← Search

མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།

བདག་མེད་མ། བོ་དོང་པཎ་ཆེན་སོགས།

མཁའ་འགྲོ་རྒྱ་མཚོའི་རྟོགས་བརྗོད་དང་བརྡ་མགུར་གསང་མཛོད་སོགས་བཞུགས།

རིག་འཛིན་མཁའ་འགྲོའི་རྟོགས་པ་བརྗོད་པའི་གླུ། རྫོགས་པ་ཆེན་པོ་ཡང་དི་རྒྱུད་ཀྱི་སྙིང་པོ་རྒྱལ་དང་རིག་འཛིན་སྤྲུལ་པ་མཁའ་འགྲོའི་རྟོགས་པ་བརྗོད་པའི་རྡོ་རྗེའི་གླུ་ལས་བཏུས།

༄༅། །རིག་འཛིན་མཁའ་འགྲོའི་རྟོགས་པ་བརྗོད་པའི་གླུ།

༈ སངས་རྒྱས་མཁའ་འགྲོ་མའི་ཞལ་ནས། གཏི་མུག་མུན་པ་འཐིབས་པ་ལ། །ཐོག་མཐའ་ཆོད་པས་མ་རིག་སངས། །ཡུལ་འདི་མ་བཤིགས་ཆོས་ཀྱི་དབྱིངས། །དེ་ཉིད་རང་སེམས་རྟོགས་པ་ཡིན། །

༈ རྡོ་རྗེ་མཁའ་འགྲོ་མའི་ཞལ་ནས། ཞེ་སྡང་ཁ་དོག་ཡུལ་ལ་སྐྱེ། །ཕྱི་ཡི་གོལ་ས་གཅོད་ཤེས་ན། །ཞེ་སྡང་རང་གྲོལ་རྒྱལ་བའི་ཐུགས། །དེ་དུས་ཉིད་ན་ཆོས་ཀྱི་སྐུ། །

༈ རིན་ཆེན་མཁའ་འགྲོ་མའི་ཞལ་ནས། རྟོགས་དོན་བདེ་བའི་ཡེ་ཤེས་ཤར། །རྒྱལ་པོ་ངོ་བོ་ཉིད་ཀྱི་སྐུ། །དེ་དོན་མི་འབྲལ་ཆོས་སྐུར་གསལ། །དེ་ལ་སྐྱོན་གྱིས་གནོད་མི་ཚུགས། །

༈ པདྨ་མཁའ་འགྲོ་མའི་ཞལ་ནས། ཕོ་མོ་འདོད་ཆགས་ཅི་སྤྱད་ཀྱང་། །གོལ་མེད་ཡེ་ཤེས་རྒྱུན་མི་འཆད། །སྔ་ཕྱིར་མ་སོང་ཞེན་མེད་ཕྱིར། །བདེ་ཆེན་ལོངས་སྤྱོད་ཆེན་པོར་བཤད། །

༈ ལས་ཀྱི་མཁའ་འགྲོ་མའི་ཞལ་ནས། ལྟ་དམན་ཆོས་ལ་ཕྲག་དོག་ཀྱང་། །གོལ་བ་མིན་ཕྱིར་ཉེས་མེད་དགེ། དེ་ཕྱིར་བྱང་ཆུབ་བདེ་བའི་ཀློང་། །དེ་ལ་སྐྱོན་གྱིས་གོས་མི་སྲིད། །ཅེས་གསུངས་སོ། །

༈ ལྷ་མོ་རིས་ལྕམ་ཆེན་མོའི་ཞལ་ནས། གཟུང་དང་འཛིན་པའི་ཆོས་རྣམས་ཀུན། །གཟའ་གཏད་མེད་པར་སུས་ཤེས་པ། །སྣང་སྟོང་དབྱེར་མེད་བྱང་ཆུབ་སེམས། །གསལ་ལ་རྟོག་པ་བྲལ་བ་ཡིན། །

༈ ལྷ་མོ་གསལ་ལྕམ་ཆེན་མོའི་ཞལ་ནས། གཏིང་ནས་འོད་གསལ་རིག་པ་ལ། །རྩིས་གདབ་མེད་པར་མཉམ་བཞག་པས། །མ་འཁྲུལ་མ་གཡོ་དགོས་པ་མེད། །མེ་ལོང་གཟུགས་ལྟར་ངང་གིས་དྭངས། །

༈ ལྷ་མོ་བདེ་ལྕམ་ཆེན་མོའི་ཞལ་ནས། འབྱུང་བ་ཆེན་པོའི་སྒྲ་དང་སྐད། །བྲག་ཅ་དང་ནི་སྒྲ་བརྙན་བཞིན། །དྲན་མེད་ཡིད་ལ་བྱར་མེད་པ། །བརྗོད་དང་བྲལ་བའི་དགོངས་པར་བརྡལ། །

༈ ལྷ་མོ་སྟོང་ལྕམ་ཆེན་མོའི་ཞལ་ནས། སྣ་ཚོགས་རོ་རྣམས་ཐ་དད་ཀྱང་། །མྱོང་བ་གཉིས་མེད་སྟོང་པ་ཉིད། །དེ་བཞིན་འཁོར་འདས་བཟང་ངན་ཆོས། །སྤང་བླང་འབྱེད་པ་མེད་པར་རྫོགས། །

ཞལ་གདམས་འོད་ཀྱི་སྙེ་མ། རྫོགས་པ་ཆེན་པོ་སེམས་ཕྱོགས་བརྒྱུད་པ་གསུམ་གྱི་བླ་མ་དམ་པ་རྣམས་ཀྱི་རྟོགས་བརྗོད་དང་ཞལ་གདམས་རིན་པོ་ཆེ་འོད་ཀྱི་སྙེ་མ་ལས་ཁོལ་ཕྱུང་།

༄༅། །ཞལ་གདམས་འོད་ཀྱི་སྙེ་མ།

རྒྱལ་སྲས་རཱ་ཛ་ཧསྟིས་རང་གི་རིགས་ཀྱི་སྲིང་མོ་སྲས་མོ་ས་ར་ཎི་ལ་གདམས་པ། སེམས་ལ་ཕུང་པོ་མེད་པས་དར་ཞིང་རྒུད་པ་མེད། །སེམས་ལ་སྐྱེ་ཤི་མེད་པས་བསད་ཅིང་བཅད་དུ་མེད། །ཐམས་ཅད་སེམས་སུ་འདུས་པས་སེམས་ཉིད་ཆོས་ཀྱི་སྐུ། །རང་སེམས་དེ་ལྟར་རྟོགས་ན་སངས་རྒྱས་དགོངས་པ་ཡིན། །ཞེས་གསུངས་སོ། །

༈ སྲས་མོ་ས་ར་ཎིས་རྟོགས་པ་བརྗོད་པ། བདག་ནི་སྲས་མོ་ས་ར་ཎི། །བྱང་ཆུབ་སེམས་ནི་སྐྱེ་འགགས་གཉིས་དང་བྲལ། །སྐྱེ་འགགས་གཉིས་མེད་རང་གི་སེམས་རྟོགས་པས། །དུས་གསུམ་རྒྱལ་བའི་དགོངས་པ་སེམས་ལ་ལོན། །རྟོགས་པའི་ཀློང་ནས་འདུ་འབྲལ་མེད་པའོ། །ཞེས་གསུངས།

དེས་ཀླུའི་རྒྱལ་པོ་དགའ་བོ་ལ་གདམས་པ། ཡུལ་དྲུག་མ་འགོག་བདེ་ཞིང་རྒྱས་པར་སྤྱོད། །ཇི་ལྟར་རོལ་ཀྱང་བྱང་ཆུབ་བོགས་སུ་ཆེ། །རང་རིག་རྒྱལ་པོའི་དབང་ཐོབ་གདེངས་ལྡན་པས། །ཚོགས་དྲུག་ལྷུག་པར་བཞག་ན་སྒོམ་པ་ཡིན། །ཞེས་གསུངས་སོ། །

༈ གནོད་སྦྱིན་མོ་བྱང་ཆུབ་ཀྱིས་རྟོགས་པ་བརྗོད་པ། བདག་ནི་གནོད་སྦྱིན་བྱང་ཆུབ་སྟེ། །རང་གི་སེམས་ནི་རྡོ་རྗེ་སེམས་དཔའ་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་བསྒོམ་དུ་མེད། །རང་གི་སེམས་ནི་ཆོས་ཀྱི་སྐུ་ཡང་ཡིན། །ཆོས་ཀྱི་སྐུ་ནི་གུད་ནས་བསྒྲུབ་ཏུ་མེད། །དེ་ལྟར་རྟོགས་པའི་དབང་དུ་ཀུན་ཀྱང་འདུ། །དེ་ལྟར་རྟོགས་པའི་དམ་ལ་ཀུན་ཀྱང་གནས། །རང་སེམས་རྡོ་རྗེ་སེམས་དཔར་རབ་རྟོགས་ནས། །དེ་ཡི་དོན་ལ་མ་ཡེངས་བསྒོམ་པ་ཡིན། །བསྒོམ་པར་བྱ་བ་དེ་ལས་གུད་ན་མེད། །ཅེས་གསུངས།

དེས་སྨད་འཚོང་མ་ས་ར་ཎཱིའམ་བདག་ཉིད་མ་ལ་གདམས་པ། སངས་རྒྱས་སེམས་ཅན་ཡེ་ནས་གཉིས་མེད་དེ། །དེ་ལྟར་རྟོགས་ན་དོན་གྱི་དམ་པ་ཉིད། །རང་སེམས་གཉིས་མེད་ཆོས་སྐུར་རབ་རྟོགས་ན། །དེ་ལ་བསྒོམ་པར་བྱ་བ་གུད་ན་མེད། །ཅེས་གསུངས་སོ། །

༈ དམངས་རིགས་སྨད་འཚོང་མ་བདག་ཉིད་མས་རྟོགས་པ་བརྗོད་པ། བདག་ནི་སྨད་འཚོང་ས་ར་ཎཱི། །ལྟ་བའི་རྒྱལ་པོ་བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །སེམས་ལ་ཕོ་མོ་མེད་པས་སྦྱར་ཡང་ཉམ་མི་ང་། །སེམས་ལ་སྐྱེ་ཤི་མེད་པས་བསྒྲལ་ཡང་འཆི་མི་འགྱུར། །སྣང་སྲིད་བདུད་རྩི་ཡིན་པས་ཡེ་ནས་གཙང་རྨེ་མེད། །ཅེས་གསུངས།

དེས་མཁན་པོ་རབ་སྣང་ལ་གདམས་པ། རྒྱུ་ལས་མ་བྱུང་འབྲས་བུ་བྱང་ཆུབ་སེམས། །ལུང་ལས་མ་བྱུང་མན་ངག་བྱང་ཆུབ་སེམས། །སེམས་ལས་མ་བྱུང་སངས་རྒྱས་བྱང་ཆུབ་སེམས། །སྣང་རྒྱུ་མེད་པས་ནམ་མཁའ་བྱང་ཆུབ་སེམས། །ཁ་དོག་མེད་པས་འདི་ཞེས་དམིགས་སུ་མེད། །ཅེས་གསུངས་སོ། །ཨོ་རྒྱན་མཁན་པོ་པཎྚི་ཏ་ཆེན་པོ་མ་ཧ་རཱ་ཧཱ་ཛས་སྲས་མོ་གོ་མ་དེ་ཝཱི་ལ་གདམས་པ། དུས་གསུམ་འདུ་འབྲལ་མེད་དེ་ཐིག་ལེ་གཅིག་གི་ངང་། །ལམ་ས་བགྲོད་དུ་མེད་དེ་རང་གྲོལ་གཅིག་གི་ངང་། །ཆོས་ཉིད་དཔྱོད་དུ་མེད་དེ་ཚིག་གི་མཐའ་དང་བྲལ། །དེ་ཉིད་མཐའ་བྲལ་རྟོགས་པས་སྒོམ་པའི་ཡུལ་དང་བྲལ། །ཞེས་གསུངས་སོ། །

༈ གོ་མ་དེ་ཝཱིས་རྟོགས་པ་བརྗོད་པ། བདག་ནི་གོ་མ་དེ་ཝཱི་སྟེ། །ཕུང་པོ་རིགས་ཀྱི་ཡབ་ལྔ་ལ། །འབྱུང་བ་རིགས་ཀྱི་ཡུམ་ལྔ་ཡིན། །ཁམས་དང་སྐྱེ་མཆེད་མང་པོའི་ཚོགས། །བྱང་ཆུབ་སེམས་དཔའ་སེམས་མ་ཡིན། །ཀུན་གཞི་ཀུན་ཏུ་བཟང་པོ་ལ། །ཡིད་ནི་ཀུན་ཏུ་བཟང་མོ་ཡིན། །ཡབ་ཡུམ་གཉིས་མེད་དངོས་གྲུབ་ཡིན། །ཞེས་གསུངས།

དེས་ཨཱརྱ་ཨཱ་ལོ་ཀེ་ལ་གདམས་པ། ས་དང་རྣམ་ཐར་འདོད་ན་བྱང་ཆུབ་ཉིད་ལས་འགྱངས། །བདེ་བ་ཐོབ་པར་འདོད་ན་སྡུག་བསྔལ་ཆེན་པོ་ཡིན། །མི་རྟོག་ཐོབ་པར་འདོད་ན་དེ་ཀ་རྟོགས་པ་ཡིན། །དེ་ལྟར་རྟོགས་ན་གང་ཡང་བཙལ་དུ་མེད་པར་ཞོག །ཅེས་གདམས་སོ། །

༈ དགེ་སློང་མ་བདག་ཉིད་མས་རྟོགས་པ་བརྗོད་པ། བདག་ནི་སྨད་འཚོང་བདག་ཉིད་མ། །འབྱུང་ལྔ་རིགས་ཀྱི་ཡུམ་ལྔའི་མཁའ། །དེ་ཉིད་ཀུན་ཏུ་བཟང་མོའི་ཀློང་། །ཀུན་གཞི་ཀུན་ཏུ་བཟང་པོ་ཡིན། །དེ་གོ་མཁའ་དབྱིངས་དབྱེར་མེད་རྟོགས། །བྱང་སེམས་མཁའ་ལ་ཉི་ཤར་འདྲ། །སེམས་ཉིད་རྟོགས་ན་སྒོམ་པ་ཡིན། །ཞེས་གསུངས། དེས་ནཱ་གཱརྫུ་ན་ལ་གདམས་པ། བརྟག་ན་སྟོང་པར་བརྟག་ཀྱང་འཁྲུལ་པ་ཡིན། །ཆགས་ན་ལྷ་ལ་ཆགས་ཀྱང་འཆིང་བ་ཡིན། །རྟོགས་ན་ཆོས་སྐུར་རྟོགས་ཀྱང་རྟོག་པ་ཡིན། །བསྒོམ་ན་མི་རྟོག་བསྒོམ་ཡང་མཚན་མ་ཡིན། །ཞེས་གསུངས་སོ། །

༈ ཤྲཱི་སེངྷས་དགེ་སློང་མ་ཀུན་དགའ་མོ་ལ་གདམས་པ། བྱ་བ་བཏང་བའི་སེམས་བཞིན་དུ། །ཇི་ལྟར་གནས་པ་དེ་ལྟར་ཞོག །དེ་ལྟར་དྲན་པའི་སྟོབས་ལྡན་པས། །སངས་རྒྱས་དགོངས་པ་ཡིན་པར་ངེས། །ཞེས་གདམས་སོ། །

༈ དགེ་སློང་མ་ཀུན་དགའ་མོས། བདག་ནི་དགེ་སློང་ཀུན་དགའ་མོ། །དཔེར་ན་ཆུ་བོ་ཆེན་པོ་ལ། །ཆུ་ཕྲན་ཐམས་ཅད་འདུས་པ་ལྟར། །ཐེག་པའི་རིམ་པ་དགུར་བསྟན་ཀྱང་། །རྫོགས་པ་ཆེན་པོ་ཉིད་དུ་འདུས། །ཞེས་གསུངས་སོ།། །།

ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ་བཞུགས། གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་རྟོགས་བརྗོད་ལས་བཏུས།

༄༅། །ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ་བཞུགས།

རྣལ་འབྱོར་མ་དཱུ་ཏི་མས་གསུངས་པ། ཆབ་དང་ཆབ་རོམ་ཐ་དད་མིན། །སྣང་དང་སྟོང་པ་དབྱེར་མི་ཕྱེད། །མཁའ་དང་རླུང་ལ་བྱེ་བྲག་མེད། །སེམས་དང་སེམས་བྱུང་དེ་བཞིན་ནོ། །གསུངས་སོ། །

༈ ཤིང་ལོ་མས་གསུངས་པ། བྲག་ཅའི་སྒྲ་འདི་སུ་ཡིས་སྨྲས། །མེ་ལོང་གཟུགས་བརྙན་སུ་ཡིས་དྲིས། །རྨི་ལམ་ལྟད་མོ་གང་དུ་གྱེས། །གང་ནའང་མེད་དོ་སེམས་ཀྱི་ངང་། །གསུངས་སོ། །

༈ དུར་ཁྲོད་མས་གསུངས་པ། ཀུན་གཞི་དག་པ་ཆོས་དབྱིངས་ཡིན། །ཡིན་ངོ་ཤེས་པ་ཡེ་ཤེས་ཡིན། །བདག་འཛིན་ཞིག་ན་རྩ་བྲལ་ཡིན། །སྒོ་ལྔ་རང་གྲོལ་ལམ་འཁྱེར་ཡིན། །གསུངས་སོ། །

༈ གཅེར་བུ་མས་གསུངས་པ། རང་གྲོལ་བློ་དང་བྲལ་བ་ལ། །མི་བཅོས་སྒོ་གསུམ་ལྷུག་པར་ཞོག །མི་ཞེན་དགག་སྒྲུབ་མེད་པར་ཞོག །མི་གཡོ་མཉམ་ཉིད་ཆེན་པོར་ཞོག །གསུངས་སོ། །

༈ རོ་ལངས་མས་གསུངས་པ། མ་ཡེངས་སྒོམ་དུ་མེད་པ་ལ། །ཉམས་སུ་ལེན་ན་མཁས་པ་ཡིན། །སྣ་ཚོགས་རྗེས་མེད་ཆེན་པོ་རུ། །ལམ་དུ་འཁྱེར་ན་གྲོལ་བ་ཡིན། །གསུངས་སོ། །

༈ མ་ཧཱ་སིདྡྷིས་གསུངས་པ། མ་སྒོམ་མ་སྒོམ་བློ་མ་སྒོམ། །བློ་སྒོམ་རྟོག་པའི་འཁྲུལ་འཁོར་ཡིན། །རྟོག་པས་འཁོར་བར་འཆིང་བ་སྟེ། །བློ་དང་བྲལ་ལ་སྒོམ་དུ་མེད། །གསུངས་སོ། །

༈ དྲི་མེད་མས་གསུངས་པ། སེམས་ཉིད་ཡེ་སྟོང་ཡེ་བྲལ་ལ། །སྐྱེ་མེད་བསྒོམས་པས་ཅི་ཞིག་བྱ། །སེམས་བྱུང་རང་ཤར་རང་གྲོལ་ལ། །རྟོག་པ་སྤངས་པས་ཅི་ཞིག་བྱ། །གསུངས་སོ། །

༈ བློ་གྲོས་དབྱངས་མས་གསུངས་པ། ནམ་མཁའི་ཡེ་ཤེས་ཀུན་ལ་ཁྱབ། །ཡེ་གྲོལ་ཆེན་པོ་མཆོག་གི་ལམ། །མི་གཡོ་མི་འགྱུར་བསམ་ལས་འདས། །རྟོག་མེད་རང་རིག་ཡེ་ཤེས་ཆེ། །གསུངས་སོ། །

༈ བདག་མེད་མས་གསུངས་པ། ནམ་མཁའ་ནམ་མཁའ་མཉམ་ཉིད་ཆེ། །ཉི་མ་ཉི་མ་ཡེ་གསལ་ཆེ། །ཆུ་བོ་ཆུ་བོ་རྒྱུན་ཆད་མེད། །འཇའ་ཚོན་རང་གྲོལ་བདེ་བ་ཆེ། །གསུངས་སོ། །

༈ གསལ་བྱེད་མས་གསུངས་པ། གོ་རུ་མེད་པའི་དོན་རྟོགས་ན། །བརྗོད་དུ་མེད་པའི་གླེང་གཞི་འབྱུང་། །བསམ་དུ་མེད་པའི་དོན་བསྒོམས་ན། །ཐོབ་ཏུ་མེད་པའི་འབྲས་བུ་འབྱུང་། །གསུངས་སོ། །

༈ རྡོ་རྗེ་གཅིག་མས་གསུངས་པ། སྟོང་ཉིད་ནམ་མཁའི་གླེགས་བམ་ལ། །རང་རིག་ཡེ་ཤེས་ཡི་གེར་བྲིས། །སྣ་ཚོགས་ཐབས་ཀྱི་གདམས་པ་བཀོད། །རྒྱུན་ཆད་མེད་པའི་བསྟན་པ་སྒྲོགས། །གསུངས་སོ། །

༈ སྔོ་བསངས་མས་གསུངས་པ། མི་འགྱུར་ནམ་མཁའི་རྡོ་རྗེ་ལ། །གཡོ་འགུལ་འབྱུང་བའི་ཆོ་འཕྲུལ་ཤར། །སྣ་ཚོགས་སྐྱེ་འགྲོའི་བྱ་བ་བྱས། །རང་གྲོལ་ནམ་མཁའི་དབྱིངས་སུ་ཡལ། །གསུངས་སོ། །

༈ གྲི་སྐོར་མས་གསུངས་པ། མིང་དང་བྲལ་བའི་མིང་མང་པོས། །དེར་འཛིན་ཞིག་པའི་བློ་བྲལ་པོ། །ཡོངས་སུ་གྲོལ་བའི་བྱར་མེད་པོ། །ཡེ་ཡིན་ཆེན་པོར་རྟོགས་པར་གྱིས། །གསུངས་སོ། །

༈ ལམ་སྐྱེས་མས་གསུངས་པ། དམིགས་བྱ་དམིགས་བྱེད་མཐའ་སྤངས་ཏེ། །ཏིང་འཛིན་རྟེན་དང་བྲལ་བ་ལ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ། །མ་ཡེངས་ཉམས་སུ་བླང་བར་བྱ། །གསུངས་སོ། །

༈ བཤེས་གཉེན་མས་གསུངས་པ། ནམ་མཁའི་བྱ་ལམ་རྗེས་མེད་བཞིན། །རྣལ་འབྱོར་སྤྱོད་པ་རྗེས་མེད་ཡིན། །རང་རྒྱུད་འཛིན་པ་མེད་གྱུར་ན། །མི་དགེ་བཅུས་ཀྱང་འཆིང་མི་ནུས། །གསུངས་སོ། །

༈ རོ་ཟན་མས་གསུངས་པ། གསེར་འགྱུར་རྩི་དང་འཕྲད་པ་བཞིན། །སྣང་སྲིད་བདེ་སྟོང་ངོར་ཤར་བས། །དངོས་པོར་འཛིན་པ་ཀུན་ལས་གྲོལ། །སྣང་སྲིད་སྤྲོས་བྲལ་ཡེ་ཤེས་ཆེ། །གསུངས་སོ། །

༈ པདྨོ་ཤྲཱིས་གསུངས་པ། གཉུག་མ་ལྷན་ཅིག་སྐྱེས་པ་དེ། །བསམ་སྒོམ་བློ་ཡིས་མ་བཅོས་ན། །ཆོས་སྐུ་གཞན་ནས་བཙལ་མི་དགོས། །རང་ཆས་ཡིན་ནོ་ལྷུག་པར་ཞོག །གསུངས་སོ། །

༈ པདྨའི་རྒྱལ་མོས་གསུངས་པ། རང་རིག་ཡེ་ཤེས་འདི་རྙེད་ན། །བསྐལ་པའི་མུན་པ་སྒྲོན་མ་བཞིན། །ལས་ཀྱི་འཁྲུལ་བ་གཏན་ནས་བཅོམ། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །གསུངས་སོ། །

༈ མཁའ་འགྲོ་མ་དཀར་མོས་གསུངས་པ། ལས་ཟིན་སྐྱེས་བུ་དེ་ཅི་སེམས། །བྲམ་ཟེ་སྐུད་པ་འཁལ་ལ་ལྟོས། །ནམ་མཁའ་གང་གིས་ཟ་བར་ནུས། །ཁྱོད་དང་ང་ལ་ཐ་དད་མེད། །གསུངས་སོ། །

༈ རྒྱན་གྱི་རྒྱལ་མོས་གསུངས་པ། དབྱིབས་དང་བྲལ་བའི་མདོག་མེད་པོ། །མིང་དང་བྲལ་བའི་དོན་མེད་པོ། །སྣ་ཚོགས་རིག་པའི་བསམ་མེད་པོ། །སྤངས་པ་མེད་པའི་ཐོབ་མེད་པོ། །གསུངས་སོ། །

༈ མཁའ་འགྲོ་མ་ལྭ་བ་ཅན་གྱིས་གསུངས་པ། དམིགས་མེད་ཡེ་ཤེས་ཆེན་པོ་ནི། །ཚིག་གིས་མཚོན་པར་མི་ནུས་ཏེ། །བླ་མའི་དུས་ཐབས་བསྟན་པ་ལས། །གཞན་གྱིས་རྟོགས་པ་མ་ཡིན་ནོ། །གསུངས་སོ། །ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ་གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་རྟོགས་པ་བརྗོད་པ་ལས་མཁའ་འགྲོ་མས་གསུངས་པ་རྫོགས་སོ།། །།

ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་ངག

༄༅། །ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་ངག་ཅེས་བྱ་བ།

རྒྱ་གར་སྐད་དུ། མ་ཧཱ་མུ་ཏྲ་རཏྣཱ་བྷི་གཱི་ཏ་ཨུ་བ་དེ་ཤ་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་ངག་ཅེས་བྱ་བ། དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཨུ་རྒྱན་ཙྪནྡོ་ཧའི་གླིང་དུ་མཁའ་འགྲོ་མ་དཔལ་གྱི་ཡོན་ཏན་གྱིས་རྟོགས་པའི་བརྡ་བརྗོད་པ། ཨུ་དུམྺཱ་རའི་གེ་སར་ཆུ་འདམ་ལས་མི་འཁྲུངས། །སྐྱུག་ནད་ཅན་དེ་ཟས་ཀྱི་ཞེན་པ་བྲལ་ནས་འདུག །གངྒཱ་ལས་ཐར་མི་དེ་སེམས་ངལ་སྐམ་ལ་སོ། །བཤེས་མེད་དགྲས་གཙེར་བ་དེ་ཕྱོགས་བཞིར་མགོན་སྐྱབས་འཚོལ། །སྐུ་ཡི་འབྲས་བུ་འདི་ནི་འཕེལ་སྟོབས་རབ་ཏུ་ཆེ། །གསུངས་སོ། །

༈ ཤར་ཕྱོགས་བདེ་ལྡན་གྱི་ཕུག་པར་མཁའ་འགྲོ་མ་རྡོ་རྗེ་ཉི་མའི་མིག་གིས་རྟོགས་པའི་བརྡ་བརྗོད་པ། འགྲོ་བ་ཆུ་ལས་གྲུ་དང་གཟིངས་ཀྱིས་སྒྲོལ། །འཁོར་ལོས་བརྒྱན་པའི་ཤིང་རྟས་ས་ལམ་གཅོད། །སོ་བཏང་བུམ་པས་ཆུ་ནང་སྐོལ་མ་འཛགས། །དང་པོའི་སྐས་གདང་ཡང་ཐོག་སྟེང་དུ་བསྐྱལ། །ཞུན་མཐར་འབྱོངས་པའི་ངར་གྱིས་ཤ་རུས་གཅོད། །གསུངས་སོ། །

༈ ཀླུ་སྒྲུབ་སྤྱོད་ཀྱི་ཕུག་པར་མཁའ་འགྲོ་མ་གསེར་གྱི་བུམ་པ་འཛིན་མས་རྟོགས་པའི་བརྡ་བརྗོད་པ། ནམ་མཁའ་དང་ནི་སྟོང་གསུམ་དབྱེར་མ་ཕྱེད། །གཤོག་གཅིག་བྱ་ཡིས་མཁའ་ལ་འཕུར་མ་ནུས། །མགོ་དང་སུག་པ་ལུས་པོ་གོ་ཅིག་འགྱུར། །རྡོ་ཡི་གཟུགས་འདྲའི་འཁྱག་པའི་ངོ་བོ་ཆུ། །མེ་ལོང་དང་ནི་གཟུགས་བརྙན་ཐ་དད་མེད། །ཅེས་གསུངས་སོ། །

༈ འོ་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་སར་མཁའ་འགྲོ་མ་ཀང་ཀ་ཁྲག་ལྡག་མས་རྟོགས་པའི་བརྡ་བརྗོད་པ། ཆང་གིས་གྲོད་པར་བརྟོལ་བས་སྔར་སྣང་འཇིག །འཁོར་ལོ་སྒྱུར་རྒྱལ་བྱ་བ་གཞན་མི་བྱེད། །དབུལ་མོས་གཏེར་ངོ་ཤེས་ཚེ་སྔར་སྤྱོད་འཆོར། །གླིང་དོན་གྲུབ་པའི་དེད་དཔོན་བདེ་བར་གནས། །གསུངས་སོ། །

༈ གྲོང་ཁྱེར་ཆེན་པོ་རྡོ་འཇོག་ཏུ་མཁའ་འགྲོ་མ་ཤྭ་ན་གློག་གི་ཞགས་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། སྣ་ཚོགས་ཕྱག་རྒྱ་ཐལ་མོ་རང་ཡིན་མོད། །ཚི་ལུས་རྐང་མར་ཤ་རུས་ཁྲག་ལ་བརྟེན། །ཉི་མའི་འོད་ཀྱིས་སྐར་མའི་འོད་ཟེར་བཅོམ། །ཆུ་འཛིན་ནང་དུ་མེ་ཤེལ་ནུས་པ་བརླག །གསུངས་སོ། །

༈ དུར་ཁྲོད་ཆེན་པོ་ཨུ་ཙ་ལའི་ལྷོར་མཁའ་འགྲོ་མ་ཤ་ཟ་དུང་འབུད་མས་རྟོགས་པའི་བརྡ་བརྗོད་པ། སྤྲིན་ལྡིང་པ་ལ་གཏན་ས་ཡོད་མ་ཡིན། །མཁའ་ལ་བྱུང་བའི་རླུང་ནི་ངོ་བོས་སྟོང་། །བྲག་ཆའི་སྐད་འདི་གཞན་གྱི་སྒྲ་ལ་བརྟེན། །སྨྱོན་པའི་སེམས་ནི་གཟའ་གཏད་བྲལ་ནས་འདུག །གསུངས་སོ། །

༈ རི་མེ་རི་འབར་བའི་ཁར་མཁའ་འགྲོ་མ་གློག་གི་རལ་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རྟོག་བྲལ་བུ་ཆུང་གསེར་བོར་བོང་བ་ལེན། །དུས་ལ་བབས་པའི་མྱུ་གུས་ས་སྲན་འབིགས། །མཚོན་གྱི་དྲི་མ་ཆུ་ཡིས་དག་ཚེ་གསལ། །བསམ་པས་འགྲུབ་པ་འཁོར་ལོ་སྒྱུར་པའི་ལུས། །གསུངས་སོ། །

༈ རྒྱལ་པོའི་ཁབ་སེར་སྐྱའི་བྱང་དུ་མཁའ་འགྲོ་མ་རིའི་རྒྱ་མཚོ་མདངས་ལེན་མས་རྟོགས་པའི་བརྡ་བརྗོད་པ། མཆིལ་ལྷམ་གྱིས་ནི་རྐང་པའི་མི་མཐུན་སྐྱོབ། །རི་གཟར་རྦབ་ནི་མི་སྡོད་དྲག་ཏུ་འཕར། །གངྒཱའི་ཆུ་ཀླུང་བར་མཚམས་མེད་པར་འབྲེལ། །ཅེ་སྤྱང་མིག་ལ་མུན་པས་སྒྲིབ་མི་ནུས། །གསུངས་སོ། །

༈ རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་རྩར་མཁའ་འགྲོ་མ་བདེ་ལྡན་མས་རྟོགས་པའི་བརྡ་བརྗོད་པ། མགོ་གཉིས་སྒྱི་མས་གཅིག་གིས་དུག་ཟོས་འཆི། །རྨ་ཅན་གཅིག་གིས་སྦལ་པའི་ཚང་རྣམས་འདྲུལ། །མིག་སྐྱོན་མ་བྱང་ཟླ་བ་གཉིས་སུ་སྣང་། །གྲིབ་མ་དགྲ་རུ་མཐོང་བས་སྐྱབས་གནས་རྙེད་མི་འགྱུར། །གསུངས་སོ། །

༈ མཚོ་ཀུནྡ་ལི་དུང་སྐྱོང་གི་གནས་སུ་མཁའ་འགྲོ་མ་རྨ་བྱའི་གདོང་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། སྐྱར་མོ་ཉ་མེད་བྱ་གཞན་གྱིས་མི་འཚེ། །དུག་གི་ནུས་པ་སྔགས་ཀྱིས་ཟིན་དུས་གཏོར། །རྨ་བྱ་སྨན་བོར་འཇོ་སྒེག་རང་ལ་ལྟ། །མགོ་བཅད་ཏ་ལའི་ཤུལ་དེར་མྱུ་གུའི་སྟོངས། །གསུངས་སོ། །

༈ བྱང་ཆུབ་ཤིང་གི་རྩར་མཁའ་འགྲོ་མ་དགའ་ལྡན་གསེར་གྱི་འོད་ཅན་མས་རྟོགས་པའི་བརྡ་བརྗོད་པ། ཏིལ་མར་ནང་ནས་བཏོན་པའི་བསོ་རས་མེ་ཡི་རྒྱུ། །སྒྱུ་མའི་བུ་ཡིས་རྒྱལ་པོའི་གདུང་མི་སོབ། །རི་དྭགས་ལྟེ་བའི་དྲི་ནི་རྒྱུ་ཉིད་དྲི། །མཛའ་བོས་བསླུས་ཚེ་གྲོགས་ལ་ཡིད་ཆེས་སྟོར། །གསུངས་སོ། །ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་རྒྱན་རྣམ་པར་དཀོད་པའི་དུམ་བུ་མཁའ་འགྲོ་མ་མདངས་ལྡན་གསེར་གྱི་རལ་པ་ཅན་གྱིས་བསྡུས་སོ། །

༈ དཔལ་ལྡན་གྲུ་འཛིན་གྱི་རི་བོ་ལ་མཁའ་འགྲོ་མ་འཁོར་ལོ་གདོང་གིས་རྟོགས་པའི་བརྡ་བརྗོད་པ། དྲང་སྲོང་གདན་དུ་ཀུ་ཤ་བཟང་བས་རྩྭ་གཞན་སྤངས། །ཞིང་པ་ས་བོན་ནམ་ཟིན་དུས་སུ་སེམས་ངལ་གསོ། །རླུང་གིས་མ་བསྐྱོད་མར་མེ་རང་ཁར་གསལ། །ཡིད་གཅུགས་བུ་དང་བྲལ་ན་གཞན་མི་དྲན། །གསུངས་སོ། །

༈ དཔལ་ལྡན་ནོར་བུའི་གླིང་དུ་མཁའ་འགྲོ་མ་ཉི་མའི་འོད་ཟེར་གྱིས་རྟོགས་པའི་བརྡ་བརྗོད་པ། སྐྱེ་བོ་བློ་ཆུང་དོན་དེ་རང་གི་ས། །དམ་དུ་བཅིངས་པའི་ཁོང་ཁྲོ་གྲོལ་ན་བདེ། །དངུལ་དཀར་མེ་ལོང་འཕྲུལ་གྱི་གདན་ལ་ཕྱི། །འཕང་གི་སློབ་དཔོན་གམ་ནས་རྒྱང་དུ་བསྲིངས། །གསུངས་སོ། །

༈ ལྷོ་ཕྱོགས་ཨ་སུ་རའི་ཕུག་པར་མཁའ་འགྲོ་མ་ནོར་བུའི་སྤྱན་ལྡན་མས་རྟོགས་པའི་བརྡ་བརྗོད་པ། མཁར་གཞོང་ནང་གི་རུས་སྦལ་ཉི་མའི་འོད་ལ་དགའ། །གསེར་ལས་བྱས་པའི་རྒྱན་ནི་གསེར་ཉིད་ཡིན། །འབེན་ལ་མདའ་བརྡེག་དཔག་ཆེན་གཞན་མི་དྲན། །བུ་རམ་གཟུགས་རྣམས་རོ་ལ་ཐ་མི་དད། །གསུངས་སོ། །

༈ ནགས་ཚལ་དྲ་བ་ཅན་གྱི་མཐོངས་སུ་མཁའ་འགྲོ་མ་པ་ཏི་རོ་ཟན་མས་རྟོགས་པའི་བརྡ་བརྗོད་པ། ཆུ་ཤེལ་ཟླ་བ་ཡར་ངོ་གཅིག་ལ་འཕེལ། །མཁའ་ལ་འཇའ་ཡི་ཁ་དོག་ངོ་བོས་དབེན། །གཞོན་ནུའི་བདེ་བ་སུས་ཀྱང་བརྗོད་མི་ཤེས། །ཏིལ་མར་གྱིས་བླུད་རལ་གྲི་བཅད་ཚད་འགྱེལ། །གསུངས་སོ། །

༈ གྲོང་ཁྱེར་སེར་སྐྱའི་ལྗོངས་སུ་མཁའ་འགྲོ་མ་པུར་སྣ་ཁྱུང་གཤོག་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། ཁུར་བར་ཆུ་བླུགས་ཁོང་གི་གཏམ་རྣམས་འགགས། །སྒྱུ་མའི་ལྟད་མོ་ཡང་དག་མ་ཡིན་ནོ། །དབུལ་མོ་གཏེར་དང་འཕྲད་ཚེ་སྔར་རྟོག་བྲལ། །ལན་ཚྭའི་རྡོག་པོ་ཆུ་བོ་ཉིད་ལ་ཐིམ། །གསུངས་སོ། །

༈ དུར་ཁྲོད་བསིལ་བའི་ཚལ་དུ་མཁའ་འགྲོ་མ་ཉི་མའི་ཕྲེང་བས་རྟོགས་པའི་བརྡ་བརྗོད་པ། ཝ་ཡི་སྐད་ལ་སེང་གེ་སྔངས་སྐྲག་སྐྱེས། །བཙུན་མོ་རིན་ཆེན་བྲན་མོ་ལ་མི་འཇིགས། །དགྲ་རུ་བུ་ལངས་མཛའ་བོ་སུ་ལ་བྱ། །ལྐུགས་མའི་རྨི་ལམ་ཁར་མི་འདོན་པར་འདུག །གསུངས་སོ། །

༈ ལྷོ་ཕྱོགས་དཔལ་གྱི་རི་ལ་མཁའ་འགྲོ་མ་གཙུག་ན་མུ་ཏིག་འཆང་གིས་རྟོགས་པའི་བརྡ་བརྗོད་པ། བག་མ་དང་ནི་སྨྱོན་པའི་སྤྱོད་པ་འཛོལ། །རྒྱ་མཚོའི་ཆུ་ལ་ཉ་ནི་རང་བྱན་ཚུད། །རྒྱ་སྐྱེགས་རི་ལ་མེ་ཤོར་རླུང་རྣམས་གྲོགས། །ཆུ་རྣམས་འབབ་ས་ན་ནི་རོ་གཅིག་གོ། གསུངས་སོ། །

༈ མ་ག་དྷཱ་རྒྱལ་པོའི་ཁབ་ཏུ་མཁའ་འགྲོ་མ་བདུད་རྩི་བུམ་འཛིན་མས་རྟོགས་པའི་བརྡ་བརྗོད་པ། ཅེ་སྤྱང་རོ་ལ་ཆགས་པའི་བློ་ནི་སྐྱེ་མི་འགྱུར། །དགོས་པའི་དུས་ལས་ཁྲ་ཡི་རྩལ་ནི་གཞན་དུ་མིན། །ཝ་ཡི་འགྲོ་འདུག་དུར་ཁྲོད་ནང་དུ་གཞོལ་བ་ཡིན། །བུ་ཆུང་དང་ནི་མེ་ལོང་སེང་གེ་ལྟོས། །གསུངས་སོ། །

༈ ཤར་ཕྱོགས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་མཁའ་འགྲོ་མ་ཚེ་ལྡན་རྒྱན་མས་རྟོགས་པའི་བརྡ་བརྗོད་པ། ཆུ་ཆད་དུས་སུ་ལ་ཀོ་རང་ས་ཟིན། །ཉི་མའི་སྙིང་པོ་མུན་པས་གོས་མ་ཡིན། །ལག་པ་ཆད་པའི་བཟོ་མཁན་བྱ་བ་རྡུགས། །དཀར་ནག་ཡི་གེས་མཁའ་ལ་གོས་པ་མིན། །གསུངས་སོ། །

༈ ཀླུ་གཙུག་ན་རིན་ཆེན་གྱི་ཡུལ་དུ་མཁའ་འགྲོ་མ་སེང་གེ་གདོང་པ་ཅན་མས་རྟོགས་པའི་བརྡ་བརྗོད་པ། སྒོ་ང་མཁའ་ལ་སྐྱེས་པའི་ཚང་ཡང་དེ་ཉིད་དོ། །ཁུག་རྟའི་སྒུམ་བུ་ས་ལ་ནམ་ཡང་མིན། །ནམ་མཁའི་ཁ་དོག་མ་འགགས་རྣམ་པར་དག །ན་བུན་ས་ལ་ཡངས་ནས་མཁའ་ལ་ཐིམ། །གསུངས་སོ། །

༈ ཤིང་འཛམ་བུ་བྲྀཀྵའི་གྲིབ་མ་ལ་མཁའ་འགྲོ་མ་འབྱུང་གནས་རིན་ཆེན་མས་རྟོགས་པའི་བརྡ་བརྗོད་པ། ཆུ་བོ་སྣ་ཚོགས་རྒྱ་མཚོར་ཐ་དད་མིན། །མ་དྲོས་ཆུ་ནི་གཏིང་ནས་གཡོ་འགུལ་བྲལ། །ཆུ་དང་ཟླ་བའི་རང་བཞིན་སོ་སོར་སྟོངས། །རླན་དང་རྦ་རླབས་རྒྱ་མཚོ་ལས་མ་འདས། །གསུངས་སོ། །ཕྱག་རྒྱ་རིན་པོ་ཆེ་བརྡའི་མན་ངག་ལས་འོད་ཟེར་དྲ་བའི་མཁའ་འགྲོ་མ་དཔལ་ལྡན་དབང་གི་རྒྱལ་མོས་བསྡུས་པ་སྟེ་གཉིས་པའོ། །

༈ བདེ་ལྡན་རིན་ཆེན་གླིང་དུ་མཁའ་འགྲོ་མ་ཟླ་བའི་འོད་ཟེར་གྱིས་རྟོགས་པའི་བརྡ་བརྗོད་པ། དམུ་རྒོད་དུལ་བའི་སྤྱོད་པ་གཞན་བས་གཡུང་། །འབྲུ་ཡི་ཆང་རྒོད་བྲམ་ཟེའི་བཏུང་བ་མིན། །ལྕགས་ཀྱུས་ཟིན་པའི་གླང་པོ་རང་དབང་མེད། །གཡའ་མ་ཕྱིས་པའི་མེ་ལོང་བཞིན་མི་འདོད། །རྒྱུད་མེད་གཞུ་ལ་སུ་ཡི་མདའ་སྲིད་ནུས། །གསུངས་སོ། །

༈ ཐང་བཟང་གསེར་གྱི་བྱ་སྐྱིབས་ཅན་དུ་མཁའ་འགྲོ་མ་རྒྱ་མཚོ་མིག་གིས་རྟོགས་པའི་བརྡ་བརྗོད་པ། ཆོལ་ཟངས་ནང་དུ་སྦྲང་རྩིའི་གཡོས་མི་བྱ། །སྨིན་པའི་ས་བོན་སེར་དང་ལྡན་ལ་གདབ། །བུད་མེད་བསྣོལ་འཚང་ཁྱོ་ལ་སྨྲ་མི་ཕོད། །རྫས་མ་འཚོགས་པའི་སྲུབ་མས་མེ་མི་ཐོན། །ཏིལ་གཞོང་ཞབས་མེད་ནང་དུ་ཏིལ་མི་ལྡུག །གསུངས་སོ། །

༈ ནུབ་ཕྱོགས་བླཀྵའི་ཚལ་དུ་མཁའ་འགྲོ་མ་བི་ཟ་གཟུགས་འཕྲོག་མས་རྟོགས་པའི་བརྡ་བརྗོད་པ། དུག་སྦྲུལ་མལ་ལ་བློ་ལྡན་སྐྱེ་བོ་འཛུར། །རིན་ཆེན་གླིང་འདོད་དེད་དཔོན་གཞན་གྱི་མིན། །དམན་པ་ལ་བསྙེན་ནད་པ་རང་བཟོ་སྤང་། །ལོ་སྟོང་མུན་པ་སྒྲོན་མེ་གཞོན་ནུས་སེལ། །མཁས་པའི་རུལ་སྦལ་ཚེར་མའི་ཁྲོད་རྣམས་སྤོང་། །གསུངས་སོ། །

༈ གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་མཁའ་འགྲོ་མ་ཀཱིརྟི་ཐོག་མཐའ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། སྟོབས་ལྡན་གྱད་སྤྱོད་འཕྱེ་བོས་བྱར་མི་རུང་། །ཆུ་བྲན་རྣམས་ནི་རྒྱ་མཚོའི་ནང་དུ་འབབ། །རྔོན་པ་གླིང་བུ་རི་དྭགས་ངོས་དེར་འབུད། །མེ་ཤེལ་འོད་ནི་རས་ཀྱི་བལ་ལ་ཚ། །ཟངས་ཀྱི་མདོག་ནི་གསེར་འགྱུར་རྩི་ཡིས་སྒྱུར། །གསུངས་སོ། །

༈ དུར་ཁྲོད་སོ་སའི་གླིང་དུ་མཁའ་འགྲོ་མ་བདེ་བའི་འོད་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། ལྡུམ་རའི་མེ་ཏོག་ལྗོན་ཤིང་གྲིབ་ལས་སྐྱེས། །ཁབ་ལེན་རྡོ་ཡིས་ལྕགས་རྣམས་དབང་དུ་སྡུད། །ཚོར་བ་རང་གི་རིགས་ལ་འཇུག་པར་འགྱུར། །སྤྲེའུའི་རྟེན་ནི་འབྲས་བུ་ཅན་གྱི་ནགས། །གྲུ་བཙས་ལེན་པ་རྒྱ་མཚོ་སྒྲོལ་ལ་བརྩོན། །གསུངས་སོ། །

༈ ཤིང་ཙི་ཏྲ་བ་ལའི་གྲིབ་མ་ལ་མཁའ་འགྲོ་མ་བློ་གྲོས་གསེར་གྱི་གདུ་བུ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། ཆུ་འཐུང་རུས་སྦལ་སྐམ་ལ་བསྡད་མི་རིགས། །དུག་མདའི་རྨ་ལ་ལེ་ལོ་བྱས་པས་ཕུང་། །ཕག་གིས་གཙང་བཙོག་མེད་པར་ཁ་རུ་བཅུག །དུར་ཁྲོད་ནང་ན་ཅེ་སྤྱང་རོ་ལ་བྲེལ། །རི་ཡི་སུལ་ན་སེང་གེའི་འཇིགས་པ་མེད། །གསུངས་སོ། །

༈ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་མཁའ་འགྲོ་མ་བདེ་བ་བཟང་མོས་རྟོགས་པའི་བརྡ་བརྗོད་པ། བུང་བས་རྩི་འཇིབ་ཨུཏྤལ་མདོག་མི་ཉམས། །ཆར་ནི་རྡོ་སོལ་མེ་ཡི་གྲོགས་ཡིན་ནོ། །མུན་པའི་སྨག་རུམ་ཉི་ཟླའི་འོད་ཀྱིས་སེལ། །འབྲུ་རྣམས་སྐྱེ་བ་ཚ་སྒོ་མེད་པའི་ཞིང་། །འཁོར་ལོ་མེད་པའི་ཤིང་རྟས་འགྲོ་མ་ཤེས། །གསུངས་སོ། །ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་ཡེ་ཤེས་རྣམ་པར་གཟིགས་པའི་དུམ་བུ་མཁའ་འགྲོ་མ་སུ་ཁ་ཕ་ལས་བསྡུས་པ་སྟེ་གསུམ་པའོ། །

༈ རི་བོ་བྱ་རྐང་གི་སྟེང་དུ་མཁའ་འགྲོ་མ་བུམ་པའི་ལྟོ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རིགས་ངན་བུ་མོ་རྒྱལ་པོའི་ཁབ་ཏུ་མིན། །སྦྲང་མ་ག་བུར་ལ་འབྱོལ་ངན་སྐྱུགས་དྲི་ལ་འདུ། །བྲམ་ཟེ་གསོ་སྦྱོང་དུས་སུ་བྱ་གཞན་དོར། །སྒེག་མོ་རྒྱན་གྱིས་སྤྲས་ཚེ་རབ་ཏུ་དགའ། །ཙན་དན་དྲི་ལ་ལྟོ་འགྲོའི་མཆོག་ཏུ་གདུང་། །གསུངས་སོ། །

༈ རྒྱལ་པོའི་ཁབ་ཡངས་པ་ཅན་དུ་མཁའ་འགྲོ་མ་གཙུག་ན་ནོར་བུས་རྟོགས་པའི་བརྡ་བརྗོད་པ། མི་གཙང་ལུད་འདི་འབྲས་ཀྱི་ཞིང་ལ་ཕན། །ནད་གཟིར་སྐྱེས་བུ་གཡོ་མེད་སྨན་པ་བསྟེན། །རིགས་ལྡན་དེད་དཔོན་འཁོར་ལ་བུ་བཞིན་བརྩེ། །ཆུ་ཕྲན་གླིང་ལ་ནོར་བུ་ཡོད་མ་ཡིན། །སྦྲང་མ་རྩི་ཡི་ནུས་པ་གྲོགས་ཀྱིས་འགྱུར། །གསུངས་སོ། །

༈ དྷར་མ་གྷ་ན་རཱ་ཛ་ཆོས་ཀྱི་མཛོད་དུ་མཁའ་འགྲོ་མ་འབར་མ་དཔལ་གྱི་འཕྲེང་མས་རྟོགས་པའི་བརྡ་བརྗོད་པ། འཛམ་བུའི་གསེར་ལ་མགར་བས་འདོད་དགུ་བསྒྱུར། །ཕྱེ་ལེབ་ཉ་དང་བུང་བ་ལྕགས་ཀྱུས་ཕུང་། །གསོ་བྱའི་དུས་དེར་ནད་པས་ལེ་ལོ་སྤོངས། །མ་ཡིས་བུ་ལ་བརྩེ་བའི་སེམས་མི་གཏོང་། །རིན་ཆེན་གླིང་དུ་ཁྲིད་པའི་དེད་དཔོན་མཉེས་པར་བྱ། །གསུངས་སོ། །

༈ ཀླུའི་རྒྱལ་པོ་ཨེ་ན་ལའི་གནས་སུ་མཁའ་འགྲོ་མ་ཁྱུང་གི་གདོང་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། དུག་སྦྲུལ་མཆེ་བ་གདགས་པའི་རྒྱན་མ་ཡིན། །བདེ་དང་བྲལ་བ་བཙོན་རར་ཚུད་པའི་མི། །ཧ་ལའི་མེ་ཏོག་མཚར་བའི་ངོར་མ་ཐུ། །བང་མཛོད་རྐུ་བའི་མི་དེ་བག་ཡོད་ལྡན། །བཏུང་བས་གདུངས་པའི་མི་དེ་སྨིག་རྒྱུར་བསྙེག །གསུངས་སོ། །ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་སེམས་རྣམ་པར་དག་པའི་དུམ་བུ་སྟེ་མཁའ་འགྲོ་མ་ཁྱུང་གདོང་མས་བསྡུས་པ་སྟེ་བཞི་པའོ། །

༈ བྱ་རྒོད་ཕུང་པོའི་རི་ལ་མཁའ་འགྲོ་མ་གསེར་གྱི་རྒྱལ་མོས་རྟོགས་པའི་བརྡ་བརྗོད་པ། འདམ་གྱི་སྐྱོན་གྱིས་པད་མ་ལ་མི་གོས། །གཤོག་རུ་རྒྱས་ཚེ་བྱིའུ་ཕྲུག་ཚང་ནས་འཕུར། །ཙན་དན་མཐོང་བའི་སྦྲུལ་གྱིས་ལེ་ལོ་བོར། །འདོད་པའི་གནས་དེར་ཟོ་ཆུན་ཆུ་རྒྱུན་བསྲིངས། །མཆིལ་པས་ཟིན་པས་ཉ་ཡི་བདེ་བ་སྟོར། །གསུངས་སོ། །

༈ འབྱུང་པོའི་གྲོང་ཁྱེར་བི་མ་ལ་ཀར་མཁའ་འགྲོ་མ་རྡོ་རྗེ་འདམ་སྐྱེས་མས་རྟོགས་པའི་བརྡ་བརྗོད་པ། ཞིང་ལ་ཆུ་ལུད་རིམ་གྱིས་བསྟེན། །ཕ་ལམ་གྱིས་ནི་མི་ཕུག་མེད། །འབྱར་ལ་མ་རེག་ཨུཏྤལ་འདབ། །རྒྱ་མཚོའི་ཆུ་ལ་རིག་བྱེད་མེད། །མུན་པས་མ་ཟིན་ཉི་མའི་འོད། །གསུངས་སོ། །

༈ ཤར་ཕྱོགས་ཟངས་ཀྱི་དུང་རྒད་ཀྱི་ནང་དུ་མཁའ་འགྲོ་མ་དཔལ་ལྡན་འཇིགས་མེད་མས་རྟོགས་པའི་བརྡ་བརྗོད་པ། ནགས་ལ་བརྟེན་བཅའ་དྲང་སྲོང་རྒྱབ་ཏུ་ཤིང་ལོ་གོན། །གངས་ལ་གནས་པའི་སེང་གེ་ཡ་ང་བྲལ་ནས་འདུག །ཁྱུང་ཕྲུག་གཤོག་རུ་རྒྱས་ཚེ་རྟེན་མེད་མཁའ་ལ་ལྡིང་། །ས་འཛིན་མྱུ་གུའི་འབྲས་བུ་རང་ཆས་འགྲུབ། །གདོལ་པའི་བུ་དེ་མཆོར་ཡང་རང་མཐོང་ཞིག །གསུངས་སོ། །

༈ ཤར་ཕྱོགས་ཀ་མ་རི་རུ་འཕགས་པ་རང་བྱུང་གི་རྩར་མཁའ་འགྲོ་མ་འཁོར་ལོ་ཤུགས་འཆང་མས་རྟོགས་པའི་བརྡ་བརྗོད་པ། བྲམ་ཟེའི་སྐུད་པ་ཐོག་མར་བསྒྲིམས་ནས་གློད། །བསོ་རས་མཁན་མོས་ཟླ་བ་གཅིག་ནས་གློད། །ཞུན་ལ་བབས་པའི་གསེར་མགར་ཡེངས་དང་བྲལ། །གདན་གྱི་སྟེང་དུ་རྒྱལ་པོས་བག་གཞི་ཕབ། །དམུས་ལོང་མིག་ཕྱེ་སྣང་བ་གཟིགས་མོར་ཆེ། །གསུངས་སོ། །

༈ མཆོད་རྟེན་དཔལ་དབྱངས་ཀྱི་རྩར་མཁའ་འགྲོ་མ་གཏུམ་མོ་གསེར་མིག་མས་རྟོགས་པའི་བརྡ་བརྗོད་པ། བྲམ་ཟེའི་རིག་བྱེད་གསང་ཚིག་བུ་ལ་སྟོན། །རྨི་ལམ་སྡུག་བསྔལ་སད་པའི་དུས་དེར་དག །མང་པོའི་ཁྲོད་དེར་མི་ངོ་ཤེས་པ་ཉུང་། །རྒྱུ་ཡིས་མ་བསྐྱེད་ནམ་མཁའ་གདོད་ནས་དག །ཏིལ་མར་ངར་བཏགས་ངར་ཀྱང་སྣུམ་གྱིས་འཆི། །མདའ་རུ་ལྟོར་ཟོས་ས་གཞི་གསེར་དུ་མཐོང་། །གསུངས་སོ། །

༈ བྱང་ཕྱོགས་འདམ་བུའི་ཁྲོད་དུ་བདེ་ལྡན་འོད་ཀྱི་གནས་སུ་མཁའ་འགྲོ་མ་ཉི་མའི་གཤོག་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། བྲམ་ཟེའི་རིག་བྱེད་གསང་ཚིག་བུ་ལ་སྟོན། །རྒྱལ་པོའི་ཕོ་བྲང་རིགས་ངན་གྱིས་མ་མཐོང་། །སྲང་ཀའི་ཁམ་ཕོར་བྱ་བ་ཟིན་ནས་འདུག །དུག་གསུམ་དག་ན་དམུས་ལོང་བྲིས་མཁན་མེད། །ནོར་བུའི་རྟོགས་པ་བླུན་པོས་ཤེས་པ་མིན། །གསུངས་སོ། །

༈ རྫིང་བུ་པད་མའི་མདངས་ཅན་གྱི་འགྲམ་དུ་མཁའ་འགྲོ་མ་རྡོ་རྗེ་སྙེམས་མས་རྟོགས་པའི་བརྡ་བརྗོད་པ། རྭ་མེད་གསེར་ལ་རྟོག་པས་བཟོ་མི་ནུས། །རིན་ཆེན་གླིང་ན་གྲམ་གསེག་གྱོ་དུམ་མེད། །དུས་ཀྱི་རྐྱེན་གྱིས་པད་མ་རྒྱས་པར་འགྱུར། །ཚངས་པའི་ལུས་ནི་མ་བཀྲུས་དྲི་མ་དག །གསུངས་སོ། །

༈ དྷ་ན་ཀོ་ཤའི་གླིང་དུ་མཁའ་འགྲོ་མ་རིན་ཆེན་ཐོད་འཛིན་མས་རྟོགས་པའི་བརྡ་བརྗོད་པ། དགྲ་མེད་མི་ལ་བསུ་སྐྱེལ་བྱ་མི་དགོས། །ཀ་ལ་པིངྐའི་གཤོག་རུ་སྒོ་ང་རྒྱས། །པད་མའི་ཁ་ནི་ཉི་མའི་ཟེར་གྱིས་འབྱེད། །ཆུ་དང་རླན་ནི་གཉིས་སུ་མི་སྣང་ངོ་། །གསུངས་སོ། །

༈ སིང་ག་ལའི་ཚལ་དུ་མཁའ་འགྲོ་མ་ཉི་མའི་ཞགས་པ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རྨི་ལམ་ལྟད་མོ་སུ་ཡིས་བྱས་པ་ཡིན། །བྲང་ཆབ་མེད་པའི་བུ་མོ་བརྗེད་ངས་ཆེ། །སྐྱེད་སྲུང་ལ་བརྩོན་འབྲས་བུ་མི་ལེན་བླུན། །ནམ་མཁའི་ཆུ་ནི་སྨིན་བའི་རྒུན་འབྲུམ་འབར། །གསུངས་སོ། །

༈ དུར་ཁྲོད་ཆེན་པོ་སྒྲ་སྒྲོགས་སུ་མཁའ་འགྲོ་མ་རྡོ་རྗེ་དུང་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། ལྷ་ཁང་ནང་དུ་དམུས་ལོང་ལྟད་མོ་ནུབ། །ཇི་སྲིད་ཤིང་ཡོད་བར་དུ་དེ་སྲིད་མེ། །སོས་ཀའི་ཆབ་རོམ་གཞི་ལ་སྟོང་མི་སྲིད། །སྒྱུ་མའི་མཁན་པོ་འཕྲུལ་ལ་རྟོག་པ་བྲལ། །ནོར་བུའི་ཡོན་ཏན་སུས་ཀྱང་བྱིན་པ་མེད། །བསྐལ་པ་མ་ཞིག་ཉི་ཟླའི་འོད་མི་འགག །ཁོང་སྲན་མ་བྱེད་གྱད་ལ་སྒྱུ་རྩལ་མེད། །རྒྱ་མཚོར་བོར་བའི་ཆུ་ཐིགས་སྐམ་མི་འགྱུར། །གསུངས་སོ། །

༈ དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་མཁའ་འགྲོ་མ་རིན་ཆེན་འོད་གསལ་མས་རྟོགས་པའི་བརྡ་བརྗོད་པ། སྨྱོན་པའི་མིག་གིས་ཉ་དང་སྟོང་མི་མཐོང་། །རླན་མེད་སྤྱིན་ལ་འབྱར་བའི་ནུས་པ་མེད། །སྐྱེས་བུ་མེད་པའི་ལྕགས་ཀྱུས་གླང་མི་ཟིན། །ཐོ་ལེ་ཀོར་གྱིས་ནམ་མཁའ་མཚོན་མི་ནུས། །གསུངས་སོ། །ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་དཔལ་གྱི་ཐུགས་རྣམ་པར་དཀོད་པའི་དུམ་དུ་མཁའ་འགྲོ་མ་རིན་ཆེན་གཅིག་མས་བསྡུས་པ་སྟེ་ལྔ་པའོ། །

༈ རྒྱ་མཚོ་གསེར་གྱི་གླིང་དུ་མཁའ་འགྲོ་མ་རྡོ་རྗེ་བུ་གཅིག་མས་རྟོགས་པའི་བརྡ་བརྗོད་པ། ཤིང་རྟ་དང་ནི་འཁོར་ལོ་འབྲལ་མི་བྱ། །དུག་སྦྲུལ་དགྲ་རུ་སྒོ་ང་ལྡང་བར་འགྱུར། །འཛམ་བུ་ཆུ་བོའི་གསེར་ནི་དངུལ་གྱིས་ལྡང་། །གླང་པོ་དུལ་ཚེ་སྙིང་ལ་ཡི་གེ་འཇུག །གསུངས་སོ། །

༈ ནུབ་ཕྱོགས་བི་རའི་ཚལ་དུ་མཁའ་འགྲོ་མ་ཤ་ཟ་དཔལ་འཛིན་མས་རྟོགས་པའི་བརྡ་བརྗོད་པ། གེ་སར་སྟེང་དུ་འདབ་མ་གདན་དུ་གདིང། །ཐར་བ་འདོད་པས་ཁྱབ་འཇུག་མིག་ལ་ལྟ། །སྟོབས་དང་ལྡན་པ་གསེར་འགྱུར་རྩི་མཆོག་ནི། །དེ་རིང་བནྡའི་དྲིན་ལས་རབ་ཏུ་རྙེད། །གསུངས་སོ། །

༈ དུར་ཁྲོད་རབ་དགའི་ནང་དུ་མཁའ་འགྲོ་མ་ནོར་བུའི་འོད་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། གྲང་བའི་ནད་ལ་ག་བུར་བསྟེན་མི་བྱ། །ཚངས་པའི་ཡི་གེ་སྨྲ་རུ་མ་བཏུབ་བོ། །གི་ཧང་ཟད་པའི་གླང་པོ་སྒྲོག་ལས་ཐར། །དངུལ་ཆུའི་ནུས་པ་ལྷ་དབང་མིག་ལ་ཕན། །གསུངས་སོ། །

༈ ཤར་ཕྱོགས་ཁ་ས་པཱ་ཎིའི་གཙུག་ལག་ཁང་དུ་མཁའ་འགྲོ་མ་བུ་ཏ་རོ་ཟན་མས་རྟོགས་པའི་བརྡ་བརྗོད་པ། སྦྲུལ་སྔགས་ཤེས་པའི་མི་ལ་དུག་མི་ཚུགས། །འཆི་བའི་དུས་དེར་རྒྱལ་སྲིད་ཅི་ཞིག་བྱ། །སྣ་ཁྲིད་མེད་པའི་ལོང་བ་གང་དུ་འགྲོ། །ཕག་གིས་གླང་པོ་མཚོན་དེ་མ་མཚོན་ནོ། །གསུངས་སོ། །

༈ དུར་ཁྲོད་མ་ཧཱ་ཀཱ་ལའི་དབུས་སུ་མཁའ་འགྲོ་མ་དཔལ་གྱི་འཕྲེང་བ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རྨི་ལམ་ལྟད་མོ་རང་གི་སེམས་ལ་བྱས། །མེ་ནི་སྤྲ་བ་དག་ལ་རབ་ཏུ་འབར། །ཡི་གེ་གཅིག་གིས་རིག་བྱེད་ཀུན་ལ་འཇུག །རིག་བྱེད་ཀུན་གྱིས་ཡི་གེ་གཅིག་མ་ཤེས། །གསུངས་སོ། །

༈ བཱ་རཱ་ཎ་སཱེར་མཁའ་འགྲོ་མ་དཔལ་ལྡན་དུང་འབུད་མས་རྟོགས་པའི་བརྡ་བརྗོད་པ། སྔོ་གཞན་དང་ནི་གསེར་འགྱུར་རྩི་མི་འདྲ། །ཉ་རྒྱས་ཟླ་བས་ཤེལ་ལ་ཆུ་རྒྱུན་འཛག །ལྦུ་བའི་ཆུ་རྒྱུན་རྒྱ་མཚོ་རང་ལ་ཐིམ། །མཁས་པ་བ་ལང་སྐྱོང་བ་དྲག་ཤུལ་འདོར། །གསུངས་སོ། །

༈ ཆུ་མིག་མདའ་ཆུ་ཁྲོན་པ་སྐྱེས་པའི་རྩར་མཁའ་འགྲོ་མ་འབར་མ་གསེར་དྲིལ་ཅན་གྱིས་རྟོགས་པའི་བརྡ་བརྗོད་པ། རི་བྲག་བས་མཐའ་དབེན་བའི་གནས་མ་ཡིན། །རྒྱལ་པོའི་ཕོ་བྲང་ཚོང་དུས་རབ་ཏུ་འགོལ། །བྱད་ནི་མེ་ལོང་རྒྱབ་ཏུ་བལྟ་མི་བྱ། །སྣག་ཚ་ཕྱི་བའི་ཡི་གེ་སྙིང་གིས་ཀླག །གསུངས་སོ། །

༈ གླང་པོ་ལྗོངས་ཀྱི་གྲོང་ཁྱེར་དུ་མཁའ་འགྲོ་མ་ཁྲག་སྣ་རྒྱལ་མོས་རྟོགས་པའི་བརྡ་བརྗོད་པ། ནམ་མཁའི་ཡིད་ཅན་མཁའ་ལས་འཕགས་མ་ནུས། །དྲང་སྲོང་རྒྱལ་མཚན་ཐར་པའི་ལམ་མ་ཡིན། །དཀྱིལ་འཁོར་གྱིས་ཀྱང་མྱ་ངན་ལས་མི་འདའ། །འབྲས་བུ་མཆོག་ནི་སྨྱོན་མའི་སེམས་ལས་བཙལ། །གསུངས་སོ། །

༈ བྱང་ཕྱོགས་སྨན་གྱི་ནགས་སུ་མཁའ་འགྲོ་མ་གཙུག་ན་རྒྱན་གྲོལ་མས་རྟོགས་པའི་བརྡ་བརྗོད་པ། ཕག་རྒོད་མགོ་བོར་རྡོག་པས་གནན་པའི་མི། །སྐྱེས་བུ་དེ་ཡིས་གདམས་ངག་ཐམས་ཅད་བསྟན། །དེད་དཔོན་བུ་ཡིས་ནམ་མཁའི་ཡི་གེ་ཀླག །གྲོགས་དག་འདི་ཡི་ཞབས་ལ་འདུད་པར་རིགས། །གསུངས་སོ། །

༈ དཔལ་འབྲས་ཕུང་དུ་མཁའ་འགྲོ་མ་དཔལ་ལྡན་གྲུ་འཛིན་མས་རྟོགས་པས་བརྡ་བརྗོད་པ། རྫ་ཡི་འཁོར་ལོ་སྲུབ་ཐག་མ་འཐེན་བར། །ནོར་བུ་རིན་ཆེན་འདི་ལ་མཆོད་པར་བྱ། །གླང་པོ་སྨྱོན་པ་འཚོང་བའི་མི་དེ་མཁས། །གཏེར་མཐོང་ནས་ནི་འབྱོལ་བར་མི་བྱའོ། །གསུངས་སོ། །

༈ མཆོད་རྟེན་རྣམ་དག་གི་རྩར་དཔལ་རང་བྱུང་གི་རྒྱལ་མོས་རྟོགས་པའི་བརྡ་བརྗོད་པ། ཀྱེ་ཧོ་བུ་རྣམས་སེང་གེའི་འོ་མ་འཐུང་། །ཕན་པའི་སྨན་མར་ཕྱི་རུ་མ་སྐྱུག་ཅིག །སྙིང་གི་དཀྱིལ་དུ་ཉི་མ་ཤར་ནས་སུ། །མུན་པའི་ཚོགས་རྣམས་རབ་ཏུ་འཇོམ་པར་འགྱུར། །གསུངས་སོ། །ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས་ལས་རྣམ་པར་གྲོལ་བའི་དུམ་དུ་བུ་མཁའ་འགྲོ་མ་དཔལ་ལྡན་པད་མའི་སྤྱན་གྱིས་བསྡུས་པ་སྟེ་དུམ་བུ་དྲུག་པའོ། །ལེ་ཕྲན་ལྔ་བཅུ་རྩ་ལྔ་པ་ཕྱག་རྒྱ་རིན་པོ་ཆེ་བརྡའི་མན་ངག་རྗེ་དམ་པ་ལ་མཁའ་འགྲོ་མས་གཏད་དེ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ།། །།

ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་ཞེས་བྱ་བ་བཞུགས་སོ། ། མཁའ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་དང་པདྨའི་སྤྱན་གྱི་ཞལ་སྔ་ནས།

༄༅། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། མ་ཧཱ་མུ་དྲཱ་བཛྲ་གཱི་ཏི་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་ཞེས་བྱ་བ། དཔལ་ཤ་བ་རི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ན་མོ་དྷརྨ་ཀཱ་ཡ་མ་ཧཱ་སུ་ཁ་ཡེ། ཀྱེ་ཧོ་གཉིས་མེད་རྡོ་རྗེ་འདི་ལྟར་ཉོན། །གང་ཞིག་མིག་མེད་པ་ཡིས་ལམ་མཁན་བསྟེན། །བུ་ཆུང་དཔའ་བོ་མ་ལ་རག་ལས་ཏེ། །མེ་ལོང་བསྟན་པས་བཞིན་གྱི་དཀྱིལ་འཁོར་གསལ། །ངང་པའི་མཆུ་ཡིས་ཆུ་དང་འོ་མ་འབྱེད། །བསྐལ་པའི་མུན་པ་སེལ་བྱེད་སྒྲོན་མེ་སྟེ། །གཏེར་གྱི་བང་མཛོད་འབྱེད་པའི་ལྡེ་མིག་མཆོག །མི་ཟད་གཏེར་ཆེན་འབྱིན་པའི་རྒྱལ་པོ་བསྟེན། །དབུལ་པོ་བསྟེན་པས་བདག་ཉིད་དབུལ་པོར་འགྱུར། །ནམ་མཁའ་རྒྱ་མཚོ་ཉི་ཟླ་གསུམ་ལྡན་བསྟེན། །ནེ་ཙོའི་ཁ་ཏོན་བསྙེན་པས་ཅི་ཞིག་ཕན། །འདབ་ཆགས་བུ་ནི་མཁའ་ལ་འཕུར་ན་བདེ། །དུད་འགྲོ་གཡང་ལ་བསྐྱུར་ན་གསོན་མི་རུང་། །ཉི་ཟླ་གཟའ་བྲལ་སྤྲིན་པ་རླུང་བཏབ་གསལ། །སྤྲིན་སངས་གྱུར་ཀྱང་གཟས་ཟིན་སྣང་བ་མེད། །ཆུ་སྐྱེས་པདྨའི་བཅུད་ནི་བུང་བས་ལེན། །འང་སྦལ་དྲུང་ན་གནས་ཀྱང་དེ་ལྟ་མིན། །ཆུ་ཤེལ་ཆུ་ནི་རྐྱེན་དང་འཛོམ་པ་གཅེས། །སེང་གེའི་འོ་མ་སྣོད་ངན་ཕལ་བར་མིན། །ཨོཾ་ཨཱཿཧཱུྃ་ཨེ་མ་ཧོ། སྣང་སྲིད་ཐམས་ཅད་ནམ་མཁའ་ཉིད་ལས་བྱུང་། །ནམ་མཁའ་ཡོད་མེད་ཕྱོགས་རྒྱུ་ཁ་དོག་བྲལ། །ཐོག་མ་བར་དང་ཐ་མ་འགྲོ་འོང་མེད། །འབྱུང་བཞི་རབ་ཏུ་འཁྲུགས་ཀྱང་འགྱུར་མི་སྲིད། །རྐྱེན་གྱིས་དཀར་ནག་སྣང་ཡང་དཀར་ནག་མེད། །རྒྱ་མཚོའི་གཏིང་ཟབ་རྒྱ་ཆེ་སྣ་ཚོགས་འཆར། །རྦ་རླབས་རི་བོ་འདྲ་ཡང་རྒྱ་མཚོའི་ངང་། །འཁྱག་རོམ་བྲག་འདྲ་ཆུ་ལས་ཡོངས་མ་འདས། །ས་ལ་སྣ་ཚོགས་འཁྲུངས་ཀྱང་ཟད་པ་མེད། །བསྲེགས་བཅད་བརྡར་ཡང་གསེར་གྱི་ངོ་མི་འགྱུར། །མེ་ནི་ཚ་ཞིང་ཆུ་ནི་རླན་མི་འབྲལ། །སྤྲུལ་པ་དྲུག་ནི་རབ་ཏུ་རྟོགས་པར་གྱིས། །ནམ་མཁའ་སྟོང་ལས་སྟོང་པ་འབྱུང་བ་སྟེ། །རྐྱེན་གྱིས་མེ་ཆུ་འབྱུང་ཡང་ཤེལ་གྱི་ངོ་མི་འགྱུར། །བཀའ་རྟགས་ཕྱག་རྒྱ་གཉུག་མ་ཞེས་བརྗོད་དོ། །ས་འོག་གསེར་དང་གྱད་ཀྱི་ནོར་བུ་དང་། །དབུལ་པོའི་གཏེར་དང་བུམ་པའི་མར་མེ་ལྟོས། །ནོར་བུ་རིན་ཆེན་མི་གཙང་འདམ་དུ་བྱིང་། །སྒྱུ་མར་མ་ཤེས་རྒྱལ་པོ་ཨ་ཐང་ཆད། །ཐག་པ་སྦྲུལ་དུ་མཐོང་བས་བརྒྱལ་ནས་ཤི །མར་མེ་ཉི་མ་དམུས་ལོང་མུན་པར་སྣང་། །མི་གཙང་དྲི་ཟ་ཙན་དན་དྲི་ལ་བྲོས། །མིག་སྐྱོན་ཅན་གྱིས་ཟླ་བ་གཉིས་སུ་མཐོང་། །གླང་པོ་བཞག་ནས་གླང་པོའི་རྗེས་ཚོལ་བ། །བུ་ཆུང་མེ་ལོང་གཟུགས་བརྙན་མཐོང་བས་དགའ། །རི་དྭགས་འཁྲུལ་པ་སྨིག་རྒྱུ་ཆུ་ལ་བསྙེགས། །གསེར་མ་ཤེས་པ་རག་ན་ཕྱེ་མ་འཆང་། །ལྦུ་ཆུ་གླང་རྗེས་ཆུ་ནི་མྱུར་དུ་སྐམ། །རྐྱལ་མེད་པ་དག་རྒྱ་མཚོར་ཞུགས་ན་བྱིང་། །ལམ་མཁན་མེད་པར་དམུས་ལོང་ལམ་འགྲོ་དང་། །འདབ་གཤོག་མེད་པའི་བྱ་ཕྲུག་འཕུར་ན་ལྟུང་། །དུག་ལོ་བྲེགས་ནས་བསྐྱུར་ཡང་ཅི་ཞིག་ཕན། །མུན་ཁུང་དག་ཏུ་སྒྲོན་མེ་བཏེགས་པས་གསལ། །ཐག་པ་གཅིག་ཆོད་མདུད་པ་བརྒྱ་གྲོལ་ཏེ། །ཐག་པ་མེས་ཚིག་དག་གིས་འཆིང་མི་ནུས། །གསེར་འགྱུར་རྩི་ཡིས་ཟངས་ལྕགས་གསེར་དུ་འགྱུར། །རྨ་བྱ་བཙན་དུག་ཟོས་པས་སྤུ་ཐོག་རྒྱས། །མིག་དང་ལྡན་པས་རྐང་པ་གར་བཞག་ཕྱིན། །དབང་གི་རྒྱལ་པོ་གཅིག་ལ་འདོད་དགུ་རྫོགས། །ཁྱུང་ཕྲུག་གཤོག་རྫོགས་མཁའ་ལ་འཕུར་ན་བདེ། །མར་མེ་བཏེགས་པས་མུན་པའི་ལམ་གསལ་ཞིང་། །ཅང་ཤེས་སྒྲོག་ཏུ་བཅུག་པ་ཕྱེ་བས་གྲོལ། །ངང་པས་ཆུ་ལ་འོ་མ་ལེན་པར་ལྟོས། །དགྲ་སྐུགས་བཙལ་བས་འཇིགས་པ་སངས་ནས་འགྲོ། །ནམ་མཁའ་མ་མཐོང་ནམ་མཁའ་མཐོང་བ་སྟེ། །རྒྱ་དང་རྒྱ་ཡི་འབུར་ནི་ལོག་པར་འབྱུང་། །མར་མེ་བསད་པས་ལུས་དང་གྲིབ་མ་མེད། །སྒྱུ་མ་བཤིག་པས་འདུ་ཤེས་རྣམ་ལྔ་སྤངས། །ཆུ་ལ་ཆུ་བཞག་དེ་ཉིད་དབྱེར་མེད་འགྱུར། །ནམ་མཁའི་མེ་ཏོག་རི་བོང་རྭ་ཞེས་བྱ། །གཟིངས་ལ་འཕུར་བའི་བྱ་ནི་སླར་ལ་ལྡོག །གང་ཞིག་འཁྱག་རོམ་སྤངས་ནས་ཆུ་ཚོལ་བ། །རྒྱུ་རྐྱེན་རྩོལ་བས་བྱས་པ་རང་འབྱུང་མིན། །དབུལ་པོ་མི་ནོར་རྒྱ་ཡིས་འདེབས་པ་དང་། །ས་བོན་འབྲས་བུ་ཐ་དད་འཛིན་པ་འཁྲུལ། །རྐུན་མོ་ངོས་མ་ཟིན་པར་ར་མདའ་སྒྲོན། །ཀྱེ་མ་འདི་ན་སྦྲུལ་དང་རིག་སྔགས་མཚོན་ཆ་འདྲ། །རྟ་རྔས་སྦྲུལ་ལ་མདུད་པ་བརྒྱབ་པ་གྲོལ། །མཁའ་ལ་མདུང་བསྐོར་ལས་ཟིན་སྐྱེས་བུ་བདེ། །ཁྱུང་ཆེན་མཁའ་ལྡིང་ཉམ་ང་འཇིགས་པ་མེད། །རི་མཐོ་ཁ་ན་ཡུལ་ཁམས་སྣ་ཚོགས་གསལ། །བུ་ཡི་སྡུག་བསྔལ་མ་ཡིས་མཐོང་མི་བཟོད། །རལ་གྲི་ངར་མས་དངོས་པོ་མ་ལུས་གཅོད། །སྨྱོན་པར་གྱུར་ཀྱང་དུག་ལ་རེག་མི་བྱེད། །བུ་ཆུང་ཡིན་ཡང་གཙུག་གི་ནོར་མི་འབྲལ། །ཨཿཨོཾ་ཧཱུཾ། ཨེ་མ་ཧོ། མེ་དོན་གཉེར་བས་དུ་བ་ཤུགས་ཀྱིས་འབྱུང་། །ནོར་བུ་རྙེད་ན་སོ་ནམ་འབད་མི་དགོས། །མི་གཅིག་སྐྱེས་པས་ཤིང་ལ་འདོད་ལྔ་འབྱུང་། །སྐྱུར་པོ་ཟོས་ན་མཐོང་བས་ཉམས་སུ་མྱོང་། །སྔར་འདྲིས་མི་དང་འཕྲད་ན་ཐེ་ཚོམ་མེད། །སྐྱེས་བུ་ནམ་མཁས་བཟུང་བ་ཐར་མི་སྲིད། །རྨི་ལམ་སྒྱུ་མའི་མཚོན་གྱིས་གནོད་པ་མེད། །དངུལ་རྡོ་འོ་མ་བུར་ཤིང་ཏིལ་མར་ལྟོས། །ཆུ་ནི་མཐོང་དང་ཐོས་པས་སྐོམ་མི་སེལ། །སྨན་པའི་ངག་མི་ཉན་པའི་ནད་པ་དེ། །ཟས་ནོར་བྱིན་པས་རང་ཉིད་བཀྲེས་ནས་འཆི། །གཏེར་མཛོད་བགྲངས་པས་རང་ལ་ཐོབ་པ་མེད། །འོན་པ་སིལ་སྙན་ལོང་པ་རི་མོ་མཁན། །བྱིས་པ་མན་གཏམ་དམུས་ལོང་ཡུལ་ཁམས་སྟོན། །སྒོ་ང་མ་ཡིས་བཀབ་ན་བྱི་ཕྲུག་སྨིན། །རྡོ་ལ་གཞུ་བརྟུལ་བྱས་ན་རིན་ཆེན་ནོར། །སྦང་མ་མནན་ནས་བསིངས་པས་གར་ཆང་འབྱུང་། །བུ་ཆུང་གསོས་པས་དཔའ་བོའི་ལས་རྣམས་ནས། །རྒྱལ་བུ་ཚར་ནས་ཡུལ་ཁམས་དབང་ཐོབ་སྟེ། །མཁའ་ལ་སྤྲིན་དེངས་འཁྱག་པ་ཆུར་ཐིམ་འགྱུར། །མཁའ་ལྡིང་རྒྱལ་པོ་སྤྲོ་བསྡུ་མེད་པར་གནས། །ཆུ་ནི་མ་རྙོགས་རང་དྭངས་ཉིད་དུ་ཞོག །ཇི་ལྟར་མཁས་པ་བ་ལང་སྐྱོང་བ་བཞིན། །བརྟན་གསལ་རྣོ་བ་མར་མེའི་སྙིང་པོ་ལྟོས། །སྒྱུ་མའི་སྐྱེས་བུ་ཆགས་ཞེན་རྩིས་གདབ་མེད། །བྱ་ནི་ནམ་མཁར་རྟེན་མེད་གནས་པར་བྱེད། །ཚོས་མ་རྣམས་ཀྱིས་རས་གོས་དག་པར་བཀྲུ། །མཁར་སྤེ་བརྩིགས་ནས་འགྲམ་གཞི་ལེགས་པར་ཐིམ། །མ་ཡི་སྡུག་བསྔལ་བུ་ཡིས་མཐོང་བར་གྱིས། །ཡིད་བཞིན་ནོར་བུ་སྤྱི་བོའི་གཙུག་ཏུ་གཞག །ནམ་མཁར་བལྟས་ན་འཇའ་ཚོན་ལུས་སུ་བསྒྱུར། །དམུ་རྒོད་རྟ་ནི་ཐིབས་ཀྱིས་ཟུང་ལ་ཚོས། །རི་གཟར་འབབ་ཆུ་ཡང་ཡང་བརྡབས་ན་དྲུངས། །སྤྲེའུ་ཟིན་ན་ཀུན་ལ་ཡང་རྩལ་སྦྱངས། །བསགས་པའི་ཡོ་བྱད་ཚོགས་མང་ཀུན་ལ་སྦྱིན། །བྱིང་ཞིང་རྨུགས་ན་འདབ་ཆགས་མཁའ་ལ་སྤུར། །ཡང་ན་བུམ་པ་ཁ་སྦྱོར་རླུང་གིས་ཁོང་། །རྒོད་ན་ཁང་སྟོང་རྐུན་མ་སྤྲིན་ལ་ལྟོས། །རྒྱ་མཚོའི་རྦ་རླབས་ཆུ་ཟླར་ཤེས་པར་བྱ། །རྐུན་མ་མཐོང་ཞིང་ཚོར་ན་ལྡོག་པར་ངེས། །རྩ་བ་སྨན་ན་ཐམས་ཅད་སྨན་ཞེས་བྱ། །ནོར་བུ་རིན་ཆེན་ས་ཡི་གཏེར་དུ་སྦ། །ཡང་ན་རི་དྭགས་གར་སོང་དེད་ལ་གསོད། །ལྟོགས་ན་དུག་ལ་སྔགས་ཀྱིས་བཏབ་ལ་བཟའ། །སྙོམས་ལས་བྱས་པའི་ཉམ་ང་གཡང་ས་ལྟོས། །སྙིང་ལ་གཅེས་པ་དུར་ཁྲོད་གནས་སུ་སྐྱོལ། །ན་ཚ་བྱུང་ན་རྐྱལ་པ་སྟོང་པར་གྱིས། །དེ་ལ་བུ་ག་ཐོས་ལ་མེས་ཚིག་མེ་ལ་གདུངས། །སྨན་མ་ཞུ་ན་སླར་ཡང་ནད་དུ་འགྱུར། །རྩ་དང་གསེར་གཉིས་འཆིང་བྱེད་ཁྱད་པར་མེད། །ཤེས་པ་འཐུམ་ན་ཡུལ་ཁམས་སྐོར་ཞིང་བལྟ། །རྐང་འགྲོས་བུལ་ན་འོག་རྟ་རོལ་ལ་སྤོས། །དཔའ་རྩལ་ཞན་ན་དཔའ་རྩལ་ཀུན་ལ་སྦྱང་། །མེ་དོན་གཉེར་བས་གཙུབ་ཤིང་དྲག་ཏུ་བསྲུབ། །རི་བོ་མི་བསྐྱོད་ཆུ་བོ་རྒྱུན་ཆད་མེད། །གསེར་གླིང་ཕྱིན་ནས་ས་རྡོ་བཙལ་མི་རྙེད། །ཤིང་བལ་འདབ་མ་ཤིན་ཏུ་ཡང་ལ་སོགས། །ཡིད་བཞིན་ནོར་བུ་ཡོད་ན་དགོས་འདོད་འབྱུང་། །ཨཱཾཿཨོཾ་ཧཱུཾ། ཨེ་མ་ཧོ། བྱ་འཕུར་ནམ་མཁའ་དག་ལས་མི་འདའ་སྟེ། །སྣ་ཚོགས་ནོར་བུ་ཚོན་གྱི་ཁ་དོག་སྣང་། །གསེར་དང་གསེར་གྱི་རྒྱན་ལ་འགྱུར་བ་མེད། །འདམ་སྐྱེས་པདྨ་འདམ་གྱིས་མི་གོས་སོ། །གང་དག་འཇིགས་སྐྲག་སྐྱེལ་མ་སངས་ནས་འགྲོ། །རྒྱལ་པོ་གང་ཞིག་རྒྱལ་སྲིད་བོར་ནས་འཁྱམས། །སུམ་ཅུ་རྩ་གསུམ་ཐོས་པ་ནེ་ཙོའི་ཆོས། །ཆུ་ལ་མར་ཁུ་བླུགས་པས་འདྲེ་བར་མིན། །བྱ་རྒོད་རྙིས་ཟིན་གླང་ཆེན་འདམ་དུ་བྱིང་། །ནོར་བུ་རིན་ཆེན་ལུང་ཁུང་དག་ཏུ་བོར། །རྒྱལ་བློན་འཛོམས་ན་རྒྱལ་སྲིད་མངའ་ཐང་འཕེལ། །མིག་དང་རྐང་པ་ལྡན་པས་དོན་སར་ཕྱིན། །དཔའ་བོའི་གོ་མཚོན་བློན་པོ་བཀའ་རྟགས་ཁྱེར། །རྩིས་མེད་སྨྱོན་པ་ཞེན་མེད་བུ་ཆུང་དང་། །རྟོག་མེད་ཕག་དང་གླང་ཆེན་ཆུར་འཇུག་ལྟོས། །ཕག་རྒོད་རྣམས་ནི་དུག་སྦྲུལ་མི་གཏོང་ཟ། །དབུལ་པོ་རིན་ཆེན་རྒྱལ་པོའི་མཁར་དུ་སྦ། །གསོ་སྦྱོང་སྤྱད་རྣམས་རིག་པ་མདའ་ཡིས་བསྣུན། །ཡུལ་ཁམས་ཀུན་གྱི་དགྲ་རྣམས་སྲིང་དུ་བཅད། །དཔའ་བོ་གང་ཡིན་དེ་ཡིས་དགྲ་རྣམས་འདུལ། །མཁའ་ལྡིང་རྒྱལ་པོ་ཕྱེ་ལེབ་སྤྱོད་ཡུལ་མིན། །རིགས་ངན་རྒྱལ་པོ་ཝ་ཡིས་སེང་ལྤགས་གྱོན། །ནགས་ལ་མེ་མཆེད་གདོང་དུ་གར་བབ་སྲེག །མེ་འབར་བ་ལ་རླུང་གིས་བསྐྱོད་ན་འབར། །རིན་ཆེན་སྣོད་སྦྱར་ཕྱིས་པ་བསང་། །སྨྱོན་པ་བུ་ཆུང་ཁྱི་ཕག་སེང་གེ་བཞིན། །ཨ་ཨོཾ་ཧཱུཾ། ཨེ་མ་ཧོ། ཆུ་རྣམས་ཐམས་ཅད་རྒྱ་མཚོ་ཆེན་པོར་གཅིག །གང་ཞིག་ལྟོགས་པའི་དུས་སུ་ཟས་སྟེར་བ། །ནད་རྣམས་གསོ་བ་སྨན་པའི་རྒྱལ་པོ་སྟེ། །ཆུ་བོ་ཆེན་པོ་སྒྲོལ་བའི་མཉན་པ་མཆོག །གནོད་པའི་དགྲ་རྣམས་འདུལ་བའི་དཔའ་བོ་སྟེ། །དགེ་བཤེས་རྒྱལ་པོ་ཕྱོགས་མེད་ཀུན་ལ་སྙོམས། །མཁས་པ་དག་གིས་འཇའ་ཚོན་བལྟ་བར་བྱ། །གནད་དུ་བསྣུན་པའི་ཚོར་བ་སྤོངས་པ་མེད། །བུང་བ་མེ་ཏོག་དག་ལ་ཆགས་ཞེན་བྲལ། །ཉ་ནི་རྟག་ཏུ་ཆུ་ལས་ཡོང་མི་འདའ། །རྩི་སྨན་ཡོད་ཀྱང་དུག་ལ་རེག་མི་བྱེད། །ཇི་ལྟར་ཕྱུག་པོས་སོ་ནམ་བྱེད་པ་བལྟས། །སེང་གེའི་འོ་མ་ལྐུགས་པའི་ཁ་བཞིན་བསྡམས། །སྨྱོན་པ་རང་གི་སྙིང་ལ་མཚོན་བསྣུན་དང་། །གཤེད་མས་ཟིན་པའི་ཚད་པའི་ཆད་པས་བཅད་པའི་མི། །ས་བོན་རུལ་བ་མྱུ་གུ་ཡོང་མི་སྐྱེ། །ཚེ་ལོ་སུམ་ཅུ་ཉི་ཤུ་བཅུ་པ་བཞིན། །གང་ཞིག་ཡེ་ཤེས་ཉི་མ་ཤར་ནས་ནུབ། །དབུལ་པོས་ནོར་བུ་རིན་ཆེན་རྙེད་ནས་བོར། །གང་དག་ཅང་ཤེས་རྟ་ལ་ཞོན་ནས་འབབ། །ཇི་ལྟར་དབུལ་པོའི་ནོར་བུ་རྒྱལ་པོས་འཕྲོག། ཡིད་བཞིན་ནོར་བུར་མཆོད་ན་དགོས་འདོད་འབྱུང་། །དངུལ་དཀར་མེ་ལོང་ཡང་ཡང་ཕྱིས་ན་གསལ། །བརྒྱ་བྱིན་ལྷ་ཡི་ལོངས་སྤྱོད་འབད་པ་མེད། །མེ་ཏོག་པདྨར་བུང་བའི་ཚོགས་རྣམས་འདུ། །ཨ་ཨོཾ་ཧཱུྃ། ཨེ་མ་ཧོ། པོ་ཏ་ལ་ལ་ནམ་ལངས་ཉི་ཤར་མཉམ། །འཇིམ་པའི་ལོགས་ལ་གཏབ་པའི་བདེ་གཤེགས་སྐུ། །མྱུ་གུ་མེ་ཏོག་འབྲས་བུ་རིམ་གྱིས་སྨིན། །དབང་པོ་སྐྱོན་དང་བྲལ་ན་གཟུགས་རྣམས་མཐོང་། །ཤེལ་གོང་དྲི་མ་མེད་པ་ཕྱི་ནང་གསལ། །སྒྱུ་མ་མཁས་པས་སྤྲུལ་པ་སྣ་ཚོགས་སྟོན། །རྡོ་རྗེ་ཕ་ལམ་གང་གིས་གཞོམ་པར་མིན། །ཡིད་བཞིན་ནོར་བུས་མི་མཐུན་གནོད་པ་སེལ། །སེང་གེ་མངལ་རྒྱ་ཁྱུང་ཕྲུག་སྒོང་རྒྱ་བྲལ། །མཁའ་ལ་ཉི་ཤར་འོད་ཟེར་ཕྱོགས་བཅུར་ཁྱབ། །སྲིན་བུ་བུང་བ་གནས་གྱུར་མཁའ་ལ་འཕྱོ། །ཡིད་བཞིན་ནོར་བུ་རྟོག་མེད་དགོས་འདོད་འབྱུང་། །རང་གི་གྲིབ་མ་མཐོང་བས་བྲོས་པ་དང་། །རི་དྭགས་སྨིག་རྒྱུ་རྙོག་པ་ནོར་བ་སྟེ། །དགྲ་ལ་ཟིན་དུ་མཐོང་ན་ངེས་པར་གསོད། །འཁྱག་པའི་རང་བཞིན་ཆུ་རུ་ཤེས་པར་བྱོས། །ཉི་ཟླའི་ངོས་ལ་འཆར་ནུབ་གསལ་འགྲིབ་མེད། །རིན་ཆེན་བྱི་དོར་བྱས་ན་དགོས་འདོད་འབྱུང་། །ཨེ་མ་ཧོ། དེ་ལྟར་བསྟན་པའི་དོན་དེ་ཐམས་ཅད་ཀྱང་། །རང་བཞིན་ལས་དང་འབྲས་བུ་གསུམ་དུ་གནས། །གཞི་ལ་ཆོས་སྐུ་ལྷུན་གྱིས་གྲུབ་པས་ན། །དེ་ཕྱིར་སྐུ་གསུམ་ལྷུན་གྱིས་གྲུབ་པར་གནས། །རང་བཞིན་སྟོང་པ་རྣམ་པར་ཐར་པའི་སྒོ། །ལམ་ནི་མཚན་མེད་རྣམ་པར་ཐར་པའི་སྒོ། །འབྲས་བུ་སྨོན་མེད་རྣམ་པར་ཐར་པའི་སྒོ། །སྒོ་གསུམ་ཕྱེ་བས་སྐུ་གསུམ་ཞལ་མཐོང་འགྱུར། །འོན་ཀྱང་ཐམས་ཅད་རྫུན་པའི་རང་བཞིན་ལ། །དོན་ལ་ཆེད་དུ་བྱ་བ་ཅི་ཡང་མེད། །ཤིན་ཏུ་གསང་བ་རྡོ་རྗེའི་ཚིག་འདི་དག །ཁྱོད་ཀྱི་ཡེ་ཤེས་རིག་པས་རྟོགས་པར་གྱིས། །དཔལ་ཤ་བ་རི་དབང་ཕྱུག་དང་། མཁའ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་དང་། པདྨའི་སྤྱན་གྱི་ཞལ་སྔ་ནས་སྙིང་པོའི་དོན་མགུར་དུ་བཞེངས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ། བརྡ་རྒྱུད་གསང་བའི་སྒྲོན་མེ་རྫོགས་སོ།། །།

ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ། བཅོམ་ལྡན་འདས་མ་བདག་མེད་མས།

༄༅། །ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ།

རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་རཏྣ་གཱི་ཏ་ཙཀྲ་ནཱ་མ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ། །གསེར་ལ་ར་མེད་ཀ་འཇིའི་རྡོ་ལ་རྟོགས་པར་འགྱུར། །འདྲ་མིན་རྣམས་ནི་ཚོང་འདུས་དག་ཏུ་རྒྱུག་པར་འགྱུར། །གསེར་ཟོལ་སྐོར་ཞིང་འཁོར་ནས་གནས་པོའི་ལག་ཏུ་འབབ་པ་ཡིན། །ཕྲ་མན་མ་ནི་མ་བསྟེན་འགྱུར་ཏེ་རྟེན་འབྲེལ་ཐམས་ཅད་སུ་ཡིས་བསྒྲིགས། །དེད་དཔོན་མཁས་པ་གྲོང་དང་གླིང་ཕྲན་ཚོང་སྤངས་རིན་ཆེན་གླིང་ནས་ནོར་བུ་ལེན། །ཕྱི་བདར་བྱས་ཚེ་རྒྱལ་མཚན་རྩེ་ལ་མཆོད་པས་དགོས་འདོད་འབྱུང་། །རིན་ཆེན་གསུམ་ངོ་ཤེས་པའི་དེད་དཔོན་འཛམ་བུའི་གླིང་ན་དཀོན། །སང་ལ་ཞལ་ལྕེ་བཅོལ་བས་ཆེ་ཆུང་མེད་པར་གཅོད་དེ་རྩོད་དང་བྲལ། །མགྲོན་པོ་ལམ་ཞུགས་བར་གྱི་གྲོང་དང་གྲོང་ཁྱེར་རི་སུལ་བགྲོད་ནས་དོན་འགྲུབ་པ། །གྱི་ལིང་རྟ་ཕོ་མགྱོགས་ཀྱང་ལྕག་གིས་བྲབས་ན་དེ་བས་མགྱོགས་པར་འགྱུར། །ལྟས་ངན་ཆེན་པོ་བྱེད་པའི་མི་དེ་སུ་ཡི་རིགས་རྒྱུད་ཡིན། །དམིགས་མེད་ཚོགས་བསགས་བྱེད་པ་རྒྱ་མཚོ་ཆེན་པོ་མཁས། །བྱ་ཡི་ཚོགས་ལ་མདའ་འཕངས་གང་ལ་ཕོག་པ་དེ་དག་འགུམ། །རི་མཚོ་ཙནྡན་གསུམ་གྱིས་བྱ་གླང་སྦྲུལ་གསུམ་སྐྱབས་འོག་བཅུག་པ་ཤེས་ལགས་སམ། །རས་ཡུག་དཀར་པོ་ཚུར་ནས་བཏོན་ནས་ཚོས་མའི་ལག་ཏུ་བཏང་བས་གང་འདོད་འབྱུང་། །མཛུབ་བསྒྲེང་སྲིན་མཐེབ་ནང་དུ་མཛུབ་མོ་བཅུག་ཅིང་མཁའ་ལ་བསྒྲེང་བའི་དོན་ལྡན་བརྡར་ཤེས་བར་ཆད་མེད། །བུང་བ་ཁྲི་སྙན་ཕྱི་བ་གསུམ་གྱིས་ཤེས་རབ་གསུམ་གྱི་སྦྱོར་བ་ངོ་མཚར་ཆེ། །འདུ་བ་གསོ་བྱེད་སྨན་པའི་རྒྱལ་པོ་མཉེས་པ་ཡིས། །རིན་ཆེན་བདུན་སྦྱོར་སྤྱི་བོ་གཙུག་བཤལ་བཏང་ནས་ནི། །ཤ་རུས་ཁྲག་སོགས་སྨིན་ཅིང་ལུས་ཀྱི་འབྱུང་བ་རྟས་པར་བྱེད། །ཚངས་པ་ཆེན་པོའི་གསུང་དབྱངས་ཁྱོད་ཀྱིས་མཉན་པར་གྱིས། །སེང་གེའི་འོ་མ་བཙུན་མོས་བཞོས་པའི་བཅུད་མཆོག་ངོ་མཚར་ཅན། །འདི་ནི་གང་གིས་འཐུང་དང་ལྕེ་ལ་རེག་པ་ཙམ་གྱིས་ནི། །རྩ་གྲོལ་རླུང་ཟིན་ཐིག་ལེ་དྲོས་པའི་ནུས་མཐུ་འབྱུང་། །ཨུ་མ་དེ་བ་ལེན་པའི་གླུ་དེ་མཆོག་ཏུ་སྙན་པ་ཡིན་པས་གསོན། །སྣང་བ་ཐིབ་ནས་དབེན་པའི་ས་ཕྱོགས་དེར་ནི་རང་གི་གནས་བཙལ་ལ། །རྒྱན་གྱིས་སྤྲས་ཤིང་མཛེས་ལྡན་བདག་མེད་ཡུམ་གྱི་ཞབས་ལ་འདུད། །གཏན་གྱི་བདེ་བ་བླངས་པ་ནམ་མཁའ་རྡོ་རྗེ་གྲོང་དུ་གཞུག །སྲིད་པའི་རྒྱལ་མོས་ལེན་པའི་གླུ་ལ་ཡིད་གཏད་བྱ་བར་རིགས། །རང་བྱུང་ཤེལ་གྱི་མཆོད་རྟེན་སྐྱོན་བྲལ་ཡེ་ནས་དག་པ་ལ། །སྣང་སྲིད་གསལ་བྱེད་འཕྲུལ་གྱི་མེ་ལོང་ཕྱིས་ཏེ་བལྟ་བར་བྱ། །མོ་གཤམ་བུ་ཡིས་བདེན་པ་མཐོང་བའི་དོན་དེ་གང་ཡིན་ཁྱོད་ཀྱིས་སྨྲོས། །ཁྱབ་འཇུག་ཆེན་པོ་རང་གིས་བླངས་པའི་གླུ་ལ་ཡིད་བརྟན་བྱེད། །ཁྲུས་ཁང་དག་ན་དྲི་མས་དྲི་མ་མ་ལུས་དག་པར་བྱེད། །མེད་བཞིན་སྣང་བ་མཁའ་ལ་བྲིས་པའི་འཇའ་ལྟར་གཟུགས་སྐུ་རྣམ་གཉིས་གང་ཞིག་ཡིན། །སྦྲང་རྒོད་ཟོས་པའི་རྩ་ལ་བྱིན་རླབས་རྒྱས་པར་བྱེད། །སྐྱུག་ནད་ཅན་དང་རྨ་དཀྲིས་གཉིས་ལ་ཆགས་པའི་ཞེན་པ་ཅང་གདའམ། །དྲི་དང་སྒོག་པ་དབྱེར་མ་བྱེད་པར་སྣང་བ་གཟུགས་བརྙན་འདི་འདྲ་རྟོགས་ལགས་སམ། །ཆུ་ཟླ་བཞིན་དུ་སྣང་ལ་རང་བཞིན་མེད་པ་མིག་གི་རྣམ་ཤེས་ཉམས་སུ་མྱོང་བས་གཟིགས། །འབྱུང་བ་འཁྲུགས་པའི་ནད་ལ་སྨན་པ་རྣམས་ཀྱིས་དྲོད་ཚད་འཛིན། །བཤལ་རྗེས་མི་སྲུང་རྟག་ཏུ་བསྲུང་བ་མ་ལགས་སམ། །གནམ་ལྕགས་ས་ལ་བབ་ན་གང་ལ་བབས་པའི་ཡུལ་དེ་འཇིག་པར་བྱེད། །མཁའ་ལ་འབྲུག་གི་སྒྲ་བསྒྲགས་དབྱར་དགུན་ཤན་འདང་དེ་ཡིས་ཕྱེད་པར་འགྱུར། །སྤྲུལ་པའི་དགེ་སློང་མཁས་པ་འགྲོ་འཆག་ཉལ་དུ་སྟོན་ཀྱང་སྐྱོ་དུབ་མེད། །གསེར་གྱི་རི་ལ་བརྟེན་པའི་བྱ་ཡང་དེ་ཡི་མདོག་ཏུ་འགྱུར། །སྣང་ཡང་དེ་བཞིན་སྤྱོད་པའི་སྒྱུ་མ་མཁན་དང་རྟག་ཏུ་འགྲོགས། །ཞིང་པའི་ལོ་ཏོག་རྟེན་འབྲེལ་རབ་ཏུ་འཛོམ་པའི་འབྲས་བུ་སྟོན་རྣམས་སྡུད། །མཆོད་སྡོང་ཉི་ཟླ་ནོར་བུས་རྟོག་པ་མེད་བཞིན་འགྲོ་བའི་དོན་ལ་བརྩོན། །སོ་བཏང་བུམ་པར་ཆུ་བསྐྱེད་མི་འཆག་སྣོད་ཀྱི་བྱ་བ་བྱེད། །ཀ་ལ་པིངྐའི་སྒྲ་བཞིན་ཚངས་པའི་གསུང་གིས་བག་ཆགས་སྒྲིབ་པ་འདག །རླུང་གི་རྟ་ལ་དྲན་པའི་སྲབ་ཀྱིས་མཁའ་ལ་བཏགས་ལ་དབུ་མའི་ཁྱིམ་དུ་གཞུག །ལོ་ཟླ་འདས་པའི་མ་བུ་འཕྲད་བཞིན་ངེས་པའི་ཤེས་པ་སྐྱེ། །ཉ་དང་ཆུ་ལས་འབྱུང་བ་གོས་སུ་གྱོན་པས་ཞེན་པ་ཅང་གདའ་འམ། །མེ་ལོང་ཤེལ་བཞིན་ཁོང་རས་གསལ་སྟོང་བྱས་པ་མེད་པ་ལྟ་བ་མཆོག །དྭངས་མའི་ཆུ་ལ་བཞིན་གྱི་དཀྱིལ་འཁོར་གསལ་དྭངས་ཕྱེད་པར་སྣང་། །མགྲོན་པོ་ལམ་ཞུགས་ཉེ་རིང་མེད་པར་ཕྱིན་ནས་འདོད་པའི་མི་དང་འཕྲད། །རྒྱལ་པོའི་ཁྲིམས་ལ་འབངས་ཀྱིས་དམ་ཚིག་གཅེས་པར་བསྲུངས་པ་ལེགས། །རྨ་བྱའི་ཟས་སུ་བཙན་དུག་ཟོས་པས་སྟོབས་སུ་འགྱུར་བ་ངོ་མཚར་ཆེ། །རིན་ཆེན་གསེར་དེ་ས་ལ་གནས་ཀྱང་འོད་ཟེར་མཁའ་ལ་འཆར། །བག་མ་བུང་བ་སེང་གེ་སྨྱོན་པ་བཞི་པོ་སྤྱོད་པ་འཛོལ། །རླུང་དང་ཡི་གེ་རྣམ་ཤེས་གསུམ་པོ་འགྲོགས་ལ་ཚངས་པའི་མཐོང་ལམ་སྙོགས། །ས་འགུས་མཆོད་སྡོང་བཙུགས་པའི་ས་དེར་ཀླུ་ཡི་འཇིགས་པ་མི་བདོག་གོ། རིན་པོ་ཆེ་ལ་རྟོག་པ་མེད་ཀྱང་གསོལ་བ་བཏབ་ན་དགོས་འདོད་འབྱུང་། །མཁའ་ལ་སྤྲིན་ཚོགས་འདུས་ནས་ཆར་གྱིས་འགྲོ་དོན་མཛད། །རྒྱལ་བུ་རྒྱལ་སར་བཞག་ནས་འབངས་རྣམས་ཀུན་གྱིས་འཁུར་བར་བྱེད། །མཁའ་ལ་ཉི་མ་ཤར་བའི་མུན་པའི་ཚོགས་ལ་བསྡད་དབང་མེད་མོད་ཀྱི། །ཉི་ཟླ་ངོས་གཟུང་ཆུ་བོ་གྱེན་ལ་ཟློག་པ་གྲངས་པས་གངས་དཀར་རྩ་ནས་ཞུ་བ་ངོ་མཚར་ཆེ། །མ་ག་དྷ་རུ་རྡོ་རྗེའི་གདན་དུ་བསྡད་པའི་རྒྱལ་བ་སྤྲུལ་པའི་སྐུ་དེ་སུ་ཡིན་ལོ། །དྲང་སྲོང་རྣམས་ནི་ཁམ་གྱི་ཟས་ལ་མ་བརྟེན་བསམ་གཏན་ཐུན་གྱིས་འཚོ། །རྡོ་རྗེ་གདན་ལ་དབང་པོ་བསྟན་པས་ནམ་མཁའི་བསྒྲུབ་བྱ་མེད་པར་རྟོགས། །མྱོང་ཞིང་སྨྲ་མ་ནུས་པའི་བཅུ་དྲུག་ལོན་པའི་བདེ་བ་སུ་ལ་བསླངས། །མཁའ་ལ་ཤར་བའི་རྒྱུ་སྐར་རྣམས་ཀྱིས་ནམ་ཟླ་དུས་བཞིའི་དོང་ཚད་འཛིན། །བཞིན་གྱི་དྲི་མ་སེལ་བའི་མེ་ལོང་འདི་ལ་སྒེག་མོས་གཅེས་པར་འཛིན། །རྒྱལ་པོའི་ཁང་བཟང་དག་ན་བཙུན་མོ་འདོད་ཡོན་རྟག་ཏུ་སྤྱོད་ཀྱང་དེ་ལ་ཞེན་པ་མེད། །གང་གིས་འཇོམས་པར་མི་ནུས་ཕ་ལམ་རྫས་ཀྱི་རྡོ་རྗེ་ཡིན། །དྲང་སྲོང་རྣམས་ཀྱིས་ཚེ་ཡི་རིག་འཛིན་གྲུབ་པ་གང་གི་སྟོབས་ལས་བྱུང་། །བཙོག་པའི་ཆོལ་ཟངས་སྙིང་པོ་བོར་ནས་རིན་ཆེན་སྣོད་མཛེས་ཚོལ་བ་ཐབས་ལ་མཁས། །རྡོ་ཡི་སྐྱེས་བུ་སྲིན་མོའི་གླིང་ལ་ཉམ་ང་མེད་དེ་གང་གིས་རྟོགས། །ནམ་མཁའི་མཛོད་ལ་ལོངས་སྤྱོད་ནུས་ན་དབུལ་བའི་སྡུག་བསྔལ་བྲལ། །དམྱལ་བ་ལ་སོགས་རིགས་དྲུག་དག་ལ་བདེ་གཤེགས་སྐུ་གདུང་འབྲུལ། །དུག་ལ་སྔགས་ཀྱིས་ཐེབས་པས་འདུ་བའི་ནད་རྣམས་ཐམས་ཅད་འཇོམས། །མཁའ་ལ་ཉི་མ་ཤར་བ་སྐར་མ་ལ་སོགས་སྣང་གཞན་ཟིལ་གྱིས་མནན་པས་ནམ་མཁའི་དཀྱིལ་ལྟར་མཐོང་། །ཀ་ར་ཎ་བཅིང་ཆུ་ཡི་འགྲོ་འོང་ཆད་ནས་གཞོན་ནུ་མེ་ལོང་བལྟ་ཞིང་ནམ་མཁའི་དཀྱིལ་ན་འདུག། རབ་རིབ་མིག་སེར་སོལ་བ་དུང་ལ་སེར་པོར་མཐོང་བའི་འཁྲུལ་བ་དུས་དེར་ཞིག །གཤེད་མས་ཁྲིད་པའི་མི་དེ་ཐར་ནས་དཔའ་མཛངས་དེ་ཡི་ལག་ཏུ་ཅང་འགྲོའམ། །ནམ་མཁའ་དག་པའི་འཁོར་བ་མྱ་ངན་འདས་པའི་གཟུགས་སུ་བྲིས་པ་གང་ན་མེད། །ནམ་ཞིག་མུ་གེའི་དུས་སུ་བུ་ཤ་ཟོས་ཀྱང་དེ་ལ་ཆགས་པ་ཅང་སྐྱེའམ། །བླ་མའི་དུག་ཐབས་བསྟེན་པས་ཡིན་མིན་རྟེན་འབྲེལ་ཐམས་ཅད་རྟོགས། །རྡོ་ཡི་མི་ལ་སྡོམ་པ་དམ་ཚིག་ཕོག་ཀྱང་བསྲུང་དང་ཉམས་པའི་རིག་བྱེད་མེད། །རྟོག་བྲལ་རོ་དེ་གང་ལ་མི་འཇིགས་ནུས་མཐུ་སུ་ཡིས་བྱིན་པ་ཡིན། །དྭངས་པའི་མཁའ་ལ་གཟའ་དང་རྒྱུ་སྐར་འབྱུང་བ་ཤེས་པའི་དྲང་སྲོང་མཁས་པ་ཡིན། །རི་དྭགས་དྲང་སྲོང་ལྟ་བུ་གཅིག་པུར་འདུག་པའི་མི་དེས་བདེན་པ་མྱུར་དུ་ཐོབ། །འབྱུང་བ་གྱེས་པས་དངུལ་ཆུ་མཁའ་ལ་འཕུར་བར་གང་ནས་འོངས། །རྙོག་མའི་དྲི་མ་ཅན་གྱི་ཆུ་ལ་ནོར་བུ་བཅུག་པའི་སྟོབས་ཀྱིས་དྭངས་པར་འགྱུར། །བདེ་གཤེགས་བེམ་པོ་ལྟར་སྣང་སྨན་དང་སྨན་ཆུ་སྟེགས་དང་ཟམ་པ་དེ་མཆོད་ཀྱིས། །རྟོག་མེད་འབྱུང་བས་འགྲོ་དྲུག་འདོད་པ་དུས་སུ་སྐོང་བ་ངོ་མཚར་ཆེ། །རིན་ཆེན་གླིང་དུ་ཕྱིན་ནས་ས་རྡོ་བཙལ་མེད་ཇི་སྙེད་ཐམས་ཅད་རིན་པོ་ཆེ། །མཁའ་ལ་སྤྲིན་གྱིས་འཁྲིགས་ན་ཉི་མའི་འོད་ཟེར་སྣང་བ་མིན། །གང་རྡུགས་ལམ་དེ་བསལ་ན་ཆུ་དེ་འདོད་པའི་གནས་སུ་འགྲོ། །ཁ་བྲག་ལམ་ན་འདུག་པའི་མི་དེ་གྲོགས་ཀྱི་རྐྱེན་གྱིས་གར་འགྲོའི་ཆ་ཡང་མེད། །ནོར་བུ་རིན་ཆེན་ལེན་པའི་ཚོང་པ་བསྒུགས་ལ་དེ་དང་སྦྲུག །རྡོ་ཡི་མི་ལ་རྨི་ལམ་ཅི་ཞིག་དྲིས་ཀྱང་ལན་དེ་འོང་ངེས་མེད། །ན་ཚ་སྡུག་བསྔལ་ཆེ་དུས་རྩ་བ་དེ་རང་ཡིན་ཏེ་ཐབས་གཞན་མེད། །སྣང་བའི་གཟུགས་རྣམས་སྡིགས་སུ་བྱུང་ཡང་དེ་ཉིད་སྙིང་རྗེའི་ཡུལ་དེ་ལོགས་ན་མེད། །གཤོག་གཉིས་རྒྱས་པའི་རྩལ་དེས་ནམ་མཁའ་གར་བྱས་རྐྱེན་གཉིས་དབང་དུ་བསྡུས། །གངས་དཀར་རྩེ་ལ་ཉམ་ང་མེད་པའི་སེང་གེ་རྩལ་གསུམ་རྫོགས། །སྒོ་གཉིས་ཁྱིམ་སྤངས་བསམ་གཏན་ཐུན་གྱི་ཟས་བསྟེན་ནམ་མཁའ་མཛོད་དུ་བྱས། །ལྕེ་དང་མཐེབ་མོ་གཉིས་ཀ་དྲག་ལ་སེང་གེ་བུ་དང་སྦྲག །ནམ་ཞིག་འབྲུག་ལ་ཞོན་ནས་འཇིག་རྟེན་གསལ་བར་བྱེད། །ལན་ཚྭའི་རྒྱ་མཚོར་ཆུ་རྣམས་རོ་གཅིག་ཐ་དད་མེད། །རྒྱ་མཚོ་དྭངས་པའི་ནང་ན་གཟའ་སྐར་གཟུགས་བརྙན་སྣང་བ་སུ་ཡིས་བཞག །བྱང་བལྟའི་ཕུག་པས་ཉི་མ་མ་མཐོང་གང་གིས་ལན། །དགོས་འདོད་འབྱུང་བའི་ནོར་བུའི་ནུས་པ་སུ་ལ་བླངས་ཞེས་གསུངས་སོ། །མཆོག་གི་བརྒྱུད་པ་ལས་བྱུང་བ་ཟབ་མོའི་དོན་ནོ། །བཅོམ་ལྡན་འདས་བདག་མེད་མའི་བརྡ་རིན་པོ་ཆེ་དབང་གི་འཁོར་ལོ་གསལ་བ་ཞེས་བྱ་བ་དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་གསུངས་པ་རྫོགས་སོ།། །།

ཁྱད་པར་ཀྱེ་ཆོས་བརྡ་བྲུལ་ཚོ་བདུན་པ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་གསུངས་པ།

༄༅། །ཁྱད་པར་ཀྱེ་ཆོས་བརྡ་བྲུལ་ཚོ་བདུན་པ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་གསུངས་པ་བཞུགས།

རྒྱ་གར་སྐད་དུ། ཌཱ་ཀི་ནི་བཛྲ་གྷི་ཡ་དྷི་ཏ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་བདག་མེད་མ་ལ་ཕྱག་འཚལ་ལོ། །ཨུ་དུམ་ཝ་ར་ཨུཏྤལ་རྒྱུན་དུ་འཁྲུངས་བ་དཀོན། །གཡུལ་ངོ་མི་ལྡོག་གྱད་ཀྱི་དགོས་པ་སྟོར། །ནོར་བུའི་གླིང་ནས་སྟོང་ལྡབ་བྱེད་ནུས་སམ། །འཁོར་ལོའི་རྩིབས་ལ་ཞོན་པའི་སྐྱེས་བུ་བྲེལ། །ཆུ་བོ་ཆེན་པོའི་རྒྱུན་འདི་གཅད་མི་ནུས། །ལྕགས་ཀྱི་ཕ་བོང་གྱེན་ལ་འདྲིལ་བར་དཀའ། །ཉི་ཟླའི་འཁོར་ལོ་རླུང་གིས་བཟློག་མི་ནུས། །མིག་སེར་ནད་ཀྱིས་བཏབ་ན་དུང་ཡང་སེར། །བྱང་ལྟའི་ཕུག་པར་ཉི་ཟླའི་འོད་མི་འཆར། །སྐྱེས་བུ་རང་སྲོག་དོར་བའི་དཔའ་བོ་བླུན། །དུག་འདི་སྲོག་གི་བདུད་ཡིན་མངར་ཡང་དོར། །རྦ་ལ་འབྱོལ་པའི་སྙན་པ་བྱ་བཏང་བསྐྱེད། །ནད་ལ་ཕན་པའི་སྨན་ནི་ཁ་ཡང་བཟའ། །སྤུན་ཏ་རཱི་ཀའི་ས་བོན་མ་མཐོང་ངམ། །ལྷ་སྲས་བཟོད་པ་ཆེ་ན་ཀུན་གྱིས་ཁུར། །ཚོང་དུས་མགྲོན་པོ་འབྲེལ་མེད་འཚོགས་ཀྱིན་གྱེས། །སྦྲང་མ་རྩི་བཅུད་མང་ན་སྡུག་བསྔལ་སྐྱེད། །ངལ་སར་མཁར་ལེན་བྱེད་པའི་སྐྱེ་བུ་བླུན། །སྒྱུ་མའི་ཡུལ་ལ་མཁན་པོ་ཆགས་མི་སྐྱེ། །བྲག་ཆའི་སྒྲ་འདི་བསྟོད་སྨད་སྨྲ་མི་བྱེད། །རྨི་ལམ་བདེ་སྡུག་འདི་ནི་སད་པས་སྟོངས། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་བྲུལ་ཚོ་དང་པོའོ། །

ཨ་མ་མཐོང་བའི་བུ་ཆུང་གཞན་ལ་ཡིད་མི་འཆོར། །སྐྱེས་བུ་སྐོམ་གྱིས་གདུངས་པ་ཁ་ཟས་གཞན་མི་འདོད། །མཁའ་ལ་འབྲུག་སྒྲ་གྲགས་པས་དུས་ཀྱི་ཡིད་ཆེས་བྱས། །ཁྱིམ་བདག་ཁེ་མཐོང་ལས་ལ་ངལ་བ་མེད། །ནད་ཀྱིས་ཉེན་པའི་མི་ནི་དཔྱད་ལ་དགའ། །དེད་དཔོན་ནོར་བུ་འདོད་ཕྱིར་རྩོལ་བ་བྱེད། །ཉེ་ཞོ་མེད་པའི་ཚང་འཚོལ་ཁུག་རྟ་སྒྲིན། །དྲང་སྲོང་རིག་ལྡན་ཡ་ངའི་ཁ་ཟས་སྤོང་། །དོར་སྡེབས་མཐུན་པའི་གླང་པོ་རོལ་དུ་བདེ། །དགེ་སློང་གཞོན་ནུའི་བསམ་པ་དྲན་གྱིས་ལ། །ཏིལ་ངར་ལྡན་པའི་དྲི་ཐོགས་ཀུན་ཏུ་རྒྱུག །མར་མེའི་འོད་ལ་རྩ་ཐབས་ལེགས་སུ་གྱིས། །རྒྱལ་སར་སྟོན་པའི་རྒྱལ་བུ་འདི་ལ་ལྟོས། །བུང་བས་རྩི་བཅུད་མ་ལུས་རོ་གཅིག་སྡུད། །གྱད་ནི་དཔུང་བཞིར་བཅས་ཏེ་དགྲ་དཔུང་འཇོམས། །རྒོལ་ལ་མི་ལྡོགས་སྟོབས་ལྡན་ཅི་ཡི་ཕྱིར། །གསང་ཚིག་མི་བསྒྲུབ་བློན་པོ་གྲོས་མི་དབང་། །བཀའ་བཞིན་མི་བསྒྲུབ་རྒྱལ་པོའི་གཤེད་མས་སྤོང་། །སྲོག་རྒོལ་དགྲ་ལ་བཟོད་པར་མི་རུང་བསྲེ། །རིག་བྱེད་མཁན་གྱི་རྒྱུད་ནི་ཤིང་ཡང་སློབ། །ཁྲིམས་ལ་གནས་པའི་རྒྱལ་པོ་སེམས་རྒྱ་སྐྱེད། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་བྲུལ་ཚོ་གཉིས་པའོ། །

ཡིད་བཞིན་ནོར་བུ་ཁུར་དུ་ཁུར་ནས་ཀྱང་། །སྟོབས་དང་ལྡན་པའི་གླང་པོ་ཞོན་བྱས་ཏེ། །བདུད་རྩི་གངས་ཀྱི་ཞུན་མ་བཏུང་བར་བྱ། །ཆུ་བོ་སྒྲོལ་བའི་གྲུ་ལ་ཟག་ལྷན་གདབ། །སྒོ་ང་མདངས་དང་ལྡན་པའི་གཟུགས་བརྙན་ལྟོས། །སྲོག་དང་བྲལ་བའི་སྐྱེས་བུ་དེ་ཅི་སེམས། །མཁན་བཟོས་མ་བྱས་བསེ་རུའི་གཟུགས་ལ་བལྟ། །བཙོ་བསྲེག་མ་བྱས་ས་བོན་མྱུ་གུའི་རྒྱུ། །བྲམ་ཟེ་སྐུད་པ་འཁལ་བའི་དྲུང་དུ་སྡོད། །ན་བུན་འཐིབས་སོ་འདི་ནི་རླུང་གིས་གཏོར། །གླང་ཆེན་སྨྱོན་པ་འདི་ནི་ལྕགས་སུ་གཞུག །བུང་བས་མེ་ཏོག་རྩི་ཐོབ་ཕྱིར་མི་བལྟ། །མཁའ་ལ་འཇའ་ཚོན་སྐྱོན་བྲལ་རང་སར་ཡལ། །འགྲུལ་པོས་ཆུ་སྒྲོལ་གྲུ་ཡི་གཅེས་འཛིན་ཞིག །མཐོང་བྱེད་མིག་དང་བྲལ་བས་ཡུལ་རྣམས་འགགས། །རྒྱལ་པོའི་དཀའ་ལ་བརྙས་ན་ཆད་པའི་གནས། །མཐོན་པོའི་རྩེ་ནི་ལྟུང་བའི་གནས་ཡིན་གཟོབས། །འདབ་གཤོག་ཡ་འགལ་གྱིས་ནི་འཕུར་མི་ནུས། །ནམ་མཁའི་ཆོ་འཕྲུལ་སྐྱེ་འགྲོའི་དཔལ་དུ་ཤར། །མཁའ་ལ་ཆར་རྒྱུན་བབས་པས་རྩི་ཐོག་འཁྲུངས། །དེད་དཔོན་རྒན་པོའི་གླིང་དོན་གཞན་གྱི་ཆེད། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་བྲུལ་ཚོ་གསུམ་པའོ། །

དིག་མས་ཚིག་ཏུ་སྨྲས་པ་མེད། །ཆུ་ཤེལ་ཟླ་བ་སུ་ཡིས་བྱས། །ནམ་མཁའི་ཆོ་འཕྲུལ་སྣ་ཚོགས་ངོ་མཚར་ཆེ། །ནམ་མཁའི་དབྱིབས་དང་ཁ་དོག་སུ་ཡིས་མཐོང་། །བར་སྣང་དྭངས་བའི་ནུས་པ་གང་གིས་མཐུ། །ན་བུན་འདི་ལ་ངོས་བཟུང་འདུག་གམ་ཅི། །རྣ་དབང་སྒྲ་ལ་ཟིན་པའི་རི་དྭགས་བླུན། །དབང་པོ་ཡུལ་གྱིས་ནོན་པའི་རི་དྭགས་ལྟོས། །སྙེན་པོ་འཕྲིག་དང་ལྡན་པའི་ཤ་ལ་ལྟོས། །ཆུ་ཡི་ཟླ་བ་མ་བསྒུལ་བཞག་ན་དྲུངས། །ཏིལ་གྱི་མར་མེ་གསལ་མདངས་མངར་དང་ལྡན། །རྨི་ལམ་བདེ་བའི་ཉམས་ནི་སད་པས་སྟོངས། །རྒྱལ་པོ་ས་སྲུང་རལ་གྲིས་རྒོལ་བ་འཇོམས། །ཁྲོ་བོའི་གཟུགས་བརྙན་འདི་ཡིས་བྱིས་པ་སྡིགས། །གནམ་ལྕགས་ཐོག་གི་ཤུགས་ལ་སྲ་སྙི་མེད། །ཆུ་ཡི་ཟླ་བ་འདི་ལ་ཡིད་མི་གཏད། །འཇའ་ཚོན་ངོ་བོས་སྟོང་པས་སྤང་བླང་མེད། །ན་བུན་མཁའ་ལ་ཡལ་བའི་བྱུང་ས་ལྟོས། །དངོས་མེད་མུན་པས་ཁྱབ་པའི་ནམ་མཁའ་ལས། །སྣ་ཚོགས་མདངས་དང་ལྡན་པའི་ལྷོ་སྤྲིན་འཐིབས། །ཆར་རྒྱུན་དུ་མས་འགྲོ་བའི་ལོ་ཏོག་རྒྱས། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་བྲུལ་ཚོ་བཞི་པའོ། །

མྱུ་གུ་མགོ་རྩ་གཉིས་སུ་གྱེས་ཀྱང་གཅིག་གིས་སྟོབས། །ཆུ་ནང་ཟླ་བ་ཆ་མེད་ནམ་མཁའི་ཆོ་འཕྲུལ་ཡིན། །ག་པུར་ནུས་པ་འདི་ཡིས་སྨན་དུག་བྱས་པ་མེད། །ཆབ་རོམ་སྣང་ཡང་ཆུ་ལས་གུད་ན་མེད། །ན་བུན་འདི་ཡི་རང་བཞིན་ཆ་མེད་བཟུང་བས་སྟོངས། །མེ་ལོང་ནང་ན་གཟུགས་མེད་རྐྱེན་ཤར་སྣང་བ་ཙམ། །མོ་གཤམ་བུ་ཡི་ཕ་མ་ཁྱོད་ཀྱིས་མཐོང་ངམ་ཅི། །སྐད་ཅིག་འདི་ལ་དུས་གསུམ་ཁོང་ནས་དག་པ་ཡིན། །ལི་ཙྪ་བཱི་ཡིས་སྨྲས་པ་ཁྱོད་ཀྱིས་ཇི་ལྟར་གོ །ཨ་ལུ་ངོ་ཤེས་བྱིས་པ་དེ་དུས་བྲིད་དུ་མེད། །འ་ཙི་བ་ལའི་ཚང་རྟོགས་ནས་ནི་འཇིགས་མི་དགོས། །ནོར་བུ་ལག་ཏུ་ལོན་པའི་དེད་དཔོན་དབུལ་དང་བྲལ། །ཤེལ་གྱི་རང་བཞིན་མི་འགྱུར་ཚོན་གྱིས་བཅོས་སུ་མེད། །ནམ་མཁའ་མ་གྲུབ་ཕྱིར་ན་སྤྲིན་གྱིས་གང་ལ་སྒྲིབ། །གསེར་ལ་གཟུགས་བརྙན་དུ་མ་བྱས་ཀྱང་གསེར་ཉིད་ཡིན། །གྲིབ་མ་གཟུགས་ལས་བྱུང་བར་ཤེས་པས་སྤང་བླང་མེད། །དྲང་སྲོང་རྣམས་ཀྱི་རིག་པས་སྨན་དུག་དབྱེར་མ་ཕྱེད། །དབུལ་མོ་གཏེར་དང་འཕྲད་ཚེ་བཅོལ་བའི་ལས་མི་བྱེད། །ནམ་མཁས་ནམ་མཁའ་བསྟན་པས་ནམ་མཁའ་ཕྱི་ནང་འདྲེས། །སྤང་བླང་མེད་པའི་ནམ་མཁའ་ལ་ནི་འབྱུང་བཞི་ཤར། །འབྱུང་བཞིའི་རྩལ་དུ་འགྲོ་བ་སེམས་ཅན་གསོ་བསྐྱེད་བྱས། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་ལ་བཟླ་བའི་བྲུལ་ཚོ་སྟེ་ལྔ་པའོ། །

ཞིང་པ་བརྩོན་འགྲུས་ལྡན་པ་ལ། །ལུས་ངག་ལས་ལ་དུབ་པ་མེད། །མཚན་དཔེས་རྒྱན་པ་འཁོར་ལོའི་སྒྱུར། །གདན་སར་གདོན་པའི་བྱ་བ་གཅེས། །ལྷ་ཡི་བུ་མོ་ཡིད་འོང་མ། །སྒྱུ་མ་ཙམ་དུ་རྩེ་བར་བྱ། །མདུང་རྩེ་ལྔ་ལ་ངར་བླུད་དེ། །ནམ་མཁའི་འོ་མ་དབུག་པར་བྱ། །ཐེམ་སྐས་སྡང་བུ་བཞི་ལ་དབབ། །གཞོན་དུས་བྱིས་པ་ཟས་ཀྱིས་སྐོལ། །གངས་ཀྱི་ཐིགས་པ་མི་སྦོ་བར། །དཔྱང་ཐག་འདྲེན་པའི་ཐག་པ་བཟུང་། །རླུང་གིས་མཁའ་ལ་སྤར་ནས་ཀྱང་། །ཆུ་བྲན་ཡུར་བ་གཟུད་པར་བྱ། །ཆབ་རོམ་སྨིན་པ་རྡོ་ཡི་མི། །སྐྱེ་དང་འཆི་བས་བསླུ་མི་ནུས། །དེས་ནི་མཆོག་གི་ནོར་བུ་སྟེར། །རྨ་བྱའི་ཟས་ནི་བཙན་དུག་ཉིད། །མེ་ཡིས་ཚིག་ལ་མེ་ཉིད་སྨན། །འདོད་ཅན་རྣམས་ཀྱི་དོན་དུ་ནི། །ཐབས་ཀྱི་ཁྱད་པར་གཞན་ལས་འཕགས། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་རྩ་ཡི་དེ་ཉིད་བསྟན་པ་སྟེ་བྲུལ་ཚོ་དྲུག་པའོ། །རྣམ་པར་ཤེས་པ་ནམ་མཁའི་གཟུགས། །སྲིད་དང་ཞི་བའི་བྱེད་པའོ། །སྲིད་པས་ཟུངས་སུ་བཟུང་པས་འཆིང་། །ཞི་བས་དེར་འཛིན་སྤྲོས་དང་བྲལ། །སྲིད་པ་དབུབས་སུ་བཅུག་པ་ཡིས། །ལྷན་ཅིག་སྐྱེས་པ་འཛིན་པར་བྱེད། །རྩ་གསུམ་འཁོར་ལོ་བཞི་རྩེག་གིས། །ལུས་རྣམས་ཀུན་ལ་ཁྱབ་པར་གནས། །འབྱུང་དང་འཇུག་དང་གནས་པ་གསུམ། །ཡི་གེ་གསུམ་གྱི་སྦྱོར་བ་ཡིས། །དགུ་བརྒྱ་བཅུ་གཅིག་གྲངས་ཐེབས་ན། །རྟོག་པ་རླུང་གིས་ཟ་བར་བྱེད། །མེ་ཏོག་ལྔ་པོ་ཤར་བ་ཡིས། །ལས་ཀྱི་རྨང་རྡོ་ལྔ་པོ་བཅོམ། །འོད་གསལ་བ་ཡི་དོན་མཐོང་ནས། །བར་དོའི་གྲོང་ཁྱེར་འཇོམས་པར་བྱེད། །ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས་རླུང་གི་དེ་ཉིད་བཤད་པ་སྟེ་བྲུལ་ཚོ་བདུན་པའོ། །ཕྱག་རྒྱ་ཆེན་པོ་བརྡའི་མན་ངག །མཁའ་འགྲོ་མ་རྡོ་རྗེ་གསང་བའི་མགུར་བྲུལ་ཚོ་བདུན་དུ་བསྟན་པའོ། །མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས་དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་ཀ་མ་ལ་ཤཱི་ལ་ལ་གཏད། ཞ་མ་ལོ་ཙ་བ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་བའོ།། །།

ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོགས་པ་བརྗོད་པ།

༄༅། །ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོགས་པ་བརྗོད་པ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་བདེ་བའི་རོ་ཟན་མས་དབྱིངས་ཀྱི་གཙོ་མོ་རྣམས་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ནས་རྗེས་ལ་རྒུན་ཆང་ཕྲ་མེན་གྱི་སྣོད་བཀང་བ་དྲངས་ཏེ། རྟོགས་པར་བརྗོད་པའི་མགུར་རེ་ཞུས་པས། དང་ལ་མཁའ་འགྲོ་མ་ཉི་ཟླ་གསེར་གྱི་ཐོར་ཅོག་ཅན་གྱིས་རྟོགས་པར་བརྗོད་དེ་མགུར་བཞེངས་པ། ཀྱེ་ཧོ་མ་བཅོས་རྣལ་མའི་ཤེས་པ་ལ། །ངེས་ཤེས་སྐྱེས་ན་སངས་རྒྱས་ཡིན། །དཀར་དམར་ཡུལ་གྱི་སྣང་བ་འདི། །བརྡ་རུ་གོ་ན་བླ་མ་ཡིན། །གསུངས་སོ། །

༈ མཁའ་འགྲོ་མ་རལ་པའི་ཐོར་ཅོག་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་གཉིས་སུ་མེད་ན་འཆིང་གྲོལ་མེད། །ངོས་བཟུང་མེད་ན་སྒྲིབ་པ་མེད། །རང་བཞིན་མེད་ན་ཆགས་སྡང་མེད། །དྲན་དུ་མེད་ན་ཡེངས་པ་མེད། །གསུངས་སོ། །

༈ མཁའ་འགྲོ་མ་རླུང་གི་གཤོག་པ་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་ཆོས་རྣམས་གཞི་མེད་རྨི་ལམ་འདྲ། །སྣང་བ་རྐྱེན་གྱིས་གཟུགས་བརྙན་འདྲ། །རང་བྱུང་རང་ཞི་ལྦུ་བ་འདྲ། །རྩ་བྲལ་ཆེན་པོ་ནམ་མཁའ་འདྲ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཉི་ཟླའི་ཐོད་འཕྲེང་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་དེ་ཉིད་ཉམས་སུ་མྱོང་པའི་སྐྱེས་བུ་གང་། །བདེ་ཆེན་མཆོག་འདི་ནམ་མཁར་མི་ཤོང་ངོ་། །འདི་ལ་མཚོན་དུ་འདུག་གམ་ཁྱོད་ཀྱིས་སྨྲོས། །ངས་ནི་ཅི་ཡང་མཐོང་པ་མེད་པར་མཐོང་། །གསུངས་སོ། །

༈ མཁའ་འགྲོ་མ་ལྭ་བའི་གོས་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་པད་མའི་གེ་སར་སྙིང་གི་དབུས་ནས་སད། །གསལ་བའི་མེ་ཏོག་འདམ་གྱི་དྲི་མ་བྲལ། །དྲི་ངད་ཁ་དོག་ལྡན་པ་གང་གི་རྐྱེན། །འདི་ལ་དགག་དང་སྒྲུབ་པ་ཡོད་དམ་ཅི། །གསུངས་སོ། །

༈ མཁའ་འགྲོ་མ་མེ་ཁ་ལས་རྟོགས་པར་བརྗོད་པ། ཀྱེ་ཧོ་ནམ་མཁའ་ལས་བྱུང་ཆོ་འཕྲུལ་ནི། །ནམ་མཁའ་ཉིད་ཀྱིས་བྱས་པའི་ཕྱིར། །ནམ་མཁའི་ངང་དུ་རང་གྲོལ་ཏེ། །འདི་ལ་སྐྱོན་དུ་མ་འཛིན་ཅིག །གསུངས་སོ། །

༈ མཁའ་འགྲོ་མ་རོ་ལངས་བདེ་མས་རྟོགས་པར་བརྗོད་པ། ཀྱེ་ཧོ་བླ་མའི་དྲིན་གྱིས་བདེ་ཆེན་མཆོག་རྙེད་ནས། །ཐབས་གཞན་བརྟེན་པ་རྨོངས་པར་ཤེས་པར་བྱ། །འདི་ལས་གུད་དུ་གྱུར་པའི་བདེན་ལམ་ཞིག །གཞན་ནས་རྙེད་པར་སུས་ཀྱང་ནུས་པ་མེད། །གསུངས་སོ། །

༈ མཁའ་འགྲོ་མ་ཡེ་ཤེས་རྡོ་རྗེས་རྟོགས་པར་བརྗོད་པ། ཀྱེ་ཧོ་སྣ་ཚོགས་སྣང་བའི་ཆོ་འཕྲུལ་འདི། །དྲན་པའི་གཟུགས་བརྙན་ཡིན་ཤེས་ཤིང་། །དྲན་པ་རང་ངོས་སྟོངས་ཤེས་ན། །དབྱིངས་ཀྱི་བདེ་བ་རྩོལ་མི་དགོས། །གསུངས་སོ། །

༈ མཁའ་འགྲོ་མ་སྲིད་པའི་རྒྱལ་མོས་རྟོགས་པར་བརྗོད་པ། ཀྱེ་ཧོ་རང་རིག་རྒྱལ་པོ་འདི་མཐོང་ན། །ཐམས་ཅད་ཐམས་ཅད་ཐར་པའི་ལམ། །རང་རིག་ཉིད་ནི་མ་རྟོགས་ན། །གྲོལ་བ་ནམ་ཡང་ཡོད་མ་ཡིན། །གསུངས་སོ། །

༈ མཁའ་འགྲོ་མ་པད་མའི་ཞབས་ཀྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་ཡོད་མེད་མཐའ་དང་བྲལ་བ་ལ། །གང་གིས་བརྟག་དཔྱད་བྱ་བར་ནུས། །དྲན་མེད་བློ་དང་བྲལ་བ་ལ། །གང་གིས་བསམ་ཞིང་བསྒོམ་པར་ནུས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་རྒྱལ་བའི་བློ་གྲོས་ཀྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་སྟོང་ཉིད་རིག་པའི་རྩལ་དང་ལྡན། །སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་སྟོན། །དགག་སྒྲུབ་མེད་དེ་རང་སར་གྲོལ། །འདི་ལ་བྱ་རྒྱུ་ངས་མ་རྙེད། །གསུངས་སོ། །

༈ མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་ཡོད་དོ་བྱས་ན་ངོས་བཟུང་མེད། །མེད་དོ་བྱས་ན་སྣ་ཚོགས་འཆར། །ཡོད་མེད་མཐའ་ལས་འདས་པ་ལ། །འདི་ཞེས་ང་ཡིས་མཚོན་མི་ནུས། །གསུངས་སོ། །

༈ མཁའ་འགྲོ་མ་གཟི་བརྗིད་ཀྱི་རྒྱལ་མོས་རྟོགས་པར་བརྗོད་པ། དྲན་དུ་མེད་ལས་མ་ཡེངས་ཤིག །ཡེང་པའི་འཁོར་བ་རྨི་ལམ་འདྲ། །རྟོགས་པ་སྐྱེས་བུ་གཉིད་སད་འདྲ། །ངས་ནི་འཁོར་བ་མ་མཐོང་ངོ་། །གསུངས་སོ། །

༈ མཁའ་འགྲོ་མ་དཔལ་གྱི་བཟང་མོས་རྟོགས་པར་བརྗོད་པ། ཀྱེ་ཧོ་སྣང་སྲིད་འདི་ནི་ཕྱག་རྒྱ་ཆེ། །འདོད་ཡོན་འདི་ནི་དྭངས་པའི་ས། །གཉུག་མའི་དོན་ལ་འདུ་འབྲལ་མེད། །བདེ་ཆེན་ཐང་ལ་རྒྱུག་ཏུ་གསོལ། །གསུངས་སོ། །

༈ མཁའ་འགྲོ་མ་དཔལ་གྱི་འོད་ཟེར་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་གཉུག་མ་དོན་གྱི་གཏེར་མཛོད་ན། །དགོས་འདོད་སེམས་ཉིད་ནོར་བུ་ཡོད། །ལྡེ་མིག་བླ་མ་དམ་པ་འཛིན། །རྗེས་སུ་འཇུག་པ་སྤྲོ་ལགས་སམ། །གསུངས་སོ། །

༈ མཁའ་འགྲོ་མ་བཟང་མོས་རྟོགས་པར་བརྗོད་པ། ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་མ་རྙེད་རྩ་བ་སྟོར། །ཡལ་ག་ཇི་ལྟར་དགྱེ་དགྱེས་མཛོད། །ང་ནི་རྟོག་པར་རང་གྲོལ་ཡིན། །གསུངས་སོ། །

༈ མཁའ་འགྲོ་མ་རྡོ་རྗེ་བདེ་མས་རྟོགས་པར་བརྗོད་པ། འགྲོ་རྣམས་ལས་ཀྱིས་འཁྲུལ་གྱུར་ཀྱང་། །བདེ་བ་རང་ལས་གཞན་མེད་དེ། །བསྐྱར་ཏེ་རང་གི་དོན་དེ་ལྟོས། །ཡིད་ནི་ལས་ལས་ཐར་པར་འགྱུར། །གསུངས་སོ། །

༈ མཁའ་འགྲོ་མ་ལྷ་དཔལ་གྱི་ཡེ་ཤེས་ཀྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་ང་ནི་མི་སྐྱེ་མི་འཇིག་སྟེ། །འགྱུར་མེད་ཡེ་ཤེས་རྡོ་རྗེ་ཡིན། །ང་ལས་བྱུང་བའི་ཆོས་རྣམས་ཀུན། །ངའི་ངོ་བོར་མཉམ་དུ་གྲོལ། །གསུངས་སོ། །

༈ མཁའ་འགྲོ་མ་སྟག་གི་གདོང་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་མི་སྐྱེ་མི་འགག་བསམ་ལས་འདས། །འདི་ཞེས་མཚོན་པའི་ཚིག་དང་བྲལ། །ཡེ་གྲོལ་ཆེན་པོ་མཆོག་གི་ལམ། །བསམ་དུ་མེད་དོ་རང་སར་ཞོག །གསུངས་སོ། །

༈ མཁའ་འགྲོ་མ་ཞི་བ་བཟང་མོས་རྟོགས་པར་བརྗོད་པ། ཀྱེ་ཧོ་སེམས་ཀྱི་དེ་ཉིད་སྨྲ་རུ་མེད། །གཤིས་ཀྱི་དེ་ཉིད་བསམ་དུ་མེད། །ཆོས་ཀྱི་དེ་ཉིད་ངོས་བཟུང་མེད། །ལམ་གྱི་དེ་ཉིད་སྒོམ་དུ་མེད། །གསུངས་སོ། །

༈ མཁའ་འགྲོ་མ་གྷ་གྷ་ལྷ་དཔལ་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་བུ་ཁྱོད་ཅི་སེམས་དེ་ལ་ལྟོས། །སྤྲོས་དང་བྲལ་བ་མཐོང་དུ་མེད། །བསམ་དུ་མེད་པ་སུ་ཞིག་བསྒོམ། །འདི་ལ་མ་བཅོས་གཞི་ལ་ཞོག །གསུངས་སོ། །

༈ མཁའ་འགྲོ་མ་ཡེ་ཤེས་དབང་ཕྱུག་གིས་རྟོགས་པར་བརྗོད་པ། གང་གིས་དེ་ཉིད་མ་མཐོང་ན། །ལུས་ངག་དགེ་བའི་ལས་སྤྱད་ཀྱང་། །བདེ་ཆེན་མཆོག་དང་མི་འཕྲད་དེ། །གནས་སྐབས་ཙམ་གྱི་བདེ་བར་ཟད། །གསུངས་སོ། །

༈ མཁའ་འགྲོ་མ་བདེ་བའི་རྡོ་རྗེས་རྟོགས་པར་བརྗོད་པ། ཀྱེ་ཧོ་གང་གིས་མཐོང་དང་ཐོས་པ་དང་། །དྲན་དང་ཚོར་བའི་བྱེ་བྲག་ཀུན། །ཡིད་ཀྱི་ཡེ་ཤེས་དངས་པ་ལས། །གཟུགས་བརྙན་ཙམ་དུ་ཤར་བ་ལས། །གཞི་ལ་མ་གྲུབ་ངོ་བོས་སྟོངས། །གསུངས་སོ། །

༈ མཁའ་འགྲོ་མ་ལྷ་ཉི་མའི་རྟ་ཅན་གྱིས་རྟོགས་པར་བརྗོད་པ། གང་གིས་མ་མཐོང་དེ་མཐོང་ན། །ཡིད་ནི་རང་གྲོལ་ཆོས་ཀྱི་སྐུ། །རླུང་གི་རྟ་ཕོ་ཤུལ་དུ་ལུས། །སེམས་ཀྱི་མི་ཕོ་མཁའ་ལ་འགྲོ། །གསུངས་སོ། །

༈ མཁའ་འགྲོ་མ་པད་མའི་མྱུ་གུས་རྟོགས་པར་བརྗོད་པ། འགྲོ་བ་ཡིད་ཀྱི་འཕྲེང་བས་བཅིངས། །ཡིད་བསད་འཕྲེང་ཐག་བཅད་པ་ཡིས། །དུག་སྦྲུལ་མཚོན་གྱིས་གཙེས་པ་བཞིན། །འདི་ཡིས་ཕན་གནོད་བྱས་པ་མེད། །གསུངས་སོ། །

༈ མཁའ་འགྲོ་མ་དབྱིངས་ཀྱི་རྒྱལ་མོས་རྟོགས་པར་བརྗོད་པ། ཀྱེ་ཧོ་ནམ་མཁའ་ཡོངས་སུ་དྭངས་ན་མཚོན་གྱིས་བསྒྱུར་དུ་མེད། །རྟོགས་དང་ལྡན་པའི་སྐྱེས་བུ་ལས་ཀྱིས་བཅིང་དུ་མེད། །གདེང་མེད་གྱད་ཀྱི་སྤྱོད་པ་བྱེད་པ་འདི། །སེང་གེའི་པགས་པ་ཝ་ཡིས་གོན་པ་འདྲ། །གསུངས་སོ། །

༈ མཁའ་འགྲོ་མ་ཟླ་བའི་གདོང་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་ཡེ་ཤེས་ཆེན་པོ་མཆོག་གི་ལམ། །མ་བགྲོད་དེ་བཞིན་ཉིད་ཀྱི་ས། །མ་བསྒྲུབས་ལྷུན་གྱིས་གྲུབ་པའི་དོན། །ཨེ་མ་རྣལ་འབྱོར་བསྐལ་བར་བཟང་། །གསུངས་སོ། །

༈ མཁའ་འགྲོ་མ་འབར་མ་གློག་གི་འཕྲེང་བ་ཅན་གྱིས་རྟོགས་པར་བརྗོད་པ། བལྟས་ཀྱིས་མ་མཐོང་ང་ཡི་མིག །བསམས་ཀྱིས་མ་དྲན་ང་ཡི་སེམས། །སྨྲས་ཀྱིས་མ་བརྗོད་ང་ཡི་ལྕེ། །བགྲོད་ཀྱང་མ་ཕྱིན་ང་ཡི་ལམ། །གསུངས་སོ། །

༈ མཁའ་འགྲོ་མ་ཤེལ་གྱི་ཐོར་ཚུགས་ཅན་གྱིས་རྟོགས་པར་བརྗོད་པ། མི་བསྒོམ་རྣལ་མའི་ཤེས་པ་ལ། །དྲན་པས་བཟུང་དང་མ་བཟུང་མེད། །མི་སྤྱོད་སྒོ་གསུམ་ལྷུག་པ་ལ། །ཆེད་དུ་དགག་དང་སྒྲུབ་པ་མེད། །གསུངས་སོ། །

༈ མཁའ་འགྲོ་མ་ཉི་མའི་རྒྱལ་མོས་རྟོགས་པར་བརྗོད་པ། ཀྱེ་ཧོ་རང་བྱུང་བདེ་ཆེན་ཡེ་ཤེས་འདི། །མ་རྟོགས་སྨྲ་བར་མི་ནུས་ཏེ། །རྟོགས་ནས་བརྗོད་དུ་ག་ལ་ཡོད། །མྱོང་བ་སྨྲར་མེད་ལྐུགས་མའི་ཁ། །གསུངས་སོ། །

༈ མཁའ་འགྲོ་མ་སེང་གེའི་མདངས་ཅན་གྱིས་རྟོགས་པར་བརྗོད་པ། ཁོ་ལ་མ་ལྟ་ང་ལ་ལྟོས། །ང་ནི་ཡེ་ཤེས་ཆེན་པོ་ཡིན། །ཁོ་ནི་ང་ཡི་སྤྲུལ་པ་ཡིན། །གཉིས་མེད་ཡེ་ཤེས་བློ་ལས་འདས། །གསུངས་སོ། །

༈ མཁའ་འགྲོ་མ་ཁྲག་གི་གདོང་ཅན་གྱིས་རྟོགས་པར་བརྗོད་པ། ཀྱེ་ཧོ་དྲན་དང་མ་དྲན་སོ་མཚམས་སུ། །ཡིད་ཀྱི་ཤེས་པ་བསམ་ལས་འདས། །བླ་མའི་ཞལ་ལས་ཤེས་པར་གྱིས། །གཞན་གྱིས་རྟོགས་པར་འགྱུར་མ་ཡིན། །གསུངས་སོ། །

༈ མཁའ་འགྲོ་མ་དཔལ་གྱི་སྒྲོན་མེས་རྟོགས་པར་བརྗོད་པ། ཀྱེ་ཧོ་གང་ཕྱིར་ཡིད་ཀྱི་ཡེ་ཤེས་འདིས། །ཁྱོད་ཀྱིས་བལྟས་པས་ཇི་ལྟར་མཐོང་། །བརྟགས་པས་རྟོགས་པར་མི་འགྱུར་ཏེ། །མི་བཙལ་དེ་བཞིན་ཉིད་དུ་གཞག །གསུངས་སོ། །

༈ མཁའ་འགྲོ་མ་སྣང་གསལ་གྱི་རྒྱལ་མོས་རྟོགས་པར་བརྗོད་པ། འགྲོ་བ་ལས་ཀྱི་འཇུ་རུས་བཅིངས། །བྲམ་ཟེ་སྐུད་པ་འཁལ་བ་བཞིན། །ཡིད་ཀྱི་འཇུར་བུ་གློད་པར་བྱ། །ལས་ལས་གྲོལ་ན་འཆིང་བ་མེད། །གསུངས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་བཅུ་རྩ་ལྔའི་རྟོགས་པར་བརྗོད་པ། མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས། དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བའོ། །ཞ་མ་ལོ་ཙཱ་བས་བསྒྱུར་བའོ།། །།

མཁའ་འགྲོ་མའི་བརྡའི་མགུར།

༄༅། །མཁའ་འགྲོ་མའི་བརྡའི་མགུར་ཞེས་བྱ་བ་བཞུགས།

རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ནི་གཱི་ཏ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མའི་བརྡའི་མགུར་ཞེས་བྱ་བ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་མས་རྟོགས་པའི་ལྟ་བའི་བརྡ་བསྟན་པ། གསེར་གྱི་རལ་གྲི་ཏིལ་ངར་ལྡན་པ་ད་ཕྱུང་ལ། །བུང་བས་མེ་ཏོག་རྩི་བཅུད་མ་ལུས་མྱོང་བར་གྱིས། །ཆུ་ཕྲན་སྣ་ཚོགས་རྒྱ་མཚོར་གཅིག་གོ་ལན་ཚྭའི་རོ། །མེ་ལོང་བཞིན་ནི་བྱད་ཡིན་གུད་དུ་མ་སེམས་ཤིག། ཆུ་ཡི་ཟླ་བ་འདི་ལ་བྱིས་པ་ལྟད་མོ་བྱེད། །བུ་རམ་གཟུགས་འདི་ཐ་དད་སྣང་ཡང་མངར་བའི་རོ། །ནམ་མཁའ་གཟུགས་སུ་མཐོང་བའི་བྱིས་པ་སྙིང་རེ་རྗེ། །རི་བོ་རླུང་གིས་བསྐྱོད་དུ་མེད་པ་ཤིན་ཏུ་གཅེས། །ཏ་ལའི་སྡོང་པོ་བྲེགས་ན་མགོ་རྩ་གཉིས་ཀ་སྐམ། །ནམ་མཁའི་ཁ་དོག་རྐྱེན་གྱིས་འགྱུར་བ་ངོ་མཚར་ཆེ། །འདབ་ཆགས་མཁའ་ལ་གནས་ཀྱང་གྲིབ་མ་ས་ལ་རྒྱུ། །ཤེལ་གྱི་རྐོང་བུའི་མར་མེ་འདི་ལ་དྲི་མ་མེད། །རྨི་ལམ་སད་པའི་སྐྱེས་བུ་འདི་ནི་བློ་སེམས་བདེ། །གཟིངས་ལ་གནས་པའི་བྱ་རོག་གང་བདེར་འགྲོ་བར་གྱིས། །ཁང་སྟོང་ནང་གི་ཁྱི་རྐུན་འདི་ནི་ལྟད་མོ་ཆེ། །ཤེལ་ལ་ཚོན་གྱིས་བསྐུས་ཀྱང་གཏིང་ནས་འགྱུར་བ་མེད། །རང་གིས་བསགས་པའི་གསེར་ལ་ཀ་འཇིས་བརྡར་མི་དགོས། །དེད་དཔོན་ལམ་རྒྱུས་ཅན་དང་འགྲོགས་ན་ནོར་བུ་ལོན། །དྲང་སྲོང་ནགས་ལ་ཚུད་པ་འདི་ནི་ངོ་མཚར་ཆེ། །ཀུ་ཤ་རླུང་གིས་བསྒུལ་བས་རྩ་བ་ཨེ་རེ་འཁྲུལ། །གདིང་མེད་གྱད་ཀྱི་སྤྱོད་པ་བྱེད་པ་སྙིང་རེ་རྗེ། །སྨན་དུག་འདྲེས་པ་འདི་ཡིས་གཉིས་ཀའི་ནུས་པ་ཉམས། །གླང་པོའི་གཟུགས་བརྙན་འདི་ལ་ཁལ་གྱི་ནུས་པ་མེད། །རིན་ཆེན་སྣོད་དུ་བཞག་ནས་འཚོ་བ་གྲོང་དུ་སློང་། །ནམ་མཁའ་གོས་སུ་གྱོན་ནས་འབྱུང་བ་གནས་སུ་ཐིམ། །ཁུར་བར་ཆུ་བླུགས་སྐྱེས་བུ་དེ་ཡིས་སྨྲ་མ་ཤེས། །རྒྱལ་པོའི་རྗེས་གནང་ཐོབ་པ་གཤེད་མ་ལ་མི་འཇིགས། །རལ་གྲིའི་འཁོར་ལོས་མཚོན་ཆ་གང་ཡིན་གཏུབ་པར་བྱེད། །འདབ་མ་གཉིས་དང་ལྡན་པའི་སེམས་ཅན་མཁའ་ལ་འགྲོ། །ཨ་མ་མཐོང་བའི་བྱིས་པ་གཞན་གྱིས་འཁྲིད་དུ་མེད། །ས་བོན་རྒྱུ་འབྲས་གཉིས་ཀྱི་ནུས་པ་མཁའ་ལ་སྐམས། །ཉི་མ་མཁའ་ལ་ཤར་བས་རྒྱུ་སྐར་ཟིལ་གྱིས་ནོན། །སྙིང་ཕྱུང་དེ་ནས་ཡན་ལག་གཡོབ་པར་ག་ལ་ནུས། །ཐོ་ཡོར་མི་རུ་ཤེས་པས་དེ་ཚེ་འཇིགས་དང་བྲལ། །སྦྲུལ་ནག་མཚོན་གྱིས་ཟིན་ན་དུག་གི་གནོད་པ་བྲལ། །རྩི་ཡི་རྒྱལ་པོས་འབྲུ་རྣམས་བཅུད་དུ་བསྒྱུར་བར་བྱེད། །རྒྱལ་བུ་ཕ་དགོས་བཟང་པོ་འདི་ལ་རྩོལ་བ་མེད། །དབུལ་པོ་རིན་ཆེན་གླིང་དུ་སྣ་ཚོགས་ཐབས་ཀྱིས་བཞུགས། །འཐོར་རླུང་ཆེན་པོས་སྟོང་གསུམ་འཇིག་རྟེན་གཡེང་བར་བྱེད། །དུས་མཐའི་མེ་ཡིས་སྲིད་གསུམ་བསྲེག་པར་ཐེ་ཚོམ་མེད། །བསྐལ་པ་ཆུ་ཡིས་སྣོད་བཅུད་མ་ལུས་གཞི་ནས་འཁྲུ། །ཞེས་གསུངས་སོ། །བལྟ་བའི་བརྡ་རྡོ་རྗེ་མཁའ་འགྲོ་མའི་མགུར། བམ་པོ་དང་པོ། སངས་རྒྱས་མཁའ་འགྲོས་ཏིང་ངེ་འཛིན་ཉམས་ཀྱི་བརྡ་བསྟན་པ། དྲོད་གཤེར་ལྡན་པ་དེ་ཚེ་ས་བོན་གདབ་པའི་དུས། །ས་བོན་བསྐྱེད་མེད་བཏགས་པས་མྱུ་གུ་བསྐྱེད་དུ་སླ། །གྱེན་ཐུར་ལམ་ལ་ཆུ་བོ་འབབ་པར་འགྱུར། །ནགས་ཚལ་ཁྲོད་དུ་ཤིང་རྟ་འདྲེན་པའི་སྐྱེས་བུ་བླུན། །རིན་ཆེན་སྣ་བདུན་ལྡན་ན་འཁོར་ལོ་སྒྱུར་རྒྱལ་རྒྱུ། །སོ་མ་བཏང་བའི་རྫ་ནི་ཆུ་ལ་རེག་པས་འཇིག །སེང་གེའི་འོ་མ་སྣོད་ངན་ནང་དུ་བླུག་མི་བྱ། །དབུལ་པོའི་ལུས་འདི་དལ་བར་མི་བཞག་ཅིས་ཀྱང་བཀོལ། །སྣ་ཚོགས་སྒྱུ་ལས་སྒྲ་སྙན་འབྱུང་བ་ངོ་མཚར་ཆེ། །ཞུན་སྦྱོང་ལེགས་པའི་རིན་ཆེན་འདི་ནི་བཀོལ་ན་བདེ། །སོ་མཚམས་སྲུང་བའི་སྐྱེས་བུ་འདི་ལ་དངུལ་ཆུ་བླུད། །ནད་ཀྱིས་གདུངས་བར་གྱུར་ན་ཐུར་མ་གཏད་པར་བྱ། །ནོར་བུ་རིན་ཆེན་རྒྱལ་མཚན་རྩེ་ལ་ཕྱར་ནས་ཀྱང་། །མཆོད་པ་བྱས་ན་དགོས་འདོད་སྣ་ཚོགས་འབྱུང་བར་འགྱུར། །ཨ་མ་སྲིན་མོས་ཁྱེར་བ་འདི་ནི་དྲན་གྱིས་ལ། །སྐྱེས་བུ་སྟོབས་དང་ལྡན་པས་སེང་གེའི་གསོབ་གོན་ནས། །ཉི་ཟླའི་སྟེང་དུ་དཔའ་བོའི་གདོང་ལ་བལྟ་བར་བྱ། །རྒྱལ་པོའི་རྐུན་མོ་གང་ཡིན་དེ་ནི་རྩད་བཅད་ནས། །གྱད་ཀྱི་ནོར་བུ་འདི་ནི་ཐབས་ཀྱིས་བཙལ་བར་བྱ། །གླང་ཆེན་སྨྱོན་པ་མི་རྩེ་ཡན་དུ་བཅུག་པས་བསྲུན། །ཆུ་ཡི་སྙོག་མ་མ་བསྒུལ་བཞག་པས་རིམ་གྱིས་དྭངས། །བྱ་བ་ཟིན་པའི་སྐྱེས་བུ་འདི་ནི་བློ་སེམས་བདེ། །ལན་ཚྭའི་སྡོག་པོ་འདི་ལ་ཆུ་ཡི་ཐིགས་པ་གཟན། །ཆབ་རོམ་ཉི་མས་གདུངས་པ་འདི་ནི་ཆུ་རུ་འགྲོ། །དུག་ལ་སྔགས་ཀྱིས་བཏབ་པ་འདི་ནི་སྨན་གྱི་མཆོག །ལྦུ་བ་ཆུ་ཡིན་འདི་ལ་ཐ་དད་ཡོད་མ་ཡིན། །སྤྲིན་རྣམས་གཏོར་བའི་རླུང་པོ་འདི་ལ་ནན་ཏན་སྐྱེད། །གསལ་བྱ་གསལ་བྱེད་མེད་པའི་སྒྲོན་མེ་བདེ་བ་ཆེ། །ཆུ་བོ་ཆེ་དང་རྟག་ཏུ་འགྲོགས་པ་ཤིན་ཏུ་གཅེས། །འགྲོ་བ་བཟང་མོས་མྱ་ངན་འདི་ནི་ཡིད་ལ་ཞོག །ནམ་མཁའ་ཡིད་ཅན་འདི་ནི་ཤར་གྱི་ཕྱོགས་སུ་འགྲོ། །ཞེས་སྒོམ་པའི་བརྡ་མཁའ་འགྲོ་མའི་མགུར་བམ་པོ་གཉིས་པའོ། །ཏིལ་གྱི་སྒྲོན་མེ་བུམ་པའི་ནང་དུ་སྦ་བར་བྱ། །ཚེས་གཅིག་ཟླ་བ་འདི་ནི་བསྐྱེད་དུ་རིམ་གྱིས་འཕེལ། །འགྲོ་བ་བཟང་མོ་རང་གི་ཕྲུ་གུ་གསོ་བ་མཁས། །འདབ་ཆགས་སྒོ་ངའི་ཆེད་དུ་གབ་པ་འདི་ལ་ལྟོས། །ཆུ་ལུད་འཛོམས་པའི་འབྲས་བུ་མྱུར་དུ་སྨིན། །འཚོ་བྱེད་མཁས་པ་སྨན་གྱི་ནུས་པ་སྣ་ཚོགས་བརྟེན། །ནགས་ཀྱི་མེ་ལ་རྐྱེན་རྣམས་སྣ་ཚོགས་གྲོགས་སུ་འོང་། །གཞོན་ནུ་མ་ཡི་བདེ་བ་ཁྱོད་ཀྱིས་སྨྲ་ནུས་སམ། །ནམ་མཁའི་རི་མོ་འདི་ལ་གཅེས་པར་མ་འཛིན་ཅིག །སྐྱི་སེར་འདི་ཡིས་ཆུ་ཡི་ལྦུ་བ་དབྱིངས་སུ་བསྡུས། །ནམ་མཁའི་སྒྲོན་མེ་དུས་རྣམས་ཀུན་ཏུ་སྦར་བར་བྱ། །དངུལ་གྱི་མེ་ལོང་འདི་ནི་ཡེངས་པ་མེད་པར་ཕྱི། །རི་རབ་མཐོན་པོའི་རྩེ་ལ་ཕྱིན་པ་འདི་ཅི་སེམས། །བུང་རྩིའི་མྱོས་པ་འདི་ཡིས་ཅི་སྨྲས་སྨྱོན་པའི་ཚིག །ནད་རྣམས་འབྱིན་པའི་སྨན་མཆོག་སྐྲན་དུ་གྱུར་པ་ཡོད། །པད་མའི་རྩི་བཅུད་འཐུངས་པའི་བུང་བ་ཕྱིར་མི་བལྟ། །ཤེལ་གྱི་མཆོད་རྟེན་མ་མཐོང་བར་དུ་ལྟ་བ་གཅེས། །སྒྲོན་མེ་ལག་ན་ཐོགས་པའི་སྐྱེས་བུ་སྣང་ལམ་བདེ། །ཁོང་དུ་སེང་གེའི་སྙིང་གིས་རྟག་ཏུ་རྒྱལ་བར་འགྱུར། །གསེར་འགྱུར་རྩི་ཡིས་དངོས་པོ་བཟང་ངན་མེད་པར་འཇོམས། །ཆུ་བོ་ཆེན་པོ་ཞོན་ནས་ནམ་མཁའི་བྱ་ལམ་བསྙེག །ཆུ་བོའི་རྒྱུ་ཆད་དེ་དུས་རང་ཐག་འཁོར་མི་ནུས། །འཁོར་ལོའི་སྲུབ་ཐག་ཆད་པའི་རྫ་མཁན་བློ་སེམས་བདེ། །སྤྲིན་འདི་ནམ་མཁའི་ངང་ལས་བྱུང་ཞིང་དེ་རུ་དེངས། །བལྟས་ཀྱིན་བལྟས་ཀྱིན་ནམ་མཁའ་འདི་ནི་མཐོང་བ་འགགས། །ཉམས་ཀྱི་བརྡ་མཁའ་འགྲོ་མའི་མགུར་བམ་པོ་གསུམ་པ། སྐྱེས་བུ་ནད་ཀྱིས་ཟིན་པའི་བློ་སེམས་དྲན་གྱིས་ལ། །དུར་ཁྲོད་ཝ་མོ་འདི་ཡི་སྤྱོད་འགྲོས་བལྟ་བར་བྱ། །ནགས་ཚལ་ཁྲོད་ན་རི་དྭགས་དམན་མ་གནས་པ་ལྟོས། །རྒྱལ་པོའི་བཙུན་མོ་འདི་ནི་སུ་ལའང་འཇིགས་པ་མེད། །རྡོ་ཡི་མི་ལ་འགྲན་པར་ནུས་པ་ངོ་མཚར་ཆེ། །ནགས་ན་འདུག་པའི་སྤྲེའུ་འདི་ཡི་སྤྱོད་པའམ། །ཡང་ན་རྒྱལ་བུ་གཞོན་ནུ་འདི་ལ་བལྟ་བར་བྱ། །མཁའ་ལ་རྒྱུ་བའི་བྱ་ཕྲན་འདི་འདྲ་ཅི་ཡི་ཕྱིར། །འབྲུ་ཡི་མཛོད་དུ་བཀྲེས་པས་ཉེན་པ་སྙིང་རེ་རྗེ། །ཕྱེ་མ་ལེབ་ཀྱི་སྤྱོད་པ་འདི་འདྲ་སུ་ཡིས་ཕོད། །དོང་གི་བཙོན་འདིར་ཐར་རམ་ཡིད་ལ་བྱ་བར་རིགས། །སྡུག་བསྔལ་རྒྱན་དུ་མཐོང་བའི་གླང་པོ་སྒྲོག་ལ་དགའ། །མཚོ་ཡི་ནང་ནས་སྨིག་རྒྱུར་སྙེག་པའི་རི་དྭགས་སྙིང་རེ་རྗེ། །རིན་ཆེན་གླིང་ནས་སྟོང་ལྡབ་བྱེད་པའི་དེད་དཔོན་བླུན། །ནམ་མཁའི་རླུང་དང་འགྲོགས་པ་ཕྱོགས་བཞི་ཀུན་ཏུ་རྒྱུག །གླང་ཆེན་ཤུགས་ཀྱིས་བག་མ་ཚོངས་ལ་ཁྱི་ཤ་ཟོ། །སྨྱོན་པའི་ཕྱི་རུ་འབྲང་ན་ནམ་མཁས་སྨན་མཆོག་སྟེར། །ནགས་ལ་གནས་པའི་རི་དྭགས་འདི་ནི་ཡན་པར་ཁྱེ། །འདབ་ཆགས་མཁའ་ལ་རྒྱུ་བ་འདི་ཡི་རྐང་རྗེར་ལྟོས། །རལ་གྲི་ལག་ན་ཐོགས་པའི་མི་དེས་གང་འཕྲད་གསོད། །གྱད་ཀྱི་སྤྱོད་པ་འདི་ལ་སེམས་ཅན་ཕྲ་མོ་སྐྲག །ཁྱི་ཕག་གཉིས་ཀྱིས་བྲམ་ཟེའི་གསང་ཚིག་རླུང་ལ་བསྐུར། །མི་མགོ་སྐམ་པོ་ལ་ནི་ཤིང་གི་སྐྱེས་བུ་དགའ། །གྱི་ལིང་སྒྲོག་དང་བྲལ་ནས་ཀུན་ཏུ་རྒྱུག་པར་རིགས། །ཁ་བའི་ནུས་པ་མཚོ་ལ་གནས་པར་མི་འགྱུར་རོ། །ཤིང་ལོ་རླུང་གིས་ཁྱེར་བ་འདི་ཡི་རྩད་མ་གཅོད། །ཉི་ཟླ་ལྟ་བུར་གྱུར་ན་སྐར་མའི་ཚོགས་དང་འགྲོགས། །གྲུ་བ་འདི་ཡིས་རྐྱལ་བ་ཉ་ར་བྱ་བར་རིགས། །དུག་འདི་རྨ་བྱའི་ཟས་ཡིན་གཞན་རྣམས་ཕུང་བར་བྱེད། །འདབ་གཤོག་མེད་པར་མཁའ་ལ་འགྲོ་བ་དོར་བར་བྱ། །སྤྱོད་པའི་བརྡ་མཁའ་འགྲོ་མའི་མགུར་བམ་པོ་བཞི་པ། ཤེལ་སྒོང་ཡོངས་སུ་དག་ན་འོད་ཟེར་ནང་ནས་འཆར། །ནམ་མཁའི་གཏེར་ལ་སྤྱོད་པའི་སྐྱེས་བུ་དབུལ་དང་བྲལ། །སྙིང་ཁའི་དབུས་སུ་པད་མའི་གེ་སར་སྨིན་པར་བླ། །དྲོད་ཚད་ལྡན་པའི་འོ་མ་རྩོལ་བས་མར་དུ་འགྱུར། །སྟོང་པའི་སྣོད་འདི་ནམ་ཆག་ཚེ་ན་ནམ་མཁའ་འདྲེས། །འཇའ་ཚོན་དུས་ཀྱིས་མཁའ་ལ་ཡལ་བ་རྙེད་མི་འགྱུར། །ནམ་མཁའི་ཆོ་འཕྲུལ་སྣ་ཚོགས་འདི་འདྲ་ངོ་མཚར་ཆེ། །འཁོར་ལོས་སྒྱུར་རྒྱལ་སྣ་ཚོགས་གནས་ནས་བསྡུ་བ་མཛད། །རྒུན་འབྲུམ་འབྲས་བུ་བསྒུལ་བས་མི་སྨིན་བཞག་ན་སྨིན། །ནོར་བུ་ཡོན་ཏན་སུས་བྱིན་འདི་ཡི་བསམ་པ་ཅི། །ཉི་ཟླ་མཁའ་ལ་འཆར་བ་འདི་ལ་རྣམ་རྟོག་མེད། །སྟོང་པའི་ཆོ་འཕྲུལ་འདི་ཡིས་ལོ་ཐོག་འབྲས་བུ་སྨིན། །ནམ་མཁའི་དབྱིངས་འདི་སྣ་ཚོགས་སྟོན་པ་གང་གིས་རྐྱེན། །ཆུ་སྣོད་དུ་མའི་ཟླ་བའི་གཟུགས་བརྙན་ཤེས་པར་གྱིས། །འབྲས་བུའི་བརྡ་མཁའ་འགྲོ་མའི་མགུར་བམ་པོ་ལྔ་པ། མཁའ་འགྲོ་མའི་བརྡ་བམ་པོ་ལྔ་པ་ཞེས་བྱ་བ་གསང་མཛོད་ན་ཤོག་དྲིལ་དུ་གནས་པ་ལས་དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་། སླད་ཀྱིས་དིང་རི་བླ་འཁོར་དུ་ཞ་མ་ལོ་ཙཱ་བས་བསྒྱུར་ནས་བླ་མ་སྐྱེ་མེད་བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གཏད་པ་ཡིན་ནོ། །ཁྱད་པར་གྱི་བརྒྱུད་པ་ཆེན་པོ་བརྒྱད་ལས་བརྡ་སྐོར་རྣམ་པ་བཞི་རྫོགས་སོ།། །།བཀྲ་ཤིས།

མཁའ་འགྲོ་མ་བརྡའི་མགུར་ཆུང་གསང་མཛོད་འཕྲུལ་གྱི་རྒྱ་ཁྱད་པར་དུ་གྱུར་པ་དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར།

༄༅། །མཁའ་འགྲོ་མ་བརྡའི་མགུར་ཆུང་གསང་མཛོད་འཕྲུལ་གྱི་རྒྱ་ཁྱད་པར་དུ་གྱུར་པ་དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར་ཞེས་བྱ་བ།

རྒྱ་གར་སྐད་དུ། ཤྲི་བཛྲ་ཌཱ་ཀི་ནི་གྷ་ཏ་ཡ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་མའི་མགུར་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ཆེན་པོ་ཧ་ཧ་སྒྲོག་པ་ཞེས་བྱ་བར། ལས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་རྒྱལ་བུ་དུང་ཕུད་འཛིན་ཞེས་བྱ་བ། སྐྱེ་བ་བདུན་པ་ཞིག་ལ་ཚེའི་བར་ཆོད་བྱས་ནས་དེའི་ཤ་ཁྲག་ལ་ཚོགས་ཀྱི་འཁོར་ལོ་བྱས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་སྤྱན་དྲངས་པས། དེའི་དུས་སུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དབྱིངས་ཀྱི་གཙོ་མོ་ཉི་ཤུ་རྩ་གཅིག་གིས་སྙིང་གཏམ་གྲོས་སུ་བཏབ་ཅིང་རྟོགས་པ་མགུར་དུ་བཞེངས་པ་ལས། དང་ལ་མཁའ་འགྲོ་མ་ཏ་མ་ལས་མགུར་བཞེངས་པ། ཧཱུྃ་ནགས་ཀྱི་གླང་པོ་ཡན་འདོད་ན། །འཆིང་བའི་སྒྲོག་ལས་བྲོས་བྱས་ཏེ། །ལྕགས་ཀྱུ་འཛིན་པ་དགྲ་རུ་བལྟ། །འབྲས་ཆང་རོ་ལ་མ་ཆགས་པར། །རིན་ཆེན་རྒྱན་རྣམས་བོར་བར་བྱ། །གླུ་ལེན་སྒྲ་ལ་ཡིད་མི་གཏད། །དཔུང་གི་རུ་དཔོན་མི་བྱ་བར། །རྒྱལ་པོ་བཞོན་པ་སྤང་བར་བྱ། །མཆུ་ལ་རལ་གྲི་མི་སྐྱོན་པར། །ཕོ་བྲང་ནང་ནས་བྱོལ་བྱས་ཏེ། །ནགས་ཀྱི་མཐའ་ལ་བྲོས་པར་བྱ། །གསུངས་སོ། །

༈ མཁའ་འགྲོ་མ་ནོར་བུའི་མདངས་ཀྱིས་མགུར་བཞེངས་པ། ཧཱུྃ་འདུ་བ་གསོ་བའི་དྲང་སྲོང་ལ། །ནད་ཀྱི་གཉེན་པོ་དྲི་བར་བྱ། །དེད་དཔོན་ནོར་བུ་ལེན་པ་ལ། །གླིང་དོན་སྒྲུབ་པའི་ཞུ་བ་དབུལ། །དཀོར་མཛོད་འཛིན་པའི་རྒྱལ་པོ་ལ། །ཡིད་དང་མཐུན་པའི་ནོར་བུ་ཉོ། །སྐྱ་བ་འཛིན་པའི་རིགས་བྱེད་ལ། །ཆུ་བོ་སྒྲོལ་བའི་གྲོགས་སུ་བཙལ། །བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །དགོས་འདོད་འབྱུང་བའི་གསོལ་བ་གདབ། །གསུངས།

༈ མཁའ་འགྲོ་མ་རྒྱན་གྱི་རྒྱལ་མོས་མགུར་བཞེངས་པ། ཧཱུྃ་རྒྱལ་པོའི་བཀའ་འོག་ཚུད་པའི་མིས། །ཞིང་ས་གཤིན་ལ་སོ་ནམ་བྱ། །དེད་དཔོན་སྙིང་ཁྲག་འཐུངས་ནས་ནི། །སོ་བཏང་རྫ་ལ་ལས་རྣམས་བཅོལ། །གངས་ཀྱི་ཞུན་ཆུ་ཁོལ་མ་བཏུང་། །ཉི་ཟླའི་ཐིག་ལེ་ཟེད་བྱས་ཏེ། །ཆང་འཐུང་པ་ཡི་སེམས་དེ་ལྟོས། །རབ་གནས་ཚར་བའི་གཟུགས་བརྙན་བསྟན། །དེ་ནས་ལྷ་ཁང་སྒོ་ཕྱེ་སྟེ། །ཉིན་མཚན་རབ་ཏུ་བལྟ་བར་བྱ། །གསུངས།

༈ མཁའ་འགྲོ་མ་བྷི་ན་སས་མགུར་བཞེངས་པ། ཧཱུྃ་གླིང་གླན་ནོར་བུ་མི་བཙོང་བར། །སྦལ་པའི་ཁ་ལ་འཕྲིན་ལས་བཅོལ། །རྐུན་མོའི་སྙིང་ཤ་ཟོས་ནས་ཀྱང་། །མི་ཡི་བུ་མོ་མི་བརྙས་པར། །ནམ་མཁའི་འོ་མ་ཀྱུགས་ནས་ནི། །དཔག་བསམ་ལྗོན་ཤིང་སྐྱེད་པ་གཅེས། །སོ་མཚམས་མཁར་གྱི་རྩེ་ལ་ཉལ། །མེལ་ཙེ་བྱེད་པའི་གཅན་གཟན་གསོ། །གསུངས།

༈ མཁའ་འགྲོ་མ་དཔལ་གྱི་བཟང་མོས་མགུར་བཞེངས་པ། ཧཱུྃ་ལྕགས་རྣམས་གསེར་དུ་བསྒྱུར་བའི་ཕྱིར། །རིན་ཆེན་རྣམ་ལྔ་ལུགས་སུ་བླུགས། །འབྱུང་བ་ལྔ་ནི་དབུགས་སུ་གཞུག །ནམ་མཁའི་འཇའ་ཚོན་གཟུང་བར་བྱ། །འཁོར་ལོའི་སྒྱུར་རྒྱལ་སྤྱན་དྲངས་ལ། །སྤྱན་གཟིགས་དགྱེས་པའི་རོལ་མོ་དབུལ། །དབུ་ལ་ནོར་བུ་ཐོད་དུ་བཅིངས། །ཡི་གེ་གསུམ་གྱིས་གཏན་ལ་དབབ། །ནམ་མཁའི་སྤྲིན་ཚོགས་རབ་བསྡུས་ཏེ། །འབྱུང་བ་ཚ་གྲང་འཐབ་པའི་སྒྲས། །སྦྲང་ཆར་དལ་བུལ་ཕབ་ནས་ཀྱང་། །བཅུད་ཀྱི་ལོ་ཏོག་རྒྱས་པར་བྱ། །གསུངས།

༈ མཁའ་འགྲོ་མ་ཏི་མ་ལས་མགུར་བཞེངས་པ། ཧཱུྃ་དྲི་ཟ་བུ་མོ་གཟུང་བྱ་སྟེ། །རིན་ཆེན་རྣམ་ལྔའི་རྒྱན་བཏགས་ལ། །ལྗོན་ཤིང་རྨང་ནས་བསྒུལ་བ་ཡིས། །གངས་དཀར་རྩེ་ནས་འཇུ་བར་བྱེད། །ཆུ་བོ་གྱེན་ལ་བཟློག་པ་ཡིས། །ནམ་མཁའི་བུ་མོ་མགུ་བར་བྱེད། །ཆུ་ཕྲན་རྒྱ་མཚོར་སླེབ་པ་ཡིས། །རླངས་པ་མཁའ་ལ་འཕུར་བར་བྱེད། །ཁ་དོག་དུ་མའི་ལྷོ་སྤྲིན་གྱིས། །ནམ་མཁའི་ངང་དུ་ཡལ་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་བདེ་བའི་རྡོ་རྗེས་མགུར་བཞེངས་པ། ཧཱུྃ་མཁའ་ལ་འཇའ་ཚོན་གསལ་ལ་སྟོང་། །ཚེས་གཅིག་ཟླ་བ་སྐྱེད་དུ་འཕེལ། །དིག་མས་རྨི་ལམ་སྨྲ་མ་ཤེས། །བུ་རམ་གཟུགས་ནི་རོ་གཅིག་ཉིད། །གཞོན་ནུས་བདེ་བ་ངོ་མ་ཤེས། །ཤེལ་གྱི་ཁ་དོག་གདན་གྱིས་སྒྱུར། །ཉི་མའི་འོད་ཀྱིས་སྐར་ཚོགས་འགྲིབ། །སྐྱི་སེར་རླུང་གིས་བར་སྣང་དྭངས། །པད་མ་འདམ་གྱི་ནང་ན་གསལ། །རྒྱ་མཚོའི་གཉེར་མ་ངོ་མཚར་ཆེ། །གསུངས།

༈ མཁའ་འགྲོ་མ་ཡེ་ཤེས་རྡོ་རྗེས་མགུར་བཞེངས་པ། ཧཱུྃ་ནམ་མཁའི་མཚོན་པ་ཅི་ལ་བརྟགས། །བུ་ཤི་ཨ་མ་སེམས་ལས་བྲལ། །བྱ་བ་ཟིན་པའི་སྐྱེས་བུ་དང་། །བྲམ་ཟེ་སྐུད་པ་འཁལ་ལ་ལྟོས། །འཛམ་བུའི་གསེར་དང་བསེ་རུ་ལྟར། །མདངས་ལྡན་མེ་ཏོག་ཇི་བཞིན་ནམ། །རྒྱ་མཚོའི་དབྱིངས་དང་འདྲ་བའི་དོན། །དཔལ་གྱི་བེའུ་མཛེས་པར་མཛོད། །ཅེས་གསུངས།

༈ མཁའ་འགྲོ་མ་བདེ་བའི་མདངས་ཀྱིས་མགུར་བཞེངས་པ། ཧཱུྃ་རི་རབ་ཆེན་པོའི་རྩེར་ཕྱིན་ཏེ། །རི་ཕྲན་མ་ལུས་བལྟ་བར་བྱ། །གྱི་ལིང་སྒྲོག་ཏུ་བཅུག་པ་ལ། །ཕྱོགས་མཚམས་ཀུན་ཏུ་རྒྱུག་པར་བྱ། །བུང་བས་རྩི་བཅུད་ཀུན་སྡུད་དེ། །རོ་རྣམས་གཅིག་ཏུ་བསྲེ་བར་བྱེད། །ད་ཕྲུག་མ་དང་འཕྲད་པ་ཡིས། །ཐེ་ཚོམ་དྲི་མ་སེལ་བར་བྱེད། །སྐྱེས་བུས་ནམ་མཁའི་དབྱིངས་མཐོང་བས། །ཕྱོགས་སུ་འཛིན་པ་འཇིག་པར་འགྱུར། །ཡིད་བཞིན་ནོར་བུའི་གཏེར་ཐོབ་པས། །རྨོངས་པའི་དབུལ་བ་སེལ་བར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཕྲ་མེན་སྟག་གདོང་མས་མགུར་བཞེངས་པ། ཧཱུྃ་ལྷངས་ཀྱིས་འབོད་པ་དེ་ཅི་སེམས། །ཅེར་གྱིས་ལྟ་བ་གང་ལ་ཡེངས། །ནམ་མཁའ་ཇི་ལྟར་གསལ་བར་འགྱུར། །མར་མེ་འདི་ཡི་རྟོག་པ་གང་། །ཆུ་བུར་ཞིག་པས་རྗེས་མི་རྙེད། །རྨི་ལམ་རྟོག་པ་སད་པས་སྟོང་། །ལྡེར་ཙོའི་སྒོ་ང་གང་ལ་ཆགས། །བུ་ཤི་ཨ་མའི་གཅེས་འཛིན་སུ། །ཆུ་བོའི་བྲོ་བླག་རོ་དྲུག་གང་། །ལྐུག་མས་སྨྲས་པའི་ཚིག་དེ་ཅི། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་དཔལ་གྱི་བཟང་མོས་མགུར་བཞེངས་པ། ཧཱུྃ་སྐྱི་སེར་རླུང་གི་ཕ་ཡུལ་གང་། །ལག་སྐོར་མིག་གིས་མ་ལུས་བཅོམ། །བུ་ཆུང་འདི་ཡིས་གཅེས་འཛིན་བོར། །ཤིང་གི་སྐྱེས་བུས་ངལ་དུབ་སྤངས། །གླིང་ལས་ནོར་བུ་ལྡོན་མ་ཤེས། །བསིལ་བའི་སྨན་ནི་ཟ་བཞིན་སུན། །གདོན་གྱིས་བརླབས་པས་དབང་མེད་སྨྱོས། །གླང་པོ་ཆུ་ལ་དོར་མི་བལྟ། །སེང་གེའི་བུ་ནི་འཇིགས་དང་བྲལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ནོར་བུའི་མིག་གིས་མགུར་བཞེངས་པ། ཧཱུྃ་གྱད་ཀྱི་ནོར་བུ་སུ་ལས་བླངས། །ས་བོན་བཞིན་དུ་མྱུ་གུ་འཁྲུངས། །ལྗོན་ཤིང་འབྲས་བུ་རིམ་གྱིས་སྨིན། །པ་ལ་ས་ལ་ལོ་འབྲས་མེད། །ཤེལ་གྱི་སྒྲོན་མེ་རང་གསལ་ཉིད། །དམུས་ལོང་རྒྱལ་པོས་མཚན་དཔེ་མཐོང་། །ནམ་མཁས་སྲིད་གསུམ་དབང་དུ་བསྡུས། །རིན་ཆེན་གླིང་ན་ས་རྡོ་སྤངས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་སྤྲིན་གྱི་ཤུགས་ཅན་གྱིས་མགུར་བཞེངས་པ། ཧཱུྃ་ནམ་མཁའ་འབྱུང་བཞི་མ་བཟུང་སྟེ། །འབྱུང་བཞིས་ནམ་མཁའ་འདའ་མ་ནུས། །སྣ་ཚོགས་གཟུགས་བརྙན་གསེར་ཡིན་ཏེ། །ཉི་མའི་འོད་ལ་མུན་པ་མེད། །འོ་མས་ཆུ་དང་མར་མ་ཕྱེ། །འཇིག་ཆགས་བསྐལ་པ་དྲུག་ཅུ་ཡིས། །ནམ་མཁའ་ལ་ནི་གནོད་མ་བསྐྱལ། །འཁོར་ལོས་སྒྱུར་རྒྱལ་སེམས་དཔའ་ཆེ། །སེམས་ཅན་ཀུན་ལ་ཉེ་རིང་མེད། །རྡོ་ཡི་གཟུགས་སྐུས་སྡིགས་མཛུབ་འཕྱར། །ཁྱོད་དང་ང་རུ་འབྱེད་མ་ཤེས། །མེ་ཤེལ་གྲང་མོ་མེ་ཉིད་ཡིན། །གསུངས་སོ། །

༈ མཁའ་འགྲོ་མ་ཐོད་འཕྲེང་རྩལ་གྱིས་མགུར་བཞེངས་པ། ཧཱུྃ་དྭངས་པའི་ཆུ་ལ་རླུང་གིས་བསྐྱོད། །ཆབ་རོམ་གཟུགས་ཀྱི་རྣམ་པར་ཤར། །ནམ་མཁའི་ཕྱོགས་འཛིན་ལུང་པས་བྱས། །གཟུགས་མེད་གཟུགས་ཀྱི་ངོ་བོར་སྣང་། །ཉི་མའི་འོད་ལ་སྤྲིན་གྱིས་བསྒྲིབས། །སྲིད་གསུམ་མུན་རུམ་ཆེན་པོར་གྱུར། །ཆུ་བོ་རྙོགས་པས་གཟུགས་བརྙན་སུབས། །མིག་གིས་མིག་ཉིད་མ་མཐོང་བར། །ཀླུ་རྒྱལ་གཙུག་གི་ནོར་བུ་བཞིན། །རང་གི་སྲོག་ནི་རང་གིས་བཅད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་དཔལ་གྱི་རྡོ་རྗེ་ཡིས་མགུར་བཞེངས་པ། ཧཱུྃ་གྲིབ་མས་གཟུགས་ཉིད་མི་གཏོང་ན། །དུག་ཟོས་ཞུ་རྗེས་ཅི་རུ་འགྱུར། །བྱི་ལའི་དུག་ནི་དྲན་པས་ཕུང་། །ནམ་མཁའ་བཙད་བཞག་དུས་སུ་སྨིན། །ས་བོན་འཕེལ་སྟོབས་རབ་ཏུ་ཆེ། །སྨིན་པས་ཕུང་པ་སྨྱུག་མའི་འབྲུ། །བསགས་པས་བཅིངས་པ་བུང་བའི་རྩི། །ཡོད་པས་སྦྱངས་པ་དམངས་པོའི་ནོར། །རང་གིས་བསླུས་པ་སྲིན་གྱི་ཁ། །རང་ལ་སྨིན་པ་སྡིག་པའི་བུ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཚོགས་ཀྱི་རྗེ་མོས་མགུར་བཞེངས་པ། གླང་ནི་ལྡའོ་རྙེད་པས་ཉོས། །མགོ་ལྟོམ་བདེ་བ་སྡུག་བསྔལ་ཡིན། །གླང་པོ་གསེར་གྱི་སྒྲོག་ལ་དགའ། །དམྱལ་བའི་ལུས་ལ་བདེ་བ་མེད། །ཡི་དྭགས་བཀྲེས་ཤིང་སྐོམ་པས་གདུངས། །ཁྲ་ཡིས་དེད་པས་བྱེའུ་དང་། །མ་ཧེའི་རྫིའུ་སེམས་ཁྲལ་ཆེ། །བུ་ཤི་མྱ་ངན་ཡིད་ལ་བཅགས། །རང་སྲོག་དོར་བའི་དཔའ་བོ་བླུན། །མཛེ་པོའི་སོས་སྐོས་སོམས་དང་ཀྱེ། །གསུངས་སོ། །

༈ མཁའ་འགྲོ་མ་དཀར་མོས་མགུར་བཞེངས་པ། ཧཱུྃ་གདན་སར་བཏོན་པའི་རྒྱལ་བུ་ཡིས། །གྲོགས་པོ་མི་གཉིས་ཁྲིད་བྱས་ཏེ། །འདབ་མ་བཞི་པའི་ལྡེ་མིག་གིས། །འཁོར་ཡུག་སྡོམ་པའི་ལྕགས་ཕྱེ་ལ། །ཉིན་མཚན་གཉིས་ཀྱི་སྦྱོར་བ་ཡིས། །རེ་ཆས་སྤང་ཁུང་བཤིག་ནས་ཀྱང་། །རྒྱལ་པོའི་དཀོར་མཛོད་ཁ་ཕྱེ་ལ། །ཡིད་བཞིན་ནོར་བུར་བལྟ་བར་བྱ། །ལྕགས་ཀྱུ་འཛིན་པའི་སྐྱེས་བུ་ཡིས། །ནོར་བུ་རིན་ཆེན་བླངས་ནས་ཀྱང་། །མཆན་ཁུང་གཉིས་སུ་སྦ་བར་བྱ། །ཁྲུས་བྱས་རྒྱལ་མཚན་རྩེ་ལ་ཕྱར། །དགོས་འདོད་འབྱུང་ཕྱིར་གསོལ་བ་གདབ། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཉི་ཟླའི་མིག་ཅན་གྱིས་མགུར་བཞེངས་པ། ཧཱུྃ་མཁའ་ལ་ཉི་ཟླ་ཤར་བ་ཡིས། །མུན་པ་མ་སྤངས་སྣང་བར་འགྱུར། །གསེར་འགྱུར་རྩི་ཡི་མཁན་པོའམ། །གཡའ་དང་བྲལ་བའི་མེ་ལོང་བཞིན། །སྒྲོན་མེ་ཐོགས་པས་མུན་པ་བྲལ། །ཆུ་ཡི་གཟུགས་བརྙན་བརྩགས་པས་སྟོང་། །ཀ་ལ་ཀུ་ཏྲ་མིན་ཡིན་ཏེ། །ནམ་མཁའ་མཐོང་བས་ཇི་ལྟར་རིག །ཚད་པས་གདུངས་པས་ཆབ་རོམ་ཞུ། །ན་བུན་སྐྱི་སེར་རླུང་གིས་ཕྱགས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་མིག་ངན་མས་མགུར་བཞེངས་པ། ཧཱུྃ་མེ་ལོང་ཟད་ནས་གཟུགས་བརྙན་འགགས། །མཚོ་ལ་དར་ཞིག་འགྲོ་ལམ་སྟོངས། །གཉིད་སད་སྐྱེས་བུས་ཡུལ་མ་མཐོང་། །སྐར་ཚོགས་ཉི་མའི་ཟེར་གྱིས་ནོན། །མཁའ་ལ་གཟུགས་ཤར་ཁོལ་མོའི་ནང་། །ཁོང་དུ་ཆང་འཐུང་ཉམ་ང་བྲལ། །མེ་ཆུ་རླུང་གིས་སྲིད་གསུམ་སྟོངས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་བུང་བའི་མཆུ་ཅན་གྱིས་མགུར་བཞེངས་པ། ཧཱུྃ་ནགས་ཀྱི་གླང་པོ་སྨྱོ་བས་འཚེངས། །རི་དྭགས་དམན་མས་གཡེང་བ་སྤངས། །དུར་སྲུང་མི་ལ་སོ་ནམ་མེད། །ནེ་ཙོ་སྨྲ་མ་ཤེས་པས་འཚེངས། །མི་གཙང་ཁྲོད་ནས་ཨུཏྤལ་འཁྲུངས། །ཤ་བའི་རྭ་ནི་བོག་ཚེ་བདེ། །ཁུ་རུ་མེད་ན་འཇིགས་དང་བྲལ། །ནོར་མེད་མི་ཡིས་མེལ་ཚེ་སྤངས། །ནགས་ཀྱི་མེ་ནི་རླུང་གིས་སྦར། །ལུས་ངག་བཀོལ་བས་འཚོ་བ་རྙེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ནམ་མཁའ་དབང་ཕྱུག་མས་མགུར་བཞེངས་པ། མཁའ་ལ་འབྱུང་བཞིའི་ཉེ་རིང་མེད། །རྨི་ལམ་ནོར་ལ་ཞེན་ཆགས་མེད། །བཙོ་མའི་གསེར་ལ་དྲི་མ་མེད། །གླང་པོ་རྭ་མེད་ཆག་དོགས་མེད། །གླིང་ལོན་དེད་དཔོན་འདོད་སེམས་མེད། །མེ་དཔུང་དཀྱིལ་ན་སྲོག་ཆགས་མེད། །མོ་གཤམ་བུ་ལ་ཡང་རྩལ་མེད། །སྦལ་པའི་ཁ་ལ་སྨྲ་བརྗོད་མེད། །མེ་ལོང་ནང་ན་གཟུགས་བརྙན་མེད། །མཁའ་ལ་བྱ་འཕུར་རྟེན་ས་མེད། །ཅེས་གསུངས་སོ། །མཁའ་འགྲོ་མ་བརྡའི་མགུར་ཆུང་གསང་མཛོད་འཕྲུལ་གྱི་རྒྱ་ཁྱད་པར་དུ་གྱུར་པའི་རྒྱུད་པ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ།། །།

མཁའ་འགྲོ་མའི་འབྱམས་གླུ།

༄༅། །མཁའ་འགྲོ་མའི་འབྱམས་གླུ་ཞེས་བྱ་བ།

རྒྱ་གར་སྐད་དུ། ཌཱ་ཀི་ནཱི་ཏ་ལ་གཱི་ཏི་ནཱ་མ། བོད་སྐད་དུ། མཁའ་འགྲོ་མའི་འབྱམས་གླུ་ཞེས་བྱ་བ། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ། །ཨུ་རྒྱན་གྱི་གནས་མཁའ་འགྲོ་མའི་གླིང་དུར་ཁྲོད་ཆེན་པོ་རྒྱུ་སྐར་དཔལ་གྱི་རོལ་པར་མཁའ་འགྲོ་མ་སུ་ཁ་མ་ཧཱ་སིདྡྷིས་ཚོགས་འཁོར་མཛད་པའི་དུས་སུ། རྣལ་འབྱོར་པ་ཀ་མ་ལ་ཤཱི་ལས་རང་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གཉུག་མའི་དོན་དེ་རྟོགས་ཤིང་ཁོང་དུ་ཆུད་པ་ལ་གདེང་ཐོབ་ཅིང་། ཉམས་ཀྱི་རྩལ་ཕྱོགས་མེད་དུ་ཤར་བའི་སྟོབས་ཀྱིས་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་དེ་མཚོན་པ་ཚིག་གི་རྟ་ལ་བསྐྱོན་ཏེ་ཚོགས་ཀྱི་གྲལ་དུ་མགུར་བཞེངས་པ་ལས། ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་རྣམས་དགྱེས་ཏེ་མདུན་གྱི་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་བཞིན་དུ་གཏིབས་ནས། རྣལ་འབྱོར་པ་ལ་སྙིང་གཏམ་གསང་ཚིག་ཏུ་སྦྲན་ཏེ་མགུར་བཞེངས་པ། ཀྱེ་ཧོ་སྟོབས་ལྡན་རིགས་ཀྱི་བུ། །ཡང་དག་དོན་གྲུབ་རྡོ་རྗེའི་རྩལ། །སྦྱངས་པའི་ལས་སད་སྐལ་བ་ཅན། །ཡོན་ཏན་དབང་ཕྱུག་གཏེར་གྱི་བདག །དངོས་གྲུབ་གཉིས་ཀྱིས་བརྒྱན་པའི་ལུས། །མི་ཡི་ཁྱུ་མཆོག་ཚོགས་ཀྱི་རྗེ། །ཁྱོད་རྒྱུའི་ཆོས་ཉིད་རྐྱེན་གྱིས་གསོས། །སྦྱངས་པའི་ལས་འཕྲོ་དུམ་བུར་འཐུང་། །ཡོན་ཏན་ཡིད་བཞིན་ནོར་བུ་བརྙེས། །འོད་གསལ་ཆེན་པོའི་མདངས་ལ་གནས། །སྒྱུ་མ་ཙམ་དུ་འགྲོ་དོན་མཛད། །དཔེ་མེད་ནམ་མཁའི་རྣལ་འབྱོར་པ། །ཁྱོད་ལ་བསྐུལ་བ་མི་འཚལ་གྱིས། །འོན་ཀྱང་ངེད་ཀྱི་གླུ་ལ་ཉོན། །སྤྱིར་སྐྱེ་འགྲོ་སེམས་ཅན་ལས་ཀྱིས་འཁྲུལ། །སྡུག་བསྔལ་གྱི་གནས་ན་ལོངས་སྤྱོད་བྱེད། །འདི་མ་བཟོད་བརྩེ་བས་ཤ་ལ་བབ། །ད་ཁྱོད་ཀྱི་ཐུགས་རྗེས་མི་དགོངས་ན། །འགྲོ་དྲུག་གི་ཕ་མ་ཇི་ལྟར་བྱེད། །ཁྱེད་ཕན་སེམས་སྐྱེད་ཅིག་རྣལ་འབྱོར་པ། །ལར་རིག་པའི་ཁྱེའུ་ཆུང་ཡེངས་ལ་དགའ། །འཁྲུལ་པའི་སྣང་བ་ལྟད་མོ་ཆེ། །གཟུང་འཛིན་རྐུན་མ་མགོ་ལོ་རྒོད། །ཡིད་གཉིས་ཀྱི་ཤེས་པ་ཙམ་ཙོམ་མང་། །གཉེན་པོའི་མེལ་ཚེ་སྙིང་རུས་ཆུང་། །ཤེས་བཞིན་གྱི་དྲན་པ་གོ་ཆ་ལྷོད། །སེམས་ཉིད་ཀྱི་ནོར་བུ་འཆོར་ཉེན་ཡོད། །ཁྱོད་ཡུལ་ལ་མ་ཡེངས་རྣལ་འབྱོར་པ། །གཞི་འགྱུར་མེད་ནམ་མཁའི་བཙུན་མོ་ལ། །ཉོན་མོངས་དུག་ལྔའི་ཁོང་སྲན་ཞུགས། །གཟུང་འཛིན་གྱི་འགོང་པོ་སྤུན་དགུས་གནོད། །བཟང་ངན་རྐྱེན་རྟོག་གི་འཁྲུལ་ཕྱིར་འབྲང་། །ཆགས་སྡང་གི་སྤྱོད་ལམ་མ་ལེགས་པས། །གཟུང་འཛིན་གྱི་ནད་རོ་གཏིང་ནས་བསླང་། །རང་ལུས་ཀྱི་བདེ་བ་སྟོར་ནས་འདུག །འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ། །ཁྱོད་འགྲོ་དོན་གྱིས་ཤིག་རྣལ་འབྱོར་པ། །ལར་ཡིད་ཀྱི་ཡེ་ཤེས་ཅོ་ལུ་ཆུང་། །སྒོ་ལྔའི་རྫུན་ལ་ཉན་ཉན་ནས། །རིགས་དྲུག་གཡང་ལ་བསྐྱུར་ཉེན་གདའ། །ཁྱོད་གཉིས་འཛིན་ཤིག་ཅིག་རྣལ་འབྱོར་པ། །འགྱུ་བྱེད་ཀྱི་དྲན་རྟོག་བློ་རྒོད་པོ། །ཀུན་གཞི་དབྱིངས་ཀྱི་ཕོ་བྲང་དུ། །མ་བཅོས་ཅར་ཉལ་མི་བྱེད་པར། །འདོད་ཡོན་སྒྱུ་མའི་སླུ་བྲིད་ལ། །དུག་ལྔའི་གྲོགས་དང་འགྲོགས་ནས་རྩེ། །ཡུལ་ཆགས་སྡང་གཉིས་ལ་ཡེངས་བ་ཡིས། །ངན་འགྲོའི་གཡང་དུ་ལྷུང་ཉེན་ཡོད། །དབང་པོ་སྒོ་ལྔའི་སྒོ་སྡོམས་ལ། །ཡིད་ཀྱི་ཁྱེའུ་ཆུང་བཙོན་དུ་ཟུངས། །བདེ་གསལ་སྟོང་པའི་མལ་དུ་ཉོལ། །ཁྱེད་ཡེངས་སུ་འགྲོའོ་རྣལ་འབྱོར་པ། །སྐྱེ་རྒ་ན་འཆིའི་ཆུ་བོ་ལ། །རྐྱལ་མེད་ཀྱི་བླུན་པོ་རྩེ་ལ་དགའ། །དལ་འབྱོར་གྱི་གྲུ་བོ་ཡོད་བཞིན་དུ། །རྗེ་བླ་མའི་མཉེན་པ་མི་བསྟེན་པར། །ལས་མི་དགེའི་རྦ་ལ་སྟོམ་རྩོལ་བྱེད། །སྡུག་བསྔལ་གྱི་རྦ་ལ་གཉེན་པོས་བྱོལ། །ཞེན་ཆགས་ཀྱི་འདམ་ལ་མ་ལུས་པར། །ཐར་བའི་སྐམ་སར་ཅི་སྙོགས་གྱིས། །ཁྱོད་ཞེ་འདོད་ཐོངས་ཤིག་རྣལ་འབྱོར་པ། །འདོད་པ་དུག་གི་སྡོང་པོ་ལ། །སྤང་བླང་གཉིས་ཀྱི་ཡལ་ག་གྱེས། །ཞེན་པའི་ལོ་འདབ་ཕྱོགས་བཅུར་རྒྱས། །རྩོལ་སྒྲུབ་ཀྱི་མེ་ཏོག་མཁའ་ལ་འཕུར། །སྡུག་བསྔལ་གྱི་འབྲས་བུ་ཐུར་ལ་བྲུལ། །སྙིང་མེད་ཀྱི་སྤྲེའུ་བསྒྲུབས་ཀྱི་ཟ། །འཁོར་བའི་ནགས་སུ་འཆི་ཉེན་ཡོད། །སྣ་ཚོགས་ཞེན་མེད་ཀྱི་སྐྱེས་བུ་ཡིས། །གདེང་འགྱུར་བ་མེད་པའི་མཚོན་ཐོགས་ཏེ། །འདོད་པའི་སྡོང་པོ་རྨང་ནས་བསྒྱེལ། །དུག་ལྔའི་འབྲས་བུ་སྔོ་སྐམ་ཁྱེར། །དུག་འཆི་བྱེད་ཀྱི་ནུས་པ་ཟད་པར་གྱིས། །ཁྱོད་ཞེ་འདོད་སྤོངས་ཤིག་རྣལ་འབྱོར་པ། །རི་དྭགས་སྒྲ་ཡིས་ཕུང་པ་དེ། །སྙན་གྲགས་ཆེད་དུ་བསྒྲུབས་པས་ལན། །བསྟོད་སྨད་བྲག་ཅ་ལྟ་བུ་ལ། །ཕྱོགས་འཛིན་མ་བྱེད་རྣལ་འབྱོར་པ། །གླང་ཆེན་ལྕགས་ཀྱུས་ཟིན་པ་དེ། །རྒུན་ཆང་རོ་ལ་ཆགས་པས་ལན། །འདོད་ཡོན་ལན་ཚྭའི་ཆུ་རྒོད་ལ། །ཞེན་པ་མ་ཆེ་རྣལ་འབྱོར་པ། །རྨ་བྱ་གུད་ནས་ཤི་བ་དེ། །སྤུ་ཐོག་རྒྱན་དུ་མཐོང་བས་ལན། །འབྱུང་བཞི་མི་གཙང་ཕུང་པོ་ལ། །རང་མཐོང་མ་ཆེ་རྣལ་འབྱོར་པ། །སྦྲང་མ་འདམ་དུ་ཆུད་པ་དེ། །བསུང་ཅན་དྲི་ལ་ཆགས་པས་ལན། །ཉེ་དུ་གནས་སྐབས་འབྲེལ་བ་ལ། །བརྩེ་གདུང་མ་བྱེད་རྣལ་འབྱོར་པ། །ཕྱེ་ལེབ་མེ་ཡིས་ཚིག་པ་དེ། །ཞུན་མར་མདངས་ལ་ཆགས་པས་ལན། །སྒྱུ་མ་ལྟ་བུའི་ཡུལ་སྣང་ལ། །དེར་འཛིན་མ་བྱེད་རྣལ་འབྱོར་པ། །འདབ་ཆགས་རྙི་ལ་ཟིན་པ་དེ། །འདོད་ཡོན་ཟས་ཕྱིར་འབྲང་པས་ལན། །ཞེན་པ་ལྕགས་ཀྱུའི་ཁ་ཟས་ལ། །ལྟོགས་འདོད་མ་བྱེད་རྣལ་འབྱོར་པ། །ཀུན་གཞི་དག་པའི་མེ་ལོང་ལ། །ཚོགས་དྲུག་རིག་པའི་ཕྱི་བདར་བྱས། །ཡུལ་དྲུག་གསལ་བའི་གཟུགས་བརྙན་ཤར། །མ་རྟོགས་བྱིས་པས་དངོས་པོར་བཟུང་། །ཆགས་སྡང་གཉིས་ཀྱི་བདེ་སྡུག་མྱོང་། །ཀུན་གཞི་མ་བཅོས་ཆོས་ཀྱི་དབྱིངས། །ཚོགས་དྲུག་མ་འགགས་དེར་འཛིན་མེད། །ཡུལ་དྲུག་གསལ་ལ་ངོ་བོས་སྟོང་། །དངོས་འཛིན་བྱིས་པ་ག་ཆད་ངུ་། །མཁས་པ་རང་སྣང་དེར་འཛིན་བྲལ། །ཁྱོད་དེར་འཛིན་ཤིག་ཅིག་རྣལ་འབྱོར་པ། །གཞི་ངོས་བཟུང་མེད་པའི་ནམ་མཁའ་ལ། །ཉོན་མོངས་དུག་ལྔའི་ལྷོ་སྤྲིན་འཐིབས། །བདག་ཏུ་འཛིན་པའི་འབྲུག་སྒྲ་བསྒྲགས། །སྣ་ཚོགས་ལས་ཀྱི་ཆར་རྒྱུན་ཕབ། །ཞེན་ཆགས་འཁོར་བའི་འདམ་རྫབ་གཡོས། །འགྲོ་དྲུག་སྡུག་བསྔལ་གྱི་རྩི་ཐོག་རྒྱས། །ལྷག་མཐོང་རིག་པའི་ཉི་མ་ཡིས། །དབྱིངས་ཀྱི་ཉི་མ་གསལ་བཏབ་སྟེ། །མཉམ་རྗེས་དྲན་པའི་སྐྱི་སེར་གྱིས། །དྲན་རྟོག་གི་ལྷོ་སྤྲིན་དབྱིངས་སུ་བསྡུས། །བདག་འཛིན་གྱི་འབྲུག་སྒྲ་རང་སར་ཡལ། །ལས་ཀྱི་ཆར་རྒྱུན་རྩ་བ་བྲལ། །ཞེན་འཛིན་གྱི་འདམ་རྫབ་ཉི་མས་བསྐམས། །རིགས་དྲུག་གི་ས་བོན་སྐམ་ལ་ཡར། །སྡུག་བསྔལ་གྱི་ལོ་ཏོག་སྔོ་སྐམ་ཁྱེར། །ཁྱོད་ཐེ་ཚོམ་མ་བྱེད་རྣལ་འབྱོར་པ། །མཚན་ལྡན་གྱི་རྒྱལ་བུ་བློན་པོས་བརྐུས། །བཤེས་མེད་ཀྱི་ཡུལ་དུ་སྤྲང་གྲིར་འཁྱམས། །ལྷད་དང་ཧྲལ་ཧྲུལ་གྱི་འཚོ་བ་བརྟེན། །རང་གཞན་གཉིས་ཀའི་ངོ་མ་ཤེས། །མཚན་མཁན་གྱི་བྲམ་ཟེས་རིགས་བརྒྱུད་རྟོགས། །བློ་གྲོས་བླུན་པོའི་བུ་ལ་དྲིས། །གནས་ལུགས་རིག་པའི་རྗེ་ལ་གཏད། །ཚོགས་གཉིས་དག་པའི་ཁྲུས་ནས་བཏོན། །གདམས་པ་ཡིད་བཞིན་ནོར་བུས་བརྒྱན། །རྟོགས་པ་རིན་ཆེན་གྱི་ཁྲི་ལ་བཞག །དུས་གསུམ་སངས་རྒྱས་ཀྱི་རྒྱལ་ས་བཟུང་། །ཁྱོད་བླ་མ་སྟེན་ཅིག་རྣལ་འབྱོར་པ། །རྟེན་མེད་ཡིད་ཀྱི་རི་དྭགས་དེ། །ལས་དབང་བར་དོའི་ཐང་ལ་འཁྱམས། །ཞེན་ཆགས་སྨིག་རྒྱུའི་ཆུ་ལ་གདུངས། །རིགས་དྲུག་འཁོར་བའི་མཐའ་ལ་ཤི །རི་ལུང་ཤ་ཁྲག་རྗེས་ཀྱིས་བཀང་། །ད་རྟེན་མེད་ཀྱི་རིག་པ་མཁའ་ལ་ཆིངས། །ཚོགས་དྲུག་གི་རྐྱེན་ཁ་མ་འགྲིམ་པར། །འོད་གསལ་ཆེན་པོའི་ཐང་ལ་རྒྱུགས། །འདོད་ཡོན་སྨིག་རྒྱུའི་ཆུ་བོ་ལ། །དེར་འཛིན་གྱི་ཞེན་པ་མ་བྱེད་པར། །ཞེན་འདོད་ཀྱི་གདུང་བ་ནང་དུ་ཆོད། །རིགས་དྲུག་གི་རྐྱེན་ཁ་མ་འགྲིམ་པར། །མཉམ་ཉིད་ཆེན་པོའི་དབྱིངས་སུ་ཉོལ། །ཡིད་བསམ་དུ་མེད་པའི་གཉུག་མ་ལ། །དྲན་པ་གཡེང་མེད་ཀྱི་མདའ་མཁན་གྱིས། །མ་བཅོས་གཉུག་མའི་ངོ་བོར་བསྲང་། །རེ་དོགས་གཉིས་ཀྱི་མགོ་རྩ་བྲེགས། །དགའ་བཞིའི་དཔྱས་སུ་དྲིལ་ནས་ཀྱང་། །ལྷན་ཅིག་སྐྱེས་པའི་མདེའུ་བཅུག །ཐབས་ཤེས་རབ་གཉིས་ཀྱི་ལྟོང་གཏོད་དེ། །སྐད་ཅིག་བཞི་ཡི་སྒྲོ་བསྐྱོན་ནས། །བདག་ཏུ་འཛིན་པའི་ཕྱོགས་སུ་འཕངས། །གཏི་མུག་ཕག་རྒོད་སྙིང་ལ་གཟེར། །གཟུང་འཛིན་གཉིས་ཀྱི་སྲོག་རྩ་བཅད། །འཁོར་བའི་གནས་སུ་ང་མི་རྒྱུག །ཁྱོད་བཙན་ས་ཟུངས་ཤིག་རྣལ་འབྱོར་པ། །ཡུལ་རང་སྣང་ཞེན་མེད་དུ་ཤར་བའི་ཚེ། །འདོད་ཡོན་ལམ་གྱི་གྲོགས་སུ་འགྲོ། །པདྨའི་ཁ་དོག་འདམ་ན་གསལ། །ཉམས་གང་དགར་སྐྱོངས་ཤིག་རྣལ་འབྱོར་པ། །ཆོས་བདེན་མེད་ཁོང་དུ་ཆུད་པའི་ཚེ། །སྲོག་རྩོལ་ཟུང་འཇུག་ཆེན་པོ་ཡིན། །གླང་པོའི་གསེར་སྒྲོག་ཀློད་ན་བདེ། །འབད་རྩོལ་ཞོག་ཅིག་རྣལ་འབྱོར་པ། །མཉམ་ཉིད་རིག་པའི་རྟ་ཕོ་དེ། །གཟུང་འཛིན་གྱི་སྒྲོག་ཏུ་མ་ཆུད་པར། །བདག་གཞན་དུ་འཛིན་པའི་སྲབ་ཁ་གློད། །ཕྱོགས་མེད་ཀྱི་ཐང་ལ་གར་བདེར་རྒྱུག །ཉམས་ཤུགས་བྱུང་དུ་རྡོལ་བའི་སྨྱོན་པ་དེ། །གཉེན་པོས་ལྕགས་སུ་མ་གཞུག་པར། །ཚུལ་འཆོས་ཀྱི་ཁྱིམ་ནས་སྒོར་ཕྱུང་ལ། །གར་བདེའི་གནས་སུ་ཡན་དུ་ཆུག །རྟོག་པ་ནམ་མཁའི་ཁྱུང་ཆེན་དེ། །གྲུབ་མཐའི་གཟན་ལ་མ་ཆགས་ཤིང་། །འཁྲུལ་པའི་གཡང་ལ་མ་བྲེད་པར། །ཕྱོགས་མེད་ཀྱི་མཁའ་ལ་ལྡིང་དུ་ཆུག །འབྲས་བུ་ཡིད་བཞིན་གྱི་ནོར་བུ་དེ། །རེ་དོགས་ཀྱི་དྲི་མ་མ་ཆགས་ཤིང་། །ཡིད་སྨོན་གྱི་གླིང་ལ་མ་ལུས་པར། །དགོས་འདོད་ཀྱི་གསོལ་བ་རེམ་ལ་ཐོབ། །འགྱུར་མེད་ཀྱི་བཙན་ས་ཟིན་ནས་ཀྱང་། །ཐུགས་རྗེ་ཡི་འོད་ཟེར་ཕྱོགས་མེད་ཀྱི། །འགྲོ་དྲུག་གི་ཕ་མ་བྱེད་པ་རུ། །སྔོན་དམ་བཅས་གོ་ཆ་གོན་པ་དེ། །ད་དུས་ལ་བབ་པོ་ས་མ་ཡཱ། །ཞེས་གསུངས་ཏེ་སྐུལ་བ་ཆེན་པོའི་སྒྲ་བསྐལ་པའི་འབྲུག་བཞིན་དུ་བསྒྲགས་ཏེ་ནམ་གྱི་མཐའ་དང་མཉམ་དུ་མི་སྣང་བར་དེངས་སོ། །མཁའ་འགྲོ་མའི་འབྱམས་གླུ་རིང་མོ་ཞེས་བྱ་བ་རྫོགས་སོ།། །།

ཁྱད་པར་གྱི་བརྒྱུད་པ་བརྒྱད་ལས། དོན་སྐོར་རྣམ་པ་བཞི་འབྱམས་གླུ་དང་བཅས་པའོ། །འདི་བྲིས་དགེ་བའི་རྩ་བ་ཡིས། །རྣམ་མཁྱེན་གོ་འཕང་ཐོབ་པར་ཤོག །བཀྲ་ཤིས།

རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མགུར།

༄༅། །རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མགུར་ཞེས་བྱ་བ།

བདེ་བའི་མདངས་ལྡན་མ་ཤྲཱི་སུ་ཁའི་ཞལ་སྔ་ནས། འཇིག་རྟེན་བྱ་བ་བདུད་ཀྱི་ཡུལ། །ཚེ་འདིའི་བློ་ལོག་འཕགས་པའི་ལམ། །འདོད་པའི་དུག་སྦྲུལ་གཙེས་པ་ཡིས། །རྗེས་ནི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་གསུངས་སོ། །

༈ འདོད་ཆགས་ལམ་དུ་སློང་བ་མོ་ཙནྡྲ་བི་མ་ལའི་ཞལ་སྔ་ནས། ཤེས་རབ་རྣོ་ངར་ཏིང་འཛིན་གྱིས། །མ་མཐོང་འཁོར་བའི་སྒྲོག་མི་ཆོད། །རིན་ཆེན་དབང་གི་ནུས་པ་ཡིས། །ཟག་པ་བདེ་ཆེན་ཉིད་དུ་འགྱུར། །ཞེས་གསུངས་སོ། །

༈ ཟང་ཟིང་གི་སྦྱིན་བདག་མོ་རུ་རུ་སུ་ཀའི་ཞལ་སྔ་ནས། དྲང་སྲོང་ཤེས་རབ་མིག་ཅན་གྱིས། །ནད་གཞི་ལུས་ཀྱི་ཟུངས་སུ་བསྒྱུར། །དེ་བཞིན་ཐབས་དང་ལྡན་པ་ཡིས། །དུག་ལྔས་ཡེ་ཤེས་སྐྱེད་པར་བྱེད། །ཅེས་གསུངས་སོ། །

༈ རྡོ་རྗེ་བཟླས་པའི་རྣལ་འབྱོར་མ་ཨ་ནུ་ཀི་རའི་ཞལ་སྔ་ནས། དྭངས་མ་སྣང་སྟོང་རྐྱེན་དང་བྲལ། །ཚོགས་དྲུག་ཡུལ་དུ་མ་བཅད་པའི། །འགྲོ་འོང་མེད་པ་གཉུག་མའི་ངང་། །དྲན་བརྗེད་མཚམས་སུ་སེམས་ངལ་སོས། །ཞེས་གསུངས་སོ། །

༈ སྐྱབས་ཀྱི་སྦྱིན་བདག་མོ་སུ་ཀ་བྷའུ་ཡི་ཞལ་སྔ་ནས། དྲན་རིག་རྣམ་པར་རྟོག་པ་ནི། །མ་རིག་པ་ཡི་སྟོབས་ལས་འབྱུང་། །སྣ་ཚོགས་མེད་ཤར་ངོ་བོས་སྟོང་། །རྩ་བྲལ་ནམ་མཁའི་རྗེས་ཐོབ་ཅན། །ཞེས་གསུངས་སོ། །

༈ དྲན་པ་གཅིག་པའི་རྣལ་འབྱོར་མ་བྷ་སུ་རི་ཀའི་ཞལ་སྔ་ནས། ཀུན་ལ་ཁྱབ་པ་འོད་གསལ་དང་། །འགྲོ་འོང་མེད་པའི་བདག་ཉིད་ཅན། །སྤྲོས་བྲལ་དུས་རྣམས་ཐམས་ཅད་པ། །ཆོས་སྐུ་འགྲོ་བ་མི་འདོར་རོ། །ཞེས་གསུངས་སོ། །

༈ རྩེ་གཅིག་གི་རྣལ་འབྱོར་མ་ཀ་རི་དྷ་རི་མའི་ཞལ་སྔ་ནས། བདེ་གཤེགས་བཙུན་མོ་མིང་མེད་མ། །ནམ་མཁའི་འོ་མ་རབ་འཐུངས་ནས། །སྨྲ་བསམ་བློ་ཡི་ཡུལ་ལས་འདས། །གཉིས་སྣང་བྲལ་ཞིང་ནམ་མཁའ་འཇོ། །དེ་མཐོང་བས་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ ཆོས་ཀྱི་སྦྱིན་བདག་མོ་ཨ་ནུ་ཏཱ་རའི་ཞལ་སྔ་ནས། གོ་ཆ་འཇིག་རྟེན་པ་ཡི་སྒྲོག །མ་གྲོལ་འཕགས་ལམ་ཟིན་མི་འགྱུར། །དེ་སྲིད་བདེ་བ་དང་མི་འཕྲད། །རང་སྣང་དག་ཚེ་ཞིང་ཁམས་འཆར། །ཞེས་གསུངས་སོ། །

༈ འདོད་པ་ལ་བློ་ལོག་པ་རྣལ་འབྱོར་མ་ཛྙཱ་ན་བི་མ་ལའི་ཞལ་སྔ་ནས། སྒོམ་བློའི་འདུན་པ་དྲི་མ་སྟེ། །རིག་པ་སོ་ལ་བཞག་པ་ཡི། །མ་བྱས་ཤེས་པ་སྐྱོན་ལས་གྲོལ། །འཛིན་རྟོག་དམིགས་པའི་སྟེང་དུ་ནི། །སྤྲོས་བྲལ་འཆར་བར་མི་འགྱུར་རོ། །ཞེས་གསུངས་སོ། །

༈ འཁོར་བའི་ཡིད་ཕྱུང་བ་མོ་ཀུ་མ་ལ་སཱུརྱའི་ཞལ་སྔ་ནས། གཉིས་སྣང་སྤྲིན་རུམ་མ་དེངས་ན། །དཔལ་གྱི་བེའུའི་འོད་མི་གསལ། །རྣམ་རྟོག་རྒྱང་དུ་མ་བསྲིངས་ན། །ཡེ་ཤེས་ཉེ་རུ་མི་འདོད་དོ། །ཞེས་གསུངས་སོ། །

༈ གསལ་བའི་མདངས་ལྡན་མ་ཀརྨ་ལི་ཀའི་ཞལ་སྔ་ནས། ནམ་མཁའ་དབྱིངས་ཀྱི་གླེགས་བམ་ལ། །དཀར་དམར་སྣ་ཚོགས་ཡི་གེ་རྣམས། །རྣམ་རྟོག་འཁྲུལ་བ་བློ་ཡི་ཆོས། །དོན་ལ་གླེགས་བམ་ཡི་གེ་སྟོང་། །ཞེས་གསུངས་སོ། །

༈ སེམས་ལ་དམིགས་པའི་རྣལ་འབྱོར་མ་ག་ད་རའི་ཞལ་སྔ་ནས། ཇི་ལྟར་ཆུ་ཤིང་སྡོང་པོ་ལ། །ནམ་ཞིག་སྙིང་པོ་ཡོད་གྱུར་ཚེ། །དེ་ཡི་དུས་སུ་གསལ་བ་ལས། །འབྲས་བུ་གཞན་དུ་མཐོང་བ་མིན། །ཞེས་གསུངས་སོ། །

༈ རྟོག་པ་རང་གྲོལ་གྱི་རྣལ་འབྱོར་མ་ཧུ་ལུ་ཀའི་ཞལ་སྔ་ནས། གང་གིས་མ་བཅོས་མ་བསླད་པ། །དབྱེར་མེད་དབྱིངས་སུ་གཅིག་པ་ཡི། །ཆོས་ཀྱི་སྐུ་ཡིས་ཀུན་ལ་ཁྱབ། །རྣམ་རྟོག་གིས་བཅིངས་མངོན་མི་འགྱུར། །ཞེས་གསུངས་སོ། །

༈ གོ་ཆའི་བརྩོན་འགྲུས་ཅན་སུ་ཀ་མ་ལའི་ཞལ་སྔ་ནས། གཡས་སུ་མཉམ་པར་བཞག་ནས་ནི། །དེ་ཡི་ཐུགས་རྗེས་གཡོན་དུ་གཟུང་། །མདུན་དུ་རྣམ་པར་ལྟ་བ་ནི། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །ཞེས་གསུངས་སོ། །

༈ ང་རྒྱལ་ལམ་དུ་སློང་བ་མོ་ཀུ་མ་སི་ཏ་མོའི་ཞལ་སྔ་ནས། མདུན་དུ་ཟུག་པས་རྩ་བ་ཟིན། །བླུག་པའི་ལྟ་སྟངས་རྐྱེན་མི་གཡོ། །མཐོང་མཐོང་རྨ་བྱས་གཞན་སྣང་འགགས། །ཤེས་པ་ཆིག་ཚུགས་མི་རྟོག་ལམ། །ཞེས་གསུངས་སོ། །

༈ མེ་ལོང་ལྟ་བུའི་ཡེ་ཤེས་ཁོང་དུ་ཆུད་པ་མོ་སུ་རི་སཾ་གྷ་བའི་ཞལ་སྔ་ནས།

དྲན་སྣང་ཆིག་ཆོད་སོ་མའི་རྩལ། །འཁྲུལ་པའི་སྣང་བ་ཐུགས་འཕྲད་སེལ། །དམིགས་མེད་རྟེན་བྲལ་འཛིན་པའི་རྟེན། །རིག་པ་སོར་བཞག་རྒྱལ་ས་འཛིན། །ཞེས་གསུངས་སོ། །

༈ སྒྱུ་ལུས་ཀྱི་རྣལ་འབྱོར་མ་ཀུནྡྷ་ལིའི་ཞལ་སྔ་ནས། འཁྲུལ་འཁོར་ལས་དང་ཤིང་གི་མི། །བྱ་བ་རྣམས་ལ་འདོད་པ་མེད། །དེ་བཞིན་འདོད་པའི་བློ་བྲལ་བ། །འཛིན་མེད་སྐྱེས་པ་འཕགས་པའི་ལམ། །ཞེས་གསུངས་སོ། །

༈ ཏིང་ངེ་འཛིན་ཟས་ཀྱིས་འཚོ་བའི་རྣལ་འབྱོར་མ་ཙཎྜ་བི་མ་ལའི་ཞལ་སྔ་ནས། གྱེན་གྱི་ལྟ་སྟངས་ཚངས་པའི་གསང་། །དབང་པོ་རང་སྣང་ཕྱག་རྒྱ་ཆེ། །ཆོས་ཉིད་ངོ་བོ་ཐབས་ཀྱིས་ཟིན། །སྤྲོས་བྲལ་འཆར་བ་ཡི་གེའི་གནད། །ཅེས་གསུངས་སོ། །

༈ སྒྲུབ་པ་ལྷུར་འཛིན་མོ་རུ་རུ་སུ་ཀའི་ཞལ་སྔ་ནས། སྤྲོས་བྲལ་འཆར་བ་གསང་གི་གནད། །འཕགས་ལམ་གཞུང་ནི་བྱང་ཆུབ་སེམས། །གཞན་དོན་ལྷུར་བླངས་རང་དོན་རྫོགས། །འདི་ལ་དངོས་གྲུབ་ཉེ་བར་གནས། །ཞེས་གསུངས་སོ། །

༈ དགའ་བའི་མདངས་ལྡན་མ་བི་ཀ་སུ་རའི་ཞལ་སྔ་ནས། མ་བཅོས་ཤེས་རབ་འབྱུང་བའི་ས། །གཉིས་སྣང་རྐྱེན་དང་བྲལ་བའི་དབུས། །མཚན་མ་རང་སར་གྲོལ་བ་དེ། །དྲན་བརྗེད་མཚམས་སུ་མ་བུ་འཕྲད། །ཅེས་གསུངས་སོ། །

༈ ཕྲག་དོག་ལམ་དུ་སློང་བ་མོ་ཛ་ཀི་རིའི་ཞལ་སྔ་ནས། ངལ་བ་དོན་མེད་ཚེ་འདིའི་ཆེད། །རྩོལ་སྒྲུབ་ཚི་ཆད་སྡུག་བསྔལ་རྒྱུ། །དོན་མེད་སྤྱོད་ལམ་མ་སྤངས་པའི། །འཁྲུལ་བ་བཟློག་པར་མི་འགྱུར་རོ། །ཞེས་གསུངས་སོ། །

༈ འོད་གསལ་གྱི་རྣལ་འབྱོར་མ་ཀརྨ་སིདྡྷིའི་ཞལ་སྔ་ནས། འཇིག་རྟེན་གསུམ་བདག་གྱེན་ལ་བལྟ། །རྡོ་རྗེ་གཙུག་ཏོར་སྤྲོས་བྲལ་ངང་། །དྲི་མ་མེད་པའི་ཕྱག་རྒྱ་ཆེ། །དབང་པོ་རང་སྣང་དེར་ལྟོས་དང་། །ཞེས་གསུངས་སོ། །

༈ ངག་རྣམ་པར་དབེན་པའི་རྣལ་འབྱོར་མ་ཨ་ནུ་ཀི་རེའི་ཞལ་སྔ་ནས། རྩོལ་སྒྲུབ་མི་ཆད་འབྲས་བུ་སྟོར། །ཆུ་ལ་ཐུག་སྲུབ་ཐོན་མི་བྱ། །གསེར་མཚོན་མཐོང་པའི་ས་ལ་ནི། །ངལ་དུབ་སྤངས་ན་མངོན་དུ་འགྱུར། །ཞེས་གསུངས་སོ། །

༈ བདེ་ཆེན་ཟུང་འཇུག་གི་རྣལ་འབྱོར་མ་སུ་ནི་དྷ་རིའི་ཞལ་སྔ་ནས། ཞུན་ཐར་འབྱོངས་པས་འཕྲོ་རྒོད་འདུལ། །དེས་ནི་དྭངས་གསལ་དྲི་མེད་འཛིན། །ཕྲ་རགས་མི་མཐོང་ཟླ་ཚེས་མིག །ཡུལ་སྣང་མ་གཟིགས་འཛིན་རྟོག་བྲལ། །ཞེས་གསུངས་སོ། །

༈ སེམས་ལ་དབང་ཐོབ་པའི་རྣལ་འབྱོར་མ་བྷི་ནུ་ཀའི་ཞལ་སྔ་ནས། སྣ་ཚོགས་སྣང་བ་དངོས་པོའི་ཆོས། །རང་གི་ངོ་བོ་རྣམ་པར་དབེན། །ཇི་ལྟར་ཆུ་སྣང་ཟླ་བ་བཞིན། །ཁོང་དུ་ཆུད་པས་འཁྲུལ་པ་འཇིག །ཅེས་གསུངས་སོ། །

༈ རང་གི་སྐྱོན་བཅུད་པ་ལ་མཁས་པ་མོ་སུ་ཀ་བྷི་རུའི་ཞལ་སྔ་ནས། ཐོས་དང་སྒོམ་དང་བསམ་པའི་མཐའ། །རིག་པ་སྙེམས་དང་བྲལ་བས་འབད། །དེ་ཡི་རྒྱུ་ནི་ཡིད་ཆེས་ཏེ། །རྩ་བ་མོས་གུས་མཆོག་ལས་བྱུང་། །ཞེས་གསུངས་སོ། །

༈ ཆེད་དུ་མི་འཛིན་སྨྱོན་མ་ལྟ་བུའི་རྣལ་འབྱོར་མ་ཛྙཱ་ན་བྷི་ནུའི་ཞལ་སྔ་ནས། རྨ་བྱ་རྒྱ་རུ་ཚུད་པ་བཞིན། །རིག་པ་སོ་ལ་བཞག་པ་ཡིས། །བདེ་བ་གསལ་བ་སྒྲོག་ཏུ་འཇུག །རྣམ་རྟོག་རླུང་གིས་བསྐྱོད་མི་འགྱུར། །ཞེས་གསུངས་སོ། །

༈ སེམས་འཇིག་པར་བྱེད་པ་ལ་མཁས་པ་མོ་ཀུ་ལ་ཙཎྜའི་ཞལ་སྔ་ནས། བདག་མེད་དོན་མཐོང་ཡུལ་ངོས་དེར། །ཆོས་རྣམས་མ་ལུས་ཟད་པའི་ས། །རིག་བྱེད་འཛིན་པ་བྲམ་ཟེའི་བུ། །གསང་ཚིག་ཕ་ཡི་གསུང་ལས་རྙེད། །ཅེས་གསུངས་སོ། །

༈ སྙིང་རྗེའི་མདངས་ལྡན་མ་ཤྲཱི་སིདྡྷིའི་ཞལ་སྔ་ནས། བདེ་དང་སྟོང་པ་གསལ་བའི་ཉམས། །རྟོག་པའི་གཡོ་འགུལ་ལས་གྲོལ་བ། །རིག་པ་ཆིག་ཚུགས་ལམ་ཁྱེར་གྱིས། །ལྟ་སྟངས་དོར་ཤུལ་སྤྲོས་བྲལ་ངང་། །ཞེས་གསུངས་སོ། །

༈ ཟུང་འཇུག་གི་རྣལ་འབྱོར་མ་དྷ་རི་སུ་ཁའི་ཞལ་སྔ་ནས། མ་དག་དྲི་མ་ཅན་གྱི་བློ། །ཉ་ཕྱིས་འོད་ཀྱི་སྣང་བ་ལ། །དངུལ་འཛིན་ཤེས་པ་སྐྱེས་པའི་ཚེ། །ཉ་ཕྱིས་དངུལ་གྱིས་སྟོང་པར་བྱའོ། །ཞེས་གསུངས་སོ། །

༈ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ་མོ་བྷི་མ་ལ་སི་ཏིའི་ཞལ་སྔ་ནས། ལམ་གྱི་གྲོགས་སུ་འགྱུར་བ་ནི། །གཅིག་ཏུ་ངེས་པ་མ་ཡིན་ཏེ། །རྟོག་པའི་རྟེན་དུ་གང་གྱུར་པ། །དེ་ནི་ལས་ཀྱི་ཕྱག་རྒྱ་ཡིན། །ཞེས་གསུངས་སོ། །

༈ གཏི་མུག་ལམ་དུ་སློང་བ་མོ་བྷ་ལ་ཏའི་ཞལ་སྔ་ནས། བྱིང་རྒོད་བྱ་རས་མ་སླེབས་པའི། །གསལ་དྭངས་ཕྱད་པའི་འཕྲོ་ལ་བཤིག །རྗེས་སྲོང་བ་ནི་སྒོམ་གྱི་གནད། །འདི་ཡིས་ཕྲ་རགས་དྲི་མ་སེལ། །ཞེས་གསུངས་སོ། །

༈ རང་གི་ཚིག་རྒྱན་དུ་བྱེད་པའི་སྨོན་ལམ་ལ་གནས་པ་མོ་མོ་ཧ་རི་སུ་ཀའི་ཞལ་སྔ་ནས། ཡང་དག་དོན་ལ་ཡི་གེ་མེད། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །བླ་མའི་བརྡ་ཐབས་ཆེ་བ་ཡིས། །རྟགས་པའི་འཆར་སྒོ་འབྱེད་པར་འགྱུར། །ཞེས་གསུངས་སོ། །

༈ སེམས་རྣམ་པར་དབེན་པའི་རྣལ་འབྱོར་མ་ཤྲཱི་མ་ནུ་རའི་ཞལ་སྔ་ནས། བློ་རྟོགས་མ་ཞུགས་ཐ་མལ་གྱི། །ཤེས་པ་དེ་ཉིད་གཉུག་མ་ཡི། །རང་ཁ་བཅོས་བསླད་དང་བྲལ་བ། །བསམ་དུ་མེད་དོ་སྒོམ་དང་བྲལ། །ཞེས་གསུངས་སོ། །

༈ གཉིས་མེད་ཡེ་ཤེས་ཀྱི་རྣལ་འབྱོར་མ་ཀཾ་ཀ་དྷ་རིའི་ཞལ་སྔ་ནས། ཐོག་མ་ཐ་མ་དབུས་མི་དམིགས། །རིག་པ་མཁའ་ལྡིང་རྟེན་མི་འཚོལ། །རྩ་བྲལ་ནམ་མཁའི་རྗེས་ཐོབ་ཅན། །བསམ་མེད་ཉམས་མྱོང་དམིགས་དང་བྲལ། །ཞེས་གསུངས་སོ། །

༈ སེམས་ཀྱི་དོན་དང་རྗེས་སུ་འབྲེལ་པར་བྱེད་པའི་ཡེ་ཤེས་ཀྱི་མཛོད་འཛིན་མ་ཤྲཱི་སི་སུ་པའི་ཞལ་སྔ་ནས། རིག་པ་བསྒྲིམས་ནས་གློད་པ་ཡི། །ངང་དེར་ཕྲ་རགས་རྟོག་པ་ཡལ། །སྤུ་རིས་མེད་པ་དྲན་མེད་དབྱིངས། །དྲི་མེད་ཡེ་ཤེས་འཆར་བའི་ས། །ཞེས་གསུངས་སོ། །

༈ སྨོན་ལམ་ལ་གནས་པ་མོ་ན་ཏུ་ཏའི་ཞལ་སྔ་ནས། མ་སྐྱེས་པ་ལ་འཆི་བ་མེད། །ཆོས་རྣམས་རང་གི་ངོ་བོས་དབེན། །མ་དྲན་པ་ལ་བརྗེད་པ་མེད། །བློ་ཡིས་མཐའ་གྲོལ་ཡིད་བྱེད་བྲལ། །ཞེས་གསུངས་སོ། །

༈ ཆོས་བརྒྱད་དང་བྲལ་བ་མོ་ཤྲཱི་དྷ་ནིའི་ཞལ་སྔ་ནས། སྣ་ཚོགས་ཡུལ་སྣང་གཞི་མེད་དུ། །ཕུག་ཁྲུས་འཁྲུལ་པ་ཡུལ་ལས་ལྡོག །ཡེངས་མེད་ནམ་མཁའ་མདུང་ཚུགས་ཀྱི། །སྲངས་དེར་རྟོག་པ་སྐྱེ་ལམ་ཆད། །ཅེས་གསུངས་སོ། །

༈ འཁྲུལ་པའི་སྒྲོག་གྲོལ་བ་མོ་སུ་ཁ་སིདྡྷིའི་ཞལ་སྔ་ནས། ཚོགས་དྲུག་ཡུལ་དུ་མ་སྤྱད་པའི། །དྲན་མེད་མྱ་ངན་འདས་པའི་ལམ། །རྣམ་པར་མི་རྟོག་ཆོས་ཀྱི་དབྱིངས། །ཡིད་དང་བྲལ་བས་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །

༈ སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་སྨོན་ལམ་ལ་གནས་པ་མོ་བཛྲ་ཧ་ལུའི་ཞལ་སྔ་ནས། རིག་པ་བསྒྲིམས་ནས་གློད་པ་ཡིས། །ངང་དེར་ཡིད་འཕམ་སེམས་ངལ་སོས། །རྟོག་པ་ཆོས་ཉིད་ངང་དུ་གྲོལ། །དེ་ཡིས་ཡེ་ཤེས་ལྔ་རྫོགས་བྱེད། །ཅེས་གསུངས་སོ། །

༈ ལས་དང་འཇུག་པའི་སྟོབས་དང་ལྡན་པ་མོ་ཤྲཱི་སིདྡྷིའི་ཞལ་སྔ་ནས། དྲན་ནས་བརྗེད་པའི་མཚམས་དེ་ན། །བློ་དང་བྲལ་བའི་ཡེ་ཤེས་གནས། །རྐྱེན་བྲལ་དབུས་ན་རབ་ཏུ་འགེང་། །དེ་མཐོང་ན་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ བདེན་འཛིན་མི་བརྟེན་མ་དབང་ནའི་ཞལ་སྔ་ནས། ཡུལ་སྣང་དཀར་དམར་སྣ་ཚོགས་ལ། །རྐྱེན་གྱིས་སྣང་བའི་དུས་ཉིད་དུ། །སྐྱེ་བ་མེད་དང་མ་བྲལ་བའི། །བདེན་པ་ཟད་པ་མིག་གིས་སྟོང་། །ཞེས་གསུངས་སོ། །

༈ ཉོན་མོངས་པ་མི་སྡུད་པར་བྱེད་པའི་སྟོབས་དང་ལྡན་པ་མོ་ཏ་རི་ལའི་ཞལ་སྔ་ནས། ཚོགས་དྲུག་ཇི་ལྟར་ཤར་གྱུར་ཀྱང་། །བདེན་འཛིན་བཅད་པས་བག་མི་ཆགས། །འཁྲུལ་པའི་རྒྱུ་གྲོལ་ལས་མི་སོག །འཁོར་བ་རང་སར་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ མི་རྟོག་པའི་ཡེ་ཤེས་དང་ལྡན་པ་མོ་ཏ་པ་ས་རིའི་ཞལ་སྔ་ནས། མ་དང་སྲིང་མོ་བུ་མོ་ཡི། །ཐ་དད་སྒོ་ནས་བོས་པའི་མིང་། །འགྲོ་བ་བཟང་མོའི་ངོ་བོ་ལས། །མ་གྱུར་པ་ནི་ངོ་མཚར་ཡུལ། །ཞེས་གསུངས་སོ། །

༈ བདུད་དང་གཞན་སྨྲ་བར་བྱེད་པས་མི་ཚུགས་པའི་སྟོབས་དང་ལྡན་པ་མོ་བི་མ་ལ་སི་ཏའི་ཞལ་སྔ་ནས། འཇིག་རྟེན་སྣ་ཚོགས་ལས་ལས་བྱུང་། །སྣ་ཚོགས་རང་གི་ངོ་བོས་སྟོང་། །རྒྱ་མཚོའི་ནང་གི་གཟའ་སྐར་བཞིན། །བདེན་པར་འཛིན་པ་འཁྲུལ་བའི་བློ། །ཞེས་གསུངས་སོ། །

༈ རྣམ་པར་རྟོག་པ་འབིགས་པའི་ཡེ་ཤེས་དང་ལྡན་པ་མོ་རཏྣ་སིདྡྷིའི་ཞལ་སྔ་ནས། གཟུགས་ནི་དྲི་ཟའི་གྲོང་ཁྱེར་འདྲ། །སྒྲ་རྣམས་བྲག་ཅའི་རྣམ་པ་ཅན། །ཡིད་ནི་རྨི་ལམ་འཕར་མ་བཞིན། །རང་བཞིན་གང་ཡང་མ་མཐོང་ངོ་། །ཞེས་གསུངས་སོ། །

༈ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་གྱིས་གོམས་པའི་རྣལ་འབྱོར་མ་དེ་བ་ས་རིའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །གང་གི་རྒྱུད་ལ་སྐྱེས་པའི་ཚེ། །ཉམས་སུ་མྱོང་བ་བརྗོད་མི་ནུས། །བརྡ་ཡིས་མཚོན་པ་ཐབས་ཀྱི་གནད། །ཅེས་གསུངས་སོ། །

༈ ཡེ་ཤེས་ཀྱི་མཛོད་འཛིན་མ་སི་ར་ནུ་སའི་ཞལ་སྔ་ནས། རིག་པ་བསྒྲིམས་ནས་ཀློད་པ་ཡི། །ངང་དེར་ཕྲ་རགས་རྟོག་པ་ཡལ། །སྤུ་རིས་མེད་པ་དྲན་མེད་དབྱིངས། །དྲི་མེད་ཡེ་ཤེས་འབར་བའི་ས། །ཞེས་གསུངས་སོ། །དཔལ་གྱི་མཛོད་འཛིན་མ་ར་སི་ནིའི་ཞལ་སྔ་ནས། གཉུག་མ་རྒྱུད་ལ་སྐྱེས་པ་ཡི། །ཤེས་པ་འདི་འདྲ་བརྗོད་མི་ཤེས། །ཆོས་རྣམས་ངོ་བོས་དབེན་པ་ཡིས། །གཤིས་དེ་བློ་ཡི་ཡུལ་མ་ཡིན། །ཞེས་གསུངས་སོ། །

༈ བདེ་བའི་འབྱུང་གནས་མ་ཤྲཱི་ལ་ལི་ཏའི་ཞལ་སྔ་ནས། སྒྱུ་མའི་རྟ་དང་གླང་པོ་ལྟར། །སྣང་བའི་དུས་ན་ངོ་བོས་སྟོང་། །ཀྱེ་མ་རྣམ་རྟོག་གིས་བརྟགས་པའི། །ཞེན་ཡུལ་དེ་ཉིད་གཞི་ཡིས་སྟོང་། །ཞེས་གསུངས་སོ། །

༈ དད་པའི་སྟོབས་མ་སུ་ཀ་རཏྣའི་ཞལ་སྔ་ནས། ཆུ་ཤིང་གི་ནི་སྙིང་པོ་བཞིན། །ཆོས་རྣམས་སྙིང་པོ་མེད་པ་ཅན། །བདག་མེད་རྟོགས་པ་དོན་གྱི་མཆོག །དེ་མཐོང་སྲིད་པ་ཧྲུལ་པོར་བྱེད། །ཅེས་གསུངས་སོ། །

༈ རྒྱ་མཚོའི་མདངས་ལེན་མ་ཛྙཱ་ན་སིདྡྷིའི་ཞལ་སྔ་ནས། ཤེས་པ་རྟེན་མེད་བདག་པོ་བྲལ། །གཅེར་བུ་བློ་ཡིས་མ་གོས་པ། །ཤེས་པ་རང་ཁ་སྐྱེ་འགག་གྲོལ། །རྟོག་པས་མ་གོས་དྲི་མ་མེད། །ཅེས་གསུངས་སོ། །

༈ ཤེས་རབ་འབྱུང་མ་ཤྲཱི་དུ་ཀ་རིའི་ཞལ་སྔ་ནས། གློ་བུར་རྐྱེན་ལས་སྐྱེས་པ་ཡི། །དྲན་རིག་རྟོག་པ་བདེན་པ་སྟོང་། །འགྲོ་འོང་མེད་པའི་འོད་གསལ་ལ། །འདི་ལ་འཁོར་འདས་ཡོད་རེ་ཀན། །ཞེས་གསུངས་སོ། །

༈ བདེ་བའི་སྟོབས་དང་ལྡན་མ་སིངྒ་སིང་ངའི་ཞལ་སྔ་ནས། ཀྱེ་མ་ཡོངས་སུ་སྐྱོ་བའི་ཡིད། །མ་སྐྱེས་བླ་མེད་མཆོག་གི་ལམ། །རྙེད་པར་གྱུར་པ་མ་ཡིན་པས། །འཁོར་བ་ལས་ནི་ཡིད་དབྱུང་བྱ། །ཞེས་གསུངས་སོ། །

༈ འགྲོ་བའི་དུག་སེལ་མ་དྷརྨ་ལང་གེའི་ཞལ་སྔ་ནས། དངོས་པོ་ཡི་ནི་མཚང་རིག་པས། །དངོས་མེད་ཡོངས་སུ་ཤེས་པར་འགྱུར། །ཆོས་རྣམས་སྒྱུ་མའི་རང་བཞིན་ལས། །མ་འདས་བདེན་པར་འཛིན་པས་འཁྲུལ། །ཞེས་གསུངས་སོ། །

༈ ནོར་བུའི་སྤྱན་ལྡན་མ་བྷ་ར་ཨ་ར་ལིའི་ཞལ་སྔ་ནས། སྣ་རྩེར་ཡིད་བཅངས་གནད་ཀྱི་གསང་། །མ་ཡེངས་མི་རྟོག་སྐྱེ་བའི་ས། །ཀ་ར་ཎ་ཡིས་བདེ་རླུང་བཟུང་། །བདེ་ཆེན་ཐིག་ལེ་གནས་པར་བྱེད། །ཅེས་གསུངས་སོ། །

༈ བརྩོན་འགྲུས་ཀྱི་སྟོབས་ལྡན་མ་རི་དྷ་རུའི་ཞལ་སྔ་ནས། གང་ལ་མངོན་པར་ཞེན་པ་ཡི། །བློ་དེ་ཐོངས་ཤིག་བདུད་ཡིན་ནོ། །གཉིས་སྣང་ཤེས་པ་གྲོལ་གྱུར་ན། །འཁྲུལ་པ་ཆོས་ཉིད་ངང་དུ་དེངས། །ཞེས་གསུངས་སོ། །

༈ ཟབ་མོ་དཔལ་གྱི་འོད་ལྡན་མའི་ཞལ་སྔ་ནས། རྨི་ལམ་དུ་ཡང་ཡོད་པ་རུ། །མ་མཐོང་བཙལ་བས་མ་རྙེད་པ། །བྱང་ཆུབ་ལམ་ཡིན་བརྟག་པར་རིགས། །བདག་མེད་སྒོམ་དང་རྣལ་འབྱོར་པ། །ཞེས་གསུངས་སོ། །

༈ཐར་པའི་ལམ་སྟོན་མ་ཛྙཱ་ན་བཛྲའི་ཞལ་སྔ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ཟུང་། །རིག་དང་སྟོང་པ་གཉིས་མེད་ལས། །མ་འདས་མཉམ་ཉིད་ཡེ་ཤེས་ཡིན། །གསལ་བ་སོ་སོར་རྟོགས་པ་ལ། །རྩལ་ནི་བྱ་བ་གྲུབ་པའོ། །ཞེས་གསུངས་སོ། །

༈ རྟོག་པའི་དཔལ་དང་ལྡན་པ་མ་བ་སུ་དྷ་རིའི་ཞལ་སྔ་ནས། སྟོང་པ་དག་ཀྱང་མ་མཐོང་བའི། །མིག་དེས་དངོས་པོའི་གནས་ཐབས་མཐོང་། །འཁྲུལ་སྣང་དག་པའི་དུས་དེར་ནི། །སྐུ་གསུམ་ཞིང་ཁམས་འཆར་བར་འགྱུར། །ཞེས་གསུངས་སོ། །

༈ དཔའ་མོ་བློ་གྲོས་བཟང་མོ་བྷ་ག་དྷ་རིའི་ཞལ་སྔ་ནས། མ་སྐྱེས་མི་འགག་ཡི་གེ་མེད། །མཚན་མ་མེད་ཅིང་མཚན་ཉིད་མེད། །རྗེས་སུ་མི་མཐོང་མི་དམིགས་པ། །ཡང་དག་རྫོགས་པའི་བྱང་ཆུབ་མཐོང་། །ཞེས་གསུངས་སོ། །

༈ པདྨ་འོད་ལྡན་མ་སུ་དྷ་རའི་ཞལ་སྔ་ནས། འདི་ལ་རྟག་དང་ཆད་ལ་སོགས། །གྲུབ་མཐའི་ལྟ་བས་རེག་མི་ནུས། །བློ་འདས་སྨྲ་བསམ་ཡུལ་མ་ཡིན། །ཡི་གེས་སྟོང་བས་མིང་ལས་གྲོལ། །ཞེས་གསུངས་སོ། །

༈ བཟང་མོ་དགེ་བའི་འོད་ལྡན་མ་སུ་ཁ་དྷ་རིའི་ཞལ་སྔ་ནས། རྣལ་འབྱོར་པ་ཡི་སྣང་བ་ལ། །བདེན་རྫུན་གཉིས་སྣང་གྲོལ་བ་ཡིས། །འཁོར་བ་མཐོང་བར་མི་འགྱུར་ཏེ། །གཟོད་ནས་ཞི་ཞིང་དག་པའི་དབྱིངས། །ཞེས་གསུངས་སོ། །

༈ རིག་པའི་རྒྱལ་མོ་ཨ་སུ་དྷ་ལའི་ཞལ་སྔ་ནས། ཡོད་པ་དང་ནི་མེད་པ་ཡི། །བློ་འཛིན་དེ་ནི་དྲི་མ་སྟེ། །རྣལ་འབྱོར་མཐའ་གཉིས་རྣམ་སྤངས་ལ། །དབུས་ལ་གནས་པར་མི་བྱའོ། །ཞེས་གསུངས་སོ། །

༈ ཤེས་རབ་ཀྱི་སྟོབས་ལྡན་མ་དྷི་རི་དྷ་ལའི་ཞལ་སྔ་ནས། རྟོག་པས་གཟུང་བས་སྐྱེ་མཆེད་ཀྱི། །སྒོ་དབྱེ་དབང་པོ་རྣམ་ལྔ་ཤར། །དེ་ཡི་ཡུལ་ལ་ཞུགས་གྱུར་པས། །དུག་ལྔ་སྐྱེས་ནས་ལས་བསགས་པས། །སྲིད་པའི་འཁོར་ལོ་གྲུབ་པར་བྱས། །ཞེས་གསུངས་སོ། །

༈ བྱིན་རླབས་ཀྱི་དཔལ་ལྡན་མ་སུ་ཀ་ཏའི་ཞལ་སྔ་ནས། ཆུ་འཛིན་སྤྲིན་ནི་ནམ་མཁའ་ལ། །དེངས་ཚེ་གུད་ན་ཡིབ་མིན་ལྟར། །མཚན་མ་རང་སར་གྲོལ་བ་ཡི། །དབྱིངས་ན་འཁོར་བ་ཡོད་མ་ཡིན། །ཞེས་གསུངས་སོ། །

༈ དཔའ་མོ་ཤེས་རབ་བཟང་མོ་ཛྙཱ་ན་ལི་ཏ་རའི་ཞལ་སྔ་ནས། བདག་འཛིན་རྟོག་པའི་གཞི་བརྟེན་ཏེ། །བདག་འཛིན་རྣམ་རྟོག་མ་མོ་ཡིན། །བདག་འཛིན་བག་ཆགས་སྣོད་ཡིན་ཕྱིར། །མ་སྤངས་མྱ་ངན་འདས་མི་འཐོབ། །ཅེས་གསུངས་སོ། །

༈ གྱད་ཀྱི་སྟོབས་ལྡན་མ་དྷར་མ་ཧཱའི་ཞལ་སྔ་ནས། མིག་ཡོར་སྤྲུལ་པ་ཆུ་ཟླ་དང་། །ཆོས་རྣམས་གཟུགས་བརྙན་ལས་མ་འདས། །ནམ་མཁའ་ལྟ་བུར་ཤེས་གྱུར་ན། །དུས་གསུམ་མི་དམིགས་སྤྲོས་བྲལ་འཆར། །ཞེས་གསུངས་སོ། །

༈ བཀྲ་ཤིས་དཔལ་འཛིན་མ་བི་མ་ལ་སིདྡྷིའི་ཞལ་སྔ་ནས། དཔྱད་ན་སྟོང་ལ་རེག་པ་འགག །སྣང་དང་སྟོང་པའི་རྐྱེན་དང་བྲལ། །བརྗོད་དུ་མེད་པའི་ཚིག་ཏུ་བརྗོད། །ཆོས་རྣམས་མིང་མེད་ཡི་གེ་བྲལ། །ཚིག་གི་ལམ་ལས་འདས་པ་ཅན། །ཞེས་གསུངས་སོ། །

༈ ནོར་བུའི་འོད་ལྡན་མ་སུ་ཁ་དྷ་རིའི་ཞལ་སྔ་ནས། མཚན་མ་རང་ཞི་སྐྱེ་འགག་བྲལ། །མཚན་ཉིད་མེད་པའི་མཚན་ཉིད་ཅན། །བསམ་ཡིད་བྲལ་བ་དེ་ལྟོས་དང་། །འདི་ནི་ངོ་མཚར་གཟིགས་མོར་ཆེ། །ཞེས་གསུངས་སོ། །

༈ པདྨའི་མདངས་ལྡན་མ་བྷ་སུ་ཀ་རའི་ཞལ་སྔ་ནས། དོན་གྱི་ལྷན་ཅིག་སྐྱེས་པ་ཡི། །ཕྱོགས་སུ་གང་ཞེན་ཉེ་མི་ནུས། །རང་བཞིན་གཉུག་མའི་བསམ་གཏན་ནི། །རང་ལ་བབས་པས་རྒྱུན་མི་འཆད། །ཅེས་གསུངས་སོ། །

༈ བཟང་མོ་དད་པའི་སྟོབས་ཅན་མ་སུ་ནི་བི་ཀའི་ཞལ་སྔ་ནས། རིག་པ་བྱེ་ཕུར་དུམ་བུའི་གནད། །ལྟ་སྟངས་འཇོག་འདོར་རེས་གསོར་གྱིས། །མི་རྟོག་ལྟེངས་ཀ་བསླང་ནས་ནི། །ཐ་མལ་མངོན་ཞེན་ལྡོག་པར་བྱེད། །ཅེས་གསུངས་སོ། །

༈ རྫུ་འཕྲུལ་དཔལ་ལྡན་མ་སུ་ཀ་རི་ཀིའི་ཞལ་སྔ་ནས། ཡིད་ལ་བྱེད་པ་དང་བྲལ་བ། །དེར་འཛིན་རྟོག་མེད་འདུ་ཤེས་གྲོལ། །བདག་ཅེས་བྱ་བ་གང་ཡང་བཙལ། །ངོ་བོ་སྟོང་པས་མི་རྙེད་དོ། །ཞེས་གསུངས་སོ། །

༈ ཡེ་ཤེས་ཀྱི་འབྱུང་གནས་མ་ཤྲཱི་ཨ་ལི་ཏའི་ཞལ་སྔ་ནས། ཇི་སྲིད་གཅེས་འཛིན་མ་ཞིག་པར། །འཆིང་བའི་རྒྱུ་དང་བྲལ་བ་མིན། །བདག་ཏུ་འཛིན་པ་གྲོལ་བ་དང་། །སྲིད་པའི་འཁོར་ལོ་འཇིག་པར་འགྱུར། །ཞེས་གསུངས་སོ། །

༈ ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་མ་སིང་གྷ་དྷ་ལིའི་ཞལ་སྔ་ནས། ཚིག་གིས་གཏན་ལ་མི་ཕེབས་ཏེ། །བླ་མའི་བརྡ་ལས་ངེས་མཐོང་བྱ། །ཉམས་སུ་མྱོང་བ་ངོས་གཟུང་བྲལ། །འདི་ནི་རྣལ་འབྱོར་མ་ཡི་ཡུལ། །ཞེས་གསུངས་སོ། །

༈ ཟླ་བའི་འོད་ཟེར་མ་གྷ་མ་ལི་ཏིའི་ཞལ་སྔ་ནས། ནམ་མཁའ་མདུང་ཚུགས་བསམ་གཏན་འཆར། །རིག་པ་སོར་བཞག་གནད་ཀྱི་མཚང་། །བདེ་གསལ་རྒྱུན་མི་འཆད་པར་བྱེད། །ཡུལ་ལ་ཡེངས་པར་མི་བྱའོ། །ཞེས་གསུངས་སོ། །

༈ དཔལ་གྱི་འོད་འཛིན་མ་རཏྣ་ལི་ཏིའི་ཞལ་སྔ་ནས། རྟོག་བྲལ་ཡུལ་གྱི་རྗེས་མི་འབྲང་། །སྣང་བ་ཧད་པོས་དེར་འཛིན་གྲོལ། །སོར་བཞག་ཚོགས་དྲུག་ལྷུག་པའི་ངང་། །སྒོམ་བློ་འདུན་པ་དྲི་མ་ཡིན། །ཞེས་གསུངས་སོ། །

༈ བཟོད་པའི་སྟོབས་ལྡན་མ་ན་ཏ་རའི་ཞལ་སྔ་ནས། ཚོགས་དྲུག་ཡུལ་གྱི་སྣང་བ་ནི། །སྣ་ཚོགས་རྐྱེན་གྱི་སྣང་བ་སྟེ། །རྐྱེན་སྣང་སྒྱུ་མ་ལས་མ་འདས། །རང་བཞིན་མེད་དེ་ངོ་མཚར་ཡུལ། །ཞེས་གསུངས་སོ། །

༈ བདེ་བའི་མདངས་ལྡན་མ་ཤྲཱི་ཀ་སུ་ཏའི་ཞལ་སྔ་ནས། འདས་དང་མ་འོངས་ད་ལྟར་གྱི། །ཐུབ་པའི་གསུང་གི་སྡེ་སྣོད་རྣམས། །རྣམ་གྲངས་ཐ་དད་དོན་གཅིག་པར། །བླ་མའི་བརྡ་ལས་རབ་ཏུ་བླངས། །ཞེས་གསུངས་སོ། །

༈ བྱིན་རླབས་ཀྱི་འབྱུང་གནས་མ་སུ་རི་སུ་ཀའི་ཞལ་སྔ་ནས། མཚང་མཐོང་ཆེད་འཛིན་བློ་མི་འཆར། །ཆོས་རྣམས་བདེན་པ་ཟད་ས་རུ། །མཐོང་བའི་དུས་དེར་བདེན་པ་གྲོལ། །དེས་ནི་སྲིད་པ་ཧྲུལ་པོར་བྱེད། །ཅེས་གསུངས་སོ། །

༈ བདེ་བའི་སྟོབས་ལྡན་མ་བྷ་ཏ་རའི་ཞལ་སྔ་ནས། སྨིག་རྒྱུ་བཞིན་དུ་སྐྱེ་མཆེད་རྣམས། །རང་བཞིན་མ་གྲུབ་ངོ་བོས་སྟོང་། །སྣང་བ་རང་སར་གྲོལ་བའི་མཚང་། །དེ་ཉིད་ལྟོས་དང་རྣལ་འབྱོར་པ། །ཞེས་གསུངས་སོ། །

༈ དཔལ་གྱི་འོད་ལྡན་མ་སུ་ཀ་ཏོའི་ཞལ་སྔ་ནས། ཀྱེ་མ་རྟོག་པའི་རང་བཞིན་ནི། །རང་བཞིན་ངོ་བོས་སྟོང་གྱུར་པ། །དེ་ཚེ་རྟོག་པ་མ་སྤངས་པར། །རང་བཞིན་གྱིས་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ རྟོག་པའི་འབྱུང་གནས་མ་མ་དྷ་རོ་རི་ཧའི་ཞལ་སྔ་ནས། ཟིལ་མངར་བཅུད་ལེན་སྨན་གྱི་མཆོག །སྐྱུགས་ན་ནད་དུ་འགྱུར་བ་བཞིན། །སྒོམ་ཉམས་མུ་ཅོར་སྨྲས་པ་ན། །ཡོངས་སུ་ཡལ་བར་འགྱུར་བ་ཡིན། །ཞེས་གསུངས་སོ། །

༈ དབང་ཕྱུག་གི་སྟོབས་དང་ལྡན་མ་བུ་ག་དྷ་ལའི་ཞལ་སྔ་ནས། སྟོང་པའི་རང་བཞིན་འགག་མེད་དུ། །འཆར་བ་གང་གིས་ཤེས་འགྱུར་བ། །བློ་ལྡན་དེ་ནི་སྐལ་བ་བཟང་། །ལས་གྲོལ་ཡིད་ནི་ཐར་བར་བྱེད། །ཅེས་གསུངས་སོ། །

༈ བདེ་བའི་མདངས་ལྡན་མ་ཨ་ཛུ་ལིའི་ཞལ་སྔ་ནས། སྟོང་པ་ཉིད་ཀྱིས་ཡོངས་སུ་འཛིན། །རིག་པ་སྤྲོས་བྲལ་འདུས་བྱས་མིན། །རྟོག་མེད་སེམས་ཀྱི་ངོ་བོ་ལ། །འཁོར་དང་མྱ་ངན་འདས་མ་གྲུབ། །ཅེས་གསུངས་སོ། །

༈ བདེ་བའི་མདངས་ལྡན་མ་སི་རི་དྷི་ནའི་ཞལ་སྔ་ནས། ཤེས་པ་མདུང་ཚུགས་སྤྲོས་པ་ཞི། །དེ་ཡིས་རྟོག་པའི་འགྲོ་འོང་ཆད། །འདི་ལྟར་དབང་པོ་རང་སྣང་གི །ཡུལ་ན་བསམ་མེད་སྒོམ་དང་བྲལ། །ཞེས་གསུངས་སོ། །

༈ ཐུགས་རྗེ་དཔལ་གྱི་སྒྲོན་མ་སུ་ཀ་པའི་ཞལ་སྔ་ནས། རི་དྭགས་རྨས་མ་ཇི་བཞིན་དུ། །ཨུ་པ་གཅིག་པུར་གནས་པར་བྱ། །སྐྱེ་བོའི་དབུས་སུ་རྟོགས་པ་འགྲིབ། །མཆོག་གི་དོན་གཉེར་བས་མཐར་སོང་། །ཞེས་གསུངས་སོ། །

༈ སྟོབས་ལྡན་རྒྱལ་མོ་སཱུརྱ་ཁ་དྷིའི་ཞལ་སྔ་ནས། དངོས་པོའི་ཞེན་ཆགས་འཁོར་བའི་རྒྱུ། །ཞེན་མེད་མྱ་ངན་འདས་པའི་ལམ། །འདོད་པའི་བློ་ཡིས་ཐར་པ་འདོར། །འདོད་པ་དང་བྲལ་བདེ་བའི་མཆོག །ཅེས་གསུངས་སོ། །

༈ དབྱིངས་ཀྱི་གཙོ་མོ་ཛྙཱ་ན་རོ་ཧའི་ཞལ་སྔ་ནས། རྣལ་འབྱོར་ངེས་ཤེས་གཅེས་འཛིན་བྱ། །སོམ་ཉི་བདུད་ཀྱིས་བྱིན་རླབས་སོ། །ཐེ་ཚོམ་གྱིས་ནི་དངོས་གྲུབ་འདོར། །ཡིད་ཆེས་ཡོན་ཏན་ཀུན་གྱི་གཞི། །ཞེས་གསུངས་སོ། །

༈ དཔལ་མོ་པདྨ་ཁ་དྷའི་ཞལ་སྔ་ནས། དེས་ནི་ཕྲ་རགས་རྟོགས་པ་སྤོངས། །བདེ་རླུང་རིག་པ་ཐོག་བབས་སུ། །འཛིན་པར་བྱེད་པའི་གནད་འདི་ལ། །ལྟ་སྟངས་སོ་མ་བརྗེ་བ་གཅེས། །ཞེས་གསུངས་སོ། །

༈ བཟང་མོ་ནོར་བུའི་འོད་ལྡན་མ་བྷི་ག་སིའི་ཞལ་སྔ་ནས། རྟོག་པ་གང་སྐྱེ་མི་དམིགས་པར། །སྤྱད་པས་ཤེས་རབ་ཟས་སུ་འགྱུར། །ཐབས་དེས་རྣམ་པར་རྟོག་པའི་རྩལ། །ཡེ་ཤེས་ཆེན་པོར་འཆར་བར་བྱེད། །ཅེས་གསུངས་སོ། །

༈ བདེ་ཆེན་རྒྱལ་མོ་སུ་ལ་ཁ་དྷའི་ཞལ་སྔ་ནས། མི་གཡོ་རྩེ་གཅིག་དང་པའི་ངང་། །རྟོག་པ་རང་གྲོལ་ཆོས་ཀྱི་སྐུ། །རིག་པ་གཅེར་བུ་སྒྲིབ་གཡོགས་བྲལ། །ཤེས་པ་རང་ལུགས་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །

༈ དཔལ་གྱི་སྒྲོན་མེ་སུ་ཀ་ཙནྡྷའི་ཞལ་སྔ་ནས། འདོད་པའི་བློ་བྲལ་བདེ་ཆེན་གྱིས། །དུས་དེར་སྡུག་བསྔལ་བྲལ་བར་བྱེད། །འདོད་པའི་བློ་རྣམས་ལོག་པ་ཡིས། །ཟག་པ་འདམ་རྫབ་སྐམ་པར་འགྱུར། །ཞེས་གསུངས་སོ། །

༈ བདེ་བའི་འོད་འཛིན་མ་བྷ་ནུ་རོ་ཧའི་ཞལ་སྔ་ནས། ནམ་མཁའི་ངང་ཅན་གདོད་ནས་དག །མཐའ་བཞི་ལས་ནི་རྣམ་པར་གྲོལ། །འདས་དང་མ་འོངས་ད་ལྟར་གྱི། །དུས་ཀྱིས་མ་བསྡུས་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །

༈ བདེ་བའི་སྒྲོན་མ་ར་དྷ་ལིའི་ཞལ་སྔ་ནས། སེམས་ལ་ཡེ་ཤེས་སྐྱེ་འགྱུར་བ། །རིག་པ་དྲུངས་པ་ཁྲོ་བོའི་སྤྱན། །སོར་བཞག་རྣམ་རྟོག་རླུང་མི་བསྐྱོད། །རྟེན་འབྲེལ་གྱིས་ནི་ཡང་དག་འགྲུབ། །ཅེས་གསུངས་སོ། །

༈ འབར་བའི་གཙོ་མོ་ཨ་མ་ཀ་པ་ལིའི་ཞལ་སྔ་ནས། གཉུག་མ་རས་སུ་མ་ཆུད་པའི། །རྟེན་འབྲེལ་ཆེ་བ་བླ་མའི་བརྡ། །འདི་ལ་ངེས་པ་སྟོར་བ་ན། །མཚོན་བྱེད་ཡི་གེ་མང་དུ་འགྱུར། །ཞེས་གསུངས་སོ། །

༈ ལེགས་པའི་དཔའ་མོ་སི་རི་ཏེ་རའི་ཞལ་སྔ་ནས། རྟེན་འབྲེལ་རྩ་བ་ཕྱིན་པ་ཡིས། །འཁོར་བའི་ས་བོན་མི་གནས་ཏེ། །མ་རིག་པ་ནས་རྒ་ཤིའི་བར། །རྟེན་ཅིང་འབྲེལ་བས་འཁོར་བ་སྟོང་། །ཞེས་གསུངས་སོ། །

༈ དཔལ་གྱི་རྒྱལ་མོ་སུ་ཀ་རིའི་ཞལ་སྔ་ནས། རྟོག་པའི་སྤུ་རིས་སྤངས་པ་ཡི། །ཤེས་པ་ལ་ནི་བསྒོམ་མི་དགོས། །རང་སྣང་གྲོལ་བར་གྱུར་པ་ལ། །སྒྲུབ་པ་ཉམས་སུ་བླང་མི་དགོས། །ཞེས་གསུངས་སོ། །

༈ དཔལ་གྱི་བདེ་སྟེར་མ་ས་རི་དྷ་རིའི་ཞལ་སྔ་ནས། འདི་ནི་རང་སྣང་གློ་བུར་བ། །རྩ་བྲལ་རང་བཞིན་མེད་པ་ཡི། །མཚང་དེ་ལྟོས་དང་རྣལ་འབྱོར་པ། །དེ་མཐོང་འཁྲུལ་པ་འཇིག་པར་འགྱུར། །ཞེས་གསུངས་སོ། །

༈ བདེ་བའི་རོས་མྱོས་མ་བྷུ་ག་ལ་མའི་ཞལ་སྔ་ནས། བལྟ་རུ་མེད་པ་དེ་མཐོང་ན། །གཟུང་དུ་མེད་པའི་དོན་ཟིན་ཏེ། །དེ་ནི་རྩོལ་བའི་ནད་ལས་གྲོལ། །བདེ་ཆེན་རྒྱལ་པོ་ཐོབ་པར་བྱེད། །ཅེས་གསུངས་སོ། །

༈ ཟབ་མོ་དོན་གྱི་དཔལ་འཛིན་མ་གྷ་ཛུ་དྷ་རིའི་ཞལ་སྔ་ནས། རགས་པའི་དངོས་པོར་སྣང་བ་ཀུན། །སྟོང་བ་ཉིད་ཀྱི་རང་བཞིན་ཏེ། །ཅེར་ཅེར་སྣང་བའི་དུས་ཉིད་དུ། །ཕྱག་རྒྱ་ཆེན་པོ་མཐོང་ནས་ཡོད། །ཅེས་གསུངས་སོ། །

༈ ཟག་མེད་བདེ་བའི་མདངས་ལྡན་མ་རུ་ཀ་ལིའི་ཞལ་སྔ་ནས། མཚོན་བྱེད་དཔེ་ཡི་ལྷན་སྐྱེས་ཀྱིས། །མཚོན་བྱ་དོན་གྱི་ལྷན་སྐྱེས་རྟོགས། །དེས་ནི་འགྲོ་འོང་མེད་པའི་བདག །སེམས་ཉིད་གཉུག་མའི་རང་བཞིན་ནོ། །ཞེས་གསུངས་སོ། །

༈ རང་རིག་འོད་གསལ་གྱི་མདངས་ཅན་མ་གངྒ་ལེའི་ཞལ་སྔ་ནས། དབང་པོ་དྲུག་གི་སྤྱོད་ཡུལ་དུ། །གང་གང་སྣང་བའི་དངོས་པོ་ལ། །རང་བཞིན་བདེན་པས་དབེན་པའི་ཕྱིར། །སྟོང་ཉིད་ཅི་ཡི་ཕྱིར་མི་རྟོགས། །ཞེས་གསུངས་སོ། །

༈ དཔའ་མོ་ཡེ་ཤེས་ཀྱི་མདངས་འཕྲོག་མ་བྷ་ག་དྷ་རའི་ཞལ་སྔ་ནས། ཚོགས་དྲུག་ཡུལ་སྣང་སྒྱུ་མ་ལ། །ངོས་ཟིན་འཁྲུལ་པ་ཡུལ་ལ་ལྡོག །གཞི་མེད་རང་གིས་སྟོང་བའི་མཚང་། །མཐོང་བས་བག་ཆགས་གནས་སུ་འཇོམས། །ཞེས་གསུངས་སོ། །

༈ བཟང་མོ་དཔལ་གྱི་འོད་ཟེར་ཅན་རཏྣ་རོ་ཧའི་ཞལ་སྔ་ནས། རེ་བ་དང་ནི་དོགས་པ་ཡིས། །མཚན་མའི་ཆོས་ལ་རྟོག་པ་ནི། །ཉམས་སུ་མ་མྱོང་སྐྱོན་ཡིན་པས། །གཉིས་མེད་རྩི་ཡིས་ཟིན་པར་བྱ། །རང་སྣང་རང་སར་གྲོལ་བར་བྱ། །ཞེས་གསུངས་སོ། །

༈ དཔའ་མོ་ལྷའི་སྒྲོལ་མ་བྷ་ག་ཛུ་ལུའི་ཞལ་སྔ་ནས། བླང་བྱ་དོར་བྱ་གཉིས་བྱུང་ན། །སྤྱོད་པ་གོམས་པར་མ་བྱས་པའི། །རོ་མ་སྙོམས་པའི་སྐྱོན་ཡིན་པས། །རང་བཞིན་སེམས་ལས་ཕྱིར་གྱུར་པའི། །འཁོར་འདས་མེད་པར་ཤེས་པར་བྱ། །ཞེས་གསུངས་སོ། །

༈ འཁྲུལ་པ་ཆོས་ཉིད་དུ་ཤར་བ་མོ་ཧ་ར་དྷ་ནའི་ཞལ་སྔ་ནས། རྩོལ་བ་མེད་པའི་བརྩོན་འགྲུས་ཀྱིས། །ངོས་བཟུང་བྲལ་བའི་ཉམས་མྱོང་བསྐྱངས། །བྱིང་རྒོད་ལ་སོགས་བྱུང་གྱུར་ཀྱང་། །དེ་ཡི་སྐྱོན་ངོ་ཤེས་བྱས་ལ། །ཁོ་ན་ཉིད་ལ་གློད་ལ་བཞག །ཅེས་གསུངས་སོ། །

༈ འདོད་པའི་བློ་ལོག་མ་ར་ས་བྷིའི་ཞལ་སྔ་ནས། ཅིར་སྣང་ངོ་བོས་རང་གྲོལ་བས། །ཉོན་མོངས་བག་ཆགས་ཀྱིས་མི་འགོ །ཆོས་དང་སེམས་སུ་རོ་མཉམ་བས། །སྣ་ཚོགས་གཟུགས་མེད་རྩ་བྲལ་དུ། །གྲོལ་བས་སྨྱོན་པ་ལྟ་བུའོ། །ཞེས་གསུངས་སོ། །

༈ རིག་པ་སྙེམས་ལས་གྲོལ་བ་མོ་བྷ་ག་དྷ་ནུའི་ཞལ་སྔ་ནས། འཁོར་འདས་རོ་གཅིག་རྟོགས་པ་ལས། །དེས་ནི་གཉིས་འཛིན་ཤེས་པ་གྲོལ། །འབད་རྩོལ་མེད་པར་གདུལ་བྱ་ཡི། །དོན་འབྱུང་ཡིད་བཞིན་ནོར་བུ་ལྟར། །འབྲས་བུ་རང་ལས་རྙེད་པར་འགྱུར། །ཞེས་གསུངས་སོ། །

༈ དུས་གསུམ་རང་སར་གྲོལ་བ་མོ་བྷ་ག་ཏའི་ཞལ་སྔ་ནས། སེམས་ཉིད་འོད་གསལ་ངོ་བོས་དབེན། །སངས་རྒྱས་དང་ནི་སེམས་ཅན་གྱི། །ཁྱད་པར་ཡོད་པ་མ་ཡིན་ཏེ། །མར་མེ་དང་ནི་འོད་བཞིན་ནོ། །འདི་ཤེས་འཁོར་འདས་འཛིན་རྟོག་བྲལ། །ཞེས་གསུངས་སོ། །

༈ དབང་གི་ཉམས་ཀྱིས་བཟི་བ་མོ་བྷ་ཙ་ལའི་ཞལ་སྔ་ནས། གློ་བུར་རྐྱེན་ལས་སྐྱེས་པ་ཡི། །དྲན་རིག་རྣམ་པར་རྟོག་པ་ནི། །དེ་ཉིད་ངོ་བོ་གཞི་མེད་དེ། །རང་བཞིན་མ་སྐྱེས་པ་ཡི་གཞི། །དེ་མཐོང་འཁྲུལ་པའི་སྣང་བ་འཇིག །ཅེས་གསུངས་སོ། །

༈ མི་རྟོག་པའི་གཉིད་ལོག་མ་སིངྒ་དྷ་ནའི་ཞལ་སྔ་ནས། དེ་ཉིད་ངོ་བོ་འདུས་མ་བྱས། །འགྲོ་འོང་མེད་པའི་བདག་ཉིད་ཅན། །སྤྲོས་པ་ཉེར་ཞི་འོད་གསལ་ངང་། །གདོད་ནས་དག་པ་དེ་ལྟོས་དང་། །ཞེས་གསུངས་སོ། །

༈ བཟང་མོ་ནོར་བུའི་འོད་ལྡན་མ་དྷ་ན་ལའི་ཞལ་སྔ་ནས། དྲན་རིག་རྣམ་པར་རྟོག་པ་ནི། །དམིགས་པ་མེད་པར་མ་ཆོད་ན། །བག་ཆགས་གནས་པའི་རྟེན་མི་འཇིག །མཚན་མ་རང་གྲོལ་དེ་ལྟོས་ཤིག །ཅེས་གསུངས་སོ། །

༈ དཔལ་གྱི་བདེ་སྟེར་མ་སུ་ཀ་རིའི་ཞལ་སྔ་ནས། མ་འཆུན་གནད་དུ་ཚུད་མི་འགྱུར། །མ་ཤིགས་རྗེས་ཀྱི་ངོས་མི་ཟིན། །མ་བསྒྲིབས་ལོག་ཤེས་ཚར་མི་ཆོད། །མ་ཀློད་སྤྲོས་བྲལ་ལམ་མི་འཆར། །ཞེས་གསུངས་སོ། །

༈ དཔལ་གྱི་སྒྲོན་མ་ཀ་ན་ལིའི་ཞལ་སྔ་ནས། འཁོར་བའི་རང་མཚང་མཐོང་བར་གྱིས། །དེ་ཡིས་མྱང་འདས་འདོད་པ་གྲོལ། །དྲན་རིག་ཡེ་ཤེས་ངོ་བོར་མཐོང་། །འདི་ཡིས་སངས་རྒྱས་སྒྲུབ་བློ་འཇིག །ཅེས་གསུངས་སོ། །

༈ བུམ་འཛིན་མ་དྷ་ན་རུའི་ཞལ་སྔ་ནས། རིགས་དྲུག་འཁོར་བའི་སེམས་ཅན་ལ། །བདེ་གཤེགས་སྙིང་པོ་ཡོད་གྱུར་ཀྱང་། །མ་བསྒྲུབས་གྲོལ་བ་ཐོབ་མི་འགྱུར། །ཞེས་གསུངས་སོ། །

༈ བདེ་བའི་མདངས་ལྡན་མ་བྷ་ཨ་ར་དྷའི་ཞལ་སྔ་ནས། ཤེས་པ་མཐའ་བྲལ་ལྟ་བའི་གནད། །ཐ་མལ་ཤེས་པ་བློ་རྟོག་བྲལ། །མ་བཅོས་པ་ནི་ཆོས་ཀྱི་སྐུ། །སྒྲུབ་བློ་ཞིག་པ་ངོ་མཚར་ཆེ། །ཞེས་གསུངས་སོ། །

༈ ལྷའི་མདངས་འཕྲོག་མ་མི་ན་ལའི་ཞལ་སྔ་ནས། འདི་དག་ཡང་དག་མ་ཡིན་པས། །ཁམས་གསུམ་ངོ་བོས་རྣམ་པར་དབེན། །ཆོས་རྣམས་དོན་དུ་མ་གྲུབ་པས། །རང་བཞིན་དག་པ་ངོ་མཚར་ཆེ། །ཞེས་གསུངས་སོ། །

༈ འབར་བའི་གཙོ་མོ་བྷ་ནུ་ཧི་རིའི་ཞལ་སྔ་ནས། བློ་ཡི་མཐའ་བྲལ་གཉུག་མའི་ངང་། །སྒོམ་དང་བསྒོམ་བྱ་ལས་གྲོལ་ཏེ། །ཕྱག་རྒྱ་ཆེ་ལ་སྒོམ་དུ་མེད། །མ་བྱས་ཤེས་པ་ངར་དང་བཅས། །རིག་པ་རྟེན་མེད་ནམ་མཁའ་འདྲ། །ཞེས་གསུངས་སོ། །

༈ ཡེ་ཤེས་ཀྱི་སྤྱན་ལྡན་མ་བྷ་ནུ་ཧ་རིའི་ཞལ་སྔ་ནས། བདེན་གཉིས་ངོ་བོ་ཐ་མི་དད། །སྣང་སྟོང་གཉིས་མེད་ཟུང་དུ་འཇུག །སྣང་སྟོང་གྲོལ་བའི་རྣལ་འབྱོར་པ། །འཁོར་འདས་མེད་པ་ངོ་མཚར་ཆེ། །ཞེས་གསུངས་སོ། །

༈ དཔལ་གྱི་འདོད་འཇོ་མ་སུ་ཀ་དྷ་ནའི་ཞལ་སྔ་ནས། བར་དོ་མེད་པའི་ཆོས་ཉིད་ལ། །འགྲོ་དང་འོང་བའི་ཆོས་མི་གནས། །བློ་དང་བྲལ་བའི་ཡེ་ཤེས་ལ། །འཁྲུལ་པའི་དྲི་མ་རྣམ་པར་དག །ཅེས་གསུངས་སོ། །

༈ དབྱིངས་ཀྱི་གཙོ་མོ་བྷ་ཏ་ཧའི་ཞལ་སྔ་ནས། གང་ཚེ་གནད་ཀྱི་ངོ་བོར་རིག །དེ་དུས་མ་རིག་མུན་པ་དེངས། །གང་དུ་འཁྲུལ་པའི་སྣང་བ་དག །དེ་ནི་སྐུ་གསུམ་ཞིང་ཞེས་ཤེས། །གསུངས་སོ། །

༈ རྫུ་འཕྲུལ་གྱི་རྒྱན་དང་ལྡན་པའི་ཐ་ན་མོའི་ཞལ་སྔ་ནས། རྩི་མེད་སྦྲང་མ་བདེ་བར་གནས། །ཉ་བཏང་སྐྱར་མོ་སེམས་ངལ་སོས། །ཆོག་མེད་བློ་ནི་དབུལ་པོ་ཡིན། །ཞེས་གསུངས་སོ། །

༈ ཐུགས་རྗེའི་འོད་ལྡན་མ་སུ་རི་དྷ་ནའི་ཞལ་སྔ་ནས། རྒྱ་མཚོ་ནང་གི་སེམས་ཅན་ལ། །ཆུ་སྲིན་ཟས་སུ་མ་གྱུར་མེད། །དེ་བཞིན་བརྟན་པ་ཐོབ་པ་ལ། །གྲོགས་སུ་མ་གྱུར་གང་ཡང་མེད། །ཅེས་གསུངས་སོ། །

༈ བདེ་བའི་སྟོབས་ལྡན་མ་ས་ན་ལིའི་ཞལ་སྔ་ནས། གང་གིས་མཁུར་བར་ཆུ་བླུགས་ན། །སྨྲ་བརྗོད་ནུས་པ་མ་ཡིན་ནོ། །དོན་གྱི་རྩི་འཐུངས་རྣལ་འབྱོར་པས། །ཕྱག་རྒྱ་ཆེན་པོ་བརྗོད་མི་ཤེས། །ཞེས་གསུངས་སོ། །

༈ དཔའ་མོ་ཁྱུང་བྱའི་ལྡེམ་རུ་ཅན་བྷ་ལི་བྷ་དའི་ཞལ་སྔ་ནས། མཁས་པས་ཁས་ལེན་སྤང་བར་བྱ། །ཐོས་པས་རང་རྒྱུད་མ་དུལ་བའི། །འདི་ཡི་ཡོན་ཏན་དགོས་པ་སྟོར། །རིག་བྱེད་མཐར་ཕྱིན་ཞི་ཞིང་དུལ། །ཞེས་གསུངས་སོ། །

༈ ངོ་སྤྲོད་གནད་ལ་ཕོག་པའི་ཕྱག་རྒྱ་ཆེན་པོ་ཐོག་བབས་སུ་ཤར་བ་མོ་ཙི་ར་དེ་བའི་ཞལ་སྔ་ནས། བློ་མཐའ་མ་མཐོང་ལྟ་བ་ནི། །ཤེས་བྱ་མུ་ལས་གྲོལ་བས་ཞིག །སྣང་སྟོང་རྐྱེན་དང་བྲལ་བ་ལས། །སྐྱེ་བ་མེད་པའི་ཕྱག་རྒྱས་བཅིངས། །ཞེས་གསུངས་སོ། །

༈ བདེ་ལྡན་མ་དུང་གི་ཐོར་ཅོག་ཅན་བ་ཏ་མིའི་ཞལ་སྔ་ནས། འཛིན་བློ་ཐོངས་ལ་རྟོག་པ་ཆོད། །ཆོས་རྣམས་གཞི་རུ་མཉམ་པ་ལ། །བརྒྱད་དང་བྲལ་བ་རྣལ་འབྱོར་ཡིན། །ཡེ་ཤེས་སྐུ་ནི་ལས་ལས་གྲོལ། །ཞེས་གསུངས་སོ། །

༈ གཏུམ་མོ་འབྲུག་གི་སླག་པ་ཅན་བི་ཏ་ལའི་ཞལ་སྔ་ནས། གང་ཞིག་གཟུགས་ཡོད་བར་དུ་ནི། །དེ་ལ་གྲིབ་མ་འོང་བ་བཞིན། །དེ་ལྟར་འདོད་པའི་བློ་ཡོད་ཕྱིར། །སྒྲིབ་པ་སྤངས་པར་འགྱུར་མ་ཡིན། །གྲོགས་དག་འདོད་པའི་བློ་དང་བྲལ། །ཞེས་གསུངས་སོ།། །།

རྣལ་འབྱོར་ཕོ་མོ་ཉེར་གཅིག་གིས་ཐུགས་ཉམས་མགུར་དུ་བཞེངས་པ་ལས་ཁོལ་དུ་ཕྱུང་བ།

༄༅། །རྣལ་འབྱོར་ཕོ་མོ་ཉེར་གཅིག་གིས་ཐུགས་ཉམས་མགུར་དུ་བཞེངས་པ་ལས་ཁོལ་དུ་ཕྱུང་བ་བཞུགས།

མ་ཇོ་རྒྱ་སྒོམ་མས་མགུར་བཞེངས་པ། ལས་བྱས་པས་ཟིན་མེད་ཀྱི་སོ་ནམ་བཞག །དལ་པོར་བྱུང་ནས་ཉལ་བ་ལགས། །བསགས་པས་ངོམས་མེད་ཀྱི་ནོར་རྫས་སྤངས། །ལྟོགས་ནས་གངས་ཆུ་འཐུང་པ་ལགས། །དགོས་མེད་འཇིག་རྟེན་གྱི་ཁེ་གྲགས་སྤངས། །རང་སྨས་དམན་ས་བཟུང་ནས་བསྡད་པ་ལགས། །དགོས་པ་བླ་མ་རྗེ་ཡིས་བསྒྲུབས། །རང་གཅིག་པུར་གསོལ་བ་འདེབས་པ་ལགས། །ཉམས་རྟོགས་ནམ་མཁའི་བུ་མོས་ཁྱེར། །ཁས་ལེན་ཏིང་ནས་ཏང་གཏིང་ནས་དེངས་བ་ལགས། །ཞེས་གསུངས་སོ། །

༈ མ་ཇོ་ལྕུག་མོ་བཟའ་དགེ་འདུན་སྐྱིད་ཀྱིས་མགུར་བཞེངས་པ། རང་སེམས་ཡིད་བཞིན་ནོར་བུ་དང་། །རྒྱ་མཚོ་ཡིད་བཞིན་ནོར་བུ་གཉིས། །ཚེ་འདི་ཕྱིའི་དགོས་པ་སོ་སོར་བསྒྲུབས། །སྤྲང་མོས་སེམས་ཉིད་ནོར་ལ་འདམས། །འཆི་རྒྱགས་ཚོགས་གཉིས་བསོག་བྲུན་དང་། །འཚོ་རྒྱགས་ནོར་རྫས་ཀྱི་བསོག་བྲུན་གཉིས། །མཛངས་མས་ཞིབ་ཏིག་ནོར་ལ་བྱེད། །སྤྲང་མོས་འཆི་རྒྱགས་གྲབས་སུ་བཅུག །

སྲོག་གཅོད་ལུས་ཀྱི་དགྲ་བོ་དང་། །དུག་ལྔ་སེམས་ཀྱི་དགྲ་བོ་གཉིས། །ཕྱི་ནང་གི་དཔའ་རྩལ་སོ་སོར་འདུལ། །སྤྲང་མོས་དུག་ལྔའི་དགྲ་བོ་བརྟུལ། །ས་མཁར་ཁེ་གྲགས་ཀྱི་བཙན་ས་དང་། །མི་གཡོ་རིག་པའི་བཙན་ས་གཉིས། །འཇིགས་མེད་ས་མཁར་སོ་སོར་བསྲུངས། །སྤྲང་མོས་བསམ་གཏན་གྱི་མཁར་པོ་བསྲུངས་གསུངས།

༈ མ་ཇོ་འདར་སྒོམ་མས་མགུར་བཞེངས་པ། རང་སེམས་སངས་རྒྱས་སུ་མ་རྟོགས་ཀྱང་། །བདག་ཏུ་འཛིན་པའི་རྩ་བ་སྟོར། །སྣང་བ་ཆོས་སྐུར་མ་རྟོགས་ཀྱང་། །དངོས་པོར་འཛིན་པའི་མདུད་པ་ཞིག །བླ་མའི་ཞབས་ཏོག་མ་འགྲུབ་ཀྱང་། །སེར་སྣས་བཟུང་པའི་ནོར་རྫས་མེད། །ལུས་ངག་གི་དགེ་སྦྱོར་མ་འགྲུབ་ཀྱང་། །ལས་སྡིག་པའི་ཕྱོགས་དང་འབྲེལ་བ་མེད། །སྐྱེ་མེད་ཀྱི་བཙན་ས་མ་ཟིན་ཀྱང་། །ངན་སོང་གི་གཡང་ལ་ང་མི་འཇིགས། །གསུངས་སོ།། །།

ཕྱག་ཆེན་བརྡའི་མན་ངག་ལས་ཁོལ་ཕྱུང་འགའ་བཞུགས།

༄༅། །ཕྱག་ཆེན་བརྡའི་མན་ངག་ལས་ཁོལ་ཕྱུང་འགའ་བཞུགས།

རྣལ་འབྱོར་མ་ཤིང་ལོ་མས་ཉམས་ཀྱི་སྟངས་ཕུལ་བ། མྱུ་གུའི་དུས་ནས་འདམ་བུའི་བུ་གུ་སྟོངས། །སྦུད་པའི་སྟོབས་དྲག་ཁྲོ་ཆུ་ཉི་མར་ཁོལ། །ཆུ་ཡི་མི་ལ་རྣལ་མའི་གོས་མི་འཚལ་གསུངས།

༈ རྣལ་འབྱོར་མ་རི་ཁྲོད་མས་ཉམས་ཀྱི་སྟངས་ཕུལ་བ། ཆོས་བཟང་བཤིག་ལ་སྤྱི་ལུགས་བུམ་པ་བྱ། །དུ་ཁྲོད་ནང་དུ་ལྕེ་སྤྱང་འདུག་ས་པོ། །སྲིན་པོའི་གཡག་འདི་རྒྱབ་ཡན་བཏང་མི་བྱ། །དེད་དཔོན་རྒན་པོ་གླིང་དོན་གཞན་གྱི་ཆེད་གསུངས།

༈ རྣལ་འབྱོར་མ་དྲི་མེད་མས་ཉམས་ཀྱི་སྟངས་ཕུལ་བ། འཁོར་ལོ་སྒྱུར་བའི་སྙི་ལས་བརྒལ་མི་བྱ། །ཉ་དྲོ་དུས་སུ་ས་བོན་སྨིན་པར་རྐྱེན་བྱེད། །ཁྱུ་མཆོག་རྒྱབ་ཏུ་ཕྲ་བའི་གཉེན་ཅུག་ཚ། །རྒྱ་མཚོ་མ་དྭངས་གཟའ་སྐར་འོད་མི་ལེན་གསུངས།

༈ རྣལ་འབྱོར་མ་གྷུན་དྷ་རིས་ཉམས་ཀྱི་སྟངས་ཕུལ་བ། རྨ་བྱའི་ཕྲུ་གུ་ཕ་མའི་སྤྱོད་འགྲོས་རིག །རླུང་གིས་མི་བསྐྱོད་འཆོང་རྡོ་བརྟགས་པའི་གཟིངས། །གཟེབ་ལས་ཐར་པའི་བརྩོན་བཙོན་དེ་བློ་སེམས་བདེ། །སྤྲིན་དང་བྲལ་བའི་ཉི་མ་མཁའ་ལ་མཛེས་གསུངས།

༈ རྣལ་འབྱོར་མ་གཅེར་བུ་མས་ཉམས་ཀྱི་སྟངས་ཕུལ་བ། རྒྱ་མཚོའི་ཆུ་ལ་ངང་པ་ཉམ་མི་ང་། །ཁོང་དྲིལ་བཤིག་པའི་གླང་པོ་འདམ་བུ་མཐོང་། །སྦྲང་རྩིས་བཟི་བས་དོམ་ལ་ལམ་སྲང་མེད། །སྒོང་རྒྱ་བྲལ་བའི་ཁྱུང་ཕྲུག་ནམ་མཁའ་གཅོད་གསུངས།

༈ རྣལ་འབྱོར་མ་དཀར་མོས་ཉམས་ཀྱི་སྟངས་ཕུལ་བ། སྟོན་པ་རྣམས་ནི་རྒྱལ་པོའི་ཁྲིམས་འོག་མིན། །འདུ་སྦྱོང་མཁན་གྱི་སྤྱོད་ཁྱེར་གླང་པོས་རྟོགས། །ཁྲི་གདུགས་རྒས་པའི་ཤུལ་དེར་ཟླ་བ་ཚེས། །སྡོང་པོ་འགྱེལ་ཚེ་རྟ་རི་སོ་ལུང་བྲ་གསུངས།

༈ ལྷ་ལྕམ་ལེགས་མིན་ཀ་རས་ཉམས་ཀྱི་སྟངས་ཕུལ་བ། གྲེགས་དྲེགས་པས་མོས་པར་མི་འགྱུར་རིགས་ངན་བུ། །ཤིང་རྟའི་འགྲོ་ལམ་གྱད་ཀྱིས་བཅོས་པར་བྱ། །རྒྱ་མཚོ་བྲེས་དང་གང་གཱའི་སྣ་གསུམ་བྲེལ། །དུང་དང་འགྲོན་བུའི་དགྲ་རུ་རུས་པ་ལྡང་གསུངས།

༈ རྣལ་འབྱོར་མ་པདྨ་ནིས་ཉམས་ཀྱི་སྟངས་ཕུལ་བ། སྔར་འདྲིས་མི་ནི་ཕྲད་པའི་དུས་དེར་ཤེས། །ཁབ་ལེན་གྱིས་ནི་གསེར་ལ་རྭ་ཡོད་འཇིག །མཐོང་སྣང་དགྲ་རུ་རེད་པ་ཀུན་མོའི་འགྲོས། །དུ་ཁྲོད་ལྕེ་སྤྱང་ཚང་ལ་སྔོན་ཞེན་མེད་གསུངས།

༈ རྣལ་འབྱོར་མ་སུ་ཀ་མ་ཧ་སི་ཏིས་ཉམས་ཀྱི་སྟངས་ཕུལ་བ། ལག་པའི་མཐིལ་དུ་མཐོང་བའི་སྐྱུ་རུ་ར། །ཀུ་ཤས་བླངས་ལ་རང་གི་ཁ་རུ་གཞུག །མཁྲིས་པའི་ནད་ལ་རབ་ཏུ་ཕན་པར་འགྱུར། །འདི་ནི་ཞུ་རྗེས་འདུ་བ་མ་ལུས་འབྱང་གསུངས།

མཁའ་འགྲོ་མའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་གདུང་བ་གཅད་པའི་གདམས་པ།

༄༅། །མཁའ་འགྲོ་མའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་གདུང་བ་གཅད་པའི་གདམས་པ་ཞེས་བྱ་བ།

རྒྱ་གར་སྐད་དུ། ཌཱ་ཀི་ནི་ཨུ་པ་ཡ་ཤྲཱི་དྷ་ར་མི་ས་ར་བྷི་ར་ནཱ་མ། བོད་སྐད་དུ། མཁའ་འགྲོ་མའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་གདུང་བ་གཅད་པའི་གདམས་པ་ཞེས་བྱ་བ། བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་མཆོག་དང་བྱིན་རླབས་འབྱུང་བའི་གནས། །རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་རྣམས་ལ། །གུས་པ་མཆོག་གིས་རབ་ཏུ་རྩེ་གཅིག་འདུད་པར་བྱས་ནས་ཀྱང་། །སྐལ་ལྡན་གདུང་བ་གང་ཟག་གདུང་བ་གཅད་པའི་ཕྱིར། །བླ་མ་རྣམས་ཀྱི་བརྒྱུད་པའི་མན་ངག་བྲི། །དེ་ལ་རྟེན་གྱི་གང་ཟག་སྐལ་བ་དང་ལྡན་ཞིང་ཚོགས་ཆེན་པོ་བསགས་པ་དེས། བླ་མ་དམ་པ་རྣམས་ཡུན་རིང་བར་བསྟེན་ཅིང་གདམས་པས་རྒྱུད་ཡོངས་སུ་བསྒོས་པར་གྱུར་ཀྱང་གདམས་ངག་གིས་གོམས་པར་མ་གྱུར་ཅིང་། ཡིད་གདུང་བ་མ་ཆད་པ་དག་ལ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་སློབ་དཔོན་ཆེན་པོ་ཌོཾ་བྷི་ཧེ་རུ་ཀ་ལ་སོགས་པ་རྣམས་ལ་བརྡར་གསུངས་པ་དེ་དག་བདག་གིས་བསྟན་པར་བྱའོ། །

དེའང་མཁའ་འགྲོ་མ་རོ་མས་སློབ་དཔོན་ཌོཾ་བྷི་ཧེ་རུ་ཀ་ལ་ལྟ་བའི་གནས་ལུགས་བརྡར་གསུངས་པ། ཏིལ་འབྲུ་དང་ནི་སྒྲོན་མེས་ཕྱོགས་ཀུན་གསལ་བར་བྱེད། །སྔགས་ཀྱིས་བཏབ་པའི་དུག་ནི་སྨན་གྱི་མཆོག་ཏུ་གྱུར་པ་སྟེ། །རྨ་བྱའི་ཟས་ནི་གཞན་དུ་གྱུར་པ་ཡོད་མ་ཡིན། །ཙནྡན་དྲི་དང་རི་དྭགས་གླ་རྩིའི་དྲི་བཞིན་ནོ། །ཆུ་ཟླ་དང་ནི་རྒྱ་མཚོའི་རླབས་ནི་ཐ་དད་ཅུང་ཟད་མེད། །སོལ་བའི་རང་བཞིན་གང་གི་ཁ་དོག་ནག་པོ་དག་དང་མཚུངས། །རི་ཆེན་པོ་གང་གིས་བསྐྱོད་པར་མི་ནུས་པས། །གངས་རིའི་ཆུ་ནི་གཞན་དུ་གྱུར་པ་ཡོད་མིན་ནོ། །དཔེར་ན་དྲི་དང་སྒོག་སྐྱ་ཐ་དད་གྱུར་པ་མེད། །ཉི་མ་ཟླ་བའི་ཡོན་ཏན་གསལ་བ་ཡིན། །མཁའ་ལ་བྱ་འཕུར་རྗེས་ནི་འཚོལ་བས་རྙེད་མི་འགྱུར། །ནམ་མཁའི་ཁམས་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་ནོ། །མཎྜལ་དག་ནི་ཕྱོགས་ལས་ཐམས་ཅད་རབ་ཏུ་སྙོམས། །དཔེར་ན་རོ་ལངས་དང་ནི་ས་པྲ་ཀོ་ནེ་བཞིན། །དཔའ་བོ་ངོ་མཚར་ནོར་བུ་ཤེལ་བཞིན་ནོ། །ཞེས་གསུངས་ཏེ། དེ་དག་ནི་གནས་ལུགས་ཀྱི་གདུང་བ་གཅོད་པའི་གདམས་པ་ཞེས་བྱ་སྟེ་དང་པོའོ། །

དེ་ནས་མཁའ་འགྲོ་མ་སིམ་ཧ་དྷ་རས་སློབ་དཔོན་ཌོམྦྷི་ཧེ་རུ་ཀ་ལ་སྒོམ་པའི་དོན་བརྡར་གསུངས་པ་ནི། གནས་ནི་ཚང་ཚིང་དག་གམ་དུར་ཁྲོད་དུ། །བདག་མེད་མི་ཡི་མཛའ་མོ་དག་དང་འཕྲད་བྱས་ལ། །ཡིད་ནི་རབ་དགའི་བསམ་པ་ཡིས། །དཔེར་ན་ལས་ཟིན་པ་ཡི་སྐྱེས་བུ་བཞིན། །དམན་པའི་དོན་སྟོར་ནམ་མཁར་འཁྱེར་བར་བྱ། །ཆུ་བོ་ཆེན་པོ་རྒྱུན་དུ་བབ་པ་བཞིན། །དྲང་སྲོང་ཀུ་ཤ་གཙང་མའི་སྟེང་དུ་བཞག །མར་མེའི་རྩེ་མོ་རླུང་གིས་མི་བསྐྱོད་དང་། །མེ་ལོང་གཡའ་མེད་བཞིན་དུ་གསལ་བར་ཕྱི། །བུ་ནི་ཡིད་འོང་བྲལ་བའི་མ་བཞིན་དུ། །རུས་སྦལ་དང་ནི་མཁར་གཞོང་ཉི་མ་ལ། །རྩལ་དང་ལྡན་པའི་འཕོང་སློབ་བརྩོན་པ་སྟེ། །བསྡམས་པའི་བཙོན་ནི་ངེས་པར་གྲོལ་བར་འགྱུར། །ས་ལེ་སྦྲམ་ལས་བྱས་པའི་རྒྱན་བཞིན་དུ། །བུ་རམ་དག་གི་རོ་ལ་མྱང་བར་བྱ། །ཞེས་གསུངས་པ་སྟེ། དེ་དག་ནི་སྒོམ་པའི་གནས་ལུགས་ཀྱི་གདུང་བ་བཅད་པའི་གདམས་པ་ཞེས་བྱ་སྟེ་གཉིས་པའོ། །

དེ་ནས་མཁའ་འགྲོ་མ་མཱ་ལས་སློབ་དཔོན་ཧེ་རུ་ཀ་ལ་སྤྱོད་པའི་དོན་བརྡར་གསུངས་པ་ནི། བག་མ་དང་ནི་སྨྱོན་མའི་ཚུལ་བཞིན་ཏེ། །གླང་པོ་བཙོངས་ལ་ཕག་རྒོད་གསད་པར་བྱ། །ཉ་ནི་རྒྱ་མཚོ་ཆེན་པོར་ཡངས་པ་ཆེ། །ནགས་རྣམས་མེ་ཡི་ཕུང་པོར་རབ་ཏུ་བསྲེག །སྤྱན་གཟིགས་ཟས་ལ་རྟག་ཏུ་ལོངས་སྤྱད་བྱ། །རེས་འགའ་མགྱོགས་པའི་རྟ་ལ་བཞོན་པར་བྱ། །གྲི་གུག་རྣོན་པོའི་མཚོན་ཆ་དག་གིས་ནི། །ཅེ་སྤྱང་དུར་ཁྲོད་དག་ཏུ་རྣམ་པར་རོལ། །འདབ་ཆགས་ཁྲ་ཡི་རྩལ་ནི་ཤིན་ཏུ་དྲག །ཝ་ནི་དུར་ཁྲོད་ཉིད་དུ་ཤིན་ཏུ་གཞོལ། །ཆང་འཐུང་པ་དང་ཡུལ་རྣམས་གཞོལ་བ་འདྲ། །མེ་ཏོག་དག་ལ་བུང་བ་རྒྱུ་བ་བཞིན། །བུ་ཆུང་དང་ནི་སེང་གེ་མེ་ལོང་མཚུངས། །སྟག་ནི་འཇིགས་པ་མེད་པར་ཀུན་ཏུ་རྒྱུ། །ལྐུགས་པ་དག་ནི་ཁ་ལས་ཁྱོད་མ་འདའ། །ཞེས་གསུངས་པ་སྟེ། དེ་དག་ནི་སྤྱོད་པའི་གནས་ལུགས་ཀྱི་གདུང་བ་བཅད་པའི་གདམས་པ་སྟེ་གསུམ་པའོ། །

དེ་ནས་མཁའ་འགྲོ་མ་ཀང་ཀ་རོ་མ་ཧས་སློབ་དཔོན་ཌོམྦྷི་ཧེ་རུ་ཀ་ལ་ཉམས་སུ་མྱོང་བའི་དོན་བརྡར་གསུངས་པ་ནི། དཀར་པོའི་ཆོས་ནི་ཟླ་བའི་རིམ་པ་སྟེ། །འཇའ་ཚོན་དག་ནི་ནམ་མཁའ་དག་ལ་མཛེས། །གཞོན་ནུ་མ་ཡིས་མ་སྨྲས་ཅིས་ཏེ་གོ །འཁུར་བ་ཆུས་བཀང་བ་ནི་སྨྲ་མི་བྱེད། །ཁུག་རྣ་ལྟ་བུ་རྣ་བའི་རྣམ་པ་ཡིན། །དབུལ་པོའི་རང་བཞིན་གཏེར་ལྡན་ཤིན་ཏུ་ངོ་མཚར་ཆེ། །ལན་ཚྭ་ཆུ་ཉིད་ལ་ནི་རབ་ཏུ་ཐིམ། །ནམ་མཁའི་ཉམས་ལས་འདའ་བར་མི་བྱེད་དོ། །བསླུས་པའི་ཆོས་རྣམས་ལ་ནི་རེ་བར་མི་བྱེད་ཅིང་། །རལ་གྲིའི་བར་ནི་སྣུམ་གྱིས་ཉམས་པར་འགྱུར། །རྒྱལ་པོ་དག་ནི་རྐུན་པོས་འཇིགས་མི་བྱེད། །ཝ་ཡིས་སེང་གེ་སྐྲག་པར་འགྱུར་མ་ཡིན། །ནམ་མཁའ་ལྡིང་རྣམས་ནི་མཁའ་ལས་དཔངས་མི་དམའ། །འདི་ཉིད་ཡིན་དང་མ་ཡིན་གང་ཡང་མིན། །སུས་བྱས་གང་ཡིན་གོ་བ་སུ་ཞིག་ཡིན། །ཞེས་གསུངས་པ་སྟེ། དེ་དག་ནི་ཉམས་སུ་མྱོང་བའི་གནས་ལུགས་ཀྱི་གདུང་བཅད་པའི་གདམས་པ་སྟེ་བཞི་པའོ། །

དེ་ནས་མཁའ་འགྲོ་མ་མ་ཏྲེ་ཡིས་སློབ་དཔོན་ཌོམྦྷི་ཧེ་རུ་ཀ་ལ་འབྲས་བུའི་གནས་ལུགས་ཀྱི་གདུང་བ་བཅད་པའི་བརྡར་གསུངས་པ་ནི། ཡི་གེ་བཞི་པ་དག་གིས་ཟླ་བ་རྒྱས། །ཧེ་རུ་ཀའི་ནམ་མཁའི་ངང་ཉིད་དེ། །རྡོ་རྗེ་དང་ནི་པདྨ་ཡི་གེ་བྲལ། །ཁ་ཊྭཱཾ་ག་ནི་ཉི་མའི་འོད་ཟེར་བཞིན། །རྡོ་རྗེ་དང་ནི་ལྗོན་ཤིང་འབྲས་བུ་སྟེ། །བྱ་ནི་ངང་བ་ཆུ་ན་རྟག་ཏུ་གནས། །པདྨའི་སྡོང་བུ་འདབ་མ་རབ་ཏུ་རྒྱས། །ཌ་མ་རུ་ནི་བུང་བའི་རྩི་དང་མཚུངས། །བདུད་རྩི་སྐལ་ལྡན་རྣམས་ལ་ཆུ་ཤེལ་ཏེ། །རིན་ཆེན་བདུན་ལ་རྒྱལ་པོས་མངའ་ཡང་མཛད། །རྣམ་གྲངས་རྣམས་ནི་རས་ཀྱིས་ཤེས་ལ་བཀབ། །ཀུན་འབར་མ་ལ་བྱེ་བྲག་གང་ཡང་མེད། །རྩལ་རྫོགས་བ་ཡི་སེང་གེ་གངས་ལ་གནས། །ཤེལ་ནི་ཕྱི་ནང་མེད་པར་ཤིན་ཏུ་དག །བཙོ་མའི་གསེར་ནི་དྲི་མའི་གཡའ་དང་བྲལ། །ཞེས་གསུངས་པ་སྟེ་དེ་དག་འབྲས་བུའི་གནས་ལུགས་ཀྱི་གདུང་བ་གཅད་པའི་གདམས་པ་སྟེ་ལྔ་པའོ། །

མཁའ་འགྲོ་མ་མ་ཧ་ལས་སློབ་དཔོན་ཌོཾ་བྷི་ཧེ་རུ་ཀ་ལ་གོང་དུ་གསུངས་པ་དེ་དག་ཀྱང་། གཉིས་མེད་ཀྱི་རྣལ་འབྱོར་དུ་བྱ་བའི་བརྡར་གསུངས་པ་ནི། རྒྱལ་པོ་རྣམས་ནི་རིན་ཆེན་སྐལ་བར་ལྡན། །སྨན་པ་བཟང་དང་འཕྲད་པར་གྱུར་པ་ལས། །ཉི་མའི་དཀྱིལ་འཁོར་མུན་པ་སེལ་བ་ལྟར། །རུས་སྦལ་རྒྱ་མཚོ་དག་ཏུ་འགྲོ་མི་འགྱུར། །སྟོབས་ལྡན་གྱད་ཀྱིས་ཕ་རོལ་འཇོམས་པར་བྱེད། །རི་བོ་འགྱེལ་ན་ཆུ་རྣམས་འགྲིབ་པར་བྱེད། །ནགས་ཁྲོད་དག་ན་རྔོན་པས་གླུ་རྣམས་ལེན། །མེ་ཤེལ་རས་བལ་འདུས་པས་མེ་འབྱུང་འགྱུར། །གསེར་འགྱུར་རྩི་ནི་ཤིན་ཏུ་ངོ་མཚར་ཆེ། །ཆུ་དང་བཅས་པའི་སྐྱེ་ཤིང་ལོ་འདབ་རྒྱས། །སྦུར་ལེན་ནོར་བུ་དག་ནི་སྦུར་རྣམས་སྡུད། །ཤེས་པ་རྣམས་ནི་གཞན་གྱི་ལུས་ལ་འཇུག །སྤྲེའུ་རྣམས་ནི་དྲན་པར་ལྡན་པ་སྟེ། །མཉན་པས་འགྲོ་བ་དག་ནི་སྒྲོལ་བར་བྱེད། །ག་བུར་སྦྱོར་བས་ཚད་པའི་ནད་རྣམས་སེལ། །དགེ་སློང་བག་དང་ལྡན་པ་གསོ་སྦྱོང་བྱེད། །རིགས་ངན་རྒྱལ་པོའི་ཁབ་ཏུ་མི་གནས་ཏེ། །བཅད་པར་གྱུར་ན་ཏ་ལའི་ལོ་འདབ་མེད། །སྒྱུ་མ་མཁན་པོ་སྒྱུ་མའི་ལོངས་སྤྱོད་མཁས། །རྒྱལ་པོའི་བུ་མོ་རྒྱན་དང་རབ་ཏུ་ལྡན། །གར་མཁན་རྣམས་ནི་གར་གྱི་རྣམ་པ་བྱེད། །སྦྲང་མ་རྣམས་ནི་ངན་སྐྱུགས་ནང་དུ་རྒྱུག། ཅེས་གསུངས་པ་སྟེ། དེ་དག་ནི་གཉིས་སུ་མེད་པའི་རྣལ་འབྱོར་གྱི་གནས་ལུགས་ཀྱི་གདུང་བཅད་པའི་གདམས་པ་སྟེ་དྲུག་པའོ། །

དེ་ནས་མཁའ་འགྲོ་མ་བེ་ཏོས་བླ་མ་ཟངས་གླིང་པ་ན་ག་བུ་ར་ལ་ཟུང་འཇུག་གི་རྣལ་འབྱོར་གྱི་བརྡར་གསུངས་པ་ནི། ཁྲི་སྙན་ས་ལེ་སྙིང་རྗེ་ལྡན་པ་སྟེ། །མ་ནི་བུ་ལ་རབ་ཏུ་ཆགས་པའོ། །བུ་རམ་ཤིང་ལས་བུ་རམ་འབྱུང་བ་ལྟར། །རྒྱ་མཚོར་ཕྱིན་པས་ནོར་བུ་རྙེད་པར་འགྱུར། །ཆུ་ཡི་ནང་གི་ཟླ་བ་སེལ་མི་བྱེད། །ནོར་བུ་མེ་ཤེལ་རྩོལ་སྒྲུབ་དག་དང་བྲལ། །རྒྱལ་པོའི་བཙུན་མོ་རྒྱལ་པོ་ཉིད་ཀྱང་ཡིན། །ཚོང་པ་ཚོང་འདུས་དག་ཏུ་གནས་པར་བྱེད། །རྫ་མཁན་དག་ནི་སོ་བཏང་རྫ་ལ་སྤྱོད། །སྤྲིན་དང་བྲལ་བའི་ནམ་མཁའ་རབ་ཏུ་དྭངས། །དམུ་རྒོད་མི་སྲུན་བརྟུལ་བས་ཞོན་པར་བྱེད། །མཛའ་བོ་དག་གིས་བསྲུང་པས་རེ་བ་མེད། །རྨི་ལམ་སད་པས་དགྲ་དང་ཡོངས་སུ་བྲལ། །ཁྱིམ་བདག་མཚོན་ཆའི་འཁོར་ལོ་རབ་ཏུ་རྣོ། །ཆོམ་རྐུན་རབ་ཏུ་མང་བས་མེལ་ཚེ་མཁས། །ཆུ་རྣམས་མ་ལུས་རྒྱ་མཚོ་རོ་གཅིག་འགྱུར། །ཕ་ལམ་རྡོ་རྗེས་དངོས་པོ་ཐམས་ཅད་འབིགས། །སྨིག་རྒྱུའི་ཆུ་ཡིས་གདུང་བར་མི་བྱེད་དོ། །འཇའ་ཚོན་ཡལ་བ་དག་ལ་སྡུག་བསྔལ་མེད། །རྨི་ལམ་རྨིས་པའི་ནོར་ལ་སྟེར་མི་བྱེད། །བྲག་ཆའི་སྒྲ་ལ་རང་ཉིད་དགའ་བ་སྟེ། །བྲམ་ཟེ་ཆང་འཐུང་བ་ནི་ཤིན་ཏུ་གསང་། །རྣལ་འབྱོར་རྣལ་འབྱོར་རྣལ་འབྱོར་ཤིན་ཏུ་ཆེ། །ཞེས་གསུངས་པ་སྟེ་དེ་དག་ནི་ཟུང་འཇུག་གི་རྣལ་འབྱོར་གྱི་གནས་ལུགས་ཀྱི་གདུང་བ་བཅད་པའི་གདམས་པ་སྟེ་བདུན་པའོ། །

དེ་ནས་མཁའ་འགྲོ་མ་ཁཎྜ་རོ་ཧས་སློབ་དཔོན་ཌོཾ་བྷི་ཧེ་རུ་ཀ་ལ། པདྨོ་ཁ་འབྱེད་པའི་གདམས་པ་བརྡར་གསུངས་པ་ནི། དབུལ་པོ་རྣམས་ནི་ནོར་མེད་སྡུག་བསྔལ་དེ། །ནམ་ཕྱེད་མཚན་མོ་དག་གི་དུས་སུ་ནི། །རྒྱལ་པོའི་བང་མཛོད་བདག་ཉིད་བརྐུ་བར་བྱ། །མ་སྐྱེས་དཔེ་མེད་མཛེས་པའི་གྲོགས་བརྐུས་ལ། །ཤིན་ཏུ་མགར་བ་མཁས་པའི་ལྡེ་མིག་གིས། །གཟེ་མ་བཞི་བསྟེན་སྒོ་ལྕགས་དབྱེ་བར་བྱ། །སླར་ཡང་སྒོ་དེ་དམ་དུ་གཅད་པར་བྱ། །རྐེད་སྟན་གཞུག་ཅིང་སྐེད་གསེར་བསྡམ་པར་བྱ། །སྒོ་བ་པོ་དེ་ཡོངས་སུ་གསད་བྱ་ཞིང་། །འབྲུ་མར་འབར་བ་བསྟེགས་བྱས་ལ། །བཙའ་མེད་ལྕགས་ལ་བྱས་པ་དག་གི་གྲིས། །རྒྱལ་པོའི་བཙུན་མོ་དམ་པ་མགོ་བཅད་དེ། །དམག་དཔོན་ཆེན་པོ་དུག་གིས་གསད་པར་བྱ། །མེལ་ཚེ་བ་དང་བློན་པོ་རྣམས་ཀྱང་བསད། །དེ་ནས་རྒྱལ་པོའི་བང་མཛོད་ཁ་ཕྱེ་ལ། །གོས་བཟང་དག་གིས་ཡོངས་སུ་དྲིལ་བ་ཡི། །གསེར་དང་དངུལ་གྱི་གའུ་ཁ་ཕྱེ་ལ། །ཕྱོགས་མེད་བ་ཡི་ནོར་བུ་རིན་ཆེན་བལྟ། །མར་མེ་དང་ནི་ནམ་མཁའི་བུ་མོའི་ཚུལ། །ཉི་མ་དང་ནི་ཟླ་བས་བདུད་རྩི་འཐིགས། །ཆེ་བས་ཆེ་བའི་རབ་ཏུ་ཆེ་བ་ཉིད། །རྨ་བྱ་ཁྱི་དང་ཕག་དང་སྨྱོན་པ་ཉིད། །ཤ་ཟ་བུང་བ་ཤིན་ཏུ་རོལ་པར་བྱེད། །ཅེས་གསུངས་པ་སྟེ། དེ་དག་ནི་པདྨོ་ཁ་དབྱེ་བའི་མན་ངག་གི་གནས་ལུགས་བརྡར་གསུངས་པའི་གདམས་པ་སྟེ་བརྒྱད་པའོ། །

དེ་ནས་རྣལ་འབྱོར་པ་ཏེེ་ལོ་པས་དཔལ་ནཱ་རོ་པ་ལ། བླ་མའི་ཆོས་བཅུ་དྲུག་པ་ཞེས་བྱ་བའི་གདམས་པ་བརྡར་གསུངས་པ་ནི། ས་གཞི་བཟང་པོ་དག་གི་ཐུན་མོང་ལ། །བློ་དམན་རྣམས་ཀྱིས་ལས་ལ་མ་ཞུགས་ཤིང་། །སྡུག་བསྔལ་ནད་ཀྱིས་གཟིར་བ་བསལ་བའི་ཕྱིར། །དེད་དཔོན་ལྟ་བུ་དག་གིས་སེམས་བསྐྱེད་ལ། །མུ་ཏིག་འཕྱང་བ་ཆེན་པོ་གཟུང་བྱས་ལ། །འབྱུང་བ་ས་ཆུ་མེ་རླུང་དབང་དུ་བསྡུས། །རྒྱ་མཚོ་ཆེན་པོ་བཞི་ནས་རིན་ཆེན་བཙལ། །སྦྲང་རྩིའི་བཅུད་ནི་མར་གྱིས་སྙིང་པོར་ལྡན། །གོམས་པར་བྱ་ཞིང་བཟོ་ལ་བྱང་བར་བྱ། །ཕྱེ་མ་ལེབ་དང་རི་དྭགས་བུང་བ་དང་། །ཉ་དང་གླང་ཆེན་དག་ལས་རབ་ཏུ་གྲོལ། །དུག་མདས་མ་ཕོགས་ཕོག་ཀྱང་སླར་ལ་གསོ། །ཐ་རྒོད་ཆུ་ཡིས་རབ་ཏུ་བསང་པར་བྱ། །རབ་ཏུ་ནོར་མང་ཕྱུག་ཅིང་ཤིན་ཏུ་ཕྱུག །ཞིང་པའི་ལས་ལ་རབ་ཏུ་གུས་པར་འགྱུར། །མ་ཡིས་བུ་ནི་རབ་ཏུ་སྨིན་པར་བྱེད། །འཇོམས་བྱེད་སེང་གེའི་བླ་མ་དེ་དག་ལ། །ལུས་ངག་ཡིད་གུས་ཡོ་བྱད་ཅི་དགོས་དབུལ། །གུས་པར་ལྡན་པས་དེ་འདྲ་ཡང་དང་ཡང་། །རྩལ་མེད་བསྟན་ཅིང་བསྙེན་བཀུར་རབ་ཏུ་འབར། །ཞེས་གསུངས་པ་སྟེ། དེ་དག་ནི་བླ་མ་ཆོས་དེ་རྣམས་དང་ལྡན་པའི་སྡིག་པའི་གྲོགས་པོ་སྤངས་པ་སྟེ་དགུ་པའོ། །

དེ་ནས་རྣལ་འབྱོར་པ་ཏེེ་ལོ་པས་དཔལ་ནཱ་རོ་པ་ལ་སློབ་མའི་ཆོས་བཅུ་གཉིས་པ་ཞེས་བྱ་བའི་བརྡར་གསུངས་པ་ནི། གཅན་གཟན་མཆེ་བ་དག་གིས་མ་རུངས་རྨ་མེད་པ། །སྡུག་བསྔལ་བཙོན་ར་འདི་ན་ཡུན་རིང་ནད་ཀྱིས་ཐེབས། །ཁང་བཟང་དམ་པ་ནང་ན་བདེ་བ་ཡོན་ཏན་ལྡན། །ཀླུ་ཡི་རྒྱལ་པོས་འགྲོ་ལ་ཆར་རྒྱུན་རྟག་ཏུ་འབེབས། །དུག་སྡོང་ལོ་འདབ་རྒྱས་པའི་ལོ་འདབ་འབྲས་བུ་ཆགས་པ་མེད། །སྤུ་གྲིའི་སོར་ཆགས་སྤྲང་རྩིའི་རོ་རྣམས་རྟག་ཏུ་སྤོང་བར་བྱེད། །བདེ་བའི་ཆོས་ཀུན་གསོད་པར་ལྡན་པའི་སྐྱེས་བུ་སེམས་སྟོབས་ལྡན། །རྨ་ཡོད་བག་ཡོད་གནས་མི་བྱེད། །མི་བཟོད་ནད་ཀྱིས་གཟིར་པ་སྨན་པ་དག་ལ་རབ་ཏུ་གུས། །སྐོམ་པས་རབ་གདུངས་ངེས་པར་བཏུང་བ་འབའ་ཞིག་སྒྲུབ་པར་བྱེད། །རླན་བྲལ་རུས་སྦལ་རྒྱ་མཚོ་ཆེན་པོ་མཐོང་ན་རབ་ཏུ་དགའ། །མགོ་ལ་མེ་ལྕེས་ཟིན་པ་མྱུར་དུ་སེལ་བར་བྱེད། །རིན་ཆེན་སྣོད་མཆོག་དེ་དག་ཏུ། །རོ་མཆོག་བཅུད་ཀྱིས་ངེས་པར་འགེངས། །མུན་པ་དག་ལ་སྒྲོན་མེ་བཞིན། །སྐལ་ལྡན་བྱ་བ་གསལ་བར་བྱེད། །སློབ་མ་ཆོས་དེ་རྣམས་དང་ལྡན་པ་བསྟེན། །དེ་ལས་ཟློག་པ་སྤང་པར་བྱའོ། །སློབ་མ་བསྟེན་པའི་གདུང་བ་བཅད་པའི་གདམས་པ་སྟེ་བཅུ་པའོ། །

དེ་ནས་མཁའ་འགྲོ་མ་ཀང་ཀ་རོ་མ་ཧས་བླ་མ་ཟངས་གླིང་པ་ནཱ་ག་པུ་ར་ལ་འཁྲུལ་པའི་ཤེས་པ་གཅད་པའི་བརྡ་བརྒྱད་གསུངས་པ་ནི། བྱིས་པ་ཆུང་ངུར་གྱུར་པ་རྣམས་ཀྱིས་ནི། །མེ་ལོང་བཞིན་ལ་ཐ་དད་དག་ཏུ་རྟོགས། །ཤིན་ཏུ་བློ་གྲོས་དམན་པའི་རི་མོ་མཁན། །རང་གིས་བྲིས་པའི་རི་མོ་དག་ལ་སྐྲག །མཁྲིས་པའི་ནད་ཀྱིས་བཏབ་པའི་མིག་ཅན་དག །མཐོང་བའི་ཡུལ་རྣམས་དག་ལ་ཆགས་སྡང་སྐྱེ། །ཇི་ལྟར་དར་གྱི་སྲིན་བུ་དག་གིས་ནི། །རང་གི་ཁ་ཆུའི་རྣམ་པས་འཆིང་བར་བྱེད། །མི་མཁས་དམན་པའི་གང་ཟག་ལ་དེ་ནི། །སྒྱུ་མའི་འཕྲུལ་གྱི་རྣམ་པས་བསླུས་པ་ཡིན། །རྒྱ་དང་རྙི་ལ་སོགས་པས་རི་དྭགས་ནི། །རང་དབང་མེད་པར་རབ་ཏུ་བསྡམ་པར་འགྱུར། །མི་མཐུན་དགྲ་ཡིས་ཟིན་པར་གྱུར་པའི་བཙོན། །ལྕགས་སྒྲོག་དམ་པ་དག་གིས་བཅིངས་གྱུར་ལ། །རྨི་ལམ་ན་ནི་ཁྲི་མུན་དོང་བཅུག་པ། །དེ་ཚེ་སྡུག་བསྔལ་མི་བཟོད་སྐྱེ་བ་ཡིན། །བླ་མ་བསྟེན་ཅིང་ངེས་ཤེས་བསྐྱེད། །གཉུག་མ་གོམས་པའི་བསྟེན་པར་བྱ། །འཁྲུལ་པ་ཡི་ནི་ཤེས་པ་ཉིད། །རིག་པ་ཉིད་དེ་ཡེ་ཤེས་ཉིད། །འཁྲུལ་པའི་ཤེས་པ་སྤངས་བྱས་ལ། །གཉུག་མའི་ཡེ་ཤེས་གོམས་པར་བྱའོ། །འཁྲུལ་པའི་ཤེས་པ་ངོ་ཤེས་པར་བྱ་བའི་གདུང་བ་བཅད་པའི་གདམས་པ་སྟེ་བཅུ་གཅིག་པའོ། །

ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དུ་མཁའ་འགྲོ་མ་བི་ལ་དེ་ཝིས་རྣལ་འབྱོར་པའི་སྨྱོན་པའི་བརྟུལ་ཞུགས་ལ་རི་ཏ་པ་ལ་ལ། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཉི་ཤུ་བརྡར་གསུངས་པ་ནི། ཞིང་པ་རྣམས་ནི་རིམ་གྱིས་ལས་ལ་འཇུག །ཤིང་རྟ་དག་ནི་འཁོར་ལོ་གཉིས་དང་ལྡན། །དཔེ་མེད་ནམ་མཁའ་ནམ་མཁའ་ཉིད་དུ་གནས། །རིག་པའི་མདས་ནི་ཐམས་ཅད་འབིགས་པར་བྱེད། །ཆུ་ཡི་ནང་དུ་ཨུཏྤལ་ཤིན་ཏུ་མཛེས། །རྟོག་པ་བྲལ་བ་རྒྱ་མཚོ་ཆེན་པོ་ཉིད། །མུན་ནག་རབ་ཏུ་སྤངས་པ་ནམ་མཁའ་སྟེ། །དྲང་སྲོང་ནགས་ཁྲོད་གནས་པ་ཤིང་ལོའི་གོས། །རྩལ་རྫོགས་སེང་གེ་གངས་ལ་ད་དུང་གནས། །འདབ་ལྡན་བྱ་ནི་མཁའ་ལམ་མཐོན་པོར་གཅོད། །སྨན་མཆོག་བེ་ཏའི་འབྲས་བུ་གདོད་ནས་གྲུབ། །འབྲུ་མར་སྣོད་ཁྱེར་སྐད་ཅིག་ཙམ་མི་ཡེངས། །དཀའ་ཐུབ་ཅན་ནི་ཤིན་ཏུ་བག་དང་ལྡན། །རི་ཡི་ཁྲོད་ན་ལྗོན་ཤིང་རབ་ཏུ་རྒྱས། །བྲམ་ཟེ་འཇུག་ངོགས་དག་ན་དྲི་མ་འཁྲུ། །ཐག་པའི་འཇུར་བར་ལྷོད་པར་ལྷོད། །གང་གཱའི་ཆུ་ནི་རྒྱ་མཚོ་ཆེན་པོར་འབབ། །གདོལ་པ་དག་ནི་རྟག་ཏུ་སློང་མོས་འཚོ། །མཛེས་པས་རྟག་ཏུ་མེ་ལོང་ལྟ་བར་བྱེད། །རི་རྒྱལ་རི་བོ་མཆོག་རབ་རྟག་ཏུ་བརྟན། །ཅེས་གསུངས་པ་སྟེ་དེ་དག་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཉི་ཤུ་བརྡར་གསུངས་པའོ། །དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཤེས་པར་བྱ་བའི་གདུང་བ་བཅད་པའི་གདམས་པ་སྟེ་བཅུ་གཉིས་པའོ། །

དེ་ནས་རྣལ་འབྱོར་ཙི་ཏོ་མས་རྗེ་བཙུན་རི་ཁྲོད་པ་ལ་ཟག་བཅས་ཀྱི་བདེ་བ་ལས་སུ་རུང་བར་བྱ་བའི་ཕྱིར་གདམས་པ་བརྡར་གསུངས་པ། རྟེན་ཅིང་འབྲེལ་པ་དག་གི་ལས་རྣམས་ནི། །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་བྱེད། །དུས་རྣམས་ཀུན་ཏུ་ཟླ་བ་རྒྱས་པ་ཡིན། །མུན་པའི་ཚོགས་རྣམས་ངེས་པར་སེལ་བྱེད་ན། །ཚ་སྒོ་མེད་པའི་ཞིང་པ་དག་གིས་ནི། །འབྲས་བུའི་ནུས་པ་ཡོངས་སུ་སྐྱེད་པར་བྱེད། །འཁོར་ལོ་གཉིས་དང་རབ་ཏུ་ལྡན་པ་ཡིས། །ཤིང་རྟ་མགྱོགས་པའི་ཤུགས་ཀྱིས་ཕ་རོལ་འགྲོ། །རྟེན་ཐབས་མཁས་པ་རྣམས་ཀྱི་ཆུ་ལུད་ཀྱིས། །ཞིང་པའི་མྱུ་གུ་རབ་ཏུ་རྒྱས་པར་བྱེད། །ཇི་སྲིད་འདབ་མ་རྫོགས་པའི་བྱ། །དེ་སྲིད་འཇམ་པའི་ཚང་ན་རྟེན་པར་བྱེད། །ཚད་པས་གདུངས་པའི་དུག་གི་སྦྲུལ་རྣམས་ནི། །བྱ་བ་གཞན་དག་བཏང་ནས་ཙན་དན་བསྙེག །ཟོ་ཆུ་རྒྱུད་མཁན་འདོད་པར་ནི། །ཆུ་རྣམས་ཇི་ལྟར་སྲིད་པར་བྱེད། །འདི་ནི་ཐུན་མོང་མ་ཡིན་གདམས་པ་སྟེ། །རྟག་ཏུ་བླ་མ་མཆོག་ལ་གུས་པ་དང་། །ཚོགས་བསགས་རྒྱུད་སྦྱངས་པ་ཡི་སྤྱོད་ཡུལ་ཏེ། །སྐལ་པ་དང་ནི་ལྡན་པས་འབད་པར་བྱ། །ཞེས་གསུངས་པ་སྟེ། དེ་དག་ནི་ཏིང་ངེ་འཛིན་གྱི་གྲོགས་སྟོབས་ཡན་ལག་བརྡར་གསུངས་པ་སྟེ་བཅུ་གསུམ་པའོ། །

རང་གི་གཉུག་མའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ངོས་གཟུང་བའི་གདུང་བ་བཅད་པའི་གདམས་པ་སྟེ་བཅོ་ལྔ་པའོ། །

སློབ་མ་སྐལ་ལྡན་ཚོགས་བསགས་རིན་ཆེན་ལྟ་བུའི་གང་ཟག་འདི། །དཔག་ཏུ་མེད་པའི་གདམས་ངག་རྣམས་ཀྱིས་རྒྱུད་དག་ཡོངས་སུ་སྦྱངས་གྱུར་ཀྱང་། །གདུང་བ་ཆད་པར་མ་གྱུར་བླ་མ་རྣམས་ཀྱིས་ཡོངས་སུ་གདུངས་གྱུར་པ། །གདམས་ངག་རྣམས་དང་བླ་མའི་གདུང་བ་བཅད་ཕྱིར་བརྒྱུད་པའི་མན་ངག་བཀོད། །རྗེ་བཙུན་མཆོག་དང་རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་བཟོད་མཛོད་ལ། །དེ་ལས་བྱུང་བའི་དགེ་བ་ཟླ་བ་ལྟ་བུའི་དྲི་མ་མེད་པ་དེས། །འགྲོ་བ་མ་ལུས་ཡིད་ཀྱི་གདུང་བ་ཡོངས་སུ་བཅད་པར་གྱུར་ནས་ཀྱང་། །ཕྱག་རྒྱ་ཆེན་པོའི་དྲི་མེད་ས་ལ་མ་ལུས་ཡོངས་སུ་རྫོགས་གྱུར་ཅིག །མཁའ་འགྲོ་མའི་གདམས་ངག་སྙན་ནས་སྙན་དུ་བརྒྱུད་པའི་གདུང་བ་བཅད་པའི་གདམས་པ་ཞེས་བྱའོ། །སྤྲུལ་བའི་རྣལ་འབྱོར་པས་གཞུང་དུ་བཀོད་པ་རྫོགས་སོ།། །།

བཙུན་མོ་དྲུག་གི་བཀའ་བབས་ཀྱི་གདམས་པ་དང་ལོ་རྒྱུས།

༄༅། །བཙུན་མོ་དྲུག་གི་བཀའ་བབས་ཀྱི་གདམས་པ་དང་ལོ་རྒྱུས།

དམ་པ་རིན་པོ་ཆེ་ལ་ངོ་མཚར་ཅན་གྱི་བརྒྱུད་པ་སུམ་ཅུ་རྩ་དྲུག་གི་བཀའ་བབས་ལས་བཙུན་མོ་དྲུག་གི་བཀའ་བབས་ཀྱི་གདམས་པ་དང་ལོ་རྒྱུས་ཁོལ་དུ་བྱུང་བ་ནི། ན་མོ་གུ་རུ། བཙུན་མོ་ལྷ་དཔལ་གྱི་འོད་ཟེར་གྱི་གདམས་པ་ཡིན་ཏེ། འདི་ཡང་རྒྱལ་པོ་ཟླ་བ་འོད་གྱི་བཙུན་མོ་ལགས་སྐད། འདིས་གྲུབ་པ་ཇི་ལྟར་ཐོབ་པའི་ལོ་རྒྱུས་ནི། ལུས་མ་དལ་བར་རྒྱལ་པོའི་ཞབས་ཏོག་བྱས། ངག་མ་དལ་བར་རྒྱལ་པོའི་མཚན་བརྗོད། ཡིད་མ་དལ་བར་དད་པ་དང་མོས་པ་བྱས་པས་རྒྱལ་པོའི་བྱིན་རླབས་ཀྱིས་བཙུན་མོ་ལ་སྣང་སྟོང་ཞེན་བྲལ་གྱི་ཏིང་ངེ་འཛིན་སྐྱེས་ནས། ཁམས་ཀྱི་ཟག་པ་ཡང་ཟད། ཡེ་ཤེས་ཀྱི་སྤྱན་ཡང་ཤར་ནས་མཁའ་སྤྱོད་དུ་གཤེགས་སོ། །ད་ལྟ་ཡང་བླ་མ་ལ་མོས་པ་ཞབས་ཏོག་ལ་སོགས་བསྔགས་པ་བརྗོད་པ་དེ་ཡིན་ནོ། །དམ་པའི་ཞལ་ནས། བྱ་བ་ཁྲེལ་དང་ངོ་ཚས་བྱེད། །སྤྱོད་ལམ་ཀུན་གྱི་སྤྱན་ལ་བྱམས། །དག་སྣང་རྒྱལ་པོའི་སྐུ་ལ་ཤར། །སྒྲོལ་མས་ལུང་བསྟན་ངོ་མཚར་ཅན། །དེ་ཡང་ངའི་བླ་མ་ཡིན་གསུངས་སྐད། གདམས་པ་ནི་ཁ་ནས་བྲེ་མོའི་གཏམ་སྨྲས་པས། ངག་ལ་ནུས་པ་འབྱུང་བར་བྱེད་པ། ཅི་དང་ཅི་བརྗོད་པ་སྔགས་སུ་འོང་བ་ཨཱ་ལི་ཀཱ་ལིའི་གནད་འདིའོ་ཞེས་བསྟན་ཏོ། །ཞེས་པ་ཡང་སྤྱིར་ངག་གི་བྲེ་མོ་དང་ལོང་གཏམ་འདི་སྒྲུབ་པ་པོའི་སྤང་བྱ་ཡིན་ཀྱང་། བྱ་བ་ཆོས་ལྡན་གྱི་དུས་སུ་གདམས་ངག་གི་རྩིས་ཟིན་ན་ལམ་དུ་ཡང་འགྲོ་སྟེ། སྙིང་པོ་བགྲངས་པ་དང་ཁྱད་མེད་པར་ནུས་པ་འབྱུང་བས། དེའི་ལག་ལེན་མཛུབ་བཙུགས་སུ་བསྟན་པ་ནི། ལམ་དཀའ་ཐུབ་ཀྱི་སྲངས་ལ་ཞུགས་ནས་ཡོད་པའི་ཚེ་བྱ་བ་ཆོས་ལྡན་མི་དང་ལབ་དགོས་པའི་ཚེའམ། ཀུན་འཚོགས་ནས་གྲོས་མོ་བྱེད་དགོས་པ་ཞིག་བྱུང་ན། དེའི་ཞོགས་པ་བྱ་རོག་ཚང་ནས་འདོན་པའི་དུས་སུ་ཤེས་རབ་ཨཱ་ལི་བཅུ་དྲུག་པོ་ངག་ཏུ་བརྗོད། དེའི་དགོང་མོ་བྱ་རོག་ཚང་དུ་འཇུག་པའི་དུས་སུ་ཐབས་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་པོ་ངག་ཏུ་བརྗོད་ན་དེའི་ཉིན་པར་ལ་བྲེ་མོའི་གཏམ་འ་འུ་དང་དང་དིང་ཀུ་རེ་དང་ངག་འཁྱལ་ཅི་སྨྲས་ཀྱང་བཟླས་བརྗོད་དུ་སོང་ནས་ངག་གི་ནུས་པ་གོང་གི་སྔགས་བགྲངས་པ་དང་འདྲ་བར་འབྱུང་སྟེ། དེ་དང་འདྲ་བར་རིགས་མཐུན་པ་ཡིན་པས་ནུབ་མོ་དང་ཐུན་བར་ལ་ཡང་དེ་ལྟར་ཉན་དུ་རུང་། བླ་མ་སྐུ་དྲིན་ཅན་གྱི་ཞལ་ནས་ཆོས་འདི་གཞན་ལ་བཟླས་སུ་ཕངས་པ་དང་། བཟླས་ན་མི་ལེགས་པ་འགའ་ཟུང་ཡོད་པས། སློབ་མའི་རིགས་བརྟག་པ་གལ་ཆེ་གསུངས།

རྒྱལ་པོ་སྟོབས་ལྡན་སྙིང་པོའི་བཙུན་མོ་ཡེ་ཤེས་འོད་ཟེར་གྱི་གདམས་པ་ཡིན་ཏེ། འདིས་གྲུབ་པ་ཇི་ལྟར་བརྙེས་ན། རྒྱལ་པོས་མཁའ་སྤྱོད་དུ་གཤེགས་ཁར་ད་བཙུན་མོ་ལ་དེ་རིང་ཤ་ལྷག་མ་རྣམས་ལོངས་ལ་རྟ་དང་། གླང་པོ་ཡན་ཆད་ལ་དུམ་རེ་བྱིན་གསུངས་ནས་བྱིན་པས། དངོས་སུ་གཤེགས་པའི་ནུས་པ་མ་བྱུང་ནས་བསམས་ཏེ་ར་ཛ་གཤེགས་པའི་རྒྱུ་རྐྱེན་གང་གིས་བྱས་སྙམ་པ་ལ། རྒྱལ་པོ་ལ་འདྲེན་པའི་ཤ་དེ་ལ་བཙུན་མོ་རང་གི་དྭངས་མ་འཐིགས་པས། དེའི་ཡོན་ཏན་དུ་ཡང་གདའ་ནས་དེར་རྒྱལ་པོ་ལས་ཐོབ་པ་དང་། རང་ལས་བྱུང་བའི་བདུད་རྩི་དང་སྦྱར་ཏེ། གསོལ་བས་བཙུན་མོ་ཡང་དུས་དེ་ཉིད་དུ་མཁའ་སྤྱོད་དུ་གཤེགས་སོ། །ད་ལྟ་ཡང་བཅུ་དྲུག་ལོན་པའི་སིནྡྷི་ར་ལ་རྩི་བྱེད་པ་དེ་ལགས་སོ། །དམ་པའི་ཞལ་ནས། སྐྱེ་བ་བདུན་པའི་རྗེས་དག་ལ། །བྱང་སེམས་གཉིས་ཀྱིས་ཕབ་བྲན་པས། །གཉིས་མེད་བདུད་རྩིའི་མཆོག་དོན་གྲུབ། སྒྲོལ་མས་ལུང་བསྟན་ངོ་མཚར་ཅན། །འདི་ཡང་ངའི་བླ་མ་ཡིན་གསུངས། གདམས་པ་ནི་རིང་ལམ་འཁོར་ལོས་བཏུངས་ཏེ་རྟེན་སྨིན་པས་ས་ལམ་ཆིག་རྫོགས་སུ་སྟོང་བར་བྱེད་ལ། དབང་བཞི་ལམ་ཁྱེར་བློ་སྦྱོང་གི་གནད་འདི་ལྟར་རོ་ཞེས་བསྟན་ཏོ་ཞེས་བྱ་བ་ནི། རིང་ལམ་ཕ་རོལ་ཏུ་ཕྱིན་པ་ཡིན་པས་གསང་སྔགས་དབང་བཞིའི་འཁོར་ལོས་བཏུངས་ཏེ། རྒྱུད་ལ་བླ་མའི་བྱིན་རླབས་ཀྱིས་སྨིན་ནས། མཉམ་རྗེས་ཀྱི་ངོ་སྤྲོད་གནད་དུ་ཟུག་ན་ནུབ་ཅིག་ལ་ས་ལམ་ཆིག་རྫོགས་ལ་སོང་བ་དེ་ཡིན། གལ་ཏེ་རྟོགས་པ་མངོན་དུ་མ་གྱུར་ཀྱང་ཐབས་གཞན་ལ་རག་མ་ལུས་ཏེ། བུམ་དབང་ལམ་ཁྱེར་ཀ་ཁའི་གནད། གསང་དབང་ལམ་ཁྱེར་དམིགས་པའི་གནད། གསུམ་པའི་ལམ་ཁྱེར་ངོ་སྤྲོད་ཀྱི་གནད། བཞི་པའི་ལམ་ཁྱེར་བཟླས་ལུང་གི་གནད་དང་བཞི་ཡོད་པས་སོ། །དབང་བཞི་པ་སྙིང་པོ་ལ་ཡང་གནད་བཞི་ཡོད་དེ། ཨཱོྃ་ཡེ་ཤེས་ལྔ་ལྡན་གཞི་དམ་ཚིག་གི་ཕྱག་རྒྱ། ཨ་སྦྱོར་བ་གསུམ་ལྡན་ཆོས་ཀྱི་ཕྱག་རྒྱ། ཧྲཱི་དགའ་བ་བཞི་ལྡན་དཔེ་ལས་ཀྱི་ཕྱག་རྒྱ། ཧཱུྃ་རྣམ་ཤེས་དྲུག་ལྡན་འབྲས་བུ་ཕྱག་རྒྱ་ཆེན་པོ། གུ་རུ་ནི་བླ་མ། སིདྡྷི་ནི་དངོས་གྲུབ་བླ་མ་ལ་ཞུ་བ། གང་ཞུ་ན་དབང་བཞི། ལམ་བཞི། ངོ་བོ་རྟགས་དང་ཡོན་ཏན་གསུམ། འབྲས་བུ་ཟུང་འཇུག་གི་རྟོགས་པ་རྣམས་ཞུ་བ་ཡིན་ནོ་ཞེས་བྱ་བར་གདའ།

དྲི་མེད་འོད་ཟེར་གྱི་བཙུན་མོ་ལྷ་དཔལ་གྱི་སེང་གེའི་གདམས་པ་ཡིན་ཏེ། ཇི་ལྟར་གྲུབ་པ་ཐོབ་ན། རྒྱལ་སྲས་རྒྱལ་སྲིད་ལ་དབང་བསྐུར་ནས་བཙུན་མོ་སྟོང་ཁབ་ཏུ་བཞེས་ནས། བུད་མེད་མ་ལེགས་པའི་དབང་གིས་རིགས་ཀྱི་ས་བོན་འཇོག་ཏུ་མ་སྣང་བ་ལ། བཙུན་མོ་འདིས་ཐབས་ཀྱི་སྒོ་ནས་རྩེ་འཇོ་ལ་བྲིད་དེ་རྣལ་དུ་སོང་པ་ལ་གསང་བའི་བུ་ག་ལྕེས་སླངས་ཏེ་སྦྱོར་བའི་བདུད་རྩི་མིད་བས། རྒྱལ་པོ་ཐིག་ལེ་བསྟན་ཞིང་སྒྲུབ་པ་བརྙེས་པའི་ཡོན་ཏན་གྱིས། བཙུན་མོ་ཁམས་ཀྱི་ཟག་སྟེ་ཡེ་ཤེས་ཀྱི་སྤྱན་ཤར་ནས་མཁའ་སྤྱོད་ཀྱི་གྲུབ་པ་ཐོབ་བོ། །ད་ལྟ་ཡང་སྒྲུབ་པ་པོའི་བདུད་རྩི་ལ་ཡོན་ཏན་དུ་ལྟ་བའི་གནད་དེ་ལགས། དམ་པའི་ཞལ་ནས། ཐབས་ལ་མཁས་པའི་སྦྱོར་བ་ཡིས། །བྱང་ཆུབ་སེམས་ཀྱི་ནུས་པ་ཐོབ། །སྐད་ཅིག་ཉིད་ལ་མཆོག་དོན་འགྲུབ། །སྒྲོལ་མས་ལུང་བསྟན་ངོ་མཚར་ཅན། །འདི་ཡང་ངའི་བླ་མ་ཡིན་གསུངས། གདམས་པ་ནི་ངོ་བོ་སྦས་པ་གསེར་གྱི་ཉི་མའི་མིག་ཕྱེ་བས་རྟོགས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར་བར་བྱེད། ཕྱག་རྒྱ་ཆེན་པོ་བརྡ་ ཡི་གནད་རིག་པར་གྱིས་ཤིག་ཅེས་བསྟན་ཏོ་ཞེས་གསུངས་པ་ལ་ཡང་དོན་གསུམ་ལས། དང་པོ་ངོ་བོ་སྦས་པ་གསེར་གྱི་ཉི་མའི་མིག་ཕྱེ་བས་བྱ་བ་ནི། དཔེར་ན་སྣང་སྲིད་གསལ་བར་བྱེད་པ་ཉི་མ་ཡིན་ལ། ཉི་མ་མཐོང་བ་ལ་མིག་གི་རྣམ་པར་ཤེས་པ་དགོས་པས། དམུས་ལོང་གི་མིག་རྩགས་བུས་དྲས་པ་བཞིན་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྟོང་ཉིད་ཆོས་སྐུར་གནས་པ་དེ། གསལ་བར་བྱེད་པ་དེ་ལ་སོ་སོར་རྟོགས་པའི་ཤེས་རབ་ཉི་མ་ལྟ་བུ་འཆར་དགོས། དེ་འཆར་བར་བྱེད་པ་ལ་ཆོས་ཀྱི་སྤྱན་རྣམ་པར་དག་པ་འཆར་དགོས། དེ་ལ་གསེར་གྱི་རྩ་བུ་དང་འདྲ་བར་བླ་མའི་ངོ་སྤྲོད་དགོས་པ་ཡིན་ནོ། །

གཉིས་པ་རྟོགས་པའི་ཡེ་ཤེས་ཕྱོགས་མེད་དུ་འཆར་བ་ནི། དང་པོ་སེམས་ངོ་བོ་སྟོང་པའི་ཡེ་ཤེས། གཉིས་པ་རྟོགས་པ་རྩ་བྲལ་གྱི་ཡེ་ཤེས། གསུམ་པ་དྲན་པ་རང་དྭངས་ཀྱི་ཡེ་ཤེས། བཞི་པ་རོ་སྙོམས་ཆེན་པོའི་ཡེ་ཤེས། ལྔ་པ་མཚན་ཉིད་བློ་བྲལ་གྱི་ཡེ་ཤེས་ལྔ་རིམ་པར་འཆར་རོ། །

གསུམ་དེའི་ལག་ལེན་དངོས་ནི་རྩེ་གསུམ། སྤྱན་ལྔ། ལྟ་སྟངས་ལྔ། སྤྱོད་ལམ་བཞི། སྒོམ་པ་བདག་པོ་ལ་གཏོད་པ་དང་ལྔ་པོ་ཡིན་ནོ། །རྒྱལ་སྲས་ལ་ལི་ཏ་བཛྲའི་བཙུན་མོ་རྣལ་འབྱོར་མ་དྲི་མེད་ཟླ་བའི་གདམས་པ་ཡིན་ཏེ། འདི་ཇི་ལྟར་གྲུབ་པ་ཐོབ་ན། རང་སྐྱོན་སྤོང་བའི་ཆེད་དུ་ཚོགས་དྲུག་ཡུལ་ལ་མ་ཡེངས་པར་སེམས་རྩེ་གཅིག་པར་གནས་པས་རིག་པ་དྲུངས་ནས་ཁམས་ཀྱི་ཟག་པ་ཟད་དེ། ཡེ་ཤེས་ཀྱི་སྤྱན་ཤར། དག་པ་ལོངས་སྐུའི་ཞིང་ཁམས་མཐོང་ནས་མཁའ་སྤྱོད་དུ་གཤེགས་སོ། །ད་ལྟ་ཡང་གཞན་སྐྱོན་མ་བསམ་རང་སྐྱོན་བསམ་ན་ཡོན་ཏན་འཕེལ། དམ་པའི་ཞལ་ནས། ཚོགས་དྲུག་ཡུལ་ལ་མ་ཡེངས་པར། །བག་མ་གསར་པའི་ཚུལ་བཟུང་བས། །རང་སྐྱོན་གྲོལ་ནས་བདེན་པ་མཐོང་། །སྒྲོལ་མས་ལུང་བསྟན་ངོ་མཚར་ཅན། །འདི་ཡང་ངའི་བླ་མ་ཡིན་གསུངས།

གདམས་པ་ནི། དྲན་རྟོག་སྔ་ཕྱིའི་ཡུལ་སྤྱད་པས་འདུ་བའི་ནད་ནང་དུ་འཇོམས་པར་བྱེད། དེས་ནི་རླུང་མཁྲིས་བད་ཀན་གྱི་ནད་མི་འཁྲུགས་པའི་གནད་ཡིན་ནོ་ཞེས་བསྟན་ཏོ། །ཞེས་གསུངས་པ་ཡང་། སྤྱིར་འདུ་བའི་ནད་སྐྱེད་པར་བྱེད་པའི་རྒྱུ་དུག་ལྔ་དུག་གསུམ། རྐྱེན་དེས་བསགས་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ། འབྲས་བུ་གནས་སྐབས་དང་། མཐར་ཐུག་གི་སྡུག་བསྔལ་གཉིས་ལས། དང་པོ་ལུས་ཀྱི་ན་ཚ་འདི་ཡིན་ཏེ། ནད་ཀྱི་ངོ་བོ་ཚ་གྲང་བད་རླུང་འདི་རྣམས་ཐམས་ཅད་རྟོག་པས་བསླངས་འཁུམས་པའི་ཟུག་གཟེར་ཡིན་པས། འདི་སེལ་བར་བྱེད་པའི་ཐབས་ཀྱང་གསུམ་དང་བཞི་ཡིན་ཏེ། རྒྱུ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྤངས། རྐྱེན་དུག་ལྔ་དུག་གསུམ་གྱི་རྩ་བ་གཅད། ངོ་བོ་ཐབས་རིན་པོ་ཆེས་ལམ་དུ་བཟུང་། གལ་ཏེ་སེལ་བར་འདོད་ན་ཡུལ་གྱི་བདུད་རྩི་རྟེན་པ་ཞེས་བྱ་སྟེ། རྟོག་པ་ཁ་སྤོས་ནས་ཡུལ་དྲུག་ལ་ཡེངས་སུ་བཅུག་པས། འཕྲལ་གྱི་ཟུག་འཇོམས་པར་བྱེད། དེ་ནས་ནད་འཛིན་གྱི་རྟོག་པ་དེ་རང་ལ་བལྟས་ཀྱི་ཕྱིའི་ཡུལ་ལ་བཀྲིས་པས། བདེན་མེད་དགེ་སྦྱོར་གྱི་བསྐུལ་མར་ངོ་ཤེས་ནས་ཕྱི་མའི་ནད་དང་གདོན་ལ་ཇི་མི་སྙམ་པའི་བཟོད་པ་བརྟན་པོ་ཐོབ་ནས་འདུ་བའི་ནད་ཁོང་དུ་མི་འཁྲུག་སྟེ། ཕྱི་མ་ངན་སོང་གི་འགོ་འདྲེན་མི་བྱེད་པར་ན་ཚ་ལུས་ངག་གི་སྒྲིབ་སྦྱོང་དུ་འགྲོ་བ་ཡིན་ནོ། །དམ་པ་རིན་པོ་ཆེ་ལ་ནད་པ་ཞིག་བྱིན་རླབས་ཞུ་རུ་བྱུང་པ་ལ་དམ་པའི་ཞལ་ནས། བུ་མོ་བྱིན་རླབས་གནམ་གྱི་སྐར་མ་ཡ་གི་ལ་ཞུས་དང་། ཁྱོད་རང་གི་ཐད་ཀའི་སྐར་མ་ཡ་གི་བྱིན་རླབས་ཅན་ཞིག་འདུག་གསུངས་པས། དེར་མོས་སྐར་མ་གང་ཡིན་ངོ་མ་ཤེས་པས་ཐམས་ཅད་ལ་བྱིན་རླབས་ཞུས་པས་མོ་ཡེངས་པས་ན་ཚ་སོས་སྐད།

རྒྱལ་པོ་ཉི་མ་འོད་ཟེར་གྱི་བཙུན་མོ་རྣལ་འབྱོར་མ་ལྷ་དཔལ་གྱི་ཟླ་བའི་གདམས་པ་ཡིན་ཏེ། འདི་ཡང་གྲུབ་པ་ཇི་ལྟར་ཐོབ་ན། ཟག་པར་གྱུར་པ་རགས་པའི་ཁ་ཟས་སྤངས་ཏེ། དུས་བཞིར་སྤྱོད་པ་ཆ་སྙོམས་པ་ལས་ཐོབ་སྐད། དེ་ལ་དུས་བཞིའི་ཐུན་བཞི་སྟེ་དབུགས་འགྱུ་བ་གཉིས་ལ་སྐད་ཅིག །མ་སྐད་ཅིག་མ་གཉིས་ལ་ཡུད་ཙམ། ཡུད་ཙམ་གཉིས་ལ་ཐང་ཅིག །ཐང་ཅིག་གཉིས་ལ་བག་ཙམ། བག་ཙམ་གཉིས་ལ་ཆུ་ཚོད་གཅིག །ཆུ་ཚོད་གཉིས་ལ་དབྱི་གུ་གཅིག །དབྱི་གུ་གཉིས་ལ་འཕོ་བ་གཅིག །ཆ་ཆེན་གཉིས་ལ་ཐུན་གཅིག་ཡིན་པས་ཐུན་རེར་འགྲོ་བ་དང་འཆག་པ་དང་། འདུག་པ་དང་། ཉལ་བ་དང་། བཞི་ལ་ཆ་མཉམ་པས་ལུས་སེམས་གནད་དུ་ཚུད་དེ་གནས་སྐབས་དང་། སྐྱེ་གནས་ཀྱི་ཟག་པ་ལས་གྲོལ་ནས་མཁའ་སྤྱོད་དུ་གཤེགས་སོ། །དམ་པའི་ཞལ་ནས། ཞེན་པ་ཚར་གཅད་ལྟོ་གོས་སྤངས། ཆ་སྙོམས་སྤྱོད་པས་ལུས་སེམས་འདྲེས། བདེན་མེད་རྟོགས་པས་ཟག་མེད་ཐོབ། །སྒྲོལ་མས་ལུང་བསྟན་ངོ་མཚར་ཅན། །འདི་ཡང་ངའི་བླ་མ་ཡིན་གསུངས།

གདམས་པ་ནི། ལྟོ་གོས་ལ་གྱོང་བསྐུར་བས་སྡུག་པ་ལ་སྲན་ཚུགས་པར་བྱེད། དཀའ་ཐུབ་མཐར་ཕྱིན་པར་འགྱུར་བའི་གནད་ཡིན་ནོ་ཞེས་བསྟན་ཏོ། །ཞེས་གསུངས་པ་འདི་ལ་ཡང་གསུམ་དུ་གནས་པ་ལས། དང་པོ་ལྟོ་གོས་ལ་གྱོང་བསྐུར་བས་ཞེས་པ་ནི་འཇིག་རྟེན་བློས་བཏང་གི་སྒྲུབ་པ་པོ་རྣམས་ཀྱིས། ཉམས་ལེན་རི་ཁྲོད་ཀྱི་དགོན་པར་བྱེད་དགོས་པ་དང་འཕྲལ་དགའི་སྐྱིད་ཆོས་བྱ་བ་གཉིས། ཚོགས་པ་ལྷན་ཅིག་ཏུ་མི་གནས་པས་ལྟོ་གྲོད་པས་མི་བཟའ་སྙིང་གིས་བཟའ་སྟེ་གྱི་ན་ཙམ་ལ་བརྟེན་ནས་སྒྲུབ་པ་བྱ། གོས་ཀྱང་མི་ཁས་མི་བསྐོན་ལྷགས་པར་གོན་པར་བྱ་སྟེ། རྩི་བེར་དང་རས་དུག་ཙམ་ལ་བརྟེན་ལ་ཉམས་སུ་བླང་བར་བྱའོ། །

གཉིས་པ་དེས་སྡུག་པ་ལ་སྲན་ཚུགས་པར་བྱེད་པ་ཞེས་པ་ཡང་དེ་ལྟར་ལྟོ་གོས་ལ་གྱོང་བསྐུར་ཙམ་ན། ཤེད་ལྟོས་སྐྱུངས་སྨ་གོས་ཀྱིས་ཕབས་ནས་དཔའ་ལུས་ལ་མེད་ཙམ་ན། མི་བདག་མི་འདོད་བདག་ཀྱང་མི་མི་འདོད་དེ། ཤི་རུང་འཚོ་རུང་སྐྱིད་རུང་སྡུག་རུང་། ན་རུང་ཚ་རུང་འཕྱ་རུང་སྨོན་རུང་སྡོད་སྙིང་འདོད་པ་ཡིན་ནོ། །གསུམ་པ་དཀའ་ཐུབ་མཐར་ཕྱིན་པའི་གནད་ཡིན་ནོ་ཞེས་པ་ཡང་། ཆོས་ཕྱོགས་སུ་སྡུག་སྲན་གཤའ་མར་འཛུགས་པ་དེ་ལ་དཔོན་ལ་ལྟོས་པའི་དུས་སུ་བླ་མ་མཉེས་པས་རྟོགས་པ་འཆར་སླ། གཅིག་པུར་འདུག་པའི་དུས་སུ་ཡི་དམ་མཉེས་པས་དག་སྣང་འཆར་སླ། གཞན་ལ་སྦྱོར་བའི་དུས་སུ་མཁའ་འགྲོ་མཉེས་པས་ལུང་བསྟན་དང་རྟེན་འབྲེལ་འཆར་སླ། ཚོགས་དཔོན་བྱེད་པའི་དུས་སུ་སྐན་ཕུགས་ཙང་བས་དད་པ་ཅན་མགུ་སླ་བ་ཡིན་ནོ།། །།

རྒྱ་ནག་གི་རྣལ་འབྱོར་མ་ཆུ་དུན་མས་བཻ་རོ་ཙ་ན་ལ་གདམས་པ། བཻ་རོའི་འདྲ་འབག་ལས་བཏུས།

༄༅། །རྒྱ་ནག་གི་རྣལ་འབྱོར་མ་ཆུ་དུན་མས་བཻ་རོ་ཙ་ན་ལ་གདམས་པ།

ཡང་བཻ་རོ་ཙ་ནས། རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་ཡོ་གི་ནི་རི་ཁྲོད་པ་ལ་གདམས་པ་ཞུས་པ་འདི་སྐད་གསུངས། སངས་རྒྱས་པར་འདོད་ན་རྩོལ་བ་ཞོག །སེམས་བལྟ་བར་འདོད་ན་རང་གི་དབུགས་ལ་ལྟོས། ཡེ་ཤེས་འདོད་ན་དྲན་པ་རྟག་ཏུ་ལྟོས། བདེ་བ་འདོད་ན་དུག་ལྔའི་ངོ་བོ་རྙེད་དམ་ལྟོས། སངས་རྒྱས་པར་འདོད་ན་ཕུང་བ་ཡིན། ཞེས་དགེ་སློང་བཱེེ་རོ་ཙ་ན་ལ་མཁའ་འགྲོ་མས་གདམས་སོ། །བཻ་རོ་ཙ་ནས། རྒྱ་ནག་པོའི་རྣལ་འབྱོར་མ་ལ་ངེས་པའི་དོན་ཇི་ལྟར་ལགས་དྲིས་པས། རི་ཁྲོད་མ་ཆུ་དུན་མས་ཆུང་དུས་འདི་སྐད་གསུངས། མཁའ་ལྟར་དག་པ་རྟོགས་པས་ན། །དགེ་སྡུག་གཉིས་ཀ་ཐ་སྙད་ཙམ། །བདུད་དང་འཁོར་བ་གདོད་ནས་མེད། །སྐྱེ་མེད་ཆོས་ལ་རྩོལ་བ་མེད། །རྣམ་གྲོལ་མེད་དེ་རྣམ་པར་བཅིངས་པ་མེད། །བྱང་ཆུབ་སྙིང་པོ་བྱ་བ་གདོད་ནས་མེད། །གང་ཞིག་བྱིས་པས་དེ་ལྟར་མ་རིག་སྟེ། །དོན་མེད་དགྲ་ཕྱིར་འབྲང་པ་རྣམས། །དགེ་བའི་ཆོས་ནི་རྣམ་སྤངས་ནས། །འཁོར་བའི་ཆོས་ལ་ཆགས་ཤིང་འཛིན་པ་ཆེ། །དེ་རྣམས་མཐོང་སྟེ་ངན་འགྲོར་འཁྱམས། །ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ།། །།

མཁའ་འགྲོ་སྟོང་གི་གསང་མཛོད། །བོ་དུང་པན་ཆེན་གྱི་གསུང་ལས་བཏུས།

༄༅། །མཁའ་འགྲོ་སྟོང་གི་གསང་མཛོད་ཅེས་བྱ་བ་བཞུགས་སོ། །བོ་དུང་པན་ཆེན་གྱི་གསུང་ལས་བཏུས།

རྒྱ་གར་སྐད་དུ། རཏྣ་ཨི་བི་ཛི་ན་ས་དྷ་ན་མ། དཔེ་གཞན་དུ་ཨ་བྷི་ཥིཉྩ་ཏི་ལ་ཀ་ན་མ། ཨ་ར་ལི་ཧོ་ཙིཏྟ་ན་གུ་ཧྱ་ཀོ་ཥ། བོད་སྐད་དུ། རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ།

མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་སྤྲོས་པ་མེད་པའི་དབྱིངས་རྣམ་པར་དག་པའི་ངང་། ཡུམ་གྱི་མཁའ་བདེ་བ་ཆེན་པོའི་ཀློང་ན་དུས་གསུམ་གྱི་མཁའ་འགྲོ་མ་རབ་ཏུ་འདུས་ནས་སྲིད་པ་གསུམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བར་བྱ་བའི་ཕྱིར། ཚོགས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ནས་འགྲོ་བ་མཐའ་དག་གི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་གཟུད་པར་བྱ་བའི་ཕྱིར། དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྨྲས་པ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། དཔའ་མོ་རྣམས་ཀྱི་ཨུཏྤལའི་ཟུར་མིག་གི་མདངས་རབ་ཏུ་འཕྱར་རོ། །དེར་མཁའ་འགྲོ་མ་ཆེན་མོ་ཀུན་ཏུ་བཟང་མོའི་ཞལ་ནས། བླ་མ་དངོས་གྲུབ་ཀུན་གྱི་རྟེན། །དེ་མ་རྟོགས་པར་དེ་ཉིད་ནི། །བསྐལ་པ་བྱེ་བར་མཐོང་མི་འགྱུར། །ས་བོན་མེད་པའི་མྱུ་གུ་བཞིན། །དེ་ཕྱིར་སྐྱེས་བུ་དམ་པ་ཡིས། །བླ་མ་དམ་པ་བསྟེན་པར་བྱ། །འདི་ནི་མཉེས་པ་ཙམ་གྱིས་ཀྱང་། །ཐར་པའི་གྲོང་མཆོག་འཐོབ་པར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཉི་མའི་འོད་ཟེར་གྱི་ཞལ་ནས། དཔའ་མོ་ཆེན་མོ་ཁྱོད་བདེན་ནོ། །སངས་རྒྱས་ཀུན་གྱི་ཡོན་ཏན་གནས། །དངོས་གྲུབ་མ་ལུས་ཀུན་སྟེར་བའི། །བླ་མ་མཉེས་པའི་ཐབས་དེ་ཡིས། །མུན་པའི་ཚོགས་ལ་མེ་ཤེལ་བཞིན། །དཔལ་ལྡན་དྲི་མེད་མགོན་པོའི་ཐུགས། །དེ་ཉིད་དམ་པ་གེགས་མེད་པ། །སློབ་མའི་མངོན་དུ་མཐོང་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་སྒྲོག་ཅན་གྱི་ཞལ་ནས། སེམས་ནི་གདོད་ནས་མ་སྐྱེས་པ། །རྣམ་པར་རྟོག་པ་ལས་དབེན་ཏེ། །འོད་གསལ་དགོན་པ་ཡིན་མོད་ཀྱི། །དེ་ཉིད་མི་ཤེས་ནུས་པ་ཡིས། །རི་སུལ་ཆེད་དུ་རྟེན་བྱེད་པ། །ནགས་ཀྱི་རི་དྭགས་ཇི་བཞིན་དུ། །ཐར་པ་ནམ་ཡང་ཡོད་མ་ཡིན། །སྐྱེ་མེད་རྟོགས་པ་དབེན་པའི་མཆོག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་རིན་ཆེན་གཏེར་བདག་མོའི་ཞལ་ནས། སྐྱེ་བ་རྣམ་པར་རྟོག་པ་དེ། །མི་སྐྱེ་བ་ཡང་དེ་བཞིན་ནོ། །གཉིས་ཀྱི་རྣམ་པ་དང་བྲལ་བ། །རང་བཞིན་བདེ་བའི་འབྱུང་གནས་ཉིད། །བརྒྱ་བྱིན་གཙུག་གི་ནོར་བུ་བཞིན། །བྲལ་བ་མེད་པའི་ཡེ་ཤེས་ནི། །བག་ཆགས་མ་གོས་རྟོགས་པ་མེད། །ཡང་ཡང་བལྟས་ན་མངོན་དུ་འགྱུར། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་སྲིད་པ་རྒྱལ་མོའི་ཞལ་ནས། དངོས་པོ་དང་ནི་སྟོང་པ་ཉིད། །གཉིས་མེད་གཉིས་ལས་རྣམ་པར་གྲོལ། །འཇིགས་བྲལ་ཡོད་པ་མ་ཡིན་ཏེ། །རང་བཞིན་མ་སྐྱེས་པ་ཡི་ཕྱིར། །རྒྱ་མཚོ་དང་ནི་ཟླ་བ་བཞིན། །སྣང་བ་ཁོ་ན་སྟོང་པ་ཡིན། །གཉིས་མེད་ངང་གིས་མཆོག་གྱུར་པ། །དེ་ཡི་ལག་ན་ཐར་པ་ཡོད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མེའི་འཁོར་ལོ་ཅན་མའི་ཞལ་ནས། དཔལ་དང་ལྡན་མ་ཁྱོད་བདེན་ནོ། །རང་རིག་བདེ་ཆེན་གཉིས་མེད་དེ། །མཁའ་ལྟར་དྲི་མེད་དག་པ་ལ། །ང་རྒྱལ་གྱིས་ནི་མདུད་པ་གྲོལ། །རི་དྭགས་རྒྱ་རུ་ཚུད་པ་བཞིན། །རྟོག་པའི་དྲ་བ་རང་གིས་བཟུང་། །བདག་མེད་བླ་མའི་གདམས་པ་སྟེ། །དེ་ཡི་རིན་ཆེན་སེམས་རྟོགས་བྱ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ལྭ་མའི་ཞལ་ནས། དངོས་པོ་རང་བཞིན་མེད་པ་རུ། །མཐོང་བའི་མིག་དེ་སྐལ་བར་ལྡན། །དངོས་མེད་ཉིད་ཀྱང་མ་མཐོང་བས། །དེ་བས་དེ་མཚོན་ངོ་མཚར་ཆེ། །ལྐུགས་པས་རྨི་ལམ་རྨིས་པ་བཞིན། །ཉམས་མྱོང་སྨྲ་བར་ནུས་མ་ཡིན། །མིང་མེད་གོ་བའི་རྣལ་འབྱོར་པ། །མིང་རྣམས་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་སྤྱན་རྒྱས་མའི་ཞལ་ནས། རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །རྟོག་པ་ཀུན་ལས་རྣམ་པར་གྲོལ། །འདི་ཡི་ངོ་བོ་མཐོང་གྱུར་ན། །པདྨའི་དར་ཐུམ་རྒྱས་པ་བཞིན། །ཡེ་ཤེས་རང་ལས་སྐྱེ་བར་འགྱུར། །དམིགས་མེད་སྤྲོས་བྲལ་ངང་དེ་རུ། །རྣལ་འབྱོར་པ་ཡིས་རྟག་ཏུ་བལྟ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་རབ་གཏུམ་མིག་གི་ཞལ་ནས། རྟོག་པ་སྔ་ཕྱིར་མ་སླེབས་པའི། །དྲི་མེད་གཟུང་འཛིན་དག་པ་ནི། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་སྟེ། །འདི་ལ་སྒོམ་དང་བསྒོམ་བྱ་སྤང་། །རབ་ཏུ་དྭངས་པའི་ཆུ་མིག་ནི། །རྙོག་ན་དྲི་མར་འགྱུར་བ་བཞིན། །མ་བཅོས་པ་ཉིད་ཆོས་ཉིད་དེ། །ཤེས་པ་རྐྱེན་གྱིས་མི་བསླད་དོ། །ཞེས་གསུངས་སོ། །ཨི་ཐི།

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའ་དཔལ་འཛིན་མའི་ཞལ་ནས། དོན་ཀུན་འགྲུབ་མ་ཁྱོད་བདེན་ནོ། །བསམ་དུ་མེད་པའི་ཆོས་ཉིད་དོན། །རྣམ་རྟོག་མེད་པས་ངེས་མཐོང་འགྱུར། །རུས་སྦལ་གྱི་ནི་མིག་བཞིན་ནོ། །རྣལ་འབྱོར་དངོས་པོ་བསྒོམ་མི་བྱ། །དངོས་མེད་ཉིད་ཀྱང་མི་བསྒོམ་སྟེ། །རྣམ་པར་རྟོག་པ་མེད་པ་ཡིས། །བག་ཆགས་རྣམས་ནི་ཟད་པར་བྱེད། །ཅེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་དུམ་སྐྱེས་མའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་པའི་རང་བཞིན་ལ། །གཟུགས་དང་ཁ་དོག་མཚན་ཉིད་མེད། །དཔེར་ན་མོ་གཤམ་བུ་བཞིན་ནོ། །རང་བཞིན་འོད་གསལ་རྣམ་པ་སྟེ། །རྟག་ཆད་ལས་འདས་དབུ་མར་མིན། །དོན་དེ་ཅི་ཡང་མིན་པ་ལ། །བདེན་པ་གཉིས་སུ་བཟུང་བ་ཡིས། །བདེ་བ་དམ་པ་ཉིད་མི་རྟོགས། །འདོད་པའི་འདུན་པ་གྲོལ་བར་བྱ། །ཞེས་གསུངས་སོ། །ཨི་ཏི། མཁའ་འགྲོ་ཐུགས་ཀྱི་གསང་མཛོད་ལས་ཕྱག་རྒྱ་རྣམ་པར་སྣང་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ། །

༈ མཁའ་འགྲོ་མ་ཆེན་མོ་ཟླ་བ་བཟང་མོའི་ཞལ་ནས། དངོས་པོ་བསྒོམས་པ་རྨོངས་པ་སྟེ། །དངོས་མེད་བསྒོམས་པ་དེ་བས་བླུན། །འདི་ཡི་རྟོག་པ་མི་སོལ་ཏེ། །གྲང་བའི་ནད་ལ་ག་བུར་བཞིན། །དངོས་དང་དངོས་མེད་རྣམ་བྲལ་བ། །འདི་ནི་མྱ་ངན་འདས་པའི་ལམ། །སུ་ཞིག་ཐར་པ་དོན་དུ་གཉེར། །དེ་ཡིས་དངོས་འཛིན་རབ་ཏུ་སྤང་། །ཞེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་འོད་ཟེར་གྱི་ཞལ་ནས། བཟང་མོ་ཆེན་མོ་ཁྱོད་བདེན་ནོ། །ཇི་སྲིད་དངོས་འཛིན་ཡོད་ཀྱི་བར། །དེ་སྲིད་འཁོར་བའི་རྒྱ་མཚོར་གནས། །མཆིལ་བས་ཟིན་པའི་ཉ་བཞིན་དུ། །བདེ་བའི་གོ་སྐབས་རྙེད་མིན་པས། །མཁས་པས་དངོས་འཛིན་སྤང་བར་བྱ། །དངོས་མེད་པར་ཡང་མི་རྟོག་གོ། འདི་ནི་དྲི་མ་ཡིན་པའི་ཕྱིར། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་མུ་ཏིག་འཕྲེང་བ་ཅན་གྱི་ཞལ་སྔ་ནས། ཆོས་རྣམས་རང་བཞིན་མེད་ཤེས་པས། །འདིས་ཀྱང་མྱ་ངན་འདས་པ་མིན། །སྙིང་རྗེ་སེམས་ཅན་ལ་ཆགས་པས། །འདིས་ཀྱང་ཐར་པའི་གྲོང་མི་ཐོབ། །ཆུ་དང་འོ་མ་འདྲེས་པ་བཞིན། །ཐབས་དང་ཤེས་རབ་མཉམ་སྦྱོར་བའི། །གང་འདིར་གཉིས་སུ་མེད་པ་ཡིས། །ཟུང་འཇུག་གིས་ནི་སངས་རྒྱས་ཐོབ། །ཅེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་འབར་མ་དབུགས་བདག་མའི་ཞལ་ནས། བླ་མའི་བྱིན་རླབས་མ་ཞུགས་པར། །རྒྱུད་ལ་རྟོགས་པ་སྐྱེ་བ་མིན། །མེ་ཏོག་མེད་པའི་གང་བུ་ནི། །ནམ་དུ་ཡང་ནི་མི་འབྱུང་བཞིན། །ཚོགས་དྲུག་ཡུལ་ལ་གཞི་མེད་དུ། །གང་གིས་ཐུག་འཕྲད་ཟིན་གྱུར་ན། །རྟོགས་པ་གཞན་ལ་ལྟོས་མི་དགོས། །བདེན་པ་དབྱེར་མེད་ལམ་གྱི་མཆོག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དུར་ཁྲོད་རྒྱལ་མོའི་ཞལ་ནས། གང་འདིར་ངེས་པར་འཇིག་པའི་ཡུལ། །བརྡ་ལ་ཡིད་ཆེས་དྲི་མ་མེད། །དེ་ཉིད་ཤེས་ན་སྐྱོན་ལས་གྲོལ། །དཔེར་ན་གསེར་འགྱུར་རྩི་བཞིན་ནོ། །སེམས་དང་རྣམ་རྟོག་ཐ་དད་མིན། །དེ་ཉིད་རྟོགས་པས་རྣམ་རྟོག་ནུབ། །གཉིས་སྣང་ཤེས་པས་སྒྲོལ་བ་ནི། །འདི་ནི་ཐབས་ཀྱི་རྒྱལ་པོ་ཡིན། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་རིན་ཆེན་གཙུག་ཕུད་མའི་ཞལ་ནས། ཐུགས་རྗེའི་བདག་མོ་ཁྱོད་བདེན་ནོ། །ཞལ་གྱི་པདྨོའི་བདུད་རྩི་ནི། །གང་གིས་འཐུང་བ་སྐལ་བར་ལྡན། །དབུལ་མོས་རིན་ཆེན་རྙེད་པ་བཞིན། །གཟུགས་ཀྱི་དེ་བཞིན་ཉིད་རྟོགས་པས། །ཆོས་རྣམས་མ་ལུས་གཏན་ལ་འབེབས། །གང་ལ་ངེས་པའི་ཤེས་པ་སྐྱེས། །དེས་ནི་སྒྲོ་འདོགས་མ་ལུས་བཅད། །ཅེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་གཟུགས་ཅན་མའི་ཞལ་ནས། གང་གིས་བསྒྲུབ་པའི་ཡི་གེ་ཤེས། །དེ་ཚེ་ཨཱ་ལི་ཀཱ་ལི་བྲལ། །དམུས་ལོང་གིས་ནི་ཕྱི་རོལ་གྱི། །གཟུགས་རྣམས་མི་མཐོང་ཇི་བཞིན་ནོ། །ཚོགས་དྲུག་རྐྱེན་སྣང་ངོ་བོ་སྟོངས། །ངོ་བོ་དབེན་པས་སྐྱེ་བ་མེད། །སྟོང་པ་དང་ནི་སྐྱེ་མེད་གཉིས། །དབྱེར་མེད་རྟོགས་པས་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་པདྨའི་མདངས་ལྡན་མའི་ཞལ་ནས། རང་བྱུང་རྟོགས་པ་བསམ་དུ་མེད། །བསམ་དུ་མེད་ལ་བསམ་བྱས་ན། །ཡིད་ལ་བྱེད་པ་མི་དགེ་སྟེ། །གླང་པོ་ཆེ་ཡི་མིག་བཞིན་ནོ། །ཡིད་ལ་མི་བྱེད་དགེ་བའི་མཆོག། གནས་ལུགས་མཚན་ཉིད་མཚན་གཞི་བྲལ། །རང་བཞིན་དག་པའི་འོད་གསལ་ནི། །དྲན་པའི་དྲི་མས་མ་གོས་གཙང་། །ཞེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་དབང་གི་དཔལ་འཛིན་མའི་ཞལ་ནས། ཆོས་རྣམས་རང་བཞིན་མེད་པ་ལ། །མཚན་མར་འཛིན་པ་བྱིས་པའི་བློ། །སྤྲེའུ་མེ་ལོང་གཟུགས་འཛིན་ལྟར། །དངོས་པོ་བཙལ་བས་རྙེད་མིན་ནོ། །འཁྲུལ་པ་སྟོང་པ་ངོ་མཚར་ཆེ། །འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །མྱ་ངན་འདས་པ་ཇི་ལྟར་བསྒྲུབ། །ཀྱེ་མ་དོན་དེ་རབ་ལྟོས་དང་། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་རབ་གཏུམ་མའི་ཞལ་ནས། མཛེས་མ་ཆེན་མོ་ཁྱོད་བདེན་ནོ། །ཇི་ལྟར་ཆུ་ལ་ཆུ་བཞག་བཞིན། །འཁོར་དང་མྱང་འདས་དབྱེར་མི་ཕྱེད། །གཉིས་མེད་གཉིས་སུ་སྣང་བ་ཡི། །བློ་དེ་ཁོ་ན་འཁྲུལ་རྟོག་ཡིན། །རྟོག་པ་དེ་ཉིད་གཞི་མེད་དེ། །གློ་བུར་ཡིན་པས་སྟོང་པའོ། །ངོ་མཚར་ཆོས་དབྱིངས་དེ་ལ་ལྟོས། །ཞེས་གསུངས་སོ། །ཨི་ཏི། མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བའི་དུམ་བུ་སྟེ་གཉིས་པའོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་བཟང་མོའི་ཞལ་སྔ་ནས། ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །བདེ་གཤེགས་སྙིང་པོ་རང་ལྡན་དུ། །ལུས་ཅན་ཀུན་ལ་ཡོད་གྱུར་ཏེ། །འགྲོ་རྣམས་སྒྱུ་མའི་རང་བཞིན་ཅན། །དངོས་མེད་ཚེ་ན་རྫོགས་སངས་རྒྱས། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །ལས་འདི་གང་གིས་བསོག་པ་ཡིན། །སེམས་ཅན་ཅི་ཡི་ཕྱིར་མི་གྲོལ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ཟླ་བའི་འོད་ཟེར་གྱི་ཞལ་ནས། གཡུལ་ལས་རྒྱལ་བ་ཁྱོད་བདེན་ནོ། །དོན་དམ་མེད་ཅིང་ཀུན་རྫོབ་མེད། །དཔེར་ན་དུས་མཐའི་ནམ་མཁའ་བཞིན། །ཅི་ཡང་མེད་པའི་ཆོས་ཉིད་ལས། །འཁོར་དང་མྱང་འདས་མི་སྤོང་སྟེ། །ཆོས་རྣམས་གཞི་རུ་མཉམ་པའི་ཕྱིར། །མ་མཐོང་མི་མཐོང་མཐོང་མི་འགྱུར། །ང་ཡིས་འཁོར་འདས་མ་མཐོང་ངོ་། །ཞེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་ཁྱུང་སྡེར་ཅན་གྱི་ཞལ་ནས། སྣ་ཚོགས་ངོ་བོ་ཕྱི་རོལ་གཞི། །ཡང་དག་གྲུབ་པ་མ་ཡིན་ཏེ། །རྨོངས་པ་ཡུལ་ལ་རྣམ་པར་འཁོར། །འདི་ཡིས་སྲིད་པའི་དྲ་བ་འཐག །དུར་ཁྲོད་ནང་གི་ལྕེ་སྤྱང་བཞིན། །ཡུལ་ལ་ཆགས་པར་མི་བྱའོ། །བདེན་འཛིན་འཁྲུལ་པའི་རྟོག་པ་ཡིན། །བདེན་འཛིན་གྲོལ་ན་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ཤྭ་ན་སྲོག་གི་བདག་མོའི་ཞལ་ནས། རབ་ཏུ་འབར་བའི་འོད་ཟེར་ཅན། །མཛོད་སྤུའི་བར་ན་ཆོས་འབྱུང་མཛེས། །ཡིད་བཅིང་པ་ཡི་གསང་ཡིན་ཏེ། །གླང་ཆེན་སྣ་ལ་ལྕགས་ཀྱུ་བཞིན། །བསྒྲིམ་ཞིང་བསྒྲིམ་ཞིང་གཟིར་བར་བྱ། །གཡེང་ན་དེ་ཉིད་རྟོགས་མི་འགྱུར། །བརྟན་པར་གྱུར་ཚེ་ཐིག་ལེ་ནི། །བདེ་ཆེན་ནམ་མཁའི་ཁམས་མི་ཤོང་། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ལས་ཀྱི་རྒྱལ་མོའི་ཞལ་ནས། མི་ཤིགས་ཧཾ་ཡིག་སྤྱི་བོ་ན། །རྡོ་རྗེ་གཙུག་ཏོར་དྲི་མ་མེད། །བདེ་བའི་ལྟ་སྟངས་ཚངས་པའི་སྤྱན། །རྨ་བྱ་རྒྱ་ལ་ཟིན་པ་ལྟར། །ཤེས་པ་ཡུལ་གྱིས་མ་འཕྲོག་པ། །ཟག་མེད་ཡེ་ཤེས་སྐྱེ་བའི་གཞི། །རྣལ་འབྱོར་པ་ཡི་གཟིགས་མོ་སྟེ། །ལྟོས་ཤིག་ཡེངས་སུ་མི་རུང་ངོ་། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ཚངས་པའི་གོ་ཆའི་ཞལ་ནས། མེ་དང་ཆུ་དང་དབང་ཆེན་ལ། །རླུང་གིས་རྣམ་པར་རྒྱན་བྱས་ལ། །རྫ་མཁན་གྱི་ནི་འཁོར་ལོ་བཞིན། །རིང་ཐུང་གཉིས་སུ་བསྐོར་བར་བྱ། །དྲིལ་ཅན་རྩེ་མོར་ངལ་སོས་ན། །ས་ནི་བཅུ་གསུམ་ཐོབ་པར་བྱེད། །ཡོན་ཏན་མཐའ་ཡས་འཕེལ་བའི་མཆོག། རྣལ་འབྱོར་པ་ཡིས་རྟག་ཏུ་སྒོམས། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་རབ་གཏུམ་མོའི་ཞལ་ནས། རྐྱེན་གྱིས་སྐྱེས་པའི་རྣམ་རྟོག་ནི། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཏེ། །གཉིས་མེད་ཐུག་འཕྲད་དུ་གྱུར་པ། །སྣང་སྟོང་ཟུང་དུ་འཇུག་པ་ལ། །སྣང་བའི་ངོ་བོ་འོད་གསལ་དུ། །ཐིམ་པས་རྣམ་རྟོག་རྗེས་མེད་གྲོལ། །ཆུ་ལ་རི་མོ་བྲིས་པ་བཞིན། །ཆོས་ནི་གཉིས་སུ་མེད་པའོ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ནོར་བུའི་འོད་ཅན་མའི་ཞལ་ནས། གང་འདིར་མ་རྟོགས་པ་ཡི་དུས། །ཤེས་པ་འཕྲོ་ཚད་རྣམ་རྟོག་སྟེ། །རྟོགས་པའི་དུས་ན་རྣམ་རྟོག་ཉིད། །སྤྲོས་བྲལ་ལས་སུ་མ་འདས་སོ། །འདི་ནི་ཕྱག་རྒྱ་ཆེན་པོའི་ཚད། །འཁྱག་པའི་ངོ་བོ་ཆུ་ཡིན་བཞིན། །རྟོགས་དང་མི་རྟོགས་གཉིས་མེད་པར། །མཁས་པས་ཁོང་དུ་ཆུད་པར་བྱ། །ཞེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་ཡེ་ཤེས་དཔལ་འཛིན་མའི་ཞལ་ནས། ཨེ་མ་རྣལ་འབྱོར་མ་བདེན་ནོ། །ཆོས་རྣམས་རང་བཞིན་སྐྱེ་བ་མེད། །སྐྱེ་བ་མེད་ལ་སྣ་ཚོགས་སྣང་། སྣ་ཚོགས་ངོ་བོ་ཉིད་མ་སྐྱེས། །སྐྱེས་དང་མ་སྐྱེས་གཉིས་སུ་མེད། །གང་གིས་རྟོགས་པ་སྐལ་བ་བཟང་། །དབུལ་མོས་རིན་ཆེན་གཏེར་རྙེད་བཞིན། །དོན་མཐོང་རྟོགས་པ་སྔོན་མ་གྲོལ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་གཏུམ་མིག་མའི་ཞལ་ནས། དམིགས་པའི་ཆེད་དུ་མ་བཟུང་བའི། །འཛིན་མེད་རང་གྲོལ་དེ་ལྟོས་དང་། །སེང་གེའི་མིག་བཞིན་ཟུམ་མི་བྱ། །སྒོ་ལྔ་རང་གསལ་འབར་དུ་གཞུག །ཤེས་པ་དེར་འཛིན་བརྟེན་མི་བྱ། །སྙིང་གི་པདྨའི་ཟེ་འབྲུ་ལ། །ཞལ་གྱི་བདུད་རྩི་ཐིམ་གྱུར་ནས། །རང་བཞིན་གྱིས་ནི་འོད་འབྱུང་སྟེ། །འདིས་ནི་རྟོག་པའི་འཆིང་བ་གྲོལ། །ཞེས་གསུངས་སོ། །ཨི་ཏི། མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དྲི་མ་མེད་པའི་འོད་ཟེར་ཞེས་བྱ་བའི་དུམ་བུ་སྟེ་གསུམ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་བློ་གྲོས་བཟང་མོའི་ཞལ་ནས། གང་ལ་མངོན་པར་ཞེན་པ་ཡི། །ཉམས་ལེན་དེ་ནི་འཆིང་བའི་རྒྱུ། །སྲིན་གྱི་ཁ་ཆུ་ཇི་བཞིན་ནོ། །བསྒོམ་བྱ་སྒོམ་བྱེད་དུ་གཏོགས་པ། །གཉུག་མའི་རང་བཞིན་ཁོ་ན་ཉིད། །ནམ་དུ་ཡང་ནི་མི་མཐོང་ངོ་། །ཆགས་སྡང་མངོན་པར་འཕེལ་བ་ནི། །འཁོར་བ་འབའ་ཞིག་ཉིད་དུ་ཟད། །ཅེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་འོད་ཟེར་གྱི་ཞལ་ནས། དགེ་བ་ཆེན་མོ་ཁྱོད་བདེན་ནོ། །གཉུག་མའི་དོན་ལ་བསྒོམ་དུ་མེད། །གཉིས་འཛིན་བློ་ཡི་སྤྱོད་ཡུལ་ན། །དོན་དམ་ཡོད་པ་མ་ཡིན་ཕྱིར། །བྱེ་མ་བཙིར་བའི་མར་བཞིན་ནོ། །བདེ་བ་ཆེན་པོའི་རང་བཞིན་ལ། །སྲིད་དང་མྱ་ངན་འདས་མི་རྟོག །བརྟག་པ་ཐམས་ཅད་ཟུག་རྔུའོ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ཉི་ཟླ་ཐོད་འཕྲེང་ཅན་གྱི་ཞལ་ནས། ཁམས་གསུམ་འདི་དག་ཐམས་ཅད་ནི། །བདེ་བ་ཆེན་པོའི་བདག་ཉིད་དེ། །ཤེས་པ་རྣལ་མ་ཆོས་ཀྱི་སྐུ། །སྣང་གྲག་ཕྱག་རྒྱ་ཆེན་པོའི་ངང་། །རང་བྱུང་ཡེ་ཤེས་སྐྱེ་འགག་བྲལ། །ནམ་མཁའ་གདོད་ནས་དག་པ་བཞིན། །རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད། །སྲིད་གསུམ་གདོད་ནས་སངས་རྒྱས་ཤིང་། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་སྟོབས་ལྡན་ཚོགས་བདག་མོའི་ཞལ་ནས། གང་འདིར་གཟའ་གཏད་མེད་པ་ཡི། །ཤེས་པ་རང་བྱུང་སྐྱེས་པ་ནི། །དུས་མ་བཏབ་ཀྱི་ཡེ་ཤེས་ནི། །རྣམ་རྟོག་གིས་ནི་འཇིག་པར་འགྱུར། །དེ་ནི་སྤྲིན་ལ་རླུང་བཞིན་ནོ། །རྣམ་པར་རྟོག་པ་མ་སྤངས་ན། །ཡེ་ཤེས་སྐྱེ་བར་མི་འགྱུར་བས། །རྒྱུན་དུ་ཀ་ཏ་ན་བཅིང་ངོ་། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་བདུད་ལས་རྒྱལ་མོའི་ཞལ་ནས། རྨོངས་པ་འཁོར་བའི་བདག་ཉིད་ལ། །ཆགས་པས་དེ་ཉིད་མི་མཐོང་སྟེ། །མུན་པ་ནང་གི་རྫས་བཞིན་ནོ། །བླ་མའི་ཞལ་གྱི་བདུད་རྩི་ལ། །འདྲིས་ན་དོན་དང་ལྡན་པར་འགྱུར། །མ་བཅོས་རྣལ་མ་རྐྱེན་དང་བྲལ། །མི་ཤེས་ཐ་མལ་ཡིན་མོད་ཀྱི། །རིག་ན་མཆོག་གི་སྐལ་བར་ལྡན། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ནོར་བུ་གཙུག་ཏོར་ཅན་གྱི་ཞལ་ནས། རྡོ་རྗེ་བཟླས་པས་སྟོང་ར་བཅའ། །ལས་ཀྱི་རླུང་ལོག་བདེ་བའི་གནས། །སྲིན་པོའི་ཞལ་ནི་རབ་ཏུ་བསྡམ། །དར་ལ་རླུང་གིས་བསྐྱོད་པ་བཞིན། །ཡཾ་གྱིས་མཛྷེ་བསྐུལ་མི་བསྲུན་གཟུགས། །ཕེཾ་གྱིས་སྒྲ་སྒྲོགས་ཙནྡྷ་ཙནྜ་ལི། །སྲིད་པའི་དབུས་ན་རྟོག་པ་འཇོམས། །འདི་སྒོམ་བཅུ་གསུམ་རྡོ་རྗེ་འཛིན། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་འོད་ལྡན་མའི་ཞལ་ནས། འཁོར་བའི་རྩ་བ་རྣམ་རྟོག་སྟེ། །སེམས་ལ་དངོས་པོ་ཡོད་མེད་ཀྱི། །བརྟག་དཔྱད་ཆོས་སྐུའི་འཆིང་བ་ཡིན། །ཉི་མའི་ཟེར་ལ་སྤྲིན་པ་བཞིན། །གཉུག་མའི་ངོ་བོ་སྒྲོས་མ་བཏགས། །འདི་ནི་ཅི་ཡང་མ་ཡིན་ཏེ། །གང་གིས་ཉམས་སུ་མྱོང་བའི་བློ། །དྲི་མ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་དགའ་བའི་མདངས་ལྡན་མའི་ཞལ་ནས། ལྷ་ལ་བརྟན་པ་ཐོབ་པ་ལས། །བླ་མ་ཡུད་ཙམ་དྲན་པ་མཆོག །གསལ་དང་མི་རྟོག་བདེ་བ་དང་། །དབྱེར་མི་ཕྱེད་པ་དེ་ཉིད་ནི། །བླ་མ་བསྒོམ་པ་ཁོ་ན་ལས། །སྐྱེ་འགྱུར་གཞན་གྱིས་འགྲུབ་པར་དཀའ། །ནོར་བུ་རིན་ཆེན་བོར་བ་བཞིན། །འདི་བརྗེད་མཆོག་གི་དངོས་གྲུབ་སྟོངས། །ཞེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་ཐུགས་རྗེ་དཔལ་འཛིན་མའི་ཞལ་ནས། གང་ཞིག་ཡི་གེ་གཅིག་བྱིན་པའི། །བླ་མ་དང་ནི་བྲལ་བ་ན། །ལྷ་རྣམས་མ་ལུས་རྒྱབ་ཀྱི་ཕྱོགས། །བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ། །བསྒྲུབས་ཀྱང་འབྲས་བུ་མི་འབྱུང་སྟེ། །ཆུ་ལ་སྲུབ་མས་བསྐོར་བ་བཞིན། །བླ་མ་མིག་གི་འབྲས་བུ་སྟེ། །གཅེས་པས་དོར་བར་མི་བྱའོ། །ཞེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་སྣ་ཆེན་མའི་ཞལ་ནས། འདས་དང་མ་འོངས་ད་ལྟར་གྱི། །སངས་རྒྱས་རྣམས་ནི་བླ་མ་ལ། །བརྟེན་ནས་དངོས་གྲུབ་རབ་ཐོབ་སྟེ། །འདི་མ་མཉེས་ན་དངོས་གྲུབ་མེད། །རིན་ཆེན་གླིང་དང་བྲལ་བའི་མིས། །ནོར་བུ་རྙེད་པར་མི་འགྱུར་ཞིང་། །སྐལ་མེད་བླ་མའི་སྐྱོན་ལ་རྟོག །དེ་ཡི་ཐར་པ་དོར་བ་ཡིན། །ཞེས་གསུངས་སོ། །ཨི་ཏི། མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་ལམ་རྣམ་པར་ངེས་པ་ཞེས་བྱ་བའི་དུམ་བུ་སྟེ་བཞི་པའོ། །

༈ མཁའ་འགྲོ་མ་ཆེན་མོ་དོན་འགྲུབ་བཟང་མོའི་ཞལ་ནས། དེ་ཉིད་དག་ལ་འཁྲུལ་པ་ཡི། །འབྲས་བུ་ལོགས་ནས་ཐོབ་འདོད་པ། །སྦྲང་རྩིས་འཁྲིད་པའི་བུང་བ་བཞིན། །དཔེ་གཞན་ན། རྨོངས་པ་ཡུལ་ལ་མངོན་པར་འཁོར། །འདོད་ཡོན་ཞེན་མེད་ལམ་གྱི་མཆོག །ཅིག་ཤོས་དོན་དང་ཕྲད་གྱུར་ཚེ། །དེ་དོན་དེ་ལ་རྣམ་པར་ཐིམ། །མ་བཅོས་སོ་མ་དེ་ལྟོས་དང་། །ཞེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་འབྱུང་གནས་འོད་ཟེར་གྱི་ཞལ་ནས། སེམས་ཉིད་སྟོང་པར་ཤེས་པ་ཡི། །ངང་དུ་རྣམ་རྟོག་ནུབ་པར་འགྱུར། །དེ་ཉིད་ཉམས་སུ་མྱོང་བའི་ཚེ། །དོན་གྱི་བདུད་རྩིའི་རོ་ཡིན་པས། །ཆང་གིས་དྲན་པ་ཉམས་པ་བཞིན། །འདིའི་ཐ་སྙད་སྟོངས་བར་བྱེད། །ཆོས་རྣམས་རང་གི་ངོ་བོས་སྟོངས། །གྲུབ་མཐའ་མེད་པས་ཁས་ལེན་གྲོལ། །ཞེས་གསུངས་སོ། །t།

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་འཕྲེང་བ་ཅན་གྱི་ཞལ་ནས། རྣལ་འབྱོར་དཔའ་མོ་ཁྱོད་བདེན་ནོ། །ཚོགས་དྲུག་སྣང་བ་སྐྱེ་མེད་དུ། །ཤེས་ཚེ་ཉམས་མྱོང་དང་མི་འབྲལ། །རྟེན་འབྲེལ་སྣང་བ་རྐྱེན་སྐྱེས་ཏེ། །འདི་ལ་ངོ་བོ་མ་གྲུབ་པ། །བདེན་པར་མ་བཟུང་གཞི་མེད་ཕྱིར། །སྨིག་རྒྱུ་ཆུ་ཡིས་དབེན་པ་བཞིན། །ང་ཡི་ཡང་དག་མ་མཐོང་ངོ་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབྱུང་བཞིའི་བདག་མོའི་ཞལ་ནས། རང་ཉིད་ལ་གནས་ཡེ་ཤེས་ནི། །རྒྱུ་ཡིས་བསྐྱེད་མིན་ཐོག་མ་ནས། །སངས་རྒྱས་མ་བཅོས་ལྷུན་གྲུབ་སྐུ། །མ་མཐོང་གྱད་ཀྱི་ནོར་བུ་བཞིན། །དངོས་པོའི་གནས་ལུགས་སྐྱེ་བ་མེད། །དོན་དེ་ཚིག་གིས་མཚོན་མི་ནུས། །བརྗོད་བྱ་རྗོད་བྱེད་གཉིས་ཀྱི་སྟོངས། །སྒྲ་ཕྱིར་ཡིད་ནི་གཞུང་མི་བྱ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཁྲོས་པའི་རྒྱལ་མོའི་ཞལ་ནས། དུས་དེ་ཉིད་ཀྱི་ཡེ་ཤེས་ནི། །སྐྱེ་བ་མེད་པའི་སྙིང་པོ་ཅན། །རྟོགས་པའི་དུས་ན་འབྲས་བུ་རྫོགས། །ཡང་དག་དོན་ལ་སྒོམ་དུ་མེད། །ཡིད་ལ་བྱེད་པ་འཆིང་བའི་རྒྱུ། །བློ་མཐའ་དར་གྱི་སྲིན་བུ་བཞིན། །ནམ་མཁའི་བུ་མོ་དེ་ལྟོས་དང་། །རང་བཞིན་སྐྱེ་མེད་ངོ་མཚར་ཆེ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་འོད་ཅན་མའི་ཞལ་ནས། སྣ་ཚོགས་ངོ་བོ་ཕྱི་རོལ་བཞིན། །སྣང་ལ་རང་བཞིན་མེད་པ་སྟེ། །དྲན་པ་དབང་པོའི་གཞུ་ལྟ་བུ། །དངོས་ཀུན་གདོད་ནས་རབ་ཞི་ཡང་། །བྱིས་པས་ཚོགས་དྲུག་བདེན་པར་མཐོང་། །འཁྲུལ་བ་ངོས་ཟིན་བདེན་པ་འཇིག །དེ་ཡི་བག་ཆགས་སྤོང་འགྱུར་བས། །སྲིད་པའི་དྲ་བ་འཇིག་པར་བྱེད། །ཅེས་གསུངས་སོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་ཅོད་པན་ཅན་གྱི་ཞལ་ནས། མཐོང་མེད་དོན་དེ་མཐོང་གྱུར་ན། །སྙིང་པོའི་དོན་མཆོག་མཐོང་བས་ཏེ། །སྒོམ་དང་སྒོམ་བྱེད་རྟོགས་པས་གྲོལ། །གྲོལ་ཞེས་རྣམ་པར་སྒོམ་མི་བྱེད། །མི་བསྒོམ་སྒོམ་མེད་སྒོམ་དེ་ཉིད། །བླ་མའི་མན་ངག་ཉམས་སུ་མྱོང་། །དེ་ཉིད་ཁོ་ན་འབྲས་བུ་ཡིན། །ངོམས་པ་ཆུ་ལ་མི་འཐུང་ཞིང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཟླ་བ་སྒྲོན་མེའི་ཞལ་ནས། ཡིད་ལ་བྱེད་པའི་དྲི་མ་ནི། །རྣལ་འབྱོར་པ་ཡིས་བརྟེན་མི་བྱ། །ཤེས་པ་རང་ཉིད་སྣང་བ་ཡི། །རང་བཞིན་ཅི་ཡང་མ་ཡིན་པས། །སྣང་བ་མེད་པས་སྣང་བ་ཡིན། །དཔེར་ན་ནམ་མཁའི་དབྱིངས་བཞིན་ནོ། །རྙོག་མ་མེད་པ་སྙིང་པོའི་དོན། །འདི་ནི་བསྒོམ་པར་བྱ་བ་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཕྲུལ་གྱི་དཔལ་འཛིན་མའི་ཞལ་ནས། སྤྲོས་བྲལ་བསྟན་དུ་མེད་པ་ཉིད། །མཚན་ཉིད་མེད་པའི་ངོ་བོ་ལ། །གང་གིས་མཚན་མར་མཐོང་བའི་བློ། །འདི་ནི་ཡང་དག་མ་ཡིན་ཏེ། །སྨིག་རྒྱུ་ཆུ་རུ་མཐོང་དང་མཚུངས། །ཕྱག་རྒྱ་ཆེན་པོ་ཡི་གེས་སྟོང་། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བླ་མའི་བརྡ་ལས་རབ་ཏུ་བླང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔའ་མོ་བླ་མའི་ཞལ་ནས། གང་ལ་སྐྱེ་དང་འགག་པ་ཡི། །ཆོས་དེ་ཡོད་པ་མ་ཡིན་ཏེ། །རང་བཞིན་ཉིད་ཀྱིས་མ་སྐྱེས་པ། །སྒྱུ་མའི་འཁྲུལ་འཁོར་ཉིད་དུ་བས། །གང་ལ་བདེན་པར་འཛིན་པ་ནི། །དེ་ཉིད་འཁྲུལ་པའི་ངོ་བོ་སྟེ། །གཟུགས་ནི་གཟུགས་ཀྱིས་སྟོང་པའི་ཕྱིར། །ཨེ་མ་དེ་ཉིད་ལྟོས་དང་ཀྱེ། །མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དེ་ཁོ་ན་ཉིད་རབ་ཏུ་སྣང་བ་ཞེས་བྱ་བའི་དུམ་བུ་སྟེ་ལྔ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་སྐལ་ལྡན་བཟང་མོའི་ཞལ་ནས། དེ་ཉིད་མ་གོ་རང་རྒྱུད་པར། །མཐོང་བ་འཁྲུལ་པར་གསལ་མོད་ཀྱི། །དངོས་པོ་རང་བཞིན་མེད་གོ་བས། །བུམ་པའི་རྗེས་ཞུགས་ཆེས་འཁྲུལ་བླུན། །སྐྱེ་མེད་དངོས་པོ་ཆོས་ཀྱིས་སྟོང་། །ཤིང་བསྲེག་པ་ལ་ཀོག་མེད་བཞིན། །ཆོས་རྣམས་གཞི་རྩ་རྟགས་ཀྱི་མཚར། །སྣང་ལ་མེད་པའི་ཆོས་ཉིད་མཐོང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་འོད་ཟེར་ཅན་གྱི་ཞལ་ནས། བློ་གྲོས་ཆེན་མོ་ཁྱོད་བདེན་ནོ། །ལན་ཚྭ་ཆུ་ལ་ཐིམ་པ་བཞིན། །ཕྱི་རོལ་སྣ་ཚོགས་ངོ་བོས་དབེན། །འདི་ལ་དངོས་པོ་ཡོད་མ་ཡིན། །རང་རིག་ནང་ན་འགྱིང་བག་ཅན། །རྡོ་རྗེ་ཡེ་ཤེས་ལྷ་མཆོག་ལ། །དུས་གསུམ་མཆོད་པ་ཕུལ་གྱུར་ན། །འདི་ཡིས་གཉིས་སྣང་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་པདྨའི་ཕྲེང་བ་ཅན་གྱི་ཞལ་ནས། མིག་ནི་སྣ་རྩེར་དབབ་བྱ་ཞིང་། །དྲན་པ་ཡུལ་ཕྱིར་མི་བཏང་སྟེ། །པདྨ་མདུན་ན་གནས་པ་ཡི། །རྒྱལ་བ་ཡེངས་པར་མི་འགྱུར་བཞིན། །སེང་གེའི་ལྟ་སྟངས་འགུལ་མི་བྱ། །རྣམ་པར་རྟོག་པས་བསྐྱོད་མི་འགྱུར། །ཀ་ར་ན་ཡིས་སྲིད་པ་འཆིང་། །འདི་ཡིས་རླུང་སེམས་འཛིན་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཕྲིན་ལས་བདག་མོའི་ཞལ་ནས། ཇི་ལྟར་དམུས་ལོང་དམིགས་བུ་བྱེད། །བྲལ་ན་མྱ་ངན་སྐྱེ་བ་བཞིན། །དོན་དམ་བདེན་པ་ཆོས་ཀྱི་སྐུ། །འདི་ངོ་ཤེས་ན་གྲོལ་བ་ཐོབ། །ཤིན་ཏུ་བསྒྲིམ་པར་བྱ་བ་ཉིད། །འཆི་ཁའི་འོད་གསལ་བཏང་མི་བྱ། །འདི་ལ་ཡེངས་སུ་མི་རུང་ངོ་། །རྟོགས་པའི་དོན་ལ་གོམས་འདྲིས་གཅེས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཡུལ་ལས་རྣམ་པར་རྒྱལ་བའི་ཞལ་ནས། འོད་རབ་འབར་མ་ཁྱོད་བདེན་ནོ། །ཤེས་རབ་སྙིང་རྗེའི་བདག་ཉིད་འབྲེལ། །གཉིས་མེད་ཡེ་ཤེས་ཁོ་ན་ཉིད། །དྲན་པས་བསྒྲིམས་ཏེ་སྤྱོད་ལམ་གཞིར། །མ་ཡེངས་གུས་པས་འབད་པ་ན། །ཡེ་ཤེས་འབྱུང་པར་ཐེ་ཚོམ་མེད། །སྒེག་མོ་མེ་ལོང་ལྟ་བ་བཞིན། །ལེ་ལོ་བརྟེན་པར་མི་བྱའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མུ་ཏིག་ཟླ་བའི་ཞལ་ནས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །ཡུལ་དེ་སྐྱེ་བ་མེད་པ་སྟེ། །མཚན་མར་འཛིན་པ་བུས་པའི་བློ། །སྣང་བ་མ་བྱས་མཐོང་མི་འགྱུར། །ལོང་བས་རི་མོ་མི་མཐོང་བཞིན། །འཇིག་རྟེན་པ་དང་འདས་པ་ཡི། །དོན་ལ་རྟོག་པ་མ་ཡིན་ནོ། །བསམ་དུ་མེད་དོ་རྣལ་འབྱོར་མ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་གོ་ཆའི་ཞལ་ནས། རྟོགས་པ་གོ་ཡུལ་དུ་ལུས་པས། །མྱོང་པ་རྒྱུད་ལ་མི་སྐྱེ་སྟེ། །བདུད་རྩིའི་ཡོན་ཏན་ཤེས་པ་ཡིས། །འདུ་བ་སེལ་བར་མི་ནུས་བཞིན། །དེ་ཉིད་རྟོགས་ནས་མ་བསྒོམས་ན། །ཆོས་ཉིད་གཞིའི་ཐོག་ནས་གོལ། །ཉམས་སུ་ཏིང་ངེ་འཛིན་གྱིས་བླངས། །གོམས་འདྲིས་བརྟན་པ་ཐོབ་པར་བྱ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཐིག་ལེ་མདངས་ལྡན་མའི་ཞལ་ནས། སོ་མའི་དོན་ལ་དྲན་དུ་མེད། །ཤིན་ཏུ་གཅེས་པ་ཐབས་ཀྱི་རྩི། །དྲན་པ་ཡེངས་ན་རྒྱུན་མི་འབྱུང་། །རལ་གྲིའི་འཁོར་ལོ་ཇི་བཞིན་ནོ། །མྱོང་དུ་མེད་པའི་མྱོང་བ་ནི། །སྙིང་པོ་དོན་གྱི་མྱོང་བ་སྟེ། །ཆགས་ན་འཆིང་བའི་རྒྱུར་འགྱུར་བས། །ཞེན་པ་བྱེད་ན་ཅིག་ཤོས་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཀྲ་ཤིས་དཔལ་འཛིན་མའི་ཞལ་ནས། ཆོས་རྣམས་གཉིས་སུ་མེད་པ་སྟེ། །ཐ་དད་བྱེད་ན་ཕྱག་རྒྱ་བྲལ། །འདི་ཉིད་ཁོ་ན་ཡིན་ནོ་ཞེས། །དོན་དུ་མཐོང་ན་བརྟགས་པས་འཆིང་། །ཟླ་བ་མེད་པའི་ཆུ་ཤེལ་གཙང་། །བྲམ་ཟེ་དྲི་མ་འཁྲུད་པ་ལྟར། །མ་བཅོས་རྣལ་མའི་ངོ་བོ་ལ། །རྟོག་གེ་རྩིས་ན་རྣམ་པར་ཉམས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མི་ཐུང་མའི་ཞལ་ནས། ཀྱེ་ཧོ་རྣལ་འབྱོར་མ་ཡི་ཚོགས། །བདེ་བ་ཆེན་མོའི་གཏེར་འདི་ནི། །ཞི་བས་བསྐྱངས་པ་ཐབས་ཀྱི་གནད། །དང་པོ་དྲག་ན་ཕྱིས་མི་བསྐྱེད། །གླང་པོ་ཆེའི་འདུལ་སྦྱོང་བཞིན། །འཇམ་པའི་རླུང་ལ་རྣོ་ངར་གདགས། །དབང་པོ་རྣམས་ཀྱི་སྒོ་མི་དགག །ལྟ་སྟངས་རེས་བསོར་གྱིས་སུ་བརྗེ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་ཐུགས་ཀྱི་གསང་མཛོད་ལས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བའི་དུམ་བུ་སྟེ་དྲུག་པའོ། །

༈ མཁའ་འགྲོ་མ་ཆེན་མོ་ཕྱག་རྒྱ་བཟང་མོའི་ཞལ་ནས། ངེས་པར་སངས་རྒྱས་ཁོ་ན་ཡི། །འདུ་ཤེས་བླ་མ་ལ་སྐྱེས་ན། །མཆོག་གི་གོ་འཕང་འདིས་ཐོབ་ཀྱི། །ཐབས་གཞན་དམན་པའི་ལས་ཡིན་ནོ། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ལྷག་པའི་བསམ་པ་དག་པ་ནི། །དགོས་འདོད་ཐམས་ཅད་འབྱུང་བར་བྱེད། །བླ་མ་མཉེས་པས་ས་ལམ་སྤྱོད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་འོད་ཟེར་གྱི་ཞལ་ནས། མྱོང་སྣང་དུས་གཅིག་སྒོམ་པའི་གནད། །བརྡ་ཡི་མན་ངག་ཚིག་གསུམ་གྱི། །སྐུ་གསུམ་རོ་གཅིག་རྟོགས་པར་བྱེད། །དངོས་པོ་རྣམས་ནི་སྐྱེ་མེད་ལ། །མ་འདས་ཆོས་དབྱིངས་དྲི་མ་མེད། །དཔེར་ན་འདམ་གྱི་དྲི་མ་བཞིན། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ། །ཟག་པས་ཡེ་ཤེས་སྐྱེད་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཟླ་བའི་ཕྲེང་བ་ཅན་གྱི་ཞལ་ནས། སྤྲིན་གྱི་རྐྱེན་ཐུང་གློ་བུར་བ། །རླུང་གི་སྟོབས་ཀྱིས་གཏོར་བས་ན། །མཁའ་ལ་ཟླ་བ་གསལ་བ་ལྟར། །གློ་བུར་རྣམ་རྟོག་ཡོད་ཀྱི་བར། །རྫོགས་པའི་སངས་རྒྱས་དེ་མི་སྣང་། །བརྡ་ཡི་རྟོག་པ་སེལ་བ་ཡིས། །འོད་གསལ་འགྲོ་འོང་མེད་པ་མཐོང་། །རྟོག་པ་གཞི་ལ་ཡོད་མ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིག་སྔགས་བདག་མོའི་ཞལ་ནས། བླ་མའི་ཞབས་ཀྱི་པདྨོ་ཡི། །སྙིང་པོ་ལས་བྱུང་མན་ངག་བཅུད། །སྦྲང་རྩིས་མ་ངོམས་པར་གྱུར་ན། །གཉིས་ཟུང་ཉམས་པར་བྱེད་པའི་ཕྱིར། །རང་ལ་སྨིན་པའི་གཞན་དོན་ནི། །བདུད་ཀྱི་ལས་སུ་རིག་པར་བྱ། །སྙིང་རྗེའི་ཕྲིན་ལས་རང་ལ་བཟུང་། །འདི་ནི་ཐབས་ཀྱི་དམ་པ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དབང་གི་རྒྱལ་མོའི་ཞལ་ནས། མི་རྟོག་སྤྲོས་བྲལ་བཟང་པོ་རུ། །བཟུང་ནས་རྒྱུད་ལ་འགེལ་བྱེད་ན། །གང་འདོད་ཆགས་པའི་ས་བོན་ཏེ། །ཡུལ་དུ་སྣང་བའི་ཞེན་པ་ཡིས། །སྲིད་པའི་འཁོར་ལོར་འཇུག་པར་བྱེད། །མྱ་ངན་འདས་པ་ཐོབ་འདོད་པས། །བྲམ་ཟེས་མཛེ་རོ་མཐོང་བ་བཞིན། །ཡིད་ལ་འདོད་པ་མེད་པར་བྱ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ཅོད་པན་གྱི་ཞལ་ནས། མ་སྐྱེས་སྐྱེ་དང་བྲལ་བ་ཡི། །རང་གནས་རྩ་བ་འདུ་འབྲལ་མེད། །མཚན་མ་རང་གྲོལ་ཆོས་ཀྱི་སྐུ། །རྒྱུན་མི་ཆད་པ་ཐོག་མཐའ་བྲལ། །འོད་གསལ་འགྲོ་འོང་མེད་པའི་རྩི། །ཕབས་ཀྱིས་ཐེབས་པའི་ཆན་རྣམས་ནི། །ངེས་པར་གླུམ་དུ་འགྱུར་བ་ལྟར། །རྩི་འདིས་ཐར་བ་ཐོབ་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཀར་མོ་ཁྱུང་གི་གཤོག་པ་ཅན་གྱི་ཞལ་ནས། རྟེན་འབྲེལ་རྐྱེན་ལས་སྐྱེས་པ་ཡི། །ཀུན་རྫོབ་སྣང་བ་སྒྱུ་མ་སྟེ། །འཕྲུལ་གྱི་བུ་མོ་ཇི་བཞིན་ནོ། །འདི་ལ་བདེན་པ་ཡོད་མ་ཡིན། །ཨེ་མ་མྱ་ངན་འདས་པ་ཞི། །རང་བཞིན་གཞི་རྩ་མེད་པ་ནི། །ཆོས་རྣམས་ཀུན་གྱི་ངོ་བོ་ཡིན། །དོན་དམ་སྤྲོས་བྲལ་སྟོང་པ་ཉིད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་མདངས་ལྡན་མའི་ཞལ་ནས། རྣམ་རྟོག་རང་གི་ངོ་བོས་སྟོང་། །མ་སྤངས་རང་གྲོལ་སྐྱེ་མེད་ངང་། །དངོས་པོའི་རང་བཞིན་སྐྱེ་མེད་དུ། །སྦྱོར་བར་མི་ཤེས་རྣལ་འབྱོར་མིན། །གང་ཡང་གྲུབ་པ་མེད་པ་ཡི། །རང་བཞིན་དངོས་པོ་གདོད་ནས་གྲོལ། །སྦལ་བ་སྤུ་ཡི་ལྭ་བ་བཞིན། །གནས་ལུགས་སྒྲུབ་ཏུ་མེད་པའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དགེ་བའི་དཔལ་འཛིན་མའི་ཞལ་ནས། གཉུག་མའི་རང་བཞིན་མ་རྟོགས་ན། །བྱིས་པའི་ཆོས་ཀྱིས་མི་གྲོལ་ཏེ། །རྟོགས་པ་བློ་ཡི་རི་མོ་ཡིན། །ཕྱག་རྒྱ་ཆེན་པོ་སྤྲོས་དང་བྲལ། །མཉམ་བཞག་རྗེས་ཐོབ་དག་ལས་གྲོལ། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད། །ཆུ་ཤིང་གི་ནི་སྙིང་པོ་བཞིན། །བློའི་ཡུལ་ན་དོན་དམ་མེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མི་ཐུང་མའི་ཞལ་ནས། དྲན་པ་འཁྲུལ་པའི་རྣམ་རྟོག་ལ། །གཟུང་དང་འཛིན་པའི་བློ་སྐྱེས་པས། །ཕྱིན་ཅི་ལོག་ལ་ཞེན་པས་འཁོར། །བུང་བ་སྐུད་བར་ཚུད་པ་བཞིན། །ཉོན་མོངས་ལྔའི་མཚང་རིག་ནས། །དེ་ཉིད་ཡེ་ཤེས་ཆེན་པོར་འཆར། །རང་སྣང་དག་པ་གཅིག་གིས་ནི། །སྲིད་གསུམ་སངས་རྒྱས་ཞིང་དུ་མཐོང་། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་ཕྱག་རྒྱའི་བཅུད་རྣམ་པར་འཐིགས་པ་ཞེས་བྱ་བའི་དུམ་བུ་སྟེ་བདུན་པའོ། །t།

༈ མཁའ་འགྲོ་མ་ཆེན་མོ་སེང་ལྡེང་རི་ཁྲོད་མའི་ཞལ་ནས། གཟིངས་ཀྱིས་ཕ་རོལ་བགྲོད་པ་ལ། །སྐྱ་བ་མེད་པར་མི་ཕྱིན་བཞིན། །འདྲེན་མཛད་དཔལ་ལྡན་རྡོ་རྗེ་འཆང་། །བླ་མ་མེད་པར་སྲིད་ཐར་མིན། །དམ་པའི་གསུང་གི་བདུད་རྩི་ལ། །ངེས་པ་སྟོར་ན་དངོས་གྲུབ་ཉམས། །འདི་མེད་སྙིང་པོ་དོན་གྱི་མཆོག །འགྲོ་མགོན་གྱིས་ཀྱང་རྙེད་མི་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་ལྡན་སྤྱན་སྟོང་མའི་ཞལ་ནས། ཇི་ལྟར་སོ་མ་བཏང་བ་ཡི། །བུམ་པས་དོན་བྱེད་མི་ནུས་ཏེ། །དེ་བཞིན་དབང་གིས་མ་སྨིན་པའི། །རྟེན་དེས་སངས་རྒྱས་བསྒྲུབ་མི་ནུས། །དབང་བཞི་རྫོགས་པ་ལམ་གྱི་མཆོག །འདི་ཡི་གོང་ན་ཐར་སྐས་མེད། །ས་ལམ་མ་ལུས་གཅོད་པ་ཡི། །འཁོར་ལོ་དམ་པ་འདི་ཡིན་ནོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཛྲ་ཀ་ལ་སིའི་ཞལ་ནས། གྲུབ་པའི་དཔའ་མོ་ཁྱོད་བདེན་ནོ། །ལྕགས་ལ་གསེར་འགྱུར་རྩི་བཞིན་དུ། །ཐབས་མཆོག་དབང་གི་ནུས་པ་ཡིས། །ཟག་པའི་ངོ་བོ་རྣམ་འགྱུར་ནས། །རང་བཞིན་བདེ་ཆེན་ཐོབ་པར་བྱེད། །འདི་ནི་ཐབས་ཀྱི་རྒྱལ་པོ་ཡིན། །ལྷ་དང་མི་ཡི་བུ་མོ་ཡིས། །བདེ་བ་འབུམ་གྱིས་ཆར་མི་ཕོད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདུད་ཀྱི་དཔུང་འཇོམས་མའི་ཞལ་ནས། རྐྱེན་མ་ཚོགས་ན་ནུས་པ་མེད། །རྟེན་འབྲེལ་རྐྱེན་གྱིས་སྐྱེད་པར་བྱེད། །ཟླ་བའི་འོད་ཟེར་མ་ཕོག་པར། །པདྨ་རྒྱས་པར་མི་འགྱུར་ལྟར། །དབང་གིས་སྨིན་པར་མ་བྱས་པར། །ཡེ་ཤེས་འཆར་བའི་རྒྱུ་ཡོད་མིན། །གང་ལ་བྱིན་རླབས་ཞུགས་གྱུར་པའི། །དེའི་ལག་ན་དངོས་གྲུབ་ཡོད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཧ་ར་མ་ཏིའི་ཞལ་ནས། བླ་མའི་རྗེས་གནང་མེད་གྱུར་ན། །སྒྲུབ་པ་ལ་སོགས་རྩོམ་པ་ནི། །འདི་ནི་ངལ་བ་དོན་མེད་དོ། །འདོད་པ་མངོན་དུ་མི་འགྲུབ་སྟེ། །མ་ཐུལ་ཚ་སྒོ་ཅན་གྱི་ཞིང་། །འབྲས་བཏབ་ལྗང་བུ་མི་འཁྲུངས་བཞིན། །རང་རྒྱུད་དབང་མ་ཐོབ་པ་ལ། །ཏིང་འཛིན་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབར་མ་ཁྱུང་གདོང་ཅན་གྱི་ཞལ་ནས། འབྲས་བུ་རྒྱུད་ལ་རག་ལས་ཏེ། །སྤྲིན་མེད་མཁའ་ལ་ཆར་འདོད་བཞིན། །དབང་གི་བྱིན་རླབས་མ་ཞུགས་ན། །ལྷ་ལ་དངོས་གྲུབ་འབྱུང་མི་འགྱུར། །བདེ་དང་གསལ་དང་མི་རྟོག་པ། །ནམ་དུ་ཡང་ནི་མི་ཕྲད་དེ། །ཐུན་མོང་དང་ནི་མཆོག་གི་ལས། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤོ་ན་འབྲུག་གི་གླག་པ་ཅན་གྱི་ཞལ་ནས། ཟིལ་མངར་ནང་དུ་ཆུ་རྡོ་ཡིས། །བཅུད་ལེན་མཆོག་ཏུ་འགྱུར་བ་བཞིན། །ཐབས་ཀྱི་ལམ་དུ་གྱུར་རྣམས་ལ། །དབང་གིས་ཡེ་ཤེས་སྨིན་པར་བྱེད། །འདིས་ནི་མིག་སྨན་རྐང་མགྱོགས་དང་། །རལ་གྲི་མཆིལ་ལྷམ་གནོད་སྦྱིན་མོ། །བྱུག་པ་ས་འོག་ས་སྤྱོད་རྣམས། །མྱུར་བ་ཉིད་དུ་ཐོབ་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རི་ཁྲོད་ལོ་མ་གྱོན་མའི་ཞལ་ནས། དགེ་མ་རིན་ཆེན་ཁྱོད་བདེན་ནོ། །འཛམ་བུ་ཆུ་བོ་གསེར་གྱི་མདོག །མཚུར་མེད་འོད་ཟེར་མི་འབྱུང་ལྟར། །ཡོན་ཏན་དུ་མ་རབ་ལྡན་ཡང་། །དབང་མ་ཐོབ་ན་གྲོལ་མི་ནུས། །འདས་དང་མ་འོངས་ད་ལྟར་གྱི། །སངས་རྒྱས་རྣམས་ནི་རྨི་ལམ་ལ། །བརྟེན་ནས་འབྲས་བུ་རབ་ཏུ་ཐོབ། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཡུལ་ལས་སྒྲོལ་མཛད་མའི་ཞལ་ནས། རིན་ཆེན་སྣོད་ལས་ཕལ་པའི་ནང་། །སེང་གེའི་འོ་མ་མི་བླུགས་བཞིན། །བླ་མའི་ཞལ་གྱི་བདུད་རྩི་ཡི། །དབང་མ་ཐོབ་ལ་དེ་བཞིན་ནོ། །འདི་ལ་གསང་བ་བསྒྲག་པ་ན། །ལྟུང་བ་འབྱུང་བའི་གཞི་ཡིན་པས། །བླ་མ་དང་ནི་སློབ་མ་གཉིས། །མཚུངས་པར་དམ་ཚིག་ཉམས་པར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་ལྡན་ཤ་ཝ་རིའི་ཞལ་ནས། རིག་པ་གཏད་པའི་ཆོ་ག་ལ། །ལྷག་པའི་རྟེན་འབྲེལ་གཞན་ཡོད་མིན། །འདི་ནི་མཆོག་གི་ལམ་ཡིན་པས། །མེད་དུ་མི་རུང་པ་ཡིན་ཏེ། །རྒྱུད་མེད་གཞུ་ལ་གྱད་ཀྱི་མདའ། །འཕང་བའི་དོན་བྱེད་མི་ནུས་ལྟར། །དབང་གིས་སྨིན་པར་མ་གྱུར་ན། །སྔགས་ལ་ཕྲིན་ལས་འབྱུང་མི་འགྱུར། །ཞེས་གསུངས་སོ། །མཁའ་འགྲོ་མ་ཆེན་མོ་ཐུགས་རྗེ་གསང་མཛོད་ལས་རིན་པོ་ཆེ་དབང་གི་དྲ་བ་ཞེས་བྱ་བའི་དུམ་བུ་སྟེ་བརྒྱད་པའོ། །

༈ མཁའ་འགྲོ་མ་ཆེན་མོ་གཙུག་ན་མེ་འཁྱེར་བའི་ཞལ་ནས། ཆོས་རྣམས་སྒྱུ་མའི་རང་བཞིན་ཅན། །བདེན་པ་ཡོད་པ་མ་ཡིན་ཏེ། །རྨི་ལམ་སྒེག་མོ་གཞི་མེད་བཞིན། །ཞེན་འཛིན་ཆོད་པས་འཁྲུལ་བ་གྲོལ། །བདེན་པ་ཟད་པར་མ་གྱུར་པ། །དེ་སྲིད་བློ་ཡི་ཐ་མི་སྤང་། །ཆོས་དང་གང་ཟག་རྣམ་གཉིས་ཀྱིས། །བདག་ནི་འཛིན་པ་ཁོ་ནར་ངེས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དབང་བསྒྱུར་འཁོར་ལོ་མའི་ཞལ་ནས། དཀར་དམར་སྣ་ཚོགས་ཚོགས་དྲུག་ཡུལ། །རྩ་བྲལ་སྟོང་པའི་ངོ་བོ་ཉིད། །རང་བཞིན་མེད་པའི་ཚང་མཐོང་བས། །རྟོག་པས་གནོད་པར་མི་ནུས་ཏེ། །དུག་ལ་རིག་སྔགས་སོང་བ་བཞིན། །རྣམ་རྟོག་རང་སར་དྭངས་པ་ཡིས། །ཉོན་མོངས་སྐྱེ་བར་མི་བྱེད་དེ། །དེ་ནི་ལས་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཧེ་རི་མུ་ཏ་ལའི་ཞལ་སྔ་ནས། རྟོག་པའི་རྐྱེན་དུ་མ་གྱུར་མེད། །གང་ལ་ངེས་ཤེས་སྐྱེས་པ་ཡི། །རྟེན་དེས་སྒྲོ་འདོགས་གཅོད་པར་བྱེད། །དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི། །གང་གིས་སད་པ་རིག་མའི་མཆོག །མིག་སེར་ནད་ལ་ཐལ་ཁུ་བཞིན། །གང་གིས་ལམ་དུ་གང་གྱུར་པ། །གཅིག་ཏུ་ངེས་པ་མ་ཡིན་ནོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་ལྡན་ན་བ་རིའི་ཞལ་ནས། གནས་ལུགས་ངོ་བོ་ཉིད་མཐོང་ན། །སྣང་བའི་རྐྱེན་བྲལ་ཡེངས་པ་མེད། །དྲན་པ་སོ་ཟིན་བདེ་གསལ་ལ། །ག་གྷའི་རླུང་བཞིན་བར་ཆད་མེད། །ཡེ་ཤེས་རྒྱུན་མི་ཆད་པའི་ས། །དུ་མ་རོ་གཅིག་གཉིས་སྣང་དག །མཉམ་རྗེས་ཟུང་འཇུག་རྡོ་རྗེའི་མེས། །སྲིད་པའི་མཚོ་ཆེན་སྐམ་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་སྒྲོན་མའི་ཞལ་ནས། བདེ་བའི་ཡེ་ཤེས་སྐད་ཅིག་ལ། །མཆོག་དགའ་དགའ་བྲལ་གཉིས་ཀྱི་དབུས། །ཨེ་དང་བཾ་ཝཾ་གྱི་གནས་ཡིན་ཏེ། །རྣམ་པར་སྨིན་དང་རྣམ་པ་མེད། །བར་ན་རིན་ཆེན་ཟ་མ་ཏོག །མཚན་ཉིད་བྲལ་བ་རབ་ཏུ་གནས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །རིགས་མཐུན་རྒྱུ་ལ་འབྲས་བུ་སྐྱེ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་མཛོད་འཛིན་མའི་ཞལ་ནས། མ་བཅོས་སྐྱེ་མེད་རྣམ་མི་རྟོག །སྤྲོས་བྲལ་སྙིང་རྗེ་མཆོག་ཏུ་དགའ། །ཆོས་དབྱིངས་རང་བཞིན་རྒྱུན་གྱིས་རྟག །འདི་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། །ཤེས་རབ་རང་བཞིན་རྣམ་མཛེས་མ། །རོ་ཐབས་ལ་ནི་སྡིག་སྤངས་དབུས། །མི་རྟོག་སྒྱུ་མའི་སྐྱེས་བུ་བསྟེན། །འཛིན་པ་རྣམ་བྲལ་ཉེ་གྱུར་ལམ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ར་མ་ཏིའི་ཞལ་སྔ་ནས། ཀུན་ཏུ་རྟོག་པས་མ་རིག་པའི། །དམིགས་མེད་སྙིང་རྗེ་ཆེན་པོའི་བདག །བདེ་ཆེན་རབ་ཏུ་མི་གནས་ཡིད། །དྲན་པས་མ་གོས་ཡིད་བྱེད་མེད། །བསམ་གྱིས་མི་ཁྱབ་ཡེ་ཤེས་ནི། །སྤྲིན་བྲལ་མཁའ་ལྟར་དྲི་མ་མེད། །རང་བཞིན་དེ་ལ་འབྲས་བུ་མཆོག །དམ་ཚིག་ཕྱག་རྒྱ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་བདེ་ལྡན་མའི་ཞལ་ནས། མེ་ལོང་མཉམ་ཉིད་སོ་སོར་རྟོགས། །བྱ་བ་ནན་ཏན་ཆོས་ཀྱི་དབྱིངས། །སྐུ་ལྔའི་བདག་ཉིད་ཧེ་རུ་ཀ།།ཇི་ལྟར་མན་ཤེལ་དག་པ་ལ། །འོད་ཟེར་བཀག་པས་མི་ཁེག་བཞིན། །རྡོ་རྗེ་འཛིན་པ་རྣམ་པར་འཕྲོ། །སྐྱེས་བུ་བྱེད་པའི་ཕྲིན་ལས་སོ། །ཆོས་རྣམས་བདེ་ཆེན་རྣམ་པར་གཅིག །གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་བྱང་ཆུབ་ཀྱི་ཞལ་ནས། མ་འགགས་གཤིས་ལས་སྣ་ཚོགས་འབྱུང་། །འདིར་ནི་གར་མ་ཞེས་བྱའོ། །སྣང་བ་སྣ་ཚོགས་བདེ་བ་རུ། །བསྒྱུར་བ་ཚོས་མ་ཞེས་བྱ་སྟེ། །སྣ་ཚོགས་སྐྱེ་བ་མེད་པ་རུ། །ངོ་བོ་མཉམ་པ་རྡོ་རྗེ་ལ། །དེ་ཉིད་བརྗོད་དུ་མེད་པ་སྟེ། །བློས་མ་རེག་པ་བྲམ་ཟེ་མ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དགེ་བའི་རིན་ཆེན་མའི་ཞལ་ནས། ཚོགས་དྲུག་ཡུལ་གྱིས་སྟོངས་གྱུར་ཀྱང་། །མ་རིག་བདག་ཏུ་བཟུང་བ་ཡིས། །ཡུལ་ལ་བདེ་སྡུག་ཕར་ལ་ཞེན། །འདིས་ནི་བག་ཆགས་ཞེན་པའི་རྩི། །གར་ཕྱིན་རྒྱ་ལ་སྦྲང་འདབ་བཞིན། །རྣམ་རྟོག་གིས་ནི་ལས་བསགས་ནས། །དེས་ནི་འཁོར་བར་འཁྲིད་པར་བྱེད། །འཇིག་རྟེན་བདེ་སྡུག་ལས་ལས་བྱུང་། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་རྒྱ་བཞི་གསལ་བའི་སྒྲོན་མེ་ཞེས་བྱ་བའི་དུམ་བུ་སྟེ་དགུ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་གཞོན་ནུ་རྡོ་རྗེ་མཛེས་ཀྱི་ཞལ་ནས། ཉན་ཐོས་མིག་ནི་རི་བོ་ཅན། །ནམ་དུ་ཡང་ནི་མི་མཐོང་སྟེ། །མཁའ་ལྡིང་ཀླུ་ཡི་སྐྱེ་གནས་ལས། །གཞན་དུ་མི་བལྟ་བ་བཞིན་ནོ། །རིག་པ་ཀླུགས་ལྷུག་པས་འཕྲོ་རྒོད་འཇུན། །ལྟ་སྟངས་རྡོ་རྗེ་སྐྱིལ་ཀྲུང་འཛིན། །སྦྱོར་བའི་རྒྱལ་པོ་འདི་ཡི་ནི། །འགོག་པ་སྙོམས་འཇུག་ལ་ཐིམ་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབར་མ་ཟླ་རྒྱས་མའི་ཞལ་ནས། མ་བཅོས་སྐྱེ་མེད་དོན་གྱི་ལྷ། །དྲན་བརྗེད་མཚམས་ན་གར་དགུས་འགྱིང་། །དུས་གསུམ་ཡིད་ལ་མ་བྱས་པ། །བློ་འདས་ཐིག་ལེ་ལས་འགྱུར་མེད། །རྡོ་རྗེ་ལྟ་སྟངས་གདོང་ན་གནས། །དངོས་མེད་རང་གྲོལ་མཚན་མའི་ཆོས། །རྒྱ་མཚོའི་ནང་གི་གཟའ་སྐར་བཞིན། །སྣང་བ་མ་འགག་དེར་འཛིན་གྲོལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བ་འོད་ཟེར་གྱི་ཞལ་ནས། དཔའ་མོ་ཆེན་མོ་ཁྱོད་བདེན་ནོ། །རྨ་བྱའི་ལྟ་སྟངས་གཙོ་བ་བཞིན། །རིག་པ་སོར་གཞག་བདེ་གསལ་ངང་། །རྟོག་པའི་སྤུ་རིས་སྤངས་པ་ཡི། །ཤེས་པ་རྣལ་མ་དྲི་མ་མེད། །རླུང་གིས་མ་བསྐྱོད་མར་མེ་བཞིན། །སྣང་བ་མ་དམིགས་དེར་འཛིན་གྲོལ། །རེ་དོགས་བྲལ་ལ་གཉེན་པོ་མེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབྱུང་གནས་འོད་ཟེར་གྱི་ཞལ་ནས། མཛོད་སྤུའི་བར་དུ་ཡིད་གཟིར་བ། །རྟོག་བྲལ་འཁྲུལ་པ་འགག་པའི་རྒྱུ། །སྨིན་མའི་མཚམས་ནས་མཁྱིད་གང་ན། །དྲི་མ་མེད་པའི་ལྟ་སྟངས་གནས། །དོང་ཀའི་མེ་ཏོག་འབར་བ་བཞིན། །གསལ་བའི་ཐིག་ལེ་དྲན་པས་བཟུང་། །བསྒྲིམ་ཞིང་བསྒྲིམ་ཞིང་གཟིར་བར་བྱ། །ཡེངས་ན་གཅིག་ཤོས་སྐྱེ་བ་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཧེ་ལི་མེ་ཧ་ལའི་ཞལ་ནས། མིག་མ་བཙུམ་པའི་བསྟན་མ་ནི། །འགྲོ་འོང་བཀག་པའི་ལྟ་སྟངས་ཏེ། །རྟོག་པ་སྔ་ཕྱི་གཅོད་པར་བྱེད། །ཝ་ཡིས་ཆུ་ལག་གག་བཀག་པ་བཞིན། །ཡུལ་གྱི་རྗེས་སུ་འབྲང་པ་ན། །རང་བཞིན་གཉུག་མ་རྙེད་མི་འགྱུར། །སྣང་བའི་རྐྱེན་དང་བྲལ་བ་ཡི། །སྤྲོས་དང་བྲལ་བ་ཡོད་མ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཟི་བརྗིད་འཁོར་ལོའི་ཞལ་ནས། སེང་གེའི་ལྟ་སྟངས་ཕྲ་རགས་གཅོད། །ཚོགས་དྲུག་ཐུག་འཕྲད་གནད་ཀྱི་འཚང་། །རྟོག་པ་འབྲེལ་བྱུང་གློ་བུར་བ། །སྟོང་པར་ངོས་ཟིན་སྐྱེ་མེད་གྲོགས། །ཙནྡན་ནགས་ལ་མེ་མཆེད་བཞིན། །སྤྱིར་སྣང་ཆོས་ཉིད་དབྱིངས་ཀྱི་རྒྱན། །སྣ་ཚོགས་སྣང་ཡང་དྲི་མ་མེད། །རྩ་བྲལ་ནམ་མཁའི་རྗེས་ཐོབ་ཅན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་ལྡན་བཟང་མོའི་ཞལ་ནས། མ་བཅོས་རྩོལ་མེད་གནད་དང་བྲལ། །བསམ་དུ་མེད་པ་དེ་ཁོ་ན། །རྟོག་པ་རང་གྲོལ་ཆོས་ཀྱི་སྐུ། །ནམ་མཁའི་རང་བཞིན་སྐྱེ་འགག་མེད། །ཕ་ཝང་ལྟ་སྟངས་ངལ་གསོའི་གནས། །དྲན་ནས་བརྗོད་པ་ཡེངས་པའི་ས། །ཤེས་པ་དེར་འཛིན་བྲལ་བ་ཅན། །དབང་པོ་རང་སྣང་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་འཕྲེང་བ་ཅན་གྱི་ཞལ་ནས། ཚངས་པའི་ལྟ་སྟངས་གྱེན་ལ་གཟིགས། །རྡོ་རྗེ་གཙུག་ཏོར་དྲི་མ་མེད། །ཡུལ་སྣང་མ་མཐོང་དེར་འཛིན་བྲལ། །སེང་གེའི་མགོ་ལ་ཐུར་བཅུག་བཞིན། །རྐྱེན་ཕྱིར་མི་འབྲང་ནམ་མཁའི་ཡིད། །དྲན་པ་སོ་ཟིན་སྤྲོས་པ་ཞི། །རྟོག་པ་སྐྱེ་བའི་གནས་མེད་དེ། །འཁྲུལ་བ་རང་སར་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མ་འབའ་རིའི་ཞལ་ནས། གཟུགས་ཀྱི་ཆོས་ཉིད་མ་སྐྱེས་པ། །སྒྱུ་མའི་ཆོས་ཉིད་མི་འགག་སྟེ། །འདི་རང་ངོ་བོ་ཐ་དད་མིན། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །འགྲོན་བུའི་ལྟ་སྟངས་གཡོན་ན་གནས། །རླུང་བཟུང་པ་ལས་ཡེ་ཤེས་སྐྱེ། །རགས་པ་རྣོ་ངར་གསལ་བ་ཡིས། །མི་རྟོག་པ་ཡི་གཉིས་སྣང་གྲོལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདུད་འདུལ་རྒྱལ་མོའི་ཞལ་ནས། ལྟོ་ཕྱེའི་ལྟ་སྟངས་རྒྱབ་ན་གནས། །ཡུལ་གྱི་རྗེས་སུ་མི་འབྲང་པ། །ཤེས་པ་རང་ལུགས་གཉུག་མའི་ངང་། །ཙོས་ཀྱི་ལུ་གུ་ཞོས་ནོན་བཞིན། །འཛིན་པ་བྲལ་བའི་རང་བཞིན་ལ། །རིག་པ་གཅེར་བུ་སྒྲིབ་གཡོགས་བྲལ། །སེམས་མ་འཕྲོས་ན་ཡུལ་མི་སྣང་། །རྟོག་པས་མ་གོས་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་སྦས་པའི་གསེར་མིག་རྣམ་པར་ཕྱེ་བ་ཞེས་བྱ་བའི་དུམ་བུ་སྟེ་བཅུ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་གཞོན་ནུ་སེང་གེའི་ང་རོའི་ཞལ་ནས། བདེན་པ་རེས་འཇོག་མི་བྱ་བར། །མཚན་མ་རང་སར་གྲོལ་བར་བྱ། །ངར་འཛིན་བདག་དང་བྲལ་བ་ཡིས། །ཁང་སྟོང་ནང་གི་རྐུན་མོ་བཞིན། །རྟོག་པ་རང་ལོག་ཉིད་དུ་འགྱུར། །བག་མ་ཆགས་ན་ལས་མི་སོག །སྲིད་པའི་འཁོར་ལོ་འཇིག་པར་བྱེད། །འདི་ནི་གནད་ཀྱི་གདམས་པ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ཀང་ཀ་རིའི་ཞལ་ནས། སྣང་བ་འདི་ཉིད་སྒྱུ་མ་ཡིན། །རང་བཞིན་གནས་པའི་བར་མ་དོ། །བདེན་པར་མ་བཟུང་འཁྲུལ་པ་གྲོལ། །སྲོག་འགག་པ་ཡི་དེ་མ་ཐག །རྒྱལ་སངས་པ་ཡི་ཤེས་པ་བཞིན། །སྲིད་པའི་ཤ་གཟུག་ལ་སོགས་པས། །བླ་མ་ཡུད་ཙམ་དྲན་པ་ཡིས། །བག་ཆགས་མཚམས་སྦྱོར་འབྲེལ་བར་བྱེད། །ཅེས་གསུངས་སོ། །མཁའ་འགྲོ་མ་ཆེན་མོ་ཨུ་རྒྱན་བྱ་ར་མའི་ཞལ་ནས། སྟོང་པས་སྟོང་པ་མི་མཐོང་སྟེ། མི་སྟོང་པས་ཀྱང་སྟོང་མི་མཐོང་། །སྟོང་དང་མི་སྟོང་དབྱེར་མེད་པ། །རྣལ་འབྱོར་པ་ཡིས་སྟོང་པ་མཐོང་། །སྐྱེ་འགག་གྲོལ་བ་ནམ་མཁའ་བཞིན། །མིང་ནི་རྣམ་པར་རྟོག་པ་སྟེ། །རྟོག་པའི་སྟོང་པས་བདེ་ཆེན་པོ། །སྐུ་གསུམ་འདུ་འབྲལ་མེད་པའི་ངང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དུར་ཁྲོད་གནས་འཛིན་མའི་ཞལ་ནས། ཁམས་གསུམ་ནམ་མཁར་འདུས་པ་བཞིན། །འགྲོ་དྲུག་བདེ་གཤེགས་སྙིང་པོ་ཅན། །འོད་གསལ་འགྲོ་འོང་མེད་པར་འདུས། །འཆི་བའི་འོད་གསལ་ཆོས་ཀྱི་སྐུ། །སྒོམ་པའི་འོད་གསལ་སྤྲོས་དང་བྲལ། །དོན་གྱི་འོད་གསལ་ཕྱག་རྒྱ་ཆེ། །སྲིད་པའི་ཉིང་མཚམས་སྦྱོར་བའི་སར། །སྐྱེ་མེད་མ་བུ་འཕྲད་པར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཛྲ་ཙ་ར་ཏའི་ཞལ་ནས། འདས་པ་གང་ཡིན་དེ་འགག་སྟེ། །སྔར་རྗེས་མི་གཅད་ལོག་རྟོག་ལྡང་། །མ་འོངས་པ་ནི་མ་ཕྱིན་ལ། །ཕྱི་འདུན་མི་བསུ་ཞེན་པའི་རྒྱུ། །བར་དུ་དུས་རྣམས་མཉམ་པར་བལྟ། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །སྣང་ཕྱིར་མི་འབྲང་འཛིན་བློ་དོར། །འབྲས་བུ་དྲུག་པ་རྡོ་རྗེ་འཆང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རོ་ལངས་འོད་ཟེར་ཅན་གྱི་ཞལ་ནས། སྣང་བ་འདི་ལ་དངོས་པོ་རུ། །བཟུང་བས་བདེ་སྡུག་ཉམས་སུ་མྱོང་། །བག་ཆགས་རྨི་ལམ་ཤེས་པར་རྨིས། །དྲིལ་ཅན་གནས་ན་གཡང་དྲུང་འཁྱིལ། །ནང་གི་ཨ་ནུ་ཏ་ར་ལ། །སེམས་ཀྱི་རྒྱལ་པོ་རིམ་པས་བཟུང་། །འདི་ཡིས་རྨི་ལམ་རང་ངོ་ཤེས། །འཁྲུལ་པའི་ཐག་པ་གཅོད་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་འཕྲེང་འཛིན་མའི་ཞལ་ནས། སྐྱེ་བ་འདིའམ་གོང་རོལ་གྱི། །སྤྱད་པའི་རིམ་པ་གང་ཐེས་པ། །ཡུལ་གྱི་སྤུ་རིས་ཤར་བ་ནི། །རྨི་ལམ་བག་ཆགས་སྣང་བ་སྟེ། །འདི་ལ་བདེན་འཛིན་མ་ལོག་ན། །དེ་ཡིས་ལས་དང་རྣམ་སྨིན་བསྐྲུན། །རྨི་ལམ་བདེན་རྫུན་སྣ་ཚོགས་པ། །སད་པས་བདེན་འཛིན་གྲོལ་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཚངས་པའི་སྙིང་འབྱིན་མའི་ཞལ་ནས། བདེན་པ་ཟད་པའི་རྣལ་འབྱོར་པ། །སྒྱུ་མར་ཟད་པའི་རློམ་སེམས་མེད། །སྣང་ལ་ཞེན་པ་མེད་པ་ཅན། །དཔེར་ན་སྒྱུ་མ་མཁན་བཞིན་ནོ། །ཆོས་རྣམས་སྒྱུ་མར་ཉམས་སུ་མྱོང་། །དེ་ཡིས་ཡུལ་སྣང་དངོས་འཛིན་ལྡོག །འཁྲུལ་ཡུལ་མ་དམིགས་རྟོག་པ་བྲལ། །ནམ་མཁའ་ལྟ་བུའི་རྣལ་འབྱོར་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གྲུབ་པའི་གནས་སྟོན་མའི་ཞལ་ནས། ཇི་ལྟར་དྲི་ཟའི་གྲོང་ཁྱེར་བཞིན། །བདེན་པར་འཛིན་པ་མེད་པའི་བློ། །སྣང་བ་འདི་ལ་བརྟེན་པར་བྱ། །ཡང་དག་པར་ན་གྲུབ་པ་མེད། །འདི་རང་རྨི་ལམ་ཉིད་དུ་བཟུང་། །དེ་འབྱོངས་དངོས་པོར་འཛིན་པ་གྲོལ། །རྨི་ལམ་ཤེས་པ་རང་ངོས་ཟིན། །བག་ཆགས་དག་པས་ལས་རྣམས་འཛད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཕྲུལ་གྱི་མེ་ལོང་ཅན་གྱི་ཞལ་ནས། གཞལ་ཡས་ཁང་དུ་ཕྱིན་པ་བཞིན། །སྣང་བའི་གསལ་ཆ་མ་འགགས་པར། །སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱི་རྣམ་ཤེས་མི་གཡོ་བར། །ཤེས་པའི་ཆ་འཛིན་གྲོལ་བ་སྟེ། །འདི་ནི་འོད་གསལ་མཚན་ཉིད་པ། །ནམ་མཁའ་མདུང་ཚུགས་ལམ་དུ་འཁྱེར། །མཚན་མོ་ཡང་ནི་རྗེས་སུ་དཔག །ཅེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་ཐར་ལམ་བདེ་བར་གཟིགས་པ་ཞེས་བྱ་བའི་དུམ་བུ་སྟེ་བཅུ་གཅིག་པའོ། །ཨི་ཏི།

༈ མཁའ་འགྲོ་མ་ཆེན་མོ་བདུད་འདུལ་བཟང་མོའི་ཞལ་ནས། རྟོགས་པ་བྱིན་རླབས་ལས་སྐྱེ་སྟེ། །འདི་ཡི་རྩ་བ་མོས་གུས་ཡིན། །གདུང་སེམས་མོས་གུས་མེད་པ་ལ། །བླ་མའི་བྱིན་རླབས་མི་འཇུག་སྟེ། །མཆོག་གི་ལམ་དང་བྲལ་བ་ཡིན། །ས་ལམ་མ་ལུས་གཅོད་པ་ཡི། །འཁོར་ལོ་བླ་མེད་རིན་པོ་ཆེ། །བླ་མ་ལས་ནི་གཞན་ཡོད་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤེས་རབ་དཔལ་འཛིན་མའི་ཞལ་ནས། ཐོལ་སྐྱེས་རིག་པ་སྐད་ཅིག་མ། །མཐའ་བཞི་ལས་ནི་རྣམ་པར་གྲོལ། །གྲིབ་མའི་གཟུགས་དབྱིབས་ངོ་བོས་སྟོང་། །འདིའི་མཚན་ཉིད་མ་རིག་ན། །འདུས་མ་བྱས་ཀྱི་གནད་མི་རྟོགས། །སྐུ་ལྔ་བདག་ཉིད་སངས་རྒྱས་ཀྱི། །ཡེ་ཤེས་གཟུངས་སུ་ཟིན་མི་འགྱུར། །མཚང་མ་རིག་ན་དོན་མི་མཐོང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྟོབས་ལྡན་ཟླ་བའི་ཞལ་ནས། མཛེས་མ་ཆེན་མོ་ཁྱོད་བདེན་ནོ། །རྣམ་པར་རྟོག་པ་ཡུལ་རྗེས་སུ། །འབྲང་པ་མཚན་མའི་བློ་ཅན་གྱིས། །སྐུ་གསུམ་རང་ལ་གནས་པ་ཡི། །དགོངས་པ་ནམ་ཡང་ཤེས་པ་མིན། །སྒོམ་དུ་བསྒོམ་བྱའི་ཡུལ་དང་བྲལ། །ཡུལ་མ་གྲུབ་པས་སྒོམ་རྒྱུ་མེད། །རྒྱུ་མེད་དོན་དེ་རབ་ཏུ་བཙལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་མྱུ་གུའི་ཞལ་ནས། སྐྱེ་མེད་ངོ་བོས་བསམ་བརྗོད་དང་། །ཐ་སྙད་དང་བྲལ་བློ་ལས་འདས། །རྐྱེན་དང་བྲལ་བ་གཉུག་མ་ཡི། །དེ་ཉིད་མཚོན་དུ་མ་བཏུབ་པ། །ཤེས་བརྗོད་ཡུལ་དུ་མ་གྱུར་ཏེ། །མཚོན་ཆ་དེ་ཡིས་མ་གོས་པའི། །ཕ་རོལ་གཉིས་སུ་སྣང་དང་བྲལ། །དྭངས་མ་མི་འགྱུར་རྒྱལ་བའི་ཐུགས། །ཞེས་གསུངས་སོ། །མཁའ་འགྲོ་མ་ཆེན་མོ་གཞོན་ནུ་ལྷ་མཛེས་འོད་ཀྱི་ཞལ་ནས། ཡང་དག་དོན་ལ་བརྗོད་དུ་མེད། །མ་བརྗོད་གོ་ཡུལ་མི་སྐྱེ་བས། །བརྗོད་མེད་བརྗོད་བྱ་ཚིག་གིས་མཚོན། །ཚིག་དང་ཚིག་དོན་བརྗོད་བྱ་བྲལ། །བརྗོད་མེད་བརྗོད་བྱར་བསྟན་པ་ནི། །རྣལ་འབྱོར་མ་ཁྱོད་ཐབས་ལ་མཁས། །མཚོན་བྱེད་རྟོགས་ལ་སྒྲོན་མེ་སྟེར། །དེ་ལས་ཅིག་ཤོས་མཐོང་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ཕྲིན་ལས་མའི་ཞལ་ནས། འཁོར་བ་མ་གྲུབ་གཞི་ཡིས་སྟོང་། །བདག་མེད་ལམ་གྱིས་སྟོང་པ་དེ། །བསྒྲུབ་བྱ་མ་གྲུབ་འབྲས་བུས་སྟོང་། །ཆོས་རྣམས་མ་ལུས་སྟོང་པ་ཉིད། །མ་སྐྱེས་མི་འགག་སྟོང་པ་ཉིད། །དཔེར་ན་ནམ་མཁའི་ངོ་བོ་བཞིན། །མ་བཅིངས་མ་གྲོལ་གདོད་ནས་དག །རང་བཞིན་མེད་པའི་རང་བཞིན་ཅན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཁོར་ལོ་གཟི་ལྡན་མའི་ཞལ་ནས། ཐ་མལ་སྣང་བ་འདི་ཉིད་ལ། །ཤེས་པ་རྐྱེན་གྱིས་མ་བཅོས་པ། །རིག་པ་རང་ལུགས་སོ་མའི་ངང་། །མ་མཚོན་དུས་ན་དྭངས་མར་གནས། །འདི་ལ་སྒོམ་བློ་བརྟེན་པ་ན། །དྲན་པའི་རྟོག་པས་འཆིང་བར་འགྱུར། །རླབས་འཁྲུགས་ཆུ་ཟླ་མི་གསལ་བཞིན། །གཉུག་མ་རྐྱེན་གྱིས་མི་བསླད་དོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབར་མ་ཡེ་ཤེས་གསལ་གྱི་ཞལ་ནས། གང་འདིར་ལྟ་སྒོམ་ཡིད་ལ་བྱེད། །དྲན་པའི་ཞེན་རྟོག་འཁོར་བའི་རྒྱུ། །འདོད་པ་དུག་གི་ལོ་མ་བཞིན། །དྲན་པ་གཟུངས་སུ་བཟུང་བ་ནི། །མ་རིག་བག་ཆགས་བརྟས་པར་བྱེད། །འདི་ཡི་འབྲས་བུ་ཁམས་གསུམ་གྱི། །སྡུག་བསྔལ་རྐྱེན་བྱེད་དྲན་པའོ། །སྤུ་རིས་མེད་པ་གཉུག་མའི་ངང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རི་པ་ར་ཏའི་ཞལ་ནས། ཐ་མལ་མ་བཅོས་ཁོ་ན་ཉིད། །རྣམ་པར་རྟོག་པའི་མཚན་མ་བྲལ། །དེ་བཞིན་ཉིད་ནི་རྣལ་མའི་ཡུལ། །ངོ་བོ་ཉིད་ཀྱི་འོད་གསལ་མཆོག །འདི་ལ་རྐྱེན་སྣང་བརྟེན་མི་བྱ། །སྣང་ཕྱིར་ཡིད་འབྲང་འཁྲུལ་པའི་རྒྱུ། །ཐག་པ་སྦྲུལ་དུ་མཐོང་བ་བཞིན། །སོར་གཞག་ཡེ་ཤེས་འཛིན་པའི་རྩི། །ཞེས་གསུངས་སོ། །མཁའ་འགྲོ་མ་ཆེན་མོ་འོད་ཟེར་སྒྲོལ་མའི་ཞལ་ནས། གང་གིས་སྣང་བའི་མཚན་མ་མཐོང་། །དེ་ཡི་སྟོང་པའི་རོ་མི་མྱོང་། །སྣང་བ་ལ་ནི་ལན་ཚྭ་བཞིན། །འདིར་ནི་རྟོག་པའི་གནད་རིག་ན། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཐོང་ལམ་མངོན་དུ་འགྱུར་བར་བྱེད། །དེར་ནི་ཕྱི་རོལ་ཚོགས་དྲུག་ཡུལ། །རྣམ་པར་རྟོག་པའི་གྲོགས་སུ་འཆར། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་ཡེ་ཤེས་ཀྱི་མདངས་རྣམ་པར་ཕྱེ་བ་ཞེས་བྱ་བའི་དུམ་བུ་སྟེ་བཅུ་གཉིས་པའོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་རྡོ་རྗེ་མའི་ཞལ་ནས། སྐྱེ་མེད་རྟོགས་པའི་རྣལ་འབྱོར་པ། །སྣང་བ་ཡེ་ཤེས་གྲོགས་ཡིན་ཏེ། །རྣམ་རྟོག་བདེ་བ་ཆེན་པོར་བལྟ། །འཕྲེང་བ་ལ་ནི་མེ་བཞིན་ནོ། །སྤང་བར་བྱ་བ་མ་ཡིན་ཏེ། །གཟུང་འཛིན་བྲལ་བའི་ངོ་བོ་ནི། །འགལ་འདུའི་ཡུལ་ལས་རྣམ་པར་འདས། །འཁོར་འདས་མིང་དུ་རྣམ་པར་གྲོལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་ལྡན་འོད་ཟེར་ཅན་གྱི་ཞལ་ནས། བདེ་གཤེགས་སྐྱེས་མ་ཁྱོད་བདེན་ནོ། །གཉུག་མའི་རང་ངོ་ཤེས་པ་ཡིས། །རྟོག་པས་འཆིང་བར་མི་ནུས་ཏེ། །ཁྱིམ་བདག་རྐུན་མོ་ཚོར་བ་བཞིན། །སྣང་བ་རྐྱེན་ལས་སྐྱེས་པ་འདི། །གཞི་མེད་རྐྱེན་དང་བྲལ་བ་རུ། །ངོས་ཟིན་འཁྲུལ་བ་རང་སར་གྲོལ། །དེ་ཉིད་ཁོ་ན་སྐྱེ་མེད་དོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་འབྱུང་གནས་ཀྱི་ཞལ་ནས། འཁོར་བ་རང་བཞིན་མེད་ཤེས་ལ། །མྱ་ངན་འདས་པ་དེ་ཉིད་དེ། །ནམ་མཁའ་མཐའ་དབུས་མེད་པ་ལྟར། །རྟོགས་པའི་ལྟ་བ་ཕྱོགས་ལས་གྲོལ། །དངོས་པོ་དངོས་མེད་སྣང་བས་སྟོང་། །སྐྱེ་བ་སྐྱེ་མེད་རང་གྲོལ་བས། །རང་རྒྱུད་པ་ཡི་ཆོས་ཀྱིས་སྟོང་། །དེ་ངོ་མཐོང་ངམ་རྣལ་འབྱོར་མ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཞོན་ནུ་རིན་ཆེན་མཛེས་ཀྱི་ཞལ་ནས། གླང་ཆེན་སྨྱོན་པ་བཏགས་པ་བཞིན། །རྣལ་འབྱོར་ཤེས་པ་བསྡུས་ནས་འཕྲོ། །རང་ལུགས་བཞག་ན་གནས་སུ་ལྡོག །རྩོལ་མེད་སོ་མའི་ངང་ལ་བཞག །དམིགས་པས་ཆེད་དུ་གཟུང་མི་བྱ། །རྩོལ་བྲལ་ཤེས་པ་སྒོམ་པའི་མཆོག །རྟོག་པ་སྤངས་ནས་མི་རྟོག་པ། །སྒྲུབ་ཏུ་མེད་དོ་རྣལ་འབྱོར་མ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤེས་རབ་འཁོར་ལོ་མའི་ཞལ་ནས། རྣལ་འབྱོར་དྲན་རིག་ཅི་རྒྱུ་ཡང་། །ཐིག་ལེ་ཐིག་ཕྲན་ཆོས་ཀྱི་སྐུ། །ཅིར་སྣང་ཆོས་ཉིད་རང་བཞིན་ཉིད། །གཞན་དུ་འགྱུར་བ་མ་ཡིན་ཏེ། །གསེར་ལས་བྱས་པའི་གཟུགས་བཞིན་ནོ། །འདི་ལ་ཉམས་སུ་བླང་དང་བྲལ། །ཕྱོགས་འཛིན་མེད་པའི་རིག་པ་ནི། །འཁྲུལ་པའི་དྲི་མས་མི་གོས་སོ། །ཞེས་གསུངས་སོ། །མཁའ་འགྲོ་མ་ཆེན་མོ་མ་ཏི་ཀར་མའི་ཞལ་ནས། རྣལ་འབྱོར་རིག་པ་ཕྱིར་མི་སྤྲོ། །དབང་པོའི་སྒོ་ནི་མི་དགག་ཅིང་། །གཟུང་འཛིན་གང་སྐྱེས་རྩ་བ་དེ། །དེའི་བདག་པོ་གང་ཡིན་པ། །ནང་དུ་བལྟས་ལ་ལྟ་མཁན་བཙལ། །གསེར་མེད་པ་ལས་རང་ལོག་བཞིན། །བཙལ་བས་ཅི་ཡང་མ་རྙེད་པའི། །ངང་དུ་སོ་བཟུང་སྟེང་རླུང་མནན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་པདྨ་འཛིན་མའི་ཞལ་ནས། གང་ཞིག་དངོས་པོར་འཛིན་པའི་ཆོས། །ལྷ་ལ་རྫོགས་རིམ་རྒྱས་འདེབས་ཤིང་། །མཉམ་བཞག་རྗེས་ཐོབ་རེས་བསོར་རྗེ། །རྩ་དང་རླུང་དང་ཐིག་ལེ་དང་། །ཡོངས་རྫོགས་ངོ་བོ་ཉིད་ཀྱི་རིམ། །ཕྲ་བའི་ཐིག་ལེ་ན་ད་ཆ། །བདེ་བའི་སྣང་བ་སྒོམ་པ་ནི། །བྱིས་པའི་སྤྱོད་པ་ལས་མ་འདས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ལང་ཀའི་དབང་ཕྱུག་མའི་ཞལ་ནས། ཐུགས་རྗེའི་བདག་མོ་ཁྱོད་བདེན་ནོ། །གང་འདིར་ཡིད་ལ་མི་བྱེད་པའི། །སྙིང་པོའི་དོན་མཆོག་མ་རྟོགས་ན། །བདེ་དང་གསལ་དང་མི་རྟོག་པས། །འཁོར་བ་གསུམ་ལས་མི་ཐར་ཏེ། །ཁྲོན་པའི་ནང་གི་ཉ་བཞིན་ནོ། །ཆེད་དུ་བྱས་པའི་འཛིན་པ་ནི། །རྟོག་པའི་དྲི་མར་ཤེས་པར་བྱོས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་གཙུག་ཕུད་མའི་ཞལ་ནས། སེམས་ཉིད་མ་བཅོས་ངོ་བོ་ལ། །གཉིས་སྣང་རྟོག་པས་མ་གོས་པས། །ཚོགས་དྲུག་ལྷུག་པའི་རྩིས་གདབ་མེད། །དྭངས་མ་ཡུལ་གྱིས་མ་རྐྱེན་པ། །ག་གའི་རླུང་བཞིན་བར་མཚམས་མེད། །རྒྱུན་མི་ཆད་དུ་རང་ལ་གནས། །བསྒོམ་བྱ་སྒོམ་བྱེད་རྟོག་པ་སྟེ། །བློ་ཡི་དྲི་མ་རབ་ཏུ་སྤངས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ལེགས་སྐྱེས་ཀ་རའི་ཞལ་ནས། བློ་གྲོས་ཆེན་མོ་ཁྱོད་བདེན་ནོ། །རྣམ་པར་རྟོག་པ་སྔ་ཕྱིའི་བློ། །གང་ཡང་ཡིད་ལ་མ་བྱས་པའི། །དུས་ན་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་ཉམས་སུ་མྱོང་བ་ནི། །སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་། །ཉི་མའི་དཀྱིལ་ལྟར་སྣང་བ་བཞིན། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མའི་ཐུགས་ཀྱི་གསང་མཛོད་ལས་དོན་གྱི་གསང་རྣལ་དུ་མཚོན་པར་ཞེས་བྱ་བའི་དུམ་བུ་སྟེ་བཅུ་གསུམ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་རོ་ལངས་བདག་མོའི་ཞལ་ནས། གཉུག་མའི་ནོར་བུ་རིན་པོ་ཆེ། །བརྒྱུད་པའི་བླ་མ་དམ་པ་ཡིས། །བརྡ་ལ་བརྟེན་ནས་རབ་ཏུ་རྙེད། །འཁོར་བ་རང་གྲོལ་དུ་ཤེས་པ། །འདི་ནི་རྡོ་རྗེ་འཛིན་པའི་ལམ། །རྟོགས་པའི་དོན་དང་མ་བྲལ་ན། །ཡོན་ཏན་ཟད་པར་མི་འགྱུར་ཏེ། །རིན་པོ་ཆེ་ཡི་བང་མཛོད་བཞིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྔོ་སངས་ལྷ་མོའི་ཞལ་ནས། དངོས་པོ་སྣ་ཚོགས་སེམས་ཉིད་ཀྱི། །ས་བོན་ལས་སྐྱེས་ཕྱི་རོལ་ན། །གཟུགས་ཀྱང་ཡོད་པ་མ་ཡིན་ཏེ། །ལྷ་དང་ཡི་དྭགས་དུད་འགྲོ་ཡིས། །དངོས་པོ་ཆུའི་ངོ་བོ་ལ། །མཐོང་སྣང་ཐ་དད་འཛིན་པ་བཞིན། །སེམས་ཉིད་རང་ས་བརྟག་ན་དབེན། །ངོས་བཟུང་དང་བྲལ་བློ་ལས་འདས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྙིང་རྗེ་དཔལ་འཛིན་མའི་ཞལ་ནས། རྣལ་འབྱོར་ཆེན་མོ་ཁྱོད་བདེན་ནོ། །ཡུལ་དང་འདོད་ཡོན་དངོས་པོ་ཡིས། །སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ངོ་བོ་ལས། །གཉིས་སུ་ཡོད་པ་མ་ཡིན་ནོ། །སྣང་གཞི་རྒྱ་མཚོ་དྭངས་པ་ལ། །སྣ་ཚོགས་ཟླ་བའི་གཟུགས་བརྙན་བཞིན། །གཉུག་མའི་དབྱིངས་ལས་མ་འདས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྟོབས་ལྡན་རྒྱལ་མོའི་ཞལ་ནས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི། །རང་བཞིན་མ་གྲུབ་ནམ་མཁའ་བཞིན། །མ་བཅོས་རྣལ་མ་ལྟ་བ་ཚིམ། །འདི་ཡི་གྲུབ་མཐའི་ལྟ་བ་འཇིག །དག་པ་ཆོས་ཉིད་དམིགས་མེད་ངང་། །སྒོམ་པའི་ཡིད་འཛིན་རྣམ་པ་བྲལ། །བར་སྣང་གི་ནི་རླུང་ལྟ་བུ། །དངོས་པོ་སྣང་བ་རང་སར་གྲོལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཧེ་ར་མ་དུ་ལའི་ཞལ་ནས། ཤུགས་འབྱུང་གཉེན་པོའི་དྲི་མ་བྲལ། །རི་གཟར་ལོགས་ཀྱི་ཆུ་ལྟ་བུ། །རྣལ་འབྱོར་སྤྱོད་པ་དགག་སྒྲུབ་མེད། །བླང་དོར་མེད་པ་ཀུན་ཏུ་གྲོལ། །འདི་ལྟར་དོན་གྱི་གནད་རིག་པ། །ཉམས་མྱོང་ལ་ནི་སྙིང་པོ་མེད། །བར་སྣང་ཁམས་ཀྱི་སྤྲིན་ལྟ་བུ། །ཆོས་ཀྱི་དབྱིངས་སུ་རྣམ་པར་ཡལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་རལ་པ་ཅན་གྱི་ཞལ་ནས། དཔེར་ན་ཡིད་བཞིན་ནོར་བུ་བཞིན། །འབྲས་བུའི་སྤང་ཐོབ་མེད་པའི་བདག །དོན་མཐོང་འཁྲུལ་པའི་སྣང་བ་བྲལ། །རྨི་ལམ་སད་པས་སྡུག་བསྔལ་དག །ཇི་ལྟར་སྒྱུ་མའི་སྐྱེས་བུ་བཞིན། །སེམས་ལ་སྐྱེ་ཤི་མེད་པའོ། །རྟོགས་སྤྱོད་ནང་དུ་འཐེམས་གྱུར་ན། །སྣང་བའི་ཞེན་པ་ལྡོག་པར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་ནོར་བུའི་ཞལ་ནས། སེམས་ཉིད་ཆོས་སྐུ་དྲི་མ་མེད། །དེ་རྟོགས་འཁྲུལ་པའི་གཞི་རྩ་དག །སེམས་ཉིད་འགྲོ་འོང་མེད་མཐོང་བས། །སྐྱེ་ཤི་རྩད་ནས་ཆོད་པར་འགྱུར། །མཉམ་པ་ཉིད་ལ་གནས་འགྱུར་ན། །དེས་ནི་ཕྱོགས་རེས་བདུད་དང་བྲལ། །བྱར་མེད་སྟོང་པའི་དོན་རྟོགས་ན། །བདག་ཏུ་འཛིན་པ་སྐྱེ་མི་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་ལྡན་འོད་མཛེས་མའི་ཞལ་ནས། ཐ་མལ་རང་སྣང་ཤེས་པ་ནི། །རྩོལ་བ་མེད་པའི་ངང་ལ་བཞག །རེ་འདོད་རྩོལ་བའི་ནད་དུ་འགྱུར། །ཞེན་མེད་རང་བྱུང་བདུད་རྩི་ཡི། །ཞེན་འཛིན་འཁོར་བའི་ནད་རྣམས་སེལ། །ཆོས་ཉིད་རྣམ་དག་ངོ་བོ་ནི། །བགྲོད་པ་ལམ་གྱིས་ཐོབ་པ་མིན། །བློ་ཡིས་མ་དཔྱད་རེ་འདོད་མེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་ཀ་རིའི་ཞལ་ནས། ཡུལ་གྱི་རྣམ་པ་ཅི་ལ་ཡང་། །མི་དམིགས་རང་སེམས་རྣལ་དུ་དབབ། །ལུས་སེམས་ནང་ནས་ཁོང་གློད་དེ། །རྟེན་ནི་གང་ལ་ཡང་མི་བཅའ། །རྩོལ་མེད་རང་གནས་མ་བཅོས་པར། །རང་བཞག་བསམ་བྲལ་ཉིད་དུ་བདེ། །བསམ་བྲལ་རང་སྣང་དགོངས་པ་ནི། །དུས་གསུམ་རྒྱུན་ཆད་མེད་པར་གནས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་ཟླ་བའི་ཞལ་ནས། སྣ་ཚོགས་འཛིན་པའི་རྟོག་པ་ནི། །མིག་ནད་ཅན་ལ་སྐྲ་ཤད་བཞིན། །བག་ཆགས་ལོག་པར་འཁྲུལ་བ་ཡིས། །སྡུག་བསྔལ་བསྐྱེད་པའི་རྒྱུ་བྱེད་དེ། །འཛིན་པའི་མདུད་པ་རང་གྲོལ་ནས། །ཡང་དག་དོན་ལ་སྒྲུབ་ཏུ་མེད། །མི་རྟོག་སྒོམ་པ་རྟོག་པ་སྟེ། །སེམས་ལ་འདོད་པ་བརྟེན་མི་བྱ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མའི་ཐུགས་ཀྱི་གསང་མཛོད་ལས་ཡེ་ཤེས་ཀྱི་འཕྲ་རྣམ་པར་བཀོད་པ་ཞེས་བྱ་བའི་དུམ་བུ་སྟེ་བཅུ་བཞི་པའོ། །

༈ མཁའ་འགྲོ་མ་ཆེན་མོ་གཞོན་ནུ་རྡོ་རྗེའི་འཛིན་གྱི་ཞལ་ནས། ཇི་ལྟར་ནོར་བུ་མེད་པ་ཡི། །བང་མཛོད་ཡོངས་སུ་སྟོང་པ་བཞིན། །དབང་གིས་སྨིན་པར་མ་གྱུར་ན། །ཡེ་ཤེས་ཀྱིས་ནི་སྟོང་པ་ཡིན། །མ་སྨིན་སྔགས་ལ་ཕྲིན་ལས་མེད། །ལྷ་ལ་དངོས་གྲུབ་རྩི་ཐོབ་ཅིང་། །དོན་གཉིས་མི་འབྱུང་འབྲས་བུ་སྟོང་། །གྲོལ་བའི་སྐལ་བ་མི་ལྡན་ནོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྲིད་པ་ཆགས་བྱེད་མའི་ཞལ་ནས། དབང་དུ་འཇོག་པའི་ངོ་བོ་གང་། །བསྐུར་བ་ཞེས་བྱ་ཇི་ལྟ་བུ། །ཐོབ་པའི་གནས་ལུགས་གང་ལྟར་ལགས། །སྒྲིབ་གཡོགས་གསལ་དུ་མི་སྟེར་བའི། །བཀྲུས་པ་ཞེས་བྱ་ཇི་ལྟ་བུ། །མི་གཙང་དྲི་མ་ཕྱེད་པ་ཡིས། །འདིར་ནི་དག་པའི་ངོ་བོ་ཅི། །གང་བའི་གནས་ལུགས་བཤད་པར་ཞུ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བ་གཟི་བརྗིད་མའི་ཞལ་ནས། བདེ་གཤེགས་སྙིང་པོ་རང་ཆས་སུ། །ལྡན་པས་དེ་ལ་དབང་ཞེས་བྱ། །བརྡ་དང་ཐབས་ལ་ངོ་སྤྲད་ནས། །གནས་ལུགས་སྟོན་པ་བསྐུར་བའོ། །སྒྱུ་མར་རྟོགས་པ་ཐོབ་པ་སྟེ། །ཆོས་བརྒྱད་སྤངས་པ་བཀྲུས་པའོ། །བདག་མེད་རྟོགས་པ་དག་པའོ། །དབྱེར་མེད་གོ་བས་གང་བའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབྱུང་གནས་པདྨའི་ཞལ་ནས། རྩ་རླུང་ཐིག་ལེ་ལ་བརྟེན་པའི། །བདེ་བ་རང་ལ་ཡོད་པས་དབང་། །དེ་ངོས་ཟིན་པས་བསྐུར་བའོ། །བདེ་བ་སྟོང་པས་རྒྱས་ཐེབས་ན། །སྤྲོས་བྲལ་ཤར་བས་ཐོབ་པའོ། །སྦྱང་གཞི་ཐ་མལ་སྤངས་པས་བཀྲུས། །ཆོས་ཀྱི་བདག་མེད་རྟོགས་པས་དག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཀྲ་ཤིས་གནས་འཛིན་མའི་ཞལ་ནས། སྤྲོས་མེད་བློ་བྲལ་རང་ལྡན་དུ། །ཡོད་པ་དེ་ལ་དབང་ཞེས་བྱ། །བླ་མས་ཤེས་པ་སྐད་ཅིག་མ། །དེ་དངོས་བསྟན་པ་བསྐུར་བའོ། །མཉམ་རྗེས་ཁྱད་མེད་རྟོགས་པས་ཐོབ། །ཕུང་པོ་རྒྱུད་དག་བཀྲུས་པའོ། །ཤེས་བྱའི་སྒྲིབ་པ་ཟད་པ་དག །ལྷག་མཐོང་ཆོས་སྐུར་ཤར་བས་གང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ཀུན་གྲགས་མའི་ཞལ་ནས། འཁོར་བ་དང་ནི་མྱ་ངན་འདས། །དགག་སྒྲུབ་བྲལ་བ་དབང་ཡིན་ཏེ། །སྣ་ཚོགས་དཀར་དམར་ཆོས་སྐུ་རུ། །ངོ་སྤྲོད་པ་ལ་བསྐུར་ཞེས་བྱ། །སྐྱེ་མེད་རྟོགས་པས་ཐོབ་པའོ། །གཟུང་འཛིན་བྱང་པས་བཀྲུས་པ་ཡིན། །འབྲས་བུའི་འདོད་པ་ཟད་པས་དག །སྟོབས་དང་ཡེ་ཤེས་རྒྱས་པས་གང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མུ་ཁ་ལེའི་ཞལ་ནས། བུམ་པས་ལྷ་ལ་དབང་བར་བྱེད། །ལམ་ཁྱེར་དབྱིབས་ཀྱི་རྣལ་འབྱོར་རོ། །ཡུལ་ལ་ཐ་མལ་མངོན་ཞེན་ལྡོག །གསང་བའི་དབང་གི་རྣལ་འབྱོར་པ། །རྩ་དང་རླུང་དང་གཏུམ་མོ་ལ། །སྔགས་ཀྱི་རྣལ་འབྱོར་འཁོར་ལོར་བཞིན། །ལམ་དུ་སློང་པར་བྱེད་པའོ། །ཤེས་རབ་ཡེ་ཤེས་བདེ་བ་སྟེར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་འབར་བཟང་མོའི་ཞལ་ནས། ཡི་གེ་ཕྱེད་དང་གཉིས་པོ་ནི། །འོག་དང་སྟེང་དུ་གཞག་པར་བྱ། །ཉི་ཤུ་རྩ་གཅིག་རིམ་པ་ཡིས། །ཡི་གེ་ཕྱེད་དང་གཉིས་སྔགས་བརྗོད། །རྣམ་ཤེས་ཞོན་པ་རླུང་ཡིན་ཏེ། །གང་དང་གང་དུ་བགྲོད་པ་ཡི། །རླུང་གི་སྒོ་རུ་བསམས་བྱས་ནས། །གྲོལ་བའི་དངོས་གྲུབ་སྟེར་བར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའ་དྲི་མེད་མའི་ཞལ་ནས། མེ་ལོང་ནང་གི་གཟུགས་བརྙན་ལ། །ཡང་དག་འཛིན་པ་ལོག་གྱུར་ཀྱང་། །བྱད་དུ་སྣང་བ་མི་ལྡོག་བཞིན། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །རང་རིག་སྣང་བ་མི་འགག་སྟེ། །རྣམ་པར་རྟོག་པ་སྣ་ཚོགས་ཀྱི། །གཅིག་རྩ་ཆོད་པས་སྐྱེ་མེད་དོ། །དྲན་པ་དྲན་མེད་ངོ་བོ་སྟོང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གླང་སྣ་མའི་ཞལ་ནས། ཡིད་ཀྱི་བསམ་མནོ་བཀག་པ་ལ། །ཡིད་ལ་མི་བྱེད་ཟེར་བ་མིན། །གང་འདིར་ཡིད་ལ་བྱེད་པ་ཡི། །གསལ་བ་བདག་མེད་པར་རྟོགས་པས། །ཡིད་ལ་མི་བྱེད་ཅེས་བྱའོ། །རྟོག་པ་སྣ་ཚོགས་དེར་སྣང་བ། །བདག་མེད་འོད་གསལ་རྟོག་པ་ཡི། །ཐབས་སུ་སོང་བས་སྟོང་ཉིད་དོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དབང་གི་ངེས་འཇོམས་གསལ་བ་ཞེས་བྱ་བའི་དུམ་བུ་བཅོ་ལྔ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་བཛྲ་ཀ་སེའི་ཞལ་ནས། ལྷ་ཡུལ་ཕྱིན་པའི་རྨི་ལམ་བཞིན། །ཡིད་ཡུལ་ཆོས་རྣམས་དྲན་པས་སྟོང་། །ཕྱི་རོལ་ཡུལ་ལ་རང་བཞིན་མེད། །ཡུལ་སྣང་གཟུགས་རྣམས་སྒྱུ་མའི་ངང་། །དེ་མ་ཡིན་ལ་དེར་འཛིན་འཁྲུལ། །ཞེན་པའི་ས་བོན་བསྐྲུན་མི་བྱ། །བློ་ཡི་སྣང་བ་གཞི་རྩ་བྲལ། །དྲི་མ་བརྟེན་པར་མི་བྱའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཞོན་ནུ་པདྨ་མཛེས་ཀྱི་ཞལ་ནས། མདོངས་པ་བུས་པའི་བློ་ཅན་གྱིས། །ལོག་པར་རྟོག་པ་བརྟེན་གྱུར་ཀྱང་། །ཉོན་མོངས་ལས་ལས་ས་བོན་སྨིན། །སྡུག་བསྔལ་ལོ་འདབ་རྒྱས་པར་བྱེད། །ཨེ་མ་ཐབས་ཀྱི་རྒྱལ་པོ་ཡོད། །གཉིས་སྣང་ཤེས་པ་འདི་ཁྲོལ་དང་། །རྟོག་པ་མ་ལུས་འགག་པར་འགྱུར། །འཛིན་རྒྱུ་ཉོན་མོངས་གང་གིས་བསྐྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཟི་བརྗིད་ཟླ་བའི་ཞལ་ནས། དཔའ་མོ་ཆེན་མོ་ཁྱོད་བདེན་ནོ། །མ་དམིགས་པ་ལ་སྐྱེ་རྒྱུ་མེད། །ལས་གྲོལ་འཁོར་བར་གང་གིས་ཁྲིད། །དུས་གསུམ་མ་དམིགས་རྟོག་པ་ཆད། །དེ་དུས་འཁྲུལ་པ་ཡུལ་ལ་ལྡོག །ཆོས་རྣམས་རང་བཞིན་སྤྲོས་བྲལ་ལ། །བུས་པས་མཚན་མར་བཟུང་པས་འཁྲུལ། །དངོས་འཛིན་བརྟེན་པར་མི་བྱའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་བདེ་བ་སྒྲ་སྒྲོགས་མའི་ཞལ་ནས། བདེ་གསལ་སྐད་ཅིག་མི་རྟོག་པ། །ཐིག་ལེ་ལ་བརྟེན་སྐད་ཅིག་མ། །གཙུག་ཏོར་སྨིན་སྤྲག་མགྲིན་པ་དང་། །སྣ་ཚོགས་འཁོར་ལོ་ལྟེ་བའི་དབུས། །ཆེད་དུ་བརྟེན་པས་གྲོལ་བ་མིན། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ངོ་མཚར་བདེ་བ་བླ་མེད་པ། །རང་བཞིན་དག་པ་ནམ་མཁའི་ངང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བ་ཤ་ཧ་མ་ཀའི་ཞལ་ནས། གཉུག་མའི་ཡེ་ཤེས་ངོ་བོ་ཉིད། །རྒྱུན་མི་ཆད་དུ་རང་ལ་གནས། །རྣམ་པར་རྟོག་པ་ཆོས་ཉིད་དང་། །དེ་བཞིན་ཉིད་དུ་འབྲེལ་བ་ནི། །བུས་པའི་བློ་ཡིས་ཤེས་མི་འགྱུར། །རང་རིག་གཉུག་མའི་ཡེ་ཤེས་ལ། །གཞན་དུ་རྟོག་པ་འཁྲུལ་པའི་བློ། །དཔེར་ན་ཐོ་ཡོར་མིར་འཛིན་བཞིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤེས་རབ་སྟོབས་ལྡན་མའི་ཞལ་ནས། གཉིས་མེད་ཡེ་ཤེས་ལྷན་སྐྱེས་ཀྱི། །འགྲོ་བ་དོར་བར་མི་བྱ་སྟེ། །རྐྱེན་གྱིས་སྣང་བའི་དུས་ཉིད་དུ། །སྐྱེ་བ་མེད་པ་མཐོང་ན་ཡོད། །སྟོང་པ་སྙིང་རྗེ་གཅིག་གྱུར་པ། །ཉི་མའི་འོད་དང་སྣང་བ་བཞིན། །གང་འདིར་སེམས་ཀྱི་སྣང་བ་དང་། །སྟོང་པ་ཉིད་གཉིས་ལྷན་ཅིག་སྐྱེས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབྱུང་གནས་རྡོ་རྗེ་མའི་ཞལ་ནས། རྣམ་རྟོག་ངོ་བོ་སྟོང་པ་ཡིས། །སེམས་ཅན་རྒྱུད་ལ་གཉིས་མེད་ཀྱིས། །ཡེ་ཤེས་མཚོན་པར་བྱེད་པ་ཡིན། །རང་རིག་གཉུག་མ་གཉིས་སུ་མེད། །ཡེ་ཤེས་ཉམས་སུ་མྱོང་བ་ལ། །རྣམ་པར་རྟོག་པས་མ་སྦགས་པ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཀྲ་ཤིས་སྟོབས་ལྡན་མའི་ཞལ་ནས། རྟོག་པའི་སྣང་བ་རྩ་བྲལ་དུ། །ཤེས་པའི་ཕྱི་རུ་གསལ་མི་དགོས། །གཉེན་པོ་ཡོན་ཏན་དུ་མི་བསྒྲུབ། །མི་མཐུན་ཕྱོགས་ལ་རང་བཞིན་མེད། །འཁོར་བ་སྒྱུ་མ་ཡིན་པའི་ཕྱིར། །སྐྱོན་དུ་བལྟ་བར་མི་བྱའོ། །དྲན་པ་རྣམ་པར་རྟོག་པ་གང་། །བདག་མེད་ཉིད་དུ་རྟོགས་པར་བྱ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་འོད་ཅན་མའི་ཞལ་ནས། དཔེར་ན་རྨི་ལམ་ནས་ལ་ནི། །མྱུ་གུ་སྔོན་མོ་སྐྱེས་པའི་ཚེ། །དེ་དུས་ནས་རང་མ་གྲུབ་པས། །མྱུ་གུ་སྔོན་མོ་རྒྱུ་ཡིས་སྟོང་། །དེ་བཞིན་དཀར་དམར་སྣང་བའི་བློ། །ཡུལ་ལ་དངོས་པོར་མ་གྲུབ་པས། །འཁྲུལ་པའི་དུས་ན་འཁྲུལ་པས་སྟོང་། །ཆོས་རྣམས་རང་བཞིན་དེ་ལྟོས་དང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གླིང་གོ་ཆ་མའི་ཞལ་ནས། ཆུ་དང་མེ་རླུང་རྣམ་ཤེས་རྣམས། །རིམ་པས་ཐིམ་པས་མཆོག་ཏུ་བལྟ། །དབྱིབས་ལ་རླབས་པས་སྨིག་རྒྱུའི་ཆུ། །རླུང་ལ་དུད་པའི་རྣམ་པ་ཅན། །ཡིག་འབྲུ་ལ་བསླབས་མེ་འཁྱེར་འདྲ། །འོད་གསལ་ལ་བསླབས་སྒྲོན་མེ་སྟེ། །སྤྲིན་བྲལ་ནམ་མཁའ་ལྟ་བུ་ཡི། །བློ་སྣང་ཐར་པ་དེ་ཡིས་ཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དཔལ་གྱི་ཐུགས་རྣམ་པར་གཟིགས་པ་ཞེས་བྱ་བའི་དུམ་བུ་སྟེ་བཅུ་དྲུག་པའོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་འཁོར་ལོ་མའི་ཞལ་ནས། སེང་ལྡེང་ཚེར་མ་གདན་བཏིང་ན། །ལྕགས་དབྱུག་བསྣུན་པའང་མི་ཚོར་རོ། །སིལ་ཁྲོལ་རབ་ཏུ་བརྡུངས་པའི་སྒྲ། །ཉན་པའི་སྤྱོད་ཡུལ་དུ་མི་སྣང་། །ཏིལ་འབྲུ་གླང་པོའི་གཟུགས་མི་མཐོང་། །རོ་དང་དྲིའི་ཚོར་ཡོད་མིན། །ལྷ་ཞལ་མཐོང་ཞིང་ཞིང་ཁམས་བལྟ། །འདིས་ཀྱང་ཐར་པ་ཐོབ་པ་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་རོ་ཟན་མའི་ཞལ་ནས། བློ་གྲོས་དཔའ་མོ་ཁྱོད་བདེན་ནོ། །མཆོག་འཛིན་བློ་ཡི་ཐར་པ་འདོད། །འབྲས་བུའི་དོད་པ་མ་ཟད་པར། །དེ་སྲིད་གཉིས་སྣང་མི་ཁྲོལ་ཏེ། །རྟོག་པས་འཆིང་བ་ཉིད་དུ་བས། །ཐེག་པས་བལྟ་བ་མིང་དུ་བརྗོད། །དེ་ནི་གྲུབ་མཐའི་དྲི་མ་ཅན། །རྒྱལ་བའི་ཡེ་ཤེས་རིང་དུ་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཡེ་ཤེས་རྒྱན་འཛིན་མའི་ཞལ་ནས། དམིགས་པས་བཟུང་ལ་བདེ་ཡོད་མིན། །ཤེས་པ་རྟེན་བྲལ་ཕྱག་རྒྱ་ཆེ། །ངོ་བོ་སྤྲོས་བྲལ་འཛིན་མེད་ནི། །བདེ་གསལ་སྟོང་པའི་རང་བཞིན་ཅན། །མ་འགགས་རྣམ་དག་མཚན་ཉིད་གྲོལ། །བདེན་མེད་མ་གོ་བར་དུ་འཁྲུལ། །བུས་པ་ག་ཆད་ངུ་བ་བཞིན། །ནམ་མཁའི་གླེགས་བམ་དེ་ལྟོས་དང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་རྒྱས་ཟླ་བའི་ཞལ་ནས། འདུ་ཤེས་ཉིས་འབྲུ་བརྟེན་མི་བྱ། །རྟོག་པ་མཁར་དུ་བརྩིགས་པ་ནི། །རྣམ་འབྱོར་བསམ་གཏན་དྲི་མ་ཡིན། །བློ་ནི་བསྒོམ་བྱ་མ་ཡིན་པས། །བློ་སྒོམ་པ་ལ་གྲོལ་བ་མེད། །ཁམས་གསུམ་སེམས་ཅན་བྲམ་ཟེ་རུ། །གྱུར་ནས་མ་ལུས་བསད་པ་བས། །བློ་སྒོམ་སྡིག་པ་རབ་ཏུ་ཆེ། །གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་གསལ་བའི་ཞལ་ནས། སྣང་བ་གདོད་ནས་གྲོལ་གྱུར་ཀྱང་། །ཆོས་ཅན་ཆོས་ཉིད་རོ་མཉམ་པའི། །གཉིས་སྣང་བསྲེ་ལ་སྤྱོད་པ་གཅེས། །འཕེལ་འགྲིབ་སེམས་ལ་བདེ་གྱུར་ཀྱང་། །གོམས་པའི་རྒྱུན་ལས་སངས་རྒྱས་འབྱུང་། །རྟོགས་ན་ཡེ་ཤེས་ཡིན་གྱུར་ཀྱང་། །ཡེངས་ན་འཁྲུལ་བ་གློ་བུར་སྐྱེ། །རྟོགས་པའི་དོན་ལ་གོམས་འདྲིས་གཅེས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དུར་ཁྲོད་རྒྱན་འཛིན་མའི་ཞལ་ནས། སེམས་ཅན་མ་རིག་སྒྲིབ་གཡོགས་ཅན། །རྒྱུ་ནི་ཅི་ལས་འཁྲུལ་བ་ཡིན། །རྐྱེན་ནི་གང་གིས་འཁྲུལ་བར་བྱ། །འཁྲུལ་པའི་ངོ་བོ་ཅི་ཞིག་འཁྲུལ། །མཚོན་བྱེད་དཔེ་ནི་ཇི་ལྟར་འཁྲུལ། །མཚན་ཉིད་ཅི་རུ་ཤེས་པར་བྱ། །འཁྲུལ་པའི་བཟློག་ཐབས་བསྟན་དུ་གསོལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་རིན་ཆེན་མོའི་ཞལ་ནས། འཁྲུལ་བས་འཁོར་བ་ལེན་པར་བྱེད། །རྒྱུ་ནི་ཆོས་ཉིད་དག་ལས་འཁྲུལ། །རྐྱེན་ནི་མཚན་མའི་རྣམ་རྟོག་གོ །ངོ་བོ་རང་གི་ཤེས་པ་འཁྲུལ། །དཔེ་ནི་དུང་ལ་སེར་འཛིན་བཞིན། །འཁྲུལ་པའི་མཚན་ཉིད་ངོས་བཟུང་ལ། །ཆོས་ཉིད་ངང་དུ་ཤེས་པར་བྱ། །བདེན་འཛིན་བཤིགས་པས་འཁྲུལ་བ་ལྡོག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའི་འོད་འཇོ་མའི་ཞལ་ནས། རྟོག་པ་བཅོམ་པར་གྱུར་པའི་བློ། །འདི་ནི་བདེ་བའི་དམ་པ་སྟེ། །བྱ་བ་བྱས་པའི་མཁས་པ་ཡིན། །གཞན་ནི་གཉིས་འཛིན་དྲི་མ་ཅན། །རྟོག་པ་གྲོལ་བས་གཉིས་འཛིན་འཇིག །དངོས་པོ་འདི་ལྟར་སྣང་བ་ཀུན། །ཕྱག་རྒྱ་ཆེན་པོའི་སྣང་བ་དེ། །ཉོན་མོངས་གདོད་ནས་བྱང་ཆུབ་བོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དྲི་མེད་ཟླ་བའི་ཞལ་སྔ་ནས། དབང་པོ་དྲུག་གི་སྤྱོད་ཡུལ་དུ། །སྣང་བའི་དངོས་པོ་ཐམས་ཅད་ནི། །ཅེར་གྱིས་མཐོང་བའི་དུས་དག་ཏུ། །སྣང་བ་དངོས་མེད་རྟོགས་པར་བྱ། །དཔེར་ན་སྔར་ནས་འདྲིས་པའི་མི། །མཐོང་བའི་དུས་སུ་ངོ་ཤེས་བཞིན། །སེམས་ཀྱི་སྣང་བ་ཅི་ཤར་ཡང་། །སྐྱེ་བ་མེད་པར་རྟོགས་པར་བྱ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རི་ཧ་ཛི་ནའི་ཞལ་སྔ་ནས། ལྟ་བའི་རྩི་ཡིས་ཟིན་གྱུར་ན། །སྤྱོད་པ་ལ་ནི་དགག་ཏུ་མེད། །ཇི་ལྟར་བྱས་ཀྱང་འཆི་མི་འགྱུར། །གདོད་མ་ཉིད་ནས་གནས་པ་ལ། །ལྷན་ཅིག་སྐྱེས་པ་ཞེས་བྱར་བརྗོད། །འདིའི་ངོ་བོ་མཐོང་གྱུར་ན། །ཐམས་ཅད་དེ་ཡི་རང་བཞིན་ཏེ། །དེ་ལས་གཞན་ཞིག་ཡོད་མ་ཡིན། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་ཐིག་ལེའི་རྩལ་རྣམ་པར་རྫོགས་པ་ཞེས་བྱ་བའི་དུམ་བུ་སྟེ་བཅུ་བདུན་པའོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་གར་གྱི་དབང་ཕྱུག་མའི་ཞལ་སྔ་ནས། ཀྱེ་མ་དངོས་པོའི་གནས་ལུགས་ནི། །ངོ་བོ་མ་བཅོས་ངང་ཡིན་པས། །རང་བཞིན་འབད་རྩོལ་མེད་པ་ཡི། །བསམ་དང་བྲལ་བའི་ངང་ལ་བཞག །མི་བསྒོམ་ཤེས་པ་གློད་པར་བྱ། །རྣམ་པར་རྟོག་པ་ཡུལ་རྗེས་སུ། །མ་འབྲང་རང་གསལ་དྭངས་པ་ལ། །བཅོས་མའི་རྐྱེན་གྱིས་མི་བསླད་དོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཁོར་ལོ་སྟོབས་ལྡན་མའི་ཞལ་ནས། སྔ་ཕྱིའི་རྟོག་པ་ཚར་བཅད་ལ། །ལྟ་སྟངས་མི་བསྒུལ་སྣ་གོང་གི། ནམ་མཁའ་ལ་ནི་རིག་པ་གཏད། །འདི་སྒོམ་འདི་བསམ་མེད་པ་ཡི། །རིག་པ་འདིར་བཞག་མེད་པ་ཡི། །ཤེས་པ་དམིགས་དང་རབ་ཕྲལ་ཏེ། །རྐྱེན་གྱིས་རྟོག་པ་སྐྱེས་གྱུར་ན། །དེ་ཉིད་སྐྱེ་བ་མེད་པར་བལྟ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་མངའ་བདག་མོའི་ཞལ་ནས། འདི་ལྟར་ཞོག་ཅིག་རྣལ་འབྱོར་མ། །དུས་གསུམ་ཡིད་ལ་མི་བྱེད་པའི། །མཉམ་པར་གཞག་པ་གཉུག་མར་གསལ། །དེས་ན་རྣམ་པར་རྟོག་པ་འདག །རྣམ་རྟོག་དག་པས་ཆོས་ཀྱི་སྐུ། །དམིགས་པའི་དྲི་མ་བརྟེན་མི་བྱ། །བསམ་དུ་མེད་པའི་བསམ་གཏན་ནི། །འདི་ནི་ཏིང་འཛིན་རྒྱལ་པོ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཡ་ན་པ་ཧ་རིའི་ཞལ་ནས། ལྷན་ཅིག་སྐྱེས་པའི་དོན་རྟོགས་ན། །བདེ་ཆེན་འོད་གསལ་མངོན་དུ་བྱས། །སྐོམ་གདུངས་ཆུ་དང་འཕྲད་པ་བཞིན། །རྣལ་འབྱོར་དགའ་བས་རབ་ཏུ་ཚིམ། །སྲིད་པའི་འགྲོ་འོང་ཆད་འགྱུར་ཏེ། །སྐྱེ་འཆི་ལ་སོགས་མཉམ་པར་བྱེད། །ཡིད་རླུང་གར་ཡང་མི་འགྱུར་ཏེ། །ལྷན་ཅིག་སྐྱེས་པའི་ངང་དུ་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསལ་བ་སྒྲོན་མེའི་ཞལ་ནས། ཨེ་མ་གཉུག་མའི་རང་བཞིན་ནི། །རང་གི་རིག་པའི་ངོ་བོར་དག །བློ་ཡིས་སྟོང་པར་བྱས་པ་མིན། །གཉུག་མའི་ཁྱིམ་བདག་འབྱོངས་པའི་ཚེ། །སྡིག་པས་གོས་པར་མི་འགྱུར་རོ། །བདེ་བས་རྣམ་རྟོག་ཞི་བར་བྱེད། །སྡུག་བསྔལ་མཐའ་དག་འགགས་གྱུར་ཏེ། །འོད་གསལ་སྣང་བ་འཆར་བར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཉི་མའི་འཕྲེང་བ་ཅན་གྱི་ཞལ་ནས། མཆོག་དང་དགའ་བྲལ་གཉིས་ཀྱི་དབུས། །ལྷན་ཅིག་སྐྱེས་པའི་གནས་པ་དེ། །དེ་ནི་གཟུང་འཛིན་རྟོག་པ་ནུབ། །འདོད་པའི་ཡོན་ཏན་རྣམ་ལྔ་ལ། །ཞེན་པ་ཐམས་ཅད་སྤང་བར་བྱ། །གང་དང་གང་དུ་གང་བལྟས་པ། །མཐོང་བ་ཐམས་ཅད་ནམ་མཁའ་སྟེ། །ཁོ་ན་ཉིད་ལས་གཞན་མེད་དོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤེས་རབ་སྒྲ་སྒྲོགས་རྒྱན་གྱི་ཞལ་ནས། གཉུག་མའི་ཡིད་ནི་གདོད་མ་ནས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ། །མ་བཅོས་རྣམ་པར་དག་པ་ཡི། །རང་བཞིན་གྱི་ནི་འོད་གསལ་བ། །རྟོགས་པའི་ཚེ་ན་འཁོར་བ་ཡི། །ཉོན་མོངས་མ་ལུས་འཇོམས་པར་བྱེད། །དངོས་དང་དངོས་མེད་རྣམ་པར་བརྟག །ཅི་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སི་ར་ཧ་དའི་ཞལ་ནས། ཐབས་དང་ཤེས་རབ་མཉམ་སྦྱར་ན། །བྱང་ཆུབ་ཆེན་པོ་མངོན་དུ་བྱེད། །པདྨའི་དོན་མཆོག་མ་ཤེས་པར། །བདེ་ཆེན་རྒྱལ་པོ་རྟོགས་མི་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབྱུང་གནས་ཡེ་ཤེས་མའི་ཞལ་ནས། ཐོས་མ་རྣལ་འབྱོར་མ་བདེན་ནོ། །གང་དེ་དོན་གྱི་མཆོག་མཐོང་ན། །རང་སེམས་དགའ་བ་སྐྱེས་པས་ཚིམས། །རྣམ་པར་རྟོག་པ་སེམས་སུ་གྲོལ། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །བདེ་དང་སྡུག་བསྔལ་ཞེན་པ་མེད། །འདི་ཡིས་སྡིག་པ་མ་ལུས་འཕྲོག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཡེ་ཤེས་དྲི་མེད་ཀྱི་ཞལ་ནས། རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་ནི། །དེའི་རང་བཞིན་སྐྱེ་བ་མེད། །གང་ཞིག་ངོ་བོ་མ་སྐྱེས་པ། །ཆོས་རྣམས་ཀུན་གྱི་མཚན་ཉིད་དེ། །གང་གི་ཆོས་ཉིད་ཤེས་པ་ནི། །དེ་ཡིས་སྟོང་པ་ཉིད་རྟོགས་སོ། །གང་གིས་སྟོང་པ་ཤེས་གྱུར་པ། །དེ་ཡི་དྲི་མེད་ཐིག་ལེ་མཐོང་། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་རྡོ་རྗེའི་ཕྲ་རྣམ་པར་བཀོད་པ་ཞེས་བྱ་བའི་དུམ་བུ་སྟེ་བཅྭོ་བརྒྱད་པའོ། །

༈ མཁའ་འགྲོ་མ་ཆེན་མོ་གཡུའི་རྣམ་ཕྲན་ཅན་གྱི་ཞལ་ནས། ཕྱག་རྒྱ་ཆེན་པོ་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང་རང་སྣང་བའི། །གཉུག་མ་མཐའ་དབུས་བྲལ་བ་ལ། །བཏགས་པ་གཉིས་པ་གདོད་ནས་མེད། །དེ་ཕྱིར་གསེར་ལ་གསེར་མཐོང་ལྟར། །གཉུག་མ་ནོར་བུ་དོན་མཐོང་ཡིན། །མཉམ་ཉིད་རང་བཞིན་མ་ངེས་པ། །ཇི་ལྟར་བལྟས་པ་དེར་སྣང་ཕྱིར། །དངོས་པོ་ཐེར་ཟུག་ཡོད་མ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབར་མ་མཆེ་གཙིག་མའི་ཞལ་ནས། བདེན་ནོ་ཡོད་ན་མཐུན་སྣང་རིགས། །དེ་ཕྱིར་རང་སེམས་སོ་སོར་སྣང་། །རྟག་པ་གཅིག་པུ་གཅིག་མིན་པར། །འཁྲུལ་བར་སྣང་བའི་ཐེ་ཚོམ་མེད། །དེ་བས་གཞན་དབང་གདོད་ནས་མེད། །རྟོག་རིག་འཁྲུལ་བ་སེལ་བའི་སེམས། །གཅིག་ན་དགེ་སྡིག་སོ་སོ་སྤང་། །མ་སྤྱད་ཀུན་གྱིས་མྱོང་བར་རིགས། །དེ་མིན་ཡང་དག་དོན་མི་རུང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དབང་ཕྱུག་བཟང་མོའི་ཞལ་ནས། རྣམ་སྨིན་ཐུན་མོང་མ་གྱུར་ཕྱིར། །གཅིག་མེད་དེ་ཉིད་མ་སྐྱེས་པས། །ཐ་དད་དུ་ཡང་མི་རུང་སྟེ། །གཅིག་དང་ཐ་དད་ལས་གྲོལ་བའི། །དངོས་པོ་སྣ་ཚོགས་བཏགས་པ་ཡི། །མིང་ལས་གྲུབ་པའི་གཏན་ཚིགས་མེད། །དེ་ཕྱིར་མཚན་ཉིད་ཅི་ཡང་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་འོད་མཛེས་མའི་ཞལ་ནས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ནི། །ངོ་བོ་རྣམ་པར་སྣང་མཛད་དང་། །སྣང་བ་མཐའ་ཡས་དོན་ཡོད་གྲུབ། །རིན་ཆེན་འབྱུང་གནས་མི་བསྐྱོད་པ། །དེ་བཞིན་གཤེགས་པར་རྣམ་པར་དག །དྲི་མ་མེད་པའི་རང་བཞིན་ཅན། །སངས་རྒྱས་ཀྱི་ནི་མངའ་བདག་གོ། ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དོན་འགྲུབ་ཀང་ཀ་རིའི་ཞལ་ནས། བསྒོམ་བྱའི་ཆོས་ཉིད་གུད་ན་མེད། །གཉུག་མའི་ཡེ་ཤེས་མཐའ་བྲལ་ཕྱིར། །སྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལྟར་སྒོམ་མཁན་དངོས་མེད་ན། །སྤྲོས་བྲལ་མི་རྟོག་འཇོག་པ་སུ། །མ་གྲུབ་པ་ལ་རྟོག་ཡོད་པ། །སྒྱུ་མའི་སྐྱེས་བུ་ཤེས་གྱུར་གྱི། །རྒྱལ་བ་ཉིད་ཀྱིས་མི་མཁྱེན་ནོ། །

༈ མཁའ་འགྲོ་མ་ཆེན་མོ་ནོར་བུ་སྤྱན་ཡངས་མའི་ཞལ་ནས། རྟོག་པའི་མཚན་མ་དགག་མི་བྱ། །དེ་རྗེས་དྲན་པས་མ་ཉུལ་བས། །རང་བྱུང་རང་ལོག་ཉིད་དུ་འགྱུར། །དཔེར་ན་རྐུན་མོ་ཚོར་མ་ཐག །བསྐྲད་མི་དགོས་པར་འབྲོས་པ་བཞིན། །འདི་ནི་མཚང་གི་ངོས་ཟིན་པས། །ཆེད་དུ་རྩོལ་བ་བརྟེན་མི་དགོས། །རྣམ་རྟོག་རང་གི་རང་མདུད་གྲོལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ལས་ཀྱི་རྒྱལ་མོའི་ཞལ་ནས། བྱིང་བ་ཞེས་བྱ་ཇི་ལྟ་བུ། །རྒྱུ་ནི་གང་གི་བྱིང་བར་བྱེད། །རྨུགས་པ་དང་ནི་ཁྱད་པར་གང་། །ཐབས་ནི་གང་གིས་སེལ་བར་ནུས། །རྒོད་པ་གང་གིས་བསྐྱོད་པར་བྱས། །དེ་ཡི་ངོ་བོ་ཇི་ལྟ་བུ། །འཕྲོ་བ་དང་ནི་ཁྱད་པར་གང་། །གང་གི་འགུགས་པ་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསལ་བའི་གཟུགས་ཅན་མའི་ཞལ་ནས། བྱིང་བའི་ཤེས་པས་ལྡང་མི་ནུས། །འདི་ཡི་རྒྱུ་ནི་བད་ཀན་ཏེ། །མ་རིག་པ་ཡིས་སྐྱེད་པར་བྱེད། །རྨུགས་པ་དོན་ཉིད་མི་གསལ་བའམ། །བསལ་ཐབས་འོག་རླུང་བསྡམ་བྱ་ཞིང་། །རིག་པ་གཡེར་ལ་རྣོ་ངར་གདགས། །སྒོ་ལྔ་རང་གསལ་འབར་དུ་གཞུག །བསིལ་བའི་ས་རུ་འདུག་པས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་འོད་ཟེར་གྱི་ཞལ་ནས། རྒོད་པ་རླུང་གིས་བསྐྱོད་པ་སྟེ། །བསྐྱེད་པའི་རྒྱུ་ནི་འདོད་ཆགས་སོ། །ངོ་བོ་ཤེས་པ་ཡུལ་ལ་ཡན། །འཕྲོས་པ་གནས་སུ་མི་ཉན་པས། །དགུག་ཐབས་ཤེས་པ་རྣོ་བཟུང་སྟེ། །ལྟ་སྟངས་གཟེངས་སྨད་སྟེང་རླུང་མནན། །ཚིགས་བཞིར་ཚིལ་ཆེན་བྱུག་པར་བྱ། །རྣམ་སྣང་འཁྲུལ་འཁོར་རབ་ཏུ་བཤིས་ཤིས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ས་བསྲུང་མའི་ཞལ་ནས། དྲན་པས་བསྐུལ་ཞིང་མ་ཡེངས་པར། །རྒོད་དང་རྨུགས་པའི་ཁར་མི་བཏང་། །ལེ་ལོ་སྙོམས་ལས་དམན་ལས་སྦྱོར། །བྱ་བྱེད་གྲོང་ཡུལ་གཏམ་མི་བཟླ། །དགེ་བའི་ལས་ཀྱིས་གཡེངས་གྱུར་ན། །སྡིག་པ་མི་བྱ་སྨོས་ཅི་དགོས། །སྣང་བ་གང་ཡང་མི་བསྐྱེད་དེ། །འདི་ལྡན་དབང་པོ་ཕྱེ་བཙུམ་བྲལ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་སྒྲོན་མ་རྣམ་པར་དག་པ་ཞེས་བྱ་བའི་དུམ་བུ་སྟེ་བཅུ་དགུ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་ཀུན་ཏུ་བདེ་ལྡན་མའི་ཞལ་ནས། ལས་ཀྱི་ཕྱག་རྒྱའི་དགོས་པ་གང་། །ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཅི། །ཕྱག་རྒྱ་ཆེན་པོ་གང་ལས་འཆང་། །དམ་ཚིག་ཕྱག་རྒྱ་ཕྱིར་འཇོག་ཅི། །ཐད་ཀའི་ཉམས་ལེན་ཇི་ལྟ་བུ། །མཐར་ཕྱིན་འབྲས་བུ་གང་དུ་སྨོན། །རྣལ་འབྱོར་དཔེ་ནི་གང་དང་མཚུངས། །དཔའ་བོ་རྣམས་ཀྱིས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཞོན་ནུ་ནམ་མཁའ་འཛིན་གྱི་ཞལ་ནས། ལས་ཀྱི་ཕྱག་རྒྱ་མེད་པ་རུ། །དབང་ལ་དངོས་གྲུབ་ཐོབ་མི་འགྱུར། །གཟུགས་བརྙན་བདེ་སྟོང་མཚོན་པ་ཡིས། །དཔེ་ཡི་ཡེ་ཤེས་ངོས་འཛིན་ཏེ། །སྐྱེ་མེད་ཕྱིའི་བདེ་སྟོང་ནི། །ཆོས་ཀྱི་ཕྱག་རྒྱ་རྟོགས་པར་འགྱུར། །འདི་ལ་ཕྱག་རྒྱ་ཆེན་མོ་འཆར། །དམ་ཚིག་ཕྱག་རྒྱ་ཕྲིན་ལས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དམར་མོ་དབང་སྡུད་མའི་ཞལ་ནས། ལས་ཀྱི་ཕྱག་རྒྱ་ལུས་ཀྱི་རོ། །དེའི་བདེ་བ་ལ་བརྟེན་ནས། །གཞིའི་གདམས་པ་སེམས་ཀྱི་རོ། །བཞི་པའི་མྱོང་བ་ལ་བརྟེན་ནས། །ཆོས་ཀྱི་ཕྱག་རྒྱ་སྣང་བའི་རོ། །དེ་ལ་རྟོགས་པ་ཤར་བ་ནི། །ཕྱག་རྒྱ་ཆེན་པོ་གཉིས་མེད་རོ། །དམ་ཚིག་ཕྱག་རྒྱ་གཞན་དོན་ནི། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་གླིང་པའི་ཞལ་ནས། རླུང་དང་ཤེས་པ་གཉིས་བཟུང་པས། །དང་པོ་ལུས་ཀྱི་བདེ་བ་ཐོབ། །ཐིག་ལེ་བཞུ་བས་འཁོར་ལོ་རྒྱས། །ཟླ་བ་ཐུར་དུ་ལྷུང་བ་ནི། །ལུས་ཀྱི་ཁམས་ནི་ཉམས་པར་བྱེད། །སེམས་ལ་བདེ་བ་སྐྱེས་པ་ན། །སྣང་བ་བདེ་བའི་རྣམ་པར་འཆར། །འདི་ཡིས་སྡུག་བསྔལ་འདག་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཀུན་བཟང་རྡོ་རྗེ་མཛེས་ཀྱི་ཞལ་ནས། ཆོས་ཀྱི་ཕྱག་རྒྱ་རྣམ་བསྒོམ་བྱ། །ཆོས་ནི་ཕྱི་ནང་འཁོར་ལོ་སྟེ། །ཕྱག་རྒྱ་སྐྱེ་བ་མེད་པ་ཉིད། །རྣམ་པ་བདེ་བར་བསྒོམ་པར་བྱ། །བདེ་རླུང་རིག་པ་ནང་དུ་བཟུང་། །སྐད་ཅིག་བཞི་ཡི་བྱེ་བྲག་གི །དགའ་བ་བཞི་ཡི་ཡེ་ཤེས་སྐྱེ། །ངོ་བོ་ཉིད་ཀྱི་བདེ་བ་ཐོབ། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་ལྡན་རིན་ཆེན་གྱི་ཞལ་ནས། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི། །ངོ་བོ་ཉིད་ཀྱིས་བདེ་བ་དག །དྲི་མ་དང་བྲལ་སྒོམ་པ་སྟེ། །རང་བཞིན་གཉུག་མ་བསམ་དུ་མེད། །གཉིས་སུ་མི་དབྱེ་རང་དངོས་ཉིད། །ཤེས་པ་མི་བཟུང་གང་དགར་བཏང་། །རྟེན་འབྲེལ་སྣང་བ་གཟུགས་བརྙན་བཞིན། །སྐྱེ་བ་མེད་པ་མངོན་སུམ་ཉིད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཙ་ཏུ་ཧ་ཀ་རའི་ཞལ་ནས། དམ་ཚིག་ཕྱག་རྒྱ་འདི་ཡིན་ཏེ། །རང་དང་རིག་མ་ལྷར་བསྐྱེད་དེ། །རྡོ་རྗེ་པདྨ་བྱིན་གྱིས་བརླབས། །སྙོམས་འཇུག་རིམ་པ་དགའ་བ་འབྱུང་། །བདུད་རྩི་རྒྱུ་བའི་ལུས་དག་ཏུ། །རླུང་ནི་སེམས་ལ་ཐིམ་པ་ན། །དྲི་མེད་སེམས་ཀྱི་བདེ་བ་འབྱུང་། །དེ་ནི་འོད་གསལ་ལ་ཐིམ་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྒེག་མོ་བསམ་གཏན་འཛིན་གྱི་ཞལ་ནས། སེམས་ཀྱི་བདེ་བའི་རོ་མཉམ་སྟེ། །རྒྱུད་ལ་ཉམས་མྱོང་དོན་དུ་བསྟན། །ལུས་དང་སེམས་དང་སྣང་བ་གསུམ། །དབྱེར་མེད་ཚུལ་དུ་རོ་མཉམ་མོ། །སེམས་ཀྱི་སྣང་བ་ཅིར་སྐྱེ་ཡང་། །སྐྱེ་མེད་རྒྱས་འདེབས་སྟོང་པའི་རོ། །དམ་ཚིག་ཕྱག་རྒྱ་བསྐྱེད་པའི་རིམ། །ལྷའི་སྐུ་རུ་རོ་མཉམ་མོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཟུགས་ཀྱི་འོད་ཟེར་གྱི་ཞལ་ནས། བདེ་ལ་སྟོང་པའི་རྒྱས་གདབ་ཅིང་། །སྟོང་ལ་བདེ་བ་རྒྱ་ཡིས་གདབ། །འདི་འདྲའི་བདེ་སྟོང་དབྱེར་མེད་པ། །ལས་ཀྱི་ཕྱག་རྒྱའི་དཔེ་ལས་ཤེས། །ཆོས་ཀྱི་ཕྱག་རྒྱའི་ལམ་དུ་སྒོམ། །ཕྱག་རྒྱ་ཆེན་པོའི་འབྲས་བུར་འབར། །དམ་ཚིག་ཕྱག་རྒྱས་གཞན་དོན་མཛད། །མ་ཡེངས་པ་ནི་ཐབས་ཀྱི་གནད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྒྲ་སྒྲོགས་སེང་གེའི་ཞལ་ནས། སྐྱེས་པའི་དུས་དེར་མ་སྐྱེས་རྟོགས། །དུ་མ་རོ་གཅིག་རྣལ་འབྱོར་ཏེ། །དཔེ་ནི་བུ་རམ་གཟུགས་དང་མཚུངས། །འདི་ལ་བླང་དོར་ཅི་ཡང་མེད། །འདི་ལྟར་སྣང་པའི་ཆོས་རྣམས་ལ། །དུས་ཀྱི་སྣང་རྩེ་མ་སྐྱེས་རྟགས། །ཉམས་མྱོང་བདེ་ཆེན་ཕྱག་རྒྱ་འདེབས། །འདིས་ནི་འཁོར་བ་རང་གྲོལ་ལོ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་རྒྱ་བཞི་གསལ་བའི་མེ་ལོང་ཞེས་བྱ་བའི་དུམ་བུ་སྟེ་ཉི་ཤུ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་ཉི་ཟླ་འོད་འཕྲོག་མའི་ཞལ་ནས། ལས་ཀྱི་ཕྱག་རྒྱ་མ་རྟོགས་པར། །ཉམས་མྱོང་མངོན་སུམ་སྟོན་མི་ནུས། །ལམ་གཞན་གྱིས་ནི་སངས་རྒྱས་མིན། །འདི་ནི་གུད་ནས་རྙེད་མིན་ཏེ། །བླ་མ་བརྒྱུད་པ་ཉེར་བསྟེན་པའི། །བསོད་ནམས་ལས་ནི་རང་གིས་ཤེས། །བདེ་བ་དངོས་པོ་དངོས་པོ་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་ཡེ་ཤེས་ཀྱི་ཞལ་ནས། ལས་ཀྱི་ཕྱག་རྒྱ་མེད་པ་རུ། །ཕྱག་རྒྱ་ཆེན་པོ་རྙེད་མ་ཡིན། །སྙོམས་འཇུག་བདེ་བའི་རང་བཞིན་ཅན། །འདི་མེད་ལོངས་སྤྱོད་རྫོགས་པའི་སྐུ། །གྲུབ་པར་འགྱུར་བ་མ་ཡིན་ནོ། །སྐད་ཅིག་མ་ཡི་དུས་ཀྱི་ཆ། །དགའ་བ་ཉམས་མྱོང་དང་བྲལ་ན། །ལྷན་ཅིག་སྐྱེས་པའི་ངོ་བོས་སྟོང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་རྒྱན་མཛོད་མའི་ཞལ་ནས། གང་འདིར་ལྷན་ཅིག་སྐྱེས་པ་ཡི། །དགའ་བས་རྣལ་འབྱོར་ཚིམ་པའི་ཚེ། །མཆོག་གྱུར་ཁོ་ན་ཉིད་ཀྱི་དོན། །མངོན་དུ་གྱུར་པར་བྱེད་པ་ཡི། །ཐབས་དང་ཤེས་རབ་སྙོམས་པ་རུ། །ཞུགས་པའི་ཚེ་ན་རྣལ་འབྱོར་གྱི། །རྒྱུད་ལ་ལྷན་ཅིག་སྐྱེས་པ་འཆར། །རྣམ་རྟོག་ཐམས་ཅད་རང་གྲོལ་འགྱུར། །ཞེས་གསུངས་སོ། །

༈མཁའ་འགྲོ་མ་ཆེན་མོ་ནམ་མཁའི་གུ་ཟུ་ཅན་གྱི་ཞལ་ནས། རྩི་ཡིས་ཟིན་པའི་ཟངས་མ་ནི། །རིན་ཆེན་གསེར་དུ་འགྱུར་བ་བཞིན། །ཡེ་ཤེས་ཀྱིས་ནི་ཟིན་གྱུར་པའི། །ཉོན་མོངས་དགེ་བར་བྱེད་པ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་བྱང་ཆུབ་ཀྱི། །བླ་ན་མེད་པའི་ཡན་ལག་གོ །འདི་སྤངས་ནས་ནི་ཡེ་ཤེས་མེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མུ་ཏིག་ཉི་མའི་ཞལ་ནས། དངོས་པོའི་རྟོག་པ་རང་རྒྱུད་འཛིན། །དངོས་མེད་རྙོག་མ་སྤུ་རིས་བཅད། །བཏང་སྙོམ་རྙོག་མ་ལུང་མ་བསྟན། །མ་བསམ་མ་རྟོགས་རྨོངས་པ་ཉིད། །བསམ་ན་བསམ་མེད་སྟོང་ལ་བརྟན། །བསམ་དུ་མེད་འདྲ་ཁྱད་པར་ཆེ། །བསམ་མེད་རྒྱུན་གྱི་རྣལ་འབྱོར་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྟོང་གསུམ་འོད་ལེན་མའི་ཞལ་ནས། དང་པོའི་དུས་སུ་སྣང་གྱུར་པས། །སྟོང་པའི་ཉམས་མྱོང་འབྲལ་མི་འགྱུར། །གཉིས་པ་བདེ་བའི་ཉམས་མྱོང་འདིས། །འགྲོ་བ་སྙིང་པོ་མེད་པར་མཐོང་། །གསུམ་པ་འཁྱག་པ་ཆུར་ཞུ་བཞིན། །སྣང་བ་བདེ་བ་ལ་ཐིམ་འགྱུར། །མ་བཅོས་ཤེས་པ་འབྲས་བུ་ཉིད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་འོད་ཟེར་སྣང་བའི་ཞལ་ནས། ཤེས་པ་ཡུལ་ལ་མ་འཕྲོས་ན། །ལན་ཚྭ་ཆུ་རུ་ཞུ་བ་བཞིན། །སྣང་བ་ཆོས་ཉིད་ལ་ཐིམ་ནས། །རྟོག་པ་རང་སར་གྲོལ་བར་འགྱུར། །ཡེ་ཤེས་དབྱིངས་ཀྱི་ཏིང་འཛིན་ནི། །ཤེས་པ་ཐད་ཀ་གཉུག་མར་གནས། །ཅི་དགར་བཞག་ནས་བདེ་བའི་རླུང་། །ཡིད་ཀྱི་ངང་ལ་དྲན་པས་བཟུང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྨ་བྱ་རྒྱན་གཅིག་མའི་ཞལ་ནས། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ངོ་བོ་གཉིས་པ་ཡེ་ནས་བྲལ། །སྤྲོས་བྲལ་ངང་ལ་རང་སེམས་བཟུང་། །ཤེས་པ་སོར་གཞག་རིན་ཆེན་མཛོད། །བདེ་གསལ་སྟོང་པའི་ཕྱག་རྒྱ་ཅན། །དམིགས་མེད་ངང་དུ་གློད་པར་བྱ། །གང་མཐོང་པ་དེ་སྒོམ་པ་སྟེ། །མཐའ་ནི་ནམ་མཁའི་རྒྱ་ཡིས་གདབ། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ཟླ་བའི་སྒྲོན་མེའི་ཞལ་ནས། གང་ལ་བལྟས་ན་དེ་ལྟར་མིན། །ཅི་ཡང་མི་བསྒོམ་གང་ཡང་མིན། །ཤེས་པ་དྲང་ཐད་སོ་མ་སྟེ། །བྱ་བ་ཟིན་པའི་སེམས་བཞིན་དུ། །གང་ལྟར་གནས་པ་དེ་ལྟར་བདེ། །གཞན་མིན་པ་ཡི་སྐད་ཅིག་མ། །དེ་ཉིད་དུ་ནི་ཉེ་བར་བཞག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཟང་མོ་ཐོད་འཕྲེང་མཛེས་ཀྱི་ཞལ་ནས། རྩ་བ་བྲལ་བའི་དོན་མཐོང་ན། །རང་རིག་པ་ཡི་བསམ་གཏན་ནོ། །ཤེས་པ་རྐྱེན་གྱིས་མ་འཕྲོག་པ། །འདི་ན་བདེ་བའི་བསམ་གཏན་ཡིན། །ཤེས་པ་དེ་འཛིན་གྲོལ་བ་ནི། །མཚན་མ་བྲལ་བའི་བསམ་གཏན་ནོ། །གཉིས་སྣང་རང་སར་སངས་པ་ནི། །མཉམ་པ་ཉིད་ཀྱི་བསམ་གཏན་ནོ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་གསེར་གྱི་དྲ་བ་རྣམ་པར་སྣང་བ་ཞེས་བྱ་བའི་དུམ་བུ་སྟེ་ཉེར་གཅིག་པའོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་ལྡན་སྒྲ་སྒྲོགས་མའི་ཞལ་ནས། བདེ་བའི་ངོ་བོ་ཇི་ལྟ་བུ། །རང་བཞིན་གང་ཡིན་མཚན་ཉིད་ཅི། །བདེ་བ་སྐྱེ་བའི་ཡུལ་ནི་གང་། །བདེ་བ་སྟོན་པར་བྱེད་པ་ཡི། །ས་ནི་གང་ལ་ཆགས་པར་བྱེད། །བདེ་བ་བསྐྱེད་པའི་ཐབས་ནི་གང་། །བདེ་བའི་གོལ་ས་གང་ཞིག་ཡིན། །རྣལ་འབྱོར་བདག་ལ་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ལེགས་མའི་དཔལ་འཛིན་མའི་ཞལ་ནས། ལུས་སེམས་རྣལ་དུ་ཕབ་པ་ནི། །འདི་ནི་བདེ་བའི་ངོ་བོའོ། །ཟུག་རྔུའི་རྙོག་མ་དང་བྲལ་བ། །འདི་ནི་བདེ་བའི་རང་བཞིན་ཡིན། །མཆོག་དགའི་ཡེ་ཤེས་རྒྱས་པ་ནི། །འདི་ནི་བདེ་བའི་མཚན་ཉིད་དོ། །ཡུལ་ནི་ལུས་སེམས་ལ་སྤྱོད་པ། །ཐབས་ནི་བླ་མའི་མན་ངག་ལ། །དགོས་པ་སྡུག་བསྔལ་གྲོལ་བའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བ་ལས་ཀྱི་རྒྱལ་མོའི་ཞལ་ནས། བདེ་བ་ལུས་ལ་རྒྱས་པ་ཡིས། །ཐ་མལ་རྟོག་པ་རབ་བཅོམ་ནས། །སྤངས་བ་ཕུན་སུམ་ཚོགས་པར་བྱེད། །བདེ་བ་སེམས་ལ་རྒྱས་པ་ཡིས། །ཆོས་རྣམས་བློ་ལས་འདས་པར་གྲོལ། །ཡེ་ཤེས་ཕུན་སུམ་ཚོགས་པར་བྱེད། །ཡེ་ཤེས་བདེ་བ་མ་རྒྱས་པར། །གསལ་བ་འཆར་བར་མི་འགྱུར་རོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཞོན་ནུ་ཡེ་ཤེས་མཛེས་ཀྱི་ཞལ་ནས། བདེ་བ་སྟོན་པར་བྱེད་པའི་ས། །མཁའ་སྤྱོད་རྣམ་པ་བཞི་ཡིན་ཏེ། །འདི་བྲལ་བདེ་བ་སྐྱེ་མི་སྲིད། རིག་པའི་རྒྱལ་པོ་ཤེས་པའི་ཡུལ། །འཁོར་ལོ་བཞི་ལས་བདེན་པ་བརྟེན། །འདི་ནི་རང་བཞིན་མཁའ་སྦྱོར་རོ། །ཡུལ་དང་ཡུལ་ཅན་རང་གཞན་གྱིས། །རྩ་རླུང་ཐིག་ལེ་བཞི་ཆས་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཟི་བརྗིད་གོ་མའི་ཞལ་ནས། ཆེད་དུ་བྱས་པའི་མཁའ་སྦྱོར་ནི། །བོ་ལ་ཀ་ཀོ་ལས་སྦྱོར་བ། །གཉིས་ཤོར་གཉིས་གནས་དེ་དུས་སོ། །བྱིན་གྱིས་བརླབས་པའི་མཁའ་སྦྱོར་ནི། །ལྷ་དང་དབྱེར་མེད་བསྟིམ་པའོ། །སྣང་བའི་ངོ་བོ་སྟོང་པར་གྲོལ། །དེ་བཞིན་རིག་སྟོང་དབྱེར་མེད་ཤེས། །འདི་ནི་རྟོགས་པའི་མཁའ་སྦྱོར་ཡིན། །གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཨ་ཡུ་སི་ཏ་རའི་ཞལ་ནས། བླ་མའི་དུས་ཐབས་བསྟེན་པ་ཡིས། །བདེ་བ་བསྐྱེད་ཐབས་རབ་མཐོང་འགྱུར། །ཁྱད་པར་དབང་ལ་བརྟེན་པ་ནི། །ཕོ་ཉ་ལམ་དུ་འཁྱེར་བ་དང་། །མཆོག་གི་བྱིན་རླབས་ལ་བརྟེན་ནས། །རྣལ་འབྱོར་ལམ་དུ་འཁྱེར་བའོ། །འདི་གཉིས་མ་ཡིན་གསོབ་སེམས་ནི། །ཧེ་རུ་ཀ་ཡིས་རྙེད་མ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཁོར་ལོ་གོ་ཆའི་ཞལ་ནས། གསལ་བའི་ངོ་བོ་ཇི་ལྟ་བུ། །རང་བཞིན་གང་ཡིན་མཚན་ཉིད་གང་། །གསལ་བ་འཆར་བའི་ཡུལ་ནི་གང་། །གསལ་བ་བརྟེན་པར་བྱེད་པ་ཡི། །ས་ནི་གང་ལ་ཆགས་པར་བྱེད། །གསལ་བ་འཆར་བའི་ཐབས་ནི་གང་། །གསལ་བའི་དགོས་པ་གང་ཞིག་ཡིན། །དཔའ་མོ་རྣམས་ཀྱིས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བ་ཟླ་བའི་ཞལ་ནས། རིག་པ་མ་འགགས་དབང་པོ་དྭངས། །འདི་ནི་གསལ་བའི་ངོ་བོ་ཡིན། །རང་བཞིན་ཡུལ་གྱིས་མ་བསླད་པའི། །རིག་པའི་རྩལ་ཐོན་མཚན་ཉིད་དོ། །གསལ་བའི་སྐྱེ་ཡུལ་དབང་པོའི་མཁའ། །ནང་དུ་ལོག་པའི་བསམ་གཏན་ནོ། །དངོས་པོའི་ཆོས་ལ་བདེན་པས་སྟོང་། །འདི་ནི་གསལ་བར་འཆར་བའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འབྱུང་གནས་སྟོབས་ལྡན་མའི་ཞལ་ནས། ཐབས་ནི་བླ་མའི་མན་ངག་ལ། །གསལ་བའི་དགོས་པ་འཁྲུལ་བ་ཆོད། །ཇི་ལྟར་ཆོད་པ་ཡིན་ཞེ་ན། །དྭངས་མ་ཡུལ་གྱིས་མ་བསླད་པ། །དེ་ལ་གཉིས་སྣང་མི་གནས་ཏེ། །གཟུང་འཛིན་ལས་གྲོལ་རིག་པའི་རྩལ། །ཡེ་ཤེས་ཆེན་པོར་རྒྱས་པ་ནི། །འབྲས་བུ་ཡིན་ཕྱིར་འཁྲུལ་བ་ཆོད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་པདྨ་ཐོར་ཚུགས་ཅན་གྱི་ཞལ་ནས། གསལ་བའི་བསྐྱེད་ཐབས་བླ་མ་ཡི། །མན་ངག་རྣམ་པ་གསུམ་ཡིན་ཏེ། །རྟེན་འབྲེལ་འབྱུང་བ་བྱུག་པ་དང་། །ངར་ཅན་ཤེས་པ་ཕྱེ་ཕུར་བརླབས། །རིག་པ་མཛོད་སྤུའི་སྟེང་དུ་གཟིར། །འདི་ཡི་རླུང་སེམས་འོད་གསལ་དུ། །འཇུག་པར་བྱེད་པ་གང་གི་གནད། །ཧེ་རུ་ཀ་ལས་ཡང་དག་རྙེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་ལེགས་སྐྱེས་མའི་ཞལ་ནས། མི་རྟོག་ངོ་བོ་ཇི་ལྟ་བུ། །རང་བཞིན་གང་ཡིན་མཚན་ཉིད་ཅི། །མི་རྟོག་སྐྱེ་བའི་ཡུལ་ནི་གང་། །མི་རྟོག་བརྟེན་པར་བྱེད་པ་ཡི། །ས་ནི་གང་ལ་ཆགས་པར་བྱེད། །མི་རྟོག་པ་ཡི་དགོས་པ་གང་། །དཔའ་མོ་ཆེན་མོ་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཁོར་ལོ་ཀངྐ་རིའི་ཞལ་ནས། ཤེས་པ་ཡུལ་རྗེས་མ་འབྲང་པ། །མི་རྟོག་པ་ཡི་ངོ་བོའོ། །རང་བཞིན་དྲན་པའི་རྐྱེན་དང་བྲལ། །བློ་ལས་འདས་པའི་རང་སྣང་ནི། །མི་རྟོག་པའི་མཚན་ཉིད་དོ། །ཡུལ་ནི་ཚོགས་དྲུག་ཤེས་པའོ། །ས་ནི་ཐོག་བབས་བཟུང་པའི་རླུང་། །སྐྱེ་བའི་ཐབས་ནི་ལྟ་སྟངས་སོ། །དགོས་པ་རྟོག་པའི་གཉེན་པོར་འགྱུར། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་འོད་ཟེར་བསྲང་བའི་དུམ་བུ་ཉེར་གཉིས་པའོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་སྒྲོན་མེའི་ཞལ་ནས། སོ་མའི་ངོ་བོ་ཇི་ལྟ་བུ། །རྒྱུ་ནི་གང་ལས་འཆར་བ་ཡིན། །སོ་མ་ངོས་སུ་ཇི་ལྟར་འཛིན། །སོ་མར་གནས་པའི་ཡོན་ཏན་ཅི། །སོ་མ་གང་གིས་འགྲིབ་པར་འགྱུར། །རྐྱེན་ནི་གང་གིས་འཇིག་པར་བྱེད། །སོ་མའི་བསྐྱང་ཐབས་ཇི་ལྟར་ཡིན། །དཔའ་མོ་རྣམས་ཀྱིས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤིན་ཏུ་དཔའ་མོའི་ཞལ་ནས། རྐྱེན་ཕྱིར་མི་འབྲང་དྭངས་མའི་ཡིད། །འདི་ནི་སོ་མའི་ངོ་བོ་ཡིན། །རྒྱུ་ནི་ལྟ་སྟངས་ངར་ཅན་ནོ། །རིག་པ་ཕྱེ་ཕུར་འཛིན་པར་བྱེད། །སོ་མའི་ཡོན་ཏན་བྱིང་བ་གསེང་། །ཡུལ་ལ་འཛིན་པས་འགྲིབ་པར་བྱེད། །བག་ཆགས་ཅན་གྱིས་འཇིག་པའོ། །སྦྱང་ཐབས་རྟོག་པ་གཅོད་པ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའི་རྒྱལ་མོའི་ཞལ་ནས། ལྷུག་པའི་ངོ་བོ་ཇི་ལྟ་བུ། །རྒྱུ་ནི་གང་ལས་ལྷུག་པ་ཆགས། །ལྷུག་པ་ངོས་སུ་ཇི་ལྟར་འཛིན། །ལྷུག་པ་ལ་གནས་ཡོན་ཏན་ཅི། །ལྷུག་པ་གང་གིས་འགྲིབ་པར་འགྱུར། །རྐྱེན་ནི་གང་གིས་འཇིག་པར་བྱེད། །ལྷུག་པའི་བསྐྱང་ཐབས་ཇི་ལྟར་ཡིན། །རྣལ་འབྱོར་ཆེན་མོས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཁོར་ལོ་སྟོབས་ལྡན་མའི་ཞལ་ནས། སོར་གཞག་འགྲོ་འོང་དང་བྲལ་བ། །འདི་ནི་ལྷུག་པའི་ངོ་བོ་ཡིན། །རྒྱུ་ནི་ལྟ་སྟངས་ཞི་བའོ། །སྤྲོས་བྲལ་རང་སྣང་དེ་ངོས་བཟུང་། །ལྷུག་པའི་ཡོན་ཏན་རྒོད་པ་འགུགས། །སྤུ་རིས་དྲན་པས་ལྷུག་པ་སྒྲིབ། །སྔ་ཕྱིའི་རྟོག་པས་འཇིག་པར་འགྱུར། །བསྐྱང་ཐབས་འཇམ་རླུང་འཛིན་པའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་ལྡན་ཟླ་བའི་ཞལ་ནས། རང་གའི་ངོ་བོ་ཇི་ལྟ་བུ། །རྒྱུ་ནི་གང་ལས་རང་ཁ་འཆགས། །རང་ཁ་ངོས་སུ་ཇི་ལྟར་འཛིན། །རང་ཁ་ལ་གནས་ཡོན་ཏན་ཅི། །རང་ཁ་གང་གིས་འགྲིབ་པར་བྱེད། །རྐྱེན་ནི་གང་གིས་འཇིག་པར་བྱེད། །རང་ཁ་བསྐྱང་ཐབས་ཇི་ལྟར་ཡིན། །དེད་དཔོན་ཆེན་མོས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཛྲ་སུ་ཁ་སིའི་ཞལ་ནས། རྟོག་པའི་དྲི་མས་མ་བསླད་པའི། །གཅེར་བུ་རང་གི་ངོ་བོའོ། །རྒྱུ་ནི་དྲན་པ་སོར་གཞག་གོ །བློ་བྲལ་སྐད་ཅིག་འཚང་ངོས་བཟུང་། །སྔ་ཕྱི་བློ་ཡིས་འཇིག་པར་འགྱུར། །བསྐྱང་ཐབས་ལྟ་སྟངས་འཇོག་འདོར་རོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་པདྨ་དཔལ་གྱི་ཞལ་ནས། རྩལ་གྱི་ངོ་བོ་ཇི་ལྟ་བུ། །རྒྱུ་ནི་གང་གིས་སྐྱེད་པར་བྱེད། །རྩལ་དེ་ངོས་སུ་ཇི་ལྟར་འཛིན། །རྩལ་གྱི་ཡོན་ཏན་ཅི་རུ་འཆར། །རྩལ་གྱི་འོད་ཟེར་གང་གིས་འགྲིབ། །རྐྱེན་ནི་གང་གིས་འཇིག་པར་འགྱུར། །རྩལ་གྱི་སྦྱོང་ཐབས་ཇི་ལྟར་སྦྱོང་། །བཟང་མོ་ཆེན་མོས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་གཟུགས་ཅན་མའི་ཞལ་ནས། རྟོག་པ་འཇོམས་ཤིང་སྒྲིབ་པ་སེལ། །འདི་ནི་རྩལ་གྱི་ངོ་བོ་ཡིན། །རྒྱུ་ནི་བདེ་རླུང་རིག་པའོ། །ངོས་འཛིན་མྱོང་བས་གྲུབ་པའོ། །ཡོན་ཏན་ས་ལམ་གོང་དུ་བགྲོད། །བཏང་སྙོམས་ཀྱིས་ནི་འོད་ཟེར་སྒྲིབ། །འཁྲུལ་པ་ཡུལ་ཐོག་འབྱམས་པ་འཇིག །བསྐྱང་ཐབས་ངེས་པའི་ཤེས་པའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཟི་བརྗིད་འོད་མཛེས་མའི་ཞལ་ནས། རྗེས་ཐོབ་ངོ་བོ་ཇི་ལྟ་བུ། །རྒྱུ་ནི་གང་གིས་ཐོབ་པར་བྱེད། །རྗེས་ཐོབ་ངོ་བོ་ཇི་ལྟར་འཛིན། །རྗེས་ཐོབ་ཡོན་ཏན་ཅི་རུ་འགྱུར། །རྗེས་ཐོབ་འོད་ཟེར་གང་གིས་འགྲིབ། །རྐྱེན་ནི་གང་གིས་འཇིག་པར་བྱེད། །རྗེས་ཐོབ་བསྐྱང་ཐབས་ཇི་ལྟར་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤེས་རབ་ཐིག་ལེ་གསལ་གྱི་ཞལ་ནས། ཡེ་ཤེས་མཐོང་ལམ་མངོན་དུ་ཤར། །འདི་ནི་རྗེས་ཐོབ་ངོ་བོའོ། །རྒྱུ་ནི་སྨིན་གྲོལ་རྣམ་པ་གཉིས། །འཁྲུལ་སྣང་དག་ཡུལ་དེ་ངོས་བཟུང་། །ཡོན་ཏན་བློ་མཐའི་རྟོག་པ་གྲོལ། །རྗེས་ཐོབ་འོད་ཟེར་ཐེ་ཚོམ་བསྒྲིབ། །དམ་ཚིག་ཉམས་པས་འཇིག་པར་འགྱུར། །འདི་ནི་ངེས་པའི་ཤེས་པས་བསྐྱངས། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དུམ་བུ་ཉི་ཤུ་གསུམ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བའི་སྤྱན་ལྡན་མའི་ཞལ་ནས། བདེ་གསལ་མི་རྟོག་སོ་མ་དང་། །ལྷུག་པ་རང་ཁའི་གནས་སྐབས་སུ། །གསང་སྔགས་མངོན་སུམ་པ་ཡི་ལམ། །རྟགས་ཀྱི་རིམ་པ་ཇི་ལྟར་འབྱུང་། །ལམ་ལྔ་ཇི་ལྟར་ནོན་པར་ཤེས། །དེ་ཡི་དུས་ཀྱི་གདམས་པ་གང་། །རྣལ་འབྱོར་པ་ཡི་སྣང་བ་ལ། །ལྟ་སྟངས་གང་གིས་འཆིང་བར་བྱེད། །དཔའ་མོ་ཆེན་མོས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྟོབས་ལྡན་ཟླ་བའི་ཞལ་ནས། དུ་བ་སྨིག་རྒྱུ་སྲིན་བུ་མེ། །ཉི་ཟླ་མར་མེ་འཇའ་ཚོན་དང་། །གློག་དང་སྒྲ་གཅན་གཟུགས་སྣ་ཚོགས། །ཚོགས་ལམ་ཆུང་ངུ་ནོན་པའི་རྟགས། །གདམས་ངག་རིག་པ་མཁའ་ལྡིང་ལ། །ལྟ་སྟངས་རྡོ་རྗེ་གཙུག་ཏོར་རམ། །དབུགས་གཉིས་མཉམ་པས་ཡེ་ཤེས་ལ། །རླུང་དུ་གྱུར་ནས་དྷུ་ཏིར་འཇུག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་འཁོར་ལོ་འོད་འཛིན་མའི་ཞལ་ནས། དེ་ནི་འབྲིང་པོ་ནོན་པའི་རྟགས། །གདམས་ངག་ནམ་མཁའ་མདུང་ཚུགས་ལ། །ལྟ་སྟངས་མི་གཡོ་མགོན་པོའོ། །ལུས་ལ་འོད་ཀྱིས་བསྐོར་བ་དང་། །ནང་དུ་མངོན་ཤེས་ལྔ་ཤར་ན། །ཚོགས་ལམ་ཆེན་པོ་ནོན་པའི་རྟགས། །གདམས་ངག་ཤེས་བྱ་དུམ་འཇུག་ལ། །ལྟ་སྟངས་བདུད་རྩི་འཁྱིལ་བའོ། །གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཁམས་གསུམ་ཁྲོས་མའི་ཞལ་ནས། ལུས་ལ་རྩའི་དྲ་བ་མཐོང་། །སྤྱི་བོར་འོད་འཕྲོ་ཐིག་ལེ་ཞུ། །འདི་ནི་སྦྱོར་ལམ་ནོན་པའི་རྟགས། །གདམས་པ་འཚོལ་བ་རྗེས་མེད་ལ། །ལྟ་སྟངས་བྱང་ཆུབ་ཆེན་པོའོ། །ལྷ་མོ་མཛེས་མ་ཀླུས་བསྐུལ་ནས། །ཟག་མེད་མངོན་ཤེས་འཆར་བྱེད་ཅི། །སངས་རྒྱས་བརྒྱ་ལ་ཆོས་ཉན་ནོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་གདུ་གུ་ཅན་གྱི་ཞལ་ནས། བཅུ་ཕྲག་བཅུའི་ཏིང་འཛིན་ལ། །སྙོམས་པར་འཇུག་ཅིང་ཞིང་ཁམས་བརྒྱ། །ལྟ་བུས་སྤྲུལ་པ་འགྱེད་པར་ཤེས། །སེམས་ཅན་བརྒྱ་ནི་སྨིན་པར་བྱེད། །ཉི་ཁྲི་ཆིག་སྟོང་ཉིས་བརྒྱ་ཡི། །རྟོག་པ་སྤོང་བ་མཐོང་ལམ་རྟགས། །གདམས་ངག་རང་བཞིན་ལྷུན་གྲུབ་ལ། །ལྟ་སྟངས་རྣམ་པར་སྣང་མཛད་དོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་པདྨ་དཔལ་གྱི་སྒྲོན་མའི་ཞལ་ནས། སྒོམ་ལམ་དུས་སུ་ས་རེ་ལ། །རྟོག་པ་སྟོང་དང་བརྒྱ་བརྒྱ་ཕྲག །གཉིས་ནི་སྤོང་བར་བྱེད་པ་ཡིན། །གདམས་ངག་རང་བཞིན་གཉུག་མ་ལ། །ལྟ་སྟངས་རྡོ་རྗེ་འཛིན་པའོ། །རྒྱུ་དང་ལམ་དང་འབྲས་བུ་ཡི། །རྟགས་ཀྱི་རིམ་པ་ཐད་ཀར་འབྱུང་། །འདི་ནི་བཀག་པས་ཁེགས་པ་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་གར་གྱི་བདག་མོའི་ཞལ་ནས། ཉོན་མོངས་དང་ནི་ཤེས་བྱ་ཡི། །སྤང་བྱ་མ་ལུས་བྱང་གྱུར་ན། །མ་ཆགས་པདྨ་ཅན་གྱི་ས། །མ་སྐྱེས་མ་འགགས་ཆོས་ཀྱི་སྐུ། །རང་གི་དོན་དུ་ཐོབ་གྱུར་ན། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །འཐོབ་བྱ་ཐོབ་པ་མཐར་ཕྱིན་ལམ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའ་འོད་ལྡན་མའི་ཞལ་ནས། གཉིད་དང་མུན་པའི་དྲི་མ་མེད། །མཚན་མོ་ཡང་ནི་ཉིན་མོ་འདྲ། །སྒྲ་གཅན་ལས་ཐར་ཟླ་འོད་ལྟར། །ལུས་ངག་གསལ་ལ་དྲི་མ་མེད། །སྲིན་བུ་མེ་འཁྱེར་རང་མདངས་ཆགས། །མངོན་ཤེས་རྗེས་དྲན་གཞན་དོན་ཅན། །ཉམས་མྱོང་གསལ་ལ་རྒོད་ཅིང་དགའ། །དུས་གསུམ་ཡེངས་མེད་སྲོག་ཏུ་ཟིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་བ་ཀངྐ་རིའི་ཞལ་ནས། སྣང་བ་མེ་ལོང་གར་མས་བརྒྱན། །ཟད་པར་མེ་ཆུ་རླུང་དང་ནི། །རུས་པ་སྐྱེ་མེད་ཡི་གེ་མཐོང་། །རྡོ་རྗེའི་གདན་ལ་རབ་འབོལ་ཞིང་། །ལུས་ལ་གོས་བྲལ་བདེ་བར་འབར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཡེ་ཤེས་དཔལ་གྱིས་བརྒྱན་པའི་ཞལ་ནས། ས་ལམ་ཐམས་ཅད་ཡོན་ཏན་གྱི། །ཆ་རེ་ནས་ནི་སྣང་བ་ཡིན། །རྟོག་པའི་དྲི་མ་ཆོས་ཉིད་ཤེས། །གཟུང་འཛིན་ཡེ་ཤེས་འོད་དུ་གསལ། །ཕྲ་བའི་ཡེ་ཤེས་རྒྱུད་ལ་འཆར། །ཆོས་ཉིད་དོན་གྱི་མངོན་དུ་འགྱུར། །ཆོས་ཉིད་དོན་ལ་བློ་བརྟན་ཏེ། །ཟབ་མོ་བློ་གྲོས་དང་ཡང་ལྡན། །ཉོན་མོངས་སྐྱོན་གྱིས་གོས་པ་མེད། །ཅེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དྲི་མེད་རྣམ་པར་དག་པ་ཞེས་བྱ་བའི་དུམ་བུ་སྟེ་ཉེར་བཞི་པའོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའ་དཔལ་གྱི་ཡེ་ཤེས་ཀྱི་ཞལ་ནས། བདུད་ཅེས་བྱ་བའི་ངོ་བོ་ཅི། །གང་ཟག་གང་ལ་འཇུག་པ་ཡིན། །འཇུག་པར་བྱེད་པའི་རྒྱུ་ནི་གང་། །དུས་ཚོད་གང་གི་སྐབས་སུ་འཇུག །བྱིན་གྱིས་ཇི་ལྟར་རློབས་པར་བྱེད། །ཞུགས་པའི་རྟགས་ནི་ཇི་ལྟར་ཡིན། །བདུད་ཀྱི་གཞོམ་ལུགས་ཇི་ལྟར་བྱ། །རྣལ་འབྱོར་ཆེན་མོས་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྟོབས་ལྡན་སྒྲོལ་མའི་ཞལ་ནས། འཇིག་རྟེན་ཕྱི་མ་མི་དྲན་ཞིང་། །བྱ་བ་ཅི་བྱེད་ཚེ་འདི་ཡི། །ཆེ་ཐབས་འབའ་ཞིག་སྒྲུབ་པར་བྱེད། །སློབ་དང་བསོད་ནམས་ནོར་དང་ནི། །ལས་དང་གནས་དང་ཆོས་ཀྱི་འབྲེལ། །འཇིག་རྟེན་ཆོས་བརྒྱད་ཀྱིས་བསླུས་ནས། །འབྲས་བུ་ཐར་པ་མི་འདོད་པ། །འདི་ནི་བདུད་ཀྱི་ངོ་བོ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མུ་ཏིག་འོད་ཟེར་གྱི་ཞལ་ནས། ཤེས་རབ་ཉོན་མོངས་བརྩོན་འགྲུས་ལ། །ཆེ་འབྲིང་རྣམ་པ་གསུམ་ཡོད་དོ། །བདུད་ཀྱིས་རབ་འབྲིང་གསུམ་དུ་འཛིན། །ཤེས་རབ་ཉོན་མོངས་ཆེ་བ་ལ། །བརྩོན་འགྲུས་ཆུང་བ་བདུད་ཀྱི་ཡུལ། །གོ་ཆ་འཇིག་རྟེན་པ་གོན་ནས། །དམ་ཆོས་འདས་པ་ཚོལ་བ་ནི། །བདུད་ནི་གང་ཟག་དེ་ལ་འཇུག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དགེ་བ་རིན་ཆེན་མའི་ཞལ་ནས། རང་གི་ཉམས་འོག་མ་ཆུད་པའི། །དམ་བཅའ་དྲག་པོ་བྱེད་པ་ནི། །དམ་པའི་ཐབས་ཀྱིས་མ་ཟིན་པའི། །དཀའ་བས་བྱང་ཆུབ་སྒྲུབ་པ་ནི། །འཇིགས་སྔངས་རེ་དོགས་རྣམ་རྟོག་ཆེ། །རྨི་ལམ་ལ་ནི་མཚན་མར་འཛིན། །ཆེད་དུ་བསོད་ནམས་འདུལ་ཞིང་འདོད། །སྡུག་བསྔལ་ཆེ་ལ་རབ་ཏུ་འཇུག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ལེགས་སྐྱེས་སྒྲོན་མེའི་ཞལ་ནས། དད་པའི་རོ་བརྒྱས་བླ་མ་རྙེད། །ཟབ་མོའི་དོན་མཐོང་སྒྲུབ་མི་ནུས། །མངོན་མཐོ་ངེས་པར་ལེགས་པའི་ལམ། །ལམ་ནས་འཇིག་རྟེན་པ་ལ་ནི། །བརྩེ་བའི་སེམས་ཀྱིས་ཕྱི་མིག་བལྟ། །དེ་ཡི་བྱ་བ་མཐར་ཐུག་ལ། །དམ་ཆོས་ཕྱི་ནས་བྱ་བར་སེམས། །འདི་ལ་བདུད་ནི་འཇུག་པ་ཡིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་ལྡན་གཞོན་ནུ་འོད་ཟེར་གྱི་ཞལ་ནས། བག་ཙམ་ཐ་མལ་མདོག་ཡོལ་བ། །རྟགས་ལ་མཆོག་འཛིན་ཉམས་མ་ཆགས། །དུས་མིན་མངོན་ཤེས་ལྷ་ཞལ་མཐོང་། །གནས་དང་གྲོགས་དང་སྤྱོད་ལམ་དང་། །ལོངས་སྤྱོད་དུས་དང་བསོད་ནམས་ཀྱི། །རྐྱེན་གྱིས་བདུད་ནི་འཇུག་པར་འགྱུར། །དད་པ་ཉམས་ཤིང་བརྩོན་འགྲུས་ལྷོད། །དགེ་བའི་སེམས་ཉམས་ཚེ་ན་འཇུག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དགེ་བ་དཔལ་གྱི་ཞལ་ནས། དྲེགས་པར་བྱེད་དང་རྨོངས་པར་བྱེད། །ཤིན་ཏུ་རྨོངས་བྱེད་བརྒྱལ་བར་བྱེད། །སེམས་མེད་བྱེད་པ་འདོད་པ་ཡི། །མདའ་ལྔ་སྔགས་ཀྱིས་བྱིན་རླབས་ནས། །འདོད་ཆགས་ལ་སོགས་ཉོན་མོངས་དྲུག །གང་ཤས་ཆེ་བ་དེར་བསྣུན་ནོ། །ཕམ་པར་བྱེད་དང་གཡེང་བར་བྱེད། །ཆགས་པར་བྱེད་དང་འདུ་ཤེས་ལྡོག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཙུག་ཏོར་རྒྱན་གཅིག་མའི་ཞལ་ནས། སྔར་དང་མི་འདྲ་ལུས་སེམས་ལ། །ངལ་དུབ་བསྐྱེད་ཅིང་དྲན་པ་ཉམས། །སེམས་ཞུམ་སླ་ཞིང་སྒྱིད་ལུག་རྐྱེན། །ཉོན་མོངས་ཅུང་ཟད་ཙམ་ལ་རྒྱས། །ཤི་བར་མོས་ཤིང་སེམས་འཁྲུགས་སླ། །ཉམས་དང་ཉོན་མོངས་ཡར་འཁྲུས་ཆེ། །འཇིག་རྟེན་སེམས་འབར་གཡེང་རྐྱེན་ལ། །སྒྱིད་པ་སྐྱུར་ཞིང་གཉིད་དུ་འཐིབ། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཀུན་བཟང་ལེགས་མའི་ཞལ་ནས། ཆོས་ཉིད་ངང་ལས་མ་གཡོས་པའི། །གཉུག་མའི་ངང་ལ་གནས་པར་བྱ། །བདུད་ནི་རྣམ་རྟོག་ཡིན་ཞེས་བྱ། །གཅད་བྱ་གཅོད་བྱེད་གཅོད་པ་གསུམ། །རིམ་པས་བརྟག་ན་རྙེད་མ་ཡིན། །ཆོས་ཀྱི་དབྱིངས་ལས་གཞན་པ་ཡི། །བདུད་ནི་ཡོད་པ་མ་ཡིན་ཏེ། །བདུད་ནི་ཆོས་ཀྱི་དབྱིངས་སུ་བསྒྲལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་རྒྱན་སྣང་བའི་ཞལ་ནས། ཆོས་ཉིད་མཉམ་ཉིད་དོན་ལ་བལྟ། །རང་སེམས་བཅོས་ལ་ངོ་ཤེས་དོར། །བྱམས་དང་སྙིང་རྗེ་བསྒོམ་པར་བྱ། །ཞི་བའི་སྦྱིན་སྲེག་བསོད་ནམས་བསགས། །གསོལ་བ་གདབ་ཅིང་ཚོགས་འཁོར་བྱ། །སྤྱོད་ལམ་བསྒྱུར་ཞིང་བརྟུལ་ཞུགས་བྱ། །རྟེན་འབྲེལ་གཏོར་མ་བཏང་བྱ་ཞིང་། །ངོ་མི་ཤེས་པའི་ཡུལ་དུ་ལྡོམ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་བདུད་ཀྱི་ཕྱག་རྒྱ་ངོས་བཟུང་བ་ཞེས་བྱ་བའི་དུམ་བུ་སྟེ་ཉེར་ལྔ་པའོ། །

༈ མཁའ་འགྲོ་མ་ཡེ་ཤེས་དཔལ་གྱི་སྒྲོན་མེའི་ཞལ་ནས། ཆོས་སྐུ་འགྱུར་མེད་ལ་དམིགས་ནས། །ཐེར་ཟུག་ཏུ་སྒོམ་དྲག་པར་གོལ། །གཞིའི་ངོ་བོ་དངོས་མེད་ལ། །དམིགས་མེད་སྒོམ་པ་ཆད་པའོ། །མ་བཅོལ་རྩི་ཡིས་མ་ཟིན་པའི། །བཏང་སྙོམས་འབྲས་བུ་མེད་པར་གོལ། །བྱུང་ཚོར་བཀག་ནས་རྟོག་མེད་ལ། །བསྐྱལ་བ་ཉན་ཐོས་འགོག་པར་གོལ། །རྟོག་པ་རང་ཁ་མ་ལ་ནི། །དམིགས་པ་གཏོད་བྱེད་ཞི་བར་གོལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་ཟླ་བའི་ཞལ་ནས། སྣང་བ་སྟོང་པར་འདུ་ཤེས་པའི། །ཤེས་པ་མ་བྲལ་བརྟག་པར་གོལ། །སྣང་བ་རྨི་ལམ་ལྟར་ཤེས་ན། །དམིགས་པ་མེད་པ་ཆད་པར་གོལ། །སེམས་དང་སྣང་བ་སྟོང་པ་རུ། །གོམས་པས་འབྲེལ་མེད་སྟོང་པར་གོལ། །བདེ་གསལ་རང་ཁ་མ་བཞག་ན། །འབྲས་བུ་མེད་པར་གོལ་བའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའ་འོད་མཛེས་མའི་ཞལ་ནས། སེམས་ཉིད་གནས་ལུགས་སྟོང་པ་ཡི། །ངང་ལ་ཡེ་ཤེས་སྒྲུབ་ཏུ་མེད། །རྣམ་པར་རྟོག་པ་རྣམས་ལ་ཡང་། །དགག་ཏུ་མེད་ཅིང་བྱ་བ་ཡིན། །སྣང་བའི་རང་ཁ་མར་འབྱམས་པས། །འཇིག་རྟེན་འཆལ་པར་གོལ་བའོ། །ཉམས་ཀྱི་འཕྲ་སི་གཅོད་པ་ནི། །ཕྲ་མ་ཡི་ནི་གོལ་སའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དོན་འགྲུབ་དཔལ་གྱི་སྒྲོན་མའི་ཞལ་ནས། ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །སྤྲིན་སོགས་བྱུང་ནས་ཐིམ་པ་ལྟར། །སེམས་ཀྱང་དེ་བཞིན་ཏུ་བསྒོམས་པས། །བློ་ཡི་འཛིན་བྱེད་མ་དག་པ། །གོམས་པ་ནམ་མཁའ་མཐའ་ཡས་སོ། །ནམ་མཁའ་སྐྱེ་བ་མེད་པ་བཞིན། །སེམས་ཀྱང་སྐྱེ་བ་མེད་པ་རུ། །ཡིད་ལ་བྱེད་པའི་བསམ་གཏན་ནི། །གོལ་ས་རྣམ་ཤེས་མཐའ་ཡས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྟོབས་ལྡན་དྲི་མེད་མའི་ཞལ་ནས། མཁའ་ལྟར་བརྗོད་ལས་འདུས་མ་བྱས། །དེ་བཞིན་སེམས་ཉིད་ཅི་ཡང་མིན། །བློ་ཡི་ཐག་པ་ཆད་པ་ནི། །ཅི་ཡང་མེད་པའི་སྐྱེ་མེད་ལེན། །ངོ་བོ་རྒྱུ་ལ་སྐྱེས་བཞིན་དུ། །སྤྲོས་བྲལ་སྟོང་པ་མ་ཡིན་མཉམ། །འདི་ཡི་ཡོད་མིན་མེད་མིན་གྱི། །སྐྱེ་མེད་དག་ཏུ་གོལ་བར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤིན་ཏུ་འཇིགས་ཆེན་མའི་ཞལ་ནས། ཆོས་རྣམས་ཐམས་ཅད་དངོས་མེད་དུ། །སྟོང་པ་ཡིན་ཞེས་བློ་དམིགས་པ། །དེ་ལ་སྟོང་འཛིན་བློ་ཡོད་དེ། །ཕྱོགས་ཀྱིས་སྟོང་པའི་གོལ་སའོ། །མ་སྐྱེས་དོན་གྱི་ངོ་མཐོང་ནས། །བདག་ནི་སྤྲོས་པ་མེད་ཡིན་ལ། །གཞན་སྣང་སྟོང་པར་མ་ཤེས་པར། །མཐར་འཛིན་བློའི་དྲི་མ་སྟེ། །སྣང་གྲག་སྟོང་པའི་གོལ་སའོ། །མཁའ་འགྲོ་མ་ཆེན་མོ་འཁོར་ལོ་དཔལ་འབར་མའི་ཞལ་ནས། སྤྲོས་པ་མེད་པར་རང་གྲོལ་བའི། །ངོ་བོ་བདག་མེད་མ་རྟོགས་པར། །སྣང་བ་སྟོང་པར་ངོས་བཟུང་ནས། །དབང་པོའི་ཡུལ་དུ་གང་དམིགས་པ། །སྟོང་པ་ཡིན་ཞེས་བྱེ་བྲག་ཏུ། །དམིགས་པ་གོལ་ས་ཆེན་པོ་སྟེ། །སྟོང་འཛིན་བློ་དེ་དངོས་པོ་མིན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཀན་ཛ་ཧ་རའི་ཞལ་ནས། ཆེད་དུ་མི་དམིགས་བློས་བཟུང་པས། །མཉམ་ལ་སྟོང་པའི་རྗེས་ལ་ནི། །ཐ་མལ་ངོ་བོ་གྱུར་པ་དེ། །ཉི་ཚེ་བ་ཡི་སྟོང་པའོ། །དེ་རྣམས་བཟུང་བའི་ཡུལ་དག་ཀྱང་། །འཛིན་བྱེད་མ་དག་དྲི་མ་ཅན། །འབྲས་བུ་རྫོགས་བྱེད་རུལ་བའི་ཕྱིར། །མཐར་ཐུག་མ་ཡིན་གོལ་སའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཡེ་ཤེས་དབང་གི་རྒྱལ་མོའི་ཞལ་ནས། རང་མལ་གོལ་ས་བྱིང་བ་སྟེ། །མི་རྟོག་གོལ་ས་རྨུགས་པའོ། །ལྟ་སྟངས་གོལ་ས་སྟེང་པ་སྟེ། །བདེ་བའི་གོལ་ས་འཐས་པ་ཡིན། །གསལ་བའི་གོལ་ས་རྒོད་པ་སྟེ། །རྒྱ་ཡན་གོལ་ས་གཡེང་པའོ། །རྩོལ་བྲལ་གོལ་ས་འཐས་པ་སྟེ། །རྨུགས་པའི་གོལ་ས་བློས་སྟོང་ངོ་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཀར་མོ་སྤྱན་གཅིག་མའི་ཞལ་ནས། ཐབས་དང་བྲལ་བའི་ཤེས་རབ་ནི། །གཞི་མེད་སྟོང་པའི་གོལ་ས་ཡིན། །བདེ་བས་མ་ཟིན་སྟོང་པ་ནི། །ལམ་དུ་མི་འགྱུར་ཧན་པ་ཡིན། །ཤེས་རབ་དང་བྲལ་ཐབས་རྐྱང་གིས། །ལམ་མི་བགྲོད་པས་གོལ་བ་ཡིན། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་མ་དག་པའི་དྲི་མ་ངོས་བཟུང་པར་བསྟན་པའི་དུམ་བུ་སྟེ་ཉེར་དྲུག་པའོ། །

༈ མཁའ་འགྲོ་མ་ཆེན་མོ་པདྨ་ཀངྐའི་ཞལ་ནས། ཚངས་གནས་སྙིང་ཁ་ལྟེ་བར་གནས། །འབྱུང་དང་འཇུག་དང་གནས་པའི་རླུང་། །ཡེ་ཤེས་ལྔའི་བདག་ཉིད་ཅན། །ཨོཾ་དང་ཨཱཿདང་ཧཱུྃ་གིས་ནི། །འདིར་ནི་བདེ་གསལ་མི་རྟོགས་པ། །རྣལ་འབྱོར་རྒྱུད་ལ་སྦྱོར་འཐད་དེ། །གསུང་གི་རྡོ་རྗེ་ཡིག་འབྲུ་གསུམ། །རྡོ་རྗེ་བཟླས་པས་ཡང་དག་འགྲུབ། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་དཔལ་གྱི་འོད་ཟེར་གྱི་ཞལ་ནས། ཟླ་བའི་དཀྱིལ་འཁོར་པདྨ་ཅན། །ཡུངས་དཀར་རབ་ཏུ་གསལ་བ་ཡི། །སྣ་རྩེར་ཐིག་ལེ་འོད་ཟེར་འབར། །ཡེ་ཤེས་ལྔའི་ངོ་བོ་ཉིད། །འདི་ལ་ཤིན་ཏུ་གཟིགས་པར་བྱ། །སེམས་ལ་དམིགས་པས་རྣམ་རྟོགས་སོ། །གཟུང་འཛིན་དྲི་མ་ཕྱིར་བསལ་ནས། །མངོན་པར་བྱང་ཆུབ་ལེགས་ཐོབ་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སེང་གེ་རྒྱན་གྱི་ཞལ་ནས། ཕྱི་དང་ནང་གི་ཆོས་རྣམས་ཀུན། །སྣ་ཚོགས་དངོས་པོར་སྣང་གྱུར་ཀྱང་། །འདི་ལ་རང་བཞིན་ཡོད་མ་ཡིན། །ཆུ་ཟླའི་དཀྱིལ་འཁོར་ལྟར་ཤེས་བྱ། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །རང་གི་ངོ་བོས་རྣམ་པར་དབེན། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །བླ་མེད་ཡེ་ཤེས་མཆོག་འགྲུབ་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་དཔལ་ལེགས་མའི་ཞལ་ནས། སེམས་ནི་རྒྱུ་དབྱིབས་ཁ་དོག་ཏུ། །མ་གྲུབ་སྟོང་པའི་བདག་ཉིད་ཅན། །རིག་ཅིང་གསལ་བའི་རང་བཞིན་ནི། །གཞི་མེད་སྤྲོས་བྲལ་ངོ་བོས་དབེན། །ཡོད་དང་མེད་པའི་ཐ་སྙད་བྲལ། །འགྲོ་འོང་མེད་པའི་བདག་ཉིད་དོ། །ཚིག་ཏུ་སྨྲས་ཀྱང་བརྗོད་དུ་བྲལ། །འོད་གསལ་བ་ཡི་རྣམ་པ་ཅན། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཤེས་རབ་ལྷའི་ཞལ་ནས། ཆོས་རྣམས་ངོ་བོ་དབྱེར་མེད་དེ། །དོན་དམ་ཀུན་རྫོབ་དབྱེར་མི་ཕྱེད། །གང་འདིར་རྣམ་པར་རྟོག་པ་ནི། །ཡེ་ཤེས་ཉིད་ལས་མ་གཡོས་སོ། །འཁོར་འདས་གཟུང་འཛིན་ཐམས་ཅད་ཀྱི། །རྟོག་པ་གཉིས་ལས་རྣམ་གྲོལ་བ། །གཉུག་མའི་ཡེ་ཤེས་ཟུང་འཇུག་དེ། །རྣལ་འབྱོར་པ་ཡི་གཏེར་ཡིན་ནོ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དེ་ཁོ་ན་ཉིད་བསྟན་པའི་དུམ་བུ་སྟེ་ཉེར་བདུན་པའོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་ལྡན་དཔལ་གྱི་སྒྲོལ་མའི་ཞལ་ནས། སྤྱོད་པའི་ངོ་བོ་ཇི་ལྟ་བུ། །དུས་ཚོད་གང་དང་འབྲེལ་བ་ཡིན། །སྤྱོད་པའི་ཡོན་ཏན་གང་དུ་འབྱུང་། །མ་སྤྱད་སྐྱོན་ནི་ཅི་རུ་འགྱུར། །གསང་བའི་སྤྱོད་པ་ཇི་ལྟ་བུ། །རིགས་སྤྱོད་ཇི་ལྟར་བྱེད་པ་ཡིན། །ཕྱོགས་ལས་རྣམ་པར་རྒྱལ་བ་ནི། །ཇི་ལྟར་བྱེད་པ་བཀའ་སྩོལ་ཅིག །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དམར་མོ་དུང་གི་མཆེ་བ་ཅན་གྱི་ཞལ་ནས། ཆོས་ཅན་དང་ནི་ཆོས་ཉིད་གཉིས། །ཆེད་དུ་ཆེ་ཆུང་མཉམ་པར་བསྲེ། །རོ་མཉམ་སྤྱོད་པའི་ངོ་བོ་ཡིན། །འདི་གཉིས་མཉམ་པར་མ་གྱུར་ན། །ཆོས་བརྒྱད་དྲི་མ་འདག་མི་འགྱུར། །འདི་མ་དག་ན་རྣལ་འབྱོར་མིན། །མཆོག་དང་ཐུན་མོང་རྣམ་གཉིས་ཀྱི། །དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མདངས་ལྡན་གཞོན་ནུའི་ཞལ་ནས། རྣལ་འབྱོར་སྐུ་གསུང་ཐུགས་ལ་ནི། །ཇི་སྲིད་ནུས་པའི་རྟགས་མི་ཐོན། །རྒྱལ་བའི་ཡེ་ཤེས་བརྟེན་པ་མེད། །ལྷ་ཡི་ཐིག་ལེ་མ་ཐེབས་པར། །རྟགས་ནི་བཟུང་བར་མི་བྱའོ། །ཉམས་མྱོང་འཆོར་དང་མི་འཆོར་གྱི། །མི་མཐུན་ལམ་དུ་བསླང་པ་ན། །འགལ་བའི་རྐྱེན་ནི་གྲོགས་སུ་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གཙུག་ན་མེའི་འོད་ཟེར་གྱི་ཞལ་ནས། སྤྱོད་པ་ཡིས་ནི་གཟུང་འཛིན་གྲོལ། །གཟུང་འཛིན་གྲོལ་བར་མ་གྱུར་ན། །སྲིད་པའི་དྲ་བ་འཇིག་མི་འགྱུར། །གཉིས་སྣང་བློ་ཡི་རྟོག་པ་ནི། །སྤྱོད་པས་འབྲེལ་བར་ནུས་པ་ལས། །ལྟ་སྒོམ་གྱིས་ནི་དེ་ལྟར་མིན། །ལས་དང་ཉོན་མོངས་བག་ཆགས་ཀྱི། །སྒྲིབ་པ་སྤྱོད་པས་ཟད་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་དཔལ་ལྡན་མའི་ཞལ་ནས། བཟོ་མཁན་ལག་པ་ཆད་པ་བཞིན། །རྟོགས་ལྡན་སྤྱོད་པ་མ་བྱས་ན། །འདོད་པའི་འབྲས་བུ་སྨིན་མི་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་རྣམ་ལྔའོ། །སྤྱོད་པ་མ་བྱས་ཡེ་ཤེས་སུ། །ཉོན་མོངས་འགྱུར་བར་གང་གི་ནུས། །སྤྱོད་པས་འཁོར་བ་ལས་སྒྲོལ་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སེང་གེ་སྒྲ་སྒྲོགས་མའི་ཞལ་ནས། གསང་བའི་སྤྱོད་པ་བླ་ན་མེད། །འཇིག་རྟེན་པ་ཡི་གང་སྨད་པ། །དེ་ཡི་གཟུགས་སུ་གནས་བྱས་ལ། །མ་སྨིན་མངོན་ཚན་ཕྱིར་སྟོན་ན། །འདི་ལ་བགེགས་ནི་སྐྱེ་བར་འགྱུར། །ཉམས་དང་ཏིང་འཛིན་རྟགས་རྣམས་ནི། །བང་མཛོད་ཕྱུག་པོའི་རྐུན་མོ་བཞིན། །ཤིན་ཏུ་གསང་བར་བྱ་བ་གཅེས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དུར་ཁྲོད་གནས་ཉུལ་མའི་ཞལ་ནས། ཉམས་དང་མི་འབྲལ་ཡིད་ཀྱི་ལས། །ཇི་སྲིད་མངོན་དུ་མ་གྱུར་བར། །དེ་བཞིན་ཉིད་ལ་སེམས་གནས་བྱ། །སྐྱོ་བར་གྱུར་ན་སངས་རྒྱས་ཉིད། །ནམ་ཡང་འགྲུབ་པར་མི་འགྱུར་རོ། །བློ་བཟང་སེམས་ནི་མཉམ་གཞག་པས། །དེར་གཏད་ནས་ནི་བསྒོམ་པར་བྱ། །སྟན་ལས་འཕགས་ན་དངོས་གྲུབ་སྟོངས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་སྟོབས་ལྡན་ཀུན་གྲགས་མའི་ཞལ་ནས། སྨྱོན་པའི་གཟུང་འཛིན་མི་སྨྲ་བར། །རང་འདོད་ལྷའི་རྣལ་འབྱོར་གྱི། །ཤ་ཟ་བཞིན་དུ་ཀུན་ཏུ་འཁྱམ། །འཇིག་རྟེན་སྤྱོད་པ་རྣམ་སྤངས་ལ། །བཞི་མདོ་དུར་ཁྲོད་གྲོང་ཁྱེར་དུ། །ཚལ་པའི་གཟུགས་སུ་གནས་པར་བྱ། །ཏིལ་འབྲུ་ཙམ་གྱི་དངོས་པོ་ཡང་། །ཡོངས་སུ་གཟུང་བར་མི་བྱའོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཡེ་ཤེས་དབང་གི་རྒྱལ་མོའི་ཞལ་ནས། སྤྱོད་པའི་ཐབས་ཀྱིས་ཟིན་གྱུར་ན། །སྡིག་པ་ཡང་ནི་དགེ་བར་འགྱུར། །སྦྱོར་བ་འདི་ཡི་ནུས་པ་ཡིས། །དངོས་གྲུབ་མཚན་མ་གང་ཅི་བྱུང་། །དེ་ཀུན་སྐད་ཅིག་ཙམ་ལ་ནི། །རང་ཉིད་ལ་ནི་གནས་པར་འགྱུར། །མཁས་པས་སྦུན་པ་ཕྱིར་བསལ་ནས། །དུས་དེ་ཉིད་དུ་འབྲས་བུ་རྫོགས། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའ་འོད་ལྡན་འོད་ཀྱི་ཞལ་ནས། ཤེས་པ་རྐྱེན་བྲལ་དཀྱིལ་འཁོར་ཏེ། །བྲིས་པའི་ད་ལ་མི་བྱའོ། །ཐམས་ཅད་སྟོང་པའི་ཕྱག་རྒྱ་ཅན། །ཕྱག་རྒྱ་བཅིང་བར་མི་བྱའོ། །ཤེས་པ་གང་སྐྱེས་སྔགས་ཡིན་པས། །རྣལ་འབྱོར་སྙིང་པོ་མི་བཟླས་སོ། །སེམས་ནི་རྟོག་པ་ལས་དབེན་ཏེ། །སྒྲུབ་གནས་རི་ཁྲོད་བརྟེན་མི་བྱ། །ཞེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་ལྟ་སྒོམ་གྱི་འདོགས་རྣམ་པར་ཕྱུང་བ་ཞེས་བྱ་བ་སྤྱོད་པའི་དུམ་བུ་སྟེ་ཉེར་བརྒྱད་པའོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་ཟླ་བའི་ཞལ་ནས། ཐོག་མ་སོ་སོ་སྐྱེ་བོ་ཡི། །དུས་ན་ཀུན་གཞིའི་རྣམ་ཤེས་ཡིན། །ཟག་པ་དང་བཅས་ཆོས་རྣམས་བསྟེན། །ལས་རྣམས་བསོག་པར་བྱེད་པ་སྟེ། །རྟོག་པ་རང་རྒྱུད་འབའ་ཞིག་པས། །སངས་རྒྱས་ས་ལ་གནས་འགྱུར་བས། །ཡེ་ཤེས་གཞན་གྱིས་བརྟེན་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཀུན་བཟང་ཡེ་ཤེས་ལེགས་ཀྱི་ཞལ་ནས། ཐོག་མ་སྐྱེ་བོ་ཐ་མལ་གྱི། །དུས་ན་ཉོན་མོངས་ཅན་གྱི་ཡིད། །ཀུན་གཞིའི་རྣམ་པར་ཤེས་པ་ལ། །ང་དང་བདག་ཏུ་དམིགས་པར་བྱེད། །ཐ་མལ་རྟོག་པ་གྲོལ་བ་ཡིས། །སངས་རྒྱས་ས་ལ་གནས་འགྱུར་བ། །སྲིད་པ་ཞི་བར་མི་རྟོག་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བདེ་ལྡན་རྡོ་རྗེ་མའི་ཞལ་ནས། ཐོག་མར་སོ་སོ་སྐྱེ་བོ་ཡི། །དུས་ན་ཡིད་ཀྱི་རྣམ་ཤེས་ནི། །སྣ་ཚོགས་ཡུལ་ལ་རབ་འཇུག་ཅིང་། །གཉིས་སྣང་སྐྱེ་བར་བྱེད་པ་སྟེ། །ཡིད་ལ་ཐ་མལ་བློ་བྲལ་བས། །སངས་རྒྱས་ས་ལ་གནས་འགྱུར་བ། །ཤེས་བྱ་ཀུན་ཐོགས་མེད་པ་ཡི། །སོ་སོར་རྟོག་པའི་ཡེ་ཤེས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་བཟང་མོ་རིན་ཆེན་མཛེས་ཀྱི་ཞལ་ནས། རྒྱུ་ནི་སོ་སོའི་སྐྱེ་བོ་ཡི། །དུས་ན་སྒོ་ལྔའི་རྣམ་ཤེས་ནི། །བླང་དོར་བྱ་བ་ཐམས་ཅད་བསྒྲུབས། །བག་ཆགས་འཛིན་པར་བྱེད་པ་སྟེ། །གཉིས་སྣང་རང་སར་གྲོལ་བའི་མཐུས། །སངས་རྒྱས་ས་ལ་གནས་འགྱུར་བ། །གདུལ་བྱའི་དོན་རྣམས་མཛད་པ་ཡི། །བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དགེ་རྒྱས་ཟླ་བའི་ཞལ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །རང་བཞིན་གྱིས་ནི་རྣམ་པར་དག །གློ་བུར་དྲི་མ་ཐམས་ཅད་བྲལ། །ཡོན་ཏན་མ་ལུས་རྟེན་པའི་གནས། །ཆོས་ཀྱི་དབང་ཕྱུག་ཅེས་བྱ་གྲགས། །རང་བཞིན་ཕུན་སུམ་ཚོགས་པའི་བདག །གཟུགས་སྐུ་གཉིས་པོ་འབྱུང་པའི་རྒྱུ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་དབང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་མདངས་ལྡན་པདྨའི་ཞལ་ནས། གསལ་ལ་རྟོག་པ་མེད་པ་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆོས་རྣམས་དུ་མ་རོ་གཅིག་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཆོས་ཉིད་སོ་སོར་རྟོགས་པ་ནི། །སོ་སོར་རྟོགས་པའི་ཡེ་ཤེས་སོ། །འདི་ལས་སེམས་ཅན་དོན་འབྱུང་ན། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྟོང་ཉིད་དངོས་པོ་སྤྲོས་བྲལ་བ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའ་ལེགས་སྐྱེས་མའི་ཞལ་ནས། གཟུང་འཛིན་ཞི་བས་མི་བསྐྱོད་པ། །དགོས་འདོད་འབྱུང་པས་རིན་འབྱུང་ངོ་། །སྤྲོས་པ་ཆོད་པས་སྣང་མཐའ་ཡས། །འདོད་པ་མངོན་གྱུར་དོན་ཡོད་གྲུབ། །སྣ་ཚོགས་སྣང་བས་རྣམ་སྣང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་དུག་སྡོང་ནི། །རིགས་ལྔ་རུ་ནི་རྣམ་པར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཐུགས་རྗེ་གཞོན་ནུ་སྒྲོན་མེའི་ཞལ་ནས། དུས་གསུམ་འགྲོ་འོང་གཅད་པ་ཡི། །སྣང་བ་རང་སར་གྲོལ་བའི་མཐུས། །བག་ཆགས་ལེན་པའི་རྩ་ཞ་བ། །སྒོ་ལྔའི་རྣམ་པར་ཤེས་པ་ནི། །བྱ་བ་ནན་ཏན་ཡེ་ཤེས་སོ། །དྲན་རིག་སྐྱེ་འགག་ལས་གྲོལ་བས། །ཡིད་ཀྱི་རྣམ་པར་ཤེས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རྒྱུ་ཡི་དྲི་མ་རྣམ་འགྱུར་བ། །འབྲས་བུའི་ཡེ་ཤེས་ངོ་མཚར་ཆེ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཁོར་ལོ་རྒྱན་མཛེས་མའི་ཞལ་ནས། ཚོགས་དྲུག་དཀར་དམར་སྣང་བ་ལ། །འཛིན་མེད་དབྱིངས་སུ་ཡལ་བའི་མཐུས། །ཆོས་དག་པ་ལས་སྤྲུལ་སྐུ་འབྱུང་། །ཆེད་དུ་འཛིན་པའི་བློ་བྲལ་བས། །རྒྱུན་མི་ཆད་པར་གནས་པ་ཡི། །ཡེ་ཤེས་དག་པས་ལོངས་སྐུ་འབྱུང་། །བློ་ཡི་དྲི་མ་དང་བྲལ་བས། །རང་བཞིན་དག་པས་ཆོས་སྐུ་མཐོང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཡེ་ཤེས་ཐུགས་རྒྱན་མའི་ཞལ་ནས། གཞི་མེད་རྟོག་མེད་རང་བཞིན་ལ། །གང་ཟག་རྒྱུད་ལ་བདེ་སྟོང་ཉམས། །དབྱེར་མེད་མངོན་དུ་གྱུར་པ་ནི། །ཆོས་སྐུ་དེ་ཡིན་གཟུགས་སྐུ་གཉིས། །སྤྲུལ་པའི་དགོས་པ་མེད་གྱུར་ཀྱང་། །རྒྱུ་དང་དེ་བཞིན་སེམས་བསྐྱེད་དང་། །ལམ་དུ་སྨོན་ལམ་བཏབ་པའི་མཐུས། །ཟླ་བ་ཆུ་ཤེལ་དང་འཕྲད་བཞིན། །གཟུགས་སྐུ་གཉིས་པོ་འབྱུང་བར་བྱེད། །ཅེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་དཔལ་གྱི་ཐུགས་རྣམ་པར་གྲོལ་བ་ཞེས་བྱ་བའི་དུམ་བུ་སྟེ་ཉེར་དགུ་པའོ། །

༈ མཁའ་འགྲོ་མ་ཆེན་མོ་འཕྲུལ་གྱི་རྒྱན་ལྡན་མའི་ཞལ་ནས། ཨེ་མ་མཁའ་འགྲོ་གསང་བའི་གནད། །བལྟས་པས་ཆོས་ལྡན་དབང་ཕྱུག་ཐོབ། །བཅིངས་པས་དབང་བཞི་རྫོགས་པར་འགྱུར། །འདི་ནི་བྲིས་པ་ཙམ་གྱིས་ཀྱང་། །གྲུབ་ཆེན་བརྒྱད་པོ་ཐོབ་པར་བྱེད། །སེང་གེ་གླང་ཆེན་ཁྱུ་མཆོག་དང་། །དུད་འགྲོའི་རྣ་བར་ཐོས་པས་ཀྱང་། །དེ་དག་ཕྱིར་མི་ལྡོག་པར་འགྱུར། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་བློ་གྲོས་མའི་ཞལ་ནས། རི་ཀ་ཙན་དྷ་ལི། །ཨེ་པན་ཙ་ལོ་པྲ་དྷན་ས། །སྭ་ཏི་ཛི་ན་བི་ད་ར། །མ་ལུ་མ་ཏི་ཨ་ལི་ཙ། །ས་ར་མ་ཙ་སྲི་ཏ་ཏ། །བྷ་ར་ཀ་ཤ་རམ་བྷི་ན། །ཨ་མ་ར་ཤི་མ་ཁ་ལི། །ས་ར་མ་མ་ཙི་ཙ་ག་ཏེ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་དབང་གི་རྒྱལ་མོའི་ཞལ་ནས། གླེགས་བམ་མཐོང་བ་ཙམ་གྱིས་ཀྱང་། །སྔགས་ཀྱི་སྣོད་དུ་རུང་བྱེད་ཅིང་། །ཏིང་འཛིན་སྟོང་ཕྲག་བརྒྱད་ཅུ་ཡི། །སྒོ་རྣམས་མ་ལུས་འབྱེད་པར་བྱེད། །སྟོན་པས་བདུད་ཀྱི་ཕྱག་རྒྱ་གྲོལ། །སྡིག་པ་མ་ལུས་དག་བྱེད་ཅིང་། །དྲི་མ་མེད་པའི་སྙིང་པོའི་དོན། །དེ་ཉིད་རྒྱུད་ལ་སྐྱེ་བར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཕྲུལ་གྱི་ཟླ་བའི་ཞལ་ནས། ཨེ་བམ་མ་ཡ་ཏྲ་ས་ན། །ཨ་མ་ནི་ས་ཀ་ར་ཛྙ། །བ་རུ་སྭ་སྭ་བི་ས་གྷ། །ཨ་བྷི་ཥིཉྩ་པྲ་བེ་ཏེ། །བ་ར་ས་ཀ་ཀ་ལི་ཤ།།ནེ་པ་ར་མ་ཙན་དྷ་ལི། །ཧུ་ལུ་སི་པ་ཙ་ར་ན། །ཁ་ཧི་རི་ལ་བྷ་རི་ནི། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ནམ་མཁའི་རྒྱན་ལྡན་མའི་ཞལ་ནས། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱིས། །མུན་པའི་སྨག་རུམ་འཇོམས་པ་བཞིན། །འདི་ནི་གང་ན་བཞུགས་པ་དེར། །གསལ་བའི་སྣང་བ་སྟོན་པར་བྱེད། །མཆོག་གི་ནོར་བུ་རིན་པོ་ཆེས། །སེམས་ཅན་རེ་བ་སྐོང་བྱེད་ལྟར། །མི་ཟད་ནམ་མཁའ་གཏེར་གྱི་མཛོད། །འདི་ལས་དགོས་པའི་དོན་རྣམས་འབྱུང་། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་ཡེ་ཤེས་ཀྱི་ཞལ་ནས། མ་ཧཱ་མུ་དྲ་དྷ་པ་རི། །སརྦ་བ་ནི་བྷ་རི་ཤ།།པ་ར་ཡ་ནི་ཀུན་དྷ་ལི། །པྲི་ཡཾ་ཀ་ར་བྷ་ཏ་ར། །ཨེ་ཏྲ་གོ་མི་ས་ཤ་ན། །ས་ས་ཀུ་ལེ་སི་ཀ་ཡ། །པྲ་མ་ཛུ་ཏུ་བ་ལ་ཧོ། །ཀ་ར་སི་ཏ་མ་ཏ་ལ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་འཕྲུལ་གྱི་མིག་ཅན་མའི་ཞལ་ནས། གང་གིས་གཙུག་ཏུ་འདི་བླངས་ན། །ནད་དང་འཇིགས་པ་ཀུན་ལས་སྐྱོབ། །མཁའ་འགྲོའི་དམོད་སྔགས་ཀླུ་ཡི་བྱད། །རྒྱལ་པོའི་ཆད་པ་ལས་གྲོལ་འགྱུར། །གདོན་དང་བགེགས་རྣམས་ཞི་བྱེད་ཅིང་། །དེ་བཞིན་དུས་མིན་འཆི་བ་དང་། །མེ་དང་མཚོན་དང་དུག་སྦྲུལ་དང་། །འཁྲུལ་འཁོར་ལས་ཀྱིས་མི་ཚུགས་སོ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་ཐུགས་རྗེ་འདོད་འཇོ་མའི་ཞལ་ནས། ཀོ་ཏི་མ་ན་བེ་ནུ་རེ། །རུ་རུ་པ་ཙ་མ་དྷ་ལ། །སི་རི་བི་ཀ་ཙ་མ་ཏེ། །མ་ཏི་ཧ་ར་དྷ་ན་ཡ། །པ་ར་མ་ཏུ་ཀུ་ལི་ཏ། །སོ་རི་ཧ་ཏ་མ་དྷ་ལི། །ཨ་ར་པ་ཙ་མ་ཏཾ་ཀི །ས་ཙུ་ལ་ནེེ་ཁ་ལེ་ཀུ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་རིན་ཆེན་བློ་གྲོས་དཔལ་མའི་ཞལ་ནས། གསང་མཛོད་གནས་པའི་ས་ཕྱོགས་སུ། །ལུས་ངག་དང་བས་ཕྱག་འཚལ་ལོ། །བྱང་ཆུབ་མཆོག་གི་སེམས་སྐྱེ་ཞིང་། །བསོད་ནམས་དཔག་མེད་ཐོབ་པར་འགྱུར། །བག་ཆགས་ས་བོན་སྲེག་བྱེད་ཅིང་། །ལས་ཀྱི་ལུ་གུ་རྒྱུད་ཀྱང་གཅོད། །དེ་ཡིས་ངན་འགྲོ་རྣམ་པར་སྤོང་། །ཐོབ་གནས་གཉིས་པོ་ཐོབ་པར་བྱེད། །ཅེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་དཔལ་གྱི་འོད་འཛིན་མའི་ཞལ་ནས། ཧ་རི་བྷ་བྷེ་ར་ག་ཏི། །ཛ་ཀི་སུརྱ་བི་ཀ་ལ། །སརྦ་ག་ཙི་མ་ཀི་ཏེ། །ས་མོ་ཧ་ལེ་ཨུ་དུ་ཧ། །བ་ན་མུ་ཧ་ཏ་མ་ར། །གྷ་ན་ཙཀྲ་ཕ་ལ་ཧོ། །སྭད་ཏ་བི་ག་ཡ་སི་ར། །ཏ་ར་མ་ཏི་ཀོ་ལ་ཏ། །ཞེས་གསུངས་སོ། །

༈ མཁའ་འགྲོ་མ་ཆེན་མོ་གསེར་གྱི་རྒྱན་ཅན་མའི་ཞལ་ནས། མཁའ་འགྲོ་ཐུགས་ཀྱི་གསང་མཛོད་འདི། །དྲན་པ་དང་ནི་འཆང་བ་དང་། །འཛིན་དང་ཡི་གེ་བྲི་བ་དང་། །ཚིག་ཏུ་འདོན་ནམ་བཀླགས་པས་ཀྱང་། །ཆོས་ཀུན་རྟོགས་པར་ཁོང་དུ་ཆུད། །འདི་དོན་ཡིད་ལ་བྱས་པ་ན། །ཚེ་འདི་ཉིད་ལ་རྫོགས་སངས་རྒྱས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །རིན་པོ་ཆེ་དབང་གི་ཐིག་ལེ་ཞེས་བྱ་བ་མཁའ་འགྲོ་མ་ཐུགས་ཀྱི་གསང་མཛོད་ལས་ཡོན་ཏན་མཐའ་ཡས་པར་བསྟན་པ་ཕྱེ་བའི་དུམ་བུ་སྟེ་སུམ་ཅུ་པའོ། །མཁའ་འགྲོ་མ་དྲ་བ་སྡོམ་པ་རྒྱ་མཚོ་ཏནྡྲ་ལེའུ་ཉི་ཁྲི་ལྔ་སྟོང་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ནང་ནས་རིན་པོ་ཆེ་དབང་གི་ཐིག་ལེའི་ལེའུ་དཔལ་ལྡན་རྣལ་འབྱོར་མའི་ཟུང་ཁྲག་ཕྱིར་བཏོན་པ། མཁའ་འགྲོ་ཐུགས་ཀྱི་གསང་མཛོད་དཔའ་མོ་གཡུལ་ལས་རྒྱལ་བ་རྣམས་ཀྱིས་གསུངས་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་ཨ་བྷྱཱ་ཀ་རའི་ཞལ་སྔ་ནས་དང་། བོད་ཀྱི་བན་དེ་སྒྲ་བསྒྱུར་མཁན་པོ་མི་ཉག་ལོ་ཙཱ་བ་བློ་གྲོས་དཔལ་སེང་གེས་མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་གདན་དུ་གསེར་སྲང་སྟོང་གི་མཎྜལ་ཕུལ་ནས་ཞུས་ཤིང་གཏན་ལ་ཕབ་པའོ། །སླད་ཀྱི་རྗེ་དམ་པས་དཔལ་ཨུ་རྒྱན་གྱི་ཡུལ་དུ་གཏུགས་ནས་རྗེ་བལ་པོ་ཀུ་ཐང་དྷེས་སྒྲོས་ཏེ་བོད་ཡིག་ཏུ་བཏབ། ཁ་ཅིག་ཐབས་ཀྱི་ཡི་གེར་གནས་པས་བོད་ཡིག་ཏུ་མ་བསྒྱུར་རོ། །ཤུ་བྷཾ། མངྒ་ལམ། ཅེས་ཡི་གེའི་འདུ་བྱེད་སོར་རྩེ་ལས་སྒྱུར་བར་སྤྲོ་བ། ཟུང་མཁར་ཤར་ལྕོག་པ་ཙནྡྲ་རསྨིའོ། །བཀྲ་ཤིས་དཔལ་འབར་སྒྲུབ་བརྒྱུད་བསྟན་པ་རབ་རྒྱས་མཁའ་ཁྱབ་འགྲོ་རྣམས་བདེ་དགེའི་དཔལ་ལ་སྤྱོད་པའི་འཛམ་གླིང་རྒྱན་དུ་བསྟན་པ་ཡར་རྒྱས་བྱོན་ཞིང་དགེ་ལེགས་སྲིད་མཐར་སྤེལ་བ་ཉིད་དུ་ཤོག །

Pecha page