར་སིནྡྷུ་རས་བྱུག་པ་བྱས་ལ། ཨོཾ་ཨཱཿབཛྲ་ན་ར་ཀ་ཧྲཱཾ་༼ཧྲཾ་༽ཁཾ་ཧཱུཾ་ཕཊ། ཅེས་པ་ཞག་བདུན་གྱིས་རྨི་ལམ་དུ་ཞལ་སྟོན་པར་འགྱུར་རོ། །སྒྲོལ་མ་དམར་མོའི་རྣལ་འབྱོར་ལ་གནས་པས་སྐར་མ་རྒྱལ་ལ་མཆོད་རྟེན་དམར་པོ་བྱས་ལ། ཚེས་བརྒྱད་ལ་ཨུཏྤལ་གྱི་འཁོར་ལོ་ཁ་སྦྱོར་བྱས་ལ། བུམ་པར་བཅུག་ནས་བསྐུལ་པ་དང་བཅས་པ་བཟླས་པས་གང་དབང་དུ་བྱ་བ་དེ་འོང་བར་འགྱུར་རོ། །བྱིས་པའི་སྔགས་ཀྱིས་བཟླས་པའི་ཆུས་འཁྲུད་པ་དང་། ས་དཀར་ལ་བཟླས་ཏེ་རིལ་བུ་བྱས་པ་དང་། སྲུང་སྐུད་བྱས་པ་དེ་དག་ནི་ནད་དང་གདོན་ལས་ཐར་བ་དང་། མཚམས་མེད་པ་བྱས་པའང་ངན་འགྲོ་ལས་ཐར་བར་འགྱུར་རོ། །ཀུ་རུ་ཀུལླེའི་རྣལ་འབྱོར་ལ་གནས་པས་གཙང་པོའི་ཆུ་ཟངས་མའི་སྣོད་དུ་བླངས་ཏེ། དེ་ལ་གནོད་སྦྱིན་མོ་རིན་པོ་ཆེ་དང་ལྕགས་ཀྱུ་འཛིན་པར་བསམས་ནས། ཨོཾ་ཨུཥྞི་༼ཨུཥྞཱི་༽ཥ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ། ཨོཾ་ཛམྦྷེ་མོ་ཧེ་ཧྲཱྀཿད་ཡཾ་ཝརྡྷ་ནི་ཧཱུཾ་ཧཱུཾ་ཕཊ། ནངས་པར་སུམ་བརྒྱ་བཟླས་ནས་ཁྲུས་བྱས་ན་ཐམས་ཅད་དབང་དུ་འགྱུར་རོ། །ལྷ་མོ་བེེ་ཏ་ལཱི་༼ལི་༽སེར་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པར་བསམས་ནས། ཨོཾ་བཻ་ཏ་ལཱི་པུ་ཏྲ་སིདྡྷི་ཧཱུཾ་ཕཊ། ཅེས་བཟླས་པས་རིགས་རྒྱུད་འཕེལ་བར་འགྱུར་རོ། །སརྦ་ཛ་ཡ། དངུལ་ཆུར་བཅས་པ་རྣ་བར་བཞག་ན་མཚོན་གྱིས་ཆོད་པར་མི་འགྱུར་རོ། །
རང་ཉིད་གདུགས་དཀར་མོ་ཅན་དུ་བསྒོམས་ནས། ཏདྱ་ཐཱ། ཨོཾ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བེེ་ར་བེེ་ར། སོོ་མེ་སོོ་མེ། སརྦ་བུདྡྷ་ཨ་དྷིཥྛ་ན་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏཱ་ཨུཥྞི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་བཟླས་པས་བར་དུ་གཅོད་པ་ཐམས་ཅད་བཟློག་པར་འགྱུར་རོ། །ལག་ན་རྡོ་རྗེ་དང་གནོད་མཛེས་ཀྱི་རིགས་སྔགས་གྲུབ་པས་དཀྱིལ་འཁོར་གྱི་དབུས་སུ་རྡོ་བའི་རྡོ་རྗེའམ། གནམ་ལྕགས་ཀྱི་རྡོ་རྗེ་བྱས་ལ་བཟླས་པས་འབར་བར་གྱུར་ནས་ས་འོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྲད་བུ་ལ་སོགས་པའི་འཁྲུལ་འཁོར་བཅོམ་ནས་དཔལ་གྱི་སྒོའམ། བུ་གའི་སྒོ་རྣམས་སུ་འཇུག་སྟེ། སྟོབས་ཅན་དང་གཞན་ལེན་ལ་སོགས་པས་མཆོད་པར་བྱེད་དོ། །ཇི་ལྟར་ས་འོག་གི་རྟོག་པ་ལས་བཤད་པ་དེ་བཞིན་ཡིན་ནོ། །དཔའ་བོ་གཤིན་རྗེ་གཤེད་པོ་ནི། །ནག་པོ་དབྱུག་ཏོ་ཞགས་པ་བསྣམས། །མ་ཧེ་ལ་གནས་བསྒོམ་པར་བྱ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་བཟླས། །རེ་མིག་དགུ་པ་ཁང་པ་ལྔ། །ཁང་པ་བཅུ་གཉིས་དག་དང་བཅས། །ཧྲཱིཿཥྚི་ལ་སོགས་དག་གིས་བསྐོར། །འདི་ཡིས་དྲག་ཤུལ་སྤྱོད་ཀུན་སྒྲུབ། །ཡཀྵེ་མ་མེ་ད་ཛ་ས་དོ་རུ། །ཎ་ཡོ་ནི་རཱ་ཡཙྪ་ནི་ར། །གཞན་ཡང་གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་བོ། །ཨོཾ་ཡོ་ཡཀྵི་ཎཱི་བི་༼བཱི་༽ར་ཛེ་སྭཱ་ཧཱ། ཤིང་ལེབ་ལ་གོས་འཛིན་པ་མོ་བྲིས་ལ་སྐྱེ་གནས་སུ་གཟིར་བས་བཟླས་ན་འོང་བར་འགྱུར་རོ། །འོང་ནས་ཀྱང་ཅི་བགྱི་བྱེད་པར་འགྱུར་རོ། །ཨོཾ་བྷ་ག་ཝ་ཏེ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་ལ་སོགས་པར་གཟུགས་བརྙན་བྱའོ། །གནོད་སྦྱིན་མོ་ནོར་ཅན་གྱིའོ། །ན་མོ་བེེ་ཤྲ་མ་ཎ། ཏ་ཡ་ན་ཌ་ཀུ་བེ་རཱ་ཡ། དཱི་བྱ་བི་མཱ་ན་ཙི་ར་ཏ་ཡ། ཧེ་མ་མཱ་ལ་ཀུཎྜ་ལ། ཤ་རི་ཏ་ཡ། ཡཀྵ་པ། བནྡྷ་ཡ་ཏྟྭཾ་བྷ་ག་ཝན་༼ཝཱན༽། ཨཱ་ཝརྟ་ལི་ཥྱ་མི། ཏདྱ་ཐཱ། ཨོཾ་མ་ཎི་མ་ཎི་ཀུཊྚ་ཀུཊྚ། ཀུ་ཀུ་ཀུ་ཀུ། པ་ར་པ་ར། པུ་ར་པུ་ར། ཀུ་བེ་ར་ཀུ་བེ་ར་ན་ཌ་ཀུ་བེ་ར་༼རཱ་༽དཱ་༼དཱི་༽བྱ་མ་ན་ཀུཎྜ་ལི་ཀུ་བི་ཀུ་བི་སྭཱ་ཧཱ། ན་ཌ་མོ་ཡིའོ། །ཨོཾ་ན་ཌ་བི་ན་ཌེ་དྷ་ར་༼རི་༽ཎི་སྭཱ་ཧཱ། ན་ཌ་ཕོའི་འོ། །ཡཀྵ་ཀི་ལི་ཀི་ལོ་ན་མོ་སཏྟྱ་པ་དི་ཏིཊྚ་པྲ་ཏཿཏ་ཤ་ཏྱཿཔཎྜི་ད་ད་མི་སེ་མ་ཀ་མཱ་ན་པྲ་ཡཙྪནྟུ་སྭཱ་ཧཱ། ཀི་ལི་ཀི་ལིའི་འོ། །ཕུཿཧཾ་ཕུཿཀླུ་མོ་མཐའ་ཡས་མའི་འོ། །ཨོཾ་ཧྲཱིཿཛ། གཞན་གྱིས་མི་ཐུབ་མའི་འོ། །ན་མོ་བྷ་ག་ཝ་ཏེ་པུ་ལུ་པ་ལཱ་ཡ། པི་ཤ་ཙེ། པངྑ་བྷུངྒ་ཏེ། ས་མོ་ཀ་མ་ན། པྲ་ཡཙྪནྟུ། ཏདྱཐཱ། ཧུ་ལུ་ཧུ་ལུ། པི་ཤ་ཤཱ་ཙ་ཙི། བ་ར་བ་ར། བ་ར་ད་བ་ར་ད། ཙུ་ལུ་ཙུ་ལུ། ཙུ་ཊུ་ཙུ་ཊུ་ན་མཿསྭཱ་ཧཱ། ཤ་ཟ་པི་ལུ་པའི་འོ། །ན་མོ་བྷ་ག་ཝ་ཏེ་པི་ཤཱ་ཙཱ་ཡ། ཨཾ་ཀ་ཀ་ན་ཀ་པི་ཤཱ་ཙ་དྷ་རི་མ་ནི་སྭཱ་ཧཱ། ཤ་ཟ་ནོར་བུ་འཛིན་པའི་འོ། །ཨོཾ་ཀྲྀཥྞ་པི་ཤཱ་ཙ་ཡ་ས་ར་ས་ར་སརྦ་ཨརྠ་ན་མོ་སྭཱ་དྷ་ཡ་སྭཱ་ཧཱ། ཤ་ཟ་ནག་མོའི་འོ། །ཨ་ལུ་ཀེ་བེ་ལེ་ཀེ་གྲྀཧྞ་བཎྜ་བི་ཤཱ་ཙི་ནི་སྭཱ་ཧཱ། ཨེ་ལུ་ཀའི་འོ། །ཨོཾ་ཁ་ར་མི་ཁ་པི་པེ་ཤཱ་ཙི་ནཱི་ཧི་ཧི་ད་ད་པ་ས་ཡ་སྭཱ་ཧཱ། བོང་གདོང་མའི་འོ། །ཨོཾ་ཏ་ཏི་ལེ་ཏ་ཏི་ལི་ཀྲྀཥྞ་མུ་ཁེ་མ་ཧཱ་པི་ཤཱ་ཙི་དེ་ཧི་དེ་ཧི་དཱ་སྭཱ་ཧཱ། དུས་ཀྱི་གདོང་གིའོ། །ཚེ་རིང་བཅུད་ལེན་རིལ་བུ་སོགས། །འགྲོ་བ་ཕོ་མོ་འགུགས་པ་དང་། །ལྐོག་གྱུར་ཤེས་པ་སྟོན་ལ་སོགས། །དེ་བཞིན་གསེར་གྱི་འདོད་པ་སྟེར། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་པ་ཁྲོས་པ་རྡོ་རྗེ་གཏུམ་པོ་སྤྲོས་པ་ནི། ཧཱུཾ་རལ་གྲི་ཞགས་པ་བསྣམས་པའི་མཆོག །སྐྲ་སེར་མཁྲང་ལ་གྲིམ་པའི་ལུས། །མ་རུངས་གཏུམ་པོ་ཆེར་འཁྲུགས་པ། །མདོག་ནག་མིག་ཡོན་སྤྲོ་བ་ཆེ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། མེ་ཡིས་བགེགས་རྣམས་སྐྲོད་པ་དང་། །སྔགས་བཟླས་ཆུ་ཡིས་སྲུང་བའམ། །འཕར་མ་གཉིས་པའི་འཁོར་ལོ་བྲིས། །འདི་ཡིས་བྲིས་སྐུ་བྱས་ནས་ནི། །ཁྲོ་རྒྱལ་རྟག་ཏུ་གཏོར་མས་མཆོད། །ཡུངས་དཀར་ཆུ་དང་པུ་ཏ་ལིས། །བགེགས་རྣམས་ཉམས་པར་བྱེད་པ་དང་། །དཔུང་རྣམས་གནོན་དང་དབྱེ་བ་དང་། །བསད་པ་ལ་སོགས་རབ་བྱ་སྟེ། །གཏུམ་པོ་ཁྲོས་དང་གཏུམ་པོ་ཡི། །དམ་ཚིག་འབྱུང་བ་ལ་སོགས་པར། །མི་གཡོ་རྒྱལ་པོ་ཉིད་ཀྱིས་གསུངས། །སྔོན་ཚེ་ལྷ་མོ་བདེ་ལྡན་དང་། །སངས་རྒྱས་མི་འཁྲུགས་འདུས་པ་ལས། །བདག་དང་མིང་པོ་མི་གཡོ་བཙས། །དགྲ་བཅོམ་རྣམས་ཀྱིས་ཆོས་བསྟན་པ། །བདུད་དང་ལྷ་མིན་གྱིས་ཉམས་བྱས། །ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ། །མིག་ཡོན་མགོན་གྱི་ལྷ་མིན་དབང་། །ཁྲག་ཁྲིག་བཅུ་གཉིས་རབ་གཏུབས་ནས། །དེ་དེའི་ཆུང་མ་ཀུན་འདོད་བྱས། །མི་དང་དྲི་ཟ་མིའམ་ཅི། །གནོད་སྦྱིན་ཀླུ་རྣམས་སྲོག་བཅོམ་སྟེ། །ཐམས་ཅད་མི་འཁྲུགས་ཞིང་དུ་འཕང་། །ཀུན་གྱི་མིང་ཡང་མི་འཁྲུགས་རྒྱལ། །མི་གཡོ་ཆགས་ཆེན་གྱུར་པ་ཡིས། །སྲིང་མོ་དག་དང་མ་ཡང་བསྟེན། །བདེ་བའི་བདེ་བ་མཆོག་དེ་ཡིས། །སངས་རྒྱས་མི་གཡོ་མགོན་པོར་གྱུར། །མི་གཡོས་དགྲ་བཅོམ་རྣམས་ལ་སྨྲས། །བུད་མེད་སྤངས་པའི་སྡིག་པ་ལས། །ཤེས་རབ་སྤངས་ཤིང་བདེ་སྤངས་པ། །སྙིང་རྗེ་ཤིན་ཏུ་དམན་པར་བྱས། །ཤེས་རབ་སྙིང་རྗེ་གང་སྤང་པ། །འདིས་ནི་སངས་རྒྱས་དམ་ཆོས་དང་། །དགེ་འདུན་ཡང་ནི་རྣམ་སྤངས་པས། །དགེ་སློང་བུད་མེད་སྨོད་བྱེད་པ། །སྡོམ་པས་དམན་ཞིང་སྡིག་དང་བཅས། །བུད་མེད་སྦྱོར་ལས་སྡོམ་བརྩོན་ཉིད། །གཞན་ནི་ཚངས་སྤྱོད་མེད་པའི་ཕྱིར། །མགོ་བྲེག་སྒྱུ་མས་འཇིག་རྟེན་བསླུ། །ཁྱེད་ཅག་སྲིང་མོའི་དམ་ཚིག་གིས། །དེ་ཚེ་གླིང་བཞིའི་དགེ་སློང་གཙོ། །བུད་མེད་དམ་ཚིག་བདེ་བ་ཡིས། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །རྣམ་སྣང་ལ་སོགས་རབ་ཏུ་གྲགས། །དུས་འདིར་མིང་པོ་གོོ་ཏཾ་སྟེ། །གོ་སཱ་སྲིང་མོ་སྒྲོལ་མ་བདག །བུད་མེད་བརྒྱད་ཁྲིའི་བདེ་བ་ཡིས། །ལོངས་སྤྱོད་ཁྱིམ་དུ་ས་བཅུ་ཐོབ། །དེ་ནས་ཞིང་དུ་ཀུན་འདར་གྱིས། །སྤྱོད་པ་ཡོངས་སུ་སྤྱོད་པ་ན། །འཇིག་རྟེན་ཀུན་ཏུ་རྒྱུ་ཞེས་རྟོག །དགའ་མོ་དང་ནི་དགའ་སྟོབས་མ། །ཟས་བཅས་སྙོམས་འཇུག་བདེ་བ་ཡིས། །དབང་བསྐུར་རྫོགས་སངས་རྒྱས་པ་ཉིད། །མི་གཡོ་ཁྲོས་པས་བདུད་བཅོམ་ནས། །བདུད་ཀྱི་བུ་མོ་རབ་བཀྲམ་རྣམས། །འདོད་ཆེན་སྤྱད་པས་རྗེས་སུ་བཟུང་། །དྲག་ཤུལ་སྤྱོད་དང་འཁྲིག་སྦྱོར་ལས། །བྱང་ཆུབ་ལམ་གཞན་ཡོད་མ་ཡིན། །བློ་ཆེན་ཆགས་བྲལ་བྱམས་པ་ལ། །མོས་ཕྱིར་རྒྱལ་བས་སྒྱུ་མ་མཛད། །བུད་མེད་བདག་སྒྲུབ་དེ་ཡིས་ནི། །མིང་པོ་ལ་སོགས་མཉེས་པར་བྱ། །མི་གཡོ་རྒྱལ་པོའི་དམ་ཚིག་གིས། །རྣལ་འབྱོར་པ་གང་སྲིང་མོ་དང་། །བུ་མོ་མ་ཡང་མཆོད་པར་བྱ། །ཡུགས་ས་མོ་ཀུན་བདེ་བ་ཡིས། །དགའ་བར་བྱས་ན་མི་གཡོ་མཉེས། །མི་གང་ང་ལ་མཆོད་བྱེད་པ། །ཁྲོ་བོ་གཏུམ་པོས་བྱིན་གྱིས་རློབས། །མི་གཡོ་བའི་དབུགས་དབྱུང་བའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྷ་ཡ་ཤ་མ་ནི་སརྦ་དུརྒ་ཏི་ཏཱ་ར་ནི་༼ཎི་༽ཏུ་རེ་སྭཱ་ཧཱ། སེངྒེ་ལ་སོགས་པ་སྲུང་བའོ། །ཨོཾ་དཱི་ར་ད་བ་ད་ནི་ཨེ་ཀ་དཾཥྚི་མ་ཧཱ་ན་སེ་ལམྦོ་དྷ་རི་ཀ་ཊ་ད་ཧ་ཊ་ཌ་ཧ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཤོ་ཥ་ཡ་ཤོ་ཥ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གླང་པོ་ཆེ་ལ་སོགས་པ་བསྲུང་བའོ། །ཨོཾ་ཤི་ཁཱི་བ་ད་ནེ་མ་ཧཱ་ཨུ་མ་ཀ་༼ཨུ་ཀ་ལ་༽མུ་ཁཱི་ཛྭ་ལ་མཱ་ལི་ནི་སཔྟ་ཛི་ཧྲཱི་ཝཱ། སཔྟ་མུ་ཁཱི་བི་ཤྭ་ན་རཱི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མེའི་འཇིགས་པ་བསྲུང་བའོ། །ཨོཾ་ཕ་ནི་༼ནཱི་༽མ་ཧཱ་ཕ་ནི་ཀྲྀཥྞ་ནེ་ཏྲེ་ཨེ་ཀ་ད་ན་ཛི་ཧྭཱི་ཀ་རེ་ཎ་ཙ་ལཱ་ཡ་ཙ་ལཱ་ཡ་མཧཱ་བི་ཥ་བྷཀྵི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྦྲུལ་ལ་སོགས་པ་ལས་བསྲུང་བའོ། །ཨོཾ་ཁརྒ་ཧཱསྟི་བྷྲྀ་ཀུ་ཊི་མུ་ཁཱི་ཨུདྡྷ་ཀེ་ཤ་མཧཱ་ན་དྷི་ཀྲྀ་ཥྞ་ཨཉྫན་བྷརྞ་ཚིནྡྷ་ཚིནྡྷ་བྷིནྡ་བྷིནྡ་ཨུཏྟ་ར་ཡ་ཨུཏྟ་ར་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆོམ་རྐུན་ལ་སོགས་པ་བསྲུང་བའི་འོ། །ཨོཾ་རཀྟ་ཝརྞེ་པཱ་ཤཱངྐུ་ཤ་ཧསྟི་མ་ཧཱ་ར་ཝི། མཧཱ་བ་ལ་ས་ར་ས་ར་བི་ས་ར་བི་ས་ར་གྲྀཧྞ་གྲྀཧྞ་ཀཌྜྷ་ཨཱ་ཀཌྜྷ་ཀང་ཧ་ཨཱ་ཀ་ཌ་ད་ཧ་མཧཱ་དུརྒ་ན་མུ་ཙཱ་ལཱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལྕགས་སྒྲོག་ལས་སྐྱོབ་པའི་འོ། །ཨོཾ་ཛ་ལེ་ཛ་ལེ་མཧཱ་ཛ་ལེ་ཏཱ་ར་ཡ་ཏཱ་ར་ཡ་ཨུཏྟཱ་ར་ཡ་ཨུཏྟཱ་རཱ་ཡ། ཤྲྀངྑ་ལ་ཧསྟི་མཧཱ་ཛ་ཝེ་ཨེ་ཀ་བཱི་རི་མ་ཧཱ་ཀ་རུ་ཎི་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཆུ་ལས་སྐྱོབ་མའི་འོ། །ཨོཾ་མཧཱ་གམྦྷིཏྟྱེེ་མཧཱ་ཀ་རུ་ཎི་ཀེ་བྷ་ག་ཝཾ་བཱ་ལེ་བྷ་ར་དྷ་ཨ་བྷ་ཡི་ཧསྟི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཤ་ཟ་ལས་བསྲུང་བའོ། །འཁོར་ལོ་ལྗང་ཁུ་རྩིབས་བརྒྱད་པ། །དབུས་སུ་བསྒྲུབ་བྱ་དགོད་པར་བྱ། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །སྔགས་ཀྱི་གྲོང་ཁྱེར་བདག་པོས་བསྐོར། །ལྗང་ཁུས་བསྲུང་བར་འགྱུར་བ་སྟེ། །འཆི་བ་སླུ་བྱེད་དཀར་པོའོ། །ནད་དང་བཙོན་ལས་ཐར་པ་དང་། །ཚེ་དང་ལོངས་སྤྱོད་བརྩོན་འགྲུས་དང་། །དབང་ཕྱུག་དང་ནི་བློ་གྲོས་འཕེལ། །ཚྭ་ལ་གི་ཝཾ་དྲི་ཆུ་དང་། །ས་དང་ཙི་ཏྲ་ཀ་དཔའ་བོ། །གླ་རྩི་རོ་ཚན་རིལ་བུ་ཡིས། །དུག་རྣམས་སྲུང་བར་བྱེད་པ་སྟེ། །བཟླས་དང་སྒོམ་པའི་རྣལ་འབྱོར་བྱ། །པཎྜི་ཏ་ཀར་རྩ་བ་དང་། །བེའུའི་ལྕི་བས་དུག་རེངས་བྱེད། །རིལ་གསུམ་རྩིབས་ནི་བཅུ་དྲུག་པ། །ཀུ་རུ་ཀུལླེའི་སྔགས་ཀྱིས་དགང་། །ཁ་སྦྱོར་གཟུགས་བརྙན་སྦྱོར་བ་བྱ། །ཟངས་མའི་ཁབ་ཀྱིས་གསང་གནས་ཕུག །ཚར་བཅས་གཅིན་གྱིས་ཁ་བཀང་ནས། །རྒྱ་ཤུག་མེ་ལ་གདུང་བར་བྱ། །མེ་ཏོག་བསྣུན་དང་ཟས་དང་སྤོས། །མིག་སྨན་སྦྱོར་བས་དབང་དུ་བྱ། །སྒྲོལ་མ་དཀར་མོར་བསམ་བྱས་ནས། །མི་སྨྲ་བར་ནི་འབུམ་བཟླས་སོ། །སངས་རྒྱས་རྟག་པའི་སྦྱོར་ལས་བྱུང་། །ཡིད་གཞུང་མ་སོགས་བཞི་དང་བཅས། །ཧལ་ཏྱ་ལི་དོང་ར་ཟི་ར། །གྲོག་སྨན་རུ་རྟ་ལ་ལ་ཕུད། །ར་ཡི་འོ་མ་མར་བཅས་བཏུང་། །ཤུ་དག་ཧལ་ཏྱེའི་བཟླས་ཟོས་ན། །འདིས་ནི་བློ་གྲོས་འཕེལ་བར་འགྱུར། །མཎྜལ་མཆོད་ནས་མི་འཇིགས་རྒྱ། །སྤྱི་བོར་རེག་པ་ཆོམ་རྐུན་བསྲུང་། །གུ་གུལ་དཱ་ལིའི་འདབ་མ་དང་། །རུ་རྟ་གླ་རྩི་དཔའ་བོ་སྦྱར། །ཤུ་དག་ཤིང་ཀུན་སྦྱར་བ་ལས། །རིལ་བུ་འབུམ་བཟླས་བཟའ་བར་བྱ། །དྲི་ཆུ་གླ་བས་གནས་ལྔར་བསྲུང་། །མཛེ་ནད་གསོ་བར་བྱེད་པའི་མཆོག །མེ་ཏོག་བྷྲིངྒ་རཱ་ཛར་བཅས། །སྣ་ཡིས་རྔུབ་ན་རྒས་པ་སེལ། །ལོ་གསུམ་བུད་མེད་སྦྱོར་བ་ཡིས། །ཁུ་བ་བཀག་པས་གཞོན་ནུར་བྱེད། །རྣ་བར་དུག་དང་ན་ལེ་ཤམ། །ལོ་གཅིག་ལོན་པས་འོན་པ་སེལ། །རྒྱ་མཚོའི་ལྦུ་བ་རྒྱ་མཚོའི་འབྲས། །ར་གཅིན་སྦྱར་བས་མིག་ནད་འཇོམས། །ཨོཾ་སུམ་བྷི་རོ་དྷ་ན་ཡེ་སྭཱ་ཧཱ། །ཀཥྚོའི་རུས་པ་བྱ་རོག་མིག །གསེར་གྱི་ཕུར་མས་འབོག་ནད་སྲུང་། །དཀྱིལ་འཁོར་ལྕགས་ཀྱུ་ལྡན་པར་བྱ། །མཆོད་ན་བཙོན་ལས་ཐར་བར་འགྱུར། །ཧལྟི་གི་ཧཾ་ཀསྠུ་རི། །རྩ་སྔགས་བུམ་པར་གདགས་བྱས་ལ། །ནམ་གུང་སྦྲུམ་མ་བཀྲུ་བར་བྱ། །ནད་མེད་བདེ་བས་བཙའ་བར་འགྱུར། །བོ་དྷི་རྩི་འབྲས་མར་དང་བསྲེས། །བཟླས་ནས་བུད་མེད་ལ་སྦྱིན་ཏེ། །ཁྲུས་བྱས་མོ་གཤམ་གཟུགས་འཆང་བའང་། །ངེས་པར་བུ་དང་བཅས་པར་འགྱུར། །སྲུང་བའི་འཁོར་ལོ་གདགས་བྱས་ལ། །མཎྜལ་མཆོད་དང་བཟླས་པ་དང་། །ཁྲུས་ནི་ཉིན་རེ་ཉིན་རེ་བྱ། །བྱིས་པ་འཚོ་བའི་དམ་པ་ཡིན། །
ཡང་གསུངས་པ། ལྟེ་བར་ཧྲཱིཿབརྒྱད་བུང་བའི་གཟུགས། །སྤྲོ་ཞིང་དེ་ཡི་བཅུད་གཞིབ་བྱ། །ཛཿཧོ་ཧཱུཾ་ཨ་བཾ་ཧི། །ཨཱ་ཀརྵ་ཡ་ཨངྐུ་ཤ་ཛཿ དཔྲལ་བར་ཐིག་ལེ་བྱས་ན་ནི། །བུད་མེད་ཐམས་ཅད་དབང་དུ་བྱེད། །ཡང་གསུངས་པ། ནམ་མཁའི་དབྱིངས་ཀྱི་དབུས་བྱས་པར། །དཔག་ཚད་བྱེ་བའི་དཀྱིལ་འཁོར་བསམ། །ཆོ་ག་ཤེས་པས་དེར་དབང་བསྐུར། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་རྗེ་གསང་བ་གསུམ་ལས་འབྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཀྱི་དབང་བསྐུར་སྦྱིན་པར་བྱ། །སྐྱེས་པ་དེ་བཞིན་གཤེགས་ཡེ་ཤེས། །བུད་མེད་རིག་པའི་ལྷ་མོར་བྱ། །བུ་མོ་བཅུ་དྲུག་ལོ་ལོན་འཁྱུད། །བདེ་བ་སྒོམ་པ་སློབ་དཔོན་ནོ། །གསང་འདི་སུ་ལའང་བརྗོད་མི་བགྱི། །གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་བའི་ཤཱུ་ལ་ནི། །རྣལ་འབྱོར་མ་ཡི་ཕྱག་ན་གནས། །གང་གི་དམ་ཚིག་འཇིག་བྱེད་པ། །དེ་ལ་འདི་ཡིས་མཆོག་ཏུ་འབིགས། །བྷ་ག་འཇིབ་བཅས་ཙཱ་རུ་བཟའ། །གསང་བའི་དབང་སྟེ་གཉིས་པའོ། །སྟོན་པས་བུ་ལ་གཏད་བྱས་ནས། །སྙོམས་པར་འཇུག་པས་རོ་མཉམ་བསྒོམས། །ས་བཅུའི་བདེ་བ་ཐོབ་པ་ན། །ཤེས་རབ་ཡེ་ཤེས་ཞེས་བརྗོད་དོ། །ཆགས་དང་ཆགས་བྲལ་ལས་འདས་པ། །དབུ་མར་མི་དམིགས་འོད་གསལ་བ། །མི་འགྱུར་རྟག་པ་མཆོག་ཏུ་ཕྲ། །བཞི་པའི་ཡེ་ཤེས་འགྲོ་འོང་མེད། །གཉིས་སྦྱོར་བརྟུལ་ཞུགས་ཆེན་པོ་པ། །བདེ་བ་ཆེ་གྲུབ་སློབ་དཔོན་ཏེ། །ཆགས་ལྡན་གཡོ་སྒྱུས་བུད་མེད་སྨོད། །ལྷུང་བཟེད་འགེང་བྱེད་སློབ་དཔོན་མིན། །ས་ཆོག་སློབ་དཔོན་བྱ་བ་དང་། །དབང་བསྐུར་དམ་ཚིག་སྦྱིན་སྲེག་དང་། །རབ་གནས་མཆོད་ཡོན་ཆོ་ག་དང་། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དང་། །དགང་བླུགས་དེ་བཞིན་ཕྱག་རྒྱ་དྲུག །སྐུ་གཟུགས་ཚད་དང་ཐ་མའི་ཆོག །ཕྱིར་ཟློག་སྲུང་བ་བཟླས་པ་དང་། ནད་དང་གདོན་དང་རིམས་འཇོམས་དང་། །ཚེ་དང་ལོངས་སྤྱོད་རིགས་འཕེལ་དང་། །དབང་དུ་བྱེད་དང་བསད་དང་སྐྲོད། །དབྱེ་དང་མནན་པ་ལྷ་ཁང་གི །ཆོ་ག་འདི་རྣམས་སློབ་དཔོན་ལས། །དེ་བཞིན་བཅུད་ལེན་རིག་འཛིན་དང་། །སྣ་ཚོགས་ལས་དང་དངོས་གྲུབ་དང་། །སྨན་གྱི་སྦྱོར་བ་རྣམ་མང་པོ། །རྒྱུད་དང་རྒྱུད་དུ་མངོན་པར་བརྗོད། །ཁ་སྦྱོར་རྡོ་རྗེ་མཁའ་འགྲོ་དང་། །གདན་བཞི་དེ་བཞིན་རྡོ་རྗེ་གུར། །འབྱུང་དང་ཟླ་གསང་ཐིག་ལེ་དང་། །མི་གཡོ་གཤིན་རྗེ་གཤེད་དམར་པོ། །སྣ་ཚོགས་སྒྲོལ་མའི་རྒྱུད་ཆེན་དང་། །ཀུ་རུ་ཀུལླེ་རལ་གཅིག་མ། །བཅུ་གཅིག་རྣལ་འབྱོར་མ་ཡི་རྒྱུད། །ཀུན་གྱི་སྦྱོར་བ་རྒྱས་པའོ། །གཞན་རྣམས་གང་རྣམས་དེ་དག་ནི། །སྣ་ཚོགས་རྒྱུད་དང་རྒྱུད་དུ་ཤེས། །རྩོད་ལྡན་དུས་སུ་གང་བསྟན་པ། །དེ་དག་ཐམས་ཅད་བསྡུས་པའོ། །འོན་ཀྱང་གཞན་རྣམས་སུ་སྦས་པ། །འདིར་ནི་གང་དག་སྔོན་གསུངས་པའི། །མི་ཤེས་བྱིས་པ་རྣམས་ལ་ཡང་། །རྟག་ཏུ་གནས་པའི་བདེ་ཆེན་པོ། །བཞི་པའི་ཡེ་ཤེས་འགྱུར་བ་མེད། །རང་བྱུང་ཆོས་ཀྱི་སྐུ་ཞེས་བརྗོད། །རྐྱེན་ལས་བྱུང་དང་མི་རྟག་ཕྱིར། །ཤེས་རབ་ཡེ་ཤེས་བཞི་པ་མིན། །ལས་དང་ཡེ་ཤེས་ཕྱག་རྒྱ་ནི། །དམ་པའི་དོན་དུ་དོན་མ་ཡིན། །དོན་དམ་བརྟག་པ་ཀུན་དང་བྲལ། །དེའི་ཕྱིར་སྨྲ་བར་ནུས་མ་ཡིན། །འཇིག་རྟེན་འདོད་པས་རབ་གཡེངས་དང་། །ཆགས་བྲལ་རྣམས་ཀྱི་དབེན་པ་དང་། །ཞལ་ཕྱག་རྣམ་པའི་ཡིད་བདེ་དང་། །ཐིག་ལེ་ཕྲ་མོའི་བདེ་སྒྲུབ་དང་། །ལྟེ་བའི་རེ་ག་སྒོམ་འབད་བཅས། །སྟོང་ཉིད་མཐོང་བས་རབ་དགའ་དང་། །རླུང་རྣམས་ཐིམ་པའི་སེམས་མེད་བདེ། །འགྲོ་དོན་བྱེད་འགྱུར་རབ་དགའ་དང་། །བུད་མེད་སྦྱོར་བའི་རེག་བདེ་དང་། །ཡིད་དང་གཟུགས་བརྙན་བདེ་བ་སྟེ། །འདི་དག་སྐྱོན་དང་བཅས་པ་ཡིན། །རང་བཞིན་བདེ་ཆེན་གཞན་པ་ཉིད། །ལུས་དང་ངག་ཡིད་ངེས་དང་བཅས། །ཆགས་དང་ཆགས་པ་བར་མ་དང་། །ཆགས་བྲལ་བཅས་པའང་ཡི་གེར་བཅས། །དགའ་བ་དང་ནི་མཆོག་ཏུ་དགའ། །བྲལ་དགའ་གཡོ་བཅས་མི་བརྟན་པ། །བདེ་དང་སྡུག་བསྔལ་རིག་པ་པོ། །གསལ་དང་མི་གསལ་བརྡ་ཙམ་སྟེ། །དེ་དག་དེ་ལ་སྙིང་པོ་མེད། །ཆགས་པ་ལ་ནི་ཆགས་དངོས་མེད། །ཆགས་བྲལ་ལ་ཡང་ཆགས་བྲལ་མེད། །དབུ་མ་ལས་ཀྱང་དབུ་མ་མེད། །ཐམས་ཅད་རྐྱེན་ལས་བྱུང་བ་ཙམ། །དངོས་དང་དངོས་པོ་ཀུན་བྲལ་བ། །དངོས་པོ་ཀུན་གྱི་བདག་ཉིད་དངོས། །འདི་ཡི་རང་བཞིན་མི་འགྱུར་བདེ། །དཔེ་མེད་ཡི་གེ་མེད་པ་དང་། །གཡོ་བ་མེད་དང་འགྱུར་པ་མེད། །རང་རིག་བདེ་ཆེན་རང་བཞིན་གྱིས། །མྱ་ངན་འདས་པ་གཅིག་པུ་བདེན། །ཀུན་བྱེད་འདི་ལ་བྱེད་པོ་མེད། །བདག་དང་སེམས་ཅན་སྲོག་ཅེས་དང་། །གཙོ་བོ་དབང་ཕྱུག་རྡུལ་ཕྲན་སོགས། །ཡེ་ཤེས་འདི་ལ་རྣམ་པར་བརྟགས། །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །འགོག་དང་ལམ་བདེན་ཆེན་པོ་པ། །དྲི་མ་སྔོན་ནས་ཟད་པ་དང་། །ཆོས་ཀུན་གདོད་ནས་སངས་རྒྱས་པ། །བདེན་གཉིས་དབྱེར་མེད་ཚུལ་འདི་བསྟན། །ཇི་ལྟར་མེ་མར་ཁང་པར་བུས། །སྐར་ཁུང་ལྔ་ལས་ཕྱིར་སྣང་བ། །བདེ་བཞིན་ཀུན་གཞིའི་མེ་མར་འདོད། །དབང་ཤེས་ལྔ་ཞེས་རྣམ་པར་སྤྲུལ། །མེ་མར་ལྔ་ཞེས་ཡིད་ཀྱིས་རྟོག །།འོད་དང་མེ་གཞན་ཡིན་ནོ་ཞེས། །ཡིད་གཞན་བླུན་པོ་ངར་འཛིན་བྱེད། །ཆུ་ལས་ཆུ་རླབས་ཇི་བཞིན་ལྟོས། །རྫོགས་སངས་རྒྱས་ཆོས་གང་གང་དེ། །སེམས་ཅན་ཁམས་ལ་རེ་རེར་གནས། །དབྱེ་བ་མེད་ཅིང་མཐོང་མེད་པ། །གསེར་ཁམས་རྡོ་ལ་གནས་པ་བཞིན། །ལུས་དང་ངག་སེམས་འཁྲུག་པ་སྟེ། །རྡོ་རྗེ་རྣམ་བཞི་མངོན་གྱུར་པ། །གཟུགས་བརྙན་བྲག་ཆ་ནམ་མཁའི་དངོས། །བདེ་བ་ཆེན་པོའི་སྐུ་ཞེས་བྱ། །ལྟེ་བ་མགྲིན་པ་སྙིང་པདྨ། །ཡང་ནི་མགོ་བོར་རབ་བརྗོད་པ། །སེམས་ཅན་སྲིད་གསུམ་འབྱུང་བ་དང་། །འདི་ཉིད་དུ་ནི་ཐིམ་པའོ། །དབང་བསྐུར་བ་རྡོ་རྗེ་ཡེ་ཤེས་ཀྱིས་དེ་སྐད་ཅེས་གསུངས་སོ། །
དེ་ནས་རྡོ་རྗེ་ཕག་མོ་ལ་སོགས་པ་རྣམས་དང་མ་མོ་རྣམས་དང་དབང་ཕྱུག་མ་རྣམས་དང་། ལྷ་དང་མི་དང་ཀླུ་དང་དྲི་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་མིའམ་ཅི་མོ་ལ་སོགས་པའི་བུད་མེད་རི་རབ་གྲངས་མེད་པ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་སྙེད་རྣམས་ཐེ་ཚོམ་དུ་གྱུར་ཡིད་གཉིས་སུ་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་རྡོ་རྗེ་འཛིན་པ་ཡིས། །དབུགས་དབྱུང་བ་ནི་ཇི་ལྟར་བསྟན། །དུས་འདིར་ཉུང་ངུ་གསུངས་པ་ཅི། །ཆགས་ཆེན་ངེས་པར་གསུངས་པ་གང་། །རིག་སྔགས་བཟླས་པ་བྱེད་རྣམས་ཀྱིས། །ཇི་ལྟར་ལྷ་ལ་བསྟེན་པར་བགྱིད། །རླུང་གི་སྦྱོར་བས་ལུས་དག་པ། །དེ་བཞིན་དགའ་བ་ལ་སོགས་ཅི། །མཆོག་གྱུར་བུད་མེད་དམ་ཚིག་དང་། །ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས། །གྲོལ་བའི་བདག་ཉིད་གང་ཡིན་པ། །ལྷ་ལགས་མགོན་པོས་བཤད་དུ་གསོལ། །འདི་ལ་རིག་པའི་བརྟུལ་ཞུགས་ཅི། །བཙན་ཐབས་སྦྱོར་བའང་ཇི་ལྟར་འགྱུར། །བུད་མེད་དང་ནི་སྐྱེས་པ་དག །མངོན་པར་འགྲུབ་པའང་བཤད་དུ་གསོལ། །ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །དབུགས་དབྱུང་རྣམ་པ་གཉིས་བསྟན་ཏོ། །འདི་ལ་དང་པོ་རྡོ་རྗེ་སེམས། །ཕྱི་ནས་དེ་བཞིན་གཤེགས་པའོ། །འདས་པའི་དུས་ན་སྔོན་བྱུང་བ། །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །སངས་རྒྱས་བདག་ཉིད་རྣམས་བསྡུས་ནས། །རིག་མ་བཙུན་མོར་རྣམ་པར་རོལ། །ཆོས་འབྱུང་ནམ་མཁའི་ཁམས་གནས་པ། །ཡེ་ཤེས་རྒྱ་མཚོས་རྣམ་རོལ་བ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །མ་ལུས་ལུས་པ་མེད་པར་བསྐྱེད། །བདག་ཉིད་བདེ་བ་ཆེ་རང་བཞིན། །སེམས་ཅན་ཁམས་ལ་རྗེས་ཞུགས་པས། །ཐམས་ཅད་བདེ་ཆེན་བྱང་ཆུབ་ཐོབ། །བདེ་བ་མངོན་པར་ཞེན་རྣམས་ལ། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་བསྟན། །དེ་དུས་གྲངས་མེད་མངོན་བྱང་ཆུབ། །ཕྱི་ནས་སྟོང་པར་མངོན་ཞེན་རྣམས། །ཐམས་ཅད་དམྱལ་བར་ལྷུང་གྱུར་པས། །རྒྱལ་བ་རྟག་པ་རྣམ་སྤྲུལ་ཏེ། །དབུ་མ་ལ་ནི་རྣམ་པར་བཞག །རང་དང་གཞན་དོན་ཆེར་བསྒྲུབས་པས། །དཔག་ཡས་མཆོག་ཏུ་གྲོལ་བར་བྱས། །ཀུན་རྫོབ་རྗེས་ཞུགས་ངར་འཛིན་ཅན། །རྣམ་རྟོག་དུ་མས་རྣམ་དཀྲུགས་པ། །དེ་དག་གཞན་གྱི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ལ་བསྐུལ། །རིན་ཆེན་ཉི་མ་རྣམ་སྤྲུལ་པས། །དེ་དག་བླ་མེད་བྱང་ཆུབ་ལ། །མཆོག་ཏུ་དགའ་པས་གཞོལ་བར་འགྱུར། །གཞན་ལས་རྗེས་སུ་ཆགས་ལྡན་པ། །དེ་ཚེ་འདོད་ཆགས་ཀྱིས་བཅིངས་པས། །པདྨ་གར་དབང་རྣམ་སྤྲུལ་ཏེ། །འདོད་ཆགས་བདེ་བའི་ལམ་གྱིས་ནི། །བརྗོད་མེད་འགྲོ་བ་མངོན་བྱང་ཆུབ། །ཕྱི་ནས་བདེ་ལ་ཆགས་ལྡན་རྣམས། །ལེ་ལོས་མངོན་པར་ཉམས་གྱུར་ནས། །བློ་ངན་འཇིག་རྟེན་རྣམ་པར་འཁྲུགས། །རྟ་མཆོག་རྒྱལ་པོ་རབ་སྤྲུལ་ནས། །སེམས་ཅན་བརྩོན་འགྲུས་གནས་ལ་བཞག །བྱི་བོ་རྐུན་པོ་དགྲ་ལ་སོགས། །རང་རང་ཚུལ་གྱིས་མངོན་སྤྲུལ་བས། །ཐམས་ཅད་རྡོ་རྗེའི་གནས་ལ་བཞག །རྩོད་ལྡན་སྤྱོད་པ་སྣ་ཚོགས་པས། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཅན། །རབ་ཁྲོས་ཧེ་རུ་ཀར་སྤྲུལ་པ། །དྲག་ཤུལ་གསོད་ལ་དགྱེས་པར་གྱུར། །སྲིན་པོ་གནོད་སྦྱིན་འབྱུང་པོས་གནོད། །མ་མོ་བཅོམ་བྱས་རིག་སྔགས་དང་། །རྫས་དང་མཚོན་ཆ་འཁྲུལ་འཁོར་དང་། །སྨན་གྱིས་ཀྱང་ནི་ཐམས་ཅད་བཅོམ། །ཞེ་སྡང་གདུག་གནོན་ཞི་བའི་ཕྱིར། །སླར་ཡང་བདེ་ཆེན་མགོན་པོ་ལ། །མ་འོངས་དུས་ན་རབ་འཇུག་སྟེ། །དབུགས་དབྱུང་དཀྱིལ་འཁོར་དམ་པའོ། །འདིར་ནི་དོན་དམ་ཀུན་རྫོབ་སྟེ། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཞེས། །གཞན་ནི་རྒྱུ་དང་འབྲས་བུ་སྟེ། །དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་དོན་དམ་རྣམ་པ་གཉིས། །བདེ་བ་ཆེན་དང་དེ་ཉིད་དོ། །ཀུན་རྫོབ་གཉིས་ཀྱང་འཇིག་རྟེན་དང་། །དཀྱིལ་འཁོར་ཞེས་ནི་རེ་ཞིག་བཞག །ཚེ་ཐུང་བསོད་ནམས་ཞན་པ་དང་། །སྲོག་ཆགས་གསོད་ལ་དགའ་བ་དང་། །འདོད་ལ་སྤྱོད་པས་གཡེངས་གྱུར་པ། །ད་ལྟ་རྒྱུད་རྣམས་ཉུང་ངུར་གསུངས། །བསྐལ་པ་གྲངས་མེད་སུམ་ཅུ་གཉིས། །འབད་ཀྱང་ད་དུང་བྱང་ཆུབ་མེད། །བདེ་བས་ཚེ་འདིར་འགྲུབ་འགྱུར་བ། །དེ་ཕྱིར་འདོད་ཆགས་ཆེན་པོ་བསྟན། །བདེ་བས་བདེ་བ་ཐོབ་འགྱུར་ཏེ། །སངས་རྒྱས་བདེ་བ་བདེ་ཆེན་པོ། །འབྲས་བུ་དང་མཚུངས་རྒྱུ་སྒྲུབ་པ། །མ་ཚང་སྟོང་པས་མྱ་ངན་འདས། །སྡིག་པ་མེད་དང་དད་པ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་། །སེར་སྣ་དྲེགས་དང་ང་རྒྱལ་མེད། །འདིས་ནི་ངེས་པར་འགྲུབ་པར་འགྱུར། །མཚམས་མེད་ལྔ་དག་བྱས་པ་ཡང་། །འདི་ཡི་སྒྲུབ་པ་པོར་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །བགེགས་འཇོམས་བདུད་རྩི་འཁྱིལ་པ་ནི། །དང་པོར་འབུམ་ཕྲག་བཟླས་བྱས་ནས། །མཆོད་རྟེན་ལ་སོགས་བྱེད་པ་དང་། །མཆོད་དང་སྐོར་བ་ལ་སོགས་བྱ། །ཡན་ལག་མཆོག་དང་དང་ལྡན་པའི། །བུད་མེད་ཡིད་འོང་ཡང་ན་གཞན། །སྔགས་སྤྱོད་སྙིང་རྗེ་བློ་ལྡན་པ། །སྙིང་སྟོབས་ལྡན་པ་གྲོགས་ཞེས་བྱ། །བྲམ་ཟེ་མུ་སྟེགས་ཉན་ཐོས་མེད། །དང་པོའི་ལས་ཅན་དེར་གནས་བྱ། །བྲིས་སྐུ་མཆོད་པ་དང་བཅས་ཤིང་། །དང་པོར་རིགས་ཀྱི་ལྷ་ཉིད་བསྒོམ། །བྱེ་བ་བྱེ་བར་བཟླས་ལ་བརྩོན། །ཕྱི་ནས་དཀྱིལ་འཁོར་རྣམ་བསྒོམས་ནས། །བཟླས་པ་འབུམ་དུ་བྱ་བ་ཡིན། །སྦྱིན་སྲེག་མཆོད་ལ་མངོན་པར་བརྩོན། །དཀྱིལ་འཁོར་མཛེས་པ་བྲིས་ནས་ནི། །ཟླ་བ་དྲུག་ཏུ་མཆོད་པར་བྱ། །སྔགས་པ་སྔགས་དང་དེ་བཞིན་གྲོགས། །ཕྱོགས་དུས་རྫས་དང་བརྩོན་འགྲུས་དང་། །ལྷ་ནི་བདུན་པར་གསུངས་པ་ཡིན། །དམ་ཚིག་བརྩོན་འགྲུས་བཟོད་པ་དང་། །དད་དང་སྙིང་རྗེ་སྔགས་མ་ཉམས། །ལེ་ལོ་མེད་ན་མྱུར་འཐོབ་འགྱུར། །ལྷ་དང་རིག་སྔགས་མཐུ་ལྡན་ཞིང་། །སེམས་སྟོབས་ལྡན་དང་མཚན་མ་ཐོབ། །འདི་ཡིས་དངོས་གྲུབ་བསྒྲུབ་བྱ་ཡི། །གཞན་དུ་ན་ནི་ཉོན་མོངས་འགྱུར། །གཡོན་ནས་ལྟ་བས་དགང་བ་དང་། །གཡས་ཀྱིས་དགུག་པ་དེ་བཞིན་ནོ། །དཔྲལ་བའི་ལྟ་བ་རེ་ཙ་ཀ །སྣ་རྩེར་བུམ་པ་ཅན་ཡིན་ནོ། །ལྟེ་བ་ལས་ནི་རླུང་བསྐྱེད་པ། །མེ་ཉིད་དང་ནི་རླུང་ཉིད་དང་། །དེ་བཞིན་ཆུ་དང་དབང་ཆེན་ཏེ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པས། །སྟེང་ལོགས་ཐད་ཀ་འོག་ཏུ་གནས། །སྲོག་ཉིད་དང་ནི་ཐུར་སེལ་དང་། །གྱེན་རྒྱུ་ཁྱབ་བྱེད་མེ་མཉམ་གནས། །འཁོར་ལོ་ཀུན་ཏུ་འགྲོ་སྤྱོད་པ། །ཀླུ་དང་རུ་སྦལ་སོགས་དེ་བཞིན། །གཉེ་མ་ལ་སོགས་རྣམ་པར་གནས། །མིག་དང་རྣ་བ་དང་ནི་སྣ། །ལྕེ་དང་ལུས་ལ་བྱང་ཆུབ་སེམས། །དེ་བཞིན་སྒོ་ནི་དགུ་དང་ཡང་། །གྲོང་བཞི་དང་ནི་སྒོ་བཞི་པ། །སྒོ་ནི་དམ་པ་གཉིས་ཉིད་དང་། །དམན་པའི་སྒོ་ནི་རྣམ་པ་གཉིས། །བྱེད་པ་བཅིང་བས་སྒོ་ཕྱེ་ཞིང་། །ཡུར་བ་ལས་ནི་ཆུ་འབབ་ལྟར། །དེ་བཞིན་རླུང་གི་སྦྱོར་བ་ཡིས། །ལུས་ནི་དག་པར་བྱེད་པ་ཡིན། །སྒྲུབ་པོའི་དབང་པོ་གང་ཞིག་དགེ་བསྙེན་ནམ་དགེ་ཚུལ་ལམ་དགེ་སློང་ཡང་རུང་སྟེ། ཤིན་ཏུ་དབེན་པའི་རི་བོའམ་ནགས་ཚལ་ལམ། སྐྱེད་མོའི་ཚལ་ལམ་ཁྱིམ་དུ་གནས་པས། ལང་ཚོ་ལྡན་པ་གཞོན་ནུ་མའམ་དར་བབ་མ་བླངས་ཏེ། གཟུགས་བཟང་མིག་མཛེས་སྐྲ་བཟང་བ། །ལམ་འདིར་བློ་བརྟན་རྙེད་ནས་ནི། །མཆོག་ཏུ་དགའ་བ་རབ་ཏུ་བརྩམས། །འདོད་པའི་ལོངས་སྤྱོད་མ་ཆགས་ཤིང་། །བདེ་ལ་མངོན་པར་རྗེས་ཆགས་པ། །རྣལ་འབྱོར་ལྡན་པ་མཐོང་དགའ་བ། །དེ་ལས་སྦྱོར་བའི་དངོས་གྲུབ་ཐོབ། །ལུས་ནི་རབ་ཏུ་བརྟས་ལྡན་པ། །དགའ་བའི་ཚིག་འཇམ་རོལ་མོ་དང་། །འཁྱུད་དང་ཙུམ་པ་ཏ་ནུ་འདྲུད། །ཟེའུ་འབྲུ་འདབ་ལྡན་བསྐུལ་བ་ཡིས། །གཡོ་དང་བརྟན་ཉམས་དགའ་བར་རེངས། །མིག་ཟུམ་འགྱུར་བ་བདག་ཉིད་ལ། །ལས་མང་འབྲས་བུ་བདེ་ཆུང་བས། །ཆ་ཤས་བདེ་བ་དགའ་དང་པོ། །སྟེང་དང་འོག་ཏུ་རྣམ་བལྟས་ནས། །རླན་བཅས་པདྨ་རབ་རྒྱས་པར། །རྡོ་རྗེ་རྒྱས་པ་རབ་བཅུག་པས། །འདར་དང་འགྱུར་དང་སཱིཏ་ཀྱི་སྒྲ། །ཨུ་ཡིག་དྲོད་བཅས་སྒྲ་ཉམས་པ། །བུ་མོས་ཡེ་ཤེས་ཐོབ་འགྱུར་ཏེ། །རྩོལ་བྲལ་ཁྱབ་པའི་བདེ་བ་ནི། །མཆོག་ཏུ་དགའ་བར་ཡང་དག་བརྗོད། །རབ་བསྐྱོད་གཉིས་ཀྱིས་བསྐྱོད་པ་ལས། །ངུ་བའམ་དགོད་དམ་བྱིས་པའི་ཚུལ། །འདོད་པས་མི་བཟོད་དྲན་ཉམས་པ། །བདག་གི་ཡེ་ཤེས་བདེ་གསལ་བ། །རང་བཞིན་བྲལ་འདི་ལྷན་སྐྱེས་དགའ། །ཉམས་པ་བྲལ་བའི་དགའ་སྤངས་ནས། །ཡེ་ཤེས་མཆོག་གིས་དགག་པར་བྱ། །ཡང་ན་བཙན་ཐབས་སྦྱོར་བས་སོ། །རྡོ་རྗེ་འཁུམས་དང་ཆུ་སྐྱེས་ཟུམ། །བདེ་བ་རྗེས་དྲན་བྲལ་བའི་དགའ། །མཆོག་ཏུ་བཅིངས་པ་རྣམ་པ་བདུན། །ཕྲག་པར་རྐང་པ་ཟུང་སྟེར་དང་། །སྟེང་དང་འོག་དང་ཐད་ཀ་རྒྱབ། །ཤིན་ཏུ་བརྐྱང་དང་བསྣོལ་བའོ། །རྫས་ཀྱིས་ཐིག་ལེའི་རིམ་གྲོར་བྱས། །སྐྱེ་གནས་དམ་དང་ཚ་བ་ཡིས། །སྦྱོར་བ་ཐམས་ཅད་བྱ་བར་བྱ། །འདི་ཡིས་ཡེ་ཤེས་རྒྱས་པར་འགྱུར། །ཞིང་ན་གནས་པའི་བུད་མེད་རྣམས། །འདོད་ཆེན་སྦྱོར་བའི་མནན་བྱ་ཡིས། །མེ་ཏོག་སོགས་ཀྱིས་མཆོད་མི་དགོས། །སྦྱོར་བ་གང་གིས་རྡོ་རྗེ་དང་། །པདྨ་སད་པ་དེ་བསྟེན་བྱ། །ཆུ་སྐྱེས་དབུས་སུ་སེམས་ཕྱུང་ལ། །དེ་ཡི་ཡེ་ཤེས་མཚོན་བྱས་ནས། །མེ་ཏོག་བཅས་པ་ལིངྒས་བཏུང་། །ར་ས་ཡ་ཎའི་བདེ་བའོ། །རབ་ཏུ་དགའ་སོགས་གནས་བྱས་ནས། །འགྱུར་བ་མེད་ཀྱང་འགྱུར་བར་སྟོན། །ཁུ་བ་ཕྱེད་ཀྱི་ཤེས་རབ་མའི། །འཁོར་ལོར་འགྲོ་འོང་སད་པར་བྱེད། །གཟུགས་མཛེས་ལྟས་དང་དགའ་བའི་སྒྲོ། །དྲི་མནམ་མ་མཆུའི་སྦྲང་རྩི་བཏུང་། །རེག་དང་གཉིས་གཉིས་སྤྲོད་པ་དང་། །རྡོ་རྗེ་བསླང་བ་བྷ་ག་ཡིས། །འཚིར་དང་ཟིལ་པས་གཤེར་བ་དང་། །དྲོད་དང་གཡོ་བ་རྣམ་ཤེས་གསུམ། །རབ་དགའ་ལ་སོགས་སར་བརྗོད་པ། །ཕུང་པོ་རིན་ཆེན་སྣོད་དུ་སྦས། །དང་པོའི་ལས་ཅན་རྣམས་ལ་ནི། །བུད་མེད་སྤངས་པའི་ཡེ་ཤེས་མེད། །དང་པོ་ཐ་མར་གཉིས་སྦྱོར་བས། །སངས་རྒྱས་བདེ་བ་རབ་ཏུ་འགྲུབ། །ནུས་བྲལ་སློབ་དཔོན་དབང་བསྐུར་བ། །པདྨར་སེམས་ནི་མངོན་དབབ་པས། །བདེ་གཤེགས་མཆོད་པར་བྱ་བ་ཉིད། །གཞན་དུ་ཕྱུང་ན་དངོས་གྲུབ་རིང་། །བུད་མེད་དག་ཀྱང་འདིས་གྲོལ་ཏེ། །སོར་མོ་ཤིང་དང་པགས་པ་ཡིས། །འཁྲུལ་འཁོར་དག་གིས་རྩ་སད་བྱ། །འདོད་ཆེན་བུད་མེད་རབ་གྲོལ་ཕྱིར། །རྣལ་འབྱོར་མ་རྒྱུད་རྒྱས་པར་ཕྱེ། །བདེ་བ་སྐྱེད་བྱེད་བདུན་ཅུ་གཉིས། །བུད་མེད་རྣམས་ཀྱི་ལྷག་པའི་རྩ། །བུད་མེད་མྱུར་དུ་བྱང་ཆུབ་པ། །སྐྱེས་བུ་དེ་བཞིན་མིན་པ་ཉིད། །འདུ་ཤེས་གཞན་དང་མ་རྫོགས་དང་། །མི་དམིགས་འདི་ལས་ལྷུང་མེད་དེ། །འདོད་བཅས་སད་དང་རྨི་ལམ་ལ། །འཛག་བྱེད་དེ་དག་ཉེས་དང་བཅས། །དུས་བཞིར་བཟང་མོ་ལ་འདོད་སྤྱོད། །དམ་ཚིག་རྣམས་ཀྱི་གཙོ་བོའི་གཙོ། །ཟླ་རེའམ་ལོ་ནི་རེ་རེ་རུ། །པདྨ་མཆོད་པར་མི་བྱེད་ན། །དེ་ཚེ་དམ་ཚིག་ཉམས་པ་ཡིས། །ཚ་བ་ཆེན་པོར་རྣམ་པར་ལྷུང་། །དངོས་གྲུབ་འདོད་པས་བུད་མེད་ཀུན། །མཆོད་ཅིང་གུས་པས་ཕྱག་བྱའོ། །དུད་འགྲོ་མོ་ལའང་གུས་བྱ་ན། །མི་མོ་ཅི་ཕྱིར་གུས་མི་བྱེད། །ཤེས་རབ་བུད་མེད་མི་མོའི་གཟུགས། །མ་དང་སྲིང་མོ་བུ་མོ་དང་། །ལྷ་དང་བླ་མ་གྲོགས་གྱུར་པ། །རབ་ཏུ་བྱམས་ལྡན་གཉེན་གཤིན་ལ། །མི་ཤེས་བྱས་པ་མི་གཟོ་བས། །སྐྱེ་གནས་དམན་ཞེས་རྣམ་སྨོད་པ། །ནད་དང་རིམས་ནད་ཚེ་ཐུང་དང་། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མི་ཤེས་སྔགས་པ་བུད་མེད་ལ། །སྣུན་བྱེད་དམ་ཚིག་ཀུན་ཉམས་པས། །སྐད་ཅིག་དེ་ལ་མནར་མེད་ལྷུང་། །སྡུག་པའི་སྤུན་གྱི་དགྲར་གྱུར་ན། །སྤུན་ཟླ་མཆོད་ཀྱང་དགར་མི་འགྱུར། །བུད་མེད་སྨོད་ལ་ལྷ་མོ་རྣམས། །མི་དགེས་དེ་ཡི་མཆོད་མི་ལེན། །བསྐལ་བ་བྱེ་བ་གྲངས་མེད་པར། །བཟང་པོར་སྤྱོད་པ་ཁོ་ནས་ཀྱང་། །བྱང་ཆུབ་རིན་ཆེན་མ་ཐོབ་པ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ཚེ་འདི་ཉིད་ཀྱིས་ཐོབ་པར་འགྱུར། །རང་བཞིན་མཉམ་པ་ཉིད་བསྒོམ་ཞིང་། །ཕྱག་རྒྱའི་བདེ་བ་རབ་སྒྲུབ་པ། །བུད་མེད་སྦྱོར་ལས་ཕྱག་རྒྱ་ཆེ། །མངོན་དུ་མཚོན་པར་བྱེད་ན་དེ། །ཁྲུས་དང་གཙང་སྦྲ་མི་དགོས་ཤིང་། །དཀའ་སྤྱད་སྡོམ་པ་མེད་པར་ཡང་། །བདེ་བ་ཉིད་དང་དགའ་བས་འགྲུབ། །དེ་བས་ཇི་ལྟར་འདོད་སྤྱོད་ཅིང་། །ཀུན་བཟང་དེ་བཞིན་ཐམས་ཅད་སྤྱོད། །གཡོ་བ་དག་ཀྱང་ཅི་དགར་བྱེད། །ཇི་ལྟ་བུས་ཀྱང་རྣམ་གྲོལ་འགྱུར། །གཟུགས་བརྙན་ལུགས་མ་ལ་སོགས་ལས། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །གཡོ་དང་སྨྲ་བ་སྤྱོད་པ་ཀུན། །ཕྱག་རྒྱ་སྔགས་དང་ཆོ་གར་འགྱུར། །མར་མེ་ལེགས་པར་བླངས་ནས་ནི། །མུན་པའི་ཁྲོད་གནས་ནོར་བུ་ལེན། །སྒྲིབ་པའི་མུན་པར་ཆོས་ཀྱི་དབྱིངས། །བུད་མེད་བདེ་བས་འཚོལ་བར་བྱ། །ཤིན་ཏུ་ཉེ་བར་གནས་པ་རྣམས། །དེ་དེའི་ཆོས་ལ་མི་གུས་པ། །མཁྱེན་ནས་རྒྱལ་བས་ཆགས་བྲལ་བསྟན། །དམ་པའི་དོན་དུ་དེ་ཉིད་མིན། །
ཡང་གསུངས་པ། དང་པོར་མཚན་དུས་གསང་སྟེ་སྤྱད། །གལ་ཏེ་དེར་སེམས་མི་བརྟན་ན། །བསྡུས་ནས་ཐ་མལ་ཚུལ་དུ་རོལ། །གཞན་དུ་སྨྱོན་པའི་བརྟུལ་ཞུགས་ཀྱིས། །ཤ་ཟ་བཞིན་དུ་ཀུན་ཏུ་འཁྱམ། །རྫུ་འཕྲུལ་མངོན་ཤེས་ལྔ་གྲུབ་པས། །འཇིག་རྟེན་མངོན་དུ་ཡང་དག་སྤྱད། །གལ་ཏེ་འཕགས་པའི་ས་ཐོབ་ན། །དེས་ནི་ཕྱོགས་ལས་རྣམ་རྒྱལ་སྤྱོད། །ཞིང་རྣམས་ཀུན་ཏུ་རྒྱུ་བའམ། །ཡང་ན་བས་མཐའ་འམ་རང་གི་ཁྱིམ། །སྦས་པའི་སྤྱོད་པས་གྲོལ་བར་འགྱུར། །ཡང་ན་ཚོགས་ཀྱི་དཀྱིལ་འཁོར་ཏེ། །བུད་མེད་བཅུ་གཉིས་རྣམ་རོལ་པ། །རྒྱན་དང་གདོང་སོགས་རྣམ་པར་བརྒྱན། །ཤར་གྱི་བུད་མེད་དབུས་འོངས་ཤིང་། །གཅིག་ཤོས་ཤར་དུ་དགེས་རོལ་སོགས། །སྣ་ཚོགས་དུ་མས་རྣམ་རོལ་བ། །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །གླུ་དང་ཟློས་གར་ཀུན་བྱས་ཏེ། །དབང་བསྐུར་བ་དང་ལས་ཀུན་བྱ། །ཡང་གསུངས་པ། རྡོ་རྗེའི་སྒོ་ནི་དབྱེ་བ་དང་། །དེ་བཞིན་པདྨ་རྒྱས་པར་དབྱེ། །ཤིང་ངམ་ས་ཡི་འཁྲུལ་འཁོར་གྱིས། །བཤང་བའི་ལམ་དང་རྩེ་བར་བྱ། །སྲོག་དང་དེ་བཞིན་ཐུར་སེལ་བ། །བཀག་ཅིང་གོང་བུ་གཅིག་ཏུ་བྱ། །དགའ་བས་རོལ་པ་ལ་ཞུགས་ནས། །དལ་བུ་དལ་བུས་རབ་སྦྱོར་ཏེ། །སྒོ་དབྱེ་བ་དང་སོར་མོས་གནོན། །བུ་མོས་རྩ་ཡི་ཐུར་མ་ཡིས། །དྷཱུ་ཏི་རྣམ་པར་འབྱེད་པར་འགྱུར། །དེ་ཡི་གནས་སུ་རླུང་རྒྱས་ཏེ། །རྩ་ཡི་འཁོར་ལོ་ཀུན་སད་པ། །གཏུམ་མོ་འབར་བཅས་ཞུ་ཞིང་འཛག །བཙན་ཐབས་སྦྱོར་བས་མེ་འབར་བ། །རཱ་ས་ན་ལས་རྣམ་པར་རྒྱུ། །འཛག་པའང་ལ་ལ་ན་ལས་ཏེ། །ཁུ་བ་འདྲེས་གྱུར་ཀུན་འདར་དུ། །འབར་བྱེད་འཁོར་ལོ་འཁོར་ལོ་ལ། །ལན་མང་བཟློག་ཅིང་ཡང་འབར་གནས། །ཚངས་པའི་སྒོ་ང་འབིགས་པར་བྱེད། །དེ་ལས་རྣམ་པར་ལྷུང་བ་ཡིས། །ཆོས་ཀྱི་ཕྱག་རྒྱ་རབ་ཏུ་འགྲུབ། །མངོན་པར་བྱང་ཆུབ་རབ་བཤད་པ། །འབྱུང་བའི་བདེ་བ་ལྷ་མོར་བརྟག །གདོལ་མ་བྲམ་ཟེའི་བུ་མོ་དང་། །ཚོང་མོ་གླུ་མཁན་མདའ་མཁན་མོ། །གར་མཁན་མོ་སོགས་རིགས་ཅན་བཟུང་། །ཡང་ན་ལྷ་མོ་མིའམ་ཅི། །ཀླུ་མོ་དྲི་ཟ་མོ་སོགས་བརྟག །ཐིག་ལེ་ཞུ་བ་ཟླ་བའི་གཟུགས། །མེ་ཏོག་དང་བཅས་ཉི་མ་གསོལ། །ཐབས་དང་ཤེས་རབ་གཅིག་འགྱུར་པ། །ཁུ་བ་ཁྲག་དང་རླུང་བཅས་པའི། །ཚོགས་པ་འདིར་ནི་རྣམ་པར་ཞིག །ལུས་དང་སེམས་ཞེས་བྱ་བ་འདས། །ཀུན་གཞི་རྣམ་པར་གྱུར་པ་ཉིད། །འདི་ལས་ལོངས་སྤྱོད་རྫོགས་པར་འགྱུར། །ཡང་ན་དོན་འགྲུབ་སྒྱུ་མ་བཞིན། །མཱ་མ་ཀི་སོགས་རབ་སྦྱོར་བའོ། །སངས་རྒྱས་རང་ཉིད་གཟུགས་ཅན་ནི། །ལྷ་མོ་དང་སྦྱོར་འདོད་ཆགས་ཆེ། །འོན་ཀྱང་མོས་པ་ཐ་དད་ཕྱིར། །སྤྲུལ་པ་མིག་འཕྲུལ་རྣམ་པར་འཕྲུལ། །
ཡང་གསུངས་པ། ཨོཾ་ཀརྟི་ཀ་སརྦ་མཱ་ར་ཎཾ་མཾ་ས་ཀརྟ་ཡ་ཀརྟ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་པཱ་ལ་སརྦ་ཤཱ་ཏྲུན་རཀྵཾ་༼རཀྟཾ་༽དྷཱ་ར་ཡ་དྷཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤཱ་ཏྲུན་ཏྲི་ཤཱུ་ལ་ཧཱུཾ་ཕཊ། བརྟུལ་ཞུགས་སོ། །གཟུགས་བརྙན་ཡི་གེ་མཚན་མ་དག །དཀྱིལ་འཁོར་གསུམ་དུ་ངེས་བྱས་པ། །སྙིང་ག་ནས་བྱུང་སྙིང་གར་བཞུགས། །མཚོན་ཆ་ཕྱག་རྒྱ་ཕྱིས་བཀོད་ནས། །ལས་དང་དངོས་གྲུབ་བཀས་གནང་བ། །བུ་མོ་དག་ལ་འཁྱུད་པ་དང་། །ནུ་མ་མཉེད་ལས་བདེ་ཐོབ་པ། །སློབ་དཔོན་དབང་བསྐུར་སྦྱིན་པའོ། །ཞི་བ་ལ་སོགས་པའི་སྒྲོལ་མ་ནི་དཀར་བ་དང་། སེར་བ་དང་། དམར་བ་དང་། ནག་མོའོ། ཆུ་དང་དབང་ཆེན་དང་མེ་དང་རླུང་ལ་གནས་པ་དང་། ངང་པའི་རྒྱལ་པོ་དང་། གླང་པོ་ཆེ་དང་། རྟ་དང་། མ་ཧེ་ལ་བཞོན་པའོ། །ཞི་བའི་ལྷ་མོ་ནི་མི་འཇིགས་པ་དང་། ཨུཏྤལ་དཀར་པོ་འཛིན་པའོ། །རྒྱས་པ་མོ་ནི་མཆོག་སྦྱིན་དང་བུམ་པ་དང་སྙེ་མ་འཛིན་པའོ། །དབང་བྱེད་མ་ནི་ལྕགས་ཀྱུ་དང་ཞགས་པའོ། །གསོད་བྱེད་མ་ནི་རལ་གྲི་དང་དུས་ཀྱི་ཞགས་པའོ། །ཕྱོགས་ཀྱི་ལྷ་མོ་གྲྭ་བཞིར་འཁོད་པ་ནི། །སངས་རྒྱས་རིན་ཆེན་ཆོས་དང་ནི། །རྡོ་རྗེ་སྒྲོལ་མ་བསམ་བྱ་བ། །དཀར་དང་སེར་པོ་དམར་པོ་དང་། །དཀར་མིན་ཕྱག་ཀྱང་བཞི་པ་སྟེ། །མཆོག་སྩོལ་བ་དང་ཨུཏྤ་ལ། །ཅང་ཏེའུ་དེ་བཞིན་རྩེ་གསུམ་བསྣམས། །ཞལ་དྲུག་ཕྱག་དྲུག་ཐོ་བ་དང་། །ཞགས་པ་བསྣམས་པ་ཞབས་དྲུག་པ། །ཚངས་པ་འཇོམས་པ་གཤིན་རྗེ་གཤེད། །རལ་གྲི་ཐོད་པས་ལག་བྲེལ་བ། །མིག་ཡོན་དབང་པོ་དབང་ལྡན་གནོན། །དབྱུག་ཏོ་དང་ནི་པདྨ་དང་། །འཁོར་ལོ་ཞགས་པ་འཛིན་པའི་མཆོག །ཁྲོ་བོའི་རྒྱལ་པོ་པད་མཐར་བྱེད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཀླུ་དང་གཤིན་རྗེས་ཞབས་ཀྱིས་མནན། །འཁྱིལ་བ་རྡོ་རྗེ་ཕུར་བུ་ནི། །སྣ་ཚོགས་རྡོ་རྗེ་ཐོ་བར་བཅས། །དྲིལ་བུ་ཕུར་བུ་བསྣམས་ནས་ནི། །ལོག་འདྲེན་བདུད་བཅས་ལ་འདེབས་བརྩོན། །དཔའ་བོ་འདི་གསུམ་སྤྲིན་གྱི་མདོག །གཞན་རྣམས་གང་རྣམས་ཕོ་ཉ་མོ། །རང་རང་ལས་དང་མཚུངས་པར་བྱ། །གསང་བ་ཐམས་ཅད་པའི་ལེའུ་སྟེ་བཞི་པའོ། །
དེ་ནས་འཁོར་རྣམས་ཀྱིས་བསྟོད་པ། དབང་པོ་གཉིས་ཀྱི་སྦྱོར་བ་གང་། །རང་བཞིན་མེད་པའི་བདག་ཉིད་དེ། །ཡེ་ཤེས་མཚོན་ཆ་རྣམས་འཆང་བ། །མངོན་སྤྱོད་སྣ་ཚོགས་སྤྱོད་པ་པོ། །མ་མོའི་ཚོགས་ཀྱིས་བསྐོར་བའི་སྔགས་ཅན་མ། །དབང་པོའི་དྲ་བ་འོད་ཟེར་འཕྲོ་ཞིང་འཁྲུག །ལྷན་ཅིག་སྐྱེས་པའི་མཛེས་མ་དང་གཙུགས་མཛད། །བློ་གྲོས་ཆེན་པོས་བདག་ལ་དབང་བསྐུར་སྩོལ། །ཅེས་གསོལ་བ་བཏབ་པར་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་སྐུ་ལ་ཡོངས་སུ་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པར་བབ་པ་རྡོ་རྗེ་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བས། སེམས་ཅན་ཐམས་ཅད་མཆོག་ཏུ་བདེ་བ་གྲུབ་པར་གྱུར་ཏོ། །རབ་ཏུ་དབེན་པའི་གནས་དག་ཏུ། །ཧཱུཾ་གི་ཡི་གེས་བདུད་རྣམས་གཞོམ། །ཨོཾ་ཨཱཿཨཱ་ལི་ཀཱ་ལི་སྟེ། །རྩ་གཉིས་ཟླ་བ་ཉི་མ་དག །དེ་དག་མེ་ལོང་ཡེ་ཤེས་ཏེ། །ས་བོན་མཚན་མར་གྱུར་པ་ནི། །སོ་སོར་རྟོགས་པར་ངས་བཤད་དོ། །གཅིག་གྱུར་མཉམ་པ་ཉིད་ཡིན་ཏེ། །འགྲོ་དོན་བྱེད་པ་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་དབྱིངས་སོ། །དབང་པོ་གཉིས་སྦྱོར་རྡོ་རྗེ་གསུམ། །རབ་རྫོགས་སྔགས་རྣམས་ཀུན་གྱི་ལྷ། །གསང་དང་གསང་ཆེན་ཤིན་ཏུ་གསང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། །རྗེས་དང་ཤིན་ཏུ་རྣལ་འབྱོར་དང་། །སྟོང་པའི་ཡེ་ཤེས་རྣམ་གསུམ་པོ། །རྒྱུད་ཀུན་གྱི་ནི་གཙོ་བོའི་གཙོ། །མི་ཤིགས་པ་དང་སྔགས་དང་རྫས། །ཐིག་ལེ་གསུམ་དུ་ངས་བཤད་དོ། །བྱིན་གྱིས་རླབས་དང་ཡོངས་བརྟགས་དང་། །ཡོངས་སུ་རྫོགས་པ་རྣལ་འབྱོར་གསུམ། །མི་གསལ་བ་དང་ཡེ་ཤེས་ཆུང་། །ཡེ་ཤེས་ཡེ་ཤེས་ཆེན་པོ་སྟེ། །གང་ཟག་རྣམ་པ་བཞི་རུ་བརྗོད། །གཟུགས་མེད་ཚོར་བ་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་ཤེས་བྲལ། །དབང་པོ་ཡུལ་དང་རྣམ་ཤེས་མེད། །ཉོན་མོངས་མེད་ཅིང་བྱང་ཆུབ་མེད། །དངོས་པོ་མེད་ཅིང་སྒོམ་པ་མེད། །འཕེལ་པ་མེད་ཅིང་བྲི་བ་མེད། །རྟག་མིན་མི་རྟག་མ་ཡིན་པ། །ཡོད་དང་མེད་དང་ཡོད་མེད་འདས། །འདི་ལ་བདག་མེད་གཞན་ཡང་མེད། །བདེན་མིན་རྫུན་པ་མ་ཡིན་པ། །རྐྱེན་གྱིས་སྟོང་མིན་རང་བཞིན་ཉིད། །ཤེས་རབ་ཕ་རོལ་ཕྱིན་པར་བརྗོད། །དམིགས་དང་དམིགས་མེད་ལས་འདས་ནས། །བྱ་བ་ཅི་དགར་སྤྱོད་བྱེད་པ། །རིག་སྔགས་གྲུབ་པ་གང་ཡིན་པའི། །བྱང་ཆུབ་སེམས་དཔའ་སྤྱོད་ལ་གནས། །སྒྱུ་མས་སྒྱུ་མ་བཅོམ་པ་དང་། །སྒྱུ་མས་སྒྱུ་མ་མཆོད་བྱེད་ལྟར། །ཐབས་མཁས་སྤྱོད་པ་འདི་དག་གིས། །རྨི་ལམ་བཞིན་དུ་སྔགས་སྤྱོད་པའོ། །ཇི་ལྟར་མེ་ཡིས་བསྲེགས་པ་ལྟར། །ངོ་བོ་ཉིད་ཀྱིས་བུད་མེད་ལས། །ཤེས་རབ་ཕ་རོལ་ཕྱིན་པ་བསྐྱེད། །གཡོ་བ་ཐིམ་དང་བདེ་བ་དང་། །རྣམ་རྟོག་ངོ་བོ་ཉིད་ཀྱིས་གཅོད། །དེ་ཕྱིར་དེ་ལ་དེ་རབ་བསྒྲུབ། །མཐའ་མེད་དབུས་ཀྱང་མེད་རིག་པ། །དོན་དམ་རྡོ་རྗེའི་དཀྱིལ་འཁོར་རོ། །རྟོག་པས་རྟོག་པ་རྣམ་སྤངས་ཏེ། །དེ་ཕྱིར་བསྐྱེད་པའི་རིམ་པ་བསྒོམ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འོད་གསལ་མཆོག་ཏུ་ཉེར་འགྲོ་བ། །བདེ་དང་སྒྱུ་མའི་རང་བཞིན་དང་། །རྣམ་པར་མི་རྟོག་རྣམ་པར་སྦྱངས། །མོས་པས་སྤྱོད་པའི་ས་བཅུ་གཉིས། །ཕོ་ཉ་མོ་སྦྱོར་དེ་ཉིད་དང་། །རྩ་དང་ཁམས་དང་གཡོ་བ་ཡི། །འགྲོ་འོང་འགགས་པའི་ཡེ་ཤེས་སོ། །དེ་ནས་དེ་ལ་ཡེ་ཤེས་སྐུ། །འདི་ལ་རྩ་མེད་ཁམས་ཀྱང་མེད། །རླུང་གིས་བགྲོད་པའང་ཡོད་མ་ཡིན། །འོན་ཀྱང་སེམས་ཀྱི་རྣམ་འཕྲུལ་ཏེ། །དེ་དེ་འགགས་ལས་ས་བཅུ་གཉིས། །ཕོ་ཉ་མོ་རྣམས་སྦྱོར་གྲུབ་ལས། །སྤྲུལ་པའི་གཟུགས་ཀྱིས་བདེ་བ་འདི། །རིག་འཛིན་རྣམས་ཀྱི་ས་ཞེས་བརྗོད། །ལས་དང་པོ་དང་རྣལ་འབྱོར་པ་དང་སྒྲུབ་པ་པོ། །གྲུབ་པ་མཆོག་ཏུ་གྲུབ་པ་དང་ནི་སེམས་དཔའ་ཆེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྔགས་བརྗོད་བདུན་དུ་གསུངས། །བླ་མའི་དྲིན་གྱིས་སྐྱེ་བ་གཅིག་རྫོགས་མངོན་གྱུར་པའོ། །སྟོང་པ་མ་ཡིན་མི་སྟོང་མིན། །ཟག་མེད་སེམས་འདི་དེ་བཞིན་ཉིད། །ནམ་མཁའ་སྣོད་ཀྱི་དབྱེ་བ་ལྟར། །གནས་སྐབས་བདུན་དུ་འཇིག་རྟེན་རྟོག །རྡོ་རྗེ་རང་བཞིན་འགྱུར་མེད་པ། །གནས་སྐབས་ཐེག་པ་ཐུག་མེད་ཀྱིས། །དེ་ནི་མི་འཇིགས་གཡོ་བ་མེད། །ནམ་མཁའ་ལྟ་བུ་གོས་པ་མེད། །ཇི་ལྟར་རབ་རིབ་ཅན་དག་གིས། །ནམ་མཁའ་ལ་ནི་སྐྲ་ཤད་མཐོང་། །དེ་བཞིན་འཁོར་བ་རྣམ་པར་རྟོག །འཁོར་བ་མེད་ཅིང་གང་ཟག་མེད། །དེ་ཕྱིར་བཅོས་མ་ཀུན་སྤངས་ནས། །ཟུང་འཇུག་རང་བཞིན་བསྒོམ་བྱ་སྟེ། །དེ་བཞིན་གཤེགས་པའི་གསུང་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །རྣལ་འབྱོར་དབང་པོས་སྐྱེ་བོ་ནི། །གང་ལའང་བརྙས་པར་མི་བྱ་སྟེ། །ཉན་ཐོས་ནང་དུ་མི་གནས་ཤིང་། །ཆགས་བྲལ་ལམ་ལ་བློ་མི་གུས། །བུད་མེད་རིན་ཆེན་སྤང་མི་བྱ། །ཉན་ཐོས་སྤྱོད་པ་སྤངས་བྱས་ནས། །འདོད་ཆགས་ཆེན་པོ་སྙིང་རྗེར་བཅས། །འདུལ་བའི་ཐབས་ཚུལ་ཀུན་རིག་པས། །གཉིས་སྦྱོར་བརྟུལ་ཞུགས་ལ་གནས་པའོ། །སྡོམ་དང་སྡོམ་མིན་ཀུན་ལས་ལོག །བཟའ་དང་བཟའ་མིན་མི་བརྟག་སྟེ། །གཙང་དང་མི་གཙང་དཔྱད་མི་བྱ། །རང་བཞིན་དེ་ཉིད་མཉམ་པར་ཤེས། །མགོ་ཟླུམ་བརྟུལ་ཞུགས་གཟི་བརྗིད་ཅན། །མཉམ་ཉིད་དམིགས་སུ་མེད་པ་ལ། །སྡིག་དང་བསོད་ནམས་ཀུན་ཡོད་མིན། །ཀུན་ཀྱང་བྱང་ཆུབ་སྤྱོད་པ་ཅན། །བུད་མེད་སྦྱོར་ལས་སེམས་བརྟན་པ། །ཚངས་སྤྱོད་མ་ཉམས་དགེ་སློང་སྟེ། །དབང་ཕྱུག་ཀུན་གྱི་བླ་མར་འགྱུར། །རྡོ་རྗེ་བྱིན་གྱིས་རློབ་པའི་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།། །།
འཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལས། རྟོག་པ་ཕྱི་མ་གསང་བའི་ངེས་པར་བསྟན་པ་ཇི་སྙེད་པ་རྫོགས་ཏེ། སྒྲོལ་མ་འབྱུང་བའི་རྟོག་པ་ཇི་སྙེད་པ་རྫོགས་སོ། །རྒྱ་གར་ལྷོ་ཕྱོགས་རསྨཱི་ཤྭ་རའི་ལྗོངས་སུ་སྐུ་འཁྲུངས་པ་རྡོ་རྗེ་ཐེག་པ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རྗེ་བཙུན་བུདྡྷ་གུསྟ་ལ། རྒྱུད་འདི་ཞིབ་མོར་ཉན་ཅིང་བསྒྱུར་བར་སླ་བ་རྣམས་ཐོ་རེ་ལོང་ངེ་བ་བསྒྱུར་ཞིང་། དཀའ་གནས་རྣམས་ལ་རེག་ཟིག་གི་རིམ་པ་མང་དུ་བྱས་ནས་བརྟག་དཔྱད་མང་དུ་བགྱིས་པ་ལས། སླད་ནས་རྒྱ་གར་གྱི་མཁན་པོ་ནིརྦཱ་ཎ་ཤྲཱིའི་ཞབས་དང་། ཡང་སླད་ཀྱི་པཎྜི་ཏ་པུརྞ་བཛྲའི་སྤྱན་སྔར། འགྲེལ་པ་སོ་སོ་དང་ཞིབ་ཏུ་སྦྱར་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱས་བསྒྱུར་བའོ།། །།ཞུས་དག །བཀྲ་ཤིས།
འཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ།
༄༅། །འཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་བཞུགས་སོ། །
ན་མསྟཱ་རཱ་ཡེེ། བླ་མ་དམ་པའི་ཞབས་བཏུད་དེ། །རྒྱུད་རྒྱལ་སྒྲོལ་མ་འབྱུང་བའི་དོན། །མཆན་བུའི་རྣམ་པར་དབྱེ་བར་བྱ། །འདི་ལས་༼ཡིས་༽འགྲོ་ལ་ཕན་གྱུར་ཅིག །དེ་ལ་རྒྱུད་ཀྱི་རྒྱལ་པོ་འདི་སྤྱིར་སྔགས་ཀྱི་ཐེག་པ། ཁྱད་པར་རྣལ་འབྱོར་ནང་། སྒོས་མ་རྒྱུད་དོ། །དེ་ལས་ཁ་ཅིག་ནི། རྟ་མཆོག་གི་རིགས་སུ་འདོད་སྣང་། རང་ལུགས་ཧེ་རུ་ཀར་བཞེད། མི་ཡུལ་དུ་སློབ་དཔོན་ཏི་ལི་པས་སྤྱན་དྲངས་བར་གྲགས།
མཚན་དོན་ནི། རྒྱ་གར་སྐད་དུ། ས་མ་ཛ་འདུས་པ། པ་ར་མཱརྠ་དོན་དམ་པ། སརྦ་ཐམས་ཅད། ཀརྨོ་ད་ཡ་ལས་འབྱུང་བ། ནཱ་མ་ཞེས་བྱ་བ། ཏཱ་རཱ་༼རེ་༽སྒྲོལ་མ། ཡོ་གི་ནཱི་རྣལ་འབྱོར་མའི་ཏནྟྲ་རྒྱུད་རཱ་ཛ་རྒྱལ་པོ། བོད་སྐད་དུ། ཕྲིན་ལས་ལས་སྣ་ཚོགས་དང་དངོས་གྲུབ་ཐམས་ཅད་ཀྱི་ཐམས་ཅད་གསལ་བར་བསྟན་པས་ན་འབྱུང་བའི་གཉིས་མེད་ཡེ་ཤེས་ཀྱི་སེམས་ཅན་རྣམས་འཁོར་འདས་ཀྱི་མཐའ་གཉིས་ལས་སྒྲོལ་བར་མཛད་མའི་སྔགས་རྒྱུད་སྟོན་པ་ཐབས་ཤེས་འདུས་པ་སྟེ་ཟུང་འཇུག་གི་སྐུ་དང་། དོན་དམ་པ་སྟོང་ཉིད་སྟོན་པར་བྱེད་པ་སྟེ་བདེ་བ། ལྷ་སྐུ་སྟོང་པ་རྣམས་ཀྱི་མིང་རྒྱུད་ལ་བཏགས་པའོ་ཞེས་བྱ་བ་རྣལ་འབྱོར་མའི་སྔགས་དང་། དཀྱིལ་འཁོར་དང་། ལས་ཚོགས་གཙོ་བོར་སྟོན་པའི་རྒྱུད་ཀྱི་རྒྱལ་པོ་སྟེ་སྨིན་གྲོལ་འབྲས་གསུམ་རྫོགས་པར་སྟོན་པའོ། འགྱུར་གྱི་ཕྱག་ནི་སྒྲོལ་མ་ལ་ཕྱག་འཚལ་ལོ། །སཾ་བུ་ཊར་སྒྲོལ་མ་འབྱུང་ཞེས་གསུངས་པས་མཚན་བསྡུས་པར་བརྗོད་ན་དེ་ལྟ་བུར་རོ། །ལམ་གྱི་ཕན་ཡོན་མདོར་བསྟན་པ་ནི། རྒྱུད་ཉི་ཁྲི་ཉིས་སྟོང་པ་གསུངས་པའི་རྗེས་དེ་ནས་དེས་ན་དེ་ཡང་ན་དེ་ནས་ཀྱི་སྐད་དོད་ཨ་ཐ་ཞེས་པ་ཨ་ནུརྶནྣ་༼ཨ་ནུརྤརྣ་༽གདོད་མ་ནས་མ་སྐྱེས་པ་ཐསྠཱ་ན་གནས་པ་ལ་འཇུག་པས་སྟོང་པ་ལ་གནས་པའི་བདེ་ཆེན་བསྟན་ཏེ་རྒྱུད་དོན་མདོར་བསྟན་པ་ཡིན་གསུངས། དངོས་གྲུབ་མཆོག་སྒྲུབ་བྱེད་སྨིན་གྲོལ་དང་ཐུན་མོང་དང་ལས་ཚོགས་ཐམས་ཅད་ནི། །རབ་ཏུ་རྫོགས་ཤིང་སྒྲུབ་པར་བྱེད་པའི་ཆོ་ག་བཤད་པར་བྱ། །ཁ་ཅིག་འདིས་གླེང་གཞི་བསྟན་པར་བཞེད་དེ། ཨ་ནི་ཆོས་འབྱུང་། ཐ་ནི་ཏ་ཐཱ་ག་ཏ་སྟེ་སྟོན་པ། དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི། འཁོར་འཇིག་རྟེན་པ་དང་འདས་པ་གཉིས། བྱེད་ཅེས་པས་བྱེད་པའི་དུས། བཤད་པར་བྱ་ཞེས་པས་ཆོས་ཕུན་སུམ་ཚོགས་པ་ལྔའོ། །ཁ་ཅིག་རྒྱུད་སྔ་མའི་འཕྲོས་ཡིན་པས་གླེང་གཞི་མེད་ཅེས་ཀྱང་འཆད་དེ། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའི་དབང་གིས་གཉིས་ཀར་འབྱུང་ངོ་། །ཡང་སྦས་དོན་ལྟར་བཤད་ན། ཨས་གསང་བའི་པདྨ་མཚོན། ཐ་ཡིག་གིས་བདེ་ཆེན་གྱི་གནས་རྡོ་རྗེ་མཚོན། དངོས་གྲུབ་ཀྱི་དགའ་བ་བཞི་ལས་ཐིག་ལེ་བཞི་བསྟན་པའོ། །མཐར་ཐུག་ལྟར་ན་ཨ་ནི་སྟོང་ཉིད་འོད་གསལ། ཐ་ནི་དཀྱིལ་འཁོར། དངོས་གྲུབ་ནི་ས་དང་པོ་ནས་སངས་རྒྱས་ཀྱི་བར་ཏེ། ཨ་ཐ་ཟུང་འཇུག་གི་རྒྱས་བཤད་དོ། །རྒྱས་བཤད་ལ་གསུམ། ལས་ཀྱི་དངོས་གྲུབ་བསྟན་པ་ནི། ལྷ་ཀླུ་ལྷ་མིན་སོགས་མི་མ་ཡིན་གྱི་བུད་མེད་བྱེ་བ་ཕྲག་བརྒྱ་ཡང་། །སྒྲོལ་མའི་རིག་སྔགས་གྲུབ་པའི་སྒྲུབ་པ་པོ་བདག་ཉིད་ལ་དང་བའི་དད་པས་འདུད་ཅིང་བཀའ་ཉན་པར་བྱེད་པ་དང་། །བརྒྱ་བྱིན་སོགས་ལྷའི་གཙོ་བོ་དང་ལྷ་མིན་གྱི་གཙོ་བོ་བཞད་ལེན་སོགས་དང་འཇིག་རྟེན་པའི་རིག་འཛིན་གྱི་གཙོ་བོ་དབང་ཕྱུག་སོགས་དང་། །རྒྱལ་པོ་སོགས་མི་ཡི་གཙོ་བོ་དབང་དུ་བྱེད། །འདི་གསུམ་འཇིག་རྟེན་པའི་དངོས་གྲུབ་གཞན་བསྟན་པའི་སྡེ་ཚན་དུ་གཏོགས། ཉི་མ་དང་ཟླ་བ་དང་མཚུངས་པར་གཟི་བརྗིད་ཆེ་ཤིང་། །ཁ་ཅིག་འོད་ཟེར་སྤྲོ་བསྡུ་དང་ཚེ་ཉི་ཟླ་དང་མཉམ་པ་ལ་འཆད། འདབ་བཟང་སོགས་མཁའ་ལྡིང་རྒྱལ་པོས་རང་ལ་རྣམ་པར་འདུད་པར་བྱེད། །ཀླུའི་རྒྱལ་པོ་ནག་པོ་སོགས་རྣམས་སྡིགས་ཤིང་སྐྲག་པར་བྱེད་ལ་བསད་གསོ་ནུས་པ་དང་དུག་གཞིལ་བ་དང་། ལོ་ཐོག་དང་སེམས་ཅན་ལ་གནོད་པ་བསྲུང་ཞིང་། །རྫོགས་རིམ་གྱི་རྒྱུ་བདེ་བ་འགྲུབ་པར་བསྟན་པ་ནི། མི་དང་མི་མིན་གང་གིས་ཀྱང་། །བུ་མོ་ཐམས་ཅད་རང་དབང་མེད་པར་ཆགས་པས་མྱོས་པས་འཛག་པ་སྟེ་རང་དབང་མེད་པར་དེའི་དབང་དུ་འགྲོ་བར་བྱེད་པ། །ཐིག་ལེ་འཛག་མེད་དུ་འཆིང་པའི་མཐུས་སྐྱེས་པ་གཅིག་གིས་འདོད་ཆགས་ཆེན་པོའི་སྟོབས་གྱིས། །མི་ཡི་བུད་མེད་མཐའ་ཡས་པ་ལ་སྤྱོད་ནུས་པ་ནི་འགྲོ་བ་ཉུང་བའི་དབང་དུ་བྱས་ཏེ། བུ་མོ་ཁྲི་ཕྲག་མིའི་གྲངས་དང་། །དེ་རྒྱལ་བུ་དོན་གྲུབ་ཀྱིས་ཀྱང་བཙུན་མོ་བརྒྱད་ཁྲི་ལས་ལྷག་པ་མ་བསྟེན་པ་ལྟ་བུའོ། །འགྲོ་བ་གཞན་མང་བའི་དབང་དུ་བྱས་ཏེ་ཉིན་རེ་རེར་ལྷ་དང་ལྷ་མིན་མོ་ལ་སོགས་པ། །བུད་མེད་འབུམ་ཕྲག་མང་པོ་ལོངས་སྤྱོད་ཀྱང་ད་དུང་སྐྱེས་པ་གཅིག་གི་འདོད་ཆགས་ཀྱིས་བུད་མེད་དེ་ཐམས་ཅད་ལ་འདོད་ཟིལ་གྱིས་གནོན་ནུས་པ་ནི་ཟིལ་གནོན་པ་ཞེས་པའི་དོན་ནོ། །ཁུ་བ་རེངས་པའི་སྟེ་འཆིངས་པར་བྱེད་པ་ལས། །སྒྲུབ་པོའི་དབང་པོའི་བྱེད་པ་ལན་གཅིག་གིས་བུད་མེད་ཐམས་ཅད་ལ་འདོད་པ་སྤྱོད་པ། །ཕྱག་རྒྱའི་སྦྱོར་བ་ལ་བརྟེན་ནས་རྡོ་རྗེར་ལུས་དང་སྟོང་པ་ཉིད་མི་ཤིགས་པའི་འོད་གསལ་ཐོབ་པར་བྱེད་པ་རབ་ཏུ་བཤད་པར་བྱ། །ཕྱིའི་འཇིགས་པ་བརྒྱད་ལ་སོགས་པ་དང་ནང་གི་འཆི་ལྟས་སོགས་དང་། ངེས་དོན་དུ་སྒྲིབ་པ་གཉིས་ཀུན་ལས་ཐར་བ་དང་། །འཇིག་རྟེན་པའི་དངོས་གྲུབ་གཞན་བསྟན་པ་ནི། ཚེའི་རིག་པ་འཛིན་པ་ནི་བསྐལ་པ་ཆེན་པོར་གཅིག་གམ་མང་པོ་ཚེ་ཡང་གནས། །ལུས་ཀྱི་རིག་པ་འཛིན་པ་ནི་མཁའ་ལ་འགྲོ་བའི་དངོས་གྲུབ་དང་མིའམ་མི་མ་ཡིན་རྣམས་ཀྱིས་ཀྱང་མི་སྣང་བ་སྟེ་མི་མཐོང་བ་དང་། །རྫས་ཀྱི་རིག་འཛིན་ནི་རི་ལུ་ཁར་བཅུག་པས་མི་སྣང་བ་ལ་སོགས་པ་སྟེ་རལ་གྲི་ཐོགས་པས་ཁམས་གསུམ་དུ་འགྲོ་བ་དང་རྐང་མགྱོགས་དང་། གཏེར་ལ་སོགས་པའི་རིག་འཛིན་དང་། །ལོངས་སྤྱོད་ཀྱི་རིག་འཛིན་ནི་གསེར་འགྱུར་རྩི་དང་གཞན་ཡང་རྒས་པ་མེད་ཅིང་ཚེ་བསྐལ་པར་གནས་པ་ནི་བཅུད་ཀྱི་ལེན་གྱི་དངོས་གྲུབ་དང་། མངག་གཞུག་གི་རིག་འཛིན་ནི་ནོར་རྒྱུན་མ་སོགས་གནོད་སྦྱིན་མོ་རྣམས། །རབ་ཏུ་སྒྲུབ་པས་བཅུད་ལེན་སྟེར་བ་དང་། ལྷའི་གནས་སུ་འཁྲིད་པ་སོགས་བྱེད་སྔགས་ཆེན་པོ། །སྒྲོལ་མའི་སྔགས་འདི་ཁྲག་ཁྲིག་བཅུ་གཉིས་ཀྱི་གྲངས་ཙམ་གྱིས་མཁའ་འགྲོ་མ་རྣམས་དང་། །འབྱུང་པོའི་རྒྱལ་པོ་བྱེ་བ་ཕྲག་ཙམ་མཐུ་ཆེན་རྣམས་དང་། །དེ་དག་ལས་ཀྱང་ཆེས་ཆེ་བའི་ལྷ་ལྷ་མིན་གྱི་དབང་པོ་གནོད་སྦྱིན་དང་། ཧ་རི་བ་ཀི་ཤི་དང་། ༼དཔེ་གཅིག་ལ་ཧ་རི་ཊཱ་ཀི་ཤི་དང་།༽ ཧི་{ནི་}ར་ཎི་ཀ་སེ་རྣམས་ཀྱི་གྲོང་ཁྱེར་ཤར་ནུབ་ལྷོ་ན་གནས་པ་ཟླ་བ་དྲུག་ཏུ་གཡུལ་བསྐྲད་དེ་ལྷ་མིན་གྱི་སྲུང་བ་ཐམས་ཅད་ཞིག་ནས་མཐར་མིག་ནས་མེ་སྤྲོས་ཏེ་བསྲེགས་པས་གྲོང་ཁྱེར་གསུམ་འཇོམས་པ་སྟེ། ནག་པོ་ཆེན་པོ་དང་ཚངས་པ་ཁྱབ་འཇུག་དབང་ཕྱུག་བརྒྱ་བྱིན་སོགས་ལྷ་རྣམས་ཐམས་ཅད། །སྒྲུབ་པ་པོས་མངག་གཞུགས་ཏེ་བྲན་ཉིད་དུ་བྱེད་པར་འགྱུར། །
གཉིས་པ་རྒྱུད་ཀྱི་བྱུང་ཚུལ་བསྟན་པ་ནི། སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་དུས་ན་རྡོ་རྗེ་ཅན་ཏེ་འཆང་གི་དབུགས་དབྱུང་གི་དཀྱིལ་འཁོར་སྤྲུལ་བཤད་མཛད། །དེའི་རྗེས་སུ་སངས་རྒྱས་རྒྱལ་བ་རིགས་ལྔའི་དབུགས་དབྱུང་གི་དཀྱིལ་འཁོར་སྤྲུལ་ནས་རྒྱུད་བཤད་པ་མཛད་དེ། །སྒྱུ་མ་བདེ་མཆོག་འཁོར་ལོ་བདེ་མཆོག་བདེ་མཆོག་དགེས་པའི་རྡོ་རྗེ། །གསང་བ་ཡིད་བདེ་སྟེ་མ་ཧཱ་མ་ཡ་ཕྱག་ཆེན་ཐིག་ལེ་ལ་སོགས་བསྟན་པའི་རྗེས་སུ། །འདིར་འཆད་པའི་དུས་བཞི་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ལྟོས་པའི་དུས་བཞི་ནི་མ་ཡིན་ཏེ། བསྐལ་པ་ལ་ལྟོས་པའི་དུས་བཞི་ཡིན་པར་ཤེས། སྔགས་ཀྱི་བསྟན་པ་ནམ་དུ་ཡང་མི་ནུབ་པའི་དབང་དུ་བྱས་ཏེ། རྫོགས་ལྡན་ནི་ཚེ་ལོ་བརྒྱ་ཁྲི་པ་ཡན་ཆད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་དུ་རུང་བ། སུམ་ལྡན་ནི་དེ་ནས་ཚེ་ལོ་བཞི་ཁྲི་པའི་བར་ཏེ་ཕལ་ཆེར་སྔ་མ་དང་འདྲ་བ་ལས་གློ་བུར་གྱི་གནོད་པ་ཅུང་ཟད་ཡོད་པ། གཉིས་ལྡན་ནི་དེ་ནས་ཀུ་རུའི་རྒྱུད་ཀྱི་གཡུལ་འཐབ་མ་བྱུང་གི་བར་དུ་སྟེ། མི་དགེ་བའི་ལས་ལམ་མང་དུ་སྤྱད་ཀྱང་ནང་དམེ་མི་བྱེད་པའི་བར་དུའོ། །རྩོད་ལྡན་དེ་མན་ཆད་དོ། །ཤྭ་ལོ་ཀ་འབུམ་ཕྲག་བརྒྱ་པ་སྒྲོལ་མ་ཡི། །སྔགས་དང་རྒྱུད་ཀྱི་རྒྱལ་པོ་སྔོན་ཐོག་མ་མེད་པའི་དུས་སུ་སྟོན་པས་བཤད་པ་དེ། །རྫོགས་ལྡན་གྱི་དུས་སུ་མི་རྣམས་ཀྱིས་ཀྱང་ཉམས་སུ་ལེན་ཅིང་ལོངས་སྤྱོད་ལ། །
དེ་ནུབ་ནས་སུམ་ལྡན་གྱི་དུས་སུ་དེ་ནས་སྒྲོལ་མའི་རྒྱུད་འབུམ་ཕྲག་དྲུག་པ་བཤད་ཅིང་། །དེས་འགྲོ་དོན་རྒྱ་ཆེན་པོ་བྱས་ནས་དེ་ཡང་ནུབ་ནས་གཉིས་ལྡན་གྱི་དུས་སུ་རྒྱུད་ཤྭ་ལོ་ཀ་ཁྲི་ཉིས་སྟོང་། །ཕྱི་མའི་དུས་སུ་བཤད་པ་ཡིན། །སྟོང་ཕྲག་བཅུ་གཉིས་དེ་ཡི་སྙིང་པོ་རྩོད་དུས་འདིར་གསུངས་པ་ནི་ད་ལྟའི་འདི་ཡིན་ཏེ། །གཡོན་པའི་ཀུན་ཏུ་སྤྱོད་པས་རྣམ་སྤྱོད་པས། །སྟོན་པས་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཆེན་པོ་ངེས་བརྗོད་འབུམ་ཕྲག་གཅིག་གྱི་རྗེས་སུ་འབྲང་བ་སྟེ་ཆ་མཐུན་གྱི་རྒྱུད། །སླར་ཡང་སྒྲོལ་མའི་རྒྱུད་བསྡུས་པ་འདི་འགྲོ་བའི་དོན་དུ་སེམས་ཅན་རྣམས་ལ་སྣང་བར་འགྱུར། །མི་རྣམས་ཀྱི་ཚེ་རིང་ཐུང་ཤེས་རབ་ཆེ་ཆུང་། བསོད་ནམས་ཆེ་ཆུང་གི་དབང་གིས་དེ་བཞིན་བྱུང་ལ་མི་མ་ཡིན་དང་མཁའ་འགྲོའི་གནས་ན་ནི་འཕེལ་འགྲིབ་མེད་དོ། །
གསུངས་པའི་དགོས་པ་ནི། ལམ་འདི་ལས་གཞན་གྱི་བྱང་ཆུབ་མི་ཐོབ་པས་ངེས་པར་བསྒོམ་དགོས་པ་འདོད་ཆགས་ཏེ་ཞི་བདེ་ཆགས་ཆེན་འདིས། །རང་བཞིན་ལྷན་སྐྱེས་གདུལ་བྱ་འདོད་ལྡན་རྣམས་ལ་ཡང་བདེ་ཆེན་གྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་སྟེར། །དེ་ཆགས་བྲལ་གྱི་ལམ་གྱིས་ཆགས་བྲལ་གཅིག་པོ་ལས་མི་འདུལ་ལ། ཆགས་ཆེན་གྱི་ལམ་གྱིས་ནི་ཆགས་ཆེན་དང་ཆགས་བྲལ་གཉིས་ཅར་བརྟེན་ནུས་པར་བརྟེན། ལོངས་སྤྲུལ་གཉིས་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་འབྱུང་། །དེ་དག་པའི་འཁོར་ལ་ལོངས་སྐུ་དང་། སྣ་ཚོགས་ལ་སྤྲུལ་སྐུའི་ཕྲིན་ལས་འཇུག་གོ། སངས་རྒྱས་ཐམས་ཅད་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་ཐུགས་རྗེ་ཆེན་པོའི་སེམས་ཅན་འཁོར་བ་ལས་སྒྲོལ་ཤེས་རབ་མ་ཞེས་བྱའི་སྔགས་འདིའི་ཕན་ཡོན་ནི། །གནས་གསུམ་གྱི་ཕོ་ཉ་མཁའ་འགྲོ་མ་སྔགས་སྐྱེས་ཞིང་སྐྱེས་ལྷན་སྐྱེས་ཀུན་དང་འདུས་པ་ལས་ཐོབ་ཅིང་དེ་བདེ་སྟོང་གི་ཡེ་ཤེས་བསྐྱེད་དེ་རྒྱུར་བྱས་ནས་། །དམ་པའི་དོན་མཐར་ཐུག་པ་ཆོས་སྐུ་ཡང་འགྲུབ་པར་གྱུར་པའོ། །བྱང་ཆུབ་ཅེས་པ་ནང་གི་མངོན་བྱང་ལྔ་ཡིན་ལ། དེའི་ཕྱིར་བདེ་བ་ཆེན་པོའི་སྐུའི་ངོ་བོ་ནི། དཀར་དམར་རླུང་གསུམ་གྱི་བགྲོད་པ་ཐིམ་པའི་བདེ་སྟོང་གི་ཡེ་ཤེས་ཏེ། འདིའི་ཐུན་མོང་མ་ཡིན་པའི་རྒྱུ་ལྷན་སྐྱེས་རྣམ་པ་གཉིས་སུ་བསྟན། འཕྲིན་ལས་ཐམས་ཅད་འབྱུང་ཞེས་པས་ཕྲིན་ལས་འབྱུང་བའི་རྒྱུ་ཡེ་ཤེས་བསྟན་པ་ཡིན་པས་མེ་ལོང་ཡེ་ཤེས་ལོངས་སྐུ་དང་། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུ་དངོས་སོ། །དེ་ཡང་སངས་རྒྱས་རང་སྣང་ན་ཞལ་ཕྱག་གི་རྣམ་པ་ཅན། སྐུ་དང་ཡེ་ཤེས་མཛད་པ་འཁོར་ཞིང་རྣམས་རང་སྣང་གིས་བསྡུས་པ་ལ་ཐམས་ཅད་ངོ་བོ་གཅིག་གོ། ཆོས་ཀྱི་སྐུ་ནི་དོན་དམ་པའི་མཐར་ཐུག །ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན། ཆོས་དབྱིངས་ཡེ་ཤེས་ཏེ་ངོ་བོའི་ཆ་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ། །གནས་ལུགས་དེ་ཡང་མཐར་ཐུག་པ་བདེ་བའི་ཡེ་ཤེས་ཀྱི་རྟོགས་དགོས་པའི་ཕྱིར། དེ་ཉིད་རྒྱུར་སྨོས་པ་ཡིན་ནོ། །རང་སྣང་གི་སྐུ་གསུམ་ངོ་བོ་གཅིག་གཞན་སྣང་དུ་གཟུགས་སྐུ་རྣམ་གཉིས་འཆར་ཞེས་པའོ། །
སྔགས་དངོས་ནི། དེ་ནས་བདུད་བཞི་བཅོམ་པའམ་སྐལ་བ་དྲུག་དང་ལྡན་འདས་མ་དམ་ཚིག་སྒྲོལ་མས་རིག་སྔགས་ཀྱི་རྒྱལ་མོ་འདི་གསུངས་སོ། །དོན་གྱི་གཙོ་བོ་སྔགས་ཡིན་ཅིང་རྒྱུད་ཚིག་གཞན་རྣམས་ནི་དེའི་ཆོ་གའོ། །རྒྱུད་འདིར་རྣལ་འབྱོར་མ་གཙོ་བའི་ཕྱིར་སྔགས་རྣམས་གཙོ་བོ་གསུངས་པའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདི་ནི་མཆོག་ཐུན་མོང་ལས་ཚོགས་དང་བཅས་པ་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། སྒྲོལ་མའི་ལས་ཀྱི་ཕོ་ཉ་མོའི་གཙོ་བོ་ཡིན་ཏེ་མཁའ་འགྲོ་མ་ཀུ་རུ་ཀུལླེའོ་སྔགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ་༼སྭཱཧཱ༽། སྙིང་པོ་སྐུ་སྐུལ་བར་བྱེད་པའོ། །ཨོཾ་ཏཱ་རེ་སྭཱ་ཧཱ། གསུང་བསྐུལ་བར་བྱེད་པའོ་ཉེ་སྙིང་ངོ་། །ཨོཾ་ཨཱཿཏཱཾ་ཧཱུྃ། ཐུགས་བསྐུལ་བར་བྱེད་པའོ་ཤིན་ཏུ་ཉེ་སྙིང་སྟེ་རྫོགས་རིམ་རྡོར་བཟླས་དང་འབྲེལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ་པྲ་དུཥྚཾ་མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟཾ་བྷ་ཡ། མོ་ཧཱ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟཾ་བྷ་ནཱི་ཏཱ་རེ་སྭཱ་ཧཱ། གོང་དུ་བཤད་པ་ཐམས་ཅད་ཀྱང་འགྲུབ་མོད། གཙོ་བོར་འདི་ནི་ལས་བཞི་དང་ཐུན་མོང་གི་གྲུབ་པ་ཐམས་ཅད་བྱེད་པའོ། །ལཾ་མཾ་པཾ་ཏཾ་ཧཱུྃ། དེ་བཞིན་གཤེགས་པའི་སྒྲོལ་མ་སོགས་ལྷ་མོ་ལྔའི་འོ། ཨོཾ་ཨ་རལླི་བྷྱོ་བྷྱོ་ཧ་ཧ་ཧ་ཧ་སི་སི་སི་སི་ཞེས་པ་ནི་ཧེ་རུ་ཀའི་ཐུགས་བདེ་བ་སྔགས་སོ། །ཨོཾ་ཨ་རལླྀ་རྀ་གི་ཕེཾ་ཕེཾ་ཕེཾ་བྷྱོ་སྭཱ་ཧཱ། ཞེས་པ་ནི་གསུང་མཁའ་འགྲོ་མ་དབང་དུ་སྡུད་ཅིང་བསྐུལ་བའི་སྔགས་ཏེ་ཧེ་རུ་ཀའི་སྔགས་གཉིས་པའོ། །སྐུའི་སྔགས་རྒྱུད་ཕྱི་མའི་དེའོ། །ཨོཾ་བཛྲ་བཱ་ར་ཧཱི་ཨ་ཝེ་༼བེ་༽ཤཱ་ཡ་སརྦ་ཛྭ་ར་ཎ་ཧྲཱིཿསྭཱ་ཧཱ། རྡོ་རྗེ་ཕག་མོའི་གོ་ཟློག་སོགས་ཀྱིའོ། །ཨོཾ་མཱ་རི་ཙྱེེ་༼ཙེེ་༽མཾ་སྭཱ་ཧཱ། འོད་ཟེར་ཅན་མའི་འོ། །ཨོཾ་ཧྲཱིཾ་ཧྲཱིཾ་༼ཏྲཱིཾ་༽ཧཱུྃ་ཕཊ། རལ་པ་གཅིག་མའི་འོ། །འདིའི་ལས་ཚོགས་གསང་བ་ཐིག་ལེ་ན་ཡོད་འདི་ན་མི་གསལ། ཨོཾ་སྭཱ་ཧཱ། ཞི་བར་བྱེད་པ་སྒྲོལ་མའི་འོ། །ཨོཾ་ཨོཾ་རྒྱས་པར་བྱེད་པ་སྒྲོལ་མའི་འོ། །ཨོཾ་བཱ་ཥ་ཊ་ཧོཿདབང་དུ་བྱེད་པ་སྒྲོལ་མའི་འོ། །ཨོཾ་ཕཊ། གསོད་པར་བྱེད་པ་སྒྲོལ་མའི་འོ། །སྭཱ་ཧཱ། ༡ལཾ་༢ལཾ་༣ལཾ་༤ཧྲཱིཿ༥ཛཿ༦ཕཊ་༧ཕཊ༨་ཅེས་པ་ནི་རྨོངས་བྱེད་ལ་སོགས་པ་ལས་བརྒྱད་བྱེད་པའོ། །ཛཿཧཱུྃ་བྃ་ཧོཿཡེ་ཤེས་པ་དགུག་པར་བྱེད་པ་ལ་སོགས་པའི་འོ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་མཆོག་དང་། སྲུང་བའི་འཁོར་ལོའི་འོ། །སྥ་ར་ཎ་ཕཊ། ལྷ་རྣམས་སྤྲོ་བའི་འོ། །ཨོཾ་ཨ་ཀྲོ་དྷ་༼དྷེེ་༽ཀ་ཡ་མཱནྟ་ཀ་ཧཱུྃ། གཤིན་རྗེ་གཤེད་ཀྱིའོ། །ཨོྃ་ན་མོ་ཨ་ཙ་ལ་ཀཱ་ན་ཙེཊྚ་ཙེཊྚ་མོཊྚ་མོཊྚ་ཏུཊྚ་ཏུཊྚ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ་ཧཱུྃ་ཕཊ། མི་གཡོ་བ་གཏུམ་པོའི་འོ། །ཨོཾ་པདྨ་ཏ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྟ་མགྲིན་གྱིའོ། །ན་མཿས་མནྟ་བུདྡྷོ་བྷྱོཿན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོཏྐ་ཊ་བྷི་ཥ་ཎི་བྷེེ་ར་བཱ་ཡ། བཛྲ་སནྡོ་ཧ་དརྤཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ་ཕཊ། བདུད་རྩི་འཁྱིལ་པའི་འོ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་ཀ་ལཱི་མ་ཧཱ་ཀཱ་ལཱི་ཧཱུྃ་བྷྱོ་བོད་སྔགས་སོ། ཨོཾ་མ་ཧཱ་ཀ་ལཱི་དེ་བཱི་ཀ་ར་ལཱི་བི་ཀྲནྟ་ཀཱ་ལ་རཱ་ཏྲཱི་ཙཎྚ་རཱུ་པུ་ཎཱི་ཧཱུྃ་ཕཊ་སྙིང་པོའོ། ལྷ་མོ་ནག་མོའི་སྔགས་སོ། །ཨོཾ་བཛྲ་ཀི་༼ཀཱི་༽ལི་ཀི་༼ཀཱི་༽ལཱ་ཡ་སརྦ་བིགྷྣནྦྷནྡྷ་ཧཱུྃ་ཕཊ། དགྲ་འམ་བགེགས་སམ་ཉེར་འཚེ་ལ་ཕུར་བུས་གདབ་པའི་འོ། །སྔགས་ཀྱི་ལེའུ་སྟེ་དང་པོའོ། །
ལམ་གྱི་སྔོན་འགྲོ་ཕུར་གདབ་ལས། ཏིང་ངེ་འཛིན་གྱི་ཕུར་གདབ་ནི། དེ་ནས་ཞེས་སོགས་ཏེ་འདི་ངེས་དོན་གྱི་ཕྱི་ནང་སྲོག་རྩོལ་ལྟར་བཤད་པ་དང་། སྒྲ་ཇི་བཞིན་པ་སྲུང་འཁོར་རོ། །བཅོམ་ལྡན་འདས་མའི་ཕྱག་རྒྱ་ཐུགས་ཀ་ནས་གསང་བའི་བར་དུ་དང་། སྤྱི་བོའི་བར་དུ་ཞགས་པ་དབུ་མ་དང་ལྕགས་ཀྱུའི་དུང་ཅན་མ་ཚོགས་རྒྱས་ཤིང་སྤྲོས་ཏེ། སྔགས་ཀྱི་བརྡས་དབུ་མའི་རླུང་འབྱུང་བ་བསྟན་ཏོ། །ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཎཾ་ཨོཾ་ཊཀྐི་ཧཱུྃ་ཛཿཞེས་པའི་སྔགས་འདི་ཕྱུང་ངོ་། །གདུག་པ་གཟུང་འཛིན་གྱི་རླུང་ཐམས་ཅད་བུམ་ཅན་སོགས་ཀྱིས་སྦྱོར་བས་བཀུགས་ནས་ཀྱང་། །རྩ་དབུ་མའི་ནང་གི་ནམ་མཁའི་དབྱིངས་སུ་འགྲོ་འོང་མེད་པར་བསྒྱེལ་ནས་ནི། །རྡོ་རྗེ་ཕུར་བུའི་རླུང་ཁ་སྦྱོར་ཚོགས་སྤྲོས་ནས། །གནས་རྩ་འཁོར་ལོ་ལྔ་དག་ཏུ་སྲོག་ཐུར་གཅིག་ཏུ་འདྲེས་པའི་ཕུར་བུས་བཏབ། །ཐིག་ལེ་ཞུ་བའི་བདུད་རྩི་འཁྱིལ་པའི་རྣམ་རྟོག་ལ་ཁྲོ་བོ་ཆེ། །བདེ་བའི་ཡེ་ཤེས་ཀྱི་གསང་བའི་རྡོ་རྗེ་ཕུར་བུ་བསྐུལ་བར་མཛོད་ཅིག་ཅེས་པའོ། །སྟོང་གསུམ་གསང་བའི་པདྨ་དག་གི་ཁོར་ཡུག་ཚུན་ཆད་ལ། །བསྐོར་བས་རྩ་སྐུལ་ན་བདེ་བའི་བགེགས་རྣམས་ཐམས་ཅད་བཅིང་བར་མཛད། །སྒྲ་ཇི་བཞིན་པ་སྒྲུབ་ཐབས་ཀྱི་ཐོག་མར་བཀོད་པ་ཁོ་ན་ཉིད་དོ། །ཨོཾ་ལཾ་སྟམྦྷ་ཡ་ལཾ་ཕུར་གདབ་ཀྱི་རྗེས་སུ་མནན་པའི་སྔགས་སོ། །
དགྲ་ལ་ཕུར་གདབ་ནི། གྲོང་མཁར་ས་ལ་དང་དགྲའི་རྐང་རྗེས་ལ་དགྲའི་གཟུགས་བྱས་ནས་སྙིང་གར་ཡང་གཟུགས་ཅན་གྱི་སྙིང་གར་འཁོར་ལོ་རྩིབས་དྲུག་པ་སྔགས་ཅན་བྲིས་ནས་བཅུག །དགུག་གཞུག་ཡང་ཡང་བྱས་ལ། རྐང་པ་གཡོན་པས་མནན་བྱས་ལ། །མི་རུས་ལས་སྐྱེས་པའི་ཕུར་བུ་ལྷར་བསྐྱེད་ལ་སྔགས་ཁྲི་བཟླས་པ་ཡིས། །བཏབ་ན་དེ་ཡི་མོད་ལ་དགྲ་བོ་འཆིའོ། །གནོད་བྱེད་གཞན་ལ་གདབ་པ་ནི། ཕུར་བུ་དེ་ཉིད་སྦྲུལ་དང་སེངྒེ་གླང་པོ་དང་། །རྐུན་པོའི་གཟུགས་བརྙན་སྔགས་ཅན་བྱས་ལ་ཡན་ལག་ལྔ་སྙིང་ག་སྟེ་དྲུག་པོ་དག་ལ་གདབ་བོ། །དེས་འཇིགས་པ་དེ་དག་སྲུང་བའོ། །འདི་ཡིས་སྡིག་ཅན་གདུག་པ་ཅན་ནམ་རང་ལ་གནོད་ཅིང་སྡང་བའི་སེམས་དང་ལྡན་པ་དགྲ་དང་། །བགེགས་དང་ལོག་འདྲེན་དག་ལ་གདབ་པར་བྱ་སྟེ་བགེགས་ཞི་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ལ་ཕུར་གདབ་ནི་ཡེ་ཤེས་ཤེས་རབ་ཀྱི་པདྨ་ཁ་ཕྱེ་ནས་དེར་དལ་ཡོངས་རྫོགས་ཀྱི་དབུས་སུ་གནས་པའི་གཙོ་མོའམ་མེ་ཏོག་ཕོག་པའི་ལྷ་ལ་གདབ་པའམ། །རྡོ་རྗེ་ཕུར་བུའི་རབ་ཏུ་སྦྱོར་བས་གདབ་སྟེ། །རང་རང་གི་རིགས་དང་མཐུན་པ་རྣམས་ཀྱི་ཁྲོ་བོར་སྨད་ཕུར་བུའི་ལུས་ཅན་དང་བཅས། །རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔ་གང་རུང་གི་སྔགས་ཀྱི་ལྷ་ལ་གདབ། །འདི་ཡིས་རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །དེ་ལྟར་རྡོ་རྗེ་ཕུར་བུས་བཏབ་པ་ན། །ཕུང་པོར་འཛིན་པ་རབ་ཏུ་འཇིག་པ་དང་། །རྡོ་རྗེ་གནས་ཐུན་མོང་དངོས་གྲུབ་ཆེན་པོ་དག་ཀྱང་འཐོབ་པར་འགྱུར། །
འདིའི་དཔེ་དོན་ནི། ཐབས་ཤེས་མཉམ་པར་སྦྱོར་བས་ཐབས་དབུ་མའི་རྩ་ཁམས་རླུང་དུ་རྩ་ཁམས་རླུང་གཞན་རྣམས་ཐེབ་པས་ཕུང་པོ་རགས་པ་འོད་གསལ་དུ་ཐིམ་ཞིང་དཔེ་དང་དོན་གྱི་འོད་གསལ་མངོན་དུ་འགྱུར་བ་ཡིན་ནོ་ཞེས་པ་སྟེ་འདི་གཉིས་ཀ་སྤྱོད་པའི་སྐབས་སུ་ཡིན་པར་གོ་དགོས་སོ། །ཞེས་གསུངས་སོ། །ལམ་དངོས་ལ་རྣལ་འབྱོར་བཞི་ལས། དང་པོ་རྣལ་འབྱོར་ཆེན་པོ་གཉིས་ཀྱི་མིང་ནི་དེ་ལ་འདི་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་གོ། དངོས་རྒྱས་བཤད་ལ་རྣལ་འབྱོར་ཆེན་པོ་དངོས་དང་འབྲས་བུའོ། །དངོས་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ལ་དངོས་དང་བརྟུལ་ཞུགས་དང་བསམ་གཏན་གྱི་ལས་ཚོགས་སོ། །དང་པོ་ནི་ཟླ་བ་སྣང་བ་ཡང་ན་སྲོག་དང་རྐྱང་མ་དང་ཕྱིར་འགྲོ་བའི་རླུང་ནི་ཟླ་བ་སྟེ། དེས་གཞན་རྣམས་ཤེས་པ་རིགས་འགྲེ་ཉི་མའི་མཆེད་པ་རླུང་གི་དབུས་ཐོབ་པ། །རང་སྔགས་ལྷ་ཡི་ས་བོན་ཏེ་སྙིང་པོའམ་འོད་གསལ་བསྒོམ་པར་བྱ། །ཟུང་འཇུག་དང་སྒྱུ་ལུས་ཀྱི་ལྷ་ཡི་དེ་ཉིད་དམིགས་གྱུར་ན། །དེ་རྣམས་ཀྱི་རྐྱེན་ལས་རྒྱ་དང་མཉམ་པར་སྦྱར་བའི་དགའ་བ་སྐད་ཅིག་ལ་བཅུ་དྲུག་པ་ལ་དེ་འགྲུབ་འགྱུར། །འདི་ནི་སྒྲ་ཇི་བཞིན་མ་ཡིན་པ་རྫོགས་རིམ་སྟེ། དངོས་བསྟན་སྙིང་ཁར་རོ་རྐྱང་། རླུང་ཟླ་ཉིའི་གདན་ལ་ས་བོན་ལས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་བསྒོམ་ན་བཅུ་དྲུག་པ་སྟེ་ཟླ་བ་ཕྱེད་བསྒོམས་པས་གྲུབ་པའོ། །བསྐྱེད་རིམ་གོམས་པས་སེམས་ནི་ནམ་མཁའ་ལྟར་སྤྲོས་བྲལ་དུ་གྱུར་པ་ལ། །ནུབ་སྔ་མ་ཟླ་བ་ཕྱི་ཉིན་ཉི་མ་ནུབ་པ་དང་། །དེའི་མཚན་མོ་མུན་པའི་ཡེ་ཤེས་ཐིམ་པ་ཐོ་རེངས་ན། །རྡོ་རྗེའི་ལྷ་ནི་ཞལ་སྟོན་ཅིང་འགྲུབ་པར་འགྱུར། །འདིས་ངེས་དོན་གྱི་ནང་གི་མངོན་བྱང་གསལ་བར་བསྟན་ཏོ། །ཡང་ན་རྡོ་རྗེ་སེམས་དཔའ་སོགས་ལྷའི་བརྟུལ་ཞུགས་ཀྱིས། །སྤྱོད་པ་ལུས་ཀྱི་ཐ་མལ་གྱི་དྲི་མ་རབ་སྦྱངས་ནས། །རིག་འཛིན་གྱི་ལུས་ཡེ་ཤེས་ཆེན་པོ་རང་སྔགས་ལྷའི་རྣམ་པ་འདོད་གཟུགས་གང་རུང་གིས་བསྡུས་པ་སྤྱོད་པ་ཟླ་ཕྱེད་ཟླ་བ་ཕྱེད་གཉིས་ཟླ་དྲུག་སོགས་གང་ལྟར་ཡང་། འདིའི་ངེས་དོན་རྫོགས་རིམ་གྱི་སྤྱོད་པ་སྟེ་ལུས་གནས་གྱུར་པ་དང་། ཡེ་ཤེས་ཀྱི་སྐུ་ཆེན་པོ་འགྲུབ་པ་དང་། ཟླ་བ་བྱང་སེམས་ཆ་བཅུ་དྲུག་པ་བརྟན་པའི་མཆོག་གྲུབ་པ་ཞེས་བརྗོད་དོ། །ཟླ་བ་ཉ་ལ་འགྲུབ་པར་འགྱུར། །དེའི་བསམ་གཏན་གྱི་ལས་ཚོགས་ནི་གསུམ་ལས། དང་པོ་སྲུང་འཁོར་ནི་རང་སྔགས་ས་བོན་འོད་ཟེར་གྱིས། །རྡོ་རྗེ་གུར་ཨུཏྤལ་གྱི་གུར་དང་མེ་དང་། ཕོ་ཉ་མོ་རྣམས་དང་། ཐོག་སེར་འབེབས་པའི་སྤྲིན་དང་འོག་གཞི་འབྱུང་བ་བཞི་སོགས་བརྟག་པར་བྱ། །འཇིགས་པ་བརྒྱད་ལས་སྲུང་བ་དང་། །ལུས་མེད་བདུད་རྣམས་ཀྱིས་ཀྱང་མི་མཐོང་བར་བསྲུང་ངོ་། །
གཉིས་པ་ནད་གདོན་འདོན་པ་ནི། སྤུའི་ཁུང་བུ་ལས་ནད་རྣམས་སྤྲེའུ་འམ། །ཁྱིའི་གཟུགས་དང་འདྲ་བར་རབ་ཏུ་དབྱུང་སྟེ། །ཡེ་ཤེས་སེམས་དཔའི་དམ་ཚིག་ལས་སྤྲོས་པ་འདིས། །རྡོ་རྗེ་མཚོན་ཆས་མང་པོ་སྤྲོ་བ་བསྣུན་པར་བྱའོ། །གསུམ་པ་གཞན་གྱི་སྡིག་པ་སྦྱང་བ་ནི། སྙིང་ཁ་དབུས་ཀྱི་ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། །ཡེ་ཤེས་ཀྱི་མེ་དཔུང་དཀར་པོ་བསམ། །སེམས་ཅན་གྱི་ཁམས་ནི་མ་ལུས་པའི། །སྙིང་ཁའི་མི་ཤིགས་ཐིག་ལེའི་གནས་ལས་མེ་ནི་འབར་བར་བསྒོམ་ཞིང་སྒྲུབ་པ་ནི། །མཚམས་མེད་ལྔ་དག་པར་བྱེད་པ་ཡང་། །གཙང་མའི་ཆོས་བྱེད་པའི་རིག་པ་འཛིན་པའི་གནས་སུ་འགྲོ་བར་འགྱུར་ཏེ་འགྲེལ་ཆེན་ལས་སྡིག་པ་བྱང་བས་གཙང་མ་ཞེས་དང་། །ཉི་མ་བསམ་གཏན་བཞི་པའི་གནས་གཙང་དུ་འཆད་དོ། །སྡིག་པ་འཇོམས་བྱེད་ཀྱི་རྡོ་རྗེའི་ཡེ་ཤེས་ཏེ་དམིགས་པ་འདིས། །སྐད་ཅིག་གིས་ནི་བསོད་ནམས་ཀྱི་འབྲས་བུ་ཚེ་དང་ལོངས་སྤྱོད་སོགས་ཀྱི་དཔལ་དང་ལྡན་འགྱུར་རོ། །གཉིས་པ་རྫོགས་རིམ་རྣལ་འབྱོར་ཆེན་པོ་ལ་དངོས་དང་དོགས་གཅོད་གཉིས། དང་པོ་ལ་ལུས་ངག་ཡིད་མི་ཤིགས་པ་གསུམ་ལས། དང་པོ་ལུས་མི་ཤིགས་པ་ནི། ལྟེ་བའི་དབུས་སུ་རེ་ཁ་གཏུམ་མོའི་མེ་བསམ། །དེ་ཡང་བརྗོད་པ་ཀུན་གྱི་གཞི་མི་ཤིགས་པའི་ཨ་ནི་མཆོག་ཏུ་ཕྲ་བ་སྟེ་རྟོགས་དཀའ་བ་སྟེ། །མི་འགྱུར་བའི་ངོ་བོ་གང་ལ་མཉམ་པར་བཞག་ན་ཉམས་དགའ་ལྷན་སྐྱེས་བདེ་བ་སྐྱེ་བའི་གནས་ཏེ། །འདི་གོམས་པས་མི་ཤིགས་པའི་ཚངས་པ་སྐུ་རྡོ་རྗེ་འགྲུབ་པར་འགྱུར་ཏེ་ལྟེ་བའི་རྩ་སོགས་དག་པ་ལས་སོ། །
གཉིས་པ་ངག་མི་ཤིགས་པའི་རྣལ་འབྱོར་ནི་རང་སྔགས་ཧཱུྃ་དང་ཡི་གེ་ཨོཾ། །རྡོ་རྗེ་ཨཱཿཡིག་རླུང་འགྲོ་འོང་གནས་གསུམ་ལ་སྦྱར་ཞིང་བསམ་པར་བྱ་སྟེ། །རླུང་གི་རང་གདངས་འབྲུ་གསུམ་དུ་གནས་པ་དེ་ཁོ་ན་ཉིད་རབ་ཏུ་གྲུབ་ནས། །མགྲིན་པ་ངག་གི་གནས་དག་པས་ལས་རླུང་མི་རྒྱུ་ཞིང་མི་འགྲོ་བ་ལྷ་ཆེན་དྲག་པོའི་རྣམ་པར་དག་པ་རྡོ་རྗེའི་ངག་ཏུ་འགྱུར་རོ། །གསུམ་པ་སེམས་མི་ཤིགས་པའི་རྣལ་འབྱོར་ནི། འབྱུང་བ་ལྔའི་འོད་ཟེར་རླུང་རྣམ་པ་ལྔ་འདུས་པ་སྙིང་ཁར་པདྨའི་ལྟེ་བར་གནས་པ་དེ། །དང་པོ་ཤེས་རབ་མ་ཡི་པདྨས་ཐབས་ཀྱི་རྡོ་རྗེ་རབ་ཏུ་དབྱེ་བ་ལས། །རྩ་རྣམས་རིམ་གྱིས་གྲོལ་ནས་སྙིང་ཁར་སླེབས་པ་ན་སྙིང་གའི་ཐིག་ལེ་རྡོ་རྗེར་མི་འགྱུར་བར་བྱེད་པ་སྟེ། །སྙིང་ག་དག་པས་ཡེ་ཤེས་ཀྱི་རང་བཞིན་དོན་དམ་པའི་ཁྱབ་འཇུག་ཐུགས་རྡོ་རྗེ། །རྡོ་རྗེ་གསུམ་གྱི་རྒྱལ་པོར་འགྱུར་རོ། །རང་སྔགས་ས་བོན་འོད་ཟེར་གྱི་ནས་འདིའི་བར་གྱི་མན་ངག་ནི་གཞན་དུ་ཤེས་སོ། །གཉིས་པ་དོགས་གཅོད་ལ་ཞུས་པ་དང་ལན་གཉིས། དང་པོ་ནི། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་དཔའ་བོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མ་འདི་རྣམས་ཅི་ཞིག་ལགས་ཞེས་གླེང་བ་བསྩལ་ནས། ལྟེ་བ་ལས་ནི་རླུང་ཁམས་རྣམས་འབྱུང་ཞིང་སྐྱེ་བ་ཡིན་པ་ལ། །དེ་དག་པས་ཅིའི་ཕྱིར་ལུས་ཀྱི་ཆོས་ཚངས་པ་སུ་འགྱུར་ཞེས་དོགས་པ་དང་པོའོ། །བདུད་ཀྱི་དབང་ལས་འདས་པའི་ས་བསྟན་ཅིང་བསྒོམས་པས་འདའ་བར་འགྱུར་བའི་ལམ་བསྒོམས་པས། །འབྲས་བུ་ཇི་ལྟར་ན་བདུད་ལས་མ་འདས་པས་ཚངས་པ་ལ་སོགས་འགྱུར་ཞེས་དོགས་པ་གཉིས་པའོ། །རྡོ་རྗེས་པདྨ་འབྱེད་པ་ཡིན་པ་ལ། དེ་ལས་ཟློག་སྟེ། པདྨས་རྡོ་རྗེ་འབྱེད་པར་བྱེད་པ་ཅི་དོགས་པ་གསུམ་པའོ། །འདི་དག་ཅིའི་ཕྱིར་ན་འགལ་མི་འགྱུར་ལགས་ཞེས་པ་དང་། །དམ་ཚིག་ནི་མི་འདའ་བ་སྟེ་རྒྱུ་འབྲས་རྟེན་འབྲེལ་ལོ། །དེ་ཁོ་ན་ཉིད་ནི་དོན་དམ་སྟོང་ཉིད་དེ་མཁྱེན་པས་གཙོ་བོས་གསུངས་ཤིང་ཞེས་པའོ། །དང་པོའི་ལན་དངོས་ནི་ཉོན་ཅིག་རྡོ་རྗེ་སྙིང་པོ་མ་འཁྲུལ་བ་བསྟན་གྱི་ཇི་བཞིན་ཉོན་ཅིག །།ལུས་ནི་གཞན་ཕྱི་རོལ་དུ་སྣང་བ་ལྟར་འདི་དག་ཡོད་པ་མ་ཡིན་ཏེ། །སེམས་ཀྱི་སྣང་བའི་རང་བཞིན་རྣམ་རྟོག་རྣམ་པར་གཡོ་བ། །ངའི་མཐུ་ཙམ་མོ་སྟེ་སྐྱེ་བ་སྔ་མའི་རྣམ་རྟོག་གི་བག་ཆགས་སྨིན་པ་ལས་སྣང་བ་ཙམ་མོ། །སེམས་གཡོ་བའང་རླུང་དང་འགྲོ་ལྡོག་གཅིག་ལ། གཡོ་བ་དེ་ཡང་ལྟེ་བར་རླུང་སེམས་ཚོགས་པ་ལས་བྱུང་བས་ནའོ། །རྣམ་རྟོག་གི་བག་ཆགས་དེ་ལས་འཁྲུལ་པའི་སྣང་བའི་ལུས་པོ་འདི་བྱུང་། །དང་པོ་དེའི་ཕྱིར་ལྟེ་བ་སྐུའི་རིགས་ཞེས་བཤད་པ་དེ། །ཚངས་པ་དང་ལུས་དང་སྐུ་རྡོ་རྗེ་སོགས་ལུས་ཀྱི་ཆོས་དེ་དག་ལྟེ་བ་དེ་ལས་བྱུང་བ་ཡིན་ཞེས་བཤད་དེ། །ལྟེ་བ་དག་བྱེད་བྲམ་ཟེ་མོ་སྟེ་སྐུའི་ཕྱག་རྒྱ་ལ་འདོད་པ་བདེ་ཆེན་སྤྱོད་པའམ། །དེ་དག་ནས་རྡོ་རྗེའི་སྐུ་རུ་འགྱུར་བའོ། །དེའི་འཕྲོས་དོན་ནི། དེ་བཞིན་དུ་ལུས་རླུང་གིས་རྣམ་རྟོག་བསྐྱེད་ཅིང་སྨྲ་བར་བྱེད་པའི་ཕྱིར། །རླུང་དེའི་རང་བཞིན་གསུང་རྡོ་རྗེ་ཡིན་པས་སྨྲ་བ་དེའི་གནས་མགྲིན་པ་ཡང་། རྡོ་རྗེའི་ངག་སྟེ་དེའི་དེ་ཁོ་ན་ཉིད་བརྗོད་པའོ། །དེ་དག་བྱེད་ཐབས་གླུ་དབྱངས་མཁན་གྱི་བུ་མོའི་དམ་ཚིག་བསྟེན་པ་གིས། །ངག་དག་པ་རྡོ་རྗེ་གསུང་དུ་འགྱུར་བ་ཡིན་ནོ། །འཁྲུལ་པས་བག་ཆགས་ཀྱི་གཟུང་འཛིན་གཉིས་སུ་རྟོག་པའི་སེམས། །རྣམ་ཤེས་འཁོར་བཅས་འདི་རྣམས་མི་ཤིགས་པའི་ཐིག་ལེ་འདི་ཡོད་པའི་རྒྱུ་ལས་བྱུང་བའི་ཕྱིར། །ཐིག་ལེ་འདི་གནས་སྙིང་ཁ་དང་བཅས་པ་ལ་སེམས་དང་ཐུགས་ཞེས་བྱ་བ་སྙིང་གའི་འཁོར་ལོ་དང་མི་ཤིགས་པ་དག་པའི་ཕྱིར་མིག་མཛེས་པ་ཅན་གྱི་གཡུང་མོའི་དམ་ཚིག་གིས་བསྟེན་པ། །སེམས་རྡོ་རྗེའི་ཐུགས་ཀྱི་གོ་འཕང་སུ་འགྱུར་བའོ། །གཉིས་པའི་ལན་དངོས་ནི་ང་ནི་སྟེ་སངས་རྒྱས་རང་སྣང་གི་སྐུ་གསུང་ཐུགས་ཀྱི་རང་བཞིན་འགྲོ་བས་མི་ཤེས་ཏེ། །དོན་དམ་སྐུ་གསུང་ཐུགས་ཀྱི་དྲི་མའི་འགྲོས་སམ་གང་དུ་སྟོན་པའི་འགྲོས་ལས། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་རྣམས། །རྫུ་འཕྲུལ་དང་ལྡན་པའི་ལྷའོ་ཞེས་འཇིག་རྟེན་པ་རྣམས་རྟོག་ཏེ། །ལྷའི་འགྲོ་བ་དེ་ལྟར་སྣང་བ་བཞིན་ཡོད་པ་མ་ཡིན་ཏེ། དེ་དག་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྣམ་འགྱུར་ཙམ་སྟེ། །དེ་དག་ཐམས་ཅད་ང་ཡི་རྣམ་པར་འཕྲུལ་བའོ། །དེ་ཡང་སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར་ཏེ་བསྟན་པ་དང་། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེན་པོར་སྟོན་པ་དང་། །འཇུག་སེལ་ནི་ཐུགས་ཀྱི་རྡོ་རྗེའོ། །ངའི་ཆོ་འཕྲུལ་འདི་ན་དོན་དམ་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ཐམས་ཅད་པ་ནི། །སེམས་ཅན་རེ་རེ་ཞིང་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གྱི་ཁམས་ལ་དབྱེར་མེད་པར་གནས་པ་དེ། །སེམས་ཅན་དེ་དག་རྣམས་ཀྱི་ལུས་དང་ངག་དང་ཡིད་གསུམ། །མཉམ་པ་ཉིད་དུ་གྱུར་པ་སྟེ་གནས་པ་ནི། རིམ་པས་ཚངས་པ་ལ་སོགས་པར་དབང་ཕྱུག་དང་ཁྱབ་འཇུག་ཏུ་སྣང་ངོ་། །དེ་ཡང་ཐམས་ཅད་ཀྱི་ལུས་ཀྱི་རོ་མཉམ་པའི་ཆོས་ཉིད་ནི་དོན་དམ་པའི་སྐུ། རྒྱལ་བའི་སྐུ་དང་དབྱེ་བ་མེད་ལ། དེ་དྲི་མ་དང་བཅས་ཀྱི་རིགས་ལ་ཚངས་པའི་སྣང་བ་འབྱུང་། དྲི་མ་དག་པ་ན་སྐུ་རྡོ་རྗེ་མངོན་དུ་འགྱུར་བའོ། །དེས་གཞན་ལའང་རིགས་འགྲེའོ། །དེའི་འཕྲོས་དོན་ནི་ལུས་ནི་གནས་དང་བཅས་པ་རགས་པ་སྤྲུལ་པའི་འཁོར་ལོར་རླུང་སེམས་འདུས་པའི་སྣང་ཆ་ཡིན་པས་དེར་གནས་ཞེས་བརྗོད་དོ། །མགྲིན་པར་དེ་བཞིན་རྨི་ལམ་གྱི་ལུས་དང་སྣང་བ་གཉིད་སྟུག་ནི་སྙིང་ཁར་མོ། །དེས་གཉིད་ཀྱི་རྣལ་འབྱོར་ནི་སྙིང་ཁར་བསྒོམ་ཞིང་དགོད་པར་བྱའོ། །བདེ་བ་འཁྲུལ་བཅས་ཀྱི་སེམས་དང་འཁྲིག་པའི་སྣང་བ་ནི་སྤྱི་བོར་མངོན་པར་བརྗོད་དོ། །དེ་དག་རྡོ་རྗེ་བཞིའི་རང་བཞིན་ནོ། །གཞན་ཡང་རྩ་དང་ལྕུག་མ་འཁྲི་ཤིང་དང་ལྗོན་པ་དང་སྟེ་སྣོད་དུ་རུང་བ་རྣམས། །དེ་རི་བོང་སྟག་སོགས་བཅུད་དུ་སྣང་བ་དང་། ཆུ་བོ་སོགས་འབྱུང་བ་རྣམས་དང་། །ཉིན་མཚན་ལ་སོགས་དུས་ཏེ་དངོས་པོ་ཀུན་ཏུ། །སྣང་བ་འདི་དོན་དམ་པའི་སངས་རྒྱས་དེ་ཉིད་ཀྱི་དྲི་མའི་རྣམ་འགྱུར་གར་མཁན་ལྟར་རྣམ་འགྱུར་སྣ་ཚོགས་པའི་ཟློས་གར་མཛད་པའོ། །ཚིགས་བཅད་གཉིས་པོ་འདི་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ལ་སྦྱར་ཡང་བཏུབ་མོད། སྔ་མའི་འཕྲོས་ནི་འདི་ཁོ་ན་འགྲིགས་ཏེ། རྣམ་འགྱུར་འདི་དག་ནི་དཔེར་ན་ས་འོག་ན་གསེར་སོགས་རིན་པོ་ཆེའི་གཏེར་ཡོད་པའི་ཁ་བུན་དུ་ས་སྟེང་ན་མཚལ་སྤང་མ་མཐིང་ག་ཞ་ཉེ་སོགས་འབྱུང་བ་ལྟ་བུའོ། །
རྡོ་རྗེ་བཞིའི་དོགས་སྤང་ནི་གཉིད་ལ་རྡོ་རྗེས་འོད་གསལ་གྱི་རྣམ་པར་སྒོམ་པ་ནི། །ཚངས་པ་སྐུའི་དམ་ཚིག་སྟེ་གཏི་མུག་འཐུག་པོ་བརྒྱལ་དང་གཉིད་འཐུག་འོད་གསལ་དུ་གྱུར་ནས་སྤོང་། །ཐབས་གཞན་གྱིས་གཉིད་དངོས་དག་ཀྱང་སྤོང་བར་དཀའ་ན་བག་ཆགས་ལྟ་ཅི་སྨོས། །བུད་མེད་སྦྱོར་བ་དང་བྲལ་བ་ལ་སྡོམ་བརྩོན་མེད་དེ་ཐིག་ལེ་བསྟན་པར་མི་ནུས་སོ། །དང་པོ་འདོད་ཆགས་སྐྱོན་དུ་མི་ལྟ་བས་འདོད་ལྡན་ཏེ། དེས་ཐིག་ལེ་བཅིངས་པས་ཚངས་སྤྱོད་ཆེན་པོ་ནི་གྲུབ་པ་ན། །གསུང་རྡོ་རྗེ་ཞི་བའི་དོན་དམ་གྱི་དམ་ཚིག་གྲུབ་ཅིང་། འདོད་ཆགས་རང་བཞིན་དག་ནས་སྤོང་བར་བྱེད་དོ། །ཞེ་སྡང་གི་གསལ་ཆ་དེ་རྡོ་རྗེའི་སྐུ་ལྷ་སྐུར་རྣམ་སྒོམ་ན། །ཞེ་སྡང་གི་རྨོངས་པ་སེལ་བར་བྱེད་དེ། ཁྱབ་འཇུག་གི་དམ་ཚིག་གོ །ཐབས་འདི་མེད་ན་གཞན་དུ་བྱམས་པས་ཞེ་སྡང་སྤོང་བར་དཀའ། །དེ་ལྟར་ཐབས་རྣམ་པ་འདི་གསུམ་པོ་གསང་བ་ཆེན་པོ་ཡིན་ཏེ་ཐེག་པ་གཞན་ལྟ་ཞོག །གཞན་ཡང་ལྷ་ཡི་ནང་གི་བདེ་བ་མ་ཉམས་པར་བྱེད་པའི་སེར་སྣར་བཅས་པ་དང་། །བརྩོན་འགྲུས་ཆེན་པོས་གཞན་གྱི་སྔོན་ལ་སངས་རྒྱས་མྱུར་དུ་འདོད་པའི་ཕྲག་དོག་གི་སྔགས་པས་སྒྲུབ་པའི་དམ་ཚིག་སྟེ། །རང་ཉིད་སངས་རྒྱས་མ་ཐོབ་ཀྱང་ལྷར་བསྒྱུར་ཏེ། ཐོབ་པ་ལྟར་སྟོན་པ་དང་། སྲུང་བའི་ཐབས་ཀྱིས་རང་གི་སྤྱོད་པ་སྦེད་པ་སོགས་དང་བདུད་ཀྱིས་བྱིན་གྱིས་བརླབས་པའི་མི་དང་མི་མིན་གནས་སྐབས་སུ་བསླུ་བ་སོགས་གཡོ་སྒྱུས་ཚུལ་གྱིས་བདུད་རྣམས་འདུལ་བར་བྱེད་པ་དང་། །ཡང་སྒྲུབ་པོ་དང་སྒྲུབ་པ་རྣམས་ཀྱིས་དམ་ཚིག་ལས་ཤིན་ཏུ་འདའ་བར་མི་རུང་བས་དཀའ་བའོ། །
གསུམ་པའི་ལན་དངོས་ནི་པདྨའི་དབུས་ཀྱི་སྙིང་པོ་བདེ་བ་ཅན་གྱི་བརྡ་བསྟན་པ་དེ། །ཇི་སྲིད་མ་རྙེད་པ་དེ་སྲིད་དུ་ཕྱག་རྒྱའི་སྦྱོར་བ་འབྲས་བུ་མེད་པ་ནི་ཆུང་བའི་དོན་ནོ། །བདེ་བ་ཅན་དེ་ཅི་ཞེ་ན་རྡོར་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པའི་རྩ་འདི་ཡིས། །ཐབས་ཀྱི་རྡོ་རྗེའི་ནང་གི་གཉིས་སྤང་དྷཱུ་ཏི་དངོས་སུ་འབྱེད་པར་བྱེད་པས་ན་པདྨས་རྡོ་རྗེ་དབྱེ་བ་ཞེས་བྱའོ། །དེའི་འཕྲོས་དོན་ནི། དེའང་འདི་དག་ཕྱི་ནང་གི་འགྲོས་གཅིག་སྟེ་ཤེས་རབ་སྟོང་ཉིད་རྟོགས་པར་བྱེད་པ་ཐབས་སྦྱིན་སོགས་ཡིན་ཀྱང་། །ཤེས་རབ་ཀྱི་རྒྱས་གདབ་མེད་པ་ལ་ཐབས་མཁས་བྲལ་ཞིང་མེད་པའོ། །དེས་ན་བསོད་ནམས་ཅུང་ཟད་བསགས་ནས་སྟོང་ཉིད་གོ། དེས་ཟིན་ནས་སྦྱིན་སོགས་རྣམ་དག་ལ་འཇུག །ཞུགས་པས་སྟོང་ཉིད་རྟོགས་ཏེ། ཐབས་ཤེས་ཀྱི་འགྲོས་འདི་དང་མཐུན་པའོ། །ཕྱིའི་རྡོ་རྗེས་ཕྱིའི་པདྨ་རྒྱས་པར་བྱེད་ཀྱི། །ནང་གི་པདྨས་ནང་གི་རྡོ་རྗེ་འབྱེད་པར་བྱེད། །དེ་ཕྱེ་བ་ན་ཐབས་དང་ཤེས་རབ་ཀྱི་རྩ་ཐམས་ཅད་རིམ་གྱིས་འབྱེད་དོ། །སྤྲུལ་པའི་འཁོར་ལོ་དང་བདེ་ཆེན་འཁོར་ལོས་པདྨ་དང་འདྲ་བས་ཀྱང་། །ཆོས་ཀྱི་འཁོར་ལོ་དང་ལོངས་སྤྱོད་འཁོར་ལོ་རྡོ་རྗེ་དང་འདྲ་བ་རྣམ་པར་འབྱེད་པ་ཡང་ནང་གི་ཚུལ་ཏེ་རགས་པར་ན་སྙིང་ཁའི་ལྟེ་བ་དང་སྤྱི་བོ་མགྲིན་པ་འབྱེད་ཐང་པ་ལའོ། །དེ་ལྟ་བུས་ན་འདི་ནི་གསང་བ་ཆེན་པོ་སྟེ། །རྒྱུ་མཚན་འདི་ལྟ་བུ་རྒྱུད་གཞན་དུ་ནི་འབད་པས་སྦས་ཏེ་མ་བཤད་དོ། །འབྲས་བུ་སྐུ་གསུམ་བཤད་པ་ནི། དེ་ལ་འདི་ནི་སྐུ་གསུམ་རྡོ་རྗེ་གསུམ་དང་སྦྱོར་བའི་གསང་བའོ། །ཟབ་མོ་བསྟན་པ་ཉེར་ལེན་གཞིའི་སྐུ་གསུམ་ནི། སེམས་མེད་བརྒྱལ་བའམ་གཉིད་འཐུག་སོགས་ཀྱི་གནས་སེམས་མི་རྟོག་པ་དང་འཕྲལ་རྒྱུ་འཁྲུལ་རྒྱུ་འཁྲུལ་པ་སྐྱེད་པའི་གནས་ཕྲ་མོའི་སྣང་བ་འཆར་རུང་དང་། །སྔོན་ཐོག་ནས་སེམས་རྣམ་པར་འཁྲུལ་པ་ཡི། །སྣང་བ་བརྟན་པོའི་གནས་ཀུན་རྫོབ་རིག་ཏུ་རུང་བའི་སེམས་ཏེ་འཇིག་རྟེན་སེམས་ཅན་འདི་ལ་སྐུ་གསུམ་པོ་དེ་དག་གནས་ཏེ། །རིམ་པས་ཆོས་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུའོ། །འགྲེལ་པ་ལས་ནི་དེ་དེའི་སེམས་གནས་གྱུར་པ། སྐུ་གསུམ་དུ་འཆད་དེ་འཁོར་བའི་སྐབས་ན་རྒྱུའམ་རིག་ཙམ་ཞེས་སོ། །
སྐབས་དོན་འབྲས་བུའི་སྐུ་གསུམ་ནི། རྒྱུ་རྐྱེན་མེད་པས་རང་བྱུང་གི་ངོ་བོ་བརྗོད་དུ་མེད་པ། །ཆོས་ཀུན་གྱི་རང་བཞིན་གདོད་མ་ནས་ཞི་བ་དེ་དྲི་མ་བྲལ་བས་བརྙེས་པ་ན། །དེའི་དྲི་མ་ཀུན་རྫོབ་རྐྱེན་ནི་རྣམ་པར་བཀྲ་བར་སེམས་ཅན་ལ་འཆར་བའང་མཁྱེན་པའི་ཡེ་ཤེས་ནི། །རྡོ་རྗེ་ཅན་གྱི་ཆོས་སྐུའོ། །ལོངས་སྐུ་ནི་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཡང་འབྱུང་བ་སོགས་རྫས་སུ་མ་གྲུབ་པ། སེམས་དག་པའི་རང་བཞིན་འདི། །ཕྲ་བ་ནི་བརྟན་གཡོ་ཀུན་གྱི་དྭངས་མ་ཡིན་ཞིང་དོན་དམ་པའི་ལུས་ནི་རྡུལ་ཕྲ་རབ་མེད་པ། །གསུང་རྣམ་པ་ཐམས་ཅད་པའི་སྐད་ཀྱང་སྒྲ་བརྙན་ཏེ་བྲག་ཆ་ལྟ་བུར་སྣང་ཡང་རྫས་དང་བྲལ་བ་སྟེ། །ཡེ་ཤེས་དག་པའི་ངོ་བོ་དཀྱིལ་འཁོར་དུ་རང་ལ་སྣང་ཞིང་དལ་ཡིན་བའོ། །
སྤྲུལ་སྐུ་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ། །སྤྲུལ་པ་ཐ་དད་སྣ་ཚོགས་པ་སྣང་ངོར་རིམ་དང་ཅིག་ཅར་དུ་འཇུག་པར་ནུས་པའི་ཡེ་ཤེས་སོ། །དེ་ལྟར་དེ་གཉིས་རིམ་པས་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུ་གཉིས་བསྟན་པ་སྟེ། །འཕྲོས་ལ་དེ་ལྟར་གསུམ་པོ་མིང་ཙམ་ཐ་དད་ཀྱི་ངོ་བོ་གཅིག་ཏུ་གྱུར་པ་ནི་འདྲེན་པ་སངས་རྒྱས་ཀྱི་བདེ་བ་ཆེན་པོའི་སྐུའོ། །འཕྲོས་དོན་ལུས་དལ་དུ་བསྟན་པ་ནི། རྩ་ཡི་དྲ་བ་སྟེ་ཚོགས་ནི་ཡེ་ཤེས་ཀྱི་ལྷ་མོ་སྟེ། །དེ་བཞིན་ཁམས་ཀྱི་དཔའ་བོ་དང་ཉེ་བར་བཅས་པའི། །བུད་མེད་ཀྱི་ལུས་ནི་རྣལ་འབྱོར་མའི་དཀྱིལ་འཁོར། །སྤངས་ནས་རི་མོ་ལུགས་མ་སོགས་གུས་པས་སུ་ཞིག་ལེན་ཏེ་བུད་མེད་སྨོས་པ་རྒྱུད་འདི་རྣལ་འབྱོར་མ་གཙོ་བོར་བསྟན་པ་ཙམ་གྱིས་དབང་ལས་ཏེ། སྤྱིར་སྐྱེ་འགྲོ་ཀུན་ནོ། །མིང་ནི་དེ་ལ་འདི་ནི་རྗེས་སུ་རྣལ་འབྱོར་གྱི་དམ་ཚིག་གོ། དངོས་རྒྱས་བཤད་ལ་རྗེས་ཀྱི་རྣལ་འབྱོར་གྱི་ངོ་བོ་ལ་ཞུས་པ་ནི། གློ་བུར་གཟུང་འཛིན་གྱི་དྲི་མས་སེམས་ནི་མངོན་པར་བསྒོམས་པས། །རྣམ་ཤེས་ལས་དང་ཐུན་མོང་གི་གྲུབ་པ་ཡེ་ཤེས་རྫོགས་རིམ་གྱི་བདེ་སྟོང་དང་མཆོག་གི་གྲུབ་པ་ཇི་བཞིན་དག་ཅིང་འགྲུབ་པར་མི་འགྱུར་བ་ལ། །དེ་དག་ཐེག་པ་མཆོག་གི་དངོས་གྲུབ་བགྲོད་པའི་གནས། །ལ་འཇོག་ཐབས་ཡེ་ཤེས་ཀྱི་དབང་མོ་སྟེ་ཤེས་རབ་ཕ་རོལ་ཕྱིན་པའི་ངོ་བོ་ཞེས་བོས་ནས་ཉན་པར་འཚལ་ལོ་ཞེས་པ་སྟེ། །ལྷ་སྣང་དང་བདེ་བ་གནད་དུ་འགྲོ་ཐབས་གང་ཡིན་ཞེས་པའོ། །ལན་ནི་ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན་ནི་གོང་དང་འདྲ། །དངོས་མེད་གང་ཡང་མིན་པས་བརྟག་མི་དགོས་པ་ཤས་ཆེ་བས་མ་སྨོས་པར་དངོས་པོ་རྣམས་བདེན་ནམ་རྫུན་རྣམ་པར་དཔྱད་ནའང་། །ཐམས་ཅད་རྫུན་པའི་རང་བཞིན་རྡོ་རྗེ་སྟེ་སྟོང་པ་ཡང་དག་མཐོང་སྟེ་བུམ་པས་དག་པ་མཐོང་བ་ལྟ་བུའོ། །འོ་ན་མེད་པ་ཙམ་ཞིག་ལས་གང་ཡང་མི་མཐོང་ངམ་སྙམ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའི་དེ་ཁོ་ན་ཉིད་མཐོང་བའོ། །རྣལ་འབྱོར་འདིའི་བོགས་འདོན་གཟུངས་ཀྱི་སྒོ་ནི། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་རྟོགས་པར་འགྱུར་བའི་ཐབས་གཟུངས་ཀྱི་སྒོའོ། །ཧཱུྃ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རྣམ་མཚུངས་དང་ལྡན་པའི་ཡེ་ཤེས་བསྐྱེད་པའི་གཟུངས་ཀྱི་སྒོའོ། །ཕཊཿཅེས་བྱ་བ་ནི་སྡིག་པ་དང་རྣམ་རྟོག་དང་བགེགས་སོགས་དག་པར་བྱེད་པའི་གཟུངས་ཀྱི་སྒོའོ། །ཏྲཾ་ཞེས་བྱ་བ་ནི་ཉི་མའི་འོད་ལྟར་གསལ་བའི་ཡེ་ཤེས་ཀྱི་གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ནི་སྨྲ་བ་ཐམས་ཅད་གྲག་སྟོང་དུ་ཤེས་པར་བྱེད་ཀྱི་གཟུངས་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་འཆི་བ་གདོད་ནས་མེད་པའི་རྟོགས་པ་གཟུངས་ཀྱི་སྒོའོ། །ཧྲཱིཿཞེས་བྱ་བ་ནི་རྗེས་སུ་ཆགས་པའི་བདེ་བ་ལྷན་སྐྱེས་སུ་སྒྲུབ་པའི་གཟུངས་ཀྱི་སྒོའོ། །ཨོཾ་ཞེས་བྱ་བ་ནི་ཐ་མལ་གྱི་ལུས་འཇིག་པར་བྱེད་པའི་འདོད་གསོལ་གྱི་གཟུངས་ཀྱི་སྒོའོ། །ཁཾ་ཞེས་བྱ་བ་ནི་ཁམས་ཐམས་ཅད་ནམ་མཁའ་ལྟ་བུའི་སྒྱུར་བ་གཟུངས་ཀྱི་སྒོའོ། །ཨཾ་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་གཟུངས་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་མཐའ་གཉིས་ལ་རབ་ཏུ་མི་གནས་པའི་གཟུངས་ཀྱི་སྒོའོ། །ཨཿཞེས་བྱ་བ་ནི་གཟུང་འཛིན་གཉིས་སུ་སྣང་བ་མེད་པར་བྱེད་པའི་གཟུངས་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་རང་བཞིན་སྟོང་ཉིད་ཀྱི་རྡོ་རྗེ་རླུང་སྟེ་རླུང་གི་སྣང་བ་སྟོང་པར་ཐིམ་བྱེད་གཟུངས་ཀྱི་སྒོའོ། །དེས་རིགས་འགྲེ་སྟེ་ར་ཞེས་བྱ་བ་ནི་རྡོ་རྗེ་མེ་སྟེ་གཟུངས་ཀྱི་སྒོའོ། །ཝ་ཞེས་བྱ་བ་ནི་རྡོ་རྗེ་ཆུ་སྟེ་གཟུངས་ཀྱི་སྒོའོ། །ལ་ཞེས་བྱ་བ་ནི་རྡོ་རྗེའི་ས་སྟེ་གཟུངས་ཀྱི་སྒོའོ་སྟེ། །འདི་དག་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུངས་བསྒྲུབས་ཏེ། དེ་དག་ལ་དམིགས་ནས་སྟོང་ཉིད་སྒོམ་པའི་སྔགས་སོ། །ཏཾ་ཞེས་བྱ་བ་ནི་རྡོ་རྗེ་གོང་བཞིན་སེམས་ཏེ་སྣང་བ་ཐམས་ཅད་སེམས་སུ་འཆར་བ་བྱེད་པ་གཟུངས་ཀྱི་སྒོའོ། །ཨིཾ་ཞེས་བྱ་བ་ནི་རྡོ་རྗེ་འོད་གསལ་དུ་དབང་པོ་རྣམས་རྣམ་ཤེས་དང་བཅས་པ་ཐིམ་པར་བྱེད་པ་ཏེ་གཟུངས་ཀྱི་སྒོའོ། །བི་ཞེས་བྱ་བ་ནི་ནམ་མཁའི་ཁམས་སུ་ཆོས་འབྱུང་བདེ་བ་ཆེན་པོར་བྱེད་པ་སྟེ་གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཇི་སྙེད་པ་ཤེས་པར་བྱེད་པའི་གཟུངས་ཀྱི་སྒོའོ། །གཟུངས་འདི་དག་དངོས་སུ་འཕགས་ལམ་ན་ཡོད་ལ། རྗེས་མཐུན་ད་ལྟ་སྒོམ་ཚུལ་གྱི་མན་ངག་ཅི་རིགས་པ་ཞལ་ལས་ཤེས་སོ། །འདི་དག་དམིགས་རྣམ་གང་ལ་དམིགས་ཤིང་ཇི་ལྟར་འཆར་ཡང་། ངོ་བོ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡོན་ཏན་དུ་མ་མི་ཉམས་འཛིན་པར་བྱེད་པའི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དེ་དག་སྔགས་འབྲུ་དང་ཏིང་འཛིན་ལྷན་ཅིག་པས་སྒྲུབ་པ་ཡིན་ཏེ་གསང་བའི་ཏི་ལ་ལས་དང་། དེ་ལ་གཟུངས་ཀྱི་སྒོ་གང་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ཉིད། །གཟུངས་མ་ལྷ་མོ་ཞེས་སུ་བརྗོད། །རྒྱུ་དང་འབྲས་བུ་རྣམ་པར་འཕྲུལ། །སྣ་ཚོགས་ཡོན་ཏན་དུ་མ་འཛིན། །ཞེས་སོ། །
རྗེས་སུ་རྣལ་འབྱོར་གྱི་སྒྲ་བཤད་ནི། རྣམ་ཤེས་སྐྱེ་བ་དང་ཡེ་ཤེས་རྫོགས་པ་ནི་རྣལ་འབྱོར་ཏེ། །རྣལ་འབྱོར་དེ་དག་རྡོ་རྗེ་སྟོང་ཉིད་རབ་ཏུ་སྦྱོར་བས། །རྣལ་འབྱོར་ལ་ནི་རྣལ་འབྱོར་གཞན་ཞིག་བསྒོམས་པས། །རྗེས་ཀྱི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་འདིའི་མིང་བསྟན་པ་ནི། དེ་ལ་འདི་ནི་ཤིན་ཏུ་རྣལ་འབྱོར་གྱི་དམ་ཚིག་གོ །དང་པོ་རྒྱས་བཤད་ལ་ཞུས་ལན་གཉིས་ལས། ཞུས་པ་ནི་རྣམ་གཡེང་སྤྲེའུ་དང་སྐུ་གཅིག་ལ་གཡོ་བ་གློག་ལྟར་བརྟན་པོ་མི་གནས་པ། །རབ་ཏུ་འབད་པས་བཟུང་ཡང་གཟུང་བར་དཀའ་བའི་སེམས། །འདོད་པའི་བདེ་བ་ཆེན་པོ་རྡོ་རྗེ་གཡོ་བ་མེད་པ་ཉིད་དུ་རྣམ་པར་དཔྱད་པ་ནི། །ཡེ་ཤེས་དབང་མོ་ཞེས་བོས་ནས་བདག་ཅག་ཉན་པར་འཚལ་ལོ། །ལན་ལ་དྲུག་ལས། དང་པོ་ཆགས་ཆེན་གྱི་ལམ་དགོས་པའི་རྒྱུ་མཚན་ནི། ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན་གོང་དང་འདྲ། །གསེར་ཁམས་གསེར་རྡོ་ལ་རྣམ་པར་གནས་པ། །ཡིན་ཀྱང་མི་མཐོང་ཞིང་གསེར་བཟོ་བྱེད་པ་ལ་གསེར་མངོན་པར་ཞི་ཞིང་ལས་སུ་རུང་བ་ཡོད་པ་མ་ཡིན་ལ། །སྲེག་པ་དང་བཅད་ཅིང་དབྱེ་བའི་ཐབས་ཀྱིས་བཞུ་བ་ནི། །ཉི་མ་བཞིན་དུ་གསེར་འོད་རྣམ་པར་གསལ་བར་འགྱུར་ལ། །ཡང་ལྕགས་བཞིན་དུ་མེས་སྲེག་པ་ལ་རྣམ་པར་བཟོད་ན། །ཉི་འོད་སོགས་གཞན་དག་ཅིའི་ཕྱིར་མི་བཟོད་པར་བྱེད་དེ་བཟོད་དོ་ཞེས་དེས་བསྟན་ཏེ། །གསེར་ཁམས་ལྟར་ལུས་ལ་བདེ་ཆེན་གནས་ཀྱང་ཐབས་ཀྱིས་མ་བསྒྲུབས་ན། མི་མངོན་ཞིང་བྱ་བ་མི་བྱེད་ལ། ལྕགས་ཁམས་ལྟར་གཉིས་སྦྱོར་གྱི་ཉོན་མོངས་དྲག་པོ་ཡེ་ཤེས་སུ་སྒྱུར་ནུས་ན། ཉོན་མོངས་སྟོབས་ཆུང་དུ་སྒྱུར་ནུས་པ་སྨོས་ཅི་དགོས་པའི་དོན་ནོ། །གཉིས་པ་དེའི་འཕྲོས་ནི། དེ་ཕྱིར་ཡེ་ཤེས་རྣམ་ཤེས་དག་གི་སྐབས་ཐམས་ཅད་དུ། །བཟང་ངན་སྤང་གཉེན་སོགས་ཆ་གཉིས་སུ་རྣམ་པར་རྟོག་པར་མི་བྱ་སྟེ། །ཆ་གཉིས་སུ་དབྱེ་ན་གཅིག་ལ་སྤངས་སེམས་ཀྱི་ཞེ་སྡང་དང་གཅིག་ལ་བཟང་པོར་ཞེན་པ་སྐྱེ་བས་དེ་ལས་ནི་སྡིག་པ་འབྱུང་གནས་ལུགས་ལ་སྒྲིབ། །སྡིག་པས་བསོད་ནམས་དགེ་བ་ཟད་པར་འགྱུར་རོ། །ཡང་སྐབས་འདིར་སྡུག་བསྔལ་ནི་རང་གཞན་ལ་གནོད་པས་སྡིག་པ་ཞེས་བརྗོད་དེ། །བླ་མེད་དེ་ནང་གི་བདེ་བ་ནི་བསོད་ནམས་ཀྱི་འབྲས་བུའམ་ཕུང་སོགས་སངས་རྒྱས་ལ་དགེ་བ་བྱེད་པས་སོ། །ཚོར་བ་བདེ་བ་དང་སྡུག་བསྔལ་ལྷན་སྐྱེས་སུ་ཐིམ་པར་བྱས་ནས་རོ་མཉམ་དུ་གྱུར་པ་ན། །བསོད་ནམས་དང་སྡིག་པའི་དབྱེ་བ་མེད་རྣམ་པར་ཐར་པར་འགྱུར་རོ། །དཀའ་སྤྱོད་སོགས་སྡུག་བསྔལ་གྱིས་ནི་བཟང་ངན་བཅིངས་གྲོལ་སྤང་གཉེན་སོགས་སུ་སེམས་གཡེང་པར་བྱེད་དེ། །དགེ་བ་དང་སྡིག་པ་ལ་སོགས་པ་གཉིས་ཆོས་ཐམས་ཅད་རྣམ་པར་འབྱེད་ཅིང་འཕྲུལ་བའོ། །བུ་མོའི་ཁ་སྦྱོར་ལོངས་སྤྱོད་ཞུ་བདེ་བ་དམ་པ་ཡིས་རྣམ་རྟོག་འགགས། །དེ་ལས་རྣམ་པར་མི་རྟོག་པ་དང་བདེ་བ་གཉིས་མེད་འགྲུབ་བོ། །
གསུམ་པ་ཤིན་ཏུ་རྣལ་འབྱོར་དངོས་ལ་དོན་ལྔ་ལས། དང་པོ་གནས་ནི་རི་བོ་ཉམས་ནི་དགའ་བ་དང་། །ནགས་ཚལ་དབེན་པའི་ས་ཕྱོགས་སུའོ། །གཉིས་པ་གྲོགས་ནི་མིག་ཡངས་ཤིང་བཟང་སྤྱིར་བློ་ཟབ་པ་དང་། ཁྱད་པར་ཟབ་མོའི་ཆོས་ལ་བརྟན་པའི་བློ་དང་ལྡན་མ་བཟུང་ངོ་། །གསུམ་པ་ཆོ་ག་ནི། རིག་མ་དང་དང་པོར་འདུས་པ་སྟེ། ལྷན་ཅིག་ཏུ་ལུས་སྤྱི་དང་། ཁྱད་པར་གདོང་དང་བྷ་ག་ལ་བལྟ་བ་དང་། འཁྲིག་ཚིག་སྨྲ་བ་དང་། དྲི་སྣོམ་པ་དང་། ལྕེ་མཆུ་སོགས་འཇིབ་པ་དང་། འགོམ་༼སྙོམས་༽པ་དང་། འཁྱུད་པ། ལག་བཅངས། ཁུར་བརྡུད་༼བཤུད༽། ཞོན་པ་དང་། ལྡེམ་པ་སོགས་ཀྱིས་འདོད་ཡོན་ལ་བསླབ་པར་བྱས་ནས་ནི། །རྡོ་རྗེ་གསུམ་བྱིན་རླབས་སོགས་ཡན་ལག་བཞིའི་ཆོ་ག་བདག་དང་རིག་མ་གཉིས་ཀ་ལ་རབ་ཏུ་བསྒྲུབ་སྟེ་ཆོ་ག་དེས་བསྐྱེད་པའི་ལྷ་ནི། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །སྤྱན་མ་སྒྲོལ་མ་སོགས་སུ་བསྐྱེད། མཁའ་གསང་བྱིན་རླབས་དང་། སྟོང་པར་ཤེས་པ་སོགས་དམ་ཚིག་ཆེན་པོར་བྱིན་གྱིས་བརླབ་བོ། །བཞི་པ་བྱེད་པའི་དབྱེ་བ་ནི། ཁྱོགས་དང་སྐྱེས་པ་འོག་དང་བུད་མེད་སྟེང་དུ་གནས་པས་སྟོད་སྨད་ལྡེམ་ཞིང་སྐྱེས་པས་སྟོད་སྨད་གཉིས་རེ་མོས་སུ་ལྡེག་པ་ཤུགས་ཆེན་པོས་བསྐྱོད་པས་དོ་མི་འདྲ་དེ་ཉིད་གོ་ཟློག་ཀྱང་རུང་སྟེ། བརླའི་སྦྱོར་བ་སྟེ་སྐྱེས་པ་མི་འགུལ་བར་བུ་མོས་ཡར་ལྡེགས་དྲག་ཏུ་བྱ་བ་གཉིས་ཀྱི་ཤུགས་རེ་མོས་ལྡེག་པའོ་ཞེས་བྱ་བ་དང་། །དེ་བཞིན་ཤིན་ཏུ་རྐྱང་བ་དང་ནི་གཉིས་ཏེ། ཐབས་ཤེས་སྟེང་འོག་གི་རིམ་པས་འདུག་སྟེ་རང་གི་ལག་པ་དྲང་པོར་བཙུགས། ཤེས་རབ་བདོམས་པ་སྟེ་རྐང་པ་ཅུང་ཟད་རྐྱང་བའི་བར་ནས་རང་གི་རྐང་པའང་བརྐྱང་སྟེ་སྤྱོད་པའོ། །ཡང་ན་ལོགས་ནས་སྦྱོར་ཞིང་ལག་པ་གཉིས་འཁྱུད་པའོ། །ཁབ་ཀྱི་སྦྱོར་བ་ནི་ཕལ་པའི་སྦྱོར་བ་དང་འདྲ་བ་ལས། ཐབས་ཀྱི་རྐང་པ་གཉིས་རྐྱང་རྡོ་རྗེས་པདྨའི་རྟིང་ཕྱིན་པར་སྐྱེད། བུ་མོས་ཀྱང་པདྨ་བསྡམས་ཤིང་བཅུ་བཅུ་༼གཅུ་གཅུ་༽བྱའོ། །དང་གྲུ་མོའི་མཚན་ཉིད་ནི་བུ་མོའི་སྐེ་ནས་འཁྱུད་དེ་ལྟག་པར་གྲུ་མོ་གཉིས་འདུད་རྣ་བ་གཉིས་ཐུས་༼ནས་༽འཇུས་ཏེ་ཕན་ཚུན་ཐམས་ཅད་ལྷོད་བྱེད་ཅིང་བསྐྱོད་པའོ་བྱ། །བུང་བ་མྱོས་པ་ལྟ་བུར་འདོད་པས་མྱོས་པའི་སྒྲ་ཟ་ཟི་དང་འཁུན་ཆུང་སོགས་བྱེད་པའོ། །ཨི་ཡི་སྒྲ་སོགས་བདེ་བ་མི་བཟོད་པའི་སྐད་སྣ་ཚོགས་མངོན་པ་དགའ་ངུ་སོགས་བྱེད་པའོ། །ངེས་པར་བློ་དང་ལྡན་པས་དེ་དག་འབྱུང་བའི་ཕྱིར་ཆགས་སྤྱོད་ཀྱིས་བསྐུལ། །སྒེག་ཆོས་ཆགས་པ་སྤེལ་བའི་སྟབས་ཀྱིས་འཁྱུད་ནས་ནི། །ལག་པ་གཉིས་སྐེ་ལ་འཁྱུད་པའི་ངང་ནས་གཡས་གཡོན་བསྣོལ་ཏེ་ཤེས་རབ་མའི་མགོ་བོའི་སྐྲ་ཕྱེད་ཕྱེད་ལག་པ་རེ་རེས་བཟུང་ལྐོག་མ་ལ་ལག་པས་སྐྱོར་ཞིང་གཟིར་ནས། །མ་མཆུའི་སྦྲང་རྩི་གཞིབ་པར་བྱའོ། །འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི་རྡོ་རྗེ་འཁྱུད་པས་ཆོ་གས་འཁྱུད་པ་བརྒྱད་དེ། རིག་པ་ཅན། འབིགས་པ་ཅན། ཉེ་བར་མདར་བ་ཅན། གཟིར་བ་ཅན། འཁྲི་ཤིང་། འཁྲི་ཤིང་ལ་ཆེར་ཞོན་པ། ཏིལ་འབྲས་ལྟ་བུ། འོ་ཆུ་ལྟར་འདྲེས་པའོ་དང་། །རྡོ་རྗེ་འོ་ཡིས་བརྒྱད་དེ། མཆན་ཁུང་། ནུ་མ། སྐེད་པ། རྒྱབ་ཁུང་། མགྲིན་པ། མཁུར་ཚོས། སྣ་དང་། བྷ་ག་ཁ་སྟེ་བརྒྱད་དུ་འོ་གདབ་ཅིང་། །ཀྱི་ཤུས་༼རུ་༽སྒྲི་སྐྲངས་པ། བྱི་རུའམ་ནོར་བུའི་ཕྲེང་བ་ཐིག་ལེ་ཅན། ཐིག་ཕྲེང་སྤྲིན་གྱི་དུམ་བུ། ཕག་གིས་དམུགས་པ་སྟེ་སོ་རྒྱག་པ་བརྒྱད་དང་དྲལ་༼རལ་༽བ་ཟླ་ཕྱེད་དཀྱིལ་འཁོར། རི་མོ་རིང་པོ། སྟག་གི་སེན་རྗེས། རྨ་བྱའི་རྐང་རྗེས། རི་བོང་མཆོང་བ། ཨུཏྤལ་འདབ་མ་སྟེ་སེན་མོས་བསྣུན་པར་བརྒྱད་བྱ། །ཉེ་རེག་ཅན། སྲུབ་པ། འཛུགས་པ། ཆེར་སྲུབ་པ། གཟིག་ལྡེམ། རབ་ཏུ་བསྣུན་པ། ཕག་ལྟར་བསྣུན་པ། རྡེབ་ཅིང་བསྣུན་པ་སྟེ། ༼བསྣུན་པ་བརྒྱད། ༽རྡོ་རྗེ་པདྨར་རབ་ཏུ་འཇུག་ཚུལ་བརྒྱད་ཀྱིས་བཅུག་ཅིང་། །ངུ་བྱེད། ཕུང་བྱེད། ངན་བྱེད། དབྱངས་ཅན། ཨ་བ་ར། ཝ་ར་ཎ། ཨརྡྷ། གྲོལ་བའི་སྒྲ་ཆུང་ངུའི་དོན་ཏེ། རིམ་པས་ཕུག་རོན་དང་། ཁུ་བྱུག་དང་། ཧ་རི་ཏ་༼བྱ་ལྗང་བ་ཞིག་དང་༽། སོ་བྱ་དང་། བུང་བ་དང་། ངང་རྐྱ་དང་ཐི་བ་དང་། ལ་བ་ཀའི་སྐད་༼བྱ་གག་༽དང་སྦྱོར། སཱིད་ཀྱི་སྒྲ་རྣམས་བྱེད་པ་དང་། །ནུ་མ་སོགས་ལུས་ཀྱི་གནས་བརྒྱད་ཉེད་པ་སྟེ་གོང་དུ་བཤད་པའི་འོ་བྱེད་པའི་གནས་བརྒྱད་དོ། །འཚིར་དང་སྐྱེས་པའི་ཚུལ། །དྲུད་པ་དང་། འཚིར་བ་དང་། སྐོར་བ་དང་། བརླ་དང་། སྦྱིན་པས་སྐོར་བ་དང་། ངལ་གསོ་དང་། ཁྱུང་ལྡིང་སྟེ། སྟེང་འོག་གོ་ཟློག་དང་། ཤིན་ཏུ་རྐྱང་བ་དང་། གྲགས་༼དྲག་༽གིས་བྱ་བ་སྟེ་རྒྱབ་ནས་སྤྱོད་པའོ། །དེ་ལྟར་སྦྱོར་བ་དྲུག་ཅུ་རྩ་བཞི་པོ་ཐམས་ཅད་བྱ་བར་བྱ། །ཤེས་རབ་མའི་རྩ་སྐུལ་སླ་བ་རྣམས་སྐུལ་བའི་ཕྱིར་ནུ་མ་སོར་མོ་སྐེ་དང་མ་མཆུ་དང་། །རྣ་བའི་མདུན་གྱི་རྩ་བ་དང་། མིག་གི་ཟུར་དང་སྤྱི་བོ་བྷ་གར་ཡང་། །འགྲེལ་པ་གཉིས་ལྟར་ན་ནུ་མ་སོར་མོ་དང་ནི་དེ་བཞིན་སྐེད། མ་མཆུ་དང་ནི་འགྲམ་པའི་ངོས་གཉིས་དང་ཞེས་འདོན་ཏེ། གདན་བཞི་སོགས་ལས་གནས་བཅྭོ་བརྒྱད་སྐུལ་བ་དང་མཐུན་ལ། གསུང་རྒྱུན་ནི་འོ་གདབ་པའི་གནས་བརྒྱད། སེན་སོ་འདེབས་པ། བཞི་དང་། ཉེད་པ་དྲུག་ཏུ་གསུངས་སོ། །འོ་བྱ་ཞིང་གཞན་ཡང་དགའ་བའི་རྩེ་འཇོ་ཡང་ཡང་བྱ། རྩ་བར་མ་རྣམས་༼ཉམས་༽སྐུལ་བའི་ཕྱིར། རྣ་བ་མཆན་ཁུང་སྐེ་དང་ལྟག །སེན་མོ་བཏབ་པར་བྱ་ལ་ནུ་མ་དང་མཆན་ཁུང་དང་། །གདོང་གི་མཁུར་ཚོས་དང་མོ་མཚན་གྱི་འགྲམ་མཁུར་ཤ་གཡས་གཡོན་དང་རྐང་ལག་གི་མཐིལ་བཞི་དག་ཏུ། །སོར་མོས་ཉེད་པར་བྱ་ཞིང་དེ་བཞིན་དུ་འཁྱུད་པའི་སྟབས་ལ་དབྱེ་ན་བརྒྱད་ཡོད་པ་ལྟར་བྱ། །འོ་ཅས་འཁྱུད་པ་ལ་དངོས་སུ་བརྒྱད་ཡོད་པར་བཤད་པས་གཞན་ལའང་བརྒྱད་བརྒྱད་དེ་སྦྱོར་བ་དྲུག་ཅུ་རྩ་བཞི་སྟེ་གྲགས་པར་ཟད་དོ། །སོར་མོའི་རྩེ་ལ་སྤྲ་ཚིལ་གྱི་རས་སམ་རྒྱུ་མས་བསྟུམས་ཏེ་རྫས་ཀྱི་བྱུག་པའམ་བཅོས་མའི་ལིང་ག་དང་ལྕེ་དང་བྱ་ལྕེས་བསྐྱོད་དེ་ཐབས་ཀྱི་ལག་པ་གཡོན་པས་པདྨ་མཉེ་ཞིང་འགྲམ་ལས་བསྐྱོར་ཏེ་བྱ་ལྕེ་བཟུང་ཞིང་སྤྱོད་ནས། །པདྨ་བསྐུལ་ཞིང་དབུས་ཀྱི་རྩ་མཆོག་རྒྱས་པས་སད་པར་བྱའོ། །
ལྔ་པ་བྷ་གའི་མཚན་ཉིད་བཤད་པ་ལ་གསུམ་ལས། དང་པོ་སྐྱོན་དྲུག་སྤང་བ་ནི། པདྨའི་གཏིང་ཟབ་ཆེས་པ་དང་༡། རྩ་དང་མི་འཕྲད་པས་ཤིན་ཏུ་ཆུང་བ་དང་༢། ནང་ལྷོད་པ་སྟེ་ཤེད་ཆུང་བ་དང་༣། ཕྱི་རྩུབ་པ་དང་༤། རྟག་ཏུ་ཆུའམ་རཀྟ་འཛག་པ་དང་༥། །དྲོད་དང་བྲལ་བ་དང་། གཤེར་བ་དང་བྲལ་བའི་བྷ་ག་༦ནི་སྤང་ངོ་། །གཉིས་པ་ཡོན་ཏན་བརྒྱད་ལྡན་ནི་དཔངས་མཐོ་བ་དང་༡། འཇམ་པ་དང་༢། མཁུར་ཤ་གཉིས་དང་བྱ་ལྕེ་སྟེ་གསུམ་སྟེང་དུ་སུམ་སྒྲིག་མཐོ་དམན་མཉམ་པ་དང་༣། ཕྱི་དབྱིབས་ཁ་རྒྱས་པར་མཆུ་མཐུག་པའམ་ཁ་ཕྱེ་༼གཡེལ་༽བ་ལྟར་གནས་ཤིང་ནང་དམ་པ་ཤེད་ཆེ་བ་༤དང་ཁྲག་དང་ཁུ་བ་དཀར་པོར་ལྡན་ཅིང་འབབ་པ་དང་༥། སྤུ་མེད་པའམ་ཕྲ་ཞིང་འཇམ་པ་ཤོར་བ་མ་ཡིན་པའམ་ཉུང་བ་དང་༦། དུས་མ་ཡིན་པར་མི་འཛག་པ་༧སྟེ་ཟླ་དུས་སུ་ཁྲག་དང་། རྩ་མཁུལ་༼འཁྲུལ་༽དུས་ཐིག་ལེ་དཀར་པོ་འབྱུང་བ་དང་། ཁ་དཀྱུས་རིང་ཞིང་སྙིང་པོ་བུ་ག་ཟླུམ་པ་༨ནི་བཀྲ་ཤིས་ཤིང་སྐལ་བ་བཟང་མོའོ། །གསུམ་པ་རྩ་སད་པའི་རྟགས་ནི་པདྨ་དེ་གོང་དུ་བཤད་པ་ལྟར་ཡོངས་སུ་སྐུལ་བས་ཇི་སྲིད་དུ་ཁོང་ནས་ཞེས་པ་ནི་བཅོས་མིན་དུ་འབྱུང་བའི་དོན་ཏེ་སཱིཏ་ཀྱི་སྒྲ་འབྱུང་བ་དེ་སྲིད་དུའོ། །སྐུལ་དགོས་པའོ། །
བཞི་པ་ཤིན་ཏུ་རྣལ་འབྱོར་གྱི་སྔོན་འགྲོ་ནི་ཧཿཞེས་བྱ་བ་མཆོག་ཏུ་དགའ་བའི་ཚེ་བཅིང་བར་བྱའོ། །ཡང་ན་ཧཱུྃ་ཞེས་བྱ་བ་སྙིང་ཁ་ལ་གནས་པའི་སྒྲ་ཡིས་སོ། །ཡང་ན་ཧྲིཾ་ཧ་ཞེས་བྱ་བ་མགྲིན་པ་ལ་གནས་པའི་སྒྲ་ཡིས་སོ། །ཧཱུྃ་དང་ཕཊཿཀྱི་བྱ་བ་དང་། མདའ་བོ་ཆེའི་སྦྱོར་བ་འདི་རྣམས་ཀྱི་ལག་ལེན་ཞལ་ལས་ཤེས་སོ་བྱས་ལ་ལྕེ་རྐན་ཕུགས་སུ་བཟློག །ནོར་བུ་པདྨའི་སྟེང་ལ་རྒན། རྩ་ཁ་སྦྱོར་བྱ། རླུང་ཁ་སྦྱོར་གསུས་པ་ཕྱིར་སྐྱེད་ནང་དུ་བསྐུམ། སེམས་རང་དགར་མ་བཅོས་པ་ལྔ་འཛོམས་པས་ཁུ་བ་བཅིང་བར་བྱའོ། །གཞན་ཡང་ཆ་བཞི་པ་སྟེ་ནོར་བུར་བྱང་སེམས་སོན་པའི་ཚེ་ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཐིག་ལེ་བཞི་པོ་སྟེ། དེའི་ཕྱེད་ཀྱི་ནོར་བུ་ཐབས་ཀྱི་རྩ་ནང་ན་གནས་ལ་ཕྱེད་ཤེས་རབ་མའི་རྩར་ཆུད་པའི་མཚམས་སུ་ཕྱེད་གནས་པས་བདེ་བ་དང་། ཕྱེད་ཤེས་རབ་ཀྱི་རྩར་གནས་པས་སྟོང་པ་སྟེ་བདེ་སྟོང་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་སྟེ། གལ་ཏེ་བྷ་གའི་ཟེའུ་འབྲུ་ལ་ལྷུང་ན་དེར་གནས་པའི་ཐིག་ལེ་ཡང་ཧཱུྃ་རིང་ཧཱུྃ་ཐུང་གིས་རྡོ་རྗེའི་ཁས་བཏུང་བར་བྱའོ། །སྐོར་བ་སེང་གེ་རྣམ་རོལ། སིདྡྷ་བཱ་ལི། མ་ཧཱ་ན་ར་སོགས་ལ་སོགས་པའི་སྦྱོར་བ་དང་རླུང་གི་སྦྱོར་བས་ལུས་ཐམས་ཅད་ལ་ཁྱབ་ཅིང་མཉམ་པར་བཀྲམ་པར་བྱའོ། །འདི་ལ་སྔོན་དུ་རླུང་སྦྱོར་དགང་བ་དང་། གཞིལ་བ་དང་། རེངས་པ་དང་བུམ་པ་ཅན་གྱི་སྦྱོར་བས་ལུས་ཀྱི་སྐྱོན་ཏེ་རྩ་ལམ་དག་པར་བྱས་ནས་མི་མོ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྦྱོར་བ་སྟེ་རྣལ་འབྱོར་ལ་འཇུག་སྟེ་མཆོག་ཏུ་གོམས་པ་མཐར་ཕྱིན་ན་ལུས་འདི་ཉིད་ཀྱིས་དངོས་གྲུབ་ཐོབ་པ་ཞེས་བྱའོ། །
ལྔ་པ་ཡེ་ཤེས་བཤད་པ་ལ་བཞི་ལས། དང་པོ་དགའ་བ་བཞི་ནི། དེ་ལས་དགའ་བ་བཞིའི་དབྱེ་བས་ཐིག་ལེ་སྤྱི་བོ་ནས་གཡོས་ན་འདོད་ཆགས་དྲག་ཏུ་ལང་། མགྲིན་པར་སླེབ་ཚེ་ལོངས་སྤྱོད་པའི་སེམས་ཤས་ཆེ་བས་སོ། །འོ་དང་འཇུ་བ་སོགས་འབྱུང་། རྣལ་དུ་སླེབ་ཚེ་ཕུང་ཁམས་ལ་འཛིན་པ་འགགས། འཁྱུད་པ་དང་དྲག་ཏུ་བསྣུན་ཅིང་འཁུན། སྤྲུལ་པར་འཁྲུལ་ཞིང་འདར་བ་དང་སྐད་མི་གོ་བ་འབྱུང་། ནོར་བུ་རྒྱལ་བར་འགྱུར་རོ། །སྒྲུབ་པ་པོ་ལ་གཉིས་པ་སྙིང་སྟོབས་བརྒྱད་ནི། དཔྲལ་བའི་ཐིག་ལེ་ཞུ་ཐུབ་ཅིང་ནོར་བུར་ཙུད་ཟིན་ན་འོག་སྒོ་དང་རྩ་རྒྱུད་བདེ་བས་འགུལ་མི་ཤེས་པར་རེངས་པ་དང་། རྔུལ་བའི་ཉམས་འབྱུང་བ་དང་། མགྲིན་པའི་ཞུ་ཞིང་རྡོ་རྗེའི་མགུལ་པར་ཟིན་ནས་ལུས་ཕྱི་ནང་ཀུན་བདེ་བ་གཡོས་པས་རྟགས་སུ་བ་སྤུ་ལྡང་བ་དང་། དབུགས་རྟག་ཏུ་འགྱུར་བའི་བདེ་ཉམས་དང་། སྙིང་ཁའི་ཞུ་ཞིང་རྡོ་རྗེ་སྐེད་པར་ཟིན་ན་བདེ་བས་ལུས་འཕར་གཡོས་དང་ཁོང་འདར་བ་དང་། བཞིན་གྱི་ཁ་དོག་དམར་པོ་སོགས་སྔར་ལས་ལོག་པ་དང་། ལྟེ་བའི་ཞུ་ཞིང་གསང་བའི་འཁོར་ལོ་ཟིན་ན་བདེ་བ་ཤིན་ཏུ་མི་བཟོད་པ་རང་ཤུགས་ཀྱིས་མཆི་མ་འབྱུང་བ་དང་། རླུང་དང་རྣམ་རྟོག་ཐིམ་པ་ཞེས་བྱ་བ་སྙིང་སྟོབས་བརྒྱད་འབྱུང་ངོ་། །སྙིང་སྟོབས་འདི་དག་ཡོན་ཏན་ཡར་ལྡན་དུ་སྐྱེ་བས་ཕྱི་མ་གཉིས་ཐོབ་སྐབས་བརྒྱད་ཀ་ཡོད་དེ་ཡས་བསྟན་དགའ་བའི་རྟོགས་པ་སྦྱོར། དེ་དག་གི་འགྲེལ་པ་གཉིས་ཀ་དང་། རྒྱུད་བཤད་ཀྱི་སྐབས་ནི་རྨཱ་ཎ་༼ནིརྤཱཎ་༽དང་། པུརྞ་གཉིས་ཀའི་གསུང་རྒྱུན་ཡང་དེ་དང་མཐུན་པ་ལྟར་བཀོད་པ་ཡིན་ལ། བུདྡྷ་ནཱ་ཐའི་མན་ངག་གསུང་བའི་སྐབས་ལྟར་ན་སྙིང་མགྲིན་དཔྲལ་སྤྱི་བཞི་ཞི་བ་དང་། རྡོ་རྗེའི་རྩ་བ་དང་། སྐེད་པ་དང་མགུལ་དུ་བསྟན་པ་ལ་སྦྱོར་ཞིང་། ནོར་བུའི་རྩེ་མོར་བརྟན་པས་མས་བརྟན་གྱི་དང་པོ་ཡིན་པས་འདིར་མི་སྦྱོར་གསུངས་པ་ཉིད་དོན་ལ་འཐད་པར་གོའོ། །
གསུམ་པ་ཡེ་ཤེས་ལྔ་ནི། བུ་མོས་རྗེས་ཆགས་ཀྱི་ཡེ་ཤེས་ལྔ་ཐོབ་པ་ནི། །སྙིང་ནི་འགུལ་ཞིང་ལུས་བསྐྱོད་པ་དང་། །ལུས་འདར་བ་ནི་མེ་ལོང་ཡེ་ཤེས་དང་དྲན་པ་ཉམས་པ་ནི་མཉམ་ཉིད་ཡེ་ཤེས་དང་། །སྐྲ་གྲོལ་ཞིང་གོས་འདོར་བས་གཅེར་བུ་ནི་སོར་རྟོག་ཡེ་ཤེས་དང་། རྡུལ་དང་གཡའ་ཆུ་སོགས་ཀྱི་གཤེར་བས་ཁྱབ་པ་ནི་ཆོས་དབྱིངས་ཡེ་ཤེས་དང་། །མིག་དང་གདོང་གི་མདོག་དམར་པོར་འགྱུར་བ་དང་རབ་ཏུ་ཕྲ་བའི་མིག་གིས་བལྟ་བ་ནི། །བྱ་གྲུབ་ཡེ་ཤེས་ཏེ་རང་བྱུང་གི་ཡེ་ཤེས་ལྔ་ཡི་བདེ་བ་ཅུང་ཟད་སད་པ་རྣམ་པར་འཕྲུལ་པ་སྟེ་རྣམ་འགྱུར་ལྔའོ། །དེ་དག་ཀྱང་བདེ་ཉམས་རིག་པ་དང་། མི་རྟོག་པ་དང་། བདེ་བའི་རོ་མྱོང་ཞིང་ངེས་པ་དང་ཉམས་དེ་ཤིན་ཏུ་ཁྱབ་ཆེ་བ་དང་། དེའི་བྱ་བ་ཡིན་པས་རིམ་པ་བཞིན་ཡེ་ཤེས་ལྔ་དང་ཆ་མཐུན་ལ། དེ་ལམ་དུ་བྱས་པས་འབྲས་བུ་ཡེ་ཤེས་ལྔ་མངོན་དུ་འགྱུར་བའང་ཡིན་ནོ། །བུད་མེད་ཉིད་ཤེས་རབ་ཡིན་པས་དེའི་དེ་རྣམས་ཡེ་ཤེས་ལྔ་ཏེ། །དེ་ལས་སྐྱེས་པས་ཀྱང་དེ་དང་འདྲ་བའི་ཆགས་པའི་ས་ཡེ་ཤེས་ལྔ་ཐོབ་འགྱུར་རོ། །
བཞི་པ་བསྙེན་སྒྲུབ་ཡན་ལག་བཞི་ནི། རྡོ་རྗེ་ཆུ་སྐྱེས་ལ་སྦྱོར་བར་ལྡན་པ་ནི་ལུས་ཀྱི་བྱ་བ་ཡིན་པས། །སྐུ་ཡི་རྡོ་རྗེའི་ལམ་དང་བསྙེན་པར་བརྗོད། །འདོད་པའི་སྦྱོར་བའི་སྐབས་སུ་རླུང་ནི་དབུ་མར་འབབས་པས་སྣ་སྒོ་ནས་མཉམ་པར་རྒྱུ་བར་གྱུར་པ་ནི་དབུ་མའི་དབུགས་གསུང་གི་རྒྱུ་ཡིན་པས་དང་། །དགའ་བའི་སྒྲ་སཱིད་ཀྱི་སྒྲ་དང་སྐད་འདར་ཞིང་འགྱུར་ནི་ངག་གི་བྱ་བ་སྟེ། །གསུང་གི་ལམ་ནི་ཉེ་བར་བསྒྲུབ་པའོ། །དབང་པོ་གཉིས་སྐྱོད་པ་ལས་ནི་ཐིག་ལེ་རབ་ཏུ་ཞུ་བ། །ནོར་བུ་དགའ་བ་བཅུ་དྲུག་ཆའི་ཐིག་ལེ་བབས་ཏེ། །ཡིད་ཀྱི་བདེ་བས་གཉིས་སྣང་རགས་པ་འགགས་པ། །ཐུགས་ཀྱི་རྡོ་རྗེའི་ལམ་དེ་ཁོ་ན་ཉིད་སྒྲུབ་པར་བརྗོད་དོ། །གཞུ་ཡི་གཟུགས་ཅན་རླུང་གི་རབ་ཏུ་སྦྱོར་བས། །སྔ་༼ཁ་༽བ་དུང་དང་བདེ་བ་ཀུན་ད་ལྟར་དཀར་བའི་ཐིག་ལེ། །འཛག་མེད་སྡོམ་བརྩོན་དུ་བྱ་སྟེ་དེ་ཡང་བདེ་བས་ཐིག་ལེ་བཟུང་བར་བྱའོ་ཞེས་པ་རྫས་དང་བྱ་རྩོལ་ལ་མ་ལྟོས་པའི་དོན་ནོ། །ནང་གི་བདེ་བ་རང་གིས་རང་མྱོང་ཞིང་རིག་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་མཆོག་ནི། །སྒྲུབ་པ་ཆེན་པོའི་ནི་དེ་ཁོ་ན་ཉིད་དེ། །རྣམ་ཤེས་ཡེ་ཤེས་ཐམས་ཅད་བྱང་ཆུབ་ཀྱི་མྱུར་ལམ་དུ་དག་པར་བྱེད་དོ། །སྒྲུབ་ཆེན་འདི་ཡིས་སེམས་ཀྱི་རྡོ་རྗེ་དོན་དམ་པའི་བདག་ཉིད་ཆེན་པོ་སྟེ། །རྡོ་རྗེ་གསུམ་མོ་སྐུ་གསུམ་དབྱེར་མི་ཕྱེད་པ་ཡེ་ཤེས་རྡོ་རྗེ་ལས་བྱུང་བའི་སྟོབས་བཅུ་སོགས། །ཡེ་ཤེས་རྒྱ་མཚོ་ལྟ་བུ་འགྲུབ་པར་འགྱུར་རོ། །དྲུག་པ་སྒྲ་དོན་གྱི་སྒོ་ནས་ཆེ་བ་བསྟན་པ་ནི། ཤིན་ཏུ་ནི་རབ་ཏུ་ལྷག་པའི་དོན་ཡིན་པས་ཡེ་ཤེས་བདེ་བ་ཆེན་པོ་རབ་ཏུ་སྦྱོར་བས། །ཤིན་ཏུ་རྣལ་འབྱོར་ཞེས་ནང་གི་དེ་ཉིད་ལ་མཁས་པས་བསྟོད་པར་བྱའོ། །ལས་རྒྱ་བུད་མེད་དེ་འཕྲུལ་གྱི་བྱ་བ་བྱེད་པས་སྒྱུ་མ་སྟེ་དེའི་ཕྱག་རྒྱ་འདི་ངེས་པར་བྱང་ཆུབ་འདོད་པས་རྟེན་བྱ་འདའ་རུ་མེད་པ་ཡིན་པས། །དམ་ཚིག་རྣམས་ཀྱི་མཆོག་གིའང་མཆོག་གོ། །ལྷན་སྐྱེས་འདི་སྐྱོང་རྒྱུ་ཡོད་ན་ཤ་ཆང་སོགས་ངན་པར་ཟོས་པ་དང་ངན་སྤྱོད་གཙང་སྦྲ་མེད་ཅིང་གཡེམ་པར་སྟོན་པ་སོགས་ཐམས་ཅད་ཀྱིས་བྱང་ཆུབ་ལ། །སྒྲིབ་པ་དག་ཏུ་ཡོངས་སུ་མི་འགྱུར་རོ། །དེ་སྐད་ཅེས་གསུངས་སོ། །རྣལ་འབྱོར་འདིའི་མིང་ནི་དེ་ལ་འདི་ནི་རྣལ་འབྱོར་དང་པོའི་བསྐྱེད་རིམ་དམ་ཚིག་གོ །
རྣལ་འབྱོར་དང་པོའི་རྒྱས་བཤད་ནི། བར་དོ་སྦྱོང་བྱེད་ནི། ནམ་མཁར་སྒྲོལ་མ་ཨུཏྤལ་མི་འཇིགས་ཕྱག་རྒྱ་ཅན། །ཕྱག་གཉིས་རྣལ་འབྱོར་བསྒོམས་བྱས་ལ། །རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། ནམ་མཁའི་དབྱིངས་ཆོས་འབྱུང་ཀྱི་དབུས་སུ་གནས་པར། །ཕྱིའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། །དབུས་སུ་ཀུན་ནས་ཟླུམ་པོ་སྟེ། །ལིང་ཚེ་རེའུ་མིག་དགུ་པ་ལས་ཀྱི་སྣམ་བུ་ལྔ་ནི་ལས་བཞི་དང་སྣ་ཚོགས་པའི་སྣམ་བུ་དང་ལྡན། །ཨུཏྤལ་དམར་པོ་སིལ་མར་བཀྲམ། །དྲག་པོའི་སྣམ་བུ་ལ་མིའི་ཡན་ལག་བཅད་པའོ། །གཙོ་མོ་བསྐྱེད་པ་ནི། ཟླ་བ་ཉི་མའི་སྦྱོར་བ་མངོན་བྱང་ལྔ་པ་ལས། །དམ་ཚིག་སྒྲོལ་མ་བསམ་པར་བྱ། །སྐུ་མདོག་ལྗང་སྔོན་སྐུ་ལས་འཕྲོས་པའི་འོད་ཟེར་དམར་པོ་འཁྱིལ་བ་ནི་མེ་འབར་འཁྱིལ་ལོ། །མཆེ་བ་གཙིགས་པ་མེ་སྟག་ཆད་ཅིང་རིང་དུ་འབར། །གཡས་བཞི་ན་མཆོག་སྦྱིན་གྲི་གུག་ཌཱ་མ་རུ། །མདའ་དང་གཡོན་བཞི་ན་ཨུཏྤལ་སྔོན་པོའི་སྡོང་པོ་དང་། །ཐོད་པ་ཁྲག་ཅན་རྩེ་གསུམ་དང་། །བཞི་པ་མེ་ཏོག་གི་ཤིང་གི་གཞུ་འཛིན་པའོ། །དུར་ཁྲོད་རྒྱན་རུས་རྒྱན་སྟག་ལྤགས་སོགས་དང་ཨུཏྤལ་ལའི་རྒྱན་ཅན། །གཡས་བརྐྱངས་བའི་རོལ་བའི་སྐྱིལ་ཀྲུང་ཅན། །འཁོར་སྤྲོ་བ་ནི་རང་རང་སྔགས་ལས་ལྷ་མོའི་གཙོ་བོར་གྱུར་པའི་ལྷ་ཚོགས། །སྙིང་ཁའི་དབུས་ནས་སྤྲོ་བར་བྱ། །གོ་ཆ་བགོ་བ་ནི། ཨོཾ་ཏཱ་རེ་སྭཱ་ཧཱ། མིག་ལའོ། །ཨོཾ་ཏུཏྟ་རེ་སྭཱ་ཧཱ། རྣ་བ་ལའོ། །ཨོཾ་ཏུ་སྭཱ་ཧཱཿལྕེ་ལའོ། །ཨོཾ་རེ་སྭཱ་ཧཱ། སྙིང་ཁ་ལའོ། །ཨོཾ་ཏཱ་རེ་ཎི་སྭཱ་ཧཱཿསྤྱི་བོ་ལའོ། །སྔགས་ཀྱི་བདག་པོས་བྱིན་རླབས་དང་། །ཡེ་ཤེས་པ་བསྲེ་བ་ནི་ཡེ་ཤེས་པ་དང་དམ་ཚིག་པ་མཉམ་པར་བསྲེ་བར་བྱ། །དབང་བསྐུར་ནི་དབང་གི་དོན་ནི་བསྒོམས་ཤིང་སྔགས་བཟླས་པར་བྱས་ལ། །ལྷ་ལ་སེམས་འཛིན་པ་ནི་རང་ལྷར་སེམས་ནི་དལ་ལ་བསྟན་པར་བཞག་པར་བྱའོ། །རྣལ་འབྱོར་ཆེན་པོའི་ལེའུ་སྟེ་གཉིས་པའོ། །
ལེའུ་འདི་དང་པོ་གཉིས་ཀྱི་ཡན་ལག་ཡིན་པས་ཞུས་པ་མེད་པར་དེ་ནས་སྒྲོལ་མས་བཀའ་སྩལ་པ། དབང་བསྐུར་བཤད་པ་ནི། ཆུ་དབང་གི་སྔགས་ནི་ཨོཾ་ལཾ་མཾ་པཾ་ཏཾ་ཡུམ་ལྔའི་ས་བོན་ཏེ། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཅོད་པན་གྱི་དབང་གི་སྔགས་ཨོཾ་བྷྲུྃ་༼བྲུཾ་༽ཨཾ་ཛྲིཾ་ཁཾ་ཧཱུྃ་རིགས་ལྔའི་ས་བོན། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེའི་དབང་གི་སྔགས་ཨོཾ་ཧཱུྃ་ཁཾ་ཧཱུྃ་གཙོ་བོའི་ས་བོན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དྲིལ་བུའི་དབང་སྔགས་ཨོཾ་ཧཱུྃ་ཏཾ་གཙོ་མོའི་ས་བོན། ཧཱུྃ་བཛྲ་ཨ་བྷི་༼དྷི་༽པ་ཏི་སྟཾ་༼སྟྭཾ་༽ཨ་བྷི་ཥིཉྩ་ཧཱུྃ། མིང་དབང་གི་སྔགས་ཨོཾ་ཛཿཧཱུྃ་བཾ་ཧོཿསྒོ་མ་བཞིའི་ས་བོན་ནོ། །བཛྲ་ས་ཏྭ་སྟཾ་༼སྟྭཾ་༽བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར་བའི་སྔགས་སོ། །ལྷ་གང་གི་སྒོ་ནས་བསྐུར་ན། ཡུམ་ལྔའི་ཆུ་དབང་། རིགས་ལྔའི་ཅོད་པན། འཁོར་ལོའི་བདག་པོ་སྦས་པའི་ཡབ་དོན་གྲུབ་ཀྱི་རྡོ་རྗེའི་དབང་། གཙོ་མོ་དམ་ཚིག་སྒྲོལ་མའི་དྲིལ་བུ་སྒོ་མ་བཞིའི་མིང་དབང་བསྐུར་བ་སྔགས་སོ་སོའི་ས་བོན་གྱིས་བསྟན་ཏོ། །དལ་སྒྲུབ་པ་ལས། གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི། རྡོ་རྗེ་སྟེ་རིགས་ལྔའི་རང་བཞིན་གྱི་དཀྱིལ་འཁོར་བྲི་བར་བྱའོ། །ཇི་ལྟར་འབྲི་ན། རྟ་བབས་འདོགས་བྱེད་དམ་ནང་གི་ཀ་བ་བརྒྱད་ཀྱི་ཉེ་བར་མཛེས། །རྩ་ཐིག་གི་ཐིག་བཞི་དང་ནི་ཡང་དག་ལྡན། །ཕྱི་རོལ་རྡོ་རྗེའི་ར་བ་མེ་རི་བཅས། །དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་པོ་དག་ཀྱང་བྲི་བར་བྱ། །མཚན་མ་ནི། རེ་མིག་གི་དབུས་སུ་ཨུཏྤལ་སྡོང་བུ་མཐིང་ཁ་དོག་དགོད། །ལིང་ཚེ་ཤར་དུ་ཞི་བ་དཀར་པོའི་ཨུཏྤལ་སྡོང་བུ་དང་། །ལིང་ཚེ་བྱང་དུ་བུམ་པ་སེར་པོ་བྲི་བར་བྱ། །ལིང་ཚེ་ནུབ་ཏུ་ལྕགས་ཀྱུ་འོད་འབར་བ་སྟེ། །རལ་གྲི་སྔོ་སངས་རེ་མིག་ལྷོ་རུ་དགོད་པར་བྱ། །ཞི་བྱེད་སྒྲོལ་མ་དང་རྒྱས་པའི་སྒྲོལ་མ་དང་དབང་གི་སྒྲོལ་མ་དང་ནི། །གསོད་བྱེད་སྒྲོལ་མ་རྣམས་ཀྱི་མཚན་མའོ། །གྲྭ་བཞིར་རིགས་བཞི་པོ་རྣམས་ཀྱི་ལྷ་མོ་སྒྲོལ་མ་སྟེ། །ཨུཏྤལ་མཛེས་པ་ལྷའི་མདོག་དང་མཐུན་པ་རེ་རེ་བྲི། །ལྕགས་ཀྱུ་ལ་སོགས་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་སྒོ་ཤར་ལྷོ་ནུབ་བྱང་རུ་རིམ་པས་དགོད། །སྟོབས་བཅུ་དང་ལྡན་པས་གཞན་གྱིས་མི་ཐུབ་པས་ཆེན་པོ་ཕ་རོལ་ལྷ་དང་ལྷ་མིན་འབྱུང་པོ་ཐམས་ཅད་གནོན་པ་ཡི། །གཤིན་རྗེ་གཤེད་སོགས་ཁྲོ་བོ་རྣམས་ཀྱང་གྲྭར་དགོད་དོ། །ཤར་ལྷོ་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་བྱང་དུ་རྟ་མགྲིན། བྱང་ཤར་དུ་བདུད་རྩིའོ། །ལས་རྣམས་བྱེད་པའི་ལྷ་མོའི་ཚོགས་བརྒྱད་པོའི་མཚན་མ་རྟ་བབས་ཀྱི་གཡས་གཡོན། །ཕྱི་རོལ་དག་ཏུ་བྲི་བར་བྱ། །འགྲེལ་པ་གཉིས་ལས་སྙིང་པོའི་ཕྱི་རོལ་ལས་སྣམ་གསུམ་པ་ལའོ་ཞེས་འདོད་དོན་སྒྲུབ་ཚུལ་ནི་བྲིས་པའི་དལ་དེའི་དབུས་སུ་བདག་ཉིད་གནས་བྱས་ནས། །རྡོ་རྗེ་མཚན་མའི་ཚོགས་སྤྲོས་པས། །སེམས་ཅན་ཁམས་རྣམས་སྦྱོང་བར་བྱ། །མཆོད་པའི་སྤྲིན་གྱི་ནམ་མཁའི་ཁམས། །མཆོག་ཏུ་གང་བ་སྤྲོ་བར་བྱ། །མེ་ཏོག་ག་བུར་མ་ཉམས་པ། །བྷ་ག་མཆོག་ལས་ཡང་དག་བླངས། །རྣལ་འབྱོར་མ་ཡི་འཁོར་ལོ་མཆོད། །
གོང་དུ་འཕོ་བ་ནི་ཡང་གསུངས་པ། མིག་སོགས་སྒོ་དགུ་གདོལ་པ་མོ་སོགས་ལྷ་མོ་བརྒྱད་ཀྱིས་ས་བོན་གྱིས་ངེས་པར་བཀག་པ་རླུང་གི་སྦྱོར་བ་དང་བཅས་པ་བྱས་ནས། །རྒྱས་པ་རྩ་འཁོར་ལོ་ལྔ་ཡི་འཁོར་ལོའི་རྩ་ཁ་སྦྱོར་མཆོད་རྟེན་གྱི་དབྱིབས་ལས། །སྲོག་ཤིང་དབུ་མའི་རྩེ་མོར་ཚངས་བུག་དང་འགྲེལ་བ་རང་གི་རླུང་སེམས། །མདའ་གཞུའི་སྦྱོར་བས་མན་ངག་གིས་འཕོ་བར་བྱའོ། །ཕན་ཡོན་ནི་མཚམས་མེད་ལྔ་པོ་བྱེད་པ་ཡང་། །འདི་ཡིས་ངན་སོང་ལས་གྲོལ་བར་འགྱུར་ཐེ་ཚོམ་མེད། །དེ་སྔགས་ཀྱི་མཐུའོ། །རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལས་སྨྱོན་པའི་སྤྱོད་པ་ནི། དེ་ཉིད་རིག་པ་རིག་པའི་བརྟུལ་ཞུགས་སྤྱད་པར་བྱ་སྟེ། །མི་ལྤགས་སམ་ཕྱག་དར་བོར་བའི་རས་རྙིང་པ་བགོ་བའམ། །ཡང་ན་གཅེར་བུའི་བརྟུལ་ཞུགས་ནི་སྤྲོས་པ་དང་བྲལ་བ་མཚོན་ཅིང་། དེ་ལ་མཉམ་པར་འཇོག་དགོས་པའི་བརྡ་སྟེ་དེ་ལྟར་བྱས་ནས་ནི། །བདེ་སྡུག་གི་དོགས་པའི་སེམས་ནི་ཀུན་ཏུ་སྤངས་ནས། །ཇི་ལྟ་བུར་སྤྱོད་ན་སྣང་བ་འདི་ཐམས་ཅད་རྟོགས་པར་བཅས་པ། །འདོད་ཡོན་ལྔ་ལ་སྤྱོད་པའི་བདེ་བ་ལ་བསྡུས་ནས་འཇིག་རྟེན་གྱི་འདོད་ཡོན་ལྔ་པོ་ཐམས་ཅད་ལྷ་མོ་ལྔར་བསྡུ་བ་སྟེ། །ཤ་ཆང་སོགས་ངན་ཟོས་ཕྱག་རྒྱ་བསྟེན་པ་སོགས་ངན་པ་ལྟར་སྣང་བའི་སྤྱོད་པ་ཐམས་ཅད་ཀྱིས། །ཡེ་ཤེས་གོང་ནས་གོང་དུ་སྤེལ་ནས་བྱེད་སྤྱོད་ཕྲ་མོ་རེས་ཀྱང་བླ་མེད་བྱང་ཆུབ་ལ་ཆེས་ཉེ་བར་འགྱུར་བ་བསྒྲུབ་པར་བྱའོ། །དམ་ཚིག་ཅུང་ཟད་བཤད་པ་ནི། དེ་ལ་འདི་ནི་རྡོ་རྗེ་འདའ་བར་མི་བྱ་བའི་དམ་ཚིག་གོ །དམ་ཚིག་མང་ཡང་རྩ་བ་སློབ་དཔོན་གྱི་དམ་ཚིག་ཡིན་པས་གང་ལས་སློབ་དཔོན་དབང་བསྐུར་བ་སྟེ་བུམ་དབང་ཐོབ་པའི་བླ་མ་རང་ལྟ་ཅི་སྨོས། །སློབ་དཔོན་གཅིག་ཏུ་གྱུར་པ་ཡི་སྤུན་ཐམས་ཅད་ཡི་དམ་དུ་ཤེས་ནས་གུས་པ་བྱེད་དགོས་ལ། །ཁྱད་པར་རྡོ་རྗེའི་སྲིང་མོ་ནི་སྒྲོལ་མ་དང་མཉམ་པར་བརྟག་ཅིང་བསྒོམ་མོ། །རྡོ་རྗེ་སློབ་དཔོན་ཉིད་དང་དེ་བཞིན་དུ། །སློབ་དཔོན་གྱི་རིག་མའམ་རྗེས་མཐུན་གྱི་སློབ་དཔོན་བདག་གི་ཡེ་ཤེས་ངོ་སྤྲད་པའི་རྟེན་རིག་མ་ཡང་། །རྐྱེན་གྱི་སློབ་དཔོན་མཆོག་ཏུ་བླ་མེད་ཀྱི་རྒྱུད་འདིར་ཡོངས་སུ་བརྗོད་དོ། །དེ་ལས་ཀྱང་རྡོ་རྗེ་སློབ་དཔོན་བླ་མ་ནི་སངས་རྒྱས་ཀུན་དང་མཉམ་པས། །དེ་ཡི་གྲིབ་མའང་འགོམ་བར་མི་བྱ་ན་སྨད་པ་དང་བརྙས་པ་མི་བྱེད་པ་སྨོས་ཅི་དགོས། དམིགས་བསལ་རིག་མ་དང་སློབ་མས་རྗེས་ཆགས་ཀྱི་སྐབས་འགོང་པ་དང་འབགས་པ་དང་བག་ཡངས་སྲུང་མི་དགོས་ཤིང་། །འགའ་ཞིག་ཆེད་དུ་བྱེད་དགོས་པ་ནི་འོན་ཀྱང་སློབ་མ་སློབ་དཔོན་གྱི་དགའ་མ་སྟེ་རིག་མ་བླ་མ་དགེས་པར་བྱེད་པའི་དབང་མོ་དེ་གཙོ་མོའོ། །རིག་མ་རང་དང་སློབ་དཔོན་གཉིས་ཀྱི་མིག་སོགས་སྒོ་དགུ་ལས་བྱུང་བ། །མིག་རྣག་དང་མཆིལ་མ་སོགས་པ་མི་གཙང་བར་མི་རྟོག་བཟའ་བཏུང་སྣོད་གཅིག་བཟའ་བ་དང་། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་། ལྷའི་རྣལ་འབྱོར་གྱིས་གཙང་སྦྲའི་སེམས་ཀྱི་རིག་མས་བླ་མ་ལ་ཙུམ་པ་སྟེ་འོ་དབུལ་བར་བྱ། །སློབ་དཔོན་དང་ལྷན་གཅིག་འདོད་པ་ལ་རོལ་པའི་ཚེ་སློབ་དཔོན་གྱི་མལ་སྟན་ལ་རིག་མས་ལོངས་སྤྱོད་དུ་རུང་ནས་སློབ་དཔོན་དང་དགའ་བ་སྤྱོད་པའི་ཚེ་ཇི་ལྟར་བྱེད་ན། །རིག་མའི་ལག་གིས་སློབ་དཔོན་གྱི་རྡོ་རྗེ་བཟུང་ཞིང་བཤུགས་ཤིང་གསོར་ཏེ་འཕྲང་པོར་བྱ། །རང་གི་ཡོ་ནིར་པདྨ་ནོར་བུ་སོན་པར་བྱ་བ་ནས་ཡན་ལག་གི་དམ་དུ་འཁྱུད་ནས། །འཁྲིག་ཚིག་དང་ཨུའི་ཡི་གེ་སོགས་དགའ་མཁུན་གྱི་སྐད་ཀྱིས་བླ་མ་ཐུགས་དགེས་པར་བསྐུལ་བས། །བླ་མ་ལ་རྗེས་སུ་ཆགས་པའི་དབང་གིས་སོ་འདེབས་པ་དང་སེན་མོའི་རི་མོ་འཇམ་པོས་འདེབས་པ་དང་འདྲུད་པ་འཁུར་བཤུད་སོགས་དང་། །བླ་མའི་ལྗགས་དང་མ་མཆུ་སོགས་འཇིབ་པ་དང་སྒོ་དེ་ཁ་ཡིས་ཀ་ར་སོགས་བླ་མའི་ཞལ་དུ་ཟས་འབུལ་བ། །བླ་མ་ལ་གུས་པ་དང་ཆགས་པ་དང་བཅས་ཤིང་འཛེམ་བག་མེད་པར་བག་བརྐྱངས་བས། །མལ་སྟན་དང་སྐུའི་ཆ་ཤས་སོགས་ལ་རྗེས་ཆགས་ཀྱི་སྐབས་རིག་མས་འགོང་བ་འདི་ལ་ཉེས་པ་མེད་དེ། །རྒྱུ་མཚན་སློབ་དཔོན་དགེས་པའི་ཐབས་ཡིན་ཅིང་དེ་ལས་ཉེས་པ་མེད་པར་མ་ཟད་ཕན་ཡོན་དངོས་གྲུབ་ཀུན། །སྔགས་ཀྱི་དམ་ཚིག་དང་ལྡན་པའི་ཕྱིར་རིག་མ་བཟང་མོ་དེ་ཡིས་རྟག་ཏུ་ཐོབ། །སློབ་དཔོན་གྱི་ཡུ་ཛ་སྟེ་རྡོ་རྗེ་རིག་མའི་གུས་པས་ཁ་ཡིས་གཞིབ་པར་བྱ་བ་དང་། །སློབ་དཔོན་གྱི་གསང་བ་ལ་མགོ་བོས་ཕྱག་བྱ་གལ་ཏེ་བླ་མའི་བྱང་སེམས་ལྷུང་བར་གྱུར་ན། །འདབ་ལྡན་ཏེ་རང་གི་པདྨ་ལས་ཕྱུང་ནས་དམ་ཚིག་གི་རྫས་སུ་རང་གིས་བཟའ་བར་བྱ། །གལ་ཏེ་བླ་མ་དམ་རྫས་ཀྱི་ཐིག་ལེ་མྱོང་བར་བཞེད་པ་ན་རང་གི་ཡོ་ནིས་ཐིག་ལེ་སྦྲང་རྩི་སོགས་དང་བསྲེས་ཏེ་ཙྭ་རུར་བྱས་ཏེ་སློབ་དཔོན་གྱིས་པདྨ་འཇིབ་ཏུ་གཞུག་ཅིང་དབུལ་བ་དང་། །འཁྲིག་ཐབས་འཁྲུལ་འཁོར་སྐབས་སློབ་དཔོན་གྱི་སྟེང་དུ་རང་ཉིད་འདུག་པ་སོགས་བྱེད་དགོས་ཀྱང་ཉེས་མེད་དེ་། །གང་བྱ་བ་དེས་བླ་མ་དེ་ཉིད་མཉེས་པར་བྱེད་པའི་རྒྱུ་མཚན་གྱིས་འོ། །
འཁྲུལ་འཁོར་ལ་བརྟེན་པའི་ལས་ཚོགས་ནི། རྣལ་འབྱོར་གང་གིས་ན་སྒྲོལ་མའི་རྣལ་འབྱོར་གྱིས་སོ། །ཐབས་ཇི་ལྟ་བུ་ན། དུས། བསམ་པ། ཆ་ལུགས། ཁ་ལྟ་ཕྱོགས་སོགས་གསལ་བར་མ་གསུངས་པ་རྣམས་ལས་སྤྱིའི་ཆོས་ལྟར་ཤེས་པར་བྱ། བྲིས་གཞི་གཞུང་དུ་མི་གསལ་བ་རྣམས་ལ་གྲོ་གའམ་རས་སམ་དར་རམ་དགེ་བའི་ཤིང་ཤུན་ལ་བྲི། དྲག་པོ་ལ་རོ་རས་སམ་མི་ལྤགས་སོགས་ལའོ། །སྣག་ཚ་མི་གསལ་བ་རྣམས་ལ་ཞི་བ་ལ་ཙནྡན་དཀར་པོ། རྒྱས་པ་ལ་དྲི་བཟང་། དབང་ལ་རྒྱ་ཚོས་དང་ཙནྡན་དམར་པོ། དྲག་པོ་ལ་དུག་ཁྲག །སྐྱེས་པ་སྲུང་བ་ལ་གུར་གུམ། བུད་མེད་ལ་གྷི་ཧང་སྨྱུག་གུའང་དེ་དང་རིགས་མཐུན། སྒྲུབ་ཚུལ་རབ་གནས་བྱས། དྲིལ་༼དྲི་མ་༽དགོས་པ་རྣམས་བཏབ་ཅིང་དཀྲིས་བརྒྱབ་བསྒྲུབས་ནས་དྲག་པོ་མནན་པའི་ཚུལ་ཟོར་ཕང་སྒྲུབ། དབང་ལ་མཆོད་མནན་གང་འོས་ཞི་རྒྱས་ཕལ་ཆེར་མཆོད་པ། སྲུང་མ་མཆོད་ནས་གདགས་པའི་གང་ཟག་སུས་སྒྲུབ་ན། རྩ་སྔགས་ཀྱི་བསྙེན་པ་དང་། ལས་བཞིའི་བསྙེན་སྒྲུབ་སོང་བ་དང་དགོས་བསྙེན་རྣམས་ཀྱང་གྲུབ་པའོ། །
དེ་ནས་ལས་སྣ་ཚོགས་པ་རྣམས་གསུངས་པ། འདི་ནས་མཚོན་ཆས་མི་གནོད་ལུས་སུ་འགྱུར་གྱི་བར་དང་འོད་ཟེར་ཅན་མའི་སྲུང་བ་རྣམས་ཕལ་ཆེར་འདི་དང་མཐུན་པ་སཾ་བུ་ཊ་རབ་བྱེད་བདུན་པ་ལས་ཤིན་ཏུ་རྒྱས་པར་གསུངས། རྩ་བའི་གཟུངས་ཀྱི་མཐུ། གོས་མཐའ་མ་ནས་གར་དབང་འབབ་ཀྱི་བར་གུར་བརྒྱད་པར་ཡང་གསུངས། གུར་སམ་གྱི་དེའི་ཐད་རྣམས་རྒྱུད་འདིས་བཤད་རྒྱུད་ཀྱང་ཡིན་ཏེ། སཾ་བུ་ཊར་སྒྲོལ་མ་འབྱུང་བ་བཤད་པར་བྱ་ཞེས་སྒྲོལ་མ་འབྱུང་བའི་དོན་འཆད་པའོ། །ལས་ཚོགས་འགའ་ཞིག་སྣ་ཚོགས་སྒྲོལ་མའི་ཡིན་གསུངས། མུ་ཁྱུད་ཀྱི་ཕྱི་རོལ་༼ཀ་༽ཕྱོགས་བཞི་དང་གྲྭ་སྟེ་མཚམས་བཞིར་ཨུཏྤལའི་གཟུགས་བྱ། ཨུཏྤལ་རེ་རེ་ཡང་ཏཱཾ་གསུམ་སྒྲིག་གྱིས་མཚན་པ། ལྟེ་བའི་དབུས་ཀྱི་ཡི་གེ་ཕྲེད་བྲིས་གཞན་ཕལ་ཆེར་གཡས་བསྐོར་དུ་བྱ་སྟེ། འཁོར་ལོའི་ལྟེ་བ་མུ་ཁྱུད་ཀུན་ནས་ཟླུམ་པོ་ལ། ཨོཾ་པྲ་སནྣ་ཏཱ་རེ་རབ་ཏུ་སྒྲོལ་མ་ཨ་མྲྀ་ཏ་མུ་ཁི་བདུད་རྩིའི་གདོང་མ་ཨ་མྲྀ་ཏ་ལོ་ཙ་ནི་སྤྱན་མ། སརྦ་ཨརྠ་སཱ་དྷ་ནི་སརྦ་ས་ཏྭ་བཱ་ཤཾ་ཀ་རི། སྟི་བཱ་བུད་མེད་དམ་སུ་རུ་ཥོ་བཱ་སྐྱེས་པའམ་རཱ་ཛཱ་ནོ་བཱ་རྒྱལ་པོ་བ་ཤཾ་ཡང་ཟེར་ཀུ་རུ་དབང་དུ་གྱིས་ཤིག་ཏཱཾ་ས་བོན་སྭཱ་ཧཱ། ཞེས་པ་ལྟེ་བར་མུ་ཁྱུད་བཀོད་ལ་ཕྱི་རོལ་གྱི་མུ་ཁྱུད་ལའང་བྲི་བར་བཞེད་ཇོ་བོས་དང་པོ་ལ་འབྲི། གཞན་གཉིས་ལ་མི་འབྲི་གསུངས། འཁོར་ལོ་སེར་པོ་རྩིབས་བཅུ་པར་རྩིབས་རེ་རེ་ཁ་དོག་དམར་པོའི་པདྨ་འདབ་མ་རེ་རེ་ཡོད་པ་ལ་སྙིང་པོ་ཡི་གེ་བཅུ་པའོ། །ལྟེ་བའི་དབུས་སུ་ཧྲཱིཿགཉིས་ཀྱི་ནང་དུ་མིང་སྐུལ་ཚིག་དང་བཅས་པ་འཁོར་ལོ་གསུམ་པའི་སྐབས་ནས་འབྱུང་བ་བཞིན་ནོ། །ཨ་ཏི་ཤའི་འགྲེལ་པར་འདི་མིང་རྐྱང་ཡིན་གསུངས། མིའི་ཉི་མས་ནི་དམིགས་ཡིན། འབྲི་རྒྱུ་ལྟེ་བ་ཀུན་ནས་སོགས་ཀྱི་བསྟན་ཟེར། ཆུད་པར་བྱས་ན་དབང་དུ་བྱེད་དོ། །གཉིས་པ་གཞན་དེ་དང་འདྲ་བ་ལས་༼ཁ་༽ཡང་ན་རྩིབས་བརྒྱད་པ་ཡི་གེ་ཡང་ཨོཾ་ནས་ཏེའི་བར་བརྒྱད་པ་སྟེ་དབུས་སུ་ཟླ་བ་ལ་གོང་འོག་གཉིས་ལའང་དགོས་འདིར་ལྷག་པོ་ཏཱྃ་ཡིག་གོ །འདི་ལ་འཁོར་ལོ་གཉིས་ཡི་གེ་རི་མོ་སོགས་མི་འཁྲིག་པ་ཡེ་མེད་པར་ཁ་སྦྱོར་དུ་བྱས་ན་ཉི་མ་བདུན་ན་ངེས་པར་དབང་དུ་འགྱུར་རོ། །ཡང་ན་རྩིབས་དྲུག་པ་ལས་ཡི་གེ་ཡང་དྲུག་པའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿདབུས་སུ་ཧྲཱིཿཧྲིཿཆྒེེ་ཞེས་འཇུག །བཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱཿདེ་ཡན་ཐུན་མོང་ངོ་། །འདི་གསུམ་པ་འདིའི་ཁྱད་ཆོས་སོ། །ཇོ་བོ་གཉིས་པ་ལའང་དགོས་ཏེ་རྩིབས་ཀྱི་སྔགས་ཀྱི་མཇུག་ཡིན་པས་སོ་གསུངས། གོ་རོ་ཙ་ན་དང་། ཙནྡན་དམར་པོ་དང་། རྒྱ་སྐྱེགས་དང་། ཁྲག་གིས་བྷོ་ཛ་པ་ཏྲ་ལ་བྲི་བར་བྱ་སྟེ། སྲིད་པ་གསུམ་ཡང་དབང་དུ་བྱེད་དོ། །གུར་གུམ་དང་གོ་རོ་ཙ་ན་ལ་སོགས་འཁོར་ལོ་ནི། །གོང་གི་གཉིས་པ་དང་ཕལ་ཆེར་འདྲ་བ་ལས་པྲ་སནྣའི་ཚབ་ཏུ་མོ་ཧ་ནའི་སྔགས་བཅུགས་པ། རྩིབས་བརྒྱད་ཁམ་ཕོར་སོ་བཏང་བར་མར་དང་སྦྲང་རྩིར་བཅས། །འཁོར་ལོ་ཁ་སྦྱོར་ལག་ལེན་བཞིན་དུ་སྦྱོར་བས་དབང་དུ་བྱེད། །སྔགས་འདི་ང་པ་དང་ཅ་༼ཙ་༽པ་གཉིས་ཀར་འགྲོ་བས་སོ། །ཨོཾ་སརྡྷ་དན་༼སརྦ་༽མོ་ཧཱ་ནི་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚཾ་མོ་ཧཱ་ཡ་བྷ་ག་བ་ཏི་༼ཝཱ་དཱི་༽སརྦ་དུཾཥྚ་༼དུཥྚ་༽ནམ་༼ནཱཾ་༽བནྡ་བནྡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། དེ་ཉིད་དང་འདྲ་བ་ལས་དབུས་ཀྱི་སྤེལ་ཚིག་མེད་པའི་ཁྱད་པར་ཏེ་ཏཾ་ཡིག་འབའ་ཞིག་གོ། འཁོར་ལོ་གཅིག་ཀྱང་ལུས་ལ་བཅངས་ནས་༼ཅ་༽གོས་ཀྱི་མཐའ་ནི་མདུད་བྱས་ཏེ་ཆོམ་རྐུན་བཅིངས་པར་བསམ། རྩ་སྔགས་བདུན་བཟླས་ན། །ཆོམ་རྐུན་འཆིང་བར་བྱེད་པའི་མཆོག །འཁོར་ལོ་ཁ་སྦྱོར་ཡི་གེ་བཅུ་པ་ལ་བསྒྲུབ་བྱ་དབང་དུ་གྱུར་ཅིག་གི་སྐུལ་ཚིག་དང་བཅས་འབུམ་གྱིས་བསྒྲུབས་ཤིང་མཆོད། ལུས་ལ་བཅངས། ཐུན་དྲུག་ཏུ་མཆོད་པ་ཞིག་གིས། ༼ཆ་༽ཨུཏྤ་ལ་ལ་མོ་ཧ་ནའི་སྔགས་བདུན་མངོན་པར་བསྔགས་པས། །གང་ལ་སྦྱིན་པ་དེ་དབང་འགྱུར། །འཁོར་ལོ་ནི་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་ཅན་དམར་པོ་རྩིབས་རེ་རེ་ལ་ཨུཏྤ་ལས་མེ་ཏོག་རེ་རེ་མིའི་ཉི་མས་ནི་ཨུཏྤལ་ལའི་འདབ་མ་རེ་རེར་བཞེད། མཚན་པའི་ཟེའུ་འབྲུ་བརྒྱད་ལ་ཡི་གེ་བརྒྱད་ལྟེ་བ་ལ་ཆེ་གེ་བཱ་ཤངྐུ་རུ་སྭཱ་ཧཱ་བྲིས་པའོ། །འཁོར་ལོའོ། །༼ཇ༽ཆུ་དཀྱིལ་ཟླུམ་པོའི་དབུས་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞིའི་དལ་སྔོན་པོ་ཟླུམ་པོར། །ཐོད་ལས་ཁུ་བས་མིང་གི་ཐོག་མ་དང་མཐར་ཧྲཱིཿའདིར་རོ་རས་ལ་བྲིས་ལ། །སཾ་བུ་ཊི་ལྟར་ན་ཁཾ་ཕོར་ལ་བྲི་བ་ལྟར་གསུངས་ནའང་། སོ་བཏང་བཏང་བའི་ཁམ་ཕོར་ཁ་སྦྱོར་དབུས་སུ་བཞག་སྟེ་མནན་ན་རེངས། །མཐའ་ལ་ཐིག་སྐོར་གཅིག་གིས་ཆོག །མུ་ཁྱུད་མི་དགོས། ༼ཉ༽འདབ་བརྒྱད་པདྨ་སེར་པོའི་འདབ་མར་ག་རིངས་མཆོད་༼གསོད་༽གཉིས་ཡི་གེ་དབུ་རུབ་གཡོན་བསྐོར་ཡིན་ནོ། །ཡིག་གཉིས་གཉིས་ཀྱི་ནང་དུ་ཡི་གེ་བརྒྱད་པོ་རེ་རེ། །ཆུད་པ་སྟེ་ཨོཾ་ག་ནས་ག་ཏེ་གའི་བར་བྲིས་ཅིང་ལྟེ་བར་མཐའ་མ་ག་བརྒྱད་དབུས་སུ་ག །སྭ་ཨ་མུ་ཀཱཾ་སྟཾ་བྷ་ཡ་ཧ་ག་ཞེས་བྲིས། །ཡུང་བས་རྡོ་ལེབ་དག་ལ་སྟེ། །ཁ་སྦུབ་བཞག་ནས་ཞག་བདུན་སོགས་སྒྲུབ་སྟེ་བཞི་མདོའི་མཆོད་རྟེན་ནམ་མཚན་མ་གཅིག་པར་ཡི་གེ་མི་སུབས་ཐབས་དང་བཅས་ཁ་སྦུབ་ཏུ་མནན་ན་ཤིན་ཏུ་རིངས། །༼ཏ༽འཁོར་ལོ་ཕྱི་དབྱིབས་དེ་དང་འདྲ་བ་སྔོན་པོ་དེ་ནི་དུག་དང་ཁྲག །སྐེ་ཚེ་མི་རུས་བཏགས་པའི་ཆུས་དུར་ཁྲོད་ཀྱི་རུས་པའམ་གཡུལ་དུ་བསད་པའི་རྐང་རུས་ཀྱི་སྨྱུ་གུས་འགའ་ཞིག་འགྲེལ་པ་གཉིས་ནས་ཐོད་པ་ཉིད་ལ་འབྲི་བར་བཞེད་ཁ་སྦྱོར་ན་དེ་གསལ་བ་ཙམ་མོ། །འཁོར་ལོ་ད་རེ་རས་ལ་བྲིས་ཐོད་པ་མཚན་ངན་ཁ་སྦྱོར་དུ་འཇུག་པས་ཐོད་པར་འདབ་མ་ཡི་གེ་བརྒྱད་དང་ལྟེ་བར་མིང་ལ་ཐོག་མཐར་ཧཱུྃ་ཕཊ་གཉིས་ཀྱིས་མཚན་པར་བྲི། །འདབ་མར་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སོགས་དང་། ལྟེ་བར་ཧཱུྃ་ཕཊ་ཆེ་གེ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་སོ། །ཐོད་པ་དུག་ཁྲག །ཡུངས་དཀར་ནག །རྡོར་ལྕགས། དུར་ཁྲོད་ཀྱི་རོ་ཐལ་སོགས་ཀྱིས་བཀང་། ཡུགས་ས་མོའི་སྐྲ་དང་། ཤན་པའི་བུ་མོའི་སྲད་བུས་བསྡམས་གནན་གཏད་དུ་བྱས་ན་འདི་ཡིས་ངེས་པར་གསོད་པར་བྱེད། །༼ཐ༽གྲོ་གར་འཁོར་ལོ་སེར་པོ་གུར་གུམ་གྱིས་བྲིས་ལ། །ཡི་གེ་བརྒྱད་དང་མིང་སྤེལ་ཨོཾ་དང་བཅས་པ་བྲི་སྟེ་འདབ་མར་ཨོཾ་ཨོཾ་ཨོཾ་ནས་ཨོཾ་སྟེ། ཨོཾ་ལྟེ་བར། ཨོཾ་དེ་བ་དརྟ་ཨཱ་ཡུ་པུཎྱ་དྷ་ན་པུཥྚཾ་ཀུ་རུ་སྭཱ་ཧཱ་ཨོཾ་ཅེས་སོ། །མེ་ཏོག་སེར་པོས་མཆོད། །༼ད༽ཡང་ན་སྭཱ་ཧཱར་ཡི་གེ་བརྒྱད་དང་མིང་ཆུད་པ་བྲིས། །ཏེ་འདབ་མར་སྭཱ་ཧཱ་ཨོཾ་སྭཱ་ཧཱ་སོགས། འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་སྭཱ་ཧཱ་འདི་ལ་རཀྵ་རཀྵ་ཨོཾ་སྭཱ་ཧཱ་ཞེས་སོ། །ཨོཾ་བཅས་འཁོར་ལོས་རྒྱས་པ་དང་སྭཱ་ཧཱའི་འཁོར་ལོས་སྲུང་བ་བྱེད་པའི་མཆོག །འཁོར་ལོ་སེར་པོ། ༼ན༽རྩིབས་བཅུ་པ་ལ་༼ཨ་༽ཨོཾ་༼ཨ་༽ནས་ཨ་ཧ་ལའི་༼ཨའི་༽བར་དང་། ལྟེ་བར་ཨ་དེ་ཤིནྟཾ་ཀུ་རུ་ཨ་ཞེས་ཨ་ཡིག་གཉིས་གཉིས་ཀྱི་ནང་དུ་ཡི་གེ་བཅུ་པ་དང་མིང་ཆུད་པ། །ཙནྡན་ཆུས་བྲིས་རབ་གནས་ལ་སྔགས་བརྒྱ་རྩ་བཟླས། ཁམ་ཕོར་དཀར་པོ་ཡུ་མེད་བཅས་ཏེ་དེར་བཅུག །མེ་ཏོག་དཀར་པོ་དྲི་བཟང་གིས་མཆོད་ཅིང་ཞག་བདུན་བསྒྲུབས་ན། །བསྐུལ་དང་རིམ་པ་སོགས་ཤིན་ཏུ་ཞི་བའི་ལས་ལ་མཆོག །ཇོ་བོས་ཕྱད་ག་༼བྷ་གའི་༽ཅེས་པ་མོ་མཚན་གྱི་དབྱིབས་ལྟ་བུ་གསུངས། ༼པ༽བྷ་གའི་ནི་མུ་ཁྱུད་གསུམ་སྐོར་གྱི་དབུས་སུ་ཆོས་འབྱུང་དམར་པོ་གྲུ་གསུམ་མོ་མཚན་མཚོན་པ། དེའི་དབུས་སུ་ལིངྒ་ཕོ་མཚན་དམར་པོའི་རྩེ་མོ་དང་། མུ་ཁྱུད་གཉིས་ཀྱི་བར་མ་ཧྲཱིཿཡིག་དམར་པོ་གིས། །བསྐོར་བ་ཕོ་མཚན་གྱི་འབྲས་བུ་ལ་མིང་དང་སྐུལ་སྔགས་བཅས་པ་ཧྲཱིཿཆེ་གེ་ཨ་ཀརྴ་ཡ་ཧྲཱིཿཞེས་སོ། །འཁོར་ལོའི་ཕྱི་རོལ་ཏུ་ཞགས་པ་དམར་པོའི་བསྐོར་བ་དང་། ལྕགས་ཀྱུ་དམར་པོས་བསྐོར་བ་བྲི། མིང་ལ་བུད་མེད་དེའི་དྲི་ཆུ་སྐྱེས་པ་གཞོན་ནུའི་ས་བོན་བྱུག །སྒྲོལ་མ་དམར་མོའི་ཀུ་རུའི་ང་རྒྱལ་གྱིས་བྱ་ལྕེའི་འོག་གི་རྩར་ཧྲཱིཿམེ་འོད་འཕྲོ་བའི་གདུང་བ་ཅན་གྱིས་གདུངས། ཞགས་པ་ལྕགས་ཀྱུའི་སྦྱོར་བ་བསྒོམ། སྒྲོལ་མའམ་ཀུ་རུ་ཀུལླེའི་སྔགས་ལ་ཧྲཱིཿདེ་ལ་ཨ་ཀརྴ་ཡ་ཧྲཱིཿཞེས་ངག་བཅད་བཟླས། ཞག་བདུན་བདུན་ན་འཁོར་ལོའི་སྟེང་དུ་རང་གི་དྲི་ཆུ་དོར་ན་ཉི་མ་བདུན་ཙམ་གྱིས་ཉི་མ་ནི་ཟླུམ་པོ་མཆུ་ཅན་གསུངས། པཎྜི་ཏ་ཁ་ཅིག་འཁོར་ལོ་བྲི་བ་མིན་འབུར་དུ་བྱེད་ཟེར། འདིར་འདི་ཡིས་བསྒྲུབ་བྱ་འགུགས་པར་འགྱུར། །ལུགས་ཕྱི་མ་ཁ་སྦྱོར་གྱི་དགོངས་པར་ཡང་སྣང་ངོ་། །མདུན་བསྐྱེད་ཀུ་རུ་ཀུལླེའི་བསྙེན་པ་དང་འཁོར་ལོ་བྲི་སྐབས་ཀྱང་མཆོད་པ་བྱས་ལ། སྨད་འཚོང་མའི་ལག་ནས་བྱུང་བའི་རས་ལ་སྣ་ཚོགས་༼ཕ་༽པདྨ་འདབ་མ་བརྒྱད་རིམ་པ་གསུམ་བསྐོར་བས་ཉི་ཤུ་བཞིར། །འདབ་མའི་ཕྱི་ཐིག་རེ་ཁ་གསུམ་བསྐོར་འདབ་མ་ནང་མར་ཨོཾ་བར་མར་ཧྲིཾ་ཕྱི་མར་ཀྵིཾ་ཀྵླིཾ་སྟེ་འདབ་རེ་ལ། རེ་རེ་བརྒྱད་གསུམ་མོ། །ལྟེ་བ་ལ་ཨོཾ་ཧྲིཾ་ཀྵིཾ་ཆེ་གེ་ཝ་ཤཾ་ཀུ་རུ་ཨོཾ་ཧྲིཾ་ཀྵིཾ་ཅེས་བྲི། གུར་གུམ་དང་གྷི་ཧཾ་བསྲེས་པའི་རྒྱ་ཚོས་ཀྱིས་སྐར་མ་རྒྱལ་ལ་བྲིས་ནས་བསྒྲུབས་ཏེ་འཁོར་ལོ་བཟུང་བའི་ལག་པས་བསྒྲུབ་བྱ་ལ་རེག་པར་བྱས་ན། །བྲན་ཕོ་བྲན་མོ་ལྟར་ལས་བྱེད། །༼བ༽འཁྲུལ་འཁོར་གྲུ་བཞི་སྒོ་བཞི་པ། །གཞལ་ཡས་ཁང་གི་གཞིའི་སྣ་ཚོགས་རྡོ་རྗེ་སྟེགས་དབུས་འདོད་སྣམ་བརྒྱན། །སཾ་བུ་ཊི་ལྟར་ན་སྣ་ཚོགས་རྡོ་རྗེ་དང་སྟེགས་བུ་མེད། རྡོ་རྗེས་ཟུར་བཞི་མཚན་པར་བཤད། ཤར་སྒོར་ཐོ་བ་ལྷོ་སྒོར་དབྱུག་ཏོ་ནུབ་སྒོར་པདྨ་དང་། །བྱང་སྒོར་རལ་གྲི་སྒོ་བཞི་དང་པྲེ་རེ་ག་རྩིག་པ་འདོད་སྣམ་སོགས་མི་དགོས་ཨུཏྤ་ལ། །ནང་དུ་བཅུག་པའི་ཐོད་པའི་གདན་དང་བཅས་ལྕགས་ཀྱུ་གཞལ་མེད་ཁང་གི་གྲྭ་མཚམས་སུའོ། །དེ་དབུས་སྣ་ཚོགས་པདྨ་འདབ་མ་བཅུ་པ་ལ་ཡི་གེ་བཅུ་པས་མཚན་པ་བྲི། །ལྟེ་བའི་ནང་གི་མཐའ་བསྐོར་དུ་ཨོཾ་པྲ་སརྦ་༼སན༽ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། དབུས་སུ་བཱ་ཤཾ་ཀུ་རུ་ཞེས་པ་འབྲི། དབང་དུ་བྱེད་པའི་སྔགས་སོ། །
དེ་ནས་བཀའ་སྩལ་པ། སྔགས་འདི་སླར་ཡང་གསུངས་པ་ནི་གོང་དུ་འབྲི་བ་དང་ལས་སྦྱོར་སྐབས་ཙམ་ཡིན་ལ་འདིར་ལས་སྔགས་འདི་ལ་བསྙེན་པ་འབུམ་དུ་བྱ་དགོས་པས་ཡིན་གསུངས། ཨོཾ་སརྦ་མོ་ཧ་ནི་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚཾནྨ་༼དུཥྚན་མོ་༽ཧ་ཡ་བྷ་ག་བ་ཏི་༼ཏཱི་༽སརྦ་དུཥྚ་༼དུཥྚཱ་༽ནཾ་བནྡྷ་བནྡྷ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གང་དུ་བཤད་པའི་གྲུ་བཞི་སྒོ་བཞི་སོགས་ཕྱི་དབྱིབས་འདྲ་དེ་དབུས་འཁོར་ལོ་རྩིབས་དྲུག་གམ་ཨུཏྤལ་འདབ་དྲུག་པའི་ལྟེ་བར་ཟླ་བ་ཟླ་བ་ཏཾ་བཅས་སུ་མ་ཟད། རྩིབས་དྲུག་ཀྱང་དབུས་སུ་འོ་ཞེས་པའི་དོན་ནོ་ཏཱཾ་ཡིག་བཅས། །དབུས་སུ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་ལས་ཀྱི་སྤེལ་ཚིག་གང་འོས་སྦྱར་ནས་ཧྲཱིཿཞེས་བསྐོར་བར་ཇོ་བོས་བཞེད་དེ། དེ་ལྟར་ན་དབུས་དང་རྩིབས་དྲུག་ཀུ་རུ་ཀུལླེ་རྩིབས་དྲུག་ལ་ཀུ་རུ་ཀུལླེ། །གོང་འཁོར་ལོ་གསུམ་པ་དང་འདྲ། སྔགས་ནི་ཡི་གེ་བརྒྱད་ཧྲཱིཿགཉིས་དབུས་ཆུད་པའི། །མིང་དང་བསྐུལ་བས་ཧྲཱིཿཆེ་གེ་བཱ་ཤམ་ཀུ་རུ་ཧྲཱིཿསྭཱ་ཧཱ་ཞེས་པའོ། །ལྟེ་བ་དང་མུ་ཁྱུད་ལ་མོ་ཧའི་སྔགས་དགོད་པ། ལས་ཀུན་བྱེད། །ཀུ་རུའི་སྔགས་འབྲུ་བརྒྱད་ཀྱི་མཐར་མོ་ཧའི་སྔགས་སྦྱར་བ་འབུམ་ཕྲག་བཟླས་པས་ས་གཡོ་ཞིང་། །རྒྱ་མཚོ་བདུན་སྐམ་མི་རྒྱུ་བའི་དུག་ཞིར་བྱེད། །གྱོ་མོའི་སྦྱོར་བས་ནི་རྫ་ཐོད་ལ་འདོད་པ་ཡོད་ནའང་འདིར་གྱོ་མོ་ལ་འཁོར་ལོ་བྲིས་ཐོད་པར་བཅུག་ནས་མནན། འབྱུང་པོ་ཀུན། །བཅིངས་བའི་ནུས་པ་དང་ནས་གཞན་ཡང་སྔགས་འདི་བཟླས་པས་དུག་དང་མཛེ་ནད་སོགས་ཀླུའི་གནོད་པ་དང་འཁོར་ལོ་བྲིས་ཐོད་པར་བཅུག་ནས་མནན་ན་འབྱུང་པོ་ཀུན་བཅིངས་བའི་ནུས་པ་དང་། འཁོར་ལོ་དེ་ལུས་ལ་བཅངས་པའམ་གྲོང་ཁྱེར་གྱི་སྒོ་སྟེང་དུ་སྦས་ན་ཕྲ་མེན་མཁའ་འགྲོ་མའི། །སྦྱོར་བ་རིམས་ནད་དང་ལྟ་སྟངས་སོགས་འཕྲོག་ཅིང་སྐུལ་ཚིག་དང་བཅས་ཆུ་མིག་ཏུ་སྦས་ནས་མཆོད་གཏོར་བྱས་ན་ཆར་འབེབས་དང་། །ཁ་སྟེང་དུ་བལྟས་འཁོར་ལོ་ནམ་མཁར་འཕངས་སྔགས་དེ་སྟོང་བཟླས་ན་ཆར་གཅོད་གསུངས་ཏེ། འདིར་མ་བཤད། མདོ་རྒྱུད་གཞན་དང་མཐུན་ནོ། །སྐུལ་ཚིག་དང་བཅས་བསྒྲུབས་ནས་ལུས་ལ་བཅངས་ན་གཡུལ་དུའང་མཚོན་ཆས་མི་གནོད་པའི་ལུས་སུ་འགྱུར་རོ། །༼ཙ༽དཔྱིད་ཟླ་ར་བའི་ཉིན་པར་བུ་མོ་མཛེས་མ། །རྡུལ་ཏེ་ཟླ་མཚན་དང་ལྡན་པའི་དུས་ཀྱི་གོས་ཀྱིས་ནི་ཐང་ཀའི་རྒྱུ་རས་བཏགས་ལ། །བུད་མེད་བཟང་མོའི་ཟླ་མཚན་གྱིས་བགོས་པའི་རས་དེ་ལ་ནི། །རི་མོར་རི་མོ་བ་དམ་ཚིག་ལྡན་པས་བྲི་འོ། །ལྷ་གང་བྲི་ན་སྒྲོལ་མ་དང་འོད་ཟེར་ཅན་མ་དང་། །ཕག་མོའི་གཟུགས་ལ་རབ་གནས་སྤྱི་དང་འདྲ་བ་ལས། སྦྱིན་སྲེག་རྒྱས་བསྡུས་གང་ལྟར་ཡང་ཁྲི་ཕྲག་གཅིག་ངེས་པར་བྱ་ལ་མངོན་མཆོད་ན། །གང་དང་གང་འདོད་པའི་ལས་ཐམས་ཅད། །དེ་ཕྲིན་ལས་ཐམས་ཅད་དམ། ཁྱད་པར་སོ་སོའི་ལས་ཚོགས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །
འཕྲུལ་འཁོར་ལ་མ་བརྟེན་པའི་ལས་སྣ་ཚོགས་པའི་བཤད་པ་ནི། གཞན་ཡང་རྩ་བའི་གཟུངས་ཀྱི་མཐུ་སྟེ་རྩ་སྔགས་ཁོ་ནའི་ལས་ཚོགས་གསུངས་པ། །ལས་འདི་དག་གི་ལས་སྦྱོར་སྐབས་ལ་བསྡུས་ནས་གཙོ་མོ་རྐྱང་པའི་ང་རྒྱལ་གྱིས་བྱའོ། །༼༡༽གོས་མཐའམ་སྐྲའི་སྟེང་ལ་ཟླ་བ་ལ་ཏཾ་བསམ་ལ། དེའི་འོད་ཀྱིས་གནོད་བྱེད་བཀུག །དེ་བཅིངས་པར་བསམ་ལ་ལན་བདུན་རཀྵ་རཀྵ་བཏགས་ལ་མངོན་པར་སྔགས་ལ་མདུད་པ་གསུམ་དབུགས་བསྡམས་ཏེ་བཅིངས། །འབྲོག་དགོན་དག་ཏུ་དགྲ་དང་གཅན་གཟན་སྦྲུལ་སོགས་འཇིགས་པ་མེད་པར་འགྱུར། །མཎྜལ་ཟླ་གམ་གྱི་སྟེང་དུ་འོ་མ་ཅན་གྱི་ཤིང་བཙུགས་ཏེ་༼༢༽ཨུཏྤལ་སྦྱིན་སྲེག་བརྒྱ་རྩ་ཡིས། །ངེས་པར་དབང་དུ་བྱེད་པ་ཡིན། །དེའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་ཆེ་གེ་མོ་མེ་བདག་གི་དབང་དུ་གྱུར་ཅིག་བ་ཤ་མ་ན་ཡེ་སྭཱ་ཧཱ། ༼༣༽བྱ་རོག་གཤོག་པའི་དྭང་རུ་མ་ཉམས་པར་ལན་སུམ་ཅུ་རྩ་གཉིས་བསྔགས་ནས་ནི། །དགྲ་བོའི་ཁྱིམ་གྱི་སྒོའི་སྐོར་དུ་སྦས་ན་དགྲ་བོ་སྐྲོད། །དེའི་སྔགས་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤྲིཾགྷྲཾ་༼ཤཱི་གྷྲཾ་༽ག་མི་ནི་དེ་བ་དཏྟཾ་ཨུཙྵ་༼ཨུཏ་ཙ་༽ཊ་ཡ་ཧཱུྃ་ཕཊ། རྒྱ་དཔེ་གཅིག་ཏུ་ར་ཛི་ཀ་སྣང་། མ་ད་ན་འབྲུ་དམར་པོ་སེ་འབྲུ་འདྲ་བ་གཅིག་ཡོད་གསུངས།༼༤༽སོ་སོ་འཆའ་དང་ཡུངས་ཀར་དང་། །ཐང་ཕྲོམ་གྱི་འབྲུ་དང་ཨ་ཤྭ་ཀའི་ཤིང་མེ་ཏོག །འདབ་མ་བཅས་པ་ལན་ལྔ་སྟོང་སྦྱིན་སྲེག་བྱེད་པའམ་འདིར་ཐབ་ཟླ་གམ་གྲུ་གསུམ་བྱས་ཤིང་ཡང་གྲུ་གསུམ་དུ་བརྩིགས། རང་བདག་བསྐྱེད་མེ་ནང་འདས་པ་མེ་ལྷ་སྐད་ཅིག་གིས་བསྒོམས་ཏེ་རྫས་བསྲེགས་པ་ལས། ཐབ་བསྐོར་བསྐྱེད་འཇིག་རྟེན་པའི་མེ་ལྷ་སོགས་མི་དགོས་སོ། །འདི་སྐབས་ཀྱི་སྦྱིན་སྲེག་ཐམས་ཅད་ལའོ། །ཡང་ན་མངར་གསུམ་མར་དང་ལྡན་པས་བསྲེགས་བྱས་ན། །ཉིན་བདུན་ཕུལ་ན་བུ་མོ་རིགས་ནོར་གཟུགས་མཆོག་དག་འཐོབ་པར་འགྱུར་རོ། །
དེའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་ཆེ་གེ་ཞེས་བྱ་བའི་བྷི་དྷ་ནཱཾ། ཀུ་མཱ་གཞོན་ནུ་རཱི་མ་ཧེ་མུརྦ་༼མུདྦ་༽ཏེ་བདག་ལ་ལུགས་༼ལུང་༽བཞིན་དུ་ན་ཏ་སྱཿ༼སྱཱཿ༽སི་༼པི་༽ཏ་པྲ་ཡཙྪནྟུ་སྭཱ་ཧཱ་སྟེར་བར་གྱུར་ཅིག །༼༥༽ཟླ་མཚན་ཅན་གྱི་འདོམས་དཀྲིས་སུ་བྱིན་པའི་རས་ལ་སྒྲོལ་མ་དམར་མོ་ནི། །གཡས་ཨུཏྤལ་གཡོན་ཞགས་པ་བསྣམས་པ་བྲི། །རབ་གནས་བྱས་ལ་ཐུན་བཞིར་མཆོད་ཅིང་ཐུན་རེ་རེ་ལས་༼ལ་༽སྐུལ་ཚིག་སྦྱར་བའི་ལྔ་སྟོང་བཟླས་ནས་ནི། །དེ་མིན་རྩ་སྔགས་གོང་སོགས་བཟླ་གསུངས། དབང་དུ་འདུ་བའི་ཡུལ་རྨི་ལམ་དུ་ཤར་ན་ཞགས་པས་མགུལ་བཅིངས་ལྕགས་ཀྱུས་མོ་མཚན་ཕུག །མེ་ཏོག་ནི་མདའ་སྙིང་ཁར་བསྣུན། རྐང་འོག་ཏུ་ལྷུང་བར་བསམ་ལ་སྔགས་གོང་མའམ་ལས་ཚོགས་གཉིས་པའི་སྔགས་ཀྱིས་ཀྱང་རུང་གསུངས། དེའི་སྦྱོར་བས་བཀུག་ལ་འདོད་པ་སྤྱད། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་མ་མ་བ་སི་ཏཾ། བདག་ལ་དགོས་པའམ་དབང་དུ་བྱར་འོས་པའི་སྭ་སྣ་རྨི་ལམ་ཀརྣེ་རྣ་བར་ཀ་ཐཱ་ཡ་གཏམ་དུ་གྱིས་ཧཱུྃ་ཕཊ། རྨི་ལམ་དུ་གསུངས་ཤིག་གི་དོན་ནོ། །༼༦༽རེག་ཕྲུག་ཚེར་མ་མ་རྙེད་ན་དྷུ་སའི་ཚེར་མས་རུང་བར་སྣ་ཚོགས་སྒྲོལ་མའི་རྒྱུད་མངོན་འབྱུང་ན་ཡོད་གསུངས། ཟླ་མཚན་བཅས་ཏེ་དེ་ལ་སྦགས་པའོ། །སྲེག་བླུགས་སྟོང་ཕྲག་གཅིག་གིས་ཕུལ་བ་ནི། །མི་བདག་རྒྱལ་པོའི་བུ་མོ་མཆོག་ཀྱང་འགུགས། །
དེའི་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་༼ཀ་༽བྷི་དྷ་ནཾ་རྒྱ་དཔེ་གཅིག་ན་ཨ་མུ་ག་སི་ཧ་ནཾ་སྣང་བ་བག་མ་ཆེ་གེ་མོ་ཞེས་པའི་དོན་ཡིན་སྭསྠ་༼སྭསྠཱ་༽ན་༼ནཱ་༽དཱ་ཀརྵཱ་ཡ་རང་གི་གནས་ནས་ཁུག་ཅིག་མ་མཱནྟི་ཀེ་ཛཿབདག་གི་དྲུང་དུ་༼༧༽ཟླ་བ་གཟས་བཟུང་བའི་དུས་སུ་བཟླས་པ་བྱེད་བཞིན་དུ་སྙོམས་འཇུག་བྱས་པའི་འཇིག་རྟེན་དབང་སྟེ་ཐིག་ལེ། །དུང་གི་སོལ་བ་དང་འགའ་ཞིག་མ་སྲེག་པར་འདོད་དེ་གང་ལ་བྱིན་པའི་བུ་མོ་དེ་དབང་དུ་འགྱུར་རོ་བཏགས་ཏེ་འདོད་མར་སྦྱིན། །ཡང་ན་སྦྲུལ་མགོ་གཉིས་པའི་སྟེང་ཕྱོགས་གཉིས་ཆར་ལ་མགོ་ཡོད་པའོ་ཤ་དུད་པ་མ་ཤོར་བར་ཐལ་བར་བྱ་བ་ཁ་ཅིག་འདོད། །༼༨༽ཨརྐའི་ཤིང་བལ་ལ་དྲིལ་བར་བྱས་ལ། །བ་དམར་མར་ཁུས་ཐོད་པར་མར་མེ་སྦར་བ་ལ་ཐོད་པ་བཀབ་སྟེ་དྲི་ནག་གི་མིག་སྨན་བྱ། །འགའ་ཞིག་གིས་མིག་སྨན་ཤ་ཆེན་བསྲེ་ཟེར། ལག་པའི་སྲིན་ལག་གཉིས་ལ་མཆིལ་མ་བརྐུས་སྔགས་གསུམ་གྱིས་མཉེ། སོར་མོ་རྣམས་བསྡུས་པ་ལ་རྩ་སྔགས་ལན་ལྔ་བཟླ། རེ་རེ་ནས་བཀྲོལ་ཏེ་རེ་རེ་ནས་བཟླས་ཏེ་མིག་སྨན་མིག་ལ་བྱུག་གོ། དེ་ནས་ལྟ་སྟངས་དང་བཅས་བཞིན་པས་རྡོ་རྗེ་ཆོས་དང་བྱང་སེམས་རང་འཛག་པ་སྟེ་ཕྱུངས་པ་མ་ཡིན་པའོ། །ཞེས་པཎྜི་ཏ་ཁ་ཅིག་འདོད་དོ། །ཁ་ཅིག་ཐིག་ལེ་རཀྟ་ཀྱུས་མ་སྟེ་ཨརྐའི་བལ་ལ་དྲིལ་ཟེར་ཉི་མ་དང་། །རྟ་རྒྱལ་མཆོག་གི་དཔའ་བོ་གཡུལ་དུ་བསད་པའི་ཤ་ཆེན་སྤོས་བདུག་ནས། །སློབ་མའམ་བུ་མོའམ་ཁྱེའུ་ལ་ལྟ་སྟངས་ཀྱིས་བལྟས་པས་པདྨ་གར་དབང་འགའ་ཞིག་མངལ་ཁྲག་ཟེར་འབབ། །གྲུབ་ཆེན་ཞི་བའི་ཞབས་རྒྱུད་གུར་དང་བསྟུན་ན་སྒྲོལ་མས་མནའ་བོར་བའི་ཕྱིར། འོད་དཔག་མེད་ཀྱི་ཡེ་ཤེས་བབ་པ་ལ་བཞེད་དེ་ཤིན་ཏུ་ལེགས།༼༩༽སྦྲུལ་ནག་ཧ་ལ་ཧ་ལའི་མཇུག་མ་དང་། །འཇམ་འབྲས་ཀྱི་འབྲུ་དང་རྩངས་པའི་མཇུག་མ་དང་། །མགྲོན་བུ་རོར་ཏེ་དངུལ་ཆུ་བཅས་པ་ཁམས་དཀར་དམར་རྡོ་ཁབ་ལེན་བླུག་༼བྱུག་༽པའོ། །ཁུ་བ་འཛིན། །༼༡༠༽སྡིག་པའམ་སྦལ་པ་དཀར་པོའི་ཞག་གིས་སམ། །བ་ར་རྟའི་༼༡༡༽འོ་མ་རྣམ་གསུམ་ལ་ཤོ་ཀནྟ་༼ཨ་ཤོ་ཀརྵ་༽དང་སྦྱར་བ་དང་། །དང་པོར་བྱུང་བའི་ཨ་ཕུ་མཚལ་རྡོ་དང་སྦྱར་བ་ནི། །གུ་གུལ་ལྷད་མེད་བཅས་པའི་རིལ་བུས་ཟོས་པས་ཀྱང་། །རྟག་ཏུ་ཁུ་བ་རེངས་པར་འགྱུར། །སྒྲོལ་མ་དམར་མོའི་སྔགས། ༼༡༢༽ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སནྟ་ར་ཎི་ཧྲཱིཿདེ་བ་དཏྟ་ཝ་༼བཱ་༽ཤཱཾ་༼ཤཾ་༽ཀུ་རུ་ཧོཿདེའི་སྒྲུབ་ཐབས་ཏེ་འགྲེལ་པ་གཉིས་ལྟར་ན། དམར་པོ་ཕྱག་གཡོན་པདྨ་དམར་མོ་དང་གཡས་ལྕགས་ཀྱུ་བཅས་པ་ཡི། །བདག་བསྐྱེད་བསྙེན་པ་འབུམ་བྱས་ལ། སྐྱེས་པའི་བུད་མེད་ཀྱི་ཟག་རྫས་ལ་འཁོར་ལོ་གོང་འདབ་མ་བཅུ་པ་དང་འདྲ་བ་ལས། ལྟེ་བ་དང་མུ་ཁྱུད་ལ་སྔགས་འདི་ཉིད་ཀྱིས་བསྐོར་བ་བུ་མོའི་སྐྲས་བཅིངས་ཏེ་ཙནྡན་དམར་པོ་དང་སྨད་འཚོང་མའི་རཀྟ་བསྲེས་པའི་འཇིམ་པ་ལ་སྤུ་ཏ་ལིངྒས་བྱས་པའི་སྙིང་ཁར་གཞུག །སྨད་འཚོང་མའི་གོས་ཀྱིས་བཀབ་ལ་སྔགས་དང་ཕྱག་རྒྱས་འགུགས་པར་བྱ། །དམིགས་པ་ཕོ་ཉ་མ་དམར་མོ་ཞགས་པ་ལྕགས་ཀྱུ་བསྣམས་པ་ཡི། །ལྷ་མོའི་བསྒྲུབ་བྱ་མེ་རླུང་གི་སྟེང་དུ་བཞག །ཕོ་མོ་སོ་སོ་དང་བསྟུན་པའི་ཞགས་པ་ལྕགས་ཀྱུའི་སྦྱོར་བས་ཞག་བདུན་གྱིས་འགུགས་པར་བྱེད་པ་ཡིན། །ཤྭ་ལོ་ཀ་གཅིག་པ་འདི་དང་། འོག་རྒྱུད་ཉི་མ་འཆར་ཀ་སོགས་དང་། སྒྲོལ་མ་དམར་མོའི་རྣལ་འབྱོར་པས་ཞེས་པ་ནས་འོང་བར་འགྱུར་རོ་བར་རྣམས་དོན་ཁོག་བསྒྲིགས་ཏེ་འདིས་ཁོད་༼ཁེགས་༽པར་བསྟན། འོག་གི་གཉིས་པོ་བསྙེན་པ་དང་། རྒྱས་བཤད་དུ་སྦྱོར་བ་གྲུབ་ཆེན་ཞི་བའི་མན་ངག་སྟེ་ཡི་གེ་ལོགས་ནས་ཡོད་པས་དེར་ཤེས་སོ། །༼༡༣༽ ཨོཾ་ཙ་ཏུརྦྷུ་ཛ་ཥཎྨུ་ཁ་བི་ཀྲི་ཏཱ་ན་ན་ཀརྞ་པི་ཤཱ་ཙི་ཧཱུྃ་ཕཊ། གཤིན་རྗེ་གཤེད་ཀྱི་བྲིས་སྐུའི་མདུན་དུ་དེའི་གཟུགས་བརྙན་ཁྲོ་མོ་གདོང་དྲུག་ལག་བཞི་མེ་ལོང་ཐོགས་པ་བྲིས་ཏེ། གཙང་སྦྲའི་མཆོད་གཏོར་དང་བཅས་ཞག་བདུན་བཟླས་ན་༼༡༤༽རྣ་བར་སྒྲོག་པ་བསྒྲུབ་བོ། །ཨོཾ་བུདྡྷ་༼བུདྷ་༽ཙུ་རུ་མཱ་ཙུ་རུ་ཀེ་སྭཱ་ཧཱ། སངས་རྒྱས་ཀྱི་མཆོད་རྟེན་གྱི་དྲུང་དུ་མཆོད་པ་དང་གཙང་སྦྲ་དང་བཅས་པས་ཟླ་བ་གཅིག་བཟླས་ན། བདག་ཉིད་གང་དུ་སྐྱེ་བར་འགྱུར་བ་དང་། ཚེ་ཟད་པ་དང་། རིང་དུ་འཚོ་བ་ཡང་ཤེས་བར་འགྱུར་རོ། །ཧ་ལ་ཧ་ལའི་༼༡༥༽སྦྲུལ་གྱིས་སྦལ་པ་དཀར་པོ་བཟུང་བ་ན་སྦལ་པ་ཁ་ཡོད་བཞིན་པ་བྱིས་པ་སོགས་ཀྱིས་བསད་པ་ན། །སྦྲུལ་དང་། སྦལ་པ་དེ་དག་གི་ཤ་རུས་དུད་མེད་བསྲེགས་ཏེ་ཐལ་བར་བྱ་ལ། །ཐལ་བ་དེ་དང་སྦྲང་རྩིར་སྦྱར་བ་ལ་སྔགས་ལན་སྟོང་བཏབ་སྟེ་བུད་མེད་དེའི་མཆན་ཁུང་དུ། །ཐིག་ལེ་བྱས་ན་འགུགས་པར་འགྱུར། །༼༡༦༽མི་ཚིལ་མི་ཡི་ཐོད་པར་བཞག །ནརྨའི་བལ་ཤིང་བལ་རང་མདོག་དམར་པོ་གཅིག་ཡོད་གསུངས་གྱིས་སྡོང་བུར་བྱ། །གཟུགས་འཚོང་མ་རྒྱ་བལ་གྱི་རིགས་དང་སྤྱོད་པ་དང་ལོངས་སྤྱོད་རིན་ཐང་དུ་བཅད་པའི་དམ་ཚིག་ལ་གནས་པ་དགོས་ཀྱི་བོད་ཀྱི་གཙང་མོས་མི་བཏུབ་གསུངས། ཐོད་པ་དུམ་བུ་བཞི་བའམ་དྲུག་པ་དག་ལས་ནི། །མར་མེ་དེའི་སྣག་ཚ་སྣག་ཆགས་སུ་བཞུགས་རིང་སྟེ་མཚན་ཕྱེད་ཙམ་སྔགས་སྤེལ་ཚིག་ཅན་བཟླས་ནས། བླངས་ཏེ་བུ་མོ་ལ། །ཐིག་ལེ་བྱས་ན་འགུགས་པར་འགྱུར་རོ། །༼༡༧༽ཨོཾ་བཛྲ་ཏིཀྵྞ་ཡ་ཧཱུྃ་སྭཱ་ཧཱ། འོ་མ་ལ་ལན་བདུན་མངོན་པར་བསྔགས་ནས་བཀྲུས་ན་མིག་གི་རབ་རིབ་སེལ་བར་འགྱུར་རོ། །མི་རུས། ཕག་མཆེ། རྨ་བྱའི་མཁྲིས་པ། མུ་ཟི། ཟེ་ཚྭ། གྷྲིང་༼སྦྲང་༽ག་ར་ཛ། བདུད་རྩི་ལྔ། གུ་གུལ་རྣམས་བསྲེག་པའི་རྫས་དང་། ༼༡༨༽མིའི་རྟིང་པའི་ཤ་དང་། བྱི་ལ་ནག་མོའི་མཆིན་པའི་རྫས་ཀྱི་སྟེང་དུ་སྒྲོལ་མ་བསྐྱེད་མཆོད་བསྟོད་བཟླས་པ་ཞག་བདུན་བྱས་པ་བདུག་པས་སྔགས་བརྒྱ་རྩས་སྔགས་པ་གནས་དང་རྫས་ཀྱི་འབྱུང་པོ་རང་གནོད་པའམ་གཞན་གྱི་རྦད་པ་རྣམས་སྐྲོད་པར་འགྱུར་རོ། །ཡུངས་དཀར་ལྡོང་རོས། ཞུམ་བུའི་བྲུན་རྣམས་ལ་གཟུགས་བརྙན་བྱ། ཏྲི་དང་མིང་སོགས་སྙིང་གར་གཞུག །དགུག་གཞུག་དང་བྱད་དུ་གཞུག །ཚེར་མའི་ཤིང་ལ་སྦྱིན་བསྲེག་བྱས་ན་འབྱུང་པོ་འཆིང་ཞིང་། རྫས་གོ་བརྗེས་པས་མི་ལའང་བཏུབ། བར་ཆད་གནོད་བྱེད་སྤྱི་ལ་དམིགས་ནའང་བཏུབ། རྒྱུད་གཞན་ནས་འབྱུང་བ་འཕྲོས་དོན་ཡིན་གསུངས། ནིརྒུ་ཊའི་འབྲུ་དང་མུནྚི་༼མུཎྚཱི་༽འབྲུ་དང་བྷངྒ་ར་ནག་པོའི་ལོ་འདབ་རྐང་འབྲས་བུ་ཚང་མ་དང་། བྷངྒ་ལྷོ་ཕྱོགས་ཀྱི་དང་སོ་མ་ར་ཙའི་ལོ་འདབ་རྐང་འབྲས་རྡུང་པ་ལ་ལ་ཕུད་༼བུད་༽དང་བསྲེས་པའོ། །ནིམྤ་༼སོ་མངར་༽ཁ་བའི་རོ་ཡོད་ན་༼ཁོ་ན་༽གཞན་གྱི་ཡིན་ལ་ལྷོ་ཕྱོགས་ཀྱི་ཁ་ཤིན་ཏུ་ཆེ་བ་༼ཁ་ཤིང་ཆ་བ་༽གཅིག་ཡོད་དོ། །༼༡༩༽ནིམ་པ་ཏིག་ཏའི་ཤུན་པ་དང་འདབ་མ་རྣམས་གྲིབ་མ་ལ་བསྐམས་པ་དང་། བེ་ལ་ཝ་གོ་ཕྱེའི་འབྲས་བུ་དང་། ཛིངྒ་ཛདྒི་ཧ་རི་ཏ་ཀི་༼ཀ་༽ཨ་རུ་ར་འབིགས་བྱེད་ཟུར་དྲུག་པ་ཕྲ་མོ་རྣམས་ཆ་མཉམ་དུ་བཏགས། དང་པོ་ལྔ་དང་ཕྱི་མ་གཉིས་སོ་སོར་བུ་རམ་ལ་སྦྱར་ནས་དང་པོ་ལྔ་སོར་གསུམ་གྱི་ཚད་དུ་ཟོས་ཟིན་པ་དང་། ཕྱི་ནས་ཆུ་ཚོད་གཅིག་ནས་ལྷག་མ་གཉིས་ཡང་སོར་མོ་གསུམ་གྱི་ཚད་དུ་ཟོས་ན། ཉི་མ་དང་རླུང་མི་ཕོག་པར་བྱས། འོ་མ་ཁོ་ན་བཟའ་ཞིང་བཏུང་བ་བྱས་ན། ཟླ་བ་དྲུག་ནས་རྒན་པོ་ཡང་གཞོན་ནུ་བྱེད་པ་དེ་སྐྲ་དཀར་ཡང་ནག་པོར་འགྱུར་བ་ལ་སོགས་པ་ལ་ཐེ་ཚོམ་མེད་དོ། །༼༢༠༽ན་མོ་བི་ག་ཏ་ར་ག་མེ་ཏྲི་ཡ་སྟིཾ་ཧ་༼སིངྷི་༽ལོ་ཙ་ནི་༼ནེ་༽སྭཱ་ཧཱ་ཞེས་པས་ལན་ཁྲི་བཟླས་ཤིང་། ཕྱི་ནས་ཐོ་རེངས་བརྒྱ་བརྒྱ་བཟླས་ཤིང་ཆུས་མིག་བཀྲུས་ན་དེས་ཀྱང་རབ་རིབ་སེལ་བར་བྱེད་དོ། །བདག་བསྐྱེད་སྒྲོལ་མ་མདུན་བསྐྱེད་འོད་ཟེར་ཅན་མའི་བསྙེན་པ་གྲུབ་པ་འོད་ཟེར་ཅན་མའི་རྣལ་འབྱོར་ལ་གནས་པས་ཟླུམ་པོ་ཟླུམ་བསྐོར་གཉིས་ཀྱི་ནང་མ་སྣ་ཚོགས་རྡོ་རྗེ་ཡིན་ལ། མཚམས་བཞི་པོ་རེ་རེ་སུ་རྡོ་རྗེས་ཕྱེད་པ་སེར་པོ་རེ་རེ་བརྒྱན། །ཧཱུྃ་བཞིས་རྡོ་རྗེ་ཕྱེད་པ་བཞི་པོ་དེས་རཱ་དབུས་མའི་རྩེ་ལེགས་པར་མཚན། །ཟླུམ་བསྐོར་ཕྱི་མའི་ཟླུམ་ཐིག་ལ་མ་རེག་ཙམ་གྱི་ནང་དུ་གཡས་བསྐོར་གྱིས་ཨོཾ་པ་ད་ཀྲ་མ་སཱི། པི་ར་ཀྲ་མ་སཱི། ཨུ་ད་ཡ་མ་སཱི། ༼ནེེ་ར་༽ནིརྨ་༼བདྷ་༽སཱི། ཨརྐ་མ་སཱི། བ་དྷ་༼མརྒ་མ་༽སཱི། ཨུརྨ་མ་སཱི། མ་ན་༼བ་ན་༽མ་སཱི། ཁུལྨ་༼གུལྨ་༽མ་སཱི། ༼ཙི་བ་ར་མ་སཱི།༽ མ་ཧཱ་ཙཱི་ཙི་བ་ར་མ་སཱི། ཨནྟརྡྷ་ན་མ་སི་སྭཱ་ཧཱ། སི་རྣམས་ཐུང་ངུའང་འདུག །ལྟེ་བ་དེར་དལ་ཟླུམ་པོ་ལ་བྲི་སྟེ་ཨོཾ་ནི་སྔགས་ཚན་བཅུ་གཉིས་པོ་ཐམས་ཅད་ཀྱི་འགོ་བོར་དུའོ། །སྔགས་དེ་རྣམས་ཀྱི་ནང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་རཱ་གསུམ་གྱི་གཡས་དང་གཡོན་དུ། ཨོཾ་བརྣ་༼བརྟ་༽ལཱི་སོགས་ཐུང་དུའང་འདུག །ཨོཾ་བ་རཱ་ལཱི་༼ལི༽། ཨོཾ་བཱ་༼བ་༽རཱ་ཧ་མུ་ཁཱི་ཞེས་པ་ཕྱེད་མར་བགོས་ཏེ་བྲིའོ། །ཇོ་བོས་དབུས་རྭ་ལ་བ་རི་ལི་གཡས་ལ་བརྣ་ལཱི་གཡོན་དུ་བཱ་ར་ཧ་བཀོད་དེ་གཡས་གཡོན་སྨོས་པས་དབུས་ཀྱང་གོ་གསུངས། དེའི་ཐད་ཀྱི་མཚམས་སུ་ཡང་། ཨོཾ་མ་༼མཱ་༽རི་ཙྱེ་ཇོ་བོ་ཆེ་གེ་མོ་ལ་རཀྵ་འདོགས་ཉི་མ་ནི་དངོས་བསྟན་རང་ལུགས་ཧཱུྃ་འདོགས་གསུངས་ཞེས་བྲིའོ། །རྡོ་རྗེ་རྒྱ་གྲམ་དེའི་དབུས་སུ་སྟེ་ལྟེ་བའི་མཐའ་ཡི་ནང་། ཨོཾ་བཱ་རཱ་ལཱི། ༼ཨོཾ་བཱ་ཏཱ་ལཱི། ༽ཨོཾ་བ་ར་ཧ་མུ་ཁཱི་སརྦ་དུཥྚཾ་པྲ་དུཥྚཾ་ཀཱ་ཡ་བཀྩིཏྟ་༼བཱཀྩིཏྟེ་༽མུ་ཁཾ་ཛམྦྷ་ཡ། སྟཾ་བྷ་ཡ། ཞེས་སོ། །དེའི་དབུས་སུ་མཾ་ཡིག་ཆེན་པོ་ཞིག་གོ། མཾ་དེའི་ནང་དུ་དེ་བ་དཏྟ་རཀྵ་རཀྵའོ། །མཾ་གྱི་མཐའ་བསྐོར་བཱ་ར་ལི་སོགས་ཀྱི་ནང་དུ་ཨོཾ་མ་རི་ཙྱེ་མཾ་དེ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འབྲི་བ་མན་ངག་གོ། འདི་ནི་གྲོ་ག་ལ་གུར་གུམ་གྱིས་བྲིས་ན་ཆོམ་རྐུན་དང་རྒྱལ་པོ་དང་། སྟག །སྦྲུལ། མ་ཧེ། མེ་ཆུ། ལམ་གོལ་སོགས་བར་ཆད་ཐམས་ཅད་དུ་སྲུང་བ་སྟེ། འོད་ཟེར་ཅན་མའི་འཁོར་ལོའོ། །ལས་ཀྱི་ལྷ་དང་དལ་གྱི་འཕྲོས་ནི་ཡང་གསུངས་པ། དལ་དབུས་སུ་པདྨ་འདབ་བརྒྱད་བྱས་ལ་དབུས་སུ་ལྷ་མོ་མདོག་གསེར་དང་མཚུངས་པ། །གསེར་གྱི་རྣ་ཆ་གཡོ་བ་ཅན། །ཞལ་བཞི་ཕྱག་བརྒྱད་འདོད་པའི་གཟུགས། །རྒྱུད་ཕྱི་མར་འབྱུང་ངོ་། །སྒྲོལ་མ་འདིའི་མཚན་རྡོ་རྗེ་འཛིན་མའི་སྟེ་དེའི་དཀྱིལ་འཁོར་བསྒོམ། །རྣལ་འབྱོར་མ་ནི་བཅུ་དང་བཅས་པ་ཡང་རྒྱུད་ཕྱི་མར་འབྱུང་ངོ་། །གྲྭ་བཞིར་འབྱུང་བ་བཞི་ཡང་དགོད་དེ། །དབང་ལྡན་དུ་བུམ་པ་ཆུས་གང་བ། མེ་རི་རབ། བདེན་བྲལ་དུ་མེ་ཐབ། རླུང་དུ་རླུང་རས་སོ། །དཀྱིལ་འཁོར་མཆོག་འདི་སྐུ་ཡི་ནི་དཀྱིལ་འཁོར་ཏེ། །གསང་བའི་ཕྲ་ཐིག་གི་ཡེ་ཤེས་བླ་མེད་པའོ། །དེའི་མན་ངག་སྣ་རྩེར་ཐིག་ལེའི་དབུས་སུ་དལ་བསྒོམ་པ་ཐིག་ལེ་དང་སངས་རྒྱས་རྣམས་ཞལ་དུ་བཅུག །ཞུ་བ་པདྨའི་སྣ་རྩེར་ཐིག་ལེ་ཕྱག་མཚན་དང་བཅས་པའི་ནང་དུ་དལ་བསྒོམ་པ་ཕྲ་མོའི་ཡོ་གའོ། །
དེ་ནས་གསུང་གི་དཀྱིལ་འཁོར་ནི། །དལ་གྱི་ནང་དུ་བྷ་གའི་ཆོས་འབྱུང་དབུས་སུ་གདན་ཟླ་བ་བསྒོམ། །དམར་མོ་བཅུ་གཉིས་ལོ་ལོན་པ་ཡི་ཚུལ། །ཕྱག་རྒྱ་ལྔ་དང་ཐོད་པས་དབུ་རྒྱན་དང་དོ་ཤལ་གྱིས་བརྒྱན། །ཞབས་བཞི་གཡས་བརྐྱང་རོལ་པར་མཛད། །མདུན་མ་གཉིས་གཡས་བརྐྱང་། རྒྱབ་མ་གཉིས་གཡས་བརྐྱང་གར་སྟབས་སུ་བྱས། ཞབས་འོག་ཚངས་པ་བརྒྱ་བྱིན་བདུད་དང་དབང་ཕྱུག་སྟེ་བདུད་བཞི་མཉམ་པར་སྙིང་གར་མནན་པའོ། །སྤྱི་བོར་ཏེ་དབུ་སྐྲ་ལ་ཨུཏྤལ་སྣ་ལྔའི་ཕྲེང་བ་བཅིངས། །ཞལ་བརྒྱད་ཀྱི་ལྷག་མ་བདུན་ལ་གཡས་ཀྱི་ཞལ་གསུམ་ནི་གཡས་པ་ནག་པོ་དང་སེར་པོ་དང་། །འོད་སྣ་ཚོགས་འབར་བས་ཁྲོ་བོའི་འོད་ཟེར་གྱིས་རྣམ་པར་འཕྲོ་བའི་ཞལ་གསུམ་མོ། །དཀར་པོ་དང་ལྗང་གུ་དང་སྔོན་པོ་ནི། །གཡོན་གྱི་ཞལ་གསུམ་གྱི་ཁ་དོག་ལ་རིམ་པས་སོ། །དེ་དག་ཀྱང་མདུན་ནས་རྒྱབ་ཏུ་རིམ་པའོ། །རྩ་ཞལ་གྱི་སྟེང་དུ་སྟེང་ཞལ་དུད་ཁ་བོང་བུའི་གདོང་གི་གཟུགས་སོ། །རལ་གྲི་ཨུཏྤལ་མདའ་བོ་ཆེ། །རྡོ་རྗེ་ཐོ་བ་དབྱུག་པ་དང་། །ཟངས་གྲི་ནི་གྲི་གུག་གི་མིང་སྟེ་ཟངས་ལས་བྱས་པར་འདོད་པ་ཤིན་ཏུ་འཁྲུལ་ལོ། །མི་འཇིགས་ཕྱག་རྒྱའོ། །ཐོད་པ་སྡིགས་མཛུབ་དེ་ནས་གཞན། །གཞུ་དང་ཁ་ཊྭཱཾ་ཞགས་པ་དང་། །མགོ་བོ་ནི་ལྷ་མིན་གྱི་མགོ་བོར། མིའི་ཉི་མས་བཤད། ཚངས་མགོར་ཇོ་བོས་བཞེད་ནའང་བདུད་བཞིའི་མགོ་བོར་མན་ངག་ལས་སོ། །ནོར་བུ་བུམ་པར་བཅས། །མཆེ་གཙིགས་འདོད་པའི་གཟུགས་ཅན་མ། །སྒྲོལ་མ་འདིས་མཚོན་ཧེ་རུ་ཀ་ཡི་སྒྲོལ་མའོ། །འདིའི་དལ་ནི་རྣལ་འབྱོར་མ་གསང་བ་ཐིག་ལེའི་རྒྱུད་ལས་འབྱུང་ངོ་། །འཇིགས་སྐྱོབ་ལྷ་དགུའི་དཀྱིལ་འཁོར་ནི་དལ་དབུས་སུ། པདྨ་དགུ་དབུས་སུ་ལྷའི་འཕྲོས་ནི། ཏཱཾ་ལས་ལྗང་གུ་ཞལ་གཅིག་མ། །མཆོག་སྦྱིན་ཨུཏྤལ་བསྣམས་པ་ཡིས། །ཞབས་སྐྱིལ་ཀྲུང་ངམ་གཡས་རོལ་བྱས། འདོད་པའི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་པ་དང་། །འཁོར་བརྒྱད་པོ་གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་ཡིས། །འཇིགས་པ་བརྒྱད་ལས་སྐྱོབ་པའི་ལྷ་བརྒྱད་སྟེ། །སྭཱ་ཧཱ་མ་གཏོགས་ཡི་གེ་བརྒྱད་ལས་བསྐྱེད་ཅིང་། ཨོཾ་ཨོཾ་སྭཱ་ཧཱ། ཨོཾ་ཏཱ་སྭཱ་ཧཱ་སོགས་བཟླས་པས་ངེས་པར་འགྲུབ་པར་འགྱུར་རོ། །འདིའི་མན་ངག་ཁྱད་པར་ཅན་ལོགས་སུ་ཤེས་པར་བྱའོ། །རྡོ་རྗེ་གདོང་ལྡན་ཞེས་པ་འདི་ལ་ཇོ་བོས་ཞལ་གཉིས་མར། ཉི་མ་ཞལ་གཅིག་ཕག་གདོང་ཟེར། རང་ལུགས་རྡོ་རྗེ་གདོང་ལྡན་ནི་ཕག་ལྡན་མ་སྟེ་ཕག་མོའི་མཚན་རང་ཡིན་གསུངས། ཕྱག་གཉིས་སྐུ་མདོག་དམར་མོ་ཡབ་ཏུ་གྱུར་པ་དང་། །ཧེ་རུ་ཀ་དཔལ་ཡུམ་གྱུར་པའམ། །བདེ་མཆོག་ཡབ་ཡུམ་གོ་ཟློག་འཁོར་ལོ་བདེ་མཆོག་གི་རྒྱུད་ཀྱི་རིམ་པ་ལས། །ཡང་ན་ཡབ་ཧེ་རུ་ཀའི་སྦྱོར་བ་ལས། །ཕག་མོར་སྦྱོར་ཏེ། ཧེ་རུ་ཀ་ཡབ་ཡུམ་གང་མོས་པ་དེ་བསྒོམས་པས་གང་ལ་དགའ་བ་དེ་ཉིད་འགྲུབ་འགྱུར་རོ། །ཐོད་པ་རྡོ་རྗེ་འཛིན་པའི་འཁྱུད་རྒྱ་ཁྲག་འཐུང་དང་། །ཐོད་པ་དང་གྲི་གུག་ཕག་མོས་བསྣམས་པའོ། །མན་ངག་ཏུ་ཕུང་པོ་དང་། ལྷ་ཅིག་༼བུ་༽འཇིགས་བྱེད། ཉོན་མོངས་དང་། འཆི་བདག་དུས་མཚན་དུ་མཛད། དངོས་བསྟན་ལྟར་ན་ཚངས་པ་སོགས་བདུད་བཞི་པོ་ནི་རྣམ་པར་མནན། །ཤི་ནས་ཐལ་བར་སོང་བ་ཡང་སླར་འཚོ་བྱེད་ཁ་ཊྭཱཾ་བཅས། །བྷ་ག་ལིངྒ་ཕག་མོ་དང་ཧེ་རུ་ཀ་ལའོ་བཟློག་པར་བྱ། །རྡོ་རྗེས་བསྣུན་ནས་ཁྲག་འཐུང་པས། །སྐད་ཅིག་གཅིག་གིས་གསོད་པར་བྱེད་དྲག་པོའི་ལས་དང་། །ཞགས་པ་ལྕགས་ཀྱུའི་སྦྱོར་བ་དབང་གི་དམིགས་པ་ཡིས། །བུ་མོ་ཐམས་ཅད་འགུགས་པར་འགྱུར་ཏེ་བསམ་གཏན་གྱི་ལས་སོ། །འདིའི་མན་ངག་རྒྱས་པ་ལོགས་སུ་ཤེས་སོ། །མ་ཧཱ་མ་ཡ། རྡོ་རྗེ་མཁའ་འགྲོ། སམྦུ་ཊ་རྣམས་ལས་བཤད་པ་ལྟར། ཁུ་བ་དགུག་པ་དང་ཁྲག་དགུག་པ་དང་ཆང་འགུགས་པ་དང་ནི། །མི་རོ་སོགས་གོང་བུ་ལ་སོགས་དགུག་པར་བྱ། །གནོད་མཛེས་རྒྱལ་པོའི་སྒྲུབ་ཐབས་ལ། སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུྃ་ཕཊ། ལྷའི་རྣལ་འབྱོར་ནི། ཧཱུྃ་གི་ཡེ་ཤེས་ས་བོན་ལས་བྱུང་བ། །རྡོ་རྗེ་སུམྦྷ་སྐུ་མདོག་རབ་ཏུ་གནག་པ། །ཕྱག་གཡས་དང་པོ་རྡོ་རྗེ་མེ་འབར་བ་གཡོན་དང་པོ་དུང་དམར་ཏེ་ཐོད་ཁྲག་དང་། །གཡས་གཉིས་པ་གཏུན་ཤིང་གཡོན་གཉིས་སྦྲུལ་གྱི་ཞགས་པ་བསྣམས། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དམར་པོ་ནི། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར་བ། །ཕྱག་བཞིའི་དང་པོ་གཉིས་མདའ་གཞུ་གཡས་འོག་མ། རྡོ་རྗེས་དབྱུག་ཏོ་དཀར་པོ་འཛིན་པའི་མཆོག །གཡོན་འོག་མ་རྡོ་རྗེས་མཚན་པའི་ཞགས་པ་འཛིན་པའི་སྡིགས་མཛུབ་ཅན། །སྤྱན་གསུམ་པ་གཡོན་བརྐྱང་སྟབས་ཀྱིས་བཞུགས་པ་བསྒོམ་པར་བྱའོ། །ཞི་རྒྱས་སོགས་ཀྱི་ལས་དང་རིལ་བུ་སོགས་གྲུབ་པ་སྟེ། ལས་ཀྱི་རིགས་རྣམས་ཐམས་ཅད་བསྒྲུབ་ཅིང་བྱེད་པ་ལ་སྔགས་པ་ཡི། །ལྷ་ཡི་རྒྱལ་པོ་ཁྲོ་བོ་འདི་དག་གོ །འདི་ནི་དྲག་ལས་ཁོ་ན་གཙོ་ཆེ་སྟེ་རྒྱུད་འདིའི་སྲུང་མའི་ཚུལ་དུ་འཇིག་རྟེན་ལྷའི་སྒྲུབ་ཐབས་སོ། །འདིའི་སྒྲུབ་ཐབས་ལོགས་སུ་ཤེས་སོ། །ལྷ་མོ་ནག་མོ་རྣལ་འབྱོར་བསྒོམ། །གཡས་དང་པོ་རལ་གྲི་དང་ནི་གཡོན་དང་པོ་ཐོད་པའི་ལག །ལྷ་མིན་ཞབས་འོག་ཏུ་གནོན་པས་འཇོམས་པ་གཡོན་འོག་མ་དགྲ་བོ་ཡི། །མགོ་གཅོད་གཡས་འོག་མ་ཏྲི་ཤཱུ་ལ་འཆང་མ། །བྱ་རྒོད་ལྕེ་སྤྱང་ཙཱི་ལ་འོལ་བ་སྤྲོ། །རྒྱུ་མ་མི་མགོའི་དོ་ཤལ་མེ་ཏོག་ཕྲེང་བ་ལྟ་བུ་ཅན། །མ་མོ་ནག་མོ་གྲི་ཐོད་འཛིན་པ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། །རོ་ལ་ཞོན་པ་རྣམ་པར་བསྒོམ། །ཡང་ན་གཙོ་མོ་གདན་སྟག་མོ་ལ་གནས་པ། །དྲག་ཤུལ་སྤྱོད་པའི་དོན་དུ་སྔགས་པས་བསྒོམ་པར་བྱའོ། །
དབང་བཞི་པའི་ཡེ་ཤེས་བཤད་པ་ནི། ཁུ་བ་རྡོ་རྗེར་དབུ་མར་བཅུག་ཅིང་མི་འཛག་པ་བྱས་པ་ལས། །རང་གི་སེམས་ནི་རྡོ་རྗེར་མི་འགྱུར་བའི་གནས་ཐོབ་པ་འགྱུར་ཏེ། །དེ་ཡང་གཟུང་འཛིན་གྱི་རྣམ་རྟོག་མེད་ཅིང་ཡོད་མེད་ཡིན་མིན་གྱི་སྤྲོས་དང་བྲལ་བ། །མཁའ་ལ་དངོས་པོ་ཐམས་ཅད་ཀྱིས་མ་གོས་པ་ལྟར་རང་བཞིན་ཀུན་རྫོབ་ཀྱི་ཆོས་གང་གིས་ཀྱང་གོས་པ་མེད་པ། །རང་རིག་གི་ཡེ་ཤེས་བདེ་བ་ཆེན་པོ་དོན་དམ་ལྷན་སྐྱེས་སྟེ། །དབང་བསྐུར་མཆོག་འཇིག་རྟེན་ལས་འདས་པ་ནི་འདི་ལྟ་བུ་དག་གོ །དབང་དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་མོ་རྣམས་བཅས་ཏེ་མེ་ལོང་གཟུགས་བརྙན་འདྲ་བ་ཡེ་ཤེས་ཀྱི་རྣམ་རོལ་དཀྱིལ་འཁོར་དང་བཅས་པའི་ལྷ་མོའི་སྐུར་གྱུར་པ་རང་གི་སེམས་ཀྱིས། །ཐིག་ལེ་མི་འགྱུར་བ་རྡོ་རྗེར་བྱེད་པར་འགྱུར་ཏེ། །སེམས་ཀྱིས་སེམས་བརྟེན་པར་བྱེད་པའོ། །བཙན་ཐབས་སྦྱོར་བ་བཤད་པ་ནི་སྲོག་དང་ཐུར་སེལ་སྒོ་བཙན་ཐབས་སུ་དབྱེ་བས། །བཙན་ཐབས་སྦྱོར་བས་དབུགས་བཀག་ན། །ཐིག་ལེ་འཕྲལ་དུ་འགགས་ཤིང་། དེ་གོམས་པས་གོང་དུ་བཤད་མ་ཐག་པའི་ཕྱག་རྒྱ་མྱུར་དུ་འགྲུབ་ནས་ཁུ་བ་མི་འགྱུར་བ་འཐོབ་པ་སྟེ། །ཅུང་ཟད་མི་འགྱུར་བ་ཐོབ་ན་ཐིག་ལེ་ནོར་བུར་བཀག་སྟེ་བདེ་བ་བསྒོམ་མོ། །
འབྲས་བུའི་མངོན་བྱང་བཤད་པ་ནི། སྔོན་ཚོགས་སྦྱོར་དུ་སྒྲོལ་མ་བསྒོམས་པས་ཟུང་འཇུག་སྒྲོལ་མའི་སྐུ་འགྲུབ་པའམ་མཐོང་ལམ་གྱི་སྔ་རོལ་སྒྲོལ་མ་ཡོད་པ་དེ། ལྷ་མོའི་གཟུགས་བརྙན་ལྷ་ཡབ་ཏུ་བསྒྱུར་བར་བྱ་བ་ཡིན་ལ། །དེའི་ཚེ་ཕྱག་རྒྱ་སྒྲོལ་མ་དང་སྒྲུབ་པ་པོ་སྒྲོལ་མ་ཅན་གཉིས་དངོས་གྲུབ་གྲུབ་པར་འགྱུར་རོ། །འདི་ནི་ཧེ་བཛྲ་ལས། བུད་མེད་གཟུགས་ནི་སྤངས་ནས་གཞན་ཞེས་སོགས་དང་དོན་གཅིག་ལ། ཡང་ན་རང་སྒྲོལ་མ་དེ་ཐོགས་མེད་དོན་གྲུབ་ཀྱི་གཟུགས་ཀྱིས་བྱ་ཏེ། །སྐྱེས་པ་སྒྲུབ་པོ་དང་བུད་མེད་ཕྱག་རྒྱ་གཉིས་ཀ་ངེས་པར་འགྲུབ་པར་འགྱུར་རོ། །ལས་རབ་འབྱམས་དངོས་དང་མཆོག་གི་ལས་ཚོགས་ཀྱི་ལེའུ་སྟེ་གསུམ་པའོ། །རྗེས་རྒྱུད་གཏད་པ་ནི། དེ་ནས་འཁོར་གྱི་ཚུལ་བསྟན་པ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས། །ཕྱི་ནང་གསང་བའི་དམ་ཚིག་གི་མཆོད་པའི་སྤྲིན་ཕུང་ནི་ནམ་མཁའ་གོ་མཚམས་སུ་མེད་པར་གང་བའོ། །རབ་འབྱམས་གྲངས་མེད་པ་དང་། །བསྟོད་པ་གསུང་དབྱངས་ཡན་ལག་རྒྱ་མཚོའི་ཚིག་དང་སྒྲས་མངོན་པར་བསྟོད་པར་བྱས་ནས། །གསང་བའི་བདག་པོ་ལག་ན་རྡོ་རྗེ་འཆང་ལ་སངས་རྒྱས་དེ་རྣམས་རྒྱུད་འདི་གཏད་དེ་དར་བ་དང་། ཕྱི་མའི་དུས་སུ་བྱིན་གྱིས་བརླབས་པའི་ཕྱིར་དུའོ། །ཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལས་ཏིལླི་པས་ཇི་ཙམ་སྙེད་པ་སྟེ་སྔོན་འདི་ལས་མང་བ་ཡོད་ཐང་བསམ། རྩ་བའི་རྟོགས་པ་རྫོགས་སོ། །རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པ་གྲུབ་ཆེན་བུདྡྷ་ནཱ་ཐའི་ཞབས་ལས་མནོས་ནས། སླར་རྒྱ་གར་གྱི་མཁན་པོ་ནིརྦཱ་ཎ་ཤྲཱིའི་ཞལ་སྔ་ནས་དང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཕྱིས་འབྱུང་གི་པཎྜི་ཏ་མིའི་ཉི་མའི་དཀའ་འགྲེལ་དང་བསྟུན་ཏེ་གཡར་ཁྲལ་དུ་བསྒྱུར་བའོ། །ཡང་སླད་ཀྱི་བྷང་ག་ལར་འཁྲུངས་པའི་པཎྜི་ཏ་པུརྣེ་བཛྲའི་དྲུང་དུ། སློབ་དཔོན་ཆེན་པོ་མར་མེ་མཛད་དཔལ་ཡེ་ཤེས་ཀྱིས་མཛད་པའི་རྒྱས་འགྲེལ་ཆེན་པོ་དང་བསྟུན་ནས་ཅུང་ཟད་བཅོས་ཤིང་། ཐམས་ཅད་དུ་གྲུབ་ཆེན་ཞི་བའི་ཞབས་ཀྱི་ཞལ་ལུང་གི་རེག་ཟིག་སོ་སོ་རྣམས་དང་ཁྱད་པར་གུ་རུ་ལྷོ་ཕྱོགས་པ་ཆེན་པོའི་མན་ངག་དང་བསྟུན་ནས་ལེགས་པར་བཅོས་ཏེ་དག་པར་བགྱིས་པའོ།། །།དགེ་ལེགས་འཕེལ།
འཕྲིན་ལས་ཐམས་ཅད་འབྱུང་བ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ།
༄༅། །འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ས་མ་ཛ་པ་ར་མཱརྠ་སརྦ་ཀརྨོ་ད་ཡ་ཨུཏྟ་ར་ཏནྟྲ་རཱ་ཛ། བོད་སྐད་དུ། འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ། སྒྲོལ་མ་ལ་ཕྱག་འཚལ་ལོ། །དངོས་བསྟན་འབྲས་བུ་ལ་སྦྱར་བའི་དབང་དུ་བྱས་ན་དེ་ནས་བསྐྱེད་རིམ་ལ་སྦྱར་ན་འདི་དག་གིས་དལ་སྒྲུབ་པའང་བསྟན། ཡང་རྫོགས་རིམ་ལ་སྦྱར་ན་ཐུན་མོང་བ་༼ཐུན་མོང་མ་ཡིན་པ་རྣམས་འདིར་བཤད་༽རྣམས་སྒྲ་ཇི་བཞིན་པ་དང་མཚུངས་པའང་ཡོད་ལ། བདུད་བཞི་བཅོམ་པ་དང་། སྐལ་པ་དྲུག་དང་ལྡན་འདས་མ་ཆེན་མོ་ཇི་བཞིན་༼མིན་༽སྒྲ་ལ་འདིས་ཡེ་ཤེས་ཚོགས་གསོག་གོ། སྙིང་ཁའི་ཐིག་ལེ་དང་ལྟེ་བའི་གཏུམ་མོ་ནི། དེ་བཞིན་གཤེགས་པ་ཕུང་པོ་ལྔ་ཐམས་ཅད་སྐྱེད་བྱེད་ཀྱི་བཙུན་མོའི་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དམ་པ་སྟེ་ཚིག་སྤྱི་བོའི་ཧཾ་སྒྲོལ་མ་ནི་༼མགྲིན་པའི་ཨོཾ་༽གོང་བཞིན་ཞེས་བྱ་བ་བར་དོ་སྦྱོང་བྱེད་དུ་བྱས་ཏེ། འདིར་ཡང་ན་སྤྱོད་པ་ལ་སྦྱར་བའི་དབང་དུ་བྱས་ཏེ་དེ་བཞིན་གཤེགས་པ་༼ཁྱབ་བྱེད་༽དང་། པདྨ་ཅན་མ། རྡོ་རྗེ་༼སྲོག་འཛིན་༽དང་། གླང་ཆེན་ལ་རིན་པོ་ཆེ་༼ཐུར་སེལ་༽དང་། དུང་ཅན་མ་དང་། པདྨ་༼གྱེན་རྒྱུ་༽དང་། རི་མོ་ཅན་ལས་ཀྱི་རིགས་༼མཉམ་གནས་དང་སྣ་༽ཚོགས་ཅན་ཏེ་རིགས་ལྔ་སྒྲོལ་མ་རྒྱལ་བ་རིགས་ལྔ་ཐམས་ཅད་ཀྱིས་སྤྱིའི་ཡུམ་ཡིན་པས་ན། ཐམས་ཅད་ཀྱི་བདག་པོ། མི་ཤིགས་པའི་ཐིག་ལེ་དེ་ཉིད་རྒྱུ་༼བཅུད་༽བ་ནི་ཞིང་དུ་འགྲོ་བའི་སྤྱོད་པ་དང་མི་༼སྣོད་༽རྒྱུ་བས་གཅིག་པུ་འདུག་པའི་སྤྱོད་པས་ལྷ་དང་གཞལ་ཡས་ཁང་འི་གི་༼སྒོ་ནས་འགྲོ་དོན་མཛད་པས་༽བྱེད་པ་པོ། སེམས་ཉིད་༼ཐུགས་ཆོས་སྐུ་ནི་༽བརྟན་པ་ཁང་པ་ཚོགས་ཁང་རྩ་དང་ཐིག་ལེ་དང་གཡོ་བའི་༼རླུང་ཐམས་ཅད་༽རྣལ་འབྱོར་པ་ལྷའི་འདྲ་འབག་རང་བཞིན་ཏེ། ཚོགས་ཀྱི་བདག་པོའི་སྤྱོད་པས། རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནི། ཕར་ཕྱིན་པ་ལ་གསང་བ་སྤྲོས་བཅས་ཀྱི་སྤྱོད་པ་ལས་ཐེག་དམན་ལ་ཆེས་ཤིན་ཏུ་གསང་བ་༼སྤྲོས་མེད་༽དང་༼རྗེས་སུ་རྣལ་འབྱོར༽། ཕྱི་རོལ་པ་ལ་གསང་བ་ཆེན་པོའི་དབང་ཕྱུག་༼ཤིན་ཏུ་སྤྲོས་མེད་དང་༽མའི་རྗེས་སུ་རྣལ་འབྱོར། སྤྱོད་པ་བདག་ཉིད་ཀྱི་ངོ་བོ་རྡོ་རྗེ་སྟེ་གནས་ལུགས་༼འོད་གསལ་༽དུ་འཇུག་པའི་མིང་༼རྣལ་འབྱོར་ཆེན་པོ་༽འདི་རྣམས་ཉིད་ཀྱི་སྒོ་གསུམ་སྐུ་མི་ཤིགས་པ་དང་། གསུང་མི་ཤིགས་པ་དང་ཐུགས་མི་ཤིགས་པ་དང་། རྡོ་རྗེའི་༼བྱེད་པས་རྣལ་འབྱོར་གསུམ་༽ལས་༼འདིས་དཀྱིལ་འཁོར་གསུམ་བསྟན་༽ཕྱུང་ངོ་༼སྟེ་སྤྲོས་ཤིང་གསུངས་པའི་དོན་ནོ༽། །དལ་དུ་འཇུག་པ་བཅོམ་ལྡན་འདས་མ་དང་སྒྲོལ་མ་༼གོང་བཞིན་ནོ༽རྫོགས་རིམ་ཐམས་ཅད་ལྟ་བས་ཟིན་པར་བསྟན། མི་འགྱུར་བས་རྡོ་རྗེ་མ་༼ཟླ་བ་རྡོ་རྗེའི་སེམས་བསྐྱེད་༽འདི་གཉིས་ཀྱིས་མཁའ་གསང་བྱིན་གྱིས་རླབས་པ་བསྟན། དམ་ཚིག་སྒྲོལ་མ་དམ་ཚིག་ལ་བཞག་པ། དབྱེར་མི་ཕྱེད་པས་རྡོ་རྗེ་༼ལུས་ལྷའི་ལུས་བསྟན་པ་ནི་༽ཡེ་ཤེས་དབབ་པ། རྣལ་འབྱོར་མ་ཐབས་ཤེས་གཉིས་མེད་ཆེན་མོ། ལྔ་པོ་འདིས་གཙོ་མོ་དང་། མེ་ལོང་ལྟ་བུ་སོགས་ཡེ་ཤེས་དགུག་གཞུག་ལྔས་བརྒྱན༼རིག་པའི་དབང་ལྔ་༽པ་མ་ཧཱུྃ་གི་གཟུངས་ཀྱི་སྒོ་འདིས་བསྟན། རྒྱུན་མཐའི་སྐབས་སུ་སངས་རྒྱས་ཐམས་ཅད་ནམ་མཁའི་དབང་ལྷ་བསྟན་གྱིས་དབང་བསྐུར་དབང་ལེན་པ་བསྟན་མ། ལམ་གྱི་དབང་དང་དགའ་བ་བཞིས་དབང་བཞི་ཐོབ་པ་བསྟན།
ཤེས་རབ་མའི་བྷ་ག་རྩའི་དཀྱིལ་འཁོར་དང་བཅས་པ་ནི། ཡེ་ཤེས་ཤེས་བྱའི་དཀྱིལ་དབང་བསྐུར་བྱའི་དལ་བསྟན་འཁོར་༼ཐམས་ཅད་ལ་སྤྲུལ་བ་སྟེ་དེ་ཇི་སྙེད་མཁྱེན་པ་གསལ་སྣང་ལ་སེམས་འཛིན་པ་༽ཡས་བབས་དགའ་བཞི་ཟླ་བའི་བདེ་མ་༼ཤེར་དབང་གི་ངོ་བོའོ༽། དེ་ཞུ་བདེ་མས་བརྟན་དགའ་བཞིའི་ངོ་༼བཞི་པའི་ངོ་བོ་༽མཚར་༼ཞིང་རྟོགས་དཀའ་བའི་༽བདེ་མ་༼རང་བཞིན་ལྷན་སྐྱེས། འདི་གཉིས་ཀྱི་བདེ་བ་ལ་སེམས་འཛིན་པ༽། དམ་ཚིག་གསུམ་སྦྱིན་པ་སྐུ་དང་གསུང་དང་ཐུགས་༼རླུང་འབྲུ་གསུམ་དང་སྦྱར་བའི་རྡོ་རྗེར་བཟླས༽། རྡོ་རྗེའི་བདག་མོ་སྟེ་རང་བཞིན་ཀྱི་འདོད་མ། གནས་གསུམ་བྱིན་རླབས། འདི་སོགས་བཞི་ཡེ་ཤེས་ལ་སྦྱོར། ཕུང་པོ་ལྔ་རིགས༼་ལྔར་གནས་གྱུར་པས༽། འོད་གསལ་འཇུག་པའི་བདག་མོ། སྔགས་ཀྱི་ཆོ་ག་སྐྱེ་མཆེད་དྲུག་སེམས་དཔའ་དྲུག་ཏུ་གནས་གྱུར་པ་ཀྱི་བདག་མོར་གཟུང་འཛིན་གྱི་རླུང་བཅུ་གཉིས་འཆིང་བ་གྱུར་པ་གོ་ཆ་འཆིང་བ། སྙིང་ཁ་ནས་རྒྱུ་བའི་འབྱུང་བཞིའི་རླུང་འགགས་པ་འབྱུང་བ་བཞི་རྣམས་ལྷ་མོ་བཞིར་རབ་ཏུ་ཐོབ་པ། ལས་བཞི་དང་གཟུང་འཛིན་གྱི་ཡུལ་དང་བྲལ་བའི་རང་བཞིན་༼འདིས་ལྟ་བ་བསྟན༽། ལས་ཚོགས་འགྲུབ་པས་རྒྱུད་༼རྩ་གསུམ་༽ཀུན་གྱི་སློབ་དཔོན་དུ་གནང་བ་ཐོབ་པ། དབང་ཕྱུག་༼དབུ་༽མ་སྟེ་མཆོག་ཏུ་གྱུར་པ། ལམ་དུས་ཀྱི་༼ཡང་སངས་རྒྱ་ཁར་མངོན་བྱང་གི་༽ཡེ་ཤེས་རྣམ་པ་༼ཤེས་རབ་ཡེ་ཤེས་ཀྱི་སྐབས་༽ལྔས་བྱང་ཆུབ་པ། ༼བསྐྱེད་ཆོག་མངོན་བྱང་ལྔ། སེམས་ཟིན་ན་རྡུལ་འདི་ནས་ལྔ་དབང་བཞི་པ་ཡན་ལག་བདུན་ལྡན་སྟོན།༽མཚན་བཅས་མཚན་མེད་ཀྱི་རྣམ་རྟོག་ནི་དང་བྲལ་བ། སྒྲིབ་པ་གཉིས་ཀྱི་དྲི་མ་མེད་པ། ༼འགྲོ་བ་ཐམས་ཅད་ཀྱི་ཡིད་མཚན་རྟོག་ལས་སྐྱོབས་པས་༽གསང་སྔགས་ཆེན་མོ་༼རང་གི་རྣམ་རྟོག་རགས་པ་སྐྱོབ༽། ཡེ་ཤེས་ཀྱི་རང་སྣང་མ་གཏོགས་རྡུལ་གྱི་ལུས་སྤངས་པས་ཤིན་ཏུ་ཕྲ་བ། འཇའ་ཚོན་ལྟ་བུར་བསྒོམ་དགོས་སོ། །ལོངས་སྐུ་དེ་ཉིད་༼སྒྱུ་ལུས་ཀྱི་རྫོགས་རིམ་བསྟན།༽མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། འོད་གསལ་དག་༼སེམས་ཅན་གཞན་གྱི་ཉོན་མོངས་པ་ཤེར་དབང་གིས་༽བྱེད་བར་ཆད། ཟུང་འཇུག་དག་ཤེས་སྒྲིབ་ཀྱི་བཞི་པའོ་བྱེད་ཆེན་མོ། རྣམ་རྟོག་དག་༼འདི་ནས་མྱུར་མ་ཞེས་ཡན་ཆད་སྤྲུལ་སྐུའི་རྣམ་བཞག་གཙོ་ཆེའོ། །༽ལྷ་མོའི་སྔགས་བཟླས་ན་༼འབྱུང་བཞིའི་རླུང་༽ལས་བཞི་༽ཐམས་ཅད་གྲུབ་པར་བྱེད་པ། ༼བུམ་དབང་གིས་སོ། །༽རྫོགས་རིམ་ཁོ་ནས་འདོད་པའི་དངོས་གྲུབ་ཐམས་ཅད་གསང་དབང་གིས་སོ་རབ་ཏུ་སྦྱིན་པ། གཙོ་བོར་ཐུན་མོང་པ་འགྲུབ། རླུང་འོད་ཟེར་བཅུ་རྣམ་པར་དག་པས་༼ཕར་ཕྱིན་༽ཡི་གེ་བཅུའི་སྒྲ་སྒྲོག་པ། བཟླས་པའོ། །ཡི་གེ་སྒྲ་སྒྲོག་སྟེ་ཧེ་རུ་ཀ་དགྱེས་མ། ༼ཏེ་ཁ་སྦྱོར་གྱི་སྐུ་སྟོན་༽ངག་བཟླ་རྣམས་བསྟན། སྙིང་རྗེས་སེམས་ཅན་ལ་གདུང་མ། ཐིག་ལེ་འཛིན་པ་འགྲོ་བའི་དོན་མྱུར་མ། ༼ཁྱབ་པ་༽བྱིན་རླབས་མྱུར། རྣམ་པར་ཤེས་པ་༼ཚོགས་བརྒྱད་༽ཡོངས་སུ་དག་པ། གོ་འཕང་མི་འཇིག་པ་༼རླུང་དང་བསྲེ་བས་བསྟན་པ།༽སྲ་ཞིང་རང་བཞིན་བདེ་བ། དབྱིངས་སུ་བསྐྱལ་བ་ནི་ཡེ་ཤེས་ཀྱི་སྙིང་པོ། རྟོགས་པས་ཇི་ལྟ་བུའི་མཁྱེན་པ། མཐོང་ལམ་ནས་རང་བཞིན་ལྷན་སྐྱེས་རྟོགས་པས་བདེ་བ་ཆེན་མོ་༼འི་སྐུ༽འོ། །འདི་རྣམས་ཀྱི་རྒྱུད་པའི་བསྒྱུར་བས་སོ། །དེ་ལ་ཧེ་རུ་ཀའི་དལ་འདི་ནི་འཇིག་རྟེན་དང་ལོ་ཀ་ལས་འདས་པའི་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་གི་སྤྱོད་པ་ལ་འདུ་ཞིང་དམ་ཚིག་ལ་འཇོག་པར་བྱེད་པའི་གནས་སོ། །བླ་མའི་མན་ངག་ལ་ལྟོས་པའི་ཕྱིར་ཚིག་འདི་གཉིས་སྒྲུབ་པ་ཡིན། དོན་དམ་པའི་མཚན་དེ་སྐད་ཅེས་རྣམས་ཀྱང་བཀའ་བསྩལ་ཏོ། །༼ཚིག་འདི་མཚན་ངེས་རང་ལུགས་ལ་སྦྱོར་ཀྱང་མི་འགྲིག་ཅིང་འགྲེལ་པ་གཉིས་ན་བཤད་པ་མེད། མཚན་ངེས་པའི་དཔེ་ལོགས་སུ་ཡོད་པའང་། འདི་བྲིས་སྣང་ལ་ཁ་ཅིག་ཡི་གེ་པའི་སྐྱོན་དུ་འདོད། ༽ཐབས་ཀྱི་དུམ་བུ་འདི་ནས་འགོ་བརྩམ་པའོ། །
དེ་ནས་ཐབས་ཀྱི་དཀྱིལ་འཁོར་ནི། དང་པོ་ལ་ངོས་བཟུང་བ་ནི། དེ་ནས་ཧེ་རུ་ཀའི་སྙིང་ཁའི་དཀྱིལ་འཁོར་འདི་བསྒོམ་ན། །གཉིས་པ་ཕན་ཡོན་ནི་འདོད་པ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་༼པའི་ཐབས་ཏེ༽། །ཞི་བའམ་ཁྲོ་བོའི་དཀྱིལ་འཁོར་རྣམས་ཀྱི་མཆོག་གྱུར་ཏེ་གཞན་ཐམས་ཅད་ལས་ཆེས་ཟབ་པ་སྟེ་དངོས་གྲུབ་མྱུར་བ་ཞིག་གསུངས་སོ། །གསུམ་པ་བསྐྱེད་ཆོག་ནི་མ་མོ་སྟེ་མཁའ་འགྲོ་མ་རྣམས་འདུས་པའི་དཀྱིལ་འཁོར་བསྒོམས་པས་ཉམས་དགའི་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་འཕྲལ་དུ་ཐོབ་པར་གྱུར་པ་གནས་སོ། །འགྲེལ་ཆེན་ལས། གཞལ་ཡས་ཁང་དུ་བཤད། ཉི་མས་ནི་མ་མོ་དབྱངས་ཡིག་ཡིན། བསྐྱེད་ཆོག་བསྟན་ཟེར། ཨཱཿལི་ལས་ཟླ་བ་ཀཱ་ལི་ལས་ཉི་མ། །དབུས་སུ་ཧཱུྃ་གི་ཡེ་ཤེས་ཏེ་ས་བོན་རྣམས་འདྲེས་པ་ལས་རྡོ་རྗེ་སེམས་དཔར་སྒོམ་ཞེས་འགྲེལ་པ་གཉིས་ཀར་འཆད། །མན་ངག་ལས་ས་བོན་ཉིད་རྒྱུ་རྡོ་རྗེ་སེམས་དཔའི་ངོ་བོ་ཐིག་ལེ་བསྐུལ་བར་བྱ། འོད་ཟེར་ཕྱོགས་བཅུའི་དཀྱིལ་འཁོར་རྣམས་༼སུ་༽སྤྲོ་བ་བྱས་ལ་དོན་གཉིས་བྱ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྔགས་འདིས་མགོན་པོ་རྡོ་རྗེ་སེམས་དཔའི་ངོ་བོ་ཐིག་ལེ་བསྐུལ་བར་བྱ་འོ། །ཨོཾ་བཛྲ་ས་ཏྭ་ཛཿཧཱུྃ་བྃ་ཧོཿསུ་ར་ཏ་སྟྭཾ་ཌྲི་༼དྲྀ་༽ཤྱ་ཧོཿབསྐུལ་བ་ལས་བཞེངས་པ་སྟེ།
བཞི་པ་ལྷའི་རྣམ་པའི་ཁྱད་པར་ནི་རྡོ་རྗེ་མི་བསྐྱོད་པ་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་ནི། །སྐུ་མདོག་ནག་པོ་ཞལ་ནས་ཧཱུྃ་སྒྲོག་བནྟུ་༼བནྡྷུ་༽༼ལྟར་དམར་བ༽འི་མིག་གསུམ་པ། །གཡས་དང་པོ་རྡོ་རྗེ་གཡོན་དང་པོས་ཐོད་པས་ཁྲག་གིས་གང་བ་ལག་སྦྲེལ་བ། །གཡས་གཉིས་པ་རྩེ་གསུམ་གཡོན་གཉིས་པས་སྲིན་པོའི་མགྲིན་པ་བཙིར་བ། །ཡུམ་ཁྲོ་མོ་དབང་ཕྱུག་སྔོན་མོ་གྲི་ཐོད་འཛིན་པས་སྐུ་ལ་འཁྱུད་པའོ། །འགྲེལ་པར་ཡུམ་དམར་པོ་བྱ། ལོ་ཀཱ་པྲ་དཱིའི་སྒྲུབ་ཐབས་ན་ཡུམ་ཁ་ཊྭཱཾ་ག་བསྣམས་པར་མཛད་དོ། །སྐུ་སྟོད་ལ་མི་ལྤགས་རློན་པའི་ན་བཟའ་བཅས་ཤིང་། །སྐྲ་སེར་གྱེན་དུ་འཁྱིལ་པའོ། །འདི་ནས་གཏུམ་མོའོ་ཞེས་པའི་བར་རྒྱ་སྐད་ལྷུག་པ་ཡིན་ཡང་བརྗོད་པ་བདེ་བས་ཚིགས་བཅད་དུ་བསྡེབས། གོོ་རི་དང་ཙོོ་རི་དང་རབ་རྨོངས་མ་དང་། །རོ་ལངས་མ་དང་སྦོས་མོ་དང་ཟ་ནུས་མ་དང་། །དུར་ཁྲོད་མ་དང་གཏུམ་མོ་རྣམས། །སྐུ་མདོག་ནི་རིམ་པས་སྔོན་མོ་དང་སེར་མོ་དང་བཙོད་ཀྱི་མདོག་ཅན་དང་། །གནག་པ་དང་དམར་སེར་དང་ལྗང་གུ་དང་། །སྔོ་བསངས་དང་དེ་བཞིན་དུ་སེར་སྐྱའོ། །མིག་ཟིམ་བུ་འདོད་པས་མྱོས་པ་ལྟ་བུ་ཞི་བའི་ལྟ་སྟངས་ཅན་གོོ་རི་ཀེང་རུས་ཀྱི་དབྱུག་པ་དུར་ཁྲོད་རྒྱུ་བའི་ཀེང་རུས་ཀྱི་འབྱུང་པོ་གཙོ་བོ་ཡིན་པའི་བརྡའོ་དང་། །ཐོད་པ་གཡས་དང་གཡོན་པར་བསྣམས། །དྲག་མོའི་ལྟ་སྟངས་འབྲུ་ཚུགས་སུ་ལྟ་བ་ཙོོ་རི་མདའ་གཞུ་འགེངས་བྱེད་མ་བདུད་ཀྱི་འཁོར་བརྟུལ་ནས་ལམ་ལ་བཀོད་པའི་མཁའ་འགྲོ་མ་དབང་གི་ལས་ལ་བསྔགས་པ་རྣམས་ཀྱི་གཙོ་མོ་ཡིན་པའི་བརྡའོ། །རབ་རྨོངས་མ་རབ་རྨོངས་ཀྱི་ལྟ་སྟངས་ཆང་གིས་བཟི་བ་ལྟ་བུ་མི་གསལ་བར་བལྟ་བ་རྒྱལ་མཚན་ཆུ་སྲིན་གྱི་ཏོག་ཅན་དང་ཐོད་པ་འཛིན་བདུད་ཀྱི་བུ་མོ་ཧེ་རུ་ཀས་རྡུལ་ཏེ་མཁའ་འགྲོ་མར་གྱུར་པ་སྟེ་འཁོར་བདུད་ཀྱི་ལྷ་སོགས་བརྟུལ་བ་དཀར་ཕྱོགས་གནས་པའོ། །རྡོ་རྗེ་དང་ནི་བྱིས་པའི་རོ་འཛིན་པ་བྱིས་པའི་གདོན་བཅོ་ལྔར་གཏོགས་པའི་མཁའ་འགྲོ་མ་རྣམས་ཀྱི་གཙོ་མོ་ཡིན་པའི་ཕྱིར་རོ། །རོ་ལངས་མ་ཤི་བ་སློང་བའི་ལྟ་སྟངས་ཅུང་ཟད་གྱེན་དུ་བལྟ་བ་ཡི་གཡས་དང་གཡོན་ནའོ། །སྦོས་མོ་དབུགས་འབྱིན་པའི་ལྟ་སྟངས་ཕྱོགས་བཅུར་བལྟ་བ་གཡོན་མི་རོ། གཡས་རྒྱུ་མ་ལུས་སྲུལ་མོ་ལ་དབང་བའི་བརྡ་འདྲེན་པར་བྱེད་པའོ། །ཟ་ནུས་མ་གར་གྱི་ལྟ་སྟངས། གཡས་གཡོན་རེས་ཀྱི་བལྟ་བ་རྡོ་རྗེ་དང་ཐོད་པ་བསྣམས་པའོ། །རིམས་བདག་མོ་འདུལ་བའི་དོན་དུ་ཧེ་རུ་ཀའི་སྲིང་མོར་བསྟན་པའོ། །གཡས་སྙིང་དང་གཡོན་སྙིང་གིས་བཀང་བ་ཡི་དུར་ཁྲོད་མ་མོའི་གཙོ་མོ་ཡིན་པའི་བརྡའོ། །ཐོད་པས་ཕྱག་བྲེལ་བ་དུར་ཁྲོད་མ་ནི་རྣམ་གཡེང་གི་བལྟ་བའམ་ཕུས་འདེབས་པར་གྲགས་པ་ཕྱོགས་བཅུར་མྱུར་བར་བལྟ་བའོ། །གཡུལ་དུ་འགྲོ་བའི་སྲིན་མོ་འདུལ་མོ་འདུལ་བའི་བརྡར། གཡས་མི་མགོ་དང་གཡོན་མི་རོའི་ལུས་འཛིན་པ་ནི་གཏུམ་མོའོ། །༼སྟེ་རོ་བལྡད་པའི་ལྟ་སྟངས་སྟེང་འོག་ཏུ་རེས་ཀྱིས་བལྟ་བ།༽
ལྔ་པ་བསྙེན་བཟླས་པའི་སྔགས་ནི། ཨོཾ་ཛྭ་ལ་ཛྭ་ལ་བྷྱོཿ ཧཱུཾ་ཧཱུཾ་ཧཱུཾ་སྙིང་པོའོ། །ཁྲིའམ་འབུམ་མམ་བྱེ་བ་བཟླས་པ། འདིར་འཇིག་རྟེན་མཁའ་འགྲོ་མ་ནི། མཱ་མ་དང་ཞིང་སྤྱོད་དང་ཀུན་ཏུ་སྤྱོད་མ་གསུམ་དུ་འདུ་སྟེ། དང་པོ་ནི་ཡུལ་འཁོར་དུ་རྒྱུ་བ་མི་ལུས་འཛིན་པ་འཚེ་བ་སྤངས་པའོ། །གཉིས་པ་ནི་ཡུལ་ཆེན་ཉེར་བཞི་སོགས་ལ་གནས་པ། ཕན་གནོད་གཉིས་ཀ་བྱེད་པ་སྟེ། མི་ལུས་བརྟེན་མི་བརྟེན་གཉིས་ཀ་ཡོད། དེ་གཉིས་ཀ་ལ་ལྷ་ཀླུ་ཤ་ཟ། གནོད་སྦྱིན། སྲིན་མོ། དྲི་ཟ་སོགས་རིགས་ཐམས་ཅད་ཡོད་དོ། །
གསུམ་པ་ནི། རིགས་སྣ་ཚོགས་ཡོད་ཀྱང་སྲིན་པོ་རྣམས་དང་སྤྱོད་ཡུལ་གཅིག་པ་སྟེ། སྲིན་མོ་ཡང་རིགས་གསུམ་དེ་བ་རཀྵ་པ། ཡཀྵ་རཀྵ་པ། བྲཧྨ་རཀྵ་པའོ། །དེ་དག་ལས་ཕྱེ་བ་དང་། རིགས་རུས་ཆོ་འབྲང་གི་འབྲེལ་བ་མང་དུ་ཡོད་པར་གདའ། དང་པོ་ནི། མིང་པོ་གསུམ་དང་། འཇིགས་བྱེད་དགུ་ལྟ་བུ་ཕྱོགས་སྐྱོང་གི་གནས་བརྒྱད་དང་རི་རབ་ཀྱི་ཁོང་གསེང་ན་གནས་པའོ། །གཉིས་པ་ནི། མགྲིན་བཅུ་དང་བུམ་སྣ་སོགས་སོ། །གསུམ་པ་ནི། དགེ་སྦྱོང་དང་བྲམ་ཟེའི་ལུས་སུ་སྟོན་པ་རྒྱ་མཚོ་ལ་གནས་ཤིང་། ཡུལ་ཀུན་ཏུ་རྒྱུ་བ། སྲིང་མོ་བཞིའི་འཁོར་རོ། །དང་པོ་དང་སྤྱོད་ཡུལ་གཅིག་པ་མ་མོ་བདུན་ནམ་བརྒྱད་ལྟ་བུ། གཉིས་པ་དང་གཅིག་པ་རལ་པ་གཅིག་མ་དང་རེ་རེ་བ་ཏི་ལ་སོགས་པ། གསུམ་པ་དང་གཅིག་པ་ནི། དུས་བཞིའི་ལྷ་མོ་དང་སྲིང་མོ་ཁྲུང་ཁྲུང་མ་ལ་སོགས་པའོ། །དེ་དག་མིའི་ལུས་རྟེན་པའང་ཡོད་མོད། ཕལ་ཆེར་མ་ཡིན་ནོ། །དེ་ཐམས་ཅད་ཧེ་རུ་ཀས་གདུལ་བར་བྱ་བ་ཐུན་མོང་མ་ཡིན་པའོ། །ཡེ་ཤེས་མཁའ་འགྲོ་མ་དག་པའི་ཞིང་གི་རྣམས་ལ་དབྱེ་བ་ངེས་པ་མེད། འཇིག་རྟེན་འདིར་བཞུགས་པ་ནི་ཞི་བ་མའོ། །ཁྲོ་མོ་གཉིས་ལ་འཁོར་འཇིག་རྟེན་ལས་མ་འདས་ཀྱང་། འཇིག་རྟེན་མཁའ་འགྲོ་མའི་བྱ་བ་མི་བྱེད་པར་འཇིག་རྟེན་འདས་མ་དང་ལྷན་ཅིག་སྤྱོད་པ་མང་དུ་ཡོད་དེ་ཞི་བ་མོ་ནི་བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་རྣམས་ཡིན། ཁྲོ་མོ་ནི་འདིར་སྨོས་གོོ་རཱི་སོགས་ཏེ། འདི་དག་གོང་གི་མཁའ་འགྲོ་མ་རྣམས་ཀྱི་ལྷ་དང་། རྒྱལ་མོ་དང་། སྟོན་པ་མོའི་ཚུལ་དུ་བཞུགས་སོ། །དེ་དག་གི་དབང་དུ་བྱས་ཏེ་ཅི་རིགས་པར་སྦྱར་བ་གོ་དགོས་ཏེ།
དེ་ལ་དྲུག་པ་ལས་སྔགས་ནི་ཨོཾ་ཨེ་ཧྱེ་ཧི་རུ་ལུ་རུ་ལུ་༼སྲིན་མོ་རྣམས་ཀྱི་སྔགས། ༽ཛཿཧཱུྃ་བཾ་ཧོ། ཨོཾ་བཛྲ་ཌཱ་ཀི་ནཱི་བྷྱཿ ཡེ་ཤེས་མཁའ་འགྲོ་མའི་དགུག་སྔགས་ཨེ་ཨ་རའི་༼རལླི་༽ཛཿཛཿཨོཾ་ཌཱ་ཀི་ནཱི་༼མཁའ་འགྲོ་མ་སྤྱིའི་འགུགས་སྔགས་༽ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། མོ་ཧ་ཡ་མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱི་ཧྲཱི་༼ཧྲཱྀ་༽ད་ཡ་ཧཱུྃ་ཕཊ། ཛཿ ཛཿཧཱུྃ་བཾ་ཧོཿཊཱཀྐི་ཧཱུྃ་ཛཿ དགུག་པའི་སྔགས་༼ཏེ་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་༽སོ། །ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡེ་མུ་ཏྲ་པྲ་བྷཉྫ་ཀ་ཧཱུྃ་ཕཊ༔ཟིལ་གྱིས་གནོན་པའི་སྔགས་༼ཏེ་ཕྱག་རྒྱ་ནི་བྱ་ཁྱུང་གི་ཕྱག་རྒྱ་བྱ་༽བའོ་སོ། །ཨོཾ་བ་ཌ་༼ཊ་༽བ་མུ་ཁ་ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥཱ་ཡ་ཏོ་ཥཱ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཱཾ་༼ ཧྲྀ་༽ཧྲཱི་ད་ཡཾ། ཧ་ཧ་ཧི་ཧི་ཨོཾ་ཨཱཿཧཱུྃ། དབང་དུ་སྡུད་པ་ནི་སྔགས་ཏེ་ཕྱག་རྒྱ་ནི་རྡོ་རྗེ་ཁུར་ཚུར་ལས་མཐེའུ་ཆུང་སྦྲེལ། མཛུབ་མོ་རྩེ་སྤྲད་པ་དཔྲལ་བར་ཟློག་པའོ། །བདུན་པ་ཧེ་རུ་ཀ་མཆོད་པ་བྱ་བ་ནི། གཏོར་མ་ལ་ཐབས་ཤེས་ཀྱི་རྫས་ཤ་ཆེན་དང་བཅས་པའི་མྱོས་བྱེད་དང་ལྷ་མིན་དང་འབྱུང་པོའི་དོན་དུ་བ་ལང་ཤ་དང་། །མཁའ་འགྲོ་མའི་རྫས་ཁྲག་དང་བཅས་པས་ཧེ་རུ་ཀ་མཆོད་ན། །ཧེ་རུ་ཀ་དགྱེས་པས་དངོས་གྲུབ་མཆོག་འགྲུབ་སྟེ། །གནས་དུར་ཁྲོད་ཆེན་པོར་སྩོལ་བར་མཛད་དོ། །ཤེས་རབ་ཀྱི་དཀྱིལ་འཁོར་ལ་རྩ་རྒྱུད་དུ་སྐུའི་དལ་བཤད་པའི་ཁ་སྐོང་དུ་ཡང་གསུངས་པ། རྡུལ་ཚོན་བྲི་བའི་ཚེ་ངོས་རེ་ལ་ཁྲུ་ལྔ་ལྔ་སྟེ། ཁྲུ་ནི་ཉི་ཤུའི་ཚད་ཀྱི་རྩིག་པ་དང་ལྡན་པ། །སྐུ་ཡི་སྒྲོལ་མའི་དཀྱིལ་འཁོར་འབྲི་བར་བྱ། །དབུས་སུ་གཙོ་མོའི་གཟུགས་བརྙན་དགོད་པར་བྱ། །ཞལ་བཞི་གསེར་གྱི་མདོག་ལྟ་བུ། །ཕྱག་གཡས་བཞི་རིམ་པས་རྡོ་རྗེ་ཞགས་པ་དུང་གཡས་འཁྱིལ་དང་མདའ། །གཡོན་བཞི་རིམ་པས་ལྕགས་ཀྱུ་ཨུཏྤ་ལ་སེར་པོའི་སྡོང་པོ་དང་གཞུ། །དེ་བཞིན་གདུག་ལ་སྡིགས་མཛུབ་མཛད། །པདྨ་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས། །ཡི་གེ་བཅུ་པའི་ཡི་གེ་རེ་རེའི་གདན་ཏེ་གནས་ས་བོན་ལས་སྐྱེས། །རྣལ་འབྱོར་མ་བཅུ་པོ་དེ་ཡང་གང་ཞེ་ན། མེ་ཏོག་མ་དཀར་མོ་དེ་བཞིན་དུ། །སྤོས་མ་གནག་ཅིང་མར་མེ་མ། །སེར་མོ་དྲི་ཆབ་མ་ཁ་དོག་དམར་མོ་དེ་རྣམས་རང་མིང་གི་ཕྱག་མཚན་ཅན་ནོ། །ཐམས་ཅད་ཞི་བ་མོའོ། །གནོད་མཛེས་མ་ནག་མོ་གཏུན་ཤིང་དང་རྣམ་རྒྱལ་མ་དཀར་མོ་འཁོར་ལོ་འཛིན་པ། །སྒོ་བཞིར་ལྕགས་ཀྱུ་མ་ལ་སོགས་༼བཞི་སྟེ་དྲུག་པོ་ཁྲོ་བོའོ་༽དགོད། །ཕག་མོ་ནག་མོའི་ཏིང་འཛིན་གྱི་དལ་ཡང་གསུངས་པ། འདིའི་མན་ངག་ཀྱང་ལོགས་སུ་ཤེས་སོ། །ཧཱུྃ་གི་ཡི་གེས་ཏེ་ས་བོན་ལས་བྱུང་བ་ཧཱུྃ་ཞེས་སྒྲ་འདོན་མ། །རྡོ་རྗེ་ཕག་མོ་ནག་མོ་རྣལ་འབྱོར་བསྒོམ། །ཞལ་གཅིག་པོ་རབ་ཁྲོས་ཕག་གི་གདོང་ལྡན་མ། །ཕྱག་གཡས་རྡོ་རྗེ་གཡོན་ཐོད་པ་ལག་ན་ཐོགས་པ། །ཞབས་གར་སྟབས་གྱི་རོལ་༼གཡོན་བརྐྱང་བ་༽དང་ལྡན་པར་བསྒོམས་པར་བྱས་ལ། །ཡི་གེ་ཧཱུྃ་གིས་སྦྱོར་བ་ཏིང་ངེ་འཛིན་དང་ངག་ཏུ་བཟླས་པས། །གཉིད་སྟུག་གི་འོད་གསལ་བར་༼འཆར་བ་༽ནི་བྱེད་པ་དང་། །བགེགས་ཞི་བ་དང་རང་གི་ལུས་ཀྱི་ནད་རྣམས་འདོན་ཅིང་འཇོམས་པའོ། །དེ་ཡན་ཀུན་རྫོབ་ལྷའི་དཀྱིལ་འཁོར་བསྟན་ནས། ད་ནི་དོན་དམ་རྡོ་རྗེ་དལ་སྟོན་ཏེ་དེ་ལ་ཆོས་རྣམས་སོགས་འོག་ནས་སྟོན་པ་༼སྟེ་དོན་དམ་དབྱིངས་༽འདི་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །ཐབས་རིགས་ལྔས་སོ་སོར་ཕྱེ་སྟེ་གསུངས་པ་ལས། རྣམ་སྣང་གི་གསུངས་པ་ནི། ཆོས་དབྱིངས་ཡེ་ཤེས་གསུངས་པ་སྟེ་ཆོས་རྣམས་༼ཀྱི་༽རང་བཞིན་ཡུལ་དུས་བྱ་བ་ཀུན་གྱིས་འགྱུར་བ་མེད་པ། །དབྱིངས་འདི་ཡི་ངོ་བོ་ཡེ་ཤེས་རྡོ་རྗེ་བརྟག་པ། །༼འོད་གསལ་བ་འཇིག་ཏུ་མེད་པས་༽སྤྲོས་པ་ཐམས་ཅད་གཟོད་༼མ་༽ནས་ཞི་བ་ཡུལ་ཡུལ་ཅན་གཉིས་སུ་མེད་པ་ནི། །ནམ་མཁར་ནམ་མཁའ་བཞག་པ་ཇི་ལྟ་བའོ། །སྒྲིབ་གཉིས་འཇོམས་པས་དཔའ་བོ་ཆེན་པོ་རྣམ་སྣང་འཁོར་ལོའི་བརྡས་མཚོན་པ་རིག་༼ཏེ་ལྷ་༽པས་དེ་སྐད་ཅེས་བཀའ་སྩལ་ཏོ། །འགྲེལ་པ་ཆུང་བར་ཙཀྲ་ཙ་མ་༼ལ་༽ཀྲ་མ་བྷནྡྷ་༼བརྡ་༽གཡོ་བ་རིམ་པས་བཅིངས་པ་དང་། འགྲེལ་ཆེན་ན་ཙཱ་ལ་ཀྲནྟ་གཡོ་བ་གནན་པ་སྟེ་གཉིས་ཀ་ལས་རླུང་འགགས་པའི་དོན་དུ་འཆད་དོ། །ཟབ་པས་སྤྲོས་བྲལ་དང་རྒྱ་ཆེ་༼བས་ཇི་སྙེད་མཁྱེན་པ༽འི་རང་བཞིན་ནོ། །ཆོས་རྣམས་ཐམས་ཅད་གདོད་ནས་མ་སྐྱེས་པའི། །ངོ་བོ་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གྱི་ངོ་བོ་རྣམ་པར་སྤངས་པ། །གང་ཞིག་ཀུན་རྫོབ་ཀྱི་ཆོས་རྣམས་སྒྱུ་མ་༼ལྟ་བུ༽འི་རང་བཞིན་ཅན་དེ་མེ་ལོང་ཡེ་ཤེས་ཀྱི་རྣམ་པའོ། །དཔའ་བོ་ཆེན་པོ་རྡོ་རྗེ་འཛིན་པ་མི་བསྐྱོད་པས། བཛྲ་བ་ཧུ་རཱ་ཛ་སྟེ་མང་པོ་གསལ་བ་ཤེས་བྱ་ཐམས་ཅད་གཟིགས་པ་ལ་འགྲེལ་པ་གཉིས་ཀས་འཆད་དོ། །དེ་སྐད་ཅེས་བཀའ་བསྩལ་ཏོ། །བདག་གཞན་ཆེ་ཆུང་སོགས་གཉིས་ཆོས་ཀྱི་ཆོས་རྣམས་ཐམས་ཅད་མེད་པས་མཉམ་པ་ཉིད་དུ་གཟིགས་པ། །གཟུང་འཛིན་རང་བཞིན་མེད་ཅིང་མིང་དང་རྒྱུ་མཚན་གྱི་གནས་པ་མེད་པ། །སོ་སོར་འབྱེད་ཆོས་དབྱེར་མེད་ཅིང་བརྗོད་པའི་ཡུལ་དང་བྲལ་བ། །སེམས་ཅན་རང་བཞིན་དག་པར་མཐོང་བས་སྙིང་རྗེ་ཅན་དམིགས་མེད་སྐྱེ་བའི་རྒྱུ་ཅན་ནོ། །དེ་མཉམ་ཉིད་ཀྱི་དམིགས་པའོ། །དཔའ་བོ་ཆེན་པོ་རྡོ་རྗེ་ཉི་མས་༼རིན་འབྱུང་གི།༽ སུརྱ་ལ་ས་མ་ཏ། ཨུཏྟ་མ་ར་ཏ་ཡ་ཏི་མཆོག་མཉམ་དགའ་བྱེད་དེ་ཆོས་དབྱིངས་མཆོག་ཏུ་རང་གཞན་མཉམ་པས་སེམས་དགའ་བར་བྱེད་དོ་ཞེས་འགྲེལ་པར་རོ། །དེ་སྐད་ཅེས་བཀའ་བསྩལ་ཏོ། །འདི་ནི་བདེ་བ་ཆེན་པོའི་ཡེ་ཤེས་དམ་པ་སྟེ། །ཡོན་ཏན་གསར་དུ་འཕེལ་༼བ་༽དང་སྐྱོན་གསར་དུ་བྲི་བ་ཡོད་པ་མ་ཡིན་༼ལ༽། །ཀུན་རྫོབ་རྒྱུ་དང་འབྲས་བུ་རྣམ་པར་འཕྲུལ་བ། །ཐམས་ཅད་རྟེན་ཅིང་འབྱུང་༼སོར་རྟོག་གི་དམིགས་པའོ༽ཙམ་དུ་མཁྱེན་པ་བའོ། །དཔའ་བོ་ཆེན་པོ་འཇིག་རྟེན་ལོ་ཙཱ་ན་ག་ཏི་མཐོང་བས་འགྲོ་བ་ཡེ་ཤེས་མིག་གིས་ཤེས་བྱ་ཀུན་ལ་འགྲོ་བ་ལ་དབང་འབྱོར་བས་དབང་ཕྱུག་ཏུ་གཉིས་ལས་འཆད་དོ། །དབང་ཕྱུག་༼འོད་དཔག་མེད་༽གིས་དེ་སྐད་ཅེས་བཀའ་བསྩལ་ཏོ། །བདེན་པ༼ར་བློས་གཞག་ཏུ་ཡོད་༽མ་ཡིན་ཏེ། ཕུང་ཁམས་སོགས་གྲུབ་པའི་ཕྱིར་རོ། །རྫུན་པར་གཞག་ཏུ་ཡོད་པ་མིན་ཏེ་ཡེ་ཤེས་རྣམ་པ་ཐམས་ཅད་པ་བློ་ལས་འདས་ཤིང་འགྱུར་བ་མེད་པའི་དངོས་༼པོའོ༽། །འགྲོ་༼བ་༽འདི་ཐམས་ཅད་རང་བཞིན་དག་པ་ཡང་དག་པ། །ཇི་ལྟར་ཆུ་དང་ཆུ་རླབས་བཞིན་དུ་ཆོས་དབྱིངས་ཀྱི་ཆོ་འཕྲུལ་ཙམ། །མཆོག་ཏུ་གདོད་མ་ནས་སྒྲིབ་གཉིས་དགའ་པ་གང་ཟག་དང་ཆོས་ཀྱི་བདག་མེད་པའོ། །༼བྱ་གྲུབ་ཀྱི་དམིགས་པའོ། །༽གཟིགས་ནས་འགྲོ་དོན་མཛད་པའོ། །དཔའ་བོ་ཆེན་པོ་རལ་གྲིའི་༼ཁརྒ་ལ་ཁ་ཌ་ལ། ར་གཱ་ལི། ཁཊྒ་ལ་ཁ་ཊ་མ། ར་གཱ་མི། ནམ་མཁར་འདུས་པ་འཇོམས་པ་སྟེ་ཚོགས་པ་དང་བྲལ་བའི་སྟོང་པ་ཉིད་ལས་མི་འདའ་བས་དམ་ཚིག་གི་རྒྱུ་གཉིས་ལས་འཆད་དོ། །༽རིགས་ཀྱི་དམ་ཚིག་གིས་༼ལྷ་དོན་གྲུབ་ཀྱི་༽དེ་སྐད་ཅེས་བཀའ་བསྩལ་ཏོ། །
ཤེས་རབ་བཙུན་མོས་བསྡུས་ཏེ་གསུངས་པ་ལས། ཞུ་ལན་གཉིས་ལས་ཞུས་པ་ནི། དེ་ནས་རྡོ་རྗེ་སྙིང་པོ་སོགས་སྔགས་ཀྱི་དཔའ་བོ་རྣམས་བཞེངས་ཤིང་ཕྱག་འཚལ་ཏེ། དམ་ཚིག་མཁྱེན་པ་ཆེན་མོ་སྒྲོལ་མ་རྣལ་འབྱོར་མ་དལ་གྱི་གཙོ་མོ་ཆེ་ལ་འདི་སྐད་ཞུས། ཨེ་མ་ཧོ་ཆོས་རྣམས་ནི་ངོ་མཚར་བ་ལས་བྱུང་བ་སྟེ། །ནམ་མཁའ་ནམ་མཁའི་རང་བཞིན་ལས་༼དུ་བཞག་པ་ལྟར།༽ སྤྲོས་བྲལ་ཆོས་སྤྲོས་བྲལ་རྒྱ་དང་བཅས་པ། །རྒྱུ་འབྲས་རྟེན་འབྲེལ་སྣ་ཚོགས་ཆོས་ཀུན་འབྱུང་བ་ནི། །རྡོ་རྗེ་རྒྱལ་མོ་ཞེས་བོས་ནས་རྒྱུ་མཚན་ཅི་ཞིག་ལགས། །དེའི་ལན་ལ་མདོར་བསྟན་ནི་ཉོན་ཅིག་རྡོ་རྗེ་ཞེས་བོས་ནས་དོན་ཇི་བཞིན་མ་འཁྲུལ་བར་ཉོན་ཅིག །གང་ཟག་དང་ཆོས་ཀྱི་བདག་ཏུ་ལྟ་བ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ཁོ་ན་མཛད་དོ། །དོན་དུ་ནི་ཆོས་ཐམས་ཅད་ལ་ཆོས་ཉིད་ཡོངས་གྲུབ་ཀྱིས་སྟོང་པ་མ་ཡིན་ཀུན་བཏགས་ཀྱིས་མི་སྟོང་མིན་པའོ།། །།འགྲེལ་པ་གཉིས་པ་ལས་མེད་པ་དང་ཡོད་པའི་རྣམ་རྟོག་གི་ཡུལ་མིན་པའོ། །རྒྱས་བཤད་དང་པོ་སྣང་བ་སེམས་ནི་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱི་མཐུ་ལས། །སྣ་ཚོགས་པའི་ཞིང་ཁམས་སྣོད་ཀྱི་འཇིག་རྟེན་དང་དབང་པོ་ལྔ་དང་། །གཟུགས་དང་སྒྲ་དང་རོ་དང་ལྡན་པ་དང་། །དྲི་དང་རེག་བྱ་དང་ནི་ལུས་ཀྱི་ཁ་དོག་དང་། །ཕྱི་དོན་དུ་སྣང་བ་དང་ནང་དོན་དུ་རྣམ་པར་གནས་པ། །ཐམས་ཅད་རང་སེམས་ཀྱི་རྣམ་སྤྲུལ་ལས། །ཡུལ་ཉེ་བར་དམིགས་པ་ལ་འབྱུང་བ་བཞི་རྣམས་དང་གཟུགས་སོགས་ཡུལ་མེད་དོ། །སེམས་ཉིད་ཀྱི་དྲི་མ་ཕྱི་རོལ་དུ་སྣང་བའོ། །
གཉིས་པ་བདེན་པ་གཉིས་སུ་དབྱེ་བ་ནི་ཀུན་རྫོབ་འཇིག་རྟེན་སྣང་ངོར་ཏུ་ནི་འཇིག་རྟེན་འདི་དག་ཡོད། །དམ་པའི་དོན་དུ་ནི་དབྱིངས་ལས་གཞན་འཇིག་རྟེན་འདི་དག་མེད་དོ། །གང་གཟུང་འཛིན་གཉིས་སྣང་ཐམས་ཅད་མེད་པའི་ནང་གི་སེམས་ཉིད་བདེ་བ་དམ་པ་རང་རིག་པའི་ཡེ་ཤེས། །ཤེས་པ་རང་ཉིད་གསལ་བའི་དངོས་པོ་འདི་ཁོ་ན་ཙམ་ཞིག་ཡོད་དོ། །གསུམ་པ་སྤྲོས་བྲལ་དུ་གཏན་ལ་ཕབ་པ་ནི། དོན་དུ་སྲིད་པ་མེད་དེ་འཁྲུལ་སྣང་ཡིན་པས་སོ། །མྱ་ངན་འདས་པ་དེ་དོན་དམ་པར་མྱ་ངན་མེད་ཅིང་དེ་ལས་འདས་པར་སྣང་བ་ཡང་རྫུན་པ་ཡིན་པས་སོ་མེད། །ཁམས་བཅྭོ་བརྒྱད་མེད་རྣམ་པར་ཤེས་པ་བརྒྱད་མེད་ལ། །ཡུལ་དངོས་པོ་མེད་ཅིང་ཡུལ་ཅན་སྒོམ་པ་མེད་དེ། རྒྱ་མཚོ་ལ་རླབས་དང་། གཟུགས་བརྙན་དང་། སྲོག་ཆགས་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་གནས་ཡིན་ཡང་། དེས་མ་གོས་པ་ལྟར་ཀུན་བཏགས་ལྟ་བུ་བཏགས་ཡོད། གཞན་དབང་ལྟ་བུ་སྲོག་ཆགས་དང་འདྲ་བ། རྫས་ཡོད་ཀྱིས་མ་གོས་ཤིང་། །དེ་ཐམས་ཅད་འཆར་དུ་རུང་བས་ན་རྒྱ་མཚོ་ལྟ་བུའི་ཆོས་ཉིད་དེ་བཞིན་ཉིད། །འདི་ནི་སྡིག་དང་བསོད་ནམས་ཀྱི་བྱ་བ་ལས་འདས་པ་སྟེ་དེའི་འབྲས་བུ་མིན་ལ། །གཅིག་དང་དུ་མའི་དངོས་པོ་གང་ཡང་ཀྱང་མིན། །
བཞི་པ་ལོག་རྟོག་གོལ་ས་བཅད་པ་ནི། ཐམས་ཅད་ཀྱི་དོན་དམ་པའི་དངོས་པོ་རོ་གཅིག་ཏུ་གྱུར་པའི་མཚན་ཉིད་ཅན་ཏེ། །གཉིས་མེད་ཀྱི་ཡེ་ཤེས་གཅིག་ཉིད་དངོས་པོ་ཐམས་ཅད་ལ་རྣམ་པར་སྤྲོས་པ་སྟེ་ཐམས་ཅད་ཆོས་ཉིད་ཀྱིས་ཁྱབ་པའོ། །སྡུག་བསྔལ་བདེ་བ་ཡུལ་རྣམ་ཤེས། །ཀུན་ལས་འདས་པའི་ཡེ་ཤེས་བདེ་ཆེན་པོ། །འདི་ལ་རང་ངོས་ནས་བྱ་བ་མེད་ཅིང་བྱེད་པོ་མེད་ལ་ལས་ཀྱང་མེད་པའོ། །རང་བཞིན་ལ་གཉིས་སྣང་གང་གིས་ཀྱང་མ་དཀྲུགས་ལ་རང་བཞིན་གློ་བུར་གྱི་དྲི་མ་དག་པའོ། །རང་བཞིན་དེ་བདེ་བ་ཡིན་ན། ཆགས་པའི་བདེ་བ་ཡིན་ནམ། ཆགས་བྲལ་གྱི་ཤིན་སྦྱངས་ཡིན་ནམ། དབུ་མ་སྟོང་ཉིད་མཐོང་བས་བདེ་བ་ཡིན་ནམ་ཞེ་ན། རང་བཞིན་དོན་དམ་འདི་ལ་འདོད་ཆགས་མེད་ཅིང་ཆགས་པ་གདོད་ནས་མེད་པས་བྲལ་རྒྱུ་མེད་ལ། །དབུ་མར་དམིགས་པར་མི་འགྱུར་ཏེ་འདི་ཚོར་བ་མ་ཡིན་ཅིང་དངོས་པོའི་གནས་ལུགས་ཡིན་པས་དམིགས་རྒྱུ་མེད་པའི་ཕྱིར་རོ། །དོན་དམ་པའི་འདོད་ཆགས་ཆེན་པོའི་གཉིས་མེད་ཡེ་ཤེས་འདི་ཡོད་པས། །བདེ་བ་ཆེན་པོ་སྒོམ་པ་ན་ཆགས་ལྡན་རྣམས་ལ་བྱང་ཆུབ་བདེ་ཆེན་གྱི་སྐུ་སྟེར་རོ། །གསུམ་པ་དོན་བསྡུ་ནི། འཁོར་བ་ནི་སེམས་ཉིད་ཀྱི་སྣང་བ་དེ་ཕྱི་རོལ་དངོས་པོར་གྲུབ་པ་མེད་ལ། །སེམས་ལས་གཞན་དུ་མྱ་ངན་འདས་པ་བྱང་ཆུབ་ཀྱང་ཡོད་པ་མ་ཡིན་ནོ། །སྲིད་པ་དང་ཞི་བ་འདི་གཉིས་ཀ་དོན་དམ་པའི་རོ་དང་བྲལ་སྙིང་པོ་བདེན་པ་མེད། །རང་སེམས་ཆོས་ཀྱི་དབྱིངས་བདེ་ཆེན་དོན་དམ་སྙིང་རྗེའི་བདག་ཉིད་ཆོས་ཐམས་ཅད་ཀྱི་མགོན་དུ་དོན་དམ་གྱི་སྐབས་འདིར་ཡོད་དོ། །རྩ་བའི་དོན་གཉིས་པ་རྒྱུད་ཀྱི་སྦྱོར་བ་རྒྱས་པ་ལ། དང་པོ་རྒྱུ་ནི། དེ་ནས་དེ་བཞིན་གཤེགས་པ་རྣམ་པ་དང་མཚན་ཐ་དད་པ་ཐམས་ཅད་ཀྱི་སྔགས་དང་རྒྱུད་ཀྱི་སྦྱོར་བ་འབྱུང་བ་མི་བསླུ་བས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་འདི་སྐད་ཅེས་བཀའ་བསྩལ་ཏོ། །
གཉིས་པ་ལས་རྒྱས་པའི་ལྷ་ཉི་ཤུའི་སྒྲུབ་ཐབས་ལ་དང་པོ་སྔགས་ནི། ༼༡༽ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊ་སྭཱ་ཧཱ། སྤྱན་རས་གཟིགས་ཀྱིའོ། །༼༢༽ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་རྣལ་འབྱོར་མའི་འོ། །༼༣༽ན་མོ་བྷ་ག་བ་༼ཝ༽ཏེ་མེ་རུ་ཤི་ཁ་རེ་༼ར་༽ཀུ་ཊ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱཐཱ། ཨོཾ་མེ་རུ་མེ་རུ་མ་ཧཱ་མེ་རུ་ཡེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་འོ། །༼༤༽ཨོཾ་ཨཱཿམེ་༼མཻ་༽ཏྲི་ཡེ་ཧཱུྃ་སྭཱ་ཧཱ། བྱམས་པའི་འོ། །༼༥༽ཨོཾ་བཛྲ་ཏིཀྵྞ་དྷིཿའཇམ་དཔལ་གྱིའོ། །༼༦༽ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷ་ཝརྡྷ་ནི་སྭཱ་ཧཱ། ཤེར་ཕྱིན་མའི་འོ། །༼༧༽ཨོཾ་ཛམྦྷ་མོ་ཧེ་༼ཧ༽སྭཱ་ཧཱ། གསེར་ཅན་སྒྲོལ་མའི་འོ། །༼༨༽ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མེ་དྷ་ནཾ། དེ་ཧི་དེ་ཧི་སྭཱ་ཧཱ། ནོར་བུ་འཛིན་པའི་སྒྲོལ་མའི་འོ། །༼༩༽ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་༼སནྟཱ་༽པཎྟཱ་རཱ་ཎི་ཧྲཱིཿསྭཱ་ཧཱ། དབང་བྱེད་སྒྲོལ་མའི་འོ། །༼༡༠༽ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཀུ་རུ་ལུལླེའི་འོ། །༼༡༡༽ཨོཾ་བཛྲ་ཙནྜ་༼ཙཎྚ་༽སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཕྱག་ན་རྡོ་རྗེ་རྩ་བའི་འོ། །༼༡༢༽ཨོཾ་ནི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་ན་རྡོ་རྗེ་རྡོ་རྗེ་ཕོ་ཉའི་འོ། །༼༡༣༽ཨོཾ་ཛ་༼ཛཾ༽་དྷི་ཀ་ཋ་མ་ཧོ་ཧ་ར་སརྦ་དྷ་ན་སཊྚོ་རཏྣོ་ཧཱུྃ་ཛུཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཙོ་མོ་ནོར་རྒྱུན་མའི་འོ། ༼༡༤༽ཨོཾ་མ་ནོ་ཧ་ར་ཧ་ར། ཨོཾ་ཨངྒུ་ཤ་༼ཨང་ཀུ༽༼ཨང་ཀུ༽ཨངྒུ་ཤ་ཧྲཱིཿཧྲཱིཿཧྲཱིཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བྲན་མོ་ནོར་རྒྱུན་མའི་འོ། །༼༡༥༽ཨོཾ་ཧཱ་ཡ་གྲཱི་༼གྲྀ་༽བ་ཧྲཱིཿཨ་ཧཾ་ཨ་ཧཾ་ཨ་ཨཾ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཁྲོ་མོ་རྟ་མགྲིན་གྱིའོ། །༼༡༦༽ཨོཾ་མ་ཧཱ་ཀ་ལ་ཧ་ན་ཧ་ན་བཛྲེ་ཎ་མ་མ་ཀཏྲཾ་༼ཀརྱཾ་༽ཀུ་རུ་ཀུ་རུ་སྭཱ་ཧཱ། ལེགས་ལྡན་ནག་པོ་ཆེན་པོའི་འོ། །༼༡༧༽ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲྭ་ཡ། མ་ཧ་ཡཀྵ་སྱཱེ་༼སེ་༽ན་པ་ཏ་ཡེ། ཨོཾ་ཧྲཱི་ཏྲཾ་ཀྵཾ་ཛཾ་ཧཱུྃ་ཧ། དི་བྱཱ་རཏྣོོ་ག །བ་རི་ཤ་ན། ཨར་པ་༼ཨཊ་༽ཀ །ད་པ་ཡ་ཤ །ས་མ་ཡ། མ་ནུ་སྨ་༼ར་༽ཡ། ཧྲཱིཿཧཱུྃ་ཕཊ། ཛམྦྷ་ལ་སེར་པོའི་འོ། །༼༡༨༽ཨོཾ་མཾ་དི་རི་དི་རི་ཙཎྜ་ཧཱུྃ་༼ཧཱུྃ་༽ཕཊ་ཕཊ་སྭཱ་ཧཱ། ཤ་ཟ་མོ་རལ་པ་ཅན་གྱིའོ། །༼༡༩༽ཨོཾ་གཾ་གཱ་ན་པ་ཏི་མ་མ་རཏྣ་སིདྡྷི་ག་ག་ག་ག་ག་ག་ག་ག་ག་ན་པ་ཏཾ་སྭཱ་ཧཱ། སུམ་ཅུ་རྩ་གསུམ་གྱི་ཚོགས་ཀྱི་བདག་པོའི་འོ། །༼༢༠༽ཨོཾ་༼ག༽ག་ན་བཾ་༼སཾ༽ཧོ་ཡཾ་ཛཿག་ན་བཾ་ཧྲཱིཿཡཾ་ཛཿབྱང་ཤར་གྱི་ཚོགས་ཀྱི་བདག་པོའི་འོ། །
གཉིས་པ་ལྷའི་རྣམ་པ་བཤད་པ་ནི། ༼༡༽ཉི་མའི་གདན་ལ་གཡས་བརྐྱངས་རོལ་སྟབས་ཀྱིས་ཡང་དག་པར་བཞུགས་ཤིང་གནས་པ། །གཡས་མཆོག་སྦྱིན་གྱི་བགྲང་ཕྲེང་དང་གཡོན་པདྨ་དམར་པོ་བསྣམས་པས་ཡུམ་ལ་འཁྱུད། །གོས་དཀར་མོ་དམར་མོ་གཞན་ཡབ་དང་འདྲ་བ་ཡིས་མགུལ་ནས་འཁྱུད། །འཇིག་རྟེན་དབང་ཕྱུག་བསྒོམ་པར་བྱ། །རྡོ་རྗེ་ཕག་མོ་རྣལ་འབྱོར་མ་ནི་གཡས་༼༢༽གྲི་གུག་ཕྱར་བ་གཡོན་ཐོད་པ་ཁྲག་གིས་གང་བ་ལག་ན་ཐོགས་ནས་ཐུགས་ཀར་འཛིན་པ། །ཕག་མོ་རབ་ཁྲོས་མཆན་ཁུང་དུ་ཁ་ཊྭཱཾ་བསྣམས་པ། །ཁྲོ་ཚུལ་ཆེར་བསྟན་ཡང་སྲིན་མོའི་ཆ་བྱད་མ་ཡིན་པར་ལྷ་མོའི་ཚུལ་ཅན་ཡིན་པས་མཛེས་མ་ཤིང་ཡ་བའི་མེ་ཏོག་དང་མཚུངས་པར་དམར་བ། །གཡས་བརྐྱང་གིས་གཡོན་པས་ལྷ་མོ་དཀར་མོ་དང་གཡས་པས་ཕྱུགས་བདག་མ་ཧཱ་དེ་བ་ཞབས་ཀྱིས་མནན་པའོ། །ཇོ་བོས་གཡོན་བརྐྱང་དུ་བཞེད་དེ་གནད་གཅིག་ཡོད་གསུངས། ༼༣༽གསེར་མདོག་མཚན་དང་དཔེ་བྱད་རྣམས་ཀུན་རྫོགས་ཤིང་། །ཕྱག་གཉིས་བདུད་འདུལ་གྱི་ཕྱག་རྒྱས་ས་གནོན་མཉམ་བཞག་གིས་ཁམས་གསུམ་ཟིལ་གྱིས་གནོན་པ། །གོོ་ཏཾ་ཤཱཀྱ་ཐུབ་པ་བྱང་ཆུབ་ཆེན་པོར་བསྒོམ། །མགོ་བྲེགས་རབ་ཏུ་བྱུང་བའི་ཆ་བྱད་ཀྱི་བརྟུལ་ཞུགས་ཆེན་པོའོ། །བྱམས་པ་ནི་༼༤༽བྱང་ཆུབ་མཆོད་རྟེན་སྤྱི་བོར་འཛིན་ཅིང་ལྷའི་དྲང་སྲོང་གི་ཆ་བྱད་ཅན། །གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་ཅན་དང་ནི་གཡས་མཆོག་སྩོལ་བའི་ཕྱག །སེར་པོ་དོང་གའི་མེ་ཏོག་ལྟར་མཛེས་པ། །རྣམ་སྣང་དབུ་རྒྱན་ཅན་དུ་བྱ་མི་བསྐྱོད་སོགས་སངས་རྒྱས་བཞི་མ་མཱ་ཀི་སོགས་རིག་མ་བཞིར་བཅས་ཏེ་བརྟག་གོ། །༼༥༽མདོག་དཀར་པོ་འཇམ་པའི་རྡོ་རྗེ་ནི། །རལ་གྲི་གླེགས་བམ་ཕྱག་ན་བསྣམས། །ལྟེ་བར་ཡི་གེ་དྲུག་པའི་རབ་སྔགས་ཀྱིས་མཚན་པའི་འཁོར་ལོ་རྩིབས་དྲུག་པ་བཅས། །གཞོན་ནུའི་ཆ་བྱད་ཀྱི་ཚུལ་ཅན་བསྒོམ་པར་བྱའོ། །ཤེར་ཕྱིན་མ་ནི། ༼༦༽ཟླ་བ་ལྟར་དཀར་བ་གཡས་མཆོག་སྦྱིན་དང་། །གཡོན་པོ་ཏིས་མཚན་པའི་ཆུ་སྐྱེས་བཅས། །བསྙེན་པས་བསྒོམས་བཟླས་བྱས་ནས་སྒྲུབ་པའི་དུས་ཤུ་དག་དང་བཅས་པས། །སྐྱུར་པོ་མ་བླངས་པ་འཐུང་པས་ཟླ་བ་དྲུག་གིས་བློ་གྲོས་སྟེར། །གཡས་༼༧༽རིན་ཆེན་བུམ་པ་གཡོན་རིན་ཆེན་སྙེ་མར་བཅས། །གང་གི་ལག་ན་ཉེར་གནས་པ། །གསེར་ཅན་སྒྲོལ་མ་བསམ་བྱས་ནས། །ལོངས་སྤྱོད་ཡིད་བཞིན་ནོར་བུའི་སྤྲིན་ལྟ་བུ་ཉིད་དུ་འགྱུར། །༼༨༽དཔག་བསམ་ཤིང་ལ་བརྟེན་ཅིང་གཡས་དེའི་ཡལ་ག་དང་། །གཡོན་ནོར་བུའི་འབྲས་བུ་འཛིན་པ་ནི། །ཇོ་བོའི་འགྲེལ་པར་ལྗང་གུ་རས་ཕྲན་འཆང་སྒྲོལ་མ་ཞེས་པར་སྣང་བ་ཚིགས་བཅད་འགྲིག་པ་སོགས་དགོས་པར་སེམས་ཀྱང་། རྒྱུད་ཀྱི་རྒྱ་དཔེ་གཉིས་ན་མེད་ཅིང་། གྲུབ་ཆེན་ཞི་བ་ཡང་མི་བཞེད་གསུངས། ཉི་མས་ནི་མདོག་ཀྱང་སེར་མོར་བཞེད་པས་འབྲུ་འགྲེལ་མེད་ཀྱང་། འདི་མི་འདོན་པར་མངོན། གསེར་གྱི་བྲག་ཕུག་ན་གནས་པར་བསམ། །༼༩༽ཉི་མ་འཆར་ཁ་གསར་པའི་མདོག །གཡས་ལྕགས་ཀྱུ་གཡོན་ཨུཏྤལ་དམར་པོ་བསྣམས། །སྒེག་པའི་ཆ་བྱད་འཆང་བ་རྒྱན་དུ་མས་རྣམ་པར་བརྒྱན་པ། །དབང་དུ་བྱེད་མའི་སྒྲོལ་མ་བསམ་པར་བྱ། །༼༡༠༽དམར་མོ་ཕྱག་ནི་བཞི་པ་སྟེ། །དང་པོ་གཉིས་མདའ་དང་གཞུ་ནི་འཛིན་པའི་མཆོག །འོག་མ་གཉིས་རྡོ་རྗེ་ལྕགས་ཀྱུ་དང་ཨུཏྤལ་དམར་པོའི་སྡོང་བུ་ཕྱག་ན་བསྣམས། །ཀུ་རུ་ཀུལླེ་བསམ་པར་བྱ། །གཡས་༼༡༡༽རྡོ་རྗེ་ཐུགས་ཀར་བསྟོད་ཅིང་འཆང་བ་ཕྱག་རྡོར་གཡོན་གདན་གནོན་པ། །སྔོ་བསངས་ཡིད་ཙམ་ཁྲོ་བ་སྟེ། །སྒྲུབ་པོས་མདུན་དུ་བསྐྱེད་པས་བཞག་ནས་ནི། །མཚན་བརྒྱད་པོ་ནི་བརྗོད་པར་བྱ་བ་ལ་བཟླས་པར་བྱའོ། །༼༡༢༽ནག་པོ་ཆེར་ཁྲོས་པས་མི་སྡུག་པ་གཡས་རྡོ་རྗེ་ཕྱར་བ་ཅན། །དེའི་བརླ་གཉིས་བར་དུ་མཁའ་ལྡིང་གི་རྒྱལ་པོ་ནི། །དུག་ཅན་ཨ་ཛ་ག་ར་སྦྲུལ་སྦྲམ་ཆེན་འཇོམས། །ཕྱག་གཡོན་སྡིགས་བྱེད་ལག་ན་རྡོ་རྗེ་བསྒོམ། །ནོར་རྒྱུན་མ་འདི་གཉིས་ཀྱི་སྒྲུབ་ཐབས་ཀྱང་ལོགས་ན་ཡོད་དོ། །༼༡༣༽མདོག་བཟང་གསེར་ལྟ་བུ་ཀཱ་མ་དྷེ་ནུས་འདོད་འཇོའི་བ། །གཡས་པི་ཙུ་ར་འབྲས་སེར་པོ་ཁ་སྔོ་བ་གཅིག་ཡོད་གསུངས། གཡོན་རིན་ཆེན་སྙེ་མ་འཛིན། །གཏེར་གྱི་བུམ་པ་ཞབས་སྤྲད་པ་ལ་གནས་པའི་གནོད་སྦྱིན་མོ། །ལས་བྱེད་མརྐ་ཊ་སྤྲེའུ་ཅེས་བསམ་པར་བྱ། །༼༡༤༽པདྨ་རཱ་གའི་འོད་དང་མཉམ། །གཡས་ཟངས་ཀྱི་ཀྱོ་བ་གཡོན་ནེའུ་ལེའི་རྐྱལ་པ་ཅན། །ནོར་བུས་གང་བ། ནོར་རྒྱན་མ་ནི་རྣམ་བསྒོམས་ན། །ངེས་པར་དབང་དུ་བྱེད་པ་ཡིན། །༼༡༥༽ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི། །གོང་དུ་བཤད་པ་ལྟར་ལས། ཁྱི་གདོང་ཅན་གྱི་རྡོ་རྗེ་ལྷ་མོ་མཁའ་འགྲོ་མ་རིགས་བཞི། །ཡུམ་པདྨ་མཁའ་འགྲོ་མ་ལྷ་ཞལ་གྱིས་འཁྱུད་པ་བསྒོམ་ན་གདུག་པ་ཀུན་འདུལ་བའི། །གཟི་བརྗིད་མཐུ་སྟོབས་རྟ་མཆོག་དཔལ་ཉིད་དང་མཚུངས་པར་འགྱུར། །ཡང་ན་ཞལ་གསུམ་གཡས་ནག་པོ་དང་དབུས་དམར་པོ་དང་གཡོན་དཀར་པོའོ། །ཕྱག་གཡས་གསུམ་རྡོ་རྗེ་དང་དབྱུག་ཏོ་དང་བཅས་པ་རལ་གྲིའོ། །གཡོན་གསུམ་ཐོད་པ་དང་ཞགས་པ་དང་སངས་རྒྱས་རྣམས་ལ་ཕྱག་འཚལ་ཐལ་མོར་བཅས་པའོ། །སྤྲུལ་པ་མཁའ་ལྡིང་རྒྱལ་པོ་མང་པོ་རྣམ་པར་སྤྲོ་བའོ། །ཡང་ན་ཕྱག་གཉིས་པ་གཡས་དབྱུག་ཏོ་འཛིན་པར་བྱས་ནས། །ཞབས་གཉིས་གཡས་ཀྱིས་ཀླུ་རྒྱལ་ནོར་རྒྱས་དང་གཡོན་ཚངས་པ་བཅས་པ་གནོན་ཅིང་གཟིར་བ། །བསྒོམ་ན་སྦྲུལ་གྱིས་ཟིན་པ་སོགས་ཀྱི་དུག་རྣམས་བསྐྱོད་པ་དང་། །སྣ་ཚོགས་ལས་རྣམས་འགྲུབ་པར་འགྱུར། །ལེགས་ལྡན་ནག་པོ་ནི། འདིའི་སྒྲུབ་ཐབས་ལོགས་སུ་ཤེས་སོ། །༼༡༦༽མུན་པའི་སྐུ་ལུས་ལྟར་ནག་པ་ཁྲག་འཛག་པའི་ཞལ། །གཡས་རལ་གྲི་སྟེ་གྲི་གུག་གཡོན་ཐོད་བཅས་པའི་ཤ་ཆེན་ཟ་བ། །མཆན་ཁུང་དུ་ཁ་ཊྭཱཾ་དང་དོ་ཤལ་མགོ་བོའི་ཕྲེང་བས་བརྒྱན་པ་བསྒོམས་ཤིང་། །དུག་ཤིང་ལ་བྱས་པའི་སྐུ་ལ་མཆོད་པར་བྱའོ། །༼༡༧༽ཛཾ་བྷ་ལ་ནི་ནོར་འཕེལ་བ་སྒྲུབ་པ། །སེར་པོ་གཡས་པི་ཛ་བུ་ར་འཛིན་པ། །ནེའུ་ལེ་གཡོན་ན་བསྣམས་པ་བསྒོམས་བྱས་ནས། །ཆུ་སྦྱིན་དབང་པོ་མཆོད་ཅིང་བསྒྲུབ་པར་བྱ། །འདི་ཡང་ལོགས་སུ་བལྟའོ། །༼༡༨༽རབ་དམར་ཐོད་པའི་གདན་ལ་གར་ཐབས་ཀྱིས་གནས་པ། །གཡས་ཅང་ཏེའུ་དང་གཡོན་ཐོད་པ་ཤས་གང་བ་འཛིན་པ། །རལ་པ་ཅན་མ་བསྒོམས་བྱས་ན། །འདི་ཤ་ཟ་མོའི་གཙོ་བོ་ཡིན་པས་ཤ་ཟ་མོ་རྣམས་མངག་གཞུག་འགྱུར། །འདི་ཚངས་སྤྱོད་བུད་མེད་དང་མ་འབྲེལ་བས་བསྒྲུབ་དགོས་གསུངས། ཞལ་གསུམ་དབུས་༼༡༩༽གླང་པོ་གཡས་སྤྲེའུ་རྒྱལ་པོ་གཡོན་བྱི་བའི་གདོང་གི་གཟུགས། །མི་བསྐྱོད་པའི་དབུ་རྒྱན་ཅན། ཕྱག་དང་པོ་གཉིས་དགྲ་སྟྭ་དང་ལ་ཕུག་ཕྱག་ན་བསྣམས། །འོག་མ་གཉིས་ལྕགས་ཀྱུ་དང་ཆང་སྣོད་བསྣམས་པ་ཡི། །ཕྱག་བར་བ་གཉིས་ཞི་བ་ལ་བུམ་པ། རྒྱས་པ་ལ་ནེའུ་ལེའི་རྐྱལ་བ། དབང་ལ་མདའ་གཞུ། དྲག་པོ་ལ་གྲི་ཞགས་བྱ་ཞེས་ཇོ་བོ་བཞེད། མན་ངག་ལ་ཡུམ་ལ་འཁྱུད་པ་ཡིན་ནོ། །ཕྱག་དྲུག་པ་ཞབས་ནི་བཞི་པ་ལ། །བྱི་བ་ལ་གཡོན་བརྐྱང་གིས་བཞུགས་པ་ཡང་ཞབས་རྒྱབ་མ་གཉིས་ཀྱི་ཡུམ་ལ་འཁྱུད་པར་ཉི་མས་མཛད་དོ། །ཆུང་མ་སྣ་ཆེན་མ་ཞེས་བྱ་བ་ཕག་གདོང་ངམ་ལྷ་ཞལ་ཅན། རིན་པོ་ཆེ་འཛིན་པས་འཁྱུད་པ། ཡན་ལག་ལྷག་མ་འདྲ། གཡོག་མོར་སྤྲེའུའི་གཟུགས་ཅན་བཞི་བཅས་བསྒོམས་ནས། །བགེགས་ཀྱི་རྒྱལ་པོ་མདུན་བསྐྱེད་དུ་དེ་ལྟར་བསྒོམས་ནས་ལ་དུ་ལ་ཕུག་སོགས་དང་། ཤ་ཆང་མངར་གསུམ་སོགས་ཀྱིས་མཆོད་པར་བྱ། །མཎྜལ་ཟླུམ་པོའི་དབུས་སུ་ཟླ་གམ་གཅིག་བྱས་ལ། སྟེགས་བུའི་སྟེང་དུ་སྐུ་བཞག་མདུན་བསྐྱེད་གམ་ལས་ཚོགས་བདག་གླང་ཆེན་གདོང་༼༢༠༽རབ་དམར་མཆེ་བ་གཙིགས་པ་ནི། །ཕྱག་མཚན་དང་ལས་སྦྱོར་སྐབས་ཞགས་པ་ལྕགས་ཀྱུའི་རབ་སྦྱོར་བ། །གནས་གསུམ་བྱིན་རླབས་ཡེ་ཤེས་སྤྱན་འདྲེན། དབང་བསྐུར་འོད་དཔག་མེད་ཀྱི་དབུ་རྒྱན། འདི་ཡིས་ཧ་ན་ད་ཧ་པ་ཙ་བནྡྷ་བིགྷཱན་མཱ་ར་ཡ་ཧཱུྃ་བཏགས་ན་བགེགས་རྣམས་འཇོམས་པ་དང་། །ལས་བུདྡྷི་པུཥྚིཾ་ཀུ་རུ་མེ་༼ཡེ་༽སྭཱ་ཧཱ་སྦྱར་ན་བློ་དང་ཧྲཱིཿཧྲཱིཿཛཿཛཿབ་ཤཾ་ཀུ་རུ་རཏྣ་སིདྡྷི་ཛཿཛཿབཏགས་ན་དབང་དུ་བྱེད་པ་ཡིན། །གསུམ་པ་ས་བོན་གྱི་རིམ་པ་དེ་ཉིད་ཀྱིས། ཧྲཱིཿ༡བཾ་༢ཧཱུྃ་༣མེེཾ་༤དྷཱིཿ༥ཨ་༦ཏཾ་༧ཏཾ་༨ཏཾ་༩ཧྲཱིཿ༡༠ཧཱུྃ་༡༡ཧཱུྃ་༡༢བཾ་༡༣ཧྲཱིཿ༡༤ཧཾ་༡༥ཧཱུྃ་༡༦ཛི་༡༧ཧྲཱིཿ༡༨གཾ་༡༩གཾ་༢༠ཞེས་པ་རྣམས་སོ། །
རྩ་བའི་ས་བཅད་གསུམ་པ་རྨུག་འཛིན་ཧེ་རུ་ཀའི་སྒྲུབ་ཐབས་ནི། བདག་ཉིད་ཧེ་རུ་ཀའི་སྦྱོར་བས་རྣལ་འབྱོར་ལ་གནས་པ། ཙན་དན་དམར་པོ་ལ་ཛཾ་བྷ་ལའི་སྐུ་བྱས་མགྲོན་བུ་རིན་ཆེན་སྣ་ལྔ། དར་རས་སྣ་ལྔ་རྣམས་སྟེགས་བུ་ཟངས་གཞོང་དུ་བཀོད་ལ། བསང་སྦྱངས། མདུན་དུ་ཛཾ་དང་བཾ་ལས་གནོད་གནས་དབང་པོ་དམར་པོ་བི་ཛ་པུ་ར་དང་ནེའུ་ལེའི་བསྣམས་པ། འོད་དཔག་མེད་པའི་དབུ་རྒྱན་ཅན། གཡས་བརྐྱངས་བས་བཞུགས་པ། གནོད་སྦྱིན་མོ་ནོར་རྒྱུན་མ་རང་དང་འདྲ་བ། ཡེ་ཤེས་པ་གཞུག་པ་དང་ལ་འཇུག་པ་བསམ་ནས། གཏོར་མ་ཕུལ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ནཾ་མི་དེ་ཧི་ཌཱ་ཀི་ནཱི་ཛྭ་ལ་སཾ་བྷ་ར་སྭཱ་ཧཱ། ཞེས་པ་འདིས་ཉིན་རེར་ལན་བརྒྱ་རྩ་བརྒྱད་ཆུ་སྦྱིན་ན་ཛམྦྷ་ལ་རང་ལ་བསྟིམ། རྟེན་རྣམས་མི་ལྤགས་ཀྱི་ཁུག་མར་བཅུག་ལ་བཅངས། ཁམས་གསུམ་གྱི་དབང་ཕྱུག་ཏུ་འགྱུར་བ་ཡོད་ལ་མིན་ནའང་ནོར་ཅན་དུ་འགྱུར་རོ། །
བཞི་པ་ཕྱག་བརྒྱད་སྒྲོལ་མའི་དཀྱིལ་འཁོར་ནི། སྔོན་མོ་སྤྱི་དང་མཐུན། པད་ཟླ་ལ་ཏཾ་ཡིག་དང་ཨུཏྤ་ལའི་ཡེ་ཤེས་ལས་སྐྱེས་པ། །སྐུ་མདོག་དང་ཞལ་བཞི་པ་ལ་ཤ་ཡི་མདོག་ལྟར་ལྗང་བ། །རྩ་བའི་ཕྱག་གཉིས་ཐུགས་ཀར་ཨུཏྤལའི་ཕྱག་རྒྱ་འཆིང་བ་ཅན། །ལྷག་མ་གཡས་གསུམ་ན་ཕྲེང་བ་དཀར་པོ་དང་མདའ་ཆེན་དང་འཁོར་ལོ་དང་། །གཡོན་གསུམ་ན་རྒྱལ་མཚན་དང་གཞུ་དང་བུམ་པ་བདུད་རྩིས་གང་བ་འཛིན་པ་ལྷག་མ་སྤྱི་དང་མཚུངས་པ། །ལྷ་མོ་སྒྲོལ་མར་བསམ་པར་བྱ། །ཡན་ལག་ལྷག་མ་རྣམས་ཀྱང་བྱས། རྩ་སྔགས་བཟླས་པས་འཇིགས་པ་བརྒྱད་ལས་བསྲུང་བར་འགྱུར། །སྙིང་ག་ནས་འཇིགས་པ་བརྒྱད་སྐྱོབ་ལྷ་མོ་སྤྲོས་ནས་སོ་སོའི་བཟླས་པ་འོག་ནས་འབྱུང་བ་ལྟར་བཟླ་ཞིང་མཚན་བརྒྱ་འདོན་གསུངས། ལྔ་པ་གཏོར་ཆོག་ལ་སྔགས་ནི། སྔགས་འདིས་བཟའ་བཅའ་རོར་བཅས་འབུལ། །གཏོར་སྣོད་བཅུ་གཅིག་ཏུ་བཤམས། སྒྲོལ་མ་ཉེར་གཅིག་སྤྱན་དྲངས་ལན་གསུམ་གྱིས་འབུལ། ཡང་བཅུ་བཤམས་ལ་འབུལ། འཇིགས་པ་ལས་ངེས་པར་སྐྱོབས། ནང་ནུབ་འབུལ་གསུངས། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཾ། ཧེ་ཧེ་བྷ་ག་བ་ཏེ་མ་ཧ་ས་ཏྭཱ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ་ཨི་དཾ་བཱ་ལིང་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ། ཧཱུྃ་ཧཱུྃ་ཧཱུྃ་སརྦ་བི་པཉྩ་རེ་སྭཱ་ཧཱ། རྫས་ནི་ཁ་ཟས་བཟང་དགུ་ལ་ཟླ་བ་ཁུ་བ་ཉི་མ་རཀྟ་སྨན་དྲི་ཆེན་དང་དྲི་ཆུ། །མར་ཁུ་ནི་རྐང་སྟེ་བདུད་རྩི་ལྔ་དང་། གོ་ཀུ་སོགས་སྒྲོལ་མ་ལྔར་བཅས་པ། །དེ་ཁོ་ན་ཉིད་སྟོང་ཉིད་ལྷའི་རྣལ་འབྱོར་སྦྱངས་རྟོགས་སྦར་བའི་རྣལ་འབྱོར་ལྡན་པས་ཏེ་ཁ་ཟས་བཟའ་བ་དང་། །ཙ་རུའི་བཟའ་སྟོན་བྱེད་པ་དེ་བཞིན་དུ་གཏོར་མ་དབུལ་བར་བྱ། །དྲུག་པ་བུམ་ཆོག་ནི། མཎྜལ་པདྨ་འདབ་མ་བརྒྱད་པ། བུམ་པ་སྤྱི་མཐུན་དུ་བཤམས་བགེགས་བསྐྲད། བུམ་པ་སྤྱི་དང་མཐུན་པར་བསྐྱེད། བཾ་ལས་བུམ་ཆུ་བསྐྱེད། དེར་སྒྲོལ་མ་ཕྱག་བརྒྱད་མ་བསྐྱེད་པ་ཡན་ལག་བཞི་རྫོགས་གཟུངས་ཐག་མེ་ཏོག་ཕྲེང་བ་ནས་བཟུང་། དམིགས་པ་གཞན་སྤྱི་དང་འདྲ། བདག་གམ་བསྒྲུབ་བྱའི་ནད་གདོན་ཞི་བར་བསམ་ལ་བར་བར་དུ་མཆོད་བསྟོད་གཏོར་མ་གསོལ་བཏབ་རྣམས་ཡང་ཡང་བྱ། ཐུན་བཞིར་ཕྱོགས་སྐྱོང་དང་འབྱུང་པོ་དང་བགེགས་ལ་གཏོར་མ་གཏོང་། སྒྲོལ་མའི་གཟུངས་རིང་ཀྱིས་བུམ་པ་ལ། །ཞག་བདུན་བཟླས་ཏེ་མཐར་ཞུ་སྟེ་ནད་པ་ལ་གོས་ངན་པ་ཞིག་སྐོན། ཆུ་ཕལ་པས་བཀྲུས། ཁ་ཤར་དུ་བསྟན། བགེགས་གཏོར་བཏང་། ལྷ་མོ་བཞིའི་སྔགས་ཀྱིས་གཏོར་མ་སྒྲོན་མེ་ཅན་ཞིག་བཏང་། ཡུངས་ཀར་གྱིས་སྡིག་པ་སྦྱང་བར་བྱ། ཁྲུས་ཆུ་གོས་ངན་ཡུང་མེ་རྣམས་བཞི་མདོའམ་ཆུ་བོར་བསྐྱར། ཡང་ན་དྲུག་བཞི་ལྡབ་བྱ། དེ་ནས་སྟེགས་བུ་ལ་བཞག་གོས་དཀར་པོ་བགོས་ནས་བཀྲུས་བྱབ་བསྲུང་གསུམ། ཤིས་བརྗོད་བྱས་ན། །ནད་གདོན་ལས་ཐར་བར་འགྱུར་རོ། །
བདུན་པ་མི་དང་མི་མ་ཡིན་གྱི་ཆོམ་པོ་སྲུང་བ་ནི། ཆོམ་རྐུན་ཆིངས་ཤིག་ཅིག་ཅེས་པ་ཡི་གེ་བཅུ་པ་ལ་གདགས་མང་དུ་བཟླས། ཙོ་ར་བཅིངས་པར་བསམ་ལ་ཐིག་གུ་ལ་མདུད་པར་བྱས་ཤིང་། ཤིང་བུ་ཤིང་ཏེ་ཏེ་ཟེར་བ་སྨྱག་ཤད་འདྲ་བ་གཅིག་ཡོད། དེ་ལ་ཟོར་བའམ་སྤུ་གྲིའི་གཟུགས་བཅོས་ལ་ཨ་ཡིག་འབྲི། དེ་ལ་སྔགས་ལ་ཨ་ཞེས་བཏགས་པ་བཟླས་པས་ཐོགས་ཏེ་སོང་བ་ཆོམ་པོ་བསྲུང་བར་འགྱུར་རོ། །བདུན་པ་ཕག་མོ་རྨི་ལམ་དུ་ཞལ་ལྟ་བ་ནི། རྡོ་རྗེ་ཕག་མོའི་བསྙེན་པ་སོང་ནས། ལས་སྒྲུབ་ཀྱི་དོན་དུ་ཕག་མོའི་སྔགས་འབུམ་བཟླས་ཏེ་དཀྱིལ་འཁོར་སིནྡྷུ་རས་བྱུག་པ་བུམ་པ་དང་བཅས་པ་བྱས་ལ། མཆོད་བསྟོད་༼གཏོར་༽འབུལ་ཞིང། ཨོཾ་ཨཱཿབཛྲ་ན་ར་ཀ་ཧྲཱིཾཿཁཾ་ཧཱུྃ་ཕཊ། ཅེས་པ་སྨྲ་བ་བཅད་དེ་ཞག་བདུན་བཟླས་པ་གྱིས་རྨི་ལམ་དུ་ཞལ་སྟོན་པར་འགྱུར་རོ། དེ་ཡི་གེ་ལོགས་སུ་ཡོད་དོ། །བརྒྱད་པ་དབང་བྱེད་སྒྲོལ་མའི་སྒྲུབ་ཐབས་ནི། ཉི་མ་འཆར་ཀ་སོགས་ཀྱི་ལས་ཚོགས་ཏེ། འགྲེལ་པ་གཉིས་ལྟར་ན། སྒྲོལ་མ་དམར་མོའི་བསྙེན་པ་སོང་ནས་སླར་ཡང་དེའི་རྣལ་འབྱོར་ལ་གནས་པས་སྐར་མ་རྒྱལ་ལ་དགེ་བའི་ལས་མཆོད་རྟེན་དམར་པོ་རབ་གནས་ཀྱང་བྱས་ལ། གྲོ་ག་ལ་ཚེས་བརྒྱད་ལ་ཨུཏྤལ་འདབ་མ་བརྒྱད་ལ་ཡི་གེ་བརྒྱད་ལྟེ་བར་ཨོཾ་སྤེལ་ཚིག་ཧཱ་རྣམས་བྲིས། མུ་ཁྱུད་ལ་ཨཱ་ལི་ཀཱ་ལིས་བསྐོར་བའོ། །ཨུཏྤལ་གྱི་འཁོར་ལོ་ཁ་སྦྱོར་བྱས་ལ་མཆོད་རྟེན་གྱི་བུམ་པའི་སྨད་ཀྱི་ཆར་བཅུག་སྟེང་དུ་སྒྲོལ་མ་དམར་མོ་བསྐྱེད་ནས་འོག་ཏུ་བུད་མེད་ཀྱི་རྫས་དང་བཅས་པའི་མིང་བཅས། ཆེ་གེ་མོ་དབང་དུ་གྱིས་ཤིག །ཧོ་ཞེས་བསྐུལ་པ་དང་བཅས་ཞག་བདུན་དུ་ངག་བཅད་དེ་ཉིས་འབུམ་སོགས་བཟླས་པས་གང་དབང་དུ་བྱ་བ་དེ་འོང་བར་འགྱུར་རོ། །འདི་ལའང་ཡི་གེ་ལོགས་སུ་ཡོད་དོ། །དགུ་པ་བྱམས་པའི་གཟུངས་ཆུ་ནི་གོང་དུ་བསྟན་པའི་བསྙེན་པ་སོང་ནས་བུམ་པ་སྤྱི་དང་མཐུན་པར་བཅས་པ། ས་དཀར་དང་སྲད་བུའང་བཞག །བྲིས་སྐུ་དང་ས་རའི་པོ་ཏི་དང་བྱང་ཆུབ་མཆོད་རྟེན་མཆོད་པ་དང་བཅས་པ་བཤམས་ལ། བདག་མདུན་མཆོད་བསྟོད་འཇིག་རྟེན་པའི་༼འཛིན་པའི་༽གཏོར་མ་སོགས་བྱས་ནས་བུམ་པ་ལ་བྱིས་པའི་སྔགས་ཀྱིས་འབུམ་དུ་བཟླས་པའི་ཆུས་འཁྲུད་པ་དང་ས་དཀར་ལ་འབུམ་བཟླས་ཏེ་རིལ་བུ་བྱས་པ་དང་། སྲུང་སྐུད་བྱས་པ་དེ་དག་ནི་ནད་དང་གདོན་ལས་ཐར་བ་དང་། མཚམས་མེད་པ་བྱས་པའང་ངན་འགྲོ་ལས་ཐར་བར་འགྱུར་རོ། །
བཅུ་པ་ཀུ་རུ་ཀུལླེའི་ཕྱག་བརྙན་སྒྲུབ་པ་ནི། བདག་བསྐྱེད་ཀུ་རུ་ཀུལླེའི་རྣལ་འབྱོར་ལ་གནས་པས་གཙང་པོའི་ཆུ་ཟངས་མའི་སྣོད་དུ་བླངས་ཏེ་མདུན་དུ་བཞག་ནས་ཆུའི་སྟེང་དེ་ལ་ཨ་ལས་ཟླ་བ་མ་ལས་ཉི་མ་ལ་ཀྲོང་བསྐྱེད་ཀྱིས་བརྒྱན་དང་བཅས་པའི་གནོད་སྦྱིན་མོ་གཡས་རིན་པོ་ཆེ་དང་གཡོན་ལྕགས་ཀྱུ་འཛིན་པར་བུ་མོ་ཆུང་ངུའི་རྣམ་པ་ཅན་དུ་བསམ་ནས། ཨོཾ་ཨུཥྞཱི་ཥ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ། འདི་བསྙེན་སྔགས། ཨོཾ་ཛམྦྷེ་མོ་ཧེ་ཧྲཱྀ་ད་ཡཾ་ཝརྡྷ་ནི་ཧཱུྃ་ཧཱུྃ་ཕཊ། འདི་ལས་སྔགས་སོ། །བསྙེན་པ་འབུམ་༼སུམ་༽ཁྲི་བྱས་ལ་ནངས་པར་སུམ་བརྒྱ་བཟླས་ནས་ཧུབ་གསུམ་འཐུང་སྟེ། ཁྲུས་བྱས་ན་རྒྱལ་ཁམས་སམ་གང་འདོད་པ་ཐམས་ཅད་དབང་དུ་འགྱུར་རོ། །སྤྱོད་ཡུལ་ལ་འཇུག་པ་ན་བསྙེན་སྔགས་བཟླས་སོ། །བཅུ་གཅིག་པ་རོ་ལངས་མའི་ཆོ་ག་ནི། ཁྲག་གམ་ཙནྡན་གྱི་མཎྜལ་བྱས་ལ། ལྷ་མོ་བེེ་ཏ་ལི་སེར་མོ་དྲག་མོ་སྐྲ་དམར་པོ་འཕྱང་བ་སེམས་སྐྱིལ་གྱིས་བཞུགས་པ། ལྕགས་ཀྱུ་དང་ཞགས་པ་འཛིན་པར་མདུན་དུ་བསམས་ནས། ཨོཾ་བཻ་ཏ་ལཱི་བུ་ཏྲ་སིདྡྷི་ཧཱུྃ་ཕཊ། ཅེས་བཟླས་པས་འབུམ་ཕྲག་བཞི་བསྙེན་པ་བྱ། ཤ་ཁྲག་གི་གཏོར་མ་འབུལ། དེ་ནས་བུམ་སྒྲུབ་ཀྱི་ཆུས་སྐྱེས་པ་དང་བུད་མེད་བཀྲུས། འཐུང་དུ་བཅུག་སྟེ་བུད་མེད་དེ་ཉིད་རོ་ལངས་མར་བསྐྱེད། གཏོར་མ་རྒྱ་ཆེར་བཏང་བས་སྲི་ཆགས་ཤིང་རིགས་བརྒྱུད་འཕེལ་བར་འགྱུར་རོ། །སརྦ་ཛ་ཡ། དངུལ་ཆུར་བཅས་པ་ལ་བཻ་ཏ་ལཱིའི་སྔགས་སྟོང་པུ་ཏྲ་སིདྡྷིའི་ཚབ་ཏུ་ཨ་ཏྲ་བདྡྷ་ཞེས་སྤེལ་བར་བཏབ་སྟེ། རྣ་བའི་བུ་གར་བཞག་ན་མཚོན་གྱིས་ཆོད་པར་མི་འགྱུར་རོ། །
བཅུ་གཉིས་པ་གདུགས་དཀར་སྒྲུབ་པ་ནི། རང་ཉིད་གདུགས་དཀར་མོ་ཅན་མ་དཀར་མོ་འཁོར་ལོ་དང་རྡོ་རྗེ་འཛིན་པ་རོལ་པའི་ཁྲོ་མོ་རྒྱན་དང་ན་བཟའ་སྣ་ཚོགས་ཅན་དུ་བསྒོམས་ནས་ཡན་ལག་ལྷག་མ་འདྲ་སྟེ་རྣམ་སྣང་གི་དབུ་རྒྱན་ཅན་ནོ། །ཏདྱ་ཐཱ་ཨོཾ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ་ཁ་ས་མེ་བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུདྡྷཱ་ཨ་དྷིཥྛཱ་༼དྷིཥྚཱི་༽ན་ཨ་དྷིཥྛི་༼དྷིཥྚི་༽ཏེ་སརྦ། ཏ་ཐཱ་ག་ཏཱ་ཨུཥྞི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཞེས་མི་གཡོ་བ་དང་རྡོ་རྗེ་ཕུར་བུ་སྤྲོས། གཅོད་པ་དང་། ཕུར་བུས་གདབ་པར་བསམ་ལ་བཟླས་པས་གཞན་གྱི་བྱད་སྟེམས་དང་རོ་ལངས་ཀྱི་ལས་འཇིག་ཅིང་བར་དུ་གཅོད་པ་ཐམས་ཅད་བཟློག་པར་འགྱུར་རོ། །བཅུ་གསུམ་པ་ས་འོག་གི་དངོས་གྲུབ་སྒྲུབ་པ་ནི། བསྙེན་པའི་ལྷ་ལག་ན་རྡོ་རྗེ་དང་གནོད་མཛེས་ཀྱི་རིགས་སྔགས་གྲུབ་པས་དཀྱིལ་འཁོར་གྱི་དབུས་སུ་རྡོ་བའི་རྡོ་རྗེའམ་གནམ་ལྕགས་ཀྱི་རྡོ་རྗེ་བྱས་ལ་ས་ཏ་ལ་སིདྡྷི་ཧཱུྃ་ཕཊ་ཅེས་བཏགས་ལ་བཟླས་པས་རྡོ་རྗེ་འབར་བར་གྱུར་ནས་ས་འོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། སྲད་བུ་ལ་སོགས་པའི་ལྷ་མིན་གྱི་འཕྲུལ་འཁོར་བཅོམ་ནས་ལྷ་མིན་གནས་ཀྱི་དཔལ་གྱི་སྒོའམ། ས་འོག་གི་བུ་གའི་སྒོ་ཕལ་པ་རྣམས་སུ་འཇུག་སྟེ་ལྷ་མིན་དབང་པོ་གདུག་པ་ཅན་སྟོབས་ཅན་དང་འཇམ་པོ་གཞན་ལེན་ལ་སོགས་པས་མཆོད་པར་བྱེད་དོ། །འདི་དག་རྒྱས་པར་ནི་ཇི་ལྟར་ས་འོག་གི་རྟོག་པ་ལས་བཤད་པ་དེ་བཞིན་༼དུ་སྒྲུབ་པ་ཡིན་༽ནོ། །༼བཅུ་བཞི་པ་ཡ་མཱ་རའི་དྲག་ཤུལ་གྱི་སྒྲུབ་པ་ནི། སྒྲུབ་ཐབས་ཀྱི་ཆོ་ག་སྤྱི་དང་འདྲ་བ་ལས། སྒྲོལ་མའི་དབང་དུ་བྱས་ནས་མདུན་བསྐྱེད་དམ། སྤྱིར་བདག་བསྐྱེད་ཀྱང་རུང་སྟེ་༽ཟེར། དཔའ་བོ་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་ནག་པོ་གཡས་དབྱུག་པ་གཡོན་ཞགས་པ་བསྣམས་པ་ཁྲོ་བོའི་ཆ་བྱད་རྫོགས་ཤིང་། །མ་ཧེ་ལ་གཡོན་བརྐྱང་གིས་གནས་པ་བསྒོམ་པར་བྱ། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་བཟླས་ཏེ་བསྙེན་པའོ། །མཆོད་གཏོར་སོགས་གཤིན་རྗེ་གཤེད་སྤྱི་སོགས་དང་འདྲ་བ་དང་། ཡི་གེ་བཅུ་བཞི་པ་དང་། སོ་གཉིས་པ་ཡང་ལས་ཀྱི་དོན་དུ་འབུམ་དུ་བཟླས་ལ། ནང་མར་རེ་མིག་དགུ་པ་ལ་སྔགས་ཀྱི་ཁང་པ་ལྔ། །དང་བར་པ་ཁང་པ་བཅུ་གཉིས་དག་དང་བཅས། །ས་མ་ཡ་༼པ་ལ་ཡ་༽སོགས་འགོད། དེ་ལ་ཧྲཱིཿཥྚཱིཿལ་༼པ་༽སོགས་དག་གིས་ཡི་གེ་རེ་རེ་ཞིང་བསྐོར། །ལྟེ་བ་དང་རེའུ་མིག་སྟོང་པ་ལ་མིང་སྤེལ་ཏེ་བསྒྲུབ་ན་འཁོར་ལོ་འདི་ཡིས་དྲག་ཤུལ་སྤྱོད་ཀུན་སྒྲུབ། །དགོད་བྱ་ཡི་གེ་ནི་ཡཀྵེ་མ་མེ་ད་ཛ་ས་དོ་རུ། ཎ་ཡོ་ནི་ར་ཡཙྪ་ནི་ར། །
བཅོ་ལྔ་པ་འབྱུང་པོ་རྣམས་ཀྱི་སྒྲུབ་ཐབས་བསྟན་པ་ནི། གཞན་ཡང་གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་བོ། །ཨོཾ་ཡོ་ཡཀྵི་ཎཱི་བཱི་ར་ཛེ་སྭཱ་ཧཱ། ཤིང་ལེབ་ལ་སེར་མོ་གཡས་མཆོག་སྦྱིན་གཡོན་གོས་སྣ་ཚོགས་འཛིན་པ་མོ་བྲིས་ལ་དེ་བཀུག་སྟེ་སྐྱེ་གནས་སུ་གཟིར་བས་བཟླས་ན་འོང་བར་འགྱུར་རོ། །འོངས་ནས་ཀྱང་ཅི་བགྱི་བྱེད་པར་འགྱུར་རོ། །འདི་མན་ཆད་ཀྱི་སྒྲུབ་ཐབས་བཅུ་གཉིས་ལ། རྒྱུད་འདི་ཉིད་དུ་སྔགས་ཙམ་ལས་མི་འབྱུང་ན་ཡང་གསང་བ་ཐིག་ལེ་ལས་རྒྱས་པར་གསུངས་པར་ལྟར་སྦྱོར་དགོས་ཏེ། དེར་རྟོགས་དགོས་འདིར་མ་ཕྱེའོ། །༼༡༽ཨོཾ་བྷ་ག་ཝ་ཏེ་སྭཱ་ཧཱ། བྱང་ཆུབ་ཀྱི་ཤིང་ལ་སོགས་པ་གཟུགས་བརྙན་བྱའོ། །གནོད་སྦྱིན་མོ་ནོར་ཅན་གྱིའོ། །༼༢༽ན་མོ་བེེ་ཤྲ་མ་ཎ། ཏ་ཡ་ན་ཌ་ཀུ་བེ་རཱ་ཡ། དཱི་བྱ་བི་མཱ་ན་ཙི་ར་ཏ་ཡ། ཧེ་མ་མཱ་ལ་ཀུཎྚ་ལ། ཤ་རི་ཏ་ཡ། ཡཀྵ་པ། བནྡྷ་ཡཏྟྭཾ་བྷ་ག་ཝཱན། ཨཱ་ཝརྟ་ལི་ཥྱ་མི། ཏདྱཐཱ། ཨོཾ་མ་ཎི་མ་ཎི་ཀུཊྚ་ཀུཊྚ། ཀུ་ཀུ་ཀུ་ཀུ། པ་ར་པ་ར། པུ་ར་པུ་ར། ཀུ་བེ་ར་ཀུ་བེ་ར་ན་ཌ་ཀུ་བེ་རཱ་དཱི་བྱ་མ་ན་ཀུཎྜ་ལི་ཀུ་བི་ཀུ་བི་སྭཱ་ཧཱ། ན་ཌ་མོ་ཡིའོ། །༼༣༽ཨོཾ་ན་ཌེ་བི་ན་ཌེ་དྷ་རི་ཎི་སྭཱ་ཧཱ། ན་ཌ་ཕོ་ཡིའོ། །༼༤༽ཡཀྵ་ཀི་ལི་ཀི་ལོ་ན་མོ་སཏྟྱ་བ་དི་ཏིཊྜ་པྲ་ཏཿཏ་ཤ་ཏྱཿཔཎྜི་ད་ད་མི། སེ་མ་ཀ་མཱ་ན་པྲ་ཡཙྪནྟུ་སྭཱ་ཧཱ། ཀི་ལི་ཀི་ལིའི་འོ། །༼༥ས་ཕུ་ཧ་ཕུ་༽ཕུཿཧཾ་ཕུཿཀླུ་མོ་མཐའ་ཡས་མའི་འོ། །༼༦༽ཨོཾ་ཧྲཱིཿཛ། གཞན་གྱི་མི་ཐུབ་མའི་འོ། །༼༧༽ན་མོ་བྷ་ག་ཝ་ཏེ་པི་ལུ་པ་ལཱ་ཡ། པི་ཤ་ཙེ། བངྑ་བྷུངྒ་ཏེ། ས་མོ་ཀ་མ་ན། སྲ་ཡཙྪནྟུ། ཏདྱཐཱ། ཧུ་ལུ་ཧུ་ལུ་པི་ཤཱ་ཙ། བ་ར་བ་ར། བ་ར་ད་བ་ར་ད། ཙུ་ལུ་ཙུ་ལུ། ཙུ་ཊུ་ཙུ་ཊུ་ན་མཿསྭཱ་ཧཱ། ཤ་ཟ་པི་ལུ་པའི་འོ། །༼༨༽ན་མོ་བྷ་ག་ཝ་ཏེ་པི་ཤཱ་ཙཱ་ཡ་ཨཾ་ཀ་ཀ་ན་པི་ཤཱ་ཙ་དྷ་རི་མ་ནི་སྭཱ་ཧཱ། ཤ་ཟ་ནོར་བུ་འཛིན་པའི་འོ། །༼༩༽ཨོཾ་ཀྲྀཥྞ་པི་ཤཱ་ཙ་ཡ་ས་ར་ས་ར་སརྦ་ཨརྠ་ན་མོ་སཱ་དྷ་ཡ་སྭཱ་ཧཱ། ཤ་ཟ་ནག་མོའི་འོ། །༼༡༠༽ཨ་ལུ་ཀེ་བེ་ལེ་ཀེ་གྲྀཧྣ་བཎྜ་པི་ཤཱ་ཙི་ནི་སྭཱ་ཧཱ། ཨེ་ལུ་ཀའི་འོ། །༼༡༡༽ཨོཾ་ཁ་ར་མུ་ཁ་པི་ཤཱ་ཙི་ནཱི་ཧི་ཧི་ད་ད་པ་ཡ་སྭཱ་ཧཱ། བོང་གདོང་མའི་འོ། །༼༡༢༽ཨོཾ་ཏ་ཏི་ལེ་ཏ་ཏི་ལི་ཀྲྀཥྞ་མུ་ཁེ་མ་ཧཱ་པི་ཤཱ་ཙི་དེ་ཧི་དེ་ཧི་དཱ་སྭཱ་ཧཱ། དུས་ཀྱི་གདོང་གིའོ། །༼༡༣༽ཚེ་རིང་པོར་བྱེད་པའི་རྫས་སྟེར་བ་དང་བཅུད་ལེན་གྲུབ་པའི་དངུལ་ཆུ་སོགས་རིལ་བུ་མིག་སྨན་སོགས་སྟེར་བ་དང་། །འགྲོ་བ་ཕོ་མོ་ཡང་རིང་པོ་ནས་འགུགས་པ་དང་། །གཞན་སེམས་ཀྱི་བྱེད་པ་དང་། ཐག་རིང་བ་དང་སྒྲིབ་གཡོགས་ཀྱི་ལྐོག་གྱུར་ཤེས་པ་རང་ལ་སྨྲ་ཞིང་སྟོན་པ་ལ་སོགས་དང་། །དེ་བཞིན་དུ་ཟས་དང་གསེར་གྱི་འདོད་པ་ཉིན་རེ་བཞིན་སྟེར་བར་བྱེད་དོ། །
བཅུ་དྲུག་པ་མི་གཡོ་མགོན་པོའི་དབུགས་དབྱུང་ནི། དེ་ནས་བཅོམ་ལྡན་འདས་སྙིང་སྟོབས་ནུས་པ་ཆེས་ཕོད་པས་ཤཱཀྱ་བདུད་བཞི་ཐུབ་པ་དེ་ཁྲོས་པ། ནི་མི་གཡོ་ཉིད་དེ་ཁྲོས་པ་ནི་མི་གཡོ་ཉིད་དེས་སྤྲུལ་པའི་ཁྲོ་བོ་ཡིན་པའོ། །རྡོ་རྗེ་གཏུམ་པོ་མི་གཡོ་བ་སྤྲོས་པ་ནི། །ས་བོན་ཧཱུྃ་ལས་སྐུ་ནི་རལ་གྲི་ཞགས་པ་ཕྱག་གཉིས་ན་བསྣམས་པའི་མཆོག །སྐྲ་སེར་བརྫེས་པ་འཁྲང་ལ་གྲིམས་པའི་ལུས་ལ། །རིན་པོ་ཆེའི་ཅོད་པན་སྦྲུལ་དང་རུས་པས་བརྒྱན་པ་ཞབས་གཡས་ཀྱི་པུས་མོ་དང་གཡོན་གྱི་ཞབས་མཐིལ་བཙུགས་པ་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བའོ། །དགྲ་བགེགས་ཐམས་ཅད་གསོད་པས་མ་རུངས་པ་ཁྲོས་པས་གཏུམ་པོ་ཆེར་འཁྲུགས་པ། །སྐུའི་མདོག་ནག་པོ་སྤྱན་གཡས་གྱེན་དང་གཡོན་ཐུར་དུ་གཟིགས་པས་མིག་ཡོན་པོ་ཐུགས་དགྱེས་པ་སྤྲོ་བ་ཆེ་བའོ། །སྔགས་བཟླས་ཆུ་ཡིས་སྲུང་བའམ། མཚན་མོ་གཙང་ཆུ་བླངས་ལ། ནམ་མཁའ་མ་མཐོང་བར་བྱ། སྔ་དྲོ་ཆུ་དེའི་ཕྱེད་ཀྱིས་ཁྲུས་བྱ། ཕྱེད་ཁྱོར་བ་གཡས་སུ་བླུག །གཡོན་པས་མཉེ་ཞིང་སྔགས་ལན་གསུམ་བཟླས་ལ་བཏུང་བ་ལན་གསུམ་བྱ། སྔགས་རྩ་སྔགས་སུ་བཞེད། བོད་ཀྱི་ཆུ་སྲུང་ལ། ན་མཿཙཎྜ་མ་ཧཱ་རོ་ཥ་ཎ་ཡ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ༼ཀྴཾ་ཏྲཾ་ཏྲ་ས་ཡ། ཀྵཾ་ཏྲཾ་ཏྲ་ས་ཡ། སཾ་ཏྲ་ས་ཡ། སཾ་ཏྲ་ས་ཡ། སཾ་ཏྲ་ས་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ༽མེ་ཡིས་བགེགས་རྣམས་སྤྲོད་པ་དང་། །སྔགས་བཟླས་ཆུ་ཡིས་སྲུང་བའམ། །འཕར་མ་གཉིས་པའི་འཁོར་ལོར་ནང་མ་ཟླུམ་པོ་ལ་རལ་གྲིའི་ཡུ་བར་ཧཱུྃ་གི་མཐའ་སྐོར་ཡི་གེ་བཅུ་པ་སྤེལ་ཚིག་ཅན། དེ་ཡི་ཕྱི་པདྨ་འདབ་བརྒྱད་ལ་ཕྱོགས་བཞིར་རལ་གྲི། མཚམས་བཞིར་ཞགས་པ་རྣམས་ཧཱུྃ་གིས་མཚན་པ་མུ་ཁྱུད་ལ་རྩ་སྔགས་འདུས་པ་ནས་འབྱུང་། དེ་སྤེལ་ཚིག་བཅས་བྲི། དེའི་ཕྱིར་གྲུ་བཞི་སྒོ་བཞི་བྱ། ཁོར་ཡུག་རེའུ་མིག་ཉེར་བཞི་ལ། ལེའུ་དང་པོའི་མི་གཡོ་བའི་རྩ་སྔགས་བགོས་ལ་བྲི། ཕྱི་རྡོ་ར་མེ་རི་ཅན་ནོ། །སྒྲུབ་ཚུལ་སྤྱི་དང་འདྲ། ནད་གདོན་ཁྱད་པར་ཆོས་ཀྱི་བར་ཆད་སྲུང་བའོ་བྲིས། །ཡང་ན་འཁོར་ལོ་རྩིབས་བཅུ་པ་ལྟེ་བར་ཧཱུྃ་ལ་ཨོཾ་དེ་རཀྵ་རཀྵ་ཧཱུྃ་རྩིབས་བཅུ་ལ་ཡི་གེ་བཅུ་མུ་ཁྱུད་རིམ་པ་གཉིས་དང་པོ་ལ་ཨཱ་ལི་ཕྱི་མ་ཀཱ་ལི་མུ་ཁྱུད་ཉིད་འཕར་༼འདབ་བརྒྱད་༽མའོ། །རི་བོའམ་དབེན་པར་སྨིན་དྲུག་ཡར་ངོ་ལ་ཟླ་མཚན་གྱི་རས་སམ་གཡུལ་གྱི་རས་ལ། ཐུན་བཞིར་མཆོད་གཏོར་༼བསྟོད་༽དང་བཅས་འདི་ཡི་བྲིས་སྐུ་བྱས་ནས་ནི། །རབ་གནས་མཆོད་པ་རྒྱ་ཆེར་བྱའོ། །མཎྜལ་མཆོད་པ་སྔོན་དུ་འགྲོ་བས་ཁྲོ་རྒྱལ་རྟག་ཏུ་གཏོར་མས་མཆོད། །ལྷ་དགུ་ཕྱི་རོལ་དུ་ཕྱོགས་སྐྱོང་གི་མནྜལ་བྱས་ལ་གཏུམ་པོ་ཁྲོ་བོ་རྒྱུད་ཀྱི་གཏོར་སྔགས་ལ་ཕྱོགས་སྐྱོང་གི་གཏོར་སྔགས་བཏགས་ཏེ་འབུལ། ༼རང་གི་དངོས་གྲུབ་ཀྱི་དོན་དང་། ནད་པའི་རིམ་གྲོ། ལམ་གྱི་འཇིགས་པ་སེལ་བ་སོགས་ལ་ཆེས་བསྔགས་སོ། །བྲིས་སྐུ་འཇིགས་པ་ཞལ་སྟོན་ནོ༽ཁམ་ཕོར་དུ་ཡུངས་ཀར་བླུག་གོང་གི་འཁོར་ལོ་ཆུང་བས་ཁ་བཅད་ཉིན་བདུན་བཟླས། ལག་མཐིལ་འཁོར་ལོ་བྲིས་བསྐྱེད་ཆོག་རབ་གནས་དྲག་པོའི་དམིགས་པས་ཡུངས་ཀར་བྲབ་པ་དང་། ཆུ་ལ་ཡང་ཆོ་ག་ཡུངས་ཀར་དང་འདྲ་བ་དང་པུ་ཏ་ལིས། །མེ་རླུང་ལ་གནས་པའི་ལིངྒ་སྙིང་ཁར་མིང་དང་ཏྲི་ཞེས་བྱ་བ་བྲིས་དགུག་གཞུག་མང་དུ་བྱ། གོང་གི་འཁོར་ལོའི་བར་དུ་བཅུག་སྟེ་ཐོད་པར་བསྒྲུབ། བགེགས་རྣམས་བརྡུང་བཙོག་སོགས་ཕོ་ཉ་སྤྲོས་པས་ཚོགས་ཀྱི་དམིགས་པ་དང་། ཐོ་བ་བསྐྱེད་ཆོག་བྱས་ཏེ་བརྡུང་། ཚནྡྷའི་སྔགས་སོ། །དེ་ནས་རྐང་པ་ནས་གཏུབས་ཏེ་ལམ་རྒྱ་གྲམ་དུ་མནན་ན། ཉམས་པར་བྱེད་པ་གདོན་ཟུག་དང་ཆགས་ཆེ་དང་། སྲིའུ་མ་སོས་པ་དང་འདྲེ་ཞུགས་ཤིང་རློམས་པ་དང་ཞུ་ལོག་༼མཐུ་ལ་སོགས་པ་༽པ་བཟློག་པ་དང་། །དཔུང་རྣམས་གནོན་དང་དབྱེ་བ་སྒྲུབ་བོ་བཞི་ལས་མི་ཉུང་ངོ་། །གཅིག་གིས་ཐུན་བརྒྱད་དུ་གཏོར་མ་དྲུག་ཅུ་རྩ་བཞི་འབུལ་ཞིང་སྒྲུབ། གཅིག་གིས་སྦྱིན་སྲེག །གཅིག་གིས་གོང་གི་བགེགས་འདུལ་གྱིས་དགྲ་བོའི་ལྷ་བསྐྲད། གཅིག་གིས་སེང་ལྡེང་གི་ཕུར་པ་ལ་དུར་ཁྲོད་ཀྱི་རུས་པ་དང་ཡུངས་དཀར་བཏགས་ཆེ་གེ་དང་། ཆེ་གེ་བི་དྭའི་༼དྭིཥ་ཡ་ཕཊ་ཅེས་བྲིས་ཤིང་བཟླས། དགྲའི་སྒོ་གང་ཁང་༽སྦས། དམག་འོང་ཕྱོགས་སུ་ཡུངས་ཀར་ཨུ་ཙ་ཌ་ལི་སྤེལ་གྱི་སྡིག་གོ།
ཡང་ན་དབྱེ་བ་ནི། གོང་གི་འཁོར་ལོ་ཆེ་ཆུང་ཁྭ་དང་འུག་པ་ལ་གནས་པར་བྲི། དེའི་སྒྲོ་གཉིས་རྟ་དང་མ་ཧེའི་རྨིག་པའི་བར་དུ་བཙུགས། དགུག་གཞུག་སོགས་སྒྲུབ་སྟེ་སྒྲོས་སྦྱིན་བསྲེགས་བྱས་ལ་བར་དུ་སྦས་སོ་དང་། །གསད་པ་ནི་དུག་ཁྲག་གམ་ལན་ཚ་དང་ར་བོང་བུའི་ཁྲག་དང་། སྦང་ཤ་རུས། ཤ་ཆེན། བ་ལང་གི་ཤ །མྱོས་བྱེད་རྣམས་དང་། སྲན་ནག་བྲ་བོ་སོགས་བསྲེས་པའི་སྦྱིན་སྲེག །ལིངྒ་སྲེག་པ་སོགས་བྱ། དགྲའི་ཟག་རྫས་ལ་ལིངྒ་བྱ། འཁོར་ལོ་སྙིང་གར་གཞུག །དགུག་འདྲེན་དང་ལྷ་དབྱེ་དྲག་ཏུ་བྱ། ཐོད་པར་བཅུག་ལ་བཅིངས་ཏེ། ཡང་སྒྲུབ་དུར་ཁྲོད་དུ་སྦས་ནས་དགྲ་བོ་ལ་སོགས་བསྐྲད་པ་དང་ངག་གནོན་ནི་རབ་ཏུ་བྱ་སྟེ། །འགྲེལ་པ་གཉིས་ནས་ཡུངས་ཀར་༼ཆུ་༽ཁྲག་སྟེ་བྲག་རྫས་བགེགས་ཉམས་ནི་དགྲའི་སྲུང་བ་བཤིགས་པ་དང་། དཔུང་གནོན་པ་ནི་འཇིག་རྟེན་པའི་ལྷ་དབྱེ་དང་ནི་འདས་པའི་ལྷ་དབྱེ་རྣམས་བྱས་ལ་གསད་བསྐྲད་མནན་དབྱེ་སོགས་བྱ་ཞེས་དང་། འཁོར་ལོ་དང་གཏོར་མ་མེའི་ལས་གོང་དུ་བསྟན། བྲི་དུས་སྒྲུབ་པ་བསྟན་ཏེ་ལས་ཚོགས་གཅིག་ཏུ་བཞེད་དོ། །གཏུམ་པོ་ཁྲོས་པའི་རྒྱུད་མི་གཡོ་བླ་མེད་དུ་གྲགས་པ་དང་གཏུམ་པོ་ཡི། །དམ་ཚིག་འབྱུང་བ་རྒྱུད་རྒྱས་པ་རང་བླ་མེད་ཡིན་པ་ལས་ཚོགས་གཙོ་བོར་སྟོན་པ་གཅིག་སྟེ་བོད་ན་ནི་མེད་པ་ལ་སོགས་པར། །མི་གཡོ་རྒྱལ་པོ་ཉིད་ཀྱིས་གསུངས་པ་བཞིན་གཙོ་མོ་སྒྲོལ་མས་འདིར་ཟུར་ཙམ་གསུངས་སོ། །སྔོན་ཚེ་བསྐལ་པ་བཟང་པོ་ལ་རི་རབ་ཀྱི་རྩེ་མོའི་བདག་པོ་ལྷ་མོ་བདེ་ལྡན་ཏེ་རྡོ་རྗེ་ཕག་མོ་དང་། །སངས་རྒྱས་མི་འཁྲུགས་མི་བསྐྱོད་པས་སྤྲུལ་པའི་དཀྱིལ་འཁོར་སྤྲུལ་པར་བཞེད་ནས་འདུས་པ་ལས། །དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་གྱིས་སྒྲོལ་བའི་བདག་དང་མིང་པོ་མི་གཡོ་བཙས་ཏེ་སྤྲུལ་ལོ། །གླིང་བཞིར་དགྲ་བཅོམ་གཙོ་བོ་བཞི་པོ་རྣམས་ཀྱིས་ཆོས་བསྟན་པ། །འདོད་ལྷ་བདུད་སྡིག་ཅན་དང་ལྷ་མིན་རྣམས་ཀྱིས་ཉམས་བྱས། །དེ་ནས་ལྷ་དང་ལྷ་མིན་གཡུལ་འགྱེད་པར་གྱུར་པའི་ཚེ། །མིག་ཡོན་མགོན་གྱིས་ལྷ་མིན་གྱི་དབང་པོ་རྒྱལ་པོ། །ཁྲག་ཁྲིག་བཅུ་གཉིས་རལ་གྲིས་རབ་ཏུ་གཏུབས་ནས་ཚར་བཅད་དེ། །དེ་དེའི་ཆུང་མ་ཀུན་ལ་འདོད་པས་རྗེས་སུ་ཆགས་པར་བྱས་ཏེ་ལམ་ལ་བཀོད་དོ། །ནག་ཕྱོགས་ཀྱི་མི་དང་དྲི་ཟ་དང་མིའམ་ཅི་དང་། །གནོད་སྦྱིན་དང་ཀླུ་གདུག་པ་རྣམས་ཀྱང་སྲོག་བཅོམ་སྟེ། །བསད་པ་ཐམས་ཅད་རྒྱལ་བ་མི་འཁྲུགས་པའི་ཞིང་དུ་སྟེ་མངོན་དགའ་ལ་འཕངས་ཏེ། །དེ་དག་ཀུན་གྱི་མིང་ཡང་བྱང་ཆུབ་སེམས་དཔའ་མི་འཁྲུགས་རྒྱལ་པོ་ཤ་སྟག་གོ། དེ་དག་སྔོན་བྱུང་སྟེ་རྗེས་འཇུག་མི་གཡོ་བའི་རྣལ་འབྱོར་གྱིས་མི་ལ་མངོན་སྤྱོད་ཀྱི་ལས་དང་། མི་མིན་གཟིར་བའི་ལས་དང་། ཁྱད་པར་བདུད་དང་ལྷ་མིན་འདུལ་བའོ། །མི་གཡོ་བ་ཆགས་ཆེན་གྱི་ཡེ་ཤེས་འཕེལ་བར་གྱུར་པ་ཡིས། །སྲིང་མོ་སྒྲོལ་མ་དག་དང་ལྷ་མོ་བདེ་ལྡན་མ་ཡང་བསྟེན་པ་ན། །ཕྱག་རྒྱ་མོ་མཆོག་དེའི་རྒྱས་བདེ་བའི་ནང་ནས་ཀྱང་བདེ་བ་ལྷན་སྐྱེས་བླ་ན་མེད་པ་ཐོབ་སྟེ་བདེ་བ་མཆོག་དེ་ཡིས། །སྒྲིབ་གཉིས་བག་ཆགས་བཅས་སྤངས་ནས་སངས་རྒྱས་མི་གཡོ་མགོན་པོར་སངས་རྒྱས་པར་གྱུར་རོ། །དེ་དག་སྔོན་བྱུང་ཡིན་ལ། རྗེས་འཇུག་ལྟར་ན། ལྷ་མིན་མོ་དང་མཚུངས་པའི་ཕྱག་རྒྱ་ངེས་ཅན་སྦྱངས་པ་ལས་བྱུང་བ་ལ་བརྟེན་ནས་རྫོགས་རིམ་གྱི་ཡེ་ཤེས་སྐྱེས་པར་བྱས། མི་སོགས་དང་མཚུངས་པ་སྤྱོད་པ་སྤྱད་པས་དེ་བརྟན་ཅིང་འཕེལ་བར་བྱས། སྒྲོལ་མ་ཉིད་དང་མཚུངས་པ་ཉེ་རྒྱུ་བསྟན་པ་ཡིན་ནོ། །མི་གཡོས་གླིང་བཞིས་དགྲ་བཅོམ་པ་རྣམས་ལ་སྨྲས་པ། །བུད་མེད་སྨད་ཅིང་སྤངས་པས་སྤྱིར་སྐུ་གསུང་ཐུགས་རྡོ་རྗེ་ལ་སྨད། བྱེ་བྲག་ལྷ་མོའི་རིགས་ལ་སྨད་པའི་སྡིག་པ་འབྱུང་ལ་དེ་ལས། །ཤེས་རབ་སྤངས་ཤིང་བདེ་བའི་རྒྱུ་ལ་སྨོད་ཅིང་སྤངས་པས་སྟོང་ཉིད་སྤངས་པར་འགྱུར་རོ། །དེ་རྟོགས་པ་བདེ་བ་ལ་རག་ལས་པས་སོ། །དེས་ན་བདེ་བའང་སྤངས་པ་པས་ན། །སེམས་ཅན་བདེ་བ་ལ་འགོད་མི་ཐུབ་ཅིང་སྟོང་ཉིད་མ་རྟོགས་ན་སྙིང་རྗེ་པ་ཡང་ཕུལ་ཕྱིན་མི་འབྱུང་བས་སྙིང་རྗེ་ཤིན་ཏུ་སྟོབས་དམན་པར་བྱས་པ་ཡིན་ཏེ། །བདག་མཚུངས་ཀྱི་བྱམས་པ་སྤངས་ཤིང་བུད་མེད་ལ་སྨད་པ་ཉིད་ཀྱང་སེམས་ཅན་གྱི་ཕྱེད་སྤངས་པ་དང་། དམན་པར་ཞེན་ན་སྟོང་ཉིད་རྟོགས་པའི་གེགས་ཀྱང་ཆེའོ། །གང་ཟག་གང་ཤེས་རབ་དང་སྙིང་རྗེ་གང་དག་སྤངས་པ། །འདིས་ནི་དེའི་འབྲས་བུ་སངས་རྒྱས་དང་དེའི་རང་བཞིན་དམ་ཆོས་དང་། །དེ་ལ་སྤྱོད་པ་དགེ་འདུན་ཡང་ནི་སྨད་ཅིང་རྣམ་པར་སྤངས་པས། །དམིགས་པ་ཅན་གྱི་དགེ་སློང་གང་དག་བུད་མེད་ལ་སྨོད་པར་བྱེད་པ་ནི། །སོ་སོར་ཐར་པ་ལྟར་ན་བུད་མེད་རབ་ཏུ་འབྱིན་པ་སོགས་རྗེས་སུ་བཟུང་བ་དང་ཡང་འགལ། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ལྟར་ན་སེམས་ཅན་བློས་སྤངས་པར་རོ། །སྔགས་ལྟར་རྩ་བ་རྡོ་རྗེ་གསུམ་གྱི་དམ་ཚིག་དང་འགལ་བ་སོགས་མང་བས་ན་སྡོམ་པས་དམན་ཞིང་སྡིག་པ་དང་བཅས་པའོ། །བུད་མེད་དང་སྦྱོར་བ་ལས་ཐིག་ལེ་དབབ་ཟློག་གོམས་ན་ཐིག་ལེ་འཛག་མེད་འགྲུབ་པའི་ཕྱིར་སྡོམ་བརྩོན་ཉིད། །ཆེས་མཆོག་ཏུ་གྱུར་པ་གཞན་ནི་ཕྱག་རྒྱའི་ལམ་མ་བསྒོམས་པས་ནི་ཚངས་སྤྱོད་ལ་གནས་པ་ལྟར་བྱས་ཀྱང་རྨི་ལམ་སོགས་སུ་ཐིག་ལེ་འཛག་པ་ན་ཚངས་སྤྱོད་ཀྱི་སྡོམ་པའི་ཚངས་སྤྱོད་རྣམ་དག་མེད་པའི་ཕྱིར། །མགོ་བྲེགས་ངུར་སྨྲིག་གི་ཆ་ལུགས་ཅན་མང་པོ་ཞིག་ཚངས་སྤྱོད་མེད་ཀྱང་ཡོད་དོ་ཞེས་སྒྱུ་མས་སྟེ་གཡོ་སྒྱུའི་འཇིག་རྟེན་བསླུ་སྟེ་མི་ཚངས་སྤྱོད་སྲིངས་པ་ཙམ་ལ་ཚངས་སྤྱོད་དུ་རྫུ་བས་སོ། །དགྲ་བཅོམ་ཁྱེད་ཅག་མཱ་མ་ཀི་སོགས་སྲིང་མོའི་འཕགས་མ་རྣམས་དམ་ཚིག་རིག་མ་བརྟེན་པར་གིས། །ཤིག་༼ཅེས་བསྟན་པས། ༽དེ་ཚེ་གླིང་བཞི་ན་ཆོས་སྟོན་པར་གནས་པ་དགེ་སློང་གི་གཙོ་བོ་བཞི་པོ། །བུད་མེད་ཕྱག་རྒྱའི་དམ་ཚིག་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཐོབ་པ་ཡིས། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། །རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་བཞིར་རབ་ཏུ་གྲགས་སོ། །རྗེས་འཇུག་སྒོམ་པའི་རྣལ་འབྱོར་དཀྱིལ་འཁོར་ལ་མི་བསྐྱོད་ཡབ་ཡུམ་སྤྱི་བོར་བསྒོམས། རིགས་བཞི་ཡབ་ཡུམ་བཞིས་བསྐོར་བའི་དལ་བསྟན་ནོ། །བསྐལ་པ་བཟང་པོའི་དུས་འདིར་མིང་པོ་མི་གཡོ་བ་གཽ་ཏཾ་ཐུབ་པ་སྟེ། །བུ་མོ་གོ་སཱ་ནི་སྲིང་མོ་སྒྲོལ་མ་བདག་ཡིན་ལ། །རིག་འཛིན་ལྷའི་བུད་མེད་བརྒྱད་ཁྲིའི་དང་། ཕྱི་ནང་གི་འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་བདེ་བ་ཡིས། །ལོངས་སྤྱོད་ཆེན་པོ་དང་བཅས་པའི་ཁྱིམ་དུ་ས་བཅུ་ཐོབ་པའི་ཚུལ་བསྟན་ཏེ་སྤྲོས་བཅས་ཀྱི་སྤྱོད་པའོ། །དེ་ནས་རབ་ཏུ་བྱུང་ནས་ཞིང་དུ་རྒྱུ་ཞིང་ཀུན་འདར་གྱིས། །སྤྱོད་པ་ཡོངས་སུ་སྤྱོད་པ་ན། །འཇིག་རྟེན་པ་རྣམས་འདི་དྲང་སྲོང་རྣམས་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་རྟོག་གོ །དེ་ནས་དཀའ་བ་སྤྱོད་པར་མཐོང་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ་ཞེས་ཤུགས་ལ་ཐོབ་གསུངས་སོ། །གྲོང་པའི་བུ་མོ་དགའ་མོ་དང་ནི་དགའ་སྟོབས་མ། །སྤྲུལ་པའི་ལྷ་མོས་འོ་ཐུག་ཕུལ་བར་མཐོང་བའི་ཚེ་ཟས་མཆོག་དང་བཅས་པའི་སྙོམས་འཇུག་གི་བདེ་བ་ཡིས། །མཚམས་སྦྱར་རྡོ་རྗེའི་གདན་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཏེ་རྫོགས་པར་སངས་རྒྱས་པ་ཉིད་དོ། །བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ་མི་གཡོ་བ་ཁྲོས་པས་བདུད་འཁོར་བཅས་ཐམས་ཅད་བསད་བསྐྲད་སོགས་ཀྱིས་བཅོམ་ནས། །བདུད་ཀྱི་བུ་མོ་རབ་བཀྲམ་གྱི་གྲངས་ཙམ་རྣམས་༼ལ༽། །འདོད་ཆགས་ཆེན་པོ་སྤྱད་པས་བདེ་ཆེན་གྱི་ལམ་ལ་བཀོད་ནས་རྗེས་སུ་བཟུང་ངོ་། །དེས་ན་དྲག་ཤུལ་སྤྱོད་པ་དང་བདེ་བའི་ལམ་འཁྲིག་སྦྱོར་ལས། །གཞན་དུ་བྱང་ཆུབ་ཀྱི་ལམ་ཟབ་མོ་གཞན་ཡོད་པ་མིན་ཡང་། །དུས་དེའི་ཚེ་སྐལ་མེད་མང་པོ་ཕལ་པའི་ཆགས་སྡང་ལ་སྲེད་པ་མ་གཏོགས། ཆགས་ཆེན་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཐུན་མོང་གི་སྣང་ངོར་མེད་པས་ན་བློ་ཆེན་རྣམས་ཆགས་བྲལ་དང་བྱམས་པ་ལ། །མོས་པའི་ཕྱིར་རྒྱལ་བས་བདུད་རྣམས་བྱམས་པས་བཏུལ་ཅིང་ཆགས་བྲལ་ལམ་ལས་སངས་རྒྱས་ཐོབ་པར་མཐོང་བའི་སྒྱུ་མ་སྤྲུལ་པ་མཛད་དོ། །འདིའི་ཐུན་མོང་མ་ཡིན་པའི་དམ་ཚིག་ནི་བུད་མེད་སྒྲོལ་མ་བདག་སྒྲུབ་པ་དེ་ཡིས་ནི། །རྡོ་རྗེ་མིང་པོ་ལ་སོགས་པ་སྤྱི་དང་འདོད་པའི་བདེ་བས་མཉེས་པར་བྱ་ལ། །མི་གཡོ་རྒྱལ་པོའི་དམ་ཚིག་གིས་ནི། །རྣལ་འབྱོར་པ་གང་ཞིག་རྡོ་རྗེ་སྲིང་མོ་དང་། །རྡོ་རྗེ་བུ་མོ་དང་རྡོ་རྗེ་མ་ཡང་མཆོད་པ་སྤྱི་དང་གསང་བའི་མཆོད་པར་བྱ། །ཡུགས་ས་མོ་ཞེས་བྱ་བ་ནི་འཇིག་རྟེན་ན་སྔོན་ཁྱོ་ཅན་ཕྱིས་ཁྱོ་མེད་དུ་གྱུར་པ་ནི་བརྡ་སྟེ། དེ་ནི་བུད་མེད་གང་ཞིག་སྔོན་ཐིག་ལེ་འཛག་བཅས་ཕྱིས་ཐིག་ལེ་འཛག་མེད་དུ་གྱུར་པའོ། །དེ་ཀུན་བདེ་བ་ཡིས། །དགའ་བར་བྱས་ན་མི་གཡོ་མཉེས། །པར་འགྱུར་ལ་ཅུང་ཟད་ཡེ་ཤེས་བརྟན་པའི་རྣལ་འབྱོར་པས་འདི་དག་ཐམས་ཅད་སྒྲ་ཇི་བཞིན་པར་སྤྱོད་པ་ཡིན་ནོ། །མི་གང་ང་ལ་མཆོད་བྱེད་པ། །དེ་ལ་གཏུམ་པོ་མ་མཆོད་ཀྱང་། ཁྲོ་བོ་གཏུམ་པོས་བྱིན་གྱིས་རློབས་པར་འགྱུར་ལ། །དེ་བཞིན་དུ་གཏུམ་པོ་མཆོད་པ་ཡང་མཚུངས་སོ། །མི་གཡོ་བ་ཡི་དལ་སྤྲུལ་གདུལ་བྱ་གྲངས་མེད་པ་བྱང་ཆུབ་ལ་གཞག་པའི་དབུགས་དབྱུང་བ༼སྟོན་ཚུལ།༽ འོ། །
བཅུ་བདུན་པ་འཇིགས་པ་བརྒྱད་སྐྱོབས་ཀྱི་སྒྲུབས་སམ་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྷ་ཡ་ཤ་མ་ནི་སརྦ་དུརྒ་ཏི་ཏཱ་ར་ཎི་ཏུ་རེ་སྭཱ་ཧཱ། སེངྒེ་ལ་སོགས་གཅན་གཟན་ཐམས་ཅད་སྲུང་བའོ་༼སྔགས་ཏེ༽། ལྷ་ནི་ནག་མོ་སེངྒེ་གདོང་འཁོར་ལོ་དང་མེ་དཔུང་བསྣམས་པ། ཨོཾ་དཱི་ར་ད་བ་ད་ནི་ཨེ་ཀ་དཾཥྜི་མ་ཧཱ་ན་སེ་ལམྦོ་དྷ་རི་ཀཊྚྷ་ཀཊྚྷ་ཏྲཱ་ས་ཡ་ཏྲཱ་ས་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གླང་པོ་ཆེན་ལ་སོགས་པའི་མ་ཧེ་ལ་སོགས་པ་ཕྱུགས་ཐམས་ཅད་བསྡུས་ཏེ་དེ་རྣམས་ཀྱི་འཇིགས་པ་བསྲུང་བའི་༼སྔགས་ཏེ་ལྷ་ནི་དུད་ཀ་གསུས་འཕྱང་གླང་ཆེན་གདོང་པ་མཆེ་བ་གཅིག་པ་གཡས་རལ་གྲི་གཡོན་ཤར་དུ་ལ་བསྣམས་པ༽འོ། །ཨོཾ་ཤི་ཁཱི་བ་ད་ནེ་མ་ཧཱ་ཨུ་ཀ་ལ་མུ་ཁཱི། ཛྭ་ལ་མཱ་ལི་ནཱི་སཔྟ་ཛི་ཧྲཱིཿསཔྟ་མུ་ཁཱི་བི་ཤྭ་ན་རཱི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མེའི་འཇིགས་པ་བསྲུང་བ་༼སྔགས་ཏེ། ལྷ་ནི་དམར་མོ་དྲག་མོ་ཞལ་བདུན་ལྗགས་བདུན་སྐྱོད་པ་ནོར་བུ་དང་ཆུའི་དལ་བསྣམས་པ་༽འོ། །ཨོཾ་ཕ་ནི་མ་ཧཱ་ཕ་ནི་ཀྲྀཥྞ་ནེ་ཏྲེ་ཨེ་ཀ་ད་ན་ཛི་ཧྭཱི་ཀ་རེ་ཎ། ཙ་ལཱ་ཡ་ཙ་ལཱ་ཡ་མ་ཧཱ་བི་ཥ་བྷཀྵི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དུག་ཐམས་ཅད་དང་སྦྲུལ་ལ་སོགས་པ་ཁུང་བུར་གནས་པའི་སྲོག་ཆགས་ཀྱི་འཇིགས་པ་ལས་སྐྱོབས་པའི་ལས་བསྲུང་བའི་༼སྔགས་ཏེ་ལྷ་ནི་དཀར་མོ་ཡིད་ཙམ་ཁྲོས་པ་སྦྲུལ་ནག་པོའི་མགོ་བོ་བདུན་དང་ལྡན་པ་སྦྲུལ་རྒྱན་ཅན་ཕྱག་དྲུག་བུམ་པ་དང་སྦྲུལ་ཞགས་ནོར་བུ་སྨན་གྱི་དབང་པོ་ཉ་སྣོད་འཛིན་པ༽འོ། །ཨོཾ་ཁརྒ་ཧསྟི་བྷྲྀ་ཀུ་ཊི་མུ་ཁི་ཨུདྡྷ་ཀེ་ཤ་མ་ཧཱ་ན་དྷི་ཀྲྀཥྞ་ཨཉྫན་བྷརྞ་ཚིནྡ་ཚིནྡ་བྷིནྡ་བྷིནྡ་ཨུཏྟ་ར་ཡ་ཨུཏྟ་ར་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆོམ་རྐུན་ལ་སོགས་པ་མིའི་འགྲོ་བའི་གནོད་པ་བསྲུང་བའི་༼སྔགས་ཏེ་ལྷ་མོ་ནི་ནག་མོ་ཆེར་འཁྲུགས་པ་སྐྲ་བརྫེས་པ་ཕྱག་དྲུག་རལ་གྲི་དང་མདུང་དང་དགྲ་སྟ་དང་མདའ་གཞུ་ཕུབ་ཆུང་བསྣམས་པ་༽འོ། །ཨོཾ་རཀྟ་ཝརྞེ་པཱ་ཤཱངྐུ་ཤ་ཧ་སྟི་མ་ཧཱ་ར་ཝི། མ་ཧཱ་བ་ལ་ས་ར་ས་ར་བི་ས་ར་བི་ས་ར་གྲྀཧྞ་གྲྀཧྞ་ཨཱ་ཀཊྡྷ་ཨཱ་ཀཊྡྷ་མ་ཧཱ་དུརྒ་ན་མུ་ཙཱ་ལཱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ལྕགས་སྒྲོག་དང་ཞགས་པ་སོགས་དང་རྒྱལ་པོའི་ཆད་པ་སོགས་ཐམས་ཅད་ལས་སྐྱོབ་པའི་༼སྔགས་ཏེ། ལྷ་ནི་དམར་མོ་ཞི་མ་ཁྲོ། ཕྱག་བརྒྱད་གཡས་བཞི་ལྕགས་ཀྱུ་གཡོན་བཞི་ཞགས་པ་བསྣམས་པ༽འོ། །ཨོཾ་ཛ་ལེ་ཛ་ལེ་མ་ཧཱ་ཛ་ལེ་ཏཱ་ར་ཡ་ཏཱ་ར་ཡ་ཨུཏྟཱ་རཱ་ཡ་ཨུཏྟཱ་རཱ་ཡ། ཤྲྀངྑ་ལ་ཧསྟི་མ་ཧཱ་ཛ་ཝེ་ཨེ་ཀ་བཱི་རི་མ་ཧཱ་ཀ་རུ་ཎེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཆུ་ལས་སྐྱོབ་མིའི་༼སྔགས་ཏེ་ལྷ་མོ་སེར་མོ་ཕྱག་གཉིས་མ་རི་རབ་དང་ས་ཡི་དལ་བསྣམས་པ་ནོར་བུ་མེ་འབར་བའི་ཕུང་པོ་ལ་གནས་པ༽འོ། །ཨོཾ་མ་ཧཱ་གམྦྷི་ཏྟྱེེ་མ་ཧཱ་ཀ་རུ་ཎི་ཀེ་བྷ་ག་ཝཾ་བཱ་ལེ་བྷ་ར་བྷ་ཨ་བྷ་ཡི་ཧསྟི་ཏཱ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཤ་ཟ་སོགས་གདོན་ཐམས་ཅད་ལས་བསྲུང་བ་སྔགས་ཏེ་ལྷ་མོ་དཀར་མོ་ཕྱག་བཅུ་པ་དང་པོ་གཉིས་སྐྱབས་སྦྱིན་དང་ཆོས་འབྱུང་། ལྷག་མ་བརྒྱད་དང་ཞབས་བཅུ་ནི་གདོན་བཅྭོ་བརྒྱད་ལ་སྡིགས་པའམ་འཛིན་ཅིང་གནོན་པ་སྟེ་གདོན་ཆེན་བཅྭོ་བརྒྱད་སྟོང་ཆེན་རབ་འཇོམས་ལྟར་བྲིས་སོ། །བཅྭོ་བརྒྱད་པ་ལས་ཚོགས་ཕྲ་མོ་སྣ་ཚོགས་པ་ནི། བདག་བསྐྱེད་གཏོར་མ་བཏང་བ་སོགས་བྱས་ལ། སྐྱེས་པ་ལ་གུར་གུམ། བུད་མེད་ལ་གི་ཧཾ་གིས་དར་རམ་རས་ལ་འོ། །འཁོར་ལོ་བྲིས་རྩི་ལྗང་ཁུ་བཏང་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་རིམ་བདུན། །དབུས་སུ་ཏཱྃ་ལ་ཨོཾ་བསྒྲུབ་བྱ་ཆེ་གེ་མོ་ལ་རཀྵ་ཧ་ཞེས་པས་བསྐོར་བ་དགོད་པར་བྱ། །རྩིབས་བརྒྱད་ལ་ནི་ཏཱ་ནས་སྭཱའི་བར་ཡི་གེ་བརྒྱད། །སྔགས་ཀྱི་གྲོང་ཁྱེར་ཨཱ་ལི་ཀཱ་ལི་བདག་པོས་ཧཱུྃ་གིས་བསྐོར། །མན་ངག་ནི་མུ་ཁྱུད་ནང་མ་ལ་ཡེ་དྷར་གཉིས་པ་རྡོ་རྗེའི་ཕྲེང་བ། ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿཧ་ཆེ་གེ་ལ་རཀྵ་རཀྵ་ཧཱུྃ། གསུམ་པ་ལ་ཨཱ་ལི་ཀཱ་ལི། བཞི་པ་ལ་འཁྱིལ་བའི་གཟུངས། ལྔ་པ་ལ་རལ་གྲི་ཏཱཾ་གྱིས་མཚན་པ། དྲུག་པ་ལ་ཧཱུྃ་འབའ་ཞིག །བདུན་པ་ལ་མེ་དཔུང་སྟེ། བྲིས་ནས་འཁོར་ལོ་རབ་གནས་འདྲ། རིན་པོ་ཆེའི་སྣོད་དུ་ཞག་བདུན་སོགས་སྒྲུབ་ཅིང་མཆོད། སྒྲོལ་མ་ཞུ་ནས་ཏཱྃ་ཡིག་ཏུ་གྱུར། དྲིལ་ཏེ་རིན་པོ་ཆེའི་སྣོད་དུ་བཅུག །སྐྱེས་པའི་གཡས་བུད་མེད་ཀྱི་གཡོན་ནམ་མགུལ་དུ་བཏགས་སོ། །འཁོར་ལོ་ཁ་དོག་ལྗང་ཁུ་བྲིས་བཟླས་བསྒོམ་གསུམ་གྱིས་བསྲུང་བར་འགྱུར་བ་སྟེ། །ཡིད་བཞིན་འཁོར་ལོ་བསྒོམ་པའང་འདིས་ཟིན་ནམ་སེམས་སོ། །འཆི་བ་བླུ་བྱེད་ལ་ཁ་དོག་འོད་ཟེར་དཀར་པོ་དང་སྤེལ་ཚིག་བཅས་སྤོས་པ། འཁོར་ལོ་སྒོམ་པ་དང་། བྲིས་པ་དང་། འདོགས་པ་དང་མཆོད་པ་ལ་སོགས་པའི་ཕན་ཡོན་ནི་འོ། །ནད་ཞི་བ་དང་བཙོན་ལས་ཐར་བ་དང་། །ཚེ་འཕེལ་བ་དང་ལོངས་སྤྱོད་འཕེལ་བ་དང་བརྩོན་འགྲུས་ཆེ་ཞིང་ཡིད་གཞུང་པ་དང་། །དབང་ཕྱུག་སྟེ་དབང་ཐང་རྒྱས་པ་དང་ནི་བློ་གྲོས་ཤེས་རབ་འཕེལ་བར་འགྱུར་རོ། །ཡར་ངོའི་ཚེས་གསུམ་སོགས་དུས་བཟང་པོར་གཟའ་སྐར་དགེ་བ་ལ་ཚྭ་ལ་གི་ཝཾ་༼ཧཾ་༽དྲི་ཆུ་དང་། །ཕུག་པ་ཁ་བྱང་བསྟན་གྱི་གཏིང་དུ་ཁྲུ་གང་བསྐོས་པའི་ས་དང་ཙི་ཏྲ་ཀ་དང་དཔའ་བོ་སྟེ་བཙན་དུག་དང་། །གླ་རྩི་དང་མེའི་རོ་ཚན་ཆ་མཉམ་པའི་རིལ་བུ་སྲན་མ་ཙམ་པ་ཡིས། །དུག་རྣམས་སྲུང་བར་བྱེད་པ་ཐུན་བཞི་ཞག་བདུན་བསྒྲུབས་ནས་དུག་གིས་མ་ཟིན་པ་ལ་ལྟོ་སྟོང་ལ་ལན་རེ་ཟོས་པས་ཟླ་རེ་སྲུང་ཟིན་པ་ལ་དུག་སྨན་དུ་འགྱུར་སྟེ། །རིལ་བུ་རིན་པོ་ཆེའི་སྣོད་དུ་བཞག་སྒྲོལ་མ་རང་འདྲ་བསྐྱེད་ཞུ་བ་ལས། རིལ་བུ་བདུད་རྩིར་སྒོམ། བརྒྱད་སྟོང་ཐུན་རེ་ལ་བཟླས། བཟའ་བའི་ཚེ་ཡང་གོང་ལྟར་བཟླས་པ་དང་འཁོར་ལོ་སྒོམ་པའི་རྣལ་འབྱོར་བྱ། །པཎྜི་ཏ་བླ་སྒང་ལི་ག་དུར་༼ཁ་ཐུར་༽ཡིན་ནོ་ཀར་ཡི་རྩ་བ་དང་། །རྩྭ་མ་ཟོས་གང་གི་བེའུའི་གཅི་བས་སྲེག་༼སྲེས་༽པའི་རིལ་བུ་དུག་རེངས་སྲུང་བར་བྱེད་དོ། །མུ་ཁྱུད་རིམ་གསུམ་ལྟེ་བ་དང་བཅས་པ་རྩིབས་ནི་བཅུ་དྲུག་པ། །དབུས་སུ་བསྒྲུབ་བྱའི་གཟུགས། དེའི་མཐར་ཀུ་རུ་ཀུལླེའི་རྩ་སྔགས་ལས་སྔགས་དང་རྩིབས་ཏེ། དེ་ལ་ཡང་རྩ་སྔགས་ལས་སྔགས་ཀྱིས་དགང་། །ཤམ་བུ་ཅན་བྲིས་ཏེ། ༼རྩ་བའི་༽འཁོར་ལོ་ཁ་སྦྱོར་རྒྱ་སྐྱེགས་དང་རྐང་རྗེས་བསྲེས་པའི་གཟུགས་བརྙན་གྱི་ཁོག་ཏུ་གཞུག་སྦྱོར་བར་བྱ། །ཟངས་མའི་ཁབ་ཀྱི་གཟུགས་བརྙན་དེའི་གསང་གནས་ཕུག །ལན་ཚྭར་བཅས་པའི་རང་གི་གཅིན་གྱིས་ལིངྒ་དེའི་ཁ་བཀང་ནས། །རྒྱ་ཤུག་གི་ཤིང་གི་མེ་ལ་གདུང་ཤིང་བསྲོ་བར་བྱ། །སྦྱིན་སྲེག་ཀྱང་ཕོ་མོའི་དམིགས་པ་སོ་སོར་བྱ། དེ་ནས་སྔགས་མེ་ཏོག་ལ་བཏབ་ནས་བསྒྲུབ་བྱ་ལ་བསྣུན་པ་དང་ཟས་བསྲེས་ཏེ་སྟེར་བ་དང་སྤོས་དང་བསྲེས་ཏེ་བདུག་པ་དང་། །མིག་སྨན་སྦྱོར་བས་དབང་དུ་བྱ། །བུད་མེད་ཀྱི་ཐོད་པ་དུམ་བུ་གསུམ་པར་ཚིལ་ཆེན་དང་ཨརྐའི་བལ་གྱི་མར་མེ་ཚེས་བརྒྱད་དམ་ཉེར་དགུའི་ནུབ་མིག་སྨན་སྒྲུབ་པའོ། །སྒྲོལ་མ་དཀར་མོར་ལྷའི་རྣལ་འབྱོར་རྫོགས་པར་བསམ་ཞིང་བསྒོམ་པར་བྱས་ནས། །ངག་བཅད་དེ་མི་སྨྲ་བར་ནི་འབུམ་བཟླས་སོ། །བསྙེན་པའོ། །སངས་རྒྱས་རྣམ་སྣང་གི་རྟག་པའི་སྦྱོར་ལས་བྱུང་བ་སྟེ་རིགས་བདག་གོ །མདུན་བསྐྱེད་གཙོ་བོ་སྒྲོལ་མ་དཀར་མོར་བྱ། ཡིད་གཞུངས་མ་སོགས་སྨྲྀ་ཏི། པྲཛྙཱི་བུདྡྷི་སྭ་བྷ་བ་རྡོ་རྗེ་སྟེ་འཁོར་བཞི་དང་བཅས། །༼ལྡན་༽པར་བསྒོམས་ནས་ཟླ་བ་ཕྱེད་བསྒྲུབ་ཅིང་མཆོད་དོ། སེར་པོ་ཁྲག་རྐང་ཧལྟྱ་ལི་དུང་རོང་ར་དང་ཟི་ར་དཀར་ནག་དང་། །གྲོག་སྨན་པི་ལིང་དང་། ཤ་ཕོ་རུ་རྟ་དང་ལ་ལ་ཕུད་དང་། །ར་ཡི་འོ་མ་དང་རའི་མར་ཁུ་བཅས་༼པ་༽བཏུང་བར་བྱའོ། །ཡང་ན་ཤུ་དག་དཀར་པོ་དང་གོང་བཞིན་ཧལྟྱའི་སྔགས་བཟླས་ཏེ་འདི་དག་དལ་གྱི་དབུས་སུ་བཞག་ཞག་བདུན་བསྒྲུབས་ཏེ་ཟོས་ན། །འདིས་ནི་བློ་གྲོས་འཕྲལ་དུ་འཕེལ་བར་འགྱུར་རོ། །ཐོ་རེངས་མཎྜལ་དུ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད་གཏོར་མ་ཡན་ལག་བདུན་པ་རྣམས་བྱས་ནས་སྒྲོལ་མའི་ཕྱག་གཡས་མི་འཇིགས་པའི་ཕྱག་རྒྱ། །རང་གི་སྤྱི་བོར་རེག་པ༼ར་བསམ་༽ས་ལ་དངོས་སུ་ཕྱག་རྒྱ་དེ་སྤྱི་བོར་གཏུགས་པ། ཆོམ་རྐུན་སོགས་འཇིགས་པ་ལས་བསྲུང་ཤིང་བཙོན་ལས་ཀྱང་ཐར་བར་བྱེད་གསུངས། །གུ་གུལ་དཀར་པོ་དང་དཱ་ལའི་འདབ་མ་དང་། །ཤ་ཕོ་རུ་རྟ་གླ་རྩི་དང་དཔའ་བོ་སྟེ་དུག་དང་སྦྱར་ལ་རིལ་བུ་བྱ། །ཡང་ན་ཤུ་དག་དང་ཤིང་ཀུན་སྦྱར་བ་ལས། །རིལ་བུ་བྱས་ཏེ་དེ་གཉིས་སྔགས་སྤེལ་ཚིག་ཅན་འབུམ་བཟླས་ནས་བཟའ་བར་བྱའོ། །དྲི་ཆུ་གླ་བའི་ཆུ་ལ་ཡང་འབུམ་བཟླས་ཏེ་དཔྲལ་མགྲིན་སྙིང་ལྟེ་གསང་བ་དེས་གནས་ལྔར་སྲིན་ལག་གིས་བྱུག་ཅིང་རྐང་པ་ལ་ཡང་བྱས་བསྲུང་བ་བྱ། །ཟླ་བ་དྲུག་གི་མཛེ་ནད་གསོ་བར་བྱེད་པའི་མཆོག་གོ། །བུ་མ་སྐྱེས་པའི་རང་བྱུང་གི་མེ་ཏོག་༼དང་༽བྷྲིངྒ་ར་ཛའི་ཁུ་བར་བཅས། །ཟླ་བ་དྲུག་ཏུ་སྣ་ཡིས་རྔུབ་ན་རྒས་པ་སེལ་ལ། །ལོ་གསུམ་དུ་ཐུན་བཞིར་བུད་མེད་སྦྱོར་བ་ལ་བརྟེན། དེ་ཡིས། །ཁུ་བ་བཀག་ཅིང་ཁྱབ་པར་བྱས་པས་རྒས་པ་མེད་པ་གཞོན་ནུར་བྱེད། །རྣ་བ་མ་འོན་པའི་རྣ་བར་དུག་དང་ནཱ་ལེ་ཤམ། །རས་བལ་གྱི་དྲིལ་ལ་བཅུག་སྟེ། ལོ་གཅིག་ལོན་པས་ཕྱིས་དེ་བཅུག་པའམ་བཏགས་པའི་ཆུས་གཞན་གྱི་རྣ་བར་འོན་པ་སེལ། །ཕྱིའི་རྒྱ་མཚོའི་ལྦུ་བ་དངོས་དང་རྒྱ་མཚོའི་འབྲས་ཟེར་བའི་ཤིང་འབྲས་དང་། །རའི་གཅིན་དངོས་སྦྱར་བས་མིག་ནད་ཕལ་ཆེར་འཇོམས། །འབོག་ནད་སྲུང་བ་ནི་ཨོཾ་སུམྦྷི་རོ་དྷ་ན་ཡེ་སྭཱ་ཧཱ། སྔགས་བརྒྱ་བརྒྱ་བཟླའོ། །ཀོཥྜའི་རུས་པ་སྟེ་མཛེ་རུས་དང་བྱ་རོག་གི་མིག་དང་། །གསེར་གྱི་ཕྱེ་མའི་ཕུར་མས་གཟའ་ཕོག་པ་ལྟ་བུའི་འབོག་ནད་བསྲུང་། །སྒྲོལ་མ་དཀར་མོའི་བསྙེན་པ་སྔོན་སོང་གིས་སྒྲུབ་པའི་སྐབས། ཁྲུ་གང་ལས་མི་ཆུང་བའི་ལྕི་བས་བྱུགས་པའི་དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་དབུས་སུ་ལྕགས་ཀྱུ་ཛ་ཡིག་གིས་མཚན་པ་དང་ལྡན་པར་བྱ། །ཕྱི་རུ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་བཀོད། མཆོད་བསྟོད་གསོལ་བ་བཏབ། ཕྱག་འཚལ་ཉེར་གཅིག་མང་དུ་བརྗོད། སླར་བཟླས་པས་བདག་བསྐྱེད་ལྷ་མོའི་ཐུགས་ཀའི་ཛ་ལས་ལྕགས་ཀྱུ་སྤྲོས་བཙོན་འདོན་པར་བསམ། ཁྲི་བཟླས་ན་བཙོན་ལས་ཐར་བར་འགྱུར་ཏེ་ལས་སྦྱོར་སྐབས་སྨྲ་བ་བཅད་སྔགས་བརྒྱ་རེ་ལ་མཆོད་བསྟོད་གསོལ་བཏབ་སྟེ་བྱ་བ་མཚན་ཐོག་ཐག་བྱའོ། །ཡུང་བ་ཧལྟི་གི་ཧཾ་༼གླ་རྩིས་༽ཀསྠ་རིའི་ཁུ་བས། །རྩ་སྔགས་བྲིས་པ་བུམ་པར་གདགས་པར་བྱས་ལ། །བུམ་བསྒྲུབ་ཆོ་ག་བཞིན་དུ་བྱ། ཉིན་ཐོག་ཐག་སྙིང་པོ་བཟླ། མཚན་མོ་རྩ་སྔགས་བཟླས་ལ། ནམ་གུང་སྦྲུམ་མ་ཀུ་ཤའི་གདན་ལ་བཞག་ནས་བགེགས་སྦྱང་བ་སོགས་སྔོན་དུ་འགྲོ་བས་བཀྲུ་བར་བྱ། །ནད་མེད་བདེ་བས་བཙའ་བར་འགྱུར། །མར་ལ་སྔགས་པས་ལུས་དང་བྷ་ག་ལ་བྱུག་ན་མགོ་མཇུག་བཟློག་པ་ལ་ཕན་ཟེར། ༼པུ་ཏོ་༽བོ་དྷི་རྩི་འབྲས་བ་སེར་སྐྱའི་འོ་མ་མར་དང་བསྲེས་༼ཏེ་༽བུམ་རྫས་དོང་ཆུ་ལ་སོགས་པ་བུམ་པར་བླུགས། །༼བུམ་སྒྲུབ་ལྟར་བསྒྲུབས་༽བཟླས་༼པར་༽བྱས་ནས་ཟླ་མཚན་ཆད་ནས་ཞག་གསུམ་གྱི་བར་དུ་བཀྲུ་བ་དང་བུ་མེད་ལ་སྦྱིན་ཏེ། །འཐུང་དུ་བཅུག་ནས་ཁྲུས་བྱས་ན་མོ་གཤམ་གྱི་གཟུགས་སམ་རང་བཞིན་འཆང་བའང་། །དེ་འཛིན་པ་ངེས་པར་བུ་དང་བཅས་པར་འགྱུར། །མ་བཙས་པར་མ་དང་བཙས་ནས་བུ་ལ་གོང་གི་སྲུང་བའི་འཁོར་ལོ་གདགས་བྱས་ལ། །མཎྜལ་དུ་རྗེ་བཙུན་མ་དང་འབྱུང་པོ་སྤྱི་དང་བགེགས་དང་ལྷ་ལ་མཆོད་པ་དང་བཟླས་པ་མང་པོ་དང་། །མ་དང་བུ་ལ་ཁྲུས་ནི་ཉིན་རེ་ཉིན་རེ་ལ་ལན་རེ་བྱ། །བྱིས་པ་འཚོ་བའི་ཐབས་དམ་པ་སྟེ་བཟང་པོ་ཡིན་ནོ། །ཡང་དབང་གི་ལས་གསུངས་པ། དམིགས་པ་རང་གི་ལྟེ་བར་པདྨ་འདབ་བརྒྱད་ལ། ལྟེ་བར་ཏཱཾ་འདབ་མ་ལ་ཧྲཱིཿབརྒྱད་བུང་བའི་གཟུགས། །སྤྲོ་ཞིང་བསྒྲུབ་བྱ་དེ་ཡི་སྙིང་གི་བཅུད་གཞིབ་པར་བྱ། །སྔགས་ནི་ཛཿཧོ་ཧཱུྃ་ཨ་བྃ་ཧི། ཨཱ་ཀརྵ་ཨངྐུ་ཤ་ཛཿདང་པོར་འབུམ་བཟླས་ལ། སླར་རྫས་རང་བྱུང་དང་གི་ཧཾ་བསྲེས་བ་ལ་བརྒྱ་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་ནི། །དེ་མཐོང་བ་ཙམ་གྱིས་བུད་མེད་ཐམས་ཅད་དབང་དུ་བྱེད་དོ། །བཅུ་དགུ་པ་ཏིང་ངེ་འཛིན་གྱི་དལ་དུ་དབང་བསྐུར་བ་ནི། ཞུས་པ་མེད་པར་བསམ་གཏན་གྱིས་དལ་དུ་དབང་བསྐུར་བ་ཡང་གསུངས་པ། །ནམ་མཁའ་ལྟ་བུའི་སྟོང་པའི་དབྱིངས་ཀྱི་དབུས་བྱས་པར། །དཔག་ཚད་བྱེ་བའི་ཚད་དང་ལྡན་པའི་དཀྱིལ་འཁོར་བསམ། །ཆོ་ག་ཇི་ལྟ་བ་བསྒྲུབས་པ་དང་མཆོད་པ་དང་དབང་བསྐུར་བའི་ཆོ་ག་ཤེས་པའི་སློབ་དཔོན་གྱིས་དལ་དེར་སློབ་མ་ལ་དབང་བསྐུར་བར་བྱའོ། །ཆུ་དབང་བསྐུར་བའི་ཚིགས་བཅད་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བ་གསུམ་ལས་འབྱུང་བ་སྟེ། །དེའི་ངོ་བོ་གང་ལ་དབང་བསྐུར་ན་ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གནས་ཐོབ་བྱེད་ཀྱི་དབང་བསྐུར་སྦྱིན་པར་བྱ་ཞེས་སོ། །བདག་པོ་སློབ་དཔོན་གྱི་དབང་ཆུང་བ་ནི། སྐྱེས་པ་སློབ་མ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་གི་ཡེ་ཤེས་ཏེ་སྒྲུབ་པར་བསྒོམས་ལ། །དངོས་སམ་ཡིད་ཀྱིས་བུད་མེད་རིག་པའི་ལྷ་མོས་པར་བྱ། །ཤེས་རབ་མ་བུ་མོ་བཅུ་དྲུག་ལོ་ལོན་པ་འཁྱུད། །པ་ཁོ་ནའི་བདེ་བ་སྟོང་པར་སྦྱར་ཏེ་བསྒོམ་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཆུང་ངུའི་དངོས་གཞི་ཡིན་ནོ། །སློབ་དཔོན་གྱི་དབང་གི་མཐའ་བརྟན་གསང་བར་གདམས་པར་ནི། ཚིགས་བཅད་འདི་སློབ་དཔོན་ཆེན་པོའི་དབང་གི་རྗེས་སུ་བརྗོད་ཅིང་། གསང་དབང་སོགས་ཀྱི་ཡང་སྔོན་དུ་བརྗོད་དོ། །དོན་ནི་འདི་ཡིན་ཏེ་གསང་བ་སློབ་དཔོན་གྱི་དབང་ལ་སོགས་པ་འདི་སུ་ལའང་བརྗོད་མི་བགྱི་ཏེ། །སྣོད་མིན་ལ་གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་བའི་ཤཱུ་ལ་མདོང་རྩེ་གསུམ་ནི། །ཞིང་གི་རྣལ་འབྱོར་མ་རྣམས་ཀྱི་ཡི་ཕྱག་ན་གནས་པ་འདིས། །གང་གི་དམ་ཚིག་པ་སྟེ་གསང་བ་བསྒྲགས་པས་དམ་ཚིག་ཉམས་པ་འཇིག་པར་བྱེད་པ། །དེ་ལ་མདུང་འདི་ཡིས་མཆོག་ཏུ་འབིགས་སོ་ཞེས་པའོ། །གསང་དབང་ནི་རབ་བྷ་ག་ནས་བྱང་སེམས་འཇིབ་པ་བཅས་པ་དང་། མ་ཡིན་ན་དཀར་གསུམ་མངར་གསུམ་ཚ་བ་གསུམ་དང་བསྲེས་པའི་ཙཱ་རུ་བཟའ་བ་སྟེ། །བྱང་ཆུབ་ཀྱི་སེམས་རྫས་དང་། དཀྱིལ་འཁོར་བྷ་ག་ཡིན་པས་གསང་ཞིང་སྦ་བའི་དབང་སྟེ་གཉིས་པའོ། །དེ་ཡང་སྤྱིར་གསང་བར་མ་ཟད་བུམ་དབང་གི་སྣོད་རུང་ཙམ་འགའ་ཞིག་ལ་ཡང་གསང་དགོས་པས་སོ། །
ཤེས་རབ་ཡེ་ཤེས་ཀྱི་དབང་ནི་སྟོན་པ་བླ་མས་བུ་སློབ་མ་ལ་ཕྱག་རྒྱ་མ་གཏད་པར་བྱས་ནས། །སྙོམས་པར་འཇུག་པའི་བདེ་བས་སྟོང་ཉིད་དང་རོ་མཉམ་བསྒོམས་པས། །འོག་ནས་འཆད་པའི་ས་བཅུ་གསུམ་མམ་ས་བཅུའི་བདེ་བ་ཐོབ་པ་ན། །ཤེས་རབ་མ་དང་སྦྱོར་བའི་ཡེ་ཤེས་ཡིན་པས་སོ། །དེ་སྐད་ཞེས་བརྗོད་དོ། །དབང་བཞི་པ་མདོར་བསྟན་པ་ནི། ཆགས་པ་མཆོག་དགའ་དང་ཆགས་བྲལ་ལས་འདས་པ། །དབུ་མར་དགའ་བ་དང་པོར་ཡང་མི་དམིགས་པ་ལས་དེ་དག་གི་འོལ་སྤྱི་ཙམ་མཚོན་པར་བྱ་རྒྱུའི་འོད་གསལ་བ་སེམས་ཀྱི་ཁོང་བདེ་བ་མི་རྟོགས་པ། །རང་བཞིན་བདེ་སྟོང་དེ་ལ་རྣམ་པ་མི་འདྲ་བ་མི་འབྱུང་བས་མི་འགྱུར་མི་འཇིགས་པས་རྟག་པ་མཆོག་ཏུ་ཕྲ། །བཞི་པའི་ཡེ་ཤེས་དེ་ནི་སྐད་ཅིག་སྔ་ཕྱི་དང་ཡུལ་ལ་འགྲོ་འོང་མེད། །སློབ་དཔོན་ཆེན་པོའི་དབང་གི་མིང་ཙམ་བསྟན་པ་གཉིས་སྦྱོར་དང་ལས་ཀྱང་འགྱུར་མེད་སྒྲུབ་པས་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཆེན་པོ་པ། །ལ་འཛག་མེད་ཀྱི་བདེ་བ་ཆེན་པོ་གྲུབ་པ་ནི་སློབ་དཔོན་ཏེ་ཆེན་པོའི་དབང་ཐོབ་པ། །སེམས་ཐིག་ལེ་འཕོ་བ་ལ་ཆགས་པ་ལྡན་ཡང་གཡོ་སྒྱུས་བུད་མེད་ལ་སྨོད་པས་ཚངས་སྤྱོད་དུ་རྫུ་བ། །ལྷུང་བཟེད་འགེངས་པའི་ཕྱིར་དགེ་སློང་ལྟར་སྟོན་པ་བྱེད་པས་ནི་རྡོ་རྗེ་སློབ་དཔོན་གྱི་འོས་མིན་ནོ། །ཉི་ཤུ་པ་སློབ་དཔོན་གྱི་བྱ་བ་ཉེར་མཁོ་བསྟན་པ་ནི། གཙུག་ལག་ཁང་དང་དབང་དང་རབ་གནས་ཀུན་ལ་མཁོ་བའི་ས་ཆོག་སྟ་གོན་དཀྱིལ་འཁོར་བྲི་སྒྲུབ་སོགས་སློབ་དཔོན་གྱི་བྱ་བ་དང་། །བདག་འཇུག་དང་སློབ་མ་དབང་བསྐུར་བ་དང་དམ་ཚིག་གི་རྣམ་བཞག་དང་ཉེས་ལྟུང་བཤགས་སྦྱང་དང་སྦྱོང་དུ་འཇུག་པ་དང་། ལས་དང་དངོས་གྲུབ་སོ་སོའི་དམ་ཚིག་ལ་བྱང་བའོ། །ལུང་འབོགས་པ་དང་དམ་ཚིག་གི་ཆོ་ག་ཡིན་ཏེ་ཇོ་བོའི་འགྲེལ་པས་སོ། །སྦྱིན་སྲེག་དང་ལས་བཞིའམ་བརྒྱད་དམ་བཅུ་གཉིས་ཀྱི་དབྱེ་བ། །སྐུ་གཟུགས་མཆོད་རྟེན་གླེགས་བམ་ཕྱག་མཚན་ཁང་པ་སྐྱེད་ཚལ་ལྗོན་ཤིང་རྫིང་བུ་མཚེའུ་སོགས་ཀྱི་རབ་གནས་དང་། མཆོད་ཡོན་ཆོ་ག་གཉིས་ཏེ་རྟེན་གཤེགས་པ་དང་ལྷ་ཁང་སོགས་ཀྱི་སྔོན་འགྲོ་དང་། །རྡོ་རྗེ་དང་དྲིལ་བུ་དང་བགྲང་ཕྲེང་དང་། །དགང་བླུགས་དང་དེ་བཞིན་རིན་པོ་ཆེའི་རུས་པའི་རྒྱན་ཕྱག་རྒྱ་དྲུག་སྟེ་དེ་ལྔ་དག་གི་ཚད་དབྱིབས་མཚན་ཉིད་བྱིན་རླབས་འཆང་ཐབས་སོགས་ལ་མཁས་པ་དང་། །སྐུ་གཟུགས་ཀྱི་ཚད་དང་གཤིན་པོ་ལ་ཕན་གདགས་པ་ཐ་མའི་ཆོག །བགེགས་དང་ངན་བྱེད་ཕྱིར་ཟློག་པ་དང་། འདོགས་༼འདོད་ཆགས་༽པ་དང་། སྒོམ་པ་དང་། རྫས་དང་སྔགས་ཀྱི་སྲུང་བའི་རིགས་སྣ་ཚོགས་དང་བཟླས་པ་སོ་སོར་བྱེད་ཚུལ་ཐབས་སྣ་ཚོགས་དང་། །བད་ཀན་སོགས་རང་བཞིན་གྱི་ནད་དང་གདོན་དང་རིམས་གསུམ་པོ་སྨན་དང་སྔགས་འཁྲུལ་འཁོར་གྱིས་སྲུང་ཞིང་ཞི་བས་འཇོམས་པར་བྱེད་པ་དང་། །རང་བཞིན་གྱི་ཚེ་དང་ལོངས་སྤྱོད་སྤེལ་བའི་མན་ངག་དང་། སློབ་མ་དང་བསྟན་པ་ལ་དད་པའི་རྒྱལ་པོ་དང་ཁྱིམ་བདག་སོགས་རིགས་འཕེལ་གྱི་ཆོ་ག་སྟེ་སྲིད་སྤེལ་དང་། །རྒྱལ་པོ་སོགས་དབང་དུ་བྱེད་པ་དང་ཤིན་ཏུ་གདུལ་དཀའ་བ་གསད་པ་དང་གནས་ནས་སྐྲོད་པ་དང་། །ནང་དབྱེ་བ་དང་དབང་པོ་དྲུག་གནན་པ་སྟེ་དབང་དང་དྲག་ཤུལ་སྤྱོད་པ་འདི་རྣམས་མི་དང་མི་མིན་ལ་སྦྱོར་ཚུལ་དང་ལྷ་ཁང་བཞེངས་ཐབས་གི །ཆོ་ག་སྟེ་ཉེར་དགུ་པོ་འདི་རྣམས་སྔགས་ལ་གཞོལ་བའི་རྡོ་རྗེ་སློབ་དཔོན་གྱི་ལས་ཉེར་མཁོ་ཅི་རིག་པའོ། །ཉེར་གཅིག་པ་རྒྱུད་གཞན་ལ་ཁ་འཕངས་པ་ནི། ལས་ཚོགས་རྒྱུད་གཞན་ལ་ཁ་འཕངས་པ་ནི་དེ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱི་ལས་ནི། གྲུབ་པའི་དངུལ་ཆུ་སོགས་བཅུད་ལེན་དང་རིག་འཛིན་རྫས་དང་ལུས་དང་ལོངས་སྤྱོད་ཀྱི་རིག་འཛིན་གསུམ་དང་། །སྣ་ཚོགས་པའི་ལས་ཏེ་ལས་ཚོགས་མ་ངེས་པ་རྣམས་དང་དངོས་གྲུབ་སྒྲུབ་ཚུལ་དང་། །དུས་འཁོར་དང་རྡོ་རྗེ་མཁའ་འགྲོ་སོགས་ནས་བཤད་པ་ལྟར་སྔགས་དང་ཏིང་ངེ་འཛིན་ལ་མ་བརྟེན་པའི་སྨན་གྱི་སྦྱོར་བ་རྣམ་མང་པོ། །དེ་དག་རྣམས་ནི་རྒྱུད་དང་རྒྱུད་སྣ་ཚོགས་པ་རྣམས་དུ་མངོན་པར་བརྗོད་ཅིང་གསུངས་པ་ལྟར་རོ། །འགྲེལ་བ་གཉིས་ཀྱིས་ནི། ས་ཆོག་ནས་སྨན་གྱི་སྦྱོར་བ་ཐམས་ཅད་སྒྲོལ་མ་ཉིད་ཁོ་ནའི་དབང་དུ་བྱས། རྒྱུད་སྣ་ཚོགས་ལས་གསུངས། འདིར་སྦྱོར་བའི་དབང་དུ་འཆད་དོ། །དེར་མ་ཟད་མ་རྒྱུད་གང་འཆད་ཀྱང་གལ་ཆེ་བའི་རྒྱུད་ནི་འདི་དག་སྟེ་སམྦུ་ཊ་དང་ཁ་སྦྱོར་རྡོ་རྗེ་མཁའ་འགྲོ་དང་། །གདན་བཞི་དེ་བཞིན་རྡོ་རྗེ་གུར། །སྡོམ་པ་འབྱུང་བའི་རྒྱུད་དང་ཟླ་གསང་ཐིག་ལེ་དང་། །མི་གཡོ་བླ་མེད་དང་གཤིན་རྗེ་བོད་ཀྱི་རྡོ་རྗེ་འཛིན་སྔ་མ་རྣམས་གཤིན་རྗེ་གཤེད་ཀྱི་རྒྱུད་འབུམ་པ་ཞེས་གསུངས་པ་དུས་འཁོར་འགྲེལ་པར་རྣལ་འབྱོར་རྗེས་སུ་རིག་པ་གསུངས་པ་ཉིད་ཡིན་པ་ཕ་རྒྱུད་དུ་བཤད། བི་རཱུ་པའི་འཁྲུལ་འཁོར་ན་འབུམ་ཕྲག་གསུམ་པ་ལས་བྱུང་བ་ཞེས་བཤད་པ་གཤེད་མར་ཁོ་ནར་མངོན་པས་མ་རྒྱུད་དོ། །དེ་བཞིན་དུ་ནག་འཇིགས་སྐོར་གསུམ་དང་། བོད་དུ་འགྱུར་བ་ལྟར་ན་གཤེད་དམར་པོ་ལེའུ་བཅུ་དགུ་པ་ནི་ཕ་རྒྱུད་ཡིན་ལ། འདིར་ནི་ཉེར་གཉིས་པ་ཡིན་པར་མངོན། །སྣ་ཚོགས་སྒྲོལ་མའི་རྒྱུད་ཆེན་དང་། །ནི་སྣ་ཚོགས་སྒྲོལ་མའི་རྟོགས་པ་ཞེས་བྱ་བ་ཤྭ་ལོ་ཀ་སུམ་སྟོང་ཙམ་ལས་ཚོགས་གཙོ་བོར་སྟོན་པ་བླ་མེད་ཡིན་པ་གཅིག་ཡོད་གསུངས། ཀུ་རུ་ཀུལླེའི་རྟོགས་པ་དང་རལ་གཅིག་མའི་རྟོགས་པ་ཆེ་ཆུང་གཉིས་དང་། །བཅུ་གཅིག་པོ་དེ་དག་ནི་རྣལ་འབྱོར་མ་ཡི་རྒྱུད། །ཀུན་ལ་ཕན་ཅིང་གང་ན་ལས་ཚོགས་མེད་པ་ལ། ཇི་ལྟར་མཐུན་མཐུན་དུ་ཅི་རིགས་པར་དེ་དག་ནས་ཁ་འགེངས་དགོས་པས་མ་རྒྱུད་གཞན་ཀུན་གྱི་སྦྱོར་བ་ལས་ཚོགས་རྒྱས་པར་སྟོན་བྱེད་འོ། །གཞན་རྣམས་སོ་སོའི་ཐུན་མོང་མ་ཡིན་པ་གང་རྣམས་དེ་དག་ནི། །སྣ་ཚོགས་པའི་རྒྱུད་དང་རྒྱུད་དེ་དང་དེ་ཉིད་དུ་ཤེས་པར་བྱའོ། །རྩ་རྒྱུད་རྒྱས་པ་ཀུན་ལ་ཁ་འགེངས་མི་འགེངས་མི་དགོས་ཀྱང་། བསྡུས་རྒྱུད་ཀྱི་རིགས་རྩོད་ལྡན་དུས་སུ་གང་བསྟན་པ། །དེ་དག་ཐམས་ཅད་བསྡུས་པ་ཡིན་པས་དགོས། ཉེར་གཉིས་པ་དབང་བཞི་བའི་ཡེ་ཤེས་རྒྱས་བཤད་ལ་བཅུ་གཉིས་ལས། དང་པོ་རྒྱུད་གཞན་མང་པོར་སྦས་པ་ནི་པའོ། །འོན་ཀྱང་གཞན་རྣམས་སུ་སྟེ་མདོ་སྡེ་དང་། རྣལ་འབྱོར་རྒྱུད་མན་ཆད་དང་། བླ་མེད་རྒྱུད་ཁ་ཅིག་ཏུ་ཡང་། དེ་རྣམས་སུ་སྦས་པ། །རྒྱུད་འདིར་ནི་གང་དག་སྔོན་གསུངས་ཏེ་རྒྱུད་རྒྱས་པ་རྣམས་སུའང་བསྟན་པའི། །
གཉིས་པ་ངོ་བོ་མདོ་ཙམ་བརྗོད་པ་ནི་མི་ཤེས་བྱིས་པ་རྣམས་ཏེ་དམྱལ་བ་དང་དུད་འགྲོ་ཚུན་ཆད་ལ་ཡང་། །སེམས་ལ་རྟག་ཏུ་གནས་པའི་རང་བཞིན་ལྷན་སྐྱེས་ཀྱི་བདེ་ཆེན་པོ། །དོན་དམ་པའི་དབང་བཞི་པའི་ཡེ་ཤེས་འཁོར་འདས་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པ། །རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་རང་བྱུང་རང་བཞིན་ཆོས་ཀྱི་སྐུ་གསལ་བར་རྟོགས་པ་ཞེས་བརྗོད། །གསུམ་པ་གསུམ་པའི་ཡེ་ཤེས་དང་བཞི་པའི་ཁྱད་པར་ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་རྐྱེན་ལས་བྱུང་བ་དང་སྐྱེ་འཇིགས་བྱེད་ཅིང་མི་རྟག་པའི་ཕྱིར། །ཤེས་རབ་ཕྱིའི་ཕྱག་རྒྱ་ལས་བྱུང་བའི་ཡེ་ཤེས་དེ་དབང་བཞི་པའི་ཡེ་ཤེས་མིན། །བཞི་པ་ཀུན་རྫོབ་དོན་དམ་དབྱེ་བ་ནི་ལས་དང་ཡེ་ཤེས་ཕྱག་རྒྱ་ནི། །དམ་པའི་དོན་དུ་ཡེ་ཤེས་ཀྱི་རྒྱུ་དོན་དམ་པ་མ་ཡིན་ཏེ། །ལས་རྒྱ་རྡུལ་དུ་སྣང་བའི་ཁམས་དང་ཡེ་རྒྱ་རྣམ་རྟོག་གོམས་པའི་སྣང་བ་ཙམ་ཡིན་པས་སོ། །དོན་དམ་པ་ནི་བརྟག་པ་སྟེ་རྟོག་པ་དང་སྒྲས་མཚོན་པའི་དོན་ཀུན་དང་བྲལ་བ་ཡིན་པ། །དེའི་ཕྱིར་དོན་དམ་གྱི་ཕྱག་རྒྱ་ནི་འདི་ཁོ་ནའོ་ཞེས་བློས་བཏགས་ཏེ་ངག་ཏུ་སྨྲ་བར་ནུས་པ་མ་ཡིན་ནོ། །ལྔ་པ་བདེ་བ་ཆེན་པོ་ལ་འཁྲུལ་པ་བཀག་པ་ནི། འཇིག་རྟེན་ཕལ་པ་རྣམས་འདོད་པས་འདོད་ཡོན་ལ་དགའ་བ་རབ་གཡེངས་པའི་སེམས་ལྷན་སྐྱེས་ཀྱི་བདེ་བ་དམ་པར་མི་འཇོག་པ་དང་། །དེ་བཞིན་དུ་བསམ་གཏན་པ་དང་། ཉན་རང་དང་། ཕར་ཕྱིན་པ་རྣམས་ཀྱི་འདོད་པ་ལ་ཆགས་བྲལ་རྣམས་ཀྱི་དབེན་པ་ལས་སྐྱེས་པའི་དགའ་བདེ་ཐམས་ཅད་དང་། །ལྷར་སྣང་གི་ཞལ་ཕྱག་རྣམ་པ་ལ་སེམས་ཟིན་པ་ལས་སྐྱེས་པའི་ཡིད་བདེ་དང་། །ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་ལ་གོམས་པས་རླུང་ཅུང་ཟད་ལོག །དྷཱུ་ཏིའི་ཕྱི་རོལ་དུ་ཤར་བའི་བདེ་སྒྲུབ་དང་། །ལྟེ་བའི་རེ་ཁ་གཏུམ་མོ་རྟོག་པས་སྒོམ་པའི་འབད་པ་བཅས་པ་དང་། །སྟོང་ཉིད་ལ་གསལ་སྣང་མཐོང་བས་དྲངས་པའི་ཡིད་རབ་ཏུ་དགའ་བ་དང་། །རླུང་རྣམས་རྐྱེན་གྱིས་རེ་ཞིག་དབུ་མར་ཐིམ་པའི་སེམས་རྣམ་རྟོགས་མེད་པའི་ཞུ་བའི་བདེ་བ་དང་། །མངོན་ཤེས་སོགས་ཀྱི་སྟོབས་ལས་འགྲོ་དོན་མང་པོ་བྱེད་ནུས་པར་འགྱུར་བ་ལ་བརྟེན་ནས་རབ་ཏུ་དགའ་བ་དང་བདེ་བ་དང་། །བུད་མེད་ལས་རྒྱ་དང་སྦྱོར་བའི་ཞུ་བའི་རེག་བདེ་དང་། །ཡིད་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མདུན་ན་གནས་པ་ལྟར་རྩ་རླུང་གི་བྱེད་པས་ཉམས་ལ་ཤར་བ་ཕྱག་རྒྱའི་གཟུགས་བརྙན་སོགས་ཀྱི་རྐྱེན་ལས་བདེ་བ་སྟེ། །བདེ་བ་འདི་དག་འཕྲལ་གྱི་རྐྱེན་དང་བཅས་པ་ཡིན་པས་དངོས་པོའི་གནས་ལུགས་མ་ཡིན་ལ། །རང་བཞིན་དོན་དམ་པའི་བདེ་ཆེན་ནི་རྒྱུ་རྐྱེན་གྱིས་བསྐྱེད་པ་གློ་བུར་བ་ལས་གཞན་པ་གནས་ལུགས་ཉིད་དོ། །
དྲུག་པ་དོན་དམ་དབྱིངས་ཀྱི་གོལ་ས་བཅད་པ་ནི། ཐ་མལ་ཀུན་རྫོབ་ཀྱི་ལུས་དང་ངག་ཡིད་གསུམ་དང་དེ་ལས་བྱུང་བ་ཐམས་ཅད་ངེས་དང་བཅས་པ་དེས་མཚོན་ཐུབ་ལ། །ཆགས་པ་སྟེ་ཆད་༼མཆོད་༽པ་དམར་ལམ་པ་དང་ཆགས་པ་བར་མ་སྟེ་སྣང་བ་དཀར་ལམ་པ་དང་། །ཆགས་བྲལ་ཞེས་པའང་སྟེ་ཐོབ་པ་ནག་ལམ་ཤར་བའི་མྱོང་བྱ་ཡིད་བདེར་ཏེ་ཚིག་དུ་བརྗོད་པའི་ཡུལ་བཅས། །ལམ་དུས་ཀྱི་དགའ་བ་བཞི་ལ་དབང་དང་བསྐྱེད་རྫོགས་ཀྱི་དགའ་བཞི་ཡིན་ཡང་རུང་སྟེ་དགའ་བ་དང་ནི་མཆོག་ཏུ་དགའ་བ་དང་། །དགའ་བྲལ་རྣམས་ནི་རྟོག་པའི་གཡོ་བ་བཅས་ལ་མི་བརྟན་པ་ལ་འཇིག་པ་ཡིན་ཏེ་དགའ་བཞི་སྔ་མ་གསུམ་འཕྲལ་འཕྲལ་འགག་ལ་ཕྱི་མའང་གསལ་མི་གསལ་འགྱུར་བ་དང་སྐད་ཅིག་གིས་འཇིག་གོ། །བདེ་བའི་ཚོར་བ་དང་སྡུག་བསྔལ་དང་ཤུགས་བསྟན་བཏང་སྙོམས་ཀྱང་རིག་པ་པོ་དང་བཅས་པ་སྟེ་རིག་བྱ་རིག་བྱེད་གཞན་རིག་གི་རྣམ་པ་ཅན་ཡིན་ལ། །རང་རིག་ལ་ཡང་གསལ་དང་མི་གསལ་གྱི་དོན་ཀུན་རྫོབ་བརྡ་ཙམ་མིང་ཙམ་བློས་བཞག་པ་ཙམ་སྟེ། །དེ་དག་ཐམས་ཅད་རང་རང་གི་ངོ་བོ་དེ་དང་དེ་ལ་སྙིང་པོ་སྟེ་རང་གི་ངོ་བོས་གྲུབ་པ་མེད། །ཆགས་པ་ལམ་གྱི་མཆོག་དགའ་ལ་ནི་ཆགས་པ་དེ་ཉིད་ཀྱི་རང་གི་དངོས་པོ་ངོ་བོ་མེད་ལ། །ཆགས་བྲལ་ལམ་གྱི་དགའ་བྲལ་ལ་ཡང་ཆགས་བྲལ་རང་གི་དངོས་པོ་གྲུབ་པ་མེད་ལ། །དབུ་མ་ལམ་གྱི་དགའ་བ་ལས་ཀྱང་དབུ་མ་རང་གི་ངོ་བོ་མེད་དེ། །དེ་རྣམས་ཐམས་ཅད་རྟེན་འབྲེལ་རྐྱེན་ལས་བྱུང་བ་ཙམ་ཡིན་པས་སོ། །བདུན་པ་བདེ་བ་ཆེན་པོའི་རང་བཞིན་བཤད་པ་ནི། དངོས་པོ་དང་དངོས་པོ་ཀུན་གྱི་མཚན་ཉིད་དང་བྲལ་བ། །འདི་ནི་དངོས་པོ་ཀུན་གྱི་བདག་ཉིད་སྟེ་ཆོས་ཉིད་ཀྱི་དངོས་པོ་སྟེ་ངོ་བོ་ཡོད་པ། །ཡེ་ཤེས་འདི་ཡི་རང་བཞིན་རྟེན་བརྟེན་པ་བཅུ་གཉིས་དག་པའི་མི་འགྱུར་བདེ་བར་གནས་པ་བསྒོམས་པས་མངོན་དུ་གྱུར་པའོ། །འདི་ནི་དཔེས་མཚོན་དུ་མེད་པ་དང་ཡི་གེས་བརྗོད་དུ་མེད་པ་དང་། །རྣམ་རྟོག་གི་གཡོ་བས་གོས་པ་མེད་པ་དང་རང་བཞིན་འཕོ་འགྱུར་འཇིག་བ་མེད་པ་འདི་ནི། །དོན་དམ་པའི་རང་རིག་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་རང་བཞིན་གྱིས། །སྡུག་བསྔལ་ཀུན་འབྱུང་ལས་རང་གྲོལ་བས་མྱ་ངན་འདས་པའི་སེམས་ཉིད་འདི་གཅིག་པུ་དོན་དམ་པའི་བདེན་པའོ། །བརྒྱད་པ་དེ་ཉིད་དམ་པའི་བདག་ཏུ་བསྟན་པ་ནི། འཁོར་འདས་ཐམས་ཅད་སེམས་ཀྱིས་བཀོད་པས་ཀུན་གྱི་བྱེད་པ་པོ་ཡིན་ལ་འདི་ལ་ནི་བྱེད་པོ་མེད་དེ་རང་ཉིད་སྤྲོས་བྲལ་ཡིན་པས་སོ། །འཇིག་རྟེན་པའི་ཤེས་པ་ཅན་རྣམས་ཀྱང་འདི་དང་ཕྱོགས་མཚུངས་ཙམ་ཤེས་ནས་འདི་ལ་བདག་དང་སེམས་ཅན་ནམ་སྲོག་ཅེས་དང་། །རྡུལ་མུན་སྙིང་སྟོབས་ཆ་མཉམ་དུ་བསྲེས་པའི་གཙོ་བོ་དང་དབང་ཕྱུག་སོགས་དང་། གཞན་སྡེ་བྱེ་བྲག་པ་དང་འདས་པའི་ཡེ་ཤེས་ཉི་ཚེས་རང་སྡེའི་ཉན་ཐོས་སྡེ་གཉིས་རྡུལ་ཕྲན་སོགས། །ཐམས་ཅད་འགྱུར་མེད་ཡེ་ཤེས་འདི་ཁོ་ན་ལ་རྟོགས་ཚུལ་ལོག་པས་རྣམ་པར་བརྟགས་པའོ། །དགུ་པ་ངེས་དོན་གྱི་འགོག་ལམ་གཉིས་སུ་བསྟན་པ་ནི། འདི་གཞིག་ཏུ་མེད་པའི་སེམས་ཉིད་ཡིན་པ་དང་སངས་རྒྱས་ཀུན་གྱི་སྤྲུལ་གཞི་རྡོ་རྗེ་སེམས་དཔའ་དོན་དམ་པའི་འདོད་ཡོན་མཚན་དཔེར་བཅས་པས་ལྷག་པའི་ལྷ། །རྡུལ་གྱིས་ཡེ་ནས་མ་གོས་པས་འགོག་པ་ཆེན་པོ་དང་ཀུན་འབྱུང་གི་ཆོས་ཉིད་ཀྱང་ཡིན་ལ། ཀུན་འབྱུང་གིས་མ་གོས་པས་ལམ་བདེན་ཆེན་པོ་པ། །འདི་སྡུག་བསྔལ་བདེན་པའི་ཆོས་ཉིད་སྒྲིབ་གཉིས་ཀྱིས་ཡེ་ནས་མ་གོས་པ་ཀུན་རྫོབ་བདེན་པའི་རང་བཞིན་ཏེ་དྲི་མ་ཀུན་རྫོབ་མཐའ་དག་སྔོན་ནས་ཟད་པ་ཁོ་ན་དང་། །འདི་ཉིད་ལས་ཉོན་གྱི་ཡང་ཆོས་ཉིད་དེ་ཆོས་ཀུན་གྱི་རང་བཞིན་གདོད་ནས་ཡེ་ཤེས་གནས་པས་སངས་རྒྱས་པ་འདི་ནི། །བདེན་གཉིས་རང་བཞིན་དབྱེར་མེད་པའི་ཚུལ་འདི་སངས་རྒྱས་ཀུན་གྱིས་བསྟན་པའོ། །བཅུ་པ་རང་བཞིན་ཀུན་གཞིར་བཤད་པ་ནི། ཇི་ལྟར་མཚན་མོ་མེ་མར་ཁང་པར་དཀར་ཁུང་ལྔ་པར་བུས། །པ་དེ་སྤར་ན་སྐར་ཁུང་ལྔ་ལས་ཕྱོགས་ལྔ་ལས་འོད་ཕྱིར་སྣང་བའི་ཚེ་མེ་མར་གྱི་འོད་དུམ་བུ་ཐ་དད་ལྔར་སྣང་ངོ་། །དེ་བཞིན་དུ་ཀུན་རྫོབ་སྣང་བ་སྣ་ཚོགས་འཆར་རུང་གི་སེམས་གསལ་རིག་ཙམ་གྱི་ཀུན་གཞིའི་མེ་མར་འདོད། །གཟུགས་སོགས་རྣམ་རིག་ཐ་དད་ཤར་བའི་ཚེ་དབང་ཤེས་ལྔ་ཞེས་རྣམ་པར་སྤྲུལ་པ་སྟེ་ཀུན་གཞི་ལ་གཟུགས་སུ་སྣང་བའི་རྣམ་རིག་གི་གཟུགས་བརྙན་ཤར་བའི་ཚེ་མིག་ཤེས་ཞེས་འདོད་པ་ལ་སོགས་པའོ། །རྣམ་པ་ལ་འཁྲུལ་ནས་བདག་གི་མིག་ཤེས་ཀྱིས་མཐོང་ངོ་ཞེས་སོགས་དབང་ཤེས་ཀྱི་མེ་མར་ལྔ་ཞེས་ཡིད་ཀྱིས་རྣམ་ཤེས་ཀྱིས་རྟོག་སྟེ་དེ་ཡང་རྣམ་རིག་རྣམ་པ་ལྔ་པོ་དང་། །དེ་དང་འབྲེལ་བ་རྣམས་ཡུལ་བྱས་མིང་དོན་དུ་སྣང་བའི་རྣམ་རིག་འཛིན་ནོ། །ཡང་སེམས་མྱང་བྱ་ཀུན་རྫོབ་གསལ་རིག་གི་རྒྱུན་ལ་བདག་ཏུ་འཁྲུལ་ནས་འོད་ཚོགས་དྲུག་དང་མེ་ཀུན་གཞི་རྫས་གཞན་ཡིན་ནོ་ཞེས། །ཡིད་གཞན་ཏེ། ཉོན་ཡིད་དེ་འཁྲུལ་པའི་ཕྱིར་བླུན་པོས་ལ་བརྟེན་ནས་དེའི་འཁོར་སེམས་བྱུང་བཞིས་ངར་འཛིན་པར་བྱེད་དོ། །དེ་ལྟར་ན་ཀུན་གཞི་ཆུ་ལས་རྣམ་ཤེས་བདུན་ཆུ་རླབས་འབྱུང་བ་ཇི་བཞིན་དུ་ལྟོས་ཤིག །བཅུ་གཅིག་པ་ཡོན་ཏན་དབྱེར་མེད་པའི་དོན་ནི། དེ་ལྟ་བུའི་ཀུན་གཞི་གསལ་རིག་དེའི་ཁོང་ན་མི་རྟོག་པ་ངོ་བོ་རང་རིག་རང་གསལ་ཀུན་རྫོབ་མི་འཆར་བ་དེ་ནི་ཆོས་དབྱིངས་ཏེ། རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡེ་ཤེས་མཛད་པའི་ནུས་པ། ཞིང་དུ་འཆར་བ་ནུས་པ་སོགས་ཆོས་གང་དང་གང་དེ་ཐམས་ཅད། །སེམས་ཅན་རེ་རེའི་སེམས་ཀྱི་ཁམས་ལ་བདེ་གཤེགས་སྙིང་པོ་ཡོན་ཏན་ཅན་རེ་རེར་གནས་མོད། །སྐུ་དང་ཡེ་ཤེས་ཡོན་ཏན་སོགས་སོ་སོར་དབྱེ་བ་མེད་ཅིང་ས་འོག་གི་གཏེར་ལྟར་ས་བཅུ་པ་ཡན་གྱི་ཡེ་ཤེས་མ་རྟོགས་མཐོང་བ་མེད་པ། །དབྱིངས་ཀྱི་ཡེ་ཤེས་གསེར་ཁམས་ལྟ་བུ་དེ་ཀུན་གཞིའི་རྣམ་ཤེས་རྡོ་བ་ལྟ་བུ་ལ་གནས་པ་བཞིན་ནོ། །
བཅུ་གཉིས་པ་ལྷུན་གྲུབ་རྡོ་རྗེ་བཞི་བཤད་པ་ནི། ལུས་ལ་ཆོས་ཉིད་སྐུ་དང་ངག་ལ་གསུང་སེམས་ལ་ཆོས་ཉིད་ཐུགས་དང་འཁྲིག་པ་སོགས་བདེ་བ་འཁྲུལ་སེམས་ལ་ཡེ་ཤེས་རྡོ་རྗེའི་སྟེ། །རྡོ་རྗེ་རྣམ་བཞི་ཡེ་ནས་གནས་པ་མངོན་དུ་གྱུར་པ་ན། །དོན་དམ་པའི་གཟུགས་བརྙན་གྱི་སྤྲུལ་སྐུ་དང་བྲག་ཆ་སྟེ་གྲགས་སྟོངས་དོན་དམ་པའི་ལོངས་སྐུ་དང་ནམ་མཁའི་དངོས་ཏེ་སྤྲོས་པ་གཟུང་འཛིན་དང་བྲལ་བ་ཆོས་སྐུ་དང་། །རང་བཞིན་དོན་དམ་པའི་བདེ་བ་དྲི་མ་དག་པའི་ཚེ་བདེ་བ་ཆེན་པོའི་སྐུ་ཞེས་བྱའོ། །དེ་དག་གི་རྟེན་འབྲེལ་འགྲོས་ལ་ལྟེ་བ་སྤྲུལ་སྐུ་དང་སད་དུས་མགྲིན་པ་ལོངས་སྐུ་དང་རྨི་ལམ་སྙིང་ཁའི་པདྨ་ཆོས་སྐུ་དང་སེམས་མེད་གཞན། །ཡང་ནི་མགོ་བོ་སྟེ་སྤྱི་བོ་བདེ་ཆེན་གྱི་སྐུ་དང་འཁྲིག་སེམས་སུ་རབ་ཏུ་བརྗོད་པ་ཡིན་པས་བག་ཆགས་བཞིན་ལས། །སེམས་ཅན་རྣམས་ཀྱི་སྐྱེ་འཆི་བར་དོའི་སྲིད་པ་གསུམ་འགྲེལ་པ་གཉིས་ཀྱིས་ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་གྱི་སེམས་ཅན་དུ་བཤད་དོ། །དཀྱུས་ལྟར་ན་སྤྱི་བོ་གསུམ་ཀའི་ཐུན་མོང་དུ་བཏང་ངོ་། །རྩ་འཁོར་ལོ་བཞི་ལས་འབྱུང་བ་དང་། །རྩ་འཁོར་བཞི་དག་པ་ན་སྲིད་གསུམ་འཁོར་ལོ་བཞི་འདི་ཉིད་དུ་ནི་ཐིམ་པའི་རྣམ་བཞག་བྱས་པའོ། །དབང་བསྐུར་བ་ནི་དྲི་མ་འཁྲུད་པའི་དོན་ཏེ་སྤངས་པ་མི་ལྡོག་པས་རྡོ་རྗེ་ཡེ་ཤེས་ཀྱིས་༼ཏེ་གཙོ་མོས་༽ཤེས་བྱ་ཀུན་མཁྱེན་པའི་དེ་སྐད་ཅེས་གསུངས་སོ། །ཤེས་རབ་ཀྱི་དུམ་བུ་ལ་ཞུས་པ་དང་། ལན་གཉིས་ལས། དང་པོ་ནི། དེ་ནས་ཞུ་བ་པོ་རྡོ་རྗེ་ཕག་མོ་ལ་སོགས་པ་འཇིག་རྟེན་ལས་འདས་པ་དེ་བཞིན་གཤེགས་མ་དང་། ས་བཅུ་ལ་གནས་པའི་འཕགས་མ་ཡང་ཡིན་ཚུལ་ཡང་འཕགས་མར་སྟོན་པ་རྣམས་དང་། ཚངས་མ་ལ་སོགས་པ་རྩ་བའི་འཇིག་རྟེན་མཁའ་འགྲོ་མ་མོ་རྣམས་དང་། དེ་དག་གི་བྲན་མོའི་རྒྱལ་མོ་ཟླ་གསང་ཐིག་ལེ་ལ་གསུངས་པ་ལྟ་བུའི་དབང་ཕྱུག་མ་ཉེར་བརྒྱད་རྣམས་དང་། སྔགས་ཀྱི་སྐལ་ལྡན་ཡིན་ཡང་འཇིག་རྟེན་རང་རྒྱུད་པའི་དབང་ལྟར་བྱས་ནས་ལྷའི་བུད་མེད་དང་། མི་དང་། ཀླུ་དང་། དྲི་ཟ་དང་། གནོད་སྦྱིན་གྱི་བུད་མེད་དང་། སྲིན་པོ་དང་། མིའམ་ཅི་མོ་ལ་སོགས་པའི་བུད་མེད་ཚད་མེད་ཀྱང་ཚད་ལ་དགའ་བ་འདུལ་བའི་དོན་དུ་གསུངས་པ་རི་རབ་གྲངས་མེད་པ་སུམ་ཅུ་རྩ་གཉིས་ཀྱི་རྡུལ་སྙེད་རྣམས་ཞུ་བའི་རྒྱུ་ཐེ་ཚོམ་དུ་གྱུར། ཡིད་གཉིས་སུ་གྱུར་ནས་ཞུ་བའི་ཡུལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཇི་ལྟར་ཞུས་པའི་ཚུལ་འདི་སྐད་ཅེས་གསོལ་ཏོ། །རྩ་རྒྱུད་ལས། ༼༡༽འདས་པའི་དུས་ན་རྡོ་རྗེ་ཅན། །སངས་རྒྱས་དབུགས་དབྱུང་དཀྱིལ་འཁོར་སྤྲུལ། །ཞེས་གསུངས་པའི་རྒྱལ་བ་རིགས་ལྔའི་དལ་དེ་བཞིན་གཤེགས་པའི་དབུགས་དབྱུང་དང་། སངས་རྒྱས་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་བ་ཡིས། །དབུགས་དབྱུང་བའི་དཀྱིལ་འཁོར་ནི་ཚུལ་ཇི་ལྟར་གདུལ་བྱ་ལ་བསྟན། །༼༢༽དེའི་སྙིང་པོ་རྩོད་དུས་འདིར་སོགས་ལ་རྩོད་དུས་འདིར་རྒྱུད་ཉུང་ངུ་ཁོ་ན་གསུངས་པའི་རྒྱུ་མཚན་ཅི། །༼༣༽ངེས་པར་འདོད་ཆགས་ཆགས་ཆེན་འདི་ཞེས་པ་ལ། སངས་རྒྱས་ཐོབ་པ་ལ་ཆགས་ཆེན་གྱི་ལམ་ངེས་པར་གསུངས་པའི་རྒྱུ་མཚན་གང་། །༼༤༽དེ་ནས་སྔགས་ནམ་གསུངས་པ་ལ། རིག་སྔགས་བཟླས་པ་བྱེད་འདོད་པ་རྣམས་ཀྱིས། །ཚུལ་ཇི་ལྟར་ལྷ་ལ་བསྟེན་པར་བགྱིད་དགོས་ཞེས་ལེའུ་དང་པོ་ལ་བཞི་ཙམ་དྲིས་པའོ། །༼༥༽བུམ་པ་ཅན་གྱི་སྦྱོར་བས་དག་པར་བྱས་ནས་ཞེས་པ་ལ་རླུང་གི་སྦྱོར་བས་ལུས་དག་པར་བྱེད་པའི་རྒྱུ་མཚན་དང་བྱེད་ཐབས་གང་ལགས། །༼༦༽དགའ་བ་བཞིའི་དབྱེ་བས་ཞེས་གསུངས་པ་ལ་དེ་བཞིན་དུ་དགའ་བ་ལ་སོགས་པ་བཞིའི་ངོས་འཛིན་ཅི། །༼༧༽བུད་མེད་སྒྱུ་མའི་སོགས་ལ་མཆོག་ཏུ་གྱུར་པའི་བུད་མེད་དམ་ཚིག་ཡོད་ཅེས་བྱ་བ་ཅི་ཞེས་དང་། །༼༨༽ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱིས་སོགས་ལ། མི་གཙང་བ་སོགས་དང་། ངན་པར་ཟོས་པས་སྨིག་མ་མཁན་དང་ཕྱག་དར་བ་སོགས་ངན་པར་སྤྱོད་པ་ཐམས་ཅད་ཀྱིས། །མི་འཆིང་བར་གྲོལ་བར་འགྱུར་བའི་ཐབས་ཀྱི་བདག་ཉིད་གང་ཡིན་པ། །ལྷ་ལགས་ཞེས་བོས་ནས་མགོན་པོས་བཤད་དུ་གསོལ་ཞེས་ལེའུ་གཉིས་པ་ལ་ཡང་དྲི་བ་བཞིའོ། །༼༩༽རིག་པའི་བརྟུལ་ཞུགས་སྤྱད་བྱ་སྟེ་ཞེས་ལམ་འདི་ལ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དགོས་ན་སྔར་བསྡུས་པ་ཕྱོགས་གཅིག་ཙམ་ལས་མ་གསུངས་པས་དེ་ཡང་ཅི། །༼༡༠༽བཙན་ཐབས་སྦྱོར་བས་དབུགས་བཀག་ན་ཞེས་གསུངས་པའི་བཙན་ཐབས་སྦྱོར་བའང་སྒོམ་ཚུལ་ཇི་ལྟར་འགྱུར། །༼༡༡༽སྐྱེས་པ་བུད་མེད་ངེས་༼དངོས་༽འགྲུབ་འགྱུར་ཞེས་གསུངས་ན། ཉེ་རྒྱུ་སྐབས་བུད་མེད་དང་ནི་སྐྱེས་པ་དག །སྔགས་ཕྱག་རྒྱ་དང་བཅས་ན་དོགས་པ་ཆུང་ཡང་། མངོན་པར་འགྲུབ་པའི་ཚུལ་འང་བཤད་དུ་གསོལ་དེ་ལྟར་ཞུས་པ་ལ་དྲི་བ་བཅུ་གཅིག་གོ། །གཉིས་པ་ལན་ལ་ཡང་བཅུ་གཅིག་གི །དང་པོ་དབུགས་དབྱུང་གཉིས་བསྟན་པ་ནི། ཉོན་ཅིག་ནས་ཚུལ་ཇི་ལྟ་བ་བཞིན་མ་ནོར་བ་རྡོ་རྗེ་མ་རྣམས་ཉོན་ཅིག །།མདོར་བསྟན་ནི། སྔོན་བྱུང་དང་བསྒོམ་བྱ་གཉིས་ཀ་ལ་དབུགས་དབྱུང་རྣམ་པ་གཉིས་སུ་བསྟན་ཏོ། །སེམས་ཅན་གདུལ་བྱ་རྣམས་སྤྱིར་འཁོར་བའི་སྡུག་བསྔལ་དང་སྒྲིབ་གཉིས་ལས་དང་། བྱེ་བྲག་སོ་སོའི་སྐབས་ཀྱི་ཉེས་སྐྱོན་གྱིས་མནར་བས་དབུགས་མི་ཐོན་པ་ལྟ་བུ་ལ་དལ་སྤྲུལ་ཆོས་བཤད་པས་གྲོལ་བ་ཐོབ་པ། བདེ་བར་དབུགས་ཕྱིན་པ་ནི་སྔོན་བྱུང་བསྟན་པའི་མཛད་པ་རྣམས་འཕྲུལ་གྱི་དབུགས་དབྱུང་གི་དོན་ནོ། །མཚོན་བྱེད་བརྡའི་དབུགས་དབྱུང་གཉིས་དང་། མཚོན་བྱ་དོན་གྱི་དབུགས་དབྱུང་གཉིས་ལས། དང་པོ་ནི། དལ་སྤྲུལ་བཤད། མཛད་པ་ཉིད་ཡིན་ཏེ་འདི་ལ་དང་པོ་རྡོ་རྗེ་སེམས་དཔའི་དབུགས་དབྱུང་དང་། །ཕྱི་ནས་དེ་བཞིན་གཤེགས་པའོ། །རིགས་ལྔའི་དབུགས་དབྱུང་བ་རྒྱས་བཤད་ལ། རྡོ་རྗེ་འཆང་ངམ་རྡོ་རྗེའི་སེམས་དཔའི་དབུགས་དབྱུང་ནི། དུས་ནི་འདས་པའི་དུས་ན་སྔོན་བྱུང་བ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆེས་སྔ་རོལ་གྱི་བསྐལ་པ་ལ། འདུལ་བྱེད་ཀྱི་ལྷ་ནི་དལ་གྱི་བདག་པོ་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ་ཉིད་ཀྱིས། །སངས་རྒྱས་ཀྱི་བདག་ཉིད་ཐམས་ཅད་རྣམས་དལ་ལ་བསྡུས་ནས། །རིག་མ་ཡེ་ཤེས་བཙུན་མོར་དེ་བཞིན་གཤེགས་རྣམས་རྣམ་པར་རོལ། །ཞིང་ཁམས་ནི་མཚོན་བྱེད་ཆོས་འབྱུང་གི་རྣམ་པར་རང་བཞིན་སྤྲོས་བྲལ་ནམ་མཁའི་ཁམས་ལ་གནས་པ། །གཞུགས་མཁན་ཡེ་ཤེས་རྒྱ་མཚོ་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རོལ་པ། །རྡོར་སེམས་ཀྱི་དལ་སྤྲུལ་མཛད་པ་དེས་ས་བཅུ་པ་རྣམས་སངས་རྒྱས་ས་ལ་འཇོག་གོ། སོ་སོའི་སྐྱེ་བོའི་ས་པ་རྣམས་བྱང་ཆུབ་སེམས་དཔའ་འཕགས་ས་ལ་བཞག་པས་སངས་རྒྱས་བྱང་སེམས་བར་༼ས་༽པ་མང་པོ་ནི། །མ་ལུས་ལུས་པ་མེད་པར་བསྐྱེད་དོ། །དེ་ཡན་ལོངས་སྐུའི་མཛད་པའི་ཐ་སྙད་བྱེད།
ཆོས་བསྟན་པ་ལམ་ནི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན། །གདུལ་བྱ་ནི་སེམས་ཅན་ཁམས་ལ་སྤྲོས་ཤིང་རྗེས་སུ་ཞུགས་པས་མཛད་དེ་བདེ་བ་ཆེན་པོའི་ལམ་བསྟན་པས། དེ་དུས་ཀྱི་གདུལ་བྱ་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་སྟེ་སངས་རྒྱས་ཐོབ། །དགོས་པ་ནི་ཕྱིས་བདེ་བས་མངོན་པར་ཞེན་པའི་གདུལ་བྱ་རྣམས་ལ་སྔར་བདེ་བའི་ཡེ་ཤེས་སྐྱེས། །སྐྱེས་པའི་སྟེང་དུ་སངས་རྒྱས་རྣམས་ཀྱིས་སྟོང་ཉིད་ཁོ་ན་གཙོ་བོར་བསྟན་པས། །གདུལ་བྱ་དེ་རྣམས་ཆོས་བསྟན་པ། དེས་གྲངས་མེད་པའི་འགྲོ་བ་མངོན་པར་བྱང་ཆུབ་པ་ཐོབ་པའོ། །དེ་བཞིན་དུ་གདུལ་བྱ་འདུལ་བྱེད་ཞིང་ཁམས། དུས། ལམ། དགོས་པ་སྟེ་ཕྱི་མ་རྣམས་ལ་དྲུག་དྲུག་གི་དོན་ཚན་དུ་རྟོགས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་དབུགས་དབྱུང་ལ། རིགས་ལྔ་ལས། དང་པོ་རྣམ་སྣང་གི་དབུགས་དབྱུང་དལ་བསྟན་ཚུལ་ནི། ཕྱི་ནས་བདེ་བའི་ལམ་ནུབ་ནས་སྟོང་པ་ཁོ་ནར་མངོན་པར་ཞེན་པ་རྣམས། །ཐམས་ཅད་ཆད་པར་ལྟ་བ་ཟིན་ནས་གདུལ་བྱ་གཙོ་བོ་རྣམས་དམྱལ་བར་ལྟུང་དུ་རུང་བར་གྱུར་པ་དང་ཕལ་པ་མང་པོ་ཞིག་ལྷུང་པ་རང་ཡང་ཡིན་པས། །རྒྱལ་བ་རྟག་པ་སྟེ་རྣམ་སྣང་གི་དལ་རྣམ་པར་སྤྲུལ་ཏེ། །སྟོང་པ་མ་ཡིན་མི་སྟོང་མིན་ཞེས་སོ། །དབུ་མའི་ལམ་ལ་ནི་རྣམ་པར་བཞག །ལམ་དེས་དེ་དག་རང་དང་གཞན་དོན་ཆེར་བསྒྲུབ་སྟེ་བསྒོམས་པས། །གདུལ་བྱ་དཔག་ཡས་མཆོག་ཏུ་གྲོལ་བར་སངས་རྒྱས་པར་བྱས་པའོ། །དེ་གཉིས་ལ་དང་པོ་སེམས་ཅན་གྱི་ཁམས་ལ་བདེ་བ་སྤྲོ་བ་མཐུན་པའི་ཆོས་བསྟན། སྟོང་པ་དང་དབུ་མ་བསྟན། རྣམ་པ་མི་འདྲ་བར་བྱུང་བ་ནི་མཐུན་པའི་ཆོས་བསྟན་པ་ཞེས་བྱའོ། །གཉིས་པ་རིན་ཆེན་འབྱུང་ལྡན་གྱི་དབུགས་དབྱུང་ནི། སྟོང་པ་ཉིད་ཀྱི་བསྟན་པའི་སྟོབས་ནུབ་པ་ན་དབུ་མ་ཙམ་གྱིས་ཀུན་རྫོབ་ཀྱི་འཛིན་པ་མ་སེལ་བར་སྟོང་པ་མིན་ཞེས་པ་ལ་འཁྲུལ་ནས་ཀུན་རྫོབ་ཀྱི་རྗེས་སུ་ཞུགས་པའི་རྟོགས་པས་ངར་འཛིན་པ་ཅན། །ཟས་གོས་ལོངས་སྤྱོད་སོགས་ཀྱི་རྣམ་རྟོག་དུ་མས་རྣམ་པར་དཀྲུགས་པའི། །གདུལ་བྱ་དེ་དག་གཞན་གྱི་བྱ་བ་སྣ་ཚོགས་པའི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ནམ་མཁའི་མཛོད་བསྒྲུབས་ཏེ་སྦྱིན་པ་རླབས་པོ་ཆེ་ལ་བསྐུལ་བའི་ཕྱིར། །རིན་ཆེན་འབྱུང་ལྡན་རྡོ་རྗེ་ཉི་མའི་དལ་རྣམ་པར་སྤྲུལ་པས་སོ་སོའི་ལོངས་སྤྱོད་འབད་མེད་ཀྱི་བསམ་པ་གྲུབ་པས་སེམས་ཚིམས་ཏེ། །གདུལ་བྱ་དེ་དག་བླ་མེད་བྱང་ཆུབ་ལ། །མཆོག་ཏུ་དགའ་ཞིང་སྤྲོ་བས་གཞོལ་བར་འགྱུར་ཏེ་རིམ་གྱིས་ཐམས་ཅད་གྲོལ་བའོ། །
གསུམ་པ་པདྨ་གར་དབང་གི་དབུགས་དབྱུང་པ་ནི། ནམ་མཁའི་མཛོད་མ་ཐོབ་པ་དེ་དག་གཞན་དོན་ལ་བརྩོན་པའི་མིང་ལ་བརྟེན་ནས་བུ་སྨད་ལ་སོགས་པའི་གཞན་རྐྱེན་ལས་རྗེས་སུ་ཆགས་ལྡན་པ། །དེ་རྣམས་དེ་ཚེ་འདོད་ཆགས་ཀྱིས་བཅིངས་པས་བྱང་ཆུབ་མ་ཐོབ་ཅིང་ཡི་དྭགས་སུ་སྐྱེ་བར་འགྱུར་བ་ལ། །པདྨ་གར་དབང་འོད་དཔག་མེད་ཀྱི་དཀྱིལ་འཁོར་རྣམ་པར་སྤྲུལ་ཏེ། །འདོད་ཆགས་ཉིད་ཀྱི་རང་བཞིན་བདེ་བར་སྟོན་པའི་ལམ་གྱིས་ནི། །བརྗོད་དུ་མེད་པའི་གྲངས་ཀྱིས་འགྲོ་བ་མངོན་པར་བྱང་ཆུབ་ཐོབ་བོ། །དེ་གཉིས་མཐུན་པའི་ཆོས་བསྟན་པ་གཙོ་ཆེའོ། །བཞི་པ་དོན་ཡོད་གྲུབ་པའི་དབུགས་དབྱུང་ནི་ཕྱི་ནས་རང་བཞིན་བདེ་ཆེན་གྱི་ལམ་ནུབ་འདོད་ཆགས་བདེ་བར་བྱེད་པའི་ཚིག་ལ་བརྟེན་ནས་ཐ་མལ་གྱི་བདེ་བ་ལ་ཆགས་ལྡན་རྣམས་དང་། །ལམ་བསྒོམ་པ་ལ་ལེ་ལོས་མངོན་པར་ཉམས་ཏེ་མི་བསྒོམ་པ་གྱུར་ནས། །བློ་ངན་ཏེ་རྨོངས་པའི་འཇིག་རྟེན་རྣམས་སྡུག་བསྔལ་སྣ་ཚོགས་པས་རྣམ་པར་འཁྲུགས་པའི་ཚེ། །གཞན་དོན་མྱུར་བའི་མྱུར་འགྲོའམ་སྟེ་རྟ་མཆོག་རྒྱལ་པོའི་དལ་ཆེན་པོར་རབ་ཉིད་སྤྲུལ་ཏེ། །སེམས་ཅན་གདུལ་བྱ་ཐམས་ཅད་བརྩོན་འགྲུས་ཀྱི་ལམ་དང་གནས་ལ་བཞག་ཅིང་། །དེ་ཡང་ལེ་ལོས་ཆོས་མ་རྟོགས། དེས་བྱ་བ་རྣམ་དག་ལ་རྨོངས་ནས་བྱི་རྐུན་སྲོག་གཅོད་བསླུ་བ་སོགས་ཀྱིས་སྡུག་བསྔལ་བའི་སེམས་ཅན་ལ་བརྩོན་འགྲུས་ཆེན་པོས་ཆོས་རྟོགས་སུ་བཅུག སྤྱོད་པ་དེ་དག་དང་རྣམ་པ་མཐུན་པ་ལ་ངོ་བོ་གཞན་དོན་དུ་བསྒྱུར་ནས་འཕྲིན་ལས་སྣ་ཚོགས་ཀྱི་དོན་བྱེད་པ་ནི། བྱི་བོ་རྐུན་པོ་དགྲ་བྱེད་པ་སྟེ་གསོད་དང་བསླུ་བ་ལ་སོགས་དགའ་བ་རྣམས། །རང་རང་དང་མཐུན་ཚུལ་གྱིས་མངོན་པར་སྤྲུལ་པས། །གདུལ་བྱ་ཐམས་ཅད་རྡོ་རྗེའི་གནས་ཆོས་སྐུ་ལ་བཞག་གོ །འདི་ལ་བརྩོན་འགྲུས་མི་མཐུན་པ་དང་འཕྲིན་ལས་མཐུན་པའི་ཆོས་བསྟན་པ་གཉིས་པོ་ཆ་མཉམ་མོ། །ལྔ་པ་ཧེ་རུ་ཀའི་དབུགས་དབྱུང་ནི། གཞི་བསྒྱུར་བའི་ལམ་ནུབ་༼བྱང་ཆུབ་༽པ་ན་རྩོད་པ་དང་ལྡན་ཅིང་སྤྱོད་པ་ངན་པ་སྣ་ཚོགས་པས་སྤྱོད་པའི་འཇིག་རྟེན་མ་རུངས་པར་གྱུར་ཏེ། །ཐམས་ཅད་ཤིན་ཏུ་ཁྲོ་ཞིང་གཏུམ་པ་གསོད་པ་དང་བརྡེག་པ་སོགས་གདུག་པའི་ལས་ལ་དགའ་བ་ཅན། །རབ་ཏུ་ཁྲོས་པའི་རྣམ་པ་ཅན་ཧེ་རུ་ཀའི་དལ་ཆེན་པོར་སྤྲུལ་པར་མཛད་དེ། །དྲག་ཤུལ་གྱི་སྦྱོར་བ་གསོད་པ་ལ་དགྱེས་པ་ལྟར་སྟོན་པར་འགྱུར་ཏེ། །གདུལ་བྱ་མ་རུངས་པ་སྲིན་པོ་དང་གནོད་སྦྱིན་དང་འབྱུང་པོ་དང་གདོན་བཅྭོ་བརྒྱད་སོགས་དང་། །མ་མོ་སྟེ་འཇིག་རྟེན་པའི་མཁའ་འགྲོ་མ་སྲིན་པོ་དང་སྤྱོད་ཡུལ་གཅིག་པ་རྣམས་ཐམས་ཅད་ལུས་དང་ལོངས་སྤྱོད་བཅོམ་པར་བྱས་འདི་ནི་མི་མཐུན་པ་དང་མཐུན་པའི་ཆོས་བསྟན་པ་ཟེར་ཏེ། སྤྱོད་པ་ནི་མཐུན་ཡུལ་མི་མཐུན་ཏེ་གདུལ་བྱ་ཉིད་ཚར་བཅད་པས་མི་འདོད་པ་ཐོག་ཏུ་ཕབ་ནས་བཏུལ་བའོ། །རིགས་སྔགས་དང་། །རྫས་དང་མཚོན་ཆ་འཁྲུལ་འཁོར་དང་། །སྨན་གྱིས་ཀྱང་ནི་གདུལ་དཀའ་ཞི་བས་མི་འདུལ་བ་དེ་ཐམས་ཅད་བཅོམ་སྟེ་ང་རྒྱལ་དང་བྲལ་བ་རྣམས་ལ་ཆོས་བསྟན་ཏོ། །ད་ལྟར་སྔགས་ཀྱི་བསྟན་པ་དྲག་ཤུལ་སྦྱོར་བ་མངོན་སྤྱོད་འོང་བ་རྒྱུ་མཚན་ཡིན་ལ། དལ་ཧེ་རུ་ཀ་བསྟན་པ་ཡིན་གསུངས་སོ། །མཐར་ཐུག་མངོན་སྤྱོད་ནུབ་ཐ་མལ་གྱི་ཞེ་སྡང་ཆོས་སུ་བསྟན་པའི་སྐབས་ཞེ་སྡང་གདུག་གནོན་ཞི་བའི་ཕྱིར། །སླར་ཡང་བདེ་བ་ཆེན་པོ་མགོན་པོ་རྡོ་རྗེ་འཆང་གི་དབུགས་དབྱུང་ལ། །མ་འོངས་པའི་དུས་ན་རབ་ཏུ་འཇུག་པར་འགྱུར་སྟེ། །དེ་དག་ནི་དབུགས་དབྱུང་དཀྱིལ་འཁོར་དམ་པའི་རྣམ་གཞག་གོ། འདི་དག་གི་དཀྱིལ་འཁོར་རྒྱུད་འདི་ན་མིང་ཙམ་མ་གཏོགས་མི་གསལ་ཡང་བཤད་རྒྱུད་མཁའ་འགྲོ་མ་གསང་བ་ཐིག་ལེ་ལས་འབྱུང་ངོ་འོ། །མདོར་བསྡུས་དབུགས་དབྱུང་གཉིས་སུ་བསྟན་པ་ནི། འདིར་ནི་མཚོན་བྱ་དོན་གྱི་དབུགས་དབྱུང་ནི། རྒྱུད་གསུམ་ལ་སོ་སོར་སྦྱར་ཏེ་རྒྱུའི་སྐབས་ལ་སྦྱར་ན་དོན་དམ་བདེན་པ་རྡོ་རྗེ་འཆང་དང་ཀུན་རྫོབ་བདེན་པ་རིགས་ལྔའི་དབུགས་དབྱུང་སྟེ། །འབྲས་བུ་ལ་སྦྱར་ན་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་བ་དང་སྤྲུལ་པའི་སྐུ་རིགས་ལྔའི་དབུགས་དབྱུང་ཞེས། །གཞན་ནི་རྒྱུ་གཞི་ལམ་གྱི་སེམས་རྡོ་རྗེ་འཆང་གི་དང་འབྲས་བུ་དེ་བཞིན་གཤེགས་པའི་ས་ཐོབ་ནས་གཞན་དོན་བྱེད་པ། དེ་བཞིན་གཤེགས་པའི་དབུགས་དབྱུང་སྟེ། །མཚོན་བྱ་དོན་གྱི་དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་དོན་དམ་རྡོ་རྗེ་འཆང་གི་དབུགས་དབྱུང་རྣམ་པ་གཉིས་ཡིན་ཏེ། །བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་དང་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ། །ཀུན་རྫོབ་སངས་རྒྱས་དེ་བཞིན་གཤེགས་པའི་དབུགས་དབྱུང་གཉིས་ཀྱང་འཇིག་རྟེན་དང་། །སྣང་བ་སྒྱུ་མ་ལྟ་བུ་ལ་དེར་རྟོག་པས་བསྐྱེད་རིམ་དང་རླུང་སེམས་ཙམ་གྱི་དཀྱིལ་འཁོར་ཞེས་ནི་རེ་ཞིག་གཉིས་སུ་གཞག་གོ །མཚོན་བྱ་དོན་གྱི་དབུགས་དབྱུང་ལ་བསྒོམ་བྱ་དབུགས་དབྱུང་ཞེས་བྱའོ། །གཉིས་པ་བསྡུས་རྒྱུད་གསུངས་པའི་དགོས་པ་ནི་སེམས་ཅན་རྣམས་ཚེ་ཐུང་བས་ལོང་མེད་པ་དང་བསོད་ནམས་ཞན་པས་བསླབ་མི་ནུས་པ་དང་། །དེའི་རྒྱུ་སྲོག་ཆགས་གསོད་པ་ལ་དགའ་བ་དང་། །འདོད་ཡོན་སྣ་ཚོགས་སྒྲུབ་པ་སོགས་འདོད་པ་ལ་སྤྱོད་པས་གཡེངས་པར་གྱུར་པས། །ད་ལྟར་རྩོད་དུས་སུ་རྒྱུད་རྒྱས་པ་མི་མཁོ་བས་རྒྱུད་རྣམས་ཉུང་ངུར་གསུངས་སོ། །
གསུམ་པ་ཆགས་ལམ་གསུངས་པའི་དགོས་པ་ནི། ཕ་རོལ་ཏུ་ཕྱིན་པའི་རང་ལམ་གྱིས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་བས་གྲངས་མེད་གསུམ་ཉུང་མཐའ་དང་གཞན་ཅི་རིགས་སུ་སྦྱར། བྱང་སེམས་ཐེག་པ་བདེ་བ་པས་རིང་དུ་འགོར་བ་གྲངས་མེད་སུམ་བརྒྱ་སོགས་དང་། ཇི་ལྟར་མྱུར་ཡང་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གཉིས། །འབད་པར་བྱེད་ཀྱང་ད་དུང་ལམ་དེ་ཉིད་ཀྱི་རང་འབྲས་ས་བཅུ་པ་ལས་མི་འདའ་བས་བླ་ན་མེད་པའི་བྱང་ཆུབ་མེད་ལ། །ལམ་དཀའ་བ་མེད་པའི་བདེ་བས་ཚེ་འདིར་བླ་མེད་བྱང་ཆུབ་འགྲུབ་འགྱུར་བ། །དེའི་ཕྱིར་འདོད་ཆགས་ཆེན་པོའི་ལམ་ངེས་པར་བསྟན་པ་ཡིན་ནོ། །ཕར་ཕྱིན་ཐེག་པ་ཁོ་ནའི་རང་འབྲས་སངས་རྒྱས་མི་འབྱུང་བའི་རྒྱུ་མཚན་ཅི་བྱས་པ་ལ། རྒྱུ་བདེ་བས་བསྒྲུབས་ན་འབྲས་བུ་བདེ་བ་དམ་པའི་སྐུ་འཐོབ་པར་འགྱུར་ཏེ། །སངས་རྒྱས་ཀྱི་བདེ་བ་ནི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ། །ཡིན་པས་འབྲས་བུ་དང་མཚུངས་པའི་ལམ་ལས་རྒྱུ་སྒྲུབ་པ། །སྔགས་ཀྱི་ཐེག་པ་ཡིན་པས་འདིས་བླ་མེད་བྱང་ཆུབ་འགྲུབ་ཀྱི་ཕར་ཕྱིན་ལ་དེ་མེད་པས་སོ། །ཐབས་མ་ཚང་ན་སྟོང་པས་མྱ་ངན་ལས་འདས་པའི་མཐར་ལྷུང་ངོ་། །དེ་ཡང་དངོས་སུ་ན་བྱང་ཆུབ་སེམས་དཔའ་འམ་འཕགས་པ་ལམ་ནོར་བ་མི་སྲིད་ཅིང་ས་བཅུའི་ཐ་མར་སྔགས་ལ་མི་འཇུག་པའང་མི་སྲིད་མོད། གལ་ཏེ་སྲིད་ན་བདེ་བ་མེད་ན་སེམས་མར་མེ་ཤི་བ་ལྟར་འགྲོ། ལྷ་སྐུ་སོགས་མེད་ན་སྐུ་མི་འགྲུབ་གཞན་དོན་མི་འབྱུང་ངོ་། །བཞི་པ་བསྙེན་པ་སྤྱིའི་ཆོ་ག་ནི་གཉིས་ཏེ། དང་པོ་བསྙེན་པ་དང་། བསྙེན་པ་ཆེན་པོའོ། །དང་པོ་ལ་ལྔ་ལས། དང་པོ་སྒྲུབ་པོར་འགྱུར་བའི་གང་ཟག་ནི། ཚེ་འདིར་མཚམས་མེད་སོགས་སྡིག་པ་དྲག་པོ་བྱས་པ་མེད་པ་དང་ཆོས་ལ་དད་པ་ཆེ་བ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་སྡོམ་མ་ཉམས་པ་དང་། །སེར་སྣ་ཤས་ཆུང་བ་དང་། ནོར་དང་རིགས་དང་དབང་ཐང་སོགས་ཀྱིས་དྲེགས་པ་མེད་པ་དང་ཐོས་པ་ལ་སོགས་པའི་ང་རྒྱལ་མེད་པ་སྟེ། །བདུན་ཚང་བ་འདིས་ནི་གཡེངས་རྐྱེན་མེད་པར་གཅིག་ཏུ་བསྒྲུབ་ན་དངོས་གྲུབ་ཐེ་ཚོམ་མེད་པར་ངེས་པར་འགྲུབ་པར་འགྱུར་རོ། །སྔོན་གྱི་དགེ་བའི་རྩ་བ་བཟང་པོ་སྨིན་པ་དང་། སྐྱེ་བ་གཞན་དུ་འགྲུབ་པ་དང་། ཚེ་འདིར་ཡང་བརྩོན་འགྲུས་དྲག་པོའི་ཁྱད་པར་བ་༼ས་༽འགའ་ལ་ཐོག་མར་མཚན་ཉིད་བདུན་པོ་དེ་མ་ཚང་ཡང་འགྲུབ་པ་ཡོད་ལ། སྔགས་ཀྱི་སྒོར་ཞུགས་ནས་དེ་དག་ཚང་བར་ཤུགས་ལ་ངེས་པར་དགོས། མཚམས་མེད་ལྔ་དག་ལས་ཅི་རིགས་པ་སྔགས་ཀྱི་དམ་ཚིག་མ་བླངས་གོང་དུ་བྱས་པ་ཡང་། །ཕྱིས་ངེས་འབྱུང་གི་སེམས་སྙིང་ནས་སྐྱེས་ནས་སངས་རྒྱས་འདོད་པས་འདིར་ཞུགས་ཏེ། དེ་ཕྱིན་དམ་ཚིག་དག་པར་བྱས་ནས་འདི་ཡི་སྒྲུབ་པ་པོར་འགྱུར་ན། །གཞན་སྔགས་ལ་ཞུགས་པའི་དང་པོར་སྡིག་པ་ཅུང་ཟད་བྱས་པ་དང་། རིགས་ངན་པ། ཉོན་མོངས་ཤས་ཆེ་བ་དང་། ཟས་དང་སྤྱོད་པ་ངན་པ་སོགས་ལྟ་སྨོས་ཀྱང་ཅི་ཞིག་དགོས། །འོན་ཀྱང་དེ་དག་ཚེ་འདིར་འགྲུབ་མི་འགྲུབ་ཅི་རིགས་སུ་ཡོད་ཅིང་། སྔགས་ཀྱི་སྒོར་ཞུགས་ནས་སྡིག་པ་བྱེད་པ་དང་སེམས་བསྐྱེད་ཉམས་པས་དམ་ཚིག་ཉམས་པའི་ཕྱིར་གཏན་ནས་མི་འགྲུབ་བོ། །གཉིས་པ་སྔོན་འགྲོ་ནི་བགེགས་འཇོམས་པའི་ཕྱིར་བདུད་རྩི་འཁྱིལ་པ་ནི། །བསྙེན་པའི་ཆོ་ག་ལ་བརྟེན་ནས་སྔགས་དང་པོར་འབུམ་ཕྲག་གཅིག་ཉུང་མཐར་ཡང་བཟླས་པ་བྱས་ནས། །བསོད་ནམས་སྤེལ་བའི་ཕྱིར་མཆོད་རྟེན་བཞེངས་པ་ལ་སོགས་པ་སྐུ་གཟུགས་དང་གླེགས་བམ་བཞེངས་པ་བྱེད་པ་དང་། །བྱེ་མ་མཆོད་རྟེན་དང་། གཞན་ཡང་ལྷ་ཁང་དང་། དགེ་འདུན་སཙྪ་སོགས་ཀྱང་བཟུང་ངོ་། །མཆོད་དང་སྐོར་བ་ལ་སོགས་བྱ། །གསུམ་པ་གྲོགས་ནི་སྒྲུབ་པོ་ཆགས་ཅན་ལྟར་ན། ཡན་ལག་དང་ལུས་མཛེས་པ་མཆོག་གམ་ལུས་མ་ཉམས་པ་དང་ལས་འབྲས་སོགས་ཆོས་ལ་དད་པ་དང་ལྡན་པའི། །བུད་མེད་ལོ་བཅུ་དྲུག་ལོན་པ་སོགས་ཡིད་འོང་ངམ་ཡང་ན་གཞན་སྒྲུབ་པ་པོ་ཆགས་བྲལ་གྱི་བརྟུལ་ཞུགས་ཅན་གྱི་གྲོགས་ནི། །སྐྱེས་པ་སྔགས་ལ་སྤྱོད་པ་སྟེ་དབང་ཐོབ་དམ་ཚིག་མ་ཉམས་པ་ལམ་སྒོམ་པར་མོས་པའོ། །སྙིང་རྗེ་དང་བློ་ཤེས་རབ་རིགས་དང་ལྡན་པ། །གང་ལའང་མི་འཇིགས་པའི་སྙིང་སྟོབས་ལྡན་པའི་མཚན་ཉིད་ཚང་བ་གྲོགས་རྣམ་དག་ཞེས་བྱའོ། །མཚན་ཉིད་འདི་རྣམས་སྒྲུབ་གྲོགས་ཀྱི་ཕྱག་རྒྱ་མོ་ལའང་ཚང་དགོས་སོ། །བཞི་པ་གནས་ནི། གནས་གང་ན་བྲམ་ཟེ་ཡོད་ན་བཟླས་པ་དང་སྦྱིན་སྲེག་ལྷ་མཆོད་སོགས་ཁོ་བོ་ཅག་གི་འོས་ཀྱི་ཤཱཀྱའི་དགེ་སྦྱོང་གི་མིན་ཞེས་གནོད་པ་བྱེད་པས་དེ་མེད་པ་དང་། མུ་སྟེགས་ཕལ་ཆེར་སྤྱིར་སངས་རྒྱས་པ་ལ་སྡང་ཞིང་། ཁྱད་པར་ནང་པ་སྔགས་སྒྲུབ་པ་མཐོང་ན་འདིས་སྒྲུབ་ན་ངེད་ཀྱི་སྔགས་མཁན་ཕམ་པར་བྱེད་སྙམ་ནས་གསོད་དུ་འོངས་ཏེ། དེ་གཉིས་སྙིང་རྗེ་མེད་ཅིང་སྡིག་པ་མི་ཤེས་པས་སོ། །ཉན་ཐོས་རྣམས་སྤྱིར་ཐེག་ཆེན་ལ་སྡང་། བྱེ་བྲག་ཏུ་སྔགས་པ་ལ་ངན་དུ་སྨྲ་བས་དེ་དག་མེད་པའོ། །དང་པོ་ལས་ཅན་གྱི་སྔགས་པ་ནི་དེ་དག་མེད་ཅིང་དམངས་དང་ཚོང་པ་མང་བའི་གྲོང་ཁྱེར་དེར་རམ་ནགས་སམ་རི་བོ་གནས་པར་བྱའོ། །
ལྔ་པ་ཆོ་ག་ནི། ཐོག་མར་བསྙེན་པ་ཆུང་ངུ་ནི། བྲིས་སྐུ་བཀྲམ་པ་ལ་མཆོད་པ་དང་གཏོར་མའི་ཆོ་གས་འབུལ་བ་དང་བཅས་ཤིང་། །དང་པོར་མེ་ཏོག་ཕོག་པའི་རིགས་ཀྱི་ལྷ་ཉིད་བསྒོམས་ནས། །སྔགས་བྱེ་བ་དང་གཙོ་བོའི་སྔགས་བྱེ་བར་བཟླས་པ་ལ་བརྩོན་པར་བྱའོ། །ཕྱི་ནས་བསྙེན་པ་ཆེན་པོ་ནི་དཀྱིལ་འཁོར་ཡོངས་རྫོགས་རྣམ་པར་བསྒོམས་ནས། །བཟླས་པ་འབྲུ་གྲངས་ཀྱི་འབུམ་དུ་བྱ་བ་ཡིན་ནོ། །གཉིས་པ་སྒྲུབ་པའི་སྤྱོད་པ་ནི། སྦྱིན་སྲེག་མཆོད་པ་ལ་ཐུན་བཞིར་རྟག་པར་མངོན་པར་བརྩོན་པ་དང་། །རྡུལ་ཚོན་དང་ཆུ་ཚོན་གྱིས་དཀྱིལ་འཁོར་མཛེས་པ་ནི་ཚད་དང་བཤད་ཚོད་དུ་ལྡན་པ་སྟེ་ཆོ་ག་ཚང་མ་བྲིས་ནས་ནི། །དུས་ཟླ་བ་དྲུག་ཏུ་བདག་མདུན་དབྱེར་མེད་དུ་བསྒོམས་ནས་མཆོད་པ་དང་བཟླས་པ་རྒྱུན་མི་འཆད་པར་བྱ། །གསུམ་པ་སྒྲུབ་ཆེན་སྤྱོད་པ་ནི། དོན་ཚན་གསུམ་སྟེ་དེའི་དང་པོ་ཁྱད་པར་བདུན་དང་ལྡན་པའི་སྤྱོད་པ་ནི་སྔགས་པ་ཏིང་ངེ་འཛིན་བརྟན་པ་དང་། ནུས་པ་བརྟན་པ་སྔགས་དང་དེ་བཞིན་གྲོགས་མཚན་ཉིད་ཚང་བས་བར་ཆད་མི་བྱེད་པ་དང་། །ཕྱོགས་བཤད་ཚོད་མ་ནོར་བ་དང་དུས་ཀྱང་ནི་ཟླ་ཚེས་ཉིན་མཚན་སྔ་ཕྱི་སོགས་མ་འཁྲུལ་བ་དང་། རྫས་འཛོམས་ཤིང་མ་ཉམས་པ་དང་བརྩོན་འགྲུས་དྲག་པོ་རྒྱུན་མ་ཆད་པ་དང་། །ལྷ་ནི་མཉེས་པའི་མཚན་མ་མཐོང་བ་སྟེ། འདི་ནི་དངོས་གྲུབ་འགྲུབ་པའི་རྒྱུའི་ཁྱད་པར་བདུན་པར་གསུངས་པ་ཡིན། །གཉིས་པ་སྒྲུབ་པ་པོའི་མཚན་ཉིད་དམ་ཚིག་ཁ་ཟས་ཚུན་ཆོད་ཕྲ་མོ་གཅིག་ཀྱང་མ་ཉམས་པ་དང་། བརྩོན་འགྲུས་མ་ཉམས་པས་སྐྱོ་བ་ཅུང་ཟད་ཀྱང་མི་སྐྱེ་བ། གང་ལའང་ཁོང་མི་ཁྲོ་ཞིང་སྡུག་བསྔལ་དཀའ་བ་ཇི་ཙམ་ཡང་བཟོད་པ་སྒྲུབ་ཆེན་ལ་ཞུགས་སྐབས་དང་། །སྔགས་དང་ལྷ་དང་ཆོ་ག་དང་ཆོས་དང་གང་ཟག་ལ་དད་པ་དང་སྙིང་རྗེ་དང་སྔགས་གསུམ་སྐད་ཅིག་ཀྱང་མ་ཉམས་པ་དང་། །གཉིད་རྨུགས་སོགས་ཀྱི་རྒྱུ་ལས་བྱུང་བའི་ཤེས་བཞིན་མ་ཡིན་པའི་ལེ་ལོ་མེད་པ་རྣམས་ཚང་ན་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ། །
སྟོབས་བཞི་ཚང་བའི་སྤྱོད་པ་ནི། སྐབས་འདིར་འབྱུང་པོ་ཕལ་པས་དངོས་གྲུབ་སྟེར་མི་ནུས་པས་སྲིན་པོའི་རྒྱལ་པོ་དང་། ཚངས་སོགས་ལྷ་ཆེན་དང་། གནོད་སྦྱིན་ཕོ་མོ་རྫུ་འཕྲུལ་ཅན་དང་འཇིག་རྟེན་འདས་པའི་ལྷ་དངོས་སུ་གྲུབ་པ་དང་རིག་སྔགས་གྲུབ་པའི་དྲོད་ཐོབ་མཐུ་ལྡན་ཏེ་རིག་སྔགས་ཀྱང་མིག་ནད་ཞི་བའི་སྔགས་སོགས་ཕྲ་མོ་འགྲུབ་རུང་དངོས་གྲུབ་མི་འབྱུང་བས་རྩ་བའི་རིག་སྔགས་ཡིན་པའོ་ཞིང་། །དེ་དག་ཚང་ཡང་སྔགས་པ་སེམས་སྟོབས་ཆུང་ན་བར་ཆད་འབྱུང་བས་ཆེན་པོ་དང་ལྡན་པ་དང་འདོད་པའི་ལྷ་ནམ་མཁར་གནས་པ་མང་པོ་མཐོང་བ་དང་ལུས་ཆེར་ཡང་བ་དང་མི་མིན་གྱི་ལོངས་སྤྱོད་ཅི་བདེར་སྤྱོད་ནུས་པ་སོགས་མཚན་མ་ཐོབ་ན། །སྒྲུབ་པོ་འདི་ཡིས་དངོས་གྲུབ་བསྒྲུབས་ན་འགྲུབ་པས་བསྒྲུབ་པར་བྱ་ཡི། །གཞན་དུ་དེ་དག་མ་ཚང་བར་བསྒྲུབ་ན་ནི་དཀའ་བ་དོན་མེད་པས་ཉོན་མོངས་པར་འགྱུར་རོ། །ལྔ་པ་རླུང་གི་སྦྱོར་བའི་རྣམ་བཞག་ནི་བཞི་ལས། དང་པོ་རླུང་སྦྱོར་ནི། ལྟ་སྟངས་གཡོན་ནས་ལྟ་བས་དགང་བ་ལ་བསླབ་པ་དང་། །གཡས་ཀྱི་ལྟ་བས་དགུག་པའི་རླུང་སྦྱོར་ལ་བསླབ་པ་དེ་བཞིན་ནོ། །དཔྲལ་བའི་ལྟ་བའི་ལྟ་སྟངས་དང་རེ་ཙ་ཀ་སྟེ་རྡུལ་མཐའ་ཅན་ལ་བསླབ། །སྣ་རྩེར་ལྟ་བའི་ལྟ་སྟངས་ཀྱིས་བུམ་པ་ཅན་ལ་བསླབ་པ་ཡིན་ནོ། །
གཉིས་པ་རླུང་གི་མཚན་ཉིད་ནི། ལྟེ་བའི་འཁོར་ལོ་ལས་ནི་རླུང་བཅུ་པོ་ཐམས་ཅད་བསྐྱེད་པ་ཡིན་ཀྱང་བྱ་བ་སོ་སོའི་གནས་སུ་བྱེད་དོ། །མེ་ཡི་དལ་དགུ་བརྒྱ་པ་ཉིད་དང་ནི་རླུང་གི་དལ་དགུ་བརྒྱ་པ་ཉིད་དང་། །དེ་བཞིན་ཆུའི་དལ་དགུ་བརྒྱ་པ་དང་དབང་ཆེན་དལ་དགུ་བརྒྱ་པ་སྟེ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པས། །སྣ་སྒོ་ནས་རྒྱུ་ཚུལ་མེ་རླུང་སྟེང་དུ་རྒྱུ་བ་དང་རླུང་གི་རླུང་ལོགས་སྟེ་སྟེང་ལ་སོགས་དང་ཆུ་རླུང་ཐད་ཀ་དང་ས་རླུང་འོག་ཏུ་རྒྱུ་ཞིང་གནས་པ་ཡིན་ནོ། །དེ་དག་འབྱུང་ཁམས་ཀྱི་དབང་དུ་བྱས་ལ། གནས་སོ་སོའི་རླུང་བཅུ་ནི། སྲོག་ཆུ་ཤས་ཆེ་བ་སྙིང་ཁ་ནས་བྱ་བ་བྱེད་པ་ཉིད་དང་ནི་ཐུར་སེལ་པས་དབང་བྱས་པ་འདོམས་ན་གནས་པའི་བྱ་བ་བྱེད་པ་དང་། །གྱེན་རྒྱུ་མེ་ཤས་ཆེ་བ་མགྲིན་པར་བྱ་བ་བྱེད་པ་དང་། ཁྱབ་བྱེད་ནམ་མཁའ་ཤས་ཆེ་བ་ཚིག་ཀུན་ཏུ་བྱ་བ་བྱེད་པ་དང་། མེ་དང་མཉམ་རྒྱུ་གནས་ས་རླུང་ཤས་ཆེ་བ་ལྟེ་བར་བྱ་བ་བྱེད་པ་རྣམས་དང་། །འཁོར་ལོ་བཞི་འམ་ལྔའམ་དྲུག་གམ་བཅྭོ་བརྒྱད་ཐམས་ཅད་ཀུན་ཏུ་འགྲོ་ཞིང་སོ་སོའི་བྱ་བ་ཅི་རིགས་པར་སྤྱོད་པའོ། །ཀླུ་དང་རུ་སྦལ་སོགས་རྩངས་པ་དང་། ལྷ་བྱིན་དང་། གཞུ་ལས་རྒྱལ་བ་རྣམས་དེ་བཞིན་དུ། །གཉེ་མ་ལ་སོགས་པ་མཚེར་པ་དང་། གློ་བ་དང་། ལྷ་བྱིན་དང་། མཁལ་མ་རྣམས་ལ་རིམ་པས་རྣམ་པར་གནས་པ་སྟེ། ནང་གི་ལུས་གནས་པའི་བྱ་བ་བྱེད། །རིམ་པ་དེ་ཁོ་ནས་རླུང་དེ་རྣམས་མིག་དང་རྣ་བ་དང་ནི་སྣ། །ལྕེ་དང་ལུས་ཀྱི་དབང་པོ་ལ་གནས་ནས་བྱང་ཆུབ་སེམས་འཛིན་པ་དང་ཁྱབ་པ་དང་དབང་ཤེས་སོ་སོ་བསྐྱེད་པ་དང་། ཁམས་དེ་དག་འཕེལ་འགྲིབ་བྱེད་དོ། །གསུམ་པ་རླུང་གི་སྒོ་ནི། དེ་བཞིན་དུ་སྤྱི་གཙུག །སྨིན་མཚམས། ལྟེ་བ། ཆུ་ལམ། བཤང་སྒོ། མིག །རྣ་བ། སྣ། ཁ་སྟེ་སྐུའི་སྒོ་ནི་དགུ་དང་ཡང་། །འཁོར་ལོ་བཞི་རྩ་མདུད་ཁ་སྦྱོར་ནི་གྲོང་བཞི་སྟེ་རེ་རེ་ན་ཡང་འགྱུ་༼འབྱུང་༽བ་ལྔའམ་རླུང་བཅུ་ཐམས་ཅད་ཀྱི་ཆ་ཤས་གནས་པས་སོ། །དེ་དག་དང་ནི་སྒོ་བཞི་པ་ནི་སྙིང་ཁའི་ཕྱོགས་ཀྱི་འབྱུང་བཞིའི་རླུང་རྒྱུ་བ་སྟེ་གསུང་གི་སྒོ་བཞིའོ། །ཐུགས་ཀྱི་སྒོ་ནི་དམ་པ་སྟེ་བཟང་པོ་གཉིས་ཉིད་དེ་སྙིང་ཁའི་སྟེང་འོག་གི་རྩ་མདུད་དང་། །ཐུགས་ཀྱི་དམན་པ་ངན་པའི་སྒོ་ནི་རྣམ་པ་གཉིས་ཏེ། །དེ་ཡང་བུ་ག་དགུའི་རླུང་གིས་ལུས་རག་པ་སྐྱེ་འབྲི་བྱེད་པས་སྐུའི་སྒོ་དང་ངག་རླུང་རྣམས་ཀྱིས་འགྲོ་འོང་བྱེད་པ་ཡིན་པས་གསུང་གི་སྒོ་དང་། ལམ་དུ་མ་བྱས་ན་སེམས་གཟུང་འཛིན་གྱི་རྣམ་རྟོག་སྐྱེད་ཅིང་། ལམ་དུ་བྱས་ན་བདེ་སྟོང་གི་ཡེ་ཤེས་འཆར་བ་ཡིན་པས་ཐུགས་ཀྱི་སྒོར་བཞག་པའོ། །དེ་དབུ་མའི་ཡས་སྣ་དང་མས་སྣ་གཉིས་སུ་བཞེད་ལ། འགྲེལ་པ་གཉིས་ལས་སྨིན་མཚམས་དང་སྤྱི་གཙུག་གི་སྒོ་གཉིས་ཏེ། གཏུམ་མོའི་འབར་མཐའི་སྒོ་ལ་བཤད་དོ། །བཞི་པ་དགོས་པ་ནི། བྱེད་པ་བཅིངས་བའི་སྦྱོར་པས་རྩ་མདུད་ཀྱི་སྒོ་ཕྱེ་ཞིང་། །ཡུར་བ་ལེགས་པར་བཅོས་པ་ལས་ནི་ཆུ་བདེ་བར་འབབ་ལྟར། །དེ་བཞིན་རླུང་གི་སྦྱོར་བ་སྣ་ཚོགས་པས་རྩ་ལམ་སྦྱངས་པ་ཡིས་གནས་སྐབས་སུ་ནད་བྱང་། མངོན་ཤེས་ཐན་ཐུན་གྱི་ཡོན་ཏན་སྐྱེ། ལུས་ཡང་ཞིང་བདེ། ཐིག་ལེ་ཅི་འདོད་འགྲོ་འོང་ཐུབ་པ་དང་། །མཐར་ཐུག་དབུ་མར་རླུང་དང་རྣམ་རྟོག་འགགས། ཡེ་ཤེས་ཀྱི་སྐུ་འགྲུབ་པས་ལུས་ནི་དག་པར་བྱེད་པ་ཡིན་ནོ། །དྲུག་པ་དགའ་བ་ལ་སོགས་པའི་ཡེ་ཤེས་བཤད་པ་ལ་དང་པོ་སྒྲུབ་པ་པོ་བཤད་པ་ནི། སྒྲུབ་པོའི་དབང་པོ་གང་ཞིག་སྟེ། དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པས་རླུང་གི་ནུས་པ་ཐོབ་པ་སྟེ། དབང་པོ་ཞེས་པའི་སྒྲས་སྒྲུབ་པོ་ཕལ་པ་མ་ཡིན་པ་བསྟན། གཙོ་བོར་སོ་ཐར་གྱི་སྡོམ་པ་དང་ལྡན་པ་གཅིག་དགོས་པས་ཐ་མ་ཡང་དགེ་བསྙེན་ནམ་འབྲིང་དགེ་ཚུལ་ལམ་རབ་དགེ་སློང་ཡང་རུང་སྟེ། ༼དེ་ཡང་གཙོ་བོར་ཏེ་མཐའ་གཅིག་ཏུ་སོ་ཐར་རིས་བདུན་བླངས་དགོས་པ་ནི་མ་ཡིན་ནོ། །ཚངས་སྤྱོད་ལ་མི་རུང་བསམ་པའི་ལོག་རྟོག་བཟློག་པའི་ཕྱིར་དགེ་ཚུལ་སོགས་སྨོས་སོ་༽ཞེས་པས་ལས་རྒྱ་བསྟེན་པ་དང་། ཚངས་སྤྱོད་ཀྱི་སྡོམ་པ་མི་འགལ་ཏེ་རླུང་གིས་ཐིག་ལེ་འཆིང་ནུས་ཤིང་། ལྟར་༼ལྷར་༽སྣང་དང་། སྟོང་ཉིད་སྒོམ་པ་ཡོད་ན། རྟེན་དགེ་སློང་མཆོག་སྟེ་ལས་རྒྱ་བསྟེན་པའི་དགེ་སློང་གི་སྡོམ་པ་གོང་འཕེལ་དུ་འབྱུང་བའོ། །གཉིས་པ་གནས་བསྟན་པ་ནི། མུ་སྟེགས་ཉན་ཐོས་སྐལ་མེད་ཀྱི་སྐྱེ་བོ་རྣམས་ལ་ཤིན་ཏུ་གསང་དགོས་པས་ཤིན་ཏུ་དབེན་པའི་རི་བོའམ་རང་འཁྲུངས་ཀྱི་ནགས་ཚལ་ལམ། རང་གི་བདག་ཏུ་བཟུང་བའི་སྐྱེད་མོས་ཚལ་ལམ་སྒོམ་ཁང་ངམ་གྲོང་ཡིན་ཡང་རུང་སྟེ་རང་གི་ཁྱིམ་དུ་གནས་པས་གསུམ་པ་ཕྱག་རྒྱའི་མཚན་ཉིད་བསྟན་པ་ནི། ལུས་གཞོན་ཤ་ཆགས་པས་ལང་ཚོ་ལྡན་པ་ལོ་བཅུ་དྲུག་མ་ཡན་ཆད་སྐྱེ་གནས་མ་ཉམས་པའི་གཞོན་ནུ་མའམ་ཉི་ཤུ་མ་ཉེར་ལྔ་མ་ལ་སོགས་པ་ཇི་སྲིད་དུ་ལང་ཚོ་མ་ཉམས་པའི་དར་བབ་མ་བླངས་ཏེ་དེའང་བཅུ་གཉིས་མ་ལོན་པ་དང་ལྔ་བཅུ་ཐལ་བ་སྤྱོད་པའི་སྐབས་མ་གཏོགས་བསྟེན་དུ་མི་རུང་ངོ་། །གཟུགས་མཛེས་ཤིང་བཟང་མིག་ཡངས་ཤིང་དཀར་ནག་ཕྱེད་པ་མཛེས་པ་སྐྲ་བཟང་བ་ནག་སེར་ལི་བའམ་རིང་བའི་དོན། །སྤྱིར་སྔགས་དང་ཁྱད་པར་ཆགས་ཆེན་གྱི་སྤྱོད་པའི་ལམ་འདིར་བློ་མོས་པས་བརྟན་པོ་རྙེད་ནས་ནི། །མཆོག་ཏུ་དགའ་བའི་སྤྱོད་པ་དགའ་བཞི་རབ་ཏུ་བརྩམས། །རིག་མ་དེ་ཚེ་འདིའི་ཟས་ནོར་གཏམ་དབང་ཐང་སོགས་འདོད་པའི་ལོངས་སྤྱོད་ལ་མ་ཆགས་པར་ངེས་འབྱུང་ཆེ་ཤིང་། །དགའ་བཞིའི་ཉམས་ལེན་གྱི་བདེ་བ་ལ་མངོན་པར་རྗེས་སུ་ཆགས་པ། །སྐྱེས་པ་གཞན་ལ་རང་བཞིན་གྱིས་མི་དགའ་ཞིང་། གསང་སྔགས་སྤྱོད་པའི་རྣལ་འབྱོར་དང་ལྡན་པ་མཐོང་བ་ཙམ་གྱིས་དགའ་བ་སྐྱེ་བ། ཁྱད་པར་རྩ་བཟང་བ་དང་བདེ་བ་ཆེ་བ་དང་རྣམ་རྟོག་ཆུང་བ་དང་གསུམ་འཛོམས་ན། སྤར་༼སྤྱར་༽འདེབས་པའི་དཔེས་སྒྲུབ་པ་པོའི་རྩ་དག་པ་དང་། བདེ་བ་དང་མི་རྟོག་པ་སྐྱེད་པ་དང་གསུམ་འབྱུང་ངོ་། །དེ་ལྟར་དུ་བརྟེན་པ་ལས་སྦྱོར་བའི་དངོས་གྲུབ་སྟེ་མཆོག་གི་དངོས་གྲུབ་ཐོབ། །བཞི་པ་དགའ་བཞི་དངོས་ལ། དགའ་བ་བཤད་པ་ནི། ཐབས་ཤེས་གཉིས་ཀ་ལུས་ནི་ཤ་ཆང་དང་བཅུད་ཀྱི་སྦྱོར་བ་སོགས་ཀྱི་རབ་ཏུ་བརྟས་ཤིང་སྟོབས་དང་ལྡན་པར་བྱས་ལ། །དགའ་བའི་ཚིག་འཇམ་པོ་འཁྲིག་ཚིག་སྣ་ཚོགས་དང་བྱམས་ཤིང་དགའ་དགའ་ལྟར་བྱེད་པ་དང་། གླུ་གར་སོགས་རོལ་མོ་དང་། །གོང་དུ་བཤད་པ་ལྟར་ཕན་ཚུན་འཁྱུད་དང་ཙུམ་པ་སྟེ་འོ་གདབ་པ་དང་ཏ་ནུ་འདྲུད་པ་སྟེ་མཁུར་བཤུད་དང་། །ཟེའུ་འབྲུ་དང་བཅས་པའི་འདབ་ལྡན་སྟེ་པདྨ་ཤིང་བུ་དང་སོར་མོ་ལྕེ་དང་རྡོ་རྗེ་ནོར་བུ་རྫས་ཀྱི་སྦྱོར་བ་དང་བཅས་པས་པདྨའི་ཕྱི་ནས་ཉེ་བ་དང་འཚབ་པ་དང་ནང་དུ་དཀྲུག་ཅིང་སྐུལ་བ་ཡིས། །ཤེས་རབ་མ་ལུས་འདར་ཞིང་གཡོ་བ་དང་འདོད་པ་རྒྱས་པའི་ཤུགས་ཀྱིས་སེམས་བརྟན་ཅིང་ཁེངས་པ་ཉམས་པ་དང་དགའ་བ་སྟེ། འདོད་པ་སྤྱོད་པ་རིངས་པ་དང་། །ཆགས་པའི་བདེ་བ་སྐྱེས་པའི་རྟགས་སུ་མིག་ཟིམ་ཟིམ་དུ་ཟུམ་པར་འགྱུར་བ་དང་། དེ་སྐབས་སུ་རྣལ་འབྱོར་པ་བདག་ཉིད་ཀྱི་ཉམས་མྱོང་ལ། །འཁྱུད་པ་སོགས་ལུས་ཀྱི་ལས་མང་ཡང་འབྲས་བུ་བདེ་བ་ཅུང་ཟད་ཙམ་མ་གཏོགས་ཆུང་བས། །གང་རེག་པའི་ཆ་ཤས་ལ་བདེ་བ་སྐྱེ་བ་དགའ་བ་དང་པོའོ། །སྟེང་གདོང་དང་འོག་ཏུ་རྡོ་རྗེ་དང་པདྨ་ལ་རྣམ་པར་བལྟས་ནས། །གཡའ་ཆུའི་རླན་དང་བཅས་པའི་པདྨ་རྩ་ལོངས་ཤིང་ཅུང་ཟད་ཁ་ཕྱེ་བ་རབ་རྒྱས་པར། །རྡོ་རྗེ་མཁྲང་ཞིང་རྒྱས་པ་རབ་ཏུ་བཅུགས་པས་ནི་དལ་བུས་བསྐྱོད་ཅིང་འཇུག་པའོ། །ཤེས་རབ་མའི་ལུས་འདར་བ་དང་དབུགས་དང་སྐད་རྔམ་ཞིང་འགྱུར་དང་སཱིཏ་ཀྱི་སྒྲ་སྟེ་མཁུན་ཅིང་སོ་བར་ནས་དབུགས་གྲང་མོར་འདོན་པའོ། །ཨུ་ཡིག་ནི་སྒྲ་གསང་མཐོན་པོར་འཇུག་པའོ། །དྲོད་བཅས་ནི་ལུས་ལ་དྲོད་སྐྱེས་པའོ། །སྒྲ་ཉམས་པ་སྟེ་ཚིག་འབྲུ་མི་འགྱུར་བ་དང་ཆགས་པའི་ངག་ཚིག་མི་གོ་བར་སྨྲ་བའོ། །དེ་ལྟར་བུ་མོས་ཡེ་ཤེས་འཐོབ་པར་འགྱུར་ཏེ། །ཐབས་རང་ཉིད་ལ་ལུས་ཀྱི་རྩོལ་བ་ཆེན་པོ་བྲལ་ཞིང་ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་རིམ་གྱིས་བདེ་ཁྲིལ་ཁྲིལ་སྐྱེ་བ་ནི། །མཆོག་ཏུ་དགའ་བ་ཡང་དག་བརྗོད། །དབང་པོ་གཉིས་རབ་ཏུ་བསྐྱོད་ཅིང་ཕོ་མོ་གཉིས་ཆར་ཀྱིས་བསྐྱོད་པ་ལས། །རིག་མ་བདེ་བ་མི་བཟོད་པས་ངུ་བའམ་དགའ་བདེས་དགོད་པ་ཤོར་བའམ་བྱིས་པའི་ཚུལ་ལྟར་གཏམ་ཅལ་ཅོལ་སྨྲ་བའོ། །འདོད་པའི་བདེ་བས་མི་བཟོད་ཅིང་གཞན་གང་ཡང་མི་དྲན་པས་དྲན་པ་ཉམས་པ་དང་། །ཐབས་བདག་གིས་ཐོབ་པའི་ཡེ་ཤེས་ནི་ལུས་སེམས་བདེ་ཞིང་གསལ་སྟོང་གི་ཉམས་འབྱུང་བ། །སེམས་སྤྲོས་པའི་རང་བཞིན་དང་བྲལ་བ་འདི་ལྷན་སྐྱེས་ཀྱི་དགའ་བ་ཡིན། །ཐིག་ལེ་འཛག་པས་བདེ་བ་ཉམས་པ་བྲལ་བའི་དགའ་བ་དེ་ལྟ་བུ་སྤངས་ནས། །ཡེ་ཤེས་ཏེ་སྟོང་པ་ལ་མཉམ་པར་བཞག་པ་དང་། དམིགས་པ་མཆོག་གིས་ཐིག་ལེ་དགག་པར་བྱ། །ཡང་ན་དེ་ཙམ་གྱིས་བཀག་མི་ཐུབ་ན་བཙན་ཐབས་སྦྱོར་བས་དགག་པར་བྱའོ། །བཀག་པས་ཐིག་ལེ་ཟིན་པའི་རྟགས་རྡོ་རྗེ་ཆེས་འཕྲང་ཞིང་སྦོམ་པར་འགྱུར་བ་དང་། ནོར་བུ་ན་ཐང་བ་དང་། བདེ་བ་སྦྲིང་གི་གནས་པ་འབྱུང་། དེ་ནས་ཐིག་ལེ་དྲངས་པས་སོ། །རྡོ་རྗེ་ཐུགས་ཧྲིལ་གྱིས་འཁུམས་པ་དང་ཆུ་སྐྱེས་དང་བྷ་ག་ཁ་རུབ་ཀྱིས་ཟུམ་པ་དང་། །ཐབས་ཀྱི་ལུས་སྟོང་སེང་གིས་སོང་བ་སྙམ་བྱེད་པས་ད་ལྟ་བདེ་བ་གསལ་པོ་མེད་ཀྱང་སྔར་གྱི་བདེ་བ་རྗེས་དྲན་བྲལ་བའི་དགའ་བའོ། །མས་བརྟན་གྱི་དགའ་བཞི་དགའ་བྲལ་དུ་བསྡུས། ཡས་བརྟན་དགའ་བཞི་ཡང་གཞན་གསུམ་དུ་བསྡུས་པའོ། །ལྔ་པ་སྦྱོར་ཐབས་བཤད་པ་ནི། ཕྱག་རྒྱ་ལ་འཁྲིག་ཐབས་མཆོག་ཏུ་བཅིངས་བ་རྣམ་པ་བདུན་གྱི་བསྐྱོད་དེ། །ཐབས་ཀྱི་ཕྲག་པར་ཕྱག་རྒྱ་མོའི་རྐང་པ་འདི་ལ་གཡས་འགེལ་བ་དང་། གཡོན་འགེལ་བ་དང་། གཉིས་ཀ་འགེལ་བའི་སྦྱོར་བ་དང་གསུམ་མོ་ཟུང་སྟེར་བ་དང་། །སྟེང་ནས་ཕལ་པ་ལྟར་ཆགས་པ་སྤྱོད་པ་དང་ཤེས་རབ་མ་གློ་གཡས་དང་། ཐབས་ཀྱི་གཡོན་འོག་ཏུ་ཕབ་སྟེ་སྦྱོར་བ་དང་དེ་གཉིས་གོ་བཟློག་སྟེ་འཁྲིག་པ་ནི་ལོགས་དང་ཐད་ཀ་རྡོ་རྗེ་སེམས་དཔའི་བྱེད་པ་སྟེ་སྐྱིལ་ཀྲུང་བཅས་ནས་ཤེས་རབ་མ་པང་དུ་བླངས་ཏེ་སྤྱོད་པ་དང་། རྒྱབ་ནས་དུད་འགྲོ་ལྟར་སྤྱོད་པ་དང་། །ཤིན་ཏུ་རྐྱང་བ་ནི་འཇིག་རྟེན་པ་ལྟར་སྤྱོད་པ་ལས་ཐབས་ཀྱི་རྐང་པ་གཉིས་བརྐྱང་བ་དང་བསྣོལ་བ་ནི་ཕལ་པ་ལྟར་རེ་རེ་ཐད་ཀ་ལྟར་ཡང་རུང་སྟེ། ཐབས་ཀྱི་གཡས་ཤེས་རབ་ཀྱི་རྐེད་ལ་འཁྱུད་ན་ཤེས་རབ་མའི་གཡས་བརྐྱང་ཐབས་ལ་འཁྱུད་པ་དང་། ཡང་དེ་གཉིས་གོ་བཟློག་པ། སྦྱིར་༼གྱིན་༽གོར་སོགས་འོ། །རྫས་ཀྱིས་ཐིག་ལེ་འཕེལ་བའི་རིམ་གྲོལ་བྱས། །
ཡེ་ཤེས་བསྐྱེད་པའི་ཐབས་ནོར་བུ་བསྟན་པ་ནི། ཆ་ག་བའི་སྦྱོར་བ་སོགས་སྐྱེ་གནས་དམ་པོར་འགྲོ་བ་དང་ཚ་བར་འགྲོ་བ་ཡིས། །སྨན་གྱི་སྦྱོར་བ་ཐམས་ཅད་བྱ་བར་བྱའོ། །དགོས་པ་ནི་འདི་ཡིས་བདེ་བའི་ཡེ་ཤེས་རྒྱས་ཏེ་བདེ་བས་གནས་ལུགས་རྟོགས་པར་འགྱུར་བ་ཡིན། །དྲུག་པ་རྗེས་ཆགས་དངོས་གྲུབ་ཀྱི་རྒྱུར་ངེས་པར་དགོས་པའི་རྒྱུ་མཚན་ནི། ཞིང་རྣམས་ན་གནས་པའི་བུད་མེད་དེ་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་རྣམས། །འདོད་ཆེན་ཆགས་པའི་སྦྱོར་བས་གཡོག་ཏུ་བཀོལ་བ་མནན་བྱས་པས་དགྱེས་པར་འགྱུར་བ་ཡིས། །མེ་ཏོག་སོགས་ཀྱིས་མཆོད་པ་ཙམ་ལ་མི་དགོས། །ཤེས་པ་དེ་མེ་ཏོག་སོགས་མི་དགོས་པའི་དོན་ཆེན་ལ་རྗེས་ཆགས་དགོས་པའི་དོན་ཡིན་ནོ། །སྦྱོར་བ་གང་གིས་རྡོ་རྗེ་མཁྲང་ཞིང་རྒྱས་པ་དང་། །པདྨའི་རྩ་སད་ཅིང་རྩ་སྣ་ནར་ཞིང་ལུགས་པར་འགྱུར་བ་དང་འགྲམ་དང་བྱ་ལྕེ་རྒྱས་པར་འགྱུར་པའི་རྫས་སྦྱོར་དེ་བསྟེན་བྱ། །བདུན་པ་གསང་བའི་བཅུད་ལེན་ལ་གཉིས་ལས། སོ་སྐྱེའི་ལམ་གྱི་སྐབས་ན་ཆུ་སྐྱེས་བྷ་གའི་དབུས་སུ་བྱང་སེམས་ཕྱུང་ལ། །དེ་ཡི་ཡེ་ཤེས་ལྷན་སྐྱེས་དགའ་བྲལ་དང་བཅས་པ་མཚོན་པར་བྱས་ནས། །མེ་ཏོག་ཤེས་རབ་མའི་རཀྟར་བཅས་པའི་རང་གི་ཐིག་ལེ་ལིངྒས་བཏུང་། །ར་ས་ཡ་བཅུད་ལེན་ཎའི་འགྲེལ་ཆེན་ལས་ནི། ར་རཱ་ག་ཆགས་པ། ས་ས་རྭ་༼ཏྭ་༽སྙིང་སྟོབས་ཡ་ཡོ་ནི་སྐྱེ་གནས། ཎ་ཀ་རུ་ཎ་སྙིང་རྗེ་སྟེ་སྙིང་རྗེའི་སྐྱེ་གནས་སྙིང་སྟོབས་ཀྱིས་ཆགས་པས་བདེ་བའོ། །འཕགས་ལམ་གྱི་ས་བཅུའི་སྐབས་ནི་རབ་ཏུ་དགའ་སོགས་གནས་བྱས་ནས་ཏེ། །ས་དེ་དག་ལ་གནས་པའི་འཕགས་པ་རྣམས་ཐིག་ལེ་རགས་པ་དག་ཟིན་པས་དེའི་འགྱུར་བ་མེད་ཀྱང་སེམས་ཀྱི་སྣང་བ་ཙམ་བདེ་བའི་གཏན་གྱི་ཐིག་ལེ་འགྲོ་འོང་བྱེད་པའི་འགྱུར་བར་སྟོན་ཅིང་། །དེ་ཡང་རང་དབང་དུ་གྱུར་པའི་འགྲོ་འོང་ཡིན་པའི་ཕྱིར་ཡོན་ཏན་ཞེས་སོ། །དེ་སྐབས་ཀྱི་སྤྱོད་པའི་སྐབས་འགར་ཐབས་ཀྱི་ཁུ་བ་ཕྱེད་ཤེས་རབ་ཀྱི་པདྨར་འོངས་ནས་དེ་ཉིད་ཀྱིས་ཤེས་རབ་མའི། །རྩ་འཁོར་ལོར་སོ་སོར་འགྲོ་འོང་བྱས་པས་རྩ་སད་པར་བྱེད། །དེ་ཡང་ཤེས་རབ་མའི་གསང་བའི་འཁོར་ལོའི་ཕྱེད་ཐབས་ཤེས་ཀྱི་དཀར་དམར་འདྲེས་པར་ཕྱེད་ཀྱིས་གང་ཞིང་ཁྱབ་ལ་བརྟན་པར་བྱས། ཕྱེད་ཀྱིས་ཐབས་ཀྱི་གསང་བའི་འཁོར་ལོའི་ཕྱེད་བརྟན་གང་ཁྱབ་པར་བྱས་པས་ས་དང་པོ་སྦྱང་ངོ་། །དེ་བཞིན་དུ་གསང་འཁོར་ཕྱེད་གཅིག་ཤོས་ཀྱིས་ས་གཉིས་པ་དང་། དེས་མཚོན་ལྟེ་བ་ལ་ཆ་གཉིས་ཀྱིས་གསུམ་པ་དང་བཞི་པ། སྙིང་ཁ་ལ་ཆ་གཉིས་ཀྱིས་ལྔ་པ་དང་དྲུག་པ། མགྲིན་པ་ལ་ཆ་གཉིས་ཀྱིས་བདུན་པ་དང་བརྒྱད་པ། སྤྱི་བོ་ལ་ཆ་གཉིས་ཀྱིས་དགུ་པ་དང་བཅུ་པ། སྤྱི་གཙུག་ལ་ཆ་གཉིས་ཀྱིས་བཅུ་གཅིག་པ་དང་བཅུ་གཉིས་པ་སྦྱོང་། དེ་ཐམས་ཅད་ཀྱང་གང་ཁྱབ་བརྟན་གྲུབ་པའི་དབང་དུ་བྱས་ཀྱིས་སྤྱིར་སྤྱི་བོར་བརྟན་པའི་བར་ཤེས་རབ་དང་པོའོ། །གཉིས་པ་ཀ་ལ་རྟག་ཏུ་༼ཤེས་རབ་དང་པོའི་གཉིས་ཀ་ལ་དྲག་ཏུ་༽དགོས་ཤིང་། འདིའི་རྩ་ཐིག་གཉིས་ཀར་རགས་པ་མིན་ཡེ་ཤེས་སྣང་བ་ཙམ་ཡིན་ལ། ཐབས་ཀྱི་བྱང་སེམས་ཤེས་རབ་ཀྱི་འཁོར་ལོ་སོ་སོར་འབབ་པ་དམིགས་པ་འོད་ཟེར་སྤྲོ་བསྡུ་ལྟ་བུ་ཡིན་ནོ། །
བརྒྱད་པ་ཆགས་ལམ་གྱི་མཐར་ཐུག་ས་བཅུ་གཉིས་མངོན་དུ་བྱེད་ཚུལ་ནི། གཟུགས་མཛེས་པ་ལ་བལྟས་པའི་བདེ་བའི་འབྲས་བུ་ས་དང་པོ་དང་དགའ་བའི་སྒྲ་ཉན་པའི་འབྲས་བུ་ས་གཉིས་པ་དང་། །དྲི་བསྣམས་པའི་བདེ་བ་ལ་སེམས་ཟིན་པའི་འབྲས་བུ་ས་གསུམ་པ་དང་མ་མཆུའི་སྦྲང་རྩི་བཏུང་བ་རོ་ལ་སེམས་ཟིན་པའི་འབྲས་བུ་ས་བཞི་པ་དང་། །འོ་དང་འཁྱུད་པ་སོགས་ཕྱིའི་རེག་བྱའི་བདེ་བ་ལ་ས་ལྔ་པ་དང་གཉིས་གཉིས་སྤྲོད་པ་རེག་པས་ཐོབ་པའི་བདེ་བ་ལ་སེམས་ཟིན་པའི་ས་དྲུག་པ་དང་། །རྡོ་རྗེ་དྲག་ཏུ་བསླང་བ་བྷ་ག་ཡིས། །འཚིར་བ་རེག་པ་སྲ་བ་ས་ཁམས་ཀྱི་བདེ་བ་ལ་ས་བདུན་པ་དང་རྡོ་རྗེ་པདྨའི་ཟིལ་བས་གཤེར་བ་ཆུ་ཁམས་ཀྱི་བདེ་བ་ལ་ས་བརྒྱད་པ་དང་། །གསང་གནས་སོགས་སུ་དྲོད་སྐྱེས་མེ་ཁམས་ཀྱི་བདེ་བ་ལ་ས་དགུ་པ་དང་གཡོ་བ་རླུང་ཁམས་ཀྱི་བདེ་བ་ལ་ས་བཅུ་པ་དང་རྣམ་ཤེས་གསུམ་སྟེ་སྣང་མཆེད་ཐོབ་གསུམ་ས་བཅུ་གཅིག་པའོ། །བཅུ་གཉིས་པ་སངས་རྒྱས་སོ། །༼སློབ་པ་བཅུ་གཉིས་ལྟར་ན་སྣང་མཆེད་ཐོབ་པ་དང་བཅུ་བཞི་ལྟར་ན་སྣང་གསུམ་ཕྲལ་བའོ། །༽དེ་དག་ལ་རབ་ཏུ་དགའ་བ་ལ་སོགས་པའི་སར་བརྗོད་ཅིང་ངོ་བོ་གཞན་དུ་བཤད་པ་ནི། །ས་བཅུ་པའི་མདོ་སོགས་ཆོས་ཀྱི་ཕུང་པོ་ཟབ་མོ་རིན་ཆེན་གྱི་སྣོད་དང་འདྲ་བའི་ནང་དུ་སྦས་སོ། །དགུ་པ་ལམ་གྱི་ཐོག་མཐའ་གཉིས་སུ་ངེས་པར་ཕྱག་རྒྱ་༼ལ་༽བསྡུས་ཚུལ་ནི། ཏིང་ངེ་འཛིན་གྱི་སྟོབས་རྙེད་པ་ལ་ལས་རྒྱ་ལ་མ་བསྟེན་པའི་ཡེ་ཤེས་ཡོད་ཀྱང་རྫོགས་རིམ་བདེ་བ་ལའམ། སྣང་བ་གསུམ་མམ་དགའ་བཞི་ལའམ། སེམས་ལ་དམིགས་པ་དང་པོའི་ལས་ཅན་གྱི་དོན་ཏེ་བསྐྱེད་རིམ་སོགས་དང་སྤྱི་ལྡོག་ནས་མི་སྦྱོར་རོ། །རྣམས་ལ་ནི། །བུད་མེད་སྤངས་པའི་རང་ལུས་ཙམ་གྱིས་སྣང་བ་གསུམ་དང་། དགའ་བ་བཞིའི་རྟོགས་པ་རྫོགས་པར་སྐྱེད་པའི་ཡེ་ཤེས་མེད། །དང་པོ་དེ་སྐྱེད་པ་དང་ཐ་མར་སངས་རྒྱས་ཐོབ་ཀ་གཉིས་ཀར་གཉིས་སྦྱོར་གྱི་ལམ་ལ་བརྟེན་པས། །སངས་རྒྱས་ཀྱི་བདེ་བ་ཆེན་པོའི་སྐུ་རབ་ཏུ་འགྲུབ་བོ། །བཅུ་པ་དགོས་པ་ཁྱད་པར་ཅན་གྱི་དམིགས་གསལ་ནི། ནུས་པ་དང་བྲལ་བ་སྟེ་མ་ཐོབ་ལ་རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་གོང་མ་ཅན་གྱི་དབང་བསྐུར་བ་ན། །ལྷན་སྐྱེས་མཚོན་ཟིན་ནས་པདྨར་བྱང་སེམས་ནི་མངོན་པར་དབབ་པས། །བདེ་གཤེགས་མཆོད་པར་འགྱུར་བའི་ཆོ་ག་བྱ་བ་ཉིད་ལ་ནི་ཉེས་མེད་དོ་ཞེས་པའོ། །མིའི་ཉི་མས་སློབ་དཔོན་ནུས་བྲལ་གྱིས་གསང་དབང་བསྐུར་བ་ལ། ཐིག་ལེ་བརྟན་པར་བྱེད་མ་ནུས་ཀྱང་དགོས་པའི་དབང་གིས་སོ་ཞེས་འཆད་དོ། །དུས་གཞན་དུ་བྱང་ཆུབ་ཀྱི་སེམས་ཕྱུང་ན་དངོས་གྲུབ་རིང་སྟེ་ཐོན་དཀའོ། །བཅུ་གཅིག་པ་བུད་མེད་གཙོ་བོར་གྱུར་པའི་རྗེས་ཆགས་བསྒོམ་ཚུལ་ལ་སྔོན་འགྲོ་ནི། །བུད་མེད་དག་ཀྱང་རྗེས་ཆགས་ཀྱི་ལམ་འདིས་གྲོལ་བར་འགྱུར་ཏེ། །དེའང་བུད་མེད་ཉིད་གཙོ་བོའི་ཚེ་རྩ་སྦྱང་བའི་སྐབས་སོར་མོ་དང་ཤིང་དང་པགས་པ་ཡི། །འཁྲུལ་འཁོར་དག་གིས་རྩ་སད་པར་བྱ་ལ་དགའ་བཞི་རྗེས་མཐུན་སྒོམ་ནུས་པའི་ཚེ་དངོས་༼དགོས་༽ཀྱི་ཐབས་ནུས་ལྡན་ནི་ངེས་པར་བསྟན་ལ་ནུས་བྲལ་ཡང་སྒྲུབ་ཏུ་རུང་བའི་སྐབས་ཡོད་དེ། ཐབས་ཀྱི་རིག་མ་བཞིན་ནོ། །སྐྱེས་པ་བཅུ་དྲུག་མ་ལོན་པ་དང་། དྲུག་ཅུ་རྒལ་བ་བདེ་བའི་དོན་དུ་མི་བརྟན་སྐད། །དགོས་པ་ནི་འདོད་ཆགས་ཆེན་པོ་ལམ་དུ་བྱེད་པར་དགའ་བའི་བུད་མེད་རྣམས་གཙོ་བོ་རབ་ཏུ་གྲོལ་བའི་ཕྱིར། །རྣམ་འབྱོར་མ་རྒྱུད་རྣམས་རྒྱས་པར་ཕྱེ་བ་ཡིན་ཏེ། ཆགས་ཆེན་སྤང་བ་དང་། ཡེ་ཤེས་སུ་འཁྱེར་མི་ནུས་པ་ལ་མ་ཡིན་ཅིང་། བུད་མེད་ཀྱང་མི་མོ་ཁོ་ན་ལ་མི་སྦྱོར་གྱི་འགྲོ་བའི་རིགས་ཀུན་ལ་ཡོད་དོ། །བུད་མེད་ཆེས་དབང་པོར་རྣོ་བར་བསྟན་པ་ནི། བདེ་བ་སྐྱེ་བྱེད་ཀྱི་རྩ་བདུན་ཅུ་གཉིས་ནི། །སྐྱེས་པ་ལ་མེད་པ་བུད་མེད་རྣམས་ཀྱི་ལྷག་པའི་རྩ་ཡིན་ཏེ་རྩ་ཉེར་བཞི་ལས། རླུང་ཁྲག་ཁུ་བ་བབ་པ་ཤིན་ཏུ་ཕྲ་བ་རེ་རེ་དབུ་མ་ལ་འཁྲིལ་ཞིང་། གསུམ་ཀ་ལ་བརྒྱད་བརྒྱད་ཕྱེ་སྟེ། ཁ་དང་ནུ་མ་དང་གསང་གནས་གསུམ་དུ་ཟུག་པའོ། །ལྟེ་བ་ཐམས་ཅད་ཡལ་ག་འབྲེལ། ཀུན་གྱི་སྣེ་སྤྱི་བོར་ཟུག་པའོ། །དེ་རབ་ཀྱི་དབང་དུ་བྱས་ལ། ཁུ་བའི་རྩ་ཉེར་བཞི་མེད་པ་འབྲིང་། རླུང་རྐྱང་ཉེར་བཞི་ལས་མེད་ན་ཐ་མ་སྟེ། དེ་དག་གི་བར་མཚམས་མང་ཉུང་ཅི་རིགས་པ་ཡོད་ཅིང་རྩ་དེ་དག་གི་ཡན་ལག་ཇི་ཙམ་མང་གིན་བཟང་བར་བཤད་དོ། །རྒྱུ་མཚན་དེའི་ཕྱིར་ངེས་པར་འབད་པས་ཆགས་ཆེན་གྱི་ལམ་འདིར་ཞུགས་ན། བུད་མེད་མྱུར་དུ་བྱང་ཆུབ་ཐོབ་པ། །ཙམ་སྐྱེས་བུ་སྟེ་སྐྱེས་པ་དེ་བཞིན་དུ་མྱུར་བ་མིན་པ་ཉིད་དོ། །
བཅུ་གཉིས་རབ་བྱུང་གིས་ཆགས་ལམ་སྒོམ་པ་ཉེས་པ་མེད་པར་བསྟན་པ་འཕྲོས་དང་བཅས་པ་ནི། འདུ་ཤེས་གཞན་དུ་གྱུར་པ་ལྷའི་འདུ་ཤེས་སུ་གྱུར་པ་དང་ཐིག་ལེ་མི་འཛག་པས་དེའི་ལས་ལམ་མ་རྫོགས་པ་དང་། །རང་བཞིན་མེད་པར་ཤེས་པས་བུད་མེད་དུ་འཛིན་པ་མེད་པས་མི་དམིགས་པས་ཟིན་པ་ན་བདེ་བ་ལ་སྲེད་ཞེན་གྱི་ཆགས་པ་མངོན་དུ་རྒྱུ་མེད་པའི་རྒྱུ་མཚན་འདི་ལས་ལྷུང་བ་མེད་དེ། །མི་ཚངས་པར་སྤྱོད་པ་དང་གཡེམ་པའི་ལས་ལམ་རྫོགས་པ་ལ་འདུ་ཤེས་མ་འཁྲུལ་དགོས། ཕལ་པ་ལ་འདུ་ཤེས་མི་གཙོ་བོར་འདོད་ནའང་། བསམ་པ་ཀུན་སློང་དགོས་པ་ལ་མེད་པས་མཐར་ཐུག་མ་ཚང་བ་དང་། སྤྱིར་རང་བཞིན་གྱི་ཉེས་པ་མིན་ཕྱིར་སྤང་བ་བདུན་ནམ་བཅུ་དང་མ་འགལ་སོ་སོ་ཐར་པ་ལ་འགལ་བ་མ་ཡིན་ནོ་ཞེས་པའི་དོན་ནོ། །དེ་བས་སེམས་ཐ་མལ་པའི་འདོད་ཆགས་དང་བཅས་པ་སྟེ་དེས་ཀུན་ནས་བསླངས་ཏེ་སད་པ་དང་རྨི་ལམ་གྱི་གནས་སྐབས་ལ། །ཡིད་ཀྱིས་བུད་མེད་བསྟེན་པའི་ཚུལ་མིན་ཡིད་བྱེད་ཅན་ཐིག་ལེ་འཛག་པར་བྱེད་པ་དེ་དག་ཉེས་པ་དང་བཅས་པའོ། །བདུན་པ་ཤེས་རབ་མའི་དམ་ཚིག་དུས་ཐུན་བཞིར་ཕྱག་རྒྱ་བཟང་མོ་སྟེ་མཚན་ཉིད་དང་ལྡན་པ་ལ་འདོད་པའི་དགའ་བ་སྤྱོད། །བསྒྲུབ་བྱའི་དམ་ཚིག་རྣམས་ཀྱི་གཙོ་བོའི་གཙོ་སྟེ་ལྷན་སྐྱེས་རྟོགས་བྱེད་དངོས་ཡིན་པའོ། །ཐུན་བཞིར་མི་འགྲུབ་ན་ཟླ་རེའམ་ལོ་ནི་རེ་རེ་རུ། །པདྨ་མཆོད་དགོས་པ་ལ། མཆོད་པར་མི་བྱེད་ན། །མ་ནུས་པ་ཙམ་ཅུང་ཟད་ཉམས་པ་ཡིན་པ་ལ་མི་དད་ན་དེ་ཚེ་དམ་ཚིག་ཉམས་པ་ཡིས། །ཚ་བ་ཆེན་པོ་ནི་ཚ་དམྱལ་དངོས་གཞིར་རྣམ་པར་ལྷུང་། །དངོས་སུ་མི་ནུས་ན་གུས་པས་ཡིད་ཀྱིས་བརྟེན་ན་ཅུང་ཟད་ཀྱང་མ་ཉམས་པའོ། །དངོས་གྲུབ་འདོད་པས་མི་དང་མི་མིན་གྱི་བུད་མེད་ཀུན། །ཟས་གོས་རྗེས་ཆགས་དམིགས་པ་གང་འོས་ཀྱིས་མཆོད་ཅིང་གུས་པས་དངོས་སམ་ཡིད་ཀྱིས་ཕྱག་བྱའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་དམ་ཚིག་གིས་དུད་འགྲོ་མོ་ལའང་གུས་པར་བྱ་དགོས་ན། །མི་མོ་ལ་ཅིའི་ཕྱིར་གུས་མི་བྱེད། །སྤྱིར་བུད་མེད་ཐམས་ཅད་ནི་ཤེས་རབ་ཀྱི་ཕྱོགས་ཡིན་པ་དང་། ཤེས་རབ་བདེ་སྟོང་སྐྱེད་པའི་གཞི་ཡིན་པས་ན་ཤེས་རབ་ཉིད་བུད་མེད་མི་མོའི་གཟུགས་སུ་བསྟན་ཞེས་པའོ། །ཁྱད་པར་བླ་མ་དང་བླ་མའི་རྡོ་རྗེའི་སྤུན་བཙུན་མོ་ནི་མ་དང་རང་གི་རྡོ་རྗེའི་སྲིང་མོ་སློབ་མ་བུད་མེད་ནི་བུ་མོ་དང་། །ཡང་ན་སྔོན་གྱི་སྐྱེ་བ་བཞིན་དུ་དེ་ལྟར་གྱུར་པ་ལ་འཆད་པའང་ཡོད། རང་གིས་བསྒྲུབ་པར་བྱ་བ་སྒྲོལ་མ་སོགས་ལྷ་དང་ཡེ་ཤེས་སྐྱེད་བྱེད་ཀྱི་བླ་མ་དང་ཡེ་ཤེས་ཀྱི་གྲོགས་སུ་གྱུར་པ། །བདག་ལ་རབ་ཏུ་བྱམས་པ་དང་ལྡན་པ་གཉེན་བཤེས་ཅི་ཉེ་བ་ཡིན་པ་ལ། །དེར་མི་ཤེས་ཤིང་བྱས་པ་མི་གཟོ་བས། །བུད་མེད་འདི་དག་སྐྱེས་པ་བས་སྐྱེ་གནས་དམན་ཞེས་རྣམ་པར་སྨོད་པ། །ནི་རྩ་ལྟུང་འགྱུར་བས་ནད་བད་ཀན་སོགས་དང་རིམས་འགོ་ནད་འབྱུང་ཚེ་ཐུང་བ་དང་། །ཤི་ནས་དམྱལ་བར་རེངས་པར་འཚེད་པར་འགྱུར་རོ། །དམ་ཚིག་མི་ཤེས་ཤིང་བླུན་པའི་སྔགས་པ་གང་རྣལ་འབྱོར་མ་རྒྱུད་དུ་ཞུགས་ནས་བུད་མེད་ལ། །སྡང་སེམས་དང་སྨད་སེམས་ཀྱིས་སྣུན་པར་བྱེད་ན་ལྷའི་དམ་ཚིག་ཀུན་ཉམས་པས། །འཕྲལ་དུ་བཀའ་ཆད་ཀྱི་སྡུག་བསྔལ་འབྱུང་བས་སྐད་ཅིག་དེ་ལ་ཞེས་སྨོས་ལ་རྩ་ལྟུང་ལྕི་བ་འབྱུང་བས་མནར་མེད་དུ་ལྟུང་ངོ་། །དཔེར་ན་བུ་མོ་སྤུན་གཉིས་ཤིན་ཏུ་ཉེ་བ་ཞིག་ཡོད་ལ། ནུ་མོ་ལ་དགྲ་བྱས་ན་ཐུ་མོ་ལ་མཆོད་ཀྱང་། ཐུ་མོ་དགའ་བར་མི་འགྱུར་བ་ལྟར་མི་མོ་སྨོད་ན་ལྷ་མོ་མཆོད་ཀྱང་མི་དགེས་དང་ཞེས་པ་ནི། ཡིད་དུ་སྡུག་པའི་སྤུན་གྱི་དགྲར་གྱུར་ན་གྱུར་པའི་མི་དེས། །སྤུན་ཟླ་ཅིག་ཤོས་དེ་མཆོད་ཀྱང་མི་དེ་ལ་དགར་མི་འགྱུར་བ་བཞིན། །སྒྲུབ་པོ་བུད་མེད་ལ་སྨོད་པ་རྣམས་ལ་ཡེ་ཤེས་ཀྱི་ལྷ་མོ་རྣམས། །མི་དགེས་ཤིང་དེ་ཡི་མཆོད་པ་ཡང་མི་ལེན་ནོ། །
དེ་ཡང་བུད་མེད་ཐམས་ཅད་ཡེ་ཤེས་ཀྱི་ལྷ་མོའི་རིགས་སུ་གནས་པའོ། །བརྒྱད་པ་དཀའ་བ་མེད་པའི་ལམ་དུ་བཤད་པ་ནི། དོན་གཉིས་ལས། དང་པོ་དོན་དངོས་ནི། མདོ་ལམ་དུ་ཞུགས་ནས་བསྐལ་པ་བྱེ་བ་གྲངས་མེད་པར། །སྦྱིན་པ་ཚུལ་ཁྲིམས་སོགས་བཟང་པོ་སྤྱོད་པ་ཁོ་ནས་ཀྱང་། །བླ་ན་མེད་པའི་བྱང་ཆུབ་རིན་ཆེན་མ་ཐོབ་པ། །གང་ལ་ཕྱག་རྒྱའི་གསུམ་གྱི་སྦྱོར་བ་འདི་ཡིས་ནི། །ལས་དང་པོ་པ་གཅིག་ཀྱང་ཚེ་འདིར་ཉིད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་པ་ནི་དམ་ཚིག་བསྐྱེད་རིམ་བཟླས་པ་སྟོང་ཉིད་རྫས་སོགས་ཡན་ལག་ཕྲ་མོ་མང་དུ་ཡོད་མོད། །རང་བཞིན་མཉམ་པ་ཉིད་ཀྱི་དོན་སྟོང་ཉིད་བསྒོམ་ཞིང་། །ཕྱག་རྒྱ་ཆེན་པོ་རྣམ་བཅས་དང་སྦྱོར་བའི་བདེ་བ་རབ་ཏུ་སྒྲུབ་པ་དེ་ལས་རྣམ་མེད་ཞོར་ལ་འབྱུང་ཞིང་བོགས་འདོན། །བུད་མེད་ཀྱི་སྦྱོར་བ་ལས་ཕྱག་རྒྱ་ཆེ། །དངོས་པོའི་གནས་ལུགས་རང་བཞིན་ལྷན་སྐྱེས་མངོན་དུ་ཡང་ཡང་མཚོན་པར་བྱེད་ན་རྣལ་འབྱོར་པ་དེ། །ས་ཆུ་སོགས་ཁྲུས་དང་དཀར་གསུམ་སོགས་གཙང་སྦྲ་མི་དགོས་ཤིང་། །བསྙུང་བ་དང་མི་སྨྲ་བ་སོགས་དཀའ་སྤྱད་བུད་མེད་སོགས་འདོད་ཡོན་བཀག་པའི་སྡོམ་པ་བྱིན་པ་མེད་པ་ཡང་། །ལུས་ངག་བདེ་བ་ཉིད་དང་སེམས་དགའ་བས་༼ཁོ་ན་༽འགྲུབ་བོ། །དེ་བས་གང་སྣང་ཐམས་ཅད་སེམས་བདེ་སྟོང་རྣམ་རོལ་སྒྱུ་མ་ལྟར་ཤེས་པས་ཇི་ལྟར་འདོད་པ་ལྟར་བུད་མེད་སོགས་སྤྱོད་ཅིང་། །གཙང་མི་གཙང་ཀུན་བཟའ་དེ་བཞིན་གླུ་གར་དང་སྨྱོན་སྤྱོད་སོགས་སྤྱོད་པ་ངེས་མེད་ཐམས་ཅད་སྤྱོད་ལ། །ལུས་ངག་ཡན་ལག་ཅེས་འགྲེལ་པ་གཉིས་ཀས་འཆད་ཀྱང་སེམས་ཀྱི་གཡོ་བ་རྣམས་ཀྱང་མི་དགག་པ་སྟེ་གཡོ་བ་དག་ཀྱང་ཅི་དགར་བྱེད། །སྤྱོད་པ་ཇི་ལྟ་བུ་བྱས་ཀྱང་སྟེ་རྟོག་གེ་པ་དང་། ཉན་ཐོས་ཀྱི་སྤྱོད་པ་སོགས་ཀྱིས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །སྐུ་འདྲ་གཟུགས་བརྙན་ལུགས་མ་ལ་སོགས་བྲིས་སྐུ་ལྟ་བུ་སོགས་ལས། །ལྷ་སྐུའི་རྣམ་འབྱོར་ཡང་དག་པ་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་བདེ་སྟོང་ལ་རབ་ཏུ་བརྩོན་ན། །དེ་ལས་རྣམ་འབྱོར་རྣམ་རྟོག་གིས་མ་བརྟགས་པའི་ལྷར་འགྱུར་རོ། །ཕྲ་ཐིག་གམ་ཁ་སྦྱོར་གྱི་སྐུ་ལ་བརྟེན་ནས་ཞུ་བའི་བདེ་སྟོང་ཅུང་ཟད་ཤར་བ་ན། རྫོགས་པའི་ལྷ་སྐུ་རྗེས་མཐུན་པ་འགྲུབ། ཞུ་བདེ་མཐར་ཐུག་ན་སྒྱུ་ལུས་རང་བཞིན་ལྷན་སྐྱེས་ཤར་བའི་ཚེ་ཟུང་འཇུག་གི་ལྷ་སྐུ་འགྲུབ་པ་དང་། དེ་དག་ཏུ་སྐུ་རང་ཤར་དཔག་ཏུ་མེད་པ་འབྱུང་ངོ་། །ལུས་ཀྱི་གཡོ་བ་དང་ངག་སྨྲ་བ་དང་སྤྱོད་པ་འཕྲལ་གྱི་བྱ་བ་ཀུན། །བདེ་སྟོང་དེས་ཟིན་ན་རིམ་པ་ཇི་ལྟར་བས་ཕྱག་རྒྱ་དང་སྔགས་དང་ཆོ་གར་འགྱུར་རོ། །
གཉིས་པ་ལས་རྒྱའི་དགོས་པ་ནི། འདིའི་དཀའ་གནས་ནི་ཕ་རོལ་ཕྱིན་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་ན་ལས་རྒྱ་ངེས་པར་མཚོན་དགོས་པ་ཅི་ཞེས་པའོ། །འདིར་ཚེ་གཅིག་ལ་སྟོང་ཉིད་རྟོགས་པ་ལ་ངེས་པར་དགོས། ཆོས་དབྱིངས་མཐར་ཐུག་རྟོགས་པ་ལ་ངེས་པར་དགོས་ཏེ་མོད་ལ་དེ་རྟོགས་པ་མེད། ལམ་འདིར་ཞུགས་པ་ལ་མཐོང་ལམ་ཐོབ་པ་ལ་ཡང་། ལས་རྒྱ་སྔོན་འགྲོ་ཅན་ངེས་པར་དགོས་པ་ཡིན་ནོ་ཞེས་པ་འདི་ངེས་དགོས་སོ། །ནོར་བུ་འདོད་པས་ཐོག་མར་མུན་ཁྲོད་ཀྱི་ནོར་བུ་ལག་ནོམ་མི་བྱེད་པར་མར་མེ་ལེགས་པར་བླངས་ནས་ནི། །མུན་པའི་ཁྲོད་ན་གནས་པའི་ནོར་བུ་མུན་པར་གསལ་ཏེ་ལེན་པ་བཞིན་དུ། །ཆོས་དབྱིངས་ལྷན་སྐྱེས་བདེ་ཆེན་རྟོགས་པའི་དོན་དུ་ཡིན་ཡང་ཐོག་མར་དེའི་རྣམ་པ་ཡིད་ལ་མི་བྱེད་པར་བདེ་བ་ལ་རྨོངས་ཤིང་ཆགས་པའི་སྒྲིབ་པའི་མུན་པར་ཆོས་ཀྱི་དབྱིངས་ནུབ་པ་སེལ་པའི་ཕྱིར་བདེ་བ་དྲག་ཏུ་བསྐྱེད་ནས་དེར་མི་ཆགས་པར་སྟོང་པ་བསྲེས། །མི་རྟོགས་པ་འཆར་ཐུབ་པའི་བུད་མེད་ལས་རྒྱའི་བདེ་བ་རྙེད་ན་དེས་ཆོས་དབྱིངས་འཚོལ་བར་བྱ་སྟེ་རྟོགས་པའི་ཐབས་ལ་འཇུག་གོ། །འོ་ན་ཐུབ་པས་ཐེག་པ་འོག་མར་མི་སྟོན་པ་ཅི་སྙམ་ན། གང་ཞིག་གང་དང་ཤིན་ཏུ་ཉེ་བར་གནས་པ་རྣམས། །དེ་དང་དེའི་ཆོས་ལ་མི་གུས་པ་ཡིན་ཏེ། །ནོར་བུའི་གླིང་ན་གནས་པ་རྣམས་ནོར་བུ་རིན་ཐང་ཆུང་བར་རྩི་བ་བཞིན་དུ། འཇིག་རྟེན་གསུམ་ན་བུད་མེད་དང་རྟག་ཏུ་འགྲོགས་ཤིང་འཛག་བདེའི་སྐྱེ་བོ་ཐམས་ཅད་འཁོར་བས་ཆགས་ལམ་བསྟན་ན་དཀོན་པར་མི་སེམས་ལ་འཛག་བདེ་དང་། མི་འགྱུར་བའི་དབྱེ་བ་མི་ཤེས་པས་བཟང་པོར་མི་རྩི་སྟེ་ཐར་པ་དང་། སངས་རྒྱས་དང་། མཐོ་རིས་ཐམས་ཅད་ལ་སྒྲིབ་པའོ་སྙམ་དུ་འབྱུང་བ་མཁྱེན་ནས་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་ཀྱི་གདུལ་བྱ་ཐུན་མོང་ཐམས་ཅད་ལས་ཆགས་བྲལ་གྱི་ལམ་བསྟན། །དམ་པའི་དོན་དུ་དངོས་གནས་ལ་ཆགས་བྲལ་གྱི་ལམ་དེ་ཁོ་ན་ཉིད་མཐར་ཐུག་མིན་པས་ན་ཆགས་བྲལ་གྱི་ལམ་ལ་བློ་གོམས། འདོད་ཆགས་དང་སྲིད་པས་ཆགས་ལམ་ལ་དཀོན་པའི་ནུས་པ་སྐྱེ། འདོད་ཆགས་ཀྱི་ཉེས་དམིགས་དང་སྐྱོན་དང་གནས་ཚུལ་ངེས་པས་འཛག་བདེ་དང་མི་འགྱུར་བདེ་བའི་སྐྱོན་ཡོན་ཏན་ཁྱད་པར་ཐམས་ཅད་ཕྱེད་པའི་སྐབས། སླར་ཡང་ཆགས་ཆེན་གྱི་ལམ་བསྟན་ཏེ་མཐར་ཐུག་ལ་འཇོག་གོ །དགུ་པ་རིག་པའི་བརྟུལ་ཞུགས་ནི། ཡང་གསུངས་པ་དོན་ལྔ་ལས། དང་པོ་གསང་སྤྱོད་ནི། དང་པོར་མཚན་མས་དབེན་པའི་དུས་རང་གི་ཁྱིམ་ལམ་དུར་ཁྲོད་སོགས་སུ་གསང་སྟེ་སྤྱད། །དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱར་བཅས་པའི་སྤྱོད་པ་སྣ་ཚོགས་སེམས་བརྟན་པ་དང་ལྷག་པར་བརྟན། ཟླ་གཅིག་ཟླ་དྲུག་སོགས་སུ་སྤྱད་པར་བྱ་སྟེ་ལྷག་པར་བོགས་ཐོན་གྱི་བར་དུ་བྱའོ། །གལ་ཏེ་སྐབས་དེར་སེམས་མི་བརྟན་ན། །རེ་ཞིག་སྤྱོད་པ་བྱ་མ་རན་པ་ཡིན་པས་བསྡུས་ནས་ནང་དུ་རྟག་ཏུ་མཉམ་པར་འཇོག་སྤྱད་ཕྱིར་ཐ་མལ་པའི་ཚུལ་དུ་རོལ་བའོ། །གཉིས་པ་སྨྱོན་སྤྱོད་ནི། དེ་གཞན་ན་དུས་གཞན་དུ་སྐྱེ་བོའི་མངོན་དུ་སྨྱོན་པའི་བརྟུལ་ཞུགས་ཀྱིས། །དོན་དུ་ལྷའི་ཆས་སུ་འགྱུར་ཀྱང་མིས་དེ་ལྟར་མི་ཤེས་པ་རྩ་བ་དང་འབྲས་བུའི་ཕྲེང་བས་བརྒྱན་པ་སོགས་བྱས་ཡིད་མི་འགྱུར་བར་ཤ་ཟ་བཞིན་དུ་ཉིན་མཚན་ཀུན་ཏུ་འཁྱམས། །གསུམ་པ་ཀུན་བཟང་གི་སྤྱོད་པ་ནི། གཏེར་དང་གནོད་སྦྱིན་མོ་སོགས་རྫུ་འཕྲུལ་དང་འཇིག་རྟེན་པའི་མངོན་ཤེས་ལྔ་གྲུབ་པས་སྨྱོན་པའི་སྤྱོད་པ་བསྡུས་༼བསྐུས༽། །རྣལ་འབྱོར་པར་ཁས་བླངས་ཏེ་འཇིག་རྟེན་པའི་མངོན་དུ་ཡང་དག་པར་སྤྱད་དོ། །བཞི་པ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ནི་གལ་ཏེ་རབ་དགའ་ལ་སོགས་འཕགས་པའི་ས་ཐོབ་ན། །རང་ཉིད་ཉོན་མོངས་མཐའ་དག་ལས་རྒྱལ་བ་ཡིན་པས་དེས་ནི་བདུད་ཀྱི་ཕྱོགས་ལས་རྣམ་རྒྱལ་སྤྱོད། །དེ་ཡང་རང་གི་ཉོན་མོངས་ལས་མ་རྒྱལ་བས་ཕམ་པ་སྲིད་དེ། འདོད་ཆགས་ལས་མ་རྒྱལ་བས་དབང་ཕྱུག་ཆེན་པོ་འདུལ་བའི་སྤྱོད་པ་སྟོན་མི་ནུས་པ་སོགས་སྦྱོར་རོ། །ས་ཐོབ་ནས་ཉོན་མོངས་འགའ་ཞིག་མ་སྤངས་ཀྱང་། དེ་ལས་ངེས་པར་རྒྱལ་བ་ནི་ཡིན་ནོ། །སྤྱོད་པ་དེ་དག་ཀྱང་ཞིང་རྣམས་ཀུན་ཏུ་རྒྱུ་བའམ་མ་རྒྱུས་ཀྱང་རུང་སྟེ། །ཡང་ན་བས་མཐའ་གནས་པའམ་རང་གི་ཁྱིམ་དུ་གནས་ནས། །སྦས་པའི་སྤྱོད་པ་བྱས་པས་ཀྱང་གྲོལ་བར་འགྱུར་རོ། །
ལྔ་པ་ཚོགས་ཀྱི་བདག་པོའི་སྤྱོད་པ་ནི། ཡང་ན་ཚོགས་ཀྱི་དཀྱིལ་འཁོར་བྱ་ཏེ། །སྒྲུབ་པ་པོ་ཕྱག་རྒྱ་ལྷན་ཅིག་སྤྱོད་མ་དང་བཅས་པ་དབུས་སུ་འདུག་རྗེས་འབྲང་འཁོར་ཉུང་མཐའ་བུད་མེད་བཅུ་གཉིས་ནི་ལས་བཞི་རིགས་བཞི་སྒོ་མ་བཞི་མཚོན་པ་རྣམས་དང་རྣམ་པར་རོལ་པ། །ལྷའི་གོས་རྒྱན་དང་གདོང་སྟེ་འབག་སོགས་རྣམ་པར་བརྒྱན་ནས་བསྐྱེད་རིམ་མམ་རྫོགས་རིམ་དོན་ལ་གནས་པའམ་སྒྱུ་ལུས་སམ། ཟུང་འཇུག་གི་སྐབས་སོ་སོར་སོ་སོའི་བསྐྱེད་ཆོག་གི་དལ་སྒྲུབ་ཅིང་མཆོད་པའི་མཐར། །ཤར་གྱི་བུད་མེད་དབུས་སུ་འོང་ཞིང་། །གཅིག་ཤོས་དབུས་མ་ཤར་དུ་གནས་ནས་འདོད་ཡོན་ལ་དགེས་རོལ་སོགས་དེ་བཞིན་ལྷོ་ཕྱོགས་མ་སོགས་བཅུ་གཉིས་པོ་ཐམས་ཅད་ལ་བརྗེ་རོལ་བྱ་བ་ཡིན། །སུ་ལ་ལི་ཏ་རབ་རོལ་ལའང་འགྲོ་མེད། ༼སུ་མ་ལི་ཏ་རབ་རལ་ལའང་འགྲོ་མོད། ༽འགྲེལ་པ་གཉིས་ལྟར་བཤད་དོ། །གླུ་དང་གླུ་ལན་གར་དང་གར་ལན། ཕྱག་དང་ཕྱག་ལན། བརྡ་དང་བརྡ་ལན། ཕྱག་རྒྱ་དང་ཕྱག་རྒྱའི་ལན་སོགས་སྣ་ཚོགས་པ་དུ་མས་རྣམ་པར་རོལ་རྩེད་བྱ་བ་སྟེ། །གནས་སྐྱེད་མོས་ཚལ་ལ་སོགས་པར་ཆུ་ཚོན་གྱིས་དལ་བྱས་ནས་སྒྲུབ། །གླུ་དང་ཟློས་གར་ཕལ་པ་ཀུན་ཀྱང་ཡིད་བཞིན་དུ་མ་གྱུར་པར་བྱས་ཏེ། །ཚོགས་ཀྱི་འཁོར་ལོའི་དལ་དེར་སློབ་མར་དབང་བསྐུར་བ་དང་ཞི་རྒྱས་སོགས་ལས་ཚོགས་ཀུན་ཡང་བསྒྲུབ་པར་བྱའོ། །
བཅུ་པ་བཙན་ཐབས་ཀྱི་སྦྱོར་ན་ནི། ཡང་གསུངས་པ། འདི་ལ་དྲུག་སྟེ། མན་ངག་ལྟར་རྡོ་རྗེའི་སྒོ་ནས་དབྱེ་བ་དང་། །དེ་བཞིན་པདྨ་རྒྱས་པར་དབྱེ། །བ་ནི་འགྲེལ་པར་རྩ་བསྐྱེད་ཅིང་ཚོལ་བར་བཤད། རྩ་སྒོ་དབྱེ་བའང་ཡིན་ནོ། །ལག་ལེན་ལྟར་ཤིང་ངམ་ས་ཡི་འཁྲུལ་འཁོར་གྱིས། །བཤང་བའི་ལམ་དུ་རྩེ་བར་བྱ་༼༡༽སྟེ་ཐུར་སེལ་སྦྱོར་བའོ། །སྲོག་གམ་རླུང་དང་དེ་བཞིན་དུ་ཐུར་དུ་སེལ་བའི་རླུང་བུམ་པ་ཅན་གྱིས། །བཀག་ཅིང་གོང་བུ་གཅིག་ཏུ་བྱ་སྟེ༼༢༽། བུམ་ཅན་གྱི་ཡན་ལག་གཞན་གྱིས་སྲོག་ཐུར་བསྲེ་བའང་བྱའོ། །རིག་མ་དང་མཉམ་པར་སྦྱོར་བའི་དགའ་བས་འདོད་ཡོན་ལྔ་ལ་རོལ་པ་ལ་ཞུགས་ནས། །དབང་པོ་གཉིས་དལ་བུ་དལ་བུས་རབ་ཏུ་སྦྱོར་ཞིང་སྲུབ་སྟེ། །བཤང་ལམ་སྒོ་དབྱེ་བ་དང་༼༣༽རྩ་བཅིང་བ་སོར་མོས་གནོན༼༤༽། །བུ་མོའི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡི་ཐུར་མ་ཐབས་ཀྱི་གསང་བའི་སྒོར་བཅུག་པ་ཡིས། །ཐབས་ཀྱི་དྷཱུ་ཏི་རྣམ་པར་ཁ་འབྱེད་པར་འགྱུར། །དབུ་མའི་མས་སྣ་དེ་ཡི་གནས་སུ་ཚངས་པའི་རླུང་རྒྱས་ཏེ། །རྩ་ཡི་འཁོར་ལོ་སོ་སོར་སླེབ་པ་ན་ཀུན་ཀྱང་རྒྱས་ཤིང་མདུད་པ་ཁ་ཕྱེ་ལ་སད་པར་འགྱུར་བ་དང་། །ཁྱད་པར་རླུང་དེས་གཏུམ་མོ་འབར་བ་དང་བཅས་པར་འགྱུར་ཞིང་། དེས་སྙིང་ཁ་ནས་སྤྱི་བོའི་བར་གྱི་ཐིག་ལེ་ཞུ་ཞིང་འཛག་༼༥༽གོ། །བཙན་ཐབས་སྦྱོར་བས་ཏེ་གཏུམ་མོ་མེ་དམིགས་དང་བུམ་ཅན་དྲག་པོས་ལྟེ་བ་གཏུམ་མོའི་མེ་དངོས་སུ་འབར་བ༼༦༽། །ན་ཐོག་མར་དབུ་མའི་མདུད་པ་སོགས་༼དགོས་༽པས་འབར་བ་འགྲོ་མི་ཐུབ་པར་རྭ་ས་ན་ལས་མེ་རྣམ་པར་རྒྱུའོ། །མེ་དེ་སྤྱི་བོར་སླེབས་ནས་ཀྱང་སྤྱི་བོའི་ཧཾ་ཞུ་ནས་འཛག་པའང་རྒྱུན་ཡང་དབུ་མ་ནས་མི་ཐུབ་པར་ལ་ལ་ནཱ་ལས་བབས་ཏེ། །རིམ་པས་ལོ་ཟླ་ཙམ་ན་ལྟེ་བར་ཕྱིན་པའི་ཚེ་ཁུ་བ་དེ་དང་ལྟེ་བའི་གཏུམ་མོ་དབུ་མར་འདྲེས་པར་གྱུར་པ་ན་ཀུན་འདར་གྱི་ནང་དུ། །གཏུམ་མོ་འབར་བར་བྱེད་ཅིང་སྙིང་ཁ་སོགས་རྩ་འཁོར་ལོ་དང་འཁོར་ལོ་སོ་སོ་ལ་ལ། །ལན་མང་པོ་སྟེ་ལན་གསུམ་བཟློག་ཅིང་རེ་རེ་ཡང་ཡང་འབར་གནས། །ཚངས་པའི་སྒོ་ང་སྟེ་རྩ་འཁོར་ལྟེ་བའི་སྟེང་འོག་གི་རྩ་མདུད་རྣམས་འབིགས་པར་བྱེད་དོ། །འབར་བ་དེ་ལས་སྤྱི་བོའི་ཐིག་ལེ་ཞུ་མགྲིན་སྙིང་དང་འདྲེས་ཏེ་ལྟེ་བའི་གཏུམ་མོར་རྣམ་པར་ལྷུང་བ་ཡིས། །ནི་རང་ལུས་ཀྱི་ལྷན་སྐྱེས་སྐྱེ་བས་ཆོས་ཀྱི་ཕྱག་རྒྱ་མི་རྟོག་པའི་བདེ་སྟོང་རབ་ཏུ་འགྲུབ་བོ། །
བཅུ་གཅིག་པ་མངོན་པར་བྱང་ཆུབ་པར་བཤད་པ་ནི། དོན་དྲུག་ལས། དང་པོ་ཆོ་ག་ནི། མངོན་པར་བྱང་ཆུབ་པའི་རིམ་པ་རབ་ཏུ་བཤད་པར་བྱ་སྟེ། །བྱང་ཆུབ་རིམ་པ་གོང་འོག་གཉིས་ཀ་འབྱུང་བ་བཞིའི་བདེ་བ་ལྷ་མོ་བཞིར་རབ་ཏུ་བརྟག་ཅིང་བསྒོམས་ཏེ་ས་སྲ་བའི་བདེ་བའི་ཚེ་ཕྱག་རྒྱ་སྤྱན་མ་སོགས་སྦྱོར་ཞིང་། །དེ་ཡང་མཐོང་ལམ་དུ་འབྱུང་བའི་བདེ་བ་རང་དང་རྒྱུན་མཐར་རྣམ་པ་མཐུན་པ་ཙམ་མོ། །གཉིས་པ་ཡུལ་ནི། མི་བསྐྱོད་ཧེ་རུ་ཀའི་རིགས་དང་རྣམ་སྣང་གི་གདོལ་བ་མ་བྲམ་ཟེའི་བུ་མོ་དང་། །རིན་འབྱུང་གི་ཚོང་པའི་བུ་མོ་དང་། འོད་དཔག་མེད་ཀྱི་གླུ་མཁན་གྱི་བུ་མོ་དང་མདའ་མཁན་མོ་གཉིས་དང་། །ལས་ཀྱི་རིགས་གར་མཁན་མོ་སོགས་སོ་སོའི་རིགས་ཅན་སྒྲུབ་པོས་བཟུང་དགོས་སོ། །ཡང་ན་ཐིག་ལེ་མཆོག་མ་སོགས་རིག་འཛིན་གྱི་ལྷ་མོ་དང་། མིའམ་ཅི་མོ་དང་། །ཀླུ་མོ་དང་དྲི་ཟ་མོ་སོགས་ལ་བསྒོམ་ཞིང་བརྟག་གོ། ཡུལ་འདི་དག་མངོན་པར་བྱང་ཆུབ་པར་མཐོང་ལམ་སྐབས་གཙོ་ཆེ་བར་ཤེས་སོ། །གསུམ་པ་ཇི་ལྟར་གྲོལ་བའི་ཚུལ་ནི་ཐབས་ཀྱི་ཐིག་ལེ་དཀར་ཆ་ཞུ་བ་ཟླ་བའི་གཟུགས་ལས་བྱང་ཆུབ་པ་དང་། །ཤེས་རབ་མའི་མེ་ཏོག་དང་བཅས་སྤྱི་བོར་ཐིམ་པ་ནི་ཉི་མ་ལས་བྱང་ཆུབ་པ་གསོལ་ཞིང་ལོངས་སྤྱོད་པའོ། །དེས་ཐབས་དང་ཤེས་རབ་ཀྱི་ཆོས་མཐའ་དག་རོ་གཅིག་པ་མངོན་དུ་གྱུར་པ་དང་། །དེས་ཁུ་བ་ཁྲག་ཐིམ་ཞིང་དེའི་སྐད་ཅིག་གཉིས་པ་དེ་དག་དང་རླུང་དང་བཅས་པའི། །ཚོགས་པ་ཐམས་ཅད་དུས་འདིར་ནི་རྣམ་པར་ཞིག་སྟེ། །དེ་ཡན་ཆད་ལུས་སེམས་སོ་སོར་སྣང་ཡང་འདི་ནས་བཟུང་ལུས་དང་སེམས་ཞེས་བྱ་བའི་དབྱེ་བ་ལས་འདས། །ཀུན་གཞི་རྣམ་ཤེས་གནས་རྣམ་པར་གྱུར་པ་ཉིད་ཡིན་ལ། །བཞི་པ་འབྲས་བུ་ནི། །ཐབས་འདི་ལས་ནི་ལོངས་སྤྱོད་རྫོགས་སྐུ་ཐོབ་པར་འགྱུར་རོ། །འདི་ནི་རྒྱུན་མཐའི་དབང་དུ་བྱས་པས་ཁུ་རྡུལ་རླུང་གི་ཚོགས་པ་ཕྲ་མོ་སྟེ་སློབ་པའི་ཡེ་ཤེས་ཀྱི་སྣང་ཆ་ཙམ་ཡང་འགག་ཚུལ་ཡིན་ལ། མཐོང་ལམ་དུ་ཁུ་རྡུལ་རླུང་ཐ་མལ་པ་འགག་གཉིས་སུ་ཞེན་པ་སྤངས། སོ་སོ་སྐྱེ་བོའི་ལུས་སེམས་ལས་འདས། ཀུན་གཞི་གཞན་དུ་ཅུང་ཟད་འགྱུར། འཕྲལ་དུ་ཟུང་འཇུག་འགྲུབ་པས་འདི་དང་ཆ་འདྲ་བ་ཡིན་ནོ། །
ལྔ་པ་མངོན་བྱང་གི་བྱུང་ཚུལ་གཞན་ནི། ཡང་ན་སྔོན་ནས་སངས་རྒྱས་ཀྱང་སླར་རྒྱ་ཚུལ་སྟོན་པ་གཞོན་ནུ་དོན་འགྲུབ་ཀྱི་རྣམ་འཕྲུལ་སྒྱུ་མ་བཞིན། །དུ་ཡུམ་ཕྱག་རྒྱ་གདོད་ནས་གྲུབ་པའི་གཤེགས་མ་མཱ་མ་ཀི་སོགས་ལ་རབ་ཏུ་སྦྱོར་རྒྱུན་མཐར་འདི་དངོས་མང་ངོ་གསུངས་བའོ། །དྲུག་པ་ཁ་སྦྱོར་གྱི་ཡན་ལག་བཤད་པ་ནི་སངས་རྒྱས་རང་ཉིད་རང་སྣང་ཡེ་ཤེས་ཀྱི་གཟུགས་ཅན་ནི། །ཡེ་ཤེས་ཀྱི་རིག་མ་ལྷ་མོ་དང་མཉམ་པར་སྦྱོར་བའི་རྣམ་པ་ཅན་འདོད་ཆགས་ཆེན་པོའི་བདེ་བས་ཐུགས་གང་བའོ། །འོན་ཀྱང་གཞན་ངོར་སྣང་བ་ནི་མོས་པ་ཐ་དད་པའི་ཕྱིར། །སྤྲུལ་པ་སྣ་ཚོགས་པའི་ཚུལ་ཅན་མིག་འཕྲུལ་བཞིན་དུ་རྣམ་པར་འཕྲུལ་བར་མཛད་དོ། །དེ་ཡང་མ་དག་པའི་ཞིང་དང་སྤྲུལ་སྐུའི་ཞིང་ཁམས་དག་ཞིང་རྣམས་སུ་མོས་པ་ཐ་དད་མཐུན་པར་སྟོན་པ་དང་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་དངོས་ཀྱི་འཁོར་ལ་མོས་པ་རྣམ་པ་ཐ་དད་མེད་ཀྱང་དེ་ལ་ལྟོས་པ་ཅུང་ཟད་སྨིན་མ་སྨིན་ཡང་ཡོད་ལ་ཁྱད་པར་སྤྲུལ་སྐུའི་མཛད་པ་ཐམས་ཅད་ཀྱི་རྒྱུའི་རྣམ་རོལ་འོག་མིན་དུ་དེས་སྟོན་པས་གཞན་སྣང་གཉིས་ཀ་སྣ་ཚོགས་པའོ། །ཡང་གསུངས་པ། འདི་ནས་སྦྱིན་པའོ་བར་དབང་གི་ཆོ་གའི་འཕྲོས་ཏེ་རྩ་རྒྱུད་ལེའུ་གསུམ་པའི་དབང་བསྐུར་བའི་སྔགས་སོ་ཞེས་པར་ཁ་སྐོང་ངོ་། །རྡོ་རྗེ་གྲི་གུག་སྟེར་བའི་སྔགས། ཨོཾ་ཀརྟི་ཀ་སརྦ་མཱ་ར་ཎཾ་མཾ་ས་ཀརྟ་ཡ་ཀརྟ་ཡ་ཧཱུྃ་ཕཊ། རྡོ་རྗེ་ཐོད་པ་སྟེར་བའི་སྔགས་ནི། ཨོཾ་བཛྲ་ཀ་པཱ་ལ་སརྦ་ཤ་ཏྲུན་རཀྟཾ་དྷཱ་ར་ཡ་དྷཱ་ར་ཡ་ཧཱུྃ་ཕཊ། མདུང་རྩེ་གསུམ་པ་སྦྱིན་པའི་སྔགས་ནི། ཨོཾ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤཱ་ཏྲུན་ཏྲི་ཤཱུ་ལ་ཧཱུྃ་ཕཊ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་གི་སྔགས་སོ། །རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་ལ་སྔོན་འགྲོ་ལུས་ངག་ཡིད་བྱིན་གྱིས་བརླབས་པ་ཁྱད་པར་ཅན་ནི་གཟུགས་བརྙན་གྱི་དལ་དང་ཡི་གེའི་དལ་དང་མཚན་མ་ཕྱག་མཚན་གྱི་དལ་དག །དཀྱིལ་འཁོར་སྐུ་གསུང་ཐུགས་ཀྱི་བདག་ཉིད་གསུམ་དུ་ངེས་བྱས་པ། །རེ་རེ་ཞིང་སློབ་དཔོན་གྱི་སྙིང་ཁ་ནས་བྱུང་སློབ་མའི་སྙིང་ཁར་བཞུགས་པར་བྱ་ལ། །རིགས་ལྔའི་ཕྱག་མཚན་མཚོན་ཆས་དབང་བསྐུར་བ་དང་ཕྱག་རྒྱ་ལྔའམ་དྲུག་གིས་མངའ་གསོལ་བ་ཕྱིས་བཀོད་ནས། །ལས་བཞི་སོགས་སྒྲུབ་པ་དང་དངོས་གྲུབ་བརྒྱད་སོགས་སྒྲུབས་ཤིག་ཅེས་བཀས་གནང་བ་བྱའོ། །དངོས་སམ་ཡིད་ཀྱིས་བུ་མོ་བཅུ་དྲུག་ལོན་པ་ལྷ་མོར་བྱིན་གྱིས་རླབས་པ་དག་ལ་འཁྱུད་པ་དང་། །ནུ་མ་ཉེད་པ་ལས་བདེ་བ་ཐོབ་པའི་དགའ་བ་དང་པོ་བདེ་སྟོང་དུ་སྦྱར་བ་ལྷ་སྐུ་ཡབ་ཡུམ་སྣང་སྟོང་ངོ་སྤྲོད་པ། །སློབ་དཔོན་དབང་བསྐུར་ཆེན་པོ་སྦྱིན་པའོ། །འདི་ནས་རང་རང་ལས་དང་མཚུངས་པར་བྱ་ཞེས་པའི་བར་ལྷའི་འཕྲོས་ཏེ། རྩ་རྒྱུད་ལེའུ་གཉིས་པར་སྙིང་ཁའི་དབུས་ནས་སྤྲོ་བར་བྱ་ཞེས་པའི་རྒྱས་བཤད་དོ། །ཞི་བ་ལ་སོགས་པའི་སྒྲོལ་མ་ནི་ཞི་བའི་དཀར་བ་དང་། རྒྱས་པའི་སེར་བ་དང་། དབང་གི་དམར་བ་དང་། དྲག་པོའི་ནག་མོའོ། །ཞི་བའི་སྒྲོལ་མ་ཆུ་དང་། རྒྱས་པའི་དབང་ཆེན་དང་། དབང་གི་མེ་དང་། དྲག་པོའི་རླུང་གི་དལ་རྣམས་ལ་གནས་པ་བཞོན་པ་ཞིབ་ལ་དང་། དད་པའི་རྒྱལ་པོ་གཙུག་ཕུད་ཅན་དང་། རྒྱས་པ་ལ་གླང་པོ་ཆེ་སེར་པོ་དང་། དབང་ལ་རྟ་དམར་པོ་དང་དྲག་པོ་ལ་མ་ཧེ་སྔོན་པོ་ལ་ཞོན་པའོ། །ཞི་བའི་ལྷ་མོ་ནི་ཕྱག་གཡས་མི་འཇིགས་པ་སྐྱབས་སྦྱིན་དང་། ཕྱག་གཡོན་ཨུཏྤལ་དཀར་པོ་འཛིན་པའོ། །རྒྱས་པ་མོ་ནི་གཡས་མཆོག་སྦྱིན་དང་བུམ་པ་དང་། གཡོན་རིན་པོ་ཆེའི་སྙེ་མ་འཛིན་པའོ། །དབང་བྱེད་མ་ནི་གཡས་རྡོ་རྗེ་ལྕགས་ཀྱུ་དང་གཡོན་རྡོ་རྗེ་ཞགས་པའོ། །གསོད་བྱེད་མ་ནི་གཡས་རལ་གྲི་དང་གཡོན་དུས་ཀྱི་ཞགས་པ་ནག་པོ་རྡོ་རྗེས་མཚན་པའོ། །ཕྱོགས་ཀྱི་རེའུ་མིག་གི་ལྷ་མོ་རེ་མིག་གི་གྲྭ་བཞིར་འཁོད་པ་ནི། སངས་རྒྱས་སྒྲོལ་མ་དང་རིན་ཆེན་སྒྲོལ་མ་དང་ཆོས་ཀྱི་སྒྲོལ་མ་དང་ནི། །རྡོ་རྗེ་སྒྲོལ་མ་བསམ་བྱ་བ། །བཞི་པོ་གོ་རིམ་བཞིན་སྐུ་མདོག་དཀར་དང་སེར་པོ་དང་དམར་པོ་དང། །དཀར་མིན་ཏེ་ནག་མོའི་ཕྱག་ཀྱང་བཞི་པ་སྟེ། །དང་པོ་གཉིས་ཀྱི་གཡས་མཆོག་སྩོལ་བ་དང་གཡོན་ཨུཏྤལ་ལ། །རང་རང་མདོག་ཅན། འོག་མ་གཉིས་གཡས་ཅང་ཏེའུ་གཡོན་དེ་བཞིན་རྩེ་གསུམ་བསྣམས་པ། །ཕྱིའི་ཤར་ལྷོའི་གྲྭར་ཞལ་དྲུག་ཀ་ནག་པོ་ཕྱག་དྲུག་གཡས་གསུམ་ན་ཐོ་བ་གསུམ་དང་། །གཡོན་གསུམ་ན་ཞགས་པ་གསུམ་བསྣམས་པ་ཞལ་དྲུག་པ། །ཚངས་པ་མནན་ཅིང་འཇོམས་པ་གཤིན་རྗེ་གཤེད་དོ། །ལྷོ་ནུབ་ཏུ་གཡས་རལ་གྲི་གཡོན་ཐོད་པས་ལག་བྲེལ་བ། །སྤྱན་གཡས་སྟེང་གཡོན་འོག་ཏུ་གཟིགས་ནས་ཡོན་པོའི་ལྟ་སྟངས་ཅན་ཡིན་པས་མིག་ཡོན་དབང་པོ་མི་གཡོ་བ་ནི་འབྱུང་པོའི་རྒྱལ་པོ་དབང་ལྡན་ཏེ་དབང་ཕྱུག་ཆེན་པོ་གནོན། །ནུབ་བྱང་གི་གྲལ་གཡས་གཉིས་ན་དབྱུག་ཏོ་དང་ནི་པདྨ་དང་། །གཡོན་གཉིས་ན་འཁོར་ལོ་དང་ཞགས་པ་འཛིན་པའི་མཆོག །ཁྲོ་བོའི་རྒྱལ་པོ་པད་མཐར་བྱེད། །དེ་རྟ་མགྲིན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ་སྟེ་དམར་པོའི་སྐུ་མདོག་ཀྱང་སྟོན། །གཡས་ན་ཀླུ་དང་གཡོན་ན་གཤིན་རྗེས་ཞབས་ཀྱིས་མནན། །བྱང་ཤར་གྱི་གྲལ་བདུད་རྩི་འཁྱིལ་བ་ཞེས་བྱ་བ་ཁྲོ་བོ་རྡོ་རྗེ་ཕུར་བུ་ནི། །གཡས་གཉིས་ན་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་ཐོ་བར་བཅས། །གཡོན་གཉིས་ན་དྲིལ་བུ་དང་ཕུར་བུ་བསྣམས་ནས་ནི། །ཕུར་བུ་དེ་ལོག་འདྲེན་བདུད་དང་བཅས་པ་ལ་འདེབས་པར་བརྩོན་པའོ། །པདྨ་མཐར་བྱེད་མ་གཏོགས་པ་དཔའ་བོ་སྟེ་ཁྲོ་བོ་འདི་གསུམ་ཆར་སྤྲིན་གྱི་མདོག་ལྟར་ནག་པའོ། །དེ་དག་ལས་གཞན་པ་རྣམས་གང་རྨོངས་བྱེད་མ་སོགས་རྣམས་ཕོ་ཉ་མོ་རྣམས་ཏེ། །ཁ་དོག་བཞོན་པ་ཕྱག་མཚན་ཉམས་སོགས་རང་རང་གི་ལས་དང་མཚུངས་པར་བྱའོ། །ཤེས་རབ་ཀྱི་དུམ་བུ་དང་། འདིའི་བར་ནི་རྩ་རྒྱུད་ཀྱི་ཚིག་འགྲེལ་མཐའ་གཅོད་ཅན་རང་ཡིན་པས་ཕྱི་མའི་རྒྱུད་ཚིག་གལ་ཆེ་ཤོས་རྣམས་སོ། །དབང་རིམ་གཉིས་སྤྱོད་པ་སོགས་གསང་བ་ཐམས་ཅད་པའི་ལེའུ་སྟེ་བཞི་པའོ། །
ལེའུ་ལྔ་པ་དོན་བསྡུ་བ་ལ་གསུམ་ལས། དང་པོ་གསོལ་བ་གདབ་པ་ནི། དེ་ནས་འཁོར་རྣམས་ཀྱིས་བསྟོད་པ། ལམ་དང་དབང་གི་སྒོ་ནས་བསྟོད་པ་ནི། ཀུན་རྫོབ་ཀྱི་ཐབས་ཤེས་སམ། དོན་དམ་གྱི་བདེན་གཉིས་སམ། སྤྱི་དོན་ལྟར་ན་ཡུལ་དང་རྣམ་ཤེས་ཀྱི་དབང་པོ་གཉིས་ཀྱི་སྦྱོར་བ་གང་། །རང་བཞིན་མེད་པའི་རིམ་པས་སྟོང་པ་གསུམ་མམ། ཀུན་རྫོབ་སྤངས་པའམ། གཟུང་འཛིན་བྲལ་བ་བདག་ཉིད་དེ། །ཡེ་ཤེས་འདི་ནི་ཉོན་མོངས་འཇོམས་པའི་ཕྱིར་མཚོན་ཆ་སྟེ། ཡེ་ཤེས་ལྔ་རྗེས་ཆགས་དང་སྟེང་སྒོ་ལ་སྦྱར་བའི་ལམ་དུས་ཀྱི་ཡེ་ཤེས་རྣམས་འཆང་བ། །ཉོན་མོངས་ལ་མངོན་པར་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་སོགས་སྣ་ཚོགས་པ་གཅོད་པར་མཛད་པ་པོ་ཞེས་སོ། །འབྲས་བུའི་སྒོ་ནས་བསྟོད་པ་ནི་མ་མོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བའི་འགྲོ་བའི་ཡིད་སྒྲིབ་གཉིས་སྐྱོབ་པའི་ཕྱིར་སྔགས་ཅན་མ་སྟེ། །ཡང་ན་གསུང་རྡོ་རྗེ་ཡིན་པ་སྟེ་ལོངས་སྐུ་བསྟན་ལ་དབང་པོའི་དྲ་བ་ནི་སྒྱུ་མ་སྟེ་དེ་དང་འདྲ་བར་སྤྲུལ་པའི་འོད་ཟེར་འཕྲོ་ཞིང་འཁྲུག་པ་སྟེ་སྤྲུལ་སྐུ་བསྟན། ཡང་ན་དབང་པོའི་དྲ་བ་ནི་དབང་པོ་ཐམས་ཅད་པ་སྟེ་རང་སྣང་གི་སྤྲུལ་སྐུ་འོད་ཟེར་གཞན་སྣང་གི་སྤྲུལ་སྐུའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་མཛེས་མ་དང་གཙུགས་པར་མཛད་པ་སྟེ་བདེ་བ་ཆེན་པོའི་སྐུའོ། །ཇི་ལྟ་དང་ཇི་སྙེད་གཟིགས་པའི་བློ་གྲོས་ཆེན་པོས་ནི་ཆོས་སྐུ་སྟེ། དེ་ལྟ་བུས་བདག་ལ་དབང་བསྐུར་སྩོལ། །ཅེས་གསོལ་བ་བཏབ་པར་གྱུར་པ་ལས། གཉིས་པ་དབང་བསྐུར་བ་ནི། དཔལ་རྡོ་རྗེ་སེམས་དཔའ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་སྐུ་ལ་ཡོངས་སུ་ཞུགས་ཏེ་ནི། སྔོན་བྱུང་ཡིན་ལ་རྗེས་འཇུག་ལྟར་ན་གསང་དབང་བསྐུར་བའི་ཚེ་དེ་ལྟར་སློབ་མས་གསོལ་བ་བཏབ་པ་ལ་སློབ་དཔོན་རིག་མར་བཅས་པས་དེ་བཞིན་སྒོམ་པའི་དོན་ནོ། །བྱང་ཆུབ་ཀྱི་སེམས་ཞུ་ཞིང་འཁོར་ལོར་བཞིར་རིམ་པས་རྣམ་པར་དབབ་པ་གནས་སོ་སོར་མི་འགྱུར་བར་བཅིངས་ནས་དགའ་བཞི་ངོས་བཟུང་བརྟན་པར་བྱེད་དགོས་པ་རྡོ་རྗེ་སྟེ་དེ་དུས་༼དཔེ་༽ནམ་མཁའི་ཁམས་ཐམས་ཅད་སྔོན་བྱུང་སྒྲ་ཇི་བཞིན་པ་དང་རྗེས་འཇུག་ལ་མཁའ་ཁམས་གསང་བའི་པདྨ་ཡིན་པས་ཕྱག་རྒྱའི་དེ་ཉིད་ཡོངས་སུ་གང་བས་སེམས་ཅན་ཀྱང་སྔོན་བྱུང་སྒྲ་ཇི་བཞིན་པ་དང་། རྗེས་འཇུག་ལྟར་ན་སློབ་མའི་ཕུང་ཁམས་ཐམས་ཅད་མཆོག་ཏུ་བདེ་བ་གྲུབ་པར་ནི་སློབ་མས་བྱང་སེམས་མྱོང་བས་བདེ་བ་ཁྱད་པར་ཅན་སྐྱེ་བར་གྱུར་ཏོ། །
གསུམ་པ་དེ་ཁོ་ན་ཉིད་བཤད་པ་ལ་བཅུ་གསུམ་ལས། དང་པོ་བདུད་གཞོམ་པའི་སྦྱོར་བ་ནི། རབ་ཏུ་དབེན་པའི་གནས་དག་ཏུ། །ཧཱུྃ་གི་ཡི་གེ་ལས་སྲུང་འཁོར་བསྒོམས་ཏེ་བདུད་རྣམས་གཞོམ་པའི་ཆོ་ག་སྒྲུབ་ཐབས་ལྟར་བྱའོ། །གཉིས་པ་མངོན་པར་བྱང་ཆུབ་ལྔའི་དག་འབྲས་ནི། ཨཱ་ལི་མཚོན་བྱེད་ཨོཾ་དང་ཀཱ་ལི་མཚོན་བྱེད་ཨཱཿསྟེ་ཉི་ཟླའི་ས་བོན་ནོ། །ཨཱ་ལི་ཀཱ་ལི་ནི་ཉི་ཟླའི་མཚན་མ་སྟེ། །རྩ་གཉིས་ལས་རྐྱང་མ་ཟླ་བ་དང་རོ་མ་ཉི་མ་དག །རྣམ་པར་དག་པ་སྟེ། དེ་ལྟར་ཉི་ཟླ་ཁ་སྦྱོར་དེ་དག་མེ་ལོང་ཡེ་ཤེས་ཀྱི་དག་པས་རྣམ་པར་དག་པ་ཏེ། །ས་བོན་དང་ཕྱག་མཚན་མཚན་མར་གྱུར་པ་ནི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དག་པར་ངས་རྒྱུད་རྒྱས་པར་བཤད་དོ། །ཉི་ཟླ་ས་བོན་ཕྱག་མཚན་ཐམས་ཅད་གཅིག་ཏུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དག་པ་ཡིན་ཏེ། །འོད་ཟེར་སྤྲོ་བསྡུས་འགྲོ་བའི་དོན་བྱེད་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་དག་པའོ། །གཙོ་མོའི་གཟུགས་བརྙན་ཞལ་ཕྱག་སོགས་ཡོངས་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དག་པའོ། །
གསུམ་པ་བསྒོམ་བྱ་ལམ་དངོས་ནི། ལྷ་ཡབ་ཡུམ་དབང་པོ་གཉིས་སྦྱོར་གྱི་རྣམ་པ་ཅན་ཏེ་ཁ་སྦྱོར་གྱི་སྐུ་ཅན་དང་རྡོ་རྗེ་གསུམ་བྱིན་གྱིས་རླབས་པའམ་དེ་དངོས་སུ་མེད་ཀྱང་། །ལྷ་བསྒོམས་སྔགས་བཟླས་སྟོང་ཉིད་གསུམ་ཚང་བས་རྡོ་རྗེ་གསུམ་ལམ་བྱེད་ངེས་པར་ཚང་བས་ཡན་ལག་རབ་ཏུ་རྫོགས་པ་ནི་སྔགས་རྣམས་ཀུན་གྱི་ལྷའི་རྣལ་འབྱོར་ཐམས་ཅད་ལ་ཚང་བ་དགོས་ཞེས་པ་སྟེ། ཐེག་པ་བླ་ན་མེད་པ་འདིའི་དབང་དུ་བྱས་པ་ཡིན་ནོ། །ལམ་ཐམས་ཅད་བསྡུ་ན་གསང་བ་བསྐྱེད་རིམ་དང་གསང་བ་ཆེན་པོ་རྫོགས་རིམ་དང་ཤིན་ཏུ་གསང་བ་སྤྱོད་པ་གསུམ་དུ་འདུས་སོ། །རྣལ་འབྱོར་བསྐྱེད་རིམ་དང་རྣལ་འབྱོར་ཆེན་པོ་དང་ལྷན་སྐྱེས་ཇི་བཞིན་མཚོན་ནུས་པའི་རང་ལུས་ཀྱི་རྫོགས་རིམ། །རྗེས་སུ་རྣམ་འབྱོར་སྟོང་པ་ཉིད་ཤས་ཆེ་བའི་ཏིང་ངེ་འཛིན་སྔགས་ཀྱི་སྦྱོར་བ་ཅན་རྣམས་དང་ཤིན་ཏུ་རྣལ་འབྱོར་ལས་རྒྱ་དང་ཡེ་རྒྱའི་གསང་བ་དང་། །འདི་བཞི་པོ་ཡང་མཚན་བཞི་བཞིས་དབྱེ་བས་བཅུ་དྲུག་པོ་དེ་དག་སྟོང་པ་བཞིའི་ཡེ་ཤེས་བསྡུ་ན་སྣང་མཆེད་ཐོབ་པ་རྣམ་པ་གསུམ་པོ་དང་འབྲེལ་བ་སྔགས་ཀྱི་སྦྱོར་བ་ནི། །སྔགས་ཀྱི་རྒྱུད་ཀུན་གྱི་ནི་གཙོ་བོའི་གཙོ་བླ་མེད་ཀྱི་ཐེག་པའི་ལམ་དང་དེ་དག་སྟོན་བྱེད་ཀྱང་དེའི་རྒྱུད་དུ་བཏགས་སོ། །མི་ཤིགས་པ་སྙིང་ཁའི་ཐིག་ལེ་དང་སྔགས་ཀྱི་ཐིག་ལེ་སྟེ་སྣ་རླུང་སྣ་རྩེར་བསྒོམ་པ་དང་རྫས་ཀྱི་ཐིག་ལེ་ནོར་བུར་གནས་པ་སྟེ། །ཐིག་ལེ་གསུམ་དུ་ངས་རྒྱུད་རྒྱས་པའམ་གཞན་དུ་བཤད་དོ། །བདེ་སྟོང་གི་ངང་ལས་ཤར་ཞིང་དེའི་ཉམས་དང་མ་བྲལ་བའི་བསྐྱེད་རྫོགས་ཡིན་ལ། དངོས་གནས་ལ་མ་བརྟགས་པར་ཤར་བ་རང་མ་ཡིན་པ་ལ་བྱིན་གྱིས་རླབས་པའི་རྣལ་འབྱོར་ཞེས་བྱ་བ་དང་རྟོགས་སྒོམ་ཁོ་ནའི་བསྐྱེད་རྫོགས་ནི་ཡོངས་བརྟགས་ཀྱི་རྣལ་འབྱོར་དང་། །མ་བརྟག་པར་རང་ཤར་བ་བདེ་སྟོང་ངོ་བོར་དངོས་གནས་ལ་གྲུབ་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་སྟེ་རྣལ་འབྱོར་གསུམ་མོ། །
བཞི་པ་ལམ་གྱི་ས་མཚམས་ནི། བསྐྱེད་རྫོགས་ལ་གསལ་སྣང་བརྟན་པོ་མ་མཆེད་པ་ནི། མི་གསལ་བའི་གནས་སྐབས་ཀྱི་གང་ཟག་དང་བསྐྱེད་རྫོགས་གོམས་ཤིང་ལྷ་སྐུ་བདེ་བ་གང་རུང་ལ་སེམས་གསལ་སྣང་བརྟན་ཅིང་མཆེད་པ་ནི་ཡེ་ཤེས་ཆུང་བའི་གནས་སྐབས་དང་གཉིས་ཀ་བརྟན་ཅིང་མཆེད་པ་ནི། །ཡེ་ཤེས་གསལ་བའི་གནས་སྐབས་དང་གཉིས་ཀའི་གསལ་སྣང་རབ་འབྱམས་མཆེད་པ་ནི་ཡེ་ཤེས་ཆེན་པོའི་གནས་སྐབས་སྟེ། །གནས་སྐབས་བཞི་ལ་གནས་པའི་གང་ཟག་རྣམ་པ་བཞི་རུ་བརྗོད་དོ། །
ལྔ་པ་སྟོང་ཉིད་ལྟ་བའི་དོན་བསྡུ་ནི། གཟུགས་ཀྱི་ཕུང་པོ་མེད་ཚོར་བ་དང་། འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་ཤེས་ཀྱི་ཕུང་པོ་དང་བྲལ་བ་སྟེ་དེ་དག་མིན་པའོ། །དབང་པོ་དང་ཡུལ་དང་རྣམ་ཤེས་ཏེ་ཁམས་བཅྭོ་བརྒྱད་མེད་ཅིང་མ་ཡིན་པ་དང་། །ཉོན་མོངས་བག་ཆགས་དང་བཅས་པ་མེད་ཅིང་མ་ཡིན་པ་དང་བྱང་ཆུབ་ཀྱང་གློ་བུར་སྤངས་པའི་ཆ་ཙམ་གྱི་ན་རང་བཞིན་ལ་མེད་ལ། །དམིགས་ཡུལ་དངོས་པོ་མེད་ཅིང་དངོས་མེད་ཀྱང་མེད་ལ་སྒོམ་པ་པོ་དང་སྒོམ་ཡང་མེད་ལ། །དེ་ཉིད་ལ་ཡོན་ཏན་འཕེལ་བ་མེད་ཅིང་སྐྱོན་བྲི་བ་མེད། །དངོས་མེད་ཀྱི་རྟག་པ་མིན་ལ་མི་རྟག་པ་ཡང་མ་ཡིན་པ། །བློ་དང་སྒྲས་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཡིན་གཉིས་མིན་དུ་གཞག་ཏུ་མེད་ཅིང་འདས་པའོ། །དོན་དམ་འདི་ལ་གང་ཟག་དང་ཆོས་ཀྱི་བདག་མེད་ཅིང་དེ་མེད་པས་གཞན་ཡང་མེད། །བདེན་པར་བློས་དཔྱད་དུ་མེད་ཅིང་མིན་པ་དང་། རྫུན་པའི་དངོས་དང་དངོས་མེད་ཀྱང་མ་ཡིན་པ། །རྐྱེན་གྱིས་བྱེད་པ་དང་འགགས་པའི་རྐྱེན་ལ་ལྟོས་ནས་གཞག་པའི་སྟོང་པ་མིན་ཅིང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ཡིན་པ་དེ་ནི། །དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད་དོ། །
དྲུག་པ་ཐབས་མཁས་སྤྱོད་པའི་ཁྱད་པར་ནི། དམིགས་པ་འཛིན་པ་དང་དམིགས་མེད་དམིགས་པ་བཀག་པ་ལས་འདས་ནས། །བྱ་སྤྱོད་ཀུན་འཆར་ཡང་འཛིན་པ་གདོད་ནས་གྲོལ་བཞིན་དུ་རང་གཞན་གྱི་ཡེ་ཤེས་མཆོག་གི་རྒྱུར་བྱ་བ་ཅི་དགར་སྤྱོད་པ་བྱེད་པ། །རིག་སྔགས་གྲུབ་པ་གང་ཡིན་པའི། །སྦྱོར་ལམ་པའམ་འཕགས་པའི་གནས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཐབས་མཁས་ཀྱི་སྤྱོད་པ་ལ་གནས་པའོ། །བསད་བསྐྲད་དབྱེ་བ་སོགས་ཀྱང་སྒྱུ་མས་སྒྱུ་མ་བཅོམ་པ་ལྟ་བུ་དང་། །སངས་རྒྱས་མཆོད་པ་ཡང་སྒྱུ་མས་སྒྱུ་མ་མཆོད་བྱེད་ལྟར་མ་ཞེན་པར་དོན་ཆེན་པོ་སྒྲུབ་ཅིང་། །རྟག་ཏུ་འཁོར་བ་དང་མཐུན་པ་ལྟར་བསྟན་ཀྱང་། འཁོར་བས་མ་གོས་པའི་ཐབས་ལ་མཁས་པའི་སྤྱོད་པ་འདི་དག་གིས། །རྨི་ལམ་ལ་བྱ་བྱེད་མེད་ཀྱང་བྱ་བྱེད་ལྟར་སྣང་བ་བཞིན་དུ་སྔགས་ཀྱི་སྤྱོད་པའོ། །བདུན་པ་ལས་རྒྱའི་གསང་བ་ནི། ཇི་ལྟར་ཆོས་ཉིད་ཀྱི་མེ་ཡིས་བསྲེགས་པ་ལྟར། །དངོས་པོ་སོ་སོའི་ངོ་བོ་ཉིད་ཀྱི་མཐུས་བུད་མེད་དང་མཉམ་པར་སྦྱོར་བ་ལས། །བདེ་ལ་མི་རྟོག་པ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རིགས་བསྐྱེད་བས་ཏེ། །རླུང་རོ་རྐྱང་གཟུང་འཛིན་གྱི་གཡོ་བ་ཐིམ་པ་དང་བདེ་བ་སྐྱེ་བ་དང་། །རྣམ་རྟོག་ཤུགས་དྲག་ངོ་བོ་ཉིད་ཀྱིས་གཅོད་པར་བྱེད་དོ། །དེ་ཕྱིར་བུད་མེད་དེ་ལ་བདེ་སྟོང་དེ་རབ་ཏུ་སྒྲུབ་བོ། །ཞུ་བདེ་དེའི་དོན་དམ་མཐའ་མེད་དབུས་ཀྱང་བཟུང་དུ་མེད་པ་རིག་པ་འདི་ནི། །དོན་དམ་པ་རྡོ་རྗེ་སྟེ་མི་འགྱུར་བའི་དཀྱིལ་འཁོར་རོ་༼གྱི་དོན་བདེ་བའི་སྙིང་པོ་ལེན་པ༽། །བརྒྱད་པ་རིམ་གཉིས་ཀྱི་གསང་བ་ནི། ལྷར་སྣང་གི་རྟོག་པས་ཐ་མལ་གྱི་རྟོག་པ་རྣམ་པར་སྤངས་པར་འགྱུར་ཏེ། དེའི་ཕྱིར་བསྐྱེད་པའི་རིམ་པ་བསྒོམ་པར་བྱའོ། །འདོད་ཆགས་ལ་བདེ་བ་བསྒོམས་པས་འདོད་ཆགས་ཀྱི་བདེ་བ་འོད་གསལ་ཉེ་བར་འགྲོ་བ་དང་། དེ་བཞིན་དུ་སྦྱར་ཏེ་ཞེ་སྡང་དང་གཏི་མུག་རྣམས། །འོད་གསལ་མཆོག་ཏུ་ཉེ་བར་འགྲོ་བའི། །ལམ་རྒྱུ་ནི་ཐུན་མོང་མ་ཡིན་པའི་བདེ་བ་དང་རླུང་སེམས་ཀྱི་ལྷ་སྐུ་སྒྱུ་མའི་རང་བཞིན་དང་། །སྙིང་ཁར་རླུང་སེམས་བསྡུས་པའི་རྣམ་པར་མི་རྟོག་པ་སྒོམ་པས་རྣམ་པར་སྦྱངས་བར་བྱའོ། །དགུ་པ་ལམ་གྱི་རྣམ་བཞག་ནི་མོས་པས་སྤྱོད་པའི་ས་ལ་དབྱེ་ན་ས་བཅུ་གཉིས་ཡོད་པ་ནི། །ངོ་བོ་ཞིང་གི་ཕོ་ཉ་མོ་དང་གཙོ་བོར་སྦྱོར་བའི་བདེ་སྟོང་གི་དེ་ཁོ་ན་ཉིད་དང་། །ཉེར་བཞིའི་རྩ་དང་དེ་དང་དེའི་ཁམས་དང་གཡོ་བ་རླུང་གི་བགྲོད་པ་ཡི། །དབུགས་འགྲོ་འོང་སོགས་འགགས་པའི་ཡེ་ཤེས་ཀྱི་ཁྱད་པར་བཅུ་གཉིས་སོ། །དེ་ནས་དེའི་རྗེས་ཐོག་ལ་ཡེ་ཤེས་ཟུང་འཇུག་གི་སྐུ་འགྲུབ་སྟེ། །སྐུ་འདི་ལ་རྩ་མེད་ཁམས་ཀྱང་མེད། །རླུང་གིས་བགྲོད་པའང་ཡོད་པ་མ་ཡིན་ཏེ། །ཐ་མལ་གྱི་ལུས་ངག་ཡིད་གསུམ་འགགས་ཏེ་ཡེ་ཤེས་ཀྱི་ལུས་ངག་ཡིད་གསུམ་ཐོབ་པས་སོ། །འོན་ཀྱང་སེམས་ཀྱི་རྣམ་འཕྲུལ་ཙམ་རྩ་སོགས་ཕྲ་མོའི་སྣང་བ་ནི་ཡོད་ཏེ། །སེམས་སྣང་གི་ཁམས་དང་རྩ་རླུང་དེ་དང་དེ་འགགས་པ་ལས་འཕགས་ལམ་གྱི་ས་བཅུ་གཉིས་འབྱུང་བའོ། །ཕོ་ཉ་མོ་མཆོག་རྣམས་དང་སྦྱོར་བའི་དངོས་གྲུབ་ལས། །སྤྲུལ་པའི་གཟུགས་ཀྱི་རྣམ་པ་དང་མཚུངས་པའི་ལྷའི་དཀྱིལ་འཁོར་བདེ་བ་ཆེན་པོའི་ངོ་བོ་འདི། །རིག་པ་འཛིན་པའི་གསང་སྔགས་པ་རྣམས་ཀྱི་ས་བཅུ་གཉིས་ཞེས་བརྗོད་དེ་སའི་ངོ་བོའོ། །བཅུ་པ་གང་ཟག་བདུན་བཤད་པ་ནི། ལས་དང་པོ་པ་ཏིང་ངེ་འཛིན་ལ་གསལ་སྣང་མེད་པ་དང་རྣལ་འབྱོར་པ་གསལ་སྣང་ཙམ་སྐྱེས་པ་དང་སྒྲུབ་པ་པོ། །ལས་ཐོགས་མེད་དུ་གྲུབ་ཅིང་དངོས་གྲུབ་འགྲུབ་ཏུ་རུང་བ་དང་། གྲུབ་པ་ཐུན་མོང་ཆེ་འབྲིང་ཐོབ་དང་མཆོག་ཏུ་གྲུབ་པ་མཆོག་གི་དངོས་གྲུབ་ཐོབ་པ་སྟེ་ས་ཐོབ་པ་ཙམ་དང་ནི་སེམས་དཔའ་ཆེན་པོ་ནི་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་བླ་མེད་སངས་རྒྱས་ཏེ་སྔགས་བརྗོད་པ་པོ་རིམ་པ་བདུན་དུ་གསུངས་པ་དང་། །བརྩོན་འགྲུས་ཅན་ལ་བླ་མའི་དྲིན་གྱིས་སྐྱེ་བ་གཅིག་ལ་བདུན་ཀ་རྫོགས་པར་མངོན་དུ་གྱུར་པའོ། །བཅུ་གཅིག་པ་དངོས་པོའི་རང་བཞིན་བསྟན་པ་ནི། གང་དུ་ཡང་བཟུང་རྒྱུད་དང་བྲལ་ཙམ་ཀྱི་སྟོང་པ་མ་ཡིན་བློའི་ཡུལ་གྱི་རང་བཞིན་མི་སྟོང་པའང་མིན། །རང་བཞིན་ཟག་པ་མེད་པའི་སེམས་འདི་ཆོས་ཐམས་ཅད་དེ་བཞིན་ཉིད། །ནམ་མཁའ་ལ་དབྱེ་བ་མེད་ཀྱང་སྣོད་ཀྱིས་དབྱེ་བ་རྟོག་ངོར་བྱེད་པ་ལྟར། །ལས་དང་པོ་པ་སོགས་གནས་སྐབས་བདུན་དུ་དེ་བཞིན་ཉིད་དུ་མི་ཤེས་པའི་འཇིག་རྟེན་པ་རྣམས་རྟོག་པར་བྱེད་དོ། །སེམས་ཀྱི་རྡོ་རྗེ་རང་བཞིན་འགྱུར་བ་མེད་པ། །འཁོར་འདས་ཀྱི་གནས་སྐབས་སུ་ཐེག་པའི་རིམ་པ་ཐུག་པ་མེད་པ་རྣམས་ཀྱིས། །སེམས་ཀྱི་དབྱིངས་དེ་ནི་མི་འཇིག་ཅིང་གཡོ་བ་མེད། །ལ་ནམ་མཁའ་ལ་ས་ཆུ་མེ་རླུང་གང་གིས་ཀྱང་མི་གོས་པ་ལྟ་བུར་ཆོས་ཐམས་ཅད་ཀྱིས་གོས་པ་མེད་ལ། །འོ་ན་འཁོར་བར་སྣང་བ་ཅི་ཡིན་སྙམ་ན་ཇི་ལྟར་མིག་རབ་རིབ་ཅན་དག་གིས། །ནམ་མཁའ་ལ་ནི་སྐྲ་ཤད་མེད་ཀྱང་མཐོང་བ། །དེ་བཞིན་དུ་འཁོར་བའི་སྣང་བ་ཐམས་ཅད་རྣམ་པར་རྟོག་ཙམ་སྟེ། །དངོས་པོ་གནས་ཚུལ་ལ་འཁོར་བ་མེད་ཅིང་འཁོར་བ་པོ་གང་ཟག་ཀྱང་མེད་དོ། །
བཅུ་གཉིས་པ་སྔགས་ཀྱི་དམ་ཚིག་གི་གསང་བ་བཤད་པ་ནི། དེ་ཕྱིར་བཅོས་མ་འཁོར་བའི་རྣམ་རྟོག་ཀུན་སྤངས་ནས། །རྟོག་བྲལ་གྱི་ལྷ་སྐུ་དང་། བདེ་སྟོང་གཉིས་ཟུང་དུ་འཇུག་པའི་རང་བཞིན་བསྒོམ་པར་བྱ་སྟེ། །དེ་བཞིན་གཤེགས་པའི་གསུང་གི་ངེས་དོན་གྱི་ལམ་ལ། །གསང་སྔགས་རིག་པ་རྣམས་རྣམ་རྟོག་མ་བྱེད་ཅིག །དེ་དོན་དམ་གྱི་དམ་ཚིག་གོ །བཅུ་གསུམ་པ་སྔགས་ཀྱི་སྤྱོད་པ་སྤྱད་པ་ནི། རྣལ་འབྱོར་དབང་པོ་གསང་སྔགས་པས་སྐྱེ་བོ་ནི། །སྐྱེས་པ་བུད་མེད་མ་ནིང་གང་ལའང་བརྙས་པར་མི་བྱ་སྟེ། །རྡོ་རྗེ་གསུམ་གྱི་རྒྱས་བཏབ་པའི་ཕྱིར་རོ། །ཉན་ཐོས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ལྟ་བ་མཐར་ཐུག་ཏུ་འདོད་པ་སྟེ། དེ་དག་གི་ཐན་ཀོར་ནང་དུ་ཞག་བདུན་ལྟ་ཅི་སྨོས། ཅུང་ཟད་ཀྱང་མི་གནས་ཤིང་། །ཆགས་བྲལ་གྱི་ལམ་བསམ་གཏན་དང་གཟུགས་ཀྱི་ཏིང་ངེ་འཛིན་ལ་བློ་མི་གུས་པར་བྱ། །བུད་མེད་རིན་ཆེན་ནམ་ཡང་སེམས་ཀྱིས་སྤང་བར་མི་བྱ། །ལུས་ངག་གིས་ཀྱང་སྤྱིར་དགག་བྱ་དགོས་པའི་དབྱེ་བ་ཤེས་དགོས་མོད། གང་དུ་བཤད་པའི་དམ་ཚིག་མ་མཐའ་རྣམས་ངེས་པར་བསྐྱང་དགོས། རང་དོན་དང་བདེན་འཛིན་ཅན་གྱི་ཉན་ཐོས་ཀྱི་སྤྱོད་པ་སྤངས་བྱས་ནས། །འདོད་ཆགས་བདེ་བ་ཆེན་པོ་སྙིང་རྗེ་ཆེན་པོ་འཆར་བ་དང་བཅས། །སེམས་ཅན་སོ་སོ་འདུལ་བའི་ཐབས་ཚུལ་ཀུན་ཡང་རིག་པས། །ཕྱི་རོལ་གཉིས་སྦྱོར་གྱི་བྱ་བའི་ནང་དུ་གཉིས་སྦྱོར་ལས་འདས་པའི་འཛག་མེད་ཀྱི་བདེ་ཆེན་སྒྲུབ་པའི་བརྟུལ་ཞུགས་ལ་གནས་པར་བྱའོ། །སྡོམ་པ་ལ་བསླབ་བྱར་མི་ཞེན་པ་དང་སྡོམ་མིན་ལ་སྤང་བྱར་མི་ཞེན་པས་དེ་དག་ཀུན་ལས་སེམས་ལོག་པ་དང་། །བཟའ་བྱ་ཞིམ་པོ་དང་བཟའ་མིན་མི་གཙང་བ་སོགས་སུ་མི་བརྟག་སྟེ། །རིགས་སོགས་གཙང་དང་མི་གཙང་གི་དཔྱད་པ་མི་བྱ་སྟེ། །ཐམས་ཅད་རང་བཞིན་ཏེ་སྟོང་ཉིད་དང་དེ་ཁོ་ན་ཉིད་དེ་བདེ་གསལ་དུ་མཉམ་པར་ཤེས་པས་ལོངས་སྤྱོད་པའོ། །མགོ་ཟླུམ་ནི་དགེ་སློང་གི་ཆ་ལུགས་སམ། ཐིག་ལེ་སྤྱི་བོ་གང་བའི་དོན་ཏེ་བརྟུལ་ཞུགས་དེ་ཡང་གཏུམ་མོའི་མེ་རྒྱས་པའི་དེས་བདེ་བའི་འདོད་ཆགས་རྒྱས་གཟི་བརྗིད་ཅན། །ཐམས་ཅད་མཉམ་པ་ཉིད་དམིགས་སུ་མེད་པ་ལ་རྟོག་པ། །ངན་འགྲོར་ཁྲིད་པའི་སྡིག་པ་དང་བདེ་འགྲོ་ཁྲིད་པའི་བསོད་ནམས་དང་ལུང་མ་བསྟན་གྱི་གནས་སྐབས་ཀུན་ཡོད་པ་མིན་ནོ། །འོ་ན་ཅི་ཞེ་ན་དུས་དང་སྤྱོད་པ་ཀུན་ཀྱང་བྱང་ཆུབ་ཀྱི་ཐབས་སུ་འགྱུར་བའི་སྤྱོད་པ་ཅན། །འཇིག་རྟེན་ན་སེམས་ཅན་གཡོ་བའི་རྒྱུ། ཏིང་ངེ་འཛིན་གྱི་ཉམས་བྱེད་བུད་མེད་ཡིན་ཡང་འདིར་ནི་ཐབས་མཆོག་གི་ཁྱད་པར་གྱིས་བུད་མེད་ལ་སྦྱོར་བའི་ལས་ཏིང་ངེ་འཛིན་དང་ཤེས་རབ་སོགས་ལ་སེམས་བརྟན་པར་བྱེད་པ། །ཚངས་སྤྱོད་མ་ཉམས་པའི་དགེ་སློང་དངོས་སྟེ། །དེ་ནི་ཁམས་གསུམ་གྱི་དབང་ཕྱུག་ཏུ་གྲགས་པ། ལྷ་གསུམ་དང་། ཕྱོགས་སྐྱོང་རྒྱལ་ཆེན་བཞི། ལྷ་མིན་དབང་པོ། ཀླུ་ཆེན་སོགས་ཀུན་ཀྱི་བླ་མར་འགྱུར་པའོ། །རྡོ་རྗེ་འོད་གསལ་བྱིན་གྱིས་རློབས་ཅིང་མཐར་ཕྱིན་པར་བྱེད་པའི་ཡེ་ཤེས་རིམ་པ་སྟོན་པའི་ཀྱི་ལེའུ་སྟེ་ལྔ་པའོ། །འཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལས་རྟོགས་པ་ཕྱི་མ་གསང་བའི་དོན་གྱི་ཐེ་ཚོམ་སེལ་བས་ངེས་པར་བསྟན་པ་ཇི་སྙེད་པ་ནི་འདི་བས་མང་བ་ཡོད་དུ་རུང་ཡང་ཞེས་པའོ། །རྫོགས་ཏེ། སྒྲོལ་མ་འབྱུང་བའི་རྟོག་པ་ཇི་སྙེད་པ་རྫོགས་སོ།། །།རྒྱ་གར་ལྷོ་ཕྱོགས་རསྨཱི་ཤྭ་རའི་ལྗོངས་སུ་སྐུ་འཁྲུངས་པ་རྡོ་རྗེ་ཐེག་པ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རྗེ་བཙུན་བུདྡྷ་གུསྟ་ལ་རྒྱུད་འདི་ཞིབ་མོར་ཉན་ཅིང་བསྒྱུར་བར་སླ་བ་རྣམས་ཐོད་རེ་ལོང་ངེ་བ་བསྒྱུར་ཞིང་། དཀའ་གནས་རྣམས་ལ་རེག་ཟིན་གྱི་རིམ་པ་མང་དུ་བྱས་ནས་བརྟག་དཔྱད་མང་དུ་བགྱིས་པ་ལས། སླད་ནས་རྒྱ་གར་གྱི་མཁན་པོ་ནིརྦཱ་ཎ་ཤྲཱིའི་ཞབས་དང་། ཡང་སླད་ཀྱི་པཎྜི་ཏ་པུརྞ་བཛྲའི་སྤྱན་སྔར། འགྲེལ་པ་སོ་སོ་དང་ཞིབ་ཏུ་སྦྱར་ཏེ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བསྒྱུར་བའོ།། །།
སྒྲོལ་མ་དཀར་མོའི་ཚེ་ཡི་ཡང་ཏིག་གི་རྒྱུད་ཀྱི་སྙིང་
སྒྲོལ་མ་དཀར་མོའི་ཚེ་ཡི་ཡང་ཏིག་གི་རྒྱུད་ཀྱི་སྙིང་པོ་བཞུགས༔
རྒྱ་གར་སྐད་དུ། ཨཱརྱ་ཏཱ་རེ་ཛྙཱ་ན་ས་ཏྭ་ཙིཏྟ་གརྦྷེ་ཏནྟྲཿ བོད་སྐད་དུཿ འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའ་སྙིང་པོའི་རྒྱུདཿ དཔལ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོཿ འདི་ལྟར་རང་བྱུང་སངས་རྒྱས་ནིཿ བདུད་དགྲ་ངང་གིས་འདུལ་བ་ཡིཿ བཅོམ་ལྡན་ཀུན་བཟང་ཡབ་དང་ཡུམཿ སྟོན་པ་ཆོས་ཀྱི་རྒྱལ་པོ་དེསཿ རྣམ་དག་ཆོས་ཀྱི་དབྱིངས་ཀྱི་ཞིངཿ ཡེ་ཤེས་སྙིང་པོ་རྒྱན་བཀོད་མཛེསཿ རང་སྣང་འདུས་པའི་འཁོར་གྱི་ཚོགསཿ ཀུན་བཟང་སེམས་དཔའ་རིགས་ལྔ་དངཿ ཡེ་ཤེས་དབྱིངས་ཀྱི་ཌཱཀི་བཅསཿ ཟབ་གསང་གཏིང་དཔག་དཀའ་བའི་ཆོསཿ རང་དང་དགོངས་སྤྱོད་མི་དམན་པརཿ དགོངས་བརྒྱུད་ཚུལ་གྱིས་བསྟན་པ་སྟེཿ དུས་གསུམ་མིང་མེད་ཐོག་མའི་དུསཿ དེ་ཚེ་གཞི་ཡི་རིག་པ་ནིཿ ཆོས་ཉིད་རྗེན་པའི་གནས་ཚུལ་ཉིདཿ འཁོར་འདས་མཐའ་ལ་མི་གནས་པཿ རང་བྱུང་དབྱིངས་སུ་རང་སྣང་ཞིངཿ རང་རྩལ་འགགས་མེད་བདེ་བ་ཆེཿ ཆོས་ཉིད་རྣམ་དག་མཁའ་ལྟར་བརྡལཿ ཆོས་སྐུ་ཀུན་ཁྱབ་ཡེ་ཤེས་ཞེསཿ ངོ་བོ་མ་སྐྱེས་མ་གྲུབ་ཞིངཿ ཡོད་མེད་མིང་གི་མཚན་མར་ཟདཿ མེད་ཅེས་འཁོར་འདས་མཐར་མ་ལྷུངཿ གཏིང་གསལ་གཞོན་ནུ་བུམ་པའི་སྐུཿ འཁོར་འདས་རྒྱུ་ལ་མི་གནས་པཿ གདོད་མའི་གཞི་ཡི་སྤྱི་གཞིའོཿ
དེ་ལྟར་རྣམ་དག་ངོ་བོ་ལཿ རང་བཞིན་ལྷུན་གྱིས་གྲུབ་པའི་ཚུལཿ རང་རྩལ་འགགས་མེད་རྡོ་རྗེ་ཡིཿ ཡེ་ཤེས་ཆེན་པོའི་རང་གདངས་ཀྱིཿ ལོངས་སྐུ་ངེས་པ་ལྔ་ལྡན་ཞེསཿ སངས་རྒྱས་སྤྲུལ་སྐུའི་སྣང་ཚུལ་ཙམཿ གདུལ་བྱ་རང་སྣང་འཁོར་ཚོགས་ལཿ འདུལ་བྱེད་ཐེག་པ་བརྡ་ཡི་ཆོསཿ རང་གྲོལ་གསང་བའི་སྙིང་པོ་བསྟནཿ དེ་ནས་མི་ཡུལ་མ་ལ་ཡརཿ སྟོན་པ་རྡོ་རྗེ་སེམས་དཔའ་དངཿ འཁོར་སློབ་རིགས་ཅན་དྲྭ་མ་སོགསཿ དུས་གསུམ་རྣམ་དག་དང་པོའི་དུསཿ རིག་པ་ཡེ་ཤེས་སྙིང་པོ་ཡིཿ ངེས་པའི་རྒྱལ་པོ་གསང་བའི་མཛོདཿ གཞན་ཡང་སྟོན་པ་ཀུན་བཟང་པོའིཿ དགའ་རབ་ཤྲཱི་སེང་ལ་སོགས་པཿ རང་གྲོལ་རྫོགས་པ་ཆེན་པོ་ཡིཿ རྒྱུད་ཀྱི་རྒྱལ་པོ་བཅུ་བདུན་བསྟནཿ ཡེ་ཤེས་ལས་དང་འཇིག་རྟེན་གྱིཿ སྔགས་ཀྱི་སྲུང་མ་ལ་སོགས་ཏེཿ མི་དང་མི་མིན་སྣ་ཚོགས་འདུཿ གང་འདུལ་སྒྱུ་ཐབས་སྣ་ཚོགས་ལསཿ རང་ལ་གནས་པའི་ཡེ་ཤེས་ལཿ རང་གྲོལ་སྐུ་གསུམ་རྡོ་རྗེ་ཡིཿ རང་ཆས་གཞི་རྩ་དབྱིངས་ཐིམ་ཞིངཿ དྭངས་མ་དབྱིངས་འཕོས་འཇའ་ལུས་ངོམཿ ངོ་མཚར་ཁྱད་ཆོས་བླ་ན་མེདཿ ཡང་གསང་ཌཱཀི་སྙིང་གི་ཁྲགཿ དྭངས་མའི་དྭངས་མ་ཡང་ཞུན་དངོསཿ ལྷ་དང་མི་དང་ཀླུའི་རིག་འཛིནཿ ཚོམ་བུ་འབུམ་འབུམ་གྲོལ་ལམ་ཐོབཿ རྡོ་རྗེ་གདན་དུ་ཤཱཀྱའི་རྒྱལཿ སྟོན་པ་རྫོགས་པའི་སངས་རྒྱས་ཏེཿ རང་དོན་མངོན་རྫོགས་ཞི་བར་གཤེགསཿ གཞན་དོན་གདུལ་བྱ་སོ་སོ་ཡིཿ སྣང་ངོར་སྤྲུལ་པ་བྱེ་བ་ཕྲགཿ ཆོས་འཁོར་རིམ་པ་གསུམ་སྐོར་ལཿ དང་པོ་བདེན་པ་བཞི་ཡི་ཆོསཿ གདུལ་བྱ་ལམ་ལ་དྲངས་བ་བསྟནཿ བར་བ་ཐེག་ཆེན་མཚན་ཉིད་བྲལཿ ཐ་མ་ངེས་པའི་དོན་སྟོན་པསཿ ཆོས་རབ་རྣམ་འབྱེད་ཟབ་པའི་དོནཿ མདོར་ན་དུག་གསུམ་རང་རྒྱུད་པཿ ཞི་ཕྱིར་བརྒྱད་ཁྲི་བཞི་སྟོང་སྟེཿ ཐེག་པའི་རྣམ་གྲངས་བསམ་ཡས་བསྟནཿ དེ་རྣམས་དྲང་ངེས་ལྡེམ་དགོངས་ཀྱིཿ གདུལ་བྱའི་སྣོད་དང་བསྟུན་པར་གསུངསཿ རང་རང་ལམ་རྟགས་འབྲས་བུ་ལྡནཿ དེ་ནས་མ་འོངས་འབྱུང་འགྱུར་གྱིཿ རྒྱལ་ཚབ་པདྨ་འབྱུང་གནས་བསྔགསཿ ས་མ་ཡཿ འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའ་སྙིང་པོའི་རྒྱུད་ལསཿ དགོངས་བརྡ་སྙན་བརྒྱུད་གསུམ་གྱི་ལོ་རྒྱུས་ཀྱི་ཡིད་ཆེས་པ་སྟོན་པ་སྟེ་ལེའུ་དང་པོའོཿ
ཨེ་མ་ངོ་མཚར་རྨད་བྱུང་བའིཿ ཡང་དག་རྫོགས་པའི་སངས་རྒྱས་མཆོགཿ ཆོས་སྐུ་སྣང་བ་མཐའ་ཡས་ཀྱིཿ དབྱེར་མེད་ཡི་གེ་ཧྲཱིཿཡིག་ཚུལཿ ལྔ་ལྡན་འོ་མཚོར་པདྨའི་སྡོངཿ དྷ་ན་ཀོ་ཥའི་མཚོ་གླིང་བབསཿ སྐྱོན་གྱིས་མ་གོས་པདྨར་འཁྲུངསཿ རྡུལ་གྱི་སྐྱོན་བྲལ་ཐོལ་སྐྱེས་རྫསཿ ཡེ་ཤེས་ལྔ་ལྡན་ཀློང་ལས་བཞེངསཿ ངོ་མཚར་སྤྲུལ་པའི་སྐུ་མཆོག་དེཿ རྒྱལ་སྲིད་བཟུང་སོགས་མཚན་བརྒྱད་དམཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིཿ ཆོ་འཕྲུལ་ཆེན་པོའི་རང་བཞིན་གྱིཿ རང་སྣང་དབང་བསྡུས་གཞན་སྣང་ཡངཿ ཟིལ་གྱིས་ནོན་ཞིང་དེ་ལྟ་བུའིཿ ཐུགས་རྗེ་མངའ་དབང་རྒྱལ་བ་དེཿ རང་དོན་ཡེ་ནས་རྫོགས་ཟིན་ཀྱངཿ སྣ་ཚོགས་གདུལ་བྱའི་སྣང་སྐལ་དུཿ དག་དང་མ་དག་ཆུ་ཟླའི་དཔེཿ དེ་ནས་འཕགས་ཡུལ་གནས་སོ་སོརཿ སླར་ཡང་རིམ་གཉིས་ལམ་མཆོག་གིསཿ གྲོལ་བའི་ཚུལ་བསྟན་ཁྱད་པར་དུཿ མཱ་ར་ཏི་ཀའི་གནས་མཆོག་ཏུཿ གསང་སྔགས་ཐེག་མཆོག་ལ་བརྟེན་ནསཿ བསྒྲུབ་པའི་གྲོགས་ཀྱི་ཕྱག་རྒྱ་མཿ ཟ་ཧོར་རྒྱལ་སྲས་ལྷ་ལྕམ་དངཿ འཆི་མེད་བསྒྲུབ་ཚེ་མངོན་སུམ་དུཿ མགོན་པོ་ཚེ་དཔག་མེད་པ་ཡིཿ རང་ཞལ་མངོན་མཇལ་དེ་ཡི་ཚེཿ ལྷ་མོ་ཙཎྜ་ལ་བརྒྱུད་པའིཿ རྒྱུད་དང་སྒྲུབ་ཐབས་ལས་ཚོགས་སོགསཿ ཆོས་ཀྱི་ཆེ་བ་མཛད་པ་ཡིཿ ཚེ་དབང་རིག་འཛིན་ས་ཐོབ་བརྙེསཿ འཕོ་མེད་སྲོག་ལ་དབང་འབྱོར་ཞིངཿ ཡབ་ཡུམ་དྭངས་མའི་སྐུ་མཆོག་གྲུབཿ དེ་ལྟར་ཟབ་པའི་ཆོས་སྡེ་རྣམསཿ རིམ་བཞིན་ཐུགས་སྲས་རྗེ་འབངས་བརྒྱུདཿ སྐལ་ལྡན་སློབ་ཚོགས་མཐའ་དག་རྣམསཿ རྡོ་རྗེ་འཛིན་པའི་ས་ལ་སྦྱོརཿ མི་ལོ་སྟོང་ཕྲག་ལྷག་ཙམ་ལཿ སྐུ་དངོས་འགྲོ་བའི་དོན་མཛད་ཅིངཿ རང་སྐལ་ཆོས་ཀྱི་བསྟན་དང་འགྲོརཿ མངོན་གྱུར་འཚོ་བའི་ཐུགས་བསྐྱེད་ལསཿ འདི་ནི་དཔལ་གྱི་སེང་གེ་ཡིཿ ངོར་སྐལ་གདམས་པ་ཐོབ་པ་སྟེཿ དང་པོ་རང་དོན་མངོན་གྱུར་ཅིངཿ དེ་ནས་གཞན་དོན་གྱུར་པ་ཡིཿ ཟབ་སྡེ་དགོངས་ཀློང་རྒྱས་གདབ་ཅིངཿ མ་འོངས་སྙིགས་མ་སྙིགས་མའི་དུསཿ སྨོན་ལམ་འབྲས་བུའི་ལས་འཕྲོ་སདཿ ལས་ཅན་སྨིན་ཅིང་གྲོལ་བ་དངཿ སྣོད་བཅུད་རྒུད་པའི་ཉེས་ཚོགས་ཞིཿ རྒྱལ་བསྟན་ཉིན་མོར་བྱས་པ་སོགསཿ དཔལ་དང་ཡོན་ཏན་ཡེ་ཤེས་རྒྱསཿ འཆི་མེད་གདམས་པ་འདི་ཕུལ་གྱུརཿ ཡང་གསང་མཁའ་འགྲོའི་སྙིང་ཁྲག་དངོསཿ ལས་ཅན་གཅིག་དང་འཕྲད་ནས་ནིཿ བསྟན་འཛིན་སྐལ་ལྡན་མང་པོ་ཡིཿ སྐུ་ཚེའི་གྲོགས་པོ་འདི་བྱེད་འགྱུརཿ ས་མ་ཡཿ འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའ་སྙིང་པོའི་རྒྱུད་ལསཿ ཁྱད་པར་གྱི་ལོ་རྒྱུས་དང་ལས་ཅན་གདམས་ཤིང་འབྱུང་འགྱུར་བསྟན་པ་སྟེ་ལེའུ་གཉིས་པའོཿ
ཨེ་མ་ཡེ་ནས་རྣམ་དག་པའིཿ ཀུན་བཟང་དགོངས་པའི་ཀློང་ཉིད་ལསཿ མཐའ་བྲལ་རང་བྱུང་ཆོས་ཀྱི་སྐུཿ གཞི་ལམ་འབྲས་བུ་རང་ཆས་རྫོགསཿ སྐྱོན་ཡོན་བྲི་གང་བྲལ་བ་ཡིཿ ཐོག་མའི་སངས་རྒྱས་ཀུན་བཟང་མོཿ གཞི་དབྱིངས་ཆོས་སྐུའི་རང་མདངས་ལསཿ རང་རིག་སྟོན་པ་རང་སྣང་འཁོརཿ རང་གྲོལ་ཆོས་ཏེ་བརྡ་ཚིག་བྲལཿ འཁོར་འདས་མིང་མེད་དུས་ཀྱི་ཚེཿ མཉམ་པ་ཉིད་ཀྱི་ངང་ལ་གནསཿ འཁྲུལ་གྲོལ་རྒྱ་ཡིས་མ་བཏབ་པའོཿ དེ་ནས་གདུལ་བྱ་རྟག་ཅན་དངཿ ཆད་པར་འཛིན་སོགས་འཁོར་འདས་ཀྱིཿ རུ་ཙིའི་ཟིན་ལ་ཉེ་བ་ནཿ རྒྱལ་བ་ཐུགས་རྗེའི་རང་བཞིན་གྱིསཿ མི་འདའ་དབྱིངས་ཀྱི་ཆོས་སྐུ་ལསཿ ལོངས་སྤྱོད་རྫོགས་པ་བསྟན་པ་སྟེཿ འོག་མིན་ཀུན་བཟང་རིགས་ལྔ་དངཿ མཁའ་སྤྱོད་བདེ་ལྡན་ཝཱ་རཱ་ཧཱིཿ པོ་ཊ་ལ་སོགས་སྤྲུལ་པའི་ཞིངཿ འཕགས་མ་སྒྲོལ་མ་དཀར་མོ་སོགསཿ སྙིང་རྗེའི་དབང་ཕྱུག་སྤྱན་ཆབ་ལསཿ འགྲོ་བ་སྒྲོལ་བའི་ཐུགས་རྗེ་ཅནཿ དོན་ལ་སངས་རྒྱས་ལོངས་སྐུ་སྟེཿ ཆོས་སྐུ་གཅིག་གིས་ཀློང་ལས་སྤྲུལཿ དབྱེར་མེད་འགྲོ་འདུལ་འཕགས་མ་སྟེཿ འཁྲུལ་པ་མ་རིག་གསུམ་ལྡན་གྱིཿ འཁོར་བའི་སྦུབ་གྲོལ་སྲིད་པའི་མཐའཿ འབྲས་བུ་རང་ཆས་རྫོགས་པ་ལཿ ཞི་བ་མྱ་ངན་འདས་པའི་མཐའཿ གང་དུ་མ་ལྷུང་གང་མ་གཏོགསཿ མཐའ་གཉིས་མི་གནས་སངས་རྒྱས་དེཿ ལམ་དུ་བསྒྲུབ་པའི་གང་ཟག་ལཿ སྣང་བས་གདུལ་བྱ་རྟགས་ཀྱི་ལྷཿ ཞལ་ཕྱག་མཚན་དང་དཔེ་བྱད་ལྡནཿ རང་ལ་གནས་པའི་ཆོས་སྐུ་ལཿ ཡེ་ཤེས་ཆེན་པོར་རང་བསྒྲུབས་པསཿ སྐུ་གསུམ་རང་རྩལ་རྫོགས་པ་དེཿ མ་འབད་རང་ཆས་ཡེ་ནས་གྲུབཿ བཟང་པོ་ངན་པར་བསྒྱུར་བ་དངཿ ངན་པ་བཟང་པོའི་ཟླུམ་བྲལ་བསཿ ཆོས་ཉིད་དོན་གྱི་ལྷ་འདིའོཿ ངོ་བོ་བསྒྱུར་དཀའ་འགྱུར་བ་མེདཿ ཆོས་ཅན་ཀུན་རྫོབ་མཚན་མ་ཡིཿ གཟུང་འཛིན་དབྱིངས་སུ་ཡལ་བས་ནཿ དོན་དམ་ཐིག་ལེ་གཅིག་ཏུ་འཁྱིལཿ འབྲས་བུ་གཞི་ལ་རྫོགས་པས་ནཿ རྟག་པ་རྒྱུན་གྱི་འཁོར་ལོ་ཡིཿ ཆོས་ཉིད་ཚད་ལ་ཕེབས་པའི་གདངསཿ ཡེ་ཤེས་དབྱིངས་ཀྱི་ཞིང་དང་རྒྱནཿ དབྱིབས་དང་བཀོད་ལེགས་མཚན་དཔེར་འབརཿ དེ་ལྟར་འཆི་མེད་ལམ་བསྒྲུབ་དུསཿ བསྒྲུབ་བྱ་རང་རིག་མངོན་གྱུར་གྱིཿ ཡེ་ཤེས་ལམ་དུ་བྱ་བ་ལཿ སྒྲུབ་པར་བྱེད་པའི་ཐབས་ལ་འབདཿ དང་པོ་འཁོར་བར་ཡིད་དབྱུང་ནསཿ དལ་འབྱོར་མི་རྟག་ལས་འབྲས་བསླབཿ འཁོར་བའི་ཉེས་དམིགས་བསམ་ལ་ལྡོགཿ ཐེག་པའི་འཇུག་སྒོ་ལམ་གྱི་གཞིཿ དཀོན་མཆོག་སྐྱབས་གསོལ་ཐེག་ཆེན་གྱིཿ སྨོན་འཇུག་བྱང་ཆུབ་སེམས་མཆོག་སྦྱངསཿ སྐྱབས་ཡུལ་དཔང་གསོལ་ཚོགས་བསགས་འབདཿ ལམ་གྱི་གེགས་བསལ་གེགས་དང་ཕྲལཿ བསྲུང་བས་ཕྱིར་མཚམས་ཡང་དག་བཅདཿ ཐ་མལ་སྣང་ཞེན་དག་པ་དངཿ སྐུ་གསུམ་ལམ་དུ་སློང་བའི་ཕྱིརཿ རྒྱུད་བསྐུལ་བྱིན་ཆེན་འབེབས་པ་དངཿ སྣང་བ་དག་པར་བསྒྱུར་བའི་ཕྱིརཿ ཐ་མལ་སྣང་བ་མཆོད་སྤྲིན་བསྒྱུརཿ དེ་ནི་སྦྱོར་བ་སྔོན་ཆོས་གྲུབཿ བསྐྱེད་པ་མ་ཧཱ་ཡོ་ག་ཡིཿ ལྟ་དོན་ལམ་དུ་བསྒྲུབ་པ་ལཿ ཏིང་འཛིན་གསལ་བརྟན་དག་གསུམ་པོཿ ཚད་དང་ལྡན་པར་བསྒྲུབས་པས་ནཿ སྣང་བ་གཟུང་འཛིན་རྡུལ་རྡུལ་པོཿ ཕྲ་རགས་ཐམས་ཅད་ཞིང་དང་ལྷཿ རྟོག་ཚོགས་དག་པར་སྐུ་གསུམ་བསླབཿ ལུང་མཆོག་ཨ་ནུ་ཡོ་ག་ནིཿ གདན་གསུམ་ལྷ་སྐུའི་ཕྱག་རྒྱར་བཞེངསཿ སྣང་ཞེན་ལྷ་སྐུར་ལྡང་བ་སྟེཿ གནས་པ་རྩ་ནི་སྤྲུལ་པའི་སྐུཿ གཡོ་བ་རླུང་ནི་ལོངས་སྐུ་ལཿ བརྟན་པ་བཅུ་ནི་ཆོས་ཀྱི་སྐུཿ རྩ་ཐིག་རླུང་ལ་བརྟེན་ནས་ནིཿ ཕྱི་ཡི་ཡུལ་དང་དེར་བརྟན་པའིཿ བཅུད་དང་བཅས་པ་རྟེན་འབྲེལ་གྱིཿ ཡོངས་སུ་སྣང་བ་གྲུབ་པ་ནིཿ ཀུན་རྫོབ་རྫས་དངོས་གྲུབ་པའོཿ སྟོང་པ་ཡུམ་གྱི་ངོ་བོ་ལཿ ཤེས་རབ་དབྱིངས་ཀྱི་ཀློང་དུ་རྫོགསཿ སྣང་བ་ཡབ་ཀྱི་རང་བཞིན་ལཿ ཐབས་ཀྱི་ཡེ་ཤེས་རང་རྩལ་རྫོགསཿ གཉིས་མེད་བདེ་བ་ཆེན་པོ་ཞེསཿ ལམ་འདིའི་གནད་འགགས་འདི་ལ་ཐུགཿ སྔོན་གྱི་རྒྱལ་བ་གཤེགས་པའི་ཤུལཿ ད་ལྟ་འདི་ལ་མངོན་སངས་རྒྱསཿ མ་འོངས་འདི་ཡི་རང་རྩལ་དེཿ དུས་གསུམ་འཕོ་འགྱུར་བྲལ་བ་ཡིཿ རང་རིག་མངོན་དུ་བྱས་པའི་ཚེཿ འཕོ་མེད་སྲོག་ལ་དབང་འབྱོར་ཞིངཿ དྭངས་མའི་སྐུ་འགྲུབ་ཟག་པ་ཟདཿ འབྱུང་བའི་དྭངས་མ་ཡེ་ཤེས་སྨིནཿ དེ་ལ་ཐབས་ཀྱི་སྒྲུབ་པ་ནིཿ འབད་པ་རྡོ་རྗེ་སྒྱུ་མའི་ལུསཿ ཐམས་ཅད་རླུང་གི་ཡོ་ལང་སྟེཿ རླུང་ལྔ་ཡེ་ཤེས་དབྱིངས་སུ་བསྡུཿ གཟུང་བ་ཡུལ་ལ་འཛིན་པ་སེམསཿ དུག་གསུམ་དུག་ལྔ་བསྐྱེད་པའི་རྒྱུཿ ལམ་ལོག་གོལ་བའི་རཱུ་ཏྲ་སྟེཿ དབུ་མ་ཡོད་མེད་མཐའ་གཉིས་བྲལཿ སྒྲ་གཅན་ན་དཱ་མི་ཤིགས་པའིཿ སྒྲོམ་བུ་གཟིར་བཏབ་གཉིས་མེད་བྱཿ འཆི་བདག་ཟེར་བའི་དགྲ་ཆེན་པོཿ གཞན་ནས་འོང་བ་མ་ཡིན་ནོཿ སྐྱེ་འཆི་གཉིས་ཀྱི་བར་ལས་བྱུངཿ སྐྱེ་བ་སྒྱུ་མའི་མངལ་རྒྱ་ལསཿ ལྔ་འདུས་ཕུང་པོའི་ཉེར་ལེན་གྱིཿ སྲོག་དང་ཚེ་དང་རྣམ་ཤེས་གྲུབཿ སྲོག་ལ་ཆད་པ་མི་སྲིད་དེཿ འཆི་མེད་རིག་པའི་རྡོ་རྗེའོཿ ཚེ་ལ་འགགས་པ་མ་གྲུབ་སྟེཿ ཆོས་ཉིད་གནས་པའི་ཆ་ལ་ཟེརཿ རྣམ་ཤེས་གཡོ་བ་མི་སྲིད་དེཿ ཡེ་ཤེས་གཅིག་གིས་ཀློང་དུ་བསྡུསཿ དཔེ་ལ་བརྟེན་ནས་དོན་ཤེས་པསཿ ཀུན་རྫོབ་བཞག་ཐབས་སྦྱོར་བ་བཞིཿ མན་ངག་གནད་དུ་ལྡེབས་པ་ནིཿ སྒྲོན་མེ་སྦར་བའི་མེ་དང་མཚུངསཿ དོན་དམ་ལྟ་བའི་རང་མདངས་སྐྱོངསཿ དབྱིངས་རིག་གཉིས་མེད་རྒྱས་བཏབ་ནསཿ འབྲས་བུ་མཁའ་ལྟར་དག་པའི་ཚེཿ ཟག་མེད་རྡོ་རྗེའི་སྐུ་མཆོག་འགྲུབཿ སྣང་བ་མཆེད་པ་ཉེར་ཐོབ་དངཿ ཉེར་ཐོབ་འོད་གསལ་རྣམ་པ་བཞིཿ འབྱུང་འཇུག་དག་པར་ལ་བཟླ་ནཿ དེ་ལྟར་འཕོ་འགྱུར་ཅན་དེ་ལཿ མེ་ཤེལ་མེ་འོད་བརྡ་དང་མཚུངསཿ ཕྱག་བརྒྱའི་རྐྱེན་ལས་བྱས་པ་ཡིཿ དགའ་བཞིར་རྒྱས་གདབ་སྟོང་བཞི་ཡིཿ ཡེ་ཤེས་མངོན་བྱས་ལམ་རྟགས་ཐོནཿ མ་ལྡན་འཁོར་བའི་རྒྱུ་བསགས་ཏེཿ སྐྱེ་འཆི་བགྲེས་རྒུད་ཅན་དུ་འགྱུརཿ ཆགས་མེད་རླུང་དང་ཆགས་བཅས་ཀྱིཿ ཕྱི་ནང་འབྱིན་འཇུག་ཐམས་ཅད་ཀྱངཿ དགའ་བཞིས་རྩིས་ཟིན་ཡེ་ཤེས་མངོནཿ འབྱུང་བཞིའི་དྭངས་མ་བཅུད་བསྡུས་ཚེཿ ལམ་འདི་མྱུར་བའི་དྲོད་རྟགས་ཐོབཿ འཆི་མེད་རིག་འཛིན་ས་ལ་གཤེགསཿ རྒྱལ་བའི་དགོངས་མཐིལ་མཁའ་འགྲོའི་སེམསཿ ཨུ་དུམ་ཝཱ་ར་ཨེ་མ་ཧོཿ རྫོགས་ཆེན་ཨ་ཏི་ཡོ་ག་ཞེསཿ མིང་དང་ཐ་སྙད་སྒྲོ་སྐུར་བྲལཿ རང་གཞི་གནས་པའི་ཆ་དེ་ལཿ ཆོས་སྐུར་དགོངས་པའི་གདེང་ཚད་ཐོབཿ གཡོ་བའི་རྩལ་ལ་ལོངས་སྐུ་སྟེཿ གཉིས་མེད་དོན་མཛད་སྤྲུལ་པའི་སྐུཿ སྐུ་གསུམ་ལམ་དུ་སློང་བ་ལཿ འབྲས་བུ་སྐུ་གསུམ་རང་ཆས་འགྲུབཿ ཆོས་ཉིད་རིག་པའི་ངོ་བོ་ལཿ གདངས་གསལ་གཞོན་ནུ་ཆོས་ཀྱི་སྐུཿ ལྷུན་གྲུབ་སྣང་བཞི་དབྱིངས་ཟད་པའིཿ འཕོ་ཆེན་དྭངས་མའི་སྐུ་རུ་འགྲུབཿ སྲིད་གསུམ་འཇིག་ཀྱང་སྔངས་སྐྲག་མེདཿ བར་དོ་མེད་པར་མངོན་སངས་རྒྱཿ སངས་རྒྱས་ལག་ཏུ་བཅང་བའི་ཆོསཿ མན་ངག་སྙིང་གི་ཐིག་ལེའི་ཞུནཿ མཁའ་འགྲོ་འབུམ་གྱི་སྙིང་ཁྲག་དངོསཿ བདག་འདྲ་པདྨའི་དགོངས་པ་སྟེཿ དུས་གསུམ་འབྱུང་དཀའ་མཐར་ཐུག་པའིཿ མན་ངག་ཟབ་ཁྱད་བླ་ན་མེདཿ དེ་ཡང་བླ་མ་སངས་རྒྱས་ཀྱིཿ ངོ་བོ་ཀུན་འདུས་ཤེས་པའི་བློསཿ ཐ་མལ་ཡིད་སྣང་འཕྲོག་པ་ཡིཿ བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཛིནཿ པདྨ་ང་དང་གཉིས་མེད་པརཿ བསྒྲུབ་བྱའི་ལྷ་དང་དབྱེར་མེད་བསྒྲུབསཿ ཅི་ཕྱིར་དུས་གསུམ་རྒྱལ་བ་ཡིཿ སྐུ་གསུང་ཐུགས་ཀྱི་རང་བཞིན་གངཿ ང་ལ་མ་འདུས་ཅི་ཡང་མེདཿ བདེ་གཤེགས་འདུས་པའི་ངོ་བོ་དེཿ སྔོན་བྱོན་སངས་རྒྱས་ང་ཉིད་ལཿ ད་ལྟ་སངས་རྒྱས་ཐམས་ཅད་བདགཿ མ་འོངས་ང་ཡི་རོལ་པ་དེཿ དེ་ཕྱིར་ང་ཡི་དྲིན་ཤེས་པརཿ ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབཿ ང་མཐོང་སངས་རྒྱས་ཐམས་ཅད་མཐོངཿ སངས་རྒྱས་འདུས་པའི་བདག་ཉིད་ལཿ དད་པ་དག་སྣང་མོས་གུས་ལྡནཿ སྟོང་པའི་རང་རྩལ་སྙིང་རྗེ་དངཿ དབྱེར་མེད་ཟུང་དུ་འཇུག་པ་གཅེསཿ བདག་ཉིད་ལྷར་གསལ་གནད་བསྣུན་པསཿ སྐྱེ་གནས་བཞི་སྦྱངས་སྐུ་བཞི་འགྲུབཿ གནས་གསུམ་བྱིན་གྱིས་བརླབ་པ་ནིཿ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལཿ དད་པས་རྒྱུད་བསྐུལ་རང་གཞིའི་ཆཿ ཡེ་ཤེས་དམ་ཚིག་དབྱེར་མེད་ཀྱིཿ དབྱིངས་ནས་དྲངས་པ་སྔོན་འདྲེས་མིཿ ངོ་ཤེས་ལྟ་བུར་ཆུ་ཐིམ་བསྟནཿ རང་དང་དབྱེར་མེད་སྣང་བའི་ལྷཿ ཐ་དད་མེད་པའི་བརྡ་ཕྱག་འཚལཿ ཕྱི་ནང་གསང་བའི་མཆོད་པའི་ཚོགསཿ དངོས་འབྱོར་རྒྱུ་དག་རྣམ་གཙང་ཞིངཿ བཀོད་ལེགས་ཡིད་སྤྲུལ་མཆོད་པ་ཡངཿ ཏིང་འཛིན་རིག་པས་ནམ་མཁའ་མཛོདཿ རང་བཞིན་རྣམ་དག་མཆོད་པ་འབུལཿ ལུས་ངག་ཡིད་གསུམ་གུས་འདུད་ཀྱིཿ བརྡ་དང་རྟགས་གསུམ་ཡོངས་རྫོགས་བསྟོདཿ ཏིང་འཛིན་ལྷ་བསྒོམ་རྒྱང་པ་ལཿ ཁོང་ཆུད་ངག་གི་སྔགས་བཟླས་ཏེཿ ཐུགས་ཀར་ཙིཏྟ་རིན་པོ་ཆེཿ ཟུར་བརྒྱད་ཁོང་དབུས་ཡེ་ཤེས་སེམསཿ དེ་ཡི་ཐུགས་ཀློང་ཟླ་བའི་སྟེངཿ ཏཱྃ་ཡིག་སྔགས་རྣམས་གཡས་སུ་བཀོདཿ བཟླས་པས་ཐུགས་དམ་རྒྱུད་བསྐུལ་བསཿ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམསཿ རྒྱུད་བསྐུལ་བྱིན་རླབས་བསྡུས་པ་ཡིཿ དབྱེར་མེད་འཕགས་མ་འགྲུབ་པར་བསམཿ བསྒྲུབ་པའི་དུས་སུ་སྔགས་འཕྲེང་ལསཿ འོད་ཟེར་སྣ་ལྔ་གང་བར་འཕྲོསཿ ཕྱོགས་བཅུའི་རྒྱལ་སྲས་མཆོད་འབུལ་ཞིངཿ སངས་རྒྱས་བྱང་ཆུབ་སེམས་དཔའ་དངཿ ཡི་དམ་དཔའ་བོ་མཁའ་འགྲོ་སོགསཿ རྣམས་ཀྱི་སྐུ་གསུང་ཐུགས་བྱིན་ཚེཿ ས་འོག་གསེར་དང་མེ་ཉི་མཿ ཆུ་བཅུད་ཟླ་བ་རླུང་དྭངས་མཿ ནམ་མཁའ་མཐིང་ཞུན་སྔོན་པོ་དངཿ ཁྱད་པར་ལྷོ་ཕྱོགས་གཤིན་རྗེ་སོགསཿ གདོན་བཅུ་དགྲ་བགེགས་བརྐུས་པ་བཅསཿ འོད་དམར་གློག་གི་ཞགས་པ་ལཿ ཐུགས་རྗེ་ནུས་པའི་ལྕགས་ཀྱུ་ཡིསཿ འཕྲོགས་ཏེ་ཨ་ཎྲི་ཧཱུྃ་གསུམ་པོའིཿ རང་བཞིན་བསྡུས་ནས་བདག་དང་རྟེནཿ སིབ་ཀྱིས་ཐིམ་ནས་ཚེ་དབང་འབྱོརཿ ཁྱད་པར་རླུང་སེམས་དལ་བ་ཡིཿ སྦྱོར་བ་བཞི་ལྡན་བུམ་ཅན་སྐྱིལཿ རླུང་གི་ཡེ་ཤེས་རྣམ་པ་ལྔའིཿ རང་བཞིན་བསྡུས་ཏེ་ལྟེ་འོག་བསྟིམསཿ མིག་ནི་ཟིམ་བུ་གནད་ལྡན་བསླབཿ རྔུབ་པ་ཨོཾ་དཀར་གནས་པ་ཨཱཿདམར་པོ་འབྱིན་པ་ཧཱུྃ་སྔོན་ཏེཿ རང་སྒྲ་བཅས་པ་ཚད་དུ་བསྐྱལཿ རྐང་གཉིས་སྦྱར་ལ་སོར་མོ་བསྟནཿ ལག་གཉིས་ཐལ་མོ་སྤྱི་བོར་སྦྱརཿ གུང་མོ་གྱེན་བསྒྲེང་རྡོ་རྗེ་ལྟརཿ སྔོ་སངས་བགེགས་དཔུང་མི་ཚུགས་པའིཿ མེ་འབར་ཚྭ་ཚྭ་འཕྲོ་བར་བསྒོམཿ རེ་འདོན་ཡེ་ཤེས་རླུང་བསྡུས་ཏེཿ རོ་རྐྱང་གཉིས་རྔུབ་དབུ་མ་སྦུདཿ རྟོག་པ་ཕྲ་རགས་དབྱིངས་ནུས་པའིཿ རྟགས་བཅུ་འཆར་ཞིང་དེ་ཡི་ཚེཿ གནད་དུ་བསྣུན་པས་རླུང་ལྔ་པོཿ དབུ་མར་ཚུད་པའི་རྟགས་རབ་འབྲིངཿ ཐ་མར་མངོན་པར་བྱུང་བའི་ཚེཿ ཐིག་ལེ་དབབ་སྐྱིལ་ལྡོག་བཀྲམ་གྱིསཿ རང་ལུས་བདེ་ཆེན་བསྒྲུབ་པ་ལཿ གཞན་ལུས་ནུས་པའི་རྟགས་ཐོན་ཚེཿ མཚན་རྟགས་ལྡན་པའི་བུ་མོ་ནིཿ བརྟགས་འགུགས་བྱིན་རླབས་ལས་ལ་སྦྱརཿ རང་ལུས་ཐབས་ལྡན་ཇི་བཞིན་ལསཿ ཐིག་ལེ་བཀག་པའི་ཧཱུྃ་དང་ཕཊཿ མཐིང་དང་ལྗང་གུའི་ལམ་བཀག་ཅིངཿ དཀར་རཀ་ནག་འདྲེས་པའི་དུས་དེར་ལཿ བདེ་བ་ཆེན་པོ་དཔེའི་མཚོན་ཏེཿ མངོན་སུམ་རང་ཞལ་མཇལ་བའི་ཚེཿ དཔེ་དོན་འདྲེས་མའི་ཡེ་ཤེས་མཆོགཿ ཆོས་སྐུ་དགོངས་པའི་གདེང་ཚད་རྫོགསཿ མ་བཅོས་ངང་ལ་མཐོང་བའི་ཚེཿ བཅོས་པའི་སླད་བྲལ་དོན་དམ་པཿ མཐོང་བའི་ལམ་མམ་མཐར་ཐུག་ནིཿ མཚན་འཛིན་དངོས་པོ་སྦྱངས་བ་དངཿ སྣང་གསུམ་འཕོ་བའི་བག་ཆགས་ཞེསཿ ས་བཅུའི་རྒྱུན་མཐའ་ཤེས་བྱའི་སྒྲིབཿ གཉེན་པོ་མི་ཤིགས་རྡོ་རྗེ་ཞེསཿ དུས་གསུམ་རྒྱལ་བ་བགྲོད་པའི་ལམཿ ལམ་འདི་ཁོ་ནས་གྲོལ་བ་སྟེཿ དེའང་དབང་པོའི་རྣོ་བརྟུལ་གྱིསཿ རིམ་དང་ཅིག་ཆར་གྲོལ་བ་སྟེཿ ལས་དང་བག་ཆགས་ཙམ་གྱིས་ནིཿ ལམ་འདིས་གེགས་སུ་མི་འགྱུར་ཏེཿ ཡེ་ནས་ངོ་བོ་འཕྲལ་དག་ལཿ རྣམ་པ་རང་ཉིད་རང་གི་ལམཿ གནད་ཐོག་གདབ་པའི་ལམ་མཆོག་དེཿ དད་མོས་སྙིང་རྗེ་བརྩོན་འགྲུས་ཀྱིསཿ གློ་བུར་འཕྲལ་དག་རྐྱེན་བྱས་ནསཿ ཡང་དག་རང་སངས་རྒྱས་པ་ལཿ མེད་མི་རུང་བའི་ཐབས་མཆོག་གྱུརཿ མཁའ་དབྱིངས་བགྲོད་ལ་གཤོག་རྩལ་རླབསཿ ཆེ་ཆུང་རང་ལ་ལྟོས་པ་དེཿ མན་ངག་གནད་ལ་དྲིལ་ཤེས་ནཿ ཡུན་དང་སྐད་ཅིག་བྱེ་བྲག་ཙམཿ མྱུར་དུ་སངས་རྒྱས་འགྲུབ་པའོཿ དེ་ནས་ལུས་འབྱུང་ཐུགས་ཕྲད་ཀྱིཿ བྱང་སེམས་དཀར་ཆ་དམར་པོའི་ཆཿ ལྟ་སྟངས་མིག་གི་མཁའ་ལ་བལྟཿ འོག་སྒོ་སྡོམ་ལ་དྲག་རླུང་གིཿ སྲིན་ཞལ་རྩེ་མོའི་ཕཊ་ཀྱིས་ཏེཿ རིམ་བཞིན་ལུགས་ལྡོག་ཚུལ་གྱིས་ནིཿ ལྟེ་བ་དགའ་བ་སྙིང་ཁྱད་དགའཿ མགྲིན་པ་དགའ་བྲལ་སྤྱི་བོར་ཧཱུྃཿ དེ་དག་རྩ་གནས་ཕྲ་རགས་ཀྱིཿ དཔའ་བོ་ཡབ་དང་དཔའ་མོ་ཡུམཿ སྤྱི་བོར་ཁྲག་འཐུང་ཁྲོ་བོའི་ལྷཿ མགྲིན་པ་རིག་འཛིན་སྙིང་ཁ་ནཿ ཞི་བའི་ལྷ་ཚོགས་བཞུགས་པ་སྟེཿ ད་ལྟའི་ཤེས་རིག་མ་འགགས་པའིཿ ངོ་བོའི་རྩལ་ནི་ཀུན་ཏུ་བཟངཿ དེ་ཡི་རྩལ་དང་རོལ་པ་ནིཿ ཆོས་ཉིད་བརྡས་འབྱམས་ཞི་དང་ཁྲོཿ འཁོར་འདས་ལམ་གྱི་སྣང་བ་ཡངཿ སྣང་བ་ལྷ་ལ་གྲག་སྟོང་སྔགསཿ དྲན་རྟོག་ཆོས་སྐུའི་རང་བཞིན་ཏེཿ སྣང་བ་ཡབ་ལ་སྟོང་པ་ཡུམཿ ཤེས་རིག་གུད་དུ་མ་བཅད་པསཿ ཡེ་ཤེས་རྒྱ་མཚོའི་རང་མདངས་ལཿ སངས་རྒྱས་སྐུ་ལྔའི་བདག་ཉིད་དེཿ སྐུ་གསུམ་ཡེ་ནས་རང་གྲུབ་པའོཿ ལྟ་བ་གདེང་ཚད་མཐར་ཕྱིན་བསྐྱལཿ དཀར་དམར་ཐབས་ཤེས་རྫས་ཆེན་པོཿ རང་ལུས་རྩ་གནས་བཀྲམ་པ་ལཿ རླུང་གི་ཞོན་པའི་རྟ་ལྡན་གྱིསཿ ཐིག་ལེ་ཆོས་སྐུའི་རྟེན་དུ་གྱུརཿ མཐར་ཐུག་འབྲས་བུའི་རང་སྐལ་ནིཿ ངོ་བོ་ཆོས་སྐུར་རྩལ་རྫོགས་པསཿ དཀར་དམར་རྫས་ཀྱི་སྣང་ཞེན་ཀུནཿ ཡེ་ཤེས་རིག་པའི་དབྱིངས་སུ་འཁྱིལཿ གཡོ་དང་འགྱུ་དྲན་རང་དག་གིསཿ ངག་སྨིན་གྲོལ་བས་རང་རྩལ་རྫོགསཿ དེ་ལྟར་གནད་དུ་སྨིན་པ་ཡིཿ དབྱེར་མེད་སྤྲུལ་སྐུ་རང་གྲོལ་ཞིངཿ དག་དང་མ་དག་འཁོར་འདས་ཀྱིཿ རྫུན་ཕུག་རྡིབ་པས་མཐའ་གཉིས་ཀྱིཿ ཡང་དག་རྫོགས་སངས་རྒྱས་པའོཿ ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིཿ ལྟ་སྟངས་ཕྱོགས་སུ་ལྡེངས་པ་ཡིཿ སྣ་ནས་རིང་རྔུབ་ཧུ་ཞེས་དྲངསཿ བར་འདེབས་གསུམ་བརྒྱབ་སླར་ཡང་ཉལཿ རྐང་ལག་ཕྱོགས་ཕྱོགས་བརྒྱང་པ་ཡིཿ ཨཱ་ཧག་སྒྲ་ལྡན་ཁྱབ་པར་བཀྲམཿ རང་མལ་འདེབས་ཆུང་གསུམ་བརྒྱབ་ནསཿ ལྟག་ལོག་གཡས་གཡོན་འགྲེ་ལྡོག་བྱཿ འབེབས་ཆུང་འབེབས་འབྲིང་འབེབས་ཆེན་བྱཿ ཁ་སྣ་རླུང་རྣམས་རང་བབས་ཀྱིཿ ཡང་དག་རྣལ་མའི་དོན་ལ་བལྟཿ སྤྱོད་པ་འཆོལ་པོ་མ་སོང་བཿ མ་ཧཱས་ཐ་མལ་སྣང་ཞེན་ཀུནཿ སྣང་སྟོང་ལྟ་བས་ཟིན་པ་ཡིཿ འགུལ་བསྐྱོད་བྱ་སྤྱོད་དེའི་ངང་སྤྱོདཿ སྤང་བླང་ཞིབ་ཅིང་དམ་ཚིག་བསྲུངཿ ཨ་ནུའི་ཉོན་མོངས་དུག་ལྔ་པོཿ སྤང་བྱ་བོར་ལ་བླང་བྱ་སྟེཿ ཡེ་ཤེས་ལྔ་པོ་རང་སྨིན་ཞིངཿ སྐུ་ལྔའི་དབྱིངས་སུ་འུབ་ཆུབ་པའིཿ ཐམས་ཅད་བདེ་ཆེན་མཉམ་པ་ཉིདཿ གཉིས་སུ་མེད་པར་ལྟ་བ་ཡིཿ སྣང་ཞིང་སྲིད་པའི་ཆོས་སོ་ཅོགཿ ཡེ་ནས་རྣམ་དག་གདན་གསུམ་པོཿ དཀྱིལ་འཁོར་གསུམ་དུ་ལྷུན་གྱིས་གྲུབཿ གཞིར་བཞགས་ལྟ་བའི་དམ་ཚིག་བསྲུངཿ ཨ་ཏི་ཆོས་ཀུན་སྙིང་པོ་ལཿ ཐེག་པ་ཀུན་ལས་འཕགས་པ་སྟེཿ ཡེ་ཤེས་བླ་ན་མེད་པའི་སཿ འོད་གསལ་རྫོགས་པ་ཆེན་པོ་ཡིཿ རང་གྲོལ་སྐུ་གསུམ་ལམ་སྣང་བའིཿ རང་རིག་རང་བྱུང་དཀྱིལ་འཁོར་ཆེཿ རྒྱ་ཆད་ཕྱོགས་བྲལ་ཆོས་ཀྱི་དབྱིངསཿ ཡེ་ནས་རྣམ་པར་དག་པ་ལཿ འཁོར་བ་མྱང་འདས་མིང་མ་གྲུབཿ གཞི་རྫོགས་ཆོས་སྐུ་ཆེན་པོ་ལཿ ལམ་ལ་ལྟོས་བཅས་མི་དགོས་ཏེཿ ཐམས་ཅད་ངོ་བོ་རང་ལ་རྫོགསཿ ཉི་མའི་དཀྱིལ་འཁོར་འོད་དང་ཟེརཿ མ་བཙལ་ཡེ་ནས་རྫོགས་པ་ལཿ འབྲས་བུ་ལྷུན་གྱིས་གྲུབ་པ་སྟེཿ མེད་པ་ཕྱལ་པ་གཅིག་པུ་དངཿ ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ནིཿ ཡེ་དག་རིག་པའི་རྒྱལ་པོ་ལཿ ཡེ་བསྲུང་དམ་ཚིག་གཅིག་པུས་ཆོགཿ མདོར་ན་རྩ་བ་སྐུ་གསུང་ཐུགསཿ དབྱེ་ན་དགུ་དགུ་ཉི་ཤུ་བདུནཿ རྩ་ལྟུང་སྦོམ་པོ་ཕྲ་རགས་སོགསཿ ཡན་ལག་རིགས་ལྔའི་དམ་ཚིག་དངཿ ཡལ་ག་ས་ཡ་འབུམ་སྡེ་སྟེཿ མདོར་ན་ལྟ་བ་རྣམ་པར་དགཿ ཆོས་ཉིད་གཤིས་སུ་མངོན་གྲུབ་ཚེཿ འདི་ལ་དགག་པར་བྱ་བ་དངཿ གསར་དུ་སྒྲུབ་པ་མ་ཡིན་ཏེཿ འདས་དང་ད་ལྟ་མ་འོངས་བཅསཿ ཡེ་ནས་རྣམ་དག་གདོད་མའི་གཤིསཿ ངོ་བོ་རང་དག་གཅིག་ཏུ་རྫོགསཿ བསགས་བྱ་སྡིག་པ་མ་མཆིས་ནཿ བསགས་འབྲས་འབྲས་བུ་ག་ལ་སྨིནཿ དེ་ལྟར་ལམ་གྱི་གནས་སྐབས་བསྟུནཿ ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོ་ནསཿ སོར་བྱང་སྔགས་ཀྱི་རིམ་པ་བཅསཿ གང་ཟག་གཅིག་གི་ཉམས་སུ་བླངསཿ ངོ་བོ་གནས་འགྱུར་ཆ་དེ་ལཿ འོག་མས་དགག་བྱ་མ་མཆིས་ཏེཿ གནང་བཀག་མེད་པ་རྒྱལ་བས་གསུངསཿ དེ་ཚེ་གང་ཟག་དེ་ཡི་རྒྱུདཿ ཡོན་ཏན་རིམ་བཞིན་འཕེལ་བས་ནཿ སྐྱོན་ཉིད་ཡོན་ཏན་ལྡན་པས་ཏེཿ འདམ་སྐྱེས་པདྨ་དྲི་མེད་མཚུངསཿ རྒྱལ་བ་དགྱེས་པའི་དམ་ཚིག་དངཿ རྩ་གསུམ་ཆོས་སྲུང་བཅས་པ་ཡིཿ གཉིས་མེད་རྟེན་བཅའ་བླ་རྡོའོཿ དེ་ཕྱིར་རྒྱུད་དང་རྒྱལ་བའི་བཀའཿ བླ་མའི་མན་ངག་བཅས་པ་སྟེཿ ཡང་དག་ཚད་མ་གསུམ་ལ་བརྟེནཿ དང་པོ་ཚོགས་ལམ་ནས་བཟུང་སྟེཿ སྦྱོར་དང་མཐོང་བའི་ལམ་བར་ལཿ དམ་ཚིག་འདི་བསྲུངས་གཅིག་པུའོཿ མཐོང་ལམ་དངོས་གསུམ་ས་ནས་བཟུངཿ ངོ་བོ་དེ་ལ་བསླབ་པས་ནཿ རྣམ་དག་ངང་གིས་དམ་ཚིག་ལྡནཿ སྤང་བླང་མ་ལྟོས་ལྷུན་གྱིས་གྲུབཿ ཡོན་ཏན་ཡར་ལྡན་ཡང་དག་ལམཿ སྒོམ་ལམ་ས་བརྒྱད་རྣམ་གྲོལ་བའིཿ མི་གཡོ་ཏིང་འཛིན་འཕེལ་བའོཿ མི་སློབ་ལམ་ནི་ས་མཆོག་སྟེཿ རྒྱུན་མཐའི་ཀུན་ཏུ་འོད་ཅེས་སཿ རང་ངོར་སངས་རྒྱས་གདུལ་བྱའི་ངོརཿ སྒྲིབ་པ་ཕྲ་བ་ཡོད་པ་སྟེཿ གཉེན་པོ་གཞན་ལ་མི་ལྟོས་པརཿ ལམ་གྱི་བརྡ་ཙམ་ཕྱེ་བ་སྟེཿ གཞི་དང་ཞིང་ཁམས་སྟོན་པ་འཁོརཿ རང་སྣང་ལྷུན་གྱིས་གྲུབ་པ་ཡིཿ ཡེ་ཤེས་བླ་མེད་པར་སངས་རྒྱསཿ ཨེ་མ་ངོ་མཚར་བླ་ན་མེདཿ ཟབ་མོ་ནང་རྒྱུད་སྡེ་གསུམ་གྱིཿ རྒྱུད་རྒྱལ་གཅིག་བསྡུས་ཟབ་པའི་དོནཿ རྒྱ་ཆེ་གཏིང་ཟབ་འདི་རྨད་བྱུངཿ གཞི་ལམ་འབྲས་བུ་རང་རྫོགས་པའིཿ མན་ངག་གཅིག་བསྡུས་སྲིད་གསུམ་ནཿ འབྱུང་བར་དཀའ་བའི་ཁྱད་པར་ཆོསཿ ནང་པའི་གཞི་འབྲས་ལམ་མཐའ་དགཿ སྙིང་པོའི་ཡང་ཞུན་འདི་ཁོ་ནཿ སངས་རྒྱས་ལོག་ནས་བཙལ་བྱའི་ཆོསཿ ཐེག་ཆེན་ཐུན་མོང་སྤྱིའི་ཐེག་པཿ རང་སྣང་ལྷུན་གྲུབ་ཆ་ཙམ་དངཿ རང་རིག་སངས་རྒྱས་ཆ་ཙམ་གྱིཿ ལྟ་བ་གཏན་ལ་འབེབས་པ་ཡིཿ ད་རུང་ལམ་གྱི་འབྲས་རྟགས་ལཿ མངོན་པར་ལྟོས་དགོས་མཐའ་དག་རྣམསཿ ཕྱི་རྒྱུད་ཀྲི་ཡོག་སྡེ་གསུམ་སྟེཿ བག་ཆགས་མཐུག་པོས་བསྒྲིབས་པས་ནཿ ཐེག་པ་ཡིན་ལ་མཐར་ཐུག་པའིཿ གཞི་ལམ་འབྲས་རྫོགས་ཆེན་པོ་ཡིཿ མངོན་སུམ་དབང་རབ་ཚེ་འདི་དངཿ དབང་འབྲིང་བར་དོ་ཐ་མ་ཡངཿ མི་རབས་གསུམ་ནས་སངས་རྒྱས་པསཿ ལམ་འདིའི་ཕྱོགས་ཙམ་མ་ཡིན་ནོཿ དེ་ཕྱིར་གསང་ཆེན་ཐེག་པའི་རྒྱལཿ འོད་གསལ་བླ་ན་མེད་པ་ཡིཿ སྐུ་གསུམ་ལྷུན་གྱིས་གྲུབ་པ་ལཿ ངོ་བོ་རང་བཞིན་ཐུགས་རྗེ་དངཿ རྟག་ཁྱབ་ཕྲིན་ལས་རོལ་པ་ཡངཿ སེམས་ཅན་སངས་རྒྱས་ཙམ་དུ་མཆིསཿ གཅིག་ཆོག་ཀུན་འདུས་ཀུན་ལས་འཕགསཿ སངས་རྒྱས་སྐུ་གསུམ་བསྒྲུབ་པ་ལཿ འདི་མེད་བསྒྲུབ་བྱ་མ་ཡིན་པསཿ འབྲས་བུ་བཙལ་བ་དག་ལ་ནིཿ སངས་རྒྱས་རིང་དུ་སྤང་བའོཿ ས་མ་ཡཿ འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའི་སྙིང་པོའི་རྒྱུད་ལསཿ ལྟ་བ་གཏན་ལ་འབེབ་ཅིང་སྒོམ་པ་གནད་དུ་བསྣུན་ནས་སྤྱོད་པ་ལམ་དུ་སྦྱོར་ཞིང་འབྲས་བུ་རང་ཆས་གྲུབ་པ་སྟོན་པ་སྟེ་ལེའུ་གསུམ་པའོཿ
དེ་ནས་ལས་ལྡན་ཀུན་བཟང་སྲསཿ ཕྱི་ཡི་སྔོན་འགྲོ་ཆོས་བདུན་པོཿ གྲངས་ཚད་ལྡན་པ་བསྐྱལ་ནས་ནིཿ ནང་གི་སྔོན་འགྲོ་དང་པོ་ནིཿ འཁོར་བ་ཡིད་དབྱུང་སྒྱུ་མ་བཞིནཿ སྙིང་པོ་མེད་པ་ཁོ་ཐག་ཆོདཿ དེ་ཚེ་ཕྱི་ཡི་རུ་ཤན་ཞེསཿ བསམ་གཏན་གནས་ལ་སྦྱོར་བ་གྲུབཿ མདུན་གྱི་ནམ་མཁའ་བླ་མ་ནིཿ དགུ་ལྡན་ཧེ་རུ་ཀ་དཔལ་རྗེཿ དཔའ་བོ་དབང་དྲག་རོལ་པའི་སྐུཿ དཔལ་དང་དུར་ཁྲོད་ཆས་ཀྱིས་སྒེགསཿ མོས་གུས་གསོལ་འདེབས་དབང་བཞི་བླངསཿ གར་སྟབས་ལིང་ལིང་མཛད་པ་ཡིཿ གསུང་གི་ཧཱུྃ་གླུ་ཕཊ་སྒྲ་འབྱིནཿ དེ་ཚེ་རིག་པ་ཧུར་ཕྱུང་ལཿ སྨྱོན་པ་ལྟ་བུའི་སྤྱོད་པ་ཡིཿ འཇིག་རྟེན་སྲིད་པའི་ལས་སྣ་ཚོགསཿ དྲན་པ་རྒྱ་འབྱམས་མ་སོང་བརཿ འཁོར་བའི་རྫུན་ཕུག་རྡིབ་པར་བྱཿ མྱང་འདས་རེ་བའི་དོགས་བཅད་ཕྱིརཿ སངས་རྒྱས་བྱང་སེམས་མཁན་སློབ་ཚུལཿ སྟངས་སྟབས་གར་དང་བཅས་པར་བྱཿ དེ་ཚེ་གཞི་རིག་ངོ་བོ་ལཿ ཅེར་གྱིས་བལྟས་པས་རེ་བ་ཆདཿ འཁོར་འདས་རུ་ལས་ལོག་ནས་ནིཿ རྣལ་འབྱོར་སྒྱུ་མ་ལྟ་བུར་གནསཿ དེ་ལྟར་སྦྱང་པས་གནད་བསྣུན་པཿ རིགས་དྲུག་སྐྱེ་བའི་སྒོ་དྲུག་པོཿ ཨ་ནྲྀ་སུ་ཏྲི་པྲེ་དུ་རྣམསཿ རང་རང་བག་ཆགས་བཅས་པ་ཡིཿ འབྲུ་གསུམ་ཡིད་བཟླས་ངག་སྦྱར་འབུམཿ ས་བོན་བག་ཆགས་རང་ལུས་བསྲེགསཿ སྣོད་བཅུད་སྐུ་གསུམ་སངས་རྒྱས་བསམཿ ནང་གི་རུ་ཤན་རྩེ་འདུག་ལཿ སྐུ་གསུམ་འབྲས་བུ་རང་ཆས་ཀྱིཿ རྡོར་བཟླས་རླུང་ལ་སྦྱར་བ་ཡིཿ གནད་བསྣུན་རླུང་སེམས་དལ་བར་བསླབཿ གསང་བའི་རུ་ཤན་སེམས་དང་རིགཿ གདར་ཤ་ཆོད་པའི་ཐབས་དེ་ལཿ སེམས་ཀྱི་ཁ་དོག་ཚུན་ཆོད་དངཿ གནས་འགྱུ་རིག་གསུམ་སྐྱེ་འགགས་གནསཿ རང་བཞིན་བྲལ་བ་ཡང་ཡང་གིསཿ དཔྱད་སྒོམ་སྦྲག་ལ་ངོ་འཕྲོད་པརཿ ཡང་ཡང་སྦྱང་ཤིང་རང་ཉིད་ནིཿ བྱང་ཆུབ་སེམས་དཔའི་འདུག་སྟངས་ཀྱིཿ དྲངས་ཐད་ཞི་བར་ཅི་གནས་ཀྱིཿ སེམས་དལ་ཁྲོ་བོའི་གྱད་སྟངས་ཀྱིསཿ ཧཱུྃ་ཧཱུྃ་ཕཊ་ཕཊཿསྒྲ་བརྗོད་ལཿ གཏད་མེད་བཅུན་པའི་སེམས་དེ་ཉིདཿ གང་དུ་དམིགས་བྲལ་ངང་ལ་བཞགཿ ཆོས་ཉིད་རྣལ་དུ་ཕེབས་པ་ལཿ གཏད་མེད་ངང་དུ་ཧཱུྃ་བཟླས་ལཿ ཧཱུྃ་ལས་ཧཱུྃ་འཕྲོས་ས་གཞི་དངཿ ནམ་མཁའ་རི་དང་བཅས་པ་རྣམསཿ ཡམ་ཡམ་ཤིག་ཤིག་གང་བར་བསྒོམཿ སྐབས་སུ་ཧཱུྃ་རྣམས་དྲག་པོའི་ཚུལཿ རང་ལུས་ཕྱི་ནང་མེར་གྱིས་གངཿ སྣོད་དང་བཅུད་བཅས་འབིགས་ནས་ཕུགཿ དེ་ལྟར་རྩལ་སྦྱང་ཧཱུྃ་དེ་དངཿ རང་སེམས་དབྱེར་མེད་གཅིག་གྱུར་ནསཿ གང་སྣང་སར་ཕྱིན་ཡང་ཡང་སྦྱངསཿ དེ་ནས་ལོངས་སྐུའི་ཞིང་ཁམས་སམཿ རྣམ་གྲོལ་དབུགས་ཆེན་འབྱིན་པ་སྟེཿ སྤྲུལ་སྐུའི་ཞིང་ལས་འཕགས་པ་སྟེཿ གསང་ཆེན་རྒྱལ་བའི་ཞིང་ཁམས་ལཿ སྟོན་པ་འཁོར་དང་ཞིང་དང་རྒྱནཿ རིགས་བཞིའི་ཞིང་ཁམས་ཕྱིན་ནས་ནིཿ རྫོགས་སྨིན་སྦྱང་བའི་ཆོས་མཐའ་དགཿ མཐར་སོན་དཔལ་ཆེན་ཧེ་རུ་ཀཿ སྟོན་པ་གཞོན་ནུའི་ཐུགས་ཀར་འཕོཿ དབྱེར་མེད་སངས་རྒྱས་ཐོབ་པར་བསམཿ ལམ་འདི་ཡང་ཡང་འབད་པས་ནཿ མྱུར་དུ་སངས་རྒྱས་ས་ལ་རེགཿ རྒྱུད་ལྡན་རིག་འཛིན་བླ་མ་ཡིཿ བཀའ་དང་མན་ངག་ཚད་མ་ཡིཿ བླ་མས་སློབ་མ་བརྟགས་པ་དངཿ སློབ་མས་བླ་མ་བརྟགས་པ་སོགསཿ སྔོན་དུ་སོང་ཞིང་སློབ་མས་ཀྱངཿ རྒྱུད་ལུང་དངོས་བསྟན་བླ་མ་ནིཿ སངས་རྒྱས་འདུས་པའི་ངོ་བོ་ལཿ བཀའ་དྲིན་སངས་རྒྱས་སྟོང་ལས་ལྷགཿ དད་པའི་ཆུ་སྣོད་མེད་གྱུར་ནཿ ཐུགས་རྗེའི་ཟླ་བ་ཅི་ལ་འཆརཿ སྐྱོན་ཀུན་ཟད་པའི་བདག་ཉིད་ལཿ ཡོན་ཏན་ཀུན་འདུས་མོས་གུས་བརྟནཿ དེ་ལྟར་དད་ལྡན་སློབ་བུ་ཡིཿ ཕྱི་ནང་སྔོན་འགྲོའི་སྐབས་དག་ལཿ སེམས་ཞེས་ཡོད་མེད་ཞིབ་བརྟགས་པཿ དེ་ལ་ངོ་སྤྲོད་རིམ་བཞིན་དངཿ ངོ་བོ་རང་ཐོག་སྤྲད་པ་ལཿ ངོ་བོ་སྐྱེ་མེད་ཆོས་ཀྱི་སྐུཿ རང་བཞིན་འགགས་མེད་འགྱུ་དྲན་ཀུནཿ ལོངས་སྐུ་ངོ་སྤྲད་དེ་གཉིས་ཆཿ སྤྲུལ་སྐུར་ངོ་སྤྲད་ཤན་འབྱེད་དངཿ དེ་ཚེ་བཞག་ཐབས་གྲོལ་བའི་ཚུལཿ སློབ་མ་རིམ་བཞིན་ངོ་སྤྲད་ལསཿ གདམས་ངག་ཟག་པའི་སྐྱོན་ཡོད་དོཿ དེ་ལས་ཁྱད་ཆོས་བདུན་གྱིས་འཕགསཿ ཐོད་རྒལ་རྐྱང་ཁྲིད་རིམ་བཞིན་གཉིསཿ རིག་པ་སྣང་བ་བློ་དང་བསྟུནཿ སྐུ་གསུམ་རང་ཆས་རྫོགས་པའི་ཕྱིརཿ ལུས་ཀྱི་བཞུགས་སྟངས་རྣམ་པ་གསུམཿ མངོན་སུམ་སྐུ་གསུམ་མཐོང་བའི་ཕྱིརཿ གཟིགས་སྟངས་གསུམ་དང་ལྡན་པ་ཡིཿ ཆོས་ལོངས་སྤྲུལ་སྐུའི་ཚུལ་གསུམ་བསླབཿ ཡེ་ཤེས་སྒྲོན་མ་དྲུག་ལྡན་པའིཿ རིག་པ་རྡོ་རྗེ་ལུག་རྒྱུད་ལཿ གསལ་བརྟན་ཚད་དང་བཅས་པ་ཡིཿ དང་པོ་མཐོང་ལམ་ཆོས་ཉིད་དངཿ ཉམས་ཀྱི་རྣམ་འགྱུར་མང་འཕེལ་ཚེཿ གོང་འཕེལ་དེ་ནས་ཞི་བའི་ལྷཿ རིགས་ལྔ་ཡབ་ཡུམ་འཕེལ་ཚད་རྫོགསཿ ཚད་ཕེབས་ས་བརྒྱད་ནོན་པ་སྟེཿ དེ་ནས་ཕྱི་ཡི་སྣང་བ་དངཿ ནང་གི་རྟོགས་པའི་རྒྱུན་ཐག་རྣམསཿ མཁའ་ཡི་འཇའ་ཚོན་དེངས་པ་བཞིནཿ ནང་དབྱིངས་ཕྱི་རུ་ཤར་ཚད་རྫོགསཿ ཕྱི་དབྱིངས་དབྱེར་མེད་འདྲེས་ལ་ཉེཿ དེ་ཚེ་སྒྱུ་མའི་རྣལ་འབྱོར་པསཿ རིག་པ་དབྱིངས་ཀྱི་འོད་ལ་འཇུགཿ འོད་གསལ་དྭངས་མའི་སྐུ་མཆོག་བཞེངསཿ ཟུང་འཇུག་རྡོ་རྗེའི་སྐུ་མཆོག་གྲུབཿ ཆོས་ཉིད་ཟད་པ་ཆེན་པོ་ཡིཿ ཆོས་སྐུའི་རྩལ་ལས་ལོངས་སྐུ་ཡིཿ འཕོ་མེད་འཇའ་ལུས་འགྲོ་བའི་དོནཿ སྟོན་པ་འཁོར་དང་ཞིང་དང་རྒྱནཿ མ་ངེས་དག་པ་ལྷུན་གྱིས་གྲུབཿ ངེས་པ་ལྔ་ལ་དབང་འབྱོར་ཞིངཿ དེ་སྲིད་འཁོར་བ་མ་སྟོངས་པརཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་སྟེཿ འགྲོ་བའི་དོན་དུ་སྣང་བའོཿ དེ་ལྟར་རབ་ཀྱི་གྲོལ་བའི་ཚུལཿ འབྲིང་ལ་ཁྲེགས་ཆོད་རྡུལ་བྲལ་སོགསཿ ཐ་མ་ཆོས་ཉིད་བར་དོ་ལཿ བར་དོ་མེད་པར་མངོན་སངས་རྒྱསཿ དེ་རྣམས་རབ་ཀྱི་གྲོལ་ཚུལ་དངཿ བར་སྲིད་ཞི་ཁྲོའི་ལྷ་འཆར་ཚེཿ སྔོན་གོམས་ངོ་ཤེས་རྩལ་རྫོགས་གྲོལཿ ཐ་མ་སྤྲུལ་པ་སྐུ་ཡི་གྲོལཿ དེ་རྣམས་འབྲིང་གི་གྲོལ་ཚུལ་བཤདཿ ཆོས་ཉིད་གོམས་འདྲིས་ཆེ་ནའངཿ བརྟན་ཐོབ་མེད་པས་ཆོས་ཉིད་ཀྱིཿ བར་དོ་ངོ་ཤེས་ཙམ་གྱིས་ནིཿ དེ་ལ་བརྟེན་ནས་རིམ་བཞིན་གྲོལཿ བསྐྱེད་རིམ་གོམས་ཆ་ཅན་རྣམས་ཀྱིཿ ལྷ་སྐུ་ལྡང་སྟེ་གྲོལ་བ་དངཿ ཐ་མ་ཞིང་ཁམས་ལྔ་ལ་སོགསཿ བླ་མ་ལྟ་བ་ཡི་དམ་ལྷཿ རྗེས་སུ་དྲན་ཅིང་ཞིང་ཁམས་བགྲོདཿ མངལ་སྒོ་བསྡམས་སོགས་མི་ལུས་བླངསཿ དེ་ནས་འགྲོ་བའི་དོན་མཛད་ཕྱིརཿ དལ་གཅིག་ཞིང་ཁམས་ཉུལ་ནས་ནིཿ སྐྱེ་སྲིད་སྤྲུལ་སྐུའི་རྫུ་བ་ནིཿ ཡང་དག་སྤྲུལ་སྐུ་ཞེས་བྱ་སྟེཿ མཚན་དང་དཔེ་བྱད་ཙམ་མ་གཏོགསཿ བསྟན་འགྲོའི་དོན་དུ་སྣང་བའོཿ དེ་རྣམས་ཐ་མ་གྲོལ་ཚུལ་ལོཿ བཞག་ཐབས་གྲོལ་ཚུལ་བླངས་བའི་ཚུལཿ རིམ་བཞིན་གདམས་པས་སྣོད་ལྡན་འབྱོརཿ ས་མ་ཡཿ འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའ་སྙིང་པོའི་རྒྱུད་ལས་རྫོགས་པའི་རིམ་པ་ཁྲེགས་ཆོད་ཐོད་བརྒལ་སྔོན་འགྲོ་དངོས་གཞི་ཡོངས་རྫོགས་གདམས་པའི་ལེའུ་སྟེ་བཞི་པའོཿ
དེ་ལྟར་བསྟན་འགྲོའི་དོན་ཆེན་ལཿ ལས་ཆེན་ཕྲིན་ལས་རྣམ་བཞི་དངཿ ཐུན་མོང་ལས་བརྒྱད་ཁྱད་པར་གྱིཿ སྐུ་དང་གསུང་དང་ཐུགས་མཆོག་གིཿ ཁྱད་པར་ཆོས་ལྔ་ལས་ལ་སྦྱརཿ བསྙེན་བསྒྲུབ་བཟླས་པ་ཚད་ལ་བསྐྱལཿ གྲུབ་རྟགས་རབ་འབྲིང་ཐ་མ་ཡིཿ དངོས་གྲུབ་ལས་ལ་དབང་འབྱོར་རོཿ ཞེས་པའི་རྒྱུད་ཀྱི་གཏན་ཚིགས་རྣམསཿ བཀའ་དང་ལུང་གི་མན་ངག་མཛོདཿ ཟབ་པའི་ཡང་ཏིག་མཐའ་དག་གིཿ ཡོ་ག་གསུམ་གྱི་རྒྱུད་སྒྲུབ་ཐབསཿ མན་ངག་གནད་དང་ལྡན་པ་ཡིཿ ཚང་ལ་ཉུང་དྲིལ་བྱ་སླ་ལཿ འགྲུབ་ཉེ་མཁའ་འགྲོའི་སྙིང་ཁྲག་དངོསཿ དྭངས་མའི་ཡངས་ཞུན་སྲིད་འདིར་དཀོནཿ བདག་ཉིད་པདྨ་ཐོད་ཕྲེང་ངའིཿ སྙིང་དང་འདྲ་བའི་བུ་མཆོག་གྱུརཿ ཤུད་བུ་དཔལ་གྱི་སེངྒེར་གདམསཿ སྙིགས་མའི་རང་མཚང་ཆེར་ངོམ་དུསཿ དཔལ་སེང་སྐྱེ་མང་བརྒྱུད་པའི་མཐརཿ ལས་ཀྱི་མིང་ཅན་དེར་འཕྲོད་ནསཿ ཌཱཀི་ཟུང་གི་བརྡ་ཐབས་ལཿ ཆོས་འདི་སྣང་ཞིང་བཅུད་འདི་ཡིཿ མཐའ་དམག་བཟློག་ཅིང་དམག་འཁྲུགས་ཞིཿ བདེ་སྐྱིད་དཔལ་གྱིས་ལེགས་པར་ཕྱུགཿ ཆོས་བདག་སྐྱེ་བུའི་སྲོག་མཐུད་ཕྱིརཿ ཡིད་བཞིན་དབང་གི་རྒྱལ་པོ་དངོསཿ དབྱིངས་རིག་ཟུང་འཇུག་རྒྱ་དཀྲོལ་ནསཿ ཆོས་བདུན་རྡོ་རྗེའི་ར་བའི་གུརཿ ཟབ་པའི་བཅུད་ཕྱུངས་གུ་ཧྱ་རྒྱཿ འགྲོ་བའི་དོན་གཉིས་ལྷུན་གྲུབ་ཤོགཿ ས་མ་ཡཿ འཕགས་མ་སྒྲོལ་མ་ཡེ་ཤེས་སེམས་དཔའི་སྙིང་པོའི་རྒྱུད་ལསཿ ལས་ལ་སྦྱར་བ་དང་གདམས་ཤིང་བསྟན་པའི་ལེའུ་སྟེ་ལྔ་པ་རྫོགས་སོཿ ས་མ་ཡཿ tཿ གུ་ཧྱཿ ཁ་ཐཾཿ བརྡ་ཐིམཿ རྒྱ་རྒྱ་རྒྱཿ རྒྱཿ རྒྱ་རྒྱ་རྒྱཿ