མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
མཁའ་འགྲོའི་གཙོ་མོ་མངོན་སྤྱོད་མ་སོགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཞུས་ལན་དང་གདམས་པའི་ཆོས་ཚུལ།
༄༅། །མཁའ་འགྲོའི་གཙོ་མོ་མངོན་སྤྱོད་མ་སོགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཞུས་ལན་དང་གདམས་པའི་ཆོས་ཚུལ་བཞུགས། པོད་འདིའི་མགོ་ནས་མ་ཡིག་སྡེབ་གཅིག་ཆད་འདུག །དུ་འཕགས་པ་ཡིན་པས། ཚེ་འདི་བློས་བཏང་བའི་རྒྱུད་འཛིན་གྱི་བུ་ཕྱི་མ་དོན་དུ་གཉེར་བ་ཞིག་ལ་སྟེར་ཡང་ཚོགས་དང་གཏོར་མ་མེད་པ་ལ་བྱིན་ན། ཌཱ་ཀི་རྣམས་ཀྱིས་ཆད་པ་ཆོད་ཅིག །གཏོར་ཚོགས་གཅིག་དང་འབྲེལ་བ་གལ་ཆེའོ། །
༈ བཛྲ་དྷ་ར་མ་ཏི་རཏྣ་ཡེ་ན་མོ། ནོར་བུ་འབར་བའི་དགོས་འདོད་མ་ལུས་རེ་སྐོང་ཞེས་བྱ་བའི་གསོལ་འདེབས་འདི་ལ་བཞི་སྟེ། ཕྱི་ནང་གསང་བ་དེ་ཁོ་ནའོ། །དང་པོ་ནི། ཤྲཱི་ཧེ་རུ་ཀ་ཨ་ཧཾ། བདེ་བ་ཆེན་པོའི་ངང་ནས་རང་གི་སྤྱི་བོར་བརྐྱངས་ཁྲུ་གང་ཙམ་གྱི་སྟེང་དུ། པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། བཀའ་བརྒྱུད་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། བླ་མ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ། སྐད་ཅིག་གིས་ཝལ་གྱིས་བསྐྱེད། དེ་ལ་འཁོར་བཀའ་བརྒྱུད་རྒྱ་མཚོའི་ཚོགས་ཀྱིས་སྤྲིན་ལྟར་གཏིབས་ནས་ཡོད་ལ་ཡོད་བཞིན་གསལ་གདབ་བོ། །དེ་ཡི་གཡས་ཕྱོགས་སུ་བཅག་ཙམ་གྱིས་པད་སྡོང་མཐའ་ཡས་པའི་དབུས་སུ། སྟག་གམ་ཏྲི་སྣ་ཤ་རའི་གདན་གྱི་སྟེང་དུ། རྒྱ་བོད་ཀྱི་གྲུབ་ཐོབ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། མཚུངས་མེད་བློ་གྲོས་རིན་པོ་ཆེ་ལ། ཡུམ་རྡོ་རྗེ་རྣལ་འབྱོར་མས་འཁྱུད་པ་སྐད་ཅིག་གིས་བསྐྱེད། དེ་ལ་འཁོར་རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་ལྔས་སྤྲིན་ལྟར་གཏིབས་ནས་ཡོད་ལ་ཡོད་བཞིན་གསལ་གདབ་བོ། །གཡོན་ཕྱོགས་སུ་བཅག་གང་ཙམ་གྱིས་པད་ཉི་རོ་ཡི་གདན་གྱི་སྟེང་དུ། གནས་གསུམ་གྱི་ཌཱ་ཀི་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། ཡུམ་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་དཔལ་ཧེ་རུ་ཀས་འཁྱུད་པ་སྐད་ཅིག་གིས་བསྐྱེད། དེ་ཡི་ཕྱོགས་བཞི་མཚམས་བཞི་ཡི་ཌཱ་ཀི་མ་ལ་སོགས་སྭོས་པ། ཌཱ་ཀི་བསམ་གྱིས་མི་ཁྱབ་པས་སྤྲིན་ལྟར་གཏིབས་ནས་ཡོད་ལ་ཡོད་བཞིན་གསལ་གདབ་བོ། །དེ་རྣམས་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་གནས་མཆོག་ཏུ་གྱུར་པ་རྣམས་དང་། ཨུ་རྒྱན་གྱི་གནས་ནས་རང་ལ་རང་འདྲ་བའི་བླ་མ་གྲུབ་ཐོབ་ཌཱ་ཀིའི་ཚོགས་དང་བཅས་པ། བཛྲ་ས་མཱ་ཛཱཿཛཱ་ཞེས་པས་སྤྱན་འདྲེན་གཉིས་མེད་དུ་བསྟིམས།
ཕྱི་ནང་གསང་བ་གསུམ་གྱི་མཆོད་པས་མཆོད་པ་ནི། གུ་རུ་ཤྲཱི་ཙཀྲ་ཌཱ་ཀི་ཡེ་མཎྜལ་ལ་ས་པ་རི་ཝ་ར། དྷུ་ན་ཤྲཱི་ཨོཾ་ཨ་ཧཱུཾ། གུ་རུ་ཤྲཱི་ཙཀྲ་ཌཱ་ཀི་ཡེ་མཎྜལ་ས་པ་རི་ཝ་ར་ཨོཾ་ཨ་ཧཱུཾ། གུ་རུ་ཤྲཱི་ཙཀྲ་ཌཱ་ཀི་ཡེ་མཎྜལ་ལ་ས་པ་རི་ཝ་ར་ནི་རི་ཏེ་ཨོཾ་ཨ་ཧཱུཾ། གུ་རུ་ཤྲཱི་ཙཀྲ་ཌཱ་ཀི་ཡེ་མཎྜལ་ལ་ས་པ་རི་ཝ་ར་ཧེ་རུ་ཀ་ཨོཾ་ཨ་ཧཱུཾཿ རྣམ་ཀུན་དབང་ཕྱུག་མ་ཕམ་མཐོན་གའི་མདོག །སྲིད་ཞི་མཐའ་བྲལ་རང་གྲོལ་ཆེན་པོའི་དབྱིངས། །བླ་མེད་ཆེ་གསང་དུས་གསུམ་དུས་མིན་གཟིགས། །བརྒྱད་ལྡན་མ་ཕམ་རྡོ་རྗེ་འཆང་ལ་འདུད། །རྒྱལ་དང་དེ་སྲས་རྣམ་འཕྲུལ་འགྲོ་བའི་མགོན། །མཐོང་ཐོས་དྲན་རེག་དཔལ་ལ་དབང་སྒྱུར་བའི། །ཞིང་འདིར་འགྲོ་ཚོགས་དཔག་གཡས་སྒྱུ་འཕྲུལ་འཛིན། །སྲིད་གསུམ་བདེ་བཀོད་མ་ཏི་རྗེ་ལ་འདུད། །ཤེས་རབ་ཕར་ཕྱིན་སྲིད་ཞི་ཆེན་མོའི་ཡུམ། །བླ་མེད་དབྱིངས་ལ་འགྲོ་རྣམས་བཀོད་མཛད་མ། །ཟག་མེད་བདེ་ཆེན་སྐུ་བཞི་ལྷུན་གྱིས་གྲུབ། །ཤེས་རབ་ཕར་ཕྱིན་གསང་བའི་ཡུམ་ལ་འདུད། །ཕྱག་འོས་རྣམས་ལ་བསྟོད་པར་བྱའོ། །
དེ་ནས་གསོལ་བ་འདེབས་པའི་དུས་སུ། སྤྱི་བོའི་གུ་རུ་གྲུབ་ཐོབ་ཌཱ་ཀི་རྣམས་ལ་དམིགས་པ་ནི། ཚེ་འདི་དང་ཕྱི་མའི་སྐྱབས་མགོན་གྱི་སྐྱེལ་མ་མཁྱེན་ནོ་སྙམ་པའི་གདུང་སེམས་ཀྱི་ངང་ནས་གསོལ་བ་འདེབས་པ་དེ་ནི་ཕྱི་ལྟར་གསོལ་བ་གདབ་པའོ། །གུ་རུ་མ་ཏི་རཏྣ་ཌཱ་ཀི་ཡེ་ན་མོ། འདིར་ཚོགས་སྐལ་ལྡན་ཐམས་ཅད་ཀུན། །བདག་གི་སྤྱི་བོར་ཡར་ལྟོས་དང་། །པད་སྡོང་སྟེང་གི་དབུས་སུ་ནི། །དགོས་འདོད་ནོར་བུ་འབར་བ་ཡོད། །དབུས་ཀྱི་ནོར་བུར་ཡར་ལྟོས་དང་། །མུ་མེན་མཐིང་གི་གུར་ཁང་ན། །བཀའ་བརྒྱུད་བདེར་གཤེགས་འདུས་པའི་སྐུ། །ངོ་བོ་བླ་མ་ཡིན་པ་ལ། །རྣམ་པ་རྡོ་རྗེ་འཆང་དང་མཚུངས། །ཤེས་རབ་ཡུམ་དང་གཉིས་སུ་མེད། །བཀའ་བརྒྱུད་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །འདིར་ཚོགས་སྐལ་ལྡན་ཐམས་ཅད་ཀུན། །གསོལ་བ་བཏབ་ན་དེ་ལ་ཐོབ། །དབང་བཞི་ལེན་ན་དེ་ལ་ལོང་། །དངོས་གྲུབ་ཞུ་ན་དེ་ལ་ཞུས། །འདི་ཕྱིའི་སྐྱབས་མགོན་ཡུལ་གཅིག་ཡོད། །དེ་ཕྱིར་དེ་ལ་གསོལ་བ་ཐོབ། །དབུས་ཀྱི་གཡས་སུ་ཕར་ལྟོས་དང་། །རིན་ཆེན་སྣ་ཚོགས་གུར་ཁང་ན། །གྲུབ་ཐོབ་ཀུན་གྱི་ངོ་བོ་ནི། །ངོ་བོ་གྲུབ་ཐོབ་ཡིན་པ་ལ། །རྣམ་པ་དེ་ལོ་རང་དང་མཚུངས། །ཤེས་རབ་ཡུམ་དང་གཉིས་སུ་མེད། །གྲུབ་ཐོབ་བརྒྱད་ཅུའི་ཚོགས་ཀྱིས་བསྐོར། །འདིར་ཚོགས་སྐལ་ལྡན་ཐམས་ཅད་ཀུན། །གསོལ་བ་འདེབས་ན་དེ་ལ་ཐོབ། །དབང་བཞི་ལེན་ན་དེ་ལ་ལོང་། །དངོས་གྲུབ་ཞུ་ན་དེ་ལ་ཞུས། །འདི་ཕྱིའི་སྐྱབས་མགོན་ཡུལ་གཅིག་ཡོད། །དེ་ཕྱིར་དེ་ལ་གསོལ་བ་ཐོབ། །དབུས་ཀྱི་གཡོན་དུ་ཚུར་ལྟོས་དང་། །པདྨ་ར་གའི་གུར་ཁང་ན། །གནས་གསུམ་ཌཱ་ཀིའི་ངོ་བོ་ནི། །ངོ་བོ་ཤེས་རབ་ཡིན་པ་ལ། །རྣམ་པ་ཕག་མོ་ཡུམ་དང་མཚུངས། །ཧེ་རུ་ཀ་དང་གཉིས་སུ་མེད། །གནས་གསུམ་ཌཱ་ཀིའི་ཚོགས་ཀྱིས་བསྐོར། །འདིར་ཚོགས་སྐལ་ལྡན་ཐམས་ཅད་ཀུན། །གསོལ་བ་འདེབས་ན་དེ་ལ་ཐོབ། །དབང་བཞི་ལེན་ན་དེ་ལ་ལོང་། །དངོས་གྲུབ་ཞུ་ན་དེ་ལ་ཞུས། །འདི་ཕྱིའི་སྐྱབས་མགོན་ཡུལ་གཅིག་ཡོད། །དེ་ཕྱིར་དེ་ལ་གསོལ་བ་ཐོབ། །དབྱངས་འདི་ལ་ཌཱ་ཀིའི་བྱིན་རླབས་ཆགས། །བོད་མི་ལ་དཀོན་པའི་གདམས་པ་ཡིན། །སྐལ་ལྡན་དང་བ་འདྲེན་པའི་གདམས་པ་ཡིན། །ཐེ་ཚོམ་མེད་པའི་གདམས་པ་ཡིན། །ཡིད་གཉིས་མ་བྱེད་སྐལ་ལྡན་རྣམས། །མཁའ་སྤྱོད་གནས་སུ་འདྲེན་པར་ཤོག །ཅེས་པ་ཌཱ་ཀི་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་ཌཱ་ཀི་ཡི་སྐྱོ་གླུ་ཐོས་གྲོལ་ཞེས་བྱ་བ་བོད་ཀྱི་རཏྣ་དྷོ་ཙ་ཞེས་བྱ་བ་ལ་རྫོགས་སོ། །འདི་ཡི་བརྒྱུད་པ་ནི་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་མ་དེས་སུ་དྷ་རི། དེས་དྷོ་ཙ་༼ཛ་ཡིན་སྙམ༽ཏཱ་རེ། དེས་ཨ་ནན་བྷ་ཏྲ། དེས་རཏྣ་དྷོ་ཙའི་དྲུང་དུ་གུས་པའི་ཚུལ་གྱིས་ཕུལ་བའོ། །
༈ དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །མཚུངས་མེད་བློ་གྲོས་རིན་ཆེན་ལ་གསོལ་བ་འདེབས། །ཅི་བསམ་ལྷུན་གྲུབ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འགྱུར་མེད་བརྟན་པ་ཐོབ་པའི་ལྟ་བ་དང་། །བདེ་ཆེན་ལྷུན་གྱིས་གྲུབ་པའི་བྷེ་སྒོམ་པ་དང་། །འཁྲུལ་པ་ཡེ་ཤེས་སུ་འཆར་བའི་སྤྱོད་པ་དང་། །བླ་མའི་བཀའ་བཞིན་བསྒྲུབ་པའི་དམ་ཚིག་དང་། །སྐུ་གསུམ་མངོན་དུ་གྱུར་བའི་འབྲས་བུ་རྣམས། །སྐད་ཅིག་ཉིད་ལ་མངོན་སུམ་རྟོགས་པར་ཤོག །དགེ་བསྙེན་དགེ་སྡིག་སོ་སོར་འབྱེད་པར་བྱིན་གྱིས་རློབས། །དགེ་ཚུལ་ཐམས་ཅད་དགེ་ཕྱོགས་སུ་འགྲོ་བར་བྱིན་གྱིས་རློབས། །དགེ་སློང་རང་སེམས་ཀློང་དུ་འགྱུར་བར་བྱིན་གྱིས་རློབས། །འཁྲུལ་ཞིག་བྱས་ཆོས་རང་སར་ཞིག་པར་བྱིན་གྱིས་རློབས། །སྒོམ་ཆེན་དུ་མ་རོ་གཅིག་རྟོགས་པར་བྱིན་གྱིས་རློབས། །རྟོགས་ལྡན་ལྟ་བའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །གྲུབ་ཐོབ་དངོས་གྲུབ་རྣམ་གཉིས་ཐོབ་པར་བྱིན་གྱིས་རློབས། །སྟོང་ཉིད་སྙིང་རྗེ་འབྱོངས་བར་བྱིན་གྱིས་རློབས། །བློ་ཆོས་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །ཅི་བསམ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཇི་ལྟ་ཇི་སྙེད་དེ་ལྟར་མངོན་གྱུར་ནས། །བདག་ཅག་མཐོང་ཐོས་དྲན་རེག་གྱུར་པ་ཡི། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །ཇི་བཞིན་པ་ཡི་གནས་ལུགས་རྟོགས་པར་ཤོག །མི་མངོན་དབྱིངས་ན་བཞུགས་པའི་ཆོས་བདག་རྣམས། །དེ་ཡི་བཀའ་སྲུང་ཆོས་སྐྱོང་སྲུང་མའི་ཚོགས། །སྒྲུབ་པ་པོ་ལ་བུ་བཞིན་ཐུགས་བརྩེའི་ཕྱིར། །བདུད་བཞི་ལ་སོགས་མི་མཐུན་རྐྱེན་རྣམས་ཀུན། །མྱུར་དུ་ཞི་ནས་དབྱིངས་སུ་སྒྲོལ་གྱུར་ཅིག །ཨོཾ་འགྲུབ་པར་གྱུར་ཅིག་ཆོས་བདག་ཌཱ་ཀིའི་ཚོགས། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གནས། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དཔལ་འབྱོར་རྒྱུ་རྐྱེན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ཌཱ་ཀིའི་ཚོགས་དང་ནམ་ཡང་མི་འབྲལ་ཞིང་། །ཚེ་རིང་ནད་མེད་བསོད་ནམས་འཕེལ་བ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག །དཔལ་ལྡན་མགོན་པོས་བདུད་བཞི་བཅོམ་པ་དང་། །དཔལ་ལྡན་ལྷ་མོས་འདོད་དགུ་སྟེར་བ་དང་། །ཕོ་ཉ་ལས་མཁན་བཀའ་བཞིན་བསྒྲུབ་པ་ཡི། །དཔལ་ལྡན་ཆོས་སྐྱོང་རྣམས་ཀྱིས་བཀྲ་ཤིས་ཤོག ། ཨྠྀི།
ཕོག་ཐུག་འགལ་གནོད་གདའ་གྱུར་ན། །མི་མངོན་དབྱིངས་ཀྱི་ཆོས་བདག་རྣམས། །གནོང་བས་བཤགས་སོ་ཉེས་པར་མ་གྱུར་ཅིག །ཅེས་པའི་གསོལ་འདེབས་འདི་ཡི་ཕན་ཡོན་ནི་གསོལ་འདེབས་ཚེ་སྒྲུབ་བར་ཆད་ཀུན་སེལ་ཌཱ་ཀི་དབྱིངས་དགྱེས་བར་དོ་འཕྲང་སྐྱོབ་མཐོང་ཐོས་འདྲེན་ནུས་ཟེར་རོ། །
༈ རྒྱལ་བ་ཡབ་ཡུམ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་དུ་ཕོག་པ་ཙམ་གྱིས་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་ཡིན་ལ་ཡིན་བཞིན་དུ་གྱུར། རྩ་གནས་ཐམས་ཅད་དུ་ཡང་ཧེ་རུ་ཀ་ཡབ་ཡུམ་རྩ་འཁོར་རྩ་གྲངས་དང་མཉམ་པར་གྱུར། བ་སྤུའི་རྩ་བ་ཐམས་ཅད་ཌཱ་ཀི་མས་གང་བར་གྱུར། དེ་ནི་ནང་གི་གསོལ་བ་འདེབས་པའི་ཚུལ་ལོ། །ཡབ་ཡུམ་དེ་རྣམས་ཀྱི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་བྱོན། སྣོད་བཅུད་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཕོག་པ་ཙམ་གྱིས། གུ་རུ་ཡབ་ཡུམ་མམ། ཧེ་རུ་ཀ་ཡབ་ཡུམ་ཡིན་ལ་ཡིན་བཞིན་དུ་གྱུར། དེ་ནི་གསང་བའི་གསོལ་བ་འདེབས་པའི་ཚུལ་ལོ། །གསོལ་བ་འདེབས་པའི་ཡུལ་ཧེ་རུ་ཀ་ཡབ་ཡུམ། འདེབས་མཁན་གྱི་གང་ཟག །གཞན་ཡང་འཁོར་འདས་ཀྱིས་བསྡུས་པའི་ཆོས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། རང་བཞིན་གྱིས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཆེན་པོའི་ངང་དུ། ཤྲཱི་ཧེ་རུ་ཀ་ཨ་ཧཾ། དེ་ནི་དེ་ཁོ་ན་ཉིད་ཀྱིས་གསོལ་བ་འདེབས་ཚུལ་ལོ། །ཞེས་པ་འདི་ནི་ཌཱ་ཀི་མངོན་སྤྱོད་མས་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་གསོལ་འདེབས་ཀྱི་སྐོར་རྣམས་ནམ་མཁའི་རྣལ་འབྱོར་དཔོན་སློབ་ལ་གདམས་པའོ། །
༈ འབྱུང་ལྔའི་རྦ་རླབས་འཁྲུག་པའི་ཚོགས་ལ་ཕྱག་འཚལ་ལོ། །དཀོན་ནི་ཁམས་གསུམ་ཡོངས་ལ་དཀོན། །མཆོག་ནི་དོན་གྱི་ཆོས་ལ་མཆོག །རྒྱལ་ནི་ཉོན་མོངས་དག་ལས་རྒྱལ། །མཚན་ནི་སྦས་པའི་མཚན་གྱིས་བརྒྱན། །ཡིན་ལུགས་མངོན་གྱུར་བླ་མ་རྗེ་ལ་འདུད་དེ། །མངོན་ནི་མི་མངོན་དབྱིངས་ནས་གཤེགས། །སྤྱོད་ནི་ཆོས་བྱེད་དོན་ལ་སྤྱོད། །བཟང་ནི་རྗེ་བཙུན་ཁྱེད་ལ་བཟང་། །མོ་ནི་འཁོར་འདས་བཞུགས་ཚུལ་ཡིན། །ཧེ་རུ་ཀའི་ཚོགས་འཁོར་གྱི་ཕན་ཡོན་ནི། མཁའ་འགྲོ་མ་དྲ་བའི་རྒྱུད་ལས། འཛམ་གླིང་ནོར་གྱི་སྦྱིན་གཏོང་བས། །ནུབ་གཅིག་ཚོགས་འཁོར་ཕུལ་བས་ལེགས། །མཁའ་འགྲོ་སྤྲིན་ལྟར་འཚོགས་ནས་ཡོད། །ལམ་སྣ་མི་འདྲེན་རིགས་མ་ཡིན། །ཞེས་གསུངས་སོ། །
ཚོགས་གྲལ་དུ་བཞུགས་པ་རྣམས་ལ་ཕན་ཡོན་ནི། ཚུལ་བཞིན་སྲུང་བ་རྣམས་ལ་ཕན་ཡོན་ནི། སྐྱེ་བ་བདུན་ཚུན་ནས་མཁའ་ལ་སྤྱོད་དེ། ཚུལ་བཞིན་མ་བསྲུངས་བ་རྣམས་ནི་ཁེ་ཆེ་ས་ན་ཉེན་ཆེ་བའོ། །སྤྱིར་ཚོགས་འཁོར་འདི་མཐོང་བ་ཙམ་གྱིས་མཁའ་སྤྱོད་དུ་འགྲོ་ཟེར་བ་ཡོད་ཀྱང་ད་ཡར་མཐའ་མར་མཐའ་ཡིན་པ་འདྲ། བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་མ་བསགས་ན། འདི་དང་འཕྲད་པར་ཡང་མི་འགྱུར་རོ། །མདོར་བསྡུས་ནས་ཚོགས་འཁོར་འདི། མཐོང་ཐོས་དྲན་རེག་ཐར་པའི་གནས་སུ་འགྲོ་བ་ལ་ཐེ་མི་ཚོམ་མོ། །དེ་ཡི་ཕྱིར་དུ་འདུས་བྱས་དགེ་རྩ་འདི་ལས་ཆེ་བ་མེད་པས་འབད་པར་མཛོད་ཅིག །ཚོགས་མགྲོན་ནི་ཉུང་བར་གྱིས་ཤིག །ཁ་དད་ལ་སེམས་མི་དད་པ་དང་ལོག་ལྟ་ཅན་དང་བསྔངས་སྐྲག་ཅན་རྣམས་མི་ཞུགས་པ་གནད་ཡིན་ནོ། །མ་འོངས་དུས་སུ་འདྲེན་བདོ་སྟེ། གནས་སྐབས་དམྱལ་བར་སྐྱེ་བ་འདྲའོ། །དེ་ཡི་ཕྱིར་དུ་སྡོམ་གཅིག །ཨྠྀི། ཆོས་ཀྱི་ཕན་ཡོན་འདི་ནི་གཙོ་མོ་མངོན་སྤྱོད་མས་གསུངས་པའོ། །
༈ གུ་རུ་བཛྲ་དྷ་ར་ཡེ་ན་མོ། འཁོར་འདས་ཀུན་གྱི་ཡིན་ལུགས་རང་གི་སེམས། །སེམས་ཀྱི་ཡིན་ལུགས་སྟོང་ཉིད་འདུས་མ་བྱས། །དེ་ཉིད་ངང་ནས་བླང་དོར་མེད་པའི་རྩལ། །སྤང་བླང་དབྱེར་མེད་ནམ་མཁའི་ངང་ལ་འདུད། །ཨེ་མ་བླ་མ་རིན་པོ་ཆེ། །བདག་གི་གོ་ལུགས་འདི་ལྟར་བྱུང་། །སྣང་བ་ཡོད་ཡོད་མི་འདྲའོ། །སྟོང་པ་ཉིད་ཉིད་མི་འདྲའོ། །འཁྲུལ་པ་སྤང་སྤང་མི་འདྲའོ། །གྲོལ་བ་འཆར་འཆར་མི་འདྲའོ། །ཉོན་མོངས་སྤང་སྤང་མི་འདྲའོ། །ཡེ་ཤེས་འཆར་འཆར་མི་འདྲའོ། །སེམས་ཅན་འཁྲུལ་འཁྲུལ་མི་འདྲའོ། །སངས་རྒྱས་གྲོལ་གྲོལ་མི་འདྲའོ། །རྟོག་པ་སྤང་སྤང་མི་འདྲའོ། །སྟོང་པ་འཆར་འཆར་མི་འདྲའོ། །གང་ཤར་ཁེག་ཁེག་མི་འདྲའོ། །ཕྱིས་འབྱུང་སྤོང་སྤོང་མི་འདྲའོ། །བསྒྲུབས་པས་འགྲུབ་འགྲུབ་མི་འདྲའོ། །བསྒོམས་པས་ཡོང་ཡོང་མི་འདྲའོ། །གཉིས་ཆོས་ཡོད་ཡོད་མི་འདྲའོ། །ཅིར་ཡང་སྣང་བའི་ངེས་མེད་དོ། །གཞི་རང་སར་གྲོལ་བའི་རང་སྟོང་ངོ་། །འཁྲུལ་པ་ལ་རྩ་བ་མ་མཐོང་ངོ་། །གྲོལ་བ་ལ་རང་བཞིན་མ་རྙེད་དོ། །གང་སྣང་ལ་བདམ་ཁ་མ་ཤེས་སོ། །ཇི་བཞིན་ལ་བཅས་བཅོས་མ་ཤེས་སོ། །གང་ཤར་ལ་དགག་ཏུ་མ་བཏུབ་བོ། །གཉེན་པོས་བཅོས་སུ་མ་འཚལ་ལོ། །ཡིན་པ་བཙལ་དུ་མ་རྙེད་དོ། །མིན་པ་སྤོང་དུ་མ་བཏུབ་བོ། །འདི་ཡིན་ངེས་ངེས་མི་འདུག་གོ །གཅིག་ཏུ་ངེས་པ་མ་རྙེད་དོ། །ཕྱོགས་དང་ཆ་རུ་མ་བྱེད་དོ། །དོན་དམ་བསྒྲུབ་ཏུ་མ་འཚལ་ལོ། །ཀུན་རྫོབ་སྤོང་དུ་མ་འཚལ་ལོ། །གང་སྣང་སྣང་དུ་འཇུག་པ་ལ། །བླང་དོར་གཉིས་སུ་མ་འཚལ་ལོ། །སྟོང་ན་སྟོང་དུ་འཇུག་པ་ལ། །སྣང་བ་འཚོལ་མཁན་མི་འདུག་གོ །དངོས་པོ་ཡོད་ཡོད་མི་འདྲའོ། །དངོས་པོ་མེད་མེད་མི་འདྲའོ། །ཡིན་ན་ཡིན་ལ་མིན་ན་མིན། །རང་སར་རང་སར་ཁོ་རང་ལ། །བཅོས་རྒྱུ་མེད་པ་ཡིན་པ་འདྲ། །བཅོས་མི་དགོས་པ་ཡིན་པ་འདྲ། །བཅོས་ཀྱང་འགལ་བ་མེད་པ་འདྲ། །ཚུལ་འདི་གཞན་ལ་མི་ལྡན་པའི། །སྐྱེ་བོ་དེ་ནི་ཤིན་ཏུ་མང་། །དཔེར་ན་ས་ལ་དཀོན་པའི་བྱ། །མཁའ་ལ་གནས་བཅས་སྡོད་པ་དེ། །གང་ལ་མི་མངོན་མི་ལྡན་ཡང་། །དེ་རང་ཚུལ་ལ་ཤིན་ཏུ་བདེ། །དེ་བཞིན་ཉིད་ལ་གང་བྱས་པ། །འགལ་དང་གནོང་པ་གང་ཡང་མེད། །སྟོང་པ་གཟུགས་སུ་སྣང་བ་འདི། །སྐྱེ་བོ་ཀུན་གྱིས་ལོག་པར་ལྟ། །རྣལ་འབྱོར་པ་ལ་ཟུག་རྔུ་མེད། །མཚོ་ལ་འོ་མ་འདོན་པ་དེ། །བྱ་གཞན་ཀུན་གྱིས་བཞད་པའི་རྒྱུ། །ངང་པའི་བུ་ཡི་རྒྱན་དུ་ཆེ། །ཐ་མལ་ཤེས་པའི་རང་གཟུགས་འདི། །མ་རྟོགས་པ་རྣམས་དྲི་མར་ཆེ། །རྟོགས་ལྡན་ཆོས་སྐུའི་རྒྱན་དུ་ཆེ། །བདག་སྐྱིད་སྡུག་མེད་པའི་བུད་མེད་ཀྱིས། །འདི་འདྲ་ཟབ་ཟློས་ཕོད་པ་ལ། །ཉེས་པ་ཅུང་ཞིག་ཡོད་སྲིད་ན། །ཆོས་བདག་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །དགེ་བ་ཆ་ཙམ་ཡོད་སྲིད་ན། །མཁའ་མཉམ་སེམས་ཅན་ཐམས་ཅད་དང་། །ཌཱ་ཀི་ལ་ཡིད་ཆེས་བྱེད་པ་རྣམས། །འཁོར་བའི་ཡིན་ལུགས་མངོན་གྱུར་ཤོག །བདག་གི་གོ་ལུགས་དེ་ལྟར་ལགས། །ནམ་མཁའ་ངོས་བཟུང་གི་གདམས་ངག་ལགས། །འདི་ལ་ཐུགས་གཏད་གདའ་དགོས་ན། །འདི་ལ་དཔེས་པའི་མགུར་མ་གཅིག །ཉི་མ་དིང་ནས་མཛད་པར་ཞུ། །ཞེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ སཾ་དྷ་ར་སྟུ། ཌཱ་ཀི་ཡེ་ན་མོ། འདས་དང་མ་འོངས་ད་ལྟར་དུས་གསུམ་དུ། །འཁོར་འདས་ཆོས་རྣམས་ཡེ་སྟོང་རྩ་བྲལ་ཞིང་། །རྙོག་པ་ཀུན་བྲལ་སྟོང་གསལ་བདེ་བ་ཆེ། །འགྱུར་མེད་སྤྲོས་པ་ཉེར་ཞི་དེ་ལ་འདུད། །ལེགས་བཤད་གསུང་གིས་མཛད་པའི་འཕྲེང་བ་ལས། །རྣལ་འབྱོར་བདག་གིས་གོ་ལུགས་འདི་ལྟར་ལགས། །ཐ་སྙད་ཙམ་དུ་སྣང་སྟོང་དབྱེར་མེད་ཀྱང་། །དོན་ལ་སྣང་སྟོང་ཟེར་བ་ཤིན་ཏུ་འཁྲུལ། །དེས་ན་འཁྲུལ་གྲོལ་གཉིས་སུ་ག་ལ་ཡོད། །ཉོན་མོངས་ཡེ་ཤེས་གཉིས་སུ་ག་ལ་ཡོད། །སེམས་ཅན་སངས་རྒྱས་གཉིས་སུ་ག་ལ་ཡོད། །རྣམ་རྟོག་སྟོང་པ་གཉིས་སུ་ག་ལ་ཡོད། །ཆོས་ཉིད་སྐྱེ་མེད་རང་གི་རང་རྩལ་ལ། །གང་ཤར་བཀག་པས་མི་ཁེག་དགག་མི་དགོས། །བསྒྲུབ་ན་སྒྲུབ་པ་ཙམ་གྱིས་ཤིན་ཏུ་འཁྲུལ། །གཉིས་སུ་སྣང་ཡང་གཉིས་མེད་ཕྱག་རྒྱ་ཆེ། །ཀུན་རྫོབ་འཁྲུལ་ངོར་སྣ་ཚོགས་སྣང་བ་འདི། །དོན་ལ་མེད་པ་སྨིག་རྒྱུའི་ཆུ་དང་འདྲ། །དེར་འཛིན་དྲི་མས་རིགས་དྲུག་གནས་སུ་འཁོར། །རང་རང་ལས་སྣང་སྡུག་བསྔལ་སྣ་ཚོགས་མྱོང་། །དེ་ཉིད་ཟ་བྱེད་མདོ་རྒྱུད་གདམས་ངག་གསུངས། །
༈ ཨེ་མ་ངོ་མཚར་ཌཱ་ཀི་སྙན་གསན་འཚལ། །ཉིད་ཀྱི་ལེགས་བཤད་བདུད་རྩིའི་དགའ་སྟོན་འདི། །དོན་དམ་ལྷན་སྐྱེས་ཡེ་ཤེས་ཡིན་པར་གོ །ལྟ་བ་རྟོགས་པ་མངོན་གྱུར་ཡིན་པར་གོ །སྣ་ཚོགས་ཆོས་རྣམས་ཟད་སར་སྐྱེལ་བར་གོ །ཐེག་པ་ཀུན་གྱི་མཐར་ཐུག་ཡིན་པར་གོ །དུས་གསུམ་སངས་རྒྱས་དགོངས་དོན་ཡིན་པར་གོ །གདོད་མའི་གནས་ལུགས་མངོན་གྱུར་ཡིན་པར་གོ །སེམས་ཉིད་གཞི་རྩ་ཆོད་པའི་རྟགས་སུ་གོ །ཡེ་ཤེས་ནང་ནས་ཤར་བའི་མཚན་མར་གོ །དེ་ལྟར་ངོ་མཚར་ཅན་གྱི་ལྟད་མོ་དེ། །བདག་གིས་ཀྱང་ནི་དེ་ལྟར་རྟོགས་པར་ཤོག །དེ་ལྟར་རྟོགས་པ་མངོན་དུ་གྱུར་ནས་ནི། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །བདག་གི་བསམ་པ་མྱུར་དུ་འགྲུབ་པར་ཤོག །
༈ ཡང་མཁའ་འགྲོ་ཚོགས་བཅས་བདག་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ནས་གསན་འཚལ། བདག་གི་གོ་བ་འདི་ལྟར་ཤར་བ་ཇི་ལྟར་ལགས། །ཐོག་མེད་དུས་ནས་ནམ་མཁའ་གནས་ཀྱི་བར། །རྒྱལ་བ་སྲས་བཅས་རྣམས་ཀྱི་ཆོས་ཉིད་དང་། །འགྲོ་བ་རིགས་དྲུག་རྣམས་ཀྱི་སེམས་ཉིད་གཉིས། །དེ་ལས་གཞན་དུ་གྱུར་པའི་སྟོང་ཉིད་གསུམ། །ངོ་བོ་གཅིག་ལས་དུས་གསུམ་རྒྱལ་བས་ཀྱང་། །སྨྲ་བར་མ་བཏུབ་བརྗོད་པའི་ཚིག་ལས་འདས། །འཁོར་འདས་སྣ་ཚོགས་ཆོས་རྣམས་མ་ལུས་ཀུན། །སྒྱུ་མའི་གར་གྱིས་རོལ་པའི་སྣང་བརྙན་ཅན། །གཉིས་སུ་སྣང་ཡང་གཉིས་མེད་ཕྱག་རྒྱ་ཆེ། །ཨ་ཀྱང་དེས་ཀྱང་མི་མཚོན་དཔེ་ལས་འདས། །དཔེ་ཡོད་མ་ཡིན་དཔེ་མེད་ཅི་ལ་ཡིན། །གཉིས་ཀ་མ་ཡིན་དེ་ལས་གཞན་པ་མིན། །ལྐུགས་པ་ལྟ་བུར་ཐལ་བས་ཅི་ཞིག་བྱ། །འདི་ལས་ལྷག་པའི་ལྟ་བ་ཡོད་གྱུར་ན། །དེ་ནི་འཁྲུལ་པ་ཡིན་པར་ངོ་ཤེས་ཨང་། །དེས་ན་བསྒོམ་རྒྱུ་མེད་ཀྱང་ཡེངས་སུ་མེད་པར་གོ །རྟེན་འབྲེལ་འཆར་སྒོ་རྣམས་ནི་དེ་ལས་བྱུང་། །སྐུ་ལྔ་ཡེ་ཤེས་རང་ལ་ཤར་བས་བློ་རེ་བདེ། །སྐྱེ་མེད་ཆོས་སྐུའི་རྒྱལ་ས་ཟིན་པས་བློ་རེ་བདེ། །ད་ནི་འཁྲུལ་སྣང་རང་སར་གྲོལ་བས་བློ་རེ་བདེ། །འཁོར་འདས་སྤང་བླང་རེ་དོགས་བྲལ་བས་བློ་རེ་བདེ། །འདི་ལྟར་བཀོད་པའི་དགེ་བ་རྣམ་དཀར་དེས། །བདག་དང་མཁའ་མཉམ་སྐྱེ་འགྲོ་མ་ལུས་ཀུན། །ཌཱ་ཀིའི་ཚོགས་དང་ནམ་ཡང་མི་འབྲལ་ཤོག །རང་གཞན་འདོད་དོན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཌཱ་ཀིའི་དྲིས་ལན་ཅི་དགར་སྨྲས་པའོ། །
༈ གུ་རུ་ཤྲཱི་ཙཀྲ་སམ་བྷ་ར་ཡེ་ན་མོ། ཀྱེེ་སྦས་པའི་སངས་རྒྱས་མི་གཟུགས་ཅན། །ཐོས་གྲོལ་གྱི་དབང་པོ་རྒྱལ་བའི་སྐུ། །མཁྱེན་རབ་ཀྱི་དབང་པོ་རྒྱལ་བའི་གསུང་། །མུན་སེལ་གྱི་རྒྱལ་པོ་ཁྱེད་ལ་བསྟོད། །རྒྱལ་དབང་དབང་གི་རྒྱལ་པོ་སྙན་ཡིད་གསོན། །དྲི་མ་མ་ལུས་མེད་ཀྱང་སངས་བ་མེད། །ཡེ་ཤེས་ཤེས་པ་རྒྱས་ཀྱང་ཐོབ་པ་མེད། །དོན་གཉིས་གཉིས་སུ་མེད་པའི་ངང་དུ་ཞོག །བྱེད་པའི་དཔའ་བའི་དྲེགས་པ་ཅུང་ཟད་མེད། །ཡང་དག་པའི་དབྱིངས་ལ་རྣམ་རོལ་ཅིང་། །གཉིས་མེད་མེད་པའི་མཐའ་མི་ཞུག་པར། །མཐའ་བྲལ་བྲལ་བ་མེད་པའི་རང་བཞིན་ཕྲོལ། །ཁྱེད་ཐུགས་ཐུགས་ཀྱི་དཀྱིལ་འཁོར་བསམ་མི་ཁྱབ། །ཁྱབ་བྱེད་བྱེད་པ་མེད་པའི་རང་རིག་གནས། །ཕྱོགས་ལྷུང་ལྷུང་པ་མེད་པར་རང་བཞིན་ཟབ། །ཟབ་ཅིང་བཅིང་གྲོལ་མེད་པའི་རང་བཞིན་བསྲེས། །རྟོགས་མཁན་མཁན་པོ་མེད་པར་གྲོལ་བ་མཚར། །འཇིག་རྟེན་རྟེན་ཆོས་བརྒྱད་ཀྱིས་མ་གོས་མཚར། །ཚེ་འདི་བློས་བཏང་བཏང་བཞག་མེད་པ་མཚར། །དོན་དམ་ངང་ནས་ལ་བཟླའི་ཆོས་རྣམས་ཟློས། །ནམ་མཁའི་ངང་ཚུལ་དེ་ནི་དེ་རང་ཡིན། །
༈ ཨེ་མ་བླ་མ་རིན་པོ་ཆེ། །ཁྱེད་ནི་རྣལ་འབྱོར་ཡིན་གྱུར་ན། །ཡུལ་ལ་བདེན་འཛིན་མེད་ན་རྣལ་འབྱོར་ཡིན། །ནོར་ལ་བསོག་བློ་མེད་ན་རྣལ་འབྱོར་ཡིན། །གཉེན་ལ་བྱམས་པ་མེད་ན་རྣལ་འབྱོར་ཡིན། །དགྲ་ལ་སྡང་བ་མེད་ན་རྣལ་འབྱོར་ཡིན། །ཚེ་ལ་རྟག་འཛིན་མེད་ན་རྣལ་འབྱོར་ཡིན། །འཁོར་ལ་ཕྱོགས་རིས་མེད་ན་རྣལ་འབྱོར་ཡིན། །དོན་ལ་ཡེངས་བ་མེད་ན་རྣལ་འབྱོར་ཡིན། །ཉམས་ལ་མཐོ་དམན་མེད་ན་རྣལ་འབྱོར་ཡིན། །སེམས་ལ་གསལ་འགྲིབ་མེད་ན་རྣལ་འབྱོར་ཡིན། །རང་ལ་ངར་འཛིན་མེད་ན་རྣལ་འབྱོར་ཡིན། །གང་ལ་འཆིང་བ་མེད་ན་རྣལ་འབྱོར་ཡིན། །ཅིར་སྣང་ཆོས་སྐུར་མཐོང་ན་རྣལ་འབྱོར་ཡིན། །རང་སེམས་ངོ་བོ་རྟོགས་ན་རྣལ་འབྱོར་ཡིན། །སྒོམ་མེད་ཡེངས་སུ་མེད་ན་རྣལ་འབྱོར་ཡིན། །ཕྱོགས་མེད་འབྲེལ་པ་འཇོག་ན་རྣལ་འབྱོར་ཡིན། །ཡིན་པ་བཅོ་ལྔའི་དབྱངས་ཆུང་འདི། །རྣལ་འབྱོར་པ་ཡི་ཡིན་ལུགས་ཡིན། །ཞེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ཛོར་མེར་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ན་མོ་གུ་རུ་རཏྣ་ཤྲཱི་ལ་ཡེ། དཀོན་མཆོག་རྒྱལ་བའི་རྒྱལ་ཚབ་འགྲོ་བའི་མགོན། །སྲིད་འདིར་སྡུག་བསྔལ་མ་ལུས་སེལ་བའི་དཔལ། །རྐྱེན་སྣང་སྡུག་བསྔལ་ཆོས་ཉིད་རོལ་པའི་དཔལ། །ཆུ་རྣམས་ཐམས་ཅད་རྒྱ་མཚོར་རོ་གཅིག་དཔལ། །འཁོར་འདས་ཐམས་ཅད་སེམས་སུ་རོ་གཅིག་དཔལ། །ལྟ་བ་ལམ་དུ་ཇི་ལྟར་བགྱིད། །སྒོམ་པ་ལམ་དུ་ཇི་ལྟར་བགྱིད། །སྤྱོད་པ་ལམ་དུ་ཇི་ལྟར་བགྱིད། །འབྲས་བུ་ལམ་དུ་ཇི་ལྟར་བགྱིད། །ད་སྣང་བ་ཆོས་སྐུར་མ་ཤེས་ན། །ལྟ་བ་ལམ་ཁྱེར་རྫུན་དུ་གདའ། །སྡུག་བསྔལ་ཆོས་སྐུར་མ་ཤེས་ན། །སྒོམ་པ་ལམ་ཁྱེར་རྫུན་དུ་གདའ། །ཞེན་པ་ནང་ནས་མ་ལོག་ན། །སྤྱོད་པ་ལམ་ཁྱེར་རྫུན་དུ་གདའ། །ཚོགས་དྲུག་དབང་པོ་ཀློད་ལ་ཞོག །རིག་པ་རྒྱས་འདེབས་ཡང་ཡང་མཛོད། །སྐྱིད་ཀྱང་ཆོས་སྐུར་ཤེས་པར་མཛོད། །སྡུག་ཀྱང་ཆོས་སྐུར་ཤེས་པར་མཛོད། །སྐྱིད་སྡུག་གཉིས་བས་ལམ་མ་འདས། །ཐམས་ཅད་ཆོས་སྐུར་ཤེས་པར་མཛོད། །ཅེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ གུ་རུ་ན་མོ། གནས་ལུགས་གཉུག་མ་རྒྱ་མཚོ་ལྟ་བུ་རང་ཞལ་གཟིགས་པའི་ནམ་མཁའི་རྣལ་འབྱོར་ལ། གནས་སྐབས་སྨིག་རྒྱུ་ལ་ཆུ་ཡི་མིང་བཏགས་པ་ལྟ་བུའི་མངོན་སྤྱོད་ཅེས་བྱ་བའི་སེམས་ཅན་འདྲ་བའི་བུད་མེད་ཀྱིས། ཁྱེད་སངས་རྒྱས་འདྲ་བའི་དཔའ་བོ་ཡི། །ཉམས་ལེན་ཚོད་འཛིན་མི་རིགས་ཀྱང་། །ད་ནི་ཚོད་འཛིན་བྱེད་པ་ཡིན། །ཨེ་མ་བླ་མ་རིན་པོ་ཆེ། །རྙོག་མ་ནི་ཤིན་ཏུ་ཕྲ་བའི་སྐྱོན། །བག་ལ་ཉལ་ཤེས་བྱའི་སྒྲིབ་པ་གཅིག་གདའོ། །རྙོག་མ་དེ་གང་གིས་སེལ་ན་རང་བཞིན་གྱི་བདེ་བས་སེལ། བདེ་བ་དེ་ཇི་ལྟ་བུ་གཉིས་ཡིན་ན། བློ་ཟད་པའི་སྒོམ་མེད་དེ་ལ་ཟེར་བས། འདིར་སྒོམ་པའི་བློ་དང་ཡང་བྲལ། འདིར་བསྒོམ་དུ་མེད་སྙམ་པའི་བློ་དང་ཡང་བྲལ། དེས་ན་སྒོམ་པ་ཡང་མ་ཡིན། མི་བསྒོམ་པ་ཡང་མ་ཡིན། སྒོམ་མི་བསྒོམ་གཉིས་དང་བྲལ་བའི་ཤེས་པ། རང་ལུགས་གཏད་མེད། གཏད་མེད་ཀྱི་ཤེས་པ། རྩོལ་བས་ཧ་ཅང་སྒྲིམ་པ་ཡང་མ་ཡིན། སྒྲིམ་ཀློད་གཉིས་དང་བྲལ་བའི་ཤེས་པ། རང་ལུགས་གཏད་མེད། གཏད་མེད་ཀྱི་ཤེས་པ་གལ་མ་མཆིས་སུ་ཁྲེས་ཁྲེས་འབོར་ཤེས་ཙམ་ན། བློ་ཟད་པའི་སྒོམ་མེད་ཅེས་ཀྱང་བྱ། སྐྱེས་བུ་ཆོས་ཟད་པའི་དུས་ཞེས་ཀྱང་བྱ། ཆོས་མེད་བྱ་བའི་དོན་ཡང་དེ་ཡིན། ཧྲཱི་ཧཱུཾ། ཨཱ་ཏྲ། ཀ་ཏྲ། ཏྲ་ཀ་ཨཱ། ཞེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ གུ་རུ་ཌཱ་ཀི་ལ་ན་མོ། ལྟ་བ་ཀུན་ལ་ཡོད་མོད་ཀྱང་། །སྤྲོས་བྲལ་ཡོད་ན་ཡོད་པ་ཡིན། །སྒོམ་པ་ཀུན་ལ་ཡོད་མོད་ཀྱང་། །རྐྱེན་ཐུབ་ཡོད་ན་ཡོད་པ་ཡིན། །སྤྱོད་པ་ཀུན་ལ་ཡོད་མོད་ཀྱང་། །འཁྲུལ་ཞིག་ཡོད་ན་ཡོད་པ་ཡིན། །འབྲས་བུ་ཀུན་ལ་ཡོད་མོད་ཀྱང་། །མངོན་གྱུར་ཡོད་ན་ཡོད་པ་ཡིན། །རྩེ་གཅིག་སེམས་ཀྱི་ངོ་བོ་རྟོགས། །སྤྲོས་བྲལ་སེམས་ཀྱི་རང་བཞིན་རྟོགས། །རོ་གཅིག་སེམས་ཀྱི་མཚན་ཉིད་རྟོགས། །སྒོམ་མེད་རྟོགས་པའི་འཁོར་ཡུག་ཡིན། །རྩེ་གཅིག་སེམས་ཀྱི་རྩ་བ་ཚུད། །སྤྲོས་བྲལ་རྟོགས་པ་མངོན་དུ་གྱུར། །རོ་གཅིག་རྒྱ་དྲུག་འཛོམས་པའི་མཛོད། །སྒོམ་མེད་བྲལ་ཐོབ་མེད་པའོ། །རྩེ་གཅིག་ཉམས་སུ་ལེན་པ་ལ། །མི་དང་མི་མིན་བར་དུ་གཅོད། །སྤྲོས་བྲལ་རྟོགས་པ་མངོན་གྱུར་ལ། །རྒྱལ་འགོང་ལ་སོགས་བར་དུ་གཅོད། །རོ་གཅིག་རྟོགས་པ་མངོན་གྱུར་ལ། །བདུད་འགོང་ཆེན་པོས་སློང་བ་ཡིན། །མཐོ་ས་ཆེ་ན་གཡང་ས་ཆེ་བའི་ཕྱིར། །རྒྱུད་ལ་མངོན་ཤེས་ཤར་ལགས་ཀྱང་། །ཉམས་མྱོང་ཤིན་ཏུ་གསང་བ་གནད། །མཉམ་བཞག་བཞི་ཡི་བསམ་གཏན་ལ། །བསྐལ་པར་བསྒོམས་ཀྱང་དམན་པའི་ལམ། །ཐམས་ཅད་མཁྱེན་པ་ཐོབ་མི་སྲིད། །ཅེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ཨོཾ་སྭ་སྟི། ཤྲཱི་བཛྲ་དྷ་ར་བུདྡྷ་ཌཱ་ཀི་ནི་ཡེ་ན་མོ། འཁོར་འདས་ཀུན་གྱི་ཡིན་ལུགས་རྡོ་རྗེ་འཆང་། །རིགས་ཀྱི་མངའ་བདག་རྡོར་སེམས་ལོངས་སྤྱོད་རྫོགས། །མཚན་དཔེའི་དཔལ་འབར་ཐུབ་དབང་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་རིག་ངང་ལ་འདུད། །ཨེ་མ་བླ་མ་རིན་པོ་ཆེ། །ཐུགས་ཆོས་ཉིད་ངང་ནས་གསན་པར་རིགས། །སྐབས་ཀྱི་ཞུ་བ་འདི་ལྟར་འབུལ། །ཚེ་འདི་མ་ད་གསུམ་རྨི་ལམ་ལ། །བདེན་པར་འཛིན་པ་ཡ་རེ་ང་། །ཐམས་ཅད་ཕ་མ་ཡིན་པ་ལ། །གང་དེ་དོར་ནས་གང་དེ་ལེན། །གཉེན་འབྲེལ་དུག་སྡོང་ཡིན་པ་ལ། །དྲུང་ཤད་མཛད་པ་ང་རེ་འཇིགས། །ལོངས་སྤྱོད་བ་མོ་ཡིན་པ་ལ། །རེ་དོགས་བྱུང་ན་ས་ལེ་འདོད། །དེར་ཡང་ཞུ་ཕོད་ལེའུ་གཅིག་ཐལ། །ཨེ་མ་བླ་མ་རིན་པོ་ཆེ། །ཐུགས་ལ་ཕན་པའི་གྲོས་འདེབས་འདི་ལྟར་ཞུ། །གཤིན་པོ་རྣམས་ལ་ཕན་ལེགས་ཀྱང་། །སྨོན་ལམ་མཛད་ན་མི་ལེགས་ཨང་། །སྐྱིད་དུས་དགེ་སྦྱོར་བྱེད་ལོ་མང་བ་བས། །སྡུག་དུས་མ་ཡེངས་མཉམ་བཞག་མཛད་ན་ཨང་། །བཙན་ཕྱུག་དར་དུས་དགེ་རྩ་མང་པོ་བས། །མ་ནུས་པ་ལ་རྡུལ་ཙམ་བཏང་ན་ཨང་། །ཡོན་ཏན་མེད་པའི་བླ་མ་མང་བ་བས། །རང་སེམས་བླ་མ་ཐུན་གཅིག་སྒོམ་ན་ཨང་། །དམ་ཚིག་མི་བསྲུང་གྲོགས་པོས་བསྐོར་བ་བས། །འདུ་འབྲལ་མེད་པར་མཉམ་པར་བཞག་ན་ཨང་། །ཚེ་འདིར་ཁེ་དང་གྲགས་པ་མང་བ་བས། །དགོས་མེད་བྱར་མེད་ངང་ལ་བཞག་ན་ཨང་། །བླུན་སྒོམ་བསྐལ་པ་མང་དུ་འབད་པ་བས། །ཕྱག་ཆེན་ངང་དུ་དར་ཅིག་བཞག་ན་ཨང་། །ཁྲེལ་མེད་ཉེ་བའི་ངོ་སྲུང་བྱེད་པ་བས། །རང་སེམས་ངང་ལ་དར་ཅིག་བཞག་ན་ཨང་། །ཤི་ཙ་ཕན་པ་མེད་པའི་ཉེ་བ་བས། །ཕན་པར་ངེས་པའི་བློ་འདས་བསྒོམ་ན་ཨང་། །དེ་འདྲའི་ཀ་ཆ་མང་དུ་རྙེད་པ་བས། །བློ་འདས་ངང་ནས་མུ་གེས་ཤི་ན་ཨང་། །ཨང་བཅུ་སྤྱད་ན་དགེ་བཅུ་ཡིན་པར་གདའ། །ང་ཤེས་རབ་ཀྱིས་ཞུ་ཕོད་མི་རིགས་ཀྱང་། །ཁྱེད་བླ་མའི་སྐུ་ལ་གཟན་པའི་ཕྱིར། །དེ་ཕྱིར་སྙན་བསྐུལ་ཞུ་ཕོད་ཡིན། །དགེ་བ་མཁའ་མཉམ་དོན་དུ་བསྔོ། །ཉེས་ཚོགས་ཆོས་བདག་རྣམས་ལ་བཤགས། །ཧཱུཾ་ཧོ། ཞེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ གུ་རུ་བུདྡྷ་ཌཱ་ཀི་ཡེ་ན་མོ། གདོད་ནས་རྣམ་དག་དྲི་མེད་འདུས་མ་བྱས། །སྤྲོས་པ་ཀུན་བྲལ་རང་གྲོལ་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ལྡན་སེམས་ཉིད་མཁའ་ལྟར་དག །རང་སེམས་བླ་མ་རྡོ་རྗེ་འཆང་ལ་འདུད། །མ་བཅིངས་མ་གྲོལ་ཆོས་སྐུ་གཡེར་པོ་ཆེ། །ཐ་མལ་ཤེས་པ་བཅོས་བསླད་བྲལ་བའི་དོན། །རང་རིག་རང་གསལ་སྤྲོས་མེད་ཕྱག་རྒྱ་ཆེ། །མཐའ་དང་དབུས་མེད་ཡེ་ནས་གཞི་རྩ་བྲལ། །འདི་ཞེས་བརྗོད་པའི་ཡུལ་ལས་རབ་འདས་ཀྱང་། །ཐ་སྙད་ཙམ་གྱིས་གསལ་འདེབས་བརྗོད་ཀྱིས་གསན། །ངེད་བུད་མེད་ཀྱིས་གསལ་འདེབས་མི་རིགས་ཀྱང་། །ཁྱེད་བླ་མ་རྗེ་ལ་གདུང་བའི་ཕྱིར། །ནམ་མཁའ་ལྟ་བུར་ཚིག་གཅིག་སྨྲ། །ཀུན་གཞི་མཉམ་པའི་ངང་ལ་གནས་པ་ན། །འཁོར་བའི་ཆོས་རྣམས་མི་སྤང་དེ་ལ་རྫོགས། །འཕགས་པའི་བདེན་པའི་ཆོས་རྣམས་མ་སྤངས་དེ་ལ་རྫོགས། །རང་རྒྱལ་རྟེན་འབྲེལ་ལམ་ཡང་དེ་ལ་རྫོགས། །བྱམས་སེམས་སྨོན་འཇུག་ལམ་ཡང་དེ་ལ་རྫོགས། །བྱང་ཆུབ་སུམ་ཅུ་རྩ་བདུན་དེ་ལ་རྫོགས། །ས་བཅུ་བགྲོད་པའི་ལམ་ཡང་དེ་ལ་རྫོགས། །དཀྱིལ་འཁོར་རིམ་པའི་དབང་ཡང་དེ་ལ་རྫོགས། །ལྷ་དང་བཟླས་པའི་འཕྲིན་ལས་དེ་ལ་རྫོགས། །འཕགས་པ་མཉེས་བྱེད་མཆོད་པ་དེ་ལ་རྫོགས། །སྲུང་བྱེད་སྡོམ་པ་རྣམས་ཀྱང་དེ་ལ་རྫོགས། །གནོང་ཞིང་འགྱོད་པའི་བཤགས་པ་དེ་ལ་རྫོགས། །ལེགས་པའི་བསྔོ་བ་སྨོན་ལམ་དེ་ལ་རྫོགས། །ཐམས་ཅད་མཁྱེན་པའི་ཡོན་ཏན་དེ་ལ་རྫོགས། །གནས་ལུགས་རྫོགས་པ་ཆེན་པོར་ཞེས་བྱ་སྟེ། །རྫོགས་པ་ཆེན་པོའི་རང་བཞིན་ནི། །སངས་རྒྱས་རྫོགས་ལ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །ཡོད་པའི་མཐའ་རྫོགས་མེད་མཐའ་རྫོགས། །གཅིག་རྫོགས་ཀུན་རྫོགས་ཐམས་ཅད་རྫོགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྔར་བསྒྲུབས་དགོངས་པ་འདི་ཡིས་སྒྲུབ། །ད་ལྟར་བཞུགས་པའི་རྣལ་འབྱོར་པས། །མ་ཡེངས་དགོངས་ལམ་འདི་ལ་གནས། །སླད་ནས་འབྱོན་པའི་གདུང་འཚོབ་རྣམས། །དགོངས་པ་ལུང་བསྟན་འདི་ཡིས་མཛད། །གང་དུ་འདི་ལ་གནས་པ་ནི། །དེ་ནི་རྣལ་འབྱོར་ཆེན་པོ་ཡིན། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །འཁོར་འདས་བདེ་སྡུག་སྣང་བ་རྣམས། །ལྷུན་གྲུབ་སངས་རྒྱས་ངང་དུ་རྫོགས། །ཐ་མལ་ཤེས་པ་རྩིས་གདབ་མེད་པ་འདི། །འཕྲི་བསྣན་མེད་པར་སངས་རྒྱས་མ་ཤེས་ན། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །ཚིག་ཙམ་ཤེས་ཀྱང་གཏམ་རྒྱུད་ཡིན་པ་འདྲ། །གཅིག་ཤེས་ཀུན་ལ་མཁས་པའི་རྣལ་འབྱོར་པ་བློ་ཨེ་བདེ། ད་ཡང་ནམ་མཁའི་རྣལ་འབྱོར་གསོན། སེམས་སྐྱེ་བ་མེད་པའི་ངང་ནས་འགག་མེད་དུ་འཆར་ཡང་། ཡེ་ཤེས་ལྔའི་རང་བཞིན་ཡིན་པས་དགོངས་བཞིན་ཤེས་པར་མཛོད། ཡེ་ཤེས་ལྔ་ནི། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །མ་བཅོས་རྣལ་དུ་བཞག་པ་ནི། །དེ་ནི་ཆོས་དབྱིངས་ཡེ་ཤེས་ཡིན། །གསལ་ལ་རྟོག་པ་མེད་པ་ནི། །དེ་ནི་མེ་ལོང་ཡེ་ཤེས་ཡིན། །སེམས་ལ་དབྱེ་བ་མེད་པ་ནི། །དེ་ནི་མཉམ་ཉིད་ཡེ་ཤེས་ཡིན། །སྣ་ཚོགས་ཅིར་ཡང་སྣང་བ་ནི། །དེ་ནི་སོར་རྟོག་ཡེ་ཤེས་ཡིན། །སེམས་ཀྱིས་ཀུན་ལ་དབང་བསྒྱུར་བ། །དེ་ནི་བྱ་གྲུབ་ཡེ་ཤེས་ཡིན། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བྲལ་བ་དེ། །རྒྱུ་དང་འབྲས་བུ་ཀུན་ལ་ཤིན་ཏུ་རྒྱ། །རྒྱུ་འབྲས་ཐེག་པ་ཅན་ལ་ཤིན་ཏུ་གསང་། །མ་སྐྱེས་རྡོ་རྗེ་ཆོས་ཀྱི་དབྱིངས་ལ་རྒྱལ། །སེམས་ཉིད་མ་འགགས་ནམ་མཁའི་དབྱིངས་ནས་རྒྱལ། །དམ་ཚིག་སྡོམ་པ་སྲུང་བའི་གནད། །ཇི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །དེ་ཡི་ངང་ལས་མ་ཡེངས་ན། །དམ་ཚིག་ཐམས་ཅད་སྲུང་བ་ཡིན། །དམ་ཚིག་སྲུང་ལུགས་དེ་ལྟར་མཛོད། །ད་ཡང་ནམ་མཁའི་རྣལ་འབྱོར་གསོན། །རྣམ་པར་རྟོག་པ་ངོ་ཤེས་ན། །ཆོས་ཀྱི་སྐུ་ཡང་དེ་ན་ཡོད། །འཁོར་བ་དང་ནི་མྱ་ངན་འདས། །གང་ཡང་ཡོད་པ་མ་ཡིན་ཏེ། །འཁོར་བའི་དེ་ཉིད་ངོ་ཤེས་ན། །མྱ་ངན་འདས་པ་དེ་རང་ཡིན། །དངོས་པོར་སྣང་དང་སྟོང་པ་གཉིས། །གང་ཡང་ཡོད་པ་མ་ཡིན་ཏེ། །སྣང་ཉིད་རང་བཞིན་མེད་རྟོགས་ན། །སྟོང་པ་ཉིད་ཀྱང་དེ་ན་ཡོད། །བསོད་ནམས་དང་ནི་ཡེ་ཤེས་ཚོགས། །རིམ་གྱིས་བསགས་པ་མ་ཡིན་ཏེ། །སྤྱོད་ལ་མ་ཞེན་དོན་རྟོགས་ན། །ཚོགས་གཉིས་རྫོགས་པ་དེ་ན་ཡོད། །སྣང་སྲིད་འདི་དག་རང་གི་སེམས། །སོ་སོར་ཡོད་པ་མ་ཡིན་ཏེ། །སྣང་བའི་དེ་ཉིད་ངོ་ཤེས་ན། །སེམས་ཉིད་མཐོང་ཞེས་དེ་ལ་བྱ། །ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ། །སོ་སོར་ཡོད་པ་མ་ཡིན་ཏེ། །བདག་མེད་ཕྱག་རྒྱ་ཆེར་རྟོགས་ན། །སྐུ་གསུམ་ལྷུན་གྲུབ་དེ་ན་ཡོད། །ལྷ་དང་བདག་དང་བསྙེན་པ་གསུམ། །སོ་སོར་ཡོད་པ་མ་ཡིན་ཏེ། །གཉིས་མེད་ལྟ་བ་ལྷུན་གྲུབ་ན། །བསྙེན་པའི་མཆོག་ཀྱང་དེ་ན་ཡོད། །རང་གི་སེམས་ཉིད་ཆོས་ཀྱི་དབྱིངས། །སྣང་སྲིད་ཐམས་ཅད་སངས་རྒྱས་ཞིང་། །ཉོན་མོངས་དུག་ལྔའི་ཚོགས་ཀྱི་མཆོག །བསྒྲུབ་པའི་ཡུལ་ཡང་དེ་ལྟར་བྱུང་། །དེ་ལྟར་རྟོགས་ན་རྣལ་འབྱོར་ཡིན། །དེ་ལྟར་རྟོགས་ན་གྲུབ་ཐོབ་ཡིན། །དེ་ལྟར་རྟོགས་ན་ཞིག་པོ་ཡིན། །དེ་ལྟར་རྟོགས་ན་རྟོགས་ལྡན་ཡིན། །ནམ་མཁའི་རྣལ་འབྱོར་དེ་ལ་ཟེར་བ་ཡིན། །སྐྱེས་བུ་ལུས་རྒྱ་བྲལ་བས་སངས་རྒྱས་པ་བྱ་བ་ཡང་དེ་ལ་ཟེར་བ་ཡིན་ནོ། །ད་ཡང་ནམ་མཁའི་རྣལ་འབྱོར་གསོན། །ཚེ་འདི་སྙིང་ལ་མ་ཞེན་གུ་རུ་རྗེ། །ཚིག་ཚོགས་མང་པོའི་མཐར་ཕྱིན་མི་འོང་བས། །ཚུལ་འཆོས་སྤོང་ལ་བདེ་ཆེན་སེམས་ཀྱི་གསང་། །ཚགས་སུ་ཚུད་ལ་དྲན་དང་ཤེས་བཞིན་སྒྲུབས། །དམ་པའི་གདམས་པ་འདྲེས་པར་མ་བྱས་ན། །དུས་ལ་བབ་ཚེ་ཅིས་ཀྱང་ཕན་པ་མེད། །ད་ལྟ་ཉིད་ནས་ནུས་པ་ཅི་ཡོད་ཀྱིས། །དེ་ཉིད་ངང་ནས་སྒོ་གསུམ་མཉམ་པར་ཞོག །ས་འདིར་ཡུན་རིང་སྡོད་པའི་ལོང་མེད་པས། །སེམས་ཉིད་རྣམ་རྟོག་ཆོས་སྐུའི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་དངོས་རང་རིག་རྡོ་རྗེ་འཆང་། །སོ་སོ་མ་ཡིན་ལྷན་ཅིག་དོན་རྟོགས་མཛོད། །ང་མཁའ་འགྲོའི་གླེན་ཚིག་ཁོ་ན་མིན། །མདོ་རྒྱུད་བསྟན་བཅོས་ལ་སོགས་པའི། །དགོངས་པ་གཅིག་ཏུ་དྲིལ་ནས་ནི། །གསེར་ཞུན་ལྟ་བུའི་གདམས་ངག་འདི། །ཡིད་ཆེས་བྱེད་པའི་བླ་མ་ལ། །དེ་ལ་ཐུགས་གཏད་གདའ་དགོངས་ན། །གསལ་འདེབས་ཀྱི་བརྡ་མཚོན་ཙམ་དུ་མཛོད། །བླ་མས་ཐུགས་ཁྲེལ་མི་མཛད་ཞུ། །འགལ་གནོང་ཡོད་པར་གྱུར་པ་ན། །ཆོས་བདག་རྣམས་ལ་བཟོད་པར་མཛོད། །དགེ་བ་ཅུང་ཟད་ཡོད་སྲིད་ན། །མཁའ་མཉམ་སྐྱེ་འགྲོ་མ་ལུས་ཀུན། །ཀུན་མཁྱེན་ཆོས་རྗེའི་ཞབས་དྲུང་དུ། །འདི་དོན་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ན་མོ་སརྦ་ཌཱ་ཀི་ནི་ར་ཙ་ཡེ། ཁྱོད་ནི་ལྟ་བ་རྟོགས་སོ་སྐད། །ཁྱོད་ནི་རྟོགས་ལྡན་ཡིན་ནོ་སྐད། །ལྟ་བ་རྟོགས་ན་འདི་ལྟར་དགོས་པ་འདྲ། །ལྟ་བའི་གདེང་དང་ཨེ་ལྡན། །འཁོར་འདས་སེམས་སུ་ཨེ་ཤེས། །ཀུན་རྫོབ་ཀྱི་རྫུན་ཁུང་ཨེ་རྡིབ། །སྟོང་པས་རྟག་མཐའ་ཨེ་སེལ། །སྙིང་རྗེས་ཆད་མཐའ་ཨེ་སེལ། །ཟུང་འཇུག་ཆེན་པོའི་དགོངས་པ། །དབུ་མ་ཆེན་པོའི་དོན་རྒྱུད། །ཐོག་ཏུ་ཉམས་སུ་ཨེ་མྱོང་། །བདུད་བཞི་ལ་ཉམ་ང་མེད་པ་ཞིག་དགོས་པ་འདྲ། ཁྱོད་ནི་གྲུབ་ཐོབ་ཡིན་ནོ་སྐད། གྲུབ་ཐོབ་ཡིན་ན་འདི་ལྟར་དགོས་པ་འདྲ། མཆོག་གི་དངོས་གྲུབ་སྟོང་ཉིད་སྙིང་རྗེ་ཨེ་འབྱོངས། ཐུན་མོང་གི་དངོས་གྲུབ་སྣང་སྲིད་བྲན་དུ་ཨེ་ཁོལ། རྣལ་འབྱོར་སྟོབས་ཀྱིས་རྩོད་པ་སུན་ཨེ་ནུས། བདེན་སྟོབས་བརྗོད་པ་ཙམ་གྱིས་སྡུག་བསྔལ་ཞི་བར་ཨེ་ནུས། བདེ་བ་ལ་བཀོད་པར་ཨེ་ནུས། རི་རབ་སྙིལ་བར་ཨེ་ནུས། རྒྱ་མཚོ་སྐེམ་པར་ཨེ་ནུས། དུས་གཅིག་ལ་སྤྲུལ་པ་བརྒྱ་འགྱེད་ནུས་དགོས་པ་འདྲ། ཁྱོད་ནི་རྣལ་འབྱོར་ཡིན་ནོ་སྐད། རྣལ་འབྱོར་ཡིན་ན་འདི་ལྟར་དགོས་པ་འདྲ། འདུག་ས་དུར་ཁྲོད་དང་ནགས་ཁྲོད་ཨེ་འགྲིམས། རྟོགས་པ་མཁའ་ལྟར་ཨེ་དག །ལྟད་མོ་སེམས་ལ་ཨེ་བལྟ། སྐྱེ་མེད་དུ་ཐག་ཨེ་ཆོད། འགག་མེད་དུ་རྩལ་ཨེ་འབྱོངས། ཉམས་མྱོང་གི་མགུར་མ་རྒྱུན་དུ་ཨེ་ལེན། ཆོས་ཉིད་གཉིས་མེད་དུ་ཉམས་སུ་མྱོང་དགོས་པ་འདྲ། ཁྱོད་ནི་ཞིག་པོ་ཡིན་ནོ་སྐད། ཞིག་པོ་ཡིན་ན་འདི་ལྟར་དགོས་པ་འདྲ། ནང་དུ་འཁྲུལ་པ་ཨེ་ཞིག །ཕྱི་རུ་ཆོས་བརྒྱད་ཨེ་ཞིག །བར་དུ་བྱར་མེད་ཨེ་རྟོགས། འཇིག་རྟེན་བྱ་བ་ཨེ་བྱེད། ངོ་ཚ་དང་ཚུལ་འཆོས་ཨེ་ཡོད། རྐྱེན་གང་བྱུང་གིས་ཨེ་འཇིགས། གར་བསྡད་གཞལ་ཡས་ཨེ་ཁང་། འགྲོགས་ཚད་སྐྱེ་མེད་དུ་ཨེ་རྟོགས། ཟོས་ཚད་བདུད་རྩིར་ཨེ་རྟོགས། ཟས་ཨེ་བདམས། ཅི་བྱས་ཆོས་སུ་ཨེ་འགྲོ། སྤྱོད་ལམ་ལ་ངེས་པ་ཨེ་ཡོད། མཚན་མའི་ཆོས་ཐམས་ཅད་སེམས་ཉིད་ཀྱི་སྟེང་དུ་བཞག་དགོས་པ་འདྲ། ཁྱོད་ནི་གཅིག་ཤེས་ཀུན་ལ་མཁས་སོ་སྐད། གཅིག་ཤེས་ཀུན་ལ་མཁས་ན་འདི་ལྟར་དགོས་པ་འདྲ། སྒྲོ་འདོགས་སེམས་ལ་ཨེ་ཆོད། ཐུབ་པ་ཆེན་པོ་བྱོན་ཀྱང་ཉམ་ཨེ་ང་། མགོན་པོ་བྱམས་པ་བྱོན་ཀྱང་ངོ་ཨེ་གནོང་། དབང་ཕྱུག་ཆེན་པོ་བྱོན་ཀྱང་གྲུབ་མཐའ་མི་འཆོར་བ་ཞིག་དགོས་པ་འདྲ། ངས་ཟེར་ཚིག་ཏུ་མི་ཆེ་སྟེ། མཁའ་འགྲོའི་གསང་ཚིག་མངོན་ཕྱུང་ཡིན། ད་རུང་ཡང་ཁྱོད་ལྟ་བའི་ཕྱོགས་ནས་གཡེང་ལྟ་བ་དང་སེམས་ཁྱོད་མ་བྲལ་ན། བདག་འཛིན་གྱི་གསེབ་ནས་ཐོན་དུས་མེད། ཡུན་རིང་དུ་མི་རྟག་འཇིག་པའི་རྒྱུ། །ལྟ་བའི་མིང་ཡང་མ་འདོགས་ཤིག །རྒྱུད་ལ་གཅེར་ལ་གཟིགས་ཞུ་འཚལ། །མི་ཡི་བུ་མོ་བཟང་བ་ཉུང་། །དེ་སྟེ་འདི་ལྟར་མཛད་པར་ཞུ། །བཟང་མེད་ངན་མེད་མི་བྱེད་མཛོད། །ཡེ་ཤེས་ཕྱག་རྒྱ་གསལ་ལ་བརྟེན། །དེས་ནི་མི་ཉེས་ངེས་པ་ཡིན། །མཁའ་འགྲོའི་སྲོག་སྙིང་ཡིན་ལགས་པས། །སུ་ལ་མ་བསྟན་གསང་བར་ཞུ། །ར་ཧ་དྷ་ར་ཧ་བྷ་ཏ་ན་ཁ་ཏྲི། རྒྱ་རྒྱ་རྒྱ། ཞེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ་ཌཱ་ཀི་ནི། མ་དང་མཁའ་འགྲོའི་སྙན་གསན་འཚལ། །མཁའ་འགྲོའི་ལུང་བསྟན་རྗེས་བཟུང་ཡང་། །གནས་སྐབས་འབྲེལ་པ་མི་རིགས་ན། །དང་པོའི་འབྲེལ་པ་ཅི་ལས་བྱུང་། །མ་འོངས་འགྲོ་བ་ཇི་ལྟར་འདྲེན། །སྣ་ཚོགས་སྤྲུལ་པ་བསྟན་གྱུར་ཀྱང་། །མ་རིག་དབང་གྱུར་གནོང་བ་བཤགས། །ད་ནི་མྱུར་དུ་བསྟན་འཚལ་རིགས། །སྐུ་བཞི་རང་ལ་ཡོད་གྱུར་ཀྱང་། །མངོན་གྱུར་བོག་འདོན་དེ་ལས་ཡོད། །ལས་རྒྱ་འདུ་འབྲལ་མེད་ན་ཡང་། །ཡེ་རྒྱ་ཡོད་ན་ཡོད་པ་ཡིན། །རིགས་ལྡན་རྣམས་ལ་ཡོད་པ་ཡི། །དགའ་བདེའི་ལོངས་སྤྱོད་དེ་ཉིད་ནི། །དངོས་དང་གཞན་ལ་སྐུལ་བྱེད་ནས། །དངོས་ཆེན་བློ་ལ་སྦྱང་བར་རིགས། །ཧེེ། དགེ་ལེགས་འཕེལ་བར་གྱུར་ཅིག །ཅེས་པ་འདི་ནི་མངོན་སྤྱོད་མ་ལ་ནམ་མཁའི་རྣལ་འབྱོར་གྱིས་ཞུས་པའོ། །
༈ མཁའ་འགྲོའི་ཚོགས་བཅས་གསན་པར་རིགས། །རྟོགས་ལྡན་གྲུབ་ཐོབ་རྣལ་འབྱོར་གྲུབ་ཐོབ་དང་། །འཁྲུལ་ཞིག་ཆེན་པོར་ཁས་བླངས་ཀྱང་། །རྩོད་ལྡན་དུས་ཀྱི་ཐ་མ་ལ། །སེམས་ཅན་བསོད་ནམས་དམན་པའི་ཕྱིར། །ཡོན་ཏན་མཐའ་དག་ཚང་བ་དཀའ། །འོན་ཀྱང་སྐྱེ་མེད་དོན་རྟོགས་ན། །ད་ལྟ་ཡོན་ཏན་ཡོད་དང་འདྲ། །སྤྱིར་ཡང་ཆོས་རྣམས་ཐམས་ཅད་ལ། །སྤྱི་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་གཅེས་པ་ཡིན། །ཆོས་རྣམས་སེམས་སུ་མ་ཤེས་ན། །ཐ་སྙད་ཚིག་ལ་ཐུག་པ་མེད། །སེམས་དེ་སྟོང་པར་མ་ཤེས་ན། །རྟག་ལྟའི་མཐའ་ལས་གྲོལ་མི་འགྱུར། །སྟོང་པ་ཆོས་སྐུར་མ་ཤེས་ན། །ཆད་པའི་མཐའ་ལས་གྲོལ་མི་འགྱུར། །གཅིག་ཤེས་ཀུན་ལ་མཁས་གྱུར་ན། །ཡོན་ཏན་མཐའ་དག་ཡོད་དང་འདྲ། །མདོ་རྒྱུད་བསྟན་བཅོས་རྣམས་ལ་ནི། །རྩལ་དང་རྫུ་འཕྲུལ་ངེས་མེད་གསང་། །ལྟ་བ་མེད་ལ་ལྟ་མཁན་འཁྲུལ། །སྒོམ་པ་མེད་ལ་སྒོམ་མཁན་འཁྲུལ། །སྤྱོད་པ་མེད་ལ་སྤྱོད་མཁན་འཁྲུལ། །འབྲས་བུ་མེད་ལ་ཐོབ་འདོད་འཁྲུལ། །རང་སེམས་གདོད་ནས་ཡེ་ཤེས་དབྱིངས། །འཁོར་འདས་དེ་ཡི་སྣང་བརྙན་ཅན། །འདུ་འབྲལ་གཉིས་མེད་ལྷན་ཅིག་སྐྱེས། །བསམ་འདས་བརྗོད་མེད་དེ་ལས་མེད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །ད་ལྟ་བྱོན་ཡང་འཇིགས་མི་མངའ། །འོན་ཀྱང་གནས་སྐབས་འབྲེལ་པ་ལ། །ལས་དང་རྟེན་འབྲེལ་དག་པའི་མཐུས། །དྲི་བ་ངོ་སྤྲོད་ལུང་བསྟན་དང་། །རྗེས་གནང་མཛད་པས་རྗེས་ཡི་རང་། །ཇི་སྲིད་ནམ་མཁའ་གནས་ཀྱི་བར། །ལུས་དང་གྲིབ་མ་ཇི་བཞིན་དུ། །འབྲལ་མེད་གཅིག་ཏུ་འགྲོགས་ནས་ཀྱང་། །མཁའ་མཉམ་འགྲོ་བ་འདྲེན་གྱུར་ཅིག །མི་འགྱུར་བརྟན་པའི་བཀྲ་ཤིས་ཤོག །མངོན་གྱུར་ཌཱ་ཀིའི་བཀྲ་ཤིས་ཤོག །སྐྱེ་མེད་ཆོས་སྐུའི་བཀྲ་ཤིས་ཤོག །གཞན་དོན་ཕུན་ཚོགས་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་གཙོ་མོ་མངོན་སྤྱོད་མ་ལ་ནམ་མཁའི་རྣལ་འབྱོར་གྱིས་ཞུས་པའོ། །
༈ གུ་རུ་བུདྡྷ་རཏྣ་ཡེ་ན་མོ། ཁྱེད་ཀྱི་ཡོན་ཏན་བརྗོད་ལས་འདས། །སྐུ་ཡི་བཀོད་པ་མོ་གཤམ་བུ་དང་འདྲ། །གསུང་གི་བཀོད་པ་སེངྒེའི་ཁ་ཆུ་འདྲ། །ཐུགས་ཀྱི་བཀོད་པ་དུང་གི་ཁྲག་དང་འདྲ། །ཡོན་ཏན་བཀོད་པ་ནམ་མཁའི་མེ་ཏོག་འདྲ། །འཕྲིན་ལས་བཀོད་པ་རི་བོང་རྭ་དང་འདྲ། །ལྟ་བའི་མཐར་ཐུག་ཐེ་སེ་ཀེ་ནེ་འདྲ། །སྒོམ་པའི་མཐར་ཐུག་ངང་པའི་བུ་དང་འདྲ། །སྤྱོད་པའི་མཐར་ཐུག་གླང་ཆེན་ཆུར་ཞུགས་འདྲ། །འབྲས་བུའི་མཐར་ཐུག་ནགས་ལ་མེ་ཤོར་འདྲ། །འདི་ལ་མཇལ་ཏེ་མི་རིགས་ཀྱང་། །སྐྱེ་བ་འདི་ཡི་འོག་རོལ་དུ། །ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་དུ། །སྤང་ན་མོ་ཤོད་ཀྱི་ཡར་གླིང་དུ། །མཇལ་ནས་འབྲེལ་པ་བྱེད་པར་རིགས། །འབྲེལ་ཚད་ཕལ་ཆེར་དེ་རུ་སྐྱེས། །འཛམ་གླིང་ནོར་གྱིས་སྦྱིན་བཏང་བས། །ནུབ་གཅིག་ཚོགས་མཆོད་ཕུལ་བས་ལེགས། །མཁའ་འགྲོ་སྤྲིན་ལྟར་འཚོགས་ནས་ཡོད། །ལམ་སྣ་མི་འདྲེན་རིགས་མ་ཡིན། །ལྟ་བརྒྱད་རྟོགས་པའི་བཀྲ་ཤིས་ཤོག །ཆོས་བརྒྱད་ཞིག་པའི་བཀྲ་ཤིས་ཤོག །མཐའ་བརྒྱད་བྲལ་བའི་བཀྲ་ཤིས་ཤོག །གུ་རུ་དང་མཇལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ གུ་རུ་བཛྲ་བྷ་ར་ཧི་སོགས་ཆོས་བདག་རྣམས་ལ་ན་མོ། གསང་བ་མ་ལུས་བཅུད་འཛིན་ཐུགས་ཀྱི་གཏེར། །ཡེ་ཤེས་རྣམ་རོལ་འགག་མེད་རྟ་བདུན་མཛོད། །མ་ལུས་བདེ་ཆེན་དབྱིངས་ལ་བཀོད་པའི་ཡུམ། །གསང་བ་ཡེ་ཤེས་མ་ལ་གུས་པས་འདུད། །སྐྱེས་མཐའི་སེམས་དཔའ་རྨད་བྱུང་རྣལ་འབྱོར་པ། །སྐུ་གསུང་ཐུགས་གསང་འཕེལ་འགྲིབ་མེད་དེ་མཆིས། །བདག་ཀྱང་སྲིད་གསུམ་ཡུལ་དུ་འཁྱམས་པ་ལ། །དབང་པོ་རྣམ་གསུམ་བདེ་མོར་མཆིས་པ་ཡིན། །མཐར་ཐུག་དོན་གྱི་ཚིག་འགའ་ཞུ་བ་ལ། །ཚིག་སྒྲིབ་དོན་ལ་གཟིགས་དང་གསལ་པོ་མཆིས། །ཀྱེ་མ་ཀྱེ་མ་འཇིག་རྟེན་འགའ་ལ་ཡི་རེ་མུག །མ་རིག་འཕྲུལ་འཁོར་འཁོར་བའི་རྦ་ཀློང་ན། །མི་དགེ་སྡིག་ལ་ལས་ངན་སྤྱད་པའི་མཐུས། །དུཿཁ་སྣ་ཚོགས་ཚོགས་ཀྱིས་མཐུས་གཟིར་ནས། །སེམས་ཅན་ངན་འགྲོར་འགྲོ་བ་ཉོན་རེ་མོངས། །སྐྱེ་མེད་རང་ལུགས་ལུགས་བཞིན་མི་ཤེས་པར། །སྡུག་བསྔལ་རང་ལུགས་མཚན་མའི་ཆོས་ལ་སྤྱོད། །རྒྱུ་འབྲས་བསླུ་བ་མེད་པའི་ཆོས་ལ་ཤར། །རྟེན་འབྲེལ་ལུགས་འབྱུང་འབྱུང་བའི་གདོན་གྱིས་གཙེར། །ལུགས་བཟློག་རིག་ན་ན་འཆིའི་དུཿཁ་ལས། །ཀུན་ཏུ་གྲོལ་ཞིང་བཅིངས་གྲོལ་མེད་པའི་སེམས། །མཁའ་ལྟར་རྣམ་དག་དག་པའི་དཀྱིལ་འཁོར་རྒྱས། །རྒྱ་ཆད་ཕྱོགས་རིས་རིས་ལས་ཀུན་ཏུ་གྲོལ། །གདོད་ནས་རྣམ་དག་དག་པའི་ཆོས་སྐུ་ལ། །སྐྱེ་འཆིའི་མཚན་མ་མ་ལུས་བྲལ་བའི་ཕྱིར། །ཕྱི་ནང་ཆོས་རྣམས་རྣམ་པར་དག་རིག་ནས། །སྐྱེ་བོ་གང་དེ་དེ་བཞིན་ཉིད་དུ་གྲོལ། །འཁོར་བའི་གནས་ལ་ལས་ཀྱི་དྲི་མ་དག །སྐྱེ་བོ་རྒྱུན་ལུང་ལུང་འབྱུང་འགག་པའི་ཕྱིར། །འཁོར་བའི་གནས་རྣམས་རྣམ་པར་གྲོལ་བ་ལགས། །དེ་བཞིན་ཆོས་རྣམས་རྣམ་གྲོལ་ཉིད་དུ་གྲོལ། །བག་ཆགས་ཆགས་པ་མཐའ་དག་དག་པ་ལ། །ལས་ལ་འདས་ནས་བག་ཆགས་གཏན་སྤངས་ནས། །རྣམ་དག་ངང་ལ་བརྟན་པར་གནས་པ་དང་། །གཞན་ཕན་ཤར་ནས་གཞན་ལ་དཔལ་ལྡན་སྣང་། །སྣང་བ་དག་ན་གང་ཡང་དག་སྣང་ཅན། །མ་དག་གནས་སྤང་དག་དང་མ་དག་འདས། །འདས་དང་མ་འདས་ད་ལྟ་རང་དག་ལས། །བརྟན་པར་གནས་ནས་སྤང་བླང་གང་ཡང་དག །རྩ་བ་དག་ནས་ལས་ལ་འདས་པ་ལགས། །རྟག་ཆད་མཐའ་སྤང་གང་ཡང་འདས་པ་ལགས། །རང་གཞན་དག་ནས་ལས་རྣམས་ཟད་པ་ལགས། །སྤང་བླང་ཟད་ནས་མཁའ་དང་མཉམ་པ་ལགས། །གཞན་ཕན་མཁས་པས་གང་ལ་གང་ཕན་དང་། །ཐབས་མཁས་བསྙེན་པས་གཞན་ལ་གསལ་བར་མཛོད། །ཨྠྀི། ཞེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ མ་ཏི་རཏྣའི་རྒྱུ་མཚན་ནི། འདི་ལྟ་སྟེ། སྤྲུལ་པ་བདུན་ལས། རྩ་བའི་སྤྲུལ་པ་ནི། བྱང་ཕྱོགས་པར་པ་ཏའི་ཡུལ་ཁ་ཆེའི་གྲོང་ཁྱེར་བྱ་བ་ཞིག་ན། བཙུན་མོ་ཁས་གཏོག་བརྒྱ་དང་གསུམ་ཙམ་གདའོ། །རྩ་བའི་བཙུན་མོ་བདུན་གདའོ། །བདུན་པོ་ནི་སྐྱེ་བ་ལྔ་བརྒྱའི་དུས་ནས་འབྲེལ་པ་འདྲའོ། །བུ་སློབ་ཕལ་ནི་དེ་རུ་སྐྱེས་ནས་ཐལ། གསོལ་བ་བཏབ་ན་དེ་རུ་སྐྱེས་ནས་འོང་། གཅིག་ནི་ཨོ་རྒྱན་དཔལ་རི་བྱ་བ་ན་གསང་སྔགས་ཀྱི་རྣལ་འབྱོར་ཁོ་ནའོ། །གཅིག་ནི་དྭགས་ལ་སྒམ་པོའི་རི་དྭགས་སྤོའི་སྒྲུབ་གནས་གཅིག་ཏུ་བཀའ་གདམས་ཀྱི་ཆོས་སྐོར་གྱི་དགེ་སློང་ལྔ་བརྒྱ་ཙམ་གྱི་དོན་བྱེད་པའོ། །གཅིག་ནི་ཤར་ཕྱོགས་སྤང་ཕུག་བྱ་བ་ན། ཞྭ་ནག་ཅན་དུས་གསུམ་མཁྱེན་པའི་གྲུ་གནས་གཅིག་ཏུ་བཙུན་མོ་མི་ཡི་བུ་མོ་གསུམ། ངེད་མཁའ་འགྲོ་མ་བག་ཙམ་དང་ལྷན་དུ་ལས་ཀྱི་ཕྱག་རྒྱ་ཁོ་ནའོ། །གཅིག་ནི་རྗེ་མི་ལའི་རྣམ་ཐར་ཁོ་ནའོ། །འཚོ་བ་ལྷ་འདྲེས་འདྲེན། གདམས་པ་འདྲེ་ལ་སྟེར། གཅིག་ནི་བུད་མེད་ཤ་རྩ་དམར་བ་མགོ་ན་རུས་པའི་རྒྱན་ཐོགས་པ་རྒྱལ་ཁམས་ཕལ་ཆེར་ཀུན་ལ་འབྲེལ་པ་འཇོག་པ་རི་ཁྲོད་བལ་མཐའ་འགྲིམས་པ་འབྲེལ་ཚད་འདྲེན་ནུས་པ་གཅིག །དེ་ནི་ལོ་བརྒྱ་ལ་གཅིག་ཆག་གོ། གཅིག་ནི་འདི་ནས་ཧ་ཅང་ཐག་མི་རིང་བ་གཅིག་ཏུ་སྦས་པའི་ཚུལ་དུ་གདའ་ཡང་བཟླ་བར་མི་རིགས་སོ། །
ཨེ་མ་ཧོ། ཞིང་ཁམས་དཔག་ཏུ་མེད་པའི་འགྲོ་རྣམས་ལ། །གདུལ་བྱ་དཔག་ཏུ་མེད་པའི་དོན་རྣམས་མཛད། །འབྲེལ་ཚད་དཔག་ཏུ་མེད་པ་བདེ་ལ་བཀོད། །དོན་གཉིས་དཔག་མེད་མ་ཏིའི་ཞབས་ལ་འདུད། །འདི་ལྟར་བརྗོད་པའི་བསོ་པ་མ་མཆིས་ཀྱང་། །དཔོན་སློབ་རྣམས་ཀྱི་ཐུགས་ཡིད་ཆེས་པར་མཛོད། །འདི་ལྟར་བརྗོད་པའི་ཉེས་པ་ཡོད་སྲིད་ན། །རྡོ་རྗེ་འཆང་སོགས་བཀའ་བརྒྱུད་བླ་མ་ལ། །གནོང་བས་བཤགས་སོ་ཉེས་པར་མ་གྱུར་ཅིག །དགེ་བ་ཆ་ཙམ་ཡོད་པར་གྱུར་སྲིད་ན། །མཁའ་མཉམ་སྐྱེ་འགྲོ་མ་ཏིར་མཇལ་བར་ཤོག །ཡིག་ཚོགས་མང་བས་ཆ་ཙམ་བསྡུས་པ་ཡིན། །རྒྱས་པར་བཤད་ན་གྲངས་ཀྱིས་མི་ལང་ངོ་། །ཧེ་ཧེ། སྭ་སྟི། ཞེས་པ་འདི་ནི་མངོན་སྤྱོད་མས་གསུངས་པའོ། །
༈ ན་མོ་ཤྲཱི་བཛྲ་དྷ་ར་ཡེ། རཏྣ་དྷོ་ཙ་ལྷ་དབང་རྒྱལ་པོ་ལ་ན་མོ། གདོད་ནས་ལྷུན་གྲུབ་མཁའ་ལྟར་འདུས་མ་བྱས། །སྤྲོས་མེད་རང་བཞིན་སྤྲོས་པའི་མཐའ་དང་བྲལ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཆོས་ཀྱི་སྐུ། །དེ་ཉིད་མངོན་གྱུར་བླ་མ་ཁྱེད་ལ་འདུད། །ནམ་མཁའ་མངོན་གྱུར་གུ་རུ་སྙན་གསན་ཞུ། །རྐྱེན་ངན་བཤེས་གཉེན་ཡིན་པའི་ངོ་སྤྲོད་མཛོད། །བར་ཆོད་བསྐུལ་མ་ཡིན་པའི་ངོ་སྤྲོད་མཛོད། །སྡུག་བསྔལ་ཕྱགས་མ་ཡིན་པའི་ངོ་སྤྲོད་མཛོད། །སྙན་གྲགས་ཕྱི་གཏོར་ཡིན་པའི་ངོ་སྤྲོད་མཛོད། །བསྙེན་བཀུར་ཞགས་པ་ཡིན་པའི་ངོ་སྤྲོད་མཛོད། །བསོད་ནམས་བར་ཆད་ཡིན་པའི་ངོ་སྤྲོད་མཛོད། །ཁྱུང་ཆེན་མཁའ་ལ་ལྡིང་བའི་ངོ་སྤྲོད་མཛོད། །ནམ་མཁའ་དྭངས་པའི་ངོ་སྤྲོད་མཛོད། །བཅོ་ལྔ་ཟླ་བའི་ངོ་སྤྲོད་མཛོད། །སྟོན་ཁའི་ཉི་མའི་ངོ་སྤྲོད་མཛོད། །གཟའ་གཏད་མེད་པའི་ངོ་སྤྲོད་མཛོད། །འདུས་མ་བྱས་ཀྱི་ངོ་སྤྲོད་མཛོད། །རང་བྱུང་རིག་པའི་ངོ་སྤྲོད་མཛོད། །ལྷག་མཐོང་གཅེར་བུའི་ངོ་སྤྲོད་མཛོད། །ཞེན་མེད་ཆོས་སྐུའི་ངོ་སྤྲོད་མཛོད། །ལུས་ཀྱི་དགོན་པའི་ངོ་སྤྲོད་མཛོད། །གོལ་ས་ཆོད་པའི་ངོ་སྤྲོད་མཛོད། །སྤྲོས་དང་བྲལ་བའི་ངོ་སྤྲོད་མཛོད། །དུག་ལྔ་རང་ལོག་གི་ངོ་སྤྲོད་མཛོད། །སྒྲོ་འདོགས་ཆོད་པའི་ངོ་སྤྲོད་མཛོད། །ཆོས་བརྒྱད་བྲལ་བའི་ངོ་སྤྲོད་མཛོད། །ལུང་དང་ལྡན་པའི་ངོ་སྤྲོད་མཛོད། །སྣང་བ་ཆོས་སྐུའི་ངོ་སྤྲོད་མཛོད། །རྣམ་རྟོག་རང་གྲོལ་གྱི་ངོ་སྤྲོད་མཛོད། །ནམ་མཁའ་ལྟ་བུའི་ཆོས་སྐུ་ལ། །ངོས་བཟུང་མེད་པའི་ངོ་སྤྲོད་མཛོད། །འཇའ་ཚོན་ལྟ་བུའི་ལོངས་སྐུ་ལ། །མ་འགགས་གསལ་བའི་ངོ་སྤྲོད་མཛོད། །ཕྱོགས་རིས་མེད་པའི་སྤྲུལ་སྐུ་ལ། །ཞེན་པ་མེད་པའི་ངོ་སྤྲོད་མཛོད། །སྣ་ཚོགས་སྣང་བ་ཐབས་ཀྱི་ཆོས། །དེ་ཡི་རང་བཞིན་སྟོང་པ་འདྲ། །ཡ་མ་བྲལ་བའི་ངོ་སྤྲོད་མཛོད། །ལྟ་སྒོམ་སྤྱོད་འབྲས་ལ་སོགས་དང་། །གཞི་ལམ་འབྲས་བུའི་ཆོས་རྣམས་ཀུན། །གཅིག་ཏུ་དྲིལ་ལ་ངོ་སྤྲོད་མཛོད། །རྐྱེན་ངན་ཅི་བྱུང་ཐམས་ཅད་ཀུན། །དེ་ཡི་རང་བཞིན་ཆོས་སྐུ་འདྲ། །འགྲོ་འདུག་སྨྲ་རྒོད་ལ་སོགས་པ། །དེ་ཡི་རང་བཞིན་ཆོས་སྐུ་འདྲ། །བླ་མ་ཡི་དམ་ཆོས་སྐྱོང་སོགས། །དེ་ཡི་རང་བཞིན་ཆོས་སྐུ་འདྲ། །སྣོད་བཅུད་འཁོར་འདས་ཆོས་རྣམས་ཀུན། །དེ་ཡི་རང་བཞིན་ཆོས་སྐུ་འདྲ། །རྒྱལ་ཁམས་གཞན་དུ་འགྲོ་འདོད་ཀྱང་། །དེ་ཡི་རང་བཞིན་ཆོས་སྐུ་འདྲ། །ལོངས་སྤྱོད་པན་པུན་ཆེ་བ་ཡང་། །དེ་ཡི་རང་བཞིན་ཆོས་སྐུ་འདྲ། །ཌཱ་ཀི་མཛེས་སྡུག་ཆེ་ལགས་ཀྱང་། །དེ་ཡི་རང་བཞིན་ཆོས་སྐུ་འདྲ། །ཨེ་མ་བླ་མ་རིན་པོ་ཆེ། །རྒྱལ་བའི་དགོངས་པ་དེ་འདྲ་བསྐུལ་བ་ཡིན། །མཁའ་འགྲོའི་གསང་ཚིག་འདི་འདྲ་བསྐུལ་བ་ཡིན། །རྒྱུད་སྡེའི་སྙིང་པོ་འདི་འདྲ་བསྐུལ་བ་ཡིན། །གོང་མའི་ཐུགས་བཅུད་འདི་འདྲ་བསྐུལ་བ་ཡིན། །འདི་རྣམས་བསྐུལ་ལ་ཉེས་པ་ཡོད་སྲིད་ན། །མི་མངོན་དབྱིངས་ན་བཞུགས་པའི་ཆོས་བདག་རྣམས། །གནོང་བས་བཤགས་སོ་ཉེས་པར་མ་གྱུར་ཅིག །འདི་ལ་དད་ཅིང་མོས་པ་གང་བྱེད་རྣམས། །སྣང་བའི་རང་བཞིན་ཆོས་སྐུར་རྟོགས་པར་ཤོག །ཅེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་ལ་ཨ་ནན་བྷ་ཏྲ་ལ་ངོ་སྤྲོད་འདི་ལྟར་མཛད་ནས་ལུང་བསྟན་པའོ། །
༈ ན་མོ་གུ་རུ། བུདྡྷ་དྷརྨ་སང་གྷ་ཌཱ་ཀི་ཡེ་ན་མོ། སྐྱེ་འགག་གནས་བྲལ་དྲི་མེད་རྣམ་དག་དབྱིངས། །འོད་གསལ་ལྷུན་གྲུབ་བདེ་ཆེན་འདུས་མ་བྱས། །ཡེ་ཤེས་ལྔ་ལྡན་ཟུང་འཇུག་རྡོ་རྗེ་འཆང་། །རྟོག་པ་མངོན་གྱུར་ཌཱ་ཀིའི་ཚོགས་ལ་འདུད། །ཐེག་མཆོག་རྣམས་ཀྱི་བཅུད་བསྡུས་མཐར་ཐུག་དོན། །སྐལ་ལྡན་གང་ཟག་འགའ་ལ་ཕན་སྙམ་ནས། །སྙན་བརྒྱུད་དོན་གསལ་ཚིག་འགའ་བརྗོད་པ་ལ། །བླ་མ་མཁའ་འགྲོའི་རྩོམ་པ་མཐར་ཕྱིན་མཛོད། །རྐྱེན་ངན་བཤེས་གཉེན་ཡིན་པའི་ངོ་སྤྲོད་མཛོད། །ཅེས་པ་ནི། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་དབང་གིས། །རྗེ་དཔོན་གཉེན་འབྲེལ་གྲོགས་དང་སྤུན་རྣམས་ཀྱིས། །མི་བདེ་སྡུག་བསྔལ་ཀུན་ལ་གཏད་གྱུར་ཀྱང་། །བླ་མ་དགེ་བའི་བཤེས་བཞིན་སྤྱི་བོར་ཁུར། །དྲན་པ་ཉེར་བཞག་ལས། རང་ཉིད་གསོད་པའི་རྔོན་པ་ལ། བྱམས་པ་བསྒོམ་ན་ལོ་འབུམ་ཕྲག་གཅིག་ཏུ་འཁོར་ལོ་བསྒྱུར་རྒྱལ་དུ་སྐྱེའོ། །ཞེས་དང་། ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་དག་ན་བདེ་བ་མེད། །ཅེས་གསུངས་སོ། །
བར་ཆད་བསྐུལ་མ་ཡིན་པའི་ངོ་སྤྲོད་མཛོད། །ཅེས་པ་ནི། ཐོས་བསམ་སྒོམ་གསུམ་ཚུལ་བཞིན་གང་དང་ཅི་ཉམས་སུ་ལེན་པར་གྱུར་པའི་ཚེ་ནའང་མི་དང་མི་མིན་བར་ཆད་ཅི་བྱུང་ཡང་། བར་ཆད་དགེ་སྦྱོར་བསྐུལ་མར་བཟང་བ་ཡིན་ཞེས་གསུངས་སོ། །སྡུག་བསྔལ་ཕྱགས་མ་ཡིན་པའི་ངོ་སྤྲོད་མཛོད་ཅེས་པ་ནི། འབྱུང་བཞིའི་ལུས་འདི་གཞན་དབང་ཡིན་གྱུར་པས། །ན་ཚ་སྡུག་བསྔལ་སྣ་ཚོགས་ཅི་བྱུང་ཡང་། །སེམས་ལ་ཟུག་རྔུའི་རྣམ་པ་གང་དང་ཅི། །སྡིག་པ་བཤགས་པའི་ཕྱགས་མར་བཟང་བ་ཡིན། །སྐྱིད་ན་དགེ་བ་ཚོགས་སུ་བསྔོ། །ཕན་བདེའི་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམ་པར་ཤོག །ཅེས་གསུངས་སོ། །
སྙན་གྲགས་ཕྱིར་གཏོར་ཡིན་པའི་ངོ་སྤྲོད་མཛོད། །ཅེས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །བག་ཆགས་རྒྱུ་ནི་ཡང་ཡང་གོམས་པའི་མཐུས། །ཚེ་འདིའི་སྙན་གྲགས་དོན་དུ་གཉེར་བ་འདི། །བྱང་ཆུབ་སྒྲུབ་པའི་ཕྱི་གཏོར་ཡིན་པར་སྣང་། །འཇིག་རྟེན་མཁྱེན་པས་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་པའི་འཇིག་རྟེན་ཆོས་བརྒྱད་དོ། །ཞེས་གསུངས་སོ། །བསྙེན་བཀུར་ཞགས་པ་ཡིན་པའི་ངོ་སྤྲོད་མཛོད་ཅེས་པ་ནི། སྒྱུ་མ་ལུས་ཀྱི་ཕུང་པོ་གསོ་ཕྱིར་དང་། །ཆགས་སྲེད་ཞེན་པ་ཉོན་མོངས་དབང་གིས་ནི། །ནོར་ཟས་ལོངས་སྤྱོད་གྲགས་འདོད་བསྒྲུབས་པ་རྣམས། །དེ་ཉིད་འཁོར་བའི་འཆིང་བྱེད་ཡིན་པར་གདའ། །རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས་སོ། །
བསོད་ནམས་བར་ཆོད་ཡིན་པའི་ངོ་སྤྲོད་མཛོད། །ཅེས་པ་ནི། ལམ་པ་པོ་ཡི་གང་ཟག་རྣམས་ལ་ནི། །འདོད་ཆུང་ཆོག་ཤེས་ནོར་རྣམས་ཀུན་གྱི་མཆོག །ལོངས་སྤྱོད་འབྱོར་པ་དཔག་གཡས་ཆེར་ཡོད་ཀྱང་། །བསོད་ནམས་བར་ཆོད་བདུད་ཀྱི་གཡབ་མོ་ཡིན། །ཆོས་པ་བསོད་ནམས་ཆེ་ན་བདུད་ཀྱིས་ཁྱེར། །ཞེས་པ་དང་། འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །ཅི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བའི་རྒྱུ། །གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། །འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་སོ། །
ཁྱུང་ཆེན་མཁའ་ལ་ལྡིང་བའི་ངོ་སྤྲོད་མཛོད་ཅེས་པ་ནི། ཁྱུང་ཕྲུག་སྒོ་ངའི་ནང་ནས་གཤོག་དྲུག་རྒྱས། །ཡར་ལ་ནམ་འཕང་ཨེ་ཆོད་རེ་བ་མེད། །མར་ལ་དོག་མོ་ས་ལ་ལྷུང་དོགས་བྲལ། །འཁོར་འདས་རེ་དོགས་བྲལ་བའི་ངང་ལ་ལྟོས། །ནམ་མཁའ་དྭངས་བའི་ངོ་སྤྲོད་མཛོད་ཅེས་པ་ནི། འདུས་མ་བྱས་པའི་ནམ་མཁའ་སྟོང་པ་འདི། །རྒྱུ་ལས་མ་བྱུང་རྐྱེན་ལས་སྐྱེས་པ་མེད། །ཐོག་མཐའ་དབུས་བྲལ་སྐྱེ་འཇིག་འགྲོ་འོང་བྲལ། །ཕྱི་ནང་དབྱིངས་རིག་དབྱེར་མེད་ངང་ལ་ལྟོས། །བཅོ་ལྔ་ཟླ་བའི་ངོ་སྤྲོད་མཛོད་ཅེས་པ་ནི། མ་རིག་མུན་པའི་མུན་ཚོགས་འཐིབ་པོ་རྣམས། །བཅོ་ལྔ་ཟླ་རྒྱས་མ་རིག་མུན་སེལ་ལྟར། །མངོན་གྱུར་མ་རིག་རྨོངས་པའི་དྲི་མ་དག །གདོད་ནས་དྲི་མེད་གསལ་པའི་ངང་ལ་ལྟོས། །སྟོན་ཀའི་ཉི་མའི་ངོ་སྤྲོད་མཛོད་ཅེས་པ་ནི། སྟོན་ཟླ་ཐ་ཆུང་འགོ་ཡི་ཉེ་བའི་ཚེ། །མཁའ་ལ་འཁྲིགས་པའི་བག་རྡུལ་དྲི་མ་རྣམས། །ཆར་གྱིས་བདས་ནས་གསལ་དང་ཉི་འོད་བཞིན། །རང་རིག་རང་བྱུང་མདངས་གསལ་ངང་ལ་ཞོག །གཟའ་གཏད་མེད་པའི་ངོ་སྤྲོད་མཛོད་ཅེས་པ་ནི། ཡུལ་དང་ཡུལ་ཅན་སྣ་ཚོགས་ཅི་སྣང་ཡང་། །ཡེ་ནས་རྣམ་དག་སྤྲོས་པའི་མཐའ་དང་བྲལ། །སོ་སོ་མ་ཡིན་ངོ་བོ་གཉུག་མའི་ངང་། །ཟུང་འཇུག་བདེ་ཆེན་བརྗོད་བྲལ་ངང་ལ་ལྟོས། །
འདུས་མ་བྱས་པའི་ངོ་སྤྲོད་མཛོད་ཅེས་པ་ནི། གདོད་ནས་གཞི་མེད་རྩ་བྲལ་སྟོང་ཉིད་ཆེ། །འདུས་མ་བྱས་ཤིང་ལྷུན་གྲུབ་བྱར་མེད་ངང་། །དུས་གསུམ་འཕོ་འགྱུར་མེད་པ་ཆུ་བོའི་རྒྱུན། །དབྱིངས་དང་ཡེ་ཤེས་དབྱེར་མེད་ངང་ལ་ལྟོས། །རང་བྱུང་རིག་པའི་ངོ་སྤྲོད་མཛོད་ཅེས་པ་ནི། སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །རང་ལ་རང་ཉིད་དེ་ལྟར་སྣང་བ་ཡིན། །ཕྱི་རོལ་ཐ་དད་དོན་མཐོང་འཁྲུལ་པའི་བློ། །རང་རིག་རང་བྱུང་རང་གི་ངོ་ལ་ལྟོས། །ལྷག་མཐོང་གཅེར་བུའི་ངོ་སྤྲོད་མཛོད་ཅེས་པ་ནི། ཤེས་དང་ཤེས་བྱའི་ཆོས་རྣམས་མ་ལུས་ཀུན། །རང་བཞིན་སྐྱེ་མེད་སྤྲོས་པའི་མཐའ་དང་བྲལ། །དེ་དོན་མངོན་གྱུར་ལྷག་མཐོང་ཟེར་བ་ཡིན། །རྟོག་མེད་དོན་དམ་ཆོས་སྐུའི་ངང་ལ་ལྟོས། །ཞེན་མེད་ཆོས་སྐུའི་ངོ་སྤྲོད་མཛོད་ཅེས་པ་ནི། སྣང་དང་སྟོང་པའི་ཆོས་རྣམས་ཇི་སྙེད་ཀུན། །ངོ་བོ་མངོན་དུ་གྱུར་པའི་རྣལ་འབྱོར་ལ། །བཟང་ངན་ཆོས་སྐུར་མ་གྱུར་གང་ཡང་མེད། །གང་ལ་ཞེན་མེད་ཆོས་སྐུའི་ངང་ལ་ལྟོས། །ལུས་ཀྱི་དགོན་པའི་ངོ་སྤྲོད་མཛོད་ཅེས་པ་ནི། ཕྱི་རོལ་དགོན་པ་གཞན་དུ་བཙལ་ཞིང་མང་། །དེས་ན་ནང་གི་དགོན་པ་ཤེས་ཀྱང་འཚལ། །འདུ་འཛིས་གཡེང་བའི་ཚུལ་རྣམས་སྤངས་ནས་ནི། །ལུས་སེམས་སྐྱེ་མེད་ཆོས་སྐུའི་ངང་ལ་ལྟོས། །གོལ་ས་ཆོད་པའི་ངོ་སྤྲོད་མཛོད་ཅེས་པ་ནི། སྟོང་གསལ་བདེ་བ་ཆེན་པོའི་ངོ་བོ་དེ། །རྟག་ཆད་ཡོད་མེད་ལ་སོགས་མཐའ་ལས་འདས། །གོལ་ཤོར་ལྟ་བ་ཇི་ལྟར་དགྱེས་དགྱེས་མཛོད། །གོལ་ཤོར་དབྱིངས་སུ་ཡལ་བའི་ངང་ལ་ལྟོས། །
སྤྲོས་དང་བྲལ་བའི་ངོ་སྤྲོད་མཛོད་ཅེས་པ་ནི། མ་བཅོས་རང་བྱུང་རིག་པའི་ངོ་བོ་དེ། །མཐའ་བརྒྱད་མཐའ་བཞི་ལས་ནི་རྣམ་གྲོལ་བ། །བདེ་ཆེན་སྐུ་ཡི་བཀོད་པ་དཔག་ཡས་ཤིང་། །ལྷུན་གྲུབ་བསམ་འདས་སྤྲོས་བྲལ་ངང་ལ་ལྟོས། །དུག་ལྔ་རང་ལོག་གི་ངོ་སྤྲོད་མཛོད་ཅེས་པ་ནི། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་དབང་གིས། །ཉོན་མོངས་དུག་ལྔའི་རྦ་རླབས་འཁྲུགས་པ་དེ། །ཆོས་ཉིད་སྟོང་པའི་རང་རྩལ་ཡིན་ཕྱིར་དུ། །ཁ་ནི་ནང་དུ་ལོག་ལ་རང་ལ་ལྟོས། །སྒྲོ་འདོགས་ཆོད་པའི་ངོ་སྤྲོད་མཛོད་ཅེས་པ་ནི། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །དཀར་ནག་ཆོས་ཀྱིས་ནམ་ཡང་གོས་པ་མེད། །དུས་གསུམ་རྒྱལ་བ་རྣམས་ཀྱིས་སྨྲར་མ་ཤེས། །ཆོས་ཉིད་སྒྲོ་འདོགས་བྲལ་བའི་ངང་ལ་ལྟོས། །ཆོས་བརྒྱད་བྲལ་པའི་ངོ་སྤྲོད་མཛོད་ཅེས་པ་ནི། ཐོག་མེད་དུས་ནས་ཐ་མ་ད་ལྟའི་བར། །བློས་བྱས་འཇིག་རྟེན་ཆོས་བརྒྱད་དག་གིས་གཡེང་། །དེར་འཛིན་མཚན་མས་རིགས་དྲུག་གནས་སུ་འཁོར། །ཆོས་བརྒྱད་དབྱིངས་སུ་ཡལ་བའི་ངང་ལ་ལྟོས། །ལུང་དང་ལྡན་པའི་ངོ་སྤྲོད་མཛོད་ཅེས་པ་ནི། ཏེ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་རིག་ཉིད་ལ་མཚོན་ཏེ་ཤེས་པར་གྱིས། །ཞེས་སོ། །དེ་བས་ཀྱང་དུ་མ་རོ་གཅིག་རྟོགས་ན་མཁས་པ་ཡིན་ནོ་བུ། །ཐམས་ཅད་སེམས་སུ་ཤེས་ན་མི་མཐུན་མེད་དོ་བུ། །སེམས་ཉིད་སྟོང་པར་ཤེས་ན་ཤེས་པ་ཙམ་མོ་བུ། །ཞེས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། རང་རིག་ཡེ་ཤེས་འདི་རྙེད་ནས། །སྐལ་པའི་མུན་པར་སྒྲོན་མེ་སྦར། །ལས་ཀྱི་འཁྲུལ་པ་རྩད་ནས་བཅོམ། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་སོ། །ས་ར་ཧས། ཁ་དོག་གཟུགས་དང་ཡི་གེ་དཔེ་བྲལ་བ། །བརྗོད་དུ་མི་བཏུབ་ཅི་ན་ཙམ་དུ་མཚོན། །གཞོན་ནུ་མའི་བདེ་བ་སྙིང་ལ་ཞེན་པ་བཞིན། །དབང་ཕྱུག་དམ་པ་སུ་ལ་བསྟན་ནུས་སོ། །ཞེས་སོ། །མེ་ཏྲི་བས། ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ། །རྟོགས་པར་གྱུར་ན་གཞན་མི་དགོས། །ཞེས་སོ། །ན་རོ་པས། སེམས་དེ་རྟོགས་ན་སངས་རྒྱས་སོ། །ཞེས་དང་། ལྟ་བ་མདོར་བསྡུས་ནས། རང་རིག་སྤྲོས་བྲལ་དེ་ཉིད་ནི། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །དཔེར་ན་ཆུའི་ཟླ་བ་བཞིན། །ཞེས་སོ། །ཤ་བ་རིས། སྣང་གྲག་སྒྱུ་མ་རྨི་ལམ་སྨིག་རྒྱུ་དང་། །སྒྱུ་མ་དང་མཚུངས་དངོས་པོ་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའ་འདྲ། །མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །གངྒ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་འགྱུར། །རྟག་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་གྱིས། །ཞེས་སོ། །ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །ཞེས་དང་། འཇིག་རྟེན་རྒྱུ་རྐྱེན་ལས་བྱུང་བ། །རྣལ་འབྱོར་པ་ཡིས་མི་རྟོག་གོ །འཇིག་རྟེན་རང་གི་རྟོག་པས་བཏགས། །སྣ་ཚོགས་བག་ཆགས་དག་ལས་བྱུང་། །ཞེས་སོ། །མདོ་རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་རྙེད་ནའང་། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་སོ། །ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་ནི་སེམས་ཙམ་མོ། །སེམས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ་ཞེས་སོ། །བརྟག་གཉིས་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་དང་། གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་ཡང་མེད། །ཅེས་སོ། །གསང་འདུས་ལས། དངོས་པོ་འདི་དག་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་རྟག་པ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་སོ། །སྣང་བ་ཆོས་སྐུའི་ངོ་སྤྲོད་མཛོད་ཅེས་པ་ནི། ལྟ་བ་རྟོགས་པ་མངོན་འགྱུར་རྣལ་འབྱོར་ལ། །གཉིས་བསྡུས་ཆོས་རྣམས་མ་ལུས་སྣ་ཚོགས་ཀུན། །འོད་གསལ་ཆོས་སྐུར་མ་གྱུར་གཅིག་ཀྱང་མེད། །སྣང་སེམས་དབྱེར་མེད་ཆོས་སྐུའི་ངང་ལ་ལྟོས། །རྣམ་རྟོག་རང་གྲོལ་གྱི་ངོ་སྤྲོད་མཛོད་ཅེས་པ་ནི། ཉོན་མོངས་བརྒྱད་ཁྲི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི། །དེ་ལས་གཞན་པའི་ཆོས་འགའ་ཡོད་སྲིད་ན། །རྣམ་པར་རྟོག་པར་མ་གྱུར་གཅིག་ཀྱང་མེད། །སྐྱེ་མེད་ཡེ་ཤེས་ཟང་ཐལ་ངང་ལ་ལྟོས། །ནམ་མཁའ་ལྟ་བུའི་ཆོས་སྐུ་ལ། །ངོས་བཟུང་མེད་པའི་ངོ་སྤྲོད་མཛོད་ཅེས་པ་ནི། ཆོས་སྐུ་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ། །ངོས་བཟུང་གཟའ་གཏད་མི་གདའ་རང་སར་ཞོག །འཇའ་ཚོན་ལྟ་བུའི་ལོངས་སྐུ་ལ། །མ་འགགས་གསལ་བའི་ངོ་སྤྲོད་མཛོད་ཅེས་པ་ནི། ལོངས་སྐུ་འཇའ་ཚོན་ལྟ་བུར་སོ་སོར་གསལ། །སྣང་ལ་རང་བཞིན་མི་གདའ་རང་སར་ཞོག །ཕྱོགས་རིས་མེད་པའི་སྤྲུལ་སྐུ་ལ། །ཞེན་པ་མེད་པའི་ངོ་སྤྲོད་མཛོད་ཅེས་པ་ནི། སྤྲུལ་སྐུས་འགྲོ་དོན་མཛད་ཀྱང་སྐྱོན་མ་གོས། །གང་ལ་ཕྱོགས་རིས་མི་གདའ་རང་སར་ཞོག །སྣ་ཚོགས་སྣང་བ་ཐབས་ཀྱི་ཆོས། །དེ་ཡི་རང་བཞིན་སྟོང་པ་འདྲ། །ཡ་མ་བྲལ་བའི་ངོ་སྤྲོད་མཛོད་ཅེས་པ་ནི། སྣང་བ་དཀར་དམར་སྣ་ཚོགས་ཐབས་ཀྱི་ཆོས། །དེ་ཡི་རང་བཞིན་སྟོང་པ་ཤེས་རབ་སྟེ། །ཐབས་ཤེས་ཡ་མ་བྲལ་བས་ཟུང་འཇུག་ཡིན། །ཡིན་ལ་ཡིན་བཞིན་དེ་ལྟར་ཉམས་སུ་ལོང་། །ལྟ་སྒོམ་སྤྱོད་འབྲས་ལ་སོགས་དང་། །གཞི་ལམ་འབྲས་གསུམ་ཆོས་རྣམས་ཀུན། །གཅིག་ཏུ་དྲིལ་ལ་ངོ་སྤྲོད་མཛོད་ཅེས་པ་ནི། སྣང་སེམས་གཉིས་སུ་མེད་ན་ལྟ་བ་ཡིན། །མ་ཡེངས་ངང་ལ་གནས་ན་སྒོམ་པ་ཡིན། །ཆོས་ཉིད་རོལ་པར་ཤར་ན་སྤྱོད་པ་ཡིན། །ཐམས་ཅད་རོ་མཉམ་འདྲེས་ན་འབྲས་བུ་ཡིན། །ཀུན་གཞི་རིག་པ་སྟོང་གསལ་གཞི་ཡིན་ཏེ། །མན་ངག་ལ་བརྟེན་ཉམས་ལེན་ལམ་ཡིན་ཏེ། །ཇི་ལྟ་ཇི་སྙེད་མངོན་གྱུར་འབྲས་བུ་ཡིན། །ལྟ་བ་མོ་གཤམ་བུ་དང་འདྲ། །སྒོམ་པ་ནམ་མཁའི་པད་མོ་འདྲ། །སྤྱོད་པ་དུང་གི་ཁྲག་དང་འདྲ། །འབྲས་བུ་སེངྒེའི་ཁ་ཆུ་འདྲ། །གཞི་ནི་ཉིན་མོའི་སྐར་མ་འདྲ། །ལམ་ནི་མཚན་མོའི་ཉི་མ་འདྲ། །འབྲས་བུ་རི་བོང་རྭ་དང་འདྲ། །རྐྱེན་ངན་ཅི་བྱུང་ཐམས་ཅད་ནི། །དེ་ཡི་རང་བཞིན་ཆོས་སྐུ་འདྲ་ཞེས་པ་ནི། རྐྱེན་ངན་ཅི་བྱུང་ཐམས་ཅད་དང་། །དེ་ཡི་རང་བཞིན་ཆོས་ཀྱི་སྐུ། །གཉིས་སྣང་གཉིས་མེད་ཕྱག་རྒྱ་ཆེ། །འགྲོ་འདུག་སྨྲ་རྒོད་ལ་སོགས་པ། །དེ་ཡི་རང་བཞིན་ཆོས་སྐུ་འདྲ་ཞེས་པ་ནི། འགྲོ་འདུག་སྨྲ་རྒོད་ལ་སོགས་དང་། །དེ་ཡི་རང་བཞིན་ཆོས་ཀྱི་སྐུ། །གཉིས་སྣང་གཉིས་མེད་ཕྱག་རྒྱ་ཆེ། །བླ་མ་ཡི་དམ་ཆོས་སྐྱོང་སོགས། །དེ་ཡི་རང་བཞིན་ཆོས་སྐུ་འདྲ་ཞེས་པ་ནི། བླ་མ་ཡི་དམ་ཆོས་སྐྱོང་སོགས། །དེ་ཡི་རང་བཞིན་ཆོས་ཀྱི་སྐུ། །གཉིས་སྣང་གཉིས་མེད་ཕྱག་རྒྱ་ཆེ། །སྣོད་བཅུད་འཁོར་འདས་ཆོས་རྣམས་ཀུན། །དེ་ཡི་རང་བཞིན་ཆོས་སྐུ་འདྲ་ཞེས་པ་ནི། སྣོད་བཅུད་འཁོར་འདས་ཆོས་རྣམས་ཀུན། །དེ་ཡི་རང་བཞིན་ཆོས་ཀྱི་སྐུ། །གཉིས་སྣང་གཉིས་མེད་ཕྱག་རྒྱ་ཆེ། །རྒྱལ་ཁམས་གཞན་ལ་འགྲོ་འདོད་ཀྱང་། །དེ་ཡི་རང་བཞིན་ཆོས་སྐུ་འདྲ་ཞེས་པ་ནི། རྒྱལ་ཁམས་གཞན་ལ་འགྲོ་འདོད་ཀྱང་། །དེ་ཡི་རང་བཞིན་ཆོས་ཀྱི་སྐུ། །གཉིས་སྣང་གཉིས་མེད་ཕྱག་རྒྱ་ཆེ། །ལོངས་སྤྱོད་པན་པུན་ཆེ་བ་ཡང་། །དེ་ཡི་རང་བཞིན་ཆོས་སྐུ་འདྲ་ཞེས་པ་ནི། ལོངས་སྤྱོད་པན་པུན་ཆེ་བ་དང་། །དེའི་རང་བཞིན་ཆོས་ཀྱི་སྐུ། །གཉིས་སྣང་གཉིས་མེད་ཕྱག་རྒྱ་ཆེ། །ཌཱ་ཀི་མཛེས་སྡུག་ཆེ་ལགས་ཀྱང་། །དེ་ཡི་རང་བཞིན་ཆོས་སྐུ་འདྲ་ཞེས་པ་ནི། ཌཱ་ཀི་མཛེས་སྡུག་སྣ་ཚོགས་དང་། །དེ་ཡི་རང་བཞིན་ཆོས་ཀྱི་སྐུ། །གཉིས་སྣང་གཉིས་མེད་ཕྱག་རྒྱ་ཆེ། །ཨེ་མ་བླ་མ་རིན་པོ་ཆེ། །རྒྱལ་བའི་དགོངས་པ་འདི་འདྲ་བསྐུལ་བ་ཡིན་ཞེས་པ་ནི། བསྐལ་པ་དཔག་མེད་འདས་པའི་ཕ་རོལ་ན། །བདུད་བཞིའི་གཡུལ་ལས་རྒྱལ་བའི་མི་ཕམ་མགོན། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་གསུངས་ཀྱང་། །ཐེག་མཆོག་སྙིང་པོའི་དོན་དེ་འདི་རང་ཡིན། །མཁའ་འགྲོའི་གསང་ཚིག་འདི་འདྲ་བསྐུལ་བ་ཡིན་ཞེས་པ་ནི། གྲངས་མེད་དུས་ནས་ཚོགས་གཉིས་རྒྱ་ཆེན་མཐུས། །ཆོས་རྣམས་དེ་ཉིད་ཐུགས་བཅུད་ཌཱ་ཀིའི་ཚོགས། །མན་ངག་གདམས་པའི་སྐོར་རྣམས་བརྗོད་པ་ལས། །མདོར་བསྡུས་སྙིང་པོའི་དོན་མཆོག་འདི་རང་ཡིན། །རྒྱུད་སྡེའི་སྙིང་པོ་འདི་འདྲ་བསྐུལ་བ་ཡིན། །ཞེས་པ་ནི། ཉོན་མོངས་གཡུལ་ལས་རྒྱལ་བའི་དཔའ་བོ་དེས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་གསུངས་ཀྱང་། །གསང་སྔགས་བླ་ན་མེད་པའི་མན་ངག་གནད། །མར་གྱི་ཁུ་བ་ལྟ་བུ་འདི་རང་ཡིན། །གོང་མའི་ཐུགས་བཅུད་འདི་འདྲ་བསྐུལ་བ་ཡིན་ཞེས་པ་ནི། རྡོ་རྗེ་འཆང་སོགས་བཀའ་བརྒྱུད་བླ་མའི་ཚོགས། །ཐེག་ཆེན་ངེས་དོན་བླ་མེད་སྙིང་པོའི་དོན། །དགོངས་པ་མངོན་ཕྱུང་ཡང་དག་དོན་དེ་ནི། །ནོར་བུ་ལྟ་བུའི་ཐུགས་བཅུད་འདི་རང་ཡིན། །འདི་རྣམས་བསྐུལ་ལ་ཉེས་པ་ཡོད་སྲིད་ན། །མི་མངོན་དབྱིངས་ན་བཞུགས་པའི་ཆོས་བདག་རྣམས། །གནོང་བས་བཤགས་སོ་ཉེས་པར་མ་གྱུར་ཅིག །འདི་ལ་དད་ཅིང་མོས་པ་བྱེད་པ་རྣམས། །སྣང་བའི་རང་བཞིན་ཆོས་སྐུར་རྟོགས་པར་ཤོག །མན་ངག་གནད་ཀྱི་གདམས་པ་འདི་ཉིད་ཀྱི། །ཚིག་ནི་ཅུང་གསལ་བར་བྲིས་པར་གྱུར་པ་ལ། །དེ་ལ་ཉེས་པ་ཡོད་པར་གྱུར་པ་ན། །ཆོས་བདག་མཁའ་འགྲོའི་ཚོགས་ལ་བཟོད་པར་མཛོད། །འདི་འབད་པ་ཡི་དགེ་བ་རྒྱ་ཆེན་དེས། །སྲིད་གསུམ་འགྲོ་བ་མ་ལུས་སེམས་ཅན་ཀུན། །བླ་མ་ཡི་དམ་མཁའ་འགྲོས་རྗེས་བཟུང་ཞིང་། །རྐྱེན་རྣམས་ཞི་ནས་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཨ་ནན་ཏ་བྷ་ཏྲ་ལ་ངོ་སྤྲོད་གདམས་པའོ། །
༈ ན་མོ་པད་མ་ཌཱ་ཀི་ཡེ། ཐོག་མཐའ་དབུས་བྲལ་རང་གྲོལ་ཆོས་ཀྱི་དབྱིངས། །ཡོད་མེད་སྤྲོས་པ་ཀུན་བྲལ་བདེ་ཆེན་ངང་། །ཆོས་རྣམས་སྣ་ཚོགས་གཉིས་མེད་ཕྱག་རྒྱ་ཆེ། །དེ་ཉིད་མངོན་གྱུར་ཌཱ་ཀིའི་ཚོགས་ལ་འདུད། །སྔོན་བྱུང་བསོད་ནམས་ལས་འཕྲོ་སད་པ་ཡིས། །བདེ་འདོད་རིགས་ཀྱི་དཔའ་བོ་ཁྱོད་ཉིད་ནི། །བདག་གི་ངོ་སྤྲོད་འགའ་ཞིག་སྨྲ་བ་ལ། །སེམས་ཉིད་ཆོས་སྐུའི་ངང་ནས་གསན་པར་མཛོད། །གུ་རུ་ཌཱ་ཀིའི་བཀའ་བཅག་གཤེགས་འདོད་ན། །མདོ་རྒྱུད་བསྟན་བཅོས་མན་ངག་ལ་སོགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མེད་པར་གསུངས། །དེ་ཕྱིར་དམ་ལ་མ་འདའ་བསྒྲུབ་ལ་བརྩོན། །ཟེར་ཚད་ཚིག་ལ་བདེན་པར་འཛིན་ན་འཁྲུལ། །ད་ནི་འཛིན་མེད་རང་སར་ཀློད་ལ་ཞོག །ན་ཚ་སྡུག་བསྔལ་རྐྱེན་ངན་ཅི་བྱུང་ཡང་། །དགེ་བའི་བཤེས་གཉེན་ཡིན་པར་མཁྱེན་པར་མཛོད། །སྒྲུབ་ལ་བར་ཆོད་སྣ་ཚོགས་ཅི་བྱུང་ཡང་། །དགེ་སྦྱོར་བསྐུལ་མ་ཡིན་པ་མཁྱེན་པར་མཛོད། །ལུས་དང་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་། །སྡིག་པ་བཤགས་པའི་ཕྱགས་མར་མཁྱེན་པར་མཛོད། །སྙན་དང་གྲགས་པ་ཕྱོགས་བཅུར་ཁྱབ་ལགས་ཀྱང་། །ཐུགས་དམ་ཕྱི་གཏོར་ཡིན་པར་མཁྱེན་པར་མཛོད། །ཚེ་འདིར་བསྙེན་བཀུར་སྙན་གྲགས་བསྟོད་སྨད་སོགས། །འཁོར་བའི་ཞགས་པ་ཡིན་པར་མཁྱེན་པར་མཛོད། །འདོད་ཡོན་ལོངས་སྤྱོད་སོགས་ཀྱི་བསོད་ནམས་དེ། །བར་ཆོད་བདུད་ཀྱི་གཡབ་མོ་ཡིན་པར་མཁྱེན་པར་མཛོད། །ཁྱུང་ཆེན་མཁའ་ལ་རེ་དོགས་བྲལ་བ་བཞིན། །མ་བཅོས་གཉུག་མའི་ངང་ལ་དེ་ཉིད་ཞོག །སྤྲིན་བྲལ་མཁའ་ལྟར་དག་པའི་དཀྱིལ་ལྟ་བུ། །རང་རིག་རང་གསལ་མདངས་དང་ལྡན་པར་ཞོག །བཅོ་ལྔ་ཟླ་རྒྱས་མ་རིག་མུན་སེལ་ལྟར། །གདོད་ནས་ལྷུན་གྲུབ་འོད་གསལ་ངང་དུ་ཞོག །སྟོན་ཁའི་མཁའ་ལ་སྤྲིན་མེད་ཉི་ཤརབཞིན། །གསལ་སྟོང་འཛིན་མེད་ངང་དུ་མཉམ་པར་ཞོག །གང་ཤར་གཟའ་གཏད་ཆེད་འཛིན་མེད་པ་ཡིས། །གནས་ལུགས་ཆོས་ཉིད་ཆོས་སྐུའི་ངང་ལ་ཞོག །ཡེ་ནས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཡེ་སྟོང་རྩ་བྲལ་དེ་ཉིད་ངང་ལ་ཞོག །འཁོར་འདས་ཆོས་རྣམས་ཇི་ལྟར་སྣང་ན་ཡང་། །རང་རིག་མཉམ་པ་རིས་མེད་ངང་ལ་ཞོག །སྣང་དང་སྟོང་པའི་ཆོས་རྣམས་མ་ལུས་ཀུན། །དེ་ཉིད་ངོ་བོ་མངོན་གྱུར་ལྷག་མཐོང་ཡིན། །མིང་ཚིག་ཡི་གེ་སོགས་ཀྱི་བརྗོད་ལས་འདས། །རེ་ཞིག་ཆོས་ཀྱི་སྐུ་ཡང་དེ་ལ་ཟེར། །ཕྱི་རོལ་དགོན་པ་བཙལ་ལ་ཐུག་པ་མེད། །རང་ལུས་དགོན་པ་ཡིན་པར་མཁྱེན་པར་མཛོད། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་མངོན་གྱུར་ཚེ། །རྟག་ཆད་གོལ་ས་ཆོད་པར་ཤེས་པར་མཛོད། །སྣང་སེམས་ལ་སོགས་གཉིས་བསྡུས་ཆོས་རྣམས་ཀུན། །གཉིས་སུ་སྣང་ཡང་གཉིས་མེད་བདེ་བ་ཆེ། །ཉོན་མོངས་རྦ་ཀློང་འཁྲུག་པར་གྱུར་པའི་ཚེ། །རང་ལ་ལྟོས་དང་ཆོས་སྐུ་ཡོད་རེ་ཤི །ཐ་སྙད་ཚིག་གི་བརྗོད་ཚུལ་སྣ་ཚོགས་ཀྱང་། །དོན་ལ་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །རྙེད་བཀུར་ལ་སོགས་འཇིག་རྟེན་ཆོས་བརྒྱད་འདི། །འཁོར་བའི་ལྕགས་སྒྲོག་ཡིན་པར་མཁྱེན་པར་མཛོད། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །སྙིང་པོ་གཅིག་དྲིལ་གདམས་པ་ཉམས་སུ་ལོང་། །སྣང་ཞིང་སྲིད་པའི་ཆོས་རྣམས་མ་ལུས་ཀུན། །དེ་ཉིད་སྐྱེ་མེད་ཆོས་སྐུར་ཤེས་པར་མཛོད། །དགེ་སྡིག་འགྱུར་བ་སྣ་ཚོགས་ཅི་ཤར་ཡང་། །ངང་ལ་བཞག་ན་རང་གྲོལ་ཆོས་སྐུ་ཡིན། །ཆོས་རྣམས་ཀུན་གྱི་ངོ་བོ་ནམ་མཁའ་བཞིན། །ངོས་བཟུང་གཟའ་གཏད་མེད་པ་ཆོས་སྐུ་ཡིན། །མཁའ་ལ་ཆུ་འཛིན་སྣ་ཚོགས་འཁྲིགས་པ་ཡང་། །མ་འགགས་གསལ་བ་དེ་ཉིད་ལོངས་སྐུ་ཡིན། །འབྲུ་དྲུག་སྨིན་ནས་རེ་འདོད་སྐོང་བ་ལྟར། །འགྲོ་རྣམས་ཀུན་གྱི་དོན་མཛད་སྤྲུལ་སྐུ་ཡིན། །སྣང་བ་དཀར་དམར་སྣ་ཚོགས་སྣང་བ་དང་། །དེ་ཡི་རང་བཞིན་སྟོང་ཉིད་འདུས་མ་བྱས། །ཆོས་ཅན་ཆོས་ཉིད་འཁྲུལ་པ་གཉིས་སྣང་ཡང་། །ཡ་མ་བྲལ་བའི་སྣང་སྟོང་ཟུང་འཇུག་ཡིན། །ལྟ་བ་མཐའ་བྲལ་ཆེན་པོ་ལ། །སྒོམ་པ་འཛིན་མེད་རང་སར་ཞོག །སྤྱོད་པ་ཤུགས་འབྱུང་འགག་མེད་སྤྱོད། །འབྲས་བུ་ཆོས་རྣམས་རོ་གཅིག་འཆར། །གཞི་ནི་འོད་གསལ་སྟོང་པ་ཡིན། །དེ་ངང་འཇོག་པ་ལམ་ཡིན་ཏེ། །མངོན་གྱུར་དེ་ནི་འབྲས་བུ་ཡིན། །ལྟ་སྒོམ་གཞི་ལམ་འབྲས་བུ་སོགས། །བཏགས་པ་ཙམ་དུ་ཟད་ན་བདེ། །རྐྱེན་ངན་དུ་མས་གཟིར་གྱུར་ཀྱང་། །ངང་ལ་ལྟོས་དང་ཆོས་སྐུ་ཡིན། །འགྲོ་འདུག་སྨྲ་རྒོད་ལ་སོགས་དང་། །བླ་མ་ཡི་དམ་ཆོས་སྐྱོང་སོགས། །སྣོད་བཅུད་འཁོར་འདས་ཆོས་རྣམས་དང་། །རྒྱལ་ཁམས་གཞན་ལ་འགྲོ་འདོད་དང་། །ལོངས་སྤྱོད་པན་པུན་ཆེ་བ་དང་། །ཌཱ་ཀི་མཛེས་སྡུག་ཡོད་ལགས་ཀྱང་། །རང་སེམས་སྟོང་པའི་རང་གཟུགས་ཡིན། །ཡུལ་ལ་མ་བལྟ་རང་རིག་སེམས་ལ་ལྟོས། །དེ་ཉིད་མཐོང་ན་ཨེ་མ་ངོ་མཚར་ཆེ། །བདག་གི་སྐལ་ལྡན་ཨ་ནན་ཁྱོད་ཉིད་ནི། །ཡང་དག་དོན་དེ་ཚུལ་བཞིན་ཉམས་སུ་ལོང་། །འདི་ལ་ཉེས་ཚོགས་ཡོད་པར་གྱུར་མཆིས་ན། །ལྷ་དང་མཁའ་འགྲོའི་ཚོགས་ལ་གནོང་བས་བཤགས། །ཐ་སྙད་ཚིག་གི་རི་མོ་བཀོད་པ་དེས། །འགྲོ་རྣམས་ལྟ་བའི་གནས་ལུགས་རྟོགས་པར་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཀུན་དགའ་ལ་དགེ་སྦྱོར་བསྐུལ་མར་གདམས་པའོ། །དགེ་ལེགས་མི་འགྱུར་བརྟན་པར་ཤོག །
༈ ཆོས་བདག་གཙོ་མོ་རྣམས་ལ་ན་མོ། བདག་ལ་གདུང་བས་རྣ་བས་ཉོན། །བློ་ཡི་ཡུལ་དུ་གྱུར་ཚད་ལ། །དགག་སྒྲུབ་མེད་པར་རང་སར་ཞོག །ལྟ་ན་རྩ་བ་སེམས་ལ་ལྟོས། །མཐོང་བའི་ཡུལ་ལས་འདས་པ་ཡིན། །བསྒོམ་ན་བདེ་སྟོང་རྒྱུན་པར་སྒོམས། །མྱོང་བྱ་ངོས་བཟུང་བྲལ་བ་ཡིན། །སྤྱོད་ན་རྨི་ལམ་ལྟ་བུར་སྤྱོད། །བཟང་ངན་བླང་དོར་མེད་པ་ཡིན། །དབྱེར་མེད་གཅིག་ཏུ་ཤེས་པ་ན། །འབྲས་བུ་གཞི་ཐོག་ནུས་པ་སྨིན། །དེ་ལྟར་ཉམས་སུ་ལོངས་ཤིག་ཀྱེ། །དེ་ནི་མཐར་ཐུག་ངོ་སྤྲོད་ཡིན། །ཡང་ཉོན། ནམ་འཆི་ཆ་མེད་རྒྱུ་འབྲས་སེམས་ལ་གཅེས། །འཁོར་བའི་ཉེས་དམིགས་རྒྱུན་དུ་དྲན་པ་གཅེས། །སེམས་ཅན་ཐམས་ཅད་ཕ་མ་ཡིན་པའི་ཕྱིར། །དོན་དུ་སྐྱབས་འགྲོ་སེམས་བསྐྱེད་མང་དུ་གཅེས། །རང་ཉིད་ལྷར་གསལ་སྤྱི་བོར་པད་ཟླའི་སྟེང་། །བླ་མ་རྗེ་ལ་རྒྱ་གར་གྲུབ་ཆེན་སོགས། །བོད་ཀྱི་མཁན་སློབ་དམ་ཆོས་དགེ་འདུན་དང་། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །ཉི་རྡུལ་ལྟ་བུའི་བསྐོར་ནས་བཞུགས་པར་སྒོམས། །ཕྱག་འཚལ་མཆོད་བསྟོད་མཎྜལ་སྡིག་བཤགས་སོགས། །ཁ་ཙམ་མ་ཡིན་སྙིང་གི་དཀྱིལ་ནས་འབོད། །བཀའ་བརྒྱུད་རྒྱ་མཚོ་མ་ལུས་ཐམས་ཅད་ལ། །སྙིང་གི་དཀྱིལ་ནས་མཆི་མ་མཆིས་པར། །མོས་གུས་བསྐྱེད་ནས་གསོལ་བ་འདེབས་པ་གཅེས། །མཐར་ནི་དབང་བཞི་ལེན་ཅིང་རང་ལ་བསྟིམས། །དབང་བཞི་ལེན་ཚུལ་བླ་མའི་ཞལ་ཤེས་ལགས། །དམིགས་མེད་ངང་ནས་དགེ་རྩ་འགྲོ་ལ་བསྔོ། །ཨྠྀི། གུ་ཧྱ། མངོན་སྤྱོད་མས་མ་ཏི་བཛྲ་ལ་གདམས་པའོ། །
༈གུ་རུ་བུདྡྷ་དྷརྨ་སང་གྷ་ཡེ་ན་མོ། རང་བཞིན་གདོད་ནས་མ་སྐྱེས་པ། །ཀུན་གྱིས་བརྗོད་པའི་ཡུལ་ལས་འདས། །ཆུ་ཟླ་ལྟ་བུར་འདུས་མ་བྱས། །མ་བཅོས་གཉུག་མ་དེ་ལ་འདུད། །ངོ་སྤྲོད་ཚིག་གསུམ་སྤྲོ་བར་བྱ། །ཨེ་མ་ངོ་མཚར་ལེགས་པ་ལ། །ཟབ་མོའི་དགའ་སྟོན་ཁྱད་པར་འཕགས། །འདི་དག་གནད་ཀྱི་གལ་མདོ་ཡིན། །སེམས་ཉིད་ཡེ་སྟོང་རྩ་བྲལ་ལ། །འདི་ཡིན་འདི་མིན་ཞེ་ས་རུ། །མི་འདོགས་བཅོས་བསླད་ག་ལ་མཆིས། །ཁོ་རང་རང་ཉིད་ཡིན་པ་ལ། །ངང་དུ་འཇོག་པ་དེ་གས་ཆོག །སྟོང་ཉིད་མཁའ་ལྟར་འདུས་མ་བྱས། །སེམས་ཉིད་ཡེ་ནས་རྣམ་པར་དག །གཉིས་མེད་ཟུང་འཇུག་བློ་ལས་འདས། །དེ་དོན་ཕྱག་རྒྱ་ཆེན་པོ་ཡིན། །ཡིན་ལུགས་རང་ངོ་ཤེས་པ་ན། །དེ་ལས་གཞན་པ་ཅི་ཡང་མེད། །དེར་ཡང་གསེར་ཞུན་ལྟ་བུར་ཐལ། །ད་རུང་ཡང་གནད་ཀྱི་གལ་མདོ་བྲི། །ད་ཡང་དག་གི་དོན་ལ་གཏུག་ཙམ་ཙ། །མཐོ་རིས་གསུམ་པོ་སེམས་སུ་རྫོགས་པ་ལ། །སྐུ་ཞིང་ཁམས་ཕྱོགས་ལ་རེ་བ་མེད་པ་དགོས། །ངན་སོང་གསུམ་པོ་སེམས་སུ་རྫོགས་པ་ལ། །དགེ་སྡུག་གཉིས་ལ་བླང་དོར་མེད་པ་དགོས། །དགྲ་གཉེན་ཐམས་ཅད་སེམས་སུ་རྫོགས་པ་ལ། །སྐྱིད་སྡུག་གཉིས་ལ་རེ་དོགས་མེད་པ་དགོས། །ཚོགས་དྲུག་ཡུལ་སྣང་དཔེ་ཆར་ཤར་བ་ལ། །རྒྱུད་སྡེའི་ཕྱོགས་ལ་རེ་བ་མེད་པ་དགོས། །ལྟ་བ་སྟོང་ཉིད་མཐའ་དང་བྲལ་བ་ལ། །ཐོས་བསམ་གྱི་ཕྱོགས་ལ་རེ་བ་མེད་པ་དགོས། །སྒོམ་པ་རང་རིག་མངོན་གྱུར་ཡིན་པ་ལ། །ཉམས་མྱོང་གི་ཕྱོགས་ལ་རེ་བ་མེད་པ་དགོས། །སྤྱོད་པ་དགེ་སྡིག་གྲོགས་སུ་ཤར་བ་ལ། །གཉེན་པོའི་ཕྱོགས་ལ་རེ་བ་མེད་པ་དགོས། །འབྲས་བུ་དོན་གཉིས་ལྷུན་གྱིས་གྲུབ་པ་ལ། །སྐུ་བཞིའི་ཕྱོགས་ལ་རེ་བ་མེད་པ་དགོས། །འཕྲིན་ལས་ཞེན་མེད་སྙིང་ལ་ཤར་བ་ལ། །འགྲོ་དོན་གྱི་ཕྱོགས་ལ་རེ་བ་མེད་པ་དགོས། །དམ་ཚིག་རང་སེམས་དཔང་པོ་ཡིན་པ་ལ། །སྲུང་སྡོམ་གྱི་སྡུག་བཙིར་དང་བྲལ་བ་དགོས། །ཆོས་རྣམས་ཐམས་ཅད་རང་སེམས་ཡིན་པ་ལ། །དཀར་ནག་གཉིས་ཀྱི་གདགས་གཞི་བྲལ་བ་དགོས། །རེ་དང་དོགས་པ་དབྱིངས་སུ་ཐིམ་པ་ལ། །སངས་རྒྱས་ཁོ་ཐོབ་ལ་རེ་བ་མེད་པ་དགོས། །བར་དོ་སྐུ་དང་ཞིང་དུ་རྫོགས་པ་ལ། །སྐྱེ་འཆི་གཉིས་ལ་ཉམ་ང་མེད་པ་དགོས། །ཐམས་ཅད་རྒྱལ་བའི་ཞིང་ཁམས་ཡིན་པ་ལ། །འཁོར་འདས་གཉིས་ལ་རེ་དོགས་མེད་པ་དགོས། །སེམས་ལ་གཏད་སོ་བྲལ་བའི་དུས་འདི་རུ། །གོལ་ཤོལ་རྣམས་ཀྱང་ཇི་ལྟར་དགྱེས་དགྱེས་མཛོད། །བཟང་ངན་དབྱེ་བསལ་མེད་པའི་གདམས་པ་ཡིན། །འདི་བྱས་པ་ལ་ཉེས་པ་ཡོད་སྲིད་ན། །རྡོ་རྗེ་འཆང་སོགས་ཌཱ་ཀི་དང་། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས། །དགེ་བ་ཅུང་ཟད་ཡོད་གྱུར་ན། །མཁའ་མཉམ་སྐྱེ་འགྲོ་མ་ལུས་དང་། །ཌཱཀྐི་ལ་ཡིད་ཆེས་བྱེད་པ་རྣམས། །མཁའ་འགྲོ་བྱེ་བའི་ཚོགས་རྣམས་དང་། །ལུས་གྲིབ་མ་བཞིན་དུ་འགྲོགས་པར་ཤོག །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ཤུ་བྷཾ། ཌཱ་ཀི་མངོན་སྤྱོད་མས་དྷརྨ་ཝ་ཤང་ལ་གདམས་པའོ། །
༈ དམ་ཆོས་སྟོན་མཛད་རང་རིག་རྡོ་རྗེ་འཆང་། །ངོ་བོ་བརྗོད་བྲལ་ལྷན་སྐྱེས་འདུས་མ་བྱས། །དབྱིངས་དང་ཡེ་ཤེས་རོ་མཉམ་རང་སར་གྲོལ། །རང་སེམས་གཉུག་མ་ལྷན་ཅིག་སྐྱེས་ལ་འདུད། །བདག་གི་མིང་བཏགས་བདེ་འདོད་པ། །བདག་གི་ཚིག་ལ་དབང་བྱེད་ན། །འདི་ལྟར་བྱས་ན་མི་འཐད་དམ། །བླ་མས་ཅི་གསུང་བསྒྲུབས་གྱུར་ན། །དཔོན་སློབ་ཐུགས་ཡིད་གཅིག་ཏུ་འདྲེས། །གནས་འདི་གྲུབ་གནས་ཡིན་པར་གདའ། །ཉམས་དང་ཏིང་འཛིན་འཕེལ་བའི་གནས། །འདིར་འཚོགས་བདེ་འདོད་སྐལ་ལྡན་པ། །སྔོན་ཆད་ལས་འབྲེལ་འཛོམས་པ་ཡིན། །གདམས་ངག་སྙན་བརྒྱུད་ཡིན་པར་འདུག །འཁོར་འདས་དྭངས་སྙིགས་འབྱེད་པ་ཡིན། །རང་སེམས་སྐྱེ་བ་མེད་པ་ལ། །ཐག་ནི་གཅིག་ཐོག་ཆོད་པ་ཡིན། །ཉམས་དང་རྟོགས་པ་ལྡན་པ་ན། །སྣང་བ་དཔེ་ཆར་ཤར་བ་ཡིན། །རང་སེམས་སྤྲོས་དང་བྲལ་གྱུར་ཀྱང་། །སྤྱོད་པས་བོག་འདོན་དགོས་པ་ཡིན། །ངོ་སྲུང་གཡེང་བ་སྤངས་གྱུར་ན། །བློ་བདེ་དགེ་སྦྱོར་འཕེལ་བ་ཡིན། །མཚམས་བཅད་དབེན་པ་བསྟེན་པ་ན། །གྲོལ་ཆ་ནང་ནས་འཆར་བ་ཡིན། །སྒྲུབ་པའི་ཞབས་ཏོག་བྱས་གྱུར་ན། །དཔོན་སློབ་གཅིག་ལ་གཅིག་དགོས་ཡིན། །ཉམས་མྱོང་རྟོགས་པ་ཕུལ་གྱུར་ན། །བླ་མའི་ཞབས་ཏོག་ཐེང་བ་ལགས། །ཞེན་པ་ནང་ནས་ལོག་གྱུར་ན། །ཟང་ཟིང་ནོར་གྱི་དགོས་རྒྱུ་ཆུང་། །སྲེད་པ་ནང་ནས་ཆོད་གྱུར་ན། །ཞིམ་མངར་ཟས་ཀྱི་ཞེན་པ་བྲལ། །གཏུམ་མོ་མེ་ལྟར་འབར་གྱུར་ན། །དྲོ་འཇམ་གོས་ཀྱི་དགོས་རྒྱུ་ཆུང་། །དམ་ཚིག་གཙང་མར་བསྲུངས་གྱུར་ན། །དཔའ་བོ་མཁའ་འགྲོ་འདུ་བ་ཡིན། །སེམས་བསྐྱེད་སྨོན་ལམ་མཐར་ཕྱིན་ན། །དད་ལྡན་གདུལ་བྱ་འདུ་བ་ཡིན། །རོ་སྙོམས་སྡོམ་བུ་བྱེད་པ་དེ། །ཆོས་མཐུན་སྒྲུབ་རྒྱགས་བསྒྲུབ་པ་ཡིན། །ནད་ཀྱི་དགེ་ལ་བསྐུལ་བ་དེས། །བྱང་ཆུབ་ལམ་སྣ་ཟིན་པ་ཡིན། །ཆགས་སྡང་རང་སར་གྲོལ་གྱུར་ན། །དགྲ་རྣམས་དབང་དུ་འགྱུར་བ་ཡིན། །ངས་ཟེར་ཚིགས་སུ་ཆེ་མི་ཆེ། །སྐལ་ལྡན་རྟོགས་སྤྱོད་ཐོངས་དང་གསལ། །གནད་ཀྱི་གདམས་ངག་དེ་ལ་མཛོད། །ད་རུང་ཡང་བདེ་འདོད་རིགས་ལྡན་ཉོན། །ཐོབ་དཀའ་འཇིག་སླ་དལ་འབྱོར་ལུས། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །བསླབ་གསུམ་དྲི་མེད་རྒྱན་གྱིས་མཛེས། །སྨིན་གྲོལ་བསྐྱེད་རྫོགས་ངོ་བོ་གཅིག །རང་བཞིན་རྣམ་དག་ལྟ་བ་ལགས། །སྟོང་ཉིད་སྙིང་རྗེ་ཉམས་སུ་ལོངས། །བདེ་གསལ་མི་རྟོག་ཉམས་མྱོང་འཆར། །བསྒོམ་བྱ་སྒོམ་མཁན་གཉེན་པོ་གསུམ། །དུ་མ་རོ་གཅིག་ཀློང་ན་ཐིམ། །རང་སར་གྲོལ་བ་འབྲས་བུའི་གནད། །གཞི་ཐོག་འབྲས་བུའི་ནུས་པ་སྨིན། །བློ་ཟད་ཆོས་ཟད་ཆོས་ཉིད་དོན། །དེ་དོན་མངོན་དུ་གྱུར་པར་མཛོད། །གཅིག་པུར་འདུག་པའི་སྐྱོ་རོགས་མཛོད། །བླ་མ་དང་མཇལ་བའི་ཕྱག་རྟེན་མཛོད། །ཁྲོམ་ལྷ་མི་ཚོགས་པའི་ཆོས་བཞད་མཛོད། །འགལ་གནོང་ཡོད་ན་བཟོད་པར་མཛོད། །དགེ་བ་མཁའ་མཉམ་དོན་དུ་བསྔོ། །དོན་གཉིས་དཔལ་འབར་བཀྲ་ཤིས་ཤོག །ཌཱ་ཀི་མངོན་སྤྱོད་མས་ཨཱ་ནནྟ་བྷ་ཏྲ་ལ་གདམས་པའོ། །
༈ ན་མོ་འཇིག་རྟེན་ཀུན་གྱི་འདྲེན་པ་བླ་ན་མེད། །རྡོ་རྗེ་འཆང་ཆེན་གར་གྱི་དབང་ཕྱུག་གཙོ། །འགྲོ་བའི་དཔལ་གྱུར་རྒྱལ་དབང་དེ་ཉིད་ལ། །རབ་ཏུ་གུས་པས་ཡིད་ཀྱིས་ཕྱག་འཚལ་ལོ། །སྐལ་བར་ལྡན་པས་རྒྱལ་སྲས་འགྲོ་བའི་མགོན། །སྒྱུ་འཕྲུལ་རབ་འཛིན་ལྷ་ཡི་ལྷར་གྱུར་པ། །སྔོ་འཛིན་མིག་གི་དབང་པོ་ཇི་བཞིན་ཁྱོད། །ལེགས་སོ་ཡང་དག་དོན་ལ་ལྟ་བར་རིག །འཁོར་བྱེད་རྟོགས་པའི་རྩི་ཤིང་འདི་དག་ཀུན། །ཡང་དག་དོན་རྟོགས་མཚོན་གྱིས་ཅིར་སྣང་ཆོད། །གཟུགས་སོགས་འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཞེན་པ་མེད་པར་སྤྱོད་ཅིག་བདེ་འདོད་པ། །ཤུགས་འབྱུང་ཞེན་པ་རང་གྲོལ་ཉམས་མྱོང་དག །བསྒོམ་པར་བྱ་བ་མེད་དོ་རིགས་ཀྱི་བུ། །ཡིད་ལ་བྱར་མེད་བློ་ལས་འདས་པ་སྟེ། །ཁྱོད་བལྟ་བྱ་མེད་དམ་གནས་ལུགས་འདི། །གཟུང་དང་འཛིན་པ་ཡུལ་ལས་རབ་འདས་པ། །སྤྱད་དུ་མེད་པ་ཉིད་དེ་བདེ་འདོད་པ། །སྐྱེ་འགག་གནས་གསུམ་སྤྲོས་དང་བྲལ་བ་ལ། །ཉམས་མྱོང་རྫུན་མ་ཡིན་ནོ་དགག་སྒྲུབ་མེད། །སྐྱེས་བྲལ་མཆོག་གི་སློབ་དཔོན་ཤེས་པར་གྱིས། །སྣང་བ་ཡིན་གྱི་ཁྱོད་ཀྱིས་འདོད་ཡོན་སྤྱོད། །རྟེན་ཅིང་འབྲེལ་འབྱུང་སྣང་བ་འདི་དག་ཀུན། །སྐྱེ་མེད་ཡིན་པར་རྟོགས་མཛོད་བདེ་འདོད་པ། །མཁའ་ཁྱབ་རིན་ཆེན་མཐའ་ཡས་རབ་འཛིན་པ། །ལྟོས་ཤིག་དྲི་མེད་འོད་གསལ་སྙིང་པོའི་དོན། །མ་བཅོས་ཆོས་སྐུའི་རོལ་དངས་སེམས་མཆོག་ཉིད། །སྤྲོས་པའི་མཐའ་བྲལ་མཉམ་ཉིད་ཆེན་པོའི་ངང་། །དེ་ལྟའི་དོན་དེ་ཉམས་སུ་ལོངས་ཤིག་ཀྱེ། །ཌཱ་ཀི་མངོན་སྤྱོད་མས་ཨ་ནནྟ་བྷ་ཏྲ་ལ་གདམས་པའོ། །
༈ གུ་རུ་ཌཱ་ཀི་རྣམས་ལ་ན་མོ། ཀ་དག་ཆོས་སྐུ་འོད་གསལ་འདུས་མ་བྱས། །མ་འགགས་ལོངས་སྤྱོད་རྫོགས་སྐུ་མཚན་དཔེས་བརྒྱན། །གང་འདུལ་སྤྲུལ་སྐུས་འགྲོ་དོན་དཔག་མེད་མཛད། །སྐུ་གསུམ་མངོན་གྱུར་རྒྱལ་དབང་ཁྱོད་ལ་འདུད། །ཨེ་མ་རྒྱལ་དབང་རིན་ཆེན་བླ་མ་རྗེ། །སྙན་ཡིད་དབང་པོས་རེ་ཞིག་ཐུགས་དགོངས་ལ། །བདེ་བ་ཆོས་སྐུའི་རང་བཞིན་བྱོས། །འདོད་པ་ལྷན་སྐྱེས་ཡེ་ཤེས་བྱོས། །དཀོན་མཆོག་རྒྱལ་བ་རྒྱ་མཚོ་ཡིན། །རྒྱལ་མཚན་མ་རིག་མུན་སེལ་ཡིན། །སྤུ་གྲིའི་ངར་ལྟར་མཉམ་འགྲོགས་མཛོད། །སྐྱེ་མེད་རྒྱལ་ས་ཟིན་པའི་བླ་མ་རྗེ། །འགག་མེད་ཆོས་ཉིད་རོལ་པའི་ངང་ཤེད་ནས། །འཛིན་མེད་རང་གྲོལ་ཆེན་པོར་སྙན་ཡིད་གསོན། །ཁྱོད་ཆོས་སྐུ་འགྱུར་མེད་རྡོ་ཙའི་གཟུགས་སྐུ་དང་། །ཁོ་བདེ་འདོད་དྲི་མ་ལྟ་བུའི་སྤྲུལ་སྐུ་དང་། །ལོངས་སྐུ་སྤྲིན་དང་ནམ་མཁའ་ལྟ་བུར་བྱོས་ན་ཨེ་མ་ཧོ། །ང་མངོན་སུམ་བུ་ལ་སྟོན་པའི་མ། །མཁའ་ལ་ཐོགས་མེད་སྤྱོད་པའི་མ། །སྒྲུབ་བྱེད་བུ་ལ་བརྩེ་བའི་མ། །དཔག་ཡས་འོད་སྟོང་འགྱེད་པའི་མ། །གཤིས་ཀྱི་འདུག་ཚུལ་སྟོན་པའི་མ། །ད་ང་བོ་དྲེགས་པ་མ་ལགས་ཏེ། །འབྲེལ་ཚད་དོན་ལྡན་ཡུམ་གཅིག་ཡིན། །ཨྠྀི།
༈ ནམ་མཁའ་སྤྲིན་གྱི་འཇའ་ནང་ནས། པྲཛྙཱ་བྷ་ཏྲ་ཞེས་བྱ་བ་ནི། སྐུ་ལ་ཨ་གྷ་རག་ནག་པོ་གསོལ། ཕྱག་གཡས་གསེར་གྱི་འཁོར་ལོ་བསྣམས་ཕྱག་གཡོན་མཚན་ལྡན་བདུད་རྩི་བསྣམས། དེ་ནས་མཐར་ཐུག་བརྡ་མཚོན་གསུངས་པ་ནི་འདི་ལྟར་རོ། །ཨ་ལ་ཨེ་མ་ངོ་མཚར་ཆེ། །འཁོར་བའི་ཆོས་ལ་དགེ་མེད་ངང་དུ་སྐྱུར། །མྱང་འདས་ཆོས་ལ་རེ་མེད་ངང་དུ་སྐྱུར། །ཡིད་གཉིས་ཐེ་ཚོམ་ནམ་མཁའི་དབྱིངས་སུ་སྐྱུར། །ལྷུན་གྲུབ་སྟོང་གསལ་བདེ་ཆེན་དབྱིངས་སུ་སྐྱུར། །མ་འགགས་རང་རྩལ་མཚོ་ལ་ཆར་ལྟར་སྐྱུར། །མིང་སོགས་ཆོས་རྣམས་སྨིག་རྒྱུའི་ཆུ་ལྟར་སྐྱུར། །སྐྱུར་བ་དེ་ནི་སྐྱུར་མེད་རྒྱལ་པོ་ཡིན། །དུས་གསུམ་རྒྱལ་བའི་དགོངས་པ་དེ་རང་ཡིན། །ངེད་ནི་སྲ་ཉི་བྷ་ཏྲ་ཞེས་བྱ་ཡིན། །ང་ཞེས་བྱ་བ་རྡུལ་ཙམ་གྲུབ་པ་མེད། །ཐེ་ཚོམ་མེད་པར་དེ་ལྟར་ཆེས་པར་གྱིས། །ཌཱ་ཀིའི་བྱིན་རླབས་སྙིང་ལ་ཞུགས་སོ་ཀྱེ། །རྒྱ་རྒྱ་རྒྱ། ཨྠྀི།
༈ གུ་རུ་པྲཛྙཱ་བྷ་ཏྲ་ཡེ་ན་མོ། ཆོས་དབྱིངས་ནམ་མཁའ་ལྟ་བུའི་དབྱིངས་རུམ་ནས། །ལོངས་སྐུ་སྤྲིན་ཚོགས་རྒྱལ་བའི་ཞིང་དེར་བསྡུས། །སྤྲུལ་སྐུའི་འགྲོ་དོན་སེམས་ཅན་འབྲས་དྲུག་སྨིན། །དོན་གཉིས་མཐར་ཕྱིན་རྒྱལ་དབང་ཉིད་ལ་བསྟོད། །པྲཛྙཱ་བྷ་ཏྲ་ལ་སུ་དྷ་རིས་བསྟོད་པའོ། །
༈ མ་ཏི་རཏྣ་ཌཱ་ཀི་ཡེ་ན་མོ། མངོན་ནི་བདེ་ཆེན་ཆོས་སྐུ་མངོན། །སྤྱོད་ནི་དེ་ལ་རྒྱུན་ཆད་མེད་པར་སྤྱོད། །བཟང་ནི་རང་གཞན་དོན་གཉིས་གྲུབ་པས་བཟང་། །མོ་ནི་སྲིད་གསུམ་ཀུན་ལ་བརྩེ་བའི་མོ། །ཟག་མེད་བདེ་སྟེར་དགའ་བདེའི་དཔལ་འབར་མ། །ཐོགས་མེད་མཁའ་ལ་སྟོང་གསུམ་སྐོར་མཛད་མ། །མ་ངེས་སྣ་ཚོགས་སྤྲུལ་སྐུའི་ཚུལ་སྟོན་མ། །དམ་ཆོས་ཚུལ་བཞིན་སྒྲུབ་པའི་སྐྱབས་མགོན་མ། །ལོག་ལྟ་ཚར་གཅོད་རྗེས་འཛིན་འདྲེན་པའི་མ། །ལེ་ལོ་ཅན་རྣམས་ཆོས་ལ་འཛུད་པའི་མ། །བླ་མེད་ཐེག་མཆོག་གསང་བ་སྟོན་པའི་མ། །འབྲེལ་ཚད་དོན་ལྡན་ཡུམ་གྱུར་དེ་ལ་འདུད། །སངས་ནི་ཉོན་མོངས་དྲི་མ་བག་ཆགས་སངས། །རྒྱས་ནི་ཤེས་བྱ་ཀུན་ལ་མཁྱེན་གཉིས་རྒྱས། །སྒྲོན་ནི་ཁམས་གསུམ་མ་རིག་མུན་སེལ་སྒྲོན། །ཟག་མེད་བདེ་སྟོང་ཡུམ་གྱུར་མ་ལ་འདུད། །རྩོད་ལྡན་དུས་ཀྱི་ནམ་མཁའི་རྣལ་འབྱོར་ལ། །བརྩེ་བས་ཉེར་དགོངས་ཐུགས་ཡིད་དབང་པོ་གསོན། །མཁའ་འགྲོའི་གཙོ་མོ་མངོན་སྤྱོད་འཁོར་བཅས་ཀྱི། །སྔ་ཕྱི་སྐུ་དྲིན་རྣམས་ལ་འཁོར་ཐབས་མེད། །ཁྱད་པར་ད་ལན་ཐེག་མཆོག་བླ་མེད་དོན། །མཐར་ཐུག་སྙིང་པོའི་དོན་དེ་རྗེས་ཡི་རང་། །ད་ཡང་འཛིན་མེད་རང་གྲོལ་གདམས་པ་ཞུ། །སྲིད་ཞི་རོ་མཉམ་མངོན་སུམ་གདམས་པ་ཞུ། །ཟག་མེད་བདེ་ཆེན་མངོན་སུམ་གདམས་པ་ཞུ། །དོན་དམ་འོད་གསལ་མངོན་སུམ་གདམས་པ་ཞུ། །མ་བཅིངས་མ་གྲོལ་མངོན་སུམ་གདམས་པ་ཞུ། །སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་ཞུ། །འབྱོག་བྱེད་ཕོ་ཉ་ལམ་གྱི་གདམས་པ་ཞུ། །བློ་ཆོས་ཟད་སར་སྐྱོལ་བའི་གདམས་པ་ཞུ། །མཆོག་དང་ཐུན་མོང་གཉིས་ཀྱི་གདམས་ངག་ཞུ། །བདེ་མཆོག་སྙན་བརྒྱུད་ཟབ་མོའི་གདམས་པ་ཞུ། །བྱར་མེད་བློ་འདས་ལ་བཟླའི་གདམས་པ་ཞུ། །རྩ་རླུང་སེམས་ལ་དབང་ཐོབ་གདམས་པ་ཞུ། །དོན་གཉིས་མཐའ་རུ་ཕྱིན་པའི་གདམས་པ་ཞུ། །ཞུ་བ་བཅུ་གསུམ་དབྱངས་ཆུང་མགུར་མ་འདི། །ཌཱ་ཀི་འཁོར་བཅས་སྐུ་གསུང་ཐུགས་ལ་འབུལ། །མཉེས་ནས་འདོད་དོན་འགྲུབ་པའི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་དང་འགལ་བ་མཆིས་གྱུར་ན། །མི་མངོན་དབྱིངས་ཀྱི་ཆོས་བདག་རྣམས་ལ་བཤགས། །དགེ་བས་འགྲོ་རྣམས་བློ་འདས་རྟོགས་པར་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །འདི་ཡན་གཙོ་མོ་མངོན་སྤྱོད་མའི་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་གདམས་པ་རྣམས་དང་ཞུས་ལན་གྱི་སྐོར་རྣམས་ཡིན།
༈ གུ་རུ་རཏྣ་ན་མོ། རྣམ་ཀུན་དོན་དམ་བདེ་ཆེན་ཆོས་ཀྱི་སྐུ། །འགག་མེད་ཆུ་ཟླ་ལྟ་བུར་དཔལ་དུ་ཤར། །རཏྣ་དྷོ་ཙ་རྒྱལ་བའི་ཞིང་དེར་སྤྲུལ། །མཐོང་བས་འདྲེན་ནུས་དམ་པ་ཁྱེད་ལ་བསྟོད། །ལེགས་བཤད་གསུང་གི་དབང་རིམ་ཚིམ་པའི་གསུང་། །ལྟ་ལོག་མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །སྣོད་དང་མི་ལྡན་ཟག་མེད་དབྱིངས་ལ་བཀོད། །ཐོས་པས་འདྲེན་ནུས་དམ་པ་ཁྱེད་ལ་བསྟོད། །ཁྱབ་བདལ་ཆེན་པོ་གཡོ་མེད་ཡངས་པའི་ཐུགས། །ཡེ་ཤེས་རྣམ་རོལ་འགག་པ་མེད་པ་ཡིས། །སྐད་ཅིག་གཅིག་གིས་འགྲོ་བ་དཔག་མེད་འདྲེན། །དྲན་པས་འདྲེན་ནུས་དམ་པ་ཁྱོད་ལ་བསྟོད། །ཞིང་དེར་མཐོང་ཐོས་དོན་དང་ལྡན་པ་ཡིས། །རྒྱལ་དབང་ཁྱོད་ལ་ཤེས་རབ་ཀུན་གྱིས་བསྟོད། །དབང་གི་རྒྱལ་པོས་དགོས་འདོད་མ་ལུས་འབྱུང་། །རེག་པས་འདྲེན་ནུས་དམ་པ་ཁྱོད་ལ་བསྟོད། །ཁྱོད་སྐུ་རི་རྒྱལ་ལྷུན་པོ་ཆུ་ཟླ་འདྲ། །ཁྱོད་གསུང་བརྗོད་མེད་ཚངས་དབྱངས་བྲག་ཆ་འདྲ། །ཁྱོད་ཐུགས་ཡུལ་མེད་བློ་བྲལ་ནམ་མཁའ་འདྲ། །སྐུ་གསུང་ཐུགས་ཀྱི་གཏེར་མངའ་ཁྱོད་ལ་བསྟོད། །ཁྱོད་ཀྱི་ཡོན་ཏན་བརྗོད་པར་མི་ནུས་ཀྱང་། །འོན་ཀྱང་བདག་བློ་མོས་ཤིང་གདུང་བའི་ཕྱིར། །རྡུལ་གྱི་ཆ་ཙམ་བསྟོད་པའི་དགེ་བ་དེས། །བདེ་སྟོང་ལྷན་གཅིག་སྐྱེས་པ་རྟོགས་པར་སྨོན། །ཉེས་ཚོགས་མཆིས་ན་ཆོས་ཀྱི་བདག་པོར་བཤགས། །བསྟོད་པ་དམུས་ལོང་གསེར་ལ་ལྟ་འདོད་འདི། །ཏཱ་རེ་རང་བྱོན་ཉེ་བའི་ས་ཕྱོགས་སུ། །གཙོ་མོ་མངོན་སྤྱོད་མ་ཡི་ཆ་མཐུན་གཅིག །རྡོ་ཙ་ཏཱ་རེ་ཞེས་བྱ་བའི་བསྟོད་པའོ། །ཞེས་པ་འདི་ནི་དྷོ་ཙ་ཏཱ་རེས་ནམ་མཁའི་རྣལ་འབྱོར་ལ་པར་ཐང་དུ་བསྟོད་པའོ། །
༈ ཌཱ་ཀི་ཡེ་ན་མོ། རྒྱལ་བའི་ཡུམ་གྱུར་སྲིད་ཞི་མཐར་ཕྱིན་མ། །མཚན་དཔེའི་དཔལ་འབར་ནུས་མཐུ་སྟོབས་ལྡན་མ། །འོད་གསལ་སྒྲོན་མེས་སྲིད་གསུམ་མུན་སེལ་མ། །སྨིན་གྲོལ་དབང་གིས་སྐལ་ལྡན་རྒྱུད་གྲོལ་མ། །ཟག་མེད་བདེ་ཆེན་དབྱིངས་སུ་འགོད་མཛད་མ། །དོན་དམ་ཆོས་སྐུར་ཁ་ལོ་སྒྱུར་མཛད་མ། །སྲིད་གསུམ་འགྲོ་བའི་དེད་དཔོན་ཡུམ་གཅིག་མ། །ཤེས་དང་ཤེས་བྱ་མ་ལུས་ཐུགས་ཆུད་མ། །སྐྱེ་ཤི་འཁོར་བའི་ཆོས་ལ་འཇིགས་བྲལ་མ། །སྐྱེ་རྒ་ན་འཆིའི་མཚོ་ལས་སྒྲོལ་མཛད་མ། །འབྱུང་བཞིའི་ལུས་ལ་རང་དབང་ཐོབ་མཛད་མ། །སྣ་ཚོགས་ཆོས་རྣམས་སྒྱུ་མའི་ཚུལ་སྟོན་མ། །ཐེག་མཆོག་གསང་བའི་བདེ་བ་སྟེར་བྱེད་མ། །ཚེ་གཅིག་སངས་རྒྱས་ས་ལ་སྦྱོར་བྱེད་མ། །གང་འདུལ་དེ་ཡི་སྣང་བ་འཆར་བྱེད་མ། །དེ་ལ་དེར་སྟོན་དམ་ཆོས་སྟོན་མཛད་མ། །སྤྲུལ་པ་དུ་མས་ཕྱོགས་བཅུར་ཁྱབ་མཛད་མ། །ཉིན་མཚན་ཀུན་ཏུ་ཆོས་བྱེད་ཉུལ་མཛད་མ། །ཚུལ་བཞིན་སྒྲུབ་ལ་མ་ལྟར་ཐུགས་བརྩེ་མ། །མ་ལུས་མཁའ་སྤྱོད་འདྲེན་པའི་ཤེས་རབ་མ། །དེང་ནས་བཟུང་སྟེ་ཆོས་སྐུ་མ་ཐོབ་པར། །བདག་དང་འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །མེ་དང་ཚ་བ་ལྟ་བུར་མི་འབྲལ་ཞིང་། །འདོད་དོན་མ་ལུས་ཚུལ་བཞིན་འགྲུབ་པར་ཤོག །འདི་ལ་ནོར་པ་ཆ་ཙམ་མཆིས་པ་ན། །མི་མངོན་ཆོས་བདག་རྣམས་ལ་གནོང་བས་བཤགས། །དགེ་བས་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ཌཱ་ཀི་དྷོ་ཙྪ་ཏཱ་རེ་ལ་ནམ་མཁའི་རྣལ་འབྱོར་གྱིས་བསྟོད་པའོ། །
༈ ཨེ་མ་རྒྱལ་བའི་དབང་པོ་ལ། །སྙན་བསྐུལ་གང་ཞུས་ཨེ་མ་ཧོ། །བར་ཆད་རྒོད་པོ་མ་མཆིས་ཀྱང་། །ཤ་ཟ་མཁའ་འགྲོའི་སྨྲེ་ངག་ལ། །རྒྱུན་དུ་དེ་ཙམ་མི་མཛད་ཞུ། །རྟོག་པ་རྡིབ་པ་མ་མཆིས་ཀྱང་། །དབྱིངས་ཀྱི་མཁའ་འགྲོའི་གདུང་དབྱངས་ལ། །ཐུགས་བཀུར་དེ་ལྟར་མཛད་པར་ཞུ། །དེ་ལྟར་མཛད་པར་གྱུར་པ་ན། །དབྱིངས་ཀྱི་མཁའ་འགྲོ་ཐམས་ཅད་དགྱེས། །དེ་ལྟར་མཛོད་ཅིག་རྒྱལ་དབང་རྗེ། །ཐོས་ཚད་བདེ་ལ་འགོད་པར་ཤོག །ཧེེ། ཌཱ་ཀི་དྷོ་ཙྪ་ཏཱ་རེས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ཆོས་བདག་ཌཱ་ཀི་རྣམས་ལ་ན་མོ། རིགས་ཀྱི་བུ་མོ་ཛྙཱ་ན་ཀ་ར་མ། །བདག་ལ་སྙན་ཡིད་རེ་ཞིག་དགོངས་མཛོད་དང་། །སྐྱེ་བ་དམན་ཏེ་སྐྱེ་མེད་རྒྱལ་ས་ཟིན། །སྐྱེ་བ་ངན་ཏེ་ཌཱ་ཀིའི་མཚན་རྣམས་ཚང་། །སྐྱེས་ཆེན་མིན་ཏེ་འཁོར་བའི་སྒྲོན་མེ་ཡིན། །སྐྱེས་ཆེན་རྣམས་ཀྱི་ཡུམ་གྱུར་ཨ་ཞེ་མ། །རྩེ་གཅིག་གདུང་བས་རེ་ཞིག་དགོངས་མཛོད་དང་། །འཁོར་བའི་གནས་ལ་བདེ་བའི་སྐབས་མེད་པས། །འདི་ཕྱིའི་འདོར་ལེན་མ་ནོར་མཁྱེན་པར་ཞུ། །ཀྱེ་ཧུད་ཚེ་འདིའི་བདེ་བ་ཀ་རའི་རོ་དང་འདྲ། །སྲིད་པར་འཆིང་བར་ངེས་སོ་རིགས་ལྡན་མ། །ལྕགས་ཀྱུའི་ཟས་ཀྱིས་ཐར་པའི་སྲོག་གཅོད་ཡིན། །ཚེ་འདིར་ལོང་མེད་སེམས་ཤིག་རིགས་ལྡན་མ། །ནམ་མཁའི་འཇའ་བཞིན་འདུས་བྱས་རྟག་པ་མེད། །ཚེ་འདིར་ཡིད་ཆེས་མ་བྱེད་རིགས་ལྡན་མ། །དལ་འབྱོར་མི་ལུས་ནམ་མཁའི་མེ་ཏོག་ཡིན། །རྐྱེན་གྱིས་འཇིག་པར་སླའོ་རིགས་ལྡན་མ། །རྒྱུ་འབྲས་ས་བོན་སོ་སོར་སྨིན་པ་ཡིན། །དགེ་སྡིག་འདོར་ལེན་གྱིས་ཤིག་རིགས་ལྡན་མ། །ཚེ་འདིའི་མདུན་མ་རྩྭ་རྩེའི་ཟིལ་བ་ཡིན། །ཡུན་རིང་རྟག་པ་མེད་དོ་རིགས་ལྡན་མ། །མཛའ་བོ་རྣམས་ཀྱང་ཚོང་འདུས་མགྲོན་པོ་འདྲ། །གཏན་བདེའི་འདུན་མ་ཤོམས་ཤིག་རིགས་ལྡན་མ། །འབད་པས་བསགས་པའི་ནོར་ཟས་སྦྲང་རྩི་ཡིན། །རང་ལ་སྤྱོད་དབང་མེད་དོ་རིགས་ལྡན་མ། །ལས་ངན་བསགས་པའི་མི་ལུས་དམྱལ་བ་ཡིན། །སྡུག་བསྔལ་འཁོར་ཡུག་ཡིན་ནོ་རིགས་ལྡན་མ། །དེ་བས་བུ་མོ་ཚེ་འདིའི་བདེ་བ་ལ། །ཞེན་ཆགས་གདུང་སེམས་ངེས་པར་མ་བསྐྱུར་ན། །སངས་རྒྱས་འགྲུབ་པ་ཡུན་དུ་རིང་སྟེ་མཆིས། །མི་རྟག་སྙིང་ལ་ཞོག་ལ་ལྷ་ཆོས་མཛོད། །བདེ་སྡུག་སེམས་ལ་ཞོག་ལ་ལས་འབྲས་སོམས། །དཀར་ནག་སྤོང་ལེན་གྱིས་ལ་སྟོང་ཉིད་སྒོམས། །སྟོང་ཉིད་ཕྱག་རྒྱ་ཆེན་པོ་དེ། །ཡོད་མེད་མཐའ་ལས་འདས་པ་ཡིན། །རྟག་ཆད་གཉིས་དང་བྲལ་བ་ཡིན། །ངོས་བཟུང་མེད་པར་གསལ་བ་ཡིན། །འདུས་མ་བྱས་པས་འཇིག་བྲལ་ཡིན། །བདེ་བ་ངོས་བཟུང་བྲལ་བ་ཡིན། །སྟོང་པ་རང་བཞིན་གསལ་བ་ཡིན། །འབད་རྩོལ་མི་དགོས་རང་གནས་ཡིན། །ལེ་ལོས་མི་ཆོག་ཆུ་རྒྱུན་ཡིན། །ཡིན་ཕྱིར་དེ་ལྟར་ཉམས་སུ་ལོངས། །འཇིག་རྟེན་ཁྱོ་དབང་མ་གཏོང་དང་། །མ་འོངས་དུས་སུ་འཕྲད་པར་སྨོན། །དགེ་དེས་མ་རྣམས་བདེ་གྱུར་ཅིག །ཛྙཱ་ན་ཀ་རའི་ཐུགས་དགྱེས་དེ་ལ་མཛོད། །འདི་ནི་ཌཱ་ཀི་དྷོ་ཙྪ་ཏཱ་རེས་ཛྙཱ་ན་ཀ་ར་ལ་གསུངས་པའོ། །
༈ གུ་རུ་ཆོས་བདག་ཌཱ་ཀི་རྣམས་ལ་ན་མོ། རྒྱལ་ཡུམ་ཆ་མཐུན་སངས་རྒྱས་སྒྲོན་མའི་ཡུམ། །བདག་གི་མཐར་ཐུག་ངོ་སྤྲོད་སྨྲ་བ་ལ། །ཁ་ཙམ་མ་ཡིན་སེམས་ལ་གཅར་བར་གྱིས། །དེང་ནས་བཟུང་སྟེ་རྫོགས་སངས་རྒྱས་ཀྱི་བར། །ཉོན་མོངས་མ་སྤོང་དེ་ཡི་རང་བཞིན་སྒོམས། །གཉེན་པོས་མ་བཟུང་དེ་ཡི་ངང་ལ་ཞོག །གཉེན་པོ་གསར་པས་བཅོས་ནས་མ་སྒོམ་ལ། །ཇི་བཞིན་འདུག་པ་དེ་ཡི་ངང་ལ་ཞོག །བསྒོམ་བྱ་སྒོམ་བྱེད་མཁན་པོ་གཉིས་སུ་མེད། །གཉིས་མེད་ངང་ལ་རྩེ་གཅིག་མཉམ་པར་ཞོག །ཐ་མལ་ཤེས་པ་རྩིས་གདབ་མ་བྱེད་ལ། །ཇི་ལྟར་སྣང་ཡང་དེ་ཡི་ངང་ལ་ཞོག །སྤང་ལེན་མེད་ན་རྣམ་རྟོག་རང་སར་གྲོལ། །རྣམ་རྟོག་མ་སྤངས་གནས་སུ་དག་པ་ཡིན། །ཉོན་མོངས་ཆེ་ཆུང་སྤང་བླང་སྐྱེས་པ་དང་། །འཁོར་འདས་བདེ་སྡུག་གཉིས་སུ་མཐོང་བ་ན། །གོལ་ས་ཡིན་པར་ཆོས་ཀྱི་བདག་མོས་གསུངས། །དེ་ཕྱིར་དེ་རང་ངང་ལ་འཇོག་པ་ཡིན། །འདི་འདྲའི་ཚུལ་ལུགས་ཁོ་མོས་ཤེས་པ་ཡིན། །གཞན་གྱིས་ཤེས་ན་མཁས་པ་སུ་ཡིས་བགྱིད། །ཇི་སྲིད་གོམས་པར་མ་གྱུར་དེ་སྲིད་དབྱུང་། །བདག་ནི་རྒྱལ་བའི་ཡུམ་གྱུར་ཤེས་རབ་ཡིན། །མཚན་ཉིད་མ་འདྲེས་ཤེས་པའི་ཤེས་རབ་ཡིན། །སྒྲོན་མ་དབྱངས་ཅན་ལྟ་བུའི་ཤེས་རབ་ཡིན། །གཏན་གྱི་བློ་བདེའི་འདུན་མ་འགྲུབ་པ་ཡིན། །དེ་ལྟར་འདོད་ན་དེ་ལྟར་ཉམས་སུ་ལོངས། །ཁྱོ་དང་འཇིག་རྟེན་དབང་དུ་མ་བཏང་ལ། །བདེ་འདོད་དག་གིས་བདེ་ཆེན་གཏེར་ལ་སྤྱོད། །གང་གསུང་སྒྲུབས་ལ་ནན་གྱིས་རྟེན་བཞུགས་གྱིས། །དེ་ལྟར་བྱས་ན་ངེད་རང་སྤུན་རྣམས་འཚེངས། །མཁའ་སྤྱོད་གནས་སུ་དུས་ཀྱི་མཇལ་བར་བྱེད། །དགེ་འདིས་མ་རྣམས་གཏན་བདེ་འགྲུབ་པར་ཤོག །ཉེས་པ་མཆིས་ན་ཆོས་ཀྱི་བདག་མོར་བཤགས། །བུདྡྷ་ཏཱ་རེའི་ཐུགས་དགྱེས་དེ་ལ་མཛོད། །གཏན་བདེའི་འདུན་མ་འགྲུབ་པའི་བཀྲ་ཤིས་ཤོག །ཨྠྀི། ཞེས་པ་འདི་ནི་ཌཱ་ཀི་དྷོ་ཙྪ་ཏཱ་རེས་བུདྡྷ་ཏཱ་རེ་ལ་གསུངས་པའོ། །འདི་ཡན་ཡེ་ཤེས་ཀྱི་ཌཱ་ཀི་མ་དྷོ་ཙྪ་ཏཱ་རེས་གསུངས་པ་རྣམས་དང་དེ་ལ་བསྟོད་པ་རྣམས་ཡིན་ནོ། །
༈ གུ་རུ་དང་སུ་དྷ་རི་ལ་ན་མོ། སྐྱེ་མེད་མཁའ་དབྱིངས་འོད་གསལ་འདུས་མ་བྱས། །མ་འགགས་ཆུ་ཟླ་ལྟ་བུའི་དཔལ་དུ་ཤར། །སྐྱེ་སོགས་མཐའ་དག་ཟུང་འཇུག་ཆོས་ཀྱི་དབྱིངས། །ངོ་མཚར་རྨད་བྱུང་རྒྱལ་དབང་ཁྱོད་ལ་བསྟོད། །སྐུ་ནི་བདེན་མེད་ནམ་མཁའི་རང་བཞིན་སྐུ། །གསུང་ནི་གྲུབ་མེད་ཚངས་དབྱངས་བྲག་ཆའི་གསུང་། །ཐུགས་ནི་འགྱུར་མེད་ཆོས་ཉིད་ཡངས་པའི་ཐུགས། །ངོ་མཚར་རྨད་བྱུང་རྒྱལ་དབང་ཁྱོད་ལ་བསྟོད། །གཟའ་གཏད་བྲལ་བའི་ལྟ་བ་ངོ་མཚར་ཆེ། །རྐྱེན་སྣང་གྲོགས་ཤར་སྒོམ་པ་ངོ་མཚར་ཆེ། །སྤང་བླང་རང་གྲོལ་སྤྱོད་པ་ངོ་མཚར་ཆེ། །ངོ་མཚར་རྨད་བྱུང་རྒྱལ་དབང་ཁྱོད་ལ་བསྟོད། །གཞི་ཡི་ཆོས་ལ་འགྱུར་མེད་བརྟན་པ་ཐོབ། །ལམ་གྱི་ཆོས་ལ་གཡེལ་མེད་བརྟན་པ་ཐོབ། །འབྲས་བུའི་ཆོས་ལ་མཁའ་དབྱིངས་ལྟ་བུ་ཐོབ། །ངོ་མཚར་རྨད་བྱུང་རྒྱལ་དབང་ཁྱེད་ལ་བསྟོད། །ངང་ལ་མི་གཡོ་རྩེ་གཅིག་དོན་ལ་གཟིགས། །གོལ་སས་མི་འཇིགས་སྤྲོས་བྲལ་དོན་ལ་གཟིགས། །ཡུལ་གྱི་ཆོས་རྣམས་ཡུལ་ཆེན་རོ་གཅིག་གཟིགས། །ངོ་མཚར་རྨད་བྱུང་རྒྱལ་དབང་ཁྱེད་ལ་བསྟོད། །མ་དག་ས་བདུན་ཤུགས་ཀྱིས་དབྱིངས་སུ་ཡལ། །དག་པའི་ས་གསུམ་སྐྱེ་མེད་དོན་ལ་ཡལ། །མཆོག་གི་ས་གསུམ་བསམ་མི་ཁྱབ་ལ་ཡལ། །ངོ་མཚར་རྨད་བྱུང་རྒྱལ་དབང་ཁྱོད་ལ་བསྟོད། །འཁོར་བའི་ཆོས་རྣམས་མ་སྤངས་རང་སར་གྲོལ། །མྱང་འདས་ཆོས་རྣམས་མ་བསྒྲུབས་རང་སར་གྲོལ། །དབྱེར་མེད་དོན་དམ་མཐའ་བཞི་རང་སར་གྲོལ། །ངོ་མཚར་རྨད་བྱུང་རྒྱལ་དབང་ཁྱོད་ལ་བསྟོད། །ཁྱོད་ཀྱི་ཡོན་ཏན་བརྗོད་པར་མི་ནུས་ཀྱང་། །བདག་བློས་བློ་ཡི་ཆ་ཙམ་འདི་བསྟོད་མཐུས། །འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་བུ་ལ། །དགའ་བདེའི་རོ་རྩེད་བདེ་སྟོང་མངོན་གྱུར་ཤོག །ཆོས་སྒོར་ཞུགས་འདོད་འཁོར་བའི་འདམ་ལ་བྱིངས། །སྐྱེ་བ་དམན་པས་སྐྱེ་མེད་དོན་མ་རྟོགས། །བྱ་བློ་ཡོད་ཀྱང་བྱ་བའི་ཆོས་ཀྱིས་གཡེང་། །གང་ལྟར་བྱའོ་གོང་མའི་བླ་མ་རྗེ། །བསྟོད་པ་རི་བོང་རྭ་ལ་མིང་བཏགས་འདི། །ཇོ་བོའི་གནས་ཀྱི་པར་པའི་གནས་མཆོག་ཏུ། །ཁེ་གྲགས་མེད་པའི་ངང་ནས་བསྟོད་པས་དགེ །ཧེེ་ཧེེ་ཧེེ། ལྷག་པའི་ཆོས་ནི་ལྷ་ལྷག་མཐོང་ཡིན་པེན་ཟེར། །ལྷག་མཐོང་དག་གི་ཡིན་ལུགས་ཇི་ལྟར་ཡིན། །རྣལ་འབྱོར་བཞི་ལ་སྦྱར་ན་ཇི་ལྟར་སྦྱར། །གབ་གྲིབ་མེད་པར་ཐུགས་ལ་འདོགས་པར་ཞུ། །ཞེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་ལ་བུདྡྷ་ཏཱ་རེས་བསྟོད་པའོ། །
༈ གུ་རུ་ཌཱ་ཀི་ལ་ན་མོ། མངོན་ནི་ཇི་ལྟ་ཇི་སྙེད་ཐུགས་སུ་ཆུད། །སྤྱོད་ནི་སྲིད་གསུམ་འགྲོ་བ་དབྱིངས་སུ་སྒྲོལ། །བཟང་ནི་མཚན་དཔེའི་དཔལ་འབར་མཐུ་སྟོབས་ཅན། །མོ་ནི་སྲིད་ཞི་ཕ་རོལ་ཕྱིན་པའི་ཡུམ། །ཀུན་གྱི་དེད་དཔོན་ཡུམ་གྱུར་དེ་ལ་འདུད། །གནས་སྐབས་སྐྱེ་བ་དམན་པའི་ཚུལ་བཟུང་ཡང་། །ཐོག་མེད་དུས་ནས་ཚོགས་གཉིས་གོམས་པའི་མཐུས། །དུས་གསུམ་རྒྱལ་བའི་དགོངས་པ་ཐུགས་སུ་ཆུད། །བུདྡྷ་ཏཱ་རེས་ཐུགས་ཡིད་དབང་པོ་གསོན། །སྐྱེ་མེད་ཆོས་སྐུ་རྟོགས་པའི་རྣལ་འབྱོར་ལ། །བསྟོད་པའི་ཚིག་དང་བསྟོད་པའི་ཡུལ་མ་མཆིས། །འོན་ཀྱང་ཐ་སྙད་རྨི་ལམ་ཙམ་དུ་ནི། །བདག་ལ་བརྩེ་བས་བསྟོད་ཚིག་རྗེས་ཡི་རངས། །གཉུག་མའི་ངང་ལ་གནས་ན་རྩེ་གཉིས་ཡིན། །གང་དེ་ཡིན་མིན་ལས་འདས་སྤྲོས་བྲལ་ཡིན། །ཆོས་རྣམས་གཅིག་ཏུ་ཤར་ན་རོ་གཅིག་ཡིན། །བསྒོམ་བྱ་སྒོམ་བྱེད་འདྲེས་ན་སྒོམ་མེད་ཡིན། །བདེ་གསལ་མི་རྟོག་ངང་གནས་རྩེ་གཅིག་ཡིན། །དེ་ཉིད་དངོས་བཟུང་མེད་ན་སྤྲོས་བྲལ་ཡིན། །རང་བཞིན་གཉིས་སུ་མེད་ན་རོ་གཅིག་ཡིན། །ངོ་བོ་རྒྱུན་ཆད་མེད་ན་སྒོམ་མེད་ཡིན། །སྣང་སེམས་གཉིས་སུ་མེད་ན་རྩེ་གཅིག་ཡིན། །རང་སེམས་སྐྱེ་བ་མེད་ན་སྤྲོས་བྲལ་ཡིན། །ཐམས་ཅད་བདེ་སྟོང་རྟོགས་ན་རོ་གཅིག་ཡིན། །ཆོས་རྣམས་མཁའ་ལྟར་དག་ན་སྒོམ་མེད་ཡིན། །ལྷག་མཐོང་རྣལ་འབྱོར་བཞི་ཡི་ངོས་འཛིན་ནི། །ཁྱེད་ཀྱིས་དྲིས་ལན་ཆ་ཤས་དེ་ལ་མཛོད། །འདི་ཡི་དགེ་བ་དྲི་མེད་ཆུ་རྒྱུན་དེས། །ཨེ་བཾ་མ་ཡ་ཐེག་མཆོག་གསང་བའི་དོན། །ཐབས་དང་ཤེས་རབ་ཟུང་འཇུག་ལ་བརྟེན་ནས། །བདེ་སྟོང་ལྷན་ཅིག་སྐྱེས་པའི་དོན་རྟོགས་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཌཱ་ཀི་བུདྡྷ་ཏཱ་རེ་ལ་ལྷག་མཐོང་གི་རྣལ་འབྱོར་བཞི་ཡི་ངོས་འཛིན་དུ་སྨྲས་པའོ། །དྲན་ཐང་དུ་ཡིན།
༈ ཧཱུཾ་བྷྱོ་མི་མངོན་དབྱིངས་ཀྱི་གཙོ་མོ་ནི། །བརྒྱ་དང་རྩ་གཉིས་ཀྱི་བདག་མོ་སྟེ། །གནས་ནི་ལྷོ་ནུབ་སོ་ས་གླིང་། །སྐུ་མདོག་དམར་མོ་དབང་གི་བདག །སྤྱི་གཙུག་གཡུ་ཡི་རྡོ་རྗེ་འབར། །གཡུ་ཡི་རལ་པས་ཕྱོགས་བཅུར་ཁྱབ། །སྤྱན་གསུམ་དུང་གི་ཚེམས་ཀྱིས་མཛེས། །དབུ་རྒྱན་རྣ་རྒྱན་ལྡེམས་སེ་ལྡེམ། །མགུལ་རྒྱན་དཔུང་གདུབ་ཁྲ་ལ་ལ། །ཚངས་སྐུད་སོར་གདུབ་སངས་སེ་སང་། །སྐེ་རགས་དྲིལ་ཆུང་སི་ལི་ལི། །སྨད་གདུག་གདུབ་རྐང་གདུག་གདུབ་པུ་རུ་རུ། །དུར་ཁྲོད་ཆས་ལྡན་འགྱིངས་གཟུགས་ཅན། །གནས་ནི་གཅིག་ཏུ་ངེས་ངེས་མེད། །རྒྱན་ནི་གཅིག་ཏུ་ངེས་ངེས་མེད། །ཕྱག་མཚན་གཅིག་ཏུ་ངེས་ངེས་མེད། །འགྲོ་དོན་གཅིག་ཏུ་ངེས་ངེས་མེད། །སྟོང་གསུམ་ཡུད་ཀྱིས་སྐོར་མཛད་མ། །སྒྲུབ་བྱེད་ཕོ་མོ་ཉུལ་བྱེད་མ། །ཚུལ་བཞིན་བསྒྲུབ་ལ་མཆོག་སྩོལ་མ། །གཙོ་མོའི་མིང་གསོལ་མངོན་སྤྱོད་མ། །ཡེ་ཤེས་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །སྤྲུལ་པའི་མཁའ་འགྲོ་དུ་མས་བསྐོར། །ཟ་བྱེད་མཁའ་འགྲོ་དུ་མས་བསྐོར། །གཞན་ཡང་མཁའ་འགྲོ་དུ་མས་བསྐོར། །ཆོས་བྱེད་སྲུང་བའི་ཌཱ་ཀི་དུ་མའི་ཚོགས། །འཁོར་དང་བཅས་པ་ཐམས་ཅད་ནི། །སྙན་པའི་སྒྲ་སྒྲོག་སི་ལི་ལི། །སྒེག་པའི་གད་རྒྱང་སྒ་ར་ར། །རྒྱན་ཆ་སྣ་ཚོགས་ལྷུབས་སེ་ལྷུབ། །དེ་འདྲའི་ཌཱ་ཀི་འཁོར་བཅས་རྣམས། །བདུད་རྩིའི་གཏོར་མ་འདི་བཞེས་ལ། །འཕྲིན་ལས་གཅིག་ཏུ་མ་ངེས་པས། །བླ་མ་དམ་པའི་དབུ་མཛད་པའི། །ཆོས་ཚུལ་བཞིན་སྒྲུབ་ལ་མཆོག་སྩོལ་ཅིག །ལོག་ལྟ་དམ་ཚིག་ཉམས་པའི་སྲོག་རྩ་ཧུར། །སྔར་མཛད་ལས་ཀྱི་གཏང་རག་མཛོད། །ཕྱི་བྱེད་ལས་ཀྱི་གསོལ་འདེབས་མཛོད། །ད་ལྟ་མཛད་པའི་གཏང་རག་མཛོད། །བླ་མའི་སྐུ་ཚེ་རྒྱས་པར་མཛོད། །ཨྠྀི། རྒྱ་རྒྱ་རྒྱ། སུ་དྷ་རིས་བུདྡྷ་ཏཱ་རེ་ལ་བསྟོད་པའོ། །
༈ བླ་མེད་གསང་བ་མཆོག་གི་ཡང་གསང་བ། །སྡེ་སྣོད་རྣམས་ཀྱི་མཐར་ཐུག་བླ་མེད་དོན། །བཅུད་ཀྱི་ཁུ་བ་མར་གྱི་སྙིང་པོ་མཆོག །དེ་ཉིད་མངོན་གྱུར་ཁྱོད་ཉིད་ཞབས་པད་ལེན། །དུས་རྣམ་ཀུན་ཏུ་འགྲོ་དྲུག་སྐྱོབས་ཤིག་ཀྱེ། །ཨེ་མ་སངས་རྒྱས་གཞི་ལ་མེད་པ་ལ། །ལམ་ལ་སངས་རྒྱས་བསྒྲུབ་འདོད་འཁྲུལ། །འཁོར་བ་ཞེས་བྱ་མེད་པ་ལ། །མྱ་ངན་འདས་པ་འདོད་པ་རྨོངས། །དུག་ལྔའི་མིང་དང་བྲལ་བ་ལ། །སྐུ་ལྔ་མིང་འདོགས་འདི་ཡང་མཚར། །རྐྱེན་ངན་སྡུག་བསྔལ་མེད་པ་ལ། །བདེ་བ་ཐོབ་འདོད་ཚོད་རེ་ཆུང་། །རེ་བ་མཁའ་དང་འདྲ་བ་ལ། །དགེ་བས་འཆང་བ་སྐྱིད་རེ་འདུག །འཁོར་འདས་སྒྲོ་འདོགས་བྲལ་བ་ལ། །སྤང་གཉེན་འདོད་པ་སྡུག་རེ་བསྔལ། །ཨེ་མ་ནམ་མཁའི་པད་མོ་བླ་མ་ལ། །མོ་གཤམ་བུདྡྷ་ཏཱ་རེ་མས། །དུང་གི་ཁྲག་གི་སྣག་ཚ་ལ། །རི་བོང་རྭ་ཡི་སྨྱུ་གུས་བྲིས། །བརྗོད་མེད་མཁའ་དབྱིངས་ཡི་གེར་བཀོད། །གཉིས་མེད་ཁྱབ་བདལ་ཆེན་པོར་འབུལ། །ཡེ་ནས་རང་གྲོལ་ཆེན་པོར་བཞེས། །འབྲལ་མེད་སྐྱེ་མེད་ངང་ནས་མཛོད། །ཨ་ཨ་ཨ། ཧོ་ཧོ་ཧོ། འདི་རྣམས་ཚིག་གིས་བཏགས་པ་ལགས། །སྤྲོ་ན་མཐའ། དགའ་ན་བཞི། ཡེ་ན་རང་། ལེ་ན་གྲོལ། ཞེས་པ་འདི་ནི་ཌཱ་ཀི་བུདྡྷ་ཏཱ་རེས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ གུ་རུ་རཏྣ་དྷོ་ཙ་ཡེ་ན་མོ། སྨྲ་བསམ་བརྗོད་བྲལ་ཕོ་བྲང་ནས། །འཛིན་མེད་རང་གྲོལ་བླ་མ་རྗེ། །ཧེ་རུ་ཀ་དང་དབྱེར་མེད་པའི། །ཡབ་མི་མངོན་དབྱིངས་ནས་སྙན་ཡིད་གསོན། །ངེད་བུད་མེད་སྐྱེ་བ་དམན་ལགས་ཀྱང་། །འཁོར་འདས་ཡིན་ལུགས་འདི་ལྟར་ལེན། །ང་བདལ་པ་ཆེན་པོའི་མཁའ་དབྱིངས་ལ། །རྫོགས་པ་ཆེན་པོའི་ཉི་མ་ཤར། །སྙན་བརྒྱུད་གནད་ཀྱི་ས་གཞི་རྒྱས། །ཡུལ་དང་ཡུལ་ཆེན་འབྲས་བུ་སྨིན། །ལྟ་སྒོམ་སྤྱོད་འབྲས་རོ་མཆོག་དེ། །མྱོང་བ་མེད་པའི་ངང་དུ་ཐིམ། །ས་ལམ་སྐུ་ལྔ་ཡེ་ཤེས་སོགས། །གཉུག་མ་ཕྱག་ཆེན་ངང་དུ་སྟོར། །སྣང་སྲིད་ཡེ་ཤེས་རོལ་པ་ལ། །ཐ་སྙད་ཆོས་རྣམས་དབྱིངས་སུ་སྟོར། །ཐ་མལ་དོན་ཆེན་དེ་ནས་འགྲུབ། །འཁོར་འདས་ཐོབ་འདོད་རང་སར་ཡལ། །ཤེས་རབ་ནམ་མཁའི་རྣལ་འབྱོར་ངེས། །སྐྱེ་འཆི་གཉིས་ལ་ཉམ་ང་མེད། །སྒྲོ་སྐུར་བཏབ་ལ་སྨོས་ཅི་འཚལ། །ཆོས་བྱེད་སྐྱོང་བའི་བུད་མེད་ལ། །ཡིད་མ་ཆེས་ཀྱང་ཨ་བུ་ཙི། །ཕྱོགས་བཅུར་བསྒྲོད་པའི་བུད་མེད་ལ། །སྒྲོ་སྐུར་བཏབ་ཀྱང་ཨ་བུ་ཙི། །དཀར་ནག་ཤན་འབྱེད་བུད་མེད་ལ། །ལྟ་ལོག་བྱུང་ཡང་ཨ་བུ་ཙི། །ཡིན་མིན་གྱི་ཞུ་བ་ཕུལ་བ་ལ། །མཐོན་དམན་བྱུང་ཡང་ཨ་བུ་ཙི། །དོན་གྱི་སངས་རྒྱས་ཡིན་ལགས་པས། །སྒྲོ་འདོགས་བྱུང་ཡང་ཨ་བུ་ཙི། །འདོད་པ་བྱུང་ན་ཞེ་འདོད་ཡིན། །ཚུལ་བཞིན་མཛད་ན་ཨེ་མ་ཧོ། །མཐར་ཐུག་དོན་གྱི་ཞུ་བ་ལགས། །ཧཱུཾ་ཧེ། ཞེས་པ་འདི་ནི་ཌཱ་ཀི་བུདྡྷ་ཏཱ་རེས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ལྟ་བ་ནམ་མཁའི་པདྨོ་དབྱིངས་སུ་ཡལ། །སྒོམ་པ་ལྐུགས་པས་རོ་མྱོང་དབྱིངས་སུ་ཡལ། །སྤྱོད་པ་རྐྱེན་ངན་གྲོགས་ཤར་དབྱིངས་སུ་ཡལ། །འབྲས་བུ་མིང་འདོགས་ཐམས་ཅད་དབྱིངས་སུ་ཡལ། །གནད་བཞི་རང་གྲོལ་རྗེ་བཙུན་བླ་མར་གསན། །ཐུན་བཞི་མ་ཆགས་རྒྱལ་བའི་གཞུང་ལམ་ཡིན། །དྲན་པ་ཡེངས་མེད་རྒྱལ་བའི་གཞུང་ལམ་ཡིན། །མོས་གུས་གསོལ་འདེབས་རྒྱལ་བའི་གཞུང་ལམ་ཡིན། །སྐྱོ་གླུ་གདུང་དབྱངས་རྒྱལ་བའི་གཞུང་ལམ་ཡིན། །ཌཱ་ཀི་མ་རུས་པའི་རྒྱན་ཅན་གྱིས། །འཁོར་རྣམས་རྒྱང་འབོད་ལ་མྱོས། །དེ་ཕྱིར་རྒྱུན་དུ་རྒྱང་འབོད་དག་ལ་འབུངས། །དགེ་བས་མཁའ་མཉམ་བདེ་ལ་འགོད་པར་ཤོག །ཨྠྀི། ཞེས་པ་འདི་ནི་ཌཱ་ཀི་བུདྡྷ་ཏཱ་རེས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ན་མོ་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་གྱུར་མ། །སྲིད་གསུམ་འོག་མིན་གནས་སུ་སྒྱུར་མཛད་མ། །མཐོང་ཐོས་དྲན་རེག་བདེ་ལ་འགོད་མཛད་མ། །ཆོས་བྱེད་ཀུན་ལ་བུ་ལྟར་བརྩེ་བའི་མ། །ཐུགས་རྗེ་ཅན་མངའ་མངོན་སྤྱོད་ཞབས་ལ་འདུད། །མོས་པའི་བུ་མོ་ཐུགས་རྗེས་གཟིགས་སུ་གསོལ། །མོས་གུས་གདུང་བའི་བུདྡྷ་ཏཱ་རེ་མ། །ཟང་ཟིང་ཀ་ཆའི་འབྲེལ་པ་དགོས་རྒྱུ་ཆུང་། །ཆོས་ཀྱི་འབྲེལ་ན་འབྲེལ་ཆོག་དེ་ཀ་ཡིན། །དེ་ཕྱིར་མ་ཡེངས་དབང་པོ་གཏད་པར་མཛོད། །འཁོར་བའི་གནས་ལ་བདེ་བའི་སྐབས་མེད་པས། །སྐྱེ་ཤི་གཏིང་ནས་འཇིག་པའི་དད་པ་མཛོད། །ཞེན་པ་ནང་ནས་ལོག་པའི་ཐག་ཆོད་མཛོད། །ལོང་མེད་འཆི་བས་འཇིག་པའི་སྐྱོ་ཤས་མཛོད། །བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་མཛོད། །བྱིན་རླབས་སྙིང་ལ་ཞུག་པའི་ངེས་ཤེས་མཛོད། །འགྱུར་མེད་གནད་ལ་ཕེབ་པའི་ཉམས་ལེན་མཛོད། །ལེ་ལོ་སྒྱིད་ལུག་སྤངས་པའི་བརྩོན་འགྲུས་མཛོད། །སེམས་ཉིད་ཕུ་ཐག་ཆོད་པའི་གདེང་ཚད་མཛོད། །གང་བྱུང་ལམ་དུ་ཁྱེར་བའི་བློ་ཆོད་མཛོད། །ཚེ་འདི་ཡུད་ཙམ་ཡིན་པའི་ལོང་མེད་མཛོད། །ངོ་སྲུང་གཡེང་བ་སྤང་བའི་ཞེ་བཅད་མཛོད། །སྣང་གྲག་རྒྱས་འདེབས་ཤེས་པའི་གཏད་མེད་མཛོད། །ལུང་སྟོང་དུ་ཆིག་རྐྱ་ཕེར་བའི་ཉམས་ལེན་མཛོད། །ཉམ་ང་བག་ཚ་མེད་པའི་གདེང་ཚད་མཛོད། །ཐམས་ཅད་སེམས་སུ་ཤེས་པའི་ཐག་ཆོད་མཛོད། །སྐྱོན་ཡོན་འབྱུང་འཇུག་ཤེས་པའི་བློ་འདས་མཛོད། །འཁོར་འདས་གཞི་མེད་གྲོལ་བའི་ཉམས་ལེན་མཛོད། །རྒྱུ་འབྲས་རྟེན་འབྲེལ་ཤེས་པའི་ཤེས་རབ་མཛོད། །འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་མཛོད། །ཚོགས་གཉིས་མཐའ་རུ་ཕྱིན་པའི་སྨོན་ལམ་མཛོད། །མཛོད་མཛོད་ཉི་ཤུ་ཐམ་པ་འདི། །བདག་གིས་ཉམས་སུ་དེ་ལྟར་བླངས། །ཁྱོས་ཀྱང་ཉམས་སུ་དེ་ལྟར་ལོངས། །དེ་ལྟར་ཉམས་སུ་བླངས་བ་ན། །གནས་སྐབས་སྐྱེ་བ་དམན་ན་ཡང་། །དུས་གསུམ་རྒྱལ་བའི་ཡུམ་གྱུར་ཡིན། །རིགས་ཀྱི་བུ་མོ་བདག་མེད་ཡིན། །དེ་ཕྱིར་དེ་ལྟར་ཉམས་ལེན་མཛོད། །ད་རུང་ཡང་བུདྡྷ་ཏཱ་རེས་གསོན། །ཁོ་མོ་ཕྱག་རྒྱ་ཆེན་པོ་ཡིན། །འཛིན་མེད་རང་གྲོལ་ཆེན་པོ་ཡིན། །གྲོལ་རྒྱུ་མེད་པའི་རྣལ་འབྱོར་ཡིན། །ཅིར་ཡང་སྣང་བའི་སྤྲུལ་པ་ཡིན། །སེམས་ཅན་ཀུན་ལ་ཡེ་གནས་ཡིན། །ཚོགས་གཉིས་བསགས་ལ་མངོན་གྱུར་ཡིན། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །སྣང་སྲིད་ཕྱག་རྒྱ་ཆེན་པོ་ཡིན། །ཨ་ལ་ཨེ་མ་ངོ་མཚར་ཆེ། །ཁོ་མོའི་ཁ་པོ་མ་ལགས་ཏེ། །སེམས་ཅན་འགྲོ་དོན་བྱེད་ན་གསལ། །མོས་གུས་སྐྱེད་ཅིག་སྐལ་ལྡན་མ། །རྩེ་གཅིག་གསོལ་བ་བཏབ་པ་ན། །བྱིན་རླབས་འབྱུང་བར་ཐེ་ཚོམ་མེད། །འགྲོ་དྲུག་སེམས་ཅན་རྣམས་ལ་ནི། །འཁོར་བ་མ་སྟོང་བར་དུ་ནི། །སེམས་ཅན་འགྲོ་དོན་བྱེད་པར་ངེས། །དེ་གོ་བར་གྱིས་ཤིག་རིགས་ལྡན་ཀྱེ། །བདེ་སྟོང་ཡིན་ལུགས་མངོན་དུ་གྱུར་ཙམ་ན། །འཁོར་བ་ཁོ་ལ་དགོས་པ་མེད་དེ་མཆིས། །དེ་ཕྱིར་བདེ་སྟོང་ཡིན་ལུགས་གོམས་པར་གྱིས། །དེ་ལྟར་མཛོད་དང་འབྲལ་མེད་ཡིན། །འབྲེལ་པ་བྱེད་ན་དེ་ལྟར་བྱེད་པ་ཡིན། །ཐུགས་ལ་ཨེ་བདེ་བུདྡྷ་ཏཱ་རེ་མ། །འདི་ལྟར་སྨྲས་ལ་ཉེས་པ་ཅི་མཆིས་རྣམས། །ཆོས་བདག་ཌཱ་ཀི་རྣམས་ལ་བཟོད་པར་གསོལ། །དགེ་བ་ཡོད་ན་མ་རྣམས་བདེ་གྱུར་ཅིག །རྒྱ་རྒྱ་རྒྱ། ཨྠྀི། སཱ་མཱ་ཡཱ། གུ་ཧྱ། ཌཱ་ཀི་བུདྡྷ་ཏཱ་རེས་མི་ཡི་བུ་མོ་བུདྡྷ་ཏཱ་རེ་སངས་རྒྱས་སྒྲོན་ལ་གདམས་པའོ། །
༈ གུ་རུ་ཨཱརྱ་ཌཱ་ཀི་ཡེ་ན་མོ། གཙུག་གི་ནོར་བུས་མངོན་སྤྱོད་ཞབས་པད་ལེན། །དུས་རྣམ་ཀུན་ཏུ་འབྲལ་མེད་བསྐྱང་དུ་གསོལ། །སྔོན་གྱི་ལས་འབྲེལ་བུདྡྷ་ཏཱ་རེ་མ། །བདག་ལ་གདུང་ནས་ཐེངས་གཅིག་འཕྲད་དགོངས་ཀྱང་། །བདག་ལ་འཕྲད་དང་འཕྲད་པའི་ཡུལ་མ་མཆིས། །སྐྱེ་བ་དམན་པས་བུད་མེད་ལུས་སུ་བླངས། །རང་དབང་ཆུང་བས་མི་ཡི་ཁོལ་མོར་གྱུར། །ཆོས་སྒོར་ཞུགས་བསམ་འཁོར་བའི་དབང་དུ་སོང་། །བླ་མ་བཙལ་བསམ་ཁྱོ་ཡི་དབང་དུ་སོང་། །ཟབ་ཆོས་ཞུ་བསམ་གླུ་གར་དབང་དུ་སོང་། །སྐྱེ་མེད་སྒོམ་བསམ་གཏི་མུག་དབང་དུ་སོང་། །ཀྱེ་མ་ཀྱེ་ཧུད་བདག་འདྲའི་སྐྱེ་བ་དམན། །ཉིན་པར་ཚོགས་དྲུག་བསླུ་བྲིད་མཁས། །ནུབ་མོ་གཉིད་ལ་རང་དབང་མེད། །ནངས་ནུབ་བཟའ་བཏུང་གཡེང་བས་བྲེལ། །བཤུལ་དུ་ཆོས་ལས་མི་གདའ་ན། །བདག་གིས་བྱང་ཆུབ་མ་རེ་ཨང་། །བུ་མོ་བུདྡྷ་ཏཱ་རེ་མ། །བདག་ལ་མོས་པ་ཡོད་པ་ན། །གོང་གི་འདི་རྣམས་རྒྱབ་ཏུ་བསྐྱུར། །དེ་རྣམས་གནས་སྐབས་ཀྱི་དོན་གཏམ་ལགས། །ད་ཡང་བདག་གིས་དོན་གཏམ་འདི་ལྟར་བཤད། །ང་རྒྱལ་ས་ཟིན་པའི་ཨ་ཞེ་ལ། །འཕྲད་ན་འཕྲད་ཆོག་ཡིན་པར་གདའ། །ངོ་བོ་མཐོང་བའི་ཨ་ཞེ་ལ། །འཕྲད་ན་འཕྲད་ཆོག་ཡིན་པར་གདའ། །རང་བཞིན་ཤེས་པའི་ཨ་ཞེ་ལ། །འཕྲད་ན་འཕྲད་ཆོག་ཡིན་པར་གདའ། །མཚན་ཉིད་ཤེས་པའི་ཨ་ཞེ་ལ། །འཕྲད་ན་འཕྲད་ཆོག་ཡིན་པར་གདའ། །དབྱེར་མེད་ཤེས་པའི་ཨ་ཞེ་ལ། །འཕྲད་ན་འཕྲད་ཆོག་ཡིན་པར་གདའ། །མངོན་དུ་གྱུར་བའི་ཨ་ཞེ་ལ། །འཕྲད་ན་འཕྲད་ཆོག་ཡིན་པར་གདའ། །ད་རུང་ཡང་བུདྡྷ་ཏཱ་རེས་ཉོན། །ལྟ་བ་མཐའ་བཞི་རང་གྲོལ་ལ། །དམིགས་གཏད་མེད་པར་བཞག་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །སྒོམ་པ་གཟའ་གཏད་བྲལ་བ་ལ། །དངོས་འཛིན་མེད་པར་སྒོམ་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །སྤྱོད་པ་ཆོས་བརྒྱད་རང་གྲོལ་ལ། །མངོན་ལྐོག་མེད་པར་སྤྱོད་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །འབྲས་བུ་སྐུ་ལྔ་ཡོངས་རྫོགས་ལ། །ཐོབ་འདོད་མེད་པར་བཞག་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །ང་ཧེ་རུ་ཀ་ཡི་ཡུམ་གྱུར་ལ། །རྩེ་གཅིག་ཡིད་ཆེས་བྱས་པ་ན། །ང་དང་འབྲལ་བ་མེད་པ་ཡིན། །གནས་སྐབས་མཐར་ཐུག་གི་ལག་ལེན་འདི། །ཅིས་ཀྱང་ལག་ཏུ་ལེན་པར་མཛོད། །ཌཱ་ཀིའི་ཙིཏྟ་དམར་ཕྱུང་འདི། །ཉམས་སུ་ལོངས་དང་དོན་ཆེན་ཡིན། །ཨེ་རེད་རྗེ་ལ་དྲིས་དང་གསལ། །དེ་ལྟར་ཉམས་སུ་བླང་བ་ན། །ང་དང་མྱུར་དུ་འཕྲད་པར་ངེས། །འདོད་དགུ་ཕུན་ཚོགས་ཀྱི་བཀྲ་ཤིས་ཤོག །ཌཱ་ཀི་བུདྡྷ་ཏཱ་རེས་བུ་མོ་སངས་རྒྱས་སྒྲོན་ལ་གདམས་པའོ། །
༈ གནས་གསུམ་མཁའ་འགྲོའི་ཚོགས་ལ་གུས་པས་འདུད། །སྐྱེ་མེད་རྣམ་དག་མཁའ་དབྱིངས་ཡངས་པ་ལ། །རྟ་བདུན་རྒྱལ་པོས་གླིང་བཞི་བསྐོར་བ་ལྟར། །འཁོར་བའི་རྒྱ་མཚོར་མུན་ནག་འཐིབས་པ་ལ། །མྱང་འདས་ཆོས་ཀྱི་སྒྲོན་མེས་གསལ་བར་མཛོད། །འགྲོ་དྲུག་མུན་སེལ་རྗེ་བཙུན་བླ་མ་ལ། །འཁོར་འདས་ཆོས་ཀྱི་ཡིན་ལུགས་ཚིག་གསུམ་འདི། །ཐུགས་ལ་ཞོག་ལ་ཐུགས་ཁྲེལ་མི་མཛད་ཞུ། །ཕྱག་རྒྱ་ཆེན་པོའི་གཞུང་རྣམས་ཀྱི། ཆོས་ཉིད་དང་སེམས་ཉིད་གང་གཏན་ལ་འབེབ་པ་ལགས། སྣང་བ་དང་སེམས་གཅིག་གམ་ཐ་དད་ལགས། སེམས་ཉིད་དང་ཆོས་ཉིད་གཅིག་གམ་ཐ་དད་ལགས། སྣང་བ་དང་ཆོས་ཉིད་གཅིག་གམ་ཐ་དད་ལགས། ཡུལ་དང་ཡུལ་ཅན་བོར་ནས་སེམས་སྒོམ་མམ་ཇི་ལྟར་ལགས། རླུང་སེམས་གཅིག་གམ་ཐ་དད་ལགས། འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ལགས། སངས་རྒྱས་དང་སེམས་ཅན་ལ་ཁྱད་ཡོད་དམ་མེད་ལགས། སྒོམ་པའི་དུས་སུ་ལུས་ཀྱི་སྤྱོད་ལམ་ཇི་ལྟར་བྱེད་ལགས། འདོན་གཉིད་པའི་དུས་སུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དགོས་ན་ཇི་ལྟར་བྱེད་ལགས། ངོ་བོ་རྟོགས་པའི་དུས་སུ་ཚད་མེད་པ་བཞི་སྒོམ་མམ་མི་བསྒོམ་ལགས། ཡིན་ལུགས་ཤེས་པའི་དུས་སུ་གང་ཟག་དེས་སྡོམ་པ་འཚལ་ལམ་མི་འཚལ་ལགས། སྟོང་ཉིད་སྙིང་རྗེ་ཅན་དུ་སྒོམ་དགོས་མི་དགོས་ལགས། བྱང་ཆུབ་ཀྱི་སེམས་གཉིས་ལྡན་དུ་འཚལ་ལམ་མི་འཚལ་ལགས། དོན་དམ་གྱི་སྟེང་དུ་གནས་པའི་དུས་སུ། ཚོགས་གཉིས་རྟག་ཏུ་བསགས་འཚལ་ལམ་མི་འཚལ་ལགས། བསྐྱེད་རྫོགས་གཉིས་གཏན་དུ་འབྲེལ་འཚལ་ལམ་མི་འཚལ་ལགས། བར་དོའི་ཆོས་ལོགས་སུ་སྒོམ་འཚལ་ལམ་མི་འཚལ་ལགས། སེམས་ཅན་ཡེ་ནས་སངས་རྒྱས་ཡིན་ཡང་བཀྲེས་སྐོམ་གྱི་གདུང་བ་འདི་ཇི་ལྟར་ལགས། ཡེ་ཤེས་ལ་རྒྱུན་ཆད་ཡོད་དམ་མེད་ལགས། ངོ་བོ་གཅིག་ཏུ་བསྒོམས་པས་ཆོག་གམ་མི་ཆོག་ལགས། ཨེ་མ། དཀོན་མཆོག་གསུམ་ངོས་རྗེ་བཙུན་བླ་མ་ལ། །རྒྱལ་བས་གསུངས་པའི་སྡེ་སྣོད་མདོར་བསྡུས་རྣམས། །མཚན་ཉིད་མ་འདྲེས་ཕྱེས་ན་ལེགས། །ཞིབ་གསེས་མཛོད་ལ་བདག་ལ་གནང་བར་ཞུ། །ཚད་བཙུགས་ཉམ་ཉུལ་བྱེད་འདི་འདོད་ཕྱིར་མིན། །སེམས་ཅན་འགྲོ་རྣམས་བདེ་ལ་འགོད་ཕྱིར་ལགས། །བུདྡྷ་ཏཱ་རེས་འདི་ཞུས་དགེ་བ་དེས། །འགྲོ་རྣམས་རང་སེམས་བླ་མར་རྟོགས་པར་ཤོག །ཅེས་པ་འདི་ནི་ཌཱ་ཀི་བུདྡྷ་ཏཱ་རེས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ གུ་རུ་ཌཱ་ཀི་ལ་ན་མོ། མཁའ་ནི་སྐྱེ་མེད་གདོད་ནས་དག་པའི་དབྱིངས། །འགྲོ་ནི་རང་རིག་ཡེ་ཤེས་དག་པའི་དབྱིངས། །མངོན་ནི་དབྱིངས་དང་ཡེ་ཤེས་ཐུགས་སུ་ཆུད། །སྤྱོད་ནི་འཁོར་འདས་ཆོས་རྣམས་རང་སར་གྲོལ། །བཟང་ནི་བློ་འདས་བྱར་མེད་ངང་ལ་གནས། །མོ་ནི་ཐོག་མའི་སངས་རྒྱས་རང་ལ་གཟིགས། །སྲིད་གསུམ་འགྲོ་བའི་དེད་དཔོན་དེ་ལ་འདུད། །ཐེག་པའི་བཅུད་བསྡུས་མ་ལུས་སྙིང་པོའི་དོན། །བླ་མེད་ཐེག་མཆོག་གསང་བའི་དོན་སྟོན་མ། །སངས་ནི་སྒྲིབ་གསུམ་དྲི་མ་བག་ཆགས་དག །རྒྱས་ནི་གཉུག་མའི་ཡེ་ཤེས་རྒྱུན་ཆད་མེད། །སྒྲོན་ནི་ཐོག་མའི་འོད་གསལ་མངོན་དུ་གྱུར། །མ་རིག་མུན་སེལ་ཡུམ་གྱུར་དེ་ལ་འདུད། །དཀོན་མཆོག་གསུམ་དང་བླ་མ་རྡོ་རྗེ་འཆང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཌཱ་ཀིའི་དྲིས་ལན་མདོར་བསྡུས་བརྗོད་པ་ལ། །བར་ཆད་ཉེར་ཞི་རྩོམ་པ་མཐར་ཕྱིན་མཛོད། །
༈ གནས་གསུམ་མཁའ་འགྲོའི་ཚོགས་ལ་གུས་པར་འདུད། །སྐྱེ་མེད་རྣམ་དག་མཁའ་དབྱིངས་ཡངས་པ་ལ། །རྟ་བདུན་རྒྱལ་པོས་གླིང་བཞི་བསྐོར་བ་ལྟར། །འཁོར་བའི་རྒྱ་མཚོར་མུན་ནག་འཐིབས་པ་ལ། །མྱང་འདས་ཆོས་ཀྱི་སྒྲོན་མེས་གསལ་བར་མཛོད། །
༈ ཕྱག་རྒྱ་ཆེན་པོའི་གཞུང་རྣམས་ཀྱིས་ཆོས་ཉིད་སེམས་ཉིད་གང་གཏན་ལ་འབེབ་ལགས་ཞེས་པའི་དོན་ནི་ཕྱག་རྒྱ་ཆེན་པོའི་གཞུང་རྣམས་ནས་གསུངས་པའི་ཆོས་ཉིད་དེ། སེམས་ཉིད་གཏན་ལ་འབེབ་བྱེད་ཀྱི་གཞུང་ཡིན། གནས་སྐབས་འགལ་བ་ལྟར་སྣང་ཡང་དོན་ལ་མི་འགལ་ཏེ། སེམས་ཉིད་གཏན་ལ་འབེབ་ཙ། ཆོས་ཐམས་ཅད་གཏན་ལ་དབབ་པར་སོང་སྟེ། ཆོས་ཐམས་ཅད་ངོ་བོ་གཅིག་པའི་ཕྱིར་ནའོ། །གཞི་ཐོག་མའི་མགོན་པོ་འོད་མི་འགྱུར་བ་དེ་ལ་མ་རྒྱུད་པས་ཕྱག་རྒྱ་ཆེན་པོ་ཟེར། ལྷན་ཅིག་སྐྱེས་སྦྱོར་ཟེར། ཕ་རྒྱུད་པས་འོད་གསལ་ཟུང་འཇུག་ཟེར། སེམས་ཕྱོགས་པས་ཐིག་ལེ་ཉག་གཅིག་ཟེར། ཤེར་ཕྱོགས་པས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར། མདོ་ནས་བདེ་གཤེགས་སྙིང་པོ་ཟེར། དབུ་མ་པས་དོན་དམ་པའི་བདེན་པ་ཟེར། བསླབ་ཕྱོགས་པས་དོན་དམ་བྱང་ཆུབ་ཀྱི་སེམས་ཟེར། དེ་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་ཞེས་པ་ནི། ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ལ། མ་ཧ་མུ་ཏྲ་ཞེས་པ་ནི། མ་ཧ་ནི་ཆེན་པོ། མུ་ཏྲ་ནི་ཕྱག་རྒྱའོ། །ལྷན་ཅིག་སྐྱེས་པ་ནི་རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་པས་སོ། །དེའང་ཐ་དད་པ་ལྟ་བུ་མ་ཡིན་ཏེ། རིག་པ་གསལ་བ་བདེ་བ་སྟོང་པ་ཉིད་དུ་སྦྱོར་བས་ལྷན་ཅིག་སྐྱེས་སྦྱོར་ཞེས་སོ། །འོ་ན་ཇི་ལྟ་བུ་ཞིག་ལ་ཕྱག་རྒྱ་ཆེན་པོ་ཟེར་ན། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། ནམ་མཁའ་ལྟར་གནས་པ་ཞིག་ལ་ཟེར་ཏེ། མཚན་བརྗོད་ལས། མཁའ་ལྟར་མཉམ་པ་ཉིད་ལ་གནས་ཞེས་དང་། དམ་པས། དུ་མ་རོ་གཅིག་རྟོགས་ན་མཁས་པ་ཡིན་ནོ་བུ། །ཐམས་ཅད་སེམས་སུ་ཤེས་ན་མི་མཐུན་མེད་དོ་བུ། །སེམས་ཉིད་སྟོང་པར་ཤེས་ན་ཤེས་པ་ཙམ་མོ་བུ་ཞེས་དང་། ཏེ་ལོ་པས། དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་དང་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ཅེས་སོ། །དབུ་མ་བཞི་བརྒྱ་པ་ལས། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །གཅིག་གི་རྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་རྟ་པོ་ཡིན། །ཞེས་སོ། །ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །བརྟག་གཉིས་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་སོ། །ངོ་བོ་ལ་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་ཡང་མེད། །ཅེས་སོ། །ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པའི་རྒྱུད་ལས། སྣང་སྲིད་ཕྱག་རྒྱ་ཆེན་པོ་སྟེ། །བདེ་བ་ཆེན་པོ་ཀུན་ཏུ་བཟང་། །འདི་ནི་སེམས་ཀྱི་དཀྱིལ་འཁོར་ཏེ། །རྣལ་འབྱོར་དབང་ཕྱུག་བལྟ་བར་གྱིས། །ཞེས་སོ། །ན་རོ་པས་ཀྱང་། ཆོས་རྣམས་ཐམས་ཅད་རང་གི་སེམས། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །རྨི་ལམ་བཞིན་དུ་ངོ་བོ་སྟོང་། །སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་བཞིན། །ཆོས་ཀུན་མཁའ་འདྲ་མཉམ་གནས་པ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །ཞེས་སོ། །མི་ཏྲི་བས། ཐམས་ཅད་བདེ་སྟོང་ཟུང་འཇུག་ཏུ། །རྟོགས་པར་གྱུར་ན་གཞན་མི་དགོས། །སྤྱོད་ལམ་རྣམ་བཞི་ཅི་སྤྱོད་ཀྱང་། །དེ་ཡི་ངང་ལས་མི་གཡོ་ན། །འཁོར་བའི་འཇིགས་པ་དེ་ལ་མེད། །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དོན། །སྒོམ་མེད་ཚུལ་དུ་མ་ཡེངས་སྒོམ། །ཞེས་པས་ཕྱག་རྒྱ་ཆེན་པོ་ལ་གསུམ་སྟེ། གཞི་ཕྱག་རྒྱ་ཆེན་པོ། ལམ་ཕྱག་རྒྱ་ཆེན་པོ། འབྲས་བུ་ཕྱག་རྒྱ་ཆེན་པོའོ། །གཞི་ཡི་ཕྱག་རྒྱ་ཆེན་པོ་ལ་གཉིས། ཡིན་ལུགས་ཕྱག་རྒྱ་ཆེན་པོ་དང་། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོའོ། །ཡིན་ལུགས་རྒྱ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས། སེམས་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ཟེར། དེ་ཡང་ཇི་ལྟ་བུ་ཞིག་ཡིན་ན། མདོ་རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད་ན་ཡང་། །སུ་ལ་བསྟན་ཀྱང་གོ་བར་མི་གདའ་བས། །མི་སྨྲ་གཅིག་པུར་ནགས་སུ་གནས་པར་བྱ། །ཞེས་པས་ཟབ་པ་ནི། མངོན་རྟོགས་རྒྱན་ལས། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་པས། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་དང་། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཅེས་སོ། །
ཞི་བ་ནི་དབུ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་སོ། །སྤྲོས་བྲལ་གྱི་མཐའ་དང་བྲལ་བ་ནི། གཅོད་ཀྱི་གཞུང་ལས། ཕྱི་ནང་ལྷ་འདྲེ་འཁོར་དང་བཅས། །སྣང་དང་སྟོང་པ་ལ་སོགས་པ། །གཉིས་སྣང་བྲལ་བའི་སངས་རྒྱས་ཀྱང་། །དགོངས་པ་མ་ནོར་མ་བཅོས་སོ། །ཞེས་སོ། །མཐའ་བཞི་དང་བྲལ་བ་ནི། དུས་འཁོར་ལས། ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བས། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཞེས་པས་མཐའ་བརྒྱད་དང་བྲལ་བ་ནི། དབུ་མ་རྩ་བ་ཤེས་རབ་ལས། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །
འོད་གསལ་བ་ནི། བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་སོ། །འདུས་མ་བྱས་པ་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པས། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པས། དེ་ཀ་ལ། སྐུ་བཞི་ཡེ་ཤེས་ལྔའི་ཐོག་མ་མེད་པའི་དུས་ནས་རང་ཆས་སམ་ལྷུན་གྲུབ་ཏུ་ཚང་སྟེ། ཇི་ལྟར་ཚང་ན་སེམས་ཉིད་དང་པོར་མ་སྐྱེས་པ་ཆོས་ཀྱི་སྐུ། བར་དུ་མི་གནས་པ་ལོངས་སྤྱོད་རྫོགས་པའི་སྐུ། མཐར་འགག་པ་མེད་པ་ནི་སྤྲུལ་པའི་སྐུ། དེ་གསུམ་དབྱེ་བ་མེད་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །སེམས་ཀྱི་ངོ་བོ་སྟོང་པ་ངོས་བཟུང་དང་བྲལ་བ་ནི། ཆོས་དབྱིངས་ཡེ་ཤེས་གསལ་བའི་གདངས་མ་འགགས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་དབྱེ་བ་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སྣ་ཚོགས་ཅིར་ཡང་སྣང་བ་ནི། སོ་སོར་རྟོགས་པའི་ཡེ་ཤེས་གང་ལ་གང་འདུལ་གྱི་དོན་བྱེད་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཡང་དངོས་པོ་མཚན་མ་ཅན་གྱི་རྒྱུ་དང་རྐྱེན་ལས་གྲུབ་པ་མ་ཡིན་ཏེ། དྭགས་པོ་རིན་པོ་ཆེས། ཕྱག་རྒྱ་ཆེན་པོ་ལ་རྒྱུ་མེད། ཕྱག་རྒྱ་ཆེན་པོ་ལ་རྐྱེན་མེད། ཕྱག་རྒྱ་ཆེན་པོ་ལ་ཐབས་མེད། ཕྱག་རྒྱ་ཆེན་པོ་ལ་ལམ་མེད། ཕྱག་རྒྱ་ཆེན་པོ་འབྲས་བུ་མེད་ཅེས་པ་དང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པའོ། །ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དོ། །དེ་ནི་གཞི་ཡིན་ལུགས་ཀྱི་ཕྱག་རྒྱ་ཆེན་པོའོ། །འཁྲུལ་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། ཡིན་ལུགས་ཕྱག་རྒྱ་ཆེན་པོའི་རྩལ་དུ་མ་ཤེས་ནས་ཁ་ཕྱི་བལྟས་ཀྱི་ཤེས་པས་ཡུལ་དེ་མ་ཡིན་པ་ལ་དེར་འཛིན་གྱིས། ཡུལ་ཡུལ་ཅན་གཉིས་སུ་བཟུང་བས་འཁྲུལ། འཁྲུལ་པའི་གཞི་ནི་ཀུན་གཞིའི་རྐྱེན་མ་རིག་པའོ། །ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མ་ཡིན། །ཞེས་སོ། །
རྐྱེན་ལ་བཞི་སྟེ། ཀླུ་སྒྲུབ་ཀྱིས། རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོའི་ཡང་ནི་དེ་བཞིན་ནོ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཞེས་སོ། །འབུམ་ལས་མ་རིག་པ་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས་མ་རིག་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་མ་རིག་པ་རྣམ་པར་དག་པ་དང་རྣམ་པ་ཐམས་ཅད་མཁྱེན་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་སོ། །དེ་ནི་འཁྲུལ་ལུགས་ཕྱག་རྒྱ་ཆེན་པོའོ། །ལམ་གྱི་ཕྱག་རྒྱ་ཆེན་པོ་ལ་གཉིས། སེམས་ཉིད་ཕྱག་རྒྱ་ཆེན་པོ་དང་། སྣང་སྲིད་ཕྱག་རྒྱ་ཆེན་པོའོ། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ་གཉིས། གཞི་ཡིན་ལུགས་ཤེས་པའི་ལྟ་བ་དང་། ཡིན་ལ་ཡིན་བཞིན་བཞག་པའི་སྒོམ་པའོ། །
སྣང་སྲིད་ཕྱག་རྒྱ་ཆེན་པོ་ནི། སྤྱོད་པ་ཡོན་ཏན་ཡར་ལྡན་དུ་བོགས་འདོན་དགོས་པས། དེ་ལ་ལྔ་སྟེ། ཀུན་ཏུ་བཟང་པོའི་སྤྱོད་པ། གསང་བའི་སྤྱོད་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་རྣམ་པར་རྒྱལ་བའི་སྤྱོད་པ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །དང་པོ་ཀུན་ཏུ་བཟང་པོའི་སྤྱོད་པ་ནི། རི་ཁྲོད་དབེན་པ་བསྟེན་ནས་ཉམས་སུ་ལེན་པའི་དུས་སུ། རྐྱེན་ཐམས་ཅད་ལམ་དུ་བྱེད་དགོས་ཏེ། མི་ཕོད་པ་ལ་ཐོག་རྫིས་གྱིས། འཁྲི་བ་བཙན་ཐབས་སུ་ཆོད་ཅེས་པས། གནས་དང་གྲོགས་དང་ཟས་དང་ནོར་དང་གོས་ལ་སོགས་པ་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པ། མི་ཕོད་པའི་ཐོག་ཏུ་རྫི་ཞིང་ལམ་དུ་འཁྱེར་བའོ། །གསང་བའི་སྤྱོད་པ་ནི། གནས་དུར་ཁྲོད་དམ་ཤིང་གཅིག་གི་སར། གྲོགས་ཕྱག་རྒྱ་མ་མཚན་ཉིད་དང་ལྡན་པ་དང་སྟབས་སུ་མཉམ་པར་བསྡད་ནས། ཐིག་ལེ་དབབ་བསྐྱིལ་བཟློག་བཀྲམ་བཞི་ལ་དབྱངས་འབྱོངས་ཞིང་གོམས་པ་མངོན་དུ་བྱེད་པའོ། །
རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ནི། རང་ཉིད་གཅེར་བུ་རུས་པའི་རྒྱན་གསོལ་བ། ཕྱག་རྒྱ་དང་བསྡེབས་ནས་ཕྱོགས་ཀུན་ཏུ་འགྲོ་བའི་ཚེ། གཞན་གྱིས་སྒྲོ་སྐུར་བཏབ་ཀྱང་གྲོགས་སུ་འགྲོ་ན། ཆགས་སྤྱོད་བྱེད་པ་ནི་གོང་ལྟར་རོ། །རང་ཉིད་གཅེར་བུ་རུས་པའི་རྒྱན་གསོལ་བ་དང་། གྲོགས་ཕྱག་རྒྱ་མ་དང་བསྡེབས་ནས་ཚོང་དུས་ཆེན་པོ་རྣམས་དང་། ཁྲོམ་མང་པོ་འཚོགས་པའི་སར་འགྲོ་བ་དང་རིགས་ངན་གྱི་ནང་དུ་གླུ་དང་གར་དང་སྤྱོད་པ་མི་འདྲ་བ་དུ་མ་ཞིག་བྱེད་པའི་དུས་སུ། ཕ་རོལ་གཞན་གྱིས་རྒོལ་བ་དང་གཤེ་བ་དང་བརྡེག་པ་ལ་སོགས་པ། གང་དང་ཅི་བྱེད་ཀྱང་ནགས་ལ་མེ་ཤོར་ལྟར་རྟོགས་པའི་གྲོགས་སུ་འགྲོ་བའོ། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བརྩམས་ཏེ། དེ་ལ་བཞི། མ་རིག་པ་སངས་བས་གཉིད་ལས་རྒྱལ་བ། ཟག་བཅས་ཀྱི་རླུང་འགག་པས་རླུང་ལས་རྒྱལ་བ། དུག་ཟོས་ཀྱང་བདུད་རྩིར་འགྱུར་བས་ཟས་ལས་རྒྱལ་བ། འཁོར་འདས་ཕྱོགས་རིས་མེད་པས་ཕྱོགས་ལས་རྒྱལ་བའོ། །དེ་ནི་སྣང་སྲིད་ཕྱག་རྒྱ་ཆེན་པོའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། ངོ་བོ་སྟོང་པ་ངོས་བཟུང་དང་བྲལ་བ་ནི་ཆོས་ཀྱི་སྐུ། རང་བཞིན་གསལ་བ་ཕྱོགས་ཆ་དང་བྲལ་བའི་ཕྱོགས་སུ་མ་ལྷུང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། མཚན་ཉིད་གཉིས་སུ་མེད་ཅིང་མི་མཐུན་པ་མི་ཡོང་གཉེན་པོ་མི་བསྒྲུབ་པ་ནི་སྤྲུལ་པའི་སྐུའོ། །དེ་ནི་འབྲས་བུ་ཕྱག་རྒྱ་ཆེན་པོའོ། །
༈ སྣང་བ་དང་སེམས་གཅིག་གམ་ཐ་དད་ལགས་ཞེས་པ་ནི། ཐ་སྙད་དུ་གང་ཟག་འཁྲུལ་ངོར་སྣང་སེམས་ཐ་དད་དུ་སྣང་ཡང་དོན་ལ་སྣང་སེམས་གཅིག་སྟེ། སྣང་བ་སེམས་ཡིན། སེམས་སྟོང་པ་ཡིན། སྟོང་པ་ཆོས་སྐུ་ཡིན་པ་ནི་ཕྱག་རྒྱ་ཆེན་པོའི་དགོངས་པ་ལགས་ཏེ། རྗེ་དྭགས་པོའི་ཞལ་ནས། སྣོད་བཅུད་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་རྣམ་པར་རྟོག་པ་ཡིན། དེ་ལས་གཞན་དུ་གྱུར་པའི་ཆོས་མེད། རྣམ་པར་རྟོག་པ་སེམས་ཡིན། དེ་འོད་གསལ་སྟོང་པ་ཆོས་ཀྱི་སྐུའོ་ཞེས་གསུངས་སོ། །རྗེ་མི་ལས། སྣང་བ་སྣ་ཚོགས་རང་གི་སེམས། །སེམས་ཉིད་འོད་གསལ་སྟོང་པ་ལགས། །ཞེས་གསུངས་སོ། །གྲུབ་ཆེན་ཉི་མ་རྩལ་གྱིས། སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་དེ། །སེམས་ནི་འདི་ཞེས་མཚོན་དུ་མེད། །དེ་ཕྱིར་འཁོར་འདས་རྩ་བ་བྲལ། །དེ་ཉིད་ཆོས་སྐུར་ཤེས་པར་མཛོད། །ཅེས་གསུངས་སོ། །རྒྱལ་སྲས་ཐོག་མེད་པས། ཅི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་སོ། །ས་སྐྱ་པས། ཆོས་རྣམས་སེམས་ཉིད་སྣང་བ་ལ། །ཞེས་དང་། སྣང་བ་སེམས་ཡིན་སེམས་དེ་སྒྱུ་མ་ཡིན། སྒྱུ་མ་རྟེན་འབྲེལ་ཡིན། རྟེན་འབྲེལ་བརྗོད་བྲལ་ཡིན། ཞེས་གསུངས་སོ། །ཏེ་ལོ་པས། སྣང་བ་རང་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག་ཅེས་གསུངས་སོ། །མེ་ཏྲི་བས། འདི་ལྟར་སྣང་བ་སེམས་ཡིན་ཏེ། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་དེ་རྟོག་མེད་བྱར་མེད་དུ། །བསྒོམ་ན་རྒྱལ་བའི་སྲས་པོ་ཡིན། །ཞེས་གསུངས་སོ། །པདྨ་འབྱུང་གནས་ཀྱི་ཞལ་ནས། སྣང་སྲིད་སེམས་སུ་རྟོགས་ན་བླ་མེད་བྱང་ཆུབ་ཐོབ། །ཅེས་དང་། འཁོར་འདས་སེམས་སུ་ཤེས་ན་སངས་རྒྱས་དེ་རང་ཡིན། །འཁོར་འདས་གཉིས་པོ་བཏགས་པ་མིང་ཙམ་མོ། །ཞེས་དང་། སྣང་བ་སེམས་ཡིན། སེམས་སྟོང་པ་ཡིན། སྟོང་པ་གཉིས་མེད་ཡིན། གཉིས་མེད་རང་གྲོལ་ཡིན། རང་གྲོལ་ལྷུན་གྲུབ་ཡིན། ཞེས་གསུངས་སོ། །རྩ་བའི་རྒྱུད་ལས། རང་རིག་རྒྱལ་པོ་རང་གཙོའོ། །རང་གིས་ཕྲོག་ཅིང་རང་གིས་བྱེད་ཅེས། གསུངས་སོ། །མཁའ་འགྲོ་མ་རྡོ་རྗེའི་གུར་ལས། རིན་ཆེན་སེམས་ལས་བྱས་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་ཡང་། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས་སོ། །ཧེ་བཛྲ་ལས། ང་ལ་འགྲོ་བ་ཐམས་ཅད་བྱུང་། །ང་ལ་གནས་གསུམ་པོ་ཡང་བྱུང་། །ང་ཡིས་ཀུན་ལ་ཁྱབ་པ་སྟེ། །འགྲོ་བའི་རང་གཞན་ངས་མ་མཐོང་། །ཞེས་གསུངས་སོ། །ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་འཁྲུལ་པ་ཡིན། །ཞེས་གསུངས་སོ། །ཕལ་པོ་ཆེའི་མདོ་ལས། ཀྱེེ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །སེམས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ་ཞེས་གསུངས་སོ། །ཚད་མ་རྣམས་འགྲེལ་ལས། མྱང་བྱ་མྱོང་བྱེད་སེམས་ཡིན་པས། །ཞེས་གསུངས་སོ། །མདོར་ན་སྣང་སེམས་གནད་གཅིག་སྟེ། བདེར་གཤེགས་ཕག་མོ་གྲུབ་པས། སྣང་སེམས་གཉིས་སུ་མེད་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །བྱད་དང་བྲལ་བའི་མེ་ལོང་ལ། །བཞིན་གྱི་གཟུགས་བརྙན་ཤར་བ་ཡང་། །གཉིས་སུ་མེད་ལ་གཉིས་སུ་སྣང་། འཛུམ་དང་རྒོད་པར་བྱེད་པ་དང་། །དེ་བཞིན་མཛེས་དང་མི་མཛེས་དང་། །མདོ་དང་ཕུགས་སུ་སྣང་བ་ཡང་། །འདི་ལ་ཐ་དད་ཡོད་མ་ཡིན། །རང་གི་གཟུགས་བརྙན་ཤར་བ་ཡིན། །ཞེས་གསུངས་སོ། །
༈ སེམས་ཉིད་དང་ཆོས་ཉིད་གཉིས་གཅིག་གམ་ཐ་དད་ལགས་ཞེས་པ་ནི། སེམས་ཉིད་དང་ཆོས་ཉིད་གྲུབ་མཐའ་སྨྲ་བ་འགས་ཐ་དད་དུ་བཞེད་ཀྱང་། དོན་ལ་ཐ་དད་པ་མ་ཡིན་ཏེ། ཕར་ཕྱིན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་གསུངས་སོ། །ཡང་འོད་ཟེར་བླ་མས། ཕྱི་ནང་དབྱིངས་རིག་དམག་དཔུང་འཕྲོད། །ཅེས་པས། འདུས་བྱས་ཀྱི་དབྱིངས་དང་། དུས་མ་བྱས་ཀྱི་དབྱིངས། ཐ་དད་མེད་པར་གསུངས་པ་དང་། ཕྱི་ཡི་དབྱིངས་ནམ་མཁའ་སྟོང་པ་དང་། ནང་གི་དབྱིངས་རིག་པ་སྟོང་པ། སངས་རྒྱས་ཀྱི་ཐུགས་ཆོས་ཉིད་གསུམ་དབྱེར་མི་ཕྱེད་དེ། ལུང་ལས། མིང་མེད་ཅིང་མིང་དང་བྲལ་བ། ཚིག་མེད་ཅིང་ཚིག་དང་བྲལ་བ། རྣམ་པར་རྟོག་པ་མེད་ཅིང་འགྱུར་བ་མེད་པ། གཉིས་མེད་གཉིས་སུ་མེད་པར་སྟོན་ཞེས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། གཉིས་སུ་མེད་པར་མཐོང་བ་དག་གིས་གཉིས་སུ་མ་ཡིན་ཏེ། ས་ར་ཧས། ནམ་མཁས་ནམ་མཁའ་བྱོར་བ་མཐོང་། །ཞེས་གསུངས་སོ། །
༈ སྣང་བ་དང་ཆོས་ཉིད། ཡུལ་དང་ཡུལ་ཅན་བོར་ནས་སེམས་བསྒོམ་མམ་ཇི་ལྟར་ལགས་ཞེས་པའི་དོན་ནི། དེ་ལ་འདོད་ལུགས་མཐའ་གཅིག་ཏུ་མ་ངེས་ཏེ། ལ་ལས་ནི་རིག་ཐོག་ཏུ་ངོ་སྤྲད་པ། སྣང་ཐོག་ཏུ་ངོ་སྤྲད་པ། ཟུང་འཇུག་ཏུ་ངོ་སྤྲད་པ། རིག་ཐོག་ཏུ་ངོ་སྤྲད་པ་ནི། སེམས་ཉིད་ཀྱི་ངོ་བོ་ནི། བདེ་གསལ་མི་རྟོག་གསུམ། བདེ་བ་ལོངས་སྐུ། གསལ་བ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུའོ། །སྣང་ཐོག་ཏུ་ངོ་སྤྲོད་པ་ནི། མེད་པ་དེ་ནི་ཆོས་ཀྱི་སྐུ། ཡོད་པ་དེ་ནི་སྤྲུལ་པའི་སྐུ། གཉིས་མེད་ལོངས་སྤྱོད་རྫོགས་པའི་སྐུའོ། །ཟུང་འཇུག་ཏུ་ངོ་སྤྲད་པ་ནི། རིག་ཐོག་ཏུ་ངོ་སྤྲོད་པ་དང་སྣང་ཐོག་ཏུ་ངོ་སྤྲོད་པ་གཉིས། དབྱེར་མི་ཕྱེད་དེ། བརྟག་གཉིས་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ནི་མྱ་ངན་འདས་པའོ། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ནི་བྱང་ཆུབ་པའོ། །བཅོམ་ལྡན་འདས་དེ་ལྟར་ན། བྱང་ཆུབ་ལ་རིང་མ་ཡིག་མི་གསལ་འདུ་ཤེས་མི་བགྱིད་དོ། །ཞེས་གསུངས་སོ། །གསང་འདུས་ལས། དངོས་པོ་འདི་དག་མ་སྐྱེས་པ། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུར་རྟག་པ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །མདོ་ལས། གཟུགས་ནི་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མི་འགྲོ། གར་ཡང་གནས་པར་འགྱུར་བ་མེད་དོ། །ཞེས་གསུངས་སོ། །དཔལ་ཤ་བ་རིས། སྣང་གྲག་སྒྱུ་མ་རྨི་ལམ་སྨིག་རྒྱུ་དང་། །སྒྱུ་མ་དང་མཚུངས་དངོས་པོ་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའ་འདྲ། །མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་གྱུར། །བརྟགས་པས་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། །མེ་ཏྲི་བས། ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་རང་སར་དག །བློ་བྲལ་ཡིད་ལ་བྱར་མེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས་སོ། །སེམས་གཅིག་པོ་སྒོམ་ཡང་ཆོག་སྟེ། གཅིག་ཤེས་ཀུན་གྲོལ་ཡིན་པའི་ཕྱིར། །ས་ར་ཧས། སེམས་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། རང་རིག་ཡེ་ཤེས་འདི་རྙེད་ནས། །བསྐལ་པའི་མུན་པར་སྒྲོན་མེ་སྦར། །ལས་ཀྱི་འཁྲུལ་པ་རྩད་ནས་འཇོམས། །སྐྱེས་བུ་གཉིད་སད་ཇི་བཞིན་ནོ། །ཞེས་གསུངས་སོ། །
རླུང་སེམས་གཉིས་གཅིག་གམ་ཐ་དད་ལགས་ཞེས་པ་ནི། རླུང་སེམས་གནད་གཅིག་སྟེ། སེམས་ཀྱི་རྟ་རླུང་ཡིན། སེམས་འགྱུ་བ་སྣ་ཚོགས་པ་ཡང་རླུང་གི་རང་རྩལ་ལས་བྱུང་། །རླུང་ཟིན་ན་སེམས་ཟིན། སེམས་ཟིན་ན་རླུང་ཟིན། སེམས་དག་ན་རླུང་དག །སྣང་སྲིད་འཁོར་འདས་བདེ་སྡུག་ཐམས་ཅད་རླུང་སེམས་ཀྱི་རྟེན་འབྲེལ་ལས་བྱུང་བས། མདོ་རྒྱུད་མན་ངག་བསྟན་ཆོས་མཐའ་དག་ནས། རླུང་སེམས་ཟུང་འཇུག་ཡིན་ཞིང་ཉམས་སུ་ཡང་ལེན་དགོས་ཏེ། ཡོན་ཏན་མཐའ་དག་ཁོ་ལས་འབྱུང་དགོས་ཏེ། རྡོ་རྗེ་འཕྲེང་བ་ལས། རླུང་གིས་སྦྱོར་ཤེས་ཕ་རོལ་འགྲོ། །རླུང་གིས་འཁོར་བ་འཁོར་བར་བྱེད། །དེ་གཅོད་པ་ཡང་རླུང་གིས་བྱེད། །ཅེས་སོ། །བྲམ་ཟེ་ཆེན་པོ་ས་ར་ཧ་པས་ནི། རླུང་དང་རྣམ་ཤེས་གཉིས་ཐ་དད་མེད་དེ། རྣམ་ཤེས་བསྒོམ་ན་རླུང་ཆོད་ནས་རྒྱལ་བའི་དགོངས་པ་འཆར་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་དང་མཚོ་སྐྱེས་རྡོ་རྗེ་གཉིས་ཀྱིས། ཐ་དད་མེད་སྤུ་གྲི་དང་ངར་ལྟ་བུའོ། །ཞེས་གསུངས་སོ། །ཌོམ་བྷི་ཧེ་རུ་ཀས། ངོ་བོ་གཅིག་ལ་མཚན་ཉིད་ཐ་དད་དེ། རྣམ་ཤེས་རིག་པ་ཡིན། རླུང་དེ་སྤྱོད་བྱེད་ཀྱི་བེམ་པོ་ཡིན་གསུངས་སོ། །སློབ་དཔོན་དེ་རྣམས་ཞལ་མཐུན་ནས། དཔེར་ན་མི་མིག་ཡོད་ཞ་བོ་གཅིག །རྟ་ལོང་བ་ལ་ཞོན་ནས་བསྐྱོད་པ་ལྟར། རླུང་གིས་རྣམ་ཤེས་བསྐྱོད་ནས་འཁྲུལ་བར་བྱེད་པ་ཡིན། རླུང་ཟིན་ན་རྣམ་ཤེས་ཟིན། དེས་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེ་བས་རླུང་གི་སྦྱོར་བ་ཤེས་པར་བྱའོ། །ཞེས་གསུངས་སོ། །རྗེ་ཀ་མ་ལ་ཡི་ཞལ་ནས། ཀྱེ་མ་རྣམ་ཤེས་རླུང་གིས་བཀུག །རླུང་ནི་ལས་སུ་རུང་བ་དང་། །གཏུམ་མོ་ཡང་རླུང་གིས་སྦར་བར་བྱེད། །འདུ་བའི་ནད་ཀྱང་རླུང་གིས་བཅོས། །འབྱུང་བའི་རོ་ནི་སྙོམས་བྱེད་ཅིང་། །བརྟུལ་ཞུགས་སྤྱོད་པས་བར་ཆད་སེལ། །འཚོ་བའི་བཅུད་ཀྱང་ལེན་བྱེད་ཅིང་། །ཨེ་བཾ་བདེ་བ་རླུང་གིས་སྤྱོད། །རྟེན་འབྲེལ་ཤེས་པ་འཆར་པ་དང་། །རྐང་མགྱོགས་ཀྱང་ནི་འགྲུབ་པར་འགྱུར། །དྷུ་ཏིར་ཚུད་དེ་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །
འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ལགས་ཞེས་པ་ནི། འཁོར་བ་ལ་ཐོག་མ་མེད་པ་གསུང་རབ་མཐའ་དག་གི་དགོངས་པར་གདའ། རིག་པས་ཀྱང་བྱ་དང་སྒོ་ང་གཉིས་གང་སྔ། ས་བོན་སྐྱ་བོ་དང་མྱུ་གུ་སྔོན་མོ་གཉིས་གང་སྔ། དེ་ལ་སོགས་ཀྱི་ཆོས་ཐམས་ཅད་ཀྱི་ཕུག་འདིའི་སྔ་འདིའི་ཕྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བས་འཁོར་བ་ལ་ཐོག་མ་མེད་དོ། །འཁོར་བའི་ཕྱི་མཐའ་ལ་ཡང་འདོད་ལུགས་མང་། དེ་ཡང་སྒོས་མཐའ་ཡོད། འཁོར་བ་ལ་ཕྱི་མཐའ་མེད་དེ། མདོ་སྡུད་པ་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་གསུངས་སོ། །
སངས་རྒྱས་དང་སེམས་ཅན་གཉིས་ལ་ཁྱད་ཡོད་དམ་མེད་ལགས་ཞེས་པ་ནི། སངས་རྒྱས་སེམས་ཅན་གཉིས་ལ་ཁྱད་མེད་དེ། སེམས་ཅན་ཡེ་ནས་སངས་རྒྱས་ཡིན། །བྱས་པ་ལ་གཞན་གྱིས་ཟེར་ནས། སངས་རྒྱས་འཁྲུལ་པར་ཐལ། སངས་རྒྱས་སེམས་ཅན་གཅིག་ཡིན་པའི་ཕྱིར་དང་། ཡང་ན་སེམས་ཅན་གྱིས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པར་ཐལ། སངས་རྒྱས་ཀྱིས་མཁྱེན་པའི་ཕྱིར། ཞེས་སོགས་ཀྱི་རིགས་པས་སངས་རྒྱས་དང་སེམས་ཅན་ཐ་དད་དུ་འདོད། དེ་ལྟར་ཡིན་ན། སེམས་ཅན་ལ་བརྟེན་ནས་སངས་རྒྱས་བསྒྲུབ་ཏུ་མི་བཏུབ་པས། སེམས་ཅན་ཡེ་ནས་སངས་རྒྱས་ཡིན་ཏེ། སྒྱུ་འཕྲུལ་དྲ་བ་ལས། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །དྷ་ཀ་ཡེ་ཤེས་མདོ་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་ན། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །བྱམས་པ་མགོན་པོ་ནས། སེམས་ཅན་ཉིད་ཀྱང་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་འགྱུར། །ཞེས་གསུངས་སོ། །ཧེ་བཛྲ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང་། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་གསུངས་སོ། །དམ་པས། ཁྱེད་ཅག་སངས་རྒྱས་ཁ་སྣ་ཅན་དུ་འདོད་པར་གདའ་སྟེ། འོ་ཅག་སེམས་ཡུལ་མེད་དུ་གསལ་བ་ལ་བྱེད། ཅེས་གསུངས་སོ། །མེ་ཏྲི་བས། སེམས་ཀྱི་རང་བཞིན་ཡོངས་ཤེས་ན། །སངས་རྒྱས་གཞན་དུ་བཙལ་དུ་མེད། །ཅེས་གསུངས་སོ། །རང་སེམས་ཡེ་ནས་སངས་རྒྱས་ཏེ། །སྣང་ཆ་རྫུན་དུ་གོ་བ་ན། །དེ་ལ་བླ་མའི་གདམས་ངག་ཟུག །ཅེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་རབ་ཏུ་མི་གནས་པའི་རྒྱུད་ལས། གང་ཡང་རུང་བ་སྣང་ཆེན་པོ། །རྣམ་པར་སྣང་མཛད་ཉིད་ཡིན་ནོ། །སྙིང་པོ་མཆོག་ལ་སྤྱོད་པའོ། །དེ་ཕྱིར་མི་བསྐྱོད་རྡོ་རྗེ་ཉིད། །མན་ངག་མཆོག་གི་དབང་བྱས་ཤིང་། །འབྲས་བུ་འབྱུང་བས་རིན་ཆེན་འབྱུང་། །དོན་གཅིག་ན་ཡང་དཔག་མེད་པས། །ཉམས་མྱོང་འོད་ཅན་འོད་དཔག་མེད། །དོན་ཡོད་ལྷན་གཅིག་སྐྱེས་པ་ནི། །རྟོགས་པས་དོན་ཡོད་དོན་ཡོད་གྲུབ། །ཅེས་གསུངས་སོ། །སྒོམ་པའི་དུས་སུ་ལུས་ཀྱི་སྤྱོད་ལམ་ཇི་ལྟར་བྱེད་ལགས་ཞེས་པའི་དོན་ནི། མཐའ་གཅིག་ཏུ་མ་ངེས་ཏེ། ལས་དང་པོ་པས་ལུས་ངག་ཡིད་གསུམ་བཅོས་ནས་བསྒོམ་དགོས་ཏེ། ཏེ་ལོ་པས། ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡི། །རིག་པ་ངང་ལ་མི་གནས་བར་དུ་གཅུན། །ཞེས་པས། ལུས་དྲང་ན་རྩ་དྲང་། རྩ་དྲང་ན་རླུང་དྲང་པོར་རྒྱུ་བས་ལུས་ལ་དྲོད་སྐྱེ། དེ་ལ་བརྟེན་ནས་དགའ་བདེ་སྐྱེད། །དེ་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་སྟེ། འདུལ་པ་ལུང་ལས། ཕྱི་རོལ་པའི་དྲང་སྲོང་ལྔ་བརྒྱ་ལ། རང་བྱང་ཆུབ་ཐོབ་པའི་ཡོལ་བུ་སྤྲེའུ་ཞིག་གིས་ལུས་ཀྱི་གནད་བསྟན་པས། མངོན་པར་ཤེས་པ་ལྔ་ཐོབ་ཅིང་། རང་བྱང་ཆུབ་ཐོབ་པའི་གཏམ་རྒྱུད་ལྟར་རོ། །ཞེས་གསུངས་སོ། །རྟོགས་པ་མངོན་གྱུར་ལ་ལུས་ངག་བཅོས་མི་དགོས་ཏེ། མེ་ཏྲི་བས། ལུས་ངག་བཅོས་ཤིང་བསྒོམ་དུ་མེད། །མཉམ་པར་གཞག་དང་མ་བཞག་མེད། །ཅེས་སོ། །འདི་ལ་གང་ཡང་མ་གྲུབ་སྟེ། །སྣང་བ་རང་གྲོལ་ཆོས་ཀྱི་དབྱིངས། །རྟོག་པ་རང་གྲོལ་ཡེ་ཤེས་ཆེ། །གཉིས་མེད་མཉམ་པ་ཆོས་ཀྱི་སྐུ། །ཞེས་པས། ལུས་ངག་གི་སྤྱོད་ལམ་བཅོས་མི་དགོས་སོ། །
འོ་ན་གཉིད་པའི་དུས་སུ་ཆུ་བོ་རྒྱུན་གྱིས་སྦྱོར་དགོས་ན་ཇི་ལྟར་བྱེད་ལགས་ཞེས་པ་ནི། ཆུ་བོ་རྒྱུན་གྱིས་སྦྱོར་དགོས་པ་ཨ་ཅང་ཆེ་སྟེ། སྐྱེ་ཤི་བར་དོ་འབྱོངས་ན་རྨི་ལམ་བར་དོ་འབྱོངས། རྨི་ལམ་བར་དོ་འབྱོང་ན་སྲིད་པ་བར་དོ་འབྱོངས་བས། བརྩོན་འགྲུས་རབ་ཀྱིས་སྐྱེ་ཤི་བར་དོར་ཕྱག་རྒྱ་ཆེན་པོའི་ལྟ་བ་སྐྱོང་བ་དང་། ཁྲིད་སོ་སོ་ནས་གསུངས་པའི་འོད་གསལ་བཟུང་བའི་དམིགས་པ་གཅུན་པས་ཉིན་སྣང་དང་མཚན་སྣང་འདྲེས་ཏེ། མི་ལས། རྨི་ལམ་དང་ཉིན་མོ་ཁྱད་མེད་ན་སྒོམ་པ་ཀློང་དུ་གྱུར་བ་ཡིན། ཞེས་གསུངས་སོ། །ན་རོ་པས། གཉིད་དང་རྨི་ལམ་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །རྗེས་ལ་འོད་གསལ་རྒྱ་ཡིས་འདེབས། །ཞེས་པས། གཉིད་འོད་གསལ་དུ་ཤེས་དགོས་ཏེ། རྒྱུད་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། ཞེས་གསུངས་སོ། །
ངོ་བོ་རྟོགས་པའི་དུས་སུ་ཚད་མེད་པ་བསྒོམ་མམ་མི་བསྒོམ་ལགས་ཞེས་པ་ནི། རང་ངོས་ནས་ཚད་མེད་བཞི་བསྒོམ་མི་དགོས་ཀྱང་། གཞན་ངོས་ནས་སྒོམ་པ་ལ་འགལ་བ་མེད་དེ། རང་གིས་གདུལ་བྱ་རིགས་ཅན་གསུམ་རྗེས་སུ་འཛིན་དགོས་པའི་ཕྱིར་ན། ཏེ་ལོ་པས། སྣང་བ་སྣ་ཚོགས་དཀར་དམར་འདི། །སྐྱེ་བ་མེད་པར་མ་རྟོགས་པར། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། །ཞེས་གསུངས་སོ། །སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་རྟོགས་མི་འགྱུར། །ཞེས་གསུངས་སོ། །
ཡིན་ལུགས་ཤེས་པའི་དུས་སུ་གང་ཟག་དེས་སྡོམ་པ་འཚལ་ལམ་མི་འཚལ་ལགས་ཞེས་པ་ནི། རྟོག་པས་བྱས་པའི་དམ་ཚིག་དང་སྡོམ་པ་ཉམས་རྒྱུ་ཡོད། དེས་ན་ཉམས་རྒྱུ་མེད་པའི་དམ་ཚིག་དང་སྡོམ་པ་བསྲུང་དགོས་ཏེ། དེ་གང་ཡིན་ན། དོན་དམ་པ་འོད་གསལ་ཆོས་ཀྱི་སྐུ་དེ་ཀ་མངོན་དུ་གྱུར་ནས། རྒྱུན་ཆད་མེད་ན་སྡོམ་པ་ཡེ་སྲུང་ཆེན་པོ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་གང་གྷ་མ་ལས། རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལ་ཉམས། །མི་གནས་མི་དམིགས་དོན་ལ་མི་འདའ་ན། །དམ་ཚིག་ཉམས་མེད་མུན་པའི་སྒྲོན་མེ་ཡིན། །ཞེས་གསུངས་སོ། །བདེ་མཆོག་ར་ལིའི་རྒྱུད་ལས། རིག་འཛིན་ཉིད་ཀྱི་དགེ་སློང་ཡང་། །སོ་སོར་ཐར་དང་བྱང་ཆུབ་སེམས། །གཉིས་ཀ་གནས་པ་ཉིད་དུ་ནི། །སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ། །ཞེས་གསུངས་སོ། །
སྟོང་ཉིད་སྙིང་རྗེ་ཅན་དུ་བསྒོམ་དགོས་སམ་མི་དགོས་ལགས་ཞེས་པ་ནི། གཞི་བདེ་བར་གཤེགས་པའི་སྙིང་པོ་དེ། སྟོང་ཉིད་སྙིང་རྗེ་ཅན་དུ་གནས། ལམ་སྟོང་ཉིད་སྙིང་རྗེས་གསལ་གདབ། འབྲས་བུ་སྟོང་ཉིད་སྙིང་རྗེ་མངོན་དུ་གྱུར་དགོས་ཏེ། དུས་འཁོར་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །སྲིད་གསུམ་སྐྱེ་དང་འཇིགས་པ་མེད། །ཤེས་དང་ཤེས་བྱ་འཇིགས་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །ཞེས་གསུངས་སོ། །ས་ར་ཧས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྒྱུན་མི་ཆད་པ་གཉུག་མའི་ངང་། །གདོད་ནས་དག་པའི་རང་བཞིན་ལ། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང་། །ཞེས་གསུངས་སོ། །ཀླུ་སྒྲུབ་ཀྱིས་བདག་ཉིད་དང་ནི་འཇིག་རྟེན་འདི། །རྫོགས་པའི་སངས་རྒྱས་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་གནས་ཡེ་ཤེས་ལགས། །ཞེས་གསུངས་སོ། །
བྱང་ཆུབ་ཀྱི་སེམས་གཉིས་ལྡན་དུ་འཚལ་ལམ་མི་འཚལ་ལགས་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་གཉིས་ལྡན། སངས་མ་རྒྱས་ཀྱི་བར་དུ་བསྒོམ་དགོས་ཏེ། སྒོམ་པའི་སྒོམ་ལུགས་ནི་གསུམ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །བྱམས་པ་ལ་བཞི། ཉེ་བ་མ་ལ་བསྒོམ་པ། རིང་བ་དགྲ་ལ་བསྒོམ་པ། བར་མ་ལ་བསྒོམ་པ། སེམས་ཅན་ཐམས་ཅད་ལ་བསྒོམ་པའོ། །སྙིང་རྗེ་སྒོམ་པ་ལ་གསུམ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་སུ་མེད་པའི་སྙིང་རྗེའོ། །བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །ཀུན་རྫོབ་ལ་གཉིས། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གསུམ། བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའོ། །
དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། བདག་གཞན་རྗེ་མཁན་གྱི་གང་ཟག་རང་ཉིད། བརྗེ་སའི་ཡུལ་སེམས་ཅན་བརྗེ་རྒྱུ་བྱང་ཆུབ་ཀྱི་སེམས་གསུམ་པོ་མ་གྲུབ་སྟེ་ཤེས་པ་སྐད་ཅིག་སྔ་མ་ནི་འདས། ཕྱི་མ་ནི་མ་སྐྱེས། ད་ལྟར་གྱི་ཤེས་པ་སྐད་ཅིག་གཉིས་པར་མི་སྡོད་པའོ། །བཀའ་གདམས་པའི་ལུགས་ཀྱི་རྒྱུ་འབྲས་བདུན་ལ་ནི། རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་ལས་འཁྲུངས། སེམས་ལྷག་བསམ་ལས་འཁྲུངས། ལྷག་བསམ་སྙིང་རྗེ་ལས་འཁྲུངས། སྙིང་རྗེ་བྱམས་པ་ལས་འཁྲུངས། བྱམས་པ་མ་ཡི་དྲིན་ལན་གཟོ་བ་ལས་འཁྲུངས། དྲིན་ལན་གཟོ་བ་དྲིན་དྲན་པ་ལས་འཁྲུངས། དྲིན་དྲན་པ་མར་བསྒོམས་པ་ལས་འཁྲུངས་གསུངས། དེས་ན་བྱང་ཆུབ་ཀྱི་སེམས་གཉིས་པོ་བསྒོམ་དགོས་ཏེ། ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་དང་། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་དང་། ཕན་ཡོན་ནི། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤིགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་དང་། བྱང་ཆུབ་སེམས་སྐྱེས་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེར་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །
དོན་དམ་གྱི་སྟེང་དུ་གནས་པའི་དུས་སུ་ཚོགས་གཉིས་རྟག་ཏུ་བསགས་འཚལ་མི་འཚལ་ལགས་ཞེས་པ་ནི། དོན་དམ་གྱི་སྟེང་དུ་གནས་པའི་དུས་སུ། ཆེད་དུ་གཉེར་ནས་བསོད་ནམས་ཀྱི་ཚོགས་མ་བསགས་ཀྱང་འགལ་བ་ཆེར་མེད་དེ། འདུས་མ་བྱས་པའི་ཁོང་དུ་འདུས་བྱས་ཀྱི་དགེ་རྩ་ཡོད་པས་སོ། །འོན་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཚོགས་གཉིས་ཟུང་འཇུག་ཏུ་བསགས་པས་ལེགས་སོ། །ལུང་ལས། གཟུགས་ཀྱི་སྐུ་དེ་མདོར་བསྡུས་ནས། །རྒྱལ་པོ་བསོད་ནམས་ཚོགས་ལས་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ནས། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་སོ། །
བསྐྱེད་རྫོགས་གཉིས་གཏན་དུ་འབྲེལ་འཚལ་ལམ་མི་འཚལ་ལགས་ཞེས་པ་ནི། བསྐྱེད་རྫོགས་གཉིས་གཏན་དུ་འབྲེལ་འཚལ་ཏེ། བསྐྱེད་རིམ་བསྒོམས་པས་གཟུགས་སྐུ་མངོན་དུ་བྱེད། རྫོགས་རིམ་བསྒོམས་པས་ཆོས་སྐུ་མངོན་དུ་བྱེད་པས། བསྐྱེད་རྫོགས་གཉིས་གཏན་དུ་འབྲེལ་འཚལ་ཏེ། ཟུང་དུ་འཇུག་པའི་ཕྱིར་རོ། །ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་པ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱི། །སྐས་ཀྱི་གདང་བུ་ལྟ་བུར་གསུངས། །ཞེས་སོ། །བརྟག་གཉིས་ལས། བསྐྱེད་པའི་རིམ་པ་ལེགས་གནས་ནས། །རྫོགས་པ་ཡི་ནི་རིམ་པ་གཉིས། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་གསུངས་སོ། །
བར་དོའི་ཆོས་ལོགས་སུ་བསྒོམ་འཚལ་ལམ་མི་འཚལ་ལགས་ཞེས་པ་ནི། བར་དོའི་ཆོས་ལོགས་སུ་བསྒོམ་འཚལ་ནི། གང་ཟག་གི་ཉམས་ལེན་ལ་རག་ལས་པས། ད་ལྟ་འོད་གསལ་ལ་རྒྱུན་ཆད་མེད་པ་ཡོད་ན་རབ་ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་ཡིན་པས། ལོགས་སུ་བསྒོམ་མི་འཚལ་ཏེ། བར་དོ་དང་པོར་སངས་རྒྱས་སོ། །ལུང་ལས། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེ་མི་མཐོང་། །ཞེས་སོ། །གང་ཟག་འབྲིང་གིས། ད་ལྟ་སྒྱུ་མ་རྨི་ལམ་འབྱོངས་ན་བར་དོ་གཉིས་པར་ལོངས་སྐུར་སངས་རྒྱས་སོ། །གང་ཟག་ཐ་མས་ད་ལྟ་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་བར་དོ་ཐ་མར་སྤྲུལ་སྐུར་སངས་རྒྱས་སོ། །དེ་ལྟར་མ་ཡིན་ན་བར་དོའི་ཆོས་ལོགས་སུ་བསྒོམ་འཚལ་ཏེ། དཔུང་བཟང་གི་རྒྱུད་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །དཀོན་མཆོག་གསུམ་དང་ཡི་དམ་ལྷ། །སྐད་ཅིག་དྲན་པར་མ་གྱུར་ན། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་རྣམས་ཀྱི་མཆོག་ཏུ་གྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱ། །ཞེས་པས་བར་དོའི་ཆོས་ལོགས་སུ་བསྒོམས་པ་འཐད་དོ། །
སེམས་ཅན་ཡེ་ནས་སངས་རྒྱས་ཡིན་ཡང་བཀྲེས་སྐོམ་གྱི་གདུང་བ་འདི་ཇི་ལྟར་ལགས་ཞེས་པ་ནི། སེམས་ཅན་ཡེ་ནས་སངས་རྒྱས་ཡིན་ཡང་བཀྲེས་སྐོམ་གྱི་གདུང་བ་འདི་མ་རིག་འཁྲུལ་པའི་དབང་དུ་སོང་བ་ལན་ཏེ། དམ་པས། རང་སྣང་གི་འཁྲུལ་པ་མ་དག་ན། སྣང་བ་ཆོས་སྐུ་ཡིན་ཡང་། མིག་སེར་གྱི་ནད་ཀྱིས་བཏབ་པ་དང་འདྲ་སྟེ། ཡུལ་སྣང་སྤང་གིས་མི་ལངས། ཞེས་སོ། །སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །འདི་འདྲ་འདི་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །
ཡེ་ཤེས་ལ་རྒྱུན་ཆད་ཡོད་དམ་མེད་ལགས་ཞེས་པ་ནི། གཉུག་མའི་ཡེ་ཤེས་དང་། ཆོས་སྐུ་ལ་རྒྱུན་ཆད་མེད་དེ། དཔེའི་ཡེ་ཤེས་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་ཟད་དེ། ལམ་མེད་ཡེ་ཤེས་མེད། ཅེས་སོ། །ངོ་བོ་གཅིག་ཏུ་བསྒོམས་པས་ཆོག་གམ་མི་ཆོག་ལགས། །ཞེས་པ་ནི་རང་ལུགས་ལ་ངོ་བོ་གཅིག་ཏུ་བསྒོམས་པས་ཆོག་སྟེ། །ལུང་ལས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གང་གི་དངོས་པོ་དེ་བཞིན་ཉིད་མཐོང་ན། །དེ་ཡི་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཨེ་མ་དཀོན་མཆོག་གསུམ་དངོས་རྗེ་བཙུན་བླ་མ་ལ། །རྒྱལ་བའི་གསུངས་པའི་སྡེ་སྣོད་མདོར་བསྡུས་རྣམས། །མཚན་ཉིད་མ་འདྲེས་སོ་སོར་ཕྱེས་ན་ལེགས། །ཞིབ་གསེས་མཛོད་ལ་བདག་ལ་གནང་བར་ཞུ། །ཚད་བཙུགས་ཉམ་ཉུལ་ཚེ་འདི་འདོད་ཕྱིར་མིན། །སེམས་ཅན་འགྲོ་རྣམས་བདེ་ལ་འགོད་ཕྱིར་ལགས། །བུདྡྷ་ཏཱ་རེས་འདི་ཞུས་དགེ་བ་དེས། །འགྲོ་རྣམས་རང་སེམས་བླ་མར་རྟོགས་པར་ཤོག །ཌཱ་ཀིས་དྲིས་ལན་ཆ་ཤེས་བརྗོད་པ་ལ། །འགལ་གནོང་ནོར་པ་མཆིས་པར་གྱུར་གང་ན། །བླ་མ་རྒྱལ་བ་སྲས་བཅས་མཁའ་འགྲོའི་ཚོགས། །གནོང་བས་བཤགས་སོ་ཉེས་པར་མ་གྱུར་ཅིག །མཁའ་དབྱིངས་དབང་ཕྱུག་རྣལ་འབྱོར་བདག་གིས་ནི། །ལྷག་བསམ་དག་པས་འདི་བཀོད་དགེ་བ་དེས། །མཁའ་མཉམ་སེམས་ཅན་འགྲོ་བ་མ་ལུས་ཀུན། །བཀའ་བརྒྱུད་གོང་མའི་རྣམ་ཐར་སྐྱོང་བར་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཌཱ་ཀི་བུདྡྷ་ཏཱ་རེས་དྲིས་ལན་དུ་སྦྱར་བའོ། །
༈ གུ་རུ་སུ་དྷ་རི་སོགས་ཌཱ་ཀི་རྣམས་ལ་ན་མོ། མཁའ་དབྱིངས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་དུ། །འགྲོ་རྣམས་རྟ་བདུན་རྒྱལ་པོས་མུན་པ་སེལ། །མངོན་སུམ་ཚ་ཟེར་སྤྲུལ་སྐུས་འགྲོ་བ་འདྲེན། །སྤྱོད་པ་མ་ངེས་གདུལ་བྱའི་ལོ་འབྲས་སྨིན། །བཟང་མོས་འཁོར་འདས་ཆོས་རྣམས་རང་སར་གྲོལ། །མངོན་སུམ་ཐོགས་མེད་མཁའ་འགྲོ་མངོན་སྤྱོད་བཟང་། །རྒྱལ་བའི་ཡུམ་གྱུར་སྟོང་ཉིད་མ་ལ་འདུད། །བླ་མེད་བླ་མ་དུས་གསུམ་རྒྱལ་བའི་སྐུ། །མ་ལུས་འགྲོ་རྣམས་སྐྱབས་གྱུར་ཐུགས་རྗེའི་བདག །དཀོན་མཆོག་གསུམ་དངོས་ཡིད་བཞིན་ནོར་བུ་མཆོག །རྒྱལ་བའི་གདུང་ཚོབ་སྤྲུལ་པ་གྲངས་ལས་འདས། །མཚན་ཉིད་མ་འདྲེས་དབྱེ་བའི་དོན་ལ་མཁས། །གནས་གསུམ་ཡུམ་གྱུར་དེ་ཡི་ཐབས་ལ་འདུད། །ཆོས་ཀྱི་སྙིང་པོ་མདོ་དོན་ལག་ལེན་ལ། །འུབ་ཀྱིས་བསྡུས་ན་འདི་ལྟར་དངོས་སུ་འཛིན། །
ཕྱག་རྒྱ་ཆེན་པོའི་གཞུང་རྣམས་ཀྱི་ཆོས་ཉིད་སེམས་ཉིད་གང་གཏན་ལ་འབེབ་ཞུས་པའི་དོན་ནི། གསར་མ་སྐོར་གསུམ་ལ་སོགས་པའི་གཞུང་འདི་ཚོ་སྟོན་པའི་བཤད་མཁན་རྣམས་ཀྱིས། ངོ་བོ་རྟོགས་པས་ངོ་བོའི་ཐོག་ཏུ་བཤད། གཞི་རྟོགས་པས་གཞི་ཐོག་ཏུ་བཤད། ངོ་བོ་རྟོགས་པས་ངོ་བོའི་ཐོག་ཏུ་གོ། གཞི་རྟོགས་པས་གཞི་ཐོག་ཏུ་གོ། དོན་ལ་སེམས་ཀྱི་ངོ་བོ་སྟོན་པ་ཡིན་པ་ལ། གང་ཟག་གི་བློ་ཡི་བྱེ་བྲག་གིས་སོ་སོར་གོ། སྣང་བ་དང་སེམས་གཅིག་གམ་ཐ་དད་ཞུས་པའི་དོན་ནི། སྣང་བ་སེམས་ལས་མ་གཏོགས་པ་གཞན་མེད་དེ། སྣང་བ་སེམས་ཀྱི་འོད་དམ་ཆོས་ཉིད་ཡིན་པས། སེམས་རྟོགས་པའི་དུས་སུ་སྣང་བ་སྒྲོག་རང་གྲོལ་དུ་འགྲོ། དེས་ན་སྣང་སེམས་གཉིས་གཅིག་ཡིན་པར་ངེས་སོ། །སེམས་དང་ཆོས་ཉིད་གཅིག་གམ་ཐ་དད་ལགས་ཞུས་པའི་དོན་ནི། སེམས་ཉིད་དང་ཆོས་ཉིད་གཅིག། སེམས་ཉིད་ཀྱི་འོད་ཆོས་ཉིད་ཡིན་པས་སྒྲོག་རང་གྲོལ་དུ་འགྲོ། དཔེར་ན་ཉི་མ་སོང་ནས་འོད་ཕྱིར་མ་ཆད་དེ། ཉི་མའི་ཕྱིར་འོད་འགྲོ་སྟེ། འགྲོ་ལྡོག་ངེས་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཉིད་གཅིག་པུ་རྟོགས་པས། ཆོས་ཉིད་ཤུགས་ལ་རྟོགས་ཏེ་འོང་། སེམས་དག་པས་སྣང་བ་རང་ཤུགས་ལ་དག་གོ། དེས་ན་སྣང་བ་དང་ཆོས་ཉིད་སོ་སོར་བཞག་ལ། སེམས་ཉིད་ངོ་བོ་འབའ་ཞིག་བསྒོམས་པས་ཆོག་པར་མཆིས་སོ། །སྣང་བ་དང་ཆོས་ཉིད་ཡུལ་དང་ཡུལ་ཅན་བོར་ནས་བསྒོམས་པས་ཆོག་གམ་ཞུས་པའི་དོན་ནི། སྒོམ་པའི་དུས་སུ་ཆོས་ཅན་དང་ཆོས་ཉིད་བློས་བཞག་ནས་སེམས་ཉིད་ངོ་བོའི་ཐོག་ཏུ་ལྕང་གྱིས་བསྒོམས། རྒན་མོ་མཛུབ་བཙུགས་སུ་བསྒོམས་ཀྱང་ཕྱི་ནང་སྣོད་བཅུད་ཉིད་དུ་བལ་གྱིས་ཕབ་ནས་ངོ་བོའི་ཐོག་ཏུ་བསྒོམས། དེ་གཉིས་འདྲ་སྟེ་མཆིས། ཆོས་ཉིད་གཞི་ཐོག་ཏུ་བསྒོམས་ནས་ངོ་བོ་རྙེད་པར་བསྒོམས་པས་སངས་རྒྱས་ཏེ་མཆིས།
རླུང་སེམས་གཉིས་གཅིག་གམ་ཐ་དད་ཞུས་པའི་དོན་ནི། རླུང་སེམས་གཉིས་གཅིག་ཡིན་ཏེ་མཆིས། རླུང་གཡོས་པས་སེམས་ཉིད་རྟོག་པ་སྣ་ཚོགས་སུ་ཤར་བས། དེ་ཉིད་བརྗོད་དུ་མེད་པར་གནས་ཏེ། སེམས་ཉིད་རྟོགས་པའི་དུས་སུ་རླུང་རང་དག་ནས་འགྲོ། གཉིས་མེད་རིག་སྟོང་ལྷན་ཅིག་སྐྱེས་པ་ཡིན་ཏེ་མཆིས་སོ། །འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ཞུས་པའི་དོན་ནི། འཁོར་བ་ལ་ཐོག་མཐའ་མེད་ཅིང་གཏིང་མཐའ་མེད་དེ་མཆིས། ཁམས་གསུམ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་ཀ་འཁོར་བའི་ནང་དུ་མ་འཁྲུལ་བ་འདི་ཡིན་བྱ་བ་གང་ཡང་མེད་དེ་མཆིས། འོན་ཀྱང་གང་ཟག་སྒོས་བཙན་ལ། ལྷན་ཅིག་སྐྱེས་པ་ངོས་ཟིན་ཅིང་རྟོགས་ནས་སངས་རྒྱས་པའི་ཚེ་ན་ནི་ཡོད་དོ། །ལྷན་ཅིག་སྐྱེས་པ་ངོས་མ་ཟིན་བར་དུ། འཁོར་བ་ལ་ཐོག་མཐའ་མེད་པ་ཡིན་ལ། ལྷན་སྐྱེས་གཉིས་ཀ་གནས་པ་ནི། འཁོར་འདས་གཉིས་ཀ་ཁྱད་མེད་པར་གནས་སོ། །དེ་ངོས་མ་ཟིན་གྱི་བར་དུ་ཁྱད་མེད་དོ། །སངས་རྒྱས་དང་སེམས་ཅན་གཉིས་ལ་ཁྱད་རྟ་རྔ་འདྲེས་གང་ཡང་མེད་དོ། །ཞེས་པ་འདི་ཌཱ་ཀི་བུདྡྷ་ཏཱ་རེས་སྦྱར་རོ། །
༈ ན་མོ་ཨཱརྱ་ཏཱ་ར་ཡེ། རྒྱལ་བའི་རྣམ་འཕྲུལ་བླ་མ་རྗེ། །སྐྱེ་བ་དམན་ལ་ཐུགས་དགོངས་ཞུ། །སྐྱེ་བ་དམན་པའི་བུད་མེད་ཀྱིས། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་ལུས། །སྐྱེ་མེད་དོན་ལ་མོས་པ་བྱས། །སྐྱེ་མེད་ཀྱི་གོ་ཚུལ་འདི་ལྟར་ལགས། །དཔལ་གུ་ཎ་ཤྲཱི་ཡེ་བཀའ་དྲིན་ལ། །གཅིག་ལ་བླ་མ་རྗེ་དང་མཇལ། །གཉིས་ལ་ཟབ་མོའི་གདམས་པ་ཞུས། །གསུམ་ལ་གཉིས་མེད་གནད་ནས་ཟིན། །བཞི་ལ་རྟོག་པ་སྐྱོན་དུ་མཐོང་། །ལྔ་ལ་རྟོག་པ་གྲོགས་སུ་ཤར། །དྲུག་ལ་རྣམ་རྟོག་དྲན་སང་མཉམ། །བདུན་ལ་རྣམ་རྟོག་འདུ་ཤེས་མེད། །བརྒྱད་ལ་སྤྲོས་བྲལ་སྟོང་པར་བསྒོམ། །དགུ་ལ་དངོས་པོའི་རང་བཞིན་ཤེས། །བཅུ་ལ་བསྒོམ་བྱ་སྒོམ་བྱེད་འདྲེས། །བཅུ་གཅིག་དབྱེར་མེད་དབྱིངས་སུ་ཉལ། །བཅུ་གཉིས་གཉིས་མེད་འོད་གསལ་ཤར། །བཅུ་གསུམ་བྱར་མེད་བློ་དང་ལྡན། །བཅུ་བཞི་ཇི་ལྟར་སྣང་ཡང་ཆོག །བཅོ་ལྔ་འཁོར་བའི་རང་གཟུགས་ཤེས། །བཅུ་དྲུག་འཁོར་འདས་གཉིས་མེད་ཤེས། །བཅུ་བདུན་འཁོར་འདས་གཅིག་ཏུ་འདྲེས། །བཅྭོ་བརྒྱད་འདོད་ཡོན་གྲོགས་སུ་ཤར། །བཅུ་དགུ་འདོད་ཡོན་རང་གཟུགས་ཤེས། །ཉི་ཤུ་འདོད་ཡོན་བཅིང་གྲོལ་མེད། །ཉེར་གཅིག་སྣང་བ་མཚན་མར་གཟུང་། །ཉེར་གཉིས་སྣང་སེམས་གཉིས་སུ་མེད། །ཉེར་གསུམ་སྣང་སྟོང་རྩིས་གདབ་བྲལ། །ཉེར་བཞི་གོལ་ས་སེམས་སུ་ཤེས། །ཉེར་ལྔ་གོལ་དང་མ་གོལ་བྲལ། །ཉེར་དྲུག་འདི་ཡིན་ངེས་ངེས་མེད། །ཉེར་བདུན་གཉེན་པོས་གཅུན་ནས་བསྒོམས། །ཉེར་བརྒྱད་དྲན་པ་རང་ངོ་ཤེས། །ཉེར་དགུ་སྒོམ་པའི་བློ་དང་བྲལ། །སུམ་ཅུ་བདེ་ཆེན་ཐང་ལ་ཉལ། །སོ་གཅིག་ཡབ་དང་མཉམ་དུ་སྦྱོར། །སོ་གཉིས་བདེ་བའི་རང་བཞིན་རྟོགས། །སོ་གསུམ་བདེ་སྟོང་དབྱེར་མེད་ཤེས། །སོ་བཞི་བློ་ཆོས་གཉིས་ཀ་ཟད། །སོ་ལྔ་འདི་བྱ་འདི་བྱེད་མེད། །གོ་ཚུལ་དེ་ལྟར་ཨེ་རེད་ལགས། །གབ་གྲིབ་མེད་པར་གསུང་བར་ཞུ། །མངོན་སྤྱོད་གདུལ་བྱའི་མཐའ་ཤོལ་དང་། །མིང་ནི་གུ་རུ་ཏཱ་རེ་ཞེས། །ལྷོ་ཕྱོགས་ངོས་ནས་གཤེགས་པ་ལགས། །ཕོག་ཐུག་ཡོད་ན་བཟོད་པར་བཞེས། །དགེ་བས་མ་རྣམས་བདེ་གྱུར་ཅིག །ཅེས་པ་འདི་ནི་ཌཱ་ཀི་གུ་རུ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་ཉམས་འབུལ་གྱིས་ཚུལ་དུ་གསུངས་པའོ། །
༈ གུ་རུ་ཙཀྲ་ས་བྷ་ར་ཌཱ་ཀི་ཡེ་ན་མོ། ཆོས་རྣམས་སྤྲོས་པ་ཉེར་ཞི་བརྗོད་ལས་འདས། །སྐྱེ་འགག་གནས་བྲལ་གདོད་ནས་རྣམ་པར་དག །མཐའ་བཞི་ལས་འདས་འོད་གསལ་འདུས་མ་བྱས། །བཅིང་གྲོལ་དང་བྲལ་གཉུག་མ་ལྷན་ཅིག་སྐྱེས། །གནས་ལུགས་མངོན་གྱུར་ཌཱ་ཀིའི་ཚོགས་ལ་འདུད། །ཐབས་ཀྱི་རང་བཞིན་ནམ་མཁའི་རྣལ་འབྱོར་གྱིས། །ཤེས་རབ་རང་བཞིན་གུ་རུ་ཏཱ་རེ་ལ། །སེམས་སྐྱོ་ཡིད་གདུང་སྤྲོ་བའི་ཚིག་འགའ་སྨྲ། །ཁྱེད་ཐུགས་ཆོས་ཉིད་ངང་ནས་སྙན་ཡིད་གསོན། །ཉམས་དང་རྟོགས་པའི་སྐྱེ་ཚུལ་འདི་ལྟར་ལགས། །གསུངས་པས་བདག་ཡིད་རྗེས་སུ་ཡི་རང་ངོ་། །ངེས་དོན་མཐར་ཐུག་གནས་ལུགས་དོན་དེ་ལ། །རྟོགས་ཚུལ་ཅིག་ཆར་རིམ་སྐྱེས་ཐོད་རྒལ་དང་། །གསུམ་དུ་འདུས་པ་རྒྱལ་བ་སྲས་བཅས་གསུངས། །ཅིག་ཆར་རྟོགས་གྲོལ་དུས་མཉམ་མངོན་སངས་རྒྱས། །རིམ་སྐྱེས་རྟོགས་ལུགས་དེ་ལྟར་ཡིན་ནམ་སྙམ། །རྟོགས་ལུགས་དེ་ལྟར་མཛད་པས་རྗེས་ཡི་རང་། །བདག་ཀྱང་དེ་འདྲའི་དོན་ལ་དགའ་སྤྲོ་འཕེལ། །དེ་རྣམས་དོན་དེ་རྟོགས་པ་མངོན་གྱུར་ཅིག །ཐོད་རྒལ་ཉམས་ལ་གང་སྟོང་འཕེལ་འགྲིབ་ཆེ། །ཐ་སྙད་ཉམས་ཀྱི་སྐྱེས་ཚུལ་ཐུག་པ་མེད། །ད་ནི་ཡང་དག་དོན་དེ་འདི་རང་སྙམ། །སྣང་དང་སྟོང་པ་ཟུང་འཇུག་འདུ་འབྲལ་མེད། །རིག་དང་སྟོང་པ་ཟུང་འཇུག་འདུ་འབྲལ་མེད། །བདེ་དང་སྟོང་པ་ཟུང་འཇུག་འདུ་འབྲལ་མེད། །གསལ་དང་སྟོང་པ་ཟུང་འཇུག་འདུ་འབྲལ་མེད། །དེ་རྣམས་ཚིག་གི་བརྗོད་ཚུལ་ཐ་དད་ཀྱང་། །མ་འགགས་གཅིག་གི་རོལ་པ་གཉིས་སུ་མེད། །གཉིས་སུ་མེད་ལ་ཕྱག་རྒྱ་ཆེ་ཞེས་བརྗོད། །བརྗོད་ཀྱང་བརྗོད་པའི་ཡུལ་ལས་རབ་འདས་ཤིང་། །བརྗོད་དང་ཡི་བརྗོད་བསམ་པའི་ཡུལ་ལས་འདས། །བློ་འདས་བྱར་མེད་མཚོན་པའི་དཔེ་ལས་འདས། །ལྟ་སྒོམ་སྤྱོད་འབྲས་གཞི་ལམ་ཡོད་ན་འཁྲུལ། །འཁོར་འདས་སྤྱོད་རྫོགས་ཞི་ལྷག་ཡོད་ན་འཁྲུལ། །བདེན་གཉིས་ཐབས་ཤེས་དགེ་སྡིག་ཡོད་ན་འཁྲུལ། །སངས་རྒྱས་སེམས་ཅན་ཐ་དད་ཡོད་ན་འཁྲུལ། །གཞན་སེམས་རང་སེམས་ཐ་དད་ཡོད་ན་འཁྲུལ། །སེམས་དང་སྣང་བ་ཐ་དད་ཡོད་ན་འཁྲུལ། །དམ་ཚིག་སྡོམ་པ་བསྲུང་བྱ་ཡོད་ན་འཁྲུལ། །སྤང་བླང་དགག་སྒྲུབ་རེ་དོགས་ཡོད་ན་འཁྲུལ། །བདག་གིས་གོ་ཚུལ་ཆ་ཙམ་དེ་ལྟར་ལགས། །གནས་སྐབས་སྐྱེ་བ་དམན་པའི་ཚུལ་བཟུང་ཡང་། །ཉམས་དང་རྟོགས་པའི་སྐྱེ་ཚུལ་ཨེ་མ་ཧོ། །ཐབས་ཤེས་ཚིག་གི་འབྲེལ་བ་ལ་བརྟེན་ནས། །འགྲོ་རྣམས་བདེ་སྟོང་ཡེ་ཤེས་རྟོགས་པར་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཌཱ་ཀི་གུ་རུ་ཏཱ་རེ་ལ་ཉམས་འགྱུར་གྱིས་ཚུལ་དུ་གདམས་པའོ། །
༈ གུ་རུ་ཆོས་བདག་ཌཱ་ཀི་རྣམས་ལ་ན་མོ། མངོན་ཤེས་དྲུག་ལྡན་མཁྱེན་པའི་རྒྱལ་བའི་ཡུམ། །སྤྱོད་པས་འབྲེལ་ཚད་དོན་ལྡན་འདྲེན་པའི་ཡུམ། །བཟང་ལ་ཆགས་མེད་ངན་ལ་སྡང་མེད་ཡུམ། །མང་པོའི་ནང་ན་འགྲན་མེད་རྒྱལ་བའི་ཡུམ། །སྲིད་ཞི་རང་གྲོལ་རྒྱལ་བའི་ཡུམ་ལ་འདུད། །མོས་པའི་བུ་མོ་ཐུགས་རྗེས་བཟུང་དུ་གསོལ། །སྔོན་གྱི་ལས་འབྲེལ་བུདྡྷ་ཏཱ་རེ་མ། །མ་ཡེངས་རྣ་བའི་དབང་པོས་གསན་མཛོད་དང་། །སྙན་བསྐུལ་གསོལ་འདེབས་ཚིག་གསུམ་སྙན་དུ་གསོལ། །ཐབས་ཀྱིས་རྒྱལ་པོའི་ལུས་སེམས་དཀྲུག་ན་ཡང་། །རྗེས་འཛིན་མེད་པར་གདམས་ངག་མཁྱེན་པར་མཛོད། །ལུས་སེམས་འཕྲད་བའི་བྱ་བ་བྱས་ན་ཡང་། །འགྱུར་མེད་རི་བོ་ལྟ་བུར་བརྟན་པར་མཛོད། །སྟོང་གསུམ་གཏམ་ངན་རླུང་དམར་འཚུབ་ན་ཡང་། །གཡོ་མེད་རྒྱ་མཚོ་ལྟ་བུར་བརྟན་པར་མཛོད། །བླ་དཔོན་མི་དཔོན་ངོ་བསྲུང་དགོས་ན་ཡང་། །ཁྱོ་དབང་མ་བཏང་བྱང་བསྟན་ཕུག་ལྟར་མཛོད། །དེ་ནི་མདོར་བསྡུས་གནད་ཀྱི་སྙན་བསྐུལ་ཡིན། །ད་ནི་གསལ་འདེབས་བརྡ་མཚོན་ཚིག་བཅུ་ཞུ་ལ་གསན། །སྔོན་འགྲོའི་ཆོས་རྣམས་སྔོན་དུ་སོང་ནས་ནི། །དེ་རྗེས་མཉམ་པར་འཇོག་པའི་དུས་འདི་རུ། །ཤར་བའི་ཚེ་ན་ཅེར་གྱིས་མཁྱེན་པར་མཛོད། །དྲན་པའི་ཚེ་ན་ཕྱལ་གྱིས་འཇོག་པར་མཛོད། །སྒོམ་པའི་ཚེ་ན་རང་དགར་འཇོག་པར་མཛོད། །ཡེངས་པའི་ཚེ་ན་ཏུར་གྱིས་དྲན་པར་མཛོད། །རྒྱུན་དུ་རང་གི་སེམས་ལ་བལྟ་བར་མཛོད། །དྲན་མེད་ཡེངས་མེད་ངང་ལ་འཇོག་པར་མཛོད། །དད་བརྩོན་བསྐྱེད་ལ་དེ་ལྟར་ཉམས་ལེན་མཛོད། །ཀུན་གཞི་སྐྱེ་མེད་དེ་ལ་བརྩོན་པར་མཛོད། །དེ་ལས་མཆོག་ཏུ་གྱུར་པ་ལོགས་ན་མེད། །དགག་སྒྲུབ་མེད་པའི་ངང་ནས་ཉམས་མྱོང་སྐྱོངས། །ཐབས་ཀྱིས་གང་གསུང་ཕྱིན་ཅི་མ་ལོག་ཅིག །ཨྠྀི། ཞེས་པ་འདི་ནི་གུ་རུ་ཏཱ་རེས་བུདྡྷ་ཏཱ་རེ་ལ་གདམས་པའོ། །
ཧཱུཾཿ རང་བཞིན་རྣམ་དག་སྐྱེ་མེད་ངང་ཉིད་ནས། །འགྱུར་མེད་ཆོས་འབྱུང་པད་ཉི་རོ་ཡི་སྟེང་། །དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་གྱུར་ནི། །སྲིད་གསུམ་འདུལ་ཕྱིར་མ་ངེས་གཟུགས་སྐུར་སྤྲུལ། །སྐུ་མདོག་དམར་མོ་སྤྱན་གསུམ་རབ་ཏུ་བརྗིད། །གྲི་ཐོད་ཁ་ཊྭཱཾ་མི་མགོའི་འཕྲེང་བས་བརྒྱན། །བདུད་ལ་རབ་རྒྱལ་སྤྲུལ་པའི་ཞལ་མངའ་མ། །རང་བཞིན་དབྱིངས་ནས་སེམས་ཅན་དོན་ལ་དགོངས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་གྲུབ་པའི། །ཆོས་བདག་ཡུམ་གྱུར་མ་ཡི་ཐུགས་དམ་བསྐང་། །འཁོར་བཅས་བསམ་མི་ཁྱབ་ཀྱི་ཐུགས་དམ་བསྐང་། །གཏོར་མ་ཟླུམ་མཛེས་བ་ལའི་ཐུགས་དམ་བསྐང་། །ཕྱི་ནང་གསང་བ་ཁོ་ནའི་ཐུགས་དམ་བསྐང་། །སྒྲ་སྙན་དབྱངས་དང་གདུང་བས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་གྲུབ་པའི། །གསང་བ་ལྷན་སྐྱེས་མ་ཡི་སྐུ་ལ་བཤགས། །གསང་བ་ལྷན་སྐྱེས་མ་ཡི་གསུང་ལ་བཤགས། །གསང་བ་ལྷན་སྐྱེས་མ་ཡི་ཐུགས་ལ་བཤགས། །འཁོར་དང་བཅས་པའི་སྐུ་གསུང་ཐུགས་ལ་བཤགས། །ཧཱུཾཿ ཤར་ཕྱོགས་པད་ཉི་རོ་ཡི་གདན་སྟེང་ནས། །མཁའ་འགྲོ་ཆེན་མོ་སྐུ་མདོག་དཀར་ལ་མཛེས། །གྲི་ཐོད་ཁ་ཊྭཱཾ་མི་མགོའི་འཕྲེང་བས་བརྒྱན། །འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པ་བསམ་མི་ཁྱབ། །འཁོར་དང་བཅས་པ་མི་མངོན་དབྱིངས་ནས་དགོངས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་གྲུབ་པའི། །ཀུན་གྱི་ཡུམ་གྱུར་མ་ཡི་ཐུགས་དམ་བསྐང་། །འཁོར་བཅས་བསམ་མི་ཁྱབ་ཀྱི་ཐུགས་དམ་བསྐང་། །ཧཱུཾཿ བྱང་ཕྱོགས་པད་ཉི་རོ་ཡི་གདན་སྟེང་ནས། །ལ་མ་མཁའ་འགྲོའི་སྐུ་མདོག་སྔོ་ལ་མཛེས། །གྲི་ཐོད་ཁ་ཊྭཱཾ་མི་མགོའི་འཕྲེང་བས་བརྒྱན། །འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པ་བསམ་མི་ཁྱབ། །འཁོར་དང་བཅས་པས་མི་མངོན་དབྱིངས་ནས་དགོངས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་གྲུབ་པའི། །ཀུན་གྱི་ཡུམ་གྱུར་མ་ཡི་ཐུགས་དམ་བསྐང་། །འཁོར་བཅས་བསམ་མི་ཁྱབ་ཀྱི་ཐུགས་དམ་བསྐང་། །ཧཱུཾཿ ནུབ་ཕྱོགས་པད་ཉི་རོ་ཡི་གདན་སྟེང་ནས། །ཁ་ཊྭཱཾ་རོ་ཧི་སྐུ་མདོག་དམར་ལ་མཛེས། །གྲི་ཐོད་ཁ་ཊྭཱཾ་མི་མགོའི་འཕྲེང་བས་བརྒྱན། །འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པ་བསམ་མི་ཁྱབ། །འཁོར་དང་བཅས་པས་མི་མངོན་དབྱིངས་ནས་དགོངས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་འགྲུབ་པའི། །ཀུན་གྱི་ཡུམ་གྱུར་མ་ཡི་ཐུགས་དམ་བསྐང་། །འཁོར་བཅས་བསམ་མི་ཁྱབ་ཀྱི་ཐུགས་དམ་བསྐང་། །ཧཱུཾཿ ལྷོ་ཕྱོགས་པད་ཉི་རོ་ཡི་གདན་སྟེང་ནས། །གཟུགས་ཅན་མཁའ་འགྲོ་སྐུ་མདོག་སེར་ལ་མཛེས། །གྲི་ཐོད་ཁ་ཊྭཱཾ་མི་མགོའི་འཕྲེང་བས་བརྒྱན། །འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པ་བསམ་མི་ཁྱབ། །འཁོར་དང་བཅས་པས་མི་མངོན་དབྱིངས་ནས་དགོངས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་གྲུབ་པའི། །ཀུན་གྱི་ཡུམ་གྱུར་མ་ཡི་ཐུགས་དམ་བསྐང་། །འཁོར་བཅས་བསམ་མི་ཁྱབ་ཀྱི་ཐུགས་དམ་བསྐང་། །གཏོར་མ་ཟླུམ་མཛེས་བ་ལའི་ཐུགས་དམ་བསྐང་། །ཕྱི་ནང་གསང་བ་ཁོ་ནའི་ཐུགས་དམ་བསྐང་། །སྒྲ་སྙན་དབྱངས་དང་གདུང་བའི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་གྲུབ་པའི། །གསང་བ་ལྷན་སྐྱེས་རྣམས་ཀྱི་སྐུ་ལ་བཤགས། །གསང་བ་ལྷན་སྐྱེས་རྣམས་ཀྱི་གསུང་ལ་བཤགས། །གསང་བ་ལྷན་སྐྱེས་རྣམས་ཀྱི་ཐུགས་ལ་བཤགས། །འཁོར་དང་བཅས་པའི་སྐུ་གསུང་ཐུགས་ལ་བཤགས། །ཧཱུཾཿ བྱང་ཤར་མཚམས་ཀྱི་མཁའ་སྤྱོད་བཟང་མོའི་ཚོགས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་གཅིག་མ་ངེས། །མཁའ་ལ་ཐོགས་མེད་འགྲོ་བའི་དོན་ལ་གཤེགས། །འཁོར་དང་བཅས་པ་རྣམས་ཀྱི་ཐུགས་དམ་བསྐང་། །ཧཱུཾཿ ནུབ་བྱང་མཚམས་ཀྱི་ས་སྤྱོད་བཟང་མོའི་ཚོགས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་གཅིག་མ་ངེས། །ས་ལ་ཐོགས་མེད་འགྲོ་བའི་དོན་ལ་གཤེགས། །འཁོར་དང་བཅས་པ་རྣམས་ཀྱི་ཐུགས་དམ་བསྐང་། །ཧཱུཾཿ ལྷོ་ནུབ་མཚམས་ཀྱི་མངོན་སྤྱོད་བཟང་མོའི་ཚོགས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་གཅིག་མ་ངེས། །མངོན་སུམ་ཐོགས་མེད་འགྲོ་བའི་དོན་ལ་གཤེགས། །འཁོར་དང་བཅས་པ་རྣམས་ཀྱི་ཐུགས་དམ་བསྐང་། །ཧཱུཾཿ ཤར་ལྷོ་མཚམས་ཀྱི་བདེ་སྤྱོད་བཟང་མོའི་ཚོགས། །སྐུ་མདོག་ཕྱག་མཚན་རྒྱན་ཆ་གཅིག་མ་ངེས། །བདེ་ཆེན་གནས་ནས་འགྲོ་བའི་དོན་ལ་གཤེགས། །འཁོར་དང་བཅས་པ་རྣམས་ཀྱི་ཐུགས་དམ་བསྐང་། །གཏོར་མ་ཟླུམ་མཛེས་བ་ལའི་ཐུགས་དམ་བསྐང་། །ཕྱི་ནང་གསང་བ་ཁོ་ནའི་ཐུགས་དམ་བསྐང་། །སྒྲ་སྙན་དབྱངས་དང་གདུང་བས་ཐུགས་དམ་བསྐང་། །ཧཱུཾཿ ཡེ་ཤེས་ཌཱ་ཀིའི་ཚོགས་བཅས་དགོངས་སུ་གསོལ། །གཟུགས་མཛེས་དྲི་ཞིམ་མཛེས་པའི་ཐུགས་དམ་བསྐང་། །འཇམ་མཉེན་ལྗགས་དང་པད་མའི་ཐུགས་དམ་བསྐང་། །ཡབ་ཡུམ་གསང་སྐད་དཀར་དམར་ཐུགས་དམ་བསྐང་། །དགའ་བཞི་བདེ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །འདོད་ཆག་ཞེས་སྡང་གཏི་མུག་ལ་སོགས་དང་། །དུག་ལྔ་དུག་གསུམ་མ་སྤངས་རང་བཞིན་གྱིས། །བཅོས་བསླད་མེད་པའི་ངང་ནས་ཐུགས་དམ་བསྐང་། །དངོས་པོའི་ཆོས་རྣམས་བདེ་བའི་རང་བཞིན་མཆོག །རང་བཞིན་འགྱུར་མེད་སྟོང་ཉིད་འདུས་མ་བྱས། །བློ་ཡི་ཡུལ་འདས་འདི་ཞེས་བརྗོད་ལས་འདས། །གཉིས་མེད་ཕྱག་རྒྱ་ཆེན་པོའི་ཐུགས་དམ་བསྐང་། །ཞེས་པ་འདི་རྣམས་བུདྡྷ་ཏཱ་རེས་སྦྱར་བའོ། །
༈ ཧཱུཾ་ཡེ་ཤེས་ཌཱ་ཀིའི་ཚོགས་བཅས་དགོངས་སུ་གསོལ། །ཡང་དག་དོན་གྱི་གསང་བ་ཤེས་རབ་ལ། །བསྐང་བྱ་སྐོང་བྱེད་བསྐང་ཡུལ་མ་མཆིས་ཀྱང་། །སྐྱེ་མེད་ངང་ནས་འགྱུར་མེད་ངོ་བོས་སྟོང་། །བསྒོམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པའི་གདེང་ཚད་ཀྱིས། །དམིགས་པ་མེད་པར་རབ་ཏུ་ཞི། །གཏད་པ་མེད་པའི་ཐུགས་དམ་བསྐང་། །འབད་རྩོལ་མེད་པའི་སྒོམ་པ་ལ། །རྩིས་གདབ་མེད་པའི་གཉུག་མའི་ངང་། །བྱར་མེད་ལྷུག་པའི་ངང་དུ་ཡན། །ཡེངས་པ་མེད་པའི་ཐུགས་དམ་བསྐང་། །ཞེ་འདོད་གཉུག་མའི་ངང་དུ་ཞི། །དྲན་འཛིན་བློ་ཡི་མུན་པ་སངས། །རེ་དོགས་སྦུན་པ་དབྱིངས་སུ་ཡལ། །འདོད་བློ་མེད་པའི་ཐུགས་དམ་བསྐང་། །སྣང་ལ་ཞེན་མེད་རྩིས་གདབ་བྲལ། །དྲན་རྟོག་མ་སྤངས་གནས་སུ་དག །གཉིས་མེད་ཤེས་པ་རྟེན་དང་བྲལ། །རྟེན་དང་བྲལ་བའི་ཐུགས་དམ་བསྐང་། །ཉམས་མྱོང་ན་བུན་དབྱིངས་སུ་ཡལ། །ཡིད་ཆེས་དྲན་པ་བློ་དང་བྲལ། །བྲལ་ཐོབ་མེད་པར་ཤེས་པའི་ངང་། །འདུ་འབྲལ་མེད་པར་ཐུགས་དམ་བསྐང་། །ཐ་མལ་ཟང་ཡག་ཤེས་པ་ལ། །བཅོས་ནས་སྒོམ་དུ་མི་གདའ་བས། །ཇི་བཞིན་བཅས་བཅོས་མེད་པའི་སེམས། །གནས་ལུགས་ཤེས་པའི་ཐུགས་དམ་བསྐང་། །གདོད་མའི་སེམས་ཉིད་ནམ་མཁའ་ལ། །གློ་བུར་རྟོག་པའི་སྤྲིན་ཐག་ཆད། །ཆོས་ཉིད་རྟོགས་པའི་ཉི་འོད་འདི། །རྒྱུན་དུ་གསལ་བས་ཐུགས་དམ་བསྐང་། །རྒྱུན་དུ་གནས་པའི་ཆོས་སྐུ་ལ། །ཡེངས་པ་མེད་པའི་གདེང་ཚད་ཀྱིས། །བྱར་མེད་དོན་དང་ལྡན་པའི་ཆོས། །ཅི་བྱེད་གཉུག་མའི་ཐུགས་དམ་བསྐང་། །ཞེས་པ་འདི་ཡན་ཤོ་ལོ་ཀ་དགུ་དང་ཚིག་རྐང་གཅིག་པོ་འདི་ནི་དྷོ་ཙ་ཏཱ་རེས་སྦྱར་བའོ། །
༈ ཧཱུཾ་ཡེ་ཤེས་ཌཱ་ཀིའི་ཚོགས་བཅས་དགོངས་སུ་གསོལ། །དམིགས་པ་མེད་པ་ལྟ་བའི་ཐུགས་དམ་བསྐང་། །འཛིན་པ་མེད་པ་སྒོམ་པའི་ཐུགས་དམ་བསྐང་། །དགག་སྒྲུབ་མེད་པ་སྤྱོད་པའི་ཐུགས་དམ་བསྐང་། །རེ་དོགས་མེད་པ་འབྲས་བུའི་ཐུགས་དམ་བསྐང་། །ལྟ་སྒོམ་མིང་དང་བྲལ་བའི་ཐུགས་དམ་བསྐང་། །བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །ཞེས་པ་འདི་ཡན་ཚིག་རྐང་བདུན་པོ་འདི་གུ་རུ་ཏཱ་རེས་སྦྱར་བའོ། །
༈ ཧཱུཾ། གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་། །བཀའ་སྡོད་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་བྱེད་བུ་བཞིན་སྐྱོང་བའི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ཀྱིས། །ཁས་བླངས་དམ་བཅས་ཚུལ་བཞིན་མ་གྲུབ་པའི། །ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས་ལ་བཤགས། །སྤྲུལ་པའི་མཁའ་འགྲོའི་སྐུ་གསུང་ཐུགས་ལ་བཤགས། །ཟ་བྱེད་མཁའ་འགྲོའི་སྐུ་གསུང་ཐུགས་ལ་བཤགས། །གཞན་ཡང་གནས་གསུམ་མཁའ་འགྲོའི་ཚོགས་ལ་བཤགས། །ཆོས་བྱེད་བུ་བཞིན་སྐྱོང་བ་རྣམས་ལ་བཤགས། །བསྐང་ངོ་བསྐང་ངོ་བཀའ་བརྒྱུད་བླ་མའི་ཚོགས། །བཤགས་སོ་བཤགས་སོ་ཡི་དམ་ལྷ་ཡི་ཚོགས། །གནོང་ངོ་གནོང་ངོ་མ་དང་མཁའ་འགྲོའི་ཚོགས། །འགྱོད་དོ་འགྱོད་དོ་ཆོས་སྐྱོང་སྲུང་མའི་ཚོགས། །འདི་བསྒྲུབ་བར་ཆད་ཕྱི་མའི་གེགས་མ་བྱེད། །དོན་གཉིས་མཐར་ཕྱིན་བསྐང་བའི་བཀྲ་ཤིས་ཤོག །འདི་ནི་བུདྡྷ་ཏཱ་རེས་སྦྱར་རོ། །
༈ ཆོས་བདག་མཁའ་འགྲོ་རྣམས་ལ་ན་མོ། ཨེ་མ་ཡ་མཚན་རྨད་བྱུང་གསང་བའི་དོན། །བམ་པོ་ལེའུའི་ཆོས་རྣམས་རང་སར་གྲོལ། །སྒྲོན་མས་སྒྲིབ་གསུམ་བག་ཆགས་རྩད་ནས་སེལ། །མཁྱེན་གཟིགས་ཤན་འབྱེད་ཡུམ་གྱུར་དེ་ལ་འདུད། །གསང་བའི་མཛོད་འཛིན་འཕགས་མཆོག་བླ་མ་ལགས། །འདི་ལྟར་ཤེས་ན་རྒྱལ་སྲས་ཡིན། །གཉིས་ལ་ལྟོས་ན་གཉིས་མེད་ངང་། །གཅིག་ལ་ལྟོས་ནས་སྟོང་པ་ཞེས། །ལྟོས་པ་ཀུན་ལས་དབེན་པའི་ཕྱིར། །དེ་ཉིད་རིག་ན་རྒྱས་སྲས་ཡིན། །དེ་ཉིད་རིག་པའི་མཁས་པ་ལ། །གང་ཡང་འགལ་བ་མེད་པ་ཡིན། །འགལ་བ་འདུག་ཀྱང་ཆོག་པ་ཡིན། །བདམ་ཁ་གང་ཡང་མེད་ན་ལེགས། །དེ་འདྲའི་ཚུལ་ལ་ལེགས་སྦྱོང་ཞིང་། །ཐོས་བསམ་དམ་པའི་རྒྱུད་ཕྱུང་ནས། །རང་ཤར་རྟེན་འབྲེལ་བསྒྲིག་ཤེས་ན། །རྒྱལ་སྲས་རྒྱ་མཚོའི་ཐུ་བོ་ཡིན། །དམན་ལ་བརྩེ་དང་ཀུན་ལ་བྱམས། །མཉམ་པའི་ཐུགས་ཀྱིས་ཉེར་དགོངས་ན། །ཕན་པ་རྒྱ་ཆེན་འགྲུབ་པའི་བློ། །བློ་ལྡན་དེ་ནི་རྒྱལ་སྲས་ཡིན། །དམ་པ་རྣམས་ཀྱི་ཚུལ་ལ་རྟོགས། །དམན་པའི་སྤྱོད་པ་གུད་དུ་བོར། །དོན་གཉིས་གནད་ལ་བློ་གྲོས་ལྡན། །མཁས་པ་གང་དེ་རྒྱལ་སྲས་ཡིན། །ཡིན་པ་མ་རྟོགས་ལོག་མ་མཐོང་། །གྱ་གྱུའི་སེམས་ཀྱིས་དེ་མ་བསླད། །སྒོ་གསུམ་དག་པའི་དྲི་མ་བྲལ། །བག་ཡོད་དེ་ནི་རྒྱལ་སྲས་ཡིན། །དབང་པོའི་གཡོ་བ་ཀུན་དྭངས་ཤིང་། །དྭངས་བའི་སེམས་ལ་མ་བསླད་པ། །རྟག་ཏུ་འབྱུང་བའི་མཚན་ཉིད་ཅན། །རྒྱལ་སྲས་དེ་ནི་ཐུ་བོ་ཡིན། །སྟོང་ཉིད་སྙིང་རྗེའི་མདངས་གསལ་ཞིང་། །བདག་བས་གཞན་གཅེས་བློ་སྟོབས་རྒྱས། །ལྟོས་མེད་སྦྱིན་པས་འགྲོ་ལ་ཚིམས། །མཛད་པ་དེ་ནི་རྒྱལ་སྲས་ཡིན། །འཁོར་བ་མྱང་འདས་མ་མཐོང་ཞིང་། །གཉིས་ཆོས་མེད་པར་བློ་རིག་ནས། །སྒྱུ་མའི་སྐྱེ་འགྲོ་མ་ལུས་ལ། །རྨི་ལམ་དོན་བྱེད་རྒྱལ་སྲས་ཡིན། །ལར་ན་སྤྲོས་ཀྱང་སྤྲོས་མེད་ལ། །གང་ཡང་འགལ་བ་མེད་པའི་སེམས། །འཁྲུལ་པས་བསྐྱེད་པ་མེད་པ་ལ། །གནས་པ་མྱོང་བ་མེད་པ་ཡིན། །བཞག་པས་གནས་པ་མེད་པའི་ངང་། །ངང་ལ་བསལ་བཞག་མེད་པའི་དོན། །དོན་ལ་འདུ་འབྲལ་མི་འདུག་ན། །ན་ཚས་མི་འཇིག་རྣལ་འབྱོར་ཡིན། །གནམ་ས་གཉིས་ཀྱི་སྣང་ཚད་ལ། །རྩིས་གདབ་མེད་ན་ཁེག་པ་ཡིན། །རིག་པ་སེམས་ཀྱི་ཤར་ཚད་ལ། །རྗེས་བསྙེགས་མེད་ན་ཁེག་པ་ཡིན། །སྒྱུ་མའི་ནོར་གྱི་ལོངས་སྤྱོད་ལ། །ཞེན་ཆགས་མེད་ན་ཁེག་པ་ཡིན། །མི་རྟག་ཚེ་འདི་ཡུད་ཙམ་ལ། །རྒྱབ་ཏུ་བསྐྱུར་ན་ཁེག་པ་ཡིན། །ཆོས་ཀྱི་མདོ་དོན་ལག་ལེན་ལ། །རྐྱེན་ལ་ཁེག་ན་དེ་རང་ཡིན། །ཚུལ་ཁྲིམས་ཉེས་པ་འགོག་པ་ཡིན། །སེམས་ཉིད་དག་ན་ཁེག་པ་ཡིན། །བསླབ་གསུམ་ཡིད་བཞིན་ནོར་བུ་ལ། །སྒོ་གསུམ་གཙང་ན་ཁེག་པ་ཡིན། །དེ་ལྟར་བྱས་ཀྱང་བྱ་རྒྱུ་མེད། །མེད་ཀྱང་བྱས་ལ་འགལ་བ་མེད། །མེད་པ་ཡོད་ལ་ལྟོས་ཆོས་ཡིན། །ཡིན་མིན་ཞིག་པའི་ཁོག་པ་ཡིན། །མེད་དང་ཡོད་པའི་མཐའ་གཉིས་སྤངས། །སྤངས་རྟོགས་མེད་པར་ཀློང་ལ་སྤྱོད། །མཛོད་འཛིན་མཆོག་གི་བླ་མ་ལ། །རྒྱལ་སྲས་མཁས་པའི་ཚོད་འཛིན་འདི། །རང་རིག་ཡེ་ཤེས་མངོན་གྱུར་པའི། །འབྱུང་བཞིའི་ལུས་ལ་རང་དབང་ཐོབ། །སྒྲོན་མ་མ་རིག་མུན་སེལ་མས། །ཉམས་འབུལ་ཚུལ་དུ་ཞུས་པས་དགེ། ཉེས་ཚོགས་ཆོས་ཀྱི་བདག་པོར་བཤགས། །བཀྲ་ཤིས་རང་བྱུང་བདེ་ལེགས་སྒྲོན། །ཨྠྀི། ཧ་ཧ་ཧོ། ཞེས་པ་འདི་ནི་ཌཱ་ཀི་རང་འབྱུང་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་ཉམས་འབུལ་གྱིས་ཚུལ་དུ་གསུངས་པའོ། །
༈ སྐྱེ་མེད་ནམ་མཁའི་རྣལ་འབྱོར་ལ། །འོད་གསལ་སྒྲོན་གྱིས་རྟོགས་པ་འབུལ། །ཐུགས་ཀྱིས་མི་གཡོ་དགོངས་པར་ཞུ། །བདལ་པ་ཆེན་པོའི་ནམ་མཁའ་ལ། །སྟོང་ཉིད་ཀྱི་བྱ་རྒོད་ནམ་འཕང་གཅོད། །ངན་སོང་གི་གཡང་ལ་འཇིགས་མ་མྱོང་། །ཀ་དག་ཏུ་སྐྱོང་བའི་ན་ཆུང་ལགས། །རང་སེམས་རྣམ་དག་གི་མེ་ལོང་ལ། །སྣང་བ་སྣ་ཚོགས་ཀྱི་གཟུགས་བརྙན་འཕྱོ། །བག་ཆགས་ཀྱི་གཡང་ལ་འཇིགས་མ་མྱོང་། །འཛིན་མེད་དུ་སྐྱོང་བའི་ན་ཆུང་ལགས། །རྟོགས་པ་འགྱུར་མེད་ཀྱི་རི་བོ་ལ། །བདེ་གསལ་སྒོམ་གྱི་རི་དྭགས་འཕྱོ། །ཆགས་སྡང་མིང་གིས་འཇིགས་མ་མྱོང་། །ལྟ་སྒོམ་གཅིག་ཏུ་སྐྱོང་བའི་ན་ཆུང་ལགས། །ཉམས་མྱོང་ཆུ་བོའི་འབབ་ཆུ་ལ། །དྲན་པ་ཡེངས་མེད་ཀྱི་ཉ་མོ་འཕྱོ། །འཁྲུལ་སྣང་གི་རྦ་ལ་འཇིགས་མ་མྱོང་། །ཆུ་རྒྱུན་དུ་སྐྱོང་བའི་ན་ཆུང་ལགས། །ལྷུན་གྱིས་གྲུབ་པའི་ས་གཞི་ལ། །ཚོགས་གཉིས་བསགས་པའི་ལོ་ཐོག་འཁྲུངས། །རྣམ་རྟོག་གི་བ་མོའི་འཇིག་མ་མྱོུང་། །གཞི་ལམ་གཅིག་ཏུ་སྐྱོང་བའི་ན་ཆུང་ལགས། །དབྱངས་མཆོད་དོ་བླ་མ་རིན་པོ་ཆེ། །གོལ་ཤོར་ཨེ་མཆིས་བླ་མ་རྗེ། །ཨྠྀི། ཧ་ཧ་ཧ་ཧོ། འོད་གསལ་རྒྱུན་ཆད་མེད་པའི་སྒྲོན། །ཉེས་ཚོགས་ཆོས་བདག་རྣམས་ལ་བཤགས། །དགེ་བས་སྐྱེ་མེད་མངོན་གྱུར་ཤོག །འོད་གསལ་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་འོད་གསལ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་རྟོགས་པ་ཕུལ་བའི་མགུར་གསུངས་པའོ། །
༈ ཆོས་བདག་གོང་མ་རྣམས་ལ་ན་མོ། གུ་རུ་རྗེ་བཙུན་རིན་པོ་ཆེ། །སྐྱེ་བ་དམན་པའི་བུ་མེད་ཀྱིས། །ཟུང་འཇུག་ཤན་འབྱེད་འདི་ལྟར་ཞུ། །སྣང་བའི་ཆ་ནས་དངོས་པོ་དང་། །མེད་པའི་གཟུགས་ལས་སྟོང་པ་ཞེས། །གཉིས་སུ་མེད་ཅིང་དབྱེར་མེད་པས། །ཟུང་དུ་འཇུག་ཅེས་བཏགས་པར་ཟད། །གཞན་ཡང་བསྐྱེད་པ་དངོས་པོར་མེད། །བསྐྱེད་ཅེས་མེད་པ་རྫོགས་རིམ་ཡིན། །དབྱེར་མེད་ཕྱིར་ན་སྤྱོད་རྫོགས་ཞེས། །ཟུང་དུ་འཇུག་པའི་ཐ་སྙད་ཡིན། །རྟོགས་པས་ཟུང་དུ་འཇུག་པ་མིན། །འཁྲུལ་བས་གཉིས་སུ་གྱེས་པ་ཡིན། །གང་གང་ཚེ་ན་དབྱེར་མེད་པ། །ཟུང་དུ་འཇུག་པའི་མཚན་ཉིད་དོ། །འཁྲུལ་པས་ཉོན་མོངས་འཕེལ་བ་དང་། །རྟོགས་པས་ཡེ་ཤེས་ཐོབ་པ་དང་། །བྲི་གང་འཕེལ་འགྲིབ་མི་བྱེད་པས། །གཉིས་མེད་ཕྱིར་ན་ཟུང་འཇུག་ཡིན། །འགའ་ཞིག་སྣང་བ་ཐབས་ཡིན་ལ། །སྟོང་པ་ཉིད་ནི་ཤེས་རབ་གཅེས། །གཉིས་པོ་གཅིག་ཏུ་འདྲེས་གྱུར་ན། །གཞན་ཡང་བསྐྱེད་པ་མེད་པ་ཡི། །རྫོགས་རིམ་བྱ་བ་མི་འགྲུབ་སྟེ། །བསྐྱེད་པའི་རྗེས་ལ་སྟོང་རྒྱས་གདབ། །དེ་རྗེས་གཉིས་མེད་ཟུང་འཇུག་ཡིན། །དེ་འདྲའི་ཚུལ་གྱིས་ཟུང་འཇུག་ཏེ། །ཀུན་མཁྱེན་ཌཱ་ཀིའི་གཞུང་ལུགས་མིན། །མདོ་རྒྱུད་མན་ངག་ལས་མ་ཐོས། །རིགས་པས་དཔྱད་ཀྱང་དེ་མི་འགྲུབ། །ཨྠྀི། ཧོ། ཞེས་པ་འདི་ནི་མཚམས་ཀྱི་ཌཱ་ཀི་བདེ་སྟོང་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་ཞུ་འབྲེལ་ལགས་སོ། །
༈ ཌཱ་ཀི་རྣམས་ལ་ན་མོ། བླ་མ་རྗེ་བཙུན་རིན་པོ་ཆེ། །ཟུང་དུ་འཇུག་པའི་མཚན་ཉིད་ནི། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གོང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་སོ། །རིལ་པོར་འཛིན་དང་རྗེས་ཞིག་ནས། །འཇུག་དང་དེ་བཞིན་གནས་པ་དང་། །དེ་ནས་གང་དུ་བཏང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པའོ། །དེ་འདྲའི་ཚུལ་བསྟན་མི་གསང་བར། །རང་གི་བློ་ཡི་འོད་མ་ཕྱིན། །ཡེ་ཤེས་དམ་པའི་སྤྱན་མེད་ན། །ཟུང་འཇུག་ཕྱོགས་རིས་ཀུན་མཁྱེན་སྤངས། །ཨྠྀི། ཧོ། ཌཱ་ཀི་གསལ་སྟོང་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་ཞུ་འབྲེལ་ལགས་སོ། །
༈ གུ་རུ་ཌཱ་ཀི་ཡེ་ན་མོ། བླ་མ་རྗེ་བཙུན་རིན་པོ་ཆེ། །ནན་ཏར་ཏན་གཤིས་ལ་གཅར་ཙམ་ཙ། །གཟུང་འཛིན་གློ་བུར་གང་ནས་བྱུང་། །ཐ་མ་གར་འགྲོ་དེ་ལ་གཟིགས། །གཟིགས་པས་ཅི་ཡང་མ་མཐོང་ལ། །སྐྱེས་པས་སྐྱེ་མེད་སྣང་སྣང་མེད། །ཤར་བ་མི་འདུག་ནུབ་པ་མེད། །རང་རང་ངོ་བོས་སྟོང་པ་ལ། །བཅོས་བཟོ་མེད་པ་གཙོ་མོའི་ལུགས། །འགྱུ་བ་སྟོང་པ་མི་རྟོག་ཅིང་། །སྟོང་པ་སྣང་ལ་མི་རེ་བ། །རང་ས་རང་སར་ཆོག་པ་ལ། །ཟུང་འཇུག་དམ་པར་མིང་འདོགས་སམ། །མིང་སྙན་སྐྱེས་བུས་ཅི་བཏགས་ཀྱང་། །གང་གིས་དེ་ལ་མ་རེག་ཅིང་། །དོན་ལ་བདུད་དུ་ཕྱོགས་པ་ལ། །དམ་པ་རྣམས་ནི་མི་བཞེད་དམ། །ཨྠྀི། ཧོ། སྣང་སྟོང་སྒྲོན་གྱིས་ཞུ་འབྲེལ་ལགས་སོ། །
༈ བཛྲ་དྷ་ར་ཌཱ་ཀིའི་ཚོགས་ལ་ན་མོ། བླ་མ་རྗེ་བཙུན་རིན་པོ་ཆེ། །བརྡལ་པ་ཆེན་པོར་གནས་པའི་དུས། །གཟུང་འཛིན་རྩ་བ་མཁའ་ལྟར་དག །ཕྱོགས་རིས་དམིགས་པ་རྡུལ་ཙམ་བྲལ། །དེ་ལྟའི་སྐྱེ་བུས་ཅི་སྨྲས་ཀྱང་། །འགལ་བ་ཡོད་རེ་གཙོ་མོ་རྣམས། །དེ་ལ་སྐྱོན་དང་ཡོན་ཏན་གྱི། །བཟང་ངན་བསླད་པ་འགལ་མ་མཐོང་། །བཟང་ངན་བྱུང་ཡང་འགལ་བ་ནི། །རྡུལ་ཙམ་ཡོད་རེ་གཙོ་མོ་རྣམས། །ད་ལྟའི་ཚུལ་ནི་མཁས་པ་ལ། །སྐྱོན་ཡོན་གོལ་ས་མེད་པའི་ཕྱིར། །ཟབ་མོའི་དོན་ལ་བློ་ངེས་པས། །ཡིད་ཆེས་འདི་ལ་འཕོ་འགྱུར་མེད། །ད་ལྟའི་དོན་རྙེད་སྐྱེ་བོ་ལ། །ལེགས་པའི་འདུན་མ་ཤོམ་པ་ཡིན། །གཏན་བདེའི་སོ་ནམ་ཚུགས་པ་ཡིན། །ཨྠྀི་ཧོ། རིག་སྟོང་སྒྲོན་གྱིས་ཞུ་འབྲེལ་ལགས་སོ། །
༈ ཚིག་གི་འབྲེལ་པ་ཉུང་ཞིག་འདི། །བདེ་གསལ་སྣང་རིག་ཤེས་རབ་བཞིས། །ཡངས་དོག་མེད་པར་འབུལ་བ་ལགས། །ཉེས་ཚོགས་ཆོས་བདག་རྣམས་ལ་བཤགས། །དགེ་དེས་སྐྱེ་མེད་དོན་རྟོགས་ཤོག །ཐུགས་ཡིད་ཆེས་པའི་དཔོན་སློབ་རྣམས། །མ་འོངས་མཁའ་སྤྱོད་གནས་སུ་མཇལ། །དེ་བར་བསྒྲུབ་ལ་བརྩོན་པར་ཞུ། །གུ་རུ་ཌཱ་ཀི་ཡེ་ན་མོ། ཨེ་ཡི་ཆ་བྱད་བཟང་མོ་ཤེས་རབ་སངས་རྒྱས་ཀྱིས། །བཾ་གྱི་རྣལ་འབྱོར་རིན་ཆེན་ཐབས་མཆོག་དཀོན་མཆོག་ལ། །ཨེ་མ་སྐལ་བ་བཟང་མོ་སྒྲོན་མས་འདི་ལྟར་ཞུ། །བཾ་གྱི་རང་བཞིན་ཉམས་མེད་རྒྱལ་མཚན་སྙན་ཡིད་དགོངས། །ཨེ་མ་ངོ་མཚར་རྨད་བྱུང་ཡ་མཚན་རྟོགས་ན་དགའ། །ཨེ་མ་ལྷན་སྐྱེས་ཡེ་ཤེས་ཆོས་དབྱིངས་ལྷུན་གྲུབ་རྟོགས་ན་དགའ། །ཨེ་མ་འཁོར་འདས་གཉིས་མེད་ཟུང་འཇུག་ཉི་མ་ཤར་ན་དགའ། །ཨེ་མ་ཡ་རབས་རྣམས་ཀྱི་ལྟ་བ་ཡིན་པས་དགའ། །ཨེ་མ་སྒོམ་མེད་ཀློང་དུ་སྐྱེ་མེད་མྱོང་ན་བདེ། །ཨེ་མ་ཆུ་བོའི་རྒྱུན་ལ་རྒྱུན་ཆད་མེད་ན་བདེ། །ཨེ་མ་མཉམ་བཞག་རྗེས་ཐོབ་དབྱིངས་སུ་ཡལ་ན་བདེ། །ཨེ་མ་ཡ་རབས་རྣམས་ཀྱི་མྱོང་བ་ཡིན་པས་བདེ། །ཨེ་མ་དུས་གསུམ་དུས་མིན་མཐའ་དབུས་མེད་ན་ལེགས། །ཨེ་མ་ལྷན་སྐྱེས་ཡེ་ཤེས་དགག་སྒྲུབ་མེད་ན་ལེགས། །ཨེ་མ་དུ་མ་རོ་གཅིག་ཁྱུང་ཆེན་ལྡིང་ན་ལེགས། །ཨེ་མ་ཡ་རབས་རྣམས་ཀྱི་སྤྱོད་པ་ཡིན་པས་ལེགས། །ཨེ་མ་འཁོར་འདས་དུས་གསུམ་གཉིས་སུ་མེད་ན་མཚར། །ཨེ་མ་སངས་རྒྱས་སྐུ་གསུམ་རང་ལ་རྫོགས་ན་མཚར། །ཨེ་མ་ཕྱོགས་བཅུར་འགྲོ་དོན་རྒྱུན་མི་ཆད་ན་མཚར། །ཨེ་མ་ཡ་རབས་རྣམས་ཀྱི་འབྲས་བུ་ཡིན་པས་མཚར། །ཨེ་མ་དགའ་བདེ་ངོ་མཚར་ཚིག་གི་ཚོགས་ལས་འདས། །དོན་ལ་སྐྱེ་མེད་ནམ་མཁའི་རྣལ་འབྱོར་ཡིན། །བཾ་པོ་ལེའུའི་ཆོས་ལ་མཁས་པ་རྣམས། །འདི་རང་ཤེས་ན་མཁས་པའི་མཁས་པ་ཡིན། །བདག་གི་ཉམས་ལེན་དེ་ལྟར་མཆིས་པ་ལགས། །ཁྱོད་ཀྱི་ཐུགས་ལ་དེ་ལྟར་བདེའམ་ལགས། །གནས་ལུགས་ཚིགས་སུ་བཏོན་པ་ལ། །ཌཱ་ཀིའི་བཀའ་ཆད་མི་མཛད་ཅིང་། །བླ་མས་ཐུགས་ཁྲེལ་མི་མཛད་ཞུ། །དགེ་འདིས་མ་རྣམས་བདེ་གྱུར་ཅིག །གཟུགས་མེད་ནམ་མཁའི་མཐོངས་ནས་ཞུས། །སངས་རྒྱས་བསྟན་པའི་སྒྲོན་མེ་དར་བར་ཤོག །ཨྠྀི། ཞེས་པ་འདི་ནི་ཌཱ་ཀི་ཆོས་འབྱུང་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ཆོས་བདག་རྡོ་རྗེ་འཆང་ལ་ན་མོ། སངས་རྒྱས་ལག་ཏུ་གཏད་པ་ལ། །སྒྲོན་མེས་མ་རིག་མུན་པ་སེལ། །ཨ་དོན་སྐྱེ་མེད་རྟོགས་འདོད་ན། །ཧ་ཅང་སྨྲ་བའི་ངག་སྡོམ་ལ། །ས་ལམ་རིམ་པ་བསྡུས་དང་བདེ། །ཤིན་ཏུ་ཐོབ་དཀའི་མི་ལུས་འདི། །ལོང་མེད་སེམས་དང་ཤིན་ཏུ་ལེགས། །རང་དབང་མེད་པར་འཆི་བ་ལ། །ཡེངས་མེད་དྲན་པ་སྟེན་དང་བདེ། །འོད་གསལ་གཉུག་མ་སྒོམ་པ་ལ། །ཟོལ་ཟོག་སྤོངས་དང་ཤིན་ཏུ་ལེགས། །ཞེ་འདོད་ཕུང་འདྲེའི་རྩ་བ་ལ། །ཝལ་པོ་རྗེས་མེད་ཐོང་དང་བདེ། །འཛིན་མེད་ཤི་སྤར་འཐབ་ནས་ནི། །ཚེ་འདི་བློས་བཏང་ཤིན་ཏུ་ལེགས། །རྩོད་དུས་བསྟན་པའི་སྙིགས་མ་ལ། །མ་བཅོས་གཉུག་མར་ཞོག་དང་བདེ། །བ་མོས་ཉི་མ་མཐོང་བཞིན་དུ། །ཕན་སེམས་བསྐྱེད་དང་ཤིན་ཏུ་ལེགས། །དཔག་ཡས་སེམས་ཅན་མགུ་དཀའ་བས། །ནམ་འཆི་མི་ཤེས་སྒྲུབས་དང་བདེ། །དོན་མེད་མི་ཚེ་མ་གཟད་ལ། །ཐུག་འཕྲད་བཅད་ན་ཤིན་ཏུ་ལེགས། །ཏོལ་སྐྱེས་དྲན་པས་ཅིར་ཡང་འཆར། །ཉེར་མེད་དུ་ཅོག་གེ་ཞོག་དང་བདེ། །ཇ་བྱད་ཚད་དོན་མེད་བསྡུས་ལ། །ཆས་ཕྱི་ཆས་སྐྱུར་དང་ཤིན་ཏུ་ལེགས། །ཅིས་ཀྱང་མི་ཕན་འཆི་བ་ལ། །ང་མེད་དོན་ལ་སྦྱོར་དང་བདེ། །གང་ལ་བློ་གཏད་མེད་པའི་དུས། །ཁ་རོག་སྡོད་དང་ཤིན་ཏུ་ལེགས། །ཀུན་གྱི་རྩ་བ་རང་སེམས་ཡིན། །གོམས་པ་མཐར་ཕྱིན་བློ་བདེ་མཛོད། །ཀ་སྨད་སུམ་ཅུའི་ཡར་བཟློག་འདི། །རྒྱན་གྱི་རྣམ་པ་མང་མཆིས་སྒྲོན། །བདེ་ལེགས་ཚིགས་སུ་སྨྲས་པ་ཡིན། །བདེ་སྟོང་ཡིན་ལུགས་འདོད་པ་ན། །གང་གསུང་བསྒྲུབ་ལ་དམ་ཚིག་སྲུངས། །བུདྡྷ་ཏཱ་རེས་དེ་ལྟར་གོ་བར་མཛོད། །བདག་ལ་ནུས་པ་མ་མཆིས་ཀྱང་། །བསྐུལ་ཕྱིར་དེ་ལྟར་སྨྲས་པ་ལ། །ཆོས་བདག་རྣམས་ལ་བཟོད་པར་མཛོད། །དགེ་དེས་མ་རྣམས་བདེ་གྱུར་ཅིག །ཨྠྀི། ཧྲི་ཧྲི་ཧྲི་ཕཊ་ཕཊ་ཕཊ། ཅེས་པ་འདི་ནི་ཌཱ་ཀི་རྒྱན་མང་མས་མི་ཡི་བུ་མོ་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ རྒྱན་མང་བུདྡྷ་ཏཱ་རེ་ལ་ན་མོ། མཁའ་འགྲོ་སྒྲོན་ལ་རྣ་བའི་དབང་པོ་གཏོད། །རང་སེམས་རིག་པ་རིག་ཙམ་ན། །སེམས་ལ་སྐྱེ་འཆི་ཡོད་པ་མིན། །འཁོར་འདས་གཉིས་སུ་ཡོད་པ་མིན། །སངས་རྒྱས་སེམས་ཅན་ཡོད་པ་མིན། །འཁྲུལ་དང་གྲོལ་བ་ཡོད་པ་མིན། །བྱིང་རྒོད་གཉིས་སུ་ཡོད་པ་མིན། །ཤར་གྲོལ་གཉིས་སུ་ཡོད་པ་མིན། །འཕེལ་འགྲིབ་གཉིས་སུ་ཡོད་པ་མིན། །གཉིས་ཆོས་ཐམས་ཅད་ཡོད་པ་མིན། །གཅིག་ཏུ་གྲུབ་པ་ཡོད་པ་མིན། །རྟོགས་དང་མ་རྟོགས་ཡོད་པ་མིན། །ངས་ནི་སྤང་བླང་མ་ཤེས་སོ། །རྟག་ན་རྟག་པ་ཐེར་ཟུག་ཆུག །ཆད་ན་ཆད་པ་ཅང་མེད་ཞོག །ངས་ནི་བཅས་བཅོས་མ་ཤེས་སོ། །འཁྲུལ་ན་འཁྲུལ་ལ་གྲོལ་ན་གྲོལ། །བཅིང་གྲོལ་དེ་ཡི་ངང་ལ་ཞོག །ངས་ནི་བདེ་ཁ་མ་ཤེས་སོ། །ཡིན་ན་ཡིན་པར་ཡིན་དུ་ཆུག །མིན་ན་མིན་པར་མིན་དུ་ཆུག །ལྷ་ན་ལྷ་ན་འདྲེ་ན་འདྲེ། །གང་ཡིན་ཡིན་པར་ཡིན་དུ་ཆུག །དྲན་པའི་བྱ་ར་མི་གདའོ། །ཧེེ། དེ་ལྟའི་དོན་དང་ལྡན་པའི་དུས། །གང་ལྟར་བྱས་ཀྱང་བདེ་བ་ཡིན། །ཁོང་ནས་སྐྱིད་པ་ཁོང་རྒོད་ཤོར། །གཏིང་ནས་དགའ་བས་དགའ་བྲོ་བརྡུང་། །གཏན་བདེ་འདོད་ན་དེ་ལྟར་ལོངས། །གཉེན་འདུན་ཚེ་ཡི་ཁར་མ་བཏང་། །གང་གསུང་ལོང་ལ་སྒྲུབ་ལ་བརྩོན། །གསང་བ་མངོན་དུ་ཕྱུང་བ་ལ། །ཆོས་བདག་རྣམས་ལ་བཟོད་པར་མཛོད། །ཨྠྀི། ཨེ་བཾ་ཧྲི། ཞེས་པ་འདི་ནི་ཌཱ་ཀི་མཁའ་འགྲོ་སྒྲོན་གྱིས་མི་ཡི་བུ་མོ་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ བུདྡྷ་ཏཱ་རེ་རྒྱན་མང་མ་ལ་ན་མོ། འདོད་བདེ་སྒྲོན་ལ་མ་ཡེངས་རྣ་བ་གཏོད། །འགྲོ་ལ་བྱང་ཆུབ་སེམས་བསྐྱེད་མཛོད། །རྒྱུན་དུ་འཆི་བ་མི་རྟག་སྒོམས། །བླ་མ་བརྒྱུད་པར་གསོལ་བ་ཐོབ། །འཇིག་རྟེན་བྱ་བ་ལིང་སྟེ་སྐྱུར། །སྣ་ཚོགས་སྣང་བ་སུན་གྱིས་ཐོངས། །འཁྲུལ་སྣང་རྟོག་པ་ཤིགས་སེ་ཤིག །ཆོས་ཉིད་ངང་དུ་ལྷན་གྱིས་ཞོག །སྟོང་ཉིད་སྙིང་རྗེ་ཟུང་འཇུག་གྱིས། །འཁོར་འདས་གཉིས་མེད་གཅིག་ཏུ་སྒོམས། །བསྔོ་བ་སྨོན་ལམ་རྒྱ་ཡི་ཐོབ། །དེ་ལྟར་མཛོད་དང་བྱང་ཆུབ་འགྲུབ། །ཕ་རོལ་མི་སེམས་སྙིང་མ་ཟུག །བདེ་བ་འདོད་ན་གང་གསུང་སྒྲུབས། །ཧྲི། ཨྠྀི། བཾ་ཨཱེ། ཞེས་པ་འདི་ནི་ཌཱ་ཀི་འདོད་བདེ་སྒྲོན་གྱིས་མི་ཡི་བུ་མོ་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ དཀོན་མཆོག་གསུམ་དངོས་རིན་པོ་ཆེ། །རྒྱལ་སྲས་སེམས་དཔའ་རིན་པོ་ཆེ། །མཚན་ཉིད་རང་གསལ་རིན་པོ་ཆེ། །མཐའ་བྲལ་ལྷུན་གྲུབ་སྐྱེ་མེད་རྟོགས་ལ་འདུད། །ཨ་ཙ་མ་ན་ཨ་རེ་ང་རང་སྡུག །སེམས་ཅན་ཐམས་ཅད་སྙིང་རེ་རྗེའོ་ཨང་། །བཀའ་བརྒྱུད་བསྟན་པ་དར་སར་གོང་མ་རྣམས་ཀྱི་གནས་སྐྱེས་ན་ཨང་། །ཁམས་ཆོས་དར་སར་གྱིས་དབུས་སུ་མི་ལུས་ཐོབ་ན་ཨང་། །གོང་མའི་དེ་རྣམས་ཀྱིས་གསུང་ལྟར་འཆི་བ་དྲན་ན་ཨང་། །ངེས་ཇི་ལྟར་བྱས་ཀྱང་མེད་ནམ་འཆི་མི་རྟག་བསམ་ན་ཨང་། །ཅིས་ཀྱང་གང་དུ་ཕྱིན་ཀྱང་འཆི་བས་ལས་འབྲས་བསམ་ན་ཨང་། །ཆས་ཆས་དམ་པ་རྣམས་ཀྱིས་བསྐྱུར་ནས་ཉེས་དམིགས་དྲན་ན་ཨང་། །ཇ་སོགས་བདག་ཏུ་འཛིན་པའི་འདོད་ཡོན་བསྒྲུབ་འདོད་མེད་ན་ཨང་། །ཉེར་ལེན་དམ་པའི་བླ་ན་མེད་པའི་ཆོས་ཆོས་ལ་བྱས་ན་ཨང་། །དེང་ཁ་ཙམ་མ་ཡིན་པ་ནས་འགྲོ་ལ་སྙིང་རྗེ་སྐྱེས་ན་ཨང་། །ཐུབ་པ་བླ་མའི་རྣལ་འབྱོར་རྡོར་འཆང་སྤྱི་བོར་སྒོམ་ན་ཨང་། །དམ་ཆོས་བདུད་རྩིའི་དབང་བཞི་བུམ་པ་ལ་སོགས་བླང་ན་ཨང་། །ན་སོ་དར་དུས་སེམས་ཀྱི་ནོར་བུ་ནོར་བུ་རྙེད་ན་ཨང་། །པན་པུན་སྤངས་ནས་སྤྱོད་རྫོགས་མང་པོའི་ལུང་མེད་པས་ཕྱག་ཆེན་བསྒོམ་ན་ཨང་། །སྟོང་གསལ་དུ་ཕན་པར་ངེས་པའི་དམིགས་པ་གསལ་ན་ཨང་། །བར་མ་ཆད་ཞི་གནས་ཀྱི་སེམས་ཀྱིས་རྒྱུན་པར་བསྐྱང་ན་ཨང་། །མན་ངག་ཟབ་ཐིག་བསམ་མི་ཁྱབ་པ་རྣམས་དང་རྣམས་དང་མཇལ་ན་ཨང་། །རྩ་རླུང་སེམས་སེམས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་རྟོགས་ན་ཨང་། །ཚུལ་བཞིན་ཟག་མེད་ཀྱི་དེ་བཞིན་ཉིད་དབང་བཞིའི་དེ་ཉིད་ཤེས་ན་ཨང་། །ཛ་རམ་ཡིན་ལུགས་ལ་སྔགས་ཀྱི་དེ་ཉིད་གོ་ན་ཨང་། །ཝལ་གྱིས་གཅིག་ཆར་དུ་འཁོར་འདས་རང་སར་གྲོལ་ན་ཨང་། །ཡིད་ཀྱིས་ཞ་བོ་བཞིན་དུ་རྒྱུ་འགྲུལ་བཅད་ན་ཨང་། །ཟག་མེད་བདེ་སྨྲར་མི་བཏུབ་པ་སྟོང་རྒྱུད་ལ་མྱོང་ན་ཨང་། །འོད་གསལ་གསལ་དང་རྗེན་སོ་སྐྱེ་མེད་ངང་ལ་གནས་ན་ཨང་། །རང་བཞིན་དཔེ་ཡི་མི་མཚོན་པ་རྣམ་དག་ཐུགས་སུ་ཆུད་ན་ཨང་། །འཁོར་འདས་ཀྱི་སྡུག་བསྔལ་ཐམས་ཅད་ལེགས་ཉེས་རྩིས་གདབ་སྟོང་པར་གྲོལ་ན་ཨང་། །ཤར་རྗེས་ཐོབ་ཀྱི་རྟོག་པ་བ་ཐམས་ཅད་རང་ཤར་ཤེས་ན་ཨང་། །ས་ལམ་ཆོས་མཆོག་གི་ཆོས་ལ་ལ་རེ་བ་མེད་ན་ཨང་། །ཧར་གྱིས་འཁོར་འདས་མིང་འདོགས་བྲལ་ན་ཨང་། །ཨ་དོན་སྐྱེ་མེད་རྒྱལ་ས་ཟིན་ན་ཨང་། །ཀ་སྨད་སུམ་ཅུའི་གྲངས་ངེས་ཨང་ཡིག་འདི། །སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་པ་དང་། །བླ་མ་རྗེ་ལ་ཚིག་གིས་འབྲེལ་ཞུས་འབུལ། །བླ་མ་རྗེ་བཙུན་རིན་པོ་ཆེ། །སེམས་ཅན་སྡུག་བསྔལ་མཐོང་བའི་དུས། །མཁའ་ལ་ཐོགས་མེད་འགྲོ་བས་བདེ། །འོད་གསལ་སྒྲོན་མེ་བལྟམས་པས་བདེ། །དགེ་དེས་མ་རྣམས་བདེ་གྱུར་ཅིག །ཨྠྀི། ཉེས་ཚོགས་ཆོས་ཀྱི་བདག་པོར་བཤགས། །གུ་ཧྱ། ཨས། ཧྲིལ། ཧཾ། ཡཾ། ཞེས་པ་འདི་ནི་ཌཱ་ཀི་མཁའ་འགྲོ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་ཀ་སྨད་སུམ་ཅུའི་སྒོ་ནས་ཞུས་པའོ། །
༈ ཆོས་བདག་གཙོ་མོ་རྣམས་ལ་ན་མོ། དཀོན་མཆོག་གསུམ་ངོས་རིན་པོ་ཆེ། །བདག་གི་ཉམས་ལ་འདི་ལྟར་ཤར། །ཡིད་བཞིན་ནོར་བུ་ལྟ་བུའི་སེམས། །དགོས་འདོད་ཐམས་ཅད་འབྱུང་བར་ངེས། །གོང་མའི་སྐུ་དྲིན་བསམ་ལས་འདས། །དབུལ་སེམས་མེད་པས་བདེ་སྒྲོན་སྐྱིད། །སྣ་ཚོགས་སྣང་བ་ཅི་མཐོང་ཡང་། །ཚོང་པ་ནོར་བུའི་གླིང་ཕྱིན་འདྲ། །ཐམས་ཅད་ཆོས་སྐུར་ཤེས་ལགས་པས། །བླང་དོར་མེད་པའི་བདེ་སྒྲོན་སྐྱིད། །འདོད་པ་ལྔ་ཡི་རོལ་མོ་ཡང་། །སྒྱུ་མས་བྱས་པའི་སྒྱུ་མ་འདྲ། །ཆགས་མེད་གཉུག་མར་སྤྱོད་ལགས་པས། །ཞེན་པ་མེད་པའི་བདེ་སྒྲོན་སྐྱིད། །དྲན་རིག་སྟོང་པའི་རང་རྩལ་རྣམས། །དངོས་མེད་ནམ་མཁའི་ན་བུན་འདྲ། །སྐྱོན་ཡོན་གཉིས་སུ་མེད་ལགས་པས། །རང་གྲོལ་ཤེས་པའི་བདེ་སྒྲོན་སྐྱིད། །བྱར་མེད་གཉུག་མའི་སྒོམ་པ་དེ། །ཁྱུང་ཆེན་མཁའ་ལ་ལྡིང་བ་འདྲ། །འབད་རྩོལ་མེད་པར་ཤེས་ལགས་པས། །གདེང་དང་ལྡན་པའི་བདེ་སྒྲོན་སྐྱིད། །དགོངས་པ་མཐར་ཐུག་འོ་མཚོ་འདྲ། །སྙིང་པོ་མར་གྱི་ཁུ་བ་ལྟར། །ཐམས་ཅད་གཅིག་ཏུ་ཤེས་ལགས་པས། །གཟའ་གཏད་མེད་པས་བདེ་སྒྲོན་སྐྱིད། །གཞི་འབྲས་རིམ་པའི་ཆོས་རྣམས་ཀུན། །ནམ་མཁའ་ཕྱོགས་སུ་སྤྱད་པ་འདྲ། །གཉིས་མེད་གཅིག་ཏུ་ཤེས་ལགས་པས། །དབྱེ་བསལ་བྲལ་བས་བདེ་སྒྲོན་སྐྱིད། །འདས་དང་མ་འོངས་ད་ལྟར་གསུམ། །ཆུ་ཡི་ཆུ་བུར་དུས་གསུམ་འདྲ། །དུས་གསུམ་དུས་མིན་ཤེས་ལགས་པས། །རྩིས་གདབ་བྲལ་བས་བདེ་སྒྲོན་སྐྱིད། །སྐྱིད་ཅེས་བྱ་བ་ཚིག་གི་ཚོགས། །དོན་ལ་སྐྱིད་སྡུག་མིང་མི་བརྗོད། །ཨེ་མ་ཌཱ་ཀི་གསང་བའི་སྐད། །དབྱངས་མཆོད་པར་བཞེས་ཤིག་གུ་རུ་རྗེ། །སྒྲ་ཚོགས་སུ་འབུལ་ལོ་ཆོས་བདག་ཚོགས། །སྐྱིད་སྐྱིད་བརྒྱད་ཀྱི་དབྱངས་མཚོན་འདི། །བླ་མ་རྗེ་ལ་ཚིག་འབྲེལ་འབུལ། །དང་པོ་བདེ་སྟོང་རྟོགས་པར་འདོད། །བར་དུ་དེ་དོན་རྟོགས་པས་བདེ། །ད་ལྟ་མཁའ་ལ་བློ་བདེ་སྒྲོན། །ཀུན་གྱིས་དེ་དོན་རྟོགས་པར་ཤོག །ཉེས་ཚོགས་ཆོས་ཀྱི་བདག་པོར་བཤགས། །ཨྠྀི། པ་ཏྲ། མུ་ཏྲ། ཧྲི་ཡ། ཧཾ་ཨ། ཞེས་པ་འདི་ནི་ཌཱ་ཀི་འདོད་བདེ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་རྟོགས་པ་ཕུལ་བའི་ཚུལ་དུ་གསུངས་པའོ། །
༈ གུ་རུ་བུདྡྷ་ཏཱ་རེ་ཡེ་ན་མོ། གདོད་ནས་མ་སྐྱེས་ཆོས་སྐུ་ལྷུན་གྱིས་གྲུབ། །སྣ་ཚོགས་མ་འགགས་ལོངས་སྐུ་ལྷུན་གྱིས་གྲུབ། །ཇི་ལྟར་སྣང་ཡང་སྤྲུལ་སྐུ་ལྷུན་གྱིས་གྲུབ། །འཁོར་འདས་རང་གྲོལ་ཕྱག་ཆེན་རྟོགས་ལ་འདུད། །ཁྱབ་བདལ་ཆེན་པོའི་ལྟ་བ་ལྷུན་གྱིས་གྲུབ། །སྟོང་གསལ་འཛིན་མེད་སྒོམ་པ་ལྷུན་གྱིས་གྲུབ། །བླང་དོར་རང་གྲོལ་སྤྱོད་པ་ལྷུན་གྱིས་གྲུབ། །འཁོར་འདས་རང་གྲོལ་ཕྱག་ཆེན་རྟོགས་ལ་འདུད། །ངོ་བོ་མི་རྟོག་རང་བཞིན་ལྷུན་གྱིས་གྲུབ། །རང་བཞིན་བདེ་ཆེན་མ་འགགས་ལྷུན་གྱིས་གྲུབ། །མཚན་ཉིད་སྟོང་གསལ་འཛིན་མེད་ལྷུན་གྱིས་གྲུབ། །འཁོར་འདས་རང་གྲོལ་ཕྱག་ཆེན་རྟོགས་ལ་འདུད། །སྲིད་ཞི་མཉམ་ཉིད་རང་བཞིན་ལྷུན་གྱིས་གྲུབ། །སྣ་ཚོགས་མ་འགགས་ནམ་མཁའ་ལྟ་བུར་གྲུབ། །དབྱེར་མེད་གཅིག་གྱུར་མངོན་གྱུར་ལྷུན་གྱིས་གྲུབ། །འཁོར་འདས་རང་གྲོལ་ཕྱག་ཆེན་རྟོགས་ལ་འདུད། །དོན་དམ་འོད་གསལ་ནམ་མཁའི་པདྨོར་གྲུབ། །ཀུན་རྫོབ་གནས་སྐབས་སྨིག་རྒྱུའི་ཆུ་ལྟར་གྲུབ། །བདེན་གཉིས་ཟུང་འཇུག་བདེ་ཆེན་ལྷུན་གྱིས་གྲུབ། །འཁོར་འདས་རང་གྲོལ་ཕྱག་ཆེན་རྟོགས་ལ་འདུད། །འདི་བསྟོད་པའི་དགེ་བ་དྲི་མེད་དེས། །ཡེ་ཤེས་མཁའ་འགྲོའི་རྟོགས་པ་མ་ཐོབ་པར། །མེ་དང་ཚ་བ་ལྟ་བུར་མི་འབྲལ་ཞིང་། །མཐའ་ཡི་སྐལ་དམན་དག་ལ་གཟིགས་སུ་གསོལ། །སྐྱེ་བ་དམན་ཡང་སྐྱེས་ཆེན་གཅིག་དང་མཇལ། །སྐྱེས་སོགས་ཆོས་རྣམས་སྐྱེ་མེད་ངང་དུ་རྫོགས། །སྐྱེ་མེད་དོན་རྟོགས་བདེ་ཆེན་ཏཱ་རེ་མས། །སྐྱེས་མཆོག་བླ་མ་ཁྱེད་ལ་རྟོགས་པ་འབུལ། །སྐྱེ་བ་མེད་པའི་ཡིན་ལུགས་ཟུར་ཙམ་ཞིག །སྐྱེ་བ་དམན་ལ་ཐུགས་ཀྱིས་དགོངས་པར་ཞུ། །ཞེས་པ་འདི་ནི་ཌཱ་ཀི་བདེ་ཆེན་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་རྟོགས་འབུལ་གྱིས་ཚུལ་དུ་གསུངས་པའོ། །
༈ གུ་རུ་དང་བུདྡྷ་ཏཱ་རེ་ཌཱ་ཀི་ཡེ་ན་མོ། སྐྱེ་མེད་དག་པའི་ཆོས་སྐུ་ལ། །སྣང་བའི་འཆར་སྒོ་མང་མཆིས་ཀྱང་། །སྣང་བ་རྡུལ་ཙམ་མི་དམིགས་པས། །ཆོས་སྐུའི་རང་ཞལ་དེ་ལ་འདུད། །བདག་གི་གོ་ཚུལ་ཚིག་བཅུ་ཞུ། །སྙན་ཡིད་དབང་པོ་ཨེ་མ་ཧོ། །ཚོགས་དྲུག་སྣང་བ་རང་གྲོལ་ལ། །རིག་པ་བཟོ་མེད་རང་སར་བཞག །རྟོགས་སྤྱོད་མཁན་པོ་བཞུགས་མ་མྱོང་། །ཉམས་ལེན་གནད་འདི་ཁོ་མོའི་ལུགས། །འགག་མེད་རིག་པ་ཅིར་ཡང་ཤར། །གང་ཤར་སྣང་བ་རང་སོར་བཞག །ཞེན་རྟོག་རྗེས་བསྙེག་གཏོང་མ་མྱོང་། །འགག་མེད་ལམ་ཁྱེར་ཁོ་མོའི་ལུགས། །ཡང་དག་འདི་ཡིན་ངེས་པ་མེད། །དམིགས་གཏད་མཚན་མའི་བློ་དང་བྲལ། །དམིགས་པའི་བློ་ལ་འཛིན་མ་མྱོང་། །གཉུག་མ་ལམ་ཁྱེར་ཁོ་མོའི་ལུགས། །སྣ་ཚོགས་སྣང་བ་ཅིར་ཡང་སྣང་། །དོན་དུ་སྣང་བ་རྡུལ་ཙམ་མེད། །ཆེད་འཛིན་ཞེན་པ་བྱེད་མ་མྱོང་། །འཛིན་མེད་རང་གྲོལ་ཁོ་མོའི་ལུགས། །ཉམས་མྱོང་མཐོ་དམན་ཅིར་ཡང་འཆར། །གང་ཡང་གཤིས་ལས་མ་གཡོས་པས། །བྱུང་ཚོར་སྐྱོན་ཡོན་དགག་མ་མྱོང་། །སྤང་ལེན་མི་བྱེད་ཁོ་མོའི་ལུགས། །སྣ་ཚོགས་སྣང་བའི་འཆར་སྒོ་ལ། །གང་ཤར་སྒོམ་གྱིས་གསལ་འདེབས་གདབ། །གང་སྐྱེས་དགག་སྒྲུབ་བྱེད་མ་མྱོང་། །དྲན་པས་མི་ཡེངས་ཁོ་མོའི་ལུགས། །མི་རྟོག་འདོད་པ་རྟོགས་པར་གདའ། །རྟོགས་པས་དེ་ཉིད་ངོ་ཤེས་ན། །རྟོག་པའི་རྗེས་ངན་འབྲང་མ་མྱོང་། །རྣམ་རྟོག་རང་གྲོལ་ཁོ་མོའི་ལུགས། །འཁོར་འདས་བར་ན་འཛིན་པ་མཆིས། །འཛིན་མེད་རང་གྲོལ་སངས་རྒྱས་མཆིས། །སྐྱོན་ཡོན་གང་ཡང་འཛིན་མ་མྱོང་། །ཉེ་ལམ་བསྒྲོད་པ་ཁོ་མོའི་ལུགས། །ཇི་བཞིན་ངང་ལས་གཡོ་བ་མེད། །སྐྱོན་ཡོན་གཤིས་ལ་གོས་པ་མེད། །ཡེ་ནས་ཡིན་ལ་བཅོས་མ་མྱོང་། །མཐར་ཐུག་སྐྱེལ་སོ་ཁོ་མོའི་ལུགས། །སེམས་ཉིད་བདལ་པ་ཆེན་པོ་ལ། །དུམ་བུར་བཅད་ནས་བསྒོམ་དུ་མེད། །ཇི་བཞིན་བཅས་བཅོས་བྱེད་མ་མྱོང་། །གཉུག་མ་ཟང་ཐལ་ཁོ་མོའི་ལུགས། །ལུགས་འདི་གཞན་ལ་མི་ལྡན་ཡང་། །ནམ་མཁའ་མངོན་གྱུར་རྣམས་ལ་ལྡན། །ལྡན་ཕྱིར་ཁྱེད་ལ་རྟོགས་པ་འབུལ། །མཉམ་ཉིད་ངང་དུ་བཞེས་སུ་གསོལ། །ཨེ་བཾ་རོལ་རྩེད་འབྲེལ་པར་སྨོན། །ཞེས་པ་འདི་ནི་གུ་རུ་རཏྣ་དྷོ་ཙའི་དྲུང་དུ་སྤྲུལ་པའི་ཌཱ་ཀི་མ་སུ་ཀ་ཏཱ་རེ་མ་ཞེས་བྱ་བས་རྟོགས་པ་ཕུལ་བའོ། །
༈ སངས་བ་མེད་ཀྱང་ཚེ་གཅིག་སངས་ཅུང་ཆུང་རྒྱས། །སྒྲོན་མེ་མིན་ཡང་མ་རིག་མུན་སེལ་སྒྲོན། །མཁའ་ལ་ཐོགས་མེད་དུས་གསུམ་རྒྱལ་བའི་ཡུམ། །སྲིད་ཞི་རང་གྲོལ་མ་ཡི་ཞབས་པད་ལེན། །ཤེས་རབ་འཁོར་མང་ཐབས་མཆོག་རིན་པོ་ཆེ། །བདེ་ཆེན་གནས་ནས་གཤེགས་པའི་སྒྲོན་མས་ནི། །ཆོས་བྱེད་མ་ཤེས་ཚིག་བཅུ་ཞུ་བ་ལ། །སྙན་ཡིད་དབང་པོ་རེ་ཞིག་ཨེ་མ་ཧོ། །གུ་རུ་རྗེ་ཡི་བཀའ་ལུང་ལ། །ཅི་གསུང་ཚད་མར་ཡིད་ལ་བཞག །འབད་རྩོལ་དྲག་པོས་ཉམས་སུ་བླངས། །ཆོས་སྐུ་ལ་ཡིད་ཆེས་མ་ཤེས་སོ། །ཇི་ལྟར་འདུག་པའི་སེམས་ཉིད་ལ། །བཅོས་ནས་སྒོམ་བློ་མི་འདུག་པས། །དྲན་འཛིན་བློ་ཡི་མདུད་པ་གྲོལ། །ཡངས་དོག་གི་འཛིན་པ་མ་ཤེས་སོ། །མཐོང་ཐོས་སྣང་བ་གང་ཤར་ཡང་། །སྐྱོན་ཡོན་རྩིས་གདབ་མི་འདུག་པས། །གཉིས་འཛིན་མདུད་པ་རང་སར་གྲོལ། །དགག་སྒྲུབ་བྱེད་པ་མ་ཤེས་སོ། །བདེ་གསལ་ཉམས་ཀྱི་མུན་པ་སངས། །བྱས་ཆོས་བློ་ཡི་དྲི་མ་དག །ཡིད་བྱེད་གཉུག་མ་བློ་ལས་འདས། །ཟབ་མོའི་ཉམས་ལེན་མ་ཤེས་སོ། །འབད་རྩོལ་བྱས་ཚད་ལས་རུང་ཐལ། །ཡེངས་མེད་སྒོམ་ཚད་རྟོགས་པར་ཐལ། །དྲན་པའི་བཟུང་ཚད་འཁྲུལ་བར་ཐལ། །སྟོང་པར་སྒོམ་པ་མ་ཤེས་སོ། །འདི་ཡིན་ངེས་ངེས་མི་འདུག་པས། །ཟབ་མོའི་གོ་བ་རྟོགས་པར་ཐལ། །ཤེས་རབ་ཀྱིས་སྤྱོད་རྒྱུ་མི་འདུག་པས། །ཐ་མལ་ལ་རང་བཟོ་མ་ཤེས་སོ། །སྟོང་པར་སྒོམ་པ་བཅོས་མར་འདུག །དངོས་པོར་འཛིན་པ་འཁྲུལ་པར་འདུག །གཉིས་མེད་སྒོམ་རྒྱུ་མི་འདུག་པས། །ཆོས་ལ་བྱ་རྒྱུ་མ་རྙེད་དོ། །ཇི་ལྟར་སྣང་བའི་རང་བཞིན་ལ། །རྟག་ན་རྟག་ལ་ཆད་ན་ཆད། །གོལ་ན་གོལ་ལ་འཁྲུལ་ན་འཁྲུལ། །ཇི་བཞིན་ལ་བྱས་བཅོས་མ་ཤེས་སོ། །འཁོར་འདས་ཁྱད་པར་འཛིན་པ་ཡིན། །འཛིན་མེད་རང་གྲོལ་གཉུག་མ་ཡིན། །འདོད་པ་ཟད་པའི་ལྟ་བ་ལ། །མཐོ་དམན་ཁྱད་པར་མ་ཤེས་སོ། །ཐ་མལ་རང་ལུགས་ཤེས་པ་ལ། །མཚན་མའི་ཞེ་འདོད་མི་འདུག་པས། །ས་ལམ་རྟགས་མཚན་སུ་དག་མཛོད། །ཟང་ཐལ་ལ་སྐྱོན་ཡོན་མ་ཤེས་སོ། །མ་ཤེས་པ་ཡི་ཚིག་བཅུ་འདི། །བླ་མ་རྗེ་ལ་རྟོགས་པར་འབུལ། །ཆོས་ཤེས་ནས་བྱེད་ལུགས་ཇི་ལྟར་བྱེད། །གབ་གྲིབ་མེད་པར་གནང་བར་ཞུ། །བདེ་སྟོང་རོལ་རྩེད་བྱེད་པར་སྨོན། །ཨྠྀི། མ་རྣམས་སེམས་ཅན་བདེ་གྱུར་ཅིག །ཅེས་པ་འདི་ནི་ཌཱ་ཀི་བདེ་ཆེན་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་རྟོགས་འབུལ་གྱི་དྲི་བ་དང་བཅས་པའི་མགུར་གསུངས་སོ། །
༈ གུ་རུ་ཌཱ་ཀི་ལ་ན་མོ། རང་བྱུང་སྟོང་ཉིད་བདེ་ཆེན་མཁའ་ལྟར་དག །མ་རིག་མུན་སེལ་འོད་ཀྱི་སྒྲོན་མེ་དེ། །མཁའ་ལ་ཐོགས་མེད་གླིང་བཞི་ཡུད་ཀྱིས་བསྐོར། །སྲིད་གསུམ་འགྲོ་བའི་དེད་དཔོན་རྒྱལ་བའི་ཡུམ། །བདག་བློ་མོས་ཀྱང་གདུང་བས་རྟག་ཏུ་བསྟོད། །ཨེ་མ་ཆོས་ཉིད་ངང་ནས་སྙན་ཡིད་གསོན། །བདག་ལ་བསྟོད་དང་བསྟོད་པའི་ཡུལ་མ་མཆིས། །འོན་ཀྱང་གནས་སྐབས་སྒྱུ་མ་རྨི་ལམ་ཙམ། །བསྟོད་ཚིག་རྟོགས་འབུལ་འདོད་དོན་ཨེ་མ་ཧོ། །ཆོས་བྱེད་མ་ཤེས་ཚིག་བཅུའི་རྟོགས་འབུལ་ནི། །དོན་དམ་བདེན་པ་མངོན་གྱུར་ལྟ་བར་གོ །དུས་གསུམ་རྒྱལ་བའི་དགོངས་པ་མངོན་གྱུར་གོ །མདོ་རྒྱུད་མན་ངག་བསྟན་ཆོས་དགོངས་པར་གོ །འཁོར་འདས་ཆོས་རྣམས་མཁའ་ལྟར་དག་པར་གོ །ཆོས་ཀྱི་སྐུ་ལ་ཡིད་ཆེས་མ་ཤེས་པ། །གཞི་ལ་ཆོས་སྐུ་གདོད་ནས་རྣམ་པར་དག །དོན་ལ་ཡེངས་དང་མ་ཡེངས་བརྗོད་ལས་འདས། །རྒྱལ་བ་སྲས་བཅས་རྣམས་ཀྱིས་གཟིགས་མ་མྱོང་། །དགག་སྒྲུབ་གང་ཟག་འཁྲུལ་པའི་སྣང་བར་བྱུང་། །ཡིད་ལ་བྱར་མེད་ཕྱག་ཆེན་བློ་ལས་འདས། །ཟབ་མོའི་ཉམས་ལེན་མ་ཤེས་རྗེས་ཡི་རངས། །གནས་ལུགས་ཟབ་མོའི་དོན་དེ་བློ་ལས་འདས། །སྟོང་པར་བསྒོམས་ཀྱང་བློ་ཡི་འཛིན་པ་ཡིན། །འཛིན་མེད་རང་གྲོལ་བདེ་ཆེན་ཕྱག་རྒྱ་ཆེ། །ཐ་མལ་ཤེས་པ་རང་བཟོ་མ་ཤེས་ཏེ། །མ་བཅོས་དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །ཆོས་ལ་བྱ་རྒྱུ་མ་རྙེད་དེ་ཉིད་དེ། །མཐར་ཐུག་བསྟན་བཅོས་དགོངས་པར་གདའ། །ཇི་བཞིན་ལ་ནི་བཅས་བཅོས་མ་ཤེས་པས། །བཅོས་ན་བཅོས་པ་ཙམ་གྱིས་འཁྲུལ་པར་ཟད། །མཐོ་དམན་ཁྱད་པར་མ་ཤེས་དེ་རང་སྟེ། །འཁོར་འདས་གདོད་ནས་མཉམ་པ་རིས་མེད་ལགས། །ཟང་ཐལ་ལ་ནི་སྐྱོན་ཡོན་མ་ཤེས་པ། །ཐ་མལ་ཤེས་པ་རྒྱལ་བའི་དགོངས་པ་ལགས། །མ་ཤེས་ཚིག་བཅུ་ཨེ་མ་ངོ་མཚར་ཆེ། །ཤེས་དང་ཤེས་བྱ་མ་རིག་འཁྲུལ་ངོར་སྣང་། །དོན་ལ་ཤེས་དང་ཤེས་བྱ་གཉིས་སུ་མེད། །གཉིས་སུ་མེད་ལ་དེར་འཛིན་རང་སར་དག །དག་དང་མ་དག་ཚིག་གིས་བརྗོད་ལས་འདས། །ཚིག་གིས་བརྗོད་པ་ཇི་ལྟར་ལེགས་ན་ཡང་། །གནས་ལུགས་དོན་དེ་དག་ནི་ཡིན་པ་མིན། །ངོ་བོ་མྱོང་དུ་ཡོད་ལ་སྨྲ་རུ་མེད། །སྣ་ཚོགས་ཆོས་རྣམས་མ་ལུས་ཇི་སྙེད་ཀུན། །ངོ་བོ་གཅིག་གིས་མ་འགགས་རོལ་པ་ཡིན། །ཡིན་ལ་ཡིན་བཞིན་འོད་གསལ་ཕྱག་རྒྱ་ཆེ། །དེ་ཉིད་མངོན་གྱུར་སངས་རྒྱས་དེ་རང་ཡིན། །ཐོག་མེད་དུས་ནས་ནམ་མཁའ་གནས་ཀྱི་བར། །ངོ་སྤྲོད་མཁན་པོ་སྐྱེ་མེད་འོད་གསལ་དབྱིངས། །མཐའ་བྲལ་སྤྲོས་མེད་བདེ་ཆེན་འདུས་མ་བྱས། །སྤྲོད་ཚིག་སྤྲོད་ཡུལ་དེ་ཡི་རོལ་པ་ཅན། །གཉིས་སུ་སྣང་ཡང་གཉིས་མེད་ཆོས་ཀྱི་སྐུ། །ཐུགས་དགྱེས་སྐྱེ་མེད་ངོ་སྤྲོད་དེ་ལ་མཛོད། །འདི་ལ་ཉེས་པའི་ཚོགས་རྣམས་ཡོད་གྱུར་ན། །ཆོས་ཀྱི་བདག་པོ་རྣམས་ལ་གནོང་བས་བཤགས། །དགེ་བས་མཁའ་མཉམ་སྐྱེ་འགྲོ་མ་ལུས་ཀུན། །བླ་མེད་རྡོ་རྗེ་ཐེག་པའི་དོན་རྟོགས་ཤོག །ཅེས་པ་འདི་ནི་ཌཱ་ཀི་བདེ་ཆེན་སྒྲོན་གྱིས་རྟོགས་པ་ཕུལ་བའི་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ ཆོས་བདག་ཌཱ་ཀིའི་ཚོགས་ལ་དུས་ཐམས་ཅད་དུ་ན་མོ། རིགས་ལྡན་བསོད་ནམས་རྒྱལ་བའི་མཚན་ཅན་མ། །བདག་གི་ངོ་སྤྲོད་གསལ་འདེབས་མི་མངའ་ཡང་། །ནན་གྱིས་བསྐུལ་བས་བདག་ལ་ཨེ་མ་ཧོ། །མ་ཡེངས་དབང་པོས་གསོན་དང་ཚིག་གསུམ་སྨྲ། །སྡེ་སྣོད་རྒྱུད་སྡེའི་སྙིང་པོ་མ་ལུས་པ། །ཧྲིལ་གྱིས་དྲིལ་ན་རིག་ཐོག་འདི་ལྟར་མཆིས། །ལྷུན་གྲུབ་རྩོལ་བྲལ་ཆོས་ཀྱི་དབྱིངས་ཉིད་དེ། །འབྲལ་མེད་གཉུག་མ་སེམས་ཅན་ཀུན་ལ་ཡོད། །རྟོགས་དང་མ་རྟོགས་སངས་རྒྱས་སེམས་ཅན་ཁྱད། །དེའི་ཕྱིར་འབྲལ་མེད་ངང་ལ་གོམས་པར་མཛོད། །ཉོན་མོངས་མ་སྤངས་སེམས་ལས་གཞན་མ་ཡིན། །གཉེན་པོ་མི་བསྟེན་ཉོན་མོངས་སེམས་གཉིས་མེད། །ལྷུན་གྲུབ་རྩལ་དུ་མེད་དེ་ངོས་བཟུང་བྲལ། །དེས་ན་མ་བསྒོམས་མ་ཡེངས་བཞག་པར་མཛོད། །སྒོམ་དང་སྒོམ་བྱེད་རྟོག་པའི་འཁྲུལ་འཁོར་ཡིན། །བློ་དང་བྲལ་ལ་སྒོམ་པ་ག་ལ་ཡོད། །ཚུལ་འདི་གཞན་ལ་སྨྲས་ན་འཇིགས་ཤིང་སྐྲག །སྐྲག་ཀྱང་ཡིན་ཚུལ་དེ་ནི་ཁོ་མོས་གོ། ཉམས་མྱོང་འཛིན་པའི་རྟོག་པ་ཀུན་བྲལ་ནས། །བསྒྲུབ་བྱའི་ལྷུན་གྲུབ་སེམས་ལ་རྫོགས་པ་ཡིན། །སྤྲོས་དང་བྲལ་ལ་ཉམས་མྱོང་ཅི་ཞིག་སྐྱེ། །སྐྱེས་ན་སྤྲོས་བྲལ་མ་ཡིན་འཛིན་པས་འཆིང་། །དེས་ན་མི་གློད་མི་སྒྲིམ་ངང་ལ་ཞོག །རྟོག་པའི་འགྱུ་བྱེད་སྤང་དུ་མེད་པ་ན། །རྟོག་པ་སྤང་བྱར་འདོད་ན་བློ་འདས་སྐྱེ་མི་སྲིད། །རྟོག་པ་མི་དགག་རྗེས་འཛིན་མེད་པར་ཞོག །ཆུ་ཡི་རྙོག་མ་དྭངས་བཞིན་གྲོལ་བར་འགྱུར། །འདི་འདྲའི་ཚུལ་ལུགས་ཁྱེད་ཀྱིས་ཤེས་ན་གྲོལ། །བཅིང་གྲོལ་མེད་པར་ཤེས་པ་ཁོ་མོའི་ལུགས། །ལུགས་འདིའི་ཁྱེད་ལ་ཕན་སྙམ་ཡི་གེར་བཀོད། །མི་བསྒོམ་མི་འབྲལ་ཤེས་ན་རིགས་ལྡན་ཡིན། །ཚུལ་འདི་ཤེས་མེད་བདེ་ཆེན་སྒྲོན་གྱིས་སྨྲས། །ཡང་དག་དོན་དང་ལྡན་པས་བཀོད་པ་ཡིན། །དགེ་འདིས་འགྲོ་ཀུན་བདེ་ཆེན་དོན་རྟོགས་ནས། །ལྷུན་གྲུབ་ཤེས་རབ་སྒྲོན་མ་རྟོགས་པར་ཤོག །ཡེ་ཤེས་མཁའ་འགྲོའི་རྟོགས་པ་མངོན་ཕྱུང་འདི། །ཉམས་སུ་ལོང་དང་ཆོས་ཀྱི་རྒྱལ་ས་ཟིན། །འདི་ཕྱི་ཀུན་ལ་བློ་བདེ་འོང་སྟེ་མཆིས། །ཆོས་བདག་ཌཱ་ཀི་རྣམས་ལ་བཟོད་པར་གསོལ། །སྒྲུབ་པ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །བུདྡྷ་དྷོ་ཙའི་ཐུགས་དགྱེས་དེ་ལ་མཛོད། །རྒྱ་རྒྱ་རྒྱ། སཱ་མཱ་ཡཱ། ཁ་ཐཾ། རིན་ཆེན་གླིང་གི་ནོར་བུ་ལྟ་བུ་ཡིན། ཞེས་པ་འདི་ནི་གནས་མ་ངེས་པ་རུ་གསང་བ་བསམ་གྱིས་མི་ཁྱབ་པ་མངོན་དུ་ཕྱུང་བ་སུ་ཉ་དྷོ་ཙ་ལ་གསུངས་པའོ། །
༈ གུ་རུ་ཆོས་བདག་ཌཱ་ཀི་རྣམས་ལ་ན་མོ། སངས་རྒྱས་ཀུན་དངོས་མ་རིག་མུན་སེལ་སྒྲོན། །འགྲོ་དྲུག་ཡོངས་སྐྱོབས་རྒྱལ་བའི་ཡུམ་གྱུར་ལ། །དུས་རྣམ་ཀུན་ཏུ་མི་འབྲལ་ཞབས་པད་ལེན། །ཡིད་གདུང་མོས་གུས་ཅན་ལ་སྲུང་སྐྱོབ་འཚལ། །ཨེ་མ་དྭངས་སྙིགས་འབྱེད་པའི་བུདྡྷ་ཏཱ་རེ་མ། །མ་ཡེངས་རྣ་བའི་དབང་པོ་གསན་མཛོད་དང་། །ཐུགས་ལ་འཕྲོད་པའི་ངོ་སྤྲོད་མི་ཤེས་ཀྱང་། །གནད་དུ་བསྣུན་པའི་ཚིག་འགའ་སྨྲ་བ་ཡིན། །བླ་མ་ཌཱ་ཀི་ཡིད་བཞིན་ནོར་བུ་ཡིན། །ངེས་པར་དགོས་འདོད་འབྱུང་གི་གསོལ་འདེབས་མཛོད། །སྣང་བ་སྣ་ཚོགས་སྦུན་སྐོགས་སྟོང་པ་ཡིན། །སྙིང་པོ་མེད་པས་སྦྱིན་པ་གཏོང་བར་མཛོད། །སྐྱེས་པའི་ཕ་ཡུལ་བཙོན་གྱི་དོང་ར་ཡིན། །ཐར་བར་དཀའ་བས་ཕྱི་ཕྱག་འཚལ་བར་མཛོད། །ལས་ཀྱི་ཉེ་དུ་ཚེར་དོང་ཉལ་བ་ཡིན། །སེམས་ལ་གཟན་པས་གདུང་སེམས་སྐྱུར་བར་མཛོད། །བསོག་པའི་ནོར་ཟས་སྦྲང་རྩི་གཞན་སྤྱོད་ཡིན། །གཞན་གྱི་སྤྱོད་དེ་སྦྱིན་པ་བཏང་བར་མཛོད། །ཞིམ་མངར་བཟའ་བཏུང་འདོད་ཡོན་ལན་ཚྭ་ཡིན། །སླར་ལ་སྲེད་དོ་ཞེན་པ་སྐྱུར་བར་མཛོད། །སྒྱུ་ལུས་ཕུང་པོ་ཐོ་ཡོར་མི་གཟུགས་ཡིན། །དཀའ་སྤྱད་སྒྲུབ་པ་ཉམས་སུ་ལེན་པར་མཛོད། །བློ་བྱས་ཉམས་མྱོང་ནམ་མཁའི་འཇའ་གཟུགས་ཡིན། །ཡིད་བརྟན་མེད་དེ་བློ་མ་འཇུག་པར་མཛོད། །ཏོལ་སྐྱེས་ཤེས་པ་ཆུ་ཡི་ཆུ་བུར་ཡིན། །རང་གྲོལ་ཡིན་གྱི་བློས་མ་བཅོས་པར་མཛོད། །བསམ་ན་ཐམས་ཅད་མདང་གསུམ་རྨི་ལམ་ཡིན། །བདེན་པ་མེད་ཀྱིས་ཕྱལ་བྱར་གཏོང་བར་མཛོད། །འདི་བཅུ་མཛད་ན་བདག་སོགས་དགའ་བ་ལ། །འདི་བཅུ་མཛད་ན་བདག་སོགས་སྐྱིད་པ་ལ། །ད་ཐབས་ཤེས་རོལ་རྩེད་བྱེད་པའི་དུས། །བདེ་སྟོང་ལ་མྱོང་བའི་དུས་སུ་ནི། །མྱོང་རྒྱུ་འདུག་པ་དེ་ཀ་ཡོད་པ་ཡིན། །དེ་ཡི་རང་བཞིན་སྟོང་པར་འདུག་པ་དེ། །འདི་ཞེས་བྱ་བ་རྡུལ་ཙམ་ཡོད་པ་མིན། །ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བ་ཡིན། །དེ་ཕྱིར་བདེ་སྟོང་དེ་ལྟར་ལེན་པ་གཅེས། །འཁོར་འདས་ཆོས་རྣམས་དེ་ཡི་རོལ་པ་ཡིན། །དེ་ཕྱིར་ཉམས་སུ་དེ་ལྟར་ལེན་པར་མཛོད། །འདི་བརྗོད་ཉེས་པ་ཅི་མཆིས་རྣམས། །ཆོས་བདག་ཌཱ་ཀིའི་ཚོགས་ལ་བཤགས། །དགེ་བས་དྭངས་སྙིགས་འབྱེད་གྱུར་ཅིག །ཨྠྀི། ཞེས་པ་འདི་ནི་གནས་མ་ངེས་པ་གཅིག་ཏུ་ཌཱ་ཀི་སུ་ཀ་ཏཱ་རེ་ཞེས་བྱ་བ་བས་བུདྡྷ་ཏཱ་རེ་ལ་གདམས་པའོ། །གསང་ངོ་། །གསང་ངོ་། །རྒྱ་རྒྱ་རྒྱ། གུ་ཧྱ།
༈ གུ་རུ་ཌཱ་ཀི་རྣམས་ལ་ན་མོ། སངས་རྒྱས་ཡུམ་གྱུར་སྒྲོན་མའི་ཞབས་ལ་འདུད། །བདག་གི་ཚིག་ལ་ནུས་པ་མ་མཆིས་ཀྱང་། །མོས་པའི་བུ་རྣམས་ཐུགས་རྗེས་བཟུང་དུ་གསོལ། །ཕྱོགས་ལྷུང་གང་ཡང་མི་འདུག་ན། །ལྟ་བ་རྟོགས་པ་དེ་ལ་ཟེར། །ཡིད་ལ་བྱ་རྒྱུ་མི་འདུག་ན། །གནས་ལུགས་གོམས་པ་དེ་ལ་ཟེར། །སྤྱོད་རྒྱུ་ཅི་ཡང་མི་འདུག་ན། །སྤྱོད་པ་བྱ་བ་དེ་ལ་ཟེར། །ཞེ་འདོད་གང་ཡང་མི་འདུག་ན། །འབྲས་བུ་ཐོབ་པ་དེ་ལ་ཟེར། །ཅི་ཡང་བྱ་རྒྱུ་མི་འདུག་ན། །བྱ་བ་ཟིན་པ་དེ་ལ་ཟེར། །སེམས་ལ་འགྲོ་འོང་མི་འདུག་ན། །འགྲོ་སར་སླེབ་པ་དེ་ལ་ཟེར། །ལྐོག་སྨྲས་ཞེད་མདའ་མི་འདུག་ན། །གྲགས་སྟོང་འབྱོངས་བ་དེ་ལ་ཟེར། །ལུས་ལ་ཞེན་པ་མི་འདུག་ན། །སྒྱུ་མའི་སྐྱེས་བུ་དེ་ལ་ཟེར། །ཆོས་རྣམས་མིང་དུ་ཟད་པ་ན། །ཟད་སར་སྐྱོལ་བ་དེ་ལ་ཟེར། །འཁོར་འདས་རང་སར་གྲོལ་བ་ན། །མཐའ་རུ་ཕྱིན་པ་དེ་ལ་ཟེར། །ཟེར་ཟེར་བཅུ་ཡི་སྨྱོ་ཚིག་འདི། །མོས་གུས་ཆེ་ན་རྟོགས་དཔྱོད་མཛོད། །གོ་ཕྱོགས་སུ་མ་ལུས་བཤེས་གཉེན་པ། །ཡེངས་མེད་ཆུ་རྒྱུན་ལྟ་བུར་མཛོད། །འཛིན་པའི་ཐག་པས་མ་བསྡམས་ལ། །འཛིན་མེད་རང་སར་གྲོལ་བར་མཛོད། །འགྲོ་འདུག་སྨྲ་རྒོད་གཡེང་བ་རྣམས། །འབྲུ་དྲུག་སད་ཀྱིས་ཁྱེར་བ་ཡིན། །སད་ལ་མ་བསྐུར་བརྟན་པར་མཛོད། །ཨེ་མ་མཁའ་འགྲོ་གསང་བའི་སྐད། །དབྱངས་མཆོད་པར་བཞེས་ཤིག་ཆོས་བདག་རྣམས། །དགེ་འདིས་སྐྱེ་མེད་དོན་རྟོགས་ཤོག །ཨྠྀི། སིདྡྷི་ཧུཾཾཿཛ་ཡེ། བདེ་ཆེན་མཁའ་སྤྱོད་འགྲུབ་པ་དང་། །སྒྲོན་མེས་མ་རིག་མུན་སེལ་ཤོག །ཆོས་སྐུ་སྐྱེ་བ་མེད་པ་དང་། །དབང་བཞིའི་ཡིན་ལུགས་རྟོགས་པར་ཤོག །ཧཱུཾ་ཧེ་ཧེ། ཞེས་པ་འདི་ནི་ཌཱ་ཀི་བདེ་ཆེན་སྒྲོན་གྱིས་དྷརྨ་ཝ་ཤང་ལ་གསུངས་པའོ། །
༈ གུ་རུ་ཌཱ་ཀི་རྣམས་ལ་ན་མོ། འོག་མིན་བདེ་ཆེན་གནས་མཆོག་ནས། །བཛྲ་དྷ་ར་གཤེགས་སུ་གསོལ། །ཆོས་སྐུ་རབ་འབྱམས་ཉི་མ་ཤར། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ན་ག་ར་ཙའི་གནས་མཆོག་ནས། །པྲཛྙཱ་བྷ་ཏྲ་གཤེགས་སུ་གསོལ། །ལོངས་སྐུ་བདེ་ཆེན་ཉི་མ་ཤར། །ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །སུ་ལ་ཧ་རིའི་གནས་མཆོག་ནས། །ཛྙཱ་ན་སིདྡྷི་གཤེགས་སུ་གསོལ། །སྤྲུལ་སྐུ་རྨད་བྱུང་ཉི་མ་ཤར། །ཡེ་ཤེས་དངོས་གྲུབ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ཤིང་ལོ་ཚལ་གྱི་གནས་མཆོག་ནས། །དྷརྨ་མ་ཏི་གཤེགས་སུ་གསོལ། །སྐུ་བཞི་དབྱེར་མེད་ཉི་མ་ཤར། །ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ཆུ་བར་སྤྲུལ་སྐུའི་གནས་མཆོག་ནས། །ཧ་སེངྒེ་བཛྲ་གཤེགས་སུ་གསོལ། སྐུ་ལྔ་ཡོངས་རྫོགས་ཉི་མ་ཤར། །བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །དག་ལ་དཔལ་གྱི་གནས་མཆོག་ནས། །སུརྞེ་རཏྣ་གཤེགས་སུ་གསོལ། །ཕྱག་རྒྱ་ཆེན་པོའི་ཉི་མ་ཤར། །བསོད་ནམས་རིན་ཆེན་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །སྟོད་ལུང་མཚུར་ཕུའི་གནས་མཆོག་ནས། །དྷརྨ་གིརྟི་གཤེགས་སུ་གསོལ། །གསང་སྔགས་མཆོག་གི་ཉི་མ་ཤར། །ཆོས་ཀྱི་གྲགས་པ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །འོག་མིན་ཀརྨའི་གནས་མཆོག་ནས། །བུདྡྷ་གིརྟི་གཤེགས་སུ་གསོལ། །འགྲོ་དོན་སྨིན་མཛད་ཉི་མ་ཤར། །སངས་རྒྱས་གྲགས་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །སོམ་རག་ཆེན་པོའི་གནས་མཆོག་ནས། །སུརྞེ་བཛྲ་གཤེགས་སུ་གསོལ། །སྨིན་གྲོལ་དབང་གི་ཉི་མ་ཤར། །བསོད་ནམས་རྡོ་རྗེ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ཤར་ཕྱོགས་སྤུང་རིའི་གནས་མཆོག་ནས། །མ་ཡིག་མི་གསལ། གུ་རུ་གཤེགས་སུ་གསོལ། །རྩལ་གསུམ་ཡོངས་རྫོགས་ཉི་མ་ཤར། །ཆོས་ཀྱི་བླ་མ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ལ་སྟོད་སུ་ཏྲའི་གནས་མཆོག་ནས། །རཏྣ་ཤྲཱི་ལ་གཤེགས་སུ་གསོལ། །རྩེ་གཅིག་གཡོ་མེད་ཉི་མ་ཤར། །རིན་ཆེན་དཔལ་བ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །བདེ་ཆེན་རྫོང་གི་གནས་མཆོག་ནས། །བྷིག་ཀྴ་བཛྲ་གཤེགས་སུ་གསོལ། །ཆོས་ཀྱི་རྒྱལ་པོའི་ཉི་མ་ཤར། །རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ལྷ་གནས་གངས་རིའི་གནས་མཆོག་ནས། །བཛྲ་ཤྲཱི་པ་གཤེགས་སུ་གསོལ། །མཆོག་གི་མཛོད་འཛིན་ཉི་མ་ཤར། །རྡོ་རྗེ་དཔལ་བ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ཙ་རི་ཏྲ་ཡི་གནས་མཆོག་ནས། །ལ་ལི་ཏེ་བཛྲ་གཤེགས་སུ་གསོལ། །མཁྱེན་རབ་གཉིས་ཀྱི་ཉི་མ་ཤར། །རོལ་པའི་རྡོ་རྗེ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །རི་ཁྲོད་རྒྱལ་བའི་ཞིང་ཁམས་ནས། །ཛྙཱ་ན་ཤྲཱི་ཡ་གཤེགས་སུ་གསོལ། །སྐྱེ་འཆི་དབང་ཐོབ་ཉི་མ་ཤར། །ཡེ་ཤེས་དཔལ་བ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །མ་ཏི་རཏྣ་གཤེགས་སུ་གསོལ། །པ་ཏོ་རི་ཡི་གནས་མཆོག་ནས། །དྷརྨ་ཤྲཱི་བྷ་ཏྲ་གཤེགས་སུ་གསོལ། །སྟོང་ཉིད་སྙིང་རྗེའི་ཉི་མ་ཤར། །ཆོས་དཔལ་བཟང་པོ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །མ་ཏི་རཏྣ་གཤེགས་སུ་གསོལ། །དོན་དམ་འོད་གསལ་ཉི་མ་ཤར། །བློ་གྲོས་རིན་ཆེན་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །དྲིན་ཅན་གུ་རུ་གཤེགས་སུ་ལེགས། །བྱང་ཆུབ་སེམས་ཀྱི་ཉི་མ་ཤར། །ཀུན་འདུས་བླ་མ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ཨོ་རྒྱན་མཁའ་སྤྱོད་གནས་མཆོག་ནས། །བཛྲ་བ་ར་གཤེགས་སུ་གསོལ། །ཟག་མེད་བདེ་སྟོང་ཉི་མ་ཤར། །རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ཨོ་རྒྱན་ཕྱོགས་བཞིའི་གནས་མཆོག་ནས། །རིགས་བཞིའི་ཌཱ་ཀི་གཤེགས་སུ་གསོལ། །གསང་བ་མཛོད་འཛིན་ཉི་མ་ཤར། །རིགས་བཞིའི་མཁའ་འགྲོ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །མཚམས་བཞི་དག་པའི་གནས་མཆོག་ནས། །མ་ངེས་སྡེ་བཞི་གཤེགས་སུ་གསོལ། །ཆོས་མཛད་སྐྱོང་བའི་ཉི་མ་ཤར། །སྡེ་བཞིའི་ཌཱ་ཀི་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །ས་བླ་ས་འོག་ས་སྟེང་ན། །ཆོས་བདག་ཌཱ་ཀི་གཤེགས་སུ་གསོལ། །ལེགས་ཉེས་ཤན་འབྱེད་ཉི་མ་ཤར། །གནས་གསུམ་མཁའ་འགྲོ་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །མ་ཧ་ཀ་ལ་གཤེགས་སུ་གསོལ། །མཐུ་སྟོབས་གཉིས་ཀྱི་ཉི་མ་ཤར། །ལེགས་ལྡན་འཁོར་བཅས་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །རླུང་ནག་འཚུབས་པའི་ཀློང་དཀྱིལ་ནས། །མ་མོ་ནག་མོ་གཤེགས་སུ་གསོལ། །བསྟན་པ་སྲུང་བའི་ཉི་མ་ཤར། །ལྷ་མོ་འཁོར་བཅས་ལ་གསོལ་བ་འདེབས། །བར་ཆད་བདུད་རྣམས་ཞི་མཛད་གསོལ། །བཀའ་བརྒྱུད་ནོར་བུ་རིན་ཆེན་དང་། །ཡི་དམ་ཌཱ་ཀིའི་ཚོགས་རྣམས་དང་། །བསྟན་སྲུང་ཆོས་སྐྱོང་མ་མགོན་ལ། །རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །ཚེ་འདིའི་བར་ཆད་ཞི་ནས་ཀྱང་། །ཕྱི་མ་བདེ་ཆེན་སྐྱེ་བར་ཤོག །རྟག་ཏུ་ཆོས་དང་འཕྲད་པར་ཤོག །གཏན་བདེའི་འདུན་མ་ཤོམ་པར་ཤོག །མཐར་ཐུག་གི་བློ་བདེ་རྙེད་པར་ཤོག །བློ་ཡག་ན་ཡག་ལ་ཉེས་ན་ཉེས། །བློ་ལྡན་གྱིས་གཏོད་དང་ཉེས་དགེ་མེད། །ཧེེ། ཨྠྀི། རྩེ་གཅིག་གསོལ་བ་དེ་ལྟར་ཐོབ། །ཐོབ་དང་དོན་ཆེན་འགྲུབ་སྟེ་འོང་། །ངས་ཀྱང་དེ་ལྟར་གསོལ་བཏབ་པས། །དོན་ཆེན་ད་ལྟ་འགྲུབ་པ་ཡིན། །ངེད་བུདྡྷ་སྒྲོན་དང་གུ་རུ་སྒྲོན། །སུ་ཀ་སྒྲོན་དང་དྷོ་ཙ་སྒྲོན། །མ་ངེས་གནས་སུ་གསུངས་པའོ། །ཐུགས་ཡིད་ཆེས་པའི་སྐྱེས་བུ་རྣམས། །རྩེ་གཅིག་གསོལ་བ་བཏབ་པ་ན། །ཐོགས་པ་མེད་པར་མཁའ་ལ་བྱོན། །དེས་ན་གསོལ་བ་འདེབས་པ་གཅེས། །ཞེས་པ་འདི་ནི་སྤྲུལ་པའི་ཌཱ་ཀི་བཞིས། མ་ཏི། ཛྙཱ་ན། བུདྡྷ་གསུམ་ལ་མགྲིན་གཅིག་ཏུ་གསུངས་པའོ། །
༈ གུ་རུ་ཛྙཱ་ན་ཌཱ་ཀི་ཡེ་ན་མོ། ཀ་དག་སྐྱེ་མེད་ཀློང་ཡངས་ཌཱ་ཀི་མ། །ཁམས་གསུམ་རྣམ་རྟོག་རང་གྲོལ་ཌཱ་ཀི་མ། །གང་བྱས་དུག་ལྔ་རང་གྲོལ་ཌཱ་ཀི་མ། །ང་བདག་ལྟ་བ་ཐག་ཆོད་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཅམ་མེ་སྒོམ་མེད་ཀློང་ཡངས་ཌཱ་ཀི་མ། །ཆོས་ཉིད་བྱིང་རྒོད་རང་གྲོལ་ཌཱ་ཀི་མ། །ཇ་སོགས་འདོད་ཡོན་རང་གྲོལ་ཌཱ་ཀི་མ། །ཉམས་མྱོང་ལྟ་བ་གདིང་ལྡན་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་བའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཏིང་འཛིན་རང་རྩལ་སྤྱོད་པའི་ཌཱ་ཀི་མ། །ཐམས་ཅད་དབྱིངས་སུ་སྒྲོལ་བའི་ཌཱ་ཀི་མ། །དེ་བཞིན་གཤེགས་པའི་ཡུམ་གྱུར་ཌཱ་ཀི་མ། །ནུས་མཐུ་སྟོབས་དང་ལྡན་པའི་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །དཔག་བསམ་འདོད་དགུ་ཕུན་ཚོགས་ཌཱ་ཀི་མ། །ཕ་རོལ་དབུལ་ཕོངས་འཇོམས་པའི་ཌཱ་ཀི་མ། །བ་ལང་ལྟར་ལ་ལྷག་བརྩེ་ཌཱ་ཀི་མ། །མ་རྣམས་བདེ་ལ་འགོད་པའི་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །རྩ་རླུང་བསྐྱེད་རྫོགས་ཟུང་འཇུག་ཌཱ་ཀི་མ། །ཚུལ་བཞིན་དེ་ཉིད་གཟིགས་པའི་ཌཱ་ཀི་མ། །ཛ་ཧཱུཾ་སྔགས་སོགས་རེ་མེད་ཌཱ་ཀི་མ། །ཝ་ལེ་འཁོར་འདས་རང་གྲོལ་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཞི་རྒྱས་དབང་དྲག་གང་འདུལ་ཌཱ་ཀི་མ། །ཟག་མེད་བདེ་སྟོང་རྒྱལ་ཡུམ་ཌཱ་ཀི་མ། །འོད་གསལ་རྒྱུན་ཆད་མེད་པའི་ཌཱ་ཀི་མ། །ཡིད་ལ་བྱར་མེད་བློ་འདས་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །རང་དོན་སྐྱེ་མེད་གཞན་དོན་ཌཱ་ཀི་མ། །ལུས་ངག་ཡིད་གསུམ་ལྟོས་མེད་ཌཱ་ཀི་མ། །ཤེས་རབ་དབྱིངས་སུ་བཀོད་པའི་ཌཱ་ཀི་མ། །སངས་རྒྱས་ལག་ཏུ་གཏད་པའི་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཧཾ་ཡིག་ཐབས་མཆོག་འབྲལ་མེད་ཌཱ་ཀི་མ། །ཨ་དོན་སྐྱེ་མེད་ཤེས་རབ་ཌཱ་ཀི་མ། །ཐབས་ཤེས་དབྱེར་མེད་བདེ་ཆེན་ཌཱ་ཀི་མ། །མ་ལུས་མཁའ་སྤྱོད་འདྲེན་པའི་ཌཱ་ཀི་རྣམས། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །ཆོས་བདག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །གནས་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བུདྡྷ་ཏཱ་རེས་གཙོ་བཅས་འགྲོ་དྲུག་གི །ཡེ་ཤེས་མཁའ་འགྲོའི་རྟོགས་པ་མ་ཐོབ་པར། །གནས་གསུམ་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །ཅེས་པ་འདི་ནི་གནས་མ་ངེས་པ་ཞིག་ཏུ་བུདྡྷ་ཏཱ་རེ་སུ་ཀ་ཏཱ་རེ་ཛྙཱ་ན་ཏཱ་རེ་ཀླ་ཀྴ་ཏཱ་རེ་རཏྞ་ཏཱ་རེ་རྣམས་ཀྱིས་མགྲིན་གཅིག་ཏུ་དབྱངས་དང་བཅས་པ་བླང་བ་ལ། ཨ་ནནྟ་བྷ་ཏྲ་ཞེས་བྱ་བས། བདག་ལ་འདི་གནང་བར་ཞུ་ཞུས་པ་ལ་གསང་བ་ལྟར་གསོལ་འདེབས་ཀྱིས་གསུངས་ནས། མི་ཡི་བུ་མོ་བུདྡྷ་ཏཱ་རེ་ལ་དགོངས་ནས་གནང་བའོ། །ཁྱད་པར་དུ་ཡང་ཟབ་མོ་ཚོགས་ཀྱི་འཁོར་ལོའི་དུས་སུ་འདེབས་པ་གནད་ཡིན་ནོ། །འདི་ཐུགས་ཡིད་ཆེས་པ་རྣམས་ཀྱིས་གཟུང་བར་མཛོད་དང་གནད་གཅིག་མཆིས་སོ། །
༈ གུ་རུ་དང་སུ་ཁ་ཏཱ་རེ་སོགས་ཌཱ་ཀི་རྣམས་ལ་ན་མོ། མཁའ་སྤྱོད་བདེ་ཆེན་གནས་ནས་གཤེགས་པ་ཡི། །ཐོགས་མེད་དུས་གསུམ་སྒྲོན་མེས་ཆོས་བྱེད་ཉུལ། །དེ་ཡི་རིགས་ཀྱི་མཐའ་ཤོལ་ལྷུན་གྲུབ་མས། །སྐྱེ་བ་དམན་ཡང་ཆོས་ལ་མོས་པས་སྒྲོན། །དེ་ཕྱིར་རྗེ་བཙུན་གུ་རུ་རིན་པོ་ཆེ། །ཆོས་ཉིད་ངང་ནས་སྙན་གྱི་དབང་པོ་དགོངས། །ཆོས་ཞེས་བྱ་བ་གང་ལ་ཟེར་བ་ལགས། །ཆོས་མིན་བྱ་བ་གང་ལ་ཟེར་བ་ལགས། །ཆོས་བྱེད་བྱ་བ་ཇི་ལྟར་བྱེད་པ་ལགས། །ཆོས་བྱས་འབྲས་བུ་ཇི་ལྟར་ཐོབ་པ་ལགས། །སྣོད་བཅུད་གཉིས་པོ་གཅིག་གམ་ཐ་དད་ལགས། །འཁོར་འདས་གཉིས་པོ་གཅིག་གམ་ཐ་དད་ལགས། །སྣང་སེམས་གཉིས་པོ་གཅིག་གམ་ཐ་དད་ལགས། །སྤང་གཉེན་གཉིས་པོ་གཅིག་གམ་ཐ་དད་ལགས། །འཁྲུལ་གྲོལ་གཉིས་པོ་གཅིག་གམ་ཐ་དད་ལགས། །གཞི་འབྲས་གཉིས་པོ་གཅིག་གམ་ཐ་དད་ལགས། །བདེན་གཉིས་སོགས་རྣམས་གཅིག་གམ་ཐ་དད་ལགས། །དབྱིངས་ཤེས་གཉིས་པོ་གཅིག་གམ་ཐ་དད་ལགས། །ཐབས་ཤེས་གཉིས་པོ་གཅིག་གམ་ཐ་དད་ལགས། །སྣང་སྟོང་གཉིས་པོ་གཅིག་གམ་ཐ་དད་ལགས། །གསལ་སྟོང་གཉིས་པོ་གཅིག་གམ་ཐ་དད་ལགས། །བདེ་སྟོང་གཉིས་པོ་གཅིག་གམ་ཐ་དད་ལགས། །རིག་སྟོང་གཉིས་པོ་གཅིག་གམ་ཐ་དད་ལགས། །སྨིན་གྲོལ་གཉིས་པོ་གཅིག་གམ་ཐ་དད་ལགས། །སྐུ་གསུམ་སོགས་རྣམས་གཅིག་གམ་ཐ་དད་ལགས། །སྤང་ཐོབ་གཉིས་པོ་གཅིག་གམ་ཐ་དད་ལགས། །དོན་གཉིས་དབྱེར་མེད་ཡིན་ནམ་ཐ་དད་ལགས། །ང་བདག་གཉིས་པོ་གཅིག་གམ་ཐ་དད་ལགས། །ལགས་ལགས་ཉི་ཤུ་རྩ་གཅིག་འདི། །རྗེ་བཙུན་གུ་རུ་རིན་ཆེན་ལ། །མདོ་དོན་སྙིང་པོའི་ཞུ་བ་ལགས། །གཞན་གྱིས་ཞུ་བ་བློར་མི་ལོང་། །གོ་སྐམ་གོག་པོ་མ་ཡིན་པ། །ཚིག་གི་སྤན་སྤུན་མ་བསྒྲིབས་པ། །ཉམས་ལེན་རྗེན་པར་ཕྱུང་བ་གཅིག །ན་ཆུང་སྐྱེ་དམན་ལྷུན་གྲུབ་ལ། །ཐུགས་འདོག་ཞུ་དང་སྒྲོན་མེ་ཞུ། །ངེད་ཌཱ་ཀི་རིགས་ལ་མང་ཡོད་ཀྱང་། །དཔོན་སློབ་རྣམས་ལ་འབྲེལ་པ་རྣམས། །ཡེ་ཤེས་མཁའ་འགྲོའི་རིགས་རྣམས་ལགས། །ཉི་རྡུལ་ཙམ་ཞིག་མཆིས་པ་ལ། །མང་ལ་ཡིད་མི་ཆེས་དགེ་དང་། །སྔོན་གྱི་ལས་ཀྱིས་འབྲེལ་པ་དང་། །སྐྱེས་བུ་ཚོགས་བསགས་རྣམས་ལ་ནི། །སྐར་ཚོགས་ཙམ་ཞིག་འཕྲད་པ་ཡིན། །དེས་ན་ཐུགས་ཡིད་ཆེས་མི་དགོས། །འདི་ལྟར་སྙན་དུ་ཞུ་བ་ལ། །ཉེས་ཚོགས་བླ་མ་ཁྱེད་ལ་བཤགས། །དགེ་བས་འདི་དོན་མངོན་གྱུར་ཤོག །འབད་མེད་ལྷུན་གྲུབ་བཀྲ་ཤིས་སྒྲོན། །ཨོཾ་ཨ་ཧཱུཾ་ཧོ། ཞེས་པ་འདི་ནི་ཌཱ་ཀི་ལྷུན་གྲུབ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་དྲི་བའི་ཚུལ་དུ་གསུངས་པའོ། །
༈ གུ་རུ་བཛྲ་དྷ་ར་ཌཱ་ཀི་ཡེ་ན་མོ། ཟག་མེད་བདེ་ཆེན་སྐུ་བཞི་ཡེ་ཤེས་ལྔ། །མངོན་གྱུར་སྲིད་གསུམ་སྒྲོན་མེ་དེ་ལ་བསྟོད། །ཀ་དག་ལྷུན་གྲུབ་སྟོང་ཉིད་འདུས་མ་བྱས། །སྐྱེ་མེད་འོད་གསལ་སྒྲོན་མེ་དེ་ལ་འདུད། །ཌཱ་ཀིའི་མིང་བཏགས་ནམ་མཁའི་རྣལ་འབྱོར་ལ། །ཆོས་ཉིད་ཀློང་ནས་སྙན་མེད་ཨེ་མ་ཧོ། །ཆོས་ཞེས་བྱ་བ་དགེ་བཅུ་དག་ལ་ཟེར། །ཆོས་མིན་བྱ་བ་མི་དགེ་བཅུ་ལ་ཟེར། །ཆོས་བྱེད་བྱ་བ་ཚོགས་གཉིས་བསགས་ལ་ཟེར། །ཆོས་བྱས་འབྲས་བུ་སྐུ་གསུམ་ཐོབ་ལ་ཟེར། །སྣོད་བཅུད་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །འཁོར་འདས་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །འཁྲུལ་གྲོལ་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །དབྱིངས་ཤེས་གཅིག་དང་ཐ་དད་གང་ཡང་མིན། །གཞི་འབྲས་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །བདེན་གཉིས་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །ཐབས་ཤེས་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །སྣང་སྟོང་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །གསལ་སྟོང་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །བདེ་སྟོང་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །རིག་སྟོང་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །སྨིན་གྲོལ་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །སྐུ་གསུམ་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །སྤང་ཐོབ་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །དོན་གཉིས་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །ང་བདག་གཅིག་དང་ཐ་དད་གང་ཡང་མིན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །མདོར་ན་གཉིས་བསྡུས་ཆོས་རྣམས་མ་ལུས་ཀུན། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །སྣང་ཞིང་སྲིད་པའི་ཆོས་རྣམས་རང་གི་སེམས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཐ་དད་ལས་འདས་གཉིས་འཛིན་འཁྲུལ་པའི་བློ། །སྣང་ཡང་རང་བཞིན་མེད་པ་ཆུ་ཟླ་བཞིན། །ཡོད་མེད་རྟག་ཆད་བདེན་རྫུན་མཐའ་ལས་འདས། །སྨྲ་བསམ་བརྗོད་བྲལ་བློ་ཡི་ཡུལ་མ་མཆིས། །ཐོག་མཐའ་དབུས་བྲལ་ནམ་མཁའི་ངོ་བོ་ཉིད། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་དེ་ལ་ཟེར། །ཐ་སྙད་ཙམ་དུ་བརྗོད་ཚུལ་མ་གཏོགས་པ། །དོན་ལ་དཔེ་ཡིས་མི་མཚོན་བློ་ལས་འདས། །བློ་འདས་བྱར་མེད་ངང་དེར་དགག་སྒྲུབ་བྲལ། །ཨེ་མ་དེ་འདྲའི་དོན་རྟོགས་བློ་རེ་བདེ། །ནམ་མཁའ་མངོན་གྱུར་རྣལ་འབྱོར་ལ། །གོ་སྐམ་གོག་པོ་དགོས་རྒྱུ་ཆུང་། །སྐྱེ་མེད་རྟོགས་པའི་རྣལ་འབྱོར་ལ། །ཚིག་གི་སྤན་སྤུན་དགོས་རྒྱུ་ཆུང་། །ཚེ་གཅིག་སངས་ཅུང་ཆུང་རྒྱས་པ་ལ། །ཕོ་ཉ་ལམ་མཆོག་གདམས་ངག་ཟབ། །དེ་ཕྱིར་གཞོན་ནུའི་ཚུལ་འཛིན་མ། །དགའ་བདེའི་རོལ་རྩེད་ཨེ་མ་ཧོ། །འདི་ལ་འཁྲུལ་པའི་ཚོགས་མཆིས་ན། །ཆོས་ཀྱི་བདག་པོ་རྣམས་ལ་བཤགས། །ཌཱ་ཀིའི་དྲིས་ལན་འདིར་བཀོད་མཐུས། །འགྲོ་རྣམས་རྟོགས་པ་མངོན་གྱུར་ཤོག །ཅེས་པ་འདི་ནི་ཌཱ་ཀི་ལྷུན་གྲུབ་སྒྲོན་གྱིས་དྲིས་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ ན་མོ་གུ་རུ། ནམ་མཁའི་རང་བཞིན་འདུག་ཚུལ་དེ་ལ་འདུད། །དཔེ་ཡིས་མི་མཚོན་འདུག་ཚུལ་དེ་ལ་འདུད། །དོན་གྱིས་མི་སྟོན་འདུག་ཚུལ་དེ་ལ་འདུད། །ཀུན་ཁྱབ་རང་བཞིན་འདུག་ཚུལ་དེ་ལ་འདུད། །སྟོང་ཉིད་བློ་བྲལ་དཀོན་མཆོག་གསུམ་དངོས་ལ། །མངོན་གྱུར་རྒྱལ་མཚན་ནོར་བུ་དེ་ལ་འདུད། །མ་ངེས་ལས་ཅན་ཀུན་དགའ་མཐོང་ཐོས་ལ། །དོན་དང་ལྡན་པའི་བཟང་པོ་དེ་ལ་འདུད། །གཉིས་སྣང་ཆོས་རྣམས་སྐྱེ་མེད་རྡོ་རྗེ་འཆང་། །གཉིས་བསྡུས་ཆོས་རྣམས་འགག་མེད་ཧེ་རུ་ཀ །གཉིས་མེད་ལས་འདས་གནས་མེད་དེ་བཞིན་གཤེགས། །ཕྱོགས་ཀྱི་ཐུགས་རབ་མཆིས་པས་ཨེ་མ་ཧོ། །ཟུང་དུ་འཇུག་ལུགས་གོ་བ་ཡིན་ཏེ་འོང་། །རྟོགས་པ་མངོན་གྱུར་ཨེ་ཡིན་ངས་མི་ཤེས། །ནམ་མཁའ་མངོན་དུ་གྱུར་པ་དང་། །ཚེ་གཅིག་སངས་ཅུང་ཆུང་རྒྱས་པ་དང་། །སྐྱེ་བ་མེད་པའི་དོན་རྟོགས་ན། །ཕོ་ཉ་ལམ་ལ་རག་ཅི་ལས། །གཞོན་ནུ་མ་ལ་དོན་ཅི་ཡོད། །དགའ་བདེ་རོལ་རྩེད་དོན་ཅི་ཡོད། །ཆོས་བདག་བཤགས་ལ་དོན་ཅི་ཡོད། །ཧཻ་ཧཻ་ཧཻ། ཌཱ་ཀིའི་ཙིཏྟ་དམར་པོའི་ཞུས་ལེགས། །མི་བདེ་མེད་པའི་གནས་སུ་མཇལ་བར་སྨོན། །ལས་ཅན་གདུལ་བྱའི་ཚོགས་རྣམས་རྒྱལ་གྱུར་ཅིག །ཅེས་པ་འདི་ནི་ཌཱ་ཀི་ལྷུན་གྲུབ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ ཡེ་དག་དགོངས་པ་རབ་རྫོགས་རིན་པོ་ཆེ། །ཡེ་ནས་འགྱུར་མེད་ལྷུན་གྲུབ་རིན་པོ་ཆེ། །ཡེ་ནས་དོན་རྟོགས་རྒྱལ་དབང་རིན་པོ་ཆེ། །ཡེ་ནས་རང་རིག་དགོས་འདོད་རིན་པོ་ཆེ། །སྙན་ཡིད་དབང་པོ་བརྟན་བཞུགས་བྱེད་ལ་དགོངས། །རྒྱལ་བའི་ཡུམ་གྱུར་སྟོང་ཉིད་མཐར་ཕྱིན་མས། །མངོན་སུམ་ལུང་བསྟན་ཨ་ནན་བྷ་ཏྲ་དང་། །དྭངས་སྙིགས་འབྱེད་པའི་བུདྡྷ་ཏཱ་རེ་དང་། །ཡབ་ཡུམ་གཉིས་སུ་མེད་པའི་བརྟན་བཞུགས་འདི་ལྟར་འབུལ། །འགྱུར་མེད་གཞི་མ་དཀར་པོའི་གདན་སྟེང་དུ། །སྣ་ཚོགས་རྡོ་རྗེ་ཡུམ་གྱིས་འདི་བཞེངས་འབུལ། །དབུས་ཀྱི་ལྟེ་བ་ཟུར་ཙམ་ནག་པ་དེ། །འཁོར་འདས་ཆོས་རྣམས་རང་སར་གྲོལ་ཕྱིར་འབུལ། །ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་སོགས། །ཞི་རྒྱས་དབང་དྲག་འཕྲིན་ལས་འགྲུབ་ཕྱིར་འབུལ། །རྩ་འཁོར་བུ་སློབ་འཁོར་དང་བཅས་རྣམས་ཀྱིས། །ཚེ་གཅིག་བྱང་ཆུབ་མ་འགྲུབ་བར་དུ་ནི། །རྡོ་རྗེ་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །རྩ་འཁོར་བུ་སློབ་འཁོར་དང་བཅས་རྣམས་ཀྱིས། །ཚངས་དབྱངས་ལྟ་བུར་མ་འགྲུབ་བར་དུ་ནི། །རྡོ་རྗེ་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །རྩ་འཁོར་བུ་སློབ་འཁོར་དང་བཅས་རྣམས་ཀྱིས། །རང་སེམས་ཆོས་སྐུ་མ་རྟོགས་བར་དུ་ནི། །རྡོ་རྗེ་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །ཐུགས་ནི་ནམ་མཁའ་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །གསུང་ནི་ཀུན་བྱེད་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །སྐུ་ནི་ཉི་མ་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །ཡོན་ཏན་སྐར་ཚོགས་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །འཕྲིན་ལས་ཆར་རྒྱུན་ལྟ་བུར་བརྟན་པར་བཞུགས་སུ་གསོལ། །ཐབས་ཤེས་ཡ་མ་བྲལ་བའི་ཡབ་ཡུམ་གྱིས། །རྒྱལ་བའི་སྐུ་ལ་བརྟན་བཞུགས་འདི་བྱས་མཐུས། །བདག་སོགས་འབྲེལ་ཚད་སེམས་ཅན་མ་ལུས་ཀུན། །རང་སེམས་ཆོས་སྐུ་མ་རྟོགས་བར་དུ་ནི། །མེ་དང་ཚ་བ་ལྟ་བུར་མི་འབྲལ་ཤོག །ནམ་ཞིག་ཕ་རོལ་འཕོ་བའི་དུས་སུ་ནི། །བྱ་བརྒྱ་འུར་གཅིག་མཁའ་སྤྱོད་འགྲོ་བར་ཤོག །གྲུབ་ཐོབ་བླ་མ་རྣམས་ཀྱི་བྱིན་རླབས་དང་། །མ་དང་མཁའ་འགྲོ་རྣམས་ཀྱི་བདེན་སྟོབས་དང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་སྟོབས་ཀྱིས། །ཇི་ལྟར་བརྗོད་བཞིན་མ་ལུས་འགྲུབ་པར་ཤོག །བརྟན་བཞུགས་འདི་ནི་ཌཱ་ཀི་སུ་ཀ་ཏཱ་རེས་སྦྱར་བའོ། །
༈ སྐྱེ་མེད་ནམ་མཁའི་རྣལ་འབྱོར་ལ་ངག་གི་འབྲེལ་པ་སྙན་བསྐུལ་ཚིག་གཅིག་ཞུ། ཚོགས་བཤམས་མ་ཚར་གྱི་བར་དུ་ཕྱི་ནང་གི་འགྲུལ་བཅད་ནས། ཚོགས་ལས་པ་དང་གཏོར་འབུལ་མིན་པ་ཅིས་ཀྱང་མི་བཙུད་པའི་ཞུ་བ་འགྲུབ་ནས། ལུང་བཟློག་ཏུ་བཀྲོལ་བའི་ཞུ་བའོ། །ཀླ་ཀྵ་ཏཱ་རེས་ཞུ་བའོ། །
༈ ད་སྐྱེ་མེད་ནམ་མཁའི་རྣལ་འབྱོར་ལ་ངག་གི་འབྲེལ་པ་སྙན་བསྐུལ་ཚིག་གཅིག་ཞུ། འཁོར་བརྒྱད་དག་ལ་རྣམ་ལྔས་བསྐོར་བའི་ཞུ་བ། སྒོ་མ་བཀྲོལ་གྱི་བར་དུ་གཞན་ལ་མི་ཡན་པའི་ཞུ་བ། ཤེས་རབ་གཏོར་འབུལ་མ་ནུབ་ནས་ཚུར་ལ་གྱུ་བའི་ཞུ་བའོ། །རཏྣ་ཏཱ་རེས་ཞུ་བའོ། །
༈ སྐྱེ་མེད་ནམ་མཁའི་རྣལ་འབྱོར་ལ། །ངག་གི་འབྲེལ་པ་སྙན་བསྐུལ་ཚིག་གཅིག་ཞུ། ཚོགས་ཀྱི་ཤར་ཕྱོགས་དངོས་སུ་སྟེགས་ཀྱི་སྟེང་དུ། ལས་གཏོར་བཟང་པོ་གཅིག་བཤམས་པའི་ནང་དུ་དགྲ་བོའི་ལིངྒ་བྲིས་ལ། མགོ་ཐུར་དུ་བསྟན་ལ་གཏོར་མ་ཁྲག་གིས་བྱུག་ལ་མགོན་བསྐུལ་གྱི་རྟེན་དུ་འཕེན། མ་གྱུ་ན་ལན་གསུམ་བཟློག་དེ་ནས་གཏོར་མའི་ནང་ནས་ལིང་ག་འདོན་ལ་མེ་ལ་བསྲེགས་ནས་དམོད་མོ་བོར་རོ། །ཛྙཱ་ན་ཏཱ་རེས་ཞུ་བའོ། །
༈ ཤེས་རབ་མ་དང་ལྷན་གཅིག་ཏུ་ནགས་ཀྱི་ནང་དུ་གནས་པའི་ཚེ། བྱ་མདོག་དམར་བ་མགོ་དཀར་བ་མིག་བྱུ་རུའི་མདོག་ལྟར་དམར་བ་སྨིན་མ་གཡུ་ལྟར་སྔོ་བ། མཆུ་དང་སྡེར་མོ་ལྕགས་ལས་བྱས་པ་གཅིག་བྱུང་ནས་འདི་སྐད་ཟེར། རོག་པོ་རོག་པོ་བདག་ལ་ཚུར་ཉོན་དང་། །བླ་མའི་གསུང་འཕྲིན་དམ་པོ་བསྐུར་ནས་ཡོད། །མ་ཡེངས་རྣ་བའི་དབང་པོ་ལེགས་པར་གཏོད། །ཨེ་མ་མཁའ་ལྡིང་སྣ་ཚོགས་སྤྲུལ་པའི་བྱ། །བདག་གི་བདེ་འདོད་བྱ་བ་དེ་ཉིད་ལ། །ངས་སྐུར་ཚིག་འདི་ལེགས་པོར་སྨྲ་བར་གྱིས། །ལྟ་བ་ནམ་མཁའི་པད་མོ་ལྟ་བུ་ལ། །ཕྱོགས་རིས་ཞེ་འདོད་མིང་དང་བྲལ་བ་ལ། །ཕྱོགས་རིས་མེད་པར་རང་གི་གནས་སུ་ཤོག །སྒོམ་པ་གཞོན་ནུའི་དགའ་བདེ་ལྟ་བུ་ལ། །བརྗོད་བྱའི་མཐའ་དང་བྲལ་བ་ཡིན་པ་ལ། །བདེན་ཞེན་མེད་པར་རང་གི་གནས་སུ་ཤོག །སྤྱོད་པ་རི་བོང་རྭ་གཉེར་ལྟ་བུ་ལ། །ཚུལ་འཆོས་བདེན་འཛིན་སྒྱུ་མ་ཡིན་པ་ལ། །ཆོས་བརྒྱད་རང་གྲོལ་རང་གི་གནས་སུ་ཤོག །འབྲས་བུ་རིན་ཆེན་ས་ལེ་ལྟ་བུ་ལ། །རེ་དོགས་གཉིས་ཀྱི་མཐའ་བྲལ་ཡིན་པ་ལ། །འགྱུར་མེད་ལྷུན་གྲུབ་རང་གི་གནས་སུ་ཤོག །རྩེ་གཅིག་ཚེ་འདིའི་སྣང་བ་ཡིན་པ་ལ། །སྣང་བ་སྐྱུར་ལ་རང་གི་གནས་སུ་ཤོག །སྤྲོས་བྲལ་ཚིག་གི་སྤྲོས་པ་བྲལ་བ་ལ། །སྤྲོས་པ་ཕྲོལ་ལ་རང་གི་གནས་སུ་ཤོག །རོ་གཅིག་ཕྲག་དོག་རྟོག་པ་མེད་པ་ལ། །ཕྲག་དོག་ཆོད་ལ་རང་གི་གནས་སུ་ཤོག །སྒོམ་མེད་རང་དོན་སྣང་བ་མེད་པ་ལ། །འདོད་བློ་མེད་པར་རང་གི་གནས་སུ་ཤོག །ཚེ་འདིའི་བདེ་བ་རྩྭ་རྩེའི་ཟིལ་བ་ལ། །ཡུད་ཙམ་ཡིན་ནོ་རང་གི་གནས་སུ་ཤོག །དེ་ཕྱོགས་ཤེས་རབ་སྐལ་བ་དམན་པ་ལ། །ཆགས་སེམས་བསྐྱུར་ལ་རང་གི་གནས་སུ་ཤོག །རང་ཕྱོགས་གནས་ནི་ཤེས་རབ་སྐལ་བ་ལྡན། །དམ་ཚིག་སེམས་ལ་རང་གི་གནས་སུ་ཤོག །ཉི་མ་དེ་རིང་སང་ནས་མ་བྱུང་ན། །སྔོན་གྱི་དམ་ཚིག་ཆུ་ལ་ཕོས་པ་ཡིན། །དཔང་པོ་བྱེད་ན་དེ་ལྟར་བྱེད་པར་རིགས། །ང་ཡི་རྒྱ་ཤོག་དག་ལ་ཐིལ་སྦྱར་འདི། །མཁའ་ལྡིང་སྤྲུལ་པའི་བྱ་ལ་བསྐུར་བ་ཡིན། །ཚེས་གྲངས་བཟང་པོ་ཤིས་པའི་ཉི་མ་ལ། །མྱུར་བ་ཉིད་དུ་གནས་སུ་མཇལ་བར་ཤོག །བླ་མ་རྗེས་ནི་དེ་སྐད་གསུངས། །དེ་ཡན་ཆད་བླ་མའི་གསུང་འཕྲིན་ཡིན། །ད་སེམས་ཅན་བྱད་དམར་དེ་དག་གིས། །ཁྱེད་ལ་སྐུལ་འདེབས་འདི་ལྟར་བྱེད། །སྤྱིར་ཡང་བླ་མའི་བཀའ་ལ་ཉོན། །འདུས་བྱས་སྤྱི་ཡི་མཚན་ཉིད་དེ། །མི་རྟག་འཇིག་རྒྱུ་ཡིན་པ་དང་། །ལྷན་ཅིག་སྐྱེས་པའི་ཤ་རུས་འདི། །ནམ་ཞིག་སོ་སོར་གྱེས་པ་ལ། །ཤེས་རབ་གྲོགས་ལ་ཆགས་རྒྱུ་མེད། །དེ་ཕྱིར་རང་གི་གནས་སུ་ཤོག །དེ་ལྟར་གསུང་བཞིན་མ་བྱས་ན། །བླ་མའི་བཀའ་ལས་མ་འདས་སམ། །བཀའ་འདས་ཀྱི་ལྟུང་བ་མི་ཕོག་གམ། །ཌཱ་ཀིའི་དམ་བཅའ་མ་ཤོར་རམ། །དམ་ཉམས་ཀྱི་ཕམ་ལྟུང་མི་ཁུར་རམ། །སྤྲུལ་པའི་ཌཱ་ཀི་ཐམས་ཅད་དང་། །འདི་ཕྱི་ཀུན་ལ་མི་འཕྲད་དམ། །ངན་སོང་གསུམ་ལ་མི་འགྲོའམ། །ངས་ཟེར་ཚིག་ཏུ་ཆེ་མི་ཆེ། །ཆོས་བྱེད་ཉུལ་བའི་བྱ་གཅིག་འདྲ། །ངས་སྐུར་ཚིག་ལ་དཔང་པོ་གྱིས། །ང་འོང་ནི་ལྷོ་ནུབ་མཚམས་ནས་འོང་། །འགྲོ་ནི་བལ་བོད་མཚམས་སུ་འགྲོ་ཕྱི་ལྟར་དུ། །ང་འོང་ནི་འོག་མིན་གནས་ནས་འོང་། །འགྲོ་ནི་བདེ་བ་ཅན་དུ་འགྲོ་ནང་ལྟར་དུ། །ང་འོང་ནི་སྐྱེ་མེད་ངང་ནས་འོང་། །འགྲོ་ནི་ཆོས་དབྱིངས་མཁའ་ལ་འགྲོ། །གཏད་སོ་བརྗོད་མེད་ངང་ལ་བྱེད་གསང་བ་ལྟར་དུ། །ང་ཐོག་མར་འོང་བའི་ཡུལ་མ་མཆིས། །བར་དུ་འགྲོ་བའི་ས་མ་མཆིས། །ཐ་མར་འདུག་པའི་རྟེན་མ་མཆིས། །དེ་ཁོ་ན་ལྟར་དུ། འདི་རྣམས་ཀྱི་ཡིན་ལུགས་ཤེས་པ་ན། །དུས་གསུམ་སངས་རྒྱས་ཀྱི་སྲས་པོ་ཡིན། །འགྲོ་འོང་འདུག་གསུམ་དེ་ལྟར་ཤེས་པར་མཛོད། །དེང་ནས་མངོན་སུམ་མཇལ་བའི་བཀྲ་ཤིས་ཤོག །ཨྠྀི། ཞེས་པ་འདི་ནི་སྤྲུལ་པའི་བྱ་ཞིག་གིས་བདེ་འདོད་ལ་གསུངས་པའོ། །
༈ གུ་རུ་ཨཱརྱ་ཏཱ་རེ་ཡེ་ན་མོ། སྐུ་ནི་དུང་ལྟར་དཀར་བའི་མདངས་དང་ལྡན། །གསུང་ནི་ཚངས་དབྱངས་སྙན་པའི་སྒྲ་དང་ལྡན། །ཐུགས་ནི་བརྗོད་མེད་མཁའ་ལྟར་དག་པའི་དབྱིངས། །འཇིགས་པ་བརྒྱད་སྐྱོབ་ཐུགས་རྗེ་ཅན་ལ་བསྟོད། །སྐུ་ནི་འགྱིངས་གཟུགས་ཞལ་ནི་འཛུམ་མདངས་ལྡན། །རིན་ཆེན་གྲལ་གྲབ་རྒྱན་གྱིས་རབ་ཏུ་སྤྲས། །གཡས་བརྐྱང་གཡོན་བསྐུམ་བདེ་ཆེན་ཉམས་དང་ལྡན། །འཇིགས་པ་བརྒྱད་སྐྱོབ་ཐུགས་རྗེ་ཅན་ལ་བསྟོད། །གཡས་པས་མཆོག་སྦྱིན་རིགས་དྲུག་བཀྲེས་སྐོམ་སེལ། །གཡོན་པས་ཨུད་འཛིན་འཇིག་རྟེན་སྐྱོན་མ་གོས། །སྒེག་པ་དང་བཅས་འགྲོ་དྲུག་ཡོངས་ལ་སྐྱོབ། །འཇིགས་པ་བརྒྱད་སྐྱོབ་ཐུགས་རྗེ་ཅན་ལ་བསྟོད། །ལྟ་བ་ཕར་ཕྱིན་འཁོར་འདས་དབྱེར་མེད་མ། །སྒོམ་པ་ཕར་ཕྱིན་ཟག་མེད་ཆོས་སྐུ་མ། །སྤྱོད་པ་ཕར་ཕྱིན་འགག་མེད་ཡེ་ཤེས་མ། །འབྲས་བུ་ཕར་ཕྱིན་རྣམ་དག་དཀར་པོ་མ། །ཞི་གནས་ཕར་ཕྱིན་རང་སེམས་སངས་རྒྱས་མ། །ལྷག་མཐོང་ཕར་ཕྱིན་ཉོན་མོངས་རང་ཞི་མ། །མཉམ་བཞག་ཕར་ཕྱིན་སྣང་སྲིད་སེམས་རྟོགས་མ། །རྗེས་ཐོབ་ཕར་ཕྱིན་རང་སེམས་ལྷུག་འཇོག་མ། །ཆོས་སྐུ་ཕར་ཕྱིན་སྐྱེ་མེད་དོན་མཐོང་མ། །ལོངས་སྐུ་ཕར་ཕྱིན་ཡོན་ཏན་རབ་རྫོགས་མ། །སྤྲུལ་སྐུ་ཕར་ཕྱིན་འགྲོ་དོན་འབད་མེད་མ། །སྦྱིན་པ་ཕར་ཕྱིན་སེར་སྣ་དང་བྲལ་མ། །ཚུལ་ཁྲིམས་ཕར་ཕྱིན་སེམས་ཉིད་དྲི་བྲལ་མ། །བཟོད་པ་ཕར་ཕྱིན་འགྲོ་དྲུག་མར་ཤེས་མ། །བརྩོན་འགྲུས་ཕར་ཕྱིན་འགྲོ་དོན་གཡེལ་མེད་མ། །བསམ་གཏན་ཕར་ཕྱིན་སྒོམ་མེད་ཡེངས་མེད་མ། །ཤེས་རབ་ཕར་ཕྱིན་གཅིག་ཤེས་ཀུན་མཁས་མ། །མེ་ལོང་ཕར་ཕྱིན་སེམས་ཉིད་འོད་གསལ་མ། །མཉམ་ཉིད་ཕར་ཕྱིན་སྐྱེ་མེད་དོན་རྟོགས་མ། །སོར་རྟོག་ཕར་ཕྱིན་འཁོར་འདས་མཉམ་རྟོགས་མ། །བྱ་གྲུབ་ཕར་ཕྱིན་རང་བྱུང་རང་གྲུབ་མ། །ཚོགས་ལམ་ཕར་ཕྱིན་སངས་རྒྱས་རང་མཐོང་མ། །སྦྱོར་ལམ་ཕར་ཕྱིན་རང་བཞིན་མེད་རྟོགས་མ། །མཐོང་ལམ་ཕར་ཕྱིན་སྐྱེ་མེད་ཆོས་སྐུ་མ། །སྒོམ་ལམ་ཕར་ཕྱིན་མཉམ་བཞག་ཆེན་པོ་མ། །མཐར་ཕྱིན་ཕར་ཕྱིན་སྟོང་ཉིད་སྙིང་རྗེ་མ། །རབ་དགའ་ཕར་ཕྱིན་ཆོས་ཉིད་དོན་མཐོང་མ། །དྲི་མེད་ཕར་ཕྱིན་འཁོར་བའི་སྐྱོན་སྤང་མ། །འོད་གསལ་ཕར་ཕྱིན་སྟོང་ཉིད་རྩལ་རྫོགས་མ། །འོད་བྱེད་ཕར་ཕྱིན་སེམས་ཅན་དོན་བྱེད་མ། །སྦྱང་དཀའ་ཕར་ཕྱིན་ཟབ་ལ་རྒྱ་ཆེ་མ། །མངོན་གྱུར་ཕར་ཕྱིན་རང་སེམས་སངས་རྒྱས་མ། །རིང་པོར་ཕར་ཕྱིན་འཁོར་བའི་ཕར་བརྒལ་མ། །མི་གཡོ་ཕར་ཕྱིན་ཆོས་ཉིད་འགྱུར་མེད་མ། །ལེགས་བློ་ཕར་ཕྱིན་དོན་གཉིས་ཕུན་ཚོགས་མ། །ཆོས་ཀྱི་སྤྲིན་ཆེན་སྟོང་ཉིད་རྩལ་རྫོགས་མ། །ཀུན་འོད་ཕར་ཕྱིན་སྣང་སྲིད་སྐུ་ཤར་མ། །མ་ཆགས་ཕར་ཕྱིན་འགྲོ་དོན་ཞེན་མེད་མ། །འཁོར་ལོ་ཕར་ཕྱིན་དུས་གསུམ་དུས་མཁྱེན་མ། །བདེ་ཆེན་ཕར་ཕྱིན་བློ་ཡི་ཡུལ་འདས་མ། །ལུས་དྲན་ཕར་ཕྱིན་ཡི་དམ་ལྷར་གསལ་མ། །ལྷ་དྲན་ཕར་ཕྱིན་ཡེ་ཤེས་བཀུག་ཞུགས་མ། །སྔགས་དྲན་ཕར་ཕྱིན་རྡོ་རྗེའི་བཟླས་པ་མ། །ཆོས་དྲན་ཕར་ཕྱིན་རྒྱན་དྲུག་རང་རྫོགས་མ། །དོག་སྤང་ཕར་ཕྱིན་སེམས་སུ་དག་པ་མ། །འཛིན་སྤང་ཕར་ཕྱིན་སྤྲོས་པ་དང་བྲལ་མ། །རྟོག་སྤང་ཕར་ཕྱིན་ཆོས་སྐུ་རང་ཤར་མ། །རེ་སྤང་ཕར་ཕྱིན་འཁོར་འདས་སེམས་ཤེས་མ། །དྲོད་ནི་ཕར་ཕྱིན་སེམས་ཀྱི་ངོ་མཐོང་མ། །རྩེ་མོའི་ཕར་ཕྱིན་སྐྱེ་མེད་རང་གྲོལ་མ། །བཟོད་པ་ཕར་ཕྱིན་འཁོར་འདས་བློ་ཤར་མ། །ཆོས་མཆོག་ཕར་ཕྱིན་ཐམས་ཅད་སེམས་ཐིམ་མ། །ལམ་རིམ་ལྟར་ན་མཐའ་རུ་ཕྱིན་པའི་མ། །བྱང་ཆུབ་ལྟར་ན་འཕགས་པའི་ལམ་བརྒྱད་མ། །ས་འགྲོས་ལྟར་ན་བཅུ་གསུམ་རྡོར་འཛིན་མ། །སོ་ཐར་ལྟར་ན་དྲང་དོན་སྟོན་པའི་མ། །བྱམས་སེམས་ལྟར་ན་སྔགས་ཀྱི་དོན་སྟོན་མ། །བླ་མེད་ལྟར་ན་བསམ་མི་ཁྱབ་སྟོན་མ། །ཁམས་གསུམ་འཁོར་བའི་གནས་ནས་འདྲེན་མཛད་མ། །སྲིད་གསུམ་འོག་མིན་གནས་སུ་སྒྱུར་མཛད་མ། །དབང་རིམ་གསུམ་གྱིས་འགྲོ་དོན་ལྷུར་ལེན་མ། །སྐུ་གསུམ་བདེ་ཆེན་གནས་སུ་བཀོད་པའི་མ། །ཐུགས་རྗེ་ཅན་མངའ་འགྲོ་དྲུག་གནས་སུ་དྲོངས། །སྤྱིར་ཡང་འགྲོ་དྲུག་ཀུན་ལ་ཐུགས་རྗེས་གཟིགས། །སྒོས་སུ་བདག་ཅག་འགྲོ་བ་མ་ལུས་ཀུན། །དག་པའི་ཞིང་དེར་མྱུར་དུ་འདྲེན་དུ་གསོལ། །འདི་རྩོམ་པ་ལ་ཉེས་པ་ཡོད་སྲིད་ན། །འཕགས་པའི་སྐུ་གསུང་ཐུགས་ཀྱི་སྤྱན་སྔར་བཤགས། །དགེ་བས་མ་རྣམས་བདེ་ལ་དགོད་པར་ཤོག །ཅེས་པ་འདི་ནི་ཌཱ་ཀི་རྒྱན་སྒྲོན་གྱིས་པར་ཐང་དུ་སྒྲོལ་མ་རང་བྱོན་གྱི་སྤྱན་སྔར་ཕྱི་ནང་གི་ཆོས་ཐམས་ཅད་དང་མཐུན་པར་བསྟོད་པའོ། །
༈ སྐྱབས་གནས་བློ་གཏོད་བླ་མ་དཀོན་མཆོག་གསུམ། །རྒྱལ་བའི་རྒྱལ་ཚབ་གབ་དང་སྦས་པའི་ཚུལ། །མཚན་ཉིད་གསུམ་ལྡན་ཁྱོད་ཉིད་རྒྱལ་གྱུར་ཅིག །དུས་རྣམ་ཀུན་ཏུ་བདག་ཀྱང་མི་འབྲལ་ཤོག །བདག་ཀྱང་ཚེ་འདིར་མཇལ་བར་མ་གྱུར་ཀྱང་། །དག་པའི་གནས་སུ་མཇལ་བའི་སྨོན་ལམ་མཛོད། །སྨོན་ལམ་རྟེན་ལ་དག་པའི་ཤེལ་སྒོང་འདི། །སྣང་བའི་ཆོས་རྣམས་འདི་ལ་མཚོན་བསྟན་བཞིན། །ཡིན་ལུགས་སྣང་ལུགས་ཤེས་པའི་བརྡ་རུ་འབུལ། །ཡེངས་མེད་ངང་ནས་དམིགས་མེད་བསྔོ་བ་ཡིས། །རྒྱུན་ཆད་མེད་པར་གཏད་མེད་མཛད་པར་ཞུ། །ཧཱུཾ་ཧཱུཾ་ཧཱུཾ། དུས་གསུམ་མ་ཡེངས་ཆོས་ཉིད་ཨེ་མ་ཧོ། །རྡོ་རྗེ་འཆང་གི་མཚན་ཉིད་ཨ་ལ་ལ། །མ་ངེས་པའི་བུད་མེད་གཅིག་གིས་ཤེལ་གྱི་རྟོག་པོ་གཉིས་ནམ་མཁའི་རྣལ་འབྱོར་དང་བདེ་འདོད་དཔོན་སློབ་ལ་ཕུལ་ནས་དེ་སྐད་ཟེར་རོ། །
༈ རྒྱ་གར་ཤར་ནུབ་ལ་སོགས་པའི། །གྲུབ་ཐོབ་ཀུན་གྱི་རྣམ་པར་འཕྲུལ། །གནས་སྐབས་མི་ཡི་ཚུལ་བཟུང་བའི། །རྒྱལ་དབང་དྷོ་ཙྪའི་དབང་པོ་གསོན། །སྐུ་ཚེ་མཐར་ཐོན་ལ་སོགས་རྟགས། །ཕྱག་གདུབ་དཀར་པོ་གཡས་སུ་བསྐོན། །ཕྱག་གདུབ་སེར་པོ་གཡོན་དུ་བསྐོན། །ཤེས་རབ་ཐུགས་ཡིད་གང་འདྲེས་གཉིས་ལ་ཕུལ་དུ་ཆུལ། །སོར་གདུབ་དག་ཀྱང་དེ་དང་མཚུངས། །རྟེན་འབྲེལ་དེ་ལས་ཆེ་བ་མེད། །གནད་ཀྱི་གལ་མདོ་དེ་ཀ་ཡིན། །རྟོགས་ལྡན་གྲུབ་ཐོབ་རྣལ་འབྱོར་སོགས། །ཡིན་པར་གྱུར་ན་དེ་ལྟར་མཛོད། །ཨོཾ་ཨོཾ། དེ་ནི་གཙོ་མོ་སུདྷ་རི་དྷོ་ཙྪ་ཏཱ་རེ་བུདྡྷ་ཏཱ་རེ་གསུམ་གྱིས་གསུངས་པའོ། །
༈ ད་ཐད་ཀར་གནས་པ་རྣམས་ལ་ནི། །བདག་ལ་ཐུགས་ཁྲེལ་མ་མཛད། །མན་ངག་གནད་དང་ལྡན་པ་ན། །འཁོར་བར་གནས་ཀྱང་སྡུག་རྒྱུ་མེད། །ལུས་པོ་སྦེམ་ཡང་སྡུག་རྒྱུ་མེད། །ཁྱོ་པོ་མང་ཡང་སྡུག་རྒྱུ་མེད། །བུ་ཚས་གཟིར་ཡང་སྡུག་རྒྱུ་མེད། །གོང་གི་གནད་དང་མི་ལྡན་ན། །གཟུགས་བྱད་མཛེས་ཀྱང་རྒྱ་ཡི་བྱ་མོ་ཡིན། །སྒྲ་སྐད་སྙན་ཡང་ནེ་ཙོ་སྨྲ་མཁས་ཡིན། །ནོར་ཡོད་ཀྱང་མཚོ་འགྲམ་ཡིད་བཏགས་ཡི་དྭགས་ཡིན། །དབང་ཡོད་ཀྱང་མཐའ་བཙུད་ཀྱི་ཤ་ཁྱི་ཡིན། །གོས་ལེགས་ཀྱང་ནམ་མཁའི་འཇའ་གཟུགས་ཡིན། །བླ་མ་རྗེ་དང་མཇལ་ན་ཡང་། །ལོང་བའི་མདུན་དུ་གཟུགས་ཅན་ཡིན། །བདེ་བ་ཆེ་ལྟར་སྣང་ན་ཡང་། །རྨོང་ཙེའི་སྤྱོད་དང་མཚུངས་པ་ཡིན། །བདེ་བའི་རང་བཞིན་མ་རྟོགས་ན། །ཀར་ཤ་ཀིར་ཤ་མང་ན་ཡང་། །བྱི་ལས་བྱི་ལ་འཛག་པ་ཡིན། །གོང་གི་གནད་དང་ལྡན་པ་ན། །འདི་རྣམས་མངོན་སུམ་བྱས་ན་ཡང་། །བྱས་ལྟར་སྣང་ཡང་གོས་པ་མེད། །གྲྭ་སློབ་འཁོར་དང་བཅས་ལ་ནི། །ཉམས་བསྡུར་ཚུལ་དུ་དེ་ལྟར་ཞུ། །བདག་ལ་ལོག་པར་མ་ལྟ་དང་། །ཆོས་ཤེས་པ་མང་སྟེ་གྲོལ་བ་ཉུང་། །ཚིག་གཅིག་དོན་རྟོགས་གྲོལ་བ་ཡིན། །མང་པོའི་མཐའ་ལ་ཐུག་པ་མེད། །འདི་ཕྱི་བདེ་བར་འདོད་གྱུར་ན། །བསོད་ནམས་ཚོགས་བསགས་ཚོགས་ལ་འབུངས། །ཡེ་ཤེས་ཚོགས་བསགས་སྟོང་ཉིད་སྒོམ། །ཡ་མ་བྲལ་བའི་ཟུང་འཇུག་ཡིན། །སྒོམ་ཚུལ་བླ་མའི་ཞལ་ལ་རག །དེ་ཕྱིར་ཚོགས་གཉིས་དག་ལ་འབུངས། །ཉེས་ཚོགས་ཆོས་བདག་རྣམས་ལ་བཤགས། །དགེ་དེས་མ་རྣམས་བདེ་གྱུར་ཅིག །ཨྠྀི། ཞེས་པ་ཌཱ་ཀི་སུ་ཀ་ཏཱ་རེས་རྩ་འཁོར་རྣམས་ལ་གདམས་པའོ། །
༈ ཐ་ཏྲ་དྷུ་ར་ཨས། སྒྲིབ་གསུམ་རང་གྲོལ་སྐུ་གསུང་ཐུགས་ལ་འདུད། །བཤེས་ཀྱི་ཚུལ་བཟུང་མོས་ན་འདི་ལྟར་དགོངས། །མཐར་ཐུག་དོན་གྱི་བཞུགས་ཚུལ་འདི་དག་ལ། །གོ་བ་ལེགས་ཏེ་མྱོང་བ་ཅུང་མ་ལེགས། །གོ་བ་དང་མྱོང་བ་མ་འབྱེད་ཧསྟི་ཁ། །ད་ཐུགས་དམ་ཚོད་འཛིན་འདི་ལྟར་ཞུ། །མྱོང་བ་རྩེ་གཅིག་གོ་བ་སྤྲོས་བྲལ་མཆིས། །མཐར་ཐུག་དོན་ཡིན་ཇི་ལྟའི་དོན་མ་མཆིས། །ད་རུང་ཐུན་བཞི་དབང་བཞི་དག་ལ་བརྩོན། །ཐམས་ཅད་སེམས་སུ་ཤེས་པའི་ལྟ་བ་མཛོད། །དུ་མ་རོ་གཅིག་རྟོགས་པའི་སྒོམ་པ་མཛོད། །ཚོགས་དྲུག་དགག་སྒྲུབ་བྲལ་བའི་སྤྱོད་པ་མཛོད། །གཅིག་ཤེས་ཀུན་ལ་མཁས་པའི་སྤྱོད་པ་མཛོད། །འགྲོ་འཆག་ཉལ་འདུག་ཡེངས་མེད་ཀྱི་མཉམ་བཞག་མཛོད། །ཤར་ཚད་རྒྱས་འདེབས་ཤེས་པའི་རྗེས་ཤེས་མཛོད། །མཉམ་རྗེས་ཟུང་དུ་འཇུག་པའི་དབྱེར་མེད་མཛོད། །ད་ལྟའི་དུས་སུ་དེ་ལྟར་འབད་དུས་མཆིས། །ལེ་ལོ་འདུ་འཛི་སྤངས་ནས་བརྩོན་པར་མཛོད། །དེ་ནས་ཤུགས་ཀྱིས་ངོ་བོ་རྗེན་པར་འཆར། །ཚུལ་བཞིན་དེ་ལྟར་བསྒྲུབ་ལ་བརྩོན་མཛོད་དང་། །ཐེངས་གཅིག་འོངས་ནས་བདེ་ཆེན་གཏད་ཀྱང་སྲིད། །ཧཻ། འདི་དོན་ཇི་བཞིན་མ་ལུས་ཐམས་ཅད་ཀུན། །རིགས་ཀྱི་ཐབས་མཆོག་དྷརྨ་ཝ་ཤང་གིས། །སྒྲིབ་གསུམ་རང་གྲོལ་སྐུ་གསུམ་མངོན་གྱུར་ནས། །གནས་གསུམ་མཁའ་འགྲོའི་རྟོགས་པ་མཐར་ཕྱིན་ཤོག །འདི་དོན་བསྒྲུབ་ལ་བར་ཆད་མེད་པ་དང་། །ཨེ་བཾ་ཡིན་ལུགས་མངོན་གྱུར་བཀྲ་ཤིས་ཤོག །འདི་ལྟར་སྨྲ་བར་རིགས་པ་མ་མཆིས་ཀྱང་། །སྔོན་གྱི་འབྲེལ་དང་ད་ལྟ་གདུང་བའི་ཕྱིར། །མ་བཟོད་ཚིག་ཏུ་བཏོན་པར་གྱུར་པ་ལ། །ཆོས་བདག་གོང་མ་རྣམས་ལ་བཟོད་པར་མཛོད། །དགེ་འདིས་འདི་དོན་བཤེས་ཀྱིས་རྟོགས་པར་ཤོག །ཁ་ཏྲཾ། རྒྱ་རྒྱ་རྒྱ། མཁའ་འགྲོ་སྒྲོན་གྱིས་ཚིག་གི་འབྲེལ་པ་ཡིན། །གནད་དུ་ཨེ་མཆིས་རྗེ་ལ་དྲིས་དང་གསལ། །ཞེས་པ་འདི་ནི་ཌཱ་ཀི་མཁའ་འགྲོ་སྒྲོན་གྱིས་དྷརྨ་ཝ་ཤང་ལ་གསུངས་པའོ། །
༈ ན་མོ་གུ་རུ་ཏྲི་ཡཾ་ཡེ་ཧཱུཾ། རྩོལ་བ་མེད་པའི་ལུས་ཀྱི་ཟག་མེད་དགེ་བ་རྫོགས། །བརྗོད་དུ་མེད་པའི་ངག་གི་དགེ་བ་རྫོགས། །བསམ་དུ་མེད་པའི་ཡིད་ཀྱི་དགེ་བ་རྫོགས། །སྐུ་གསུམ་ཡོངས་རྫོགས་གུ་རུ་ལ་ཕྱག་འཚལ། །ཆོས་ཐམས་ཅད་ཀྱི་ཡིན་ལུགས་ནམ་མཁའ་ལྟར་ངོས་འཛིན་ནི། ནམ་མཁའ་ཡེ་གདོད་མ་ནས་སྟོང་པ་ཡིན་པ་འདྲ། ནམ་མཁའ་ལ་སོགས་པ་ཅི་བྱུང་འཛིན་མཁན་གྲུབ་པ་མེད་པ་འདྲ། འཛིན་མཁན་གྲུབ་པ་མེད་པས་སྐྱོན་ཡོན་གྱིས་མ་གོས་པ་འདྲའོ། །དཔེ་དེས་མཚོན་ཏེ། རང་གི་སེམས་ཉིད་འདི་ཡང་ཡེ་གདོད་མ་ནས་སྟོང་པ་ཉིད་གཅིག་འདྲ། སྟོང་པར་ངོ་ཤེས་པས་བཟང་ངན་ལ་སོགས་པ་ཅི་ཙམ་ཤར་ཡང་འཛིན་མཁན་གྲུབ་པ་མེད་པ་འདྲ། མ་གྲུབ་པས་རང་གི་སེམས་ཉིད་འདི་ཕྱོགས་སུ་མ་ལྷུང་རིས་སུ་མ་ཆད་པས། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ། ཕྱོགས་རིས་མེད་པའི་ཉམས་འཆར་བ་འདྲའོ། །བློ་བྲལ་ཉམས་མྱོང་རྒྱུད་ལ་མ་སྐྱེས་པས། །རྨི་ལམ་སྒྱུ་མ་བྲག་ཅའི་ཆོས་ཀྱི་འཆིང་། །བདེན་ཞེན་འཛིན་པས་འཁོར་བར་འཆིང་བྱེད་འདྲ། །ཡིན་མིན་གང་ཡིན་ངོས་འཛིན་ཞུ། །ཆོས་ཀྱི་བདག་པོར་བཟོད་པར་གསོལ། །རྒྱན་མཛེས་མ་ཡི་ཞུ་བའོ། །ཧཻ། ཨོཾ་སྭ་སྟི། གུ་རུ་ཌཱ་ཀི་རྣམས་ཀྱིས་བདག་སྐྱོངས་ཤིག །ཐབས་གྱུར་ནམ་མཁའི་རྣལ་འབྱོར་ལ། །ཤེས་རབ་ཡིད་འོང་རྒྱན་བཟང་མཛེས་པའི་གཟུགས། །ངག་གི་ཚིག་འབྲེལ་མདོར་བསྡུས་ཨེ་མ་ཧོ། །རྟོགས་ཚུལ་ཆ་ཤས་བརྗོད་ལ་སྙན་ཡིད་གསོན། །ནམ་མཁའ་གདོད་ནས་སྐྱེ་འགག་བྲལ་བ་ལྟར། །རང་སེམས་ཡེ་ནས་སྐྱེ་འགག་མཐའ་དང་བྲལ། །ནམ་མཁར་འཛིན་པའི་ཡུལ་དང་ཡུལ་མ་མཆིས། །དེ་བཞིན་ཡུལ་དང་འཛིན་པའི་སེམས་མ་མཆིས། །བཟང་ངན་འཁོར་འདས་དེ་ཡི་རོལ་པ་ཅན། །ཐ་དད་དང་བྲལ་གཉིས་མེད་བདེ་བ་ཆེ། །ཕྱོགས་སུ་མ་ལྷུང་རིས་སུ་ཆད་པ་མེད། །ཡོད་མེད་རྟག་ཆད་གདོད་ནས་རྣམ་པར་དག །སྤྲོས་པ་ཉེར་ཞི་འོད་གསལ་ཆོས་ཀྱི་སྐུ། །དོན་ལ་དེས་ཀྱང་མི་མཚོན་བློ་ལས་འདས། །རྒྱལ་བ་སྲས་བཅས་གཟིགས་པའི་ཡུལ་མ་མཆིས། །ནམ་ཞིག་བདག་ཀྱང་དེར་འཛིན་ཡོད་ཀྱི་བར། །སྲིད་ལས་གྲོལ་བ་ནམ་ཡང་རིག་མ་ཡིན། །གྲོལ་མཁན་མཁན་པོ་མེད་པར་གྲོལ་བ་མཚར། །ཡུལ་མེད་ཡུལ་དུ་བཟུང་བས་འཁོར་བར་འཁྱམས། །བདག་མེད་བདག་ཏུ་བཟུང་བས་འཁོར་བར་འཁྱམས། །ང་མེད་ང་རུ་བཟུང་བས་འཁོར་བར་འཁྱམས། །སྐྱེ་མེད་སྐྱེ་བར་བཟུང་བས་འཁོར་བར་འཁྱམས། །འཁྱམ་མཁན་མཁན་པོ་མེད་པར་གྲོལ་བ་མཚར། །ཨེ་མ་དེ་འདྲའི་ངོ་མཚར་མི་ཆེའོ། །གསང་དོན་སྨྲ་ལ་ཉེས་པ་ཡོད་གྱུར་ན། །ཆོས་ཀྱི་བདག་པོ་གོང་མ་རྣམས་ལ་བཤགས། །ཐབས་ཤེས་ངག་གི་ཚིག་འབྲེལ་དགེ་བ་དེས། །འགྲོ་རྣམས་དེ་དོན་མངོན་དུ་གྱུར་བར་ཤོག །ཧཱུཾ་ཧོ། དབྱིངས་ཕྱུག་ནམ་མཁའི་རྣལ་འབྱོར་གྱིས། །མ་ངེས་པ་ཡི་རྒྱན་མཛེས་མས། །ཆོས་ཀྱི་གནད་འགའ་དྲིས་པའི་ལན་དུ་སྨྲས་པའོ། །དགེའོ། །
ད་མཚམས་བཏོན་འཐད་དམ་མི་འཐད་ཞུས་པའི་ལན་དུ། བརྗོད་བྲལ་བླ་མའི་ཞབས་ལ་འདུད། །གཤིས་གདལ་པ་ཆེན་པོའི་ངང་ཉིད་ལ། །མཚམས་བྱེད་བྱ་བ་ཅི་ལ་ཟེར་བ་ཡིན། །འགག་མེད་རང་གྲོལ་ཆོས་སྐུའི་རང་རྩལ་ལ། །མཚམས་བྱེད་བྱ་བ་ཅི་ལ་ཟེར་བ་ཡིན། །འཁོར་འདས་ཆོས་རྣམས་གསལ་དང་ལྷུན་གྲུབ་ལ། །མཚམས་བྱས་འབྲས་བུ་ཇི་ལྟར་འདོད་པ་ལགས། །འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་དམིགས་མེད་ཡུལ་འདས། བསམ་བརྗོད་འཛིན་པ་བྲལ་བའི་རང་བཞིན་དེ་ལ། མཚམས་ཞེས་པའི་མིང་ཡང་མི་བརྗོད་དེ། དེ་ཅིས་ཀྱང་མཚམས་ཤིག་དགོས་ཤེ་ན། ལུས་ངག་ཡིད་གསུམ་གང་དེ་མཚམས་པ་ལགས། ལུས་འདིས་མཚམས་བྱེད་ཅེ་ན། ཆོས་ཉིད་དངོས་པོར་སྣང་ཚད་འདི་རྣམས་ཀྱང་མཚམས་པ་འཐད། ངག་འདིས་མཚམས་བྱེད་ཅེ་ན། འབྱུང་བ་ལྔ་ལ་སོགས་པའི་སྨྲ་བའི་རིགས་སུ་གྱུར་པ་རྣམས་ཀྱང་མཚམས་པ་འཐད། སེམས་ནི་ཆོས་ཀྱི་བདག་པོ་གསང་བའི་ཌཱ་ཀི་མ་རྣམས་ཀྱིས་ཀྱང་མ་མཐོང་བ་ལ་ཁྱོས་མཐོང་ན་ཨེ་མ་ཧོ་བས་མཚམས་འཐད་དོ། །གསུམ་པོ་ཟུང་འཇུག་ཏུ་བྱེད་ཅེ་ན། གནས་ཇི་ལྟ་བུ་ཞིག་ན་བྱེད། ཡུལ་སུ་ལྟ་བུ་ཞིག་ལ་བྱེད། ནམ་མཁའ་འདིས་གར་ཁྱབ་མཚམས་སུ་དགོངས་པའི་ཕྱིར་རོ། །ལུས་ངག་ཡིད་གསུམ་འདི། མིས་མི་མཐོང་བ་ལ་མཚམས་ཟེར་པ་ཡིན་ནམ། དེ་ཡིན་ན་ཁྱེད་ཀྱི་ལུས་འདི་མི་དང་མི་མ་ཡིན་སྐྱེ་འགྲོ་འདབ་ཆགས་ངེད་མཁའ་ལ་འགྲོ་བ་རྣམས་ཀྱིས་རིག་པས་ན་མཚམས་ཞིག་ཐལ། ངག་ཀྱང་དཔེ་དེས་མཚོན། སེམས་ལ་མཚམས་བྱེད་རྒྱུ་མ་མཆིས་ན་ཁྱེད་ཀྱིས་ཁྱད་ཆོས་སོ། །ད་ཡང་བཞད་གད་ཚིག་འགའ་ཞུ། ཁྱོས་ལྟ་བ་མ་རྟོགས་པར་ཐལ། ལྟ་བ་རྟོགས་པ་ལ་སྒོམ་མེད་རྒྱུད་ལ་སྐྱེ་དགོས། རྩོལ་བ་དང་བྲལ་བའི་སྒོམ་མེད་རྒྱུད་ལ་སྐྱེ་དགོས། རྩོལ་བ་དང་བྲལ་བའི་སྒོམ་མེད་ཀྱི་དུས་སུ་ཡང་སྐྱོན་གསུམ་འོང་བ་དེ་ངོས་ཟིན་དགོས། ཕྱི་རགས་པའི་སྐྱོན་སྒོམ་མེད་ཐ་མལ་དུ་འགྲོ་བའི་སྐྱོན་ཡོད། ནང་ཕྲ་བའི་སྐྱོན་གསལ་དང་སྒྲིབ་བྱེད་ལ་ཤོར་བའི་སྐྱོན་ཡོད། བར་དུ་ཤིན་ཏུ་ཕྲ་བའི་སྐྱོན་སྒོམ་མེད་དམིགས་ཡུལ་དུ་ཤོར་བའི་སྐྱོན་ཡོད། སྐྱོན་དེ་གསུམ་ཤིན་ཏུ་ནས་ངོས་ཟིན་པ་གལ་ཆེ་བ་ལགས། ངེད་ཀྱི་རང་ལུགས་ཀྱི་མཚམས་འདི་ལྟར་རོ། །གསལ་དྭངས་ཀྱི་ཤེས་པ་སྒྲིམ་ཀློད་གཉིས་དང་བྲལ་བའི་ངང་ལ་མི་གཡོ་བ་དེའོ། །ཧཻ་ཧཻ། བདེ་སྟོང་རིག་པ་ཆོས་ཀྱི་སྐུ། །རིག་སྟོང་དབྱིངས་རིག་ལོངས་སྤྱོད་རྫོགས། །གསལ་སྟོང་འགག་མེད་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་བླ་མ་ལ། །དོན་དམ་གནད་འདི་ཞུས་པའི་མཐུས། །གཏན་སྐྱིད་བདེ་ཆེན་ཐོབ་པར་ཤོག །ཤན་འབྱེད་རྒྱན་མཛེས་མའི་ཞུ་བའོ། །ཞེས་པ་འདི་ནི་ཌཱ་ཀི་རྒྱན་མཛེས་མས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ གུ་རུ་ཌཱ་ཀི་ལ་ན་མོ། སྟོང་ཉིད་སྙིང་རྗེ་མཐར་ཕྱིན་རྒྱལ་བའི་ཡུམ། །དོན་དམ་གནས་ལུགས་མངོན་གྱུར་རྫོགས་སངས་རྒྱས། །འཁོར་འདས་ཤན་འབྱེད་མ་ལུས་ཐུགས་སུ་ཆུད། །མཚན་དང་དཔེ་བྱད་ཡོན་ཏན་དུ་མས་བརྒྱན། །མཛེས་ཤིང་ཡིད་འོང་དགའ་བདེའི་སྟོབས་རྣམས་བསྐྱེད། །མ་ལུས་ཨོ་རྒྱན་གནས་ནས་མཁའ་སྤྱོད་འདྲེན། །ཤེས་དང་ཤེས་བྱ་མངོན་སུམ་གཟིགས། །ཆུ་དང་དེ་ཡི་རླབས་བཞིན་མི་འབྲལ་ཞིང་། །དེར་ཡང་བདེ་སྟོང་རྟོགས་པ་མངོན་གྱུར་ཤོག །ཨེ་མ་དོན་དམ་གནད་འདི་ངོ་མཚར་ཆེ། །ཀུན་རྫོབ་སྒྱུ་མ་ཙམ་དུ་མ་བརྟེན་པར། །དམ་པའི་དོན་དེ་ནམ་ཡང་རྟོགས་བྱ་མིན། །དེས་ན་ཐ་སྙད་རྨི་ལམ་ཙམ་ཞིག་ལ། །མཚམས་ནི་བྱེད་དང་བཀྲོལ་ལ་འགལ་བ་མེད། །དོན་ལ་བློ་འདས་བརྗོད་མེད་ཡིན་གྱུར་ཀྱང་། །གནས་སྐབས་མ་འགགས་སྣ་ཚོགས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ནས་རྨིག་རྒྱུའི་ཆུ་དང་མཚུངས། །སོ་སོ་མ་ཡིན་གདོད་ནས་འདུ་འབྲལ་མེད། །དེ་ལ་གནས་ལུགས་ཕྱག་རྒྱ་ཆེན་པོ་ཟེར། །རྩོད་ལྡན་དུས་ཀྱི་ནམ་མཁའི་རྣལ་འབྱོར་ངས། །ཅལ་ཅོལ་བཞད་གད་ཚིག་འགའ་སྨྲ་ལ་གསོན། །ཐོག་མེད་དུས་ནས་ནམ་མཁའ་གནས་ཀྱི་བར། །མཚམས་དང་སྨྲ་བཅད་མ་བྱས་མི་བྱེད་བྱེད་མི་འགྱུར། །ཉམས་ལེན་ཐུན་བཞི་མ་བསྐྱངས་མི་སྐྱོང་བསྐྱང་མི་འགྱུར། །ལས་ངན་འཁོར་བར་མ་འཁྱམས་མི་འཁྱམས་འཁྱམས་མི་འགྱུར། །སྡིག་པ་མི་དགེ་མ་བསགས་མི་བསོག་གསོག་མི་འགྱུར། །ཐར་བ་མྱང་འདས་མ་བསྒྲུབས་མི་སྒྲུབ་བསྒྲུབ་མི་འགྱུར། །ཚེ་གཅིག་སངས་ཅུང་ཆུང་མ་རྒྱས་མི་རྒྱས་རྒྱས་མི་འགྱུར། །ཡང་གསན་ཞུ། ཁོ་བོས་ལྟ་བ་མ་རྟོགས་པ་འདོད། ལྟ་བ་རྟོགས་ན་ལུས་ཀྱིས་རྟོགས་སམ་ངག་གིས་རྟོགས། ཡང་ན་སེམས་ཀྱིས་རྟོགས་ཡང་ན་ལུས་ངག་ཡིད་གསུམ་གས་རྟོགས། ཡང་ན་དེ་ལས་གཞན་དུ་གྱུར་པས་རྟོགས། ལུས་ཀྱིས་རྟོགས་ན་གཟུགས་གྲུབ་ཚད་ཀྱིས་རྟོགས་དགོས། ངག་གིས་རྟོགས་ན་བྲག་ཆ་ལ་སོགས་སྒྲ་ཐམས་ཅད་ཀྱིས་རྟོགས་དགོས། སེམས་ཀྱིས་རྟོགས་ན་ནམ་མཁའ་འདིས་ཀྱང་རྟོགས་དགོས། གསུམ་ལས་རྟོགས་ན་འཇག་མའི་སྲིན་བུ་ཡན་ཆད་ཀྱིས་རྟོགས་དགོས། དེ་ལས་གཞན་པས་རྟོགས་པ་མི་འཐད་དེ་སེམས་ལས་གཞན་དུ་གྱུར་པའི་ཆོས་མེད་པའི་ཕྱིར་རོ། །རྟོགས་བྱའི་ལྟ་བ་མ་གྲུབ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བའི་ཕྱིར་ནའོ། །བསྒོམ་བྱ་མ་གྲུབ་སྟེ་སྤྱོད་རྫོགས་ལ་སོགས་པའི་བློ་ལས་འདས་པའི་ཕྱིར་རོ། །སྒོམ་མཁན་མ་གྲུབ་སྟེ། བློ་ཡི་འཛིན་པ་རང་སར་གྲོལ་བའི་ཕྱིར་རོ། །སྒོམ་མེད་ཀྱི་དུས་སུ་སྐྱོན་གསུམ་བྱུང་ཡང་དགག་ཏུ་མེད་དེ། སེམས་ཀྱི་ཆོས་ཉིད་དེ་ཀ་ལས་མ་གཡོས་པའི་ཕྱིར་རོ། །དེ་ལྟར་ཡིན་ན་སྟོང་པ་ཆད་འབྱམས་སུ་འགྲོ་སྙམ་ན་མི་འགྲོ་སྟེ་མདོ་རྒྱུད་བསྟན་བཅོས་རྣམས་ཀྱི་སྙིང་པོ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ། གྲུབ་ཐོབ་རྣམས་ཀྱི་ཐུགས་ཀྱི་བཅུད་ཌཱ་ཀི་མ་རྣམས་ཀྱི་གསང་བའི་གནས། དོན་དམ་པའི་བདེན་པ། སྐྱེ་བ་མེད་པ། འོད་གསལ་བ། འདུས་མ་བྱས་པ། ལྷུན་གྱིས་གྲུབ་པ། སྐུ་དང་ཡེ་ཤེས་བརྡལ་བ་ཆེན་པོར་བཞུགས་པ་དེ་ལ་སྟོང་ལྟར་སོང་བའི་སྐྱོན་མ་མཆིས་སོ། །ཉེས་ཚོགས་མི་བཤགས་བཤགས་ན་རང་ལ་སྡིག །དགེ་བ་མི་བསྔོ་བསྔོས་ན་རང་ལ་སྡིག །ཅེས་པ་ཌཱ་ཀི་རྒྱན་མཛེས་མས་དྲིས་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ གུ་རུ་ཙཀྲ་སཾ་བྷ་ར་ཌཱ་ཀི་ན་ཐའི་ཚོགས་ལ་ན་མོ། སྲིད་གསུམ་འདྲེན་པ་ཀུན་གྱི་གཙོ་བོ་དཔལ་ལྡན་དཔའ་བོ་ཟག་མེད་བདེ་བ་ཆེན་པོའི་རོལ་པར་མཛད་པ། སྐྱེས་སོགས་མཐའ་གཉིས་ལ་གཡོ་མེད་མཐའ་དག་མངོན་སུམ་དུ་གྲོལ་བའི་དཔལ་དང་ལྡན་པའི་ཧེ་རུ་ཀ་དཔའ་བོའོ། །ཐོད་པའི་དུམ་བུ་དཔའ་མོ་རབ་ཏུ་གཏུམས་པའི་དབུས་དང་མཐའ་ཐམས་ཅད་ཁྱབ་པ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས། རྒྱལ་དབང་ནམ་མཁའི་རྣལ་འབྱོར་དཔོན་སློབ་རྣམས་དུས་དང་ཚེ་རབས་ཐམས་ཅད་དང་ཁྱད་པར་དུ་ཡང་། གནས་འདི་ཕྱོགས་སུ་གནས་པའི་དུས་སུ་ཡང་། བར་ཆད་ཀྱི་རྐྱེན་དབང་དུ་མི་བཏང་བར་མཛད་ནས་ཅི་འབྱོར་གྱི་ཚོགས་འཁོར་དུ་སྤྱན་འདྲེན་པའི་དུས་སུ་གཤེགས་པར་མཛད་དུ་གསོལ། ཞེས་པ་འདི་ནི་ཌཱ་ཀི་རྒྱན་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ ཨོཾ་འགྲུབ་པར་གྱུར་ཅིག་འདས་དང་མ་འོངས་དུས་གསུམ་གྱི་མངའ་བདག་མི་མངོན་དབྱིངས་ཀྱི་གཙོ་མོ་ཌཱ་ཀི་མ། རྡོ་རྗེ་ཕག་མོ་དེ་ཡི་འཁོར་དགུ་ཁྲིའི་ཚོགས་དང་བཅས་པ་རྣམས་ཀྱིས་ཐུགས་མཁྱེན་པ་དང་བརྩེ་བའི་སྒོ་ནས་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། སྤྱིར་ཡང་དཔལ་ལྡན་བླ་མ་འདི་ཞེས་བགྱི་བ་འདི་འཇའ་ལུས་ཆོས་སྐུ་མ་ཐོབ་ཀྱི་བར་དང་སྒོས་སུ་ཡང་སྐུ་རྡོ་རྗེ་ལྟ་བུར་བརྟན་ནས་ལོ་བརྒྱ་རྩ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་ལྟ་བུར་མི་འབྲལ་བར་མཛད་དུ་གསོལ། གཞན་ཡང་ཆེན་མོ་མཁའ་འགྲོ། ལ་མ་མཁའ་འགྲོ། ཁཎྚ་རོ་བྷ། གཟུགས་ཅན་མཁའ་འགྲོ། དེ་ཡི་འཁོར་ཉི་ཁྲི་དགུ་འབུམ་གྱི་ཚོགས་དང་བཅས་པ་རྣམས་ཀྱིས་ཐུགས་མཁྱེན་པ་དང་བརྩེ་བའི་སྒོ་ནས་བླ་མ་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། ཕྱིར་དཔལ་ལྡན་བླ་མ་འདི་ཞེས་བགྱི་བ་འཇའ་ལུས་ཆོས་སྐུ་མ་ཐོབ་ཀྱི་བར་དང་སྒོས་སུ་སྐུ་རྡོ་རྗེ་ལྟ་བུར་བརྟན་ནས། ལོ་བརྒྱ་རྩ་བརྒྱད་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་ལྟ་བུར་མི་འབྲལ་བར་མཛད་དུ་གསོལ། གཞན་ཡང་མཁའ་སྤྱོད་བཟང་མོ། མངོན་སྤྱོད་བཟང་མོ། ས་སྤྱོད་བཟང་མོ། བདེ་སྤྱོད་བཟང་མོ། དེ་ཡི་འཁོར་བྱེ་བའི་ཚོགས་དང་བཅས་པ་རྣམས་ཀྱིས་ཐུགས་མཁྱེན་པ་དང་བརྩེ་བའི་སྒོ་ནས་བླ་མ་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། སྤྱིར་དཔལ་ལྡན་བླ་མ་འདི་ཞེས་བགྱི་བ་འདི་འཇའ་ལུས་ཆོས་སྐུ་མ་ཐོབ་ཀྱི་བར་དང་། སྒོས་སུ་ཡང་སྐུ་རྡོ་རྗེ་ལྟ་བུར་བརྟན་ནས་ལོ་བརྒྱ་རྩ་བརྒྱད་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་ལྟ་བུར་མི་འབྲལ་བར་མཛད་དུ་གསོལ། དེ་རྣམས་ཀྱི་ཐབས་ཀྱི་རང་བཞིན་དེ་ཡི་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་ཐོབ་པ། འཇིག་རྟེན་ན་མ་ངེས་པའི་སྐྱེས་བུ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱིས་དེ་བཞིན་དུ་མཛད་དུ་གསོལ། དེ་ཡི་བཀའ་སྲུང་ཆོས་སྐྱོང་མ་མགོན་གྱི་ཚོགས་དང་བཅས་པ་རྣམས་ཀྱིས་ཐུགས་མཁྱེན་པ་དང་བརྩེ་བའི་སྒོ་ནས་བླ་མ་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། སྤྱིར་དཔལ་ལྡན་བླ་མ་འདི་ཞེས་བགྱི་བ་འཇའ་ལུས་ཆོས་སྐུ་མ་ཐོབ་ཀྱི་བར་དང་། སྒོས་སུ་ཡང་སྐུ་རྡོ་རྗེ་ལྟ་བུར་བརྟན་ནས་ལོ་བརྒྱ་རྩ་བརྒྱད་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་ལྟ་བུར་མི་འབྲལ་བར་མཛད་དུ་གསོལ། ཨོཾ་འགྲུབ་པར་གྱུར་ཅིག །ཨོཾ་བརྟན་པར་གྱུར་ཅིག །ཨོཾ་མཐར་ཕྱིན་པར་གྱུར་ཅིག །འགྱུར་མེད་རི་བོ་ལྟ་བུར་བརྟན་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་བུདྡྷ་ཏཱ་རེས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ གུ་རུ་རཏྣ་དྷོ་ཙྪ་ཌཱ་ཀི་ཡེ་ན་མོ། བླ་མ་རྗེ་བཙུན་རིན་པོ་ཆེ། །ཐུགས་ཆོས་ཉིད་མི་གཡོ་ནས། །བདག་ལ་བརྩེ་བས་དགོངས་སུ་གསོལ། །སྔོན་སྐྱེ་བ་མང་པོའི་གོང་རོལ་ནས། །བདག་གི་བླ་མ་ཡིན་པར་གདའ། །ད་རུང་ཡང་སྐྱེ་བ་མང་པོ་ལ། །བདག་གི་བླ་མ་མཛད་པར་གདའ། །སྐྱེ་བ་འདི་ཡི་སྐུ་དྲིན་ཡང་། །རྒྱུ་ཅི་ཡོད་ཕུལ་ཡང་དྲིན་མི་འཁོར། །སྐུ་དྲིན་འདི་ལྟར་གོ་བར་བྱུང་། །བདག་བདེ་སྐྱིད་ལ་སྐྱོང་བས་སྐུ་དྲིན་ཆེ། །ལས་མདེ་བདེ་ཆེན་བཏང་བས་སྐུ་དྲིན་ཆེ། །སེམས་མི་སྲུན་བཏུལ་བས་སྐུ་དྲིན་ཆེ། །མཐའ་མེད་འཁོར་བའི་ཐོག་མཐའ་བཅད། །དུས་གཏན་གྱི་བྱ་བ་ཟིན་ལ་ཁད། །ཕོ་མདོ་མེད་བདག་ལ་ཆེ་བར་བཞག །འཁོར་འདས་མདུན་གཏིང་སྐད་ཅིག་བཅད། །རྗེ་ཡང་ཡང་དྲན་པའི་མཆི་མ་ཤོར། །དྲིན་འཁོར་ཐབས་མེད་པས་སེམས་ལ་བཅག །དོན་ཆེ་ཆུང་བྱ་བ་མཆེད་ཀྱིས་བསྒྲུབ། །སྔོན་སྦྱངས་ལས་ལ་མ་ལྟོས་པས། །བདག་ཐ་མལ་གྱི་སེམས་ལ་སངས་རྒྱས་བྱས། །དུཿཁའི་བྱ་བ་ཆུ་ལ་ཕོས། །དྲིན་འཁོར་མེད་ཀྱི་བླ་མ་སྤྱི་བོར་བཞུགས། །དུས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དྲིན་འཁོར་ཐབས་མེད་པའི་སེམས་གནོང་ཡང་། །རེ་ལྟོས་བཅའ་ས་ཁྱེད་ལས་མེད། །ཡི་དམ་སྒོམ་པ་བླ་མ་ཡིན། །མཁའ་འགྲོའི་དངོས་གྲུབ་བླ་མ་ཡིན། །ཆོས་སྐྱོང་འཕྲིན་ལས་བླ་མ་ཡིན། །ལྟོས་པ་ཐམས་ཅད་རྗེ་རང་བསྒྲུབ། །བསྒྲུབ་པའི་མཆོད་པ་མཆོད་པར་འབུལ། །མཆོག་དབང་བདེ་བ་ཆེན་པོར་སྩོལ། །དབང་བཞིའི་བདེ་བ་ཆེན་པོར་སྩོལ། །
༈ གློ་བུར་རྐྱེན་ནི་ཅི་འོང་མི་ཤེས་པས། །སྨོན་ལམ་རྣམ་དག་ཁ་ལོ་བསྒྱུར་བར་བྱ། །སྔར་འདས་ཀྱི་བླ་མ་གྲུབ་ཐོབ་དང་། །བཤད་སྒྲུབ་འཛིན་པའི་སྐྱེས་བུ་དང་། །རྣལ་འབྱོར་གྲུབ་ཐོབ་ཕོ་མོ་རྣམས། །བདག་ལ་མཁྱེན་བརྩེའི་གཟིགས་སུ་གསོལ། །དེ་ཡི་བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་རྣམས། །བདག་ལ་མཁྱེན་བརྩེའི་ནུས་མཐུས་གཟིགས་སུ་གསོལ། །བདེ་འདོད་བདག་གི་ཅི་འདོད་འགྲུབ་ནས་ནི། །མྱུར་དུ་བླ་མ་རྗེ་དང་མཇལ་བར་ཤོག །ཕྱི་རབས་འབྱོན་པའི་བླ་མ་གྲུབ་ཐོབ་དང་། །བཤད་སྒྲུབ་འཛིན་པའི་སྐྱེས་བུ་དམ་པ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་ཐོབ་ཕོ་མོ་རྣམས། །བདག་ལ་མཁྱེན་བརྩེའི་ནུས་མཐུས་གཟིགས་སུ་གསོལ། །དེ་ཡི་བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་རྣམས། །བདག་ལ་མཁྱེན་བརྩེའི་ནུས་མཐུས་གཟིགས་སུ་གསོལ། །བདེ་འདོད་བདག་གི་ཅི་འདོད་འགྲུབ་ནས་ཀྱང་། །མྱུར་དུ་བླ་མ་རྗེ་དང་མཇལ་བར་ཤོག །ད་ལྟར་བཞུགས་པའི་བླ་མ་གྲུབ་ཐོབ་དང་། །བཤད་སྒྲུབ་འཛིན་པའི་སྐྱེས་བུ་དམ་པ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་ཐོབ་ཕོ་མོ་རྣམས། །བདག་ལ་མཁྱེན་བརྩེའི་ནུས་མཐུས་གཟིགས་སུ་གསོལ། །དེ་ཡི་བཀའ་སྲུང་མཁའ་འགྲོ་ཆོས་སྐྱོང་རྣམས། །བདག་ལ་མཁྱེན་བརྩེའི་ནུས་མཐུས་གཟིགས་སུ་གསོལ། །བདེ་འདོད་བདག་གི་ཅི་འདོད་འགྲུབ་ནས་ནི། །མྱུར་དུ་བླ་མ་རྗེ་དང་མཇལ་བར་ཤོག །མཇལ་ནས་སྒོ་གསུམ་ཁོ་ནས་མཉེས་པར་ཤོག །མི་མཉེས་པ་ནི་སྐད་ཅིག་མི་བསྒྲུབ་ཤོག །རྗེ་ཡི་དགོངས་པ་མངོན་སུམ་ལོན་པར་ཤོག །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ལོངས་སྐུ་སྤྲིན་ཚོགས་ཀྱིས་བརྒྱན་ནས། །སྤྲུལ་སྐུའི་ཆར་རྒྱུན་འབེབ་པར་ཤོག །ངོ་བོ་ཉིད་སྐུ་མངོན་དུ་འགྱུར་བར་ཤོག །ཡེ་ཤེས་སྐུ་ཡི་ཡིན་ལུགས་རྟོགས་པར་ཤོག །ལྟ་བའི་གནས་ལུགས་སྐྱེ་མེད་རྟོགས་པར་ཤོག །སྒོམ་པའི་གནས་ལུགས་མ་བཅོས་འཇོག་པར་ཤོག །སྤྱོད་པའི་གནས་ལུགས་གྲོལ་ཚུལ་ཤེས་པར་ཤོག །དམ་ཚིག་ཡིན་ལུགས་ངོ་བོ་དག་པར་ཤོག །འབྲས་བུའི་ཡིན་ལུགས་གཏན་ལ་འབེབ་པར་ཤོག །ཐམས་ཅད་རང་རིག་སེམས་ཐོག་རྫོགས་པར་ཤོག །འཆི་རྐྱེན་མང་བས་ནམ་འཆི་ཆ་མེད་པས། །བར་དོའི་སྣང་བ་ཇི་ལྟར་ཤར་ན་ཡང་། །ཆོས་སྐུའི་རང་བཞིན་ཡིན་པར་ཤེས་པར་ཤོག །འཇིགས་སུ་རུང་བའི་གཟུགས་ནི་ཅི་མཐོང་ཡང་། །སྣང་སྟོང་ལྷ་ཡི་སྐུ་རུ་མཐོང་བར་ཤོག །འབྲུག་ལྟར་ལྡིར་བའི་སྒྲ་ནི་ཐོས་གྱུར་ཀྱང་། །གྲག་སྟོང་སྔགས་ཀྱི་སྒྲ་རུ་ཐོས་པར་ཤོག །དྲན་རྟོག་སེམས་ལ་ཇི་ལྟར་བྱུང་ན་ཡང་། །ཕྱག་རྒྱ་ཆེན་པོའི་ངང་དུ་འགྲོ་བར་ཤོག །ཚོགས་དྲུག་སྣང་བ་ཇི་ལྟར་ཤར་ན་ཡང་། །རང་རིག་རང་སྣང་ཡིན་པར་ཤེས་པར་ཤོག །བར་དོ་དང་པོ་ཤར་མ་ཐག་ཏུ་ནི། །མཐའ་བྲལ་ཟང་ཐལ་ངང་དུ་འགྲོ་བར་ཤོག །རྗེ་བཙུན་བླ་མ་རིན་པོ་ཆེ། །སྐྱེ་བ་འདི་ལ་གལ་ཏེ་མ་མཇལ་ན། །འཕོས་མ་ཐག་ཏུ་རྗེ་དང་མཇལ་བར་ཤོག །ཨོ་རྒྱན་གནས་སམ་མཁའ་སྤྱོད་དུ། །རྗེ་བཙུན་ཁྱེད་དང་མཇལ་བར་ཤོག །ཁྱད་པར་ན་མོ་ཤོད་གླིང་དུ། །ཁྱོད་ལ་འབྲེལ་ཚད་ཐམས་ཅད་ནི། །གནས་མཆོག་དེ་རུ་སྐྱེ་བར་ཤོག །དེ་ལྟར་མ་མཇལ་བར་ལ་ནི། །རྗེ་བཙུན་བླ་མ་ཁྱེད་ཀྱི་ནི། །སྐུ་འགྱུར་མེད་རི་བོ་ལྟ་བུར་བརྟན་པར་ཤོག །གསུང་འགག་མེད་ཚངས་དབྱངས་ལྟ་བུར་བརྟན་པར་ཤོག །ཐུགས་འགྱུར་མེད་མཁའ་ལྟར་དག་པར་ཤོག །ཡོན་ཏན་རྒྱ་མཚོ་ལྟ་བུར་ཤོག །འཕྲིན་ལས་ཆར་རྒྱུན་འབེབ་པར་ཤོག །སྐུ་འགྱུར་བ་མེད་པའི་བཀྲ་ཤིས་ཤོག །གསུང་འགག་པ་མེད་པའི་བཀྲ་ཤིས་ཤོག །ཐུགས་འཁྲུལ་བ་མེད་པའི་བཀྲ་ཤིས་ཤོག །ཌཱ་ཀི་རྣམས་དང་འབྲལ་བ་མེད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་འགྱུར་མེད་བརྟན་པར་ཤོག །ཅེས་པ་འདི་ནི་གཙོ་མོ་མངོན་སྤྱོད་མས་ནམ་མཁའི་རྣལ་འབྱོར་གྱི་དྲུང་དུ་སྨོན་ལམ་འདི་ལྟར་ཐོབ་གསུངས་ནས་བདེ་འདོད་ལ་གསུངས་པའོ། །
༈ ན་མོ་ཐམས་ཅད་ལྷུན་གྲུབ་ཆོས་བདག་རྣམས་ལ་ཌཱ་ཀི་ཡེ། སྔོན་དབྱངས་ཡང་བསོད་ནམས་བསགས་པའི་སྐལ་བ་ལྡན། །ད་ལྟ་རྒྱལ་བའི་བསྟན་པ་དག་དང་མཇལ། །མ་འོངས་མཚན་ལྡན་རྣམས་དང་མཇལ་བ་ཡི། །སྨོན་ལམ་རྣམ་དག་ཁ་ལོ་སྒྱུར་བར་བྱེད། །སྙིང་ནས་འདི་ལྟར་ངེས་པར་འདེབས་པར་མཛོད། །ཕྱོགས་བཅུའི་རྒྱལ་སྲས་གྲུབ་ཐོབ་ཕོ་མོ་དང་། །གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ། །ཇི་སྲིད་མཆོག་གི་གོ་འཕང་མ་ཐོབ་པར། །གསང་བའི་ཡུམ་གཅིག་མ་དང་མི་འབྲལ་ཤོག །ཕྱོགས་བཞི་རྣམ་དག་རང་བཞིན་གཞལ་ཡས་ནས། །རིགས་བཞི་མཁའ་འགྲོ་མ་ལུས་འཁོར་བཅས་ཚོགས། །བརྩེ་བ་ཆེན་པོས་བདག་ལ་དགོངས་སུ་གསོལ། །ཇི་སྲིད་མཆོག་གི་གོ་འཕང་མ་ཐོབ་པར། །རིགས་བཞི་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །མཚམས་བཞི་དུར་ཁྲོད་འཇིགས་པའི་གཞལ་ཡས་ནས། །ལེགས་ཉེས་ཤན་འབྱེད་མ་ངེས་སྡེ་བཞིའི་ཚོགས། །བརྩེ་བ་ཆེན་པོའི་བདག་ལ་དགོངས་སུ་གསོལ། །ཇི་སྲིད་མཆོག་གི་གོ་འཕང་མ་ཐོབ་པར། །ཤན་འབྱེད་ཌཱ་ཀིའི་ཚོགས་དང་མི་འབྲལ་ཤོག །རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་དུ། །རྣམ་དག་རང་བཞིན་ཚོགས་གཉིས་རྒྱན་པའི་མཐུས། །འགྲོ་དྲུག་སེམས་ཅན་མ་ལུས་ཐམས་ཅད་ཀུན། །བདེ་ཆེན་དབྱིངས་ལ་རྟག་ཏུ་སྤྱོད་པར་ཤོག །ཐབས་དང་ཤེས་རབ་ཟུང་འཇུག་བདེ་ཆེན་སྐུ། །གསང་དང་རབ་གསང་གསང་ཆེན་བླ་ན་མེད། །ཇི་བཞིན་མངོན་གྱུར་ཟག་མེད་བདེ་ཆེན་དོན། །བདེ་སྟོང་རོལ་རྩེད་རྟོགས་པ་མཐར་ཕྱིན་ཤོག །གནས་སྐབས་མཐར་ཐུག་འགྲོ་ཀུན་བདེ་བ་དང་། །སྡུག་བསྔལ་ཕྲ་མོས་གོ་སྐབས་མི་འབྱེད་པར། །བདེ་བའི་དཔལ་ལ་ཀུན་ཏུ་སྦྱོར་བའི་མཐུས། །ཡང་ཡང་རོལ་པའི་ཆོས་ཀྱི་བརྩེ་བར་ཤོག །འགྲོ་ཀུན་སྡུག་བསྔལ་ཚོགས་ཀྱིས་མི་གཙེ་ཞིང་། །ལས་འབྲས་བདེན་པའི་སྟོབས་ཀྱིས་རབ་ཞི་ནས། །ཆོས་ཀུན་སྒྱུ་མའི་ཚུལ་དུ་མངོན་གྱུར་ཏེ། །སྐུ་གསུམ་བདེ་བའི་དཔལ་ལ་རོལ་པར་ཤོག །ཞིང་ཁམས་རྒྱ་མཚོའི་འཇུག་ངོགས་སྒྲོད་བྱེད་ཅིང་། །སངས་རྒྱས་རྒྱ་མཚོའི་མཚན་དཔེ་གསལ་བ་དང་། །གསུང་རབས་རྒྱ་མཚོའི་བདུད་རྩི་རོལ་པ་ཡི། །རྟོགས་པ་རྒྱ་མཚོ་གཏིང་མཐའ་རྫོགས་པར་ཤོག །བྱར་མེད་རྟོགས་པ་མངོན་གྱུར་ལྟ་བ་དང་། །འཛིན་མེད་རང་སར་གྲོལ་བའི་སྒོམ་པ་དང་། །དགག་སྒྲུབ་བླང་དོར་བྲལ་བའི་སྤྱོད་པ་རྣམས། །དབྱེར་མེད་དོན་རྟོགས་འབྲས་བུ་མངོན་གྱུར་ཤོག །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །བླ་མ་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །ཟབ་དོན་སྙིང་པོས་རང་སེམས་མངོན་གྱུར་ནས། །མྱེས་གསུམ་འགྲུབ་ནས་དོན་གཉིས་མཐར་ཕྱིན་ཤོག །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ཌཱ་ཀི་རྣམས་ཀྱི་བདེན་སྟོབས་དང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་སྟོབས་ཀྱིས། །སྨོན་ལམ་ཟབ་རྒྱས་དཔག་མེད་མཐར་ཕྱིན་ཤོག །ཅེས་པ་ཚིག་ཙམ་མ་ཡིན་པ་སྙིང་གི་དཀྱིལ་ནས་གདབ་བོ། །
༈ སྨོན་ལམ་ཟབ་ལ་རྒྱ་ཆེའི་དོན། །མཁའ་ལ་ཐོགས་མེད་མངོན་སུམ་སྤྱོད། །ཀུན་ཏུ་བཟང་མོའི་ཡུམ་གཅིག་མོས། །འཁོར་བཅས་རྣམས་ཀྱི་གདམས་པས་དགེ །བདག་ལ་མོས་པའི་ཆོ་རིགས་རྣམས། །འདི་དོན་སྒྲུབ་ལ་བརྩོན་པར་མཛོད། །ཉེས་ཚོགས་སྐྱེ་མེད་ཀློང་ལ་བཤགས། །འདི་བཏབ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་རྒྱལ་མཚན་སྒྲོན་གྱིས་པུརྞ་དྷོ་ཙ་ལ་གསུངས་པའོ། །
༈ གུ་རུ་ཌཱ་ཀི་རྣམས་ཀྱི་ཐུགས་ཀྱི་བཅུད་མ་ལུས་ཕྱོགས་གཅིག་བསྡུས་པའི་དཔལ་ལྡན་དཔའ་བོ་རྣམས་དང་། ཨེ་མ་ཆོས་ཀྱི་འབྱུང་གནས་སྒྲོན་མེའི་ཚོགས་ལ་ན་མོ། མི་འགྱུར་གསང་བའི་བཅུད་འཛིན་བླ་མ་ཁྱོད་ལ་ན་མོ། སྐྱེ་བ་དམན་ཏེ་སྐྱེ་མེད་བློ་རེ་བདེ། །སྒྲོན་མེ་མིན་ཏེ་འཁོར་བའི་མུན་སེལ་སྒྲོན། །ཧཻ། དགོངས་འཚལ་དང་། ནམ་མཁའ་འདི་ལ་རྒྱ་མདུད་མ་བྱས་ན། །སྤྲིན་ཚོགས་འདི་ལ་ཕུ་རུ་མ་བཏབ་ན། །ཉི་ཟླ་འདི་དག་རང་སར་ཡན་བཅོལ་ན། །ས་གཞི་འདི་དག་བར་སྣང་མཆིས་གྱུར་ན། །བྱ་རོག་རྣམས་ནི་མཁའ་ལ་འཕུར་པ་ན། །སྦྲུལ་ལ་མདུད་པ་དགུ་བརྩེགས་བྱས་གྱུར་ན། །ཕག་གི་མ་ལུས་ཅིར་སྣང་ཁེག་པ་ན། །རྒྱ་མཚོའི་དཀྱིལ་དུ་སྒྲོན་མེ་སྦར་བ་ན། །བྲག་དམར་དཀྱིལ་དུ་ཕྲུ་བ་བྱས་པ་ན། །མེ་ལོང་རལ་གྲིས་ས་འོག་བསྒྱུར་བ་འདི། །འཁོར་ལོ་པདྨའི་དབུས་སུ་བསྐོར། །གླང་ཆེན་སེངྒེ་འཕུར་གཞོལ་གྱིས། །ཕུག་རོན་ཡུང་སྐར་གར་སྒར་ཐོང་། །ཧ་ཧ། ཡོད་ན་མེད། མེད་ན་ཡོད། ཡིན་ན་མིན། མིན་ན་ཡིན། འགྲོ་ན་འོང་། འོང་ན་འགྲོ། རྟག་ན་ཆད། ཆད་ན་རྟག །ཐམས་ཅད་འགྲུབ་ན་ལེགས་འགྲུབ་པར་ཤོག །ཨ་སཾ་བདེ། ས་མ་ཡ་ཧོ། ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ དཀོན་མཆོག་གསུམ་དངོས་གུ་རུ་རྒྱལ་བའི་མཚན། །མ་ལུས་བཅུད་འདུས་ཨེ་བྃ་གསང་མཛོད་ཡུམ། །ཆོས་བདག་གནས་གསུམ་དཔའ་བོ་ཌཱ་ཀི་ལ། །སྐྱེ་མེད་འདོད་ཕྱིར་སྒྲོན་མེས་ཞབས་པད་ལེན། །བླ་མ་རྗེ་ཡི་དགོངས་མཛོད་དང་། །ངས་ནམ་མཁའ་འདི་ལ་ཕར་བལྟས་ཙ། །ནམ་མཁའ་གཟུགས་སོགས་མཚན་མ་བྲལ། །སེམས་ཉིད་འདི་ལ་ཚུར་བལྟས་ཙ། །རིག་ཅིང་སྟོང་ལ་སྟོང་ཞིང་རིག །དེ་དོན་ཨེ་མཆིས་གསུང་བར་ཞུ། །ངས་སྣང་བ་འདི་ལ་ཕར་བལྟས་ཙ། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །རིག་པ་ནང་དུ་ཚུར་བལྟས་ཙ། །གསལ་ཞིང་སྟོང་ལ་སྟོང་ཞིང་གསལ། །དེ་དོན་ཨེ་མཆིས་གསུང་བར་ཞུ། །ངས་ཡེངས་མེད་རྒྱུན་དུ་སྐྱོང་ཙམ་ཙ། །བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །མྱོང་བ་ནང་དུ་ཚུར་བལྟས་ཙ། །མྱོང་ཡོད་བརྗོད་མེད་གཞོན་བདེ་འདྲ། །དེ་དོན་ཨེ་མཆིས་གསུང་བར་ཞུ། །ངས་ལྟ་སྒོམ་དོན་ལ་ཕར་བལྟས་ཙ། །རི་བོང་གཙུག་རྒྱན་བརྗོད་པ་འདྲ། །བརྗོད་དུ་ཡོད་ལ་བསྟན་དུ་མེད། །བརྗོད་བྲལ་སྟོང་གསལ་བྲག་ཆ་འདྲ། །དེ་དོན་ཨེ་མཆིས་གསུང་བར་ཞུ། །ངས་ས་ལམ་རྟགས་མཚན་བལྟས་ཙམ་ཙ། །ནམ་མཁའ་རིས་སུ་བཅད་པ་འདྲ། །དེར་འཛིན་མཚན་མ་རང་སར་གྲོལ། །བློ་འདས་ལྷུན་གྲུབ་འགག་མེད་བདེ། །དེ་དོན་ཨེ་མཆིས་གསུང་བར་ཞུ། །ཚིག་ལྔ་ཞུ་ལ་སྐུ་ལྔ་མཚོན། །སྐྱེས་ཚོད་རྟོགས་འབུལ་བདའ་མཚོན་ཞུ། །དགེ་བས་སྲིད་གསུམ་རང་གྲོལ་ཤོག །ཉེས་ཚོགས་གོང་མ་རྣམས་ལ་བཤགས། །སྐྱེ་མེད་ལྷུན་གྲུབ་བཀྲ་ཤིས་སྒྲོན། །ཧཻ། ཨཾ་བཾ་ཡཾ་ལཾ་ཧཾ། ཞེས་པ་འདི་ནི་ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ གུ་རུ་ཙཀྲ་སཾ་བྷ་ར་ཌཱ་ཀི་ཡེ་ན་མོ། གདོད་ནས་སྐྱེ་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །མ་འགགས་འོད་གསལ་སྒྲོན་མེ་གཟུགས་ཀྱི་སྐུ། །སྲིད་གསུམ་འགྲོ་བ་འདྲེན་མཛད་རྒྱལ་བའི་ཡུམ། །བསམ་མི་ཁྱབ་ཀྱིས་བཅུད་འཛིན་དེ་ལ་འདུད། །སྐྱེ་མེད་ངང་ནས་སྙན་ཡིད་དབང་པོ་གསོན། །ཚིག་ལྔ་ཞུ་ལ་སྐུ་ལྔ་ཨེ་མ་ཧོ། །ཡུལ་གྱི་ཆོས་རྣམས་མ་ལུས་ཅི་སྣང་ཡང་། །རིག་སྟོང་སྣང་སྟོང་གསལ་སྟོང་བདེ་སྟོང་གིས། །ཡུལ་ཆེན་མ་འགགས་ཅིག་གི་རྣམ་པར་འཕྲུལ། །ཐ་དད་སྣང་ཡང་ངོ་བོ་གཉིས་སུ་མེད། །ཐ་སྙད་བརྗོད་ཀྱང་དོན་ལ་བརྗོད་མ་མྱོང་། །བརྗོད་མ་མྱོང་གི་བློ་འདས་ཨེ་མ་ཧོ། །དགེ་འདིས་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས། །མེ་དང་ཚ་བ་ལྟ་བུར་མི་འབྲལ་ཤོག །ཅེས་པ་འདི་ནི་ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་དྲིས་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྨྲས་པའོ། །
༈ ཐབས་ཤེས་གསེར་དང་སེར་པོ་བཞིན་དུ་མི་འབྲལ་བཀྲ་ཤིས་ཤོག །ད་འཁོར་འདས་སེམས་སུ་ཤེས་པའི་ལྟ་བ་མཛོད། །དེ་ལ་ཡེངས་པ་མེད་པའི་སྒོམ་པ་མཛོད། །ཤར་ཚད་རྒྱས་འདེབས་ཤེས་པའི་སྤྱོད་པ་མཛོད། །རེ་དོགས་བྲལ་བའི་གདིང་ལྡན་འབྲས་བུ་མཛོད། །ཉམས་སུ་ལེན་རྒྱུ་དེ་ལས་གཞན་མ་མཆིས། །འདི་ནི་ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་མ་ཏི་ལ་གདམས་པའོ། །ཨྠྀི།
༈ ད་ལྟ་བ་སེམས་ཀྱི་བྱོལ་ཆུང་ཡུལ། །སྒོམ་པ་རུལ་སྦལ་སྤུ་རྣམས་བསྡུས། །སྤྱོད་པ་རྒྱ་མཚོར་འཕྲུ་བ་གྱིས། །འབྲས་བུ་ཁྱུང་ཆེན་གར་དགར་ཐོངས། །དེ་ལས་གཞན་པའི་ཆོས་མ་མཆིས། །ཞེས་པ་ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་དྷརྨ་ཝ་ཤཾ་ལ་གདམས་པའོ། །ཨྠྀི།
༈ བཾ་ཧྲི། བཛྲ་བྷ་ར་ཧི་སོགས་ལ་ཡེ་ན་མོ། ཐབས་མཆོག་རང་བཞིན་རྒྱལ་བའི་སྐུ། །ཡབ་ཧེ་རུ་ཀ་ལ་ཕྱག་འཚལ་འདུད། །མི་མངོན་དབྱིངས་ཀྱི་ནམ་མཁའ་ནས། །གཟུགས་མེད་རླུང་ལྟར་འདི་སྐད་བརྗོད། །ཡུལ་ནི་ནུབ་ཕྱོགས་ཨོ་རྒྱན་ཡིན། །གནས་ནི་ལྷོ་ནུབ་སོ་ས་ཡིན། །འདོད་ཡོན་ཟག་མེད་བདུད་རྩི་ཡིན། །རྗེ་ནི་པདྨ་ཌཱ་ཀི་ཡིན། །ཡང་རྗེ་བཛྲ་བ་ར་ཡིན། །ཆོས་ནི་སྐྱེ་མེད་བློ་བདེ་ཡིན། །ལྟ་བ་ཁྱུང་རྒྱལ་གནམ་འཕུར་ཡིན། །སྒོམ་པ་གཙང་རྒྱལ་འབབ་ཆུ་ཡིན། །སྤྱོད་པ་ནགས་ལ་མེ་ཤོར་ཡིན། །འབྲས་བུ་བ་ཚྭའི་རྒྱ་མཚོ་ཡིན། །དེ་རྣམས་ཐ་སྙད་མིང་འདོགས་ཡིན། །དོན་ལ་བར་སྣང་འདུག་ལུགས་ཡིན། །དེ་ལྟར་ཤེས་ན་བདེ་བ་ཡིན། །རྩ་འཁོར་བུདྡྷ་ཏཱ་རེ་དང་། །དྷོ་ཙྪ་ཏཱ་རེ་ཨེ་བཾ་ཏཱ་རེ་དང་། །གུ་རུ་ཏཱ་རེ་བཞི་པོ་ཕྱོགས་བཞིའི་འཁོར། །དེ་བཞིའི་འཁོར་ལ་བསམ་མི་ཁྱབ་པ་ཡིན། །མཚམས་བཞི་བདེ་སྟོང་སྣང་སྟོང་དང་། །རིག་སྟོང་གསལ་སྟོང་བཞི་པོ་ཡིན། །འཁོར་ལ་དཔག་ཏུ་མེད་པ་ཡིན། །འཁོར་དང་བཅས་པ་ཐམས་ཅད་ནི། །པདྨ་ཌཱ་ཀིའི་རིགས་རྣམས་ཡིན། །གཞན་ཡང་འདི་འདྲ་མཆིས་པ་ཡིན། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ཡིན། །ལོངས་སྐུ་བདེ་ཆེན་མཁའ་འགྲོ་ཡིན། །སྤྲུལ་སྐུ་ལས་ཀྱི་མཁའ་འགྲོ་ཡིན། །ཤ་ཟ་དུར་ཁྲོད་མཁའ་འགྲོ་ཡིན། །ཞིང་སྐྱོང་ཕོ་ཉའི་མཁའ་འགྲོ་ཡིན། །གཞན་ཡང་མང་དུ་མཆིས་པ་ཡིན། །དེ་རྣམས་ཐུགས་བཅུད་གཏད་པ་ཡིན། །ཐུགས་ཡིད་གང་ཆེས་རྒྱལ་བ་ཡིན། །ལོག་ལྟ་ཅན་རྣམས་ཕམ་པ་ཡིན། །ཐུགས་ཡིད་ཆེས་རྣམས་འཚེང་བ་ཡིན། །གདམས་པ་བཞི་ལ་བརྩོན་པ་དང་། །དེ་ལ་རྒྱུད་རྒྱུ་གངས་འདབས་དང་། །རྟེན་འབྲེལ་གོང་ལྟར་བྱས་གྱུར་ན། །ནོར་དེ་ལས་མེད་དེ་དེས་ཆོག་ཡིན། །མདོ་རྒྱུད་ཁོལ་ཕྱུང་ཡིན་པའི་ཕྱིར། །བསྟན་བཅོས་ཌཱ་ཀིའི་བཅུད་ཡིན་ཕྱིར། །དེ་ལྟར་བརྩོན་པ་ཨེ་མ་ཧོ། །བདག་ཅག་འཁོར་དང་བཅས་རྣམས་ལ། །ལོག་ལྟ་གཤེ་སྐུར་མི་བདེན་སྨྲ། །གང་སྨྲས་དེ་རྣམས་ཐམས་ཅད་ནི། །ཚེ་འདིར་མི་དགེ་སྡིག་སྡུག་མྱོང་། །ཕྱི་མ་ངན་འགྲོར་ལྟུང་བར་མཆིས། །ཨ་ཙ་མ་ན་སྙིང་རེ་རྗེ། །སྙིང་རེ་རྗེ་སྟེ་བྱ་ཐབས་མེད། །ཡིད་ཆེས་ངེས་ཤེས་བརྟན་པ་རྣམས། །མཁའ་སྤྱོད་གནས་སུ་འདྲེན་པར་ཤོག །སྙིང་རྗེས་འགྲོ་ལ་མངོན་སུམ་གཟིགས། །མ་ངེས་སྤྱོད་པས་འགྲོ་བ་འདྲེན། །ཀུན་བཟང་ཡུམ་གྱུར་བདག་གིས་ནི། །ཤན་འབྱེད་རྒྱལ་ཡུམ་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ལོག་ལྟ་དང་གཤེ་སྐུར་མང་དུ་སྨྲས་པའི་དུས་སུ་ཌཱ་ཀི་མངོན་སྤྱོད་མས་ཁོང་རང་འཁོར་བཅས་རྣམས་ཀྱི་ཡིན་ཚུལ་དང་ཐུགས་མུག་དང་བཅས་པས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ ན་མོ་བླ་མ་རྗེ་ལ་གསོལ་བ་འདེབས། །ལྷུན་གྲུབ་བདེ་ཆེན་བསྩལ་དུ་གསོལ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ངོ་བོ་གསལ་བའི་རང་བཞིན་ཡིན། །རང་བཞིན་འདུས་མ་བྱས་པ་ཡིན། །མཚན་ཉིད་གཉིས་སུ་མེད་པ་ཡིན། །རྩེ་གཅིག་ངོ་བོ་མཉམ་པར་ཞོག །སྤྲོས་བྲལ་རང་བཞིན་མེད་པར་ཞོག །རོ་གཅིག་མཚན་ཉིད་མེད་པར་ཞོག །སྒོམ་མེད་དབྱེར་མེད་གཅིག་ཏུ་ཞོག །གནད་ཀྱི་གདམས་པ་དེ་རང་ཡིན། །ཨྠྀི།
ཟབ་དོན་སྙིང་པོ་མ་ལུས་འདི་བཞེངས་མཐུས། །ཚེ་གཅིག་བླ་མེད་བྱང་ཆུབ་མ་ཐོབ་བར། །ཆོས་བདག་རྣམས་ཀྱི་ཙིཏྟ་དམར་པོ་ལ། །ཡིད་གཉིས་ཐེ་ཚོམ་མེད་པར་བློ་རིག་ནས། །ཇི་ལྟའི་དོན་ལ་བློ་གྲོས་གཞོལ་བར་ཤོག །ཟབ་དོན་སྙིང་པོ་མ་ལུས་འདི་བཞེངས་མཐུས། །འདི་ཡི་ཚིག་དོན་མ་ལུས་ཐམས་ཅད་ཀུན། །སྐད་ཅིག་གཡེལ་བ་མེད་པར་བློ་རིག་ནས། །དོན་དམ་འོད་གསལ་མངོན་སུམ་རྟོགས་པར་ཤོག །ཆོས་བདག་གཙོ་མོ་རྣམས་ཀྱི་བྱིན་རླབས་དང་། །བསྟན་སྲུང་མ་མགོན་རྣམས་ཀྱིས་མཐུ་སྟོབས་ཅན། །སྨོན་ལམ་འདི་བཏབ་མ་ལུས་འགྲུབ་པར་ཤོག །འགྲོ་ལ་སེམས་བསྐྱེད་མ་རིག་མུན་སེལ་སྒྲོན། །དཔལ་འབར་རྗེ་དང་མི་འབྲལ་བཀྲ་ཤིས་ཤོག །སིདྡྷི་ཡེ་ཧུཾ། ཞེས་པ་འདི་ནི་ཌཱ་ཀི་སེམས་བསྐྱེད་སྒྲོན་གྱིས་མ་ཏི་ལ་གདམས་པའོ། །
༈ ཨོཾ་ཨ་ཧཱུཾ། ཆོས་བདག་སྐུ་གསུང་ཐུགས་ལ་འདུད། །རིགས་ལྡན་འདོད་བློ་ཅན་དེ་ནི། །བདག་ལ་མོས་ན་གསན་མཛོད་དང་། །གཟུགས་མེད་ནམ་མཁའི་མཐོངས་ནས་ནི། །རླུང་སྒྲ་ལྟ་བུར་འདི་སྐད་བརྗོད། །སྣང་བ་བླ་མའི་སྐུ་རུ་མཆིས། །གྲག་པ་བླ་མའི་གསུང་དུ་མཆིས། །དྲན་རྟོག་བླ་མའི་ཐུགས་སུ་མཆིས། །དེ་བས་གཞན་གྱིས་ཆོས་མ་མཆིས། །སྐུ་ཡི་ཡིན་ལུགས་བཤད་ཙམ་ན། །སྣ་ཚོགས་མ་འགགས་སྣང་བ་འདི། །གདོད་ནས་ཆུ་ཟླ་ལྟ་བུ་ཡིན། །དེ་ནི་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །སྐུ་ཡི་ཡིན་ལུགས་ཤེས་ཀྱང་འཚལ། །གསུང་གི་ཡིན་ལུགས་བཤད་ཙམ་ཙ། །གྲག་ཚད་མ་འགགས་སྣང་བ་འདི། །གདོད་ནས་བྲག་ཆ་ལྟ་བུ་ཡིན། །དེ་ནི་གྲག་ཅིང་སྟོང་ལ་སྟོང་ཞིང་གྲག །གསུང་གི་ཡིན་ལུགས་ཤེས་ཀྱང་འཚལ། །ཐུགས་ཀྱི་ཡིན་ལུགས་བཤད་ཙམ་ཙ། །འགྱུ་བ་སྣ་ཚོགས་ཤར་བ་འདི། །དེ་ནི་བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །ཐུགས་ཀྱི་ཡིན་ལུགས་ཤེས་ཀྱང་འཚལ། །དེ་ཡིན་ལ་ཡིན་བཞིན་སྨྲས་པ་ཡིན། །མིན་ལ་ཀུན་རྫོབ་སྨྲས་པ་མིན། །འཁོར་འདས་ཆོས་རྣམས་མ་ལུས་ཀུན། །སྐུ་གསུང་ཐུགས་སུ་མ་འདུས་མེད། །ཉམས་སུ་དེ་ལྟར་ལེན་པར་མཛོད། །ཉམས་སུ་ལེན་རྒྱུ་ཅི་ཡང་མེད། །གདོད་ནས་རང་བྱུང་ལྷུན་གྲུབ་ཡིན། །འདུས་མ་བྱས་པས་འཇིག་བྲལ་ཡིན། །གཡེང་བ་སྤང་ལ་བཞི་རྒྱུན་གྱིས། །བདེ་བར་འདོད་ན་དེ་ལྟར་གྱིས། །སྡུག་པར་འདོད་ན་གང་མོས་མཛོད། །ཨ་ཨོཾ། ཛྙཱ་ན་ཡེ་ཤེས་རྒྱུན་མ་གཅོད། །ཀ་རས་འོད་གསལ་མངོན་གྱུར་ཤོག །བདེ་བ་ཆེན་པོའི་ཡིན་ལུགས་དེ། །སྒྲོན་མེས་ཁམས་གསུམ་གསལ་བར་ཤོག །སྐྱེ་མེད་བློ་བདེ་རྙེད་པར་ཤོག །དུག་གསུམ་དབང་དུ་མི་འགྲོ་ཤོག །སྒོ་གསུམ་དགེ་ལ་ལོངས་སྤྱོད་ནས། །བདེ་ཆེན་གནས་སུ་སྐྱེ་བར་ཤོག །ཨྠྀི། ཧཱུཾ་ཧོ་ཧྲི་ཨ། ཞེས་པ་འདི་ནི་ཌཱ་ཀི་བདེ་ཆེན་སྒྲོན་གྱིས་ཛྙཱ་ན་ཀ་ར་ལ་གདམས་པའོ། །
༈ ཧ་ཨ་ལ་ན་མོ་ཡཱེ། རྒྱལ་བ་དཀོན་མཆོག་གསུམ་དངོས་ལ། །གནས་ལུགས་མཚན་ཉིད་མ་འདྲེས་གཟིགས། །མཁའ་ལྟར་དག་པའི་རྗེ་ལ་འདུད། །བླ་མེད་མ་ལུས་ཐུགས་ཆུད་སྒྲོན། །མཁའ་ལྟར་དག་པའི་ཡུམ་ལ་འདུད། །འོག་མིན་གནས་ནས་གཤེགས་པ་ཡིས། །སྐྱེ་བ་དམན་ཡང་ཚིག་གསུམ་འབུལ། །སྙན་ཡིད་དབང་པོ་དར་ལ་བབ། །སྐྱེ་མེད་ཆོས་སྐུའི་རང་ཞལ་འདི། །རྩོལ་མེད་ཚུལ་དུ་བལྟས་ཙམ་ཙ། །འཁོར་འདས་ཆོས་རྣམས་མ་ལུས་ཀུན། །ཆུ་ཟླ་ལྟ་བུར་གསལ་བར་མཐོང་། །ཉིན་མཚན་མཉམ་རྗེས་ཡོད་མ་མྱོང་། །བདེ་གསལ་དྭངས་པའི་སེམས་ཉིད་དེ། །རྒྱུན་ཆད་མེད་པ་ཆུ་བོ་འདྲ། །སྒོམ་ན་སྐྱོ་རོགས་འདི་རང་ཟབ། །བྱེད་ན་ལས་ཀ་འདི་རང་ཆེ། །བྱུང་ན་སྒྲུབ་པ་འདི་རང་ཆེ། །རྟོགས་ན་འབྲས་བུ་འདི་རང་ཆེ། །བྱས་ན་གཏན་དུ་འདི་རང་སྐྱིད། །དེ་ཕྱིར་རྩོལ་བས་ཉམས་སུ་བླངས། །གཡེལ་བ་མེད་པར་འབད་བྱས་ནས། །རང་གི་སེམས་ལ་བྱི་དོར་བྱས། །གཡེལ་མེད་ཆེལ་རྩེ་བྱ་ར་བྱས། །ཡང་ཡང་བརྗེད་བསྐུལ་གསོལ་བ་བཏབ། །བྱུང་ཚོར་ཚོར་ངས་གུད་དུ་བུད། །བརྗོད་མེད་དྲན་པ་མེད་པར་བཞག །བདེ་གསལ་མི་རྟོགས་ནང་ནས་འཁྲུངས། །འགྲོ་འོང་རྣམ་རྟོག་རྒྱུ་འགྲུལ་ཆད། །རྒོད་པ་དབུགས་ཀྱི་འབྱུང་རྔུབས་རྣམས། །འབྱུང་བ་ལུས་ཀྱི་ཆ་བཞི་སྙོམས། །རང་རིག་ཡེ་ཤེས་ནང་ནས་ཤར། །སྒོམ་པ་རྒྱ་འབྱམས་ངང་ལ་ཡན། །སྒོམ་མིན་སྣང་བ་དབྱིངས་སུ་ནུབ། །དྲན་རྟོག་སིལ་བུ་མཁའ་ལ་དག །བདེ་སྐྱིད་ཉི་མ་ནང་ནས་ཤར། །གང་ཤར་སྒོམ་གྱི་ཕོ་གོ་ཆོད། །མཉམ་རྗེས་རྩིག་པའི་བར་ལག་འགྱེལ། །ཆུ་བོ་རྒྱུན་ལ་བར་མཚམས་མེད། །བྱས་དང་མ་བྱས་གཉིས་ཀ་ལྡན། །ཞེ་འདོད་དམིགས་པའི་མཁན་པོ་དག །རང་གཞན་གཉིས་མེད་བྱས་པས་ཁྱབ། །གོལ་བདུད་གཉིས་ལ་ཉམ་མི་ང་། །ཉེས་ཚོགས་རྟེན་འབྲེལ་རང་གིས་ཤེས། །དངོས་མེད་སེམས་ལ་རང་བྱན་ཚུད། །འཁོར་འདས་དེ་ཡི་སྣང་བརྙན་གདའ། །དེ་ཨེ་མཆིས་དགོངས་དང་བླ་མ་རྗེ། །གནས་ལུགས་ཚིག་ཏུ་བཏོན་པ་འདི། །བླ་མ་རྗེ་ལ་མཆོད་པར་འབུལ། །ཉེས་ཚོགས་གོང་མ་རྣམས་ལ་འབུལ། །དགེ་དེས་ཟབ་དོན་མཐར་ཕྱིན་ཤོག །ཧེེ། ང་སྣང་བ་སེམས་སུ་རྟོགས་པས་བདེ། །བསྐྱེད་རྫོགས་མཁའ་ལྟར་དག་པས་བདེ། །མ་རིག་མུན་པ་སྒྲོན་པས་བདེ། །བདེ་མོར་ཡོད་ཀྱང་ཡིད་མི་ཆེས། །ཡིད་ཆེས་ཐམས་ཅད་རྒྱལ་གྱུར་ཅིག །བདག་ལ་ནུས་པ་མ་མཆིས་ཀྱང་། །གོང་མས་གསུང་ལྟར་ཐུགས་བཀུར་མཛོད། །ཨྠྀི། གཏོར་མ་མེད་པར་མ་བཏོན། །མ་འོངས་མཁའ་སྤྱོད་གནས་སུ་མཇལ་བར་སྨོན། །འདོད་དོན་ཚུལ་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་དཔོན་སློབ་ལ་གསུངས་པའོ། །རྒྱ་རྒྱ་རྒྱ། གསང་ངོ་། །
༈ ཧ་ཧ་ཧས། ཨ་ཧཾ་སིདྡྷི་ཛ། ཐོག་མེད་དུས་ནས་བྱང་ཆུབ་སེམས་བསྐྱེད་ཅིང་། །འགྲོ་བའི་མུན་སེལ་ཆོས་ཀྱི་སྒྲོན་མེ་སྦར། །ཚུལ་བཞིན་ཆོས་རྣམས་དེ་ཉིད་ཐུགས་སུ་ཆུད། །མགོན་མེད་མགོན་གྱུར་ཁྱོད་ལ་རྟག་ཏུ་བསྟོད། །ཡང་དག་འོག་མིན་གནས་ནས་གཤེགས་པ་ཡིས། །རྟོག་འབུལ་ངེས་དོན་མཐར་ཐུག་ཨེ་མ་ཧོ། །མིང་མེད་མིང་བཏགས་ནམ་མཁའི་རྣལ་འབྱོར་ལ། །རྩེ་གཅིག་མི་གཡོ་ཆོས་ཉིད་ངང་ནས་གསོན། །ཐབས་མཁས་ཐུགས་རྗེ་རྨད་བྱུང་རྒྱལ་བས་ཀྱང་། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་གསུངས་ཀྱང་། །རང་སེམས་ངོ་བོ་མངོན་གྱུར་ཁྱེད་དུ་གསུངས། །ཇི་ལྟ་ཇི་སྙེད་མངོན་དུ་གྱུར་ཙམ་ཙ། །གཉིས་བསྡུས་ཆོས་རྣམས་ཆོས་སྐུའི་རོལ་པར་གཟིགས། །གཟིགས་དང་མཁན་པོ་གདོད་ནས་རྣམ་པར་དག །སྤང་བླང་རེ་དོགས་ནམ་མཁའི་དབྱིངས་སུ་ཡལ། །གྲོལ་མེད་ཚུལ་འདི་གྲོལ་བ་ངོ་མཚར་ཆེ། །བདག་གི་མངོན་སུམ་དེ་ལྟར་རྟོགས་པར་ཤོག །ཉེས་ཚོགས་སྲིད་ན་ཆོས་ཀྱི་བདག་པོར་བཤགས། །དགེ་བས་སྲིད་གསུམ་རང་གྲོལ་ཤོག །ཅེས་པ་འདི་ནི་ཌཱ་ཀི་སེམས་བསྐྱེད་སྒྲོན་གྱིས་དྲིས་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྨྲས་པའོ། །ཨྠྀི།
༈ ཨེ་མ་ཧོ། མཁའ་ཁྱབ་དབྱིངས་ལ་རང་བྱུང་ཚུལ་འཛིན་ཡུམ། །མཁའ་མཉམ་རྣམས་ལ་འོད་གསལ་སྟེར་བྱེད་ཡུམ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན་མཛད་ཡུམ། །ཡུམ་གྱུར་མཁའ་ལྟར་དག་པ་ཟུང་ལ་བསྟོད། །རྐྱེན་སྣང་གྲོགས་སུ་ཤར་བར་བྱིན་གྱིས་རློབས། །རང་བཞིན་ལྷུན་གྲུབ་འདུས་མ་བྱས་པའི་སྐུ། །རང་བཞིན་སྨྲ་བྲལ་བརྗོད་དུ་མེད་པའི་གསུང་། །རང་བཞིན་རྣམ་དག་རྩོད་བྲལ་དག་པའི་ཐུགས། །གསང་དོན་བཅུད་འཛིན་བླ་མ་རྗེ་ལ་བསྟོད། །མཐའ་དང་བྲལ་བའི་ལྟ་བ་མཁའ་ལྟར་དག །མཐའ་ལས་འདས་པའི་སྒོམ་པ་མཁའ་ལྟར་དག །མཐའ་བཞི་རང་གྲོལ་སྤྱོད་པ་མཁའ་ལྟར་དག །གསང་དོན་བཅུད་འཛིན་བླ་མ་རྗེ་ལ་བསྟོད། །ངང་ལས་མི་གཡོ་རྩེ་གཅིག་རྒྱུན་ཆད་མེད། །ངང་ལས་མི་གཡོ་སྤྲོས་བྲལ་རྒྱུན་ཆད་མེད། །ངང་ལས་ཅིར་སྣང་རོ་གཅིག་རྒྱུན་ཆད་མེད། །གསང་དོན་བཅུད་འཛིན་བླ་མ་རྗེ་ལ་བསྟོད། །དཔག་ཡས་འོད་སྟོང་གཞི་ལ་འགྱུར་མེད་ཐོབ། །དཔག་མེད་ཅིར་སྣང་ལམ་ལ་འགྱུར་མེད་ཐོབ། །དཔལ་དང་ལྡན་པའི་འབྲས་བུ་འགྱུར་མེད་ཐོབ། །གསང་དོན་བཅུད་འཛིན་བླ་མ་རྗེ་ལ་བསྟོད། །བླ་མེད་ཐེག་པའི་བཅུད་བསྡུས་སྙིང་པོའི་དོན། །བླ་མེད་སྔགས་ཀྱི་མཐར་ཐུག་སྙིང་པོའི་དོན། །བླ་མེད་ཌཱ་ཀིའི་གསང་དོན་སྙིང་པོའི་དོན། །བླ་མེད་བླ་མ་ཁྱོད་ཉིད་རྒྱལ་གྱུར་ཅིག །རང་བྱུང་ལྷུན་གྲུབ་བཀྲ་ཤིས་སྒྲོན་མས་ནི། །འདི་བསྟོད་དགེ་བས་རྐྱེན་སྣང་གྲོགས་ཤར་ཤོག །ཉེས་ཚོགས་ཅི་མཆིས་གསང་བའི་ཡུམ་ལ་བཤགས། །བདག་གི་ཚིག་ལ་ནུས་པ་མ་མཆིས་ཏེ། །གོང་མ་རྣམས་ལ་ཐུགས་ཆོས་དཔང་པོ་མཛོད། །མ་འོངས་བདེ་བའི་གནས་སུ་མཇལ་བར་སྨོན། །འདོད་དོན་ཚུལ་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་རང་བྱུང་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་བསྟོད་པའོ། །
༈ ཨོཾ་སིདྡྷི་སིདྡྷི་ཡེ་ཧཱུཾ། མགོན་མེད་ཀུན་གྱི་མགོན་གྱུར་རིན་པོ་ཆེ། །འོད་གསལ་ཐུགས་ཆུད་སྟོང་ཉིད་རིན་པོ་ཆེ། །རང་གྲོལ་ལྷུན་གྲུབ་བདལ་བ་རིན་པོ་ཆེ། །མཁའ་ལྟར་དག་པ་ཁྱོད་ཉིད་རྒྱལ་གྱུར་ཅིག །མ་དག་ས་བདུན་སྐྱེ་མེད་ཆེན་པོར་རྫོགས། །དག་པའི་ས་གསུམ་འགྱུར་མེད་ཆེན་པོར་རྫོགས། །དོན་གྱི་ས་གསུམ་བརྗོད་མེད་ངང་དུ་རྫོགས། །མཁའ་ལྟར་དག་པ་ཁྱོད་ཉིད་རྒྱལ་གྱུར་ཅིག །ལྟ་བའི་ཆོས་ལ་རེ་དོགས་ཀུན་དང་བྲལ། །སྒོམ་པའི་ཆོས་ལ་འཛིན་པའི་བློ་དང་བྲལ། །སྤྱོད་པའི་ཆོས་ལ་བདེན་འཛིན་ཀུན་དང་བྲལ། །མཁའ་ལྟར་དག་པ་ཁྱོད་ཉིད་རྒྱལ་གྱུར་ཅིག །རྩེ་གཅིག་དོན་ལ་ཉོན་སྒྲིབ་དབྱིངས་སུ་ཡལ། །སྤྲོས་བྲལ་དོན་ལ་ཤེས་སྒྲིབ་དབྱིངས་སུ་ཡལ། །རོ་གཅིག་དོན་ལ་བག་སྒྲིབ་དབྱིངས་སུ་ཡལ། །མཁའ་ལྟར་དག་པ་ཁྱོད་ཉིད་རྒྱལ་གྱུར་ཅིག །སྐུ་ཡི་བདེན་འཛིན་བདེ་ཆེན་དབྱིངས་སུ་གྲོལ། །གསུང་གི་བདེན་འཛིན་འཛིན་མེད་ངང་ལ་གྲོལ། །ཐུགས་ཀྱི་བདེན་འཛིན་འཛིན་མེད་མཁའ་ལྟར་གྲོལ། །མཁའ་ལྟར་དག་པ་ཁྱོད་ཉིད་རྒྱལ་གྱུར་ཅིག །ཡོན་ཏན་ཆ་ཙམ་བརྗོད་པས་བསྟོད་པ་ཡིན། །ཚིག་གི་བསྟོད་དབྱངས་དེ་ལ་བརྟེན་པ་ཡིན། །དོན་གྱི་བསྟོད་པ་དེ་དག་མངོན་གྱུར་ཡིན། །ཡོན་ཏན་རྒྱ་མཚོ་ཁྱོད་ཉིད་རྒྱལ་གྱུར་ཅིག །ཨེ་མ་ཧོ། ནོར་གྱི་བདག་བློ་བདག་ལ་ཡོད་པ་མིན། །བུ་ཚ་མང་ཡང་སྤང་བྱར་འདོད་པ་མིན། །སྒྲོན་མེ་མིན་ཏེ་འགྱོད་པ་ཡོད་པ་མིན། །རྣམ་དཀར་ནོར་བུ་དྲི་མེད་བསྟོད་པས་དགེ །ནོར་བུ་དགོས་འདོད་སྒྲོན་མེ་འབར་བའི་བཀྲ་ཤིས་ཤོག །ཐོག་མར་ཆ་ཙམ། ཨྠྀི། ཧོ། ཞེས་པ་འདི་ནི་ཌཱ་ཀི་ནོར་བུ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ རཏྣ་ར་ཙ་ཡེ་ན་མོ། དཀོན་མཆོག་གསུམ་དངོས་བླ་མ་རྡོ་རྗེ་འཆང་། །རྒྱལ་སྲས་སེམས་དཔའི་བཅུད་འཛིན་རིན་པོ་ཆེ། །མཚན་མའི་ཆོས་རྣམས་མ་ལུས་ཇི་བཞིན་གཟིགས། །ཐོག་མའི་མགོན་པོ་གུ་རུ་རྗེ་ལ་འདུད། །ཨེ་མ་ཐབས་མཆོག་རིན་པོ་ཆེ། །ཉམས་འབུལ་ཚུལ་དུ་འདི་ལྟར་ཞུ། །སོ་ནམ་སེམས་ལ་བྱས་པ་ལ། །འབྲས་བུ་དོན་གཉིས་སྨིན་པ་ཡིན། །དད་པའི་རྟ་ལ་ཞོན་ནས་ནི། །བརྩོན་འགྲུས་ལྕག་གིས་བསྐུལ་བ་ཡིན། །ཐར་པའི་གྲོང་ཁྱེར་བདེ་ཆེན་དུ། །གཏན་སྐྱིད་ཕ་ཡུལ་ཟིན་པ་ཡིན། །འགྲོ་ལ་བརྩེ་བའི་བསམ་པ་ཡོད། །རྟག་ཏུ་གཞན་དོན་བྱས་པ་ཡིན། །རང་དོན་གྱི་སྣང་བ་མེད་ལགས་པས། །གཞན་དོན་ཤུགས་ཀྱིས་འབྱུང་བ་ཡིན། །གཞན་དོན་འབའ་ཞིག་བསམ་པ་འདི། །བྱང་ཆུབ་སེམས་མའི་ཕྱག་ལེན་ཡིན། །རང་གཞན་བདེ་བའི་དཔལ་ལ་བཀོད། །ཐེག་པ་མཆོག་གི་སྤྱོད་ཚུལ་ཡིན། །མིག་དང་མིག་མེད་ལ་གྲོལ་བས། །དམ་པས་དེ་ཉིད་རྟོགས་པ་ཡིན། །སྤང་བྱ་གཉེན་པོ་སྤང་ཚུལ་ལ། །སྤང་བྱ་རགས་ཚེ་གཉེན་པོ་རགས། །སེམས་ལ་གཉིས་སུ་མེད་ཕྱིར་ཡིན། །སྤང་བྱ་ཆུང་ངུའི་ཆུང་ངུ་ལ། །གཉེན་པོ་ཕྲ་ཞིང་ཕྲ་བས་མཛེས། །སྤང་གཉེན་ཕྲ་བར་ཟད་པ་ཡིན། །སྤང་གཉེན་སེམས་ལ་ཕྲོས་ཕྱིར་རོ། །དེ་ཕྱིར་གཉིས་སུ་མ་མཆིས་ལགས། །སེམས་ཀྱི་བག་ཆགས་འཐས་པ་ལ། །ཁ་བྲག་གཉིས་སུ་སྣང་མོད་ཀྱང་། །སྣང་དུ་ཉིད་ནས་གཉིས་བེས་བས་ནི། །གཅིག་ཀྱང་ཡོད་པར་མི་གདའ་ལགས། །མེད་བཞིན་སྣང་བ་སྟོང་པར་གདའ། །སྟོང་པ་མ་འགགས་ཅིར་ཡང་སྣང་། །རྒྱུ་འབྲས་དག་ཏུ་མ་བཏུབ་བོ། །སྟོང་པས་རྒྱུ་འབྲས་རྩལ་དུ་ཤར། །བདེ་སྡུག་འདོར་དུ་མ་འཚལ་ལོ། །སྤང་བྱ་སྤང་བྱེད་གཉིས་མེད་པས། །སེམས་ཀྱི་རྩལ་ཁ་འཁྲུལ་པར་གདའ། །དྲན་པས་སྔ་མ་དག་པ་ལ། །ཕྱི་མ་གཉེན་པོས་བཏགས་པར་ཟད། །དུག་ལྔའི་སྣང་བ་རགས་པ་ལ། །སྤང་བྱ་ཆེན་པོར་བཏགས་པ་ཡིན། །དེ་ཉིད་དེ་ཡི་རིག་པས་ན། །སྤང་གཉེན་མེད་པར་གྲོལ་བ་ལགས། །གཉེན་པོས་ཆོམ་པ་ཁོ་ནར་ཟད། །འཁྲུལ་པས་འཁྲུལ་པ་མ་རྙེད་པས། །མིང་འདོགས་མེད་པར་གྲོལ་བ་ལགས། །སྤང་གཉེན་རང་སར་གྲོལ་བ་ཞེས། །ཐ་སྙད་ཙམ་དུ་བཏགས་པ་ཡིན། །སྤང་གཉེན་སེམས་སུ་གཉིས་ཤར་ཡང་། །གཉིས་བེས་བས་གཅིག་ཀྱང་མ་གྲུབ་པས། །དམིགས་པ་ཀུན་ལས་དབེན་པ་ལགས། །ཡང་དག་རིག་པར་མི་འགྱུར་རམ། །ཆུ་ནི་ཇི་སྲིད་ཆུ་ཕྲན་བརྒྱ། །རྒྱ་མཚོའི་ནང་དུ་རོ་གཅིག་ལྟར། །སེམས་འབྱུང་སྣ་ཚོགས་ཇི་སྙེད་པ། །སེམས་ཀྱི་དྲུང་དུ་དབྱེར་མི་ཕྱེད། །བུ་རམ་གཟུགས་བརྙན་ཇི་སྙེད་པ། །མངར་བའི་ནང་དུ་རོ་གཅིག་ལྟར། །འཆར་ཚུལ་རྟོག་པ་ཇི་སྙེད་པ། །སྟོང་པའི་ངང་དུ་དབྱེར་མི་ཕྱེད། །ཆུ་ནང་གཟུགས་བརྙན་ཇི་སྙེད་པ། །ཆུ་དང་དབྱེར་མེད་རོ་གཅིག་ལྟར། །ཡུལ་སྣང་སྣ་ཚོགས་ཇི་སྙེད་པ། །སྣང་སྟོང་དབྱེར་མེད་ཐ་མི་དད། །རྨི་ལམ་ནང་གི་གཟུགས་བརྙན་རྣམས། །རང་གི་སེམས་དང་ཐ་མི་དད། །དེ་བཞིན་ཕྱི་རོལ་དངོས་པོ་རྣམས། །རང་གི་སེམས་ལས་གུད་ན་མེད། །མེད་བཞིན་གཉིས་སྣང་ཅི་ལས་སྤྱོད། །མེད་བཞིན་བདེ་སྡུག་ཅི་ལ་མྱོང་། །ཐམས་ཅད་སེམས་ལས་མ་གཡོས་ལགས། །དེ་ལྟར་ཨེ་མཆིས་བླ་མ་རྗེ། །མཆིས་ན་མཆིས་ལུགས་གསུང་བར་ཞུ། །གཏན་ཕྱུག་གི་ནོར་རྣམས་བདག་གིས་རྙེད། །འདོད་དགུའི་བུམ་པའི་གཏེར་ལྟར་རྙེད། །ཕྱག་རྒྱ་ཆེན་པོ་འོད་གསལ་སྒྲོན། །ཨ་ལ་ཨེ་མ་ངོ་མཚར་ཆེ། །ཉེས་ཚོགས་ཆོས་བདག་རྣམས་ལ་བཤགས། །མ་རྣམས་གཏན་བདེ་ཐོབ་པར་ཤོག །ཨྠྀི། ཧ་ཡ་མ། ཧུ་ཡ་མ། གྷུ་རཾ། སྤུ་གྲིའི་ངར་ལྟར་བཀྲ་ཤིས་ཤོག །ར་མ་རུ་ཏྲ་ཡ་ཕཊ། གསང་ངོ་། །གསང་ངོ་། །ཞེས་པ་འདི་ནི་ཌཱ་ཀི་ནོར་བུ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་ཉམས་འབུལ་གྱིས་ཚུལ་དུ་གསུངས་པའོ། །
༈ བླ་མ་དང་ཆོས་བདག་རྣམས་ལ་ན་མོ། ཕྱི་ནང་གཞན་གསུམ་གདོད་ནས་རྣམ་པར་དག །སྐུ་དང་ཡེ་ཤེས་བདལ་བ་ཆེན་པོར་གནས། །རྟག་ཆད་བདེན་རྫུན་མཚན་མ་དབྱིངས་སུ་ནུབ། །རང་སེམས་ནོར་བུ་སྒྲོན་མེ་དེ་ལ་འདུད། །སྔོན་འབྲེལ་སྟོབས་ཀྱིས་བརྩེ་བར་ཉེར་དགོངས་ནས། །བདག་ལ་བསྟོད་ཚིག་རྟོགས་འབུལ་དགའ་མགུ་སྤྲོད། །རེ་ཞིག་སྐྱེ་མེད་ཆོས་སྐུའི་ངང་ནས་ནི། །མཁའ་དབྱིངས་དབང་ཕྱུག་བདག་ལ་གསན་ཡང་འཚལ། །བསོད་ནམས་སེམས་བྱས་འབྲས་བུ་དོན་གཉིས་སྨིན། །དད་གུས་བརྩོན་འགྲུས་གཡེལ་མེད་ལྕག་གིས་བྲབས། །ཐར་པའི་གྲོང་ཁྱེར་གཏན་སྐྱིད་ཕ་ཡུལ་ཟིན། །འགྲོ་ལ་བརྩེ་བས་རྟག་ཏུ་གཞན་དོན་བྱས། །རང་དོན་སྣང་མེད་གཞན་དོན་ངང་གིས་འབྱུང་། །གཞན་དོན་འབའ་ཞིག་རྒྱལ་བའི་དགོངས་པར་མཆིས། །རང་གཞན་བདེ་བཀོད་ཐེག་མཆོག་སྤྱོད་ཚུལ་ལེགས། །དམིགས་པས་དམིགས་མེད་ལས་འདས་དོན་དམ་ཡིན། །སྤང་གཉེན་ལ་སོགས་གཉིས་ཆོས་ཡོད་ཀྱི་བར། །ལས་དང་ལས་ཀྱི་རྣམ་སྨིན་ཡོད་པར་མཆིས། །སྤང་གཉེན་མཚན་མ་རང་སར་གྲོལ་ཙམ་ན། །དགེ་སྡིག་རྒྱུ་འབྲས་གཉིས་ཆོས་མཁའ་ལྟར་དག །ཐོག་མེད་དུས་ནས་ནམ་མཁའ་ཡོད་ཀྱི་བར། །རང་སེམས་བརྗོད་བྲལ་བསམ་མི་ཁྱབ་ཀྱི་དབྱིངས། །སྐྱེ་འཇིག་དང་བྲལ་རྟག་ཆད་མཐའ་ལས་འདས། །ཡུལ་སྣང་སྣ་ཚོགས་དེ་ཡི་སྣང་བརྙན་ཅན། །ཐ་དད་ལས་འདས་ཡེ་ནས་འདུ་འབྲལ་མེད། །དུས་གསུམ་རྒྱལ་བའི་ཐུགས་བཅུད་དེ་རང་མཚར། །ཉེས་ཚོགས་མཆིས་ན་ཆོས་བདག་རྣམས་ལ་བཤགས། །དགེ་བས་མཁའ་མཉམ་དེ་དོན་རྟོགས་པར་ཤོག །ཅེས་པ་འདི་ནི་ཌཱ་ཀི་ནོར་བུ་སྒྲོན་གྱིས་དྲིས་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ གུ་རུ་དང་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ་པ་མ་ནི་ཏཱ་རེ་ལ་ན་མོ་ཡཱེ། དཀོན་མཆོག་གསུམ་ངོས་རྒྱལ་མཚན་བླ་མ་ལ། །ཁོ་མོ་ན་ཆུང་འབར་བ་སྒྲོན་གྱིས་ནི། །གང་མོའི་ཐུགས་བཅུད་རྗེན་པར་བྱུང་བ་གཅིག །ངོམ་པོ་མ་ཡིན་སྙིང་གི་དཀྱིལ་ནས་ཞུ། །རཏྣ་ར་ཙ་མ་ཎི་ཏཱ་རེ་མཆོད། །ཅོག་གེ་དུས་གསུམ་འཕོ་འགྱུར་མེད་པའི་དོན། །ཆོས་སྐུ་ལྷུན་གྲུབ་མཁའ་ཁྱབ་ཆེན་པོའི་དབྱིངས། །ཇ་ཇོ་མི་མངའ་རྣམ་དག་ཐུགས་ཀྱི་གཏེར། །ཉོན་མོངས་སྤང་བྱ་དེ་ཡི་རོལ་པར་ཤར། །རཏྣ་ར་ཙ་མ་ནི་ཏཱ་རེ་མཆོད། །ཏོལ་སྐྱེས་དྲན་པ་ཇི་སྙེད་མ་ལུས་དོན། །ཐོག་མཐའ་དབུས་བྲལ་རང་གྲོལ་སྐྱེ་མེད་དབྱིངས། །དོན་དམ་བདེ་ཆེན་འགྱུར་བ་མེད་པའི་གཏེར། །ནོར་རྫས་སོགས་ཀྱི་འདོད་ཡོན་གྲོགས་སུ་ཤར། །རཏྣ་ར་ཙ་མ་ནི་ཏཱ་རེ་མཆོད། །པམ་ཡོར་ཅན་གྱི་མ་རིག་རྨོངས་པའི་དོན། །ཕོག་ཐུག་ཅན་གྱི་འགྲོ་དྲུག་སྐྱོབ་པའི་དབྱིངས། །བོར་མེད་ཚེ་འདི་བོར་ནས་མཁྱེན་པའི་གཏེར། །མོས་གུས་ཅན་རྣམས་བདེ་བའི་དཔལ་དུ་ཤར། །རཏྣ་ར་ཙ་མ་ཎི་ཏཱ་རེ་མཆོད། །རྩོད་དུས་འགྲོ་བ་འདྲེན་མཛད་སྙིང་པོའི་དོན། །ཚོགས་གཉིས་སྤང་རྫོགས་བསམ་མི་ཁྱབ་ཀྱི་དབྱིངས། །ཛོར་ཛོར་མ་ཡིན་མཁའ་དབྱིངས་ཡངས་པའི་གཏེར། །ཝོལ་པོ་རྗེས་མེད་རྣམས་ལ་ཚ་ཟེར་ཤར། །རཏྣ་ར་ཙ་མ་ནི་ཏཱ་རེ་མཆོད། །ཞོས་དང་ནམ་མཁའི་འོ་མ་ལྟ་བུའི་དོན། །ཟོལ་ཟོག་མ་ཡིན་ཕྱག་རྒྱ་ཆེན་པོའི་དོན། །འོལ་སེ་རྗེས་མེད་འོད་གསལ་ལྷུན་གྲུབ་གཏེར། །ཡོངས་རྫོགས་འཕྲིན་ལས་ནུས་མཐུ་སྟོབས་ཀྱིས་ཤར། །རཏྣ་ར་ཙ་མ་ནི་ཏཱ་རེ་མཆོད། །རོ་མཆོག་བརྒྱད་ལྡན་སྟོང་ཉིད་བདེ་ཆེན་དོན། །ལ་མེད་དྲན་པ་ཁུར་ཆེན་འཛིན་པའི་དབྱིངས། །ཤོར་ཐོབ་མེད་པའི་སྟོང་ཁྱབ་ཆེན་པོའི་གཏེར། །བསོད་ནམས་དམ་ཆོས་མཚན་མའི་མགོན་ལྟར་ཤར། །རཏྣ་ར་ཙ་མ་ནི་ཏཱ་རེ་མཆོད། །ཧོ་དང་ཕཊ་ཀྱིས་ཆོས་རྣམས་མ་ལུས་དོན། །ཨོཾ་དང་སྭ་ཧཱའི་སྔགས་རྣམས་ཨ་ཡི་དབྱིངས། །ཀ་སྨད་སུམ་ཅུའི་ན་རོའི་འགྲིགས་ཆག་གཏེར། །གསང་དོན་སྙིང་པོ་ཇི་བཞིན་དགོངས་པ་ཤར། །རཏྣ་ར་ཙ་མ་ནི་ཏཱ་རེ་མཆོད། །དོན་གསལ་ཚིག་འགྲིགས་སྙན་པའི་བ་དན་འདི། །གོང་མ་རྣམས་ཀྱིས་གདུལ་བྱའི་མཐའ་ཤོལ་ནི། །འཁོར་བ་མྱང་འདས་ཆེན་པོར་འབར་བ་ཡིན། །མ་རིག་མུན་པ་འོད་ཀྱིས་སྒྲོན་པ་ཡིན། །སྨིག་རྒྱུ་ཆུ་ལ་མིང་བཏགས་འབར་སྒྲོན་གྱིས། །བསྟོད་ཚིག་རྟོགས་འབུལ་བྱས་པའི་དགེ་བ་དེས། །རང་གཞན་འདོད་དོན་འགྲུབ་པའི་བཀྲ་ཤིས་ཤོག །དུག་ལྔ་སྐུ་ལྔ་ཡིན་པའི་ཡིན་ལུགས་ཞུ། །ཨོཾ་ཨ་ཧཱུྃ། ཨྠྀི། ཧཱུྃ་ཨ་ཨོཾ། དུས་གསུམ་རྒྱལ་བའི་དགོངས་པ་ཨ་ལ་ལ། །ཧེ་རུ་ཀ་ཡི་མཚན་ཉིད་ཨེ་མ་ཧོ། །ཧེེ། ཧེེ། ཞེས་པ་འདི་ནི་ཌཱ་ཀི་འབར་བ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་དང་ཌཱ་ཀི་ནོར་བུ་སྒྲོན་ལ་བསྟོད་པའོ། །
༈ ཐོག་མའི་མགོན་པོ་རྡོ་རྗེ་འཆང་ལ་ན་མོ། ཆོས་རྣམས་དེ་ཉིད་ཐུགས་ཆུད་རྒྱལ་བའི་ཡུམ། །གང་སྐུ་མཚན་དཔེའི་དཔལ་འབར་གསང་བའི་ཡུམ། །གང་འདུལ་གསུང་དབྱངས་སྐལ་ལྡན་འདྲེན་པའི་ཡུམ། །གང་ཐུགས་སྣང་སྲིད་མ་ལུས་ཡོངས་རྫོགས་ཡུམ། །ཀུན་རྫོགས་རང་རིག་སྒྲོན་མེ་དེ་ལ་འདུད། །ཀ་སྨད་སུམ་ཅུའི་སྒོ་ནས་བསྟོད་ཚིག་དང་། །མཐར་ཐུག་དོན་གྱི་རྟོགས་འབུལ་ཨེ་མ་ཧོ། །དུག་ལྔ་སྐུ་ལྔ་གཞི་ལ་མི་མངའ་བས། །རྣལ་འབྱོར་བདག་ལ་ངོས་འཛིན་མ་མཆིས་ཀྱང་། །འོན་ཀྱང་ཐ་སྙད་ངོས་འཛིན་འགལ་བ་མེད། །དེ་ཕྱིར་ཁྱོས་སྐུལ་དངོས་འཛིན་འདི་ལྟར་མཆིས། །ཉོན་མོངས་གཏི་མུག་ལས་གྱུར་རྟོགས་པ་བདུན། །མ་ཕྲིས་མ་བསྣན་དེ་ཀ་ཆོས་སྐུར་འདོད། །འདོད་ཆགས་ལས་གྱུར་རྟོག་པ་བཞི་བཅུ་ཐམ། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །ཞེ་སྡང་ལས་གྱུར་རྟོག་པ་སུམ་ཅུ་གསུམ། །གང་ལ་གང་འདུལ་སྤྲུལ་པའི་སྐུ་རུ་འདོད། །ང་རྒྱལ་ལས་གྱུར་ཉོན་མོངས་རྟོག་པ་ནི། །ཆོས་ཉིད་སྐྱེ་མེད་ངོ་བོ་ཉིད་སྐུར་འདོད། །ཕྲག་དོག་ལས་གྱུར་ཉོན་མོངས་རྣམ་རྟོག་ནི། །དུས་གསུམ་འགྱུར་མེད་བདེ་ཆེན་སྐུ་རུ་འདོད། །དེ་ལྟར་ཨེ་མཆིས་ཉིད་ཀྱིས་མཛད་ཀྱང་འཚལ། །གནོང་བས་བཤགས་ལ་དགེ་བ་འགྲོ་ལ་བསྔོ། །འཁོར་བཅས་འདོད་དོན་ཚུལ་བཞིན་འགྲུབ་པ་དང་། །འབྲལ་མེད་བདེ་སྟོང་རོལ་རྩེད་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཌཱ་ཀི་འབར་བ་སྒྲོན་གྱིས་དྲིས་ལན་དུ་སྦྱར་བའོ། །
༈ གུ་རུ་ཌཱ་ཀི་ཡེ་ན་མོ། མི་མངོན་དབྱིངས་ཀྱི་གཙོ་མོ་མངོན་སྤྱོད་མ། །དེ་ཡི་བཀའ་འཁོར་ཤན་འབྱེད་ཌཱ་ཀིའི་ཚོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་འཁོར་བཅས་དང་། །སྐུ་དྲིན་འཁོར་མེད་རྒྱལ་ཡུམ་རྣམས་ལ་འདུད། །སྐལ་བར་ལྡན་པའི་ཤེས་རབ་གསན་ཡང་འཚལ། །ཌཱ་ཀིས་གནང་བའི་བདེ་འདོད་ཅེས་བྱ་ནི། །རིགས་རུས་ཆོ་འབྲང་ཀུན་གྱིས་དབེན་ལགས་ཀྱང་། །བླ་མ་ཌཱ་ཀི་རྣམས་ཀྱིས་རྗེས་བཟུང་ཕྱིར། །དུས་གསུམ་ཀུན་ཏུ་འབྲེལ་ལུགས་མདོར་བསྡུས་བཤད། །ལྷོ་ཕྱོགས་ངོས་ཀྱི་གྲོང་ཁྱེར་ཡུལ་གཅིག་ཏུ། །བདེ་འདོད་དཔལ་བཟང་ཞེས་བྱའི་བུ་རུ་སྐྱེས། །དམ་ཆོས་བག་ཙམ་སྒྲུབ་བློ་སྐྱེས་ལགས་ཀྱང་། །ཕ་མ་གཉེན་འདུན་གཞན་རྐྱེན་དབང་དུ་སོང་། །དེ་དུས་ཁོང་ནི་ཁྱོད་དང་འབྲེལ་བ་ཡིན། །ཁྱོད་ཀྱི་ཕ་ནི་ནོར་ཕྱུག་བཟང་པོ་ཡིན། །ནོར་ཕྱུག་བཟང་པོ་ཁོང་ལ་སྟེར་བ་ཡིན། །དེ་ནས་ཉི་མ་དེང་སང་བར་དུ་ནི། །སྐྱེ་བ་བདུན་ཅུའི་བར་མ་ཆོད་དུ་འགྲོགས། །སྐྱེ་བ་བདུན་ཅུ་དེ་ཡི་བར་བར་དུ། །མི་དང་མི་མིན་ལྷ་དང་ལྷ་མ་ཡིན། །དུད་འགྲོ་སོགས་ཀྱི་ལུས་རྣམས་དཔག་མེད་བླངས། །ཐབས་ཤེས་དེ་དུས་ཡ་མ་བྲལ་བ་ཡིན། །ཞིབ་ཀྱིས་བཤད་ན་གློ་སྙིང་རལ་ནས་འགྲོ། །མདོར་བསྡུས་ཙམ་ཞིག་འདས་པའི་འབྲེལ་ལུགས་ཡིན། །དེ་ལྟར་ཤེས་པ་གོང་མའི་ཐུགས་རྗེ་ཡིན། །སྐལ་ལྡན་ཤེས་རབ་ད་རུང་གསན་མཛོད་དང་། །ད་ལྟའི་དུས་སུ་མངོན་སུམ་འདི་དག་ནི། །ཆོས་བདག་ཌཱ་ཀིའི་མངོན་སུམ་ལུང་བསྟན་ཡིན། །ཡིན་ལ་ཡིན་བཞིན་དེ་ལྟར་དཔང་པོ་མཛོད། །སྔོན་ཚུལ་བཞིན་དབྱངས་པའི་ཤེས་རབ་མ། །ཉོན་དང་བུདྡྷ་ཏཱ་རེ་མ། །བདག་གིས་གསལ་འདེབས་མི་མངའ་ཡང་། །ཚིག་གསུམ་སྨྲ་ལ་དཔང་པོ་གྱིས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །འཁོར་བ་སྡུག་བསྔལ་གསེབ་ཏུ་ཚུད། །ཐར་བར་འདོད་ཀྱང་བྲོས་མི་ཤེས། །མཐར་ཐུག་གི་གཏན་བདེ་འགྲུབ་པ་བས། །གནས་སྐབས་བདེ་བ་ཡུད་ཙམ་བདམས། །བདེ་ལ་རེ་སྟེ་སྡུག་པའི་རྒྱུ། །དེ་འདྲའི་སེམས་ཅན་མཐོང་ཙམ་ཙ། །སྙིང་རེ་རྗེ་སྟེ་བྱ་ཐབས་མེད། །ཉོན་དང་བུདྡྷ་ཏཱ་རེ་མ། །མི་ལུས་ནམ་མཁའི་འཇའ་བཞིན་ཡལ། །ཡུད་ཙམ་མི་རྟག་འཇིག་རྒྱུ་ཡིན། །དེ་མ་ཡིན་ལ་དེར་མ་བཟུང་། །གཉེན་འདུན་ཚོང་དུས་མགྲོན་པོ་ཡལ། །གནས་སྐབས་འགྲོགས་ཀྱང་ཡུད་ཙམ་ཡིན། །དེ་མ་ཡིན་ལ་དེར་མ་བཟུང་། །ནོར་ཟས་རྩྭ་ཁའི་ཟིལ་པ་ཡལ། །གར་ཡོང་ཆ་མེད་ལུས་རྒྱུ་ཡིན། །དེ་མ་ཡིན་ལ་དེར་མ་བཟུང་། །ཚེ་འདིར་ལོ་གྲངས་མང་བགྲང་ཡང་། །ཡུད་ཙམ་བྱས་པའི་ལས་དང་འདྲ། །དེ་མ་ཡིན་ལ་དེར་མ་བཟུང་། །དེས་ན་ཚེ་འདི་སྙིང་པོ་མེད། །སྙིང་པོ་རང་སེམས་སྐྱེ་མེད་ཡིན། །རང་སེམས་མངོན་དུ་གྱུར་པ་ལ། །བླ་མ་ཌཱ་ཀིའི་བྱིན་རླབས་དགོས། །དེས་ན་སྤྱི་བོར་མི་འབྲལ་སྒོམ། །གདུང་ཤུགས་དྲག་པོས་གསོལ་བ་ཐོབ། །སྐྱེ་མེད་ཆོས་སྐུའི་རང་ཞལ་ལྟོས། །བདེ་སྟོང་གསལ་བའི་ཉམས་མྱོང་དེ། །ནམ་མཁའ་སྤྲིན་དང་བྲལ་བ་འདྲ། །སྟོང་ཞིང་གསལ་ལ་གསལ་ཞིང་སྟོང་། །དེ་ལ་ཡང་ཡང་གོམས་པར་གྱིས། །དེ་ཡི་ངང་ལས་མ་གཡོས་ན། །རྐྱེན་ངན་སྡུག་བསྔལ་ཅི་བྱུང་ཡང་། །བདེ་གསལ་དེ་ཡི་བོགས་འདོན་ཡིན། །དཔེར་ན་ནགས་ལ་མེ་ཤོར་ཚེ། །རླུང་དམར་དེ་ཡི་གྲོགས་སུ་འགྱུར། །རྐྱེན་ངན་ཇི་ལྟར་བྱུང་བཞིན་དུ། །ཉམས་ལེན་དེ་ཡི་གསལ་འདེབས་བཟང་། །རྗེ་བཙུན་མར་པའི་ཞལ་སྔ་ནས། །སྲས་དར་མ་མདོ་སྡེ་གྲོངས་བ་དེ། །ཕ་ན་རོ་མངོན་སུམ་བྱོན་དང་འདྲ། །ཉམས་ལེན་ལ་རྒྱུན་ཆད་ཡོད་མ་མྱོངས། །དེ་ལྟར་བདོག་གམ་བདག་མེད་མ། །ཞེས་པའི་དོན་དང་། ནམ་མཁའི་རྣལ་འབྱོར་ཞལ་སྔ་ནས། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་དབང་གིས། །རྗེ་དཔོན་གཉེན་འབྲེལ་གྲོགས་དང་སྤུན་རྣམས་ཀྱིས། །མི་བདེ་སྡུག་བསྔལ་ན་ལ་གཏད་གྱུར་ཀྱང་། །བླ་མ་དགེ་བའི་བཤེས་བཞིན་སྤྱི་བོར་ཁུར། །ན་ཚ་སྡུག་བསྔལ་རྐྱེན་ངན་ཅི་བྱུང་ཡང་། །དགེ་བའི་བཤེས་གཉེན་ཡིན་པར་མཁྱེན་པར་མཛོད། །ཅེས་པའི་དོན་དང་།
ཌཱ་ཀི་མངོན་སྤྱོད་མའི་ཞལ་སྔ་ནས། །སྐྱིད་ཀྱང་ཆོས་སྐུར་ཤེས་པར་མཛོད། །སྡུག་ཀྱང་ཆོས་སྐུར་ཤེས་པར་མཛོད། །སྐྱིད་སྡུག་གཉིས་ལས་ལ་མ་འདས། །ཞེས་པའི་དོན་དང་། ཌཱ་ཀི་སངས་རྒྱས་སྒྲོན་གྱི་ཞལ་སྔ་ནས། ལུས་སེམས་བདེ་བའི་ཉམས་ལེན་ལོ་བརྒྱ་བས། །རྐྱེན་ངན་ལམ་ཁྱེར་སྐད་ཅིག་ཡུད་ཙམ་དགའ། །རྣལ་འབྱོར་བུདྡྷ་ཛྙཱ་ནའི་ཞལ་སྔ་ནས། །སྐྱིད་པའི་དུས་སུ་དགེ་སྦྱོར་མང་པོ་བས། །སྡུག་པའི་དུས་སུ་མ་ཡེངས་ཐུན་གཅིག་དགའ། །ཞེས་གསུངས་པས་ན། དེ་ལྟར་ཉམས་སུ་ལེན་ལ་བརྩོན། །བདག་ལ་ནུས་པ་མ་མཆིས་ཏེ། །ཌཱ་ཀི་གཙོ་འཁོར་དཔང་བཞུགས་ནས། །ཡིད་ལ་གདུང་ནས་སྨྲས་པ་ཡིན། །མཆོག་གི་ལམ་སྣ་བླ་མས་འདྲེན། །རྒྱུན་གྱི་སྲུང་སྐྱོབ་མཁའ་འགྲོ་ཡིན། །མཆོད་བསྟོད་གསོལ་འདེབས་རྟག་ཏུ་བརྩོན། །ཡིད་ཆེས་ཐག་ཆོད་ངེས་ཤེས་བརྟན། །བྱིན་རླབས་རྒྱུན་ཆད་མེད་པར་ངེས་། །ཤེས་རབ་བུདྡྷ་ཏཱ་རེ་མ། །སྔོན་གྱི་ལས་འབྲེལ་ཆེ་བ་དང་། །ད་ལྟ་དམ་ཚིག་མ་ཉམས་ན། །སྐྱེ་བ་འདི་ཡི་འོག་རོལ་དུ། །གྲུབ་ཐོབ་གླང་རས་གྲུ་གནས་སུ། །དགའ་བདེའི་ལོངས་སྤྱོད་དེ་རུ་འཛོམས། །དེ་ཡི་སྐྱེ་བ་ཕྱི་མ་རུ། །ན་མོ་ཤོད་ཀྱི་གླིང་དུ་སྐྱེ། །དེ་ནས་མཁའ་ལ་མ་སྤྱོད་པར། །ལུས་དང་གྲིབ་མ་ལྟ་བུར་འགྲོགས་པར་ཞུ། །ཞིབ་ཚགས་བྱས་ན་བློར་མི་ཤོང་། །ཀུན་ལ་གསང་གཅིག་བློར་མི་ལོངས། །གཙོ་འཁོར་དཔང་བཞུགས་ཀྱི་ཡིན་ལུགས་ཡིན། །ཉེས་ཚོགས་ཆོས་བདག་རྣམས་ལ་བཤགས། །དགེ་བས་རྐྱེན་ངན་རང་གྲོལ་ཤོག །མི་འབྲལ་འགྲོགས་པའི་བཀྲ་ཤིས་ཤོག །
ཨེ་མ་ཧོ། ན་མོ་བཛྲ་དྷ་ར་ཡེ། སྲིད་གསུམ་འགྲོ་བའི་དེད་དཔོན་རྒྱལ་བའི་ཡུམ། །སྲིད་ཞི་རང་གྲོལ་མཐའ་བྲལ་རྒྱལ་བའི་ཡུམ། །སྲིད་འདིར་འགྲོ་བའི་གཙུག་རྒྱན་རྒྱལ་བའི་ཡུམ། །སྲིད་པའི་དེད་དཔོན་ཡུམ་གྱུར་རྣམས་ལ་བསྟོད། །ཨ་ཞེ་བུདྡྷ་ཏཱ་རེ་མ། །ལེགས་པོར་ལེགས་པོར་བསམ་མནོ་ཐོང་མཛོད་དང་། །བདག་ལ་ནུས་པ་མཆིས་པ་མ་ཡིན་ཏེ། །ཌཱ་ཀི་བུདྡྷ་ཏཱ་རེས་གཙོས་མཛད་པའི། །ཆོས་བདག་རྣམས་ཀྱི་བཀའ་ལས་མ་འདའ་བར། །དཔང་པོ་གྱིས་དང་འདི་ཕྱིའི་དོན་ཆེན་འགྲུབ། །ཨེ་མ་ཧོ། རང་བྱུང་བདེ་ཆེན་ལྷུན་གྲུབ་ཆོས་སྐུ་དེ། །མཁའ་ལ་ཐོགས་མེད་འོད་གསལ་སྒྲོན་མ་བལྟམས། །འོད་གསལ་རྟ་བདུན་རྒྱལ་པོས་སྒྲོན་མེ་བལྟམས། །ཡུམ་གྱུར་མཁའ་ལྟར་དག་པ་ཟུང་ལ་བསྟོད། །འདས་པའི་ཨ་ཞེ་བུདྡྷ་ཏཱ་རེ་མ། །ན་ཆུང་བདག་ལ་གསོན་དང་ཉམས་བསྡུར་བྱེད། །སྣོད་བཅུད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །ཡེ་སྟོང་རྩ་བྲལ་བདེ་ཆེན་ཆོས་ཀྱི་སྐུ། །མ་འགགས་དེ་ཡི་རོལ་པར་ཅི་ཤར་ཡང་། །ཆུ་དང་རླན་བཞིན་ཐ་མི་དད་པ་ཡིན། །གནས་སྐབས་བདེ་སྡུག་ཇི་ལྟར་སྣང་ན་ཡང་། །ཡུད་ཙམ་ཡིན་པས་དེར་འཛིན་ཅི་ལ་བྱེད། །གནས་ལུགས་འོད་གསལ་དེ་ལ་ལྟད་མོ་མཛོད། །རྒྱུན་དུ་འབྲལ་བ་མེད་པར་ལྟད་མོ་མཛོད། །མ་ཡེངས་བརྗོད་པ་མེད་པར་ལྟད་མོ་མཛོད། །མཐོང་རྒྱུ་མེད་པའི་ངང་ལ་ལྟད་མོ་མཛོད། །ཡེངས་མེད་སྤྱོད་ལམ་རྣམ་བཞིར་ལྟད་མོ་མཛོད། །ལྟད་མོ་འདི་བས་ཆེ་བ་ཡོད་པ་མིན། །སྣང་ཡལ་འདི་ལས་ཆེ་བ་ཡོད་པ་མིན། །མཐོང་རྒྱ་འདི་ལས་ཆེ་བ་ཡོད་པ་མིན། །ལྟད་མོ་འདི་ལས་མང་བ་ཡོད་པ་མིན། །བལྟས་པས་མཐའ་ལ་རྫོགས་པ་ཡོད་པ་མིན། །འདི་འདྲའི་ལྟད་མོ་ཁྱོད་ཀྱིས་མཐོང་བ་ན། །འཇིག་རྟེན་ལྟད་མོ་ཐམས་ཅད་ཀོར་ཙེ་ཡིན། །ཆོས་བདག་གོང་མ་རྣམས་ཀྱི་ལྟད་མོ་ཡིན། །ཁྱོས་ཀྱང་ལྟད་མོ་དེ་ལྟར་མཐོང་བར་ཤོག །གསང་བ་མངོན་དུ་ཕྱུང་བར་གྱུར་པ་ལ། །ཆོས་བདག་གོང་མ་རྣམས་ཀྱིས་བཟོད་པར་བཞེས། །ཨྠྀི།
གུ་རུ་རང་བྱུང་འོད་གསལ་རྣམས་ལ་ན་མོ། བཀའ་བརྒྱུད་གཙུག་གི་ནོར་བུ་རྡོ་རྗེ་འཆང་། །སྲིད་ཞིའི་ཡུམ་གྱུར་རྡོ་རྗེ་ཕག་མོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཁ་བ་ཅན་དུ་འཕགས་པ་ཀླུ་སྒྲུབ་སྙིང་། །སྲིད་ཞིའི་ཡུམ་གྱུར་མཁའ་འགྲོ་ཆེན་མོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །གོང་མའི་བཅུད་འཛིན་ཨིནྡྲ་བྷོ་དྷི་དང་། །སྲིད་ཞིའི་ཡུམ་གྱུར་གཟུགས་ཅན་མཁའ་འགྲོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ང་བདག་དོན་ལ་མི་གཡོ་གུ་གུ་རི། །སྲིད་ཞིའི་ཡུམ་གྱུར་ཁཎྚ་རོ་ཧི་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཅལ་ཅུལ་རང་གྲོལ་མི་གཡོ་ལུ་ཧི་པ། །སྲིད་ཞིའི་ཡུམ་གྱུར་ལ་མ་མཁའ་འགྲོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཆོས་ཉིད་དོན་ལ་མི་གཡོ་ས་ར་ཧ། །སྲིད་ཞིའི་ཡུམ་གྱུར་མཁའ་སྤྱོད་བཟང་མོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཇ་སོགས་སྲིད་ཞི་རང་གྲོལ་ཌོམ་བྷི་པ། །སྲིད་ཞིའི་ཡུམ་གྱུར་ས་སྤྱོད་བཟང་མོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཉམས་མྱོང་མཁའ་ལྟར་དག་པའི་པདྨ་སམ། །སྲིད་ཞིའི་ཡུམ་གྱུར་མངོན་སྤྱོད་བཟང་མོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཏིང་འཛིན་རྒྱུན་ཆད་མེད་པའི་དྲིལ་བུ་པ། །སྲིད་ཞིའི་ཡུམ་གྱུར་བདེ་སྤྱོད་བཟང་མོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཐམས་ཅད་དབྱིངས་སུ་སྒྲོལ་བའི་ཏེ་ལོ་པ། །སྲིད་ཞིའི་ཡུམ་གྱུར་བདེ་སྟོང་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །དེ་བཞིན་གཤེགས་པའི་རྒྱས་མཚན་ན་རོ་པ། །སྲིད་ཞིའི་ཡུམ་གྱུར་གསལ་སྟོང་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ནུས་མཐུ་སྟོབས་དང་ལྡན་པའི་ལྷོ་བྲག་པ། །སྲིད་ཞིའི་ཡུམ་གྱུར་རིག་སྟོང་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །དཔག་ཡས་ཚུལ་བཞིན་སྒྲུབ་པ་རས་པའི་མཚན། །སྲིད་ཞིའི་ཡུམ་གྱུར་སྣང་སྟོང་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཕན་བདེའི་བསྟན་པ་རྒྱས་མཛད་དྭགས་པོའི་མཚན། །སྲིད་ཞིའི་ཡུམ་གྱུར་སངས་རྒྱས་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །བར་དོའི་འཕྲང་སྐྱོབ་སངས་རྒྱས་དུས་གསུམ་མཁྱེན། །སྲིད་ཞིའི་ཡུམ་གྱུར་རྒྱལ་མཚན་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །མ་ལུས་མཁའ་སྤྱོད་འདྲེན་མཛད་སངས་རྒྱས་གྲགས། །སྲིད་ཞིའི་ཡུམ་གྱུར་བླ་མ་སྒྲོལ་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །གཙུག་གི་ནོར་བུ་ལྟ་བུའི་སོམ་རག་པ། །སྲིད་ཞིའི་ཡུམ་གྱུར་ཆོས་འབྱུང་སྒྲོལ་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཚོགས་གཉིས་རྩལ་རྫོགས་མཐར་ཕྱིན་ཀརྨ་པ། །སྲིད་ཞིའི་ཡུམ་གྱུར་བདེ་ཆེན་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཛར་མེད་བདེན་འཛིན་རང་གྲོལ་ཨུ་རྒྱན་པ། །སྲིད་ཞིའི་ཡུམ་གྱུར་རང་བྱུང་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཝལ་གྱིས་དེ་ཉིད་གཟིགས་པའི་རང་བྱུང་པ། །སྲིད་ཞིའི་ཡུམ་གྱུར་འོད་གསལ་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཞི་བའི་དོན་ལ་མི་གཡོ་རྡོ་རྗེ་དཔལ། །སྲིད་ཞིའི་ཡུམ་གྱུར་ལྷུན་གྲུབ་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཟས་གཙང་སྲས་པོའི་རྣམ་འཕྲུལ་ཆོས་ཀྱི་གྲགས། །སྲིད་ཞིའི་ཡུམ་གྱུར་རྒྱན་གྱི་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །འོད་གསལ་མཁའ་ལྟར་དག་པའི་མཁའ་སྤྱོད་དབང་། །སྲིད་ཞིའི་ཡུམ་གྱུར་འདོད་བདེ་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཡང་དག་ལམ་མཆོག་སྟོན་པའི་དེ་བཞིན་གཤེགས། །སྲིད་ཞིའི་ཡུམ་གྱུར་མཁའ་འགྲོ་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །རང་བྱུང་རང་ལ་རྙེད་པའི་བློ་གྲོས་མཚན། །སྲིད་ཞིའི་ཡུམ་གྱུར་སྐྱེ་མེད་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ལུས་སེམས་ཟུག་རྔུ་བྲལ་བའི་རྡོ་རྗེ་གྲགས། །སྲིད་ཞིའི་ཡུམ་གྱུར་སེམས་བསྐྱེད་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཤེས་བྱའི་དོན་ལ་མ་རྨོངས་ཟངས་རི་པ། །སྲིད་ཞིའི་ཡུམ་གྱུར་ནོར་བུ་སྒྲོན་མ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །སངས་རྒྱས་ལག་ཏུ་གཏད་པའི་དྲིན་ཅན་རྗེ། །སྲིད་ཞིའི་ཡུམ་གྱུར་གནས་གསུམ་མཁའ་འགྲོ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །ཧ་ཧའི་གད་རྒྱང་གཡོ་བའི་བསྟན་སྲུང་རྣམས། །སྲིད་ཞིའི་ཡུམ་གྱུར་བསྟན་སྲུང་མོ་རྒྱུད་རྣམས། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལ་བསྒྲལ་དུ་གསོལ། །ཨ་དོན་སྐྱེ་མེད་ཐུགས་ཆུད་རྣལ་འབྱོར་ནམ་མཁའི་མཚན། །སྲིད་ཞིའི་ཡུམ་གྱུར་གང་མཆིས་ཤེས་རབ་ཡུམ། །ཐབས་ཤེས་དབྱེར་མེད་ཟུང་འཇུག་བདེ་ཆེན་སྐུ། །བདག་སོགས་འགྲོ་དྲུག་སྲིད་ལས་བསྒྲལ་དུ་གསོལ། །བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཆོས་བདག་ཐབས་ཤེས་རྣམས་དང་མི་འབྲལ་ཤོག །ཕྱོགས་བཅུའི་གྲུབ་ཐོབ་རྣམས་ཀྱི་ཐུགས་རྗེ་ཡིས། །ཆོས་བདག་ཌཱ་ཀི་རྣམས་ཀྱི་བྱིན་རླབས་དང་། །ཆོས་སྐྱོང་བསྟན་སྲུང་རྣམས་ཀྱི་མཐུ་སྟོབས་ཀྱིས། །རིགས་ཀྱི་བུ་མོ་བུདྡྷ་ཏཱ་རེ་མས། །ཡེ་ཤེས་མཁའ་འགྲོའི་རྟོགས་པ་མ་ཐོབ་པར། །གནས་སྐབས་རྐྱེན་སྣང་མ་ལུས་གང་ཤར་ཡང་། །བདེ་ཆེན་ངང་ལ་འདུ་འབྲལ་མེད་པར་ཤོག །རྩེ་གཅིག་དོན་ལ་གཡོ་བ་མེད་པར་ཤོག །སྤྲོས་བྲལ་དོན་ལ་འགྱུར་བ་མེད་པར་ཤོག །རོ་གཅིག་དོན་ལ་སྤང་བླང་མེད་པར་ཤོག །སྒོམ་མེད་དོན་ལ་འདོད་པ་ཟད་པར་ཤོག །འཁོར་འདས་རང་གྲོལ་ལྟ་བ་རྟོགས་པར་ཤོག །སྣང་སྟོང་ཟུང་འཇུག་སྒོམ་པ་རྟོགས་པར་ཤོག །མཉམ་རྗེས་ཟུང་འཇུག་སྤྱོད་པ་རྟོགས་པར་ཤོག །རེ་མེད་རང་གནས་འབྲས་བུ་རྟོགས་པར་ཤོག །ཇི་ལྟར་བཏབ་བཞིན་དེ་ལྟར་འགྲུབ་པར་ཤོག །ཨྠྀི།
བདག་ནི་རང་བྱུང་ལྷུན་གྲུབ་བཀྲ་ཤིས་སྒྲོན་མ་ཡིན། །དགེ་དེས་མ་རྣམས་གཏན་བདེ་འགྲུབ་པར་ཤོག །ཉེས་ཚོགས་རྒྱལ་བའི་ཡུམ་གྱུར་རྣམས་ལ་བཤགས། །ཧོ་ཧོ། ཞེས་པ་འདི་ནི་ཌཱ་ཀི་རང་བྱུང་ལྷུན་གྲུབ་སྒྲོན་གྱིས་མི་ཡི་བུ་མོ་བུདྡྷ་ཏཱ་རེའི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སྐྱེས་རབས་མདོར་བསྡུས་ངོ་སྤྲོད་ཡབ་ཡུམ་དབྱེར་མེད་ཀྱི་གསོལ་འདེབས་སྨོན་ལམ་དང་བཅས་པ་མཛད་པའོ། །
༈ ཕྱག་འོས་དམ་པ་རྣམས་ལ་ན་མོ། རིགས་ཀྱི་ཤེས་རབ་བུདྡྷ་ཏཱ་རེ་མས། །རྩེ་གཅིག་ཡིད་ཆེས་ངང་ནས་གསན་མཛོད་དང་། །ངོ་མཚར་ཅན་གྱི་གནད་འགའ་སྙན་དུ་གསོལ། །ཀུན་བཟང་ཡངས་པའི་དཀྱིལ་འཁོར་ཆེན་པོ་འདིར། །ཁུང་བཙུན་ཐག་ཆོད་ཡིད་གཉིས་མེད་པའི་དཔལ། །གུས་པའི་དབང་གིས་དེ་ཉིད་རྟོགས་བྱ་ཡིན། །ངོམས་པ་མེད་པའི་སྟོང་ཁྱབ་མཁའ་དབྱིངས་དེས། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །ཅུང་ཟད་ཙམ་ཡང་དོན་ལ་མི་གཡོ་ཞིང་། །ཆུ་བོའི་རྒྱུན་ལ་སྐྱོ་དུབ་མི་མངའ་བཞིན། །འགྱུ་ཆེན་རང་བཞིན་དེ་ལ་མི་གཡོ་ནས། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །ཏུ་རེ་བདེ་སྟོང་ངང་ལས་མི་གཡོ་ཞིང་། །ཐུགས་རྗེས་གཙོ་མོས་འགྲོ་རྣམས་སྨིན་པ་ལྟར། །དུས་རྣམ་ཀུན་ཏུ་འགྲོ་བའི་དོན་དེ་ལ། །ནུས་མཐུ་སྟོབས་དང་ལྡན་པའི་བློ་གྲོས་ཀྱིས། །བདག་གིས་བྱུང་ལྟར་ཁྱོས་ཀྱང་འབྱུང་བར་ཤོག །པུན་ནེ་ཀློད་པའི་བློ་འདས་ཆེན་པོ་དེ། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །ཕུན་ཚོགས་དཔལ་འབར་དོན་གཉིས་འབྱུང་བའི་གཏེར། །བུམ་པ་བཟང་དང་དཔག་བསམ་ཤིང་ལྟར་འདི། །མུ་མེད་ཡངས་པའི་སྐྱེ་མེད་ཆེན་པོ་དེ། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །གཙུག་གི་ནོར་བུ་རང་བྱུང་བཅོམ་ལྡན་འདས། །ཚུ་རོལ་ཕ་རོལ་གཉིས་ཀྱི་མཐའ་ལས་འདས། །ཛུལ་ཛུལ་མ་ཡིན་བདེ་བའི་འབྱུང་གནས་མཆོག །འོང་བ་མེད་ཀྱང་འགྲོ་བའི་མཐའ་འདས་འདི། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །ཞུམ་པ་མེད་པའི་སྟོང་གསལ་ཆོས་ཀྱི་སྐུ། །ཟུང་འཇུག་བློ་གྲོས་རྣམ་དཔྱོད་ལྡན་པའི་སྟོབས། །འུབ་ཀྱིས་སྐྱེ་མེད་རང་གྲོལ་ལྷུན་གྱིས་གྲུབ། །ཡུལ་སྣང་བདེན་འཛིན་རང་གྲོལ་ཆེན་པོ་འདི། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །རུས་དང་རིགས་དང་ལང་ཚོའི་རྟོགས་བྱ་མིན། །ལུས་ངག་ཡིད་གསུམ་སྐྱེ་འཇིག་བྲལ་བ་ཡི། །ཤུལ་བ་མེད་པར་བརྩོན་འགྲུས་ལྕག་བྲབས་ནས། །སུ་དང་གང་ལ་བློ་གཏད་བྲལ་བ་འདི། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །ཧོ་དང་ཕཊ་ཀྱིས་ཆོས་རྣམས་ལྟོས་ཆོས་ཡིན། །ཨུ་མ་དྷེ་བའི་ཆོས་ལ་བརྩོན་པར་མཛོད། །བདག་ནི་དགོས་འདོད་ནོར་བུ་སྒྲོན་མ་ཡིན། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །གནོང་བ་བཤགས་ལ་དགེ་རྩ་འགྲོ་ལ་བསྔོ། །དགོས་འདོད་ནོར་བུ་སྒྲོན་གྱི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་ནོར་བུ་སྒྲོན་གྱིས་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ གུ་རུ་དང་དགོས་འདོད་མ་ལུས་རེ་སྐོང་ནོར་བུ་རིན་ཆེན་ལ་ན་མོ། རིགས་ཀྱི་བུ་མོ་ཡིད་ཆེས་མཆིས་ན་གསོན། །ཉམས་ཞེས་བྱ་བ་གོ་བ་དེ་ལ་ཟེར། །མྱོང་བ་བྱ་བ་རྒྱུད་ཐོག་སྐྱེས་ལ་ཟེར། །རྟོགས་པ་རང་སེམས་གཏན་ལ་ཕེབས་ལ་ཟེར། །ཞི་གནས་ཉོན་མོངས་རྟོག་པ་ཞི་ལ་ཟེར། །ལྷག་མཐོང་སྣང་སྲིད་སེམས་སུ་རྟོགས་ལ་ཟེར། །མཉམ་བཞག་སེམས་ལ་ལས་མི་བཅོལ་ལ་ཟེར། །རྗེས་ཐོབ་ཆོས་ཉིད་བདེན་པ་མཐོང་ལ་ཟེར། །ཆོས་སྐུ་བྱ་བ་སྐྱེ་བ་མེད་ལ་ཟེར། །ལོངས་སྐུ་ཡོན་ཏན་འགག་མེད་རྫོགས་ལ་ཟེར། །སྤྲུལ་སྐུ་འགྲོ་དོན་འབད་མེད་ནུས་ལ་ཟེར། །གཉིས་སྣང་མེད་ན་ལྟ་བ་དེ་ལ་ཟེར། །རྒྱུན་ཆད་མེད་ན་སྒོམ་པ་དེ་ལ་ཟེར། །བྱ་རྩོལ་མེད་ན་སྤྱོད་པ་དེ་ལ་ཟེར། །དོན་གཉིས་ཕུན་ཚོགས་འབྲས་བུ་དེ་ལ་ཟེར། །ཐབས་ཀྱི་ཆོས་ནི་འབད་རྩོལ་བྱེད་ལ་ཟེར། །ཤེས་རབ་ཆོས་ནི་ངོ་བོ་དག་ལ་ཟེར། །ཀུན་རྫོབ་ཆོས་ནི་མི་རྟག་སྒོམ་ལ་ཟེར། །དོན་དམ་ཆོས་ནི་འཕོ་འགྱུར་མེད་ལ་ཟེར། །སྣང་བའི་ཆོས་ནི་མ་འགགས་པ་ལ་ཟེར། །སྟོང་པའི་ཆོས་ནི་རང་བཞིན་ཤེས་ལ་ཟེར། །ཟེར་ཟེར་ཉི་ཤུ་ཐམ་པའི་གནད་འགག་འདི། །ཡིད་ཆེས་ཡོད་ན་དེ་ལྟར་ཉམས་ལེན་ཞུ། །ཁྱི་སྔུན་གསེར་ཕྱེ་བླུག་ལྟར་མི་མཛད་ཞུ། །བདག་ནི་རྒྱལ་བའི་ཡུམ་གྱུར་ཐ་ཤལ་ཡིན་པར་ཞུ། །བདག་གི་གོ་རྟོགས་མངོན་ཕྱུང་ཡིན་པར་ཞུ། །ཨྠྀི། ཞེས་པ་འདི་ནི་ཌཱ་ཀི་ནོར་བུ་སྒྲོན་གྱིས་ཛྙཱ་ན་ཀ་ར་ལ་གསུངས་པའོ། །
༈ ཕྱོགས་བཅུའི་ཆོས་བདག་གྲུབ་ཐོབ་ཕོ་མོ་རྣམས། །མོས་གུས་ཆེ་ན་མཁྱེན་པས་དགོངས་སུ་གསོལ། །བདག་གིས་འདི་བརྗོད་ཚིག་དོན་མ་ལུས་ཀུན། །ཁོང་དུ་ཆུད་ནས་དོན་གཉིས་མཐར་ཕྱིན་ཤོག །འདི་ནས་ཚེ་འཕོས་བདེ་ཆེན་མཁའ་སྤྱོད་དུ། །གསང་དོན་བཅུད་འཛིན་བློ་གྲོས་ངེས་ནས་ནི། །འགག་པ་མེད་པའི་སྤྲུལ་པ་སྣ་ཚོགས་ཀྱིས། །གཡེལ་བ་མེད་པའི་དོན་གཉིས་མཐར་ཕྱིན་ཤོག །ཇི་ལྟར་བཏབ་བཞིན་དེ་ལྟར་འགྲུབ་པར་ཤོག །བདག་ནི་འོད་གསལ་འབར་བ་སྒྲོན་མ་ཡིན། །བདག་གིས་རྟོགས་བཞིན་ཁྱོས་ཀྱང་རྟོགས་པར་ཤོག །མ་ཡམ་གྷ་ཡམ་གསང་ངོ་གསང་ངོ་། །ཞེས་པ་འདི་ནི་ཌཱ་ཀི་འབར་བ་སྒྲོན་གྱིས་ཛྙཱ་ན་ཀ་ར་ལ་གདམས་པའོ། །
༈ གུ་རུ་དང་ཌཱ་ཀི་ལ་ན་མོ། བླ་མེད་བླ་མ་ཐབས་མཆོག་ཧེ་རུ་ཀ །སངས་རྒྱས་བསྟན་པའི་སྒྲོན་མེ་ཤེས་རབ་ཡུམ། །ཡབ་ཡུམ་དབྱེར་མེད་བདེ་སྟོང་རོལ་རྩེད་མཛད། །དོན་དམ་འོད་གསལ་མངོན་གྱུར་དེ་ལ་འདུད། །ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་ཌཱ་ཀི་སངས་རྒྱས་སྒྲོན་གྱི་རྣམ་ཐར་མདོར་བསྡུས་པ་ནི། ཌཱ་ཀིའི་ཡུལ་དུ་བདེ་བའི་འབྱུང་གནས་ཆོས་འབྱེད་མ་ཞེས་བྱ། ལྷའི་ཡུལ་དུ་མཁའ་འགྲོ་སོ་ཀ་སི་ཏི་ཞེས་བྱ། མི་ཡི་ཡུལ་དུ་སངས་རྒྱས་སྒྲོན་ཞེས་བྱའོ། །སྐྱེ་བ་འདི་ཡི་གོང་དུ་ངེད་སྤུན་བཞི་ཡོད་པ་ནི། ད་ལྟར་གྱི་སངས་རྒྱས་སྒྲོན་དམ་པ་སྒྲོན་བདེ་ཆེན་སྒྲོན་བདག་དང་བཞིའོ། །མོ་སངས་རྒྱས་སྒྲོན་ནི་ཆེ་ཤོས་ཡིན་ལ། ཡུལ་ཀར་ཤོད་བྱ་བ་གཅིག་ན། བླ་མ་དགེ་བའི་བློ་གྲོས་བྱ་བ་ལ། ངེད་ཐམས་ཅད་ཀྱིས་ཆོས་རྫོགས་ཆེན་ཞུས། དེ་ཡི་དུས་སུ་བཙུན་མ་གཅིག་ལ་བླ་མའི་བུ་མོ་བཙལ། དེ་ལ་མོས་ཁ་ཚིག་ཙམ་གྱི་སྒོ་ནས་བུ་མོ་བཙལ་བའི་ཆད་པ་ལ་མིག་ཡ་དེ་བྲུ་དགོས་ཟེར་བའི་ཉེས་པ་ལ། མིག་ཡ་དེ་ད་ལྟ་མེད་དེ་མཆིས། དེ་ཡི་དུས་སུ་ངེད་བཞིས་ཁོང་བདེ་འདོད་འབྲེལ་པ་བྱས་པ་ཡིན་པས་ད་ལྟ་འབྲེལ་ཆེའོ། །དེ་མཆན་མ་དམ་པ་སྒྲོན་ཡིན་པ་ལ། མཚོ་འགྲམ་དུ་ཆུ་ལེན་སོང་བ་ལ་མཚོ་ཁར་ཉ་མཆོང་བ་ལ་རྩེད་མོའི་དབང་གིས་རྡོ་འཕངས་བས་ཉ་ཤི། དེའི་ལན་གྱིས་ད་ལྟ་ལོ་བཅུ་དགུ་ནས་ཤིའོ། །དེ་མཆན་མ་བདེ་ཆེན་སྒྲོན་ཡིན་པ་ལ། འདི་ནས་ཉིན་ལམ་ལྔ་ཙམ་གྱི་སར་ཡོད། ཐོག་མར་རབ་བྱུང་ཡིན་པ་ལ། བླ་མ་གཅིག་དང་འབྲེལ་ནས་ཁྱིམ་པར་འགྲོ་སྟེ་མཆིས། ཆུང་ཤོས་བདག་ཡིན་པ་ལ་ཡུལ་འདན་མའི་ས་ཆ་ན་མཛོ་མོ་བདུན་ཡོད་པ་ཞིང་ནི་བྲེ་བརྒྱ་མལ་ཡོད་པ། ཁྱོ་པོ་ནི་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པ་གཅིག་མཆིས། བདག་ནི་ལོ་ཉི་ཤུ་རྩ་ལྔ་ལོན་པ་ཡིན་ཏེ་མཆིས། ད་ལོ་བདག་ལ་སྲས་གཅིག་བཙས་སོ། །སྲས་དེ་ནི་ལོ་དགུ་ནས་སེམས་ཅན་འདྲེན་ནུས་པ་གཅིག་མཆིས། རྒྱལ་ཁམས་ཕྱོགས་མེད་དུ་བསྐོར་བ་གཅིག་མཆིས་ཏེ། ཚེ་འདི་ཡི་བྱ་བ་ལ་ཞེན་པ་ལོག་པ་གཅིག་མཆིས་སོ། །དེ་འོག་ནི་སྲས་མོ་ང་རང་དོ་བ་གཅིག་མཆིས་སོ། །དེ་ཡི་འོག་ཏུ་བུ་གཅིག་འོང་བ་དེས་ལོ་བདུན་ནས་སྡིག་པའི་ཕུང་པོ་བྱེད་པ་གཅིག་འོང་སྟེ། ཐམས་ཅད་འདྲེན་ནུས་ཏེ་མཆིས་ད་ལོའི་སྲས་དེ་ལོ་བཅུ་དྲུག་རེད་ནས་བདག་ཀྱང་མཁའ་སྤྱོད་ཀྱི་གནས་སུ་འགྲོའོ། །བདག་སྤུན་བཞི་ཡོད་པ་ལས། ཁོང་གསུམ་གྱིས་ཆོས་ཟབ་མོ་ལ་ཡིད་ཆེས་དང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་མ་བསྲུངས་བ་ལན་ནོ། །ཁྱེད་བླ་མ་དང་སྔོན་ནས་སངས་རྒྱས་སྒྲོན་འབྲེལ་ཨེན་ཙམ་མཆིས། ངེད་གསུམ་དང་མཐོང་ཐོས་ཀྱི་འབྲེལ་པ་མིན་པ་མེད། འབྲེལ་པ་སྐྱེ་བ་མང་པོ་ནས་བདེ་འདོད་ཆེའོ། །རྒྱུ་མཚན་ཞིབ་ཀྱིས་མང་དུ་ཡོད་ཀྱང་སྨྲ་བར་མི་བཏུབ་བོ། །བདེ་ཆེན་སྒྲོན་དང་རྟེན་འབྲེལ་ཨེ་འགྲིགས་ཡར་ཚེས་བཅུ་ལ་ལྟོས། བདག་ནི་ཉི་མ་དོ་ནུབ་ཕྱི་ནས་ཞུ་ཡིག་དེ་ཙམ་མཆིས་རྫོགས་སོ། །ཀྱེ་མ་ཀྱེ་ཧུད་ཚེ་འདི་ཡུད་ཙམ་ལ། །རྟག་ཅིང་བརྟན་པར་བཟུང་བ་ཡི་རེ་མུག །མི་མངོན་དབྱིངས་ཀྱི་ཆོས་བདག་ཐམས་ཅད་ཀུན། །འཁྲུལ་རྟོག་རྟག་འཛིན་རྩད་ནས་ཕྱུང་དུ་གསོལ། །ཨེ་མ་ཐབས་མཆོག་རིན་པོ་ཆེ། །ད་ལོ་སང་གནངས་ཙམ་ཞིག་ཨེ་ཡིན་ལ། །ཟབ་མོའི་ཚོགས་འཁོར་དག་ལ་འབུངས་བར་མཛོད། །ཁྱེད་ལ་འབྲེལ་བའི་སྐྱེས་བུ་ཕོ་མོ་རྣམས། །ཚོགས་ཀྱི་འཁོར་ལོ་མི་འབྱོར་གཅིག་ཀྱང་མེད། །རབ་བཅུ་གསུམ་འབྲིང་དགུ་ཐ་མ་ལྔ་གང་འཛོམས་འབུང་དུ་ཆུལ། །ཕྱི་མ་བདེ་བར་འདོད་ན་དེ་ལྟར་གྱིས། །ལོངས་སྤྱོད་ཆེ་བར་འདོད་ན་དེ་ལྟར་གྱིས། །མི་རྟག་འཆི་བས་འཇིགས་ན་དེ་ལྟར་གྱིས། །ཚེ་གཅིག་སངས་རྒྱས་འདོད་ན་དེ་ལྟར་གྱིས། །གནས་སྐབས་དཔོན་སློབ་འབྲེལ་པ་ཡད་ཡུད་ཙམ། །ནམ་ཞིག་འགྱོད་པའི་དུས་སུ་མཆིས་པ་ཡིན། །དེས་ན་ཟབ་མོའི་ཚོགས་འཁོར་དག་ལ་འབུང་དུ་ཆུལ། ཁྱེད་རང་གིས་ཀྱང་དེ་ལྟར་འབུངས་བར་ཞུ། །སྟོང་གསུམ་ནོར་གྱི་སྦྱིན་བཏོང་བས། །ནུབ་གཅིག་ཚོགས་འཁོར་ཕུལ་བས་བསོད་ནམས་ཆེ། །དེ་ནི་ཌཱ་ཀི་རྣམས་ཀྱི་དགོངས་པ་ཡིན། །དུས་བཟང་གཅིག་ལ་དེ་ལྟར་བྱེད་པའི་དུས། །བསོད་ལ་མཁའ་འགྲོ་སྤྲིན་ལྟར་འདུས་ནས་ཡོད། །ནམ་ཕྱེད་ཕན་ལ་མ་ལུས་ཚར་བར་མཛོད། །བདག་གིས་ཁྱེད་ལ་འདི་བསྐུལ་བས། །དགེ་བའི་རྩ་བ་བག་ཙམ་མཆིས་པ་ན། །ལྷུན་གྲུབ་འོད་གསལ་སྟོང་ཉིད་མངོན་གྱུར་ཅིང་། །མི་བདེ་མེད་པའི་གནས་སུ་མཇལ་བར་ཤོག །སྐྱེ་བ་འདི་ཡི་ཞུ་ཡིག་རྟིང་པ་ཞུ། །ཕྱི་མ་ན་མོ་ཤོད་དུ་མཇལ་བར་ཞུ། །མཁའ་འགྲོ་སངས་རྒྱས་སྒྲོན་གྱི་རྣམ་ཐར་མདོར་བསྡུས་བྱི་བ་ལོའི་གཟའ་སྐར་ཤིས་པ་ལ་ཁོ་རང་གིས་མཛད་པའོ། །
༈ ཨོཾ་བདེ་ལེགས་དཔལ་འབར་ཆེན་པོ་རུ་གྱུར་ཅིག །བསམ་མི་ཁྱབ་ཀྱིས་ཟབ་གནད་འདི་བཞེངས་མཐུས། །འདི་ཡི་ཚིག་དོན་མ་ལུས་ཐམས་ཅད་ཀུན། །སྐད་ཅིག་གཡེལ་བ་མེད་པར་ཐུགས་ཆུད་ནས། །འགྲོ་བའི་དོན་ལ་སྨིན་གྲོལ་གར་བྱེད་ཤོག །ཆོས་སྐུ་ནམ་མཁའ་ལྟ་བུའི་དཀྱིལ་འཁོར་ནས། །ལོངས་སྐུ་མ་འགགས་འཇའ་ཚོན་ལྟ་བུར་བཀྲ། །སྤྲུལ་སྐུའི་ཆར་རྒྱུན་འགྲོ་བའི་རེ་སྐོང་བཞིན། །སྐུ་གསུམ་འགྲོ་དོན་སྨིན་གྲོལ་གར་བྱེད་ཤོག །ཀུན་རྫོབ་རང་བཞིན་སྣང་ལ་བདེན་རྫུན་བྲལ། །དོན་དམ་རང་བཞིན་མ་རིག་མུན་པ་སེལ། །དབྱེར་མེད་དོན་དམ་ངང་ལས་མི་གཡོ་ནས། །བདེན་གཉིས་ཟུང་འཇུག་སྨིན་གྲོལ་གར་བྱེད་ཤོག །སྣ་ཚོགས་སྣང་བ་དངོས་པོའི་ཆོས་རྣམས་ཐབས། །དེ་ཡི་རང་བཞིན་སྟོང་ཉིད་ཤེས་རབ་ཡུམ། །ཡ་མ་བྲལ་བའི་དབྱེར་མེད་ངང་ཤེས་ནས། །ཟུང་འཇུག་གཉིས་མེད་སྨིན་གྲོལ་གར་བྱེད་ཤོག །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ཌཱ་ཀི་རྣམས་ཀྱི་བདེན་སྟོབས་དང་། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་སྟོབས་ཀྱིས། །འདི་ལྟར་བརྗོད་བཞིན་དེ་ལྟར་འགྲུབ་པར་ཤོག །རང་འགྲུབ་ལྷུན་གྲུབ་མྱུར་འགྲུབ་བཀྲ་ཤིས་ཤོག །ཨོཾ་སིདྡྷི་ཡེ་ཧཱུཾ། བདག་ནི་དགོས་འདོད་ནོར་བུ་སྒྲོན་མ་ཡིན། །མཁའ་འགྲོ་སྒྲོན་གྱིས་བདག་ལ་བསྐུལ་བ་ཡིན། །བདག་གི་ཚིག་ལ་ནུས་པ་མེད་གྱུར་ཀྱང་། །མཁའ་འགྲོ་སྒྲོན་ལ་ངེས་ཤེས་ཐུགས་ཡིད་བརྟེན། །མ་འོངས་བདེ་ཆེན་གནས་སུ་མཇལ་ཏེ་འོང་། །དགེ་བས་མ་རྣམས་གཏན་བདེ་འགྲུབ་པར་ཤོག །ཉེས་ཚོགས་དུས་གསུམ་རྒྱལ་བའི་ཡུམ་ལ་བཤགས། །ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧོ། ཞེས་པ་འདི་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཁའ་འགྲོ་སྒྲོན་གྱིས་དྷརྨ་ཝ་ཤང་ལ་གདམས་པའོ། །
༈ མི་ཡི་བུ་མོ་བུདྡྷ་ཏཱ་རེ་འདི་ལ་བུ་དང་བུ་མོ་བཙས་ཀྱང་མ་དོར་ཅིག །བུ་ག་དང་ནམ་མཁའ་མ་རྗེ་ཞིག །ཚ་ཟེར་དང་མེ་ཁྱེར་མ་རྗེ་ཞིག །ས་ལེ་དང་མཁར་བ་མ་རྗེ་ཞིག །ལུང་བསྟན་དང་ཡིད་འོང་མ་རྗེ་ཞིག །གནས་སྐབས་དང་མཐར་ཐུག་མ་རྗེ་ཞིག །ང་ཡི་ཚིག་ལ་གཏད་མེད་དེ། །མངོན་སྤྱོད་མ་ཡི་གསུང་འཕྲིན་ལགས། །གསུང་འཕྲིན་མེན་རེ་ཛ་མ་ཡ་ལ་ཤྲཱི །ཞེས་པ་ཌཱ་ཀི་བུདྡྷ་ཏཱ་རེས་མི་ཡི་བུ་མོ་བུདྡྷ་ཏཱ་རེ་ལུང་བསྟན་པའོ། །
༈ སྐྱེ་མེད་ནམ་མཁའི་རྣལ་འབྱོར་སྙན་གསན་ཞུ། །བདག་གི་མགོ་སྐྲ་འདི་ལ་དགོས་གསུང་གདའ། །གསུང་ཚིག་ཁ་ཙམ་ཡིན་ཏེ་མཆིས། །འོན་ཀྱང་བདག་གིས་སྐྲ་འབྲེལ་ཚིག་གསུམ་ཞུ། །འགྱུར་མེད་མ་འགགས་དབུ་ལ་སྐྱེས་པ་དེ། །ཁམས་ལ་བརྟེན་ནས་དམ་པ་དང་པོའི་བརྡ། །གཞི་མ་ནག་ལ་ཟུར་ཙམ་ཁམ་པ་དེ། །ཁམས་ཀྱི་རང་བཞིན་འགྱུར་བ་མེད་པའི་བརྡ། །གསུམ་མཉམ་དག་ལ་གསུམ་དུ་སྡེབ་པ་དེ། །སྐུ་གསུམ་རང་ཆས་རང་ལ་རྟོགས་པའི་བརྡ། །སྣུམས་ཤིང་མདངས་ལྡན་སྤན་སྤུན་ཉུང་བ་དེ། །འཁོར་འདས་ཆོས་རྣམས་རང་སར་གྲོལ་བའི་བརྡ། །རྩ་བ་སྦོམ་ལ་རྩེ་མོ་རྣོ་བ་དེ། །ཤེས་རབ་རྣོ་ལ་བདེ་བ་རྒྱས་པའི་བརྡ། །བརྡ་ལྔ་དཔེ་དོན་རིགས་ལྔ་མཚོན་པའི་བརྡ། །བརྡ་ལྔ་འཛོམས་པའི་སྐྲ་མཆོག་དམ་པ་འདི། །ཐབས་མཆོག་བླ་མ་ཁྱོད་ལ་འབུལ། །བདག་གི་ང་བོ་མ་ལགས་ཏེ། །ཡིད་ཆེས་ཐུགས་ཁུར་མཛད་པ་ན། །གྲིབ་དང་གནས་སྐབས་གེགས་ཕྲན་ཕལ། །ཡོད་པ་ཙམ་གྱིས་ཞི་སྟེ་མཆིས། །ཌཱ་ཀི་བཞི་བསླས་སྐྲ་གཅིག་ལགས། །ཐུགས་དགྱེས་པར་མཛོད་ཅིག་བླ་མ་རྗེ། །སྐྲ་འབུལ་ལོ་བཞེས་སོ་མཁའ་འགྲོའི་ཚོགས། །ཞེས་པ་འདི་ནི་ཌཱ་ཀི་སངས་རྒྱས་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་སྐྲ་འབྲེལ་བྱས་པའོ། །
༈ གུ་རུ་ཤྲཱི་ཙཀྲ་སཾ་བྷ་ར་ཌཱ་ཀི་ཡེ་ན་མོ། སྒྲིབ་གསུམ་རང་གྲོལ་ཧེ་རུ་ཀ་དཔལ་སྐུ། །ཐབས་མཆོག་རྨད་བྱུང་འཁོར་ལོ་བདེ་བའི་མཆོག །སྣང་བརྙན་མ་འགགས་སྒྱུ་འཕྲུལ་དྲྭ་བ་འཛིན། །སྲིད་ཞི་མཐའ་བྲལ་སྡོམ་པ་དེ་ལ་འདུད། །ཆོས་རྣམས་རང་བཞིན་སྐྱེ་མེད་ནམ་མཁའི་དབྱིངས། །སྤྲོས་པ་ཉེར་ཞི་གདོད་ནས་བསམ་བརྗོད་བྲལ། །སྐྱེ་འགག་གནས་བྲལ་རྡོ་རྗེ་ཕག་མོའི་སྐུ། །རིགས་བཞི་མ་ངེས་སྡེ་བཞིའི་ཚོགས་ལ་འདུད། །གཙོ་མོ་མི་མངོན་དབྱིངས་ཀྱི་ཆོས་ཀྱི་བདག །མངོན་ཤེས་སྤྱོད་པས་སྲིད་གསུམ་འགྲོ་བ་འདྲེན། །སྐལ་བཟང་སངས་རྒྱས་སྟོང་གི་ཡུམ་གྱུར་མ། །བདག་སོགས་འགྲོ་རྣམས་བརྩེ་བས་སྐྱོང་ལ་འདུད། །རྒྱལ་བའི་ཡུམ་གྱུར་སྲིད་གསུམ་འགྲོ་བའི་མགོན། །མཚན་བཟང་མཁའ་འགྲོའི་རྟགས་རྣམས་སྐུ་ལ་རྫོགས། །སྒྲོན་མེས་ཉོན་མོངས་མ་རིག་མུན་པ་སེལ། །ཉོན་མོངས་བདུད་རྣམས་འཇོམས་མཛད་དེ་ལ་འདུད། །དུས་གསུམ་སངས་རྒྱས་ཡུམ་གྱུར་མཚན་དཔེས་བརྒྱན། །ས་ལམ་འཁོར་འདས་ཆོས་རྣམས་སེམས་སུ་རྫོགས། །ཇི་ལྟ་ཇི་སྙེད་མ་ལུས་ཐུགས་སུ་ཆུད། །ཉི་ཟླ་ལྟར་གསལ་སྒྲོན་མེ་དེ་ལ་འདུད། །བླ་མེད་བླ་མ་མཆོག་གི་གསང་བའི་ཡུམ། །ཟག་མེད་བདེ་སྟོང་དགའ་བཞིའི་བཅུད་ལ་རོལ། །སྐུ་དང་ཡེ་ཤེས་མངོན་གྱུར་རང་ལ་གཟིགས། །མ་རིག་མུན་སེལ་སྒྲོན་མེ་དེ་ལ་འདུད། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཤེར་ཕྱིན་ཡུམ། །རྐྱེན་སྣང་གྲོགས་ཤར་རང་རིག་སྐྱེ་མེད་སྒྲོན། །དུ་མ་རོ་གཅིག་རྒྱལ་བའི་དགོངས་པ་ཤར། །མ་ལུས་ཇི་བཞིན་མཁྱེན་པ་དེ་ལ་འདུད། །སྣང་ཞིང་སྲིད་པའི་ཆོས་རྣམས་མ་ལུས་ཀུན། །ཡེ་ནས་གཟུ་ནི་སྤྲོས་པའི་མཐའ་དང་བྲལ། །སྟོང་ལ་སྣང་བརྙན་མ་འགགས་སྒྱུ་མའི་གཟུགས། །སྣང་སྟོང་ཟུང་འཇུག་སྒྲོན་མེ་དེ་ལ་འདུད། །འཁོར་འདས་ཆོས་རྣམས་རང་རིག་རང་གི་སེམས། །ངོ་བོ་བདེ་སྟོང་རྩ་བྲལ་མཁའ་ལྟར་དག །རང་བཞིན་འོད་གསལ་མཚན་ཉིད་མ་འདྲེས་གསལ། །རང་རིག་རང་གསལ་སྒྲོན་མེ་དེ་ལ་འདུད། །བདེ་སྟོང་ཟག་མེད་སྐུ་བཞི་ལྷུན་གྱིས་གྲུབ། །ཡེ་ཤེས་ལྔ་ལྡན་དེ་ཡི་རོལ་པ་ཅན། །སྣ་ཚོགས་སྣང་ཡང་རང་བྱུང་ལྷན་གཅིག་སྐྱེས། །མཁའ་སྤྱོད་འདྲེན་མཛད་སྒྲོན་མེ་དེ་ལ་འདུད། །ཐོག་མཐའ་དབུས་བྲལ་འོད་གསལ་བསམ་མི་ཁྱབ། །ཡིད་ལ་བྱར་མེད་སྟོང་ཉིད་བརྗོད་ལས་འདས། །ཡིན་ལ་ཡིན་བཞིན་རང་སེམས་ཕྱག་རྒྱ་ཆེ། །མཁའ་དབྱིངས་འདྲེན་མཛད་སྒྲོན་མེ་དེ་ལ་འདུད། །བདེ་ཆེན་དབྱིངས་ནས་ཐོགས་མེད་མཁའ་ལ་སྤྱོད། །འགྲོ་བའི་ནད་སེལ་ཆོས་ཀྱི་སྒྲོན་མེ་སྦར། །སྣང་སེམས་དབང་ཐོབ་མཁྱེན་བརྩེ་ནུས་པར་ལྡན། །བདག་སོགས་བརྩེ་བས་རྗེས་བཟུང་དེ་ལ་འདུད། །ལྷུན་གྲུབ་འོད་གསལ་ཡེ་སྟོང་འདུས་མ་བྱས། །མཁའ་དབྱིངས་མི་འཇིག་རྒྱུ་རྐྱེན་མཚན་མ་བྲལ། །བརྗོད་མེད་མྱོང་ཡོད་གཞོན་ནུའི་དགའ་བདེ་འདྲ། །གཉུག་མ་འོད་གསལ་སྒྲོན་མེ་དེ་ལ་འདུད། །རིན་ཆེན་ནོར་བུ་རང་གི་སེམས་ལ་རྙེད། །ལ་བཟླའི་དོན་ལ་མི་འགྱུར་བརྟན་པ་ཐོབ། །སྐྱེ་སོགས་མཐའ་དག་སྐྱེ་མེད་དབྱིངས་ལ་ཡལ། །ཆོས་བྱེད་སྐྱོང་བའི་སྒྲོན་མེ་དེ་ལ་འདུད། །ཡེ་ཤེས་འོད་ཀྱིས་སྲིད་གསུམ་མུན་པ་སེལ། །སྨིན་གྲོལ་དབང་གིས་སྐལ་ལྡན་ལམ་སྣ་འདྲེན། །ཉིན་མཚན་ཀུན་ཏུ་མི་ངལ་འགྲོ་ལ་བརྩེ། །དོན་གཉིས་མཐར་ཕྱིན་སྒྲོན་མེ་དེ་ལ་འདུད། །འབུམ་དོན་ཤེར་ཕྱིན་མ་ལུས་ཐུགས་སུ་ཆུད། །ས་ལམ་ཕྱིན་དྲུག་རྟགས་རྣམས་རང་སར་གྲོལ། །སྤང་བླང་དགག་སྒྲུབ་རེ་དོགས་ཀུན་དང་བྲལ། །འཁོར་འདས་རང་གྲོལ་སྒྲོན་མེ་དེ་ལ་འདུད། །ཡེ་ཤེས་འོད་ཀྱིས་ཕྱོགས་རྣམས་ཀུན་ཏུ་གསལ། །ལྷུན་གྲུབ་གསལ་སྟོང་སྲིད་གསུམ་ཀུན་ལ་ཁྱབ། །ཆོས་ཀྱི་སྒྲོན་མེ་འགྲོ་བའི་དཔལ་དུ་ཤར། །འོད་གསལ་སྒྲོན་མེ་དེ་ལ་རྟག་ཏུ་འདུད། །ཆོས་སྐུ་རང་ལ་ཐོག་མེད་དུས་ནས་གཟིགས། །གདོད་ནས་འབྱུང་བཞིའི་ལུས་ལ་བརྟན་པ་ཐོབ། །ཤེས་རབ་སྒྲོན་མེས་འགྲོ་རྣམས་བདེ་ལ་བཀོད། །རང་བྱུང་སྒྲོན་མེ་དེ་ལ་བརྩེ་བས་འདུད། །རང་སེམས་སྐྱེ་མེད་གདོད་ནས་རྡོ་རྗེ་འཆང་། །ཤེས་བྱའི་ཆོས་རྣམས་མ་ལུས་རྒྱན་དུ་ཤར། །མང་པོའི་ནང་ན་ཟླ་མེད་གཙུག་གི་རྒྱན། །མར་གྱུར་འགྲོ་བ་འདྲེན་མཛད་དེ་ལ་འདུད། །རྩ་རླུང་དབང་ཐོབ་ཐོགས་མེད་མཁའ་ལ་སྤྱོད། །མི་སྣང་སྦེད་དང་སྤྲུལ་པ་དུ་མ་ཞིག །འགྲོ་བ་གང་འདུལ་དེ་དང་དེར་སྣང་ངོ་། །འཕྲིན་ལས་མཐར་ཕྱིན་སྒྲོན་མེ་དེ་ལ་འདུད། །འདོད་པ་ཟད་པས་བློ་ཆོས་དབྱིངས་སུ་ཡལ། །བདེ་སྟོང་ཟག་མེད་མངོན་སུམ་རང་ལ་གཟིགས། །སྒྲོན་མེས་སྐལ་ལྡན་སྨིན་གྲོལ་བདེ་ལ་བཀོད། །ཀུན་གྱིས་ཡུམ་གྱུར་ཤེས་རབ་དེ་ལ་འདུད། །སྐྱེས་སོགས་མཐའ་དག་སྐྱེ་མེད་ངང་དུ་རྫོགས། །ཉོན་མོངས་འཁྲུལ་རྟོག་ཡེ་ཤེས་ངང་དུ་རྫོགས། །བདེན་གཉིས་ཆོས་རྣམས་བློ་འདས་ངང་དུ་རྫོགས། །ཀུན་རྫོགས་རང་གྲོལ་སྒྲོན་མེ་དེ་ལ་འདུད། །ཐེག་ཆེན་སེམས་བསྐྱེད་འགྲོ་རྣམས་ཀུན་ལ་ཁྱབ། །སྟོང་ཉིད་ཟབ་མོ་ཇི་བཞིན་མངོན་དུ་གྱུར། །མངོན་གྱུར་དེ་ཉིད་དངོས་བཟུང་ཀུན་དང་བྲལ། །མཐུ་སྟོབས་རྨད་བྱུང་སྒྲོན་མེ་དེ་ལ་འདུད། །སངས་རྒྱས་སེམས་ཅན་མ་བྱས་རང་བྱུང་དབྱིངས། །ཡེ་ནས་ལྷུན་གྲུབ་སྐྱེ་མེད་ནམ་མཁའི་དབྱིངས། །ཕུན་ཚོགས་དགེ་ལེགས་བཀྲ་ཤིས་རང་སེམས་དབྱིངས། །སྐྱེ་དགུའི་གཙུག་རྒྱན་སྒྲོན་མེ་དེ་ལ་འདུད། །ནོར་བུ་བསམ་འཕེལ་ཇི་བཞིན་རང་གི་སེམས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན། །སྐད་ཅིག་ཉིད་ལ་མངོན་སུམ་སྟེར་བྱེད་ཡུམ། །འགྲོ་བའི་དེད་དཔོན་སྒྲོན་མེ་དེ་ལ་འདུད། །ཉམས་རྟོགས་བདེ་དྲོད་འབར་བས་ཉོན་མོངས་བསྲེགས། །ཕྱི་ནང་ཆོས་རྣམས་སྒྱུ་མའི་དཔེ་རུ་ཤར། །དེར་འཛིན་མཚན་མ་སྤྲོས་བྲལ་དབྱིངས་སུ་དག །རྨོངས་པའི་མུན་སེལ་སྒྲོན་མེ་དེ་ལ་འདུད། །རྒྱལ་བ་སྲས་བཅས་མ་ལུས་སྤྱན་སྔ་རུ། །གྲངས་མེད་དུས་ནས་སྨོན་ལམ་མཐའ་རུ་ཕྱིན། །ད་ལྟ་སྐྱེ་མེད་ཆོས་ལ་རང་བྱན་ཚུད། །མཁའ་མཉམ་འདྲེན་མཛད་སྒྲོན་མེ་དེ་ལ་འདུད། །ཧེ་རུ་ཀ་དཔལ་ཡབ་ཡུམ་འཁོར་བཅས་ལ། །འདི་བསྟོད་གསོལ་གདབ་ཐུགས་རྗེས་བྱིན་རླབས་མཐུས། །ཇི་སྲིད་མཆོག་གི་གོ་འཕང་མ་ཐོབ་པར། །འཁོར་བཅས་སྐུ་གསུང་ཐུགས་དང་མི་འབྲལ་ཤོག །སྣང་སེམས་གཉིས་ལ་རང་དབང་མ་ཐོབ་པར། །ཐབས་དང་ཤེས་རབ་དབྱེར་མེད་ལ་བརྟེན་ནས། །དབང་དང་དགའ་བདེའི་སྐད་ཅིག་གནས་སྐབས་བཞི། །མངོན་གྱུར་སྐུ་དང་ཡེ་ཤེས་དོན་རྟོགས་ཤོག །ཇི་ལྟ་ཇི་སྙེད་ཡེ་ཤེས་མངོན་གཟིགས་ནས། །སྲིད་ཞི་སྟོང་པར་མ་གྱུར་དེ་སྲིད་དུ། །ཕྱོགས་བཅུར་བཞུགས་པའི་འགྲོ་བ་མ་ལུས་ཀུན། །ཨུ་རྒྱན་མཁའ་སྤྱོད་གནས་སུ་འདྲེན་པར་ཤོག །ཅེས་པ་འདི་ནི། ཌཱ་ཀི་འཁོར་བཅས་ཀྱི་སྐུ་དྲིན་བསམ་གྱིས་མི་ཁྱབ་པ་དྲན་ནས་མཚན་བཀྲའི་སྒོ་ནས་ནམ་མཁའི་རྣལ་འབྱོར་གྱིས་བསྟོད་པའོ། །
༈ ཐབས་ཤེས་ཡ་མ་བྲལ་བའི་བཀྲ་ཤིས་ཤོག །ཆོས་བདག་ཐབས་ཤེས་གོང་མ་རྣམས་ལ་འདུད། གོང་མ་རྣམས་ཀྱིས་ཐུགས་ཉམས་བཞེས་པའི་འཕོ་བའི་རབ་འབྲིང་འཆི་བསླུ་ལ་སོགས་མདོར་བསྡུས་ཙམ་ཞིག་འབར་བ་སྒྲོན་གྱིས་བརྗོད། ཐུགས་ཡིད་ཆེས་རྣམས་ཚུལ་བཞིན་ཉམས་ལེན་ཞུ། འཕོ་བའི་གདམས་པ་འདི་ལ་གསུམ་སྟེ། རབ་ཆོས་ཉིད་ལ་འཕོ་བ། འབྲིང་ཡི་དམ་ལྷ་ལ་འཕོ་བ། ཐ་མ་རྡོ་རྗེ་སློབ་དཔོན་ལ་འཕོ་བའོ། །དེ་ཡང་གསང་སྔགས་གསེབ་ལམ་ན་སངས་རྒྱས་པའོ། །འདི་ལ་གསུམ་འཆི་བ་བརྟག་པ་དང་བསླུ་བ་དང་འཆི་བར་ངེས་ན་འཕོ་བའོ། །འཆི་རྟགས་ལ་གསུམ་སྟེ། ཕྱི་ཡི་འཆི་ལྟས་དང་ནང་གི་འཆི་ལྟས་དང་བར་གྱི་འཆི་ལྟས་སོ། །ཕྱི་ཡི་འཆི་ལྟས་ནི། དང་པོ་ནི། སྔོན་སྤྱོད་ངོ་ཚ་བཞིན་མདོག་ཉམས། རྐང་རྗེས་སྐད་དང་མི་ཉམས་ཤིང་། །སྣ་གོང་རྡུལ་ཆགས་ངན་ལ་བརྩོན། །སྨན་པ་ནད་གཡོག་ཁྲོ་བ་དང་། །སྨན་དང་ཕན་དང་སྤོང་དང་གཉེན། །རྫས་དང་ཡུལ་ལྟ་ཕྱི་ཡི་འཆི་ལྟས་ཡིན། །དེ་ཡི་འཆི་བསླུ་ནི། ཐེག་ཆེན་ཆོས་བཀླགས་མཆོད་རྟེན་གསོ། །བླ་མ་གུས་བྱ་སྲོག་འདོན་ཏེ། །བདོག་པ་ཀུན་བཏང་ལམ་འཕྲང་བཅོས། །གཏོར་མ་ཚ་ཚ་ཆུ་སྦྱིན་དང་། །གཟུངས་སྒྲུབ་བྱེད་པ་མཆོག་ཡིན་ནོ། །ནང་གི་འཆི་ལྟས་ནི། མི་ནག་བོང་ཞོན་ལྷེ་འགྲོས་དང་། །ནག་གཟུགས་དུད་འགྲོ་ཆགས་སྤྱོད་དང་། །འབོད་བསྐོར་མཁར་འདུག་ལྕགས་སྒྲོག་སྡོམས། །བཟོ་རྒྱས་བཀྲ་ཤིས་དང་གསལ་ཤིང་འཛུགས། །གཅེར་བུ་ཤིང་འཛེག་ཀ་བ་གཅིག །ཁོང་པར་འདུག་དང་སྔོ་ཤི་འགྲོགས། །ནང་གི་འཆི་ལྟས་ཡིན་པར་འདོད། །དེ་ཡི་འཆི་བསླུ་ནི། སྟོང་ཉིད་བདེ་ཆེན་ཕྱག་རྒྱ་སྦྱོར། །དཀྱིལ་འཁོར་སྒོམ་དང་བདུད་རྩི་དགུག །དབུགས་དགུག་པ་དང་དབུགས་དྲངས་བའོ། །བར་གྱི་འཆི་ལྟས་ནི། བཤང་གཅི་ལྷན་གཅིག་གཅི་བ་གཉིས། །ལྕི་བ་བུད་མེད་ས་བོན་བཅས། །རྐྱེན་མེད་འབྲས་འབྱུང་སྣ་རྩེ་ལྷོད། །འབྲུག་མེད་གློག་མེད་ཤ་ལྷོད་འཕྱང་། །ཀ་བ་ཆད་ཅིང་ཚེ་གཟུག་ཉམས། །བར་གྱི་འཆི་ལྟས་ཡིན་པར་འདོད། །དེའི་འཆི་བསླུ་ནི། ཚོགས་འཁོར་ཉེར་གཅིག་བཅུ་དག་དང་། །བླ་མ་མཉེས་བྱ་གསོལ་བ་གདབ། །དཀྱིལ་འཁོར་ལས་བྱ་མཁའ་འགྲོ་བསྐངས། །དགེ་འདུན་ཆོས་སྟོན་སྦྱིན་སྲེག་ནི། །བྱེ་བ་སྙེད་དང་བརྒྱ་རྩ་བརྒྱད། །ཉི་ཤུ་རྩ་གཅིག་བྱས་པ་ཡིས། །འཆི་བདག་ངེས་པར་བཟློག་པ་ཡིན། །དེ་ལྟར་ཕྱི་ནང་གསང་གསུམ་གྱི། །འཆི་ལྟས་སུམ་ཅུ་སོ་གསུམ་ལ། །བཟློག་ཐབས་གསུམ་གསུམ་ཤེས་པར་བྱའོ། །ཐམས་ཅད་རྫོགས་པར་བྱུང་ན་བསླུ་རུ་མེད་དོ། །མ་ངེས་ཁ་ཡར་བྱུང་བ་རྣམས་བསླུ་བ་ཡིན་ནོ། །འཆི་བར་ངེས་ན་འཕོ་བ་ནི་གསུམ་སྟེ། རབ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེར་རིག་པ་འོད་གསལ་གྱི་འཕོ་བ་བྱ་སྟེ། ས་ཆུ་ལ་ཐིམ་ལུས་ཀྱི་སྟོབས་ཤོར། ཆུ་མེ་ལ་ཐིམ་ལྕེ་དང་ཁ་སྣ་སྐམས། མེ་རླུང་ལ་ཐིམ་རྐང་པ་ནས་གྲོད་ཡལ། རླུང་རྣམ་པར་ཤེས་པ་ལ་ཐིམ་མིག་བཟློག་ཅིང་གྲེ་བ་ངར་ཙམ་ན། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་འཆི་བ་འོད་གསལ་ནི་ཀུན་ལ་འོང་བས་དེ་ཡང་སྒོམ་པ་ལས་བྱུང་བའི་ངོ་བོ་བདེ་གསལ་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་སྟོང་པ་ཉིད་བཀོད་མ་དང་འབབ་ཆུ་འདྲེས་པ་བཞིན། འོད་གསལ་དབྱེར་མེད་པའི་ངང་དུ་བཞག་པས། གཞན་དུ་འཕོ་ཞིང་སྐྱེ་བའི་གནས་མེད་དོ། །རིག་པ་ཆོས་སྐུར་སངས་རྒྱས་སོ། །འབྲིང་ཡི་དམ་བར་སྣང་ལ་སྤྱན་དྲངས་ཤིང་མཆོད་པ་དང་བསྟོད་པ་དང་གཏོར་མ་རྒྱ་ཆེན་པོ་བཏང་བ་དང་རང་གི་སྒོ་དགུ་ཡིག་འབྲུ་གདན་བཞི་བཞིན་བཀག་ལ། རླུང་སེམས་ལྟེ་བར་དྲིལ་ནས་བཟུང་དེ་ནས་སྙིང་ཁར་འཕྲོ་དེ་ནས་མགྲིན་པ་དེ་ནས་སྤྱི་བོ་དེ་ནས་ཧིག་དང་བཅས་པས་ཡི་དམ་གྱི་ཐུགས་ཀར་འཕོ་བའོ། །ལོངས་སྐུར་སངས་རྒྱས་སོ། །ཐ་མ་ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམས་ལ། བླ་མ་སྤྱི་བོར་བསྒོམ་ལ། མར་མེ་མང་པོ་སྦར་གསང་བའི་ནོར་བུ་ནས་སྤྱི་གཙུག་ཡན་ཆད་རླུང་སེམས་གཅིག་ཏུ་དྲིལ་ནས། སྙིང་ཁར་འོད་ཀྱི་གོང་བུ་ལ་དམིགས་པ་གཏད། དེ་ལ་འོད་ཟེར་འཕྲོས་པས། སྒོ་དགུ་དགག་དེ་ནས་དྲག་ཏུ་དྲིལ་ལ། ཚངས་པའི་བུ་ག་ནས་ཡར་ཐོན་ཏེ་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀར་འཕོ་བའོ། །འབྲས་བུ་སྤྲུལ་སྐུར་སངས་རྒྱས་སོ། །ཨྠྀི།
ལག་ལེན་ཞལ་ལ་ཤེས། མདོར་བསྡུས་པའི་འཕོ་བ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། མ་བཅོས་པའི་ངང་དུ་ལྷོད་དེ་ཤིགས་སེ་རང་སོར། གསེར་ས་འོག་ནས་བཏོན་པ་བཞིན་དུ་བཞག་པའོ། །ཐུགས་ཡིད་ཆེས་པའི་སྐྱེས་བུ་རྣམས། །འདི་དོན་ཚུལ་བཞིན་མངོན་གྱུར་ནས། །མཁའ་སྤྱོད་ཨོ་རྒྱན་བསྒྲོད་པར་ཤོག །ཨོཾ་ཨཱཿཧཱུཾ། ཞེས་པ་འདི་ནི་ཌཱ་ཀི་འབར་བ་སྒྲོན་གྱིས་གསུངས་པའོ། །
༈ ན་མོ་གུ་རུ། དཀོན་མཆོག་གསུམ་དངོས་རྒྱལ་མཚན་རྡོ་རྗེ་འཆང་དང་། །མཁའ་འགྲོའི་གཙོ་མོ་མངོན་སྤྱོད་བཟང་མོ་སོགས། །འཁོར་བཅས་གནས་སུ་དཔའ་བོ་མཁའ་འགྲོ་ལ། །རྩེ་གཅིག་ཡིད་ཀྱིས་གུས་པས་ཞབས་ལ་འདུད། །ཇི་སྲིད་མཆོག་གི་གོ་འཕང་མ་ཐོབ་པར། །བརྩེ་བ་ཆེན་པོས་མི་འབྲལ་དགོངས་སུ་གསོལ། །བླ་མ་མཁའ་འགྲོའི་གསང་དོན་ཐུགས་བཅུད་ལ། །ལུས་ངག་ཡིད་གསུམ་ལྟོས་མེད་འབད་ནས་ནི། །འདི་རྣམས་བཞེངས་པའི་དགེ་རྩ་མ་ལུས་དེས། །བཀའ་བརྒྱུད་གོང་མ་བདེ་བར་གཤེགས་རྣམས་ཀྱི། །ཐུགས་དགོངས་རྫོགས་ནས་བདག་སོགས་འདྲེན་པར་ཤོག །ད་ལྟར་བཞུགས་པའི་བསྟན་འཛིན་བླ་མ་དང་། །བཤད་སྒྲུབ་འཛིན་པའི་སྐྱེས་བུ་ཕོ་མོ་རྣམས། །སྐུ་ཚེ་རབ་བརྟན་འཕྲིན་ལས་མཐར་ཕྱིན་ནས། །གེགས་སྐྱོན་ལམ་སློང་བདག་སོགས་འདྲེན་པར་ཤོག །མ་རྒན་སོགས་ཀྱིས་ནམ་མཁས་ཁྱབ་ཚད་རྣམས། །ཌཱ་ཀིའི་ཐུགས་བཅུད་དགོངས་དོན་མཐར་ཕྱིན་ཤོག །འཁོར་འདས་བཞུགས་ཚུལ་ལྟ་བ་རྟོགས་པར་ཤོག །དེ་དང་མི་གཡོ་སྒོམ་པ་རྟོགས་པར་ཤོག །དེ་དང་གང་ཤར་སྤྱོད་པ་རྟོགས་པར་ཤོག །འདོད་བློ་ཟད་པའི་འབྲས་བུ་རྟོགས་པར་ཤོག །ཇི་ལྟར་བསམ་བཞིན་དེ་ལྟར་རྟོགས་པར་ཤོག །ཆོས་བདག་མཁའ་འགྲོའི་ཚོགས་རྣམས་དགོངས་སུ་གསོལ། །བླ་མ་ཌཱ་ཀིའི་གསུང་ལྟར་མ་བགྱིས་ནས། །ཡིག་བསྡུས་ཆད་ལྷག་ནོར་པ་མཆིས་པ་དང་། །བསྐང་ཚོགས་གཏོར་མ་མེད་དང་དམ་རྫས་མ་འཛོམས་སོགས། །ཇི་ལྟར་གསུངས་བཞིན་བདག་གིས་མ་བགྱིས་པ། །ཆོས་བདག་བཀའ་སྲུང་རྣམས་ཀྱི་སྤྱན་སྔར་བཤགས། གནོང་ངོ་འགྱོད་དོ་གནས་གསུམ་ཌཱ་ཀིའི་ཚོགས། །འདི་ཕྱི་ཀུན་ལ་ཉེས་པར་མ་གྱུར་ཅིག །ཅེས་པ་སྨོན་ལམ་བཤགས་པ་དང་བཅས་པ་འདི་ནི་བླ་མ་ཌཱ་ཀི་རྣམས་ཀྱི་ཞབས་ཀྱི་རྡུལ་གྱི་ཆ་ཙམ་ལ་རེག་པ་རིགས་རུས་ཆོ་འབྲང་ཀུན་གྱིས་དབེན་པ་ཨ་ནནྟ་བྷ་ཏྲ་ཞེས་བྱ་བས་མོས་ཤིང་གུས་པའི་དབང་གིས་ཞུས་པའོ། །འདོད་དགུ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །
༈ གུ་རུ་བུདྡྷ་ཏཱ་རེ་ལ་ན་མོ། སྟོང་གསུམ་འཇིག་རྟེན་ཕལ་ལ་དཀོན་པའི་སྐུ། །མཆོག་གི་མ་ལུས་ཐུགས་བཅུད་འཛིན་པའི་གསུང་། །རྒྱལ་དང་དེ་སྲས་རྣམས་ཀྱི་ཡོངས་རྫོགས་ཐུགས། །མཚན་མོའི་མགོན་པོའི་སྐུ་གསུང་ཐུགས་ལ་འདུད། །ཐབས་མཆོག་རིན་པོ་ཆེ་གསན་འཚལ། །ཚོགས་འཁོར་བྱེད་པའི་དུས་སུ་ཅི་ཙམ་འདུ་ཞེ་ན། དུས་བཟང་གཅིག་ལ། ཚོགས་མགྲོན་ནི་ཉུང་ལ་ཀ་ཆ་འཕན་ན། རྡོ་རྗེ་ཕག་མོ་ལ་སོགས་པའི་ཉི་མའི་རྡུལ་ཙམ་གཅིག་ཚོགས་པ་གྲངས་ལས་འདས། མགྲོན་མང་ན་དེར་མངོན་སུམ་དུ་འབྱོན་པ་ཉུང་སྐལ་བ་རྣམས་སོ་སོར་ཁྱེར་ནས་འགྲོའོ། །ན་མོ་སེངྒེ་ལྟ་བུའི་རྣལ་འབྱོར་པ། །ཡིན་པར་གྱུར་ན་འདི་ལྟར་དགོས། །གཅན་གཟན་རྒྱལ་པོ་སེངྒེ་དེ། །ལུས་ལ་དཔའ་བའི་གཟི་བརྗིད་ལྡན། །ངག་ལ་འཇིགས་པའི་སྐད་དང་ལྡན། །སེམས་ལ་འཇིགས་མེད་གདེང་དང་ལྡན། །དེ་བཞིན་དུ། སེངྒེ་ལྟ་བུའི་རྣལ་འབྱོར་ལ། །ལུས་ཡི་དམ་ལྷ་ཡི་གདེང་དང་ལྡན། །ངག་སྔགས་ཀྱི་སྒྲ་ཡི་གདངས་དང་ལྡན། །སེམས་ཆོས་དང་དབྱིངས་ཀྱི་གདིང་དང་ལྡན། །དེས་ན་ཉམ་ང་བག་ཚ་ཅི་ལ་བྱེད། །དེས་ན་རྐྱེན་ངན་སྣ་ཚོགས་ཅི་ལ་གནོད། །ཁམས་གསུམ་ཡེ་ནས་རྣམ་པར་དག །དོན་དམ་གོ་རྒྱུ་མེད་པ་ཡིན། །མེད་ཆད་མ་ཡིན་ལྷུན་གྲུབ་ཡིན། །བདེ་ཆེན་སྒྲོན་གྱི་ལྟ་བ་ལགས། །གཉུག་མ་སེམས་ཀྱི་ངོ་བོ་གསལ། །ཟག་མེད་དུས་གསུམ་རྒྱུན་ཆད་མེད། །མེད་ཆད་མ་ཡིན་འབྲལ་མེད་ཡིན། །བདེ་ཆེན་སྒྲོན་གྱི་སྒོམ་པ་ལགས། །རྟེན་འབྲེལ་སྣ་ཚོགས་འགག་མེད་འཆར། །སྒྱུ་མའི་རོལ་པ་འགག་པ་མེད། །མེད་ཆད་མ་ཡིན་འགག་མེད་ཡིན། །བདེ་ཆེན་སྒྲོན་གྱི་སྤྱོད་པ་ལགས། །རང་བྱུང་བདེ་བ་ཆེན་པོར་གསལ། །དུས་གསུམ་སངས་རྒྱས་ཐོབ་བྱར་མེད། །མེད་ཆད་མ་ཡིན་བློ་བྲལ་ཡིན། །བདེ་ཆེན་སྒྲོན་གྱི་འབྲས་བུ་ལགས། །འདི་དང་ཐུགས་ཉམས་བསྡུར་བར་ཞུ། །གཞན་དོན་མ་བྱུང་སྙམ་པའི་སྒྱིད་མི་ལུག་ཞུ། ནང་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་དེ་ལ་རྒྱུན་ཆད་མེད་པ་གཅིག་མཆིས་ན། མཐོང་ཐོས་འདྲེན་པའི་དགོས་པ་གདའ། དེང་སང་གི་བླ་མ་ཡིན་ཟེར་བ་ཕལ་གྱིས་ཆོས་ཁ་ཙམ་དུ་བཤད། གཏོར་མ་རེ་མགོ་ལ་བཞག་པར་གདའ་སྟེ། ལྟོས་ཆོས་འབའ་ཞིག་ཏུ་སོང་བར་གདའ། ཆོས་བཙོངས་ནས་རིན་ཟ་བར་གདའ། དེ་འདྲའི་གཞན་དོན་དགོས་རྒྱུ་ཆུང་ཧསྟི་ཁ། ཚེ་འདི་ལ་དགོས་པ་མེད། ཡུད་ཙམ་ཡིན་པས་ལྟོ་གོས་གཉིས་ལ་གྱོང་སྐུར་ལ་རབ་བཅུད་ལེན། མ་མཐའ་སྤྲང་བུའི་ཟ་མ་ལ་བརྟེན་པར་ཞུ། ཞེས་པ་ཌཱ་ཀི་བདེ་ཆེན་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གདམས་པའོ། །
༈ གུ་རུ་ལ་ན་མོ། ཧ་ཧ་ཨ་ལ་ཨེ་མ་ངོ་མཚར་ཆེ། །བླ་མེད་གསང་དོན་སྟོན་པ་རྒྱལ་བའི་ཡུམ། །མ་ལུས་ཐར་པའི་གནས་སུ་འདྲེན་མཛད་ཡུམ། །སྒྲོན་མ་ལྟ་བུར་འཇིགས་པ་བརྒྱད་སྐྱོབ་ཡུམ། །སྲིད་ཞིའི་ཡུམ་གྱུར་བླ་མ་སྒྲོན་ལ་འདུད། །ཨ་ཞེ་ཨ་ཞེ་བུདྡྷ་ཏཱ་རེ་མ། །བདག་སོགས་འཁོར་དང་བཅས་པ་རྣམས་ལ་ནི། །ཐེ་ཚོམ་ལོག་ལྟ་ཡིད་གཉིས་མ་བྱེད་དང་། །མཐར་ཐུག་དོན་གྱི་ཚིག་གསུམ་ངོ་ཡང་སྤྲད། །ཡིད་གཉིས་མ་བྱེད་ཐུགས་ཡིད་བརྟན་པར་མཛོད། །སྣ་ཚོགས་ཆོས་རྣམས་མ་ལུས་ཇི་སྙེད་ཀུན། །ཡེ་སྟོང་རྩ་བྲལ་བདེ་ཆེན་ཆོས་སྐུ་ཡིན། །སྣ་ཚོགས་སྣང་ཡང་སྣང་སྟོང་ལྷུན་གྲུབ་ཡིན། །རྟག་ཆད་ཡོད་མེད་ཀུན་ལས་འདས་པ་ཡིན། །རང་ལ་ཡོད་ན་རང་བྱུང་ལྷུན་གྲུབ་ཡིན། །རྒྱུ་རྐྱེན་ལས་འདས་དངོས་མེད་འོད་གསལ་ཡིན། །སྐྱེ་མེད་ཟང་ཐལ་རོ་མཉམ་ཀུན་ཁྱབ་ཡིན། །མངོན་དུ་གྱུར་ན་རྒྱལ་བའི་ཡུམ་གྱུར་ཡིན། །ལྟ་བ་སེམས་ཀྱིས་སེམས་ལ་ལྟོས། །སྒོམ་པ་སེམས་ཀྱིས་སེམས་ཉིད་སྒོམ། །སྤྱོད་པ་སེམས་ཀྱིས་རང་རྩལ་སྤྱོད། །འབྲས་བུ་སྐུ་གསུམ་དེ་རང་འབྲས། །མཉམ་བཞག་ཆུ་རྒྱུན་ལྟ་བུར་བསྲིངས། །རྗེས་ཤེས་ཆུ་ཡི་རླན་བཞིན་བསྲེས། །དབྱེར་མེད་དོན་ལ་གོམས་པར་མཛོད། །འཁོར་འདས་བདེ་སྡུག་ཅི་སྣང་ཡང་། །དེ་ངང་འཇོག་པ་དེ་རང་ཡིན། །ཡིན་ལ་ཡིན་བཞིན་བརྗོད་པ་ཡིན། །རྒྱལ་བའི་དགོངས་པ་གཏད་པ་ཡིན། །མཁའ་འགྲོའི་སྙིང་ཁྲག་གཏད་པ་ཡིན། །ཡིད་ཆེས་མཛོད་ལ་ཉམས་ལོངས་དང་། །མ་འོངས་གནས་སུ་མཇལ་བར་བྱེད། །བླ་བདེ་གཉིས་ཀྱིས་གང་གསུངས་ལ། །ཚུལ་བཞིན་ཉམས་སུ་ལེན་ལ་བརྩོན། །བདག་ལ་ནུས་པ་མ་མཆིས་ཏེ། །གཙོ་མོ་རྣམས་ལ་དཔང་པོ་མཛོད། །དཔང་པོ་མཛོད་དང་དོན་ཆེན་འགྲུབ། །གནས་སྐབས་ཀྱི་བདེ་ལ་མ་ལྟ་ཞིག །ཟབ་ལ་རྒྱ་ཆེ་གསང་དོན་མ་ལུས་ལ། །ཡིད་ཆེས་བུ་གཅིག་མས་སྟེར་སྟོར་བཞིན། །སྐད་ཅིག་འབྲལ་བ་མེད་པར་མིད་ཡིད་བརྟན་ནས། །གོང་མའི་ཐུགས་བཅུད་མངོན་སུམ་རྟོགས་པར་ཤོག །བདག་ནི་སེམས་ཅན་རྣམས་ལ་མ་ལྟར་བརྩེ་བ་དང་། །ཁྱེད་ལ་སྐྱེ་མེད་ཚིག་འབྲེལ་བྱེད་པ་དང་། །སྒྲིབ་གསུམ་དྲི་མ་ཡེ་ཤེས་སྒྲོན་པ་ལ། །འོག་མིན་གནས་ནས་ད་ལྟ་གཤེགས་པ་ཡིན། །བུདྡྷ་ཏཱ་རེའི་འདོད་དོན་དེ་ལ་འཚལ། །ཉེས་ཚོགས་གུ་རུ་ཏཱ་རེར་བཤགས། །དགེ་བས་སྨིན་གྲོལ་མཐར་ཕྱིན་ཤོག །ཨོཾ་ཨཿཧྲིཿཧཱུཾ། སཱ་མཱ་ཡཱ། ཡཾ་ཐཾ་རཾ་ལཾ་ཧེ་ཧེ། ཞེས་པ་འདི་ནི་ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ བཛྲ་དྷ་ར་ཌཱ་ཀི་ཡེ་ན་མོ། ཆོས་སྐུ་འགྱུར་མེད་ནམ་མཁའ་ལྟ་བུའི་དབྱིངས། །འབྱུང་བཞི་མ་འགགས་འཇའ་ཚོན་ལོངས་སྤྱོད་རྫོགས། །སྒྲོན་མེས་སྒྲིབ་གསུམ་སེལ་མཛད་སྤྲུལ་པའི་སྐུ། །མ་རིག་མུན་སེལ་རྒྱལ་བའི་ཡུམ་ལ་འདུད། །སངས་རྒྱས་བསྐྱེད་བྱེད་ཡུམ་གྱུར་ཆ་ཙམ་མ། །འོད་གསལ་སྒྲོན་མེས་མ་རིག་མུན་སེལ་འཚལ། །སྐྱེ་བའི་ཕམ་པའི་ཤེས་རབ་ན་ཆུང་ནི། །བླ་མེད་ཆོས་གཅིག་མཐར་ཐུག་རྙེད་པས་རྒྱལ། །མ་རིག་མུན་པ་སེལ་བའི་སྒྲོན་མ་གསོན། །བལྟ་ན་ཞེ་སྡང་ངང་ལ་ལྟོས། །འཕྲི་བསྣན་མེད་པའི་ཞེ་སྡང་དེ། །ལྟ་བ་ཡིན་པར་ཤེས་ཀྱང་འཚལ། །སྤྱོད་ན་འདོད་ཆགས་ངང་ལ་སྤྱོད། །འཕྲི་བསྣན་མེད་པའི་འདོད་ཆགས་དེ། །སྤྱོད་པ་ཡིན་པར་ཤེས་པར་མཛོད། །སྒོམ་ན་གཏི་མུག་ངང་ལ་སྒོམས། །འཕྲི་བསྣན་མེད་པའི་གཏི་མུག་དེ། །སྒོམ་པ་ཡིན་པར་ཤེས་ཀྱང་འཚལ། །དུག་གསུམ་འགྱུར་མེད་སྐུ་གསུམ་ངང་ལ་ཞོག །དབྱེར་མེད་བཅོས་བསླད་མེད་པ་དེ། །འབྲས་བུ་ཡིན་པར་ཤེས་ཀྱང་འཚལ། །འཁོར་བ་སྤང་བྱར་འདོད་པ་ན། །མྱ་ངན་འདས་པ་ཐོབ་མི་སྲིད། །མ་སྤངས་དེ་ཡི་རང་གཟུགས་སྒོམས། །སྣང་བ་དགག་པར་འདོད་པ་ན། །རྟོགས་པ་རྒྱུད་ལ་སྐྱེ་མི་སྲིད། །མ་འགགས་དེ་ཡི་རང་གཟུགས་སྒོམས། །རྟོག་པ་སྤང་བྱར་འདོད་པ་ན། །མྱོང་བ་རྒྱུད་ལ་སྐྱེ་མི་སྲིད། །མ་སྤངས་དེ་ཡི་ངང་ལ་ཞོག །ཨེ་མ་ཨ་ལ་ངོ་མཚར་ཆེ། །འགྲོ་འོང་མེད་པས་བདེ་མོར་གདའ། །གཉིས་ཆོས་མེད་པས་སྐྱིད་མོར་གདའ། །འཁོར་འདས་སེམས་སུ་ཤེས་པས་བདེ་མོར་གདའ། །རྒྱལ་ས་ཟིན་ན་སྐྱིད་མོར་གདའ། །བློ་འདས་དོན་ལ་ཚིག་ཚོགས་ཡིན། །ཡིན་ལ་ཡིན་བཞིན་ཤེས་པར་མཛོད། །ཨྠྀི། ཨོཾ་ཨཱཿཧཱུཾ། དྭངས་སྙིགས་འབྱེད་པའི་བུདྡྷ་ཏཱ་རེ་ཁྱོད། །སྐྱེ་བ་འདི་ནས་སྐད་ཅིག་ཉིད་དུ་ཡང་། །ཡེ་ཤེས་མཁའ་འགྲོའི་རྟོགས་པ་མྱུར་ཐོབ་ནས། །བདེ་སྟོང་རྟོགས་པ་འདུ་འབྲལ་མེད་པར་ཤོག །འཁོར་བའི་དེ་བཞིན་ཉིད་ཀྱི་ཆོས་རྣམས་ཀུན། །ཀུན་རྟོག་ངན་པའི་དབང་དུ་མི་འགྲོ་ཞིང་། །ཡིད་གཉིས་ཐེ་ཚོམ་མེད་པར་དོན་རྟོགས་ནས། །འཁོར་འདས་ཆོས་ལ་རང་བྱན་ཚུད་པར་ཤོག །རྟོགས་པ་དེ་ལྟར་མངོན་དུ་མ་གྱུར་པར། །ཐབས་མཆོག་རྒྱལ་བའི་བཀའ་ལས་མི་འདའ་ཞིང་། །ཕྱི་ནང་ཕམ་ལྟུང་ཆགས་ཉམས་སོར་ཆུད་ནས། །མི་འདའ་རྒྱལ་བའི་བཀའ་བཞིན་བསྒྲུབ་པར་ཤོག །ཡེ་ཤེས་མཁའ་འགྲོ་རྣམས་ཀྱི་བྱིན་རླབས་དང་། །སྤྲུལ་པའི་མཁའ་འགྲོ་རྣམས་ཀྱི་མཐུ་སྟོབས་དང་། །གནས་གསུམ་མཁའ་འགྲོ་རྣམས་ཀྱི་བདེན་ཚིག་གིས། །མཆོག་གི་སྨོན་ལམ་མ་ལུས་མཐར་ཕྱིན་ཤོག །སྐྱེ་མེད་བློ་འདས་རང་གྲོལ་བཀྲ་ཤིས་སྒྲོན། །འགྱུར་མེད་བློ་བདེ་རྙེད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་སེམས་བསྐྱེད་སྒྲོན་གྱིས་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ པདྨ་ཌཱ་ཀི་ཡེ་ན་མོ། ནོར་གྱི་དམ་པ་སྟོང་ཉིད་མཁའ་ལྟར་དག །བུམ་པ་བཟང་དང་དཔག་བསམ་ཤིང་ལྟར་མཛེས། །དགོས་འདོད་རེ་སྐོང་འགྲོ་བ་སྒྲོན་པའི་དཔལ། །ཡིད་བཞིན་ནོར་བུ་སྒྲོན་མའི་ཞབས་ལ་འདུད། །ལས་འབྲེལ་ཆེ་བའི་བུདྡྷ་ཏཱ་རེ་མ། །མ་ཡེངས་རྩེ་གཅིག་ཡིད་ཆེས་གསན་མཛོད་དང་། །ངོ་མཚར་ཅན་གྱི་གནད་འགའ་སྙན་དུ་གསོལ། །ཨེ་མ་གསང་དོན་མ་ལུས་ངེས་དོན་རྒྱལ་བའི་ཐུགས། །ཧེ་རུ་ཀ་ཡི་དགོངས་དོན་མ་ལུས་པ། །སེམས་ཉིད་བདལ་པ་ཆེན་པོའི་བཞུགས་ཚུལ་འདི། །ཤེས་བྱ་ཀུན་ལ་རབ་ཏུ་དབེན་པ་ཡིན། །ལེགས་པོར་ཚུལ་བཞིན་ཉམས་སུ་བླངས་པ་ན། །རེ་དོགས་བྲལ་བའི་བློ་བདེ་འགྲུབ་སྟེ་འོང་། །ཡེ་ནས་འདུས་མ་བྱས་པའི་ཆོས་སྐུ་དེ། །འོ་ཅག་ཁོ་མོས་མངོན་སུམ་རྟོགས་པ་ཡིན། །ཟེར་བའི་རླུང་ལྟར་ཕྱོགས་བཅུར་བསྒྲོད་ནས་ནི། །ཞེན་མེད་འགྲོ་དོན་དཔག་མེད་དེ་ཕྱིར་འགྲུབ། །ཝེ་མ་ལ་ཡི་ལྟ་བ་འདི་དག་མིན། །ཛེར་མ་ར་ཡི་ཉམས་ལེན་འདི་དག་མིན། །ཚེ་གཅིག་སངས་རྒྱས་འགྲུབ་པའི་གདམས་ངག་ཡིན། །ཙེ་ནེ་ཀློད་ལ་ཧར་གྱིས་ཞོག་མཛོད་དང་། །མེད་དང་ཡོད་པའི་མཐའ་ལས་གྲོལ་བ་ཡིན། །བེམ་པོ་རིག་པའི་ཅི་འཚོ་བར་དུ་འབུངས། །དབེན་པར་ངེས་པའི་བློ་འདས་ཉམས་སུ་ལོངས། །དེས་དོན་རྟགས་སུ་མི་མཚོན་གཅིག་ཏུ་འཆར། །མེལ་རྩེ་ཆུ་བོའི་རྒྱུད་བཞིན་མ་ཡེངས་དགོས། །དེར་མཛིན་མཚན་མའི་ཆོས་རྣམས་མ་ལུས་ཀུན། །ཐེག་མཆོག་མ་ལུས་སྙིང་པོའི་དབྱིངས་སུ་རྫོགས། །གཏན་བདེའི་མདུན་མ་སོ་ནམ་འགྲུབ་སྟེ་འོང་། །ཉེ་འབྲེལ་ཚེ་འདིའི་གདུང་སེམས་མ་བསྐྱུར་ན། །ཇེ་བཟང་ཇེ་ལེགས་འགྲོ་བའི་དུས་མ་མཆིས། །ཆེ་འཛིན་དེ་མ་ཡིན་གྱི་བློ་རྣམས་བསྐྱུར། །གཅེས་ཤིང་འཕངས་པའི་ལུས་འདི་བསྐྱུར་དགོས་དུས། །དེང་པར་སྙིང་ནས་འགྲོ་ཆེས་མྱུར་དུ་འབུངས། །གེགས་རྐྱེན་ལམ་དུ་སློང་བའི་གདམས་ངག་མཛོད། །ཁེ་དང་གྲགས་པ་མེད་པའི་གདམས་ངག་ཡིན། །ཀེ་རུ་རིན་ཆེན་ལྟ་བུའི་གདམས་ངག་ཐལ། །ཨྠྀི།
ཀ་སྨད་སུམ་ཅུའི་ཡར་བཟློག་འགྲེལ་འགྲིགས་འདི། །རིགས་ཀྱི་ཤེས་རབ་བུདྡྷ་ཏཱ་རེ་ལ། །ན་ཆུང་འབར་བ་སྒྲོན་གྱིས་གདམས་པ་ལ། །གཉེན་འདུན་འཇིག་རྟེན་ཁྱོ་དབང་མི་བཏང་ནས། །བློ་བདེ་གཉིས་ཀྱི་བདེ་ཆེན་གཏེར་སྤྱོད་དང་། །མ་འོངས་བདེ་ཆེན་གནས་སུ་མཇལ་བ་ཡི། །སྨོན་ལམ་རྣམ་དག་བདག་གིས་ཁ་ལོ་བསྒྱུར། །ཅེས་པ་འདི་ནི་ཌཱ་ཀི་འབར་བ་སྒྲོན་གྱིས་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ ན་མོ་བུདྡྷ་ཏཱ་རེ་ཡེ། ཐོག་མའི་མགོན་པོ་སངས་རྒྱས་བསྐྱེད་པའི་ཡུམ། །སྒྲིབ་གསུམ་དྲི་བྲལ་ཡེ་ཤེས་སྒྲོན་མའི་ཡུམ། །ཐོགས་མེད་མཁའ་ལ་ཆོས་བྱེད་སྐྱོང་བའི་ཡུམ། །རྒྱལ་བའི་ཡུམ་གྱུར་སངས་རྒྱས་སྒྲོན་ལ་འདུད། །ལེགས་པོར་གསོན་དང་རཏྣ་ཏཱ་རེ་མ། །བདག་གི་ཡིན་ལུགས་ངོ་སྤྲོད་མི་མངའ་ཡང་། །ཡིད་ཆེས་མཆིས་ན་འདི་ལྟར་དགོངས་དང་ལེགས། །རྙེད་དཀའ་དལ་འབྱོར་མི་ལུས་ལོན་པས་ལེགས། །འཆི་བ་མི་རྟག་རྣལ་མར་སྐྱེས་ན་ལེགས། །རྒྱུ་འབྲས་ཆོས་ལ་འདོར་ལེན་བྱས་ན་ལེགས། །ཉེས་དམིགས་དྲན་ནས་རི་ཁྲོད་འགྲིམས་ན་ལེགས། །འཚོ་བ་གང་བྱུང་ཙམ་ལ་བརྟེན་ན་ལེགས། །སྡུག་སྲན་དམ་པའི་ཆོས་ལ་བྱས་ན་ལེགས། །རང་ཉིད་ལྷར་གསལ་བླ་མ་སྒོམ་ན་ལེགས། །གུས་པའི་དབང་གིས་གསོལ་བ་བཏབ་ན་ལེགས། །དབང་བཞི་བླངས་ནས་རང་ལ་བསྟིམ་ན་ལེགས། །དེ་ཡི་ངང་ལ་མཉམ་པར་བཞག་ན་ལེགས། །ལྟ་བ་འཁོར་འདས་གཉིས་མེད་གོ་ན་ལེགས། །སྤྱོད་པ་ཤུགས་འབྱུང་འགག་མེད་རྟོགས་ན་ལེགས། །སྒོམ་པ་རྒྱུད་ཐོག་གཞོན་བདེ་མྱོང་ན་ལེགས། །འབྲས་བུའི་ཆོས་རྣམས་མཁའ་ལྟར་དག་ན་ལེགས། །སྐྱེ་མེད་འོད་གསལ་རྒྱུན་ཆད་མེད་ན་ལེགས། །སྤྱོད་ལམ་རྣམ་བཞི་དེ་ལ་མི་གཡོ་མཛོད། །བར་བར་མཚམས་ལ་བསྔོ་བས་ཟིན་པ་གཅེས། །བདག་ནི་སྨོན་ལམ་མཐར་ཕྱིན་སྒྲོན་མ་ཡིན། །མ་འོངས་བདེ་ཆེན་འཕྲད་པའི་སྨོན་ལམ་བྱེད། །དེ་བར་དམ་པའི་ཆོས་ལ་བརྩོན་པར་མཛོད། །ཅེས་པ་འདི་ནི་ཌཱ་ཀི་སྨོན་ལམ་མཐར་ཕྱིན་སྒྲོན་གྱིས་རཏྣ་ཏཱ་རེ་གདམས་པའོ། །
༈ ཨེ་མ་ཧོ། རྡོ་རྗེ་འཆང་སོགས་རྒྱལ་ས་ཟིན་ལ་འདུད། །རིགས་དང་ལྡན་པའི་ཐུགས་ཡིད་ཆེས་ན་དགོངས། །སྐྱེ་མེད་རྒྱལ་ས་ཟིན་པའི་རང་བྱུང་ནི། །མཁའ་ལ་ཐོགས་མེད་ལྷུན་གྲུབ་བློ་རེ་བདེ། །དབྱིངས་ལ་སྤྱོད་པས་བཀྲ་ཤིས་དོན་རེ་འགྲུབ། །འོད་གསལ་རྒྱུན་ཆད་མེད་པས་སྒྲོན་པས་སྐྱིད། །ཀ་དག་དོན་ལ་བློ་གྲོས་ངེས་པས་ལེགས། །ཨ་དོན་ཡིན་ལུགས་མངོན་དུ་གྱུར་བས་དགའ། །བདེ་གྲུབ་སྐྱིད་ལུགས་དགའ་བའི་དོན་དེ་ནི། །བདག་གིས་རྟོགས་ལྟར་ཁྱོས་ཀྱང་རྟོགས་པར་ཤོག །གཉེན་འདུན་ནོར་གྱི་དབང་དུ་མི་འགྲོ་ཞིང་། །ཚེ་གཅིག་ལུས་གཅིག་སྒྲུབ་ལ་བརྩོན་པར་ཤོག །ཚེ་འདིའི་ལོང་ནི་ཅི་ཡོད་མི་ཤེས་པས། །ལོང་མེད་དྲན་ནས་ཆོས་ལ་བརྩོན་པར་ཤོག །སྒྲུབ་པའི་མཐར་ཐུག་གསང་དོན་ཌཱ་ཀིའི་བཅུད། །གོང་མའི་ཐུགས་བཅུད་མངོན་སུམ་རྟོགས་པར་ཤོག །འདི་རྣམས་དོན་ནི་མངོན་གྱུར་བཀྲ་ཤིས་ཤོག །ཧེེ། བདག་ནི་རང་བྱུང་བཀྲ་ཤིས་སྒྲོན་མ་ཡིན། །ཚུལ་བཞིན་སྒྲུབ་དང་བདེ་ཆེན་གནས་སུ་མཇལ། །ཚིག་གི་འབྲེལ་པ་ཉུང་ཞིག་དེ་ལ་འཚལ། །ཞེས་པ་འདི་ནི་ཌཱ་ཀི་རང་བྱུང་ལྷུན་གྲུབ་བཀྲ་ཤིས་སྒྲོན་བྱ་བས་པུརྞ་དྷོ་ཙ་ལ་གདམས་པའོ། །
༈ སིདྡྷི་ཡེ་ན་མོ་ཧཱུཾ། ཆོས་བདག་གོང་མ་ཐབས་ཤེས་རྣམས་ལ་འདུད། །ཟབ་གནད་བསྟན་སྲུང་ཤན་འབྱེད་སྐྱེ་མེད་ཀྱིས། །མདོར་བསྡུས་གསལ་འདེབས་གཏང་རག་སྙན་དུ་གསོལ། །དུས་གསུམ་རྒྱལ་བའི། མ་ཡིག་སྡེབ་གཅིག་ཆད། ལྷུན་གྲུབ་འོད་གསལ་སྐྱེ་མེད་ཡིན། །སྐྱེ་མེད་བསམ་བརྗོད་བྲལ་བ་ཡིན། །བརྗོད་བྲལ་དེ་ཡི་རང་རྩལ་ལ། །མ་འགགས་སྣ་ཚོགས་སྣང་བ་ལ། །དེ་ལ་དུ་མ་བཏགས་པ་ཡིན། །དུ་མའི་མཐའ་ལ་ཐུག་པ་མེད། །མེད་བཞིན་མ་སྤྱོད་སངས་རྒྱས་སྒྲོན། །དེ་ལ་རྒྱལ་བའི་དགོངས་པ་ཟེར། །དེ་ལ་མཁའ་འགྲོའི་གསང་ཚིག་ཟེར། །སྡུག་བསྔལ་ལམ་ཁྱེར་གྱི་གདམས་ངག་ཟེར། །ནད་བརྒྱ་སྨན་གཅིག་གདམས་ངག་ཟེར། །དུས་གསུམ་རྒྱལ་བའི་ཐུགས་བཅུད་འདི། །སངས་རྒྱས་སྒྲོན་གྱིས་གསལ་འདེབས་མཛོད། །དེ་ལྟར་ཉམས་སུ་ལེན་མཛོད་དང་། །བདག་གིས་སྨོན་ལམ་འདི་ལྟར་བྱེད། །ཨོཾ་འགྲུབ་པར་གྱུར་གཅིག་ཨ་ཞེ་སངས་སྒྲོན་གྱིས། །རྡོ་རྗེ་འཆང་གི་གསང་ཚིག་མངོན་གྱུར་ཤོག །ས་ར་ཧ་ཡི་རྟོགས་པ་མངོན་གྱུར་ཤོག །ཨིན་དྲ་བྷུ་ཏིའི་སྤྲུལ་པ་མངོན་གྱུར་ཤོག །དྲིལ་བུ་བ་ཡི་ཚོགས་སྤྱོད་མཐར་ཕྱིན་ཤོག །ལ་བ་པ་ཡི་འོད་གསལ་མངོན་གྱུར་ཤོག །ཌོམ་བྷི་པ་ཡི་བརྟུལ་ཞུགས་མངོན་གྱུར་ཤོག །པད་མ་བཛྲ་མྱོང་བ་མངོན་གྱུར་ཤོག །དྲིལ་བུ་པ་ཡི་ཚོགས་སྤྱོད་མཐར་ཕྱིན་ཤོག །གུ་གུ་རི་ཡི་སྤྱོད་པ་མངོན་གྱུར་ཤོག །ཀླུ་སྒྲུབ་སྙིང་པོའི་དགོངས་པ་མངོན་གྱུར་ཤོག །ཨོཾ་འགྲུབ་པར་གྱུར་ཅིག་ཨ་ཞེ་སངས་སྒྲོན་གྱིས། །རྒྱ་གར་གྲུབ་པ་ཐོབ་པའི་རྣལ་འབྱོར་གྱིས། །སྐྱེ་མེད་ཆོས་ལ་རྒྱལ་ས་ཟིན་པ་བཞིན། །སངས་རྒྱས་སྒྲོན་གྱིས་དེ་ལྟར་ཟིན་པར་ཤོག །ཆོས་བདག་གསང་བའི་ཡུམ་གཅིག་ཌཱ་ཀི་དང་། །གནས་གསུམ་མཁའ་འགྲོ་ཆོས་བདག་ཐམས་ཅད་ཀྱིས། །སྐྱེ་མེད་ཆོས་ལ་རང་བྱན་ཚུད་པ་བཞིན། །སངས་རྒྱས་སྒྲོན་གྱིས་དེ་ལྟར་ཚུད་པར་ཤོག །གཞན་ཡང་བསྟན་སྲུང་ཤན་འབྱེད་ཆོས་སྐྱོང་ཚོགས། །སངས་རྒྱས་སྒྲོན་ལ་མོས་ཤིང་གདུང་བ་དང་། །མ་འོངས་མཁའ་སྤྱོད་ཨོ་རྒྱན་འདྲེན་པར་ཤོག །ཨོཾ་ཇི་ལྟར་བཏབ་བཞིན་དེ་ལྟར་འགྲུབ་པར་ཤོག །ཨ་ཇི་ལྟར་བཏབ་བཞིན་དེ་ལྟར་འགྲུབ་པར་ཤོག །ཧཱུཾ་ཇི་ལྟར་བཏབ་བཞིན་དེ་ལྟར་འགྲུབ་པར་ཤོག །སངས་རྒྱས་ལག་འཆང་སྒྲོན་པའི་བཀྲ་ཤིས་ཤོག །མཾ་གྷཾ་ལཾ་བྷཾ་ཝཾ་ཤུ། ཨ་ཧཾ། ཌཱ་ཀི་བུདྡྷ་ཏཱ་རེ་དང་སུ་ཀ་ཏཱ་རེས་མི་ཡི་བུ་མོ་སངས་རྒྱས་སྒྲོན་ལ་གདམས་པའོ། །
༈ ན་མོ་བུདྡྷ་ཏཱ་རེ་ཡེ། བླ་མེད་བླ་མ་དཀོན་མཆོག་གསུམ་དངོས་སྐུ། །མ་ལུས་ཇི་བཞིན་གསང་དོན་རྒྱལ་བའི་གསུང་། །ཇི་ལྟ་ཇི་སྙེད་མཚན་ཉིད་མ་འདྲེས་ཐུགས། །མཐོང་ཐོས་རེག་གྲོལ་སྐུ་གསུང་ཐུགས་ལ་བསྟོད། །སྣ་ཚོགས་སྣང་བ་དངོས་མེད་ནམ་མཁར་ཤར། །བལྟ་བྱ་ལྟ་བྱེད་ཡུལ་སྣང་རང་སར་གྲོལ། །མེད་ཆད་མ་ཡིན་བདེ་ཆེན་རྒྱུན་ཆད་མེད། །མཐོང་ཐོས་རེག་གྲོལ་ལྟ་བ་དེ་ལ་བསྟོད། །ནམ་མཁའི་རང་བཞིན་སྣ་ཚོགས་གཟུགས་སུ་ཤར། །བསྒོམ་བྱ་སྒོམ་བྱེད་དམིགས་བྱས་རང་སར་གྲོལ། །ཡོད་པ་མ་ཡིན་བདེ་སྟོང་རྒྱུན་ཆད་མེད། །མཐོང་ཐོས་རེག་གྲོལ་སྒོམ་པ་དེ་ལ་བསྟོད། །སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུར་ཤར། །སྤྱོད་བྱ་སྤྱོད་བྱེད་འབད་རྩོལ་རང་སར་གྲོལ། །འབད་རྩོལ་མ་ཡིན་ཆུ་བོ་རྒྱུན་ཆད་མེད། །མཐོང་ཐོས་རེག་གྲོལ་སྤྱོད་པ་དེ་ལ་བསྟོད། །སངས་རྒྱས་སེམས་ཅན་མིང་གི་གདགས་གཞིར་ཤར། །ཐོབ་འདོད་འབྲས་བུ་མཁའ་ལ་མདུད་པ་གྲོལ། །རེ་མེད་རང་གནས་ལྷུན་གྲུབ་སྐྱེ་བ་མེད། །མཐོང་ཐོས་རེག་གྲོལ་འབྲས་བུ་དེ་ལ་བསྟོད། །སྐུ་གསུང་ལྟ་སྤྱོད་མིང་གི་གདགས་གཞི་ལ། །མོ་གཤམ་བུ་ཡི་གཟུགས་སོགས་བརྗོད་པ་འདི། །སྟོང་གཟུགས་མཁའ་ཁྱབ་རང་བཞིན་བླ་མ་ལ། །བསྟོད་མེད་ངང་ནས་བསྟོད་པས་དགེ་ལེགས་ཤོག །ཧ་ཧ་ཧི་ཧི་ཨུ་མ་དྷེ། སྐྱེ་བ་དམན་པའི་སྐྱེས་དམན་ན་ཆུང་ནི། །སྔོན་བསགས་སྨོན་ལམ་དཔག་མེད་འགྲུབ་པའི་ཕྱིར། །ད་ལྟ་སྐྱེ་མེད་མཐའ་རུ་འདི་ལྟར་ཕྱིན། །གཉུག་མ་འོད་གསལ་སྒྲོན་མེ་ནང་ནས་ཤར། །དམིགས་བྱས་མ་རིག་མུན་པ་དབྱིངས་སུ་ནུབ། །ཤེས་བྱའི་དོན་ལ་བློ་གྲོས་ཕྱོགས་མེད་ཤར། །རེ་དོགས་སྦུན་པ་ཆོས་ཉིད་དབྱིངས་སུ་ནུབ། །དོན་གྱི་སངས་རྒྱས་རང་ལ་རང་བཞིན་ཤར། །ཡིད་གཉིས་ཐེ་ཚོམ་བློ་འདས་དབྱིངས་སུ་ནུབ། །ནུབ་མེད་ཤར་མེད་ཨེ་མ་ངོ་མཚར་ཆེ། །ངོ་མཚར་ཅན་དེ་བླ་མ་རྗེ་ལ་འདུད། །ཆོས་ཉིད་ངང་ནས་དགོངས་ལ་ཨི་རེད་ཞུ། །ཨི་རེད་མ་རེད་འདི་ལ་ལན་གཅིག་ཞུ། །ཕོག་ཐུག་མཆིས་ན་ཁྱེད་ལ་བཟོད་པར་གསོལ། །དགེ་བ་ཡོད་ན་འདི་དོན་མངོན་གྱུར་ཤོག །སྨོན་ལམ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཌཱ་ཀི་སྨོན་ལམ་མཐར་ཕྱིན་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་བསྟོད་ཚིག་རྟོགས་འབུལ་དང་བཅས་པ་མཛད་པའོ། །
༈ དྷརྨ་ཤྲཱི་རཏྣ་ཌཱ་ཀི་ཡེ་ན་མོ། བསྐལ་པ་གྲངས་མེད་འདས་པའི་གོང་རོལ་ནས། །མི་དགེ་བཅུ་སྤང་དགེ་བཅུ་ཚུལ་བཞིན་བསྒྲུབས། །དཔག་གཡས་ཚོགས་བསགས་སྨོན་ལམ་མཐའ་རུ་ཕྱིན། །འགྲོ་རྣམས་འདྲེན་མཛད་སྒྲོན་མེ་དེ་ལ་འདུད། །དོན་དམ་འོད་གསལ་སྐྱེ་མེད་ངང་ནས་ཤར། །དེར་འཛིན་མཚན་མ་གདོད་ནས་རྣམ་པར་དག །དག་དང་མ་དག་ཐ་སྙད་ཚིག་གི་ཚོགས། །ཚིག་གིས་བརྗོད་པ་ཇི་ལྟར་ལེགས་ན་ཡང་། །གཉུག་མ་གནས་ལུགས་དོན་ལ་རེག་པ་མེད། །རྒྱལ་བ་སྲས་བཅས་རྣམས་ཀྱིས་བསམ་ལས་འདས། །བསམ་འདས་སྒོམ་པའི་མཚན་མ་དབྱིངས་སུ་དག །ཕྱི་ནང་གཞན་གསུམ་ཆོས་རྣམས་མ་ལུས་ཀུན། །མིང་འདོགས་ཀུན་བྲལ་ཇི་ལྟ་ཇི་སྙེད་མཁྱེན། །མཁྱེན་བྱ་མཁྱེན་བྱེད་བྱར་མེད་ངང་དུ་ཡལ། །གཉིས་བསྡུས་ཆོས་རྣམས་བདེ་སྟོང་རོལ་པར་ཤར། །རྟག་ཆད་སྤང་བླང་ཡོད་མེད་གདོད་ནས་དག །ཇི་བཞིན་མངོན་གྱུར་དེ་ལ་བདག་གིས་བསྟོད། །ཐབས་གྱུར་སྐྱེ་མེད་ནམ་མཁའི་རྣལ་འབྱོར་ལ། །བསྟོད་ཚིག་རྟོགས་འབུལ་འདོད་ན་ཨེ་མ་ཧོ། །ཨེ་རེད་མ་རེད་ལན་གཅིག་དགོས་ཟེར་སྣང་། །ཁྱོད་ཐུགས་ཆོས་ཉིད་ངང་ནས་སྙན་ཡིད་གསོན། །ཉིན་མོར་བྱེད་པ་མཁའ་ལ་ཤར་བའི་ཚེ། །མུན་པའི་ཚོགས་རྣམས་མ་སྤངས་རང་སར་གྲོལ། །གཉུག་མ་འོད་གསལ་ནང་ནས་ཤར་བའི་དུས། །དམིགས་བྱའི་མཚན་མའི་ཆོས་རྣམས་རང་སར་གྲོལ། །ཁྱུང་ཆེན་མཁའ་ལ་ཐོགས་མེད་སྤྱོད་པ་ལ། །ནམ་འཕང་ཨེ་ཆོད་མར་ལ་ལྷུང་དོགས་བྲལ། །ཤེས་བྱའི་གནས་ལུགས་མ་ལུས་ཇི་བཞིན་མཁྱེན། །འཁོར་འདས་རེ་དོགས་སྦུན་པ་གཞི་ལ་དག །ཐོག་མའི་སངས་རྒྱས་རང་ཆས་རང་ལ་ཡོད། །ཚོགས་བསགས་བླ་མའི་མན་ངག་ལ་བསྟེན་ནས། །སྐུ་དང་ཡེ་ཤེས་མངོན་སུམ་རང་ལ་རྙེད། །འཁྲུལ་རྟོག་ཡིད་གཉིས་ཐེ་ཚོམ་དབྱིངས་སུ་ནུབ། །རྟོགས་བྱ་རྟོགས་བྱེད་མེད་པ་ཨ་རེ་མཚར། །སྣ་ཚོགས་མ་འགགས་སྣང་བ་ཨ་རེ་མཚར། །གཉིས་མེད་གཉིས་སྣང་འདི་ཡང་ཨ་རེ་མཚར། །གྲོལ་མེད་གྲོལ་བའི་ངང་ཚུལ་ཨ་རེ་མཚར། །གནོང་པ་བཤགས་ལ་དགེ་བ་འགྲོ་ལ་བསྔོ། །ཞེས་པ་འདི་ནི་ཌཱ་ཀི་སྨོན་ལམ་མཐར་ཕྱིན་སྒྲོན་ལ་རྟོགས་འབུལ་གྱི་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ བུདྡྷ་ཏཱ་རེ་ཡེ་ན་མོ། སྐུ་གསུམ་ཆུ་སྐྱེས་པད་མ་ཆུ་ཡིས་གོས་བྲལ་བཞིན། །དགའ་བའི་བློ་གྲོས་པདྨས་རབ་ཏུ་བརྒྱན། །ལེགས་པའི་ཟེའུ་འབྲུ་འཛུམ་མདངས་ལྡན་པ་བཞིན། །གུས་པའི་དབང་གིས་བུང་ཚོགས་མཐར་ཕྱིན་མས། །རོ་མཆོག་བརྒྱད་ལྡན་སྟོང་ཉིད་མངར་རྩིའི་རོ། །མཁའ་ལ་ཐོགས་མེད་ཟར་ཟིར་བསྒྲགས་ནས་ལེན། །མཐོང་ཐོས་དོན་ལྡན་རེག་གྲོལ་ཁྱོད་ལ་འདུད། །གུ་རུ་པུརྞ་ཌཱ་ཀི་ཡེ་ན་མོ། ཌཱ་ཀིའི་མིང་གསོལ་ནམ་མཁའི་རྣལ་འབྱོར་ངས། །ཐོག་མེད་དུས་ནས་ནམ་མཁའ་གནས་ཀྱི་བར། །ལྟ་བ་མ་རྟོགས་མི་རྟོགས་རྟོགས་མི་འགྱུར། །སྒོམ་པ་མ་བསྒོམས་མི་སྒོམ་བསྒོམ་མི་འགྱུར། །སྤྱོད་པ་མ་སྤྱོད་མི་སྤྱོད་སྤྱད་མི་འགྱུར། །དམ་ཚིག་མ་བསྲུངས་མི་སྲུང་བསྲུང་མི་འགྱུར། །འབྲས་བུ་མ་ཐོབ་མི་ཐོབ་ཐོབ་མི་འགྱུར། །ཡུལ་དང་ཡུལ་ཅན་འཁྲུལ་ངོར་ཅིར་སྣང་ཡང་། །ཆུ་ཟླ་ལྟ་བུར་མ་འགགས་གཉིས་སུ་མེད། །གདོད་ནས་བདེ་སྟོང་ཟག་མེད་ཡེ་ཤེས་དབྱིངས། །མཚོན་པ་དང་བྲལ་རྒྱལ་བས་སྨྲར་མ་ནུས། །ཚིག་གིས་བརྗོད་ཚུལ་ཇི་ལྟར་ལེགས་ན་ཡང་། །མོ་གཤམ་བུ་ཡི་དཔའ་རྩལ་སྤྱོད་དང་མཚུངས། །གནོང་བ་མི་བཤགས་དགེ་བ་མི་བསྔོ་ཨང་། །ལྟ་སྒོམ་སྤྱོད་འབྲས་ལ་ཟླའི་མགུར། །བཀའ་བརྒྱུད་ཀྱི་ཚོགས་བྱས་པའི་དུས་སུ་ནམ་མཁའི་རྣལ་འབྱོར་གྱིས་ཁོང་སིང་དུ་གསུངས་པའོ། །
༈ པད་མ་ཌཱ་ཀི་བུདྡྷ་ཏཱ་རེ་ཡེ་ན་མོ། གང་སྐུ་མཚན་དཔེའི་རབ་བརྗིད་ལྡན་པ་ལ། །གང་གསུང་ཚངས་དབྱངས་སྙན་པའི་བ་དན་ལ། །གང་ཐུགས་གཡོ་མེད་མཁའ་ལྟར་དག་པ་ལ། །སྔོན་སྦྱངས་སྟོབས་ཀྱིས་སྨོན་ལམ་མཐར་ཕྱིན་མས། །འོད་གསལ་སྒྲོན་མས་ཞབས་པད་སྤྱི་བོས་ལེན། །འབྲེལ་པ་གང་ཆེ་བདག་ལ་མོས་རྣམས་གསོན། །སྔོན་འབྲེལ་སྟོབས་དང་ད་ལྟའི་དུས་རྐྱེན་གྱིས། །མ་ལུས་ཇི་བཞིན་འདོད་དོན་ཐམས་ཅད་ཐལ། །བློ་འདས་ལྷུན་གྲུབ་འགྱུར་མེད་ལྟ་བ་དེ། །ཕྱོགས་རིས་གྲུབ་མཐའ་གཞི་ལ་མངའ་མ་མྱོང་། །ཕ་རོལ་རྒོལ་བ་གཏོང་རྣམས་ཅི་བདེར་བཞུགས། །ན་ཆུང་སྤྲང་མོ་འོད་གསལ་གྱི་ལམ་ལ་འགྲོ། །བཅོས་མེད་བློ་བྲལ་གྱི་སྒོམ་པ་དེ། །བཅོས་མའི་ཉམས་མྱོང་གཞི་ལ་མངའ་མ་མྱོང་། །སེམས་འཛིན་རྟོགས་སྤྱོད་མཁན་རྣམས་ཅི་བདེར་བཞུགས། །ན་ཆུང་སྤྲང་མོ་འོད་གསལ་གྱི་ལམ་ལ་འགྲོ། །བྱ་བྱེད་རྩོལ་བ་བྲལ་བའི་སྤྱོད་པ་དེ། །སྒོ་གསུམ་འབད་རྩོལ་གཞི་ལ་མངའ་མ་མྱོང་། །འབད་རྩོལ་དུ་མ་བྱེད་རྣམས་ཅི་བདེར་བཞུགས། །ན་ཆུང་སྤྲང་མོ་འོད་གསལ་གྱི་ལམ་ལ་འགྲོ། །རེ་མེད་རང་གནས་ལྷུན་གྲུབ་འབྲས་བུ་དེ། །ཡིད་སྨོན་གོག་པོ་གཞི་ལ་བྱེད་མ་མྱོང་། །མཚན་དཔེས་བརྒྱན་པ་ཐོབ་འདོད་ཅི་བདེར་བཞུགས། །ན་ཆུང་སྤྲང་མོ་འོད་གསལ་ངང་ལ་འགྲོ། །ཡང་གཅིག་གསོན་དང་མོས་པའི་ཚོགས། །སེམས་བདེ་ལྟོ་བ་འགྲང་བའི་དུས། །ཉམས་ལེན་བཟང་པོ་མཆིས་པ་རྣམས། །རྐྱེན་ངན་བྱུང་དུས་ཨེ་མཆིས་ཨང་། །ང་ན་ཆུང་དེ་ལྟར་འགྲོ་བའི་དུས། །ཉེས་མེད་ཁྲིམས་བརྡུངས་བྱས་ན་སྐྱིད། །གཞན་ལ་བརྒྱབ་པའི་ལས་སྒྲིབ་དག །མང་ཚོགས་ཚིག་ངན་བྲུས་ན་སྐྱིད། །གཞན་ལ་སྨྲས་པའི་ལས་སྒྲིབ་དག །ལོངས་སྤྱོད་གང་ཡོད་འཕྲོག་ན་སྐྱིད། །གཞན་གྱི་ནོར་འཕྲོག་ལས་སྒྲིབ་དག །སྲོག་གི་ཉག་མ་བཅད་ན་སྐྱིད། །གཞན་གྱི་སྲོག་བཅད་ལས་སྒྲིབ་དག །བདག་ལ་དེ་ལྟར་བྱུང་གྱུར་ཀྱང་། །འོད་གསལ་ངང་ལ་འཕེལ་འགྲིབ་མེད། །གཞན་ལ་དེ་ལྟར་མངའ་ལགས་སམ། །རྐྱེན་དང་མ་བསྲེས་ཀྱི་སྒོམ་ཆེན་དེ། །བཏགས་པ་མིང་གི་གཟུགས་བརྙན་ཡིན། །ཡང་གཅིག་གསོན་དང་དཔོན་སློབ་རྣམས། །སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་མ། །མངོན་སྤྱོད་བཟང་མོས་དབུ་མཛད་པའི། །སྤྲང་མོ་མཐར་ཕྱིན་ཡན་ཆད་ཀྱིས། །སངས་རྒྱས་ལག་འཆང་གི་གདམས་པ་རྣམས། །བློས་བྱས་ཀྱི་ལྟ་བ་བཞག་ཟིན་མིན། །གཟུ་ལུམ་གྱི་སྒོམ་པ་བཞག་ཟིན་མིན། །རྭ་ཆོད་ཀྱི་སྤྱོད་པ་བཞག་ཟིན་མིན། །ཡིད་སྨོན་གྱི་འབྲས་བུ་བཞག་ཟིན་མིན། །སྡེ་སྣོད་ཀྱི་དགོངས་པ་བཞག་ཟིན་ཡིན། །རྒྱུད་སྡེའི་དགོངས་པ་ཡིན་ལུགས་བཞག་ཟིན་ཡིན། །བསྟན་བཅོས་ཀྱི་སྙིང་པོ་ཕུད་ཟིན་ཡིན། །ཌཱ་ཀིའི་སྙིང་ཁྲག་ཕྱུང་ཟིན་ཡིན། །བློ་བདེ་མཐར་ཕྱིན་སྒྲོན་པའི་བཀྲ་ཤིས་ཤོག །ཨོཾ་ཧཱུཾ་ཨཿཞེས་པ་འདི་ནི་ཌཱ་ཀི་སྨོན་ལམ་མཐར་ཕྱིན་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་དཔོན་སློབ་རྣམས་ལ་གསུངས་པའོ། །
༈ ན་མོ་བུདྡྷ་ཏཱ་རེ་ཡེ། ཆོས་ཉིད་སྐྱེ་མེད་དབང་པོ་གསོན། །དབེན་པ་བསྟེན་ནས་དམ་ཆོས་མ་གཏོགས་པ། །གཞན་གྱིས་བསྟོད་དང་གྲགས་པ་ཅི་མཆིས་ཀྱང་། །རྙེད་བཀུར་ཆོས་བརྒྱད་བདུད་དུ་ཤེས་པར་གྱིས། །ཧྲུལ་པའི་གོས་གོན་དམན་པའི་ས་བཟུང་ནས། །སྙིང་རུས་གོ་ཆ་ཇི་ཙམ་བགོས་ནས་ནི། །ཟས་གོས་ཆེད་སྒྲུབ་འདོད་དབང་མི་བཏང་ཞུ། །ཐོས་བསམ་ཉན་བཤད་དཔག་མེད་བློར་མི་ལོངས། །གནད་ལྡན་བླ་མ་མཁའ་འགྲོའི་ངོ་སྤྲོད་ཀྱིས། །གཅིག་ཤེས་ཀུན་གྲོལ་ཕུ་ཐག་ཆོད་པར་ཞུ། །གསང་ཆེན་ཐེག་པའི་སྒོར་ཞུགས་རྣལ་འབྱོར་ལ། །རང་ལུས་མཆོད་པ་མཆོད་པའི་མཆོག་ཏུ་བཤད། །མཉམ་བཞག་རིག་པ་དྭངས་གསལ་གོམས་པར་ཞུ། །ཕ་རོལ་མི་ཆོས་ལྡན་རྣམས་མཐོང་བའི་ཚེ། །བེར་གོན་རྟ་གོན་འཁོར་བར་སྐྱུར་བྱེད་ཡིན། །འཁྲུལ་བྱས་སྙིང་རྗེའི་གནས་སུ་ཤེས་པར་ཞུ། །ཞུ་རྒྱུ་མང་ཡང་མཐའ་ལ་ཐུག་པ་མེད། །དམ་ཆོས་ཚུལ་བཞིན་བསྒྲུབ་པའི་སྨོན་ལམ་ཞུ། །འོད་གསལ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་མཐར་ཕྱིན་སྒྲོན་གྱིས་དྷརྨ་ཝ་ཤང་ལ་གདམས་པའོ། །
༈ ན་མོ་གུ་རུ་བྷྱ། ཆོས་དབྱིངས་རྣམ་དག་ནམ་མཁའི་དཀྱིལ་འཁོར་དུ། །རྟ་བདུན་རྒྱལ་པོའི་ཚ་ཟེར་ཕྱོགས་བཅུར་འཕྲོས། །གློ་བུར་མ་རིག་སྤྲིན་ཚོགས་གཡོ་ལག་ཀྱང་། །སྟོང་གསལ་རྟ་བདུན་དེ་ལ་གཡོ་བ་མེད། །གཡོ་མེད་སྐྱེ་མེད་རང་བཞིན་མེད་ལ་འདུད། །ཆོས་དང་མཐུན་ན་མ་འོངས་འདི་ལྟར་མཛོད། །གསང་སྔགས་གནད་ཀྱི་མན་ངག་འདི་དག་ནི། །ཉམས་སུ་མི་ལེན་པ་ཡི་སེམས་ཅན་ལ། །མ་བརྟག་བར་དུ་སྦྱིན་པར་མ་བྱེད་ཅིག །དད་བརྩོན་དམ་ཚིག་ལྡན་པའི་གང་ཟག་ལ། །སྙིང་ནས་སྟེར་བ་རྒྱལ་བའི་དགོངས་པ་ཡིན། །ཁོང་ནས་ཇི་ལྟར་ཉེར་ལེན་མེད་གྱུར་ན། །ཨེ་རེ་འདོད་ཀྱི་ཆོས་བཤད་མ་བྱེད་གཅིག །ཁྱི་སྔུན་རིན་ཆེན་གསེར་ཕྱེ་ལྟ་བུ་ཡིན། །འོན་ཀྱང་སེམས་ཅན་ཀུན་ལ་ལས་འབྲེལ་ཞོག །སྙིང་རྗེས་འཛིན་པ་རྒྱལ་བའི་དགོངས་པ་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །རང་སེམས་རིག་པའི་རང་རིག་ཤེས་པ་ན། །གཞན་ལ་རེ་དོགས་མེད་པ་ཡིན་ནོ་ཨང་། །མང་པོའི་ཚིག་ལ་དགོས་པ་ཅི་ཡང་མེད། །རྒྱུན་དུ་རང་གི་སེམས་ཉིད་དག་ལ་ལྟོས། །སྣ་ཚོགས་དྲན་རྟོག་རང་གི་རང་བཙལ་ཡིན། །མི་དགག་མི་བསྒྲུབ་རང་སར་ཀློད་ལ་ཞོག །རང་གི་སེམས་ལ་བལྟས་པས་མཐོང་རྒྱུ་མེད། །ངོ་བོ་གཟུགས་སོགས་ཁ་དོག་མཚན་མ་བྲལ། །མེད་དོ་ཡོད་དོ་གང་ཡང་ཡོད་པ་མིན། །དེ་ལ་མཐར་ཐུག་དོན་གྱི་གསལ་འདེབས་མཛོད། །བཀྲ་ཤིས་དཔལ་འབར་སྨོན་ལམ་མཐར་ཕྱིན་ཤོག །ཧར་མ་ཧུར་མར་མ་སྟོན་ཨྠྀི། ཡ་མ་ཧོ། ཞེས་པ་འདི་ནི་ཌཱ་ཀི་མཐར་ཕྱིན་སྒྲོན་གྱིས་དྷརྨ་ཝ་ཤང་ལ་གདམས་པའོ། །
༈ གུ་རུ་བུདྡྷ་ཏཱ་རེ་ཡེ། ཆོས་བདག་གོང་མ་ཌཱ་ཀིའི་ཚོགས་ལ་འདུད། །འདོད་མང་ཅན་གྱི་རིགས་ལྡན་ཆོས་མོས་ན། །ངལ་བ་དོན་མེད་མ་བྱེད་དབང་པོ་གཏོད། །ངས་དཀྱིལ་འཁོར་མང་པོའི་འགྲིག་ཆགས་མི་མངའ་སྟེ། །མཁའ་ལ་ཐོགས་མེད་ཆོས་བྱེད་སྐྱོང་བས་བདེ། །ངས་ཚིག་གི་ན་རིམ་དབང་སྐུར་མི་མངའ་སྟེ། །འགྲོ་དྲུག་འབྲེལ་ཚད་སྨིན་ཅིང་གྲོལ་བས་ལེགས། །ངས་རབ་གནས་སྦྱིན་སྲེག་མང་པོ་མི་མངའ་སྟེ། །སྒྲོན་མེའི་འོད་ཀྱིས་མུན་པ་སེལ་བས་སྐྱིད། །འདོད་མང་ཅན་གྱི་རིགས་ལྡན་ད་རུང་གསོན། །ང་སྐྱེ་དམན་ན་ཆུང་མཁའ་འགྲོ་སྒྲོན་མ་མཚར། །ཡ་རབས་ནོར་བུ་ཕུགས་སུ་བཞག་ནས་ནི། །མ་རབས་འཆིང་བུ་འཚོལ་བ་འདི་ཡང་མཚར། །ཡ་རབས་གསེར་ཞུན་ཕུགས་སུ་བཞག་ནས་ནི། །མ་རབས་ར་གན་གཞན་དུ་འཚོལ་བ་མཚར། །ཡ་རབས་གླང་ཆེན་ཕུགས་སུ་བཏགས་ནས་ནི། །མ་རབས་གླང་རྗེས་གཞན་དུ་འཚོལ་བ་མཚར། །ཡ་རབས་རྒྱ་མཚོའི་དཀྱིལ་དུ་འདུག་ནས་ནི། །མ་རབས་རྨིག་རྗེས་ཆུ་འཚོལ་འདི་ཡང་མཚར། །མཚར་ཀྱང་མཚར་ལ་སྡུག་ཀྱང་རེ་བས་སྡུག །གསང་ལམ་རྟ་བཟང་ལྕག་གིས་བྲབ་རྒྱུ་ལ། །རིང་ལམ་གླང་རྒན་ཞོན་ནས་བགྲོད་པས་སྡུག །ཟག་མེད་བདུད་རྩིས་འགྲོ་དྲུག་ཚིམ་རྒྱུ་ལ། །ཟག་བཅས་ཚིག་གི་རྗེས་སུ་འབྲང་པས་སྡུག །རྒྱུད་སྡེའི་སྙིང་པོ་ཚིག་གཅིག་གིས་གྲོལ་རྒྱུ་ལ། །ལོ་མའི་ཚིག་ཕྱིར་འབྲང་བས་ན་ཆུང་སྡུག །ཚེ་གཅིག་ལུས་གཅིག་བླ་མེད་འགྲུབ་རྒྱུ་ལ། །བསྐལ་པ་གྲངས་མེད་མང་པོར་ལུས་པས་སྡུག །དེ་ལ་ཐུགས་གཏད་གདའ་ན་རྟོགས་སྤྱོད་རྟོག་དཔྱོད་ཞུ། །སྔོན་འབྲེལ་འཕྲལ་རྐྱེན་འཛོམས་པས་ཞུས་པ་ཡིན། །ན་ཆུང་བདག་ལ་བློ་གཏད་བྱེད་གྱུར་ན། །སྟོང་ཉིད་ཉི་མ་རང་ཤར་ཁྲིད་ལ་ནི། །དེ་ལ་ཞིབ་པར་གྱིས་དང་མཁོ་བ་ཡིན། །དེ་ཨེ་བདེན་བླ་མ་རྗེ་ལ་ཞུས། །ང་ལ་འདོད་པ་ཅི་ཡང་མེད། །བྱང་ཆུབ་ཀྱི་ལམ་སྣ་ཟིན་པར་ཤོག །ཉག་གཅིག་རྩད་ནས་ཆོད་པར་ཤོག །ཨོཾ་ཧཱུཾ་ཧྲཱིཿ རེམ་རུམ་ཡེད་མ་ཤོར་ཅིག་གོ །ཅེས་པ་འདི་ནི་ཌཱ་ཀི་མཁའ་འགྲོ་སྒྲོན་གྱིས་དྷརྨ་ཝ་ཤང་ལ་གདམས་པའོ། །
༈ ངེད་རང་འདིར་འཚོགས་ཐམས་ཅད་སྙན་གསོན་དང་། །མི་རྟག་སྒྱུ་མའི་རྨོངས་གླུ་སྙན་དུ་གསོལ། །ཁ་གསགས་རང་མགོ་བསྐོར་བའི་བཙུན་པ་རྣམས། །སྡིག་སྡུག་ཁེ་ཚོང་གོས་ནོར་མང་ཡོད་ཀྱང་། །ནམ་ཞིག་འཆི་དུས་མི་ཕན་ལག་སྟོང་འགྲོ། །ཕན་པར་ངེས་པའི་དམ་ཆོས་མཛོད་དང་ལེགས། །རྟག་ཅིང་བརྟན་པར་མ་བཟུང་བཙུན་པ་རྣམས། །སྟོང་སོབ་རང་རྩིས་ཅན་གྱི་སྟག་ཤར་རྣམས། །འགོ་དཔོན་ན་ཆུང་གི་ལོངས་སྤྱོད་མང་ཡོད་ཀྱང་། །ནམ་ཞིག་འཆི་དུས་མི་ཕན་ལག་སྟོང་འགྲོ། །ཕན་པར་ངེས་པའི་དམ་ཆོས་མཛོད་དང་ལེགས། །རྟག་ཅིང་བརྟན་པར་མ་བཟུང་སྟག་ཤར་རྣམས། །རང་རྩིས་སྒེག་འགྲོས་བྱེད་པའི་ཤར་མོ་རྣམས། །བུ་ནོར་ཁྱོ་གསུམ་ལོངས་སྤྱོད་མང་ཡོད་ཀྱང་། །ནམ་ཞིག་འཆི་དུས་མི་ཕན་ལག་སྟོང་འགྲོ། །ཕན་པར་ངེས་པའི་དམ་ཆོས་མཛོད་དང་ལེགས། །རྟག་ཅིང་བརྟན་པར་མ་བཟུང་ཤར་མོ་རྣམས། །སྐྲ་བཅད་སེར་མོ་གོན་པའི་ཇོ་མོ་རྣམས། །གསང་སྔགས་ཐབས་དང་མི་ལྡན་གྱི་ཆོ་མང་ཡང་། །ནམ་ཞིག་འཆི་དུས་མི་ཕན་གནོད་དེ་འོང་། །ཤལ་མ་ལི་ཡི་སྡོང་པོར་འོ་རེ་བརྒྱལ། །དེ་ལ་སོམས་ལ་དམ་པའི་ཆོས་ལ་འབུངས། །རྟག་ཅིང་བརྟན་པར་མ་བཟུང་ཇོ་མོ་རྣམས། །གྲྭ་རྒན་ཡིན་ཟེར་གྱི་ལྔ་བཅུ་ཁ་རལ་རྣམས། །བུ་ཚ་དད་ཀྱིས་སེར་སྣས་འཆིང་ན་ཡང་། །ནམ་ཞིག་འཆི་དུས་མི་ཕན་ལག་སྟོང་འགྲོ། །ཕན་པར་ངེས་པའི་དམ་ཆོས་མཛོད་དང་ལེགས། །རྟག་ཅིང་བརྟན་པར་མ་བཟུང་གྲྭ་རྒན་རྣམས། །སྨོན་ལམ་རྣམ་དག་མཐར་ཕྱིན་སྒྲོན་མ་དང་། །སྙན་བསྐུལ་གནད་འགྲོ་ཚུལ་བཞིན་བྱེད་པར་ཤོག །ཕོག་ཐུག་ཅན་ལ་བཟོད་པར་མཛོད་ཅིག་ཀྱེ། །ཨོཾ་ཨ་ཧཱུཾ་ཧོ། ཞེས་པ་འདི་ནི་ཌཱ་ཀི་སྨོན་ལམ་མཐར་ཕྱིན་སྒྲོན་གྱིས་དྷརྨ་ཝ་ཤང་ལ་གདམས་པའོ། །
༈ བུདྡྷ་ཏཱ་རེ་ལ་སོགས་མཁའ་འགྲོའི་ཚོགས་ལ་དུས་ཐམས་ཅད་དུ་ན་མོ། འགྱུར་མེད་ཆོས་སྐུ་བདེ་ཆེན་ལྷུན་གྱིས་གྲུབ། །འགག་མེད་དོན་ལྡན་འོད་གསལ་རང་གྲོལ་དེ། །རྩེ་གཅིག་ངང་ནས་ཡིད་ཆེས་མཆིས་ན་གསོན། །སྔོན་འབྲེལ་ལས་དང་འཕྲལ་དབང་རྐྱེན་གྱིས་ནི། །གནས་འདིར་མཐོང་ཐོས་འབྲེལ་པ་མཆིས་ལགས་པས། །ཆོས་ཀྱི་དོན་ལ་རྩེ་གཅིག་དབང་པོ་གཏོད། །བླ་མས་གང་མཆིས་སྤྱི་བོའི་གཙུག་ཏུ་ཁུར། །མཆེད་གྲོགས་རྣམས་ལ་དག་པའི་སྣང་བ་བསྐྱེད། །ཡི་དམ་རྣམས་ལ་མོས་གུས་བརྟན་ན་འཐད། །ཌཱ་ཀི་རྣམས་ལ་ཡིད་ཆེས་མཆིས་ན་ལེགས། །ཆོས་སྐྱོང་སྲུང་མས་བར་ཆད་སེལ་བར་ཞུ། །ཨེ་མ་ཧོ། མཁའ་འགྲོའི་ཚོགས་བཅས་སྤྲིན་དཔུང་གཏིབ་པའི་དུས། །ག་ན་ཙཀྲའི་མཆོད་པ་ངོ་མཚར་ཆེ། །བཅུ་གསུམ་རྡོ་རྗེ་འཛིན་པའི་སྨོན་ལམ་ཞུ། །བླ་མའི་ཐུགས་བཅུད་ཌཱ་ཀིའི་གསང་བཅུད་དང་། །རྒྱ་བོད་གྲུབ་ཐོབ་གནད་རྣམས་མངོན་གྱུར་དང་། །གནས་གསུམ་ཌཱ་ཀི་བསྟན་སྲུང་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱིས་ཅི་མངའ་ཅི་མཆིས་རྣམས། །དྷརྨ་ཝ་ཏིའི་རྒྱུད་ལ་མངའ་བར་ཤོག །ཆོས་ལ་རིགས་ལྡན་མངའ་བའི་ཚུལ་བཟང་མ། །གཉིས་མེད་ལྷུན་གྲུབ་ལྟ་བ་ཉམས་སུ་ལོངས། །བདེ་སྟོང་འོད་གསལ་སྒོམ་པ་ཉམས་སུ་ལོངས། །རྐྱེན་སྣང་གང་ཤར་སྤྱོད་པ་ཉམས་སུ་ལོངས། །རེ་དོགས་བྲལ་བའི་འབྲས་བུ་ལྷུན་གྲུབ་ཡིན། །གསང་དོན་རྣམས་ལ་ཡིད་གཉིས་མ་བྱེད་ཀྱེ། །ཨེ་མ་ཧོ། ན་ཆུང་བདག་ལ་བསྐུལ་བས་བྱས་པ་མིན། །ནོར་དང་བུ་ཡི་འདོད་པ་ཡོད་ཕྱིར་མིན། །མ་འོངས་གནས་སུ་སྒྲོན་མེ་སྦར་གཞི་ཡིན། །འོད་གསལ་མཁའ་ཁྱབ་ནོར་བུའི་བཀྲ་ཤིས་ཤོག །ཉེས་ཚོགས་བཤགས་ལ་དགེ་རྩ་འགྲོ་ལ་བསྔོ། །ཨ་ཡ་མ་ཤ་ར་རི། ཨོཾ་ཡ་མ་དྷུ་ལ་ཏྲ། ཧཱུཾ་ཡ་མ་བྷ་དུ་ཤ།།ཞེས་ཌཱ་ཀི་ནོར་བུ་སྒྲོན་གྱིས་དྷརྨ་ཝ་ཏི་ལ་གསུངས་པའོ། །
༈ བཛྲ་ཌཱ་ཀིའི་ཚོགས་ལ་འདུད། །སྟོང་ཉིད་རྡོ་རྗེ་མི་འགྱུར་ཞི་བའི་སྐུ། །མཛད་འཕྲིན་དུ་མས་མཁའ་མཉམ་དབྱིངས་སུ་སྒྲོལ། །བླ་མེད་དབྱིངས་ལ་འགྲོ་རྣམས་སྒྲོལ་མཛད་པའི། །ཕ་རྒན་འདི་ལ་མཁྱེན་པས་དགོངས་སུ་གསོལ། །སྔོན་གྱི་དུས་ནས་ད་ལྟའི་བར་དག་ཏུ། །སྲོག་གཅོད་འདོད་ལོག་གཡེམ་སོགས་མི་དགེ་བཅུ། །སྔགས་ཀྱི་རྩ་བ་ཡན་ལག་དམ་ཚིག་ཕམ་ལྟུང་རྣམས། །སོར་ཆུད་ཕྱི་མ་མྱོང་བར་མ་གྱུར་ཅིག །རཏྣ་ཌཱ་ཀིའི་ཚོགས་ལ་འདུད། །སྟོང་ཉིད་རིན་ཆེན་མི་འགྱུར་རྒྱས་པའི་སྐུ། །མཛད་འཕྲིན་དུ་མས་མཁའ་མཉམ་དབྱིངས་སུ་སྒྲོལ། །བླ་མེད་དབྱིངས་ལ་འགྲོ་རྣམས་སྒྲོལ་མཛད་པའི། །ཕ་རྒན་འདི་ལ་མཁྱེན་པས་དགོངས་སུ་གསོལ། །སྔོན་གྱི་དུས་ནས་ད་ལྟའི་བར་དག་ཏུ། །སྲོག་གཅོད་འདོད་ལོག་གཡེམ་སོགས་མི་དགེ་བཅུ། །སྔགས་ཀྱི་རྩ་བ་ཡན་ལག་ཕམ་ལྟུང་རྣམས། །སོར་ཆུད་ཕྱི་མ་མྱོང་བར་མ་གྱུར་ཅིག །པདྨ་ཌཱ་ཀིའི་ཚོགས་ལ་འདུད། །སྟོང་ཉིད་པདྨ་མི་འགྱུར་དབང་གི་སྐུ། །མཛད་འཕྲིན་དུ་མས་མཁའ་མཉམ་དབྱིངས་སུ་སྒྲོལ། །བླ་མེད་དབྱིངས་ལ་འགྲོ་རྣམས་སྒྲོལ་མཛད་པའི། །ཕ་རྒན་འདི་ལ་མཁྱེན་པས་དགོངས་སུ་གསོལ། །སྔོན་གྱི་དུས་ནས་ད་ལྟའི་བར་དག་ཏུ། །སྲོག་གཅོད་འདོད་ལོག་གཡེམ་སོགས་མི་དགེ་བཅུ། །སྔགས་ཀྱི་རྩ་བ་ཡན་ལག་ཕམ་ལྟུང་རྣམས། །སོར་ཆུད་ཕྱི་མ་མྱོང་བར་མ་གྱུར་ཅིག །ཀརྨ་ཌཱ་ཀིའི་ཚོགས་ལ་འདུད། །སྟོང་ཉིད་ལས་ཀྱི་མི་འགྱུར་དྲག་པོའི་སྐུ། །མཛད་འཕྲིན་དུ་མས་མཁའ་མཉམ་དབྱིངས་སུ་སྒྲོལ། །བླ་མེད་དབྱིངས་ལ་འགྲོ་རྣམས་སྒྲོལ་མཛད་པའི། །ཕ་རྒན་འདི་ལ་མཁྱེན་པས་དགོངས་སུ་གསོལ། །སྔོན་གྱི་དུས་ནས་ད་ལྟའི་བར་དག་ཏུ། །སྲོག་གཅོད་འདོད་ལོག་གཡེམ་སོགས་མི་དགེ་བཅུ། །སྔགས་ཀྱི་རྩ་བ་ཡན་ལག་ཕམ་ལྟུང་རྣམས། །སོར་ཆུད་ཕྱི་མ་མྱོང་བར་མ་གྱུར་ཅིག །ཕྱོགས་བཅུའི་བཀའ་བརྒྱུད་གྲུབ་ཐོབ་ཕོ་མོ་དང་། །གནས་གསུམ་མཁའ་འགྲོ་ཆོས་བདག་བསྟན་སྲུང་རྣམས། །ཕ་རྒན་འདི་ལ་མཁྱེན་པས་དགོངས་སུ་གསོལ། །སྒོ་གསུམ་དབང་གིས་མི་དགེ་ཅི་བྱས་རྣམས། །སྐད་ཅིག་ཉིད་ལ་མྱུར་དུ་བྱང་བར་ཤོག །ཨོཾ་འགྲུབ་པར་གྱུར་ཅིག་ཕ་རྒན་མ་ཏི་འདིས། །འདས་དང་མ་འོངས་ད་ལྟར་དུས་གསུམ་དུ། །ཚོགས་གཉིས་སྒོ་ནས་ཡར་མཆོད་མར་སྦྱིན་སོགས། །དགེ་དང་མི་དགེ་ལུང་མ་བསྟན་པ་ཡིས། །རྒྱུ་དངོས་བྱེ་བྲག་ཇི་སྙེད་སོང་བ་རྣམས། །བླ་མེད་བྱང་ཆུབ་རྒྱུ་རུ་འགྲོ་བར་ཤོག །སྨོན་ལམ་རྣམ་དག་མཐའ་རུ་ཕྱིན་ནས་ནི། །རང་སེམས་སྒྲོན་མེ་འབར་བའི་བཀྲ་ཤིས་ཤོག །དུས་གསུམ་དུ་དེ་ལྟར་གྱིས་དང་བྱང་བར་འགྱུར་རོ། །
༈ གུ་རུ་ཡེ་ཧཱུཾ། འདྲེན་མཆོག་རྨད་དུ་བྱུང་བའི་བདག་ཉིད་རཏྣའི་སྐུ། །དོན་གཉིས་ལྷུན་གྲུབ་རྨད་དུ་བྱུང་བ་ཕྱིན་པ་དྷོ་ཚའི་གསུང་། །མཁའ་དབྱིངས་རྨད་དུ་བྱུང་བ་དཀོན་མཆོག་རྒྱལ་མཚན་ཐུགས་དང་། །སྐུ་གསུང་ཐུགས་མངའ་རྨད་བྱུང་མཁྱེན་པའི་ཆུ་གཏེར་ལ། །མཁའ་མཉམ་འགྲོ་རྣམས་སྒྲོལ་མཛད་ན་ཆུང་བདག་གིས་འདུད། །ཌཱ་ཀི་མཁའ་འགྲོ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་བསྟོད་པའོ། །
༈ ན་མོ་ཌཱ་ཀི་གོང་མ་རྣམས་ལ་དུས་ཐམས་ཅད་དུ་ཡེ། མཚན་མའི་ཆོས་རྣམས་མཁའ་ལྟར་དག་པའི་ཐུགས། །རྒྱལ་བའི་དགོངས་དོན་མ་ལུས་སྨྲ་བའི་གསུང་། །དཀོན་མཆོག་གསུམ་དངོས་འགྱུར་བ་མེད་པའི་སྐུ། །སྐྱིད་མ་མྱོང་གི་སྡུག་མི་ཤེས་ལ་འདུད། །ཨེ་མ་ཧོ། མེ་ཏོག་དབང་པོས་ལེགས་པོར་གཟིགས་མཛོད་དང་། །གྲོ་གཅུས་དབང་པོས་ལེགས་པོར་གསན་མཛོད་དང་། །ཟངས་ཁབ་གཤིབ་དབང་ལེགས་པོར་སྣོམ་མཛོད་དང་། །རེག་མཇམ་དབང་པོས་ལེགས་པོར་མྱོང་མཛོད་དང་། །སྔོན་བསགས་སྨོན་ལམ་སྟོབས་ཀྱིས་ན་ཆུང་གིས། །གནས་སྐབས་མཐར་ཐུག་ཤེས་རབ་ཕ་རོལ་ཕྱིན། །འོད་གསལ་མཁའ་ལ་སྒྲོན་ཞིང་འགྲོ་བ་ལ། །ཡིད་གཉིས་ཐེ་ཚོམ་བྱས་ཀྱང་འགྱོད་པ་མེད། །སྣང་བའི་དངོས་པོ་སྟོང་པར་ཞུགས་ལགས་པས། །སྟོང་པའི་རང་བཞིན་སྣང་བར་ཞུགས་ལགས་པས། །སྣང་སྟོང་ཡ་བྲལ་ཞུས་བསམ་འགྱོད་པ་མེད། །ལྟ་བ་མཐའ་བྲལ་ཆེན་པོར་ཞུས་ལགས་པས། །ཕྱོགས་རིས་ཞེ་འདོད་ཙམ་ཡང་ངོ་མི་གནོང་། །དེས་ན་ལྟ་བའི་ཕྱོགས་ལ་འགྱོད་པ་མེད། །སྒོམ་པ་ཟག་མེད་འོད་གསལ་ཞུས་ལགས་པས། །བྱིང་རྒོད་ཡ་བྲལ་ཙམ་ཡང་ངོ་མི་གནོང་། །དེས་ན་སྒོམ་པའི་ཕྱོགས་ལ་འགྱོད་པ་མེད། །སྤྱོད་པ་ཚོགས་དྲུག་རང་གྲོལ་ཞུས་ལགས་པས། །ཚུལ་འཆོས་དགག་སྒྲུབ་ཙམ་ཡང་ངོ་མི་གནོང་། །དེས་ན་སྤྱོད་པའི་ཕྱོགས་ལ་འགྱོད་པ་མེད། །འབྲས་བུ་བློ་ཆོས་ཟད་སར་ཞུས་ལགས་པས། །ཡིད་གཉིས་ཐེ་ཚོམ་ཙམ་ཡང་ངོ་མི་གནོང་། །དེས་ན་འབྲས་བུའི་ཕྱོགས་ལ་འགྱོད་པ་མེད། །འདས་དང་མ་འོངས་ད་ལྟར་རྒྱལ་རྣམས་ཀྱིས། །མདོ་རྒྱུད་མན་ངག་སྙིང་པོ་བཅུད་བསྡུས་པའི། །ཧྲིལ་དྲིལ་གཅིག་ཏུ་མངོན་སུམ་ཞུས་ལགས་པས། །ཞུ་དོན་ཉམས་སོ་སྙམ་པའི་འགྱོད་པ་མེད། །ཨེ་མ་སྐྱིད་མ་མྱོང་གི་སྡུག་མི་ཤེས་པ་རྗེ། །ངོ་མཚར་གཏིང་ནས་སྐྱེས་སོ་སྐུ་དྲིན་ཆེ། །བར་དོ་བ་ལ་སྐུ་དྲིན་ཆེ་བར་ངོ་མཚར་ཆེ། །གྷ་ན་ཙཀྲས་འཕོ་ཆེན་མཆིས་ནས་ཡོད། །ངེད་རང་དཔོན་སློབ་ཐབས་ཤེས་འཁོར་བཅས་ཀྱིས། །བདེ་ཆེན་གནས་སུ་འཕེན་པར་བྱེད་པ་ལགས། །དྷརྨ་ཝ་ཤང་མི་རྟག་པར་སོང་བའི་དུས་སུ་ཌཱ་ཀི་སྨོན་ལམ་མཐར་ཕྱིན་གྱིས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ གུ་རུ་བཛྲ་དྷ་ར་ཡེ་ན་མོ། བཀའ་བརྒྱུད་གོང་མའི་བཅུད་འཛིན་བླ་མ་རྗེ། །མ་རྒྱུད་བླ་མེད་བཅུད་འཛིན་བླ་མ་རྗེ། །མཁའ་འགྲོའི་ཐུགས་ཀྱི་བཅུད་འཛིན་བླ་མ་རྗེ། །བསྟན་སྲུང་འཕྲིན་ལས་སྒྲུབ་པའི་བླ་མ་རྗེ། །གསོལ་འདེབས་དབང་བཞི་སེམས་ལ་བསྩལ་དུ་གསོལ། །འཁོར་འདས་ལྟ་བ་རང་གྲོལ་ཐུགས་ཆུད་བླ་མ་རྗེ། །རང་གསལ་སྒོམ་པ་འཛིན་བྲལ་ལྷུན་གྲུབ་བླ་མ་རྗེ། །དེ་ངང་སྤྱོད་པ་རྩལ་སྦྱངས་གཡོ་མེད་བླ་མ་རྗེ། །སྟོང་ཁྱབ་འབྲས་བུ་མཁའ་དབྱིངས་བློ་ཟད་བླ་མ་རྗེ། །གསོལ་འདེབས་དབང་བཞི་སེམས་ལ་བསྩལ་དུ་གསོལ། །འགྱུར་མེད་གཞི་ལྷུན་པོ་གཡོ་མེད་བླ་མ་རྗེ། །འགག་ལམ་མེད་ཆུ་རྒྱུན་ཆད་མེད་བླ་མ་རྗེ། །སྤང་འབྲས་བུ་མེད་ཐོབ་མེད་གཞི་དག་བླ་མ་རྗེ། །ཉིན་མཚན་འགྲོ་ལ་མི་ངལ་བླ་མ་རྗེ། །གསོལ་འདེབས་དབང་བཞི་སེམས་ལ་བསྩལ་དུ་གསོལ། །ཆོས་སྐུ་རྩེ་གཅིག་རང་གནས་རང་གཟིགས་བླ་མ་རྗེ། །སྤྲོས་བྲལ་ཆོས་དབྱིངས་སྤྲོས་བྲལ་འཛིན་མེད་བླ་མ་རྗེ། །ཆོས་ཉིད་རོ་གཅིག་རོ་གཅིག་བློ་བདེ་བླ་མ་རྗེ། །སྒོམ་མེད་ཆོས་ཟད་བློ་ཟད་བྱ་རྫོགས་བླ་མ་རྗེ། །གསོལ་འདེབས་དབང་བཞི་སེམས་ལ་བསྩལ་དུ་གསོལ། །བདག་དང་སྲིད་གསུམ་སེམས་ཅན་མ་ལུས་ཀུན། །འོག་མིན་ཨོ་རྒྱན་མཁའ་སྤྱོད་འདྲེན་དུ་གསོལ། །སྨོན་ལམ་མཐར་ཕྱིན་གཏན་བདེའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་ལ་གསོལ་བ་གདབ་པ་དབང་བཞི་སེམས་སྩལ་མ་ཞེས་བྱ་བ་ཌཱ་ཀི་སྨོན་ལམ་མཐར་ཕྱིན་སྒྲོན་གྱིས་ཨ་ནནྟ་བྷ་ཏྲ་ལ་མཛད་པའོ། །
༈ ཧཱུཾ་བྷྱོ། མཁའ་འགྲོའི་གཙོ་མོ་བརྒྱ་དང་གཉིས་ཀྱི་བདག །སྐུ་མདོག་དམར་ལ་གཡུ་ཡི་རྡོ་རྗེས་མཛེས། །རབ་མཛེས་དབུ་སྐྲ་གནག་ལ་སྣུམ་ཞིང་བརྗིད། །ཁྲོ་མོའི་སྤྱན་གསུམ་དམར་ལ་ཚེམས་ཀྱིས་མཛེས། །དབུ་རྒྱན་སོགས་ཀྱི་དུར་ཁྲོད་ཆས་ཀྱིས་བརྒྱན། །གསེར་གྱི་གླིང་བུ་རྡོ་རྗེའི་གླུ་ལེན་མ། །སྣ་ཚོགས་ངེས་མེད་སྤྲུལ་པ་སྟོན་མཛད་མ། །དགེ་སྡིག་ལེགས་ཉེས་ཀུན་གྱི་ཤན་འབྱེད་མ། །དམ་ཉམས་ལོག་ལྟ་མྱུར་དུ་སྒྲོལ་མཛད་མ། །ཆོས་མཛད་ཀུན་ལ་བུ་བཞིན་ཐུགས་བརྩེ་མ། །གཙོ་མོའི་མིང་གསོལ་མཁའ་འགྲོ་མངོན་སྤྱོད་མ། །འཁོར་གྱི་མཁའ་འགྲོ་བྱེ་བའི་ཚོགས་དང་བཅས། །ཟག་མེད་བདུད་རྩིའི་རྒྱ་ཆེན་འདི་བཞེས་ལ། །བདག་ལ་བརྩེ་དགོངས་འཕྲིན་ལས་ཚུལ་བཞིན་སྒྲུབས། །མི་མཐུན་བར་ཆད་རྐྱེན་རྣམས་མྱུར་ཞི་ནས། །མཐུན་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ། །དགེའོ། །ཞེས་ཌཱ་ཀིས་བསྐུལ་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ ནམ་མཁའ་སྟོང་གཟུགས་བླ་མ་རིན་པོ་ཆེ། །ཐུགས་ཁུར་ཆེ་བས་ད་རུང་ཨེ་མ་ཧོ། །སྔོན་བསགས་སྨོན་ལམ་རྒྱ་ཆེན་བསགས་པའི་མཐུས། །ད་ལྟ་གཏན་བདེ་མཐའ་རུ་ཕྱིན་པས་ལེགས། །མཁའ་ལ་རྟ་བདུན་ཕྱོགས་བཅུར་བསྒྲོན་པས་སྐྱིད། །འོན་ཀྱང་དུས་གསུམ་མདོར་བསྡུས་སྙན་དུ་གསོལ། །སྔོན་དུས་རྒྱ་གར་མ་ཀྲོ་ཏ་མ་ན། །ལྷ་མོ་དཔལ་གྱི་བློ་གྲོས་ཞེས་སུ་གྲགས། །སྲས་མེད་འབྱོར་མེད་རྡོ་རྗེ་གྲགས་ལ་ཕྱིན། །ནོར་ཡོད་ཆོས་ཡོད་བླ་མ་གཅིག་དང་མཇལ། །ཟག་མེད་བདག་མེད་དོན་དེ་གཏན་ལ་ཕེབས། །ཆོས་ལ་བྱན་པོ་དེ་ནས་ཚུད་པ་ཡིན། །ལོ་ནི་སུམ་ཅུ་རྩ་ནས་ཕ་རོལ་འཕོས། །མཐོང་ཐོས་བདེ་ལ་དེ་ནས་བཀོད་ནུས་བྱུང་། །འདས་པའི་མདོར་བསྡུས་ཙམ་ཞིག་ཧ་ཧ། །དིང་སང་དུས་ནས་སྤྲུལ་པ་ཅི་འདོད་ནུས། །རྩ་བ་དེ་ནི་ཀོང་པོའི་ཡུལ་གཅིག་ཏུ། །ཨ་ནེའི་ཚུལ་བཟུང་མཐོང་ཐོས་འདྲེན་པ་ཡིན། །ཕ་མེད་མ་མེད་གཉེན་མེད་གྲོགས་དང་འགྲོགས། །བདག་གི་ཡབ་གྱུར་དེ་རུ་ཕྱིན་པའི་དུས། །རྒྱབ་གོས་བཟའ་བཏུང་རྫོངས་པ་བྱས་པ་དེ། །དེ་མཐར་ཕྱིན་སྒྲོན་མ་བདག་ནི་མ་ལགས་སམ། །ལོ་གྲངས་ཉི་ཤུ་རྩ་ཙམ་མཆིས་པ་ཡིན། །མིང་ནི་ཆོས་ཀྱི་སྒྲོན་མ་ཞེས་བྱ་ཡིན། །ཀ་ཆ་བག་ཙམ་བདག་ལ་མཆིས་པ་ཡིན། །སྤྲུལ་པ་སུམ་བརྒྱ་དྲུག་ཅུ་ནུས་པ་ཡིན། །ད་ནི་ལོ་གྲངས་མང་དུ་སྡོད་པ་མིན། །མི་སྡོད་བྱས་ཀྱང་འགྲོ་ས་ཡོད་པ་མིན། །གཏན་བདེ་རྙེད་པས་ཅི་བྱས་ཆོག་པ་ཡིན། །བཙལ་བས་རྙེད་པ་མ་ཡིན་རང་གནས་ཡིན། །ཡིན་མིན་མེད་པས་གཉིས་ཆོས་མཁའ་ལྟར་དག །དིང་སང་མདོར་བསྡུས་ཙམ་ཞིག་ཧི་ཧི། །མ་འོངས་ཅི་བྱེད་ཆོག་ལ་གང་བྱེད་རུང་། །ཞེན་མེད་འགྲོ་དོན་བྱས་ཀྱང་ཨ་ལ་ལ། །ཨོ་རྒྱན་མཁའ་སྤྱོད་བཞུགས་ཀྱང་ཨ་ལ་ལ། །ཨེ་མ་ཧོ། སྨོན་ལམ་བཏབ་པས་ཅི་བྱས་བདེ་བར་བྱུང་། །མཐར་ཐུག་དོན་ལ་དུས་གསུམ་འགྱུར་མེད་སྐྱིད། །ཕྱིན་དྲུག་ཆོས་ལ་རེ་དོགས་བྲལ་བས་ལེགས། །སྒྲོན་མས་ལུང་བསྟན་ན་ཆུང་ངོ་རེ་མཚར། །སྟོང་མཚར་མཚར་མེད་མཐར་ཕྱིན་བཀྲ་ཤིས་ཤོག །ཐུགས་ལ་འཕྲང་བས་དེ་ལྟར་ཞུས་པ་ལ། །ཆོས་བདག་གོང་མ་རྣམས་ལ་བཟོད་མཛོད་ཀྱེ། །དགེ་དེ་ཡོད་ན་འགྲོ་ལ་བསྔོའོ། །ཧ་ཧ་ཕཊ། ལོག་ལྟ་ཅན་རྣམས་བདེ་བ་ཐོབ་གྱུར་ཅིག །སྡུག་བསྔལ་མཚན་མའི་ཆོས་ཀྱིས་མ་གོས་དགོས། །ཧ་ཧ་དེར་ཡང་རྫུན་ཚིག་ཆེན་པོར་ཐལ། །ཨོཾ་མ་གྷ་ལམ་བྷ་ཝན་ཏུ། ཕུན་ཚོགས་དགེ་ལེགས་དཔལ་འབར་འབྱུང་བའི་གནས། །མངོན་སུམ་འགྲོ་བའི་དོན་ལ་གཡེལ་མི་མངའ། །སྤྱོད་པ་མ་ངེས་དུ་མས་སྲིད་གསུམ་འདྲེན། །བཟང་ངན་འབྲེལ་ཚད་བདེ་ལ་བཀོད་མཛད་ཡུམ། །གཙོ་མོ་ཡེ་ཤེས་མཁའ་འགྲོའི་བཀྲ་ཤིས་ཤོག །ཕུན་ཚོགས་དགེ་ལེགས་དཔལ་འབར་འབྱུང་བའི་གནས། །སངས་རྒྱས་སེམས་ཅན་དབྱེར་མེད་ཐུགས་ཆུད་ཡུམ། །རྒྱལ་བའི་མཚན་བཟང་སྟོང་ཉིད་ཐུགས་ཆུད་ཡུམ། །བླ་མེད་བླ་མ་དགོངས་དོན་སྨྲ་བའི་ཡུམ། །ཆོས་ཀྱི་འབྱུང་གནས་སྲིད་གསུམ་འགྲོ་བ་སྒྲོན། །སྤྲུལ་པའི་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཕུན་ཚོགས་དགེ་ལེགས་དཔལ་འབར་འབྱུང་བའི་གནས། །བདེ་སྟོང་ཟག་མེད་སྐུ་བཞི་རང་གཟིགས་ཡུམ། །གསལ་སྟོང་ལྷན་ཅིག་སྐྱེས་དགའ་མངོན་གཟིགས་ཡུམ། །རིག་སྟོང་མཆོག་དགའ་མངོན་གཟིགས་རྒྱལ་བའི་ཡུམ། །སྣང་སྟོང་དགའ་བ་མངོན་གྱུར་གཟིགས་པའི་སྒྲོན། །རྟོགས་པ་མངོན་གྱུར་ཌཱ་ཀིའི་བཀྲ་ཤིས་ཤོག །ཕུན་ཚོགས་དགེ་ལེགས་དཔལ་འབར་འབྱུང་བའི་གནས། །བདེ་ཆེན་གནས་ནས་དུས་སུ་གཟིགས་པའི་ཡུམ། །འོད་གསལ་མཁའ་ནས་མུན་པ་བསལ་བའི་ཡུམ། །རང་བྱུང་དོན་ལ་དུས་གསུམ་འགྱུར་མེད་ཡུམ། །ལྷུན་གྲུབ་འགྱུར་མེད་མཁའ་ཁྱབ་འོད་གསལ་སྒྲོན། །རྟོགས་པ་མངོན་གྱུར་ཌཱ་ཀིའི་བཀྲ་ཤིས་ཤོག །ཕུན་ཚོགས་དགེ་ལེགས་དཔལ་འབར་འབྱུང་བའི་གནས། །ཟག་བྱས་རྒྱན་མང་རྣམས་ཀྱིས་སྤྲས་པའི་ཡུམ། །འདོད་པ་ཟག་པས་བདེ་ཆེན་མངའ་བའི་ཡུམ། །མཁའ་ལ་ཐོགས་མེད་འགྲོ་རྣམས་འདྲེན་མཛད་ཡུམ། །སྐྱེ་མེད་དོན་རྟོགས་ཆོས་དབྱིངས་འོད་གསལ་སྒྲོན། །རྟོགས་པ་མངོན་གྱུར་ཌཱ་ཀིའི་བཀྲ་ཤིས་ཤོག །ཕུན་ཚོགས་དགེ་ལེགས་དཔལ་འབར་འབྱུང་བའི་གནས། །སེམས་བསྐྱེད་མཐར་ཕྱིན་རང་གཞན་གཉིས་མེད་ཡུམ། །ནོར་བུ་དགོས་འདོད་བདེ་ཆེན་གཏེར་རྙེད་ཡུམ། །བཀྲ་ཤིས་རང་བྱུང་ལྷུན་གྲུབ་གཏེར་མངའ་ཡུམ། །ཉི་མའི་འོད་ཀྱིས་མ་རིག་མུན་སེལ་སྒྲོན། །རྟོགས་པ་མངོན་གྱུར་ཌཱ་ཀིའི་བཀྲ་ཤིས་ཤོག །ཕུན་ཚོགས་དགེ་ལེགས་དཔལ་འབར་འབྱུང་བའི་གནས། །གནས་གསུམ་ཆོས་ཀྱི་བདག་མོ་ཆོས་ཀྱི་ཡུམ། །མཐུ་སྟོབས་རྨད་བྱུང་བསྟན་པ་སྲུང་བའི་ཡུམ། །སྐྱེས་ཆེན་མཇལ་བའི་མ་ངེས་ཤེས་རབ་ཡུམ། །སྨོན་ལམ་མཐའ་རུ་ཕྱིན་པས་བློ་བདེ་སྒྲོན། །རྟོགས་པ་མངོན་གྱུར་ཌཱ་ཀིའི་བཀྲ་ཤིས་ཤོག །རྒྱལ་ལོ་རྒྱལ་ལོ་གུ་རུའི་བཀྲ་ཤིས་ཤོག །སིདྡྷི་སིདྡྷི་ཌཱ་ཀིའི་བཀྲ་ཤིས་ཤོག །ཕ་ལ་ཕ་ལ་ཆོས་སྐྱོང་བཀྲ་ཤིས་ཤོག །ཕམ་མོ་ཕམ་མོ་རྒྱལ་འགོངས་འགབ་འདྲེ་ཕམ། །མེད་དོ་མེད་དོ་འདྲེ་སྲིན་བྱུར་གསུམ་མེད། །སྒྲོལ་ཅིག་སྒྲོལ་ཅིག་འདྲེ་མོའི་ཚོགས་རྣམས་སྒྲོལ། །ཁུག་ཅིག་ཁུག་ཅིག་འདྲེ་མོའི་ཚོགས་རྣམས་ཁུག །ཨེ་མ་ཧོ། སྨོན་ལམ་རྟ་བདུན་རླུང་གི་ཞོན་པ་ལས། །མཐའ་རུ་ཕྱིན་པའི་གནས་སུ་བདེ་ཆེན། །གཡོ་མེད་དཀོན་མཆོག་གསུམ་དངོས་བླ་མ་རྗེ། །རྒྱལ་བའི་མཚན་ཉིད་རྟོགས་དང་མི་འབྲལ་ཤོག །དྲང་དོན་མ་ཡིན་ངེས་དོན་བསམ་ལས་འདས། །དགོས་འདོད་ནོར་བུའི་གཏེར་ཁ་ཕྱེས་ནས་ཡོད། །དེས་ན་མི་བདེ་མེད་པའི་གནས་སུ་ཨེ་མ་ཧོ། །ཞེས་པ་ཌཱ་ཀི་སྨོན་ལམ་མཐར་ཕྱིན་སྒྲོན་གྱིས་དུས་གསུམ་གྱི་རྣམ་ཐར་མདོར་བསྡུས་དང་བཅས་པ་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། བསྐལ་པ་གྲངས་མེད་འདས་པའི་ཕ་རོལ་ནས། །ཚོགས་གཉིས་བསགས་སྦྱངས་དཀོན་མཆོག་གསུམ་ལ་བསྟེན། །སྔར་འདས་གྲུབ་ཐོབ་རྒྱལ་བའི་མཚན་ཉིད་ཅན། །ད་ལྟ་མངོན་དུ་གྱུར་ལུགས་ཟུར་ཙམ་ཞུ། །ལྟ་བ་ནམ་མཁའི་མདུད་པ་བོར་ཟིན་རེད། །སྒོམ་པ་རྒྱ་མཚོར་སྒྲོན་མེ་སྦར་ཟིན་རེད། །སྤྱོད་པ་བྲག་དམར་ཕྲུ་བ་བྱས་པ་རེད། །འབྲས་བུ་ནམ་མཁའི་པད་མོ་བཀྲ་ཟིན་རེད། །རང་དོན་སྐྱེ་མེད་བློ་བདེ་མངའ་བ་རེད། །གཞན་དོན་འབྲེལ་ཚད་བདེ་ལ་འགོད་ཟིན་རེད། །ཆོས་སྐུ་སྐྱེ་མེད་རྒྱལ་ས་ཟིན་པ་རེད། །ལོངས་སྐུ་འགག་མེད་ཡོན་ཏན་རྫོགས་པ་རེད། །སྤྲུལ་སྐུ་མ་ངེས་མང་དུ་མཆིས་པ་རེད། །བདེ་ཆེན་པད་མ་རྒྱུན་ཆད་མེད་པ་རེད། །ཟག་མེད་བདེ་སྟོང་དགའ་བཞི་རོལ་པ་རེད། །དགའ་བ་དང་པོ་ཆུ་འཛིན་འབྲས་བུ་རེད། །མཆོག་དགའ་གཉིས་པ་གསང་དབང་འབྲས་བུ་རེད། །གསུམ་པ་སྐྱེས་དགའ་ཤེས་རབ་འབྲས་བུ་རེད། །བཞི་པ་དགའ་བྲལ་སྨྲ་སྒྲ་དབང་འབྲས་བུ་རེད། །དེ་རྣམས་ཐམས་ཅད་ཚིག་གི་གདགས་གཞི་རེད། །དོན་ལ་ནམ་མཁའ་སྟོང་པའི་འདུག་ཚུལ་རེད། །དེ་སྟོང་ཆད་མ་རེད་མངོན་སུམ་རྟོགས་བྱ་རེད། །དངོས་པོར་མ་གྲུབ་སྟོང་གསལ་བདེ་ཆེན་རེད། །མཐའ་བཞི་ལས་གྲོལ་བློ་བདེ་མངའ་བ་རེད། །བློ་ཆོས་ཟད་པས་དབྱིངས་ལ་གནས་པ་རེད། །ཐབས་གྱུར་བླ་མ་ནམ་མཁའི་འདུག་ཚུལ་ལ། །ཤེས་རབ་ཉི་སྒྲོན་གཟུགས་མེད་སྒྲ་བརྗོད་པས། །ཡོན་ཏན་ཆ་ཤས་ཙམ་ཞིག་བརྗོད་ཚིག་ཡིན། །མཐར་ཕྱིན་སྒྲོན་གྱིས་བདག་ལ་བཀའ་གནང་དང་། །བདག་གི་འབྲེལ་ཞུས་གཞན་གྱིས་བྲིས་པ་དེས། །ཆོས་བདག་གོང་མ་རྣམས་དང་མི་འབྲལ་ཤོག །ཉེས་པ་གང་མཆིས་གོང་མ་རྣམས་ལ་བཤགས། །གཟུགས་མེད་སྟོང་སྒྲ་ཉི་སྒྲོན་བཀྲ་ཤིས་ཤོག །སྙན་ངག་སྡེབ་སྦྱོར་ཚིག་འགྲིགས་མི་མངའ་སྟེ། །རྒྱུད་ལ་མངའ་ཚོད་ཙམ་ཞིག་ཞུས་པ་ཡིན། །ཨྠྀི། ད་ནི་འདི་ལྟར་མི་ཞུ་བསམ་ལགས་ཀྱང་། །དབྱར་ཁའི་སྤང་དང་འདྲ་བས་མི་ཁེག་བདོ། །ལོག་ལྟ་ཅན་རྣམས་དམྱལ་བར་འགྲོ་བར་མཆིས། །དེ་ལ་བྱ་ཐབས་ཡོད་དམ་བླ་མ་རྗེ། །ཀྱེ་ཧུད་ཀྱེ་ཧུད་དེ་སྟེ་ཡ་མ་ར་ཙ་ཧཱུཾ། ཞེས་པ་འདི་ནི་སྤྲུལ་པའི་ཌཱ་ཀི་མ་ཉི་མ་སྒྲོན་བྱ་བས་གཟུགས་མེད་ནམ་མཁའི་མཐོངས་ནས་ཞུས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། བླ་མ་རྒྱལ་དབང་སེམས་དཔའི་ཚོགས་རྣམས་དང་། །མངོན་འགྱུར་མཁའ་ལྟར་དག་པའི་ཌཱ་ཀི་ལ། །མཁའ་ལ་ཐོགས་མེད་ཉི་མས་གླིང་བཞི་བསྐོར། །ཚ་ཟེར་འོད་ཀྱིས་མ་རིག་མུན་སེལ་སྒྲོན་གྱིས། །ཞབས་པད་ལེན་ནས་འདི་དོན་མཐར་ཕྱིན་ཞུ། །དཀོན་མཆོག་གསུམ་དངོས་དོན་གཉིས་ལྡན་པའི་དཔལ། །ཐུགས་ཡིད་ཁ་ཙམ་མ་ཡིན་སྙིང་ནས་གསོན། །མདོ་རྒྱུད་བསྟན་བཅོས་གཤག་རལ་མི་མངའ་སྟེ། །རིག་ཐོག་གོ་ལུགས་འདི་ལྟར་མཆིས་པ་ལགས། །བློ་འདས་ཆོས་སྐུའི་ཉི་མ་རང་ལ་ཤར། །ཕྱི་ཡི་ཉི་མ་ཇི་ལྟར་བདེ་བར་བཞུགས། །སྐུ་བཞི་དབྱེར་མེད་བདེ་བ་ཆེན་པོར་ཤར། །ཚིག་ཚོགས་གནས་སྐབས་སྐུ་རྣམས་ཅི་བདེར་བཞུགས། །ལྷུན་གྲུབ་འགྱུར་མེད་ཀ་དག་ཆེན་པོར་ཤར། །བློས་བྱས་སྟོང་ཉིད་ཇི་ལྟར་བདེ་བར་བཞུགས། །འཁོར་འདས་དབྱེར་མེད་ནམ་མཁའི་དཀྱིལ་ལྟར་ཤར། །གཉིས་ཆོས་སོ་སོར་རྟོགས་རྣམས་ཅི་བདེར་བཞུགས། །འགྱུར་མེད་ཉི་མའི་སྙིང་པོར་རྒྱུད་ལ་ཤར། །སྤང་གཉེན་སོ་སོར་འདོད་པ་ཅི་བདེར་བཞུགས། །གཉིས་བསྡུས་ཆོས་རྣམས་མ་ལུས་རྒྱན་དུ་ཤར། །ཤར་མེད་ནུབ་མེད་ན་ཆུང་ཨེ་མ་ཧོ། །ཨྠྀི། དཀོན་མཆོག་གསུམ་དངོས་དོན་གཉིས་ལྡན་པའི་དཔལ། །མཁའ་ཁྱབ་དབྱིངས་ལ་འགྱུར་མེད་ལྟ་བ་བྱོས། །མཁའ་དབྱིངས་ཉི་མས་རྒྱུན་དུ་སྒོམ་པ་བྱོས། །མཁའ་ལ་རླུང་ལྟར་རང་ཡལ་སྤྱོད་པ་བྱོས། །མཁའ་ལྡིང་རེ་དོགས་བྲལ་བའི་འབྲས་བུ་བྱོས། །ཆོས་སྐུ་འགྱུར་མེད་ཀུན་ཁྱབ་བཞུགས་ཚུལ་ཡིན། །ཆོས་དབྱིངས་དོན་དམ་འཕོ་འགྱུར་མེད་ཚུལ་ཡིན། །ཆོས་རྣམས་གཉིས་བསྡུས་དེ་རུ་མ་འདུས་མེད། །ཆོས་ཀྱི་ཡིན་ཚུལ་དེ་ལྟར་མཆིས་པ་ཡིན། །ཡིན་ལ་ཡིན་བཞིན་དེ་ལྟར་བརྗོད་པ་ཡིན། །མིན་ལ་སྒྲོ་བཏགས་བྱས་པ་ག་ན་མཆིས། །དེས་ན་དེ་ལྟར་ཐུགས་ཡིད་བརྟན་པར་ཞུ། །ཨྠྀི། ཨོཾ་འགྲུབ་པར་གྱུར་ཅིག་རྡོ་རྗེ་འཆང་སོགས་བཀའ་བརྒྱུད་བླ་མ་དང་། །མཁའ་འགྲོ་དམར་སོགས་གནས་གསུམ་མཁའ་འགྲོ་དང་། །མགོན་པོ་ནག་སོགས་དགོངས་པ་བཅུད་བསྡུས་པའི། །དྲང་དོན་མ་ཡིན་ངེས་པའི་མཐར་ཐུག་དོན། །འདི་བཞེངས་བརྩོན་པས་བདག་སོགས་དབང་པོ་ཚིམས། །འདི་རྣམས་དོན་ནི་སྨྲ་བསམ་བརྗོད་ལས་འདས། །བློ་འདས་འགྱུར་མེད་བདེ་སྟོང་རྒྱུན་ཆད་མེད། །མ་འགགས་རང་རྩལ་སྣ་ཚོགས་ཅིར་ཡང་སྣང་། །སྣང་ཙམ་ཉིད་ནས་རྟག་ཆད་མཐའ་དང་བྲལ། །མཐའ་བྲལ་བདེ་ཆེན་ངང་ལ་རྒྱུན་དུ་བྱོས། །ཚིག་ལྔ་གསལ་འདེབས་རིགས་ལྔ་མངོན་ཕྱུང་ཡིན། །བདག་དང་འབྲེལ་ནས་འདི་བཞེངས་དགེ་བ་དེས། །འདི་ཡི་ཚིག་དོན་མ་ལུས་ཐུགས་ཆུད་ནས། །ཚེ་འདི་སྡིག་རྐྱེན་དབང་དུ་མི་འགྲོ་ཞིང་། །བདེ་སྟོང་རྟོགས་པ་ཚེ་གཅིག་མཐར་ཕྱིན་ཤོག །ཆོས་བདག་གཙོ་མོ་གསང་བའི་ཡུམ་གཅིག་དང་། །གནས་གསུམ་ཌཱ་ཀི་རྒྱལ་ས་ཟིན་རྣམས་ཀྱིས། །སྐྱེ་མེད་ཆོས་ལ་རང་བྱན་ཚུད་པ་བཞིན། །སྐྱེ་བ་འདི་ལ་རྟོགས་པ་མཐར་ཕྱིན་ཤོག །བདག་གི་སྐྱེ་དང་འཇིག་པ་བྲལ་བ་བཞིན། །བླ་ན་མེད་པའི་ཆོས་ལ་མོས་པ་བཞིན། །མ་རིག་སྒྲོན་ནས་ཡེ་ཤེས་གསལ་བ་བཞིན། །སྣང་སྲིད་ཆོས་ལ་རང་བྱན་ཚུད་པར་ཤོག །ཅེས་པ་འདི་ནི་ཌཱ་ཀི་སྐྱེ་མེད་སྒྲོན་གྱིས་མ་ཏི་ལ་གདམས་པའོ། །
༈ ཨ་ཧཾ། མངོན་པར་བྱང་ཆུབ་གཙུག་གི་རྡོ་རྗེ་མཛེས། །སྣ་ཚོགས་རྒྱན་རྣམས་མ་ངེས་དུ་མས་མཛེས། །འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པ་དུ་མས་མཛེས། །མངོན་གྱུར་མངོན་སྤྱོད་མ་ལ་རྟག་ཏུ་འདུད། །སྔོན་ཚུལ་བཞིན་སྦྱངས་པའི་ཨ་ཞེ་སངས་རྒྱས་སྒྲོན། །ཡིད་གཉིས་མེད་པར་སངས་རྒྱས་སྒྲོན་ལ་གསོན། །སྐྱིད་སྡུག་ལམ་ཁྱེར་གདམས་ངག་བྱེད་པར་ཞུ། །སྐྱིད་ཀྱང་རྣམ་པར་རྟོག་པ་ཡིན། །སྡུག་ཀྱང་རྣམ་པར་རྟོག་པ་ཡིན། །རྣམ་རྟོག་དེ་རང་སྟོང་པ་ཡིན། །སྟོང་པ་དེ་རང་ཆོས་སྐུ་ཡིན། །ཆོས་སྐུ་དེ་རང་ལྷུན་གྲུབ་བསྟན་སྲུང་ཆོས་སྐྱོང་རྣམས། །བརྩེ་བ་ཆེན་པོས་ཚུལ་བཞིན་དགོངས་སུ་གསོལ། །དཀོན་མཆོག་གསུམ་དངོས་དོན་གཉིས་ལྡན་པ་ལ། །རང་དོན་བསྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཞན་དོན་འབད་མེད་ཚུལ་བཞིན་འགྲུབ་པར་ཤོག །རང་དོན་འབད་མེད་སྐུ་གསུམ་མངོན་གྱུར་ནས། །སྨིན་གྲོལ་གདམས་པས་གཞན་རྒྱུད་ཚིམ་པར་ཤོག །ཉི་མའི་འོད་ཀྱིས་གླིང་རྣམས་དྲོས་པ་བཞིན། །རྟོགས་པའི་འོད་ཀྱིས་གཞན་རྣམས་གྲོལ་བར་ཤོག །ཨོཾ་ཇི་ལྟར་བཏབ་བཞིན་དཀོན་མཆོག་གསུམ་པོ་མཁྱེན། །ཨ་ཇི་ལྟར་བཏབ་བཞིན་དོན་གཉིས་དཔལ་དང་ལྡན། །ཧཱུཾ་ཡང་དག་བླ་མེད་དབྱིངས་སུ་འདྲེན་པར་ཤོག །ཨྠྀི། ཐོགས་མེད་ཉི་མའི་ཟེར་བཞིན་དུ། །ཚ་ཟེར་སྒྲོན་ནས་དོན་གཉིས་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་ཉི་སྒྲོན་བྱ་བས་གཟུགས་མེད་ནམ་མཁའི་དཀྱིལ་ནས་རཏྣ་ཤྲཱི་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། རྒྱུད་པ་མཆོག་ལྡན་ཐབས་ཤེས་རྣམས་ལ་ནི། །ཚ་ཟེར་སྒྲོན་གྱིས་ཞབས་པད་སྤྱི་བོས་ལེན། །ཀ་ཡེ་གསོན་དང་རིགས་ལྡན་མོས་པ་ཅན། །ཁ་བ་ཅན་དེར་དམ་ཆོས་དར་བའི་དུས། །དགའ་མགུ་ཡི་རང་ངེས་ཤེས་བརྟན་པར་མཛོད། །ང་བདག་རྩ་བ་རང་བྱུང་རིག་པ་ཡིན། །ཅལ་ཅུལ་མ་མང་ནམ་ཞིག་འགྱོད་དུས་མཆིས། །ཆ་མེད་ཡུལ་དེར་ངེས་པར་འགྲོ་དགོས་ཚེ། །ཇ་སོགས་འདོད་ཡོན་དག་གིས་ཅི་ཕན་སོམ། །ཉ་མ་སོགས་ཀྱི་རྣམ་ཐར་ཤེས་པར་མཛོད། །ཏ་ལེ་སྐྱེ་མེད་ཕྱག་རྒྱ་ཆེན་པོ་དེ། །ཐ་དད་གཉིས་ཆོས་མ་ཡིན་ངོ་བོ་སྟོང་། །ད་ནི་མྱུར་དུ་འབད་པས་མ་བསྒྲུབས་ན། །ན་རྒས་འཆི་རྐྱེན་བྱུང་ན་ཇི་ལྟར་བྱེད། །དཔག་བསམ་འདོད་དགུ་ཕུན་ཚོགས་གཏེར་མངའ་དེ། །ཕ་སངས་རྒྱས་བླ་མ་རྗེ་བཙུན་ཡིན། །བག་མེད་ཐོ་ཅོའི་གཡེང་བ་མ་མང་ལ། །མ་རབས་སྤྱོད་འགྲོས་མ་མཛད་གསོལ་འདེབས་མཛོད། །རྩ་བ་རང་སེམས་ཕྱག་རྒྱ་ཆེན་པོ་ཡིན། །ཚ་གྲང་སྡུག་བསྔལ་ཅི་བྱུང་དེ་རུ་བསྲེས། །ཛར་ཛོར་མ་མང་ཉམ་ཆུང་སྐྱེ་མེད་སྒོམས། །ཝལ་གྱིས་དེ་ཉིད་ངོ་བོ་རྗེན་པར་འཆར། །ཞྭ་གོས་ཀ་ཆ་འཕན་པས་རྟོགས་པ་མིན། །ཟ་མ་བུད་མེད་ཕལ་གྱིས་རྟོགས་བྱ་ཡིན། །འ་ཅག་ཁོ་མོས་མངོན་སུམ་དེ་ལྟར་རྟོགས། །ཡ་རབས་བཟང་བཙུན་ཕལ་གྱིས་རྟོགས་པ་དཀའ། །རཏྣ་རང་སེམས་སྐྱེ་མེད་རང་ལ་ཡོད། །ལ་ཆེན་ཆུ་ཆེན་བརྒལ་བས་རྙེད་པ་བཀའ། །ཤཱཀྱའི་རྒྱལ་པོ་རྣམས་ཀྱི་དགོངས་པ་ཡིན། །ས་ལམ་རིམ་པའི་ཆོས་རྣམས་སེམས་ལ་རྫོགས། །ཧ་ཧ་ཁོ་མོ་ན་ཆུང་དེ་ལྟར་བརྗོད་པ་དེས། །ཨ་དོན་སྐྱེ་མེད་རྟོགས་པའི་བཀྲ་ཤིས་ཤོག །ཉིན་མཚན་ཀུན་ཏུ་འགྲོ་ལ་མི་ངལ་ཞིང་། །མ་ལུས་ཐུགས་ཡིད་ཚུལ་བཞིན་མཆིས་པ་རྣམས། །སྒྲོན་མས་དུས་རྣམ་ཀུན་ཏུ་དེ་ལྟར་བྱེད། །མ་ཏིས་བློ་གྲོས་གསལ་བར་གྱིས་ཤིག་ཀྱེེ། །བྷ་ཏྲས་བཟང་ངན་གཅིག་ཏུ་བསྲེས་ཤིག་ཀྱེེ། །ཀ་སྨད་སུམ་ཅུའི་གྲངས་ངེས་མདོར་བསྡུས་དོན། །ཕུལ་རྟེན་མ་མཆིས་ངོ་མཚར་ཆོས་སོ་ཨང་། །ཞེས་ཌཱ་ཀི་ཉི་མ་སྒྲོན་བྱ་བས་གཟུགས་མེད་ནམ་མཁའི་དཀྱིལ་ནས་མ་ཏི་བྷ་ཏྲ་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། སྐྱབས་གནས་བསླུ་མེད་དཀོན་མཆོག་གསུམ་པོ་མཁྱེན། །དཔུང་གཉེན་མཛོད་ཅིག་རྒྱལ་བ་སྲས་བཅས་མཁྱེན། །ལམ་སྣ་དྲོངས་ཤིག་མཚན་ལྡན་བླ་མ་མཁྱེན། །ལོག་ལྟ་སོལ་ཅིག་ཁྱེད་ཉིད་ཞབས་ལ་འདུད། །ཆོས་ལ་བློ་གྲོས་ལྡན་པའི་ཚུལ་བཟང་མ། །ཚུལ་བཞིན་རྗེ་ལ་བློ་ཕུགས་གཏད་མཛད་མ། །ཁྲིམས་དང་མི་ལྡན་བྱ་བ་དོར་མཛད་མ། །ཉི་མའི་ཚ་ཟེར་ཕྱོགས་བཅུར་སྒྲོན་པ་ལ། །ཁ་ཙམ་མ་ཡིན་སྙིང་གི་དཀྱིལ་ནས་གསོན། །བདག་གི་ཡིན་ཚུལ་ཟུར་ཙམ་སྨྲ་བ་ཡིན། །ཡེ་ཤེས་མཁའ་འགྲོ་སྤྲུལ་པའི་མཁའ་འགྲོ་ཡིན། །འཇིག་རྟེན་མཁའ་འགྲོ་ཞིང་སྐྱོང་མཁའ་འགྲོ་ཡིན། །གནས་གསུམ་མཁའ་འགྲོ་ཆོས་བདག་མཁའ་འགྲོ་ཡིན། །ཡེ་ཤེས་དབྱིངས་ལ་དུས་གསུམ་འགྱུར་བ་མེད། །མཁའ་སྤྱོད་ཨོ་རྒྱན་གནས་སུ་ཆོས་ཀྱི་བདག །འགྲོ་རྣམས་སྐལ་ལྡན་སྨིན་གྲོལ་གདམས་པས་ཕྱུག །དེ་ཕྱིར་ཡེ་ཤེས་མཁའ་འགྲོ་ཟེར་བ་ཡིན། །སྤྲུལ་པ་མ་ངེས་དུ་མས་སྲིད་གསུམ་འདྲེན། །མཁའ་ལ་ཉིན་མཚན་དུས་དྲུག་འགྲོ་བ་ལ། །དེ་ཕྱིར་སྤྲུལ་སྐུ་མཁའ་འགྲོ་ཟེར་བ་ཡིན། །འཇིག་རྟེན་མཁའ་འགྲོ་ཟེར་བ་དེ་ཡང་བདེན། །འཇིག་པས་འཁོར་བ་འདི་ལ་ཕྱི་ཕྱག་བྱས། །རྟེན་ནི་དཀོན་མཆོག་གསུམ་ངོས་རྒྱུན་དུ་བརྟེན། །དེ་ཕྱིར་མཁའ་ལ་ཐོགས་མེད་འགྲོ་བ་ཡིན། །དེ་ཕྱིར་འཇིག་རྟེན་མཁའ་འགྲོ་ཟེར་བ་བདེན། །ཞིང་སྐྱོང་མཁའ་འགྲོ་ཟེར་བ་དེ་ཡང་བདེན། །ཞིང་ཁམས་བརྒྱ་དང་གཉིས་ཀྱི་བདག་མོ་ཡིན། །སྐྱོང་ནི་ཆོས་བྱེད་ཕལ་ཆེར་སྐྱོང་བ་ཡིན། །མཁའ་ནི་རང་བཞིན་གར་འགྲོ་དེ་རང་ཡིན། །དེ་ཕྱིར་ཞིང་སྐྱོང་མཁའ་འགྲོ་ཟེར་བ་དེ་ཡང་བདེན། །གནས་གསུམ་ཆོས་བདག་མཁའ་འགྲོ་ཟེར་བ་བདེན། །གནས་ནི་གཅིག་ཏུ་ངེས་པ་མེད་པ་ཡིན། །ཆོས་ནི་བླ་མེད་ཡང་སྙིང་རྒྱུད་ལ་མངའ། །བདག་ཏུ་མ་བཟུང་མཁའ་ཁྱབ་དབྱིངས་དང་འདྲ། །འགྲོ་རྣམས་ཐར་པའི་གནས་སུ་འདྲེན་ཕྱིར་འགྲོ། །གནས་གསུམ་ཆོས་བདག་ཟེར་བ་དེ་ལྟར་ལགས། །ཡང་གཅིག་གསོན་དང་གྷ་ན་པ་ཏི་སོགས། །གྲོས་ཕུག་དཔའ་བོ་དཔའ་མོ་ཡིན། །གདམས་པ་ཟབ་གནད་ཕྱག་རྒྱ་ཆེན་པོ་ཡིན། །སྐུ་ནི་འགྱུར་མེད་ཆུ་ཟླ་ལྟ་བུ་ཡིན། །གསུང་ནི་འགག་མེད་ཚངས་དབྱངས་བྲག་ཆ་ཡིན། །ཐུགས་ནི་འོད་གསལ་ནམ་མཁའ་ཡངས་པ་ཡིན། །ལྟ་བ་འཁོར་འདས་གཉིས་མེད་ཤར་བ་ཡིན། །སྒོམ་པ་ཟག་མེད་བློ་འདས་འོད་གསལ་ཡིན། །སྤྱོད་པ་མཉམ་བཞག་རྗེས་ཐོབ་མེད་པ་ཡིན། །འབྲས་བུ་རེ་དོགས་གཉིས་དང་བྲལ་བ་ཡིན། །དེ་རྣམས་ཐ་སྙད་བརྗོད་ལས་འདས་པ་ཡིན། །བློས་བྱས་མ་ཡིན་བློ་འདས་བརྗོད་མེད་ཡིན། །ཡིན་ལུགས་དེ་ལྟར་ཤེས་པའི་ན་ཆུང་ཡིན། །བདེན་འཛིན་རང་སར་གྲོལ་བའི་ན་ཆུང་ཡིན། །བློ་བདེ་འགྱུར་བ་མེད་པའི་ན་ཆུང་ཡིན། །གཏན་བདེའི་རྒྱལ་ས་ཟིན་པའི་ན་ཆུང་ཡིན། །བྱ་བྱེད་རྩོལ་བ་བྲལ་བའི་ན་ཆུང་ཡིན། །གཏན་སྐྱིད་ཕ་ཡུལ་ཟིན་པའི་ན་ཆུང་ཡིན། །ཡིན་ལ་ཡིན་བཞིན་སྒྲོ་བཏགས་ཙམ་ཞིག་ཡིན། །ཡིན་བཞིན་བདག་གིས་སྨྲས་པ་དེ་བཞིན་དུ། །གྷ་ན་པ་ཏིས་དེ་ལྟར་བརྙེས་པར་ཤོག །ཟབ་དོན་མཁའ་འགྲོའི་གསང་ཚིག་མ་ལུས་ལ། །ཡིད་གཉིས་ཐེ་ཚོམ་མཆིས་ན་ཐུགས་ཡིད་བརྟེན། །གྷ་ན་ཉི་མས་འོད་གསལ་འབར་བ་དང་། །པ་ཏིས་ཚ་ཟེར་སྒྲོན་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་ཉི་མ་སྒྲོན་གྱིས་མི་ཡི་བུ་མོ་གྷ་ན་པ་ཏི་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། ཨོ་རྒྱན་ཡུལ་བཞུགས་ཆོས་བདག་མཁའ་འགྲོའི་སྐུ། །ཧ་རི་ནི་སོགས་སྒྲ་དབྱངས་སྒྲོགས་པའི་གསུང་། །ས་དང་རིམ་པའི་ཆོས་རྣམས་བསྡུས་པའི་ཐུགས། །ཤེས་རབ་ཕར་ཕྱིན་གསང་བའི་ཡུམ་རྣམས་ལ། །ལུས་སེམས་ཟུག་རྔུ་མེད་པས་ཞབས་པད་ལེན། །རང་བྱུང་སྐྱེ་བ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་འགག་པ་མེད་པར་གསལ་བར་གནས། །འོད་གསལ་སྐྱེ་མེད་ཆོས་སྐུ་འགྱུར་མེད་དེ། །ཟག་མེད་ཆོས་དབྱིངས་མཐའ་དང་བྲལ་བ་ཡིན། །ཞི་བདེ་ཕ་རོལ་མཐའ་བཞི་ལ་སོན་ཏེ། །ཝལ་གྱིས་དེ་ཉིད་རྒྱུན་ཆད་མེད་པ་ཡིན། །ཛ་རམ་སྔགས་ཀྱི་སྦྱོར་བའི་དོན་དེ་ནི། །ཚུལ་བཞིན་བྱར་མེད་དོན་དང་ལྡན་པ་ཡིན། །གཙུག་གི་ནོར་བུ་དཀོན་མཆོག་གསུམ་པོ་དེ། །མོས་གུས་རྒྱལ་བའི་གཞུང་ལམ་ཆེན་པོ་ཡིན། །ཕན་བདེའི་བསྟན་པ་མཚན་ཉིད་གསུམ་ལྡན་དེ། །དཔག་བསམ་འདོད་དགུ་དོན་གཉིས་ལྡན་པ་ཡིན། །ནོར་གྱི་དམ་པ་སྟོང་ཉིད་འོད་གསལ་དེ། །དེ་བཞིན་གཤེགས་པའི་དགོངས་དོན་དེ་རང་ཡིན། །ཐམས་ཅད་རྩ་བ་རང་བྱུང་རིག་པ་འདི། །གཏན་བདེའི་བསོད་ནམས་དེ་ལ་བརྟེན་པ་ཡིན། །ཉམས་ལེན་དུས་གསུམ་གཡོ་མེད་ཆུ་རྒྱུན་དེ། །ཇལ་ཇུལ་མ་ཡིན་དྲན་པ་ཡེངས་མེད་ཡིན། །ཆོས་ཉིད་སྐྱེ་མེད་བདལ་པ་ཆེན་པོའི་དོན། །ཅལ་ཅོལ་མ་ཡིན་སངས་རྒྱས་ལག་འཆང་ཡིན། །ངང་ལ་ཞོགས་ལ་ཉམས་སུ་ལེན་མཛོད་དང་། །གོང་མ་རྣམས་ཀྱི་རྟོགས་པ་མངོན་ཕྱུང་ཡིན། །ཁོ་མོ་ན་ཆུང་ཉི་མའི་མཚན་ཅན་གྱིས། །ཀ་དག་སྐྱེ་མེད་ཆོས་སྐུ་རྗེན་པར་ཕུད། །ཚུལ་བཞིན་དེ་ལ་ཐུགས་ཁུར་མཛད་པར་རིགས། །བློ་མང་ཐུགས་ཡུན་ཟ་ཟིང་མ་མང་ཀྱེ། །དཀོན་མཆོག་གསུམ་དངོས་རྒྱལ་མཚན་བླ་མེད་ཀྱིས། །གང་གསུང་ཞབས་པད་ཙམ་ལ་བརྟེན་པར་ཞུ། །ཉི་མས་ཛྙཱ་ན་ཕྱོགས་ཀུན་བདེ་བ་དང་། །སྒྲོན་མེས་ཀ་ར་ཚ་ཟེར་བཀྲ་ཤིས་ཤོག །ཨེ་བདེན་གུ་རུས་གསལ་བར་དབྱེས་དང་རིག །ཧ་ཧ། ཧཱུཾ་ཧཱུཾ། ཕཊ་ཕཊ། གོང་མའི་ཐུགས་བཅུད་ཡི་གེར་བྲིས་པ་ལ། །ཆོས་བདག་མཁའ་འགྲོའི་ཚོགས་ལ་བཟོད་མཛོད་ཀྱེེ། །དགེ་བས་འདི་མཐོང་རྣམས་ཀྱིས་རྟོགས་པར་ཤོག །ཨྠྀི། ཧྲི། ཞེས་པ་འདི་ཌཱ་ཀི་ཉི་མ་སྒྲོན་གྱིས་མི་ཡི་བུ་མོ་ཛྙཱ་ན་ཀ་ར་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། སྒྲིབ་གསུམ་རང་གྲོལ་ཆོས་ཀྱི་དབྱིངས། །སྐུ་གསུམ་ཡེ་གྲོལ་མཁྱེན་གཟིགས་རྒྱས་པའི་ཡུམ། །མཁའ་ཁྱབ་དབྱིངས་ནས་འོད་གསལ་སྒྲོན་མཛད་ཡུམ། །སྤྲུལ་པའི་རྒྱལ་ཡུམ་སངས་རྒྱས་སྒྲོན་ལ་འདུད། །ཆོས་ལ་བློ་གྲོས་ལྡན་ན་ཐུགས་ཡིད་འཚལ། །སྲིད་ཞིའི་ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་སེམས་སྟོང་པའི་རང་གཟུགས་ཤར་བ་ཡིན། །དེར་འཛིན་མཚན་མས་འཁོར་བ་ཞེས་བྱ་བཏགས། །འཁོར་བ་རང་ནི་མྱ་ངན་འདས་པ་ཡིན། །མྱ་ངན་འདས་པ་འཁོར་བར་བརྗོད་པ་ཡིན། །དོན་ལ་འཁོར་བའི་མིང་མི་བརྗོད་པ་ཡིན། །ཡིན་པ་ཡིན་ལ་མིན་པ་ཡིན་ལ་མིན། །སྲིད་ཞི་རང་གྲོལ་ལྟ་བ་རང་སར་གྲོལ། །སྲིད་ཞི་རང་གྲོལ་སྒོམ་པ་གསལ་འགྲིབ་བྲལ། །སྲིད་ཞི་རང་གྲོལ་སྤྱོད་པ་དབྱིངས་སུ་ནུབ། །སྲིད་ཞི་རང་གྲོལ་འབྲས་བུ་མཁའ་ལྟར་དག །དབྱེར་མེད་མཁའ་ལ་དུས་གསུམ་མདུད་པ་བོར། །གནས་སྐབས་ཆོས་རྣམས་མཐར་ཐུག་དབྱིངས་སུ་ནུབ། །མཐར་ཐུག་ཆོས་རྣམས་གནས་སྐབས་ངང་ལ་རྫོགས། །གཉིས་ཆོས་ཡོད་མེད་མཐའ་ལས་འདས་སོ་ཨང་། །བྱ་བློ་མེད་པས་བྱ་བ་རྫོགས་སོ་ཨང་། །འདོད་བློ་མེད་པས་འདོད་པ་ཚར་རོ་ཨང་། །རེ་ས་མེད་པས་དགོས་པ་མ་མཆིས་ཨང་། །སྤང་བ་མེད་པས་ཐོབ་པ་ག་ན་མཆིས། །ཨྠྀི། ཌཱ་ཀིའི་སྙིང་ཁྲག་རྗེན་པར་བཏོན་པ་ལ། །བཤགས་བྱ་མེད་ཀྱང་བཤགས་ཡུལ་རྣམས་ལ་བཤགས། །ཌཱ་ཀིའི་ཙིཏྟ་དམར་པོ་མངོན་ཕྱུང་འདིས། །དགེ་རྩ་ཡོད་སྲིད་བསྔོ་ཡུལ་རྣམས་ལ་བཤགས། །སངས་རྒྱས་བསྟན་པ་སྒྲོན་པའི་བཀྲ་ཤིས་ཤོག །ཨོཾ་མ་གྷ་ལཾ་བྷ་ཝན་ཏུ། ཧཱུཾ་བཾ་ཡཾ་ལཾ་རཾ་སཾ་ཤཾ་ཧཾ། ཉི་མས་དུས་རྣམ་གླིང་བཞི་བགྲོད་ནས་ནི། །བསྐལ་པའི་མུན་པ་རང་སར་སྒྲོན་པར་ཤོག །ཅེས་པ་འདི་ནི་གསང་བ་བསམ་གྱིས་མི་ཁྱབ་པ་ཅིག་ཆར་བའི་ལྟ་བ་མངོན་སུམ་དུ་ཕྱུང་བ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་བསྐུལ་བའི་ངོར་སྐྱེ་བ་དམན་པའི་བུད་མེད་ཉི་མ་སྒྲོན་བྱ་བས་དྷརྨ་ཝ་ཏི་ལ་ཁྱད་དུ་འཕགས་པའི་གནས་གཅིག་ཏུ་གསུངས་པའོ། །
༈ གུ་རུ་ཌཱ་ཀི་སིདྡྷི་ཡེ་ཧཱུཾ། བཀའ་བརྒྱུད་བསྟན་པ་ཉིན་མོར་བྱེད་པའི་དཔལ། །ཁ་བ་ཅན་ལྗོངས་སྒྲོན་མེ་སྦར་བའི་ཡུམ། །གང་སྐུ་མཚན་དཔེས་རབ་བརྒྱན་མཛེས་པའི་སྐུ། །ང་བདག་རང་གྲོལ་རྒྱལ་ཡུམ་དེ་ལ་འདུད། །ཅ་མེད་ཚུལ་བཞིན་ཆོས་རྣམས་དེ་ཉིད་གཟིགས། །ཆ་ཤས་མ་གོས་སྒྲིབ་གསུམ་རང་སར་གྲོལ། །ཇག་རྐུན་ལ་སོགས་སྤྲོས་བྲལ་མཁའ་ལྟར་དག །ཉམས་མྱོང་རང་གྲོལ་རྒྱལ་ཡུམ་དེ་ལ་འདུད། །ཏ་ལའི་འདབ་ལྟར་ཕྱོགས་རྣམས་ཀུན་ལ་ཁྱབ། །ཐ་རྒོད་ལྟ་བུའི་འགྲོ་རྣམས་བདེ་ལ་བཀོད། །ད་ལྟ་སྐལ་ལྡན་གདུལ་བྱའི་དཔལ་དུ་ཤར། །ན་རྒས་འཇིགས་སྐྱོབ་རྒྱལ་ཡུམ་དེ་ལ་འདུད། །དཔག་ཡས་ཚུལ་བཞིན་དེ་ཉིད་མཁྱེན་པའི་གཏེར། །ཕ་རོལ་ཕྱིན་དྲུག་ཇི་སྙེད་ཐུགས་སུ་ཚུད། །བག་ཆགས་དྲི་མའི་ཆོས་རྣམས་སྤྲོས་པ་བྲལ། །མ་ལུས་མཁྱེན་གཟིགས་རྒྱལ་ཡུམ་དེ་ལ་འདུད། །རྩ་རླུང་ལ་སོགས་འབྱུང་བཞིར་རང་དབང་ཐོབ། །ཚ་གྲངས་སྡུག་བསྔལ་ཆོས་ཉིད་རོལ་པར་ཤར། །ཛ་ཧཱུཾ་སྔགས་ཀྱི་མཚན་མ་རང་སར་དག །ཝལ་གྱིས་མངོན་གཟིགས་རྒྱལ་ཡུམ་དེ་ལ་འདུད། །ཞག་དང་ལོ་ཟླ་སྐྱེ་མེད་དབྱིངས་སུ་ཡལ། །ཟག་མེད་བདེ་སྟོང་དགའ་བཞིའི་བཅུད་ལ་རོལ། །འ་ཅག་རྣམས་ལ་མཁྱེན་བརྩེ་ནུས་པར་ལྡན། །ཡང་དག་ལམ་སྟོན་རྒྱལ་ཡུམ་དེ་ལ་འདུད། །རང་གནས་རང་བྱུང་མངོན་སུམ་རང་ལ་གཟིགས། །ལ་བཟླའི་དོན་རྣམས་མ་ལུས་ཐུགས་སུ་ཆུད། །ཤཱཀྱའི་བསྟན་ལ་བྱ་བ་ཚུལ་བཞིན་བྱེད། །ས་འདིར་གཙུག་རྒྱན་རྒྱལ་ཡུམ་དེ་ལ་འདུད། །ཧ་ཅང་བདག་ཅག་འཁོར་བཅས་མ་ལུས་ཀུན། །ཨ་དོན་སྐྱེ་མེད་ཁོང་དུ་ཆུད་ནས་ཀྱང་། །བདག་སོགས་སྐྱེ་དང་སྐྱེ་གཞན་ཐམས་ཅད་དུ། །ཉི་མ་མེ་དང་མི་འབྲལ་བཀྲ་ཤིས་ཤོག །ཅེས་ཀ་སྨད་སུམ་ཅུའི་སྒོ་ནས་ཌཱ་ཀི་ཉི་མ་སྒྲོན་བྱ་བ་ལ་ནམ་མཁའི་རྣལ་འབྱོར་གྱིས་བསྟོད་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། མཁའ་དབྱིངས་བཞུགས་ཚུལ་དཀོན་མཆོག་གསུམ་པོ་མཁྱེན། །ལྟ་སྒོམ་སྤྱོད་འབྲས་རྒྱལ་བའི་དགོངས་པ་ཤར། །གཞི་འབྲས་དོན་རྣམས་མཚན་ཉིད་མ་འདྲེས་གཟིགས། །ཐབས་གྱུར་སྟོང་པ་རྣལ་འབྱོར་དེ་ལ་ནི། །ཤེས་རབ་སྟོང་པ་ཉི་མ་སྒྲོན་གྱིས་འདུད། །སྐྱེ་མེད་ངང་ནས་དལ་ཅིག་ཨེ་མ་ཧོ། །སྤྱིར་ཡང་སེམས་ཅན་མ་ལུས་ཐམས་ཅད་ལ། །གནོད་ལན་ཕན་བཏགས་རྒྱལ་བའི་དགོངས་པ་ཡིན། །ཁྱེད་ནི་ཐེག་ཆེན་རྣལ་འབྱོར་མ་ཡིན་ནམ། །འོན་ཀྱང་གནས་འདིར་བྱ་བྱུལ་ཆེ་ཆུང་རྣམས། །ཅི་བདེར་རང་གར་བཞུགས་ན་ལེགས་པ་ཡིན། །ཡིན་ལ་ཡིན་བཞིན་དེ་ལྟར་ཨེ་མ་ཧོ། །ཧཾ། ཞེས་པ་འདི་ནི་ཌཱ་ཀི་ཉི་མ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ ཌཱ་ཀི་སིདྡྷི་ཡེ་ཧཱུཾ། མཁའ་དབྱིངས་སྟོང་ཁྱབ་མཐའ་དབུས་བྲལ། །ཉིན་མོ་ཡི་མགོན་པོ་མཁའ་ལ་བགྲོད། །སྒྲོན་མེས་མུན་པའི་ཚོགས་རྣམས་འཇོམས། །དུས་གསུམ་རྒྱལ་བའི་ཡུམ་ལ་འདུད། །བརྗོད་དང་བརྗོད་ཡུལ་མ་མཆིས་ཀྱང་། །ཐ་སྙད་ཙམ་དུ་བརྗོད་ལ་འགལ་བ་མེད། །དེས་ན་ཐུགས་ཡིད་དབང་པོ་གསོན། །གནས་སྐབས་མཐར་ཐུག་མ་ལུས་ཀུན། །གཙོ་འཁོར་སྐུ་དྲིན་བསམ་ལས་འདས། །མ་རིག་ཉོན་མོངས་དབང་གྱུར་པས། །སྐུ་གསུམ་འགལ་བ་ཡོད་སྲིད་ཀྱང་། །ཉེས་ཚོགས་ཆོས་ཀྱི་བདག་པོར་བཤགས། །རྣམ་སྨིན་མྱོང་བར་མ་གྱུར་ཅིག །དེང་ནས་བཟུང་སྟེ་མཆོག་ཐོབ་པར། །ཚུལ་བཞིན་མི་འབྲལ་འགྲོགས་ནས་ཀྱང་། །གནས་སྐབས་རྐྱེན་དང་བར་ཆོད་རྣམས། །ཉེར་ཞི་མཐུན་པའི་དངོས་གྲུབ་སྩོལ། །ཐེག་མཆོག་བླ་མེད་གསང་བའི་དོན། །ཨེ་བཾ་ཐབས་ཤེས་ལ་བརྟེན་ནས། །བདེ་སྟོང་ཟག་མེད་མངོན་གྱུར་ཤོག །ཇི་བཞིན་མཐོང་ནས་དེ་སྲིད་དུ། །སྲིད་གསུམ་འགྲོ་བ་མ་ལུས་ཀུན། །ཨོ་རྒྱན་མཁའ་སྤྱོད་འདྲེན་པར་ཤོག །ཨ་ཧཾ་སིདྡྷི་ཕ་ལ་ཧོ། ཞེས་པ་འདི་ནི་ཌཱ་ཀི་ཉི་མ་སྒྲོན་ལ་ནམ་མཁའི་རྣལ་འབྱོར་གྱིས་དབེན་གནས་ཆུ་འབྲིའི་ཕུག་ཏུ་གསུངས་པའོ། །
༈ བུདྡྷ་ཏཱ་རེ་ཡེ་ན་མོ། མཁའ་དབྱིངས་དབང་ཕྱུག་ཐབས་མཆོག་གུ་རུ་དང་། །འོད་གསལ་སྟོན་མཛད་གོང་མ་རྣམས་ལ་ནི། །ན་ཆུང་སྟོང་ཉིད་འོད་གསལ་འགྱུར་མེད་མས། །ཞབས་པད་མཆོད་ནས་མཐར་ཕྱིན་རྒྱལ་གྱུར་ཅིག །ཡིད་བརྟན་ཆ་ཙམ་གང་ཡིན་དབང་པོ་འཚལ། །ཐ་སྙད་ཚིག་གི་མཐའ་ལ་བརྒལ་དུས་མེད། །ཆོས་སྐུ་མཁའ་ཁྱབ་གདོད་ནས་རང་གནས་དེ། །སྟོང་ངེ་ཞོག་དང་ལྷོད་ཀྱིས་ཀློད་མཛོད་དང་། །སྐྱེ་མེད་ཆོས་སྐུ་ངོ་བོ་རྗེན་པར་འཆར། །དེ་དང་ཏོལ་སྐྱེས་གློ་བུར་ཇི་སྙེད་ཀུན། །དེ་ངང་འཇོག་པ་དེ་ཀས་ཆོག་པ་ཡིན། །གཞན་ནས་མ་བྱུང་རང་བྱུང་ལྷུན་གྲུབ་ཡིན། །དུས་རྣམ་ཀུན་ཏུ་ཆུ་རྒྱུན་ལྟ་བུར་མཛོད། །སྐྱེ་མེད་རྒྱལ་ས་ཟིན་པའི་གུ་རུ་དང་། །གསེར་གྱི་མཚན་ཉིད་བཞིན་དུ་དགོངས་པར་མཛོད། །གསང་དོན་ཚུལ་བཞིན་གསལ་བ་ལ། །སྤྲུལ་པ་དུ་མས་འབྲེལ་ཚད་བདེ་ལ་བཀོད། །ཨིན་དྲ་བྷུ་ཏིའི་ལྟ་བ་མངོན་གྱུར་ཤོག །ཐབས་ལམ་དུ་མས་འབྲེལ་ཚད་བདེ་ལ་བཀོད། །གུ་གུ་རི་པའི་སྒོམ་པ་མངོན་གྱུར་ཤོག །ཚོགས་ཀྱི་སྤྱོད་པས་འབྲེལ་ཚད་བདེ་ལ་བཀོད། །པདྨ་བཛྲ་གྱི་སྤྱོད་པ་མངོན་གྱུར་ཤོག །རྟོགས་པའི་འོད་ཀྱིས་འབྲེལ་ཚད་བདེ་ལ་བཀོད། །ས་ར་ཧ་ཡི་འབྲས་བུ་མངོན་གྱུར་ཤོག །ན་ཆུང་སྟོང་ཉིད་སྙིང་རྗེ་མཐའ་རུ་ཕྱིན། །བློ་གྲོས་རབ་གསལ་དེ་བཞིན་མཐར་ཕྱིན་ཤོག །ཡང་དོགས་མེད་པའི་ཤིང་སྒམ་ཞབས་ནས་བླངས། །བཟོད་གསོལ་བསྔོ་ཡུལ་མ་མཆིས་ཨེ་མ་ཧོ། །བདེན་གཉིས་སྟོང་ཉིད་མཐར་ཕྱིན་བཀྲ་ཤིས་ཤོག །ཧེེ། ཞེས་པ་འདི་ནི་ཌཱ་ཀི་སྟོང་ཉིད་མཐར་ཕྱིན་མས་མ་ཏི་ལ་གདམས་པའོ། །
༈ ཨོ་ན་མོ་བུདྡྷ་ཏཱ་རེ་ཡེ། ཧཱུཾ། རང་བཞིན་འགྱུར་མེད་དཔག་ཡས་དག་པ་ཆོས་ཀྱི་དབྱིངས་ཉིད་ལ། །མཚན་ཉིད་སྣ་ཚོགས་དུས་གསུམ་གཡོ་མེད་མ་འགགས་བཀྲ་བ་གང་། །ངོ་བོ་གནས་བྲལ་འོད་གསལ་ལྷུན་གྲུབ་འགྱུར་བ་མེད་པའི་གཏེར། །རང་བྱུང་རང་ལ་སྟོན་མཛད་བླ་མ་རྡོ་རྗེ་འཆང་ལ་འདུད། །ངོ་བོ་ནམ་མཁའ་འདུག་ཚུལ་གདོད་ནས་དག་པ་ཆོས་སྐུ་འགྱུར་བ་མེད། །རང་བཞིན་རྣལ་འབྱོར་དཔག་ཡས་མ་འགགས་རྒྱུན་མི་ཆད་པ་ལོངས་སྤྱོད་རྫོགས། །སྟོང་ཉིད་དོན་མཐོང་བློ་གསལ་ཀུ་མུད་འཛུམ་གསལ་བུང་ཚོགས་བདེ་རྒྱས་སྤྲུལ་སྐུ་མས། །མཐར་ཕྱིན་ངེས་པའི་དོན་ལ་ནམ་ཡང་གཡོ་མེད་བདེན་གཉིས་ལམ་གྱི་དོན་གཉིས་དཔལ་ལྡན་མས། །ཞབས་པད་མཆོད་ནས་ཉེས་ཚོགས་རབ་ཞི་སྐྱེ་མེད་བློ་གྲོས་ཡིད་རང་མི་འདའ་དོན་གཉིས་ཆོས་འཁོར་བསྐོར་བར་མཆོད། །ཀྱེ་མ་ཧོ། འགྲོ་ཚོགས་སེམས་ཅན་རྣམས་ལ་གུས་པར་འདུད། །སྣང་བའི་བཅུད་འཛིན་ཡིན་ཟེར་བཤེས་གཉེན་དང་། །ཕྱི་པའི་ཆ་མཐུན་འབར་རྒྱུག་བྱེད་པ་རྣམས། །ན་ཆུང་བདག་ལ་ཚུལ་བཞིན་སྙན་གསན་དང་། །ཡེ་ཤེས་མཁའ་འགྲོ་ཟེར་བའི་གཡེར་པོ་ཆེ། །འཁོར་འདས་ཆོས་ཀྱི་བཞུགས་ཚུལ་ཇི་ལྟར་བཞེད། །ལྟ་སྒོམ་སྤྱོད་འབྲས་མིང་འདོགས་ཇི་ལྟར་བཞེད། །གནས་སྐབས་སྤྱོད་པས་གདུལ་བྱ་ཇི་ལྟར་བསྐྱངས། །མཐར་ཐུག་དོན་གྱི་གདམས་པ་ཇི་ལྟར་འདེབས། །དེ་སོགས་མཐའ་ཡས་མི་སྦ་གསུང་བར་ཞུ། །འཇིག་རྟེན་མཁའ་འགྲོ་ཟེར་བའི་གདུག་རྩུབ་དེས། །གནས་སྐབས་སྤྱོད་པས་ཇི་ལྟར་བྱེད་པ་ཡིན། །མཐར་ཐུག་ཡིན་ལུགས་ཇི་ལྟར་འཇོག་པ་ཡིན། །གནས་ནི་ཇི་ལྟར་ཞིག་ཏུ་གནས་པ་ཡིན། །འདི་ནས་འཕོས་ནས་གང་དུ་འགྲོ་རྒྱུ་ཡིན། །སྐྱེ་འཆིའི་འཇིགས་པ་མངའ་འམ་མི་མངའ་ལགས། །དེ་སོགས་མཐའ་ཡས་མི་སྦ་གསུང་བར་ཞུ། །ཧ་ཧ། ཨ་ཨང་ཀྱེ་མ་ཧོ། འདབ་ཆགས་རྒྱལ་པོ་མཁའ་ལ་འཕྱོ་བ་ལ། །ཞེ་སྡང་འགུག་སྙིང་དགྲ་རུ་ཅི་ལ་སྡང་། །གཤོག་དྲུག་ཐིལ་ཅུང་རྒྱས་པ་ཁོ་མོའི་རྒྱན། །ཁ་ཏྭས་ཟུར་ཟ་རང་རྒྱུད་བསྲེགས་པ་མཚར། །གཅན་གཟན་རྒྱལ་པོ་ནགས་ལ་འཕྱོ་བ་ལ། །འདོད་ཆགས་ས་མདའ་དགྲ་རུ་ཅི་ལ་སྡང་། །འཛུམ་དྲུག་བཀྲག་མདངས་རྒྱས་པ་ཁོ་མོའི་རྒྱན། །ཝ་མོས་ཟུར་ཟ་རང་རྒྱུད་བསྲེགས་པ་མཚར། །དབྱི་ལེ་རྒྱལ་པོ་ཆབ་ལ་འཕྱོ་བ་ལ། །གཏི་མུག་ལྕགས་ཀྱུ་དགྲ་རུ་ཅི་ལ་སྡང་། །གསེར་མིག་ཟླུམ་མཛེས་ཆེ་བ་ཁོ་མོའི་རྒྱན། །ལྕོང་མོས་ཟུར་ཟ་རང་རྒྱུད་བསྲེགས་པ་མཚར། །ཁོ་མོ་ན་ཆུང་སྔོན་འབྲེལ་ལེགས་པ་ལགས། །ཕྲག་དོག་འགྲན་སེམས་དགྲ་རུ་ཅི་ལ་སྡང་། །ཉམས་རྟོགས་བདེ་དྲོད་འབར་བ་ཁོ་མོའི་བརྒྱན། །ཟུར་ཟས་རང་རྒྱུད་བསྲེགས་པ་མཚར། །ལྟ་སྒོམ་མཁའ་ལ་ཚ་ཟེར་རྒྱས་པ་ལ། །ང་རྒྱལ་ཞི་གནས་དགྲ་རུ་ཇི་ལྟར་སྡང་། །འཁོར་འདས་རང་སར་གྲོལ་བ་ཁོ་མོའི་བརྒྱན། །ཐོས་ཆུང་ཟུར་ཟས་རང་རྒྱུད་བསྲེགས་པ་མཚར། །མཚར་ཡང་མཚར་ཏེ་སྙིང་རྗེའི་ཡུལ་གཅིག་མཆིས། །མཁས་བཙུན་བཟང་གསུམ་འཛོམས་པའི་གང་ཟག་རྣམས། །ཐོས་ཆུང་རྐྱང་མགོ་མ་མཐོ་ཐོས་བསམ་མཛོད། །རང་མཐོང་འགྲན་སེམས་མ་ཆེ་ནང་དུ་ལྟོས། །མི་ལུས་ཕྱི་ཕྱག་མ་མཛད་འོ་རེ་བརྒྱལ། །འདི་ལ་མི་ཕན་ཕྱི་མ་གར་སྐྱེ་དགོངས། །ཀྱེ་མ་ཧོ། མཁའ་ཁྱབ་མཉམ་པའི་སྐྱེ་འགྲོ་མ་ལུས་དང་། །ལོག་ལྟ་སྒྲོ་སྐུར་ཅན་གྱི་གང་ཟག་རྣམས། །གཙུག་གི་ནོར་བུ་རྒྱ་བོད་གྲུབ་ཐོབ་དང་། །གཙོ་མོ་ཆོས་བདག་གནས་གསུམ་མཁའ་འགྲོའི་ཚོགས། །ཁྱད་པར་གཙོ་མོ་མངོན་སྤྱོད་འཁོར་བཅས་ཀྱིས། །བློ་གྲོས་རབ་གསལ་མཆོག་ཏུ་འདྲེན་པར་ཤོག །འཇིག་རྟེན་ཁམས་ཀྱི་དོན་དམ་མངའ་བའི་ཚོགས། །ཚོགས་གཉིས་རབ་བསགས་ཐབས་ཤེས་མངའ་བ་རྣམས། །ལོག་ལྟ་སྒྲོ་སྐུར་ཅན་གྱི་གང་ཟག་རྣམས། །བླ་མེད་དབྱིངས་སུ་བླ་མས་འདྲེན་པར་ཤོག །བདག་གི་ཡབ་གྱུར་བདེ་ཆེན་འདོད་པ་ལ། །ངན་སྨྲས་ཟུར་ཟ་ཕྲག་དོག་ཅན་རྣམས་ཀུན། །བླ་མེད་གནས་སུ་བླ་མས་འདྲེན་པར་ཤོག །སྐྱེ་དམན་ན་ཆུང་བདག་སོགས་འཁོར་རྣམས་ལ། །ངན་སྨྲས་ཟུར་ཟ་ཕྲག་དོག་ཅན་རྣམས་ཀུན། །བླ་མེད་དབྱིངས་སུ་བླ་མས་འདྲེན་པར་ཤོག །བླ་མ་མི་འགྱུར་སངས་རྒྱས་བདེན་པའི་མཐུས། །ཆོས་ཉིད་མི་འགྱུར་དགེ་འདུན་རྒྱ་མཚོའི་མཐུས། །དེ་བཞིན་ཉིད་བཞིན་བསམ་བཞིན་འགྲུབ་པར་ཤོག །ཧ་ཧ་ཕཊ་ཕཊ། སྭཱ་ཧྭ། ཞེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་ལ་བསྟོད་པ་ཡན་ལག་བདུན་པ་གཞན་གྱིས་དཔོན་སློབ་རྣམས་ལ་གཤེ་སྐུར་མང་དུ་བྱས་པའི་དུས་སུ་ཡེ་ཤེས་ཀྱི་ཌཱ་ཀི་མ་སྟོང་ཉིད་མཐར་ཕྱིན་མས་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ། ཧཱུཾ། འགྱུར་མེད་ལྷུན་པོ་ལྟ་བུ་བླ་མའི་སྐུ། །འགག་མེད་ཆུ་རྒྱུན་ལྟ་བུ་བླ་མའི་གསུང་། །གཡོ་མེད་ནམ་མཁའ་ལྟ་བུ་བླ་མའི་ཐུགས། །མི་གཡོ་ངང་ནས་ཉི་མ་སྒྲོན་ལ་གསོན། །གྷ་ན་ཙཀྲའི་གྲལ་དུ་གཟིགས་པ་རྣམས། །སྐུ་འཁོར་ལྷ་ཚོགས་དམ་ཚིག་འཁོར་ལོ་ཡིན། །དཔའ་བོ་མ་ཡིན་དཔའ་མོ་ཐམས་ཅད་ཡིན། །འཇིག་རྟེན་མ་ཡིན་འདས་པ་ཐམས་ཅད་ཡིན། །ཟིལ་པའི་མཆོད་པས་ཐམས་ཅད་མྱོས་པ་ཡིན། །བརྒྱ་རྟོག་ལྔ་ཙམ་དེ་ནུབ་མཆིས་པ་ཡིན། །ད་རེས་ཚོགས་འཁོར་ཨེ་མ་ངོ་མཚར་ཆེ། །ཐུགས་ཡིད་ཚུལ་བཞིན་མཆིས་པས་དེ་ལྟར་ལགས། །གཞན་གྱིས་ཐོས་ན་གློ་སྙིང་ཚལ་པར་འགྲོ། །ཨེ་མ་ཧོ། སྐྱེ་མེད་མཁའ་དབྱིངས་དཀོན་མཆོག་གསུམ་པོ་དང་། །འགག་མེད་འོད་གསལ་རྒྱལ་མཚན་བླ་མ་དང་། །སྐྱེས་དམན་འདྲེ་ངན་ཚ་ཟེར་མིང་གསོལ་མ། །སྐྱེ་བ་ཀུན་ཏུ་དུང་ལྟར་དཀར་བར་ཤོག །ཧཱུཾ་ཨ་ཨོཾ། ཞེས་པ་འདི་ནི་ཌཱ་ཀི་ཉི་མ་སྒྲོན་གྱིས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུ་མི་གནས་པ། །ཨ་ཧཾ་བདེ་བ་ཆེན་པོའོ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཀེང་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། ཡཾ་རཾ་ཁཾ་ལཾ་སཾ་ཀཾ་རྣམས་འོད་དུ་ཞུ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་བ་ར་ཧི། པཉྩ་ཨ་མྲྀ་ཏ། མ་ཏང་ཀི་ཨོཾ་ཨ་ཧཱུཾ། ཨོཾ་བུདྡྷ་ཌཱ་ཀི་ནི་ཡེ། པཉྩ་ཨ་མྲྀ་ཏ། མ་ཏང་ཀི་ཨོཾ་ཨ་ཧཱུཾ། དེ་བཞིན་དུ། བཛྲ་རཏྣ་པདྨ། ཀརྨ་བཱི་ཤ་ལོ་ཀ་ཌཱ་ཀི་ནི་ཡེ་པཉྩ་ཨ་མྲྀ་ཏ། མ་ཏང་ཀི་ཨོཾ་ཨ་ཧཱུཾ། གནས་ལ་སྐྱེས་པ། སྔགས་ལ་སྐྱེས་པ། ཞིང་ལ་སྐྱེས་པ། གནས་གསུམ་གྱི་དཔའ་བོ་དང་དཔའ་མོ། ཆོས་བྱེད་རྣམས་ལ་བུ་བཞིན་ཐུགས་བརྩེ་བའི་ཌཱ་ཀི་མ་རྣམས་ལ་འབུལ་ལོ། །སྐུ་གསུང་ཐུགས་མཉེས་ནས་ནང་གི་དངོས་གྲུབ་ཕྱིར་མ་སྒྱུར། ཕྱི་ཡི་བར་ཆད་ནང་དུ་མ་སྒྱུར་ཅིག །རྣལ་འབྱོར་བདག་གི་སྒྲུབ་པའི་བར་ཆད་དང་ཐམས་ཅད་བཟློག །ལོག་ལྟ་དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པའི་འཕྲིན་ལས་མཛོད་ཅིག །ཅེས་དེ་ཡི་སྟེང་དུ་བུདྡྷ་ཏཱ་རེས་མཛད་པའི་བསྟོད་པ་ལ་སོགས་སྨོན་ལམ་དང་བཅས་པ་རྣམས་བྱའོ། །གཙོ་མོ་མངོན་སྤྱོད་མ་འཁོར་བཅས་ལ་གཏོར་མ་འབུལ་ལུགས་འདི་ཌཱ་ཀི་བདེ་ཆེན་སྒྲོན་ཉི་མ་སྒྲོན་སྟོང་ཉིད་མཐར་ཕྱིན་མ་དང་གསུམ་གྱིས་མཛད་པ་ལ་བདག་ནམ་མཁའི་རྣལ་འབྱོར་གྱིས་རྒྱས་པར་སྤྲོས་པའོ། །
༈ ཨོཾ་བུདྡྷ་ཨ་ཏཱ་རེ་ཡེ། ཧཱུཾ། མ་གྲུབ་རང་གསལ་ཐ་སྙད་བླ་མ་ལགས། །མོ་གཤམ་བུ་མོས་མ་སྲིད་ཆོས་གཅིག་བྱས། །མི་རོ་ལག་རྡུམ་ཡར་ལ་ལངས་ནས་ནི། །མཁའ་དབྱིངས་སྟོང་པ་མདུད་པ་དགུ་བརྩེགས་བྱས། །མིག་མེད་དམུས་ལོང་ཡར་ལ་ལངས་ནས་ནི། །འཇིག་རྟེན་མཐོང་ལུགས་ངོ་མཚར་ཅན་རྣམས་སྨྲས། །ཞལ་མེད་ལྐུགས་པ་མར་ལ་བསྡད་ནས་ནི། །ཐུན་དྲུག་གསོལ་འདེབས་མ་ཆགས་རྒྱུན་པར་བྱས། །རྐང་མེད་ཞ་བོ་ཡར་ལ་བཞེངས་ནས་ནི། །སྐྱིད་བྲོ་དགའ་གར་མང་དུ་བྱས་པ་ལགས། །རལ་གྲིའི་འཁོར་ལོ་ཞབས་སུ་བསྐོར་བ་ལགས། །བདེ་ཆེན་པདྨའི་སྟེང་དུ་ཕུབ་པ་ལགས། །མདུང་རྩེ་གསུམ་གྱི་སྟེང་དུ་གནས་པ་ལགས། །སྐུ་ལྔ་ཡེ་ཤེས་དབྱིངས་སུ་བསད་སད་པ་ལགས། །གསེར་ལ་ས་གཞི་རྒྱུན་པར་གནས་པ་ལགས། །ལྟ་བ་དུང་གི་མཚན་ཉིད་ཤེས་པ་ལགས། །སྒོམ་པ་དུང་ལས་གཡོ་བ་མི་མངའ་ལགས། །སྤྱོད་པ་ཆུ་ལ་རི་མོ་བྲིས་པ་ལགས། །འབྲས་བུ་ཆུ་ལས་གཡོ་བ་མི་མངའ་ལགས། །ཆོས་སྐུའི་དབྱིངས་ལ་ཆོས་ཉིད་སྟོར་བ་ལགས། །བྱ་བློའི་ངང་ལ་བྱེད་བྱ་སྟོར་བ་ལགས། །སྐུ་ལྔའི་ངང་ལ་དུག་ལྔ་སྟོར་བ་ལགས། །སྟོང་ཉིད་ཀྱི་ངང་ལ་མཐར་ཕྱིན་སྟོར་བ་ལགས། །ཨེ་མ་ཧོ། མ་གྲུབ་རང་གསལ་དཀོན་མཆོག་གསུམ་དངོས་ལ། །མོ་གཤམ་བུ་མོ་སྟོང་ཉིད་ན་ཆུང་མས། །མ་གྲུབ་རང་གསལ་རྒྱལ་མཚན་བླ་མ་ལ། །མོ་གཤམ་བུ་མོ་མཐར་ཕྱིན་ན་ཆུང་གིས། །རྟོགས་གྲོལ་དུས་མཉམ་འབུལ་ལོ་བཞེས་སུ་གསོལ། །ཨེ་བཾ་མ་ཡ་བདེ་ཆེན་གནས་སུ་སྨོན། །ཉམས་འབུལ་ཡིན་པས་ཉེས་ཚོགས་བཤགས་སོ་ཀྱེ། །དགེ་དེས་འདི་ཡི་དོན་ལ་མ་རྨོངས་ཤོག །སྟོང་ཉིད་དོན་རྟོགས་རང་གཞན་མཐར་ཕྱིན་ཤོག །ཨོཾ་མ་མ་ཡ་ཧཱུཾ། ཨེ་མ་ཧོ། ཡངས་དོག་མེད་པ་ཁྱད་པར་གནས་གཅིག་ཏུ། །ཡ་ང་མེད་པའི་བླ་མ་དཀོན་མཆོག་ལ། །ཤེས་རབ་ན་ཆུང་སྟོང་ཉིད་མཐར་ཕྱིན་མས། །གོ་ཚོད་ཙམ་ཞིག་ཕུལ་བ་ཧེེ་ཧེེ། །སྟོང་ཉིད་ཤེས་རབ་མཐར་ཕྱིན་བཀྲ་ཤིས་ཤོག །ཨོཾ་བུདྡྷ་ཨ་ཏཱ་རེ་ཡེ་ཧཱུཾ། རང་གྲོལ་སེམས་དཔའི་ཞབས་ལ་གུས་པར་འདུད། །ཞིང་ཁམས་བརྒྱ་དང་གཉིས་ཀྱི་དངོས་ངོས་འཛིན་ནི། །ལྷ་ཡི་ཡུལ་དུ་ཉི་ཤུ་རྩ་ལྔ་ཡིན། །མི་ཡི་ཡུལ་དུ་ཉི་ཤུ་རྩ་ལྔ་ཡིན། །ལྷ་མ་ཡིན་ལ་ཉི་ཤུ་རྩ་ལྔ་ཡིན། །ཨོ་རྒྱན་ཡུལ་དུ་ཞིང་ཁམས་བཅུ་གསུམ་ཡིན། །དགའ་ལྡན་གནས་སུ་ཞིང་ཁམས་བཅུ་གཉིས་ཡིན། །དམྱལ་བའི་གནས་སུ་ཞིང་ཁམས་གཉིས་ཀྱི་བདག །ཞིང་ཁམས་རེ་རེ་སྐད་གཅིག་རེ་རེ་ཡིན། །སྐད་རིགས་མི་གཅིག་རེ་ལ་ཞིང་ཁམས་ཟེར། །སྤྱི་སྟང་བཏང་བ་ལ་ཞིང་ཁམས་ཐུག་པ་མེད། །དེ་ལྟར་བདེའམ་རང་གྲོལ་སེམས་དཔའ་ལགས། །ཞེས་པ་འདི་ནི་ཡེ་ཤེས་ཀྱི་ཌཱ་ཀི་མ་སྟོང་ཉིད་མཐར་ཕྱིན་མས་མཐར་ཐུག་དོན་གྱི་རྟོགས་འབུལ་ཞིང་ཁམས་བརྒྱ་དང་གཉིས་ཀྱི་དངོས་པོ་འཛིན་རྐང་གྲངས་རྣམས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ། ཧཱུཾ། གཞི་ཤེས་ཁོ་ན་ཉིད་ཀྱི་སྐུ། །རྩ་བྲལ་ཁོ་ན་ཉིད་ཀྱི་གསུང་། །དོན་རྟོགས་ཁོ་ན་ཉིད་ཀྱི་ཐུགས། །གཞི་ཤེས་གང་ཡིན་དེ་ལ་འདུད། །བླ་མེད་བླ་མ་རིན་པོ་ཆེ། །མཁའ་སྤྱོད་གནས་ལ་ཕྱི་ནང་གཉིས། །ཕྱི་ཡི་མཁའ་སྤྱོད་གཉིས་སུ་བཞེད། །མཁའ་ལ་ཐོགས་མེད་འགྲོ་བ་ལ། །དེ་ཡང་མཁའ་སྤྱོད་བཞེད་པ་ཡིན། །དོན་གཅིག་མིང་གི་རྣམ་གྲངས་ཡིན། །ཨོ་རྒྱན་ཡུལ་ལ་མཁའ་སྤྱོད་ཟེར། །ཕྱི་ཡི་མཁའ་སྤྱོད་དེ་ལྟར་བཞེད། །ནང་གི་མཁའ་སྤྱོད་གཉིས་སུ་བཞེད། །དོན་ལ་མཁས་པའི་སྐྱེས་བུ་དེ། །དེ་ལ་རྒྱུན་ཆད་མེད་པར་སྤྱོད། །དེ་ཡང་མཁའ་སྤྱོད་བཞེད་པ་ཡིན། །ཨོ་རྒྱན་གནས་ཀྱང་མཐོང་བ་མིན། །དམྱལ་བའི་གནས་ཀྱང་མཐོང་བ་མིན། །འཁོར་འདས་གཉིས་སུ་མཐོང་བ་མིན། །དེ་ལ་མཁའ་སྤྱོད་ཟེར་བ་ཡིན། །མཁའ་སྤྱོད་རིང་དུ་ཡོད་པ་མིན། །མཁའ་སྤྱོད་ཉེ་ལ་ཡོད་པ་མིན། །ནང་གི་མཁའ་སྤྱོད་དེ་ལྟར་བཞེད། །མཁའ་སྤྱོད་ཀྱི་བཞེད་པ་མང་ཡོད་ཀྱང་། །རང་ལུགས་ཀྱི་མཁའ་སྤྱོད་དེ་ལྟར་ལགས། །ཨེ་མ་མཁའ་སྤྱོད་དྲི་བ་ངོ་མཚར་ཆེ། །མཁའ་སྤྱོད་ངོས་འཛིན་ཉེས་པ་རྣམས། །ཆོས་བདག་བཤགས་ལ་དགེ་བ་བསྔོ། །ཨེ་མ་བླ་མ་རིན་པོ་ཆེ། །སྔ་མཆིའི་ཚོགས་འཁོར་སྐུ་དྲིན་ཆེ། །དེ་ལྟར་མཛད་པ་ངོ་མཚར་ཆེ། །ཕ་རོལ་གཤེགས་པའི་དུས་ཉིད་དུ། །ཀ་ཆ་བཞི་ནམ་ཙམ་ཞིག་ཡང་། །མི་གདའ་ཟེར་བ་ཁྱོད་ཀྱི་བརྒྱན། །ཀ་ཆ་གང་མཆིས་ཐམས་ཅད་ཀུན། །འདུས་བྱས་དགེ་རྩའི་མཚན་ཉིད་ཞུ། །ཚོགས་གཉིས་ཅིག་ཆར་སྨོན་ལམ་ཞུ། །ད་རུང་དགོངས་ལྟར་དེ་ལྟར་ཞུ། །མ་འོངས་ཨོ་རྒྱན་གནས་སུ་ཞུ། །ཉམ་ཐག་འགྲོ་ལ་མི་ངལ་ཞིང་། །ཐུགས་ཁུར་ཆེ་བས་སྒྲོན་མེ་ཞུ། །ཨ་ཛ་མ་དེ་དུ་ར་ཛི་ག་ཟ་སུ་ར་བེ་དོ། །ཟེར་བའི་སྐད་འདི་ཁོ་མོ་རྣམས་ཀྱི་ཡིན་ཡང་སོ་སོའི་སྐད་དང་མཐུན་པར་ཞུས་པ་ཡིན་ནོ། །རྒྱ་རྒྱ་རྒྱ། ཨྠྀི། ཞེས་པ་འདི་ནི་ཡེ་ཤེས་ཀྱི་ཌཱ་ཀི་མ་ཉི་མ་སྒྲོན་ལ་མཁའ་སྤྱོད་ཀྱི་ཡིན་ལུགས་ཞུས་པའི་ལན་དུ་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ། ཧཱུཾ། ཨེ་མ་ཧོ། དུག་ལྔ་ལ་སོགས་སྤང་བྱའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་ན་ཆུང་བདག་གིས་འདུད། །དོན་ལ་དགོངས་ན་སྙིང་གཏམ་ཚིག་གཅིག་འདི། །བདག་གི་ཨ་ཞེ་བུདྡྷ་ཏཱ་རེས་འཚལ། །དལ་འབྱོར་གུ་རུ་ཌཱ་ཀིས་རྗེ་བཟུང་དུས། །རྒྱལ་བས་ཕྱི་ནང་གཞན་གསུམ་མང་གསུང་ཡང་། །ནམ་མཁའི་ཉི་མ་ཚ་ཟེར་སྒྲོན་པ་ནི། །གཏི་མུག་ཆུ་འཛིན་རང་སར་འཇོག་པ་ལ། །ཚུལ་བཞིན་འདི་ལ་གུས་པར་གྱིས། །སྤང་བྱ་དུག་ལྔ་མ་སྤངས་ངང་ལ་ཞོག །གཉེན་པོ་སྐུ་ལྔ་མ་བསྒྲུབས་ངང་ལ་ཞོག །སྤང་བླང་རང་གྲོལ་ཁོ་མོའི་ལྟ་བ་ཡིན། །རྩེ་གཅིག་ཉི་མ་འོད་གསལ་རྟོད་ལ་ནོན། །གློ་བུར་སྤྲིན་ཚོགས་མི་གོས་དབྱིངས་སུ་བསྲེས། །གསལ་འགྲིབ་མི་གོས་ཁོ་མོའི་སྒོམ་པ་ཡིན། །གཏིང་དཔག་གཡོ་མེད་མཚོ་ལ་རི་མོ་བྲིས། །སྣ་ཚོགས་ཆོས་རྣམས་མི་གཡོ་དབྱིངས་སུ་ནུབ། །རོ་མཉམ་རང་ཤར་ཁོ་མོའི་སྤྱོད་པ་ཡིན། །སྒོམ་མེད་རིན་ཆེན་སྣ་ཚོགས་བདལ་པ་ལ། །ཐམས་ཅད་དབྱིངས་ལ་གཡོ་མེད་ངང་ལ་ཟློས། །དབྱིངས་ལ་མི་གཡོ་ཁོ་མོའི་འབྲས་བུ་ཡིན། །དེ་རྣམས་མོ་གཤམ་བུ་ཡི་མཚན་ཉིད་ཡིན། །དབྱིངས་ཤེས་ན་ཡོད་པས་ཕུང་བ་ཡིན། །དབྱིངས་ཤེས་ཡོད་ན་ཡོད་པས་འཚེངས་བ་ཡིན། །དེ་ཡང་ཨ་ཞེས་ཤེས་པར་འཚལ་ལོ་ཀྱེེ། །ང་སྐྱེ་བ་དམན་ཡང་ཆོས་ལ་བྱན་པོ་ཚུད། །སྐྱེ་བས་ཕམ་ཡང་ཌཱ་ཀིའི་མཚན་རྣམས་ཚང་། །བུད་མེད་ཡིན་ཡང་གནས་གསུམ་ཡུད་ཀྱིས་བསྐོར། །སྐྱེ་ས་དམའ་ཡང་མཐོན་པོའི་རྗེ་དང་མཇལ། །མི་ཁ་སྡང་ཡང་བློ་བདེ་ཕུགས་སུ་ཚུད། །འགྲོ་འདུག་མང་ཡང་སྔོན་འབྲེལ་བདེ་ལ་བཀོད། །ཡིད་མ་ཆེས་ཀྱང་ཡིད་ཆེས་རྣམས་ལ་འབུལ། །བདེ་ཆེན་འདོད་ལ་བདེ་བས་གང་འབྲེལ་རྣམས། །ཕ་ལམ་སྤུ་གྲིའི་རྩེ་ལ་བྲོ་མ་བརྡུངས། །ངན་སོང་གསུམ་གྱི་ས་བོན་མ་འདེབས་ཤིག །བླ་མེད་བླ་མའི་ཞབས་ལ་བརྟེན་པར་མཛོད། །སྐྱེས་དམན་ན་ཆུང་གསང་དོན་མངོན་སུམ་བསྟན། །གོ་བར་མཛོད་ཅིག་བདེ་ཆེན་གང་འབྲེལ་དང་། །ཁྱད་པར་ཨ་ཞེས་དེ་ལྟར་མཆིས་པར་ཞུ། །མི་འགྱུར་བརྟན་པ་གང་ཞུས་བཀྲ་ཤིས་ཤོག །ཆ་ལ་ག་ཡུ་ཛ། ར་མ་བེ་དུ་ས་རུ་ར་ཏྲི་ཧཱུཾ། ཞེས་པ་འདི་ནི་ཌཱ་ཀི་ཉི་མ་སྒྲོན་གྱིས་མི་ཡི་བུ་མོ་བུདྡྷ་ཏཱ་རེ་ལ་གདམས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། འཁོར་བ་ལས་ཀྱི་ཕྱག་རྒྱ་ངོ་མཚར་ཆེ། །མྱང་འདས་ཆོས་ཀྱི་ཕྱག་རྒྱ་ངོ་མཚར་ཆེ། །དམ་ཚིག་མི་འདའ་ཕྱག་རྒྱ་ངོ་མཚར་ཆེ། །མི་གཡོ་མི་འདའ་ཕྱག་རྒྱ་ཆེན་པོའི་མཆོག །དབྱེར་མེད་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཨེ་མ་ཧོ། དཔེ་ལས་ཀྱི་ཕྱག་རྒྱ་གང་ལ་བཞེད་ཅེས་པའི་དོན་ནི། དཔེ་ལས་ཀྱི་ཕྱག་རྒྱ་ཤེས་རབ་མ་ལ་ཟེར། དོན་ཆོས་ཀྱི་ཕྱག་རྒྱ་གང་ལ་བཞེད་ཅེས་པ་ནི། ཆོས་ཀྱི་ཕྱག་རྒྱ་རང་སེམས་འདི་ལ་ཟེར། མི་འདའ་དམ་ཚིག་གི་ཕྱག་རྒྱ་གང་ལ་བཞེད་ཅེས་པའི་དོན་ནི། དམ་ཚིག་ཕྱག་རྒྱ་གཟུང་འཛིན་དག་པ་ལ་ཟེར། མཆོག་གི་ཡེ་ཤེས་ཕྱག་རྒྱ་གང་ལ་བཞེད་ཅེས་པའི་དོན་ནི། ཡེ་ཤེས་ཕྱག་རྒྱ་བསམ་མི་ཁྱབ་ལ་ཟེར། དེ་རྣམས་ཚིག་གི་བརྗོད་ཚུལ་ཐ་དད་ཀྱང་། །དོན་ལ་དཔེའི་མི་མཚོན་བརྗོད་ལས་འདས། །ཡོད་མེད་སྒྲོ་འདོགས་ཐ་སྙད་གདགས་གཞི་ཙམ། །བརྗོད་ཚིག་ནམ་མཁའི་པད་མོ་མཁའ་ལྟར་དག །དེར་འཛིན་མཚན་མ་གདོད་ནས་དབྱིངས་སུ་ནུབ། །ནུབ་མེད་ཤར་མེད་ཨེ་མ་ངོ་མཚར་ཆེ། །ཡང་གཅིག་ཨེ་མ་གསན་ཡང་འཚལ། །མ་རྒྱུད་ཕྱག་རྒྱ་བཞི་རུ་འདུས། །དེ་ཡང་དབང་བཞིའི་དོན་ལ་སྦྱར། །ཆོས་ཀྱི་ཕྱག་རྒྱ་བུམ་པའི་དབང་། །དམ་ཚིག་ཕྱག་རྒྱ་གསང་བའི་དབང་། །ལས་ཀྱི་ཕྱག་རྒྱ་གསུམ་པའི་དབང་། །ཕྱག་རྒྱ་ཆེན་པོ་བཞི་པའི་དོན། དབང་བཞིའི་དོན་ནི་མདོར་བསྡུས་ན། །ཟུང་འཇུག་བཞི་རུ་འདུས་པར་གདའ། །དེ་ཡང་རང་གི་སེམས་ལ་རྫོགས། །སྣང་བའི་རང་བཞིན་སྟོང་པར་ཤར། །དེ་ལ་སྣང་སྟོང་ཟེར་བ་ཡིན། །རིག་པ་ངོ་བོ་ཉིད་ཀྱིས་སྟོང་། །དེ་ལ་རིག་སྟོང་ཟེར་བ་ཡིན། །བདེ་བའི་ངོ་བོ་སྐྱེ་འགག་བྲལ། །དེ་ལ་བདེ་སྟོང་ཟེར་བ་ཡིན། །གསལ་བའི་ངོ་བོ་སྟོང་པར་ཤར། །དེ་ལ་གསལ་སྟོང་ཟེར་བ་ཡིན། །ངོས་བཟུང་བྲལ་ཡང་དེ་ངོས་འཛིན། །གོ་ཚོད་ཙམ་ཞིག་དེ་ལྟར་ལགས། །དེ་ལྟར་ལགས་སོ་ལན་ཅིག་ཞུ། །འདི་ཡི་དགེ་བ་རྒྱ་ཆེན་དེས། །བདག་ཅག་འཁོར་དང་བཅས་རྣམས་དང་། །ཌཱ་ཀི་ཚོགས་དང་མི་འབྲལ་ཞིང་། །སྐུ་ཚེ་རབ་བརྟན་འཕྲིན་ལས་མཐར་ཕྱིན་ཤོག །ཌཱ་ཀིའི་སྲོག་སྙིང་བརྗོད་པ་ལ། །ཉེས་པ་ཆོས་བདག་རྣམས་ལ་བཤགས། །ཨོཾ་སྭ་སྟི། ཞེས་པ་འདི་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉི་མ་སྒྲོན་གྱི་གསུང་ལན་དུ་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ ཨེ་མ་ཧོ། སྐྱེ་མེད་འོད་གསལ་རྟོགས་ལ་འདུད། །ང་ནི་སངས་རྒྱས་སྐྱེད་བྱེད་ཡིན། །འཁོར་འབངས་སྒྱུ་མ་ལྟ་བུ་ལ། །བདེན་པར་མ་འཛིན་ཨེ་མ་ཧོ། །ངེད་ལ་མོས་ཚད་བདེ་བར་འགྱུར། །སྣོད་བཅུད་འཁོར་འདས་ཆོས་རྣམས་ཀུན། །མ་འགགས་སྣང་བ་ཆོས་བརྒྱད་འདོད། །དེ་ལ་སྟོང་པས་རྒྱས་གདབ་པས། །ངོ་བོ་སྟོང་པ་ལས་རྒྱར་འདོད། །དེ་ལ་གསལ་འགྲིབ་མི་མངའ་བ། །རྒྱུན་ཆད་མེད་པ་དམ་རྒྱར་འདོད། །ཡོད་མེད་མཐའ་དང་བྲལ་བ་དེ། །མྱོང་ཡོད་བརྗོད་མེད་ཕྱག་རྒྱར་འདོད། །འདོད་ལུགས་མང་སྟེ་རང་ལུགས་ཡིན། །རིག་ཐོག་ཕྱག་རྒྱ་བཞི་འཛིན་ཡིན། །སྦྱར་ལུགས་མང་ཡང་དེ་ལྟར་དགོས། །དགོས་ཀྱང་ཤེས་པ་ཉུང་བར་མཆིས། །ལྷ་དང་མཁའ་འགྲོ་བཟོད་མཛོད་ཀྱེ། །མ་རྣམས་ཕྱག་ཆེན་དོན་རྟོགས་ཤོག །ཅེས་པ་འདི་ནི་བླ་མའི་བཀའ་ལ་མི་འདའ་བའི་ཕྱིར་དུ་སྐྱེས་དམན་ན་ཆུང་ཉི་མས་ཕུལ་བའོ། །
༈ ཌཱ་ཀི་གོང་མ་ཡི་ཚོགས་རྣམས་ལ། །ཉི་མས་ཚ་ཟེར་གདུང་ནས་འདུད། །དུས་རྣམ་མི་འབྲལ་གཟིགས་སུ་གསོལ། །བདག་གི་ཡབ་གྱུར་བདེ་འདོད་དང་། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །མཐའ་བྲལ་ལྟ་བའི་ཀློང་ཡངས་ནས། །རང་གྲོལ་ཨིནྡྲ་བྷོ་ཏི་ཡིས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །སྟོང་གསལ་སྒོམ་པའི་ཀློང་ཡངས་ནས། །བདེ་གསལ་གུ་གུ་རི་པ་ཡིས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །ཤར་གྲོལ་སྤྱོད་པའི་ཀློང་ཡངས་ནས། །ཤུགས་འབྱུང་པད་མ་བཛྲ་གྱིས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །ལྷུན་གྲུབ་འབྲས་བུའི་ཀློང་ཡངས་ནས། །རེ་མེད་ཀླུ་སྒྲུབ་སྙིང་པོ་ཡིས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །སྒོམ་མེད་ཆེན་པོའི་ཀློང་ཡངས་ནས། །རྟོགས་གྲོལ་ས་ར་ཧ་པ་ཡིས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །རོ་གཅིག་རྒྱ་མཚོའི་ཀློང་ཡངས་ནས། །ཐབས་ཤེས་མཁའ་སྤྱོད་ལུ་ཧི་པས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །སྤྲོས་བྲལ་ནམ་མཁའི་ཀློང་ཡངས་ནས། །ཆུ་འཛིན་རང་གྲོལ་དྲིལ་བུ་པས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །རྩེ་གཅིག་ཆོས་སྐུའི་ཀློང་ཡངས་ནས། །གྲུབ་རྟགས་མཐར་ཕྱིན་ཌོམ་བྷི་པས། །བདེ་ཆེན་ཚུལ་བཞིན་གང་འབྲེལ་རྣམས། །ཨོ་རྒྱན་གནས་སུ་འདྲེན་པར་ཤོག །ཨོཾ་ཇི་ལྟར་བཏབ་བཞིན་རྒྱ་བོད་གྲུབ་ཐོབ་རྣམས། །ཨ་ཇི་ལྟར་བཏབ་བཞིན་གནས་གསུམ་མཁའ་འགྲོའི་ཚོགས། །ཧཱུཾ་ཇི་ལྟར་བཏབ་བཞིན་བསྟན་སྲུང་མ་མགོན་རྣམས། །བདག་གི་ཡབ་གྱུར་སུ་འདོད་ཤྲཱི་པ་དང་། །ཛྙཱ་ན་མ་ཏི་བུདྡྷས་གཙོ་བཅས་པས། །འདས་ཟིན་བཞུགས་ཟིན་མ་འོངས་འབྲེལ་པ་རྣམས། །འདི་ནས་ཚེ་འཕོས་ཨོ་རྒྱན་སྐྱེ་བར་ཤོག །རྟ་བདུན་རྒྱལ་པོའི་ཚ་ཟེར་གྱིས། །འགྲོ་རྣམས་སྨིན་གྲོལ་མཐར་ཕྱིན་པ། །དོན་གཉིས་དཔལ་དང་ལྡན་པའི་མཐུས། །ཨོ་རྒྱན་གནས་སུ་དེ་བཞིན་ཤོག །མངྒ་ལཾ། བྷ་ཝན་ཏུ། ཞེས་པ་འདི་ནི་ཌཱ་ཀི་ཉི་མ་སྒྲོན་ལ་བདེ་འདོད་ཀྱིས་གསོལ་བ་བཏབ་པའི་ངོར་སྨོན་ལམ་འདི་གསུངས་སོ། །
༈ ཌཱ་ཀི་གོང་མས་སིདྡྷི་ཡེ། ཧཱུཾ། གདོད་མའི་གནས་ལུགས་སྟོན་མཛད་པའི། །དུག་ལྔའི་རང་བཞིན་སྟོན་མཛད་པ། །སྐུ་ལྔའི་བདག་ཉིད་ཧེ་རུ་ཀ །རང་སེམས་ཌཱ་ཀིའི་ཚོགས་ལ་འདུད། །ཛྙཱ་ནས་ལེགས་པར་གཟིགས་པར་ཞུ། །སྐྱིད་སྡུག་སྔོན་གྱི་ལས་ཡིན་པས། །ཕྱི་ནས་དགོངས་ནས་འབད་པར་ཞུ། །ཌཱ་ཀིའི་གསང་དོན་ཐུགས་བཅུད་ལ། །འདི་ལྟར་བརྩོན་པའི་དགེ་རྩ་དེས། །བླ་མའི་སྐུ་ཚེ་རབ་བརྟན་ནས། །མི་འདའ་དོན་གཉིས་མཐར་ཕྱིན་ཤོག །ཁམས་གསུམ་སྐྱེ་འགྲོ་ཕ་མ་རྣམས། །ཌཱ་ཀིའི་གསང་དོན་མཐར་ཕྱིན་ཤོག །ཁྱོད་ཉིད་མཐོང་ཐོས་དྲན་པ་རྣམས། །མཁའ་སྤྱོད་ཨོ་རྒྱན་སྐྱེ་བར་ཤོག །ཡང་འདི་ལྟར་འདེབས་པར་མཛོད། །རང་བཞིན་ལྷུན་གྲུབ་ཡང་དགོན་ན། །སྐྱེ་མེད་འོད་གསལ་བླ་མ་བཞུགས། །འགག་མེད་འཆར་བར་ཐུགས་རྗེས་ཟུང་། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །གཏི་མུག་ཆེན་པོའི་ཡང་དགོན་ན། །དྲི་མེད་ཆོས་སྐུའི་བླ་མ་བཞུགས། །ཆོས་དབྱིངས་ཡེ་ཤེས་ཐུགས་རྗེས་གཟིགས། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །འདོད་ཆགས་ཆེན་པོའི་ཡང་དགོན་ན། །ཟུང་འཇུག་བདེ་ཆེན་བླ་མ་བཞུགས། །སོར་རྟོག་ཡེ་ཤེས་ཐུགས་རྗེས་གཟིགས། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །ཞེ་སྡང་ཆེན་པོའི་ཡང་དགོན་ན། །བདེ་ཆེན་མཆོག་གི་བླ་མ་བཞུགས། །མེ་ལོང་ཡེ་ཤེས་ཐུགས་རྗེས་གཟིགས། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །ང་རྒྱལ་ཆེན་པོའི་ཡང་དགོན་ན། །ཐབས་ཤེས་ཆོས་སྐུའི་བླ་མ་བཞུགས། །མཉམ་ཉིད་ཡེ་ཤེས་ཐུགས་རྗེས་གཟིགས། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །ཕྲག་དོག་ཆེན་པོའི་ཡང་དགོན་ན། །ཐུགས་རྗེ་སྤྲུལ་སྐུའི་བླ་མ་བཞུགས། །བྱ་གྲུབ་ཡེ་ཤེས་ཐུགས་རྗེས་གཟིགས། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །དུག་ལྔ་རྣམ་དག་ཡང་དགོན་ན། །བློ་ལས་འདས་པའི་བླ་མ་བཞུགས། །མཉམ་རྗེས་མེད་པར་ཐུགས་རྗེས་གཟིགས། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །དུག་ལྔ་སྐུ་ལྔའི་ཡང་དགོན་ན། །འདི་ཡིན་འདི་མིན་བླ་མ་བཞུགས། །བློ་ཟད་ཆོས་ཟད་ཐུགས་རྗེས་གཟིགས། །ཡེ་ཤེས་གསལ་བར་མཛད་དུ་གསོལ། །ཉི་མས་གླིང་བཞི་ཡུད་ཀྱིས་བསྐོར། །མ་རིག་མུན་སེལ་སྒྲོན་པར་ཤོག །ཨྠྀི། ཧེ། ཨེ་མ་ཧོ། སྐྱེ་མེད་ན་ཆུང་བདག་གིས་ནི། །ངོ་སྤྲོད་གསལ་འདེབས་སྨོན་ལམ་རྣམས། །སྨྲ་ན་དེ་ལྟར་སྨྲ་བ་ཡིན། །ང་བོ་འོ་དྲེགས་པ་མི་མངའ་སྟེ། །ཨེ་བདེན་རྗེ་ལ་དྲིས་དང་གསལ། །ཞེས་པ་འདི་ནི་ཛྙཱ་ན་ཀ་རས་གདམས་པ་བཞེངས་པ་ལ་སྨོན་ལམ་ཟབ་རྒྱས་བྱིན་རླབས་ཀྱི་གཏེར་མཛོད་འདི་སྤྲུལ་པའི་མཁའ་འགྲོ་མ་ཉི་མ་སྒྲོན་གྱིས་ཐུགས་དགྱེས་བཞིན་དུ་གསུངས་པའོ། །
༈ གུ་རུ་ཌཱ་ཀི་སིདྡྷི་ཡེ་ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །མ་ལུས་སྤྱན་འདྲེན་མཐུན་འགྱུར་དཔང་པོ་འཚལ། །མདོ་རྒྱུད་བསྟན་བཅོས་མཐར་ཐུག་སྙིང་པོའི་དོན། །རྒྱ་བོད་གྲུབ་ཐོབ་ཐུགས་ཉམས་བཞེས་པའི་ཚུལ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཙིཏྟའི་བཅུད། །ཌཱ་ཀིའི་སྙན་བརྒྱུད་ཟབ་གནད་གདམས་པའི་གཏེར། །རཏྣ་དྷོ་ཙྪ་དྷརྨ་ཝ་ཤཾ་དང་། །མ་ཏི་སུརྞེ་དྷོ་ཙ་ཛྙཱ་ན་སོགས། །ཐབས་ཤེས་རྣམས་ཀྱིས་གདམས་པ་གང་བཞེངས་མཐུས། །ཕན་བདེའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བླ་མ་བསྟན་འཛིན་བར་ཆད་ཉེར་ཞི་ཞིང་། །ཐོས་བསམ་སྒྲུབ་ལ་ནན་ཏན་མཛད་པ་ཀུན། །ཉོན་མོངས་བདུད་བཞི་བར་ཆད་ཉེར་ཞི་ཤོག །ཕྱོགས་བཅུའི་འགྲོ་བ་མ་ལུས་ཇི་སྙེད་ཀུན། །ཐེག་མཆོག་བླ་མེད་གསང་དོན་མངོན་གྱུར་ཤོག །དུས་གསུམ་དཀར་ནག་འབྲེལ་པ་ཡོད་པ་རྣམས། །ཨོ་རྒྱན་མཁའ་སྤྱོད་གནས་སུ་འདྲེན་པར་ཤོག །ཁྱད་པར་གདམས་པ་གང་བཞེངས་རྣམས་ལ་ཡང་། །བསམ་ཀར་རྒྱུ་སྒྱུ་ཇི་བཞིན་འབད་པ་རྣམས། །གནས་གསུམ་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །སྐལ་ལྡན་ཐབས་ཤེས་སྦྱིན་བདག་རྣམས་ཀྱིས་ནི། །ཟབ་གནད་ཐབས་ཤེས་གདམས་པ་འདི་བཞེངས་མཐུས། །དེང་ནས་བཟུང་སྟེ་རྫོགས་སངས་རྒྱས་ཀྱི་བར། །ཡུལ་དབུས་རིགས་རུས་མཛེས་སྡུག་ལང་ཚོ་ལྡན། །ལོངས་སྤྱོད་འབྱོར་ལྡན་རྟེན་བཟང་ཐོབ་པར་ཤོག །གཞོན་ནུའི་དུས་ནས་བཤེས་དང་མཇལ་ནས་ནི། །ཐོས་བསམ་སྒོམ་ལ་མི་ངལ་བརྩོན་པ་དང་། །སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པར་བཅས། །ཇི་ལྟ་ཇི་སྙེད་མ་ལུས་མངོན་གྱུར་ཤོག །ཧེ་རུ་ཀ་མཆོག་བླ་མེད་གསང་བའི་ཡུམ། །རིགས་བཞི་དང་ནི་སྡེ་བཞི་མཁའ་འགྲོའི་ཚོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་འཁོར་བཅས་དང་། །རྒྱ་བོད་གྲུབ་ཐོབ་རྟོགས་པ་མངོན་གྱུར་ཤོག །འཁོར་འདས་ཆོས་རྣམས་གདོད་ནས་མཁའ་ལྟར་དག །རང་བྱུང་སྐྱེ་མེད་འོད་གསལ་ལྷུན་གྱིས་གྲུབ། །གཟུགས་བརྙན་མ་འགགས་སྣ་ཚོགས་རོལ་པར་ཤོག །འཛིན་བྲལ་གཉིས་མེད་ཕྱག་ཆེན་རྟོགས་པར་ཤོག །བླ་མ་ཡི་དམ་མཁའ་འགྲོའི་བདེན་སྟོབས་མཐུས། །ཇི་ལྟར་བཏབ་བཞིན་དེ་ལྟར་འགྲུབ་པར་ཤོག །མི་བཟད་གཏེར་མཛོད་སྨོན་ལམ་ཟབ་རྒྱས་མཐུས། །སྲིད་གསུམ་འགྲོ་བ་སྒྲོལ་བའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱི་རྩ་འཁོར་རྣམས་ཀྱིས། ཐབས་ཤེས་རྣམས་ཀྱིས་གདམས་པ་བཞེངས་པའི་དུས་སུ་ཌཱ་ཀི་ཉི་མ་སྒྲོན་གྱིས་མ་འོངས་པའི་དུས་སུ་གནད་གཅིག་ཡོད་གསུངས་ནས་བསྐུལ་བའི་ངོར་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ གུ་རུ་མ་ཧ་མུ་ཏྲ་ཡེ་ན་མོ། ཐོག་མཐའ་དབུས་བྲལ་གུ་རུ་རིན་པོ་ཆེ། །འབྱུང་བཞིའི་ལུས་ལ་བརྟེན་དགོས་མི་དགོས་ལ། །མཁའ་སྤྱོད་ཨོ་རྒྱན་ཌཱ་ཀི་ཆོས་བདག་ནི། །འབྱུང་བཞིའི་ལུས་ལ་བརྟེན་པ་ག་ན་མཆིས། །སྣང་ལ་རང་བཞིན་མ་གྲུབ་དབང་པོའི་གཞུ། །བཟའ་བཏུང་དུས་གསུམ་ཟག་མེད་བདུད་རྩི་མངའ། །དམ་ཆོས་སཾ་ཀྲྀ་ཏ་སོགས་སྐད་ཀྱིས་བསྒྱུར། །རང་གི་རིགས་མཐུན་རང་གི་གཟུགས་རྣམས་མཐོང་། །རང་རང་སྐད་རྣམས་རང་རང་སོ་སོས་གོ །མི་ཡི་སྐད་རྣམས་ལྷ་ཡིས་ག་ན་གོ །ལྷ་ཡི་སྐད་རྣམས་མི་ཡིས་ག་ན་གོ །དཔེ་ནི་དེ་བཞིན་ཡིན་པས་དེ་ལྟར་ལགས། །ཨོ་རྒྱན་རྩ་བའི་སྤྲུལ་པ་དེ་ལྟར་ལགས། །དེ་ཡི་སྤྲུལ་པ་བསམ་མི་ཁྱབ་པ་ལགས། །ཡུམ་གྱི་མངལ་ཞུགས་སེམས་ཅན་ཀུན་ལ་སྤྲུལ། །ཁྱད་པར་ཆོས་ཉིད་ཀུན་ལ་ཁྱབ་པ་ཡིན། །བདག་གི་ཡབ་གྱུར་བདེ་འདོད་ཅེས་བྱ་དང་། །འཇིག་རྟེན་ཤེས་རབ་ཉི་ཤུ་གཅིག་དང་འབྲེལ། །དེ་རྣམས་ཨོ་རྒྱན་ཌཱ་ཀིའི་སྤྲུལ་པ་ཡིན། །དེ་རྣམས་འབྱུང་བཞིའི་ལུས་ལ་བརྟེན་ཚུལ་དང་། །འཇིག་རྟེན་སྤྱོད་པ་ཐ་མལ་བྱེད་ནའང་། །མར་འགྱེད་སྤྲུལ་པས་འགྲོ་བ་འདྲེན་ཚུལ་ལོ། །དེ་རྣམས་སྤྲུལ་པ་ཅི་བྱེད་རུང་བ་ཡིན། །རབ་ཀྱིས་ཌཱ་ཀི་རྒྱན་ཅན་མཐོང་བ་ཡིན། །འབྲིང་གིས་བུད་མེད་ཐ་མལ་མཐོང་བ་ཡིན། །ཐ་མས་སྐྱེ་འགྲོ་ཐ་མལ་མཐོང་བ་ཡིན། །རབ་ཀྱིས་རབ་འབྲིང་གསུམ་གྱི་མཐོང་ཚུལ་ཡིན། །འབྲིང་དང་ཐ་མས་མཐོང་བ་ག་ན་ཡིན། །ཨེ་མ་ཧོ། ཟག་མེད་སྐུ་ལྔ་རང་བྱུང་བཅོམ་ལྡན་འདས། །རང་བཞིན་ལྷུན་གྲུབ་དབྱིངས་ནས་ད་ལྟ་གཤེགས། །རྣམ་པ་ཀུན་ལྡན་སྟོང་ཉིད་རང་ལ་ཤར། །མཛེས་སྡུག་སྤུན་གྲོགས་རྣམས་ཀྱིས་མཐའ་ནས་མཛེས། །འབྱུང་བཞི་རྗེ་བཙུན་ཤེས་རབ་ཡུམ་གྱུར་ཡིན། །བདེ་ཆེན་འདོད་པས་འཇིག་རྟེན་ངོ་ཚ་བྲལ། །ཧེེ། འདི་རྣམས་བརྗོད་པར་རིགས་པ་མ་ཡིན་ཏེ། །བླ་མ་ཐེ་ཚོམ་བསལ་ཕྱིར་དགེ་ལེགས་ཤོག །ཨ་ལ་ལ་ཧོ། ཉི་མས་བསྐུལ་ཕྱིར་དེ་ལྟར་སྨྲས་པ་ཡིན། །ཧ་ཧ། སྐྱིད་སྡུག་གྲུབ་པ་མེད་དོ། །ཞེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་གྱིས་ཐུགས་དགོངས་ལ་ཨོ་རྒྱན་གྱི་ཌཱ་ཀི་མ་རྣམས་འབྱུང་བཞིའི་ལུས་ལ་བརྟེན་དགོས་སམ་མི་དགོས། འཇིག་རྟེན་དུ་སྤྲུལ་པ་ཇི་ལྟར་འབྱོན་པ་ཡིན་སྙམ་པ་ལ་སྤྲུལ་པའི་ཌཱ་ཀི་མ་གཅིག་གིས་ཁོང་སིང་དུ་གསུངས་པའོ། །
༈ གུ་རུ་ཨོཾ་བུདྡྷ་ཨ་ཏཱ་རེ་ཧཱུཾ་ན་མོ། སངས་རྒྱས་སེམས་ཅན་དབྱེར་མེད་མཁའ་ལྟར་དག །འོད་གསལ་སྒྲོན་མེ་མཁའ་ནས་ཉི་མ་ཤར། །ཆུ་འཛིན་རང་ཡལ་དུས་གསུམ་རྒྱལ་བའི་ཡུམ། །མཁའ་ལྟར་དག་པ་སངས་རྒྱས་སྒྲོན་ལ་འདུད། །སྔོན་བསོད་ཚོགས་གཉིས་རྒྱ་ཆེན་བསྐྲུན་པའི་ཕྱིར། །ད་ལྟ་ནམ་མཁའ་ཡངས་པའི་ཆོས་ལ་གཞིག །རོ་མཉམ་བླ་མའི་ཐུགས་བཅུད་རོལ་པའི་མཆོག །སྡོམ་གསུམ་ཚུལ་མཛེས་ཐོས་བསམ་མཐར་ཕྱིན་བཤེས། །སྐྱེས་དམན་ན་ཆུང་བློ་གྲོས་འཐིབས་པ་ལ། །ཚད་ཉུལ་ཐེ་ཚོམ་མེད་པར་སྙན་ཡིད་འཚལ། །སྙན་ངག་སྡེབ་སྦྱོར་ཚིག་འགྲིགས་མི་མངའ་སྟེ། །རྒྱུད་ལ་སྐྱེས་ཚོད་གོ་ཚོད་སྙན་དུ་འབུལ། །འབད་མེད་སྒྱུ་མ་རྨི་ལམ་ལྟར་འབད་ནས། །མཉམ་བཞག་གཡོ་མེད་རྒྱ་མཚོ་མཁྱེན་པ་ལ། །རྗེས་ཐོབ་རྦ་རླབས་རྒྱ་མཚོར་རོ་གཅིག་འདྲེས། །མཉམ་བཞག་རྗེས་ཐོབ་བདག་ལ་ཡོད་མ་མྱོང་། །འཁོར་འདས་ཆོས་རྣམས་མཁའ་ལྟར་དག་པ་ལ། །ཐོས་བསམ་བྱེད་བློ་མཁའ་ལ་རོ་གཅིག་འདྲེས། །ཞེ་འདོད་ཕྱོགས་རིས་བདག་ལ་ཡོད་མ་མྱོང་། །ཉིན་མཚན་ཁོར་ཡུག་ཚ་ཟེར་རྒྱས་པ་ལ། །ཡངས་དོག་མཚན་མ་གདོད་ནས་རོ་གཅིག་འདྲེས། །བྱིང་རྒོད་ཐེ་ཚོམ་བདག་ལ་ཡོད་མ་མྱོང་། །དེང་ནས་བཟུང་སྟེ་ནམ་ཞིག་མཐའ་ཡི་བར། །དོན་གཉིས་ཕྱོགས་ནས་སྨིན་གྲོལ་རོ་གཅིག་འདྲེས། །ཕྱོགས་རིས་བདེ་སྡུག་བདག་ལ་ཡོད་མ་མྱོང་། །མཁའ་དབྱིངས་ཀློང་ནས་སྟོང་ཉིད་མདུད་པ་དམ། །རེ་དོགས་མཚན་མ་དབྱིངས་སུ་རོ་གཅིག་འདྲེས། །རིས་དང་མཉམ་པ་བདག་ལ་ཡོད་མ་མྱོང་། །མ་མྱོང་མྱོང་བ་ཨེ་མ་ངོ་མཚར་ཆེ། །ཡང་ཅིག་གསོན་དང་ཨེ་མ་བཤེས་གཉེན་ལགས། །ལྟ་སྒོམ་སྤྱོད་འབྲས་མཁའ་ལ་མདུད་པ་གྲོལ། །གཞི་ལམ་འབྲས་གསུམ་ནམ་མཁའི་པད་མོ་འཛུམ། །མདོ་རྒྱུད་བསྟན་བཅོས་ཆུ་ཡི་རི་མོ་གསལ། །ས་ལམ་རིམ་པ་སྨིག་རྒྱུའི་རྒྱ་མཚོ་འཁྱིལ། །གཉིས་བསྡུས་ཆོས་རྣམས་གཉིས་མེད་དབྱིངས་སུ་ཡལ། །ཉམས་སུ་བླང་བྱ་ཆུ་འཛིན་མཁའ་ལ་ཡལ། །ཉམས་སུ་ལེན་མཁན་མོ་གཤམ་བུ་མོ་མཛེས། །ཉམས་སུ་བླང་འབྲས་ཐོབ་འདོད་སེང་གེ་འདྲ། །ཉམས་སུ་ལེན་ན་བདག་གིས་དེ་ལྟར་ལེན། །བཤེས་ཀྱི་ཐུགས་ལ་དེ་ལྟར་མངའ་བར་ཞུ། །ཡང་ཅིག་འཚལ་ལོ་པུརྞེ་གུ་རུ་ལགས། །མཚམས་བཞིའི་ཌཱ་ཀི་ཇི་ལྟར་མངའ་ན་ཡང་། །མཁའ་སྤྱོད་བཟང་མོ་རྡོ་རྗེ་མཁའ་འགྲོའི་རིགས། །ས་སྤྱོད་བཟང་མོ་རིན་ཆེན་མཁའ་འགྲོའི་རིགས། །མངོན་སྤྱོད་བཟང་མོ་པདྨ་མཁའ་འགྲོའི་རིགས། །བདེ་སྤྱོད་བཟང་མོ་ལས་ཀྱི་མཁའ་འགྲོའི་རིགས། །རང་རིག་མ་ཡིན་ཉེ་བའི་རིགས་རྣམས་ཡིན། །གསར་འགྱུར་མ་ཡིན་ཐོག་མའི་དུས་ནས་ལགས། །བློས་བྱས་མ་ཡིན་རྒྱུད་ཀྱི་དགོངས་དོན་ལགས། །རྒྱུད་ནི་མ་རྒྱུད་འཁོར་ལོ་བདེ་མཆོག་གི །མཁའ་འགྲོ་དྲ་བ་རིག་བྱེད་རྒྱུད་ལ་གསལ། །བོད་ལ་དར་ཆུང་རྒྱ་གར་དར་བ་ཡིན། །ཐོས་ཆུང་མ་མཛད་ཀུན་ཤོང་ཁྱོན་ཡངས་ཞུ། །ཡང་ཅིག་འཚལ་ལོ་པུརྞེ་གུ་རུ་ལགས། །པད་མ་ཌཱ་ཀི་མངོན་སྤྱོད་གཙོ་འཁོར་གྱིས། །ཌཱ་ཀིའི་མིང་གསོལ་བདེ་འདོད་ཅེས་བྱ་ལ། །སྔོན་གྱི་འབྲེལ་ཆེན་ཚུལ་བཞིན་བསྙེགས་པ་ཡིན། །སྔོན་འབྲེལ་མེད་ན་གྲོག་སྐམ་ཉ་རྒྱ་ཡིན། །ཐོས་བསམ་སྒོམ་གསུམ་མཐའ་རུ་ཕྱིན་པ་དང་། །ལྟ་བ་རྟོགས་པ་མངོན་དུ་གྱུར་ན་ཡང་། །མངོན་སུམ་འབྲེལ་པ་མ་མཆིས་ཆོས་ཉིད་ལགས། །དཔེར་ན་ས་ལ་རྐོན་བྱ་ཉམ་ཆུང་འདབ་ཆགས་དེ། །མཁའ་ལ་གནས་བྱས་སྡོད་པ་ངོ་མཚར་ཆེ། །འདབ་ཆགས་རྒྱལ་པོ་ཆུང་ངང་རི་སྒེག་སོགས། །དཔའ་རྩལ་ཆེ་ཡང་ཁོ་ལ་འགྲན་པ་མིན། །དེ་བཞིན་བླ་མེད་དཀོན་མཆོག་རྒྱལ་མཚན་དེ། །ལྟ་བ་རྟོགས་པ་མངོན་གྱུར་མི་མངའ་ཡང་། །སེམས་ཀྱི་ཡིན་ལུགས་ཚུལ་བཞིན་མངའ་བར་གདའ། །མངའ་ཡང་རྟེན་འབྲེལ་ཚུལ་བཞིན་མ་ལེགས་པས། །འདི་ལ་མི་མཇལ་ཕྱི་མ་ན་མོ་ཤོད། །ཧེེ། དེ་ལ་དགོངས་ལ་བླ་མེད་བླ་མ་དང་། །ཆུ་ཡི་མཚན་ཉིད་ཚུལ་བཞིན་དགོངས་པར་ཞུ། །སྐྱེས་དམན་ན་ཆུང་ཉི་མས་ནི། །འབྱུང་བཞིའི་ལུས་ལ་ཅི་བྱེད་རུང་བ་ཡིན། །རྟགས་དང་མཚན་མ་རང་སར་གྲོལ་བ་ཡིན། །བྱ་བྱེད་རྩོལ་བ་མཁའ་ལྟར་དག་པ་ཡིན། །འཁོར་འདས་ཆོས་ལ་བྱན་པོ་ཚུད་པ་ཡིན། །ཡིན་ལུགས་མང་སྟེ་མདོར་བསྡུས་ཙམ་ཞིག་ཡིན། །ཡིན་ལུགས་བཤད་ན་སྒྲོ་དང་སྐུར་པ་མང་། །དེ་ཕྱིར་ངན་སོང་གསུམ་ལ་འོ་རེ་བརྒྱལ། །ཐུགས་ཡིད་ལྷུན་པོ་ལྟ་བུར་བརྟན་མཛོད་ཀྱེ། །བཤེས་ཀྱི་ཚིག་འབྲེལ་ཉུང་ཞིག་ཨྠྀི། ཧེེ། ཉེས་པའི་ཚོགས་མཆིས་ཆོས་བདག་རྣམས་ལ་བཤགས། །དགེ་བས་ཡིད་གཉིས་ཐེ་ཚོམ་བྲལ་གྱུར་ཅིག །གསལ་ལ་སྒྲོན་པ་ཉི་མས་བཀྲ་ཤིས་ཤོག །ཤིས་པའི་ཉི་མ་ཡར་གྱི་ཚེས་བཅུ་ལ། །དུས་དང་བསྟུན་ནས་ཤེས་རབ་ན་ཆུང་གིས། །པུརྞེ་གུ་རུ་རྟོགས་གྲོལ་དུས་མཉམ་ཤོག །དྷ་དྷ་ལི་པ་ཀ་ཡང་གྷུ་མ་ཧ་ལ་ཡ། བུ་མ་ར་ས་ཡ། མར་བྷ་ཝ་དུ་རི། ཁ་ཏྲ་ར་ཏྲ་རུ་ཌ། ཞེས་པ་འདི་ནི་པུརྞེ་གུ་རུས་གསོལ་བ་གདབ་པའི་ངོར་ཌཱ་ཀི་ཉི་མ་སྒྲོན་གྱིས་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ་ན་མོ་ཧཱུཾ། སྣང་བ་ཆོས་ཅན་རོ་སྙོམས་སངས་རྒྱས་ཡུམ། །སྟོང་པ་རོ་སྙོམས་སྒྲོན་མཛད་ཡུམ། །དབྱེར་མེད་ཕྱག་རྒྱ་ཆེན་པོར་འགྱུར་བ་མེད། །གཉིས་སྣང་ཤེས་པ་རང་གྲོལ་ཡུམ་ལ་འདུད། །ཡིད་གཉིས་མ་མཛད་བཤེས་གཉེན་གང་དེ་གསན། །སྐྱེས་དམན་ན་ཆུང་ཚོགས་གཉིས་མ་བསགས་པས། །ཟ་མ་མོ་ལུས་ཐོབ་པས་ཐམས་ཅད་སྡང་། །འོན་ཀྱང་དངོས་པོའི་གཤིས་ཀྱི་འདུག་ཚུལ་འདི། །རྒྱུད་ལ་སྐྱེས་ཚད་ཙམ་ཞིག་སྙན་དུ་གསོལ། །ཐོག་མའི་མགོན་པོ་འོད་མི་འགྱུར་བ་དེ། །ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་འདུས། །ངོ་བོ་སྟོང་པ་ནམ་མཁའ་ཀུན་ལ་ཁྱབ། །རང་བཞིན་གསལ་བ་ཉི་མའི་སྙིང་པོ་འདྲ། །མཚན་ཉིད་གཉིས་མེད་ནམ་མཁའི་རླུང་དང་འདྲ། །འཁོར་འདས་ཆོས་རྣམས་དེ་ཡི་རོལ་པ་ཅན། །ཐོག་མའི་མགོན་པོ་དབྱིངས་ཤེས་གཉིས་ལ་འདུད། །སྣོད་བཅུད་མ་འགགས་སྣ་ཚོགས་སྣང་བ་རྣམས། །སྣང་བ་དེ་ལ་ཡེ་ཤེས་ཟེར་བ་ཡིན། །དེ་ཡི་རང་བཞིན་སྟོང་པར་གནས་པ་དེ། །སྟོང་པ་དེ་ལ་དབྱིངས་ཞེས་ཟེར་བ་ཡིན། །དེ་གཉིས་གདོད་ནས་སོ་སོར་ཡོད་མ་ཡིན། །དབྱིངས་ཤེས་དབྱེར་མེད་ཆོས་སྐུའི་ལྟ་བ་ཡིན། །ཆོས་སྐུ་གདོད་ནས་སྐྱེ་བ་མེད་པ་ཡིན། །ལོངས་སྐུ་མ་འགགས་རང་བཞིན་གསལ་བ་ཡིན། །སྤྲུལ་སྐུ་སྣ་ཚོགས་ཀུན་ཏུ་རྒྱུ་བ་ཡིན། །སོ་སོར་མེད་པ་ངོ་བོ་ཉིད་ཀྱི་སྐུ། །གདོད་མའི་གནས་ལུགས་སྐུ་བཞི་བཞུགས་ཚུལ་ཡིན། །ལྟ་བ་འཁོར་འདས་གཉིས་མེད་བློ་ཐག་ཆོད། །སྒོམ་པ་དུས་རྣམ་མི་གཡོ་བློ་ཐག་ཆོད། །སྤྱོད་པ་གང་ཤར་རོ་མཉམ་བློ་ཐག་ཆོད། །འབྲས་བུ་རེ་ས་མེད་པར་བློ་ཐག་ཆོད། །དེ་རྣམས་ཐ་དད་མ་ཡིན་ངོ་བོ་གཅིག །ཨྠྀི་ཧོ། རྒྱ་བོད་གྲུབ་ཐོབ་གནས་གསུམ་ཙིཏྟའི་བཅུད། །ཁ་ནས་བཏོན་ནས་ཡི་གེར་བྲིས་པ་ལ། །གནས་གསུམ་མཁའ་འགྲོའི་ཚོགས་ལ་བཤགས་སོ་ཀྱེ། །དགེ་བས་དེ་དོན་མངོན་དུ་གྱུར་ནས་ནི། །དོན་གཉིས་དཔལ་འབར་ལྷུན་གྱིས་གྲུབ་པར་ཤོག །སྐལ་ལྡན་བློ་གྲོས་ཐུགས་ལ་བཀྲ་བའི་བཤེས། །འཁོར་འདས་ཆོས་རྣམས་བཟང་ངན་བྲལ་བའི་ཚིག །ཚོགས་མ་བསགས་ཀྱིས་སྐྱེས་དམན་ཉི་མ་འདི། །ཚིག་གི་འབྲེལ་པ་གསལ་འདེབས་སྒྲོན་པར་ཞུ། །ཨ་ཨ་ཧྲུ་ཧུ་ས་ར་མ་སུ་སང་ག་ཐ་ལ་དྷུ་ལ་དྷ་ཤར། ཞེས་པ་འདི་ནི་དད་གུས་བརྟན་པའི་ཕྱོགས་མེད་ཀྱི་བྱ་བྲལ་མངྒ་བྷ་ཏྲས་ནན་གྱིས་གསོལ་བ་བཏབ་པའི་ངོར་ཡེ་ཤེས་ཀྱི་ཌཱ་ཀི་མའི་སྤྲུལ་པ་མཁའ་འགྲོ་མ་ཉི་མ་སྒྲོན་གྱིས་མ་དང་མཁའ་འགྲོ་འདུ་བའི་གནས་སུ་ཐུགས་དགྱེས་བཞིན་དུ་གསུངས་པའོ། །
༈ གུ་རུ་ན་མོ། མཁའ་དབྱིངས་དུས་གསུམ་བཅུད་འཛིན་རྒྱལ་བའི་ཡུམ། །སྤྱོད་པ་མ་ངེས་སྣ་ཚོགས་སྤྲུལ་པའི་ཡུམ། །བཟང་ངན་ཀུན་ལ་གང་འདུལ་སྟོན་པའི་ཡུམ། །མོས་གུས་ཅན་དང་འབྲེལ་ཚད་བསྐྱང་དུ་གསོལ། །ནམ་མཁའི་མཛོད་འཛིན་གཉུག་མའི་གུ་རུ་རྗེ། །སྙན་གྱི་དབང་པོས་ཟུར་ཙམ་གསན་མཛོད་དང་། །རིགས་ནི་དུང་སྐྱེས་མ་ཡི་རིགས་གཅིག་ཡིན། །རུས་ནི་བདེ་ཐང་བཟའ་ཡི་ཚུལ་དུ་མཆིས། །ཆོས་ནི་ཐེག་པའི་མཐར་གྱི་ཐུག་སོ་མཆིས། །འབྲང་ནི་མཁའ་སྤྱོད་མ་ཡི་རྗེས་འབྲང་ཡིན། །ཕྱོགས་ནི་ཉང་དང་ཀོང་པོའི་ཕྱོགས་སུ་མཆིས། །སྔོན་གྱི་དུས་སུ་འབུ་ཟ་དཔལ་འདྲེན་མཆིས། །ཡུལ་ནི་སྟག་ལ་རོང་ཆེན་ཞེས་བྱ་མཆིས། །ལོངས་སྤྱོད་ནོར་དང་བུ་ཚས་དབེན་ཏེ་མཆིས། །མཐར་ཐུག་ཉམས་ལེན་འབྲལ་མེད་ཡོད་དེ་མཆིས། །བླ་མས་དབེན་ཏེ་ཌཱ་ཀིའི་ངོ་སྤྲོད་མཆིས། །ཚེ་དང་དམ་ཆོས་གཉིས་ཀ་མཐར་ཕྱིན་མཆིས། །ད་ལྟ་ཉང་ཀོང་མཚམས་སུ་སྐྱེས་ཏེ་མཆིས། །ཀ་ཆ་ལོངས་སྤྱོད་དཔག་ཏུ་མེད་དེ་མཆིས། །ཡབ་ནི་བླ་མ་ཁྱིམ་པའི་ཚུལ་དུ་མཆིས། །རིགས་ཀྱི་བུ་གཅིག་ཡོད་པ་གཤེགས་ཏེ་མཆིས། །བདག་གི་ལོ་ནི་བཅུ་དགུ་ལོན་ཏེ་མཆིས། །ད་ནི་བཅུ་དགུ་འདུག་པའི་སྐལ་བར་མཆིས། །རྒྱན་མཛེས་ཤན་འབྱེད་མའི་པང་དུ་མཆིས། །སྤྱིར་ནི་དྲང་ངེས་ཤན་འབྱེད་མང་སྟེ་མཆིས། །མཐར་ཐུག་གསང་བའི་འཕྲང་འབྱེད་ཡིན་ཏེ་མཆིས། །མཐར་ཐུག་གསང་བའི་ཤན་འབྱེད་ཡིན་ལགས་ཀྱང་། །འབྱེད་རྒྱུ་མི་གདའ་ཀྱེ་ཧུད་ཡི་རེ་མུག །ཕྱི་མ་མཁའ་སྤྱོད་ཨོ་རྒྱན་གནས་སུ་འགྲོ། །ལོངས་སྤྱོད་ནོར་སོགས་སྐྱིད་སྡུག་མིང་མི་བརྗོད། །སྐྱེ་མེད་རང་བཞིན་འགྱུར་མེད་ཁང་པ་ཡོད། །འཇིག་རྟེན་པ་ཡི་མཁར་ཁང་སྨོན་རྒྱུ་མེད། །འགག་མེད་རིག་པའི་བཟའ་བཏུང་རྒྱུན་པར་ཡོད། །འཇིག་རྟེན་མི་ཡི་བཟའ་བཏུང་སྨོན་རྒྱུ་མེད། །རང་སེམས་མཐའ་དང་བྲལ་བའི་ལྟ་བ་ཡོད། །ཡིད་སྨོན་མཐའ་བྲལ་ཟེར་ལ་སྨོན་རྒྱུ་མེད། །རང་སེམས་རྒྱུན་ཆད་མེད་པའི་སྒོམ་པ་ཡོད། །ངེས་ཤེས་དམིགས་གཏད་ཅན་ལ་སྨོན་རྒྱུ་མེད། །རང་སེམས་སྤང་བླང་རང་གྲོལ་སྤྱོད་པ་ཡོད། །གོ་བས་རང་གྲོལ་ཟེར་ལ་སྨོན་རྒྱུ་མེད། །རང་སེམས་མིང་འདོགས་ཀུན་བྲལ་འབྲས་བུ་ཡོད། །དབྱེར་མེད་ལྷུན་གྲུབ་ཟེར་ལ་སྨོན་རྒྱུ་མེད། །ཡོད་དང་མེད་པ་ཚིག་གི་ཡུལ་ལས་འདས། །ཡུལ་འདས་བརྗོད་མ་མྱོང་བའི་ཡིན་ལུགས་འདི། །ཡེ་ནས་བཞུགས་པའི་རྒོད་པོ་བླ་མ་ལ། །རྒས་མ་མྱོང་བའི་བུ་མོ་གཞོན་ནུས་འབུལ། །གཉིས་མེད་བདེ་སྟོང་ངང་དུ་བཞེས་སུ་གསོལ། །ཧ་ཧ་ཕཊ་ཕཊ། འདི་ལྟར་སྨྲས་ལ་ཉེས་པ་མཆིས་པ་རྣམས། །ཆོས་བདག་གཙོ་མོ་རྣམས་ལ་བཟོད་པར་གསོལ། །དགེ་བ་ཡོད་ན་འགྲོ་རྣམས་བདེ་གྱུར་ཅིག །ཅེས་པ་འདི་ནི་ཌཱ་ཀི་རྒྱན་མཛེས་མ་ལ་ཁོང་རང་གི་རྣམ་ཐར་མདོར་བསྡུས་ཤིག་ནམ་མཁའི་རྣལ་འབྱོར་གྱིས་གསུངས་ཞུས་པ་ལ་གནས་མཆོག་ཁོང་སིང་དུ་གསུངས་པའོ། །
༈ གུ་རུ་བུདྡྷ་ཏཱ་རེ་ཡེ། ཨོཾ་ཨ་ཧཱུཾ། ཉོན་མོངས་སྐྱོན་གྱིས་མ་གོས་ཆུ་སྐྱེས་སྡོང་པོའི་སྐུ། །ཤེས་བྱའི་ཡོན་ཏན་རེ་མེད་འདབ་སྟོང་ལྡན་པའི་གསུང་། །སྐྱོན་ཡོན་གཉིས་འདྲེས་ཟེའུ་འབྲུ་དྲི་ངད་གཡོ་མེད་ཐུགས། །བླ་མེད་རྒྱལ་བའི་སྐུ་གསུང་ཐུགས་ལ་ནི། །ལྗོན་ཤིང་གར་བྱེད་ཡལ་འདབ་ཡོན་ཏན་དུ་མས་མཛེས། །ཁ་ཙམ་མ་ཡིན་སྙིང་གི་དཀྱིལ་དང་ལུས་ངག་གུས་པས་འདུད། །ལུས་ངག་ཡིད་གསུམ་ཟུང་འཇུག་ཡིན་པ་ལ། །སྒྱུ་མ་རྨི་ལམ་ཙམ་གྱི་ངང་ནས་ནི། །དེང་སང་མཛད་བཞིན་ཨེ་མ་ངོ་མཚར་ཆེ། །བདག་ནི་ལྗོན་ཤིང་མཛེས་མ་རྒྱན་བཟང་ཡིན། །དོན་མཁས་བཟང་པོ་ཁྱོད་དང་མི་འབྲལ་ཤོག །ཨ་བྷི་ལམ་བྷ་བྷི་ལམ་སུ། ཞེས་པ་འདི་ནི་ཌཱ་ཀི་ལྗོན་ཤིང་མཛེས་ཞེས་པས་ནམ་མཁའི་རྣལ་འབྱོར་ལ་ངག་གི་ཚིག་འབྲེལ་དུ་སྨྲས་པའོ། །
༈ གུ་རུ་ཌཱ་ཀི་རྣམས་ལ་ན་མོ། དྲི་མེད་མཚན་དཔེའི་འོད་འབར་བརྟན་པའི་སྐུ། །སྔོན་ཚེ་ཚོགས་གཉིས་དཔག་ཡས་ཚུལ་བཞིན་མཐུས། །བག་ཆགས་དྲི་མ་ཡེ་སངས་གདོད་ནས་དག །སྣ་ཚོགས་སྤྲུལ་སྐུས་འགྲོ་བ་འདྲེན་ལ་འདུད། །རང་རང་སྐད་དུ་དམ་ཆོས་སྟོན་པའི་གསུང་། །ཟབ་རྒྱས་སྨིན་གྲོལ་བདེ་ཆེན་ལམ་ལ་བཀོད། །མགོན་མེད་མགོན་གྱུར་འགྲོ་བའི་སྐྱབས་གཅིག་ཡུམ། །དུས་རྣམ་མི་ངལ་བརྩོན་པ་དེ་ལ་འདུད། །དུས་གསུམ་ས་ལེ་ཟག་མེད་མཁྱེན་གཟིགས་ཐུགས། །སྲིད་གསུམ་འགྲོ་བ་མ་རིག་མུན་སེལ་སྒྲོན། །གཉིས་སྣང་ཆོས་རྣམས་སྐྱེ་མེད་ངང་དུ་ཡལ། །འཁོར་འདས་མཁའ་ལྟར་དག་པ་དེ་ལ་འདུད། །རིན་ཆེན་གཏེར་མཛོད་ནོར་བུ་དཔག་བསམ་ཤིང་། །དགོས་འདོད་མ་ལུས་རེ་སྐོང་དབུལ་བ་སེལ། །རྣམ་མང་དཔག་གཡས་ཡོན་ཏན་བཀྲ་བ་གང་། །མར་གྱུར་འགྲོ་བའི་རེ་སྐོང་དེ་ལ་འདུད། །རྒྱལ་བ་སྲས་བཅས་ཕྲིན་ལས་གཅིག་བསྡུས་ཡུམ། །ཟབ་མོ་སྟོང་ཉིད་སྨྲ་བསམ་བརྗོད་ལས་འདས། །མཁྱེན་བརྩེ་མཐུ་སྟོབས་རྨད་བྱུང་འགྲོ་བ་འདྲེན། །བླ་མེད་གཙུག་གི་དེད་དཔོན་དེ་ལ་འདུད། །བདག་ཅག་འཁོར་བཅས་མ་ལུས་ཐམས་ཅད་ཀྱི། །ཉོན་མོངས་འཁྲུལ་རྟོག་མ་རིག་དབང་གྱུར་པ། །སྐུ་གསུང་ཐུགས་དང་འགལ་བ་གང་མཆིས་རྣམས། །གནོང་བས་བཤགས་སོ་ཉེས་པར་མ་གྱུར་ཅིག །སངས་རྒྱས་བསྟན་པ་དར་རྒྱས་གསལ་བའི་སྒྲོན། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལ། །འདི་བསྟོད་དགེ་ལེགས་དཔག་ཡས་རྒྱ་མཚོ་དེས། །འགྲོ་རྣམས་དོན་དམ་ལྷན་སྐྱེས་མངོན་གྱུར་ཤོག །ཨེ་བམ་མ་ཡ་བདེ་སྟོང་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཌཱ་ཀི་བུདྡྷ་ཏཱ་རེ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྒོ་ནས་ནམ་མཁའི་རྣལ་འབྱོར་གྱིས་བསྟོད་པའོ། །
༈ གུ་རུ་བུདྡྷ་ཏཱ་རེ་སིདྡྷི་ཡེ་ཧཱུཾ། བླ་མེད་བླ་མེད་དཀོན་མཆོག་གསུམ་དངོས་འཁོར་འདས་གཉིས་སུ་མེད། །ཚུལ་བཞིན་རྒྱལ་བའི་མཚན་ཉིད་དོན་དང་ལྡན་པ་གཉིས་སུ་མེད། །རང་གྲོལ་མཁའ་ལྟར་དག་པས་སྤང་བླངས་མཚན་མ་གཉིས་སུ་མེད། །རྒྱལ་བའི་བཅུད་འཛིན་གཉིས་སྣང་རང་གྲོལ་བླ་མའི་ཞབས་ལ་ནི། །སངས་རྒྱས་བསྟན་ཡུམ་ཐུགས་སྤྲུལ་བུམ་བཟང་མཛེས་མས་གུས་པས་འདུད། །དོན་མཁས་བཟང་པོ་ཁྱེད་དང་ནམ་ཡང་རྟག་ཏུ་མི་འབྲལ་ཤོག །ཐབས་མཁས་བུམ་བཟང་མཛེས་མ་ནི། །འགྲོ་འཆགས་ཉལ་འདུག་སྟོང་ཉིད་བདེ་ཆེན་རོལ། །གཉིས་སྣང་རྟོག་པ་མི་མངའ་ཨེ་མ་ཧོ། །ཡ་མ་ན་ཏྲི་ཏྲི་བྷ་ལ་ཝ་ཏུ། ཨོཾ་གུ་རུ་ཨ་བུདྡྷ་ཧཱུཾ་ཏཱ་རེ་ཡེ་ན་མོ། ནམ་མཁའི་པད་མོ་འཛུམ་མཛེས་བརྗིད་ལེགས་ལ། །རྣལ་འབྱོར་དྲི་ངད་ཟེའུ་འབྲུའི་རོ་བཅུད་རྒྱས། །ཤེས་རབ་བུང་ཚོགས་རྣམས་ཀྱི་འདབ་མས་བསྐོར། །ནམ་མཁའི་པད་མོ་རྣལ་འབྱོར་ཆེན་པོ་ལ། །མེ་ཏོག་མཛེས་མས་རྟག་ཏུ་གུས་པར་འདུད། །དོན་མཁས་བཟང་པོ་རྗེ་དང་མི་འབྲལ་ཤོག །ཨོཾ་ཧྲི་ཡ་མ་ཧཱུཾ། བུདྡྷ་ཏཱ་རེ་ཡེ་ན་མོ། སངས་རྒྱས་སྐྱེད་བྱེད་ཡུམ་གྱུར་ཆ་ཙམ་སྒྲོན། །གཙོ་མོ་ཡི་སྐུ་གསུང་ཐུགས་ལ་དབང་པོ་གསོན། །སྐྱིད་སྡུག་ཐམས་ཅད་སྔོན་གྱི་ལས་ཡིན་པས། །གཞན་ལ་ཆགས་སྡང་མི་རུང་ཨ་ཞེ་ལགས། །བླ་མའི་བཀའ་བཅག་བཀའ་འདས་ལྟུང་བ་ཁུར། །དེ་ཡང་ཁྱོད་ལ་མྱོང་བར་མ་གྱུར་ཅིག །ཌཱ་ཀིའི་དམ་ཉམས་ཕམ་ལྟུང་ལྷག་མ་ཁུར། །དེ་ཡང་སོར་ཆུད་མྱོང་བར་མ་གྱུར་ཅིག །ཐབས་གྱུར་བདེ་ལ་དུཿཁའི་ཉེས་པ་ཁུར། །དེ་ཡང་ཁྱོད་ལ་སྨིན་པར་མ་གྱུར་ཅིག །སྒོ་གསུམ་དབང་གིས་ཉེས་པའི་ཚོགས་རྣམས་ཀུན། །དེ་རྣམས་ནམ་ཡང་མྱོང་བར་མ་གྱུར་ཅིག །གཞན་ཡང་ཁྱོད་ལ་དཀར་ནག་འབྲེལ་ཚད་དང་། །དགེ་དང་མི་དགེ་ལུང་མ་བསྟན་གྱི་ཆོས། །བླ་མེད་མཁའ་སྤྱོད་ཨོ་རྒྱན་འདྲེན་པར་ཤོག །ནམ་ཡང་འཆི་བས་གསང་དོན་གཏན་ལ་ཕོབ། །སེམས་ལ་ཟེར་བ་ཡིན་དོན་གཏན་ལ་ཕོབ། །མེ་ཏོག་ལྗོན་ཤིང་བུམ་མཛེས་སྤུན་གསུམ་གྱིས། །ཚིག་འབྲེལ་ཉུང་ཞིག་ཨ་ཞེ་སངས་རྒྱས་ལ། །བྱེད་པས་བདེ་ཡི་བམ་དང་མི་འབྲལ་མཛོད། །བྷུར་བུད་བདེ་ན་རུ། བུདྡྷ་ཏཱ་རེ་ཡེ་ན་མོ་ཧཱུཾ། མེ་ཏོག་ལྗོན་ཤིང་བུམ་མཛེས་སྤུན་གསུམ་ལ། །མ་ཏི་ཛྙཱ་ནས་ལེགས་པོར་གསན་པར་ཞུ། །སྐྱིད་སྡུག་ཐམས་ཅད་སྔོན་གྱི་ལས་ཡིན་པས། །གཞན་ལ་ཆགས་སྡང་མ་བྱེད་རིགས་ལྡན་གཉིས། །བླ་མའི་བཀའ་སྒྲུབས་གྲོགས་ལ་དག་སྣང་སྐྱེད། །འགྲོ་ལ་སྙིང་རྗེ་ཚོགས་གཉིས་སྤེལ་སྦྱངས་མཛོད། །ཐུན་བཞིའི་གསོལ་འདེབས་དབང་བཞི་རྒྱུན་དུ་ལོངས། །རྩེ་གཅིག་བསམ་གཏན་མི་གཡོ་མཉམ་པར་ཞོག །སྤྲོས་བྲལ་མཁའ་ལྟར་དག་པ་འཆར་བ་ཡིན། །ཤར་ནས་གཉིས་བསྡུས་རོ་གཅིག་ངང་ལ་ཞོག །སུརྞེ་རཏྣ་ཡེ་ན་མོ་ཨོཾ། སངས་རྒྱས་བསྟན་པའི་སྒྲོན་མེ་དེ་ལ་ནི། །ཉི་སྒྲོན་བསོད་ཆུང་བདག་གིས་ཞབས་པད་ལེན། །བླ་མེད་བླ་མ་དཀོན་མཆོག་རིན་པོ་ཆེ། །ཀྱེ་མ་ཀྱེ་ཧུད་བདག་འདྲའི་བསོད་ཆུང་ཨང་། །སྐྱེ་མེད་མཁའ་དབྱིངས་རྟ་བདུན་རྒྱལ་པོ་དེ། །གློ་བུར་མ་རིག་ཆུ་འཛིན་རྐྱེན་གྱིས་བསྒྲིབས། །གླིང་བཞིའི་མ་རིག་མུན་པ་གང་གིས་སེལ། །བདག་སོགས་བློ་ཕུག་སུ་དང་གང་ལ་གཏོད། །ཆུ་སྐྱེས་པདྨ་དྲི་ངད་འཛུམ་ལྡན་དེ། །གློ་བུར་མ་རིག་རྐྱེན་གྱིས་བ་མོས་བཅོམ། །འགྲོ་དྲུག་བུང་ཚོགས་རོ་བཅུད་གང་ལ་རོལ། །བདག་སོགས་བློ་ཕུག་སུ་དང་གང་ལ་གཏད། །བདེ་སྒྲོན་ལ་སོགས་ཤེས་རབ་ན་ཆུང་རྣམས། །གཙུག་གི་ནོར་བུ་མི་མངོན་དབྱིངས་ལ་གཤེགས། །བློ་ཕུགས་དཔུང་གཉེན་གཏད་སོ་གང་ལ་བྱེད། །ཀྱེ་མ་ཀྱེ་ཧུད་ཅི་བྱེད་བླ་མ་རྗེ། །ཀྱེ་མ་ཀྱེ་མ་ཨ་རེ་ཨང་ན་ཨ། །གུ་རུ་ཌཱ་ཀི་སིདྡྷི་ཡེ་ཧཱུཾ། བརྗོད་མེད་བརྗོད་བྲལ་ནམ་མཁའི་ངང་། །སྐྱེ་མེད་སྐྱེས་བྲལ་ནམ་མཁའི་ངང་། །འཇིག་མེད་འཇིག་བྲལ་ནམ་མཁའི་ངང་། །གཉིས་ཆོས་གཉིས་མེད་ནམ་མཁའི་ངང་། །འགྱུར་མེད་འོད་གསལ་དེ་ལ་འདུད། །ཕྱི་ནང་གཞན་གསུམ་ཆོས་རྣམས་ཀུན། །གདོད་ནས་སྐྱེ་མེད་ཆོས་སྐུའི་དབྱིངས། །མིན་ལ་ཡིན་ཟེར་བྱས་པ་མིན། །ཡིན་ལ་ཡིན་བཞིན་ཐ་སྙད་བརྗོད། །མྱ་ངན་བྱེད་དང་མཁན་པོ་གཉིས། །མཁའ་ལྟར་མཉམ་པ་ཉིད་ཀྱི་ངང་། །ཡེ་སྟོང་གདོད་ནས་གཞི་རྩ་བྲལ། །ལྷུན་གྲུབ་བདེ་ཆེན་རང་བྱུང་དབྱིངས། །བཅོས་ན་འཁོར་བའི་གཞི་རྩར་གདའ། །མ་བཅོས་རང་བཞག་མྱ་ངན་འདས། །གཉིས་སྣང་དག་ན་འགྲོ་སར་ཕྱིན། །ཕྱིན་བྱ་ཕྱིན་བྱེད་མིང་འདོགས་བྲལ། །ཐ་སྙད་དྲི་ཟའི་གྲོང་ཁྱེར་ལ། །ནམ་ཡང་བདེན་པ་ཡོད་སྲིད་ན། །མཐོ་དམན་སྣ་ཚོགས་སྣང་བ་དེ། །མི་རྟག་སྐད་ཅིག་གཅིག་གིས་འཇིག །ཆོས་ཀྱི་མཚན་ཉིད་གོང་བཞིན་དུ། །སྨྲེ་སྔགས་མྱ་ངན་ག་ན་རིག །སྐྱེ་མེད་ནམ་མཁའི་རྣལ་འབྱོར་དང་། །སྐྱེ་མེད་ཆོས་ལ་བྱན་པོ་ཚུད། །སྐྱེ་བའི་ཆོས་རྣམས་དབྱིངས་སུ་སྟོར། །སྐྱེ་བ་འདོད་རྣམས་ཅི་དགོངས་མཛོད། །གཉུག་མ་ཚིགས་སུ་བཏོན་པ་ལ། །ཉེས་པ་ཡོད་སྲིད་རྗེ་ལ་བཤགས། །དྲི་མེད་ནོར་བུའི་འཕྲེང་བ་དེས། །མ་རྣམས་ཟུག་རྔུ་ཞི་གྱུར་ཅིག །ཅེས་པ་འདི་ནི་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་བུདྡྷ་ཏཱ་རེ་དགུང་ལོ་ཉི་ཤུ་རྩ་གཉིས་ཐོག་ཏུ་གློ་བུར་རྐྱེན་གྱིས་མཁའ་སྤྱོད་དུ་གཤེགས་པ་ལ་གཙོ་མོའི་འཁོར་རྣམས་ཀྱིས་མྱ་ངན་དང་སྨྲེ་སྔགས་མཛད་པའི་དུས་སུ་ནམ་མཁའི་རྣལ་འབྱོར་གྱིས་སྦྱར་བའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ། ཌཱ་ཀི་ཡེ་ན་མོ། ན་ཐའི་ཚོགས་ལ་འདུད། མཐའ་བྲལ་བྲལ་ཐོབ་མི་མངའ་ནམ་མཁའི་སྐུ། །བརྗོད་བྲལ་བྲལ་ཐོབ་མི་མངའ་ནམ་མཁའི་གསུང་། །བློ་བྲལ་བྲལ་ཐོབ་མི་མངའ་ནམ་མཁའི་ཐུགས། །བྲལ་ཐོབ་རང་གྲོལ་བླ་མའི་ཞབས་ལ་འདུད། །ཨེ་མ་ཧོ། སྣང་སྲིད་ཆོས་རྣམས་ནམ་མཁའི་དབྱིངས་སུ་རྫོགས། །མཐའ་བྲལ་ལྷུན་གྲུབ་བདེ་ཆེན་དབྱིངས་སུ་ཐིམ། །ནམ་མཁའི་པད་མོ་གདགས་གཞི་མཐའ་དང་བྲལ། །མཐའ་བྲལ་ལྟ་བ་བླ་མའི་ཞབས་ལ་འདུད། །ཨེ་མ་ཧོ། མཁའ་ཁྱབ་དབྱིངས་ནས་རྟ་བདུན་རྒྱལ་པོ་གསལ། །འོད་གསལ་ལྷུན་གྲུབ་དུས་གསུམ་འགྱུར་བ་མེད། །ཚ་ཟེར་སྙིང་པོ་གདོད་ནས་དག་པའི་ཀློང་། །འོད་གསལ་སྒོམ་པ་བླ་མའི་ཞབས་ལ་འདུད། །ཨེ་མ་ཧོ། གཏིང་ཟབ་གཡོ་མེད་འཁྱིལ་པའི་ཀློང་ཡངས་ནས། །སྣ་ཚོགས་རང་གྲོལ་ཆབ་དང་དབྱེར་མི་ཕྱེད། །མ་ལུས་རྐྱེན་སྣང་ཆོས་ཉིད་རོལ་པའི་དཔལ། །རང་གྲོལ་སྤྱོད་པ་བླ་མའི་ཞབས་ལ་འདུད། །ཨེ་མ་ཧོ། ཐོབ་འདོད་ཞེན་པ་མཁའ་ལ་མདུད་པ་བོར། །འཁོར་འདས་ཆོས་ལ་རེ་དོགས་དབྱིངས་སུ་ནུབ། །བྱ་བྱེད་རྩོལ་བ་དབང་པོའི་གཞུ་ལྟར་གསལ། །གཉིས་མེད་འབྲས་བུ་བླ་མའི་ཞབས་ལ་འདུད། །སྟོང་ཉིད་རལ་གྲི་ཐོག་གི་བུ་ཡུག་དེ། །དབྱིབས་ལེགས་ངར་ལྡན་བདེ་ཆེན་བྷིག་ལ་བདར། །འཁྲུལ་རྟོག་ཐེག་དམན་འཁོར་འདས་སྲོག་རྩ་བཅད། །ཤེས་རབ་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །བསམ་གཏན་གནད་དྲུག་བདེ་ཆེན་དཀྱིལ་འཁོར་ན། །ཞི་ལྷག་རྩེ་གཅིག་མི་གཡོ་གནད་དང་ལྡན། །སྤང་ཐོབ་མ་ལུས་དབྱིངས་ཀྱི་རོལ་པ་ཅན། །བསམ་གཏན་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །ཚོགས་དྲུག་རླུང་གི་མདོ་རྒོད་ཆེན་པོ་དེ། །དྲན་པ་ཡེངས་མེད་ཞོན་ནས་བདེ་བར་རྒྱུགས། །མི་རྟག་ལོང་མེད་དྲན་ནས་ལྕག་གིས་བྲབ། །བརྩོན་འགྲུས་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །ཕྲག་དོག་ཅན་གྱིས་ས་མདའ་ཚ་ན་ཡང་། །སྟོང་གསལ་བརྩན་པའི་ཕུབ་ཅུང་ཕྲག་ལ་དཔའ། །དུག་ལྔ་ལ་སོགས་དམག་ཚོགས་ཀུན་ལས་རྒྱལ། །བཟོད་པའི་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །རྣམ་དག་ཚུལ་ཁྲིམས་ཆུ་སྐྱེས་པད་མའི་ཚལ། །དྲི་ངད་མདངས་ལྡན་བདེ་སྟོང་དགའ་བའི་བཅུད། །བུང་ཚོགས་སྟོང་ཉིད་ཤེས་རབ་ཆེན་པོར་རོལ། །ཚུལ་ཁྲིམས་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །གཞན་ཕྱིར་འབད་མེད་ལྷུན་གྲུབ་ལུས་དང་སྲོག །གནད་ཟབ་གདམས་པ་འགྲོ་ལ་ལྟོས་མེད་སྦྱིན། །སྟོང་ཉིད་འོད་གསལ་སྙིང་རྗེ་མཐའ་རུ་ཕྱིན། །སྦྱིན་པའི་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །ཐབས་ལྡན་ཤེས་རབ་བསྐྱང་བ་གནད་ཀྱི་མཆོག །མཁས་བཙུན་ཡོན་ཏན་བརྟེན་པ་ཐབས་དང་ལྡན། །དབང་རིམ་གསུམ་ལ་མ་འདྲེས་སོ་སོར་འབྱེད། །ཐབས་ཀྱི་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །སྣ་ཚོགས་ཆོས་རྣམས་ལྗོན་ཤིང་རྒྱས་པ་ལ། །ཐ་སྙད་ལོ་འདབ་སོ་སོར་རྩིས་གདབ་བྲལ། །གཅིག་ཤེས་ཀུན་གྲོལ་ལྗོན་ཤིང་རྩ་བ་ཆོད། །སྟོབས་ཀྱི་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །སྣ་ཚོགས་ཆོས་རྣམས་ཡེ་ཤེས་རོལ་པ་ཅན། །ངོ་བོ་སྟོང་ཉིད་དབྱིངས་ལས་འགྱུར་བ་མེད། །དབྱེར་མེད་རོ་མཉམ་གསེར་གྱི་རང་བཞིན་མཆོག །ཡེ་ཤེས་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །དགེ་དང་མི་དགེ་ལུང་མ་བསྟན་གྱི་ཆོས། །བླ་མེད་དབྱིངས་ལ་འཁོར་གསུམ་མི་དམིགས་པའི། །གནད་ཀྱི་སྟོང་ཉིད་རྒྱས་འདེབས་ཆེན་པོའི་ངང་། །སྨོན་ལམ་རྩལ་རྫོགས་བླ་མའི་ཞབས་ལ་འདུད། །ཨོཾ་བུདྡྷ་ཨ་ཏཱ་རེ་ཧཱུཾ་ཡཱེ་ན་མོ། སྲིད་པའི་མཚོ་ལས་སྒྲོལ་བའི་དཀོན་མཆོག་གསུམ། །མ་ལུས་གསང་དོན་སྨྲ་བ་རྒྱལ་བའི་དབང་། །རང་གྲོལ་མཁའ་ལྟར་དག་པའི་མཚན་ཉིད་ཅན། །དག་པ་ཉིད་ལྡན་མི་འགྱུར་ཁྱོད་ལ་འདུད། །ཀུན་མཛེས་བློ་གྲོས་ཡངས་མ་སྐྱེས་དམན་གྱིས། །རྒྱུད་ལ་གོ་ཚོད་མི་དགག་སྙན་དུ་གསོལ། །ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ནས། །རྟོག་གེའི་ཚིག་ལ་མ་ཞེན་ནས། །མཐའ་བྲལ་ལྷུན་གྲུབ་ཀྱི་ལྟ་བ་གོ། ཕྱོགས་རིས་བྱེད་པའི་ན་ཆུང་མིན། །མཚན་འཛིན་དམིགས་བྱས་ཀྱི་ན་ཆུང་མིན། །སྣང་གྲག་གྲོགས་ཤར་གྱི་སྤྱོད་པ་གོ །ཚུལ་འཆོས་དགག་སྒྲུབ་ཀྱི་ན་ཆུང་མིན། །རེ་དོགས་བྲལ་བའི་འབྲས་བུ་གོ །ཡིད་གཉིས་ཐེ་ཚོམ་གྱི་ན་ཆུང་མིན། །མ་བཅོས་ཐ་མལ་གྱི་ཤེས་པ་དེ། །རྩ་བྲལ་མཁའ་ལྟར་དག་པ་གོ།ཤུགས་འབྱུང་གི་སྒྲོ་འདོགས་ནང་ནས་ཆོད། །ཡོད་མེད་ཀྱི་མཐའ་ལས་འདས་པར་གོ །དུས་གསུམ་གྱི་ངོ་བོ་སྟོང་པར་གྲོལ། །འཁོར་འདས་རོ་མཉམ་ཡིན་པར་འདུག །བར་དོ་གསུམ་པོ་གཅིག་ཏུ་གོ །རང་བཞིན་ལྷུན་གྱིས་གྲུབ་པར་ཐལ། །རང་ལས་གཞན་དུ་མེད་པར་གོ །སྤང་རྒྱུ་གཅིག་བྱུང་ན་འཁྲུལ་པར་གོ །རྟོགས་རྒྱུ་གཅིག་བྱུང་ན་འཁྲུལ་པར་གོ །རང་བྱུང་འོད་གསལ་ལྷུན་གྲུབ་དེ། །ཡེ་ཐོག་གི་སངས་རྒྱས་ཡིན་པར་གོ །དེ་དང་འདུ་འབྲལ་མ་མཆིས་པས། །དུས་གཏན་སྐྱིད་ཀྱི་ཕ་ཡུལ་ཟིན་ནས་གདའ། །གཏན་བདེའི་སྐུ་མཁར་རྩ་ནས་གདའ། །གཏན་ལེགས་ཀྱི་སོ་ནམ་ཚར་ནས་གདའ། །གཏན་དགའི་བྱ་བ་ཚར་ནས་གདའ། །ཚིག་ཚོགས་མང་དུ་ཤེས་པ་ཡི། །མཁས་བཙུན་རློམ་པའི་བཤེས་གཉེན་ལ། །སྐྱེ་བ་དམན་ཏེ་སྨོན་རྒྱུ་མེད། །ད་ཇི་ལྟར་བྱས་ཀྱང་སོ་ནམ་ཚར། །འགྲོ་ན་སྐྱེ་མེད་མཁའ་ལ་འགྲོ། །འདུག་ན་འོད་གསལ་དབྱིངས་ལ་འདུག །བཟའ་ན་བདེ་ཆེན་ཏིང་འཛིན་ཟ། །བྱེད་ན་ཤུགས་འབྱུང་འགྲོ་དོན་བྱེད། །གསོག་ན་གཏན་བདེའི་གཏན་ནོར་བསགས། །ཡོད་ན་སྐུ་གསུམ་ནོར་བདུན་ཡོད། །མེད་ན་སྒྲིབ་གསུམ་དྲི་མ་མེད། །སྐྱེ་འཆི་གཉིས་ལ་ཉམ་ང་མེད། །སྐྱེས་དམན་ན་ཆུང་གི་གོ་བ་འདི། །བླ་མེད་བླ་མ་རྗེ་ལ་འབུལ། །བཞེས་ཤིག་མཆོད་ཅིག་རོལ་པར་མཛོད། །ཆོས་ཉིད་ངང་ལ་ཨེ་མ་ཧོ། །ཞེས་པ་འདི་ནི་ཌཱ་ཀི་ཀུན་མཛེས་བློ་གྲོས་ཡངས་མས་ནམ་མཁའི་རྣལ་འབྱོར་ལ་རྟོགས་པ་ཕུལ་བའི་མགུར་གསུངས་སོ། །
༈ བུདྡྷ་ཨོཾ་ཏཱ་རེ་ཨ་ཚོགས་ལ་ཧཱུཾ་ཡེ་ན་མོ། སངས་རྒྱས་སེམས་ཅན་མིང་འདོགས་བྲལ་བའི་ཐུགས། །སྣང་གྲག་མ་ལུས་སྦྱང་མཛད་རྒྱལ་བའི་གསུང་། །སྣང་བརྙན་མ་འགགས་སྣང་སྟོང་ཆུ་ཟླའི་སྐུ། །འབྲེལ་ཚད་དོན་ལྡན་རྒྱལ་ཡུམ་སངས་རྒྱས་སྒྲོན། །ཐོས་གྲོལ་དབང་པོ་ཁྱོད་ཉིད་ཞབས་ལ་འདུད། །ཛྙཱ་ན་ཏ་ལེས་ལེགས་པོར་ཐུགས་ཡིད་བརྟེན། །བདག་གི་ཟོལ་ཟོག་མ་ཡིན་འདི་ལྟར་མཆིས། །སྔོན་དུ་དགེ་བཅུ་ཚུལ་བཞིན་སྤྱོད་པ་ཡིན། །ད་ལྟ་ཞིང་ཁམས་བཅུ་ལ་དབང་སྒྱུར་ཡིན། །སྔོན་དུ་སངས་རྒྱས་རབ་བདུན་མཉེས་པ་ཡིན། །ད་ལྟ་འཕགས་ནོར་བདུན་ལ་དབང་འབྱོར་ཡིན། །སྔོན་དུ་རིགས་ལྔའི་དམ་ཚིག་སྲུང་བ་ཡིན། །ད་ལྟ་སྐུ་ལྔ་འབད་མེད་དབང་འབྱོར་ཡིན། །སྔོན་དུ་དབང་བཞི་ཚུལ་བཞིན་གོམས་པ་ཡིན། །ད་ལྟ་དགའ་བཞི་མངོན་སུམ་དབང་འབྱོར་ཡིན། །སྔོན་དུ་སྒྲིབ་གསུམ་རྩ་བ་ཆོད་པ་ཡིན། །ད་ལྟ་སྐུ་གསུམ་འབད་མེད་དབང་འབྱོར་ཡིན། །སྔོན་དུ་རིམ་གཉིས་ཡ་མ་བྲལ་བ་ཡིན། །ད་ལྟ་ཟུང་འཇུག་དོན་ལ་དབང་འབྱོར་ཡིན། །སྔོན་དུ་ཉག་གཅིག་རྩ་བ་ཆོད་པ་ཡིན། །ད་ལྟ་གཅིག་ཤེས་ཀུན་ལ་མཁས་པ་ཡིན། །གཅིག་ཤེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི་དགོངས་པ་དྲི་མ་མེད་པ་ཁམས་རང་བཞིན་གྱིས་རྣམ་པར་དག་པ། ཐོག་མའི་མགོན་པོ་འོད་མི་འགྱུར་བ། ཚད་དང་གཞལ་དུ་མ་མཆིས་པ། སངས་རྒྱས་དང་སེམས་ཅན་ཀུན་ལ་མཉམ་པར་བཞུགས་པ། སངས་རྒྱས་ཀྱིས་བྱས་པ་མ་ཡིན་པ། སེམས་ཅན་གྱིས་བསླད་པ་མ་ཡིན་པ། དུས་གསུམ་དུ་རྒྱུན་མི་འཆད་པ་གཅིག་ཡིན་ནོ། །དེའི་ངོ་བོ་དེ་ཇི་ལྟ་བུ་ཞིག་ཡིན་ན། ཤེས་པ་སྔ་མ་ནི་འདས། ཕྱི་མ་ནི་མ་སྐྱེས། ད་ལྟར་གྱི་ཤེས་པ་གསལ་དང་ངེ་བ་སིང་ངེ་ལྷོད་དེ་མེར་རེ། འབོལ་ལེ་ཧྲིག་གེ་དེའི་ངང་ལ་དེ་ཡི་རྫི་རྩི་དང་མ་བྲལ་བར་སྤྱོད་ལམ་མཉམ་རྗེས་ཀྱི་དུས་སུ། མ་ཡེངས་ཡེངས་མེད་ཀྱི་ངང་ལ་གནས་པ་དེ་ཡིན་པར་གདའོ། །དེའི་དོན་ལ་དུས་ད་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་ཟིན་ནས། ཁོ་མོ་ལྟ་བུ་སྐྱེ་འཆི་གཉིས་ལ་ཉམ་མི་ང་བ། འཁོར་འདས་ཀྱི་ཆོས་ལ་བྱན་པོ་ཚུད་ནས། འགྲོ་དོན་འབད་མེད་ཤུགས་འབྱུང་གི་ནུས་པ། རེ་དོགས་གཉིས་ཀྱི་མཐའ་དང་བྲལ་བའི་གདིང་མ་ཐོབ་ཀྱི་བར་དུ་མི་གཡོ་བར་བྱའོ། །གཞན་མཁས་བཙུན་བཟང་གསུམ་འཛོམས་སེན་ཟེར་བ་ཕལ་གྱིས་དུས་ནམ་ཞིག་གི་ཚེ། སངས་རྒྱས་ཟེར་བའི་གཡེར་པོ་ཆེ་དེ། སྐུ་ཞལ་ཕྱག་གིས་བརྒྱན་ནས་མངོན་དུ་སྟོན་པ་གཅིག་ཡིན་པར་འདོད་དོ། །སྐྱེས་དམན་ན་ཆུང་ཐོས་བསམ་གྱིས་དབེན་པ་བདག་གིས་སངས་རྒྱས་གྲུབ་ཐོབ་རྣལ་འབྱོར་རྟོགས་ལྡན། སྒོམ་ཆེན་མང་པོ་གཅིག་བརྗོད་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་དེ་མངོན་དུ་གྱུར་པ་ལ་བྱའོ། །དེས་ན་དུས་ཐམས་ཅད་དུ་དེ་ལྟར་བརྩོན་པར་མཛོད་ཅིག །ཡང་འདི་ལྟར་ཐམས་ཅད་ཀྱིས་ངག་ཟློས་འབད་པར་མཛོད་ཅིག །སྔར་འདས་ཀྱི་བླ་མས་དབུ་མཛད་པའི་སླད་ནས་འབྱོན་པ་ཡན་ཆད་ཀྱིས་མཁྱེན་བརྩེའི་སྒོ་ནས་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་ཐུགས་རྗེས་ཟུང་། །བསྟན་བདག་ཐུབ་པས་དབུ་མཛད་པའི། །གྲུབ་ཐོབ་སྤྲུལ་སྐུ་ཡན་ཆད་ཀྱིས། །མཁྱེན་བརྩེའི་སྒོ་ནས་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་ཐུགས་རྗེས་ཟུང་། །གསང་བའི་ཡུམ་གཅིག་དབུ་མཛད་པའི། །གནས་གསུམ་སྤྲུལ་སྐུ་ཡན་ཆད་ཀྱིས། །མཁྱེན་བརྩེའི་སྒོ་ནས་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་ཐུགས་རྗེས་ཟུངས། །མདོ་རྒྱུད་བསྟན་བཅོས་དབུ་མཛད་པའི། །སྐྱབས་སེམས་སྒྲིབ་སྦྱོང་ཡན་ཆོད་ཀྱིས། །མཁྱེན་བརྩེའི་སྒོ་ནས་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་ཐུགས་རྗེས་ཟུང་། །རྟོགས་པ་ཤར་བས་དབུ་མཛད་པའི། །བསྟན་སྒོར་ཞུག་པ་ཡན་ཆད་ཀྱིས། །མཁྱེན་བརྩེའི་སྒོ་ནས་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་ཐུགས་རྗེས་ཟུང་། །ཕྱག་རྒྱ་ཆེན་པོས་དབུ་མཛད་པའི། །ངོ་སྤྲོད་ཚིག་གཅིག་ཡན་ཆད་ཀྱིས། །མཁྱེན་བརྩེའི་སྒོ་ནས་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་ཐུགས་རྗེས་ཟུང་། །ལྟ་བ་རྟོགས་པར་བྱིན་གྱིས་རློབས། །བདེ་གཤེགས་སྙིང་པོས་དབུ་མཛད་པའི། །རང་དགར་སྤྱོད་པ་ཡན་ཆོད་ཀྱིས། །མཁྱེན་བརྩེའི་སྒོ་ནས་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་ཐུགས་རྗེས་ཟུང་། །ལྟ་བ་རྟོགས་པར་ཐུགས་རྗེས་ཟུང་། །སྒོམ་པ་མྱོང་བར་ཐུགས་རྗེས་ཟུངས། །སྤྱོད་པ་གྲོལ་བར་ཐུགས་རྗེས་ཟུང་། །འབྲས་བུ་རེ་མེད་ཐུགས་རྗེས་ཟུང་། །ངོ་བོ་བདེ་བར་ཐུགས་རྗེས་ཟུང་། །རང་བཞིན་གསལ་བར་ཐུགས་རྗེས་ཟུང་། །མཚན་ཉིད་གཉིས་མེད་ཐུགས་རྗེས་ཟུང་། །སྐྱེ་ཤི་བར་དོར་འཁྲུལ་པ་སོལ། །རང་བཞིན་ལྷུན་གྲུབ་བདེ་གྱུར་ཅིག །སྭ་སྟི་བུམ། ཨེ་མ་ཧོ། ཀུན་ལ་མཛེས་པས་ཀུན་གྱིས་གཙུག་ཏུ་ཁུར། །བློ་གྲོས་ཡངས་པས་མ་ལུས་བདེ་ལ་བཀོད། །ཛྙཱ་ན་ཏ་ལེའི་ཐུགས་དགྱེས་དེ་ལ་མཛོད། །ཀུན་མཛེས་ཆོས་ཉིད་བློ་གྲོས་བཀྲ་ཤིས་ཤོག །འདི་ལྟར་བརྗོད་ལ་ཉེས་པའི་ཚོགས་རྣམས་ཀུན། །རྒྱལ་དང་དེ་སྲས་སེམས་མའི་ཚོགས་ལ་བཤགས། །ཟབ་དོན་ངོ་སྤྲོད་སྨོན་ལམ་འདི་བཏབ་མཐུས། །ཌཱ་ཀི་རྒྱ་མཚོའི་ཚོགས་དང་མི་འབྲལ་ཤོག །ཨ་ཨ་ཨེེ་མངྒ་མ་མ་གྷ་ཧཱུཾ་ཧོ། ཞེས་པ་འདི་ནི་ཌཱ་ཀི་ཀུན་མཛེས་བློ་གྲོས་ཡངས་མས་ཛྙཱ་ན་ཏ་ལེ་ལ་ཐུགས་དགྱེས་བཞིན་དུ་གསུངས་པའོ། །
༈ གུ་རུ་ཙཀྲ་སཾ་བྷ་ར་སིདྡྷི་ཡེ་ན་མོ། ཆོས་ཀྱི་མཁའ་དབྱིངས་མི་འཇིག་རྒྱུ་རྐྱེན་བྲལ། །འབྱུང་བཞིའི་ལུས་ལ་རྒྱུ་རྐྱེན་མཚན་མ་བྲལ། །སྒྲོན་མ་མངོན་བྱོན་འཇིགས་པ་བརྒྱད་སྐྱོབ་ཡུམ། །པད་ཅན་ཞེས་བྱའི་ཞབས་པད་སྤྱི་བོས་ལེན། །རིགས་ལྡན་མོས་ལ་མཁྱེན་པས་གཟིགས་སུ་གསོལ། །ཨ་ནན་ཀླཀྵས་ཐུགས་ཡིད་བརྟན་ནས་གནས། །ན་ཆུང་བདག་གིས་ངོ་སྤྲོད་མི་མངའ་སྟེ། །ཌཱ་ཀིའི་ཟབ་དོན་ཐུགས་བཅུད་བཞེངས་སྙམ་པས། །ངོ་མཚར་ཆེ་བས་འདི་ལྟར་སྙན་དུ་གསོལ། །སྔོན་བསགས་སྟོབས་ཀྱིས་ཡུལ་དབུས་དབང་པོ་ཚང་། །ལས་མཐའ་མ་ལོག་དཀོན་མཆོག་གསུམ་ལ་བརྟེན། །ད་ཡང་ཚུལ་བཞིན་འདི་ལྟར་ཉམས་ལེན་ཞུ། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་ཀུན། །ཡེ་ནས་སྟོང་པའི་རང་གཟུགས་ཤར་བ་ཡིན། །ཤར་ཡང་དེར་འཛིན་མཚན་མ་རང་སར་དག །བཅིང་གྲོལ་མེད་པའི་ངང་ལ་གནས་པར་མཛོད། །ཕྱི་ནང་ཆོས་རྣམས་རང་གིས་རིག་པ་ན། །སྐྱེ་བོ་གང་ཡིན་དེ་བཞིན་ཉིད་དུ་གྲོལ། །འཁོར་བའི་གནས་ནས་དྲི་མ་མེད་པར་དག །འཁོར་བའི་ཆོས་རྣམས་མྱང་འདས་ཆེན་པོར་གྱུར། །འཁོར་བ་སྤང་བྱར་མ་འདོད་དེ་རང་འདས། །ཡིན་ལ་ཡིན་བཞིན་དེ་ལྟར་ཤེས་པར་མཛོད། །ང་སྐྱེས་དམན་ན་ཆུང་བློ་རེ་བདེ་བ་ལ། །ཡེ་ཐོག་དུས་ནས་ཡོད་པ་རྒན་མོ་ཡིན། །འབྱུང་བཞི་གྱ་དུབ་མ་མྱོང་གཞོན་ནུ་ཡིན། །སྣང་སྲིད་རང་སར་གྲོལ་བའི་ལྟ་བ་ཡིན། །རང་གྲོལ་རྒྱུན་ཆད་མེད་པའི་སྒོམ་པ་ཡིན། །མཉམ་རྗེས་སྤྱོད་ལམ་ཡེངས་མེད་སྤྱོད་པ་ཡིན། །འགྲོ་དོན་འབད་མེད་ལྷུན་གྲུབ་འབྲས་བུ་ཡིན། །དེ་རྣམས་བཏགས་པ་མིང་གི་རྒྱལ་མཚན་ཡིན། །དོན་ལ་འདི་ཞེས་བརྗོད་ཡུལ་འདས་པ་ཡིན། །དེ་མེད་ཆད་མ་ཡིན་ངོ་བོ་རྗེན་པ་ཡིན། །ཡོད་པ་མ་ཡིན་དབང་པོའི་གཞུ་བཞིན་ཡིན། །ཡ་བྲལ་མ་ཡིན་ཟུང་འཇུག་ཆོས་སྐུ་ཡིན། །མཚན་ཉིད་གསུམ་ལྡན་གསལ་བ་ལོངས་སྐུ་ཡིན། །མ་འགགས་སྣ་ཚོགས་འཆར་བ་སྤྲུལ་སྐུ་ཡིན། །དེ་རྣམས་ཐམས་ཅད་ངོ་བོ་གཅིག་པ་ཡིན། །ཡིན་བཞིན་བདག་གིས་དེ་ལྟར་རྟོགས་པ་ཡིན། །ང་བོ་མ་ཡིན་རྒྱལ་བའི་ཡུམ་གྱུར་ཡིན། །ཁེ་གྲགས་མ་ཡིན་བློ་བདེ་མངའ་བ་ཡིན། །ཟོལ་ཟོག་མ་ཡིན་སངས་ཅུང་ཆུང་རྒྱས་པ་ཡིན། །ཡིན་ལ་ཡིན་བཞིན་ཁྱེད་ལ་སྨྲས་པ་ཡིན། །བཟང་མདོག་མིན་ཏེ་བདག་བཞིན་འདོད་པ་ན། །ཟབ་དོན་མཁའ་འགྲོའི་ཐུགས་བཅུད་རྗེན་པ་རྣམས། །མྱུར་བར་མྱུར་བར་བཞེངས་ལ་འབད་མཛོད་དང་། །བདག་དང་མཉམ་དུ་སྐྱེ་བ་ང་རང་ཤེས། །ཨེ་བདེན་མི་བདེན་དུས་ཀྱིས་གསལ་བ་ཡིན། །ཀུན་མཁྱེན་ཆོས་བདག་རྣམས་ཀྱི་བདེན་སྟོབས་ཀྱིས། །དགའ་ལྡན་གནས་སུ་བྱམས་མགོན་ཞབས་དྲུང་དུ། །འབུམ་ཕྲག་བྱེ་བའི་ཚོགས་ཀྱི་མཁའ་འགྲོ་དང་། །སྟོང་ཉིད་བློ་གསལ་དེ་རུ་སྐྱེ་བར་ཤོག །ཨྠྀི། ཉེས་ཚོགས་བཤགས་ཤིང་དགེ་རྩ་འགྲོ་ལ་བསྔོ། །པད་ཅན་མདངས་གསལ་བློ་བདེའི་བཀྲ་ཤིས་ཤོག །ཧ་ལ་བྷ་ཀ་ཝ་དུ་རི་ཡེ་སྭཱ་ཧྭ། ལས་ཅན་བདེ་ལ་འདོད་དང་མི་འབྲལ་ཤོག །ཅེས་པ་དི་ནི་ཌཱ་ཀི་པད་ཅན་མདངས་གསལ་མས་ཨ་ནན་ཀླཀྵ་ལ་གདམས་པའོ། །
༈ གུ་རུ་ཨོཾ་ཏཱ་རེ་ཨ་ཚོགས་ལ་ཡེ་ན་མོ། རྩེ་གཅིག་ཀུན་ལ་དཀོན་པའི་དཀོན་མཆོག་གསུམ། །སྤྲོས་བྲལ་མཆོག་ཏུ་འཛིན་མེད་དེ་བཞིན་ཉིད། །རོ་གཅིག་རྒྱལ་བའི་དོན་ལ་བསམ་མི་ཁྱབ་པས། །སྒོམ་མེད་མཚན་ཉིད་གསུམ་ལྡན་རྒྱལ་གྱུར་ཀྱེས། །སྐྱེས་དམན་མཚན་བཟང་ཡང་མས་འདི་ལྟར་གོ །ཕྱི་ཡི་ཁྱུང་ཆེན་མཁའ་ལ་ལྡིང་ན་ཡང་། །ན་ཆུང་གི་ཁྱུང་ཆེན་ནང་གི་དབྱིངས་ནས་ལྡིང་། །ལྡིང་བའི་ཕྱོགས་ནས་འདྲ་མོ་སྣང་ན་ཡང་། །ན་ཆུང་རྟོགས་གྲོལ་དུས་མཉམ་ལྟ་བ་ཡིན། །ལྟ་བའི་ཕྱོགས་ནས་སྐྱེས་དམན་འགྱོད་པ་མེད། །ཕྱི་ཡི་ཉི་མ་ཤར་ནས་ཤར་ན་ཡང་། །ན་ཆུང་གི་ཉི་མ་ནུབ་ཀྱི་དབྱིངས་ནས་ཤར། །ཤར་བའི་ཕྱོགས་སུ་འདྲ་མོ་སྣང་བ་ཡང་། །ན་ཆུང་རྟོགས་གྲོལ་དུས་མཉམ་སྒོམ་པ་ཡིན། །སྒོམ་པའི་ཕྱོགས་ནས་སྐྱེ་དམན་འགྱོད་པ་མེད། །ཕྱི་ཡི་ཆུ་བོ་ཐུར་དུ་འབབ་ན་ཡང་། །ན་ཆུང་སྟོང་ཉིད་ཆུ་བོ་གྱེན་དུ་བབས། །འབབ་པའི་ཕྱོགས་སུ་འདྲ་མོ་སྣང་ན་ཡང་། །ན་ཆུང་རྟོགས་གྲོལ་དུས་མཉམ་སྤྱོད་པ་ཡིན། །ཕྱིའི་རྒྱ་མཚོ་ཀོར་མོར་འཁྱིལ་ན་ཡང་། །ན་ཆུང་སྟོང་ཉིད་འོད་གསལ་དབྱིངས་སུ་འཁྱིལ། །འཁྱིལ་བའི་ཕྱོགས་སུ་འདྲ་མོ་སྣང་ན་ཡང་། །ན་ཆུང་རྟོགས་གྲོལ་དུས་མཉམ་འབྲས་བུ་ཡིན། །ཡིན་བཞིན་མཚན་ཉིད་གསུམ་ལྡན་འདི་དག་འབུལ། །དབྱེ་བསལ་བཟང་ངན་བྲལ་བའི་ངང་ནས་བཞེས། །སྐྱེ་མེད་ཡོངས་རྫོགས་དབྱིངས་ནས་བཞེས་སུ་གསོལ། །འགྲོ་རྣམས་མ་ལུས་ཐར་བའི་དབྱིངས་སུ་དྲོངས། །ཨྠྀི། ཧོ། ཉེས་ཚོགས་བཤགས་ཅིག་དགེ་རྩ་འགྲོ་ལ་བསྔོ། །གུ་རུ་བདེ་ལ་རཏྣ་འདོད་པར་ཤོག །སྤྱིལ་ཆུང་ཙམ་ལ་ཨེ་མ་ཧོ། ཨོཾ་གུ་རུ་ཨ་ཏཱ་རེ་ཧཱུཾ་ཡེ་ན་མོ། སྲིད་པའི་འཆིངས་ལས་སྒྲོལ་མཛད་བླ་ན་མེད། །ཨེ་བཾ་མ་ཡ་གསང་དོན་བཅུད་བསྡུས་མཛད། །རྟ་བདུན་རྒྱལ་ལྟར་གླིང་བཞི་སྒྲོན་མཛད་ཡུམ། །ཟག་མེད་རྒྱལ་ཡུམ་གུ་རུ་སྒྲོན་ལ་འདུད། །རིགས་ཀྱི་སྐྱེས་བུ་མ་གྷ་བྷ་ཏྲ་ཞེས། །མཚན་བཟང་ཡོངས་རྫོགས་མ་ལ་ཐུགས་ཡིད་འཚལ། །བདག་ལ་འདི་ལྟར་ཐུགས་ལ་ཤར་བ་ཡིན། །ཆོས་ཉིད་རྩེ་གཅིག་རྒྱུད་ལ་སྐྱེས་པའི་དུས། །འགྱུར་མེད་ལྷུན་གྱིས་གྲུབ་པ་བྱ་བ་ཡིན། །མཁའ་ལྟར་སྤྲོས་བྲལ་རྒྱུད་ལ་སྐྱེས་པའི་དུས། །བསམ་འདས་གཉིས་མེད་བྱ་བའི་དུས་ཉིད་ཡིན། །དུ་མ་རོ་གཅིག་རྒྱུད་ལ་སྐྱེས་པའི་དུས། །བསམ་འདས་བསམ་གྱིས་མི་ཁྱབ་བྱ་བ་ཡིན། །རེ་མེད་སྒོམ་མེད་རྒྱུད་ལ་སྐྱེས་པའི་དུས། །རྣམ་དག་སྐྱེ་མེད་རང་གྲོལ་བྱ་བ་ཡིན། །ཨྠྀི། སེམས་ཀྱི་ངོ་བོ་རང་བཞིན་མཚན་ཉིད་གསུམ། །ངོ་བོ་གསལ་ལ་རྟོགས་པ་མེད་པ་ཡིན། །རང་བཞིན་སྐྱེ་འགག་གནས་གསུམ་བྲལ་བ་ཡིན། །མཚན་ཉིད་འཁོར་འདས་དུ་མར་སྣང་བ་ཡིན། །དེ་གསུམ་དབྱེར་མེད་ངོ་བོ་གཅིག་པ་ཡིན། །དེ་ཡང་རྣལ་འབྱོར་བཞི་དང་སྦྱར་བ་ཡིན། །རྩེ་གཅིག་དུས་སུ་ངོ་བོ་རྟོགས་པ་ཡིན། །སྤྲོས་བྲལ་དུས་སུ་རང་བཞིན་རྟོགས་པ་ཡིན། །རོ་གཅིག་དུས་སུ་མཚན་ཉིད་རྟོགས་པ་ཡིན། །སྒོམ་མེད་དུས་སུ་འདོད་པ་ཟད་པ་ཡིན། །ཉམས་སུ་ཚུལ་བཞིན་དེ་ལྟར་ལེན་པ་ཡིན། །མདོ་རྒྱུད་བསྟན་བཅོས་མདོ་དོན་བསྡུས་པ་ཡིན། །དྲང་དོན་མ་ཡིན་ངེས་དོན་རྗེན་པ་ཡིན། །ཟོལ་ཟོག་མ་ཡིན་ཕྱག་རྒྱ་ཆེན་པོ་ཡིན། །སྐྱེ་བ་དམན་ཏེ་མཁའ་འགྲོའི་མཚན་བཟང་མངའ། །ན་ཆུང་ཡིན་ཏེ་ཡང་དག་རྫོགས་སངས་རྒྱས། །མི་རྩིས་མེད་དེ་མ་དང་མཁའ་འགྲོའི་བརྒྱན། །མ་མས་ཁྱེའུ་བསྐྱངས་འདྲའི་ན་ཆུང་ཡིན། །དབྱངས་འདི་ལ་མཁའ་འགྲོའི་བྱིན་རླབས་ཆགས། །དེ་ཕྱིར་དེ་ལྟར་ཐུགས་དགྱེས་ཞུ། །དགེ་བས་འདི་དོན་མངོན་གྱུར་ཤོག །བཤགས་ཡུལ་རྣམས་ལ་ཉེས་པའི་ཚོགས་རྣམས་བཤགས། །མཚན་བཟང་ཡོངས་རྫོགས་ཌཱ་ཀིའི་བཀྲ་ཤིས་ཤོག །ཨུ་དུ་རསྨི་དངས་སྨ་འོད་ཅན་འདྲ་བ་ཡིན་རེ། ཨྠྀི། ར་མའི་ཆོས། ཞེས་པ་འདི་ནི་ཌཱ་ཀི་མཚན་བཟང་ཡོངས་རྫོགས་མ་ཞེས་བྱ་བའི་མ་གྷ་བྷ་ཏྲ་ལ་གསུངས་པའོ། །
༈ བཛྲ་བ་ར་ཧི་ཡེ་ན་མོ། བླ་མེད་གསང་དོན་ཐུགས་སུ་ཆུད་མཛད་པའི། །མ་ལུས་མཁའ་སྤྱོད་འདྲེན་མཛད་སྤྲུལ་པའི་སྐུ། །སྒྲོན་མཛད་མཁའ་འགྲོའི་མཚན་རྣམས་ཡོངས་སུ་རྫོགས། །འབྲེལ་ཚད་དོན་ལྡན་རྒྱལ་ཡུམ་དེ་ལ་འདུད། །རིགས་ལྡན་རཏྣ་ཤྲཱི་ཡི་ཐུགས་ཡིད་གཏོད། །ང་སྐྱེས་དམན་ན་ཆུང་ཐུགས་རྗེ་ཆུང་ལགས་ཀྱང་། །ཕྱི་ནང་བར་གསུམ་འདི་ལྟར་མངའ་བ་ཡིན། །གཙུག་ཏུ་གསང་བ་ཡེ་ཤེས་ཡོད། །རྒྱབ་རྟེན་པད་མ་ཌཱ་ཀི་ཡོད། །མདུན་དུ་སངས་རྒྱས་ཌཱ་ཀི་ཡོད། །གཡས་སུ་ཐབས་མཆོག་པདྨ་བཛྲ་ཡོད། །གཡོན་དུ་རིགས་མཐུན་པདྨ་ཌཱ་ཀི་ཡོད། །མཚམས་སུ་ཆོས་བདག་བཀའ་སྲུང་ཡོད། །ཕྱི་ནས་དེ་ལྟར་མངའ་བ་ཡིན། །དཔྲལ་བར་རྣམ་པར་སྣང་མཛད་ཡོད། །མགྲིན་པར་མི་བསྐྱོད་རྡོ་རྗེ་ཡོད། །སྙིང་ཁར་རིན་ཆེན་འབྱུང་ལྡན་ཡོད། །ལྟེ་བར་དོན་ཡོད་གྲུབ་པ་ཡོད། །བདེ་སྤྱོད་འོད་དཔག་མེད་པ་ཡོད། །སྙན་གཡས་འཁོར་ལོ་བཅུ་གསུམ་ཡོད། །སྙན་གཡོན་རིགས་ལྔའི་ཕྱག་མཚན་ཡོད། །ངོ་ལ་དགའ་འཁྱིལ་སུམ་བརྩེགས་ཡོད། །སྣ་ལ་དུང་ཀར་བཅུ་གསུམ་ཡོད། །ལྕེ་ལ་དབྱངས་ཡིག་ཚང་བར་ཡོད། །སོ་ལ་སངས་རྒྱས་སྟོང་སྐུ་ཡོད། །སྐྲ་ནི་མཁའ་འགྲོའི་སྐྲ་རྟགས་ཚང་། །མགུལ་དུ་རྒྱན་དྲུག་ཚང་བར་ཡོད། །ནུབ་མར་པད་མ་དམར་པོ་ཡོད། །གཡོན་དུ་པདྨ་སེར་པོ་ཡོད། །ལག་གཡས་བདེ་མཆོག་ཕྱག་མཚན་ཡོད། །ལག་གཡོན་ཕག་མོའི་ཕྱག་མཚན་ཡོད། །དེ་འཕྲི་བསྣན་མེད་པར་ཡོད་པ་ཡིན། །སྐེད་པ་རིན་ཆེན་གྲལ་གྲབ་ཡོད། །བ་ཀ་ཆོས་འབྱུང་གཞལ་ཡས་ཁང་། །ལྷ་ཚོགས་གསུང་སྙན་སྒྲོག་ཅིང་ཡོད། །དྲི་ཞིམ་ངད་ལྡན་བདེ་བ་རྒྱས། །ཟག་མེད་བདུད་རྩིའི་དགའ་སྟོན་ཡོད། །ཞབས་གཡས་འཁོར་ལོ་སྔོན་དམར་མཛེས། །ཞབས་གཡོན་འཁོར་ལོ་དཀར་སེར་ཡོད། །དེ་རྣམས་རང་བཞིན་མེད་པར་ཡོད། །མཁའ་འགྲོའི་མཚན་རྣམས་རྫོགས་པར་ཡོད། །བར་ནས་དེ་ལྟར་མངའ་བ་ཡིན། །སྣང་བ་སྟོང་པར་ཤར་བ་ཡིན། །དེ་རྟག་འཛིན་ཅན་གྱིས་ཤེས་པ་མིན། །སྟོང་པ་སྣང་བར་ཤར་ནས་ཡོད། །དེ་ཆད་འཛིན་ཅན་གྱིས་ཤེས་པ་མིན། །ཁོ་མོ་ན་ཆུང་ཁྱད་ཆོས་ཡིན། །ལྟ་བ་ཁྱུང་ཆེན་ལྡིང་འདྲ་ཡོད། །དེ་ཁ་ལྟ་ཅན་གྱིས་ཤེས་པ་མིན། །སྒོམ་པ་རྟ་བདུན་འོད་གསལ་ཡོད། །དེ་མཚན་འཛིན་ཅན་གྱིས་ཤེས་པ་མིན། །སྤྱོད་པ་གླང་ཆེན་ཆུར་ཞུགས་ཡོད། །དེ་ཚུལ་འཆོས་ཅན་གྱིས་ཤེས་པ་མིན། །འབྲས་བུ་བ་ཚྭའི་རྒྱ་མཚོ་ཡོད། །དེ་རེ་དོགས་ཅན་གྱིས་ཤེས་པ་མིན། །ཁོ་མོས་དེ་ལྟར་ཤེས་པ་ཡིན། །སྣང་བ་རང་སར་གྲོལ་བ་ཡིན། །སྟོང་ལ་རེ་བ་མེད་པ་ཡིན། །སངས་རྒྱས་རང་ལ་ཡོད་པ་ཡིན། །གཞན་ནས་ཚུལ་མི་དགོས་པ་ཡིན། །ངོ་བོ་སྟོང་པའི་རང་བཞིན་ཡིན། །མཚན་ཉིད་གཅིག་ཏུ་གནས་པ་ཡིན། །རང་བཞིན་གསལ་ལ་འཛིན་མེད་ཡིན། །དཔེའི་མཚོན་དུ་མེད་པ་ཡིན། །དེ་ཡི་མ་འགགས་རང་རྩལ་ལ། །དེ་ལ་དུ་མ་བཏགས་པ་ཡིན། །དུ་མའི་མཐའ་ལ་ཐུག་པ་མིན། །ཉག་གཅིག་སེམས་ཀྱི་རྩ་བ་ཆོད། །དུས་རྣམ་རྟག་ཏུ་བདེ་སྟེ་འོང་། །ཨྠྀི། ང་མཚན་ཉིད་གསུམ་ལྡན་གྱི་ན་ཆུང་ལ། །བཟང་ངན་ཆོས་རྣམས་གཅིག་ཏུ་གྲོལ། །ཡང་དག་རྫོགས་པའི་དེར་སངས་རྒྱས། །མ་ལུས་རྒྱལ་བའི་ཐུགས་བཅུད་འཛིན། །ངེས་ཤེས་ཐུགས་ཡིད་ཚུལ་བཞིན་བརྟེན། །མཁའ་འགྲོའི་མཚན་རྣམས་རྫོགས་པའི་བཀྲ་ཤིས་ཤོག །ཨ་ཏི་ས་མ། མུ་ལ་ཡ་ཏོ། ཧོ་ཧོ། བདག་གི་ཐབས་གྱུར་བདེ་ཆེན་མངའ་བ་ལ། །ལག་གདུབ་ཚུལ་བཞིན་ཕུལ་བའི་དོན་ཅན་དེས། །སྲིད་གསུམ་འཁོར་བ་མ་སྟོང་བར་དུ་ནི། །ཌཱ་ཀིའི་ཐུགས་བཅུད་གསང་དོན་ཉམས་ལེན་ཚེ། །རྐྱེན་རྣམས་ཞི་ནས་སྒྲུབ་པ་མཐར་ཕྱིན་ཤོག །ལག་གདུབ་ཕུལ་བའི་དགེ་རྩ་རྒྱ་མཚོ་དེས། །འདི་ནས་ཚེ་འཕོས་རང་བཞིན་ཨོ་རྒྱན་དུ། །ཌཱ་ཀི་རྒྱ་མཚོའི་ཚོགས་དང་མི་འབྲལ་ཞིང་། །ཌཱ་ཀིའི་གསང་དོན་ཟབ་ལ་རྒྱ་ཆེའི་དོན། །ཚུལ་བཞིན་ཉམས་ལེན་རྟོགས་གྲོལ་དུས་མཉམ་ཤོག །ཉེས་ཚོགས་བཤགས་ལ་དགེ་རྩ་འགྲོ་ལ་བསྔོ། །བྱིན་རླབས་ཆུང་སྟེ་དེ་ལྟར་མངའ་བ་ཡིན། །ཨྠྀི། ཞེས་པ་ནི་ཌཱ་ཀི་མཚན་བཟང་ཡོངས་རྫོགས་མ་ཞེས་བྱ་བས་ཐུགས་དགྱེས་བཞིན་དུ་རཏྣ་ཤྲཱི་ལ་གསུངས་པའོ། །
༈ གུ་རུ་སིདྡྷི་ཡེ་ཧཱུཾ་ན་མོ། ཡེ་དག་ཆོས་སྐུ་བསམ་བརྗོད་མཐའ་བྲལ་དོན། །རང་བྱུང་འགྱུར་མེད་བདེ་ཆེན་དག་པའི་ཀློང་། །འོད་གསལ་སྒྲོན་མཛད་རྒྱལ་ཡུམ་དེ་ལ་འདུད། །པད་ཆེན་མདངས་གསལ་ཞེས་བྱའི་ཞབས་པད་ལེན། །མོས་པའི་བཤེས་ལ་བརྩེ་བས་ཐུགས་རྗེས་གཟིགས། །སྔོན་བསགས་ལས་འཕྲོ་སྨོན་ལམ་སྐལ་བར་ལྡན། །རིགས་ཀྱི་ཐབས་མཆོག་བཛྲ་རསྨི་ལགས། །སྐྱེས་དམན་ན་ཆུང་པད་ཅན་མདངས་གསལ་ལ། །ཐུགས་ཡིད་ཁ་ཙམ་མ་ཡིན་གསན་འཚལ་དང་། །ངོ་སྤྲོད་གསལ་འདེབས་བདག་གི་མི་མངའ་སྟེ། །བདག་གིས་གོ་ཚོད་ཡིན་ཚུལ་སྙན་དུ་འབུལ། །གནས་ནི་རྒྱ་གར་ལྷོ་ཕྱོགས་ཡིན། །ཡུལ་ནི་མ་ག་ཏ་ཞེས་གྲགས། །རིགས་ནི་པདྨ་ཌཱ་ཀིའི་རིགས། །མིང་ནི་པད་ཅན་མདངས་གསལ་ཞེས། །ཕ་ནི་བོ་དྷི་ས་ཏྭ་ཡིན། །མ་ནི་ལྷ་མོ་དཔལ་གྲོལ་ཡིན། །ཨ་ཞེ་ཆོས་འབྱུང་སྒྲོན་མ་ཡིན། །འོག་མ་ཀུན་ཏུ་བཟང་མོ་ཡིན། །ཨ་པོ་ཟླ་བ་གྲགས་པ་ཡིན། །རྗེ་ནི་མངོན་སྤྱོད་བཟང་མོ་ཡིན། །ཡང་རྗེ་པད་མ་ཌཱ་ཀི་ཡིན། །འདོད་ཡོན་དགོས་མེད་ཞེན་མེད་ཡིན། །རྒྱན་དྲུག་མཁའ་འགྲོའི་རྟགས་རྣམས་ཚང་། །དེ་རྣམས་དངོས་པོར་གྲུབ་པ་མེད། །དངོས་མེད་དབང་པོའི་གཞུ་ལྟར་གསལ། །ཕྱི་ནས་དེ་ལྟར་མངའ་ལགས་པས། །ནང་ནས་འདི་ལྟར་ཤར་བ་ཡིན། །སེངྒེ་ལྟ་བུའི་ན་ཆུང་ཡིན། །རྩལ་གསུམ་རྫོགས་ནས་གངས་མཐའ་འཁོར། །བུ་ཡུག་དགྲ་ལ་རྩིས་གདབ་བྲལ། །ཁྱོས་ཀྱང་དེ་ལྟར་མཁྱེན་པར་མཛོད། །བྱ་རྒྱལ་ལྟ་བུའི་ན་ཆུང་ཡིན། །གཤོག་དྲུག་རྒྱས་ནས་ནམ་འཕང་གཅོད། །འགུག་སྙིའི་དགྲ་ལ་རྩིས་གདབ་བྲལ། །ཁྱོས་ཀྱང་དེ་ལྟར་མཁྱེན་པར་མཛོད། །རྒྱ་སྟག་ལྟ་བུའི་ན་ཆུང་ཡིན། འཛུམ་དྲུག་རྒྱས་ནས་ནགས་མཐའ་འཁོར། །ས་མདའི་དགྲ་ལ་རྩིས་གདབ་བྲལ། །ཁྱོས་ཀྱང་དེ་ལྟར་མཁྱེན་པར་མཛོད། །གསེར་ཉ་ལྟ་བུའི་ན་ཆུང་ཡིན། །གསེར་མིག་རྒྱས་ནས་གངས་ལ་གཏུག །ལྕགས་ཀྱུའི་དགྲ་ལ་རྩིས་གདབ་བྲལ། །ཁྱོས་ཀྱང་དེ་ལྟར་མཁྱེན་པར་མཛོད། །ཕག་མོ་ལྟ་བུའི་ན་ཆུང་ཡིན། །སྨིན་གྲོལ་གཉིས་ཀྱིས་འབྲེལ་ཚད་འདྲེན། །སྤང་ལེན་དགྲ་ལ་རྩིས་གདབ་བྲལ། །ཁྱོས་ཀྱང་དེ་ལྟར་མཁྱེན་པར་མཛོད། །དེ་རྣམས་དཔེ་ལ་དྲངས་པའི་གླུ། །ད་ཡང་བཛྲ་རསྨི་གསོན། །ད་ཡང་དག་དོན་གྱི་གླུ་ཞིག་ལེན། །མཐོ་རིས་གསུམ་པོ་དབྱིངས་སུ་རྫོགས། །སྐུ་དང་ཡེ་ཤེས་རེ་བ་མེད། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །ངན་སོང་གསུམ་པོ་དབྱིངས་སུ་ཐིམ། །དགེ་སྡིག་གཉིས་ལ་རེ་དོགས་མེད། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །དགྲ་གཉེན་གཉིས་ལ་ཉེ་རིང་མེད། །སྐྱིད་སྡུག་མཚན་མ་རང་སར་གྲོལ། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །ཚོགས་དྲུག་སྣང་བ་དཔེ་ཆར་ཤར། །རྒྱུད་སྡེའི་ཆོས་ལ་རེ་བ་མེད། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །ལྟ་བ་སྣང་སྲིད་རང་སར་གྲོལ། །ཐོས་བསམ་བྱེད་པའི་བློ་དང་བྲལ། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །སྒོམ་པ་རང་རིག་མངོན་དུ་གྱུར། །མྱོང་འཛིན་མཚན་མ་རང་སར་གྲོལ། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །སྤྱོད་པ་དགེ་སྡིག་གྲོགས་སུ་ཤར། །གཉེན་པོའི་ཆོས་ལ་རེ་དོགས་བྲལ། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །འབྲས་བུ་འབད་མེད་དོན་གཉིས་གྲུབ། །སྐུ་ལྔ་ཐོབ་འདོད་བདག་ལ་མེད། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །སྣ་ཚོགས་སྣང་བ་རང་གི་སེམས། །སོ་སོར་འཛིན་པའི་བློ་དང་བྲལ། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །རེ་དོགས་མཁའ་ལ་མདུད་པ་གྲོལ། །སངས་རྒྱས་ཐོབ་འདོད་ཞེན་པ་ནུབ། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །བར་དོ་གསུམ་པོ་གཅིག་ཏུ་གྲོལ། །སྐྱེ་འཆི་སྐུ་ཁམས་ཅི་བདེར་བཞུགས། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །ཐམས་ཅད་དག་པའི་ཞིང་ཁམས་ལགས། །འཁོར་འདས་མིང་གི་གདགས་གཞི་བྲལ། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །སེམས་ཉིད་གཏད་སོ་བྲལ་བའི་དུས། །གོལ་ཤོར་འཇིགས་པ་བདག་ལ་མེད། །ཁྱོས་ཀྱང་དེ་ལྟར་རྟོགས་པར་ཞུ། །བཟང་ངན་དབྱེ་བསལ་ཡོད་མ་མྱོང་། །བྱ་བྱེད་རྩོལ་བ་ཡོད་མ་མྱོང་། །སངས་རྒྱས་ཐོབ་འདོད་ཡོད་མ་མྱོང་། །འཁོར་བར་འཆིང་དོགས་ཡོད་མ་མྱོང་། །བཤེས་ཀྱིས་དེ་ལྟར་བདེའམ་ལགས། །ང་ན་ཆུང་དེ་ལྟར་མངའ་བ་ཡིན། །ཡང་གཅིག་གསོན་དང་བཛྲ་རསྨི་ལགས། །ལུས་སེམས་ཟུག་རྔུ་བྲལ་བའི་དུས། །མཉམ་བཞག་ལེགས་པོ་མངའ་བ་དེ། །རྐྱེན་ངན་རྗེས་ཐོབ་ཁྱད་མེད་འཚལ། །ཨྠྀི། ང་པད་ཆེན་ཕྱོགས་སུ་པད་མས་མཛེས། །ང་མདངས་གསལ་རྟ་བདུན་རྒྱལ་ལྟར་མཛེས། །དེ་བཞིན་བཤེས་ཀྱིས་མཛེས་ནས་ནི། །འཁོར་འདས་ཡིན་ལུགས་མངོན་གྱུར་ཤོག །གསང་དོན་མཁའ་འགྲོའི་ཐུགས་བཅུད་རྗེན་པ་འདི། །བཤེས་ལ་ཚིག་གི་འབྲེལ་བ་བྱས་ལགས་པ་གང་། །ཆོས་བདག་བསྟན་སྲུང་རྣམས་ལ་བཟོད་པར་མཛོད། །དགེ་བས་མཁའ་མཉམ་དོན་དུ་དེ་དོན་བསྔོ། །པ་ལ་སུ་ལ་ཨ་ཨ་ཨུ་མ་མ་ལ་རཾ། ཁར་མ་དུམ་ཌ་ཧི་ཧི་ཧུ་ཧུ། ཞེས་པ་འདི་ནི་ཌཱ་ཀི་པད་ཅན་མདངས་གསལ་མ་བྱ་བས་གནས་མཆོག་དུང་ར་སྒང་དུ་བཛྲ་རསྨི་ལ་གསུངས་པའོ། །
༈ གུ་རུ་དང་ཨེ་ཝཾ་ཏཱ་རེ་ལ་ཡེ་ན་མོ། དཀོན་མཆོག་གསུམ་དངོས་ནོར་བུ་རིན་པོ་ཆེ། །རྒྱལ་དང་དེ་སྲས་རྣམས་ཀྱི་ཐུགས་བཅུད་འཛིན། །མཚན་ཉིད་གསུམ་ལྡན་བླ་མེད་བླ་མ་ལ། །པད་ཆེན་ཞེས་བྱས་རྟག་ཏུ་གུས་པར་འདུད། །དོན་མཁས་ཁྱེད་དང་ནམ་ཡང་མི་འབྲལ་བྱེད། །ཉེས་བཤགས་དགེ་བསྔོ་སྐྱེ་མེད་བཀྲ་ཤིས་ཤོག །མ་ཌཱ་མུ་ཧ་ཡེ་ཧཱུཾ། ཀྱེ་མ་ཧོ། ཆོས་དབྱིངས་མཁའ་ལ་འབྱུང་བཞིའི་ཚ་ཟེར་སྒྲོན། །པད་ཅན་ཞེས་བྱའི་ཞབས་ལེན་མོས་ལ་མཁྱེན་པས་གཟིགས། །སང་མ་ཏི་ནི་ཁ་ཙམ་མ་ཡིན་གསན། །སུ་དང་གང་གི་ཇི་ལྟར་བརྗོད་ན་ཡང་། །བདག་ལ་ངོ་མཚར་ཆེ་བ་འདི་ལྟར་མངའ། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །འཁོར་ལོ་སྡོམ་པའི་ལྷ་ཚོགས་ཡོད། །གསང་གནས་བདེ་སྤྱོད་འཁོར་ལོ་ན། །གསང་བ་ཡེ་ཤེས་ལྷ་ཚོགས་ཡོད། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཡོད། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །གནས་གསུམ་ཌཱ་ཀིའི་ལྷ་ཚོགས་ཡོད། །ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །མ་མགོན་བཀའ་སྲུང་ཐམས་ཅད་ཡོད། །ཡན་ལག་འཁོར་ལོ་ཐམས་ཅད་དུ། །སྡེ་སྣོད་སྤྱོད་རྒྱུད་ལྷ་ཚོགས་ཡོད། །ཉིང་ལག་འཁོར་ལོ་ཐམས་ཅད་དུ། །སྡེ་སྣོད་བྱ་རྒྱུད་ལྷ་ཚོགས་ཡོད། །བ་སྤུའི་རྩ་འཁོར་ཐམས་ཅད་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཡོད། །དེ་རྣམས་རྟེན་པ་བརྟེན་པར་ཡོད། །དད་པ་གཅིག་བརྟེན་ན་དེ་ལ་རྟེན། །གསོལ་བ་གཅིག་ན་འདེབས་ན་དེ་ལ་ཐོབ། །ཨྠྀི། ཀྱེ་མ་ཚེ་འདིའི་ལོང་ནི་ཅི་ཡོད་མི་ཤེས་པས། །ཚེ་འདིའི་བྱ་བཞག་ཐམས་ཅད་རྒྱབ་བསྐྱུར་ནས། །འོད་གསལ་ཕྱག་ཆེན་ངང་ལ་གནས་པར་མཛོད། །འགྲོ་འཆག་ཉལ་འདུག་དྲན་པ་ཡེངས་མེད་མཛོད། །རྐྱེན་སྣང་གང་ཤར་བསྐུལ་མར་ཤེས་པར་མཛོད། །དེ་ལྟར་མཛོད་དང་བློ་རེ་བདེའོ་ཨང་། །ཨྠྀི། ཕྱོགས་བཅུའི་བླ་མ་གྲུབ་ཐོབ་ཌཱ་ཀིའི་ཚོགས། །སང་མ་ཏི་ལ་མཁྱེན་པས་དགོངས་སུ་གསོལ། །སྔོན་གྱི་དུས་ནས་ནམ་ཞིག་མཐའ་ཡི་བར། །སྒོ་གསུམ་དབང་གིས་དགེ་དང་མི་དགེའི་ཆོས། །བླ་མེད་བྱང་ཆུབ་རྒྱུ་རུ་འགྲོ་བར་ཤོག །འདི་ནས་ཚེ་འཕོས་བླ་མ་ཌཱ་ཀི་དང་། །མཉེས་གསུམ་བསྒྲུབས་ནས་ལུས་གྲིབ་བཞིན་དུ་ཤོག །པད་ཅན་མདངས་གསལ་ལྟ་བུའི་བཀྲ་ཤིས་ཤོག །ཤི་ལི་ཡུ་བ་ལི་པད་ཅན་ཞེས་བྱའི་སང་མ་ཏི་ལ་དགེ །ཨྠྀི། ཨེ་བཾ་ཏཱ་རེ་སིདྡྷི་ཡེ་ཧཱུཾ། གྷ་ན་ཤྲཱི་ཡི་ཐུགས་ཡིད་ཆེས་ནས་གསོན། །པད་ཅན་ཞེས་བྱའི་ངོ་མཚར་ཅན་རྣམས་བརྗོད། །ཁྱེད་མི་རྩིས་ཆུང་སྟེ་བདག་ལ་འདི་ལྟར་ཡོད། །གནས་ནི་རྒྱ་གར་ལྷོ་ཕྱོགས་ཡིན། །ཡང་རྗེ་པད་མ་ཌཱ་ཀི་ཡིན། །གསང་མཛོད་ཡེ་ཤེས་ཐུགས་ལ་གབ། །རྗེ་ནི་མངོན་སྤྱོད་བཟང་མོ་ཡིན། །ཐོས་གྲོལ་གདམས་པ་ཐུགས་ལ་གབ། །ཕ་ནི་ས་མུན་གི་ར་ཡིན། །ཧེ་རུ་ཀ་ཡི་ཐུགས་ལ་གབ། །མ་ནི་ལྷ་མོ་དཔལ་གྲོལ་ཡིན། །ཟག་མེད་བདེ་སྟོང་ཐུགས་ལ་གབ། །ཨ་པོ་ཟླ་བ་གྲགས་པ་ཡིན། །རྒྱུད་སྡེའི་སྙིང་པོ་ཐུགས་ལ་གབ། །ཨ་ཞེ་ཆོས་འབྱུང་སྒྲོན་མ་ཡིན། །སྨིན་གྲོལ་གདམས་པ་ཐུགས་ལ་གབ། །འོག་མ་ཀུན་ཏུ་བཟང་མོ་ཡིན། །དུས་གསུམ་སངས་རྒྱས་ཐུགས་ལ་གབ། །ཟླ་གྲོགས་གནས་གསུམ་ཌཱ་ཀི་ཡིན། །ཤན་འབྱེད་མེ་ལོང་ཐུགས་ལ་གབ། །ཐབས་གྱུར་བདེ་ཆེན་འདོད་པ་ཡིན། །ཌཱ་ཀིའི་སྙིང་ཁྲག་ཐུགས་ལ་གནང་། །དེ་སྦ་རྒྱུ་ཡིན་ཡང་སྨྲས་པར་ཐལ། །བདག་ལ་གཉེན་གྲོགས་དེ་ལྟར་ཡོད། །ཁྱེད་ཀྱི་གཉེན་གྲོགས་ཐམས་ཅད་ནི། །ཚེ་འདིའི་མི་ཚེ་གཟད་པའི་རྒྱུ། །ཕྱི་མ་ངན་སོང་སྐྱེ་བའི་རྒྱུ། །དེ་འདྲའི་གཉེན་ལ་གདུང་སེམས་སྐྱུར། །གདུང་སེམས་དཀོན་མཆོག་གསུམ་ལ་གྱིས། །རྟག་ཏུ་རང་སེམས་དཔང་དུ་ཚུགས། །སྐྱེ་མེད་ཕྱག་རྒྱ་ཆེན་པོ་སྒོམས། །སྤྱི་བོར་བླ་མ་རྡོར་འཆང་སྒོམས། །མགྲིན་པར་ཡི་དམ་ལྷ་ཚོགས་སྒོམས། །སྙིང་ཁར་གནས་གསུམ་མཁའ་འགྲོ་སྒོམས། །ལྟེ་བར་བསྟན་སྲུང་ཆོས་སྐྱོང་སྒོམས། །དབྱེར་མེད་འོད་གསལ་ངང་ལ་ཞོག །གནས་ལུགས་ཕྱག་ཆེན་དགོངས་པ་ཡིན། །ཡིན་བཞིན་བདག་གིས་རྟོགས་བཞིན་དུ། །གྷ་ན་ཤྲཱིས་ཀྱང་རྟོགས་པར་ཤོག །སྐྱེ་འཆི་གཉིས་ལ་ཉམ་མི་ངའི་བར་དུ། །ཚོགས་གཉིས་ཟུང་འཇུག་ཏུ་འབད་པ་གལ་ཆེའོ། །གསང་བ་མངོན་དུ་ཕྱུང་བ་འདི་ལ། །བླ་མ་ཌཱ་ཀི་ཆོས་བདག་རྣམས་ལ་བཟོད་པར་མཛོད་ལ། །དགེ་བས་རང་གཞན་འདི་དོན་རྟོགས་པའི་བཀྲ་ཤིས་ཤོག །ཨ་རང་ར་ཧོ། འདི་ལ་ཞིབ་པར་དབྱེས་ལ་སྟོན་ཅིག །ཨྠྀི། ར་མའི་ཆོས་སོ། །པད་ཅན་ཞེས་བྱའི་གྷ་ན་ཤྲཱི་ལ་དགེ །ཨྠྀི།
གུ་རུ་ཌཱ་ཀི་ཡེ་ན་མོ། རྒྱལ་བ་སྲས་བཅས་སྤྱོད་མཆོག་སྤྱོད་བཞིན་དུ། །ཇི་ལྟའི་ཚུལ་ལ་མ་རྨོངས་མཁྱེན་གཟིགས་རྒྱས། །སྐལ་ལྡན་སྨིན་གྲོལ་ཟག་མེད་བདེ་ལ་བཀོད། །འགྲོ་བའི་མགོན་སྐྱབས་ཡུམ་གྱུར་དེ་ལ་འདུད། །མཚན་བཟང་མཁའ་འགྲོའི་རྟགས་རྣམས་ཡོངས་སུ་རྫོགས། །མ་ཚོགས་མཁའ་འགྲོའི་ཐུགས་བཅུད་གཏེར་གྱི་མཛོད། །ཟག་མེད་བདེ་སྟོང་དགའ་བཞིའི་བཅུད་ལ་རོལ། །ཉིན་མཚན་མི་ངལ་བརྩོན་པ་དེ་ལ་འདུད། །རྩ་རླུང་དབང་ཐོབ་ཐོགས་མེད་མཁའ་ལ་སྤྱོད། །སྣ་ཚོགས་སྤྲུལ་སྒྱུར་མ་ངེས་དུ་མ་སྟོན། །ལེགས་ཉེས་ཤན་འབྱེད་མ་རུང་དམ་ལ་བཏགས། །གདུག་པ་ཅན་རྣམས་འདུལ་མཛད་དེ་ལ་འདུད། །དུས་རྣམ་ཀུན་ཏུ་མི་ངལ་སྲིད་གསུམ་ཉུལ། །ལས་དང་སྐལ་བར་ལྡན་པའི་གང་ཟག་ལ། །ཟབ་གནད་བདུད་རྩིའི་དགའ་སྟོན་སྦྲང་ཆར་འབེབ། །སྣོད་ལྡན་ཐར་པར་འདྲེན་མཛད་དེ་ལ་འདུད། །འཁོར་འདས་སེམས་ཀྱི་དེ་ཉིད་ཚུལ་བཞིན་གཟིགས། །དུ་མ་རོ་གཅིག་གཟུང་འཛིན་མདུད་པ་བོར། །སྐྱེ་བ་མེད་པའི་ཆོས་ལ་བྱན་པོ་ཚུད། །དུས་གསུམ་མཉམ་ཉིད་མི་གཡོ་དེ་ལ་འདུད། །སྣ་ཚོགས་འགག་མེད་དེ་ཡི་རོལ་པར་ཤར། །ཤར་ཡང་དུས་གསུམ་སྟོང་གཟུགས་སྐྱེ་འགག་བྲལ། །གཉུག་མ་གནས་ལུགས་ཟུང་འཇུག་ཕྱག་རྒྱ་ཆེ། །ཡོད་མེད་རྟག་ཆད་མཐའ་བྲལ་དེ་ལ་འདུད། །ཐོག་མའི་དུས་ནས་ནམ་ཞིག་མཐའ་ཡི་བར། །ཚིག་གི་བརྗོད་བྲལ་བརྗོད་པའི་ཡུལ་མ་མཆིས། །དཔེ་མེད་དཔེ་བྲལ་གང་གི་དེ་མི་མཚོན། །མཚོན་པ་དང་བྲལ་འདུད་མེད་དེ་ལ་འདུད། །འདི་བསྟོད་དགེ་བ་ཡོད་པར་གྱུར་གང་ན། །མ་ཚོགས་མཁའ་འགྲོས་རྟག་ཏུ་སྐྱོང་བར་ཤོག །འཁྲུལ་པའི་དྲི་མ་ཡོད་པར་གྱུར་སྲིད་ན། །གསང་བའི་ཡུམ་གྱུར་ཆོས་བདག་རྣམས་ལ་བཤགས། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཐབས་གྱུར་སྐྱེ་མེད་ནམ་མཁའི་རྣལ་འབྱོར་དང་། །ཡུམ་གྱུར་ཤེས་རབ་མཚན་བཟང་ཡོངས་རྫོགས་མ། །ལུས་དང་གྲིབ་མ་མི་འབྲལ་བཀྲ་ཤིས་ཤོག །མ་མ་ཀྱེ་ཀྱེ་ཏུང་ཏུང་ཞབས་ལ་འདུད། །ཆུ་འཛིན་བར་གྱི་ཚ་ཟེར་དཔོན་སློབ་རྣམས། །ཌཱ་ཀིའི་རིགས་ཅན་པད་ཅན་མ་ལ་གསོན། །སྐྱེ་འཆི་གཉིས་ལ་བྱན་པོ་ཚུད་པ་དང་། །རྟགས་དང་ཆོ་འཕྲུལ་མངོན་སུམ་སྟོན་པ་དང་། །སྔར་འདས་མ་འོངས་ད་ལྟའི་ཆོས་རྣམས་ལ། །ཅི་བྱེད་ཤེས་ལ་གང་བྱེད་རུང་ལགས་ཀྱང་། །ད་ལྟའི་དུས་སུ་མི་སྨྲ་དམ་བཅའ་ལགས། །ཁྱད་པར་དུ་ཡང་ཌཱ་ཀི་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་འདི་ལ་ཚར་རེ་བཞེངས་ན། འཁོར་བཅུ་ཚན་རེ་དང་ལྷན་གཅིག་ཏུ་མཁའ་ལ་སྤྱོད་པའི་དགོས་པ་ཡོད་པས་འདི་བཞེངས་མི་གང་མཆིས་པ་ལ་ནན་ཆག་མཛོད། དོན་གཉིས་གྲུབ་པ་ལ་འདི་ལས་ལྷག་པ་མ་མཆིས་སོ། །གདམས་པ་འདི་བཞེངས་མི་ལ་ཁྱད་པར་ཇི་ལྟར་ཡོད་ཅེ་ན། ཨོ་རྒྱན་ཡུལ་དུ་བུདྡྷ་མི་ཏྲིས་མེ་ཏྲིས་དོད་ཐུབ། མར་པའི་དྲུང་དུ་ཆོས་ཀྱི་རྡོ་རྗེས་དོད་ཐུབ། འབྲོམ་སྟོན་གྱི་དྲུང་དུ་རྒྱལ་བ་བཟང་པོས་དོད་ཐུབ། འཇིག་རྟེན་མགོན་པོའི་དྲུང་དུ་ཡེ་ཤེས་བྷར་བས་དོད་ཐུབ། མི་ལའི་དྲུང་དུ་རྡོ་རྗེ་གྲག་གིས་དོད་ཐུབ། བློ་གྲོས་རིན་ཆེན་གྱི་དྲུང་དུ་ཤེས་རབ་གསང་བ་ཡེ་ཤེས་ཀྱིས་དོད་ཐུབ། ཞྭ་ནག་པོ་ཅན་གྱི་དྲུང་དུ་བྷན་དྷ་ལ་ཝེན་གྱིས་དོད་ཐུབ་པ་ཡིན། འཇིག་རྟེན་འདི་ཡི་རྣམ་བཞག་ལ་ཡང་། ཡེ་ཤེས་ཀྱི་བདུད་རྩི་དང་ཕལ་བའི་བཟའ་བཏུང་གཉིས་ལ་ཁྱད་ཡོད་དམ། ལྷའི་ཤུ་དྷ་དང་མི་ཡི་ལོངས་སྤྱོད་གཉིས་ལ་ཁྱད་ཡོད་དམ། རིན་པོ་ཆེ་གསེར་ལེན་ལ་སོགས་རིན་པོ་ཆེའི་རིགས་རྣམས་དང་འཇིག་རྟེན་མི་ཡི་ཀ་ཆ་རྣམས་ལ་ཁྱད་ཡོད་དམ། ཆོས་ལ་ཡང་ཐེག་པ་ཆུང་བ་དང་ཆེན་པོ་གཉིས་ལ་ཁྱད་ཡོད་དམ། སངས་རྒྱས་ཀྱིས་ཆོས་བཤད་པ་དང་སེམས་ཅན་གྱིས་ཤན་འཁྲབ་པ་གཉིས་ལ་ཁྱད་ཡོད་དམ། ཌཱ་ཀིའི་ཁ་དྲོད་མ་ཡལ་བ་དང་བྱིན་རླབས་ཉམས་པའི་གོག་པོ་གཉིས་ལ་ཁྱད་ཡོད་དམ། དེ་རྣམས་ལ་ཁྱད་མེད་ན་བྲིས་མཁན་ལ་ཡང་ཁྱད་མེད། དེས་ན་ཐམས་ཅད་དགོངས། གདམས་པ་བཅུ་གསུམ་བཞེངས་པའི་མི་ཅི་འོང་ལྟོས། ངེད་རྣམས་དང་མཇལ་བའི་དོན་ཡིན། བསོད་ནམས་འདི་ནི་པད་མས་རབ་མཛེས་ནས། ཐེག་ཆེན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཌཱ་ཀི་མདངས་ཅན་མངོན་སུམ་ཕུད་པ་ལ། །གོང་མ་གསལ་བྱེད་རྣམས་ལ་དེ་ཉིད་བཤད། །ཨྠྀི། ར་མའི་ཆོས་སོ་མཁའ་ལྟར་དག་པ་གཉུག་མའི་བཞུགས་ཚུལ་དེ། །ཐོག་མཐའ་དབུས་བྲལ་སྲིད་ཞི་གཉིས་ལས་འདས། །ལྷུན་གྲུབ་འགྱུར་མེད་དྭངས་གསལ་ཆོས་སྐུ་དེ། །རྒྱུན་ཆད་མེད་པར་མངོན་དུ་གྱུར་མཛད་པའི། །བླ་མ་རྗེ་དང་གོང་མ་རྣམས་ལ་འདུད། །ནམ་མཁའི་རང་བཞིན་རྣལ་མར་འབྱོར་པ་བླ་ན་མེད། །བླ་མའི་མདུན་དུ་སྐྱེས་དམན་ན་ཆུང་པད་ཆེན་ཡོངས་རྫོགས་མ་གཉིས་ཀྱིས་ཞུ་བ། ཕ་རྒན་མ་ཏིས་ཚོགས་འཁོར་དེ་རྗེས་སུ་ཡིད་རངས། སྔོན་འགྲོ་ནས་མཐར་བཀྲ་ཤིས་མ་རྫོགས་ཀྱི་བར་དུ། གཙོ་མོས་དབུ་མཛད་བདག་གཉིས་ཀྱིས་ཡར་བརྟེན། བརྒྱ་རྩ་གཉིས་ཀྱིས་མཐུན་འགྱུར་མཛད་པ་ཡིན། པད་ཆེན་པདྨ་དམར་པོའི་དབུས་སུ་མཛེས། །མདངས་དང་འོད་ཀྱིས་མ་རིག་མུན་པ་བསལ། །མཚན་དང་དཔེ་བྱད་དུ་མས་བཟང་ཞིང་མཛེས། །ཡང་དག་རྫོགས་སངས་རྒྱས་ཀྱི་ཡུམ་གྱུར་གཉིས། །རྒྱ་གར་ཡུལ་ནས་ད་ལྟ་ཞུ་བ་ཡིན། །ཧཱུཾ་ཧོ། གུ་རུ་ཌཱ་ཀི་རྣམས་ལ་ཡེ་ན་མོ། དྲི་མེད་པདྨ་རབ་མཛེས་འཛུམ་པའི་བཞིན། །ཐེག་ཆེན་ཆོས་ལ་དབང་འབྱོར་རྒྱལ་བའི་ཡུམ། །བརྒྱད་གཉིས་ལང་ཚོ་བཀྲག་མདངས་ཡིད་འོང་མཛེས། །བློ་གྲོས་རབ་གསལ་དོན་གཉིས་མཐའ་རུ་ཕྱིན། །མ་ལུས་མཁའ་སྤྱོད་འདྲེན་མཛད་དེ་ལ་འདུད། །ན་རྒས་སྐྱེ་འཆིའི་མཚན་མ་རང་སར་གྲོལ། །སྣ་ཚོགས་སྤྲུལ་བསྒྱུར་ཐོགས་མེད་སྟོབས་དང་ལྡན། །སྣང་ལ་མ་གྲུབ་དབང་པོའི་གཞུ་ལྟར་བཀྲ། །དུས་གསུམ་རྣམ་ཐར་མ་ལུས་ཚུལ་བཞིན་གཟིགས། །སྣང་སེམས་དབང་ཐོབ་མཁྱེན་གཟིགས་དེ་ལ་འདུད། །མཁའ་ལ་ཐོགས་མེད་སྟོང་གསུམ་ཡུད་ཀྱིས་བསྐོར། །དགེ་སྡིག་ལས་འབྲས་གྲངས་ངེས་ཤན་རྣམས་འབྱེད། །སྐལ་མེད་ལོག་ལྟ་མ་རུང་དམ་ལ་བཏགས། །སྐལ་ལྡན་ཟག་མེད་བདེ་ཆེན་ལམ་ལ་བཀོད། །ཐུགས་རྗེའི་མངའ་བདག་རྒྱལ་ཡུམ་དེ་ལ་འདུད། །སྣ་ཚོགས་ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །དུས་གསུམ་མཉམ་ཉིད་སྐྱེ་འགག་མཐའ་དབུས་བྲལ། །ཡིན་མིན་བདེན་རྫུན་རྟག་ཆད་གཞི་རྩ་བྲལ། །རང་བྱུང་ཡེ་ཤེས་འོད་གསལ་ཆོས་ཀྱི་དབྱིངས། །མཁའ་དབྱིངས་སྟོང་ཁྱབ་མི་གཡོ་དེ་ལ་འདུད། །སྔོན་གྱི་འབྲེལ་དང་ད་ལྟའི་རྟེན་འབྲེལ་གྱིས། །གཙོ་མོ་འཁོར་བཅས་མ་ལུས་ཐམས་ཅད་ཀྱིས། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །གནས་སྐབ་མཐར་ཐུག་སྐུ་དྲིན་བསམ་ལས་འདས། །དེང་ནས་བཟུང་སྟེ་རྫོགས་སངས་རྒྱས་ཀྱི་བར། །མགོན་སྐྱབས་དཔུང་གཉེན་ཇི་བཞིན་སྔར་ལྟར་འཚལ། །ཉོན་མོངས་ཀྱིས་དཀྲུགས་མི་ཤེས་ཚོགས་མཆིས་ན། །གནོང་འགྱོད་ཉེས་ཚོགས་སྐུ་གསུང་ཐུགས་ལ་བཤགས། །རབ་གུས་གདུང་བས་འདི་བསྟོད་གསོལ་བཏབ་མཐུས། །རང་གཞན་རྟོགས་པ་མངོན་གྱུར་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཡེ་ཤེས་ཀྱི་ཌཱ་ཀི་མ་པད་ཅན་མདངས་གསལ་མ་ལ་ནམ་མཁའི་རྣལ་འབྱོར་གྱིས་བསྟོད་པའོ། །
༈ ཧཱུཾ། ཧེ་རུ་ཀ་དཔལ་བདེ་མཆོག་གསུང་གི་སྤྲུལ། །དྲེགས་པ་ཀུན་སྒྲོལ་དཔལ་ལྡན་ཕྱག་དྲུག་པ། །སྲིད་གསུམ་འདུལ་ཕྱིར་སྤྲུལ་པ་བསམ་མི་ཁྱབ། །འཁོར་གྱི་ཚུལ་འཛིན་གནོད་སྦྱིན་ཁྱེ་ཏྲའི་ཚོགས། །ཁྲོ་གཏུམ་རབ་བརྗིད་མ་རུང་རྔམ་པའི་སྐུ། །བསྟན་པའི་རཱུ་ཏྲ་ལོག་ལྟ་ཀུན་བསྒྲལ་ཞིང་། །ཁམས་གསུམ་དབང་སྡུད་ལོག་འདྲེན་ཟིལ་གྱིས་གནོན། །སྒྲུབ་པ་པོ་ཡི་འཕྲིན་ལས་ཚུལ་བཞིན་བསྒྲུབ། །ཧ་ཧའི་གད་རྒྱང་ཕྱོགས་བཅུར་གཡོ་བའི་གསུང་། །རབ་འཇིགས་དམ་ཉམས་སྲོག་རྩ་འདར་བར་བྱེད། །གདུག་པ་ཀུན་སྒྲོལ་སྲིད་གསུམ་གནས་ནས་འདྲེན། །དག་པའི་ཞིང་དེར་འགྲོ་རྣམས་བདེ་ལ་བཀོད། །མཁའ་དབྱིངས་དྲི་མེད་ཁྱབ་བདལ་ཡངས་པའི་ཐུགས། །ལྷུན་གྲུབ་འོད་གསལ་ཚ་ཟེར་མཁྱེན་གཉིས་རྒྱས། །དུས་གསུམ་འགག་མེད་ཇི་བཞིན་ས་ལེར་གཟིགས། །གཉིས་མེད་སྣང་འཛིན་སྐྱེ་མེད་མཁའ་ལྟར་དག །རིན་ཆེན་གཏེར་མཛོད་རེ་སྐོང་ཡོན་ཏན་གཏེར། །རྣམ་མང་ཡོན་ཏན་རྒྱ་མཚོ་བསམ་ལས་འདས། །མ་ལུས་ཤེས་བྱ་མངོན་སུམ་ཐོགས་མེད་གཟིགས། །ལེགས་ཉེས་ཤན་འབྱེད་མ་རུང་དམ་ལ་བཏགས། །མཐུ་སྟོབས་རྨད་བྱུང་འཕྲིན་ལས་མཐའ་རུ་ཕྱིན། །ཡེ་ཤེས་མགོན་པོ་ཀྵེ་ཏྲ་པ་ལའི་ཚོགས། །སྤྲུལ་དང་ཡང་སྤྲུལ་མཁྱེན་བརྩེ་ནུས་པར་ལྡན། །སྟོང་ཉིད་སྙིང་རྗེས་སྲིད་གསུམ་འགྲོ་བ་སྒྲོལ། །སྐུ་མདོག་མཐིང་ནག་དོམ་ནག་སྨྱོན་པ་ཆིབས། །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་སྐུར་སྤྲུལ་པ། །དབུ་སྐྲ་ཁམ་སེར་སྤྱན་གསུམ་དམར་ལ་བརྗིད། །ཞལ་གདང་མཆེ་གཙིགས་དགྲ་བགེགས་ཤ་ལ་རོལ། །ཕྱག་གཡས་གྲི་ཁུག་དམ་ཉམས་སྲོག་རྩ་གཅོད། །ཕྱག་གཡོན་བྷནྡྷ་ཁྲག་བཀང་གཙོ་ལ་སྟོབས། །རྒྱལ་བ་རྣམས་ཀྱི་སྤྱན་སྔར་ཁས་བླངས་ལྟར། །རྣལ་འབྱོར་བདག་གིས་བཅོལ་པའི་ལས་རྣམས་བསྒྲུབས། །བྱིན་པའི་དམ་རྫས་ཤ་ཁྲག་གཏོར་མ་བཞེས། །སྡང་དགྲ་གནོད་བྱེད་ཐལ་བ་རྡུལ་དུ་རློགས། །དེང་ནས་མཆོག་གི་གོ་འཕང་མ་ཐོབ་བར། །མི་འབྲལ་ལུས་དང་གྲིབ་མ་ལྟར་འགྲོགས་ནས། །བྱིན་པའི་ཟས་ཟོ་བཅོལ་པའི་ལས་རྣམས་སྒྲུབས། །རྒོལ་བ་ཚར་གཅོད་རྐྱེན་རྣམས་མྱུར་ཞི་མཛོད། །ཅེས་པ་འདི་ནི་ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་ཀྱིས་བསྐུལ་ནས་ནམ་མཁའི་རྣལ་འབྱོར་གྱིས་ཀྵེ་ཏྲ་པ་ལ་ལ་བསྟོད་པའོ། །
༈ བླ་མ་དང་རྒྱ་བོད་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ལ་ཕྱག་འཚལ་ནས། ཞབས་ལ་དུས་ཐམས་ཅད་དུ་མཆོད་ཅིག །རང་གི་སྤྱི་བོར་པད་ཟླའི་སྟེང་། །རྩ་བའི་བླ་མ་ཡི་དམ་ལྷ། །ངོ་བོ་གཅིག་ཏུ་བཞུགས་པར་གྱུར། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །སངས་རྒྱས་བྱང་སེམས་ཌཱ་ཀིའི་ཚོགས། །གཉིས་སུ་མེད་པར་ཛ་ཧཱུཾ་བཾ་ཧོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །བདེ་དང་ལྡན་ཞིང་སྡུག་བསྔལ་བྲལ། །མྱུར་དུ་སངས་རྒྱས་ཐོབ་པར་བྱེད། །དེ་ནས་བླ་མ་མཁའ་འགྲོ་མཁྱེན། །འཁོར་བའི་དྲན་པ་འཇོམས་མཛད་པ། །བླ་མ་རྣམས་ལ་གསོལ་བ་འདེབས། །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །སྟོང་ཉིད་སྙིང་རྗེ་རྡོ་རྗེ་འཆང་། །གསང་བའི་ཡུམ་གཅིག་མཁའ་འགྲོ་མ། །རབ་སྟོན་ཐུགས་རྗེ་ན་ག་འཛུ། །རྒོལ་བ་ཚར་གཅོད་འཕགས་པ་ལྷ། །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །ཇི་བཞིན་གཟིགས་པའི་ཟླ་བ་གྲགས། །ཡོན་ཏན་གདིང་ལྡན་མ་ཏང་ཀི །བརྟུལ་ཞུགས་སྤྱོད་པའི་ཌོམ་བྷི་པ། །ལྷན་སྐྱེས་དོན་རྟོགས་བྷི་ན་ས། །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །འོད་གསལ་ཐུགས་ཆུད་ལྭ་བ་པ། །ཐབས་མཁས་བྱིན་རླབས་ཨིན་དྲ་བྷོ། །མཁའ་འགྲོས་ལུང་བསྟན་ལུ་ཧི་པ། །འཁོར་བཅས་མཁའ་སྤྱོད་ལྡིང་ཀི་པ། །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །རྒྱལ་སྲིད་སྤང་བའི་དྷ་རི་ཀ །བདེ་སྟེར་མཁའ་འགྲོ་བསྐལ་བ་བཟང་། །ཐབས་མཁས་སྙིང་རྗེ་ཐང་ལོང་པ། །ལྷན་སྐྱེས་དོན་རྟོགས་ཤིང་ལོ་པ། །སྒྲུབ་ལ་བར་ཆོད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །ཐབས་མཁས་ཐུགས་རྗེ་དྲིལ་བུ་པ། །ས་བཅུའི་དབང་ཕྱུག་ཏེ་ལོ་རྗེ། །གནས་ལྔ་མཐར་ཕྱིན་ན་རོ་པ། །མཐའ་བྲལ་དོན་རྟོགས་མེ་ཏྲི་བ། །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །ཡོན་ཏན་ཁ་རབ་རྒྱས་ལྷོ་བྲག་པ། །གསང་སྔགས་ཀ་སྡོང་པོ་ཏི་ཕུ་བ། །སྐྱོན་གྱིས་མ་གོས་མི་ལ་མཆོག །རྒྱལ་ཚབ་དམ་པ་ཟླ་འོད་མཆོག །སྒྲུབ་ལ་བར་ཆོད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །དགོས་འདོད་ནོར་བུ་རས་ཆུང་བ། །གནད་དུ་བསྣུན་པའི་ཟང་རི་རས། །སྨིན་གྲོལ་མཐར་ཕྱིན་ཞི་བ་འོད། །རྫུ་འཕྲུལ་ཐོགས་མེད་ངན་རྫོང་རས། །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །དབང་ཕྱུག་བརྒྱད་ལྡན་དྭགས་པོ་སྒོམ། །རྫོགས་པའི་སངས་རྒྱས་གླིང་རྗེ་རས། །བསམ་ཞིང་སྐུ་འཁྲུངས་བྷ་འབྲོམ་པ། །འཛམ་གླིང་གཙུག་རྒྱན་འཇིག་རྟེན་མགོན། །སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །ཟག་མེད་རྡོ་རྗེ་མཁའ་འགྲོ་མ། །བདེ་སྟེར་པད་མ་མཁའ་འགྲོ་མ། །མངོན་གཟིགས་མཁའ་འགྲོ་མངོན་སྤྱོད་མ། །བྱིན་རླབས་བདེ་སྤྱོད་མཁའ་འགྲོ་མ། །བ་ལ་བར་ཆད་མི་འབྱུང་ཞིང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །སྣང་སེམས་རང་དབང་ཐོབ་པར་ཤོག །དྲན་མཆོག་བློ་བདེ་རྙེད་པར་ཤོག །སྤྱི་བོའི་བླ་མ་ཡི་དམ་སོགས། །སིབ་ཀྱིས་རང་ལ་ཐིམ་པར་གྱུར། །སྔར་འདས་ཕྱི་རྗེས་མི་འབྲང་བར། །གསལ་སྟོང་འཛིན་མེད་ཆོས་སྐུའི་ངང་། །དུས་ཀུན་དེ་ལ་མི་གཡོ་མཛོད། །ཨེ་མ་ཧོ། གྷ་ན་ཙཀྲའི་མཆོད་ཡུལ་ལ། །དེ་ལྟར་མཆིས་པས་གསོལ་བ་གདབ། །ཐུགས་ཡིད་ཆེས་རྣམས་དེ་ལྟར་ཐོབ། །ཁྱད་པར་དྷོ་ཙྪ་མ་ཏི་དང་། །ཀ་ར་ལ་སོགས་བདག་མོས་རྣམས། །དེ་ལྟར་ཐོབ་དང་དོན་ཆེན་འགྲུབ། །དེ་སྟེ་ཡ་མ་ཧོ། ཀྱེ་མ་ཧོ། བདུད་རྩི་དྲི་ངད་ལྡན་པ་འདི། །བླ་བདེ་དྷོ་ཙྪས་དེ་ལ་རོལ། །འདི་རང་སི་ཏི་ཕ་ལ་ཡིན། །ཨ་མྲྀ་ཏ་ཧཱུཾ། བདག་ནི་མཚན་བཟང་ཡོངས་སུ་རྫོགས། །འཁོར་འདས་རོ་མཉམ་གཅིག་ཏུ་རྫོགས། །ཐམས་ཅད་རྫོགས་པའི་རྫོགས་སངས་རྒྱས། །སངས་རྒྱས་ཡུམ་གྱུར་བདག་ལ་ནི། །དེ་ནུབ་ལོག་པར་བལྟས་པ་དེ། །དམྱལ་བར་ངེས་པར་མི་འཚེག་ཚིག་རེ། །ཆོས་བདག་གོང་མ་གཙོ་མོ་རྣམས། །གང་ཡིན་སོ་སོར་གཞིག་པར་གྱིས། །ཨ་ཨ་མངོན་སུམ་མཚངས་རྒྱན་མི་རིགས་ཀྱང་། །མཁའ་འགྲོའི་ལས་གཏོར་ཕུལ་བ་རྣམས། །མལ་དུ་དེ་ནུབ་ཕྱིན་ནས་ཞོག །མ་རབས་མ་རབས་དེ་སྟེ་ཡ་རབས་ཚོ། །ཧ་ཧ་ཧི་ཧི། ཕུ་ལུ་རུ་ལུ་ཡེ་ཧཱུཾ། ཞེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་དཔོན་སློབ། དུས་ཁྱད་པར་ཅན་ལ་བཀའ་བརྒྱུད་ཀྱི་ཚོགས་འཁོར་བསྐོར་བའི་དུས་སུ་མཆོད་ཡུལ་འདི་རྣམས་བྱོན་པ་ཌཱ་ཀི་མཚན་བཟང་ཡོངས་རྫོགས་མས་ཟིན་བྲིས་སུ་བཏབ་པའོ། །
༈ ཀ་དག་མཁའ་དབྱིངས་ཡངས་པའི་དཀྱིལ་འཁོར་དུ། །འོད་གསལ་མཁའ་ཁྱབ་རྟ་བདུན་རྒྱལ་པོ་འཕྱོ། །མ་ལུས་མཁའ་མཉམ་བདེ་བའི་དཔལ་ལ་བཀོད། །འབྲེལ་ཚད་དོན་ལྡན་དེ་ལ་རྟག་ཏུ་འདུད། །ཨེ་མ་ཡང་དག་དོན་མཁས་གང་ཡིན་དབང་པོ་གསོན། །སྡིག་པའི་དེ་ཉིད་མ་ཤེས་ན། །དགེ་བ་བསྒྲུབས་པས་ཅི་ལ་ཕན། །འཛིན་ཆགས་ནང་ནས་མ་ཞིག་ན། །སྦྱིན་པ་བཏང་བས་ཅི་ལ་ཕན། །སྟོང་ཉིད་སྙིང་རྗེ་མ་ལྡན་ན། །ཁ་ཡི་འདོན་བཟློས་ཅི་ལ་ཕན། །སྟོང་པ་གཟུགས་སུ་མ་ཤར་ན། །རྫོགས་རིམ་བསྒོམས་པས་ཅི་ལ་ཕན། །སྣང་བ་སྟོང་པར་མ་ཤར་ན། །བསྐྱེད་རིམ་བསྒོམས་པས་ཅི་ལ་ཕན། །སྣང་སྲིད་ཆོས་སྐུར་མ་རྟོགས་ན། །རྟོགས་ལྡན་ཡིན་ཟེར་ཅི་ལ་ཕན། །བརྗོད་མེད་ལྷུན་གྲུབ་མ་རྟོགས་ན། །ཐུན་མང་དུ་བཅད་པས་ཅི་ལ་ཕན། །གོང་བུའི་དཀྱིལ་དུ་རལ་གྲི་རྒྱོབ། །ཚ་ཟེར་སྟེང་དུ་མདུང་རྩེ་ཁུལ། །ཆུ་འཛིན་དཀྱིལ་དུ་འཁོར་གསུམ་སྐོར། །ནམ་མཁའི་སྐུ་དང་ལ་བརྗོད་ཐོང་། །སྟོང་གཟུགས་ཤེས་རབ་འཛུམ་གྱིས་སུས། །མཁའ་དབྱིངས་པད་མོ་ཟེའུ་འབྲུས་བརྒྱན། །དངོས་མེད་པིར་བུ་བཙོན་དུ་ཟུངས། །ཛ་ལ་ཁ་ཏྲ་རི་ལེ་ཡེ་སྭཱ་ཧྭ། རྒྱ་རྒྱ་རྒྱ། ཞེས་པ་འདི་ནི་ཌཱ་ཀི་མཚན་བཟང་ཡོངས་རྫོགས་མས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ དགེ་ལེགས་དོན་བཟང་ཡོན་ཏན་འཚོགས་པའི་དབུས། །རབ་མཛེས་བརྒྱད་གཉིས་པད་ཚལ་དགའ་སྟོན་རྒྱས། །མདངས་ལྡན་དྲི་ངད་སྲིད་འཚོགས་དགའ་ལ་རོལ། །མདོ་དོན་གསལ་བྱེད་གང་ཡིན་རྒྱལ་གྱུར་ཅིག །མ་བཅོས་ཐ་མལ་ཤེས་པ་དེ། །རྩ་བྲལ་ཆེན་པོར་བློ་ཐག་ཆོད། །བརྟགས་ཤིང་དཔྱད་པའི་གོ་བ་དེ། །ཆོས་ཉིད་ཆེན་པོར་བློ་ཐག་ཆོད། །སྒོམ་པའི་ཉམས་མྱོང་བློ་བྲལ་དེ། །མྱོང་ཡོད་བརྗོད་མེད་བློ་ཐག་ཆོད། །ཟག་བཅས་རང་བྱུང་གི་ཉམས་མྱོང་དེ། །ཟག་མེད་དགའ་བཞིར་བློ་ཐག་ཆོད། །བར་ཆོད་བདུད་ཀྱི་ཆོ་འཕྲུལ་དེ། །སྐྱེ་མེད་སྐུལ་མར་བློ་ཐག་ཆོད། །དོན་མཁས་བཟང་ལ་དེ་ལྟར་ཞུ། །སངས་རྒྱས་བླ་མེད་མཚན་ཉིད་ཡིན། །ཚིག་འབྲེལ་བླ་མ་རྗེ་ལ་འབུལ། །མ་འོངས་རང་བཞིན་གནས་སུ་མཇལ། །དེ་བར་སྒྲུབ་ལ་བརྩོན་པར་མཛོད། །ནོར་བུ་བཟང་མོས་བླ་མ་རྗེ་ལ་མཆོད། །ད་ཛ་དེ་ཛོ་ལ་ཡ་མ་ཧཱུཾ། ཞེས་པ་འདི་ནི་ཌཱ་ཀི་ནོར་བུ་བཟང་མོས་ནམ་མཁའི་རྣལ་འབྱོར་ལ་གསུངས་པའོ། །
༈ ད་འཁོར་གྱི་བྱང་ཆུབ་སེམས་དཔའི་ཚོགས། །བཛྲ་རསྨི་ལ་སོགས་ཐབས་ཀྱི་ཚོགས། །པུརྞེ་དྷོ་ཙྪ་ལ་སོགས་ཤེས་རབ་ཚོགས། །ནོར་བུ་བཟང་མོ་སྐྱེས་དམན་བདག་ལ་དགོངས། །བླ་མའི་སྐུ་བླུ་མཐུན་འགྱུར་མཛད་ལགས་པས། །སྙན་བསྐུལ་ཚིག་གསུམ་སྙན་དུ་གསོལ་བ་ཡིན། །དམ་པའི་འཇུག་ངོགས་ངེས་པའི་སྙིང་པོ་ལ། །ཤེས་རབ་ཡེ་ཤེས་ལུས་སྟོབས་སྤྱན་ཕྱེས་ལ། །གཟུ་བོར་གནས་པའི་བློ་ཡིས་འཇུག་པར་མཛོད། །འཇིག་རྟེན་ཟོལ་པོའི་གྲོང་ཁྱེར་མ་ལྟ་བར། །ཀུན་མཁྱེན་ཐར་པའི་གླིང་དུ་སྤྲོ་བར་མཛོད། །སྦྱོང་མེད་སྐྱེ་བོ་རྣམས་ལ་མ་ལྟ་བར། །རྣམ་གྲོལ་ཐར་བའི་གླིང་དུ་སྤྲོ་བར་མཛོད། །ལུང་རིགས་མན་ངག་མཚོའི་སྙིང་པོ་ལ། །གཡོ་ཞིང་བརྟན་ནས་མཉམ་རྗེས་མེད་པར་མཛོད། །ཡང་དག་ཉིད་ལ་གོམས་འདྲིས་བྱེད་པའི་ཚེ། །འཆར་ཚུལ་མང་ཡང་སེམས་སུ་ཤེས་པར་མཛོད། །སྐྱོན་ཡོན་འབྱུང་འཇུག་ཐམས་ཅད་མི་ཁེག་པས། །གང་ཤར་དེ་ཀ་ཆོས་སྐུར་ཤེས་པར་མཛོད། །ཆོས་སྐུ་སྐྱེ་མེད་གདོད་མའི་ནམ་མཁའ་ལ། །གཉིས་བསྡུས་ཆོས་རྣམས་དེ་ཡི་རོལ་པར་མཛོད། །ནོར་བུ་བཟང་མོས་འཁོར་གྱི་སེམས་དཔའ་སེམས་མ་རྣམས་ལ་ཞུ། བྷན་དྷ་ཡུ་བ་ལི་མ་བུམས་ཧྲིལ། ཟག་མེད་སྐུ་བཞི་རྒྱལ་ཡུམ་ཌཱ་ཀིའི་ཚོགས། །མཁྱེན་བརྩེ་ནུས་ལྡན་སྤྱན་ཅན་མ་ལུས་ཀུན། །ངེས་ཤེས་ཐུགས་ཡིད་བརྟན་རྣམས་རྒྱལ་གྱུར་ཅིག །ལོག་ལྟ་ལྟ་ལོག་ཅན་རྣམས་རྡུལ་དུ་རློག །མཁའ་དབྱིངས་ཀློང་ལ་ཚ་ཟེར་མེ་ཏོག་ཐུས། །ཚ་ཟེར་དབུས་སུ་རལ་གྲི་མར་མེ་སྦོར། །ཆུ་འཛིན་དབུས་སུ་མདུང་རྩེར་རས་ཀར་རྐྱོངས། །བ་ཚྭའི་དཀྱིལ་དུ་སྐུ་མཁར་བཞེངས་བར་མཛོད། །ཨ་ཨེ་མ་གཅིག་དགོངས་དང་ཐབས་ཤེས་རྣམས། །ཞ་བོས་སྟོང་གསུམ་བསྐོར་ན་ཨང་། །ལྐུགས་པས་སྨྲ་བ་མང་ན་ཡང་། །ལོང་བས་མཐོང་ལུགས་མང་ན་ཨང་། །ཨུ་མ་དྷེ་བ་ཡོད་ན་ཨང་། །ཨང་སྟེ་ཨང་སྟེ་ཨ་སྟེ་ཨང་། །ཡེ་མ་ལུ་རི་ཕཊ་སྭཱ་ཧྭ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་གོ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རྩ་བྲལ་སྟོང་པའི་གཟུགས་སུ་ཤར། །རྗེས་ཤེས་ཆོས་རྣམས་ཇི་སྙེད་ཀུན། །ཤུགས་འབྱུང་རྒྱ་མཚོར་རོ་གཅིག་འདྲེས། །རྟགས་དང་མཚན་མའི་གདགས་གཞི་བྲལ། །ཡར་མཐའ་མར་མཐའི་དུས་མཐའ་མེད། །དུས་རྣམ་ཀུན་ཏུ་དེ་ལྟར་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་གོ །འཁོར་བ་སྤང་བའི་ཕ་རོལ་ན། །མྱ་ངན་འདས་པ་མེད་པར་གོ །སེམས་ཅན་སྤང་བའི་ཕ་རོལ་ན། །སངས་རྒྱས་བསྒྲུབ་ཏུ་མེད་པར་གོ །དུག་ལྔ་སྤང་བའི་ཕ་རོལ་ན། །སྐུ་ལྔ་ཐོབ་ཏུ་མེད་པར་གོ །འཁྲུལ་པ་སྤང་བའི་ཕ་རོལ་ན། །གྲོལ་བ་འཆར་དུ་མེད་པར་གོ། རྗེས་ཤེས་སྤང་བའི་ཕ་རོལ་ན། །མཉམ་བཞག་བསྒྲུབ་ཏུ་མེད་པར་གོ །གཟུགས་སྐུ་སྤང་བའི་ཕ་རོལ་ན། །ཆོས་སྐུ་ཐོབ་ཏུ་མེད་པར་གོ །དུས་རྣམ་རྟག་ཏུ་དེ་ལྟར་ལགས། །ལེགས་མཛེས་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་གོ །བདལ་བ་ཆེན་པོར་གནས་པ་ལ། །སངས་རྒྱས་ཐོབ་འདོད་བདག་ལ་མེད། །འོད་གསལ་རྒྱུན་ཆད་མེད་པ་ལ། །རྟགས་དང་མཚན་མ་ཐོབ་འདོད་མེད། །ལྷུན་གྲུབ་རྒྱལ་ས་ཟིན་པ་ལ། །འབྲས་བུ་ཐོབ་འདོད་བདག་ལ་མེད། །སྐྱེ་མེད་ཟང་ཐལ་ཆུ་རྒྱུན་ལ། །ཉིན་མཚན་སྣང་བ་བདག་ལ་མེད། །ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །དཔྱད་བཟོད་བྱེད་བློ་བདག་ལ་མེད། །འཁོར་འདས་གཞི་རྩ་བྲལ་བ་ལ། །སྤང་བྱ་གཉེན་པོ་གཉིས་སུ་མེད། །སྤང་མེད་ཐོབ་མེད་ན་ཆུང་ནི། །བཀྲ་ཤིས་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་ཡིན། །དུས་གསུམ་རྒྱལ་བའི་ཡུམ་གྱུར་ཡིན། །གནས་ནི་རང་བཞིན་མཁའ་སྤྱོད་ཡིན། །འདོད་ཡོན་ཨ་མྲྀ་ཤུ་དྷ་ཡིན། །ཆོས་ནི་མཁའ་ཁྱབ་འོད་གསལ་ཡིན། །ཡབ་ནི་ཀུ་མུད་གིརྟི་ཡིན། །ཡུམ་ནི་འོད་ཀྱི་ལྷ་མོ་ཡིན། །ཐམས་ཅད་མཐའ་དང་བྲལ་བ་ཡིན། །བྱ་བྱེད་རྩོལ་བ་མཁའ་ལྟར་དག །འགག་མེད་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་ཤེས། །སྣང་ཚད་ནམ་མཁའ་སྟོང་པར་ཤེས། །སྟོང་ཚད་མ་འགགས་གསལ་བར་ཤེས། །དམུས་ལོང་གཟུགས་ལ་ལྟ་བར་ཤེས། །ལྐུགས་པས་སྒྲ་དབྱངས་གད་མོ་ཤེས། །འོན་པས་སྒྲ་སྐད་ཉན་པ་ཤེས། །ཞ་བོས་ཕྱོགས་བཅུར་བསྒྲོད་པ་ཤེས། །འདབ་མེད་གནམ་དུ་འཕུར་འཇོལ་ཤེས། །ཆོས་མེད་འགྲོ་དོན་བྱེད་པ་ཤེས། །ནོར་མེད་འདོད་དགུ་ལོངས་སྤྱོད་ཤེས། །དམིགས་མེད་སྙིང་རྗེའི་སྨོན་ལམ་ཤེས། །ཤེས་མེད་སྐྱེས་དམན་ན་ཆུང་ནི། །རང་གསལ་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་པའི་བུད་མེད་ཀྱིས། །མ་ངེས་པ་ལ་འདི་ལྟར་མཐོང་། །སྡུག་ཆུང་སྲིན་བུ་བ་ཤི་ཁས། །ལྗོན་ཤིང་སྡོང་པོ་བཅད་པ་མཐོང་། །རྩལ་གསུམ་རྫོགས་པའི་སེང་ལྕམ་དེས། །མཁོས་ཆུང་ཝ་མོ་ལ་སྐྲག་མཐོང་། །འདབ་ཆགས་བྱེའུ་ཆུང་འདབ་ལེབ་དེས། །སྟོང་གསུམ་ཡུད་ཀྱིས་བསྐོར་བ་མཐོང་། །གཤོག་དྲུག་རྒྱས་པའི་བྱ་རྒྱལ་དེ། །གཞུ་འདོམ་གང་ལས་རེ་མེད་མཐོང་། །མི་དགེ་བཅུ་ལ་རྔམ་པ་དེ། །སྐད་ཅིག་སངས་ཅུང་ཆུང་རྒྱས་པ་མཐོང་། །སྟན་རྡུལ་ཞབས་རྡུལ་མི་ཚེ་ཆོས་ལ་བསྐྱལ། །འཕོས་མ་ཐག་ཏུ་དམྱལ་བར་སྐྱེ་བ་མཐོང་། །མཐོང་མཐོང་བཤད་ཀྱིས་མི་ལང་བས། །མདོར་བསྡུས་ངོ་མཚར་དེ་ལྟར་མཐོང་། །ལྷུན་གྲུབ་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་མཚར། །མཁའ་དབྱིངས་བདེ་བ་ཆེན་པོར་མཚར། །འཁོར་བ་ཟག་མེད་བདེ་བ་མཚར། །རེ་དོགས་སྐྱེ་མེད་ཀློང་ན་མཚར། །འཁྲུལ་པ་ཡེ་ཤེས་ཆེན་པོར་མཚར། །སྣང་བ་སྟོང་པ་ཆེན་པོར་མཚར། །སྐྱིད་སྡུག་གཉུག་མ་ཆེན་པོར་མཚར། །དགག་སྒྲུབ་མཉམ་ཉིད་ཆེན་པོར་མཚར། །ན་ཆུང་འོད་གསལ་ཆེན་པོར་མཚར། །དོན་མཚར་དུས་རྣམས་དེ་ལྟར་ལགས། །འོད་གསལ་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་བྱས། །ལྟ་བ་ལ་ནམ་མཁའི་པད་མོ་བྱས། །སྒོམ་པ་ལ་ལྐུགས་པས་གད་མོ་བྱས། །སྤྱོད་པ་ལ་མི་རོས་གླུ་གར་བྱས། །འབྲས་བུ་ལ་ཐམས་ཅད་གསེར་དུ་བྱས། །ཐམས་ཅད་ཐམས་ཅད་དེ་ལྟར་བྱས། །བྱས་པས་ལྐུགས་པས་གད་མོ་ཤོར། །ཡན་ལག་མེད་པར་བྲོ་གར་འཁྲབ། །དུས་རྣམ་ཀུན་ཏུ་དེ་ལྟར་བྱས། །དོན་མཁས་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ། །
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་དྲན། །སྐྱེ་མེད་ངང་ལ་གནས་ཙམ་ཙ། །འགྲོ་བ་དྲུག་གི་སེམས་ཅན་རྣམས། །རྨི་ལམ་ལྟ་བུར་དོན་བྱེད་དྲན། །བདེ་སྡུག་སྣང་བ་སྣ་ཚོགས་རྣམས། །སྒྱུ་མའི་གར་གྱིས་རོལ་པར་དྲན། །རང་རང་སྣང་བ་དངོས་པོ་རྣམས། །སེམས་ཉིད་རང་སར་གྲོལ་བ་དྲན། །སེམས་ནི་སྐྱེ་འགག་ངང་བྲལ་བས། །བརྗོད་མེད་སྟོང་ཉིད་འོད་གསལ་དྲན། །དངོས་མེད་དངོས་པོའི་རང་བཞིན་དེ། །རང་བཞིན་ཡོན་ཏན་ཉིད་ལྡན་དྲན། །གདོད་ནས་སྐུ་གསུམ་ལྷུན་གྲུབ་དེ། །ལྟ་རུ་མེད་པའི་ངང་དུ་དྲན། །མཐོང་ནས་རེ་དོགས་ཀུན་བྲལ་དེ། །རང་གྲོལ་རང་སར་གྲོལ་བར་དྲན། །མ་ལུས་འཁོར་འདས་ཐམས་ཅད་དེ། །ལྷན་སྐྱེས་ཡེ་ཤེས་རྩལ་དུ་དྲན། །དྲན་དྲན་བརྗོད་ཀྱིས་མི་ལངས་བས། །དོན་མཁས་དྲན་པ་དེ་ལྟར་ལགས། །གཅིག་རྫོགས་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་བདེ། །སྣང་དང་སྟོང་པ་དབྱེར་མེད་བདེ། །རང་བཞིན་སྟོང་གསལ་ཆོས་སྐུར་བདེ། །རིག་སྟོང་ཆོས་དབྱིངས་རྩལ་དུ་བདེ། །སེམས་ཉིད་ཆོས་སྐུའི་འོད་དུ་བདེ། །མཐའ་དབུས་མེད་པས་ནམ་མཁའ་བདེ། །གསལ་འགྲིབ་མེད་པས་ཉི་ཟླ་བདེ། །རྒྱུན་ཆད་མེད་པས་ཆུ་བོ་བདེ། །ཁ་གཏིང་མེད་པས་རྒྱ་མཚོ་བདེ། །ནོར་བུ་ལྟ་བུར་དགོས་འདོད་བདེ། །སྐུ་གསུམ་ལྷུན་གྲུབ་རང་ལ་བདེ། །བདེ་བདེ་བཤད་ཀྱིས་ག་ན་ལོངས། །དོན་བདེ་མཁས་པ་དེ་ལྟར་ལགས། །གསལ་བྱེད་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་ཤར། །ལྟ་བ་སྤྲོས་བྲལ་ཆེན་པོར་ཤར། །སྒོམ་པ་བརྗོད་བྲལ་ཡུལ་འདས་ཤར། །སྤྱོད་པ་ཐུག་ཤུགས་འབྱུང་རང་གྲོལ་ཤར། །འབྲས་བུ་འཕོ་འགྱུར་མེད་པར་ཤར། །འཁོར་བ་མྱ་ངན་འདས་པར་ཤར། །མྱང་འདས་འཁོར་བའི་གཟུགས་སུ་ཤར། །ཐམས་ཅད་ཟུང་འཇུག་ཆེན་པོར་ཤར། །ཤར་མེད་ནུབ་མེད་ན་ཆུང་ལ། །རང་ཤར་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། བླ་མེད་བླ་མ་རིན་པོ་ཆེ། །སྐྱེ་བ་དམན་ཏེ་འདི་ལྟར་དགའ། །ལྟ་བ་ཀློང་དུ་གྱུར་ཙམ་ཙ། །ཐམས་ཅད་དབྱིངས་ལ་མི་གཡོ་དགའ། །སྒོམ་པ་ཀློང་དུ་གྱུར་ཙམ་ཙ། །ཉི་ཟླ་སྒྲིབ་གཡོག་བྲལ་ཞིང་དགའ། །སྤྱོད་པ་ཀློང་དུ་གྱུར་ཙམ་ཙ། །སྨྱོན་པས་སྨྱོ་སྤྱོད་བྱེད་ཅིང་དགའ། །འབྲས་བུ་ཀློང་དུ་གྱུར་ཙམ་ཙ། །དགོས་འདོད་ནོར་བུ་ཕྱིན་ནས་དགའ། །ཟག་མེད་སྐུ་བཞི་འདུ་འབྲལ་མེད། །དུས་རྣམ་མི་གཡོ་དེ་ལྟར་ལགས། །ཀུན་མཛེས་སྐྱིད་ཀྱིས་འབྲེལ་པ་ལགས། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ།
གུ་རུ་རཏྣ་ཡེ་ན་མོ། ལྷུན་གྲུབ་འོད་གསལ་ཆོས་ཀྱི་སྐུ། །འགག་མེད་བླ་མ་རྗེ་ལ་འདུད། །སྐྱེ་བ་དམན་ཏེ་འདི་ལྟར་སྐྱིད། །མ་དག་འཁྲུལ་པའི་འབྱུང་བ་ལྔ། །ཡེ་ཤེས་ལྔ་ཡི་འོད་དུ་སྐྱིད། །མ་རིག་འབྱུང་བ་སྣ་ཚོགས་ཀུན། །འོད་གསལ་ཐོག་མཐའ་བྲལ་བས་སྐྱིད། །རྣམ་རྟོག་སྣ་ཚོགས་ཇི་སྙེད་ཀུན། །ཆུ་ཕྲན་རྒྱ་མཚོར་ཐིམ་པས་སྐྱིད། །སྐྱེ་འགྲོ་རིགས་དྲུག་མ་ལུས་ཀུན། །རྒྱལ་བ་སྤྲུལ་པའི་སྐུ་རུ་སྐྱིད། །ཐོག་མའི་སངས་རྒྱས་རང་ལ་སྐྱིད། །འཁོར་འདས་གཞི་རྩ་བྲལ་བས་སྐྱིད། །དབྱེར་མེད་ལྷུན་གྱིས་གྲུབ་པས་སྐྱིད། །མ་འགགས་ཡེ་ཤེས་ཟང་ཐལ་སྐྱིད། །ཕྱོགས་ཆར་འཛིན་བློ་བྲལ་བས་སྐྱིད། །གདོད་ནས་རྣམ་པར་དག་པས་སྐྱིད། །དེར་སྐྱིད་འདུལ་འདུལ་མ་མཆིས་པས། །ད་ལྟ་ཅི་བྱེད་རུང་བས་སྐྱིད། །སྐྱིད་སྐྱིད་བཤད་ཀྱིས་ག་ན་ལང་། །དོན་གྲུབ་བཀྲ་ཤིས་སྐྱིད་ཀྱིས་གླུ། །བླ་མ་རྗེ་ལ་ཚིག་འབྲེལ་འབུལ། །བདག་གི་ཡབ་གྱུར་བདེ་བར་ཤོག །འདོད་དགུ་སྟོང་ཉིད་མཐར་ཕྱིན་ཤོག །བཅུ་གསུམ་ས་ཐོབ་བརྟན་པར་ཤོག །མངྒ་ལཾ། བྷ་ཝན་ཏུ། རྗེ་བཙུན་བླ་མ་རིན་པོ་ཆེ། །ལུས་གྲིབ་ལྟ་བུར་མི་འབྲལ་ཤོག །ཨྠྀི། བཾ་རཾ་བུཾ་ལཾ་སུ་སཾ་ཁཾ་ཏྲཾ་ཤཾ་ཆཾ་ཨཾ་ཆཾ་ཧཾ། ཞེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་ལ་ཌཱ་ཀི་བཅུ་གསུམ་གྱིས་ཚིག་འབྲེལ་དུ་གསུངས་པའོ། །
༈ ན་མོ་འཁོར་སྡོམ་པའི་ལྷ་ཚོགས་ལ། །དུས་རྟག་ཏུ་གུས་པར་ཕྱག་འཚལ་ལོ། །མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་རློབས། །བསྟན་སྲུང་རྣམས་ཀྱིས་བར་ཆད་སོལ། །འོ་ཅག་གང་ཡིན་ཟེར་ཙམ་ཙ། །སངས་རྒྱས་ཡུམ་གྱུར་ན་ཆུང་ཡིན། །ལྟ་བ་མཁའ་དབྱིངས་ཡངས་པ་ཡིན། །སྒོམ་པ་མཁའ་ལ་ཉི་ཤར་ཡིན། །སྤྱོད་པ་མཁའ་ལ་སྤྲིན་དག་ཡིན། །འབྲས་བུ་མཁའ་ལ་རེ་མེད་ཡིན། །ཡིན་མིན་བཤད་ཀྱིས་ག་ན་ལང་། །མདོར་བསྡུས་དེ་ལ་མ་འདུས་མེད། །བདག་ལ་དབང་པོ་བྱེད་པ་ན། །བཤེས་ཀྱིས་རྒྱུན་དུ་འདི་ལྟར་མཛད། །ཚེ་འདིའི་བྱ་བ་རྣམས་ལ་དགོས་པ་མེད། །ད་བཞུགས་ཆེས་མ་མཛད་འགྲོ་ཆེས་དག་ལ་འབུངས། །རང་བཞིན་དབེན་པའི་མི་མེད་ལུང་སྟོང་དུ། །ལྟོ་གོས་འཚོ་བ་ཅི་གྱི་ན་ཙམ་ལ་བརྟེན། །ལྐུགས་པས་ཐུན་དྲུག་གསོལ་འདེབས་གྱིས། །འོན་པས་སྒྲ་རྣམས་སོ་སོར་ཉོན། །ལོང་བས་རྒྱུད་སྡེའི་དཔེ་ལ་ལྟོས། །ཞ་བོས་ཕྱོགས་བཅུར་ཡུད་ཀྱིས་བསྐོར། །འཐུག་པོ་ནགས་ལ་མེ་ཆེན་སྦོར། །རླན་པ་ཆུ་རྣམས་སྦུབས་སུ་ཁྲོམ། །སྲ་བ་རྡོ་ལ་སྣུམ་ཞིག་བསྐུས། །གཡོ་བ་རླུང་རྣམས་བཙོན་དུ་ཟུངས། །འཐས་པ་ས་ལ་ལྟོས་མ་བྱེད། །སྐྱོ་ན་ནམ་མཁའི་གྲོགས་དང་འགྲོགས། །གདམས་པ་ཡིད་བཞིན་ནོར་བུ་སྒྲུབས། །འདུས་མ་བྱས་ཀྱི་རྒྱལ་ས་ཟིན། །དམིགས་མེད་འཁོར་གསུམ་རྒྱ་ཡིས་ཐོབ། །དེ་ལྟར་བྱས་ན་བྱ་རྒྱུ་མེད། །དེ་ལྟར་ཁྱེད་ཀྱིས་ཉམས་བླང་ན། །བདག་གིས་སྨོན་ལམ་འདི་ལྟར་འབུལ། །རྒྱུད་སྡེའི་ཡང་སྙིང་བླ་ན་མེད། །བཅོམ་ལྡན་ཧེ་རུ་ཀ་དཔལ་མཆོག །སྙིང་པོའི་རྣལ་འབྱོར་མ་རྣམས་དང་། །ཐུགས་གསུང་སྐུའི་འཁོར་ལོ་དང་། །དམ་ཚིག་འཁོར་ལོ་དཔའ་མོའི་ཚོགས། །ས་བླ་ས་འོག་ས་སྟེང་ན། །ཆོས་བདག་ཤན་འབྱེད་བསྟན་སྲུང་རྣམས། །མཁྱེན་བརྩེའི་སྒོ་ནས་སྤྱན་གྱིས་གཟིགས། །ཇི་སྲིད་འཁོར་བ་མ་སྟོང་བར། །བཤེས་གཤེན་བཛྲ་རསྨི་དང་། །ཕྱི་མ་དོན་དུ་གཉེར་རྣམས་ལ། །སྒྲུབ་ལ་བར་ཆད་མེད་པ་དང་། །གཏན་བདེའི་རྒྱལ་ས་ཟིན་པར་ཤོག །རང་དོན་སྐྱེ་མེད་མཐར་ཕྱིན་ནས། །གཟུགས་སྐུས་གཞན་དོན་བྱེད་པར་ཤོག །སྟོང་ཉིད་ཉི་མ་རང་ཤར་དང་། །སྨིན་བྱེད་དབང་བཞི་ཡོངས་རྫོགས་དང་། །གདམས་པ་ཡིད་བཞིན་ནོར་བུ་སོགས། །བསྐྱེད་རྫོགས་ཡ་མ་བྲལ་བསྒོམས་ནས། །རང་གཞན་བདེ་ལ་འགོད་པར་ཤོག །སངས་རྒྱས་ཆོས་ཀྱི་མཐུ་སྟོབས་ཀྱིས། །དགེ་འདུན་སྨོན་ལམ་འགྲུབ་པར་ཤོག །མངྒ་ལཾ། བྷ་ཝན་ཏུ། ཞེས་པ་ཌཱ་ཀི་མཚན་བཟང་ཡོངས་རྫོགས་མ་བྱ་བས་བཛྲ་རསྨི་ལ་གསུངས་པའོ། །
༈ ཨོཾ་མངྒ་ལཾ། བྷ་ཝན་ཏུ། མཚན་དཔེའི་དཔལ་འབར་ཉི་ཟླ་ལྟ་བུའི་དབྱིངས། །སྣང་བརྙན་མ་འགགས་ཆུ་ཟླ་ལྟ་བུའི་སྐུ། །ཁྱེད་སྐུ་འོད་འབར་སྐུ་ལ་གསོལ་བ་འདེབས། །སྤྲུལ་སྐུ་མཆོག་གི་དངོས་གྲུབ་ཆེན་པོ་སྩོལ། །བཟང་ངན་མ་ལུས་ཚངས་དབྱངས་སྙན་པའི་དབྱངས། །ཀུན་བྱེད་རྒྱལ་པོས་ཕྱོགས་རྣམས་གཡོ་བའི་གསུང་། །ཁྱེད་གསུང་དྲུག་ཅུའི་དབྱངས་ལ་གསོལ་བ་འདེབས། །ལོངས་སྐུ་མཆོག་གི་དངོས་གྲུབ་ཆེན་པོ་སྩོལ། །ཡང་དག་མཁའ་ཁྱབ་ལྷུན་གྲུབ་ཆེན་པོའི་དབྱིངས། །གསལ་སྟོང་འོད་གསལ་འགྱུར་བ་མེད་པའི་ཐུགས། །ཁྱེད་ཐུགས་བརྗོད་བྲལ་ངང་ལ་གསོལ་བ་འདེབས། །ཆོས་སྐུ་མཆོག་གི་དངོས་གྲུབ་ཆེན་པོ་སྩོལ། །རྫོགས་པའི་སངས་རྒྱས་ཡུམ་གྱུར་སྐུ་གསུང་ཐུགས། །འདི་བསྟོད་གསོལ་གདབ་སྨོན་ལམ་རྒྱ་ཆེན་མཐུས། །ཇི་སྲིད་མཆོག་གི་གོ་འཕང་མ་ཐོབ་པར། །གནས་གསུམ་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །ཟབ་དོན་ནོར་བུ་རིན་ཆེན་འདི་བཞེངས་མཐུས། །འདི་ཡི་ཚིག་དོན་མ་ལུས་ཐམས་ཅད་ཀུན། །ཇི་ལྟ་ཇི་སྙེད་མངོན་དུ་གྱུར་ནས་ནི། །མཁའ་མཉམ་སྐྱེ་འགྲོ་བདེ་ལ་འགོད་པར་ཤོག །བླ་མ་རྣམས་ཀྱི་བྱིན་རླབས་ནུས་མཐུ་དང་། །མཁའ་འགྲོ་རྣམས་ཀྱི་དངོས་གྲུབ་ནུས་མཐུ་དང་། །ཆོས་སྐྱོང་རྣམས་ཀྱི་འཕྲིན་ལས་ནུས་མཐུ་ཡིས། །མཁའ་མཉམ་སྐྱེ་འགྲོ་བདེ་ལ་འགོད་པར་ཤོག །ཌཀིའི་སྐུ་གསུང་ཐུགས་ཀྱི་གསོལ་འདེབས་སྨོན་ལམ་འདི་ནི། པད་ཆེན་མས་བྱས་པའོ། །གདམས་པ་བཞེངས་པ་རྣམས་དང་གཞན་ཡང་བདག་ལ་མོས་པ་རྣམས་ཀྱིས་དེ་ལྟར་ཐོབ་ཅིག །ཨྠྀི།
བདེན་གཉིས་དོན་སྟོན་བླ་མའི་ཞབས་ལ་འདུད། །ངོ་བོ་གསལ་ལ་རྟོག་པ་མེད་ལ་འདུད། །རང་བཞིན་སྐྱེ་འགག་གནས་གསུམ་བྲལ་ལ་འདུད། །མཚན་ཉིད་འཁོར་འདས་དུ་མར་སྣང་ལ་འདུད། །དེ་རྣམས་དབྱེར་མེད་བདེ་བ་ཆེ་ལ་འདུད། །དེ་ལྟར་རྟོགས་པའི་སངས་རྒྱས་དེ་ལ་འདུད། །དེ་ལྟར་རང་སེམས་སྐྱེ་བ་མེད་པའི་དོན། །ཇི་ལྟ་བ་བཞིན་དུ་རྟོགས་ཀྱང་ན་ཚ་དང་སྡུག་བསྔལ་དུ་མ་ཞིག་འོང་བ་འདི་ཇི་ལྟར་ཡིན་ན། རྣམ་སྨིན་གྱི་ལུས་རྒྱ་དང་མ་བྲལ་བས་ལན་པ་ཡིན་ཏེ། སེང་གེ་དང་ཁྱུང་གི་ཕྲུ་གུ་ལྟ་བུའོ། །སེམས་ཆོས་སྐུར་རྟོགས་ཀྱང་ལས་ཀྱིས་བསྐྱེད་པའི་ལུས་རྒྱ་དང་མ་བྲལ་བས་ལན་པ་ཡིན་ཏེ། ད་ལྟ་བདེ་སྡུག་དང་མི་འདོད་པའི་རྐྱེན་དུ་མ་ཞིག་བྱུང་བ་ལ་འགལ་བ་མེད་པ་ཡིན་ནོ། །ད་ཡང་དགོངས་མཛོད། ཆོས་མ་བྱས་པར་སངས་རྒྱས་པ་ཡོད་དམ། ཡོད་ན་མ་བྱས་པའི་སངས་རྒྱས་ལུགས་དུ་ཡོད་ལགས། དོན་གྲུབ་སྐྱིད་ཀྱིས་གོ་ཚོད་ཡིན། ཞེས་པ་འདི་ནི་ནམ་མཁའི་རྣལ་འབྱོར་བསྙུང་བའི་དུས་སུ་ཌཱ་ཀིས་གསུངས་པའོ། །
༈ ཨོཾ་འགྲུབ་པར་གྱུར་ཅིག་ཕྱོགས་བཅུ་དུས་གསུམ་བླ་མ་ཡི་དམ་ཚོགས། །གནས་གསུམ་མཁའ་འགྲོ་བསྟན་སྲུང་ཆོས་སྐྱོང་ཚོགས། །མཁྱེན་བརྩེའི་སྒོ་ནས་ཧྲི་མ་དེ་ལ་དགོངས། །ཚེ་འདིའི་འདོད་དོན་ཚུལ་བཞིན་འགྲུབ་ནས་ཀྱང་། །མ་འོངས་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །རིགས་ཀྱི་བདག་པོ་བཅོམ་ལྡན་རྡོ་རྗེ་འཆང་། །གདུལ་བྱའི་དོན་མཛད་སྤྲུལ་སྐུ་ཤཱཀྱ་ཐུབ། །མཁྱེན་བརྩེའི་སྒོ་ནས་ཧྲི་མ་དེ་ལ་དགོངས། །ཚེ་འདིའི་འདོད་དོན་ཚུལ་བཞིན་འགྲུབ་ནས་ཀྱང་། །མ་འོངས་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །མཁྱེན་རབ་འཇམ་དབྱངས་བྱམས་པ་སྤྱན་རས་གཟིགས། །མཐུ་སྟོབས་ཕྱག་རྡོར་ནུས་མཐུ་མི་གཡོ་བ། །མཁྱེན་བརྩེའི་སྒོ་ནས་ཧྲི་མ་དེ་ལ་དགོངས། །ཚེ་འདིའི་འདོད་དོན་ཚུལ་བཞིན་འགྲུབ་ནས་ཀྱང་། །ཕྱི་མ་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །ལྟ་བ་མི་ཏྲི་རྟོགས་པ་ས་ར་ཧ། །སྐུ་ཚེ་པད་འབྱུང་བརྟུལ་ཞུགས་བྷིར་བ་པ། །མཁྱེན་བརྩེའི་སྒོ་ནས་ཧྲི་མ་དེ་ལ་དགོངས། །ཚེ་འདིའི་འདོད་དོན་ཚུལ་བཞིན་འགྲུབ་ནས་ཀྱང་། །ཕྱི་མ་མཁའ་འགྲོའི་ཚོགས་དང་མི་འབྲལ་ཤོག །ཨོཾ་འགྲུབ་པར་གྱུར་ཅིག་རྒྱ་བོད་གྲུབ་ཐོབ་རྣམས། །ཨ་འགྲུབ་པར་གྱུར་ཅིག་གནས་གསུམ་མཁའ་འགྲོ་ཚོགས། །ཧཱུཾ་འགྲུབ་པར་གྱུར་ཅིག་བསྟན་སྲུང་ཆོས་སྐྱོང་ཚོགས། །ཇི་ལྟར་བརྗོད་བཞིན་དེ་ལྟར་འགྲུབ་པར་ཤོག །དོན་དམ་ལྷུན་གྲུབ་སྐྱེ་མེད་བཀྲ་ཤིས་སྐྱིད། །ཧྲི་མ་དེ་དང་དུས་ཀྱིས་འཕྲད་པར་ཤོག །དོན་ཧྲི་གྲུབ་མ་བཀྲ་ཤིས་དེ་སྐྱིད་པའི་བཀྲ་ཤིས་ཤོག །ཨྠྀི། ཕཊ་ཕཊ་སྭ་ཧ།
ན་མོ་རཏྣ་གུ་རུ་རྗེ། སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །སྲིད་ཞིའི་བདག་ཉིད་གསང་བའི་ཡུམ། །དབྱེར་མེད་མཁའ་ལྟར་དག་པའི་དབྱིངས། །ཆེས་གསང་གོང་མ་རྣམས་ལ་འདུད། །ཤི་ལ་པ་ཏིས་ཐུགས་ཡིད་བརྟན། །དོན་གྲུབ་བཀྲ་ཤིས་སྐྱིད་ལ་གསོན། །ང་སྐྱེ་བ་དམན་ཏེ་འདི་ལྟར་མངའ། །གཅིག་ཤེས་ཀུན་གྲོལ་མཁྱེན་པ་རྒྱས། །གསང་བ་ཡེ་ཤེས་ཁྱད་ཆོས་ཡིན། །སངས་རྒྱས་ཐོབ་འདོད་བདག་ལ་མེད། །འཁོར་འདས་གཉིས་མེད་བདེ་བ་རྒྱས། །ཡེ་ཐོག་དང་པོའི་ཁྱད་ཆོས་ཡིན། །རྫས་སྦྱོར་དངོས་པོར་འདོད་པ་མེད། །སྤང་བླང་རང་གྲོལ་མཁྱེན་པ་རྒྱས། །སྐུ་བཞི་ལྷུན་གྲུབ་ཁྱད་ཆོས་ཡིན། །དགག་སྒྲུབ་དམིགས་བྱས་འདོད་པ་མེད། །ཆོས་ཀྱི་དབྱིངས་ཀྱི་མཁྱེན་པ་རྒྱས། །བློ་འདས་ཆོས་སྐུའི་ཁྱད་ཆོས་ཡིན། །བདེ་ཆེན་ཐོབ་པའི་འདོད་པ་མེད། །ངེད་བཞིན་འདོད་ན་དེ་ལྟར་མཛོད། །དགོས་མེད་སྙམ་ན་རང་དགར་ཞོག །རྟོགས་པ་རོ་གཅིག་ན་ཆུང་ཡིན། །ཨྠྀི། ཡིད་ཆེས་ཚུལ་བཞིན་ཉམས་ལོངས་དང་། །བདག་གི་སྨོན་ལམ་འདི་ལྟར་འབུལ། །རང་བཞིན་རྣམ་དག་བཀའ་བརྒྱུད་རིན་པོ་ཆེ། །རྒྱ་བོད་ནས་གཞན་བཞུགས་གྲུབ་ཐོབ་རིན་པོ་ཆེ། །སྡེ་སྣོད་རྒྱུད་སྡེའི་ལྷ་ཚོགས་རིན་པོ་ཆེ། །གནས་གསུམ་ཌཱ་ཀི་བསྟན་སྲུང་རིན་པོ་ཆེ། །ཆེ་གེ་མོ་ལ་མཁྱེན་པས་དགོངས་སུ་གསོལ། །སྐྱེ་མེད་ཆོས་ཀྱི་རྒྱལ་ས་ཟིན་པར་ཤོག །མ་ཡིག་མི་གསལ། དོར་བར་ཤོག །དད་བརྩོན་གཏོང་ཕོད་དམ་ཚིག་གཙང་བར་ཤོག །རྗེ་དང་མཇལ་ཞིང་མ་ཡིག་མི་གསལ་མཐར་ཐུག་ཟབ་དོན་རྣམས་ལ་ཡིད་ཆེས་ཤོག །ཆོས་ཉིད་རྩེ་གཅིག་རྒྱུད་ལ་འབྱུང་བར་ཤོག །མཉམ་རྗེས་རང་གྲོལ་སྤྲོས་བྲལ་རྟོགས་པར་ཤོག །ལྷུན་གྲུབ་འགྱུར་མེད་རོ་གཅིག་རྟོགས་པར་ཤོག །མཁའ་ལྟར་དག་པའི་སྒོམ་མེད་རྟོགས་པར་ཤོག །དོན་དམ་ལྷུན་གྲུབ་འོད་གསལ་མཐར་ཕྱིན་ཤོག །བཀྲ་ཤིས་དགེ་ལེགས་གཏན་སྐྱིད་ཐོབ་པར་ཤོག །ཤཱི་ལ་དོན་གྲུབ་པ་ཏི་བཀྲ་ཤིས་སྐྱིད། །བདེ་ཆེན་འདོད་པ་མངོན་གྱུར་བཀྲ་ཤིས་ཤོག །ཨ་ཧཾ། དོན་གྲུབ་སྐྱིད་ཀྱིས་ཤཱི་ལ་པ་ཏི་དག །དོན་ཟབ་དེ་ལ་རྟག་ཏུ་བརྩོན་པར་མཛོད། །དགེའོ། །དགེའོ། །ཨྠྀི།