མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
མཁའ་འགྲོའི་རྒྱུད་དག་བཞུགས།
མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་ཆེན་བརྡའི་རྒྱུད།
༄༅། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་ཆེན་བརྡའི་རྒྱུད་ཅེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། སྐད་རིགས་བཞི་ལས་སཾསྐྲྀ་ཏའི་སྐད་དོ། །ཌཱཀི་ནཱི་སརྦ་གྷུ་ཡ་ཙིཏྟ་མ་ཧཱ་བསྒྱུར་ལུགས་བཞི་ལས་རིམ་པས་བསྒྱུར་བའོ། །མུ་ཏྲ་བྷི་ཏནྟྲ་ན་མཿ བོད་སྐད་དུ། ཨ་པྲ་བྲི་ཀ་འདྲེའི་སྐད་དོ། །མཁའ་འགྲོ་མ་ཆོས་ཉིད་ཀྱི་ཐམས་ཅད་ཀྱི་རིག་པ་ཡེ་ཤེས་ཀྱི་བུདྡྷའི་ཡེ་ཤེས་ཐམས་ཅད་དང་ཐུགས་ཀྱི་ལས་ལ་གྲུབ་གསང་བ་ཕྱག་མན་ངག་གསུངས་ཡིན་པས་ན་དོན་རྒྱ་ཆེན་པོ་བརྡའི་རྒྱུད་ཅེས་བྱ་བ་ཚིག་བརྡར་བསྟན་པས་ན། བདུད་བཞི་ཡེ་ཤེས་དྲུག་མཐའ་གཉིས་ལས་བཅོམ་ལྡན་འདས་དེ་བཞིན་རྟོགས་ནས་ཡང་དག་པའི་ས་ལ་མ་ལུས་པར་གཤེགས་པ་དགྲ་འཁྲུལ་པའི་བཅོམ་པ་ཡང་ཚོགས་གཉིས་དག་པར་ཕྱོགས་བཅུ་དུས་གསུམ་གྱི་རྫོགས་པའི་སངས་རྒྱས་རྣམ་པ་ངོ་བོ་འམ་བདག་ཉིད་དུ་གྱུར་པའི་ཐམས་ཅད་ཀྱི་སྐུ་དང་། གསུང་དང་གྲགས་པ་དེ་དང་། ཐུགས་དྲན་རྟོགས་དབྱེར་མེད་པ་རྡོ་རྗེ་བླ་མ་སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་མེས་པོ་ཆེན་པོ་ལ་རབ་ཏུ་ལུས་ངག་ཡིད་གསུམ་གུས་པས་ཕྱག་གཉིས་སུ་མེད་པར་འདུད་ཅིང་འཚལ་ལོ། །འོག་ནས་འབྱུང་པའི་རྒྱུད་འདི་སྐད་དུ་སྟོན་པས་རྣམ་པར་བཤད་པ་བདག་གིས་ཀ་མ་ལ་ཤྲཱིས་ཐོས་པའི་དུས་ཡང་ཡང་མ་ཡིན་གཅིག་ན། རང་བཞིན་གྱི་རང་སྣང་དག་པའི་ཡུལ་ནི་རྣམ་པར་དག་པའི་གནས་འོག་མིན་ལྟར་གསལ་བ། ཀློངས་ཀུན་ཏུ་རྒྱ་མཉམས་ཤིང་ཕྱི་ནང་མེད་པ་ལྟར་བྱེད་པས་ན་ཡངས་ཆེན་པོ་དུར་ཁྲོད་མི་རོ་གསར་རྙིང་བརྡལ་བ་འབར་བའི་གཞལ་ཡས་ཁང་ཀུན་གྱི་བཞུགས་མཁའ་འགྲོ་མཁའ་སྤྱོད་རྒྱུ་སྐར་དཔལ་གྱི་རོལ་པ་གནས་དམ་པར་གྱུར་པ་དཔལ་ཞེས་མཁའ་འགྲོའི་བྱ་བའི་ཕོ་བྲང་ན། རྣམ་པར་མ་ཆགས་པདྨའི་གདན་དག་ཅིང་འོད་གསལ་ཉི་མའི་གདན་བས་གདུང་བ་སེལ་བའི་ཟླ་བའི་གདན་གདན་ལ། སྟོན་པ་ནི་ཞལ་མཐོང་འདི་ལྟར་བཅོམ་ལྡན་འདས་བདག་མེད་མའི་མ་སྐུ་སྣང་ལ་གདོས་པའི་མ་གྲུབ་པ་ནི། དཔེ་ནམ་མཁའི་གཟུགས་བརྙན་སྣང་སྟོང་དབྱེར་མེད་ཀྱི་རྒྱུ་ལྟར་དོན་ལ་ཅིར་ཡང་མ་གྲུབ་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་རྣམ་པར་གསལ་བ་ཆེན་མོ། དངོས་པོ་ངོས་བཟུང་དང་གང་དུ་ཡང་མ་གྲུབ་ལ་མ་འགགས་པའི་སྒོ་ནས་རུས་པའི་རྒྱན་དྲུག་ལ་སོགས་པ་སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་མ། རབ་ཏུ་བརྗིད་ཅིང་སྐུ་བལྟ་བས་མི་ངོམས་ཏེ་འགྱིང་པའི་གར་དགུ་ཆ་ལུགས་ཁྲོ་བའི་གར་གྱིས་དབུས་རྣམ་པར་རོལ་བདེ་བའི་ཉམས་ལ་རྣམས་པར་རོལ་མ་མ། བདེ་བའི་དབང་བསྐྱེད་པའི་ཡུམ་དམ་པ་ཡིན་པས་ན་ཕྱུག་ཞལ་འཛུམ་པའི་མདངས་ཀྱི་རྣམ་པར་དགྱེས་བཞིན་དུ་བཞུགས་ནས་གནས་ནས། ཐུགས་རྗེའི་འགག་པ་མེད་པའི་གདུལ་བྱ་ལས་དང་སྤྱན་གྱིས་ཕྱོགས་བཅུ་ཀུན་ཏུ་སྐལ་བར་ལྡན་པ་ཀུན་ལ་གཟིགས་པར་མཛད་པ་ནི། ཕྲིན་ལས་གདུལ་བྱའི་དོན་ཅིར་ཡང་མི་འགག་པའི་གར་ཐབས་སུ་གློག་ལྟར་དཔེར་ན་རབ་ཏུ་སེམས་ཅན་གྱི་དོན་ལ་འགྱེད་པར་མཛད་དོ། །
དེའི་ཚེ་ལྷ་མོ་དངོས་སུ་བྱོན་པ་མཁའ་འགྲོ་མ་དཔག་ཏུ་མེད་པ་དང་བཅས་ནས་དབྱིངས་ཀྱི་གཙོ་མོ་གཡུལ་ལས་རྣམ་པར་རྒྱལ་མའི་ཚོགས་ནི་འདི་ལྟ་སྟེ་འོག་ནས་སྟོན་པ། གཏུམ་མོ་དང་། རབ་ཏུ་གཏུམ་མོ་དང་། གློག་འཛིན་མ་དང་། སེང་གེའི་གདོང་དང་། སྟག་གི་གདོང་དང་། གློག་གི་ཞགས་པ་ཅན་དང་། རྡོ་རྗེའི་རིགས་ལག་ན་རྡོ་རྗེ་འཕེན་དང་། རིན་པོ་ཆེའི་རིགས་གཙུག་ན་མེ་འབར་དང་། པདྨའི་རིགས་ཟླ་བའི་གཤོག་པ་དང་། ལས་ཀྱི་ཁ་ནས་ཁུས་འདེབས་རིགས་ལ་སོགས་པ་ཡེ་ཤེས་དང་འཇིག་རྟེན་གྱི་ལས་ལ་གྲུབ་པའི་ཚོགས་ནམ་མཁའ་གང་བར་བཞུགས་ཏེ་དཔག་ཏུ་མེད་པས་བསྐོར་བ་ནི་འདི་ལྟ་སྟེ། ཉ་མཛེས་ཤིང་བརྗིད་པའི་དཔེ་རྒྱས་ཀྱི་ཟླ་བ་ལ་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟར། རབ་ཏུ་སྟོན་འཁོར་གཅིག་ལ་གཅིག་གིས་མཛེས་ཤིང་རྣམ་པར་རོལ་གཅིག་ལ་གཅིག་པ་ལས་འདི་སྟོང་ཉིད་ངང་ནས་རང་སྒྲར་སྐད་ཅེས་རྣམ་པར་གྲག་གོ །ཨ་མ་སྐྱེས་མི་སྐྱེས་སྐྱེ་བ་མེད་པའོ་ཨཱཿཨཿཞེས་སྒྲར་གྲག་ཅིང་གྲག་ཅིང་རབ་ཏུ་གྲག་ནས་དགོངས་པ་ལ་བཞུགས་ཏེ་ཅང་མི་གསུང་པར་གྱུར་ཏོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོའི་བརྡའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། །
དེའི་ཚེ་དེའི་དུས་གནས་དེར་ཐུགས་དམ་གྱི་ལྷ་དང་མཇལ་བ་ན་ལས་དང་སྔོན་གྱི་དག་པའི་བརྗོད་པ་དམ་པར་འབྲེལ་བའི་འབྲེལ་ལུགས་ཤིན་ཏུ་ཟབ་པ་ཡིན་པས་ན་སྐྱེས་བུ་དམ་པ་ནི། ཀ་མ་ལ་མཁན་པོས་བཏགས་པའི་མཚན་ཤྲཱི་ཞེས་བྱ་བའི་ཐུགས་དམ་གྱིས་ཞལ་གཟིགས་ཏེ་རང་སྣང་དག་པའི་སྣང་བ་མངོན་དུ་བྱས་པ་ནི། དཔེ་ཇི་ལྟ་དོན་ཇི་ལྟར་རྒྱ་མཚོའི་སྣང་ལ་མ་གྲུབ་པར་གསལ་བའི་གཟུགས་བརྙན་བཞིན་དུ་སྤྲུལ་པའི་བདག་མེད་མའི་ལྷ་མོ་འཁོར་དང་བཅས་མཁའ་འགྲོ་མའི་ཚོགས་པ་ཞལ་མངོན་སུམ་མི་དང་མི་འཕྲད་པ་བཞིན་དུ་མཐོང་བ་ལས་ཡིད་གུས་པའི་འདུན་པ། ཤིན་ཏུ་དགའ་ཞིང་འདུན་པ་དྲག་པོས་མོས་གུས་ལྷག་པར་སྐྱེས་ཡིད་རབ་ཏུ་གཡོས་ནས། ལུས་ཕྱག་ངག་བསྟོད་པ་ཡིད་གསུམ་གྱིས་ཏིང་ངེ་འཛིན་གྱི་མཆོད་པ་གུས་པའི་མཆོད་པ་ཆེན་པོ་དངོས་དང་སྤྲུལ་པའི་བྱས་ནས་ཐུགས་དམ་གྱི་ལྷ་ལ་བསྟོད་ཅིང་གདམས་པ་ཞུ་བའི་གསོལ་བ་བཏབ་པ་ནི། ངོ་མཚར་ཞིང་ཀྱེ་ཧོ་དོན་དམ་རྣམ་དག་དྲི་མེད་དབྱིངས་མ་གཡོས་ལས་སྐུ་ཀུན་རྫོབ་འགྲོ་བའི་དོན་དུ་གཟུགས་སྤྲུལ་ཞིང་། །སྒྱུ་མའི་སྣང་ལ་མ་གྲུབ་པ་ནི་སྐུ་མཆོག་མཛེས་གར་དགུས་པའི་ཆ་ལུགས་འཆང་། །སྐུ་རབ་ཏུ་བརྗིད་གར་དགུའི་ཆ་ལུགས་ཀྱིས་རྣམ་པར་བརྒྱན་པ་མོ། །མཛེས་པའི་ཆ་ལུགས་ཀྱི་འགྲོ་བའི་ཡིད་འཕྲོག་དྲི་མ་རྣམ་དག་སྐུ་ལ་བསྟོད། །བརྗོད་མེད་དོན་དམ་ངང་ལས་སྤྲུལ་ཀུན་རྫོབ་ཏུ་གྲགས་སྟོང་དབྱེར་མེད་པའི་གསུང་མཆོག་ནི། །གྲག་སྟོང་ཀུན་རྫོབ་པའི་དུས་ན་དོན་དམ་གསུངས་ངོ་བོ་གཉིས་མེད་བྲག་དཔེ་ཆའི་སྒྲ། །ཐེག་པ་སྣ་ཚོགས་ཀྱིས་འགྲོ་ཀུན་ཐར་བསྟན་པ་བློ་དང་འཚམ་པར་བསྟན་ན་སེམས་ཅན་རྣམས་ལམ་བདེ་ལ་འགོད་མཛད་པའི། །ལོག་པའི་ལམ་དང་བྲལ་བས་ན་རྣམ་དག་དྲི་བྲལ་གསུང་ལ་གུས་པས་འདུད། །མི་རྟོག་དོན་དམ་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་ཏེ་དབྱིངས་ནས་ཐུགས་རྗེའི་ཀུན་རྫོབ་སྒྱུ་མ་ཙམ་དུ་འོད་ཟེར་འཕྲོ། །མཐར་ཕྱིན་དེ་ཡང་ཕྲིན་ལས་སྐྱོ་བ་མེད་པའི་ཚུལ་གྱི་ཐབས་ཀྱིས་དོན་གང་ཡིན་ཐར་པའི་ས་ལ་མཛད་པས་གདུལ་བྱ་སྒྲོལ། །སངས་རྒྱས་ཀྱི་ཡོན་ཏན་སེམས་ཅན་གྱི་བློས་དཔག་མེད་ཡོན་ཏན་བྱང་སེམས་ལས་ཁྱད་པར་དུ་གྱུར་པ་སྟོབས་དང་དུ་མའི་མཆོག་མི་འཇིགས་པ་ལ་སོགས་མངའ་བ། །ཐུགས་མཁྱེན་པ་གཉིས་ལྡན་གྱི་མཆོག་བུདྡྷའི་ཡོན་ཏན་ཕྲིན་ལས་བཅས་ལ་ཚར་གཅད་རྗེས་བཟུང་བའི་འདུད། །བདག་ཀ་མ་ལ་སོགས་འགྲོ་དྲུག་གི་སེམས་ཅན་གྱི་སེམས་ཅན་གྱི་གཏི་མུག་གི་མུན་པར་འཐོམས་པ་ལས། །ཐུགས་རྗེའི་ལྷ་མོའི་འོད་ཟེར་ལྟ་བུ་རབ་ཏུ་དགྱེ་བར་ལམ་མ་རིག་པའི་མུན་པ་སོལ་ཅིག་གསོལ། །འབྲས་བུ་གཞན་དོན་གྱི་སྨིན་པའི་ལྗོན་ཤིང་སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པའི་སེམས་བསྐྱེད་དུ་གསོལ། །གསེར་འགྱུར་ཐ་མལ་གྱི་ལུས་ཡེ་ཤེས་ཀྱི་སྐུར་གྱུར་པའི་དབང་བཞིའི་རྩི་ཡི་ཐིགས་པ་བསྩལ་དུ་གསོལ། །ཐ་རམ་ལམ་འབྱེད་པའི་སྡེ་སྣོད་ཀྱི་སྒོ་ལྕགས་ལྡེ་མིག་གསུང་ནི་རྗེས་གནང་སྦྱིན་དུ་གསོལ། །མུན་པ་སེལ་བའི་མ་རིག་པའི་རྩ་བའི་དོན་ངོ་སྤྲད་པའི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་པོ་བསྐུལ་བའི་བླ་མ་སྐུ་ལྔའི་བདག་ཉིད་ཅན་དེའི་ཐུགས་དམ་བསྐུལ་བའི་རྗེས་གནང་ཕྲིན་ལས་བསྟན་དུ་གསོལ། །ཐར་པ་ཡང་དག་པའི་ལམ་ལ་འཛེག་པའི་གྲུ་སྐས་ལྟ་བུའི་ལྔའམ་ལམ་གསུམ་གྱི་གཟུགས་སུ་གསོལ། །ཞེས་གསོལ་བ་བཏབ་པ་ལས་སྤྲུལ་པའི་བདག་མེད་མ་ལྷ་མོས་ཞལ་རས་དགྱེས་པའི་འཛུམ་པའི་དགྱེས་བཞིན་དུ་མདངས་གང་ཟག་ལ་ཕྱུང་ནས་བཀའ་སྩལ་པ། ངོ་མཚར་ནས་ཀྱེ་ཧོ་སྦྱངས་པའི་སྟོབས་ལྡན་གསང་སྔགས་ཀྱི་རིགས་ཀྱི་བུ་ཉོན་ཅིག །འགྲོ་ཀུན་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པས་རང་བཞིན་ཏིལ་འབྲུ་མར་གྱིས་ཁྱབ། །ལས་སྐལ་བ་དང་ལྡན་པའི་མཆོག་ལྡན་པ་བརྟེན་ལ་གདམས་པའི་རྩི་ཆགས་པ་རྡོ་ལས་ལྕགས་སུ་གྱུར། །ནམ་ཟླ་ལས་སད་པ་ལ་ཡང་རྐྱེན་བླ་མ་དགོས་པས་དྲོས་པའི་རྩི་ཐོག་རླན་གྱིས་འདྲེན། །པདྨའི་དར་ཐུམ་རང་སེམས་སངས་རྒྱས་སུ་གནས་པས་ཉི་མའི་ལྟ་བུ་སྟེ་བླ་མའི་གདམས་པས་ཟེར་གྱིས་འབྱེད། །རྩི་དང་དབང་བཞིའི་འཕྲད་པའི་ཐ་མལ་གྱི་ལུས་ངག་ཡིད་གསུམ་ལྕགས་ནི་དག་པའི་གསེར་དུ་སྐུ་གསུང་ཐུགས་འགྱུར། །ཁྱོད་ལས་ཅན་ཉིད་དུས་རྟག་ཏུ་བདག་ལས་ཀྱིས་འབྲེལ་བའི་ལྷ་ལ་འདུད་པར་གྱིས། །གསུངས་ནས་པདྨོ་ལྷ་མོ་འོད་ཟེར་གྱིས་དྲངས་ནས་སྐལ་བ་དང་ལྡན་པའི་རྟེན་གཉིས་སུ་མེད་པའི་སྐུ་ལ་འཁྲིལ་ཏེ་སྨིན་པར་བྱེད་པ་ནི། དཔེ་ཇི་ལྟ་དོན་ཇི་ལྟར་ཚ་བས་གདུངས་པའི་སྦྲུལ་ཙནྡན་གྱི་སྡོང་པོ་ལ་འཁྲིལ་བ་ལྟར་དབྱེར་མེད་པ་གཉིས་སུ་ལྷ་མོའི་སྐུ་ལ་མེད་པར་འཁྲིལ་བར་གྱུར་ནས་བཞི་ལ་དབང་བཞི་ལ་བརྟེན་ནས་བཞི་དགའ་བ་མྱོང་པས་གསུམ་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ནས་གསུམ་སྨིན་ལུས་ངག་ཡིད་ཏེ། ཐམས་ཅད་དབང་བཞི་པས་རྟོགས་ཚོགས་གྲོལ་བར་བྱས་པ་ནི་འདི་ལྟ་སྟེ། གསེར་འགྱུར་གྱི་བུམ་པའི་དབང་གི་ལུས་དག་པ་རྩི་དང་། དུག་གསང་བའི་དབང་གིས་ངག་དག་པ་འགྱུར་གྱི་སྨན་དང་། ནོར་བུ་ཤེས་རབ་ཡེ་ཤེས་ཀྱིས་ཡིད་དག་པ་ཆུ་དྭངས་དང་། དབང་བཞིས་གྲོལ་བར་བྱས་པའི་ནམ་མཁའི་སྤྲིན་དྭངས་པ་ལྟར་རྒྱུད་ཀ་མ་ལ་ཤྲཱིའི་ཡོངས་སུ་དག་པར་བྱས་སོ། །དེའི་ཚེ་ལྷ་མོའི་ཞལ་འཛུམ་པའི་མདངས་ལས། ཕྱོགས་བཅུར་འོད་ཟེར་ཉི་མ་འབུམ་ལྟ་བུ་རབ་ཏུ་བཀྱེ་ནས་འཇིག་རྟེན་གྱི་མ་རིག་པའི་མུན་པ་བསལ་ནས་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཕྱི་ནང་གི་དངོས་པོ་མ་རིག་པ་མུན་པ་ཐམས་ཅད་བསལ་ནས་ས་ཆེན་པོ་ནང་ལྟར་དུ་རྒྱུད་ལ་སྐྱེ་བའི་རྟགས་སོ་བཅྭོ་བརྒྱད་དུ་བློ་སྦྱོང་གི་དུས་སུ་གཡོས་ཉམས་གཡོ་བ་ཏེ། གཡོས་རབ་ཏུ་གཡོས། འགུལ་དཀའ་ཐུབ་ཀྱི་དུས་སུ་རབ་ཏུ་ཐོབ་པ་རབ་ཏུ་འགུལ། ལྡེག་རབ་ཏུ་རྗེས་ཀྱི་དུས་སུ་གོམས་ལྡེག། འུར་རབ་ཏུ་རོ་སྙོམས་ཀྱི་དུས་སུ་བསྟན་འུར། ཆེམ་རབ་ཏུ་བྱ་བྲལ་གྱི་དུས་སུ་མཐར་ཕྱིན་པའོ་ཆེམ་མོ། །འཇིག་རྟེན་པ་ལྷ་དང་མིའི་ཐམས་ཅད་ཀྱང་ངོ་མཚར་དུ་ལྟས་མཐོང་བ་གྱུར་ཏོ། །དེའི་ཚེ་ཆོས་གནང་པའི་བྱིན་རླབས་ཀྱིས་སྐད་ཅིག་ཙམ་དུ་བདེ་བ་ཐོབ་ངན་འགྲོ་འཁོར་བའི་རྒྱུན་བཅད། ལྷ་དང་མི་རྣམས་ངོ་མཚར་བས་ཀྱང་དད་ཅིང་འདུན་པ་ཆེར་གཡོས། དམན་པའི་ཐེག་པ་ཉན་ཐོས་རང་རྒྱལ་རྣམས་ཀྱང་བྱང་ཆུབ་ཏུ་ཐེག་པ་ཆེན་པོར་སེམས་བསྐྱེད། ས་ལ་གནས་པ་བྱང་སེམས་རྣམས་ཀྱང་གོང་ནས་འོག་མ་ནས་གོང་དུ་སྤར་ཏེ། ཀུན་ཀྱང་བདེ་བའི་ཞིང་དགའ་བའི་ཞིང་ནི་རྣམ་པར་ཤར་རོ་ཞེས་བྱ་བའི་སྣང་བར་གྱུར་ཏོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། གླེང་བསླང་བའི་ཐབས་ཀྱི་ནང་རྟེན་ཡོངས་སུ་སྨིན་པའི་ལེའུ་སྟེ་གཉིས་པའོ། །
དེ་ནས་ཡང་དེའི་ཚེ་གང་སྨིན་པར་བྱེད་པའི་དབང་བཞི་བསྐུར་དེའི་དུས་ཉིད་དུ་བར་གཞན་གྱིས་མ་ཆོད་པ་གཉིས་སུ་མེད་པ་ལས་གཉིས་སུ་སྐུ་ལ་འཁྲིལ་བ་ནི་སྣང་བ་ནི། དཔེ་ཇི་ལྟ་དོན་ཇི་ལྟར་ཟླ་བའི་དཀྱིལ་འཁོར་ལས་མ་གཡོས་པར་ཆུ་དྭངས་པར་གསལ་བ་བཞིན་དུ། ཀ་མ་ལ་ཤྲཱིའི་མདུན་དུ་མདུན་དུ་སྐུ་བཞུགས་སོ་གནས་ནས་གུས་པས་ལན་གསུམ་དུ་འདུན་པ་ལས། དུས་གང་གི་ཚེ་མ་འོངས་པའི་རྣལ་འབྱོར་པ་རྣམས་རྒྱུད་ཕྱི་སྨིན་པར་བྱེད་པའི་ཡི་གེ་ཕྱི་མོའི་བྱིན་རླབས་བྱས་ཏེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབྲས་ཀྱི་ཕུང་པོ་མཚོན་པ་དཔེའི་ཨཱ་ལི་ཀཱ་ལི་བརྡལ། རིན་པོ་ཆེའི་བརྗོད་པ་སྒྲའི་ཨཱ་ལི་ཀཱ་ལི་ཡི་གེ་ནི་བཀོད། མཆོག་གི་སྣོད་དུ་མཆོག་གི་རྫས་བླུག་སྟེ་མཆོག་གི་བདུད་རྩི་ནི་བཤམས་ནས་ཡེ་ཤེས་འཁོར་གྱི་མཁའ་འགྲོ་མ་དང་ལས་ལ་གྲུབ་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐད་ཅིག་ཡུད་ཙམ་དེ་ཉིད་ལ་འབྱོར་བར་དཔག་ཏུ་མེད་པ་བཤམས་སོ། །དེ་ནས་ཀ་མ་ལ་ཤྲིས་གསུམ་ལ་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གུས་ཤིང་མཆོད་པས་གསུམ་མཉེས་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དོན་དམ་ཀུན་རྫོབ་བྱང་སེམས་གཉིས་གཉིས་བསྐྱེད་དེ། ལུས་ངག་གུས་པས་འདུན་པའི་ཕྱག་རྣལ་འབྱོར་གྱི་ལུགས་སུ་རྒྱ་གར་གྱི་བརྐྱང་ཕྱག་འཚལ་ཏེ་བཙལ་ནས་གནས་པ་ལས། སྤྲུལ་པའི་ལྷ་མོའི་སྐུ་སྣང་བ་དང་གསུང་གྲགས་པ་དང་ཐུགས་དྲན་རྟོག་རྡོ་རྗེ་ལས་འདི་སྐད་ཕྱུང་ངོ་། །དབྱངས་ཀྱི་ཡི་གེ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། གསལ་བྱེད་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། བ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། དེ་སྐད་ཅེས་གསུངས་པ་ལས། འདི་ལྟར་གཟུགས་དང་སྒྲ་དང་། དྲན་རྟོག་གི་ཆོས་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་བླ་མ་ཆེན་པོ་ཞེས་བྱ་བའི་གཟུགས་སུ་སྣང་བ་སྐུ་དང་སྒྲར་གྲགས་པ་གསུང་དང་ཐུགས་རྡོ་རྗེར་དྲན་རྟོག་ཐམས་ཅད་སྣང་བར་གྱུར་ཏོ། །
དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེའི་སེམས་སྨིན་པར་བྱེད་པའི་སྤྲིན་ལས་ཆོས་སྐུ་ལས་གཟུགས་སྐུ་ཡབ་དང་ཡུམ་གྱི་རྣམ་པར་གཞན་སྣང་ལ་སྣང་ནས་ཡབ་ཡུམ་གཉིས་སུ་མེད་པ་ལས་མདུན་གྱི་ནམ་མཁའ་ལ་བྱོན་ནས་སྦྱོར་བ་མཛད་སྣང་བའི་སྦྱོར་མཚམས་ནས་བདུད་རྩི་བྱང་ཆུབ་ཀྱི་སེམས་ནི་ཐ་མལ་གྱི་རྟོག་པ་གསེར་འགྱུར་གྱི་ཡེ་ཤེས་ཆེན་པོར་གྱུར་ནས་རྩི་ལྟར་དུ་གནས་པ་ལས། ལྷ་མོའི་བུམ་པའི་དབང་སྐུ་དང་གསུང་དང་གསང་བ་ཐུགས་ཤེས་རབ་ཡེ་ཤེས་དང་ཡོན་ཏན་དབང་བཞི་པ་ཕྲིན་ལས་གཉིས་སུ་མེད་པའི་རྡོ་རྗེ་ལས་འདི་དག་འོག་ནས་འབྱུང་པ་ཕྱུང་ངོ་། །ཨ་བྷི་ཥིཉྩ་ཨོཾ་བུམ་པའི་དབང་གིས་ལུས་སྒྲིབ་སྦྱོང་སྤྱི་བོར་ཨོཾ་ཨ་བྷི་ཥིཉྩ་ཨཾ། གསང་བའི་དབང་གིས་ངག་སྒྲིབ་སྦྱོང་ཨ་བྷི་ཥིཉྩ་ཧཱུྃ། ཤེས་རབ་ཡེ་ཤེས་ཀྱིས་སེམས་སྒྲིབ་སྦྱོང་ཨ་བྷི་ཥིཉྩ་ཧྲཱི། དབང་བཞི་པས་རྟོག་པ་ཐམས་ཅད་ལས་གྲོལ་བར་བྱེད་ཅེས་གསུངས་ཏེ་གནས་བཞིར་རྩ་འཁོར་ལོ་བཞི་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཐིག་ལེ་བབས་པ་ལས། སྤྱི་བོར་ལུས་དང་མགྲིན་པར་ངག་དང་སྙིང་ཁར་ཡིད་ཀྱི་རྟོག་པ་ཐམས་ཅད་དག་པ་དང་། ལུས་ངག་ཡིད་གསུམ་གྱི་རྟོག་པ་ཐམས་ཅད་དག་ཅིང་སྨིན་པ་དང་། ལུས་ངག་ཡིད་གསུམ་རྟོག་པ་ཐམས་ཅད་སྨིན་ཅིང་གྲོལ་བར་བྱས་ནས་རྩ་འཁོར་ལོ་དཔའ་མོའི་རང་བཞིན་བཞིའི་གནས་གང་ཡིན་པ་དེར། ཡང་དག་པར་དཔའ་བོའི་རང་བཞིན་རྫོགས་པའི་སངས་རྒྱས་བླ་མ་ཆེན་པོ་ཞེས་བྱ་བའི་སྐུ་སྤྱི་བོར་དང་གསུང་མགྲིན་པར་དང་ཐུགས་སྙིང་ཁར་དང་ཡོན་ཏན་ལྟེ་བར་ཕྲིན་ལས་རྡོ་རྗེ་ཞེས་བྱ་བ་སྣང་བར་གྱུར་ཏོ། །
དེ་ནས་སྤྲུལ་པའི་དབང་བཞི་བསྐུར་བ་དེ་ལྷ་མོས་ཆོས་ཀྱི་རྩ་བའི་དོན་དབྱིངས་ངོ་སྤྲད་པའི་དོན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་བཞག་ཏུ་ངོ་སྤྲད་པས་བཞུགས་ནས། གང་དུའང་ཡུལ་རྗེས་མ་འབྲངས་རྟོག་པ་ཐམས་ཅད་བྲལ་བ་མི་གནས་གནས་པ་ཆེན་པོ། ཅིར་ཡང་ཉམས་ལ་མ་ཞེན་འཛིན་པ་དང་བྲལ་བ་མི་བསྒོམ་སྒོམ་པ་ཆེན་པོ་གང་དུའང་བསམ་དུ་མེད་སྒོམ་པ་དང་བྲལ་བའོ་མི་གསལ་གསལ་བ་ཆེན་པོའི་ངང་ལ་རྣམ་པར་བཞུགས་སོ། །དེ་ནས་ཏིང་ངེ་འཛིན་ལས་བཞེངས་ནས་ཆོས་ཐམས་ཅད་རྨི་ལམ་དྲན་རྟོག་ཐམས་ཅད་དང་། སྒྱུ་མ་གཟུགས་ཐམས་ཅད་དང་། བྲག་ཆ་སྒྲ་ཐམས་ཅད་ལྟ་བུར་རྗེ་ཐོབ་ཏུ་བསྟན་ཏེ་ཏིང་ངེ་འཛིན་ལས་མཉམ་བཞག་གི་བཞེངས་སོ། །ཡང་དེའི་གནས་ལུགས་ཀྱི་ངང་ལས་ཏིང་ངེ་འཛིན་ཚེ་ཆོས་ཀྱི་དབྱིངས་ཀྱི་འོད་ཟེར་འགྲོ་འཆག་ཉལ་ལུགས་ཐམས་ཅད་དུ་བཀོད་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། སྤྱོད་ལམ་གྱི་དུས་ཐམས་ཅད་དུ་དུས་དང་གནས་སྐབས་དེ་ཁོ་ན་ཉིད་ཀྱི་གཉུག་མའི་ངང་ལས་ཡེ་ཤེས་ལས་མི་འདའ་བར་བྱ་བའི་ཕྱིར། སྐུ་དང་ལུས་སྤྱོད་ལམ་བཞི་གསུང་ངག་རླུང་དང་ཐུགས་ཀྱི་ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་མཛད་པ་རྣམ་པར་བསྒྱུར་བ་ནི་འདི་ལྟ་སྟེ། འགྲོ་འཆག་ཉལ་འདུག་ལུས་ཀྱི་དེ་ཁོ་ན་ཉིད་དང་། རྩའི་ལྟ་སྟངས་བསྒྱུར་བའོ་དེ་ཁོ་ན་ཉིད་དང་། རླུང་གི་སྲོག་རྩོལ་གྱི་རླུང་འཛིན་པ་དེ་ཁོ་ན་ཉིད་དང་། སེམས་ཀྱི་དེ་ཁོ་ན་མཉམ་རྗེས་གཉིས་རེས་འཇོག་ཏུ་ངོ་སྤྲད་པའོ་ཉིད་ལས་འདུག་པ་ལྔ་དང་། ཉལ་བ་ལྔ་དང་། འཆག་པ་བཞི་དང་། འགྲོ་བ་བཞི་དང་། ཟུག་པ་མཉམ་བཞག་དང་། བླུག་པ་རྗེས་ཐོབ་དང་། བཟུང་བ་མཉམ་བཞག་ཏུ་རིག་པ་དང་། བསྒྱུར་བ་རྩལ་སྦྱོང་དུ་རིག་པ་དང་། བཤིགས་པ་རྗེས་ཐོབ་ཏུ་གཉེན་པོ་དང་། དུམ་བུ་སྤྱོད་ལམ་དུས་སུ་དང་། བསྡམ་པ་མཉམ་བཞག་ཏུ་རླུང་དང་། གློད་པ་རྗེས་ཐོབ་ཏུ་རླུང་དང་། ངོ་བོ་ངོས་བཟུང་བ་རྡོ་རྗེ་གཙུག་ཏོར་དང་། རང་བཞིན་རྩལ་སྦྱང་པ་བདུད་རྩིའི་འཁྱིལ་པ་དང་། མཚན་ཉིད་བློ་དང་བྲལ་བ་བདེ་བར་གཤེགས་པའི་ལྟ་སྟངས་དང་། དོན་ལ་མཉམ་བཞག་དང་། རྗེས་ཐོབ་བཤིག་པ་དེའི་རྒྱུ་མཚན་དང་། ཟུང་དུ་མཉམ་རྗེས་གཉིས་མེད་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡུལ་ལ་རབ་ཏུ་བསྒྱུར་ནས་ཡུལ་ཆོས་ཅན་ཐམས་ཅད་ཐམས་ཅད་ནས་ཐམས་ཅད་དུ་ཆོས་ཉིད་ཀྱི་ཡེ་ཤེས་ཆེན་པོའི་དྲ་བས་མཉམ་རྗེས་གཉིས་མེད་དུ་འབྲེལ་བའི་ཁྱབ་པར་བྱས་སོ། །
དེ་ནས་ངོ་སྤྲོད་པ་ཡང་སྤྲུལ་པའི་ལྷ་མོས་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཆེན་པོ་ཐུགས་དམ་བསྐུལ་བ་ཞེས་བྱ་བའི་དམ་ཚིག་གི་སྨྲས་པ། ཨོྃ་ཨ་ཧྲཱིཿཚོགས་ལམ་སྤྱོད་པ་གུ་རུ་སིདྡྷི་ཧཱུཾ། ཨོྃ་ཨ་ཧྲཱིཿགུ་རུ་སྦྱོར་ལམ་སྤྱོད་པ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་ཨ་ཧྲཱིཿགུ་རུ་མཐོང་ལམ་སྤྱོད་པ་བྷུ་ཧུ་ཀུ་རུ་ཧཱུྃ། ཨོཾ་ཨ་ཧྲཱིཿགུ་རུ་སྒོམ་ལམ་སྤྱོད་པ་པྲ་མ་ན་ཡེ་ཧཱུྃ། ཨོཾ་ཨ་ཧྲཱིཿགུ་རུ་མཐར་ལམ་སྤྱོད་པ་ཛི་ཛྷི་ན་མི་དྲ་ཏྲི་ཧཱུྃ། ཞེས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རྩ་བའི་བླ་མ་ཆེན་པོ་བློ་སྦྱོང་གི་དུས་སུ་སྤྲུལ་པའི་སྐུར་སྒྲུབ་པ་དེས་འགྲེ་དང་། ལོངས་སྤྱོད་དཀའ་ཐུབ་ཀྱི་དུས་སུ་རྫོགས་པ་དང་། ཆོས་ཀྱི་རྗེས་ཀྱི་དུས་སུ་སྐུ་དང་། རོ་སྙོམས་ཀྱི་དུས་སུ་གསང་བའི་སྐུ་དང་། བྱ་བྲལ་གྱི་དུས་སུ་ངོ་བོ་ཉིད་མེད་པའི་སྐུ་ཞེས་བྱ་བའི་དམ་ཚིག་ཐུགས་དམ་བསྐུལ་ནས་སྨྲས་ནས་དགོངས་པ་རྫོགས་ནས་ཅང་མི་གསུང་པར་བཞུགས་སོ། །དེ་ནས་ཀ་མ་ལ་ཤྲིས་ལུས་དང་ངག་དང་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་ཀྱིས་གུས་པས་འཇོམས་པ་དངོས་དང་སྤྲུལ་པའི་ཏིང་ངེ་འཛིན་གྱི་མཆོད་པ་རྒྱ་ཆེན་པོས་མཉེས་པར་བྱས་སོ། །དེའི་ཚེ་མཆོད་པ་ཕུལ་བ་སྤྲུལ་པའི་ལྷ་མོ་རབ་ཏུ་མཉེས་པའི་སྒོ་ནས་ཞལ་འཛུམ་པའི་མདངས་ཕྱུང་ནས་བཀའ་སྩལ་པ། ཀྱཻ་རིགས་ཀྱི་བུ་ཞེས་བོས་ནས་མོས་གུས་ཀྱི་བླ་མ་ལ་བླ་མའི་བྱིན་རླབས་འཆུན་ན་རང་སེམས་གཉུག་མའི་རང་ངོ་མཐོང་བར་གཤིས་ཀྱི་དོན་ཕྱིན་ཅི་མ་ལོག་འགྱུར་གྱིས་མོས་གུས་ཀྱིས་བླ་མའི་ཐུགས་བློ་སྦྱོང་བསྟན་ནས་སྐུལ་ཅིག་མཉམ་རྗེས་དུམ་བུ་རྒྱུན་དུ་སྦྲེལ་བ་ལས་རེས་བསོར་དུ་རྗེས་ན་རང་སེམས་གཉུག་མ་ངོ་སྤྲད་པའི་དོན་མངོན་དུ་འགྱུར་གྱི་དཀའ་ཐུབ་ཀྱིས་བསྲུངས་གསུམ་ནས་དཀའ་ཐུབ་བསྟན་ནས་ཐོན་ཅིག །གཉེན་པོའི་རྟེན་རྟོག་རྗེས་ཐོབ་རྩོལ་མེད་དུ་ཞིག་ན་རང་སེམས་གཉུག་མ་མངོན་དུ་འགྱུར་གྱིས་རིག་པ་སོ་མར་རྗེས་ཐོབ་རྟེན་མེད་དུ་གཞག་རྗེས་བསྟན་ཞོག་ཅིག །རྐྱེན་ངན་ལ་ཡུལ་མི་མཐུན་པའི་བག་ལ་ཉལ་གྱི་རྩལ་སྦྱངས་ན་ཕྲ་རྒྱས་ཀྱི་འཕན་མི་ལྡང་གི་བཟང་རྐྱེན་ངན་རྐྱེན་རོ་སྣ་ཚོགས་ལ་དེས་ཕྲ་རྒྱས་སྤོང་ངོ་ཞེས་རོ་སྙོམས་བསྟན་སྙོམས་ཤིག །གང་ཡང་ལྟ་སྒོམ་གྱི་འཛིན་པ་ཡིད་ལ་མི་བྱེད་ན་སངས་རྒྱས་ཀྱི་དགོངས་པ་གཉུག་མ་དོན་གྱི་གནས་ལུགས་མངོན་དུ་འགྱུར་གྱི་གཉེན་པོའི་ལམ་གྱི་རྟེན་རྟོག་ཞེས་བྱ་བྲལ་བསྟན་ནོ་ཤིག་ཅིག་ཅེས་གསུངས་ནས་ཡང་མཛད་པ་བཏུལ་ནས་མི་སྣང་བར་གཤེགས་སོ། །ཞེས་མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་རྩ་བའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ཆེན་པོ་བཅོམ་ལྡན་འདས་བདག་མེད་མའི་མངོན་པར་རྟོགས་པ་བརྗོད་པ་སྟེ་རྩ་བའི་རྒྱུད་རྫོགས་སོ། །བཤད་པའི་རྒྱུད་ནི་གོང་གི་དོན་རྣམས་མ་ཁྲོལ་ནས་སླར་གནས་དེ་ཉིད་དུ་བཞུགས་ནས་ལྷ་ལ་གསོལ་བ་བཏབ་བོ། །
དེ་ནས་ཡང་དག་བཤད་བྱ་བ། །ཀ་མ་ལ་ཤྲི་རྣལ་འབྱོར་གྱི། །དུར་ཁྲོད་གནས་དཔལ་གྱི་རྒྱུ་སྐར་མཆོག་དེ་ཉིད་དུ། །ལུས་ངག་ཡིད་གསུམ་གུས་པས་འདུན་པ་རབ་བཏུད་དེ། །རང་བྱུང་རང་གི་ལུས་ལས་ཁྲག་ཕྱུང་པའི་བདུད་རྩིའི་མ་མཎྜལ་ལ། །རཏྣ་པ་ཤེའི་རིན་པོ་ཆེའི་མེ་ཏོག་བཀྲམ། །རང་བདག་མེད་མ་གི་ལྷག་པའི་ལྷ་མོ་ལ། །དུས་ཞག་བདུན་ཐལ་སྦྱར་ནས་ཡེངས་མེད་དུ་གསོལ་བ་བཏབ། །དེ་ཚེ་སྤྲུལ་པའི་ལྷ་མོས་ཐུགས་རྗེའི་འོད་ཟེར་ནི། །དཔེར་ན་མུན་པའི་ཁམས་སུ་ཉི་འོད་ཤར་བ་ལྟར། །འཇིག་རྟེན་སྐད་ཅིག་ཙམ་ལ་ཀུན་ཁྱབ་འོད་ཟེར་སྣང་བར་བགྱིས་གྱི། །དུར་ཁྲོད་ཆེན་པོ་རབ་ཏུ་སྣང་བས་ཁྱབ་སྟེ་བཀང་། །ཉི་ཟླ་པདྨའི་གདན་མདུན་གྱི་ནམ་མཁའ་ལ་སྟེང་ན། །སྤྲུལ་པའི་སྐྱེ་མེད་ཀྱི་ངང་ལས་ལྷ་མོ་སྔོ་སངས་བདག་མེད་མ་མ། །གདན་མི་རོ་བསྣོལ་བའི་ཁྲི་ལ་བཞུགས། །རྒྱུ་སྐར་གསེབ་ན་ཟླ་རྒྱས་རབ་ཏུ་བརྗིད་ཅིང་མཛེས་པའི་དཔེ་ཚུལ། །རབ་འཇིགས་མཁའ་འགྲོ་འབུམ་གྱིས་ཡེ་ཤེས་དང་ལས་ལ་གྲུབ་པའི་བསྐོར། །སྟོན་འཁོར་ཀུན་ཀྱང་དགྱེས་པའི་གད་རྒྱངས་སེམས་ཅན་གྱི་དོན་ལ་ཧ་ཧར་བཞད། །མཐོ་དམན་གྱི་ཚད་ནི་ཏ་ལ་བདུན་སྲིད་ནམ་མཁའ་ལ། །སྐྱེས་བུའི་ཀ་མ་ལ་ཤྲཱིའི་མདུན་ན་ཞལ་བཞུགས་པར་མཐོང་ངོ་། །དེ་ཚེ་ཀ་མ་ལ་ཤྲི་ནི། །རབ་ཏུ་དགའ་བའི་སྤྲོ་དགའ་དྲག་པོས་ཡིད་གཡོས་ཏེ། །ལུས་ལྷ་མོའི་བྱིན་རླབས་ཀྱིས་ཀྱང་བདེ་བས་རབ་ཏུ་གང་། །རང་གི་སེམས་ཀྱི་དེ་ཁོ་ན་ཉིད་མཁའ་ལྟར་སྟོང་གསལ་དག །འཁོར་འདས་ཀྱི་ཆོས་ཀུན་ཅི་ཡང་མ་གྲུབ་པ་མཁའ་འདྲར་མཉམ་མཐོང་ནས། །ཡིད་ཚིམ་པའི་རང་སྒྲ་ཉམས་སྐྱེས་པའི་འདི་སྐད་སྨྲས་སོ། །ཨེ་མ་ཧོ། སྟོང་དང་གཤིས་ཀྱི་དེ་ཁོ་ན་ཉིད་དེ་མི་སྟོང་ངོ་བོ་ཉིད། །དངོས་དང་དངོས་མིན་གཉིས་ཀྱི་མཐའ་དང་བྲལ། །འཁོར་འདས་ཀྱི་ཆོས་ཀུན་རང་རིག་ཡེ་ཤེས་འཆར་ལུགས་ཉིད། །སེམས་དེ་དེའི་དོན་སྨྲ་བསམ་བརྗོད་ལས་འདས། །མྱོང་བ་སྨྲར་མེད་གཉུག་མའི་ཡེ་ཤེས་དེ་ལྐུག་མའི་ཁ། །ཚིག་ཏུ་མཚོན་དུ་ཡོད་པ་མ་ཡིན་ཀྱང་། །འཁྲུལ་པའི་སེམས་ཅན་གྱིས་དེ་ལྟར་མ་རྟོགས་འགྲོ་བ་རྣམས། །མ་རིག་གཏི་མུག་གི་ལྡོངས་པ་དེ་བསལ་བའི་ཐབས། །སྤྲུལ་པའི་ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུ་བ་གསོལ་བ་བཏབ་པས་འདུན་པ་ལས། །དེ་ཚེ་སྤྲུལ་པའི་ལྷ་མོ་ཉིད། །དགྱེས་པའི་ཞལ་རས་རྒྱུད་ཞུ་བ་ལ་འཛུམ་དང་བཅས། །ཐུགས་རྗེའི་གཞན་དོན་ལ་བསྐུལ་བས་འོད་ཟེར་ཕྱོགས་བཅུར་བཀྱེ་ནས། །འོད་དེས་འགྲོ་ཀུན་དད་ཅིང་མཐུན་པར་བྱས། །འོད་དེ་སླར་འདུས་ཐུགས་དཔལ་གྱི་བེའུར་འཁྱིལ་ནས་ནུབ། །དེ་ནས་ཐུགས་ཀྱི་དགོངས་པ་མངོན་དུ་ཕྱུང་བ་ནི། །ནམ་མཁའ་ལ་དྭངས་པ་ཉི་ཟླ་ཤར་བ་བཞིན་དུ། །ཁྱབ་ཅིང་གསལ་བར་སྤྲུལ་པའི་གསུང་འཇིག་རྟེན་ཀུན་ཏུ་གྲག་པ་ནི། །ལོ་ཙཱ་བས་བསྒྱུར་བར་མ་ནུས་ཏེ། སྒྲ་ལ་མཁས་པ་རྣམས་ཀྱི་སྤྱོད་ཡུལ་མིན་པར་འདུག །འོན་ཀྱང་འདི་རྣམས་ཀྱི་དོན་བཀྲལ་བ་འོག་ནས་འབྱུང་པའི་ཚིག་རྣམས་ཡིན་པར་འདུག་གོ་མཁའ་འགྲོ་མའི་རང་སྒྲ་ཨུ་རྒྱན་མཁའ་འགྲོའི་བརྡ་སྐད་དོ་སྨྲས། །བྷི་པ་ཤ་པཥྚ་ཙ་ཏ་ཀ་ཏཱ་རི་ཀ་ཏ། མུག་ཏིག་ཝར་ཏི་སྭ་མིན་ཡ་ཏྲུ། ལི་ག་ཏ་རཱོ་ཥོ་ཤ་ཏོར་ཏ་ཡཱ། མུ་ར་ཏི་པར་ཏྟ་ནི་པི་བཱ་ཧོ། རྣལ་འབྱོར་དབང་ཕྱུག་ཡོན་ཏན་དུ་མ་ལ་མངའ་བརྙེས་པས་ན་ཆེན་པོ་ཁྱོད་ཉོན་ཅིག །ཏིལ་སྦྱངས་ཡེ་ནས་ཡིན་པའི་ཆོས་ཉིད་རྟོགས་པར་འདོད་ན་ས་བོན་འབྲས་བུ་སྨིན་འདོད་ན། །ཚ་སྒོའི་ཞིང་ལ་ལས་འཕྲོ་དང་སྐལ་བ་མེད་པ་ལ་ཟབ་དོན་དང་མི་འཕྲད་དོ་ཏིལ་གྱི་འབྲུ་མི་སྨིན། །དྲོད་གཤེར་ལྡན་ལ་ལས་འཕྲོ་དང་ཤེས་རབ་ཏུ་ལྡན་པའི་ཐུགས་རྗེ་བཟུང་བའི་ཡུལ་ལོ་ས་བོན་དུས་སུ་གདབ། །འཁོར་བ་སྡུག་བསྔལ་གྱི་གནས་སུ་མཐོང་པའི་སྒོ་ནས་ཁྲི་མུན་ངང་ནད་དུ་ཐ་རམ་ཡིད་ལ་ཐར་པ་བྱང་ཆུབ་ཀྱི་ལམ་ཅི་ཐོབ་བྱེད་པ་གྱིས། །ཆོས་ཀྱི་རྒྱལ་པོས་ཚེ་འདི་དགོས་མེད་དུ་ཤེས་པའི་སྒོ་ནས་བྱ་བ་དམན་པ་འདོར་ནུས་པ་བྲན་གྱི་བྱ་བ་སྤོངས། །ནོར་བུ་གཙུག་ཏུ་བཀུར་ཞིང་དྲི་མ་བཀྲུ་བླ་མ་སངས་རྒྱས་སུ་མཐོང་པའི་སྒོ་ནས་གསོལ་བ་རྒྱུན་ཏུ་འདེབས་ནུས་པ་། །སོ་བཏང་རྫས་དང་ཡོ་བྱད་ལ་མི་བལྟ་བའི་སྒོ་ནས་དབང་དང་བྱིན་རླབས་ཞུ་ནུས་པ་རྫ་ལ་ཆུ་ཡི་བྱ་བ་བཅོལ། །སོ་མཚམས་གཉེན་པོ་སྟོབས་དང་ལྡན་པའི་སྒོ་ནས་སྡོམ་པ་དང་དམ་ཚིག་བསྲུང་ནུས་པ་མཁར་ལ་བློན་པོ་བག་ལྡན་སྐྱོན། །རི་དྭགས་བརྩོན་འགྲུས་ཡེངས་པ་མེད་པའི་སྒོ་ནས་སྒྲུབ་པ་ཉམས་སུ་ལེན་ནུས་པ་དམན་མའི་སྤྱོད་པ་ཁྱོད་ཀྱིས་ལྟོས། །སྣང་བ་འདི་སྒྱུ་མར་ཤེས་པའི་སྒོ་ནས་ཚེ་འདིའི་སྙན་གྲགས་མི་བསྒྲུབ་པར་ཆོས་རང་བཞིན་བསྒྲུབ་པའོ་སྒྱུ་མའི་སྐྱེས་བུས་རྒྱལ་པོ་མ་བསླུ་ཞིག །ཅེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། སྒྲུབ་པའི་རྟེན་ངོས་བཟུང་པའི་ལེའུ་སྟེ་བཞི་པའོ། །
དེ་ནས་རྣལ་འབྱོར་དབང་ཕྱུག་གིས་ལམ་ལ་ཞུགས་པའི་ཚུལ་ཞུས་ནི། །སྤྲུལ་པའི་ལྷ་ལ་འདི་སྐད་གསོལ། །ཏིལ་སྦྱངས་སེམས་ཡེ་ནས་ཆོས་སྐུར་གནས་པ་ནི་ནང་གི་ས་བོན་བཞིན། །འགྲོ་ཀུན་གྱི་སེམས་ཀྱི་རང་བཞིན་སངས་རྒྱས་ཉིད་ཡིན་ཀྱང་། །བླ་མ་དང་བྲལ་བས་དོན་མི་མཐོང་དམིགས་བུ་བྲལ་བའི་དམུས་ལོང་བཞིན། །མྱ་ངན་ལས་འདས་པའི་ཐར་པའི་གྲོང་དུ་འཇུག་མི་ནུས། །ལས་འཕྲོ་དང་ཤེས་རབ་ཏུ་ལྡན་པའི་དྲོད་གཤེར་ལྡན་པའི་ཞིང་ས་བཞིན། །སྐྱེ་བ་སྔ་མའི་ཤེས་རབ་ཀྱི་རིགས་སད་སྟོབས་ལྡན་སྐྱེས་བུ་དག །ཐུགས་རྗེས་ལམ་དུ་ཞུགས་པ་བཟུང་པ་ཇི་ལྟར་བགྱི། །དེ་སྐད་ཞུ་བ་འདུན་པ་ལས། །སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །ལས་འཕྲོ་དང་ཤེས་རབ་ཏུ་དྲོད་གཤེར་ལྡན་པའི་ས་གཞི་སྨིན་པའི་ཐར་བའི་འབྲས་བུ་རྒྱུ། །ཐོག་མར་དབང་གིས་རྒྱུད་སྨིན་དགོས་ཏེ་དེ་དུས་རྒྱལ་བུ་གདན་སར་བྱུང་བ་གཅེས། །རྟེན་དེ་ལ་གདམས་ངག་གིས་ས་བོན་བཏབ་པས་མྱུ་གུ་སྡོང་བུ་མེ་ཏོག་དང་ལམ་ལྔ་རྒྱུད་ལ་སྐྱེ་བའི་དཔེ་ནི་བློ་སྦྱོང་ངོ་། །འབྲས་བུ་ལྔ་དབང་པོ་བཏུལ་ན་ལྔ། དཀའ་ཐུབ་རྗེས་ཐོབ་རོ་སྙོམས་ནི་རིམ་དང་དབང་པོ་སྒོ་ན་ལམ་ཅིག་ཅར་བྱ་བྲལ་སྨིན། །སྨིན་པའི་དེ་ལྟར་རང་དོན་གྲུབ་ནས་འབྲས་བུ་འགྲོ་བའི་གཞན་དོན་བྱེད་པས་ལོངས་སྤྱོད་ཡིན། །སྐལ་ལྡན་ལས་འཕྲོ་ཅན་ལ་ཞེས་གསུངས་སོ། །
དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །དྲོད་གཤེར་ལྡན་པའི་ས་གཞི་སྐལ་ལྡན་ལས་འཕྲོ་ཅན་ལ། །རྒྱལ་བུ་རྒྱལ་སར་རྒྱུད་སྨིན་པའི་དབང་ཇི་ལྟར་བསྐུར་ཞུས་པས་ཇི་ལྟར་དབྱུང་། །ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །དེ་ནས་སྤྲུལ་པའི་ལྷ་མོ་ཡིས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ། །འདི་སྐད་ཅེས་དབང་གི་བསྐུར་ལུགས་ནི་བཀའ་བསྩལ་ཏོ། །ས་ནི་བཱི་ན་དབང་གི་བརྡ་སྐད་མཁའ་འགྲོ་མའི་གསུང་སུ་ར་ཁར་ཊྚི་དྷི་པ་ཐཱི། །དྷུ་ཧུ་པེཥྴ་རི་རཱི་བོས་ཙ་ལན། །གད་དྷོ་རོ་ཧ་གྷར་དྷ་ཎི་པ་ཊོ་ལི། །ལི་ཙི་ཏོ་བ་བྷི་ས་ནོམ་པ་ཏི་ཀ །རིན་ཆེན་ཉན་ཐོས་ཀྱི་འདུལ་ཁྲིམས་སྐྱབས་འགྲོ། བྱང་སེམས་ཀྱི་སྡོམ་པ་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་དབང་ངོ་གདང་བུ་སུམ་བརྩེགས་ཁྲི་སྟེང་དུ། །མངའ་ཐང་དེ་གསུམ་མངོན་དུ་སོང་ནས་དབང་བསྐུར་བས་ན་རྫོགས་པའི་རྒྱལ་བུ་རྒྱལ་སར་དབྱུང་། །རྒྱལ་བའི་གསུང་ལ་བཀའ་ཡི་གནང་བ་ཡི་གེའི་ལུང་ནོད་ལན་གསུམ་བྱ་བྱིན། །གངས་ཀྱི་ཞུན་ཆུ་དབང་བཞིས་རྒྱུད་སྨིན་པར་བྱ་བ་ནི་ཁོལ་མས་ཁྲུས་གྱིས་ལ། །འཕྲུལ་གྱི་རྩ་བ་མཉམ་རྗེས་ལ་ངོ་སྤྲད་པས་གདན་ལ་དངུལ་གྱི་མེ་ལོང་ཕྱིས། །རྒྱལ་པོ་བསྐུལ་བའི་མཐར་ཐུག་ལུང་གི་རྗེས་གནང་བྱིན་ཕྲིན་ལས་ཐོབ་པར་གྱིས། །ཚོགས་ཀྱི་འཁོར་ལོ་བྱ་བ་སྤྱན་གཟིགས་མཉེས་པའི་རོལ་མོ་རྒྱ་ཆེར་འབུལ། །དེ་ནས་རྒྱལ་སྲིད་ཀུན་ལ་དབང་བྱིན་དེ་ནས་གདམས་པ་གདབ་ཏུ་བཏུབ་པ་ནས། །ཉམས་སུ་བླང་པ་གལ་ཆེའོ་ད་ནི་ས་འཛིན་རྒྱལ་པོ་བྱ་བར་གཅེས། །ལྷ་ཡི་རྒྱལ་པོ་བླ་མ་གསོལ་བ་ལྷ་ལ་མི་གདབ་སྤྱི་བོས་མཆོད། །ནོར་བདག་འབྱུང་པོ་བྱིན་རླབས་འདྲེ་ལ་མི་ཞུ་མི་བཙལ་རྒྱུ་འབྲས་རང་གི་ཚོགས་ཉམས་པར་བྱེད་པས་བསོད་ནམས་བསག་བལྟ། །ཁོལ་བུའི་ཐུགས་རྗེ་མི་ལ་མི་ངོམས་སྒྲུབ་པ་ལྟོར་མི་ཟ་སྟེ་བླ་ཐུན་འཕྲལ་ལ་སྤྱད་པ་སྒྲུབ་པ་པོས་གཞན་གྱི་བསྙེན་བཀུར་སྤང་མིན། །ཞོ་ཤ་བཙོངས་པའི་རིན་ལ་རང་ཤར་སོང་བ་ཡིན་ཏེ། བྱིན་རླབས་རྒྱབ་ཏུ་མི་གོན་ཏེ། ནུས་པས་ནོར་མི་བཙལ་ཅི་བཏུབ་སོམས། །ས་བོན་ཅི་བྱེད་ཚེ་འདིར་སོང་བ་གཟན་དུ་བྱེད་པའི་སྐྱེས་བུ་ཕོ་སྒོ་ཚེ་འདིར་མི་འབྱུང་དམན་ས་བཟུང་བླུན། །མཛོ་སྣ་ཆུས་གྱོད་ལ་བཏུགས་སྣ་ཐག་སྣ་ཐག་མི་ལ་མི་གཏད་དེ། མི་ཡི་ངོས་བསྲུངས་མི་བྱ་མི་ལ་ཤོར་བ་སྙིང་རྗེའི་གནས། །དྲི་ངའི་སྒོག་པ་སྣོད་འདི་དྲི་ཡི་རྒྱུན་ཡིན་ཟང་ཟིང་དོན་དུ་མི་གཉེར་ཏེ། ནོར་གྱི་བསོག་བྲུན་མི་བྱ་ཕྱིར། །སྤང་བར་མི་ནུས་སྨན་དྲག་པས་ནོར་རྫས་དགོས་མེད་དུ་ཤེས་པར་བྱ་གཉེན་པོའི་སྨན་གྱིས་གསད། །ང་རྒྱལ་གྱི་རྒྱུད་རྭ་བརྒྱད་ཤྭ་བ་འདི་ནི་རྣལ་འབྱོར་ཆེ་ཐབས་དང་དུ་མི་བླང་སྟེ་ཆོས་བརྒྱད་ཀྱི་མདུན་མ་མི་བྱའོ་དགྲ། །རྒྱལ་པོའི་ཆད་པ་ཡོང་གསང་ཚིག་ཁྲོམ་དུ་སྦས་པ་མི་ལ་མི་ངོམ་སྟེ། འཆད་པ་པོས་ཟབ་མོའི་གདམས་པ་སྣོད་ངན་ལ་མི་སྤེལ་བསྒྲག་མི་བྱ། །རྐུན་མོའི་ནོར་ནི་ཀུན་ལ་མི་བསྟན་རྒྱལ་མཚན་རྩེ་ལ་ངོས་ངན་རྒྱལ་མཚན་གྱི་རྩེ་ལ་མི་འཕྱར་ཏེ་མིན། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། རྣལ་འབྱོར་གྱི་གཞི་བཅའ་བའི་ལེའུ་སྟེ་འབྲས་བུ་ལྔ་པའོ། །
དེ་ནས་རྣལ་འབྱོར་ལམ་རྒྱུད་ལ་སྐྱེ་ཚུལ་ཞུས་པའི་ཕྱིར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །ཇི་ལྟར་ས་བོན་གདམས་པ་བཏབ་པས་བཏབ་པ་ལས། །སྨིན་པ་རིམ་དང་དབང་པོའི་རིམ་པས་ལམ་ལྔ་གསུམ་ཅིག་ཅར་རིམ་མིན་ལྟར། །དཔེ་དེ་བཞིན་རྣལ་འབྱོར་པ་ཡི་ལམ། །ཇི་ལྟར་བགྲོད་པ་དབང་པོའི་རིམ་པ་དང་སྦྱར་ནས་བསྟན་ཏུ་གསོལ། །དེ་སྐད་སྨྲས་ཏེ་ཞུས་པ་ལས། །སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །གྷ་ར་མུ་ཏར་ཊ་ཧ་རུ་བ་ནི་ཊ་དྷི་པོ་ཏ་སྭད་ཎཾ་མཾ་ཙ་ཀྲོ་ཏེ། མ་ལེ་ལེན་ངུར་བྷུ་བ་ག་ཏེ་ནཱ་སི་ག་ལ་ཡ་མི་ནན་དད་ཏོ་སུར་ཏི་ར། རྒྱལ་པོའི་བཀའ་ལུང་ངེས་དོན་མ་ནོར་བ་པིན་ཙ་ཀའི་ཆུ་ནི་གངས་ལས་ཆད། །ས་ནི་ཚྭ་ཤེལ་ཚྭ་རྒྱ་ཚྭ་རྒྱམ་ཚྭ་གསུམ་ལས་འཕྲོ་ཤེས་རབ་བརྩོན་འགྲུས་གསུམ་འདུས་པའི་འདུས་པས་དྲོད་ཆེའོ་བྱེ་མ་སྟེ། །འབྲས་བུ་མྱུར་དུ་སྨིན་པ་ཡོད་དོ་ཟླ་བ་གཅིག་གི་སྨིན་པ་ངོ་མཚར་ལམ་ཆིག་ཆོད་དུ་གྲོལ་བ་སྲིད་པའོ་གནས། །བླ་མ་སངས་རྒྱས་སུ་མཐོང་བས་མཛད་སྤྱོད་བརྡར་ཤེས་པའོ་དེས་ནི་རྟོགས་གྲོལ་ཆིག་ཆོད་རྒྱལ་བའི་སྐུ་མཐོང་དེར་སྤྱོད་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་ཤེས། །རིན་ཆེན་ཐིག་གིས་ངོ་སྤྲོད་བཅར་ཕོག་ཐེབས་པས་རྩ་བ་ཐོག་བབས་སུ་ཟིན་གང་ཡང་ཕིགས་དངོས་པོ་སྲ་སྙི་སྤངས། །གསེར་དང་སེར་པོ་གཅིག་དབྱེར་མེད་པས་ལྟ་སྒོམ་ཆིག་ཆོད་དུ་སྐྱེས་པས་རྟོགས་ཐོག་ཏུ་སྙམ་དུ་གྲོལ་ཏེ་དབྱེར་མེད་དུ་གྱུར་ས་ལེ་སྦྲཾ། །ལམ་རྟགས་མེད་པའི་དཔེ་མྱུར་སྤྱོད་ནམ་མཁའི་བྱ་ལམ་རྗེས་ས་ལམ་རྟོག་པ་ཆོད་པས་རྟགས་ལ་ལྟོས་མི་དགོས་དང་བྲལ། །དེས་ནི་དབྱིབས་དང་ཁ་དོག་གི་ནམ་མཁའ་མཐོང་བས་ཕྱོགས་རང་སེམས་ཆོས་སྐུར་རྟོགས་པས་རེ་དོགས་ཟད་པའོ་འཛིན་ཞིག །སྒྱུ་མའི་གཏད་མེད་དུ་གོ་བས་མཚང་རྟོགས་འཕྲུལ་ལ་ཡིད་མི་སྣང་བ་སྒྱུ་མར་ཤེས་པས་དངོས་འཛིན་ཞིག་པའོ་ཆགས། །མཁའ་དང་སེམས་ཉིད་རྣམ་རྟོག་དབྱེར་མེད། འགྱུ་བ་རྟེན་མེད་དུ་ཤེས་པས་རྣམ་རྟོག་སྟོར་བའོ་ན་བུན་གཉིས་སུ་ད་མི་འབྱེད། །བདེ་སྡུག་རྐྱེན་ཤར་དུ་ཤེས་པ་སྤང་བླང་མེད་པ་སེང་གེའི་སྤུ་ཡིས་ཚ་གྲང་གཉིས་ཀ་རྟོགས་ལྡན་ལ་རྐྱེན་གྱིས་མི་གནོད་སྤངས། །སྐྱེས་བུ་རྨི་ལམ་དུ་དགྲ་བྱུང་པ་རྨིས་ཙ་ན་གཉིད་སད་དགྲའི་རྟོགས་ཐོབ་དུས་མཉམ་དུ་གྲོལ་བས་ས་ལམ་མེད་པའོ་ཡུལ་ལས་གྲོལ། །དམུས་ལོང་སྔར་ནས་ཡོད་པའི་མིག་ཕྱེ་མཚན་དཔེ་ཆོས་སྐུ་ཡེ་ཡིན་དུ་ཤེས་པས་རྩོལ་སྒྲུབ་མེད་པའོ་རང་ངོས་ཟིན། །ལུས་དང་གྲིབ་མ་མ་བྱས་རྒྱུན་ཏུ་གནས་པས་སྒོམ་ནམ་ཡང་བློ་སྟོར་བའོ་བྲལ་བ་མེད། །དེ་ནི་དབང་པོ་རྣོན་པོ་ལས་འཕྲོ་ཅན་ཡིན་ད་སྒོས་སྐལ་ལྡན་མིག་ཅན་ཡིན། །ཡུལ་གྱི་མིང་ན་ཏྲི་ཀའི་ཆུ་ནི་འབྲུག་ཆར་པ་དེ་གྲུབ་ཐོབ་རྟོགས་ལྡན་བར་མ་ཆད་ཀྱི་གདམས་པ་ཡིན་ལས་ཆད། །གསེར་གྱི་སྐྱེ་བ་སྔ་མའི་ལས་སད་པས་ཡང་དག་པའི་ལམ་དང་འཕྲད་བྱེ་མ་རྡོལ་བའི་ས་ལས་གྲུབ། །བློ་སྦྱོང་དཀའ་ཐུབ་བྱ་བྲལ་གསུམ་གྱིས་གྲོལ་ལོ་ཟླ་བ་གསུམ་ན་འབྲས་བུ་སྨིན་པར་ངེས། །ཡུལ་བ་ར་ཎ་སེ་རྒྱ་མཚོ་རྒྱལ་པོའི་བཀའ་དྲི་མ་མེད་པ་རྡོལ་བའི་ཆུ་འོ་མའི་ཆུ་ཡིན། །ས་བཅུད་འདུས་པས་ཡུལ་དབུས་ཡིན་པས་འབྲུ་བཅུད་ཆེའོ་རོ་མཆོག་ཁྱད་པར་སྔགས་ཕར་ཕྱིན་གཉིས་ཀྱི་ཀླུང་ལམ་ཆེན་པོ་ཡོན་ཏན་དང་རྟགས་ལ་ལྟོས་པའོ་འཕགས། །ཟླ་བ་ལྔ་ཡི་དུས་ན་དབང་པོ་ཐ་མ་ལམ་ལྔས་བགྲོད་འཁར་མའི་འབྲས་བུ་དོན་མངོན་དུ་བྱེད་སྨིན། །འདི་ཀུན་གདམས་པ་ས་དང་རྟེན་གྱི་ཆུའི་རྐྱེན་ལས་ནི། །འབྲས་བུ་ལམ་ཆོད་ལུགས་ཐ་དད་པའོ་དེ་དང་དེ་བཞིན་རིམ་པའོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ལམ་དང་དབང་པོའི་རིམ་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།
དེ་ནས་ཡི་གེའི་ལུང་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་སྣང་བའི་དོན་ཞུ་བའི་ཕྱིར་ལྷ་ལ་ཡང་གསོལ་བ། །རིན་ཆེན་རྒྱུ་ལས་གྲུབ་ཝརྞ་ཡི་གེ་བརྒྱ་ཕྲག་བྱེད་ནི། །བརྒྱ་ཕྲག་ཕྱེད་ཀྱི་གསུང་གི་བརྟེན་པ་སྤྱིའི་ལུང་སྣང་བ། །འདིའི་རྒྱུ་དང་དགོས་ཆེད་དང་། །ཇི་ལྟར་བྱིན་གྱིས་བརླབས་པ་དང་། །ཉམས་སུ་ཇི་ལྟར་བླང་པའི་རིམ་པ་རྣམས། །ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་ཏེ་འདུན་པ་ལས། །སྤྲུལ་པའི་དེའི་དོན་ལྷ་མོས་བཀའ་སྩལ་པ། །རྣལ་འབྱོར་དབང་ཕྱུག་ཁྱོད་ཉོན་ཅིག །ཨུ་རྒྱན་མཁའ་འགྲོ་མའི་བརྡ་སྐད་པར་ཏྲི་བྷི་ན་ར་ཏུ་ཡོ་དྷི་ན། །དུར་ཙ་ཚ་མུག་ཏི་ཏི་ཀར་དྷ་ཎི། །ཡོ་མི་རོ་འུ་པར་ཏོ་བྷ་རོ་དབང་གི་སྙིང་པོ་ཏི། །ས་དྷོ་བྷར་ཊ་ཧོ་ར་གཱ་རོ་ནི་དྷ། །ཡི་གེའི་ཝརྞའི་རྒྱུ་ནི་རིན་ཆེན་གང་ཡང་རུང་བ་ལྔ་ལས་བྱུང་། །གཟའ་སྐར་ཉ་རྒྱལ་ལྟ་བུ་ལ་བཟང་ལ་རབ་ཏུ་གནས་པར་རྟེན་འབྲེལ་བརྒྱ་རྩ་བརྒྱད་ཀྱིས་བྱ། །མཎྜལ་གྱི་སྟེང་དུ་ཕྲིན་ལས་བཞི་དབུས་རྟེན་འབྲེལ་གྱི་འཕང་ལོ་རུས་ཆེན་ཟ་མ་ཏོག །ནང་དུ་ཡི་གེ་རྣམས་བཅུག་སྟེ་མཎྜལ་སྟེང་དུ་བཞག །བློ་སྦྱོང་གི་དང་པོའི་གཤམ་དུ་ཨ་བྷི་ཥིཉྩ་གདགས། །གྲངས་འབུམ་ཚོ་བཞི་ཡི་བསྙེན་པ་རྫོགས་པར་བྱ། །དེ་ནས་སྐད་མི་སྐད་ཁྱི་སྐད་གཉིས་སྤང་པར་ཟ་མ་ཏོག་དེ། །ཀ་པ་ལར་བཅུག་ལེབ་བརྒན་དར་གྱིས་དྲིལ་ལ་ཁ་བཅད། །གསལ་བྱེད་མཎྜལ་མེ་ལོང་ལ་བྱས་པའི་སྟེང་དུ་གཞག་པར་བྱ། །དཀའ་ཐུབ་ཀྱི་གཉིས་པའི་གཤམ་ལ་ཕྲིན་ལས་རྣམ་ཨོཾ་ཨཱཿཧྲཱི་གུ་རུ་སིདྡྷི་ཕ་ལ་ཧཱུྃ་པུཥྚིཾ་ཀུ་རུ་ཤནྟིཾ་ཀུ་རུ་པ་ཤཾ་ཀུ་རཀྴ་ཀུ་རུ་བཞི་གདགས། །གྲངས་འབུམ་ཚོ་གཉིས་ཀྱིས་སྒྲུབ་པ་མཐར་བྱུང་ལ། །ཤེས་རབ་ཡུམ་གྱི་དེ་ནས་མཎྜལ་སྟེང་ནས་ལག་པས་བླངས་ནས་ནི། །མཎྜལ་སྟེང་དུ་རང་བྱུང་སིནྡྷུ་རའི་ཆོས་འབྱུང་གི་བྲིས་པའི། །སྟེང་དུ་ཞིང་ནི་བླ་རེ་བྲིས་བཞག་སྟེ་དུར་ཁྲོད་གནས་སུ་བསྒོམས། །བཞི་པའི་རོ་སྙོམས་ཨོཾ་ཨཱཿཧྲཱི་གུ་རུ་པྲ་མ་ན་ཡེ་ཧཱུྃ་བྷུ་ཧུ་ཀུ་རུ་གཤམ་ཛི་ན་མི་དྲ་དུ་གསུམ་དང་ཞེས་པའོ་ལྔ་པ་བྱ་བྲལ་ཡི། །འབྲུ་བཞི་བཞི་བཞི་བཏགས་ཏེ་ཁྲི་ཕྲག་བཅུ་རུ་བཅུ་བཅུ་བཟླས། །དེ་ལྟར་ཡི་གེའི་བྱ་བ་ལས་ཀྱི་སྦྱོར་བ་རྫོགས་པ་དང་། །དེ་ནི་དེ་ནས་ཡི་གེ་རྣམས་རང་གི་སྤྱི་བོར་བླང་བྱ་སྟེ། །ཨོཾ་ཨཱཿཧཱུཾ་ཧྲཱི་དབང་བཞི་མཆོག་གི་སྔགས། །བརྒྱ་དང་རྩ་བརྒྱད་བཟླས་ཏེ་ཡི་གེ་རྣམས་རང་གིས་བཅང་བར་བྱ། །དེ་ཡི་དགོས་པའི་དོན་རང་གཞན་གཉིས་ཀའི་ཀུན་སྒྲུབ་བྱེད་ཡིན། །གསུང་གི་བསྟན་པ་བཀའ་རབ་འབྱམས་བཤད་དུ་རུང་ཀུན་དབང་ཐོབ་པ་དང་། །དེ་ཡི་དྲི་མ་སེལ་བ་བཀའི་སྐུ་གླུད་ལྟོར་སོང་བའི་དྲི་མ་འདག་གོ་དེ་བཞིན་ཏེ། །དེ་ཕྱིར་རྣལ་འབྱོར་འདི་ནི་ཤིན་ཏུ་གཅེས། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཡི་གེའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བདུན་པའོ། །ཆོས་ཐམས་ཅད་ཡི་གེར་གནས་པས་བསྟན་པའི་ཕྱིར་དེ་ནས་སྤྲུལ་པའི་ལྷ་མོ་ཡིས། །ཨཱ་ལི་ཀཱ་ལིའི་རང་སྒྲ་དག །ཕྱུངས་ཏེ་ཀུན་ཏུ་ཁྱབ་པར་བསྒྲགས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ། །ཉམས་སུ་བླངས་པའི་ཡི་གེ་ལྔ་བཅུའི་རིམ་པ་གསུངས། །རོ་ཧུ་བྷ་ཏེ་ཊི་ཀ་བྷེ་ར་ན། །དོ་དྷ་ནི་པུར་པ་ཏ་ནོ་ར་པཱི་ནོཾ་དྷ། །ཧ་རོ་གུར་བྷོ་ཏ་ལོ་ཧི་ཤྭ་རི་བྷོས། །ཙ་རོད་བོད་སྭན་དྷི་བྷ་དོ་ར་བེ་བྷེ་ནི། །ཆོས་རྣམས་མ་སྐྱེས་རང་བཞིན་ཡི་གེ་དང་པོའི་འདུག་ཚུལ་ནི་ཡི་གེ་ཨར་གནས་པ་ལས་ཨ། །མ་རྟོགས་འདུག་ཚུལ་འཁྲུལ་པས་མ་རིག་པས་ཨ་ལས་རིགས་སུ་ཆད་སྐྱེ་བ་མེད་པ་ལས་ཨཿཞེས་འཁྲུལ་ཞེས་བྱ་ཤར། །དེ་ལས་འབྱུང་བཞི་རླུང་གི་ཡི་གེ་རླུང་དུ་ཤར་ཡི་གེ་དེའི་ཡི་གེ་ལྔ་ནི། །ཨི་རླུང་ཨུ་ཆུ་ཨེ་མེ་ཨོ་ས་ཨཾ་ནམ་མཁའ་ཞེས་རབ་ཏུ་གྲགས། །འབྱུང་ལྔའི་རླུང་ལས་རང་སྣང་འཁྲུལ་པའི་དངོས་པོར་ཤར་བས་ཡུལ་ལ་རླུང་ལྔ་ཞུགས། །དུག་ལྔར་ཡུལ་ལ་ཤེས་པ་ཤར་བ་གསལ་བྱེད་སུམ་ཅུ་བྱུང་སྟེ་འཁྲུལ་ལོ་བཞི། །མ་གསལ་བྱེད་ལ་བུ་དབྱངས་ཡིག་བཏགས་མིང་དང་འབྱུང་སྟེ་དེ་ལས་ཚིག་ཏུ་སྨྲས། །ཨུ་དང་པའི་ཨུ་པ་ཕ་བ་བྷ་མ་སྡེ་ཧ་ཝའི་ཡི་གེ་དགུ། །ཆུ་ཡི་འབྱུང་བ་ཡི་གེ་འདོད་ཆགས་ཉོན་མོངས་པ་ཡི་དྭགས་དུ་ཤར་བ་དེས་འགྲོ་བ་གནས་སུ་འཁོར་དེས་འདྲེན་གནས། །ཨོ་ཏ་ཐ་ད་དྷ་ན་དང་ཏའི་སྡེ་ཡ་ས་ཡི་གེ་དགུ། །ས་ཡི་འབྱུང་བ་ཡི་གེ་གཏི་མུག་ཉོན་མོངས་པ་བྱོལ་འགྲོ་བ་སོང་གནས་སུ་འཁོར། །ཨི་དང་ཙ་ཨི་ཙ་ཚ་ཛ་ཛྷ་ཉ་ལ་ཤའི་ཡི་གེ་དགུ། །རླུང་གི་འབྱུང་བ་ཡི་གེ་ཉོན་མོངས་པ་ཕྲག་དོག་ལྷ་མིན་འགྲོ་བ་འཇོམས་འཁོར་བའོ། །ཨཻ་དང་ཊ་སྡེར་ཨཻ་ཊ་ཋ་ཌ་དྷ་ཎ་ར་ཥ་ཡི་གེ་དགུ། །འབྱུང་བ་མེའི་ཡི་གེ་ཉོན་མོངས་པ་ཞེ་སྡང་འགྲོ་བ་དམྱལ་བའི་གནས་སུ་འཁོར། །ཨཾ་ཨཿཀའི་སྡེ་ཀ་ཁ་ག་གྷ་ང་ཀྵར་བཅས་ཡི་གེ་བརྒྱད། །ནམ་མཁའི་འབྱུང་བ་ཡི་གེ་ཉོན་མོངས་པ་ང་རྒྱལ་ལྷའི་འགྲོ་བ་གནས་སུ་འཁོར། །དེ་ལས་དེ་བཞིན་འཁོར་བའི་དེ་ལྟར་སྐྱེ་མེད་ཀྱི་ངང་ལས་ཁུར་བོར་ཡིན། །རྟོགས་པར་འཁྲུལ་པ་རྟོགས་པའི་ཐབས་བྱེད་པ་གནད་ཀྱི་ཡི་གེ་སྐྱེ་མེད་གསུམ་གསུམ། །ཨ་ཨཱཿམ་སྐྱེས་སྐྱེ་བ་མེད་པ་ཨ་ཞེས་མཚོན་ཕྱིར་སྒྲ་བསྒྲགས་པས། །ཆོས་རྣམས་འཁོར་འདས་ཀྱི་སྔར་མ་སྐྱེས་ཕྱིས་མི་སྐྱེ་ད་ལྟ་སྐྱེ་བ་མེད། །དབྱེར་མེད་འཁོར་འདས་རྒྱ་མི་ཆད་པའི་སྒྲ་རྀ་རཱྀ་ལྀ་ལཱྀ་འབྲེལ་བའི་སྒྲ། །གཤིས་ཤེས་བྱའི་ལ་འཁོར་འདས་དབྱེར་མེད་ཟུང་དུ་དེས་ན་འཁོར་བར་འཁྱམས་ཀྱང་རྟོན་དུ་བཏུབ་བོ་འཇུག །དེ་ནི་མ་རྟོགས་སྐྱེ་མེད་གསུམ་གྱི་སྒྲ་རྟོགས་པར་བྱེད་པའི་སྒྲ། །དེས་ནི་མ་འབྱུང་བ་ལྔ་ཡི་ཡི་གེ་གསལ་བྱེད་རྣམས་ལྔ་བུ་ཡིས་དབྱངས་ཡིག་ལ་ཐིམ་པས་ཟ་བར་བྱེད། །ཡན་ལག་སྨྲར་བུ་དབྱངས་ཡིག་མེད་པས་མ་གསལ་བྱེད་ཀྱིས་སྒྲ་མ་ཤེས་པ་ནི་མེད་ལག་ཆད་བཟོ་བོ་བཞིན། །འཁོར་ལོའི་བསྲུབས་ཤིང་དེ་གཉིས་ཀྱིས་འཁོར་བའི་འཁྲུལ་འཁོར་གྱི་བྲེགས་པས་བྱ་བྱེད་སྟོར། །འདིས་ནི་འཁོར་བ་མ་ལུས་འཁོར་བ་གཞི་མེད་དུ་སྒྲོལ་ཡུལ་ཕྱུང་ངོ་། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཡི་གེའི་དེ་ཁོ་ན་ཉིད་ལ་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ། །
ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཁྱོད་ཉོན་ཅིག །ཡི་གེ་ཉམས་སུ་བླང་བ་སྔར་ཞུས་པའི་དོན་འདི་ལྟ་སྟེ། །སྤྱི་དང་ཡི་གེ་ལམ་འཁྱེར་བྱེ་བྲག་ཡི་གེ་ལམ་འཁྱེར་གཉིས་སུ་ཤེས་པར་གྱིས། །རྣལ་འབྱོར་ལམ་ཉམས་ལེན་མི་འདྲ་བ་ལྔར་ལྔ་དུས་ཀྱི་བགྲོད་པ་ལ། །རྫོགས་པའི་བླ་མའི་གྲུབ་ཚུལ་ནི་སངས་རྒྱས་བླ་མ་ཆེན་པོ་གང་། །སྤྲུལ་པ་བློ་སྦྱོང་གི་དུས་སུ་རྫོགས་དཀའ་ཐུབ་ཀྱི་དུས་སུ་ལོངས་སྤྱོད་དང་ཆོས་རྗེས་ཀྱི་སྐུ། །གསང་དང་རོ་སྙོམས་ངོ་བོ་བྱ་བྲལ་ཉིད་ཅེས་རབ་གྲགས་པ། །བརྗོད་པ་ཡི་གེ་ལན་གསུམ་གཟུགས་སུ་སྣང་བ་བླ་མའི་སྐུ་གསུམ་གྱི་སྐུ་གསུང་ཐུགས་དེས་འགྲེ་གཉིས་པས་སྒྲར་གྲགས་པ་བླ་མའི་གསུང་། གསུམ་པས་དྲན་རྟོག་ཐམས་ཅད་བླ་མའི་ཐུགས་རྡོ་རྗེ། །ཡི་གེ་དང་པོས་སྐུ་དང་གཉིས་པས་སྐྱེ་འགག་ལྷའི་གནས་གསུམ་པ་དངོས་མེད། །རིམ་པ་སྣང་བ་བྲལ་གྱི་གཤེགས་དང་གནས་སུ་ལྔ་པའི་དུས་སུ་ཡབ་ཡུམ་ལ་བསྟིམ་ལ་བསྟིམས་པ་ཡི། །བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་དུ་བསྒྲུབས་པས། །དེ་དང་འབྲས་བུ་ཡང་དེའི་ངོ་བོར་བདག་འགྱུར་རོ། །འདི་བླ་མའི་ནི་དུས་གསུམ་བདག་ཉིད་སྐུ་ལྟར་གྲུབ་བོ་སངས་རྒྱས་ཐམས་ཅད་ཀྱི། །བྱེད་པོ་སངས་རྒྱས་ཐམས་ཅད་བླ་མ་ལས་འབྱུང་པས་ཡིན་ཕྱིར་གཙུག་ཏུ་དུས་རྟག་ཏུ་བཀུར་བར་བྱ། །ཐབས་ཉི་མ་དང་ཤེས་རབ་ཟླ་བ་མ་ཆགས་པདྨའི་གདན་སྟེང་དུ། །རྩ་བ་བརྒྱུད་པ་བྱིན་གྱིས་རློབས་ལུང་ལེན་པ་མཁའ་སྤྱོད་མཁའ་འགྲོ་མགོན་གྱུར་བླ་མ་གཙུག་ཏུ་རིམ་བཞིན་བླ་མ་ཡི་དམ་སྤྱིའི་བླ་མ་རྣམས་བླང་། །སྒོ་གསུམ་མཎྜལ་རང་ལུས་སྣ་ཚོགས་པ་གསུམ་གྱི་མཆོད་པ་སེམས་བསྐྱེད་བསྔོ་བ་གུས་དང་མཆོད་པ་དུ་མ་བལྟམས། །ལམ་རྟེན་སྐྱབས་འགྲོ་གསོལ་བ་མས་གདབ་དང་ཞུ་བ་བྱིན་རླབས་ཡས་ཞུ་དེ་བཞིན་ནོ། །ཐུགས་དམ་བླ་མ་བརྟེན་པ་བསྐུལ་བསྙེན་པ་དང་ཤིན་ཏུ་ཉེ་བསྙེན་པ་བསྐུལ་བ་དང་། །གནད་ནས་བསྐུལ་བསྙེན་བཀུར་བསྒྲུབ་པ་བས་བདག་ཉིད་བླ་མའི་ལུས། །དེ་ཡི་འདོད་པ་རང་དོན་དང་གཞན་དོན་ཐམས་ཅད་དུ་འགྲུབ་བོ་ཀུན་འབྱུང་ནོར་བུ་བཞིན། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་ཡི་གེའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་དགུ་པའོ། །
ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཁྱོད་ཉོན་ཅིག །སྒྲུབ་མཆོག་ཡི་གེའི་དོན་ཝརྞའི་དེ་ཉིད་རྟོགས་འདོད་ན། །བྱེ་བྲག་གསུམ་གྱི་ལམ་དུ་འཁྱེར་ལུགས་ནི་སྟེ་རྒྱས་པ་ལ་བཅུ་གཉིས་འབྲིང་ལ་བརྒྱད་དང་བསྡུས་པ་ལ་བཞི། །དང་པོ་རྒྱས་པ་ལ་ནི་ཡི་གེ་བརྒྱ་ཕྲག་ཕྱེད་ལ་གནས་མཆོག་བཅུ་གཉིས་ཏེ། །ཡི་གེ་གཉིས་ཀྱིས་དོན་གཉིས་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་མཐར་ཕྱིན་བྱེད། །རིམ་པ་ཅན་ནོ་དྲུག་དྲུག་དུས་དང་དུས་ནི་ལྟ་སྒོམ་པ་ལ་བཞི་མིན་རིམ་པ་སྒྲུབ་པ་དང་དྲུག་ནི་རིམ་པ་ངེས་པ་མེད་དེ་གར་དགོས་ཡིན་ནོ་ཡིན། །སྒྲུབ་བྱེད་ངེས་པ་ཅན་དྲུག་བསྒྲུབ་བྱ་རང་ས་གཅིག་ལྔ་དྲུག་ཏུ་ལྔ་འམ་དྲུག་པ་རེ་རེ་བཞིན་གཉེན་པོ་བརྗོད་པ་དགྲམ་པ་གནས། །འདི་དག་བཞི་ལ་དྲི་མ་བཞི་སྟེ་བཞི་དམིགས་པ་རྟེན་འབྲེལ་ལྡན་དང་། །འབྲིང་ལ་དམིགས་བརྗོད་གཉིས་དང་ཆུང་བ་ལ་དམིགས་པ་གཅིག་པུས་ཆོག་གཅིག་གིས་དྲི་མ་སེལ་བར་ངེས། །ཤིན་ཏུ་གསང་བའི་གནད་མཁའ་འགྲོའི་རང་གསང་ཐུགས་ཀྱི་གནག་པ་ནི། །མཁའ་འགྲོས་ཆད་པ་གཅོད་ཀུན་ལ་བསྟན་པའི་གནས་མིན་རང་སྲོག་ཆད། །ལྷ་རྫས་སྐལ་ལྡན་ལ་དབང་མེད་དུ་གནས་པའི་དཔེ་ནི་ཆུ་ཤེལ་དང་ཟླ་བ་འཕྲད་པས་ཆུ་འབྱུང་པ་བཞིན་དུ་ཤེལ་ལ་ཉ་རྒྱས་ཟླ་བ་བཞིན། །སྣོད་ལྡན་ཡུལ་ལ་མཁའ་འགྲོའི་སྣོད་ལྡན་མི་སྤོང་པ་གསང་ཚིག་འཐོལ། །ཀུན་གྱི་གཞིར་གྱུར་རྩ་བའི་རྣལ་འབྱོར་གྱི་རང་ས་ལ་རྣལ་འབྱོར་ལ། །མི་གསལ་མཁའ་ལ་སྤྲིན་ཞག་ཆགས་ན་ཆོས་བརྒྱད་ཀྱི་ངད་ཆགས་ནའོ་དྭངས་པའི་དགྲ། །རྒྱལ་པོ་སྤྱོད་ལམ་འཇིག་རྟེན་པ་དང་བསྟུན་ན་ཟབ་དམངས་སྤྱོད་བྱེད་པ་ཁྲེལ་བའི་ཚེ་འདི་ལ་ཞེན་པའོ་གནས། །འཇིགས་པའི་དགྲ་ལ་མི་འབྱོལ་འཁོར་བ་ལས་བློ་མ་ལོག་ན་འདྲེམས་༼ལྟེམ་༽སྐྱེས་བུ་བླུན། །ཚེ་འདི་ལ་ཡིད་མ་ཕྱུང་ན་ལྡོག་གོ་ཛྭ་ལའི་ནད་ལ་ཚེ་འདིའི་ཆེ་ཐབས་བྲལ་མཛེ་བྱུང་ན་ཡུལ་ནས་དོན་པའོ། །ཨ་ཀན་དྷི་དྲི་མ་དང་པོ་སེལ་བའི་བརྗོད་པ་མ་ཧཱ་ཀན་དྷི་སྭཱ་ཧཱ། །ཨཱ་ཀ་ཏ་གཉིས་པ་སེལ་བ་པ་ར་ནི་རི་བྷི་སྭཱ་ཧཱ། །ཨི་སུ་མ་གསུམ་པ་སེལ་བ་པ་ར་ཏི་ན་ལ་སྭཱ་ཧཱ། །ཨཱི་ན་བཞི་པ་སེལ་བ་ར་སི་པ་ཏ་ཏ་ལ་སྭཱ་ཧཱ། །དང་པོའི་རྫས་ཕྱི་བ་གཉིས་པའི་གྲུམ་པའི་སྡེར་མོ་ཁྱི་གསུམ་པའི་གུའི་མིག །བཞི་པའི་ཁྱིའུ་ཡི་མཁྲིག་མ་ལུས་ལ་བཅང་བཞི་ནི་བརྟེན་པའི་འོག་མ་རྣམས་དེས་འགྲེ་རྫས། །བདུད་རྩི་ལས་བྱུང་དབང་གི་དུས་སུ་བནྡྷ་ནས་བླངས་པའི་ལན་གསུམ་བྱུང་བ་ཡི་གེ་རྣམ་པ་གསུམ། །དང་པོ་མཛོད་དུ་ཨོལ་བར་པ་མདུད་ལྷེངས་ཐ་མ་སྣ་དམིགས་པའི་གནད། །སྣོད་མཁན་རྫ་མཁན་ཐལ་བཅར་དང་ལག་དང་གླང་བུ་བྱོགས་པ་དང་། ལག་པ་བྱོགས་པའི་ལག་ཆ་ལས་གླང་བུ་བྱོགས་བྱུང་བའི། །ཕྲིན་ལས་བཞི་དབྱིབས་ཟླུམ་པོ། གྲུ་བཞི་ཟླ་གམ། གྲུ་གསུམ་རྟེན་འབྲེལ་ཡི་གེས་བྲིས་པ་བརྒྱན་བརྒྱན། །ཁྲི་ཕྲག་རེ་རེ་སྔགས་ཀྱིས་ཕྱོགས་བཞིར་དགྲམ་མོ་གནོད་པ་སྐྱོབས། །གཉིས་གཉིས་སྤྱི་ཡིན་དམིགས་པ་དགྲམ་པ་གཉིས་ནི་བྱེ་བྲག་བརྗོད་པ་དང་རྟེན་འབྲེལ་ཐད་ཀར་རྟོན་ལྡན། །དེ་ནས་བློ་སྦྱོང་པས་དང་པོ་ལམ་གྱི་རྣལ་འབྱོར་པས། །གཙུག་གི་ནོར་བུ་དང་འདྲ་བའི་སྟོར་ན་བླ་མ་ལ་གུས་པའི་བློ་སྟོར་ནའོ་དོན་མི་འགྲུབ། །སེམས་ཅན་ལ་བྱམས་པའི་སེམས་སྤངས་ན་ལགས་མཆན་གྱི་བུ་ལ་བརྩེ་བའི་སེམས་མི་བཏང་། །དོན་མེད་པའི་སྤྱོད་པ་ལ་ཞུགས་ནས་འགྲེམས་འདིའི་བྱ་བ་ལ་ཞུགས་པའོ་གསེར་དོན་མི་གྲུབ་ས་རྐོ་དོན་མེད་ལས། །སྨན་དང་འདྲ་བར་ལ་ནུས་པ་མེད་ན་ནད་རོ་མ་མྱོང་བར་བསྟན་ལས་འཕགས་ན་ལྡོག་གོ་མི་སོལ། །ཨུ་ཧུ་ཏ་མ་ཀུན་ལུ་ཛི་པ་སྭཱ་ཧཱ། །ཨཱུ་མེ་པུ་ར་ཏྲི་པ་ཏི་ལེ་སྭཱ་ཧཱ། །རི་པྲ་ཙ་རི་ཧ་རི་ལི་ཏ་སྭཱ་ཧཱ། །རཱི་དོ་ཧ་བྷ་ཏོ་ལི་ཧྲཿཧྲི་སྭཱ་ཧཱ། །མུ་ཏིག་གསེར་དང་གདུགས་མཆོག་ཤ་རི་རཾ། །གསེར་གྱིས་བྲིས་པ་བླ་མའི་ཐུགས་དམ་སྙིང་པོ་བརྟེན་པའི་རྫས། །རྣལ་འབྱོར་དཀའ་ཐུབ་ལ་གཉིས་ལ་གནས་པའི་དྲི་མ་ནི། །ཚང་སྤོས་གནས་མལ་སྤོས་ནའོ་རྨ་བྱའི་ཕྲུ་གུ་སྨིན་མི་བྱེད། །ཆོས་བཤད་ན་ལགས་རྐུན་མོའི་སྙིང་གཏམ་དང་འདྲ་བར་ཁྲོམ་དུ་སྒྲོག་མི་འགྱུར། །གཅིག་ལ་ཡིད་མ་ཆེས་པར་ཉམས་ལེན་གྱི་སྣ་ཁ་སྤོས་ན་འདྲེམས་༼ལྟེམ་༽སྨན་དུག་བསྲེས་ཚེ་དེ་དུས་ནུས་པ་སྟོར། །མཁའ་བྱ་ཁྱུང་དེ་ལྡིང་རྩལ་རྫོགས་མཐོ་ལ་སྙེགས་ན་ལོག་གོ་བྱ་བྲན་ཟླ་ཆོས་བརྒྱད་ཆེ་བ་མི་སྙེག །ལི་ཤོ་པ་ར་གྷུ་དེ་ཧྲི་ཏ་སྭཱ་ཧཱ། །ལཱི་བྷ་ལ་བྷི་སུཾ་ཧྲི་དྷ་བར་སྭཱ་ཧཱ། །ཨེ་ཀུན་དྷ་དྷ་ལི་ཏ་ན་པ་རི་སྭཱ་ཧཱ། །ཨེ་བྷ་ར་བྷ་ཧྲི་ཧཱུཾ་ཛྭ་ལ་སྭཱ་ཧཱ། །སྤྲེའུ་ཡི་སྲིན་ལག་དབྱིའི་སེན་མོ་དང་། །བ་ཡི་ནུ་མ་བུད་མེད་རྐང་པའི་སེན། །རྟེན་འབྲེལ་རྫས་བཞིས་སྒྲུབ་པའི་དྲི་མ་སེལ། །གསུམ་པའི་རྗེས་ལ་གནས་པའི་ལམ་ལ་གནས་པའི་མཉམ་བཞག་གོ་རྣལ་འབྱོར་པ། །དོམ་གྱིས་རྩ་གསུམ་སྙིང་མ་འདོད་པས་སྦྲང་རྩི་གཉེན་པོ་ལ་ཆགས་མྱོང་བས་གཉེན་པོའི་བྱ་ར་མ་འཁྱོལ་ནའོ་སྡུག་བསྔལ་བླངས། །དེ་དང་འདྲ་བར་ཆོས་རྟོག་པའི་སྣོན་མར་སོང་བ་སྐྱེལ་མ་དགྲར་རང་ལྟ་ལ་མཆོག་ཏུ་བཟུང་ན་ཟགས་ལངས་རེ་ལྟོས་སུ་ལ་བྱེད། །བྱང་གཡག་ཁྱུ་མཆོག་ང་རྒྱལ་ཅན་རྭ་རྩེ་མ་གྲུབ་མཐའི་འདོད་པ་མ་ཞིག་ན་ལྟེབས་བཅད་པ་དང་འདྲ་བར་ཐར་པའི་དགྲ། །ནམ་མཁའི་སྤྱོད་ལམ་མཐའ་མལ་དུ་སོང་ན་ལོག་གོ་མཐའ་འཚོལ་སྐྱེས་བུ་ལུས་སེམས་སྤྱོད་ལམ་ཐ་མལ་པས་ས་ལམ་མི་ཆོད་ངལ། །ཨོཾ་ཧ་ཀུ་ཧ་ན་པ་ཏ་ས་སྭཱ་ཧཱ། །ཨོཾ་མ་ཧཱ་ཀུན་དྷི་ཧ་ཧེ་ལ་སྭཱ་ཧཱ། །ཨཾ་ཨ་གུ་དྷེ་བི་ཤི་ལེ་རེ་སྭཱ་ཧཱ། །ཨཱཿདེ་ལ་ར་མེ་ན་ཧ་ད་སྭཱ་ཧཱ། །ཕག་པ་ར་ཡི་རྣ་བ་ཤྭ་བ་དང་། །གཡག་རྒོད་རྭ་རྩེ་རྟེན་འབྲེལ་རྫས་སུ་བརྟེན། །གང་ཚེ་རོ་སྙོམས་ཀྱི་ལམ་པ་ལ་བཞི་པའི་རྣལ་འབྱོར་དོན་ལྡན་ཀྱང་། །ཁྱིམ་དང་བདག་པོ་ལ་ཞེན་པ་ཁྱིའི་སྤྱོད་འགྲོས་བརྟེན་ན་བྲལ་བར་བདག་འཛིན་མ་ཐེངས་ནའོ་འགྱུར། །སྙིང་ལ་གནས་པའི་ནད་ཡིན་པས་ཆུ་སེར་སྐྱིལ་མཁོན་འཛིན་བརྟེན་ན་ལགས་མི་བྱ། །ཕག་བྲ་ལ་སོགས་པའི་དུག་གི་ནད་འདི་མི་མཐུན་ཟས་ཀྱིས་ཟག་པའི་ཕན་ལངས་ན་འགྲེམས་སློང་། །བཞིན་དང་རྐྱེན་མ་ཐུབ་པ་མེ་ལོང་གཉིས་སྣང་ནི་ཤེས་པ་མ་ཁྲོལ་ན་ལོག་གོ །བདག་གཞན་འཁོར་འདས་ལ་སོགས་གཉིས་སུ་མཐོང་བ་བླུན། །ཀ་ཨ་ན་ཙ་མ་དྷ་ལ་ན་སྭཱ་ཧཱ། །ཁ་ཧི་སཾ་བུདྡྷེ་པི་ཤ་ན་སྭཱ་ཧཱ། །ག་དྷརྨ་ལཱུ་ཧཱུཾ་ཧྲི་པ་ར་སྭཱ་ཧཱ། །གྷ་མ་ཧ་ཧེ་སེ་རི་ས་རི་སྭཱ་ཧཱ། །ཕག་སྣ་གླ་བའི་མཆེ་བ་རྨ་བྱའི་མདོངས། །ཀརྴ་པ་ནི་འདི་བཞི་བརྟེན་པའི་རྫས། །གང་ཚེ་བྱ་བྲལ་རྣལ་འབྱོར་དབང་ཕྱུག་ཉིད་ལ་ཡང་། །བྱིས་པ་འདྲིད་པ་ཨ་ལུ་དངོས་པོར་མཐོང་བས་འབྲས་བུ་སྒྲུབ་བློ་མ་དག་ནའོ་བྱིས་པ་བསླུས། །ཨ་ཙི་པ་ལ་གཟུགས་མེད་ཀྱང་མིང་ལ་བྲེད་ནས་གིས་འཁོར་བ་ལ་སྤང་བྱར་མཐོང་ན་ལགས་འཇིགས་པ་བློན་པོའི་བློ། །ལོ་ཙཱ་སྨན་གྱི་གཉིས་ཀྱི་ནུས་པ་གཅིག་ཏུ་གཉིས་སྣང་གི་ཤེས་པ་མ་ཁྲོལ་ན་འདྲེམས་༼ལྟེམ་༽གནས། །མཁའ་ལྡིང་སྤྱོད་ལམ་ཐ་མལ་དང་བསྟུན་ན་ལོག་ཁྱུང་ཆེན་རྒོད་ཀྱི་བཟན་ལ་མིན། །ང་བི་མ་ཏི་པྲ་ཧ་རི་ཏི་སྭཱ་ཧཱ། །ཙ་ཏོ་མ་ཏི་ཀུ་ཏུ་དྷ་ནི་སྭཱ་ཧཱ། །ཙ་ཏི་ལ་མ་ཏི་གྷཱ་ཤ་མ་སྭཱ་ཧཱ། །ཛ་ཧ་ར་ཧ་ར་པྲ་ག་ཤི་སྭཱ་ཧཱ། །སྤྲེའུ་ཁྱིའུ་དེ་བཞིན་མགར་བ་དང་། །རྐུན་མོའི་སྲིན་ལག་འདི་བཞི་བརྟེན་པའི་རྫས། །འདི་དག་རིམ་བཞིན་དུས་སུ་འདི་རྣམས་རིམ་པ་ཅན་ཡིན་ནོ་བརྟེན་པ་གཅེས། །བྱེ་བྲག་གནས་གཅིག་ལྟ་སྒོམ་གནས་བཞི་སྒྲུབ་པས་གནས་གཅིག་ཐར་ལམ་དབྱུང་། །དང་པོ་དོན་རྟོགས་པར་བྱེད་པ་ནི་ལྟ་བ་མིག་ཡིན་འདི་དག་དྲི་མ་བཞི། །ཚིག་ཏུ་མིང་ཙམ་ཡིན་པས་ཐོས་པའི་ལྟ་བ་གོ་ཡུལ་དུ་ཤོར་བ་ནོར་བུ་དོན་རྟོགས་པ་ཁ་འབྱམས་སུ་སོང་པས་མི་གྲུབ། །འདམ་དུ་བྱིང་བའི་ལྟ་བ་དབྱིངས་ལས་བརྒལ་བ་ནོར་བུ་དེ་བཞིན་ནོ། །མཐའ་མེད་པར་ནམ་མཁའི་མཐའ་ལྟ་བ་བློ་མཐར་ཤོར་བ་འཚོལ་སྐྱེས་བུ་བླུན་པོའི་བློ། །ཡོད་མེད་རྟག་ཆད་བཞིའི་ལྟ་བ་མཐའ་བཞི་ལས་གྲོལ་བ་ཤིང་རྟ་བྲེལ་བ་འཁོར་ལོ་བཞི་ཡིས་ཉེས་པ་དང་འདྲ་བར། །ཛྷཱ་སརྦ་དྷ་ན་བི་ག་ཏི་སྭཱ་ཧཱ། །ཉ་ས་བྷརྦ་པྲ་བི་རི་ནི་སྭཱ་ཧཱ། །ཊ་གྷ་ཧ་པ་ཙནྟྲ་བི་རི་སྭཱ་ཧཱ། །ཐ་ན་ར་བི་ཀ་ལི་ནི་སྭཱ་ཧཱ། །དཔེ་གཞན་དུ། གནའ་བ་རྒོ་བ་གཙོད་དང་རྭ་ཡི་རུ། །རྭ་རྩེ་བཞི་པོ་བཅངས་པས་དོན་རྣམས་འགྲུབ། །མེ་ལོང་ཤེལ་ཁབ་དུང་བཞི་བརྟེན་པའི་རྫས། །ལམ་སྒོམ་པའི་དྲི་མ་མཐོང་པའི་དོན་ལ་གོམས་པས་གནས་སུ་བགྲོད་པ་དང་འདྲ་བར། །བདེ་གསལ་སྒོམ་ཉམས་མི་རྟོག་རྣལ་འབྱོར་སེམས་ཀྱི་ཉམས། །རྟོགས་པ་དོན་གྱི་འབྲས་བུ་ཉམས་ལ་རྟོག་པ་འཆར་བ་བསྐྱེད་པའི་མེ་ཏོག་ཡིན། །བདེ་བའི་དྲི་མ་བཞི་ཆུ་ལུད་མེད་པའི་བདེ་བ་ལ་བསྐྱེད་མེད་ན་ཞེན་པ་འབྲས་བུ་བསྐྱེད་མི་འབྱིན། །སྒོམ་འདོད་པས་ལན་སྤྲེའུ་སྙིང་ལ་བདེ་བའི་རོ་ལ་ཆགས་ན་ཞེན་པ་བརྩེ་བ་རང་འཕུང་སྒྲུབ། །བུང་པ་བསྐྲོད་པས་སྦྲང་ཚང་འབེབས་པའི་བདེ་བའི་ལུས་སེམས་རྣལ་དུ་མ་ཕེབས་ན་རྒོད་དང་སྐྱེས་བུ་ཡན་ལག་བྲེལ། །ངན་རྟོག་བདེ་བར་ལ་འབར་ན་འཁྱམས་པའོ་རློན་པའི་ཤིང་ལ་མེ་འབར་མེ་བྲན་ཡིན། །ཌ་ཎ་ཙན་ཏྲ་བི་བི་མ་བྷི་རི་སྭཱ་ཧཱ། །དྷྷ་ཨ་ལོ་ཀ་བི་ར་བི་ར་སྭཱ་ཧཱ། །ཎ་བི་ར་སི་ཏ་རི་རི་སྭཱ་ཧཱ། །ཏ་ག་རི་ཧྲི་གྷ་ཏོ་ན་སྭཱ་ཧཱ། །ཤྭ་བ་ཕག་རྒོད་རྒོ་བ་གཙོད་དང་བཞི། །རྭ་རྩེ་ལུས་ལ་བསྲེལ་བ་རྟེན་འབྲེལ་རྫས། །གཡའ་གསལ་བའི་དྲི་མ་ལ་བཞི་དང་མ་བྲལ་མེ་ལོང་གཟུགས་མི་གསལ་བ་སིང་ཤ་མ་ཐོན་པ་སྟོན། །མ་དྭངས་ནམ་མཁའི་གསལ་བ་ལ་གཡེར་མ་ཐོན་པ་གཟའ་སྐར་ངོས་མི་ཟིན། །སྐྱེ་མེད་མ་གསལ་བ་ལ་ཧྲིག་མ་ཆགས་པ་དྭངས་གཟུགས་བརྙན་ཡིད་མི་འཕྲོག །གློག་གསལ་བ་ལ་ཡུན་དུ་མ་དངས་པ་འདི་གསལ་ཡང་རྒྱུན་མཐུན་དོན་མི་འགྲུབ། །ཐ་སི་ར་ཧྲིཿཏ་ཡ་ནི་སུ་སྭཱ་ཧཱ། །ད་མ་གྷ་བྷི་ཏ་བྷ་ཏེ་ཧྲིཿསྭཱ་ཧཱ། །དྷ་བྷི་ཏ་ན་ཧྲི་ཧ་ཧ་རི་སྭཱ་ཧཱ། །ན་ཙན་དྷ་ལི་ག་པ་ར་སྭཱ་ཧཱ། །དེ་ཕོའི་ཕྱི་སྡེར་དེ་བཞིན་བྱ་རོག་མིག །སྤྲེའུ་ཡི་སོ་དང་ཁྲ་ཡི་སྡེར་མོ་བཞི། །ལུས་ལ་བཅངས་པས་མཆོག་གི་དོན་སྒྲུབ་བྱེད། །རྐོ་མོའི་ཆུ་མི་རྟོག་པའི་དྲི་མ་བཞི་འདིས་ཞིང་པའི་མི་རྟོག་པ་སྟེངས་ན་འཐེམས་དོན་མི་འགྲུབ། །མི་རྟོག་པ་ལ་བློའི་སྤུ་རིས་ཆགས་པ་ཆུ་ཡི་གཉེར་ལས་ཟླ་བའི་གཟུགས་བརྙན་བཤིག །མི་རྟོག་པ་བློ་དང་མ་བྲལ་བ་ན་བུན་མ་ཡལ་ནམ་མཁའ་དྭངས་མི་འགྱུར། །སྒོ་ལྔ་འགགས་པའི་རྟོག་པ་སྤྲོས་པ་དང་བྲལ་བ་གཟུགས་ལ་ཡུལ་མི་སྣང་། །པ་པུ་ཏ་ན་མི་རི་ཧ་སྭཱ་ཧཱ། །ཕ་ཙ་རི་ན་བར་དོ་ཧོ་ཧི་སྭཱ་ཧཱ། །བ་བྷ་ཤི་ཤ་ཙ་རི་ར་ན་སྭཱ་ཧཱ། །བྷ་ཧ་ར་བྷ་ར་ནི་ཧྲིཿཧྲིཿསྭཱ་ཧཱ། །སྲམ་དང་ཕག་རྒོད་སྤྲེའུ་གླ་བའི་སྣ། །གང་གིས་བརྟེན་པ་དེ་ཡིས་དེ་དོན་འགྲུབ། །སྒྲུབ་པའི་དྲི་མ་བཞི་འབྲས་བུའི་དོན་འདི་སྒྲུབ་ལ་རག་ལས་ཕྱིར། །སྒྲུབ་པ་ལ་འདོད་བློ་ཞུགས་པ། ལྕགས་ཀྱུའི་སེམས་འདི་བདུད་ཀྱི་ཕྱག་བརྙན་ཡིན། །སྒྲུབ་རྟགས་ལ་ངང་ཐུང་པ་གོར་ཏའི་འབྲས་བུ་རིངས་ཕྱིར་ཐེན་མི་བྱ། །འབྲས་བུའི་ལམ་རྟགས་ལ་མཆོག་ཏུ་འཛིན་པ་སྐྱེད་བྱེད་མེ་ཏོག་གཅད་བྱ་མིན། །འཁོར་བ་ལ་སྒྱིད་ལུག་པ་བཀྲེས་པས་ཉེན་ཕྱིར་མྱུ་གུ་བྲག་གམ་ཅི། །མ་ཧཱ་ས་མ་མེ་དྷུ་རི་ནི་སྭཱ་ཧཱ། །ས་བི་སེ་ཏ་གྷ་ན་པ་ར་སྭཱ་ཧཱ། །ར་ཧ་རི་ནི་ཙ་ལ་བྷ་བྷ་སྭཱ་ཧཱ། །ལ་ཙ་ས་རི་ནི་བྷ་བྷ་ཧྲིཿསྭཱ་ཧཱ། །སྟག་དང་ཕག་རྒོད་ཁྱི་སྨྱོན་ལྕེ་སྤྱང་གི །མཆེ་བ་ལུས་ལ་བཅང་བ་རྟེན་འབྲེལ་རྫས། །ཕྲ་བའི་བཞི་ཡང་ཡང་སྒྲོག་ན་འཕྲ་བ་ཉམས་ཐོག་ཏུ་ཆལ་བ་ཀ་ལ་པིངྐ་འཆལ། །རྣོ་མིག་དགྲས་ཟིན་མཁའ་ལ་འཕྲ་བ་གཉིས་སྣང་དུ་ཤོར་བ་སྐྲ་ཤད་འཛག །ཕྲ་བ་བྱིང་འཐིབས་ཀྱིས་ཟིན་པ་ཕྲ་མོའི་སྐར་མ་གྱི་ནའི་སྤྲིན་གྱིས་བསྒྲིབས། །འཕྲ་བ་འཐོར་ཡས་སུ་བྲོར་༼ཤོར་༽བ་གིན་ཛའི་འབྲས་བུ་རླུང་གིས་བསྐྱོད་པར་བླ། །ཝ་བེ་ཏུ་ཏ་རི་ཧྲི་ཧྲི་སྭཱ་ཧཱ། །ཤ་ཏྲ་རི་ཧྲི་ད་ཡ་ནི་པ་སྭཱ་ཧཱ། །ཥ་ས་རི་ཤུདྡྷ་ན་མ་ཐ་སྭཱ་ཧཱ། །ས་ནནྟ་ཧྲི་ད་ཡ་རྡུ་དྷུ་རུ་སྭཱ་ཧཱ། །གསེར་དངུལ་ཟངས་དང་ལྕགས་ཀྱི་སྟུག་པོ་བཞི། །ལུས་ལ་བརྟེན་པ་རྫས་ཀྱི་མཆོག་ཏུ་གསུངས། །བཅུ་གཉིས་འབྲས་བུའི་ཐོབ་ཚུལ་བཞི་གནད་ཀྱི་དོན་གཉིས་སྒྲུབ་པ་ནི། །རང་དོན་ཆོས་སྐུ་ཐོབ་པ་མཁའ་འདྲ་མ་སྐྱེས་ཡུལ་མེད་མངོན་གྱུར་ནས། །གཞན་སྣང་མ་འགགས་ཀུན་འབྱུང་གཟུགས་སྐུར་འཆར་བ་ནོར་བུ་ཡོན་ཏན་མཛོད། །འབྲས་བུ་སྒྲུབ་པའི་སྔགས་ཧ་ཙ་ན་ཀན་དྷི་ན་མ་མ་སྭཱ་ཧཱ། །བླ་མའི་ཐུགས་དམ་བརྟེན་པའི་རྫས་གཡུ་ལ་གསེར་གྱིས་བྲིས། །གཙུག་ཏུ་བཅིངས་པས་ས་ལམ་མ་ལུས་གཅོད། །ཀྵ་ན་ཏ་ས་གཞན་དོན་སྒྲུབ་པའི་སྔགས་མ་ཏི་ལི་ནི་སྭཱ་ཧཱ། །རྫས་གསེར་གྱིས་བྲིས་པའི་རྟེན་འབྲེལ་སྙིང་པོ་ནི། །ལུས་ལ་བཅངས་པས་འགྲོ་དོན་ཕྱོགས་མེད་འགྲུབ། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་ལམ་གྱི་དྲི་མ་སེལ་བ་སྒྱུ་རྩལ་གྱི་གནས་ཆེན་པོ་བསྟན་པའི་ལེའུ་སྟེ་བཅུ་པའོ། །
ཡང་ཅིག་སྤྲུལ་པའི་ལྷ་མོས་སྒྱུ་རྩལ་གྱི་གནས་འབྲིང་པོ་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ། །སྒྱུ་རྩལ་གྱི་གནས་བརྒྱད་ཉམས་ཀྱི་ཏིང་ངེ་འཛིན་རོ་སྙོམས་ཤེས་པར་གྱིས། །འབྱུང་བ་མེ་ཡིས་ཤས་ཆེ་ན་རྒོད་ན་ཆུ་ཡི་རྒོད་ཅིང་ཚིག་ན་ཡི་གེ་ཨོཾ་པ་ཕ་བ་བྷ་མ་སྭཱ་ཧཱ་དེས་འགྲེའོ་སྟེམ། །རླུང་གིས་འཕྲོ་ཏ་ཐ་ད་དྷ་ན་ན་སའི་ཡི་གེས་སྟིམ། །ས་ཡིས་འཐིབས་ན་ཙ་ཚ་ཛ་ཛྷ་ཉ་རླུང་གི་ཡི་གེ་སྤར། །ཆུ་ཡིས་ཊ་ཋ་ཌ་ཌྷ་ཎ་ལྡར་རྒོད་ན་མེ་ཡི་ཡི་གེས་བསྲེག །ནམ་མཁའི་འཕྱོ་ན་ཀ་ཁ་ག་གྷ་ང་དེ་ཉིད་ཡི་གེས་རྫུན། །གསལ་བྱེད་དོན་ལ་འབྱམས་ན་ཐབས་ཀྱི་ཡི་གེས་རྫུན། །ཉམས་ལ་ཆགས་ན་དབྱངས་ཡིག་ཤེས་རབ་ཡི་གེས་སྤར། །གཉིས་སུ་གྱུར་ན་རྀ་རཱྀ་ལྀ་ལཱྀ་ཟུང་འཇུག་ཡི་གེས་སྤེལ། །དེས་ནི་རོ་སྙོམས་ཆེན་པོའི་དགོངས་པར་འགྱུར། །ཡང་ཅིག་རྣལ་འབྱོར་དབང་ཕྱུག་འདི་བཞི་པ་ལྟ་སྟེ། །ཐབས་མཆོག་ཏུ་གྱུར་པ་ཡི་གེའི་སྒྱུ་རྩལ་བསྡུས་པ་བཞི། །འདི་ནི་མཁའ་འགྲོའི་སྙིང་ཚིག་ཀུན་ལ་མ་གྲགས་པ་སྨྲས་པ་ཡིན། །སྲོད་དང་བྱིའུ་ཡི་སྐད་ཆད་པ་ཐོ་རེངས་བྱ་རོག་མི་གྲག་པའི་འཁོར་ལོའི་གྲིབ་མཚམས་སུ། །སྲོད་ལ་ཀ་ལི་ཐབས་དང་ཤེས་རབ་ཐོ་རངས་ཨཱ་ལི་ཡི་གེ་གསུམ་གསུམ་བསྒྲག །འདིས་ནི་ངག་ཏུ་ཉིན་མཚན་དེ་ལ་ཅི་སྨྲས་སྔགས་སུ་འགྱུར། །གསང་སྔགས་ཀྱི་ཐོག་མེད་ནུས་པས་དོན་ཀུན་སྒྲུབ་བྱེད་ཡིན། །རྣམ་ཤེས་ཏི་ལ་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་སྙིང་གི་ཡི་གེ་རི་དུད་ཁ་གནས་པས་སུ་ཞུགས་དང་དོན་པའི་དུས། །ཐབས་དང་ལོག་ཀར་ཀཱ་ལི་ཤེས་རབ་ཡི་གེ་ལན་སད་མ་ཐོག་ཏུ་ཨཱ་ལི་གསུམ་གསུམ། །ཡུལ་ནི་ལོན་ཁར་སྒྱུ་མར་རྒྱས་གདབ་སེམས་ནི་སད་ཁར་སྟོང་པའི་རྩལ་དུ་རྒྱས་གདབ། །དེ་གཉིས་ཀ་མ་སྐྱེས་པ་སྐྱེ་བ་མེད་པར་རྒྱ་ཡིས་གདབ། །དེས་ནི་ཐ་མལ་ལུས་ལུས་ངག་ཡིད་གསུམ་དུ་བསྡད་ཀྱང་ཉིད་རྒྱལ་བའི་སྐུ། །ཚོགས་གཉིས་བསོད་ནམས་དང་ཡེ་ཤེས་ཀྱི་རྩོལ་མེད་ངང་གིས་རྫོགས་པར་བྱེད། །ཡང་ཅིག་སྒོ་ལྔ་དབང་པོ་ཡུལ་ལྔ་ཡུལ་ལ་ཡེངས་པ་ཡི། །ཡིད་ཀྱི་རྣམ་ཤེས་ཡུལ་གྱི་རྐྱེན་གྱི་དུག་ལྔའི་རྩལ་དུ་ཤར་བའི་ཡུལ་ལ་རྟེན་ནས་ཆགས་པ་སྐྱེས་པ་ཚེ། །དུག་ལྔ་དེ་ཉིད་མི་སྤང་ཐབས་གསང་སྔགས་ཀྱིས་ལམ་དུ་བཅད། །ཡུལ་སྡུག་པ་ལ་འདོད་ལ་ཆགས་པ་སྐྱེས་ན་དེ་ཉིད་ནང་དུ་འདོད་ཆགས་བལྟ། །ཨཱ་ལི་བཅུ་གཉིས་དབྱངས་དང་ཆུའི་ཡི་གེ་པའི་སྡེ་སྟིམ། །དེས་འདོད་ཆགས་དེ་ནི་ཀུན་རྟོག་སོ་སོར་རྟོག་པའི་ཡེ་ཤེས་ཉིད་དུ་འགྱུར། །མི་མཐུན་པ་དང་འཕྲད་ནས་ཞེ་སྡང་རབ་ཏུ་སྡང་ན་ཞེ་སྡང་ལ་ནང་དུ་བལྟ་དེ་ཉིད་ཞེ་སྡང་རྩ་བ་བཅད། །ཨཱ་ལི་བཅུ་གཉིས་དབྱངས་དང་རླུང་གི་ཊའི་སྡེ་ཡི་གེ་སྟིམ། །ཞེ་སྡང་དེས་ནི་གསལ་བ་མེ་ལོང་ལྟ་བུར་འགྱུར། །རང་བས་མཐོ་ལ་ཕྲག་དོག་བར་གྱུར་ན་དེ་ཉིད་ཕྲག་དོག་ལ་བལྟ། །བཅུ་གཉིས་ཨཱ་ལི་དབྱངས་དང་རླུང་གི་ཡི་གེ་ཙ་ཡི་སྡེ་སྟིམ། །ཕྲག་དོག་དེ་དེས་ནི་དོན་ཀུན་གྲུབ་པའི་ཡེ་ཤེས་ཡིན། །ཀུན་ཏུ་ཁེངས་ན་རང་ལས་དམའ་བ་མཐོང་པས་ང་རྒྱལ་སྐྱེས་ན་སེམས་དེ་ཉིད་ང་རྒྱལ་རྩ་བ་བཅད། །བཅུ་གཉིས་ཨཱ་ལི་དབྱངས་དང་ནམ་མཁའི་ཀ་ཡི་སྡེ་ཡི་གེ་སྟིམ། །དེས་ནི་ཡེ་ཤེས་ང་རྒྱལ་མཉམ་པ་ཉིད་དུ་འགྱུར། །ཀུན་ཏུ་ལས་རྒྱུ་འབྲས་མ་ཤེས་པའི་གཏི་མུག་གིས་རྨོངས་ན་དེ་ཉིད་ནང་དུ་བལྟ། །ཨཱ་ལི་བཅུ་གཉིས་དབྱངས་དང་ས་ཡི་ཡི་གེ་ར་ཡི་སྡེ་སྟིམ། །དེས་ནི་ཡེ་ཤེས་གཏི་མུག་དེ་ཆོས་ཀྱི་དབྱིངས་སུ་འཆར། །དེ་ལྟར་ཉོན་མོངས་མ་ཡེངས་པར་དེ་ལྔའི་ངོ་བོར་ལྔ་ཉིད་ཡེ་ཤེས་གསལ། །ཏིང་ངེ་འཛིན་རྩལ་རྫོགས་དེས་ཉོན་མོངས་པ་ཅན་གྱི་ཡིད་ལ་རྣལ་འབྱོར་ངོ་མཚར་གནས། །ཡང་ཅིག་རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ། །གསང་སྔགས་ཀྱི་ཐབས་དང་ལྡན་ན་ཉོན་མོངས་པ་ཉིད་བྱང་ཆུབ་ཀྱི་ལམ་ཉིད་ཡིན། །གདམས་པའི་གནད་དང་ལྡན་ན་ཐབས་གྱི་ནས་ཡང་དག་པའི་དོན་སྒྲུབ་བྱེད། །གཏུམ་མོ་སྟེང་དང་འོག་གི་ཆགས་ལམ་པ་འབད་པ་མི་བརྟེན་ཀྱང་། །རླུང་གི་རྩོལ་བ་ལ་ལྟོས་མ་དགོས་པར་མེད་ཐབས་ཀྱིས་རྩ་རླུང་སྨིན་པར་བྱེད། །དགེ་སྦྱོར་ལ་འཇུག་པའི་ཐུན་མགོར་ཐུན་གྱི་དང་པོ་རྣལ་འབྱོར་དབང་ཕྱུག་གིས། །སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་མགྲིན་པ་ལོངས་སྤྱོད་ལ་བཅུ་དྲུག་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་འདབ་མ་བརྒྱད། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་དྲུག་ཅུ་རྩ་བཞིའི་རང་བཞིན་གྱིས་དཔའ་མོའི་ཕོ་བྲང་དུ། །སྤྱི་བོར་སུམ་ཅུ་རྩ་གཉིས་གསལ་བྱེད་དབྱངས་དང་མགྲིན་པར་བཅུ་དྲུག་སྡེ་ཚན་སྙིང་ཁར་བརྒྱད་ཀྱི་ཐོག །ལྟེ་བར་གསལ་བྱེད་གཡས་གཡོན་དཔའ་བོ་ཡི་གེའི་ཚུལ། །རིམ་བཞིན་འཁོར་ལོ་བཞི་ཐུན་ལ་ཞུགས་ཁར་གསལ་གདབ་དེ་ནས་ཐུན་ལ་གང་ཡིན་གྱི་བཞུགས། །ཐོན་པའི་ཐུན་གྱི་རྗེས་ལ་སྤྱི་བོ་ནས་དེ་དག་ཡས་རིམ་བཞིན། །འཁོར་ལོ་རང་རང་གི་ཡི་གེ་རྣམས་ལ་གསུམ་གསུམ་བརྗོད་པས་ཐིག་ལེའི་ཡིག་འབྲུ་འོད་དུ་བཞུ་ནས། །དྷུ་ཏིར་ཞུ་བ་དེ་རྩ་ཨ་ཝ་ཞུགས་པས་སེམས་ཀྱི་དྭངས་མ་སྐྱེ་མེད་ངང་དུ་གསལ་བར་བསྒོམ། །སེམས་ཉིད་མ་བཅོས་རྩོལ་མེད་གཉུག་མའི་རྣལ་འབྱོར་དུ་གནས་པར་བྱ། །དེ་ལྟར་ཀཱ་ལི་ཐབས་དང་ཤེས་རབ་ཨཱ་ལི་གཉིས་མེད་ཀྱི། །ཁམས་ཀྱི་དྷུ་ཏིར་ཚུད་པས་ཉམས་དྭངས་མ་བདེ་ཆེན་ཉམས་སུ་འབར། །དཔའ་བོ་ཐིག་ལེ་བཞུ་དཔའ་མོ་མཉེས་པས་རྩ་མིག་ཏུ་ནང་པས་དོན་ཀུན་གྲུབ། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོའི་བརྡའི་རྒྱུད་ལས་ཉམས་ཀྱིས་རོ་སྙོམས་པ་དང་ཐ་མལ་གྱི་སྤྱོད་ཚོད་གྲོལ་བའི་ལེའུ་སྟེ་བཅུ་གཅིག་པའོ། །
དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །དབང་གི་དོན་ཞུ་བའི་ཕྱིར་སྤྲུལ་པའི་ལྷ་ལ་ཡང་གསོལ་བ། །བྱིན་གྱིས་རླབས་པའི་བདུད་རྩི་གངས་ཀྱི་ཞུན་ཆུ་འཁོལ་མ་ཡིས། །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་ཚུལ་ཁྲུས་ཀྱི་བྱ་ལུགས་ཇི་ལྟར་ལགས། །སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །རོ་ཧུ་བྷཻ་ར་བར་ཏི་ར་གོ་ནཱི། །གར་དྷ་བྷ་ར་སུཾ་པྲུ་དྷ་ནི་ར་ག །པྲ་བུན་ཙ་ནི་ཤོར་དྷ་པར་ཏི་སུམ། །གྷོར་ཏ་རོ་དྷ་བར་དྷ་ཀ་རོ་དྷ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཁྱོད་ཉོན་ཅིག །མདུན་གྱི་ནམ་མཁའ་ལ་དེ་བཞིན་གཤེགས་པ་ཡབ་དྲོད་གཤེར་ཡུམ་འདུས་པའི་སྦྱོར་བ་བྱས་པའི་བྱང་སེམས་ཕབ་པས་ཟིམ་བུ་བ། །རི་རྒྱལ་རྩེ་ལ་ཡུམ་གྱི་མཁར་འཁྱིལ་བ་ལས་ཆགས་པ་ཆུའི་སྲོག །མདུན་གྱི་མཆོག་གི་སྣོད་དུ་ཕབ་པར་བསམ་དེ་དག་འདོད་པའི་གནས་སུ་སྐྱིལ་བ་ཡིས། །ཞིང་ས་དག་གི་སློབ་མའི་ལུས་ངག་ཡིད་གསུམ་གྱི་དྲི་མ་འཁྲུད་པར་བྱེད། །ཀུན་དྷ་ལི་དབང་ནི་སྙིང་པོ་འབྲུ་བཞི་པ་ཞེས་བརྒྱ་དང་རྩ་བརྒྱད་བརྗོད་པ་ཡིས། །དེ་ཉིད་ཡི་གེའི་ཨོཾ་ཨཱཿཧཱུྃ་ཧྲཱི་དབྱིབས་སུ་གང་སྣང་བ། །སློབ་མའི་གནས་བཞིར་བདུད་རྩིའི་ཐིག་ལེ་བཞིས་དབང་བསྐུར་བ་ཞིང་ས་འཁོར་ལོ་བཞི་ལ་ས་བོན་གདབ། །རབ་དེ་ཉིད་ཟླ་བ་གཅིག་འབྲིང་གསུམ་ཐ་མ་ལྔ་ན་སྨིན། །སྤྱི་བོ་སྐུ་དང་མགྲིན་པ་གསུང་ཨ་བྷི་ཥིཉྩ་ཨོཾ་སོགས་སྙིང་ཁ་ཐུགས་ལྟེ་བར་ཡོན་ཏན་ཕྲིན་ལས་ནི། །བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་དུ་སྒྲུབ་པའི་ཐབས། །གསུང་སྐུ་ཐུགས་དང་ཡིག་འབྲུ་བློ་སྦྱོང་གི་དུས་སུ་སྤྲུལ་སྐུ་དེ་རིམ་བཤིག་པ་རྗེས་ཀྱི་དུས་སུ་ཆོས་སྐུ་རོ་སྙོམས་ཀྱི་དུས་སུ་གསང་བའི་སྐུ་དང་། །ཡབ་ཐབས་ཉིད་ཡུམ་ཤེས་རབ་བྱ་བྲལ་གྱི་དུས་སུ་ངོ་བོ་ཉིད་ཀྱི་སྐུ་དབྱིངས་སུ་བསྟིམས་པ་ཡིན། །འདི་ནི་རྣལ་འབྱོར་དབང་ལམ་དུ་འཁྱེར་བ་ཀུན་གྱི་ལམ་ཡིན་ཏེ། །དབང་བཞི་ཡི་རྩ་འཁོར་ལོ་བཞི་ལ་ཐིག་ལེ་བཞི་གནས་དབང་བཞི་ལམ་འཁྱེར། །ལམ་ལྔ་ལ་དབང་བཞི་ཡི་སྐུ་ལྔ་ཡིས་ངོ་བོར་གྱུར། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་དབང་གི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །
དེ་ནས་རྣལ་འབྱོར་སྤྱོད་ལམ་ལ་ཇི་ལྟར་སྦྱར་བསྟན་པ་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །འཕྲུལ་གྱི་མེ་ལོང་ཅི་ལ་བརྡའི་ངོ་སྤྲོད་ནི་བགྱི། །གདན་ལ་འཕྱི་བའི་རིམ་པ་གང་། །ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཙ་ཏྲུ་བོར་ཏ་ཧར་ཏ་རོ་ཧ་ནི། །ཡ་མི་དར་དྷོ་རོ་ཧ་བྷར་ཏ་ར་ནི་ནི། །ན་རོ་ཀར་ཏོ་ཁད་གར་ཏི་ནི་ར། །མནྟ་རོ་ནི་དྷ་ན་རད་ཙོ་རི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །འཕྲུལ་གྱི་མེ་ལོང་ཡེ་ཤེས་གསལ་བའི་ལྟ་སྟངས་ཡིན་སྤྱན། །ཞི་དྲག་ལྔ་དང་སྤྱན་ལྔ་ལ་བསྒྱུར་ལུགས་ལྔ་ཡིས་རྣམ་པར་རྒྱན། །དང་པོ་ཞི་དྲག་ལ་རྩ་བ་ངོས་བཟུང་བ་དང་གཅིག་ཏུ་གཉིས་པ་ཉམས་བསྲེ་བ་ལྟ་སྟངས་ལྔའི་ཉམས་དང་། །སྒྱུར་ལུགས་ལྔས་མི་མཐུན་སྤྱོད་པ་ཐ་མ་ཡུལ་གྱི་རྐྱེན་དུག་ལྔ་དུག་གསུམ་བཅོ་ལྔ་རིམ་པ་ཡིན། །རྣམ་སྣང་ཆོས་ལུས་གནད་བདུན་དང་གསུམ་ལ་ལྟ་སྟངས་ལྔ་ཡི་མཉམ་པར་བཞག །སྤྱོད་ལམ་ནི་ལྔ་འདུག་པ་ལ་ལྔ་འཆག་པ་ལ་བཞི་བཞི་འགྲོ་བ་ལ་བཅྭོ་བརྒྱད་ཐལ་བ་ལ་རྗེས་རྩ་བའི་སྤྱོད་ལམ་ལ་ཐོབ། །འཇམ་རླུང་འཇམ་འཇུན་ལུགས་ནི་རྩུབ་རྩུབ་རླུང་ཀ་ར་ཆེ་ཆུང་སྟོན་ན་ནི་འབྱུང་པ་རྒྱས་པ་ལ་རྩུབ་རླུང། རྒུད་པ་ལ་འཇམ་རླུང་འབྱུང་བའི་སྟོབས། །མཉམ་བཞག་ཟུག་དང་རྗེས་ཐོབ་བླུག་པས་མཉམ་བཞག་རྗེས་ལ་ཐོབ། །མཉམ་རྗེས་གཉེན་པོ་ཅན་ནི་ལམ་གྱི་སྐྱོབ་པས་དུས་ཡིན་ཏེ། །ལམ་གྱི་རྟེན་རྟོག་བྲལ་བ་དེ་ཚེ་འབྲས་བུ་བྱ་བྲལ་དུ་སོང་པའི་ཡིན། །ཡང་ཅིག་རྣལ་འབྱོར་དབང་ཕྱུག་སྙན་གསོན་ཅིག །དང་པོ་ལས་ཀྱི་རྣལ་འབྱོར་འབྱུང་བའི་སྟོབས་ཆུང་བས། །མཉམ་པར་འཇམ་རླུང་ལ་བཞག་པས་གནས་ལུགས་ཀྱི་དེ་ཉིད་དོན་ལ་བལྟ། །རྣམ་སྣང་ཆོས་བདུན་ཚུལ་གྱིས་རླུང་སེམས་དབུ་མའི་ཚད་དུ་བཞུགས། །མཉམ་བཞག་ཏུ་བྲལ་བ་གསུམ་ལ་མཉམ་བཞག་ཏུ་བྲལ་བ་གསུམ་ལ་ཡུལ་རྗེས་མ་འབྲངས་རྟོགས་པ་དང་བྲལ་བ་ཉམས་ལ་མ་ཞེན་འཛིན་པ་དང་བྲལ་བ་བསམ་དུ་མེད་དེ་སྒོམ་པ་དང་བྲལ་བའི་ངང་ལ་མ་བཅོས་མ་བསླད་རང་རིག་སོ་མར་བཞག །ཐུན་དང་བཞི་ལ་སོགས་པ་ཐུན་མེད་དྲན་པས་ཟིན་ཚད་ལ་སོགས་པ་ཅི་རིགས་གོམས་པར་གྱིས། །རྗེས་ལ་རྨི་ལམ་དྲན་རྟོག་ཐམས་ཅད་གཟུགས་སྒྱུ་མ་སྒྲ་བྲག་ཆ་ཡིས། །ཡུལ་གསུམ་རང་སྣང་འཛིན་མེད་དུ་མི་སྤང་ལམ་དུ་འཁྱེར་བར་བྱ། །ཡང་ནི་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་པོས་ལུས་སེམས་སྟོབས་ཆེན་རྩུབ་རླུང་ལ་བསླབ་སྟེ། །རྣམ་གསུམ་ལུས་གནད་ནི་སྐྱིལ་ཀྲུང་མཉམ་བཞག་ཚུལ་གྱིས་མཉམ་སྤྱོད་ལམ་ནི་གནས་བཞི་རྗེས་དོང་རྩེར་རྩེགས་གསུམ་ཐོབ། །ངོས་བཟུང་ངོ་བོ་རང་བཞིན་གྱི་རྩལ་སྦྱོང་མཚན་ཉིད་ཀྱི་བློ་ཞིག་པ་ཤེས་པར་བྱ། །ཁྱོད་ཀྱིས་སྔར་བློ་སྦྱོང་དུ་བསྟན་པ་བཞིན་དུ་དོན་འདི་རིག་པ་ཤིན་ཏུ་གཅེས། །རྡོ་རྗེ་གཙུག་ངོ་བོའི་དུས་སུ་ངོས་ཟིན་པ་ཏོར་ཅན་གྱི་རླུང་སེམས་ཚོགས་པ་གཅིག་ཏུ་བསྡུས་པ་རྟོག་པ་བཅིངས། །དུས་དེར་རླུང་འགགས་པས་རྟོག་པ་ཆད་པ་ཆུ་ཆད་རང་འཐག་དང་འདྲ་བར་རྟོགས་པའི་བྱ་བྱེད་བྲལ། །བདུད་རྩི་འཁྱིལ་བས་གཡས་སུ་བསྒྱུར་ཏེ་ཕྱིའི་སྣང་བ་རང་བཞིན་མེད་པར་རྒྱ་ཡིས་གདབ། །ནང་སེམས་ལ་བལྟས་ཏེ་གཡོན་དུ་བསྒྱུར་ཏེ་མི་གཡོ་མགོན་པོས་རིག་པའི་ནང་དུ་རྩ་བ་དེ་སྟོང་པར་གསལ་གདབ་བོ་གཅད། །གསལ་ལ་དྭངས་པ་དེ་གཉིས་ཀྱི་རིག་པ་ངར་ཐོགས་པས་ཡེ་ཤེས་ཆེན་པོའི་ངང་། །དུས་དེར་གཟུང་འཛིན་སྐྱེ་མེད་དུ་དངོས་པོ་རང་སར་གྲོལ། །བདེ་བར་གཤེགས་པས་གཉེན་པོའི་སྩོལ་བ་བླུག་སྟེ་ལྟ་བ་ཤིགས་ཀྱིས་བཤིག་ནས་རང་ལུགས་སུ་བལྟ་བའོ་བཤིག །རང་བྱུང་ཡེ་ཤེས་རང་མ་བཅོས་པའི་ཉམས་དྭངས་གཉུག་མའི་ངང་། །དུས་དེར་གཤིས་རྗེན་པར་མཐོང་བ་ནི་མུན་པའི་ནང་དུ་མར་མེ་སེམས་སྟོང་པར་གསལ་ཐེབས་པ་ཐེག །སྤྱོད་ལམ་བཞིའི་དུས་སུ་ལམ་དུ་འཁྱེར་བའི་ལྟ་སྟངས་ནི་ཡེངས་མེད་བྱིའུ་སྐྱ་བཀྲས་བསྟན། །རྣལ་འབྱོར་ལམ་ནི་ཡེངས་མེད་དུ་བསྐྱང་དུམ་བུ་རྒྱུན་དུ་སྦྲེལ། །དེས་ནི་དེ་ལྟར་བསླབས་པས་གཉུག་མའི་ཡེ་ཤེས་མཉམ་རྗེས་ལམ་དུ་བྱས་པས་མཐོང་བར་བྱེད། །དེ་ཚེ་ཕྱག་དང་བསྐོར་བ་ལུས་ངག་གསོལ་བ་འདེབས་ཡིད་གསུམ་མོས་པས་གུས་པས་བརྟེན། །རྫས་གསུམ་ནོར་རྫས་གོས་གསུམ་འཛིན་མེད་བླ་མ་བསྙེན་ཅིང་ཅི་མཉེས་སུ་བཀུར། །ལམ་རང་གི་ངོ་བོ་ནི་དེ་ཚེ་རྣལ་འབྱོར་ལམ་དངོས་འདི་ལྟ་སྟེ། །འབྲས་བུ་བརྟེན་པའི་ཞིང་ས་བརྟེན་སློབ་མ་ལས་འཕྲོ་དང་སྐལ་པར་ལྡན་པ་གཤིན་པ་ཞིང་ངན་ན་འབྲས་བུ་མི་སྐྱེ་གཅེས། །གྲོགས་ནི་རྐྱེན་བླ་མ་དྲོད་གཤེར་རྟོགས་པ་དང་ཐུགས་རྗེ་ལྡན་པ་ལྡན་པའི་སོ་ནམ་གལ་ཆེན་ཡིན། །ས་བོན་མ་སྨིན་ན་སྐྱོ་བས་ས་བོན་ཐབས་གདམས་པ་གནད་དང་བྱིན་རླབས་སུ་ལྡན་པ་ནར་སོན་ནུས་དང་ལྡན་པ་གདབ། །ས་བོན་བསྐྱེད་བསྲིངས་གྲོགས་རང་རྒྱུད་དད་པ་དང་བརྩོན་འགྲུས་སུ་ལྡན་པ་འབྱེད་ཚུགས་གྲོང་ཁྱེར་ཆུ་ཡིས་ཆུ་གཏོང་བ་དགང་། །དེ་ཚེ་སྤྱི་བོའི་ནོར་བུ་བསམ་པ་བླ་མ་ལ་སངས་རྒྱས་སུ་ཤེས་པ་དྲན་པ་གཅེས། །དེ་ནས་རང་གི་ངོ་བོ་རང་སེམས་ཆོས་སྐུར་རྟོགས་དེ་ཉིད་མཐོང་བར་བྱ། །བསླབ་བྱ་བླ་མ་ལ་ཚོགས་ཅི་ནུས་སུ་བསོགས་པ་བརྩོན་པས་རྟག་ཏུ་སྤྱི་བོའི་ནོར་བུ་མཆོད། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་ཚོགས་ལམ་བློ་སྦྱོང་གིས་བཅད་པའི་ལེའུ་སྟེ་བཅུ་གསུམ་པའོ། །
ཡང་ཅིག་དཀའ་ཐུབ་ཀྱི་དོན་སྤྲུལ་པའི་ལྷ་མོས་དཀའ་ཐུབ་ཀྱི་དོན་བཀའ་སྩལ་པ། །ཉོན་ཅིག་སྐལ་ལྡན་རྣལ་འབྱོར་དབང་ཕྱུག་གཙོ། །ངོ་སྤྲོད་པའི་དོན་དེ་རྒྱུད་ལ་སྦྱོར་བའི་ཞིང་གོམས་པར་བྱེད་པའི་རྣལ་འབྱོར་པས། །དབེན་པའི་རི་ཁྲོད་དེ་གནས་བདེ་བར་གནས་སུ་བདེ་བའི་སྟན་ལུས་བདེ་བས་ལ་འདུག །ཡི་དམ་ཐོག་མར་ནི་ལྷ་མཆོག་གི་རྣལ་འབྱོར་བྱ་བླ་མ་སྤྱི་བོས་བསྙེན་བཀུར་བྱ་མཆོད། །ཚོགས་ཀྱི་མཆོད་པས་རྒྱ་ཆེན་པོས་མཁའ་འགྲོ་གཏོར་ཚོགས་བཏང་མཉེས་པར་བྱ། །སྒྲུབ་པ་པོར་བར་ཆད་མེད་པར་གསོལ་བ་གདབ་ཕྲིན་ལས་བཅོལ་ཕྱིར་ཆོས་སྐྱོང་གཏོར་མས་མཆོད། །བར་ཆོད་བྱེད་པའི་འབྱུང་པོ་ཚིམ་བྱ་གཏོར་མས་བཀའ་བསྒོ་གནས་སུ་གནོད་པ་མ་བྱེད་པར་བཀྱེ། །དེ་ནས་ལོ་གསུམ་ལ་སོགས་པར་དུས་དང་དུས་ཞག་བཞི་ལ་སོགས་པར་མིན་ཅི་རིགས་པར། །སེམས་ཀྱི་གཉེན་པོས་འབད་མེད་ཅི་ཙམ་དུ་དམ་བཅའ་བ་དེ་གནས་སུ་བསྐྱལ། །ལུས་ངག་འདི་དུས་སུ་བརྩོན་འགྲུས་གལ་ཆེའོ་ཡིད་གསུམ་བརྩོན་ལྡན་ཡེངས་མེད་ཀྱི་རྣལ་འབྱོར་གྱིས། །རྫས་ནོར་ཟས་གོས་རང་གི་མི་སྦྱིན་གསུམ་རྟེན་འབྲེལ་མི་ཉམས་སྲོག་དང་མིས་མི་སྤྱད་བདོ། །ལམ་རང་རང་གི་བོ་ཟག་ལྡེམས་ལོག་ལམ་གྱི་དྲི་མ་གོང་དུ་བཤད་པ་རྣམས་བསྲུང་། །བདུན་གསུམ་འཇམ་རླུང་ལ་རྩུབ་རླུང་བློ་སྦྱོང་བཞིན་དུ་ལུས་ཀྱི་འཕྲུལ་འཁོར་ལྔར་སྤྱོད་པར་བྱ་ཤེས། །སྟོབས་ཆུང་པས་དམན་པས་གསུམ་གསུམ་མཉམ་རྗེས་མཉམ་བཞག་བྲལ་བ་གསུམ་རྗེས་རྨི་ལམ་སྒྱུ་མ་བྲག་ཆ་གསུམ་དེ་བཞིན་དེ། །ཐུན་བཞིའམ་ཐུན་མེད་གཉེན་པོ་དྲན་པ་ཉམས་མ་ཡེངས་པར་བརྟེན། །འབྱུང་བ་རགས་པས་རྟེན་ལུས་གནད་གསུམ་དབང་པོ་སེམས་གནད་རྣམ་པ་ལྔ། །ལུས་བརྟེན་པ་གནས་པ་རྩ་གཡོ་བ་རླུང་འཛིན་པ་སེམས་རིག་པ་དེ་བཞིན་ཡིན། །ཞི་དྲག་ལྔ་ལ་མཉམ་བཞག་གསུམ་གསུམ་རྗེས་ཐོབ་གཉིས་ནི་རྨི་ལམ་སྒྱུ་མ་བྲག་ཆ་སྔར་བསྟན་བློ་སྦྱོང་བའི་དུས་སུ་བཞིན། །བརྩོན་པས་འབད་མེད་ནན་ཏན་གྱིས་ནི་གཅིག་མཉམ་རྗེས་ཏུ་འགྱུར། །དཔེ་ཇི་ལྟར་སྐྱེས་བུའི་རྩོལ་བ་འོ་མའི་མར་བཞིན་ནམ། །རི་བོང་ཟླ་བ་འཛིན་ཚེས་པ་གཅིག་སོགས་བཅོ་ལྔའི་བར་དུ་འཕེལ་བ་བཞིན། །ལམ་གྱི་རིམ་བཞིན་རིམ་པར་འཕེལ་ནས་གཉུག་མའི་ཡེ་ཤེས་མངོན་དུ་བྱེད། །རྗེས་ལ་ཟུང་དུ་འཇུག་པ་རྣལ་འབྱོར་ས་དང་པོ་མཆོག་གི་ལམ། །ལམ་གྱི་དེ་ཚེ་རྣལ་འབྱོར་རིག་པའི་ཉམས་ཀྱི་དྲི་མ་དགྲར་གྱུར་པ། །འབྱུང་བ་ཤས་ཆེ་ཆུང་གི་ཉམས་བྱུང་མྱུར་ན་འབྱུང་བ་བསྐྱོད་དེ་དོན་དང་མི་ལྡན་ན། །རང་རང་གི་གཉེན་པོས་དགྲ་གཞོམ་དེ་ལ་སྤྱན་སྤྱན་ལྔ་ཆགས་པ་མེད་པ་འཆང་ལྔའི་ལྟ་སྟངས་སྦྱར། །རྒོད་མེ་འཕྲོ་རླུང་ཆད་ནམ་མཁའ་ལྡར་ཆུ་དང་འཐིབས་ས་ལས་ནི། །རྒོད་འཕྲོ་འཕྱོ་དང་ཆགས་ཤིང་འཐིབ་པ་ལས། །ཟླ་མི་རྒོད་ན་ཚེས་ཉ་དང་རླུང་གི་འཕྱོ་ན་འགྲོན་བུ་མཁལ་ཆུ་ཆགས་ན་མའི་སྤྱན། །ཉ་པས་འཐིབས་ན་རྒྱས་ཟླ་བས་སྤར་ཉམས་གཅིག་ཏུ་ཞིང་བསྲེ་བར་བྱ། །དཀའ་ཐུབ་འདི་ཡང་དུས་གསུམ་རྟེན་གསུམ་ཚུལ་གསུམ་སྟེ། །དཔོན་ལ་ལྟོས་ཉན་ཐོས་རང་རྒྱལ་གཅིག་པུར་ཉམས་སུ་ལེན་པ་དཔའ་ཆེན་གཞན་དོན་བྱེད་པ་དུས་དང་སྦྱར། །ཉན་ཐོས་གཅིག་ལ་གཅིག་བློ་སྦྱོང་དང་གཅིག་རང་རྒྱལ་གསུམ་རྗེས་བྱ་བྲལ་གཅིག་ལ་དཔའ་ཆེན་ལ་བྱ་བྲལ་ནམ་མཁའ་འཕྱོ་ན་གཅིག །གཉིས་ལ་རྟེན་གསུམ་ནི་བྱ་བ་སྤངས་རབ་བྱུང་དང་མ་སྤངས་ཁྱིམ་པ་ཚུལ། །ཁྱིམ་པ་མཐུན་རྐྱེན་ལྡན་དང་ལྡོམ་བུ་པའི་མཐུན་རྐྱེན་དང་མི་ལྡན་དབྱེ་བ་གསུམ། །ཚུལ་གསུམ་ནི་གསུམ་པ་ཁྱིམ་པ་རྒྱལ་པོ་རབ་བྱུང་དྲང་སྲོང་ལྡོམ་བུ་བ་མ་རབས་སྤྲང་པོ་ལྟ་བུའི་ཚུལ། །དཀའ་ཐུབ་ཀྱི་གོ་རིམ་ཤེས་ན་རྣལ་འབྱོར་དུས་དང་རིམ་པ་མ་ནོར་བ་དབང་ཕྱུག་ཡིན། །དེ་ལྟར་རྩ་བ་འབྱོངས་པའི་རྣལ་འབྱོར་དེ། །དབྱར་དགུན་གྱི་མཁའ་ལ་འབྲུག་སྒྲ་རྩ་བ་ཆོས་ཉིད་མཐོང་བས་དོན་དུས་ཀྱི་ཡིད་ཆེས་ལ་ཐེ་ཚོམ་མི་ཟ་བ་བྱས། །དེད་དཔོན་གདམས་པའི་འཕྲ་ཆོད་པས་ཉམས་ལེན་ལམ་མི་འཁོར་བ་ལམ་རྒྱུས་ཡབ་ལ་ཁྱིམ་པ་སྤྲོས་པ་ཆོད། །དགོངས་པའི་ཕུགས་འཁྲུས་པས་ཉམས་ལེན་ཆིག་སྐྱ་ཕེར་བ་རྒྱལ་པོའི་གསང་ཐོབ་ལས་ལ་དཀའ་ཐུབ་ཀྱི་རང་དབང་ཆེ། །དེད་དཔོན་ལམ་ཞུགས་བློའི་སྤྱད་པ་ཆེ་བས་གོ་ཆ་རྗེས་ལ་ཁེལ་བ་ཤི་ཡང་ལྡོག་མི་བྱེད། །བདུད་ཀྱི་ལས་ཤེས་པས་སྒྲུབ་པ་རྐྱེན་ཁར་མི་འཆོར་བ་འཇིགས་པའི་དགྲ་ལ་མཐུན་པའི་སྐྱེལ་མིས་སྒྲོལ། །དབྱུ་གུ་ཆུ་ཚོད་དུས་ལས་དག་པའི་མཚམས་ཟིན་པས་ལུས་ངག་ཐ་མལ་དུ་མི་ལུས་འདའ་མི་བྱེད། །བསྲུང་བྱའི་དམིགས་ཤེས་པས་སྒྲུབ་པ་པོ་ཟག་ལ་མི་འགྲོ་བ་ཤིང་ཐོག་གོ་རི་སྨིན་ཚེ་ཁྭ་ཏ་སྲུང་། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་སྦྱོར་ལམ་དཀའ་ཐུབ་ཀྱིས་བཅད་པའི་ལེའུ་སྟེ་བཅུ་བཞི་པའོ། །
ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཁྱོད་ཉོན་ཅིག །དེ་ལྟར་དཀའ་ཐུབ་ཀྱི་དུས་རྣལ་འབྱོར་གོམས་པའི་སྟོབས་ལྡན་པས། །ཟུང་འཇུག་གི་ཡེ་ཤེས་དོན་གྱི་ཡེ་ཤེས་ཇི་བཞིན་མངོན་དུ་གྱུར། །མ་བཅོས་གཤིས་ཀྱི་ཅི་ཆོད་མ་བསླད་རང་བྱུང་བདེ་བ་ཆེ། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་དུས་འདི་ནས་ལུས་གནད་མེད་ཡན་པ་ཆེ། །སྒྲིམ་གློད་སེམས་གནད་མཉམ་རྗེས་མེད་དེ་གཉིས་མེད་རང་རིག་གསལ་བ་ཆེ། །མཉམ་རྗེས་འདྲེས་པས་གཉིས་མེད་སློབ་པའི་ཟུང་འཇུག་རྟོགས་པ་ཆེ། །ལུས་ངག་སེམས་ཀྱི་རྩོལ་བྲལ་བློ་ཡངས་པ་ཆེ། །དབེན་དང་གཡེང་བྲལ་གར་འདུག་གང་ན་འདུག་ཀྱང་གཞལ་ཡས་ཁང་གནས་པ་ཆེ། །མ་ཡེངས་འདུ་འབྲལ་མེད་པ་དྲན་ཙམ་དྲན་པ་ཆེ། །འབད་དང་རྩོལ་བས་མ་བཅོས་དྲན་པས་མཆོག་གཉུག་མའི་དོན། །དེ་ཚེ་རྣལ་འབྱོར་རྟོག་པ་ཕྱིན་ཅི་མ་ལོག་པ་མཆོག་གི་དགོངས་པ་ཡིན། །འཁོར་བ་ལས་དབུགས་ཕྱིན་ཡང་དག་པའི་དོན་རྙེད་ནས་འཁོར་བ་ཆོམ་རྐུན་བྲལ། །ས་མཆོག་ས་དང་པོའི་རྟོག་པ་ཡིན་པས་འདི་དོན་དེ་ནི་སེམས་དཔའ་ཆེ། །ཆུ་ཕྲན་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་གྲོལ་རྒྱ་མཚོར་འདྲེས་པས་རོ་གཅིག་ཉིད། །ཇི་ལྟར་བཞིན་གནས་ལུགས་ཀྱི་དོན་མངོན་དུ་བྱས་པའི་རྣལ་འབྱོར་ཏེ། །རྩིབ་དཔེ་བསྟན་རྩོལ་བྱས་ཀྱི་ཉམས་ལེན་གྱིས་རྩོལ་མེད་ཀྱི་མེ་འདི་སྐྱེས་བུའི་དོན་མཐོང་བ་རྩོལ་བ་ཡིན། །ཆུ་བོ་སྒྲོལ་བའི་རྗེས་ཐོབ་རྟེན་མེད་ལ་བློའི་འཛིན་པར་དག་པ་གྲུ་བོ་ཕྱིར་མི་འཁྲིད། །མཉམ་རྗེས་ཀྱི་འབད་རྩོལ་མི་དགོས་པས་ཉི་མའི་འོད་ལ་རང་གནས་ཀྱི་རྩ་བ་ལ་བློའི་དྲི་མ་དག་པ་མུན་པའི་སེལ་མ་མཆིས་གཤིས་ཇི་ལྟ་བ་བཞིན་དུ་མཐོང་། །ནོར་བུ་ཟུར་བརྒྱད་མཁན་བཟོའི་རྐྱེན་ལས་རང་བྱུང་གི་ཡེ་ཤེས་ལ་གཉེན་པོའི་རྟེན་རྟོག་མེད་པ་གནས་ལུགས་ཀྱི་དོན་མིན། །རྩ་བས་རུ་རང་སྤྱོད་ལྷུག་པ་ལ་ཐ་མལ་གྱི་དྲིང་གྲོགས་ཀྱི་ཟླ་མི་འཆོལ་ཐག་མ་ལངས་པ། །དུར་བསྲུངས་སྒོ་གསུམ་ཡན་པ་ལ་བཅོས་མའི་རང་མ་ཞུགས་པ་ཚུལ་ཞིག་སྒོ་གསུམ་ཡན་པར་གནས། །ཀར་ཏི་སིར་ར་དམིགས་མེད་ཀྱི་ཉམས་ལེན་ལ་ཆེད་འཛིན་གྱི་ལྟ་སྒོམ་གཏོར་བའོ་ཡུལ་དུ་འཚང་མི་བརྩིག །ཅེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་མཐོང་ལམ་རྗེས་ཀྱིས་གཅད་པའི་ལེའུ་སྟེ་བཅྭོ་ལྔ་པའོ། །
ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ། །མཐོང་སྤང་ཀུན་བཏགས་ཀྱི་རྟོག་པ་རགས་པ་སྔོན་རྒྱུ་དྲི་མ་ཆེན་པོ་དེ། །མཐོང་ལམ་གཉུག་མའི་ཡེ་ཤེས་ཆེན་པོས་བཅོམ་ཟིན་གྱི། །ཕྲ་བ་ལྷན་ཅིག་སྐྱེས་པས་སྒོམ་པས་སྤང་བག་ལ་ཉལ་གྱི་དྲི་མ། །སྔོན་དུ་མི་གསལ་ཡུལ་ངན་གྱི་རྐྱེན་གྱིས་སློང་པས་ཟས་ཀྱིས་དང་ནད་རོ་སློང་པ་བཞིན། །ཚུལ་འདི་ནམ་ཞིག་རྣལ་འབྱོར་དགྲ་རུ་ལྡང་། །ནད་ལ་དུག་སྨན་གྱིས་སློང་པས་བཞིན་བསླང་གིན་མ་བཅོས་ན། །རོ་མ་སྙོམས་ན་བར་དོའི་འཁྲུལ་པ་གང་གིས་བཟློག་པར་ནུས། །དེ་ཕྱིར་དབེན་པ་ཙམ་གཅིག་པུས་བརྟེན་ཙམ་མཆོག་གི་དོན་གྲུབ་པ་མིན། །རང་གཅིག་པུ་དལ་དང་སྤྱོད་ལམ་དང་འདྲེས་པ་དྲག་དང་ཤིན་ཏུ་དྲག་པོ་ལ་ཆགས་སྡང་སྐྱེ་བ། །སྦྱོར་བ་འདི་དང་ལྡན་པ་རྩ་བ་དང་མ་བྲལ་བ་ཤིན་ཏུ་གཅེས། །བདེ་དང་སྡུག་བསྔལ་གྲོགས་སུ་འཁྱེར་བ་འདི་ཀུན་རྣལ་འབྱོར་རྒྱན། །རང་བཞིན་རྐྱེན་དང་ནི་ཆེད་དུ་བྱས་པ་ལས། །གྲང་མོའི་ལྕགས་དང་ཡུལ་ངན་དང་འཕྲད་པ་མེ་རྡོ་སྤྲད་པར་བྱ། །ཟླ་བ་དང་འཕྲད་པས་ཆུ་ཤེལ་སྐམ་ལས་ཆུ་རྒྱུན་འབྱུང་བ་རྒྱུན་ཇི་བཞིན་དུ། །ཕྱི་རོལ་གྱི་རྐྱེན་ངན་ཡུལ་གྱི་འཁྲུལ་པས་རྣལ་འབྱོར་གཡེངས་གྱུར་ན། །རྐྱེན་ངན་ཆེད་དུ་མི་སྤང་དེ་ཉིད་ལམ་དུ་བཀྱེད། །གནས་གྲོགས་སྤྱོད་ལམ་སྤང་བླང་མེད་པར་ཅི་བདེ་ཡན་པ་ཉིད། །རྐྱེན་ལས་ཡུལ་གྱི་སྐྱེས་པའི་མདའ་དུག་གི་ལྔ་གྲོགས་སུ་ལམ་གྱི་འཁྱེར། །གཉུག་མ་གསལ་བྱེད་དབང་པོ་དབྱིངས་ནས་ལྟ་སྟངས་སྤར། །སྟེང་དུ་བསྒྱུར་ང་རྒྱལ་སྐྱེས་ན་བས་ང་རྒྱལ་རྟོག་པ་ཆེ། །འོག་ཏུ་བསྒྱུར་བས་གཏི་མུག་མི་རྟོག་ཆེ། །གཡས་སུ་བསྒྱུར་བས་ཞེ་སྡང་གསལ་བ་ཆེ། །གཡོན་དུ་བསྒྱུར་བས་ཕྲག་དོག་ཡངས་པ་ཆེ། །ཐད་ཀར་བསྒྱུར་བས་འདོད་ཆགས་བདེ་བ་ཆེ། །དུག་ལྔ་དེ་ཉིད་ལ་ལྟ་ཞིང་ཡི་གེའི་ཨཱ་ལི་ཀཱ་ལི་སྒྲོས་ཀྱི་བསྐུལ། །དཔེ་ཇི་ལྟར་ནགས་ཀྱི་མེ་ལ་གྲོགས་སུ་འགྲོ་བ་རླུང་བཞིན་དུ། །གྲོགས་སུ་རྐྱེན་ངན་ལས་ཀྱི་ཤར་ན་རྣལ་འབྱོར་ཆེན་པོ་ཡིན། །དམན་པར་དེས་ཡུལ་མ་ཐུབ་ན་གྱུར་ན་རྣལ་འབྱོར་ལན་གསུམ་དཀའ་ཐུབ་ཀྱང་ལྡབ། །དེ་ཡིས་ལྷན་སྐྱེས་ཕྲ་མོ་དྲི་མ་གཏིང་ནས་འདོན། །ད་ནི་རྣལ་འབྱོར་འཇིགས་པའི་ཡུལ་གྱི་རྐྱེན་ངན་གྱི་དགྲ་དང་བྲལ། །རང་གིས་བཙགས་པའི་གཞི་ལ་སྤྲོས་པ་ཆོད་པས་རེ་དོགས་ཀྱི་བློ་ཟད་གསེར་ལ་རེ་དོགས་མེད། །ཆུ་བོ་བཞི་འབབ་རྐྱེན་ངན་ལ་རོ་སྙོམས་པས་ཕྲ་རྒྱས་ཀྱི་འཕན་མི་སྡང་པ་རྒྱ་མཚོ་ལན་ཚྭའི་རོ། །དཔའ་བོ་རྐྱེན་ངན་ལ་ཐོག་བརྫིས་པས་སྒྲོག་རྩ་བར་ཆོད་གཡུལ་དུ་བསད་པས་དམག་དཔུང་ཞིག ། ཞུན་ཐར་འབྱོངས་པའི་གོམས་འདྲིས་ཀྱི་བརྟན་པ་ཐོབ་པས་ཟག་པའི་འཕན་མི་སྡང་པ་གསེར་འདི་བཟོ་ཡི་རྒྱ། །འཕྲུལ་གྱི་བཟོ་བོ་དག་སྣང་ལ་རྩལ་སྦྱངས་པས་འཁྲུལ་པའི་ཡིད་སུབས་པ་འབག་གི་དབྱིབས་མི་བལྟ། །སྒྲ་སྟོང་བྲག་ཆར་ཤེས་པས་ཆོས་བརྒྱད་ཀྱི་ཡིད་སུབས་པ་བྲག་ཆའི་སྒྲ་འདི་རང་གི་སྐད་དུ་ཤེས། །དུག་སྡོང་ཕྱུང་བའི་ཕྲ་རྒྱས་རྩ་བ་ནས་ཟད་པས་གཉིས་བསྡུས་ཀྱི་དྲི་མ་ཟད་པའོ་ལྡུམ་ར་སྨན་གྱི་གནས། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་སྒོམ་ལམ་རོ་སྙོམས་ཀྱིས་གཅད་པའི་ལེའུ་སྟེ་བཅུ་དྲུག་པའོ། །
ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ། །ཀུན་བཏགས་ལྷན་སྐྱེས་ཀྱི་དྲི་མ་གཉིས་བྲལ་རྣལ་འབྱོར་དབང་ཕྱུག་སྟེ། །དུས་གསུམ་དབྱེར་མེད་དུ་སངས་རྒྱས་ཀུན་གྱི་ངོ་བོར་གནས། །དེ་ཚེ་ལྟའམ་སྒོམ་ཞེས་འཛིན་པ་ན་ད་རུང་དུ་ལྟ་སྒོམ་གྱི་ཆེད་འཛིན་འདུག་ན། །རྟེན་པའི་རྟོག་པ་གཉེན་པོའི་རང་ཞགས་ཕྲ་མོ་སྒྲུབ་པ་སངས་རྒྱས་ཀྱི་དགོངས་པ་བྱེད་པ་ཡིན། །དེ་ཚེ་རྣལ་འབྱོར་རང་གི་རྒྱུད་ལ་ཉམས་སུ་བླང་རྒྱུ་འདུག་གམ་མི་འདུག་ལྟོས། །ཆོས་ཀུན་མཁའ་འདྲར་མཉམ་མཐོང་ཕྱོགས་ལྟ་སྒོམ་གྱི་འཛིན་ཞིག །བལྟ་དང་ལྟ་བར་བྱེད་པ་བལྟ་རྒྱུ་ལས་གྲོལ་འདི་སུ་ཞིག །ཀྱེ་མ་ང་ཡོད་བློ་ལས་འདས་པ་ད་ནི་བལྟ་རི་ཤི །གནས་ལུགས་བློ་ལས་འདས་པ་རང་དྭངས་གཉུག་མའི་ངང་ལ་འཛིན་བློ་ཞིག །འདི་ལ་སུ་ཞིག་བློ་འཛིན་མེད་པ་ཇི་ལྟར་སྒོམ་པ་ཡིན། །ཀྱེ་མ་ང་ཡོད་བདག་ནི་སྒོམ་བློ་བྲལ། །སྐུ་གསུམ་དབྱེར་མེད་རང་གི་སེམས་ནང་ནས་ལས་འཁྲུངས། །འབྲས་བུ་འདི་ལས་གཞན་ནས་ཐོབ་འདོད་ནོར་བའི་ལམ། །ཀྱེ་མ་བདག་ནི་སངས་རྒྱས་མི་འཚོལ་ལོ། །འབད་དང་རྩོལ་བ་ཐམས་ཅད་འཁྲུལ་པའི་འབྲས་བུ་གཞན་ནས་ཐོབ་པར་འདོད་པའི་མི་བློ། །བྱར་མེད་ཆོས་ལ་འབད་པ་ཨ་རེ་འཁྲུལ། །ཀྱེ་མ་བདག་དང་ཉེར་བའི་སྤྱོད་པ་དང་ཐབས་ནི་གཞན་ཕན་མ་གཏོགས་པའི། །བདག་ལ་བྱ་བ་རྡུལ་ཙམ་ཡོད་མིན་ཞེས། །དགོངས་པ་ནང་དུ་སེམས་རྟོགས་པ་འཁྲུངས་ན་རྡོ་རྗེ་འཆང་། །ཚིག་ཏུ་བརྗོད་པའི་དོན་དེ་འགྲུབ་པ་མིན་གོལ་ཡུལ་ཙམ་དུ་ལུས་པ། །གང་ཚེ་རྣལ་འབྱོར་ཆེན་པོར་གྱུར་པ་ནི། །རང་གཞན་དོན་གཉིས་མངོན་དུ་གྱུར་པར་བྱ་བྲལ་དུ་གྲོལ་ནས་བྱེད། །ཇི་བཞིན་རྣལ་འབྱོར་མངོན་གྱུར་བདེ་བ་ཆེ། །ཞོ་ག་ཆུ་དང་འཁོར་འདས་ཀྱི་ཕྱེ་ཆུ་འདྲེས་པས་གཉིས་འཛིན་གྱི་མདུད་པ་ཞིག་པ་དང་མདོག་འདྲེས་དོན་མི་འཁོར་འདས་དབྱེར་མེད་དུ་རྟོགས་པས་སྤང་བླང་བྲལ་སྣང་། །གཉིས་མེད་དུ་གྲོལ་བ་ཆོས་དང་ཆོས་མིན་འདྲེས་པས་སྤང་བླང་གི་རྩོལ་བ་ཞིག་པ་དང་དྷན་དྷ་པོར་ཏ་འདྲེས་ན་གཉིས་ཀ་བསྡུ། །གཟེར་ཐེབས་སྒོ་ང་དྲོད་ཀྱི་ལས་ཀྱིས་མི་གོས་པ་འདབ་མི་ཆགས། །ལས་དང་རྣམ་སྨིན་ཟད་པས་གྱུར་བྲོག་གི་སྨོན་ལམ་ཟད་པ་དང་སྣུམ་ཟད་མར་མེ་རྩོལ་བས་དོན་བློ་དང་ཆོས་ཟད་པས་རྣམ་རྟོག་བྱ་ཆ་བྲལ་བ་དང་མི་འགྲུབ། །འཕྲུལ་གྱི་གདན་དང་ཤེལ་འཕྲད་རིགས་དབྱིངས་ལ་ཐིམ་པས་སྐུ་གསུམ་ནང་ནས་ཤར་བ་དང་ངོ་མཚར་གནས། །སྐུ་གསུམ་ནང་ནས་ཤར་བས་ཞིང་ཁམས་ཕྱིར་གསལ་བ་དང་འོད་ཟེར་མཁའ་ལ་འཇའ་བཞིན་གསལ་བར་བྱེད། །ཞིང་ཁམས་ཕྱིར་གསལ་བས་འགྲོ་དོན་ལྷུན་གྱིས་གྲུབ་པའོ་དེས་ནི་འགྲོ་ཀུན་དགའ་བ་བསྐྱེད་པའི་རྒྱུ། །རྒྱུ་དེ་སྔོན་དུ་སོང་བའི་འབྲས་བུ་ནི། །ནོར་བུའི་ནུས་པ་གཟུགས་སྐུའི་སངས་རྒྱས་ལ་འགྲོ་དོན་ཆེ་ཆུང་ཡོད་པས་ཡོན་ཏན་གྱི་རྩལ་ཐུག་མེད་དུ་སྦྱང་ཆེ་ཆུང་ཅི་ལས་བྱུང་། །མ་རྟོགས་པའི་སེམས་ཅན་སྙིང་རྗེ་བའི་ཕྱིར་ཤས་མི་བཟོད་པའི་ཕན་འདོགས་བྱ་དུབ་པའི་རྟེན་འདི་དེད་དཔོན་ཐུགས་རྗེའི་ཡུལ། །བུ་ཡི་གདུལ་བྱའི་ལོག་སྤྱོད་མཐོང་བ་ལ་འགྲོ་དོན་ལ་ཡིད་མི་འབྱུང་བ་དང་སྤྱོད་པས་མ་ཡི་ཡིད་མི་འབྱུང་བ་དང་། །བུ་ཚ་རྒན་གཞོན་དང་སྦྱར་ནས་མཛངས་མའི་ཟས་ཀྱི་རིམ་པས་བསྐྱེད་དུ་གདུལ་བྱའི་རིགས་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་གྱི་ཕྲིན་ལས་བྱའོ་འཕེལ། །སྐམ་པོའི་ཤིང་ལུས་ངག་འགྲོ་དོན་དུ་བཀོལ་མ་ནུས་ན་དགེ་བ་སྨོན་ལམ་དུ་བཟུང་བ་དང་འདི་ནམ་ཞིག་ལོ་འབྲས་རྒྱུ། །ཀོ་ཀ་མ་བཤིག་གཞན་དོན་ཕྱོགས་མེད་དུ་གྲུབ་པ་ལ་ཆོས་བརྒྱད་ཀྱི་སེལ་མ་ཞུགས་པ་དང་ནོར་བུས་འདོད་མི་སྟེར། །སྒྱུ་མའི་སྐྱེས་བུས་འཕྲུལ་གྱིས་མི་མོ་གདུལ་བྱ་འདུལ་བྱེད་མེད་ཀྱང་སྒྱུ་མ་ཙམ་དུ་འགྲོ་དོན་བྱ་བསྒྲལ། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་མཐར་ལམ་བྱ་བྲལ་གྱིས་བཅད་པའི་ལེའུ་སྟེ་བཅུ་བདུན་པའོ། །
དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །གང་ཞིག་རྣལ་འབྱོར་བཅུད་དམན་པས་ལམ་གྱི་ངོ་བོ་མ་ཆོད་ན་རེ་དོགས་པས། །དེ་ཉིད་མཐོང་བའི་རྟོགས་པས་ཡེ་ཤེས་ཀྱིས། །ལམ་ཀུན་བློ་ཆུང་པས་ངོ་བོ་མ་ཆོད་ན་བགྲོད་པར་མ་ནུས་ན། །དེ་ལས་གཞན་པའི་ལམ་བགྲོད་ཐབས་ཐབས་ཀྱི་ཁྱད་པར་ཅི་ཞིག་མཆིས། །དེ་ཡི་མངོན་རྟོགས་གང་གིས་བྱེད། །སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་གཙོ། །ཉམས་སུ་ལེན་ལུགས་ཛ་ཀུར་ཏི་ཏ་ཕ་རོ་ཏོ་ཏོ་ཐཱ་ཡ། །བག་ཤཱ་ཀྵི་དྷ་ཎཾ་གོར་ཏ་ནི། །བྷིག་ཀ་རུ་མེ་ཙ་ཏ་ར་ནི། །ཙ་ཏུར་བི་ཀུ་ར་ནི་ཡེ་ར་ཝར་ཏི། །སྐལ་དམན་རྟོགས་པའི་དོན་རྟོགས་གྲོལ་དུ་མ་སོང་དང་མི་ལྡན་རྣལ་འབྱོར་པ་ལམ་ངོ་བོས་མ་ཆོད་པའི་གང་ཟག་ལ། །གསང་སྔགས་ཐབས་ཀྱིས་སྔགས་ཀྱི་དོན་འགྲུབ་པ་སྦྱོར་བ་ངོ་མཚར་ཆེ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པར་བྱེད་པ་བླ་མ་ཡིན་པས་ན་ཀུན་གྱི་བླ་མ་མཆོག །བླ་མ་དེའི་ཐུགས་དམ་བསྐུལ་བ་བདག་གིས་གང་ལེའུ་གསུམ་པར་སྨྲས་པ། །སྔར་བསྟན་པ་བཞིན་དུ་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་རྣལ་འབྱོར་པ། །དང་པོ་ཐུགས་དམ་བསྐུལ་བ་དེས་མ་གྲུབ་ན་ཤིན་ཏུ་བསྐུལ་དང་གནད་ནས་དེ་ལ་ཡང་རྟགས་མེད་ན་བསྐུལ་བ་དང་། །འདི་ནི་སྔགས་གཅིག་གིས་འབྲས་བུའི་དོན་ཀུན་སྒྲུབ་བྱེད་དེ། །སངས་རྒྱས་ཀུན་གྱི་བླ་མའི་ཐུགས་དམ་བསྐུལ་བ་ནི་སྔར་རྒྱུད་སྡེ་རྣམ་དུ་སྦས་ནས་ཡོད་པས་འདིར་གསང་ཚིག་སྨྲས་པ་ཡིན། །ས་ཡ་དྲུག་བློ་སྦྱོང་གི་དུས་སུ་འབུམ་བྱེ་བ་དཀའ་ཐུབ་ཀྱི་དུས་སུ་སུམ་འབུམ་དང་། །འབུམ་ཚོ་རྗེས་ཀྱི་དུས་སུ་ལྔ་དང་བདུན་རོ་སྙོམས་ཀྱི་དུས་སུ་ཁྲི་བདུན་སྟོང་དང་། །ཁྲི་བདུན་བྱ་བྲལ་གྱི་དུས་སུ་ལམ་གྱི་གཅིག་གི་རིམ་པ་ཤེས་པར་བྱ། །སྔགས་ཀྱི་ནུས་པ་མེད་པའི་དཔེ་ནི་སོལ་བའི་ལྗོན་ཤིང་སྐམ་སར་ཆུ་འབྱུང་བ་བཞིན་དུ། །མེད་པ་ངོས་བཟུང་དང་ལས་བྱུང་གསང་སྔགས་མངོན་མི་སྲིད་པ་ལས་སྲིད་པ་བྱུང་བའི་དཔེ་པའི་མཐུ། །ལམ་བགྲོད་པ་དང་རྟགས་སྟོན་པར་བྱེད་པའི་སྔགས་ཀྱི་ནུས་པས་ལམ་རྟགས་འབྱུང་པའོ་ལས་ཅན་ཡིན། །རྟགས་དང་ལྡན་ན་དོན་མཐོང་བས་མེ་ཏོག་གང་ཤར་དེ་ཚེ་འབྲས་བུ་སྟོན། །དེ་བཞིན་རྣལ་འབྱོར་ལམ་ནི་རྒྱུ་ལམ་འབྲས་བུའི་རྟགས་ཀྱིས་བསྟན། །རྟགས་དང་ལྡན་པ་ནི་རིམ་གྱིས་པ་མི་ལྡན་པ་ནི་ཅིག་ཆར་བ་ལྡན་དང་མི་ལྡན་རིམ་དང་ཅིག་ཆར་ཡིན། །ཉན་ཐོས་བློ་སྦྱོང་གི་དུས་སུ་ཚུལ་དུ་བཤེས་གཉེན་བསྟེན་པ་ལས། །སྔ་ན་པས་དད་མོས་ངེས་ཤེས་ཆེ་བ་དེས་འགྲེ་ཤེས་རབ་ཆེ་བ་དང་། །བླ་མའི་སངས་རྒྱས་སུ་རང་བཞིན་མཐོང་བ་རྒྱུ་ཡི་རྟགས། །དཀའ་ཐུབ་རྗེས་རོ་སྙོམས་རང་རྒྱལ་ཚུལ་འཛིན་རྣལ་འབྱོར་སྒྲུབ་པ་པོས། །ཆུའི་རླུང་སྨིག་རྒྱུ་ས་ཡི་རླུང་དུ་བ་མེ་ཡི་རླུང་སྲིན་བུ་མེ་འཁྱེར་དང་། །མར་མེ་རླུང་གི་རླུང་མཁའ་སྣང་ནམ་མཁའི་རླུང་ཟིན་པའི་རྟགས་སུ་ལྟ་བུ་རྣམ་པ་ལྔའི་འོད་དང་ལྡན་པ། །འབྱུང་ལྔ་གནས་སུ་རླུང་ཐིམ་པ་དུག་ལྔ་དག །བྱ་བྲལ་དཔའ་ཆེན་ལྟ་བུར་གྱུར་པའི་དེད་དཔོན་ནི། །དེ་ཉིད་དོན་ཏིང་ངེ་འཛིན་བར་དོ་ཆོད་པས་ཆོས་ཉིད་ཀྱི་དོན་མ་གོམས་མཐོང་ཏིང་འཛིན་མཉམ་པར་ལྡན། །བཟང་ངན་རྐྱེན་གྱི་བར་དོ་ཆོད་པས་རྐྱེན་ཆོད་ཉིན་མཚན་དག་པར་རྐྱེན་ངན་གྱིས་མི་བསྐྱོད་འབྲེལ། །སྲིད་པའི་བར་དོ་ཆོད་པས་འོད་གསལ་འགྲོ་འོང་མེད་པ་ལྔ་ཡི་དོན་དང་ལྡན་པ་འདི་དག །ཡུན་རིང་བསྲིང་པ་ལས་ཀྱི་ཡང་དག་པའི་མཐའ་མངོན་དུ་བྱ་བ་སྟེ་མཚམས་མི་སྦྱོར། །རྒྱུ་ལམ་འབྲས་བུའི་རྟགས་རེ་རེ་ལ་ལྔ་ལྔ་སྟེ་ལྔ་གསུམ་བཅོ་ལྔ་ཟླ་བ་ཉ་རྒྱས་ཚུལ། །ལམ་དཀའ་ཐུབ་ཀྱི་དུས་སུ་ཚོགས་ལམ་ཡང་ནི་ལྔ་གསུམ་དུས་ལས་རིམ་པ་བཞིན། །བློ་སྦྱོང་གི་དུས་སུ་སྒྱུ་ལུས་དཔེ་གཞན་ན་རྒྱུ་དུས་སྒྲིབ་དག་ཁྲུས་བྱེད་པ་ཁྲག་སྐྱུག་གོས་གསར་པ་གོན་པ་སོགས་རྨི་བར་འགྱུར། །རྨི་ལམ་གྱི་བར་དོ་ཆོད་པས་ཉིན་མཚན་དག་པར་འབྲེལ་ལམ་དུས་ས་ཆུ་མེ་རླུང་རླུང་ལྔ་ནམ་མཁའི་ཟིན་སོགས་རྟགས་ལྔ་དང་། །འབྲས་བུ་དག་སྣང་ཡི་དམ་མཐོང་བ་ལ་སོགས་ཤར་བའི་གསང་རྟགས་ནི། །རབ་དངོས་ཏེ་གསུམ་དངོས་དང་འབྲིང་ཉམས་དང་ཐ་མ་རྨི་ལམ་ཅི་རིགས་ཡིན། །བློ་སྦྱོང་དུ་དེ་ཡང་ཉམས་གཡོ་དང་སྦྱོར་ལམ་ཐོབ་དང་དཀའ་ཐུབ་གོམས་པ་མཐོང་ལམ་རྗེས་ཀྱི་དུས་སུ་དང་། །སྒོམ་ལམ་རོ་སྙོམས་བརྟན་དང་ཐར་ལམ་བྱ་བྲལ་གྱི་དུས་སུ་མཐར་ཕྱིན་ལྔ་ནི་རིམ་པ་ཡིན། །བྱང་ཆུབ་ཕྱོགས་ཀྱི་ཆོས་དེ་ལྟར་གྱུར་ཚེ་ཐུན་མོང་སུམ་ཅུ་བདུན། །བྱང་ཆུབ་ཕྱོགས་རྣམས་མ་བགྲོད་རང་བཞིན་གྱི་ལྡན་པས་ལྷུན་གྱིས་འགྲུབ། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་ལམ་ཡི་གེའི་བགྲོད་པ་དང་རྟགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅྭོ་བརྒྱད་པའོ། །
དེ་ནས་ཡང་ཅིག་སྤྲུལ་པའི་ལྷ་མོ་ཡིས། །རྣལ་འབྱོར་དབང་ཕྱུག་ཉིད་ལ་འདི་སྐད་གསུངས། །ཕ་ལི་དུན་དྷོ་ཧོ་ལ་ས་ཏི་ལཱ། །ཡོ་མི་ཛཱ་ལི་ཏི་ཏོ་ཕ་ལ་ཧོཿག་གྷི་ཛི་ར་དུན་ཏྲི་ར་ཧི་ནཿཏོར་ཏ་པར་ཏི་དྷི་ཤི་རཱ་པི་ཧོཿརྟེན་སྐལ་ལྡན་ཞིང་ས་གཤིན་ལ་སྐུ་གསུམ་མན་ཏྲིའི་འབྲས་བུ་འཁྲུངས། །མེ་ཏོག་ཉམས་ལ་རྟོགས་པ་ཤར་བ་འདབ་རྒྱས་གེ་སར་པདྨོའི་དཀྱིལ། །ཟེ་བ་ཡེ་ཤེས་ལྔ་ལྔ་ལྡན་སྐུ་གསུམ་ཟུར་གསུམ་དགོས་འདོད་འབྱུང་བའི་ནོར་བུའི་ཚུལ། །འབྲས་བུ་འདི་གང་སུས་ཐོབ་རང་གཞན་གྱི་དགོས་འདོད་སྟེར་བའི་འབྲུ། །གཅིག་གསུམ་ལྔའི་མཐར་ཕྱིན་པའི་འབྲས་བུ་ཡིན་དུས་སུ་སྨིན་པ་ཟས་ཀྱི་མཆོག་ཏུ་བཙའ། །རིན་ཆེན་སྣོད་དུ་རང་གཞན་གྱི་དོན་འབྱུང་བས་བོ་ཟག་མེད་པར་སྦ། །དེས་ནི་ནད་དང་དབུལ་བ་སེམས་ཅན་གཞན་གྱི་དུག་ལྔ་ཀུན་ཡོན་ཏན་གྱི་སེལ་ཏེ། །དུག་ལྔ་ལ་བརྟེན་ནས་འགྲོ་དྲུག་ཏུ་འཁོར་ནས་མཆོག་ཏུ་ཉོན་མོངས་དེའི་ལས་ཟད་པར་བྱེད་དུག་ལྔའི་གསོས་སུ་ཆེ། །གཞན་ཡང་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་འདོད་པའི་འབྲས་བུ་སྟེར་བར་བྱེད། །སེམས་ཅན་རྣམས་ཀྱི་མ་རིག་དཔེ་མུན་སེལ་ཉི་མའི་སྙིང་པོ་ལྟ་བུ་རིན་ཆེན་མེ་འོད་བཞིན། །དུག་ལྔའི་ཉོན་མོངས་གདུང་སེལ་རིན་ཆེན་ཆུ་ཤེལ་ཟླ་བ་བཞིན། །འདུ་བའི་ནད་སེལ་ནོར་བུ་རིམས་སེལ་བཞིན། །རང་བཞིན་གྱི་དྭངས་བ་བག་ཆགས་སྒྲིབ་སེལ་ནོར་བུ་ཆུ་དྭངས་བཞིན། །ཡོན་ཏན་ཀུན་སྡུད་རེག་པས་སེལ་བ་ནོར་བུ་སྦུར་ལེན་བཞིན། །ཅིར་ཡང་སེམས་ཅན་གྱི་དོན་དུ་འཆར་བ་སྣ་ཚོགས་ནོར་བུ་བཞིན། །བསམ་བཞིན་དོན་འགྲུབ་ནོར་བུ་རིན་ཆེན་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་ཐེབས་པས་བཞིན། །ཁྱོད་ཀྱི་རང་གཞན་གྱི་དོན་གྲུབ་པས་འདོད་པ་དེ་ཡིས་ཚིམ་པར་གྱིས། །ཀུན་ཁྱབ་དོན་དམ་ཆོས་སྐུའི་ངང་ལས་ཉི་མའི་མཁའ་ལ་མ་གཡོས་བཞིན། །ང་ནི་དོན་དམ་ལ་དགོངས་ནས་འགྲོ་བ་ཀུན་དང་སེམས་དང་དབྱེར་མེད་ཀྱང་། །རང་གི་སེམས་མ་རྟོགས་མིག་གིས་མིག་བཞིན་མ་མཐོང་ཨེ་མ་ཧོ། །ལྷ་མིག་དག་པས་རྒྱ་མཚོའི་གང་ན་ཡོད་པ་ནོར་མཐོང་བ་བཞིན་དུ། །སྐྱེ་བ་དཔག་མེད་དུས་ནས་སྒྲིབ་པ་གཉིས་རང་གནས་དྲི་མ་གསལ་བསལ། །སྐྱེ་བ་སྔོན་མའི་དག་པའི་ལས་དང་དག་པའི་སྨོན་ལམ་འབྲེལ་བའི་མཐུས། །ལྷ་མོ་ང་ནི་རྣལ་འབྱོར་པ་ཁྱོད་ལ་རྟག་ཏུ་བརྩེ་བྱེད་ཅིང་། །སྐྱེ་བ་བདུན་ཀར་ཞལ་གཟིགས་པས་དུས་རྣམ་ཀུན་ཏུ་མི་འབྲལ་གཙུག་གི་ལྷ། །རང་དོན་གྲུབ་པས་ང་ནི་འགྲོ་བའི་དོན་ལ་ཅི་བདེར་གཤེགས། །ཞེས་གསུངས་ནས་ཐུགས་མཉམ་པ་ཆེན་པོའི་ངང་ལ་མི་གཡོ་བར་ལྷུན་གྱིས་བཞུགས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་མཆོག་གི་འབྲས་བུའི་རང་གི་ཡོན་ཏན་དགོངས་པ་མཐར་སྐྱོལ་ནས་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །
དེ་ནས་ཀ་མ་ལ་ཤྲིས། །འབྲས་བུ་མཆོག་དོན་མངོན་དུ་བྱས་པ་ལས། །བསམ་བཞིན་རབ་ཏུ་དགའ་བ་ཆེར་གཡོས་ཏེ། །སྤྲུལ་པའི་ལྷ་ལ་བཀའ་དྲིན་ཆེ་བའི་ངོས་ནས་གུས་བཏུད་ནས། །སྣ་ཚོགས་ཕྱི་ནང་གསང་བ་མཆོད་པའི་རོལ་མོ་དག །སུ་ཡོད་པ་དངོས་དང་སྤྲུལ་ནས་ཏིང་ངེ་འཛིན་གྱིས་ཕུལ། །དེ་ཚེ་འཁོར་གྱི་ལྷ་མོ་མཁའ་འགྲོ་རྣམས། །སྔར་མ་གསུངས་པའི་ཆོས་གསུངས་པས་མཆོག་ཏུ་དགའ་བ་ཆེར་སྐྱེས་ནས། །བདག་མེད་མ་ལ་སྤྲུལ་པའི་ལྷ་ལ་འདི་སྐད་སྨྲས། །ཨེ་མ་རབ་ཏུ་ངམ་པའི་སྒོ་ནས་གསུངས་པ་ལྷ་མོ་བློ་ཆེན་མ། །ལྷ་མོ་སྐུ་མཛེས་པས་ན་བཞིན་བཟང་ཁྱོད་ལས་མ་གཏོགས་པའི། །རྡོ་རྗེ་འཆང་ཆེན་པོ་ཧེ་རུ་ཀ་དཔལ་ཡང་དག་ཀྱང་། །འདི་འདྲའི་ཟབ་པ་མ་གསུངས་འདི་དག་ཚིག་ཏུ་བརྗོད་མི་བྱེད། །སངས་རྒྱས་ཀུན་གྱི་ཐུན་མོང་མ་ཡིན་པ་ཀུན་གྱི་གསང་ལམ་མཆོག །མཁའ་འགྲོའི་སྙིང་ཁྲག་ཐུགས་ཀྱི་བརྣག་པ་འདིར་ཕྱུང་གི །རིགས་མཆོག་རྡོ་རྗེ་འཛིན་པས་ཟབ་ཆེས་པས་སྔར་མ་གསུངས་ཀྱང་། །འདི་སྐད་ཚིག་ཏུ་བསྡུས་ཕྱག་རྡོར་གྱིས་ཀྱང་འདི་འདྲ་མ་བསྡུས་པ་མེད། །ཀ་མ་ལ་ཤྲཱི་ཨེ་མ་སྐྱེས་མཆོག་སྐལ་བ་བཟང་། །དུས་དཀོན་པའི་སྔོན་བྱུང་བཟང་པོའི་དུས་བསྐལ་པ་རྫོགས་ལྡན་གྱི་དུས་སུ་དག་ན། །ཁྱོད་ལྟའི་ཤེས་འགའ་ཙམ་སྐྱེས་བུ་བྱུང་གྱུར་ཀྱང་། །ད་ལྟ་ལྔ་བརྒྱ་ཐ་མ་ལ། །སྐལ་ལྡན་གྱི་དུས་སུ་ཁྱོད་ལྟར་བྲིན་དུ་ཉུང་བས་ན་ཉིན་སྐར་བཞིན་དུ་དཀོན། །ངེད་ཅག་འདིར་འདུས་བུད་མེད་མཁའ་འགྲོ་མ་རྣམས། །རྣལ་འབྱོར་ཁྱོད་ཀྱི་དུས་འདི་ནས་གྲོགས་ཡིན་ཏེ། །ཁྱོད་དང་ཁྱོད་ཀྱི་རྗེས་སུ་ཞུགས་པ་རྣམས་རྟག་ཏུ་བསྲུངས་ཤིང་བསྐྱབས་པ་དང་། །བྲན་བཞིན་ངེས་པར་ཅི་བཅོལ་བའི་ལས་བྱེད་བྱ་བ་བྱེད། །མཁའ་འགྲོ་གསང་བའི་ཐུགས་རྒྱུད་འདི། །ཡུལ་གང་དུ་གནས་དང་གང་ཟག་གང་སྤེལ་བའི། །དེའི་རྗེས་སུ་ཁྱི་བཞིན་རྗེས་སུ་འབྲང་བ་དང་། །དེའི་བསྟན་པ་སྲུང་བ་རྒྱུད་དེ་ཉམས་སུ་ལེན་པའི་རྣལ་འབྱོར་པ་དང་། །དགོས་པ་མཆོག་ཐུན་མོང་ཐམས་ཅད་སྒྲུབ་པར་བྱེད། །དེ་སྐད་གསུངས་ནས་མཁའ་འགྲོ་ཡི། །གསང་བའི་སྙིང་ཚིག་ངག་ཏུ་སྨྲས། །མཁའ་འགྲོ་མ་ཐུགས་ཀྱི་སྙིང་པོ་ཧ་རི་ནི་ས། དེ་ནས་སྤྲུལ་པའི་ལྷ་མོ་ཡི། །རྣལ་འབྱོར་མཆོག་ལ་འདི་སྐད་གསུངས། །ཤེས་རབ་རང་བཞིན་བུད་མེད་མཁའ་འགྲོ་མ་རྣམས་འདི། །སངས་རྒྱས་ཀུན་གྱི་ཡུམ་ཡིན་ཏེ། །ད་ལྟ་མིའི་ཆ་ལུགས་སུ་ཡོད་པ་སྤྲུལ་པའི་མཁའ་འགྲོར་གནས། །འཇིག་རྟེན་ཀུན་ལ་དབང་བསྒྱུར་ཞིང་། །རྒྱུད་འདིའི་བཀའ་ཡི་བསྟན་པ་སྲུང་བར་བྱེད། །ཁྱོད་ཀྱི་དགོངས་པ་དེ་བཞིན་བྱེད། །དམ་ཚིག་འདིས་ནི་བཅིངས་བར་མཁའ་འགྲོ་མའི་སྲོག་སྔགས་ཀྱིས་གྱིས། །སྤྲུལ་པའི་ལྷ་མོས་དེ་གསུངས་པས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །ཀྱེ་མ་ཐུགས་དམ་དབྱིངས་ཀྱི་ལྷ། །སྤྲུལ་པའི་མཁའ་འགྲོ་མ་འདི་ན་བཞུགས་པའི་རྣམས་ཀྱི། །བཀའ་ཡི་བསྟན་པ་ཇི་ལྟར་སྲུང་། །མཁའ་འགྲོ་གསང་བའི་རྒྱུད་འདི་ཡང་། །འགྲོ་བའི་དོན་དུ་ཇི་ལྟར་སྣང་། །དཔའ་མོ་ཆེན་མོས་བཀའ་སྩོལ་ཅིག །དེ་སྐད་ཞུ་བ་འདུན་པ་ལས། །སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་གཙོ། །སྤྲུལ་པའི་བུད་མེད་འདི་རྣམས་ཀྱང་། །སངས་རྒྱས་ཀུན་གྱི་ཐུགས་ལས་སྐྱེས། །བཀའ་ཡི་བསྟན་པ་སྲུང་བ་ཡང་། །ལས་རྣམས་སོ་སོའི་བྱ་བ་བྱེད། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ནི། །མཚན་ནི་ལག་ན་རྡོ་འཕེན་ཞེས་བྱ་བ། །ཞི་བའི་ལས་ཀུན་སྒྲུབ་པ་དང་། །རྣལ་འབྱོར་སྲུང་བའི་ལས་རྣམས་བྱེད། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ནི། །མཚན་ནི་གཙུག་ན་མེ་འབར་ཞེས་བྱ་བ། །རྒྱས་པའི་ལས་རྣམས་སྒྲུབ་པ་དང་། །ཚེ་དང་བསོད་ནམས་འཕེལ་བར་བྱེད། །པདྨའི་རིགས་ཀྱི་མཁའ་འགྲོ་ནི། །མཚན་ནི་ཟླ་བའི་གཤོག་པ་ཞེས་བྱ་བ། །དབང་གི་ལས་རྣམས་སྒྲུབ་པ་དང་། །གང་གི་འདོད་པ་སྐོང་བར་བྱེད། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་ནི། །མཚན་ནི་ཁ་ནས་ཁུས་འདེབས་ཞེས་བྱ་བ། །དྲག་པོའི་ལས་རྣམས་སྒྲུབ་པ་དང་། །བར་དུ་གཅོད་པ་སྲུང་བར་བྱེད། །དེ་ཕྱིར་རྣལ་འབྱོར་སྒྲུབ་པ་པོས། །རྒྱུད་འདིའི་བཀའ་བསྲུངས་ཡིན་པས་རྟག་ཏུ་བརྟེན་ཞིང་བསྒྲུབ་པར་བྱ། །དེས་ནི་དགོས་པ་ཐམས་ཅད་སྒྲུབ། །ཅེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་མཁའ་འགྲོ་མའི་སྲོག་གསང་བའི་ལེའུ་སྟེ་ཉི་ཤུ་པའོ།། །།
ཡང་ཅིག་རྣལ་འབྱོར་དབང་ཕྱུག་ལ། །སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་སྐལ་ལྡན་རྣལ་འབྱོར་པ། །མཁའ་འགྲོ་གསང་བའི་རྒྱུད་རྒྱལ་འདི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྒྲོམ་བུ་ཁ་ཕྱེ་ནས། །རྣལ་འབྱོར་ཁྱོད་ལ་བསྟན་པ་ཡིན། །ཀུན་འབྱུང་ནོར་བུ་ལྟ་བུའི་རྒྱུད། །སྔར་ཀྱང་མ་བྱུང་ད་སྣོད་ཀྱང་འབྱུང་བར་ཤིན་ཏུ་དཀའ། །རིན་ཆེན་མཐིང་གི་ཤུན་པ་བྲི་ཐབས་ལ། །རིན་ཆེན་གསེར་གྱི་ཡི་གེར་ཐོབ། །ཐུགས་ཀྱི་གསང་མཛོད་ནང་དུ་བཞུགས། །སྐལ་དང་ལྡན་པ་བསྟན་པའི་ཡུལ་གཅིག་གསུམ་ལྔ། །དེ་ལས་མང་ན་མཁའ་འགྲོ་འཁྲུག །དར་དཀར་དག་ལ་ལེགས་བྲིས་ནས། །མགུལ་ལམ་གཙུག་ཏུ་བཅིང་པ་ན། །ས་ལམ་མ་ལུས་གཅོད་པ་དང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་འཁུར། །རྒྱུད་འདི་ལྷོ་དང་ལྷོ་ནུབ་དང་། །ནུབ་ཀྱི་ཕྱོགས་སུ་སྣང་མི་འགྱུར། །བྱང་དང་བྱང་ཤར་བོད་དང་རྒྱ་ནག་ཏུ་ཤར་ཕྱོགས་སུ། །ཉི་མ་བཞིན་དུ་ཤར་ནས་ཀྱང་། །མ་འོངས་དུས་ཀྱི་བསྟན་པ་རྣམས། །འདི་མིན་གཞན་གྱིས་ཐ་མ་རྒྱུད་འདིས་སེམས་ཅན་གྱི་དོན་བྱེད་གསལ་མི་བྱེད། །དཔལ་མ་འོང་པའི་དུས་སུ་ཞེས་བྱ་བའི་རྣལ་འབྱོར་པ། །རྒྱུད་འདི་འཛིན་པར་བྱེད་པ་དེ། །ལྔ་དང་བདུན་གྱི་དུས་དག་ཏུ། །རྩལ་དང་དབང་ཕྱུག་ཅེས་བྱ་བའི། །རྣལ་འབྱོར་པ་ཡི་རྒྱུད་འདི་འཛིན། །དགུ་དང་བཅུ་ཡི་དུས་དག་ཏུ། །འཛིན་པ་ཞེས་བྱའི་རྣལ་འབྱོར་པས། །བསླད་ནས་བཅོས་ཏེ་བསྟན་པ་ཀུན་ཏུ་དམ་ཚིག་ཉམས་པར་འགྱུར། །དེ་ཚེ་མཁའ་འགྲོའི་ཆད་པ་ཡིས། །ང་བདུན་དུས་ལ་ཚེ་འཕོས་ནས། །ན་རག་གནས་སུ་འཁྲིད་པར་བྱེད། །དེ་ནས་ང་ཡི་སྤྲུལ་པ་ནི། །བུད་མེད་འོད་མཛེས་སྔོ་སངས་མ། །བསྟན་པའི་བདག་མོར་དེ་གྱུར་ནས། །མཁའ་འགྲོའི་ཚོགས་བཅས་ཐམས་ཅད་ཀྱིས། །བསྟན་པ་འབར་ཞིང་གསལ་བར་བྱེད། །དེ་ཚེ་འགྲོ་བ་ཐམས་ཅད་ཀུན། །ཚེ་གཅིག་ཉིད་ཀྱིས་གྲོལ་བ་ཐོབ། །དེ་སྐད་གསུངས་ནས་ལྷ་མོ་ཉིད། །ཆོས་ཀྱི་དབྱིངས་སུ་གཤེགས་པར་མཛད། །སྤྲུལ་པའི་མཁའ་འགྲོ་ཐམས་ཅད་ཀྱང་། །མཁའ་ལ་གཟའ་སྐར་བཞིན་དུ་གཤེགས། །དེ་ཚེ་རྣལ་འབྱོར་དབང་ཕྱུག་གིས། །རྡོ་རྗེའི་ཚིག་ཏུ་སྟོན་པ་ལ་བསྟོད་པ་འདི་སྐད་སྨྲས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱུར་ལྷ་མོ་ཨེ་མ་ཧོ། །རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱི། །དཔལ་གྱུར་ལྷ་མོ་ཨེ་མ་ཧོ། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །དགེ་མཛད་ལྷ་མོ་ཨེ་མ་ཧོ། །ཐུགས་མཆོག་རྒྱུད་ལ་བསྟོད་པ་དཔལ་ལྡན་ཧེ་རུ་ཡབ་ཀྱེེ་རྡོ་རྗེ་ཀ །ཡབ་དང་གཉིས་གཉིས་མེད་སྤྲུལ་པ་ལྷ་མོའི་སྐུ། །ཨུ་རྒྱན་མཁའ་འགྲོ་མའི་བརྡ་སྐད་གསང་བའི་སྒྲར་གྲགས་མཁའ་འགྲོའི་རྒྱུད། །བསྟན་པའི་སྒྲོན་མེ་ཨེ་མ་ཧོ། །སྡེ་སྣོད་སྙིང་པོ་ཨེ་མ་ཧོ། །གསང་བའི་ལམ་མཆོག་ཨེ་མ་ཧོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་མ་ལུས་འབྱུང་བའི་གནས། །བླ་མའི་བསྙེན་ཐབས་ཨེ་མ་ཧོ། །ཞེས་གསུངས་ནས་གནས་དེ་ཉིད་དུ་ཚོགས་ཀྱི་འཁོར་ལོས་མཁའ་འགྲོ་མ་རབ་ཏུ་མཉེས་པར་བྱས་ནས་ཕག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ་ལ། བྷི་ཏ་ཀ །ཤིང་ཙནྡན་གྱི་བྱང་བུ་ལ་ཡི་གེར་བཏབ་ནས། དན་དྷི་ར་གྲོང་ཁྱེར་ཆེན་པོར་སྤྱན་དྲངས་ནས་སླད་ཀྱི་མཐིང་གིས་བྱུགས་པའི་ཤིང་ལོ་ལ་རིན་པོ་ཆེ་གསེར་གྱིས་བྲིས་ཏེ། མཁའ་འགྲོ་མ་ཉིད་ལ་གཉེར་དུ་གཏད་ནས་ཐུགས་ཀྱི་གསང་མཛོད་དམ་པར་བཞུགས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་རྒྱུད་གཏད་པ་དང་། རྒྱུད་དང་སྟོན་པ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། །
སླད་ཀྱི་ཡོན་ཏན་གྱི་འབྱུང་གནས་དཔལ་དིང་རིའི་བླ་འཁོར་དུ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤྲི་དང་། བོད་ཀྱི་ལོ་ཙཱ་བ་ཞ་མ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབས་ནས་བོད་ཡིག་ཏུ་བཏབ་སྟེ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་བཀའ་ཡི་རྒྱ་དང་བཅས་ཏེ་གཏད་དོ། །ཨུ་རྒྱན་གྱི་ཡི་གེ་མཁའ་འགྲོ་མའི་ཀ་དཔེ་ནི་སླར་མཁའ་འགྲོ་མ་ལ་བསྐུར་ཏེ། དཔལ་ཨུ་རྒྱན་གྱི་གནས་སུ་བསྟན་པ་རིན་པོ་ཆེའི་བཙས་སུ་བཞུགས་སོ། །ཡི་དམ་ལྷའི་གསང་མཛོད་ཆེན་པོ་བཅོམ་ལྡན་འདས་བདག་མེད་མའི་མངོན་པར་རྟོགས་པ་བཤད་པའི་རྒྱུད་རྫོགས་སོ།། །།ཨོཾ་ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ཏཱ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།
བརྡ་རྒྱུད་ཀྱི་འགྲེལ་པ་མར་མེའི་འཕྲེང་བ། མཛད་པ་པོ་རོག་གི་བན་དེ་ཤེས་རབ་འོད།
༄༅། །བརྡ་རྒྱུད་ཀྱི་འགྲེལ་པ་མར་མེའི་འཕྲེང་བ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས།
དུས་གསུམ་སངས་རྒྱས་ཀུན་དངོས་བླ་མ་མགོན། །རྩ་བ་བརྒྱུད་པར་བཅས་ལ་གུས་བཏུད་དེ། །མཁའ་འགྲོ་ཐུགས་ཀྱི་གསང་བ་བརྡ་ཡི་རྒྱུད། །ཚིག་དོན་གསལ་བར་བྱེད་པའི་ལྡེ་མིག་བརྩམ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་འདི་ལ་སྤྱི་དོན་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །ཀླད་ཀྱི་དོན་ལ་གཉིས་ཏེ། མཚན་བསྟན་པ་དང་། ཕྱག་བཙལ་བའོ། །མཚན་ལ་གསུམ་སྟེ། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་ནོ། །དགོས་པའི་དོན་ལ་གསུམ་སྟེ། སྤྱིར་མཚན་ཙམ་སྨོས་པའི་དགོས་པ་དང་། མཚན་རྒྱ་སྐད་དུ་སྨོས་པའི་དགོས་པ་དང་། མཚན་བོད་སྐད་དུ་སྨོས་པའི་དགོས་པའོ། །སྤྱིར་མཚན་ཙམ་སྨོས་པའི་དགོས་པ་ལ་གསུམ་སྟེ། དང་པོ་ཆོས་ལ་མཚན་མེད་ན་སློབ་མས་ཞུ་ངོ་མི་ཤེས། བླ་མས་བཤད་ངོ་མི་ཤེས་པས་འདིར་ཆོས་ལ་མཚན་བྱུང་བས་སློབ་མས་ཞུ་ངོ་ཤེས། བླ་མས་བཤད་ངོ་ཤེས་པ་ཡིན་ནོ། །
གཉིས་པ་གང་ཟག་དབང་པོ་ཡང་རབ་སྟེ། མཚན་ལ་བརྟེན་ནས་གཞུང་གི་དོན་སྤྱི་ཙམ་དུ་རྟོགས་པའི་དགོས་པ་ཡོད་དོ། །སྨན་པ་འཚོ་བྱེད་གཞོན་ནུས་ལག་གི་རྩ་ལ་བརྟེན་ནས་ལུས་ཀྱི་ནད་ངོས་འཛིན་པ་ལྟ་བུ་ཡིན་ནོ། །གསུམ་པ་ནི། རྒྱ་གར་གྱི་དཔེ་ལ་ཆོས་ཐམས་ཅད་ཀྱི་མཚན་གཤམ་ན་ཡོད་པ་ཡིན་པ་ལ། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་མཚན་རྒྱ་སྐད་དང་བོད་སྐད་གཉིས་སུ་བྱས་ནས་ཀླད་དུ་སྟོན་པས་དམ་པའི་ཆོས་བཟུང་བདེ་བར་གྱུར་པ་ཡིན་ནོ། །དེ་ནི་སྤྱིའི་མཚན་གྱི་དགོས་པའི་དོན་ནོ། །མཚན་རྒྱ་གར་སྐད་དུ་སྨོས་པའི་དགོས་པ་ནི། རྒྱ་གར་དམ་པའི་ཆོས་འབྱུང་པའི་གནས་ཡིན་པས་དེ་ནས་བྱོན་པའི་ཆོས་དེ་ཁུངས་བཙུན་པ་དང་། ཁུངས་བཙུན་པས་ཡིད་ཆེས་པ་དང་། ཡིད་ཆེས་པས་བྱིན་རླབས་འཇུག་པའོ། །མཚན་བོད་སྐད་དུ་སྨོས་པའི་དགོས་པ་ནི། རྒྱ་གར་གྱི་སྐད་ལ་གོ་བ་མེད་པར་བྱུང་བ་ལ། དེ་བོད་སྐད་དུ་བསྒྱུར་བས་ཚིག་ལ་བརྡ་འཕྲད་པ་དང་། ཚིག་ལ་བརྡ་འཕྲད་པས་དོན་ལ་གོ་བ་སྐྱེ་བ་དང་། དོན་ལ་གོ་བ་སྐྱེས་པས་ཉམས་སུ་བླང་བདེ་བའོ། །དེ་རྣམས་ནི་དགོས་པའི་དོན་ནོ། །
མཚན་གྱི་བསྡུས་པའི་དོན་ནི། རྒྱ་སྐད་དང་བོད་སྐད་གཉིས་སོ། །མཚན་གྱི་ཚིག་གི་དོན་ནི། རྒྱ་གར་སྐད་དུ། ཌཱ་ཀི་ནི་སརྦ་གུ་ཡ་ཙིཏྟ་མ་ཧཱ་མུ་དྲ་བྲི་ཏནྟྲ་ན་མ། བོད་སྐད་དུ། མཁའ་འགྲོ་ཐམས་ཅད་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ཅེས་བྱ་བ་ལ། མཚན་བསྒྱུར་བ་དང་། མཚན་བཤད་པའོ། །དང་པོ་མཚན་བསྒྱུར་བ་ནི། རྒྱ་གར་སྐད་དུ་ཌཱ་ཀི་ནི། བོད་སྐད་དུ་མཁའ་འགྲོ་མ། རྒྱ་གར་སྐད་དུ་སརྦ། བོད་སྐད་དུ་ཐམས་ཅད་ཀྱི། རྒྱ་གར་སྐད་དུ་ཙིཏྟ། བོད་སྐད་དུ་ཐུགས་ཀྱི། རྒྱ་གར་སྐད་དུ་གྷུ་ཡ། བོད་སྐད་དུ་གསང་བ། རྒྱ་གར་སྐད་དུ་མ་ཧཱ་མུ་དྲ། བོད་སྐད་དུ་ཕྱག་རྒྱ་ཆེན་པོ། རྒྱ་གར་སྐད་དུ་བྲི་ཏནྟྲ། བོད་སྐད་དུ་བརྡའི་རྒྱུད། རྒྱ་གར་སྐད་དུ་ན་མ། བོད་སྐད་དུ་ཞེས་བྱ་བ། དེ་རྣམས་ཀྱིས་མཚན་བསྒྱུར་བའོ། །
ཚིག་གི་དོན་ནི། རྒྱ་གར་སྐད་དུ་ཞེས་པ་རྒྱ་གར་ན་སྐད་རིགས་མི་འདྲ་བ་བཞི་ཡོད་དེ་སཾ་སྐྲྀ་ཏའི་སྐད་དང་། པྲ་ཀྲྀ་ཏའི་སྐད་དང་། ཨ་བ་བྷྲཾ་ཤའི་སྐད་དང་། པི་ཤཱ་ཙིའི་སྐད་དང་བཞི་ཡོད་པ་ལས། འདི་ནི་ལེགས་པར་སྦྱར་བ་སཾ་སྐྲྀ་ཏ་ལྷའི་སྐད་ལས་བསྒྱུར་བ་ཡིན་ནོ། །བོད་སྐད་དུ་ཞེས་པ། བོད་ནའང་སྐད་རིགས་མང་པོ་མེད་དེ། ཨ་བ་བྷྲཾ་ཤ་འདྲེའི་སྐད་དུ་སྨྲ་བ་ཡིན་ནོ། །རྒྱ་གར་གྱི་སྐད་ལ་ཚིག་དོན་བཤད་དུ་མེད་དེ། དེ་ཉིད་བོད་སྐད་དུ་བསྒྱུར་བ་ཡིན་པས་མཁའ་འགྲོ་མ་ཞེས་པ་ནི། རྟོགས་པ་ཆོས་ཉིད་ཀྱི་མཁའ་ལ་རིག་པའི་ཡེ་ཤེས་འགྲོ་བས་ན་མཁའ་འགྲོ་མའོ། །
ཐམས་ཅད་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཐམས་ཅད་ཀྱི་བཅུད་བསྡུས་པའོ། །ཙིཏྟ་ནི་ཐུགས་སོ། །གྷུ་ཡ་ནི་གསང་བ་སྟེ། ཐུགས་ཀྱི་བརྣག་བྱ་སྣོད་མིན་ལ་བསྟན་པར་ཕངས་པའོ། །ཕྱག་རྒྱ་ཆེན་པོ་ནི་མ་རྟོགས་འཁྲུལ་པའི་བློ་ཡུལ་ལ་དངོས་པོར་འཛིན་པ་ལ། ཆོས་ཉིད་སྐྱེ་བ་མེད་པའི་རྒྱས་བཏབ་པས་ན་ཕྱག་རྒྱ་དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །བརྡ་ནི་ཚིག་བྱུང་རྒྱལ་དུ་མ་སྨྲས། བརྡ་དང་གབ་སྐད་དུ་བཅུག་ནས་གསུངས་པའོ། །ན་མ་ཞེས་བྱ་བ་སྟེ་གྲགས་པ་ལ་འཇུག་པའོ། །དེ་ལྟར་དགོས་དོན་བསྡུས་དོན་ཚིག་དོན་གསུམ་གྱིས་མཚན་གྱི་དོན་བཤད་ཟིན་ཏོ། །
གཉིས་པ་ཕྱག་འཚལ་བ་ལ་ཡང་གསུམ་སྟེ། དགོས་པའི་དོན་དང་བསྡུས་པའི་དོན་དང་ཚིག་གི་དོན་ནོ། །དགོས་པའི་དོན་ལ་གསུམ་སྟེ། ཚོགས་གཉིས་རྫོགས་པ་དང་། བར་ཆད་ཞི་བ་དང་། བྱ་བ་མཐར་ཕྱིན་པའོ། །དང་པོ་ཚོགས་གཉིས་རྫོགས་པ་ནི། ཕྱག་འཚལ་བ་ཙམ་དུ་མ་འགགས་པས་བསོད་ནམས་ཀྱི་ཚོགས་རྫོགས་པའོ། །བཙལ་བས་རང་བཞིན་མེད་པར་ཤེས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །བར་ཆད་ཞི་བ་ནི་དེ་ལྟར་ཚོགས་གཉིས་རྫོགས་པས་ཚོགས་མ་ཡིན་པ་ལས་ལོག་ནས་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བའོ། །བྱ་བ་མཐར་ཕྱིན་པ་ནི། དེ་ལྟར་བར་ཆད་ཞི་བས་རྒྱུད་ཡི་གེ་རིས་སུ་འགོད་པའི་བྱ་བ་མཐར་ཕྱིན་པའོ། །དེ་རྣམས་ནི་དགོས་པའི་དོན་ནོ། །
གཉིས་པ་བསྡུས་པའི་དོན་ལ་བཞི་སྟེ། གང་གིས་ཕྱག་བཙལ་བ་དང་། གང་ལ་ཕྱག་འཚལ་བ་དང་། དུས་ནམ་ཕྱག་བཙལ་བ་དང་། ཚུལ་ལུགས་ཇི་ལྟར་ཕྱག་བཙལ་བའོ། །དང་པོ་གང་གིས་ཕྱག་བཙལ་བ་ནི། རྒྱུད་འདི་ཞུ་བའི་མཁན་པོ་པཎྜི་ཏ་ཀ་མ་ལས་ཕྱག་བཙལ་བའོ། །ཡུལ་གང་ལ་ཕྱག་བཙལ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལ་ཕྱག་བཙལ་བའོ། །དུས་ནམ་བཙལ་ན། རྒྱུད་འདི་ཚིག་ཏུ་བསྡུས་ནས་ཡི་གེར་བཀོད་པའི་ཚེ་ན་ཕྱག་བཙལ་བའོ། །ཚུལ་ལུགས་ཇི་ལྟར་དུ་བཙལ་ན། བླ་མ་རྣམས་ཀྱི་ཐུགས་དང་། རྗེ་དམ་པའི་ཐུགས་དགོངས་མཇལ་ནས་རྟོག་པ་མཇལ་བའི་ཕྱག་བཙལ་བའོ། །ཀུན་རྫོབ་ཏུ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་བཙལ་བའོ། །
ཚིག་གི་དོན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བླ་མ་ཆེན་པོ་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ་ཞེས་པ་སྟེ། བཅོམ་པ་ནི་བདུད་བཞི་བཅོམ་པའོ། །ལྡན་པ་ནི་ཡོན་ཏན་དྲུག་དང་ལྡན་པའོ། །འདས་པ་ནི་མཐའ་གཉིས་ལས་འདས་པའོ། །དེ་ལ་བདུད་བཞི་བཅོམ་པ་ནི། ཕུང་པོ་ལྔ་རིགས་ལྔར་རྟོགས་པས་ཕུང་པོའི་བདུད་བཅོམ། ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་སྦྱོར་བས་ཉོན་མོངས་པའི་བདུད་བཅོམ། དྲེགས་པ་ལྷའི་བུས་བར་དུ་མི་གཅོད་པས་ལྷའི་བུའི་བདུད་བཅོམ། སེམས་ཉིད་སྐྱེ་འཆི་མེད་པའི་དོན་རྟོགས་པས་འཆི་བདག་གི་བདུད་བཅོམ། ཡེ་ཤེས་དྲུག་ནི་པན་ཙ་ཀྲ་མ་ལས། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པའོ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །ཅེས་སོ། །
མཐའ་གཉིས་ལས་འདས་པ་ནི། ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས་པ་དང་། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་ན། མཐའ་གཉིས་ལས་འདས་པའོ། །ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་རྟོགས་ནས་ཡང་དག་པའི་མཐའ་ལ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །འཁྲུལ་པའི་དགྲ་མ་ལུས་པར་བཅོམ་པས་ན་དགྲ་བཅོམ་པའོ། །ཚོགས་གཉིས་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རྫོགས་ནས་སངས་རྒྱས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རྩ་བ་བརྒྱུད་པར་བཅས་པ་ཐམས་ཅད་ཀྱི་ངོ་བོའམ་བདག་ཉིད་དུ་གྱུར་པ་སྣང་པ་སྐུ་གྲག་པ་གསུང་དྲན་རྟོག་ཐུགས་བླ་མར་ཤེས། དེ་གསུམ་དབྱེར་མེད་པས་ན་རྡོ་རྗེ་དེའི་གོང་ན་གཞན་མེད་པས་ན་བླ། སེམས་ཅན་ཐམས་ཅད་སྐྱོབ་པར་བྱེད་པས་ན་མ། དེ་ཀུན་གྱི་བཀུར་གནས་དམ་པ་ཡིན་པས་ན་ཆེན་པོ་ལ་ལུས་ངག་ཡིད་གསུམ་གུས་པས་འདུད་ཅིང་ཕྱག་བཙལ་བའོ། །དེ་ལྟར་གསུམ་གྱིས་ཕྱག་བཙལ་བ་བཤད་ཟིན་ཏོ། །
གཞུང་གི་དོན་ལ་བཞི་སྟེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང་རྐྱེན་གླེང་བསླང་པ་དང་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་དང་རྒྱུད་གདམས་ཤིང་གཏད་པའོ། །གླེང་གཞི་ལ་ཕུན་སུམ་ཚོགས་པ་ལྔ་སྟེ། དུས་དང་སྡུད་པ་པོ་ཐུན་མོང་དུ་བསྟན་པ་དང་། གནས་དང་སྟོན་པ་དང་འཁོར་དང་། ཕུན་སུམ་ཚོགས་པའི་དཔེ་དང་བསྟན་པ་ཕུན་སུམ་ཚོགས་པའོ། །དང་པོ་དུས་དང་སྡུད་པ་ཐུན་མོང་དུ་བསྟན་པ་ནི། འདི་སྐད་དུ་རྣམ་པར་བཤད་པ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་སྟེ། དེ་ལ་འདི་སྐད་ཅེས་པ་ནི། འོག་ནས་འབྱུང་པའི་རྒྱུད་ཚིག་མ་འཕྲི་མ་སྣོན་པའོ། །ཡུམ་བདག་མེད་མས་རྣམ་པར་བཤད་པ་བདག་ཀ་མ་ལ་ཤི་ལས་དངོས་སུ་ཐོས་ཏེ། གཞན་ནས་གཞན་དུ་བརྒྱུད་པ་ནི་མ་ཡིན་ནོ། །དེ་ཡང་དུས་གཅིག་ན་ཐོས་ཀྱི་ཡང་ནས་ཡང་དུ་ཐོས་པ་ནི་མ་ཡིན་ནོ་ཞེས་པའི་སྒྲས། བཀའ་འབྱུང་པ་དཀོན་པར་བསྟན་པ་དང་། སྡུད་པ་པོ་བློ་རྣོ་བར་བསྟན་པའོ། །
དེ་ནས་གནས་ཕུན་སུམ་ཚོགས་པ་ནི། རང་བཞིན་གྱི་རྣམ་པར་དག་པའི་གནས་ཀློང་ཡངས་ཆེན་པོ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་། ཀུན་གྱི་བཞུགས་གནས་དམ་པར་གྱུར་པ་དཔལ་ཞེས་བྱ་བའི་ཕོ་བྲང་ན་རྣམ་པར་དག་ཅིང་འོད་གསལ་བས་གདུང་བ་སེལ་བའི་གདན་ལ་ཞེས་པ་ནི་རང་བཞིན་གྱིས་རྣམ་པར་དག་པའི་གནས་ནི། སོ་སོ་སྐྱེ་བོས་བགྲོད་པར་དཀའ་བ་བར་ཆད་ཉུང་བ། འོག་མིན་གྱི་གནས་ལྟར་དུ་གསལ་བའི་སྣང་བ་འབྱུང་བའོ། །ལྷ་དང་མཁའ་འགྲོ་ཐམས་ཅད་ཀྱིས་ཚོགས་པར་གྱུར་པས་ན་ཀློང་ཡངས་མི་རོ་གསར་རྙིང་མང་པོ་བསྡུད་པས་ན་དུར་ཁྲོད་ཆེན་པོ་བཅོམ་ལྡན་འདས་བདག་མེད་མའི་བཞུགས་གནས་བྱས་པས་ན་གཞལ་ཡས་ཁང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བྱོན་པ་ཡིན་པས་ཀུན་གྱི་བཞུགས་གནས་དམ་པར་གྱུར་པ་དུར་ཁྲོད་ཆེན་པོ་དཔལ་གྱི་རྒྱུ་སྐར་ཞེས་བྱ་བའི་ཕོ་བྲང་ན། རྣམ་པར་དག་པ་པདྨའི་སྡོང་པོ་དང་། རང་བཞིན་གྱི་འོད་གསལ་བ་ཉི་མ་དང་། གདུང་བ་སེལ་བ་ཟླ་བའི་གདན་བཏིང་བ་ལ། བཅོམ་ལྡན་འདས་མ་དངོས་སུ་བྱོན་ནས་བཞུགས་པར་ཞལ་གཟིགས་སོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་འདི་ལྟར་བཅོམ་ལྡན་འདས་མ་སྐུ་སྣང་ལ་མ་གྲུབ་པ་ནི། ནམ་མཁའི་གཟུགས་བརྙན་ལྟར་ཅིར་ཡང་མ་གྲུབ་རྣམ་པར་གསལ་བ་ཆེན་མོ། གང་དུ་ཡང་མ་གྲུབ་སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན་མ། རབ་ཏུ་བརྗིད་ཅིང་འགྱིང་པའི་ཆ་ལུགས་གར་གྱིས་རྣམ་པར་རོལ་མ། བདེ་བའི་དབང་ཕྱུག་འཛུམ་པའི་མདངས་ཀྱིས་རྣམ་པར་གནས་ནས་ཞེས་པ་ནི། འོག་ནས་སྟོན་པ་འདི་ལྟར་བཅོམ་ལྡན་འདས་མ་འཁོར་བའི་དཔུང་ཐམས་ཅད་ནི་བཅོམ། མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་དང་ལྡན། སྐུ་སྣང་ལ་མ་གྲུབ་པ་ནི། སྐུའི་དངོས་པོ་ནི་ཤིན་ཏུ་གསལ་བར་སྣང་ཡང་། དངོས་པོ་གདོས་པ་ཅན་དུ་མ་གྲུབ་པའོ། །ནམ་མཁའི་གཟུགས་བརྙན་ལྟར་ནི་དཔེ་ཡིན་ཏེ། ནམ་མཁའི་གཟུགས་བརྙན་ཉི་ཟླ་གཟའ་སྐར་རྣམས། རྒྱ་མཚོ་དྭངས་པར་གསལ་ཡང་། ཆུའི་ནང་ན་གཟའ་སྐར་གྲུབ་པ་མེད་པ་བཞིན་དུ། ལྷ་མོའི་སྐུ་ཡང་སྣང་ལ་རང་བཞིན་མེད་པའོ། །དངོས་པོ་གདོས་པ་ཅན་ཅིར་ཡང་མ་གྲུབ་བཞིན་དུ། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་རྣམ་པར་གསལ་བ་ཆེན་མོ། གང་དུ་ཡང་མ་གྲུབ་པར་སྣ་ཚོགས་རྒྱན་གྱིས་རྣམ་པར་རྒྱན་མ་ཞེས་པ། རུས་པའི་རྒྱན་ལྔ་ལ་སོགས་པས་རྣམ་པར་རྒྱན་མ། རབ་ཏུ་བརྗིད་ཅིང་འགྱིང་པ་ནི་སྐུ་བལྟ་བས་མི་ངོམ་པའོ། །ཆ་ལུགས་གར་གྱིས་རྣམ་པར་རོལ་མ་ནི་གར་དགུ་དང་ལྡན་པ་སྟེ། སྒེག་པ་དང་དཔའ་བ་དང་འཇིགས་སུ་རུང་པ་དང་། རྒོད་པ་དང་གཤེ་བ་དང་བརྗིད་པར་སྟོན་པ་དང་། སྙིང་རྗེ་ཆེ་བ་དང་། རྔམས་པ་དང་། ཐུགས་ཞི་བ་དང་དགུ་དང་ལྡན་པའོ། །བདེ་བའི་ཉམས་བསྐྱེད་པའི་ཡུམ་ཡིན་པས་རྣམ་པར་རོལ་མ། བདེ་བའི་དབང་ཕྱུག་ཞལ་འཛུམ་པའི་མདངས་ཀྱིས་དགྱེས་བཞིན་དུ་གནས་ནས་ཐུགས་རྗེའི་སྤྱན་གྱིས་ཕྱོགས་བཅུ་ཀུན་ཏུ་གཟིགས་པར་མཛད་པ་ནི། ཕྲིན་ལས་གར་ཐབས་གློག་ལྟར་འགྱེད་པར་མཛད་པ་དེ། མ་འོངས་པའི་རྣལ་འབྱོར་པ་རྣམས་ལ་ཐུགས་རྗེ་བརྩེ་བར་དགོངས་པའོ། །ཕྲིན་ལས་གར་ཐབས་གློག་ལྟར་འགྱེད་པར་མཛད་པ་ནི། དཔེར་ན་གར་ནི་གར་མཁན་གྱི་ལུས་ལས་མ་གཡོས་བཞིན་དུ། ཞི་བ་དང་ཁྲོ་བོའི་གར་སྣ་ཚོགས་བྱེད་པ་བཞིན་དུ་སངས་རྒྱས་ཀྱི་ཕྲིན་ལས་ཀྱང་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ནས་ཐབས་སྣ་ཚོགས་ཀྱིས་དོན་བྱེད་པའོ། །
འཁོར་ཕུན་སུམ་ཚོགས་པ་ནི། དེའི་ཚེ་དབྱིངས་ཀྱི་གཙོ་མོ་གཡུལ་ལས་རྣམ་པར་རྒྱལ་མའི་ཚོགས་ནི་འདི་ལྟ་སྟེ། གཏུམ་མོ་དང་། རབ་ཏུ་གཏུམ་མོ་དང་། གློག་འཛིན་མ་དང་། སེང་གདོང་དང་། སྟག་གི་གདོང་དང་། གློག་གི་ཞགས་པ་ཅན་དང་། རྡོ་རྗེའི་རིགས་དང་རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ལ་སོགས་པ་ཡེ་ཤེས་དང་ལས་ལ་གྲུབ་པའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་ནི་འདི་ལྟ་སྟེ། ཞེས་པ་སྟེ། དེའི་ཚེ་དབྱིངས་ཀྱི་གཙོ་མོ་གཡུལ་ལས་རྣམ་པར་རྒྱལ་མ་ནི་འཁོར་བའི་གཡུལ་ལས་རྒྱལ་བའོ། །སྤྱིར་མཁའ་འགྲོ་དཔག་ཏུ་མེད་པ་ཡོད་པ་ལས་འདིར་མདོ་ཙམ་སྨོས་པའོ། །རྡོ་རྗེའི་རིགས་དང་ཞེས་པ་ནི་མཁའ་འགྲོ་མ་ལག་ན་རྡོ་རྗེ་འཕེན་ནོ། །རིན་པོ་ཆེའི་རིགས་དང་ཞེས་པ་ནི། མཁའ་འགྲོ་མ་གཙུག་ན་མེ་འཁྱེར་རོ། །པདྨའི་རིགས་དང་ཞེས་པ་ནི་ཟླ་བའི་གཤོག་ཅན་ནོ། །ལས་ཀྱི་རིགས་ལ་སོགས་ཞེས་པ་ནི། ཁ་ན་ཁུས་འདེབས་པ་ལ་སོགས་པའོ། །ཕུན་སུམ་ཚོགས་པའི་དཔེ་ནི། ཉ་རྒྱས་ཀྱི་ཟླ་བ་ལ་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟར་རབ་ཏུ་མཛེས་ཤིང་རྣམ་པར་རོལ་མ་ལས་འདི་སྐད་ཅེས་རྣམ་པར་གྲགས་སོ་ཞེས་པ་ནི། དཔེར་ན་ཟླ་བ་ཉ་གང་པ་ལ་སྐར་མའི་ཚོགས་ཀྱིས་བསྐོར་བ་དེ་ཤིན་ཏུ་མཛེས་པ་བཞིན་དུ། གཙོ་མོ་བདག་མེད་མ་ལ་འཁོར་མཁའ་འགྲོ་མས་བསྐོར་བ་སྣང་བ་ནི་ཤིན་ཏུ་མཛེས་པར་སྣང་བའོ། །དེའི་ཚེ་གཙོ་མོའི་གསུང་ལས་ཐུགས་རྗེ་འཁོར་རྣམས་ལ་རྣམ་པར་རོལ་ཞིང་། འོག་ནས་འབྱུང་བའི་རྒྱུད་ཀྱི་ཚིག་འདི་སྐད་དུ་རྣམ་པར་གྲགས་པའོ། །
བསྟན་པ་ཕུན་སུམ་ཚོགས་པ་ནི། ཨ་ཨཱ་ཨཿཞེས་པ་ནི། ཨ་ཐུང་ནི། ཆོས་ཐམས་ཅད་དང་པོར་མ་སྐྱེས་པ། ཨ་རིང་ནི་ཐ་མ་ཡང་མི་སྐྱེ་བ། ཨ་ཚེག་དྲག་ཅན་ནི། ད་ལྟ་ཡང་སྐྱེ་བ་མེད་པའོ་ཞེས་བྱ་བའི་དོན་ཡིན་ཏེ། ཆོས་ཐམས་ཅད་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་ཆོས་ཉིད་སྐྱེ་བ་མེད་པའི་ངོ་བོར་གནས་པ་ཡིན་ལ། སེམས་ཅན་རྣམས་རང་རང་གི་བློ་འཁྲུལ་ནས་འཁོར་བར་འཁྱམས། དེ་ལ་རྒྱུད་འདིའི་དོན་ཉམས་སུ་བླངས་པས་ཆོས་ཉིད་སྐྱེ་བ་མེད་པའི་དོན་རྟོགས་ནས་འཁོར་བ་ལས་གྲོལ་བར་བྱེད་པ་ཡིན་ནོ། །དེ་ལྟར་སྐྱེ་བ་མེད་པའི་སྒྲ་བསྒྲགས་ནས་ཅི་ཡང་མི་རྩོམ་པར་དགོངས་པ་ལ་བཞུགས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་ཞེས་པ་ནི། མཚན་གྱི་གཞིའོ། །འབྲས་བུ་ནི་གོང་དུ་བཤད་དོ། །མཚན་གྱི་བྱེ་བྲག་ནི་གླེང་གཞིའི་ལེའུ་སྟེ་དང་པོའོ་ཞེས་པ་ནི། རྒྱུད་གླེང་བའི་གཞི་ནི་ཕུན་སུམ་ཚོགས་པ་དྲུག་ཡིན་པས་ན་གླེང་གཞིའོ། །ལེའུ་ནི་ཚོམས་སུ་གཅོད་པ་སྟེ། གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ། ཡས་དྲངས་༼བགྲངས༽་པའི་དང་པོའོ། །
ལེའུ་གཉིས་པ་གླེང་བསླང་པའི་ལེའུ་ལ་གཉིས་ཏེ། འཁོར་གྱིས་གླེང་བསླང་པ་དང་སྟོན་པས་གླེང་བསླང་པའོ། །འཁོར་གྱིས་གླེང་བསླང་པ་ལ་གཉིས་ཏེ། ཞུས་པའི་སྦྱོར་བ་དང་ཞུ་བ་དངོས་སོ། །དང་པོ་ལ་གཉིས་ཏེ། ཞལ་མཐོང་བ་དང་གུས་པ་བསྐྱེད་པའོ། །ཞལ་མཐོང་བ་ནི། དེའི་ཚེ་དེའི་དུས་ན་ལས་དང་བརྗོད་པ་དམ་པར་འབྲེལ་བའི་སྐྱེས་བུ་དམ་པ་ནི། ཀ་མ་ལ་ཤི་ལ་ཞེས་བྱ་བས་དག་པའི་སྣང་བ་མངོན་དུ་བྱས་ནས། ཇི་ལྟ་ཇི་ལྟར་རྒྱལ་པོའི་གཟུགས་བརྙན་བཞིན་སྤྲུལ་པའི་ལྷ་མོ་འཁོར་དང་བཅས་པ་དངོས་སུ་ཞལ་མཐོང་བ་ལས་ཞེས་པས་དེའི་ཚེ་དེའི་དུས་ན་ཞེས་པ་ནི། སྟོན་འཁོར་ལྷན་ཅིག་ཏུ་འཚོགས་ཏེ། སྤྲུལ་པའི་ལྷ་མོའི་ཞལ་མཐོང་བའི་དུས་སོ། །ལས་དང་བརྗོད་པ་དམ་པར་འབྲེལ་བའི་སྐྱེས་བུ་ནི། ལས་ནི་སྐྱེ་བ་གསུམ་དུ་བཅོམ་ལྡན་འདས་བདག་མེད་མས་ཐུགས་རྗེས་བཟུང་བའོ། །བརྗོད་པ་དམ་པར་འབྲེལ་ཞིང་། ལས་བཟང་དུ་བསགས་ཤིང་སྨོན་ལམ་དྲག་པོ་བཏབ་པའོ། །ཀ་མ་ལ་ཤི་ལ་ཞེས་བྱ་བ་ནི་སྡེ་པ་ལས་གྲས་པའི་མཚན་ནོ། །སྒྲིབ་པ་མངོན་དུ་བྱང་བའི་མཐོང་སྣང་མངོན་དུ་བྱས་པའོ། །སྤྲུལ་པའི་ལྷ་མོའི་ཞལ་དངོས་སུ་མཐོང་བའོ། །
ཇི་ལྟ་ཇི་ལྟར་རྒྱ་མཚོའི་གཟུགས་བརྙན་བཞིན་ནོ་ཞེས་པ་ནི། སྣང་ལ་རང་བཞིན་མེད་པའི་དཔེའོ། །སྤྲུལ་པའི་ལྷ་མོ་དངོས་སུ་མཐོང་བ་ནི་མི་དང་མི་འཕྲད་པ་བཞིན་ནོ། །གུས་པ་བསྐྱེད་པ་ནི། ཤིན་ཏུ་དགའ་ཞིང་འདུན་པ་དྲག་པོས་ཡིད་རབ་ཏུ་གཡོས་ནས་ལུས་ངག་ཡིད་གསུམ་གུས་པའི་མཆོད་པ་ཆེན་པོ་བྱས་ནས་བསྟོད་ཅིང་གསོལ་བ་བཏབ་པ་ནི། ཞེས་པ་ལྷ་མོའི་ཞལ་མཐོང་བ་དང་། ལྷ་མོའི་ཞལ་མཐོང་བ་ལ་ཤིན་ཏུ་དགའ་ཞིང་། ལྷ་མོའི་ཡོན་ཏན་མཐོང་བ་ལ་མོས་གུས་ཀྱི་སྒོ་ནས་འདུན་པ་དྲག་པོས་ཡིད་རབ་ཏུ་གཡོས་ནས་ལུས་ཀྱིས་ཕྱག་བཙལ། ངག་གིས་བསྟོད་པ་བརྗོད། ཡིད་ཀྱིས་དངོས་དང་ཏིང་ངེ་འཛིན་གྱི་མཆོད་པ་ཆེན་པོ་བྱས་ནས་ལྷ་མོའི་ཡོན་ཏན་ལ་བསྟོད་ཅིང་རྒྱུད་ཞུ་བའི་གསོལ་བ་གདབ་པ་ནི་ཞེས་བྱའོ། །རྒྱུད་ཞུས་པ་དངོས་ལ་གཉིས་ཏེ། བསྟོད་པ་དང་ཞུས་པ་དངོས་སོ། །བསྟོད་པ་ལ་གསུམ་སྟེ། སྐུ་ལ་བསྟོད་པ་དང་། གསུང་ལ་བསྟོད་པ་དང་། ཐུགས་དང་ཡོན་ཏན་ཕྲིན་ལས་ཐུན་མོང་དུ་བསྟོད་པའོ། །
སྐུ་ལ་བསྟོད་པ་ནི། ཀྱེ་ཧོ། རྣམ་དག་དྲི་མེད་དབྱིངས་ལས་སྐུར་སྤྲུལ་ཅིང་། །སྒྱུ་མའི་སྐུ་མཆོག་མཛེས་པའི་ཆ་ལུགས་འཆང་། །རབ་བརྗིད་གར་གྱིས་རྣམ་པར་རྒྱན་པ་མོ། །འགྲོ་བའི་ཡིད་འཕྲོག་རྣམ་དག་སྐུ་ལ་འདུད། །ཅེས་པའི་ཀྱེ་ཧོ་ནི་དགྱེས་ཤིང་ངོམ་པའི་ཚིག་གོ །རྣམ་དག་དྲི་མེད་ནི་ཆོས་སྐུ་སྟོང་པ་ཉིད་དོ། །དྲི་མེད་དབྱིངས་ལས་སྐུར་སྤྲུལ་པ་ནི་ལྷ་མོའི་སྐུར་ཤར་བའོ། །སྒྱུ་མའི་སྐུ་མཆོག་ནི་སྣང་ལ་རང་བཞིན་མེད་པའོ། །མཛེས་པའི་ཆ་ལུགས་འཆང་བ་ནི་རྒྱན་དུ་མས་བརྒྱན་པས་འགྲོ་བ་བདུན་གྱི་ཡིད་དུ་འོང་བའོ། །རབ་ཏུ་མཛེས་པ་ནི་གཟུགས་བཟང་བའོ། །གར་གྱིས་རྣམ་པར་བརྒྱན་པ་ནི་གར་དགུའི་ཉམས་དང་ལྡན་པའོ། །འགྲོ་བའི་ཡིད་འཕྲོག་པ་ནི་གཟུགས་རབ་ཏུ་མཛེས་པའོ། །རྣམ་དག་སྐུ་ནི་སྒྲིབ་པ་ཐམས་ཅད་བྲལ་བ་སྟེ། དེ་ལྟ་བུའི་སྐུ་ལ་འདུད་ཅིང་ཕྱག་བཙལ་བའོ། །
གསུང་ལ་བསྟོད་པ་ནི། བརྗོད་མེད་ངང་ལས་སྤྲུལ་པའི་གསུང་མཆོག་ནི། །གྲག་སྟོང་ངོ་བོ་གཉིས་མེད་བྲག་ཆའི་སྒྲ། །འགྲོ་ཀུན་ཐར་ལམ་བདེ་ལ་འགོད་མཛད་པའི། །རྣམ་དག་དྲི་བྲལ་གསུང་ལ་གུས་པས་འདུད། །ཅེས་པ་ནི། བརྗོད་མེད་ཀྱི་དོན་ནི། དོན་དམ་པར་ཡང་དག་པའི་དོན་ལ་ཚིག་ཏུ་མཚོན་དུ་མེད་ལ། ཀུན་རྫོབ་ཏུ་ཚངས་པའི་གསུང་ལྟ་བུས་གདུལ་བྱའི་བློ་དང་འཚམ་པར་ཆོས་སྟོན་པའོ། །གྲག་སྟོང་ངོ་བོ་གཉིས་མེད་བྲག་ཆའི་སྒྲ་ཞེས་པ་ནི། སྒྲ་དེ་ཡང་རང་རྒྱུད་པ་མ་ཡིན་ཏེ། གྲག་སྟོང་དབྱེར་མེད་བྲག་ཆའི་སྒྲ་ལྟ་བུས་གསུངས་པའོ། །ཆོས་བསྟན་པ་དེས་ཀྱང་མཐར་ཐུག་ཐར་པའི་ལམ་དང་། གནས་སྐབས་ལྷ་མིའི་བདེ་བ་ལ་འགོད་པར་མཛད་པའོ། །རྣམ་དག་དྲི་བྲལ་གསུང་ལ་གུས་པས་འདུད་ཅེས་པ་ནི། ཡང་དག་པའི་བརྗོད་བྱ་ཡིན་པས་རྣམ་པར་དག་པ། ཕྱི་རོལ་མུ་སྟེགས་ཀྱི་ལོག་རྟོག་དང་། ཐེག་པ་དམན་པའི་དྲི་མས་མ་གོས་པའི་གསུང་ལ་གུས་པས་འདུད་ཅིང་ཕྱག་འཚལ་ལོ། །ཐུགས་དང་ཡོན་ཏན་ཕྲིན་ལས་གསུམ་ལ་ཐུན་མོང་དུ་བསྟོད་པ་ནི། མི་རྟོག་དབྱིངས་ནས་ཐུགས་རྗེའི་འོད་ཟེར་འཕྲོ། །མཐར་ཕྱིན་ཐབས་ཀྱི་མཛད་པས་གདུལ་བྱ་སྒྲོལ། །དཔག་མེད་ཡོན་ཏན་དུ་མའི་མཆོག་མངའ་བ། །ཐུགས་མཆོག་ཡོན་ཏན་ཕྲིན་ལས་བཅས་ལ་འདུད། །ཅེས་པ་ནི། མི་རྟོག་དབྱིངས་ནས་ཐུགས་རྗེའི་འོད་ཟེར་འཕྲོ་བ་ནི། རང་དོན་རྟོག་མེད་ཀྱི་ངང་ལས་གཞན་སྣང་ལ་ཐུགས་རྗེའི་འོད་ཟེར་གྱི་འགྲོ་བའི་དོན་བྱེད་པའོ། །
མཐར་ཕྱིན་ཐབས་ཀྱི་མཛད་པས་འགྲོ་བ་འདུལ་བ་ནི། རང་དོན་གྱི་བྱ་བ་མཐར་ཕྱིན་ནས། གཞན་དོན་དུ་ཐབས་ཀྱི་མཛད་པ་སྣ་ཚོགས་ཀྱི་སྒོ་ནས་དོན་བྱེད་པའོ། །དཔག་མེད་ཡོན་ཏན་དུ་མའི་མཆོག་མངའ་བ་ནི། ལྷ་མོ་དེའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དུ་མ་དང་ལྡན་པའོ། །ཐུགས་མཆོག་ནི་རྣམ་གྲོལ་གྱི་ཐུགས་མཆོག་རང་དོན་གྲུབ་པའི་ཡོན་ཏན། གཞན་དོན་མཛད་པའི་ཕྲིན་ལས་དང་བཅས་པ་ལ་འདུད་ཅིང་ཕྱག་བཙལ་བའོ། །ཞུས་པ་དངོས་ནི། བདག་སོགས་འགྲོ་དྲུག་མུན་པར་འཐོམས་པ་ལ། །ཐུགས་རྗེའི་འོད་ཟེར་རབ་ཏུ་བཀྱེ་བར་གསོལ། །འབྲས་བུ་སྨིན་པའི་ལྗོན་ཤིང་བསྐྱེད་དུ་གསོལ། །གསེར་འགྱུར་རྩི་ཡི་ཐིགས་པ་གསལ་༼སྩལ་༽དུ་གསོལ། །ཐ་རམ་འབྱེད་པའི་ལྡེ་མིག་སྦྱིན་དུ་གསོལ། །མུན་པ་སེལ་བའི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་པོ་བསྐུལ་བའི་ཕྲིན་ལས་བསྟན་དུ་གསོལ། །ཐར་ལམ་འཛེག་པའི་གྲུ་སྐས་གཟུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པ་ནི་ཞེས་པ་ནི། བདག་ལ་སོགས་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གཏི་མུག་གིས་རིགས་དྲུག་གི་གནས་སུ་མུན་པར་འཐོམས་པ་ལ། ལྷ་མོའི་ཐུགས་རྗེའི་འོད་ཟེར་བཀྱེ་ནས་མ་རིག་པའི་མུན་པ་བསལ། རིགས་དྲུག་གི་གནས་ནས་འདྲེན་པར་ཞུས་པའོ། །
འབྲས་བུ་སྨིན་པའི་ལྗོན་ཤིང་བསྐྱེད་པ་ནི། ལྗོན་ཤིང་ཆུ་ལུད་ཀྱིས་སྨིན་པར་བསྐྱེད་པ་དང་འདྲ་བར་ཉན་ཐོས་ཀྱི་འདུལ་ཁྲིམས་བྱང་ཆུབ་སེམས་དཔའི་སྡོམ་པ། གསང་སྔགས་ཀྱི་དབང་དང་གསུམ་གྱིས་བདག་གི་རྒྱུད་སྨིན་པར་གྱིས་ཤིག་པར་ཞུས་པའོ། །གསེར་འགྱུར་རྩིའི་ཐིགས་པ་ནི། གསེར་འགྱུར་གྱི་རྩི་ཐིགས་པ་གཅིག་གིས། ལྕགས་སྲང་སྟོང་གསེར་དུ་བསྒྱུར་བ་བཞིན་དུ་བྱིན་གྱིས་བརླབས་པའི་བདུད་རྩིའི་ཐིགས་པ་རེ་རེ་གནས་བཞི་རུ་བཞག་པས་དབང་བཞི་བསྐུར་བས་ལུས་ངག་ཡིད་གསུམ་ཐ་མལ་གྱི་རྟོག་པ་དག་ནས་དབང་བཞི་ཐོབ་པར་མཛད་དུ་གསོལ་བར་ཞུས་པའོ། །ཐ་རམ་ནི་སྒོ་ལྕགས་ཡིན་ལ། ལྡེ་མིག་ནི་འབྱེད་པ་སྟེ། དཔེ་དེ་དང་འདྲ་བར་ཐ་རམ་ནི་སྡེ་སྣོད་ཀྱི་ཆོས་ཡིན་པས་དེ་འབྱེད་པའི་ལྡེ་མིག་ནི་ཡི་གེ་ལྔ་བཅུ་ཡིན་པས་དེའི་ལུང་ནོད་དང་ལམ་འཁྱེར་ཞུས་པའོ། །མུན་པ་ནི་མ་རིག་པ་ཡིན་ལ། དེ་སེལ་བའི་གདམས་ངག་ནི་བླ་མའི་ངོ་སྤྲོད་ཡིན་པས་འཇམ་རླུང་དང་རྩུབ་རླུང་ཡིན་དེ་སྦོར་བ་ནི་བླ་མའི་ངོ་སྤྲོད་ཞུས་པའོ། །རྒྱལ་པོ་ནི་བླ་མ་ཡིན་ལ་དེ་བསྐུལ་བའི་ཕྲིན་ལས་ནི་བླ་མའི་ཐུགས་དམ་བསྐུལ་བ་ལམ་ལྔའི་སྙིང་པོ་ཡིན་པས་དེ་བསྐུལ་བའི་སྙིང་པོ་ཞུས་པའོ། །དཔེར་ན་གྲུས་ཆུའི་ཕ་རོལ་ཏུ་སྒྲོལ་བའམ། སྐས་ཁས་ཁང་པའི་ཡང་ཐོག་ཏུ་སྐྱེལ་བ་བཞིན་དུ་འཁོར་བ་ནས་མྱ་ངན་ལས་འདས་པའི་ས་ལ་འགྲོ་བའི་ཐབས་ལམ་རྣམ་པ་ལྔ་ཡིན་པས་དེ་ཉམས་སུ་ལེན་ལུགས་ཞུས་པའོ། །
སྟོན་པས་གླེང་བསླང་པ་ལ་ལྔ་སྟེ། རྒྱུད་གསུངས་པའི་སྦྱོར་བ་དང་། འདུད་གཅིག་པར་བསྐུལ་བ་དང་། རྒྱུད་གསུངས་པའི་སྔོན་དུ་འཁོར་སྨིན་པར་བྱ་བ་དང་། སྨིན་པའི་དཔེ་དང་། དེའི་ཡོན་ཏན་ནོ། །དང་པོ་རྒྱུད་གསུངས་པའི་སྦྱོར་བ་ནི་སྤྲུལ་པའི་ལྷ་མོས་ཞལ་འཛུམ་པའི་མདངས་ཕྱུང་ནས་བཀའ་བསྩལ་པ་ཞེས་པ་སྤྲུལ་པའི་ལྷ་མོས་ཞལ་འཛུམ་པའི་མདངས་ཕྱུང་པ་ནི་རྒྱུད་ཞུས་པ་ལ་དགྱེས་པའོ། །འདུད་གཅིག་པར་བསྐུལ་བ་ནི། ཀྱེ་ཧོ་སྟོབས་ལྡན་རིགས་ཀྱི་བུ་ཉོན་ཅིག །འགྲོ་ཀུན་རང་བཞིན་ཏིལ་འབྲུ་མར་གྱིས་ཁྱབ། །ལས་མཆོག་ལྡན་པས་རྡོ་ལས་ལྕགས་སུ་འགྱུར། །ནམ་ཟླ་དྲོས་པའི་རྩི་ཐོག་བརླན་གྱིས་འདྲེན། །པདྨའི་དར་ཐུམས་ཉི་མའི་ཟེར་གྱིས་འབྱེད། །རྩི་དང་འཕྲད་པའི་ལྕགས་ནི་གསེར་དུ་འགྱུར། །ཁྱོད་ཉིད་རྟག་ཏུ་བདག་ལ་འདུད་པར་གྱིས། །གསུངས་ནས་ཞེས་པ་ནི། ཀྱེ་ཧོ་ཞེས་བོས་ནས་སྟོབས་ལྡན་རིགས་ཀྱི་བུ་ནི་སྐྱེ་བ་སྔ་མ་སྦྱངས་པའི་སྟོབས་དང་ལྡན་པའི་གསང་སྔགས་ཀྱི་རིགས་སུ་སྐྱེས་པའི་བུ་ཁྱོད་ཉོན་ཅིག་པའོ། །དཔེར་ན་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ། སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པའོ། །དཔེར་ན་རྡོ་བཞུས་པ་ལས་ལྕགས་འབྱུང་བ་བཞིན་དུ་ལས་འཕྲོ་ཅན་འགའ་ཞིག་བླ་མ་དང་འཕྲད་ནས་ཆོས་བྱས་པས་འཁོར་བ་ལས་གྲོལ་བ་ཡིན་ནོ། །དཔེར་ན་ནམ་ཟླ་དྲོས་པའི་དུས་སུ་བརླན་བྱུང་ཙམ་གྱིས་རྩི་ཐོག་ཐམས་ཅད་སྐྱེ་བ་བཞིན་དུ། རང་སེམས་སངས་རྒྱས་སུ་ཡོད་པ་དེ་ལ། བླ་མའི་ངོ་སྤྲོད་ཀྱིས་རྟོགས་པར་བྱེད་པ་ཡིན་ནོ། །དཔེར་ན་མེ་ཏོག་པདྨ་དེ་ནུབ་མོ་ཁ་ཟུམ་ནས་སྡོད་པ་ལ། ནངས་པར་ཉི་མ་ཤར་བས་ཁ་ཕྱེ་བ་ལྟར། སེམས་ཉིད་སངས་རྒྱས་སུ་ཡོད་ཀྱང་། མ་རིག་པའི་མུན་པས་བསྒྲིབས་པ་དེ་དབང་བཞི་བསྐུར་བས་རྒྱུད་སྨིན་པར་བྱས་རྟོགས་པར་བྱེད་པའོ། །དཔེར་ན་གསེར་འགྱུར་རྩི་དང་ལྕགས་འཕྲད་ན་ལྕགས་གསེར་དུ་འགྱུར་བ་བཞིན་དུ། ལྷ་མོའི་སྐུ་དང་འཕྲད་པས་ཐ་མལ་གྱི་ལུས་ཡེ་ཤེས་ཀྱི་ལུས་སུ་འགྱུར་བའོ། །དེའི་ཕྱིར་ཁྱོད་བདག་གི་སྐུ་ལ་འདུད་ཅིག་པར་བསྐུལ་བའོ། །ཁྱོད་ནི་བདག་ལ་འདུད་ཅིག་གསུངས་ནས་འཁོར་སྨིན་པར་བྱ་བ་ལ་གསུམ་སྟེ། གསང་དབང་བསྐུར་བ་དངོས་དང་། དེའི་ཉམས་མྱོང་དང་། དེའི་རྒྱུད་དག་ཚུལ་ལོ། །
གསང་དབང་བསྐུར་བ་དངོས་ནི། པདྨའི་འོད་ཟེར་གྱི་སྐལ་བ་དང་ལྡན་པའི་རྟེན་སྨིན་པར་བྱེད་པ་ནི། ཇི་ལྟ་ཇི་ལྟར་ཚད་པས་གདུངས་པའི་སྦྲུལ་ཙནྡན་གྱི་སྡོང་པོ་ལ་འཁྲིལ་བ་ལྟར། གཉིས་སུ་མེད་པར་གྱུར་ནས་ཞེས་པ་ནི། ལྷ་མོའི་འོད་ཟེར་དམ་པ་ལ་ཕོག་པས་པདྨོའི་འོད་ཟེར་གྱིས་དྲངས་ནས་སྐལ་བ་དང་ལྡན་པའི་རྟེན། ཀ་མ་ལ་ཤི་ལ་སྨིན་པར་བྱ་བའི་ཕྱིར། དཔེར་ན་ཚད་པས་གདུངས་པའི་སྦྲུལ་ཙནྡན་གྱི་སྡོང་པོ་ལ་འཁྲིལ་བ་བཞིན་དུ། གཉིས་སུ་མེད་པར་འཁྲིལ་ནས་སྙོམས་པར་ཞུགས་སོ། །དེའི་ཉམས་མྱོང་བསྟན་པ་ནི། གཞི་ལ་བརྟེན་ནས་བཞི་མྱོང་ནས་ཞེས་པ་ནི། གཞི་ལ་བརྟེན་ནས་ཞེས་པ་དབང་བཞི་བསྐུར་བ་ཡིན་ཏེ། ལྷ་མོའི་སྐུ་དང་གཉིས་སུ་མེད་པར་གྱུར་པ་ནི་བུམ་པའི་དབང་ངོ་། །སྲུབ་པ་དང་བསྲུབས་པའི་སྦྱོར་བ་ནི་གསང་དབང་ངོ་། །བདེ་བ་ཉམས་སུ་མྱོང་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །མཐར་སེམས་མ་བཅོས་པར་གནས་པ་ནི་དབང་བཞི་པའོ། །བཞི་མྱོང་བ་ནི་དགའ་བ་བཞི་ཉམས་སུ་མྱོང་པ་ཡིན་ཏེ། དགའ་བ་མཆོག་དགའ་དགའ་བྲལ། ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་པའོ། །དེས་རྒྱུད་དག་ཚུལ་ནི། གསུམ་དག་ནས་གསུམ་སྨིན་ཏེ། ཐམས་ཅད་གྲོལ་བར་བྱས་པ་འདི་ལྟ་སྟེ་ཞེས་པ་ནི། བུམ་པའི་དབང་གིས་ལུས་དག །གསང་བའི་དབང་གིས་ངག་དག །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་དག་པའོ། །
གསུམ་སྨིན་པ་ནི་བུམ་པའི་དབང་གིས་ལུས་ལྷར་སྨིན། གསང་བའི་དབང་གིས་ངག་སྔགས་སུ་སྨིན། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་ཆོས་ཉིད་དུ་སྨིན་པའོ། །ཐམས་ཅད་གྲོལ་བར་བྱས་པ་ནི། དབང་བཞི་པས་ལུས་ངག་ཡིད་གསུམ་གྲོལ་བར་བྱས་པའོ། །འདི་ལྟ་སྟེ་ནི་དཔེ་འོག་ནས་སྟོན་པའོ། །སྨིན་པའི་དཔེ་ནི་གསེར་འགྱུར་གྱི་རྩི་དང་དུག་འགྱུར་གྱི་སྨན་དང་ནོར་བུ་ཆུ་དྭངས་དང་ནམ་མཁའི་སྤྲིན་དེངས་པ་ལྟར་རྒྱུད་ཡོངས་སུ་དག་པར་བྱས་སོ་ཞེས་པས་གསེར་འགྱུར་གྱི་རྩི་དང་ཞེས་པ་ནི། གསེར་འགྱུར་གྱིས་ལྕགས་གསེར་དུ་འགྱུར་བ་བཞིན་དུ། བུམ་པའི་དབང་གིས་ལུས་ལྷའི་སྐུར་གྱུར་པའོ། །དུག་འགྱུར་གྱི་སྨན་གྱིས་དུག་སྨན་དུ་འགྱུར་བ་བཞིན་དུ། གསང་བའི་དབང་གིས་ངག་སྔགས་སུ་སྨིན་པའོ། །ནོར་བུ་ཆུ་དྭངས་ཞེས་པ། ནོར་བུ་ཆུ་དྭངས་དེ་ཆུ་རྙོག་པ་ཅན་དུ་བཅུག་པས་རྙོག་མ་དྭངས་སུ་འགྲོ་བ་བཞིན་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་སྨིན་པར་བྱེད་པའོ། །ནམ་མཁའི་སྤྲིན་དེངས་པ་ལྟར་རྒྱུད་ཡོངས་སུ་དག་པ་ནི། དབང་བཞི་པས་རྟོག་པ་ཐམས་ཅད་ལས་གྲོལ་བར་བྱས་པའོ། །དེའི་ཡོན་ཏན་ལ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་སྦྱང་པ་དང་། བཅུད་ཀྱི་སེམས་ཅན་ལ་ཕན་གདགས་པའོ། །
སྣོད་ཀྱི་འཇིག་རྟེན་སྦྱངས་པ་ནི། དེའི་ཚེ་ཞལ་འཛུམ་པའི་མདངས་ལ་འོད་ཟེར་ཉི་མ་འབུམ་ལྟ་བུ་རབ་ཏུ་བཀྱེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཕྱི་ནང་གི་མུན་པ་ཐམས་ཅད་བསལ་ནས་ལྟས་ཆེན་པོ་བཅྭོ་བརྒྱད་དུ་གཡོས་ཏེ། གཡོས་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །འུར་རབ་ཏུ་འུར། ཆེམ་རབ་ཏུ་ཆེམ་མོ། །འཇིག་རྟེན་པ་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ཏོ། །དེའི་ཚེ་ཞལ་འཛུམ་པའི་མདངས་ནི་རྒྱུད་གསུང་པ་ལ་རབ་ཏུ་དགྱེས་པའོ། །འོད་ཟེར་ཉི་མ་འབུམ་བཀྱེ་བ་ནི། སེམས་ཅན་རྣམས་ལ་ཕན་གདགས་པའི་དོན་དུ་ཐུགས་རྗེའི་འོད་ཟེར་བཀྱེ་བའོ། །འཇིག་རྟེན་ཁམས་ཐམས་ཅད་སྣང་བར་བྱས་ཏེ། ཕྱི་ནང་གི་མུན་པ་ཐམས་ཅད་བསལ་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཞིང་ཁམས་མ་དག་པ་ནི་དག་པར་བྱས། ནང་བཅུད་ཀྱི་སེམས་ཅན་གྱི་ལས་སྒྲིབ་ཐམས་ཅད་སྦྱང་པའོ། །
ལྟས་ཆེན་པོ་བཅྭོ་བརྒྱད་དུ་གཡོས་པ་ནི། ཕྱི་ལྟར་དུ་འཇིག་རྟེན་གྱི་ཁམས་དངོས་སུ་གཡོས་པ་ཡིན་ནོ། །ནང་ལྟར་དུ་ལམ་ལྔའི་ཏིང་ངེ་འཛིན་གཡོས་པ་ཡིན་ཏེ། གཡོས་རབ་ཏུ་གཡོས་ཞེས་པ་ནི། བློ་སྦྱོང་གི་དུས་སུ་གཡོ་བའི་ཉམས་ཤར་བ་ཡིན་ནོ། །འགུལ་བ་ནི་དཀའ་ཐུབ་ཀྱི་དུས་སུ་ཐོབ་པའི་ཉམས་ཡིན་ནོ། །ལྡེག་པ་ནི་རྗེས་ཀྱི་དུས་སུ་གོམས་པའི་ཉམས་ཡིན་ནོ། །འུར་བ་ནི་རོ་སྙོམས་ཀྱི་དུས་སུ་བསྟན་པའི་ཉམས་ཡིན་ནོ། །ཆེམ་པ་ནི། བྱ་བྲལ་གྱི་དུས་སུ་མཐར་ཕྱིན་པའི་ཉམས་ཡིན་ནོ། །བཅུད་ཀྱི་སེམས་ཅན་ལ་ཕན་གདགས་པ་ནི། དེའི་ཚེ་ངན་འགྲོ་འཁོར་བའི་རྒྱུན་གཅད། ལྷ་དང་མི་རྣམས་ཀྱང་དད་ཅིང་འདུན་པ་ཆེར་གཡོས། དམན་པའི་ཐེག་པ་རྣམས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད། ས་ལ་གནས་པ་རྣམས་ཀྱང་གོང་ནས་གོང་དུ་སྤར་ཏེ། ཀུན་ཀྱང་བདེ་བའི་ཞིང་ཞེས་བྱ་བའི་སྣང་བར་གྱུར་ཏོ་ཞེས་པ་ནི།
དེའི་ཚེ་ངན་འགྲོ་འཁོར་བའི་རྒྱུན་གཅད་པ་ནི། རྒྱུད་གསུངས་པའི་བྱིན་རླབས་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ཡང་དར་ཅིག་བྲལ་བའོ། །ལྷ་དང་མི་རྣམས་ཀྱང་དད་ཅིང་འདུན་པ་ནི། དགའ་བདེའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པས་དཀར་པོའི་ཕྱོགས་སུ་རབ་ཏུ་མོས་སོ། །དམན་པའི་ཐེག་པ་བློ་ཆུང་བ་རྣམས་ཀྱང་། ཐེག་པ་ཆེན་པོར་སེམས་བསྐྱེད་ནས་གཞན་དོན་དྲན་ནོ། །ས་ལ་གནས་པ་གོང་ནས་གོང་དུ་འཕར་བ་ནི་ལྷ་མོའི་ཐུགས་རྗེའི་འོད་ཟེར་གྱིས་ས་དང་པོ་ལ་གནས་པ་རྣམས་ས་གཉིས་པ་ལ་འཕར་བ་ལགས་ཏེ། རིམ་པར་འཕར་རོ། །ཀུན་ཀྱང་བདེ་བའི་ཞིང་གི་སྣང་བར་གྱུར་པ་ནི། འགྲོ་བ་ཐམས་ཅད་ཀྱང་ཡང་དག་པའི་དོན་ལ་མོས་པར་འགྱུར་རོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ཅེས་པ་ནི། མཚན་གྱི་གཞི་སྟེ་གོ་སླའོ། །གླེང་བསླང་པའི་ཐབས་ཀྱིས་ནང་ཡོངས་སུ་སྨིན་པའི་ལེའུ་སྟེ་གཉིས་པའོ་ཞེས་པ་ནི་སྟོན་འཁོར་གཉིས་ཀྱིས་གླེང་བསླང་ནས་ཟབ་མོའི་དབང་བསྐུར་བ་སྟེ་འཁོར་གྱི་རྒྱུད་སྨིན་པར་བྱས་པའོ། །ལེའུ་ནི་ཚོམས་སུ་བཅད་པ་སྟེ། ཡས་བགྲངས་པའི་ལེའུ་སྟེ་གཉིས་པའོ། །
ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་ལ་གཉིས་ཏེ། རྩ་བའི་རྒྱུད། བཤད་པའི་རྒྱུད་དོ། །རྩ་བའི་རྒྱུད་ལ་གཉིས་ཏེ། རྗེས་སུ་བཟུང་བའི་ཡུལ་འཁོར་གྱི་མཚན་ཉིད་བསྟན་པ་དང་། རྗེས་སུ་བཟུང་བའི་ཐབས་སོ། །དང་པོ་འཁོར་གྱི་མཚན་ཉིད་ནི་དེ་ནས་ཡང་དེའི་ཚེ་དེའི་དུས་ཉིད་དུ། གཉིས་སུ་མེད་པ་ལས་གཉིས་སུ་སྣང་བ་ནི། ཇི་ལྟ་ཇི་ལྟར་ཟླ་བའི་དལ་ལས་མ་གཡོས་པར་ཆུ་དྭངས་པར་གསལ་བ་བཞིན་དུ། ཀ་མ་ལ་ཤྲཱི་མདུན་དུ་གནས་ནས་གུས་པས་འདུད་པ་ལས་ཞེས་པ་སྟེ། དེ་ནས་ཡང་ཞེས་པ་ནི། བསྣན་པའི་ཚིག་གོ །དེའི་ཚེ་དེའི་དུས་ན་ཞེས་པ་ནི་གླེང་གཞི་འཚོགས་ནས་གླེང་བསླང་པའི་རྗེས་ཀྱི་དུས་སུ་ལྷ་མོའི་སྐུ་དང་ཀ་མ་ལ་ཤྲཱིའི་སྐུ་གཉིས་མེད་དུ་ཞུགས་པའི་ངང་ལས། སྙོམས་འཇུག་ལས་བྲལ་ཏེ། མདུན་ན་བཞུགས་པའི་དཔེ་ནི་ནམ་མཁའི་ཟླ་བ་ལས་མ་གཡོས་པར་ཆུ་ནང་དུ་ཟླ་བ་གསལ་བ་ལྟར། ཀ་མ་ལ་ཤྲཱི་ལྷ་མོའི་མདུན་དུ་གནས་ནས་མོས་གུས་བྱས་པའོ། །གཉིས་པ་རྗེས་སུ་བཟུང་པའི་ཐབས་ལ་གཉིས་ཏེ། མ་སྨིན་པ་སྨིན་པར་བྱེད་པ་དབང་དང་། སྨིན་པ་གྲོལ་བར་བྱེད་པའི་ལམ་མོ། །དབང་ལ་ཡང་གཉིས་ཏེ། སྔོན་འགྲོ་དང་དངོས་གཞིའོ། །སྔོན་འགྲོ་ལ་ཡང་གཉིས་ཏེ། རྟེན་བཤམ་པ་དང་རྒྱུད་སྦྱང་པའོ། །དང་པོ་ནི་གང་གི་ཚེ་མ་འོངས་པའི་རྣལ་འབྱོར་པ་རྣམས་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འབྲས་ཀྱི་ཕུང་པོ་བརྡལ། རིན་པོ་ཆེའི་ཡི་གེ་ནི་བགོད་༼བཀོད༽། མཆོག་གི་བདུད་རྩི་ནི་བཤམས་ནས་ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐད་ཅིག་ཡུད་ཙམ་དེ་ཉིད་ལ་འབྱོར་བར་བཤམས་སོ་ཞེས་པ། གང་གི་ཚེ་ཞེས་པ་ནི། ནང་དབང་བསྐུར་ནས་ཕྱི་དབང་སྐུར་བའི་དུས་སུ་མ་འོངས་པའི་རྣལ་འབྱོར་པ་ཞེས་པ་ནི། ཕྱི་རབས་ཀྱི་གང་ཟག་རྒྱུད་སྨིན་པར་བྱ་བའི་ཕྱིར་ཕྱི་དབང་བསྐུར་ཏེ་འབྲས་ཀྱི་ཕུང་པོ་བརྡལ་བ་ནི་གླེགས་བམ་བཤམ་པ་ཡིན་ཏེ། འབྲས་ཀྱི་ཕུང་པོ་བརྡལ་ནས་མཚོན་པ་དཔེའི་ཨཱ་ལི་ཀཱ་ལི་གླེགས་བམ་གྱི་གཟུགས་ཅན་དུ་བྱས་ཏེ། དེའི་སྟེང་དུ་རི་མོ་གཟུགས་ཀྱི་ཨཱ་ལི་ཀཱ་ལི་ཆ་ལྔ་བྲིས་ཏེ། གླང་པོ་ཆེའི་སྣ་ལྟ་བུ་དང་། གཙོད་ཀྱི་རུ་རུ་ལྟ་བུ་དང་ཚག་ཚག་གི་མིག་ལྟ་བུ་དང་། མཁའ་ལ་ཉི་མ་ཤར་བ་ལྟ་བུ་དང་། སྐར་མདའ་མཁའ་ལ་རྒྱུག་པ་ལྟ་བུའི་ཨཱ་ལི་ཀཱ་ལི་རྣམས་བྲིའོ། །རིན་པོ་ཆེའི་བྱང་བུ་ལ་ཡི་གེ་ལྔ་བཅུ་བྲིས་ལ། འོག་ནས་འབྱུང་བ་བཞིན་དུ་རབ་གནས་བྱས་ལ། གླེགས་བམ་གྱི་སྟེང་དུ་དགྲམ་མོ། །མཆོག་གི་བདུད་རྩི་བཤམ་པ་ནི། མཆོག་གི་སྣོད་དུ་མཆོག་གི་བདུད་རྩི་བླུག་ལ། ཀ་ར་དང་བུ་རམ་དང་སྦྲང་རྩི་དང་ཞུན་མར་རྣམས་ཀྱིས་བྲན་ལ་འོག་ནས་འབྱུང་པ་བཞིན་བྱིན་གྱིས་བརླབས་ལ། གླེགས་བམ་གྱི་དབུས་སུ་བཀོད་དོ། །ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱིས་ཐབས་ཤེས་རབ་ཀྱི་ཟས་ལེགས་པ་འཇིག་རྟེན་གྱི་ཁམས་ན་གནས་པ་རྣམས་རྫུ་འཕྲུལ་གྱི་སྟོབས་ཀྱི་སྐད་ཅིག་ཙམ་གྱིས་བསྡུས་ཏེ། ཚོགས་དང་གཏོར་མ་དང་། འབྲང་རྒྱས་རྣམས་ཀྱིས་གླེགས་བམ་གྱི་མཐའ་འཁོར་བར་བཤམ་མོ། །རྒྱུད་སྦྱངས་པ་ནི་དེ་ནས་ཀ་མ་ལ་ཤྲཱིས་གསུམ་ལ་གུས་ཤིང་གསུམ་མཉེས་པས་ཐམས་ཅད་ཀྱི་དོན་དུ་གཉིས་བསྐྱེད་དེ། གུས་པས་འདུན་པའི་ཕྱག་རྣལ་འབྱོར་གྱི་ལུགས་སུ་བཙལ་ནས་གནས་པ་ལས། དེ་ནས་ཀ་མ་ལ་ཤྲཱིས་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་འགྲོ་བྱས་པའོ། །གསུམ་མཉེས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་མཆོད་པ་བྱས་པའོ། །གཉིས་བསྐྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པའོ། །དེའི་དུས་སུ་སྐྱབས་འགྲོ་ཡན་ལག་བཞི་ལྡན་བརྗོད་པའོ། །ཕྱག་རྣལ་འབྱོར་གྱི་ལུགས་སུ་བརྐྱང་ཕྱག་བཙལ་ལོ། །
དངོས་གཞི་ལ་བཞི་སྟེ། ལུང་འབོགས་པ་དང་། དབང་བསྐུར་བ་དང་། ངོ་སྤྲད་པ་དང་། རྗེས་སུ་གནང་པའོ། །དང་པོ་ལུང་འབོགས་པ་ལ་གཉིས་ཏེ། དངོས་དང་དེའི་མཐུའོ། །དངོས་ནི་སྤྲུལ་པའི་ལྷ་མོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་སྐད་ཕྱུང་ངོ་། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། དེ་སྐད་ཅེས་གསུངས་པ་ལས་ཞེས་པ་ནི་ཡི་གེ་རྣམས་སྤྲུལ་པའི་ལྷ་མོས་ལན་གསུམ་གསུམ་བརྗོད་པས། དེའི་རྗེས་བཟློས་དམ་པས་བྱས་པའོ། །དེའི་མཐུ་ནི་འདི་ལྟར་ཆོས་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཆེན་པོ་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་སྣང་བར་གྱུར་ཏོ་ཞེས་པ་ནི། ཡི་གེ་རྣམས་ལན་གསུམ་བརྗོད་པས་གཟུགས་སུ་སྣང་ཚད་ཐམས་ཅད་བླ་མའི་སྐུ། སྒྲ་རུ་གྲག་ཚད་ཐམས་ཅད་བླ་མའི་གསུང་། སེམས་ཀྱི་དྲན་རྟོག་ཐམས་ཅད་བླ་མའི་ཐུགས་སུ་འགྱུར་རོ། །དབང་བསྐུར་བ་ལ་གསུམ་སྟེ། དབང་རྫས་བྱིན་གྱིས་རློབ་པ་དང་། དབང་བསྐུར་བ་དངོས་དང་། དེའི་མཐུའོ། །
དབང་རྫས་བྱིན་གྱིས་རློབ་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ཕྲིན་ལས། ཡབ་དང་ཡུམ་གྱི་སྣང་བར་སྣང་ནས་གཉིས་སུ་མེད་པས་སྣང་བའི་བདུད་རྩི་བྱང་ཆུབ་སེམས་ནི་གསེར་འགྱུར་གྱི་རྩི་ལྟར་གནས་པ་ལས་ཞེས་པ་སྟེ། དེ་ནས་དེ་བཞིན་གཤེགས་པ་ནི། བདུད་རྩི་བྱིན་གྱིས་རློབ་པའི་ཐབས་སྟོན་པ་ཡིན་ཏེ། སྔོན་བྱུང་གི་དུས་དེའི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྡོ་རྗེའི་སྟོབས་ཀྱི་ནམ་མཁའ་ལ་སྤྲིན་བཞིན་དུ་འཐིབས་ནས་ཡུམ་གྱི་རྣམ་པར་སྣང་སྟེ་གཉིས་སུ་མེད་པའི་སྦྱོར་བ་བྱས་ནས་མཁའ་མཚམས་ནས་བདུད་རྩི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་སྣོད་དུ་བབས་པའོ། །རྗེས་འཇུག་ཏུ་བདུད་རྩིའི་སྟེང་དུ་ཉི་མའི་དལ་གྱི་སྟེང་དུ་ཧཱུཾ་བསྒོམ། ཧཱུཾ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས། ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་བྱས་ནས་མཁའ་མཚམས་ནས་བྱང་ཆུབ་ཀྱི་སེམས་བདུད་རྩིའི་སྣོད་དུ་བབས། ཀུན་དྷ་ལི་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་ཀྱིས་སྨིན་པར་བྱའོ། །གསེར་འགྱུར་གྱི་རྩི་ལྟར་དུ་གནས་པ་ནི། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་འགྱུར་བ་བཞིན་དུ་བྱིན་གྱིས་བརླབས་པའི་བདུད་རྩིའི་ཐིག་ལེ་གནས་བཞིར་བཞག་པས་ཐ་མལ་གྱི་ལུས་ཡེ་ཤེས་ཀྱི་སྐུར་འགྱུར་བའོ། །དབང་བསྐུར་བ་དངོས་བསྟན་པ་ནི་ལྷ་མོའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །ཨ་བྷི་ཥིཉྩ་ཨོཾ། ཨ་བྷི་ཥིཉྩ་ཨཾ། ཨ་བྷི་ཥིཉྩ་ཧཱུཾ། ཨ་བྷི་ཥིཉྩ་ཧྲཱིཿཞེས་གསུངས་ཏེ། ལྷ་མོའི་སྐུ་གསུང་ཐུགས་ལས་སྔགས་བྱུང་པ་ནི། ཨ་བྷི་ཥིཉྩ་ཨོཾ་ཞེས་པ་ནི། བདུད་རྩི་ཐིག་ལེ་སྤྱི་བོར་བཞག་པས་བླ་མའི་སྐུའི་རང་བཞིན་ཨོཾ་དཀར་པོ་གཅིག་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་བབས་ཏེ། བུམ་པའི་དབང་དང་ལྡན་པར་བྱས་སོ། །ཨ་བྷི་ཥིཉྩ་ཨཾ་ཞེས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བླ་མའི་གསུང་གི་རང་བཞིན་ཨཾ་དམར་པོ་བབས། གསང་བའི་དབང་སྐུར་རོ། །ཨ་བྷི་ཥིཉྩ་ཧཱུཾ་ཞེས་པས་བདུད་རྩི་ཐིག་ལེ་སྙིང་ཁར་བཞག་པས་བླ་མའི་ཐུགས་ཀྱི་རང་བཞིན་ཧཱུཾ་མཐིང་ཁ་གཅིག་སྙིང་ཁ་ཆོས་ཀྱི་འཁོར་ལོར་བབས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་སྐུར་རོ། །ཨ་བྷི་ཥིཉྩ་ཧྲཱིཿཞེས་པས་བདུད་རྩི་ཐིག་ལེ་ལྟེ་བར་བཞག་པས་ཧྲཱིཿལྗང་སེར་གཅིག་ལྟེ་བར་བབས་པས་དབང་བཞི་པ་བསྐུར་བའོ། །
དེ་ནས་དེའི་མཐུ་བསྟན་པ་ནི་གནས་བཞིར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བབས་པ་ལས། ལུས་དང་ངག་དང་ཡིད་ཀྱི་རྟོག་པ་ཐམས་ཅད་དག་ནས་དག་ཅིང་སྨིན་པ་དང་། སྨིན་ཅིང་གྲོལ་བར་བྱས་ནས་རྩ་འཁོར་ལོ་བཞིའི་གནས་གང་ཡིན་པ་དེར་ཡང་དག་པར་རྗོགས་པའི་སངས་རྒྱས་བླ་མ་ཆེན་པོ་ཞེས་བྱ་བའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཞེས་བྱ་བར་སྣང་པར་གྱུར་ཏོ་ཞེས་པ་སྟེ། གནས་བཞིར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བབས་པའི་དབང་བསྐུར་བའི་རྫས་སོ། །ལུས་ངག་ཡིད་གསུམ་གྱི་རྟོག་པ་དག་པ་ནི་བུམ་པའི་དབང་གིས་ལུས་དག་ནས་ལུས་ལྷའི་སྐུར་སྨིན་པར་བྱས། གསང་བའི་དབང་གིས་ངག་དག་ནས་ངག་སྔགས་སུ་སྨིན་པར་བྱས། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་དག་ནས་ཡིད་ཆོས་ཉིད་དུ་སྨིན་པར་བྱས། དབང་བཞི་པས་ལུས་ངག་ཡིད་གསུམ་གྲོལ་བར་བྱས་སོ། །རྩ་འཁོར་ལོ་བཞི་གང་ཡིན་པ་དེར་ཐིག་ལེ་བཞག་པའི་གནས་སོ། །དེ་ལྟར་ཐིག་ལེ་གཞག་པས་སྤྱི་གཙུག་ཏུ་བུམ་པའི་དབང་བསྐུར་བས་སྐུ་རྡོ་རྗེ་ལྟ་བུའི་དབང་ཐོབ་པའོ། །མགྲིན་པར་གསང་བའི་དབང་བསྐུར་བས་གསུང་རྡོ་རྗེ་ལྟ་བུའི་དབང་ཐོབ། ཐུགས་ཀར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཐུགས་རྡོ་རྗེ་ལྟ་བུའི་དབང་ཐོབ། ལྟེ་བར་དབང་བཞི་པ་བསྐུར་བས་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལྟ་བུའི་དབང་ཐོབ་པའོ། །
ངོ་སྤྲོད་པ་ལ་གཉིས་ཏེ། འཇམ་རླུང་ལ་ངོ་སྤྲད་པ་དང་། རྩུབ་རླུང་ལ་ངོ་སྤྲད་པའོ། །འཇམ་རླུང་ལ་གཉིས་ཏེ། མཉམ་བཞག་དང་རྗེས་ཐོབ་བོ། །མཉམ་བཞག་ནི་དེ་ནས་སྤྲུལ་པའི་ལྷ་མོས་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གང་དུ་ཡང་མི་གནས་པ་ཆེན་པོ། ཅི་ཡང་མི་བསྒོམ་སྒོམ་པ་ཆེན་པོ། གང་དུ་མི་གསལ་གསལ་བ་ཆེན་པོའི་ངང་ལ་བཞུགས་སོ། །དེ་ནས་ཞེས་པ་ནི་དབང་བཞི་བསྐུར་བའི་རྗེས་སོ། །སྤྲུལ་པའི་ལྷ་མོ་ནི་བདག་མེད་མའོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སེམས་མ་བཅོས་པར་འཇོག་པའོ། །བློ་ཕྱོགས་རིས་གང་ལ་ཡང་མི་གནས་པ་ནི་གནས་པ་ཆེན་མོ། ཅི་ཡང་མི་བསྒོམ་པར་སེམས་མ་བཅོས་པ་ནི་སྒོམ་པ་ཆེན་མོ། ཉམས་བདེ་སྟོང་ལ་སོགས་པ་གང་དུ་ཡང་མི་གསལ་བ་གསལ་བ་ཆེན་པོ་རིག་པ་རང་མདངས་སུ་རྗེན་ནེ་གསལ་བའོ། །རྗེས་ཐོབ་ནི་དེ་ནས་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང་། བྲག་ཆ་ལྟ་བུར་བསྟན་ཏེ། ཏིང་ངེ་འཛིན་ལས་བཞེངས་སོ། །རྗེས་ཐོབ་ལ་གཟུགས་སུ་སྣང་ཚད་ཐམས་ཅད་སྒྱུ་མ་ལྟ་བུ། སྒྲ་རུ་གྲག་ཚད་ཐམས་ཅད་བྲག་ཆ་ལྟ་བུ། སེམས་ཀྱི་དྲན་རྟོག་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་སོ། །རྩུབ་རླུང་ལ་ངོ་སྤྲད་པ་ལ་གཉིས་ཏེ། ངོ་སྤྲད་པའི་སྦྱོར་བ་དང་། ངོ་སྤྲད་པ་དངོས་སོ། །
ངོ་སྤྲད་པའི་སྦྱོར་བ་ནི། ཡང་དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་འོད་ཟེར་བཀོད་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དུས་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལས་མི་འདའ་བར་བྱ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་རྣམ་པར་བསྒྱུར་བ་ནི་འདི་ལྟ་སྟེ་ཞེས་པས། ཡང་དེའི་ཚེ་ཞེས་པ་ནི། མཉམ་བཞག་དང་རྗེས་ཐོབ་ལ་ངོ་སྤྲད་པ་དེའི་ཚེ་ལྷ་མོའི་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་སྤྲོས་ནས་དེ་ཉིད་ཀྱི་ངང་ལས་མ་གཡོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དུས་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་ངང་ལས་མི་འདའ་བ་ནི་མཉམ་བཞག་གི་ངང་ལས་མ་གཡོས་པའོ། །སྐུའི་སྒོ་ནས་ལུས་གནད་བཅིངས། གསུང་གི་སྒོ་ནས་ངག་གནད་བཅིངས། ཐུགས་ཀྱི་སྒོ་ནས་རྟོག་པ་བཅིངས་པའོ། །
ངོ་སྤྲོད་པ་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི་ལུས་ཀྱི་དེ་ཁོ་ན་ཉིད་དང་། རྩའི་དེ་ཁོ་ན་ཉིད་དང་རླུང་གི་དེ་ཁོ་ན་ཉིད་དང་སེམས་ཀྱི་དེ་ཁོ་ན་ཉིད་ལས་ཞེས་པ་ནི། ལུས་ཀྱི་དེ་ཁོ་ན་ཉིད་ནི། ནཱ་རོ་པའི་ཆོས་བཞིའམ། རྣམ་སྣང་གི་ཆོས་བདུན་ནི། འཕྲུལ་འཁོར་གསུམ་པོ་ལྟ་བུས་ལུས་འཇུན་པའོ། །རྩའི་དེ་ཁོ་ན་ཉིད་ནི་ཞི་དྲག་ལྔའི་ལྟ་སྟངས་སམ། སྤྱན་ལྔའི་ལྟ་སྟངས་སམ། བསྒྱུར་ལུགས་ལྔའི་ལྟ་སྟངས་ཀྱིས་རྩ་འཇུན་པའོ། །རླུང་གི་དེ་ཁོ་ན་ཉིད་ནི་འོག་རླུང་འཐེན་སྟེང་རླུང་མནན་འགྱུ་བ་ཁྲག་གཅད་ལ་བཏང་པའོ། །སེམས་ཀྱི་དེ་ཁོ་ན་ཉིད་ནི་ཤེས་པ་སྔ་སོ་ལ་མ་ཤོར། ཕྱི་སོ་ལ་མ་ཤོར། ཤེས་པ་ད་ལྟར་ལ་མི་གནས་པར་འགྱུ་བ་ཁྲེགས་གཅད་ལ་བཏང་པའོ། །
རྒྱས་པར་བཤད་པ་ལ་བཞི་སྟེ། བརྟེན་པ་ལུས་ཀྱི་གནད་དང་། གནས་པ་རྩའི་གནད་དང་། གཡོ་བ་རླུང་གི་གནད་དང་། འཛིན་པ་སེམས་ཀྱི་གནད་དོ། །བརྟེན་པ་ལུས་ཀྱིས་གནད་ནི། འདུག་པ་དང་། ཉལ་བ་དང་། འཆག་པ་དང་། འགྲོ་བ་དང་ཞེས་པ་ནི་མཉམ་བཞག་གི་དུས་སུ་འདུག་པ་དང་ཞེས་པ་ནི། འདུག་པའི་འཕྲུལ་འཁོརལྔ་སྟེ་རྡོ་རྗེའི་སྐྱིལ་ཀྲུང་དང་བརྐྱང་པ་དང་། བསྐུམ་པ་དང་ཕྱེད་སྐྱིལ་དང་། རྒྱལ་པོ་རོལ་པའི་འདུག་སྟངས་དང་ལྔའོ། །རྗེས་ཐོབ་ཀྱི་དུས་སུ་ཉལ་བ་ལ་ལྔ་སྟེ། གན་རྐྱལ་དང་ཁ་སྦུབ་དང་། མཉེས་ཉལ་དང་། བཅར་ཉལ་དང་། མགོ་བཏུམས་བརླ་བཏུམས་སོ། །འཆག་པ་ལ་བཞི་སྟེ་ཕྱེད་ལངས་དང་ལངས་པ་དང་འཆག་པ་དང་འཆག་འཕྲོ་ལ་ཚོམ་པའོ། །འགྲོ་བ་ལ་བཞི་སྟེ་འགྲོ་བ་འགྲོ་འཕྲོ་ལ་ཚོམ་པ་རྒྱུག་པ་དང་། རྒྱུག་འཕྲོ་ལས་ཚོམ་པའོ། །རྩའི་གནད་ཅེས་པ་ནི་བཟུང་བ་དང་། ལྷུག་པ་དང་། བཟུང་བ་དང་། བསྒྱུར་བ་དང་། བཤིག་པ་དང་། དུམ་བུ་དང་། ཞེས་པ་བཟུང་པ་ནི། ཡུལ་དངོས་པོ་རྟེན་ཅན་གྱིས་རིག་པ་ལྟ་སྟངས་ཀྱིས་འཛིན་པའོ། །ལྷུག་པ་ནི་མཉམ་བཞག་གི་གཉེན་པོ་བཤིག་ནས་སེམས་མ་བཅོས་པར་འཇོག་པའོ། །བཟུང་པ་ནི་ཡུལ་གཅིག་ལ་དམིགས་པའོ། །བསྒྱུར་བ་ནི་ལྟ་སྟངས་ལྔ་རུ་བསྒྱུར་བའོ། །བཤིག་པ་ནི་གཉེན་པོ་བཤིག་པའི་རྗེས་ཐོབ་ངོས་འཛིན་པའོ། །དུམ་བུ་ནི་མཉམ་བཞག་ཐུན་ཐུང་ལ་གྲངས་མང་དུ་བྱས་པས་རྗེས་ཐོབ་ངོས་བཟུང་སླའོ། །རླུང་གི་གནད་བསྡམ་པ་དང་གློད་པ་དང་ཞེས་པ་ནི་བསྡམ་པ་ནི། མཉམ་བཞག་གི་དུས་སུ་སྟེང་འོག་གི་རླུང་སྡོམ་ལ། མཉམ་བཞག་གི་དུས་སུ་སྟེང་འོག་གི་རླུང་འཛིན་པའོ། །གློད་པ་ནི་མཉམ་བཞག་བཤིག་ནས་རྗེས་ངོས་འཛིན་པའོ། །སེམས་ཀྱི་གནད་ནི་ངོ་བོ་དང་། རང་བཞིན་དང་མཚན་ཉིད་དང་། མཉམ་བཞག་དང་། རྗེས་ཐོབ་དང་། ཟུང་དུ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་བསྒྱུར་བ་དང་། ཆོས་ཐམས་ཅད་ནས་ཐམས་ཅད་དུ་ཡེ་ཤེས་ཆེན་པོའི་དྲ་བས་ཁྱབ་པར་བྱས་སོ། །ཞེས་པ་སྟེ་ངོ་བོ་དང་ཞེས་པ་ནི། སེམས་ཀྱི་ངོ་བོའི་སྟོང་པར་རྟོགས་པ་ནམ་མཁའི་དཀྱིལ་ལྟ་བུ། སེམས་ཀྱི་རང་བཞིན་གསལ་དྭངས་བར་སྣང་སྟོང་པ་ལྟ་བུའོ། །སེམས་ཀྱི་མཚན་ཉིད་གཉིས་སུ་མེད་པར་གསལ་ལ་སྟོང་པ་ཆུ་ནང་གི་ཟླ་བ་ལྟ་བུའོ། །མཉམ་པར་བཞག་པ་ནི་ཡུལ་གྱི་རྟོག་པ་གཅད་པའོ། །རྗེས་ཐོབ་ནི་གཉེན་པོ་བཤིག་པའི་རྗེས་སྟོང་ཉིད་བློ་བྲལ་དུ་གནས་པའོ། །ཟུང་དུ་འཇུག་པ་ནི་མཉམ་བཞག་དང་རྗེས་ཐོབ་གཉིས་མེད་པའོ། །དེ་ཉམས་སུ་ལེན་པ་ནི། ངོ་བོའི་དུས་སུ་རྡོ་རྗེ་གཙུག་ཏོར་ཅན་གྱི་ལྟ་སྟངས་ཀྱི་རླུང་དང་རྟོག་པ་དུས་མཚུངས་སུ་སྤྱོད་པའོ། །རང་བཞིན་གྱི་དུས་སུ་བདུད་རྩི་འཁྱིལ་པ་དང་མི་གཡོ་མགོན་པོའི་ལྟ་སྟངས་ཀྱི་རྩལ་སྦྱངས་པའོ། །མཚན་ཉིད་ཀྱི་དུས་སུ་བདེ་བར་གཤེགས་པའི་ལྟ་སྟངས་ཀྱི་བློ་གཞིག་པའོ། །ཟུང་དུ་འཇུག་པ་ཞེས་བྱ་བ་ནི་མཉམ་རྗེས་གཉིས་མེད་དུ་གྱུར་པའོ། །ཆོས་ཐམས་ཅད་ནས་ཐམས་ཅད་དུ་ཡེ་ཤེས་ཆེན་པོའི་དྲ་བས་ཁྱབ་པ་ནི། ཤེས་བྱ་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས་པའོ། །
རྗེས་གནང་ལ་གཉིས་ཏེ། དངོས་དང་བླ་མས་སྐུ་ལྔ་སྒྲུབ་པའི་ཚུལ། རྗེས་གནང་ངོ་སྤྲད་པ་ནི། དེ་ནས་ཡང་སྤྲུལ་པའི་ལྷ་མོས། ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཆེན་པོ་ཞེས་བྱ་བའི་དམ་ཚིག་གི་སྨྲས་པ་ཞེས་པ་སྟེ། སྤྲུལ་པའི་ལྷ་མོ་ནི་བདག་མེད་མའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བླ་མ་ཆེན་པོ་དང་དབྱེར་མེད་པའོ། །དམ་ཚིག་གི་སྨྲས་པ་ནི་གསང་སྔགས་འདི་རྣམས་བགྲང་བས་བླ་མའི་ཐུགས་དམ་བསྐུལ་ཏེ་དམ་ཚིག་ལས་མི་འདའ་བའོ། །ཨོཾ་ཨཱ་ཧྲཱིཿགུ་རུ་སིདྡྷི་ཧཱུྃ་ཞེས་པ་ནི། བོད་དུ་བསྒྱུར་ན། བླ་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཞུ་ཞེས་བྱ་བར་འགྲོ་སྟེ། བློ་སྦྱོང་གི་དུས་སུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པའོ། །ཨོཾ་ཨཱཿཧྲཱིཿགུ་རུ་སིདྡྷི་ཕ་ལ་ཧཱུྃ་ཞེས་པ་ནི། བླ་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བཟང་པོ་ཞུ་ཞེས་པ་སྟེ། དཀའ་ཐུབ་ཀྱི་དུས་སུ་བླ་མ་ལོངས་སྐུར་སྒྲུབ་པའོ། །ཨོཾ་ཨཱཿཧྲཱིཿགུ་རུ་བྷུ་ཧུ་ཀུ་རུ་ཧཱུཾ་ཞེས་པས་ཏེ། བླ་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འགྲུབ་པར་གྱུར་ཅེས་པའོ། །རྗེས་ཀྱི་དུས་སུ་བླ་མ་ཆོས་སྐུ་སྒྲུབ་པའི་གཉེན་པོའོ། །ཨོཾ་ཨཱཿཧྲཱིཿགུ་རུ་པྲ་མ་ན་ཡེ་ཧཱུཾ་ཞེས་པས་ཏེ། བླ་མའི་སྐུ་གསུང་ཐུགས་མཉམ་པོར་ཞུའོ་ཞེས་པ་ནི་རོ་སྙོམས་ཀྱི་དུས་སུ་བླ་མ་གསང་བའི་སྐུར་སྒྲུབ་པའོ། །ཨོཾ་ཨཱཿཧྲཱིཿགུ་རུ་ཛི་ན་མི་ཏྲ་ཧཱུྃ་ཞེས་པ་ནི། བླ་མའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀུན་མཁྱེན་གྱི་བློ་གྲོས་ཞུ་ཞེས་པས་ཏེ། བྱ་བྲལ་གྱི་དུས་སུ་བླ་མ་ངོ་བོ་ཉིད་དུ་སྒྲུབ་པའི་སྙིང་པོའོ། །
བླ་མ་སྐུ་ལྔར་སྒྲུབ་པའི་ཚུལ་ནི། དེ་ནས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཆེན་པོ་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུ་དང་། གསང་བའི་སྐུ་དང་། ངོ་བོ་ཉིད་མེད་པའི་སྐུ་ཞེས་བྱ་བའི་དམ་ཚིག་གི་སྨྲས་ནས་ཅི་ཡང་མི་གསུང་བར་བཞུགས་སོ་ཞེས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་ཆེན་པོ་ནི་བླ་མ་དང་སངས་རྒྱས་དབྱེར་མེད་པའོ། །སྐུ་དང་ཞེས་པ་ནི་བློ་སྦྱོང་གི་དུས་སུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པའོ། །ལོངས་སྤྱོད་རྫོགས་པ་ནི་དཀའ་ཐུབ་ཀྱི་དུས་སུ་བླ་མ་ལོངས་སྐུར་སྒྲུབ་པའོ། །ཆོས་ཀྱི་སྐུ་ནི་རྗེས་ཀྱི་དུས་སུ་བླ་མ་ཆོས་སྐུར་སྒྲུབ་པའོ། །གསང་བའི་སྐུ་ནི་རོ་སྙོམས་ཀྱི་དུས་སུ་བླ་མ་གསང་བའི་སྐུར་སྒྲུབ་པའོ། །ངོ་བོ་ཉིད་མེད་པའི་སྐུ་ཞེས་པ་ནི། བྱ་བྲལ་གྱི་དུས་སུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པའོ། །དམ་ཚིག་གི་སྨྲས་པ་ནི། སྔགས་དེའི་ཐུགས་དམ་ལས་མི་འདའ་བའོ། །ཅི་ཡང་མི་གསུང་པ་ནི་དགོངས་པ་ལ་སྙོམས་པར་ཞུགས་པའོ། །སྨིན་པ་གྲོལ་བར་བྱེད་པའི་ལམ་ལ་གཉིས་ཏེ། གསུང་བའི་སྦྱོར་བ་དང་། ལམ་དངོས་སོ། །གསུང་བའི་སྦྱོར་བ་ནི། དེ་ནས་ཀ་མ་ལ་ཤྲཱིས་ལུས་དང་ངག་དང་ཡིད་ཀྱི་གུས་པས་དངོས་དང་ཏིང་ངེ་འཛིན་གྱི་མཆོད་པ་རྒྱ་ཆེན་པོས་མཉེས་པར་བྱས་སོ། །
དེའི་ཚེ་སྤྲུལ་པའི་ལྷ་མོ་རབ་ཏུ་མཉེས་པའི་སྒོ་ནས་འཛུམ་པའི་མདངས་ཕྱུང་ནས་བཀའ་བསྩལ་པ་ཞེས་པ་ནི། དེ་ནས་ཀ་མ་ལ་ཤྲཱི་ཞེས་པས་རྗེ་དམ་པས་ལུས་ཀྱི་སྒོ་ནས་ཕྱག་བཙལ། ངག་གི་སྒོ་ནས་བསྟོད་པ་བྱས། ཡིད་ཀྱི་སྒོ་ནས་མོས་གུས་བྱས། དངོས་སུ་འབྱོར་བ་རྫས་ཀྱི་མཆོད་པ་དང་། ཡིད་ཀྱིས་སྤྲུལ་པ་ཏིང་ངེ་འཛིན་གྱི་མཆོད་པ་ཆེན་པོས་མཉེས་པར་བྱས་ཏེ། སྤྲུལ་པའི་ལྷ་མོ་ཞུ་བ་པོ་ལ་རབ་ཏུ་མཉེས་པའི་སྒོ་ནས་འཛུམ་པའི་མདངས་ཕྱུང་སྟེ་ལམ་ལྔའི་དོན་མདོ་ཙམ་དུ་འདི་སྐད་སྨྲས་ཏེ། ལམ་དངོས་བསྟན་པ་ནི། ཀྱཻ་རིགས་ཀྱི་བུ་མོས་གུས་ཀྱིས་བྱིན་རླབས་གཅུན་ན་གཉུག་མའི་རང་ངོ་མཐོང་བར་འགྱུར་གྱི་བླ་མའི་ཐུགས་བསྐུལ་ཅིག་ཅེས་པ་ནི། ཚོགས་ལམ་བློ་སྦྱོང་གི་གཅོད་པའི་དུས་སུ་བླ་མ་ལ་མོས་གུས་དང་། བསྙེན་བཀུར་དང་། བློ་སྦྱོང་འདྲེན་པ་གཙོ་ཆེར་བྱས། དེས་རྩ་བའི་ཆོས་ཉིད་མཐོང་བར་འགྱུར་རོ། །མཉམ་རྗེས་རེས་བསོར་དུ་བརྗེས་ན་གཉུག་མ་མངོན་དུ་འགྱུར་གྱིས། དཀའ་ཐུབ་ཀྱི་སྲང་ནས་ཐོན་ཅིག་ཅེས་པ་ནི། རྩ་བའི་ཆོས་ཉིད་མཐོང་བའི་དོན་དེ་ལ་གོམས་འདྲིས་བྱ་བའི་ཕྱིར། དཀའ་ཐུབ་ཀྱི་སྲང་ནས་བཏོན་ཏེ། མཉམ་རྗེས་རེས་བསོར་དུ་བསྐྱངས་པས་མཇུག་ཏུ་མཉམ་རྗེས་དབྱེར་མེད་ཟུང་འཇུག་ཏུ་འགྱུར་རོ། །གཉེན་པོ་རྟེན་རྟོག་ཞིག་ན་གཉུག་མ་མངོན་དུ་འགྱུར་གྱི་རིག་པ་སོ་མར་ཞོག་ཅིག་ཅེས་པ་ནི། མཉམ་རྗེས་ཀྱི་གཉེན་པོ་ཞིག་པའི་རྗེས་ལ་སློབ་པའི་ཟུང་འཇུག་དེ་སྤྱོད་ལམ་བཞིར་ཡེངས་མེད་དུ་བསྐྱངས་པ་མངོན་དུ་འགྱུར་བའོ། །རྐྱེན་ངན་ལ་རྩལ་སྦྱངས་ན་ཕྲ་རྒྱས་ཀྱི་འཕན་མི་ལྡང་གི་རོ་སྣ་ཚོགས་ལ་སྙོམས་ཤིག་ཅེས་པ་ནི། རྐྱེན་ངན་དང་མ་འཕྲད་ན་དགེ་སྦྱོར་བཟང་པོ་གནས་ཀྱང་། རྐྱེན་ངན་དང་འཕྲད་ན་ཕྲ་རྒྱས་ཀྱི་འཕན་ལྡང་ཉེན་ཡོད་པས་དུས་ཚོད་ལ་རྐྱེན་ངན་དང་བསྲེའི་ཉམས་སུ་ལེན་པ་གལ་ཆེའོ། །གང་ཡང་ཡིད་ལ་མི་བྱེད་ན་སངས་རྒྱས་ཀྱི་དགོངས་པ་མངོན་དུ་འགྱུར་གྱི། ལམ་གྱི་རྟེན་རྟོག་བཤིགས་ཤིག་གསུངས་ནས་མི་སྣང་བར་གཤེགས་སོ་ཞེས་པ་ནི། དེ་ལྟར་རྐྱེན་ངན་གང་གིས་ཀྱང་དགེ་སྦྱོར་ལ་མི་གནོད་པར་གྱུར་ཙ་ན་དགོངས་པ་མཐར་སྐྱོལ་བ་ཡིན་པས་སྒོམ་པ་བདག་པོ་ལ་གཏད་པས་ཆོག་པ་ཡིན་ནོ། །དེ་རྣམས་ཀྱི་རྩ་བའི་རྒྱུད་བསྟན་པའོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་རྩ་བ་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་ལྟ་བ་གཏན་ལ་ཕབ་པའི་ལེའུ་གསུམ་པའོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ཆེན་པོ་བཅོམ་ལྡན་འདས་བདག་མེད་མའི་མངོན་པར་རྟོགས་པ་བརྗོད་པ་སྟེ་རྩ་བའི་རྒྱུད་རྫོགས་སོ། །
༈ གཉིས་པ་བཤད་པའི་རྒྱུད་ལ་ལེའུ་བཅྭོ་བརྒྱད་ཀྱིས་བསྟན་པ་ལ། དོན་གཉིས་སུ་བསྟན་ཏེ། ལམ་རྒྱུད་ལ་སྐྱེ་བའི་རྟེན་དང་ལམ་དངོས་སོ། །དང་པོ་རྟེན་ནི་ལེའུ་བཞི་པས་སྟོན་ཏེ། དེ་ལ་གསུམ་སྟེ། རྒྱུད་ཞུ་བའི་སྦྱོར་བ་དང་ཞུ་བ་དངོས་སོ། །སྦྱོར་བ་ལ་གསུམ་སྟེ། གསོལ་བ་གདབ་པ་དང་། ཞལ་མཐོང་བ་དང་། བྱིན་རླབས་སྣང་བའོ། །དང་པོ་ནི། དེ་ནས་ཡང་དག་བཤད་བྱ་བ། །ཀ་མ་ལ་ཤྲཱི་རྣལ་འབྱོར་གྱི། །དུར་ཁྲོད་གནས་མཆོག་དེ་ཉིད་དུ། །གུས་པས་འདུན་པ་རབ་བཏུད་དེ། །རང་བྱུང་བདུད་རྩིའི་མཎྜལ་ལ། །རཏྣ་པ་ཤའི་མེ་ཏོག་བཀྲམ། །རང་གི་ལྷག་པའི་ལྷ་མོ་ལ། །ཞག་བདུན་ཐལ་སྦྱར་གསོལ་བ་གདབ། །ཅེས་པས་ཏེ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་པ་བཤད་རྒྱུད་གསུངས་པའི་ཚུལ་ནི། ཀ་མ་ལ་ཤྲཱི་ཞེས་པ་ནི་དམ་པ་ཉིད་དོ། །དུར་ཁྲོད་གནས་མཆོག་དེ་ཉིད་ཅེས་པ་ནི། དུར་ཁྲོད་ཆེན་པོ་དཔལ་གྱི་རྒྱུ་སྐར་ཡིན་ཏེ། ཚོགས་ཀྱི་འཁོར་ལོ་བསྐོར་བའི་གནས་དེ་ཉིད་དུ་གུས་པས་རབ་ཏུ་བཏུད་དེ་ཞེས་པ་ནི། ལྷ་མོ་ལ་རབ་ཏུ་གུས་པའི་སྒོ་ནས་རང་བྱུང་བདུད་རྩིའི་མཎྜལ་ཞེས་པ་ནི། བདུད་རྩི་ལྔས་བྱུགས་པའི་མཎྜལ་བཤམས་སོ། །རཏྣ་པ་ཤའི་མེ་ཏོག་བཀྲམ་ཞེས་པ་ནི། རཏྣ་ནི་རིན་པོ་ཆེ་པ་ཤ་སྟེ། རིན་པོ་ཆེའི་མེ་ཏོག་བཀོད། རང་གི་ལྷག་པའི་ལྷ་མོ་ཞེས་པ་ནི། སྔར་ཞལ་མཐོང་བའི་ལྷ་མོ་བདག་མེད་མ་ལ་ཞག་བདུན་དུ་པུས་བཙུགས་ཐལ་སྦྱར་གསོལ་བ་གདབ་པའོ། །ཞལ་མཐོང་པར་བསྟན་པ་ནི། དེའི་ཚེ་ཐུགས་རྗེའི་འོད་ཟེར་ནི། །མུན་པའི་ཁམས་སུ་ཉི་འོད་ལྟར། །འཇིག་རྟེན་ཀུན་ཁྱབ་འོད་ཟེར་གྱིས། །དུར་ཁྲོད་ཆེན་པོ་རབ་ཏུ་བཀང་། །ཉི་ཟླ་པདྨའི་གདན་སྟེངས་ན། །སྤྲུལ་པའི་ལྷ་མོ་སྔོ་སངས་མ། །མི་རོ་བསྣོལ་བའི་ཁྲི་ལ་བཞུགས། །རྒྱུ་སྐར་གསེབ་ནས་ཟླ་རྒྱས་ཚུལ། །རབ་འཇིགས་མཁའ་འགྲོ་འབུམ་གྱིས་བསྐོར། །དགྱེས་པའི་ཚུལ་གྱིས་གད་རྒྱངས་ཧ་ཧར་བཞད། །ཏ་ལ་བདུན་སྲིད་ནམ་མཁའ་ལ། །སྐྱེས་བུའི་མདུན་ན་བཞག་པར་མཐོང་། །ཞེས་པ་ནི་དེའི་དུས་སུ་སྤྲུལ་པའི་ལྷ་མོ་བྱོན་པའི་རྟགས་སུ་ཐུགས་རྗེའི་འོད་ཟེར་མུན་པའི་ནང་དུ་ཉི་མ་ཤར་བ་ལྟར། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་གྱིས་ཁྱབ་པར་གྱུར་ཏོ། །དུར་ཁྲོད་ཀྱི་གནས་དེ་ཉིད་ཀྱང་འོད་ཟེར་གྱིས་གང་བར་བྱས་སོ། །ཉི་ཟླ་པདྨའི་གདན་སྟེང་ན་ཞེས་པ་ནི། མདུན་གྱི་ནམ་མཁའ་ལ་ཉི་ཟླ་པདྨའི་གདན་བྱུང་བའོ། །སྤྲུལ་པའི་ལྷ་མོ་སྔོ་སངས་མ་ནི་བདག་མེད་མ་དངོས་སུ་བྱོན་པའོ། །མི་རོ་བསྣོལ་བའི་ཁྲི་ཞེས་པ་ནི་དུར་ཁྲོད་ཀྱི་གདན་ནོ། །རྒྱུ་སྐར་གྱི་གསེབ་ན་ཟླ་རྒྱས་ཚུལ་ཞེས་པ་ནི་དཔེ་ཡིན་ནོ། །རབ་མཛེས་མཁའ་འགྲོ་འབུམ་གྱིས་བསྐོར་ཞེས་པ་ནི་དཔེར་ན་ཟླ་བ་ཉ་གང་པ་ལ་རྒྱུ་སྐར་གྱིས་མཛེས་པ་བཞིན་དུ། ལྷ་མོ་ལ་མཁའ་འགྲོ་མ་འབུམ་གྱིས་བསྐོར་བའོ། །དགྱེས་པའི་གད་རྒྱངས་ཧ་ཧ་བཞད་ཅེས་པ་ནི། རྒྱུད་གསུངས་པ་ལ་སྤྲོ་བའོ། །ཏ་ལ་བདུན་གྱི་ནམ་མཁའ་ལ། །སྐྱེས་བུའི་མདུན་ན་བཞུགས་པ་མཐོང་། །ཞེས་པ་ནི་རྗེ་དམ་པས་ནི་མདུན་གྱི་མཁའ་ལ་དངོས་སུ་བཞུགས་པར་མཐོང་ངོ་། །བྱིན་རླབས་གནང་བ་ནི། དེའི་ཚེ་ཀ་མ་ལ་ཤྲཱི་ནི། །རབ་ཏུ་དགའ་བའི་ཡིད་གཡོས་ཏེ། །ལུས་ཀྱང་བདེ་བས་རབ་ཏུ་གང་། །སེམས་ཀྱི་དེ་ཉིད་མཁའ་ལྟར་དག །ཆོས་ཀུན་མཁའ་འདྲར་མཉམ་མཐོང་ནས། །ཚིམ་པའི་རང་སྒྲ་འདི་སྐད་སྨྲས། །ཞེས་པ་སྟེ། དེའི་ཚེ་ཀ་མ་ལ་ཤྲཱི་ནི། རབ་ཏུ་དགའ་བའི་ཡིད་གཡོས་ཏེ་ཞེས་པ་ནི། རྗེ་དམ་པ་ཉིད་ལྷ་མོའི་ཞལ་དངོས་སུ་མཐོང་བ་ལ་དད་ཅིང་སྤྲོ་བ་སྐྱེས་པའོ། །ལྷ་མོའི་བྱིན་རླབས་ཀྱི་ལུས་བདེ་བས་གང་པའོ། །སེམས་ཀྱི་དེ་ཉིད་ཅེས་པ་ནི་སེམས་སྟོང་པ་ཉིད་ནམ་མཁར་ལྟར་རྟོགས་ཤིང་། ཆོས་ཐམས་ཅད་ནམ་མཁའ་ལྟར་རྟོགས་པའོ། །ཚིམས་པའི་རང་སྒྲ་འདི་སྐད་སྨྲས་ཞེས་པ་ནི། བྱིན་རླབས་ཀྱིས་རྒྱུད་ཚིམས་པའི་ཉམས་སྨྲས་པའོ། །ཞུས་པ་དངོས་ལ་གཉིས་ཏེ། ཞུས་པ་དང་ལན་ནོ། །ཞུས་པ་ནི། ཨེ་མ་ཧོ་སྟོང་དང་མི་སྟོང་ངོ་བོ་ཉིད། །དངོས་དང་དངོས་མིན་གཉིས་དང་བྲལ། །ཆོས་ཀུན་རང་རིག་ཡེ་ཤེས་ཉིད། །དེ་དོན་སྨྲ་བསམ་བརྗོད་ལས་འདས། །མྱོང་བ་སྨྲར་མེད་ལྐུག་མའི་ཁ། །མཚོན་དུ་ཡོད་པ་མ་ཡིན་ཀྱང་། །དེ་ལྟར་མ་གཏོགས་འགྲོ་བ་རྣམས། །མ་རིག་ལྡོངས་པ་གསལ་བའི་ཐབས། །ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུ་བ་འདུན་པ་ལས་ཞེས་པ་སྟེ། ཀྱེ་ཧོ་ཞེས་ངམ་པའི་ཚིག་བརྗོད་ནས་ཤེས་བྱའི་ཆོས་ཐམས་ཅད་སྟོང་པ་དང་མི་སྟོང་པ་མེད་པར་ཆུ་ནང་གི་ཟླ་བ་ལྟར་རྟོགས་སོ། །དེ་བཞིན་དུ་ཤེས་བྱའི་ཆོས་ཐམས་ཅད་དངོས་པོ་རང་རྒྱུད་པ་ཡང་མ་ཡིན། སྟོང་པ་ཅང་མེད་ཀྱང་མ་ཡིན་ཏེ། ངོ་སྟོང་འགྱུར་མེད་འཁྱག་པ་དང་ཆུ་ལྟར་དུ་ཤེས་པའོ། །ཆོས་ཀུན་རང་རིག་ཡེ་ཤེས་ནི་ཞེས་པ་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ཕྱི་རོལ་ན་དོན་དམ་པར་བདེན་པར་གྲུབ་པ་མེད་དེ། རང་གི་སེམས་ཀྱི་འཆར་ལུགས་ཡིན། སེམས་ཉིད་དེ་ནི་སྨྲ་བསམ་བརྗོད་ལས་འདས་པའོ། །མྱོང་པ་སྨྲར་མེད་ལྐུག་མའི་ཁ། །མཚོན་དུ་ཡོད་པ་མ་ཡིན་ཏེ། །ཞེས་པ་སྟེ་སེམས་ཉིད་འདི་ལྟ་བུ་ཞེས་ཚིག་ཏུ་མཚོན་དུ་མེད་དེ། ལྐུག་མས་རྨི་ལམ་ཚིག་ཏུ་སྨྲ་མ་ཤེས་པ་བཞིན་ནོ། །དེ་ལྟར་མ་རྟོགས་འགྲོ་བ་རྣམས་ཞེས་པ་ནི། བླ་མས་ངོ་མ་སྤྲད་པར་རང་སེམས་མ་རྟོགས་པའི་སེམས་ཅན་མ་རིག་པས་བསྒྲིབས་ནས་ཡེ་ཤེས་ཀྱི་མིག་ལོང་བ་རྣམས། བླ་མའི་མན་ངག་ཡེ་ཤེས་ཀྱི་ཐུར་མ་ལྟ་བུས་བསལ་བའོ། །དེའི་ཕྱིར་ལྷ་མོ་ཁྱོད་ཀྱིས་རྒྱུད་ཀྱི་དོན་རྒྱས་པར་གསུངས་ཤིག་པའོ་དེ་སྐད་དུ་ཞུས་པའོ། །ལམ་ལ་བཞི་སྟེ། གསུང་བའི་སྦྱོར་བ་དང་། མཁའ་འགྲོ་མའི་བརྡ་སྐད་དང་། ལམ་གྱི་རྟེན་སྐལ་ལྡན་དགོངས་པར་བསྟན་པ་དང་། རྟེན་གྱི་ཆོས་བདུན་བསྟན་པའོ། །གསུངས་པའི་སྦྱོར་བ་ནི། དེ་ཚེ་སྤྲུལ་པའི་ལྷ་མོ་ཉིད། །དགྱེས་པའི་ཞལ་རས་འཛུམ་དང་བཅས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་བཀྱེ། །འགྲོ་ཀུན་དད་ཅིང་འདུན་པར་བྱས། །སླར་འདུས་དཔལ་གྱི་བེའུར་འཁྱིལ། །དགོངས་པ་མངོན་དུ་ཕྱུང་པ་ནི། །མཁའ་ལ་ཉི་ཟླ་ཤར་བ་བཞིན། །ཁྱབ་ཅིང་གསལ་བར་གྲགས་པ་ནི། །མཁའ་འགྲོ་མ་ཡི་རང་སྒྲ་སྨྲས། །ཞེས་པ་ནི། དེའི་ཚེ་སྤྲུལ་པའི་ལྷ་མོ་ནི། །དགྱེས་པའི་ཞལ་རས་འཛུམ་དང་བཅས། །ཞེས་པ་ནི། ཀ་མ་ལ་ཤྲཱི་རྒྱུད་རྒྱས་པར་ཞུས་པ་ལ་རབ་ཏུ་དགྱེས་པས་འཛུམ་པའི་མདངས་ཕྱུང་པའོ། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་བཀྱེ། །འགྲོ་ཀུན་དད་ཅིང་འདུན་པར་བྱས། །ཞེས་པ་ནི། རྒྱུད་གསུངས་པའི་སྔོན་དུ་འཁོར་བྱིན་གྱིས་བརླབ་པ་ནི། ཐུགས་ཀ་ནས་འོད་ཟེར་བཀྱེ་བས་གང་ལ་ཕོག་པའི་འཁོར་རྣམས་ལྷ་མོ་ལ་ཆོས་ཞུ་བའི་སྒོ་ནས་དད་ཅིང་འདུན་པར་བྱས་ནས། སླར་འདུས་དཔལ་གྱི་བེའུར་འཁྱིལ་ཞེས་པ་ནི། འོད་ཟེར་སླར་འདུས་ཏེ་ལྷ་མོའི་ཐུགས་ཀར་ཐིམ་པའོ། །དགོངས་པ་མངོན་དུ་ཕྱུང་པ་ནི་ཞེས་པ། ལྷ་མོའི་ཐུགས་དགོངས་རྒྱུད་ཀྱི་དོན་གསུངས་པའོ། །མཁའ་ལ་ཉི་ཟླ་ཤར་བ་བཞིན། །ཁྱབ་ཅིང་གསལ་བར་གྲགས་པ་ནི་ཞེས་པ། དཔེར་ན་ནམ་མཁའ་ལ་ཉི་ཟླ་ཤར་བས་ས་གཞི་ཐམས་ཅད་ལ་ཁྱབ་ཅིང་མུན་པ་བསལ་བ་བཞིན་དུ་ལྷ་མོའི་ཐུགས་རྗེའི་འོད་ཟེར་གྱིས་འཁོར་རྣམས་ཀྱི་མ་རིག་པའི་མུན་པ་བསལ་བའོ། །བརྡ་སྐད་དངོས་ནི་གོ་བར་ཟད་དོ། །
ལམ་གྱི་སྐལ་ལྡན་དགོངས་པར་བསྟན་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །ཏིལ་སྦྱང་ས་བོན་འབྲས་བུ་སྨིན་འདོད་ན། །ཚྭ་སྒོའི་ཞིང་ལ་ཏིལ་གྱི་འབྲུ་མི་སྨིན། །དྲོད་གཤེར་ལྡན་པས་ས་བོན་དུས་སུ་གདབ། །ཅེས་པ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག་ཅེས་པ་ནི། ཞུ་བ་པོ་སྙན་བཅག་པའོ། །ཏིལ་སྦྱང་ས་བོན་འབྲས་བུ་སྨིན་འདོད་ན་ཞེས་པ་ནི། སྦྱངས་པའི་ནང་ན་ཏིལ་གྱི་ས་བོན་ཡོད་པ་དེ་སོ་ནམ་ལ་བརྟེན་ནས་ཏིལ་གྱི་འབྲས་བུ་འཕེལ་བར་འདོད་པ་དང་འདྲ་བར་རང་ལ་ཡོད་པའི་ཆོས་ཉིད་དེ་བླ་མ་ལ་བསྟེན་ནས་རྟོགས་པར་འདོད་པའོ། །དཔེར་ན་ཞིང་ཚ་སྒོ་ཅན་ལ་ཏིལ་འབྲུ་བཏབ་ཀྱང་མི་སྨིན་པ་བཞིན་དུ། ལས་འཕྲོ་དང་སྐལ་བ་མེད་པའི་གང་ཟག་དེ་རྒྱུད་འདི་དང་འཕྲད་ཀྱང་མི་འཕྲད་ལ་རྒྱུད་འདིའི་དོན་ཡང་མི་རྟོགས་སོ། །དྲོད་གཤེར་ལྡན་པས་ས་བོན་དུས་སུ་བཏབ་ཅེས་པ་ནི། ནམ་ཟླ་དྲོས་པ་དང་ཆུ་ལུད་འཛོམས་པའི་ཞིང་ལ་རྨོས་བཀོལ་བྱས་ནས་ས་བོན་བཏབ་པས་འབྲས་བུ་སྟོན་ཐོག་ཕུན་སུམ་ཚོགས་པ་འབྱུང་བ་བཞིན་དུ། རྟེན་མོས་གུས་དང་ཤེས་རབ་ཏུ་ལྡན་པ་ལ་དབང་གིས་རྒྱུད་སྨིན་པར་བྱས་ནས་གདམས་པ་བཏབ་སྟེ། ཚུལ་བཞིན་དུ་ཉམས་སུ་བླངས་པས་འབྲས་བུ་རང་གཞན་གྱི་དོན་འགྲུབ་པར་འགྱུར་རོ། །
རྟེན་གྱི་ཆོས་བདུན་བསྟན་པ་ལ་བདུན་ཏེ། དང་པོ་འཁོར་བ་སྡུག་བསྔལ་གྱི་གནས་སུ་ཤེས་པའི་སྒོ་ནས་ཐར་པ་བྱང་ཆུབ་ཅི་ཐོབ་བྱེད་པ་ནི་ཁྲི་མུན་ནང་དུ་ཐ་རམ་ཡིད་ལ་གྱིས་ཞེས་པ་ནི། བཙོན་ཁྲི་མུན་དུ་བཅུག་ནས་སྒོ་ལྕགས་བསྡམས་པའི་ཚེ་དེ་ཤིན་ཏུ་སྡུག་པས་དེ་ལས་ཐར་བར་འདོད་པའི་མི་དེ་སྒོ་ལྕགས་འབྱེད་པ་ལ་བརྩོན་པར་བྱེད་དགོས་པ་དང་འདྲ་བར་འཁོར་བ་ལས་ཐར་བར་འདོད་པ་དེས། བླ་མའི་གདམས་ངག་ཡིད་ལ་བྱའོ། །ཚེ་འདི་དགོས་མེད་ཤེས་པའི་སྒོ་ནས་བྱ་བ་དམན་པ་སྤོང་བ་ནི་ཆོས་ཀྱི་རྒྱལ་པོས་བྲན་གྱིས་བྱ་བ་སྤོངས་ཞེས་པ་ནི། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོས་བྲན་གྱི་བྱ་བ་མི་བྱེད་པ་བཞིན་དུ་སྙིང་ནས་ཆོས་བྱེད་པའི་རྟེན་གྱི་གང་ཟག་དེ། ཚེ་འདིའི་བྱ་བ་དམན་པ་སྤངས་ནས་སྒྲུབ་པ་ཉམས་སུ་ལེན་དགོས་སོ། །བླ་མ་ལ་སངས་རྒྱས་སུ་མཐོང་པའི་སྒོ་ནས་གསོལ་བ་རྒྱུན་དུ་འདེབས་པ་ནི། ནོར་བུ་གཙུག་ཏུ་བཀུར་ཞིང་དྲི་མ་བཀྲུ་ཞེས་པ་ནི་ནོར་བུ་རིན་པོ་ཆེ་དེ་ཀ་ཤི་ཀའི་རྡོ་ལ་བྲད། བ་ཚྭ་ཅན་གྱི་ཆུ་ལ་བཀྲུས། རིན་པོ་ཆེ་འཕྲུལ་གྱི་གདན་ལ་ཕྱིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་འཕྱར་ནས་གསོལ་བ་བཏབ་ན། དགོས་འདོད་སྣ་ཚོགས་འབྱུང་བ་བཞིན་དུ། མཚན་ཉིད་དང་ལྡན་པའི་བླ་མ་ལ་ལུས་ངག་ཡིད་གསུམ་གྱིས་མོས་གུས་བྱས་ཏེ། སྤྱི་བོར་བསྒོམས་ནས་གསོལ་བ་བཏབ་ན། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་འགྱུར་བའོ། །རྫས་དང་ཡོ་བྱད་ལ་མི་བལྟ་བའི་སྒོ་ནས་དབང་དང་བྱིན་རླབས་ཞུ་ནུས་པ་ནི། སོ་བཏང་རྫ་ལ་ཆུ་ཡི་བྱ་བ་བཅོལ་ཞེས་པ་ནི། རྫ་སོ་བཏང་པས་ཆུའི་བྱ་བ་ནུས་ཀྱི། སོ་མ་བཏང་པས་ཆུའི་བྱ་བ་མི་ནུས་པ་བཞིན་དུ། དབང་གིས་རྒྱུད་མ་སྨིན་པ་ལ་གདམས་ངག་གི་སྣོད་མི་བཏུབ་པས་ཐོག་མར་དབང་གིས་རྒྱུད་སྨིན་པར་བྱས་ནས་གདམས་ངག་འདེབས་པ་ཡིན་ནོ། །
གཉེན་པོ་སྟོབས་དང་ལྡན་པའི་སྒོ་ནས་སྡོམ་པ་དང་དམ་ཚིག་བསྲུང་ནུས་པ་ནི། སོ་མཚམས་མཁར་ལ་བློན་པོ་བག་ལྡན་སྐྱོན་ཞེས་པ་ནི། སོ་མཚམས་ཀྱི་མཁར་གཡེལ་པོ་དེ་ཡེངས་ན་དགྲ་ལ་འཆོར་བས་མ་ཡེངས་པར་བསྲུང་བ་བཞིན་དུ། དབང་ཐོབ་དམ་ཚིག་ཉམས་ན་དམྱལ་བར་འགྲོ་བས་དམ་ཚིག་མ་ཉམས་པ་གལ་ཆེའོ། །བརྩོན་འགྲུས་ཡེངས་པ་མེད་པའི་སྒོ་ནས་གནས་རི་ཁྲོད་བརྟེན་ཅིང་སྒྲུབ་པ་ཉམས་སུ་ལེན་ནུས་པ་ནི། རི་དྭགས་རྨས་མའི་སྤྱོད་པ་ཁྱོད་ཀྱི་བལྟོས་ཞེས་པ་ནི། རི་དྭགས་རྨས་པ་དེ་རྨ་བསྲུང་བའི་ཆེད་དུ་ཀླུང་དུ་མི་འབབས། རི་དྭགས་གཞན་གྱི་ཟླ་ལ་མི་འགྲོ་བར་གཅིག་པུར་གནས་པ་བཞིན་དུ། སྒྲུབ་པ་པོས་ཀྱང་གྲོང་ཡུལ་སྤངས་ཏེ་རི་ཁྲོད་བརྟེན་ནས་སྒྲུབ་པ་ཉམས་སུ་ལེན་དགོས་པ་ཡིན་ནོ། །སྣང་བ་འདི་སྒྱུ་མར་ཤེས་པའི་སྒོ་ནས་ཚེ་འདིའི་སྙན་གྲགས་མི་བསྒྲུབ་པར་ཆོས་རང་སྒྲུབ་པ་ནི། སྒྱུ་མའི་སྐྱེས་བུས་རྒྱལ་པོ་མ་བསླུ་ཞིག་ཅེས་གསུངས་སོ། །ཞེས་པ་དཔེར་ན་རྒྱལ་པོ་བདེ་སྤྱོད་བཟང་པོ་སྒྱུ་མ་མཁན་གྱིས་བསླུས་པ་བཞིན་དུ། སྣང་བ་ལ་རང་རྒྱུད་པར་ཞེན་པས་བསླུས་པས་འཁོར་བར་འཁྱམས་པས་སྣང་བའི་བདེན་འཛིན་བཤིག་ནས་ཆོས་རང་ཉམས་སུ་ལེན་དགོས་པ་ཡིན་ནོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོའི་བརྡའི་རྒྱུད་ལས་སྒྲུབ་པའི་རྟེན་ངོས་བཟུང་བ་སྟེ་ཡས་བགྲངས་པའི་སྒྲུབ་པའི་རྟེན་གྱི་ཆོས་བདུན་ངོས་བཟུང་བའི་ལེའུ་སྟེ་བཞི་པའོ། །
ལམ་དངོས་ལ་གསུམ་སྟེ། བྱ་བ་གཞིའི་རྣལ་འབྱོར་དང་བྱེད་པ་ལམ་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །བྱ་བ་གཞིའི་རྣལ་འབྱོར་ནི། ལེའུ་ལྔ་པ་ནས་སྟོན་ཏེ། དེ་ལ་གཉིས་ཏེ་གཞི་བཅའ་བ་དང་། རྣལ་འབྱོར་གྱི་རང་ས་བསྲུང་བའོ། །གཞི་བཅའ་བ་ལ་གཉིས་ཏེ། ཞུ་ལན་དང་པོ་དང་། ཞུ་ལན་གཉིས་པའོ། །དང་པོ་ལ་གཉིས་ཏེ། སྐལ་ལྡན་ཐུགས་རྗེས་བཟུང་ལུགས་ཞུས་པ་དང་། ལན་དགོས་པ་དང་བཅས་ཏེ་བསྟན་པའོ། །སྐལ་ལྡན་ཐུགས་རྗེས་བཟུང་ལུགས་ཞུས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གི །སྤྲུལ་པའི་ལྷ་ལ་འདི་སྐད་གསོལ། །ཏིལ་སྦྱངས་ནང་གི་ས་བོན་བཞིན། །འགྲོ་ཀུན་སངས་རྒྱས་ཉིད་ཡིན་ཀྱང་། །མིག་བུ་བྲལ་བའི་དམུས་ལོང་བཞིན། །ཐར་པའི་གྲོང་དུ་འཇུག་མི་ནུས། །དྲོད་གཤེར་ལྡན་པའི་ཞིང་ས་བཞིན། །རིགས་སད་སྟོབས་ལྡན་སྐྱེས་བུ་དག །ཐུགས་རྗེས་བཟུང་བ་ཇི་ལྟར་བགྱི། །དེ་སྐད་ཞུ་བ་འདུན་པ་ལས། །ཞེས་པ་སྟེ། དེ་ནས་རྣལ་འབྱོར་དབང་ཕྱུག་ཅེས་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཀ་མ་ལ་ཤཱི་ལས་སྤྲུལ་པའི་ལྷ་མོ་ལ་འོག་ནས་འབྱུང་བའི་ཚིག་འདི་སྐད་དུ་གསོལ་བ་བཏབ། ཏིལ་སྦྱངས་ནང་གི་ས་བོན་བཞིན་ཞེས་པ་ནི་དཔེ་ཡིན་ཏེ། ས་བོན་དེ་འབྲས་བུའི་རྒྱུ་ཡིན་ཀྱང་སོ་ནམ་མ་བྱས་ན་འབྲས་བུར་མི་འགྱུར་བ་བཞིན་དུ། འགྲོ་ཀུན་སངས་རྒྱས་ཉིད་ཡིན་ཀྱང་ཞེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཡིན་ཀྱང་། མིག་བུ་བྲལ་བའི་དམུས་ལོང་བཞིན་ཞེས་པ་ནི། ལོང་ཁྲིད་མེད་ན་ལོང་བས་འགྲོ་ས་མི་རྙེད་པ་བཞིན་དུ། བླ་མ་མེད་ན་རང་སེམས་མི་རྟོགས་པས་ཐར་པའི་གྲོང་དུ་མི་བརྟོལ་བ་ཡིན་ནོ། །དྲོད་གཤེར་ལྡན་པའི་ས་གཞི་བཞིན། །ཞེས་པ་ནི། ས་གཞི་དྲོད་གཤེར་ལྡན་པ་ལ་སོ་ནམ་བྱས་ནས་ས་བོན་བཏབ་ན་འབྲས་བུ་སྨིན་པའི་དུས་ཡིན་པ་བཞིན་དུ་ལས་འཕྲོ་དང་ཤེས་རབ་ཏུ་ལྡན་པའི་མི་དེ་ཆོས་འབྱུང་བའི་རྟེན་ཡིན་པས་དེ་ཐུགས་རྗེས་ཇི་ལྟར་བཟུང་ཞེས་པའོ། །
ལན་དགོས་པ་དང་བཅས་པ་བསྟན་པ་ནི། སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །དྲོད་གཤེར་ལྡན་པའི་ས་གཞི་སྨིན་པའི་རྒྱུ། །དེ་དུས་རྒྱལ་བུ་རྒྱལ་སར་དབྱུང་པར་གཅེས། །ས་བོན་མྱུ་གུ་སྡོང་བུ་མེ་ཏོག་དང་། །འབྲས་བུ་ལྔ་ནི་རིམ་དང་ཅིག་ཆར་སྨིན། །སྨིན་པའི་འབྲས་བུ་འགྲོ་བའི་ལོངས་སྤྱོད་ཡིན། །ཞེས་གསུངས་སོ་ཞེས་པ་སྟེ། སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག་ཅེས་པ་ནི་ཞུ་བ་པོ་ལ་སྙན་བཅག་པའོ། །དྲོད་གཤེར་ལྡན་པའི་ས་གཞི་སྨིན་པའི་རྒྱུ་ནི། དཔེར་ན་ས་གཞི་ལ་དྲོད་ཕེབས། རླན་གྱིས་བངས་པ་དེ་འབྲས་བུ་སྐྱེ་བའི་གནས་ཡིན་པ་བཞིན་དུ། རྟེན་མོས་གུས་དང་ཤེས་རབ་ཏུ་ལྡན་པ་ལ་དབང་གིས་རྒྱུད་སྨིན་པར་བྱས་པ་དེ་ལམ་རྒྱུད་ལ་སྐྱེ་བའི་རྟེན་ཡིན་ནོ། །དེ་དུས་རྒྱལ་བུ་གདན་སར་དབྱུང་བ་ནི། རྟེན་དེ་ལ་དབང་བསྐུར་གདམས་ངག་གདབ་བོ། །ས་བོན་མྱུ་གུ་སྡོང་བུ་མེ་ཏོག་དང་། །འབྲས་བུ་ལྔ་ནི་རིམ་དང་ཅིག་ཆར་སྨིན། །ཞེས་པ་ནི། དཔེར་ན་མེ་ཏོག་གི་སྡོང་པོ་ལ་ས་བོན་བཙུགས་པས་དེ་ལས་མྱུ་གུ་བྱུང་། དེ་ལ་སྡོང་བུ་དེ་ལ་མེ་ཏོག་དེ་ལས་འབྲས་བུ་བྱུང་བ་བཞིན་དུ། དབང་པོ་དམན་པའི་རྟེན་དེ་ལམ་དུ་བཅུག་པས་བློ་སྦྱོང་དང་དཀའ་ཐུབ་དང་རྗེས་དང་རོ་སྙོམས་དང་། བྱ་བྲལ་རྣམས་རིམ་པས་རྒྱུད་ལ་སྐྱེ་བ་ཡིན་ནོ། །སྨིན་པའི་འབྲས་བུ་འགྲོ་བའི་ལོངས་སྤྱོད་ཡིན་ཞེས་པ་ནི། རང་དོན་ཚར་ནས་གཞན་དོན་བྱེད་པའོ། །
ཞུས་ལན་གཉིས་པ་ལ་གཉིས་ཏེ། དབང་ཇི་ལྟར་བསྐུར་བ་དང་ཞུས་པ་དང་ལན་བཏབ་པའོ། །ཇི་ལྟར་བསྐུར་ཞུས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །དྲོད་གཤེར་ལྡན་པའི་ས་གཞི་ལ། །རྒྱལ་བུ་རྒྱལ་སར་ཇི་ལྟར་དབྱུང་། །ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །དེ་ནས་སྤྲུལ་པའི་ལྷ་མོ་ཡིས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ། །འདི་སྐད་ཅེས་ནི་བཀའ་བསྩལ་ཏོ། །ཞེས་པས་ཏེ། དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཀ་མ་ཤྲཱིས་སྤྲུལ་པའི་ལྷ་མོ་བདག་མེད་མ་ལ་ལན་མནན་པའི་ཚུལ་གྱིས་ཡང་ཞུས་པ། དྲོད་གཤེར་ལྡན་པའི་ས་གཞི་ལ། །རྒྱལ་བུ་རྒྱལ་སར་ཇི་ལྟར་དབྱུང་ཞེས་པ་ནི། དྲོད་གཤེར་ལྡན་པའི་ས་གཞི་དང་འདྲ་བར་མོས་གུས་དང་ཤེས་རབ་ཏུ་ལྡན་པའི་གང་ཟག་དེ་ལ། རྒྱལ་བུ་རྒྱལ་སར་དབྱུང་བ་དང་འདྲ་བར་དབང་ཇི་ལྟར་བསྐུར་ཞུས་པའོ། །
དེའི་ལན་ལ་བཞི་སྟེ། མཁའ་འགྲོ་མའི་བརྡ་སྐད་དང་། དབང་གི་སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་བྱ་བའོ། །མཁའ་འགྲོ་མའི་བརྡ་སྐད་ནི་འགྲེའོ། །དབང་གི་སྔོན་འགྲོ་ནི། རིན་ཆེན་རྡང་བུ་གསུམ་བརྩེགས་ཁྲི་སྟེང་དུ། །མངའ་ཐང་རྫོགས་པའི་རྒྱལ་བུ་རྒྱལ་སར་དབྱུང་། །ཞེས་པ་ནི། རིན་ཆེན་གྱི་རྡང་བུ་གསུམ་ལ་འཛེག་པ་ནི། དབང་གི་སྔོན་དུ་སྐྱབས་སུ་འགྲོ་བ་དང་། མཆོད་པ་འབུལ་བ་དང་། སེམས་བསྐྱེད་པ་རྣམས་ཡིན་ནོ། །མངའ་ཐང་རྫོགས་པའི་རྒྱལ་བུ་དང་འདྲ་བའི་ལས་འཕྲོ་ཅན་དེ་ལ། རྒྱལ་སར་དབྱུང་པ་དང་འདྲ་བའི་དབང་བསྐུར་རོ། །དངོས་གཞི་ལ་བཞི་སྟེ། ལུང་ནོད་དང་། དབང་བཞི་དང་། ངོ་སྤྲོད་རྗེས་གནང་ངོ་། །ལུང་ནོད་ནི། རྒྱལ་བའི་གསུང་ལ་བཀའི་གནང་བ་བྱིན་ཞེས་པ་ནི། ཡི་གེ་ལྔ་བཅུའི་ལུང་ནོད་ལན་གསུམ་བྱེད་པའོ། །དབང་བཞི་ནི། གངས་གྱི་ཞུན་ཆུ་ཁོལ་མས་ཁྲུས་བགྱིས་ལ་ཞེས་པ་ནི། བྱིན་གྱིས་བརླབས་པའི་བདུད་རྩིས་དབང་བཞི་བསྐུར་བའོ། །ངོ་སྤྲོད་ནི། འཕྲུལ་གྱི་གདན་ལ་དངུལ་གྱི་མེ་ལོང་ཕྱི་ཞེས་པ་ནི། འཇམ་རླུང་དང་རྩུབ་རླུང་གི་ངོ་སྤྲོད། རྗེས་གནང་ནི་རྒྱལ་པོས་བསྐུལ་བའི་ཕྲིན་ལས་ཐོབ་པར་གྱིས་ཞེས་པ་ནི། ལམ་ལྔའམ་ཐུགས་དམ་བསྐུལ་ལུགས་ཡིན་ཏེ། དེ་རྣམས་ཀྱི་དོན་རྒྱས་པར་ལེའུ་འོག་ནས་འཆད་དོ། །རྗེས་ཀྱི་བྱ་བ་ནི་སྤྱན་གཟིགས་མཉེས་པའི་རོལ་མོ་རྒྱ་ཆེར་འབུལ་ཞེས་པ་ནི། རྗེས་ལ་ཚོགས་དང་གཏོར་མའི་མཆོད་པ་རྒྱ་ཆེན་པོས་ལྷ་དང་མཁའ་འགྲོ་མཉེས་པར་བྱས་སོ། །རྣལ་འབྱོར་གྱི་རང་ས་བསྲུང་བ་ལ་གཉིས་ཏེ། དགོས་པ་དང་བསྲུང་ལུགས་སོ། །
དགོས་པ་ནི། དེ་ནས་རྒྱལ་སྲིད་ཀུན་ལ་དབང་སྦྱིན་ནས། །ད་ནི་ས་འཛིན་རྒྱལ་པོ་བྱ་བར་གཅེས། །ཞེས་པ་ནི། དབང་རྫོགས་ལམ་སྲང་ཚར་བའི་རྗེས་ལ་བརྒྱུད་པ་གཏེར་ཆོས་ཀྱི་བདག་པོ་བཅོལ་ལོ། །བསྲུང་ལུགས་བསྟན་པ་ལ་བཅུ་སྟེ། གསོལ་བ་ལྷ་ལ་མི་གདབ་པ་ནི། ལྷ་ཡི་རྒྱལ་པོ་བླ་མ་སྤྱི་བོས་མཆོད་ཅེས་པ་སྟེ། ཆོས་འདིའི་ལུགས་ཀྱི་ལྷ་བས་བླ་མ་གཙོ་ཆེ་བས་བླ་མ་ལ་གསོལ་བ་འདེབས་ཤིང་བླ་མ་སྒྲུབ་པ་ཡིན་ནོ། །བྱིན་རླབས་འདྲེ་ལ་མི་ཞུ་བ་ནི་ནོར་བདག་གི་འབྱུང་པོ་མི་རྩི་རྒྱུ་འབྲས་བལྟ་ཞེས་པ་ནི། བསོད་ནམས་དང་ལོངས་སྤྱོད་འདོད་པའི་ཆེད་དུ་ནོར་བདག་གི་འབྱུང་པོ་ཨར་ལ་མི་གཏད་པར་ལས་རྒྱུ་འབྲས་མི་བསླུ་བས་བླ་མ་དང་དཀོན་མཆོག་ལ་ཚོགས་བསགས་པས་བསོད་ནམས་འཕེལ་བ་ཡིན་ནོ། །སྒྲུབ་པ་ལྟོ་རུ་མི་ཟ་བ་ནི། ཁོལ་པོའི་བླ་ཐུན་ཕྲལ་ལ་གཅད་པ་མིན་ཞེས་པ། ཁོལ་པོ་བྱས་པའི་སླ་༼གླ་༽ཕྲལ་ལ་ཟོས་ན་ཕུགས་ཀྱི་རྒྱགས་ཐེབས་མི་ཡོང་བ་ཡིན་ནོ། །དེ་བཞིན་དུ་སྒྲུབ་པ་བྱེད་ཀྱི་བར་དུ་མི་ཟས་ཟོས་ན། དགེ་སྦྱོར་གྱི་འཕེལ་བ་ཆད་པ་ཡིན་ནོ། །བྱིན་རླབས་རྒྱབ་ཏུ་མི་གོན་པ་ནི། ཞོ་བྲ་བཙོངས་པའི་རིན་ལ་ཅི་བཏུབ་སེམས་ཞེས་པ་ནི། ཨར་པོ་བྱས་པ་དང་། འཁྲུགས་ལྡན་བྱས་ནས་བསགས་པའི་ནོར་དེ་རང་རེའི་ལུས་པོ་བཙོངས་པའི་རིན་ཡིན་པས་མཐར་ཚེ་ལ་གནོད་པ་ཡིན་ནོ། །དེ་བཞིན་དུ་རང་གི་སྒྲུབ་པ་བྱས་པའི་བྱིན་རླབས་དེས་ནད་པ་གསོ་བ་དང་། སྲིའུ་གསོ་བ་ལ་ཕོ་ནས་ནོར་བཙལ་ན་ལམ་རྟགས་རྒྱང་དུ་བསྲིངས་པ་ཡིན། ཕོ་སྒོ་ཚེ་འདིར་མི་འབྱིན་པའི་ས་བོན་གཟན་དུ་བྱེད་པའི་སྐྱེས་བུ་བླུན་ཞེས་པ་ནི། སྟོན་ཐོག་འདོད་པའི་རྒྱུ་ས་བོན་བཟང་མོ་དེ། རྒྱགས་མེད་ནས་དཔྱིད་ཟོས་ན་སྟོན་སྟོན་ཐོག་དང་བྲལ་བ་བཞིན་དུ་ཆོས་ཡིད་ལ་མ་དྲན་པར་ལུས་ངག་ཡིད་གསུམ་གྱི་རྩོལ་སྒྲུབ་ཐམས་ཅད་ཚེ་འདིའི་ཆེད་དུ་བྱས་ན། ཕྱི་མ་ལ་སྤར་ལག་སྟོང་པར་འགྲོ་བ་ཡིན་ནོ། །སྣ་ཐག་མི་ལ་མི་བཏང་བ་ནི། སྣ་ཐག་མི་ལ་ཤོར་བ་སྙིང་རྗེའི་གནས་ཞེས་པ་ནི། མཛོའི་སྣ་ཐག་མི་ལ་ཤོར་བས་རང་དབང་མི་ཐོབ་པ་བཞིན་དུ། མི་སེམས་འཛིན་འཛིན་ནས་འཁོར་སློབ་དང་ཡོན་བདག་གི་དབང་དུ་སོང་ནས་སྒྲུབ་པའི་སྐབས་མི་རྙེད་དོ། །ཟང་ཟིང་དོན་དུ་མི་གཉེར་བ་ནི། དྲི་ངའི་སྣོད་ནི་དྲིའི་རྒྱུ་ཡིན་ཕྱིར། །སྤང་བར་མི་ནུས་གཉེན་པོ་སྨན་གྱིས་བཅད། །ཅེས་པ། དཔེར་ན་དྲི་ངན་པ་སྣོད་སོ་མར་སྒོག་ཆུ་བླུག་པ་ལྟ་བུ་བཀྲུས་པས་མི་འདག་སྟེ། གླ་རྩི་ལྟ་བུས་གསོད་དགོས་པ་བཞིན་དུ་ཟང་ཟིང་གི་ལོངས་སྤྱོད་ཀྱང་ཡོད་པ་ལྟར་ངོམས་ཆོག་མི་འོང་སྟེ། དགོས་མེད་དུ་ཤེས་པའི་སྒོ་ནས་ཞེན་པ་ལྡོག་དགོས་པ་ཡིན་ནོ། །ཆེ་ཐབས་དང་དུ་མི་བསླང་པ་ནི། རྭ་རྒྱས་ཤ་བ་འདི་ནི་རྣལ་འབྱོར་དགྲ་ཞེས་པ་ནི། ཤ་བ་རྭ་རྒྱས་པའི་དུས་སུ་ང་རྒྱལ་སྐྱེ་བ་ལྟར་དུ་རྣལ་འབྱོར་པས་ཀྱང་ཚེ་འདིའི་ཆེ་ཐབས་བསྒྲུབ་ན་ང་རྒྱལ་སྐྱེ་བའི་རྒྱུ་ཡིན་པས་དམན་ས་བཟུང་ལ་སྒྲུབ་པ་ཉམས་སུ་བླང་ངོ་། །སྦས་པ་མི་ལ་མི་ངོམས་པ་ནི་རྒྱལ་པོའི་གསང་ཚིག་ཁྲོམ་དུ་བསྒྲག་མི་བྱ་ཞེས་པ་ནི། རྒྱལ་པོའི་གསང་ཚིག་མི་ལ་མི་སྨྲ་བ་བཞིན་དུ་ཟབ་མོའི་གདམས་ངག་སྣོད་ངན་པ་ལ་མི་སྟོན་པའོ། །དངོས་ངན་རྒྱལ་མཚན་གྱི་རྩེ་ལ་མི་འཕྱར་བ་ནི། རྐུན་མོའི་ནོར་ནི་རྒྱལ་མཚན་རྩེ་ལ་མིན་ཞེས་པ་ནི། བརྐུས་པའི་ནོར་མི་ལ་མི་སྟོན་པར་སྦེད་པ་ལྟར་དུ་ལམ་གྱི་རྟགས་དང་ཡོན་ཏན་གསང་ན་འཕེལ་བ་ཡིན་ནོ། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། རྣལ་འབྱོར་གྱི་གཞི་བཅའ་བའི་ལེའུ་དབང་དང་རྣལ་འབྱོར་གྱི་རང་ས་ལ་བརྟེན་ནས་གཞི་བཅའ་བའི་ལེའུ་སྟེ་ལྔ་པའོ། །
བྱེད་པ་ལམ་གྱི་རྣལ་འབྱོར་ལ་གཉིས་ཏེ་ལམ་རྒྱུད་ལ་སྐྱེ་བའི་རིམ་པ་དང་། ལམ་ཉམས་སུ་བླངས་ལུགས་སོ། །ལམ་རྒྱུད་ལ་སྐྱེ་བའི་རིམ་པ་བསྟན་པའི་ལེའུ་དྲུག་པ་སྟེ། དེ་ལ་གཉིས་ཏེ་ཞུས་པ་དང་ལན་ནོ། །ཞུས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་བ། །ཇི་ལྟར་ས་བོན་བཏབ་པ་ལས། །སྨིན་པ་རིམ་དང་རིམ་སྨིན་ལྟར། །དེ་བཞིན་རྣལ་འབྱོར་པ་ཡི་ལམ། །ཇི་ལྟར་བགྲོད་པ་བསྟན་དུ་གསོལ། །དེ་སྐད་སྨྲས་ཏེ་ཞུས་པ་ལས། །ཞེས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་ཀ་མ་ལ་ཤྲཱིས་སྤྲུལ་པའི་ལྷ་མོ་ལ་གསོལ་བ་གདབ་པ་ནི། ཇི་ལྟར་ས་བོན་བཏབ་པ་ལས། །འབྲས་བུ་རིམ་དང་རིམ་སྨིན་ལྟར། །ཞེས་པ་ནི། དཔེར་ན་ས་བོན་མཉམ་པོར་བཏབ་ཀྱང་ས་དང་ཆུའི་བྱེ་བྲག་གིས་འབྲས་བུ་སྨིན་པ་ལ་དུས་མྱུར་བུལ་ཡོད་པ་བཞིན་དུ་དེ་བཞིན་རྣལ་འབྱོར་པ་ཡི་ལམ་ཇི་ལྟར་བགྲོད་པ་བསྟན་དུ་གསོལ་ཅེས་པ་ནི། བླ་མའི་གདམས་པ་ནི་གཅིག་ཀྱང་དབང་པོ་རྣོ་བརྟུལ་དང་མོས་གུས་ཆེ་ཆུང་དང་བརྩོན་འགྲུས་ཆེ་ཆུང་གི་བྱེ་བྲག་གིས་ལམ་བགྲོད་པ་མྱུར་བུལ་གྱི་བྱེ་བྲག་ཏུ་བཤད་དུ་གསོལ་ཅེས་པའོ། །ལན་ལ་གཉིས་ཏེ། ལམ་གཅིག་གསུམ་ལྔའི་གྲོལ་ཚུལ་དང་། དེའི་རྒྱུ་མཚན་ནོ། །མཁའ་འགྲོ་མའི་བརྡ་སྐད་ནི་སྤྱིར་ཤེས་པར་བྱ་སྟེ། སྒྲའི་བྱིངས་རྟག་པར་མི་ནུས་ཀྱང་། དེ་ཉིད་ཚིག་ཏུ་རྒྱས་པར་གསུངས་པ་རྣམས་ཡིན་ནོ། །ལམ་གཅིག་གསུམ་ལྔའི་གྲོལ་ཚུལ་ལ་གསུམ་སྟེ། ལམ་ཅིག་ཆར་བ་དང་། ཐོད་བརྒལ་བ་དང་། རིམ་གྱིས་པའོ། །ཅིག་ཆར་བ་ལ་གསུམ་སྟེ། ལམ་དངོས་དང་། སྐྱེ་ཚུལ་དང་སྐྱེས་པ་རང་གི་ངོ་བོའོ། །ལམ་དངོས་བསྟན་པ་ནི། བིན་ཙ་ཀའི་ཆུ་ནི་གངས་ལས་ཆད། །ས་ནི་ཚྭ་གསུམ་འདུས་པའི་བྱེ་མས་ཏེ། །ཟླ་བ་གཅིག་གིས་སྨིན་པ་ངོ་མཚར་གནས། །ཞེས་པ་ནི། བིན་ཙ་ཀའི་ཡུལ་གྱི་མིང་། ཆུ་ནི་གངས་ཞུ་བའི་ཆུ་ཡིན་ནོ། །ས་ནི་ཚྭ་གསུམ་འདུས་པའི་བྱེ་མ་ཡིན་ཏེ། ཤེལ་ཚྭ། རྒྱ་ཚྭ། རྒྱམ་ཚྭ་གསུམ་འདུས་པས་དྲོད་ཆེ་སྟེ། ཟླ་བ་གཅིག་གི་སྨིན་པ་ངོ་མཚར་གནས་ཞེས་པ་ནི། ས་ཚ་བ་དང་ཆུ་བསིལ་བ་འདྲེས་པའི་ནུས་པས་ས་བོན་གང་བཏབ་ཀྱང་ཟླ་བ་གཅིག་གིས་སྨིན་པ་ཡིན་སྐད་དོ། །དེ་བཞིན་དུ་གངས་ཀྱི་ཆུ་དང་འདྲ་བ་ནི་བཀའ་བརྒྱུད་ཀྱི་གདམས་པ་བྱིན་རླབས་ཅན་ཡིན་ནོ། །ཚྭ་གསུམ་འདུས་པ་དང་འདྲ་བ་ནི་ལས་འཕྲོ། ཤེས་རབ་བརྩོན་འགྲུས་གསུམ་དང་ལྡན་པའོ། །དེ་ཚོ་འཛོམས་ན་དབང་པོ་རབ་ཡིན་པས་དབང་གཅིག་ལམ་གཅིག་གིས་གྲོལ་པའོ། །
སྐྱེས་ཚུལ་ལ་ཆོས་བཞི་སྟེ། དང་པོ་བླ་མ་ལ་སངས་རྒྱས་སུ་མཐོང་བའི་སྒོ་ནས་མཛད་སྤྱོད་སྤྲུལ་པའི་མཛད་པར་ཤེས་པ་ནི། དེས་ནི་རྒྱལ་པོའི་སྐུར་མཐོང་དེར་སྤྱོད་ཤེས་ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྐུ་མཐོང་ནས་དེའི་མཛད་སྤྱོད་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཛད་པར་ཤེས་པ་བཞིན་དུ། བླ་མ་ལ་སངས་རྒྱས་སུ་མཐོང་བས་མོས་གུས་སྐྱེས་ནས་བླ་མའི་མཛད་སྤྱོད་ཅི་བྱེད་པ་ཐམས་ཅད་ཀྱང་སྤྲུལ་པའི་མཛད་སྤྱོད་དུ་ཤེས་པ་ཡོང་བས། གང་ཟག་དེ་ལ་བྱིན་རླབས་མི་འཇུག་པའི་དབང་མེད་དོ། །ངོ་སྤྲོད་བཅར་ཕོག་ཏུ་ཐེབས་པས་རྩ་བ་ཐོག་བབས་སུ་ཟིན་པ་ནི། རིན་ཆེན་ཐོག་གི་དངོས་པོ་སྲ་སྙི་སྤངས་ཞེས་པ་ནི། དཔེར་ན་ཐོག་གིས་དངོས་པོ་སྲ་སྙི་མེད་པར་ཐམས་ཅད་འཇོམས་པ་བཞིན་དུ། བླ་མ་བྱིན་རླབས་ཅན་སློབ་མ་མོས་གུས་ཅན། གདམས་པ་ཟབ་མོ་གསུམ་འཛོམས་ན་གང་ཟག་ལ་ཕན་ཐོགས་པའོ། །
ལྟ་སྒོམ་ཆིག་ཆོད་དུ་སྐྱེས་པས་རྟོགས་ཐོབ་དུས་མཉམ་དུ་གྲོལ་བ་ནི། གསེར་དང་སེར་པོ་གཅིག་པས་ས་ལེ་སྦྲམ་ཞེས་པ་སྟེ། གསེར་དང་སེར་པོ་ངོ་བོ་དབྱེར་མེད་པ་བཞིན་དུ། དབང་པོ་རབ་ལ་ལྟ་སྒོམ་གཉིས་མེད་ཆིག་ཆོད་དུ་རྒྱུད་ལ་སྐྱེའོ། །ས་ལམ་རྟོགས་པས་ཆོད་པས་ལམ་རྟགས་ལ་ལྟོས་མི་དགོས་པ་ནི། མྱུར་སྤྱོད་ནམ་མཁའི་བྱ་ལམ་རྗེས་དང་བྲལ་ཞེས་པ་ནི། བྱ་ནམ་མཁའ་ལ་འཕུར་བས་ས་ལ་རྗེས་མི་ཡོང་བ་བཞིན་དུ། དབང་པོ་རབ་དེས་ས་ལམ་རྟོགས་པས་ཆོད། ལམ་རིང་པར་མ་བགྲོད་པས་ལམ་རྟགས་མེད་དུ་གྲོལ་བ་ཡིན་ནོ། །ལམ་ངོ་བོའི་ཆོས་བདུན་ནི། དང་པོ་རང་སེམས་ཆོས་སྐུར་རྟོགས་པས་རེ་དོགས་ཟད་པ་ནི། དེས་ནི་ནམ་མཁའ་མཐོང་བས་ཕྱོགས་འཛིན་ཞིག་ཅེས་པ་ནི། རི་རབ་ཀྱི་རྩེ་ལ་ཕྱིན་ནས་ནམ་མཁའི་དབྱིངས་མཐོང་བའི་ཚེ། དབྱིབས་དང་ཁ་དོག་ཐ་དད་དུ་འཛིན་པ་ཞིག་པ་བཞིན་དུ། སེམས་ཀྱི་གཤིས་ཇི་ལྟ་བར་རྟོགས་པས་འབྲས་བུ་ཡི་རེ་དོགས་ཟད་པའོ། །སྣང་བ་སྒྱུ་མར་ཤེས་པས་དངོས་འཛིན་ཞིག་པ་ནི་སྒྱུ་མའི་མཚང་རྟོགས་འཕྲུལ་ལ་ཡིད་མི་ཆགས་ཞེས་པ་ནི། སྒྱུ་མའི་ལྟད་མོ་དེ་མཚང་མ་རྟོགས་ཙ་ན་ཡ་མཚན་ཆེ་ཡང་། མཚང་རྟོགས་པ་དང་ཅི་དེ་དེར་ཤེས་པ་བཞིན་དུ་སེམས་མ་རྟོགས་པའི་དུས་སུ་སྣང་བ་རང་རྒྱུད་པར་བཟུང་པས་ཆགས་སྡང་སྐྱེས་ནས་ལས་བསོག་ལ། དོན་རྟོགས་ནས་བདེན་མེད་རང་སྣང་འཁྲུལ་པར་ཤེས་པས་ཆགས་སྡང་མི་སྐྱེ་ལས་མི་བསོག་གོ །འགྱུ་བ་རྟེན་མེད་དུ་རྟོགས་པས་གཉེན་པོ་སྟོར་བ་ནི། མཁའ་ལ་ན་བུན་གཉིས་སུ་མི་འབྱེད་ཅེས་པ་ནི། ན་བུན་ནམ་མཁའ་སྟོང་པའི་རྩལ་དུ་ཤེས་པས་གཉིས་སུ་དབྱེར་མེད་པ་ལྟར་རྣམ་རྟོག་སེམས་སྟོང་པའི་རྩལ་དུ་ཤེས་པས་སྤང་བླང་མེད་པའོ། །བདེ་སྡུག་རྐྱེན་ཤར་དུ་ཤེས་པས་སྤང་བླང་མེད་པ་ནི་སེང་གེའི་སྤུ་ཡིས་ཚ་གྲང་གཉིས་ཀ་སྤངས་ཞེས་པ་ནི། སེང་གེའི་སྤུ་ཡིས་ཚ་གྲང་གཉིས་ཀ་ཐུབ་པ་བཞིན་དུ། རང་སེམས་རྟོགས་པས་བདེ་སྡུག་གཉིས་ཀ་སྤང་བླང་མེད་པར་རྟོགས་པའོ། །རྟོགས་ཐོབ་དུས་མཉམ་དུ་གྲོལ་བས་ས་ལམ་མེད་པ་ནི་སྐྱེས་བུ་གཉིད་སད་དགྲའི་ཡུལ་ལས་གྲོལ་ཞེས་པ་སྟེ། དཔེར་ན་རྨི་ལམ་དུ་དགྲས་དེད་པ་རྨིས་ཙ་ན། གཉིད་སད་པ་དང་དགྲ་མི་འདུག་སྟེ། དགྲ་རང་སྣང་འཁྲུལ་པར་ཤེས་པས་འབྲོས་མ་དགོས་པ་བཞིན་དུ། སེམས་མ་རྟོགས་པའི་དུས་ན། འཁྲུལ་སྣང་ལ་རང་རྒྱུད་པར་ཞེན་པས་འཁོར་བ་སྤང་བྱར་མཐོང་བ་ལས། སེམས་རྟོགས་པའི་དུས་ན་འཁྲུལ་སྣང་གི་བདེན་འཛིན་ཞིག་སྟེ་འཁོར་བ་སྤང་མ་དགོས་པའོ། །ཆོས་སྐུ་ཡེ་ཡིན་དུ་ཤེས་པས་རྩོལ་སྒྲུབ་མེད་པ་ནི་དམུས་ལོང་མིག་ཕྱེ་མཚན་དཔེ་རང་ངོས་ཟིན་ཞེས་པ་སྟེ། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་དམུས་ལོང་དུ་གྱུར་པ་དེ། མཚན་དང་དཔེ་བྱད་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ལས། མིག་ཕྱེ་བས་རང་ལ་ཡོད་པའི་མཚན་དཔེ་ངོ་ཤེས་པ་བཞིན་དུ། སེམས་ཉིད་སངས་རྒྱས་ཡིན་ཀྱང་། མ་རིག་པས་བསྒྲིབས་ནས་ངོ་མ་ཤེས་པ་ལས། བླ་མས་ངོ་སྤྲད་པས་རང་སེམས་སངས་རྒྱས་སུ་རྟོགས་པའོ། །མ་བྱས་རྒྱུན་ཏུ་གནས་པས་སྒོམ་བློ་སྟོར་བ་ནི། ལུས་དང་གྲིབ་མ་ནམ་ཡང་འབྲལ་བ་མེད་ཅེས་པ་སྟེ། དཔེར་ན་ལུས་གང་ན་ཡོད་པ་ན་གྲིབ་མ་མི་འབྲལ་བ་བཞིན་དུ། སེམས་ཉིད་ཡེ་ནས་རང་བཞིན་ལྷུན་གྲུབ་ཀྱིས་སངས་རྒྱས་ཡིན་པ་ལ། ཡིན་པ་ལ་ཡིན་པར་རྟོགས་པའི་ཆེད་དུ་སྒོམ་མ་དགོས་པའོ། །དེ་ནི་དེ་དགོས་སྐལ་ལྡན་མིག་ཅན་ཡིན་ཞེས་པ་ནི། དབང་གཅིག་ལམ་གཅིག་གིས་གྲོལ་བ་དེ་ནི་ལས་འཕྲོ་ཅན་དབང་པོ་རབ་ཡིན་ནོ། །ལམ་ཐོད་རྒལ་བ་བསྟན་པ་ནི། ན་ཏྲི་ཀའི་ཆུ་ནི་འབྲུག་ལས་ཆད། །གསེར་གྱི་བྱེ་མ་རྡོལ་བའི་ས་ལས་གྲུབ། །ཟླ་བ་གསུམ་ན་འབྲས་བུ་སྨིན་པར་ངེས། །ཞེས་པ་སྟེ། ན་ཏྲི་ཀ་ནི་ཡུལ་གྱི་མིང་ངོ་། །འབྲུག་ལས་ཆད་པ་ནི་ཆར་པའི་ཆུའོ། །གསེར་གྱི་བྱེ་མ་རྡོལ་བའི་ས་ནི་ཕྱིའི་རྒྱ་མཚོའི་འགྲམ་ནའོ། །ཟླ་བ་གསུམ་ན་འབྲས་བུ་སྨིན་པར་ངེས་ཞེས་པ་ནི། ས་ཆུའི་ནུས་པ་འབྲིང་ཡིན་པས་ཟླ་བ་གསུམ་ན་སྨིན་པའོ། །དེ་བཞིན་དུ་ཆར་པའི་ཆུ་དང་འདྲ་བ་ནི་བླ་མ་རྟོགས་ལྡན་གྱི་བརྒྱུད་པ་བར་མ་ཆད་པའོ། །གསེར་གྱི་བྱེ་མ་རྡོལ་བའི་ས་ནི་གང་ཟག་ལས་འཕྲོ་ཅན་ཡང་དག་པའི་བླ་མ་དང་འཕྲད་པའོ། །ཟླ་བ་གསུམ་ན་འབྲས་བུ་སྨིན་པ་ནི་བློ་སྦྱོང་དཀའ་ཐུབ་བྱ་བྲལ་གསུམ་གྱི་ལམ་རྫོགས་པའོ། །
རིམ་གྱིས་པ་བསྟན་པ་ནི། ཝ་ར་ཎཱ་སིར་རྒྱ་མཚོ་རྡོལ་བའི་ཆུ། །སའི་བཅུད་འདུས་པས་རོ་མཆོག་ཁྱད་པར་འཕགས། །ལྔ་ཡི་དུས་ན་འཁར་བའི་འབྲས་བུ་སྨིན། །ཞེས་པ་ནི། རྒྱ་མཚོ་རྡོལ་བའི་ཆུ་ནི་འོག་ཆུ་སྟེང་དུ་དྲངས་པ་ཡིན་ནོ། །སའི་བཅུད་འདུས་པ་ནི། ས་ཡི་རིགས་དུ་མ་འདུས་པའོ། །ཡུལ་དེ་ན་ཟླ་བ་ལྔ་ན་འབྲས་འཁར་མ་སྨིན་པ་ཡིན་ནོ། །དེ་བཞིན་དུ་རྒྱ་མཚོ་རྡོལ་བའི་ཆུ་ནི་རྒྱལ་བའི་བཀའ་དྲི་མ་མེད་པའོ། །ས་བཅུད་འདུས་པ་དང་འདྲ་བ་ནི་གང་ཟག་ཐོས་བསམ་མང་པོ་སྔོན་དུ་སོང་པའོ། །ཟླ་བ་ལྔ་ན་སྨིན་པ་དང་འདྲ་བར་བློ་སྦྱོང་། དཀའ་ཐུབ། རྗེས་རོ་སྙོམས། བྱ་བྲལ་ཚོའི་ལམ་མཐར་ཕྱིན་པའོ། །དེའི་རྒྱུ་མཚན་ནི། འདི་ཀུན་ས་དང་ཆུ་ཡི་རྐྱེན་ལས་ནི། །འབྲས་བུ་དེ་དང་དེ་བཞིན་རིམ་པའོ། །ཞེས་པ་སྟེ། ས་ཆུའི་བྱེ་བྲག་གི་འབྲས་བུ་སྨིན་པ་ལ་དུས་མྱུར་གུལ་བྱུང་པའོ། །དེ་བཞིན་དུ་གང་ཟག་དབང་པོ་རྣོ་བརྟུལ་གྱི་བྱེ་བྲག་དང་། གདམས་པ་ཟབ་མི་ཟབ་ཀྱི་བྱེ་བྲག་གིས། ལམ་རྫོགས་པ་དུས་མྱུར་གུལ་བྱུང་བའོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ལམ་དང་དབང་པོའི་རིམ་པ་བསྟན་པའི་ལེའུ་དབང་པོའི་རིམ་པས་ལམ་གཅིག་གསུམ་ལྔའི་སྐྱེ་ཚུལ་ལྡན་པའི་ལེའུ་སྟེ་དྲུག་པའོ། །
ཉམས་སུ་བླང་ལུགས་ལ་གཉིས་ཏེ། ལམ་དངོས་དང་ལམ་གྱི་རྟགས་སོ། །ལམ་དངོས་ལ་བཞི་སྟེ། ལུང་དབོག་པའི་དོན་དང་། དབང་གི་དོན་དང་། ངོ་སྤྲོད་ཀྱི་དོན་དང་། རྗེས་གནང་གི་དོན་ནོ། །ལུང་དབོག་པའི་དོན་ལ་གཉིས་ཏེ། ཞུས་པ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པའོ། །ཞུས་པ་མདོར་བསྟན་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་བ། །རིན་ཆེན་ལས་གྲུབ་ཝརྞ་ནི། །བརྒྱ་ཕྲག་ཕྱེད་ཀྱི་ལུང་གནང་བ། །འདི་ཡི་རྒྱུ་དང་དགོས་ཆེད་དང་། །ཇི་ལྟར་བྱིན་གྱིས་བརླབས་པ་དང་། །ཉམས་སུ་བླང་བའི་རིམ་པ་རྣམས། །ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །དེ་སྐད་ཞུས་ཏེ་འདུན་པ་ལས། །ཞེས་པ་སྟེ། ལེའུ་གོང་མར་ལམ་དང་དབང་པོའི་རིམ་པ་ངོས་བཟུང་བ་དེ་ནས་རྣལ་འབྱོར་གྱི་དབང་ཕྱུག་ཀ་མ་ལ་ཤྲཱིས་སྤྲུལ་པའི་ལྷ་མོ་ལ་ཡི་གེའི་དོན་ཞུ་བར་གསོལ་བ་གདབ་པའོ། །རིན་ཆེན་ལས་གྲུབ་ཝརྞ་ནི་ཞེས་པ་ནི། རྩ་རྒྱུད་དུ་གླེགས་བམ་གྱི་སྟེང་ན་ཡི་གེ་ལྔ་བཅུ་ཞུགས་པ་དེའི་བརྒྱ་ཕྲག་ཕྱེད་ཀྱི་ལུང་གནང་བ་ཞེས་པ་ནི། ལྷ་མོས་རྗེས་བཟློས་བྱས་ཏེ། ཡི་གེའི་ལུང་ནོད་ལན་གསུམ་བྱས་པའོ། །ཡི་གེ་དེ་རྣམས་རྒྱུ་ཅི་ལས་བྱ་བ་དང་། ལུང་བླངས་པའི་དགོས་པ་དང་། ཇི་ལྟར་བྱིན་གྱིས་བརླབས་པའི་ཐབས་དང་། ཡི་གེ་ཉམས་སུ་བླངས་པའི་རིམ་པ་རྣམས། ལྷ་མོ་ལ་ཇི་ལྟར་ཡིན་པ་གསུངས་ཤིག་པར་ཞུས་པའོ། །
ལན་རྒྱས་པར་བཤད་པ་ལ་བཞི་སྟེ། ཡི་གེའི་རྒྱུ་དང་། བྱིན་གྱིས་བརླབས་པའི་ཐབས་དང་། དེའི་དགོས་པ་དང་། ཡི་གེའི་ལམ་འཁྱེར་རོ། །དང་པོ་གསུམ་ནི། ལེའུ་བདུན་པས་སྟོན་ཏེ། རྒྱུ་དང་བྱིན་རླབས་དང་དགོས་པའོ། །རྒྱུ་ནི་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །རྣལ་འབྱོར་དབང་ཕྱུག་ཁྱོད་ཉོན་ཅིག །ཝརྞའི་རྒྱུ་ནི་རིན་ཆེན་ལྔ་ལས་བྱུང་། །ཞེས་པ་ནི། སྤྲུལ་པའི་ལྷ་མོས་ཡི་གེའི་དོན་གསུངས་པའི་དོན་དུ། རྣལ་འབྱོར་གྱི་དབང་ཕྱུག་ལ་སྙན་གཏོད་ཅིག་པར་བསྐུལ་བའོ། །ཝརྞའི་རྒྱུ་ནི་རིན་ཆེན་ལྔ་ལས་གྲུབ་ཅེས་པ་ནི། ཝརྞ་ནི་རྒྱ་གར་གྱི་སྐད་ཡིན་པས་བོད་སྐད་དུ་ཡི་གེའོ། །རྒྱུ་རིན་ཆེན་ལྔ་ལས་གྲུབ་པ་ནི། གསེར་དངུལ་ཟངས་ལྕགས་གཤའ་ཚེ་དང་ལྔ་གང་རུང་ལས་བྱང་བུ་བརྡུངས་ཏེ་ཡི་གེ་ལྔ་བཅུ་རུ་བྲིས་པའོ། །རྗེ་དམ་པ་ལ་དུང་གི་ཆོ་ལོ་ལ་གསེར་གྱི་ཡི་གེ་བྲིས་པ་གཅིག་བརྡ་སྐད་དོ། །དཀར་ཡོལ་དུ་བླུག་ནས་སྐུ་གདུང་ཀེ་རུའི་ནང་ན་བཞུགས་སྐད་དོ། །བྱིན་གྱིས་བརླབས་པ་ལ་ལྔ་སྟེ། དུས་དང་བསྙེན་པ་དང་། བསྒྲུབ་པ་དང་། ལས་སྦྱོར་དང་། དངོས་གྲུབ་བླང་པའོ། །དུས་བསྟན་པ་ནི། གཟའ་སྐར་བཟང་ལ་རབ་ཏུ་གནས་པ་བྱ་ཞེས་པ་ནི། ཚེས་གྲངས་བཟང་པོ་དང་། སྐར་མ་བཟང་པོ་ལ་རབ་ཏུ་གནས་པ་བྱའོ། །བསྙེན་པ་བསྟན་པ་ནི། ཕྲིན་ལས་བཞིའི་དབུས་སུ་རུས་ཆེན་ཟ་མ་ཏོག་གི་ནང་དུ་བཅུག་སྟེ་མཎྜལ་སྟེང་དུ་བཞག །དང་པོའི་གཤམ་དུ་ཨ་བྷི་ཥིཉྩ་གདགས། འབུམ་ཚོ་བཞི་ཡིས་བསྙེན་པ་རྫོགས་པར་བྱས་ཞེས་པ་ནི། དབེན་པའི་གནས་སུ་མཐུན་པའི་རྫས་བསོགས་ལ། མཎྜལ་བཤམ་ལ་ཡིག་འབྲུ་རྣམས་རུས་ཆེན་གྱི་ཟ་མ་ཏོག་ཏུ་བཞུགས་ཏེ། བྷནྡྷའི་ནང་དུ་ཕྲིན་ལས་བཞིའི་རྫས་རྟེན་འབྲེལ་གྱི་འཕང་ལོ་བཞིའམ། བྷན་དྷའི་ཕྱོགས་བཞིར་བཞག །དེའི་དབུས་སུ་ཟ་མ་ཏོག་བཞུགས་སུ་གསོལ། དེ་མཉྩུའི་སྟེང་དུ་བཞག་ལ་མཎྜལ་གྱི་སྟེང་དུ་བཞག་གོ །ཚོགས་དང་གཏོར་མ་ཡང་བཤམ། དེ་ནས་བླ་མ་རྣམས་སྤྱི་བོར་བསྒོམས་ལ། ལམ་བཀའ་དང་པོ་བློ་སྦྱོང་གི་གཤམ་དུ་དབང་གི་སྙིང་པོ་འབྲུ་བཞི་བཏགས་ལ་འབུམ་ཚོ་བཞི་བཟླས་སོ། །ཨོཾ་ཨཱཿཧྲཱིཿགུ་རུ་སིདྡྷི་ཧཱུཾ། ཨ་བྷི་ཥིཉྩ། དེ་ནི་བསྙེན་པའོ། །སྒྲུབ་པ་ནི་དེ་ནས་སྐད་གཉིས་སྤངས་པར་ཟ་མ་ཏོག །ཀ་པཱ་ལར་བཞུགས་ལེ་བརྒན་དར་གྱིས་དྲིལ། གསལ་བྱེད་མེ་ལོང་སྟེང་དུ་གཞག་པར་བྱ། །གཉིས་པའི་གཤམ་ལ་ཕྲིན་ལས་རྣམ་བཞི་གདགས། །འབུམ་ཚོ་གཉིས་ཀྱིས་སྒྲུབ་པ་མཐར་ཕྱུང་ལ། །ཞེས་པ་ནི། བསྙེན་པ་རྫོགས་པ་དང་ཚོགས་དང་གཏོར་མ་ཕུལ་ལ། རྫས་རྣམས་འཁྱེར་ལ། སྐད་གཉིས་མི་ཐོས་པའི་རི་ཁྲོད་དུ་ཕྱིན་ལ། ཟ་མ་ཏོག་ཀ་པཱ་ལར་བཅུག་སྟེ། དར་ལེ་བརྒན་གྱིས་དྲིལ་ལ་མཎྜལ་གྱི་སྟེང་དུ་བཞག་ལ། གཉིས་པ་དཀའ་ཐུབ་ཀྱི་སྔགས་ཀྱི་གཤམ་ལ་ཕྲིན་ལས་བཞིའི་སྔགས་བཏགས་ལ། འབུམ་ཚོ་གཉིས་ཀྱིས་བསྒྲུབ་པར་བྱའོ། །ཨོཾ་ཨཱཿཧྲཱིཿགུ་རུ་སིདྡྷི་ཕ་ལ་ཧཱུཾ། ཤནྟིཾ་ཀུ་རུ། པུཥྚིཾ་ཀུ་རུ་ཝ་ཤཾ་ཀུ་རུ། རཀྴ་ཀུ་རུ། ཞེས་གདགས་སོ། །ལས་སྦྱོར་ནི། ཤེས་རབ་ཡུམ་གྱི་ལག་པས་བླངས་ནས་ནི། །རང་བྱུང་སིནྡྷུ་རའི་ཆོས་འབྱུང་བྲིས། །སྟེང་དུ་གཞག་སྟེ་དུར་ཁྲོད་གནས་སུ་བསྒོམ། །བཞི་པའི་གཤམ་དུ་གསུམ་དང་ལྔ་པ་ཡི། །འབྲུ་བཞི་བཏགས་ཏེ་ཁྲི་ཕྲག་བཅུ་རུ་བཟླས། །དེ་ལྟར་ལས་ཀྱི་སྦྱོར་བ་རྫོགས་པ་དང་། །ཞེས་པ་ནི། དེ་ལྟར་སྒྲུབ་པ་ཚར་ནས་ལས་སྦྱོར་བྱེད་པའི་ཚེ། བྷནྡྷ་དེ་ཡུམ་ཡོད་ན་ཡུམ་གྱིས་བླངས། ཡུམ་མེད་ན་རང་གི་ལག་པ་གཡོན་པས་བླངས། མཎྜལ་ལ་སིནྡྷུ་རའི་ཆོས་འབྱུང་བྲིས་ལ་དེའི་སྟེང་དུ་བཞུགས་སོ། །དེ་ནས་གཞན་ཡང་བསམ་ཞིང་དུར་ཁྲོད་ཀྱི་གཡང་གཞི་ཡོད་ན་དགྲམ། ཨོཾ་ཨཱཿཧྲཱིཿགུ་རུ་པྲ་མ་ན་ཡེ་ཧཱུཾ། བྷུ་ཧུ་ཀུ་རུ། ཛི་ན་མི་ཏྲི། ཁྲི་ཕྲག་བཅུ་རུ་བཟླས་སོ། །དེ་ལྟར་ལས་ཀྱི་སྦྱོར་བ་རྫོགས་པ་དང་ཞེས་པ། དེ་ལྟར་རབ་ཏུ་གནས་པའི་སྦྱོར་བ་རྫོགས་པའོ། །
དངོས་གྲུབ་བླངས་པ་ནི། དེ་ནི་རང་གི་སྤྱི་བོར་བླངས་བྱ་སྟེ། ཨོཾ་ཨཱཿཧྲཱིཿམཆོག་གི་སྔགས་བརྒྱ་དང་རྩ་བརྒྱད་བཟླས་ཏེ། བཅང་བར་བྱའོ་ཞེས་པ་སྟེ། དེ་ལྟར་ལས་སྦྱོར་ཚར་ན་དངོས་གྲུབ་བླང་སྟེ། མཎྜལ་གྱི་སྟེང་ནས་བླངས་ནས་སྤྱི་བོར་བླངས་པས་མཆོག་གི་སྙིང་པོ་འབྲུ་བཞི་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ། ཟ་མ་ཏོག་རྣམས་བཅང་བར་བྱའོ། །དེའི་དགོས་པ་ནི། དེའི་དགོས་པའི་དོན་རྣམས་འགྲུབ་བྱེད་ཡིན། གསུང་གི་བསྟན་པ་རྣམས་ལ་དབང་ཐོབ་ནས། །དེའི་དྲི་མ་སེལ་བ་དེ་བཞིན་ཏེ། །དེ་ཕྱིར་རྣལ་འབྱོར་འདི་ནི་ཤིན་ཏུ་གཅེས། །ཞེས་པ་ནི་དེའི་དགོས་པ་ནི། དེ་ནི་འགྲུབ་བྱེད་ཡིན་ཞེས་པ་ནི། ཡིག་འབྲུ་འདི་རྣམས་ལམ་གང་གི་སྐབས་སུ་ཡངས་དོག་རྟེན་འབྲེལ་གང་ལ་ཡང་དགོས་པའོ། །
གསུང་གི་བསྟན་པ་ཀུན་ལ་དབང་ཐོབ་ནས་ཞེས་པ་ནི། ཡི་གེ་ལྔ་བཅུ་པོ་འདི་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་སྲོག་ཡིན་པས་རང་གིས་ལུང་མ་ཐོབ་པའི་ཆོས་ཐམས་ཅད་ལ་ཡང་བཤད་ཉན་སྒོམ་གསུམ་བྱར་རུང་བ་ཡིན་ནོ། །དེའི་དྲི་མ་སེལ་བ་དེ་བཞིན་དེ་ཞེས་པ་ནི། བཀའི་སྐུ་གླུད་ལྟོར་སོང་བ་ལ་འདི་ལས་ལྷག་པའི་ཐབས་གཞན་མེད་པའོ། །དེའི་ཕྱིར་རྣལ་འབྱོར་པ་ནི་ཤིན་ཏུ་གཅེས་ཞེས་པ་སྟེ། དེས་ན་ཡི་གེའི་ལུང་ཐོབ་པ་ཤིན་ཏུ་གལ་ཆེའོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཡི་གེའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་རྒྱུ་དང་བྱིན་གྱིས་རླབས་པའི་ཐབས་ལ་སོགས་པ་བསྟན་པའི་ལེའུ་སྟེ་བདུན་པའོ། །
ལམ་འཁྱེར་ལ་ཡང་གཉིས་ཏེ། ངོ་སྤྲད་པ་དང་། ལམ་དུ་འཁྱེར་བ་དངོས་སོ། །ངོ་སྤྲད་པ་ལ་ལེའུ་བརྒྱད་པས་སྟོན་ཏེ། དེ་ལ་ཡང་གཉིས་ཏེ། གསུངས་པའི་ཚུལ་དང་ངོ་སྤྲད་པའི་ལུགས་སོ། །གསུངས་པའི་ཚུལ་ནི། དེ་ནས་སྤྲུལ་པའི་ལྷ་མོ་ཡིས། །ཨཱ་ལི་ཀཱ་ལིའི་རང་སྒྲ་དག །ཕྱུང་སྟེ་ཀུན་ཏུ་ཁྱབ་པར་བསྒྲགས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ལ། །ཉམས་སུ་བླངས་པའི་རིམ་པ་བདུན་གསུངས། དེ་ནས་ཞེས་པ་ནི། གོང་དུ་ཡི་གེའི་དབྱིབས་བསྟན་པ་དེ་ནས་ཨཱ་ལི་ཀཱ་ལིའི་རང་སྒྲ་ལྷ་མོས་ཁྱབ་ཅིང་གསལ་བར་བསྒྲག་པའོ། །དེ་ནས་ཀ་མ་ལ་ཤྲཱི་ལ། ཡི་གེའི་ཉམས་སུ་བླངས་པའི་རིམ་པ་གསུངས་ཏེ། དེ་ལ་གསུམ་སྟེ། དངོས་པོའི་འདུག་ཚུལ་གྱི་ཡི་གེ་དང་། མ་རྟོགས་འཁྲུལ་གྱི་ཡི་གེ་དང་། རྟོགས་པ་གྲོལ་ཚུལ་གྱི་ཡི་གེའོ། །དང་པོ་འདུག་ཚུལ་གྱི་ཡི་གེ་ནི། ཆོས་རྣམས་མ་སྐྱེས་རང་བཞིན་ཡི་གེ་ཨ་ཞེས་པ་ནི། ཆོས་ཐམས་ཅད་ཡེ་གདོད་མ་ནས་རང་བཞིན་སྐྱེ་བ་མེད་པའི་ངོ་བོར་གནས་པའོ། །དེའི་མཚོན་བྱེད་དུ་ཡི་གེ་ཨ་ཐུང་དུ་མཚོན་པའོ། །མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་སོ། །མ་རྟོགས་འཁྲུལ་ཚུལ་ལ་གཉིས་ཏེ། ཇི་ལྟར་འཁྲུལ་བའི་ཚུལ་དང་འཁྲུལ་པའི་ངོ་བོའོ། །ཇི་ལྟར་འཁྲུལ་པའི་ཚུལ་ནི། མ་རྟོགས་འཁྲུལ་པས་ཨ་ལས་ཨཱཿཞེས་ཤར། །དེ་ལས་འབྱུང་བཞི་རླུང་གི་ཡི་གེ་ནི། །ཨི་ཨུ་ཨེ་ཨོ་ཨཾ་ཞེས་གྲགས། །རང་སྣང་འཁྲུལ་པའི་ཡུལ་ལ་རླུང་ལྔ་ཞུགས། །དུག་ལྔ་ཤར་བས་གསལ་བྱེད་སུམ་ཅུ་བཞི། །མ་ལ་བུ་བཏགས་མིང་དང་ཚིག་ཏུ་སྨྲས། །ཞེས་པ་ནི། མ་རྟོགས་འཁྲུལ་པས་ཨ་ལས་ཨཱཿཞེས་བཏགས་ཞེས་པ་ནི། ཨ་ཐུང་ལ་འ་བཏགས་པས་ཨཱ་རིང་དུ་སོང་བ་བཞིན་དུ། སྐྱེ་བ་མེད་པའི་ངང་ལས་མ་རྟོགས་པས་འཁྲུལ་ལོ་ཞེས་བྱ་བའི་དོན། དེ་ནས་འབྱུང་བཞི་རླུང་གི་ཡི་གེ་ཞེས་པ་ནི། མ་རྟོགས་པས་འབྱུང་བ་བཞིའི་རླུང་དུ་ཆད་དེ། གི་གུ་རླུང་། ཞབས་ཀྱུ་ཆུ། འབྲེང་བུ་མེ། ན་རོ་ས། ཚེག་དྲག་ནམ་མཁའོ། །དེ་རྣམས་ཨ་གཅིག་པུ་ལ་བཏགས་ལ། དབྱངས་ཡིག་བཅུ་གཉིས་སུ་གྱུར་པའོ། །དེའི་དོན་ཡང་སྐྱེ་བ་མེད་པའི་ངང་ལས་འཁྲུལ་ནས་ཉོན་མོངས་པ་དུག་ལྔ་ཤར་རོ། །དུག་ལྔའི་རྩལ་འབྱུང་བ་ལྔ་ཤར། འབྱུང་བ་ལྔས་ལུས་བླངས། ལུས་ལ་དབང་པོ་ལྔ་དོད། དབང་པོ་ལྔ་ལས་ཡུལ་ལྔ་བཅད་པས་ཉོན་མོངས་པ་དུག་ལྔ་སྐྱེས། དུག་ལྔ་ལས་བསགས་པས་ལམ་རྒྱུད་ལྔར་འཁོར་བའོ། །
དབྱངས་ཡིག་མ་བུ་བཏགས་པས་འབྱུང་པ་ལྔར་ཤར་བ་ནི། ཨི་ཨཱི་རླུང་གི་ཡི་གེ། ཨུ་ཨཱུ་ཆུའི་ཡི་གེ། ཨེ་ཨཻ་མེའི་ཡི་གེ། ཨོ་ཨཽ་སའི་ཡི་གེ། ཨཾ་ཨཱཿནམ་མཁའི་ཡི་གེའོ། །མ་གསལ་བྱེད་སུམ་ཅུ་སོ་གཉིས་ལ། བུ་དབྱངས་ཡིག་བཏགས་པ་ལ་མིང་བྱུང་། མིང་ལས་ཚིག་བྱུང་། ཚིག་ལས་ཤོ་ལོ་ཀ་བྱུང་། ཤོ་ལོ་ཀ་ལས་བམ་པོ་ལ་སོགས་པ་བྱུང་ངོ་། །དེ་ནས་འཁྲུལ་པ་རང་གི་ངོ་བོ་ནི་ལྔ་སྟེ། ཡི་དྭགས་སུ་འཁྲུལ་བ་དང་། བྱོལ་སོང་དང་། ལྷ་མ་ཡིན་དང་། དམྱལ་བ་དང་། ལྷར་འཁྲུལ་བའོ། །ཡི་དྭགས་སུ་འཁྲུལ་བ་ནི། ཨུ་ད་ས་རེ་ཧ་ཝའི་ཡི་གེ་དགུ། །ཆུ་ཡི་ཡི་གེ་འདོད་ཆགས་ཡི་དྭགས་གནས། །ཞེས་པ་ནི། ཨུ་ཨཱུ་པ་ཕ་བ་བྷ་མ་ལ་ཝ་ཡི་གེ་དགུ་པོ་འདི་འབྱུང་པ་ཆུའི་ཡི་གེ་ཉོན་མོངས་པ་འདོད་ཆགས་མ་རྟོགས་ན་འགྲོ་བ་ཡི་དྭགས་སུ་སྐྱེ་བར་བྱེད་པའི་ལས་ཅན་ནོ། །དུད་འགྲོ་ནི། ཨོ་དང་ཏའི་སྡེ་ལ་སའི་ཡི་གེ་དགུ། །ས་ཡི་ཡི་གེ་གཏི་མུག་བྱོལ་སོང་གནས། །ཞེས་པ་ནི། ཨོ་ཨཽ་ཏ་ཐ་ད་དྷ་ན་ར་ས་ཡི་གེ་དགུ་པོ་ནི། འབྱུང་བ་ན་ས། ཉོན་མོངས་པ་གཏི་མུག་མ་རྟོགས་ན་འགྲོ་བ་བྱོལ་སོང་དུ་འཁོར་བའི་ལས་ཅན་ནོ། །
ལྷ་མ་ཡིན་ནི། ཨི་དང་ཊའི་སྡེ་ར་ཤའི་ཡི་གེ་དགུ། །རླུང་གི་ཡི་གེ་ཕྲག་དོག་ལྷ་མིན་གནས། །ཞེས་པ་ནི། ཨི་ཨཱི་ཊ་ཋ་ཌ་ཌྷ་ཎ་ར་ཤ་ཡི་གེ་དགུ་པོ་ནི། འབྱུང་བ་ན་རླུང་ཉོན་མོངས་པ་ན་ཕྲག་དོག །འགྲོ་བ་ན་ལྷ་མ་ཡིན་དུ་སྐྱེ་བའི་ལས་ཅན་ནོ། །དམྱལ་བ་ནི། ཨོ་དང་ཙའི་སྡེ་ཡ་ཥའི་ཡི་གེ་དགུ། །མེའི་ཡི་གེ་ཞེ་སྡང་དམྱལ་བའི་གནས། །ཞེས་པ་ནི། ཨེ་ཨཻ་ཙ་ཚ་ཛ་ཛྷ་ཉ་ཡ་ཥ་ཡི་གེ་དགུ་པོ་འདི་འབྱུང་བ་ན་མེ། ཉོན་མོངས་པ་ན་ཞེ་སྡང་། མ་རྟོགས་ན་འགྲོ་བ་དམྱལ་བར་སྐྱེ་བའི་ལས་ཅན་ནོ། །ལྷར་འཁྲུལ་བ་ནི། ཨཾ་ཨཱཿཀའི་སྡེ་ཀྵར་བཅས་ཡི་གེ་བརྒྱད། ནམ་མཁའི་ཡི་གེ་ང་རྒྱལ་ལྷ་ཡི་གནས། །དེ་ལས་དེ་བཞིན་འཁོར་བའི་འཕྲུལ་འཁོརཡིན། །ཞེས་པ་ནི། ཨཾ་ཨཿཀ་ཁ་ག་གྷ་ང་ཀྵ་ཡི་གེ་བརྒྱད་པོ་འདི་འབྱུང་བ་ན་ནམ་མཁའི་ཡི་གེ། ཉོན་མོངས་པ་ང་རྒྱལ་མ་རྟོགས་ན་འགྲོ་བ་ལྷར་བསྐྱེད་པར་བྱེད་པའི་ལས་ཅན་ཡིན་ནོ། །དེ་ཚོ་འཁོར་བའི་འཕྲུལ་འཁོར་བསྟན་པའོ། །རྟོགས་པ་གྲོལ་ཚུལ་ལ་གཉིས་ཏེ། རྟོགས་པར་བྱ་བ་དང་། གྲོལ་བའི་ཚུལ་ལོ། །རྟོགས་པར་བྱ་བ་ནི། རྟོགས་པར་བྱེད་པ་གནད་ཀྱི་ཡི་གེ་གསུམ། ཨ་ཨ་ཨཱཿཞེས་བསྒྲགས་པས། ཆོས་རྣམས་མ་སྐྱེས་མི་སྐྱེ་སྐྱེ་བ་མེད། །དབྱེར་མེད་རྀ་རཱྀ་ལྀ་ལཱྀ་འབྲེལ་བའི་སྒྲ། །གཤིས་ལ་འཁོར་འདས་དབྱེར་མེད་ཟུང་དུ་འཇུག །དེ་ནི་མ་རྟོགས་རྟོགས་པར་བྱེད་པའི་སྒྲ། །ཞེས་པ་ནི། དེ་ལྟར་མ་རྟོགས་ཏེ་འཁྲུལ་བའི་དུས་སུ། ལྷ་མོས་རྟོགས་པར་བྱེད་པའི་ཡི་གེ་གསུམ་བསྒྲགས་པས་ཡི་གེ་གསུམ་གྱི་དོན་ནི། ཆོས་ཐམས་ཅད་སྔར་མ་སྐྱེ། ཕྱིས་མི་སྐྱེ། ད་ལྟར་ཡང་སྐྱེ་བ་མེད་པའི་དོན་ནོ། །དེ་ལྟར་སྐྱེ་བ་མེད་པ་རྡོ་བདོ་ཙ་ན། སྣང་བ་མ་འགགས་པར་གསལ། མ་འགགས་པར་གསལ་རྡོ་བདོ་ཙ་ན་རང་བཞིན་ལ་སྐྱེ་བ་མེད། དེ་གཉིས་གཉིས་མེད་དུ་ཟུང་དུ་འཇུག་པའི་སྒྲ་ནི་རྀ་རཱྀ་ལྀ་ལཱྀའོ། །གཤིས་ལ་འཁོར་འདས་དབྱེར་མེད་དུ་ཟུང་དུ་འཇུག་ཅེས་པ་ནི། གཤིས་ལ་འཁོར་འདས་ཐ་དད་དུ་དབྱེར་མེད་པའོ། །མ་རྟོགས་པ་རྟོགས་པར་བྱེད་པའི་སྒྲ་ནི་ཡི་གེ་གསུམ་མོ། །གྲོལ་བའི་ཚུལ་ནི། དེས་ནི་མ་ལྔ་བུ་ཡིས་ཟ་བར་བྱེད། །ཡན་ལག་སྨྲར་མེད་ལག་ཆད་བཟོ་བོ་བཞིན། །འཁོར་ལོ་བསྲུབས་ཤིང་བསྲེགས་པས་བྱ་བྱེད་སྟོར། །དེས་ནི་འཁོར་བ་མ་ལུས་ཡུལ་ཕྱུང་ངོ་། །ཞེས་པ་ནི། དེ་ནི་མ་ལྔ་བུ་ཡིས་ཟ་བར་བྱེད་ཅེས་པ་ནི། དོན་སྐྱེ་མེད་རྟོགས་པས་དུག་ལྔ་རང་སར་གྲོལ་བ་ཡིན་ལ། མཚོན་བྱེད་དུ་དབྱངས་ཡིག་རྣམས་ཨ་ཐུང་ལ་ཐིམ་པ་ཡིན་ནོ། །དཔེར་ན་བཟོ་བོའི་ལག་པ་ཆད་ན་བཟོ་མི་ཡོང་བ་བཞིན་དུ། དབྱངས་ཡིག་ཡན་ལག་མེད་པས། གསལ་བྱེད་རྣམས་ཀྱིས་ཡིན་པ་བཙུགས་ཙུག་སྨྲ་མ་ཤེས་པའོ། །དཔེར་ན་འཁོར་ལོའི་བསྲུབས་ཤིང་བསྲེགས་ན་བསྲུབ་པའི་བྱ་བ་གཏོར་བ་བཞིན་དུ། སེམས་སྐྱེ་མེད་དུ་རྟོགས་པས་དུག་ལྔས་ལས་བསོག་མི་ནུས་སོ། །སེམས་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་དེས། འཁོར་བར་སྐྱེ་བའི་ལས་དང་རྣམ་སྨིན་ཐམས་ཅད་ཡུལ་བྱུང་ངོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཡི་གེའི་ཡི་གེའི་ངོ་སྤྲོད་ཡན་ལག་གསུམ་བསྟན་པའི་ལེའུ་དེ་ཁོ་ན་ཉིད་ལ་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ། །
ལམ་འཁྱེར་དངོས་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །ཡི་གེ་ཉམས་སུ་བླངས་པ་འདི་ལྟ་སྟེ། །སྤྱི་དང་བྱེ་བྲག་ལམ་འཁྱེར་ཤེས་པར་གྱིས། །ཞེས་པ་ནི། ལྷ་མོ་ཀ་མ་ལ་ཤྲཱི་ལ་ཡི་གེའི་ལམ་འཁྱེར་ཞུས་ཤིག་པར་སྙན་བཅག་པའོ། །སྤྱི་དང་བྱེ་བྲག་ལམ་འཁྱེར་ཤེས་པར་གྱིས་ཞེས་པ་ནི། ཡི་གེ་ལྔ་བཅུ་སྤྱིའི་ལམ་འཁྱེར་དང་། བྱེ་བྲག་ཏུ་ཤེས་པར་བྱའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། ཡི་གེ་སྤྱིའི་ལམ་འཁྱེར་དང་། བྱེ་བྲག་གི་ལམ་འཁྱེར་རོ། །སྤྱིའི་ལམ་འཁྱེར་ནི་ལེའུ་དགུ་པས་སྟོན་ཏེ། དེ་ལ་ཡང་དྲུག་སྟེ་གང་བསྒྲུབ་པ་དང་ཇི་ལྟར་བསྒྲུབ་པ་དང་། ཅིའི་ཕྱིར་བསྒྲུབ་པ་དང་། བསྒྲུབ་པའི་ཐབས་དང་། བསྒྲུབ་པའི་གནད་དོ། །དེའི་དགོས་པའོ། །གང་བསྒྲུབ་པ་ནི། རྣལ་འབྱོར་ལམ་ལྔ་དུས་ཀྱིས་བགྲོད་པ་ལ། །རྫོགས་པའི་སངས་རྒྱས་བླ་མ་ཆེན་པོ་གང་། །སྤྲུལ་པ་རྫོགས་ལོངས་སྤྱོད་དང་ཆོས་ཀྱི་སྐུ། །གསང་དང་ངོ་བོ་ཉིད་ཅེས་རབ་གྲགས་པ། །ཞེས་པ་སྟེ། རྣལ་འབྱོར་ལམ་ལྔ་དུས་ཀྱི་བགྲོད་པ་ལ་ཞེས་པ་ནི། དབང་པོ་ཐ་མ་ལམ་ལྔ་དུས་དང་སྦྱར་ནས་བགྲོད་པའོ། །རྫོགས་པའི་སངས་རྒྱས་དང་ཁྱད་མེད་པ་བླ་མ་ཆེན་པོ་སྒྲུབ་པ་དེ། བློ་སྦྱོང་གི་དུས་སུ་བླ་མ་སྤྲུལ་པའི་སྐུར་སྒྲུབ། དཀའ་ཐུབ་ཀྱི་དུས་སུ་ལོངས་སྐུ། རྗེས་ཀྱི་དུས་སུ་ཆོས་སྐུ། རོ་སྙོམས་ཀྱི་དུས་སུ་གསང་བའི་སྐུ། བྱ་བྲལ་གྱི་དུས་སུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་བསྒྲུབ་པའོ། །ཇི་ལྟར་བསྒྲུབ་པ་ནི། བརྗོད་པ་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེ་ཡི་གེ་སྐུ་དང་སྐྱེ་འགག་གནས་ངོས་མེད། རིམ་པར་བཤིག་པ་གནས་སུ་བསྟིམས་པའོ། །བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །དེ་དང་དེའི་ངོ་བོར་བདག་འགྱུར་རོ། །ཞེས་པ་ནི། བརྗོད་པ་གསུམ་གྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་པ་ནི། ཡི་གེ་རྣམས་ལན་གསུམ་བརྗོད་པས་བླ་མའི་སྐུ་གསུང་ཐུགས་གསལ་འདེབས་པའོ། །ཡི་གེ་སྐུ་དང་སྐྱེ་འགག་གནས་ངོས་མེད། །རིམ་པར་བཤིག་དང་གནས་སུ་བསྟིམ་པ་ཡི། །ཞེས་པ་ནི། བློ་སྦྱོང་གི་དུས་སུ་བླ་མའི་སྐུ་གསུང་ཐུགས་ཡི་གེར་གསལ་གདབ། དཀའ་ཐུབ་ཀྱི་དུས་སུ་ལྷའི་སྐུར་གསལ་གདབ། རྗེས་ཀྱི་དུས་སུ་སྐྱེ་འགག་གནས་མེད་ཀྱིས་རང་བཞིན་སྤྲོས་བྲལ་གྱིས་གསལ་གདབ། རོ་སྙོམས་ཀྱི་དུས་སུ་གྲལ་དང་གོ་རིམ་མེད་པར་གསལ་གདབ། བྱ་བྲལ་གྱིས་དུས་སུ་ཡི་གེ་རྣམས་མས་བཟློག་ལ་དབྱིངས་སུ་བསྟིམ་མོ། །དེ་ལྟར་བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཡིན་པས་དེ་བསྒྲུབས་པས་བདག་ཀྱང་དེའི་ངོ་བོར་འགྱུར་བ་ཡིན་ནོ། །
ཅིའི་ཕྱིར་བསྒྲུབ་པ་ནི། འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བྱེད་པ་པོ་ཡིན། སྤྱི་བོའི་གཙུག་ཏུ་བཀུར་བར་བྱ་ཞེས་པ་ནི། མཚན་ཉིད་དང་ལྡན་པའི་བླ་མ་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་བསྟེན་ཏེ་བྱུང་བའོ། །དེའི་ཕྱིར་བླ་མ་སྤྱི་གཙུག་ཏུ་བཀུར་བར་བྱའོ། །དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། །ཞེས་སོ། །སྒྲུབ་པའི་ཐབས་བསྟན་པ་ནི། ཐབས་དང་ཤེས་རབ་མ་ཆགས་གདན་སྟེང་དུ། །མགོན་གྱུར་བླ་མ་གཙུག་ཏུ་རིམ་བཞིན་བླང་། །སྒོ་གསུམ་གུས་དང་མཆོད་པ་དུ་མ་བསྟིམ། །ལམ་རྟེན་གསོལ་དང་ཞུ་བ་དེ་བཞིན་ནོ། །ཞེས་པ་ནི། ཐབས་དང་ཤེས་རབ་མ་ཆགས་གདན་སྟེང་དུ། །ཞེས་པ་ནི། སྤྱི་བོའི་སྟེང་དུ་ཐབས་ཤེས་རབ་ཀྱི་གདན་ཉི་ཟླ་པདྨའི་གདན་བསྒོམ། མགོན་གྱུར་བླ་མ་གཙུག་ཏུ་རིམ་བཞིན་བསྒོམ་ཞེས་པ་ནི། རྟེན་བསྐྱེད་པ་རྒྱས་འབྲིང་རྣམ་པ་གསུམ་གང་མོས་སུ་སྒོམ་པའོ། །སྒོ་གསུམ་གུས་དང་མཆོད་པ་དུ་མས་བལྟམ་ཞེས་པ་ནི། མཆོད་པ་དང་མཎྜལ་འབུལ་ཞིང་དངོས་དང་ཏིང་ངེ་འཛིན་གྱི་མཆོད་པ་དུ་མ་དབུལ་ལོ། །ལམ་རྟེན་གསོལ་དང་ཞུ་བ་དེ་བཞིན་ནོ་ཞེས་པ་ནི། ལམ་བརྟེན་པའི་ཕྱིར་གསོལ་བ་མས་གདབ། བྱིན་རླབས་ཡས་ཞུ་བའོ། །སྒྲུབ་པའི་གནད་བསྟན་པ་ནི། ཐུགས་དམ་བསྐུལ་དང་ཤིན་ཏུ་བསྐུལ་བ་དང་། །གནད་ནས་བསྐུལ་བས་བདག་ཉིད་བླ་མའི་ལུས། །དེ་ཡི་འདོད་པ་ཀུན་འབྱུང་ནོར་བུ་བཞིན། །ཞེས་པ་ནི། དང་པོ་ཐུགས་དམ་བསྐུལ། དེས་རྟགས་དང་ཡོན་ཏན་མེད་ན་ཤིན་ཏུ་བསྐུལ། དེ་ལ་རྟགས་དང་ཡོན་ཏན་མེད་ན་གནད་ནས་བསྐུལ། དེ་ལ་རྟགས་དང་ཡོན་ཏན་མི་འཆར་མི་སྲིད་པས་དེའི་དགོས་པ་ནི། འདོད་པ་ཀུན་འབྱུང་ནོར་བུ་ལྟ་བུ་ཡིན་ནོ། །དེའི་མན་ངག་བླ་མའི་ཞལ་ནས་གསུངས་སོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཡི་གེའི་དེ་ཁོ་ན་ཡི་གེ་ལ་བརྟེན་ནས་ཏིང་ངེ་འཛིན་ལ་རོ་སྙོམས་པ་ལྔ་བསྟན་པའི་ལེའུ་ཉིད་བསྟན་པའི་ལེའུ་སྟེ་དགུ་པའོ། །
ཡི་གེའི་བྱེ་བྲག་ཏུ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི། ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །ཅེས་པ་ནི་གོ་སླའོ། །སྒྲུབ་མཆོག་ཝརྞའི་འདི་ནི་རྟོགས་འདོད་ན། །བྱེ་བྲག་གསུམ་སྟེ་བཅུ་གཉིས་བརྒྱད་དང་བཞི། །ཞེས་པ་ནི། སྒྲུབ་པ་པོས་ཡི་གེ་ཆོ་ལུར་ཉམས་སུ་ལེན་ཞིང་ཤེས་ཤིང་རྟོགས་པར་འདོད་ན་བྱེ་བྲག་བཅུ་གཉིས་བརྒྱད་དང་བཞིར་ཤེས་པར་བྱ་ཞེས་པ་ནི། རྒྱུ་རྩལ་གྱི་གནས་རྒྱས་པ་ལ་བཅུ་གཉིས། འབྲིང་ལ་བརྒྱད། བསྡུས་པ་ལ་བཞིར་ཤེས་པར་བྱའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། རྒྱུ་རྩལ་གྱི་གནས་རྒྱས་པ་ལ་བཅུ་གཉིས་སུ་བསྟན་པ་དང་། འབྲིང་ལ་བརྒྱད་དུ་བསྟན་པ་དང་། བསྡུས་པ་ལ་བཞིར་བསྟན་པའོ། །རྒྱས་པ་ལ་དྲུག་སྟེ། ཡི་གེ་ལྔ་བཅུའི་ངེས་འབྱེད། དུས་དང་དུས་མིན་གྱི་དབྱེ་བ་དང་། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གྲངས་དང་། དྲི་མ་རབ་འབྲིང་གི་སེལ་ལུགས་དང་། དེ་དག་ཟབ་པའི་ཚུལ་བརྗོད་པ་དང་། དྲི་མ་སེལ་ལུགས་བསྟན་པའོ། །
ཡི་གེ་ལྔ་བཅུའི་དབྱེ་བ་ངེས་འབྱེད་ནི། བརྒྱ་ཕྲག་ཕྱེད་ལ་གནས་མཆོག་བཅུ་གཉིས་ཏེ། །ཡི་གེ་གཉིས་ཀྱིས་དོན་གཉིས་མཐར་ཕྱིན་བྱེད། །ཅེས་པ་ནི། ཡི་གེ་ལྔ་བཅུ་ལ། ངེས་པ་ཅན་དྲུག་ངེས་མེད་དྲུག་སྟེ་བཅུ་གཉིས་སོ། །ཡི་གེ་གཉིས་ཀྱིས་དོན་གཉིས་མཐར་ཕྱིན་པ་ནི། འབྲས་བུ་མཐར་ཕྱིན་པའི་ཡི་གེ་སྟེ་ཧ་དང་ཀྵའོ། །དུས་དང་དུས་མིན་གྱི་དབྱེ་བ་བསྟན་པ་ནི། དྲུག་དྲུག་དུས་དང་དུས་མིན་རིམ་པ་ཡིན། །སྒྲུབ་བྱེད་བསྒྲུབ་བྱ་གཅིག་ལྔ་དྲུག་ཏུ་གནས། །ཞེས་པ་སྟེ། དྲུག་དྲུག་དུས་དང་དུས་མིན་རིམ་པ་ཡིན་ཞེས་པ་ནི། རྣལ་འབྱོར་གྱི་རང་ས་དང་ལམ་ལྔ་ནི་དུས་ཅན་ཡིན་ནོ། །བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གྲངས་ནི། སྒྲུབ་བྱེད་བསྒྲུབ་བྱ་གཅིག་ལྔ་དྲུག་ཏུ་གནས་ཞེས་པ་ནི། སྒྲུབ་བྱེད་གཅིག་ཡིན་ཏེ་རྣལ་འབྱོར་གྱི་རང་སའོ། །བསྒྲུབ་བྱ་ལྔ་ནི་ལམ་ལྔའོ། །དེ་གཉིས་ལོག་པས་དྲུག་ཏུ་གནས་པའོ། །དྲི་མ་རབ་འབྲིང་གི་སེལ་ལུགས་ནི། འདི་དག་བཞི་ལ་བཞི་སྟེ་བཞི་ལྡན་དང་། །གཉིས་དང་གཅིག་གིས་དྲི་མ་སེལ་བར་ངེས། །མཁའ་འགྲོ་རང་གསང་ཐུགས་ཀྱི་གནག་པ་ནི། །ཀུན་ལ་བསྟན་པའི་གནས་མིན་རང་སྲོག་ཆད། །ལྷ་རྫས་ཤེལ་དང་ཉ་རྒྱས་ཟླ་བ་བཞིན། །སྣོད་ལྡན་ཡུལ་ལ་མཁའ་འགྲོའི་གསང་ཚིག་འཐོལ། །ཞེས་པ་སྟེ། འདི་དག་བཞི་ལ་བཞི་སྟེ་བཞི་ལྡན་དང་ཞེས་པ་ནི། ལམ་རེ་རེ་ལ་ཡང་དྲི་མ་བཞི་བཞི་ཡོད་པ་དེ། བོ་བ། ཟག་པ། ལྟེམས་པ། ལོག་པའོ། །དེ་སེལ་བ་ལ་ཡང་། གཉེན་པོ་རབ་འབྲིང་གསུམ་སྟེ། དྲི་མ་རབ་ལ། དམིགས་པ། དགྲམ་པ། བརྗོད་པ། རྟེན་འབྲེལ་དང་བཞི་ཡིས་སེལ་ལོ། །དྲི་མ་འབྲིང་ལ། དམིགས་པ་རྟེན་འབྲེལ་གྱིས་སེལ། དྲི་མ་ཐ་མ་ལ་བརྗོད་པ་གཅིག་པུས་སེལ་ལོ། །དེ་དག་ཟབ་པའི་ཚུལ་བརྗོད་པ་ནི། འདི་ནི་ཌཱ་ཀི་ཐུགས་ཀྱི་གསང་བ་ཡིན་ཏེ། ཌཱ་ཀི་མ་ཁྲོས་ནས་རང་གི་སྲོག་ལ་བར་ཆད་ཡོང་ངོ་། །དཔེར་ན་ཟླ་བ་ཉ་གང་པ་དང་། ཤེལ་འཕྲད་ན་ཤེལ་སྐམ་པོ་ལས་ཆུ་འབྱུང་པ་བཞིན་དུ། སྔགས་ཀྱི་ནུས་པས་ལམ་གྱི་དྲི་མ་སེལ་བའོ། །སྔགས་འདི་རྣམས་མཁའ་འགྲོ་མའི་གསང་ཚིག་ཡིན་པས་གང་ཟག་སྣོད་ལྡན་ལ་བསྟན་གྱི། སུ་དགའ་དགའ་ལ་བསྟན་པ་མ་ཡིན་ནོ། །
དྲི་མ་སེལ་ལུགས་ལ་གཉིས་ཏེ། ངེས་པ་ཅན་དང་། ངེས་མེད་དོ། །ངེས་པ་ཅན་ལ་དྲུག་སྟེ། རྣལ་འབྱོར་གྱི་རང་ས་དང་། བློ་སྦྱོང་དང་། དཀའ་ཐུབ་དང་། རྗེས་དང་། རོ་སྙོམས་དང་། བྱ་བྲལ་ལོ། །དང་པོ་ལ་བདུན་ཏེ། དྲི་མ་ངོས་བཟུང་བ་དང་། བརྗོད་པ་དང་། རྟེན་འབྲེལ་དང་། དམིགས་པ་དང་། དགྲམ་པ་དང་། སྔགས་ཀྱི་གྲངས་དང་། སྤྱི་དང་བྱེ་བྲག་བསྟན་པའོ། །དྲི་མ་ནི་བཞི་སྟེ། བོ་བ་ཟག་པ་ལྟེམས་པ་ལོག་པའོ། །དང་པོ་བོ་བ་ནི། ཀུན་གྱི་གཞིར་གྱུར་རྩ་བའི་རྣལ་འབྱོར་ལ། །མཁའ་ལ་སྤྲིན་ཞག་ཆགས་ན་དེངས་པའི་དགྲ། །ཞེས་པ་ནི། ཀུན་གྱི་གཞིར་གྱུར་པའི་རྣལ་འབྱོར་པ་ཞེས་པ་ནི། རྣལ་འབྱོར་གྱི་རང་ས་ལ་གནས་པའོ། །མཁའ་ལ་སྤྲིན་ཞག་ཆགས་ན་དེངས་པའི་དགྲ་ཞེས་པ་ནི། རྣལ་འབྱོར་གྱི་རང་ས་ལ་ཆོས་བརྒྱད་ཀྱི་ངར་ཆགས་ན་བོ་བའོ། །ཟག་པ་ནི། རྒྱལ་པོ་དམངས་སྤྱོད་བྱེད་ན་ཁྲེལ་བའི་གནས་ཞེས་པ་ནི། སྤྱོད་ལམ་འཇིག་རྟེན་པ་དང་བསྟུན་ན་ཟག །
ལྟེམས་པ་ནི། འཇིགས་པའི་དགྲ་ལས་མི་འབྱོལ་སྐྱེས་བུ་བླུན་ཞེས་པ་ནི། འཁོར་བ་ལས་བློ་མ་ལོག་ན་ལྟེམས་པའོ། །ལོག་པ་ནི། ཛྭ་ལའི་ནད་ལ་ཚེ་འདིའི་ཆེ་ཐབས་བྲལ་ཞེས་པ་ནི། ཚེ་འདི་ལས་བློ་མ་ལོག་ན་ལྡོག་པའོ། །བརྗོད་པ་ནི། ཨ་ཀན་དྷི་མ་ཧཱ་ཀན་དྷི་སྭཱ་ཧཱ། ཨཱ་ཀ་ཏ་ས་ར་ནི་རི་བྷི་སྭཱ་ཧཱ། ཨི་སུ་མ་བ་ར་ཏི་ན་ལ་སྭཱ་ཧཱ། ཨཱི་ན་ར་སི་བ་ར་ཏ་ལ་སྭཱ་ཧཱ། བོ་ཟག་ལྟེམས་ལོག་བཞི་ལ་སྔགས་བཞི་ཡང་། དྲི་མ་གོ་རིམ་དུ་གང་བྱུང་གི་སྔགས་ཁྲི་ཕྲག་རེ་རེ་བཟླས་པས་སེལ་ལོ། །རྟེན་འབྲེལ་གྱི་འཕྱི་བ་གྲུམ་པའི་སྡེར་མོ་ཁྱི་གུའི་མིག །ཁྱིའུ་ཡི་མཁྲིག་མ་བཞི་ནི་བརྟེན་པའི་རྫས་ཞེས་པ་ནི། དེ་ཚོ་ལུས་ལ་འཆང་པའོ། །དམིགས་པ་ནི་བདུད་རྩི་ལས་བྱུང་ཡི་གེ་རྣམ་པ་གསུམ། མཛོད་སྤུ་ཨོལ་མདུད་ལྷེན་སྣ་དམིགས་པའི་གནད་ཅེས་པ་ནི། བྱིན་རླབས་ཀྱི་དུས་སུ་བདུད་རྩིའི་ནང་དུ་ཡི་གེ་རྣམས་བླུག་ལ། དེ་ནས་ལན་གསུམ་དུ་བླང་སྟེ། དང་པོ་སྨིན་མཚམས་གཉིས་པ་ཨོལ་མདུད། གསུམ་པ་ལྷེན་སྣར་སྒོམ་མོ། །དགྲམ་པ་ནི། སྣོད་མཁན་ལག་དང་ལག་ཆ་ལས་བྱུང་བ། །ཕྲིན་ལས་བཞི་དབྱིབས་རྟེན་འབྲེལ་ཡི་གེས་བརྒྱན། །སྔགས་ཀྱི་གྲངས་བསྟན་པ་ནི། ཁྲི་ཕྲག་རེ་རེས་སྔགས་ཀྱི་ནུས་པ་སྐྱོབ། །སྤྱི་དང་བྲེ་བྲག་བསྟན་པ་ནི། གཉིས་གཉིས་སྤྱི་ཡིན་གཉིས་ནི་བྱེ་བྲག་ལྡན། །དགྲམ་པ་ནི་རྫ་མཁན་གྱི་ལག་པ་དང་། ལག་ཆ་ཕྱིས་པའི་ས་ལ་འདག་པ་ལེགས་པར་བྱས་ཏེ། རྟེན་འབྲེལ་གྱི་འཕང་ལོ་ཕྲིན་ལས་བཞི་ཡི་དབྱིབས་སུ་བྱས་ཏེ། ཐ་མར་རྟེན་འབྲེལ་སྙིང་པོ་བྲི། དབུས་སུ་བུག་པ་བྱ། སོ་ལེགས་པར་བཏང་། རྟེན་འབྲེལ་སྙིང་པོས་རབ་གནས་བྱས་ལ། ཟ་འོག་གི་ཐི་གུ་ལ་སྐྱུས་རྒྱུས་ལ་སྐེད་པ་ལ་བསྐོར་རོ། །གཉིས་གཉིས་སྤྱི་ཡིན་ཞེས་པ། ལམ་ཅ་གེ་སྤྱིར་ཐོན་པའོ། །གཉིས་ནི་བྱེ་བྲག་ལྡན་ཞེས་པ། བརྗོད་པ་དང་། རྟེན་འབྲེལ་ནི་ལམ་རེ་རེ་ལ་ཐད་ཐད་དུ་དགོས་པའོ། །བློ་སྦྱོང་ལ་གསུམ། དྲི་མ་དང་། བརྗོད་པ་དང་། རྟེན་འབྲེལ་ལོ། །དྲི་མ་ནི་དེ་ནས་དང་པོ་ལམ་གྱི་རྣལ་འབྱོར་པས་གཙུག་གི་ནོར་བུ་གཏོར་ན་མཆོག་གི་དོན་མི་འགྲུབ་ཅེས་པ་སྟེ། དང་པོ་ལམ་གྱི་རྣལ་འབྱོར་པས་ཞེས་པ་ནི། བློ་སྦྱོང་ཡི་གེ་གཙུག་གི་ནོར་བུ་གཏོར་ན་མཆོག་གི་དོན་མི་འགྲུབ་ཅེས་པ་ནི། བླ་མ་ལ་གུས་པའི་བློ་ཤོར་ན་བོ་བའོ། །མཆན་གྱི་བུ་ལ་བརྩེ་བའི་སེམས་མི་བཏང་ཞེས་པ་ནི། སེམས་ཅན་ལ་བྱམས་པའི་སེམས་ཤོར་ན་ཟག་པའོ། །གསེར་དོན་མ་གྲུབ་ས་རྐོ་དོན་མེད་ལས་ཞེས་པ་ནི། དོན་མེད་པའི་སྤྱོད་པ་ལ་ཞུགས་པ་ནི་ལྟེམས་པའོ། །སྨན་ལ་ནུས་པ་མེད་ན་ནད་མི་སེལ་ཞེས་པ་ནི། རོ་མ་མྱོང་བར་གདན་ལ་འཕགས་ན་ལོག་པའོ། །བརྗོད་པ་ནི། ཨུ་ཧཱུ་ཏ་མ་ཀུ་ལུ་ཛི་མ་སྭཱ་ཧཱ། ཨཱུ་མེ་སུ་ར་ཏྲི་ས་ཏི་ལེ་སྭཱ་ཧཱ། རི་སྲ་ཙ་རི་ཧ་རི་ལི་ཏ་སྭཱ་ཧཱ། རཱི་དོ་ཧ་བྷ་ཏོ་ལ་ཧྲཱིཿཧྲིཿསྭཱ་ཧཱ། སྔགས་ཀྱི་གོ་རིམ་ནི་སྔར་བཞིན་ནོ། །རྟེན་འབྲེལ་ནི། མུ་ཏིག་གསེར་དང་གདུང་མཆོག་ཤཱ་རི་རམ། །བླ་མའི་ཐུགས་དམ་གཉེན་པོ་བརྟེན་པའི་རྫས། །ཞེས་པ་སྟེ། རྫས་དེ་བཞི་ལུས་ལ་འཆང་བའོ། །དཀའ་ཐུབ་ལ་གསུམ་སྟེ། དྲི་མ་དང་བརྗོད་པ་དང་རྟེན་འབྲེལ་ལོ། །དྲི་མ་ནི་རྣལ་འབྱོར་གཉིས་ལ་གནས་པའི་དྲི་མ་ནི། ཚང་སྤོས་རྨ་བྱའི་ཕྲུ་གུ་སྨིན་མི་བྱེད་ཅེས་པ་ནི། རྣལ་འབྱོར་གཉིས་པ་དཀའ་ཐུབ་བོ། །དཀའ་ཐུབ་པས་གནས་མལ་སྤོས་ན་བོ་བའོ། །རྐུན་མོའི་སྙིང་གཏམ་ཁྲོམ་དུ་བསྒྲག་མི་འགྱུར་ཞེས་པ་ནི། གཞན་དོན་སྔས་ན་ཟག་པའོ། །སྨན་དུག་བསྲེས་ཏེ་དེ་དུས་ནུས་པ་སྟོར་ཞེས་པ་ནི་ཉམས་ལེན་གྱི་སྣ་ཁ་སྤོས་ན་ལྟེམས་པའོ། །མཁའ་ལྡིང་རྩལ་རྫོགས་བྱ་བྲན་ཟླ་མི་བསྙེག་ཅེས་པ་ནི། སྒྲུབ་པ་པོ་མཐོ་ལམ་བསྙེགས་ན་ལོག་པའོ། །བརྗོད་པ་ནི། ལི་ཤོ་བ་ར་འགུ་སྡེ་ཧྲིཿད་སྭཱ་ཧཱ། ལཱི་བྷ་ལ་བྷི་སྲུཾ་ཧྲཱིཿདྷ་བ་ར་སྭཱ་ཧཱ། ཨེ་ཀུན་དྷ་ལི་ཏ་ན་འ་རི་སྭཱ་ཧཱ། ཨེེ་བྷ་ར་བྷ་རི་ཧཱུཾ་ཛ་ལ་སྭཱ་ཧཱ། ཞེས་པ་སྟེ། གྲངས་གོང་གིས་འགྲེའོ། །རྟེན་འབྲེལ་ནི། སྤྲེའུ་ཡི་སྲིན་ལག་དབྱིའི་སེན་མོ་དང་། །བ་ཡི་ནུ་མ་བུད་མེད་རྐང་པའི་སེན། །རྟེན་འབྲེལ་རྫས་བཞིས་སྒྲུབ་པའི་དྲི་མ་སེལ། །ཞེས་པས་ཏེ། དེ་བཞི་ལུས་ལ་འཆང་བའོ། །
རྗེས་ལ་གསུམ་སྟེ། དྲི་མ་དང་བརྗོད་པ་དང་རྟེན་འབྲེལ་ལོ། །དྲི་མ་ནི། གསུམ་པའི་ལམ་ལ་གནས་པའི་རྣལ་འབྱོར་པས་ཞེས་པ་ནི། རྗེས་མཐོང་ལམ་མོ། །དོམ་གྱིས་སྦྲང་རྩི་མྱོང་བས་སྡུག་བསྔལ་བླངས། །ཞེས་པ་ནི། གཉེན་པོའི་བྱ་ར་ལས་མ་འགྱེལ་ན་བོ་བའོ། །སྐྱེལ་མ་དགྲར་ལངས་རེ་ལྟོས་སུ་ལ་བྱེད་ཅེས་པ་ནི། རང་ལྟ་ལ་མཆོག་ཏུ་བཟུང་ན་ཟག་པའོ། །ཁྱུ་མཆོག་རྭ་རྩེ་མ་གཅད་ཐར་པའི་དགྲ། །ཞེས་པ་ནི། གྲུབ་མཐའི་འདོད་པ་མ་ཞིག་ན་ལྟེམས་པའོ། །ནམ་མཁའི་མཐའ་འཚོལ་སྐྱེས་བུ་ལུས་སེམས་ངལ། །ཞེས་པ་ནི། སྤྱོད་ལམ་ཐ་མལ་དུ་སོང་ན་ལོག་གོ །བརྗོད་པ་ནི། ཨོ་ཧ་ཀུ་ཧ་ན་པ་ད་ས་སྭཱ་ཧཱ། ཨཽ་མཧཱ་ཀུན་དྷི་ཧ་ཧེ་ལ་སྭཱ་ཧཱ། ཨཾ་ཨ་གྷུ་དྷེ་བི་ཤི་ལེ་རེ་སྭཱ་ཧཱ། ཨཿདེ་ལ་ར་མེན་ན་ཧ་ད་སྭཱ་ཧཱ། ཞེས་པ་ནི། འགྲོ་ལུགས་གོང་དང་འདྲའོ། །རྟེན་འབྲེལ་ནི། ཕག་པ་རའི་རྣ་བ་ཤ་བ་དང་གཡག་རྒོད་རྭ་རྩེ་རྟེན་འབྲེལ་རྫས་སུ་བརྟེན་ཞེས་པ་ནི། དེ་བཞི་ལུས་ལ་བཅང་ངོ་། །རོ་སྙོམས་ལ་གསུམ་སྟེ། དྲི་མ་དང་བརྗོད་པ་དང་། རྟེན་འབྲེལ་ལོ། །དྲི་མ་ནི་གང་ཚེ་བཞི་པའི་རྣལ་འབྱོར་དོན་ལྡན་ཡང་། །ཞེས་པ་ནི། རོ་སྙོམས་ཀྱི་རྣལ་འབྱོར་རོ། །ཁྱིའི་སྤྱོད་འགྲོས་བརྟེན་ན་བྲལ་བར་འགྱུར། །ཞེས་པ་ནི། བདག་འཛིན་མ་ཐེངས་ན་བོ་བའོ། །སྙིང་ལ་གནས་པའི་ཆུ་སེར་དཀྱིལ་སྐྱིལ་མི་བྱ། །ཞེས་པ་ནི། འཁོན་འཛིན་བརྟེན་ན་ཟག་པའོ། །དུག་གི་ནད་ནི་མི་མཐུན་ཟས་ཀྱིས་སློང་། །ཞེས་པ་ནི། ཟག་པའི་འཕན་བླངས་ན་ལྟེམས་པའོ། །བཞིན་དང་མེ་ལོང་གཉིས་སུ་མཐོང་བ་བླུན། །ཞེས་པ་ནི། གཉིས་སྣང་གི་ཤེས་པ་མ་ཁྲོལ་ན་ལོག་པའོ། །བརྗོད་པ་ནི་ཀ་ཨ་ན་ཙ་མ་དྷ་ལ་ན་མ་སྭཱ་ཧཱ། ཁ་ཧི་སཾ་བུདྡྷེ་བི་ཤ་ན་སྭཱ་ཧཱ། ག་དྷརྨ་ལུ་ཧཱུཾ་ཧྲཱིཿཔ་ར་སྭཱ་ཧཱ། གྷ་མ་ཧ་ཧེ་རི་པི་རི་སྭཱ་ཧཱ། ཞེས་པ་སྟེ། སྔགས་ཚོ་སྔར་དང་འདྲའོ། །རྟེན་འབྲེལ་ནི། ཕག་སྣ་གླ་བའི་མཆེ་བ་རྨ་བྱའི་མདོངས། །ཀརྴ་པ་ཎི་འདི་བཞི་བརྟེན་པའི་རྫས། །ཞེས་པ་ནི། རྫས་དེ་ལུས་ལ་བཅངས་པའོ། །བྱ་བྲལ་ལ་གསུམ་སྟེ། དྲི་མ་དང་། བརྗོད་པ་དང་། རྟེན་འབྲེལ་ལོ། །དྲི་མ་ནི་གང་ཚེ་རྣལ་འབྱོར་དབང་ཕྱུག་ཉིད་ལ་ཡང་། །ཞེས་པ་ནི། བྱ་བྲལ་གྱི་རྣལ་འབྱོར་རོ། །ཨ་ལུ་དངོས་པོར་མཐོང་པས་བྱིས་པ་བསླུས། །ཞེས་པ་ནི། འབྲས་བུ་ལ་སྒྲུབ་བློ་མ་དག་ནའོ། །གཟུགས་མེད་མིང་གི་འཇིགས་པ་བླུན་པོའི་བློ། །ཞེས་པ་ནི། འཁོར་བ་ལ་སྤང་བྱར་མཐོང་ན་ཟག་ཙཱ་གཉིས་ཀྱི་ནུས་པ་གཅིག་ཏུ་གནས། །ཞེས་པ་ནི། གཉིས་སྣང་གི་ཤེས་པ་མ་ཁྲོལ་ན་ལྟེམས། །མཁའ་ལྡིང་ཁྱུང་ཆེན་རྒོད་ཀྱི་གཟན་ལ་མིན། །ཞེས་པ་ནི། སྤྱོད་ལམ་ཐ་མལ་པ་དང་བསྟུན་ན་ལོག་པའོ། །བརྗོད་པ་ནི། ང་བི་མ་ཏི་པྲ་ཧ་རི་ཏི་སྭཱ་ཧཱ། ཙ་ཏོ་མ་ཏི་ཀུ་རུ་དྷ་ནི་སྭཱ་ཧཱ། ཚེ་ཏི་ལ་མ་ཏི་གྷ་ཥ་མ་སྭཱ་ཧཱ། ཛ་ཧ་ར་ཧ་ར་པྲ་ག་ཤི་སྭཱ་ཧཱ། ཞེས་པ་ནི། སྔགས་ཚོ་གོང་དང་འདྲའོ། །རྟེན་འབྲེལ་ནི་སྤྲེའུ་ཁྱིའུ་དེ་བཞིན་མགར་བ་དང་། །རྐུན་མོའི་སྲིན་ལག་འདི་བཞི་བརྟེན་པའི་རྫས། །ཞེས་པ་ནི། རྫས་བཞི་པོ་དེ་ལུས་ལ་བཅང་ངོ་། །འདི་དག་རིམ་བཞིན་དུས་སུ་བརྟེན་པ་གཅེས། །ཞེས་པ་ནི། སྔགས་དང་རྫས་རྣམས་ལམ་གྱི་གོ་རིམ་མ་ནོར་བར་བརྟེན་པའོ། །ལམ་ངེས་མེད་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི། བྱེ་བྲག་ལྟ་སྒོམ་བསྒྲུབས་པས་མཐར་ལམ་ཕྱུང་ཞེས་པ་སྟེ། ལམ་ངེས་མེད་དྲུག་པོ་འདི། ལྟ་བ་སྒོམ་པ་སྒྲུབ་པ་གསུམ་ལ་དྲུག་ཏུ་ཕྱེ་བ་ཡིན་ཏེ། དྲི་མ་འདི་རྣམས་ལམ་གང་གི་སྐབས་སུ་ཡོང་ངེས་པ་མེད་པས་ངེས་མེད་དྲུག་ཅེས་བྱའོ། །དང་པོ་རྒྱས་པར་བཤད་པ་ལྟ་བ་ལ་གསུམ་སྟེ། དྲི་མ་དང་། བརྗོད་པ་དང་། རྟེན་འབྲེལ་ལོ། །དྲི་མ་ནི། ལྟ་བ་མིག་ཡིན་འདི་གང་དྲི་མ་བཞི། །ཞེས་པ་ནི། ལྟ་བ་ནི་སེམས་ཀྱི་དོན་ལ་བལྟ་བས་མིག་དང་འདྲ་བས་ཏེ། དེ་ལ་དྲི་མ་བཞི། ལྟ་བ་མེད་དུ་ཤོར་བ་ནི། ཚིག་ཏུ་བརྗོད་པའི་ནོར་བུས་དོན་མི་འགྲུབ། །ཅེས་པ་ནི། དཔེར་ན་ནོར་བུ་ནོར་བུ་ཞེས་བྱ་བའི་མིང་བརྗོད་པས་དགོས་འདོད་འབྱུང་བའི་དོན་མི་འགྲུབ་པ་བཞིན་དུ། ལྟ་བ་རྒྱུད་ལ་མ་སྐྱེས་པར་ཁ་ཏ་རྐྱང་པས་དོན་མི་འགྲུབ་བོ། །ལྟ་བ་ལ་དབྱིངས་རྒལ་བ་ནི། འདམ་དུ་བྱིང་བའི་ནོར་བུ་དེ་བཞིན་ནོ། །ཞེས་པ་ནི། ནོར་བུ་འདམ་ནས་མ་ཐོན་གྱི་བར་དུ་དགོས་འདོད་མི་འབྱུང་པ་བཞིན་དུ། ལྟ་བ་དོན་སྤྱི་ལ་འབྱམས་ན། རང་གི་མཚན་ཉིད་མ་རྟོགས་པའོ། །ལྟ་བ་བློ་མཐར་ཤོར་བ་ནི། ནམ་མཁའི་མཐའ་ཚོལ་སྐྱེས་བུ་བླུན་པོའི་བློ། །ཞེས་པ་ནི། དཔེར་ན་ནམ་མཁའ་ལ་མཐའ་མེད་པས་བཙལ་བས་མི་རྙེད་པ་བཞིན་དུ། བླ་མའི་གདམས་ངག་མེད་པར་ལྟ་བ་གྲུབ་མཐས་གཏན་ལ་ཕབ་ནས་གནས་ལུགས་ཀྱི་དོན་མི་རྟོགས་པའོ། །ལྟ་བ་མཐའ་བཞི་ལས་མ་གྲོལ་བ་ནི། ཤིང་རྟ་བྲེལ་བ་འཁོར་ལོ་བཞི་ཡིས་ཉེས། །ཞེས་པ་ནི། ཤིང་རྟ་འཁོར་ལོ་བཞིའི་སྒྲོམ་དུ་ཆུད་པས་སྡོད་དབང་མེད་དེ་ཉེས་པ་བཞིན་དུ། ལྟ་བ་ཡང་ཡོད་མེད་རྟག་ཆད་ཀྱི་མཐའ་བཞི་ལས་མ་གྲོལ་བས་གནས་ལུགས་ཀྱི་དོན་མ་རྟོགས་པའོ། །བརྗོད་པ་ནི། ཛྷཱ་སརྦ་དྷ་ན་བི་ག་ཏི་སྭཱ་ཧཱ། ཉ་སརྦ་བྷརྦ་པྲ་ཏི་རི་ནི་སྭཱ་ཧཱ། ཊ་གྷ་ཏ་ས་ཙན་ཌ་བི་རི་སྭཱ་ཧཱ། ཐ་ན་ར་བི་ཀཱ་ལི་ནི་སྭཱ་ཧཱ། ཞེས་པ་སྟེ། འདྲེན་ལུགས་ནི་གོང་དང་འདྲའོ། །རྟེན་འབྲེལ་ནི། མེ་ལོང་ཤེལ་ཁབ་དུང་བཞི་བརྟེན་པའི་རྫས། །ཞེས་པ་ནི། རྫས་དེ་བཞི་ལུས་ལ་བཅང་ངོ་། །སྒོམ་པ་ལ་བཞི་སྟེ། བདེ་བ་དང་གསལ་བ་དང་ཕྲ་བ་དང་མི་རྟོག་པའི་དྲི་མའོ། །སྒོམ་བདེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི། མཐོང་བའི་དོན་ལ་དགོས་པས་གནས་སུ་བགྲོད། །ཅེས་པ་གང་ཟག་དབང་པོ་འབྲིང་མན་ཆད་ལ་རྟོགས་གྲོལ་ཆིག་ཆོད་དུ་མི་འགྲོ་བས་རྟོགས་པའི་དོན་ལ་གོམས་འདྲིས་བྱས་ནས་ཐར་པའི་གནས་སུ་བགྲོད་པའོ། །བདེ་གསལ་མི་རྟོག་རྣལ་འབྱོར་སེམས་ཀྱི་ཉམས། །དོན་གྱི་འབྲས་བུ་བསྐྱེད་པའི་མེ་ཏོག་ཡིན། །ཞེས་པ་ནི། ལྟ་བའི་དོན་ལ་གོམས་འདྲིས་བྱས་པས་རྣལ་འབྱོར་པ་དེ་ལ། བདེ་བ་དང་། གསལ་བ་དང་། ཕྲ་བ་དང་། མི་རྟོག་པའི་ཉམས་མེ་ཏོག་དང་འདྲ་བར་འཆར་རོ། །དེ་ལ་བརྟེན་ནས་དོན་གྱི་རྟོགས་པ་འབྲས་བུ་དང་འདྲ་བ་འཆར་བའོ། །
རྒྱས་པར་བཤད་པ་ལ་གསུམ་སྟེ། དྲི་མ་དང་བརྗོད་པ་དང་རྟེན་འབྲེལ་ལོ། །དྲི་མ་ནི་བཞི་སྟེ། བདེ་བ་ལ་བསྐྱེད་མེད་པ་ནི། ཆུ་ལུད་མེད་པའི་འབྲས་བུ་བསྐྱེད་མི་འབྱིན་ཞེས་པ་ནི། དཔེར་ན་རྒྱུ་ས་བོན་བཏབ་ཀྱང་། ཆུ་ལུད་མེད་ན་འབྲས་བུ་སྐྱེ་ཁུངས་ངན་པ་བཞིན་དུ། བླ་མའི་མན་ངག་གིས་ཉམས་བདེ་བ་སྐྱེས་ཀྱང་། རྩ་རླུང་ངན་པས་བདེ་བའི་བོགས་ཆུང་པའོ། །བདེ་བའི་རོ་ལ་ཆགས་པ་ནི། སྤྲེའུ་རྙོང་ལ་བརྩེས་པས་རང་འཕུང་བསྒྲུབས། །ཞེས་པ་ནི། དཔེར་ན་སྤྲེའུ་རྙོང་ལ་བརྩེས་བས་ཡན་ལག་འཐམ་པ་བཞིན་དུ། བདེ་བའི་ཉམས་ལ་ཆགས་ནས་འཇིགས་མ་ཤེས་ཏེ། ཆོས་ཉིད་ཀྱི་རོ་ལ་ཆགས་པའོ། །བདེ་བས་ལུས་སེམས་རྣལ་དུ་མ་ཕེབས་པ་ནི། སྦྲང་ཚང་འབེབས་པའི་སྐྱེས་བུ་ཡན་ལག་བྲེལ། །ཞེས་པ་ནི། སྦྲང་མའི་ཚང་བརྟོལ་ནས་སྦྲང་རྩི་འདེབས་པའི་དུས་སུ་སྦྲང་མ་རྣམས་འདུས་ནས་མདུང་རྒྱག་པས་མི་དེ་ལག་པ་ཀོ་བས་བཏུམས་ནས་ཕྱིར་སྤྲོད་པ་བཞིན་དུ། བདེ་བས་ལུས་སེམས་རྒྱས་ནས་སྤྱོད་ལམ་སྣ་ཚོགས་བྱེད་སྙིང་འདོད་པའོ། །ངན་རྟོག་བདེ་བར་འབར་བ་ནི། རློན་པའི་ཤིང་ལ་མེ་འབར་མེའི་བྲན། །ཞེས་པ་ནི། མེ་ཆེན་པོ་རྣམས་ནི་ཤིང་སྐམ་རློན་མེད་པ་ལ་འབར་བ་ལ། མེ་ཕྲན་ནི་ཤིང་རློན་པ་ལ་མི་འབར་བ་བཞིན་དུ། ལས་དང་པོ་མ་གོམས་པ་རྣམས་ཀྱིས་ངན་རྟོག་བདེ་བར་འབར་མི་ནུས་སོ། །བརྗོད་པ་ནི། ཊ་ཎ་ཙན་ཏྲ་བི་བི་མ་སི་རི་སྭཱ་ཧཱ། དྷ་ཨ་མོ་ཀ་བི་ར་བི་ར་སྭཱ་ཧཱ། ཎ་བི་ར་སིང་ཧཱ་རི་རི་ནི་སྭཱ་ཧཱ། ཏ་ཀ་རོ་ཧྲི། གྷན་རོ་ན་སྭཱ་ཧཱ། ཞེས་པས་ཏེ། སྔགས་རྣམས་གོང་དང་འདྲའོ། །རྟེན་འབྲེལ་ནི། ཤ་བ་ཕག་རྒོད་རྒོ་བ་གཙོད་དང་བཞི། །རྭ་རྩེ་ལུས་ལ་བསྲེལ་བས་རྟེན་འབྲེལ་རྫས། །ཞེས་པ་སྟེ། རྫས་དེ་ཚོ་ལུས་ལ་འཆང་བའོ། །གསལ་བ་ལ་གསུམ། དྲི་མ་བརྗོད་པ། རྟེན་འབྲེལ་ལོ། །དྲི་མ་ནི་གསལ་བའི་དྲི་མ་བཞི་ནི། གསལ་བ་ལ་སིང་ཤ་མ་ཐོན་པ་ནི། གཡའ་དང་མ་བྲལ་མེ་ལོང་གཟུགས་མི་སྟོན་ཞེས་ནི་མེ་ལོང་གཡའ་མ་ཕྱིས་ན་གཟུགས་བརྙན་མི་འཆར་བ་བཞིན་དུ། གསལ་བའི་ཉམས་ལ་སིང་ཤ་མ་ཐོན་ན་ལམ་གྱི་ཡོན་ཏན་མི་འཆར་རོ། །
གསལ་བ་ལ་དབྱེར་མ་ཕྱིན་པ་ནི། མ་དེངས་ནམ་མཁའི་གཟའ་སྐར་ངོས་མི་ཟིན་ཞེས་པ་ནི། ནམ་མཁའ་མ་དེངས་ན་གཟའ་སྐར་ངོས་མི་ཟིན་པ་བཞིན་དུ། གསལ་བ་ལ་དབྱེར་མ་ཕྱིན་པ་ཞེས་བྱ་སྟེ། རིག་པ་ལ་ངར་མ་ཐོགས་ན་ལམ་གྱི་རྩལ་མི་འབྱོངས་པའོ། །གསལ་བ་ལ་ཧྲིག་མ་ཆགས་པ་ནི། སྐྱེ་མེད་མ་དེངས་གཟུགས་བརྙན་ཡིད་མི་འཕྲོག །ཅེས་པ་ནི། ལྷའི་གཟུགས་བརྙན་སྐྱེ་མེད་མ་དེངས་ན་ལྟ་བ་པོ་ཡིད་མི་འཕྲོག་པ་བཞིན་དུ། རིག་པ་གསལ་བ་ལ་གཡེར་མ་ཐོན་པ་ཞེས་བྱ་སྟེ། རིག་པ་ལ་མདངས་མེད་ན་ཉམས་བྱིང་རྨུགས་ཀྱི་མཐར་ལྷུང་ངོ་། །གསལ་བ་ལ་ཡུན་ཐུང་བ་ནི། གློག་འདི་གསལ་ཡང་ཡུན་ཐུང་དོན་མི་འགྲུབ། །ཅེས་པ་ནི། བར་སྣང་གི་གློག་འདི་རང་བཞིན་གསལ་ཡང་ཡུན་ཐུང་པས་བལྟ་བྱའི་དོན་མི་འགྲུབ་པ་བཞིན་དུ། ཉམས་གསལ་བ་ནི་ཡུན་ཐུང་སྟེ་ཅིག་ཆར་འགྲིབས་ནས་ལམ་མཐར་མི་ཕྱིན་པ་ཡིན་ནོ། །བརྗོད་པ་ནི། ཐ་པི་ར་ཧྲི། ཏ་ཡ་ནི་སུ་སྭཱ་ཧཱ། ད་མ་གྷ་བྷི་ཏ་བྷ་ཏེ་ཧྲཱིཿསྭཱ་ཧཱ། དྷ་བི་ཧཱ་ན་ཧྲི། ཧ་ཧ་རི་སྭཱ་ཧཱ། ན་ཙན་དྷ་ལོ་ག་བ་ར་སྭཱ་ཧཱ། ཞེས་པ་སྟེ། འདྲེན་ལུགས་གོང་དང་འདྲའོ། །རྟེན་འབྲེལ་ནི། དེ་ཕོའི་མཆེ་སྡེར་དེ་བཞིན་ཕོ་རོག་མིག། སྤྲེའུ་ཡི་སོ་དང་ཁྲ་ཡི་སྡེར་མོ་བཞི། །ལུས་ལ་བཅངས་ན་མཆོག་གི་དོན་འགྲུབ་བྱེད། །ཅེས་པ་ནི། རྫས་དེ་བཞི་ལུས་ལ་བཅངས་པའོ། །མི་རྟོག་པ་ལ་གསུམ་སྟེ། དྲི་མ་དང་། བརྗོད་པ་དང་། རྟེན་འབྲེལ་ལོ། །དྲི་མ་བཞི་སྟེ། མི་རྟོག་པ་ལ་ལྟེམས་པ་ནི། ཀོང་མོའི་ཆུ་འདིས་ཞིང་པའི་དོན་མི་འགྲུབ། །ཅེས་པ་ནི། ཀོང་མོའི་ཆུ་དེ་དམའ་སར་ལུས་པས་ཞིང་པའི་དོན་མི་འགྲུབ་པ་བཞིན་དུ། དྲན་པ་འགགས་པའི་ཞི་གནས་ཀྱིས་ས་ལམ་མི་ཆོད་པའོ། །མི་རྟོག་པ་ལ་བློའི་སྤུ་རིས་ཆགས་པ་ནི། ཆུ་ཡི་གཉེར་མས་ཟླ་བའི་གཟུགས་བརྙན་བཤིག །ཅེས་པ་ནི། ཆུའི་གཉེར་མས་ཟླ་བའི་གཟུགས་བརྙན་མི་གསལ་བ་བཞིན་དུ། མི་རྟོག་པ་ལ་བློའི་སྤུ་རིས་ཆགས་པ་ནི། རྟོག་པའི་རྒྱུན་མི་ཆོད་པས་ཡོན་ཏན་གྱི་གཟུགས་བརྙན་མི་འཆར་བའོ། །མི་རྟོག་པའི་བློ་དང་མ་བྲལ་བ་ནི། ན་བུན་མ་ཡལ་ནམ་མཁའ་དྭངས་མི་འགྱུར། །ཞེས་པ་ནི། དཔེར་ན་སྤྲིན་དང་ན་བུན་མ་ཡལ་ན་ནམ་མཁའ་མི་དྭངས་པ་བཞིན་དུ། དྲན་རྟོག་གི་རྒྱུན་མ་ཆོད་ན་རིག་པ་དོན་ཐོག་ཏུ་མི་གནས་པ་ཡིན་ནོ། །མི་རྟོག་པ་སྤྲོས་པ་དང་མ་བྲལ་བ་ནི། སྒོ་ལྔ་འགགས་པའི་ཡུལ་ལ་གཟུགས་མི་སྣང་། །ཞེས་པ་ནི། དབང་པོ་སྒོ་ལྔ་འགགས་པའི་རྟེན་ལ་གཟུགས་དང་སྒྲ་ལ་སོགས་པའི་ཡུལ་མི་སྣང་བ་བཞིན་དུ། རིག་པ་རྟོག་བྲལ་རང་དྭངས་སུ་མ་གྱུར་པའི་དྲན་རྟོག་བཀག་པའི་ཞི་གནས་ལ་སངས་རྒྱས་ཀྱི་ཡོན་ཏན་མི་འཆར་བའོ། །བརྗོད་པ་ནི། པ་པུ་ཏ་ན་མི་རི་ཧ་ས་སྭཱ་ཧཱ། ཕ་ཙ་རི་ན་བར་ཏ་ཧོ་ནི་སྭཱ་ཧཱ། བ་བྷ་ཤི་ཤ་ཙ་རི་ར་ན་སྭཱ་ཧཱ། བྷ་ཧ་ར་བྷ་ཧ་ར་ན་ཧྲཱིཿཧྲཱིཿསྭཱ་ཧཱ། ཞེས་པ་ནི། སྔགས་ཀྱི་འདྲེན་ལུགས་གོང་དང་འདྲའོ། །རྟེན་འབྲེལ་ནི། སྲམ་དང་ཕག་རྒོད་སྤྲེའུ་གླ་བའི་སྣ། །ཞེས་པ་ནི། རྫས་དེ་བཞི་ལུས་ལ་བཅངས་པའོ། །ཕྲ་བ་ལ་གསུམ་སྟེ། དྲི་མ་བརྗོད་པ་རྟེན་འབྲེལ་ལོ། །དྲི་མ་ནི་བཞི་སྟེ། ཕྲ་བ་ཉམས་ཐོག་ཏུ་འཆལ་བ་ནི། ཡང་ཡང་སྒྲོག་ན་ཀ་ལ་པིང་ཀ་འཆལ་ཞེས་པ་ནི། རྒྱ་གར་ན་ཀ་ལ་པིང་ཀ་ཞེས་བྱ་བ་སྐད་ཤིན་ཏུ་སྙན་པ་གཅིག་ཡོད་དེ། སྐད་དེ་ཤིན་ཏུ་སྙན་ཡང་། ཡང་ནས་ཡང་དུ་སྒྲོག་ན་འཆལ་ནས་ཉན་སྙིང་མི་འདོད་པ་བཞིན་དུ། ཕྲ་བའི་ཉམས་བྱ་དེ། ཏིང་ངེ་འཛིན་དྲན་པས་བཟུང་ནས་སྐྱོང་བ་ཡིན་ཏེ། དྲན་པའི་སྤུ་རིས་མང་དྲགས་ན་སླར་ཏིང་ངེ་འཛིན་འགྲིབ་པ་ཡིན་ནོ། །ཕྲ་བ་གཉིས་སྣང་དུ་ཤོར་བ་ནི། རྣོ་མིག་དགྲས་ཟིན་མཁའ་ལ་སྐྲ་ཤད་འཛག་ཅེས་པ་ནི། དཔེར་ན་མིག་གི་འབྲས་བུ་ལ་དགྲས་ཟིན་ན། ནམ་མཁའ་སྟོང་པ་ལ་སྐྲ་ཤད་འཛག་པ་བཞིན་དུ། བསྒོམ་བྱ་དང་སྒོམ་བྱེད་ཀྱི་ཤེས་པ་གཉིས་བྱུང་ན། གནས་ལུགས་གཉིས་མེད་ཀྱི་དོན་མི་མཐོང་བ་ཡིན་ནོ། །ཕྲ་བ་བྱིང་འཐིབ་ཀྱིས་ཟིན་པ་ནི། ཕྲ་མོའི་སྐར་མ་གྱི་ནའི་སྤྲིན་གྱིས་འགྲིབ། །ཞེས་པ་ནི། སྐར་མ་ཕྲ་མོ་རྣམས་སྤྲིན་གྱི་ན་ཙམ་གྱིས་འགྲིབ་པ་བཞིན་དུ། དྲན་པའི་གསལ་ཆ་ཤོར་བས་ཏིང་ངེ་འཛིན་བྱིང་འཐིབས་སུ་ཤོར་བའོ། །ཕྲ་བ་འཐོར་ཡས་སུ་ཤོར་བ་ནི། གིན་འཛའི་འབྲས་བུ་རླུང་གིས་བསྐྱོད་པར་སླ་ཞེས་པ་ནི། ཤིང་གིན་འཛའི་འབྲས་བུ་དེ་ཤེད་ཆུང་བས་རླུང་གིས་ནས་ཀྱང་ཐང་ལ་འབྲུལ་བ་བཞིན་དུ། ཧ་ཅང་དྲན་པ་གསལ་དྲགས་ན་ཡང་། རྟོག་པའི་སྤྲོ་བསྡུ་མང་བས་ཤེས་པ་དོན་ཐོག་ཏུ་གནས་སུ་མི་བཏུབ་པའོ། །བརྗོད་པ་ནི། མ་ཧཱ་ས་མ་མེ་དྷ་རི་ནི་སྭཱ་ཧཱ། ཡ་བི་པེ་ཏ་ག་ཏ་ས་ར་སྭཱ་ཧཱ། ར་ཧ་རི་ནི་ཙ་ལ་དྷ་བྷ་སྭཱ་ཧཱ། ལ་ཙ་པ་རི་ནི་བྷ་བྷ་རི་ཧྲཱིཿསྭཱ་ཧཱ། ཞེས་པ་ནི། འདྲེན་ལུགས་གོང་དང་འདྲའོ། །རྟེན་འབྲེལ་ནི། གསེར་དངུལ་ཟངས་དང་ལྕགས་ཀྱི་རྡོག་པོ་བཞི། ལུས་ལ་བརྟེན་པ་རྫས་ཀྱི་མཆོག་ཏུ་གསུངས་ཞེས་པ་ནི། རྫས་དེ་བཞི་ལུས་ལ་འཆང་བའོ། །སྒྲུབ་པ་ལ་གསུམ་སྟེ། དྲི་མ་བརྗོད་པ་རྟེན་འབྲེལ་བསྟན་པའོ། །དྲི་མ་ནི། འབྲས་བུའི་དོན་ནི་སྒྲུབ་ལ་རག་ལས་ཕྱིར་ཞེས་པ། འབྲས་བུ་ནི་སྒྲུབ་པ་ལ་རག་ལས་པའི་ཕྱིར་རོ། །སྒྲུབ་པ་ལ་འདོད་བློ་ཞུགས་པ་ནི། ལྕགས་ཀྱུའི་སེམས་ནི་བདུད་ཀྱི་ཕྱག་བརྙན་ཡིན། །ཞེས་པ་ནི། ལྕགས་ཀྱུའི་སེམས་ནི་སྒྲུབ་རྟགས་རང་རྒྱུད་པ་གཅིག་འདོད་པའོ། །དེ་ལ་བདུད་ཀྱི་བར་ཆད་འཇུག་པ་ཡིན་ཏེ་གྲུབ་ཐོབ་ཀ་རུ་འཛིན་བཞིན་ནོ། །གྲུབ་རྟགས་ལ་ངང་ཐུང་བ་ནི། གོར་ཏའི་འབྲས་བུ་རིམ་ཕྱིར་འཐེན་མི་བྱ། །ཞེས་པ་ནི། ཤིང་གོར་ཏའི་འབྲས་བུ་དེ་ཤིན་ཏུ་ཞིམ་པས་བཟའ་བ་རུང་ཡང་ཐེན་ན་སྐམ་མོ། །དེ་བཞིན་དུ་སྒྲུབ་པ་པོས་ཀྱང་། ལམ་རྟགས་ལ་ངང་ཐུང་པར་མི་བྱའོ། །ངང་ཐུང་ན་དོན་མངོན་དུ་མི་འགྱུར་བ་ཡིན་ནོ། །
ལམ་རྟགས་ལ་མཆོག་ཏུ་འཛིན་པ་ནི། འབྲས་བུ་སྐྱེད་བྱེད་མེ་ཏོག་གཅད་བྱ་མིན། །ཞེས་པ་ནི་འབྲས་བུ་བསྐྱེད་པའི་རྒྱུ་མེ་ཏོག་ཡིན་པས་མེ་ཏོག་གཅད་དུ་མི་རུང་བ་བཞིན་དུ། ལམ་རྟགས་ཕྲན་བུ་རྣམས་ལ་ང་རྒྱལ་དང་རློམ་པ་བྱར་མི་རུང་ངོ་། །གལ་ཏེ་དེ་ལ་རློམ་པ་བྱས་ཤིང་མི་ལ་བཤད་ན། ཕྱིས་འཕེལ་བ་ཆད་པ་ཡིན་ནོ། །འགོར་བ་ལ་སྒྱིད་ལུག་པ་ནི། བཀྲེས་པས་ཉེན་ཕྱིར་མྱུ་གུ་འབྲེག་གམ་ཅི་ཞེས་པ་ནི། སྐྱེས་བུ་བཀྲེས་པས་ཉེན་པས་ནས་སྨིན་ལོང་མེད་པར་ལྗང་པ་བྲེགས་པས་ལྟོ་མི་ཡོང་བ་བཞིན་དུ། སྒྲུབ་པ་པོས་ཀྱང་ལམ་རྟགས་ལ་ངང་ཐུང་བས་མི་ཕན་ཏེ། སྒྲུབ་པ་བསྙུངས་བསྲིང་དགོས་པ་ཡིན་ནོ། །བརྗོད་པ་ནི། ཝ་བེ་ཏུ་ཏ་རི་ཧྲཱིཿཧྲཱིཿསྭཱ་ཧཱ། ཤ་ཏྲ་རི་ཧྲཱིཿ དེ་ཡུ་ནི་ས་སྭཱ་ཧཱ། ཤ་པ་རི་བྷུདྡྷ་ན་མ་ཐ་སྭཱ་ཧཱ། ས་ནན་ཏ་ཧྲཱིཿ ད་ཡ་དྷུ་དྷུ་རུ་སྭཱ་ཧཱ། ཞེས་པས་ཏེ། སྔགས་ཀྱི་འདྲེན་ལུགས་གོང་དང་འདྲའོ། །རྟེན་འབྲེལ་ནི། སྟག་དང་ཕག་རྒོད་ཁྱི་སྨྱོན་ལྕེ་སྤྱང་གི་མཆེ་བ་ལུས་ལ་བཅངས་པ་རྟེན་འབྲེལ་རྫས་ཞེས་པ་ནི། རྫས་དེ་བཞི་ལུས་ལ་བཅང་ངོ་། །ཡི་གེ་གཉིས་ཀྱིས་རང་གཞན་གྱི་དོན་མཐར་ཕྱིན་པ་ནི། བཅུ་གཉིས་གནས་ཀྱིས་དོན་གཉིས་སྒྲུབ་པ་ནི་ཞེས་པ་ནི། རྒྱུ་རྩལ་གྱི་གནས་བཅུ་གཉིས་ཀྱིས་ལམ་གྱི་དྲི་མ་མ་ལུས་པ་བསལ་བའོ། །རང་དོན་ཆོས་སྐུ་ཐོབ་པར་བསྟན་པ་ནི། མཁའ་འགྲོ་མ་སྐྱེས་ཡུལ་མེད་མངོན་གྱུར་གནས་ཞེས་པ་ནི། རང་དོན་དུ་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ཐོབ་པའོ། །
གཞན་སྣང་ལ་གཟུགས་སྐུར་འཆར་བར་བསྟན་པ་ནི། མ་འགགས་ཀུན་འབྱུང་ནོར་བུ་ཡོན་ཏན་མཛོད། །ཅེས་པ་ནི། ཆོས་སྐུའི་ངང་ནས་ནམ་མཁའི་ཆོ་འཕྲུལ་བཞིན་དུ། མ་འགགས་པའི་སྒོ་ནས་གཟུགས་སྐུ་གཉིས་སུ་ཤར་ནས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་དུ་མའི་མཛོད་འཆང་ཞིང་སེམས་ཅན་ཀྱི་དོན་བྱེད་པའོ། །འབྲས་བུ་བསྒྲུབ་པའི་སྔགས་ནི། ཧ་ཙན་ཀན་དྷི་ན་ལ་མ་མ་སྭཱ་ཧཱ། ཞེས་པའི་སྔགས་འདི་འབུམ་ཕྲག་གསུམ་དུ་བཟླས་སོ། །རྟེན་འབྲེལ་ནི། བླ་མའི་ཐུགས་དམ་གཡུ་ལ་གསེར་གྱིས་བྲིས། །གཙུག་ཏུ་བཅངས་པས་ས་ལམ་མ་ལུས་གཅོད། །ཅེས་པ་ནི། རྫས་དེ་སྤྱི་བོའི་གཙུག་ཏུ་བཅང་ངོ་། །དེས་ས་ལམ་མ་ལུས་པ་ཆོད་པར་འགྱུར་རོ། །གཞན་གྱི་དོན་འགྲུབ་པའི་སྔགས་འདི། ཀྵ་ན་ཏ་ས་མ་ཏི་ལི་ནི་སྭཱ་ཧཱ། ཞེས་འབུམ་ཕྲག་གསུམ་གསུམ་དུ་བགྲང་ངོ་། །རྟེན་འབྲེལ་ནི། གསེར་གྱིས་བྲིས་པའི་རྟེན་འབྲེལ་སྙིང་པོ་ནི། །ལུས་ལ་བཅངས་པས་འགྲོ་དོན་ཕྱོགས་མེད་འགྲུབ། །ཅེས་པ་ནི། རྫས་དེ་སྤྱི་བོར་བཅངས་ཤིང་སྔགས་དེ་བཟླས་པས་ས་ལམ་མ་ལུས་ཆོད་ནས་འབྲས་བུ་མངོན་དུ་གྱུར་ནས་འགྲོ་དོན་ཕྱོགས་མེད་དུ་འགྲུབ་པའོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ལམ་གྱི་དྲི་མ་སེལ་བའི་རྒྱུ་རྩལ་གྱི་གནས་ཆེན་མོ་ལམ་བོ་ཟག་ལྟེམས་ལོག་གི་དྲི་མ་སེལ་བ་བསྟན་པའི་ལེའུ་བསྟན་པའི་ལེའུ་སྟེ་བཅུ་པའོ། །
སྒྱུ་རྩལ་གྱི་གནས་འབྲིང་པོ་ལ་གཉིས་ཏེ་གདམས་པ་དང་ལམ་འཁྱེར་དངོས་སོ། །གདམས་པ་ནི་ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་སྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཆེན་པོ་འདི་ལྟ་སྟེ། །གནས་བརྒྱད་ཉམས་ཀྱི་རོ་སྙོམས་ཤེས་པར་བགྱིས། །ཞེས་པ་ནི། བདག་མེད་མས་ཀ་མ་ལ་ཤྲཱི་ལ། ཏིང་ངེ་འཛིན་གྱི་རོ་སྙོམས་ལུགས་ཉོན་ཅིག་པར་བསྐུལ་བའོ། །ལམ་འཁྱེར་དངོས་བསྟན་པ་ནི། མེ་ཡིས་རྒོད་ན་ཆུ་ཡི་ཡི་གེས་ལྟེམས་ཞེས་པ་ནི། སྒྲུབ་པ་པོ་དེ་འབྱུང་བ་མེ་ཤས་ཆེ་ན། ཆུའི་ཡི་གེས་གཞིལ་བ་ནི། ཨོཾ་པ་ཕ་བ་བྷ་མ་སྭཱ་ཧཱ། ཞེས་བཟླས་སོ། །རླུང་གིས་འཕྲོ་ན་ས་ཡི་ཡི་གེས་ལྟེམས་ཞེས་པ་ནི། འབྱུང་བ་རླུང་ཤས་ཆེ་ནས་ཉམས་འཕྲོ་ཞིང་མི་བསྟན་ན། ས་ཡི་ཡི་གེ་ལྟེམས་པ་ནི། ཨོཾ་ཏ་ཐ་ད་དྷ་ན་སྭཱ་ཧཱ། ཞེས་བཟླས་སོ། །ས་ཡིས་འཐིབས་ན་རླུང་གི་ཡི་གེས་སྤར་ཞེས་པ། འབྱུང་བ་ས་ཤས་ཆེ་ནས་བྱིང་ཞིང་འཐིབས་ན། རླུང་གི་ཡི་གེས་སྤར་ཏེ། ཙ་ཚ་ཛ་ཛྷ་ཉ་སྭཱ་ཧཱ། ཞེས་བཟླས་སོ། །ཆུ་ཡིས་འདར་ན་མེ་ཡི་ཡི་གེས་བསྲེག་ཅེས་པ། འབྱུང་བ་ཆུ་ཤས་ཆེ་ན་ཉམས་འདར་ཞིང་ཤེས་པ་གཉིད་སོར་སོང་ན། མེའི་ཡི་གེས་བསྲེག་པ་ནི། ཨོཾ་ཊ་ཋ་ཌ་ཌྷ་ཎ་སྭཱ་ཧཱ། ཞེས་བཟླས་སོ། །ནམ་མཁར་འཕྱོས་ན་དེ་ཉིད་ཡི་གེས་འཇུན་ཞེས་པ། འབྱུང་བ་ནམ་མཁའ་ཤས་ཆེ་སྟེ། །ཤེས་པ་འཕྱ་འཕྱོར་སོང་ན། དེ་ཉིད་ཀྱི་ཡི་གེས་འཇུན་པ་ནི། ཨོཾ་ཀ་ཁ་ག་གྷ་ང་སྭཱ་ཧཱ། ཞེས་བགྲང་ངོ་། །དོན་ལ་འབྱམས་ན་ཐབས་ཀྱི་ཡི་གེས་འཇུན་ཞེས་པ། ཤེས་རབ་ཤས་ཆེ་སྟེ། ལྟ་བའི་གོ་ཡུལ་ལ་འབྱམས་ན། གསལ་བྱེད་སུམ་ཅུ་རྩ་བཞི་བགྲང་ངོ་། །ཉམས་ལ་ཆགས་ན་ཤེས་རབ་ཡི་གེས་སྤར་ཞེས་པ་ནི། ཐབས་ཤས་ཆེ་ནས་ཉམས་ཐོག་ཏུ་ལྟེངས་༼ལྟོངས་༽ན། ཨཱ་ལི་བཅུ་གཉིས་ཀྱིས་སྤར་ཏེ་དབྱངས་ཡིག་བཅུ་གཉིས་གྲོང་ངོ་། །གཉིས་སུ་གྱུར་ནས་ཟུང་འཇུག་ཡི་གེར་སྦྲེལ་ཞེས་པ་ནི། ཐབས་ཤེས་རབ་ཁ་ཡར་ཏེ་གཉིས་སུ་གྱུར་ན་ཟུང་འཇུག་གི་ཡི་གེས་སྦྲེལ་དེ། ཨོཾ་རྀ་རཱྀ་ལྀ་ལཱྀ་སྭཱ་ཧཱ་ཞེས་བགྲང་ངོ་། །དེས་ནི་རོ་སྙོམས་ཆེན་པོའི་དགོངས་པའོ་ཞེས་པ་ནི། ཉམས་འབྱུང་པའི་དགྲ་ལ་མ་ཤོར་བར་རོ་མཉམ་གྱི་དགོངས་པར་འགྱུར་རོ། །
སྒྱུ་རྩལ་གྱི་གནས་བསྡུས་པ་ལ་གཉིས་ཏེ། གདམས་པ་དང་། དངོས་སོ། །གདམས་པ་ནི། ཡང་ཅིག་རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ། །མཆོག་ཏུ་གྱུར་པ་ཡི་གེའི་རྒྱུ་རྩལ་བཞི། །འདི་ནི་མཁའ་འགྲོའི་གསང་ཚིག་སྨྲས་པ་ཡིན། །ཞེས་པ་ནི། རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ་ཞེས་པ་སྣ་གཏད་པར་བསྐུལ་བའོ། །མཆོག་ཏུ་གྱུར་པའི་ཡི་གེའི་རྒྱུ་རྩལ་བཞི་ཞེས་པ་ནི། ངག་ནས་བྲེ་མོའི་གཏམ་སྨྲས་པས་གསང་སྔགས་ཀྱི་བཟླས་བརྗོད་འཐེམས་སུ་འགྲོ་བའི་གནད་དང་། ལུས་ངག་ཐ་མལ་དུ་བསྡད་པས་རྒྱུད་ལ་ཚོགས་གཉིས་རྫོགས་སུ་འགྲོ་བའི་གནད་དང་། ཉོན་མོངས་པ་ཅན་གྱི་ཡིད་ལ་ཏིང་ངེ་འཛིན་གྱི་རྩལ་རྫོགས་སུ་འགྲོ་བའི་གནད་དང་། སྟེང་འོག་གི་སྒོ་ལ་མ་བརྟེན་པར་རྩ་རླུང་ལས་སུ་རུང་བའི་གནད་དང་བཞིའོ། །འདི་ནི་མཁའ་འགྲོའི་གསང་ཚིག་སྨྲས་པ་ཡིན་ཞེས་པ་ནི། མཁའ་འགྲོའི་གསང་ཚིག་ཟབ་པ་བས་ཀྱང་ཆེས་ཟབ་པ། གསང་བ་བས་ཀྱང་ཆེས་གསང་བ། ཚིག་ཏུ་འཐོམ་ནས་གསུངས་པའོ། །དངོས་ནི་སྲོད་དང་ཐོ་རངས་འཁོར་ལོའི་གྲིབ་མཚམས་སུ། །ཐབས་དང་ཤེས་རབ་ཡི་གེ་གསུམ་གསུམ་བསྒྲགས། །དེས་ནི་ངག་ཏུ་ཅི་སྨྲས་སྔགས་སུ་འགྱུར། །ཐོགས་མེད་ནུས་པས་དོན་ཀུན་སྒྲུབ་བྱེད་ཡིན། །ཞེས་པའི་དོན་ནི། ཐོ་རངས་བྱ་རོག་གི་སྐད་མི་གྲགས་པའི་དུས་སུ་ཐབས་ཀྱི་ཡི་གེ་ཨཱ་ལི་ཚར་གསུམ་འདོན། སྲོད་བྱེའུ་ཡི་སྐད་འཆག་པའི་དུས་སུ་ཀཱ་ལི་ཚར་གསུམ་འདོན། དེས་ཉིན་ཞག་ཕྲུག་གཅིག་ལ། ངག་ཏུ་ཅི་སྨྲས་ཐམས་ཅད་སྔགས་སུ་གྱུར་ནས་ཅི་བསྒྲུབས་ཀྱང་ནུས་པ་ཐོགས་མེད་དུ་འབྱུང་ངོ་། །
གཉིས་པ་ནི། རྣམ་ཤེས་ཏི་ལ་ཞུགས་དང་འདོན་པའི་དུས། །ཐབས་དང་ཤེས་རབ་ཡི་གེ་ལན་གསུམ་གསུམ། །ཡུལ་ནི་སྒྱུ་མ་སེམས་ནི་སྟོང་པའི་རྩལ། །མ་སྐྱེས་སྐྱེ་བ་མེད་པའི་རྒྱ་ཡིས་གདབ། །དེས་ནི་ཐ་མལ་ལུས་ཉིད་རྒྱལ་བའི་སྐུ། །ཚོགས་གཉིས་རྩོལ་མེད་ངང་གི་རྫོགས་པར་བྱེད། །ཅེས་པ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་བརྒྱད་ཡོད་པའི་ཟུར་མཚམས་ན་ཡི་གེ་ཏི་དུད་ཁ་གཉིད་ཀྱི་ས་བོན་ཡོད་དེ། གཉིད་ལོག་པའི་དུས་སུ་སྒོ་ལྔའི་རྣམ་ཤེས་དེ་རུ་འཇུག །ད་པའི་དུས་སུ་དེ་ནས་ལྡང་ངོ་། །དེ་ལ་གཉིད་ཉལ་ཁར་ཀཱ་ལི་ཚར་གསུམ་བརྗོད་པས་སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་པས་སེམས་སྟོང་པར་གསལ་བཏབ་ལ་གཉིད་དུ་ཉལ་ལོ། །གཉིད་སད་པའི་ཚེ། ཨཱ་ལི་ཚར་གསུམ་བརྫོད་པས་སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་ཡིན་པས་སྒྱུ་མ་ལྟ་བུར་རྒྱས་གདབ་བོ། །དེ་ལྟར་ཉམས་སུ་ལེན་པའི་གང་ཟག་དེ་ལུས་ཐ་མལ་དུ་འདུག་ཀྱང་། རྒྱལ་བའི་སྐུ་ཡིན་པས་ཚོགས་གཉིས་ཀྱང་རྩོལ་བ་མ་བྱས་པར་ངང་གིས་རྫོགས་ཏེ། སེམས་སྟོང་པར་ཤེས་པས་ཡེ་ཤེས་ཀྱི་ཚོགས་རྫོགས། ལུས་སྒྱུ་མར་ཤེས་པས་བསོད་ནམས་ཀྱི་ཚོགས་རྫོགས་སོ། །
གསུམ་པ་ཉོན་མོངས་པ་ཅན་གྱི་ཡིད་ལ་ཏིང་ངེ་འཛིན་གྱི་རྩལ་རྫོགས་སུ་འགྲོ་བའི་གནད་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པ་དང་། དེའི་དགོས་པའོ། །སྤྱིར་བསྟན་པ་ནི། ཡང་ཅིག་དབང་པོ་ཡུལ་ལ་ཡེངས་པ་ཡི། །རྣམ་ཤེས་དུག་ལྔའི་རྩལ་དུ་ཤར་བའི་ཚེ། །དེ་ཉིད་མ་སྤངས་ཐབས་ཀྱི་ལམ་དུ་གཅད། །ཅེས་པ་ནི། ཡང་ཅིག་ཅེས་པ་ནི་བསྣན་པའི་ཚིག་གོ །ཡུལ་ལ་ཡེངས་པའི་ཚེ་ནི། རྣམ་པར་ཤེས་པ་སྒོ་ལྔ་ཡུལ་གྱི་རྗེས་སུ་ཤོར་བའོ། །རྣམ་ཤེས་ཡུལ་ལ་ཤོར་བས་ཡུལ་ལ་བརྟེན་ནས་དུག་ལྔ་སྐྱེ་སྟེ། ཡུལ་སྡུག་པ་ལ་འདོད་ཆགས། མི་སྡུག་པ་ལ་ཞེ་སྡང་། རང་བས་མཐོ་བ་མཐོང་ན་ཕྲག་དོག །ང་བས་དམའ་བ་མཐོང་ན་ང་རྒྱལ། ཡུལ་རང་སྣང་འཁྲུལ་བར་མ་ཤེས་པས་གཏི་མུག་གོ །དེ་ཉིད་མི་སྤང་ཐབས་ཀྱི་ལམ་དུ་གཅད་ཅེས་པ་ནི། ཉོན་མོངས་པ་སེམས་ཀྱི་རང་རྩལ་ཡིན་པས་སྤངས་པས་མི་སྤོངས་ཏེ། ཐབས་ཁྱད་པར་ཅན་གྱིས་ལམ་དུ་བྱེད་པའོ། །བྱེ་བྲག་ཏུ་བསྟན་པ་ལ་ལྔ་སྟེ། འདོད་ཆགས་ལམ་འཁྱེར་དང་། ཞེ་སྡང་དང་། ཕྲག་དོག་དང་། ང་རྒྱལ་དང་གཏི་མུག་གི་ལམ་འཁྱེར་རོ། །འདོད་ཆགས་ཀྱི་ལམ་འཁྱེར་ནི། འདོད་པ་ལ་ཆགས་ན་དེ་ཉིད་ནང་དུ་བལྟ། བཅུ་གཉིས་དབྱངས་དང་ཆུའི་ཡི་གེས་ལྟེམས། །དེས་ནི་ཀུན་རྟོག་ཡེ་ཤེས་ཉིད་དུ་འགྱུར། །ཞེས་པ་ནི། ཉོན་མོངས་པ་འདོད་ཆགས་སྐྱེས་པའི་ཚེ་དེ་ཉིད་ནང་དུ་བལྟ་ཞེས་པ་ནི། འདོད་ཆགས་རང་གི་ངོ་བོ་ལ་བལྟས་པས་རྩལ་བྲལ་དུ་སོང་ངོ་། །བཅུ་གཉིས་ཀྱི་དབྱངས་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཆུའི་ཡི་གེ་ནི། ཨོཾ་པ་ཕ་བ་བྷ་མ་སྭཱ་ཧཱ། ཞེས་བཟླས་སོ། །དེས་ནི་འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཞེ་སྡང་གི་ལམ་འཁྱེར་ནི། རབ་ཏུ་སྡང་དང་དེ་ཡི་རྩ་བ་གཅད། །
བཅུ་གཉིས་དབྱངས་དང་མེ་ཡི་ཡི་གེས་ལྟེམས། །དེ་ནི་གསལ་བ་མེ་ལོང་ལྟ་བུར་འགྱུར། །ཞེས་པ་ནི། རབ་ཏུ་སྡང་བ་ནི་ཞེ་སྡང་དྲག་པོ་སྐྱེས་པའོ། །དེ་ཉིད་རྩ་བ་གཅད་པ་ནི། ཞེ་སྡང་དེ་ཉིད་ལ་བལྟས་ཤིང་རྩ་བ་བཅད་པས་ཅིར་ཡང་མ་གྲུབ་སྟེ་རང་བཞིན་སྤྲོས་བྲལ་དུ་ཤེས་པས་སོ། །དེ་བསྟན་པར་བྱེད་པ་ལ་བཅུ་གཉིས་ཀྱི་དབྱངས་འདྲེའོ། །མེའི་ཡི་གེ་ནི། ཨོཾ་ཊ་ཋ་ཌ་ཌྷ་ཎ་སྭཱ་ཧཱ། ཞེས་བཟླས་སོ། །དེས་ནི་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འཆར་རོ། །ཕྲག་དོག་ནི། མཐོ་ལ་ཕྲག་དོག་གྱུར་ན་དེ་ཉིད་བལྟ། །བཅུ་གཉིས་དབྱངས་དང་རླུང་གིས་ཡི་གེ་སྟེམ། །དེས་ནི་དོན་རྣམས་འགྲུབ་པའི་ཡེ་ཤེས་ཡིན། །ཞེས་པ་ནི། ཡུལ་གོང་མ་ལ་ཕྲག་དོག་སྐྱེས་པའི་ཚེ་ཕྲག་དོག་དེ་ཉིད་ལ་བལྟས་པས་རང་བཞིན་སྤྲོས་བྲལ་དུ་ཤར། དེ་བརྟན་པར་བྱེད་པ་ལ། བཅུ་གཉིས་དབྱངས་དང་རླུང་གི་ཡི་གེས་ལྟེམས་ཞེས་པ་ནི། དབྱངས་ཡིག་འདྲེ། རླུང་གི་ཡི་གེ་ནི་ཨོཾ་ཙ་ཚ་ཛ་ཛྙ་ཉ་སྭཱ་ཧཱ། དེས་ནི་ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་འཆར་བའོ། །ང་རྒྱལ་ནི། ཀུན་ཏུ་ཁེངས་ན་དེ་ཉིད་རྩ་བ་གཅད། །བཅུ་གཉིས་དབྱངས་དང་ནམ་མཁའི་ཡི་གེས་སྟེམ། །དེས་ནི་ཡེ་ཤེས་མཉམ་པ་ཉིད་དུ་འགྱུར། །ཞེས་པ་ནི། ཡུལ་དམན་པ་མཐོང་བའི་ཚེ། རང་ལ་ང་རྒྱལ་སྐྱེས་ན། ང་རྒྱལ་དེ་ཉིད་ལ་བལྟས་ཤིང་རྩ་བ་གཅད་པས་རང་བཞིན་སྤྲོས་བྲལ་དུ་འགྲོའོ། །དེ་ཉིད་བསྟན་པར་བྱེད་པ་ལ། བཅུ་གཉིས་དབྱངས་དང་ནམ་མཁའི་ཡི་གེས་སྟེམ། །དབྱངས་ཡིག་འདྲེ། ནམ་མཁའི་ཡི་གེ་ནི། ཨོཾ་ཀ་ཁ་ག་གྷ་ང་སྭཱ་ཧཱ་ཞེས་བགྲང་ངོ་། །དེས་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་འཆར་རོ། །
གཏི་མུག་གི་ལམ་འཁྱེར་ནི། ཀུན་ཏུ་རྨོངས་ན་དེ་ཉིད་ནང་དུ་བལྟ། །བཅུ་གཉིས་དབྱངས་དང་ས་ཡི་ཡི་གེས་སྟེམ། །དེས་ནི་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་འཆར། །ཞེས་པ་ནི། ཉོན་མོངས་པ་གཏི་མུག་གིས་རྨོངས་ནས་རབ་ཏུ་འཐིབས་པའི་ཚེ། གཏི་མུག་དེ་ཉིད་ལ་བལྟས་ཤིང་རྩ་བ་གཅད་པས་རང་བཞིན་སྤྲོས་བྲལ་དུ་གྲོལ་ལོ། །དེ་བསྟན་པར་བྱེད་པ་ལ། བཅུ་གཉིས་དབྱངས་དང་སའི་ཡི་གེས་སྟེམ། །དབྱངས་དེ་འགྲེའོ། །སའི་ཡི་གེ་ནི། ཨོྃ་ཏ་ཐ་ད་དྷ་ན་སྭ་ཧཱ། དེས་གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འཆར་རོ། །
དགོས་པ་བསྟན་པ་ནི། དེ་ལྟར་ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་གསལ། ཏིང་ངེ་འཛིན་རྩལ་རྫོགས་ངོ་མཚར་གནས་ཞེས་པ་ནི། དེ་ལྟར་ཐབས་ཁྱད་པར་ཅན་ལམ་དུ་བྱས་པས་ཏིང་ངེ་འཛིན་གྱི་རྩལ་རྫོགས་ཏེ། ཐབས་ཁྱད་པར་ཅན་ངོར་དུ་གྱུར་པའི་གདམས་པའོ། །སྟེང་འོག་གི་སྒོ་ལ་མ་བརྟེན་པར་རྩ་རླུང་ལས་སུ་རུང་བ་ལ་གསུམ་སྟེ། ཐབས་ཀྱི་ཆེ་བ་དང་། ཐབས་ཀྱི་ལམ་ཁྱེར་དང་། ཐབས་ཀྱི་དགོས་པའོ། །ཐབས་ཀྱི་ཆེ་བ་ནི། ཡང་ཅིག་རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ། །ཐབས་དང་ལྡན་ན་ཉོན་མོངས་བྱང་ཆུབ་ཉིད། །གནད་དང་ལྡན་ན་གྱི་ནས་དོན་སྒྲུབ་བྱེད། །སྟེང་དང་འོག་གི་འབད་པ་མི་བརྟེན་ཀྱང་། །རྩོལ་མེད་ཐབས་ཀྱིས་རྩ་རླུང་སྨིན་པར་བྱེད། །ཅེས་པ་ནི། ཡང་ཅིག་ཅེས་པ་ནི་བསྣན་པའི་ཚིག་གོ །རྣལ་འབྱོར་དབང་ཕྱུག་ཅེས་པ་ནི་རྣ་བ་གཏོད་པར་བསྐུལ་པའོ། །ཐབས་དང་ལྡན་ན་ཉོན་མོངས་བྱང་ཆུབ་ཉིད་ཅེས་པ་ནི། སྔགས་རྣོན་པོས་དུག་སྨན་དུ་འགྱུར་བ་བཞིན་དུ། གསང་སྔགས་ཀྱི་ཐབས་དང་ལྡན་ན་ཉོན་མོངས་པ་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའོ། །
གནད་དང་ལྡན་ན་གྱི་ནས་དོན་སྒྲུབ་བྱེད་ཅེས་པ་ནི། གསང་སྔགས་ཀྱི་གདམས་པའི་གནད་དང་ལྡན་ན། ཐེག་པ་འོག་མ་བཞིན་དུ་བསྐལ་པ་གྲངས་མེད་དུ་ཚོགས་བསག་མི་དགོས་པར་གྱི་ནས་དོན་འགྲུབ་སྟེ། ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བའོ། །སྟེང་དང་འོག་གི་འབད་པ་མི་བརྟེན་ཡང་ཞེས་པ་ནི། སྟེང་སྒོ་གཏུམ་མོའི་རྣལ་འབྱོར་དང་། འོག་སྒོ་ལས་རྒྱ་རྩོལ་སྒྲུབ་མི་བྱེད་པར་ཐུན་འགོ་དང་ཐུན་ཞབས་ཀྱི་ཏིང་ངེ་འཛིན་རྩ་རླུང་གིས་སྨིན་པར་བྱེད་པའོ། །ཐབས་ཀྱི་ལམ་འཁྱེར་ནི། ཐུན་གྱི་དང་པོར་རྣལ་འབྱོར་དབང་ཕྱུག་གི །སུམ་ཅུ་རྩ་གཉིས་བཅུ་དྲུག་འདབ་མ་བརྒྱད། །དྲུག་ཅུ་རྩ་བཞི་དཔའ་མོའི་ཕོ་བྲང་དུ། །གསལ་བྱེད་དབྱངས་དང་སྡེ་ཚན་བརྒྱད་ཀྱི་ཐོག །གསལ་བྱེད་གཡས་གཡོན་དཔའ་བོའི་ཡི་གེའི་ཚུལ། །རིམ་བཞིན་གསལ་གདབ་དེ་ནས་ཐུན་ལ་ཞུགས། །ཐུན་གྱི་རྗེས་ལ་དེ་དག་ཡས་རིམ་བཞིན། །གསུམ་གསུམ་བརྗོད་པས་ཐིག་ལེ་ཡིག་འབྲུར་ཞུ། །དྷཱུ་ཏིར་ཞུགས་པས་དྭངས་མ་སྐྱེ་མེད་དང་། །མ་བཅོས་རྩོལ་མེད་གཉུག་མའི་རྣལ་འབྱོར་བྱ། །ཞེས་པ་ནི། ཐུན་གྱི་དང་པོ་རྣལ་འབྱོར་དབང་ཕྱུག་གི་ཞེས་པ་ནི། དགེ་སྦྱོར་གང་བྱེད་ཀྱི་ཐུན་འགོ་ཡིན་ནོ། །སུམ་ཅུ་རྩ་གཉིས་བཅུ་དྲུག་འདབ་མ་བརྒྱད། །དྲུག་ཅུ་རྩ་བཞི་དཔའ་མོའི་ཕོ་བྲང་དུ། །ཞེས་པ་ནི། རྩ་འཁོར་ལོ་བཞི་ཡི་རྩ་འདབ་ཀྱི་གྲངས་ཡིན་ནོ། །གསལ་བྱེད་དབྱངས་དང་སྡེ་ཚན་བརྒྱད་ཀྱི་ཐོག །གསལ་བྱེད་གཡས་གཡོན་དཔའ་བོ་ཡི་གེའི་ཚུལ། །ཞེས་པ་ནི། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་ལ། གསལ་བྱེད་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ། རྩ་འདབ་བཅུ་དྲུག་ལ་དབྱངས་ཡིག་བཅུ་དྲུག །ང་ཁ་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་བརྒྱད་ལ་ཡི་གེ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་ལ། གསལ་བྱེད་དྲུག་ཅུ་རྩ་གཉིས། གཡས་སྐོར་དང་གཡོན་སྐོར་དུ་གསལ་གདབ། དེ་ཡང་རྩ་ནི་དཔའ་མོ། ཡིག་འབྲུ་ནི་དཔའ་བོའི་ཚུལ་དུ་ཡིན་ནོ། །ཐུན་འགོ་རྣམས་ལ་ལན་རེ་བརྗོད་ཅིང་ཡི་གེ་རྣམས་ཡས་རིམ་གྱིས་གསལ་གདབ་བོ། །དེ་ནས་ཐུན་ལ་ཞུགས་ནས་ཐུན་ཐོན་པ་དང་ཡིག་འབྲུ་རྣམས་ལན་གསུམ་བརྗོད་པས་ཡིག་འབྲུ་རྣམས་ཐིག་ལེ་བྱང་ཆུབ་ཀྱི་སེམས་སུ་ཞུ་ནས་དྷཱུ་ཏིའི་ནང་དུ་ཐིམ་པས་ཆོས་ཐམས་ཅད་རང་བཞིན་སྤྲོས་བྲལ་ནམ་མཁའ་ལྟར་རྗེན་གྱིས་སོང་པར་བསམ་མོ། །
ཐབས་ཀྱི་དགོས་པ་བསྟན་པ་ནི། དེ་ལྟར་ཐབས་དང་ཤེས་རབ་གཉིས་མེད་ཀྱི། །ཁམས་ཀྱི་དྭངས་མ་བདེ་ཆེན་ཉམས་སུ་འབར། །དཔའ་བོ་དཔའ་མོ་མཉེས་པས་དོན་ཀུན་འགྲུབ། །ཅེས་པ་ནི། དེ་ལྟར་ཐབས་དང་ཤེས་རབ་གཉིས་མེད་ཀྱི་ཞེས་པ་ནི། ཐབས་ནི་དཔའ་བོ་སྟེ། ཡིག་འབྲུའི་རང་བཞིན། ཤེས་རབ་ནི་རྩ་སྟེ་དཔའ་མོའི་རང་བཞིན། ཡིག་འབྲུ་རྣམས་དྷུ་ཏིར་བབས་པས་ཁམས་ཀྱི་དྭངས་མ་ཞུ་ནས་བདེ་བ་ཆེན་པོར་འབར་རོ། །དེས་དཔའ་བོ་དང་དཔའ་མོ་མཉེས་ནས་རང་གཞན་གྱི་དོན་འགྲུབ་པའོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ཉམས་ཀྱི་རོ་མཉམ་པ་དང་། ཐ་མལ་གྱི་སྤྱོད་ཚོད་གྲོལ་བའི་ལེའུ་སྟེ་བཅུ་གཅིག་ཉམས་ལ་རྟགས་ཀྱི་རྩོལ་མེད་དུ་གནས་པས་པའོ། །
ལེའུ་བཅུ་གཉིས་པ་དབང་གི་དོན་ལ་གཉིས་ཏེ། ཞུས་པ་དང་། ལན་ནོ། །ཞུས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །གངས་ཀྱི་ཞུན་ཆུ་ཁོལ་མ་ཡིས། །ཁྲུས་ཀྱི་བྱ་ལུགས་ཇི་ལྟར་ལགས། །ཞེས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་ཀ་མ་ལ་ཤྲཱིའོ། །སྤྲུལ་པའི་ལྷ་ནི་བདག་མེད་མའོ། །གངས་ཀྱི་ཞུན་ཆུ་ཁོལ་མ་ཡིས་ཞེས་པ་བྱིན་གྱིས་བརླབས་པའི་བདུད་རྩིའོ། །ཁྲུས་ཀྱི་བྱ་ལུགས་ཇི་ལྟར་ལགས་ཞེས་པ་ནི། དབང་བཞིའི་བསྐུར་ལུགས་ཞུས་པའོ། །ལན་ལ་ལྔ་སྟེ། དབང་གིས་བདུད་རྩི་བྱིན་གྱིས་བརླབ་པ་དང་། གནས་བཞི་རུ་བསྐུར་བ་དང་། དེས་ཇི་ལྟར་རྒྱུད་གྲོལ་བའི་དུས་དང་། དབང་གི་ལམ་འཁྱེར་དང་། དབང་གི་དགོས་པ་བསྟན་པའོ། །བྱིན་རླབས་བསྟན་པ་ནི། སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །མཁའ་ལ་དྲོད་གཤེར་འདུས་པའི་ཟིམ་བུ་བ། །རི་རྒྱལ་རྩེ་ལ་ཆགས་པ་ཆུ་ཡི་སྲོག །དེ་དག་འདོད་པའི་གནས་སུ་འཁྱིལ་བ་ཡིས། །ཞིང་པ་དག་གི་དྲི་མ་འཁྲུ་བར་བྱེད། །ཅེས་པས་ཏེ། ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཅེས་པ། རྣ་གཏད་པར་བསྐུལ་བའོ། །མཁའ་ལ་དྲོད་གཤེར་འདུས་པའི་ཟིམ་བུ་བ་ཞེས་པ་ནི། ནམ་མཁའ་ལ་སྤྲིན་འདུས་ན་ཆར་པའམ་ཁ་བ་བབ་པ་བཞིན་དུ། མདུན་གྱི་ནམ་མཁའ་ལ་དཔའ་བོ་དང་མཁའ་འགྲོ་མ་འདུས་ནས་གཉིས་སུ་མེད་པར་སྦྱོར་བ་བྱས་པའོ། །རི་རྒྱལ་རྩེ་ལ་ཆགས་པ་ཆུ་ཡི་སྲོག །ཅེས་པ་ནི། ཆར་པའམ་ཁ་བ་གངས་སུ་ཆགས་ནས་ཆུའི་སྲོག་བྱེད་པ་བཞིན་དུ། སྦྱོར་བ་བྱས་པའི་ཐིག་ལེ་ཡུམ་གྱི་མཁའ་རུ་འཁྱིལ་བ་ལས། མཁའ་མཚམས་ནས་ཐིག་ལེ་བབས་ནས་མདུན་དུ་བདུད་རྩིའི་སྣོད་དུ་བབས་ནས་ཡིག་འབྲུའི་རང་བཞིན་དུ་གནས་པའོ། །ཞིང་པ་དག་གིས་དྲི་མ་འཁྲུད་བར་བྱེད་ཅེས་པ་ནི། ཆུ་དེས་ཞིང་འཆུ་བ་བཞིན་དུ། བདུད་རྩི་དེས་སློབ་མ་ལ་དབང་བཞི་བསྐུར་བས་སློབ་མའི་རྒྱུད་དག་པར་བྱེད་པའོ། །དབང་བསྐུར་བ་ནི། ཀུན་དྷ་ལི་ཞེས་བརྒྱ་དང་རྩ་བརྒྱད་བརྗོད། དེ་ཉིད་ཡི་གེའི་དབྱིབས་སུ་གང་སྣང་བ། །ཞིང་པ་འཁོར་ལོ་བཞི་ལ་ས་བོན་གདབ། །ཅེས་པ་སྟེ། ཀུན་དྷ་ལི་བརྒྱ་དང་རྩ་བརྒྱད་བརྗོད་པ་ནི། བདུད་རྩི་བྱིན་གྱིས་རློབ་པའི་སྔགས་ཡིན་ནོ། །དེ་ཉིད་ཡི་གེའི་དབྱིབས་སུ་གང་སྣང་བ། །ཞེས་པ་ནི། བདུད་རྩི་རྣམས་ཨོཾ་ཨཱཿཧཱུྃ་ཧྲཱིཿའབའ་ཞིག་ཏུ་གྱུར་པར་བསམ་མོ། །ཞིང་ས་འཁོར་ལོ་བཞི་ལ་ས་བོན་གདབ་པ་ནི་ཞེས་པ་རྩ་རྒྱུད་ནས་འབྱུང་པའི་སྔགས་བརྗོད་ཅིང་། གནས་བཞི་རུ་བདུད་རྩིའི་ཐིག་ལེ་རེ་རེ་བཞག་པས་སྤྱི་བོའི་ཐིག་ལེ་ཨོཾ་དུ་གྱུར་ཏེ། བུམ་པའི་དབང་དང་ལྡན་པར་བྱས། མགྲིན་པའི་ཐིག་ལེ་དེ་ཨཱཿརུ་གྱུར་ཏེ། གསང་བའི་དབང་དང་ལྡན་པར་བྱས། སྙིང་ཁའི་ཐིག་ལེ་དེ་ཧཱུཾ་དུ་གྱུར་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་ལྡན་པར་བྱས། ལྟེ་བའི་ཐིག་ལེ་དེ་ཧྲཱིཿརུ་གྱུར་དེ་དབང་བཞི་པ་དང་ལྡན་པར་བྱས་པའོ། །
རྒྱུད་གྲོལ་ཚུལ་ནི། དེ་ཉིད་ཟླ་བ་གཅིག་གསུམ་ལྔ་ན་སྨིན། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ནི། །བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་སྟེ། དེ་ཉིད་ཟླ་བ་གཅིག་གསུམ་ལྔ་ན་སྨིན་ཞེས་པ་ནི། དབང་ཐོབ་ནས་སྒྲུབ་པ་ལ་ཞུགས་པས་དབང་པོ་རབ་དབང་གཅིག་ལམ་གཅིག་གིས་གྲོལ། འབྲིང་དབང་གསུམ་ལམ་གསུམ་གྱིས་གྲོལ། ཐ་མ་དབང་ལྔ་ལམ་ལྔས་གྲོལ་བའོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ནི་ཞེས་པ་ནི། སྤྱི་བོར་དབང་བསྐུར་བས་སྐུ་རྡོ་རྗེ་ལྟ་བུར་གྱུར། མགྲིན་པར་དབང་བསྐུར་བས་གསུང་རྡོ་རྗེ་ལྟ་བུར་གྱུར། སྙིང་ཁར་དབང་བསྐུར་བས་ཐུགས་རྡོ་རྗེ་ལྟ་བུར་གྱུར། ལྟེ་བར་དབང་བསྐུར་བས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལྟ་བུར་གྱུར་པའོ། །བླ་མ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཞེས་པ་ནི། བློ་སྦྱོང་གི་དུས་སུ་བླ་མ་སྤྲུལ་པའི་སྐུར་བསྒྲུབ། དཀའ་ཐུབ་ཀྱི་དུས་སུ་བླ་མ་ལོངས་སྐུར་བསྒྲུབ། རྗེས་ཀྱི་དུས་སུ་བླ་མ་ཆོས་སྐུར་བསྒྲུབ། རོ་སྙོམས་ཀྱི་དུས་སུ་བླ་མ་གསང་བའི་སྐུར་བསྒྲུབ། བྱ་བྲལ་གྱི་དུས་སུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་བསྒྲུབས་པའོ། །
ལམ་འཁྱེར་བསྟན་པ་ནི། སྐུ་གསུང་ཐུགས་དང་དེ་རིམ་གཞིག་པ་དང་། །ཐབས་ཉིད་ཤེས་རབ་དབྱིངས་སུ་བསྟིམ་པ་ཡིན། །འདི་ནི་རྣལ་འབྱོར་ཀུན་གྱི་ལམ་ཡིན་ཏེ། །ཞེས་པ་ནི། སྐུ་གསུང་ཐུགས་དང་ཞེས་པ་བློ་སྦྱོང་གི་དུས་སུ་གསུང་ཡིག་འབྲུར་བསྒྲུབ། དཀའ་ཐུབ་ཀྱི་དུས་སུ་སྐུ་ལྷའི་སྐུར་བསྒྲུབ། རྗེས་ཀྱི་དུས་སུ་ཆོས་སྐུར་བསྒྲུབ། རོ་སྙོམས་ཀྱི་དུས་སུ་གྲལ་དང་གོ་རིམ་གཞིག །བྲལ་གྱི་དུས་སུ་སྐུ་གསུང་ཐུགས་དབྱིངས་སུ་བསྟིམ་པའོ། །འདི་ནི་རྣལ་འབྱོར་ཀུན་གྱི་ལམ་ཡིན་ཏེ་ཞེས་པ་ནི། སྒྲུབ་པ་པོ་ཀུན་གྱི་ལམ་མཆོག་ཏུ་གྱུར་པའོ། །དབང་གི་དགོས་པ་བསྟན་པ་ནི། བཞི་ཡི་བཞི་ལ་བཞི་ལམ་འཁྱེར། །ལྔ་ལ་བཞི་ཡི་ལྔའི་ངོ་བོར་གྱུར། །ཞེས་པ་ནི། བཞི་ཡི་བཞི་ལ་བཞི་ལམ་འཁྱེར་ཞེས་པ་ནི། དབང་བཞིའི་རྩ་འཁོར་ལོ་བཞི་སྨིན་པར་བྱས་ནས་ལམ་དུ་ཡང་དབང་བཞི་འཁྱེར་བའོ། །ལྔ་ལ་བཞིའི་ལྔའི་ངོ་བོར་གྱུར་ཞེས་པ་ནི་ལམ་ལྔ་ལ་དབང་བཞི་ཉམས་སུ་བླངས་པས་སྐུ་ལྔའི་ངོ་བོ་ཐོབ་པར་འགྱུར་བའོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། དབང་གི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བཅུ་གཉིས་གནས་བཞིར་དབང་གི་བསྐུར་ལུགས་བསྟན་པའི་ལེའུ་པའོ། །
ལེའུ་བཅུ་གསུམ་པ་ངོ་སྤྲད་པའི་ལེའུ་ལ་གཉིས་ཏེ། ཞུས་པ་དང་ལན་ནོ། །ཞུས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །འཕྲུལ་གྱི་མེ་ལོང་ཅི་ལས་བགྱིས། །གདན་ལ་ཕྱི་བའི་རིམ་པ་གང་། །ལྷ་མོ་ཁྱོད་ཀྱིས་བཀའ་སྩོལ་ཅིག །ཅེས་པ་སྟེ། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །ཞེས་པ་ནི། ངོ་སྤྲོད་ཞུ་བའི་དོན་དུ་གསོལ་བ་བཏབ་པའོ། །འཕྲུལ་གྱི་མེ་ལོང་ནི་ངོ་སྤྲོད་དོ། །གདན་ལ་ཕྱི་བ་ནི་སློབ་མ་ལ་བསྟན་པའོ་ཞེས་ཞུས་པའོ། །
ལན་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག། འཕྲུལ་གྱི་མེ་ལོང་ཡེ་ཤེས་གསལ་བའི་སྤྱན། །ལྔ་དང་ལྔ་ལ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་པ་སྟེ། ལྷ་མོས་ཀ་མ་ལ་ཤྲཱི་ལ། རྣ་གཏོད་ཅིག་པར་བསྐུལ་བའོ། །འཕྲུལ་གྱི་མེ་ལོང་ཡེ་ཤེས་གསལ་བའི་སྤྱན་ནི། འཕྲུལ་གྱི་མེ་ལོང་བསྟན་པས་བཞིན་གྱི་དཀྱིལ་འཁོར་གསལ་བ་བཞིན་དུ་བླ་མའི་གདམས་ངག་ལ་བརྟེན་ནས་སློབ་མའི་སེམས་ཀྱི་ཆོས་ཉིད་གསལ་བར་སྟོན་པའོ། །ལྔ་དང་ལྔ་ལ་ལྔས་རྣམ་པར་བརྒྱན། །ཞེས་པ་ནི། བློ་སྦྱོང་གི་དུས་སུ་ཞི་དྲག་ལྔའི་ལྟ་སྟངས་ཀྱིས་ངོ་སྤྲད་དོ། །དཀའ་ཐུབ་ཀྱི་དུས་སུ་སྤྱན་ལྔའི་ལྟ་སྟངས་ཀྱིས་གོམས་པར་བྱེད། རོ་སྙོམས་ཀྱི་དུས་སུ་བསྒྱུར་ལུགས་ལྔའི་ལྟ་སྟངས་ཀྱིས་སྐྱོན་སེལ་བའོ། །ངོས་བཟུང་བ་དང་། གཅིག་ཏུ་བསྲེ་བ་དང་། མི་མཐུན་སྤྱོད་དང་། སྤྱན་ལྔའི་རིམ་པ་ཡིན་ཞེས་པ་ནི། ཞི་དྲག་ལྔའི་ལྟ་སྟངས་ཀྱིས་ངོས་བཟུང་། སྤྱན་ལྔས་གཅིག་ཏུ་བསྲེ། བསྒྱུར་ལུགས་ལྔས་མི་མཐུན་པ་སྤྱོད་དོ། །
རྒྱས་པར་བཤད་པ་ལ་ལྔ་སྟེ། ཚོགས་ལམ་བློ་སྦྱོང་གིས་གཅད་པ་དང་། སྦྱོར་ལམ་དཀའ་ཐུབ་ཀྱིས་གཅད་པ་དང་། མཐོང་ལམ་རྗེས་ཀྱིས་གཅད་པ་དང་། སྒོམ་ལམ་རོ་སྙོམས་ཀྱིས་གཅད་པ་དང་། མཐར་ལམ་བྱ་བྲལ་གྱིས་གཅད་པའོ། །དང་པོ་ལ་གཉིས་ཀྱི་ལམ་ཉམས་སུ་བླང་ཚུལ་དང་། ལམ་གྱི་ངོ་བོའི་ཆོས་སོ། །དང་པོ་ལ་ཡང་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཉམ་བཞག་བསྟན་པ་དང་། རྗེས་ཐོབ་བསྟན་པ་དང་། དེའི་བྱེད་པ་བསྟན་པའོ། །མཉམ་བཞག་བསྟན་པ་ལ་གཉིས་ཏེ། ལྟ་གདེངས་ཀྱི་གནད་དགོས་པ་དང་བཅས་པ་དང་ལུས་གནད་དོ། །
དང་པོ་ནི། འཕྲུལ་གྱི་མེ་ལོང་ཡེ་ཤེས་གསལ་བའི་སྤྱན་ཞེས་པ་ནས་སྤྱན་ལྔ་རིམ་པ་ཡིན་ཞེས་པའི་བར་དེས་གོང་དུ་བསྟན་པའོ། །ལུས་གནད་བསྟན་པ་ནི། བདུན་དང་གསུམ་ལས་ལྔ་ནི་མཉམ་པར་བཞག་ཅེས་པ་ནི། ལུས་གནད། སེམས་གནད་དོ། །ལུས་གནད་ནི། འཇམ་རླུང་ལ་རྣམ་སྣང་གི་ཆོས་བདུན། རྩུབ་རླུང་ལ་འཕྲུལ་འཁོར་གསུམ་པའོ། །ཆོས་བདུན་གོ་སླའོ། །འཕྲུལ་འཁོར་གསུམ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་གི་ཕྱག་རྒྱ། སྒལ་ཚིགས་གསེར་གྱི་དོང་ཙེ་ལྟར་བརྩིགས་པའོ། །ལྔ་ཡི་མཉམ་པར་བཞག་པ་ནི། སེམས་གནད་དེ་ལྔའོ། །རྗེས་ཐོབ་བསྟན་པ་ནི། ལྔ་ལྔ་བཞི་ཡི་བཅོ་བརྒྱད་རྗེས་ལ་ཐོབ་ཅེས་པ་ནི། མཉམ་བཞག་ལ་འདུག་པའི་འཕྲུལ་འཁོར་ལྔ་དང་། ཉལ་བའི་འཕྲུལ་འཁོར་ལྔ་སྟེ། འདུག་པའི་འཕྲུལ་འཁོར་ལྔ་ནི། རྡོ་རྗེའི་སྐྱིལ་ཀྲུང་དང་། བརྐྱང་པ་དང་། བསྐུམ་པ་དང་ཕྱེད་སྐྱིལ་དང་། རྒྱལ་པོ་རོལ་པའི་འདུག་སྟངས་སོ། །
ཉལ་བ་ལ་ཡང་ལྔ་སྟེ། གན་རྐྱལ་དང་། ཁ་སྦུབ་དང་། འཕྲེད་ཉལ་དང་། བཅར་ཉལ་དང་། མགོ་བཏུམས་བརླ་བཏུམས་སོ། །རྗེས་ཀྱི་སྤྱོད་ལམ་ལ་ཡང་གཉིས་ཏེ། འཆག་པ་དང་འགྲོ་བའོ། །འཆག་པ་ལ་བཞི་སྟེ། ཕྱེད་ལངས་དང་། ལངས་པ་དང་། འཆག་པ་དང་། འཆག་འཕྲོ་ལ་འཚོམ་པའོ། །འགྲོ་བ་ལ་ཡང་བཞི་སྟེ། འགྲོ་བ་དང་། འགྲོ་འཕྲོ་ལ་འཚོམ་པ་དང་། རྒྱུག་པ་དང་། རྒྱུག་འཕྲོ་ལ་འཚོམ་པ་དང་། དེ་ལྟར་རྩ་བའི་སྤྱོད་ལམ་བཅྭོ་བརྒྱད་དེ། དེའི་བྱེད་པ་བསྟན་པ་ནི། འཇམ་རྩུབ་ཀ་ར་ན་ནི་འབྱུང་བའི་སྟོབས། །ཟུག་དང་བླུག་པ་མཉམ་བཞག་རྗེས་ལ་ཐོབ། །གཉེན་པོ་ཅན་ནི་ལམ་གྱི་དུས་ཡིན་ཏེ། །རྟེན་རྟོག་བྲལ་ཚེ་འབྲས་བུ་ཐོབ་པ་ཡིན། །ཞེས་པས་ཏེ། འཇམ་རྩུབ་ཀ་ར་ན་ནི་འབྱུང་བའི་སྟོབས། །ཞེས་པ་ནི། འབྱུང་བ་གུད་པ་ལ་ནི་འཇམ་རླུང་ལ་ངོ་སྤྲད། འབྱུང་པ་རྒྱས་པ་ལ་རྩུབ་རླུང་ལ་ངོ་སྤྲད་པའོ། །ཟུག་དང་བླུག་པ་མཉམ་བཞག་རྗེས་ལ་ཐོབ། །ཅེས་པ་ནི། ལྟ་སྟངས་ཟུག་སྟེ་ལྟ་བ་ནི་མཉམ་བཞག་གི་དུས་སོ། །བླུག་སྟེ་ལྟ་བ་ནི་རྗེས་ཀྱི་དུས་སོ། །གཉེན་པོ་ཅན་ནི་ལམ་གྱི་དུས་ཡིན་ཏེ་ཞེས་པ་ནི། མཉམ་བཞག་དང་རྗེས་ཐོབ་དང་། སློབ་པའི་ཟུང་འཇུག་གསུམ་ནི་དྲན་པས་འཛིན། གཉེན་པོ་བསྟེན་ནས་སྐྱོང་དགོས་པ་ཡིན་པས་ལམ་གྱི་དུས་ཡིན་ནོ། །རྟེན་རྟོག་བྲལ་བ་དེ་ཚེ་འབྲས་བུ་ཡིན། གོམས་པ་མཐར་ཕྱིན་ནས་གཉེན་པོ་བསྟེན་མི་དགོས་པ་ནི། མི་སློབ་པའི་ཟུང་འཇུག་སྟེ། མཐར་ཕྱིན་པ་ནི་འབྲས་བུའི་དུས་ཡིན་ནོ། །
བྱེ་བྲག་བསྟན་པ་ལ་གཉིས་ཏེ། འཇམ་རླུང་ལ་ངོ་སྤྲད་པ་དང་། རྩུབ་རླུང་ལ་ངོ་སྤྲད་པའོ། །དང་པོ་ལ་གཉིས་ཏེ། མཉམ་བཞག་ལ་ངོ་སྤྲད་པ་དང་། རྗེས་ཐོབ་ལ་ངོ་སྤྲད་པའོ། །མཉམ་བཞག་ལ་ངོ་སྤྲད་པ་ནི། ཡང་ཅིག་རྣལ་འབྱོར་དབང་ཕྱུག་སྙན་གསོན་ཅིག །དང་པོ་ལམ་གྱི་རྣལ་འབྱོར་སྟོབས་ཆུང་བས། །མཉམ་པར་གཞག་པས་དེ་ཉིད་དོན་ལ་བལྟ། །ཆོས་བདུན་ཚུལ་གྱིས་རླུང་སེམས་ཚང་དུ་གཞུག །མ་བཅོས་མ་བསླད་རིག་པ་སོ་མར་ཞོག །ཐུན་དང་ཐུན་མེད་ཅི་རིགས་གོམས་པར་གྱིས། །ཞེས་པ་སྟེ། ཡང་ཅིག་རྣལ་འབྱོར་དབང་ཕྱུག་སྙན་གསོན་ཅིག་ཅེས་རྣ་གཏད་པར་བསྐུལ་ནས། དང་པོ་ལས་ཀྱི་རྣལ་འབྱོར་སྟོབས་ཆུང་བ་ནི། རྟེན་ངན་པ་འབྱུང་བ་གུད་པའི་རིགས་སོ། །མཉམ་པར་བཞག་པས་དེ་ཉིད་དོན་ལ་བལྟ། །ཞེས་པས་འཇམ་རླུང་ལ་མཉམ་པར་བཞག་ནས་རང་གི་སེམས་ལ་བལྟའོ། །ཆོས་བདུན་ཚུལ་གྱིས་རླུང་སེམས་ཚང་དུ་གཞུག་ཞེས་པ་ལུས་ཆོས་བདུན་གྱི་ཚུལ་དུ་འདུག་ནས་རྩ་རླུང་གནས་སུ་ཚུད་ནས་སེམས་བཟུང་བདེ་བའོ། །
མ་བཅོས་མ་བསླད་རང་རིག་སོ་མར་འཇོག་པ་ནི། སེམས་ལ་བལྟས་པས་ཅིར་ཡང་མ་གྲུབ་པའི་ངང་ལ་སེམས་མ་བཅོས་པར་གསལ་ལེ་ལྷོད་དེ་འཇོག་པའོ། །ཐུན་དང་ཐུན་མེད་ཅི་རིགས་གོམས་པར་བགྱིས། །ཞེས་པ་རེས་འགའ་ཐུན་བཞི་རུ་ཉམས་སུ་བླང་། རེས་འགའ་སྤྱོད་ལམ་བཞི་ལ་དྲན་པས་བཟུང་ལ་ཉམས་སུ་བླང་ངོ་། །རྗེས་ཐོབ་བསྟན་པ་ནི། རྗེས་ལ་རྨི་ལམ་སྒྱུ་མ་བྲག་ཆ་ཡིས། །ཡུལ་གསུམ་མི་སྤང་ལམ་དུ་འཁྱེར་བར་བྱ། །ཞེས་པ་ནི། ཡུལ་གསུམ་ལམ་དུ་འཁྱེར་ལུགས་ནི། མེ་ལོང་གི་བརྡ་ལ་བརྟེན་ནས་གཟུགས་སུ་སྣང་ཚད་སྒྱུ་མ་ལྟ་བུར་ཤེས་པར་བྱ། སེ་གོལ་གྱི་སྒྲ་ལ་བརྟེན་ནས་སྒྲ་རུ་གྲག་ཚད་བྲག་ཆ་ལྟ་བུར་ཤེས་པར་བྱ། རྨི་ལམ་གྱི་བརྡ་ལ་བརྟེན་ནས་སེམས་ཀྱི་དྲན་རྟོག་ཐམས་ཅད་རྨི་ལམ་ལྟར་ཤེས་པར་བྱའོ། །
རྩུབ་རླུང་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི། ཡང་ཅིག་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་པོ། །རྣམ་གསུམ་ཚུལ་གྱིས་མཉམ་གནས་བཞིར་རྗེས་ཐོབ། །ངོ་བོ་རང་བཞིན་མཚན་ཉིད་ཤེས་པར་བྱ། །ཁྱོད་ཀྱིས་དོན་འདི་རིག་པ་ཤིན་ཏུ་གཅེས། །ཞེས་པ་སྟེ། ཡང་ཅིག་རྣལ་འབྱོར་དབང་ཕྱུག་སྒྲུབ་པ་པོས། །ཞེས་པ་ནི། འབྱུང་བ་རྒྱས་པའི་གང་ཟག་གོ །རྣམ་གསུམ་ཚུལ་གྱིས་མཉམ་པར་གཞག་པ་ནི། །ངོ་བོ་རང་བཞིན་མཚན་ཉིད་རྣམ་གསུམ་མོ། །
བཞི་པ་རྗེས་ཐོབ་པ་ནི། རྗེས་ཐོབ་སྤྱོད་ལམ་བཞིར་ཉམས་མ་ཡེངས་པར་སྐྱོང་བའོ། །ངོ་བོ་རང་བཞིན་མཚན་ཉིད་ཤེས་པར་བྱ་བ་ནི། ངོ་བོའི་དུས་སུ་རྡོ་རྗེ་གཙུག་ཏོར་ཅན་གྱིས་རླུང་དང་རྟོག་པ་དུས་མཚུངས་སུ་གཅད་ལ་མཉམ་པར་གཞག །ང་བཞིན་གྱི་དུས་སུ་བདུད་རྩི་འཁྱིལ་པ་དང་། མི་གཡོ་མགོན་པོའི་ལྟ་སྟངས་ཀྱིས་རིག་པ་ལ་རྩལ་སྦྱང་ངོ་། །མཚན་ཉིད་ཀྱི་དུས་སུ་བདེ་བར་གཤེགས་པའི་ལྟ་སྟངས་ཀྱིས་མཉམ་གཞག་གི་གཉེན་པོ་གཞིག་གོ །ཁྱོད་ཀྱིས་དོན་འདི་རིག་པ་ཤིན་ཏུ་གཅེས་ཞེས་པ་ནི། གལ་ཆེ་བའི་ཚིག་བརྗོད་པའོ། །རྒྱས་པར་བཤད་པ་ལ་ལྔ་སྟེ། ངོ་བོ་ངོས་འཛིན་པ་དང་། རང་བཞིན་ལ་རྩལ་སྦྱང་པ་དང་། མཚན་ཉིད་ལ་བློ་གཞིག་པ་དང་། རྗེས་ཐོབ་ཀྱི་སྤྱོད་པ་བསྟན་པ་དང་། དེའི་གྲོགས་བསྟན་པའོ། །ངོ་བོ་ངོས་བཟུང་པ་ནི། རྡོ་རྗེ་གཙུག་ཏོར་ཅན་གྱིས་རྟོག་པ་བཅིང་། །དུས་དེར་ཆུ་ཆད་རང་འཐག་བྱ་བྱེད་བྲལ་ཞེས་པ་ནི། རྡོ་རྗེ་གཙུག་ཏོར་ཅན་ནི། རང་གི་གཙུག་ཏོར་ལ་ལྟ་བས་སྤྱན་གྱེན་ལ་གཟིགས་པའོ། །དེ་དུས་རང་འཐག་ཆུ་ཆད་བྱ་བྱེད་བྲལ་ཞེས་པ་ནི། ཆུ་སྐོར་གྱི་ཆུ་ཆད་པ་དང་རང་འཐག་གིས་འཁོར་མི་ནུས་པ་བཞིན་དུ། མཉམ་བཞག་གི་དུས་སུ་རླུང་བཟུང་ལྟ་སྟངས་བཅིངས་པས་རྟོན་པས་༼རྟོག་པ་༽འགྱུ་མི་ཤེས་པའོ། །རང་བཞིན་གྱི་རྩལ་སྦྱང་བ་ནི། བདུད་རྩི་འཁྱིལ་པས་སྣང་བ་རྒྱ་ཡིས་གདབ། །མི་གཡོ་མགོན་པོས་རིག་པའི་རྩ་བ་གཅད། །གསལ་ལ་དྭངས་པ་ཡེ་ཤེས་ཆེན་པོའི་ངང་། །དུས་འདིར་གཟུང་འཛིན་དངོས་པོ་རང་སར་གྲོལ། །ཞེས་པ་ནི། བདུད་རྩི་འཁྱིལ་བས་སྣང་བ་རྒྱ་ཡིས་གདབ་པ་ནི། བདུད་རྩི་འཁྱིལ་པའི་ལྟ་གདེངས་གཡས་ཟུར་ལ་བསྒྱུར་བས་ཕྱི་སྣང་བ་ལ་རང་བཞིན་མེད་པར་རྒྱས་གདབ། མི་གཡོ་མགོན་པོས་གཡོན་ཟུར་ལ་བསྒྱུར་བས་ནང་སེམས་ཉིད་སྟོང་པ་ཉིད་དུ་གསལ་གདབ་བོ། །གསལ་ལ་དྭངས་པའི་ཡེ་ཤེས་ཆེན་པོའི་ངང་ནི། དེ་ལྟར་རིག་པ་རྩལ་སྦྱངས་པས་རྗེས་ལ་རིག་པ་གསལ་ལ་དྭངས་པ་ཡེ་ཤེས་ཆེན་པོའི་ངོ་བོར་འགྱུར་རོ། །དུས་དེར་གཟུང་འཛིན་དངོས་པོ་རང་སར་དོར་ཞེས་པ་ནི། དེ་ལྟར་ཕྱི་སྣང་བ་ལ་རྒྱས་བཏབ་པས་ཕྱི་གཟུང་བ་ཡུལ་རང་སར་གྲོལ། ནང་སེམས་ཉིད་སྟོང་པ་ཉིད་དུ་གསལ་བཏབ་པས་འཛིན་པའི་རྟོག་པ་རང་སར་གྲོལ་ལོ། །མཚན་ཉིད་ཀྱི་དུས་སུ་གཉེན་པོ་གཞིག་པ་ནི། བདེ་བར་གཤེགས་པས་གཉེན་པོའི་རྩོལ་བ་གཞིག །རང་བྱུང་ཡེ་ཤེས་རང་དྭངས་གཉུག་མའི་ངང་། །དུས་དེར་མུན་པའི་ནང་དུ་མར་མེ་ཐེག །ཅེས་པ་ནི། བདེ་བར་གཤེགས་པས་གཉེན་པོའི་རྩོལ་བ་བཤིག་ཅེས་པ་ནི། བདེ་བར་གཤེགས་པའི་ལྟ་གདེངས་ཀྱིས་རྩལ་སྦྱོང་དང་། གཉེན་པོ་བཤིག་ལ་ལྷུག་པར་བཞག་ལ་བལྟའོ། །རང་བྱུང་ཡེ་ཤེས་རང་དྭངས་གཉུག་མའི་ངང་ནི། གཉེན་པོ་བཤིག་པའི་རྗེས་ལ། རིག་པ་རང་གསལ་བར་སྣང་དྭངས་པ་ལྟ་བུའི་ཉམས་འཆར་རོ། །དེ་དུས་མུན་པའི་ནང་དུ་མར་མེ་ཐེག་པ་ནི། མ་རིག་པའི་མུན་པའི་ནང་དུ་ཡེ་ཤེས་ཀྱི་མར་མེ་ཐེག་པ་སྟེ། སེམས་ཀྱི་གཤིས་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །རྗེས་ཐོབ་ཀྱི་སྤྱོད་ལམ་བསྟན་པ་ནི། སྤྱོད་ལམ་ཡེངས་མེད་བྱིའུ་སྐྱ་སྐྲས་བསྟན། །རྣལ་འབྱོར་ལམ་ནི་དུམ་བུ་རྒྱུན་དུ་སྦྲེལ། །དེས་ནི་གཉུག་མའི་ཡེ་ཤེས་མཐོང་བར་བྱེད། །ཅེས་པ་ནི། སྤྱོད་ལམ་ཡེངས་མེད་བྱིའུ་སྐྱ་སྐྲས་བསྟན་པ་ནི། བོད་ཀྱི་བྱིའུ་བློ་སྐྱགས་འདི་ལ་མིས་གསད་ཀྱིས་དོགས་ནས་འཇིགས་པས་ཡེངས་མེད་དུ་ལྟ་བ་བཞིན་དུ། རྗེས་ཐོབ་སྤྱོད་ལམ་གྱི་དུས་སུ། མཉམ་བཞག་དུམ་བུར་བསིལ་ནས་ཉམས་ཡེངས་མེད་དུ་སྐྱོང་བ་ཡིན་ནོ། །དེ་ལྟར་རྣལ་འབྱོར་པའི་ལམ་ལྟ་གདེངས་ཀྱིས་བཅད་ནས་ཉམས་རྒྱུན་པར་སྦྲེལ་བ་ཡིན་ནོ། །དེས་ནི་གཉུག་མའི་ཡེ་ཤེས་ཐོབ་པར་བྱེད་དེ། སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་བར་བྱེད་པའོ། །དེའི་གྲོགས་བསྟན་པ་ནི། དེ་ཚེ་ལུས་ངག་ཡིད་གསུམ་གུས་པས་བརྟེན། །རྫས་གསུམ་འཛིན་མེད་བླ་མ་བསྙེན་ཞིང་བཀུར། །ཞེས་པ་ནི། ལུས་ངག་ཡིད་གསུམ་གུས་པས་བསྟེན་པ་ནི། ལུས་ཀྱིས་ཕྱག་དང་སྐོར་བ་བྱ། ངག་གི་སྒོ་ནས་བསྟོད་པ་དང་གསོལ་བ་གདབ། ཡིད་ཀྱི་སྒོ་ནས་བླ་མ་ལ་སངས་རྒྱས་སུ་མཐོང་པའི་མོས་གུས་བྱ། རྫས་གསུམ་འཛིན་མེད་བླ་མ་བསྙེན་ཞིང་བཀུར་བ་ནི། ཟས་ནོར་གོས་གསུམ་གྱི་རང་ལ་ཞེན་འཛིན་མེད་པས་བླ་མ་ལ་བཀུར་བར་བྱའོ། །ལམ་རང་གི་ངོ་བོའི་ཆོས་བདུན་ནི། དེའི་ཚེ་རྣལ་འབྱོར་ལམ་དངོས་འདི་ལྟ་སྟེ་ཞེས་པ་ནི། ལམ་རང་གི་ངོ་བོ་བསྟན་པའོ། །རྟེན་སློབ་མ་ལས་འཕྲོ་དང་སྐལ་བ་ལྡན་པ་ནི། འབྲས་བུ་བརྟེན་པའི་ཞིང་ས་གཤིན་པོ་གཅེས་ཞེས་པ་ནི། དཔེར་ན་ཞིང་ས་ངན་པ་ལ་ས་བོན་བཟང་པོ་བཏབ་ཀྱང་། འབྲས་བུ་ངན་པ་ལས་མི་སྐྱེ་བ་བཞིན་དུ། ལས་འཕྲོ་མེད་པ་ལ་གདམས་པས་ཕན་མི་ཐོགས་པས་སློབ་མ་ལས་འཕྲོ་ཅན་དགོས། དེ་ཡང་ཆོས་འདི་དང་གང་འཕྲད་པ་ཐམས་ཅད་ལས་འཕྲོ་ཅན་ཡིན་ནོ། །རྐྱེན་བླ་མ་རྟོགས་པ་དང་ཐུགས་རྗེ་ལྡན་པ་ནི། གྲོགས་ནི་དྲོད་གཤེར་ལྡན་པའི་སོ་ནམ་ཡིན་ཞེས་པ་ནི། འབྲས་བུ་སྐྱེ་བའི་གྲོགས་སུ་ཆུ་ལུད་དང་རྨོས་རྐོ་དགོས་པ་བཞིན་དུ། ལམ་རྒྱུད་ལ་སྐྱེ་བའི་གྲོགས་སུ་བླ་མ་མཚན་ཉིད་དང་ལྡན་པ་དགོས་པའོ། །
ཐབས་གདམས་པ་གནད་དང་བྱིན་རླབས་སུ་ལྡན་པ་ནི། ས་བོན་ནར་སོན་ནུས་དང་ལྡན་པ་གདབ་ཅེས་པ་ནི། དཔེར་ན་ས་བོན་རུལ་པའམ། སུངས་པ་ལ་འབྲས་བུ་མི་སྐྱེ་ལ། ས་བོན་སྐྱོན་མེད་འདེབས་དགོས་པ་བཞིན་དུ། གདམས་པ་གནད་དང་མི་ལྡན་ན་ལམ་རྒྱུད་ལ་མི་སྐྱེ་བས་གནད་དང་ལྡན་པའི་གདམས་པ་དགོས་པའོ། །གྲོགས་རང་རྒྱུད་དད་པ་དང་། བརྩོན་འགྲུས་སུ་ལྡན་པ་ནི། བསྐྱེད་བསྲིང་འབྱེད་ཚུལ་གྲོང་ཁྱེར་ཆུ་ཡིས་དགང་ཞེས་པ་ནི། དཔེར་ན་འབྲས་ཀྱི་སོ་ནམ་བྱེད་པའི་ཚེ། འབྲས་བུ་སྐྱེ་བའི་ཐབས་སུ་དང་པོ་ལྗང་པ་སྐྱེ། ལོ་མ་སྐྱེས་ནས་འབྱེད་དེ་ས་ལ་འཛུགས་དེ་ཆུས་འགེངས་པ་བཞིན་དུ། འབྲས་བུ་རྫོགས་པའི་སངས་རྒྱས་འདོད་པ་ལ་ཡང་། དང་པོ་དད་པ་བསྐྱེད་དགོས། དེ་ནས་དད་པ་སྤེལ་དགོས། དེ་ནས་བརྩོན་འགྲུས་ཀྱི་ལག་ཏུ་བླངས་ནས་ལམ་མཐར་འབྱིན་དགོས་པ་ཡིན་ནོ། །བསམ་པ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་ནི། དེ་ཚེ་སྤྱི་བོའི་ནོར་བུ་དྲན་པ་གཅེས་ཞེས་པ་ནི། ནོར་བུའི་ཡོན་ཏན་དྲན་ན་དགོས་འདོད་འབྱུང་བ་བཞིན་དུ། བླ་མ་ལ་སངས་རྒྱས་སུ་ཤེས་པར་བྱས་ནས་གསོལ་བ་བཏབ་པས་རང་སེམས་སངས་རྒྱས་སུ་རྟོགས་པར་འགྱུར་བ་ཡིན་ནོ། །
ངོ་བོ་རང་སེམས་ཆོས་སྐུར་མཐོང་བ་ནི། དེ་ནས་རང་གི་དེ་ཉིད་མཐོང་བར་བྱ་ཞེས་པ་ནི། བླ་མ་ལ་གསོལ་བ་བཏབ་པ་དེ་ནས་རང་གི་སེམས་ཀྱིས་སེམས་ལ་བལྟས་པས། སེམས་ཉིད་སངས་རྒྱས་སྐུ་གསུམ་གྱི་ངོ་བོར་མཐོང་སྟེ་སེམས་ངོ་བོ་སྟོང་པར་རྟོགས་པ་དེ་ཆོས་སྐུ། རང་བཞིན་གསལ་བ་དེ་ལོངས་སྤྱོད་རྫོགས་པའི་སྐུ། མཚན་ཉིད་ཅིར་ཡང་འཆར་བ་དེ་སྤྲུལ་པའི་སྐུར་རྟོགས་པའོ། །བསླབ་བྱ་བླ་མ་ལ་ཚོགས་ཅི་ནུས་བསག་པ་ནི། བརྩོན་པས་རྟག་ཏུ་སྤྱི་བོའི་ནོར་བུ་མཆོད་ཅེས་པ་ནི། དཔེར་ན་ནོར་བུ་ལ་མཆོད་པ་ཕུལ་བས་རང་ལ་དགོས་འདོད་འབྱུང་བ་བཞིན་དུ། བླ་མ་ལ་བསྙེན་བཀུར་བྱས་པས་རང་གི་ཚོགས་རྫོགས་པའོ། །ལུས་ངག་ཡིད་དང་གསུམ་གྱིས་བླ་མ་ཅི་མཉེས་བྱའོ། །ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས་ཚོགས་ལམ་བློ་སྦྱོང་གིས་བཅད་པའི་འཇམ་རླུང་རྩུབ་རླུང་ལ་བརྟེན་ནས་ཐ་མལ་གྱི་བློ་སྦྱོང་པས་ན་ལེའུ་སྟེ་བཅུ་གསུམ་པའོ། །
བཅུ་བཞི་པ་སྦྱོར་ལམ་དཀའ་ཐུབ་རྗེས་ཀྱིས་བཅད་པ་ལ་གཉིས་ཏེ། ལམ་ཉམས་སུ་ལེན་ཚུལ་གྱི་ཆོས་དང་། ལམ་རང་གི་ངོ་བོའི་ཆོས་སོ། །དང་པོ་ལ་བདུན་ཏེ། དཀའ་ཐུབ་ཀྱི་སྔོན་འགྲོ་དང་། དམ་བཅའ་དང་། བསྲུང་བྱ་དང་། ལམ་འཁྱེར་དང་། དེའི་དགོས་པ་དང་། དྲི་མ་སེལ་ལུགས་དང་། དཀའ་ཐུབ་ཀྱི་དབྱེ་བའོ། །དཀའ་ཐུབ་ཀྱི་སྔོན་འགྲོ་ནི། ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་སྐལ་ལྡན་རྣལ་འབྱོར་དབང་ཕྱུག་གཙོ། །འདི་དོན་རྒྱུད་ལ་སྦྱོར་བའི་རྣལ་འབྱོར་པས། །དབེན་པའི་གནས་སུ་བདེ་བའི་སྟན་ལ་འདུག །ཡི་དམ་ལྷ་ཚོགས་བླ་མ་སྤྱི་བོས་མཆོད། །ཚོགས་ཀྱི་མཆོད་པས་མཁའ་འགྲོ་མཉེས་པར་བྱ། །ཕྲིན་ལས་བཅོལ་ཕྱིར་ཆོས་སྐྱོང་གཏོར་མས་མཆོད། །འབྱུང་པོ་ཚིམས་བྱ་བཀའ་བསྒོ་གནས་སུ་བགྱེ། །ཞེས་པས་ཏེ། ཚིག་གོང་མ་གཉིས་འགྲེ། དོན་རྒྱུད་ལ་སྦྱོར་བའི་རྣལ་འབྱོར་པ་ནི། བློ་སྦྱོང་དུ་ངོ་སྤྲད་པའི་དོན་དེ། དཀའ་ཐུབ་ཀྱིས་རྒྱུད་ལ་སྦྱར་ནས་གོམས་པར་བྱེད་པའོ། །དབེན་པའི་གནས་ནི་བར་ཆད་ཉུང་བའོ། །བདེ་བའི་སྟན་ལ་འདུག་པ་ནི་ལུས་སེམས་རྣལ་དུ་ཕེབས་པའོ། །
ཡི་དམ་ལྷ་མཆོད་པ་ནི། དཀོན་མཆོག་མཆོད་པའོ། །བླ་མ་སྤྱི་བོས་མཆོད་པ་ནི་བླ་མ་ལ་གསོལ་བ་འདེབས་པའོ། །ཚོགས་ཀྱི་མཆོད་པས་མཁའ་འགྲོ་མཉེས་པ་ནི། ནུབ་དང་པོ་ཚོགས་ཀྱི་འཁོར་ལོ་ཡང་བཏང་ངོ་། །ཕྲིན་ལས་བཅོལ་ཞིང་ཆོས་སྐྱོང་གཏོར་མས་མཆོད་པ་ནི། ཆོས་སྐྱོང་ལ་གཏོར་མ་ཕུལ་ལ་སྒྲུབ་པ་པོ་ལ་བར་ཆད་སོལ་ཅིག་པའོ། །འབྱུང་པོ་ལ་གཏོར་མ་བྱིན་ལ། བར་ཆོད་མ་བྱེད་ཅིག་ཅེས་བཀའ་བསྒོ། དཀའ་ཐུབ་ཀྱི་དམ་བཅའ་བསྟན་པ་ནི། དེ་ནས་དུས་དང་དུས་མིན་ཅི་རིགས་པར་གཉེན་པོས་འབད་དེ་དམ་བཅའ་གནས་སུ་བསྐྱལ་ཞེས་པ་ནི། དུས་ཅན་ནི་ལོ་དང་ཟླ་བ་ལ་སོགས་པ་དམ་བཅའ་ཡོངས་རྫོགས་བྱེད་པའོ། །དུས་མིན་ནི་ནམ་གྲུབ་གྲུབ་བྱེད་པས་ཏེ་དམ་བཅའ་ཐོར་བུ་པའོ། །གཉེན་པོས་འབད་དེ་དམ་བཅའ་གནས་སུ་སྐྱེལ་བ་ནི། བསྲུང་བྱ་མ་ཉམས་པར་བྱེད་པའོ། །བསྲུང་བྱ་བསྟན་པ་ནི། ལུས་ངག་ཡིད་གསུམ་བརྩོན་ལྡན་རྣལ་འབྱོར་གྱིས། །རྫས་གསུམ་རྟེན་འབྲེལ་མི་ཉམས་སྲོག་དང་བདོ། །བོ་ཟགས་ལྟེམས་ལོག་ལམ་གྱི་དྲི་མ་བསྲུང་ཞེས་པ་ནི། ལུས་ཀྱི་སྒོ་ནས་སྐྲ་མི་འབྲེག་ཁྲུས་མི་བྱ། ངག་གི་བསྲུང་བྱ་ནི། སྔགས་མི་རྡེག །ཆོས་མི་བཤད། ཡིད་ཀྱི་བསྲུང་བྱ་ནི། ཉམས་དང་རྟོགས་པ་ལ་སོགས་པ་མི་ལ་མི་བཤད། རྫས་ཀྱི་བསྲུང་བྱ་ནི། ཟས་ནོར་གོས་གསུམ་རང་གིས་མི་ལ་མི་སྦྱིན། མིའི་རང་ལ་མི་བསླང་། རྟེན་འབྲེལ་ཉམས་པའི་རྒྱུ་ཡིན་པས་གཉེན་པོ་སྲོག་དང་བསྡོས་ལ་བསྲུངས། སྒྲུབ་པ་པོས་གཞན་དོན་བྱས་ན་བོ། གནས་མལ་སྤོས་ན་ཟགས། བསྲུང་བྱ་མ་ཐུབ་ན་ལྟེམས། ཉམས་རྟོགས་བཤད་ན་ལོག་པ་སྟེ། དེ་རྣམས་གཉེན་པོའི་སྒོ་ནས་བསྲུང་བའོ། །ལམ་འཁྱེར་ལ་གཉིས་ཏེ། ལུས་གནད་དང་། སེམས་གནད་དོ། །ལུས་གནད་ནི། བདུན་གསུམ་ལུས་ཀྱི་འཕྲུལ་འཁོར་སྔགས་སྤྱོད་ཤེས་ཞེས་པ་ནི། རྣམ་སྣང་གི་ཆོས་བདུན་དང་། འཕྲུལ་འཁོར་གསུམ་པ་ནི་བློ་སྦྱོང་གི་སྐབས་སུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །
སེམས་གནད་ལ་གཉིས་ཏེ། འཇམ་རླུང་དང་། རྩུབ་རླུང་ངོ་། །འཇམ་རླུང་ནི། སྨན་པས་གསུམ་གསུམ་མཉམ་རྗེས་དེ་བཞིན་ཏེ། །བཞིའམ་ཐུན་མེད་གཉེན་པོ་དྲན་པས་བརྟེན། །ཞེས་པ་ནི། སྨན་པས་ཞེས་པ་ནི། འབྱུང་བ་གུད་པའོ། །མཉམ་བཞག་ཏུ་བྲལ་བ་གསུམ། རྗེས་ཐོབ་ཏུ་སྒྱུ་མ་རྨི་ལམ་བྲག་ཆ་གསུམ། ལམ་འཁྱེར་ནི་སྔར་གྱི་བློ་སྦྱོང་བཞིན་ཤེས་པར་བྱའོ། །བཞིའམ་ནི་ཐུན་བཞིར་སྒོམ་པའམ། ཐུན་མེད་ནི་ནམ་དྲན་དྲན་གྱི་སྒོམ་པ་སྟེ། དྲན་པས་བཟུང་ནས་གཉེན་པོ་བརྟེན་ནས་སྒོམ་པའོ། །རྩུབ་རླུང་ནི། རགས་པས་རྟེན་གསུམ་དབང་པོ་རྣམ་པ་ལྔ། །བརྟེན་པ་རྩུབ་རླུང་རིག་པ་དེ་བཞིན་ཡིན། །ལམ་ལ་གསུམ་གསུམ་གཉིས་ནི་སྔར་བསྟན་བཞིན། །འབད་དེ་ནན་ཏན་གྱིས་ནི་གཅིག་ཏུ་འགྱུར། །ཞེས་པ་ནི། རགས་པས་རྟེན་གསུམ་ནི། ལུས་གནད་འཕྲུལ་འཁོར་གསུམ་པའོ། །དབང་པོ་རྣམ་ལྔ་ལྟ་གདེངས་རྣམ་ལྔའོ། །བརྟེན་པ་རྩུབ་རླུང་ཞེས་པ་ནི། རྟེན་རགས་པས་རྩུབ་རླུང་སྒོམ་པའོ། །རིག་པ་དེ་བཞིན་ཞེས་པ་ནི། རིག་པ་ཡང་ངར་དང་ལྡན་པར་འཁྱེར་བའོ། །ལམ་ལ་ཞེས་པ་ལྔ། ལྟ་གདེངས་ལྔ་གསུམ་སྟེ། ཞི་དྲག་ལྔ། སྤྱན་ལྔ། བསྒྱུར་ལུགས་ལྔ་སྟེ། སྔར་བློ་སྦྱོང་དུ་བསྟན་པ་བཞིན་ནོ། །འབད་དེ་ནན་ཏན་གྱིས་ནི་གཅིག་ཏུ་འགྱུར། །ཞེས་པ་ནི། མཉམ་རྗེས་གཉིས་ལ་བརྩོན་འགྲུས་དྲག་པོ་བསྒོམ་ན། མཇུག་ཏུ་མཉམ་རྗེས་གཉིས་མེད་ཟུང་འཇུག་ཏུ་འགྱུར་བའོ། །དེའི་དགོས་པ་བསྟན་པ་ནི། ཇི་ལྟར་སྩོལ་བས་འོ་མའི་མར་བཞིན་ནོ། །རི་བོང་འཛིན་པ་གཅིག་སོགས་འཕེལ་བ་བཞིན། །རིམ་བཞིན་གཉུག་མའི་ཡེ་ཤེས་མངོན་དུ་བྱེད། །ཟུང་དུ་འཇུག་པ་རྣལ་འབྱོར་མཆོག་གི་ལམ། །ཞེས་པ་ནི། ཇི་ལྟར་རྩོལ་བས་འོ་མའི་མར་བཞིན་དུ་ཞེས་པ་འོ་མ་ལ་མར་ཡོད་པ་དེ། བསྲུབས་པས་མར་དུ་འགྲིལ་བའམ། རི་བོང་འཛིན་པ་ནི་ཟླ་བ་སྟེ། ཚེས་གཅིག་ནས་ཉ་རུ་རིམ་པར་འཕེལ་བ་བཞིན་དུ་ལམ་རིམ་པར་གོམས་པས་གཉུག་མའི་ཡེ་ཤེས་མངོན་དུ་བྱེད་པའོ། །ཟུང་དུ་འཇུག་པ་རྣལ་འབྱོར་མཆོག་གི་ལམ་ཞེས་པ་ནི། དུས་འདི་ནས་སློབ་མའི་ཟུང་འཇུག་ཡིན་པས་སྤྱོད་ལམ་བཞིར་ཉམས་ཡེངས་མེད་དུ་སྐྱོང་ངོ་། །
དྲི་མ་སེལ་ལུགས་ནི། དེ་ཚེ་རྣལ་འབྱོར་རིག་པའི་དགྲར་གྱུར་པ། །འབྱུང་བ་བསྐྱོད་དེ་དོན་དང་མི་ལྡན་ན། །གཉེན་པོས་དགྲ་གཞོམ་སྤྱན་ལྔའི་ལྟ་གདེངས་སྦྱར། །མེ་རླུང་ནམ་མཁའ་ཆུ་དང་ས་ལ་ནི། །རྒོད་འཕྲོ་འཕྱོ་དང་ཆགས་ཤིང་འཐིབས་པ་ལ། །ཞེས་པས་ཏེ། དེ་ཚེ་རྣལ་འབྱོར་རིག་པའི་དགྲར་གྱུར་པ། །ཞེས་པ་ནི། རྣལ་འབྱོར་གྱི་ལུས་ལ་འབྱུང་པ་ཤས་ཆེ་ཆུང་ཞུགས་པས་ཏིང་ངེ་འཛིན་གྱི་དགྲར་གྱུར་པའོ། །འབྱུང་བ་ལྔའི་ནུས་པ་སོ་སོར་བསྐྱོད་པས་ཏིང་ངེ་འཛིན་དོན་ཐོག་ཏུ་མི་གནས་པའོ། །གཉེན་པོས་དགྲ་གཞོམ་ཞེས་པ། འབྱུང་པ་ལྔ་ལ་སོ་སོའི་དགྲ་གཞོམ་སྟེ། གཉེན་པོ་ནི། སྤྱན་ལྔའི་ལྟ་གདེངས་སོ། །ཟླ་ཚེས་ཉ་དང་འགྲོན་བུ་མཁལ་མའི་སྤྱན། །ཉ་རྒྱས་ཟླ་བ་སྤར་ཞིང་བསྲེ་བར་བྱ། །ཞེས་པ་ནི། མེ་རླུང་ནམ་མཁའ་ཆུ་དང་ས་ལ་ནི། རྒོད་འཕྲོ་བྱིང་འཐིབས་འཕྱོ་བ་ལ་ཞེས་པ། དེ་ཚེ་དོན་ཉམས་སུ་བླངས་ན་འབྱུང་པ་མེ་ཤས་ཆེ་བས་ཉམས་རྒོད་ཅིང་འཚིག་ན། ཟླ་བ་ཚེས་པ་ལྟ་བུའི་སྤྱན་གྱིས་རིག་པ་གཞི་ཐོག་ཏུ་སློང་ངོ་། །འབྱུང་བ་རླུང་ཤས་ཆེ་ནས་ཉམས་འཕྲོ་ཞིང་གཡེངས་ན། ཉ་ལྟ་བུའི་སྤྱན་གྱིས་རིག་པ་རང་དེངས་སུ་ས་ལེ་བཞག་གོ །འབྱུང་བ་ཆུ་ཤས་ཆེ་ནས་ཉམས་བྱིང་ཞིང་འདར་ན། མགྲོན་བུ་ལྟ་བུའི་སྤྱན་གྱིས་རིག་པ་གཞི་ཐོག་ནས་གཡེར་རོ། །འབྱུང་པ་ས་ཤས་ཆེ་ནས་ཉམས་འཐིབས་ཤིང་ནོན་ན། ཟླ་བ་ཉ་གང་བ་ལྟ་བུའི་སྤྱན་གྱིས་རིག་པ་ངར་ཅན་དུ་སླང་ངོ་། །འབྱུང་བ་ནམ་མཁའ་ཤས་ཆེ་ནས་ཉམས་ཕྱ་སངས་འཁྱེར་ན། མཁལ་མ་ལྟ་བུའི་སྤྱན་གྱིས་རིག་པ་རི་བོའི་རྩེ་ལ་གཏད་དོ། །
དཀའ་ཐུབ་ཀྱི་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །མདོར་བསྟན་པ་ནི། འདི་ཡང་དུས་གསུམ་རྟེན་གསུམ་ཚུལ་གསུམ་སྟེ་ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ། དུས་གསུམ་དང་རྟེན་གསུམ་དང་ཚུལ་གསུམ་མོ། །དུས་གསུམ་ནི། ཉན་ཐོས་རང་རྒྱལ་དཔའ་ཆེན་དུས་ལ་སྦྱར། །གཅིག་ལ་གཅིག་དང་གཅིག་གསུམ་གཅིག་གཅིག་གཅིག་ལ་གཅིག །ཅེས་པ་ནི། ཉན་ཐོས་རང་རྒྱལ་དཔའ་ཆེན་དུས་ལ་སྦྱར་ཞེས་པ། སློབ་དཔོན་གྱི་སྤྱན་སྔར་སྒྲོ་འདོགས་གཅོད་པ་ཉན་ཐོས་ཀྱི་དུས། བློ་སྦྱོང་སྒྲུབ་པ་རང་དོན་བྱེད་པ་རང་རྒྱལ་གྱི་དུས། དཀའ་ཐུབ་བསྒྲུབ་བྱ་གཞན་དོན་བྱེད་པ་དཔའ་ཆེན་གྱི་དུས་བྱ་བྲལ་ལོ། །གཅིག་ལ་གཅིག་བསྟན་པ་ནི། ཉན་ཐོས་ལ་བློ་སྦྱོང་གཅིག་པུ་བསྟན་པའོ། །གཅིག་གསུམ་ནི། རང་རྒྱལ་ལ་དཀའ་ཐུབ་དང་རྗེས་དང་རོ་སྙོམས་གསུམ་བསྟན་པའོ། །
གཅིག་ལ་གཅིག་ཅེས་པ་ནི། དཔའ་ཆེན་གཅིག་པུ་ལ་བྱ་བྲལ་གྱི་ལམ་གཅིག་པུ་བསྟན་པའོ། །རྟེན་གསུམ་བསྟན་པ་ནི། གཉིས་ལ་བྱ་བ་སྤངས་དང་མ་སྤངས་ཚུལ། །མཐུན་རྐྱེན་ལྡན་དང་མི་ལྡན་དབྱེ་བ་གསུམ། །ཞེས་པ་སྟེ། གཉིས་པ་དཀའ་ཐུབ་ཀྱི་ལམ་བྱ་བ་སྤངས་པ་རབ་ཏུ་བྱུང་པ་དང་། ལྡོམ་བུ་གཉིས་ཡིན་ཏེ། བྱ་བ་མ་སྤངས་པ་ནི་ཁྱིམ་པའི་ཕྱོགས་ཡིན་ནོ། །མཐུན་རྐྱེན་ལྡན་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་ཡིན་ནོ། །མི་ལྡན་པ་ནི་རྣལ་འབྱོར་པ་དང་ལྡོམ་བུ་བའི་ཕྱོགས་རྣམས་ཡིན་ཏེ། རང་གི་ཡོ་བྱད་རྣམས་ཆོས་ཕྱོགས་སུ་བཏང་ནས་རང་ལ་ཡོ་བྱད་གཅིག་ཀྱང་མེད་ན། མིའི་བསྙེན་བཀུར་བླང་དུ་རུང་བ་ཡིན་ནོ། །
ཚུལ་གསུམ་ནི། གསུམ་པ་རྒྱལ་པོ་དྲང་སྲོང་མ་རབས་ཚུལ་གོ་རིམ་ཤེས་ན་རྣལ་འབྱོར་དབང་ཕྱུག་ཡིན་ཞེས་པ་ནི། ཚུལ་གསུམ་ནི། ཁྱིམ་པའི་ཕྱོགས་ནི་རྒྱལ་པོ་ལྟ་བུའི་དཀའ་ཐུབ་བོ། །རབ་ཏུ་བྱུང་བ་ནི། དྲང་སྲོང་ལྟ་བུའི་དཀའ་ཐུབ་བོ། །ལྡོམ་བུ་པ་ནི་རྣལ་འབྱོར་པ་ལྟ་བུའི་དཀའ་ཐུབ་བོ། །དེ་ལྟར་གོ་རིམ་ཤེས་དགོས་སོ། །ལམ་གྱི་ངོ་བོའི་ཆོས་བདུན་ནི། དེ་ལྟར་རྩ་བ་འབྱོངས་པའི་རྣམ་འབྱོར་དེ་ཞེས་པ་ནི་གོ་སླའོ། །དང་པོ་རྩ་བའི་ཆོས་ཉིད་མཐོང་བས་དོན་ལ་ཐེ་ཚོམ་མི་ཟ་བ་ནི། མཁའ་ལ་འབྲུག་སྒྲ་དུས་ཀྱི་ཡིད་ཆེས་བྱ་ཞེས་པ་ནི། དཔེར་ན་ནམ་མཁའ་ལ་འབྲུག་བྱུང་བས་དབྱར་ཡིན་པར་ཤེས་པ་བཞིན་དུ། བློ་སྦྱོང་གི་དུས་སུ་འཇམ་རླུང་དང་རྩུབ་རླུང་གི་ངོ་སྤྲོད་ལ་བརྟེན་ནས་རྩ་བ་ཆོས་ཉིད་ལ་ངོ་གཤའ་མར་འཕྲད་ངེས་པ་གཅིག་དགོས་སོ། །གདམས་པའི་ཕྲ་ཆོད་པས་ཉམས་ལེན་ལམ་མི་འཁོར་བ་ནི། དེད་དཔོན་ལམ་རྒྱུས་ཡབ་ལ་སྤྲོས་པ་ཆོད་ཅེས་པ་ནི། དཔེར་ན་རྒྱ་མཚོ་ལ་ནོར་བུ་ལེན་པའི་དེད་དཔོན་གྱི་རིགས་དེ། ལམ་རྒྱུས་ཐམས་ཅད་ཡབ་ལ་ལེགས་པར་དྲིས་ཏེ། ཐེ་ཚོམ་མེད་པར་བྱེད་དགོས་པ་བཞིན་དུ། སྒྲུབ་པ་པོས་དཀའ་ཐུབ་ལ་ཞུགས་ནས་གཅིག་པུར་ཉམས་སུ་ལེན་པ་དེ་ཡང་། བླ་མ་ལ་གདམས་པའི་ཕྲ་བཅད་དེ། ཆིག་སྐྱ་ཐུབ་པར་བྱས་ཏེ་ཉམས་སུ་ལེན་པའོ། །
དགོངས་པའི་ཕུགས་འཁྲུས་པས་ཉམས་ལེན་ཆིག་སྐྱ་ཕེར་བ་ནི། རྒྱལ་པོའི་གསང་ཐུབ་ལས་ལ་རང་དབང་ཆེ་ཞེས་པ་ནི། རྒྱ་གར་ན་ལས་ཀྱི་བྱ་བ་ཅི་བྱེད་ཀྱང་རྒྱལ་པོ་ལ་ཞུ་དགོས། མ་ཞུས་ན་ཆད་པ་འོང་། ཞུས་ན་རྒྱལ་པོས་གནང་ནས་རང་དབང་ཐོབ་པ་ཡིན་ནོ། །དཔེ་དེ་བཞིན་དུ་བླ་མའི་དགོངས་པ་ཕྱིན་ཅི་མ་ལོག་པར་ལོན་ནས་ཉམས་ལེན་གྱི་ལམ་མི་འཁོར་བ་ཡིན་ནོ། །བློའི་སྤྱད་པ་ཆེ་བས་གོ་ཆ་རྗེས་ལ་ཁེལ་བ་ནི། དེད་དཔོན་ལམ་ཞུགས་ཤི་ཡང་ལྡོག་མི་བྱེད་ཅེས་པ་ནི། དཔེར་ན་དེད་དཔོན་ཕྱིའི་རྒྱ་མཚོ་ལ་ནོར་བུ་ལེན་པ་དེ་ལམ་དུ་ཞུགས་པའི་ཚེ་ཕྱིར་ལྡོག་མི་སྲིད་དོ། །དེ་བཞིན་དུ་སྒྲུབ་པ་པོ་དེས་དམ་བཅས་པ་དེ་མཐར་འབྱིན་པ་ཡིན་ནོ། །
བདུད་ཀྱི་ལས་ཤེས་པས་སྒྲུབ་པ་རྐྱེན་ཁར་མི་འཆོར་བ་ནི། འཇིགས་པའི་དགྲ་ལ་མཐུན་པའི་སྐྱེལ་མས་སྒྲོལ་ཞེས་པ་ནི། དཔེར་ན་དགྲ་བྱུང་གི་དོགས་པ་ལ། སྐྱེལ་མ་བཟང་པོ་ཁྲིད་པས་འཇིགས་མེད་དུ་སྒྲོལ་བ་བཞིན་དུ། བདུད་ཀྱི་བར་ཆད་བྱུང་གི་དོགས་པ་ལ། གཉེན་པོ་སྟོབས་ལྡན་བརྟེན་པས་བར་ཆད་ཀྱིས་མི་ཚུགས་པའོ། །དག་པའི་མཚམས་ཟིན་པས་ལུས་ངག་ཐ་མལ་དུ་མི་ལུས་པ་ནི། དབྱུ་གུ་ཆུ་ཚོད་དུས་ལས་འདའ་མི་བྱེད་ཅེས་པ་ནི། དཔེར་ན་རྒྱ་གར་གྱི་ཡུལ་ན་རྒྱལ་པོ་རེ་རེའི་ཕོ་བྲང་ན་ལོ་ཟླ་བ་ཞག་ཟ་མ་འབྱུང་བའི་དུས་ཚོད་འཛིན་པའི་དབྱུ་གུ་སྐྱུར་བ་དང་། ཆུ་ཚོད་འཛིན་པ་བྱ་བ། འབྱུང་བའི་དུས་མ་ནོར་བ་ངོས་ཟིན་པ་ཡོད་སྐད། དཔེ་དེ་བཞིན་སྒྲུབ་པ་པོས་ཀྱང་དག་པའི་མཚམས་བཟུང་སྟེ། ཐུན་བཞིའི་སྲངས་སུ་བཅུག་པས་ལུས་ངག་ཐ་མལ་དུ་མི་ལུས་པ་ཡིན་ནོ། །
བསྲུང་བྱའི་དམིགས་ཤེས་པས་སྒྲུབ་པ་བོ་ཟགས་ལ་མི་འགྲོ་བ་ནི། ཤིང་ཐོག་གོ་རི་སྨིན་ཚེ་ཁྭ་གག་བསྲུང་ཞེས་པ་ནི། དཔེར་ན་རྒྱ་གར་ན་རྒྱལ་པོ་ཆེན་པོ་རེ་རེ་ལ་བཟའ་ཤིང་གི་ར་བ་བྱ་བ་ཤིང་འབྲས་བུ་ཅན་མང་པོ་བཙུགས་པ་ཡོད་དེ། ཤིང་ཐོག་སྨིན་པའི་ཚེ། ཁྭ་ཏ་ལ་སོགས་པའི་བྱ་མང་པོ་ཐོག་ཏུ་འོང་པས་དེ་ལ་ཤིང་རྫི་བ་བྱ་བ་བཞག་ནས་ཤིང་ཐག་སྦྲེལ། དེ་ལ་དྲིལ་བུ་བཏགས་ནས་སྲུང་བ་བཞིན་དུ། སྒྲུབ་པ་པོ་ལམ་ལྔའི་སྲངས་སུ་ཞུགས་པ་དེས་ཀྱང་། བོ་ཟགས་ལྟེམས་ལོག་བསྲུང་དགོས་པ་ཡིན་ནོ་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། སྦྱོར་ལམ་དཀའ་ཐུབ་ཀྱིས་བཅད་པའི་ལེའུ་སྟེ་བཅུ་བཞི་ངོ་སྤྲོད་པའི་དོན་དེ་ལ་གོམས་པར་བྱེད་པས་པའོ། །
ལེའུ་བཅོ་ལྔ་པ་མཐོང་ལམ་རྗེས་ཀྱི་བཅད་པའི་ལེའུ་ལ་གཉིས་ཏེ། ལམ་ཉམས་སུ་ལེན་ཚུལ་དང་། ལམ་རང་གི་ངོ་བོའོ། །དང་པོ་ལ་གསུམ་སྟེ། རྟོགས་པའི་ཚུལ་དང་། རྟོགས་པའི་ངོ་བོའོ། །རྟོགས་པའི་ཡོན་ཏན་ནོ། །དང་པོ་རྟོགས་པའི་ཚུལ་ནི། ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཁྱོད་ཉོན་ཅིག །དེ་ལྟར་རྣལ་འབྱོར་གོམས་པའི་སྟོབས་ལྡན་པས། །དོན་གྱི་ཡེ་ཤེས་ཇི་བཞིན་མངོན་དུ་གྱུར། །ཞེས་པ་ནི། ཚིག་གཉིས་གོ་སླའོ། །
དེ་ལྟར་རྣལ་འབྱོར་རིག་པའི་སྟོབས་ལྡན་པས་ཞེས་པ་ནི། དཀའ་ཐུབ་མཐར་ཕྱིན་པས་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པ་ནི། སློབ་མའི་ཟུང་འཇུག་མངོན་དུ་གྱུར་པའོ། །རྟོག་པའི་ངོ་བོ་བསྟན་པ་ནི། མ་བཅོས་མ་བསླད་རང་བྱུང་བདེ་བ་ཆེ། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཡན་པ་ཆེ། །སྒྲིམ་གློད་གཉིས་མེད་རང་རིག་གསལ་བ་ཆེ། །མཉམ་རྗེས་གཉིས་མེད་ཟུང་འཇུག་རྟོགས་པ་ཆེ། །ལུས་ངག་ཡིད་ཀྱི་རྩོལ་བྲལ་ཡངས་པ་ཆེ། །དབེན་དང་གཡེང་བྲལ་གར་འདུག་གནས་པ་ཆེ། །མ་ཡེངས་འདུ་འབྲལ་མེད་པ་དྲན་པ་ཆེ། །འབད་དང་རྩོལ་བ་མ་བཅོས་གཉུག་མའི་ངང་། །དེ་ཚེ་རྣལ་འབྱོར་མཆོག་གི་དགོས་པ་ཡིན། །ཞེས་པ་ནི། མ་བཅོས་མ་བསླད་རང་བྱུང་བདེ་བ་ཆེན་པོ་ནི། རྗེས་ཐོབ་ཀྱི་ཤེས་པ་རྟེན་མེད་རང་བྱུང་དུ་ཤར་བའོ། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཡན་པ་ཆེ་བ་ནི། ལུས་ངག་གི་སྤྱོད་ལམ་ཡན་པ་ཇི་ལྟར་བྱས་ཀྱང་ཉམས་དང་མི་འབྲལ་བའོ། །སྒྲིམ་གློད་གཉིས་མེད་རང་རིག་གསལ་བ་ཆེ་བ་ནི། རྗེས་ཀྱི་དུས་སུ་མཉམ་བཞག་ཏུ་སྒྲིམ་པ་དང་། རྗེས་ཐོབ་ཏུ་ཀློད་མི་དགོས་ཏེ། རྗེས་ཐོབ་ཀྱི་ཉམས་འབའ་ཞིག་ཏུ་བསྐྱངས་པས་ཆོག་པའོ། །མཉམ་རྗེས་གཉིས་མེད་ཟུང་འཇུག་རྟོགས་པ་ཆེ་བ་ནི། རྗེས་ཀྱི་དུས་སུ་མཉམ་རྗེས་རེས་འཇོག་ཏུ་བསྐྱང་མི་དགོས་ཏེ། རྗེས་ཐོབ་སློབ་མའི་ཟུང་འཇུག་འབའ་ཞིག་ཏུ་བསྐྱངས་པས་ཆོག་པའོ། །
ལུས་ངག་སེམས་ཀྱི་རྩོལ་བྲལ་ཡེངས་པ་ཆེ་བ་ནི། དེ་ཙ་ན་ཉམས་རྩོལ་བས་བསྐྱང་མི་དགོས་ཏེ། དྲན་པས་ཟིན་པས་ཆོག་པའོ། །དབེན་དང་གཡེང་བྲལ་གར་འདུག་གནས་པ་ཆེ་བ་ནི། གནས་ལ་དབེན་མི་དབེན་དབྱེ་མི་དགོས་ཏེ། གང་ན་འདུག་ཀྱང་དོན་དང་མི་འབྲལ་བའོ། །མ་ཡེངས་འདུ་འབྲལ་མེད་པ་དྲན་པ་ཆེ་བ་ནི་སྤྱོད་ལམ་བཞིར་ཆོས་ཀྱི་དོན་དང་མི་འབྲལ་བའོ། །འབད་དང་རྩོལ་བས་མ་བཅོས་གཉུག་མ་ནི། སྐབས་འདི་ནས་དཀའ་ཐུབ་བཞིན་དུ། ལམ་གྱི་རྩོལ་བ་དྲག་པོ་བསྐྱང་མི་དགོས་སོ། །དེ་ཚེ་རྣལ་འབྱོར་མཆོག་གི་དགོངས་པ་ནི། ཉམས་མ་ཡེངས་ཙམ་དུ་བསྐྱངས་པས་ཆོག་པ་ནི་རྣལ་འབྱོར་མཆོག་གི་དགོངས་པའོ། །
ཚུལ་གསུམ་བསྟན་པ་ནི། དབུགས་ཕྱིན་རྙེད་ནས་འཁོར་བའི་ཆོམ་རྐུན་བྲལ། །ས་མཆོག་འདི་ནོན་དེས་ནི་སེམས་དཔའ་ཆེ། །ཆུ་ཕྲན་རྒྱ་མཚོར་འདྲེས་པས་རོ་གཅིག་ཉིད། །ཇི་བཞིན་མངོན་དུ་བྱས་པའི་རྣལ་འབྱོར་བདེ། །ཞེས་པ་ནི། དབུགས་ཕྱིན་རྙེད་ནས་འཁོར་བའི་ཆོམ་རྐུན་བྲལ་བ་ནི། མཐོང་ལམ་རྒྱུད་ལ་སྐྱེས་པས་མ་རིག་པའི་དབུགས་ཕྱིན་ནས་འདི་ནས་འཁོར་བར་མི་ལྡོག་པས་ན། འཁོར་བའི་ཆོམ་རྐུན་དང་བྲལ་བའོ། །ས་མཆོག་འདི་ནོན་སེམས་དཔའ་ཆེ་བ་ནི། དུས་འདི་ནས་བྱང་ཆུབ་སེམས་དཔའ་ཆེན་པོའི་གྲལ་དུ་ཚུད་པ་ཡིན་ནོ། །ཆུ་ཕྲན་རྒྱ་མཚོར་འདྲེས་པས་རོ་གཅིག་ཉིད། དུས་འདི་ནས་ཐེག་པ་ཐམས་ཅད་གཅིག་ཏུ་འདྲེས་པས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་པའོ། །ཇི་བཞིན་མངོན་དུ་བྱས་པའི་རྣལ་འབྱོར་དེ་ནི། ཆོས་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །
ངོ་བོའི་ཆོས་བདུན་བསྟན་པ་ནི། རྩོལ་བྱས་ཀྱི་དོན་གྱིས་རྩོལ་མེད་མཐོང་བ་ནི། གཙུབ་སྟན་མེ་ནི་སྐྱེས་བུའི་རྩོལ་བ་ཡིན་ཞེས་པ་ནི། དཔེར་ན་ཤིང་ལ་མེ་འདོན་པ་ནི། གཙུབ་ཤིང་དང་གཙུབ་སྟན་དང་། རྩྭ་དང་སྐྱེས་བུའི་རྩོལ་བ་ལས་བྱུང་བ་བཞིན་དུ། བློ་སྦྱོང་དང་དཀའ་ཐུབ་ཀྱི་རྩོལ་བ་དྲག་པོ་ལ་བརྟེན་ནས་མཉམ་རྗེས་ཟུང་འཇུག་གི་དགོངས་པ་རྩོལ་མེད་དུ་རྒྱུད་ལ་སྐྱེ་བ་ཡིན་ཏེ། དེའི་ཉམས་བསྐྱང་པ་ཡིན་ནོ། །
རྗེས་ཐོབ་བརྟེན་མེད་ལ་བློའི་འཛིན་པ་དག་པ་ནི། ཆུ་བོ་སྒྲོལ་བའི་གྲུ་བོ་ཕྱིར་མི་འཁྲིད་ཅེས་པ་སྟེ། དཔེར་ན་ཆུ་བོ་ཆེན་པོ་སྒྲོལ་བའི་ཚེ། ཆུ་བོ་མ་སྒྲོལ་གྱི་བར་དུ་གྲུ་ལ་གཅེས་པར་འཛིན་ཅིང་ཟག་ལྡན་བྱེད་ཀྱང་། ཆུ་བོ་བསྒྲལ་ནས་གྲུ་སྐམ་ལ་མི་འཁྲིད་དེ། གྲུའི་གཅེས་འཛིན་ཞིག་པ་བཞིན་དུ། དོན་གྱི་ངོ་བོ་ཤེས་བྱའི་གཤིས་ཏེ། སེམས་ཉིད་མ་རྟོགས་ཀྱི་བར་དུ་བློ་སྦྱོང་དང་། དཀའ་ཐུབ་ལ་སོགས་པ་ཐབས་དུ་མས་རྩོལ་སྒྲུབ་བྱེད་དགོས་ཀྱང་། རྗེས་ཐོབ་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་ནས་རྩོལ་སྒྲུབ་མི་དགོས་ཏེ། རྟོགས་པའི་དོན་ཉིད་མ་ཡེངས་པར་བསྐྱངས་པས་ཆོག་པ་ཡིན་ནོ། །རང་གནས་ཀྱི་རྩ་བ་ལ་བློའི་སྒྲིབ་གཡོགས་ཀྱི་དྲི་མ་དང་བྲལ་བ་ནི། ཉི་མའི་འོད་ལ་མུན་པའི་སེལ་མ་མཆིས་ཞེས་པ་ནི། དཔེར་ན་ཉི་མའི་དཀྱིལ་འཁོར་ལ་མུན་པའི་སེལ་ཙམ་ཡང་མ་མཆིས་པ་བཞིན་དུ། རྗེས་ཐོབ་སེམས་ཀྱི་གནས་ལུགས་གཤའ་མར་རྟོགས་པའི་དུས་སུ་འཁྲུལ་པའི་དྲི་མ་དང་བྲལ་བའོ། །རང་བྱུང་གི་ཡེ་ཤེས་ལ་གཉེན་པོའི་རྟེན་རྟོག་མེད་པ་ནི། ནོར་བུ་ཟུར་བརྒྱད་མཁན་བཟོའི་རྐྱེན་ལས་མིན་ཞེས་པ་ནི། ལྷའི་དབང་པོ་ལ་ནོར་བུ་ཟུར་བརྒྱད་པ་བྱ་བ་ཡོད་དེ། དེ་བཟོ་བོས་བྱས་པ་མ་ཡིན་ཏེ། ལྷའི་བསོད་ནམས་ལས་གྲུབ་པ་ཡིན་ནོ། །དཔེ་དེ་བཞིན་དུ་སེམས་སངས་རྒྱས་སུ་ཡེ་ནས་གནས་པ་དེ། རྒྱུ་ལ་བརྟེན་ནས་གསར་དུ་བྱུང་བ་ནི་མ་ཡིན་ཏེ། དེ་ཡེ་ནས་ཡིན་པའི་དོན་དེ་རྟོགས་པའོ། །རང་སྤྱོད་ལྷུག་པ་ལ་ཐ་མལ་གྱི་ཐག་ལ་ལངས་པ་ནི། ཙྭ་རུ་དྲི་ང་གྲོགས་ཀྱི་ཟླ་མི་འཚོལ་ཞེས་པ་ནི། རི་དྭགས་ཙྭ་རུ་བ་ནི། རང་ལ་དྲི་མི་ཞིམ་པ་ཡོད་པས་གཞན་གྱི་ཟླ་ལ་མི་འགྲོ། རང་གཅིག་པུར་གནས་པས་བཅོས་མ་མེད་དེ། ཅི་དགར་གནས་པའོ། །དཔེ་དེ་བཞིན་དུ། རྗེས་ཀྱི་ལམ་ལ་གནས་པའི་རྣལ་འབྱོར་པ་ལ་སྤྱོད་ལམ་འདི་བྱ་མེད་དེ། འགྲོ་འཆག་ཉལ་འདུག་གང་བདེ་བདེར་ཉམས་བསྐྱངས་པས་ཆོག་པ་ཡིན་ནོ། །སྒོ་གསུམ་ཡན་པ་ལ་བཅོས་མའི་རྭ་བ་ཞུགས་པ་ནི། དུར་སྲུང་ཚུལ་ཞིག་སྒོ་གསུམ་ཡན་པར་གནས་ཞེས་པ་ནི། དཔེར་ན། རྒྱ་གར་ན་རིགས་ངན་བཟའ་རྒྱུ་མེད་པ་དེ། དུར་ཁྲོད་སྲུང་རོ་ཟས་ཟ་རོ་གོས་གྱོན་པས་སོ་ནམ་ལ་སོགས་པའི་རྩོལ་བ་མེད་དེ། དུར་ཁྲོད་དུ་གཅིག་པུར་སྡོད་པ་དེ། སྤྱོད་ལམ་ལ་ཚུལ་འཆོས་མེད་པའོ། །དེ་བཞིན་དུ་རྗེས་ཀྱི་རྣལ་འབྱོར་པ་ལ་གཉེན་པོའི་རྟེན་རྟོག་མེད་དེ། ལུས་ངག་ཡིད་གསུམ་ལ་བཅོས་མ་མིན་ཏེ་གང་བདེར་སྐྱོང་པའོ། །
གཉིས་མེད་ཀྱི་ཉམས་ལེན་ལ་ཆེད་འཛིན་གྱི་སྒོམ་བློ་སྟོར་བ་ནི། ཀར་ཏི་སི་ར་ཡུལ་དུ་ཚང་མི་རྩིག་ཅེས་པ་ནི། རྒྱ་གར་ན་བྱ་ཀརྟི་སི་ར་བྱ་བ་ཡོད་དེ། དེ་ཁོ་རང་སྐྱེས་པའི་ཡུལ་དུ་ཚང་མི་རྩིག་སྟེ། དེ་བཞིན་དུ་རྣལ་འབྱོར་པ་ཡང་། རང་སྐྱེས་པའི་ཡུལ་དུ་མི་སྡོད་པར་གར་བདེ་བདེར་ཡན་པ་ཡིན་ནོ། །དེ་བཞིན་དུ་རྗེས་ཐོབ་ཀྱི་རྣལ་འབྱོར་པས་མཉམ་བཞག་ཉམས་ལ་མ་ཞེན་པར་བྱེད་པའོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། མཐོང་ལམ་རྗེས་ཀྱིས་བཅད་པའི་ལེའུ་སྟེ་དཀའ་ཐུབ་སྔོན་དུ་སོང་པའི་རྗེས་ལ་དོན་མཐོང་བས་བཅོ་ལྔ་པའོ། །
ལེའུ་བཅུ་དྲུག་པ་སྒོམ་ལམ་རོ་སྙོམས་ཀྱིས་བཅད་པ་ལ་གསུམ་སྟེ། ལམ་ཉམས་སུ་བླང་ལུགས་དང་། ལམ་གྱི་དྲི་མ་བསལ་ལུགས་དང་། ལམ་རང་གི་ངོ་བོའོ། །དང་པོ་ལ་གཉིས་ཏེ། རོ་སྙོམས་དགོས་པར་བསྟན་པ་དང་རོ་སྙོམས་ལུགས་བསྟན་པའོ། །དང་པོ་ནི། ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་འདི་ལྟ་སྟེ། །རགས་པ་སྔོན་རྒྱུའི་དྲི་མ་ཆེན་པོ་སྟེ། །གཉུག་མ་ཡེ་ཤེས་ཆེན་པོས་བཅོམ་ཟིན་ཏེ། །ཕྲ་བ་ལྷན་ཅིག་སྐྱེས་པ་བག་ལ་ཉལ། །སྔོན་དུ་མི་གསལ་ཟས་དང་ནད་རོ་བཞིན། །ཚུལ་འདི་ནམ་ཞིག་རྣལ་འབྱོར་དགྲ་རུ་ལྡང་། །ནད་ལ་སྨན་བཞིན་བསླང་གིན་མ་བཅོས་ན། །བར་དོའི་འཁྲུལ་པ་གང་གིས་བཟློག་པར་ནུས། །དེ་ཕྱིར་དབེན་པ་བསྟེན་ཙམ་མཆོག་དོན་མིན། །ཞེས་པས་ཏེ། ཚིག་གཉིས་གོ་སླའོ། །རགས་པ་སྔོན་རྒྱུ་དྲི་མ་ཆེན་པོ་སྟེ། །གཉུག་མའི་ཡེ་ཤེས་ཆེན་པོས་བཅོམ་ཟིན་ཡིན། །ཞེས་པ་ནི། ཀུན་ཏུ་བཏགས་པའི་རྟོག་པ་རགས་པ་སྟེ། རྗེས་མཐོང་ལམ་གྱི་ཡེ་ཤེས་སྐྱེས་པས་བཅོམ་ཞིང་དག་པར་བྱས་ཀྱང་། ཕྲ་བ་ལྷན་ཅིག་སྐྱེས་པ་བག་ལ་ཉལ་ནི། མངོན་དུ་མི་གསལ་བར་རྐྱེན་ངན་གྱི་ཉོན་མོངས་པའི་མི་རོ་བླངས་ནས། མངོན་དུ་མི་གསལ་ཟས་དང་ནད་རོ་བཞིན། མཐོང་སྤང་གི་རྟོག་པ་བག་ལ་ཉལ་ཏེ། མངོན་དུ་མི་གསལ་ཀྱང་། ཟས་ངན་གྱིས་ནད་རོ་སློང་པ་བཞིན་དུ། ཡུལ་གྱི་རྟོག་པ་རྐྱེན་ངན་གྱིས་སློང་པར་འགྱུར་རོ། །ཚུལ་འདི་ནམ་ཞིག་རྣལ་འབྱོར་དགྲ་རུ་ལྡང་ཞེས་པ་ནི། འཆི་ཁར་བག་ཙམ་འཁྲུལ་བའམ། བར་དོའི་འཁྲུལ་སྣང་གིས་དགེ་སྦྱོར་འཇིག་ཉེན་ཡོད་པས་ནད་ལ་སྨན་བཞིན་བསླང་གིན་བཅོས་པ་ནི། དཔེར་ན་སྨན་རྣོན་པོས་ནད་བསླང་ཞིང་འཆོས་པ་བཞིན་དུ། རྐྱེན་ངན་སྣ་ཚོགས་དང་སྤྲད་ཅིང་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་མ་བྱས་ན་བར་དོའི་འཁྲུལ་སྣང་བཟློག་པར་ཤིན་ཏུ་དཀའོ། །དེ་ཕྱིར་དབེན་པ་བསྟེན་ཙམ་མཆོག་དོན་མིན་ཏེ། རང་གཅིག་པུར་བསྡད་ཅིང་རྐྱེན་ངན་དང་མ་འཕྲད་ཙ་ན། ཉམས་བཟང་པོར་གནས་ཀྱང་། རྐྱེན་ངན་དང་འཕྲད་ཙ་ན་ཉམས་འགྲིབ་ཉེན་ཡོད་པ་ཡིན་ནོ། །རོ་སྙོམས་ལུགས་ལ་གསུམ་སྟེ། སྤྱོད་ལམ་ལ་རོ་སྙོམས་པ་དང་། རྐྱེན་ལ་རོ་སྙོམས་པ་དང་། ཡུལ་ལ་རོ་སྙོམས་པའོ། །སྤྱོད་ལམ་ལ་རོ་སྙོམས་པ་ནི། དལ་དང་དྲག་དང་ཤིན་ཏུ་དྲག་པོ་ལ། །སྦྱོར་བ་འདི་དང་ལྡན་པ་ཤིན་ཏུ་གཅེས། །ཞེས་པ་ནི། སྤྱོད་ལམ་དལ་བ་ནི། རང་གཅིག་པུའི་སྤྱོད་ལམ་མོ། །དྲག་པ་ནི་ཆགས་སྡང་མི་སྐྱེ་བའི་མི་དང་འགྲོགས་པའི་སྤྱོད་ལམ་མོ། །ཤིན་ཏུ་དྲག་པ་ནི། ཆགས་སྡང་སྐྱེ་བའི་མི་དང་འགྲོགས་པའི་སྤྱོད་ལམ་མོ། །སྦྱོར་བ་འདི་དང་ལྡན་པ་ཤིན་ཏུ་གཅེས་པ་ནི། དེའི་དུས་སུ་རང་གི་ཉམས་དང་མ་བྲལ་བ་ཤིན་ཏུ་གཅེས་པའོ། །
རྐྱེན་ལ་རོ་སྙོམས་པ་ནི། བདེ་དང་སྡུག་བསྔལ་འདི་ཀུན་རྣལ་འབྱོར་བརྒྱན་ཞེས་པ། བདེ་རྐྱེན་ཆང་འཐུང་གླུ་ལེན་པ་དང་། སྡུག་རྐྱེན་ན་ཚ་དང་མྱ་ངན་ལ་སོགས་པའི་དུས་ལ་ཡང་ཉམས་མ་ཡེངས་པར་སྐྱོང་བའོ། །ཡུལ་ལ་རོ་སྙོམས་པ་ནི། རང་བཞིན་དང་ནི་ཆེད་དུ་བྱས་པ་ལས། །གྲང་མོའི་ལྕགས་དང་མེ་རྡོ་སྤྲད་པར་བྱ། །ཞེས་པ་ནི། རང་བཞིན་གྱི་རྐྱེན་ངན་ནི་དབང་མེད་དུ་བྱུང་བའོ། །ཆེད་དུ་བྱས་པའི་རྐྱེན་ངན་ནི། རང་གི་སྤྱོད་ངན་སྣ་ཚོགས་བྱས་པ་དེས། གཞན་གྱི་དད་པ་བཟློག་པས་གཞན་གྱིས་བདག་ལ་གནོད་པ་སྣ་ཚོགས་བྱེད་དུ་བྱུང་བའི་ཚེ། རང་གི་ཉམས་མ་ཤོར་བར་རིག་པའི་རྩལ་སྦྱང་བར་བྱའོ། །གྲང་མོའི་ལྕགས་དང་མེ་རྡོ་འཕྲད་པ་ནི། རང་རྐྱེན་དང་གཞན་རྐྱེན་བདེ་རྐྱེན་སྡུག་རྐྱེན་སྣ་ཚོགས་ལས་རིག་པའི་རྩལ་སྦྱངས་པས་ཉམས་ཀྱི་བོགས་འདོན་པའོ། །
དྲི་མ་སེལ་ལུགས་ལ་གསུམ་སྟེ། དྲི་མའི་དཔེ་དང་། དྲི་མ་དངོས་དང་། དེའི་སེལ་ལུགས་སོ། །དྲི་མའི་དཔེ་ནི། ཆུ་ཤེལ་སྐམ་ལ་ཆུ་རྒྱུན་འབབ་པ་ཇི་བཞིན་དུ་ཞེས་པ་ནི། དཔེར་ན་ཆུ་ཤེལ་སྐམ་པོ་ཟླ་བ་ཉ་དང་འཕྲད་ན་ཆུ་འབབ་པ་བཞིན་དུ། རང་གི་སྒོམ་ཉམས་བཟང་པོ་ཡང་། འབྱུང་པའི་རྐྱེན་གྱིས་འགྲིབ་པ་ཡང་སྲིད་དོ། །དྲི་མ་དངོས་ནི་ཡུལ་གྱི་འཁྲུལ་པས་རྣལ་འབྱོར་གཡེངས་གྱུར་ན། །ཆེད་དུ་མི་སྤང་རྣལ་འབྱོར་དེ་ཉིད་ལམ་དུ་འཁྱེར། །ཞེས་པ་ནི། དེ་ལྟར་རོ་མཉམ་པའི་ཚེ། ཡུལ་གྱི་རྐྱེན་ངན་མ་ཐུབ་སྟེ། དུག་ལྔའི་མི་རོ་ལངས་ནས་དུག་ལྔ་དེ་སྤངས་པས་མི་སྤོང་སྟེ། ལྟ་གདེངས་ལྔ་བསྒྱུར་ཏེ་ལམ་དུ་བྱེད་པའོ། །དྲི་མ་དེའི་སེལ་ལུགས་ལ་དྲུག་སྟེ། གནས་གྲོགས་སྤྱོད་ལམ་ལ་རོ་མཉམ་པ་དང་། བདུད་ཀྱི་ཡུལ་ལ་རོ་མཉམ་པ་དང་། ལྟ་གདེངས་ཀྱི་རོ་མཉམ་པ་དང་། ཡི་གེས་རོ་མཉམ་པ་དང་། རོ་མཉམ་པའི་དཔེ་དང་། རོ་མ་སྙོམས་པའི་སྤོང་ཐབས་སོ། །གནས་གྲོགས་སྤྱོད་ལམ་ལ་རོ་མཉམ་པ་ནི། གནས་གྲོགས་སྤྱོད་ལམ་ཅི་བདེ་ཡན་པ་ཉིད་ཅེས་པ་ནི། རོ་སྙོམས་ཀྱི་དུས་སུ་གནས་ལ་དབེན་མི་དབེན་མི་དབྱེ། གྲོགས་ལ་བཟང་ངན་མི་དབྱེ། སྤྱོད་ལམ་ལ་ལེགས་ཉེས་མི་བརྩི་བར་གང་ཤར་ཡན་པར་བསྐྱང་ངོ་། །བདུད་ཀྱི་ཡུལ་ལ་རོ་སྙོམས་པ་ནི། རྐྱེན་ལས་སྐྱེས་པའི་མདའ་ལྔ་གྲོགས་སུ་འཁྱེར་ཞེས་པ་ནི། བདུད་དགའ་རབ་དབང་ཕྱུག་གི་བཙུན་མོ་པདྨའི་ཕྲེང་ལྡན་གྱི་ཕྱག་ན་བདུད་ཀྱི་མདའ་ལྔ་ཡོད་པས་ཆོས་བྱེད་རྣམས་ལ་དེ་ཚོ་བརྒྱབས་པས་ཆོས་བྱེད་ཐམས་ཅད་ལ་དུག་ལྔའི་མི་རོ་ལྡང་པ་ཆོས་ཉིད་ཡིན་ནོ། །དེ་སྤངས་པས་མི་སྤོང་སྟེ། ཐབས་ཁྱད་པར་ཅན་གྱི་ལམ་དུ་བྱེད་དགོས་པ་ཡིན་ནོ། །
ལྟ་སྟངས་ཀྱི་རོ་མཉམ་པ་ནི། གཟུགས་ལ་གསལ་བྱེད་དབང་པོའི་དབྱིངས་ལས་སྤར། །སྟེང་དུ་བསྒྱུར་བས་ང་རྒྱལ་རྟོག་པ་ཆེ། །འོག་ཏུ་བསྒྱུར་བས་གཏི་མུག་མི་རྟོག་ཉིད། །གཡས་སུ་བསྒྱུར་བས་ཞེ་སྡང་གསལ་བ་ཆེ། །གཡོན་དུ་བསྒྱུར་བས་ཕྲག་དོག་ཡངས་པ་ཆེ། །ཐད་ཀར་བསྒྱུར་བས་འདོད་ཆགས་བདེ་བ་ཆེ། །ཡི་གེས་རོ་མཉམ་པ་ནི། དེ་ཉིད་བལྟ་ཞིང་ཡི་གེའི་འགྲོས་ཀྱིས་བསྐུལ་ཞེས་པ་ནི། དེ་གཉིས་སྡེབས་ནས་བཤད་དགོས་ཏེ། གཉུག་མ་གསལ་བྱེད་དབང་པོའི་དབྱིངས་ནས་སྤར་ཞེས་པ་ནི། འདི་ནས་ལྟ་གདེངས་བསྒྱུར་བའི་དུས་སུ་ཉམས་ལ་གསལ་འདེབས་རིག་པ་ལ་ངར་འདོག་པ་ཡིན་ནོ། །སྟེང་དུ་བསྒྱུར་བས་ང་རྒྱལ་རྟོག་པ་ཆེ་ཞེས་པ་ནི། ཉོན་མོངས་པ་ང་རྒྱལ་སྐྱེས་པའི་ཚེ། ལྟ་གདེང་སྟེང་དུ་བསྒྱུར་ལ། དྲག་པོར་འཇུན་ནོ། །གཉེན་པོས་བཤིག་ལ་ཉོན་མོངས་པ་ང་རྒྱལ་དེ་ཉིད་ལ་ནང་དུ་བལྟས་པས་རང་བཞིན་སྤྲོས་བྲལ་དུ་གྲོལ་བའོ། །རྗེས་བསྟན་པར་བྱེད་པ་ནི། ཨོཾ་ཀ་ཁ་ག་གྷ་ང་སྭཱ་ཧཱ། ཞེས་བརྗོད་དེ་ལྟ་གདེངས་ལན་མང་དུ་གཅུན་ལ་རྗེས་ལ་ལྟའོ། །སྔགས་ཀྱི་གྲངས་ནི་ཐུན་རེ་ལ་བརྒྱ་རྩ་བརྒྱད་དོ། །དེས་ཀུན་ལ་འགྲེའོ། །འོག་ཏུ་བསྒྱུར་བས་གཏི་མུག་མི་རྟོག་ཉིད་ཅེས་པ་ནི། གཏི་མུག་སྐྱེས་པའི་ཚེ། ལྟ་གདེངས་འོག་ཏུ་བསྒྱུར་ལ། གཏི་མུག་གི་གཉེན་པོ་རླུང་གི་ཡི་གེ་བགྲང་པ་ནི། ཨོཾ་ཙ་ཚ་ཛ་ཛྷ་ཉ་སྭཱ་ཧཱ། ཞེས་སོ། །གཡས་སུ་བསྒྱུར་བས་ཞེ་སྡང་གསལ་བ་ཆེ་བ་ནི། ཉོན་མོངས་པ་ཞེ་སྡང་སྐྱེས་པའི་ཚེ། ལྟ་གདེངས་གཡས་སུ་བསྒྱུར་ལ་གཉེན་པོའི་ཡི་གེ་ཨོཾ་པ་ཕ་བ་བྷ་མ་སྭཱ་ཧཱ། ཞེས་བགྲང་ངོ་། །གཡོན་དུ་བསྒྱུར་བས་ཕྲག་དོག་ཡངས་པ་ཆེ་བ་ནི། ཕྲག་དོག་སྐྱེས་པའི་ཚེ་ལྟ་གདེངས་གཡོན་དུ་བསྒྱུར་ལ། གཉེན་པོའི་ཡི་གེ་ཨོཾ་ཏ་ཐ་ད་དྷ་ན་སྭཱ་ཧཱ་ཞེས་བགྲང་ངོ་། །ཐད་ཀར་བསྒྱུར་བས་འདོད་ཆགས་བདེ་བ་ཆེ་བ་ནི། འདོད་ཆགས་སྐྱེས་པའི་དུས་སུ་ལྟ་གདེངས་ཐད་ཀར་བསྒྱུར་བས་གཉེན་པོའི་ཡི་གེ་ཨོཾ་ཊ་ཋ་ཌ་ཌྷ་ཎ་སྭཱ་ཧཱ་ཞེས་བགྲང་ངོ་། །རོ་སྙོམས་པའི་དཔེ་ནི། ཇི་ལྟར་ནགས་ཀྱི་མེ་ལ་རླུང་བཞིན་དུ། །གྲོགས་སུ་ཤར་ན་རྣལ་འབྱོར་ཆེན་པོ་ཡིན། །ཞེས་པ་ནི། དཔེར་ན་ནགས་ལ་མེ་ཤོར་བའི་དུས་སུ་རླུང་ཆེ་ཆུང་མེད་པ་མེའི་གྲོགས་སུ་འགྲོ་བ་བཞིན་དུ། ཐབས་ཀྱིས་ཟིན་ན་ཉོན་མོངས་པ་ལམ་གྱི་གྲོགས་སུ་འཆར་བའོ། །
རོ་མ་སྙོམས་པའི་སྤོངས་ཐབས་ནི། དམན་པར་གྱུར་ན་རྣལ་འབྱོར་ལན་གསུམ་ལྡབ། །དེ་ཡིས་ཕྲ་མོའི་དྲི་མ་གཏིང་ནས་འདོན། །དེས་ནི་རྣལ་འབྱོར་འཇིགས་པའི་དགྲ་དང་བྲལ། །ཞེས་པ་ནི། དམན་པར་གྱུར་ན་རྣལ་འབྱོར་ལན་གསུམ་ལྡབ་པ་ནི། དབང་པོ་དམན་པ་ཏིང་ངེ་འཛིན་གྱི་སྟོབས་ཆུང་བས་རྐྱེན་ལ་རོ་མ་སྙོམས་ན་དཀའ་ཐུབ་ལན་གཉིས་སམ་གསུམ་དུ་ལྡབ་དགོས་པ་ཡིན་ནོ། །དེ་ཡིས་ཕྲ་མོའི་དྲི་མ་གཏིང་ནས་འདོན་པ་ནི། དེས་སྒོམ་སྤངས་ཀྱི་དྲི་མ་བག་ལ་ཉལ་གྱི་ཕྲ་རྒྱས་ཐམས་ཅད་ཀྱང་དག་པར་བྱེད་པའོ། །དེས་ནི་རྣལ་འབྱོར་འཇིགས་པའི་དགྲ་དང་བྲལ་བ་ནི། དེས་ནི་འཆི་ཁ་དང་བར་དོའི་དུཿཁ་ལ་ཉམ་མི་ངའོ། །རོ་སྙོམས་ཀྱི་ལམ་གྱི་ངོ་བོའི་ཆོས་བདུན་ནི། གཞི་ལ་སྤྲོས་པ་ཆོད་པས་རེ་དོགས་ཀྱི་བློ་ཟད་པ་ནི། རང་གིས་བཙག་པའི་གསེར་ལ་ཐེ་ཚོམ་མེད་ཅེས་པ་ནི། དཔེར་ན་རང་གིས་བཙག་པའི་གསེར་གཅིག་ལ་འདི་ལ་ཟོལ་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་མེད་པ་བཞིན་དུ། ལམ་གོང་མ་གསུམ་ལ་བརྟེན་ནས་སེམས་ཀྱི་སྒྲོ་འདོགས་ཆོད་པས་ད་ལྟ་འབྲས་བུ་ལ་རེ་དོགས་མེད་པའོ། །
རྐྱེན་ངན་ལ་རོ་སྙོམས་པས་ཕྲ་རྒྱས་ཀྱི་ཕན་མི་ལྡང་བ་ནི། ཆུ་བོ་བཞི་འབབ་རྒྱ་མཚོ་ལན་ཚྭའི་རོ་ཞེས་པ་ནི། དཔེར་ན་ཆུ་བོ་བཞི་ལ་རོ་དང་ནུས་པ་ཐ་དད་དུ་ཡོད་ཀྱང་། རྒྱ་མཚོ་ཆེན་པོར་སླེབ་པའི་ཚེ། རོ་དང་ནུས་པ་གཅིག་ཏུ་འདྲེས་ནས་ལན་ཚྭའི་རོར་འགྲོ་བ་བཞིན་དུ། ལམ་གོང་མ་ཀུན་གྱི་སྐབས་སུ་རྐྱེན་བཟང་ངན་ལ་བརྟེན་ནས་ཉམས་ལ་འཕེལ་འགྲིབ་ཡོད་ཀྱང་། རོ་སྙོམས་མཐར་ཕྱིན་པའི་དུས་སུ། རང་རྐྱེན་དང་གཞན་རྐྱེན་བཟང་ངན་གྱིས་གནོད་པ་མི་ནུས་ཏེ། ཐམས་ཅད་ཉམས་མྱོང་གི་རྩལ་དུ་འཆར་བའོ། །རྐྱེན་ངན་ལ་ཐོག་བརྫིས་པས་སྒྲོག་རྩ་བར་ཆོད་པ་ནི། དཔའ་བོ་གཡུལ་དུ་བསད་པས་དམག་དཔུང་ཞིག་ཅེས་པ་ནི། དཔེར་ན་དམག་གི་དཔོན་གཅིག་གཡུལ་དུ་བསད་ན། དམག་གཞན་རྣམས་རང་གྱེས་ལ་འགྲོ་བ་བཞིན་དུ། རྐྱེན་ངན་དྲག་པོ་གཅིག་ལམ་དུ་སློངས་ན་རྐྱེན་ངན་ཕྲ་མོ་རྣམས་ཀྱིས་གནོད་པར་མི་ནུས་སོ། །གོམས་འདྲིས་བརྟན་པ་ཐོབ་པ་ནི། ཟག་པའི་ཕན་མི་ལྡང་བ་ནི། ཞུན་ཐར་འབྱོངས་པའི་གསེར་ནི་བཟོ་བོའི་རྒྱུ་ཞེས་པ་ནི། གསེར་མེ་ལ་ཞུན་ཐར་ལེགས་པར་བྱས་པ་དེ་ལ་བཟོ་གང་བྱས་ཀྱང་བཏུབ་པ་བཞིན་དུ། ལམ་གསུམ་ལ་གོམས་འདྲིས་ཀྱི་བརྟན་པ་ཐོབ་པས་རོ་སྙོམས་ཀྱི་དུས་སུ་རྐྱེན་ངན་གྱི་ཟག་པའི་ཕན་ལྡང་མི་ནུས་སོ། །དག་སྣང་ལ་རྩལ་སྦྱངས་པས་འཁྲུལ་པའི་ཡིད་སུབས་པ་ནི། འཕྲུལ་གྱི་བཟོ་བོ་འབག་གི་དབྱིབས་ལ་ཡིད་མི་བལྟ་ཞེས་པ་ནི། དཔེར་ན་ལྷ་བཟོ་བ་ལྷ་ཁང་ལ་སོགས་པ་ལྷ་ཕྲ་མོ་བྱེད་པ་རྣམས། འབག་དང་ལྡེར་ཚོ་ལ་སོགས་པ་ལ་ཡིད་མི་འཇུག་པ་བཞིན་དུ། སྣང་བ་དག་སྣང་འབའ་ཞིག་ལ་རྩལ་སྦྱངས་པས་འཁྲུལ་པ་ལ་ཡིད་མི་འཇུག་པའོ། །སྒྲ་གྲག་སྟོང་བྲག་ཆར་ཤེས་པས་འཁྲུལ་པའི་ཡིད་སུབས་པ་ནི། བྲག་ཆའི་སྒྲ་དེ་རང་གི་སྐད་དུ་ཤེས་ཞེས་པ་ནི། སྒྲ་ཐམས་ཅད་གྲག་སྟོང་དབྱེར་མེད་བྲག་ཆའི་སྒྲ་ལྟར་ཤེས་པས་བསྟོད་སྨད་དང་སྙན་མི་སྙན་ལ་སོགས་པའི་ཆོས་བརྒྱད་ཀྱི་རྗེས་སུ་མི་འབྲང་ངོ་། །ཕྲ་རྒྱས་རྩ་བ་ནས་བཏོན་པས་གཉིས་བསྡུས་ཀྱི་དྲི་མ་ཟད་པ་ནི། དུག་སྡོང་ཕྱུང་པའི་ལྡུམ་ར་སྨན་གྱི་གནས་ཞེས་པ་ནི། དཔེར་ན་དུག་གི་སྡོང་པོ་རྩ་བ་ནས་མ་ཕྱུང་ན། སྨན་ལ་སྐྱེ་ས་མེད་ལ། དུག་སྡོང་རྩ་བ་ནས་བཏོན་ན། སྨན་གཟུགས་སུ་བཏུབ་པ་བཞིན་དུ། རྐྱེན་ངན་དྲག་པོ་ཆོད་ན་ཕྲ་རྒྱས་ཀྱི་འཕན་ལྡང་ཡང་རྐྱེན་ངན་དྲག་པོས་ཕྲ་རྒྱས་ཀྱི་འཕན་ལྡང་མི་ནུས་པའོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། སྒོམ་ལམ་རོ་སྙོམས་ཀྱིས་བཅད་པའི་ལེའུ་སྟེ་བཅུ་དྲུག་པའོ། །
ལེའུ་བཅུ་བདུན་པ་ཐར་ལམ་བྱ་བྲལ་གྱིས་བཅད་པའི་ལེའུ་ལ་བཞི་སྟེ། བྱ་བྲལ་དངོས་བསྟན་པ་དང་། དེའི་དྲི་མ་བསལ་བ་དང་། གོལ་ས་བཅད་པ་དང་དོན་གཉིས་གྲུབ་ཚུལ་ལོ། །བྱ་བྲལ་དངོས་བསྟན་པ་ནི། ཡང་ཅིག་སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་ཆེན་པོ་འདི་ལྟ་སྟེ། །དྲི་མ་གཉིས་བྲལ་རྣལ་འབྱོར་དབང་ཕྱུག་དེ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོར་གནས། །དེ་ཚེ་ལྟའམ་སྒོམ་ཞེས་འཛིན་པས་ན། །བརྟེན་པའི་བདག་པོ་ཕྲ་མོ་སྒྲིབ་བྱེད་ཡིན། །ཞེས་པས་ཏེ། ཚིག་གོང་མ་གཉིས་འགྲེའོ། །དྲི་མ་གཉིས་བྲལ་རྣལ་འབྱོར་དབང་ཕྱུག་ནི་ཞེས་པ་ནི། མཐོང་སྤངས་དང་། སྒོམ་སྤངས་གཉིས་ཀྱི་དྲི་མ་དང་བྲལ་བའི་ཐར་ལམ་ལ་གནས་པའི་རྣལ་འབྱོར་གྱི་དབང་ཕྱུག་དེའོ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོར་གནས་པ་ནི། སངས་རྒྱས་དངོས་དང་འདྲའོ། །དྲི་མ་སེལ་ལུགས་ལ་གཉིས་ཏེ། དྲི་མ་ངོས་བཟུང་བ་དང་། དེ་བསལ་བའོ། །
དྲི་མ་ངོས་བཟུང་བ་ནི། དེ་ཚེ་བལྟའམ་སྒོམ་ཞེས་འཛིན་པས་ན། །བརྟེན་པའི་རྟོག་པ་ཕྲ་མོ་སྒྲིབ་བྱེད་ཡིན། །ཞེས་པ་ནི། བྱ་བྲལ་གྱི་དུས་སུ་ལྟ་སྒོམ་དམིགས་པ་ཅན་དུ་འཛིན་ན་རྟེན་རྟོག་ཕྲ་མོ་དང་མ་བྲལ་བས་སྒྲིབ་བྱེད་ཡིན་ནོ། །དེའི་དྲི་མ་བསལ་བ་ལ་ལྔ་སྟེ། ལྟ་བ་གཡང་ལ་བསྐྱུར་བ་དང་། སྒོམ་པའི་བློ་མཐའ་གཞིག་པ་དང་། འབྲས་བུའི་སྒྲུབ་བློ་ཞིག་པ་དང་། སྒྲུབ་པའི་འདོད་བློ་བོར་བ་དང་། མཐར་ཐུག་གི་བྱ་བ་བསྟན་པའོ། །ལྟ་བ་གཡང་ལ་བསྐྱུར་བ་ནི། དེ་ཚེ་རྣལ་འབྱོར་གྱི་རྒྱུད་ལ་ལྟོས། །ཆོས་ཀུན་མཁའ་འདྲར་མཉམ་མཐོང་ཕྱོགས་འཛིན་ཞིག །ལྟ་དང་ལྟ་བར་བྱེད་པ་འདི་སུ་ཞིག །ཀྱེ་མ་ད་ཡོང་བདག་ནི་ལྟ་རི་ཤི །ཞེས་པ་སྟེ། དེ་ཚེ་རྣལ་འབྱོར་རང་གི་རྒྱུད་ལ་ལྟོས་ཞེས་པ་ནི། བྱ་བྲལ་གྱི་རྣལ་འབྱོར་པ་དེས་རང་གི་རྒྱུད་ལ་ཚུར་ལ་བལྟས་པས་ཆོས་ཐམས་ཅད་ནི་ནམ་མཁའ་དང་འདྲ་བར་རྟོག་པས་གྲུབ་མཐའི་ཕྱོགས་འཛིན་ཞིག་པའོ། །ལྟ་དང་ལྟ་བར་བྱེད་པ་འདི་སུ་ཞིག་ཅེས་པ་ནི། ཡང་དག་པའི་དོན་ལ་བལྟ་བྱ་དང་ལྟ་བྱེད་མ་གྲུབ་པས་ཀྱེ་མ་ཞེས་བརྗོད་ནས་ཡང་དག་པའི་དོན་ལ་བལྟ་རྒྱུ་མེད། མི་བལྟ། བལྟ་རི་ཤི། བལྟ་ན་ཡང་ང་ལ་སྡིག་ཞེས་ཞེ་མནའ་བསྐྱལ་ལ་ལྟ་བ་གཡང་ལ་བསྐྱུར་རོ། །སྒོམ་པའི་བློ་མཐའ་གཞིག་པ་ནི། རང་དྭངས་གཉུག་མའི་ངང་ལ་འཛིན་བློ་ཞིག །འདི་ལ་སུ་ཞིག་ཇི་ལྟར་སྒོམ་པ་ཡིན། །ཀྱེ་མ་ད་ཡོང་བདག་ནི་སྒོམ་བློ་བྲལ། །ཞེས་པས་ཏེ། རང་དྭངས་གཉུག་མའི་ངང་ལ་འཛིན་བློ་བྲལ་བ་ནི། ཡང་དག་པའི་དོན་མངོན་དུ་གྱུར་ཏེ། ཆོས་ཐམས་ཅད་རང་དྭངས་གཉུག་མའི་ངང་དུ་རྟོགས་ཙ་ན་བསྒོམ་བྱ་སྒོམ་བྱེད་ཀྱི་འཛིན་བློ་དང་བྲལ། འདི་ལ་སུ་ཞིག་ཇི་ལྟར་སྒོམ་པ་ཡིན་ཏེ། བསྒོམ་དུ་མེད། མི་བསྒོམ། བསྒོམ་རི་ཤི་བསྒོམ་ན་ཡང་ང་ལ་སྡིག་ཅེས་ཞེ་མནའ་བསྐྱལ་ལོ། །སྒོམ་པའི་བློ་མཐའ་གྲོལ་ལོ། །འབྲས་བུ་ཡི་སྒྲུབ་བློ་ཞིག་པ་ནི། སྐུ་གསུམ་དབྱེར་མེད་རང་གི་སེམས་ལ་འཁྲུངས། །འདི་ལ་གཞན་ནས་ཐོབ་འདོད་ནོར་བའི་ལམ། །ཀྱེ་མ་བདག་ནི་སངས་རྒྱས་མི་འཚོལ་ལོ། །ཞེས་པ་སྟེ། སྐུ་གསུམ་དབྱེར་མེད་རང་གི་སེམས་ལ་འཁྲུངས་ཞེས་པ་ནི། སེམས་ཀྱི་ངོ་བོ་སྟོང་པར་གནས་པ་དེ་ཆོས་ཀྱི་སྐུར་གྲོལ། རང་བཞིན་གསལ་བ་དེ་ལོངས་སྤྱོད་རྗོགས་པའི་སྐུར་ཤར། མཚན་ཉིད་འཕྲོ་བ་དེ་སྤྲུལ་པའི་སྐུར་བྱོན་པའོ། །དེ་ལྟར་སེམས་ཉིད་སྐུ་གསུམ་པོ་མ་རྟོགས་པར་འབྲས་བུ་དུས་ནམ་ཞིག་ལོགས་ནས་ཐོབ་པར་འདོད་པ་ནི། ལམ་ནོར་བས་ཏེ་སྨན་པའི་ལམ་ཡིན་ནོ། །ཀྱེ་མ་བདག་ནི་སངས་རྒྱས་མི་འཚོལ་བ་ནི། སེམས་ཉིད་སྐུ་གསུམ་དུ་རྟོགས་པ་ལས་གཞན་པའི་སངས་རྒྱས་གཅིག་ལོགས་ནས་བསྒྲུབ་ཏུ་མེད་དེ། མི་བསྒྲུབ། བསྒྲུབ་རི་ཤི། སྒྲུབ་ན་ཡང་ང་ལ་སྡིག་ཅེས་ཞེ་མནའ་བསྐྱལ་ལ་འབྲས་བུའི་སྒྲུབ་བློ་གཞིག་གོ །སྒྲུབ་པའི་འདོད་བློ་བོར་བ་ནི། འབད་དང་རྩོལ་བ་ཐམས་ཅད་འཁྲུལ་པའི་བློ། །བྱར་མེད་ཆོས་ལ་འབད་པ་ཨ་རེ་འཁྲུལ། །ཞེས་པ་ནི། སེམས་མ་རྟོགས་པའི་ལུས་ངག་གིས་འབད་རྩོལ་དྲག་པོ་བྱས་པས་སངས་རྒྱས་མི་ཐོབ་པས་འཁྲུལ་པའི་བློ་ཡིན་ནོ། །བྱར་མེད་ཆོས་ལ་འབད་པ་ཨ་རེ་འཁྲུལ་ནི། སེམས་ཀྱི་གཤིས་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་མངོན་དུ་གྱུར་ནས་ཀྱང་། ལུས་ངག་གི་འབད་རྩོལ་དྲག་པོ་བྱེད་པ་འཁྲུལ་པའི་བློའོ། །མཐར་ཐུག་གི་བྱ་བ་བསྟན་པ་ནི། ཀྱེ་མ་ད་ནི་གཞན་ཕན་མ་གཏོགས་པའི། །བདག་ལ་བྱ་རྒྱུ་རྡུལ་ཙམ་ཡོད་པ་མིན། །ཞེས་དགོངས་པ་ནང་དུ་འཁྲུངས་ན་རྡོ་རྗེ་འཆང་ཞེས་པ་སྟེ། ཀྱེ་མ་བདག་ནི་གཞན་ཕན་མ་གཏོགས་པའི་ཞེས་པ་ནི། དེ་ལྟར་གོམས་པ་མཐར་སྐྱོལ་ནས་སེམས་ཅན་ལ་ཅི་ཕན་བྱེད་པ་ལས། རང་གི་དོན་དུ་རྩོལ་སྒྲུབ་བྱ་རྒྱུ་རྡུལ་ཙམ་ཡང་མེད་པའོ། །དེ་ལྟ་བུའི་དགོངས་པ་ནང་དུ་འཁྲུངས་ནས་ལུས་མི་རུ་འདུག་ཀྱང་དགོངས་པ་རྡོ་རྗེ་དངོས་ཡིན་ནོ། །
གོལ་ས་བཅད་པ་ནི། ཚིག་ཏུ་བརྗོད་པས་དོན་དུ་འཁྲུལ་པ་མིན་ཞེས་པ་ནི། ལམ་ཡོངས་སུ་མ་རྫོགས་པར་དབང་ཐོབ་ལོ་ཙམ་ལམ་ཁྲིད་བྱས་ལོ་ཙམ་གྱིས་དོན་འགྲུབ་པ་མིན་ནོ། །དོན་གཉིས་འགྲུབ་ཚུལ་ལ་ངོ་བོའི་ཆོས་གཉིས་ཏེ། རང་དོན་འགྲུབ་པའི་ཆོས་བདུན་གཞན་དོན་མཛད་པའི་ཆོས་བདུན་ནོ། །དང་པོ་ལ་གཉིས་ཏེ། མངོན་དུ་གྱུར་པའི་ཚུལ་དང་། དེའི་དཔེའོ། །མངོན་དུ་གྱུར་པའི་ཚུལ་ནི། གང་ཚེ་རྣལ་འབྱོར་ཆེན་པོར་གྱུར་པ་ནི། །རང་གཞན་དོན་གཉིས་མངོན་དུ་གྱུར་པར་བྱེད། །ཇི་བཞིན་རྣལ་འབྱོར་མངོན་གྱུར་བདེ་བ་ཆེ། །ཞེས་པ་ནི། གང་ཚེ་རྣལ་འབྱོར་ཆེན་པོར་གྱུར་པ་ནི། ལམ་ལྔ་རྫོགས་ཤིང་གོམས་པ་མཐར་ཕྱིན་པ་དེའོ། །རང་གཞན་གྱི་དོན་མངོན་དུ་གྱུར་པ་ནི། དུས་དེ་ནས་རང་དོན་གཞན་དོན་ཐམས་ཅད་འགྲུབ་པའོ། །ཇི་བཞིན་མངོན་དུ་གྱུར་པས་བདེ་བ་ཆེ་བ་ནི། གཤིས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའི་རྣལ་འབྱོར་པས་ནི། བདེ་བ་ཆེན་པོའི་སྐུ་ཐོབ་པ་སྟེ། འཁོར་བའི་སྡུག་བསྔལ་དང་བྲལ་བའོ། །
དཔེ་བདུན་ནི། འཁོར་བ་ཕྱེ་ཆུ་འདྲེས་པས་གཉིས་འཛིན་མདུད་པ་ཞིག་པ་ནི། ཞོ་ག་ཆུ་དང་འདྲེས་པས་མདོག་མི་སྣང་ཞེས་པ་ནི། དཔེར་ན་ཕྱིའི་རྒྱ་མཚོ་ལ་ནོར་བུ་རིན་པོ་ཆེ་ཞོ་ག་བྱ་བ་ཡོད་དེ། དེ་ལ་ཉི་མ་ཕོག་པའི་ཚེ་རྒྱ་མཚོ་ཐམས་ཅད་ཞོ་རུ་མེར་གྱིས་སྣང་བས་ཆུ་དང་ཞོ་གཉིས་མདོག་གཉིས་སུ་མི་ཕྱེད་པ་བཞིན་དུ་དོན་རྟོགས་པ་མངོན་དུ་གྱུར་པའི་ཚེ། འཁོར་འདས་ཐམས་ཅད་སེམས་ཉིད་ཆོས་ཀྱི་སྐུའི་ངོ་བོར་འདྲེས་ནས་ཐ་དད་དུ་འཛིན་པ་དང་བྲལ་ལོ། །ཆོས་དང་ཆོས་མིན་འདྲེས་པས་སྤང་བླང་གི་རྩོལ་བ་གཞིག་པ་ནི། དན་ཏ་པོར་ཏ་འདྲེས་ན་གཉིས་ཀ་བསྡུའོ་ཞེས་པ་ནི། རྒྱ་ནག་པོ་ན་དུར་བྱིད་བྱ་བ་ཕོ་ཤིང་དང་མོ་ཤིང་གཉིས་ཡོད་དེ། དེ་ལ་འབྲས་བུ་དན་ཏ་དང་པོར་ཏ་བྱ་བ་ཅོག་གེ་འདྲ་བ་ཡོད་པས་ཤིང་གི་མིང་མི་གཅིག་ཀྱང་འབྲས་བུའི་ནུས་པ་གཅིག་པས་གཉིས་ཀ་འཐུ་བ་བཞིན་དུ། ཆོས་དང་ཆོས་མ་ཡིན་པ་གཉིས་ཀྱང་། མ་རྟོགས་པའི་དུས་ན་ཐ་དད་པས་སྤང་བླང་བྱེད་དགོས་ཀྱང་། སེམས་རྟོགས་པའི་དུས་སུ་སྤང་བླང་མི་དགོས་པའོ། །
ལས་དང་རྣམ་སྨིན་ཟད་པས་གྱུར་ཤོག་གི་སྨོན་ལམ་སྟོར་བ་ནི། གཟེར་ཐེབས་སྒོ་ང་དྲོད་ཀྱིས་འདབ་མི་ཆགས་ཞེས་པ་ནི། དཔེར་ན་བྱའི་སྒོ་ང་ལ་ལྕགས་གཟེར་ཐེབས་ན། མས་གབ་ཀྱང་ཕྲུ་གུ་མི་ཆགས་པ་བཞིན་དུ། ཆོས་རྣམས་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་པ་དེ་ལ་ལས་དང་རྣམ་སྨིན་གྱིས་མི་གོས་པའོ། །བློ་དང་ཆོས་ཟད་པས་རྟེན་རྟོག་གི་བྱ་བ་བྲལ་བ་ནི། སྣུམ་ཟད་མར་མེའི་རྩོལ་བས་དོན་མི་འགྲུབ་ཅེས་པ་ནི། མར་མེ་སྣུམ་ཟད་ན་སྡོང་བུ་བསྐྱར་ཀྱང་མི་འབར་བ་བཞིན་དུ། བློ་ཟད་ཆོས་ཟད་དུ་རྟོགས་པའི་རྣལ་འབྱོར་པ་དེ་ལ། ཆེད་དུ་ཉམས་སུ་བླང་རྒྱུ་གང་ཡང་མེད་པའོ། །རིག་པ་དབྱིངས་ལ་ཐིམ་པས་སྐུ་གསུམ་ནང་ནས་འཆར་བ་ནི། འཕྲུལ་གྱི་གདན་དང་ཤེལ་འཕྲད་ངོ་མཚར་གནས་ཞེས་པ་ནི། ཤེལ་ཡོངས་སུ་དྭངས་པ་ལ། ཟ་འོག་གི་གདན་ལ་བཞག་པའི་ཚེ་འོད་ཟེར་ཁ་དོག་སྣ་ཚོགས་སུ་འཆར་རོ། །དེ་བཞིན་དུ་རང་སེམས་ཆོས་སྐུར་རྟོགས་པའི་དུས་སུ་གཞན་སྣང་ལ་གཟུགས་སྐུ་གཉིས་སུ་ཤར་ནས་དོན་བྱེད་པའོ། །སྐུ་གསུམ་ནང་ནས་ཤར་བས་ཞིང་ཁམས་ཕྱིར་གསལ་བ་ནི། འོད་ཟེར་མཁའ་ལ་འཇའ་བཞིན་གསལ་བར་བྱེད་ཅེས་པ་ནི། དཔེར་ན་ནམ་མཁའ་སྟོང་པ་ལ་འཇའ་ཚོན་ཁ་དོག་སྣ་ལྔ་མ་འདྲེས་པར་གསལ་བ་བཞིན་དུ། རང་སེམས་རྟོགས་པའི་དུས་སུ་སྐུ་གསུམ་ནང་ནས་འཆར་ཏེ། ཆོས་ཐམས་ཅད་སྤྱིའི་ངོ་བོར་ཡང་མ་གྲུབ་པར་རྟོགས་པས་ཆོས་སྐུའི་ཞིང་ཁམས་ནང་ནས་འཆར་རོ། །སྣོད་བཅུད་དག་པའི་ཞིང་དུ་མཐོང་པས་ལོངས་སྐུའི་ཞིང་ཁམས་ནང་ནས་ཤར། མཛད་པ་དང་ཐུགས་རྗེ་སེམས་ཅན་གྱི་དོན་མི་གཏོང་པས་སྤྲུལ་སྐུའི་ཞིང་ཁམས་ནང་ནས་ཤར་རོ། །ཞིང་ཁམས་ཕྱིར་གསལ་བས་འགྲོ་དོན་ལྷུན་གྱིས་གྲུབ་པ་ནི། དེས་ནི་འགྲོ་ཀུན་དགའ་བ་བསྐྱེད་པའི་རྒྱུ་ཞེས་པ་ནི། སྐུ་གསུམ་གྱི་ཞིང་ཁམས་དང་སྣང་བ་ཤར་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །རྒྱུ་དེ་སྔོན་དུ་སོང་བའི་འབྲས་བུ་ནི་ཞེས་པ་ནི། རྒྱུ་ལམ་ལྔ་སྔོན་དུ་སོང་བའི་འབྲས་བུ་ནི་གཞན་དོན་བྱེད་པའོ། །གཞན་དོན་མཛད་པའི་ཆོས་བདུན་ནི། གཟུགས་སྐུའི་སངས་རྒྱས་ལ་འགྲོ་དོན་ཆེ་ཆུང་ཡོད་པས་ཡོན་ཏན་གྱི་རྩལ་ཐུག་མེད་ལ་སྦྱང་བ་ནི། ནོར་བུའི་ནུས་པ་ཆེ་ཆུང་ཅི་ལས་བྱུང་ཞེས་པ་ནི། དཔེར་ན་ནོར་བུ་རང་གི་ངོ་བོ་ལ་རྟོག་པ་མེད་ཀྱང་། སེམས་ཅན་གྱི་བསོད་ནམས་ཀྱི་དབང་གིས་དགོས་འདོད་ཆེ་ཆུང་བྱུང་བ་བཞིན་དུ། འབྲས་བུ་སངས་རྒྱས་པའི་དུས་སུ་སྤངས་པའི་ཆ་ནས་འཁོར་བ་ལས་གྲོལ་བར་མཉམ་ཡང་། རྒྱས་པའི་ཆ་ནས་སེམས་ཅན་གྱི་དོན་རྒྱ་ཆེ་ཆུང་དུ་མར་བྱུང་བས་ཏེ། རང་དོན་རྟོགས་པའི་སྟེང་ནས་ཡོན་ཏན་གྱི་རྩལ་སྦྱངས་མ་སྦྱངས་ཀྱི་ཁྱད་པར་ཡིན་ནོ། །མ་རྟོགས་པའི་སེམས་ཅན་སྙིང་རྗེ་བའི་ཕྱིར་ཤས་མི་བཟོད་པའི་ཐུགས་རྗེ་བྱ་བ་ནི། དུབ་པའི་རྟེན་ནི་དེད་དཔོན་ཐུགས་རྗེའི་ཡུལ་ཞེས་པ་ནི། དཔེར་ན་ཚོང་ཕྲུག་ཐང་ཆད་པའི་དུས་སུ་དེད་དཔོན་ཐང་མ་ཆད་ཀྱང་ངལ་བསོ་བ་བཞིན་དུ། རྟོགས་ལྡན་རང་སྣང་དག་པས་འཁོར་བ་ཡུལ་མེད་དུ་གྲོལ་ཀྱང་། དེ་ལྟར་མ་རྟོགས་པ་རྣམས་སྙིང་རྗེ་བས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་དོ། །
གདུལ་བྱའི་ལོངས་སྤྱོད་མཐོང་བས་འགྲོ་དོན་ལ་ཡིད་མི་དབྱུང་བ་ནི། ནུས་པའི་སྤྱོད་པས་མའི་ཡིད་མི་འབྱུང་ཞེས་པ་ནི། དཔེར་ན་ཤིན་ཏུ་གཅེས་པའི་བུ་གཅིག་གིས་མ་ལེགས་པའི་སྤྱོད་པ་སྣ་ཚོགས་བྱས་ཀྱང་། མ་བུ་ལ་བརྩེ་བས་མི་དགའ་བ་མི་འོང་བ་བཞིན་དུ། སེམས་ཅན་རྣམས་ཀྱི་སྤྱོད་ལོག་སྣ་ཚོགས་བྱེད་ཅིང་ཕར་ལ་ཕན་བཏགས་ཀྱང་ཚུར་ལ་གནོད་པ་བྱེད་ཀྱང་། དེ་ལ་སྐྱོ་བ་མི་སྐྱེ་བར་བླ་མས་སླར་ལ་སྙིང་རྗེའི་ཡུལ་དུ་བྱས་ལ་ཕན་འདོགས་དགོས་པ་ཡིན་ནོ། །གདུལ་བྱའི་རིགས་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་གྱིས་ཕྲིན་ལས་བྱ་བ་ནི། མཛངས་མས་ཟས་ཀྱི་རིམ་པ་བསྐྱེད་དུ་སྤེལ་ཞེས་པ་ནི། མཛངས་མས་བུ་ཚ་གསོ་བ་ནི། བུ་ཆེ་ཆུང་གི་རིམ་པ་དང་སྦྱར་ནས་ཟས་ཀྱང་དེ་དང་སྦྱར་ནས་སྟེར་བ་བཞིན་དུ། གདུལ་བྱ་ལ་དབང་པོའི་རིམ་པ་མང་པོ་ཡོད་པས་དེ་དང་བསྟུན་ནས་དོན་བྱེད་པ་ཡིན་ནོ། །ལུས་ངག་འགྲོ་དོན་དུ་བསྐུལ་མ་ནུས་ན། དགེ་བ་སྨོན་ལམ་གྱིས་བསྐུལ་བ་ནི། སྐམ་པོའི་ཞིང་འདི་ནམ་ཞིག་ལོ་འབྲས་རྒྱུ་ཞེས་པ་ནི། དགུན་གྱི་ཞིང་སྐམ་པོར་འདུག་ཀྱང་། དཔྱིད་སོ་ནམ་བྱས་པས་དབྱར་ལོ་ཐོག་སྐྱེ་བ་བཞིན་དུ། ད་ལྟ་དངོས་སུ་སེམས་ཅན་ལ་ཕན་ཐོགས་པ་མ་བྱུང་ན། ཕྱི་མ་ལ་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ་ནས་ཡོན་ཏན་རྩལ་སྦྱོང་བ་ཡིན་ནོ། །
གཞན་དོན་ཕྱོགས་མེད་དུ་འགྲུབ་པ་ལ་ཆོས་བརྒྱད་ཀྱི་སེལ་མ་ཞུགས་པ་ནི། ཀོ་ཀ་མ་ཞིག་ནོར་བུ་འདོད་མི་སྟེར་ཞེས་པ་ནི། དཔེར་ན་ནོར་བུ་དགོས་འདོད་ཀྱི་ཕུང་པོ་ཡིན་ཀྱང་། ཀོ་ཀ་ཞེས་ཀྱང་བྱ། བག་རྩེ་ཞེས་ཀྱང་བྱ་སྟེ། ནོར་བུའི་སྣོད་ལས་མ་ཕྱུང་ན་དགོས་འདོད་མི་འབྱུང་བ་བཞིན་དུ། གཞན་དོན་ཕྱོགས་མེད་དུ་འགྲུབ་ཀྱང་ཚེ་འདིའི་ཆེ་ཐབས་དང་འབྲེལ་ན་ཆོས་བརྒྱད་དུ་སོང་། ང་རྒྱལ་སྐྱེས་ན་ཡང་དག་པའི་སེམས་མིན་པས་ང་རྒྱལ་དུ་མ་སོང་བ་གཅིག་དགོས་སོ། །གདུལ་བྱ་དང་འདུལ་བྱེད་རང་རྒྱུད་པ་མེད་པས་སྒྱུ་མ་ཙམ་གྱིས་འགྲོ་དོན་ལ་སྐྱོ་དུབ་མི་བྱ་བ་ནི། སྒྱུ་མའི་སྐྱེས་བུས་འཕྲུལ་གྱི་མི་མོ་བསྒྲལ་ཅེས་པ་ནི། དཔེར་ན་སྒྱུ་མའི་མིས་མིག་འཕྲུལ་བྱས་པའི་མི་མོ་ལ་ཕན་བཏགས་རུང་། གནོད་པ་བསྐྱལ་རུང་དེ་ལ་རྟོག་པ་མེད་པ་བཞིན་དུ། ཡང་དག་པར་གདུལ་བྱ་འདུལ་བྱེད་རང་རྒྱུད་པ་མེད་པས་གདུལ་བྱ་ལ་ངལ་བ་དང་སྐྱོ་དུབ་བྱ་བ་གང་ཡང་མེད་པའོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། མཐར་ལམ་བྱ་བྲལ་གྱིས་བཅད་པའི་ལེའུ་སྟེ་བཅུ་བདུན་ལམ་མཐར་ཕྱིན་པ་སྒོམ་པ་བདག་པོ་ལ་གཏད་པའི་ལེའུ་པའོ། །
ལེའུ་བཅྭོ་བརྒྱད་པ་གནས་བསྟན་པ་ལ་གཉིས་ཏེ། ཞུས་པ་དང་ལན་ནོ། །ཞུས་པ་ནི། དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །གང་ཞིག་རྣལ་འབྱོར་ཅུང་དམན་པས། །དེ་ཉིད་མཐོང་བའི་ཡེ་ཤེས་ཀྱིས། །ལམ་ཀུན་བསྒྲོད་པར་མ་ནུས་ན། །ཐབས་ཀྱི་ཁྱད་པར་ཅི་ཞིག་མཆིས། །དེའི་མངོན་རྟོགས་གང་གིས་བྱེད། །ཅེས་པས་ཏེ། ཚིག་གོང་མ་གཉིས་ཀྱིས་འགྲེ། གང་ཞིག་རྣལ་འབྱོར་ཅུང་དམན་པ་ནི། དབང་པོ་ཐ་མའོ། །དེ་ཉིད་མཐོང་བའི་ཡེ་ཤེས་ཀྱིས་ལམ་ཀུན་བགྲོད་པར་མ་ནུས་པ་ནི། དབང་པོ་དམན་པ་དབང་གཅིག་ལམ་གཅིག་གིས་བསྒྲོད་པར་མ་ནུས་པའོ། །ཐབས་ཀྱི་ཁྱད་པར་ཅི་ཞིག་མཆིས་ནི། དབང་པོ་དམན་པ་ལམ་ལྔ་ལ་རིམ་པར་ཞུགས་དགོས་པའོ། །དེའི་མངོན་རྟོགས་གང་གིས་བྱེད་པ་ནི། ལམ་ལྔའི་ཉམས་སུ་ལེན་ལུགས་ཇི་ལྟར་བྱེད་ཞུས་པའོ། །ལན་ལ་གསུམ་སྟེ། གདམས་པ་དང་། རྗེས་གནང་གི་རྣམ་གྲངས་དང་། དེའི་རྒྱུ་མཚན་ནོ། །
གདམས་པ་ནི། སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་གཙོ། །ཞེས་པ་སྟེ། ཡང་གཅིག་ནི་བསྣན་པའི་ཚིག་ཡིན་ནོ། །བཀའ་བསྩལ་པ་ནི་སྔ་མའི་དོན་གསུངས་པའོ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་གཙོ་ནི། ཀ་མ་ལ་ཤཱི་ལ་ཉོན་ཅིག་པར་བསྐུལ་བའོ། །བརྡ་སྐད་འགྲེ། སྐལ་ངན་དོན་དང་མི་ལྡན་རྣལ་འབྱོར་པ། །གསང་སྔགས་ཐབས་ཀྱིས་སྦྱོར་བ་ངོ་མཚར་ཆེ། །དུས་གསུམ་སངས་རྒྱས་ཀུན་གྱི་བླ་མ་མཆོག །ཐུགས་དམ་བསྐུལ་བ་བདག་གིས་གང་སྨྲས་པ། །ཁྱོད་ཀྱིས་ཤེས་པར་གྱིས་ཤིག་རྣལ་འབྱོར་པ། །ཤིན་ཏུ་བསྐུལ་དང་གནད་ནས་བསྐུལ་བ་ཡིས། །འདི་ནི་གཅིག་གིས་དོན་ཀུན་འགྲུབ་བྱེད་དེ། །སངས་རྒྱས་ཀུན་གྱི་གསང་ཚིག་སྨྲས་པ་ཡིན། །ཞེས་པས་ཏེ། སྐལ་དམན་དོན་དང་མི་ལྡན་པའི་རྣལ་འབྱོར་པ་ནི། དབང་པོ་དམན་པས་ལམ་ཆིག་ཆོད་དུ་གྲོལ་བར་མ་ནུས་པའོ། །གསང་སྔགས་ཐབས་ཀྱི་སྦྱོར་བ་ནི་ཐུགས་དམ་བསྐུལ་བའི་སྔགས་སོ། །
ངོ་མཚར་ཆེ་བ་ནི། དེས་ལམ་ལྔ་བགྲོད་པར་ནུས་པ་ནི། དུས་གསུམ་སངས་རྒྱས་ཀུན་གྱི་མཆོག་ནི། བླ་མ་སངས་རྒྱས་ཀུན་གྱི་ངོ་བོ་ཡིན་པའོ། །ཐུགས་དམ་བསྐུལ་བ་བདག་གིས་གང་སྨྲས་པ་ནི། རྒྱུད་ལེའུ་གསུམ་པར་ལམ་ལྔའི་ཐུགས་དམ་བསྐུལ་ལུགས་གསུངས་པའོ། །ཁྱོད་ཀྱིས་ཤེས་པར་གྱིས་ཤིག་རྣལ་འབྱོར་པ་ནི། ལམ་ལྔའི་གོ་རིམ་མ་ནོར་བར་ཤེས་པར་གྱིས་ཤིག་པའོ། །ཤིན་ཏུ་བསྐུལ་དང་གནད་ནས་བསྐུལ་བ་ནི། ཐུགས་དམ་བསྐུལ་བ་ལ་རྟགས་དང་ཡོན་ཏན་མེད་ན་ཤིན་ཏུ་བསྐུལ། དེ་ལ་རྟགས་དང་ཡོན་ཏན་མེད་ན་གནད་ནས་བསྐུལ། དེ་ལ་རྟགས་དང་ཡོན་ཏན་མི་འཆར་མི་སྲིད་དོ། །དེའི་ལག་ལེན་བླ་མའི་ཞལ་ལ་ལུས་སོ། །འདི་ནི་གཅིག་གིས་དོན་ཀུན་འགྲུབ་བྱེད་ཡིན་ཞེས་པ་ནི། བླ་མའི་ཐུགས་དམ་བསྐུལ་བ་གཅིག་པུས་ལམ་ལྔའི་དོན་བྱེད་པའོ། །སངས་རྒྱས་ཀུན་གྱི་གསང་ཚིག་སྨྲས་པ་ནི་ཤིན་ཏུ་ཟབ་པར་འཐོལ་བའོ། །རྗེས་སྣང་གི་གྲངས་ནི། ས་ཡ་དྲུག་འབུམ་བྱེ་བ་སུམ་འབུམ་དང་། །འབུམ་ཚོ་ལྔ་དང་བདུན་ཁྲི་བདུན་སྟོང་དང་། །ཁྲི་བདུན་ལམ་གྱི་རིམ་པ་ཤེས་པར་བྱ། །ཞེས་པ་ནི། ཐུགས་དམ་བསྐུལ་བའི་གྲངས་ཡིན་ཏེ། བློ་སྦྱོང་གི་དུས་ས་ཡ་དང་དྲུག་འབུམ། དཀའ་ཐུབ་ཀྱི་དུས་སུ་བྱེ་བ་དང་བདུན་འབུམ། རྗེས་ཀྱི་དུས་སུ་འབུམ་ཚོ་བདུན། རོ་སྙོམས་ཀྱི་དུས་སུ་བདུན་ཁྲི་བདུན་སྟོང་། བྱ་བྲལ་གྱི་དུས་སུ་ཁྲི་ཚོ་བདུན་ནོ། །དེའི་རྒྱུ་མཚན་ནི། སོལ་བའི་ལྗོན་ཤིང་སྐམ་སར་ཆུ་བཞིན་དུ། །མེད་པ་ལས་བྱུང་གསང་སྔགས་མངོན་པའི་མཐུ། །བགྲོད་དང་སྟོན་པར་བྱེད་པའི་ལས་ཅན་ཡིན། །ཞེས་པ་ནི། གསང་སྔགས་ཀྱི་ནུས་པས་སོལ་བ་ལྗོན་ཤིང་དུ་འགྱུར་བ་དང་། སྐམ་སར་ཆུ་འབྱུང་བ་བཞིན་དུ། ལམ་ལྔའི་སྙིང་པོ་འདིས་ཀྱང་ལམ་ལྔ་རིམ་པར་བགྲོད་པ་དང་། ལམ་རྟགས་སྟོན་པར་བྱེད་པའི་ནུས་པ་ཡོད་པ་ཡིན་ནོ། །མེད་པ་ལས་བྱུང་གསང་སྔགས་མངོན་པའི་མཐུ་ཞེས་པ་ནི། སོལ་བ་ལ་ལྗོན་ཤིང་མེད། སྐམ་ས་ན་ཆུ་མེད་ཀྱང་། སྔགས་ཀྱི་ནུས་པས་འབྱུང་བ་བཞིན་དུ། སྔར་རང་གི་རྒྱུད་ལ་རྟགས་དང་ཡོན་ཏན་མེད་ཀྱང་། སྔགས་དེ་རྣམས་བགྲངས་པས་རྟགས་དང་ཡོན་ཏན་འཆར་བ་ཡིན་ནོ། །བགྲོད་དང་སྟོན་པར་བྱེད་པའི་ལས་ཅན་ཡིན་པ་ནི། སྔགས་དེ་རྣམས་བགྲངས་པས་ལམ་ལྔ་རིམ་པར་བསྒྲོད་པ་དང་། རྒྱུ་ལམ་འབྲས་བུའི་རྟགས་སྟོན་པར་བྱེད་པ་ཡིན་ནོ། །
སྤྱི་དོན་གཉིས་པ་ལམ་གྱི་རྟགས་བསྟན་པ་ལ་གཉིས་ཏེ། རྟགས་ཀྱི་རྒྱུ་མཚན་བསྟན་པ་དང་། རྟགས་དངོས་སོ། །རྟགས་ཀྱི་རྒྱུ་མཚན་བསྟན་པ་ནི། མེ་ཏོག་གང་ཤར་དེ་ཚེ་འབྲས་བུ་སྟོན། །དེ་བཞིན་རྣལ་འབྱོར་ལམ་ནི་རྟགས་ཀྱིས་བསྟན། །ལྡན་དང་མི་ལྡན་རིམ་དང་ཅིག་ཅར་ཡིན། །ཞེས་པ་ནི། མེ་ཏོག་གང་ཤར་དེ་ཚེ་འབྲས་བུ་སྟོན་པ་ནི། དཔེར་ན་ལྗོན་ཤིང་ལ་མེ་ཏོག་ཤར་བ་དང་། འབྲས་བུ་འོང་པའི་རྟགས་ཡིན་པ་བཞིན། ལམ་རིམ་གྱིས་བགྲོད་པའི་ཚེ་ན་ཡང་། ལམ་རྒྱུད་ལ་སྐྱེས་སམ་མ་སྐྱེས་རྟགས་ཀྱི་སྒོ་ནས་ཤེས་པ་ཡིན་ནོ། །ལྡན་དང་མི་ལྡན་རིམ་དང་ཅིག་ཆར་ཡིན་ཞེས་པས་ནི། ལྡན་པ་ནི་རྟགས་དང་ལྡན་པས་ཏེ། ལམ་རིམ་གྱིས་པའོ། །མི་ལྡན་པ་ནི་ལམ་ཅིག་ཆར་བ་སྟེ། ལམ་རྟགས་མེད་དུ་གྲོལ་བའོ། །རྟགས་དངོས་ལ་བཞི་སྟེ། སྤྱིའི་རྟགས་དང་། བྱེ་བྲག་གི་རྟགས་དང་། ཉམས་ལྔའི་ལྡན་ཚུལ་དང་། ཐུན་མོང་གི་བསྟན་ཚུལ་ལོ། །དང་པོ་སྤྱིའི་རྟགས་ལ་གསུམ་སྟེ། རྒྱུ་རྟགས་ལྔ། ལམ་རྟགས་ལྔ། འབྲས་བུའི་རྟགས་ལྔའོ། །རྒྱུ་རྟགས་ལྔ་ནི། ཉན་ཐོས་ཚུལ་དུ་བཤེས་གཉེན་བསྟེན་པ་ལས། །དད་མོས་ངེས་ཤེས་ཤེས་རབ་ཆེ་བ་དང་། །བླ་མའི་རང་བཞིན་མཐོང་བ་རྒྱུ་ཡི་རྟགས། །ཞེས་པ་སྟེ། དཔེར་ན་ཉན་ཐོས་ནི་རྟག་ཏུ་སངས་རྒྱས་དང་མི་འབྲལ་བར་བསྟེན་པ་བཞིན་དུ། ལམ་གྱི་དང་པོ་བློ་སྦྱོང་ལ་ཞུགས་པའི་དུས་སུ། བླ་མ་བསྟེན་ཞིང་གདམས་པ་དང་ཁྲིད་ཞུ་དགོས་པ་ཡིན་ནོ། །དེ་ལྟར་བློ་སྦྱོང་གི་དུས་སུ་རྒྱུའི་རྟགས་འཆར་ཏེ། དད་པ་སྔ་ནས་ཆེར་འགྲོ། མོས་གུས་སྔ་ནས་ཆེར་འགྲོ། ངེས་ཤེས་སྔ་ནས་ཆེར་འགྲོ། ཤེས་རབ་སྔ་ནས་ཆེར་འགྲོ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བཅོས་མ་མ་ཡིན་པ་སྐྱེ། འདི་སྐྱེས་པ་དང་དགེ་སྦྱོར་གྱི་རྩ་བ་ཟིན་པ་དུས་མཉམ་པ་ཡིན།
ལམ་རྟགས་ལྔ་ནི། རང་རྒྱལ་ཚུལ་འཛིན་རྣལ་འབྱོར་སྒྲུབ་པ་པོས། །སྨིག་རྒྱུ་དུ་བ་སྲིན་བུ་མེ་འཁྱེར་དང་། །མར་མེ་མཁའ་སྣང་ལྟ་བུ་རྣམ་པ་ལྔ། །འབྱུང་ལྔ་གནས་སུ་ཐིམ་པས་དུག་ལྔ་དག །ཅེས་པ་ནི། དཀའ་ཐུབ་ཀྱི་དུས་སུ་རང་སངས་རྒྱས་ལྟར་གཅིག་པུར་སྒྲུབ་པ་ཉམས་སུ་ལེན་པའི་དུས་སུ་ལམ་རྟགས་ལྔ་འཆར་ཏེ། ནང་དུ་དུག་ལྔ་རྩ་བ་བྲལ་བའི་རྟགས་སུ་འབྱུང་བ་ལྔའི་རླུང་ཟིན་ནས་ཕྱི་རུ་མཐོང་རྟགས་ལྔ་འཆར་ཏེ། སའི་རླུང་ཟིན་པའི་རྟགས་སྨིག་རྒྱུ་ལྟ་བུ་དང་། ཆུའི་རླུང་ཟིན་པའི་རྟགས་སུ་དུ་བ་ལྟ་བུ་དང་། མེའི་རླུང་ཟིན་པའི་རྟགས་སུ་སྲིན་བུ་མེ་འཁྱེར་དང་། རླུང་གི་རླུང་ཟིན་པའི་རྟགས་སུ་མར་མེ་ལྟ་བུ་དང་། ནམ་མཁའི་རླུང་ཟིན་པའི་རྟགས་སུ་སྤྲིན་མེད་པའི་ནམ་མཁའ་ཡོངས་སུ་དྭངས་པ་ལྟ་བུ་འཆར་ཏེ། རྟགས་ཐ་མ་འདི་བྱུང་ན་གཞན་ཚོ་མ་བྱུང་ཡང་ཆོག་གོ །འབྱུང་ལྔ་གནས་སུ་ཐིམ་པས་དུག་ལྔ་བྲལ་ཞེས་པ་ནི། ནང་དུ་འབྱུང་བའི་རླུང་ཟིན་པས་དུག་ལྔ་རྩ་བ་བྲལ་བའོ། །འབྲས་བུའི་རྟགས་ལྔ་ནི། དཔའ་ཆེན་ལྟ་བུར་གྱུར་པའི་དེད་དཔོན་ནི། །དེ་ཉིད་དོན་མཐོང་ཏིང་ངེ་འཛིན་མཉམ་པར་གནས། །བཟང་ངན་རྐྱེན་ཆོད་ཉིན་མཚན་དག་སྣང་འབྲེལ། །འོད་གསལ་འགྲོ་འོང་མེད་པ་ལྔ་འདི་དག །ཡུན་རིང་སྲིད་པ་ལས་ཀྱིས་མཚམས་མི་སྦྱོར། །ལྔ་གསུམ་བཅོ་ལྔ་ཟླ་བ་ཉ་རྒྱས་ཚུལ། །ཞེས་པ་སྟེ།
དཔའ་ཆེན་ལྟ་བུར་གྱུར་པའི་དེད་དཔོན་ནི་ཞེས་པ་ནི། བྱ་བྲལ་གྱི་དུས་སུ་རང་དོན་ཚར་ནས་གཞན་དོན་བྱེད་པ་ནི། བྱང་ཆུབ་སེམས་དཔའི་དཀའ་ཐུབ་ཡིན་ཏེ། དེའི་རྟགས་ལྔ་ནི། དེ་ཉིད་ཀྱི་དོན་མཐོང་བ་ནི། བར་དོ་ལྔ་ཆོད་པའི་རྟགས་འཆར་བ་ཡིན་ཏེ། རང་བཞིན་གྱི་བར་དོ་ཆོད་པས་ཆོས་ཉིད་ཀྱི་དོན་མཐོང་བ་ཡིན་ནོ། །མཉམ་པར་ལྡན་པ་ནི་ཏིང་ངེ་འཛིན་གྱིས་བར་དོ་ཆོད་པས་མཉམ་རྗེས་མེད་པའི་དོན་མངོན་དུ་གྱུར་པའོ། །བཟང་ངན་རྐྱེན་ཆོད་པ་ནི། རྐྱེན་གྱིས་བར་དོ་ཆོད་པས་ནི། རྐྱེན་ངན་གྱིས་དུག་ལྔའི་མི་རོ་བསླང་མི་ནུས་པའོ། །ཉིན་མཚན་དག་པར་འབྲེལ་བ་ནི། རྨི་ལམ་གྱིས་བར་དོ་ཆོད་པས་ཉིན་མཚན་དག་སྣང་དུ་འབྲེལ་བའོ། །འོད་གསལ་འགྲོ་འོང་མེད་པ་ནི་དོན་དང་ལྡན་པའོ། །བར་དོ་ལྔ་ཆོད་པའི་རྟགས་ལྔ་པོ་འདི་དག་གིས་ནི། ཡུན་རིང་སྲིད་པ་ལས་ཀྱིས་མཚམས་མི་སྦྱོར་བ་ནི། འཁོར་བ་ཐོགས་མེད་ནས་ཡུན་རིང་དུ་བསགས་པའི་ལས་ངན་རྣམས་ཀྱང་། རྟོག་པའི་གདེང་གིས་བཅོམ་ནས་སྲིད་པ་ལས་ཀྱིས་མཚམས་མི་སྦྱོར་རོ། །
ལྔ་གསུམ་བཅོ་ལྔ་ཟླ་བ་ཉ་རྒྱས་ཚུལ་ཞེས་པ་ནི། རྒྱུ་ལམ་འབྲས་བུའི་རྟགས་བཅོ་ལྔ་རྫོགས་པ་ནི། ཟླ་བ་ཉ་གང་བ་ལྟར་ཡོན་ཏན་མཐར་རྒྱས་པ་ཡིན་ནོ། །རྟགས་གཉིས་པ་བྱེ་བྲག་གི་རྟགས་ནི། ཡང་ནི་ལྔ་གསུམ་དུས་ལས་རིམ་པ་བཞིན། །རྒྱུ་དུས་སྒྲིབ་དག་ཁྲུས་སོགས་རྨི་བར་འགྱུར། །ལམ་དུས་རླུང་ལྔ་ཟིན་པ་དངོས་ཡིན་ཏེ། །འབྲས་བུ་དག་སྣང་ཤར་བའི་གསང་རྟགས་ནི། །དངོས་དང་ཉམས་དང་རྨི་ལམ་ཅི་རིགས་ཡིན། །ཞེས་པ་ནི། ཡང་ནི་ཞེས་པ་རྟགས་ཀྱི་དོན། ལུགས་མི་མཐུན་པ་བསྐྱར་བའི་ཚིག་སྟེ། ལྔ་གསུམ་དུས་ལ་རིམ་པ་བཞིན་ཞེས་པ་ནི། རྒྱུ་སྒྲིབ་པ་དག་པའི་རྟགས། ལམ་རླུང་ལྔ་ཟིན་པའི་རྟགས། འབྲས་བུ་དག་སྣང་འཆར་བའི་རྟགས་རྣམས་རིམ་པར་འཆར་ཏེ། རྒྱུ་དུས་སྒྲིབ་དག་ཁྲུས་ལ་སོགས་པ་རྨི་ཞེས་པ་ནི། རྒྱུའི་དུས་སུ་སྒྲིབ་པ་དག་པའི་རྟགས་ལྔ་འཆར་ཏེ། ཁྲུས་བྱས་པ་དང་། གོས་གསར་པ་གོན་པ་དང་། ལུས་ལ་རྣག་ཟག་པ་དང་། ཁྲག་ཟག་པ་དང་། དྲི་མ་འདོར་བ་རྨི་བའོ། །ལམ་རླུང་ལྔ་ཟིན་པ་དངོས་རྟགས་ཡིན་ཏེ། དཀའ་ཐུབ་རྗེས་རོ་སྙོམས་ཀྱི་དུས་སུ་ལམ་རླུང་ཟིན་པའི་རྟགས་ལྔ་འཆར་ཏེ། སྨིག་རྒྱུ་དུ་བ་སྲིན་བུ་མེ་འཁྱེར་མར་མེ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འཆར་རོ། །བྱ་བྲལ་དུས་སུ་འབྲས་བུ་དག་སྣང་འཆར་བའི་གསང་རྟགས་ནི། ཡི་དམ་ལྷའི་ཞལ་མཐོང་བ་དང་། ཆོས་སྐྱོང་གིས་ཕྲིན་ལས་བྱེད་པ་དང་། ཌཱ་ཀི་མས་ལུང་སྟོན་པ་དང་། གདུལ་བྱའི་ཡུལ་སྟོན་པ་དང་། སེམས་ཅན་གྱི་དོན་བྱེད་ལུགས་སྟོན་པ་དང་ལྔ་འབྱུང་ངོ་། །དེ་ཚོ་ཡང་དངོས་སུ་ཡོང་བ་དང་། ཉམས་ལ་འཆར་བ་དང་། རྨི་ལམ་དུ་འོང་པ་རྣམས་ངེས་པ་མེད་དོ། །ཅི་རིགས་སུ་འཆར་བ་ཡིན་ནོ། །ཉམས་ལྔའི་བསྟན་ཚུལ་ནི། དེ་ཡང་གཡོ་དང་ཐོབ་དང་གོམས་པ་དང་། །བརྟན་དང་མཐར་ཕྱིན་ལྔ་ནི་རིམ་པ་ཡིན། །ཞེས་པ་ནི། བློ་སྦྱོང་གི་དུས་སུ་གཡོ་བའི་ཉམས། དཀའ་ཐུབ་ཀྱི་དུས་སུ་ཐོབ་པའི་ཉམས། རྗེས་ཀྱི་དུས་སུ་གོམས་པའི་ཉམས། རོ་སྙོམས་ཀྱི་དུས་སུ་བརྟན་པའི་ཉམས། བྱ་བྲལ་གྱི་དུས་སུ་མཐར་ཕྱིན་པའི་ཉམས་རིམ་པར་འཆར་རོ། །
ཐུན་མོང་གི་བསྟན་ཚུལ་ནི། དེ་ལྟར་གྱུར་ཚེ་ཐུན་མོང་སུམ་ཅུ་བདུན། །བྱང་ཆུབ་ཕྱོགས་རྣམས་མ་བགྲོད་ལྷུན་གྱིས་གྲུབ། །ཅེས་པ་ནི། དེ་ལྟར་ཁྱད་པར་གྱི་ལམ་ལྔ་བགྲོད་པའི་དུས་སུ་ཐུན་མོང་གི་ལམ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོད་དེ། ཚོགས་ལམ་དུ་དྲན་པ་ཉེ་བར་གཞག་པ་བཞི། སྦྱོར་ལམ་དབང་པོ་ལྔ་དང་སྟོབས་ལྔ། མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ལམ་འཕགས་པའི་ལམ་ཡན་ལག་བརྒྱད། དེ་ནས་ལམ་རིམ་པར་བསྒོམ་མི་དགོས་ཏེ། རྩ་བའི་ཆོས་ཉིད་མཐོང་བའི་དོན་ལ་གོམས་པར་བྱས་པས་ལམ་ཤུགས་ཆོད་དུ་འགྲོ་བ་ཡིན་ཏེ། ཆོས་ཐམས་ཅད་འབྱུང་བ་མེད་པར་གཏན་ལ་ཕབ་པའི་མདོ་ལས། རྒྱས་པར་གསུངས་པ་སྟོང་ཐུན་དུ་ཤེས་པར་བྱའོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། ལམ་ཡི་གེར་བགྲོད་པ་དང་། རྟགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཅྭོ་བརྒྱད་ཡི་གེའི་བགྲང་ཚུལ་དང་། རྒྱུ་ལམ་འབྲས་བུའི་རྟགས་བཅྭོ་ལྔ་བསྟན་པའི་ལེའུ་པའོ། །
ལེའུ་བཅུ་དགུ་པ་བྱ་བྲལ་འབྲས་བུའི་རྣལ་འབྱོར་ལ་ལྔ་སྟེ། དེའི་ཐོབ་ཚུལ་དང་། དགོས་པ་དང་། ཆེ་བ་དང་། རང་ལ་གནས་ཀྱང་མ་རྟོགས་པར་བསྟན་པ་དང་། དེ་རྟོགས་པའི་རྒྱུ་མཚན་ནོ། །ཐོབ་ཚུལ་ནི། དེ་ནས་སྤྲུལ་པའི་ལྷ་མོ་ཡིས། །ཀ་མ་ལ་ཤྲཱི་ལ་འདི་སྐད་གསུངས། །ཞེས་པ་ནི། སྤྲུལ་པའི་ལྷ་མོས་རྗེ་དམ་པ་ལ་དེ་སྐད་གསུངས་པའོ། །ཞིང་ས་གཤིན་ལ་མན་ཏྲའི་འབྲས་བུ་འཁྲུངས་ཞེས་པ་ནི། ཞིང་ས་གཤིན་པོ་ནི་སྐལ་ལྡན་གྱི་སློབ་མ་ལ། མན་ཏྲའི་འབྲས་བུ་འཁྲུངས་པ་ནི། རྟོགས་པའི་ཡེ་ཤེས་ཤར་བའོ། །མེ་ཏོག་འདབ་རྒྱས་གེ་སར་པདྨོ་འཁྱིལ་ཞེས་པ་ནི། མེ་ཏོག་འདབ་རྒྱས་པ་ནི་ཉམས་ཀྱི་རྩལ་ཤར་བའོ། །གེ་སར་པདྨོ་ནི་རྟོགས་པའི་ཡེ་ཤེས་འཁྲུངས་པའོ། །ཟེ་བ་ལྔ་ལྡན་ཟུར་གསུམ་ནོར་བུའི་ཚུལ་ཞེས་པ་ནི། ཟེ་བ་ལྔ་ནི་ཡེ་ཤེས་ལྔའོ། །ཟུར་གསུམ་ནི་སྐུ་གསུམ་མོ། །ཡིད་བཞིན་ནོར་བུའི་ཚུལ་ནི། སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་འབྲས་བུ་དེས་རང་གཞན་གྱི་འདོད་པ་བསྐང་བའོ། །འདི་གང་སུས་ཐོབ་དགོས་འདོད་སྟེར་བའི་འབྲས་བུ་ཞེས་པ་ནི། འབྲས་བུ་འདི་ལྟ་བུ་དེ་སུས་ཐོབ་པ་དེ་རང་གཞན་གྱི་དོན་འགྲུབ་པ་ཡིན་ནོ། །
དུས་སུ་སྨིན་པ་ཟས་ཀྱི་མཆོག་ཏུ་བཙའ་ཞེས་པ་ནི། དཔེར་ན་ལོ་ཏོག་དུས་སུ་སྨིན་ཙ་ན་ཟས་ཀྱི་མཆོག་ཐོབ་པ་བཞིན་དུ། ལམ་གཅིག་གསུམ་ལྔའི་སྒོ་ནས་སྨིན་པའི་འབྲས་བུ་དེ་འབྲས་བུའི་མཆོག་ཡིན་ནོ། །རིན་ཆེན་སྣོད་དུ་བོ་ཟགས་མེད་པར་སྦ་བ་ནི་ཞེས་པ་ནི། རཏྣའི་སྣོད་དུ་བོ་ཟགས་མེད་པར་སྦ་བ་ནི། དེ་ལྟ་བུའི་གདམས་པ་དེ། གང་ཟག་སྣོད་ལྡན་ལ་བཀའ་རྒྱས་བཏབ་ལ་བསྟན་ནོ། །དགོས་པ་ནི། དེས་ནི་ནད་དང་དབུལ་བ་ཀུན་སེལ་ཏེ། །མཆོག་ཏུ་ཉོན་མོངས་དུག་ལྔའི་གསོས་སུ་ཆེ། །གཞན་ཡང་འདོད་པའི་འབྲས་བུ་སྟེར་བར་བྱེད། །ཅེས་པ་ནི། ནད་དང་དབུལ་བ་ཀུན་སེལ་བ་ནི། མཆོག་ཏུ་ཉོན་མོངས་དུག་ལྔའི་གསོས་སུ་ཆེ་ཞེས་པ་ནི། ཉོན་མོངས་པ་དུག་ལྔའི་ནད་དང་ཡོན་ཏན་གྱི་དབུལ་བ་ཀུན་སེལ་ཏེ། འཁོར་བར་སྐྱེ་བར་བྱེད་པའི་ས་བོན་ནི། ཉོན་མོངས་པ་དུག་ལྔ་ཡིན་པས་དེ་འཇོམས་པར་བྱེད་པ་ལམ་འདི་ལས་ལྷག་པ་མེད་པའོ། །གཞན་ཡང་འདོད་པའི་འབྲས་བུ་སྟེར་བར་བྱེད་དེ། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པར་བྱེད་པའོ། །ཆེ་བ་ནི། མ་རིག་མུན་སེལ་རིན་ཆེན་མེ་འོད་བཞིན་ཞེས་པ་ནི། རིན་པོ་ཆེ་མེ་འོད་འབར་བས་མུན་པ་སེལ་བ་བཞིན་དུ། གདམས་པ་འདི་ཉམས་སུ་བླངས་པས་མ་རིག་པའི་མུན་པ་སེལ་བའོ། །ཉོན་མོངས་གདུང་སེལ་རིན་ཆེན་ཆུ་ཤེལ་བཞིན་ཞེས་པ་ནི། རིན་པོ་ཆེ་ཆུ་ཤེལ་ནི་ཟླ་བ་ཡིན་ཏེ། ཚད་པ་ཆེ་བའི་ཡུལ་དུ་ཟླ་བ་ཤར་བ་དང་། ཚད་པའི་གདུང་བ་བསིལ་བར་བྱེད་པ་ལྟར་དུ། ཉོན་མོངས་པ་རགས་པའི་གང་ཟག་ལ་ཡང་གདམས་པ་འདིས་ཉོན་མོངས་པ་ཞི་བར་བྱེད་པའོ། །
འདུ་བའི་ནད་སེལ་ནོར་བུ་རིམས་སེལ་བཞིན་ཞེས་པ་ནི། ནོར་བུ་རིམས་སེལ་བྱ་བ་ཡོད་དེ། ལུས་གང་ན་བའི་སར་གླན་པས་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་ལྟ་གདེངས་བསྒྱུར་བས་ཉོན་མོངས་པ་ཞི་བའོ། །བག་ཆགས་སྒྲིབ་སེལ་ནོར་བུ་ཆུ་དྭངས་བཞིན་ཞེས་པ་ནི། ནོར་བུ་ཆུ་དྭངས་བྱ་བ་ཡོད་དེ། ཆུ་རྙོག་མ་ཅན་དུ་བཅུག་པས་རྙོག་མ་དྭངས་པར་བྱེད་དེ། དེ་བཞིན་དུ་ལམ་འདི་བསྒོམས་པས་རྣམ་པར་རྟོག་པའི་རྙོག་མ་རང་དྭངས་སུ་འགྱུར་རོ། །ཡོན་ཏན་ཀུན་སྡུད་ནོར་བུ་སྦུར་ལེན་བཞིན་ཞེས་པ་ནི། ནོར་བུ་སྦུར་ལེན་དེས་སྦུར་མ་ཐམས་ཅད་ལེན་པ་བཞིན་དུ། ལམ་འདི་བསྒོམས་པས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྡུད་པའོ། །ཅིར་ཡང་འཆར་བ་སྣ་ཚོགས་ནོར་བུ་བཞིན་ཞེས་པ་ནི། སྣ་ཚོགས་ནོར་བུ་དེ་ཁ་དོག་གང་དུ་བསམས་པ་དེར་འཆར་བ་བཞིན་དུ། རྟོག་པའི་རིག་པ་དེ་ཡོན་ཏན་གྱི་རྩལ་གར་སྦྱངས་སྦྱངས་སུ་འཆར་བ་ཡིན་ནོ། །བསམ་བཞིན་དོན་སྒྲུབ་ནོར་བུ་རིན་ཆེན་བཞིན་ཞེས་པ་ནི། ནོར་བུ་རིན་ཆེན་ལ་གསོལ་བ་གང་བཏབ་འབྱུང་བ་བཞིན་དུ། འབྲས་བུ་ཡོན་ཏན་ཡང་ཇི་ལྟར་འདོད་པ་བཞིན་དུ་འཆར་རོ། །ཁྱོད་ཀྱི་འདོད་པ་དེ་ཡིས་ཚིམས་པར་གྱིས་ཞེས་པ་ནི། འབྲས་བུ་མངོན་དུ་གྱུར་པས་རང་གཞན་གྱི་དོན་ཁོ་ཐག་ཆད་དེ་ཚིམས་པའོ། །རང་ལ་གནས་ཀྱང་མ་རྟོགས་པར་བསྟན་པ་ནི། ཀུན་ཁྱབ་ཉི་མ་མཁའ་ལ་མ་གཡོས་བཞིན། །ང་ནི་འགྲོ་བ་ཀུན་དང་དབྱེར་མེད་ཀྱང་། །མིག་གིས་མིག་བཞིན་མ་མཐོང་ཨེ་མ་ཧོ། །ཞེས་པས་ཏེ། ཀུན་ཁྱབ་ཉི་མ་མཁའ་ལ་མ་གཡོས་བཞིན་ཞེས་པ་ནི། ཉི་མ་དེས་ནམ་མཁའ་ཀུན་ལ་ཁྱབ་པ་བཞིན་དུ། སེམས་ཉིད་ཆོས་ཀྱི་སྐུ་དེས་འགྲོ་བ་ཀུན་ལ་ཁྱབ་ཀྱང་། མིག་གིས་མིག་མ་མཐོང་བ་བཞིན་དུ། རང་གི་ངོ་རང་གིས་མ་ཤེས་པ་ལ་ཡི་མུག་ནས་ངལ་བའོ། །
དེ་རྟོགས་པའི་རྒྱུ་མཚན་ནི། ལྷ་མིག་དག་པས་རྒྱ་མཚོའི་ནོར་མཐོང་བཞིན། །དཔག་མེད་དུས་ནས་རང་གནས་དྲི་མ་བསལ། །དག་པའི་ལས་དང་སྨོན་ལམ་འབྲེལ་བའི་མཐུས། །ང་ནི་ཁྱོད་ལ་རྟག་ཏུ་བརྩེ་བྱེད་ཅིང་། །དུས་རྣམས་ཀུན་ཏུ་མི་འབྲལ་གཙུག་གི་ལྷ། །ད་ནི་འགྲོ་བའི་དོན་ལ་ཅི་བདེར་གཤེགས། །ཞེས་པས་ཏེ། དཔེར་ན་ལྷ་མིག་དག་པས་རྒྱ་མཚོའི་ནོར་མཐོང་བཞིན་ཞེས་པ་ནི། རྒྱ་མཚོའི་ནོར་བུ་དེ་སུ་དགའ་དགའི་མི་མཐོང་བ་བཞིན་དུ། ལམ་འདི་ལྟ་བུ་འདི་ཡང་སུ་དགའ་དགའ་དང་མི་འཕྲད་དེ། གང་ཟག་སྐལ་ལྡན་དང་འཕྲད་པ་ཡིན་ནོ། །དཔག་མེད་དུས་ནས་རང་གནས་དྲི་མ་བསལ་བ་ནི། སྐྱེ་བ་དུ་མར་སྦྱངས་པ་སྔོན་དུ་སོང་བས་སྒྲིབ་པ་དག་པའོ། །དག་པའི་ལས་དང་སྨོན་ལམ་འབྲེལ་བའི་མཐུ་ནི། ལས་དག་པ་དང་ཡུལ་ཁྱད་པར་ཅན་གྱི་དྲུང་དུ་ང་དང་འཕྲད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་མཐུའོ། །ང་ནི་རྟག་ཏུ་ཁྱོད་ལ་བརྩེ་བྱེད་ཅིང་ཞེས་པ་ནི། སྐྱེ་བ་གསུམ་དུ་ཐུགས་རྗེས་བཟུང་བའོ། །དུས་རྣམས་ཀུན་ཏུ་མི་འབྲལ་གཙུག་གི་ལྷ་ནི་དུས་དེ་ནས་ང་དང་སྤྱི་བོའི་འབྲལ་མེད་དུ་སྒོམས་ཤིག་པའོ། །འགྲོ་བའི་དོན་ལ་གཤེགས་པ་ནི། དུས་དེ་ནས་སེམས་ཅན་གྱི་དོན་འབའ་ཞིག་གྱིས་ཤིག་པའོ། །ཞེས་གསུངས་ནས་ཐུགས་མཉམ་པ་ཆེན་པོའི་ངང་ལ་མ་གཡོས་པར་ལྷུན་གྱིས་བཞུགས་སོ་ཞེས་པ་ནི། མཛད་པ་མཐར་ཕྱིན་ནས་ཐུགས་དགོངས་ཡོངས་སུ་རྫོགས་པའོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། འབྲས་བུའི་ཡོན་ཏན་ཕུན་སུམ་ཚོགས་པའི་ལེའུ་སྟེ་ལམ་བགྲོད་པའི་འབྲས་བུ་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་བཅུ་དགུ་པའོ། །
རྒྱུད་གདམས་ཤིང་གཏད་པ་ལ་གཉིས་ཏེ། གདམས་པ་དང་གཏད་པའོ། །གདམས་པ་ལ་གཉིས་ཏེ། མངོན་དུ་བྱ་བ་དང་། གདམས་པ་དངོས་སོ། །དང་པོ་ལ་གསུམ་སྟེ། གསུང་ལ་གཏང་རག་ཏུ་མཆོད་པ་འབུལ་བ་དང་། དེ་ལ་མཁའ་འགྲོ་མས་བཀའ་སྒྲུབ་པ་དང་། རྗེས་སུ་གནང་བ་བྱིན་པའོ། །གསུང་ལ་གཏང་རག་ཏུ་མཆོད་པ་ཕུལ་བ་ནི། དེ་ནས་ཀ་མ་ལ་ཤྲཱི་ཡིས། མཆོག་དོན་སྔོན་དུ་བྱས་པ་ལས། །རབ་ཏུ་དགའ་བ་ཆེར་གཡོས་ཏེ། །སྤྲུལ་པའི་ལྷ་མོ་ལ་གུས་ཏེ། །སྣ་ཚོགས་མཆོད་པའི་རོལ་མོ་དག །དངོས་དང་ཏིང་ངེ་འཛིན་གྱིས་དབུལ། །ཞེས་པ་སྟེ། དེ་ནས་ཀ་མ་ལ་ཤྲཱིས། མཆོག་དོན་སྔོན་དུ་བྱས་པ་ལས་ཞེས་པ་ནི། མཆོག་ཏུ་དགའ་བའི་ཡིད་གཡོས་ནས་ལྷ་མོ་ལ་གུས་པས་བཏུད་ནས་དངོས་དང་ཏིང་ངེ་འཛིན་གྱིས་མཆོད་པ་རྒྱ་ཆེན་པོ་བྱས་པའོ། །བཀའ་བསྒྲུབ་པ་ལ་གསུམ། རྒྱུད་ཀྱི་ཆེ་བ་བརྗོད་པ་དང་། རྣལ་འབྱོར་པའི་ཆེ་བ་བརྗོད་པ་དང་། བསྟན་པ་བསྲུང་བར་ཁས་བླངས་པའོ། །རྒྱུད་ཀྱི་ཆེ་བ་བརྗོད་པ་ནི། དེ་ཚེ་འཁོར་གྱི་མཁའ་འགྲོ་རྣམས། །མཆོག་ཏུ་དགའ་བ་ཆེར་སྐྱེས་ནས། །སྤྲུལ་པའི་ལྷ་ལ་འདི་སྐད་སྨྲས། །ཞེས་པ་ནི། དེ་ཚེ་འཁོར་གྱི་མཁའ་འགྲོ་རྣམས་སྔར་མ་གསུངས་པའི་རྒྱུད་གསུངས་པ་ལ་ཌཱ་ཀི་མ་རྣམས་རབ་ཏུ་དགྱེས་ནས་སྤྲུལ་པའི་ལྷ་ལ་འདི་སྐད་ཅེས་གསུངས་སོ། །
རྣལ་འབྱོར་པའི་ཆེ་བ་བརྗོད་པ་ནི། ཨེ་མ་ལྷ་མོ་བློ་ཆེན་མོ། །བཞིན་བཟང་ཁྱོད་ལས་མ་གཏོགས་པ། །ཧེ་རུ་ཀ་དཔལ་ཡང་དག་ཀྱང་། །འདི་སྐད་ཚིག་ཏུ་བརྗོད་པ་མིན། །སངས་རྒྱས་ཀུན་གྱི་གསང་ལམ་མཆོག །དྷ་ཀིའི་སྙིང་ཁྲག་འདི་ཕྱུང་གི །རིགས་མཆོག་རྡོ་རྗེ་འཛིན་པས་ཀྱང་། །འདི་སྐད་ཚིག་ཏུ་བརྗོད་པ་མེད། །ཅེས་པ་ནི། རྒྱུད་འདི་ཤིན་ཏུ་ཟབ་པས་ལྷ་མོ་ཁྱོད་ཀྱིས་གསུངས་པ་ལས་མ་གཏོགས་པའི་རྡོ་རྗེ་འཆང་གིས་ཀྱང་རྒྱུད་འདི་ལྟ་བུ་གསུངས་པ་མེད་དོ། །འདི་དྷ་ཀི་མའི་སྙིང་ཁྲག་ཐང་ལ་འཕོ་བ་ཡིན་པས་ཕྱག་ན་རྡོ་རྗེས་ཀྱང་འདི་ལྟ་བུའི་རྒྱུད་ཚིག་ཏུ་བསྡུས་པ་མེད་དོ། །རྣལ་འབྱོར་གྱི་ཆེ་བ་བརྗོད་པ་ནི། ཨེ་མ་སྐྱེས་མཆོག་སྐལ་པ་བཟང་། །སྔོན་བྱུང་བཟང་པོའི་དུས་དག་ན། །ཁྱོད་ལྟའི་སྐྱེས་བུ་བྱུང་གྱུར་ཀྱང་། །ད་ལྟ་ལྔ་བརྒྱ་ཐ་མ་ལ། །ཁྱོད་ལྟ་ཉིན་སྐར་བཞིན་དུ་དཀོན། །ཞེས་པ་ནི། མཁའ་འགྲོ་མ་རྣམས་ན་རེ། སྔོན་བསྐལ་པ་བཟང་པོའི་དུས་སུ་ཁྱོད་ལྟ་བུའི་གང་ཟག་བྱོན་ཀྱང་། ད་ལྟ་སྙིགས་མ་ལྔའི་དུས་འདི་རུ་ཁྱོད་ལྟ་བུའི་གང་ཟག་ཉིན་མོའི་སྐར་མ་ལས་ཀྱང་དཀོན་ཞེས་ཟེར་རོ། །བསྟན་པ་བསྲུང་བར་ཁས་བླངས་པ་ནི། ངེད་ཅག་འདིར་འདུས་བུད་མེད་རྣམས། །རྣལ་འབྱོར་ཁྱོད་ཀྱི་གྲོགས་ཡིན་ཏེ། །རྟག་ཏུ་བསྲུང་ཞིང་སྐྱབས་པ་དང་། །བྲན་བཞིན་ངེས་པར་བྱ་བ་བྱེད། །མཁའ་འགྲོ་གསང་བའི་ཐུགས་རྒྱུད་འདི། །གང་དུ་གནས་དང་གང་བསྲེལ་བའི། །ཁྱི་བཞིན་རྗེས་སུ་འབྲང་བར་འགྱུར། །དེ་ཡིས་བསྟན་པ་བསྲུང་བ་དང་། །དགོས་པ་ཐམས་ཅད་འགྲུབ་པར་བྱེད། །ཅེས་པ་ནི། ཌཱ་ཀི་མ་རྣམས་ན་རེ། དུས་འདི་ནས་ཁྱེད་རྣམས་ཀྱི་ཅི་དགོས་པའི་གྲོགས་བྱེད་པ་ཡིན་ནོ་བར་ཁས་བླངས་པའོ། །རྒྱུད་འདི་གང་ན་བཞུགས་པར་ཁྱི་བཞིན་དུ་རྗེས་འབྲངས་ནས་བསྟན་པ་བསྲུང་བར་ཁས་བླངས་པའོ། །
གདམས་པ་དངོས་ལ་གཉིས་ཏེ། བསྟན་པ་བསྲུང་ལུགས་དང་། རྒྱུད་ཀྱི་འཕེལ་ལུགས་སོ། །དང་པོ་ལ་གཉིས་ཏེ། བསྟན་པ་བསྲུང་ལུགས་དངོས་དང་། དེས་རྣལ་འབྱོར་པ་བསྟེན་པར་བསྟན་པའོ། །བསྟན་པ་བསྲུང་ལུགས་ནི། དེ་སྐད་གསུངས་ནས་མཁའ་འགྲོ་ཡི། །གསང་བའི་སྙིང་ཚིག་ངག་ཏུ་སྨྲས། །ཧ་རི་ནི་ས་ཞེས་པ་ནི། མཁའ་འགྲོ་མས་སྲོག་སྙིང་ཕུལ་བའོ། །རྗེས་སུ་གནང་བ་བྱིན་པ་ནི། དེ་ནས་སྤྲུལ་པའི་ལྷ་མོ་ཡིས། །རྣལ་འབྱོར་མཆོག་ལ་འདི་སྐད་གསུངས། །ཤེས་རབ་རང་བཞིན་བུད་མེད་འདི། །སངས་རྒྱས་ཀུན་གྱི་ཡུམ་ཡིན་ཏེ། །ད་ལྟ་སྤྲུལ་པའི་མཁའ་འགྲོར་གནས། །འཇིག་རྟེན་ཀུན་ལ་དབང་བསྒྱུར་ཞིང་། །བཀའ་ཡི་བསྟན་པ་སྲུང་བར་བྱེད། །ཁྱོད་ཀྱི་དགོས་པ་དེ་བཞིན་བྱེད། །དམ་ཚིག་འདི་ནི་བཅང་པར་གྱིས། །སྤྲུལ་པའི་ལྷ་མོས་དེ་གསུངས་པ། །ཞེས་པས་ཏེ། མཁའ་འགྲོ་མ་འདི་རྣམས་དངོས་རིགས་ལྔའི་ཡུམ་ཡིན་ལ། འདིར་མཁའ་འགྲོ་མར་སྐུ་སྤྲུལ་ནས་སྒྲུབ་པ་པོའི་གྲོགས་བྱེད་པ་ཡིན་པས་དེའི་དམ་ཚིག་ཡི་གེ་བཞི་པོ་འདི་ཆོངས་ཤིག་པའོ། །
དེའི་དོན་ཞུས་པ་ནི། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །སྤྲུལ་པའི་ལྷ་ལ་ཡང་གསོལ་པ། །ཀྱེ་མ་ཐུགས་དམ་དབྱིངས་ཀྱི་ལྷ། །སྤྲུལ་པའི་མཁའ་འགྲོ་མ་རྣམས་ཀྱི། །བཀའ་ཡི་བསྟན་པ་ཇི་ལྟར་བསྲུང་། །མཁའ་འགྲོ་གསང་བའི་རྒྱུད་འདི་ཡང་། །འགྲོ་བའི་དོན་དུ་ཇི་ལྟར་སྣང་། །དཔའ་མོ་ཆེན་མོས་བཀའ་སྩོལ་ཅིག །ཅེས་པ་སྟེ། ཌཱ་ཀི་མ་རྣམས་ཀྱིས་ལས་ཇི་ལྟར་བྱེད་པ་དང་། རྒྱུད་ཀྱི་དར་ལུགས་ཞུས་པའོ། །དེ་སྐད་ཞུ་བ་འདུན་པ་ལས། །སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་རྣལ་འབྱོར་དབང་ཕྱུག་གཙོ། །སྤྲུལ་པའི་བུད་མེད་འདི་རྣམས་ཀྱང་། །སངས་རྒྱས་ཀུན་གྱི་ཐུགས་ལས་སྐྱེས། །བཀའ་ཡི་བསྟན་པ་བསྲུང་བ་དང་། །ལས་རྣམས་སོ་སོར་བྱ་བ་བྱེད། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ནི། །ལག་ན་རྡོ་འཕེན་ཞེས་བྱ་བ། །ཞི་བའི་ལས་རྣམས་བསྒྲུབ་པ་དང་། །རྣལ་འབྱོར་ལས་རྣམས་གྲུབ་པར་བྱེད། །རིན་ཆེན་རིགས་ཀྱི་ཌཱ་ཀི་ནི། །གཙུག་ན་མེ་འཁྱེར་ཞེས་བྱ་བ། །རྒྱས་པའི་ལས་རྣམས་སྒྲུབ་པ་དང་། །ཚེ་དང་བསོད་ནམས་འཕེལ་བར་བྱེད། །པདྨ་རིགས་ཀྱི་ཌཱ་ཀི་ནི། །ཟླ་བའི་གཤོག་པ་ཞེས་བྱ་བ། །དབང་གི་ལས་རྣམས་སྒྲུབ་པ་དང་། །གང་གི་འདོད་པ་སྐོང་བར་བྱེད། །ལས་ཀྱི་རིགས་ཀྱི་ཌཱ་ཀི་ནི། །ཁ་ནས་ཁུས་འདེབས་ཞེས་བྱ་བ། །དྲག་པོའི་ལས་རྣམས་སྒྲུབ་པ་དང་། །བར་དུ་གཅོད་པ་སྲུང་བར་བྱེད། །ཅེས་པ་ནི། ཌཱ་ཀི་མ་འདི་རྣམས་ཀྱིས་ལྷ་མོའི་སྤྱན་སྔར་བསྟན་པ་བསྲུང་བར་ཁས་བླངས། ལྷ་མོས་ཀྱང་ལས་སོ་སོར་བྱེད་པར་བསྐོས་པའོ། །རྣལ་འབྱོར་པར་བསྟེན་པར་བྱེད་པ་ནི། དེ་ཕྱིར་རྣལ་འབྱོར་སྒྲུབ་པ་པོས། །རྟག་ཏུ་བསྟེན་ཞིང་སྒྲུབ་པར་བྱ། །རྟག་ཏུ་བསྟེན་ཞིང་སྒྲུབ་པ་པོས། །དེས་ནི་དགོས་པ་ཐམས་ཅད་འགྲུབ། །ཅེས་པ་ནི། ཆོས་འདི་ཉམས་སུ་ལེན་པའི་རྣལ་འབྱོར་པས་མཁའ་འགྲོ་མ་འདི་རྣམས་བསྟན་པའི་བདག་མོ་ཡིན་པས་རྟག་ཏུ་བསྟེན་ཞིང་སྒྲུབ་པ་ཡིན་ནོ་ཞེས་གསུངས་སོ། །མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། མཁའ་འགྲོའི་སྲོག་གསང་བའི་ལེའུ་སྟེ་ཧ་རི་ནི་ས་ཞེས་སྲོག་སྙིང་ཕུལ་བའི་ལེའུ་ཉི་ཤུ་པའོ། །
རྒྱུད་ཀྱི་འཕེལ་ལུགས་ལ་བཞི་སྟེ། རྒྱུད་ཀྱི་ཆེ་བ་དང་། རྒྱུད་ཀྱི་བཅང་ལུགས་དང་། བསྟན་པའི་ཡུལ་དང་། གང་དུ་ཇི་ལྟར་དར་བའོ། །རྒྱུད་ཀྱི་ཆེ་བ་ནི། ཡང་ཅིག་རྣལ་འབྱོར་དབང་ཕྱུག་ལ། །སྤྲུལ་པའི་ལྷ་མོས་བཀའ་བསྩལ་པ། །ཉོན་ཅིག་སྐལ་ལྡན་རྣལ་འབྱོར་པ། །མཁའ་འགྲོ་གསང་བའི་རྒྱུད་རྒྱལ་འདི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །ཐུགས་ཀྱི་ཀོང་བུ་ཁ་ཕྱེ་ནས། །རྣལ་འབྱོར་ཁྱོད་ལ་བསྟན་པ་ཡིན། །ཀུན་འབྱུང་ནོར་བུ་ལྟ་བུའི་རྒྱུད། །མ་བྱུང་འབྱུང་བ་ཤིན་ཏུ་དཀའ། །ཞེས་པ་ནི། དང་པོའི་ཚིག་གསུམ་ནི་རྣ་གཏད་པར་བསྐུལ་བའོ། །ཌཱ་ཀི་མ་གསང་བའི་རྒྱུད་འདི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཀོང་བུ་ཁ་ཕྱེ་ནས་ནི། དགོས་པའི་རྩལ་སྤྲུགས་པ་ཡིན་ནོ། །ཀུན་འབྱུང་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའོ། །ནོར་བུ་ལྟ་བུའི་རྒྱུད་འདི་ཡིན་ནོ། །ཀུན་འབྱུང་ནོར་བུ་ལྟ་བུ་ནི་གསོལ་བ་གང་བཏབ་ཐེབས་པའོ། །མ་བྱུང་འབྱུང་བ་ཤིན་ཏུ་དཀའ་བ་ནི། རྒྱུད་འདི་ལྟ་བུ་ནི་སྔར་ཡང་འཇིག་རྟེན་གྱི་ཁམས་སུ་མ་བྱུང་། ཕྱིས་ཀྱང་འབྱུང་བ་ཤིན་ཏུ་དཀའ། རྒྱུད་ཀྱི་བཅང་ལུགས་ནི། རིན་ཆེན་མཐིང་གི་ཤུན་པ་ལ། །རིན་ཆེན་གསེར་གྱི་ཡི་གེ་ཐོབ། །ཐུགས་ཀྱི་གསང་མཛོད་ནང་དུ་བཞུགས། །ཞེས་པ་ནི། རྒྱུད་འདི་མཐིང་གི་ཤུན་པ་ལ་གསེར་གྱིས་བྲིས་ནས་ཐུགས་ཀྱི་གསང་མཛོད་དུ་བཅང་བར་བྱའོ། །དར་དཀར་དག་ལ་ལེགས་བྲིས་ནས། །མགུལ་ལམ་གཙུག་ཏུ་བཅངས་པ་ན། །ས་ལམ་མ་ལུས་གཅོད་པ་དང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་འཁུར། །ཞེས་པ་སྟེ། དར་ལ་བྲིས་ནས་མགུལ་ལམ་གཙུག་ཏུ་བཏགས་ན། ས་ལམ་མ་ལུས་པ་གཅོད་པར་ནུས་པ་ཡིན་ནོ། །
བསྟན་པའི་ཡུལ་ནི། སྐལ་དང་ལྡན་པ་གཅིག་གསུམ་ལྔ། །དེ་ལས་མང་ན་མཁའ་འགྲོ་འཁྲུག །ཅེས་པ་ནི། རྒྱུད་འདི་ཤིན་ཏུ་ཟབ་པས་སྐལ་ལྡན་གཅིག་གམ་གསུམ་མམ་ལྔ་ལ་བསྟན་གྱི། དེ་ལས་མང་བ་ལ་དུས་གཅིག་ཏུ་བསྟན་དུ་མི་རུང་ངོ་། །བསྟན་ན་མཁའ་འགྲོ་མའི་ཐུགས་འཁྲུག་གོ །ཇི་ལྟར་དར་བ་ལ་གསུམ་སྟེ། ཡུལ་བསྟན་པ་དང་། གང་ཟག་བསྟན་པ་དང་། མཛད་པ་སྡུད་པའོ། །ཡུལ་བསྟན་པ་ནི། རྒྱུད་འདི་ལྷོ་དང་ལྷོ་ནུབ་དང་། །ནུབ་ཀྱི་ཕྱོགས་སུ་སྣང་མི་འགྱུར། །བྱང་དང་བྱང་ཤར་ཤར་ཕྱོགས་སུ། །ཉི་མ་བཞིན་དུ་ཤར་ནས་ཀྱང་། །མ་འོངས་དུས་ཀྱི་བསྟན་པ་རྣམས། །འདི་མིན་གཞན་གྱིས་གསལ་མི་བྱེད། །ཅེས་པ་ནི། རྒྱུད་འདི་རྒྱ་གར་ལྷོ་ཕྱོགས་དང་། ལྷོ་ནུབ་ཁ་ཆེའི་ཡུལ་དང་། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་དར་བར་མ་གསུངས་སོ། །བྱང་དང་བྱང་ཤར་ཕྱོགས་སུ་ཞེས་པ་ནི། བོད་དང་ཁམས་དང་རྒྱ་ནག་པོ་རུ་ཉི་མ་ཤར་བ་ལྟར་དར་བར་གསུངས་སོ། །མ་འོངས་དུས་ཀྱི་བསྟན་པ་རྣམས། །འདི་མིན་གཞན་གྱིས་གསལ་མི་བྱེད། །ཅེས་པ་ནི། བླ་མ་རྗེ་བཙུན་གྱི་ཞལ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ནུབ་པའི་ཚེ། ཞི་བྱེད་འདི་ཤིན་ཏུ་དར་བར་འགྱུར་རོ། །ཞི་བྱེད་ཀྱང་གཞན་རྣམས་ནུབ་པའི་ཚེ། བརྒྱུད་པ་ཕྱི་མ་འདི་དར་བར་འགྱུར་གསུངས་སོ། །བསྟན་པའི་ཡུལ་གང་ཟག་བསྟན་པ་ནི་བཞི་སྟེ། བསྟན་པ་སྤེལ་བ་དང་། བསྟན་པ་འཇིག་པ་དང་། བསྟན་པ་གསོ་བ་དང་། བསྟན་པའི་ཆེ་བའོ། །བསྟན་པ་སྤེལ་བ་ནི། དཔལ་ཞེས་བྱ་བའི་རྣལ་འབྱོར་པ། །རྒྱུད་འདི་འཛིན་པར་བྱེད་པ་སྟེ། །ལྔ་དང་བདུན་གྱི་དུས་དག་ཏུ། །རྩལ་དང་དབང་ཕྱུག་ཅེས་བྱ་བའི། །རྣལ་འབྱོར་པ་ཡིས་རྒྱུད་འདི་འཛིན། །ཞེས་པ་ནི། དེ་རྣམས་ནི་གང་ཡིན་ངོས་མ་ཟིན་པའོ། །བསྟན་པ་འཇིག་པ་ནི། དགུ་དང་བཅུའི་དུས་དག་ཏུ། །འཛིན་པ་ཞེས་བྱའི་རྣལ་འབྱོར་པས། །བསླད་ནས་ཀུན་ཏུ་ཉམས་པར་འགྱུར། །དེ་ཚེ་མཁའ་འགྲོའི་ཆད་པ་ཡིས། །ང་བདུན་དུས་ལ་ཚེ་འཕོས་ནས། །ན་རག་གནས་སུ་འཁྲིད་པར་བྱེད། །ཅེས་པ་ནི། བསླད་པ་ནི། བཅོས་མ་སྣ་ཚོགས་བྱེད་པའོ། །གང་ཟག་འདི་ཡང་ཁམས་སམ་རྒྱ་ནག་ཏུ་འབྱུང་བའོ། །
བསྟན་པ་གསོ་བ་ནི། དེ་ནས་ངའི་སྤྲུལ་པ་ནི། །བུད་མེད་འོད་མཛེས་སྔོ་སངས་མ། །བསྟན་པའི་བདག་མོར་དེ་གྱུར་ནས། །མཁའ་འགྲོའི་ཚོགས་རྣམས་ཐམས་ཅད་ཀྱིས། །བསྟན་པ་འབར་ཞིང་གསལ་བར་བྱེད། །ཅེས་པ་ནི། འདི་ཡང་ཁམས་སམ་རྒྱ་ནག་ཏུ་འབྱུང་བའོ། །བསྟན་པའི་ཆེ་བ་ནི། དེ་ཚེ་འགྲོ་བ་ཐམས་ཅད་ཀུན། །ཚེ་འདི་ཉིད་ཀྱིས་གྲོལ་བ་ཐོབ། །ཅེས་པ་ནི། དུས་ཐ་མའི་ཚེ་མི་རྣམས་ཤེས་པ་རགས་སུ་སོང་བ་དང་། གདམས་པ་ཤིན་ཏུ་ཟབ་པའི་སྟོབས་ཀྱིས་ཚེ་གཅིག་ལུས་གཅིག་གིས་གྲོལ་བ་མང་དུ་འབྱུང་བ་ཡིན་པར་གདའོ། །མཛད་པ་སྡུད་པ་ནི། དེ་སྐད་གསུངས་ནས་ལྷ་མོ་ཉིད། །ཆོས་ཀྱི་དབྱིངས་སུ་གཤེགས་པར་མཛད། །སྤྲུལ་པའི་མཁའ་འགྲོ་ཐམས་ཅད་ནི། །མཁའ་ལ་གཟའ་སྐར་བཞིན་དུ་གཤེགས། །ཞེས་པ་ནི། ལྷ་མོས་རྒྱུད་གསུངས་ནས་མཛད་པ་ཡོངས་སུ་རྫོགས་ཏེ་མཁའ་ལ་གཤེགས་པའོ། །འཁོར་ཐམས་ཅད་ཀྱང་ནམ་མཁའ་ལ་གཟའ་སྐར་ཡལ་བ་བཞིན་མི་སྣང་བར་གཤེགས་པའོ། །སྟོན་པ་ལ་བསྟོད་པ་ནི། དེ་ཚེ་རྣལ་འབྱོར་དབང་ཕྱུག་གིས། །རྡོ་རྗེའི་ཚིག་ཏུ་འདི་སྐད་སྨྲས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡུམ་གྱུར་ལྷ་མོ་ཨེ་མ་ཧོ། །རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱིས། །དཔལ་གྱུར་ལྷ་མོ་ཨེ་མ་ཧོ། །ཞེས་པ་ནི། ཀ་མ་ལ་ཤྲཱིས་སྟོན་པ་ལ་བསྟོད་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ལྷ་མོ་བདག་མེད་མ་ཡིན་པས་སོ། །རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཐུགས་རྗེས་སྐྱོབ་ཅིང་གྲོགས་བྱེད་པའོ། །ཁམས་གསུམ་སེམས་ཅན་མ་ལུས་པ། །དགེ་མཛད་ལྷ་མོ་ཨེ་མ་ཧོ། །ཞེས་པ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ། དུཿཁ་ལས་སྐྱོབ་པའོ། །
རྒྱུད་ལ་བསྟོད་པ་ནི། ཐུགས་མཆོག་དཔལ་ལྡན་ཧེ་རུ་ཀ །གཉིས་མེད་སྤྲུལ་པ་ལྷ་མོའི་སྐུ། །གསང་བའི་སྒྲར་གྲགས་མཁའ་འགྲོའི་རྒྱུད། །བསྟན་པའི་སྒྲོན་མེ་ཨེ་མ་ཧོ། །ཞེས་པ་ནི། ཐུགས་མཆོག་དཔལ་ལྡན་ཧེ་རུ་ཀ་ནི། དཔལ་དགྱེས་པ་རྡོ་རྗེའམ་གཉིས་མེད་སྤྲུལ་པ་ལྷ་མོའི་སྐུ་ནི། ཡུམ་བདག་མེད་མའོ། །གསང་བའི་སྒྲར་གྲགས་མཁའ་འགྲོའི་རྒྱུད་ནི། ཐུགས་ཀྱི་མན་ངག་ཚིག་ཏུ་གསུངས་པའོ། །བསྟན་པའི་སྒྲོན་མེ་ནི། སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བའོ། །སྡེ་སྣོད་སྙིང་པོ་ཨེ་མ་ཧོ། །གསང་བའི་ལམ་མཆོག་ཨེ་མ་ཧོ། །ཞེས་པ་ནི། སྡེ་སྣོད་སྙིང་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་སྡེ་སྣོད་ཀྱི་བཅུད་ཕྱུང་བའོ། །གསང་བའི་ལམ་མཆོག་ནི། གང་ཟག་སྣོད་མིན་ལ་བསྟན་དུ་མི་རུང་སྟེ། སྣོད་ལྡན་གྱི་སྤྱོད་ཡུལ་ཡིན་པའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །བླ་མའི་བསྟེན་ཐབས་ཨེ་མ་ཧོ། །ཞེས་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་འབྱུང་གནས་བླ་མ་ཡིན་པས་སོ། །མདོ་རྒྱུད་ཐམས་ཅད་ནས་ཀྱང་བླ་མ་སྒྲུབ་པར་བཤད་དེ། མདོ་ཉི་ཁྲི་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ལྷག་པའི་བསམ་པ་རྣམ་པར་དག་པ་མྱུར་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་ཐོག་མར་བླ་མ་བསྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བར་བྱའོ་ཞེས་གསུངས་སོ། །དེའི་དོན་ལ་ངོ་མཚར་ནས་ཨེ་མ་ཧོ། ཞེས་གསུངས་ནས་བསྟན་པ་བསྡུ་བ་ནི། གནས་དེ་ཉིད་དུ་ཚོགས་ཀྱི་འཁོར་ལོས་མཁའ་འགྲོ་མ་རབ་ཏུ་མཉེས་པར་བྱས་ནས་ཕག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ་ལ། བྷེ་ཏ་ཀ་ཤིང་ཙནྡན་གྱི་བྱང་བུ་ལ་ཡི་གེར་བཏབ་ནས་དྷན་དྷི་ར་གྲོང་ཁྱེར་ཆེན་པོར་སྤྱན་དྲངས། སླད་ཀྱི་མཐིང་གིས་བྱུགས་པའི་ཤིང་ལོ་ལ་རིན་པོ་ཆེ་གསེར་གྱིས་བྲིས་ཏེ། མཁའ་འགྲོ་མ་ཉིད་ལ་གཉེར་དུ་གཏད་ནས་ཐུགས་ཀྱི་གསང་མཛོད་དམ་པར་བཞུགས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལས། རྒྱུད་གཏད་པ་དང་། རྒྱུད་དང་། སྟོན་པ་ལ་བསྟོད་པའི་མཁའ་འགྲོ་མ་ལ་རྒྱུད་གཏད་པའི་ལེའུ་ལེའུ་སྟེ་ཉེར་གཅིག་པའོ། །
སླད་ཀྱིས་ཡོན་ཏན་གྱི་འབྱུང་གནས་དཔལ་དིང་རི་གླང་འཁོར་དུ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་ཞ་མ་སྟོན་པ་ཡེ་ཤེས་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ནས་བོད་ཡིག་ཏུ་བཏབ་སྟེ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་བཀའི་རྒྱ་དང་བཅས་ནས་གཏད་དོ། །ཨུ་རྒྱན་གྱི་ཡི་གེ་མཁའ་འགྲོ་མའི་ཀ་དཔེ་ནི། སླར་མཁའ་འགྲོ་མ་ལ་བསྐུལ་ཏེ། དཔལ་ཨུ་རྒྱན་གྱི་གནས་སུ་བསྟན་པ་རིན་པོ་ཆེའི་བཙས་སུ་བཞུགས་སོ། །རྫོགས་སོ། །ཡི་དམ་ལྷའི་གསང་མཛོད་ཆེན་མོ་བཅོམ་ལྡན་འདས་བདག་མེད་མའི་མངོན་པར་རྟོགས་པ་བཤད་པའི་རྒྱུད་དོ། །རྒྱུད་འདིའི་དོན་གསལ་བར་བྱེད་པ་མར་མེའི་འཕྲེང་བ་ཞེས་བྱ་བ། རྒྱ་ཆེར་འགྲེལ་པ་རོག་གི་བན་དེ་ཤེས་རབ་འོད་ཀྱིས་སྦྱར་བ་རྫོགས་སོ།། །།
མཁའ་འགྲོ་མ་ཐམས་ཅད་ཀྱི་གསང་བ་མན་ངག་གི་རྒྱུད།
༄༅། །མཁའ་འགྲོ་མ་ཐམས་ཅད་ཀྱི་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། ཌཱ་ཀི་ནཱི་སརྦ་གུ་ཧྱ་ཨུ་པ་དྷེ་ཤ་ཏན་ཏྲ་ན་མ། བོད་སྐད་དུ། མཁའ་འགྲོ་མ་ཐམས་ཅད་ཀྱི་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་བདེ་མཆོག་འཁོར་ལོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཉིད་རྡོ་རྗེ་རོལ་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས། དོན་གྱི་འོག་མིན་ཆོས་འབྱུང་བའི་གནས་བདེ་བ་ཆེན་པོའི་ཕོ་བྲང་དུ། བཅོམ་ལྡན་འདས་མ་དང་གཉིས་སུ་མེད་པར་འཁྲིལ་ཞིང་། དགྱེས་པའི་ང་རོ་ལས་གསང་བའི་སྙིང་པོ་འདི་བྱུང་ངོ་། །ཨོཾ་ཤྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། སྒྲ་དེ་བྱུང་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཤིང་། དེར་གནས་པའི་སེམས་ཅན་ཐམས་ཅད་འོད་ཟེར་གྱིས་ཁྱབ་ཅིང་ཟག་པ་མེད་པའི་བདེ་བ་ཐོབ་བོ། །ཡེ་ཤེས་ངང་ལས་གྲུབ་པའི་མཁའ་འགྲོ་མ་རྣམས་མཁའ་ལ་སྤྲིན་བཞིན་དུ་འཐིབས་ཤིང་། ལ་ལ་དག་ནི་ཐང་ལ་ཡང་ལྷགས་ནས་དེ་དག་ཐམས་ཅད་ཀྱང་ཨ་ལ་ལའི་སྒྲས་འཛམ་བུ་གླིང་འདིར་དགེ་བ་དང་མི་དགེ་བའི་ལྟས་སྟོན་ཞིང་། ཕལ་ཆེར་སྲིན་མོའི་གཟུགས་ཀྱིས་གནས་སོ། །མཁའ་འགྲོ་མ་གསང་བའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།
དེ་ནས་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་གྱིས། བཅོམ་ལྡན་འདས་མ་ལ་བོས་པའི་སྒོ་ནས་འདི་སྐད་དུ། ཨེ་མ་བདེ་གཤེགས་མཁའ་འགྲོའི་གཙོ། །ལྟེ་བའི་དབུས་ན་བཞུགས་ཤིང་ཕྲ། །ཤེས་རབ་སྙིང་རྗེ་འཛུམ་ལ་ཁྲོ། །དབང་ཕྱུག་ཆེན་མོས་བརྩེར་དགོངས་མཛོད། །བདག་ཅག་མཁའ་འགྲོ་དཔལ་འབར་མ། །ལ་ལ་ཞི་སྟེ་ལ་ལ་ཁྲོ། །ཁ་ཅིག་འཇིག་རྟེན་མིག་སྒྱུར་མ། །ཕལ་གྱིས་ཐུབ་པར་ངས་མ་བཤད། །ཅེས་ཟེར་མ་ཐག་ཏུ་བཅོམ་ལྡན་འདས་མ་ཉིད། སྙིང་རྗེ་ཆེན་པོའི་སྒོ་ནས་རབ་ཏུ་ཁྲོས་ཏེ་རྡོ་རྗེ་གཏུམ་པོའི་སྐུ་མངོན་དུ་ཕྱུང་སྟེ། ཆེད་དུ་བརྗོད་པ། ཨི་མ་དིང་རི་དིང་རི་བཛྲ་ཙན་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བརྗོད་མ་ཐག་ཏུ་ཐམས་ཅད་ཧ་ཅང་ཧ་ལས་ཏེ། རིམ་གྱིས་ལུས་ཏེ་གཙོ་མོར་གྱུར་པ་དག །བཅོམ་ལྡན་འདས་མའི་ཞབས་དྲུང་དུ་འཁོད་ཅིང་རང་རང་གི་མཐུ་དང་ནུས་པ་སོ་སོར་ཕྱུང་ནས་འདི་སྐད་དུ། ཨི་མ་དིང་རི་དིང་རི་ཛྷ་ན་སི་ཏི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨི་མ་དིང་རི་དིང་རི་ས་ལེ་སི་ཏི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨི་མ་དིང་རི་དིང་རི་པ་ཤང་སི་ཏི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨི་མ་དིང་རི་དིང་རི་རང་ན་སི་ཏི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བསྐལ་བའི་འབྲུག་ལྟར་དུ་གྲགས་པའི་སྒྲས། མདོངས་གསོལ་དུ་ཕུལ་བ་ཙམ་གྱིས་བྱིན་རླབས་དངོས་སུ་འབྱུང་ནས། གནས་དེ་ན་གནས་པའི་འགྲོ་བ་དག་ཕལ་ཆེ་བས་དེ་བདེན་པ་མཐོང་། ལ་ལ་དག་ལ་ནི་མངོན་པར་ཤེས་པ་ཤར། རིམ་གཅིག་ནི་སྲིད་པ་གསུམ་ལ་དབང་བསྒྱུར། ཁ་ཅིག་གིས་འགྲོ་བའི་དོན་ཇི་ལྟར་བསམས་པ་བཞིན་དུ་གྲུབ་སྟེ། ཐམས་ཅད་ཡིད་ཚིམ་པར་བྱས་སོ། །མཁའ་འགྲོ་མ་གསང་བའི་རྒྱུད་ལས་བྱིན་རླབས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།
དེ་ནས་ཡང་མཁའ་འགྲོ་མ་བུམ་པའི་སྣ་ཅན་རྣམས། བཅོམ་ལྡན་འདས་ལ་འདི་སྐད་དུ། ལྷ་ཡི་ལྷ་མཆོག་ཧེ་རུ་ཀ་དཔལ་རྡོ་རྗེའི་སྐུ། །གར་གྱི་རྣམ་སྤྲུལ་གསང་བའི་ཡུམ་དང་གཉིས་མེད་རོལ། །བདེ་བས་རྒྱས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །མཚུངས་མེད་རྡོ་རྗེའི་སྐུ་གསུང་ཐུགས་རྗེའི་འོད་ཟེར་ཅན། །མ་འོངས་རྣལ་འབྱོར་ཀུན་ལ་བརྩེ་བའི་མདངས་ཕྱུང་ལ། །དམ་ཚིག་ཅན་གྱིས་ཇི་ལྟར་སྒྲུབ་པ་གསུམ། །ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་དཔལ་ལྡན་དགེ་མ་ལེགས། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཚོགས། །མ་དག་སྙིགས་མ་ལྔ་ལྡན་དུས། །སྒྲུབ་དང་ངེས་པར་སྒྲུབ་འདོད་ན། །མཁའ་འགྲོའི་གསང་བ་ང་ཡིས་བཤད། །ཤར་དུ་ཁ་བལྟས་ཟངས་ཀྱི་རི། །སྐད་གཉིས་མི་ཐོས་བྲག་སྐྱིབས་དེར། །སྒྲུབ་པ་དུར་ཁྲོད་རྫས་ལ་རྟེན། །དུས་ཚོད་ཚེས་གྲངས་བཟང་པོ་ལ། །དབང་ཐོབ་དམ་ཚིག་མ་ཉམས་པའི། །དཔའ་བོ་བརྟུལ་ཞུགས་ལྡན་པ་ཡིས། །རྟོག་པའི་ཐེ་ཚོམ་ལེ་ལོ་སྤང་། །བདེ་བའི་སྟན་ལ་འདུག་ནས་ཀྱང་། །བྱང་ཆུབ་སེམས་དང་རབ་ལྡན་པས། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་མཁའ་འགྲོ་བསྒྲུབ་པའི་ཕྱིར། །རིམ་པ་རྒྱས་པ་རྟོགས་པར་བྱའོ། །ཨི་མ་དིང་རི་དིང་རི་བཛྲ་རཏྣ་པདྨ་བི་ཤ་སི་ཏི། ས་ནི་རི་ཧ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཞི་སྙིང་གཅིག་ཏུ་དྲིལ་བ་སྟེ། །ཡང་ན་རབ་ཏུ་སྤེལ་ལ་བཟླས། །རྟགས་གསུམ་བྱུང་ན་གྲུབ་པ་ཡིན། །གལ་ཏེ་བདག་ལ་ཕན་འདོད་ན། །རྩ་རླུང་ཐིག་ལེ་ཟུང་འཇུག་བཞི། །གནད་གཞི་གསང་བའི་འཁོར་ལོ་དེ། །རབ་ཏུ་འབད་དེ་བསྐོར་བར་བྱ། །ལྟ་བ་ཕྱོགས་མེད་རང་ངོ་ལྟོས། །སྒོམ་པ་དམིགས་མེད་དྲན་པ་ཟུངས། །སྤྱོད་པ་འགག་མེད་དུས་དང་བསྟུན། །འབྲས་བུ་ལྷུན་གྲུབ་ཕུལ་དུ་ཕྱུང་། །ཞེས་བཀའ་བསྩལ་ནས་འཛུམ་པའི་མདངས་ཕྱུང་ངོ་། །དེ་ལ་རྒྱལ་མོ་བཞི་བོ་དག་རབ་ཏུ་སྤྲོས་ནས་འདི་སྐད་དུ། ཨེ་མ་གཏུམ་ཆེན་ཆ་སྐད་ཅན། །ངེད་ཅག་རིགས་ཀྱི་བུད་མེད་བཞི། །སྟོན་པའི་བཀའ་ལ་ཡེ་ནས་གནས། །དཔའ་བོ་ཇི་ལྟར་བསྟན་པ་བཞིན། །སྒྲུབ་པ་བྱེད་པའི་གང་ཟག་ལ། །མ་འོངས་དུས་སུ་ཁྱོད་བཞིན་ལྟ། །མ་ལྟར་བསྒྲུབ་ན་བྱམས་པར་བགྱི། །སྲིང་ལྟར་འབོད་ན་བརྩེ་བར་བགྱི། །གྲོགས་ལྟར་བསྟེན་ན་གདུང་བར་བགྱི། །བྲན་དུ་བཀོལ་ན་བཅོལ་བར་བྱ། །དམ་ཚིག་ལྡན་པའི་རྣལ་འབྱོར་པ། །ཉམས་སུ་ལེན་པའི་གང་ཟག་ལ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད། །དངོས་སུ་མི་འདོད་བཞིན་དུ་འབྱུང་། །ཨི་མ་དིང་རི་དིང་རི་ཀ་ཡ་བ་ག་ཙི་ཏ་གྷུ་ཀ་ར་མ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་གཉིས་སུ་མེད་པར་འཁྲིལ་ལོ། །མཁའ་འགྲོ་མ་གསང་བའི་རྒྱུད་ལས། །མངོན་པར་རྟོགས་པའི་ལེའུ་སྟེ་གསུམ་པའོ།། །།
དེ་ནས་བཅོམ་ལྡན་འདས་ཀྱིས་འདུས་པའི་འཁོར་དེ་དག་ལ་རྡོ་རྗེ་གཏམས་པའི་ཕྱག་རྒྱ་བསྟན་ནས་འདི་སྐད་དུ་དམ་ཚིག་ལ་བཞག །ཛྷ་ན་བཛྲ་ཀ་ཡ་ཨོཾ། སི་ན་ར་མ་སེངྒེའི་གདོང་། །ས་ལ་རཏྣ་བ་ག་ཨཾ། །ཀཾ་ཀ་བ་རི་དྲེད་མོའི་གདོང་། །པ་ཤད་པདྨ་ཙི་ཏ་ཧཱུཾ། །ཧན་ཛ་ན་ཧཱུཾ་སྤྲེའུ་ཡི་གདོང་། །རཏྣ་བི་ཤ་གྷུ་ན་ཧྲཱིཿར་ག་ར་ཏི་སྤྱང་མོའི་གདོང་། །ཨི་མ་དིང་རིའི་ཡི་གེ་དྲུག །གང་འདྲེན་སྔགས་ཀྱི་གོང་ནས་ཕུལ། །གང་ཡིན་སི་ཏིའི་ཡི་གེ་བཞི། །ཇི་ལྟར་དམྱིགས་པ་དབུས་སུ་བཞུགས། །ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དྲག་པོའི་སྦལ་དྲུག་འཇུག་ལ་གདགས། །བཅུ་དྲུག་སྔགས་ཀྱི་འཐེམས་ཚང་བས། །ཇི་ལྟར་དམིགས་པའི་ལས་རྣམས་ཀུན། །འབུམ་ཚོ་གསུམ་གྱི་ངེས་པར་འགྲུབ། །ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །རྣལ་འབྱོར་མྱུར་དུ་བདེ་འདོད་པས། །ཨ་ལས་བདེ་སྐྱོང་གླེང་གཅིག་པར། །མང་དུ་ཤ་ལྔ་བདུད་རྩི་ལྔ། །ཡི་གེ་གསུམ་དང་ལྡན་པར་བྱ། །གཏོར་མ་ཡི་དམ་ལྷ་ལ་འབུལ། །མཁའ་འགྲོ་ཚོགས་ཀྱིས་མཉེས་པར་བྱ། །ལྷག་མ་འབྱུང་པོ་ཀུན་ལ་བསྔོ། །མེ་ལྷ་མཆོད་ཅིང་བདུད་རྩི་བཀའ། །མཉམ་པ་ཆེན་པོའི་ཏིང་འཛིན་གྱིས། །ཚེས་བཅུ་དག་གམ་དུས་དྲུག་ཏུ། །སྒྲུབ་པ་འདི་ལ་བརྩོན་ལྡན་ན། །སྡིག་པ་མ་ལུས་དག་བྱེད་ཅིང་། །ཐུན་མོང་ཉིད་ཐོབ་མཆོག་ལ་གཞོལ། །མཁའ་འགྲོའི་གསང་ཚིག་བདུད་རྩིའི་ཆུ། །རིན་ཆེན་བུམ་པའི་སྣོད་མཆོག་ལས། །གཞན་དུ་སྨྲས་ན་ཉམས་པར་འགྱུར། །སྙིང་གའི་དབུས་སུ་ས་མ་ཡ། །ཞེས་གསང་བའི་བདག་པོ་ལ་སྨྲས་ནས། མཉམ་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་གདུལ་བྱ་གཞན་དག་ཡང་གཟིགས་སོ། །དེར་འདུས་པའི་འཁོར་དེ་དག་དངོས་གྲུབ་ཀྱི་རྫས་ལ་ལོངས་སྤྱོད་ཅིང་། དགའ་བའི་མདངས་ཀྱི་ཕྱི་རབས་པ་རྣམས་ལ་ཐེངས་གཅིག་གནང་ངོ་ཞེས་གླེང་ནས་གསང་མཛོད་དུ་བཞུགས་ཏེ། ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རྒྱན་དུ་བཞུགས་སོ། །མཁའ་འགྲོ་མ་གསང་བའི་རྒྱུད་ཅེས་བྱ་བ་ལས་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཞི་པའོ།། །།མཁའ་འགྲོ་མ་དྲ་བ་སྡོམ་པའི་དུམ་བུ་རྫོགས་སོ།། །།
བརྡ་རྒྱུད་ཀྱི་ཁོག་དོན་ཡི་དམ་ལྷའི་གསང་མཛོད།
༄༅། །བརྡ་རྒྱུད་ཀྱི་ཁོག་དོན་ཡི་དམ་ལྷའི་གསང་མཛོད་ཅེས་བྱ་བ་བཞུགས་པའི་དབུ་ཕྱོགས།
ན་མོ་གུ་རུ། ཡི་དམ་ལྷ་ཡི་གསང་མཛོད་ཅེས་བྱ་བ། མཁའ་འགྲོ་མ་བརྡའི་རྒྱུད་ཆེན་པོ་འདི་བཤད་པའི་དབང་དུ་བགྱིས་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་མཐུན་པར་དམ་པའི་ཆོས་ངོས་བཟུང་བ་དང་། དེའི་དོན་བཤད་པ་གཉིས་ཀྱིས་སྟོན་པར་བྱེད་པ་ལགས་ཏེ། དེ་ཡང་དཔེར་ན་སྨན་པ་མཁས་པ་ཡན་ལག་གཉིས་དང་ལྡན་པ་གཅིག་ནད་པའི་སྔས་སུ་བཀུག་ནས་དང་པོར་ནད་དེ་ལག་གི་རྩ་དང་ལུས་ཀྱི་ཆུ་ལ་བརྟེན་ནས་ནད་དེ་གང་ཡིན་ངོས་འཛིན་ལ། ངོས་ཟིན་ནས་ནད་དེ་བཅོས་པའི་ཐབས་ལ་འཇུག་པར་བྱེད་དེ། དེ་བཞིན་དུ་འདིར་ཡང་དང་པོར་དམ་པའི་ཆོས་སྡེ་ཚན་གང་ཡིན་ངོས་བཟུང་ནས་དེ་ནས་བཤད་པའི་ཐབས་ལ་འཇུག་པ་ཡིན་ནོ། །
དེ་ལས་དང་པོར་དམ་པའི་ཆོས་འདི་སྡེ་ཚན་གང་ཡིན་ངོས་བཟུང་ན། སྤྱིར་ཤེས་བྱའི་ཆོས་ཐམས་ཅད་བརྗོད་བྱ་སྒྲའི་བདག་ཉིད་ཀྱི་ཆོས་དང་། རྗོད་པར་བྱེད་པ་ཚིག་གི་བདག་ཉིད་གཉིས་སུ་འདུས་པ་ཡིན། མདོ་སྡེ་རྒྱན་ལས། ཇི་ལྟར་རྣམས་ན་རབ་སྐུ་ལ། །མྱོང་ན་ཞིམ་པའི་སྨན་བཞིན་དུ། །དེ་བཞིན་ཆོས་ཀྱང་གཉིས་སུ་འདུས། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་སོ། །དེ་གཉིས་ཀྱི་གོ་བ་ཡང་། ཆོས་གང་ཞིག་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་བརྡ་སྤྲད་པར་བྱ་བ་དེ་ནི་བརྗོད་བྱ་སྒྲའི་བདག་ཉིད་ཀྱི་ཆོས་ཡིན་ལ། རྗོད་པར་བྱེད་པའི་ཐབས་མིང་དང་ཚིག་དང་ཡི་གེའི་ཚོགས་ལ་ནི་རྗོད་བྱེད་སྒྲའི་བདག་ཉིད་ཀྱི་ཆོས་ཞེས་བྱའོ། །དེ་ལས་འདིར་ནི་རྗོད་བྱེད་སྒྲའི་བདག་ཉིད་ཀྱི་ཆོས་སེམས་ཉིད་དངོས་པོའི་གནས་ལུགས་གཏན་ལ་འབེབས་པར་བྱེད་པ། རྗོད་བྱེད་ཚིག་གི་བདག་ཉིད་ཀྱི་ཆོས་ཡིན་ནོ། །དེ་ལ་རྗོད་བྱེད་ཚིག་གི་བདག་ཉིད་ཀྱི་ཆོས་ལ་བསམ་གྱིས་མི་ཁྱབ་ནའང་། མདོར་བསྡུ་ན་བཀའ་དང་བསྟན་བཅོས་གཉིས་ལས། འདིར་བསྟན་བཅོས་མ་ཡིན་བཀའོ། །བཀའ་མདོ་སྡེ་དང་རྒྱུད་སྡེ་རྣམ་པ་གཉིས་ལས། འདི་ནི་མདོ་སྡེ་མ་ཡིན་རྒྱུད་སྡེ་ཡིན་ནོ། །དེ་གཉིས་ཀྱི་གོ་བ་ཡང་། བཀའ་མཚན་ཉིད་དུ་གསུངས་པ་མདོ་སྡེ་ལ། བཀའ་གསང་སྔགས་སུ་གསུངས་པ་ལ་རྒྱུད་སྡེའོ། །དེ་ལས་འདི་ནི་རྒྱུད་སྡེའོ། །རྒྱུད་སྡེ་ཆེན་པོ་བཞི་སྟེ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་བཞི་ལས། འདི་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་གསུམ། ཐབས་ཕའི་རྒྱུད། ཤེས་རབ་མའི་རྒྱུད། གཉིས་སུ་མེད་པ་སྙིང་པོ་དོན་གྱི་རྒྱུད་དང་གསུམ་ལས། འདི་སྙིང་པོ་དོན་གྱི་རྒྱུད་དོ། །
དེ་ལ་རྒྱུད་སྡེ་མང་དུ་བཞུགས་ཀྱང་ཁྱད་པར་གླིང་དུ་འཕགས་པ་མཁའ་འགྲོ་མའི་བརྡ་རྒྱུད་ཅེས་བྱ་བ་ཡིན་ནོ། །དེ་གཞན་ལས་ཁྱད་པར་དུ་ཅིས་འཕགས་ན། རྒྱུད་སྡེ་གཞན་ནི། ལ་ལས་ཡི་དམ་ལྷའི་དབང་དང་། སྒྲུབ་པ་དང་ལས་ཚོགས་སྟོན། ལ་ལས་ནི་ངེས་དོན་རྐྱང་པ་ཕྱོགས་གཅིག་པ་སྟོན་པ་ཡིན་ལ། འདི་ནས་ནི་ལམ་ཟབ་མོ་བླ་མའི་གསང་སྒྲུབ། དབང་དང་ལམ་གཉིས་སུ་མེད་པའི་དོན་ཐབས་དང་ཤེས་རབ་ཟུང་འཇུག་ལམ་དུ་འཁྱེར་བར་སྟོན་པའི་རྒྱུད་ཡིན་ནོ། །འདི་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཀྱི་ཁོང་གི་སྙིང་གི་ཚུལ་དུ་གནས་པ། ཕྱི་སྡེ་སྣོད་གསུམ་དུ་སྦས། ནང་རྒྱུད་སྡེ་བཞི་རུ་གབ། གསང་བ་མཁའ་འགྲོ་མས་རྒྱས་བཏབ་ནས་གནས་པ་ལས། རྗེ་དམ་པ་རྒྱ་གར་རིན་པོ་ཆེ་དེས་བཅོམ་ལྡན་འདས་བདག་མེད་མའི་གསུང་ལ་བརྟེན་ནས་ཕྱི་སྡེ་སྣོད་གསུམ་གྱི་སྲོག་བཅད། ནང་རྒྱུད་སྡེ་བཞིའི་སྙིང་ཕྱུང་། མཁའ་འགྲོ་མ་གསང་བའི་མཛོད་བརྡོལ་ནས་གསུངས་པའི་ཆོས་ཡིན་ནོ། །
དེ་ལ་ཕྱི་སྡེ་སྣོད་གསུམ་དུ་ཇི་ལྟར་སྦས་ན། མདོ་བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཞུགས་ཏེ། མྱུར་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་ཐོག་མར་བླ་མ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་གསུངས་སོ། །ནང་རྒྱུད་སྡེ་བཞིར་ཇི་ལྟར་གབ་ན། གསང་འདུས་ལས། སྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡི་ཕ་རོལ་ཕྱིན་མི་ནུས། །དེ་བཞིན་ཡོན་ཏན་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་དང་། བདེ་མཆོག་ཨ་ཝ་དྷ་ན་བོད་སྐད་དུ་ངེས་བརྗོད་བླ་མ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བལྟའོ། །ཞེས་པ་ལ་སོགས་དུ་མ་གསུངས་སོ། །གསང་བ་མཁའ་འགྲོ་མའི་རྒྱ་བཤིག་པ་ཡིན་ཏེ། བྱིན་རླབས་ཀྱི་རྒྱུད། སྨིན་པར་བྱེད་པ་འདོད་ན་བླ་མའི་ཐུགས་རྒྱུད་སྐུལ་ཅིག་ཅེས་གསུངས་སོ། །
སྤྱིར་རྒྱུད་ཀྱི་རྣམ་པར་བཞག་པ་ལ་གསུམ་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་གསུམ་མོ། །དང་པོ་ངོ་བོ་ནི། སྟོན་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ་སྣང་བ་ནི། བརྗོད་བྱ་དོན་གྱི་རྒྱུད་ཀྱི་ངོ་བོ་ཡིན། དེའི་དོན་ཚིག་དང་ཡི་གེའི་སྒྲའི་རྣམ་པར་སྣང་བ་ནི་རྗོད་བྱེད་ཚིག་གི་རྒྱུད་ཀྱི་ངོ་བོ་ཡིན་ནོ། །དེ་ཡང་རྒྱུད་ཀྱི་ངོ་བོ་སྟོན་པ་སྟེ། སྒྲ་ཡི་བདག་ཉིད་རྒྱུད་ཅེས་བྱ་ཞེས་སོ། །ངེས་ཚིག་ནི། འབྲེལ་བའི་དོན་གྱིས་ན་རྒྱུད་དེ། ས་བོན་དང་མྱུ་གུ་ལྟ་བུའོ། །མ་ཚང་བ་མེད་པའི་དོན་གྱིས་ན་རྒྱུད་སྡེ་སྟེ་རྒྱལ་པོའི་དཀོར་མཛོད་ལྟ་བུའོ། །ཕུན་སུམ་ཚོགས་པའི་དོན་གྱིས་ན་རྒྱུད་སྡེ་སྟེ་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་ལྟ་བུའོ། །རྒྱས་པའི་དོན་གྱིས་ན་རྒྱུད་སྡེ་སྟེ་དཔག་བསམ་གྱི་ཤིང་ལྟ་བུའོ། །དཀྲུགས་པའི་དོན་གྱིས་ན་རྒྱུད་སྡེ་སྟེ་རས་ཀྱི་དོགས་མ་ལྟ་བུའོ། །རྒྱུད་ལ་དབྱེ་ན་གཉིས་ཏེ། མཚན་ཉིད་ཡོངས་སུ་རྫོགས་པའི་དོན་རྒྱུད་སྡེ་ཆེན་པོ་དང་། མཚན་ཉིད་ཡོངས་སུ་མ་རྫོགས་པའི་རྒྱུད་ཐོར་བུ་པའོ། །དེ་གཉིས་ཀྱི་གོ་བ་ཡང་། སྟོན་པ་སངས་རྒྱས་སྐུ་གསུམ་གྱི་འཁོར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐུབ་པའི་དབང་པོ་མྱ་ངན་ལས་མ་འདས་པའི་གོང་དུ། རྒྱུད་ཀྱི་དངོས་པོ་ཚང་པར་གསུངས་པ་ནི། མཚན་ཉིད་ཡོངས་སུ་རྫོགས་པའི་རྒྱུད་སྡེ་ཆེན་པོ་ཞེས་བྱའོ། །སྟོན་པ་གཟུགས་སྐུ་གཉིས་གང་རུང་གི་འཁོར་ངེས་པ་མེད་པ་ལ། དུས་ཐུབ་པ་འདས་ནས་རྒྱུད་ཀྱི་དངོས་པོ་ཁ་ཡར་གསུངས་པ་ནི། མཚན་ཉིད་ཡོངས་སུ་མ་རྫོགས་པའི་རྒྱུད་ཐོར་བུ་ཞེས་བྱའོ། །དེ་ལས་འདིར་ནི་རྒྱུད་ཐོར་བུ་པ་ཡིན། ཐོར་བུ་པ་ལ་སྤྱིར་རིགས་མང་ཡང་། འདིར་བཅོམ་ལྡན་འདས་བདག་མེད་མའི་མངོན་པར་རྟོགས་པ་ལམ་ཟབ་མོ་བླ་མའི་གསང་སྒྲུབ་སྟོན་པར་བྱེད་པ་མཁའ་འགྲོ་མ་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡ་ཡི་རྒྱུད་ཅེས་བྱ་བ་ལགས་སོ། །དེས་ནི་དམ་པའི་ཆོས་ངོས་བཟུང་བ་བསྟན་ནས།
ད་ནི་དོན་བཤད་པ་ལ་གཉིས་ཏེ། ཁོག་དོན་དང་། གཞུང་དོན་ནོ། །དང་པོ་ལ་གསུམ་སྟེ། རྒྱུད་འདི་དང་པོ་ཇི་ལྟར་བྱོན་པའི་རྒྱུ་མཚན་བསྟན་པ་དང་། དེ་ནས་བརྒྱུད་པ་གང་ལ་འགྲིམས་པའི་ཚུལ་བསྟན་པ་དང་། རྒྱུད་འདི་ནས་བརྗོད་བྱ་གང་སྟོན་པའི་རིམ་པ་སྟོན་པའོ། །དང་པོ་རྒྱུད་འདི་ཇི་ལྟར་བྱོན་པའི་རྒྱུ་མཚན་བསྟན་པ་ནི། རྗེ་དམ་པ་རྒྱ་གར་བ་ཆེན་པོ་དེས། དཔལ་ཨུ་རྒྱན་གྱི་གནས་ན་མཁའ་འགྲོ་མ་སུ་ཀ་སིདྡྷིའི་སྤྱན་སྔར་ཆོས་གསན་ཞིང་བཞུགས་པའི་དུས་སུ། ཨུ་རྒྱན་གྱི་རྒྱལ་པོ་མ་ཧཱ་པ་ལ་ཞེས་བྱ་བས་ཨུ་རྒྱན་གྱི་གྲུབ་ཐོབ་ཕོ་མོ་རྣམས་གདན་དྲངས་ནས་དུར་ཁྲོད་ཆེན་པོ་དཔལ་གྱི་རྒྱུ་སྐར་དུ་ཚོགས་ཀྱི་འཁོར་ལོ་མཛད་པ་ལ། དེའི་གཙོ་མོ་མཁའ་འགྲོ་མ་སུ་ཀ་སིདྡྷིས་མཛད་པར་བརྡ་གདའ་ནས། རྗེ་དམ་པས་ཀྱང་གོང་གི་ཕྱག་ཕྱིར་འབྲང་ནས་ཚོགས་ཀྱི་འཁོར་ལོ་ལ་ཞུགས་ནས་སྲོད་ལ་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་རང་རང་གི་གཞུང་དང་བསྟུན་པའི་མཎྜལ་བཤམས་ནས་ཚོགས་ཀྱི་འཁོར་ལོ་མཛད་པ་ལས། རྗེས་ལ་འབྲས་ཆང་བྷནྡྷ་རེ་དྲངས་ནས་རྣལ་འབྱོར་ཕོ་མོ་རྣམས་ལ་རང་རང་གི་རྟོགས་པར་བརྗོད་པའི་མགུར་རེ་རེ་ཞུས་པ་ལས། རྗེས་དམ་པས་ཀྱང་མགུར་གཅིག་བཞེངས་པ་ལ། དབྱིངས་ཀྱི་གཙོ་མོ་རྣམས་རབ་ཏུ་དགྱེས་ཏེ། རྣལ་འབྱོར་པ་ཁྱོད་ནི་རྟོགས་པ་མཆོག་ཏུ་གྱུར་པ་གཅིག་འདུག་པ། དེ་རྣམས་ལ་སྔོན་དུར་ཁྲོད་ཆེན་པོ་རྣམས་སུ་ཚོགས་ཀྱི་འཁོར་ལོ་མཛད་པའི་གྲུབ་ཐོབ་ཕོ་མོ་རྣམས་ཀྱིས་རྟོགས་པ་མང་དུ་བརྗོད་པའི་མགུར་རྣམས་མང་དུ་བཞུགས་པ་རྣམས། ཤིན་ཏུ་ངོ་མཚར་ཆེ་ནས་ཏ་ལའི་ལོ་མ་ལ་ཡི་གེར་བཏབ་པ་ཡོད་པས་དེ་ཡང་ཁྱེད་ལ་འབུལ་ལོ་ཟེར་ནས་མཁའ་འགྲོ་མའི་གསང་མཛོད་ནས་བེ་བུམ་བརྒྱད་བྱུང་ནས་རྗེས་དམ་པ་ལ་གཏད། རྗེ་དམ་པས་གཟིགས་པས་རྟོགས་པ་ཁྱད་པར་དུ་འཕགས་པའི་ཆོས་འདུག་ནས་ཁྱད་པར་གྱི་བརྒྱུད་པར་མཚན་བཏགས་སོ། །
དེ་ནས་རྣལ་འབྱོར་པ་རྣམས་ན་རེ། དུར་ཁྲོད་འདི་ཤིན་ཏུ་གཉན་པས་འདིར་བསྡད་དུ་མི་བཏུབ་ཟེར་ནས་ཤིང་ཁང་རྣམས་སུ་གྱེས་ནས་ཐལ་ལོ། །རྗེ་དམ་པས་གསོལ་བ་འདེབས་ཀྱིན་བཞུགས་པས་ནམ་གྱི་གུང་ལ་བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་གྱི་ཞལ་མཐོང་། ཕྱག་རྒྱ་རྣམ་པར་གྲོལ་བ་ལ་བརྟེན་ནས་དབང་བསྐུར་ཏེ་མི་སྣང་བར་གཤེགས་སོ། །ནམ་གུང་ཡོལ་ལ་བཅོམ་ལྡན་འདས་བདག་མེད་མའི་ཞལ་མཐོང་། ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ནད་སྨིན་པར་བྱེད་པའི་དབང་བཞི་བསྐུར། དེ་ནས་གཞན་སྨིན་པར་བྱ་བའི་ཕྱིར་འབྲས་ཀྱི་ཕུང་པོ་ནི་བརྡལ། རིན་པོ་ཆེའི་ཡི་གེ་ནི་བཀྲམས། མཆོག་གི་བདུད་རྩི་ནི་བཤམས། ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱིས་ཚོགས་ཀྱི་ཡོ་བྱད་སྐད་ཅིག་ཡུད་ཙམ་གྱིས་འབྱོར་བར་བཤམས་ནས་ཡི་གེའི་ཕྱི་མོའི་དབྱིབས། དབང་བཞི་རྗེས་གནང་ངོ་སྤྲོད་དང་བཅས་པ་མཛད་དེ། ལམ་ལྔའི་དབང་སྟན་གཅིག་ལ་རྫོགས་པར་བསྐུར་ནས་རྩ་བའི་རྒྱུད་ལེའུ་གསུམ་པ་གསུངས་སོ། །
དེ་ནས་ཐོ་རེངས་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་མཐོང་། སྒྲུབ་པ་སྲངས་ཀྱི་གདམས་པ་སུམ་ཅུ་རྩ་དྲུག་བསྟན་ཏེ་ངོ་མཚར་ཆེ་ནས་ངོ་མཚར་གྱི་བརྒྱུད་པར་བཏགས་སོ། །དེ་ནས་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་རྣམས་ཀྱིས་མཁའ་འགྲོ་མའི་འབྱམ་གླུ་རིང་མོ་བླངས་ནས་བསྐུལ་བའི་སྒྲ་བསྐལ་པའི་འབྲུག་བཞིན་དུ་བསྒྲགས་ནས་ནམ་གྱི་མཐའ་དང་མཉམ་པར་དེངས་ནས་གཤེགས་སོ། །དེ་ནས་གནས་དེ་ཉིད་དུ་ཞག་བདུན་གསོལ་བ་འདེབས་ཤིང་བཞུགས་པ་ལས། ཞག་བདུན་ན་སྤྲུལ་པའི་ལྷ་མོ་དངོས་སུ་བྱོན་ནས་ཤིང་ཏ་ལ་བདུན་གྱི་ནམ་མཁའ་ལ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་ཏེ། བཤད་པའི་རྒྱུད་ལེའུ་བཅྭོ་བརྒྱད་པ་གསུངས་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དེ་རྣམས་རྗེ་དམ་པ་ཉིད་ཀྱིས་ཚིག་ཏུ་བསྡུས་ནས་ཡི་གེ་ལ་བཏབ་པ་ལགས་སོ། །དེ་ནས་བརྒྱུད་པ་གང་ལ་འགྲིམས་པའི་ཚུལ་ནི། རྗེ་དམ་པ་རྒྱ་གར་བ་རིན་པོ་ཆེ་དེས་བོད་དུ་སེམས་ཅན་གྱི་དོན་ལ་ལན་གསུམ་དུ་བྱོན་པ་ལས། ལན་ཐ་མའི་དུས་སུ་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ། དེས་འཕན་ཡུལ་གྱི་པ་ཚབ་དགོན་པ་ལ་གཏད། དེས་ཡར་མདའི་རྗེ་བཙུན་རྒྱལ་བ་རིན་ཆེན་ལ་གནང་། དེས་རོག་ཤེས་རབ་འོད་ལ་གནང་། དེས་སྲས་དར་མ་སེང་གེ་ལ་གནང་། དེས་ཤིའུ་ཇོ་སྲས་ལ། དེས་ཁུ་བན་བདག་ལ་གནང་བའོ། །དམ་པ་སྐུ་ཆེ་བའི་ཡོན་ཏན་དང་ཇི་ལྟར་བརྒྱུད་པའི་ཚུལ་རྣམས་གཞན་དུ་ཤེས་པར་བྱའོ། །
གསུམ་པ་རྒྱུད་འདིའི་བརྗོད་བྱ་ཇི་ལྟར་གནས་པའི་རིམ་པ་ལ་ལྔ་སྟེ། རྒྱུད་འབྱུང་པའི་གླེང་གཞི་དང་། རྐྱེན་གླེང་བསླང་བ་དང་། ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་དང་། རྒྱུད་གདམས་ཤིང་གཏད་པ་དང་། རྒྱུད་དང་སྟོན་པ་ལ་བསྟོད་པའོ། །གླེང་གཞི་ལ་ལྔ་སྟེ། དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། འདི་ལྟར་བཅོམ་ལྡན་འདས་མ་སྐུ་སྣང་ལ་མ་གྲུབ་པ་ནམ་མཁའི་གཟུགས་བརྙན་ལྟར་ཅིར་ཡང་མ་གྲུབ་རྣམ་པར་གསལ་བ་ཆེན་པོ་ཞེས་པ་ལ་སོགས་པའོ། །
གནས་ཕུན་སུམ་ཚོགས་པ་ནི། རང་བཞིན་གྱིས་རྣམ་པར་དག་པའི་གནས། ཀློང་ཡངས་ཆེན་པོ་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཞེས་པ་ལ་སོགས་པའོ། །འཁོར་ནི་གཏུམ་མོ་དང་། རབ་ཏུ་གཏུམ་མོ་དང་ཞེས་པ་ལ་སོགས་པའོ། །དུས་ནི་དུས་གཅིག་ན་ཞེས་པའོ། །སྡུད་པ་པོ་ནི་བདག་གི་ཞེས། ཆོས་ནི་འདི་སྐད་ཐོས་པ་དང་། ཨ་ཨཱ་ཨཿཞེས་པའོ། །གླེང་བསླང་པ་ལ་གཉིས་ཏེ། འཁོར་གྱིས་ཞུས་ཏེ་གླེང་བསླང་བ་ནི། དེའི་ཚེ་དེའི་དུས་ན་ལས་དང་བརྗོད་པ་དམ་པར་འབྲེལ་བའི་སྐྱེ་བུ་དམ་པ་ནི་ཞེས་པ་དང་། ཀྱེ་ཧོ། རྣམ་དག་དྲི་མེད་དབྱིངས་ལ་སྐུ་སྤྲུལ་ཞིང་ཞེས་པ་ལ་སོགས་པས་བསྟོད་ནས་རྒྱུད་ཞུས་པའོ། །སྟོན་པས་གླེང་བསླང་བ་ནི། ཀྱེ་ཧོ། སྟོབས་ལྡན་རིགས་ཀྱི་བུ་ཉོན་ཅིག་ཅེས་པ་ལ་སོགས་པས་གསུང་བར་ཞལ་གྱིས་བཞེས་སོ། །ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་ལ་གཉིས་ཏེ། རྩ་བའི་རྒྱུད་དང་བཤད་པའི་རྒྱུད་དོ། །རྩ་བའི་རྒྱུད་ལ་གཉིས་ཏེ། རྗེས་སུ་བཟུང་བའི་ཡུལ་འཁོར་གྱི་མཚན་ཉིད་བསྟན་པ་དང་། རྗེས་སུ་བཟུང་པའི་ཐབས་སོ། །རྗེས་སུ་བཟུང་པའི་ཡུལ་ནི་སློབ་མ་ཡིན་ཏེ། ཀ་མ་ལ་ཤྲཱི་མདུན་དུ་གནས་པ་ལ་གུས་པས་འདུད་ནས་ཞེས་སོ། །རྗེས་སུ་བཟུང་པའི་ཐབས་ལ་གཉིས་ཏེ། དབང་དང་ལམ་མོ། །དབང་ལ་གཉིས་ཏེ། སྔོན་འགྲོ་དང་དངོས་གཞིའོ། །
སྔོན་འགྲོ་ནི་རྟེན་བཤམས་པ་དང་སྐྱབས་འགྲོ་བྱ་བ་ལ་སོགས་པ་ལེའུ་གསུམ་པའི་སྟོད་ཀྱིས་སྟོན། དངོས་གཞི་ལ་བཞི། ཡི་གེའི་ལུང་ནོད་དང་། དབང་བཞི་བསྐུར་བ་དང་། ངོ་སྤྲད་པ་དང་རྗེས་གནང་བྱ་བ་སྟེ། ལེའུ་གསུམ་པའི་སྨད་ཀྱིས་བསྟན་ནས། དེ་ནས་རྒྱུད་ཀྱི་དོན་མདོ་ཙམ་དུ་གསུངས་པ་ནི། ཀྱེེ། རིགས་ཀྱི་བུ་མོས་གུས་ཀྱིས་འཆུན་ན་གཉུག་མའི་རང་ངོ་མཐོང་བར་འགྱུར་གྱི་བླ་མའི་ཐུགས་སྐུལ་ཅིག་ཅེས་པ་ལ་སོགས་པ་གསུངས་ནས་རང་བཞིན་གྱི་གནས་སུ་གཤེགས་སོ། །རྩ་བའི་རྒྱུད་ལེའུ་གསུམ་མོ། །
བཤད་པའི་རྒྱུད་ནི་བཞི་པ་ནས་བསྟན་ཏེ། ལམ་རྒྱུད་ལ་སྐྱེ་བའི་རྟེན་དང་། ལམ་དངོས་སོ། །རྟེན་ནི་ལེའུ་བཞི་པས་བསྟན་ཏོ། །ལམ་དངོས་ལ་གསུམ་སྟེ། བྱ་བ་གཞིའི་རྣལ་འབྱོར་དང་། བྱེད་པ་ལམ་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །བྱ་བ་གཞིའི་རྣལ་འབྱོར་ནི། ལམ་གྱི་གཞི་བཅའ་བ། དབང་བསྐུར་བའི་ལེའུ་ལྔ་པས་སྟོན། བྱེད་པ་ལམ་གྱི་རྣལ་འབྱོར་ལ་གཉིས་ཏེ། ལམ་རྒྱུད་ལ་སྐྱེ་བའི་རིམ་པ་དང་། ལམ་ཉམས་སུ་བླངས་ལུགས་སོ། །དང་པོ་ལམ་རྒྱུད་ལ་སྐྱེ་བའི་རིམ་པ་ནི། ལམ་གཅིག་གསུམ་ལྔའི་སྐྱེ་ལུགས་ནི། ལེའུ་དྲུག་པ་ནས་བསྟན་ནོ། །
ལམ་ཉམས་སུ་བླངས་པ་ལ་གཉིས། ལམ་དངོས་དང་། ལམ་གྱི་རྟགས་སོ། །ལམ་དངོས་ལ་བཞི་སྟེ། ཡི་གེ་དང་། དབང་བཞི་དང་། ངོ་སྤྲོད་དང་། རྗེས་གནང་ངོ་། །ཡི་གེ་ལ་རྒྱུད་དང་བྱིན་གྱིས་བརླབས་པ་དང་། དགོས་པ་གསུམ་ལེའུ་བདུན་པས་བསྟན་ནོ། །ཡི་གེ་ལམ་དུ་འཁྱེར་བ་ལ་གཉིས་ཏེ། ཡི་གེ་ལ་ངོ་སྤྲད་པ་ནི་ལེའུ་བརྒྱད་པས་བསྟན་ནོ། །ལམ་དུ་འཁྱེར་བ་ནི་གཉིས་ཏེ། སྤྱིའི་ལམ་འཁྱེར་དང་། བྱེ་བྲག་གི་ལམ་འཁྱེར་རོ། །སྤྱིའི་ལམ་འཁྱེར་ལེའུ་དགུ་པས་བསྟན་ནོ། །བྱེ་བྲག་གི་ལམ་འཁྱེར་ལ་གཉིས་ཏེ། རྒྱུ་རྩལ་གྱི་གནས་རྒྱས་པ་ནི་ལེའུ་བཅུ་པས་སྟོན། འབྲིང་པོ་དང་བསྡུས་པ་ནི་ལེའུ་བཅུ་གཅིག་པས་བསྟན་ནོ། །དབང་བསྐུར་བའི་དོན་ནི་ལེའུ་བཅུ་གཉིས་པས་སྟོན། ངོ་སྤྲོད་ནི་ལེའུ་བཅུ་གསུམ་པས་བསྟན་ནོ། །སྦྱོར་ལམ་དཀའ་ཐུབ་ཀྱིས་བཅད་པ་ལེའུ་བཅུ་བཞི་པས་བསྟན། མཐོང་ལམ་རྗེས་ཀྱིས་གཅད་པ་ནི་ལེའུ་བཅོ་ལྔ་པས་སྟོན། སྒོམ་ལམ་རོ་སྙོམས་ཀྱིས་གཅད་པ་ནི་ལེའུ་བཅུ་དྲུག་པས་སྟོན། མཐར་ལམ་བྱ་བྲལ་གྱིས་གཅད་པ་ནི་ལེའུ་བཅུ་བདུན་པས་སྟོན། ལམ་རྟགས་བསྟན་པ་ནི་ལེའུ་བཅྭོ་བརྒྱད་པས་སྟོན། བྱ་བྲལ་འབྲས་བུའི་རྣལ་འབྱོར་ནི་ལེའུ་བཅུ་དགུ་པས་སྟོན། རྒྱུད་གདམས་ཤིང་བསྟོད་པ་ལ་གསུམ་སྟེ། མཁའ་འགྲོ་མས་གདམས་ཤིང་གཏད་པ་ནི་ལེའུ་ཉི་ཤུ་པས་སྟོན། རྒྱུད་ཀྱི་བསྡུ་ལུགས་དང་དར་ལུགས་ལེའུ་ཉེར་གཅིག་པས་སྟོན། རྒྱུད་དང་སྟོན་པ་ལ་བསྟོད་པ་ནི་ལེའུ་ཉེར་གཅིག་པའི་སྨད་ཀྱིས་སྟོན་པ་ལགས་སོ། །རྒྱུད་ཀྱི་ཁོག་དོན་ཨི་ཏི།
མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཕྱག་རྒྱ་ཆེན་པོ་བརྡའི་རྒྱུད་ལ་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་མཚན་ནོ། །ཀླད་ཀྱི་དོན་ལ་གཉིས་ཏེ། མཚན་རྒྱ་གར་སྐད་དུ་བསྟན་པ་དང་། ཕྱག་བཅོམ་ལྡན་འདས་བཙལ་བའོ། །གཞུང་ལ་བཞི་སྟེ། རྒྱུད་འབྱུང་པའི་རྒྱུ་གླེང་གཞི་དང་། རྐྱེན་གླེང་བསླང་བ་དང་། ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་དང་། རྒྱུད་གདམས་ཤིང་གཏད་པའོ། །གླེང་གཞི་ལ་ལྔ་སྟེ། དུས་དང་སྡུད་པ་པོ་ཐུན་མོང་དུ་བསྟན་པ་འདི་སྐད་དང་། གནས་རང་བཞིན་དང་། སྟོན་པ་བཅོམ་ལྡན་འདས་དང་། འཁོར་དེའི་ཚེ་དབྱིངས་དང་། ཕུན་སུམ་འདི་ལྟར་ཚོགས་པའི་དཔེ་ཉ་རྒྱས་ཀྱི་ཟླ་བ་དང་། བསྟན་པ་ཕུན་སུམ་ཚོགས་འདི་སྐད་དུ་ཨ་ཨཱ་ཨཿཔའོ། །
གླེང་བསླང་བ་ལ་གཉིས་ཏེ། འཁོར་གྱིས་གླེང་བསླང་བ་དང་། སྟོན་པས་གླེང་བསླང་པའོ། །འཁོར་གྱིས་གླེང་བསླང་པ་ལ་གཉིས་ཏེ། དེའི་ཚེ་ཞུ་བའི་སྦྱོར་བ་དང་། ཞུས་པ་དངོས། དངོས་ལ་གཉིས་ཏེ། སྟོན་པའི་དག་པའི་སྣང་བ་ཞལ་མཐོང་པ་ལ་གུས་པས་ཀྱེ་ཧོ་རྣམ་དག་བསྟོད་པ་དང་། རྒྱུད་ཞུས་བདག་སོགས་འགྲོ་དྲུག་པའོ། །སྟོན་པས་གླེང་བསླང་པ་ལ་ལྔ་སྟེ། རྒྱུད་གསུང་སྤྲུལ་པས་པའི་སྦྱོར་བ་དང་། ཀྱེ་ཧོ་མདུན་གཅིག་པར་བསྐུལ་བ་དང་། རྒྱུད་གསུང་པའི་སྔོན་དུ་འཁོར་སྨིན་པར་པདྨའི་འོད་ཟེར་བྱ་བ་དང་། སྨིན་པའི་གསེར་འགྱུར་དཔེ་དང་། དེའི་ཡོན་ཏན་ནོ། །དེ་ལ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་སྦྱང་པ་དེའི་ཚེ་ཞལ་འཛུམ་དང་། བཅུད་ཀྱི་སེམས་ཅན་འཇིག་རྟེན་པ་ཐམས་ཅད་ཀྱང་ལ་ཕན་བཏགས་པའོ། །
ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་ལ་གཉིས་ཏེ། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དོ། །རྩ་བའི་རྒྱུད་ལ་གཉིས་ཏེ། རྗེས་སུ་དེ་ནས་ཡང་དེའི་ཚེ་བཟུང་པའི་ཡུལ་འཁོར་གྱི་མཚན་ཉིད་བསྟན་པ་དང་། རྗེས་སུ་བཟུང་བའི་ཐབས་སོ། །དེ་ལ་གཉིས་ཏེ། མ་སྨིན་པར་སྨིན་པར་བྱེད་པའི་དབང་། སྨིན་པ་གྲོལ་བར་བྱེད་པའི་ལམ་མོ། །དབང་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །སྔོན་འགྲོ་ལ་གཉིས་ཏེ། རྟེན་བཤམ་གང་གི་ཚེ་མ་འོངས་པ་པ་དང་། རྒྱུད་སྦྱང་དེ་ནས་ཀ་མ་ལ་ཤྲཱིས་པའོ། །དངོས་གཞི་གནས་བཞིར་ལ་བཞི་སྟེ། སྤྲུལ་པའི་ལྷ་མོས་ལུང་དབོག་པ་དང་། དབང་བསྐུར་བ་དང་། ངོ་སྤྲད་པ་དང་། རྗེས་སུ་གནང་པའོ། །དབང་བསྐུར་བ་ལ་གཉིས་ཏེ། དེ་ནས་དེ་བཞིན་ལུས་དང་ངག་དང་དབང་བཞི་བསྐུར་བ་དང་དེའི་དགོས་པའོ། །ངོ་སྤྲད་པ་ལ་གཉིས་ཏེ། འཇམ་རླུང་ལ་ངོ་སྤྲད་པ་དང་། རྩུབ་རླུང་ལ་ངོ་སྤྲད་པའོ། །འཇམ་རླུང་ལ་གཉིས་ཏེ། དེ་ནས་སྤྲུལ་པའི་ལྷ་མོས་མཉམ་བཞག་དང་རྗེས་ཐོབ་བོ། །རྩུབ་རླུང་ལ་གཉིས་ཏེ། ཡང་དེའི་ཆོས་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། རྟེན་པ་ལུས་འདུག་པ་དང་ཀྱི་གནད་དང་། གནས་པ་ཟུག་པ་དང་རྩ་ཡི་གནད་དང་། བསྡམ་པ་དང་གཡོ་བ་རླུང་གི་གནད་དང་། ངོ་བོ་དང་འཛིན་པ་སེམས་ཀྱི་གནད་དོ། །རྗེས་གནང་ལ་གཉིས་ཏེ། རྗེས་གནང་དངོས་དེ་ནས་ཡང་སྤྲུལ་པའི་དང་། དེ་སྐུ་ལྔར་ཞེས་དེ་བཞིན་གཤེགས་པ་བསྟན་པའོ། །སྨིན་པ་གྲོལ་བར་བྱེད་པའི་ལམ་ལ་གཉིས་ཏེ། གསུངས་པའི་སྦྱོར་བ་དང་ལམ་དངོས་ཀྱེ་རིགས་ཀྱི་བུ་སོ། །དེ་རྣམས་ཀྱི་རྩ་བའི་རྒྱུད་བསྟན་པའོ། །
དེ་ལྟར་རྩ་བའི་རྒྱུད་ལེའུ་གསུམ་བསྟན་ནས་བཤད་པའི་རྒྱུད་ལེའུ་བཅྭོ་བརྒྱད་དེ། ལར་ཉེར་གཅིག་གོ །དེ་ལ་གཉིས་ཏེ། ལམ་རྒྱུད་ལ་སྐྱེ་བའི་རྟེན་དང་ལམ་དངོས་སོ། །རྟེན་ནི་ལེའུ་བཞི་སྟེ། དང་པོ་ལེའུ་བཞི་པ་ལ་གཉིས་ཏེ། རྒྱུད་ཞུ་བའི་སྦྱོར་བ་དང་། ཞུ་བ་དངོས་སོ། །སྦྱོར་བ་ལ་གསུམ་སྟེ། གསོལ་བ་གདབ་དེ་ནས་ཡང་དག་བཤད་པ་དང་། ཞལ་མཐོང་བ་ཐུགས་རྗེ་འོད་ཟེར་དང་། བྱིན་རླབས་གནང་ཀ་མ་ལ་ཤྲཱིས་ནི་བའོ། །
ཞུ་བ་དངོས་ལ་གཉིས་ཏེ། ཀྱེ་མ་ཧོ་ཞུས་པ་དང་ལན་ནོ། །དེ་ལ་གསུམ། ཨུ་རྒྱན་མཁའ་འགྲོའི་བརྡ་སྐད་བསྟན་པ་དང་། རྣལ་འབྱོར་དབང་ཕྱུག་ལམ་ཉམས་སུ་ལེན་པའི་རྟེན་སྐལ་ལྡན་དགོས་པར་བསྟན་པ་དང་། རྟེན་གྱི་མཚན་ཉིད་ཁྲི་མུན་ནང་དུ་བསྟན་པའོ། །ལམ་དངོས་ལ་གསུམ་སྟེ། བྱ་བ་གཞིའི་རྣལ་འབྱོར་དང་། བྱེད་པ་ལམ་གྱི་རྣལ་འབྱོར་དང་། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །བྱ་བ་གཞིའི་རྣལ་འབྱོར་ནི་ལེའུ་ལྔ་པ་སྟེ། དེ་ལ་གཉིས། གཞི་བཅའ་བ་དང་། རྣལ་འབྱོར་གྱི་རང་ས་བསྲུང་བའོ། །དང་པོ་གཞི་བཅའ་བ་ལ་གཉིས་ཏེ། ཞུས་ལན་དང་པོ་དང་། ཞུས་ལན་གཉིས་པའོ། །དང་པོ་ལ་གཉིས་ཏེ། སྐལ་ལྡན་ཐུགས་རྗེས་དེ་ནས་རྣལ་འབྱོར་བཟུང་ལུགས་ཞུས་པ་དང་། ལན་དགོས་སྤྲུལ་པའི་ལྷ་མོས་པ་དང་བཅས་ཏེ་བསྟན་པའོ། །ཞུས་ལན་གཉིས་པ་ལ་གཉིས་ཏེ། དེ་ནས་རྣལ་འབྱོར་དབང་ཇི་ལྟར་བསྐུར་བ་ཞུས་པ་དང་ལན་ནོ། །དེ་ལ་གཉིས་ཏེ། མཁའ་འགྲོ་མའི་བརྡ་དེ་ནས་སྤྲུལ་པའི་དང་། དབང་ཇི་ལྟར་བསྐུར་བའི་རིམ་པའོ། །རྣལ་འབྱོར་གྱི་རང་ས་བསྲུང་བ་ལ་གཉིས་ཏེ། དགོས་པ་དེ་ནས་རྒྱལ་སྲིད་དང་བསྲུང་ལུགས་སོ། །བྱེད་པ་ལམ་གྱི་རྣལ་འབྱོར་ལ་གཉིས་ཏེ། ལམ་རྒྱུད་ལ་སྐྱེ་བའི་རིམ་པ་དང་། ལམ་ཉམས་སུ་བླང་ལུགས་སོ། །ལམ་རྒྱུད་ལ་སྐྱེ་བའི་རིམ་པ་བསྟན་པ་ལ་ལེའུ་དྲུག་པ་སྟེ། དེ་ལ་གཉིས་ཏེ། ཞུས་པ་དེ་ནས་རྣལ་འབྱོར་དང་ལན་ནོ། །ལན་ལ་གཉིས་ཏེ། ལམ་གཅིག་གསུམ་ལྔའི་གྲོལ་ཚུལ་དང་། དེའི་རྒྱུ་མཚན་འདི་བཅུན་པ་དང་ནོ། །ལམ་གཅིག་གསུམ་ལྔའི་གྲོལ་ཚུལ་གཉིས་ཏེ། མཁའ་འགྲོ་མའི་བརྡ་སྐད་ཅིར་ཤེས་པར་བྱ་བ་སྟེ་སྒྲའི་དབྱངས་བརྟག་པར་མི་ནུས་གསུངས། དེ་ཉིད་ཚིག་ཏུ་རྒྱས་པར་གསུངས་པ་རྣམས་ཡིན་ནོ། །གྲོལ་ཚུལ་དངོས་བསྟན་པ་ལ་གསུམ་སྟེ། ལམ་ཅིག་ཅར་བ་དང་། ཐོད་རྒལ་བ་ན་དྲ་ཀའི་ཆུ་དང་། རིམ་ཝ་ར་ན་སེ་གྱིས་པའོ། །ལམ་ཅིག་ཅར་བ་ལ་གསུམ་སྟེ། ལམ་དངོས་སན་ཛི་ཀའི་ཆུ་དང་། དེའི་སྐྱེ་རིན་ཆེན་ཐོག་ཚུལ། སྐྱེས་པ་ལམ་སྒྱུ་མའི་འཚང་རང་གི་ངོ་བོའོ། །ལམ་ཉམས་སུ་བླང་ལུགས་ལ་གཉིས་ཏེ། ལམ་དངོས་དང་། ལམ་གྱི་རྟགས་སོ། །ལམ་དངོས་ལ་བཞི་སྟེ། ལུང་ཕོག་པའི་དོན་དང་། དབང་པོའི་དོན་དང་། ངོ་སྤྲོད་ཀྱི་དོན་དང་། རྗེས་གནང་གི་དོན་ནོ། །ལུང་ཕོག་པའི་དོན་ལ་གཉིས་ཏེ། ཞུ་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པའོ། །དེ་ལ་བཞི། ཡི་གེའི་རྒྱུ་དང་། བྱིན་གྱིས་བརླབས་པའི་ཐབས་དང་། དགོས་པ་དང་། ཡི་གེའི་ལམ་འཁྱེར་རོ། །དེ་ལ་དང་པོ་གསུམ་ནི་ལེའུ་བདུན་པས་སྟོན་ཏེ། རྒྱུད་དང་དབྱིབས་ཝ་ནའི་དང་དགོས་དེ་ཡི་དགོས་པའི་དོན་པའོ། །དབྱིབས་ལ་ལྔ་སྟེ། གཟའ་སྐར་བཟང་དུས་དང་། བསྙེན་པ་ཕྲིན་ལས་བཞི་དང་། དེ་ནས་སྐད་གཉིས་སྒྲུབ་པ་དང་། ཤེས་རབ་ལས་སྦྱོར་དང་། དེ་ནི་རང་གི་སྤྱི་བོར་དངོས་གྲུབ་བླང་པའོ། །ལམ་དུ་འཁྱེར་བ་ལ་གཉིས་ཏེ། དང་པོ་ངོ་སྤྲད་པ་དང་ལམ་དུ་འཁྱེར་བ་དངོས་སོ། །ངོ་སྤྲད་པ་ནི་ལེའུ་བརྒྱད་པས་སྟོན་ཏེ། དེ་ལ་གཉིས། གསུངས་པའི་ཚུལ་དེ་ནས་སྤྲུལ་པའི་དང་། ངོ་སྤྲོད་ལུགས་སོ། །དེ་ལ་གསུམ་སྟེ། དང་པོ་འདུག་ཚུལ་གྱི་ཡི་གེ་ཆོས་རྣམས་དང་། མ་རྟོགས་འཁྲུལ་ཚུལ་གྱི་ཡི་གེ་དང་རྟོགས་པ་གྲོལ་ཚུལ་གྱི་ཡི་གེའོ། །མ་རྟོགས་འཁྲུལ་ཚུལ་ལ་གཉིས་ཏེ། ཇི་ལྟར་འཁྲུལ་པ་མ་རྟོགས་དང་། འཁྲུལ་ཨུ་དང་པ་སྡེ་པའི་ངོ་བོའོ། །རྟོགས་པ་གྲོལ་ཚུལ་ལ་གཉིས་ཏེ། རྟོགས་པར་བྱ་བ་རྟོགས་པ་བྱེད་པ་གནད་ཀྱི་དང་། གྲོལ་བའི་དེ་ནི་མ་ལྔ་བུའི་ཚུལ་ལོ། །ལམ་འཁྱེར་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་ཡང་ཅིག་སྤྲུལ་པའི་ལྷ་མོས་དང་རྒྱས་པར་བཤད་པའོ། །དེ་ལ་གཉིས་ཏེ། ཡི་གེ་སྤྱིའི་ལམ་འཁྱེར་དང་། ཡི་གེ་བྱེ་བྲག་གི་ལམ་འཁྱེར་རོ། །སྤྱིའི་ལམ་འཁྱེར་ནི། ལེའུ་དགུ་པས་སྟོན་ཏེ། དེ་ལ་བཞི་སྟེ། གང་སྒྲུབ་པ་རྣལ་འབྱོར་ལྔའམ་དང་། ཇི་ལྟར་སྒྲུབ་པ་འདི་ནི་དུས་གསུམ་བརྗོད་པ་གསུམ་དང་། གང་གིས་སྒྲུབ་པ་བླ་མ་སངས་རྒྱས་དང་། འདི་ནི་དུས་གསུམ་གྲུབ་པའི་ཚུལ་བསྟན་བླ་མ་སངས་རྒྱས་པའོ། །ཡི་གེ་བྱེ་བྲག་ཏུ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་ཡང་ཅིག་སྤྲུལ་པའི་ལྷ་མོས་དང་། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། སྒྱུ་རྩལ་གྱི་གནས་རྒྱས་པ་ལ་བཅུ་གཉིས་སུ་བསྟན་པ་དང་། འབྲིང་ལ་བརྒྱད་དུ་བསྟན་པ་དང་། བསྡུས་པ་ལ་བཞིར་བསྟན་པའོ། །རྒྱས་པ་ལ་གསུམ་སྟེ། སྤྱིའི་དོན་དྲུག་དྲུག་བསྟན་པ་དང་ཟབ་པའི་ཚུལ་མཁའ་འགྲོའི་རང་བརྗོད་པ་དང་། དྲི་མ་སེལ་ལུགས་བསྟན་པའོ། །དེ་ལ་གཉིས་ཏེ། དྲི་མ་ངེས་པ་ཅན་དང་། ངེས་མེད་དོ། །ངེས་པ་ཅན་ལ་དྲུག་སྟེ། རྣལ་འབྱོར་གྱི་རང་ས་དང་། བློ་སྦྱོང་དེ་ནས་དང་པོ་ལས་དང་། དཀའ་ཐུབ་རྣལ་འབྱོར་གཉིས་ལ་དང་། རྗེས་ཀྲ་པའི་ལམ་ལ་དང་རོ་མཉམ་གང་ཚེ་བཞི་པའི་རྣལ་འབྱོར་དང་བྱ་བྲལ་གང་ཚེ་རྣལ་འབྱོར་དབང་ཕྱུག་ལོ། །དང་པོ་ལ་དྲུག་སྟེ། དྲི་མ་ཀུན་གྱི་གཞིར་གྱུར་ངོས་བཟུང་བ་དང་། བརྗོད་པ་ཨ་ཀན་དྷི་དང་། འཕྱི་བ་གྲུམ་པ་རྟེན་འབྲེལ་དང་དམིགས་པ་བདུད་རྩི་ལས་བྱུང་དང་། དགྲམ་པ་གནོད་མཁན་དང་། གཉིས་གཉིས་ཀྱི་སྤྱི་དང་བྱེ་བྲག་བསྟན་པའོ། །དེ་བཞིན་དུ་ལམ་ལྔ་ལ་དྲི་མ་དང་བརྗོད་པ་དང་རྟེན་འབྲེལ་གསུམ་མོ། །ངེས་མེད་ལ་གསུམ་སྟེ། ལྟ་བ་བྱེ་བྲག་ལྟ་དང་། སྒོམ་པ་དང་། སྒྲུབ་འབྲས་བུའི་དོན་པའོ། །སྒོམ་པ་ལ་གསུམ། བདེ་བའི་དྲི་མ་མཐོང་བའི་དོན་བསལ་བ་དང་། བསལ་བ་གཡའ་དང་མ་བྲལ་དང་། མི་རྟོག་ཀོང་མོའི་ཆུ་པ་དང་། ཕྲ་བའི་དྲི་མ་ཡང་ཡང་སྒྲོག་ན་བསལ་བ་ལ་དྲུག་སྟེ། གསུམ་སྔར་བཞིན་ནོ། །ཡི་གེ་ཐ་མ་གཉིས་ཀྱིས་དོན་མཐར་ཕྱིན་པའོ། །སྒྱུ་རྩལ་གྱི་གནས་འབྲིང་པོ་ལ་གཉིས་ཏེ། གདམས་པ་ཡང་ཅིག་སྤྲུལ་པའི་ལྷ་མོས་དང་། གནས་ཀྱི་ལམ་འཁྱེར་མེའི་རྒོད་ན་དངོས། །རོ་མཉམ་གྱི་གནས་བསྡུས་པ་ལ་གཉིས་ཏེ། གདམས་པ་ཡང་ཅིག་རྣལ་འབྱོར་དང་དངོས་སོ། །དེ་ལ་བཞི་སྟེ། ངག་ནས་ལོང་གཏམ་སྲོད་དང་ཐོ་རངས་སྨྲས་པས་གསང་སྔགས་ཀྱི་བཟླས་བརྗོད་འཐེམས་སུ་འགྲོ་བའི་གནད་དང་། ལུས་ངག་ཐ་མལ་དུ་བསྡད་པས་རྒྱུད་ལ་རྣམ་ཤེས་དིལ་ཞིག་ཚོགས་གཉིས་རྫོགས་པའི་གནད་དང་། ཡང་ཅིག་དབང་པོའི་ཡུལ་ཉོན་མོངས་པ་ཅན་གྱི་ཡིད་ལ་ཏིང་ངེ་འཛིན་གྱི་རྩལ་རྫོགས་སུ་འགྱུར་བའི་གནད་དང་། སྟེང་འོག་ཡང་ཅིག་རྣལ་འབྱོར་དབང་ཕྱུག་གི་སྒོ་ལ་མ་བརྟེན་པར་རྩ་རླུང་ལས་སུ་རུང་པའི་གནད་དོ། །ལེའུ་བཅུ་གཉིས་པ་དབང་གི་དོན་ལ་གཉིས་ཏེ། ཞུས་པ་དེ་ནས་དང་ལན་ནོ། །དེ་ལ་ལྔ་སྟེ། དབང་བདུད་རྩིར་བྱིན་གྱིས་བརླབས་སྤྲུལ་པའི་ལྷ་མོ་ཞེས་ཉོན་པ་དང་། དེ་ཉིད་ཡི་གེའི་གནས་བཞིར་བསྐུར་བ་དང་དེ་ཉིད་བཟླ་བ་དེས་ཇི་ལྟར་རྒྱུད་གྲོལ་བའི་དུས་དང་། དབང་གི་ལམ་འཁྱེར་སྐུ་དང་གསུང་དང་ཐུགས་བསྟན་པ་དང་། དབང་གི་དགོས་པ་འདི་ནི་རྣལ་འབྱོར་བསྟན་པའོ། །ལེའུ་བཅུ་གསུམ་པ་ངོ་སྤྲད་པ་ལ་གཉིས་ཏེ། ཞུས་པ་དེ་ནས་རྣལ་འབྱོར་དབང་ཕྱུག་དང་ལན་ནོ། །དེ་ལ་གཉིས། མདོར་བསྟན་པ་རྣལ་འབྱོར་དབང་ཕྱུག་དང་།
རྒྱས་པར་བཤད་པའོ། །དེ་ལ་ལྔ་སྟེ། ཚོགས་ལམ་བློ་སྦྱོང་གིས་གཅད་པ་དང་། སྦྱོར་ལམ་དཀའ་ཐུབ་ཀྱིས་གཅད་པ་དང་། མཐོང་ལམ་རྗེས་ཀྱིས་གཅད་པ་དང་། སྒོམ་ལམ་རོ་སྙོམས་ཀྱིས་གཅད་པ་དང་། མཐར་ལམ་བྱ་བྲལ་གྱིས་གཅད་པའོ། །དང་པོ་ལ་གཉིས་ཏེ། ལམ་ཉམས་སུ་བླང་ཚུལ་དང་ལམ་གྱི་དེའི་ཚེ་རྣལ་འབྱོར་ངོ་བོའོ། །དང་པོ་ལ་གཉིས་ཏེ། འཇམ་རླུང་ལ་ངོ་སྤྲད་པ་དང་། རྩུབ་རླུང་ལ་ངོ་སྤྲད་པའོ། །དང་པོ་ལ་གཉིས་ཏེ། མཉམ་བཞག་ཡང་ཅིག་རྗེས་ལ་རྨི་ལམ་དང་རྗེས་ཐོབ་ལ་ངོ་སྤྲད་པའོ། །རྩུབ་རླུང་ལ་གཉིས་ཏེ། སྤྱིར་ཡང་ནི་རྣལ་འབྱོར་བསྟན་པ་དང་། ལྟ་སྟངས་བྱེ་བྲག་ཏུ་བསྟན་པའོ། །དེ་ལ་ལྔ་སྟེ། རྡོ་རྗེ་གཙུག་ཏོར་ངོ་བོ་དང་། བདུད་རྩི་རང་བཞིན་དང་། བདེ་བར་གཤེགས་མཚན་ཉིད་དང་། སྤྱོད་ལམ་ཡེངས་མེད་རྗེས་སྤྱོད་ལམ་དང་། དེའི་ཚེ་ལས་ངག་ཡིད་དེའི་གྲོགས་བསྟན་པའོ། །ལེའུ་བཅུ་བཞི་པ་སྦྱོར་ལམ་དཀའ་ཐུབ་ཀྱིས་གཅད་པ་ལ་གཉིས་ཏེ། ལམ་ཉམས་སུ་བླང་ཚུལ་དང་། དེའི་རྣལ་འབྱོར་ལམ་གྱི་དེ་ལྟར་རྩལ་ངོ་བོའོ། །ལམ་ཉམས་སུ་བླང་ཚུལ་ལ་བདུན་ཏེ། ཡང་ཅིག་སྤྲུལ་པའི་དཀའ་ཐུབ་ཀྱི་སྔོན་འགྲོ་དང་། དེ་ནས་དུས་དམ་བཅའ་དང་། ལུས་ངག་ཡིད་གསུམ་བསྲུང་བྱ་དང་། ལམ་འཁྱེར་དང་། ཇི་ལྟར་བཅོལ་དེའི་དགོས་པ་དང་། དྲི་མ་སེལ་ལུགས་བསྟན་པ་དང་། དཀའ་ཐུབ་ཀྱི་འདི་ཡང་གསུམ་དབྱེ་བའོ། །ལམ་འཁྱེར་ལ་གཉིས་ཏེ། ལུས་གནད་བདུན་གསུམ་ལུས་ཀྱི་དང་། སེམས་གནད་དོ། །དེ་ལ་གཉིས་ཏེ། དམན་པ་གསུམ་གསུམ་འཇམ་རླུང་དང་། རྩུབ་རླུང་ངོ་། །དྲི་མ་བསལ་བ་ལ་གཉིས། བསླབ་པར་གདམས་པ་ཟུང་དུ་འཇུག་དང་། དྲི་མ་ལྔའི་མེ་རླུང་ནམ་མཁའ་བསལ་ཐབས་སོ། །ལེའུ་བཅྭོ་ལྔ་པ་མཐོང་ལམ་རྗེས་ཀྱིས་གཅད་པ་ལ་གཉིས་ཏེ། ལམ་ཉམས་སུ་བླང་ཚུལ་ཇི་བཞིན་སྲོག་དང་། ལམ་གྱི་ངོ་བོའོ། །དང་པོ་ལ་གཉིས་ཏེ། ལམ་དངོས་ཡང་ཅིག་སྤྲུལ་པའི་དང་། དེའི་ཡོན་ཏན་དབུགས་འབྱིན་ནོ། །
ལེའུ་བཅུ་དྲུག་པ་སྒོམ་ལམ་རོ་སྙོམས་ཀྱིས་གཅད་པ་ལ་གསུམ་སྟེ། ལམ་ཉམས་སུ་བླང་ཚུལ་དང་། དྲི་མ་བསལ་ལུགས་དང་། ལམ་རང་གི་རང་གི་རྩགས་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རོ་སྙོམས་པའི་དགོས་པ་ཡང་ཅིག་སྤྲུལ་པའི་དང་། དལ་དང་དྲག་རོ་སྙོམས་ལུགས་སོ། །དྲི་མ་བསལ་ལུགས་ལ་གཉིས་ཏེ། དྲི་མ་ངོས་བཟུང་བ་ཆུ་བྲེལ་སྐམ་དང་། དེ་བསལ་སྟེང་དུ་བསྒྱུར་བའི་བའོ། །ལེའུ་བཅུ་བདུན་པ་མཐར་ལམ་བྱ་བྲལ་གྱིས་གཅད་པ་ལ་བཞི་སྟེ། བྱ་བྲལ་དངོས་བསྟན་པ་ཡང་ཅིག་སྤྲུལ་པའི་ལྷ་མོས་དང་། དེའི་དྲི་མ་བསལ་བ་དང་། གོལ་ས་གཅད་པ་ཚིག་ཏུ་བརྗོད་པ་དང་། དེས་དོན་གཉིས་འགྲུབ་ཚུལ་ལོ། །དྲི་མ་བསལ་བ་ལ་གཉིས་ཏེ། དྲི་མ་ངོས་བཟུང་དེའི་ཚེ་ལྟའམ་སྒོམ་བ་དང་དེ་བསལ་དེ་ཚེ་རྣལ་འབྱོར་གྱིས་བའོ། །
དོན་གཉིས་གྲུབ་ཚུལ་ལ་གཉིས་ཏེ། རང་དོན་གྱི་གྲུབ་ཚུལ་དང་། གཞན་དོན་གྱི་གྲུབ་ཚུལ་རྒྱུ་དེ་སྔོན་དུ་སོང་ལོ། །དང་པོ་ལ་གཉིས། གང་ཚེ་རྣལ་འབྱོར་མངོན་དུ་གྱུར་པའི་ཚུལ་དང་། དེའི་ཞོ་ག་ཆུ་དང་ངོ་བོའོ། །བཞི་པ་རྗེས་གནང་ལ་གཉིས་ཏེ། ཞུས་པ་དང་རིམ་པ་བཞིན་དེ་ནས་རྣལ་འབྱོར་ལན་ནོ། །དེ་ལ་གསུམ་སྟེ། སྐལ་དམན་དོན་གདམས་པ་དང་རྗེས་གནང་དངོས་ས་ཡ་དྲུག་འབུམ་དང་། སོལ་བའི་ལྗོན་ཤིང་དེའི་རྒྱུ་མཚན་ནོ། །སྤྱི་དོན་གཉིས་པ་ལམ་གྱི་རྟགས་བསྟན་པ་ལ་གཉིས་ཏེ། རྟགས་ཀྱི་རྒྱུ་མཚན་མེ་ཏོག་ཤར་དེ་ཚེ་བསྟན་པ་དང་རྟགས་དངོས་སོ། །དེ་ལ་གསུམ་སྟེ། སྤྱིའི་རྟགས་ཉན་ཐོས་ཀྱི་ཚུལ་དུ་དང་བྱེ་བྲག་གི་རྟགས་ཡང་ནི་ལྔ་གསུམ་དུས་ལས་དང་། ཐུན་མོང་གི་ལམ་དེ་ལྟར་གྱུར་ཚེ་ལྡན་ཚུལ་ལོ། །བྱ་བྲལ་འབྲས་བུའི་ལེའུ་བཅུ་དགུ་པ་རྣལ་འབྱོར་ལ་ལྔ་སྟེ། ཐོབ་ཚུལ་དེ་ནས་ཡང་ཅིག་དང་། དགོས་པ་དེས་ནི་ནད་དང་དབུལ་བ་དང་། ཆེ་བ་མ་རིག་མུན་སེལ་དང་། དེ་རང་ལ་གནས་ཀུན་ཁྱབ་ཉི་མས་ཀྱང་མ་རྟོགས་པར་བསྟན་པ་དང་། དེ་རྟོགས་པའི་རྒྱུ་མཚན་ལྷ་ཡི་ཡི་གེ་དག་པས་བསྟན་པའོ། །རྒྱུད་གདམས་དེ་ནས་ཡང་ཅིག་ཤིང་བསྟོད་པ་ལ་གཉིས་ཏེ། གདམས་པ་དང་བསྟོད་པའོ། །གདམས་པ་ལ་གཉིས་ཏེ། མངོན་དུ་བྱ་བ་དང་གདམས་པའོ། །དང་པོ་ལ་གསུམ། རྒྱུད་གསུངས་པའི་གཏང་རག་ཏུ་དེ་ནས་ཀ་མ་ལ་མཆོད་པ་འབུལ་བ་དང་། དེ་ལ་མཁའ་འགྲོ་མས་བཀའ་སྒྲུབ་པ་དང་། དེ་ལ་རྗེས་སུ་གནང་པའི་སྦྱིན་དེ་ནས་སྤྲུལ་པའི་ལྷ་མོ་ཡིས་པའོ། །བཀའ་སྒྲུབ་པ་ལ་གསུམ་སྟེ། དེའི་ཚེ་འཁོར་གྱི་མཁའ་འགྲོ་རྒྱུད་ཀྱི་ཆེ་བ་བརྗོད་པ་དང་། ཨེ་མ་ཧོ་སྐྱེས་མཆོག་རྣལ་འབྱོར་པའི་ཆེ་བ་བརྗོད་པ་དང་། ངེད་ཅག་འདིར་འདུག་བསྟན་པ་བསྲུང་བར་ཁས་བླངས་བའོ། །གདམས་པ་དངོས་ལ་གཉིས་ཏེ། ཞུས་པ་དང་ལན་རྣལ་འབྱོར་དབང་ཕྱུག་ཆེན་པོ་ནོ། །དེ་ལ་གཉིས་ཏེ། བསྟན་པ་སྲུང་ལུགས་དང་། རྒྱུད་ཀྱི་སེལ་ལུགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། བསྟན་པ་སྲུང་ལུགས་སྤྲུལ་པའི་ལྷ་མོས་དང་། དེའི་ཕྱིར་རྣལ་འབྱོར་དེ་རྣལ་འབྱོར་པས་བརྟེན་པར་བསྟན་པའོ། །རྒྱུད་ཀྱི་སེལ་ལུགས་བསྟན་པ་ལ་བཞི་སྟེ། རྒྱུད་ཀྱི་ཆེ་བ་ཡང་ཅིག་རྣལ་འབྱོར་དང་། རྒྱུད་ཀྱི་རིན་ཆེན་མཐིང་བཅང་ལུགས་དང་། བསྟན་པའི་སྐལ་དང་ལྡན་པ་གཅིག་ཡུལ་དང་། གང་དུ་ཇི་ལྟར་དར་བ་བསྟན་པའོ། །དེ་ལ་གཉིས་ཏེ། ཡུལ་བསྟན་པ་རྒྱུད་འདི་ལྷོ་དང་དང་། གང་ཟག་བསྟན་པ་དང་། དེ་སྐད་གསུངས་མཛད་པ་བསྡུ་བའོ། །གང་ཟག་ལ་བཞི་སྟེ། དཔལ་ཞེས་བྱ་བའི་བསྟན་པ་སྤེལ་བ་དང་དགུ་དང་བཅུ་འདི་དུས་དག་བསྟན་པ་འཇིག་པ་དང་། དེ་ནས་ངའི་སྤྲུལ་པ་ནི་བསྟན་པ་གསོ་བ་དང་། དེ་ཚེ་མཁའ་འགྲོ་མ་ཐམས་ཅད་ཀུན་བསྟན་པའི་ཆེ་བའོ། །བསྟོད་པ་ལ་གསུམ་སྟེ། སྟོན་པ་ལ་དེ་ཚེ་རྣལ་འབྱོར་དབང་ཕྱུག་བསྟོད་པ་དང་། རྒྱུད་ལ་བསྟོད་པ་ཐུགས་མཆོག་དཔལ་དང་གནས་པ་དེ་ཉིད་དུ་བསྟན་པ་བསྡུ་བའོ། །ཤཱུ་བྷཾ། ཨི་ཏི།
དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བླ་མ་ཆེན་པོ་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །མཁའ་འགྲོ་གསང་བའི་བརྡ་རྒྱུད་ལ། བརྡའི་དུམ་བུ་ལོགས་སུ་དཀྲོལ་བའོ། །ལམ་རྒྱུད་ལ་སྐྱེ་བའི་རྟེན་གྱི་གང་ཟག་གི་ཆོས་བདུན་ནི། འཁོར་བ་དུཿཁའི་ཁྲི་མུན་ནང་དུ་ཐར་རམ་ཡིད་ལ་གྱིས་གནས་སུ་མཐོང་བའི་སྒོ་ནས་ཐར་པ་བྱང་ཆུབ་ཀྱི་འབྲས་བུ་ཅི་ཐོབ་བྱེད་པ་དང་གཅིག ཚེ་འདི་དགོས་མེད་དུ་ཤེས་པའི་སྒོ་ནས་བྱ་བ་དམན་པ་འབོར་ནུས་ཆོས་ཀྱི་རྒྱལ་པོས་བྲན་གྱི་བྱ་བ་སྤོངས་དང་གཉིས། བླ་མ་སངས་རྒྱས་སུ་ནོར་བུ་གཙུག་ཏུ་བཀུར་ཞིང་དྲི་མ་བཀྲུ་མཐོང་བའི་སྒོ་ནས་གསོལ་བ་རྒྱུན་དུ་འདེབས་ནུས་པ་དང་གསུམ། རྫས་དང་ཡོ་བྱད་ལ་མི་བལྟ་བའི་སོ་བཏང་རྫ་ལ་ཆུའི་བྱ་བ་རྩོམ་བཅོལ་སྒོ་ནས་དབང་དང་བྱིན་རླབས་ཞུ་ནུས་པ་དང་བཞི། སོ་མཚམས་མཁར་ལ་གཉེན་པོ་སྟོབས་དང་ལྡན་པའི་བློན་པོ་བག་ལྡན་སྐྱོན་སྒོ་ནས་དམ་ཚིག་དང་སྡོམ་པ་བསྲུང་ནུས་པ་དང་ལྔ། བརྩོན་འགྲུས་ཡེངས་པ་མེད་པའི་རི་དྭགས་བ་ཙྭ་རའི་སྤྱོད་པ་ཁྱོད་ཀྱིས་ལྟོས་སྒོ་ནས་སྒྲུབ་པ་ཉམས་སུ་ལེན་ནུས་པ་དང་དྲུག །སྣང་བ་སྒྱུ་མའི་སྐྱེ་བུས་རྒྱལ་པོ་མ་བསླུ་ཞིག་འདི་སྒྱུ་མར་ཤེས་པའི་སྒོ་ནས་ཚེ་འདིའི་སྙན་གྲགས་མི་བསྒྲུབ་པར་ཆོས་རང་སྒྲུབ་པ་དང་བདུན། ལེའུ་བཞི་པས་བསྟན་ནོ། །
ལེའུ་ལྔ་པ་རྣལ་འབྱོར་གྱི་རང་ས་བསྲུང་བའི་ཆོས་བཅུ་ནི། གསོལ་བ་ལྷའི་རྒྱལ་པོ་བླ་མ་སྤྱི་བོས་མཆོད་ལྷ་ལ་མི་འདེབས་པ། ནོར་རྣལ་འབྱོར་བདག་བྱིན་རླབས་འདྲེ་ལ་མི་ཞུ་བ། སྒྲུབ་པ་ལྟོ་རུ་མི་ཟ་ཁོལ་པོའི་བླ་ཐུན་བ། བྱིན་རླབས་ཞོ་ཁྲ་བཙོང་པའི་རིན་ལ་ཅི་བཏུབ་སོམ་རྒྱབ་ཏུ་མི་གོན་པ། ཕོ་སྒོ་ཚེ་འདིར་ས་བོན་གཟན་དུ་བྱེད་པའི་སྐྱེས་བུ་བླུན་མི་འབྱིན་པ། སྣ་ཐག་མི་ལ་ཤོར་བ་སྙིང་རྗེའི་གནས་མི་གཏོད་པ། ཟང་ཟིང་དྲི་ངའི་སྣོད་ནི་དྲི་ཡི་རྒྱུ་ཡིན་ཕྱིར་དོན་དུ་མི་གཉེར་བ། ཆེ་ཐབས་དང་དུ་མི་རྭ་རྒྱས་ཤྭ་བ་འདི་ནི་རྣལ་འབྱོར་དགྲ་ལེན་པ། སྦས་པ་མི་ལ་མི་སྟོན་རྒྱལ་པོའི་གསང་ཚིག་ཁྲོམ་དུ་བསྒྲག་མི་བྱ་པ། རྐུན་མའི་ནོར་ནི་རྒྱལ་མཚན་རྩེ་ལ་མིན་དངོས་ངན་རྒྱལ་མཚན་གྱི་རྩེ་ལ་མི་འཕྱར་བ་དང་བཅུའོ། །ལེའུ་དྲུག་པའི་ལམ་ཅིག་ཅར་བ་ལ་གཉིས་ཏེ། ལམ་རྒྱུད་ལ་སྐྱེ་ཚུལ་དང་། ལམ་རང་གི་ངོ་བོའོ། །
སྐྱེ་ཚུལ་ལ་བཞི་སྟེ། བླ་མ་སངས་རྒྱས་དེ་ནི་རྒྱལ་བའི་སྐུ་མཐོང་བས་མངོན་སྤྱོད་ཤེས་དངོས་སུ་ཤེས་པས་མཛད་སྤྱོད་སྤྲུལ་པའི་ཕྲིན་ལས་སུ་ཤེས་པ་དང་། ངོ་སྤྲོད་རིན་ཆེན་ཐོག་ཅིག་ཅར་དུ་ཐེབས་པས་རྩ་བ་ཐོག་བབས་སུ་ཟིན་པ་དང་། ལྟ་སྒོམ་ཅིག་ཆོད་གསེར་དང་སེར་པོ་གཅིག་པས་ས་ལེ་དུ་སྐྱེས་པས་རྟགས་ཐོབ་དུས་མཉམ་དུ་གྲོལ་བ་དང་། ས་ལམ་རྟོགས་པས་ཆོད་པས་མྱུར་སྤྱོད་ནམ་མཁའི་བྱ་ལམ་རྗེས་དང་བྲལ་ལམ་རྟགས་ལ་ལྟོས་མ་དགོས་པའོ། །
ལམ་རང་གི་ངོ་བོའི་ཆོས་བདུན་ནི། རང་སེམས་ཆོས་སྐུར་རྟོགས་པས་རེ་དོགས་དེ་ནི་ནམ་མཁའ་མཐོང་པས་ཆེད་འཛིན་ཞིག་ཟད་པ་དང་། སྣང་བ་སྒྱུ་མར་སྒྱུ་མའི་མཚང་མཐོང་ཤེས་པས་དངོས་འཛིན་ཞིག་པ་དང་། འགྱུ་བ་རྟེན་མེད་དུ་ཤེས་པས་མཁའ་དང་ན་བུན་གཉིས་སུ་དང་བའི་གཉེན་པོ་སྟོར་བ་དང་། བདེ་སྡུག་རྐྱེན་ཤར་དུ་ཤེས་པས་སྤང་བླང་སེང་གེ་སྤུ་ཡི་ཚ་གྲང་གཉིས་ཀ་མེད་པ་དང་། རྟོགས་ཐོབ་དུས་མཉམ་དུ་གྲོལ་བས་སྐྱེས་བུ་གཉིད་དུ་སང་ས་ལམ་མེད་པ་དང་། ཆོས་སྐུ་ཡེ་ནས་སངས་རྒྱས་ཤེས་པ་དང་ཡེ་ཡིན་དུ་སངས་རྒྱས་ཀྱིས་སངས་རྒྱས་གསལ་པོ་འཚོལ་བ་ཡིན་ཞིག་པས་རྩོལ་སྒྲུབ་ཞིག་པ་དང་། མ་བྱས་རྒྱུན་དུ་ལུས་དང་གྲིབ་མ་ནམ་ཡང་འབྲལ་བ་མེད་གནས་པས་སྒོམ་བློ་དོར་བ་དང་བདུན་ནོ། །ལེའུ་བཅུ་གསུམ་པ་བློ་སྦྱོང་གི་ཆོས་བདུན་ནི། རྟེན་སློབ་མ་ལས་འབྲས་བུ་སྟེར་བའི་ཞིང་འཕྲོ་དང་སྐལ་བར་ལྡན་པ་དང་། རྐྱེན་བླ་མ་རྟོགས་པ་དང་ཐུགས་རྗེར་གྲོགས་ནི་དྲོད་གཤེར་ལྡན་པའི་ལྡན་པ་དང་། ཐབས་ས་བོན་ནར་སོན་ནུས་པ་དང་ལྡན་གདམས་ངག་བྱིན་རླབས་སུ་ལྡན་པ་དང་། གྲོགས་བསྐྱེད་རིང་འབྱེད་འཛུག་རང་རྒྱུད་དད་པ་དང་བརྩོན་འགྲུས་སུ་ལྡན་པ་དང་། བསམ་པ་བླ་མ་ལ་དེ་ཚེ་སྤྱི་བོའི་ནོར་བུ་ལྟར་སངས་རྒྱས་སུ་ཤེས་པ་དང་། ངོ་བོ་དེ་ནས་རང་གི་དེ་ཉིད་རང་སེམས་ཆོས་སྐུར་མཐོང་བ་དང་། བརྩོན་པས་རྟག་ཏུ་སྤྱི་བོའི་བསླབ་བྱ་བླ་མ་ལ་ཚོགས་ཅི་ནུས་སུ་བསོག་པ་དང་བདུན་ནོ། །
ལེའུ་བཅུ་བཞི་པ་དཀའ་ཐུབ་ཀྱི་ཆོས་བདུན་ནི། རྩ་བའི་ཆོས་ཉིད་མཐོང་པས་མཁའ་ལ་འབྲུག་སྒྲ་དུས་ཀྱི་དོན་ལ་ཐེ་ཚོམ་མི་ཟ་བ་དང་། གདམས་པའི་ཕྲ་ཆོད་པས་དེད་དཔོན་ལམ་རྒྱུས་ཉམས་ལེན་ལམ་ལ་འཁོར་བ་དང་། དགོངས་པའི་རྒྱལ་པོའི་གསང་ཐོབ་ལས་ལ་རང་དབང་ཆེ་ཕུགས་འཁྲུས་པས་ཉམས་ལེན་ཆིག་སྐྱ་ཕེར་བ་དང་། བློའི་སྤྱད་པ་ཆེ་བས་གོ་ཆ་རྗེས་ལ་ཁེལ་བ་དེད་དཔོན་ལམ་ཞུགས་ཤི་ཡང་ལྡོག་དང་། བདུད་ཀྱི་ལས་ཤེས་པས་འཇིགས་པའི་དགྲ་ལ་མཐུན་པའི་སྐྱེལ་མའི་སྒྲོལ་བསྒྲུབ་པ་རྐྱེན་ཁར་མི་འཆོར་བ་དང་། དག་པའི་དབྱུ་གུ་ཆུ་ཚོད་དུས་ལས་མཚམས་ཟིན་པས་ལུས་ངག་ཐ་མལ་དུ་མི་ལུས་པ་དང་། བསྲུང་བྱའི་ཤིང་ཐོག་རོ་སྨིན་ཚེ་དམིགས་ཟིན་པས་སྒྲུབ་པ་བོ་ཟགས་ལ་མི་འགྲོ་བ་དང་བདུན་ནོ། །
ལེའུ་བཅྭོ་ལྔ་པ་རྗེས་ཀྱི་ཆོས་བདུན་ནི། རྩོལ་བྱས་ཀྱི་གཙུབ་སྟན་མེ་ནི་ཉམས་ལེན་གྱིས་རྩོལ་མེད་ཀྱི་དོན་མཐོང་བ་དང་། རྗེས་ཐོབ་རྟེན་མེད་ལ་ཆུ་བོ་སྒྲོལ་བའི་བློའི་འཛིན་པ་དག་པ་དང་། རང་གནས་ཀྱི་ཉི་མའི་འོད་ལ་མུན་པའི་རྩ་བ་ལ་སྒྲིབ་གཡོག་གི་དྲི་མ་གློ་བུར་བ་བྲལ་བ་དང་། རང་བྱུང་གི་ཡེ་ཤེས་ལ་གཉེན་པོའི་ནོར་བུ་ཟུར་བརྒྱད་རྟེན་རྟོག་ཞིག་པ་དང་། རང་སྤྱོད་ལྷུག་པ་རྩབ་ཏུ་དྲི་ང་གྲོགས་ལ་ཐ་མལ་གྱི་ཐག་མ་ལངས་པ་དང་། སྒོ་གསུམ་ཡན་པ་དུར་བསྲུང་ཚུལ་ཞིག་ལ་བཅོས་མའི་རྭ་མ་ཞུགས་པ་དང་། དམིགས་མེད་ཀྱི་ཉམས་ལེན་ལ་ཀར་དུ་ཡིན་ཡུལ་ཆེད་འཛིན་གྱི་སྒོམ་བློ་དོར་བ་དང་བདུན་ནོ། །
ལེའུ་བཅུ་དྲུག་པ་རོ་སྙོམས་བདུན་ནི། གཞི་ལ་སྤྲོས་པ་ཆོད་པས་རང་གི་བརྩགས་པའི་རེ་དོགས་ཀྱི་བློ་ཟད་པ་དང་། རྐྱེན་ཆུ་བོ་བཞི་འབབ་རྒྱ་མཚོའི་བཞི་ལ་རོ་སྙོམས་པའི་ཕྲ་རྒྱས་ཀྱི་མཚང་བརྡོལ་བ་དང་། རྐྱེན་ངན་ལ་དཔའ་བོ་གཡུལ་དུ་ཐོག་རྫིས་བྱས་པས་སྒྲོག་རྩ་བ་ཆད་པ་དང་། གོམས་འདྲིས་ཀྱི་ཞུན་མཐར་འབྱོངས་པ་བརྟན་པ་ཐོབ་པས་ཟག་པའི་ཕན་མི་ལྡང་བ་དང་། དག་སྣང་ལ་རྩལ་སྦྱངས་པས་འཕྲུལ་གྱི་གཟོ་བོ་འབག་གི་འཁྲུལ་པའི་ཡིད་སུབ་པ་དང་། སྒྲ་སྟོང་བྲག་ཆའི་སྐད་འདི་ངང་གིས་བྲག་ཆར་ཤེས་པས་ཆོས་བརྒྱད་རང་སར་གྲོལ་བ་དང་། དུག་སྡོང་བྱུང་བའི་ལྡུམ་ར་སྨན་གྱི་ཕྲ་རྒྱས་རྩ་བ་ནས་ཐོན་པས་གཉིས་ཀྱི་དྲི་མ་ཟད་པའོ། །
ལེའུ་བཅུ་བདུན་པ་བྱ་བྲལ་ལ་གཉིས་ཏེ། རང་དོན་རྟོགས་པའི་ངོ་བོ་དང་། གཞན་དོན་མཛད་པའི་ངོ་བོའོ། །དང་པོ་ལ་བདུན་ཏེ། འཁོར་འདས་ཕྱེ་ཆུ་འདྲེས་པས་ཞོ་ག་ཆུ་དང་མདོག་འདྲེས་དོན་གཉིས་སྣང་གི་བློ་ཟད་པ་དང་། ཆོས་དང་དམ་ད་སྤོར་དང་འདྲེས་ན་ཆོས་མིན་འདྲེས་པས་སྤང་བླང་གི་མདུད་པ་ཞིག་པ་དང་། ལས་དང་རྣམ་སྨིན་གཟེར་ཐབས་སྒོ་ང་དྲོད་ཀྱིས་འདབ་མི་ཆགས་ཟད་པས་གྱུར་ཤོག་གི་སྨོན་ལམ་གཏོར་བ་དང་། བློ་དང་ཆོས་ཟད་པས་རྟེན་རྟོག་གི་བྱ་བ་སྣུམ་ཟད་མར་མེ་རྩོལ་བའི་དོན་མི་འགྲུབ་བྲལ་བ་དང་། རིག་པ་དབྱིངས་ལ་འཕྲུལ་གྱི་གདན་དང་ཤེལ་འཕྲད་ངོ་མཚར་ཐིམ་པས་སྐུ་གསུམ་ནང་ནས་ཤར་བ་དང་། སྐུ་གསུམ་ནང་ནས་ཤར་བས་ཞིང་ཁམས་ཕྱིར་གསལ་བ་འོད་ཟེར་མཁའ་ལ་འཇའ་བཞིན་གསལ་དང་ཞིང་ཁམས་ཕྱིར་གསལ་བས་དེས་ནི་འགྲོ་ཀུན་དགའ་བ་འགྲོ་དོན་ལྷུན་གྱིས་གྲུབ་པ་དང་བདུན་ནོ། །གཞན་དོན་ལ་ཡང་བདུན་ཏེ། གཟུགས་སྐུའི་རྒྱུ་དེ་སྔོན་དུ་སོང་བའི་འབྲས་བུ་ནི་སངས་རྒྱས་ལ་འགྲོ་དོན་ཆེ་ཆུང་ཡོད་པས་ཡོན་ཏན་གྱི་རྩལ་ཐུག་མེད་དུ་སྦྱང་བ་དང་། མ་རྟོག་པའི་དུབ་པའི་ཕྲེན་དེ་དེར་བྱེ་སེམས་ཅན་སྙིང་རྗེ་བའི་ཕྱིར་ཤས་མི་བཟོད་པའི་ཕན་འདོགས་པ་དང་། གདུལ་བྱའི་ལོག་སྤྱོད་མཐོང་ཡང་བུའི་སྤྱོད་པས་མ་ཡི་འགྲོ་དོན་ལ་ཡིད་མི་འབྱུང་བ་དང་། གདུལ་བྱའི་རིགས་མཛངས་མའི་ཟས་ཀྱི་རིམ་པས་བསྐྱེད་དུ་འཕེལ་བསམ་གྱིས་མི་ཁྱབ་པས་གང་ལ་གང་འདུལ་དུ་ཕྲིན་ལས་བྱ་བ་དང་། ལུས་ངག་འགྲོ་དོན་དུ་བཀོལ་སྐམ་པའི་ཤིང་ནི་ནམ་ཞིག་མ་ནུས་ན་དགེ་བ་སྨོན་ལམ་གྱིས་བཟུང་པ་དང་། གཞན་དོན་ཀོ་ཀ་མ་བྲིག་ནོར་བུ་ཕྱོགས་མེད་དུ་གྲུབ་པ་ལ་ཆོས་བརྒྱད་ཀྱི་སེལ་མ་ཞུགས་པ་དང་། གདུལ་བྱ་འདུལ་བྱེད་རང་རྒྱུད་པ་མེད་ཀྱང་སྒྱུ་མ་སྒྱུ་མའི་སྐྱེས་བུས་འཕྲུལ་གྱི་མེ་ལོང་ཙམ་དུ་འགྲོ་དོན་བྱ་བ་དང་བདུན་ནོ། །མཁའ་འགྲོ་མ་དེ་ལྟར་ལ་གསང་བའི་བརྡ་རྒྱུད་ཀྱི་བརྡ་གྲོལ་རྫོགས་སོ།། །།གཅིག་ལེགས་པར་ཞུས། ༈བླ་རུང་སྒར་ཡང་གསང་འཇའ་ལུས་གྲུབ་པའི་གནས་མཆོག་གི་པདྨ་མཁའ་འགྲོའི་འདུ་གླིང་ཨརྱ་ཏཱ་རེའི་དཔེ་ཚོགས་ཚོ་ཆུང་གི་བཀའ་མངགས་ལྟར་ཁམས་སྤྲུལ་མིང་འཛིན་བསོད་ནམས་དོན་གྲུབ་ཀྱིས་རབ་རྒྱན་ཤིང་ལུག་ལོར་ཞུས་པས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་བའི་རྒྱུར་གྱུར་ཅིག་གུ།
འདི་ན་བཀའ་སྲུང་མཁའ་འགྲོའི་བེ་བུཾ།
༄༅། །འདི་ན་བཀའ་སྲུང་མཁའ་འགྲོའི་བེ་བུཾ་བཞུགས་ལགས་སོ། །
དཔལ་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་མེད་མཁའ་འགྲོ་གསང་བའི་བཀའ། །རྒྱུད་ཀྱི་མཁའ་འགྲོའི་ལས་མཁན་བཞི། །རང་རྟགས་སྲོག་གི་སྙིང་པོ་སྨྲས། །དེ་ཡི་སྒྲུབ་ཐབས་བརྗོད་པར་བྱ། །འདི་ལ་དོན་བཞི་སྟེ། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་སྒྲུབ་པ་ཆེན་པོའོ། །དང་པོ་བསྙེན་པ་ནི། དབེན་པའི་གནས་སུ་ཁྲག་གིས་བྱུགས་པའི་མཎྜལ་བཤམས་ལ། དེ་ལ་ཐལ་ཆེན་གྱི་པདྨ་འདབ་མ་བཞི་པ་བྲི། དེ་ཡི་ནང་སྟེང་དུ་བནྡྷ་དུམ་བུ་གཅིག་པ་ལ་ན་ཆུང་མའི་མཚལ་གྱིས་པདྨ་འདབ་མ་བཞི་པ་བྲི། འདབ་མ་བཞིའི་དབུས་སུ་ཨ་བྲི། ཤར་དུ་ཧ། ལྷོར་རི། ནུབ་ཏུ་ནི། བྱང་དུ་ས་བྲི། དེའི་ནང་དུ་རིན་པོ་ཆེ་དང་འབྲུ་སྣ་རྣམས་བླུག། སྐྱེས་པ་ཕོ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པའི་ཐིག་ལེ་དཀར་དམར་དར་དམར་པོས་དྲིལ་ལ་བཞག་གོ །བྷནྡྷ་དར་དམར་པོས་དྲིལ་ལ་མཎྜལ་གྱི་དབུས་སུ་བཞག་གོ །མཎྜལ་གྱི་མཐའ་ན་ཕར་ལ་གཏོར་མ་དང་ཆང་ཕུད། ཁ་ཊྭཱཾ་ག་དང་ཌ་མ་རུ་རྣམས་བཞག་གོ །
དེ་ནས་རྣལ་འབྱོར་པ་བདག་ཉིད་སྟན་བདེ་བ་ལ་འདུག་ལ། སྐྱབས་འགྲོ་དང་སེམས་བསྐྱེད་བྱ། བདུན་པོ་རྣམ་པར་དག་པས་ཚོགས་བསགས། བླ་མ་ལ་མཎྜལ་ཕུལ་ལ་གསོལ་བ་གདབ་བོ། །དེ་ནས་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་དེ། སྐུ་མདོག་དམར་མོ་གཡས་ཕག་ཞལ་གཡོན་ཁྲོ་ཞལ། ཕྱག་གཡས་གྲི་གུག་གཡོན་ཐོད་པ་རཀྟས་བཀང་བ། མཆན་ཁུང་ན་ཁ་ཊྭཱཾ་ག་རུས་པའི་རྒྱན་དྲུག་དང་ལྡན་པ། མེ་དཔུང་གི་ནང་ན་རོ་དང་ཉི་མའི་གདན་ལ་བཞུགས་པར་བསྐྱེད་དོ། །དེའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་པདྨ་དཀར་པོ་འདབ་མ་བཞི་ལ། དབུས་སུ་ཨོཾ། འདབ་མ་བཞི་ལ་ཧ་རི་ནི་སས་བསྐོར་བར་བསམ། མགྲིན་པར་པདྨ་སེར་པོ། འདབ་མ་བཞི་ལ་དབུས་སུ་ཨ། འདབ་མ་བཞི་ལ་ཡི་གེ་བཞི་བསམ། སྙིང་གར་པདྨ་དམར་པོ་འདབ་མ་བཞི་ལ་དབུས་སུ་ཧཱུྃ། ཐ་མ་ཡི་གེ་བཞིས་བསྐོར་བར་བསམ། ལྟེ་བར་པདྨ་ལྗང་ཁུ་འདབ་མ་བཞི་ལ་དབུས་སུ་ཨ། འདབ་མ་བཞི་ལ་ཡི་གེ་བཞི་བསམ། དེ་ནས་དབུགས་དལ་ལ་སྙོམས་པར་བྱས་ལ། རོ་སྟོད་ཅུང་ཞིག་བསྒུལ་ཞིང་རིག་པ་གཟེངས་བསྟོད་ངར་བཏགས་ལ་སྤྱི་བོའི་ཡི་གེ་ལ་དམིགས་པ་གཏད་ལ་བསྐོར་སྔ་དྲོའི་ཐུན་བྱ། དེ་བཞིན་ཕྱི་དྲོ་མགྲིན་པ། སྲོད་ལ་སྙིང་ཁ། ཐོ་རངས་ལྟེ་བར་དམིགས་པ་གཏད་ལ་བསྐོར་རོ། །ཐུན་བར་དུ་གཏོར་མ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཛ་ཧཱུྃ་བཾ་ཧོས་མཁའ་འགྲོ་མ་རྣམས་མདུན་དུ་འཐིབས་ཀྱིས་བྱོན་པར་སྤྱན་དྲངས་ལ་ཨོཾ་བུདྡྷ་ཌཱ་ཀི་ནི་བ་ལིཾཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། ཀརྨ་ཌཱ་ཀི་ནི། ས་མ་ཡ་ཌཱ་ཀི་ནི། ལོ་ཀ་ཌཱ་ཀི་ནི། སརྦ་བི་ཤྭ་ཌཱ་ཀི་ནི། བ་ལིཾཏ་ཁཱ་ཧི་ཞེས་པས་དབུལ་ལོ། །ཀ་ནི་གང་དུ་ཡང་དམིགས་ལ། །པ་ནི་སྐྱེ་མེད་བརྗོད་དང་བྲལ། །ལ་ནི་བློ་ཡི་ཡུལ་ལས་འདས། །སྐུ་གསུམ་དབྱེར་མེད་ཀ་པ་ལར། །སྐྱེ་ཤི་མེད་པའི་བདུད་རྩི་སྦྱར། །འདུ་འབྲལ་མེད་པའི་དམ་རྫས་སོགས། །བདེ་བ་ཆེན་པོའི་ཆང་གིས་བྲན། །ངེས་པ་མེད་པར་མང་པོར་སྤེལ། །ཞེན་པ་མེད་པའི་དབྱིངས་སུ་དབུལ། །རྒྱུ་ལས་བྱུང་པའི་བདུད་རྩི་དང་། །ཤ་ལྔ་བདུད་རྩི་ལྔ་སྦྱར་ཏེ། །དངོས་པོ་མཚན་མར་མི་དམིགས་ཀྱང་། །རྟོག་བྲལ་ཡེ་ཤེས་ཆེན་པོའི་བྱིན་རླབས་ལས། བླ་མ་བརྒྱུད་པ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁ་ཧཱི། དཔལ་ལྡན་མཁའ་འགྲོ་མ་རྣམས་ཀྱི་ཞལ་དུ་ཁ་རཾ་ཁ་ཧཱི་ཞེས་དབུལ་ལོ། །དུས་རྟག་ཏུ་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་སྟོང་པའི་ངང་ལས་མ་བྲལ་བར་བྱས་ལ། ཞག་ཉེར་བརྒྱད་དུ་བསྙེན་པ་བྱའོ། །
དེ་ནས་ཉེ་བའི་བསྙེན་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་སྟེ། གོང་ལྟར་བསྙེན་པ་བྱེད་པའི་ཐུན་བར་དུ། ཉིན་གུང་མཚན་གུང་། སྔ་དྲོ་དགོང་ཁ་གཉིས་ཏེ་ཐུན་བཞི་རུ། ཐབ་ཁུང་རིན་པོ་ཆེའི་དབྱིབས་ཅན་དུ་བརྩིགས་པའམ་བྲིས་ལ་བ་ལུའམ་བྱུག་པའམ། ཤིང་དྲི་ཞིམ་པོ་བརྩེགས་ལ། འབྲུ་སྣ་ལྔའི་ཕྱེ་མ་རིན་པོ་ཆེ་བདར་ལ་མར་གྱིས་སྦོལ་ལ་རྩར་བཞག་མེ་སྦར་ལ། བདག་ཉིད་རྣལ་འབྱོར་མའི་ང་རྒྱལ་དུ་བྱས་ལ། མེའི་ནང་དུ་སྐད་ཅིག་གིས་མཁའ་འགྲོ་མ་བཞི་བསྐྱེད། ཨོཾ་ཨཱཿཧཱུྃ་ཧ་རི་ནི་ས་ཞེས་གྲངས་བརྒྱ་རྩ་བརྒྱད་ཀྱིས་ཕྱེ་མེ་ལ་དབུལ། ཏིང་ངེ་འཛིན་གྱིས་མཁའ་འགྲོ་མའི་སྟེང་ནས་མར་ལ་འདོད་ཡོན་སྣ་ཚོགས་ཀྱི་ཆར་ཕབ་པས་མཉེས་པར་བསམ། དེ་ནས་འདོད་པའི་དོན་གང་ཡིན་པ་དེ་ལ་གསོལ་བ་བཏབ་ལ་མཁའ་འགྲོ་མ་གཤེགས་སུ་གསོལ། དེ་ལྟར་ཞག་ཉེར་བརྒྱད་ལ་དུས་བཞིར་བྱས་པས་བརྒྱ་རྩ་བརྒྱད་ཚང་བ་ནི་ཉེ་བའི་བསྙེན་པའོ། །དེ་ནས་སྒྲུབ་པ་ནི་སྐད་གཉིས་མི་ཐོས་པའི་རི་ཁྲོད་དུ་མཎྜལ་ལ་སོགས་པ་སྔར་བཞིན་བྱས་ལ། སྙུག་རྒོད་ཚིགས་པ་གཡས་གཡོན་སོར་བཞིའི་སར་བྲེགས་ལ། སྟེང་ངོས་སུ་ཡུངས་དཀར་བླུགས། འོག་ངོས་སུ་ཡུངས་ནག་བླུགས། ནུབ་མོ་ཕྱག་རྒྱ་མས་སྙུག་མ་སྐྲོག་ཅིང་། ཧ་རི་ནི་ས་བཟླས། ཉིན་མོ་རྣལ་འབྱོར་པས་སྙུག་མ་སྐྲོག་ཅིང་ར་ཙ་ཏྲི་ཧ་བཟླས། ཕོ་སྔགས་བཟླས་སོ། །ཕྱག་རྒྱ་མ་མེད་ན་རྣལ་འབྱོར་པས་ཉིན་མོ་ཕོ་སྔགས་བཟླས་ཤིང་ལག་པ་གཡས་པས་སྐྲོག་ནུབ་མོ་མོ་སྔགས་བཟླས་ཤིང་ལག་པ་གཡོན་པས་སྙུག་མ་སྐྲོག་གོ །དེ་ལྟར་ཞག་ཉེར་བརྒྱད་དུ་བསྒྲུབས་པས་མཁའ་འགྲོ་མའི་ཆོ་འཕྲུལ་སྣ་ཚོགས་འབྱུང་ངོ་། །དེ་ནས་སྒྲུབ་པ་ཆེན་པོ་བྱ་སྟེ། ཁྱི་དཀར་མོའི་ཐོད་པ་ཤ་ར་རིས་མེད་པར་བྱས། སྤོས་ཆུས་བཀྲུས་ལ་དེའི་ནང་དུ་བླུག་པའི་རྫས་ནི། སྙུག་མའི་ཡུངས་དཀར་ནག་དང་། ཐོད་པའི་ནང་གི་དམ་རྫས་རྣམས་ཁྱི་ཐོད་ཀྱིས་ཨག་རྩེར་བར་བླུགས། ཁ་སྤྲ་ཚིལ་གྱིས་བཅད་དོ། །རང་གང་འདོད་པའི་དོན་ཤོག་གུར་བྲིས་ལ་ཐོད་པའི་ཁར་བཞག །ཁྱི་ཐོད་དར་སྣ་ལྔས་དྲིལ་ལ་སྔར་གྱི་བྷན་དྷའི་ནང་དུ་བཞག །མཎྜལ་ཁར་བཞག་ལ་བཅའ་གཞི་སྔར་བཞིན་དུ་བྱའོ། །
དེ་ནས་ཏིང་ངེ་འཛིན་ཡང་སྔར་བཞིན་དུ་བྱས་ལ། ཌཱ་ཀི་མ་བཞི་ཐོད་པའི་ནང་དུ་བསྒོམ་མོ། །དེ་ནས་ནོར་དབང་དུ་བསྡུ་བར་འདོད་ན། ཧ་རི་ནི་ས་དྷུ་ཡེ་ཞག་བདུན་བཟླས་ཤིང་འབྲུ་དང་རིན་པོ་ཆེའི་ཕྱེ་མས་བྲབ་བོ། །སྣང་བ་བསྒྱུར་བར་འདོད་པ་ཧ་རི་ནི་ས་ཡན་དྷེ་ཞེས་ཡུངས་དཀར་གྱིས་བྲབ་བོ། །བར་ཆད་སེལ་བར་འདོད་ན་ཧ་རི་ནི་ས་ཕཊཿཞེས་ཡུངས་ནག་གིས་ཐོད་པ་ལ་བྲབ་བོ། །དུས་ནི་ཞག་བདུན་དུ་རྩོལ་བ་བསྐྱེད་དོ། །དེས་ནི་ལས་གང་ཡང་འགྲུབ་པ་ཡིན་ནོ། །དེ་ནས་ཚོགས་དང་གཏོར་མ་བཏང་བྷནྡྷ་དང་ཐོད་པ་དར་གྱིས་དྲིལ་འཕྱིང་ཁུག་ཏུ་བཅུག་ལ་རང་གར་འདུག་ཏུ་ཚགས་བྱ། མི་ལ་མི་བསྟན་དུས་གཉན་ལ་གཏོར་མ་བཏང་། དེས་ནི་ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་འགྲུབ་པ་ཡིན་ནོ། །དེ་ཡང་མཁའ་འགྲོ་མ་བཞིའི་སྐུ་མདོག་ཕྱག་མཚན་ངེས་པ་མེད་པས་ཅིར་ཡང་འགྱུར་བར་བསམ་མོ།། །། ཀུན་ལ་མེད་པའི་གདམས་པ་ལགས། འདི་ནི་མན་ངག་དམ་པའོ། །ཨི་ཏི། རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ་རྒྱ༔ ས་མ་ཡ༔
དྲི་མེད་གསང་བའི་སྒྲོན་མ། གནོད་སྦྱིན་མོ་བྱང་ཆུབ་མས་མཛད།
༄༅། །དྲི་མེད་གསང་བའི་སྒྲོན་མ་བཞུགས། གནོད་སྦྱིན་མོ་བྱང་ཆུབ་མས་མཛད།
རྒྱ་གར་སྐད་དུ། ལོ་ཀ་བི་མ་ལ་གུ་ཧྱ་པྲ་དཱི་ནཱ་མ། བོད་སྐད་དུ། འཇིག་རྟེན་དྲི་མ་མེད་པ་གསང་བའི་སྒྲོན་མ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གནས་ལུགས་རང་སྣང་ཕྱོགས་མེད་བདེ་ཆེན་དུ་ལྷུན་གྱིས་གྲུབ་པའི་ངང་ལས་མུ་བཞིའི་ཕྱོགས་སུ་ལྷུང་བའི་དྲི་མས་དཀྲུགས་ཏེ་བརྟགས་པའི་རྫས་ཐག་སྦྲུལ་ལྟར་དུ་འཁྲུལ་བར་གྲུབ། །དྲི་མ་དེའི་མཐུས་གདུང་བའི་ལས་དང་ཉོན་མོངས་པ་ཉེས་པས་བདག་གཞན་སྲིད་པར་འཁོར་བ་ཉམ་ཐག་སྟེ་སྡུག་བསྔལ་བརྒྱད་དམ་གསུམ་སོགས་བཟོད་པར་དཀའ་བ་ལས། །ཀུན་གྱི་རང་བཞིན་མ་ནོར་བ་ངོ་བོ་ཉིད་ཀྱི་སྐུ་དོན་གྱིས་རང་སྣང་ཇི་ལྟ་བ་རིག་ཅིང་མངོན་དུ་མཛད་པའི་བྱིན་རླབས་ཆོས་སྐུ་ལོངས་སྐུའི་བརྡས་བཀྲོལ་ཏེ་སྤྲུལ་སྐུ་དང་ཡང་སྤྲུལ་ཤར་བ། །དེ་ལས་གསུང་ཚིག་ཏུ་བྱུང་ཞིང་མི་དང་ལྷའི་རིག་འཛིན་རིག་པས་བརྒྱུད་མཛད་པའི་དངོས་ཀྱི་བླ་མ་ཀླུ་རྒྱལ་དགའ་བོ་ལ་ཕྱག་འཚལ་ལུས་ཀྱིས་གུས་མཆོད་ནས། །འགྲོ་བ་རྣམས་འཁོར་བའི་རྐྱེན་འདོད་ཆགས་སྲེག་པའི་ཆོས་ཉིད་ཐབས་མ་ནོར་བས། །ལེགས་པར་རྟོགས་ན་སྲིད་པ་བཅོས་པ་མེད་པར་ཆོས་ཉིད་རང་སར་བཀྲོལ་བའི་ཐབས་མངོན་སུམ་པའི་མན་ངག་བསྟན་པ། །དེའི་སོ་ལ་མི་གནས་པར་ཆགས་པ་གཡོན་གྱི་ལམ་གྱིས་བློ་ཁྲིད་དེ་གཡེང་པ་ཆགས་པའི། །དུག་ཉིད་ལ་ཆགས་པའི་དུག་ཉིད་ཀྱིས་གསོས་སུ་འགྱུར་བར་བྱ་བའི་བཀའ་ལས་གྲགས་པ་དེ་བདག་གིས་བསྡུས་ཏེ་བཤད་པར་བྱའོ། །དོན་གྱི་གཞུང་ཆེན་གནས་འཁྲུལ་རྟོགས་གོམས་འབྲས་བུ་ལྔ་ཡིས་ཕྱིའི་ཁོག་བྱས་ལ། །བྱང་ཆུབ་སེམས་སུ་ལ་བཟླ་རྣམ་པ་དངོས་པོ་དངོས་མེད་གཉིས་གཉིས་མེད་རྣམས་ལ་བཞི་ཡིས་མུ་མཐའི་ཐེ་ཚོམ་གཅད། །ཚོགས་བརྒྱད་སྐྱེ་ལུགས་གསུམ་གནས་ལུགས་ལྷུན་གྲུབ་གསུམ་མི་འདའ་རྟོགས་ཐབས་ཐུག་འཕྲད་གསུམ་ལས་མི་འདའ་གོམས་ཐབས་གཞག་ཐབས་གསུམ་ལས་འདའ་བ་མེད་པ་རྣམ་པ་གསུམ་གྱིས་རྟོགས་གོམས་ཀྱི་རིག་པའི་ངང་བསྐྱང་། །རྟགས་དང་མཚན་མ་གཉིས་ཀྱིས་ལམ་གྱི་རིམ་པ་ཚད་ལ་དབབ། །ཐུན་མོང་མ་ཡིན་པའི་ཉག་གཅིག་གི་ཀློང་ཆེན་ཉིད་དུ་ཐམས་ཅད་དྲིལ་ཏེ་སྦས། །འཁྲུལ་པའི་དྲི་མ་མེད་པར་གསང་བར་འདོད་ནས་གནས་པ་ནི། །ཉོན་ཡིད་གཟུང་འཛིན་ཡིད་སྤྲོས་པའི་སྒོ་ལྔ་ཡུལ་ལ་མཚན་མའི་རང་འཛིན་པ་དྲི་མ་ཉིད་དུ་སྣང་བ་ཡང་། །རང་རིག་སྤྲོས་བྲལ་སྒྱུ་མར་ལྷུན་གྲུབ་པ། །མཚན་ཉིད་རང་བཞིན་རྣམ་པས་རྣམ་དག་པས། །དྲི་མ་མེད་པ་ཉིད་རྟོགས་པར་དཀའ་བས་སྒྲའི་རྗེས་སུ་འབྲང་བ་རྣམས་ལ་གསང་། །རང་གྲོལ་བའི་མན་ངག་སྐབས་ཉི་ཤུ་རྩ་བདུན་གྱིས་དབྱེ་རྒྱས་གདབ་པའི་ཕྱག་རྒྱ་ཉི་ཤུ་རྩ་ལྔས་རྒྱས་གདབ་ཐིག་ལེ་དྲུག་གིས་སྤྲོས་པ་བཅད་ཆེ་བ་ལྔས་ཁྱད་པར་འཕགས་པར་གནས་པའོ། །ལྷན་མ་རྟོགས་པས་རྒྱུ་བྱས་ཕྱིན་ཅི་ལོག་ཏུ་ཀུན་བརྟགས་པས་རྐྱེན་བྱས་པའི་དྲི་མས་འབྲས་བུ་སྣོད་བཅུད་ཀྱི་འཇིག་རྟེན་དུ་སྣང་བའི། །ཚུལ་དང་རྣམ་པའི་གྲངས་རྒྱས་པར་དཔའ་བོས་གཏེར་གཏད་དུ་བཤད་པ་བཞིན་ནོ། །དྲི་མེད་གསང་བའི་དོན་དེ་རྟོགས་ཐབས་ཀྱི་སྒྲོན་མས་འཇིག་རྟེན་གྱི་དྲི་མ་རང་གྲོལ་བ་ཐོབ་པའི་ཐབས། །རྣལ་མའམ་བཅོས་མའི་དབང་གིས་བརྡ་དོན་སྤྲད་པ་ཡང་། །དང་པོ་ཡིན་ལུགས་བསྟན་ལ་དེའི་ངང་དུ་གོམས་སུ་གཞུག་པའི་ཐབས། །དཔའ་བོས་དབང་གི་ཀློང་དུ་བསྟན་པས་དེར་ཤེས་པར་བྱའོ། །རྣལ་མའི་དོན་བསྟན་པ་དེ་ལ་མ་གནས་པའམ་ཡང་ན་བློ་གྲོས་ཞན་པ་ལ། །རླུང་དང་ཐིག་ལེ་ལ་སོགས་པ་བཅོས་མའི་དབང་གིས་རྣལ་མའི་དོན་མཚོན་པར་གསུངས་པ་ལ། །བླ་མ་ནཱ་ཀླུ་ག་གུ་ཎའི་ཡོན་ཏན་སྙིང་པོ་དྲིན་གྱིས་གནོད་སྦྱིན་མོ་རང་ལ་ཤར་བའི་དོན་སྨྲས་པ། །ཐུན་མོང་བཅོས་མའི་དབང་ལ་བརྟེན་ཏེ་རྣལ་མ་འདིར་བརྡ་དོན་སྤྲད་པ་ནི། །རླུང་དང་ཐིག་ལེ་ལ་སོགས་པ་གང་ཡང་རུང་བ་ལ་བརྟེན་ནས་སློབ་མས་ཉམས་སུ་མྱོང་བའི་དོན་དེ། །མ་བཅོས་རྣལ་མ་ཉིད་དུ་བསྟན་པའང་དབང་ཀློང་དུ་གསུངས་པས་འདིར་བཤད་མི་དགོས་སོ། །གོང་གི་ཐབས་ཀྱིས་རྟོགས་པ་དེ་ལའང་མ་གནས་ཏེ་ཆགས་པ་གཡོན་གྱི་ལམ་གྱིས་ཁྲིད་ན། །འདྲ་བའི་འཁྲུལ་གཞི་ལྷུན་གྲུབ་རྣམ་པ་གསུམ་དབྱེར་མེད་པའི་ལྷུན་གནས་བདེ་བ་ཆེན་པོ་ལ། །བདེ་བ་ཆེན་པོ་དང་འདྲ་བའི་ཚུལ་སྐྱེ་ལུགས་རྣམ་པ་གསུམ་ལ་ལོག་པར་སྤྱད་པས་ངན་སོང་དུ་ལྟུང་བའི་གནས་སུ་འགྱུར། །འདྲ་ཚུལ་དེ་ལས་དགྲོལ་ཞིང་འདྲ་གཞི་དེ་ཉིད་ངེས་པར་མཚོན་པའི་ཐབས་ལ་གསུམ་སྟེ། །སྔོན་དུ་འགྲོ་བ་ཚང་ནས་ཉམས་སུ་བླང་བ་དང་ལ་བཟླའོ། །གནས་ཀྱི་ཁྱད་པར་སྐྱེ་བོས་དབེན་ཞིང་སྡོད་ཉམས་དགའ་མཐུན་རྫས་མོད་དགྲ་བགེགས་ཀྱིས་འཚེ་བ་མེད་པའི། །གནས་དེར་ཡིད་རང་གི་ཕན་ཚུན་ཡིད་དང་འཐད་པའི་གྲོགས་བསྟེན་ཏེ་བློ་དང་མཐུན་པ་རག །མང་ན་གཡེང་བ་དང་འདོད་པ་འཕེལ་ཉུང་མི་འཚོ་བས་སྐྱོན་བྲལ་རང་ལ་གང་མཁོ་བའི་རྫས་འོག་ནས་འབྱུང་བ་ལྟར་བསྟེན་ལ། །གཟའ་སྐར་དང་ཚེས་གྲངས་སྦྱོར་བ་བྱེད་པ་ལ་སོགས་པའམ་བཀྲ་ཤིས་དཔོན་སློབ་འཛོམས་པའི་དུས་སུ་ཐེ་ཚོམ་གཅོད་པ་གཅེས། །རྟེན་བཙལ་བཅུད་བླང་དབབ་གཟུང་གྱེན་ལ་བཟློག །གནས་སུ་བསྐྱལ་ཚེ་སྐྱོན་བཅོས་རྟགས་ལ་དབབ་པ་དང་བརྒྱད་དོ། །སྔར་ལམ་མ་བགྲོད་པར་རྩོལ་བརྒྱད་ལ་སྦྱངས་པའམ་ཡང་ན་སྔར་མ་སྦྱངས་ཀྱང་རིགས་རྒྱུད་དབང་པོ་ཆིག་ཆོད་དེ། །བློ་གྲོས་མུ་བཞིའི་ཕྱོགས་སུ་ལྷུང་བ་དང་ཁ་ཟིན་དང་ངོ་དགའ་དང་བྲལ་བ། །བློ་གཟུ་བོར་སྤྱི་ས་གནས་པའི་སློབ་བུ་དེ་ནི་རྒྱལ་བའི་གདུང་འཚོབ་པའི་སྲས་ཡིན་ནོ། །དེ་ཡང་ཐབས་དང་ཤེས་རབ་ཕན་ཚུན་སོ་སོར་བཙལ་བ་ནི། །ཤེས་རབ་ཀྱིས་ཐབས་བཙལ་བ་ནི་རྒན་པོ་བདུན་ཅུ་ལོན་པའི་ཟོང་ཟད་བྱས་པ་བཅུ་གཅིག་ལོན་པའི་ཟོང་མ་རྙེད་མ་ནིང་བདེ་བས་གཏན་དབུལ་བ་དགེ་སློང་སེར་སྣས་བཅིངས་པ་རྣམས་མིན་པའི། །ལུས་ལང་ཚོ་དར་ལ་བབ་ཅིང་འདོད་པའི་མེས་ཡིད་གདུང་པ། །བློ་གྲོས་རྩལ་ཅན་གདམས་པའི་རིགས་རྒྱུད་མ་ཆད་པ། །ཤེས་རབ་ཡུམ་ལ་སྙིང་བརྩེ་ཞིང་སྙོམས་འཇུག་གི་ཐབས་ལ་མཁས་པ་བཙལ་ལོ། །ཞི་བ་ཐབས་ཀྱིས་ཤེས་རབ་བཙལ་བ་པད་ཅན་དེ་པའི་རིགས་རྒྱས་པ་དུང་ཅན་རཏྣའི་དྲག་པོ་རི་མོ་ལས་ཀྱི་དབང་བ་གླང་ཅན་པདྨའི་རིགས་བཞི་པོ། །རེ་རེའང་རབ་འབྲིང་ཐ་མ་གསུམ་གསུམ་ཡོད་པའི་ཐ་མ་དོར་རོ། །དང་པོ་པདྨ་ཅན་གྱི་རབ་མ་མདོག་དཀར་ཙན་དམར་བ་དཀར་ལ་དམར་ཆགས་པ། །ལུས་རིང་ཐུང་རན་ཅིང་ལུས་བྱིན་དུ་ཕྲ་ལ་ཁྱད་པར་རྐེད་པ་ཕྲ། །མིག་ནི་དཀར་ནག་འབྱེད་ལ་མིག་རྩ་དམར་བ། །དཔྲལ་བ་རྒྱ་ཆེ་སོ་དཀར་ཞིང་ཐགས་བཟང་སྟེ་དམ་པ་ལེགས་པ། །ཡན་ལག་ཕྲ་འཇམ་དམར་ལ་ཤེས་རབ་གསལ་བ། །ཕྱི་སྐྱེ་བོ་དང་འཕྱོན་མས་ནང་རྟོགས་པས་ཏིང་ངེ་འཛིན་སླུ་ཀ་ལྕི་ལ་ཕ་ལ་གདུང་། །སྐད་སྙན་དྲི་ཞིམ་ཅི་ཡང་རན་ལ་མཛེས་པ་དེ། །བདེ་བར་གཤེགས་པ་རྣམ་སྣང་གི་རིགས་ཡིན་ཏེ་དེ་ལ་སྦྱར་ན་ཚེ་འདིའི་དངོས་གྲུབ་འགྲུབ། །འབྲིང་ནི་ཤ་དཀར་རུས་ཁྱིམ་ཆེ་ལ་རགས། །ཁོང་དལ་རྡལ་ཆེ་བྱེད་སྡུག་སྤྱོད་ལམ་རྩིང་། །ལས་དང་བྱ་བ་མཁས་ཤིང་གཞན་གྱིས་བློ་དཀུ་དཀའ། །རིགས་རྒྱུད་འཆར་ན་ཁྱེའུ་རུ་སྐྱེ་ཞིང་ཐབས་ཀྱི་བདེ་བ་ལོ་ཡིས་འགྲུབ། །ཐ་མ་ཤ་དཀར་བཞིན་སྡུག་གསང་མི་ཐུབ། །གཟེགས་ཤིང་འཛུམ་སྙི་བཞིན་འཆོས་བྱི་དོར་བྱེད། །མིག་ཕྲ་བློ་དཀུ་སླ་བ་དེ་མི་བསྟེན་ནོ། །དུང་ཅན་རབ་ནི་ཤ་སེར་ཙན་སེར་ལ་དམར་ཆགས་པ་དམར་ལ། །ཤ་རྒྱས་ནུ་མ་རྒྱས་རྩ་བཟང་མིག་བཀྲག་ཆེ་ཞིང་ཕྲ། །བྱེད་སྤྱོད་མཁས་ཚུལ་ལེགས་ཚིག་བརྟན་ཟུར་མིག་ལྟ། །གོ་སྐྱེན་བློ་གསལ་དེ་སྦྱར་ཚེ་འདིས་འགྲུབ་བོ། །འབྲིང་ནི་ཤ་སེར་ཆེ་ལ་ནུ་མ་རྒྱས། །རྒྱབ་ནས་དགྱེ་ལ་མདུན་རྒུ་བྱད་རྔོམ་ཞེང་ཆུང་། །བྱད་རིང་ཀོས་ཀོ་ལེགས་ཤིང་མདུན་དུ་ལྡེམ། །སྙོམས་འཇུག་འདྲིས་ནས་སྙིང་ཉེ་ཐབས་ལ་དད་པ་ཅན། །བློ་གསལ་ཚིག་རན་བསླུ་བར་དཀའ་བ་སྟེ། །དེ་དང་རྩ་སྦྱར་ལོ་རུ་མི་ཐོགས་ཐབས་ཀྱི་བདེ་བ་སྐྱེ་བས་འགྲུབ། །ཐ་མ་ཤ་སེར་མིག་འབོར་ཆེ་ལ་རགས། །བློ་གསལ་འགྲོ་འདུག་ལག་པའི་འདུ་བྱེད་མང་། །མི་བརྟན་གཏད་ཆུང་གཞུང་ངན་སྐྱེས་པ་རྣམས། །མིག་ལ་འཚོ་ཞིང་སྡུག་པ་ཡིད་ལ་འཛིན། །གཞན་གྱིས་བཀྲི་སླ་གཡེམ་ཞིང་སྐྱེ་བོ་མང་པོ་དང་སྤྱོད་པ་དེ་མི་བསྟེན་ནོ། །རི་མོ་ཅན་རབ་མདོག་སྔོ་གདང་ལ་སྲབ། །ལུས་དཀྱུས་རིང་མཆུ་སྐོར་ཆེ་ཞིང་གཉེར་མ་མང་། །མིག་ལེགས་འཛུམ་གསལ་སྐད་སྙན་བློ་གྲོས་གསལ། །དེས་ཆེ་སྤྱོད་འཇམ་དགའ་འདྲིས་ཆེད་ཀ་ཆེ། །དབེན་པར་དགའ་ཞིང་རྩོལ་བ་དད་གུས་ཅན། །དེ་ནི་བཀྲ་ཤིས་དངོས་གྲུབ་ཡོ་བྱད་ལྡན། །སྐྱེ་བ་གཅིག་གིས་དེ་ཕྲད་འབྲས་བུར་སྨིན། །འབྲིང་ནི་མདོག་སྔོ་ཤ་ཆུང་མིག་བཀྲག་ཅིང་། །ཁྲོ་གཉེར་ལྡན་ཞིང་སྐྲ་སྔོ་ཚིག་བག་གཏུམ། །བརྟུལ་ཞུགས་དད་ཆེ་ཤེས་རབ་སྔགས་ཟློས་དགའ། །འདྲིས་ནས་འབྲལ་དཀའ་ཕྱོགས་ཆེ་འདོད་པ་ཆུང་། །དེ་བསྟེན་བཀྲ་ཤིས་དོན་གྲུབ་ལོ་ཟླས་འགྲུབ། །ཐ་མ་སྔོ་ནག་དཔྲལ་བ་མིག་ཁུང་ཆུང་། །ཁ་འཛུམ་གཏིང་གནག་སྐྱེས་པ་ལ་དད་ཆེ། །ཁྲོ་སྐྱེན་ཚིག་གཏུམ་སྐྲ་ནག་རྩུབ་ལ་འཛིང་། །གང་འཕྲད་སྦྱོར་བྱེད་འབྲལ་སྐྱེན་དེ་མི་བསྟེན་ནོ། །བན་གླང་ཅན་རབ་མདོག་དམར་དཀར་ལ་དམར་ཆགས་པ་ཙན་དཀར་བ། །སྨིན་ཕྲག་རིང་ཞིང་སྨིན་མའི་དཀྱུས་ལེགས་དཔྲལ་བ་ཆེ། །གཟིངས་སུ་མི་རིང་ཁོང་དལ་སྔོ་གདུ་ཆུང་། །སླུ་ཁར་ལྕི་ལ་ཚིག་ཉུང་དད་པ་ཅན། །འདྲིས་པའི་ཕ་ལ་གདུང་ཆེ་བློ་དཀུ་དཀའ། །དེ་བསྟེན་བཀྲ་ཤིས་རྒྱུ་ལྡན་ཚེ་འདིས་འགྲུབ་བོ། །འབྲིང་ནི་མདོག་དམར་གདོང་ཞེང་ཆེ་ལ་བཀྲག་ཆེ། །ལུས་ཁྱིམ་ལེགས་ལ་དད་ཅིང་ནུ་མ་སྲ། །བཟང་ཆེ་སྤྲོ་རིང་རང་གི་མདོ་མི་འཆོར། །མི་བསླུ་གདོང་ངོམ་བསྟེན་པར་རུང་བ་ཡིན་ནོ། །ཐ་མ་མདོག་དམར་བཞིན་མཛེས་ལུས་རན་སྡུག །སྨྲ་མང་རྫུན་ཆེ་ཚིག་ལ་མཐོ་དམན་ཆེ། །མགུ་སླ་ཁྲོ་སྐྱེན་ཕྱི་ཐག་ཐུང་སྟེ་རྣ་གཞུང་ངན་ལ་སླུ་བ་སླ། །ལུས་ལ་བྱི་དོར་མི་དགའ་འདོད་པ་ཆེ། །སྐྱེས་པ་སྡུག་པ་ཀུན་ཡིད་དབྲོག་པར་སེམས། །དེ་ཡང་མི་བསྟེན་བཀྲ་ཤིས་རྒྱུར་མི་འཐད་དོ། །པད་དུང་གཉིས་ཆེར་རབ་ཏུ་བསྔགས་བན་གླང་ཅན་ཡང་འབྲིང་དུ་བསྔགས། །ཐ་མ་རི་མོ་ཅན་ཡང་བསྟེན་པར་རུང་བ་ཡིན། །རབ་བཞི་འབྲིང་འབྲི་བརྒྱད་ལྡན་རྒྱལ་བའི་སྲས་མོར་བྱ། །ལོ་གྲངས་ནི་ཡང་རབ་བཅུ་གཉིས་མ་རབ་བཅུ་དྲུག་མ། །འབྲིང་པོ་ཉི་ཤུ་ཐ་མ་ཉི་ཤུ་ལྔ། །ཡང་ཐ་བཞི་བཅུ་རྩ་ལྔ་ཡན་ཆད་གཟུང་། །ཤེས་རབ་ཀྱིས་བཞི་བཅུ་ལྔ་ལོན་ཐབས་ཀྱིས་བདུན་ཅུ་ལོན། །དེ་དག་ཟོང་ཟད་བཅུ་གཅིག་ཟོང་མ་རྙེད། །མ་ནིང་ཟོང་མེད་དགེ་སློང་དཀའ་ཐུབ་བཅིངས་ལ་གསང་ངོ་། །ལུས་ཀྱི་མཐུ་བསྐྱེད་པ་དང་རྣལ་འབྱོར་ཏིང་ངེ་འཛིན་ཉིད་ལ་གནས་པ་དང་གཉིས། །མཚན་དང་ལྡན་པ་དང་གསུམ་པོ་དེ་འཛོམས་མ་ལ་ལོ་གྲངས་ལ་རབ་འབྲིང་ཐ་མའི་ན་སོ་རྩི་རྒྱུ་མེད་དེ་དངོས་གྲུབ་ནམ་ཡང་འབྱུང་། །ལྔ་བཅུ་མ་ལ་འཇིག་རྟེན་གྱི་རིགས་རྒྱུད་འཕེལ་བའང་སྲིད་པ། །དེས་ན་མཚན་ལྡན་གདམ་ཞིང་ལུས་ཀྱི་མཐུ་བསྐྱེད་པ་དང་རྣལ་འབྱོར་པས་ཉམས་སུ་བླང་བ་གཅེས་སོ། །རྟེན་བཙལ་བ་དེ་དག་ལུས་ཀྱི་སྟོབས་བསྐྱེད་པ་དང་བཅུད་བླང་པ་དང་བརྟེན་པར་བྱ་བའོ། །ཁ་ཟས་སྨན་དང་དམ་རྫས་དང་སྒོ་གསུམ་གྱི་སྤྱོད་ལམ་གསུམ་དང་བཞིའི་སྒོ་ནས་ལུས་བསྐྱེད། །བཅུད་ཅན་ཟས་གསར་ཤ་ཆང་དཀར་མངར་བུ་རམ་སྦྲང་ཀ་ར་གསུམ། །སྒོག་པ་སྐྱའོ་འོ་མ་ནད་གཞི་དང་མཐུན་པའི་ཁ་ཟས་བསྟེན་ནོ། །རྩ་བ་ལྔ་ལྕ་བ་གཟེ་མ་ཉེ་ཤིང་ར་མོ་ཤག་ཀ་ཤོ་དང་འབྲས་བུ་གསུམ་ལ་ཚ་བ་གསུམ་བཏབ་པ་ཡན་ལག་དྲུག་པའི་སྨན། །འབྲི་མར་མདེ་གུ་ལེགས་པས་གཞི་བཟུང་ལ་སྨན་མར་བྱ། །གཞན་ཡང་འོ་མ་བསྐོལ་བ་ཀ་ར་མཆིལ་པ་ནས་ཟན་བྱེའུ་བྱིད་པོའི་ཤ །སྨིགས་པ་ལྷོ་སྦས་ད་བྱིད་བྱ་གག་གི་སྒོ་ང་གཟེམ་རྒྱམ་ཚ། །སྦྲང་རྩི་བུ་རམ་སྒོག་པ་སྐྱ་བོ་རྩ་ཨ་བ་རྟ་བོང་རྐྱང་གི་བཤུལ་ཤས་ལུས་སྟོབས་བསྐྱེད། །ཉི་གུང་ལུས་མཁྲིས་བཀྲུ་དགོང་ཁ་བསྐུ་རླུང་མཉེ་སྔ་དྲོ་བད་རན་པར་བཅག་ཕོ་མོའི་དབང་པོ་བསྡམ་སྟེ་ཆགས་པ་མི་སྤྱོད། །དམ་རྫས་བདུད་རྩི་ལྔ་པོ་སྐྱོ་དང་ལྡན་པ་རྒྱུན་དུ་བསྟེན། །ལྡུམ་བུ་རེ་རལ་བཅུད་ཅན་གྱི་མར་ལ་སྦྱར་ལ་བཏུང་ངོ་། །ལུས་ངག་ཡིད་ཀྱི་སྤྱོད་ལམ་དལ་བར་བྱ། །ལུས་ཀྱི་ནད་གཞི་སྨན་གྱི་གཞུང་ལྟར་ཆ་སྙོམས་སོ། །བཅུད་དུ་བླང་ཚེ་ཚ་རུས་པ་རྒས་པར་བྱེད་སྐྱུར་ཤ་རྒས་པར་ཉི་མ་དང་མེ་པགས་པ་ཁམས་དང་། །མི་མཐུན་ཟས་དང་ལུས་ངག་གི་སྤྱོད་ལམ་དྲག་ཤུལ་སྤང་། །ཟླ་བ་དྲུག་ཏུ་དབང་པོའི་སྒོ་བསྡམ་ཆགས་པའི་བསམ་པའང་སྤང་། །བ་དམར་ར་དཀར་འོ་མ་འབྲས་བུ་གསུམ། །མངར་གསུམ་མདེ་གུར་སྦྱར་ལ་རྟག་ཏུ་བཏུང་། །གོང་གི་སྨན་གཞན་ཚན་བསྐྱེད་རྩམ་པ་བསྲེ་རུས་སྦལ་གྱི་འདུག་སྟངས་དང་ཧཱུྃ་གི་ངར་སྐད་དང་རླུང་གིས་སྲོག་རྩའི་སྦུབས་སུ་བཅུད་རྣམས་དྲང་བར་བྱའོ། །དེ་བརྟན་པར་བྱེད་ཚེ་རེ་ཞིག་རྩམ་པ་གཅད། །ཁ་སྐྱུར་ཚ་བའི་རོ་སྤང་འོ་མ་བསྐོལ་བ་བཏུང་། བ་རའི་མར་སར་ཤས་ཙམ་བརྟེན་རྩ་བ་ལྔའི་སྨན་མར་བརྟེན་ཀ་ཤོ་ཉུང་ངུ་བྱ། །དམ་རྫས་ལྔའི་གཞི་ལ་སྐྱོབས་སྦྲང་རྩི་འོ་མ་མར། །བཟང་སྡུག་མུ་ཟི་སེར་པོ་གདུལ་ལེགས་ལྕེ་སོགས་གུ་གུལ་དཀར་པོ་དང་། །རྒྱ་ཚ་རྡོ་ཆུ་བདེ་ཅོང་ཞི་འཛིན་སྲ་བ་ཅན། །དེ་རྣམས་ལ་དྲི་ཆུས་བར་མ་བྲན་ཏེ་བཟའ་བ་མཆོག་ཏུ་ཤིས། །བཟང་སྡུག་མུ་ཟི་འབྲས་བུ་གསུམ་དང་འབྲི་དང་བའི་མར་ཁལ་གསུམ་ལ་མུ་ཟི་བྲེ་ཕྱེད། །མདེ་གུ་སྦྱར་བརྟེན་བ་རའི་འོ་མ་བཏུང་། །ཟླ་བ་ཉི་ཤུ་རྩ་བཞིར་གསང་བའི་དབང་པོ་བསྡམ། །བཙན་དུག་ལ་གཉེན་པོ་སྔགས་སམ་ཐབས་སྨན་ཀྱིས་བཏུལ་བ་བཟའ་འོ། །ཤེས་རབ་མ་ཡང་ཐབས་ཀྱི་རྗེས་སུ་མཐུན་ཏེ་ཁྱད་པར་དུ་འོ་མ་སྤོས་ཆུས་ཁྲུས་བྱ་བསྐུ་མཉེ་བ་བྱ། །དམ་རྫས་ལ་སོགས་པ་གང་དུ་བཤད་པ་རྣམས་ཀྱིས་ལུས་གསོས་ལ་ནས་ཟན་མཆིལ་པ་དང་། །བྱེའུ་བྱིད་པོ་བྱ་གག་ཁྱིམ་བྱ་ཕོ་རྨ་བྱ་ཕུག་རོན་དང་། །བྱ་མ་བྱིའི་ཤ་ད་བྱིད་སྨིགས་པ་དང་། །རི་སྐེགས་ཀྱི་ཤ་དང་ཤ་སྣ་དགུ་པོ་དེ་ལ་ཚོད་ཁུ་བྱས་ལ་བཏུང་། །རྩ་བའི་ལྔ་སྨན་མར་གཏང་དྲི་བཟང་པོ་ཡི་ཐིག་ལེ་བྱ། །ཀ་མ་ལ་འདོད་པ་ཡི་གདབ་པའི་གནས་སུ་གདབ་གཞིབ་པའི་དྲུད་པའི་མཉེ་བའི་གནས་སུ་མཉེ་བ་ལོགས་པས་བསྟན་བཅོས་རྒྱས་པར་བྱ་བ། །དེ་ཡང་རྩ་གསུམ་མཉེ་ཞིང་དབྱིངས་ཕྱུག་བཙལ། །གླང་ཆེན་སྣ་འདྲ་བ་དང་རུས་སྦལ་གྱི་རྒྱབ་འདྲ་དང་། །སྤེན་པའི་མེ་ཏོག་ལྟ་བུ་དང་གསུམ་པོ་དེ་སྐྱེ་གནས་ཀྱི་ཁ། །པདྨ་འདབ་བརྒྱད་ཀྱི་ལྟེ་བ་བྱ་གདོང་ཁ་ཁ་མུ་ཁའི་འོག་ན་གནས་པ་མཉེ་འོ། །ཐབས་དང་སྨན་དང་ནུ་བས་དང་གསུམ་གྱི་དབྱིངས་ཕྱུག་མཁའ་དེ་བཙལ་ཏེ། །འོ་མ་སྤོས་ཆུས་མགོ་ལུས་ཕྱི་ནང་དམ་རྫས་བསྙོད་ལ་རྟོག་པ་དང་དཔྲལ་ཁྲུས་བྱ་དྲི་སྦྱར་སྤོས་དང་ཛཱ་ཏི་ཡ་ལ་དང་ཤིང་ཚ་གུར་གུམ་ག་པུར་ལ་སོགས་པ་སྦྱར་བ་སྟེ་སྦྲང་རྩིས་བསྲེས་ལ་རི་ལུ་བྱས་ཏེ་མུར་དུ་བཅུག་པས་ཁའི་ངད་བསྐྱེད་ལུས་ལའང་བྱུག་པར་བྱའོ་ལྡན་ཕྱག་གདུབ་ཞབས་གདུབ་སྙན་ཆ་མགུར་ཆུ་དོ་ཤལ་དང་བེར་སྤུ་སླག་ལ་སོགས་པའི་རྒྱན་གྱིས་བརྒྱན། །འབོལ་གྱི་རྒྱབ་ཡོལ་ལ་སྐུ་རྟེན་ཁྲི་སྟན་དང་ལྡན་པ་དང་ཅོད་པན་དར་མཐིང་དམར་གྱི་ཐོད་དང་། །མེན་ནམ་རས་ལ་སོགས་པའི་རྐེད་ཆིངས་ལྡན་བྱས་སྤོས་བྲེ་དེའི་ལྡོས་མཁལ་མ་གཉིས་ཀྱི་སྟེང་ནས་བསྡམས་ཤིང་གི་དབྱིབས་རྡོ་རྗེའི་ཚུལ་དུ་བྱས་པ། །འཇམ་པོ་སྣུམ་བསྐུས་པས་གནམ་འཕོངས་ནས་སྐྱེ་གནས་སུ་རེག་རེག་གཏུག་ཅིང་རིག་མས་འོག་རླུང་འབུད་དེ་མི་འཐེན་པར་ཡན་པར་གཞག། སྟེང་རླུང་མི་དྲག་པར་རན་པར་མནན་པས་རྩ་ཁ་ཁ་མུ་ཁ་མཐོང་བར་འབྱུང་བ་ཡིན་དེ་ཡང་དུང་ཅན་མ་ལ་འབྱུང་མཉམ་མ་ལ་འབྱུང་དུ་རུང་ཞར་མ་ལ་མི་འབྱུང་གསུངས། །སྨན་གྱིས་བཙལ་བ་ནི་ཡང་ན་ཨ་ཀ་རུ་ནག་པོ་དང་རྒྱ་སྤོས་སད་ཀྱིས་མ་ཁྱེར་བ་དང་། །དུ་རུ་ཀ་དང་ཤིང་ཀུན་ག་པུར་དང་། །ཀ་ར་མར་དང་བྱ་གག་ནས་ཟན་གྱི། །སྒོ་ངའི་སྙིང་པོས་སྤྲི་སེར་པོ་སྦྱར་ལ་རྒྱ་ཤུག་གི་འབྲས་བུ་ཙམ་དུ་དྲིལ། །སྲིན་ལག་གི་རྩེར་བཀལ་ལ་རྩ་གསུམ་འཛོམས་སར་བྱ་གདོང་གི་འོག་ཏུ་དྲུད་ཟེར་ཡང་སྣ་རྩེ་ཉིད་ལ་དྲུད་ཅེས་རྗེ་རི་ཁྲོད་པས་གསུངས་སོ་དྲུད། །ཡང་ན་ཤིང་འཇམ་སྦུ་གུ་ཟངས་དུང་ལྟ་བུ་ཁ་ཆེ་ལ་ཞབས་ཆུང་བ་ལ། །ཁ་ཆེ་བ་དེར་གཏད་ཆུང་བའི་སྦུབས་ནས་མཆུ་བཙུགས་ནས་བརྔུབས་ལ་ཤ་སྤྲིན་ནམ་རྒྱུས་པ་བསྡད་པས་སྦུ་གུ་བཀག་ལ་དེ་ནས་སྦྲིང་ངེ་ཡོད་པ་དེ་ལ་ནུ། །ལག་པས་དལ་བུས་ཤིང་གི་སྦུ་གུ་དེ་དྲིལ་ཞིང་དྲངས་པས་རྩ་ཕྱིར་འབྱུང་བ་ཡིན། །ཁ་ཁ་མུ་རྙེད་པ་དེས་ནི་ཐིག་ལེ་གཟུང་བའམ་གྱེན་ལ་བཟློག་པའང་ནུས་པ་ཡིན་དེ་རྡོ་རྗེའི་ནང་དུ་ཆུད་ནས་འོང་བས་སོ། །དབབ་པའི་ཐབས་ལ་ཏིང་ངེ་འཛིན་གྱིས་དབབ་པ་དང་ཐབས་ཀྱིས་དབབ་པ་དང་ལྷ་མོ་དངོས་ཀྱིས་དབབ་པའོ། །སྤྱིར་རིགས་ལྔ་དང་བྱེ་བྲག་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དང་ཙཎྜ་ལཱི་གཏུམ་མོ་དང་། །འོད་ཀྱི་ལྷ་མོ་ལ་བརྟེན་ནས་འབེབས་པ་ནི་གཞན་སྒྱུ་འཕྲུལ་གྱི་གཞུང་ངོ་། །མགྲིན་པ་ལོངས་སྤྱོད་ཀྱི་སྙིང་པོ་ལྕེ་ཆུང་དབབ་པ་ལ་བརྟེན་པའི་ཐབས་དང་གཞན་གྱི་གཞུང་དེའོ་གསུམ་པོ་འདིའི་མན་ངག་ཡིད་བཞིན་ནོར་བུ་བྱི་དོར་དང་ལྡན་པ་ཞེས་བྱ་བ་ན་གསལ་བར་ཡོད་དོ། །དང་པོར་ལག་གི་འདུ་བྱེད་ལ་བརྟེན་སྟེང་རླུང་གནན། །ལྟེ་བའི་འོག་གི་རྩ་རྒོད་མའི་ཁ་དང་རྩ་རིན་ཆེན་རྫིང་གྱེན་དུ་བརླབ་ཅིང་། །འོག་རླུང་འཐེན་ལ་རིག་པར་བདེ་བ་ཉམས་སུ་མྱོང་ནས་ཐིག་ལེ་གཟུང་། །སྐབས་སུ་རླུང་སྦྱང་ཞིང་རུས་སྦལ་གྱི་འདུག་སྟངས་བྱ། །བུང་བའི་སྐད་ཀྱིས་ཐིག་ལེ་དྲང་དམིགས་པས་ཀྱང་གྱེན་ལ་སྐྱ་ནར་གྱིས་ཐིག་ལེ་དྲང་བ། །དེ་ཐབས་དེས་འདྲོངས་པར་མྱོང་ནས་རྟེན་ཡུམ་ལ་སྦྱར་བ་སྟེ། །མཁའ་བརླབ་ནི་པའི་འཕྲོ་འདུ་ལས་པདྨའི་གེ་སར་ལ་ཨྃ་དམར་པོ་དང་ལྡན་པར་བསམ། །ཧཱུྃ་གི་འཕྲོ་འདུ་ལས་རྡོ་རྗེ་བ་གམ་ལ་ཨོྃ་དཀར་པོ་དང་ལྡན་པར་བསམ། །ཕཊ་ནག་ཀྱིས་རྡོ་རྗེའི་སྦུ་གུ་དགག་པ་རྣམས་ཀྱིས་རྟེན་ཉིད་གདུང་ཅན་ནམ་རྩ་རྡོ་རྗེ་འབིགས་བྱེད་བཙལ། །རང་མོས་པའི་ལྷའམ་རིགས་ཀྱི་བདག་པོར་ཀུན་པོ་རང་ཉིད་གསལ་བར་བྱ་བ་ནི། །རང་བཞིན་སྤྲོས་བྲལ་གྱི་ངང་ལ་མཚན་ཉིད་རིག་པས་རང་འོད་རྣམ་པ་སྒྱུ་མའི་སྐུ་ཤར་བ་ནི། །གསུམ་འདུས་ཤིང་ལྷུན་གྱིས་གྲུབ་པར་གསལ་ནས་བགེགས་བསྐྲད་པ་དང་རང་བསྲུང་བ་དབང་གི་ཀློང་ལྟར་བྱ། །སྔར་བཤད་པའི་དྲི་ཞིམ་གོན་པན་ཛཱ་ཏི་ཤིང་ཚ་ཡིས་དྲི་ཞིམ་དང་ལྡན་ཆས་ཀྱིས་ཀླུབས་ཞེས་དབང་གི་གལ་པོར་གསུངས་སོ་ཐིག་ལེས་གནས་བརྒྱན་རོལ་པའི་བསྟན་འཁྱུད་པ་གཉིས་དང་གནས་བཅུ་གཅིག་ཏུ་ཙུ་མཱི་བྱའོ་བ་དང་གནས་བདུན་དུ་དུང་གི་ཕུར་པ་སོ་གདབ་པ་དང་བཞི་པ་ལྕེ་ནུ་མ་གཉིས་གསུམ་དང་སེན་ཐབས་ཀྱི་གནས་དགུ་དང་གནས་བཅུ་གཉིས་སུ་ཐ་མལ་པའི་སེན་མོ་གདབ་པ་དང་སྣོམ་པར་བྱས་པས་གདབ་པའི་གནས་ལྔ་དང་འབུར་གཉིས་སྣ་གདོང་གཏུགས་ལ་བརྩེ་བ་ཅུང་ཟད་ཙམ་བྱས་ཏེ་ཞེས་གལ་འགྲེལ་ལས་འབྱུང་བ་ལྟར་ཆོས་ཀྱིས། །ཡབ་ཡུམ་ཕན་ཚུན་བསྣོལ་མས་གཉིས་ཀའི་བདེ་བ་རྒྱས་པར་བྱ། །མདོ་ལ་རོལ་བར་བྱ་བ་མིན་ཏེ་བསྟན་བཅོས་ཀྱིས་བདེ་བ་རྒྱས་ནས་གཟོད་ཡབ་ཡུམ་མཉམ་པར་སྦྱར། །སྦྱོར་བའི་ཐབས་ནི་ཕྱི་ནང་གི་ལྷ་མོ་བཞི་བཞི་བརྒྱད་དམ་དབང་ཅིག་ཅར་འཇུག་པ་ལས་མཉམ་པ་ཉིད་ཀྱི་སྐྱིལ་མོར་འདུད་ཁ་སྣོལ་དང་མཐིལ་སྦྱོར་རྩེ་སྤྲད་དང་རྟིང་སྤྲད་རྒྱ་གྲམ་རིགས་ལྔའི་ལུགས་ཞེས་པས་ལྔ་སོགས་ཀྱིས་མས་འདེགས་བསྡམས་ཤིང་བཀན་ཏེ་རྩ་རྡོ་རྗེ་འབིགས་བྱེད་ལ་བསྙག །རྡོ་རྗེའི་ཕྱི་སྦྱར་བའི་སྙིང་པོའི་པདྨའི་ནང་གི་འགྲོ་འདུག་གིས། །ཡབ་ཀྱིས་དལ་བུས་མི་དྲག་པར་བསྐྱོད་ཅིང་ཤེས་རབ་ཀྱིས་ཀྱང་དལ་བུས་བསྐྱངས་པས། །ལུས་འཕྲིག་པ་དང་ཧ་སའི་སྐད་འདོན་རིག་པ་བདེ་བའི་རོས་གང་ཞིག་བརྒྱལ་ཏེ། །བཅུད་ཐིག་ལེ་རྣམས་གཡོ་ན་ཕན་ཚུན་དྲིས་ལ་བླུག་ཅིང་བསྐྱོད་པའི་རྩོལ་བ་ཀློད་དེ། །དྲག་པོས་ཤུགས་ཐབས་སུ་སྤྱོད་པ་མ་ཡིན་ཏེ་སོས་དལ་ལ་ཡུན་བསྲིང་ས་ལ་རོལ་ལོ། །རྟོག་པ་ཐམས་ཅད་བདེ་བ་སྐྱེས་པའི་དུས་ན་ཆོས་ཉིད་མ་ནོར་བའི་དོན་རང་གསལ་དུ་རྟོགས་པ་ཡིན་བས། །གང་སྐྱེས་ཀྱང་རྟོག་པ་དང་བདེ་བ་གཉིས་སུ་མི་རྟོག་སྟེ་ལྷུན་གནས་ཀྱི་བདེ་བ་ཆེན་པོའི་ངང་ངོ་། །མ་ཧཱའི་སྐད་ཅིག་དགའ་བ་བཅུ་དྲུག་གི་དགའ་བ་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས་དགའ་བཞིས་ནོར་བ་ཆགས་པ་རང་ག་མ་བཅོས་ནས་མ་ནོར་བའི་བདེ་བ་ངོས་འཛིན་པ་ནི། །བླང་དོར་ཞིབ་མོར་སྤྱད་པས་ལྷུན་གནས་ཀྱི་དོན་ལ་རྩིང་ངོ་། །འཕྲོ་ས་རྟོག་པའི་དེ་ཁོ་ན་ཉིད་བསྟན་པ་དེས་འཁྲིག་སྲེད་རང་ག་མ་དེ་ལྷུན་གནས་སུ་གྲོལ། །ཐམས་ཅད་ཆོས་ཉིད་ཡིན་པས་ནོར་བའི་གོལ་ས་མེད། །ལུས་བཅུད་ཐིག་ལེ་འཁྱག་པ་དེ་རྟེན་ཕྱག་རྒྱ་ལ་སྦྱར་བའི་སྟོབས་ཀྱིས་ཐབས་ཀྱིས་བཞུ། །ཆགས་པའི་རྗེས་སུ་འབྲང་ས་ནས་སེམས་འཕྲོ་བ་དེ་ཐབས་དེས་གཏན་ལ་ཕབ་པས་གཤིས་ལ་ཕེབས། །རྟེན་དང་རྟགས་དང་དོན་གྱི་སྒོ་ནས་དབབ་པ་རྣམ་པ་གསུམ་ཡིན་ནོ། །ཁམས་གསུམ་དང་པོར་འདོད་ཁམས་སུ་ཆགས་པ་རང་ག་མས་སྨིན་ཕྱིར་ཐབས་འདིས་གྲོལ་བར་རིགས་ཀྱང་རྫོགས་པ་ཆེན་པོའི་སྐབས། །འདིར་དེ་ལ་ཡིད་མི་འབྲང་སྟེ་རྣལ་མ་ཉིད་ལ་ལྟོས་ཤིག། རྟེན་གྱི་འཁྲུལ་འཁོར་དྲུག་དང་རྫས་དང་རྩི། །བཙན་ཐབས་སུ་དྲང་བ་དང་ལྷུང་ནས་མི་ཉམས་པར་བྱ་བའི་ཕྱིར་གསོ་བའོ། །རྒྱ་མཚོ་རི་རབ་ལ་སྦྱར་བའི་འཁྲུལ་འཁོར་ལྟེ་བས་ཚིགས་བསྙག་གླིང་བཞི་རི་རབ་ལ་བསྡུ་བའི་ནི་ཡན་ལག་བཞི་གསུམ་ནས། །རྒོད་པོ་ཟུང་ཅིག་མཁའ་ལ་འཕུར་བ་ནི་མིག་དང་དར་པོ་ཆེ་གནམ་ལ་ཕྱར་བ་ནི་ལྕེ་བཟློག་འོག་རླུང་འཐེན་ལ་ཐིག་ལེ་དྲང་། །རྒོད་མ་ཁ་རིན་ཆེན་རྫིང་དུ་རྡོ་རྗེ་སྦུ་གུ་བཙུགས་ལ་རྔུབ་བོ། །ཐབས་ཤེས་རབ་གཉིས་ཀ་ལ་རིགས་གསུམ་དུ་དབྱེ་བ་ནི་གླང་པོ་རྟ་རི་དྭགས་གསུམ་ཐབས་ཤེས། །ཕན་ཚུན་བརྟགས་ཏེ་དང་པོ་ཐབས་ཀྱིས་ཤེས་རབ་བརྟག་པ་ནི། །ལག་པ་གཡོན་གྱི་སོར་མོ་འཐེབ་ཆུང་མ་གཏོགས་པའི་ཆེ་བ་བཞིས་པདྨར་ཕྱིན་པའི་མཚམས་སུ། །སྲད་བུས་བསྐོར་ཏེ་སྲད་བུ་དེ་ལ་སོར་ཚད་གཞལ་ཏེ། །གླང་པོའི་རིགས་ལ་སོར་བཅུ་གཉིས་རྟ་ལ་དགུ་པ་སྟེ། །རི་དྭགས་ལ་སོར་དྲུག་བདུན་ལྡན་པའོ་ཤེས་རབ་ཀྱིས་ཐབས་ཀྱི་བརྟག་པ་ཡང་། །རྡོ་རྗེ་བུ་གའི་ཟུར་ནས་བ་གམ་བསྐོར་ནས། །བུ་གའི་རྩར་སྲང་བུ་དྲངས་ནས་སོར་ཚད་གཅལ་བའི་རིགས་གསུམ་སྔ་མའོ་དང་མཐུན་པ། །གླང་པོའི་རིགས་ལ་གླང་པོ་ཁྱུ་བའི་འབྲས་བུ་རླིག་པ་ཁྲག་དང་བྱ་གག་སྒོང་། །རྟའི་རིགས་ལ་རྟ་ཁྱུ་པའི་འབྲས་བུའི་ཁྲག་དང་ཕུག་རོན་སྒོ་ངའོ། །རི་དྭགས་དགོ་པོའི་རླིག་ཁྲག་དང་ནས་ཟན་སྒོང་ངའོ། །རིགས་གསུམ་ཐུན་མོང་དུ་བཟང་དྲུག་དྷ་དུ་ར་ཐང་ཕྲོམ་དང་ཤུག་པའི་ཐང་ཆུ་བཅས་པའི། །རྫས་དགུ་ཆ་བསྙམས་པས་ཤེས༷་ར༷བ་ཀྱི་པདྨའི་ནང་དུ་བྱུག། ཐབས་ལ་རྫས་དགུ་པོ་དེ་འགྲོན་བུ་སྦྲུམ་མའི་རྒྱབ་ནས་ནང་དུ་བཅུག་ལ། །སྤྲ་ཚིལ་གྱིས་ཁ་བཅད་ལ་ལྕེ་ལྐོག་སྦས་ནས་སྤྱད་ན་ཟིན་པ་ཡིན། །རྐང་ལག་གི་མཐེབ་ཆེན་བཞི་ཚིགས་རྣམས་རས་ལ་དྲི་ཆུས་སྦངས་པས་བསྡམ། །སྲིན་ལག་དབང་མོའི་རྩ་བ་རུ་སྦོམ་པོས་མཐེབ་ཆེན་གྱི་མནན་ཏེ་ཁུ་ཚུར་བྱས་ལ། །སྒོ་བུ་ག་དགུའི་སྒྲོལ་མ་རླུང་ཕྱིར་ཕུལ་ལུས་ཀུན་ཆར་ཁོང་བསྡམ་སྟེ་དྲག་པོ་མ་ཡིན། །དལ་བུས་དབབ་པའི་སྦྱོར་བས་ཟིན་པ་ཡིན། །གང་གི་འགྲོན་བུའི་རྒྱལ་པོ་སྦྲུམ་ཆེན་ཐབས་དང་ཤེས་རབ་གཉིས་ཀའི་སོས། །མཉམ་པར་བཟུང་ནས་སྤྱད་ན་ཟིན་པ་ཡིན། །ཟླ་བ་གཟས་ཟིན་དུས་སུའང་རང་བཞིན་གྱིས་ཟིན་པ་ཡིན་ནོ། །རྩ་དབྱིངས་ཕྱུག་གདུང་ཅན་བཙལ་ནས་རྩ་སྤྲད་ཕན་ཚུན་སྦྱོར་བས། །རྩ་གཅིག་གི་སྒོ་རྩ་གཅིག་གིས་བཀག་པས་ཟིན་པའང་རྩའི་སྟོབས་ཀྱིས་བཟློག་གོ །ཤེས་རབ་ཀྱི་མཁའ་སྟོབས་ཅན་དུ་བསྡམ་ཞིང་ཐབས་ཀྱིས་རྡོ་རྗེས་བཀན། །ཐབས་ཤེས་གཉིས་ཀ་སྟོབས་ལྡན་གྱི་ནུས་པས་ཟིན་པའམ། །ལག་གིས་རྡོ་རྗེའི་རྩེ་ལྐོག་གི་རྩ་བཀག་ལ་སྦྱང་བ་ནི་ཆུ་རྡེར་འགྲོ་སྲིད་པས་བཟང་པོ་མིན། །བཙན་ཐབས་སུ་མཁར་ལྷུང་ན་མཁའ་ནས་ཐབས་ཀྱིས་ལྕེས་བླང་བསམ་པས་ཏིང་ངེ་འཁོར་ལོ་བཞིའི་གནས་སུ་བསྟིམ། །དམ་རྫས་ཀྱི་བཅུད་ལེན་ཀྱིས་གྲོགས་བྱ་ཞིང་དམ་ཚིག་ཏུ་ཐིག་ལེ་མི་འཆོར་བར་བསྲུང་བ་ཡིན། །ལྕེས་ལེན་པ་དེ་མིན་ནའང་ཉ་ཕྱིས་སམ་དུང་ཆོས་ཀྱི་ནང་དུ་བླངས་ལ། །བདུད་རྩི་སྨན་གྱི་སྐྱོབ་དང་ལྡན་པར་སྣ་བུག་གཡས་བཀག་ལ་གཡོན་ཉི་མའི་སྦུ་གུས་དྲང་། །ཅི་ནས་ཐིག་ལེ་རྡོ་རྗེའི་ཁ་འམ་རྩེ་རུ་དབྱུང་བར་མི་བྱའོ། །རོ་ཆེས་མི་བདེ་ལྕི་ན་དྲི་ཆུ་འདོན་པ་བཞིན་དུ་གདོན། །ས་ཤས་ཆེ་ནས་ཆེར་ལྕི་ན་ཐིག་ལེ་བྱིན་དུ་གདོན་ནོ། །འཁྲུལ་འཁོར་རླུང་དང་ཏིང་འཛིན་ཡི་གེས་བཞི་བཟློག་སྟེ། །ལུས་ཏུང་བྱས་ཏེ་སེང་ཕྲུག་རྩལ་སྦྱོང་མཆོང་བའི་རྡེག་ཚུལ་དང་འདྲ་བ་དང་། །སྟག་ཕྲུག་ལྟོ་འགྲངས་སྐྱུག་པའི་ཚུལ་དུ་ནི། །ལུས་རེས་བསྟུང་ཞིང་རེས་བསྲིང་སྟེ་བསྡམ་པ་དང་ཀློད་པ་རང་ཉམས་དང་སད་དོ། །ངར་སྐད་འདྲེན་པས་དབུགས་དྲག་པོ་སོའི་བར་རམ། །མཆུ་ཡི་བར་ནས་དབུགས་དྲང་དྲག་ཏུ་གནན། །དཔེར་ན་རིལ་བ་ཞབས་ཚགས་བུ་ག་ནས་དྲངས་པ་ལྟར་དུ། །ལུས་ཟུངས་བཅུད་དང་འདྲེས་པའི་རླུང་ཐིག་ལེའི་སྒོ་ཕྱེ་ནས། །སྟོད་སྨད་དུ་ཐིག་ལེ་ཨ་བ་དྷཱུ་ཏིར་བརྒྱུས་པའི་བེམ་པོའི་རླུང་གིས་བསྡུ་འོ། །བསམ་པས་ཡུམ་གྱི་རིན་ཆེན་རྫིང་དུ་རྡོ་རྗེའི་མཆུ་བཙུགས་ནས། །བརྔུབས་པས་ཚངས་པའི་བུ་གར་ཡར་དྲངས་ནས། །སྤྱི་གཙུག་ནས་ཐོན་ནམ་མཁའི་མཐོངས་སླེབ་པར། །དཀར་ཟང་ཐོན་བསམ་ཡབ་ཀྱི་རིན་ཆེན་རྫིང་གིས་དངོས་སམ་རྔུབ། །མགར་གྱི་འབུད་བྱེད་གྱེན་ལ་བཟློག་པ་འདྲའོ། །ཨའམ་ཎྲྀ་ཡི་གེ་དྲག་ཏུ་བརྗོད་དེ། །མཛོད་སྤུ་ཧྃ་ཡིག་ལ་ཐིག་ལེ་གདགས་ལ་ཤེལ་ཕྲེང་བརྒྱུས་པ་ལྟར། །ཕཊ་ནག་གཟུགས་ཀྱིས་ཆུ་ལམ་དགག་པར་གསལ། །དཀར་འཚེར་རྣོ་མགྱོགས་གྱེན་ལ་ཁྱུག་གིས་དྲང་། །ཡན་ལག་ལུས་ཀུན་འདར་ཆུག་སིག་གིས་རྟའམ་ལུག་ལྟར་སྤྲུག །ཧིག་ཅེས་དྲག་བརྗོད་གསུས་པ་རྙེབས་བྱས་ལ། །ལྟོ་བའི་ནང་ཁྲོལ་ཞབས་ནས་འུབས་བཟློག་པ། །ཁོར་གཅིག་ཕར་སོང་ནས་ཚུར་འུབས་འོང་བ་ཆུ་ཡི་རླབས་སམ་གྱང་འགྱེལ་བའམ་སྦུད་པ་བུད་བཞིན་ནོ། །ཐབས་ཤེས་རང་རེའི་རྩ་གནས་པའི་ས་རུ་ཚུར་ཐིག་ལེ་འཐེན་རླུང་བསྡམ་ལུས་སྤྲུག །སླར་གྱེས་ནས་ཀྱང་ས་སར་ལུས་བསིག་ཅིང་སྤྲུག་སྟེ་ཐིག་ལེ་དྲང་། །ཐིག་ལེ་གང་ན་ཡོད་ཚོར་བའི་སར་ལུས་བསྐུ་མཉེ་དང་ཐབས་དེ་དག་ལ་འབད་ཅིང་སྤྱོད་ལམ་དང་ཟས་ཁམས་དང་མཐུན་པ་བརྟེན་ནོ། །ཐིག་ལེ་འཆོར་བའི་སྐྱོན་ནི་ཐིག་ལེ་ཁ་ལུད་པ་དང་ཆགས་པ་སྐྱེས་པ་དང་མི་མ་ཡིན་དང་། །ནད་གཞི་དང་ཟས་ངན་ཟོས་པ་དང་དམ་ཚིག་ཉམས་ན་ཐིག་ལེ་ཕྱིར་འབྱུང་བ་ཡིན། །དེ་དག་བཅོས་ཐབས་ནི་ལུས་ཟུངས་ཀྱི་སྟོབས་ཆེ་ནས་ཐིག་ལེ་མ་ཤོང་བར་ལུད་ན་སེམས་རྒྱ་བསྐྱེད། །རྐང་པ་ས་ལ་བརྡབ་ཅིང་ཡར་ཚངས་པའི་གནས་ནས་མར་དམྱལ་བའི་བར་དུ་སེམས་དྲང་། །བཟློག་པའི་ཐབས་ལ་ནན་ཏན་བྱ་བ་ཡིན་ནོ། །རྟེན་ཡིད་དུ་འོང་བ་ལ་ཆགས་པ་སྐྱེས་པས་འཆོར་ན་རྐང་པ་རེ་མོས་སུ་སྤྲུག། ཧཱུྃ་ཞེས་བརྗོད་ཅིང་ཐིག་ལེ་དྲང་ཞིང་བཟློག་སྟེ་སྤྱི་གཙུག་གི་ཧྃ་ལ་གདགས་པར་བྱའོ། །མི་མིན་ཡ་པའི་བར་ཆད་ཀྱིས་འཆོར་ན་བྱིན་རླབས་དང་ནུས་མཐུ་དང་། །ཉུངས་དཀར་བཙན་དུག་དཔའ་བོ་བསྲེགས་ཏེ་ཨ་འཛའ་ནག་པོ་གུ་གུལ་དང་། །མའི་ཀླད་ཆེན་དང་པདྨ་རཀྟར་སྦྱར་བ་དེ་ནི། །དར་དམར་པོ་ལ་བསྐུས་ལ་རྡོ་རྗེའི་རྐེད་པར་བཅིང་ལུས་ཀྱི་རྐེད་པ་ལ་ཡང་དཀྲི། །ཡང་ན་ཤོ་མའི་རྩ་བ་མེར་བསྲེགས་པའི་འགལ་དུམ་དང་དར་དམར་དང་། །གསང་བར་བཏགས་ལ་དེ་རྡོ་རྗེའི་རྐེད་པ་གདགས་སོ། །ནད་གཞིས་དྲངས་ནས་འཆོར་ན་མཁལ་མ་བསྲོ། །གཅན་གཟན་པགས་པས་རྐེད་དཀྲི་དྲོད་སྨན་བརྟེན། །བུ་མོ་དྲོད་ཅན་མཆན་བསྟེན་སྦྱོར་བ་སྤང་། །གསང་བའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ཙནྜ་ལཱི། །དམར་རྩ་སོར་གཅིག་གི་ཚད་ཙམ་ཡོད་པ་དེ་སྟེང་འོག་གི་རླུང་གཉིས། །མས་བྱུང་ནས་ཡས་འཁྱིལ་ཡས་བྱུང་ནས་མས་འཁྱིལ་བས། །མེ་བས་ཚ་བར་གྱུར་པ་དེས་ལུས་ཀུན་གྱི་དྲོད་བསླང་བར་བསམ་མོ། །ཟས་ངན་གྱིས་འཆོར་ན་དེ་འཕྲོ་བཅད་དེ་འོ་མ་བསྐོལ་བ་བཏུང་། །ཞག་གསུམ་བར་དུ་བདུད་རྩིའི་རྒྱུན་ཡང་ཕྲད་དང་སྦྱར་ལ་ཁོང་དུ་བཟློག །ཟས་གསར་བཅུད་ཅན་དང་གོང་གི་བཅུད་ལེན་བཤད་པ་ལྟར་བསྟེན། །གོང་གི་ཟློག་པའི་ཐབས་རྣམས་ནི་སྐྱོན་དྲུག་པོ་ཀུན་ལའང་ཕན་པ་ཡིན་ནོ། །ཕྱག་རྒྱ་དང་དམ་ཚིག་ཉམས་པས་ཐིག་ལེ་ཕེབས་པར་དཀའ་ལ་འཆོར་བ་རྐྱེན་ཏེ་མ་ཚོར་བར་འཆོར། །དེ་ལ་ཚོགས་གཏང་བཤགས་པ་དང་བསྐང་བ་བྱ་ཞིང་སློབ་དཔོན་ལ་དབང་ནོད་བྱིན་རླབས་ཞུའོ། །ཐིག་ལེ་ཉམས་སུ་ལོངས་པ་དེ་ཡི་ལེགས་རྟགས་ནི་མདོག་གསལ་བཀྲག་སྐྱེ་གཞོན་ཤ་ཆགས། །ནད་མེད་ལུས་བདེ་སྐྲ་དཀར་གཉེར་མ་སྤངས། །ཏིང་ངེ་གང་གཏད་དམིགས་པའི་སར་སེམས་ཟིན་ནས་རྟོག་པ་ཉམས། །ཚེ་རིང་ཤེས་རབ་གསུམ་འཕེལ་ཞིང་བདེ་གཤེགས་མཁའ་འགྲོའི་ལུང་བསྟན་འབྱུང་། །རིགས་རྒྱུད་བུ་ཚ་མི་འཕེལ་གསང་བའི་ལོངས་སྤྱོད་ཕྱག་རྒྱ་མཚན་ལྡན་འཕེལ། །དེ་ཡི་དམ་རྫས་ནད་ལྔ་སེལ་བ་ཡིན་ཐུན་མོང་གི་དགོས་པ་ལྔ་འགྲུབ་པ་ཡིན་རིགས་ལྔའི་དངོས་གྲུབ་འགྲུབ་པ་ཡིན་པ་གསུམ་གྱི་ནུས་པའང་རྫོགས། །ཡི་གེ་དང་མེ་ཏོག་དང་ཐུགས་དང་སྐུའི་ཕྱག་རྒྱའི་སྐྱེ་མཆེད་མངོན་སུམ་དུ་གསལ་བའོ། །ལ་བཟླ་ནི་ཆོས་ཅན་ཐམས་ཅད་ཆོས་ཉིད་མ་ནོར་རང་སྣང་ཡིན་པས། །ཤན་དབྱེ་བ་དང་ནོར་བ་བསལ་བ་དང་མ་ཡིན་པ་དགག་མི་མཐུན་པ་སྤང་བ་དང་མཐུན་པར་བསྒྱུར་བ་ལ་རག་མ་ལས་པ་ནི་གསེར་ལ་འགྱུར་རྩི་མི་བསྟེན་པ་ལྟར་རོ། །ཉོན་མོངས་ང་བདག་གཟུང་འཛིན་ལྟར་སྣང་ཡང་མཚན་ཉིད་རང་རིག་ཡིན་པས། །རྒྱལ་ཐབས་ཚངས་པའི་དབང་ཀློང་དུ་དཔའ་བོས་དགའ་རབ་ཀྱི་བཤད་པ་དེ། །དྲི་མེད་གསང་བའི་སྒྲོན་མས་གསལ་བར་བྱས་སོ། །བྱས་པ་དེས་ན་འཇིག་རྟེན་དྲི་མེད་གསང་བའི་འབྲས་བུ་སྨིན་པ་ནི། །འགྲོ་བ་རིགས་དྲུག་འཇིག་རྟེན་ཕལ་པའི་དྲི་མས་འདས་ནས། །ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དང་རང་གིས་བཏགས་པའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པར་འདོད་པ་ནི། །གཟུང་འཛིན་དུ་སྣང་བའི་ཆའི་གཤིས་ལ་ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་ཡིད་སྦྱིན་བདེ་བའི་ས། །སྟོང་ཆའི་གཤིས་ལས་བྱང་ཆུབ་སེམས་དཔའི་ཀུན་ཏུ་འོད་ཀྱི་ས། །བདེན་པ་གཉིས་ཀྱི་ཆ་ལས་ཀྲི་ཡ་རྡོ་རྗེ་འཛིན་དང་ཨུ་པ་ཡ་རྡོ་རྗེ་འཆང་། །ཡོ་ག་སྟུག་པོ་བཀོད་པའི་སྣང་སྟོང་རོ་གཅིག་བདེན་པ་གཉིས་མེད་ཀྱི་ཆ་ལས། །མ་ཧཱའི་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་དང་། །ཨ་ནུའི་དབྱིངས་དང་ཡེ་ཤེས་དབྱེ་བ་མེད་པའི་ས་རྣམས། །ཤེས་བྱ་མུ་བཞིའི་ཕྱོགས་རེ་ཁོང་དུ་ཆུད་ཀྱང་བདེན་པའི་ཕྱོགས་མེད་ཀྱི་དམར་ཐག་ལས། །ཚུལ་བཟང་པོའི་རྐྱེན་གྱིས་འབྲས་བུ་གོང་དུ་འཕོ་བས་མཚན་ཉིད་ནི་འཇིག་རྟེན་པའི་འཛིན་ཀྱང་། །འཇིག་རྟེན་ཕལ་པའི་དྲི་མ་མེད་པས་གནས་སྐབས་འབྲས་བུའི་ཆོས་སོ། །འཇིག་རྟེན་གྱི་ཤེས་བྱ་ཚོགས་བརྒྱད་ཀྱི་དེ་ཁོ་ན་ཉིད་གསུམ་དུ་ལྷུན་གྱིས་གྲུབ་པས། །འཇིག་རྟེན་ཕལ་པའི་རིགས་དྲུག་གིས་བཏགས་པའི་དྲི་མ་མི་གནས་པར་གདོད་ནས་དག །འཇིག་རྟེན་ལས་འདས་པའི་འབྲས་བུ་བརྒྱད་ཀྱང་དེ་ཉིད་དུ་ལྷུན་གྱིས་གྲུབ་པ་ལ། །རང་རང་གི་འདོད་པའི་སྐབས་ཀྱིས་མུ་བཞིར་བཏགས་པ་གཞི་ནས་དག །འཁོར་འདས་རང་མཚན་མ་འདྲེས་པར་ཡེ་ཤེས་སུ་ལྷུན་གྱིས་གྲུབ། །མུ་བཞིའི་ངོས་བཟུང་མི་གནས་པས་ཀ་ནས་རྣམ་པར་དག །མཚན་ཉིད་ནས་མ་འདྲེས་ལ་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པའི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ། །དགོངས་པ་ཡེ་ཤེས་ལྔ་ཡི་བདག་ཉིད་ཡོན་ཏན་གྱི་ལྡོག་ཆས། །ཆེ་བ་ལྔ་ལས་མཐར་ཕྱིན་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱང་། །མི་གནས་པར་རང་བྱུང་གི་ཡེ་ཤེས་དུས་གསུམ་ལས་གྲོལ་ལོ། །ཞེན་དྲུག་ཕལ་པ་དང་རྩོལ་བརྒྱད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས། །འཇིག་རྟེན་པ་དེ་དག་ཉིད་ཀྱི་དྲི་མ་མེད་པར་གསང་བ་ཡི། །འབྲས་བུར་གདོད་ནས་ལྷུན་གྲུབ་ཡུལ་མེད་རང་གསལ་ཡིན། །དེས་ན་འཇིག་རྟེན་དྲི་མེད་གསང་བའི་སྒྲོན་མ་ཞེས། །བརྗོད་བྱ་གཞིའི་མིང་རྗོད་པར་བྱེད་པའི་གཞུང་ལ་བཏགས་པའོ། །འཇིག་རྟེན་ལ་མུ་ལྔ་སྟེ་ནམ་མཁའ་མི་འཇིག་ལ་འབྱུང་བཞི་འཇིག་པར་བརྟེན་པ་དང་། །སྣོད་འཇིག་པ་ལ་བཅུད་འཇིག་པ་བརྟེན་པ་དང་བཅུད་འཇིག་པ་ལ་རེག་པ་མི་འཇིག་པ་བརྟེན་པ་དང་། །ནམ་མཁའ་མི་འཇིག་པ་ལ་རིག་པ་མི་འཇིག་པ་བརྟེན་པར་སྣང་བ་བཞི་པོ་དེ་ཐམས་ཅད། །རང་སར་རང་གྲོལ་བས་འཇིག་ཅིང་བརྟེན་པའི་སྒྲོ་འདོགས་པ་དང་བྲལ་བ་དང་ལྔ་ཡིན་ནོ། །ཡང་ཆོས་ཉིད་མི་འཇིག་པའི་ངང་ལས་ཆོས་ཅན་གྱི་སྣང་བ་འཇིག་པ་བརྟེན། །ཆོས་ཅན་འཇིག་པ་དེ་ལ་རྟེན་འབྲེལ་འཇིག་པ་རང་བརྟེན་པ་ཅན། །རྟེན་འབྲེལ་འཇིག་པ་དེ་ལ་བརྟེན་ནས་ཆོས་ཉིད་སྤྲོས་བྲལ་མི་འཇིག་པ་རྟོགས། །ཆོས་ཉིད་དང་ཆོས་དབྱིངས་མི་འཇིག་པ་དེ་ཆོས་སྐུའི་མི་འཇིག་པ་ངང་དུ་བརྟེན། །འཇིག་རྟེན་བཞི་པོ་ཐམས་ཅད་རང་གྲོལ་ཏེ་འཇིག་པ་དང་བརྟེན་པའི་སྒྲོ་འདོགས་ཐམས་ཅད་དང་བྲལ་བ་ཡིན་ནོ། །མི་འཇིག་པ་ལ་འཇིག་པ་རྟེན་འཇིག་པ་ལ། །འཇིག་པ་རྟེན་འཇིག་པ་ལ་མི་འཇིག་བརྟེན་པ་དང་། །མི་འཇིག་པ་ལ་མི་འཇིག་བརྟེན་པ་ཞེས་ཐ་སྙད་དུ་བརྟེན་པ་ཙམ་མོ། །འཇིག་རྟེན་ཞེས་སྒྲོ་བཏགས་པ་ཙམ་ཡིན་པས་ཡོད་པའི་དྲི་མ་མེད། །མུ་ལྔ་གང་དུ་ཡང་མ་སྤངས་པར་མ་འགགས་པ་ཐམས་ཅད་རང་འཆར་བས་མེད་པའི་དྲི་མའང་མེད། །དེ་ཉིད་དང་བློ་དངོས་སོ་གཉིས་སམ་རིགས་ཤེས་དང་ཐ་སྙད་པའི་ཤེས་ངོ་གཉིས་ལ་དོན་དམ་ཀུན་རྫོབ་གཉིས་སུ་བདེན་པས། །གཤིས་ལ་གཉིས་མེད་པས་དེ་ལ་ལྟོས་པའི་གཅིག་མེད་གཉིས་ཀ་མེད་པས་དྲི་མེད། །དེ་ནི་མཚན་ཉིད་ཡེ་ནས་བདེན་པ་གཉིས་སུ་ཟུང་དུ་འཇུག་པས། །ཡོད་མེད་གཉིས་ཀ་མེད་པ་དང་གཉིས་འཛིན་གཅིག་པའི་དྲི་མ་མེད། །མུ་ནས་ཡོད་མེད་གཉིས་གཉིས་མེད་བཞི་ཀར་འཆར་བར་བདེན་པས་ལྷུན་གྱིས་གྲུབ་པ་ཡིན་ལ། །ཡོད་པས་མེད་པ་མེད་པས་ཡོད་པ་གཉིས་ཀྱིས་གཉིས་མེད་གཉིས་མེད་ཀྱིས་གཉིས་གཅིག་གིས་གཅིག་བཀྲོལ་བས་མུ་བཞི་གང་གི་ཡང་ཕྱོགས་སུ་འཛིན་པ་མི་བདེན། །མུ་བཞི་མཚན་ཉིད་མ་འདྲེས་ལ་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པས་ཕྱོགས་ལྷུང་གི་དྲི་མ་མེད་པ། །དེས་ན་འཇིག་རྟེན་དེ་ཉིད་དྲི་མ་མེད་པའོ། །དེ་ཉིད་ཡུལ་དུ་གྲུབ་པ་མེད་དེ་རང་སྣང་བའི་ཕྱིར་རྟོགས་དཀའ་བས། །མུ་བཞིའི་ཕྱོགས་ལྷུང་གི་བློ་ལ་མཉམ་གྲོལ་རང་གསང་ཐབས་ཀྱིས་ཆོད་དེ་གསང་བ་དང་། །མུ་བཞིའི་ཕྱོགས་སུ་རིག་ཀྱང་རང་བཞིན་ཇི་ལྟ་བར་མ་རིག་པས་གསང་། །ཕོ་མོའི་མཚན་མ་གསང་བའི་དབང་པོ་ནི་ལས་དང་རྟོག་མཐུན་རྣམས་ལ་བརྡའི་ངག་བརྗོད་ཡིས་དེ་གསང་། །དེས་ན་སྐྱེས་བུ་ཆགས་པ་ཅན་གྱིས་ཉམས་སུ་བླང་བའི་ཐབས་ཀྱིས་གསང་། །གང་ལ་གསང་ན་ཟོང་ཟད་པ་དང་མ་རྙེད་པ་དང་ཟོང་མེད་པ་དང་སེར་སྣ་ཅན་གྱི། །ཡུལ་ལ་གསང་བའོ་ཅིའི་ཕྱིར་གསང་ན་ཕལ་ཆེར་སྒྲོ་འདོགས་ཤིང་སྐུར་པ་འདེབས་པས་གཤེ །གསང་སྟེ་སྤྱད་པས་ཡོན་ཏན་ཁྱད་པར་དུ་འཕགས་པ་འབྱུང་བར་བསྔགས་སོ། །རང་སྣང་ཡིན་ཡང་མ་རིག་མཉམ་གྲོལ་བསྟན་ཀྱང་མ་རྟོགས་པ། །ཐབས་ཆེན་པོ་འདི་ཡིས་རྟོགས་པ་སླ་བའི་ཕྱིར་ན་སྒྲོན་མའོ། །དེ་ལྟར་དུ་གཞུང་འདི་ནི་གནས་ལུགས་ལ་སོགས་དོན་ཆེན་ལྔ་ཡིས་དགྲོལ་ལོ། །སྣང་བ་སྣ་ཚོགས་པ་ཉིད་བྱང་ཆུབ་ཀྱི་སེམས་སུ་ལ་བཟླ་སྟེ། །དེ་ཡང་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་དང་འབྱུང་བ་ལྔ་རྣམ་ཤེས་དང་ཁམས་དྲུག་དང་། །མ་རིག་པ་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་འཁོར་བའི་ཆོས་རྒྱུ་དང་འབྲས་བུའོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཕྱིན་དྲུག་ཕྱི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་བཅོ་བརྒྱད་དང་། །དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ལམ་གྱི་ཆོས་དང་། །འབྲས་བུའི་གནས་དང་གནས་མིན་མཁྱེན་པའི་སྟོབས་ལ་སོགས་པ་སྟོབས་བཅུ་ཆོས་ཀུན་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་ལ་སོགས་པ་མི་འཇིགས་པ་བཞི་དང་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་སོ་སོར་རིག །བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་འཁྲུལ་པ་མི་མངའ་བ་ལ་སོགས་པ་སངས་རྒྱས་ཀྱི་ཆོས། །མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཐམས་ཅད་ཀྱི་རྣམ་པ་ཀུན་མཁྱེན། །ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའི་རྒྱུ་ལམ་དང་འབྲས་བུ་སངས་རྒྱས་ཀྱི་ཆོས་དང་། །ཀྲི་ཡ་ལས་དང་བྱ་བའི་མཐུ་རིགས་གསུམ་རྡོ་རྗེ་འཛིན་པ་དང་། །ཨུ་པ་ཡ་བྱ་བ་དང་རྣལ་འབྱོར་གཉིས་ཀའི་མཐུ་ལས་རིགས་བཞིར་འཆར་བ་དང་། །ཡོ་ག་པ་བསམ་གཏན་ཡན་ལག་ཆོ་འཕྲུལ་བཞི་དང་ཆོ་ག་ལྔ་སྟེ་དགུ་ལས་འབྲས་བུ་སྐུ་དང་ཡེ་ཤེས་སྲབ་མོར་མ་གྱུར་པས་སྟུག་པོར་བཀོད་པ་དང་། །མ་ཧཱ་ཐབས་དང་ཤེས་རབ་བསྐྱེད་རྫོགས་ཆོས་སྐུ་ཀུན་ཏུ་འོད། །ལོངས་སྐུ་པདྨ་ཅན་དང་ཡི་གེ་འཁོར་ལོའི་སྤྲུལ་སྐུ་ས། །ཨ་ནུ་སྣང་བ་རྒྱུ་དབྱིངས་སུ་བསྒོམ་འབྲས་བུ་དྲན་རྟོག་ཡེ་ཤེས་སུ་འཆར་བས། །རྫོགས་ཚུལ་དུ་བསྒོམས་པ་ལས་བྱུང་བ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས། །ཐམས་ཅད་ཇི་ལྟར་བསྒྲུབས་པར་གནས་སྐབས་ཀྱི་མེ་ཏོག་འཆར་ཞིང་མཐར་ཐུག་འབྲས་བུ་མི་འཆར་ཏེ། །བསྟི་གནས་ངལ་སོས་ཙམ་སྟེ་ངེས་པར་བརྟན་པའི་འབྲས་བུ་མིན་པས། །འབྲས་བུ་གོང་ནས་གོང་དུ་བགྲོད་དགོས་པས་རྫུན་པར་སྣང་། །རང་རང་གི་འདོད་པས་བདེན་པར་སྣང་ཡང་གཤིས་ལ་སྒྱུ་མར་རྫུན་པ་སྣང་། །དེ་གཉིས་ཐ་དད་མི་གནས་རོ་གཅིག་ཏུ་སྣང་། །སྣང་བས་སྣང་བ་རང་བཀྲོལ་རྣམ་དག་བྱང་། །སྣང་གཞི་མ་འགགས་སྙོམས་པར་ཁྱབ་པས་ཆུབ། །མ་འདྲེས་ཡོངས་རྫོགས་རང་གསལ་མི་རྟོག་སེམས། །སྟོང་པ་བྱང་ཆུབ་སེམས་སུ་ལ་བཟླ་སྟེ། །དབུ་མ་རྒྱན་གྱི་འགྲེལ་པ་ལས། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་པོ་མེད་པ་འགྲུབ་མི་འགྱུར། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་ཞེས་སྐྱེ་བོ་སྨྲ། །ཞེའོ། །དེ་སྐད་དུ། འོ་མར་ཞོ་ལ་སོགས་མེད་གང་། །དེ་ནི་སྔ་ན་མེད་ཅེས་བྱ། །ཞོ་ལ་འོ་མ་མེད་པ་ནི། །ཞིག་ནས་མེད་པའི་མཚན་ཉིད་དོ། །མགོ་ཡི་ཡན་ལག་ལྗང་བ་དང་། །སྐྱེ་དང་སྲ་བ་རྣམ་སྤངས་པ། །རི་བོང་རྭ་ལ་སོགས་དངོས་སུ། །དེ་ནི་གཏན་མེད་བརྗོད་པ་ཡིན། །བ་གླང་རྟ་ལ་སོགས་མེད་པ། །དེ་ནི་གཅིག་ལ་གཅིག་མེད་བརྗོད། །ཅེས་སོ། །གདོད་ནས་ཡོད་པས་སྟོང་པ་རི་བོང་རྭ་ལྟ་བུ་གཏན་ནས་མེད་པའི་སྟོང་པ་ལ་ཕྱི་མ་བཞི་པོ་འདི་དངོས་པོ་གཞན་དུ་གྱུར་པ་ལ་སྟོང་པ་ཞེས་བྱའོ། །སྔར་མེད་སྟོང་པ་རྒྱུའི་དུས་ན་འབྲས་བུ་མ་དམིགས་པ་འོ་མའི་དུས་ན་ཞོ་མེད་པ་ལྟ་བུ། །ཞིག་ནས་མེད་པའམ་སྤྱད་པའི་སྟོང་པ་རྒྱུ་འབྲས་སྤྱད་ཟིན་ཆོས་ཞོ་ལ་འོ་མ་མེད་པ་ལྟ་བུ། །ཕྱོགས་གཅིག་པའི་སྟོང་པ་ནི་ས་ཕྱོགས་བུམ་པས་སྟོང་པ་ལྟ་བུ། །འགྱུར་བའི་སྟོང་པ་སྐད་ཅིག་སྔ་ཕྱིའི་ཆོས། །བློས་བརྟགས་པས་སྟོང་པ་ནི་རིགས་པའི་ཤེས་པས་སྣང་བ་ལ་གཞིགས་པའི་ན་དངོས་པོ་ཆོས་ཀྱིས་སྟོང་། །བློས་བརྟགས་པའི་མཐའ་ལས་གྲོལ་བའི་སྟོང་ཉིད་ནི། །ཤེས་བྱེད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ལ། །ཤེས་བྱ་རྣམ་དག་ཆོས་དབྱིངས་འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །ཞེས་པའི་སྤྲོས་བརྒྱད་བྲལ། །ཡུལ་དང་ཡུལ་ཅན་དུ་རྟོག་བཅས་ཀྱི་ཤེས་པས་བརྟགས་ཀྱང་། །དོན་གྱི་ངོ་བོ་ཉིད་ལ་སྨྲ་བརྗོད་ཀྱི་མཐའ་ལས་འདས་པའི་སྟོང་པ་ཉིད་ཡིན་ལ། །ངོ་བོ་ཉིད་ཀྱིས་སྟོང་པ་ནི་ཆོས་ཅན་སྣང་བའི་ངོ་བོ་ཉིད་མུ་བཞིའི་ཕྱོགས་སུ། །ངེས་པར་གཟུང་བའི་སྤྲོས་པས་སྟོང་པའི་ཆོས་ཉིད་སྤྲོས་པ་མེད་པའི་ཆིག་ཆོད་ཡིན། །ལ་མུར་ཐུག་པ་ཕྱང་ཆད་སྟོང་པས་ལུང་གི་ཕྱོགས་ཙམ་པ་སྣང་ཚད་ཆོས་ལ་སྐུར་པ་འདེབས་པ། །ལ་ལ་ཚེ་སྔ་ཕྱི་དང་ངེས་པར་ལེགས་པའི་འབྲས་བུ་ཐམས་ཅད་ལ་སྐུར་པ་འདེབས་ཏེ་སྟོང་། །སྟོང་པ་དེ་དག་ངོ་མ་ཤེས་ན་ཅིས་ཏེ་སྟོང་པར་འགྱུར་ཏེ་མི་འགྱུར་ལ་ཤེས་ན། །སྟོང་པར་ཤེས་པའི་རིག་པ་མི་འགག་ཅིང་། །སྟོང་པར་སྒྲོ་བཏགས་ཡིན་པས་ངོ་བོས་སྣང་བ་ཉིད་ཡིན་ནོ། །སྣང་བ་དེ་ཉིད་གང་གི་ཡང་ངོས་གཟུང་ལས་འདས་པས་སྟོང་ངོ་། །སྣང་སྟོང་དེ་ཉིད་ཐ་དད་བྲལ་བས་གཉིས་ཀྱིས་སྟོང་ངོ་། །གཉིས་མེད་ཀྱིའང་རིས་སུ་མ་ཟིན་ཏེ་གཉིས་ལྟར་སྣང་ཞིང་གསལ་ལོ། །སྟོང་པ་མུ་བཞིར་མ་འགགས་པའི་རིག་པ་ནི་ཐམས་ཅད་མཁྱེན་པས་ཆུབ། །སྟོང་པས་སྟོང་པར་འཛིན་པའི་མཐའ་རང་སར་བཀྲོལ་བས་སྟོང་པ་ཁོ་ནར་འཛིན་པ་རྣམ་པར་དག་པས་བྱང་། །སྟོང་པའི་མུ་བཞི་མ་འདྲེས་ལ་སྟོང་པའི་ངང་དུ་ཡོངས་སུ་རྫོགས་པའི་རང་བཞིན་སྟོང་ཆེན་སེམས་སོ། །ཕྱི་ནང་གི་སྣང་བར་བཏགས་པའི་དངོས་པོ་རྣམས་རིགས་པའི་ཤེས་པས་བཀག་བྱས་ནས། །བརྟགས་སྟོང་འཛིན་པའི་རིགས་ཤེས་ཀྱི་སྣང་བ་དེ་ལམ་མཉམ་བཞག་རྣམ་པར་མི་རྟོག་པ་གོམས་པ་ཉིད་གྱིས་དགག་ཅེ་ན། །རིགས་ཤེས་ཀྱི་སྣང་བ་དང་མཐར་ཐུག་པ་ནི་ས་བཅུའི་ཡེ་ཤེས་ཀྱི་རིགས་ཤེས་ཡིན་ལ། །དེ་འགེགས་པའི་གཉེན་པོ་ཡེ་ཤེས་ཉིད་མིན་ན་གཞན་གང་ཡིན། །མེ་ཡིས་མེ་བསྐྱེད་པ་བཞིན་དུ་ཡེ་ཤེས་ཁྱད་པར་དུ་འཕགས་པར་འགྱུར་བ་མིན་ནམ། །མེ་ཡིས་བུད་ཤིང་ཟད་པའི་མཐུན་ཕྱོགས་གཅིག་མཐོང་བས། །ཡང་དག་པའི་རིགས་པར་འགྱུར་བ་མིན་ཏེ་ཇི་ལྟར་ན་མུ་སྟེགས་ནམ་མཁའི་གོས་ཅན་པ་ཤིང་། །ཏི་ཏི་ཏིང་ཀ་མཚན་མོ་ལོ་མ་འཁུམ་པའི་རྟགས་ལ་བརྟེན་ནས། །ཤིང་རྣམས་ལ་སྲོག་དང་བཅས་པར་སྒྲུབ་པ་དེ་ཡང་དག་པའི་རིགས་པར་འགྱུར་རོ། །དེ་ལྟར་ཡེ་ཤེས་མེད་པར་འདོད་ན་སྟོང་པ་ཆད་ལྟ་བ་སྡིག་ཅན་དེ་ཀ་ཡེ་ཤེས་མེད་པར་འདོད་པ་ཉིད་ཡིན་མོད། །དེས་ན་སེམས་ཀྱི་རང་བཞིན་རྣམ་པའི་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཡིན་ནོ། །རིགས་པས་མ་བརྟགས་པའི་བློ་ལ་ཐ་སྙད་པའི་ཤེས་པའི་ངོར། །ཉམས་དགའ་བའི་ཕྱིའི་ཡུལ་དང་ནང་སེམས་སམ་སྒྱུ་མའམ་རིག་པའམ། །ལྷ་ཡི་དཀྱིལ་འཁོར་ཝ་ལེ་སྣང་མ་འགགས་པ་རྣམས། །བརྟགས་ན་གཤིས་ལ་རིག་པའི་ཤེས་པའི་ངོར། །སྤྲོས་པའི་མཐའ་དང་བྲལ་ཏེ་རང་བཞིན་མེད་པ། །དེ་གཉིས་རི་བོང་མགོ་དང་རྭ་བཞིན་དུ། །རྟོག་བཅས་ཀྱི་ཤེས་པའི་ངོར་ལྡོག་པ་སོ་སོར་བཅས་པས་ཐ་དད་དུ་སྨྲ། །དངོས་སུ་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དེ། །ཡང་དག་པར་གཅིག་པའང་ཡང་དག་པར་ཐ་དད་པ་མིན་པའི་ཕྱིར། །ཐ་སྙད་པའི་བློ་ལ་ཀུན་རྫོབ་དང་དངོས་པོ་རིགས་ཤེས་དོན་དམ་སྟེ་ཤེས་ངོ་གཉིས་ཀྱི་ཡུལ་དུ་སྨྲ་བའི། །མུ་གཉིས་ཡང་དག་པར་ན་གཅིག་མིན་པས་གཅིག་གི་མཐའ་ལས་གྲོལ། །ཡང་དག་པར་ན་ཐ་དད་ཀྱང་མིན་པས་གཉིས་ཀྱི་མཐའ་ལས་གྲོལ། །རིགས་པས་མ་རྙེད་པས་ཡོད་པའི་མཐའ་ལས་གྲོལ། །བློ་ལ་ཅིར་ཡང་མི་འགག་པས་མེད་པའི་མཐའ་ལས་གྲོལ་ཏེ། །མཐའ་བཞི་རང་གྲོལ་ཡེ་ནས་རྣམ་དག་བྱང་། །བཟློག་པས་མཐའ་བཞི་ཀ་ལ་སྙོམས་པར་ཁྱབ་པས་ཆུབ། །མུ་བཞི་མཚན་ཉིད་ནས་མ་འདྲེས་ལ་ཡེ་ཤེས་ཀྱི་ངང་དུ་ཡོངས་སུ་རྫོགས་པས་རང་གསལ་མི་རྟོག་པའི་སེམས་སོ། །ཐ་སྙད་ཤེས་ངོར་བློ་ལ་སྣང་བས་འཁྲུལ། །དངོས་པོ་རིགས་པའི་ཤེས་ངོར་སྤྲོས་བྲལ་བདེན་པས། །མཐའ་བཞི་རང་གྲོལ་མི་འཐད་ཅེ་ན་གོ་ཡིས། །སྔར་བཤད་པའི་བརྟགས་སྟོང་ཇི་ལྟར་ལ་བཟླས་ཚུལ་དང་འདིར་མཚུངས་པར་སྦྱར་རོ། །སྣང་བ་ལྷའམ་རིག་པ་བདེ་བའི་ཆོས། །དེ་ཉིད་རང་བཞིན་མེད་པས་སྟོང་པ་ཉིད་ཡིན་ཏེ། །དཔེར་ན་གསེར་དང་གསེར་གྱི་སེར་པོ་དབྱེར་མེད་པ་ཇི་ལྟ་བར། །ཐབས་དང་ཤེས་རབ་སྣང་སྟོང་དབྱེར་མེད་དུ་ཟུང་དུ་འཇུག །གཞན་གྱི་བློ་ལ་བསྟན་པའི་ཐབས་སུ་ཚིག་ཏུ་རེ་མོས་སུ་བརྗོད་པ་ནི། །གུ་ལྗོ་བྱིས་པ་ཤེས་བྱ་རིམ་གྱིས་སྦྱོང་བའི་ཚུལ་ལྟར། །བློ་གྲོས་ཞན་ན་ཉམས་བླང་ཆོ་ག་ལྔ་གསུམ་གྱིས་བསྐྱེད་པའང་དཔེ་དེའོ་དང་འདྲ། །དོན་དུ་བདེན་པ་ཆིག་ཆོད་ཡིན་པས་འཇུག་པའི་རིམ་པ་ལྔའི་བྱེ་བྲག་ཅུང་ཟད་མེད། །དེ་ཡང་གཉིས་སུ་མེད་ཅེས་བཏགས་པ་དེ། །ཤེས་བྱའི་མུ་བཞི་སྟེང་ནས་ངོས་གཟུང་སྒྲོ་བཏགས་ཉིད་སྒྲོ་བཏགས་པ། །ཞེན་ནས་འདོགས་ཀྱི་གོང་གི་བདེན་པ་གཉིས་ཀྱང་སྒྲོ་བཏགས་ཉིད་དུ་ཞེན་ནས་གདགས། །ཁྱོད་ཀྱིས་གཉིས་མེད་གཟུང་བའི་སྣང་བ་ལ་དེ་ཉིད་གཤིས་ལ་སྟོང་། །སྣང་སྟོང་དེ་གཉིས་སུ་མ་འགགས་ལ་སྣང་སྟོང་གཉིས་སུ་མི་གནས་པ་དེར་མུ་བཞི་རྫོགས་སོ། །མུ་བཞི་མ་དམིགས་པས་བྱང་ལ་མ་འགགས་པར་ཆུབ་པར་གནས། །གསལ་ལ་མི་རྟོག་སེམས་ཉིད་རང་གསལ་བ། །དེ་གསུམ་རོ་གཅིག་བདེན་རྫུན་རང་སར་གྲོལ་བས་མུ་བཞི་བདེན་རྫུན་སྤངས་སོ། །མུ་བཞི་གཅིག་སྟེ་རེ་རེ་ལའང་བཞི་བཞི་རྫོགས་ཀྱང་མཐར་མ་ཞེན་ཏེ་རང་གྲོལ་བ་དེ། །ངེས་པར་བློའི་གཏིང་དུ་ཡིད་ཆེས་ཐེ་ཚོམ་གཅད་དོ། །དེ་རྟོགས་ན་རྒྱལ་བའི་སྲས་པོ་བློ་དང་ལྡན་པ་རྫོགས་པ་ཆེན་པོའི་རྣལ་འབྱོར་པའོ། །འདའ་མེད་རྣམ་པ་གསུམ་ཤེས་བྱ་མུ་བཞི་དུ་མའི་རྗེས་སུ་ཤེས་པ་མི་འབྲང་བར། །ཤེས་བྱེད་ཀྱི་བློ་རང་སར་གྲོལ་ན་ཤེས་བྱའི་རྩ་བ་ཆོད་པ་ཡིན་ཏེ། །དཔེར་ན་སྡོང་པོའི་རྩ་བ་ཆོད་ན་ཡལ་འདབ་ཞི་བ་བཞིན་ནོ། །དེ་ཡང་རྣམ་ཤེས་ཚོགས་བརྒྱད་ལས་ཀུན་གཞི་བྱང་ཆུབ་སེམས་ལྷུན་གྲུབ་གསུམ། །མ་རྟོགས་རྙོག་པས་སྤགས་པས་ཚོགས་བདུན་གྱིས་བཞག་པའི། །བག་ཆགས་ཀྱི་གཞི་རུ་སྨིན་པ་ནི་སྦྱོར་བ་དོན་གྱི་ཀུན་གཞི། །ཚོགས་བདུན་པོ་གྲོལ་ན་བག་ཆགས་རྙོག་པ་སྦྱོར་དོན་དྭངས། །བྱང་ཆུབ་ཀྱི་སེམས་གཞི་ལྷུན་གསུམ་གྱི་དོན་ཡོན་ཏན་གྱི་གཟུགས་བརྙན་ཤར། །ཚོགས་བདུན་ལས་སྒོ་ལྔའི་རྣམ་ཤེས་ཡུལ་ལྔར་གསལ་ལ་མི་རྟོག་ཀྱང་། །ཡིད་ཀྱིས་དེ་དག་རྗེས་སུ་འབྲང་ནས་ཡུལ་ལྔ་ལ་མཚན་མར་བཟུང་། །ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་ལ་ཁ་ནང་དུ་བལྟས་ནས། །ང་བདག་ཕྲར་འཛིན་ཡིད་ཀྱིས་དེའི་རྗེས་སུ་འབྲང་ནས། །མ་རིག་པའི་བདག་དང་བདག་གིར་མྱོང་བའི་ཕུང་པོ་གཟུང་འཛིན་ཉོན་མོངས་པ་ལྔ་ཉེ་ཉོན་སོགས་འཛིན། །ཡིད་ཀྱི་རྣམས་ཤེས་ནི་སྒོ་ལྔ་དང་ཉོན་ཡིད་དེ་གཉིས་ཀྱི་རྗེས་སུའང་འབྲང་། །རང་གི་རིགས་མཐུན་གྱི་ཤེས་རྒྱུད་སྐད་ཅིག་སྔ་མ་ཙམ་གྱི་རྗེས་སུའང་འབྲང་། །སྐྱེ་ལུགས་དེ་གསུམ་གནས་ལུགས་ལྷུན་གྲུབ་གསུམ་གནས་ལུགས་ལྷུན་གྲུབ་གསུམ་ལས་མ་འདས་ལ། །སྤྲུལ་ཆོས་ལོངས་ཀྱི་ཐུག་ཕྲད་གསུམ་གྱིས་སྐྱེ་ལུགས་གསུམ་པོ་དེ་ལྟར་ལྷུན་གྲུབ་གསུམ་ལས་མ་འདས་པར་ངོ་སྤྲད་ནས། །ངོ་འཕྲོད་དེ་རྟོགས་པ་དེ་ཡི་སོ་ལ་བརྟག་དཔྱད་མེད་པར་གཞག །རྗེས་སུ་སྒོམ་སྐྱོན་ཅི་སྐྱེས་ཐམས་ཅད་ཡེ་ཤེས་རང་གསལ་ཡིན་བས། །གཉེན་པོས་ཉན་ཐོས་ལྟར་མི་སྤང་རང་རྒྱལ་ལྟར་མི་དགག་བྱང་སེམས་ལྟར་མི་སྦྱང་སྟེ། །ཕྱི་རྒྱུད་ལྟར་མི་བསྒྱུར་ནང་རྒྱུད་ལྟར་མི་བསྒྲུབ་ཕར་སྤྲོ་བ་ཚུར་བསྡུ་བའི་རྩོལ་བ་དང་བྲལ་བ་རང་ཏང་དུ་བཞག །ཡེ་ནས་འབྲས་བུ་ལྷུན་གྱིས་གྲུབ་པས་རྒྱུས་བསྐྱེད་པ་དང་ད་གཟོད་བསྒྲུབ་ཏུ་མེད་དེ། །མ་ནོར་བཅོས་སུ་མེད་ཀྱིས་རང་སོའི་ངང་ལ་ཞོག །འབྲས་བུ་འདོད་པའི་བློ་ཡི་རྩོལ་བ་ལྷོད་ཀྱིས་ཀློད་ལ་ལྷུག་པར་ཞོག་ཅིག །དེས་ན་བླ་མ་དམ་པས་ཡུལ་མེད་དུ་བསྟན་པའི་ངང་དྲན་པ་ཙམ་མོ། །རྟགས་དང་མཚན་མ་གཉིས་ཀྱིས་ཚད་ལ་དབབ་པ་ནི་རྟགས་མཚན་རིང་ལ་ཤར་ནས་གཞན་ལ་སྣང་། །བར་ཆད་བདུད་ཀྱི་དབང་དུ་མ་གྱུར་པས། །ནང་རྟགས་ཕྱི་རུ་ཤར་བ་གཞན་ལའང་སྣང་། །འཕྲང་ལྔ་བརྒལ་ན་བདུད་ལས་ཐར་བ་ཡིན། །དང་པོ་སེམས་སྐྱེ་དཀའ་བའི་འཕྲང་སྲུན་ནི། །མ་རིག་སྒྲིབ་པའི་ཕུང་པོས་སྲུང་བས་ན། །གདམས་ངག་ལ་འདྲེན་པའི་སློབ་དཔོན་སྐྱབས་འགྲོ་བྱེད་དུ་གཞུག་པ་དང་ཐུགས་རྗེས་དྲང་། །བསྟན་པའི་སྒོར་འཇུག་པར་དཀའ་པའི་འཕྲང་སྲུན་འཇིག་རྟེན་པའི་ལྷ་ཡིས། །བདག་གིར་བཟུང་ནས་སྲུང་བས་དེ་ཆོས་སྲུང་ལ། །མཆོད་སྦྱིན་བྱ་བ་དང་དཀོན་མཆོག་ལ་སྐྱབས་འགྲོ་དང་ཐེག་ཆེན་དུ་སེམས་བསྐྱེད་པ་དང་དད་པ་དང་བརྩོན་འགྲུས་ཀྱིས་འབད། །འདྲེན་པས་སློབ་དཔོན་གྱིས་དང་དུ་བླངས་ལ་མྱང་འདས་ཀྱི་ཁེ་པ་དང་འཁོར་བའི་ཉེན་བསྟན། །དོན་རྟོགས་པར་དཀའ་བའི་འཕྲང་སྲུན་ནི་ཤེས་བྱའི་ཡིན་ལུགས་ལ་སྒྲིབ་པ་དང་། །འཇིག་རྟེན་གྱི་མི་མ་ཡིན་གནག་ཕྱོགས་འགས་ཀྱང་བགེགས་བྱེད་པར་སྲིད་པའང་ཡོད། །དབང་ནོད་པ་དང་བྱིན་རླབས་ཐོས་བསམ་དད་བརྩོན་འབད། །ཤེས་རྒྱུད་གྲོལ་བའི་བླ་མས་ཤེས་རབ་བསྐྱེད། །མ་སུན་པར་བྱས་ཏེ་གོ་རིམ་མ་འཁྲུགས་པར་ནན་ཏན་གྱིས་ལེགས་པར་གཟུད། །དམ་ཚིག་དབང་གི་སློབ་དཔོན་དང་མན་ངག་ལུང་གི་སློབ་དཔོན་གྱི་མཐུ་བསྟང་ངོ་། །སོ་སོའི་སྐྱེ་བོ་ལས་རིང་དུ་འཕགས་པ་ཐོབ་པར་དཀའ་བའི་འཕྲང་སྲུན་ནི་ཆོས་སྐྱོང་ཕལ་པ་དང་། །གཏོར་ཟན་འཇིག་རྟེན་པའི་ལྷ་འདྲེ་དང་ལེ་ལོ་དང་གཡེང་ཡིན་པས། །བདུད་ཀྱིས་མ་གཡེང་པའི་སྔ་གོང་ནས་ཡི་དམ་བདེ་གཤེགས་སྐྱབས་སུ་འགྲོ། །ལྷ་སྒོམ་སྔགས་བཟླས་དམ་ཚིག་དབང་གི་སློབ་དཔོན་དང་མན་ངག་ལུང་གི་སློབ་དཔོན་དང་། །ཉམས་ཆག་སྐོང་བའི་སློབ་དཔོན་གསུམ་གྱིས་གྲོགས་བྱ་འཇིག་རྟེན་གྱི་གཡེང་བ་སྤངས། །ལེ་ལོའི་དགྲ་གཞོམ་སྟེ་བརྩོན་པས་ཉམས་སུ་བླངས། །རིག་པ་གར་བསྐྱངས་ཀྱི་རང་གི་ཉམས་དང་གདམས་པ་བསྟུན་པ་བརྟེན། །མཐར་ཕྱིན་པར་དཀའ་བའི་འཕྲང་སྲུན་ནི་ཐམས་ཅད་མཁྱེན་པ་ཁོ་ན་ལ་སྒྲིབ་པས་ཤེས་བྱའི་སྒྲིབ་པ་དང་། །བར་ཆོད་ཀྱི་བདུད་ཀྱང་གནོད་པའི་ཁྱབ་འཇུག་བྱེད་པ་ཡིན། །དྲོད་དང་རྟགས་དང་མངོན་ཤེས་ཆོ་འཕྲུལ་རྣམ་འབྱུང་བ་ལ། །དོན་མི་ཤེས་པར་དགའ་བྲོད་དང་ང་རྒྱལ་རློམ་པས་སྐྱེས་པ་བར་དུ་གཅོད་པས། །གནས་ལུགས་རང་བྱུང་ལྷ་ཡི་ལྷ་ལ་སྐྱབས་སུ་འགྲོ་བ་ནི། །དྲོད་རྟགས་མངོན་ཤེས་ཐམས་ཅད་རང་བྱུང་རིག་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ལམ། །རྩལ་ལམ་བྱིན་རླབས་སམ་རང་འོད་དམ་རང་སྣང་བས། །བཤད་པ་དེར་ཤེས་ན་གནས་ལུགས་ངང་ལ་གནས་པས་དྲོད་རྟགས་རང་སར་མཐར་ཕྱིན་ཏེ་ཕྱིན་པ་ལ། །ནང་རྟགས་ཕྱི་རུ་ཤར་བ་ནི་བླ་མ་ཌཱ་ཀིའི་བྱིན་གྱི་རླབས་ཀྱིས་ཡ་མཚན་ཅན་སྣང་བ་དང་། །འཇིག་རྟེན་གྱི་ཆོས་བརྒྱད་ལས་བཟློག་སྟེ་མི་མཐུན་ཏེ་སྣང་བ་ལ་ཞེན་པ་བྲལ། །ཤེས་རབ་རང་འབར་ཤར་བས་དོན་དུ་འགྱུར་བ་ལ་མཁས། །ཅི་ལའང་ཐོགས་མེད་མཁྱེན་པས་རང་གཞན་གྱི་ཐེ་ཚོམ་གཅོད། །དེ་ལ་སོགས་པ་རྟགས་མཚན་བརྗོད་ཀྱིས་མི་ལང་གཞན་དུ་བརྟག་གོ །བརྗོད་བྱ་ལྷུན་གནས་བདེ་ཆེན་ནི་འདི་ཞེས་གཅིག་ཅེས་ཀྱི་གྲངས་ལས་འདས་ཏེ། །ཐ་དད་མི་གནས་པར་ཐུན་མོང་མིན་པའི་ཐིག་ལེ་ཉག་གཅིག་ཡིན་པས། །དེ་རྟོགས་ཤིང་གོམས་པའི་རྣལ་འབྱོར་པའི་དགོངས་པའང་ཐིག་ལེ་ཉག་གཅིག་ཡིན། །གཞི་ལམ་དེ་ཉིད་མཐར་ཕྱིན་པའི་རྒྱལ་བའི་དགོངས་པ་ཡང་། །ཡེ་ཤེས་ཉག་གཅིག་ཀློང་དུ་ལྷུན་གྱིས་གྲུབ་བོ། །མིང་གིས་གཅིག་པ་ཙམ་ནི་བ་གླང་དང་རྟ་དང་མི་དང་མ་ཧེ་ལ་སོགས་པ་ནི་མིང་ཙམ་དུ་གཅིག་ཀྱང་། །ངོ་བོས་ཐ་དད་ཉིད་ཡིན་ནོ་ཕྱོགས་ཙམ་དུ་གཅིག་པ་ནི། །དབང་ཕྱུག་དང་ཁྱབ་འཇུག་དང་སེར་སྐྱ་དང་གཟེགས་ཟན་ལ་སོགས་པའི་ཕྱོགས་སུ་རྟག་ལྟ་ཀུན་བསྡུས་པའོ། །ངོ་བོ་རྫས་གཅིག་ལ་ལྡོག་པའི་ཆོས་གཉིས་བརྟེན་པས་གཅིག་པ་ནི། །འགྲུབ་བྱེད་རྒྱུ་རྐྱེན་གྱིས་བསྐྱེད་དེ་བྱས་པ་དང་འཇིག་བྱེད་སྐད་ཅིག་གཉིས་པར་མི་སྡོད་པས་མི་རྟག་པ། །རྫས་བུམ་པའི་དངོས་པོར་ངོ་བོ་གཅིག་པའོ། །ཆ་ཤས་མེད་པས་གཅིག་པ་ནི་རྡུལ་ཕྲན་ཕྱོགས་ཆ་དང་བྲལ་བར་བློས་བརྟགས་པའོ། །རྣམ་པ་གཅིག་དང་གཉིས་ལ་སོགས་པ་བགྲང་དུ་མེད་པའི་གཅིག་པ་ནི་ཐུན་མོང་མིན་པའི་ཉག་གཅིག་གོ །།དེ་ལ་གཞན་གྱི་ཟླ་མེད་པའི་གཅིག་ཏུའང་ཚིག་གིས་མཚོན་པར་རུང་བ་ཡིན། །ཐ་དད་ཅེས་གཅིག་ལས་བཟློག་པའི་ཆོས་མ་སྤངས་ཀྱང་མི་གནས་པར། །ཕྱོགས་རིས་མེད་པར་ཀུན་ལ་ཁྱབ་པས་བློས་བསམ་ཡས་པའི་ཐིག་ལེ་ཉག་གཅིག་གོ །དེའི་ཡོན་ཏན་གྱི་ལྡོག་ཆ་ནས་མུ་བཞི་ཅིར་བགྲང་པ་དང་གང་བསྒྲུབས་ཀྱང་བདེན་པས། །ཐུན་མོང་མ་ཡིན་པའི་དུ་མ་ཆེན་པོའང་ཞེས་བརྗོད་པ་འཐད། །རང་བཞིན་དབྱེར་མེད་ནི་ཆོས་ཀུན་གྱི་སྤྱིའི་མཚན་ཉིད་ཡོངས་སུ་རྫོགས་ལ། །ཆོས་ཐམས་ཅད་གཅིག་སྟེ་རྣམ་པའི་གྲངས་ཡོངས་ཀྱིས་དེ་ལ་བསྒྲུབ་ཏུ་མེད། །འཁོར་འདས་ཀྱི་དངོས་པོ་ཀུན་ཉག་གཅིག་ཀློང་ཆེན་དེར་དྲིལ་ཏེ་བསྟན་ཀྱང་བློ་གྲོས་མུ་མཐའི་ཕྱོགས་སུ་ལྷུང་བས། །དེ་མ་རྟོགས་ཏེ་མིང་ཙམ་ལ་སྐུར་པ་འདེབས་པས་ཚིག་སྦས་ཏེ་གབ། །དོན་ནི་ཚིག་ཏུ་བསྟན་ཀྱང་མི་གོ་བས་རང་གསང་སྦས། །དེས་ན་རང་གནས་གནས་ལུགས་ནི་རང་གི་མིག་གིས་མིག་མ་རིག་བཞིན་མ་རིག་པའོ། །ཀྱེ་འབོད་པ་ཧོ་དགྱེས་པ་བཞིན་བཟང་དགེ་སློང་ཆེ། །འགྲོ་དྲུག་གི་སྣང་ཚུལ་སོ་སོར་ཞེན་པས་རང་འཐད་སྨྲས། །མུ་སྟེགས་ནི་སྟོན་པ་དང་བསྟན་པའི་ཉིང་རྐྱེན་ལོག་པས་ཕྱིན་ཅི་ལོག་ལ་དྲངས་ཏེ། །ཐེར་ཟུག་པ་དང་ཆད་པའི་མཐར་བཅིངས། །མཁས་པ་སྒྲ་དང་གཉིས་ལ་བློ་འབྲངས་ཏེ། །མུ་མཐའི་ཕྱོགས་རེ་རྟོགས་ཏེ་རྩོལ་བརྒྱད་རང་རང་འདོད་པའི་དོན་ལ་སྒྲུབ། །བཙུན་པོ་རང་སྲུང་གཞན་ལ་དཔྱས། །ཞི་གནས་སྒོམ་ཆེན་ཉམས་ཀྱིས་བྲིད། །ཐམས་ཅད་ང་བདེན་ཕ་བསད་འདྲ་བའི། །རང་འདོད་ཞོག་ལ་ཐུན་མོང་གཟུ་བོའི་བློས། །ཤེས་བྱ་སྤྱི་སར་ཞོག་ལ་ལྟོས། །མུ་བཞིའི་ཆོས་ལ་ཕྱོགས་མ་འཛིན། །མ་ཧཱའི་གཉིས་མེད་གཉིས་སུ་མེད་པའང་མིན་ཏེ་སྤྱོད་ཡུལ་དང་བྲལ་བ་ནི། །དགོངས་པས་བསྟན་པ་ཡིན་གྱི་སྒྲ་ཇི་བཞིན་མིན། །མ་བཅོས་ངང་ལ་རྟོགས་པས་བདེར་གནས་ན། །གཉིས་མེད་དང་གཉིས་སུ་བཅས་པ་ཐམས་ཅད་རང་ཏང་དུ་ཞོག་ཅིག །ཨེ་མའོ་ངམ་པ་ཐམས་ཅད་རང་རང་གི་ཕྱོགས་ལ་སྨྲ། །ཚད་མས་ཚད་མ་ཕན་ཚུན་སུན་འབྱིན་པར། །མཁས་རྣམས་རང་གི་ཞེ་འདོད་ཀྱི་ཁོང་སྐྲན་ཆས། །བདེན་པའི་དོན་བསྟན་པ་མི་ཐུབ་ཀྱེ་སྙིང་རྗེ། །དེ་རྣམས་དོན་ལ་མཁས་པ་རྣམས་མྱ་ངན་གྱི་གནས་སུ་འགྱུར། །བསླབས་ཀྱང་མི་གོ་བསྟན་ཀྱང་མི་མཐོང་བ། །འདི་ལ་ཐུགས་རྗེ་ཐབས་མཁས་རྣམས་ཀྱི་སྤྱན་གྱིས་གཟིགས་ནས། །ཁྱད་འཕགས་རྨད་བྱུང་ཐབས་ཀྱིས་འདྲེན་མཛད་ནས། །ཐམས་ཅད་ཕྱོགས་ལྷུང་རང་གྲོལ་སར་གནས་ཤོག །དད་འདུན་སྟོབས་ཀྱིས་རྟེན་བཟང་གཞི་བསགས་ཀྱང་། །ལས་ཀྱི་སྟོབས་ཀྱིས་གནོད་སྦྱིན་མོ་ལུས་ཐོབ། །བདག་ལ་རྗེས་གཟུང་བརྩམ་པའི་གཉེར་མེད་ཀྱང་། །གཏེར་ནོར་དྲེགས་པས་སྐྱོ་བས་རྟེན་ལ་འཕངས། །མོས་པའི་མཐུ་ཡིས་དམ་པའི་སྤྱན་སྔར་མཆིས། །འབྲེལ་བའི་མཐུ་ཡིས་ལས་འཕྲོ་ཐུགས་རྗེས་བཟུང་། །སྨོན་རྩོལ་དྲག་པོས་བྱང་ཆུབ་མྱུ་གུ་སྨིན། །དགེ་སློང་གྲུབ་མཐའ་ས་ཟུང་དགོངས་ནུས་ཐོན། །བསྒྱུར་དཀའ་རྡོ་རྗེ་སེམས་དཔས་གྲོགས་མཛད་ནས། །དམ་པས་བྱིན་བརླབས་བདག་གི་ཤེས་རབ་མཐུས། །གདུལ་བྱ་སྨིན་ནས་བསྐུལ་བའི་རྐྱེན་འདི་བཀོད། །ནོར་འགལ་འཁྲུལ་པ་མཆིས་རྣམས་ཁྱེད་ལ་བཤགས། །དཀའ་བས་འབད་པས་ཀུན་ཀྱང་འདིར་རྟོགས་ནས། །ཐབས་དང་ཤེས་རབ་སྦྲེལ་མར་བརྒྱུད་ནས་ཀྱང་། །སྒྲོ་སྐུར་མི་མཐུན་གཤེ་བའི་སེམས་བོར་ནས། །ཕ་སྤད་མ་སྨད་མིང་སྲིང་ཡོན་མཆོད་དང་། །མཁན་སློབ་རྗེ་འབངས་ཉེ་དྲུང་གཅུགས་སེམས་ལྡན། །མཐུན་པས་འགྲོགས་ཤིང་བདེ་ཆེན་སར་གནས་སྨོན། །འདི་དག་མཁའ་འགྲོ་གཉན་ལ་དཔང་བཙུགས་བཅོལ། །གང་ཟག་སྣོད་མིན་བསྒྲགས་པས་སྐུར་གཤེ་སྨོད། །རྣལ་འབྱོར་ཡ་གའི་གནས་འགྱུར་སྦ་བར་བྱ། །གླེགས་བམ་ཚད་ཀྱང་སོར་བཅུ་གཉིས་པར་བྱ། །སྦ་བ་བདེ་ཕྱིར་དེ་ཡང་གནས་དབེན་པར། །ཕྱི་ཡི་དབྱིབས་ཀྱང་མི་མཐོང་དེ་ལྟར་སྦ། །གསུམ་མང་གཅིག་ཉུང་ཚབ་འཐེབ་གཉིས་ལ་ཞོག །ཉམས་ལེན་ནུས་ལ་མན་ངག་རང་གྲོལ་སྦྱིན། །བརྗེད་པ་དྲན་ནུས་ཡིག་ཆུང་སྣ་ཚང་སྦྱིན། །མ་འཁྱམས་མ་རུལ་མ་ཟག་ལེགས་པར་བཅང་། །འཇིག་རྟེན་དྲི་མ་མེད་པ་གསང་བའི་སྒྲོན་མ་ཞེས་བྱ་བ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་རིག་པ་ལས་ཀླུའི་རྒྱལ་པོ་ལས་མ་བཅོས་བླ་མའི་ས་ནོན་པ་གནོད་སྦྱིན་མོ་བྱང་ཆུབ་ཀྱིས་མཛད་པ་རྫོགས་སོ།། །།སའི་བན་དེ་འབྱུང་ལྡན་གྱི་མཆན་བུ་བཏབ་པའོ། །
གསང་བ་ཐུགས་ཀྱི་སྒྲོན་མ། གནོད་སྦྱིན་མོ་བྱང་ཆུབ་མས་མཛད།
༄༅། །གསང་བ་ཐུགས་ཀྱི་སྒྲོན་མ་བཞུགས། གནོད་སྦྱིན་མོ་བྱང་ཆུབ་མས་མཛད།
རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་རཏྣ་གུ་ཧྱ་ཙིཏྟ་པྲ་དྷཱི་སཾ་ནཱ་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རང་གསལ་མ་བཅོས་ལྷུན་གྱིས་གནས་པའི་ངང་དུ་ཕྱག་འཚལ་ལོ། །རྒྱལ་བས་མཁྱེན་སྣང་དུས་དྲུག་བསྐུལ་སྤྲུལ་བརྡར། །འཇིག་རྟེན་མུན་སེལ་ཡང་སྤྲུལ་ཉི་མ་ཤར། །དེ་ཡི་གསུངས་བཞིན་བློར་བཞག་གསལ་བར་བསྟན། །ཀུན་སྣང་དེར་རྟོགས་མཚོན་མེད་འབྱུང་གཞིར་གནས། །དེ་རྟོགས་འཁྲུལ་བས་མྱང་འདས་འཁོར་བར་འགྱུར། །ཀུན་གྱི་རྒྱུར་གྱུར་འབྱུང་བ་བཞི་ལས་ལྟར། །མ་རྟོགས་གཟུང་འཛིན་རྣམ་རྟོག་གྲངས་མཐའ་ཡས། །རྗེས་རྟོགས་བརྟགས་སྣང་རང་གར་སྤྱོད་པས་འཁོར། །བདག་འཛིན་ཉོན་མོངས་དབང་གིས་རྟོགས་དོན་བཅོམ། །ལས་དབང་རྒྱལ་བའི་ཐུགས་རྗེས་དོན་མཐར་སོན། །སྦྲུལ་མདུད་གནས་སྐབས་གཅིག་གིས་དེ་རིག་འགྱུར། །དེ་སྲིད་སྟོང་སྣང་བདག་མེད་གཤིས་སུ་གྲོལ། །ཐེག་ཆུང་ཐ་དད་འབྲས་བུར་བྲོད་བསྐུར་ཙམ། །ཕྱི་ནང་མཐོ་དམན་དོན་ལ་མེད་པར་རྫོགས། །སྙིང་པོ་རྣལ་མའི་གསང་དུ་འུབ་ཆུབ་སྟེ། །གསལ་སྣང་རྟོག་མེད་སྤྲོས་བྲལ་ལྷུན་གྲུབ་ངང་། །ཉི་བཞིན་གསལ་སྣང་ཀུན་གྱིས་མཚོན་དུ་མེད། །བདེ་བ་ཆེན་པོ་སྟོང་ཉིད་སྤྲོས་དང་བྲལ། །སྣང་བཞིན་སྟོང་པས་དངོས་པོར་བསྟན་དུ་མེད། །དབྱེར་མེད་གཅིག་གི་ངང་དུ་རྟོགས་པར་མཛོད། །ཡིད་བཞིན་ནོར་བུ་མཆོད་བཀུར་རྟེན་བཀུར་འདྲ། །ཕྱོགས་སུ་མ་ལྷུང་རྒྱར་མ་ཆད་པའི་ངང་། །གསལ་བའི་ངང་དུ་སྟོང་དབང་བསྐུར་རྫོགས་འདྲེས། །དབྱེར་མེད་རྫོགས་པའི་ངང་དུ་རྒྱས་བཏབ་འཕགས། །རྩེ་གཅིག་མ་གཡེང་དོན་རྟོགས་གོམས་པར་གཞག །རྒྱ་མཚོའི་དབྱིངས་བཞིན་དུ་མ་གཅིག་ཏུ་རྫོགས། །གཞི་ཉིད་ལམ་ལ་ལམ་ཉིད་འབྲས་བུར་སྣང་། །བགྲོད་དུ་མེད་པས་བགྲོད་པའི་མཆོག་ཉིད་དེ། །སྣང་བ་དངོས་པོར་འཛིན་པ་འཁྲུལ་པའི་བློ། །མཉམ་ཉིད་མི་གཡོ་ཆོས་ཀྱི་སྐུར་མཚོན་པས། །ཅིར་ཡང་སྣང་བ་བདེ་ཆེན་རང་གསལ་རྒྱས། །འགྲོ་བའི་དོན་དུ་རྣམ་སྤྲུལ་ཅིར་ཡང་སྟོན། །འབྲས་བུ་ལྷུན་རྫོགས་བདེ་ཆེན་ཀུན་ཏུ་བཟང་། །རོལ་པའི་ངང་དུ་རོལ་པ་མ་བཅོས་བདེ། །གནས་གྱུར་རང་དག་ཡེ་ཤེས་ལྔར་སངས་རྒྱས། །ཀྱེ་དགེ་སློང་རང་གསལ་དབྱེར་མེད་ཡོན་ཏན་བསམ་ལས་འདས། །མི་རྟོག་མ་རྟོགས་དེ་བཞིན་ནམ་མཁའི་ངང་། །རྩོལ་བའི་རྣམ་པ་ཀུན་སྤངས་ལྷུག་པར་གནས། །གཅིག་པུར་ཡུལ་རྐྱེན་བྲལ་བའི་ས་ལེ་བ། །ཚད་མ་གསུམ་གྱིས་ངེས་པར་དང་དུ་ལོངས། །ཆུ་བོ་བཞི་རྫོགས་བླ་མ་བཀུར་བར་བྱ། །གཡོས་པ་མེད་པའི་བསམ་གཏན་ངེས་ལུང་བསྟན། །ཀུན་ཀྱང་ཏིང་འཛིན་གསལ་རྟོགས་མེད་རྟོགས་བྱེད། །རྒྱལ་བ་ཉིད་དང་དགོངས་སྤྱོད་གཅིག་པར་ཟུང་། །ཐར་བ་བགྲོད་ཕྱིར་འདིས་དོན་གསལ་བར་སྟོན། །གནོད་སྦྱིན་མོ་བྱང་ཆུབ་མས་མཛད་པ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིཾ་ཧ་པྲ་བ་ཏ་དང་། བོད་ཀྱི་ལོ་ཙཱ་བ་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་བབས་པའོ།