← Search

མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།

མངའ་བདག་ཉང་ཉི་མ་འོད་ཟེར། རྗེ་བཙུན་སྒྲོལ་མ། འཕགས་མ་ནོར་རྒྱུན་མ། མ་ཅིག་གྲུབ་པའི་རྒྱལ་མོ། དཔལ་ཀམྤ་ལའི་ཡུམ། དགེ་བསྙེན་མ་སྙན་གྲགས་དགེ་མ། དགེ་བསྙེན་མ་གྲགས་སྦྱིན་མ། བུ་མོ་བརྒྱད། དགེ་སློང་མ་ཟླ་མཛེས། རྗེ་བཙུན་ཆོས་ཀྱི་སྒྲོལ་མ། རྗེ་བཙུན་མ་ཧི་མ། དགེ་སློང་མ་དཔལ་མོ། ནི་གུ་མ། རིགས་ལྔའི་དྷྭ་ཀི་མ་རྣམས། དུར་ཁྲོད་བདག་མོ། མཁའ་འགྲོ་མ།

ལྷ་མོ་དང་རྒྱ་གར་གྱི་མཁའ་འགྲོ་མ་དག་གི་གསུང་ཆོས་བཞུགས།

མངའ་བདག་ཉང་གི་ཞལ་གདམས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་ལ་རྫོགས་པའི་སངས་རྒྱས་དང་རིག་པ་འཛིན་པ་རྣམས་ཀྱིས་བསྩལ་བའི་ཞལ་གདམས་ལས་ཁོལ་དུ་ཕྱུང་།

༄༅། །མངའ་བདག་ཉང་གི་ཞལ་གདམས།

འཕགས་མ་སྒྲོལ་མའི་ཞལ་ནས། ཨེ་མ་ཧོ། འཁོར་བ་སྤང་དུ་མེད་དེ་སེམས་ལས་ལོགས་ན་མེད། །མྱང་འདས་བསྒྲུབ་ཏུ་མེད་དེ་སེམས་ཀྱི་ངོ་བོ་ཉིད། །འཁོར་འདས་གཉིས་སུ་མེད་དེ་ཆུ་དང་ཆབ་རོམ་ལྟར། །དབྱེར་མེད་བདེ་ཆེན་འོད་གསལ་ངང་དུ་མཉམ་པར་ཞོག །ཅེས་གསུངས།

བཀྲ་ཤིས་བརྒྱད་པ་བཞུགས། རྗེ་བཙུན་སྒྲོལ་མས།

༄༅། །བཀྲ་ཤིས་བརྒྱད་པ་བཞུགས།

རྒྱ་གར་སྐད་དུ། མཾ་ག་ལ་ཨཥྚ་ཀ །བོད་སྐད་དུ། བཀྲ་ཤིས་བརྒྱད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇམ་པའི་དཔལ་དང་འཇིག་རྟེན་མགོན་པོ་རྒྱལ་བ་མཆོག་གི་ཅོད་པན་དང་ནི་ཛམྦྷ་ལ། །རྡོར་སེམས་བྱམས་པ་ཕྱག་ན་རྡོ་རྗེ་ལག་ན་ཨུཏྤལ་བཟང་སྐྱོང་དང་ནི་སྒྲ་གཅན་འཛིན། །སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་ས་གསུམ་ཕྱག་རྒྱས་ཉེས་པ་མ་ལུས་ཟད་གྱུར་པ། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །རྡོ་རྗེ་ཧཱུྃ་མཛད་ཕྱུགས་བདག་འདུལ་བྱེད་རྡོ་རྗེ་དྲིལ་བུ་པདྨའི་ལག་པ་ཅན་དང་ནི། །ཧ་ལཱ་ཧ་ལཱ་སེར་པོ་དག་དང་དགྲ་ཡི་ཚོགས་འཇོམས་ཌཱཀྐིའི་རྒྱལ་པོ་བདག་ཉིད་ཆེ། །མི་བསྐྱོད་པ་དང་སྤོས་ཀྱི་གླང་པོ་རིན་ཆེན་ཏོག་དང་རབ་འཇིགས་མི་གཡོ་གཤིན་རྗེའི་དགྲ། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །ཡོན་ཏན་ཚོགས་མངའ་བྱང་ཆུབ་སེམས་ཀྱིས་སེམས་བརྒྱན་དགེ་འདུན་འཇིག་རྟེན་གསུམ་གྱིས་ཕྱག་བྱས་དང་། །དགའ་བ་རབ་གྲུབ་སངས་རྒྱས་རྩོད་པའི་དྲི་མ་ལས་རྒྱལ་ཧེ་རུ་ཀ་དང་དབྱིག་སྔོན་ཅན། །སངས་རྒྱས་སཱ་ལའི་དབང་པོ་རྒྱལ་པོ་རྒྱལ་བའི་ཡོན་རིགས་སེམས་ཅན་ཀུན་ལ་རྗེས་བརྩེ་བ། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །ཤེས་རབ་སྐུལ་བྱེད་སྒྲོལ་མ་དག་དང་ཡེ་ཤེས་ཚོགས་ནི་བསགས་པར་གྱུར་པའི་ཁྲོ་གཉེར་ཅན། །བདུད་ཀྱི་བདུད་གྱུར་འོད་ཟེར་ཅན་མ་ཞལ་གསུམ་མདོག་སེར་འཇིགས་པ་མཐའ་དག་རབ་འཇོམས་མ། །རྨ་བྱ་ཆེན་མོ་མཱ་མ་ཀཱི་དང་དགྲ་ཡི་ཚོགས་འཇོམས་གོས་དཀར་མོ་དང་སངས་རྒྱས་སྤྱན། །དགྱེས་མ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །གནྡྷ་རི་དང་ལག་ན་ལྟོས་འགྲོ་ཞགས་པ་ལྕགས་ཀྱུ་རལ་གྲི་འཛིན་བྱེད་དུག་སེལ་མ། །རྡོ་རྗེ་ལག་པ་མ་དང་ཕག་མོ་དགྲ་སྟ་རལ་གྲི་འཛིན་བྱེད་ཆོས་ཀྱི་དབང་ཕྱུག་མ། །བདེ་མཆོག་ལས་བྱུང་ཡེ་ཤེས་དཔའ་བོ་དཔུང་རྒྱན་ཕྱག་དྲུག་རྒྱལ་མཚན་རབ་ཏུ་འཆང་བྱེད་པ། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །རྒྱལ་བ་མཆོད་བྱེད་པི་ཝང་ཕྲེང་མ་གླུ་མ་དང་ནི་རི་ཁྲོད་བདུག་སྤོས་རྡོ་རྗེ་མ། །རོ་ལངས་མར་མེ་དྲི་ཡི་རྡོ་རྗེ་རབ་ཏུ་བཞད་གདོང་བདེ་འགྲོ་དག་དང་མི་ཕམ་མ། །སངས་རྒྱས་བྱང་ཆུབ་དཔལ་མོ་དང་ནི་རྒྱལ་བ་མཐའ་དག་མཉེས་པར་བྱེད་པའི་དབྱངས་ཅན་མ། །དགྱེས་མ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །རྒྱལ་བ་མཆོག་གིས་ཆོས་འཁོར་བསྐོར་གྱུར་ཡངས་པ་ཅན་དང་བྱ་རྒོད་ཕུང་པོའི་རི་བོ་དང་། །ལུམ་བི་ནི་དང་མཉན་ཡོད་དང་ནི་ས་ཡི་སྟེང་གནས་ཀོ་ཀ་མེད་དང་བྱང་ཆུབ་ཤིང་། །དཔལ་གྱི་བེའུ་དང་ཨ་ཤད་འདབ་མ་ཞོལ་འབྲས་མེ་ཏོག་དཔལ་འབྲས་དུང་དང་འཁོར་ལོ་ཅན། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །གདུགས་དང་དཱུར་བ་པདྨ་དང་ནི་རྒྱལ་མཚན་དག་དང་ཉ་དང་པི་ཝང་སིལ་སྙན་འཛིན། །ཕེག་པ་དག་དང་རབ་གང་བུམ་པ་ཐུབ་པ་གསུང་མཆོག་རྡོ་རྗེ་དྲིལ་བུའི་སྒྲ་དང་ནི། །སངས་རྒྱས་ཆོ་འཕྲུལ་འཇོ་སྒེག་བཞད་འགྲོས་རྣམ་པར་རོལ་པ་ལྷ་དང་མི་ཡིས་ཕྱག་བྱས་པ། །དགྱེས་པ་རྣམས་ཀྱིས་དྲི་མེད་ཡིད་བདེ་དོན་ཀུན་གྲུབ་པའི་བཀྲ་ཤིས་ཁྱོད་ལ་བསྩལ་དུ་གསོལ། །རྗེ་བཙུན་འཕགས་མ་སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ན་ཡ་ཤྲཱི་མི་ཏྲ་དང་། ལོ་ཙ་བ་ལྡན་མ་ཚུལ་ཁྲིམས་སེང་གེས་བསྒྱུར་བའོ། །

རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་བཞུགས། ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད།

༄༅། །རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་བཞུགས།

རྒྱ་གར་སྐད་དུ། ཚིནྡ་མུཎྜ་བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི་འཁོར་ལོ་གཙོ། །འཇིག་རྟེན་གསུམ་བརྒྱན་སེམས་ཅན་རྣམས། །ཀུན་གྱིས་ཕན་འབྱུང་དཔལ་རྡོ་རྗེ། །རྣལ་འབྱོར་མ་ཁྱོད་ལ་ཕྱག་འཚལ། །སྔགས་པས་ཐོ་རེངས་ལངས་ཏེ། རྣལ་འབྱོར་མ་དང་མཐུན་པའི་སའི་ཆར་སྟན་བདེ་བ་ལ་འདུག་སྟེ། ཇི་སྐད་བརྗོད་པའི་ཕྱོགས་སུ་བལྟས་ནས་དང་པོར་རེ་ཞིག་སྔགས་པས་གནས་དང་བདག་དང་རྣལ་འབྱོར་བསྲུང་བའི་དོན་དུ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་དོ། །

དེ་ནས་དམ་ཚིག་ཅན་རང་གི་ལྟེ་བའི་དབུས་སུ་པདྨ་དཀར་པོ་རྣམ་པར་རྒྱས་པ་བསྒོམས་ཏེ། དེའི་སྟེང་དུ་འོད་ཟེར་ལྷག་པ་དང་བཅས་པའི་ཉི་མའི་དཀྱིལ་འཁོར་བལྟའོ། །དེའི་སྟེང་དུ་ཨརྐའི་མེ་ཏོག་འདྲ་བའི་ཡི་གེ་ཧྲཱི་ལས་ཡང་དག་པར་བྱུང་བའི་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཆོས་འབྱུང་རྣམ་པར་བསྒོམས་ནས་དེར་ཡི་གེ་ཧྲཱིཿཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་སེར་མོ་དཔལ་དམར་བ་ཉིད་ཀྱི་ཕྱག་གི་གྲི་གུག་གིས་ཉིད་ཀྱི་དབུ་བཅད་ནས་ཕྱག་གཡོན་པའི་སྟེང་དུ་འཛིན་ཅིང་། གྲི་གུག་དང་བཅས་པའི་ཕྱག་འོག་ཏུ་བརྐྱང་བ་ལ། ཞབས་གཡས་བརྐྱང་བའི་བཞུགས་པ། ཐོད་པས་དབུ་བརྒྱན་པ། དབུ་སྐྲ་དང་ན་བཟའ་གྲོལ་བ། ཕྱག་རྒྱ་ལྔས་བཏབ་པའི་སྐུ་ཅན་གྱི་སངས་རྒྱས་མཁའ་འགྲོ་མ་དབུས་སུ་བསྒོམ་པར་བྱའོ། །དེ་ནས་དབུ་བཅད་པའི་མགྲིན་པའི་སྦུབས་ནས་གྱེན་དུ་འབབ་པའི་ཁྲག་གི་རྒྱུན་རང་གི་ཞལ་དུ་འཇུག་ཅིང་། དེ་བཞིན་དུ་ངོས་གཉིས་ན་གནས་པའི་རྣལ་འབྱོར་མ་གཉིས་པོའི་ཞལ་དུ་ཡང་འཇུག་པར་བསྒོམ་པར་བྱའོ། །དེ་ནས་གཡོན་ངོས་ན་བཞུགས་པའི་ལྷ་མོ་རྡོ་རྗེ་རབ་བསྔགས་མ་མདོག་ལྗང་གུ་དང་། གཡས་ཀྱི་ཆར་བཞུགས་པའི་མ་ལྷ་མོ་རྡོ་རྗེ་རྣམ་པར་སྣང་མཛད་མ་མདོག་སེར་མོ་སྟེ། གཡོན་དུ་ནི་གཡོན་དང་གཡས་པས་གྲི་གུག་དང་ཐོད་པ། གཡས་སུ་ནི་གཡས་དང་གཡོན་པས་གྲི་གུག་དང་ཐོད་པ་འཛིན་པ། གཡས་སུ་ནི་ཞབས་གཡས་བརྐྱང་། གཡོན་དུ་ནི་ཞབས་གཡོན་པ་བརྐྱང་བ། དབུ་སྐྲ་དང་ན་བཟའ་གྲོལ་བ་བསྒོམ་པར་བྱའོ། །ངོས་གཉིས་ན་བཞུགས་པ་དབུས་དང་བཅས་པའི་རྣལ་འབྱོར་མ་རྣམས་འགྱིང་ཞིང་འཇིགས་སུ་རུང་བ་བསྒོམ་པར་བྱ་སྟེ། འདི་ནི་བསྒོམ་པར་བྱ་བའི་གནས་ཡིན་ནོ། །དེ་ནས་མཆོད་པ་བརྗོད་པར་བྱ་སྟེ། མདུན་དུ་ཙནྡན་དམར་པོ་ཡི། །ཆུ་ཡིས་མཎྜལ་བྱས་ནས་ནི། །དེར་ནི་ཉི་མའི་དཀྱིལ་འཁོར་ལ། །གནས་པའི་ཆོས་འབྱུང་བྲི་བར་བྱ། །དེ་ནས་དེར་ནི་ཧྲཱིཿཡིག་ལས། །སྐྱེས་གྱུར་སྔར་བཤད་མཚན་ཉིད་ཅན། །རྡོ་རྗེ་རྗེ་བཙུན་ལྷ་མོ་ནི། །རིམ་གྱིས་ཆོ་ག་བཞིན་དུ་མཆོད། །དེ་ལ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི་དཀྱིལ་དུ་མེ་ཏོག་དབུལ་བར་བྱའོ། །དེ་ནས་དེར་ཡོན་ཆབ་དང་མེ་ཏོག་དང་སྤོས་དང་དྲི་དང་མར་མེ་དང་ཀུན་ཏུ་བཟང་པོས་མཆོད་པར་བྱའོ། །དེ་ནས་དེ་བཞིན་དུ་གཡོན་ངོས་སུ་ཨོཾ་བཛྲ་ཝཎྞ་ནཱི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་སོ། །དེ་ནས་གཡས་ངོས་སུ་ཨོཾ་བཛྲ་བེེ་རོ་ཙ་ནཱི་ཡེ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་སོ། །དེ་ནས་གཞན་ཡང་། ཨུ་དྷི་ལ་པུལླི་ར་མ་ལ་གི་རི་ཀ་མ་ལ་ཁྱ་མང་ཤྲཱི་ཧ་ཏ་ཞེས་པའི་སྔགས་ཀྱི་བསྟོད་པས་མཆོད་པ་བྱའོ། །གཞན་ཡང་དྷརྨ་སཾ་བྷོ་ག་ནི་ར་མ་ཎ་མ་ཧཱ་སུ་ཁ་ཀཱ་ཡ་ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞྞ་ནཱི་ཡེ། ཨོཾ་བཛྲ་བེེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ན། བགེགས་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །འབུམ་ཕྲག་གཉིས་བཟླས་པས་བུད་མེད་རྣམས་གཡོ་བར་བྱེད་དོ། །འབུམ་ཕྲག་གསུམ་བཟླས་ན་གྲོང་ཁྱེར་གཡོ་བར་བྱེད་དོ། །འབུམ་ཕྲག་བཞི་བཟླས་ན་རྒྱལ་པོ་གཡོ་བར་བྱེད་དོ། །འབུམ་ཕྲག་ལྔ་བཟླས་ན་ཇི་ལྟར་འདོད་པའི་དོན་སྒྲུབ་པར་བྱེད་དོ། །ཆུ་འགྲམ་མམ། དུར་ཁྲོད་དམ། ཤིང་གཅིག་གི་དྲུང་ངམ། ལྷ་གནས་སམ། མ་མོའི་ཁྱིམ་མམ། གྲོང་མཚམས་སུ་དེ་བཞིན་དུ་བསྒྲུབ་པར་བྱའོ། །ནམ་མཁའི་གོས་ཀྱི་རང་བཞིན་ཅན། །སྐྲ་བཤིག་པ་ཡི་རྣལ་འབྱོར་པས། །ཇི་སྲིད་རྣམ་རྟོག་ཀུན་སྤངས་ཀྱི། །རབ་ཏུ་ཐུབ་པ་གནས་པར་བྱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞྞ་ནཱི་ཡེ། ཨོཾ་བཛྲ་བེེ་རོ་ཙ་ནཱི་ཡེ། བུཥྤཾ་དྷཱུ་བཾ་དཱི་པཾ་གནྡྷཾ་བ་ལིཾ། གྲྀཧྞ་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་པས་གཏོར་མ་སྦྱིན་ནོ། །ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད་པའི་སྒྲུབ་ཐབས་རྫོགས་སོ། །བལ་པོའི་པཎྜི་ཏ་ཨཱ་ཙཱརྱ་བྷ་རེནྡྲ་རུ་ཙི་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། །།

སངས་རྒྱས་ཀྱི་བསྟོད་པ་ཞེས་བྱ་བ། འཕགས་མ་ནོར་རྒྱུན་མས་མཛད།

༄༅། །སངས་རྒྱས་ཀྱི་བསྟོད་པ་ཞེས་བྱ་བ།

རྒྱ་གར་སྐད་དུ། བུདྡྷ་སྱ་སྟོ་ཏྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་བསྟོད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་ལྷུན་པོའི་ཚད་ལས་ལྷག་པའི་དབུ་ནི་རབ་ཏུ་བྱིན། །གང་གིས་རྒྱུ་སྐར་བས་ཀྱང་མང་བའི་བརྒྱ་ཕྲག་སྤྱན་རྣམས་ཀྱང་ནི་བཏང་། །ས་གཞི་དང་མཉམ་རྒྱ་མཚོ་ལྟ་བུའི་ཤ་དང་ཁྲག་རྣམས་ཀྱང་། །དེ་ལྟར་དཀའ་བ་སྤྱོད་མཛད་སངས་རྒྱས་བཅོམ་ལྡན་རྟག་ཏུ་ཕྱག་འཚལ་ལོ། །གཡོ་ཞིང་འཁྱུག་འགྲོའི་གློག་འདྲའི་སེམས་ནི་གང་གིས་དབང་དུ་གནས་པ་དང་། །འཇིག་རྟེན་གསུམ་པོ་མི་ཤེས་རྒྱ་མཚོ་ལས་ནི་གང་གིས་ཡང་དག་སྒྲོལ། །སྲིད་འཇོམས་བདུད་འཇིག་ཕྱིར་དུ་གང་ཞིག་སླར་ཡང་སྲིད་པར་འཇུག །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །གང་གིས་སྙིང་རྗེའི་སྡོམ་པའི་ཁུར་བུས་སེམས་ཅན་དོན་ལ་དགྱེས་པའི་ཕྱིར། །ལྷ་དང་ལྷ་མིན་འཇིག་རྟེན་གསུམ་པོའི་གཙོ་བོས་མི་རྟོག་རྣམ་པར་སྤོང་། །བཀྲེས་སྡུག་སྲོག་ཆགས་རྣམས་ལ་བརྩེ་བ་མཆོག་གནས་གང་ཞིག་ལུས་རབ་སྟེར། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །གང་གིས་སྙིང་རྗེས་འཐོབ་པའི་སེམས་ཅན་མྱུར་དུ་བསྒྲལ་ཞིང་བསྐྱབ་པའི་ཕྱིར། །གང་ཞིག་ཕྱུགས་དང་ཉ་དང་རི་དྭགས་འགྲོ་བར་དགོན་པའི་ནང་དུ་གནས། །ཡུན་རིང་ངལ་དང་དུབ་པ་བཟོད་ཅིང་ལུས་རྣམས་ཀྱང་ནི་ཀུན་ཏུ་གཏོང་། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་མང་པོའི་ལུས་ཀྱི་ནད་ལ་སྨན་གྱི་ཕྱིར་དུ་ནི། །འགྲོ་ལ་བྱམས་པའམ་སྙིང་རྗེའི་དབང་གིས་མཆོག་ཏུ་མུ་གེའི་དགོན་པ་རུ། །ནགས་ཚལ་རྣམས་སུ་གླང་ཆེན་ལུས་རྙེད་གཞན་གྱི་སྡུག་བསྔལ་སེམས་ལ་སྦྱོར། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །མུ་གེའི་ཟུག་རྔུ་ཟུག་པའི་དུས་སུ་དབུ་ལ་སྐྱེས་པའི་རིན་པོ་ཆེ། །བཅད་ནས་བྱིན་པས་བྲམ་ཟེ་དང་ནི་མི་བདག་ལ་སོགས་གནས་པའི་ཕྱིར། །ཀུན་ཏུ་དེ་བཞིན་ཐུགས་ཀྱི་བྱིད་པ་སླ་བས་ཐམས་ཅད་སེམས་ཅན་དོན། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །ནགས་རྣམས་སོ་སོར་གནས་མཛད་རྨི་ལམ་བཟང་པོས་ཡང་དག་སྨྲ་བ་ཐོབ། །མ་དང་རྒྱལ་པོ་ཕ་རོལ་ཕན་པ་སྤྱོད་པ་རྣམས་ཀྱི་སེང་གེའི་ཁྲིར། །གཉིས་འཐུང་མཆེ་བ་དྲུག་པར་འཁྲུངས་ཏེ་འགྲོ་བ་གང་ཕྱིར་ཆོས་རྣམས་ཀུན། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །སྦྱིན་དང་ཚུལ་ཁྲིམས་ཡོན་ཏན་བཟོད་པའི་རང་བཞིན་སྟོབས་བརྩོན་བསམ་གཏན་དང་། །ཤེས་རབ་རབ་གསུང་མཚུངས་པར་སྤྱོད་པའི་བྱམས་དང་སྙིང་རྗེའི་ཡོན་ཏན་གྱིས། །འབྲོག་དགོན་གནས་པའི་འགྲོ་བ་འདྲེན་པའི་དེད་དཔོན་ཐོབ་ཅིང་ཡང་དག་རྟོགས། །དེ་ལྟར་དཀའ་བ་སྤྱོད་མཛད་བཅོམ་ལྡན་སངས་རྒྱས་རྟག་ཏུ་ཕྱག་འཚལ་ལོ། །འཕགས་མ་ནོར་རྒྱུན་མས་མཛད་པའི་སངས་རྒྱས་ཀྱི་བསྟོད་པ་རྫོགས་སོ།། །།

ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་བཞུགས། མ་ཅིག་གྲུབ་པའི་རྒྱལ་མོས་མཛད།

༄༅། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་བཞུགས།

རྒྱ་གར་སྐད་དུ། ཨ་པ་ར་མི་ཏ་ཨཱ་ཡུ་ཛྙཱ་ན་མཎྜལ་བིདྷི་ནཱ་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རང་བཞིན་ཚེ་དཔག་མེད་པའི་སྐུ། །ཡེ་ཤེས་ལྔ་ལྡན་གསུང་གི་བདག །ཐུགས་རྗེའི་ཐུགས་ཀྱིས་རྗེས་འཛིན་པའི། །བླ་མ་ཚེ་དཔག་མེད་ལ་འདུད། །རྩ་རྒྱུད་བཤད་རྒྱུད་ལས་བྱུང་བའི། །ཆོ་ག་བཟང་པོས་ཡོངས་བཟུང་བཤད། །སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང་། །གཞན་ཕན་སྒྲུབ་པའི་བློ་གྲོས་ཅན། །རང་རང་གཞན་གྱི་དོན་སྒྲུབ་ཕྱིར། །ཡིད་འོང་ཉམས་དགའི་གནས་ཉིད་དུ། །ལྷ་ཡི་རྣལ་འབྱོར་གསལ་བ་དང་། །གཙོ་བོ་འབུམ་ལ་འཁོར་རྣམས་ཁྲི། །རབ་འབྲིང་མཚན་མ་ཐོབ་པ་དང་། །སློབ་མས་མེ་ཏོག་དང་བཅས་པས། །གུས་པས་གསོལ་བ་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་བྲི་བའི་ཕྱིར། །ས་གཞི་བརྟགས་ཤིང་བཟུང་དང་སྦྱང་། །ཉེས་པ་མེད་པའི་ས་ཕྱོགས་དེར། །བསྐྱེད་པའི་རིམ་པ་གསལ་བྱས་ནས། །བཾ་ལས་བསྐྱེད་པའི་ལྷ་མོ་སེར། །མཛེས་པའི་རྒྱན་ལྡན་ལུས་ཕྱེད་སྣང་། །བུམ་པ་འཛིན་ལ་མཆོད་ཅིང་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ལག་པ་ས་ལ་བསྣུན་པ་ཡིས། །དགའ་བའི་མདངས་ལྡན་ལྷ་མོ་ཡིས། །ཁྱོད་ནི་སློབ་དཔོན་མཆོག་ཡིན་གྱིས། །དཀྱིལ་འཁོར་ལས་ནི་རབ་ཏུ་བསྒྲུབས། །བརྗོད་ནས་ས་ལ་ཐིམ་པ་ལྟར། །ཕྱོགས་སྐྱོང་གཏོར་མ་འབུལ་བ་དང་། །མཐུན་པའི་གྲོགས་དང་གསོལ་བ་གདབ། །རོ་བསལ་ཉེས་པ་སྤངས་པ་དེ། །འཐས་པར་བཅག་ཅིང་རྣམ་ལྔ་དང་། །བདུད་རྩི་ལྔ་ནི་ཁྱབ་པར་བྱུག །མེ་ཡིས་ཞི་བའི་ལས་ཀུན་གྱི། །སྦྱིན་སྲེག་སྦྱང་དང་སྔགས་ཀྱིས་ནི། །བྱིན་རླབས་ལྷ་ཡི་ཁང་པར་བསམ། །བསྐྱེད་པའི་ཡན་ལག་ཀུན་རྫོགས་པས། །སློབ་དཔོན་དཀྱིལ་འཁོར་སྟེང་འདུག་ལ། །སློབ་མ་གུས་པས་སྤོས་ཐོགས་ཏེ། །མཆོད་ཅིང་བསྟོད་དང་གསོལ་བ་གདབ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐྱོན་གྱིས་མ་གོས་ལི་ཁྲི་ལྟར། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ནི། །ཡོན་ཏན་མ་ལུས་བསྐྱེད་མཛད་ཅིང་། །ཡིད་བཞིན་ནོར་བུ་མཚུངས་ལྡན་པའི། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཚེ་དཔག་མེད་པ་གསུང་གི་བདག །འཆི་བདག་མ་ལུས་འཇོམས་མཛད་པའི། །ཚེ་ཡི་དངོས་གྲུབ་སྩོལ་བའི་སྐུ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་བསྡུས་ཏེ་རྟ་མཆོག་སྐུ། །ཁྲོ་ཞིང་རབ་བརྗིད་ང་རྒྱལ་དང་། །རྐང་པ་ཧཱུྃ་ལས་རྡོ་རྗེར་བྱས། །མིག་གཉིས་ཉི་ཟླ་འབར་བ་སྟེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས། །འཇིགས་མེད་བྱང་ཤར་མཚམས་སོང་ནས། །དཀྱིལ་འཁོར་ས་གཞི་ལ་གནས་པའི། །ལྷ་དང་ལྷ་མིན་བགེགས་ཚོགས་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚར་པ་བརྒྱར་འགས་ཤིང་། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱེད་རྣམས་གཞན་དུ་དེངས། །རྟ་མཆོག་སྔགས་དང་རྡོ་རྗེ་འགྲོས། །དཀྱིལ་འཁོར་ལན་གསུམ་བསྐོར་བར་བྱ། །དེ་ནས་ཁྲོ་བོའི་ཕུར་པ་རྣམས། །ཀཱི་ལ་ཡ་ཞེས་བཏབ་ནས་ཀྱང་། །ཨཱ་ཀོ་ཊ་ཡིས་བརྡུང་བར་བྱ། །མདའ་ཡི་སྔགས་ཀྱིས་བྱིན་གྱིས་བརླབ། །ས་ཡི་ལྷ་དང་ལྷ་ཚོགས་རྣམས། །སྟ་གོན་གནས་པར་བྱ་བ་ནི། །ལྷ་རྣམས་རྫོགས་པར་བསྐྱེད་པ་དང་། །མཆོད་ཅིང་བསྟོད་དེ་སྤོས་ཐོགས་ལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཁྱེད་རྣམས་ལ་ཡང་མཆོད་པ་དང་། །སློབ་མ་རྣམས་ལ་ཕན་པའི་ཕྱིར། །རྡོ་རྗེ་ཅན་བདག་ཆེ་གེ་ཞེས། །དཀྱིལ་འཁོར་དམ་པ་བཞེངས་སུ་གསོལ། །རྗེས་སུ་བརྩེ་བར་ཉེར་དགོངས་ནས། །སང་ནུབ་དགྱེས་པར་འབྱོན་པར་འཚལ། །དེ་ནས་ཕྱི་ནང་མཆོད་པའི་མཆོག །དཀྱིལ་འཁོར་ལྷག་པར་གནས་པའོ། །རིན་ཆེན་རྒྱུ་ལས་བྱུང་བ་ཡིས། །ལྟོ་ཆེ་མགྲིན་པ་རིང་བ་དང་། །མཆུ་འཕྱང་ནག་ནོག་ར་རི་མེད། །ལྷ་གྲངས་མཉམ་པ་ལས་བུམ་དང་། །རང་རང་ཕྱག་མཚན་རྫོགས་པར་བྱ། །ཧ་ས་དེ་བ་གསེར་དངུལ་དང་། །མུ་ཏིག་མུ་མེན་བྱི་རུ་གཞུག །ནས་ཏིལ་གྲོ་སྲན་མུངྵ་དང་། །ག་པུར་ཛཱ་ཏི་གུར་གུམ་མཆོག །ཙནྡན་གཉིས་དང་ཨ་ག་རུ། །མར་དང་བུ་རམ་སྦྲང་རྩི་དང་། །ལན་ཚྭ་རྣམས་ཀྱིས་ལྟོ་བ་དགང་། །ལ་ཚར་མ་ཉམས་རས་ཟུང་གིས། །མགྲིན་པར་རབ་ཏུ་བརྒྱན་པ་དང་། །ཁ་རྒྱན་ཀུ་ཤ་འབྲས་བུ་ཅན། །སྣ་ཚོགས་པདྨ་རས་ཀྱི་སྟེང་། །ཡང་ན་ཀུ་ཤའི་གདན་ལ་བཞུགས། །བྷྲཱུྃ་ལས་བསྐྱེད་པའི་གཞལ་ཡས་ཁང་། །ཆུ་སྐྱེས་ཉི་ཟླའི་གདན་སྟེང་དུ། །ལྷ་རྣམས་རྫོགས་པར་བསྐྱེད་པ་དང་། །སྔགས་བཟླས་ཡེ་ཤེས་བདུད་རྩིའི་རྒྱུན། །བུམ་པ་གང་བར་བསམ་པ་དང་། །ལྷ་རྣམས་རང་རང་བསྟོད་པ་བྱ། །ལས་བུམ་རྟ་མགྲིན་བསྐྱེད་པ་དང་། །སྔགས་བཟླས་བར་ཆད་བསྲུང་བ་དང་། །ཤ་ལྔ་བདུད་རྩིའི་གཏོར་མས་མཆོད། །འདོད་པའི་དོན་ལ་གསོལ་བ་གདབ། །སློབ་མ་ལྷག་པར་གནས་པ་ཡང་། །སྙིམ་པ་མེ་ཏོག་དང་བཅས་པ། །སྐྱེ་རྒས་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པའི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ནི་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དེ་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །འོད་ཀྱིས་བུར་བྱས་སྡིག་པ་སྦྱངས། །བུ་ཚུར་ཐེག་པ་ཆེན་པོ་པ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་དུས་གསུམ་འབྱུང་བ་རྣམས། །རྡོ་རྗེ་གསང་སྔགས་རབ་བསྒོམས་པས། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་བྱིས་ཤིག །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སྡིག་པ་བཤགས་པ་ལ་སོགས་ཀུན། །སྔོན་དུ་འགྲོ་བའི་ཆོ་ག་བྱ། །ཚེ་དཔག་མེད་པ་བདག་ལ་དགོངས། །མ་ལུས་བཞུགས་པའི་བདེ་གཤེགས་རྣམས། །འདི་ཉིད་ནས་བཟུང་སངས་རྒྱས་བར། །བླ་མེད་བདག་ལ་གཟིགས་པར་མཛོད། །དམ་ཚིག་སྡོམ་པ་བཟུང་བ་ནི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བྱ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་མི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང་། །རང་གི་དམ་ཚིག་བསྲུང་པར་བགྱི། །བདག་གི་དགེ་བའི་ལས་ཀྱིས་ནི། །སངས་རྒྱས་མྱུར་དུ་བསྒྲུབ་བྱ་སྟེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི། །གུག་པས་ལན་གསུམ་བརྗོད་པར་བྱ། །དཔྲལ་བ་མགྲིན་པ་སྙིང་ཁ་རུ། །དྲི་ཡི་ཐིག་ལེ་གསུམ་བྱས་ཏེ། །རྟ་བདུན་ཆུ་སྐྱེས་འཁོར་ལོའི་སྟེང་། །ཐུགས་གསུང་སྐུ་ཡི་སྙིང་པོས་བརྒྱན། །རིགས་ཀྱི་ལྷ་ལས་འོད་འཕྲོས་པས། །ཡེ་ཤེས་གཉིས་སུ་མེད་པར་བསྟིམ། །ཆུ་གཉིས་སྔོན་དུ་འགྲོ་བས་མཆོད། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །འཁོར་བའི་ཉེས་པས་མ་གོས་པར། །མཆོད་པ་ཀུན་དང་ལྡན་པར་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཨ་ཤྭངྠ་དང་པ་ལ་ཤ །ཨུ་དུམ་ཝཱ་ར་ལ་སོགས་པ། །བཅུ་གཉིས་སོར་གྱི་ཚད་ཙམ་ལ། །རྩེ་མོར་མེ་ཏོག་གིས་བརྒྱན་ནས། །མནྜལ་འདབ་བརྒྱད་རྣམ་ལྔས་བྱུག །ཤར་ནས་དབུས་སུ་དོར་བ་ནི། །པདྨའི་ཕྱག་རྒྱ་དང་བཅས་པ། །སྟེང་དུ་མཆོག་གི་དངོས་གྲུབ་ཡིན། །ཕྱོགས་སུ་ཕྲིན་ལས་གྲུབ་པ་དང་། །ཐུར་བལྟས་ས་འོག་འགྲུབ་པ་ཡིན། །མཚམས་སུ་འཇིག་རྟེན་དངོས་གྲུབ་བོ། །དེ་ནས་སྐྱོར་ཆུ་སྦྱིན་པ་ནི། །ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ༔སརྦ་པཱ་བཱ་ནི་ཙསྱ་བི་ཤོདྷག་སརྦ་བིཀལ་བཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པས་སྒོ་གསུམ་དག་སྦྱངས་ནས། །སྐུད་པ་དམར་པོ་སུམ་སྒྲིལ་ལ། །རྟ་མགྲིན་སྔགས་ཀྱིས་བཅིང་བར་བྱ། །ཀུ་ཤ་གཙང་མ་སྔས་དང་སྟན། །མ་ནོར་སེང་གེའི་ཉལ་སྟངས་བཞིན། །ཐུབ་པས་ཏིང་འཛིན་འགྲུབ་པ་ལྟར། །མཚན་མ་གང་བྱུང་བརྗོད་པར་བྱ། །བཟང་ན་དངོས་གྲུབ་སྤྲོ་བ་བསྐྱེད། །ངན་ན་སྦྱིན་སྲེག་གིས་ནི་བཟློག །ཟབ་ཅིང་རྒྱ་ཆེའི་ཆོས་བཤད་ནི། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་ངམ་ཡང་ན་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །བླ་མ་རྡོ་རྗེ་ཅན་མཆོད་ལ། །ནངས་བར་ལངས་ཏེ་དཀྱིལ་འཁོར་ལྷ། །ནམ་མཁར་བཏེག་སྟེ་ཐིག་གདབ་སྟེ། །བུ་མོ་གཙང་མ་སྡོམ་ལྡན་གྱིས། །རས་བལ་ལས་བྱུང་བཀལ་བ་དང་། །ཡེ་ཤེས་ལྔའམ་སྐུ་གསུང་ཐུགས། །ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ། བརྗོད་ནས་བསྒྲིལ་བར་བྱ་བ་ནི། །པདྨའི་སྣོད་དུ་བཞག་ནས་ཀྱང་། །མི་འཆི་ལྔ་ཡིས་སྦངས་བྱས་ལ། །བློ་ལྡན་ཡེ་ཤེས་བསྟིམས་བྱས་ནས། །ནམ་མཁར་ཡེ་ཤེས་ཛ་ཛས་གདབ། །སྒོ་ཡི་བཅུ་གཉིས་ཆ་དང་ལྡན། །སྲིད་ཀྱང་ཁང་བ་ཉིས་འགྱུར་ལ། །ཚངས་བའི་ལས་ཐིག་དྲངས་པ་ལ། །ཨོཾ་བཛྲ་སཱུ་ཏྲ་ས་མ་ཡེ་མ་ཏི་ཀྲམ་ཧཱུྃ། ཚངས་དང་ཟུར་ཐིག་ལ་སོགས་པ། །བསྟན་བཅོས་མཐོང་ཞིང་བློ་ལྡན་དེས། །ཆ་ནི་གང་ཡིན་རྣམ་པར་དབྱེ། །གལ་ཏེ་ཉེས་པའི་འབྲས་བུ་ནི། །ཆད་ན་བླ་མའི་སྲོག་གཡོ་ཞིང་། །དམན་ལྷག་ནད་ཀྱིས་བཏབ་པར་འགྱུར། །ཕྱོགས་འཁྲུལ་སློབ་མ་རྨོངས་པར་འགྱུར། །བློ་ལྡན་ཉེས་པ་མེད་པར་བྱ། །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །དྲྭ་བ་དྲྭ་བ་ཕྱེད་པས་བརྒྱན། །ཉི་ཟླ་དྲིལ་བུ་གཡེར་ཁས་སྤྲས། །ཕོ་བྲང་ཆུ་སྐྱེས་རིམ་པ་གཉིས། །མུ་ཁྱུད་པདྨའི་ཕྲེང་བ་དང་། །ཁྱམས་དང་ཕྱི་རོལ་པད་ར་དང་། །རྡོ་རྗེ་མེ་རི་ལ་སོགས་པ། །རྣམ་པ་མ་ལུས་རྫོགས་པར་བྱ། །རིན་ཆེན་ལྔ་དང་འབྲུ་ཕྱེའམ། །པདྨའི་སྣོད་དུ་སོ་སོར་བཞག །ས་བོན་བྲིས་ལ་ཡེ་ཤེས་བསྟིམ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །སྔོན་པོ་སེར་པོ་དཀར་པོ་ལྗང་། །དམར་པོ་འདི་ནི་ནང་དུ་འདོད། །གཡས་སྐོར་རྒྱུན་མ་ཆད་པར་བྲི། །དབང་ལྡན་མཚམས་སུ་དྲང་བ་བྱ། །པདྨའི་སྣོད་ཀྱིས་སྟེང་ནས་བཀབ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚོན་གྱི་ལས་ནི་ཡང་དག་བརྩམ། །མེ་ཏོག་དོར་ལ་མཚན་མ་བརྟག །ཤར་སྔོ་ལྷོ་སེར་ནུབ་དཀར་པོ། །བྱང་ཕྱོགས་ཨིནྡྲ་ནཱི་ལའི་མདོག །པདྨ་ལྷ་སྣམ་དམར་པོའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ། །ཁྲུས་བྱས་དྲི་ཞིམ་ལུས་བྱུགས་ནས། །གོས་བཟང་བརྒྱན་ལ་ལན་གསུམ་བསྐོར། །ཚེ་དཔག་མེད་པའི་ང་རྒྱལ་གྱིས། །ཤར་གྱི་སྒོ་ནས་ནང་དུ་ཞུགས། །ཡིད་ཀྱིས་སྒོ་བཞི་དབྱེ་བར་བསམ། །ཨོཾ་བཛྲ་མངྦྷ་ཊ། ས་མ་ཡ་པྲ་བེ་ཤ་ཡེ་ཧཱུྃ། རྣམ་རྒྱལ་ལ་སོགས་བུམ་པ་རྣམས། །གནས་དང་གོ་རིམ་བཞིན་དུ་དགོད། །སྣ་ཚོགས་གོས་དང་རྒྱན་ཕྲེང་སོགས། །མཆོད་པའི་རྫས་ཀྱིས་ལེགས་པར་བརྒྱན། །དཀྱིལ་འཁོར་ལྷ་རྣམས་རྫོགས་པར་བསྐྱེད། །ཡེ་ཤེས་བསྟིམས་ལ་མཆོད་བསྟོད་བྱ། །ཚོགས་ཀྱི་འཁོར་ལོས་ཚིམ་པ་དང་། །བར་ཆད་ཞི་ཕྱིར་ཤར་ཕྱོགས་སུ། །ཞི་བའི་སྦྱིན་སྲེག་བྱ་བ་དང་། །སློབ་མའི་ཆོ་ག་ཇི་ལྟ་བར། །སློབ་དཔོན་བདག་ཉིད་དབང་དང་ལྡན། །ཤར་གྱི་ཕྱོགས་ནས་འཇུག་པ་དང་། །དེ་ནས་སློབ་མ་གཞུག་པའི་ཕྱིར། །ཁྲུས་བྱས་བགེགས་དང་སྡིག་པ་སྦྱང་། །གདོང་པ་རས་ཀྱིས་བཀབ་ནས་ནི། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །བདག་ནི་སྐལ་བཟང་རིགས་ཡིན་ནོ། །ངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དེ་ནས་ཚིག་འདིས་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཚེ་དཔག་མེད་བའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞིག་པར་བྱ། །ཨོཾ་ཨཱ་ཁཾ་བཱི་ར་ཧཱུྃ། མེ་ཏོག་ཕྲེང་བ་གཏད་པ་དང་། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཏེ། །ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། ཤར་ནས་ཞུགས་ནས་ལྷོ་ནས་དབང་། །ནུབ་ནས་ཆོས་བཤད་བྱས་ནས་ནི། །ཕྲིན་ལས་སྒྲུབ་པ་ལ་སོགས་པའི། །དོན་དུ་གསོལ་བ་གདབ་པ་ནི། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཨུ་བ་ཐཱ་ན་ཡ་ཨཱཏྨ་ནཱཾ། ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཨ་བྷི་ཏིཥྛན་སཱ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱུ་ཛ་ཨ་བྷི་ཥེ་ཀ་ཏ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བར་དྷ་ན་ཡ་ཨཏྨ་ནཱཾ་ནིརྱཱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏཱ་བཛྲ་དྷརྨ་ནཾ་པྲ་ཝར་དྷ་ཡ་མཾ། སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་ཀརྨཱ་ནཾ། ཨཱཏྨ་ནཱཾ་ནཱིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། དམ་ཚིག་སྡོམ་པ་སྦྱིན་པ་དང་། །རྣལ་འབྱོར་དུ་ནི་སེམས་བསྐྱེད་དོ། །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུད་པཱ་ད་ཡཱ་མི། རྡོ་རྗེ་སྙིང་ཁར་བཞག །ཨོཾ་སུ་ར་ཏེ་ས་མ་ཡ་སྟཾ། སིདྡྷི་བཛྲ་ཡ་ཐཱ་སུ་ཁ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། །ཚེ་དཔག་མེད་ཀྱི་དངོས་གྲུབ་ཐོབ། །དངོས་གྲུབ་གཞན་དང་ལྟ་ཅི་སྨོས། །དཀྱིལ་འཁོར་མ་ཞུགས་མི་སྨྲའོ། །དམ་ཚིག་ཉམས་པར་འགྱུར་ཏ་རེ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། །དམ་ཚིག་ཆེན་པོའི་རྡོ་རྗེ་ལས། །རང་གི་མགོ་བོ་འགས་པར་འགྱུར། །ཚེ་དཔག་མེད་པ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་རྣམས། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །བཛྲ་ཨུང་ཀ་ཨོཾ་ཨཱཿཧཱུྃ། དེང་ནས་བརྩམས་ནས་བུ་ཁྱོད་ཀྱི། །ཚེ་དཔག་མེད་པ་ང་ཡིན་བྱས། །ཁྱོད་ཀྱིས་ང་ལ་བརྙས་པ་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྟུང་བར་འགྱུར་ཏ་རེ། །དེ་ནས་སློབ་མའི་གཙོ་བོ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་བརླབ་མཛོད་ལ། །ཚེ་དཔག་མེད་པ་དབབ་པར་མཛོད། །རྐང་མཐིལ་རླུང་གི་དཀྱིལ་འཁོར་ཛྷོཾ། །སྙིང་ཁར་ལཾ་ལས་སའི་དཀྱིལ་འཁོར། །མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར། །སྤྱི་བོར་ཡཾ་ལས་རླུང་དང་ཧཾ། །དེ་ཡི་སྤྱི་བོར་ཚེ་དཔག་མེད། །ཡབ་ཡུམ་འོད་ཀྱི་རང་བཞིན་དུ། །གར་བྱེད་སྐུ་ལས་ཡེ་ཤེས་ཀྱི། །བདུད་རྩི་བབས་ནས་སྐུ་ལ་ཐིམ། །ཟག་མེད་བདེ་བས་གང་བར་བསྒོམ། །ཨོྃ་ཧྲཱིཿབྷྲུཾ་བཛྲ་ཛྙ་ན་ཨཱ་ཡུ་ཥེ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ། སྟཾ་བྷ་ཡ། ར་རང་ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷྱེཾ། ཞེས་བརྗོད་རོལ་མོའི་སྒྲ་དང་ནི། །གུ་གུལ་ཟླ་མཚན་ཐོད་པ་རུ། །དུར་ཁྲོད་སོལ་བའི་མེ་ཡིས་བསྲེག །བབས་གྱུར་ཟླ་བའི་དཀྱིལ་འཁོར་དུ། །ཨཿལས་གསུང་གི་བདུད་རྩི་བསམ། བྷྲུཾ་བྷྲུཾ་བཛྲ། དགེ་དང་མི་དགེ་ལ་སོགས་པ། །སྨྲོས་ཤིག་རྡོ་རྗེ་ཅན་གྱི་རིགས། །ཏིཥྛ་བཛྲ་བརྟན་པར་བྱའོ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་བོར་བས། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །པྲ་ཏཱི་ཙྪ་བཛྲ་ཧོ། བྱེ་བྲག་དང་དངོས་གྲུབ་བརྟག་པར་བྱ། པྲ་ཏི་གྲྀཧྞ་ཧི་མཾ་ས་ཏྭ་མ་ཧཱ་བ་ལ། སློབ་མའི་མགོ་ལ་བཅིང་བར་བྱ། །ཚེ་དཔག་མེད་པ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་ཕཊ་ལཾ་དྷཱི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དང་པས་རབ་ཏུ་བསྐྱེད། །ཁྱོད་ནི་ཚེ་དཔག་མེད་དུ་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །འགྲོ་དོན་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཅིང་དམ་ཚིག་བསྲུང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །རིམ་གྱིས་རྣམ་པར་དག་པར་བསྟན། །དེ་ནས་སློབ་མ་དད་ལྡན་དེས། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །ཡོན་མཆོག་དམ་པ་འབུལ་བ་དང་། །དབང་བསྐུར་དོན་དུ་གསོལ་བ་གདབ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་གཉིས་མེད་བདེ་ཆེན་སྐུ། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་བ་ནི་བདག་ལ་སྩོལ། །ལན་གསུམ་བརྗོད་ནས་ཤར་ཕྱོགས་སུ། །པདྨ་འདབ་བརྒྱད་ཁྲི་ལ་འདུག །རྣམ་རྒྱལ་བུམ་པ་ལ་སོགས་ནས། །ཆུ་རྣམས་དུང་ཆོས་བུམ་པར་བསྡུས། །གླུ་དང་རོལ་མོའི་སྒྲ། །རིགས་ལྔ་རིག་མའི་ལྷ་མོ་དང་། །བྱང་ཆུབ་སེམས་དཔའ་བཀྲ་ཤིས་བརྗོད། །ཁྲོ་བོ་རྣམས་ཀྱིས་བགེགས་བསྲུང་ངོ་། །གསང་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩིའི་དྲི་མ་མེད། །ལྷ་ཡི་ཆུ་ནི་དག་པ་ཡིས། །མི་བསྐྱོད་རྡོ་རྗེ་དབང་བསྐུར་རོ། །ཨོཾ་བཛྲ་ཨ་དྷི་ཏིཌྛ་ཛྙ་ན་ཨ་བྷི་ཥིཉྩ་ཧཱུྃ། གསེར་ལ་སོགས་པའི་དབུ་རྒྱན་ལ། །རིན་འབྱུང་བསྐྱེད་ཅིང་ཡེ་ཤེས་བསྟིམས། །དར་དཔྱངས་བཅིངས་ལ་ཚིག་འདི་བརྗོད། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །རིན་ཆེན་དབུ་རྒྱན་དམ་པ་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ། རིན་ཆེན་ལ་སོགས་རྡོ་རྗེ་ལ། །སྣང་བ་མཐའ་ཡས་བསྐྱེད་ཅིང་བསྟིམ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུངས། །ཨོཾ་བཛྲ་ཨདྷི་པ་ཏི་སྟཱཾ། ཨ་བྷི་ཥིཉྩ་མཱཾ། དྲིལ་བུ་དོན་གྲུབ་བསྐྱེད་བྱས་ལ། །ཡེ་ཤེས་བསྟིམས་ལ་ཚིག་འདི་བརྗོད། །ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་མེད་བྱེད་པ་ཡི། །མཆོད་པའི་ཕྲིན་ལས་རྫོགས་བྱེད་པའི། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ཨོཾ་ཨ་དྷི་པ་ཏ་ཡེ་ཨ་བྷི་ཥིཉྩ་མཱཾ། སློབ་མ་ཨོཾ་ལས་རྣམ་སྣང་བསྐྱེད། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་གཞོམ་པར་མི་ནུས་པའི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་མཱཾ། ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་དང་ནི་མིང་གི་དབང་། །རིག་པ་ཡི་ནི་དབང་ལྔའོ། །ཉོན་མོངས་ལྔ་ནི་རྣམ་དག་པས། །དབང་བསྐུར་ལྔ་ནི་ཐོབ་པ་ཡིན། །མ་རིག་པ་ལས་འདས་ནས་ཀྱང་། །ཡེ་ཤེས་ལྔ་ནི་རིམ་གྱིས་ཐོབ། །དེ་ནས་སྤྱི་བོ་མགྲིན་པ་དང་། །སྙིང་ཁ་ལྟེ་བ་གསང་གནས་རྣམས། །འཁོར་ལོ་ལྔ་ཡི་གནས་ཉིད་དུ། །རིགས་ལྔ་ཚེ་དཔག་མེད་རྣམས་ཀྱི། །དབང་བསྐུར་ལྷ་རྣམས་ཡབ་ཡུམ་ལྷ། །འཆི་མེད་བྱང་ཆུབ་སེམས་སུ་གྱུར། །རྩ་གསུམ་འཁོར་ལོ་ལྔ་རྣམས་གང་། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །འཆི་མེད་རྡོ་རྗེའི་ལུས་སུ་གྱུར། །རྡོ་རྗེ་སེམས་དཔའི་སྐུ་རུ་བསྒོམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་འདུག །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་ས་ཏྭ་ཧི་ཧི་ཧཱུྃ་ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །དཔའ་མཆོག་དང་པོའི་སྐྱེས་བུའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེངས། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །མཆོག་གི་སྲིད་པ་བྱེད་པར་འགྱུར། །མཚན་མ་མེད་པར་འགྲོ་བའི་དོན། །གང་དག་བདག་གིས་བྱེད་ནུས་པས། །ཕྱིར་མི་ལྡོག་པ་དབང་བསྐུར་ཆེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །ཤར་དུ་སེང་གེའི་ཁྲི་ལ་འདུག །སྟེང་དུ་གདུགས་དཀར་ཕུབ་ནས་ཀྱང་། །རྣམ་རྒྱལ་བུམ་པས་དབང་བསྐུར་ཏེ། །དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་ཏེ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་བྷི་ཥེ་ཀ་ཏ་ཨ་བྷི་ཥིཉྩ་མཱཾ། དྲིལ་བུ་གླེགས་བམ་ལག་ཏུ་གཏད། །ཕྲིན་ལས་ཐོགས་པ་མེད་པ་རྣམས། །བུ་ཡིས་གཞན་དོན་བླ་མེད་བྱོས། །ཁྱོད་ནི་རྡོ་རྗེ་སློབ་དཔོན་ཡིན། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ལྷ་ཡི་སྙིང་པོ་ལན་གསུམ་བརྗོད། །མེ་ཏོག་ཕྲེང་བ་སྤྱི་བོར་བཞག །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །འཇིག་རྟེན་ཁམས་ནི་མ་ལུས་པར། །སེམས་ཅན་མ་ལུས་དྲང་བའི་ཕྱིར། །ཆགས་པ་མེད་པའི་བསམ་པ་ཡིས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་རིགས་ཀྱིས་གང་འདུལ་བ། །ཁྱོད་ཀྱི་ཕྲིན་ལས་མཆོག་ཡིན་ནོ། །དེང་ནས་བཟུང་ནས་བུ་ཁྱོད་ཀྱི། །ཞི་རྒྱས་དབང་དང་བསད་པ་དང་། །དགུག་དང་བཅིང་དང་བསྲེག་པ་དང་། །བསྐྲད་དང་དབྱེ་བ་ལ་སོགས་པ། །ཕྲིན་ལས་སྣ་ཚོགས་གྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷམ་དེ་བཞིན་རིལ་བུ་སྟེ། །མི་སྣང་བཅུད་ལེན་མཁའ་ལ་སྤྱོད། །ཐུན་མོང་དངོས་གྲུབ་མ་ལུས་པ། །དེ་དག་ཁྱོད་ཀྱིས་བསྒྲུབ་པར་བྱ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་སེལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་བ་ཊ་ལཾ་ཧྲཱིཿ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །ཆོས་རྣམས་དེ་ལྟར་ཤེས་པར་གྱིས། །ཧོཿཡིས་མདའ་གཞུ་ཕྱོགས་བཞིར་འཕངས། །མཚན་མོ་གནས་ཁང་དབེན་པ་རུ། །བཞིན་བཟང་མིག་ཡངས་ལང་ཚོ་ལྡན། །ལུས་ལ་དྲི་ཡིས་བྱུགས་བྱས་ཏེ། །རྩེ་དང་དགོད་པ་ལ་སོགས་པས། །ཐབས་དང་ཤེས་རབ་གཉིས་པ་སྟེ། །ནོར་བུ་བྱང་ཆུབ་སེམས་ལྟུང་བས། །ཉ་ཕྱིས་དུང་ཆོས་ལ་སོགས་སུ། །དྲིར་བཅས་སློབ་མའི་ཁ་རུ་ནི། །མཐེ་བོ་སྲིན་ལག་དག་གིས་སྦྱིན། །ཨ་ཧོ་སུ་ཁས་དེ་བཏུང་ངོ་། །ཟག་མེད་བདེ་ཆེན་ལུས་ལ་རྒྱས། །རྡོ་རྗེ་དེ་ཡིས་ཉོན་མོངས་འཇོམས། །མཚན་ལྡན་ཤེས་རབ་རང་བཞིན་ཏེ། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རྣམ་པ་ཀུན་ཏུ་ཕྱག་རྒྱ་ལོངས། །བུ་ཡིས་བླ་མེད་མཆོད་པར་གྱིས། །ཡོལ་བས་བར་བཅད་སྙོམས་འཇུག་གིས། །སྲུབ་དང་བསྲུབ་པའི་སྦྱོར་བ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །བསལ་གཞག་དགག་སྒྲུབ་གར་ཡང་མེད། །འདིས་ནི་རང་རིག་ཡེ་ཤེས་ཡིན། །བླ་མ་སྤྲུལ་པའི་སྐུར་བྱས་ཏེ། །ཆོས་གོས་བཟུང་ལ་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཐའ་ནི་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །འདི་ནི་ངས་ཁྱོད་ལུང་བསྟན་ཡིན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཿ། ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་བརྟན་པ་དང་། །དེས་ནི་བདུད་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་སྲས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྟ་དང་གླང་པོ་མ་ཧེ་དང་། །བུ་དང་ཆུང་མ་ལ་སོགས་དབྱིག །ཕྱག་བྱ་བླ་མ་དམ་པ་ལ། །མ་ཞེན་སེམས་ཀྱིས་དབུལ་བར་བྱ། །དཀྱིལ་འཁོར་ལྷ་ཚོགས་མཆོད་བྱས་ཏེ། །ཚོགས་ཀྱིས་རྣལ་འབྱོར་ཚིམ་བྱས་ནས། །ལྷག་མས་འབྱུང་པོ་ཚིམ་པར་བྱ། །བཀྲ་ཤིས་བརྗོད་ཅིང་སྨོན་ལམ་གདབ། །དགེ་བའི་རྩ་བ་བསྔོ་བ་དང་། །རོལ་མོའི་སྒྲ་དང་བཅས་པ་ཡིས། །རྡུལ་ཚོན་ཆུ་བོ་ཆེན་པོར་དོར། །དྲི་བཟང་གིས་ནི་ཐིག་ཕྱིས་ཏེ། །ལྷག་ཆད་བསྐང་ཕྱིར་སྦྱིན་སྲེག་བྱ། །ཆོ་ག་བཟང་པོ་ཡོངས་བཟུང་འདི། །རྩ་རྒྱུད་ལེའུ་འབུམ་པ་དང་། །བཤད་རྒྱུད་འོད་ཟེར་དྲ་བ་ལ། །བརྟེན་ནས་གྲུབ་པའི་རྒྱལ་མོས་མཛད། །དེ་ཡི་དགེ་བ་གང་ཡོད་པ། །རིགས་དྲུག་སེམས་ཅན་མ་ལུས་པ། །ཚེ་དཔག་མེད་པའི་ལམ་ཞུགས་ནས། །དེ་ཡི་འབྲས་བུ་མྱུར་ཐོབ་ཤོག །བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡོངས་བཟུང་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཟླ་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་ཞིང་ཞུས་ཏེ་དག་པར་བྱས་སོ། །

ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། མ་ཅིག་གྲུབ་པའི་རྒྱལ་མོས་མཛད།

༄༅། །ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ།

རྒྱ་གར་སྐད་དུ། ཨ་པ་རི་མི་ཏ་ཨཱ་ཡུ་ཧོ་མ་བི་དྷི་ནཱ་མ། བོད་སྐད་དུ། ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་མ་བྱས་འབྲས་མི་འབྱིན། །སྦྱིན་སྲེག་གིས་ནི་ལས་རྣམས་འགྲུབ། །ལས་ཀྱི་མཆོག་རབ་སྦྱིན་སྲེག་གོ །ཞི་བ་དང་ནི་རྒྱས་པ་དང་། །དབང་དང་དྲག་པོ་མངོན་སྤྱོད་དོ། །ཞི་བ་ཐབ་ཁུང་ཟླུམ་པོ་ཉིད། །རྒྱས་པ་གྲུ་བཞི་ཟླ་གམ་དབང་། །མངོན་སྤྱོད་ཟུར་གསུམ་ཉིད་དུ་བྱ། །བྲུ་གང་བྲུ་དོ་ཁྲུ་གང་བ། །སོར་མོ་ཉི་ཤུ་ཁ་དོག་ནག །དཀར་སེར་དམར་བ་ཉིད་དུ་བྱ། །མཆོད་རྫས་ཡམ་ཤིང་དཱུར་བ་སོགས། །སྲེག་རྫས་གཡས་གཡོན་རིམ་པ་བཞིན། །ཤར་དུ་ཞི་བ་བྱང་དུ་རྒྱས། །དབང་ལ་ནུབ་དང་དྲག་པོ་ལྷོ། །རཾ་ལས་མེ་ལྷ་ཁ་དོག་དམར། །དབྱུ་གུ་རིལ་བ་སྤྱི་བླུགས་དང་། །བགྲང་ཕྲེང་གཡོན་དང་གཡས་སུ་བསམ། །རལ་བ་ཅོད་པན་གསུས་ཁྱིམ་ཆེ། །ཚངས་སྐུད་འཆང་ལ་ཡེ་ཤེས་བསྟིམ། །རིགས་བདག་རྣམས་ཀྱིས་དབུ་བརྒྱན་ནས། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །དགང་བླུགས་དབུལ་ལ་མཚན་མ་བརྟགས། །ཁ་དོག་སྒྲ་དང་དབྱིབས་དང་དྲི། །ཟླ་བ་རྒྱས་པ་དུ་བ་མེད། །ནད་མེད་སྡིག་པ་མ་ལུས་ཟད། །དུང་དང་རྫ་རྔ་པི་ཝང་དང་། །བདེ་བ་མ་ལུས་འཕེལ་བར་བྱེད། །ཙནྡན་ག་བུར་ཨ་ག་རུ། །དགེ་ཞིང་ཚེ་རིང་དཔལ་གྱི་གནས། །བཀྲ་ཤིས་རྫས་བརྒྱད་རྒྱལ་མཚན་གདུགས། །སྒྲུབ་པ་པོ་རྣམས་དགེ་བའི་རྟགས། །ངན་པ་དེ་ལས་བཟློག་པའོ། །རྟ་མགྲིན་རྒྱལ་པོས་བསྲུང་བ་བྱ། །དེ་ནས་སྲེག་རྫས་རིམ་གྱིས་དབུལ། །མར་དང་ཡམ་ཤིང་ཏིལ་དང་ཞོ། །འབྲས་སོ་ནས་དང་སྲན་མ་དང་། །གྲོ་དང་དཱུར་པ་ཀུ་ཤ་རྣམས། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་བོ་དྷི་བྲྀ་ཀྵཱ་ཡ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་པ་ལ་ཡ་སྭཱ་ཧཱ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་ཡེ་སྭཱ་ཧཱ། ཨོཾ་ཨ་བྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། མེ་ལྷ་བསྟོད་ཅིང་གསོལ་བ་གདབ། །དེ་ནས་མེ་ལྷའི་ཐུགས་ཀ་རུ། །དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་བསྟིམ། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །ཁུ་བ་ལ་སོགས་ཞལ་དུ་མཆོད། །ཡམ་ཤིང་ཀུ་ཤ་འོད་ལ་དབུལ། །ཞོ་ཟན་འཐོར་འཐུང་ཕྱག་ཏུ་དབུལ། །ཁྱད་པར་དཱུར་བ་བརྒྱ་རྩ་ནི། །ཚེ་འཕེལ་ཆེད་དུ་དབུལ་བར་བྱ། །ཨཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ། །འོ་མ་སྦྲང་རྩི་ཀ་ར་དང་། །བདུད་རྩི་ལྔ་དང་སྦྱར་བའི་རྫས། །སློབ་དཔོན་གཡོན་གྱི་མཐེའུ་ཆུང་གིས། །སློབ་མའི་གཡས་ཀྱི་མཐེའུ་ཆུང་གཟུང་། །ལན་གསུམ་བསྐོར་བས་ལྷ་ལ་དབུལ། །དངོས་གྲུབ་རྫས་ཀྱི་ལྷག་མ་དེ། །སློབ་མ་རྣམས་ལ་སྦྱིན་པ་བྱ། །ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ་མྲྀ་ཏ་སིདྡྷི་ཧཱུྃ། ཞི་བ་སྭཱ་ཧཱ་དང་སྦྱར་བ། །རྒྱས་པ་ཨོཾ་ལ་དབང་ལ་ཧོ། །དྲག་པོ་མ་རཱ་ཡ་ཕཊ་སྦྱར། །དཀྱིལ་འཁོར་ལྷ་ལ་མཆོད་ཅིང་བསྟོད། །ཡེ་ཤེས་གཤེགས་སུ་གསོལ་བ་དང་། །དམ་ཚིག་བདག་ལ་བསྡུ་བར་བྱ། །དཀྱིལ་འཁོར་ལྷ་ནི་མཆོད་སྟེར་རོ། །མེ་ཡིས་འདོད་པའི་དོན་གྲུབ་བྱེད། །ཡམ་ཤིང་གཟི་བརྗིད་སྟེར་བར་བྱེད། །མར་གྱིས་འབྱོར་པ་འཕེལ་བ་ཡིན། །ཏིལ་གྱིས་སྡིག་པ་འདག་བ་དང་། །ཞོ་ཟན་གྱིས་ནི་རིག་པ་འཕེལ། །ནས་ཀྱིས་བརྩོན་འགྲུས་འཕེལ་བར་འགྱུར། །འབྲས་ཀྱིས་ནུས་པ་འཕེལ་བྱེད་པ། །སོ་བས་འབྲུ་འཕེལ་ལས་ཡིན་ནོ། །གྲོ་དང་སྲན་མས་ནད་ཀུན་སེལ། །དཱུར་བས་ཚེ་རིང་ནད་མེད་དོ། །ཀུ་ཤས་བར་ཆད་སྲུང་བར་བྱེད། །འོ་མ་སྦྲང་རྩིས་དངོས་གྲུབ་སྟེར། །དཔལ་འཕེལ་བ་ནི་བུད་ཤིང་ངོ་། །སྦྱིན་བདག་བཀྲ་ཤིས་ཐབས་ཡིན་ནོ། །ཚོགས་གཉིས་རྫོགས་པ་མཆོད་བའི་རྫས། །ཐབས་དང་ཤེས་རབ་གཟར་བུ་སྟེ། །བདུད་རྩི་མར་གྱིས་ཚིམ་བྱེད་པ། །མཆོད་པ་གཞན་གྱིས་ཅི་ཞིག་བྱ། །ཐོག་མར་དབེན་པའི་གནས་ཉིད་དུ། །ཐབས་དང་མཆོད་རྫས་བཤམས་པ་ནི། །ཞི་བ་ཙནྡན་དཀར་པོའོ། །རྒྱས་པ་འབྲས་བུ་ཅན་གྱི་ཤིང་། །དབང་ལ་ཙནྡན་དམར་པོ་དང་། །དྲག་པོ་ཚེར་མ་ཅན་ལ་བྱ། །རྒྱ་ཕྱེད་དབང་དང་ལྡན་པ་དང་། །སྣ་ཚོགས་པདྨ་འདབ་བརྒྱད་ལ། །སློབ་དཔོན་བདག་ཉིད་འདུག་པ་དང་། །གཡས་གཡོན་པདྨ་འདབ་བརྒྱད་ལ། །གཡས་སུ་སྲེག་རྫས་རིམ་གྱིས་གཞག །གཡོན་དུ་བུམ་པ་མཆོད་རྫས་བཤམ། །ལྷ་ཡི་རྣལ་འབྱོར་བསྐྱེད་པ་དང་། །སྔགས་ཀྱི་བཟླས་པས་རབ་ཏུ་ཚིམ། །བུམ་པར་རྟ་མཆོག་བསྐྱེད་པར་བྱ། །སྔགས་བཟླས་བར་ཆད་བསྲུང་བར་བྱ། །དེ་བས་བྲམ་ཟེ་རྒྱུན་བཞག་མེ། །བསླངས་ལ་སྦར་བར་བྱ་བ་དང་། །དང་པོ་འཇིག་རྟེན་མེ་ལྷ་མཆོད། །གཉིས་པ་དཀྱིལ་འཁོར་དགྱེས་པར་ཚིམ། །གསུམ་པ་མེ་ལྷ་གཏང་རག་དབུལ། །དེ་ནས་ཡེ་ཤེས་གཤེགས་དང་དམ་ཚིག་བསྡུ། །མེ་མནལ་ཐལ་བ་ཆུ་བོར་དོར། །སྦྱིན་སྲེག་ལས་ཀྱི་འབྲས་འབྱིན་འདི། །མཁའ་འགྲོ་གྲུབ་པའི་རྒྱལ་མོས་བརྩམས། །དགེ་བ་འདི་ཡིས་འགྲོ་བ་ཀུན། །ཚེ་དཔག་མེད་པ་རེད་འགྱུར་ཤོག །རྒྱ་གར་གྱི་མཁན་པོ་ཝ་ལ་ཙནྡྲ་བླ་མ་དང་། ལོ་ཙཱ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ། །

རྟ་མགྲིན་གྱི་སྒྲུབ་ཐབས། མ་ཅིག་གྲུབ་པའི་རྒྱལ་མོས་མཛད།

༄༅། །རྟ་མགྲིན་གྱི་སྒྲུབ་ཐབས། མ་ཅིག་གྲུབ་པའི་རྒྱལ་མོས་མཛད།

རྒྱ་གར་སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ན། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། པདྨ་གསུང་གི་ལྷ་ལ་ཕྱག་འཚལ་ལོ། །ཡིད་འོང་གནས་སུ་ཉེར་འདུག་ནས། །བདེ་བའི་སྟན་ལས་གནས་པ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཟླ་ཁམ་སྨུག་ནག་དཀྱིལ་འཁོར་དུ། །པཾ་ལས་ཆུ་སྐྱེས་འདབ་མ་བརྒྱད། །མཾ་ལས་ཉི་མའི་གདན་སྟེང་དུ། །ཧྲཱིཿདམར་རྒྱུ་ཡི་ས་བོན་ལས། །ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །གདུག་པ་ཅན་རྣམས་མ་ལུས་བསྲེག །མེ་དཔུང་འབར་བའི་དཀྱིལ་འཁོར་དུ། །ཧྲཱིཿལས་བསྐྱེད་པའི་རྟ་མཆོག་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །སྟེང་ཞལ་རྟ་མགོ་ལྗང་གུ་ནི། །དྲག་པོ་རྟ་སྐད་རབ་ཏུ་བཞད། །ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས། །བགེགས་དང་འབྱུང་པོ་མ་ལུས་འཇོམས། །གཡོན་པ་སྡིགས་མཛུབ་མེ་ལྟར་འབར། །གནོད་བྱེད་མ་ལུས་སྲེག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་མནན། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་བསྡུས། །ལྗགས་འདྲིལ་མཆེ་བ་མེ་སྟག་འཕྲོ། །སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན། །ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས། །སྟག་གི་པགས་པའི་ཤམ་ཐབས་ཅན། །ཀླུ་ཆེན་བརྒྱད་ཀྱིས་ཉེ་བར་བརྒྱན། །འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ། །གང་གིས་མི་ཚུགས་རྡོ་རྗེའི་སྐུ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་དུ། །ཧྲཱིཿཡིག་སྔགས་ཀྱིས་བསྐོར་པ་ལས། །འོད་འཕྲོས་ཡེ་ཤེས་དགུག་གཞུག་བྱ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །དེ་ནས་སྔགས་ཀྱི་བཟླས་པ་ནི། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། འབུམ་དུ་བཟླས་ནས་ལས་རྣམས་འགྲུབ། །དེ་ནས་གཏོར་མ་དབུལ་བ་ནི། །ཡཾ་ལས་རླུང་དང་རཾ་ལས་མེ། །ཨཱ་ལས་ཐོད་པ་ཡངས་པ་རུ། །ཤ་ལྔ་བདུད་རྩི་ལྔ་ཡིས་གང་། །ཡེ་ཤེས་བདུད་རྩི་གཉིས་སུ་མེད། །ཨོཾ་ཨཱཿཧཱུྃ། ཨི་དཾ་བ་ལཾ་ཨམྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྩ་སྔགས་བཏགས་ལ་ལན་གསུམ་གྱིས། །ཕུལ་ནས་བསྟོད་དང་གསོལ་བ་གདབ། །ཧྲཱིཿལས་བསྐྱེད་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེག །བདུད་བཞི་མ་ལུས་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་ཕྱག་འཚལ་ལོ། །སློབ་མའི་བར་ཆད་བསྲུང་བའི་ཕྱིར། །གཏོར་མ་བྱིན་གྱིས་བརླབ་པ་ནི། །ཨོཾ་ཨཱཿ་ཧཱུྃ། སྐུ་གསུང་ཐུགས་རྣམས་བསྟིམ་པའོ། །ལྷ་དང་སྔགས་ཀྱི་རྗེས་གནང་བྱ། །སློབ་མས་ཕྱག་འཚལ་ཡོན་དབུལ་ལོ། །དཔའ་བོ་རྟ་མགྲིན་སྒྲུབ་པའི་ཐབས། །འོད་དཔག་མེད་ཀྱིས་ལུང་བསྟན་པའི། །མཁའ་འགྲོ་གྲུབ་པའི་རྒྱལ་མོས་བརྩམས། །དགེ་བས་རྟ་མཆོག་སྐུ་ཐོབ་ཤོག །པཎྜི་ཏ་ཟླ་བ་བཟང་པོ་དང་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་དགེའོ། །

ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲུབ་ཐབས། མ་ཅིག་གྲུབ་པའི་རྒྱལ་མོས་མཛད།

༄༅། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲུབ་ཐབས།

རྒྱ་གར་སྐད་དུ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སཱ་དྷ་ན་ནཱ་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཚེ་ཉམས་པ་ལ་གསོ་བའི་ཕྱིར། །བཅོམ་ལྡན་ཡེ་ཤེས་ཚེ་དཔག་མེད། །སྒྲུབ་ཐབས་ཡང་དག་བཤད་པར་བྱ། །དད་བརྩོན་དབང་ཐོབ་དམ་ཚིག་ལྡན། །ཚེ་ཉམས་པ་རྣམས་གསོ་འདོད་པས། །དབེན་ཞིང་ཉམས་དགའི་གནས་འདུག་ནས། །བསོད་ནམས་ཚོགས་ཀྱི་སྔོན་འགྲོ་ནི། །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །ནམ་མཁར་སྤྱན་དྲངས་ཕྱག་འཚལ་ནས། །མཆོད་ཅིང་སྡིག་པ་བཤགས་པ་དང་། །ཚངས་པའི་གནས་བཞི་བསྒོམ་པར་བྱ། །རང་གི་སྙིང་ཁར་ཧྲཱིཿདམར་ལས། །ཡེ་ཤེས་མེ་འབར་རྣམ་སྨིན་བསྲེགས། །སྔགས་ཀྱི་དོན་ལ་སྟོང་ཉིད་བསྒོམ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ།

སྟོང་པའི་ངང་ལས་སེམས་ཉིད་ནི། །ཧྲཱིཿདམར་ཚེག་དྲག་ཐིག་ལེ་ལས། །དབང་ཆེན་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་ཁྲོ་གཉེར་ལྗགས་འདྲིལ་པ། །སྟོང་ཞལ་རྟ་མགོ་ལྗང་གུ་ལ། །དྲག་པོས་རྟ་སྐད་རབ་ཏུ་འཚེར། །དབྱུག་པའི་སྡིགས་མཛུབ་མེ་ལྟར་འབར། །ཐུགས་ཀར་པདྨ་རྒྱས་པ་ཡི། །སྟེང་དུ་ཟླ་བ་ཉི་མ་ལ། །ཧྲཱིཿལས་འོད་ཟེར་འཕྲོས་པ་ཡིས། །ཨེ་ལས་ཆོས་འབྱུང་ཡངས་པ་རུ། །ཡཾ་ལས་རླུང་དང་རཾ་ལས་མེ། །བཾ་ལས་ཆུ་དང་ལཾ་ལས་ས། །སུཾ་ལས་རི་རབ་ལྷུན་པོ་དང་། །དེ་སྟེང་བྷྲཱུཾ་ལས་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བརྒྱན། །འདོད་ཡོན་ཕ་གུ་དྲྭ་ཕྱེད་མཛེས། །ཁོར་ཡུག་ཆུ་སྐྱེས་སྣ་ཚོགས་དང་། །རྡོ་རྗེ་མེ་རི་ཐོགས་པ་མེད། །ཕོ་བྲང་ཆུ་སྐྱེས་འཕང་རིམ་གཉིས། །འདབ་མ་བཞི་དང་བརྒྱད་པ་ལ། །མུ་ཁྱུད་པད་མས་མཛེས་པ་དང་། །ལྷ་སྣམ་པན་རེག་ལྔ་དང་ལྡན། །འོད་ཟེར་སྣ་ཚོགས་འཕྲོ་བ་ལས། །ཨ་ལས་ཆུ་ཤེལ་དཀྱིལ་འཁོར་དང་། །རཾ་ལས་རྟ་བདུན་དག་ཏུ་གྱུར། །སྟེང་དུ་པདྨ་ཧྲཱིཿཡིས་མཚན། །དེ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ཧྲཱིཿལ་ཐིམ་པ་ཡི། །ལི་ཁྲི་ལྟ་བུའི་ཐིག་ལེ་ལས། །བཅོམ་ལྡན་ཚེ་དཔག་མེད་པ་ནི། །འགྱིང་བཅས་འོད་འཁྲིགས་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་པདྨ་རཱ་ག་ཡི། །བུམ་པ་འཆི་མེད་བདུད་རྩིས་གང་། །འགྲོ་རྣམས་རེ་སྐོང་དཔག་བསམ་ཤིང་། །བུམ་པའི་ཁ་རྒྱན་ཐུགས་ཀར་འཛིན། །ཡུམ་ལ་འཁྱུད་ཅིང་གཉིས་སུ་མེད། །པཾ་ལས་ཡུམ་མཆོག་གོས་དཀར་མོ། །ལི་ཁྲི་ལྟ་བུར་འཛུམ་ཞིང་སྒེག །གཡས་པ་པདྨ་གཡོན་པ་ནི། །བུམ་པ་ཡོངས་སུ་འཛིན་པ་ལ། །ཡབ་ལ་གཉིས་མེད་ལེགས་པར་འཁྲིལ། །དར་དང་ནོར་བུ་དུ་མས་བརྒྱན། །ཆུ་སྐྱེས་བརྒྱད་དང་ལྷ་སྣམ་ལ། །པདྨ་ཟླ་བ་ཉི་མའི་གདན། །མཚམས་བཞིའི་སྒོ་བཞི་ཟླ་བའི་གདན། །ཤར་དུ་རྡོ་རྗེ་ཧཱུཾ་གིས་མཚན། །དེ་ལས་མི་བསྐྱོད་ཚེ་དཔག་མེད། །ལྷོ་རུ་རིན་ཆེན་ཏཱཾ་གིས་མཚན། །རིན་ཆེན་རིགས་ཀྱི་ཚེ་དཔག་མེད། །ནུབ་ཏུ་འཁོར་ལོ་ཨོཾ་གྱིས་མཚན། །རྣམ་པར་སྣང་མཛད་ཚེ་དཔག་མེད། །བྱང་དུ་རལ་གྲི་ཨ་ཡིས་མཚན། །དོན་ཡོད་གྲུབ་པ་ཚེ་དཔག་མེད། །ཤར་ལྷོར་མཾ་ལས་མཱ་མ་ཀཱི། །ལྷོ་ནུབ་ཏཱཾ་ལས་ལྷ་མོ་སྒྲོལ། །ནུབ་བྱང་ལཾ་ལས་སངས་རྒྱས་སྤྱན། །བྱང་ཤར་ཏཱཾ་ལས་དམ་ཚིག་སྒྲོལ། །རིགས་བཞི་མཉམ་གཞག་ཕྱག་རྒྱ་ལས། །ཤེལ་དང་བེེཌཱུརྱ་གསེར་དང་ནི། །ཨིནྡྲ་ནཱི་ལའི་བུམ་པ་འཛིན། །ཡུམ་ལྔ་གཡས་པ་རང་རྟགས་དང་། །གཡོན་པ་བུམ་པ་འཛིན་པའོ། །ཤར་དུ་རྡོ་རྗེ་སེམས་དཔའ་བཞི། །ལྷོ་རུ་རིན་ཆེན་སེམས་དཔའ་བཞི། །ནུབ་ཏུ་རྣམ་སྣང་སེམས་དཔའ་བཞི། །བྱང་དུ་ལས་ཀྱི་སེམས་དཔའ་བཞི། །གཡས་པ་རང་རྟགས་འཛིན་པ་ལ། །གཡོན་པས་ཚེ་ཡི་བུམ་པ་འཛིན། །ཐམས་ཅད་དར་དང་ནོར་བུས་བརྒྱན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །མཚམས་བཞི་ལ་ནི་མཆོད་པ་ཡི། །བདུག་སྤོས་མར་མེ་མེ་ཏོག་མ། །དྲི་ཆབ་མ་དང་ལྷ་མོ་བཞི། །སྣ་ཚོགས་འོད་ཀྱིས་བསྐོར་བའོ། །ཤར་སྒོར་ཛཿལས་ལྕགས་ཀྱུ་དཀར། །ལྷོ་སྒོར་ཧཱུྃ་ལས་ཞགས་པ་སེར། །ནུབ་སྒོར་བཾ་ལས་ལྕགས་སྒྲོག་དམར། །བྱང་སྒོར་ཧོཿལས་དྲིལ་བུ་ལྗང་། །སྒོ་བ་བཞི་པོ་དེ་དག་ནི། །འཁྲིལ་ལྡེམ་བཞེངས་ནས་བཞུགས་པའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །རང་བཞིན་གནས་ནས་ཡེ་ཤེས་པ། །ཚིག་འདིས་སྤྱན་ནི་དྲང་པར་བྱ། །གདོད་ནས་རང་བཞིན་ནམ་མཁའ་ལྟར། །ཐུགས་རྗེ་འཇའ་ཚོན་སྐུར་སྟོན་པའི། །བཅོམ་ལྡན་གསུང་མཆོག་ཚེ་དཔག་མེད། །རང་བཞིན་ལྷུན་གྲུབ་གཞལ་ཡས་ནས། །ཏིང་འཛིན་གཟུགས་བརྙན་དམ་པ་འདིར། །འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན། །ཚེ་ཟད་ཚེ་ཉམས་གསོ་བའི་ཕྱིར། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །རྡོ་རྗེ་རིན་ཆེན་རྣམ་སྣང་དང་། །ལས་ཀྱི་རིགས་མཆོག་ཚེ་དཔག་མེད། །ཡུམ་བཞི་མཆོད་པའི་ལྷ་མོ་དང་། །སེམས་དཔའ་བཅུ་དྲུག་སྒོ་མར་བཅས། །རང་བཞིན་བདེ་ཆེན་དཀྱིལ་འཁོར་ནས། །ཏིང་འཛིན་གཟུགས་བརྙན་དམ་པ་འདིར། །ཚེ་དང་ཡེ་ཤེས་རྒྱས་པ་དང་། །ཐུགས་མཆོག་ཡེ་ཤེས་ཐོབ་བྱའི་ཕྱིར། །འདི་ཉིད་དུ་ནི་སྤྱན་འདྲེན་ན། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བྱ། །སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབ། །སངས་རྒྱས་ཀུན་གྱིས་དབང་བསྐུར་ནས། །རིགས་བདག་རྣམས་ཀྱིས་དབུ་བརྒྱན་ཏེ། །མཉེས་པར་གྱུར་ལ་མཆོད་པ་དང་། །བསྟོད་པ་རྒྱས་དང་བསྡུས་པ་བྱ། །དེ་ནས་བྱིང་རྒོད་རབ་སྤངས་ནས། །མ་ཡེངས་ལྷ་རྣམས་གསལ་སྟོང་བསྒོམ། །དེ་རྗེས་བཟླས་པ་བྱ་བ་ནི། །ལྷ་རྣམས་ཐུགས་ཀའི་བུམ་པ་རུ། །ཧྲཱིཿཧཱུྃ་ཏྲཱཾ་བྷྲཱུཾ་ཨ་ལས་ནི། །རང་རང་སྔགས་ཀྱིས་བསྐོར་བར་བསྒོམ། །ཨོཾ་ཧྲཱིཿབྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུྃ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་སྭཱ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨོཾ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨཱ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་རྣམས་ཡབ་ཀྱི་སྙིང་པོའི་སྔགས་སོ། །ཡུམ་གྱི་བུམ་པར་བཾ་མཾ་ཏྲཾ་ལཾ་ཏཾ་རྣམས་ལས་སྔགས་ཀྱིས་བསྐོར། ཨོཾ་བྷྲཱུཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཡུམ་མཆོག་ལྔ་ཡི་སྙིང་པོའོ། །ཕྱོགས་བཞིའི་སེམས་དཔའ་བཅུ་དྲུག་ལ། །རང་གི་ས་བོན་རྣམས་ལ་ནི། །གཙོ་བོའི་སྔགས་ཀྱིས་བསྐོར་བར་བསམས། །ཛཿཧཱུྃ་བཾ་ཧོཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་སྭཱ་ཧཱ། སྒོ་མ་བཞིའི་སྙིང་པོའི་སྔགས་སོ། །

དེ་ལྟར་བུམ་པའི་སྔགས་རྣམས་ལ། །དམིགས་ཏེ་གསང་སྔགས་བཟླས་པ་ཡིས། །ཡིག་འབྲུ་རྣམས་ལ་བདུད་རྩིའི་ཆུ། །བབས་པས་བུམ་པ་གང་བར་བསམ། །བུམ་ནང་ཡེ་ཤེས་བདུད་རྩིའི་རྒྱུན། །རང་གི་གནས་གསུམ་ཐིམ་པ་ཡིས། །ལུས་ངག་ཡིད་གསུམ་ནད་གདོན་དང་། །སྡིག་སྒྲིབ་དག་ནས་དབང་བཞི་ཐོབ། །འཆི་མེད་དངོས་གྲུབ་ཐོབ་པར་བསམ། །དེ་ནས་རང་གིས་སྔགས་བཟླས་པས། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །རང་རང་གསང་སྔགས་བཟླས་པར་བསྒོམ། །སྙིང་ཁའི་ས་བོན་འོད་ཟེར་ལས། །ལྷ་མོ་དཀར་མོ་ལྕགས་ཀྱུ་ཐོགས། །བསམ་གྱིས་མི་ཁྱབ་ཤར་དུ་འཕྲོས། །ནད་གདོན་ཞི་བའི་ལས་བྱས་ཏེ། །དྲི་ཟའི་ལག་ནས་ཚེ་བཀུག་ནས། །བདག་བསྐྱེད་ལྷ་དང་བུམ་པར་བསྟིམ། །དེ་བཞིན་ལྷོ་ཡི་ཞགས་པ་མོས། །ཚེ་དང་ལོངས་སྤྱོད་རྒྱས་བྱས་ནས། །གཤིན་རྗེའི་ལག་ནས་ཚེ་བཀུག་སྟེ། །གོང་བཞིན་དུ་ནི་བསྟིམ་པར་བྱ། །ནུབ་ཀྱི་ལྕགས་སྒྲོག་དམར་མོ་ཡིས། །སྲིད་གསུམ་མ་ལུས་དབང་བསྡུས་ཏེ། །ཆུ་ལྷའི་ལག་ནས་ཚེ་བཀུག་ནས། །བསྟིམ་ཞིང་ཀླུ་གདོན་དག་པར་བསམ། །བྱང་གི་དྲིལ་བུ་དགྱེས་མཛེས་མས། །ནད་གདོན་ལོག་འདྲེན་ཚར་བཅད་ནས། །གནོད་སྦྱིན་ལག་ནས་ཚེ་བཀུག་ནས། །གོང་བཞིན་དམིགས་པ་གསལ་པས་བསྟིམ། །བུམ་པ་དག་ལ་བརྟེན་པས་ནི། །འཆི་མེད་ཚེ་སྒྲུབ་བཤད་པ་ནི། །རྣམ་རྒྱལ་ལས་བུམ་གཉིས་པོ་ལ། །རྫས་དང་ཁ་རྒྱན་མགུལ་འཆིངས་བཅས། །ཕྱག་མཚན་བྲིས་ལ་གདག་པར་བྱ། །མཎྜལ་སྟེང་དུ་ལེགས་པར་གཞག །ཕྱི་ནི་བུམ་པའི་རྣམ་པ་ལ། །ནང་དུ་གཞལ་ཡས་ཁང་དུ་བསྒོམ། །གསང་སྔགས་རྒྱལ་པོའི་བཟླས་པ་བྱ། །གོང་བཞིན་བདུད་རྩིས་བུམ་བ་གང་། །དེ་ཡིས་རང་གཞན་ཐམས་ཅད་ཀྱི། །ནད་གདོན་སྡིག་སྒྲིབ་མ་ལུས་དག །འཆི་མེད་དངོས་གྲུབ་ཐོབ་པར་བསམ། །ལས་བུམ་རྟ་མགྲིན་གོང་བཞིན་བསྐྱེད། །ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དེ་ཡིས་རང་གཞན་བར་ཆད་བསྲུང་། འཆི་མེད་བདུད་རྩིའི་ཁྲུས་བྱའོ། །དེ་ལྟར་རང་དོན་གཞན་དོན་ལ། །མ་ཡེངས་བསྐྱེད་རིམ་གསལ་པ་ཡིས། །ཏིང་འཛིན་གཅིག་ཏུ་སྔགས་བཟླས་ན། །རྟགས་རྫོགས་ཟླ་དྲུག་ཞལ་མཐོང་འགྱུར། །དེ་ནས་རྒྱུན་དུ་ཉམས་སུ་ལེན། །ཁ་ཏའི་སྐད་ཀྱིས་མ་ནོན་པར། །བདག་ཉིད་གཞན་དང་ངག་མ་འདྲེས། །མདུན་དུ་ཆུ་སྐྱེས་སྟོང་དང་ལྡན། །གཙོ་བོ་ཡབ་ཡུམ་གསལ་བར་བསྒོམ། །ཨོཾ་ཨཱ་ཡུ་ཥེ་ས་ར་ཧ་ཀ་ར་རི་ཤ་ར་རི་ཧཱུྃ། གསོལ་བ་བཏབ་ལ་མཆོད་བསྟོད་བྱ། །བུམ་པ་དག་ལ་དམིགས་ནས་ནི། །སྒྲུབ་བྱེད་སྔགས་ཀྱི་རྒྱལ་པོ་འདི། །ཨོཾ་ཨ་མ་ར་ཎི་ཛཱི་ཝནྟཱི་ཡེ་སྭཱ་ཧཱ། གསང་སྔགས་ཉི་ཤུ་རྩ་གཅིག་བཟླས། །དེ་ཡིས་བདུད་རྩིའི་རྒྱུན་བྱུང་ནས། །རང་གི་སྤྱི་གཙུག་ཐིམ་པ་ཡིས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །བདུད་རྩིས་རང་ལུས་གང་བ་ཡིན། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །ཚེ་དཔག་མེད་པར་གྱུར་བར་བསམ། །བརྟན་པའི་ཡན་ལག་ལྔ་བཟླས་སོ། །མདུན་བསྐྱེད་བདག་ལ་བསྟིམ་པ་དང་། །དེ་ཡི་ཚེ་ཚད་ཉི་ཟླར་འགྱུར། །ཚེ་ཉམས་ལ་སོགས་སྨོས་ཅི་དགོས། །གསང་ནས་སྒྲུབ་པ་རབ་ཏུ་བསྔགས། །དེ་ནས་གསང་སྒྲུབ་བཤད་པར་བྱ། །དཀྱིལ་འཁོར་གོང་དང་འདྲ་བ་ལ། །ལྷ་ཚོགས་ཐམས་ཅད་ལི་ཁྲི་ལྟར། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས། །བུམ་པ་ཐོད་པར་བཅས་པ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ། །བཅུ་དྲུག་ལོན་པ་སྐུ་ཤ་རྒྱས། །འཇམ་ཞིང་ནུ་མ་འབུར་བ་ལ། །པདྨ་རྡོ་རྗེ་རིན་ཆེན་དང་། །འཁོར་ལོ་སྣ་ཚོགས་རྡོ་རྗེ་སྟེ། །གཡས་པ་རང་གི་ཕྱག་མཚན་འཛིན། །གཡོན་པ་ཐོད་པ་བདུད་རྩིས་གང་། །ཡབ་ལ་སྟོབ་ཅིང་གཉིས་སུ་འཁྲིལ། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཡབ་ཡུམ་འོད་ཟེར་ཚོགས་འཁྲུགས་ཤིང་། །སྙོམས་འཇུག་ཟག་མེད་བདེ་བ་རྒྱས། །མཚམས་བཞིར་བདུད་རྩིའི་བུམ་པ་བཞི། །ཕྱོགས་ཀྱི་ལྷ་ཡི་སྣམ་བུ་ལ། །ཤར་དུ་རྡོ་རྗེ་ཁྲོ་བོ་དང་། །ལྷོ་རུ་རིན་ཆེན་ཁྲོ་བོ་དང་། །ནུབ་ཏུ་པདྨའི་ཁྲོ་བོ་དང་། །བྱང་དུ་ཕྲིན་ལས་ཁྲོ་བོ་དང་། །སྟེང་འོག་རྣམ་སྣང་ཁྲོ་བོ་གཉིས། །ཕྱོགས་བཞིར་ཁྲོ་བོ་གཉིས་གཉིས་ནི། །རིགས་ཀྱི་ཡུམ་དང་བཅས་པ་ལ། །གཡས་བསྐུམ་གཡོན་བརྐྱང་བཞེངས་པའོ། །ཐམས་ཅད་གཡས་པ་རང་རྟགས་འཛིན། །གཡོན་པ་ཚེ་ཡི་བུམ་པ་དང་། །སྦྲུལ་དང་རིན་ཆེན་སྣ་ཚོགས་བརྒྱན། །མེ་རི་འབར་བའི་ཀློང་ན་བཞུགས། །ལྷ་མོ་བཞི་དང་སྒོ་བ་བཞི། །བཞེངས་པ་ཁྲོ་བོའི་ཚུལ་དུ་གནས། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབས། །ཡེ་ཤེས་སྤྱན་དྲང་གཉིས་མེད་བསྟིམ། །དབང་བསྐུར་རིགས་ཀྱིས་དབུ་བརྒྱན་པ། །གཙོ་བོ་ལྔ་དང་ཁྲོ་བོ་བཅུའི། །བུམ་པ་དག་ལ་དམིགས་ནས་ནི། །གསང་སྔགས་འདི་ནི་བཟླས་པར་བྱ། །ཨོཾ་ཧྲཱིཿཧཱུྃ། སྭཱ་བྷྲཱུཾ་ཨཱཿཛཿཧཱུྃ་བཾ་ཧོ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མ་ཧཱ་སིདྡྷི་ཧ་ས་ནི་རི་ཏི་སྭཱ་ཧཱ། དེ་ནས་རང་ཉིད་བཟླས་པ་བྱ། །བུམ་པ་ལེགས་པར་བཅས་པ་ལ། །ལྷ་རྣམས་གོང་བཞིན་བསྐྱེད་པ་དང་། །རང་རང་ལྷ་རྣམས་སྔགས་བཟླས་པས། །འཆི་མེད་བདུད་རྩིས་བུམ་པ་གང་། །རྗེས་སུ་ལྷ་རྣམས་ཞུ་བའི་ཆུས། །རང་གཞན་ཐམས་ཅད་ཁྲུས་བྱའོ། །དེ་ཡིས་མཆོག་དང་ཐུན་མོང་གི །དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར། །བདུད་རྩི་ལྔ་ཡི་གཏོར་མ་འདི། །སྙིང་པོ་སྔགས་ཀྱིས་འབུལ་བར་བྱ། །ལས་བཞིའི་སྦྱིན་སྲེག་བྱ་བ་དང་། །ལོངས་སྤྱོད་སྤེལ་ལ་ཐོད་པ་མཆོད། །དེ་ནས་དེ་ཁོ་ན་ཉིད་སྒྲུབ། །རང་ཉིད་མགོན་པོར་གསལ་བ་ཡི། །གསང་གནས་ཆོས་འབྱུང་གྲུ་གསུམ་དུ། །ཧྲཱིཿདང་བཾ་ལས་མེ་འབར་བས། །ལུས་ཀྱི་ནང་རྣམས་ཐམས་ཅད་ཁེངས། །སྤྱི་བོའི་ཧཾ་བརྒྱད་ཞུ་བ་ལས། །བདེ་ཆེན་བདུད་རྩིའི་ཆུ་རྒྱུན་འབབ། །རྩ་གསུམ་གང་བས་བདེ་བ་རྒྱས། །དྲོད་དང་བདེ་བའི་ཁྱད་པར་རྣམས། །སྟེང་འོག་རླུང་གིས་མནན་ཞེས་བྱ། །རྟ་བདུན་རི་བོ་རྒྱས་འདྲ་ནས། །མཐར་ཐུག་ལྷུན་གྲུབ་རྣམ་གསུམ་ཐོབ། །བཅུ་གསུམ་ས་རྣམས་རྫོགས་པར་འགྱུར། །ཚེ་དཔག་མེད་པའི་སྒྲུབ་པའི་ཐབས། །རྩ་རྒྱུད་ལེའུ་འབུམ་པ་དང་། །བཤད་རྒྱུད་འོད་ཟེར་དྲ་བ་ལ། །བརྟེན་ནས་གྲུབ་པའི་རྒྱལ་མོས་མཛད། །འཆི་མེད་ཚེ་སྒྲུབ་འདི་བརྩམས་པས། །བདག་དང་རིགས་དྲུག་སེམས་ཅན་རྣམས། །འཆི་མེད་དངོས་གྲུབ་ཐོབ་གྱུར་ནས། །ཚེ་དཔག་མེད་པ་ཐོབ་པར་ཤོག །རྒྱ་གར་གྱི་པཎྜི་ཏ་ཟླ་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་གླན་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ། །

བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། མ་ཅིག་གྲུབ་པའི་རྒྱལ་མོས་མཛད།

༄༅། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།

རྒྱ་གར་སྐད་དུ། བྷ་ག་བ་ཏི་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དད་ལྡན་མགོན་ལ་གུས་པ་ཡིས། །ནགས་འདབས་ཆུ་གླིང་དགོན་པར་ནི། །རང་དང་སློབ་མའི་དོན་གྱི་ཕྱིར། །བསྙེན་པས་ཆོ་ག་སྟ་གོན་དང་། །དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བྱ། །དེ་ལ་དང་པོ་བསྙེན་པ་ནི། རབ་དཀྱིལ་འཁོར་གྱི་ལྷ་ཚོགས་དངོས་སུ་མཐོང་བ། འབྲིང་རྨི་ལམ་དུ་མཐོང་བ། ཐ་མ་ཡང་ལུང་བསྟན་ཐོབ་པའོ། །གྲངས་ཀྱི་བསྙེན་པ་འབུམ་ཚོ་བདུན། འབྲིང་གསུམ། ཐ་མ་ཁྲིའམ་བླ་མའི་རྗེས་གནང་ཐོབ་པའོ། །སའི་ཆོ་ག་ནི་རྒྱུད་ལས། དཀྱིལ་འཁོར་སོ་ནི་བརྟག་པ་བླང་བ་དང་། །སྦྱང་བ་དང་ནི་བྱིན་རླབས་གཟུང་བའོ་ཞེས་གསུངས་པས་ས་ཆོག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྟ་གོན་ལ་བཞི་སྟེ། ལྷ་སྟ་གོན། བུམ་པ་སྟ་གོན། སའི་ལྷ་མོ་སྟ་གོན། སྦྱིན་སྲེག་སྟ་གོན། སློབ་མ་སྟ་གོན་རྣམས་གཞན་བཞིན་བྱའོ། །

དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་བཤད་པར་བྱའོ། །དང་པོ་ནི་ཚོན་སྣ་ལྔའི་ཐི་གུ་རིགས་ལྔ་ཡབ་ཡུམ་དང་བཅས་པ། བདེ་སྟོང་དབྱེར་མེད་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནམ་མཁའ་ལ་དམ་ཚིག་གི་ཐིག་ཆེན་བརྒྱད་བཏབ་ལ། མཆོད་བསྟོད་བྱས་ནས་སྟ་གོན་གྱི་ལྷ་དང་དབྱེར་མེད་དུ་བསམ་མོ། །དེ་ལྟར་ཡེ་ཤེས་ཀྱི་ཐིག་གི་རྗེས་སུ་དམ་ཚིག་གི་ཐིག་གདབ་པ་ནི། སློབ་དཔོན་ཤར་དུ་བལྟ། སློབ་མ་ནུབ་ཏུ་བལྟ། ཚངས་ཐིག་དང་པོ་གདབ། དེ་ནས་ལྷོ་བྱང་དང་མཚམས་སུ་ཐིག་ཆེན་བརྒྱད་གདབ། དེ་ལ་བཅུ་དྲུག་ཏུ་བགོས་ནས་གསུམ་པ་མན་ཆད་ལ་འདབ་བརྒྱད་ཕྱོགས་ཚོན་དབུས་དམར་པོའོ། །བཞི་པ་ཁྱམས་ལ་ཤར་དཀར་པོའམ་མཐིང་ག །ལྷོ་སེར་ནུབ་དམར་བྱང་ལྗང་། རྩིག་པ་ལྔ་དང་ལྡན་པ། འདོད་ཡོན་དམར་ཕ་གུ་སེར་དྲ་ཕྱེད་སྔོ་མདའ་ཡབ་དམར་པོ་མཆོད་རྟེན་དང་ལྡན་པ། རྟ་བབས་ཆ་བཞི་མཆོད་རྟེན་དུ་ཡོད་པའོ། །དེ་ཡང་རྡོ་རྗེ་མེ་རི་རབ་ཏུ་འབར་བ་དང་བཅས་པ་བྲི་བར་བྱའོ། །དེ་ཡང་ཚོན་བྱིན་གྱིས་བརླབ་པ་ནི། ཡབ་ཡུམ་བདེ་སྟོང་དབྱེར་མེད་དུ་བསམ་པའོ། །ཚོན་ལྔ་ཕྱོགས་བཞི་དང་དབུས་སུ་བཞག་ལ་ས་བོན་བྲིས་ཏེ་རིགས་ལྔར་བསྐྱེད་ནས་མཆོད་བསྟོད་བྱས་ལ་བྲིའོ། །དེ་ཡང་ཤར་དུ་སློབ་དཔོན་གྱིས་པན་རེག་སོར་བརྒྱད་བྲིས་ལ་གྲ་བརྟག་པར་བྱའོ། །དེ་ནས་སྐུ་ཙཀ་ལིའམ་མེ་ཏོག་ཚོམ་བུ་བཀོད་པའམ། ཕྱག་མཚན་རྣམས་བཀོད་པའོ། །དེ་ལྟར་སྐུ་གསུང་ཐུགས་གང་བཀོད་པའི་རྗེས་ལ། གཙོ་བོའི་བུམ་པ་ཤར་ཕྱོགས་རྡོ་རྗེ་ར་བའི་ནང་དུའོ། །ལས་བུམ་ཤར་མེ་རིའི་སྟེང་དུ་བུམ་པ་རྒྱས་པར་དགོད་ན་གོང་བཞིན་ནོ། །

དེ་ནས་མཆོད་པ་དང་གཏོར་མ་དང་འབྱོར་བའི་ཡོ་བྱད་ཀྱིས་དཀྱིལ་འཁོར་གྱི་མཐའ་ལ་བསྐོར། མདའ་དར་ཕུར་པ་དང་གྲི་བརྒྱད་ཕྱོགས་མཚམས་སུ་བཙུགས་ལ་སྟེང་འཁོར་ལོ་རྩིབས་བརྒྱད་ལ་ཕྱོགས་དྲ་མིག་ཏུ་ཡོད་པ་བྱའོ། །དེ་ནས་རང་ཉིད་བསྐྱེད་ཆོག་ཇི་ལྟ་བ་བཞིན་དུ་བསྒོམ། དཀྱིལ་འཁོར་དང་བུམ་པའི་ནང་དུ་ལྷ་ཚོགས་བསྐྱེད་ལ་སྒྲུབ་ཐབས་བཞིན་འཆི་མེད་ཡེ་ཤེས་བདུད་རྩིས་གང་བ་ལ་རང་གིས་དབང་བླང་བར་བྱའོ། །སློབ་མ་ལ་ཇི་ཙམ་བསྐུར་བ་དེ་རང་གིས་བླང་བར་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་གོས་སོ་མ་གོན་ནས་ཡོལ་བའི་ཕྱི་རོལ་དུ་འཁོད་པ་ལ་བགེགས་བསྐྲད། ཀྲྀ་ཡ་དཔུང་བཟང་ལྟར་གཏོར་མ་གཏང་ངོ་། །དེ་ནས་སློབ་མ་རྣམས་ཕྱག་བྱས་ལ་མེ་ཏོག་དང་བཅས་པས་གོང་བཞིན་དུ། དགའ་ཆེན་ཁྱོད་བདག་སྟོན་པ་བས་གསོལ་བ་ལན་གསུམ་གདབ་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པ་ཡང་གོང་བཞིན་བྱས་ལ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཐུབ་ཆེན་ཉི་མ་མ་ལུས་པ། །སངས་རྒྱས་རྣམས་ནི་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་ཡེ་ཤེས་སྤྱན་མངའ་བའི། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་མཆོག་ཏུ་ཐམས་ཅད་དུ། །སློབ་དཔོན་གྱིས་ནི་བདག་འཇུག་འཚལ། །ཕྱིར་མི་ལྡོག་པར་དབང་བསྐུར་བའི། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱས་བཏབ་ཅིང་། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །

དེ་ནས་སློབ་དཔོན་གྱིས་སློབ་མ་ལ་དྲི་བ་ནི། བཅོམ་ལྡན་ཚེ་དཔག་མེད་པ་ཡི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱེད་འདོད་དམ། །སློབ་མས་འཚལ་ལགས་ཞེས་བརྗོད་དོ། །དེ་ནས་རིགས་ཀྱི་སྡོམ་པའི་དམ་ཚིག་བསྒྲག་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་དེ་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བགྱི། །བྱང་ཆུབ་སེམས་གང་རྡོ་རྗེ་དེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཉིད་ཀྱང་གཟུང་བར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །སྤང་ཞིང་དོར་བར་མི་བྱ་སྟེ། །ཕས་ཕམ་པར་ནི་རབ་བཤད་དེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བླང་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཅིང་། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་སྟེ། །ཆང་ནི་ཡོངས་སུ་སྤང་བར་བྱ། །སེམས་ཅན་དོན་ཕྱིར་མ་བརྟག་པར། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་ལས་ནི་རྣམ་བཞི་དང་། །ཡིད་ཀྱི་ལས་ནི་རྣམ་གསུམ་པོ། །ཅི་ནུས་པར་ནི་རྣམ་པར་སྤང་། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤང་། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །ཁྱོད་ནི་བསྙེན་པར་མི་བྱ་ཞིང་། །ཕྱག་རྒྱ་མཚོན་ཆ་བཞོན་པ་དང་། །མཚན་མ་འགོམ་པར་མི་བྱ་ཞིང་། །འདི་དག་དམ་ཚིག་ཡིན་པར་གསུངས། །འདི་ལས་རྟག་ཏུ་མི་འདའ་བར། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་གྱིས། །ཞེས་ལན་གསུམ་བརྗོད་པའི་ཚེ་སློབ་མས་ཉན་པར་བྱའོ། །

དེ་ནས་སློབ་མས་སྡོམ་པ་འདི་ལྟར་ཁས་བླང་བར་བྱ་སྟེ། སློབ་དཔོན་དེང་འདིར་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བགྱིད་པར་འཚལ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་རིགས་ལྔའི་སྡོམ་པ་ཁས་བླང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཅི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སུ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམས་བཞི་རབ་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་པར་བྱའོ། །

དེ་ནས་སེམས་བསྐྱེད་པ་ནི། སློབ་མ་སྐད་ཅིག་གིས་ཚེ་དཔག་མེད་མགོན་པོར་བསྐྱེད་ལ། རྡོ་རྗེས་དྲིའི་ཐིག་ལེ་སྙིང་ཁར་བྱས་ལ། དེ་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས། ཨོཾ་ཧྲཱིཿབྷྲཱུཾ་ཨཱ་ཡུརྫྙཱ་ན་བཛྲ་ཡོ་ག་ཙིཏྟ་ཨུཏྤཱད་ཡཱ་མི་ཞེས་བརྗོད་པ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །ཡང་སྙིང་ཁར་རྡོ་རྗེ་བཞག་ལ། ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་དུ་གཞུག །དེ་ནས་ཨོཾ་བཛྲ་སུ་ར་ཏ་ས་མ་ཡ་སྟཾ་བོ་དྷི་ཙིཏྟ་ཡ་ཐཱ་སུ་ཁཾ་ས་མ་ཡ་ཧོ་ཞེས་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ། །དེ་ལྟར་སློབ་མ་ལྷར་བསྐྱེད་པ་དེའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས། མཆོད་པ་རྣམ་པ་ལྔ་དབུལ་བར་བྱའོ། །དེའི་རྗེས་ལ་སློབ་མ་དེ་རྣམས་ཤར་སྒོ་དང་ལྷོ་སྒོ་ནུབ་སྒོ་བྱང་སྒོ་རྣམས་ནས་ཡིད་ཀྱིས་འཇུག་པར་བྱའོ། །དེ་ནས་སློབ་མ་ལ་སྤྲོ་བ་བསྐྱེད་པའི་སྒོ་ནས་དམ་བསྒྲག་པ་ནི། སྙིང་ཁར་རྡོ་རྗེ་བཞག་ལ། མི་ཡི་སྲིད་པ་ལེགས་ཐོབ་པས། །དུས་འདིར་སངས་རྒྱས་རིགས་སུ་ཆུད། །ང་ཡིས་ཡེ་ཤེས་དབང་ཐོབ་པས། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །གང་ཞིག་འདི་ཉིད་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་དམ་ཚིག་ཉམས། །དེས་ན་མཆོག་ཏུ་གསང་བར་བགྱི། །ལན་ཅིག་བརྗོད་དོ། །

དེ་ནས་ཡེ་ཤེས་སེམས་དཔའི་སྒོ་ནས་དམ་བསྒྲག་པ་ནི། སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ནས་ཚེ་དཔག་མེད་དུ་བསམས་ནས་ལུས་ལ་བསྟིམས་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ། །གང་ལ་སྨྲས་ན་ཀླད་པ་འགེམས། །སྲོག་ལ་བབས་ཀྱང་མི་སྨྲའོ། །གསང་བས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་བརྗོད་དོ། །དེ་ནས་དམ་ཚིག་གི་ཆུ་སྦྱིན་པ་ནི། སྦྲང་གི་ཆུ་དང་ཡབ་ཡུམ་ཞི་བ་གཉིས་སུ་མེད་པར་བསམས་ནས་སློབ་མ་ལ་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །ཡེ་ཤེས་བདུད་རྩིའི་ཆུ་འདི་འཐུང་། །ཨོཾ་ཧྲཱིཿབྷྲཱུཾ་ཛྙཱ་ན་བཛྲ་ཡ་ཏ་ཧཱུྃ་ཞེས་བརྗོད་དོ། །དེ་ནས་ཁྱད་པར་དུ་རྡོ་རྗེ་སློབ་དཔོན་གྱི་དམ་བསྒྲག་པ་ནི། རྡོ་རྗེ་དྲིལ་བུ་མགོར་བཞག་ལ། དུས་འདི་ཉིད་ནས་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་འདི་སྐད་བཀའ་སྩལ་པ། །ཁྱོད་ཀྱིས་གུས་པས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་པ་ན། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མོས་དང་གུས་པ་མ་བྱས་ན། །བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་ནས་དམ་ཚིག་གནས་པར་གྱིས། །དམ་ཚིག་དག་ལས་མི་འདའ་བ། །ཚེ་འདིར་སངས་རྒྱས་འཐོབ་པར་འགྱུར། །ཞེས་བརྗོད་པར་བྱའོ། །དེ་ནས་གདོང་གཡོགས་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ་བཅིངས་ནས་ལུས་ཀྱི་གཤིས་ནི་འདི་ལྟར་བྱ་སྟེ། རྐང་པ་གཉིས་གཤིབས་ལ་ལངས་ནས་ཐལ་མོ་སྤྱི་བོར་སྦྱར་རླུང་བཟུང་ནས་ཡིད་ཀྱིས་གསོལ་བ་གདབ་པ་ནི། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་འཁོར་དང་བཅས་པ་ཡིས། །བདག་ལ་ཡེ་ཤེས་དབབ་ཏུ་གསོལ། །དུས་འདིར་བྱིན་གྱིས་བརླབ་པར་རིགས། །ཞེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །

དེ་ནས་སློབ་དཔོན་གྱིས་སློབ་མའི་སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ་འོད་དང་འོད་ཟེར་གྱི་རང་བཞིན་གར་བྱེད་པ་ལ་དམིགས་པ་གཏད་པ་དང་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ལྔ་བྱུང་ནས་ལུས་ལ་ཐིམ་པར་བསམ། ཡང་ཡབ་ཀྱི་གཡས་སུ་གྲུབ་པའི་རྒྱལ་མོ་གཡས་ཌ་མ་རུ་གཡོན་ཐོད་པ་བསྣམས་པ། སྐུ་མདོག་སྨུག་ནག་རུས་པའི་རྒྱན་གྱིས་བརྒྱན་པ་གར་བྱེད་པ་ལ་ཤེས་པ་གཏད། གཡོན་དུ་བརྒྱུད་པ་རྣམས་བསམ། དེ་ནས་སློབ་མ་ལ་དམིགས་པ་དེ་རྣམས་བསྟན་ནས་རང་དང་སློབ་མས་མོས་གུས་བྱས་པ་དང་། སྤྱི་བོའི་ལྷ་ཚོགས་རྣམས་གར་ཐབས་སུ་ལིང་ལིང་ལ་སྤྱི་བོར་སིབ་སིབ་ཐིམ་པར་བསམས་ནས། རོལ་མོ་སྣ་ཚོགས་སྒྲོག་སྤོས་དཀར་ནག་དུད་པས་བདུག་ཅིང་དག་ཏུ། ཨོཾ་ཧྲཱིཿབྷྲཱུཾ་བཛྲ་ཨཱ་ཡུརྫྙཱ་ན་ཨཱ་བེ་ཤ་ཡ་ཨཱཿཨཱཿ ཞེས་མང་དུ་བརྗོད་པས་ལུས་ངག་ཡིད་གསུམ་ལ་ཕེབས་པར་འགྱུར་རོ། །དེའི་རྟགས་ནི་འཕར་བ་དང་གར་བྱེད་པ་དང་། སཾ་སྐྲྀ་ཏའི་སྐད་དང་རྡོ་རྗེའི་གླུ་དང་། རྟོག་མེད་ཏིང་འཛིན་དཔག་མེད་འབྱུང་ངོ་། །དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། ལས་ཀྱི་སློབ་དཔོན་གཅིག་གིས་རྡོ་རྗེ་ཐོགས་ལ་སློབ་མ་དཀྱིལ་འཁོར་གྱི་ཤར་དུ་ཁྲིད་ནས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་འཇུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །དངོས་གྲུབ་བསོད་ནམས་དེ་བཞིན་ཤོག །ཅེས་བརྗོད་དོ། །དེ་ནས་མེ་ཏོག་ཐོགས་ལ། སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ། །གང་ཡིན་དེ་རིང་བདག་བསྙེན་གྱི། །རིགས་དང་མཐུན་པའི་དངོས་གྲུབ་དང་། །ལྷ་དང་མ་ནོར་མཇལ་བར་ཤོག །ཅེས་མེ་ཏོག་གཏོར་ལ་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་མིང་བདེ་ཆེན་འོད་དཔག་མེད་དང་མི་བསྐྱོད་ཚེ་དཔག་མེད་དང་། རིན་ཆེན་ཚེ་དཔག་མེད་ལ་སོགས་པའི་རིགས་མཐུན་མིང་རྣམས་གདགས་པར་བྱའོ། །

དེ་ནས་མེ་ཏོག་དེ་མགོ་ལ་བཅིངས་ནས་ཚེ་དཔག་མེད་དུ་བསམས་ནས། ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་པའི། །མེ་ཏོག་འོད་དཔག་མེད་པ་འདི། །སྟོབས་ཆེན་ཁྱོད་ཀྱིས་རབ་བཅིངས་པའི། །རིགས་ཀྱི་བདག་པོར་དབང་བསྐུར་རོ། །ཞེས་པས་སྤྱི་བོར་གདགས་སོ། །དེ་ནས་གསེར་གྱི་ཐུར་མས་མིག་ཕྱེ་ལ། ཚེ་དཔག་མེད་པས་དེང་ཁྱོད་ཀྱི། །མིག་ནི་ཡང་དག་འབྱེད་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །ཞེས་བརྗོད་ལ་གདོང་གཡོགས་དགྲོལ་བར་བྱའོ། །

དེ་ནས་དཀྱིལ་འཁོར་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་ནས་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་ཚེ་དཔག་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །འགྲོ་དོན་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཐམས་ཅད་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྲུང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ་དཀྱིལ་འཁོར་གྱི་རྣམ་དག་བསྟན། དེ་ནས་ཕུང་པོ་ལྔ་ཡབ་ལྔ། ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དུ་ངོ་སྤྲད་པར་བྱའོ། །དེ་ནས་ཕྱག་རྒྱ་བྱ་སྟེ། གླིང་བཞིས་བརྒྱན་པའི་མཎྜལ་དང་། ལུས་ལོངས་སྤྱོད་གསེར་གྱི་མཎྜལ་ཕུལ་ནས་དབང་བསྐུར་བར་གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །གཙོ་བོ་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་འཁོར་དང་བཅས་པ་ཡི། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །

དེ་ནས་དབང་བསྐུར་བ་ནི། སངས་རྒྱས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། ཁྲོ་བོ་ཐམས་ཅད་ཀྱིས་བར་ཆད་རྣམས་བསྲུངས། མཆོད་པའི་ལྷ་མོ་ཐམས་ཅད་ཀྱིས་ཕྱི་ནང་གསང་གསུམ་གྱིས་མཆོད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། རིགས་ཀྱི་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིས་དབང་བསྐུར་བར་བསམ་ལ། སློབ་མའི་སྤྱི་གཙུག་ཏུ་བུམ་པ་བཞག་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཞེས་པ་ནི་སྤྱིར་བསྐུར་བའོ། །

དེ་ནས་རིགས་པའི་དབང་ལྔ་བསྐུར་བ་ནི། བུམ་པ་མི་བསྐྱོད་པར་བསྐྱེད་ལ་དགུག་གཞུག་བྱ། རང་དང་སློབ་མ་གཉིས་ཀ་མི་བསྐྱོད་པར་བསྐྱེད་ནས་དབང་བསྐུར་བ་ནི། ཀུན་གཞི་རྣམ་ཤེས་རྣམ་དག་པ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བཅོམ་ལྡན་མི་བསྐྱོད་པ་ཡི་ནི། །བདུད་རྩིའི་ཆུ་རྒྱུན་དབང་བསྐུར་རོ། །ཞེས་བརྗོད་ནས་ཆུ་རྒྱུན་སྤྱི་བོར་བླུགས་པས་ལུས་བདེ་བས་ཁྱབ་ཅིང་། ཞེ་སྡང་ཐམས་ཅད་དག་ནས་མེ་ལོང་ཡེ་ཤེས་རྒྱུད་ལ་སྐྱེས་བར་བསྒོམ་མོ། །དེ་ནས་དབུ་རྒྱན་སྟོང་པའི་ངང་ལས་རིན་འབྱུང་དུ་བསྐྱེད། ཡེ་ཤེས་པ་གཞུག །རང་དང་སློབ་མ་གཉིས་ཀ་ཡང་རིན་འབྱུང་དུ་བསམས། དབུ་རྒྱན་དེ་སློབ་མའི་སྤྱི་བོར་བཞག་ལ། ཐོར་གཙུག་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པ། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་པས། ང་རྒྱལ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །དེ་ནས་རྡོ་རྗེ་དང་རང་གི་སློབ་མ་སྣང་བ་མཐའ་ཡས་སུ་བསྐྱེད་ལ་རྡོ་རྗེ་མགོར་བཞག་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས། །ཞེས་པ་ལག་པ་གཡས་སུ་བྱིན་ལ། ཨོཾ་པདྨ་བཛྲ་ན་ཡ་ཧྲཱི་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་དོ། །དེས་འདོད་ཆགས་དག་ནས་སོ་སོར་རྟོག་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་ནས་དྲིལ་བུ་དང་སློབ་མ་དོན་ཡོད་གྲུབ་པར་བསྐྱེད་ལ། དྲིལ་བུ་མགོར་བཞག་ལ། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་ཨ་ཏི་བ་ཏ་ཡེ་ཨ་བྷི་ཥིཉྩ་མཱཾ་ཞེས་ལག་པ་གཡོན་དུ་སྦྱིན་ནོ། །དེས་ཕྲག་དོག་དག་ནས་བྱ་བ་གྲུབ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་བར་བསྒོམ་མོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་རྣམ་པར་སྣང་མཛད་དུ་བསྐྱེད་ལ། རང་སློབ་མ་ཡང་དེ་བཞིན་དུ་བསམས་ནས། རྡོ་རྗེ་དང་དྲིལ་བུ་ལྕེ་ཐོག་ཏུ་བཞག་ནས། སངས་རྒྱས་ཀུན་གྱི་མིང་གི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །མིང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་ས་ཏྭ་ཡ་ཏྭཾ་ཨ་བྷི་ཥིཉྩ་དུ་མཱཾ་ཞེས་བརྗོད་པས་གཏི་མུག་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ་མོ། །དེ་དག་གིས་བྱེ་བྲག་ཏུ་རིགས་པའི་དབང་ལྔ་བསྐུར་བར་བསྟན་ཏོ། །

དེ་ནས་ཁྱད་པར་དུ་འཆི་མེད་ཡེ་ཤེས་བདུད་རྩིའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་བ་བཤད་པར་བྱ་སྟེ། དེ་ཡང་སློབ་མས་གསེར་གྱི་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། བླ་མ་མགོན་པོ་ཚེ་དཔག་མེད། །ལྷ་ཚོགས་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་བར་དགོངས་ནས་ཀྱང་། །འཆི་མེད་ཚེ་ཡི་དབང་བསྐུར་སྩོལ། །ཞེས་གསོལ་བ་ལན་གསུམ་གདབ་བོ། །དེ་ནས་དབང་བསྐུར་བ་ནི། གོང་བཞིན་དུ་སྤྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། ཁྱད་པར་དུ་བཅོམ་ལྡན་ཚེ་དཔག་ཏུ་མེད་པའི་བདུད་རྩིའི་རྒྱུན་བུམ་པ་བཀང་ནས་དབང་བསྐུར་བས་སྤྱིར་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་དང་། ཁྱད་པར་དུ་ཚེ་ཟད་པ་དང་ཉམས་པ་དང་འགྲིབ་པ་ཐམས་ཅད་སངས་ཀྱིས་དག་པར་བསམས་ནས་བུམ་པ་སྤྱི་བོའི་ཐོག་ཏུ་བཞག་ལ་དབང་བསྐུར་བ་ནི། སོ་སོར་ཀུན་རྟོག་རང་བཞིན་གྱི། །བཅོམ་ལྡན་ཚེ་དཔག་མེད་པ་ནི། །སྐུ་མདོག་དམར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་ཧྲཱིཿབྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་ནས་དམིགས་པ་ཐམས་ཅད་གོང་བཞིན་དུ་རང་དང་སློབ་མ་གཉིས་ཀས་བསམས་ལ། དབང་བསྐུར་བ་ནི། མེ་ལོང་ཡེ་ཤེས་རང་བཞིན་གྱི། །མི་བསྐྱོད་ཚེ་དཔག་མེད་པ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་ཧཱུཾ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། མཉམ་ཉིད་ཡེ་ཤེས་རང་བཞིན་གྱི། །རིན་འབྱུང་ཚེ་དཔག་མེད་པ་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་སྭཱ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཆོས་དབྱིངས་ཡེ་ཤེས་རང་བཞིན་གྱི། །རྣམ་སྣང་ཚེ་དཔག་མེད་པ་ནི། །སྐུ་མདོག་དཀར་པོ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་བྷྲཱུཾ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། བྱ་གྲུབ་ཡེ་ཤེས་རང་བཞིན་གྱི། །དོན་གྲུབ་ཚེ་དཔག་མེད་པ་ནི། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །འཆི་མེད་བདུད་རྩིའི་ཆུ་རྒྱུན་དང་། །བུམ་པ་ཚེ་ཡིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་བདག་ལ་སྩོལ། །ཨོཾ་ཨཱ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་དག་གིས་ཕྱི་ཡབ་ལྔའི་སྒོ་ནས་དབང་བསྐུར་བར་བསྟན་ཏོ། །

དེ་ནས་ཡུམ་གོས་དཀར་མོས་དབང་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་ཚེ་ཉམས་པ་དང་འགྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས་ལུས་ཕྲུ་མ་ཕུས་བཏབ་པ་བཞིན་དུ་གྱུར་ཏོ། །དེ་ནས་བདུད་རྩི་རྐང་མཐིལ་ནས་ཡང་སྐྱ་མེ་རེ་རེ་བྱུང་ནས་སྤྱི་བོར་སླེབ་པ་དང་རང་གི་ལུས་ཡེ་ཤེས་ཀྱི་ལུས་སུ་གྱུར་བར་བསམས་ལ། བུམ་པ་སྤྱི་བོར་བཞག་ནས། འོད་དཔག་ཡུམ་མཆོག་གོས་དཀར་མོ། །ཕྱག་ན་རཱ་གའི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །ཨོཾ་བྷྲཱུཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ་སྭཱ་ཧཱ། ཞེས་ཡུམ་ཐམས་ཅད་ལ་དམིགས་པ་དང་སྔགས་གོང་བཞིན་ནོ། །མི་བསྐྱོད་ཡུམ་མཆོག་སངས་རྒྱས་སྤྱན། །ཕྱག་ན་ཤེལ་གྱི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །རིན་ཆེན་ཡུམ་མཆོག་མཱ་མཱ་ཀི །ཕྱག་ན་བཻཌཱུར་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །སྣང་མཛད་ཡུམ་མཆོག་དབྱིངས་ཕྱུག་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་དེང་འདིར་སྩོལ། །དོན་གྲུབ་ཡུམ་མཆོག་དམ་ཚིག་སྒྲོལ། །ཕྱག་ན་ཨིནྡྲའི་བུམ་པ་བསྣམས། །ཚེ་དང་བདུད་རྩིའི་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །དེ་དག་གིས་ཡུམ་ལྔའི་དབང་བསྟན་ཏོ། །

དེ་ནས་སེམས་དཔའ་བཅུ་དྲུག་གི་བཤད་པར་བྱ་སྟེ། ཤར་ཕྱོགས་ཀྱིས་སེམས་དཔའ་བཞིས་དབང་བསྐུར་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ལ། བུམ་པ་སྤྱི་གཙུག་ཏུ་བཞག་ནས་འདི་སྐད་བརྗོད་པར་བྱ་སྟེ། ཤར་ཕྱོགས་མི་བསྐྱོད་སེམས་དཔའ་བཞི། །བཻ་ཌཱུར་སྔོན་པོའི་མདོག་འདྲ་བ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་ན་ཚེ་ཡི་བུམ་པ་འཛིན། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །སྔགས་ནི་གཙོ་བོ་མི་བསྐྱོད་པའོ། །ལྷོ་ཕྱོགས་རིན་ཆེན་སེམས་དཔའ་བཞི། །བཙོ་མ་གསེར་གྱི་མདོག་འདྲ་བ། །ཕྱག་གཡས་རིན་ཆེན་འབར་བ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །ནུབ་ཕྱོགས་པདྨའི་སེམས་དཔའ་བཞི། །པདྨ་རཱ་གའི་མདོག་འདྲ་བ། །ཕྱག་གཡས་ཆུ་སྐྱེས་འདབ་ལྔ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །བྱང་ཕྱོགས་ཕྲིན་ལས་སེམས་དཔའ་བཞི། །ཨིནྡྲ་ནཱི་ལའི་མདོག་འདྲ་བ། །ཕྱག་གཡས་རྡོ་རྗེ་རྒྱ་གྲམ་འཛིན། །གཡོན་པ་ཚེ་ཡི་བུམ་པ་བསྣམས། །ཚེ་དང་བདུད་རྩིས་བཀང་ནས་ཀྱང་། །ཚེ་དབང་ཐམས་ཅད་འདིར་སྩོལ་ཅིག །དེ་ནས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པ་ཡིན་སྙམ་པའི་ངེས་ཤེས་བསྐྱེད་དོ། །དེས་ནི་གསང་བ་སེམས་དཔའ་བཅུ་དྲུག་གི་དབང་བསྟན་ཏོ། །

དེ་ནས་དེ་ཁོ་ན་ཉིད་བཤད་པར་བྱ་སྟེ། རང་དང་སློབ་མའི་སྙིང་ཁའི་ཧྲཱིཿདང་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་ལྷ་མོ་ལྕགས་ཀྱུ་མ་དཀར་མོ་གཅིག་ལས་བཅུ། བཅུ་ལས་བརྒྱ་ལ་སོགས་པ་མང་པོ་དཔག་ཏུ་མེད་པ་སྤྲོས་ནས་རང་གཞན་ཐམས་ཅད་ཀྱི་ནད་གདོན་ཞི་བའི་ལས་བྱས། ཁྱད་པར་དུ་ཤར་དྲི་ཟའི་ལག་ནས་རང་གི་ཚེ་ཉམས་པ་འགྲིབ་པ་ཟད་པ་རྣམས་བཀུག་ནས་སློབ་མ་ལ་བསྟིམས་པས་ནད་གདོན་ཐམས་ཅད་ཞི་ནས་ཚེ་རྒྱས་པར་བསམ་ལ་སྤྱི་གཙུག་ཏུ་བུམ་པ་བཞག་ནས། ཤར་ཕྱོགས་དཀར་མོ་ཞི་མཛད་ལྷ། །དྲི་ཟའི་ལག་ནས་ཚེ་ཁུག་ལ། །ནད་དང་གདོན་རྣམས་ཞི་མཛད་པའི། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །ཛ་ཧཱུཾ་བཾ་ཧོཿཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་སྭཱ་ཧཱ། དེ་ནས་རང་དཀྱིལ་འཁོར་གྱི་ལྷོ་ནས་ཞགས་པ་མ་སེར་མོ་སྤྲོས་ལ་ཚེ་དང་ལོངས་སྤྱོད་ལ་སོགས་པ་རྒྱས་པའི་ལས་བྱས་ཏེ། གཤིན་རྗེའི་ལག་ནས་ཚེ་བཀུག་ལ་བསྟིམས་ནས། ལྷོ་ཕྱོགས་སེར་མོ་རྒྱས་མཛད་མ། །གཤིན་རྗེའི་ལག་ནས་ཚེ་ཁུག་ལ། །ཚེ་དང་ལོངས་སྤྱོད་རྒྱས་པ་ཡི། །དབང་བསྐུར་བདག་ལ་དེང་འདིར་སྩོལ། །ཡང་ས་བོན་དང་ནུབ་ནས་ལྕགས་སྒྲོག་མ་ནུབ་ཏུ་སྤྲོས་ཆུ་ལྷའི་ལག་ནས་ཚེ་ཁུག་ལ། སྲིད་གསུམ་དབང་དུ་བྱས་པར་བསམས་ནས། ནུབ་ཕྱོགས་དམར་མོ་དབང་གི་ལྷ། །ཆུ་ལྷའི་ལག་ནས་ཚེ་ཁུག་ལ། །སྲིད་གསུམ་དབང་དུ་སྡུད་མཛད་པའི། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །ཡང་ས་བོན་དང་བྱང་ཕྱོགས་ནས་དྲིལ་བུ་མ་མང་པོ་སྤྲོས་ནས་ནད་གདོན་ཚར་བཅད་ནས། གནོད་བཞིན་གྱི་ལག་ནས་ཚེ་བཀུག་ལ་བསྟིམས་ཏེ། བྱང་ཕྱོགས་ལྗང་གི་དྲག་པོའི་ལྷ། །གནོད་བཞིན་ལག་ནས་ཚེ་ཁུག་ལ། །ནད་གདོན་ཐམས་ཅད་ཚར་བཅད་པའི། །དབང་བསྐུར་དེང་འདིར་བདག་ལ་སྩོལ། །དེས་ཡུམ་བཞི་ཕོ་ཉ་མོར་བྱས་ནས་དབང་བསྐུར་བའོ། །དེ་ལྟར་དབང་བཞི་པོ་དེ་རྣམས་བསྐུར་བས་ཉོན་མོངས་པ་དག་འཆི་བ་མེད་པའི་དངོས་གྲུབ་ཐོབ་པ་དེའི་ངང་ལས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་བསམ་མོ། །དེ་ནས་དེ་ཉིད་བརྟན་པར་བྱ་ཞིང་དབང་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་བྱ་སྟེ། དེ་ཡང་བུམ་པ་སྤྱི་བོར་བཞག་སྟེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད། དེ་ལས་འོད་ཟེར་དམར་པོ་ལུས་ལ་ཐིམ་པས་འདོད་ཆགས་དག་ནས་སོ་སོར་ཀུན་རྟོག་རྒྱུད་ལ་སྐྱེས་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམས་ནས། འདོད་ཆགས་རྣམ་པར་དག་ནས་ནི། །འོད་དཔག་མེད་པས་དབུ་བརྒྱན་ཏེ། །སོ་སོར་ཀུན་རྟོག་དོན་རྟོགས་ནས། །མཛེས་ཤིང་པདྨའི་ལུས་ཐོབ་ཤོག །ཨོཾ་ཧྲཱིཿབྷྲཱུཾ་པདྨ་ཀ་མ་ལ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་བུམ་པ་མི་བསྐྱོད་པར་བསམས་ནས་དཔྲལ་བར་བཞག་འོད་འཕྲོས་པས་ཞེ་སྡང་དག་ནས་མེ་ལོང་ཡེ་ཤེས་སྐྱེས་ཏེ། མི་བསྐྱོད་པས་དབུ་བརྒྱན་པར་བསམས་ནས། ཞེ་སྡང་རྣམ་པར་དག་ནས་ནི། །བཅོམ་ལྡན་མི་བསྐྱོད་དབུ་བརྒྱན་ཏེ། །མེ་ལོང་ཡེ་ཤེས་དོན་རྟོགས་ཤིང་། །འགྱུར་མེད་རྡོ་རྗེའི་ལུས་ཐོབ་ཤོག །ཨོཾ་ཧཱུྃ་བྷྲཱུཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་བུམ་པ་རྣ་བ་གཡས་ཀྱི་སྟེང་དུ་བཞག་ནས་རིན་འབྱུང་དུ་བསམས། དེའི་འོད་ཀྱིས་ང་རྒྱལ་དག་ནས་མཉམ་ཉིད་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ། རིན་འབྱུང་གིས་དབུ་བརྒྱན་པར་བསམས་ནས། ང་རྒྱལ་རྣམ་པར་དག་ནས་ནི། །རིན་ཆེན་འབྱུང་ལྡན་དབུ་བརྒྱན་པས། །མཉམ་ཉིད་ཡེ་ཤེས་དོན་རྟོགས་ནས། །བདེ་ཆེན་ལྷུན་གྲུབ་དོན་རྟོགས་ཤོག །ཨོཾ་སྭཱ་བྷྲཱུཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་ལྟག་པར་བུམ་པ་བཞག་ནས་རྣམ་པར་སྣང་མཛད་དུ་བསྐྱེད། དེའི་འོད་ཀྱིས་གཏི་མུག་དག་སྟེ་ཆོས་དབྱིངས་ཡེ་ཤེས་རྒྱུད་ལ་སྐྱེས། དེས་དབུ་བརྒྱན་པར་བསམས་ནས། གཏི་མུག་རྣམ་པར་དག་ནས་ནི། །སངས་རྒྱས་རིགས་ཀྱིས་དབུ་བརྒྱན་ཏེ། །ཆོས་དབྱིངས་ཡེ་ཤེས་དོན་རྟོགས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་བྷྲཱུཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཡང་རྣ་བ་གཡོན་པར་བུམ་པ་བཞག །དོན་ཡོད་གྲུབ་པར་བསྐྱེད། དེའི་འོད་ཀྱིས་ཕྲག་དོག་དག །བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས། དེས་དབུ་བརྒྱན་པར་བསམས་ནས། ཕྲག་དོག་རྣམ་པར་དག་ནས་ནི། །དོན་གྲུབ་རིགས་ཀྱིས་དབུ་བརྒྱན་ཏེ། །བྱ་གྲུབ་ཡེ་ཤེས་དོན་རྟོགས་ནས། །ཅི་བསམ་མ་ལུས་འགྲུབ་པར་ཤོག །ཨོཾ་ཨཱ་བྷྲཱུཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་རིགས་ལྔས་དབུ་བརྒྱན་པར་བསམས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །བདག་ཁོ་ན་མགོན་པོ་ཚེ་དཔག་མེད་ཡིན་ཞིང་། ཚེ་དཔག་མེད་ཁོ་ན་བདག་ཡིན་སྙམ་པའི་ང་རྒྱལ་བརྟན་པོས་གནས་པར་བྱའོ། །དེ་རྣམས་ཀྱིས་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་དབང་བསྟན་ཏོ། །དེ་ནས་རྗེས་གནང་བཤད་པར་བྱ་སྟེ། དང་པོ་གཙོ་བོ་ཡབ་ཡུམ་བསྟན་ནས་འདི་ཁོ་ན་ལྟར་ཡིད་ལ་བྱོས་ཤིག་བྱས་ལ། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་དུའང་མ་བྱེད་ཅིག །ཅེས་བརྗོད།

སྔགས་ཀྱི་རྗེས་གནང་ནི། པདྨའི་ཕྲེང་བ་ལ་གཙོ་བོའི་སྔགས་ཀྱིས་བསངས་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་པས་གསོལ་བ་གདབ་བོ། །དེ་ནས་སློབ་མས་ཕྲེང་བ་སྙིང་ཁར་བཟུང་སྟེ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གཙོ་བོ་ཡབ་ཡུམ་འཁོར་དང་བཅས་པའི་སྔགས་ལན་ལྔར་རྗེས་བཟློས་བྱའོ། །དེ་ནས་མཆོད་པ་ཕྱི་ནང་གསང་བ་གསུམ་དུ་གུས་པས་ཕུལ་ཅིག་ཅེས་པའི་རྗེས་སུ་གནང་བར་བྱའོ། །དེ་ནས་དམ་ཚིག་གསུམ་གྱི་དབང་བསྐུར་བར་བྱ་སྟེ། དེ་ཡང་སློབ་མ་དང་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སེམས་དཔར་བསྐྱེད་དེ། གཞན་དོན་བསམས་པས། ཐོག་མ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་རྡོ་རྗེ་ལག་པ་གཡས་སུ་གཏད་དེ་སྙིང་ཁར་བཟུང་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་གྱིས་ཤིག་པའོ། །དེ་ནས་སྣང་བ་མཐའ་ཡས་གསུང་གི་རང་བཞིན་དུ་བསྐྱེད་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོད་ནི་བྱེད་པ་པོ། །སྒྲ་ཐམས་ཅད་ཆོས་ཉིད་ཀྱི་རང་སྒྲར་རྟོགས་པར་གྱིས་ཤིག་པའོ། །དེ་ནས་རང་གི་སྙིང་ཁར་གཙོ་བོ་ཡབ་ཡུམ་བསམས་ནས། ཡི་དམ་གཟུགས་ནི་བརྟན་བྱའི་ཕྱིར། །དམ་ཚིག་ཕྱག་རྒྱ་རབ་ཏུ་བརྗོད། །དམ་ཚིག་འདི་ལ་རྟག་གནས་པས། །ལྷ་ཡི་སྦྱོར་བ་རབ་ཏུ་གྲགས། །ཞེས་པས་ལྷ་སྐུ་སྣང་སྟོང་སྒྱུ་མའི་སྐུར་བལྟ་བར་བྱའོ། །

དེ་ནས་སྤྱི་དང་བྱེ་བྲག་གི་དབང་བཤད་པར་བྱ་སྟེ། དང་པོ་སློབ་མ་སྐྱིལ་ཀྲུང་དུ་འདུག་པའི་རྐང་པའི་བར་དུ་ཆོས་ཀྱི་འཁོར་ལོ། ལག་པ་གཡས་སུ་དུང་། གཡོན་དུ་གླེགས་བམ། སྟེང་དུ་གདུགས་ཕུབ་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་ན་མེད། །ཀུན་ཏུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མ་ཟ་ཞིག །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཀུན་ཏུ་ཁྱོད་ལ་བསྲུང་བར་གྱིས། །ཞེས་པའོ། །

དེ་ནས་བྱེ་བྲག་ཏུ་བསྐུར་བ་ནི། རང་དང་སློབ་མ་གཉིས་ཀ་རྣམ་སྣང་དུ་བསྐྱེད་ལ་རིགས་ལྔའི་སྒོ་ནས་དོན་བྱ་སྙམ་དུ་བསམས་ནས། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་ལ་སངས་རྒྱས་ཀྱི་རིགས་ཀྱིས་གདུལ་བྱ་གཏི་མུག་ཅན་གྱི་དོན་བྱ་སྙམ་དུ་བསམས་མོ། །དེ་བཞིན་དུ་རྡོ་རྗེ་དང་ནོར་བུ་དང་པདྨ་དང་། རྒྱ་གྲམ་རྣམས་ཀྱིས་འཁོར་ལོ་བསྐོར་བ་རྣམས་ལ་ཆོ་ག་གོང་བཞིན་སྤེལ་བར་བྱའོ། །

དེ་ནས་རྗེས་ཀྱི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང་ལུང་བསྟན་པ་ནི། ཁྱོད་ཀྱི་ཕུང་པོ་ལྔ་ཁམས་ལྔ་ཚེ་དཔག་མེད་ཡབ་ཡུམ་ཡིན་པར་བདག་གིས་ལུང་བསྟན་གྱིས། དེང་འདིར་ངས་ཁྱོད་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་རང་བཞིན་རྣམ་དག་པས། །ལྷ་ཡི་འཁོར་ལོར་གནས་པའོ། །ཞེས་བརྗོད་པའོ། །དེ་ནས་གཟེངས་བསྟོད་པ་ནི། ཡི་དམ་ལྷ་དང་མཉམ་པར་ནི། །དུས་འདི་ཉིད་ནས་འབྱུང་བ་སྟེ། །དགའ་ཞིང་སྤྲོ་བ་ཆེན་པོ་ཡིས། །ཕྱི་རོལ་མི་བསམས་ནང་དུའོ། །ཞེས་བརྗོད་དོ། །

དེ་ནས་དབུགས་དབྱུང་བ་ནི། །བདེ་ཆེན་ཐེག་པ་འདི་ལ་ནི། །སླད་ཆད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་གསོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །ཞེས་བརྗོད་དོ། །དེ་རྣམས་བསྟན་པའི་ཡན་ལག་ཏུ་བརྟུལ་ཞུགས་ཀྱི་དབང་སྦྱིན་པ་ནི། སྦྲང་དང་བདུད་རྩི་བསྲེས་ལ། འཆི་མེད་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ལ་སློབ་མ་ལ་བྱིན་ཏེ། འདི་ནི་འཆི་མེད་ཡེ་ཤེས་ཆུ། །གང་གིས་རེག་དང་འཐུངས་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཐམས་ཅད་ད་ལྟ་མངོན་དུ་འགྱུར། །བགེགས་དང་ལོག་འདྲེན་ཀུན་འཇོམས་ཤིང་། །གཞན་གྱིས་རྫི་བར་མི་ནུས་པའི། །མི་ཤིགས་རྡོ་རྗེ་ཕ་ལམ་འགྱུར། །ལྷུན་གྲུབ་བདེ་བ་ཆེན་པོའོ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཚེ་དཔག་མེད་ཡབ་ཡུམ་ཞལ་སྦྱོར་དུ་བསམ། དེ་ལ་ཡེ་ཤེས་པ་གཞུག་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་མཆོད་པ་དང་བསྟོད་པ་བྱས་ནས་གསང་སྒྲུབ་ལྟར་བཟླས་པ་བྱས། རང་ཡང་གཙོ་བོ་ཡབ་ཡུམ་དུ་བསམས་ནས་སྙོམས་འཇུག་བྱས་པས་བྱང་སེམས་དཀར་དམར་གསང་གནས་ནས་བཏོན། ཡབ་ཡུམ་རྣམས་ཀྱང་སྙོམས་འཇུག་བྱས་ནས་གསང་གནས་ནས་བྱང་སེམས་དཀར་དམར་ན་ར་ར་བྱུང་བར་བསམ། དེ་ནས་ཀ་པཱ་ལར་སྦྲང་བུ་རམ་བདུད་རྩི་བསྲེས་ལ། དེར་བྱང་སེམས་དཀར་དམར་བསྟིམས་པ་དང་ཀ་པཱ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི་བྱང་སེམས་དཀར་པོས་མེར་གྱིས་ཁེངས་པར་བསམ་མོ། །

དེ་ནས་མཎྜལ་སྟེང་དུ་བླ་མ་དང་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་གསང་གནས་ནས་བྱང་སེམས་ཀྱི་རྒྱུན་བྱུང་སྟེ། སློབ་མའི་ལྕེ་ཐོག་ཏུ་ཐིམ་པས་བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེས་པ་དང་། ལུས་བྱང་སེམས་དམར་པོས་ཁེངས་པར་བསམས་ནས་ཀ་པཱ་ལའི་བདུད་རྩི་བྱིན་ལ། ཕྱོགས་བཅུ་རྡོ་རྗེ་འཆང་རྣམས་ཀྱི། །གསང་བའི་གནས་ལས་བྱུང་བ་ཡི། །ང་ཡི་བྱང་ཆུབ་སེམས་ཀྱི་རྒྱུན། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཞེས་བརྗོད་པར་བྱའོ། །

ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་པདྨ་འདབ་མ་བརྒྱད་ཕྱོགས་ཚོན་གྱི་སྟེང་དུ་སློབ་མ་ཡབ་ཡུམ་དུ་བསྐྱེད། དེ་ནས་ཡུམ་གོས་དཀར་མོ་དང་གཉིས་སུ་མེད་པའི་སྦྱོར་བ་བྱས་པས་ཡུམ་གྱི་བྱང་སེམས་དམར་པོས་རྩ་གསུམ་འཁོར་ལོ་རིམ་གྱིས་དམར་མེར་གྱིས་ཁེངས་པར་བསམས་ལ། གཞོན་ནུ་ཡིད་འོང་བདེ་བའི་མཆོག །ཐེ་ཚོམ་སྤངས་ནས་བསྟེན་པར་བྱ། །བརྗོད་བྲལ་ལྷན་ཅིག་སྐྱེས་དགའ་བ། །དུས་འདི་ཉིད་དུ་མངོན་དུ་འགྱུར། །ཞེས་དངོས་སམ་ཡིད་ཀྱིས་བསྟན་པར་བྱའོ། །དེ་ནས་དབང་བཞི་པ་བྱང་དུ་རས་དཀར་པོའི་སྟེང་དུ་བསྐུར་བར་བྱའོ། །རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་གནས་བཞིར་ཚེ་དཔག་མེད་ཚོན་གང་ཙམ་པ་ཞལ་སྦྱོར་དུ་བསམ། དེ་རྣམས་དམིགས་པ་མེད་པའི་ངང་ལ་གནས་པར་བྱ་སྟེ། དེ་ཡང་མ་བཅོས་པར་རང་གྲོལ་དུ་བཞག་ལ། ལྟོས་ཤིག་ལྟོས་ཤིག་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །བསལ་གཞག་དགག་སྒྲུབ་མ་ལུས་པ། །རང་གྲོལ་ཉིད་དུ་གནས་པའོ། །ཞེས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ཀྱང་བྱ། དུས་འདིར་རང་གྲོལ་ལྷུན་གྲུབ་ཏུ་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དབང་བཞི་བསྐུར་བའི་ཆོ་གའི་ལས་ཁྲིགས་འཆི་མེད་ཡེ་ཤེས་བདུད་རྩིའི་བུམ་པ་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། །།

འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས། མ་ཅིག་གྲུབ་པའི་རྒྱལ་མོས་མཛད།

༄༅། །འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨརྱ་ལོ་ཀ་ཤྭ་ར་གུ་ཧྱ་སྭཱ་དྷ་ན་ནཱ་མ། བོད་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །པདྨ་རྣམ་རྒྱས་ཕྱག་འཚལ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་བྱེད་པའི། །སྤྱན་རས་གཟིགས་དབང་གསང་སྒྲུབ་བཤད། །དད་དང་བརྩོན་འགྲུས་སྙིང་རྗེར་ལྡན། །དབང་དང་དམ་ཚིག་ལྡན་བྱས་ནས། །དུར་ཁྲོད་གཡའ་རི་གངས་བྲག་གམ། །ཉམས་དགའ་དབེན་པའི་གནས་དག་ཏུ། །ཕྱི་རྒྱུད་པ་ལ་གཏོར་མ་གཏང་། །མཎྜལ་གྲུ་བཞི་དྲིས་བྱུགས་ལ། །ཆང་དང་བདུད་རྩིས་ཆག་ཆག་གདབ། །ཆོས་འབྱུང་བསྣོལ་མ་པད་འདབ་བརྒྱད། །མུ་ཁྱུད་གྲ་ཆད་ལྡན་པ་བྲི། །སྒོ་བཞི་རྒྱན་ལྡན་བྲིས་ཀྱང་རུང་། །རྡོ་རྗེ་ར་བ་མེ་རིས་བསྐོར། །ཆོས་འབྱུང་དམར་པོ་རེ་ཁཱ་དཀར། །མཚམས་སུ་གཡུང་དྲུང་འཁྱིལ་བ་བྲི། །པད་འདབ་ཕྱོགས་ཚོན་མཚམས་མཛེས་ཚོན། །གྲུ་ཆར་ལྗང་ལ་སྒོ་བཞི་ཕྱོགས། །སྒོ་རྒྱན་ལ་སོགས་སྤྱི་དང་མཐུན། །དཀྱིལ་འཁོར་དབུས་བུམ་རྒྱན་ལྡན་དུ། །ཆང་དང་བདུད་རྩི་རིལ་བུ་བླུགས། །དགོས་པའི་ཆ་རྐྱེན་ཚང་བར་གཞག །ཐོད་པ་ཆང་དང་བདུད་རྩིས་བཀང་། །བུམ་པའི་ཁར་བཞག་དར་དམར་དགབ། །མེ་ལོང་ཆང་གིས་བྱུགས་པ་ལ། །པདྨ་ཆོས་འབྱུང་སིནྡྷུ་རས། །ས་བོན་ཡི་གེ་བཅས་པ་དགོད། །ཐོད་པའི་ཁ་རུ་བཞག་པའི་སྟེང་། །སྨན་སྣ་རིན་ཆེན་སྣ་ཚོགས་དང་། །དྲི་བཟང་དག་དང་སྙིང་པོའི་ཚོགས། །ཀ་ར་བུ་རམ་སྦྲང་རྩི་སོགས། །འབྲུ་སྣ་ཚོགས་ཀྱི་ཕྱེ་མ་ལ། །གུར་གུམ་གི་ཝང་སིནྡྷུ་ར། །ཤ་ལྔ་བདུད་རྩི་ལྔ་སྦྱར་ནས། །ཆང་གིས་སྦྲུས་པའི་རིལ་བུ་ལ། །སིནྡྷུ་ར་དང་པད་མཚལ་བྱུག །མོ་གསར་ཕྲུ་ལ་འཁོར་ལོ་བྲི། །དེ་ལ་གོང་གི་སྔས་ཀྱིས་བྱུག །རིལ་བུ་འཁོར་ལོའི་ལྟེ་བར་བཞག །དར་གྱིས་བཀབ་ལ་མེ་ལོང་ཁར། །བཞག་སྟེ་སྟེང་དུ་དར་གདུགས་ཕུབ། །སྤ་ལྕག་དཀར་པོ་ཚོགས་གསུམ་པའི། །ནང་དུ་སྔགས་དང་འཁོར་ལོ་གཞག །རིལ་བུ་ལྷ་གྲངས་ལ་སོགས་བཅུག །ཁ་བཅད་མགོ་མཇུག་ཟངས་ཀྱིས་དཀྲིས། །ཞིང་ལྕགས་ལྕག་འབྲས་བཏགས་པ་ལ། །རིན་ཆེན་ལྔ་དང་དུང་སོགས་དང་། །ཤེལ་དང་ཕ་ཝང་ལོང་བུ་བཏགས། །དར་ཚོན་སྣ་ལྔ་སྔགས་ལྡན་རྒྱན། །དཀྱིལ་འཁོར་དབུས་སུ་གཟུགས་པར་བྱ། །གཏོར་མ་མཆོད་པ་ཚོགས་ཀྱི་རྫས། །ཇི་ལྟར་འབྱོར་བའི་བྱེ་བྲག་བཤམ། །རྐང་གླིང་ཐོད་རྔ་ཚིལ་ཆེན་སྤོས། །ཞུན་ཆེན་མར་མེ་ལ་སོགས་བྱ། །བགེགས་ལ་གླུད་བྱིན་མཚམས་བཅད་ལ། །སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། །དཀོན་མཆོག་སྤྱན་དྲངས་ཕྱག་བྱས་ནས། །མཆོད་ཅིང་མཎྜལ་དབུལ་བ་སྟེ། །བདུན་པོ་རྣམ་པར་དག་པ་དང་། །གསོལ་བ་དྲག་ཏུ་གདབ་པར་བྱ། །དེ་དག་སྔོན་དུ་འགྲོ་བའོ། །དངོས་གཞི་ཕྱི་ནང་གསང་གསུམ་ལས། །ཕྱི་ལྟར་རྒྱལ་བ་རྒྱ་མཚོའི་ཚོགས། །ནང་ལྟར་ལུས་ལ་དགོད་པ་དང་། །གསང་བ་རྩ་ལ་དགོད་པ་དང་། །ཡང་གསང་དེ་ཉིད་སེམས་ལ་དགོད། །དང་པོ་བསྙེན་སྒྲུབ་ལས་གསུམ་སྟེ། །ཡང་གསང་འབྲས་བུའི་ངོ་སྤྲོད་དོ། །ཕྱི་ལྟར་བསྙེན་པ་བྱ་བ་ནི། །བདེ་བའི་སྟན་ལ་བསམ་གཏན་གྱི། །ཕྱག་རྒྱས་བསྡད་ལ་སྐྱབས་འགྲོ་དང་། །སེམས་བསྐྱེད་བྱས་ལ་སྟོང་པའི་ངང་། །པད་སྡོང་ཁ་གསུམ་གྱིས་པའི་དབུས། །ཉི་ཟླའི་གདན་ལ་རང་སེམས་ཧྲཱིཿ། །འོད་འཕྲོས་སེམས་ཅན་སྒྲིབ་པ་སྦྱངས། །རྒྱལ་བ་རྒྱ་མཚོའི་ཚོགས་སུ་གྱུར། །ཚུར་འདུས་སངས་རྒྱས་བྱིན་རླབས་བསྡུས། །ཧྲཱིཿལ་ཐིམ་པས་འོད་དུ་ཞུ། །རང་ཉིད་སྤྱན་རས་གཟིགས་དབང་སྐུ། །དམར་གསལ་ཞལ་གཅིག་ཕྱག་བཞི་པ། །རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །དང་པོའི་ཕྱག་གཉིས་ཐལ་མོ་སྦྱར། །གཡས་འོག་པདྨའི་བགྲང་ཕྲེང་དམར། །གཡོན་པ་ཨུཏྤལ་དམར་པོ་འཛིན། །རལ་པའི་ཅོད་པན་དར་གྱིས་མཛེས། །རིན་ཆེན་ཟེའུ་འབྲུའི་ཕྲོག་ལྡན་པ། །སྤྱན་དམར་ཞལ་འཛུམ་ཐུགས་རྗེ་ཡིས། །སེམས་ཅན་ཡོངས་ལ་གཟིགས་པ་ལ། །བསྐལ་བཟང་སངས་རྒྱས་སྟོང་རྩས་བསྐོར། །དེ་ལྟར་རང་ཉིད་གཙོ་བོ་ནི། །རྒྱལ་བ་རྒྱ་མཚོ་མ་ལུས་པ། །དཀྱིལ་འཁོར་ཐམས་ཅད་འདུས་པའོ། །བདག་གི་སྤྱི་གཙུག་པད་ཟླའི་སྟེང་། །རྩ་བའི་བླ་མ་དེ་ཉིད་ནི། །འོད་དཔག་མེད་པའི་ངོ་བོ་སྟེ། །སྐྱིལ་ཀྲུང་མཉམ་བཞག་ཕྱག་རྒྱ་ཅན། །སྤྲུལ་པའི་སྐུ་རུ་བསྒོམ་པ་ལ། །བཀའ་བརྒྱུད་བླ་མ་རིག་འཛིན་རྣམས། །གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན། །རྡོ་རྗེ་དྲིལ་བུས་འཁྱུད་པ་ཡི། །རྡོ་རྗེ་འཆང་གི་རྣམ་པས་བསྐོར། །བྱིན་རླབས་དབང་བསྐུར་བྱས་པར་བསྒོམ། །གཡས་ཕྱོགས་པད་སྡོང་ཉི་མའི་སྟེང་། །བདུད་བཞིའི་གདན་ལ་རྟ་མཆོག་སྐུ། །དམར་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ཌ་རུ་གཡོན་སྡིགས་མཛུབ། །དྲིལ་བུར་བཅས་པས་དཀུ་ལ་བརྟེན། །སྟག་ལྤགས་དུར་ཁྲོད་སྦྲུལ་རྒྱན་ཅན། །ཁྲོ་ཞལ་སྤྱན་གསུམ་མཆེ་བཞི་གཙིགས། །རལ་བ་དམར་སེར་འཁྱིལ་བའི་དབུས། །རྟ་མགོ་ལྗང་གུ་རྟ་སྐད་མཚེར། །རྔོག་མ་དམར་པོ་མེ་ལྟར་འབར། །མ་མོ་མཁའ་འགྲོ་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་། །ཀླུ་རྣམས་དབང་དུ་སྡུད་པར་བྱེད། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ནས། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །འཁོར་དུ་དཔའ་བོ་རྒྱ་མཚོའི་ཚོགས། །ཡེ་ཤེས་མཁའ་འགྲོ་བརྒྱད་ཅུ་སོགས། །ཧ་ཧ་ཧཱུྃ་ཧཱུྃ་ཕཊ་སྒྲ་སྒྲོགས། །སྣང་སྲིད་ཟིལ་གྱིས་གནོན་པར་བསྒོམ། །གཡོན་ཕྱོགས་པད་སྡོང་ཆོས་འབྱུང་བསྣོལ། །དེ་དབུས་པད་ཉི་རོ་ཡི་སྟེང་། །གསང་བ་ཡེ་ཤེས་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་དམར། །ཁྲོ་འཛུམ་མཆེ་གཙིགས་སྤྱན་རྩ་དམར། །དབུ་སྐྲ་གྲོལ་ཞིང་སྐུ་སྟོད་ཁེབས། །གཡས་བསྐུམ་གཡོན་བརྐྱང་རོ་གདན་བརྫིས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས། །གཡས་ཀྱི་དང་པོ་གྲི་གུག་འཕྱར། །འོག་མ་རལ་གྲི་བསྣམས་པའོ། །གཡོན་གྱི་དང་པོ་ཐོད་ཁྲག་འཛིན། །འོག་མ་ཁ་ཊྭཱཾ་བསྣམས་པའོ། །ཐོད་སྐམ་ལྔ་ཡིས་དབུ་བརྒྱན་ཞིང་། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །རུས་པའི་རྒྱན་ཆ་ལྔ་ཡིས་མཛེས། །རིན་ཆེན་དར་དཔྱངས་བརྒྱན་པར་བསྒོམ། །མེ་རི་འབར་བའི་དབུས་བཞུགས་ཤིང་། །དཔའ་བོ་མཁའ་འགྲོ་རྒྱ་མཚོས་བསྐོར། །ཨ་རལླི་དང་ཕེཾ་སྒྲ་སྒྲོགས། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སྣང་སྲིད་དབང་དུ་སྡུད་པར་བསྒོམ། །འོག་ཕྱོགས་མེ་དཔུང་འཁྲུགས་པ་ཡི། །འབྱུང་བའི་དཀྱིལ་འཁོར་དབུས་སུ་ནི། །རིགས་བཞི་མཁའ་འགྲོ་དཔའ་བོ་དང་། །ཆོས་སྐྱོང་དམ་ཅན་ཕོ་ཉའི་ཚོགས། །ཕྱི་ནང་སྲུང་མ་མ་ལུས་རྣམས། །མཁའ་འགྲོ་སྡེ་བཞིའི་ངོ་བོར་གྱུར། །གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་བསྣམས། །ཐོད་པ་སྐམ་རློན་རུས་རྒྱན་ཅན། །རིན་ཆེན་རྒྱན་དང་དར་གྱིས་མཛེས། །ཧ་རི་ནི་སའི་སྒྲ་སྒྲོགས་ཤིང་། །གདན་འོག་པདྨ་འདེགས་པར་བསམ། །དེ་ལྟར་དཀྱིལ་འཁོར་ཡོངས་རྫོགས་པའི། །སྤྱི་བོར་ཟླ་སྟེང་ཨོཾ་དཀར་པོ། །མགྲིན་པར་པད་སྟེང་ཨཱཿདམར་པོ། །སྙིང་ཁར་ཉི་སྟེང་ཧཱུྃ་སྔོན་པོ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །དེ་ནས་གཙོ་བོའི་ཐུགས་ཀ་རུ། །པདྨ་ཉི་མའི་གདན་སྟེང་དུ། །ཧྲཱིཿལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་སྤྱན་དྲངས་མཆོད་ལ་བསྟིམ། །རིགས་ལྔ་ཡབ་ཡུམ་སེམས་དཔའ་དང་། །ཁྲོ་བོའི་ཚོགས་དང་མཆོད་པ་ཡི། །ལྷ་མོར་བཅས་པ་སྤྱན་དྲངས་ལ། །མཆོད་དེ་དབང་བསྐུར་གསོལ་བ་བཏབ། །རྒྱལ་བས་དབང་བསྐུར་དགོངས་པ་མཛད། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་ཅིང་། །མཆོད་པའི་ལྷ་མོས་མཆོད་པ་དང་། །ཡུམ་ལྔས་བུམ་པའི་དབང་བསྐུར་བས། །སྡིག་སྒྲིབ་དག་ནས་སྤྱི་བོ་རུ། །རིགས་བདག་སྣང་བ་མཐའ་ཡས་དང་། །རིགས་ལྔས་དབུ་ལ་བརྒྱན་པར་བསྒོམ། །དེ་ལྟར་ཇི་སྲིད་མི་སྐྱོའི་བར། །གསལ་བར་བསྒོམ་པ་བསྐྱེད་རིམ་ཡིན། །བཟླས་པ་བྱེད་པའི་དུས་སུ་ནི། །བདག་དང་རང་བཞིན་གསང་བའི་ཡུམ། །སྤྱི་བོར་བླ་མ་རིགས་བདག་དང་། །ཀུན་གྱི་ཐུགས་ཀར་པད་ཉི་དང་། །ཟླ་བའི་གདན་ལ་ཧྲཱིཿཡིག་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་འཕྲོས་ཕྱོགས་བཅུའི་བདེ་གཤེགས་མཆོད། །མཉེས་ནས་བྱིན་རླབས་དངོས་གྲུབ་རྣམས། །བདག་ལ་ཐིམ་པས་སྡིག་སྒྲིབ་དག །ཚོགས་རྫོགས་དབང་བཞི་ཐོབ་པར་བསམ། །ཁམས་གསུམ་འགྲོ་དྲུག་སེམས་ཅན་ལ། །འོད་ཟེར་ཕོག་པས་སྒྲིབ་སྦྱངས་ནས། །ཕྱི་སྣོད་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་ལྷ་ཡི་རང་བཞིན་ལ། །ཕོ་རྣམས་སྤྱན་རས་གཟིགས་སུ་གྱུར། །མོ་རྣམས་གསང་བ་ཡེ་ཤེས་ལ། །བདུད་དང་ལོག་འདྲེན་རྟ་མགྲིན་སྐུ། །འོད་དང་མེ་དཔུང་རབ་འབར་ཞིང་། །གཟུགས་སྣང་ལྷ་ཡི་རང་བཞིན་ལ། །སྒྲ་གྲག་ཐམས་ཅད་སྔགས་ཀྱི་སྒྲ། །སེམས་ཀྱི་དྲན་རྟོག་ཆོས་སྐུའི་ངང་། །དེ་ལྟར་བཟླས་པ་ཅི་རིགས་བྱ། །རྗེས་སུ་ཕྱི་སྣོད་ནང་བཅུད་རྣམས། །རིམ་གྱིས་ཐམས་ཅད་བདག་ལ་བསྡུ། །བདག་ཀྱང་ཧྲཱིཿནས་སྟོང་པའི་བར། །མི་དམིགས་མ་བཅོས་སྤྲོས་བྲལ་བ། །མི་དམིགས་ཅི་ཡང་མི་བསམ་པར། །ཆོས་སྐུའི་ངང་ལ་ཅི་གནས་གཞག །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཐུན་མཚམས་ལྷ་ཡི་ང་རྒྱལ་དང་། །སྤྱོད་ལམ་རྣམ་བཞི་ཐམས་ཅད་བྱ། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཡབ་ཀྱི་སྙིང་པོའོ། །ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཛཿ རྟ་མགྲིན་གྱི་སྙིང་པོའོ། །ཨོཾ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། གསང་བ་ཡེ་ཤེས་ཀྱི་སྙིང་པོའོ། །ཌཱ་ཀི་ནཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ མཁའ་འགྲོ་སྡེ་བཞི་ཡུམ་ཕྱི་སྙིང་པོའོ། །བ་སུ་སིདྡྷི་ནན། ཁ་དྷེ་སིདྡྷི། སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་སིདྡྷི་ས་མ་ཡ། བསྡུས་བསྡུས། ཧཱུྃ་ཧཱུྃ། པུཥྚིཾ། ཝ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ། རཏྣ་སིདྡྷི་ས་མ་ཡ། ཧྲིཾ་ཧྲིཾ། ཛ་ཛ། དབང་དུ་བསྡུ་བའི་སྙིང་པོའོ། །དེ་ལྟར་ཕྱི་སྒྲུབ་བསྙེན་པ་ལ། །དཀྱིལ་འཁོར་བཅུ་བཞི་མི་དགོས་སོ། །རྒྱུན་དུ་ཡི་དམ་ནར་མར་བྱ། །ཨྟི།

ནང་ལྟར་འཇིག་རྟེན་དབང་ཕྱུག་གི །ལྷ་རྣམས་ལུས་ལ་དགོད་པ་ནི། །སྔོན་འགྲོ་ཡན་ལག་བདུན་པ་དང་། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས། །ཚད་མེད་བཞི་ཡིས་བློ་སྦྱངས་ཏེ། །སྟོང་པའི་ངང་ལས་པད་ཉི་དང་། །ཟླ་བའི་གདན་ལ་ཧྲཱིཿདམར་པོ། །འོད་འཕྲོས་ཚུར་ལ་འདུས་པ་ལས། །གོང་ལྟར་བདག་ཉིད་སྤྱན་རས་གཟིགས། །འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་ཞབས་སྐྱིལ་ཀྲུང་། །རྒྱན་རྫོགས་འཇའ་འོད་དཀྱིལ་བཞུགས་པ། །ཕྱི་སྒྲུབ་ཇི་ལྟ་བ་རུ་གསལ། །བླ་མ་རིགས་བདག་བཀའ་བརྒྱུད་བཅས། །སྤྱི་བོར་རྡོ་རྗེ་འཆང་ལྟར་བསྒོམ། །སྙིང་ནི་པདྨ་འདབ་བརྒྱད་དེ། །ཉི་ཟླའི་གདན་ལ་རྟ་མགྲིན་ནི། །དམར་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་པ་དབང་སྡུད་ཕྱག་རྒྱ་ཡིས། །པདྨའི་ཕྲེང་བ་དམར་པོ་འདྲེན། །གཡོན་པ་ཨུཏྤལ་དམར་པོ་ཡི། །ཞགས་པར་བཅས་པའི་སྡིགས་མཛུབ་ཀྱིས། །དཀུ་ལ་བརྟེན་ནས་གར་སྟབས་མཛད། །དེ་ཡི་ཐུགས་ཀར་པདྨ་དང་། །ཉི་ཟླའི་དབུས་སུ་ཧྲཱིཿལ་སྔགས། །གཡས་སུ་འཁོར་བར་བསྒོམ་པའོ། །ལྟེ་བར་ཆོས་འབྱུང་བསྒོམས་པའི་སྟེང་། །པདྨ་ཉི་མ་རོ་སྟེང་དུ། །གསང་བ་ཡེ་ཤེས་མཁའ་འགྲོ་མ། །གསང་གནས་པདྨ་འདབ་བཞིའི་སྟེང་། །རིགས་བཞི་མཁའ་འགྲོ་ཡབ་ཡུམ་སྟེ། །ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར། །ལྷོ་རུ་རིན་ཆེན་མཁའ་འགྲོ་སེར། །ནུབ་ཏུ་པདྨ་མཁའ་འགྲོ་དམར། །བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་། །ཡབ་རྣམས་ཡུམ་དང་མཚུངས་པ་སྟེ། །གྲི་གུག་ཐོད་ཁྲག་རྒྱན་དང་ལྡན། །ལྟེ་བའི་ཡུམ་གྱི་གདན་ནས་བཏེགས། །དེ་ནས་སྐུ་གསུང་ཐུགས་བྱིན་བརླབ། །ཡེ་ཤེས་བསྟིམས་ནས་དབང་བསྐུར་རོ། །ལྟེ་བར་བདེ་ཆེན་གཏུམ་མོའི་མེ་འབར་དམིགས། །རླུང་བཟུང་དབང་བསྡུས་བྱང་སེམས་རིན་ཆེན་བཞུ། །བརྔུབས་ནས་མེ་ལ་བསྟིམས་པས་ཡེ་ཤེས་འབར། །འཁོར་འདས་གཉིས་མེད་དགོངས་པ་བསྐྱང་བར་བསམ། །ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་རླུང་དང་བསྲེ། །མེ་ལ་བསྟིམས་ལ་ལོངས་སྐུ་བདེ་ཆེན་བསྐྱེད། །འགྲོ་དྲུག་སེམས་ཅན་དབང་བསྡུས་བྱང་སེམས་བསྒོམ། །སྙིང་རྗེ་བསྐྱེད་དུས་རླུང་རྔུབ་མེ་ལ་བསྟིམ། །སྤྲུལ་སྐུས་འགྲོ་འདུལ་འཕྲིན་ལས་ཅི་ཡང་སྟོན། །དམིགས་མེད་ངང་ནས་རླུང་བཟུང་ཅིང་མི་དགོངས། །མཁའ་ལྟར་དག་པ་ཆོས་སྐུ་མངོན་དུ་གྱུར། །སྔགས་བཟླས་དུས་སུ་འོད་ཟེར་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ལ་གདུང་བའི་ཚོགས་འཕྲོས་པས། །སྐྱེ་འགྲོའི་སྙིང་ནས་བཟུང་སྟེ་བཀུག་བྱས་ལ། །རིག་པའི་ངོ་བོ་ཐུགས་ཀའི་ཧྲཱིཿལ་ཐིམ། །ལུས་པོ་འོད་དུ་ཞུ་ནས་ལྟེ་བར་སྡུད། །མཁའ་འགྲོ་ཡབ་ཡུམ་ཕོ་མོའི་སྙིང་པོ་ལ། །དངོས་གྲུབ་སྩད་པའི་སྔགས་ལྟར་བཟླས་པ་བྱ། །རྗེས་སུ་ལྷ་རྣམས་ཐམས་ཅད་རང་སར་ཞུ། །མཁའ་ལ་སྤྲིན་དེངས་ལྟ་བུར་ཡལ་བའི་ངང་། །མ་བཅོས་དམིགས་གཏད་མེད་པའི་ངང་ཉིད་ལས། །མ་བཅོས་བློ་ཡིས་མི་དཔྱད་མི་བསྒོམ་པར། །གཟུང་འཛིན་བླང་དོར་ཡིད་བྱེད་མེད་པའི་ངང་། །དངོས་པོའི་རང་བཞིན་གསལ་དང་བདེ་སྟོང་ངང་། །ཆགས་འཛིན་མི་བྱ་རྣམ་དག་དེ་ངང་བསྐྱང་། །རྗེས་སུ་ཐུན་མཚམས་བྱ་བ་གོང་ལྟར་བྱ། །ནང་དུ་ལུས་ལ་ལྟ་དགོད་བསྒྲུབ་པའོ། །གསང་བ་རྩ་ལ་དགོད་པ་ནི། །རིམ་པར་ཉམས་སུ་བླང་བྱ་བ། །སྟན་ལ་བསམ་གཏན་ཕྱག་རྒྱས་གནས། །སྔོན་འགྲོ་ཡན་ལག་བདུན་པ་བྱ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །ཤཱུ་ནྱ་ཏཱ་ཡིས་སྟོང་པར་བསྒོམ། །ཆོས་ཉིད་སྟོང་པར་བྱང་ཆུབ་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྟོང་པའི་ངང་ལས་པད་ཉི་དང་། །ཟླ་བ་རྒྱས་པའི་གདན་བསྒོམ་སྟེ། །ཉི་ཟླའི་གདན་ལ་མངོན་བྱང་ཆུབ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གདན་སྟེང་རང་རིག་ཡི་གེ་ཧྲཱིཿ། །གསུང་ཡིག་འབྲུ་ལ་མངོན་བྱང་ཆུབ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ། །ཐུགས་ཀྱི་ཕྱག་མཚན་མངོན་བྱང་ཆུབ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །པདྨ་ཧྲཱིཿས་མཚན་འོད་ཟེར་གྱིས། །འགྲོ་བའི་རྒྱུད་སྦྱངས་ལྷར་གྱུར་ནས། །སངས་རྒྱས་རྣམས་ཀྱི་བྱིན་རླབས་བསྡུས། །སྔར་གྱི་ཧཱིཿས་མཚན་པདྨར་ཐིམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །བདག་ཉིད་ལྷ་ཡི་སྐུར་རྫོགས་པ། །ཡོངས་སུ་རྫོགས་ལས་མངོན་བྱང་ཆུབ། །བྱ་བ་ནན་ཏན་ཡེ་ཤེས་སོ། །དེ་ཡང་བདག་ཉིད་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །གཡས་བརྐྱང་གཡོན་བསྐུམ་གར་གྱིས་འགྱིང་། །དབུ་སྐྲ་གྱེན་བརྫེས་དར་གྱིས་བརྒྱན། །རིན་ཆེན་དར་གྱིས་མཛེས་པར་སྤྲས། །ཕྱག་གཡས་པད་ཕྲེང་གཡོན་པད་དམར། །གསང་བ་ཡེ་ཤེས་ཡུམ་གྱིས་འཁྱུད། །དམར་མོ་གཅེར་བུ་སྤྱན་གསུམ་མ། །ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག །ཐོད་པ་སྐམ་རློན་རུས་རྒྱན་ཅན། །རིན་ཆེན་སྣ་ཚོགས་དར་དཔྱངས་བརྒྱན། །ཡེ་ཤེས་མེ་རིའི་དབུས་སུ་བཞུགས། །དེ་ཡི་སྐུ་ཡི་རྩ་གསུམ་དང་། །འཁོར་ལོ་བཞི་སོགས་གསལ་བཏབ་ལ། །སྤྱི་བོར་བདེ་ཆེན་འཁོར་ལོ་ལ། །རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི། །དབུས་སུ་བདེ་གཤེགས་སྤྱན་རས་གཟིགས། །དཀར་པོ་འཁོར་ལོ་དྲིལ་བུ་ཅན། །བདེ་གཤེགས་མཁའ་འགྲོ་སུམ་ཅུ་གཉིས། །འཁོར་ལོ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ན། །རྩ་འདབ་བཅུ་དྲུག་དབུས་སུ་ནི། །པདྨ་རིགས་ཀྱི་སྤྱན་རས་གཟིགས། །དམར་པོ་པདྨ་དྲིལ་བུ་ཅན། །པདྨའི་མཁའ་འགྲོ་བཅུ་དྲུག་ནི། །པདྨ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། །རྩ་འདབ་བརྒྱད་ཀྱི་དབུས་སུ་ནི། །རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །མཐིང་ལ་རིན་ཆེན་དྲིལ་བུ་ཅན། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བརྒྱད། །རྡོ་རྗེ་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །རྩ་འདབ་དྲུག་ཅུ་རྩ་བཞི་དབུས། །རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། །སེར་པོ་རིན་ཆེན་དྲིལ་བུ་ཅན། །རིན་ཆེན་མཁའ་འགྲོ་དྲུག་ཅུ་བཞི། །རིན་ཆེན་གྲི་གུག་ཐོད་ཁྲག་ཅན། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །གསང་གནས་ནོར་བུའི་འཁོར་ལོ་རུ། །རྩ་འདབ་བཞི་ཡི་དབུས་སུ་ནི། །ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ལྗང་གུ་རྒྱ་གྲམ་དྲིལ་བུ་ཅན། །ལས་ཀྱི་མཁའ་འགྲོ་ལྗང་གུ་བཞི། །རྒྱ་གྲམ་གྲི་གུག་ཐོད་ཁྲག་ཐོགས། །རུས་པ་རིན་ཆེན་རྒྱན་ལྡན་བསྐོར། །དེ་ལྟར་འཁོར་ལོའི་ལྷ་རྣམས་ཏེ། །སླར་ཡང་སྙིང་པོ་རྒྱན་གྱི་ལྷ། །ཡབ་ཀྱི་ཐུགས་ཀར་རྟ་མགྲིན་དང་། །སྤྱི་བོར་བླ་མ་ལྟེ་བ་རུ། །དཔའ་བོ་སྡེ་བཞི་བསྒོམ་པར་བྱ། །དེ་བཞིན་ཡུམ་གྱི་ཐུགས་ཀར་ཡང་། །རྡོ་རྗེ་ཕག་མོ་ཞལ་གཉིས་མ། །སྤྱི་བོར་ན་བཟའ་དཀར་མོ་དང་། །ལྟེ་བར་རིགས་བཞི་མཁའ་འགྲོ་བསྒོམ། །ཀུན་ཀྱང་ཐོད་པ་སྐམ་རློན་དང་། །རིན་ཆེན་རུས་རྒྱན་དར་གྱིས་མཛེས། །པདྨ་ཉི་ཟླ་རོ་གདན་ཅན། །མེ་དཔུང་འབར་བའི་དབུས་ན་བཞུགས། །དེ་ལྟར་གསལ་བར་བསྒོམས་བྱས་ནས། །སྐུ་གསུང་ཐུགས་ལྡན་བྱིན་རླབས་ཏེ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དབང་བསྐུར་དབང་རྟགས་དབུ་རྒྱན་ལ། །དེ་ནས་རང་གི་འདོམས་པར་ནས། །ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོས། །གསང་གནས་ལྷ་ཚོགས་མེ་འབར་ཏེ། །འཁོར་ལོ་བཞི་ཡི་གཙོ་བོ་རྣམས། །ལྟོས་ཆགས་མེད་པའི་མེ་འབར་ཏེ། །ལྟེ་བའི་ཨ་ལ་གཏུགས་ནས་ནི། །མེ་འབར་ཧཾ་ལ་རེག་པ་ཡིས། །བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས། །འཁོར་ལོ་བཞི་གང་ལྷ་ཚོགས་རྣམས། །བདེ་བ་ཆེན་པོར་འབར་བ་དང་། །དུས་གསུམ་སངས་རྒྱས་མ་ལུས་དང་། །སྐྱེ་འགྲོ་སེམས་ཅན་བྱམས་སྡང་སོགས། །དུས་དང་གནད་དུ་གང་འགྲོ་བ། །རླུང་དང་དབྱེར་མེད་བསྡུས་ལ་བསྟིམ། །མེ་འབར་ཉོན་མོངས་རབ་བསྲེགས་ནས། །སྟོང་ཉིད་སྙིང་རྗེ་ཆེན་པོའི་ངང་། །གཉུག་མ་ཡིད་ལ་མི་བྱེད་པ། །ཐ་མལ་ཤེས་པ་མ་བཅོས་ངང་། །རང་རིག་དྲི་མེད་བསྐྱངས་བྱས་ལ། །རླུང་བཟུང་རིག་པ་ཕྱོགས་མེད་སྦྱང་། །མདུན་གྱི་དཀྱིལ་འཁོར་བུམ་པ་དང་། །ཐོད་པ་མེ་ལོང་འཁོར་ལོ་དང་། །དྲིལ་བུ་སྦ་ལྕག་དག་ལ་ཡང་། །རང་ཉིད་ཇི་ལྟའི་བསྐྱེད་བསྟིམ་བྱ། །བདག་དང་དེ་རྣམས་ཐུགས་ཀ་ནས། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཆ་ལ་གདུར་འཕྲོས་པས། །གང་དམིགས་ལ་སོགས་སྐྱེ་འགྲོ་ཡི། །ཕོ་ཡི་སྙིང་དང་མོ་ཡི་ནི། །གསང་བའི་གནས་ནས་བཟུང་ནས་ནི། །རང་དབང་མེད་པར་མདུན་དུ་བཀུག །འོད་ཟེར་འཕྲོས་པས་ཕོག་པ་ཡིས། །དེ་རྣམས་འོད་དུ་ཞུ་ནས་ནི། །བྱང་སེམས་དཀར་དམར་རྣམ་པར་གྱུར། །རིལ་བུ་ལ་སོགས་རྫས་རྣམས་དང་། །རང་གི་གསང་བར་བསྡུས་ལ་བསྟིམ། །ཐུགས་ཀའི་ཧྲཱིཿལ་འདུས་པར་བསམ། །བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམ། །རླུང་བཟུང་སྔགས་བཟླས་གང་གོམས་བྱ། །ཐུན་རྗེས་ཐོགས་རིམ་ཐུན་མཚམས་སུ། །བསྔོ་བ་སྨོན་ལམ་སྤྱོད་ལམ་བྱ། །ཐུན་བཞི་ཐུན་དྲུག་ལ་སོགས་སྤྱད། །ཚོགས་དང་གཏོར་མས་ཐུན་མཚམས་མཆོད། །བསྟོད་པས་བསྟོད་ཅིང་བཀྲ་ཤིས་བརྗོད། །ཡིག་བརྒྱ་ལ་སོགས་བཤགས་པ་བྱ། །རྟགས་དང་ཆོ་འཕྲུལ་མཁའ་འགྲོའི་ལྟས། །དངོས་གྲུབ་མཚན་མ་ལ་སོགས་པ། །བཟང་ངན་བྱེ་བྲག་ཇི་ལྟར་ཡང་། །རྨི་ལམ་བཟང་དང་ངན་ལ་སོགས། །གང་ལའང་དགའ་དང་མི་དགའ་ཡི། །མཚན་མར་འཛིན་པར་མི་བྱའོ། །དེ་ལྟར་ཞག་བདུན་ཉེར་གཅིག་དང་། །ཟླ་གསུམ་ཟླ་དྲུག་ལ་སོགས་པར། །མཆོག་དང་ཐུན་མོང་དངོས་གྲུབ་བསྒྲུབ། །དེ་ནས་སྒྲུབ་པ་ཚར་རྗེས་སུ། །རིལ་བུ་འཁོར་ལོ་ལུས་ལ་བཅང་། །སིནྡྷུ་ར་ཡིས་སྤྱི་བོར་བྱུག །དཔྲལ་བ་མགྲིན་པ་སྙིང་ཁ་དང་། །ལྟེ་བ་གསང་གནས་དག་ཏུ་བྱུག །བུམ་པའི་ཆུ་ཡིས་བཀྲུ་བཏུང་བྱ། །ཐོད་ཆང་བཏུང་ལ་དངོས་གྲུབ་བླང་། །གཏོར་མ་ལ་སོགས་སྦྱིན་བསྲེག་བྱ། །བུམ་ཆུ་གང་བླུད་དབང་དུ་འགྱུར། །སྦ་ལྕག་གཟད་ཅིང་ཀླད་ལ་བསྐོར། །འགྲོ་བ་དབང་དུ་འདུས་པར་བསྒོམ། །སྦྱིན་སྲེག་དཀྱིལ་འཁོར་ཟླ་གམ་ཁར། །དབང་གི་ཤིང་དམར་ཟླ་གམ་བརྩིགས། །མེ་སྦར་ལྷ་ཚོགས་བསྐྱེད་པར་བྱ། །ཡེ་ཤེས་པ་བསྟིམ་མཆོད་བསྟོད་དབུལ། །སྲེག་རྫས་འདོད་ཡོན་སྣ་ཚོགས་དང་། །རིལ་བུ་མར་དང་འབྲུ་སྣ་བསྲེག །ཟས་ནོར་གོས་དང་རིན་པོ་ཆེ། །ཤིང་ཐོག་འབྲུ་སྣ་ཇི་སྙེད་འབུལ། །གསོལ་བ་གདབ་ཅིང་མཆོད་བསྟོད་བྱ། །རྗེས་སུ་ཡེ་ཤེས་སེམས་དཔའ་གཤེགས། །ཐལ་བ་ཆུ་བོའི་གཞུང་དུ་དོར། །དེ་ཡིས་སྣང་བ་དབང་དུ་འགྱུར། །རྩ་ལ་བཀོད་པའི་སྒྲུབ་ཐབས་འདི། །ལས་སྦྱོང་ལྟ་བུར་བཞེད་པ་ཡིན། །ཡང་གསང་སེམས་ལ་བཀོད་པ་ནི། །དབེན་གནས་ཕྱི་རུ་མི་བཙལ་ཏེ། །ལུས་འདི་གཞལ་ཡས་ཁང་ཉིད་ཡིན། །ལྷ་སྐུ་ལོགས་སུ་མི་བཙལ་ཏེ། །སེམས་ཉིད་སྐྱེ་འགག་མེད་པ་དེ། །རིགས་ཀྱི་བདག་པོ་བླ་མ་ཡིན། །མ་རྟོགས་ཉོན་མོངས་གཏི་མུག་འདི། །རྟོགས་གྲོལ་ཐུགས་རྗེ་ཆེན་པོ་ཡིན། །ཡིད་བྱེད་རྟོག་ཚོགས་འཕྲོ་བ་དེ། །རྟོགས་པས་སངས་རྒྱས་སྟོང་རྩ་ཡིན། །ཞེ་སྡང་གདུག་རྩུབ་ལྡན་པ་དེ། །གཞི་མེད་རྟོགས་པས་རྟ་མགྲིན་ཡིན། །འདོད་སེམས་གདུང་བ་ཏུར་ཏུར་དེ། །རྩ་བྲལ་རྟོགས་པས་གསང་ཡེ་ཡིན། །ཉོན་མོངས་ང་རྒྱལ་རྟོག་ཚོགས་རྣམས། །ངར་འཛིན་བྲལ་བས་དཔའ་བོ་ཡིན། །ཕྲག་དོག་རླུང་ལྟར་འཚུབ་པ་དེ། །རེ་དོགས་ཟད་པས་དཔའ་མོ་ཡིན། །ཆུ་ཁམས་ཁྲག་དང་རྣམ་ཤེས་དག །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །ས་ཁམས་ཤ་དང་ཚོར་བ་དེ། །རིན་ཆེན་མཁའ་འགྲོ་ཞེས་སུ་གྲགས། །མེ་ཁམས་དྲོད་དང་འདུ་ཤེས་དེ། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །རླུང་ཁམས་དབུགས་དང་འདུ་བྱེད་དེ། །ལས་ཀྱི་མཁའ་འགྲོ་ཞེས་སུ་གྲགས། །ནམ་མཁའི་ཁམས་དང་སེམས་ཉིད་གཟུགས། །མཁའ་འགྲོ་པདྨའི་དྲ་བའོ། །སྐྱེ་མཆེད་ཚོགས་དྲུག་དེ་ཡི་ཡུལ། །འདོད་ཡོན་མཆོད་པའི་ལྷ་མོ་ཡིན། །དགེ་དང་མི་དགེའི་རྟོག་ཚོགས་རྣམས། །དམ་ཅན་བཀའ་སྡོད་སྲུང་མར་བཤད། །དེ་ལྟར་སེམས་ཀྱི་ངོ་བོ་དེ། །མ་རྟོགས་འཁྲུལ་བས་འཁོར་བ་སྟེ། །དེ་ཤེས་རྟོགས་པས་མྱ་ངན་འདས། །ལྷ་སྐུ་སེམས་ཀྱི་རང་རྩལ་དེ། །དངོས་པོར་བཟུང་བས་འཁྲུལ་པ་སྟེ། །ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ། །སྔགས་ནི་སྨྲ་བརྗོད་བྲལ་བའི་ཕྱིར། །ཕྱི་ནང་རླུང་གི་རྒྱུ་བ་ཡང་། །སྨྲས་ཚད་གྲག་སྟོང་བརྗོད་མེད་ཡིན། །གདོད་ནས་དག་པའི་རིག་པ་འདི། །ཡེ་ནས་ཆོས་སྐུར་གནས་པ་ལ། །ངོ་སྤྲད་དེ་ངོ་ཤེས་པ་ཡིན། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་ལ། །སངས་རྒྱས་ཞེས་སུ་གྲགས་པའོ། །གོམས་འདྲིས་བརྟན་ན་དྲོད་རྟགས་འཆར། །དེ་སྦྱངས་ཆོས་སྐུའི་ངོ་བོ་ལ། །གཟུང་བར་བྱ་བའི་ཡུལ་ཙམ་མེད། །དྲོད་རྟགས་ཚད་དང་ཉམས་མྱོང་ལ། །མ་ཆགས་རང་བྱུང་རྩད་ནས་དག །རང་དོན་ཆོས་སྐུ་མངོན་གྱུར་ཏེ། །གཞན་དོན་གཟུགས་སྐུ་ལྷུན་གྲུབ་འབྱུང་། །འཁོར་བ་མྱ་ངན་འདས་པར་འགྱུར། །སྙན་བརྒྱུད་དྲི་མ་མེད་པའོ། །མ་ཅིག་གྲུབ་པའི་རྒྱལ་མོ་ནས་བརྒྱུད་པ་འཇིག་རྟེན་དབང་ཕྱུག་གི་གསང་བའི་སྒྲུབ་ཐབས་རྫོགས་སོ།། །།

སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྒྲུབ་པའི་ཐབས། ཡུམ་རྡོ་རྗེ་མཁའ་འགྲོ་མས།

༄༅། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྒྲུབ་པའི་ཐབས།

རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ན་ནཱ་མ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོར་སྔ་བར་ལངས་ལ་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས་རང་གི་སྙིང་ཁར་པདྨའི་སྟེང་དུ་ཐིག་ལེ་དཔའ་བོ་བལྟས་ལ། དེའི་འོད་ཟེར་གྱིས་བླ་མ་དང་། དཔའ་བོ་དང་། རྣལ་འབྱོར་མ་རྣམས་ཡང་དག་པར་བསྐུལ་ནས་བར་སྣང་ལ་དམིགས་པར་བྱས་ལ་མཆོད་པ་གསུམ་གྱིས་མཆོད་པར་བྱས་ཏེ། དེ་རྣམས་ཀྱི་མདུན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་དག་བརྗོད་པར་བྱ་བ་ནི་འདིའོ། །ཨོཾ་དཔལ་ལྡན་བླ་མའི་ཞབས་རྡུལ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ཨོཾ་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་འདི་དག་བརྗོད་ནས་ཆོ་ག་བཞིན་དུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལམ་བསྟེན་པ་དང་བདག་གི་དངོས་པོ་དབུལ་བར་བྱའོ། །

དེ་ནས་ཚངས་པའི་གནས་བཞི་སྔོན་དུ་བསྒོམས་པས་སྟོང་པ་ཉིད་བསྒོམ་པར་བྱ་བ་ནི། ཨོཾ་ཤཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ་ཞེས་པ་སྟེ། འདིའི་དེ་མ་ཐག་ཏུ་ཡི་གེ་རཾ་ལས་བྱུང་བའི་ཉི་མའི་སྟེང་དུ་ཡི་གེ་ཧཱུྃ་གནས་པ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་ཁྱད་པར་དང་། དེ་དག་ཐམས་ཅད་ཡོངས་སུ་ཞི་བ་ལས་ས་གཞི་རྡོ་རྗེའི་རང་བཞིན་དང་། རྡོ་རྗེའི་རྩིག་པ་དང་། རྡོ་རྗེའི་ར་བ་དང་། དུར་ཁྲོད་བརྒྱད་ཀྱི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པ་ལ། རྡོ་རྗེ་ནག་པོའི་འཕྲེང་བས་མཐའ་མ་ཡོངས་སུ་བསྐོར་བར་བསམ་པར་བྱའོ། །ཡང་ན་ཀླུ་ལྷག་མ་ཅན་གྱི་རིམ་པས་སོ། །པདྨའི་ལྟེ་བའི་དབུས་སུ་དབྱངས་ཡིག་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་ཏེ་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་དྲུག་པོ་བསྣན་པའི་ཡི་གེ་ཀ་ལ་སོགས་པ་ཉིས་འགྱུར་དུ་བྱས་ཏེ་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །མེ་ལོང་ལྟ་བུ་ཟླ་བར་ཡང་དག་བཤད། །མཉམ་པ་ཉིད་ནི་ཉི་མར་རབ་ཏུ་གྲགས། །འདི་དག་དབུས་སུ་ཐིག་ལེའི་རྒྱལ་པོ་སྟེ། །འདི་ལ་སྤྲོ་བསྡུ་འགྲོ་བའི་དོན་བྱེད་པ། །སོ་སོར་རྟོགས་པས་བྱ་བ་ནན་ཏན་ནོ། །རྫོགས་པ་ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་བདག་ཉིད་འཁོར་ལོ་བསྒོམ། །དེ་ནས་སྙིང་རྗེའི་བདག་ཉིད་བཅོམ་ལྡན་འདས། །རྡོ་རྗེའི་མཁའ་འགྲོ་ནི་སྔོན་པོ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་དམར་དང་། ལྗང་གུའི་ཞལ་བཞི་པ་དང་ལྡན་པ། ཕྱག་བཞི་ནི་ཐོད་པ་དང་། མདའ་དང་། གཡོན་ན་ཁ་ཊྭཱཾ་ག་དང་། གཞུ་འཛིན་པའོ། །དབུ་སྐྲ་དམར་སེར་གྱེན་དུ་འབར་པ། ཐོད་པས་བཅིངས་པ་དང་སྟག་ལྤགས་ཀྱི་སྨད་གཡོགས་དང་། འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་བརྒྱ་ཕྱེད་ཀྱི་ཕྲེང་བ་དང་། མིའི་རུས་པའི་རྐང་གདུབ་དང་། སྐ་རགས་དང་། ཕྱག་གདུབ་དང་། དཔུང་རྒྱན་རྣམས་ཀྱི་རྒྱན་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་ཤིང་། མཆེ་བས་འཇིགས་པར་བྱེད་པ། ཁ་དོག་ལྔའི་འོད་ཟེར་གྱི་ཕྲེང་བ་ཅན། རང་ཉིད་ལྟ་བུའི་ཤེས་རབ་ལ་འཁྱུད་པ་ཅན་དུ་བདག་ཉིད་རྡོ་རྗེ་མཁའ་འགྲོའི་གཟུགས་སུ་རྣམ་པར་བསྒོམ་པའོ། །ཤེས་རབ་ཀྱང་བདག་ཉིད་དང་འདྲ་བར་བལྟ་བར་བྱའོ། །འོན་ཀྱང་གཅེར་བུ་མགོའི་ཕྲེང་བ་དང་བྲལ་བའོ། །ཤར་གྱི་འདབ་མ་ལ། རྡོ་རྗེ་མཁའ་འགྲོ་མ་ཁ་དོག་སྔོན་མོ། སྔོན་པོ་དང་། སེར་པོ་དང་། དཀར་དམར་དང་། ལྗང་གུའི་ཞལ་བཞི་པ། ཕྱག་བཞི་དང་ལྡན་པ་སྟེ། རྡོ་རྗེ་དང་། ཐོད་པ་དང་། དྲིལ་བུ་དང་། ཁ་ཊྭཱཾ་ག་འཛིན་པའོ། །ལྷོའི་འདབ་མ་ལ། རིན་ཆེན་མཁའ་འགྲོ་མ་སེར་མོ་སྟེ། སེར་པོ་དང་། སྔོན་པོ་དང་། དཀར་དམར་དང་། ལྗང་གུའི་ཞལ་བཞི་པ། ཕྱག་བཞི་པ་སྟེ། རིན་པོ་ཆེ་དང་། རྩེ་གསུམ་པ་དང་། དར་དཔྱངས་དང་། ཅེ་སྤྱང་ཕྱག་ན་བསྣམས་པའོ། །ནུབ་ཀྱི་འདབ་མ་ལ་པདྨ་མཁའ་འགྲོ་མ་ཁ་དོག་དཀར་དམར་ཏེ། དཀར་དམར་དང་། སེར་པོ་དང་། སྔོན་པོ་དང་། ལྗང་གུའི་ཞལ་བཞི་པ་ཕྱག་བཞི་དང་ལྡན་པ་སྟེ། སྣ་ཚོགས་པདྨ་དང་། མདའ་དང་། གཞུ་དང་། ཐོད་པ་རྣམས་ཕྱག་ན་བསྣམས་པའོ། །བྱང་གི་འདབ་མ་ལ་སྣ་ཚོགས་མཁའ་འགྲོ་མ་ཁ་དོག་ལྗང་གུ་སྟེ། ལྗང་གུ་དང་། སེར་པོ་དང་། དཀར་དམར་དང་། སྔོན་པོའི་ཞལ་བཞི་པ། ཕྱག་བཞི་དང་ལྡན་པ་སྟེ། རལ་གྲི་དང་། ཌ་མ་རུ་དང་། ཞགས་པ་དང་། ཀ་པཱ་ལ་རྣམས་ཕྱག་ན་བསྣམས་པའོ། །དེ་ལྟ་བུ་རྣམ་པར་བསྒོམས་པའི་སྙིང་ཁར་མན་ངག་ཇི་ལྟ་བ་ལས་ཐིག་ལེའི་རྒྱལ་པོ་བསྒོམ་པར་བྱའོ། །

དེ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རང་གི་ངོ་བོ་ཁམས་གསུམ་པ་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུར་རང་གི་སེམས་དང་ཐ་མི་དད་པ། རང་བཞིན་གྱིས་འོད་གསལ་བར་ཕྱི་ནང་གི་གཟུགས་ལ་རྣལ་འབྱོར་པས་བསམ་མོ། །དེ་ནས་དེ་མ་ཐག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་སྟེ། དམ་ཚིག་གི་འཁོར་ལོར་བཅུག་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ་ཞེས་ང་རྒྱལ་བྱའོ། །དེ་ནས་ཨྡཿདམར་པོ་ཡོངས་སུ་གྱུར་པ་ལས། པདྨ་རྫོགས་པ་དང་། ཨོཾ་མུཾ་ཧཱུཾ་བྷྲཱཾ་ཏྲཱཾ་ཧྲཱི་ཞེས་པའི་ཡི་གེ་རྣམས་ཤར་ལ་སོགས་པའི་འདབ་མ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ཁ་དོག་དགོད་པར་བྱའོ། །ཡི་གེ་ཧཱུཾ་གིས་རྡོ་རྗེ་རྫོགས་པར་བྱས་ལ། གླུ་འདི་དག་གིས་བསྐུལ་བར་བྱའོ། །ཀྱེ་གྲོགས་མོ་མཆོག་ནི་བདག་ཅག་གོ །པདྨའི་ཁ་ཡིས་རྣམ་དབྱེ་བར། །འོད་གསལ་བ་ཡི་རྡོ་རྗེ་ཡང་། །བདེ་བ་ཉིད་མཛོད་ཨ་ལ་ལ་ལ་ལ་ཧོ། །གླུ་འདི་དག་གིས་དེ་མ་ཐག་ཏུ་རྗེས་སུ་ཆགས་པས་མཆོད་ཅིང་བྱིན་གྱིས་བརླབ་བོ། །དེའི་རྗེས་སུ་བདུད་རྩི་མྱང་བར་བྱ་བ་ནི་ཐོད་པ་ལག་ཏུ་བཞག་པར་བི་དང་། ར་དང་། སུ་དང་མ་དང་། ཆུ་དང་། ད་དང་། གོ་དང་། ཧ་དང་། ན་དང་། ཀུ་དང་སྟེ། ཨཱ་ལི་ཀཱ་ལི་འདི་དག་གིས་བྱིན་གྱིས་བརླབས་ཤིང་། ཕྱིན་ཅི་ལོག་གི་ཡི་གེ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པས་ཡི་གེ་དེ་རྣམས་ལས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་འཐོན་ཏེ། ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་ནས་ཡི་གེ་རྣམས་ཉིད་ལ་ཞུགས་པས་བདུད་རྩི་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་པར་བསམས་ཏེ། ཡི་གེ་གསུམ་པོས་རིམ་པ་དང་རིམ་པ་མ་ཡིན་པས་སྤྲོ་ཞིང་བསྡུ་བ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་མདོག་ཏུའོ། །ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་འདི་དག་ཇི་ལྟ་བུའི་མན་ངག་གིས་བཟླའོ། །ཇི་ལྟར་ནུས་པར་བཟླས་བརྗོད་བྱས་ནས། དེ་ཉིད་གསུམ་དང་ཡི་གེ་མུཿས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ལོ། །ལྷ་མོ་བཞི་ལ་སོགས་པ་ནི། ཐིག་ལེའི་ནང་དུ་བཅུག་ལ། སྨོན་ལམ་བཏབ་པར་བྱས་ལ་ཇི་ལྟར་བདེ་བར་འཇུག་པར་བྱའོ། །ཐུན་མཚམས་གཞན་རྣམས་སུ་ནི། དེ་ཉིད་གསུམ་པོ་བརྗོད་པས་སྔར་གྱི་དེ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། གཅིག་ཏུ་བྱས་ལ་རྗེས་སུ་ཆགས་པ་ལ་སོགས་པ་དག་ཀྱང་བྱའོ། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྒྲུབ་ཐབས་བཅོམ་ལྡན་འདས་ཡུམ་རྡོ་རྗེ་མཁའ་འགྲོ་མ་ཉིད་ཨུ་རྒྱན་གྱི་ཡུལ་དུ་བྱོན་ནས་གསུངས་པ་རྫོགས་སོ།། །།

དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ། དཔལ་ཀམྤ་ལའི་ཡུམ་གྱིས་མཛད།

༄༅། །དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་བཞུགས།

རྒྱ་གར་སྐད་དུ། ཏཏྟྭབྷཱ་སཱ་ཀ་ར་ཎ་དཱི་པ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྟོག་པ་ཀུན་ལས་ངེས་གྲོལ་གང་། །མཚན་མེད་སྟོང་པའི་ངོ་བོ་ཅན། །དགེ་བ་དེ་ལ་ཕྱག་འཚལ་ནས། །དེ་ཉིད་གསལ་བ་བྲི་བར་བྱ། །ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འདི་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྒོ་ནས་ཤེས་པར་བྱས་ནས་དེ་ཁོང་དུ་ཆུད་པར་བྱ་བ་ཡིན་ན་ཡང་ཕལ་ཆེའི་སྤྱོད་ཡུལ་མ་ཡིན་པས་ཁོ་མོས་ནི་སྒྲ་ལས་འདས་པའི་རིམ་པ་འདི་བསྟན་ཏེ། དང་པོར་སེམས་མི་གཡོ་བར་འདུག་པ་སློབ་པར་འདོད་པས་ལུས་སེམས་ངལ་དུབ་མེད་པར་བྱས་ནས་གནས་བདེ་བར་གནས་པར་བྱའོ། །

དེ་ནས་རང་གི་སྙིང་དབུས་སུ། །ཆུ་སྐྱེས་དཀར་པོ་འདབ་བཞིའི་དབུས། །ཕཾ་ནི་དཀར་པོ་བསམ་པར་བྱ། །བརྟན་གྱུར་རིམ་པས་སྒྲ་ལ་དམིགས། །དེ་ནས་པདྨ་འདབ་བརྒྱད་དང་། །བརྒྱ་ཡི་བར་དུ་སྦྲོ་བསྡུ་བྱ། །དེ་ནས་མི་གཡོ་བརྟན་གྱུར་ནས། །དམ་པ་རྣམས་ལ་བསྙེན་བཀུར་གྱིས། །དེ་ཁོ་ན་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་དཔལ་ཀམྦ་ལའི་ཡུམ་གྱིས་མཛད་པའི་རིམ་པ་རྫོགས་སོ།། །།

འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས། དགེ་བསྙེན་མ་སྙན་གྲགས་དགེ་མས་མཛད།

༄༅། །འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ།

རྒྱ་གར་སྐད་དུ་ཨཱརྱ་མཉྫུ་ཤྲཱི་སཱ་དྷ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །སྤྲོས་བྲལ་བདེ་བ་ཆེན་པོའི་ངང་། །རྟོག་པའི་རླབས་དང་བྲལ་བ་ལས། །སེམས་ཅན་དོན་དུ་གཟུགས་སྐུར་སྣང་། །ཅིར་ཡང་སྣང་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེ་ཞིང་དོན་མཛད་པ། །འགྲོ་བ་ཀུན་ལ་ཁྱབ་པའི་མགོན། །དེ་ཡི་སྒྲུབ་ལ་དགའ་བ་ལ། །གཙོ་བོ་དད་པས་བཤད་པར་བྱ། །དབང་ཐོབ་དམ་ཚིག་གནས་པ་དང་། །གཏོང་ལ་དགའ་ཞིང་འཛིན་པ་མེད། །སྲོག་ཕྱིར་རྣལ་འབྱོར་དང་དུ་བྱེད། །གསོང་པོར་སྨྲ་ཞིང་རྩེ་དང་བྲལ། །འདུ་འཛི་སྤངས་ཤིང་གཅིག་པོར་དགའ། །ཟླ་བོ་མེད་ཅིང་དད་ལྡན་པས། །ཉམས་དགའ་བ་ཡི་གནས་དག་ཏུ། །བདེ་བའི་སྟན་ལ་གནས་པར་བྱ། །ལྷ་ཡི་ང་རྒྱལ་གནས་པ་ཡིས། །ས་གཞི་དྲ་བ་ར་བར་བསླབ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ་ཅེས་བརྗོད་པས། རྒྱང་གྲགས་གཅིག་ཙམ་བགེགས་ཚར་གཅད། །དེ་ནས་ཤིན་ཏུ་བརྩེར་ལྡན་པས། །སངས་རྒྱས་ལ་སོགས་མདུན་བསམ་ལ། །ཕྱག་འཚལ་མཆོད་པས་སྡིག་པ་སྦྱང་། །ཡི་རང་སྐྱབས་འགྲོ་སེམས་བསྐྱེད་བྱ། །དགེ་བ་བསྔོ་བ་བསྟོད་པ་གུས་པར་བྱ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །སྡོམ་པ་དག་ནི་གཟུང་བར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུས་ནས་བཟུང་ནས་ནི། །མ་ལུས་བདག་ལ་དགོངས་སུ་གསོལ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་པའི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱི། །དེ་ནས་སངས་རྒྱས་ལ་སོགས་རྣམས། །མ་ལུས་བདག་གི་ཐུགས་ལ་བསྡུ། །ཐིམ་ཞུ་ཡེ་ཤེས་མེ་འབར་བས། །ཉོན་མོངས་ཕུང་པོ་བསྲེག་པར་བསམ། །སླར་གསོས་ཡེ་ཤེས་ལུས་སུ་བྱས། །བྱང་ཆུབ་ལྔ་བདག་སྒོམ་པ་ནི། །ཡོངས་དག་མེ་ལོང་གསལ་བ་དཀྱིལ་འཁོར་ལ། །ཡུལ་དངོས་རིགས་ཀུན་མ་ལུས་སོ་སོར་སྣང་། །ཐམས་ཅད་ཡོངས་དག་མེ་ལོང་ཡེ་ཤེས་ལ། །འདྲིས་པར་དེ་ལ་ཡང་དག་བལྟ་བར་བྱ། །སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད། །མགོན་སྐྱབས་དཔུང་གཉེན་དང་བྲལ་བས། །སྡུག་བསྔལ་འཁོར་བ་རྒྱ་མཚོར་བྱིང་། །སེམས་ཅན་དོན་དུ་སྡུག་བསྔལ་བྲལ། །སྟོང་པ་མཉམ་པ་ཉིད་དུ་སྦྱར། །བདག་སྟོང་སེམས་ཅན་དེ་འདྲ་ཡང་། །ཆོས་རྣམས་ཀུན་ཀྱང་རབ་ཏུ་ཤེས། །ཆོས་ལ་དམིགས་པའི་སྙིང་རྗེ་ཡང་། །བདག་མེད་རང་བཞིན་རིགས་པ་ལས། །མཉམ་ཉིད་ཡེ་ཤེས་བསྐྱེད་པར་བྱ། །དེ་ནས་གསང་སྔགས་བརྗོད་པ་ནི། །ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏཱ། སྔགས་དོན་སྟོང་པར་བསྒོམས་ནས་ནི། །ལྷན་ཅིག་གཉིས་མེད་ཆོས་རབ་གཟུང་། །དེ་ཉིད་ཡུལ་དུ་བྱས་པ་ཡིས། །ཆོས་བདག་མེད་པར་བསྒོམ་པར་བྱ། །དམིགས་མེད་སྙིང་རྗེ་སོ་སོར་བརྟག །སྙིང་རྗེའི་རྗེས་འགྲོ་གཟུང་འཛིན་ཡོངས་དང་བྲལ། །ངོ་བོ་འོད་གསལ་ཡན་ལག་ཀུན་བྲལ་བ། །རང་བཞིན་ཡོངས་དག་ཆོས་ཉིད་རྒྱུ་མཐུན་པས། །དངོས་བྲལ་དོན་སྟོང་ངང་ལས་དེ་གནས་པས། །ཆོས་དབྱིངས་ཡེ་ཤེས་བསྒོམས་པའོ། །དེ་ལྟར་སེམས་ཅན་དོན་བྱེད་མ་བྲལ་བའི། །རྣལ་འབྱོར་སྔོན་གྱི་སྨོན་ལམ་དབང་ཐོབ་པས། །སེམས་ཅན་ཀུན་གྱི་དབང་བསྒྱུར་བས། །སེམས་ཀྱི་དོན་ནི་རབ་རྫོགས་ཕྱིར། །ཁམས་གསུམ་འབྱུང་གནས་ཁྱབ་པར་གྱིས། །དོན་དམ་ཀུན་རྫོབ་མྱ་ངན་འདས། །དེ་ཕྱིར་ནན་ཏན་ཡེ་ཤེས་བསྒོམ། །དེ་ལས་དངོས་པོ་གཟུགས་སུ་བྱུང་། །སྤྲུལ་པའི་ཚུལ་གྱིས་ནམ་མཁའ་ལ། །ཨ་ལས་ཟླ་བའི་གཟུགས་བསམ་པ། །དེ་འོག་པད་དཀར་པདྨ་སྟེ། །སྣ་ཚོགས་འདབ་བརྒྱད་མཛེས་པའོ། །དེ་སྟེང་དྷཱིཿསེར་གུར་གུམ་མདོག །སྤྲོ་དང་བསྡུ་ལས་མཚན་མ་བསམ། །དེ་ལས་དྷཱིཿམཚན་འཕྲོ་འདུ་ལས། །སྐུ་གསེར་མདོག་ལས་ལྡེམ་བག་ཅན། །བདེ་གཤེགས་དབུ་རྒྱན་ཟུར་ཕུད་ལྡན། །རིན་ཆེན་རྣམ་བརྒྱན་གཞོན་ནུའི་ཚུལ། །ལོ་བརྒྱད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་རལ་གྲི་པུསྟི་གཡོན། །བཞིན་མཛེས་འཇའ་ཚོན་ལྟ་བུར་བསྒོམ། །གསལ་བས་ཐ་མལ་ཕུང་པོ་སྤོང་། །ཐུགས་ཀར་ཟླ་སྟེང་དྷཱིཿདཀར་བསམ། །དེ་ལས་དང་པོའི་སངས་རྒྱས་ཏེ། །ཞལ་ལྔ་བྱིས་པའི་རྒྱན་གྱིས་བརྒྱན། །རིན་ཆེན་སྣ་ཚོགས་ན་བཟའ་ཅན། །ཟླ་དཀར་མདོག་ལས་སྐྱིལ་ཀྲུང་བཞུགས། །ཕྱག་གཡས་ཤེས་རབ་རལ་གྲི་བསྣམས། །གཡོན་བཞི་ཤེས་རབ་པོ་ཏི་བསྣམས། །གསལ་བ་དག་ཏུ་ཤེས་པར་བྱ། །དེ་ཡི་ཐུགས་ལ་ཤེས་རབ་འཁོར་ལོ་སྟེ། །གསལ་བར་ཡི་གེ་ཨ་ལས་བསྐྱེད། །ལྟེ་དབུས་རྩིབས་དྲུག་མུ་ཁྱུད་བཞི། །ལྟེ་བར་ཡི་གེ་ཨ་དཀར་བསམ། །རྩིབས་ལ་ཡི་གེ་སྔགས་དྲུག་དགོད། །ཨོཾ་བཛྲ་ཏཱིཀྵྞཱ་ཡ་ཏེ་ན་མཿ ཨོཾ་དྲུཿཁཙྪེ་དཱ་ཡ་ཏེ་ན་མཿ ཨོཾ་པྲཛྙཱ་ཛྙཱན་མཱུརྟཱ་ཡ་ཏེ་ན་མཿ ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿ ཨོཾ་ཝཱ་གཱི་ཤྭ་རཱ་ཡ་ཏེ་ན་མཿ ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ དམར་སྔོ་དཀར་དང་ལྗང་གུ་དང་། །སེར་དང་དཀར་དེ་རིམ་བཞིན་བསམ། །འཁོར་ལོ་རྩིབས་ཀྱི་རིམ་བཞིན་ནོ། །མུ་ཁྱུད་དང་པོ་དག་ལ་ནི། །ཨོཾ་སརྦ་དྷརྨྨཱ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷེ་བཛྲ། ཨ་ཨཱ་ཨཾ་ཨཿམུ་ཁྱུད་གཉིས་པོ་དག་ལ་ནི། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨེེ་ཨོ་ཨོོ་ཨཾ་ཨཿམུ་ཁྱུད་གསུམ་པོ་དག་ནི། །ཡེ་ཤེས་སེམས་དཔའ་སྐུ་ཡི་སྔགས། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་བཱ་ཙ། སརྦ་དྷརྨྨཱ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨཱ་དྷཱ་ཏུ་ཛྙཱན་གརྦྷ་ཨཱཿཕྱི་རོལ་མུ་ཁྱུད་ཐ་མ་ལ། །ཡི་གེ་ཀ་སོགས་ཧ་ཡི་མཐར། །ཐུབ་པའི་ཡི་གེ་རྣམས་བཀོད་པ། །འཁོར་ལོ་སྔགས་ཀྱི་རིམ་པའོ། །དེ་ནས་འཁོར་ལོའི་ལྟེ་དབུས་ཀྱི། །ཨ་དཀར་ཡོངས་སུ་གྱུར་པ་ལས། །བཅོན་ལྡན་ཡེ་ཤེས་སེམས་དཔའ་བསྒོམས། །ཞལ་དྲུག་སྟོན་ཀའི་ཟླ་ལྟར་དཀར། །ཨིནྡྲ་ནཱི་ལའི་གཙུག་ཕུད་མཛེས། །ཉི་མ་འཆར་ཀའི་འོད་ཀྱིས་མཛེས། །ཞི་བའི་ཚུལ་འཆང་རིན་ཆེན་བརྒྱན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་སྟེ། །གཡས་གཡོན་ཨུཏྤལ་སྔོན་པོ་བསྣམས། །སྟེང་ན་ཤེས་རབ་པོ་ཏི་བསྣམས། །མཛེས་པ་གསལ་བར་དམིགས་པའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །ཟླ་མཆོག་གསལ་བར་བསམ་པར་བྱ། །དེ་ཡི་ཐུགས་མཆོག་ངོ་བོ་སྟེ། །དེ་སྟེང་ཡི་གེ་རྣམས་ངོ་བོ། །ཨ་མཆོག་ཨ་དཀར་བསམ་པར་བྱ། །དུས་གསུམ་སངས་རྒྱས་དེ་ལས་བྱུང་། །སངས་རྒྱས་རྣམས་ཀྱི་གསུང་ཡིན་ནོ། །དེ་ལྟར་འཁོར་ལོ་དྲུག་བརྩེགས་ལ། །ཨོཾ་ཨཿཧཱུཾ་གི་ཡི་གེ་མཆོག །ཛཿཧཱུཾ་བཾ་ཧོ་དང་ལྡན་པས། །སྤྱན་དྲངས་མདུན་དུ་གསལ་བར་དམིགས། །མཆོད་པ་ལ་སོགས་དབུལ་བར་བྱ། །ཐམས་ཅད་དེ་ཉིད་གསུམ་ལྡན་པས། །ཨེ་ཧཱ་བི་ར་ཧཱུཾ་པུཥྤེ་སྭཱ་ཧཱ། དྷཱུ་པེ་སྭཱ་ཧཱ། གནྡྷེ་སྭཱ་ཧཱ། ཨཱ་ལོ་ཀེ་སྭཱ་ཧཱ། ནེེ་བི་བྱེ་སྭཱ་ཧཱ། བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། སྥ་ར་ཎ་ཁཾ་སྭཱ་ཧཱ། ཡོན་ཆབ་མེ་ཏོག་བདུག་སྤོས་དང་། །དྲི་ཆབ་ལྷ་བཤོས་གཏོར་མ་དང་། །སྒྲ་ལ་སོགས་པ་རིམ་བཞིན་དབུལ། །འདུད་ལ་སོགས་པས་བསྟོད་པར་བྱ། །ཛཿཧཱུཾ་བཾ་ཧོཿས་བསྟིམ་པའོ། །ཡང་ན་འོད་ཀྱིས་ལྷ་མོ་བཀུག་ལ་དབང་བསྐུར་བར་བྱ། དེ་ནས་བཟླས་པ་བྱ་བ་སྟེ། །ཡི་གེ་སྤྲུལ་མཐའ་ལྡན་པས་ན། །ལྡ་པོ་ཡ་སྟེ་ན་མ་བོར། །ཡི་གེ་ཚེག་བཅད་སུམ་ཅུ་ལ། །མ་ཡེངས་གཏད་ལ་བཟླས་པ་གསལ། །ངག་གི་དངོས་གྲུབ་དྲི་མ་བྲལ། །མཁའ་འགྲོ་རྣམས་ཀྱང་དེ་ལ་དགྱེས། །གྲངས་ནི་བརྒྱ་བ་དག་པར་བྱ། །ཤེས་རབ་འཁོར་ལོ་གོམས་པའོ། །

དེ་ནས་མཚན་ནི་བརྗོད་པར་བྱ། །ཡི་གེ་ཨ་ལ་སེམས་གཏད་ལ། །ངག་གི་མཚན་ནི་གསལ་བརྗོད་པ། །དེ་ཡང་རང་བཞིན་མེད་ཤེས་བྱ། །ཤེས་ནས་རྟོག་པ་རྣམས་དང་བྲལ། །འཇིག་རྟེན་པ་ཡི་ལྷ་རྣམས་དང་། །འཇིག་རྟེན་འདས་པའི་ལྷ་རྣམས་ཀུན། །མ་ལུས་ཐམས་ཅད་དགྱེས་ནས་སུ། །ཡོན་ཏན་ཐམས་ཅད་མཐོང་བར་འགྱུར། །དུས་གསུམ་དག་ཏུ་བརྗོད་པ་དང་། །ཡང་ན་དུས་དྲུག་དག་ཏུ་བརྗོད། །ཡང་ན་དུས་ཀྱི་ངེས་མེད་པས། །ནུས་ཚད་དག་ཏུ་བརྗོད་པའོ། །མཚན་ནི་བརྗོད་པས་སྐྱོ་བ་ན། །ཤེས་རབ་འཁོར་ལོ་སྔགས་དྲུག་ལས། །སྔགས་དང་མཐུན་པའི་འོད་བྱུང་ནས། །ལུས་སྣང་ཐམས་ཅད་གསལ་བར་བྱས། །མི་ཤེས་རི་བོ་ཐམས་ཅད་བཅོམ། །ཕྱི་རོལ་དག་ཏུ་འཕྲོས་པ་ལས། །ནམ་མཁའི་ཁམས་ཀུན་ཁྱབ་པར་གནས། །སངས་རྒྱས་ཞིང་ཁམས་གསལ་གྱུར་ནས། །ཆོས་སྐུ་ཡེ་ཤེས་ཐོབ་པའི་དོན། །བྱས་ནས་སླར་ནི་བཟླས་པ་ལས། །སྙིང་ཁར་ཟླ་སྟེང་ཨ་ལ་ཐིམ། །བརྟན་པས་ཡང་དང་ཡང་དུ་བསྒོམས། །དེ་ལྟར་སྤྱོད་པའི་སེམས་དཔའ་ཡིས། །ཡེ་ཤེས་བསྒོམས་ན་སྤྲུལ་སྐུ་དང། །ཟླ་བའི་སྒོ་ནས་ལོངས་སྐུ་དང་། །ཨ་ཡི་སྒོ་ནས་ཆོས་སྐུ་དང་། །རིང་པོ་མི་ཐོག་པར་འགྱུར་པ། །བསྟན་པས་ཡང་དང་ཡང་དུ་བསྒོམས། །དེ་ལྟར་སྤྱོད་པའི་སེམས་དཔའ་ཡིས། །འདུལ་བའི་དབང་གིས་སེམས་ཅན་ལ། །ཉེ་བར་བཟུང་བར་མངོན་སྣང་བ། །དེ་ནས་སྟོང་ཉིད་ལ་གནས་བྱ། །ཨ་ཉིད་ཐིག་ལེ་བྱང་ཆུབ་སྟེ། །བྱང་སེམས་ཐམས་ཅད་དེ་ལ་འདུས། །བདེ་བ་ཐམས་ཅད་དེར་གནས་ན། །འཇའ་ཚོན་ལྟ་བུའི་ཐིག་ལེ་སྟེ། །ཤེས་པ་བྱིང་རྒོད་མེད་པ་ཡིས། །གསལ་བ་འབད་པས་དད་པར་བྱ། །སེམས་ཉིད་དེ་རང་ཡིན་ཞེ་ན། །ཆོས་ཉིད་ངང་ལ་གནས་ཞེས་བྱ། །ཐིག་ལེ་ཇེ་ཕྲ་ཤེས་པ་ཕྲ། །རང་བཞིན་མེད་པས་གནས་པའོ། །སེམས་ཉིད་བཏང་སྙོམས་གསལ་བ་ལ། །གསལ་བ་མི་རྟོག་ཐོབ་པའོ། །དེ་ལ་བརྟེན་ནས་གསལ་བ་དེ། །སྣང་ལ་རང་བཞིན་མེད་པ་ཐོབ། །འབྲས་བུ་ཆོས་སུ་ཐོབ་པའོ། །

དེ་ནས་སྐྱོ་བ་བྱུང་བ་ནི། །ཨོཾ་ཨཱཿ་ཧཱུཾ་མུཿགཤེགས་སུ་གསོལ། །ཐམས་ཅད་བསྡུས་ནས་ལྷ་ཉིད་གནས། །ངག་ཏུ་བཟླས་པ་ནུས་ཚད་བཟླས། །ཞི་ལ་གནས་ཤིང་སྙིང་རྗེ་བསྐྱེད། །སེམས་ཅན་དོན་ལ་དགའ་སེམས་བསྐྱེད། །གཏོར་མ་རྟག་ཏུ་སྦྱིན་པར་བྱ། །སྟན་ལ་གཅིག་པུ་འདུག་ནས་སུ། །ལམ་ལྔ་ཉམས་སུ་མྱང་བར་བྱ། །ཚོགས་ལམ་བསྐྱེད་པའི་རིམ་པའོ། །སྦྱོར་ལམ་བཟླས་པར་བྱེད་པ་ན། །མཐོང་ལམ་མཚན་ཉིད་བརྗོད་པ་སྟེ། །སྒོམ་ལམ་འཕྲོ་འདུ་དག་ལ་གནས། །མཐར་ཕྱིན་སྟོང་ཉིད་སེམས་དཔའོ། །དགེ་མས་བརྩམས་པའི་སྒྲུབ་ཐབས་ལ། །འགལ་འཁྲུལ་མཆིས་ན་མཁས་བཟོད་མཛོད། །བརྩམས་པའི་དགེ་རྩ་ཡོད་སྲིད་ན། །སེམས་ཅན་མོས་དང་འཕྲད་པར་ཤོག །དགེ་བསྙེན་མ་སྙན་གྲགས་དགེ་མས་མཛད་པ་འཕགས་པ་འཇམ་དཔལ་གྱི་སྒྲུབ་པའི་ཐབས་རྫོགས་སོ།། །།

འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག །དགེ་བསྙེན་མ་གྲགས་སྦྱིན་མས་མཛད།

༄༅། །འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག་ཞེས་བྱ་བ།

རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་རཏྣ་ནོ་པི་ཀ །བོད་སྐད་དུ། འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེན་པ་དང་ལྡན་འཛིན་བྲལ་བ། །འཇམ་དཔལ་ཡང་དག་ཀུན་མཁྱེན་པ། །དེ་བཞིན་ཉིད་ཀྱི་ངང་གནས་པ། །སྨྲ་བའི་སེང་གེར་ཕྱག་འཚལ་ལོ། །དེ་ལ་གུས་པས་འདུད་པ་ཡི། །དུས་ནི་རྟག་ཏུ་བསྒོམ་པ་དང་། །མོས་པ་བྱེད་པའི་རྣལ་འབྱོར་པ། །དེ་ཡི་དོན་དུ་བཤད་པར་བྱ། །སྟོང་པ་ལ་དགའ་དབང་ཐོབ་པ། །དམ་ཚིག་ལྡན་ཞིང་སྒོམ་པ་དགའ། །རྣལ་འབྱོར་སྲོག་གཏོང་དད་པ་ཆེ། །སེམས་ཅན་དོན་བྱེད་བྱས་ལ་དྲིན། །རྟག་ཏུ་མཚན་བརྗོད་བཟླས་ལ་བརྩོན། །དེ་ལྟར་ཡོན་ཏན་བཅུ་ལྡན་པས། །ཡིད་དགའ་བ་ཡི་གནས་དག་ཏུ། །བདེ་བའི་སྟན་ལ་གནས་པར་བྱ། །ཐ་མལ་ཡི་དམ་དྲན་པ་ལ། །སྙིང་ཁར་ཡི་གེ་མུཾ་སེར་དགོད། །ཁ་དོག་ལྔ་ཡི་འོད་འཕྲོས་ནས། །ཕྱོགས་བཅུའི་རྒྱལ་སྲས་བླ་མ་ནི། །སྤྱན་དྲངས་མདུན་དུ་བསམ་པ་ལ། །ཕྱག་འཚལ་མཆོད་པ་སྡིག་པ་སྦྱང་། །ཡི་རང་སྐྱབས་འགྲོ་སེམས་བསྐྱེད་ལ། །དགེ་བསྔོ་འདུད་ལ་སོགས་པས་བསྟོད། །

དེ་ནས་སྟོང་ཉིད་བསམ་པ་ནི། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏ་ཏྭཱ་སྭཱ་ཧཱ། སྔགས་དོན་དངོས་པོ་མེད་པ་ལ། །ཡུན་རིང་ངང་ལ་བློ་གནས་པས། །དེ་ཉིད་ལ་ནི་གནས་པར་བྱ། །དེ་ནས་ནམ་མཁའ་སྟོང་པ་ལ། །དངོས་པོ་ཐམས་ཅད་བཾ་དུ་གནས། །དེ་སྟེང་ཡི་གེ་སཾ་དཀར་ལས། །བྱང་ཆུབ་སེམས་དཔའ་སེང་གེ་གསལ། །དེ་སྟེང་ཨ་ལས་ཟླ་བར་གསལ། །གདན་སྟེང་ཡི་གེ་མུཾ་སེར་ལས། །ཨུཏྤལ་སྔོན་པོ་མཛེས་པར་བསྒོམ། །དེ་ལས་འཕྲོ་འདུ་བྱ་བ་སྟེ། །སྨྲ་བའི་སེང་གེ་བསྒོམ་པར་བྱ། །སེར་པོ་གསེར་བཙོ་འདྲ་བ་ལ། །གཡས་ན་ཨུཏྤལ་པུསྟིས་མཚན། །གཡོན་པ་གཞན་ལ་སྦྱིན་པ་གཏོང་། །དགའ་བའི་སེམས་ཀྱིས་འཛུམ་དང་ལྡན། །ཐུགས་རྗེ་ཆེ་བས་ཉོན་མོངས་སྤོངས། །རིན་ཆེན་རྣམས་ཀྱིས་ལུས་ལ་བརྒྱན། །དབུ་ལ་ཐོར་ཚུགས་རྣམས་ཀྱིས་མཛེས། །དབུ་སྐྲ་གཙུག་ཕུད་འཁྱིལ་བ་དང་། །སྟོད་གཡོགས་སེར་པོ་རྣམས་ཀྱིས་མཛེས། །སྨད་གཡོགས་དར་དཔྱངས་དཔྱངས་པའོ། །རྨུགས་པའི་རྣམ་པ་མ་ཡིན་པས། །གསལ་བ་རྟག་ཏུ་བསྒོམས་པའོ། །དེ་ནས་སྤྱན་དྲངས་མཆོད་པའོ། །ཨོཾ་ཝཱ་གཱི་ཤྭ་ར་ཛཿཧཱུཾ་བཾ་ཧོཿ ཨོཾ་ཨཱཿཧཱུཾ་གིས་མཆོད་ཡོན་དབུལ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་ནེེ་བི་དྱེ་ཨཱཿཧཱུཾ། བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨཱཿཧཱུཾ། མཆོག་སྦྱིན་རྡོ་རྗེའི་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བས་བསྟོད་དོ། །གཉིས་མེད་བདག་ལ་བསྡུ་བའོ། །སྙིང་ཁར་པདྨའི་ཟླ་བ་ལ། །སྟེང་ན་ཡེ་ཤེས་སེམས་དཔའ་སྟེ། །ཚོན་གང་དང་འདྲ་གསལ་བར་བསྒོམས། །ཡི་གེ་ཨ་མཆོག་ཟླ་བ་ལ། །ཐུགས་ཀར་བསམ་པར་བྱ་བ་ཡིན། །ཡེ་ཤེས་སྔགས་ཕྲེང་བསྐོར་བར་བྱ། །ཨོཾ་སརྦ་དྷརྨྨཱ་བྷཱ་བ། སྭ་བྷཱ་བ་བི་ཤུདྡྷ། བཛྲ་ཙཀྵུ་ཨ་ཨཱ། ཨཾ་ཨཿཔྲ་ཀྲི་ཏི་པ་རི་ཤུདྡྷ་སརྦ་དྷརྨྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡེ་ཏ། ཨ་ཨཱ། སརྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྷཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ། སརྦ་དྷརྨྨ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨཱ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱཿགསང་བར་ཕྲེང་བ་སྔགས་ལ་གཏད། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །དེ་ནས་མཚན་རྣམས་བརྗོད་པ་ལ། །ཡེ་ཤེས་སེམས་དཔའ་དག་ལ་ནི། །དམིགས་པ་བརྟན་པ་གཏད་ནས་སུ། །ཡོན་ཏན་དག་ཏུ་བརྗོད་པའོ། །དེ་ཡང་གལ་ཏེ་མ་བརྟན་ན། །གཡེང་བར་གྱུར་ན་ནུས་པ་ཆུང་། །དེ་ལ་བརྟན་པར་གྱུར་པ་ན། །ཡེ་ཤེས་གཉིས་མེད་སྐྱེ་ཡང་སྲིད། །ཡོན་ཏན་དག་ཏུ་བརྗོད་པ་ཡང་། །ཐེག་པ་མཐའ་ཆོས་སྟོན་མཛད་པས། །ཐམས་ཅད་ངོ་བོ་ཡིན་ཤེས་ལས། །ཐམས་ཅད་དེ་དང་ལྡན་པར་སྟོན། །དེ་ལྟར་བྱས་ཤིང་བསྟོད་གྱུར་ན། །ཆོས་སྐུ་མཐའ་དག་འཐོབ་པར་འགྱུར། །བསམ་པ་ཅི་འདོད་དེ་ལས་འབྱུང་། །ལྷ་སྲིན་སྡེ་བརྒྱད་དགའ་འགྱུར་ནས། །འདོད་པ་ཐམས་ཅད་འབྱུང་བའོ། །དེ་ནས་འབད་པས་མཚན་བརྗོད་འདོན། །སྐྱོ་བར་མི་འགྱུར་གུས་པར་བྱ། །སྐྱོ་བ་དག་ནི་བྱུང་པ་ན། །རྣལ་འབྱོར་གཉིས་སུ་མེད་པར་བྱ། །ཨ་ལས་སྟོང་པ་ཙམ་པར་བྱ། །གསལ་བར་རྟོག་མེད་བསྒོམ་པར་བྱ། །དེ་ནས་ཨ་ནི་ཞུ་བ་ལས། །ཐིག་ལེ་དཀར་པོ་ཇེ་ཆུང་ལས། །ཡེ་ཤེས་སྟོང་པ་ཉིད་གསལ་བ། །བྱིང་རྒོད་མེད་པར་གསལ་བའོ། །ཡང་དང་ཡང་དུ་གཏད་ལ་བསྒོམ། །སྣང་བ་རང་བཞིན་མེད་མཐོང་འགྱུར། །ཡང་ན་ཤེས་རབ་འཁོར་ལོ་སྟེ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་གསུངས་པ་ལས། བཅུ་དྲུག་ཕྱེད་བརྒྱད་དེ་ཕྱེད་དེ། །བཞི་ནི་གནས་བཞིའི་འཁོར་ལོ་ཡི། །ལྟེ་བ་ཤེས་རབ་འཁོར་ལོ་སྟེ། །བཅུ་གཉིས་རྩིབས་ཅན་འཁོར་ལོ་ལ། །སྔགས་ཀྱི་རྣམ་པར་དགོད་པ་ནི། །ཨ་ཨཱ་ཨཾ་ཨཱ་རིམ་པར་དགོད། །དེ་ནས་ཡང་དང་ཡང་དུ་དགོད། །དབུས་སུ་ཨ་མཆོག་བསམ་པར་བྱ། །དེ་ནས་སྙིང་ཁར་ཤེས་རབ་འཁོར་ལོ་ནི། རྩིབས་བཅུ་གཉིས་དང་ལྡན་པ་ལ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨེེ་ཨོ་ཨོོ་ཨཾ་ཨཿདབྱངས་ཡིག་བཅུ་གཉིས་གཡས་ན་བསྐོར་ནས་བཀོད་པར་བྱ། ལྟེ་བ་ལ་ནི་ཨ་མཆོག་གནས། །མགྲིན་པར་ཤེས་རབ་འཁོར་ལོ་ནི། །བཅུ་གཉིས་རྩིབས་མཆན་གནས་པ་ལ། །ལྟེ་བ་ཨ་བསྒོམ་རྩིབས་རྣམས་ལ། །ཨ་ར་པ་ཙ་ན། ཝཱ་གཱི་ཤྭ་ར། པྲཛྙཱ་ན་མར་རིམ་པས་དགོད་པར་བྱའོ། །

དེ་ནས་སྤྱི་བོའི་འཁོར་ལོ་ལ། བཅུ་གཉིས་རྩིབས་ལ་དགོད་པར་བྱ་བ་ནི། སྐུའི་ཕྲེང་སྔགས་ཏེ་ལས་སྔགས་སོ། །ཨ་ཨཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མཱུརྟྟི། ཝཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ། སརྦ་དྷརྨ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿདབུས་སུ་ཨ་དཀར་ཆེན་པོ་གནས། །འོག་ནས་ཧཾ་དཀར་བཟློག་ནས་བསམ། །དབུས་ན་ཡི་གེ་ཡོད་པ་སྟེ། །བསམ་གཏན་བཞི་ཡི་རྩེ་མོ་དེ་ལ་བྱ། །འཁོར་ལོ་ནང་སྟོང་འོད་ལྟར་འདུག །ཡི་གེ་རྡུལ་ཐིག་གང་ལྟར་བསམ། །དབུས་ཀྱི་ཐིག་ལེའི་རང་བཞིན་ཡིན། །དགའ་བ་དུ་མ་ཡོད་པས་བལྟ། །འཁོར་ལོ་བཞི་ལ་ཤེས་རབ་སྟེ། །ཐིག་ལེ་ཨ་ཝ་དྷཱུ་ཏཱི་ཐབས། །ནོར་བུའི་རྩེ་ནས་ཧཱུཾ་ལ་ཐུབ། །དཀར་པོ་འོད་དུ་འདུག་པའོ། །དེ་ནས་བྱང་ཆུབ་རྒྱུ་བའོ། །ནོར་གནས་ཙཎྜ་ལཱི་གནས་པས། །དེ་ལ་གཏད་དེ་བསམ་པའོ། །འཁོར་ལོ་དེ་ལྟར་གནས་པ་ནི། །ཡན་ལག་བྱ་བ་དེ་ཡིན་ནོ། །མེད་པ་རྩིས་ལས་འདས་པ་སྟེ། །ཚད་མེད་བསམ་གཏན་བྱེད་པའོ། །དེ་ཡང་ཙཎྜ་ལཱི་ལ་གཏད་པས་སོ། །མེ་འབར་དྲོང་ལས་བརྟེན་ནས་བྱུང་། །ཨ་ཝ་དྷཱུ་ཏཱི་ལམ་ཞུགས་ནས། །ལྟེ་བར་མེ་འབར་ཐམས་ཅད་བསྲེགས། །དེ་ལྟར་འཁོར་ལོ་བཞི་ཀ་ཡི། །སྤྱི་བོའི་བདེ་བ་ངང་གིས་ཞུ། །འོ་མ་ལྟར་དཀར་ཐམས་ཅད་གང་། །ནོར་བུ་ཕེབས་ནས་ལྟེ་གནས་འདྲེན། །རླུང་དང་བསྟུན་ནས་ཡང་ཡང་འདྲེན། །དེ་སྟེང་ལུས་གསོ་བདེ་བ་འབྱུང་། །སྣང་བ་དགའ་བ་སྐྱེ་བའོ། །བཅུ་དྲུག་ལོག་པོ་ལྟ་བུ་འབྱུང་། །ཐ་མལ་ཟག་མེད་ཡེ་ཤེས་སྐྱེ། །སྐྱོའམ་བསམ་གཏན་གཏོང་འདོད་ན། །སྤྱི་བོར་བསྡུ་བར་འདོད་པ་ཡི། །དགའ་བྲལ་སོང་ཡང་ཉེས་མི་འགྱུར། །ཐ་མལ་ཐབས་ལས་མ་བྱུང་བས། །ཉེས་པ་ཆེན་པོ་འོང་མི་འགྱུར། །དེ་ཡང་རླུང་གི་བརྟན་ཐོབ་པ། །བྱ་བ་རུང་གི་གཞན་ནས་མིན། །ཐ་མལ་ཟག་མེད་ཐོབ་པ་ལ། །མེད་པའི་ཚིག་འདས་དེ་ཡིན་ནོ། །ཐ་མལ་གཤེགས་སུ་གསོལ་བ་དང་། །ལྷ་ཡི་ང་རྒྱལ་གནས་པར་བྱ། །སྤྱོད་པ་དགེ་བ་གང་མོས་བྱ། །དད་ཡོད་ཁྲོ་མེད་སྦྱིན་པར་བྱ། །ལུས་ངག་ཡིད་ཀྱི་བྱ་བ་ཀུན། །བདེ་བ་ཆེ་ལ་ངང་གནས་བྱ། །མ་བརྗེད་པ་ཡི་བསམ་གཏན་བསྟེན། །དེ་ལྟར་བྱས་ན་བླ་མེད་འགྱུར། །གཞོན་ནུའི་སྐུ་འཆང་འཐོབ་པར་འགྱུར། །ཚེ་འདི་དག་ལ་བདེ་བར་འགྱུར། །བདག་གིས་བསགས་པའི་ཆོ་ག་ཡིས། །འགལ་བ་མ་མཆིས་ལྷ་ལ་བཤགས། །དགེ་བའི་རྩ་བ་ཡིད་འོང་ཀུན། །ཐམས་ཅད་འཇམ་དཔལ་ཐོབ་པར་ཤོག །འཕགས་པ་འཇམ་དཔལ་རིན་པོ་ཆེའི་སྒྲུབ་ཐབས་དགེ་བསྙེན་མ་གྲགས་སྦྱིན་མས་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་བསྒྱུར་བ་རྫོགས་སོ།། །།

ངག་གི་དབང་ཕྱུག་ལ་བསྟོད་པ། བུ་མོ་བརྒྱད་ཀྱིས།

༄༅། །ངག་གི་དབང་ཕྱུག་ལ་བསྟོད་པ། །

རྒྱ་གར་སྐད་དུ། བཱ་གཱི་ཤྭ་ར་སྟོ་ཏྲ། བོད་སྐད་དུ། ངག་གི་དབང་ཕྱུག་ལ་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མས་རབ་བརྒྱན་ཅིང་། །འཇིག་རྟེན་གཏི་མུག་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཉིད་ཀྱི་མདངས་བཟང་ཚོགས་ཀྱིས་ནི། །ཟླ་བ་རྒྱས་པ་ཟིལ་གནོན་ཅིང་། །རིག་པ་རྣམ་པར་གསལ་འགྱུར་བ། །འཇམ་དཔལ་ཁྱེད་ལ་ཕྱག་འཚལ་བསྟོད། །མ་བགོས་ཟུར་ཕུད་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་ཞིང་། །ཉིད་ནི་ཀུན་ཏུ་འབར་བའི་སྐུ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་རྩི་དྲི་ཞིམ་འཇམ་ལ་ཟབ། །ཡིད་འོང་གསུང་གི་སྒྲ་སྒྲོགས་པ། །དམ་པའི་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །གང་གཱའི་ཆུ་ཐིགས་ལྟར་གྲངས་མེད། །འཇིག་རྟེན་ཁམས་ཀུན་མ་ལུས་པ། །ཉོན་མོངས་དྲི་མ་རབ་སྤངས་པའི། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །མཆེ་བ་གཙིགས་ཤིང་བསྒྱིངས་པ་ཡི། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །གཤིན་རྗེའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་སྤྱན་དང་མདངས་འདྲ་བའི། །ཨུཏྤལ་སྔོན་པོ་རབ་མཛེས་པ། །ལྷུང་བཟེད་ཕྱག་མཆོག་བསྣམས་པ་ཡི། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེར་བསྟོད་པ་སྤྱོད་པ་དང་། །འགྲོ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ་རྫོགས་སོ།། །།

དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། དགེ་སློང་མ་ཟླ་མཛེས་ཀྱིས།

༄༅། །དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་ཞེས་བྱ་བ་བཞུགས།

རྒྱ་གར་སྐད་དུ། ཤྲཱི་ཨཱརྱཱ་བ་ལོ་ཀ་ཏེ་ཤྭ་ར་སྱ་སྟུ་ཏི་ནཱ་མ། བོད་སྐད་དུ། དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་ཞེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་ཕྱག་བྱས་པ། །ཚངས་པ་མཆོག་དང་འཆི་མེད་བདག་པོས་བསྔགས་པ་སྟེ། །བསྟོད་པས་གྲུབ་པར་མཛད་པ་ཐུབ་པའི་རྒྱལ་པོ་མཆོག །སྤྱན་རས་གཟིགས་པའི་དབང་ཕྱུག་མགོན་པོ་མཆོག་གྱུར་པ། །གཟུགས་མཛེས་བདེ་བར་གཤེགས་པའི་སྲས་པོའི་ཚུལ་འཛིན་ཅིང་། །སྐུ་ཡི་མཆོག་ནི་མཚན་གྱི་མེ་ཏོག་གིས་བརྒྱན་པ། །བདེ་བར་གཤེགས་པ་འོད་དཔག་མེད་པའི་དབུ་རྒྱན་འཛིན། །གཡོན་བའི་ཕྱག་ནི་གསེར་གྱི་པདྨས་རྣམ་པར་བརྒྱན། །གཡས་པས་ཡི་དྭགས་བཀྲེས་བའི་གདུང་བ་སེལ་བར་མཛད། །དྲི་མེད་དམར་སེར་རལ་བ་གྱ་གྱུ་དུ་བ་འདྲ། །ཟླ་བའི་གཟུགས་བརྙན་ཡང་དག་རྒྱས་ཤིང་གང་འདྲའི་ཞལ། །མཆོག་ཏུ་མཛེས་པའི་སྤྱན་ནི་པདྨ་ལྟ་བུར་ཡངས། །ཁ་བ་དུང་ལྟར་རྣམ་པར་དཀར་བའི་འགྲམ་དོགས་ཅན། །ལྟེ་བའི་གནས་ནི་ཆུ་སྐྱེས་དཀར་པོ་དང་མཚུངས་ཤིང་། །སྐུ་དང་ཕྱག་མཐིལ་པདྨའི་འདབ་ལྟར་ཤིན་ཏུ་མཉེན། །གཞོན་ནུའི་ན་ཚོད་ཆགས་པའི་ཚོན་གྱིས་མ་གོས་པ། །མེ་ཏོག་ཕྲེང་བ་མང་པོའི་སྦྱོར་བས་རྣམ་པར་བརྒྱན། །ཞལ་གྱི་སྦུབས་ནས་རི་དྭགས་རྒྱལ་པོའི་ང་རོ་དང་། །སྟོན་ཀའི་ཆུ་འཛིན་འབྲུག་གི་སྤྲིན་སྒྲ་སྒྲོགས་པ་བཞིན། །ནུ་མ་གཡོན་དུ་རི་དྭགས་པགས་པས་ངེས་པར་བཀབ། །ནོར་བུས་སྤྲས་པའི་སྐ་རགས་སྐུ་ལ་འཆང་བ་སྟེ། །སྟ་ཟུར་རྣམ་པར་དཀྲིས་པའི་རས་ཀྱི་གོས་བཟང་འཛིན། །ནོར་བུའི་རྐང་གདུབ་མཛེས་པར་བརྒྱུས་པ་ཟུང་གི་ཞབས། །གླང་བོ་རྣམ་པར་རྩེན་པ་དག་དང་ངང་པའི་འགྲོས། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་འདྲ་ངོ་མཚར་གཟུགས། །དཔལ་ལྡན་པོ་ཏ་ལ་ཡི་གནས་སུ་ངེས་བཞུགས་ཏེ། །བསམ་གཏན་བཞི་ལ་མཉམ་པར་གཞག་པའི་སྤྱན་མངའ་ཞིང་། །དགའ་དང་སྙིང་རྗེའི་རང་བཞིན་གཡོ་ཞིང་མཛེས་པར་གཟིགས། །དེར་གནས་དོན་གྱི་ཕྱག་གིས་རིམས་དང་ནད་འཕྲོག་བྱེད། །དགེ་ཞིང་ཞི་བྱེད་བདེ་བ་མང་པོར་མཛད་པའི་ཕྱག །བསོད་ནམས་མང་པོ་ཉེ་བར་བསགས་པའི་ཕྱག་མཐིལ་ཅན། །སྲིད་གསུམ་མཐར་བྱེད་ས་དང་ནམ་མཁར་སྤྱོད་རྣམས་ཀྱིས། །བསྔགས་པའི་སྐུ་ནི་རྣམ་པ་སྣ་ཚོགས་མ་འཁྲུགས་ཤིང་། །འོ་མའི་ཆུ་གཏེར་རྒྱ་མཚོ་ལྟ་བུར་རྟག་ཏུ་གནས། །རྒྱལ་བའི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ཕ་མཐར་སོན། །ཕ་རོལ་ཕྱིན་བཅུ་བདུད་ཀྱི་སྟོབས་ལས་ངེས་པར་རྒྱལ། །ཚངས་པའི་གནས་བཞིས་དབེན་པར་སྤྱོད་མཛད་དམ་པའི་དོན། །གཉིས་མེད་ཡེ་ཤེས་དེ་བཞིན་ཉིད་དུ་རྣམ་སངས་རྒྱས། །བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས་དབང་བསྟོད་ཕྱག་འཚལ། དགེ་སློང་མ་ཟླ་མཛེས་ཀྱིས་བསྟོད་པ་མཛད་པ་རྫོགས་སོ།། །།

ཀུན་མཁྱེན་འཇིགས་མེད་གྲགས་པའི་བསྟོད་པ་དོན་གཉིས་ལྷུན་གྲུབ། རྗེ་བཙུན་ཆོས་ཀྱི་སྒྲོལ་མས་མཛད།

༄༅། །ཀུན་མཁྱེན་འཇིགས་མེད་གྲགས་པའི་བསྟོད་པ་དོན་གཉིས་ལྷུན་གྲུབ་བཞུགས།

དོན་གཉིས་མཐར་ཕྱིན་བླ་མ་རིན་པོ་ཆེ། །བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ལ། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས། །མཐའ་ཡས་འགྲོ་བའི་དོན་གྱི་ཕྱིར། །གྲངས་མེད་བསྐལ་པར་ཚོགས་གཉིས་བསགས། །འདྲེན་པ་མཆོག་ལ་གསོལ་བ་འདེབས། །ཡོན་ཏན་མ་ལུས་ཡོངས་རྫོགས་ཤིང་། །ཉེས་པའི་དྲི་མ་ཀུན་སྤངས་ནས། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག །སྐྱབས་མཆོག་ཁྱེད་ལ་གསོལ་བ་འདེབས། །ཐོག་མ་དབུས་མཐའ་རྣམ་པར་སྤངས། །མ་འདྲེས་གསལ་བ་ཡོངས་སུ་རྫོགས། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཡེ་ཤེས་སྐུ་ལ་གསོལ་བ་འདེབས། །རྣམ་རྟོག་ཀུན་གྱི་ཡུལ་ལས་འདས། །མཁའ་མཉམ་སྟོང་པ་སྡུག་བསྔལ་དང་། །སོ་སོ་རང་རིག་ཡེ་ཤེས་ནི། །མངོན་དུ་གྱུར་ལ་གསོལ་བ་འདེབས། །ལྟ་བས་མི་ངོམས་རྡོ་རྗེའི་སྐུ། །ལྷུན་གྲུབ་བདེ་ཆེན་སྒྱུ་མའི་སྐུ། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །རྣམ་དག་སྐུ་ལ་གསོལ་བ་འདེབས། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཟུང་འཇུག་སྐུ་ལ་གསོལ་བ་འདེབས། །མ་རིག་འཁྲུལ་པ་ལས་བྱུང་བའི། །སྙིགས་མ་འཁོར་བའི་ཆོས་འདི་རྣམས། །ཡེ་ཤེས་སྤྱན་ལྡན་མགོན་ཁྱོད་ཀྱིས། །གཟིགས་པ་སྤངས་ལ་གསོལ་བ་འདེབས། །འགྲོ་འོང་སྤྲོས་པ་ཀུན་དང་བྲལ། །ནམ་མཁའ་ལྟ་བུར་ཀུན་ཏུ་སོན། །ཀུན་ཏུ་བཟང་པོ་གསུང་གི་མཆོག །རྣམ་དག་གསུང་ལ་གསོལ་བ་འདེབས། །གཟུང་འཛིན་དྲི་མས་མ་གོས་ཤིང་། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །ནམ་མཁའ་དང་མཉམ་ཐུགས་མངའ་བ། །དམིགས་མེད་ཁྱེད་ལ་གསོལ་བ་འདེབས། །རྟག་ལྟའི་རི་བོ་ཀུན་བཅོམ་ཞིང་། །ཆད་ལྟའི་གཡང་ས་ཀུན་སྤངས་ནས། །མཉམ་པ་ཉིད་ཀྱི་གནས་ལ་འགོད། །ཐབས་མཁས་ཁྱེད་ལ་གསོལ་བ་འདེབས། །གཉིས་དང་གཉིས་ཀ་ལ་སོགས་པའི། །སྤྲོས་པའི་དྲ་བ་ཀུན་བཅད་ནས། །རྣམ་པར་མི་རྟོག་ཆོས་དབྱིངས་སུ། །གཤེགས་པ་ཁྱེད་ལ་གསོལ་བ་འདེབས། །ཆོས་ཀྱི་སྐུ་ལས་མ་གཡོས་ཤིང་། །ཏིང་འཛིན་བྱེ་བ་མཐའ་ཡས་དང་། །མངོན་ཤེས་རྫུ་འཕྲུལ་དཔག་མེད་ལ། །མངའ་བརྙེས་ཁྱོད་ལ་གསོལ་བ་འདེབས། །འོད་གསལ་ཕྱག་རྒྱ་ཆེན་པོ་ལ། །ཟུང་འཇུག་སྒྱུ་མའི་སྐུར་བཞེངས་ནས། །ཟག་མེད་བདེ་བའི་དཔལ་ལ་རོལ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཡེ་ཤེས་སྐུ་ལས་མ་གཡོས་ཀྱང་། །གདུལ་བྱའི་འགྲོ་བ་མ་ལུས་པ། །རང་རང་གཟུགས་ཀྱི་ཆོས་སྟོན་མཛད། །སྟོན་མཆོག་ཁྱེད་ལ་གསོལ་བ་འདེབས། །མགོན་པོ་ཁྱེད་ཀྱི་ཡེ་ཤེས་སྐུ། །གང་གི་མཐོང་ཐོས་དྲན་པས་ཀྱང་། །ཕན་བདེའི་འབྲས་བུ་སྩོལ་མཛད་པ། །དོན་ལྡན་ཁྱེད་ལ་གསོལ་བ་འདེབས། །ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །མཐའ་ཡས་འགྲོ་བའི་དབང་པོ་དང་། །འཚམ་པར་ཆོས་ཀྱི་འཁོར་ལོ་བསྐོར། །གསུང་མཆོག་ཁྱེད་ལ་གསོལ་བ་འདེབས། །ཁྱེད་གསུང་ཆ་ཤས་རེ་རེས་ཀྱང་། །རིགས་ཅན་གསུམ་གྱི་འགྲོ་བ་རྣམས། །སོ་སོར་བྱང་ཆུབ་གནས་ལ་འགོད། །མཚུངས་བྲལ་ཁྱེད་ལ་གསོལ་བ་འདེབས། །འགྲོ་བའི་ཁམས་དང་བསམ་པ་དང་། །དབང་པོའི་བྱེ་བྲག་ལེགས་མཁྱེན་ནས། །ཟབ་མོའི་ལམ་ལ་རིམ་གྱིས་སྦྱོར། །མཐུ་ཆེན་ཁྱེད་ལ་གསོལ་བ་འདེབས། །སྤང་རྟོགས་མ་ལུས་མཐར་ཕྱིན་ཅིང་། །དངོས་འཛིན་འཆིང་བ་ཀུན་སྤངས་ནས། །མྱ་ངན་འདའ་བཞེད་བསྟན་པ་ལ། །འཇིགས་བྲལ་ཁྱེད་ལ་གསོལ་བ་འདེབས། །ཇི་ལྟ་ཇི་སྙེད་ཆོས་རྣམས་ཀུན། །མ་ལུས་ཐུགས་སུ་ཆུད་གྱུར་པས། །རང་རང་སྐད་ཀྱིས་འགྲོ་ལ་ཆོས། །སྟོན་མཛད་ཁྱོད་ལ་གསོལ་བ་འདེབས། །རྣམ་པར་མི་རྟོག་མཐུ་ལས་ནི། །འགྲོ་ལ་འདོད་རྒུའི་དཔལ་སྟེར་ནས། །མ་དག་འཁྲུལ་པའི་དྲི་མ་ནི། །ཆ་ཙམ་སྤངས་ལ་གསོལ་བ་འདེབས། །ཚེ་དང་སེམས་དང་ཡོ་བྱད་དང་། །ལས་དང་སྐྱེ་བ་མོས་པ་ཡིས། །སྨོན་ལམ་ཡེ་ཤེས་རྫུ་འཕྲུལ་ཆོས། །དབང་ལྡན་ཁྱེད་ལ་གསོལ་བ་འདེབས། །གཉིས་མེད་ཡེ་ཤེས་དོན་རྟོགས་པའི། །ཡང་དག་ཤེས་རབ་རལ་གྲི་ཡིས། །བདུད་བཞི་ལྷག་མ་མེད་པར་ནི། །འཇོམས་མཛད་ཁྱེད་ལ་གསོལ་བ་འདེབས། །འདས་དང་མ་འོངས་དུས་གསུམ་གྱི། །ཆོས་ཀུན་མངོན་སུམ་གཟིགས་གྱུར་པས། །འཕྲིན་ལས་རྣམ་བཞིའི་འགྲོ་བ་ཀུན། །དུས་གསུམ་སྨིན་ལ་གསོལ་བ་འདེབས། །མདོར་ན་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་མ་ལུས་གཅིག་འདུས་པའི། །བླ་མའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་ཐུགས་རྗེ་ཆེན་པོའི་མཐུས། །བདག་སོགས་དམན་པའི་གང་ཟག་ལ། །རྨད་བྱུང་མཛད་པའི་འཕྲིན་ལས་ནི། །སྣ་ཚོགས་སྟོན་ལ་ཕྱག་འཚལ་ལོ། །ཁྱོད་ཉིད་བྱིས་པའི་དུས་ན་ཡང་། །འགྲོ་མང་སྡུག་བསྔལ་སེལ་མཛད་ཅིང་། །འོད་གསལ་ཕྱག་རྒྱ་ཆེན་པོ་ལས། །གཡོ་བ་མེད་ལ་གསོལ་བ་འདེབས། །གཞོན་ནུའི་དུས་ནས་ཉིན་མཚན་དང་། །འཁོར་འདས་བླང་དོར་བྱ་བྱེད་ཀུན། །མཉམ་པ་ཉིད་དུ་ཐུགས་ཆུད་པའི། །དམ་པ་ཁྱེད་ལ་གསོལ་བ་འདེབས། །བཟོ་དང་གསོ་བ་སྒྲ་ཚད་དང་། །མདོ་སྔགས་ཤེས་བྱའི་དེ་ཉིད་ཀུན། །མ་ལུས་ཐུགས་སུ་ཆུད་གྱུར་པའི། །ཀུན་མཁྱེན་ཁྱོད་ལ་གསོལ་བ་འདེབས། །འགྲོ་ལ་ཕན་བདེ་བསྒྲུབ་པའི་ཕྱིར། །རྒྱལ་བའི་བསྟན་པར་ཁུར་བཞེས་ནས། །འཆད་རྩོད་རྩོམ་པས་ཉིན་མཚན་འདའ། །ཕན་དགོངས་ཁྱེད་ལ་གསོལ་བ་འདེབས། །ཁྱེད་ཀྱི་སྔོན་མེད་ལེགས་བཤད་ཀྱི། །ཆ་ཤས་རེས་ཀྱང་འགྲོ་བ་ལ། །དགོས་འདོད་ཐམས་ཅད་སྩོལ་མཛད་པའི། །སྐྱེ་མཆོག་ཁྱོད་ལ་གསོལ་བ་འདེབས། །མགོན་ཁྱོད་ཐུགས་རྗེའི་བྱིན་རླབས་ཀྱིས། །གསུང་གི་བྱ་བ་མ་མཛད་ཀྱང་། །སྐལ་ལྡན་འགའ་ཡིས་ཟབ་མོའི་དོན། །མ་ལུས་རྟོགས་ལ་གསོལ་བ་འདེབས། །གྲུབ་མཐའི་ཕ་རོལ་མཐར་སོན་ཅིང་། །ཟབ་མོའི་དེ་ཉིད་འབྱེད་པའི་ཚེ། །རང་གཞན་རྒོལ་བ་མ་ལུས་པའི། །ཀླན་ཀ་སྤངས་ལ་གསོལ་བ་འདེབས། །དངོས་འཛིན་ཆང་གིས་རབ་མྱོས་པའི། །མཁས་རློམ་ཀུན་གྱི་སྤྱི་བོ་ལ། །ཁྱེད་ཞབས་པདྨའི་གོམ་པ་འགོད། །བླ་མེད་ཁྱེད་ལ་གསོལ་བ་འདེབས། །ཁྱེད་ཀྱི་དྲི་མ་རིག་པ་ཡིས། །ས་གསུམ་མ་ལུས་འདར་བྱེད་ཅིང་། །བདུད་དང་ཕྱིར་རྒོལ་མ་ལུས་པ། །ཕམ་མཛད་ཁྱེད་ལ་གསོལ་བ་འདེབས། །རྡོ་རྗེ་སེམས་སོགས་རྒྱལ་བ་དང་། །རྒྱལ་སྲས་མཁས་གྲུབ་མཐའ་ཡས་ཀྱིས། །དེ་ཉིད་འདུས་པའི་རྒྱ་མཚོ་ཆེ། །ཡང་ཡང་རྩོམ་པར་བསྐུལ་ལ་འདུད། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་མཛོད། །མདོ་སྔགས་བསྟན་པའི་སྙིང་པོ་མཆོག །ཟབ་ཅིང་རྒྱ་ཆེ་དེ་ཉིད་ཀུན། །འདུས་པ་ཁྱོད་ལ་གསོལ་བ་འདེབས། །མན་ངག་འབུམ་གྱི་ཆུ་ཀླུང་འབབ། །ཟབ་གསལ་ནོར་བུའི་ཚོགས་ཀྱིས་གཏམས། །ལེགས་བཤད་པད་དཀར་འཕྲེང་བ་ཅན། །དབང་འབྱོར་ཁྱོད་ལ་གསོལ་བ་འདེབས། །སྟོང་པའི་ཁ་དོག་གིས་འཇིགས་ཤིང་། །རིག་པའི་འཁུན་སྒྲས་ས་ཕྱོགས་འགེང་། །བྱམས་པའི་རྦ་རླབས་ཆེར་གཡོ་བ། །མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །སྒོ་བཞི་གནས་ལྔའི་རིམ་ཕྱེད་དང་། །ལེའུ་རྣམ་ངེས་ཆོས་མཚམས་ཀྱིས། །ཕྱི་ནང་གཞན་གསུམ་དབྱེར་མེད་པར། །སྟོན་མཛད་ཁྱོད་ལ་གསོལ་བ་འདེབས། །ཁྱོད་ཀྱི་མཁྱེན་པའི་གཏིང་མཐའ་ནི། །རྒྱལ་བས་ཀྱང་ནི་དཔག་དཀའ་ན། །རྒྱལ་སྲས་ཉན་རང་ཚོགས་རྣམས་ཀྱི། །བསམ་མི་ཁྱབ་ལ་གསོལ་བ་འདེབས། །སྐྱེ་འཆི་མེད་པའི་གནས་མཐོང་ནས། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །སྒྱུ་མའི་གར་གྱིས་རྟག་ཏུ་རོལ། །ལྷུན་འགྲུབ་ཁྱོད་ལ་གསོལ་བ་འདེབས། །བསྐྱེད་པའི་རིམ་པ་མཐར་ཕྱིན་ཅིང་། །རྩ་རླུང་སེམས་ལ་དབང་ཐོབ་ནས། །ཟུང་འཇུག་ལམ་ལ་མངའ་བརྙེས་པའི། །སྒྲུབ་ཆེན་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བ་མ་ལུས་མངོན་སུམ་གཟིགས། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །བསྟན་སྲུང་རྒྱ་མཚོ་བྲན་དུ་འཁོལ། །སྔགས་འཆང་ཁྱོད་ལ་གསོལ་བ་འདེབས། །སྐལ་དམན་འགྲོ་བའི་དོན་གྱི་ཕྱིར། །ཁྱོད་ནི་སྙུང་ཚུལ་བསྟན་པའི་ཚེ། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ཀྱིས། །བསྙུན་གསོལ་ཁྱོད་ལ་གསོལ་བ་འདེབས། །འདུས་པའི་རྒྱ་མཚོར་མ་ཕྱིན་པར། །ང་ནི་མྱ་ངན་མི་འདའ་ཞེས། །བདུད་དཔུང་འཇོམས་པའི་དྲིལ་ཆེན་ནི། །ཡང་ཡང་སྒྲོག་ལ་གསོལ་བ་འདེབས། །མཁྱེན་བརྩེའི་མངའ་བདག་འཇམ་པའི་དབྱངས། །རྣལ་འབྱོར་དབང་ཕྱུག་ཟླ་བའི་ཞབས། །རྗེ་བཙུན་དབྱངས་ཅན་དགའ་བའི་དཔལ། །དབྱེར་མེད་ཁྱོད་ལ་གསོལ་བ་འདེབས། །མགོན་ཁྱོད་གཞན་དོན་གཤེགས་པའི་ཚེ། །དྲི་བཟང་མེ་ཏོག་སྣ་ཚོགས་དང་། །འཇའ་དང་འོད་ཀྱི་ནམ་མཁའ་ནི། །མ་ལུས་ཁྱབ་ལ་གསོལ་བ་འདེབས། །དག་པའི་གདུལ་བྱ་འགའ་ཞིག་ལ། །རྣམ་པར་སྣང་མཛད་དཀྱིལ་འཁོར་དུ། །ང་ནི་མངོན་པར་འཚང་རྒྱ་ཞེས། །ལུང་བསྟན་ཁྱོད་ལ་གསོལ་བ་འདེབས། །ལམ་བཞིའི་རིམ་པ་མཐར་ཕྱིན་ཅིང་། །གྲུབ་མཐའ་བཞི་ཡི་འགྲོས་ཐིམས་པས། །རང་བྱུང་ཡེ་ཤེས་དྭངས་མ་ནི། །གྱེན་དུ་རྫོགས་ལ་གསོལ་བ་འདེབས། །སྐྱེ་རྒུའི་གཙུག་རྒྱན་ཆོས་ཀྱི་རྗེ། །ཉམ་ཐག་རྣམས་ཀྱི་མགོན་གཅིག་པུ། །གདུང་བའི་ཡིད་ཀྱིས་གསོལ་འདེབས་ཀྱི། །སྤྱི་བོའི་གཙུག་ཏུ་རྟག་བཞུགས་གསོལ། །

དཔལ་ཐམས་ཅད་མཁྱེན་པ་འཇིགས་མེད་གྲགས་པའི་བསྟོད་པ་དོན་གཉིས་ལྷུན་འགྲུབ་ཅེས་པ་འདི་ཉིད་ནི་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ་རྗེ་བཙུན་ཆོས་ཀྱི་སྒྲོན་མས་མཛད་པའོ།། །།

རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ། རྗེ་བཙུན་མ་ཧི་མས་མཛད།

༄༅། །རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་ཞེས་བྱ་བ་བཞུགས།

རྒྱ་གར་སྐད་དུ། ཏུ་ལ་ལོ་ཀཱནཱ་ཐ་སཱ་དྷ་ན་ཨཱ་ལོ་ཀ་ནཱ་མ། བོད་སྐད་དུ། རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །རི་བོའི་མཆོག་ལ་རབ་ཏུ་རེག །སྔགས་ཀྱི་གཟུགས་ཀྱིས་རབ་ཏུ་ཤར། །དྲི་མེད་འོད་ཟེར་སྣང་བར་མཛད། །རང་བདག་དེ་ཉིད་འཕྲོ་བ་ཡི། །མ་ལུས་རིགས་ཚོགས་རྣམ་པ་ཅན། །སྲིད་པ་ཞི་མཛད་འཇིག་རྟེན་དབང་། །ནམ་མཁའ་ཡི་ནི་ཉི་མ་སྟེ། །འོད་ཟེར་རབ་དམར་རྒྱལ་གྱུར་ཅིག །གཉིས་མེད་སྣང་བ་སྔགས་ཀྱི་བདག །ཟབ་ཅིང་རྒྱ་ཆེའི་ཚུལ་དང་ལྡན། །རིགས་དང་རིགས་བྱུང་རྣམ་གྲངས་ཀྱིས། །གདུལ་དཀའ་རྣམས་ནི་རྣམ་པར་གདུལ། །གང་དེའི་རྗེས་མཆོག་བདག་ཉིད་ཀྱིས། །རིག་ནས་ཁྱབ་བདག་རྣམས་ཀྱིས་གསལ། །མ་ལུས་སེམས་ཅན་ཚོགས་རྣམས་ལ། །རྣམ་པར་དག་པས་ཚིམ་མཛད་པ། །སྔགས་ཆེན་སྙིང་པོའི་ཚུལ་འཛིན་པའི། །བླ་མ་དེ་ནི་རྒྱལ་གྱུར་ཅིག །དཔལ་ལྡན་རྗེ་བཙུན་བྷྲངྒ་རས། །ཡང་དག་བདུད་རྩི་ཆ་རྟོགས་ནས། །དེ་མཁྱེན་རྗེས་རྟོགས་ལས་བྱུང་བའི། །གསུང་གིས་ཡོངས་སུ་ལེགས་པར་འགྲོ། །དཔལ་ལྡན་འཇིག་རྟེན་རིགས་དབང་སྒྲས། །དེ་ཉིད་བརྒྱད་ཅུ་རྩ་ལྔ་མཆོག །དེ་དོན་རྣམ་འགྲེལ་རབ་ཏུ་གསལ། །དེ་ཉིད་གསུམ་གྱི་རིམ་པ་སྦྱོར། །རང་གི་རྗེས་རྟོགས་སྣང་བ་ཡིས། །སྒྲུབ་ཐབས་སྣང་བ་བདག་གིས་བརྗོད། །དང་པོར་པདྨའི་རིགས་དོན་ཤེས། །སློབ་མའི་གང་ཟག་རྣམ་པར་བརྟག །འཇིག་རྟེན་སྤྱོད་པ་རྣམ་སྤངས་ཤིང་། །སེམས་ཉིད་དག་པས་མཉམ་བཞག་པ། །བླ་མ་དམ་པའི་མན་ངག་ཐོབ། །ཏིང་འཛིན་བདེ་བ་ཕུན་སུམ་ཚོགས། །ཤིན་ཏུ་བདེ་བའི་ངོ་བོ་ཉིད། །བག་ཆགས་དང་ནི་ཆགས་པ་སྤངས། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཤེས། །བརྩེ་བའི་བདུད་རྩིས་ཡོངས་སུ་གང་། །དེ་འདིར་འཇིག་རྟེན་དབང་ཕྱུག་གིས། །ཚུལ་ལྡན་པདྨའི་རིགས་ལས་བྱུང་། །འདི་ཡིས་སྤོབས་པ་རབ་ཐོབ་ནས། །སྒྲུབ་པ་པོ་ཡིས་དབེན་པའི་ཕྱོགས། །འཇིག་རྟེན་རིགས་དབང་བདག་ཉིད་ཀྱི། །མཚུངས་མེད་སྔགས་ནི་བརྩམ་པར་བྱ། །སྔོན་དུ་ཐུགས་ཀར་ཆུ་སྐྱེས་དམར། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ཉིད་ཀྱི་ས་བོན་ལས་བྱུང་བའི། །རིགས་ལྔ་འོད་ཟེར་རབ་འཕྲོ་བར། །བསྒོམ་བྱ་དེ་འོད་སྣང་བ་ཡིས། །སྐུ་ལ་སོགས་པ་རྗེས་སུ་དྲན། །དེ་ནས་ཐུགས་པད་ལས་བྱུང་བའི། །བ་སྤུའི་ཁུང་ནས་འོད་འཕྲོས་པས། །འོད་ཟེར་ནམ་མཁའི་ཁམས་སུ་གནས། །མཐའ་ཡས་རྒྱལ་བ་རྣམ་བལྟ་ཞིང་། །བླ་མ་ཡི་དམ་དཀྱིལ་འཁོར་ལ། །དེ་མཆོད་འོད་ཟེར་ལྷ་རྣམས་ནི། །སྤྲོ་བྱ་དེ་ཡིས་ཀུན་ནས་གང་། །གུས་པས་ཐལ་མོ་སྦྱར་བར་བྱ། །དཀོན་མཆོག་གསུམ་ལ་བདག་སོགས་ཞེས། །ཚིགས་བཅད་དམ་པ་ལན་གསུམ་བརྗོད། །དེ་ནས་སེམས་ཅན་ལ་ཕན་བྱམས། །གཞན་དོན་ངེས་དགའ་སྙིང་རྗེ་དང་། །འགྲོ་རྣམས་བདེ་ཕྱིར་དགའ་བ་དང་། །འགྲོ་བའི་སྐྱོན་ལ་བཏང་སྙོམས་བསྟེན། །རང་ཉིད་བྱིན་ས་འདི་ཀུན་ལ། །མཁས་པས་བསམ་པར་མི་བྱའོ། །ཕྱི་རོལ་དུ་ནི་དེ་མི་འཐོབ། །སད་དང་རྨི་ལམ་ཉམས་མྱོང་ལས། །བག་ཆགས་ས་བོན་འབའ་ཞིག་གིས། །འདུ་བྱེད་ཁམས་གསུམ་འགྲོ་བར་བྱེད། །སོ་སོར་སྣང་བ་རྣམ་སྤང་ནི། །སེམས་ལ་དེ་བཞིན་གསལ་བ་མིན། །དེ་ཕྱིར་བདེན་མེད་གྱུར་པ་ཡིས། །འགྲོ་བ་འདི་རྣམས་རང་བཞིན་མེད། །སྲིད་གསུམ་གནས་ཀྱི་སྒྲིབ་ཀུན་ལས། །ངེས་པར་གྲོལ་བར་བསྒོམ་པར་བྱ། །ཉི་མས་མུན་པ་ངེས་བཅོམ་ལྟར། །དྲི་མེད་ནང་དུ་རྣམ་པར་བལྟ། །བྱང་ཆུབ་སེམས་ནི་གསལ་བྱས་ནས། །བྱང་ཆུབ་སྐུ་ནི་རབ་ཏུ་འཐོབ། །མ་རིག་ལས་སྐྱེས་ང་རྒྱལ་དང་། །དེ་སྐྱེས་ཕུང་པོ་དེ་བདག་ཉིད། །ཡང་དག་སྤྱད་པར་བྱ་བའི་ཕྱིར། །གང་ལ་སྔགས་ནི་བརྗོད་པར་བྱ། །མཚམས་སྦྱོར་ལུང་བསྟན་ལས་གསུངས་པའི། །རིགས་དྲུག་པ་ཡི་རང་བཞིན་ཉིད། །ཚིག་དྲུག་བ་ཡི་སྔགས་འདི་ཡིས། །དེ་ནི་བྲི་བར་ཤེས་བྱ་སྟེ། །དང་པོ་འདི་ལ་ཨོཾ་ཞེས་གཅིག །སྟོང་པ་ཉིད་ནི་གཉིས་པ་སྟེ། །གསུམ་པ་ཡེ་ཤེས་ཞེས་གསུངས་ཏེ། །བཞི་པ་ལ་ནི་རྡོ་རྗེ་ཞེས། །ལྔ་པ་རང་བཞིན་ཉིད་དུ་བཤད། །དྲུག་པ་ང་རྒྱལ་ཉིད་དུ་བརྗོད། །དེ་ནས་བག་ཆགས་ས་བོན་ལས། །སངས་རྒྱས་ཉིད་ཀྱི་འབྲས་བུར་སྒྲུབ། །སྔགས་པས་གཉིས་མེད་ཡིད་དེ་ཡིས། །ཁམས་གསུམ་པོ་ནི་རྟོགས་པར་བྱ། །སྒྱུ་མའི་སྤྲུལ་པ་དཔག་མེད་རྣམས། །ཕྱི་རོལ་དུ་ནི་དམིགས་པར་བྱ། །པད་ཉིའི་དཀྱིལ་འཁོར་ས་བོན་ལས། །སྐྱེས་ཤིང་བྲོ་བོའི་འོད་ཟེར་འགྱེད། །བགེགས་ལ་བསྒོ་ཞིང་དེ་ནས་ནི། །དེ་ཡི་དབུས་ལ་རྡོ་རྗེའི་གུར། །ནམ་མཁའི་དབྱིངས་སུ་ཤིན་ཏུ་དཀར། །སྟེང་དུ་ས་བོན་ལས་སྐྱེས་པའི། །ཆུ་སྐྱེས་དམར་པོའི་ཟེའུ་འབྲུ་བཞིན། །བརྩེ་བས་ཆགས་ཤིང་འོད་དམར་གསལ། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བདག །ཧྲཱིཾ་གི་ས་བོན་འོད་ལྕགས་ཀྱུས། །རང་ཉིད་བསྒོམ་ཞིང་བསམ་པར་བྱ། །བསམ་གཏན་རང་བཞིན་ཡང་དག་ལྡན། །སྐད་ཅིག་ཉིད་ཀྱིས་རྫོགས་བྱང་ཆུབ། །གཟུགས་ལས་ཞལ་ནི་གཅིག་གྱུར་པ། །རྡོ་རྗེ་གསུམ་གྱི་ཐབས་ཐོབ་ཕྱིར། །དེ་ཉིད་གསུམ་དང་ཡང་དག་ལྡན། །འགྲོ་བ་གསུམ་ཟད་སྙིང་ཁ་མིག །སྔགས་གསུམ་ས་བོན་དགོད་པར་བྱ། །གང་ལས་སྤྱན་ནི་གསུམ་གྱུར་པ། །འོད་དཔག་མེད་ཀྱིས་དབུ་བརྒྱན་པ། །ཞི་བ་ལ་སོགས་ལས་མཛད་ཅིང་། །རོལ་པ་ལས་ནི་ལྷ་ཡི་མཆོག །བདུད་བཞིའི་དགྲ་ནི་འདུལ་མཛད་ལས། །ཕྱག་ནི་བཞི་ཡིས་རྣམ་པར་བརྒྱན། །དམ་ཆོས་བདུད་རྩི་སྦྱིན་པའི་ཕྱིར། །ཕྱག་ན་རིན་ཆེན་རབ་ཏུ་བརྐྱང་། །གདུག་པ་འགུགས་ཕྱིར་ཕྱག་གཡས་ན། །པདྨ་ལྕགས་ཀྱུ་གྱེན་དུ་འཕྱར། །པདྨའི་ཕྱག་དང་ཞགས་པས་མཚན། །ཕྱག་རྒྱ་གཅིག་སྦྱོར་རྒྱ་ཡིས་གདབ། །གྲོལ་བ་ནོར་བུའི་དཔལ་གྱིས་འཁྱུད། །མུ་ཏིག་ནོར་བུས་རྣམ་པར་བརྒྱན། །རྫོགས་པའི་བྱང་ཆུབ་བརྟན་པ་ཐོབ། །སེམས་དཔའི་སྐྱིལ་ཀྲུང་ལེགས་པར་བཞུགས། །ཕྱག་རྒྱའི་པདྨ་མཉམ་སྦྱོར་ལས། །འདོད་ལྷ་དང་མཚུངས་གཟི་བརྗིད་དང་། །སྒེག་པའི་ཉམས་ལས་སྐྱེས་པའི་ཕྱིར། །རྣལ་འབྱོར་མ་རྣམས་ཐུགས་ནི་དགའ། །དངོས་ཀུན་གཅིག་གི་གཟུགས་ཉིད་ཕྱིར། །སྣ་ཚོགས་གཟུགས་ཀྱི་སྐུ་འཛིན་པ། །ཉོན་མོངས་ཆེན་པོའི་དགྲ་འཇོམས་པའི། །དཔའ་བོའི་དབང་ཕྱུག་འཇིགས་ཆེན་པོ། །རྣལ་འབྱོར་མ་རྣམས་ཡེ་ཤེས་ཆུས། །དབང་བསྐུར་དེ་ཡི་སྟེང་དུ་གང་། །སྙིང་ཁའི་ས་བོན་ལྕགས་ཀྱུ་ཡིས། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །དེ་བཞིན་ཡེ་ཤེས་གཅིག་གནས་པའི། །སྔགས་ཀྱི་དེ་ཉིད་རབ་གསལ་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རང་བཞིན་བྲལ་ཞིང་མཚན་ཉིད་གཅིག །ཟབ་དང་བརླིང་པའི་བཀོད་པ་རྣམས། །བླ་མའི་ཞལ་གྱིས་བརྗོད་པར་བྱ། །དེར་གྱུར་མཆོག་གི་ངག་གཟུགས་རྣམས། །སྲོག་གི་ཤིང་རྟ་སྟེང་དུ་འགྲོ། །ཀུན་རྫོབ་དོན་གྱི་བྱ་བྱེད་རྣམས། །ཡི་གེའི་རྣམ་པ་ཉིད་ལས་ཐོབ། །ཧ་ཡིག་མཐའ་ལ་ཆོག་དྲག་བཅས། །རི་གཅིག་གཞན་ནི་ཧ་ཡུ་དང་། །རྫས་གསུམ་ས་བོན་གསུམ་པོ་ནི། །བརྒྱད་ཅུ་ལྔ་ལས་བསྡུ་བ་གསུངས། །བསྐྱེད་པའི་རིམ་པ་འདི་ཡིས་ནི། །རང་ལུས་ལྷ་སྐུའི་བདག་ཉིད་དོ། །ལྷ་དང་སྔགས་དང་དབྱེར་མེད་ཅིང་། །སྔགས་ཀྱི་དེ་ཉིད་བསམ་གཏན་བྱ། །དེ་ཡི་མཐའ་ལ་དེ་བརྔ་ཡི། །གནས་ལ་ལྷ་ཡི་སྐུ་རུ་བསྒོམ། །བླ་མའི་མན་ངག་བཀའ་སྩལ་གསུངས། །བདག་གིས་དེ་ཉིད་རྗེས་སུ་མྱོང་། །སྔགས་དང་ཕྱག་རྒྱའི་སྐུ་ལ་འཁྱུད། །དང་པོར་མཚན་ཉིད་དེ་བཞིན་སྒྲུབ། །གཉིས་གསུམ་གཞན་དག་དེ་སྤངས་ནས། །བདེ་ཆེན་དེ་ལ་ཀུན་ཁྱད་འཕགས། །དེ་བཞིན་ལྟེ་བའི་པད་མཐར་ཡང་། །སྐུ་གསུང་ཐུགས་རྣམས་གསལ་བ་ཡིས། །གཟུང་དང་འཛིན་པའི་རྟོག་པ་ཡི། །མཚན་མ་རྣམས་ཀྱིས་མ་མཚན་པ། །དེ་ཐོབ་རོ་གཅིག་ཉམས་མྱོང་གནས། །སྙིང་ཁའི་འཁོར་ལོའི་དབུས་སུ་འགྲོ། །བསྒོམ་བྱའི་མཆོག་གི་ཕ་རོལ་ཕྱིན། །ཟླ་བ་ཁུ་བའི་འོད་རབ་གསལ། །དེ་མཐར་ལོངས་སྤྱོད་རྫོགས་པ་ཐོབ། །གསལ་བར་ཐོབ་པ་ཁུ་བའི་བདག །བདེ་ཆེན་གནས་སུ་འགྲོ་བར་བྱེད། །ནམ་མཁའི་ཕྱག་རྒྱ་མཆོག་ལ་བརྟེན། །ལན་ཅིག་སྐྱེས་ཆེན་གནས་ཞི་བའི། །རང་གི་དོན་ནི་ཡང་དག་རིག །ཟག་པ་ཀུན་ལས་རྣམ་པར་གྲོལ། །དཔེར་ན་སྤྲིན་མེད་ནམ་མཁའ་བཞིན། །དེ་ནས་སྨོན་ལམ་གདབ་བྱ་གང་། །གཞན་གྱི་དོན་དུ་རབ་ཏུ་གྲགས། །དེ་ཡི་རང་བཞིན་ཀུན་རྫོབ་ཀྱི། །སྔགས་ཀུན་ཡིད་ཀྱིས་བཟླས་པར་བྱ། །བདག་མེད་ཆེན་པོ་དེ་ཉིད་མཆོག །ཕུང་པོའི་བུད་ཤིང་ཡང་དག་སྲེག །ཆགས་སོགས་ས་བོན་སྦྱིན་བསྲེག་བྱ། །ཕྱི་རོལ་ཚོགས་ཀྱང་སྦྱོར་བ་ལས། །པདྨའི་ཕྱག་རྒྱ་ནམ་མཁའ་ཡི། །ཕྱག་རྒྱ་རྣམ་རྒྱས་འོད་རང་གསལ། །འཇིག་རྟེན་དབང་ཕྱུག་སྣང་བ་ནི། །ཤེས་བྱ་སྤྱོད་ལམ་གཏོར་མ་བཏང་། །བདག་གི་དེ་ཉིད་ཅེས་བཤད་པ། །བསྐྱེད་པའི་རིམ་པ་སྦྱོར་བ་ལས། །དེ་ཡི་དེ་ཉིད་གོམས་བསྟན་ནས། །སྣ་ཚོགས་པ་ཡི་རྐྱེན་ནི་མཐོང་། །འདི་ནི་རིགས་ལྔའི་རྣམ་པ་ཡི། །མངོན་རྫོགས་བྱང་ཆུབ་བསྒོམ་པར་བྱ། །རིག་པ་ཉིད་དུ་གསུངས་པ་ཡང་། །ད་ནི་ལྷ་ཡི་དེ་ཉིད་བརྗོད། །རིན་ཆེན་ཆེན་པོའི་ཡོན་ཏན་ཁྱིམ། །ཡེ་ཤེས་ཡིད་བཞིན་ནོར་བུ་གསལ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་སྐུ། །འོད་ཟེར་ཁ་དོག་རྣམ་ལྔ་བརྟེན། །ཞི་བའི་དོན་གསུངས་བྱང་ཆུབ་ནི། །རྣམ་སྣང་དཀར་པོ་འོད་དང་ལྡན། །བདག་ཉིད་གསུང་པ་རང་བཞིན་མེད། །གཏི་མུག་ཆེན་པོའི་རིགས་ཀྱི་བདག །དབང་དགུག་དག་ལ་དམར་པོ་སྟེ། །འོད་དཔག་མེད་དང་མཚུངས་པའི་འོད། །སེམས་ཅན་དྲང་ཕྱིར་སྙིང་རྗེ་ཅན། །འདོད་ཆགས་ཆེན་པོའི་རིགས་ཀྱི་བདག ། སྔོ་སེར་དམར་བ་ཞེ་སྡང་སྟེ། །དོན་ཡོད་གྲུབ་པ་དང་མཚུངས་འབར། །བདག་གིས་དེ་ཉིད་བྱས་ནས་ནི། །རྣམ་པར་ཞེ་སྡང་སྐྱེ་བོ་འགུགས། །སེམས་ཅན་དོན་ཕྱིར་རྒྱ་ཆེན་ཉིད། །ཕྲག་དོག་ཆེན་པོའི་རིགས་ཀྱི་བདག །བདུད་དགྲ་འཇོམས་པ་ནག་པོ་སྟེ། །མི་བསྐྱོད་པ་ནི་ནམ་མཁར་གནས། །འཁོར་བའི་རྩ་དོན་སྤྲོ་བ་ཡི། །ཞེ་སྡང་ཆེན་པོའི་རིགས་བདག་ཉིད། །མཐོ་རིས་ལ་སོགས་རེངས་བྱེད་སེར། །རིན་ཆེན་འབྱུང་ལྡན་དང་མཚུངས་སོ། །ཕྱག་རྒྱ་རྣམས་བརྟེན་གཞན་དོན་གྱིས། །ང་རྒྱལ་ཆེན་པོའི་རིགས་ཀྱི་བདག །དེ་བཞིན་ཁྱོད་ཀྱིས་དགའ་བ་ཆེ། །ཡེ་ཤེས་ལྔ་ཡི་རྣམ་དབྱེའོ། །དེ་ནི་དག་པའི་གཞི་ལ་བྲི། །རིགས་དང་ཁ་དོག་ཉམས་དང་ལྡན། །ཕྱག་མདོག་དབུ་རྒྱན་ཕུན་སུམ་ཚོགས། །སྔོན་བཞིན་མཚན་མ་བསྟེན་ལ་བརྟེན། །རིགས་ཀྱི་འཇིག་རྟེན་དབང་ཕྱུག་བདག །གང་གི་ལས་ཀུན་འདི་ཡིས་སོ། །བརྒྱད་ཅུ་ལྔ་གསལ་འཁྲི་ཤིང་འབྲས། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་སྤྱོད། །དེ་ཕྱིར་གཅིག་ཏུ་བསམ་གཏན་དགའ། །རྣལ་འབྱོར་རོལ་བས་ཀུན་ཏུ་ཆགས། །བླ་མར་གུས་པའི་ཁུར་གྱིས་བཀུར། །དེ་ཤེས་དེ་བཞིན་རབ་གསལ་བྱ། །བླ་མ་དང་ནི་སློབ་མ་དག །གཞན་དུ་དམ་ཚིག་ཉམས་པར་འགྱུར། །འདི་ནི་མ་ཧི་མ་ཞེས་པའི། །བསྒོམ་པ་གོམས་པའི་གསུང་གིས་བྲིས། །འདིར་བསྡུས་མཛེས་པར་གྱུར་པ་ཡིས། །བླ་མ་ལས་འོང་ཐོབ་པ་ཡིས། །རྒྱལ་བའི་ཚུལ་གྱིས་རིགས་དེ་ཉིད། །རང་གིས་རྗེས་མྱོང་གཅིག་ཏུ་རིགས། །འཇིག་རྟེན་མཐའ་དག་དེ་ཡིས་ནི། །རྫོགས་པའི་བྱང་ཆུབ་མཆོག་ཐོབ་ཤོག །དཔལ་ལྡན་རྗེ་བཙུན་རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་རྗེ་བཙུན་མ་ཧི་མས་མཛད་པ་རྫོགས་སོ།། །།

དགེ་སློང་མ་དཔལ་མོའི་གསུང་འབུམ།

ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འགྲེལ།

༄༅། །ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འགྲེལ་ཞེས་བྱ་བ།

རྒྱ་གར་སྐད་དུ། ས་ཧ་ཛ་སིདྡྷི་བདྠ་ཏི་ན་མ། བོད་སྐད་དུ། ལྷན་ཅིག་སྐྱེས་གྲུབ་ཀྱི་གཞུང་འགྲེལ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དྲི་མེད་ཆོས་འབྱུང་གཙང་བའི་གནས་མཆོག་ཉམས་དགའ་བར། །ཕུང་པོ་ལ་སོགས་བདུད་རྣམས་བཞི་པོ་མི་འཇུག་ཕྱིར། །ཚད་མེད་བཞི་ཡི་སྒོ་གླེགས་ལེགས་པར་གཏམས་མཛད་ནས། །འདྲེན་པ་གང་ཞུགས་དེ་རྣམས་ལ་ནི་བདག་ཕྱག་འཚལ། །སྐྱེས་མཆོག་དེ་རྣམས་ཞབས་ལ་ཕྱག་བྱས་ནས། །འགྲོ་བས་ལྷན་ཅིག་སྐྱེས་རྟོགས་མེད་པའི་ཕྱིར། །དྲི་མེད་ལྷན་ཅིག་སྐྱེས་པའི་གཞུང་འགྲེལ་འདི། །འགྲོ་ལ་ཕན་ཕྱིར་དཔལ་མོ་བདག་གིས་བྲིས། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་སྐྱེས་པའི་རང་བཞིན་ལས་ཁ་ཕྱིར་ཕྱོགས་པར་གྱུར་པའི་དབང་གིས་འཛམ་བུའི་གླིང་པའི་སྐྱེ་བོ་རྣམས་སྡིག་པའི་ལས་ལ་གཞོལ་བར་འགྱུར་ཏེ། དེ་ཡང་དགོངས་པ་ལུང་སྟོན་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཇི་སྐད་དུ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བའི་བདག་པོ་དོན་རྒྱས་ཚུལ། །ཚུལ་ཆེན་འདི་ནི་རྙེད་གྱུར་ན། །ཇི་བཞིན་དོན་རྙེད་མ་བཟུང་བས། །དེ་ཕྱིར་ལམ་ངན་དག་ཏུ་ལྟུང་། །རྟག་པར་མངོན་པའི་ང་རྒྱལ་ལ། །རབ་ཏུ་དགའ་དང་ལྡན་པ་ཡིས། །རྣལ་འབྱོར་པ་རྣམས་བདག་ཅེས་སྨྲ། །ཆོས་ནི་གཡོ་ཡིས་བྱེད་གྱུར་ལ། །དེས་ནི་འདུས་པ་མི་ཤེས་པར། །དམ་ཚིག་ལ་སོགས་སྤྱོད་བྱེད་པ། །གསང་བ་གསུང་པར་མི་བྱེད་ཅིང་། །ཐམས་ཅད་དུ་ནི་རབ་ཏུ་སྟོན། །མངོན་སུམ་སངས་རྒྱས་དང་འདྲ་བའི། །སློབ་དཔོན་ལ་སྨོད་བཀུར་མི་བྱེད། །སྐད་ཅིག་ཙམ་གྱིས་ཁོང་ཁྲོ་ཞིང་། །དེ་བཞིན་སྐད་ཅིག་གིས་རྗེས་ཆགས། །མ་དང་སྲིང་མོ་བུ་མོ་སོགས། །བགྲོད་མིན་ལ་ནི་འཁྲིག་སྤྱོད་ཅིང་། །ཕ་དང་མ་གསོད་དེ་བཞིན་དུ། །སྲོག་ཆགས་གཞན་ཡང་མང་དུ་གསོད། །དེ་བཞིན་རྫུན་གྱི་ཚིག་སྨྲ་ཞིང་། །ཁྱད་པར་དུ་ཡང་རྐུ་བར་བྱེད། །གཞན་གྱི་ཆུང་མའི་ཐད་འགྲོ་ཞིང་། །ཉེས་སྨད་གཞན་ཡང་བྱེད་པར་འགྱུར། །དེ་ཉིད་ཡེ་ཤེས་རང་བྱུང་བའི། །དམ་ཚིག་རྣམས་ནི་དེས་མི་ཤེས། །ཉེས་པ་ཅུང་ཟད་ཙམ་ལ་ཡང་། །མངོན་སྤྱོད་དྲག་པོ་བྱེད་འགྱུར་ལ། །རྣལ་འབྱོར་རབ་སྦྱོར་སྨན་པ་ཡིས། །སྔགས་པ་རྣམས་ནི་གྲུབ་མི་འགྱུར། །བརྟག་པ་ཕྱི་ཡི་བསྟན་བཅོས་དགའ། །དེ་ཕྱིར་སྦྱོར་ལ་མཁས་པ་དང་། །རང་གི་དམ་ཚིག་སྤངས་ནས་ནི། །ལྕགས་ཀྱུ་མེད་པའི་གླང་ཆེན་བཞིན། །འདོད་དགུ་དག་ཏུ་འཁྱམ་པར་བྱེད། །སྔགས་དང་ཕྱག་རྒྱའི་སྦྱོར་བ་ཡིས། །འཚོ་བ་དག་ཀྱང་སྒྲུབ་པར་བྱེད། །གང་དུ་རྙེད་པ་འཐོབ་པར་འགྱུར། །གསང་སྔགས་ཚུལ་ཆེན་འཆད་པར་འགྱུར། །ཞེས་གསུངས་པ་དེ་བས་ན་བདག་གིས་ལྷན་ཅིག་སྐྱེས་པའི་ཚུལ་ཟབ་མོ་ཉན་ཐོས་དང་། རང་རྒྱལ་བ་དང་། ཕྱི་རོལ་པའི་ཐུབ་པ་རྣམས་དང་། རྟག་པ་དང་ཆད་པར་ལྟ་བ་པ་རྣམས་ཀྱིས་རྟོགས་པར་དཀའ་བ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱས་བཏབ་པ། བླ་མ་ཡོངས་སུ་བསྟེན་རྣམས་ལ་རྣ་བ་ནས་རྣ་བར་འཕོ་བར་འགྱུར་བ་གང་ཡིན་པ་དེ་ལེགས་པར་བསྟན་པར་བྱའོ། །

དེ་ཡང་རེ་ཞིག་བརྗོད་པར་བྱ་བའི་ལྷན་ཅིག་སྐྱེས་པ་འདིའི་རྗོད་པར་བྱེད་པའི་གཞུང་གི་ཚོགས་ནི། དང་པོ་ཁོ་ནར་དཔལ་ལྡན་རོལ་པའི་ལྷ་མོ་ཞེས་པ་ནས་ཡང་དང་ཡང་དུ་ཀུན་ལ་འདུད་ཅེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པའི་མན་ངག་དཔལ་ཨོ་རྒྱན་གྱི་གནས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ལས་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ལོ་རྒྱུས་དང་། ལྷན་ཅིག་སྐྱེས་པ་འདི་ཉིད་ཀྱིས་མ་རིག་པའི་ཉོན་མོངས་པ་མཐར་བྱེད་པས་གཤིན་རྗེ་ཡིན་པ་དང་། སའི་བདག་པོའི་བློས་རྒྱལ་སྲིད་ཡོངས་སུ་སྤངས་ནས་རབ་ཏུ་བྱུང་སྟེ། དུར་ཁྲོད་བསྟེན་པ་ལ་སོགས་པའི་གླེང་གཞི་སྟོན་ཅིང་། བླ་མ་གོང་མ་རྣམས་ལ་ཕྱག་འཚལ་བ་སྟོན་པར་བྱེད་དོ། །དེ་རྣམས་ཞབས་ལ་ཞེས་པ་ནས་བརྗོད་པར་བྱ་ཞེས་པའི་རྐང་པ་གཉིས་ཀྱིས་ལྷན་ཅིག་སྐྱེས་པའི་རྩོམ་པ་སྟོན་པར་བྱེད་དོ། །

ཀུན་འགྲོ་ལྷན་ཅིག་སྐྱེས་ཞི་བ་ཞེས་པ་ནས་གཞུང་ལས་མ་གཏོགས་རྙེད་མི་འགྱུར་ཞེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་མཐའ་དག་ལ་ཁྱབ་པ་ཡིན་ཡང་བླ་མའི་ཞལ་ལས་མ་གཏོགས་པ་མི་རྙེད་པར་སྟོན་པར་བྱེད་དོ། །གང་དང་མཚུངས་པར་སྐྱེས་པ་ན་ཞེས་པ་ནས་དེ་ནི་འབད་པ་མེད་པར་འཐོབ་ཅེས་བྱ་བའི་བར་གྱིས་ནི། བླ་མའི་ཞལ་ལས་རྙེད་པའི་རྗེས་ལ་འབད་པ་མེད་པའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བ་དང་། ལྷན་ཅིག་སྐྱེས་པའི་ངེས་ཚིག་སྟོན་པར་བྱེད་དོ། །ཐེ་ཚོམ་མེད་ཅིང་རྟོག་མེད་པ་ཞེས་པ་ནས་ལྷན་ཅིག་སྐྱེས་པ་འཐོབ་པར་འགྱུར་ཞེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་ནས་ཟ་བ་དང་འཆག་པ་ལ་སོགས་པའི་དུས་སུ་ཡང་མི་འབྲལ་བར་སྟོན་པར་བྱེད་དོ། །རྟོག་དང་བྲལ་ཞིང་མངོན་སུམ་པ་ཞེས་པ་ནས་ལྷན་ཅིག་སྐྱེས་པར་ངེས་བརྗོད་བྱ་ཞེས་པའི་བར་གྱིས་ནི་རྟོག་པ་མེད་པའི་ལྷན་ཅིག་སྐྱེས་པའི་བསྐུལ་བའི་དབང་གིས་སྙིང་རྗེ་ཆ་བཅུ་དྲུག་པ་ཟླ་བ་ཡར་གྱི་ངོ་བཞིན་པའི་ཆོས་ཅན། སེམས་ཅན་དང་ཆོས་དང་དམིགས་པ་མེད་པ་ལ་སོགས་པ་ལ་ལྷན་ཅིག་སྐྱེས་པ་ཡིན་པར་སྟོན་པར་བྱེད་དོ། །ལྷན་ཅིག་སྐྱེས་འདི་དངོས་རྣམས་ཀྱིས་ཞེས་པ་ནས་འགྲོ་བའི་གྲོང་ཁྱེར་དག་ཏུ་འཁྱམ་ཞེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པ་འདི་ཉིད་བདེ་སྡུག་ཐམས་ཅད་ཀྱི་གཞི་ཡིན་པ་དང་། ལྟ་བ་དང་གྲུབ་པའི་མཐའ་འཛིན་པ་ཐམས་ཅད་ཀྱི་རྩོད་པའི་གཞིར་གྱུར་པ་དང་། འགྲོ་བ་གང་གིས་ལྷན་ཅིག་སྐྱེས་པ་མ་ཤེས་པ་དེ་དག་སྡུག་བསྔལ་གྱི་ཕུང་པོ་ལས་མི་གྲོལ་བར་སྟོན་པར་བྱེད་དོ། །

སངས་རྒྱས་བདག་ཉིད་ལུས་ལ་ནི་ཞེས་པ་ནས་དེ་ཡིས་སྡིག་པ་མ་བྱས་སམ་ཞེས་པའི་བར་གྱིས་ནི། གང་ཞིག་ལྷན་ཅིག་སྐྱེས་པའི་རང་བཞིན་ལ། དེའི་རང་བཞིན་དུ་མི་རྟོགས་པའི་སྐྱེས་བུ་དེ་རྣམས་སྡིག་ཅན་ཡིན་པར་སྟོན་པར་བྱེད་དོ། །བདག་ཉིད་ངེས་པར་སངས་རྒྱས་ཀུན་ཞེས་པ་ནས་དངོས་པོ་ཀུན་ལ་ཡང་དག་གནས་ཞེས་པའི་བར་གྱིས་ནི། འགྲོ་བ་ཐམས་ཅད་སངས་རྒྱས་ལ་སོགས་པའི་རང་བཞིན་ཡིན་པར་སྟོན་ཏེ། འདི་ལྟར་ལྷན་ཅིག་སྐྱེས་པས་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྟོན་པར་བྱེད་དོ། །ལྷ་དང་ལྷ་མིན་ཀླུར་བཅས་དང་ཞེས་པ་ནས་གླེན་པ་རྨོངས་པས་མི་ཤེས་སོ་ཞེས་པའི་བར་གྱིས་ནི། བདག་ཏུ་ལྟ་བ་ཅན་གྱི་ལྷ་ཚངས་པ་ལ་སོགས་པ་དང་། དྲང་སྲོང་རྒྱས་པ་ལ་སོགས་པ་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་ཤེས་པར་མི་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །མཆོག་གི་གོ་འཕང་མི་ཤེས་ཕྱིར་ཞེས་པ་ནས་དེ་ཡིས་ཀུན་ནས་མི་ཤེས་སོ་ཞེས་པའི་བར་གྱིས་ནི། ལྷན་ཅིག་སྐྱེས་པ་མི་ཤེས་པས་གྲུབ་པའི་མཐའ་དུ་མ་འཛིན་ཅིང་རྩོད་པ་སྟོན་པར་བྱེད་དོ། །ཐེག་ཆེན་ཤིན་ཏུ་ཡངས་པ་ལ་ཞེས་པ་ནས་བླ་མ་དེ་ཡིས་འགྲོ་བ་སྒྲོལ་ཞེས་པའི་བར་གྱིས་ནི། གསང་བའི་ཐེག་པ་ཉིད་དུ་བསྟན་པའི་ལྷན་ཅིག་སྐྱེས་པ་བླ་མ་གཅིག་ནས་གཅིག་ཏུ་འོང་པའི་སྟོན་པ་གང་ཡིན་པའི་བླ་མ་དེས་ཉོན་མོངས་པ་རྩད་ནས་གཅོད་པ་སྟོན་པར་བྱེད་དོ། །བསྒོམ་བྱ་སྒོམ་བྱེད་འབྲེལ་བའམ་ཞེས་པ་ནས་དོར་བ་ཉིད་དུ་ཡོངས་སུ་བརྟག་ཅེས་པའི་བར་གྱིས་ནི། སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ལ་གདམས་པ་སྟོན་པར་བྱེད་དོ། །དེ་བཞིན་དུ་ཡང་ཞེས་པ་ནས་དེ་ཡིས་ཐམས་ཅད་རྫོགས་པར་འགྱུར་ཞེས་པའི་བར་གྱིས་ནི་རྟོག་པའི་ཏིང་ངེ་འཛིན་མ་ལུས་པར་སྟོན་པར་བྱེད་ཅིང་། ཞར་ལ་ལྷན་ཅིག་སྐྱེས་པ་མ་ཡིན་པར་སྟོན་པར་བྱེད་དོ། །

ཐུབ་པས་སྔོན་དུ་གང་གསུངས་པ་ཞེས་པ་ནས་གང་ཞིག་མཐོང་བས་དེ་བདེན་མིན་ཞེས་པའི་བར་གྱིས་ནི། ཇི་ལྟར་བརྟག་པ་དེ་ལྟར་རྟོགས་པའི་རྣལ་འབྱོར་བློའི་ཡུལ་དུ་འབྱུང་བར་སྟོན་པར་བྱེད་དོ། །གང་མ་མཐོང་བ་དེ་བདེན་ཏེ་ཞེས་པ་ནས་བླ་མ་མཆོག་གིས་སྔོན་གསུངས་པ་ཞེས་པའི་བར་གྱིས་ནི་ལྷན་ཅིག་སྐྱེས་པའི་རང་གི་ངོ་བོ་རྒྱས་པར་སྟོན་པར་བྱེད་དོ། །དཔལ་ལྡན་རོལ་པའི་ལྷ་མོའི་དྲིན་གྱིས་ནི་ཞེས་པ་ནས་ལྷན་ཅིག་གིས་ནི་བདེ་བ་ཆེན་པོ་མཁྱེན་ཞེས་པའི་བར་གྱིས་ནི། བླ་མ་གོང་མ་ལས་བརྒྱུད་པའི་དབང་གིས་སའི་བདག་པོ་དབང་པོའི་བློས་ཀྱང་ལྕམ་དཔལ་མོ་ལས་རྟོགས་ཤིང་ཁོང་དུ་ཆུད་པ་སྟོན་པར་བྱེད་དོ། །ཐེ་ཚོམ་མེད་ཅིང་རྟོག་པ་མེད་ཅེས་པ་ནས་སྲིད་པའི་མཚོ་ལས་སངས་རྒྱས་བཞིན་ཞེས་པའི་བར་གྱིས་ནི་བདག་དབང་པོའི་བློ་ཡིས་ཇི་ལྟར་དཔྱད་པ་ལྟར། བདག་ལས་གཞན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལྷན་ཅིག་སྐྱེས་པ་ལ་དེ་ལྟར་འཇུག་པར་བྱེད་ན་ཡང་། སྲིད་པའི་གཟེབ་ལས་གྲོལ་བར་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །བདག་ཉིད་ཀྱིས་ནི་དྲན་དོན་དུ་ཞེས་པ་ནས་བདག་ལ་བཟོད་མཛོད་སེམས་ཅན་ཆེ་ཞེས་པའི་བར་གྱིས་ནི། བདག་གི་གཞུང་བརྩམ་པ་ལ་རང་ཉིད་ང་རྒྱལ་མེད་པའི་ཚུལ་དང་བཟོད་པར་གསོལ་བ་སྟོན་པར་བྱེད་དོ། །གང་ཞིག་ཅུང་ཟད་འདི་བརྗོད་པས་ཞེས་པ་ནས་ལྷན་ཅིག་སྐྱེས་གྲུབ་ཐོབ་པར་ཤོག་ཅེས་བྱ་བའི་བར་གྱིས་ནི་དགེ་བའི་རྩ་བ་བསྔོ་བ་སྟོན་པར་བྱེད་དོ། །

དེ་ལྟར་དོན་མདོར་བསྡུས་ནས་ད་ནི་ཡན་ལག་གི་དོན་དགྲོལ་བར་བྱའོ། །དེ་ལ་དཔལ་ལྡན་རོལ་པའི་ལྷ་མོ་ཆེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། དེ་ལ་བདག་དང་གཞན་གྱི་དོན་བྱེད་ནུས་པ་གང་ལ་ཡོད་པ་དེ་ནི་ཤྲཱི་སྟེ་དཔལ་ཡིན་ལ། དེ་འགྲོ་བའི་དོན་དུ་རོལ་པ་མཛད་ཅིང་ལུས་ངག་གི་སྤྱོད་པ་རླབས་པོ་ཆེའི་རོལ་པ་མཛད་ཅེས་བྱ་བའི་དོན་ནོ། །ལྷ་མོ་ཞེས་བྱ་བ་ནི་ལུས་ལ་སྐྱེས་པའི་བདེ་བ་ལ་ལོངས་སྤྱོད་ཅིང་བདེ་བ་དེ་དང་ལྡན་པ་ལ་ལྷ་མོ་ཞེས་དགོངས་སོ། །དེ་ཡང་དཔལ་ཨུ་རྒྱན་གྱི་ཡུལ་ན་རིན་པོ་ཆེས་བརྒྱན་པ་ཞེས་བྱ་བའི་ནགས་ཚལ་དགོན་པ་ཞིག་ན། གསང་བའི་བདག་པོའི་སྤྲུལ་པར་གྱུར་པ། དྲང་སྲོང་འགྲོ་བ་དབུགས་འབྱིན་པ་ཞེས་བྱ་བ་སྐལ་པ་དང་ལྡན་པ་རྣམས་ལྷན་ཅིག་སྐྱེས་པའི་རིན་པོ་ཆེའི་མན་ངག་གི་རྒྱུད་བསྟན་པར་བྱ་བའི་ཆེད་དུ་བཞུགས་པར་གྱུར་ཏོ། །དུས་དེ་ནས་ཡུལ་དེའི་རྒྱལ་པོ་མཐོང་ན་དགའ་ཞེས་བྱ་བ་ལ། བུ་མོ་རོལ་པ་མོ་ཞེས་བྱ་བ་མཛེས་པ་ལྟ་ན་སྡུག་པ། སྐྱེས་བུ་ཐམས་ཅད་ཀྱི་ཡིད་འཕྲོག་པ་ཞིག་བཙས་སོ། །བུ་མོ་དེ་ཆུང་ངུ་ནས་སངས་རྒྱས་ཀྱི་སྒྲ་དང་། ཆོས་དང་། དགེ་འདུན་ལ་དད་ཅིང་། ལུས་དང་། ངག་དང་། ཡིད་ཁྱད་པར་དུ་དུལ་བ་དང་ལྡན་ནོ། །དེ་ཆེར་སྐྱེས་ནས་གཡོག་མོ་བུ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་རིན་པོ་ཆེས་བརྒྱན་པའི་ནགས་ཚལ་དགོན་པ་བལྟར་དོང་དོང་བ་ལས་དགོན་པ་དེར་ཕྱིན་པ་ན། དགོན་པ་དེ་ན་དྲང་སྲོང་མདོག་གནག་པ་སྐྲ་ཁམ་པར་འདུག་པ། རྩྭ་དང་ཤིང་ཤུན་ལུས་ལ་གོན་པ་འདུག་པ་མཐོང་བ་ལས། བུ་མོ་ལྔ་བརྒྱ་པོ་སྐྲག་པར་གྱུར་ནས་ཨེ་མ་གནོད་སྦྱིན་ཨེ་མ་གནོད་སྦྱིན་ཞེས་བྱ་བའི་སྒྲ་སོ་སོ་ནས་བཏོན་ནོ། །གཞོན་ནུ་མ་རོལ་པ་མོས་དྲང་སྲོང་དེ་མཐོང་མ་ཐག་ཏུ་ཡིད་དགའ་བ་དང་བདེ་བ་སྐྱེས་པར་གྱུར་ནས་བུ་མོ་ལྔ་བརྒྱ་པོ་ལ་སྨྲས་པ། བུ་མོ་རྣམས་མ་འཇིགས་ཤིག་དང་། འདི་ནི་དྲང་སྲོང་ཡིན་ཏེ། གནོད་སྦྱིན་མ་ཡིན་པར་ངེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་མོས་མཐོང་མ་ཐག་ཁོ་མོ་ཡིད་དགའ་བ་དང་བདེ་བ་སྐྱེས་པ་ལས་ན། འདི་ནི་གདོན་མི་ཟ་བར་གནོད་སྦྱིན་མ་ལགས་ཀྱི་ཁོ་མོ་ཅག་རྗེས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་ཞིག་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གཞན་ཡང་ཡུལ་ཁམས་འདི་ནི་དཔལ་ཨུ་རྒྱན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས་ཡིན་ནོ་ཞེས་གྲགས་པས་གནོད་སྦྱིན་མི་མ་ལགས་པ་འདིར་གནས་པར་མི་འགྱུར་རོ་ཞེས་བསྒོ་བ་དང་། བུ་མོ་ལྔ་བརྒྱ་པོ་ཡང་ཡིད་བརྟན་ཞིང་སྐྲག་པ་མེད་པར་གྱུར་ཏོ། །

དེ་ནས་གཞོན་ནུ་མ་རོལ་པ་མོས་གཡོག་བུ་མོ་ལྔ་བརྒྱ་དང་བཅས་མེ་ཏོག་དྲི་ཞིམ་པ་དང་བཅས་པས་དྲང་སྲོང་ལ་མཎྜལ་བྱས་ཏེ། གུས་པ་དང་བཅས་ཕྱག་བྱས་ནས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །དྲང་སྲོང་ཆེན་པོ་ཁོ་མོ་ཅག་ལ་བསྐྱབ་ཏུ་གསོལ། ཁོ་མོ་ཅག་རྗེས་སུ་གཟུང་དུ་གསོལ། ཁོ་མོ་ཅག་གི་བདག་ཏུ་ལྟ་བའི་མདུད་པ་བཅད་དུ་གསོལ། ཁོ་མོ་ཅག་གི་མ་རིག་པའི་ལིང་ཏོག་བསལ་དུ་གསོལ་ཞེས་གསོལ་པ་དང་། བུ་མོ་དེ་དག་ལ་དྲང་སྲོང་གིས་སྨྲས་པ། ཀྱེ་གཞོན་ནུ་མ་རྣམས་ཁོ་བོ་ནི་ཡང་དག་པའི་གནོད་སྦྱིན་ནོ། །ཁོ་བོ་ནི་འཁོར་བའི་ཉོན་མོངས་པ་གཅོད་པའི་གནོད་སྦྱིན་ནོ། །ཁོ་བོ་ནི་འགྲོ་བ་རྣམས་ཀྱི་བདག་ཏུ་ལྟ་བའི་སྲོག་དང་ཕྲལ་ནས་བདག་མེད་པའི་གནས་སུ་འཁྲིད་པར་བྱེད་པའི་གནོད་སྦྱིན་ནོ་ཞེས་བསྒྲགས་ཏེ། བུ་མོ་རོལ་པ་མོའི་སྤྱི་བོར་ལག་པ་གཡས་པ་བཞག་ནས་བུ་མོ་དྲན་པར་གྱུར་ཏམ་དྲན་པར་གྱུར་ཏམ་ཞེས་བརྗོད་པས་བུ་མོ་དེས་སྔོན་གྱི་སྐྱེ་བ་དྲན་ཏེ། སྔོན་གྱི་དགེ་བའི་བཤེས་གཉེན་གསང་བའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བར་བྱེད་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པ་དྲན་པར་གྱུར་ཏེ། ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་ནས་སྐོར་བ་བྱས་ནས་ཞབས་ལ་ཡང་དང་ཡང་དུ་གཏུགས་སོ། །བུ་མོ་ལྔ་བརྒྱ་པོ་ཡང་བུ་མོ་རོལ་པ་མོའི་རྗེས་སུ་སློབ་པར་བྱེད་དོ། །

དེ་ནས་དྲང་སྲོང་གིས་སྨྲས་པ། རོལ་པ་མོ་བུ་མོ་ཁྱོད་ཀྱིས་སྐྱེ་བ་སྔ་མར་ཡིད་ལ་བྱས་ཤིང་གཟུང་བའི་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཡིད་ལ་གྱིས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་དམ་ཚིག་བསྲུང་བར་གྱིས་ཤིག །བུ་མོ་གཞན་ཡང་རེ་བ་མེད་པའི་བསམ་པ་རྒྱ་ཆེན་པོ་སྐྱེད་ཅིག །ཅེས་བསྒོས་ནས་དེ་ཉིད་དུ་དྲང་སྲོང་དེ་མི་སྣང་བར་གྱུར་ཏོ། །

དེ་ནས་བུ་མོ་རོལ་པ་མོས་ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ནས་སེང་གེ་རྣམ་པར་བསྒྱིངས་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་སྐད་ཅིག་དེ་ཉིད་ལ་ཐོབ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་ཡེ་ཤེས་ཀྱི་དམ་ཚིག་བསྲུངས་ཤིང་། བུ་མོ་ལྔ་བརྒྱ་དང་བཅས་པ་ཨུ་རྒྱན་གྱི་ཡུལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས་ན་རྣལ་འབྱོར་གྱི་སྤྱོད་པ་མཛད་ཅིང་། སྐལ་བ་དང་ལྡན་པ་རྣམས་ལ་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་བསམ་དུ་མེད་པ། ཐོགས་པ་མེད་པ་ནམ་མཁའ་མཛོད་ཀྱི་གཏེར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཡེ་ཤེས་ཀྱི་དམ་ཚིག་དང་ལྡན་པའི་དོན་འདི་སྟོན་ཅིང་བཞུགས་ཏེ་དེའི་ཚུལ་ནི་དེ་འདྲའོ། །དེ་བཞིན་དཔའ་བོ་རྡོ་རྗེ་དཔལ་ཞེས་བྱ་བ་ནི་དེ་ནས་དུས་ཕྱི་མ་ཞིག་ན་ཨུ་རྒྱན་གྱི་གནས་དེ་ཉིད་དུ་རྒྱལ་པོ་ཆེན་པོ་དཔའ་བོ་རྡོ་རྗེ་ཞེས་བྱ་བ། རྒྱལ་སྲིད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །རྒྱལ་པོ་དེ་བསྙེན་གནས་ཀྱི་སྡོམ་པ་ལ་གནས་ཤིང་སྦྱིན་པ་རྒྱ་ཆེ་བ་ཡང་གཏོང་ངོ་། །དུས་དེར་རྣལ་འབྱོར་མ་རོལ་པ་མོ་བུ་མོ་རྣལ་འབྱོར་མ་ལྔ་བརྒྱ་དང་བཅས་པ་གདོལ་པ་མོའི་ཆ་བྱད་དུ་བྱས་ནས་རྒྱལ་པོའི་དྲུང་དུ་རྒྱལ་པོ་དེ་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་པར་གཟིགས་ནས་དེ་ལ་ཏིང་ངེ་འཛིན་འདི་བསྟན་པའི་ཆེད་དུ་རྒྱལ་པོའི་དྲུང་དུ་གདོལ་པ་མོ་རྣལ་འབྱོར་མ་རྣམས་ཀྱིས་སྡུག་བསྔལ་བའི་ཚིག་དང་ལྡན་པས་སློང་བའི་ཚུལ་བྱས་སོ། །རྒྱལ་པོས་ཀྱང་གོས་དང་ཁ་ཟས་མང་པོ་བྱིན་པ་ལས་ད་དུང་མདུན་ན་འཁོད་དོ། །གདོལ་པ་མོ་དེ་དག་འཁོད་པ་ན་སྔ་མ་མེད་པའི་དྲི་བསུང་བཟང་པོས་རྒྱལ་པོ་དེའི་ཕོ་བྲང་གང་བར་གྱུར་ཏོ། །

རྒྱལ་པོས་འཁོར་མི་རྣམས་ལ་སྨྲས་པ། ཁོ་བོའི་ཕོ་བྲང་འདི་ན་སྔ་ན་མེད་པའི་དྲི་འདི་གང་ལས་བྱུང་། མེ་ཏོག་གམ། སྤོས་སམ། ཅི་བསྒོས་ཞེས་བཙལ་དུ་བཅུག་པ་ལས་མ་རྙེད་དོ། །སྐབས་དེར་གདོལ་པ་མོ་རྣམས་ལངས་ཏེ་འགྲོ་བར་ཆས་པ་ལས་དྲི་དེ་མེད་པར་གྱུར་ཏེ། རྒྱལ་པོས་བསམ་པ་གོར་མ་ཆག་པར་དྲི་འདི་ནི་གདོལ་པ་མོ་རྣམས་ལས་བྱུང་བས་འདི་རྣམས་ནི་གདོལ་བ་མོ་མ་ལགས་ཀྱི་ཨུ་རྒྱན་གྱི་གནས་འདི་ན་རྣལ་འབྱོར་མ་རོལ་པ་མོ་རྣལ་འབྱོར་མ་ལྔ་བརྒྱ་དང་བཅས་ནས་འགྲོ་བའི་དོན་ལ་སྤྱོད་པ་མཛད་ཅེས་གྲགས་པ་འདི་རྣམས་རྣལ་འབྱོར་མ་ཡིན་ནོ་ཞེས་རྟོགས་ཏེ། མཆོད་པའི་ཡོ་བྱད་བཤམ་པ་ལས་རྣལ་འབྱོར་མ་རྣམས་ཀྱིས་མངོན་དུ་མ་བྱེད་ཅེས་པའི་བརྡས་གོ་བར་བྱས་ནས་མཚན་མོ་ཚོགས་ཀྱི་མཆོད་པ་གྱིས་ཤིག ། ཁོ་མོ་ཅག་འོང་ངོ་ཞེས་བརྡ་མཛད་ནས་དེ་ནས་མི་སྣང་བར་གྱུར་ཏོ། །

དེ་ནས་རྒྱལ་པོ་མཆོག་ཏུ་དགའ་བ་སྐྱེས་ནས་ཚོགས་ཀྱི་མཆོད་པ་ཆེན་པོ་བཤམས་ནས་འདུག་པ་ལས། རྣལ་འབྱོར་མ་རྣམས་བྱོན་ནས་རྒྱལ་པོའི་ཚོགས་ཀྱི་མཆོད་པ་ལ་ལོངས་སྤྱད་ནས་རྒྱལ་པོས་ཀྱང་རྒྱལ་སྲིད་ཀྱི་འབྱོར་བ་རྩྭ་དང་འདྲ་བར་ལྟོས་པ་མེད་པའི་ཚུལ་གྱིས་རྣལ་འབྱོར་མ་རྣམས་ལ་ཕུལ་བ་དང་། རྣལ་འབྱོར་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཉིད་ཀྱིས་རྒྱལ་སྲིད་ཀྱི་འབྱོར་པ་ཟུངས་ཤིག །རྒྱལ་པོས་གསོལ་པ། རྒྱལ་སྲིད་ཀྱི་འབྱོར་པས་ཁོ་བོ་འཆིང་བའི་རྒྱུར་མི་འགྱུར་བ་ལགས་སམ། རྣལ་འབྱོར་མ་རྣམས་ཀྱིས་སྨྲས་པ། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ན་གང་གིས་ཀྱང་འཆིང་བ་མེད་དེ། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་ཁྱིམ་ལ་གནས་པ་དང་རབ་ཏུ་བྱུང་བ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་གཉིས་སོ་ཞེས་གསུངས་པའི་ཕྱིར་རོ། །རྒྱལ་པོས་སྨྲས་པ། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ལགས་ཤིང་ཅི་འདྲ་བ་བདག་ལ་བསྟན་དུ་གསོལ། རྣལ་འབྱོར་མ་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །སའི་བདག་པོ་འདི་ལྟ་སྟེ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་རང་ལས་གཞན་པའི་རི་དྭགས་ཀྱི་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པའམ། དོགས་པ་ཙམ་ཡང་མེད་ཀྱིས་གཞན་དུ་ན་རང་གི་ཁ་ཟས་ཙམ་ཡིད་ལ་བྱེད་དོ། །སའི་བདག་པོ་དེ་བཞིན་དུ་ཏིང་ངེ་འཛིན་གང་ལ་གནས་ན་རྣམ་པར་རྟོག་པ་དང་མཚན་མའི་འདུ་ཤེས་ཐམས་ཅད་ཟིལ་གྱིས་མནན་ཅིང་དོགས་པ་མེད་པར་གནས་ལ། གཞན་དུ་ན་དངོས་པོར་ལྟ་བ་རྣམས་བདག་མེད་པ་ལ་འཛུད་པ་ཙམ་ཞིག་ཡིད་ལ་བྱེད་དོ། །སའི་བདག་པོ་དེ་ནི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་ནོ། །ས་ཡི་བདག་པོ་གནོད་སེམས་སྤང་བྱ་སྟེ། །མཁའ་ལ་བྱ་བཞིན་གང་ལ་མ་ཐོགས་པར། །ཐོགས་མེད་ཏིང་འཛིན་འདི་ལ་རབ་གནས་ནས། །སངས་རྒྱས་བྱེ་བ་ཕྲག་བརྒྱ་ཁྱོད་མཐོང་འགྱུར། །ཞེས་གསུངས་ནས་རྣལ་འབྱོར་མ་དེ་དག་མི་སྣང་བར་གྱུར་ཏོ། །

དེ་ནས་རྒྱལ་པོ་དེས་ཀྱང་སྐད་ཅིག་དེ་ལ་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་ཁོང་དུ་ཆུད་དེ། ཁ་ན་མ་ཐོ་བ་མེད་པའི་རྒྱལ་སྲིད་ཀྱིས་འགྲོ་བ་སྐྱོང་ཞིང་། རྣལ་འབྱོར་གྱི་སྤྱོད་པ་བྱེད་ལ་སྐལ་པ་དང་ལྡན་པ་རྣམས་ལ་ཏིང་ངེ་འཛིན་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཡེ་ཤེས་ཀྱི་དམ་ཚིག་དང་ལྡན་པར་སྟོན་ཏེ། རྣལ་འབྱོར་པ་དེའི་ཚུལ་ནི་དེ་འདྲའོ། །

དམ་ཚིག་ཅེས་བྱ་རྡོ་རྗེ་དཔལ་ཞེས་བྱ་བ་ནི། རྒྱལ་པོ་དཔའ་བོ་རྡོ་རྗེ་དེ་ཉིད་ཀྱི་བྲམ་ཟེ་མདུན་ན་འདོན་དམ་ཚིག་རྡོ་རྗེ་ཞེས་བྱ་བ་ཚིག་བདེན་པར་སྨྲ་ཞིང་། དམ་བཅས་པའི་དམ་ཚིག་ལས་འདའ་བར་མི་བྱེད་པ། བླ་མ་ལ་སྲི་ཞུ་བྱེད་པ། ཆོས་དང་མཐུན་པའི་སྨྲང་འདོན་གྱི་ཕུར་བུ་པ་དང་འཇིག་རྟེན་པའི་སྨྲང་འདོད་པར་མི་བྱེད་པ་ཅིག་གནས་ཏེ། དེས་གཉུག་མར་ཆོས་དང་མཐུན་པའི་སྤྱོད་པ་འབའ་ཞིག་གིས་གནས་ཤིང་། རྒྱལ་པོ་མཉེས་པར་བྱེད་ཅིང་རྒྱལ་པོའི་བཀའ་ལས་ནམ་ཡང་འདའ་བར་མི་བྱེད་པ་ཞིག་གནས་པ་ལས། དེ་ལ་རྒྱལ་པོས་བཀའ་སྩལ་པ། མདུན་ན་འདོན་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་དམ་ཚིག་ལ་གནས་པ་ལེགས་སོ། །བདེན་པར་སྨྲ་བ་ལེགས་ཀྱིས་ད་དུང་དམ་ཚིག་ལ་གནས་པར་གྱིས་ཤིག་དང་། དམ་ཚིག་གིས་ནི་འགྲོ་བ་རྣམས་ཀྱི་ཡིད་དུ་འོང་བ་དང་། ཀུན་གྱིས་བཀུར་བར་ཡང་འགྱུར་རོ། །མདུན་ན་འདོན་གྱིས་ཡང་གསོལ་བ། ལྷ་ལགས་དམ་ཚིག་ཅེས་བགྱི་བ་བདེན་པར་སྨྲ་བ་ལགས་སམ། བཀའ་སྩལ་པ། མདུན་ན་འདོན་དམ་ཚིག་ནི་བདེན་པར་སྨྲ་ཞིང་དམ་བཅས་པ་ལྟར་བྱེད་པའོ། །གསོལ་པ། ལྷ་ལགས་བདེན་པར་སྨྲ་བས་འཇིག་རྟེན་འདིའི་བྱ་བ་ཡོངས་སུ་རྫོགས་པ་བདེན་པར་སྨྲ་བའི་དམ་ཚིག་ལགས་ན། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕྲད་པར་འགྱུར་ཞིང་མི་འབྲལ་བར་འགྱུར་བའི་དམ་ཚིག་གང་ལགས། བཀའ་སྩལ་པ། མདུན་ན་འདོན་བླ་མ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་འཕྲད་པར་འགྱུར་ཞིང་མི་འབྲལ་བར་འགྱུར་བའི་དམ་ཚིག་གང་ཡིན་པ་དེ་བསྟན་ན་ཁྱོད་ཡིད་ཆེས་པར་མི་འགྱུར་ལ། དེའི་དབང་གིས་མདུན་ན་འདོན་ཁྱོད་མནར་མེད་པར་སོང་ན་མི་ལེགས་སོ། །གསོལ་པ། སའི་བདག་པོ་ཡིད་མི་ཆེས་པ་མ་མཆིས་སོ། །བཀའ་སྩལ་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་མི་ཟད་པ་ཞེས་བྱ་བའི་དམ་ཚིག་ལ་གནས་པར་བྱས་ན་བླ་མ་དང་སངས་རྒྱས་ལ་སོགས་པ་དང་མི་འབྲལ་བར་འགྱུར་རོ། །

གཞན་ཡང་སངས་རྒྱས་ཀྱི་ཞིང་ཁམས་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ཡང་མཐོང་བར་འགྱུར་རོ། །གསོལ་པ། དམ་ཚིག་དེ་མ་འཚལ་ལོ། །བཀའ་སྩལ་པ། མདུན་ན་འདོན་ཐོག་མར་རང་གི་སེམས་ལ་སོ་སོར་རྟོགས་ལ། དེའི་རྗེས་ལ་སེམས་དེ་ཡང་བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་ཞོག་ཅིག་དང་། དེས་ནི་དམ་ཚིག་ཐམས་ཅད་ཡོངས་སུ་རྫོགས་ཤིང་། སངས་རྒྱས་ཐམས་ཅད་དང་འཕྲད་པར་འགྱུར་རོ་ཞེས་གསུངས་ནས་ཅང་མི་གསུང་བར་གྱུར་ཏོ། །མདུན་ན་འདོན་གྱིས་ཀྱང་དམ་ཚིག་དེ་ཡིད་ལ་བྱས་པ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་ཁམས་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་རྣམས་མཐོང་བར་གྱུར་ཏེ། མདུན་ན་འདོན་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་པ་དེའི་ཚུལ་ནི་དེ་འདྲའོ། །དེ་བཞིན་པདྨའི་རྡོ་རྗེ་དཔལ་ཞེས་བྱ་བ་ནི་དཔལ་ཨུ་རྒྱན་གྱི་ཡུལ་དེ་ཉིད་ན་ཞིང་པ་པདྨའི་རྡོ་རྗེ་ཞེས་བྱ་བ། སྔ་ནས་བདག་དང་བདག་གིར་འཛིན་པ་ཤས་ཆུང་བ་གཙང་བ་དང་། མི་གཙང་བའི་རྣམ་པར་རྟོག་པ་དང་དམན་པ་ཞིག་གནས་པ་ལས། དེ་དུས་གཞན་ཞིག་ན་སཱ་ལུའི་ཞིང་རྨོད་པ་ལས། ཞིང་གི་ལས་ཀྱིས་སུན་པར་གྱུར་ཅིང་སྐྱོ་བ་ཤས་ཆེར་སྐྱེས་ནས་དེས་བསམ་པ་ཨུ་རྒྱན་གྱི་གནས་འདི་ན་རྣལ་འབྱོར་པ་གནས་ཞེས་གྲགས་ན། ཁོ་བོ་ཡང་རྣལ་འབྱོར་ཅིག་ལས་ཡང་དག་པའི་ལམ་བཙལ་ལ། རྣལ་འབྱོར་གྱི་སྤྱོད་པ་སྤྱད་པར་བྱའོ་ཞེས་དམ་བཅས་པ་ལས། དེའི་ལྷག་པའི་བསམ་པ་རྒྱ་ཆེན་པོ་དེ་རྣལ་འབྱོར་པ་མདུན་ན་འདོན་གྱིས་མཁྱེན་ཅིང་སྐལ་པ་དང་ལྡན་པར་གཟིགས་ནས་ཞིང་པ་པདྨའི་རྡོ་རྗེ་ག་ན་བ་དེར་བྱོན་ནས་ཞིང་པ་པདྨའི་རྡོ་རྗེས་མཐོང་ནས་རབ་ཏུ་དགའ་བ་ཐོབ་ནས་རྐང་པ་ལ་སྤྱི་བོས་གཏུགས་ཏེ་འདི་སྐད་ཅེས་སྨྲས་ཏེ། ཀྱེ་སྐྱེས་བུ་ཆེན་པོ་ཁྱོད་ནི་རྣལ་འབྱོར་བ་ཞིག་ལགས་གྲང་ན། ཁོ་བོ་ལ་རྣལ་འབྱོར་གྱི་སྤྱད་པ་བསྟན་དུ་གསོལ་ཞེས་སྨྲས་པ་དང་། མདུན་ན་འདོན་གྱིས་སྨྲས་པ། རིགས་ཀྱི་བུ་རྣལ་འབྱོར་པ་ཐམས་ཅད་ཀྱི་སྤྱོད་པ་རླབས་པོ་ཆེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། རྣལ་འབྱོར་རྟོག་པའི་རླུང་འཚུབ་ཀྱིས་མི་བསྒུལ་བའི་སྤྱོད་པ་ལ་སྤྱད་པར་གྱིས་དང་རྣལ་འབྱོར་གྱི་སྤྱོད་པ་མཐར་ཕྱིན་པར་འགྱུར་རོ་ཞེས་བསྒོས་ནས་རང་གི་རྣལ་འབྱོར་གྱི་གནས་སུ་སོང་བར་གྱུར་ཏོ། །ཞིང་པ་པདྨའི་རྡོ་རྗེས་རྣལ་འབྱོར་པ་ཐམས་ཅད་ཀྱི་སྤྱོད་པ་རླབས་པོ་ཆེ་སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་རྣམ་པར་རྟོག་པའི་རླུང་གིས་མི་བསྒྱེལ་པ་ལེགས་པར་རྟོགས་ཤིང་། དཔལ་ཨུ་རྒྱན་གྱི་གནས་དེ་ཉིད་ཀྱང་སྐད་ཅིག་དེ་ཉིད་ལ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པར་མཐོང་ཞིང་། སྔགས་ཀྱི་ཚུལ་གྱིས་སྤྱད་པ་སྤྱོད་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་གྲུབ་པ་བརྙེས་པ་འབའ་ཞིག་གིས་ཡོངས་སུ་གང་བ་མཐོང་སྟེ། རྣལ་འབྱོར་པ་པདྨའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ། །

དཔལ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི། དཔལ་ཨོ་རྒྱན་གྱི་གནས་དེ་ཉིད་ན་ཆང་འཚོང་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞེས་པ་གནས་པ་ལས། ཆང་འཚོང་མ་དེས་བསམ་པ། ཨེ་མའོ་ཁོ་མོ་ནི་རྟག་པར་འཇིག་རྟེན་ཐམས་ཅད་ཀྱི་བྱ་བ་འཆོར་བར་བྱེད་པའི་ཆང་འདི་ལ་སྤྱོད་ཅིང་། གཞན་ལ་འཚོང་བ་ནི་ཆ་མ་ཡིན་གྱི། མ་ལ་ང་ནི་ལྷན་ཅིག་སྐྱེས་པའི་ཆང་ཞེས་བྱ་བ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསོལ་པ་ཞིག་ཡོད་ཀྱང་ཟེར་ལ། དེ་དེ་ལྟར་དཔལ་ཨོ་རྒྱན་གྱི་གནས་འདི་ན་བཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་ཅེས་གྲགས་པས་ཁོ་མོས་ཀྱང་རྣལ་འབྱོར་པ་འགའ་ཞིག་ལ་ཆང་དེ་བཙལ་ལ་ལོངས་སྤྱད་ཅིང་། གཞན་དག་ལ་ཡང་བསྟན་པར་བྱའོ་ཞེས་སེམས་ལ་དྲན་ཞིང་ཚིག་ཏུ་ཡང་བརྗོད་ནས་དེ་ཀུན་ཏུ་འགྲོ་ཞིང་ཁོ་མོ་ལ་ལྷན་ཅིག་སྐྱེས་པའི་ཆང་གི་རོ་བསྟན་དུ་གསོལ་ཞེས་དུས་རྟག་པར་བརྗོད་པ་ལས། དེའི་སེམས་རྒྱ་ཆེན་པོ་དེ་དག་རྣལ་འབྱོར་པ་པདྨའི་རྡོ་རྗེས་མཁྱེན་ཅིང་ཕྱག་རྒྱ་ཆེན་པོའི་འབྲས་བུ་མངོན་དུ་བྱེད་པར་གཟིགས་ནས་ཆང་འཚོང་མ་ག་ལ་བ་དེར་བྱོན་ནས་ཕྱག་བརྐྱང་བ་ཙམ་གྱིས་ཆང་འཚོང་མ་དེ་རབ་ཏུ་དགའ་ནས་རྣལ་འབྱོར་པ་པདྨའི་རྡོ་རྗེའི་ཞབས་ལ་མགོ་བོས་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །སྐྱེས་བུ་ཆེན་པོ་ཁོ་མོ་ལ་ལྷན་ཅིག་སྐྱེས་པའི་བཏུང་བ་བསྟན་དུ་གསོལ་ཞེས་ཞུས་པ་དང་། རྣལ་འབྱོར་པ་པདྨའི་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུ་སུས་ཀྱང་མ་བྱས་པའི་ཆང་། དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་ཟད་པ་མེད་པ། མ་རིག་པའི་གཉིད་སངས་པར་བྱེད་པ། འཁོར་བའི་འབྲོག་དགོན་པར་མི་ངལ་བ་ལས་དབུགས་འདོན་པར་བྱེད་པ་འཐུངས་ཤིག ། དེ་ནི་འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བ་ཡང་ཡིན་ལ། བསམ་གྱིས་མི་ཁྱབ་པའི་ཡུལ་ཞེས་བྱ་བ་ཡང་ཡིན་ཏེ། རིགས་ཀྱི་བུ་ཏིང་ངེ་འཛིན་དེ་ལ་མཉམ་པར་ཞོག་དང་། གདོད་ལྷན་ཅིག་སྐྱེས་པའི་ཆང་སངས་རྒྱས་རྣམས་ཀྱིས་གསོལ་པ་འགྲོ་བ་ཀུན་ལ་འགྱེད་ནུས་པ་ཁྱོད་ཀྱིས་མྱོང་ཞིང་སྐོམ་པ་ལས་སེལ་བར་འགྱུར་རོ་ཞེས་བསྒོས་ནས་རྣལ་འབྱོར་གྱི་གནས་སུ་གཤེགས་སོ། །ཆང་འཚོང་དེས་ཀྱང་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་པ་ཙམ་གྱིས་ལྷན་ཅིག་སྐྱེས་པའི་བཏུང་བ་ཟད་པ་མེད་པའི་གཏེར་ཞེས་བྱ་བ་ཉམས་སུ་མྱོང་སྟེ། རྣལ་འབྱོར་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ། །དེ་བཞིན་དགའ་བའི་རྡོ་རྗེ་དཔལ་ཞེས་བྱ་བ་ནི་དཔལ་ཨོ་རྒྱན་གྱི་གནས་དེ་ཉིད་ན། ཐ་ག་པ་དགའ་བའི་རྡོ་རྗེ་ཞེས་བྱ་བ་རྣལ་འབྱོར་པ་གང་དག་མཐོང་བ་དེ་དག་ལ་དགའ་བའི་སེམས་བསྐྱེད་པ་ཞིག་གནས་པ་ལས། ཐ་ག་པ་ཟླ་བོ་དག་ལ་རྣལ་འབྱོར་གྱི་སྤྱོད་པ་སྤྱད་པའི་བསྔགས་པ་འབའ་ཞིག་བརྗོད་ཅིང་། བདག་ཉིད་ཀྱང་འདི་ལྟར་སེམས་ཏེ། མ་ལ་བདག་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྔོན་དུ་འགྲོ་བས་བླ་མ་དམ་པ་དག་ལས་མངོན་པར་དབང་བསྐུར་བ་ཐོབ་སྟེ། མཚན་མ་མེད་པའི་གནས་ལ་གནས་ཤིང་རྣལ་འབྱོར་པ་དེ་དག་དང་འགྲོགས་ཏེ། དེ་དག་གི་ཞབས་ལ་བསྙེན་བཀུར་བྱེད་ན་ཅི་མ་རུང་ཞེས་ཡིད་ལ་རྟག་ཏུ་བྱེད་པ་ལས། ཐ་ག་པ་དེས་དེ་མ་ཐག་ཏུ་བྱ་བ་ལྷག་མ་དག་ཡོངས་སུ་སྤངས་ཏེ། བླ་མ་དམ་པ་དག་ལས་ཡོངས་སུ་རྙེད་དེ། ཡོངས་སུ་རྙེད་ནས་མཚན་མ་མེད་པའི་གནས་ལ་ནམ་ཞིག་འགོད་པར་འགྱུར་བའི་བླ་མ་དེ་འདྲ་བ་འཚོལ་འཚོལ་བ་ལས། རྣལ་འབྱོར་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞེས་བྱ་བ། བླ་མ་དམ་པ་རྣམས་བསྙེན་བསྙེན་པ་ཞིག་ད་ལྟར་ཆང་འཚོང་པའི་གྲོང་ན་རྣལ་འབྱོར་གྱི་སྤྱོད་པ་མཛད་དོ་ཞེས་ཐོས་ནས་རྣལ་འབྱོར་མ་དེ་ག་ལ་བ་དེར་སོན་པ་ལས། རྣལ་འབྱོར་མ་དེས་ཐ་ག་པ་དེའི་སེམས་ཀྱི་རྒྱུད་རྗེས་སུ་རྟོགས་ཏེ། འདི་སྐད་ཅེས། ཀྱེ་ཐ་ག་པ་ཁྱོད་ཀྱིས་བསམ་པ་རྒྱ་ཆེན་པོ་དེ་མཆོག་ཏུ་ལེགས་སོ། །མྱུར་བ་མྱུར་བར་དཀྱིལ་འཁོར་གྱི་འཁོར་ལོ་དམ་པར་ཞུགས་ཤིག་དང་། སྐྱེས་བུ་ཆེན་པོ་ཁྱོད་ཀྱི་བསམ་པ་རྒྱ་ཆེན་པོ་ཁོ་བོས་མྱུར་དུ་བསྐང་ངོ་ཞེས་སྨྲས་པ་དང་། ཐ་ག་པ་རབ་ཏུ་དགའ་ནས་ཞབས་ལ་སྤྱི་བོས་གཏུགས་ཏེ་དཀྱིལ་འཁོར་སྔོན་དུ་འགྲོ་བས་མངོན་པར་དབང་བསྐུར་པ་བླངས་ནས་ཐ་ག་པ་དེ་ལ་མཚན་མ་མེད་པའི་གནས་ལ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡང་དག་པ་ཐོབ་ཅིང་རྣལ་འབྱོར་པ་གཞན་དག་ལ་ཡང་བསྙེན་བཀུར་ཅིང་ཐ་ག་པའི་ཚུལ་སྤྱོད་ཅིང་རྣལ་འབྱོར་གྱི་སྤྱོད་པ་བྱེད་དེ། རྣལ་འབྱོར་དགའ་བའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ། །རྡོ་རྗེ་དང་ལྡན་བྲམ་ཟེ་མོ་ཞེས་བྱ་བ་ནི་དཔལ་ཨོ་རྒྱན་གྱི་གནས་དེ་ཉིད་ན། བྲམ་ཟེ་མོ་རྡོ་རྗེ་ཞེས་བྱ་བ་ཁྲུས་དང་གཙང་སྦྲ་མཐར་ཕྱིན་པ། ཁྲུས་དང་གཙང་སྦྲ་དེ་ཙམ་གྱིས་དག་པ་དང་གྲོལ་བར་འཛིན་པ་ཞིག་གནས་པ་ལས་དེ་དུས་གཞན་ཞིག་ན་འཇུག་ངོགས་ན་ཁྲུས་བྱེད་ཅིང་། དེའི་མཐར་རང་གི་སྡུག་པའི་ལྷ་ལ་མཆོད་པ་བྱེད་ཅིང་གནས་པ་ལས། རྣལ་འབྱོར་པ་དགའ་བའི་རྡོ་རྗེ་ཞེས་བྱ་བ་དེས་བྲམ་ཟེ་མོ་དེའི་སྔ་ཕྱིའི་ལོ་རྒྱུས། ཐག་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་ཐོས་ཏེ། བྲམ་ཟེ་མོ་དེ་རྗེས་སུ་གཟུང་བར་བཞེད་དེ། བྲམ་ཟེ་མོ་དེའི་འཇུག་ངོགས་སུ་ཐ་ག་པ་དེ་སོང་བ་དང་། བྲམ་ཟེ་མོ་དེ་ཡང་དེ་ན་ཁྲུས་བྱེད་པ་དང་འཕྲད་དེ། བྲམ་ཟེ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྲམ་ཟེ་མོ་ཁྱོད་དེ་ལྟར་ཁྲུས་བྱས་པས་ཕྱིའི་དྲི་མ་འབའ་ཞིག་དག་པར་ལྟ་བའམ། འོན་ཏེ་ནང་ཡང་དག་པར་ལྟ། བྲམ་ཟེ་མོས་སྨྲས་པ། གཉིས་ཀ་དག་པར་བལྟ་སྟེ་ལེགས་ལྡན་ཆེན་པོ་ཚངས་པས་ཀྱང་དེ་སྐད་ཅེས་བསྟན་ཏོ། །རྣལ་འབྱོར་པ་དགའ་བའི་རྡོ་རྗེས་སྨྲས་པ། བྲམ་ཟེ་མོ་ཁྱོད་ཀྱིས་ཕྱིའི་དྲི་མ་དག་པ་ལ་ནི་ཁོ་བོ་མི་འགེགས་ཀྱི། གལ་ཏེ་ཁྱོད་ཀྱི་ཕྱིའི་ཁྲུས་ཀྱི་ནང་གི་བདག་ཉིད་ཅན་ཡང་དག་པར་འདོད་པ་ལྟ་ན་ནི་ཁོ་བོ་དག་པར་མི་འདོད་དེ། དེ་ཡང་ཇི་སྐད་དུ། གལ་ཏེ་ཁྲུས་ཀྱིས་འདག་ལྟ་ན། །ཉ་པ་རྣམས་ཀྱང་དོར་བྱས་ཤིང་། །ཉིན་དང་མཚན་དུ་གནས་པ་ཡི། །ཉ་ལ་སོགས་པ་སྨོས་ཅི་དགོས། །ཞེས་གསུངས་ལ། གཞན་ཡང་སཱ་ལུའི་ས་བོན་ལས་ནི་སཱ་ལུ་ཉིད་འབྱུང་གི་ཁྲེ་རྒོད་ནི་མ་ཡིན་ནོ། །བྲམ་ཟེ་མོ་དེ་བཞིན་དུ་ཉོན་མོངས་པའི་གཞི་ལས་ཉོན་མོངས་པ་ཉིད་སྐྱེ་ཡི་རྣམ་པར་བྱང་བ་ནི་མ་ཡིན་ནོ། །

བྲམ་ཟེ་མོས་སྨྲས་པ། འོ་ན་གང་གིས་ནང་གི་བདག་ཉིད་དག་པར་འགྱུར་བའི་ཁྲུས་དེ་ཁོ་མོ་ལ་བསྟན་དུ་གསོལ། རྣལ་འབྱོར་པས་སྨྲས་པ། གང་ལུས་དང་ངག་གི་འབད་པ་མེད་པའི་ཁྲུས་ཀྱིས་དག་པར་གྱིས་ཤིག་དང་། ཁྱོད་ཀྱི་ཕྱི་ནང་མ་ལུས་པར་དག་པར་འགྱུར་རོ། །སྨྲས་པ། སྐྱེས་བུ་ཆེན་པོ་དེ་ལྟ་བུའི་ཁྲུས་དེ་ཁོ་མོས་མི་འཚལ་གྱིས་ལེགས་པར་བསྟན་དུ་གསོལ་ཞེས་སྨྲས་ནས། སྙིམ་པ་མེ་ཏོག་གིས་བཀང་སྟེ་རང་ཉིད་ཀྱི་སྟོད་གཡོགས་དང་བཅས་པ་ཕུལ་ལོ། །རྣལ་འབྱོར་པས་སྨྲས་པ། བྲམ་ཟེ་མོ་ནམ་མཁའ་ཡོངས་སུ་དག་པའི་དབྱིངས་ནས་སྤྲིན་དག་བྱུང་ནས་དེ་ཉིད་དུ་ཐིམ་པའམ། ཆུ་ཀླུང་ཡོངས་སུ་དག་པ་ལས་ཉ་དག་བྱུང་བ་ཇི་ལྟ་བ་བཞིན་དུ་བྲམ་ཟེ་མོ་ཁྱོད་ཀྱིས་སེམས་ལ་ལྟ་བར་གྱིས་དང་། གདོད་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཆུ་ཞེས་བྱ་བས་བདག་ཏུ་ལྟ་བའི་དྲི་མ་མ་ལུས་པར་འདག་པར་འགྱུར་རོ་ཞེས་བསྒོས་ནས་རང་གི་གནས་སུ་དེངས་ཏེ། བྲམ་ཟེ་མོ་དེས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ཏེ། བདག་ཏུ་ལྟ་བའི་དྲི་མ་ཅན་གྱི་བྲམ་ཟེ་གཞན་རྣམས་ཀྱང་འདྲེན་ཅིང་གནས་ཏེ་བྲམ་ཟེ་མོ་དེའི་ཚུལ་ནི་དེ་འདྲའོ། །དེ་བཞིན་གྲུབ་པའི་རྡོ་རྗེ་དཔལ་ཞེས་བྱ་བ་ནི་དཔལ་ཨོ་རྒྱན་གྱི་གནས་དེ་ཉིད་ན། འདྲེག་མཁན་གྲུབ་པའི་རྡོ་རྗེ་ཞེས་བྱ་བ་གནས་པ་ལས། དེ་དམན་པའི་ལུས་ཀྱིས་ཡིད་བྱུང་ནས་བྲམ་ཟེ་མོ་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་མ་ཞིག་ཡོད་པ་ཐོས་ནས་དེའི་དྲུང་དུ་ཕྱིན་པ་དང་། རྣལ་འབྱོར་མ་དེས་ཀྱང་དེའི་བསམ་པ་རྟོགས་ནས་དེ་ལ་གསོ་སྦྱོང་གི་སྡོམ་པ་བྱིན་ཏེ། མཐར་གྱིས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་མཉམ་པར་འདུས་པ་ཞེས་བྱ་བའི་དཀྱིལ་འཁོར་དུ་བཀོད་ཅིང་། རྟོག་པའི་རྣལ་འབྱོར་ལ་མཐར་ཕྱིན་པར་གྱུར་ཏེ། དེའི་སེམས་ཀྱི་མོས་པ་དང་ལྷག་པའི་བསམ་པ་རྒྱ་ཆེན་པོ་རྣལ་འབྱོར་མ་དེས་མཁྱེན་ནས། འདྲེག་མཁན་དེས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ན་ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་སྐད་ཅིག་ཙམ་གྱིས་བསྟན་པ་དང་། འདྲེག་མཁན་དེས་ཀྱང་སྐད་ཅིག་དེ་ཉིད་ལ་ཏིང་ངེ་འཛིན་དེ་ཡིད་ལ་བྱས་པ་ཙམ་གྱིས་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་དང་ཡང་ལྡན་ལ། རྣལ་འབྱོར་གྱི་སྤྱོད་པ་འགྲོ་བ་གཞན་གྱི་དོན་མཛད་ཅིང་གནས་ཏེ། རྣལ་འབྱོར་པ་གྲུབ་པའི་རྡོ་རྗེའི་ཚུལ་ནི་དེ་འདྲའོ། །དཔལ་ལྡན་གཤིན་རྗེའི་རྒྱལ་པོ་འདི་ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཐ་སྙད་སྣ་ཚོགས་པས་མཚོན་པ་འདི་ཉིད་དེ། ཏིང་ངེ་འཛིན་འདི་ཉིད་ཀྱིས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་ཏུ་རྟོག་པའི་བགེགས་མཐར་བྱེད་པའི་ཕྱིར་རོ། །དེ་བས་ན་གཤིན་རྗེ་སྟེ། གང་ལ་གཤིན་རྗེའི་ངང་ཚུལ་ཡོད་པ་དེ་ནི་གཤིན་རྗེ་ཞེས་བྱ་ཞིང་། དེས་བདག་ཅག་རྣམས་ཀྱི་དཔལ་དུ་བྱེད་པས་དཔལ་གཤིན་རྗེའི་རྒྱལ་པོ་ཞེས་བྱའོ། །འདི་ཞེས་བྱ་བ་ནི་བྱེད་པའི་སྒྲ་རུ་སྦྱར་ཏེ། འདི་ལྟར་དཔལ་ལྡན་འཁོར་ལོའི་མངོན་བརྗོད་པས་ཞེས་བྱ་བས་སྲིད་པའི་འཁོར་ལོ་གང་ཞིག་དཔལ་གྱི་འབྱོར་པ་ཕུན་སུམ་ཚོགས་པར་མངོན་པར་བསྟོད་ཅིང་སྟོན་པ་སྟེ། འཁོར་ལོའི་ནི་ལས་སུ་བྱ་བའི་ཚིག་གོ །དེ་བས་ན་དཔལ་ལྡན་འཁོར་ལོའི་མངོན་བརྗོད་པ་ཞེས་བྱའོ། །

བླ་མ་དགེ་སློང་གཉིད་ལོག་པ་ཞེས་བྱ་བ་ནི། སའི་བདག་པོ་དབང་པོའི་བློ་རྒྱལ་སྲིད་ཀྱི་འབྱོར་པས་རབ་ཏུ་ཡེངས་པར་གྱུར་པ་ལས། དཔལ་མོ་བདག་གིས་རྒྱལ་སྲིད་ཀྱི་འབྱོར་པ་སྤོང་བ་ལ་བཀོད་དེ། ཤཱཀྱའི་དགེ་སློང་གིས་ཞེས་བསྒོས་ནས་དེས་ཀྱང་རྒྱལ་སྲིད་ཀྱི་འབྱོར་པ་མཆིལ་མའི་ཐལ་བ་ལྟར་བོར་ནས་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་གི་དངོས་པོར་གྱུར་ནས་ཆོས་གོས་ངུར་སྨྲིག་ཡང་དག་པར་བླངས་ཏེ། མཁན་པོ་དང་སློབ་དཔོན་གྱི་རྗེས་སུ་ཡང་དག་པར་སློབ་པ་ལས། ད་དུང་བློན་པོ་དང་མདུན་ན་འདོན་པ་སོགས་པས་བསྙེན་བཀུར་ཞིང་རྗེས་སུ་འབྲངས་པས་དེའི་དགེ་བའི་ཕྱོགས་ཀྱི་གེགས་སུ་གྱུར་ཏོ། །དུས་དེ་ན་ཁོ་མོ་དཔལ་གྱི་རི་ཞེས་བྱ་བ་ལ་གནས་པ་དང་། དཔལ་མོས་ལྟོས་ཤིག་ས་བདག་ལྟོས། །མི་དབང་ས་བདག་མིང་པོ་ལྟོས། །ད་དུང་རྒྱལ་སྲིད་འབྱོར་བ་ཡིས། །མི་དབང་རྣལ་འབྱོར་གེགས་བྱེད་དོ། །ཞེས་ནམ་མཁའ་ལ་སྒྲར་གྲགས་པར་གྱུར་ཏོ། །དེ་མ་ཐག་ཏུ་ཁོ་མོས་དཔལ་ཨུ་རྒྱན་གྱི་གནས་མི་དབང་དགེ་སློང་ག་ལ་བ་དེར་ཕྱིན་ཏོ། །གཞན་གྱིས་རིག་པར་ཡོད་མ་གྱུར། །ཁོ་མོའི་རྐང་པར་དེ་བཏུད་ནས། །ཨ་ཧོ་ལཀྵྨིཾ་ཞེས་ཀྱང་བརྗོད། །དགའ་བའི་མདངས་ཀྱིས་མེ་ཏོག་གཏོར། །དེ་ལ་ཁོ་མོས་འདི་སྐད་ཅེས། །ཀྱེ་དབང་པོ་བློ་ཁྱོད་རྒྱལ་པོའི་འབྱོར་པས་འཁོར་བའི་གཡང་ས་ཆེན་པོར་ཁྲིད་པའི་གནས་ཡོངས་སུ་དོར་ལ། དགེ་སློང་གི་དངོས་པོ་ཟུངས་ཤིག་ཅེས་བསྒོ་བ་ཡིན་ན། ཅིག་དགེ་སློང་དུ་གྱུར་ཀྱང་འདོར་བར་མི་བྱེད་དམ་ཞེས་སྨྲས་སོ། །དགེ་སློང་དེས་ཁོ་མོ་ལ་འདི་སྐད་ཅེས། ཀྱེ་སྲིང་མོ་བདག་གིས་ནི་རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟར་བོར་ལགས་ཀྱིས་ཀྱང་། སྐྱེ་བོའི་ཚོགས་ཆེན་པོ་འདི་དག་ནི་ད་ལྟ་བདག་གི་སླད་བཞིན་འབྲང་བ་ལགས་ན། དེ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི་བ་གསུངས་ཤིག་ཅེས་ཟེར་བ་ལས། ཁོ་མོས་དེ་ལ་དུར་ཁྲོད་དུ་སོང་ལ་དེ་ཉིད་ཡིད་ལ་བྱོས་ཤིག་ཅེས་བསྒོ་བ་ན། དགེ་སློང་གིས་བདག་གི་ངག་གི་རྗེས་སུ་ཞུགས་ཏེ་མཚན་ཕྱེད་ནས་ལངས་ཏེ་མཁན་པོ་དང་དགེ་འདུན་ལ་སོགས་པས་དུར་ཁྲོད་དུ་གནས་པའི་གེགས་བྱེད་པའི་འཇིགས་པ་དང་ལྡན་པའི་མཁན་པོ་དང་། སློབ་དཔོན་ལ་སོགས་པ་གཉིད་ཀྱིས་ཡོངས་སུ་ནོན་པ་གང་ན་བ་དེར་སོང་སྟེ། དེ་དག་གིས་མི་ཚོར་བའི་ཚུལ་དུ་རྐང་པ་ལ་གཏུགས་ནས། གཙུག་ལག་ཁང་ལ་ལྟོས་པ་མེད་པར་དུར་ཁྲོད་དུ་སོང་སྟེ། དེ་ཉིད་ཡིད་ལ་བྱེད་ཅིང་གནས་པ་ན་རྒྱལ་པོའི་བཙུན་མོའི་ཚོགས་སྔགས་འཆང་མ་རྣམས་ཀྱིས་དགེ་སློང་དེའི་སེམས་ཀྱིས་ལྷག་པའི་བསམ་པ་བརྟན་ནམ་མི་བརྟན་ཞེས་ཅོ་འདྲི་བར་བསམས་པ་ལས། དགེ་སློང་དེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཏིང་ངེ་འཛིན་ཡིད་ལ་བྱེད་པའི་སྟོབས་ཀྱིས་སྔགས་འཆང་མ་རྣམས་ཀྱིས་མཐོང་བར་མ་གྱུར་ཅིང་། དགེ་སློང་དེའི་ལྭ་བ་ཙམ་ཞིག་སྣང་བ་ལ་འདི་སྐད་ཅེས་བརྗོད་དེ། ཨེ་མ་ཤཱཀྱའི་དགེ་སློང་དག་ནི་གཡོ་ཆེ་སྟེ། ལྭ་བ་ལྟར་ལུས་བསྒྱུར་བ་ཡིན་གྲང་། ལྭ་བ་འདི་ཉིད་བཟའོ་ཞེས་ལྭ་བ་དུམ་བུར་བྱས་ཏེ་ཁར་སོ་སོར་བཅུག་པ་ལས། སྔགས་འཆང་མ་དེ་རྣམས་མ་ལུས་པ་ལུག་ལྟ་བུར་གྱུར་ཏེ། ཡུལ་ཡུལ་པོར་གྱུར་ནས་རྒྱལ་པོའི་ཐད་དུ་ལྷགས་ཏེ་འདི་སྐད་ཅེས། ཀྱེ་རྒྱལ་པོ་བདག་ཅག་རྣམས་དགེ་སློང་དུར་ཁྲོད་པས་འདི་ལྟར་བགྱིས་ཏེ། ཨེ་མ་ཀྱི་ཧུད་རྒྱལ་པོས་བསྐྱབ་ཏུ་གསོལ་ཞེས་བརྗོད་དོ། །

རྒྱལ་པོས་བཙུན་མོ་རྣམས་མཐོང་བས་མྱ་ངན་གྱིས་གདུངས་ནས་དགེ་སློང་ག་ལ་བ་དེར་ཁྲིད་དེ་ཞབས་ལ་གཏུགས་ནས་འདི་སྐད་ཅེས། འཕགས་པའི་རྣལ་འབྱོར་ལ་ཅོ་འདྲི་བ་བཟོད་པར་གསོལ་ཞེས་སྨྲས་པ་དང་། དགེ་སློང་གིས་རྒྱལ་པོ་དེ་ལ་འདི་སྐད་ཅེས། ཀྱེ་རྒྱལ་པོའི་བཙུན་མོ་འདི་དག་གིས་ཁོ་བོའི་ལྭ་བ་ཟོས་པ་ཕྱིར་བྱིན་ཅིག་ཅེས་སྨྲས་པ་དང་། དེ་དག་གིས་ལྭ་བའི་དུམ་བུ་རྣམས་ཕྱིར་བསྐྱུགས་ཏེ་སྔོན་ཇི་ལྟ་བ་བཞིན་བསྒྲུབས་ནས་ཕུལ་བ་ཙམ་གྱིས་ཀྱང་ལུག་ལྟ་བུའི་དངོས་པོ་ལས་སླར་ལོག་པར་གྱུར་ཏེ་དགེ་སློང་རྣལ་འབྱོར་པ་དེ་ལ་གཞན་དག་ཏུ་ལྭ་བ་པ་ཞེས་ཀྱང་གྲགས་ཏེ་ཏིང་ངེ་འཛིན་དེའི་བྱིན་གྱི་རླབས་ནི་དེ་དང་འདྲའོ། །

དེ་བཞིན་གཞན་ཡང་གང་ཞིག་ལྷ་ཞེས་བྱ་བ་ནི་གོང་དུ་བརྗོད་པའི་རྣལ་འབྱོར་པ་རྣམས་ལ། རང་ལས་བྱུང་བའི་བདེ་བ་དང་ལྡན་པས་ལྷ་ཡིན་ལ། དེ་ལས་གཞན་པའི་ལྷའི་རྣལ་འབྱོར་པ་གཞན་ཡང་ཡོད་དེ། དཔལ་ལྡན་ཀུན་འགྲོའི་མགོན་པོ་དང་ཞེས་བྱ་བ་ནི་དཔལ་ཨུ་རྒྱན་གྱི་གནས་འདི་ཉིད་ན། དཔལ་ཀུན་འགྲོའི་མགོན་པོ་ཞེས་བྱ་བའི་རྣལ་འབྱོར་པ་ཞིག་དཔལ་ཨུ་རྒྱན་གྱི་གནས་ཀུན་ཏུ་འགྲོ་ཞིང་། དེ་ཁོ་ན་ཉིད་འཚོལ་འཚོལ་བ་དང་། རྣལ་འབྱོར་པ་གྲུབ་པའི་རྡོ་རྗེ་ཞེས་བྱ་བའི་དྲུང་དུ་ཕྱིན་ཏེ། ལོ་དུ་མ་བསྙེན་བཀུར་ནས་དེ་ཁོ་ན་ཉིད་བསྩལ་དུ་གསོལ་ཞེས་གསོལ་པ་དང་། རྣལ་འབྱོར་པ་དེས་འདི་སྐད་ཅེས། རིགས་ཀྱི་བུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ནི་འབད་པ་དང་། ཡི་གེ་དང་། བརྡ་དང་། བརྗོད་པ་དང་། སྒྲའི་ཡུལ་མ་ཡིན་ཏེ། དེ་ཁོ་ན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བ་ཡིན་པས་འབད་པ་དང་། ཡི་གེ་དང་། བརྡ་དང་། སྒྲ་བརྗོད་པ་དང་སྒྲས་རྙེད་པར་མི་འགྱུར་རོ་ཞེས་བརྗོད་མ་ཐག་ཏུ་ཏིང་ངེ་འཛིན་དེ་ཉིད་མངོན་དུ་གསལ་བར་གྱུར་ཏེ། རྣལ་འབྱོར་པ་ཀུན་འགྲོ་མགོན་པོའི་ཚུལ་ནི་དེ་འདྲའོ། །

དེ་བཞིན་དཔལ་ལྡན་ཐུགས་རྡོ་རྗེ་ཞེས་བྱ་བ་ནི་དཔལ་ཨུ་རྒྱན་གྱི་ཡུལ་གྱི་ཡུལ་དེ་ཉིད་ན། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་བདག་དང་འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུན་ལ་ཀུན་ཏུ་སྤྱོད་ཅིང་སེམས་གྱི་རང་བཞིན་འཚོལ་ཏེ། རྣལ་འབྱོར་པ་དག་གི་དྲུང་དུ་འགྲོ་ཞིང་སེམས་ཀྱི་རང་བཞིན་ཅི་འདྲ་བའི་མན་ངག་ཞུ་བ་དང་། དེས་རྣལ་འབྱོར་པ་ཀུན་འགྲོ་མགོན་པོ་ཞེས་བྱ་བ་འགྲོ་བ་རྣམས་ཀྱི་སེམས་ཀྱི་རྒྱུན་ལ་མཁས་པ་ཞིག་ཡོད་ཅེས་ཐོས་ཏེ། དེ་ག་ན་བ་དེར་སོང་ནས་རྣལ་འབྱོར་པ་དེ་ལ་ཇི་ལྟ་བའི་བསྙེན་བཀུར་ཕུལ་ནས་སེམས་ཀྱི་རང་བཞིན་དྲིས་པ་དང་། རྣལ་འབྱོར་པ་ཀུན་འགྲོ་མགོན་པོས་འདི་སྐད་ཅེས་རིགས་ཀྱི་བུ་དཔེར་ན་ནམ་མཁའ་ནི་ཁ་དོག་མ་ཡིན། དབྱིབས་མ་ཡིན། ཚད་མ་ཡིན། བསྟན་དུ་མེད་པ། བརྗོད་དུ་མེད་པ། རྫས་སུ་གྲུབ་པ་མེད་པའོ། །རིགས་ཀྱི་བུ་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་སེམས་ཀྱི་རྒྱུན་གྱི་རང་བཞིན་ཡང་ནམ་མཁའ་ལྟར་ཁ་དོག་མ་ཡིན། དབྱིབས་མ་ཡིན། ཚད་མ་ཡིན། བསྟན་དུ་མེད་པ། བརྗོད་དུ་མེད་པ། རྫས་སུ་གྲུབ་པ་མེད་པའོ་ཞེས་བརྗོད་པ་ཙམ་གྱིས་རྣལ་འབྱོར་པ་དེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བ་ཡང་ཤེས་ཤིང་ཁོང་དུ་ཆུད་ལ། འགྲོ་བ་རྣམས་ཀྱི་སེམས་ཀྱི་རང་བཞིན་ཡང་ཇི་ལྟ་བ་བཞིན་དུ་ཤེས་པར་གྱུར་ཏེ། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་དེའི་ཚུལ་ནི་དེ་འདྲའོ། །དེ་ལྟར་ཁོ་མོས་ཀྱང་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ། བསམ་དུ་མེད་པ། ཐོགས་པ་མེད་པ། ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུན་རྟོགས་པར་བྱེད་པ་འདི་འཚོལ་བ་ལས། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ཞིག་ཏིང་ངེ་འཛིན་འདིའི་རང་བཞིན་ལ་མཁས་ཞེས་བྱ་བ་ཐོས་ནས་དེའི་དྲུང་དུ་ཕྱིན་ཏེ། ཁོ་མོས་ལོ་དུ་མར་མཆོག་གི་རྣལ་འབྱོར་པ་དེའི་ཞབས་ལ་བསྙེན་བཀུར་ཏེ། དེའི་མཐར་ཏིང་ངེ་འཛིན་དེས་གནང་ནས་ཁོ་མོས་དཔལ་གྱི་རི་ལ་ཡིད་ལ་བྱས་པ་ལས་མངོན་དུ་གྱུར་པ་ཡིན་ཞིང་སའི་བདག་པོ་དབང་པོའི་བློ་ལ་རྣམ་གྲངས་དུ་མས་བསྟན་ཅིང་ཁོང་དུ་ཆུད་པར་བྱ་སྟེ། རྒྱལ་སྲིད་ཀྱི་འབྱོར་པ་དང་བྲལ་ནས་དུར་ཁྲོད་དུ་བསྟུན་པ་ལས་མངོན་དུ་གྱུར་པ་ཡིན་ནོ། །

དེ་ལྟར་བརྗོད་པས་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་འདི་ནི་རྙེད་པར་དཀའ་ལ། ཉན་ཐོས་དང་རང་སངས་རྒྱས་དང་། བྱིས་པ་ཕལ་པ་རྣམས་ཀྱིས་རྙེད་པར་རབ་ཏུ་དཀའ་ཞིང་། བླ་མ་ལེགས་པར་བསྟེན་པ་སྐལ་བ་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞེས་དགོངས་སོ། །དཔལ་ལྡན་རོལ་པའི་ལྷ་མོ་སོགས། །ཡང་དང་ཡང་དུ་ཀུན་ལ་འདུད། །ཅེས་བྱ་བ་ནི་སའི་བདག་པོ་དབང་པོའི་བློས་ལྷན་ཅིག་སྐྱེས་པའི་གཞུང་གི་དུམ་བུ་ལྔ་བཅུ་རྩ་བརྒྱད་པོ་འདི་རྩོམ་པར་འདོད་པས་བར་དུ་གེགས་མི་འཇུག་པར་བྱ་བའི་ཕྱིར་དང་། ཚོགས་བསགས་པའི་ཕྱིར་སྔོན་གྱི་བླ་མ་དཔལ་ཨོ་རྒྱན་གྱི་གནས་ན་བཞུགས་པའི་རྣལ་འབྱོར་ཆེན་པོ་རྣམས་ལ་གུས་པའི་ཚུལ་གྱིས་མཆོད་པར་བརྗོད་པ་ཡིན་ནོ། །དེ་རྣམས་ཞབས་ལ་ཕྱག་བྱས་ནས། །གཞུང་ལུགས་མཐའ་ནི་མཆོད་པར་བྱ། །ཞེས་བྱ་བ་ནི་བླ་མ་རྣལ་འབྱོར་ཆེན་པོ་དེ་རྣམས་ལ་ཕྱག་བྱས་ནས་ལྷན་ཅིག་སྐྱེས་པའི་མན་ངག་བླ་མ་དམ་པ་རྣམས་ཀྱི་ཞལ་ནས་བྱུང་བ་རྙེད་དཀའ་བའི་ཚུལ་བདག་གིས་གསལ་བར་བྱ་ཞེས་བྱ་བའི་དོན་ཏེ། ཀུན་འགྲོ་ལྷན་ཅིག་སྐྱེས་ཞི་བ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་གང་ཡིན་པ་དེ་འགྲོ་བ་ཀུན་ལ་ཁྱབ་པར་གནས་པར་སྟོན་ནོ། །འདི་ལྟར་རེ་ཞིག་ལྷན་ཅིག་སྐྱེས་པའི་རང་བཞིན་གང་ཞིག་མ་ཤེས་པ་དེ་ནི་སྡུག་བསྔལ་དང་མཚུངས་པར་ལྷན་ཅིག་སྟེ། དེ་བས་ས་ཧ་ཛ་ཞེས་བྱ་ལ། དེ་ཡང་འདི་སྐད་དུ། འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེའི་རྒྱུད་ལས། ལུས་ཅན་ཐམས་ཅད་སྡུག་བསྔལ་ལོ། །ཧ་ཞེས་སྨྲེ་སྔགས་འདོན་ཞིང་འབྱུང་། །རྒ་ཤིའི་རང་བཞིན་ལུས་ཅན་རྣམས། །ད་ལྟར་སྡུག་བསྔལ་དང་མཚུངས་སྐྱེ། །ཡང་ལུས་ཅན་ཐམས་ཅད་སྐྱེ་བ་ནི། །ཧ་ཞེས་སྲོག་རླུང་ཕྱིར་འབྱུང་ལ། །རྒ་ཤི་དེ་ཡི་དབང་གིས་འབྱུང་། །དེ་ཕྱིར་རྒ་ཤི་མེད་ལ་འབད་། །ཡང་ཁུ་བའི་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཧ་ཞེས་དབུགས་ཀྱིས་ནི། །དབང་པོའི་ལམ་ནས་འཛག་པར་བྱེད། །གང་དེ་སྐྱེ་དང་འཆི་བ་གནས། །ཡང་ལུས་ཅན་འདི་དག་ཐམས་ཅད་ནི། །ང་ཞེས་ང་རྒྱལ་གྱིས་བཅིངས་ཏེ། །རིགས་སུ་བཟུང་བས་ཕུང་ཁྲོལ་བྱེད། །དེ་བས་བདག་འཛིན་རྣམ་སྤང་བྱ། །ཞེས་གསུངས་ལ། གཞན་ཡང་སྡུག་བསྔལ་གྱི་ཕུང་པོ་དེ་དག་ལས་གོ་བཟློག་སྟེ། གཟོད་མ་ནས་ལྷན་ཅིག་སྐྱེས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་སྐྱེས་བུ་གང་ཞིག་གནས་པ་དེ་ལྟ་ན་ནི། ཞི་བའི་བདག་ཉིད་དུ་ལྷན་ཅིག་གནས་པ་ཡིན་ཏེ། ཡང་ཇི་སྐད་དུ། འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེའི་དེ་ཉིད་ལས། ཐམས་ཅད་གཟོད་ནས་བདག་ཉིད་གནས། །ཧ་ཞེས་རོལ་ཅིང་རྒོད་པས་གནས། །རྒ་ཤི་མེད་པར་དེ་གནས་ཤིང་། །ལྷན་ཅིག་སྐྱེས་པས་རྣམ་པར་རོལ། །ཡང་ལུས་ཅན་འདི་དག་ཐམས་ཅད་ནི། །འདི་ཉིད་ཀྱིས་ནི་དབུགས་འབྱིན་ཅིང་། །དངོས་མེད་གཞི་ལས་སྐྱེས་པར་བྱེད། །དེ་འདི་ལྷན་ཅིག་སྐྱེས་པ་ཡིན། །ཡང་འགྲོ་ཀུན་གཟོད་མ་ཉིད་ནས་སྟོང་། །རྒྱུ་རྐྱེན་གང་གིས་སྟོང་མ་བྱས། །འདི་ལས་སྐྱེ་རྒ་ཡོད་མ་ཡིན། །ལྷན་ཅིག་སྐྱེས་པར་དེ་ལྟར་བརྗོད། །ཅེས་གསུངས་སོ། །དེ་བས་ན་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་སྒྲའི་དོན་ནི་དེ་ལྟར་རྟོགས་པར་བྱ་བའི་དོན་ནོ། །

རྟག་ཏུ་འབྱུང་ཞིང་རང་ལ་གནས་ཞེས་བྱ་བ་ནི། གོང་དུ་བརྗོད་པའི་རིམ་པ་དེ་ལྟར་ལུས་ཅན་ཀུན་ལ་གནས་སོ་ཞེས་པའི་དོན་ནོ། །དུས་ཀུན་ཏུ་ན་མི་ཟད་པ་ཞེས་བྱ་བ་ནི། དེ་ལྟར་གོང་དུ་བརྗོད་པའི་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད། གནས་སྐབས་རྣམ་པ་གཉིས་པོ་དག་ཟད་ཅིང་དེངས་པ་ཡིན་ལ། དེ་ལ་ཅིག་ཤོས་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཞེས་བྱ་བའི་རང་བཞིན་ནི། རྟོག་པས་རྟག་པ་སྤངས་པ་ཉིད་ཅེས་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་གང་ཡིན་པ་དེ་ནི་རྟོག་པའི་རྣལ་འབྱོར་གྱིས་རྙེད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ནོ། །

རང་དང་ཕྱི་རོལ་ནང་ན་གནས་ཞེས་བྱ་བ་ནི། མ་བརྟགས་པའི་དེ་ཁོ་ན་ཉིད་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལ་གནས་ཞེས་དགོངས་སོ། །ཕྱི་དང་ནང་ལས་མ་སྐྱེས་པ་ཞེས་བྱ་བ་ནི་དེ་ལྟར་རྒྱུ་བ་དང་མི་རྒྱུ་བ་མཐའ་དག་ལ་གནས་ཀྱང་། བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ཚུལ་དུ་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཟུང་འཇུག་ཚིག་གི་དོན་དེ་ནི། །རྒྱུ་དང་མི་རྒྱུས་གནས་པ་ལ། །དུས་ཀུན་ཏུ་ནི་ཡང་དག་གནས། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་དེ་ཡོད་པའམ་མེད་པའམ་གཉིས་ཀ་ལས་འདས་པ་ཞེའམ། རྟག་པའམ་མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་མེད་པའམ། ཉིན་མོ་ཞེའམ། མཚན་མོ་ཞེའམ། འཁོར་བ་ཞེའམ། མྱ་ངན་ལས་འདས་པ་ཞེས་གང་གིས་བརྗོད་པའི་མཐའ་དང་བྲལ་བའི་མཚན་ཉིད་དེ། དེ་བས་རྒྱུ་བ་དང་མི་རྒྱུ་བ་དང་ཐམས་ཅད་དུས་ཆད་པ་མེད་པར་གནས་ཞེས་དགོངས་སོ། །

དེ་ལྟར་ན་འགྲོ་བ་རྣམས་དེ་ཁོ་ན་ཉིད་དེ་དང་ལྡན་པས་བླ་མས་བསྒོ་བས་ཅི་ཞིག་བྱ་ཞེ་ན། གཞུང་ལས་མ་གཏོགས་རྙེད་མི་འགྱུར་ཞེས་སྨོས་ཏེ། དཔེར་ན་བུད་མེད་དབུལ་མོ་ཞིག་ལ་ལྟོ་བ་ན་བུ་གླིང་བཞི་ལ་དབང་བྱེད་པ་ཡོད་ཀྱང་། རང་ཉིད་སློང་བ་འབའ་ཞིག་ཡིད་ལ་བྱེད་པ་ལྟར་སོ་སོའི་སྐྱེ་བོ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བ་དེ་བས་ན། ཀྱེ་སེམས་ཅན་རྣམས་བླ་མའི་ཡོན་ཏན་རིན་པོ་ཆེ་གཏེར་ཡང་དག་པར་བསྟེན་ཅིག་ཅེས་བྱ་བའི་དོན་ནོ། །གང་དང་མཚུངས་པར་སྐྱེས་པའོ། །

དེས་ན་ལྷན་ཅིག་སྐྱེས་པར་བརྗོད་ཅེས་བྱ་བའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་གང་ཞིག་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་དང་ལྷན་ཅིག་ཏུ་གནས་པས་དེ་བས་དེ་སྐད་ཅེས་བྱའོ། །རྟོག་པའི་བདག་ཉིད་ཅན་གྱིས་ལྷན་ཅིག་སྐྱེས་པ་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ལ་རེག་པ་མེད་པས། ལྷན་ཅིག་སྐྱེས་པ་རྟོག་པ་མེད། །མི་རྟོག་ལས་སྐྱེས་ལྷན་ཅིག་སྐྱེས། །ཞེས་བྱའོ། །སངས་རྒྱས་རྣམས་ལ་ལྷན་ཅིག་སྐྱེས། །རྫོགས་པའི་བྱང་ཆུབ་སྟེར་མཛད་པ། །ཞེས་བྱ་བ་ནི། གང་ཞིག་ཇི་ལྟར་གནས་པ་དེ་ལྟར་གནས་པའི་ཚུལ་དུ་གནས་པས་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་སོ་ཞེས་བྱའོ། །སེམས་ཀྱི་བཅོས་པ་ཁོ་ན་བདུད་དུ་བསྟན་ཅིང་འབད་པས་ལྷན་ཅིག་སྐྱེས་པ་ཐོབ་པ་མེད་དོ་ཞེས་བསྟན་པར་བྱ་བའི་ཆེད་དུ། རྟོག་ལས་ཕྱི་རོལ་ལྷན་ཅིག་སྐྱེས། །བླང་བྱ་དོར་བྱ་སྤངས་པ་ཉིད། །གང་དུ་ཇི་ལྟ་དེ་ལྟ་བུར། །དེ་ནི་འབད་པ་མེད་པས་ཐོབ། །ཅེས་བྱ་བ་སྨོས་ཏེ་ཏིང་ངེ་འཛིན་འདི་ལ་ནི་གནས་པ་ངེས་པའམ། རེ་བའམ། དོགས་པའམ། འདུག་སྟངས་སམ། ཟས་ཀྱི་བྱེ་བྲག་གམ། ཕྱག་རྒྱ་བཅིང་བའམ། མེ་ཐབ་བམ། གཟའ་དང་ཚེས་གྲངས་ལ་སོགས་པ་རྣམ་པར་དབེན་པ་ཡིན་ཏེ། དེ་ལྟ་བུ་དག་ནི་བརྟགས་པའི་རྣལ་འབྱོར་ཞེས་བྱའོ། །བརྟགས་པ་མ་ཡིན་པ་དང་། རྟོག་པས་མ་བརྟགས་པ་འཐོབ་པ་ནི་འགལ་བ་ཡིན་ནོ། །གཞན་ཡང་ཇི་སྐད་དུ། ཇི་སྲིད་ཡིད་ཀྱི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཐེ་ཚོམ་མེད་ཅིང་རྟོག་མེད་པ། །མངོན་སུམ་དུ་ནི་རྙེད་པར་འགྱུར། །ཞེས་བྱ་བ་ནི་གོང་དུ་བརྗོད་པའི་ལྷན་ཅིག་སྐྱེས་པའི་ཐེ་ཚོམ་དང་རྟོག་པའི་དྲ་བ་ཐམས་ཅད་གཏོང་པ་བླ་མ་དམ་པ་ལས་མངོན་སུམ་དུ་རྟོགས་ཏེ་ལེགས་པར་ཉམས་སུ་མྱོང་བ་དེ་ལྟ་བུ་ནི། ཉིན་མཚན་བསྐལ་པ་དེ་བཞིན་ནོ། །བསྐལ་པ་བྱེ་བ་བརྒྱ་དག་གམ། །རྒྱུན་མི་ཆད་པར་དུས་ཀུན་ཏུ། །ལྷན་ཅིག་སྐྱེས་པ་འཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཚིག་འདིའི་དོན་ནི་གང་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཡེ་ཤེས་ཀྱི་གསང་བའི་དམ་ཚིག་ཅེས་བྱ་བ་དྲི་མ་མེད་པའི་ཆུ་བོའི་རྒྱུན་ལྟར་འབབ་པ་ཡིན་ལ། ཆུ་རྒྱུན་དེ་ཡང་བདག་ཉིད་འདོད་ན་ནི། ཉིན་མཚན་གྱི་གྲངས་སམ། ཟླ་བའི་གྲངས་སམ། ལོའི་གྲངས་སམ། བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པའི་གྲངས་སུ་ཡང་དུས་ཀུན་ཏུ་རྒྱུན་མི་འཆད་པར་གནས་པ་ཡིན་ཞིང་ཉམས་སུ་མྱོང་བ་ཡིན་ནོ། །གང་ཡང་ཆུ་རྒྱུན་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། སྟོང་པ་ཉིད་དུ་དུས་མཐའ་མེད་ཅེས་བྱ་བར་གསུངས་པ། འོག་མིན་གྱི་གནས་དཔལ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་ཡེ་ཤེས་གང་ཆེན་མཚོ་ཞེས་བྱ་བ་ནས་རབ་ཏུ་འབབ་སྟེ། སྲིད་པ་གསུམ་ན་གནས་པའི་སེམས་ཅན་ཉི་མའི་ཟེར་རབ་ཏུ་ཚ་བས་འཁྲི་ཤིང་དང་གེལ་པ་ལ་སོགས་པ་བསྲེགས་པ་ལྟར་གནས་པ་རྣམས་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མྱུ་གུ་སྐྱེད་པར་བྱེད་པ་ཡང་ཡིན་ནོ། །

གཞན་ཡང་དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུ་རྒྱུན་འདི་ཁོ་ན། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་བདག་ཉིད་དང་། ཤེས་རབ་ཀྱི་བདག་ཉིད་ཀྱི་རྒྱུད་དུ་ཐབས་སམ་མན་ངག་དམ་པ་ཞེས་སུ་བསྟན་ལ། ཐེག་པ་གཞན་དག་གམ། བྱ་བའམ། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ལས་ཁྱད་པར་འཕགས་པར་སྟོན་ནོ། །རྟོག་པ་བྲལ་ཞིང་མངོན་སུམ་པ། །རྒྱལ་བས་ཡིད་ཀྱི་ནང་གནས་གསུངས། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་མ་བཅོས་པ་གང་ཡིན་པ་དེ་རྣལ་འབྱོར་པའི་མངོན་སུམ་པའི་རྟོག་པ་དང་བྲལ་བ་ཡིན་ནོ། །དེ་ཉིད་རྩོལ་བ་མེད་པའི་བརྩོན་འགྲུས་ཀྱིས་འཕྲད་དེ། རྣམ་པར་ཤེས་པའི་ཐུགས་ཀྱི་རྡོ་རྗེ་དངོས་ཀྱི་རང་བཞིན་དུ་གནས་ཞེས་རྡོ་རྗེ་འཆང་རྣམས་ཀྱིས་གསུངས་སོ། །རྟག་དང་ཆད་དང་བྲལ་བ་ཉིད། །ཅེས་བྱ་བ་ནི་རྟག་ཆད་དུ་ལྟ་བ་སྤངས་པའོ། །མཚོན་པར་བྱེད་པ་དང་མཚན་གཞི་བཏགས་པ་སྤངས་པས་ན། མཚན་དང་མཚན་གཞི་སྤངས་པ་ཉིད་ཅེས་བྱའོ། །གཞན་ཡང་སྙིང་རྗེ་མངོན་བརྗོད་པ་ཞེས་བྱ་བ་ཡང་། སྙིང་རྗེ་ནི་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་ཞེས་བྱ་བ་དཀར་པོའི་ཆོས་གཅིག་ནས་ལྔའི་བར་དང་། ཆོས་ལ་དམིགས་པ་ཞེས་བྱ་བ་དྲུག་ནས་བཅུའི་བར་དང་། དམིགས་པ་མེད་པ་ཞེས་བྱ་བ་བཅུ་གཅིག་ནས་བཅོ་ལྔའི་བར་ཡིན་ལ། དེ་ལྟ་བུའི་སྙིང་རྗེ་ནང་གི་བདག་ཉིད་ཅན་དག་ལ་སྙིང་རྗེ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ཉིད་བསྐུལ་ཞིང་འཇུག་པ་མེད་པའི་བྱེད་པ་པོ་དམིགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷན་ཅིག་སྐྱེས་པར་ཡོངས་བརྗོད་བྱ། །ཞེས་བྱ་བ་ནི་དེ་ལྟར་སྐུལ་བར་བྱེད་པས་བསྐུལ་བར་བྱ་བ་བསྐུལ་བའི་བདེ་བ་ཆེན་པོ་གང་ཡིན་པ་དེ་ལྷན་ཅིག་སྐྱེས་པ་ཆེན་པོ་ཡིན་ཞེས་དགོངས་སོ། །ལྷན་ཅིག་སྐྱེས་འདི་དངོས་རྣམས་ཀྱི། །རྒྱུ་དག་ཏུ་ནི་ཡོངས་སུ་བརྗོད། །ཅེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འདི་ཉིད་ཡོངས་སུ་ཤེས་པ་དེ་ལྟ་ན་ནི་བྱང་བ་དང་གྲོལ་བའི་གཞི་ཡིན་ལ། ཡོངས་སུ་མ་ཤེས་པས་སྡུག་བསྔལ་གྱི་ཕུང་པོ་ཡོངས་སུ་བསྐྱེད་པའམ། ཡང་ན་སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱིས་ཁྱོད་བསྟེན་ན། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་བྱ་བའི་དོན་ནོ། །ལ་ལས་བདག་ནི་ལྷན་ཅིག་སྐྱེས། །ཁ་ཅིག་རྨོངས་པས་དབང་ཕྱུག་སྟེ། །ཞེས་པ་ནི་བྱིས་པའི་སྐྱེ་བོ་ཁ་ཅིག་བདག་རྟག་པ་ལ་ལྷན་ཅིག་སྐྱེས་པ་ཞེས་ཟེར་རོ། །ཁ་ཅིག་ཕྱའམ་དབང་ཕྱུག་ཅེས་བྱ་བ་ལེགས་པ་དང་ཉེས་པ་སྤྱད་པའི་འབྲས་བུ་མ་ཡིན་པ་ཕྱའམ་དབང་ཕྱུག་དེ་དག་ལེགས་པར་མཆོད་ན་བདག་འདོད་པ་སྟེར་རོ་ཞེས་དེ་ལ་ལྷན་ཅིག་སྐྱེས་པར་རྟོག་གོ །འོ་ན་གང་ཡིན་སྙམ་པ་ལས། བདག་བཅས་མ་ཡིན་བདག་མེད་པ། །རྟོག་པ་གཉིས་ནི་སྤངས་པ་ཉིད། །ཅེས་བྱ་བ་སྨོས་ཏེ། ལྷན་ཅིག་སྐྱེས་པ་ནི་ཆོས་དང་གང་ཟག་གི་བདག་ཉིད་ལས་ཀྱང་སྟོང་པ་སྟེ། དེ་བས་ན་རྟོག་པ་གཉིས་སྤངས་པའི་བདག་མེད་པ་ཁོ་ན་ལ་བརྗོད་པར་བྱའོ། །གང་ལ་གཉིས་ཀྱི་འདུ་ཤེས་མེད་པ་དེ་ལ་ཟུང་འཇུག་གི་གོ་འཕང་སྟེ། དེ་ཞེས་བྱ་བ་ལྷན་ཅིག་སྐྱེས་པ་དེ་ཞེས་སྦྱོར་རོ། །རྒྱལ་བས་ལྷན་ཅིག་སྐྱེས་པར་གསུངས། །ཞེས་བྱ་བ་ནི་གཞན་ཡང་གཉིས་ཀྱི་འདུ་ཤེས་སྤངས་པའི་ཟུང་འཇུག་ལ་གནས་པ་ལྷན་ཅིག་སྐྱེས་པར་གསུངས་སོ། །སུས་ཤེ་ན་རྒྱལ་བས་ཞེས་བྱ་བ་སྨོས་སོ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །ཅེས་བྱ་བ་ནི་གང་ཞིག་ཡོངས་སུ་ཤེས་ན་དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་སྲོག་ཆེན་པོ་ཡང་ཡིན་ནོ། །དེ་ཉིད་ཟད་པ་མེད་ཅིང་མི་འགྱུར་བས་དེ་ཉིད་མཆོག་ཏུ་མི་འགྱུར་བ་ཞེས་བྱའོ། །དེ་ཉིད་ཀུན་ལ་ཁྱབ་པའོ། །ལུས་ཀུན་ལ་ནི་རྣམ་པར་གནས་ཞེས་བྱ་བ་ནི། གོང་དུ་བརྗོད་པའི་སྙིང་རྗེ་རྣམ་པ་གསུམ་སྟེ། དེ་ཡང་ལྷན་ཅིག་སྐྱེས་པ་ཡིན་ཏེ། དེ་བས་ན་འགྲོ་བ་ཀུན་ལ་ཁྱབ་ཅིང་ལུས་ཐམས་ཅད་ལ་དབྱེར་མེད་པར་གནས་ཞེས་བྱའི་དོན་ནོ། །བུད་མེད་ནི་མི་མོའོ། །བྱིས་པ་ནི་དོན་ལ་ཤེད་མ་བྱེ་བའོ། །བ་ལང་རྫི་ནི་བ་ལང་སྐྱོང་ངོ་། །ཀླ་ཀློ་ནི་གང་ལ་ཆོས་མེད་པ་དེའོ། །རིགས་ངན་ནི་གདོལ་པའོ། །ཆུ་ཡི་ནང་གནས་སེམས་ཅན་དང་ཞེས་བྱ་བ་ནི། ཆུའི་སྐྱེ་བོ་སྟེ་ཆུ་མི་ལ་སོགས་པའོ། །ལྷ་ནི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའོ། །གནོད་སྦྱིན་ནི་འགྲོ་བའི་མདངས་འཕྲོག་པ་ལ་སོགས་པའོ། །ཀླུ་ནི་དགའ་བོ་ལ་སོགས་པ་སྟེ། དེ་དག་གི་ཚོགས་ལ་བཅས་པ་ཞེས་བྱའོ། །དེ་རྣམས་ལྷན་ཅིག་སྐྱེས་མི་ཤེས། །ཞེས་བྱ་བ་ནི་འགྲོ་བ་དེ་རྣམས་ཀྱིས་ལྷན་ཅིག་སྐྱེས་པ་གང་ཞིག་མ་ཤེས་པས་སྲིད་པ་གསུམ་གྱི་འགྲོ་བའི་གྲོང་ཁྱེར་དག་ཏུ་འཁྱམ་པ་ཡང་ཡིན་ནོ། །སངས་རྒྱས་བདག་ཉིད་ལུས་ལ་ནི། །ཞེས་བྱ་བ་ནི་ལུས་ཅན་ཐམས་ཅད་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་གཟོད་མ་ནས་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །དེ་བས་དེའི་ཕྱིར་དངོས་གྲུབ་བདེ་བ་མི་ནུས་ཤིང་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་རང་བཞིན་དུ་ལྟ་ཞིང་རྟོག་པར་མི་བྱེད་པའི་ཕྱིར། བདག་ཉིད་འཕྲོག་པའི་ཆོམ་རྐུན་ཏེ། །ཞེས་སྨོས་ཏེ་རང་གི་རང་འཇོམས་པའི་ཕྱིར་རོ། །དེ་ཡིས་སྡིག་པ་མ་བྱས་སམ་ཞེས་པ་ནི། གང་ཞིག་གང་གི་རང་བཞིན་ལ། །དེ་དང་དེ་ཡི་རང་བཞིན་དུ། །མ་བྱས་དེའི་ཕྱིར་སྡིག་ཅན་ནོ། །བདག་ཉིད་འདི་དག་གཞན་པ་ལ། །ཞེས་པ་ནི། ལུས་ཅན་རྣམས་ཀྱིས་སྟོང་པ་གཞན་པ་ལ། གཞན་དག་ཏུ་ནི་རྟོག་པར་བྱེད་ཅེས་བྱ་སྟེ། བདག་མེད་པ་ལ་བདག་ཏུ་རྟོག་པའི་ཕྱིར་ནའོ། །དེའི་ཕྱིར་ན་ཡང་བདག་ཉིད་འཕྲོག་པའི་ཆོམ་རྐུན་ཏེ། །དེ་ཡིས་སྡིག་པ་མ་བྱས་སམ། །ཞེས་བྱ་སྟེ་གོང་མ་བཞིན་དུ་སྦྱར་རོ། །འོ་ན་ཅི་ཞེ་ན། བདག་ཉིད་ངེས་པར་སངས་རྒྱས་ཀུན་ཞེས་བྱ་བ་སྨོས་ཏེ། ཀྱེ་སེམས་ཅན་རྣམས་མ་རྟོགས་པའི་ཕྱིར་སེམས་ཅན་ཞེས་པའི་མིང་ཡིན་ལ། རྟོགས་པས་སངས་རྒྱས་ཞེས་བྱ་བའི་དོན་ནོ། །མཛའ་བོ་ཐམས་ཅད་ཉིད་ཀྱང་ངོ་། །ཞེས་བྱ་བ་ནི་བདག་ཉིད་སངས་རྒྱས་ཀུན་གྱི་རང་བཞིན་གང་ཡིན་པ་དེ་ནི། མཛའ་བོ་དང་གྲོགས་དང་། ཕ་མ་དང་། རྩ་ལག་ལ་སོགས་པ་ཡང་ཡིན་ཞེས་པའི་དོན་ནོ། །རང་གི་ལྷག་པའི་ལྷར་སྦྱོར་བས། །ཞེས་པ་ན་འདོད་པའི་ལྷར་སྦྱོར་བས་སོ། །

དེ་ཕྱིར་བདག་ཉིད་བསྒྲུབ་པར་བྱ་ཞེས་པ་ནི། བདག་ཉིད་ལྷན་ཅིག་སྐྱེས་པའི་སངས་རྒྱས་ཡིན། དེ་བས་ན་སངས་རྒྱས་ལྷན་ཅིག་སྐྱེས་པར་ཤེས་པར་གྱིས་ཤིག་ཅེས་པའི་དོན་ནོ། །ལུས་གནས་ལུས་ལས་མ་སྐྱེས་པ་ཞེས་པ་ནི། ལྷན་ཅིག་སྐྱེས་པ་ནི་རྟོག་པ་གང་ཡིན་པ་དེ་ལུས་ལ་གནས་ཀྱང་ལུས་ཀྱི་རྒྱུའི་ཚུལ་དུ་སྐྱེད་པ་ནི་མེད་དོ། །རྟག་པ་གཉིས་ནི་ཞེས་ནི། གཟུང་བ་དང་། འཛིན་པ་དང་། ཡོད་པ་དང་། མེད་པའམ། རྟག་པ་དང་ཆད་པར་རྟོག་པ་ཡིན་ལ་ལྷན་ཅིག་སྐྱེས་པ་ལ་དེ་མི་མངའ་བས་སྤངས་པའོ། །ཁྱབ་བྱ་ཁྱབ་བྱེད་ཚུལ་གྱིས་ནི། །དངོས་པོ་ཀུན་ལ་ཡང་དག་གནས། །ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཁྱབ་པར་བྱས་པ་ལྷན་ཅིག་སྐྱེས་པའི་ངོ་བོས་ཁྱབ་ནས་གནས་ཞེས་བྱ་བའི་དོན་ནོ། །ལྷ་དང་ལྷ་མིན་ཀླུར་བཅས་དང་། །ཐུབ་པ་རྣམས་དང་དྲང་སྲོང་དང་། །ཞེས་པ་ནི་ལྷ་ནི་སྔོན་དུ་བསྟན་པའོ། །ལྷ་མ་ཡིན་ནི་ཆང་ལ་མི་དགའ་བའམ་ཀུན་ནས་སྟོབས་དང་ལྡན་པའོ། །ཀླུ་ནི་དགའ་བོ་ལ་སོགས་པ་སྟེ་སྔོན་དུ་བསྟན་ཏོ། །ཐུབ་པ་ནི་མེ་སྦྱིན་ལ་སོགས་པའོ། །དྲང་སྲོང་ནི་རྒྱས་པ་ལ་སོགས་པའོ། །བདག་ཏུ་འཛིན་པ་མཐར་གནས་པ་ཞེས་བྱ་བ། བདག་མེད་པ་ལ་བདག་ཏུ་ལྟ་བའི་ཕྱིར་གླེན་པ་རྨོངས་པ་ཡིན་ལ། དེ་བས་ན་ལྷན་ཅིག་སྐྱེས་པ་མི་ཤེས་སོ། །མཆོག་གི་གོ་འཕང་མི་ཤེས་ཕྱིར། །རྨོངས་པ་ཐམས་ཅད་ཉོན་མོངས་འགྱུར། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་མཆོག་གི་གནས་མ་ཤེས་པས་འཁོར་བར་ཉོན་མོངས་ཤིང་སྡུག་བསྔལ་ལོ་ཞེས་བྱ་བའི་དོན་ནོ། །བསྐལ་པ་གསུམ་དུ་ངལ་བྱས་ནས་ཞེས་བྱ་བ་ནི། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུས་དམའ་བའི་ཚུལ་ཁྲིམས་སུ་ཁས་ལེན་ཅིང་ལྷ་དང་མིའི་འབྱོར་བའི་སྟེགས་ཙམ་འཚོལ་ཞིང་། དག་པ་དང་གྲོལ་བར་འཛིན་པ་ཡིན་ཏེ། འདི་ལྟར་བདག་ཉིད་གཅིག་པུ་འདུལ་བའོ་ཞེས་བྱ་བ་ནི། སེམས་བསྐྱེད་པ་དམན་པས་ཇི་སྲིད་འཚོའི་བར་དུ་ཞེས་དམ་བཅའ་བའི་ཕྱིར་དང་། བདག་ཉིད་གཅིག་པུ་དུལ་ཞིང་ཞི་བའི་བསམ་པ་དང་ལྡན་པའི་ཕྱིར་དང་། རྣམ་པ་ཀུན་ཏུ་འདི་དག་མིན་ཞེས་བྱ་བ་ནི། བདག་ཉིད་གཅིག་པུ་ཞི་ཞིང་དུལ་བ་ལས། གཞན་དུ་འགྲོ་བ་ནི་རྣམ་པ་ཀུན་ཏུ་ཞི་ཞིང་དུལ་བ་ལ་མི་བརྩོན་བ་སྟེ། བདག་ཉིད་འབའ་ཞིག་འཇུག་པ་བཞི་དང་འབྲས་བུ་བཞི་ཙམ་ཞིག་གིས་ཆོག་པར་འཛིན་པ་ནི། ཉན་ཐོས་པ་ཡི་བྱང་ཆུབ་འདོད། །ཅེས་བྱ་བ་ཡིན་ནོ། །དེ་བས་ཀྱང་ལྷན་ཅིག་སྐྱེས་པ་མི་ཤེས་ཞེས་བྱ་བའི་དོན་ནོ། །

དབུ་མའི་འདོད་ལུགས་གཞུང་གི་ཚུལ། །དེ་ནི་རྩོད་པ་ཀུན་ལ་མོས། །ཞེས་བྱ་བ་ནི་རྟོག་གེ་པ་གང་ཞིག་དབུ་མ་པ་ཁས་ལེན་ཅིང་དམ་བཅའ་བ་དང་། རྟགས་ཀྱི་རྗེས་སུ་འགྲོ་བ་དང་། ལྡོག་པ་ཙམ་གྱིས་གཞན་དག་སུན་འདོད་ཅིང་། བདག་རང་གི་གཞུང་ཡང་ཆོས་ཐམས་ཅད་དབུས་དང་མཐའ་དམིགས་སུ་མེད་དོ་ཞེས་དམ་བཅའ་བ་དང་། གཏན་ཚིགས་ལ་སོགས་པ་ཙམ་གྱིས་བསྒྲུབ་སྟེ། གང་ཡང་ཚིག་ཙམ་གྱིས་ཆོས་ཐམས་ཅད་སྟོང་པར་བརྗོད་པ་རྟོག་གེ་བརྩད་པ་ལ་མོས་ཞེས་བྱ་བ་ཡིན་ལ། སྐྱེས་བུ་དེ་དག་གིས་ཆོས་ཐམས་ཅད་བདག་ཡོད་པའམ་མེད་པར་དམ་བཅའ་བ་ལ་སོགས་པའི་སྦྱོར་བས་བསྐལ་པའི་ཡལ་གར་ཏེ། བསྐལ་པ་གྲངས་མེད་པར་བརྩད་ཀྱང་ངལ་བ་དོན་མེད་པ་ཡིན་པས་ལྷན་ཅིག་སྐྱེས་པའི་རང་བཞིན་དེ་ཡིས་ཀུན་ནས་མི་ཤེས་སོ་ཞེས་བྱ་བའི་དོན་ནོ། །འདི་ལྟ་སྟེ་དཔེར་ན་སྐྱེས་བུ་འགའ་ཞིག་གླ་རྩིའི་དྲི་ཉམས་སུ་མ་མྱོང་བས་གླ་རྩིའི་ཡོན་ཏན་སྐྱེས་བུ་གཞན་དག་ལ་སྟོན་པ་དང་མཚུངས་པ་ནི་དབུ་མའི་གཞུང་ཡིན་ཏེ། གང་ཡང་རྡོ་རྗེ་འཆང་གིས་གསུངས་པའི་ཆོས་ཐམས་ཅད་སྟོང་པ་དང་། ཞི་བ་དང་། བདག་མེད་པ་ཉིད་ཉམས་སུ་མྱོང་ཞིང་། གཞན་ལ་ཡང་ཚིག་གིས་མཆོད་པར་བྱེད་ཅིང་སྟོན་པར་བྱེད་པ་དག་གི་རྣལ་འབྱོར་པ་ནི་ཁོ་བོ་འགོག་པར་མི་བྱེད་དོ། །ཐེག་ཆེན་ཤིན་ཏུ་ཡངས་པ་ལས་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་སྟོན་པར་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དོ། །རྒྱལ་བ་མཆོག་ཅེས་པ་ནི། རྡོ་རྗེ་འཆང་རྣམས་སོ། །སྔོན་གསུངས་པ་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །འདི་ལྟར་གཅིག་པུ་ཉིད་ཀྱིས་ཞེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་རྟོག་པའི་དྲི་མས་དབེན་པའི་ཏིང་ངེ་འཛིན་འདི་གཅིག་པུ་ཉིད་ཀྱིས་སོ། །ཡང་དག་རྫོགས་པའི་བྱང་ཆུབ་མཆོག། །ཕྱག་ན་རྡོ་རྗེའི་རིམ་པས་འོང་། །ཞེས་པ་ནི་གསང་བའི་བདག་པོའི་སྤྲུལ་པ་ལས་བརྒྱུད་དེ་གོང་དུ་བསྟན་པ་ཉིད་དོ། །

རྣ་བ་ནས་ནི་རྣ་བར་རྙེད་ཅེས་པ་ནི། བླ་མ་གཅིག་ནས་གཅིག་ཏུ་རྣ་བ་ནས་རྣ་བར་བརྒྱུད་པ་ཡིན་ཞིང་། གཞུང་གི་ཚེགས་ནས་མི་རྙེད་ཅེས་བྱ་བའི་དོན་ནོ། །གང་ལ་བྱང་ཆུབ་གཞུང་གནས་པ། །བླ་མ་དེ་ཡིས་འགྲོ་བ་སྒྲོལ། །ཞེས་བྱ་བ་ནི་གང་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ནམ་མཁའ་མཛོད་ཀྱི་གཏེར་གྱི་ཏིང་ངེ་འཛིན་གྱི་གཞུང་གང་ལ་གནས་པའི་བླ་མ་ཆེན་པོ་དེས་སྐྱེ་བོ་སྐལ་བ་དང་ལྡན་པ་རྣམས་གྲོལ་བར་ནུས་ཀྱི། གཞན་དུ་ཚིག་ཙམ་དང་ཀུན་ཏུ་བརྟགས་པས་མི་གྲོལ་ཞེས་བྱ་བའི་དོན་ནོ། །བསྒོམ་སྒོམ་བྱེད་འབྲེལ་བའམ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་བསྒོམ་པར་འདོད་པ་རྣམས་ཀྱིས་ཀྱང་བསྒོམ་པར་བྱ་ཞེའམ། སྒོམ་པ་པོ་ཞེས་ནི་ནམ་དུ་ཡང་བརྟག་པར་མི་བྱའོ་ཞེས་པའི་དོན་ནོ། །ཡང་དང་ཡང་དུ་བརྟག་པ་ནི། །ཞེས་པ་ནི་གདན་དང་ས་བོན་དང་མཚན་མ་ལ་སོགས་པའམ། རྩྭ་འམ། ཐིག་ལེའམ། རླུང་གི་གོང་བུའམ། སྒྲའམ། ཟླ་བའི་དུམ་བུའམ། ལྟེ་བར་མེའི་གཟུགས་ལ་སོགས་པ་ཡང་དང་ཡང་དུ་བརྟག་པར་མི་བྱའོ་ཞེས་པའི་དོན་ནོ། །ཅིའི་ཕྱིར་མི་བརྟག་སྙམ་པ་ལས། རྟོགས་པ་བསྒོམ་པའི་བདག་ཉིད་ཀྱིས། །དངོས་གྲུབ་དོན་དུ་སྒྲུབ་པའི་ཐབས། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་འཆང་ཆེན་པོའི་གནས་ཀྱི་དངོས་གྲུབ་འདོད་པ་གང་དག་ཡིན་པ་དེ་དག་གིས་ཀུན་བརྟགས་པའི་རྣལ་འབྱོར་གྱིས་རྡོ་རྗེ་འཆང་གི་གནས་ལ་རེག་པ་མེད་དེ་བརྟགས་པ་ཡིན་པའི་ཕྱིར་རོ། །གང་ཡང་གནས་དེ་ནི་མ་བརྟགས་པ། འདུས་མ་བྱས་པ། རྒྱུ་རྐྱེན་གྱིས་མ་བསྐྱེད་པ། རྡོ་རྗེ་ལྟར་གཞིག་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་དེའི་ཕྱིར། དེ་ཀུན་རྟག་ཏུ་རྣལ་འབྱོར་པས། །དོར་བ་ཉིད་དུ་ཡོངས་སུ་བརྟག །ཅེས་བྱ་བ་སྨོས་སོ། །བརྟག་པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་དག་ཡོངས་སུ་སྤངས་ཞེས་བྱའོ། །དེ་བཞིན་དུ་ཡང་ཞེས་པ་ནི་མདོར་བསྡུས་པའི་ཚུལ་ལོ། །ཇི་སྲིད་ཇི་སྲིད་རྣམ་རྟོག་པ། །དེ་སྲིད་ཐམས་ཅད་ཀུན་ནས་རྫུན། །ཞེས་བྱ་བ་ནི་མདོར་ན་ཇི་སྲིད་དུ་རྣམ་པར་རྟོག་པ་ཡིན་པ་དེ་སྲིད་དུ་རྫུན་པ་དང་། བསླུ་བའི་ཆོས་ཅན་ཡིན་པས་སྤང་ཞེས་པའོ། །མི་འགྱུར་བའི་ཆོས་ཅན་གང་ཡིན་ཞེ་ན། གང་ཞིག་དེ་ཉིད་མ་བརྟགས་པས། །དེ་བཞིན་ཡང་དག་དེ་བདེན་པ། །ཞེས་བྱ་བ་སྨོས་ཏེ་གང་ཞིག་སྟེ་ཏིང་ངེ་འཛིན་གང་ཞིག་མ་བརྟགས་པ་དང་། མ་བཅོས་པ་དང་། བཙལ་བ་ཐམས་ཅད་དང་བྲལ་བ་དེ་ནི་བདེན་པ་དང་། རྟག་པ་དང་། བརྟན་པ་དང་། གཞིག་ཏུ་མེད་པའོ་ཞེས་བྱ་བའི་དོན་ནོ། །དེ་ཡང་འདི་སྐད་དུ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་གསུངས་པ་དང་། གཞན་ཡང་། མ་བཅོས་ལམ་ལ་གནས་ན་ནི། །ཐམས་ཅད་བྱས་ཀྱང་གྲོལ་འགྱུར་ཞིང་། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

དེ་བས་ན་དེའི་ཕྱིར་སེམས་ཀྱི་ཀུན་ཏུ་རྟོག་པ་ཁོ་ན་བདུད་ཡིན་ལ་དེ་དང་བྲལ་བས་སངས་རྒྱས་སུ་ཤེས་པར་བྱའོ། །རྟེན་འབྲེལ་ལས་སྐྱེད་སྐད་ཅིག་མ་ཞེས་བྱ་བ་ནི། བྱིས་པ་གང་དག་སྐྱེས་པ་དང་མི་མོ་ལས་བྱུང་བ་ཉིད་དངོས་གྲུབ་ཏུ་འདོད་དེ། དེ་ནི་ཁ་ཅིག་དངོས་གྲུབ་དབང་གཉིས་སྐྱེས་ཞེས་བྱ་བ་ཡིན་ཏེ། ཐུགས་རྡོ་རྗེ་ཆེན་པོ་མངའ་བའི་སངས་རྒྱས་རྣམས་ཀྱིས་མ་འོངས་པའི་དུས་ཀྱི་སྐྱེ་བོ་འདུལ་བར་དཀའ་བ་འདོད་ཆགས་ཀྱི་དབང་དུ་གྱུར་པ་རྣམས་ལ་དཔེའི་ཡེ་ཤེས་དང་མཚོན་པར་བྱེད་པ་དང་བྲིད་པར་གསུངས་པ་ཁོ་ན་མཆོག་དང་། དམ་པ་དང་། གཙོ་བོ་དང་། ཁྱད་པར་འཕགས་པར་འཛིན་པར་བྱེད་དེ། དེ་ནི་གནས་ཕྱི་མ་ཕྱི་མའི་དབང་གིས་སྤང་བར་བྱའོ་གསུངས་སོ། །གང་ཡང་དཔེའི་ཡེ་ཤེས་དེ་ཡང་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ལས་ཀྱི་དང་པོར་གཏོགས་པ་རྣམས་ཀྱིས་དཔེའི་ཡེ་ཤེས་བརྟེན་པར་མ་གྱུར་གྱི་བར་དུ་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་རྟོགས་པར་བྱ་ཞིང་། སྤང་བར་ཡང་མི་བྱ་ལ། གང་ཞིག་ཡོངས་སུ་ཤེས་པའི་རྗེས་ལ་སྤང་བར་བྱ་ཞེས་གསུངས་སོ། །

གཞན་ཡང་འདི་ན་གང་དག་ལམ་འདི་ལ་སྨོད་ཅིང་སྐུར་པ་དག་ཀྱང་ཕྱི་མའི་དུས་སུ་འབྱུང་བར་གསུངས་ལ། དེ་དག་ལ་ཇི་སྐད་དུ། ཙ་ཀྲསམྦྷརའི་རྒྱུད་ལས་གདམས་པ་བསྟན་ཏེ། ཟབ་མོའི་ཆོས་འདི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་པ་གསུངས་སོ། །དེ་བས་ན་མཚོན་པའི་ཡེ་ཤེས་བྱ་བ་ཡིན་གྱི། དེ་དངོས་གྲུབ་ཏུ་མི་བལྟ་ཞིང་མཆོག་ཏུ་མི་གཟུང་ངོ་། །བྱིས་པ་ཡུན་རིང་རྒན་སོགས་ཀྱིས། །འབད་པ་ཡིས་ནི་འཐོབ་མི་འགྱུར། །ཞེས་བྱ་བ་ལ་ལྷན་ཅིག་སྐྱེས་པ་དེ་ཉིད་ལས་གཞན་པ་སྤྲོད་པ་ལས་བྱུང་བ། ཁམས་ཐམས་ཅད་ཟད་པར་བྱེད་པ། མཆོག་གི་དངོས་གྲུབ་ཀྱི་དོན་དུ་བསྐལ་པ་དཔག་ཏུ་མེད་པའི་ཡུན་དུ་བྱིས་པ་དང་རྒན་པོ་ཁ་ཅིག་གིས་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཏེ། འབད་པར་བྱས་ཀྱང་འགྲུབ་པར་མི་འགྱུར་ཞེས་པའི་དོན་ནོ། །རྒྱུ་དང་བཅས་པའི་སྐད་ཅིག་མ་ཞེས་བརྟག་པའི་རྣལ་འབྱོར་ཐམས་ཅད་ཀྱི་རྒྱུ་ལ་རག་ལས་པས་སྐད་ཅིག་པ་སྟེ། མི་བརྟན་ཞེས་བྱའོ། །འཁྲུལ་དང་རྣམ་པར་འཁྲུལ་འདྲ་བ། །ཁ་ཅིག་ལོངས་སྤྱོད་རྫོགས་པའི་གཞུང་། །ཞེས་བྱ་བ་འདི་ནི་ཐེག་པ་ཆེན་པོ་ལ་ཁ་ཅིག་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་ཞེས་ཟེར་ཡང་རྨི་ལམ་དང་མིག་ཡོར་ཉིད་ཀྱང་ཇི་ལྟ་བ་བཞིན་རྟོགས་པ་མེད་ན། ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་སེམས་ཉིད་གཟུང་བ་དང་འཛིན་པས་ཀུན་ནས་སྟོང་པ་ཉིད་ཅེས་ཚིག་ཏུ་བརྗོད་ལ་ཀུན་ཏུ་རྟོགས་པ་ནི་མེད་དོ། །ཁ་ཅིག་ཆོས་ཐམས་ཅད་སེམས་ཙམ་སྟེ། གཟུང་བ་དང་འཛིན་པས་སྟོང་པའི་སེམས་སྟོན་ཀའི་ཉི་མ་ཕྱེད་པའི་ནམ་མཁའ་དྲི་མ་མེད་པ་ལྟ་བུ་ཁོ་ན་བསྒྲུབ་པར་བྱ་བར་འདོད་དེ། དེ་ལྟར་བརྗོད་པའི་རིམ་པ་དེ་ནི། ལྷན་ཅིག་སྐྱེས་པར་དེ་མི་བརྗོད། །ཅེས་བྱ་སྟེ་རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་པའི་ཕྱིར་རོ། །ལྟེ་བའི་དབུས་སུ་འཁོར་ལོ་མཆོག །དེ་དབུས་གཟི་བརྗིད་གཟུགས་ཅན་ནི། །སྒྲུབ་པ་པོ་ཡིས་རྟག་བསྒོམས་པ། །ཞེས་བྱ་བ་ནི་བྱིས་པ་དག་སྤྲུལ་པའི་འཁོར་ལོ་ཞེས་བྱ་བར་ཉི་མ་དང་ཟླ་བ་ཀུན་ཏུ་ཁ་སྦྱར་བའི་དབུས་སུ་ཨཱ་ལི་དང་ཀཱ་ལིས་ཀུན་ནས་བསྐོར་བའི་དབུས་སུ་མེའི་གཟུགས་ཅན་གྱི་ཤེས་རབ་བསམས་པ་ལས། དཀར་པོ་འཛག་པ་ལས་ཤེས་རབ་ཏུ་འདོད་དེ། དེ་ཡང་རྟོག་པས་བརྟག་པའི་ཕྱིར། །ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་བྱའོ། །སྤྱི་བོར་གནས་པའི་འཁོར་ལོ་ཆེ། །ཞེས་བྱ་བའི་བདེ་བ་ཆེན་པོའི་འཁོར་ལོའོ། །དེ་ལ་རེག་དང་བདེ་བ་འབབ། །ཅེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་བྱང་ཆུབ་སེམས་ཀྱིས་གང་བའི་རྩ་ཧཾ་ཐུར་དུ་བལྟས་པ་ལྟ་བུ་ཙཎྜ་ལིའི་མིང་ཅན་གྱི་མེས་རེག་པ་ན་བདེ་བ་འབྱུང་སྟེ། དེ་ཡང་བྱ་བའི་རབ་ཏུ་སྦྱོར་བས་ཐོབ་ཅེས་བྱ་བ་སྨོས་ཏེ། ཁ་མིག་ལ་སོགས་པ་ཀརྞ་བཅིང་བའི་སྦྱོར་བས་རླུང་དང་མེ་སྤར་ལ་དེས་འཛག་པར་བྱེད་ཅེས་བྱ། དེ་ཡང་འཇིག་རྟེན་པའི་སྤྱོད་པ་ཉིད་ཡིན་པས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་བྱ་སྟེ། བརྗོད་བྲལ་ལྷན་ཅིག་སྐྱེས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ། །སྲོག་གི་རླུང་ནི་འགོག་པ་ཡིས། །སྣ་ཡི་རྩེ་མོར་རབ་གཞུག་བྱ། །ཞེས་གསུངས་པ་ནི་རླུང་གི་རྒྱུན་རིམ་གྱིས་བགྲང་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཀུན་རྫོབ་ཀྱི་སྣ་རྩེར་རླུང་གི་གོང་བུའི་ཚུལ་དུ་འཇུག་པར་བྱེད་པས་དེ་འགོག་པ་ཡིས་གང་ཐོབ་པ་ཅེས་བྱ་བ་དེ་ལྟར་རླུང་ཞུགས་པ་ན་དུས་ཅུང་ཟད་ཙམ་གསལ་ཞིང་གནས་པ་ལ་བྱིས་པ་ཤེས་རབ་ཆུང་བ་ཅན་རྣམས་དངོས་གྲུབ་ཏུ་འདོད་དེ་དེས་ནི། ཕྱིས་ཡང་སླར་ཞིང་འབྱུང་བའི་ཕྱིར། །ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་སྨོས་པ་སྟེ། གང་ཡང་གནས་མིན་ལྷན་ཅིག་སྐྱེས་ཞེས་གསུངས་པའི་ཕྱིར་རོ། །ཐུར་སེར་རླུང་ནི་འགོག་པ་ཡིས། །ལུས་ནི་བརྟས་པར་བྱས་པ་ཡིས། །ཡང་ནས་ཡང་དུ་གོམས་པར་བྱེད། །ཅེས་བྱ་བས་དེ་ལས། སྲོག་གི་རླུང་དང་ཐུར་སེལ་དང་། །མེ་དང་མཉམ་དུ་གནས་པ་དང་། །གྱེན་དུ་རྒྱུ་དང་ཁྱབ་བྱེད་དང་། །རྒྱུ་དང་རྣམ་པར་རྒྱུ་བ་དང་། །ཡང་དག་རྒྱུ་དང་རབ་རྒྱུ་དང་། །ངེས་པར་རྒྱུ་བ་ཞེས་བྱ་སྟེ། །རླུང་ནི་རྣམ་པ་བཅུ་རུ་འདོད། །ཅེས་གསུངས་ལ། དེ་ཡང་ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་ནི་འདོམས་ན་གནས་ལ་དེ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཡིན་ཏེ། གང་ཡང་རླུང་དེའི་རྒྱུ་བ་དྲག་ཤུལ་གྱི་སྦྱོར་བས་འགེགས་པར་བྱེད་ཅིང་ལུས་སྡུག་བསྔལ་བར་བྱེད་པ། ཡང་ནས་ཡང་དུ་གོམས་པར་བྱེད་དེ། དེ་ཡང་དུས་མ་ཡིན་པར་ཚེའི་དུས་བྱེད་པར་འགྱུར་བས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་སྨོས་ཏེ། ཐོག་མར་དགེ་བ་མ་ཡིན་པའི་ཕྱིར་རོ། །མཉམ་གནས་ཆེད་བརྗོད་བརྒྱད་རྣམས་ཀྱིས། །གང་ཞིག་རླུང་ནི་འགོག་པ་རུ། །འབད་པ་ཡིས་ནི་གང་བྱེད་པ། །ཞེས་བྱ་བ་ནི་ཡང་། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་བྱེད་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུ་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་པ་རྣམས་ཏེ། རླུང་བཅུ་པོ་རྣམས་འབད་པས་འགོག་པར་བྱེད་ཀྱང་མཚན་མ་ལ་གནས་པ་ཡིན་པའི་ཕྱིར། ལྷན་ཅིག་སྐྱེས་པ་དེར་མི་བརྗོད། །ཅེས་སྨོས་པ་ཡིན་ནོ། །

ས་ལ་སོགས་པ་གསུང་བ་ཡིས། །ཞེས་བྱ་བ་ནི། སྣ་སྒོ་གཡས་ནས་ས་ལ་སོགས་པ་དབྱུག་ཚོད་ལྔ་རྒྱུ་ལ། དེ་ལྔ་ལས་ཀྱང་ས་ལ་སོགས་པ་གང་ཡང་རུང་བའི་དབྱུག་ཚོད་གཅིག་འགགས་པ་ཙམ་གྱིས་སྒྲུབ་པོ་གང་ཞིག་ཐམས་ཅད་འདོད་ཅེས་བྱ་བ་སྟེ། བཟུང་བས་སྒྱོང་བ་གྲོལ་བའི་འབྲས་བུར་འདོད། །དེ་བས་ཤིན་ཏུ་འབད་པར་སྒྲུབ་བྱེད་པ། །ཞེས་བྱ་བ་སྤྱོད་པ་དང་གྲོལ་བར་འདོད་པས་འབད་པས་སྒྲུབ་པར་བྱེད་དོ། །དེ་ཡང་འཇིག་རྟེན་པའི་སྦྱོར་བ་ཡིན་པས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་བྱ་བ་ཡིན་ནོ། །

ཕྲ་མོའི་ཐིག་ལེ་རྣལ་འབྱོར་ནི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་བབ་པར་བྱ་བའི་ཆེད་དུ་ཡར་འགྲོ་བ་སྐྱོན་གྱི་རང་བཞིན་དང་། མར་འོང་བ་ཡོན་ཏན་གྱི་རང་བཞིན་དག་ཕྲ་བའི་ཕྲ་བར་ལྟ་བ་དང་། གཞན་ཡང་སྙིང་ཁ་ལ་སོགས་པར་པདྨའི་འདབ་མ་ཁ་དོག་ལྔ་དང་ལྡན་པའི་ཐིག་ལེ་ལ་དམིགས་པ། ཁ་ཅིག་སྒྲུབ་པར་བྱེད་ཅེས་པ་སྟེ། དེ་དང་འདྲ་བའི་ཏིང་ངེ་འཛིན་ལ་གནས་པས་ལྷན་ཅིག་སྐྱེས་པ་མཐོང་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་བསམ་བྱར་གང་ཡོད་པ་ཞེས་བྱ་བ། གང་དུ་སྒོམ་པ་པོ་དང་བསྒོམ་པར་བྱ་བའི་འབྲེལ་བའི་དྲ་བ་མ་ཆད་པ་དེ་སྲིད་དུ་མཚན་མ་ལ་གནས་པ་སྟེ། ལྷན་ཅིག་སྐྱེས་པ་ནི་མཚན་མའི་ཁམས་ལ་མི་གནས་པའི་ཕྱིར། ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་བྱ་བ་སྨོས་སོ། །བྷ་ག་ནང་གནས་ཐིག་ལེ་ནི་ཞེས་བྱ་བ་ནི། ཨ་བ་དྷཱུ་ཏི་ཞེས་བྱ་བའི་རྩའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྒྱ་ཤུག་གི་ཚིག་གུ་ཙམ་བསམས་པས་ལུས་སིམ་པ་ལ་སོགས་པ་དང་། ཁ་ཅིག་སྒྲུབ་པོས་སྒྲུབ་བྱེད་དེ། །དེ་ནི་རྟོག་བཅས་གོ་འཕང་སྟེ། །ཞེས་བྱ་བ་དེ་ཡང་། རྟོག་པའི་གནས་ལ་བརྟེན་ཅིང་གནས་པ་ཡིན་པས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་སྨོས་པ་ཡིན་ནོ། །སྙིང་ཁའི་དབུས་སུ་བསམ་གཏན་ནི། །ཡིད་འདོད་རྣམས་ཀྱིས་གོམས་པར་བྱེད། །ཅེས་བྱ་བ་ལ་འདི་ནི་སྒྲུབ་པ་པོ་ཁ་ཅིག་བདག་གི་སྙིང་ཁར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་མ་བཞི་པ་ལ་ཉི་མ་དང་ཟླ་བའི་བར་དུ་ཆུད་པའི་ཐིག་ལེ་ཁ་སྦྱོར་ལ་པདྨའི་རྩ་བའི་སྐུད་པ་འདྲ་བ་རི་མོ་སྒྲ་ཞེས་བྱ་བར་གྲགས་པ་ཕྱེད་དང་བདུན་བསྐོར་དུ་བསྡམས་ཏེ། རྩེ་མོ་སྟེང་དུ་ཕྱུང་ནས། དེ་ནས་ཟླ་བའི་བུ་གར་ཞུགས་ཏེ་རྗེས་སུ་འགྲོ་བ་དང་འོང་བར་གྱུར་པས་བརྗོད་ཅིང་སྤྲོ་བར་བྱ་བ་དང་། སྲོག་དང་རྩོལ་བ་བསྡམས་ཏེ་སྔགས་སླར་བསྡུ་བ་དང་། ཡི་གེ་གསུམ་གྱི་སྒྲས་གཞུག་ཅིང་དབྱུང་བར་བྱ་བ་ནི། སྟེང་དུ་འགྲོ་བའི་རླུང་ཡི་གེ་གསུམ་དང་ལྡན་པའི་སྒྲས་དབྱུང་ཞིང་གཞུག་པར་བྱ་བའི་གཞི་ལ་ཡང་བཅུག་ལ། གནས་པར་བྱ་བའི་གཞི་ལ་ཡང་རླུང་ཕྲ་མོའི་ཐིག་ལེ་དཀར་པོའི་དབུས་སུ་འཇུག་པའི་དེ་ཉིད་དལ་ཞིང་དལ་བས་གཞན་དུ་མི་གཏོང་ཞིང་། ཨོཾ་ཨཱཿཧཱུཾ་ཞེས་རྟག་པར་ཟློས་པར་བྱེད་དོ། །དེ་ལྟར་ན་དེ་དག་ཀྱང་། དེ་ནི་རྟོག་བཅས་གོ་འཕང་སྟེ་ཞེས་བྱ་བ་སྨོས་ཏེ། གང་ལ་རྟོག་པ་དང་བརྟག་པར་བྱ་བའི་གཞི་དང་ལྡན་པའི་ཕྱིར། ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་སྨོས་པ་ཡིན་ནོ། །ལུག་དང་སེར་སྐྱ་དག་དང་ནི་ཞེས་བྱ་བ་ནི་གཡས་པ་གཡོན་པའོ། །དེ་དབུས་ལ་གནས་ཡིད་བཟང་མ་ཞེས་བྱ་བ་ནི། ཨ་བ་དྷཱུ་ཏི་སྟེ་གཡས་གཡོན་གཉིས་ཀྱི་དབུས་ན་གནས་པ་མེའི་རི་མོ་ཅན་གྱི་རྩའོ། །དེ་འགོག་པ་ཡིས་གང་ཐོབ་པ་ཞེས་པ་ནི་དེ་གསུམ་ན་རྒྱུ་བའི་ཁམས་རྣམས་འགགས་པ་ལས་བྱུང་བའི་བདེ་བ་ཙམ་ལ་མཆོག་གི་གནས་སུ་བལྟ་སྟེ། གང་བདེ་བ་དེ་ནི་རྟོག་པས་མཚམས་སྦྱར་བ་ཡིན་པས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་པ་ཡིན་ནོ། །དགའ་དང་ཁྲོ་བའི་དབང་གི་སེམས། །རྩེ་གཅིག་ཅེས་སུ་མཚན་པར་ནི་ཞེས་བྱ་བ་ནི། བྱིས་པའི་རྣལ་འབྱོར་པ་ལ་ལ་དག་འདི་སྐད་ཅེས། ཀྱེ་རིགས་ཀྱི་བུ་དག་ཤེས་པར་གྱིས་ཤིག །གང་དུ་ཆགས་པའི་སེམས་སྐྱེས་པ་དེར་ནི་འདོད་ཆགས་རྡོ་རྗེ་ཤེས་པར་བྱས་ལ། གཞན་ཡང་གང་དུ་ཞེ་སྡང་རྡོ་རྗེ་ཞེས་བྱ་བར་སེམས་རྩེ་གཅིག་པར་གནས་པར་བྱའོ། །ཞེས་བརྗོད་ཅིང་དེ་ལྟ་བུའི་སེམས་ཀྱི་གནས་སྐབས་ལ་བྱིས་པ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱེད་དེ། དེ་རྣམས་ཀྱིས་ལྷན་ཅིག་སྐྱེས་པའི་རང་བཞིན་ལོག་པར་རྟོག་པར་བྱེད་པ་དེ་བས་ན། ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་པ་ཡིན་ནོ། །

ཀུན་ཏུ་གནས་སུ་འཁྱིལ་པ་ལ་ཞེས་བྱ་བ་ནི། གནས་གང་ན་གང་ཞིག་གི་རྩ་དང་འཕྲད་ན། གཡའ་ཞིང་བདེ་བར་གྱུར་པའོ། །རླུང་འགོག་པ་ཡིས་ཞེས་པ་ནི། རྩ་བ་དེ་དག་འཕྲད་པའི་སྦྱོར་བ་སྟེ་རླུང་འགོག་པར་བྱེད་པའོ། །འབར་བ་ཞེས་པ་ནི་སྦྱོར་བ་དེ་དག་མ་ལུས་པས་ཀྱང་མེའི་ཚུལ་ཅན་གྱི་དྲོད་སྐྱེད་པར་བྱེད་ལ། དྲོད་ཀྱི་དབང་གིས་ལུས་ཅན་རྣམས་ཀྱི་ཁུ་བ་འབྱུང་པར་བྱེད་དོ། །གཞན་ཡང་དེའི་སྦྱོར་བ་ནི་འདི་ལྟ་སྟེ། ཟུམ་པའམ་ནི་རྒྱས་པ་སྟེ་ཞེས་བྱ་བ་ནི་གསེར་གླིང་ཞེས་བྱ་བའི་གནས་ཀྱི་སྒོ་འབྱེད་པ་དང་། བཅད་པའི་སྦྱོར་བས་ཀྱང་རྩ་གང་ཞིག་འཕྲད་པར་བྱེད་དོ། །གང་ཡང་སྦྱོར་བ་དེ་དག་ཐམས་ཅད་ནི་འཇིག་རྟེན་པའི་སྤྱོད་པ་ཉིད་ཡིན་པས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་བྱ་བ་སྨོས་སོ། །འདར་དང་བརྒྱལ་དང་དེ་བཞིན་ཉིད་ཅེས་བྱ་བ་ནི་ཡི་དྭགས་ལ་སོགས་པ་འབེབས་པར་བྱེད་པའི་སྦྱོར་བས་ཁ་ཅིག་འདར་ཞིང་སྤྲུག་པར་བྱེད་པ་དང་། ཁ་ཅིག་བརྒྱལ་བར་འགྱུར་བ་དང་། ཁ་ཅིག་བདག་ལ་ནི་རྣལ་འབྱོར་མ་རྣམས་དང་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། ཆོས་ཀྱང་འཆད་ལ་འགྲོ་བ་གཞན་གྱིས་རྟོགས་པར་མ་གྱུར་པའི་ཟབ་མོའི་ཏིང་ངེ་འཛིན་ཡང་སྟོན་ནོ་ཞེས་བརྗོད་པ་དང་། ཁ་ཅིག་རྡོ་རྗེའི་གླུ་ལྷའི་སྐད་ལྟར་འགྲོ་བའི་ཡིད་འཕྲོག་པ་ལེན་ཅིང་། རྡོ་རྗེའི་གླུ་དེ་ཉིད་དོན་དང་ལྡན་པར་འཁོར་གྱི་ཚོགས་ལ་སྟོན་པ་དང་། འབྱེད་དང་འཛུམ་པ་ལ་སོགས་དང་ཞེས་བྱ་བ་ནི། ཁོ་བོ་ནི་མིག་འཛུམ་པས་ལྷ་ལ་སོགས་པའི་ཚོགས་མཐོང་ངོ་ཞེས་ཟེར་བ་དང་། ཁ་ཅིག་ནམ་མཁའ་ལྟ་བར་བྱེད་ཅིང་། ཁོ་བོས་ཚངས་པ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་མཐོང་ངོ་ཞེས་ཟེར་བ་དང་། ཁ་ཅིག་ལུས་ལ་སོགས་པ་ལས་འབར་བར་སྟོན་པ་དང་། ཁ་ཅིག་ལས་སྒྲ་སྐད་དྲག་པོས་སྲོག་ཆགས་རྣམས་སྐྲག་པར་བྱེད་པ་འབྱུང་བ་དང་། ཁ་ཅིག་རང་གི་ལུས་མི་བཟད་པ་ཆེན་པོ་སྟེ། མི་སྡུག་པའི་ཆ་བྱད་དུ་སྟོན་པ་དག་ཡོད་དེ། གང་དེ་དག་ཐམས་ཅད་ནི་ཤ་ཟ་དང་གྲོང་གི་ལྷ་མོ་ལ་སོགས་པས་བྱིན་གྱིས་བརླབས་པ་ཡིན་པས་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པར་མི་འགྱུར་ཏེ། དེ་བས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་བྱ་བ་སྨོས་སོ། །

བུམ་པ་བཞིན་དུ་ཁོང་སྟོང་དུ་ཞེས་བྱ་བ་ནི། སྐྱེས་བུ་ལ་ལ་ནི་བདག་གི་ལུས་བུམ་པ་ལྟར་ནང་སྟོང་ལ་ཕྱིའི་ཤའི་དྲ་བས་གཡོགས་པ་ལྟར་ལྟ་བ་དང་། ལ་ལས་བདེ་བ་ཆེན་པོའི་རང་བཞིན་གྱིས་ལུས་སུན་འདོན་ཏེ་འདི་སྐད་ཅེས། གསོད་ལྡན་དལ་སྐྱེན་ཕོལ་མིག་ལྡན། །རྒྱུན་ལམ་དགུ་ནས་རྟག་ཏུ་ནི། །མི་གཙང་རབ་ཏུ་འཛག་པར་བྱེད། །གལ་ཏེ་བདག་གིས་ཁྱོད་མཐོང་ན། །དབྱར་དུས་ཕྱི་སས་བསླད་པ་བཞིན། །ཐག་རིང་རྣམ་པར་འདོར་བར་བགྱིད། །ཅེས་བརྗོད་ཅིང་མི་གཙང་བའི་རང་བཞིན་དུ་རྟོགས་ཏེ། གང་ཡང་དེས་ནི་གསང་སྔགས་ཀྱི་ཐེག་པའི་རིམ་པ་སྤངས་པ་ཡིན་ནོ། །

ཡང་ན་སྟོང་པར་སྨྲ་བའི་བློ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ལ་སྐུར་བ་འདེབས་པའམ། ཉམས་སུ་མྱོང་བའི་དངོས་པོ་ལ་སོགས་པ་འདི་དག་འགོག་པ་སྟེ། དེ་ནི་ཆད་པར་སྨྲ་བ་ཡིན་པས་ལྷན་ཅིག་སྐྱེས་པ་དེར་མི་བརྗོད་ཅེས་སྨོས་སོ། །དངོས་པོ་གང་ཞིག་དེ་དག་ཀུན་ཞེས་བྱ་བ་ནི་གོང་དུ་བརྗོད་པའི་རྟོགས་པའི་རྣལ་འབྱོར་རྣམས་སོ། །རྟོགས་པའི་ཡེ་ཤེས་ལས་སྐྱེས་བརྗོད་ཅེས་བྱ་བ་ནི་རྟོག་པའི་རང་བཞིན་ཡིན་ཞེས་བྱ་བའི་དོན་ནོ། །སྒོམ་པའི་སྟོབས་ཀྱིས་སེམས་ཀྱིས་ནི། །དེ་ཡིས་ཐམས་ཅད་རྫོགས་པར་འགྱུར། །ཞེས་བྱ་བ་གང་ཞིག་རྟོག་པའི་རྣལ་འབྱོར་པ་དེ་ཐམས་ཅད་ཇི་ལྟར་རྟག་པར་མཐོང་བར་འགྱུར་ཏེ། ཇི་སྐད་དུ། ས་བོན་གང་དང་གང་ལས་ནི། །འབྲས་བུ་དེ་དང་དེ་འདྲ་འབྱུང་། །ཞེས་པ་དང་། གཞན་ཡང་། འདོད་དང་མྱ་ངན་བློ་དང་མཚུངས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་ལ། ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་དེ་དང་དེའི་རྣམ་པར་མི་བསླུ་ཞེས་བྱ་བའི་དོན་ནོ། །ཐུབ་པས་སྔོན་དུ་གང་གསུངས་པ་ཞེས་པ་ནས་སྤྱི་བླུགས་དཔུང་མགོར་ཐོགས་པ་སྟེ་ཞེས་བྱ་བ་ཡན་ཆད་ནི་རྟོགས་པར་སླ་སྟེ་གྲགས་པ་ཉིད་ཡིན་པས་འདིར་གཞུང་མང་བའི་འཇིགས་པས་མ་བཀྲོལ་ལོ། །

དེ་ལྟར་སྣ་ཚོགས་རྣམ་པ་ནི། །སྒོམ་པའི་སྟོབས་ཀྱིས་མཐོང་བར་འགྱུར། །ཞེས་བྱ་བ་ནི་རྟོགས་པའི་རྣལ་འབྱོར་པ་གང་དག་གོམས་པས་དེ་དག་མངོན་དུ་གྱུར་པའི་དཔེ་རྒྱས་པར་བསྟན་པ་ཡིན་ནོ། །འདིར་ནི་བདེན་མིན་མཐོང་བས་ན་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་རྣམ་པའི་ལམ་ཞེས་བྱ་བ་མཐོང་བ་མེད་ལ། བདེན་པ་མ་ཡིན་པར་བརྟགས་པའི་ཡུལ་རྣམས་མཐོང་བས་ལྷན་ཅིག་སྐྱེས་པ་མཐོང་བ་མེད་ཅེས་པའི་དོན་དེ་ཡིན་ནོ། །དེ་བཞིན་དུ་ཡང་ཞེས་པ་ནི་གཞན་ཡང་ཞེས་བྱ་བའི་དོན་ནོ། །དོན་གཞན་ཡང་འདི་ལྟ་སྟེ་ཞེས་བྱ་བའི་དོན། གང་ཞིག་མཐོང་བ་དེ་བདེན་མིན་ཞེས་པ་བདག་ལས་གཞན་པའི་དངོས་པོ་གང་ཞིག་ཕྱའམ་དབང་ཕྱུག་གམ་བྱེད་པ་པོ་ལ་སོགས་པར་ལྟ་བ་དང་རྟོག་པ་རྣམས་ནི་བདེན་པ་མ་ཡིན་ཏེ། བདག་ལས་གཞན་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །གང་མ་མཐོང་བ་དེ་བདེན་ཏེ་ཞེས་བྱ་བའི་དོན་ནོ། །གང་ཞིག་མཐོང་བ་མེད་པའི་ཚུལ་དུ་གང་མཐོང་བ་མཐོང་བ་ཞེས་སུ་ཐ་སྙད་བཏགས་སོ། །

དེ་ལས་གཞན་དུ་དངོས་པོར་རྟོག་པ་སྟེ་བདག་དང་བདག་གི་ཞེས་བྱ་བ་ལ་སོགས་པར་གང་རྟོགས་ན། དེ་ནི་དེ་ཁོ་ན་ལྟ་བའི་སྐབས་ལ་དམུས་ལོང་ཆེན་པོ་ཞེས་སྟོན་ནོ། །ཅིའི་ཕྱིར་ན། རབ་རིབ་ལ་སོགས་གནོད་པ་བཞིན་ཞེས་བྱ་བ་སྨོས་ཏེ། དཔེར་ན་མིག་སེར་ལ་སོགས་མིག་ལ་གནོད་པའི་ནད་ཀྱིས་སྐྱེས་བུ་འགའ་ཞིག་བཟུང་ན། དངོས་པོ་ཐམས་ཅད་སེར་པོར་མཐོང་བའམ། ནམ་མཁའ་ལ་སྐྲ་ཤད་འཛག་པ་ལ་སོགས་པར་མཐོང་བ་ལྟར། དངོས་པོར་རྟོག་པ་རྣམས་ཀྱང་དེ་ལྟར་བལྟ་བར་བྱའོ། །སྐྱེ་འགྲོ་ཐམས་ཅད་བདེན་པའི་ཚུལ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་ཚུལ་དང་རང་བཞིན་དུ་གནས་པའི་དོན་ནོ། །གཟུང་དང་འཛིན་པ་སྤངས་པ་ཉིད། །ལྷན་ཅིག་སྐྱེས་བྱའི་གོ་འཕང་གནས། །གང་གིས་མཐོང་བ་དེ་ཡིས་མཐོང་། །ཞེས་བྱ་བ་ནི་འདི་ལྟར་གནས་པ་འདི་དག་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ། སྐྱེ་བ་དང་གནས་པ་དང་འཇིག་པས་དབེན་པར་སྐྱེས་བུ་གང་གིས་མཐོང་བའམ། རིག་པ་དེས་ལྷན་ཅིག་སྐྱེས་པ་མཐོང་བའོ་ཞེས་བྱ་བའི་དོན་ནོ། །དངོས་དང་དངོས་མེད་གོ་འཕང་གནས་ཞེས་བྱ་བ་འདི་ནི་དངོས་པོ་སྟེ་དོར་བ་ཡིན་ལ། འདི་ནི་དངོས་པོ་མེད་པ་སྟེ། བླང་པར་བྱའོ་ཞེས་བྱ་བའི་འདུ་ཤེས་ཐམས་ཅད་དང་བྲལ་བའི་གནས་ལ་གནས་པའོ་ཞེས་བྱ་བའི་དོན་ནོ། །

གཞན་ཡང་རྟོག་དང་བརྟག་པ་མིན་ལས་གྲོལ་ཞེས་བྱ་སྟེ་མི་རྟག་པའི་དབྱིངས་ཆེན་པོ་ལ་གནས་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ནི་དངོས་པོ་ཀུན་ལ་རང་བཞིན་དུ་ཡོད་དེ། འོན་ཀྱང་རྡོ་བ་དང་ཤིང་དག་ལ་མེ་གནས་ཀྱང་མ་གཙུབས་ན་མངོན་དུ་མི་འགྱུར་བ་ལྟར་ལྷན་ཅིག་སྐྱེས་པ་ཡང་གསལ་བ་མ་བྱས་ཞེས་བྱ་བ་དེ་ལྟར་གནས་ཀྱང་། སྐྱེ་བོ་ཀུན་གྱིས་མཐོང་བའི་སྐལ་བ་ལས་འདས་ཞེས་བྱ་བའི་དོན་ནོ། །དེ་ལྟར་བརྗོད་པའི་རིམ་པས་ལྷན་ཅིག་སྐྱེས་ཀྱང་། རྡོ་དང་ཤིང་དག་གཙུབས་པ་ལ་ལྟོས་ནས་གདོད་མེ་འབྱུང་བ་ལྟར། བླ་མ་རྗེ་བཙུན་གྱི་ཞལ་ལས་རྟོགས་པར་བྱ་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པར་སྔོན་དུ་བརྗོད་ཅེས་བྱ་བ་ལ་ལྷན་ཅིག་སྐྱེས་པའི་རང་བཞིན་སྔོན་དུ་བསྟན་པ་རྣམས་རྗེ་བཙུན་གྱི་ཞལ་སྔ་ནས་རྟོགས་པར་བྱ་བའི་དོན་ནོ། །བྱིས་པའི་བརྗོད་པ་དག་དང་བྲལ། །བརྗོད་བྱ་རྗོད་བྱེད་སྤངས་པ་ཉིད། །ལྷན་ཅིག་སྐྱེས་པ་དེ་ལྟ་བུར། །བླ་མ་མཆོག་གིས་སྔོན་དུ་གསུངས། །ཞེས་བྱ་བ་ནི་བླ་མ་རྣམས་ཀྱིས་ཅི་ཞིག་སྟོན་ཞེ་ན། བྱིས་པ་རྣམས་ཀྱིས་ཀུན་ནས་རྟོགས་པའི་རང་གི་ངོ་བོ་དང་བྲལ་བ། བརྗོད་བྱ་དང་རྗོད་བྱེད་ཀྱི་ཀུན་ཏུ་སྟོང་པ་ཁོ་ན་བསྟན་པར་བྱ་བ་ཡིན་ལ། སྔོན་རབས་ཀྱི་བླ་མ་རྗེ་བཙུན་རྣམས་ཀྱིས་ཀྱང་དེ་ཁོ་ན་དང་དུ་བཞེས་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་སློབ་མ་རྣམས་ཀྱིས་ཀྱང་ཇི་ལྟ་བའི་ཚུལ་བསླབ་པར་བྱ་ཞེས་བྱ་བའི་དོན་ནོ། །དེ་ཡང་ཇི་སྐད་དུ། བཙལ་བས་རྙེད་པ་མ་ཡིན་ལ། །མ་བཙལ་པས་ཀྱང་རྙེད་མི་འགྱུར། །ཆུ་ཟླ་བཞིན་དུ་རྟོགས་དཀའ་བ། །དེ་འདི་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་པའི་ཚུལ་དུ་བསླབ་པར་བྱའོ། །

དཔལ་ལྡན་རོལ་པའི་ལྷ་མོའི་དྲིན་གྱིས་ནི། དེ་བཞིན་དཔལ་ལྡན་བླ་མ་དག་དང་ནི། ཞེས་བྱ་བ་ནི་གོང་དུ་བསྟན་པའི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་རྟོགས་པར་བྱས་ཞེས་བྱ་བ་ཡིན་ལ། ས་བདག་དབང་པོ་བློའི་བདག་པོ་དཔལ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བས་ཀྱང་སྲིང་མོ་རྣལ་འབྱོར་གྱི་དབང་ཕྱུག་མ་དཔལ་མོ་ཡོངས་སུ་མཉེས་པ་ལས་ལྷན་ཅིག་སྐྱེས་པ་རིན་པོ་ཆེའི་མན་ངག་ཞལ་ནས་འཕྲོས་པ་ཙམ་གྱིས་ལྷན་ཅིག་གིས་ནི་བདེ་བ་ཆེན་པོ་མཁྱེན་ཞེས་བྱ་བ། རྗེ་བཙུན་མས་གསུངས་པ་ཙམ་གྱིས་རྟོགས་ཤིང་ཁོང་དུ་ཆུད་པ་ཞེས་བྱ་བའི་དོན་ནོ། །

ཐེ་ཚོམ་མེད་ཅིང་རྟོག་པ་མེད། །རང་རང་ངོ་བོ་སྟོན་པ་པོ། །བདག་གིས་ཡང་དག་ཉམས་སུ་མྱང་། །ཞེས་པ་ནི་དབང་པོའི་བློ་བདག་གིས་ལྷན་ཅིག་སྐྱེས་པའི་རང་བཞིན་དངོས་པོ་ཐམས་ཅད་ཀྱི་ངོ་བོ་སྟོན་པར་བྱེད་པ་ཉམས་སུ་མྱོང་བ་ནི། དཔེར་ན། མུན་པ་ལ་ནི་སྒྲོན་མ་བཞིན་ཞེས་བྱ་བ་སྟེ་མུན་རུམ་སྨག་ཏུ་གྱུར་པ་ལ་ཟས་ཀྱི་བྱ་བ་བྱེད་བདེ་བ་མ་ཡིན་པ་ལ་སྒྲོན་མེས་གསལ་བར་བྱས་པས་བདེ་ཞིང་ཚིམ་པ་ལྟར། བདག་ཀྱང་བདེ་བ་ཆེན་པོའི་རང་བཞིན་གྱིས་ཚིམ་ཞེས་བྱའོ། །ཟ་བའམ་ནི་འཁྲིག་ན་ཡང་། །གནས་སྐབས་ཀུན་ལ་ཐམས་ཅད་དུ། །གསང་བ་མེད་ཅིང་འཇིགས་པ་སྤངས། །ཞེས་བྱ་བ་ནི་ཏིང་ངེ་འཛིན་ཆེན་པོ་འདི་ལ་གནས་པ་རྣམས་ནི་བཟའ་བ་དང་འཁྲིག་པ་དང་། བཙུན་མོའི་འཁོར་གྱི་ནང་དང་རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་ཀྱང་ཀུན་ནས་འཆིང་བ་མེད་དེ། གཞན་ཡང་ཏིང་ངེ་འཛིན་འདི་ལ་གནས་པའི་རྣལ་འབྱོར་པ་ལ་ནི་རྒྱལ་པོ་དང་ཆོམ་པོ་ལ་སོགས་པས་བརྩེ་བའི་འཇིགས་པ་ལས་བསྲུང་བ་དང་། གསང་བ་དང་། སྦ་བ་མི་དགོས་ཏེ། བདག་ཉིད་ཀུན་གྱི་མངའ་བདག་ཆེན་པོ་ཡིན་པའི་ཕྱིར་རོ། །

ཡེ་ཤེས་ཆེན་པོ་རང་གིས་རིག་ཅེས་བྱ་བ་ནི། རང་ལ་ཡོད་པའི་ཡེ་ཤེས་ཆེན་པོ་རང་གིས་རིག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྒྱ་མཚོ་ཡང་ཡིན་ཞེས་བྱ་བའི་དོན་ནོ། །གང་ཞིག་འདི་ལ་རྗེས་དྲན་པར། །ཡང་དང་ཡང་དུ་དྲན་བྱེད་པ། །དེ་ནི་དངོས་གྲུབ་རྒྱས་འགྱུར་ཏེ། །སྲིད་པའི་མཚོ་ལས་སངས་རྒྱས་བཞིན། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གནས་འདི་ལ་དྲན་ཅིང་མོས་པ་བྱེད་པས་མཆོག་གི་གོ་འཕང་ཐོབ་པར་འགྱུར་ན་ཚུལ་བཞིན་ཡིད་ལ་བྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །བདག་ཉིད་ཀྱིས་ནི་དྲན་དོན་དུ། །བདག་གི་འདི་ནི་བརྗོད་པ་ཡིན། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་འདི་གཞན་ལ་བསྟན་ཀྱང་རྟོགས་པའི་སྐལ་པ་མེད་དེ། དེ་བས་ན་བདག་ཉིད་དབང་པོའི་བློས་སླར་ཞིང་དྲན་པའི་དོན་དུ་བརྩམས་ལ། གཞན་དང་སྐལ་པ་དང་ལྡན་པ་རྣམས་ཀྱང་བཀག་པ་ནི་མེད་དོ་ཞེས་བྱ་བའི་དོན་ནོ། །

གང་ཞིག་སྙིང་རྗེས་བཅིངས་པ་ཡི་ཞེས་བྱ་བ་ནི་བླ་མ་རྗེ་བཙུན་གོང་ན་བཞུགས་པ་རྣམས་ཀྱིས་གཞུང་གི་སྐྱོན་གྱི་དྲི་མ་བཅོམ་པ་དང་བསལ་བར་གསོལ་ཞེས་བྱ་བའི་དོན་ནོ། །བདག་ལ་བཟོད་མཛོད་སེམས་དཔའ་ཆེ་ཞེས་བྱ་བ་ནི་གལ་ཏེ་གཞུང་གི་དོན་ལ་འཁྲུལ་བ་ན་ཡང་དམ་ཚིག་དམ་པས་བདག་ལ་མི་གུས་པར་མི་མཛད་པའི་རིགས་ཞེས་བྱ་བའི་དོན་ནོ། །གང་ཞིག་ཅུང་ཟད་འདི་བརྗོད་པས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གཞུང་གི་ཚོགས་ཟུར་ཅུང་ཟད་བརྗོད་པས་ཞེས་བྱའོ། །དེ་ཡིས་བསོད་ནམས་གང་གྱུར་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གཞུང་བརྩམས་པའི་བསོད་ནམས་ཞེས་སྦྱར་རོ། །བསོད་ནམས་དེས་ཞེས་བྱ་བ་ནི་དེ་ལས་བྱུང་བས་ཞེས་བྱའོ། །སེམས་ཅན་རྣམས་ཞེས་བྱ་བ་ནི་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་རྣམས་སོ། །ལྷན་ཅིག་སྐྱེས་གྲུབ་ཐོབ་པར་ཤོག་ཅེས་བྱ་བ་ནི་བསོད་ནམས་དེའི་ཤུགས་ཀྱིས་ནི། ནམ་མཁའི་མཐའ་ཇི་ཙམ་དུ་ཁྱབ་པ་དེ་ཙམ་དུ་འགྱུར་བ་མེད་པའི་ལྷན་ཅིག་སྐྱེས་པ་ཕྱིན་ཅི་མ་ལོག་པ་ནམ་མཁའ་མཛོད་ཀྱི་གཏེར་ཞེས་བྱ་བ་ཐོབ་པར་ཤོག་ཅིག་ཅེས་བྱ་བའི་དོན་ནོ། །ལྷན་ཅིག་སྐྱེས་པ་གྲུབ་པ་ཡིན། །གཞུང་འགྲེལ་བརྩམས་པའི་དགེ་ཚོགས་ཀྱིས། །སྐྱེ་བོ་དཔལ་མོ་བདག་བཞིན་དུ། །ལྷན་ཅིག་སྐྱེས་ལ་གནས་པར་ཤོག །དཔལ་ཨུ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས་པའི་རྒྱལ་པོ་ཨིནྟྲ་བུདྡྷི་ཞེས་བྱ་བས་མཛད་པའི་ལྷན་ཅིག་སྐྱེས་པ་གྲུབ་པའི་གཞུང་འགྲེལ་ལྷ་ལྕམ་རྗེ་བཙུན་མ་དཔལ་མོས་མཛད་པ་རྫོགས་སོ།། །།

རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་བ།

༄༅། །རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་བ་བཞུགས་སོ། །

རྒྱ་གར་སྐད་དུ། བཛྲ་ཡཱ་ན་མཱུ་ལ་པཏྟི་བྲྀཏྟི། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཀྱི་ལུས་ངག་གཙོ་བོར་གྱུར་པའི་སྤང་བྱ་བདུན་གྱི་མཚན་ཉིད་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་གཙོ་བོར་གྱུར་པའི་སྤང་བྱ་བཅུའི་མཚན་ཉིད་དང་། གསང་སྔགས་རྣལ་འབྱོར་ཆེན་པོའི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་གཙོ་བོར་གྱུར་པའི་སྤང་བྱ་བཅུ་བཞིའི་མཚན་ཉིད་དེ། དེ་ལ་གཉིས་ནི་གཞུང་གཞན་རྣམས་ལས་གསལ་བས་འདིར་མ་བཤད་དོ། །

གསང་སྔགས་རྣལ་འབྱོར་ཆེན་པོའི་རྣམ་པར་ཐར་པ་ལ་ལྟོས་ཏེ་བསྟན་པ་ལ། སྤྱིར་ཐོབ་པར་བྱ་བ་དང་། མངོན་པར་རྟོགས་པའི་བྱེ་བྲག་དང་། བསྲུང་བའི་ཚུལ་ལོ། །དེ་ལ་གཉིས་ནི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དག་ལས་གསལ་བས་འདིར་ལོགས་ཤིག་ཏུ་མ་བརྗོད་དོ། །བསྲུང་བའི་ཚུལ་ལ་གཉིས་ཏེ། དམ་ཚིག་དང་སྡོམ་པའོ། །དེ་ཉིད་ནི་དམ་བཅའ་བའི་ཡུལ་དང་། སྤོང་པའི་བྱེ་བྲག་གིས་ཏེ། འདི་སྐད་དུ། སྡོམ་པ་སངས་རྒྱས་ཐམས་ཅད་དེ། །ཨེ་ཝཾ་ལ་ནི་རབ་ཏུ་བཞུགས། །རྒྱུ་ཡིས་ཡུལ་ལས་མི་འདའ་བས། །དམ་ཚིག་ཅེས་ནི་བཤད་པ་ཡིན། །ཞེས་གསུངས་སོ། །

དེ་བས་ན་དབང་བཞིའི་བྱེ་བྲག་གིས་དམ་ཚིག་ཀྱང་བཞི་སྟེ། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་དང་། དགོངས་པ་ཅན་དང་། མཐར་ཐུག་པའི་བྱེ་བྲག་གིས་སོ། །དེ་དག་ཀྱང་མདོར་བསྡུ་ན། རིགས་ཀྱི་དམ་ཚིག་དང་། རྩ་བ་དང་། ཉེས་པ་སྦོམ་པོའོ། །རིགས་ཀྱི་ལ་གཉིས་ཏེ། སྤྱི་དང་ཁྱད་པར་རོ། །རྩ་བ་ལ་གསུམ་སྟེ། དབང་གསུམ་གྱི་དབྱེ་བས་སོ། །སྦོམ་པོ་ལ་གསུམ་སྟེ། ལུས་ལ་སོགས་པའི་བྱེ་བྲག་གིས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའི་སྡོམ་པ་གསུམ་ལ་གནས་ན་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཆེན་པོ་འཐོབ་བོ་ཞེས་འབྱུང་ལ། དེ་ཡང་རྡོ་རྗེ་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ནས་ཇི་སྐད་དུ། བྱང་ཆུབ་སེམས་འཛིན་གྱུར་ནས་ནི། །ལྷ་གཞན་ལ་ནི་མི་མོས་པས། །དཀོན་མཆོག་གསུམ་ལ་དད་པ་དང་། །དེ་ལ་གཞོལ་ཞིང་འབབ་པ་ཡིས། །གསོད་དང་རྐུ་དང་འཁྲིག་པ་དང་། །རྫུན་དང་ཆང་ནི་རྣམ་པར་སྤང་། །ཁྱིམ་པའི་ཚུལ་དུ་གནས་པས་ཀྱང་། །རིག་སྔགས་རྒྱལ་པོ་རྟག་ཏུ་བསྒྲུབ། །གལ་ཏེ་དེར་ནི་རབ་བྱུང་ན། །སྡོམ་པ་གསུམ་ལ་གནས་པར་འགྱུར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའོ། །ཞེས་གསུངས་པས་དེའི་དོན་ལ་འཇུག་པར་བྱ་སྟེ། འདིར་དེ་དག་དང་མི་འགལ་བ་ནི་ཡེ་ཤེས་ཀྱི་བྱེ་བྲག་གིས་ཏེ། རང་བཞིན་པའི་ཆོས་བཞི་མི་སྤྱད་ཅིང་བཅས་པ་ལ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱིས་ཤེས་པས་སྤྱོད་ཅིང་དོན་ཆེན་པོ་ཡོད་པའི་ཕྱིར་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་ནི་དངོས་པོ་ལ་འགལ་བ་མེད་པས་ཉེས་བྱས་ལ་སོགས་པར་མི་གཞག་གོ །དེ་ལྟར་རྩ་བའི་དམ་ཚིག་བསྟན་པ་ལ་སྤྱིར་བཏང་ནི་གང་ལ་གནོད་པ་དང་། གང་གིས་བར་དུ་གཅོད་པ་དང་། གང་དྲི་མ་ཅན་དུ་བྱས་པ་སྟེ་དགེ་བའི་རྩ་བ་གསུམ་དང་། དངོས་གྲུབ་གཉིས་དང་རང་གི་རྒྱུད་དང་གོ་རིམ་བཞིན་ནོ། །དེ་ལ་དངོས་གཞི་ནི། གཉིས་ཀའི་བར་དུ་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །འདྲ་བས་ནི་གཉིས་ཀའི་བར་དུ་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་ཡང་སྡུག་བསྔལ་དྲག་པོ་ལ་སོགས་པ་མ་ཡིན་པ་དང་། འབྲིང་གིས་ནི་གཉིས་ཀའི་བར་དུ་གཅོད་ཀྱང་ངན་སོང་དུ་ལྟུང་བའི་རྒྱུ་སྟེ་ཁྱད་པར་དུ་མི་བྱེད་པ་དང་། ཆུང་ངུས་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་བར་དུ་གཅོད་དོ། །

ཡང་སྤྱིར་འགྲོ་བ་ནི་ཉོན་མོངས་པ་དྲུག་དང་། ཉེ་བའི་ཉོན་མོངས་པ་དང་འབྲེལ་པའོ། །ཡང་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བཏགས་པའོ། །ཡང་བདུན་ཏེ། སྦྱོར་བ་དང་། དངོས་གཞི་དང་། ཉེས་བྱས་དང་། ཉེས་པ་མེད་པ་དང་། ཕྱོགས་དང་མཐུན་པ་དང་། བསླབ་པར་བྱ་བ་དང་། དྲི་མ་ལས་ལྡང་བའོ། །ལྡང་བ་ལ་བདུན་ཏེ། དབང་དང་། ཚོགས་དང་། བསྙེན་སྒྲུབ་དང་། ཚོགས་པའི་མཐུ་དང་། བཟླས་པ་དང་། སེམས་སུན་འབྱིན་པ་དང་། ཐ་མལ་པ་ལ་བཤགས་པའོ། །

ད་ནི་གཞུང་ལ་འཇུག་པར་བྱ་སྟེ། སློབ་དཔོན་ལ་ནི་བརྙས་པ་དང་། ཞེས་སྨོས་པ་ལ་གང་ལས་དབང་བསྐུར་མཆོག་ཐོབ་པ་མེད་པ་དང་། སློབ་དཔོན་གྱིས་དེ་ཉིད་བསྟན་པ་དང་། དེར་འདུ་ཤེས་པ་དང་། ཉོན་མོངས་པ་དང་འབྲེལ་པའི་སེམས་དང་། ལུས་ངག་ཡིད་ཀྱིས་སྦྱོར་བ་བྱས་པ་དང་། གོ་བའམ་ཁྱད་པར་ཅན་གྱིས་ཉོན་མོངས་པ་བསྐྱེད་པ་དང་། རང་བཞིན་དུ་གནས་པ་དང་། དབང་དང་ལྡན་པ་དང་། རྨི་ལམ་ཡིན་པ་དང་། ཡན་ལག་བརྒྱད་ཀྱི་ནི་དངོས་གཞི་ཡིན་ལ། སྦྱོར་བ་ནི་ཇི་སྲིད་མ་རྫོགས་པ་དེ་སྲིད་དོ། །གཞན་མ་ཚང་བ་ལ་ཡན་ལག་གཙོ་བོ་ཡོད་པ་ནི་ཉེས་པ་ཆེན་པོའོ། །འབྲིང་དང་ཆུང་ངུ་ཡོད་པ་ལ་ནི་ཉེས་པ་འབྲིང་དང་ཆུང་ངུའོ། །གསུམ་པོ་ལྟ་བུའི་གནས་སྐབས་སུ་ནི་ཉེས་པ་མེད་དོ། །གཉིས་དང་ཤན་འདྲ་བ་ནི་ཕྱོགས་དང་མཐུན་པའོ། །སློབ་དཔོན་ཐམས་ཅད་ལ་རྡོ་རྗེ་སེམས་དཔར་བལྟའོ་ཞེས་པ་ནི་བསླབ་པར་བྱའོ། །རྩ་བ་ནི་དབང་གིས་ལྡང་ངོ་། ཚོགས་དང་བསྙེན་སྒྲུབ་མ་གཏོགས་པ་བཞིས་ནི་འདྲ་བ་ལས་སྡང་ངོ་། །གོང་མ་གཉིས་ཀྱིས་ནི་འབྲིང་ལས་ལྡང་ངོ་། །ཐ་མ་གཉིས་ཀྱིས་ནི་ཆུང་ངུ་ལས་ལྡང་ངོ་། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །བདེ་གཤེགས་བཀའ་ལས་འདས་པ་དང་། ཞེས་སྨོས་པ་ལས། འདིར་ནི་བདེ་བར་གཤེགས་པའི་བཀའ་དང་རྡོ་རྗེ་འཆང་གི་བཀའ་ཐམས་ཅད་ཀྱང་གདུལ་བྱའི་ཆེད་དུ་ཡིན་ལ། དེ་ཡང་འགྲོ་བའི་དོན་དུ་སྟེ། དེ་བས་ན་གང་ཟག་བདག་གྲོལ་བའི་དབང་དུ་བྱས་པས་ཐམས་ཅད་ཀྱང་དེར་འདུས་སོ། །

རྡོ་རྗེ་འཆང་གི་བཀའ་ཡང་བཞི་སྟེ། ལས་ཀྱི་བྱེ་བྲག་ཐམས་ཅད་བདེ་བར་གཤེགས་པའི་བཀའ་དང་། བསྲུང་བར་བྱ་བ་དང་། སྒྲུབ་པའི་ཐབས་དང་འབྲས་བུའོ། །དེ་ལས་འདས་པ་ནི་གཉིས་ཏེ། ལོག་པར་སྤྱོད་པ་དང་། ལོག་པར་སྟོན་པའོ། །དེ་དག་ཀྱང་དགག་སྒྲུབ་ཀྱི་བྱེ་བྲག་གིས་རྣམ་པ་བཞིའོ། །དེ་ལ་ཡན་ལག་ནི་ཐུན་མོང་པ་གསུམ་དང་། ཉོན་མོངས་པའི་སེམས་དང་ལྡན་པ་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ལོག་པར་སྤྱོད་པའི་སྦྱོར་བ་བྱས་པ་དང་། ངེས་པ་བསྐྱེད་པ་སྟེ་བརྒྱད་ཀྱིས་དངོས་གཞིའོ། །སྟོན་པའི་ཕྱོགས་ལ་ཐ་མའི་དོན་གོ་བར་གྱུར་པ་གཞུག་གོ །ལྡང་བ་ནི་ཚོགས་པའི་མཐུ་མན་ཆད་བཞིས་དངོས་གཞི་ལས་ལྡང་ངོ་། །ཤེས་རབ་གསུམ་དང་། ཉོན་མོངས་པའི་སེམས་དང་། ཡུལ་དེ་གོང་མ་ལྟ་བུ་ཡིན་པ་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། གོ་བའམ་ཉོན་མོངས་པ་ཁྱད་པར་ཅན་བསྐྱེད་པ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །དེ་ནི་ཚོགས་ཀྱི་འཁོར་ལོས་ལྡང་ངོ་། །གཞན་ནི་སྔ་མ་བཞིན་ནོ། །ཆོམ་རྐུན་གྱི་གནས་ཀྱི་གྲོགས་སྟོབས་ཅན་ལྟ་བུར་རྡོ་རྗེ་སྤུན་ཀུན་ལ་བལྟའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བྱམས་པ་ཆེན་པོ་སྤོང་བ་དང་ཞེས་པ་ལ་སེམས་ཅན་ཤིན་ཏུ་སྡུག་བསྔལ་དང་ལྡན་པ་ལ་བཏང་སྙོམས་དང་ལྡན་པ་དང་དེར་འདུ་ཤེས་པ་དང་། བགྲོད་དུ་རུང་བ་ན་ཡོད་པར་མཐོང་བའམ་ཐོས་པ་དང་། ཉོན་མོངས་པའི་སེམས་དང་། ཐུན་མོང་བ་གསུམ་དང་། བདག་ལ་མཐུ་ཡོད་པ་དང་། དགོངས་པ་མ་ཡིན་པ་དང་། བདེ་བའི་སྦྱོར་བ་འདོར་བ་སྟེ་བཅུས་དངོས་གཞིར་འགྱུར་རོ། །ཚོགས་པའི་མཐུ་མན་ཆད་བཞིས་དེ་ལས་ལྡང་ངོ་། །སེམས་ཅན་ཐམས་ཅད་ལ་ཕ་མ་ལ་སོགས་པ་དང་། བདག་ཉིད་ཀྱི་བར་དུ་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བྱང་ཆུབ་སེམས་ནི་འདོར་བ་དང་ཞེས་པ་ནི་དངོས་པོར་འཛིན་པ་དང་ཞེན་པ་སྟེ། སྤོང་བའི་གདམས་ངག་མི་འཚོལ་བ་དང་། གཉེན་པོ་མི་བསྟེན་པ་དང་། ཡང་དང་ཡང་དུ་འདོར་བ་དང་། དེའི་དབང་གིས་ཉེས་པ་ལ་སྦྱོར་བའོ། །ཡན་ལག་གི་གྲངས་ནི་སྔ་མ་བཞིན་ནོ། །བདེ་བའི་སྦྱོར་བ་འདོར་བ་ཞེས་པ་ནི་སྡུག་བསྔལ་དང་བྲལ་བའི་སྦྱོར་བ་འདོར་བ་ཞེས་གཞག་གོ །ལྡང་བ་ནི་སྔ་མ་བཞིན་ནོ། །མ་བརྒལ་བ་བསྒྲལ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བསླབ་པར་བྱ་བའོ། །ལྷ་ཡི་བདག་ཉིད་ཕུང་པོ་སྨོད་ཅེས་པ་ནི། ལྷར་མི་བསྒོམ་པ་དང་། འབྲེལ་བར་འདོད་པ་དང་། དེ་ལས་གཞན་དུ་བསྒོམ་པའོ། །ཡན་ལག་ནི་ཐུན་མོང་བ་བཞི་དང་། ཡུལ་དེ་དང་དེ་ལྟ་བུ་ཡིན་པ་དང་། དེར་འདུ་ཤེས་པ་དང་། གོང་མ་གསུམ་གང་ཡང་རུང་བ་སྟེ་བདུན་གྱི་དངོས་གཞིའོ། །ལྡང་བ་ནི་བསྙེན་སྒྲུབ་ཀྱིས་སོ། །ལུས་ལ་མཚན་དང་དཔེ་བྱད་ལ་སོགས་པ་བསམ་པར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །

ཐེག་པ་གསུམ་ལ་སྨོད་པ་དང་ཞེས་བྱ་བ་ནི་བྱ་བ་དང་གཉི་ག་དང་། རྣལ་འབྱོར་གྱི་རྒྱུད་དང་། གསང་བའི་ཐེག་པ་གསུམ་པོ་རྣལ་འབྱོར་མ་དང་ཐབས་དང་ཟུང་དུ་འཇུག་པའོ། །སྨོད་པ་ནི་གཞུང་བཞིན་མ་སྨོས་པའོ། །ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། མི་མཐུན་པའི་སྦྱོར་བ་བྱས་པ་དང་། ཡང་དག་པའི་སྦྱོར་བ་ལོག་པ་སྟེ་བརྒྱད་ཀྱིས་དངོས་གཞིའོ། །ཚོགས་པའི་མཐུ་མན་ཆད་བཞིས་ལྡང་ངོ་། །མེད་ན་མི་འབྱུང་བའི་ལམ་གསུམ་དུ་ཤེས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཡང་དག་ཆོས་ལ་ཡིད་གཉིས་ཟ་ཞེས་པ་ལ་སྲུང་བ་དང་། སྒྲུབ་པ་དང་། ཐོབ་པ་དོན་དམ་པའི་རང་བཞིན་ལ་ཡིད་གཉིས་ཟ་བ་སྟེ་ཐུན་མོང་བ་བཞི་དང་། དོན་དམ་པ་དག་པ་དང་འབྲེལ་པ་དང་། དེར་འདུ་ཤེས་པ་དང་། མེད་དམ་སྙམ་པའི་བློ་གཉིས་དང་། འདི་ལ་མ་དད་པ་དང་བཏང་སྙོམས་སུ་དོར་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །ཆོས་ཐམས་ཅད་ལ་ཚུལ་གཅིག་ཁོ་ནས་ཤེས་པར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །ཆོས་ལ་གཉིས་སུ་འབྱེད་པ་ཞེས་བྱ་བ་ནི་ཆོས་རྣལ་འབྱོར་ཆེན་པོ་ལ་སོགས་པའི་གྲུབ་པའི་མཐའ་ལས་གྲགས་པའི་བསྐྱེད་པ་དང་རྫོགས་པའི་ཆ་ཤིན་ཏུ་ཕྲ་བ་ཕྱི་རོལ་པའི་གྲུབ་པའི་མཐར་འཆད་ཅིང་འཛིན་པའམ། སངས་རྒྱས་པའི་གྲུབ་པའི་མཐའ་ལ་བཟང་ངན་འབྱེད་པའམ་སྟོན་པ་སྟེ་ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། མི་མཐུན་པའི་སྦྱོར་བ་བྱས་པ་དང་། གཞན་གྱིས་གོ་བ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ཚོགས་པའི་མཐུ་མན་ཆད་བཞིས་ལྡང་ངོ་། །ལམ་ལ་བྱེ་བྲག་མེད་པར་བསླབ་པར་བྱ་ཞིང་བདེན་པར་སྨྲ་བར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །

གདུག་ལ་བྱམས་དང་ཆགས་བྲལ་དང་ཞེས་པ་ལ། འདིར་སངས་རྒྱས་ཀྱི་བསྟན་པ་འཇིག་པར་བྱེད་པ་དང་། སུན་འབྱིན་པ་སྟེ། སྟོབས་དང་ལྡན་པས་བཅོམ་པའོ། །དེ་དག་ཆོས་དང་ཟང་ཟིང་གི་འབྲེལ་བ་དང་བྲལ་བར་བྱ་བ་སྟེ། དེ་ལས་གཞན་དུ་བྱེད་པ་ནི་ཉེས་པའོ། །ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་དེ་ལྟར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། དགོངས་པ་མ་ཡིན་པ་དང་། གཞན་གྱིས་གོ་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །འབད་པས་གསད་པར་བྱ་བ་ཡིན་ནོ་ཞེས་བསླབ་པར་བྱ་བའོ། །ཆགས་བྲལ་བ་ནི་སྙིང་རྗེ་དང་བྲལ་བའོ། །སྐལ་མིན་གསང་བ་སྟོན་པ་དང་ཞེས་འབྱུང་བ་ལ་ཐུན་མོང་བ་བཞི་དང་། རུང་བར་མ་བྱས་པའི་ཡུལ་དང་། དེར་འདུ་ཤེས་པ་དང་། ངག་གི་སྦྱོར་བ་བྱས་པ་དང་། དབང་དང་འབྲེལ་ཞིང་ཟབ་པ་དང་། རྒྱ་ཆེ་བ་བརྗོད་པ་དང་། དགོངས་པ་མ་ཡིན་པ་དང་། གོ་བ་སྟེ་བཅུས་དངོས་གཞིའོ། །སྡང་བ་ནི་སྔ་མ་བཞིན་ནོ། །འདི་ན་གསང་བའི་སྣོད་དཀོན་པར་བལྟའོ་ཞེས་པ་ནི་བསླབ་པར་བྱ་བའོ། །དད་ལྡན་སེམས་ནི་སུན་འབྱིན་དང་ཞེས་འབྱུང་བ་ལ་ཐུན་མོང་བ་བཞི་དང་། ཡུལ་རུང་བར་གྱུར་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། ངག་གི་སྦྱོར་བ་བྱས་པ་དང་། གོ་བ་སྟེ་དགུས་དངོས་གཞིའོ། །སྡང་བ་ནི་སྔ་མ་བཞིན་ནོ། །ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ། །

དམ་ཚིག་ལས་ནི་ཇི་བཞིན་རྙེད་མི་བསྟེན་ཞེས་བྱ་བ་ནི་ཐུན་མོང་བ་བཞི་དང་། རྫས་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་དང་། དགོངས་པ་མ་ཡིན་པ་དང་། གཞན་གྱིས་གོ་བ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་ཚོགས་ཀྱི་འཁོར་ལོས་སོ། །སྤྱོད་པ་ཐམས་ཅད་དང་མཐུན་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཤེས་རབ་རང་བཞིན་ཅན་སྨོད་པ་ཞེས་བྱ་བ་ནི་དམ་ཚིག་དུས་སུ་རུང་བ་གཟུངས་སུ་བྱས་པའམ་ཡོན་ཏན་དང་ལྡན་པའོ། །སྨོད་པ་ནི་སྐྱོན་བརྗོད་པའོ། །ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། གང་ཡང་རུང་བས་གོ་བར་བྱས་པ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིའོ། །ལྡང་བ་ནི་བསྙེན་སྒྲུབ་ལ་སོགས་པས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དམིགས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །དེ་དག་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། བྱང་ཆུབ་སེམས་འདོར་བདེ་གཤེགས་བཀའ་འདས་དང་། །བྱམས་སྤོང་ཐེག་གསུམ་སྨོད་དང་ཆོས་ཡིད་གཉིས། །ཐུགས་ཀྱིའོ། །སློབ་དཔོན་བརྙས་དང་ལྷ་ཉིད་ཕུང་པོ་སྨོད། །དམ་ཚིག་མི་བསྟེན་ཤེས་རབ་སྨོད་པ་རྣམས། །སྐུ་ཡིའོ། །མི་བསྔགས་བརྗོད་དང་དད་ལྡན་སེམས་སུན་འབྱིན། །གདུག་ལ་ཆགས་བྲལ་ཆོས་གཉིས་གསང་བ་སྟོན། །གསུང་གིའོ། །གཞན་ཡང་རྩ་བའི་དངོས་གཞིའི་ཡན་ལག་མ་ཚང་བ་ལས་སྦོམ་པོ་ལ་སོགས་པ་གསུམ་གྱི་བྱེ་བྲག་གིས་རྣམ་པ་དུ་མར་འགྱུར་བ་བསྟན་པ་ལས། འདིར་དེ་དང་མི་འདྲ་བའི་ཉེས་པ་སྦོམ་པོར་བསྟན་པར་བྱ་སྟེ། དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཞེས་འབྱུང་བ་ལ་ཐུན་མོང་པ་བཞི་དང་། ཡུལ་དམ་ཚིག་མེད་པ་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། ཉམས་སུ་མྱོང་བ་སྟེ་བརྒྱད་ཀྱིས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བསྙེན་སྒྲུབ་མན་ཆད་ཀྱིས་སོ། །མའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །

ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །ཞེས་པ་ནི་ཐུན་མོང་བ་བཞི་དང་། བླ་མའམ་རྡོ་རྗེ་སྤུན་གྱི་ཚོགས་པ་དང་། སྒྲུབ་པའམ་དམ་ཚིག་གི་དཀྱིལ་འཁོར་གྱི་ནང་དུ་ཞུགས་པའི་དུས་དང་། དེར་འདུ་ཤེས་པ་དང་། ངག་གི་སྦྱོར་བ་བྱས་པ་དང་། དགོངས་པ་མ་ཡིན་པ་སྟེ་བཅུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་ཚོགས་ཀྱིས་སོ། །བག་ཡོད་པར་བྱ་ཞེས་པ་ནི་བསླབ་པར་བྱ་བའོ། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཞེས་བྱ་བ་ལ་ཐུན་མོང་བ་བཞི་དང་། སེམས་ཅན་སྣོད་དུ་གྱུར་པ་དང་། དེར་འདུ་ཤེས་པ་དང་གཞན་སྟོན་པའི་ངག་གིས་སྦྱོར་བ་བྱས་པ་དང་། གོ་བ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །བདེན་པར་སྨྲ་བར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང་། །ཞེས་པ་ལ་འདིར་སྐུར་བ་འདེབས་པ་དང་། མི་མོས་པ་ཡིན་པར་གཟུང་ངོ་། །ཞག་བདུན་ནམ་དྲུག་ཏུ་འགྲོ་ན་བར་དུ་གནས་ཤིང་རང་གི་སྤྱད་པ་མི་བྱེད་པ་ན་ལུང་དང་ཡུལ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་འདས་པ་ནི་དུས་ཀྱི་སྒྲུབ་པར་ཚང་བའི་ཕྱིར་རོ། །ཁ་ཅིག་ནི་ཡོན་ཏན་བདུན་དང་ལྡན་པའི་ལྷའི་རྣལ་འབྱོར་ཅན་ཞག་གཅིག་ཀྱང་གནས་པར་མི་བྱའོ་ཞེས་འཆད་དོ། །དེ་ཡང་འདི་ལྟ་སྟེ། དཀྱིལ་འཁོར་ཚོགས་དང་སྦྱིན་སྲེག་དང་། །མཆོད་དང་གཏོར་མ་གོ་རིམ་དང་། །དེ་ཉིད་དང་ནི་བདུན་དུ་བསྟན། །ཞེས་འབྱུང་བའི་རྣལ་འབྱོར་པའོ། །འདིར་ཡང་ཐུན་མོང་བ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ཞག་བདུན་འདས་པ་དང་། དགོངས་པ་མ་ཡིན་པ་སྟེ། བརྒྱད་ཀྱིས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་ཚོགས་ཀྱི་འཁོར་ལོས་སོ། །གཅིག་པུར་གནས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །སྦྱོར་བ་ངེས་པར་མ་བྱས་པའི། །སྐལ་མིན་གསང་བ་སྒྲོགས་པ་དང་། །ཞེས་པ་ནི་དམ་ཚིག་ཐོབ་ཀྱང་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། དེ་དང་མི་ལྡན་པ་ལ་བྱའོ། །ཐུན་མོང་པ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། དབང་དང་འབྲེལ་པའི་གསང་བ་དང་། ངག་གི་སྦྱོར་བ་བྱས་པ་དང་། གོ་བ་དང་། དགོངས་པ་མ་ཡིན་པ་སྟེ་བཅུས་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །བརྒྱད་བརྟག་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །

གང་ཞིག་ཕྱག་རྒྱ་མི་མཁས་པས། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །ཞེས་པ་ལ་ཐུན་མོང་པ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་མཐོང་བ་སྟེ་བརྒྱད་ཀྱིས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བསྙེན་སྒྲུབ་ཀྱིས་སོ། །ཤིན་ཏུ་སྦ་བར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །ཞེས་པ་ལ་ཐུན་མོང་བ་བཞི་དང་། དག་པར་མ་བྱས་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། སྦྱོར་བ་དང་ཞུགས་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བསྙེན་སྒྲུབ་ཀྱིས་སོ། །མཚན་མ་ཐོབ་ནས་འཇུག་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ། །སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་པ་ལ་ཐུན་མོང་བ་བཞི་དང་། ལྟུང་བའི་ཡུལ་ཡིན་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། སྦྱོར་བ་དང་། དེ་དག་ལས་འདས་པ་སྟེ་དགུས་དངོས་གཞིར་འགྱུར་རོ། །ལྡང་བ་ནི་བཟླས་པ་ལ་སོགས་པས་སོ། །སྡོམ་པ་གསུམ་ལ་གནས་པར་བྱའོ། །བླ་མ་ལྔ་བཅུ་པའི་ཉེས་པ་ནི་ཅི་རིགས་པར་བཅུ་བཞི་པའི་ནང་དུ་འདུས་པར་རིག་པར་བྱའོ། །སློབ་དཔོན་ཆེན་པོ་དཔལ་ལཀྵ་མཱི་ཀ་རའི་ཞལ་སྔ་ནས་མཛད་པ་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་རྫོགས་སོ། །

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ།

༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ།

རྒྱ་གར་སྐད་དུ། ཨརྱཱ་བ་ལོ་ཀེ་ཏེ་ཤྭ་ར་སྟོ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །འཁོར་བའི་འདམ་གྱིས་མ་གོས་པའི། །པདྨ་ཟླ་བའི་གདན་དང་ལྡན། །ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱེ་བྲག་བཅུ་གཅིག་ཞལ། །རྩ་བའི་ཞལ་ནི་དཀར་པོ་མཛེས། །ལྗང་དང་དམར་པོ་གཡས་དང་གཡོན། །ཞི་བའི་ཞལ་ལ་ཕྱག་འཚལ་ལོ། །དབུས་ལྗང་གཡས་དཀར་གཡོན་དམར་ཞལ། །དབུས་དམར་གཡས་ལྗང་གཡོན་དཀར་ཞལ། །སྤྱན་དཀྱུས་རིང་ཞིང་ཞལ་ཕྲ་བ། །འཛུམ་བཅས་བཞུགས་ལ་ཕྱག་འཚལ་ལོ། །ཁྲོ་ཞལ་ནག་པོ་སྤྱན་གསུམ་པ། །མཆེ་གཙིགས་སྐྲ་བརྫེས་སྨ་ར་སེར། །སྟེང་ཞལ་དམར་པོ་གཙུག་ཏོར་ལྡན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཐུགས་ཆུད་ཐུགས་ཀར་ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་ཆད་མེད་པས་ཕྲེང་བ་འཛིན། །ཡི་དྭགས་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་ཕྱག །ཕྱག་གཡས་འཁོར་ལོ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་བའི་འདམ་གྱིས་མ་གོས་པདྨ་བསྣམས། །རིལ་བ་སྤྱི་བླུགས་ཉོན་མོངས་དྲི་མ་འཁྲུ། །ཐབས་དང་ཤེས་རབ་གཉིས་མེད་མདའ་གཞུ་བསྣམས། །རྣམ་ཐར་བརྒྱད་ལྡན་ཁྱེད་ལ་ཕྱག་འཚལ་ལོ། །རིན་ཆེན་རྒྱན་མངའ་ཀུན་ནས་མུན་སེལ་ཞིང་། །སྐུ་མདོག་དཀར་གསལ་རི་དྭགས་པགས་པ་འཛིན། །གཞོན་ནུ་ལང་ཚོ་ལྡན་པའི་འཛུམ་བཅས་ཞལ། །འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བལྟ་བས་མི་ངོམས་སྣ་ཚོགས་སྐུ། །ཐུགས་རྗེ་མཐར་ཕྱིན་ཕྱག་སྟོང་འགྲོ་རྣམས་སྐྱོབ། །ཤེས་རབ་མཐར་ཕྱིན་དྲི་མེད་སྤྱན་སྟོང་གཟིགས། །འཇིགས་པ་ཀུན་ལས་སྐྱོབ་ལ་སྐྱབས་སུ་མཆི། །ཐུགས་རྗེ་བསིལ་མཛད་ཟླ་བ་དྲི་མ་མེད། །ཞལ་གཅིག་ཕྱག་བཞི་སྐུ་མདོག་ཟླ་བའི་འོད། །སྐྱབས་སྦྱིན་རྔ་ཡབ་པདྨ་ཆུ་ཤེལ་འཛིན། །མེ་ཡི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །སེམས་ཅན་རེ་སྐོང་ཡིད་བཞིན་འཁོར་ལོས་སྒྱུར། །ཞལ་གཅིག་ཕྱག་བཞི་སྐུ་མདོག་གངས་རིའི་མདོག །སྐྱབས་སྦྱིན་རིན་ཆེན་པདྨ་འཁོར་ལོ་འཛིན། །ཆུ་ཡི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །ཡོན་ཏན་རབ་རྒྱས་ནོར་བུ་འཛིན་པ་པོ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་གསེར་དང་མཚུངས། །སྐྱབས་སྦྱིན་ནོར་བུ་པདྨ་པུསྟི་འཛིན། །སེང་གེའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །འགྲོ་རྣམས་སྨིན་མཛད་ཉི་མ་རབ་ཏུ་སྣང་། །ཞལ་གཅིག་ཕྱག་བཞི་སྐུ་མདོག་བཙོ་མ་འདྲ། །སྐྱབས་སྦྱིན་ཨུཏྤལ་པདྨ་མེ་ཤེལ་འཛིན། །གླང་པོའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །སེམས་ཅན་ཡོངས་སྒྲོལ་ཐུགས་རྗེ་དོན་ཡོད་ཞགས། །ཞལ་གཅིག་ཕྱག་བཞི་པདྨ་རཱ་གའི་མདོག །སྐྱབས་སྦྱིན་ལྕགས་ཀྱུ་པདྨ་ཞགས་པ་འཛིན། །རྒྱལ་པོའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །དབང་སྡུད་ཆེན་པོ་ཆུ་སྲིན་འཛིན་ཁྲི་དཔལ། །ཞལ་གཅིག་ཕྱག་བཞི་ཀུ་ཤའི་མདོག་འདྲ་བའི། །སྐྱབས་སྦྱིན་རྒྱལ་མཚན་པདྨ་གཎྜཱི་འཛིན། །ཀླུ་ཡི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །དུག་གསུམ་འཇོམས་མཛད་ཧ་ལ་ཧ་ལ་ཆེ། །ཞལ་གཅིག་ཕྱག་བཞི་བེེཌཱུརྱ་འདྲ་བ། །སྐྱབས་སྦྱིན་རྩེ་གསུམ་པདྨ་བ་དན་འཛིན། །མཁའ་འགྲོའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །དངོས་པོའི་སྟོབས་འཇོམས་མཐུ་ཆེན་རབ་ཐོབ་པ། །ཞལ་གཅིག་ཕྱག་བཞི་ཨིནྡྲ་ནཱི་ལའི་མདོག །སྐྱབས་སྦྱིན་རྡོ་རྗེ་པདྨ་དྲིལ་བུ་འཛིན། །མི་རྒོད་འཇིགས་པ་འཇོམས་ལ་སྐྱབས་སུ་མཆི། །མེ་ཆུ་སེང་གེ་གླང་ཆེན་ལྕགས་སྒྲོག་སྦྲུལ། །མཁའ་འགྲོ་མི་རྒོད་འཇིགས་པ་བརྒྱད་ལས་ནི། །གང་ལ་གང་འདུལ་ཕྲིན་ལས་རྣམ་པ་བཞིས། །སྨིན་མཛད་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །གཙོ་བོ་འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང་། །སྤྲུལ་པའི་འཁོར་གྱི་གདུལ་བྱའི་སྣང་བ་ལ། །ཞི་བ་རྒྱས་པ་དབང་དང་དྲག་ཚུལ་དུ། །སྐྱོབ་མཛད་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །ཡོན་ཏན་རབ་རྒྱས་རྒྱན་རྣམས་ཀུན་གྱིས་བརྒྱན། །བྱམས་པའི་ན་བཟའ་ཐུགས་རྗེའི་འོད་ཟེར་འཕྲོ། །བྱང་ཆུབ་སེམས་ཀྱི་དཔའ་རྟགས་སྟག་ལྤགས་ཅན། །འཇིགས་གཟུགས་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །མགོན་པོ་ཁྱེད་ཀྱི་ཡོན་ཏན་བརྗོད་པས་ནི། །གང་གཱའི་ཀླུང་གི་བྱེ་སྙེད་སངས་རྒྱས་ལ། །དེ་སྙེད་ཕྱག་དང་མཆོད་བྱས་གྱུར་པ་ཡི། །དོན་ལྡན་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ། དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། །།

རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ།

༄༅། །རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ།

རྒྱ་གར་སྐད་དུ། བྷཊྚཱ་རཱ་ཀ་མ་ཧཱ་ཀཱ་རུ་ཎི་ཀ་སྟོ་ཏྲ། བོད་སྐད་དུ། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དང་ནི་ཤེས་རབ་གཉིས། །མཉམ་པར་སྦྱོར་བའི་ཐུགས་མངའ་ཞིང་། །ཕྱག་གཉིས་ཐུགས་ཀར་མཉམ་སྦྱོར་བ། །དཔལ་ལྡན་མཉམ་སྦྱོར་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་སྙིང་པོ་གཙོ། །གསང་སྔགས་རྒྱལ་པོའི་བགྲང་ཕྲེང་མཆོག །མུ་ཏིག་ལྟར་དཀར་གཡས་ན་འཛིན། །རིག་སྔགས་འཆང་ལ་ཕྱག་འཚལ་ལོ། །འཁོར་བའི་འདམ་གྱིས་མ་གོས་པས། །དག་པའི་ཤེལ་ལྟར་འོད་གསལ་བ། །པདྨ་དཀར་པོ་གཡོན་ན་འཛིན། །ཕྱག་ན་པདྨ་ཕྱག་འཚལ་ལོ། །ཆོས་དབྱིངས་རྣམ་དག་དྲི་མ་དག །ཟླ་བའི་འོད་ལྟར་རྒྱལ་བའི་ཡུམ། །གཟུགས་ཀྱི་ལྷ་མོ་ཡིད་འོང་སྐུ། །ཡིག་དྲུག་མ་ལ་ཕྱག་འཚལ་ལོ། །མཐའ་ཡས་འོད་ལྡན་གསེར་མདོག་ཅན། །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །སེམས་ཅན་རེ་འདོད་སྐོང་མཛད་པ། །ནོར་བུ་འཛིན་ལ་ཕྱག་འཚལ་ལོ། །རང་བཞིན་མི་དམིགས་སྟོང་པའི་ངང་། །བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ། །གསང་སྔགས་ངོ་བོ་ཤེས་རབ་བསྐྱེད། །རིག་སྔགས་ཆེ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། །།

འཕགས་པ་འཇིག་རྟེན་དབང་ཕྱུག་ལ་དགེ་སློང་མ་དཔལ་མོས་བསྟོད་པ།

༄༅། །འཕགས་པ་འཇིག་རྟེན་དབང་ཕྱུག་ལ་དགེ་སློང་མ་དཔལ་མོས་བསྟོད་པ།

རྒྱ་གར་སྐད་དུ། ཨརྱ་ལོ་ཀཱི་ཤྭ་རཱ་ཡ། བིཀྵུ་ཤྲཱི་བ་རེ་སྟོད་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་དགེ་སློང་མ་དཔལ་མོའི་བསྟོད་པ་ཞེས་བྱ་བ། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་འགྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་མཆོག་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨོས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡང་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་བ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་ཐར་མཛད་ཅིང་མཁས་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་ནི་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་འགྲོས་ལྟར་གཤེགས་པ་པོ། །ཚོགས་ཀུན་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །སྡུག་བསྔལ་མཚོ་དང་ཉོན་མོངས་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རེངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདི་དག་ཅིང་གསལ་བར་འདོན་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །

ཨཱརྱ་ཨ་བ་ལོ་ཀེ་ཤྭ་ར་བིཀྵུ་ཤྲཱི་ནི་རེ་ལི་ཁ་ར་ཤིང་འཕེལ་གྱི་དྲུང་དུ་བསྟོད་པའོ། །ཞེས་བརྗོད་དོ། །

རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས།

༄༅། །རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས།

རྒྱ་གར་སྐད་དུ། བྷཊྚཱ་རཱ་ཀ་ཨརྱཱ་བ་ལོ་ཀེ་ཏེ་ཤྭ་རེ་ཀད་ཤ་མུ་ཁ་སྱ་སཱ་དྷ་ནཾ། བོད་སྐད་དུ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྟེ་བ་ཟླ་བས་རྣམ་བརྒྱན་པདྨ་ལ། །འབར་བའི་རྒྱན་མངའ་ཀུན་ནས་མུན་སེལ་ཞིང་། །ཁ་བའི་རི་འདྲ་རི་དྭགས་ལྤགས་འཛིན་པ། །འཛུམ་བཅས་བཞུགས་ལ་སྤྱི་བོས་བཏུད་བྱས་ཏེ། །འགྲོ་བ་དེ་ཡི་གནས་ཐོབ་འདོད་པས་འདིར། །སྒྲུབ་ཐབས་ཆོ་ག་བདག་གིས་དྲན་པར་བྱ། །དང་པོར་རེ་ཞིག་གང་ཡང་རུང་བའི་ཡིད་དང་རྗེས་སུ་མཐུན་པའི་གནས་ལེགས་པར་བྱུགས་ལ་དྲི་ཞིམ་པོའི་མེ་ཏོག་ཀུན་ཏུ་གཏོར་ལ། དེའི་དབུས་སུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་ཁར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་ཞིང་། དེའི་སྟེང་དུ་དྲོ་བ་རྣམས་ཀྱི་བཞི་བ་མེའི་བུ་ལ་བརྟེན་པ་ང་རོ་བཞི་པས་ཀུན་ནས་མནན་ཞིང་གཞོན་ནུ་མའི་ནུ་མས་བརྒྱན་པར་བལྟའོ། །

དེ་ནས་ས་བོན་གྱི་ཡི་གེ་ལས་འོད་ཟེར་རྣམས་བྱུང་བས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས་ཏེ། དེ་དག་གི་མདུན་ཉིད་དུ་ཕྱག་འཚལ་བ་སྔོན་དུ་སོང་བས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནེེ་ཝི་དྱེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གཱི་ཏི་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་པའི་མཆོད་པའི་ཚོགས་ཕུལ་ལ། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པར་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདུར་འཆགས་བགྱིད་ཅིང་། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་རྣམས་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང་། །དམ་པའི་སྐྱབས་ལ་སྐྱབས་སུ་མཆི། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་རིམ་གྱིས་མངོན་དུ་བྱས་ལ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོཉ་ཧཾ་ཞེས་བརྗོད་དོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རང་རང་གི་དེ་བཞིན་ཉིད་ལས་མི་འདའ་བས་རྣམ་པར་དག་པར་བསམས་ཏེ། བདག་ཀྱང་རྣམ་པར་དག་པར་བསམས་ལ། ཡང་ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ་ཧཾ་ཞེས་བརྗོད་དོ། །ཀུན་ནས་སྟོང་པ་ཉིད་དུ་བདག་ཉིད་ཀྱང་བསམ་མོ། །

དེའི་རྗེས་ལ་མདུན་དུ་པཾ་ལས་པདྨ་འདབ་མ་སྣ་ཚོགས་པ་བསམས་ཞིང་། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡང་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ནས་ཡང་དེ་ལས་འོད་ཟེར་བྱུང་བ་རྣམས་ཀྱིས་འགྲོ་རྣམས་རྣམ་པར་དག་པར་བྱས་ནས་འོང་བ་དང་། དེ་ཉིད་ལ་ཞུགས་པས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟ་བུར་གྱུར་པར་བསམ་པར་བྱའོ། །དེའི་དབུས་སུ་ཡང་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ནས་ཡང་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང་། ཞགས་པ་ལྟ་བུ་བྱུང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཀུག་སྟེ། བདག་ཉིད་དང་གཅིག་པས་དེ་ལ་ཐིམ་པར་བལྟའོ། །དེ་མ་ཐག་ཏུ་པདྨ་ས་བོན་དང་བཅས་པ་ཡོངས་སུ་གྱུར་བ་ལས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་གངས་རིའི་རྩེ་མོ་ལ་ཉི་མས་བརྒྱན་པ་ལྟར་དཀར་བ་སྐུའི་ཡན་ལག་རྒྱན་ཐམས་ཅད་ཀྱིས་སྤྲས་པ་ནོར་བུས་སྤྲས་པའི་གསེར་མདོག་འོག་པག་ཅན། རས་བཟང་པོས་སྐུའི་སྨད་གཡོགས་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རལ་པ་དམར་སེར་འཁྱུགས་པས་མཛེས་པ། ཕྱག་གདུབ་དང་། ཞབས་གདུབ་དང་། རྣ་ཆ་གདུབ་ཀོར་དང་། མགུལ་གདུབ་དང་། ཅོད་པན་དང་། དབུ་རྒྱན་དང་། དབུ་རྒྱན་རྩེ་ཕྲན་གྱིས་གསལ་བར་བྱས་པ། འོད་ཟེར་དཀར་པོས་ཀུན་ནས་བསྐོར་བ། ལང་ཚོ་ལ་བབ་པ། སྤྱན་དཀྱུས་རིང་ཞིང་དཔྲལ་བ་ཡངས་པ། ཞལ་བཅུ་གཅིག་པ། རྩ་བའི་ཞལ་ཀུན་ནས་དཀར་བ། གཡས་པ་ལྗང་གུ། གཡོན་པ་དམར་བ། ཞལ་ཐམས་ཅད་ཀུན་ནས་འཛུམ་པའི་ཉམས་ཅན། དེའི་དབུས་ལྗང་གུ། གཡས་དམར་པོ། གཡོན་དཀར་པོ་དེའི་དབུས་དམར་པོ། གཡས་དཀར་པོ། གཡོན་ལྗང་གུས་བྱེ་བྲག་རྣམས་སོ། །དེའི་སྟེང་དུ་ཞལ་རྣམ་པར་གཙིགས་ཤིང་འཇིགས་པ། ནག་པོ་མཆེ་བ་སྣང་བ། ཀུན་ཏུ་ཁྲོས་པ། སྤྱན་གསུམ་པ་རལ་པ་བསྒྲེང་བའོ། །དེའི་སྤྱི་བོར་བན་དུ་ཀའི་མེ་ཏོག་དང་། བྱུ་རུ་བཅག་པའི་མཚམས་ལྟར་གསལ་བ། གཙུག་ཏོར་དང་བཅས་པ། རྒྱན་སྤངས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མགུལ་པ་དང་བཅས་པར་བྱུང་བ། ཞི་བའི་གཟིགས་པས་འཛུམ་པའོ། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་དང་པོ་ཕྲེང་བ་འཛིན་པ། གཡོན་པ་ན་གསེར་གྱི་པདྨ་རྩ་བ་དང་བཅས་པ་འཛིན་པ། གཡས་གསུམ་པས་ཡི་དྭགས་སྐོམ་པ་སེལ་བ། གཡོན་གསུམ་པས་རིལ་བ་སྤྱི་བླུགས་འཛིན་པ། གཡས་བཞི་པས་འཁོར་ལོ་འཛིན་པ། གཡོན་བཞི་པས་མདའ་དང་གཞུ་འཛིན་པ། ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ་རྣམས་ཀྱིས་མཆོག་སྦྱིན་པ། ཕྱག་པདྨའི་འདབ་མ་ལྟར་འཇམ་པ་འདི་ལྟ་བུ་རྣམ་པར་བསམ་མོ། །

དེ་ནས་རང་གི་སྙིང་ཁའི་པདྨ་དང་ཟླ་བ་ལ་གནས་པའི་ས་བོན་གྱི་ཡི་གེ་གནས་པ་ལས་བྱུང་བའི་འོད་ཀྱིས་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས་ཏེ། ཡང་དག་པར་མཆོད་ལ་བདག་གི་ནང་དུ་ཞུགས་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་ལེགས་པར་གནས་པས་དབང་བསྐུར་བའི་མཐར་ཐུག་པར་བསྒྲུབ་བོ། །དེའི་རྗེས་ལ་རང་གི་སྙིང་ཁར་པདྨ་དང་ཟླ་བ་ལ་གནས་པའི་ས་བོན་ཀུན་ནས་དཀར་པོ་འོད་དང་བཅས་པ་མགོ་གྱེན་དུ་འགྲེང་པ་བསམས་ཏེ། དེ་ལས་བྱུང་བའི་སྐུ་རྣམས་འཕྲོས་པས་འཁོར་ལོའི་རྣམ་པར་བྱུང་བར་བསམ་ཞིང་བསྒོམ་མོ། །གང་གི་ཚེ་སྐྱོ་བ་ན་ས་བོན་གྱི་ཡི་གེ་ཡིད་ལ་འཛིན་པས་ནོར་བུའི་མཚམས་སུ་ཕྱག་འཚལ་བ་དང་བཅས་པའི་མངོན་དུ་གྱུར་པའི་ཚིག་སྤངས་ཏེ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ་ཀུ་སུ་མེ་ཀུ་སུ་མེ། པ་རེ་ཨི་ལི་མི་ལི་ཙི་ཏི་ཛྭ་ལ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བྱ་བ་འདོད་པ་བཞིན་བཟླས་སོ། །སྐྱོ་བར་གྱུར་ན་ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་ལ་མཆོད་དོ། །གསོལ་བ་གདབ་པ་དང་། བཟོད་པར་གསོལ་བ་དང་། གཤེགས་པར་མཁྱེན་པར་བྱ་བའི་ཕྱིར་ཛ་ཧི་ཞེས་ལན་གསུམ་བརྗོད་དོ། །ལངས་ནས་མཆོད་བསྟོད་ལ་སོགས་པ་བྱའོ། །འདིར་གང་དག་དེ་སྙེད་ཀྱི་ཕྱག་རྒྱ་དག་དམིགས་པར་མི་ནུས་པས་ཕྱག་བརྒྱད་པའམ། ཞལ་གཅིག་ཕྱག་བཞི་པའམ། ཞལ་གཅིག་ཕྱག་གཉིས་པ་ཡང་བསམ་ཞིང་ཕྱག་གཉིས་པ་པདྨ་དང་མཆོག་སྦྱིན་པར་བལྟའོ། །སྒྲུབ་ཐབས་ཆོ་ག་བཀོད་པ་ཡིས། །དགེ་བ་གང་ཞིག་དྲི་མེད་ནི། །བདག་གིས་བསགས་དེས་འགྲོ་བ་ཀུན། །སྲིད་མཚོའི་ཕ་རོལ་འགྲོ་བར་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། །།

འཇིག་རྟེན་དབང་ཕྱུག་ལ་བསྟོད་པ།

༄༅། །འཇིག་རྟེན་དབང་ཕྱུག་ལ་བསྟོད་པ།

རྒྱ་གར་སྐད་དུ། ལོ་ཀ་ཤྭ་རཱ་ཡ་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་ས་གསུམ་གྱིས་ཕྱག་བྱས། །ལྷ་དབང་ཚངས་པ་མཆོག་གིས་བསྟོད་པ་སྟེ། །ཐུབ་མཆོག་རྒྱལ་པོ་མྱུར་དུ་དངོས་གྲུབ་སྩོལ། །སྤྱན་རས་གཟིགས་མགོན་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་རང་བཞིན་བདུད་རྩིའི་ངོ་བོ་འཆང་། །སྣ་ཚོགས་མཚན་གྱིས་སྤྲས་པའི་སྐུ་ལུས་མཆོག །བདེ་གཤེགས་འོད་དཔག་མེད་པའི་དབུ་རྒྱན་ཅན། །གསེར་གྱི་པདྨས་གཡོན་གྱི་ཕྱག་བརྒྱན་པ། །དྲི་མེད་རལ་པ་འཁྱིལ་ན་གཅུད་ཟད་སེར། །ཟླ་བའི་དབྱིབས་འདྲ་གསལ་ཞིང་རྫོགས་པའི་ཞལ། །པདྨ་ལྟར་ཡངས་མཆོག་ཏུ་མཛེས་པའི་སྤྱན། །མཁུར་བ་གངས་ཀྱི་དུམ་བུ་ལྟ་བུར་དཀར། །རི་དྭགས་རྒྱལ་པོའི་དགའ་བཞིན་ཞལ་སྒྲོས་དམར། །ཉི་མ་འཆར་ཀ་ལྟར་དམར་བཙོད་ཀྱི་མདོག །པདྨ་གཞོན་ནུ་ལྟ་བུར་མཆུ་དམར་ལ། །སྟོན་ཀའི་སྤྲིན་ཚོགས་ལྟ་བུར་སྒྲ་སྒྲོག་པ། །དཔུང་གཉིས་སྣ་ཚོགས་མཚན་གྱིས་མཛེས་པ་སྟེ། །ཕྱག་མཐིལ་པདྨ་གཞོན་ནུ་ལྟ་བུར་འཇམ། །རི་དྭགས་པགས་པ་སྐུ་ཡི་སྟོད་ན་མནབས། །སྙན་གཉིས་རྣ་རྒྱན་གཡོ་ཞིང་མཛེས་པ་མངའ། །ཕྱག་ནི་ཡངས་ཤིང་ལྟེ་བ་ཟབ་པ་སྟེ། །པདྨ་དྲི་མ་མེད་པ་ལྟ་བུ་ལེགས། །གསེར་མཆོག་སྐུ་རགས་ནོར་བུའི་རྒྱན་ལྡན་པ། །ན་བཟའ་མཛེས་པས་སྐུ་ཡི་སྨད་བརྒྱན་པ། །རྒྱལ་བ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན། །བསོད་ནམས་དུ་མ་ལས་ནི་འཁྲུངས་པའི་མགོན། །རིམས་དང་ནད་འཇོམས་བདེ་བ་མཆོག་བསྐྱེད་པ། །སྲིད་པ་མཐར་མཛད་མཁའ་ལ་རྒྱུ་བ་དང་། །ཀུན་ཏུ་རྒྱུ་བའི་སྐུ་མཆོག་ལ་བསྟོད་པ། །བདུད་རིགས་སྣ་ཚོགས་སྟོབས་ནི་ངེས་པར་འཇོམས། །ཞབས་མཆོག་རྐང་གདུབ་མཆོག་གི་སྒྲ་སྒྲོག་ལ། །གླང་པོ་དྲེགས་དང་ངང་པའི་སྟབས་སུ་གཤེགས། །བདུད་རྩི་ཆེན་པོ་ཐུགས་ཆུད་ཡོངས་རྫོགས་བརྙེས། །གསེར་བཞིན་རྟག་ཏུ་དགྱེས་པའི་རྒྱན་མངའ་བ། །རི་བོ་གྲུ་འཛིན་ན་ནི་དགྱེས་པར་བཞུགས། །འཇིག་རྟེན་དབང་ཕྱུག་ཁྱེད་ལ་རབ་ཏུ་བསྟོད། །དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། །།

༈ ཚོགས་བསགས་པ་ནིཿ རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པའི་ཚིགས་སུ་བཅད་པ་དགེ་སློང་དཔལ་མོས་མཛད་པའོ། །

རྣལ་འབྱོར་མའི་སྒྲུབ་ཐབས།

༄༅། །རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས།

རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྣལ་འབྱོར་མའི་སྒྲུབ་པའི་ཐབས། རྣལ་འབྱོར་དཀྱིལ་འཁོར་ནང་ན་མ་ཉིད་གཙོ། །ཁྱོད་ནི་འཇིག་རྟེན་གསུམ་གྱི་ཐིག་ལེ་སྟེ། །ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་བྱེད། །རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ། དང་པོར་རེ་ཞིག་སྔགས་པས་ས་ཕྱོགས་གང་ཡང་རུང་བར་བསྟན་ནས་གང་ཡང་རུང་བར་འདུག་ནས་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པ་ལ་བརྩོན་པར་བྱ་སྟེ། དེ་ཡང་རང་གི་ལྟེ་བར་པདྨ་དམར་པོ་ཁ་ཕྱེ་བར་བསྒོམས་ལ། དེའི་སྟེང་དུ་ཤིན་ཏུ་དམར་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་ལི་ཁྲིའི་མདོག་ལྟ་བུའི་དབུས་སུ་ཡི་གེ་ཧྲིཾ་ཧྲིཾ་གནས་པའི་ཆོས་ཀྱི་འབྱུང་གནས་བསྒོམས་སོ། །དེ་ལ་གནས་པའི་ཡི་གེ་ཧྲཱི་ཡོངས་སུ་གྱུར་པ་ལས། དེའི་སྟེང་དུ་རྗེ་བཙུན་རྣལ་འབྱོར་མ་སྐུ་མདོག་སེར་མོ། རང་གི་གྲི་གུག་གིས་རང་གི་མགོ་བཅད་ནས་རང་གི་ལག་པ་གཡོན་པས་གྱེན་དུ་བརྐྱང་སྟེ་བཟུང་བ་ཕྱག་གཡས་པའི་གྲི་གུག་དང་བཅས་པ་འོག་ཏུ་བརྐྱང་བ། གཅེར་བུ་ཞབས་གཡས་པད་རྐྱང་བ། གཡོན་བསྐུམ་པ་བསྒོམ་པའོ། །མགྲིན་པ་བཅད་འཕྲོ་ནས་ཁྲག་གི་རྒྱུན་འཛག་པ། རང་གི་ཞལ་དུ་འཇུག་ཅིང་། གཞན་གཉིས་གྱེན་ལ་ལོག་ནས་གནས་པ། རྣལ་འབྱོར་གཉིས་ཀྱི་ཞལ་དུ་འབབ་པ་བསྒོམ་པར་བྱའོ། །གཡས་དང་གཡོན་པའི་ལོགས་ན་གནས་པའི་ཁ་དོག་སྔོ་བསངས་མ་བཛྲ་ཝརྞ་ནི་མ་དང་། མདོག་སེར་མོ་རྡོ་རྗེ་རྣམ་པར་སྣང་མཛད་མའོ། །གཡོན་དང་གཡས་ཀྱི་ཕྱག་གི་གྲི་གུག་དང་བཅས་པ་དང་། གཡོན་པ་དང་གཡས་པའི་ཕྱག་ཐོད་པ་དང་བཅས་པའོ། །གཡས་ཕྱོགས་ཀྱི་ཞབས་གཡས་པ་བརྐྱང་བ། གཡོན་ཕྱོགས་ཀྱི་གཡོན་པ་བརྐྱང་པ། ཞབས་གཞན་བསྐུམ་པ། ཐོད་པ་དང་མགོ་བོས་བརྒྱན་པ། ཡན་ལག་རྒྱན་ཀུན་གྱིས་བརྒྱན་པ། སྐྲ་གྲོལ་བ་བསམ་པར་བྱའོ། །ལོགས་གཉིས་ཀྱི་དབུས་མའི་རྣལ་འབྱོར་མ་ཤིན་ཏུ་འཇིགས་པ་བསྒོམ་པར་བྱའོ། །དེ་ནི་སྒོམ་པའོ། །མཆོད་པ་བརྗོད་པར་བྱ་སྟེ། མཎྜལ་བྱས་ནས་ཉི་མའི་གཞི་ལ་གནས་པའི་ཆོས་ཀྱི་འབྱུང་གནས་བྲིས་པ་ནི་ཡི་གེ་ཧྲཱིཿདང་བཅས་པའོ། །

དེ་ནས་སྔོན་དུ་བསྟན་པའི་བསྒོམས་པས་རྗེ་བཙུན་མ་དབུས་སུ་བསམ་པར་བྱ་སྟེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་མཆོད་པར་བྱའོ། །ཕྱི་ནས་ཨརྒཾ་དང་། མེ་ཏོག་དང་། བདུག་སྤོས་དང་། དྲི་ལ་སོགས་པ་རྣམས། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མཆོད་པར་བྱའོ། །ཕྱིས་ནས་གཡོན་ཕྱོགས་སུ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་གཡས་ཕྱོགས་སུ། ཨོཾ་བཛྲ་བེེ་རོ་ཙ་ནཱི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་འདིས་སོ། །དེ་ནས་གཞན་ཡང་། ཨེ་དི་ཡ་ན་སུ་ལ་གི་རི་ཀ་མ་ཀ་ཤི་རི་ཧ་ཧ་ཏ་ཞེས་བྱ་བའི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །གཞན་ཡང་དྷརྨཱ་སམྦྷ་ག་ནིར་མ་མ་ཧཱ་སུ་ཁ་ཞེས་བྱ་བའི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞ་ཎཱི་ཡེ། ཨོཾ་བཛྲ་བེེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླས་པ་བྱས་ན་བགེགས་ཐམས་ཅད་སྐྲོད་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་ན་གྲོང་ཁྱེར་སྐྲོད་པར་འགྱུར་རོ། །འབུམ་ཕྲག་བཞི་བཟླས་ན་གྲོང་བརྡལ་སྐྲོད་པར་འགྱུར་རོ། །འབུམ་ཕྲག་ལྔ་བཟླས་ན་གང་འདོད་པ་དེ་འགྲུབ་པར་བྱེད་དོ། །ཆུ་མདོའམ། དུར་ཁྲོད་དམ། ཤིང་གཅིག་གམ། ལྷའི་ཁང་པའམ། མ་མོའི་ཁང་པའམ། ཡུལ་གྱི་མཐར་བསྒྲུབ་པར་བྱའོ། །སྐྲ་གྲོལ་བ། གཅེར་བུར་གྱུར་པ། དོགས་པ་ཐམས་ཅད་སྤངས་ཏེ་སྨྲ་བ་བཅད་ལ་བསྒོམ་པར་བྱའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི། ཨོཾ་བཛྲ་ཝརྞ་ནཱི་ཡེ། ཨོཾ་བཛྲ་བེེ་རོ་ཙ་ནཱི་ཡེ། གནྡྷཾ། པཥྤཾ། བ་ལིཾང་གྲྀཧྞ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། དཔལ་ལྷ་ལྕམ་ལཀྵྨཱི་ཀ་རས་མཛད་པའི་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།། །།

གཉིས་སུ་མེད་པར་གྲུབ་བའི་སྒྲུབ་ཐབས།

༄༅། །གཉིས་སུ་མེད་པར་གྲུབ་བའི་སྒྲུབ་ཐབས་ཞེས་བྱ་བ།

རྒྱ་གར་སྐད་དུ། ཨ་དྭ་ལ་སིངྡྷི་སཱ་དྷ་ན་ནཱ་མ། བོད་སྐད་དུ། གཉིས་སུ་མེད་པར་གྲུབ་བའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མགོན་པོའི་རང་བཞིན་གསལ་བ་ནི། །ཁམས་གསུམ་ལས་བྱུང་ཐམས་ཅད་མཁྱེན། །རྡོ་རྗེ་ཆེ་ལ་མགོས་ཕྱག་འཚལ། །དགོས་པའི་དོན་གྱི་འབྲས་བུ་འབྱིན། །ཡུལ་དུས་ཆོས་དང་གཟའ་སྐར་དང་། །དཀྱིལ་འཁོར་བརྟག་པ་མི་དགོས་པའི། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་བཤད། །བསྡུས་ཏེ་བསྒྲུབ་པ་སྒྲུབ་པའི་མཆོག །དམ་བཅའ་དཀའ་ཐུབ་སྨྱུང་བ་དང་། །སྙིང་པོ་སྒོམ་པ་སྨྲ་བ་ལ། །འདི་ཉིད་མེད་པར་གྱུར་ན་ནི། །བསྐལ་པ་འབུམ་ཕྲག་བརྒྱར་མི་འགྱུར། །ཆེ་ཆུང་ས་བོན་ལ་སོགས་ཚོགས། །སྣ་ཡིན་ད་ནས་འབྱུང་བ་དང་། །སྔགས་པ་རྟག་ཏུ་མཆོད་པ་བྱེད། །བདག་ཉིད་དེ་ཉིད་བསྒོམ་སྟེ་མཆོད། །མ་དང་སྲིང་མོ་བུ་མོ་དང་། །དེ་བཞིན་ཚ་མོ་ཉིད་དང་ནི། །ཤེས་རབ་ཐབས་སུ་བྱ་བ་སྟེ། །རྣལ་འབྱོར་པས་ནི་རྟག་ཏུ་མཆོད། །ཡན་ལག་གཅིག་མེད་རིགས་ངན་དང་། །བཟོ་པོ་ཁྱི་ཤ་ཅན་སོགས་ཀྱི། །བུ་མོ་རྟག་ཏུ་མཆོད་པར་བྱ། །ཡེ་ཤེས་རྡོ་རྗེ་སྒོམ་པ་ཆེ། །དེ་ཁོ་ན་ཉིད་ཀྱི་སྔགས་ཀྱི་འབྲས་བུ་ནི་འདི་ཡིན་ནོ། །ཨོཾ་ཨཱཿཧཱུྃ། འདི་ལྟར་སེམས་ཅན་འཆིང་བ་ནི། །དྲག་པོའི་ལས་ཀྱིས་སེམས་ཅན་རྣམས། །ཐབས་ཀྱིས་འཁོར་བ་དག་ལས་གྲོལ། །དམ་ཚིག་ཉིན་མཚན་རྟག་ཏུ་ནི། །རིགས་ལྔ་ལས་བྱུང་བཟང་པོ་དང་། །གསལ་བའི་ཚོགས་ཀྱི་མཆོད་པ་བྱེད། །འོ་མ་འབབ་པས་སྣ་ཚོགས་འབྱུང་། །སྔགས་པ་རབ་དགའི་མིག་གིས་ནི། །རྟག་ཏུ་མིག་གི་མདངས་ཕྱུང་སྟེ། །ཡང་དག་སེམས་ནི་བརྟན་པོ་ཡི། །ཡེ་ཤེས་རྒྱ་མཚོ་སྐམ་པར་བྱེད། །ཇི་ལྟར་གཡོ་དང་མི་གཡོ་བ། །ཁམས་གསུམ་ཐམས་ཅད་མ་ལུས་པ། །ཐམས་ཅད་དེ་ཉིད་རྣམ་འབྱོར་ནི། །རྡོ་རྗེ་འཛིན་པ་ཉིད་དུ་མཐོང་། །གཞན་དུ་ཁ་ཅིག་སྨྲ་བ་དང་། །མཚན་མའི་བྱེ་བྲག་འདུག་པ་ལ། །དེ་ལ་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྫུ་འཕྲུལ་ཉིད། །ཐམས་ཅད་མཉམ་པ་ཉིད་གནས་ཏེ། །མ་ལུས་དངོས་པོ་མེད་པ་ནི། །སྔགས་པས་རྟག་ཏུ་སྒོམ་པར་བྱེད། །ཕུང་པོའི་རང་བཞིན་དག་པ་ཉིད། །དྲི་དང་གོས་དང་མེ་ཏོག་སོགས། །སྤོས་དང་ལྷ་བཤོས་དེ་བཞིན་དུ། །གླུ་དང་རོལ་མོ་གར་སོགས་ཀྱིས། །ཐབས་ཀྱི་བདག་པོ་དགའ་བར་འགྲོ། །དཀའ་ཐུབ་ངན་པས་གཟིར་མི་བྱ། །སྨྱུང་བ་ཡི་ནི་ལས་མི་བྱ། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །བློ་གྲོས་ཆུང་ངུའི་སྤྱོད་མི་བྱ། །ལུགས་མ་ལ་སོགས་ཕྱག་མི་བྱ། །ས་ཤིང་རྡོ་སོགས་དེ་བཞིན་ནོ། །བདག་གི་ལུས་ལ་རྒྱུན་དུ་མཆོད། །རྟག་ཏུ་སེམས་གཅིག་ཁོ་ནས་མཆོད། །སྦྲང་བུ་སྐྱུགས་པ་བསྲེས་པ་ཡིས། །ཆེ་ཆུང་ཚོགས་ཀྱིས་སྦྱང་བར་བྱ། །གསལ་བ་ལྔ་དང་ལྡན་པར་བྱེད། །རྡོ་རྗེ་འཛིན་པ་མཆོད་པར་བྱ། །བུད་མེད་རང་བྱུང་མེ་ཏོག་ནི། །བྱང་ཆུབ་སེམས་དང་ལྡན་པར་བྱ། །རྟག་ཏུ་ལྷ་མོ་མཆོད་པར་བྱ། །ཕུང་པོ་དེ་ཉིད་བསྒོམ་པར་བྱ། །གཞན་གྱི་ནོར་དག་འཕྲོག་པར་བྱ། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །སངས་རྒྱས་ཐམས་ཅད་གསང་བར་བྱ། །རྡོ་སོགས་མཆོད་རྟེན་མི་བྱ་སྟེ། །གླེགས་བམ་དག་ཀྱང་བཀླག་མི་བྱ། །རྨི་ལམ་ཙམ་དུ་དཀྱིལ་འཁོར་ནི། །ལུས་ཀྱིས་བྱ་བ་མི་བྱའོ། །ཐམས་ཅད་དག་ནི་ཀུན་ལ་ཡང་། །རྟག་པ་དག་ནི་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་བདག་ཉིད་དུ། །དངོས་པོ་མ་ལུས་གྱུར་བར་བསམ། །སྔགས་པ་འགྲོ་དང་འདུག་པ་དང་། །དེ་བཞིན་ཟ་དང་མི་ཟ་དང་། །འཐུང་དང་མི་འཐུང་བ་དག་ལ། །སེམས་ནི་རྟོག་པར་མི་བྱའོ། །རྣམ་པར་སྣང་མཛད་བྱུང་བ་ལ། །སེམས་ཅན་ཐམས་ཅད་ཡན་ལག་ཏུ། །མཁས་པས་སེམས་ཅན་ཀུན་བླངས་ཏེ། །དངོས་གྲུབ་རྒྱུར་ནི་བཟའ་བར་བྱ། །ཐམས་ཅད་རིགས་ནས་བྱུང་བ་ཡི། །བུད་མེད་དག་ལ་བརྟག་མི་བྱ། །དེ་ཉིད་བཅོམ་ལྡན་ཕ་རོལ་ཕྱིན། །ཀུན་རྫོབ་ཙམ་གྱི་གཟུགས་ཉིད་དོ། །ཆོས་གྲངས་སྐར་མ་མི་དགོས་ཏེ། །སྨྱུང་བར་ཡང་ནི་གནས་མི་བྱ། །གཉིས་མེད་ཡེ་ཤེས་ལྡན་པ་ཡིས། །བདེ་བར་གཤེགས་པའི་དངོས་གྲུབ་འགྱུར། །མང་པོ་སྨྲས་ཏེ་ཅི་ཞིག་བྱ། །ཇི་ལྟ་ཇི་ལྟར་མཐོང་བ་དག །དེ་དག་ཐམས་ཅད་རྣལ་འབྱོར་གྱིས། །མཐོང་ཞིང་རིག་པས་ཤེས་པར་བྱ། །བ་ལང་རྟ་བོང་རྔ་མོ་དང་། །བ་དང་ཁྱི་ལས་བྱུང་བ་ལས། །གསལ་བར་ཆེ་བ་བསྲེས་བྱས་ཏེ། །རྣལ་འབྱོར་མཁྱེན་པས་རྟག་ཏུ་བཟའ། །གཅིག་ལ་ཆགས་པར་མི་བྱ་སྟེ། །གང་ཡང་བླང་དོར་མི་བྱའོ། །རྣལ་འབྱོར་མཉམ་པའི་སེམས་ཀྱིས་ནི། །འཁོར་བའི་རྒྱ་མཚོ་རྒལ་བར་བྱེད། །འབྱུང་དང་འདུག་དང་འགྲོ་བ་དང་། །ཀུན་གྱིས་མང་པོ་སྤྲོས་པ་དང་། །དེ་དག་མེད་ན་འཁོར་བ་མེད། །སྐྱེ་བ་དང་ནི་འབྱུང་བ་མེད། །བཅོམ་ལྡན་རྡོ་རྗེ་ཉི་མས་ནི། །ཤེས་རབ་མཚན་མོས་བཤད་པ་སྟེ། །དེ་འདྲའི་རྣལ་འབྱོར་སྒོམ་བྱེད་ན། །མྱུར་དུ་དངོས་གྲུབ་འཐོབ་པར་བྱེད། །ཐམས་ཅད་སེམས་ཀྱི་ཆོས་ཉིད་ནི། །དངོས་པོར་མ་གྲུབ་བརྟག་དཀའ་བ། །དེ་ཉིད་སློབ་དཔོན་ཞལ་ནས་ནི། །འཐོབ་པར་འགྱུར་བར་ཐེ་ཚོམ་མེད། །མི་གནས་མྱ་ངན་འདས་པ་ཡིན། །མཚན་མ་མེད་པ་གནས་ནི་མེད། །དེ་ཤེས་བྱང་ཆུབ་མཆོག་ཏུ་འགྲོ། །དེ་ལྟར་ཤེས་པའི་རྣལ་འབྱོར་ནི། །བློ་ཅན་རྟག་ཏུ་བསླབ་པར་བྱ། །དེ་ཉིད་འགྲུབ་བར་ཐེ་ཚོམ་མེད། །བསོད་ནམས་མེད་པའང་འགྲུབ་པར་འགྱུར། །ཁམས་གསུམ་ན་ནི་སློབ་དཔོན་ལས། །ཆེ་བར་གྱུར་བ་གཞན་མེད་ན། །དེ་ཉིད་ཀྱི་ནི་བཀའ་དྲིན་གྱིས། །དངོས་གྲུབ་མང་པོ་འཐོབ་པར་འགྱུར། །དེ་ཉིད་རྡོ་རྗེ་སེམས་དཔའ་ཉིད། །སངས་རྒྱས་ཐམས་ཅད་ཕྱག་ཀྱང་འཚལ། །སློབ་དཔོན་མཆོད་པ་བླ་ན་མེད། །ཅི་ཙམ་ནུས་པར་མཆོད་པར་བྱ། །དེ་ནི་དེ་བཞིན་གཤེགས་པ་ཉིད། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །གཟུགས་སུ་སྣང་བ་ཀུན་རྫོབ་སྟེ། །རྣལ་འབྱོར་བདག་ཉིད་གདན་ལ་འདུག །འཆི་བདག་དེ་ནི་རྟག་པ་ཆེ། །ཐམས་ཅད་མ་ལུས་སྟོང་པ་ཉིད། །རང་གི་རྟོག་པ་མི་སྣང་ལ། །གཞན་དག་དེ་ལ་དགའ་བར་བྱེད། །གཉིས་སུ་མེད་པར་གྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ་འདི་ནི་ཨུ་རྒྱན་གྱི་ཆེ་བ་རྣལ་འབྱོར་གདན་གྱིས་སྒྲུབ་པའི་ལྷའི་གནས་ནས་ཕྱུང་བ། བཅོམ་ལྡན་འདས་མ་ལཀྵྨཱིའི་ཞལ་སྔ་ནས་བྱུང་བ་རྫོགས་སོ།། །།

མཁའ་འགྲོ་མ་ནི་གུ་མའི་གསུང་འབུམ།

སྒྱུ་མ་ལམ་རིམ་གྱི་ས་བཅད།

༄༅། །སྒྱུ་མ་ལམ་རིམ་གྱི་ས་བཅད་བཞུགས་སོ། །

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོའི་དངོས་སུ་ལུང་བསྟན་ཐོབ་པའི་ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མས་མཛད་པའི་སྒྱུ་མ་ལམ་རིམ་འདི་ལ་དོན་གསུམ་སྟེ། ཀླད་དོན། གཞུང་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། བར་ཆད་ལས་གྲོལ་བའི་ཕྱག་དང་གདོད་ནས། མཐར་ཕྱིན་པའི་དམ་བཅའོ་རྒྱལ་བ། །གཞུང་ལ་གསུམ་སྟེ། ཇི་ལྟར་གནས་པའི་གཞི་ཟུང་འཇུག་གཏན་ལ་དབབ། ཐབས་ཀྱི་རང་བཞིན་ལམ་ཟུང་འཇུག་ཉམས་སུ་བླང་། འབྲས་བུ་ཟུང་འཇུག་མངོན་གྱུར་ལྷུན་གྲུབ་རང་ཤར་རོ། །དང་པོ་ལ་གཉིས་ཏེ། ཀུན་གཞི་སྒྱུ་མ་དང་དབང་བཞིའོ་གང་ཞིག །

གཉིས་པ་ལ་གཉིས་ཏེ། ལམ་དང་སའོ། །དང་པོ་ལ་གཉིས་ཏེ། ལམ་མདོར་བསྟན་པ་དང་པོ་བྱང་ཆུབ་ཀྱི་དང་འགྲེལ་བ་ཡིན་ཏེ། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ་གང་ལ། ལམ་གྱི་ངོ་བོ་དང་། ངེས་ཚིག་བླ་ན་དང་། དབྱེ་བའོ། །དེ་ལ་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་གསུམ་སྟེ། ངོ་བོ་སྡིག་པ། ངེས་ཚིག་ཆོས་ཉིད། དབྱེ་བའོ། །དེ་ལ་གཉིས་ཏེ། མདོར་བསྟན་པ་དང་དེ་ལ། རྒྱས་པར་བཤད་པའོ། །དེ་ལ་བདུན་ཏེ། ཚོགས་ལམ་ཆུང་ངུ་བག་མེད། འབྲིང་མི་དགེ། ཆེན་པོ་འཁོར་བ། མཐར་ཕྱིན་འགྲེལ་པའི་པའི་ཆ་མཐུན་ཆུང་ངུའི་ཐར་པའི། འགྲེལ་པའི་རྟགས་སྤང་བྱ་ཚོགས་ལམ། ས་མཚམས་སོ་གང་གིས། །

གཉིས་པ་སྦྱོར་ལམ་ལ་བཅུ་སྟེ། ངོ་བོ་ཞི་གནས། ངེས་ཚིག་མཐོང་ལམ། དབྱེ་བ་དྲོད། མཚན་ཉིད་རྨི་ལམ། དྲོད་དང་རྩེ་མོའི་རྨི་ལམ་ཟིན་ཙམ་དྲོད་ཡིན་ཏེ་ཏིང་ངེ་འཛིན། དེའི་རྟགས། བཟོད་པ་བཟོད་དང་དང་། ཆོས་མཆོག་གི་ཏིང་ངེ་འཛིན། དེའི་རྟགས། འགྲེལ་བའི་སྤང་བྱ། ས་མཚམས་དྲོད་ནས་སོ། །

དྲུག་པ་ལ་གཉིས་ཏེ། དྲོད་རྟགས་དང་། རྩེ་མོའི་རྟགས་སོ། །བརྒྱད་པའི་རྟགས་ལ་གཉིས་ཏེ། བཟོད་པའི་དེའི་རྟགས་རྟགས་དང་། ཆོས་མཆོག་གི་རྟགས་སོ། །

གསུམ་པ་མཐོང་ལམ་ལ་དགུ་སྟེ། ངོ་བོ་མཐོང་ལམ། ངེས་ཚིག་འགྲེལ་བ། འགྲེལ་པའི་དབྱེ་བ་སྡུག་བསྔལ། འགྲེལ་བའི་མཚན་ཉིད་སྡུག་བསྔལ། ཏིང་ངེ་འཛིན་བྱང་ཆུབ། སྤང་བྱ་དེ་ལས། སྤང་ཉོན་མོངས་ཚུལ་མཐོང་སྤང་གི། རྟགས་སྒྱུ་མའི། ས་མཚམས་ཆོས་མཆོག་སོ། །བ

ཞི་པ་སྒོམ་ལམ་ལ་བདུན་ཏེ། འགྲེལ་བའི་ངོ་བོ་རྣམ་པར། ངེས་ཚིག་སྒོམ་ལམ། དབྱེ་བ་སྒོམ་པའི། ཏིང་ངེ་འཛིན་ས་ནི། སྤང་བྱ་སྒོམ་སྤང་། རྟགས་མཐུ་དང་། ས་མཚམས་མཐོང་ལམ་སོ། །

ལྔ་པ་མཐར་ཕྱིན་པའི་ལམ་ལ་བརྒྱད་དེ། ངོ་བོ་སྒྲིབ་པ། ངེས་ཚིག་བླ་ན། དབྱེ་བ་སྒོམ་ལམ། སྤང་བྱ་ས་བཅུའི། ཏིང་ངེ་འཛིན་རྡོ་རྗེ། སྤང་ཚུལ་མུན་ཁུང་། འབྲས་བུ་འདས་མ། ས་མཚམས་འགྲེལ་པའི་སོ། །

གཉིས་པ་ལ་བཅུ་གཉིས་ཏེ། ངོ་བོ་འཇིག་རྟེན། ངེས་ཚིག་ཡོན་ཏན། དབྱེ་བ་དབྱེ་ན། སྔ་ལྟས། མཚན་ཉིད་དེ་ཡང་། ས་གང་གིས་གང་ནོན་པ་ས་བཅུ། ཏིང་ངེ་འཛིན་འགྲེལ་པའི། སྤང་བྱ། རྨོངས་པའི་སྒྲིབ་པ། སའི་རྟོགས་པ་དེ་ཡང་། རྟགས་གསལ་སྣང་། འབྲས་བུ། སངས་རྒྱས་ཚུལ་ལོ། །དེ་ལ་གཉིས་ཏེ། ཕར་ཕྱིན་སྲིད་པ་དང་། གསང་སྔགས་ནང་ལྟར་སོ། །

གསུམ་པ་མཇུག་གི་དོན་ལ་གཉིས་ཏེ། ལུང་བསྟན་ཐོབ་པ་སྒྱུ་མའི་དང་། དགེ་བ་བསྔོ་བའོ། །སྒྱུ་མ་ལམ་རིམ་གྱི་ས་བཅད་བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པའོ། །རྫོགས་སོ། །ཤུ་བྷམ། མཆན་རྣམས་རྩ་བའི་ཚིག་གི་དབུ་ཡིན། མཆན།

སྒྱུ་མ་ལམ་རིམ་གྱི་རྩ་བ།

༄༅། །སྒྱུ་མ་ལམ་རིམ་གྱི་རྩ་བ་བཞུགས་པའི་དབུ་ལགས་སོ། །

རྒྱ་གར་སྐད་དུ། མཱ་ཡཱ་མརྒ་ཀྲ་མ་ནཱ་མ། བོད་སྐད་དུ། སྒྱུ་མ་ལམ་གྱི་རིམ་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གདོད་ནས་རང་བཞིན་འོད་གསལ་བ། །དགོས་འདོད་མ་ལུས་འབྱུང་གྱུར་ཅིང་། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །སེམས་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་ཐུགས་ཀྱི་བཅུད། །བརྗོད་བྱའི་སྙིང་པོར་གྱུར་པ་ཡི། །སྒྱུ་མ་ལམ་གྱི་རིམ་པ་འདི། །གཞན་ལ་ཕན་ཕྱིར་བཤད་པར་བྱ། །སྒྱུ་མ་གདོད་ནས་མ་གྲུབ་པ། །ཐོག་མ་མེད་པའི་དབྱིངས་ཉིད་ནི། །ཆོས་རྣམས་ཀུན་གྱི་ས་བོན་ཏེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་ཀུན་གཞིར་གྲགས་པའོ། །ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །དད་བརྩོན་གུས་པ་མཆོག་ལྡན་པས། །སྒྱུ་མ་ལྟ་བུར་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱ། །དེ་ཡང་ལམ་ལྔ་ས་བཅུ་རྣམས། །ལེགས་པར་བཤད་ཀྱིས་ཉན་པར་བྱོས། །བརྟན་དང་གཡོ་བ་ཇི་སྙེད་པ། །སྒོ་ལྔའི་ཡུལ་དུ་གང་སྣང་ཀུན། །ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ། །ལྷ་སྐུ་མཐའ་བྲལ་སྒྱུ་མ་སྟེ། །བྱང་ཆུབ་ཕྱོགས་ཆོས་ཐམས་ཅད་དང་། །ལྷ་སྐུ་སྒྱུ་མ་དབྱེར་མེད་པར། །མཁས་པས་ཉམས་སུ་བླང་བར་བྱ། །ལམ་ལྔ་ས་བཅུའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱེད། །བླ་མའི་སྣང་བ་མི་འབྲལ་བ། །རྒྱུད་སྡེའི་དགོངས་པ་གནད་ཀྱི་མཆོག །དེ་ལྟར་སྣང་གྲགས་ཆོས་རྣམས་ཀུན། །ལྷ་དང་བླ་མའི་རང་བཞིན་དུ། །ཉམས་སུ་ལེན་པས་ཁྱད་པར་འཕགས། །དབྱིབས་དང་ཁ་དོག་དུག་ལྔ་དང་། །ལས་རིགས་གྲུབ་པ་རིགས་ལྔ་སྟེ། །ཅིར་སྣང་སྣང་དང་སྟོང་པ་གཉིས། །བསྐྱེད་དང་རྫོགས་དང་ཟུང་འཇུག་གོ །གང་ཞིག་དག་བྱེད་བུམ་པ་སྟེ། །དབྱེར་མེད་དཀར་དམར་གསང་བ་ལ། །བདེ་བའི་ཆ་ནི་གསུམ་པ་སྟེ། །བརྗོད་མེད་བཞི་པར་ཤེས་པར་བྱ། །གང་ལ་བདེ་གསལ་མི་རྟོག་པ། །དེ་ནི་སྐུ་གསུམ་རང་ཤར་ཏེ། །གསལ་ལ་མི་རྟོག་མཁྱེན་གཉིས་སོ། །དེ་ཡང་ཞི་གནས་ལྷག་མཐོང་གཉིས། །ཟུང་དུ་འབྲེལ་བའི་ཕྱིར་དང་ནི། །བླ་ན་མེད་པའི་ཕྱིར་དང་ནི། །ཕྱིན་པར་འདོད་པས་ལམ་ཞེས་བྱ། །སྡིག་པ་ཆུང་ཡང་སྤོང་བྱེད་ཅིང་། །དགེ་བ་རྣམས་ནི་དང་དུ་ལེན། །ཆོས་ཉིད་སྒྱུ་མ་ཐོབ་དོན་དུ། །ཚོགས་སོག་པས་ནི་ཚོགས་ལམ་མོ། །དེ་ལ་ཆེ་འབྲིང་ཆུང་གསུམ་སྟེ། །རེ་རེ་ལ་ཡང་བཞི་བཞིར་འདོད། །དྲན་པ་བཞི་དང་སྤོང་བ་བཞི། །རྫུ་འཕྲུལ་རྐང་པ་རྣམ་བཞིའོ། །བག་མེད་དྲན་ཉམས་ལྟུང་བའི་རྒྱུ། །དེ་ཕྱིར་ཐོག་མར་དྲན་པ་བཤད། །སྙིང་པོ་མེད་ལུས་རྒྱལ་བའི་སྐུ། །སྣང་སྟོང་དབྱེར་མེད་སྒྱུ་མ་ལ། །དྲན་དང་ཤེས་བཞིན་ཉམས་སུ་ལེན། །ལུས་ཀྱི་དྲན་པ་ཉེར་བཞག་གོ །བདེ་སྡུག་བཏང་སྙོམས་དམིགས་པ་དང་། །ཆོས་སུ་བཏགས་པ་ཐམས་ཅད་ཀྱི། །ཚོར་བ་ལ་ནི་ཚོར་བར་ཤེས། །ཚོར་བའི་དྲན་པ་ཉེར་བཞག་གོ །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ནི་ཕྱི་ནང་རྙེད་མི་འགྱུར། །སེམས་གང་མ་གྲུབ་སྒྱུ་མ་སྟེ། །སེམས་ཀྱི་དྲན་པ་ཉེར་བཞག་གོ །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །ཇི་སྙེད་ཆོས་སུ་བཏགས་པ་ཡི། །མིང་ཙམ་བཏགས་པ་གློ་བུར་ཏེ། །ཆོས་ཀྱི་དྲན་པ་ཉེར་བཞག་གོ །མི་དགེ་བ་ནི་སྡུག་བསྔལ་རྒྱུ། །དེ་ལས་ཐར་བར་འདོད་པ་ཡིས། །སྡིག་རྣམས་དུག་ཏུ་བལྟ་བའི་ཕྱིར། །ཡང་དག་སྤོང་བ་རྣམ་བཞི་ནི། །སྡིག་པ་མི་དགེ་བ་ཡི་ཆོས། །མ་སྐྱེས་པ་རྣམས་མི་བསྐྱེད་ཕྱིར། །འདུན་པ་འབད་རྩོལ་སེམས་འཛིན་ཞིང་། །ཡང་དག་རབ་ཏུ་འཇོག་བྱེད་དོ། །གང་ཞིག་སྡིག་པ་མི་དགེའི་ཆོས། །སྐྱེས་པ་རྣམས་ནི་སྤོང་བའི་ཕྱིར། །འདུན་པ་བསྐྱེད་དང་འབད་ལ་སོགས། །གོང་བཞིན་དུ་ནི་ཤེས་པར་བྱ། །དགེ་བའི་ཆོས་ནི་མ་སྐྱེས་པ། །རྣམས་ནི་བསྐྱེད་པར་བྱ་བའི་ཕྱིར། །འདུན་པའི་རྩོལ་བ་བསྐྱེད་པ་དང་། །འབད་པ་ལ་སོགས་གོང་བཞིན་ནོ། །དགེ་ཆོས་སྐྱེས་རྣམས་གནས་པ་དང་། །འཕེལ་བ་ཉམས་པར་མི་འགྱུར་དང་། །ཆུད་མི་ཟ་བར་བྱ་བའི་ཕྱིར། །འདུན་པ་བསྐྱེད་སོགས་གོང་བཞིན་ནོ། །དེ་ཡང་སྡིག་པ་མི་དགེའི་ཆོས། །མ་སྐྱེས་པ་རྣམས་མི་བསྐྱེད་ཕྱིར། །འདུན་པ་བསྐྱེད་ཅེས་བྱ་བ་ནི། །ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། །ཅིར་སྣང་སྒྱུ་མར་ཉམས་བླངས་པས། །མི་དགེའི་ཆོས་རྣམས་འབྱུང་མི་འགྱུར། །དེ་ཡང་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་མི་མཐུན་ཕྱོགས་རྣམས་ནི། །སྡིག་པ་མི་དགེའི་ཆོས་ཞེས་བྱ། །ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །མི་དགེ་དེ་དག་སྤོང་བའི་ཕྱིར། །འདུན་པ་ལ་སོགས་བསྐྱེད་པ་ནི། །ཡང་དག་སྤོང་བ་དང་པོར་འདོད། །གཞན་ཡང་མི་དགེའི་ཆོས་རྣམས་ནི། །འདོད་པས་ཆགས་ལ་ཁོང་ཁྲོས་སྡང་། །མ་རིག་པས་ནི་གཏི་མུག་གོ །ཚུལ་བཞིན་ཡིད་ལ་བྱེད་པ་ནི། །མི་གཙང་འདོད་ཆགས་ཞི་བར་བྱེད། །བྱམས་པས་ཞེ་སྡང་རྟེན་འབྲེལ་གྱིས། །གཏི་མུག་ཞི་བར་བྱེད་པ་སྟེ། །རང་བཞིན་མེད་པར་ཤེས་པ་ཡིས། །ཉོན་མོངས་ཞི་བར་བྱེད་པ་ནི། །ཡང་དག་སྤོང་བ་གཉིས་པར་འདོད། །དགེ་ཆོས་མ་སྐྱེས་བསྐྱེད་པའི་ཕྱིར། །འདུན་པ་བསྐྱེད་ཅིང་འབད་རྩོལ་གྱིས། །སངས་རྒྱས་བསྒྲུབ་ལ་བརྩོན་པ་ནི། །དགེ་རྩ་ཀུན་གྱི་རྩ་བ་སྟེ། །སེམས་འཛིན་ཉམས་ལེན་དགེ་བའི་མཆོག །ཡང་དག་སྤོང་བ་གསུམ་པར་འདོད། །དགེ་ཆོས་སྐྱེས་ནས་མི་ཉམས་དང་། །ཆུད་མི་ཟ་ཕྱིར་འདུན་པ་བསྐྱེད། །ལམ་བརྩོན་སེམས་འཛིན་ཡང་དག་འཇོག །དགེ་རྩ་སྒྱུ་མའི་ཉམས་ལེན་ནི། །ཁམས་གསུམ་དག་ཏུ་མི་གནས་པ། །ཐམས་ཅད་མཁྱེན་པར་བསྔོས་པ་ཡིས། །མཐའ་ནི་ཟད་པར་མི་འགྱུར་བ། །ཡང་དག་སྤོང་བ་བཞི་པར་འདོད། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །བརྒལ་ནས་མྱ་ངན་འདས་པ་ཡི། །ས་ལ་ཕྱིན་པར་འདོད་རྣམས་ཀྱིས། །ཏིང་འཛིན་རྫུ་འཕྲུལ་རྣམ་བཞི་ནི། །ཆོས་རྣམས་ཐམས་ཅད་སྒྱུ་མ་ལྟར། །གང་དུ་མ་གྲུབ་མཐའ་བྲལ་བའི། །ཆོས་ལ་མི་སྐྲག་སྤྲོ་ཞིང་འདུན། །དེ་ཕྱིར་འདུན་པའི་ཏིང་འཛིན་ནོ། །འདུན་པས་སྒྱུ་མའི་ཉམས་ལེན་ཚེ། །འཇིག་རྟེན་ཞེན་པ་དོར་བྱས་ནས། །ལེ་ལོར་གྱུར་སྤངས་བརྩོན་འགྲུས་ལྡན། །དེས་ན་བརྩོན་འགྲུས་ཏིང་འཛིན་ནོ། །རྒྱུན་མི་འཆད་པའི་བརྩོན་འགྲུས་དེས། །སེམས་ནི་ཕྱི་ནང་གང་དུ་ཡང་། །མི་དམིགས་འཛིན་བྲལ་སྒྱུ་མ་ལ། །རྩེ་གཅིག་སེམས་ཀྱི་ཏིང་འཛིན་ནོ། །རྩེ་གཅིག་གྱུར་པའི་ཏིང་འཛིན་གྱིས། །འགྲོ་འཆག་ཉལ་འདུག་ཐམས་ཅད་དུ། །བདེན་མེད་སྒྱུ་མའི་ལམ་ཁྱེར་གྱིས། །སྤྱོད་པའི་ཕྱིར་ན་སྤྱོད་པའོ། །སྤྱོད་པའི་ཏིང་འཛིན་ལ་སོགས་པའི། །འདུ་བྱེད་དང་ལྡན་རྫུ་འཕྲུལ་གྱི། །རྐང་པ་ཞེས་བྱ་ཀུན་ལ་སྦྱར། །ཏིང་ངེ་འཛིན་གྱི་རང་བཞིན་ནི། །རྫུ་འཕྲུལ་གྱི་ནི་རྐང་པ་སྟེ། །ཏིང་འཛིན་དེ་ཡིས་ལོག་པ་ཡི། །ཆོས་རྣམས་ཡང་དག་སྤངས་ནས་ནི། །དགེ་དང་ཡང་དག་དགེ་བར་བྱེད། །གང་ཞིག་དགེ་བའི་ཆོས་དེ་ཡང་། །རྣམ་པར་མི་རྟོག་རྟོག་བྲལ་བྱེད། །ཏིང་འཛིན་རྫུ་འཕྲུལ་རང་བཞིན་ནི། །ལམ་མཆོག་དྲི་མ་མེད་པ་སྟེ། །ཡང་དག་གནས་སུ་ཕྱིན་བྱེད་ཕྱིར། །རྫུ་འཕྲུལ་རྐང་པ་ཞེས་བྱའོ། །ཚོགས་ལམ་རྟགས་ནི་དད་བརྩོན་ལྡན། །ཚུལ་ཁྲིམས་དག་ཕྱིར་དབང་པོའི་སྒོ། །ཁ་ན་མ་ཐོ་ཕྲ་ལ་འཛེམ། །ཕྱི་རོལ་ཆགས་སྡང་ཡུལ་རྣམས་ཀུན། །གཞན་མིན་རང་ལ་སྐྱེ་བར་ཤེས། །སྐྱེས་པ་དེ་ཉིད་སྒྱུ་མ་སྟེ། །ཉིན་མཚན་སྤྱོད་ལམ་ཀུན་ཏུ་ཡང་། །འདུན་པ་དྲག་པོའི་བག་ཆགས་འབྱུང། །འདི་ལྟར་སྣང་བའི་དངོས་པོ་ལ། །སྔོན་གྱི་བག་ཆགས་བརྟས་པ་ཡིས། །འདུས་བྱས་ཆོས་རྣམས་མི་རྟག་པར། །མ་རྟོགས་བདེན་པར་རྟོག་པ་ཡིས། །བདེན་མེད་ཐེ་ཚོམ་སྐྱེ་མི་འགྱུར། །རྒྱ་ལམ་ཐེ་ཚོམ་སྐྱེས་པས་ཀྱང་། །སྲིད་པའི་དྲ་བ་འཇིག་གྱུར་ན། །འདུས་བྱས་ཆོས་རྣམས་མི་རྟག་པར། །ཤེས་ཤིང་ཐག་ཆོད་སྨོས་ཅི་དགོས། །དེ་ཕྱིར་འཁོར་བ་སྡུག་བསྔལ་གྱི། །རྩ་བ་བདག་འཛིན་བཏང་བྱས་པས། །མི་དེ་བདེ་དང་འཕྲད་པར་ངེས། །མི་མ་ཡིན་མཐོང་མཆོད་བསྟོད་བྱེད། །གང་གིས་འདུན་པ་སྔོན་སོང་བའི། །སེམས་ནི་དང་པོ་བསྐྱེད་པ་ནས། །དྲོད་ཀྱི་ཡེ་ཤེས་མ་སྐྱེས་བར། །ཚོགས་ལམ་ཡིན་པར་ཤེས་པར་བྱ། །མཐོང་ལམ་མི་རྟོག་སྒྱུ་མ་ལ། །སྦྱོར་བའི་ཕྱིར་ན་སྦྱོར་ལམ་མོ། །དྲོད་དང་རྩེ་མོའི་ཏིང་འཛིན་ནི། །དབང་པོ་རྣམ་པ་ལྔ་ཡིན་ཏེ། །སྲོག་ལ་བབ་ཀྱང་སྡིག་མི་བྱེད། །སྟོབས་དང་མི་འཇིགས་སྟོང་ཉིད་དང་། །སྒྱུ་མའི་དོན་ལ་དད་པ་སྟེ། །དད་པའི་དབང་པོ་ཞེས་བྱའོ། །དད་གྱུར་སྒྱུ་མའི་ཉམས་ལེན་ལ། །རྒྱུན་ཆད་མེད་པར་གོམས་གྱུར་ལ། །བརྩོན་འགྲུས་དབང་པོ་བསྐྱེད་པས་ན། །བརྩོན་འགྲུས་དབང་པོ་ཞེས་བྱའོ། །བརྩོན་འགྲུས་ལས་བྱུང་སྒྱུ་མ་སྟེ། །དྲན་པས་ཆུད་ཟོས་མི་བྱེད་པར། །བདེན་ཞེན་ཐམས་ཅད་སྤོང་བས་ན། །དྲན་པའི་དབང་པོ་ཞེས་བྱའོ། །དྲན་འདུན་སྒྱུ་མའི་ཏིང་འཛིན་ལ། །མ་ཡེངས་རྩེ་གཅིག་གྱུར་པ་ནི། །ཏིང་འཛིན་གཅིག་ཏུ་བསྡུས་པའི་ཕྱིར། །ཏིང་ངེ་འཛིན་གྱི་དབང་པོའོ། །ཏིང་འཛིན་བསྡུས་པའི་སྒྱུ་མ་སྟེ། །ཤེས་རབ་སོ་སོར་བརྟགས་བྱས་པས། །ཆོས་རྣམས་རང་བཞིན་མ་གྲུབ་པར། །ཤེས་པས་ཤེས་རབ་དབང་པོའོ། །མི་མཐུན་ཕྱོགས་ཀུན་ཟིལ་གནོན་པས། །དེ་ཕྱིར་དབང་པོ་ལྔ་ཞེས་བྱ། །དེ་ལྟར་ཉམས་སུ་བླངས་པ་ཡིས། །ཉིན་པར་སྣང་གྲགས་ཆོས་རྣམས་ཀུན། །བདེན་མེད་སྒྱུ་མའི་ཉམས་མྱོང་འབྱུང་། །དུས་དང་ལུས་དང་དམིགས་པ་ཡིས། །དབེན་པའི་གནས་སུ་རྨི་ལམ་གཟུགས། །རྨི་ལམ་ཇི་སྙེད་རྨིས་གྱུར་ཀྱང་། །བག་ཆགས་གཞི་ལས་མི་འདའ་སྟེ། །དགེ་དང་སྡིག་པ་ལུང་མ་བསྟན། །གོམས་ཤུགས་ཡེ་ཤེས་ཆེན་པོ་སྟེ། །དེ་ཕྱིར་བློ་དང་ལྡན་པ་ཡིས། །རྨི་ལམ་གསེར་འགྱུར་ལྟ་བུ་ལ། །དགེ་སྡིག་བྱས་ནས་བླང་དོར་བྱ། །རྨི་ལམ་སྒྱུ་མའི་དོན་ལ་སྦྱར། །རྨི་ལམ་ཟིན་ཙམ་དྲོད་ཡིན་ཏེ། །མི་རྟོག་སྒྱུ་མ་རང་ཤར་གྱི། །མེ་ཡི་སྔ་རྟགས་ཡིན་པས་དྲོད། །གཟུགས་སོགས་སྣང་སྟོང་དབྱེར་མེད་ཅིང་། །འཕེལ་འགྲིབ་མེད་པས་སྒྱུ་མ་སྟེ། །སྒྱུ་མ་རྨི་ལམ་རང་ཤར་དུ། །བག་ཙམ་བྱུང་བ་རྩེ་མོའོ། །དེ་ཡང་དྲན་འདུན་མོས་གུས་དང་། །བསྲེ་འཕོའི་གནད་ཀྱིས་མཚམས་སྦྱར་ནས། །གཉིད་ལོག་སད་པར་གྱུར་པ་དེ། །སྔར་གྱི་རྨི་ལམ་ཟིན་པ་དང་། །སད་པའི་འཁྲུལ་སྣང་ཁྱད་མེད་བསྒོམས། །དེ་ཡང་མིག་ནི་མི་འབྱེད་པར། །དྲན་སྣང་རྟོག་པའི་རི་མོ་རྣམས། །སྒྱུ་མ་རྨི་ལམ་ཐག་བཅད་ནས། །འདུན་པ་དྲག་པོས་ཉམས་སུ་བླངས། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །རྟེན་དང་བརྟེན་པར་བསྒོམས་བྱས་ནས། །དེ་ཉིད་སྒྱུ་མ་རྨི་ལམ་དུ། །ཡང་ཡང་སྦྱང་བ་གནད་དུ་ཆེ། །འཁོར་བ་སྐྱིད་མེད་དགའ་གདུང་དང་། །སྣང་བ་བསླུ་བྲིད་མཁན་འདི་ལ། །སྐྱོ་ཤས་དྲག་པོའི་རྒྱབ་ཕུལ་ནས། །འདུན་པ་དྲག་པོས་བཅུད་ལ་བོར། །ཚེ་འདི་བློ་ཡིས་མ་ཐོངས་ན། །ཅི་བྱས་དོན་མེད་སྡུག་བསྔལ་ཏེ། །འཁོར་གཡོག་མང་ཡང་གྲོག་ཚང་འདྲ། །ལོངས་སྤྱོད་མི་རྟག་སྤྲིན་དང་མཚུངས། །ནགས་ཁྲོད་འདུག་ཀྱང་རི་དྭགས་འདྲ། །ཐ་སྙད་མཁས་ཀྱང་ནེ་ཙོ་འདྲ། །དེ་ཕྱིར་བསམ་དང་ལྡན་པ་ཡིས། །འཇིག་རྟེན་འདི་ལ་ཆགས་མི་བྱ། །སྤྱོད་ལམ་སྣང་གྲག་ཐམས་ཅད་ཀུན། །གཉིད་སོང་འདུན་པས་ཉམས་སུ་བླངས། །དངོས་སུ་སྣང་དང་རྨི་ལམ་གཉིས། །ཁྱད་པར་གཅིག་ཀྱང་ཡོད་མིན་ཏེ། །མ་རྟོགས་པ་ལ་གཉིས་སུ་སྣང་། །དེ་ཕྱིར་དེ་ལས་གཞན་དུ་མིན། །དྲོད་རྟགས་ཕུང་པོ་ལྔ་པོ་ཡིས། །བདེན་འཛིན་འདུ་ཤེས་སྒྱུ་མས་བཟློགས། །ཡང་དག་ཟབ་དོན་སྒྱུ་མ་ལ། །ཐེ་ཚོམ་སོམ་ཉི་མེད་པ་དང་། །བདག་གཞན་དགེ་བ་དག་ལ་སྦྱོར། །ལུས་སོགས་རང་བཞིན་བྱང་སེམས་ལྡན། །གཉིད་རྨུགས་ལ་སོགས་དབང་མི་འགྲོ། །ཉོན་མོངས་བག་ཆགས་འཇོམས་པའི་ཕྱིར། །སྒྱུ་མའི་དྲན་དང་ཤེས་བཞིན་ལྡན། །རྒྱན་ལས། གོས་ལ་སོགས་པ་གཙང་བ་དང་། །ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང་། །ཆོས་ཉིད་ལྡན་པར་འགྲོ་ཉིད་དང་། །སེམས་ཅན་དོན་དང་དམྱལ་ཚོལ་དང་། །ཅེས་དྲོད་རྟགས་བཅུ་གཅིག་དང་། རྩེ་མོ་ལ་རྟགས་དྲུག །རྩེ་མོའི་རྟགས་ནི་གོས་གདན་སོགས། །དྲི་མ་ཡང་ནི་མི་ཆགས་ཤིང་། །ལུས་ཀྱི་ཕྱི་ནང་སེམས་ཅན་མེད། །སེར་སྣ་མེད་ཅིང་ལུས་ངག་ཡིད། །གཡོ་སྒྱུ་མེད་དང་དབེན་པའི་གནས། །དགའ་ཞིང་བསྟེན་པར་བྱེད་པའོ། །བཟོད་དང་ཆོས་མཆོག་ཏིང་འཛིན་ནི། །སྟོབས་ནི་རྣམ་པ་ལྔ་ཡིན་ཏེ། །དད་མོས་སྒྱུ་མའི་ཉམས་ལེན་ཚེ། །བདུད་ཀྱིས་སངས་རྒྱས་གཟུགས་སྤྲུལ་ནས། །དེ་ནི་ཆོས་མིན་བཟློག་བྱ་ཞེས། །བསྒྱུར་ཀྱང་མི་འགྱུར་དད་པའི་སྟོབས། །བརྩོན་འགྲུས་ཀྱིས་ནི་སྒྱུ་མ་ལ། །བརྟན་པའི་སྟོབས་ཀྱིས་མཐུ་སྟོབས་ཀྱང་། །མཐར་ཕྱིན་ཚེ་ན་ལྷར་བཅས་ཀྱིས། །བཟློག་པར་མི་ནུས་བརྩོན་འགྲུས་སྟོབས། །དྲན་པའི་སྟོབས་བསྐྱེད་སྒྱུ་མ་ཡི། །དོན་ལ་སེམས་ནི་མི་ཡེངས་པས། །རྟོག་པས་གཡེང་བར་མི་ནུས་ཤིང་། །ཉོན་མོངས་འཇིག་པ་དྲན་པའི་སྟོབས། །རྟོག་བྲལ་སྒྱུ་མའི་ཏིང་འཛིན་གྱིས། །ཆགས་སྡང་ཡུལ་སྣང་ཐམས་ཅད་ལ། །དེར་འཛིན་མེད་པས་འདུ་འཛི་ལས། །དབེན་པའི་སྟོབས་ཐོབ་ཏིང་འཛིན་སྟོབས། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །རང་བཞིན་མ་གྲུབ་སྒྱུ་མར་ཤེས། །འཇིག་རྟེན་པ་དག་སྒྲོལ་བར་བྱེད། །ཤེས་རབ་ལས་བྱུང་ཤེས་རབ་སྟོབས། །མི་མཐུན་ཕྱོགས་ཀྱིས་མི་གཡོ་བས། །དེ་ཕྱིར་སྟོབས་ལྔ་ཞེས་བྱའོ། །སྣང་ཡང་འཛིན་མེད་སྒྱུ་མ་ཡི། །ཟབ་དོན་མི་སྐྲག་བཟོད་པ་སྟེ། །རྨི་ལམ་ཟིན་པའི་སྦྱོང་སྤེལ་གྱིས། །མི་སྐྲག་པས་ན་བཟོད་པའོ། །དེ་ཡི་རྟགས་ནི་སྤྱོད་ལམ་ཀུན། །སྒྱུ་མའི་དོན་དང་ལྡན་པ་དང་། །ཚིག་གི་མཚོན་ལ་བཟོད་ལྡན་ཞིང་། །དོན་གྱུར་དམྱལ་སོགས་སྐྱེ་བར་ནུས། །ལོག་པའི་ཆོས་ཀྱིས་མི་འགྱུར་ཞིང་། །ཆོས་ལྟར་བཅོས་པའི་བདུད་རྣམས་ཀྱི། །དབང་དུ་འགྲོ་བར་མི་འགྱུར་རོ། །རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ཉིད་དུ་ཤེས་པ་ནི། །བཟོད་པ་དག་གི་རྟགས་ཡིན་ཏེ། །ངན་སོང་གསུམ་དུ་ཡོངས་མི་ལྟུང་། །རྨི་ལམ་ཟིན་ནས་ལྷ་ཡི་སྐུ། །རང་ཤར་ཡུད་ཙམ་བྱུང་གྱུར་ན། །བར་དོ་ཟིན་པར་ཐེ་ཚོམ་མེད། །སྒྱུ་མར་གྱུར་པ་དེ་དང་མཚུངས། །ཆོས་རྣམས་སྐྱེ་འགག་བྲལ་གྱུར་པ། །སྒྱུ་མར་གྱུར་པ་ཆོས་ཀྱི་སྐུ། །རྨི་ལམ་ཡུལ་རྣམས་རང་སེམས་སུ། །རྟོགས་པ་འཇིག་རྟེན་ཆོས་ཀྱི་མཆོག །ཆོས་མཆོག་རྟགས་ནི་སྤྱོད་ལམ་ཀུན། །ཅི་བྱེད་སེམས་ཅན་དོན་དུ་བྱེད། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །ཚེ་འདིའི་ཞེན་པའི་འཁྲིས་དང་བྲལ། །ཆོས་བརྒྱད་དུག་གི་མེ་ཏོག་རྣམས། །སྒྱུ་མ་ཉིད་དུ་ཡང་དག་གྲོལ། །རྨི་ལམ་ཟིན་ནས་འོད་གསལ་རྟོགས། །དེས་ནི་བར་དོ་འབྱོངས་པ་ཡིན། །དྲོད་ནས་འཇིག་རྟེན་ཆོས་མཆོག་བར། །སྦྱོར་བའི་ལམ་དུ་ཤེས་པར་བྱ། །ཆོས་མཆོག་སྐད་ཅིག་ཕྱི་མ་ལ། །མཐོང་ལམ་རྣམ་པར་མི་རྟོག་པའི། །ཡེ་ཤེས་སྒྱུ་མ་རང་ཤར་ཉིད། །ཕྱིན་ཅི་མ་ལོག་མཚན་ཉིད་ཅན། །སྔར་མ་མཐོང་བ་མཐོང་བས་ན། །མཐོང་བའི་ལམ་གྱི་ཡེ་ཤེས་སོ། །བྱང་ཆུབ་ཡན་ལག་རྣམ་བདུན་ནི། །མཐོང་བའི་ལམ་གྱི་ཏིང་འཛིན་ཏེ། །སྒྱུ་མ་བློ་ལས་འདས་པ་ཡིས། །དྲན་པ་ཡིད་ལ་བྱར་མེད་ཕྱིར། །ཆོས་རྣམས་དངོས་པོ་མེད་མཐོང་པ། །དྲན་པ་བྱང་ཆུབ་ཡན་ལག་གོ །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །དགེ་དང་མི་དགེ་ལུང་མ་བསྟན། །ཆོས་རྣམས་མ་གྲུབ་མི་དམིགས་པ། །ཆོས་རྣམས་འབྱེད་པའི་ཡན་ལག་གོ །སྒྱུ་མ་འཛིན་པ་ཀུན་བྲལ་བས། །འདུ་ཤེས་ཐམས་ཅད་བཤིག་པའི་ཕྱིར། །ཆོས་རྣམས་མི་ལེན་མི་འདོར་ལ། །བརྩོན་པས་བརྩོན་འགྲུས་ཡན་ལག་གོ །དགག་སྒྲུབ་བྲལ་བའི་སྒྱུ་མ་ལ། །དགའ་དང་མི་དགའ་བཤིག་པའི་ཕྱིར། །འདུ་བྱེད་ཀུན་ལ་དགའ་མི་བསྐྱེད། །གདུལ་སེམས་དགའ་བའི་ཡན་ལག་གོ །སྒྱུ་མ་ངོ་བོ་མ་གྲུབ་པས། །གང་དམིགས་ཐམས་ཅད་མི་དམིགས་ཕྱིར། །ཆོས་རྣམས་ཀུན་ལ་སེམས་སྦྱངས་པས། །སེམས་སྦྱང་བྱང་ཆུབ་ཡན་ལག་གོ །སྒྱུ་མ་ཉིད་ཀྱང་མ་གྲུབ་པར། །ཆོས་རྣམས་བཤིག་པའི་རྗེས་རྟོགས་པས། །སེམས་ནི་གང་དུ་མི་དམིགས་པ། །ཏིང་འཛིན་བྱང་ཆུབ་ཡན་ལག་གོ །སྒྱུ་མ་གང་དུའང་མི་གནས་ཤིང་། །རྟེན་དང་ཆགས་དང་འཆིང་མི་བྱེད། །ཆོས་རྣམས་རྗེས་སུ་མི་མཐོང་བ། །བཏང་སྙོམས་བྱང་ཆུབ་ཡན་ལག་གོ །ཏིང་འཛིན་དེ་ལ་གོམས་བྱས་པས། །ཉིན་དང་མཚན་ཕྱེད་བར་དག་ཏུ། །སྣང་གྲག་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་མ་གྲུབ་མཐའ་བྲལ་བའི། །སྣང་སྟོང་དབྱེར་མེད་སྒྱུ་མར་ཤར། །དེ་ཡང་དྭངས་པའི་རྒྱ་མཚོ་ལས། །ཆུ་བུར་བྱུང་ཞིང་ཐིམ་གྱུར་པ། །དེ་བཞིན་རྣམ་རྟོག་ཆུ་བུར་ཡང་། །ཆོས་ཉིད་རྒྱ་མཚོ་མ་གཏོགས་པ། །གཞན་དུ་འགྱུར་པ་མི་སྲིད་ཀྱིས། །དགག་སྒྲུབ་མི་བྱ་གློད་ལ་ཞོག །དེ་ཚེ་རྟོག་ཚོགས་ན་བུན་རྣམས། །གཞི་མེད་གྱུར་པས་གཡོ་མི་ནུས། །ངེས་ཤེས་བསྐྱེད་ཅིང་ཐག་བཅད་ནས། །བསལ་བཞག་མེད་པས་གོམས་པར་བྱ། །མོས་གུས་བསྲེ་བས་མཚམས་སྦྱར་ནས། །ལྷ་སྐུ་གསལ་ལ་རྟོག་པ་མེད། །བདེ་ལ་འཛིན་མེད་ཞེན་བྲལ་ནས། །རང་ཤར་རང་གྲོལ་འདུས་མ་བྱས། །རྟོག་བྲལ་ཀུན་མཁྱེན་འོད་གསལ་བ། །གཉིད་དང་རྨི་ལམ་བར་དོའམ། །ཡང་ན་རྨི་ལམ་ཟིན་པ་དང་། །རང་ཤར་བྱུང་བ་ལོངས་སྐུ་སྟེ། །ཇི་སྲིད་མ་གཡོས་བར་དུའོ། །ཉིན་མཚན་དབྱེར་མེད་བསྲེ་བ་དང་། །ཅིར་སྣང་འཁོར་ལོ་གསུམ་ལྡན་དུ། །མ་ཡེངས་ཉམས་སུ་བླངས་བྱས་ནས། །མཆོད་པ་དབུལ་ཞིང་གསོལ་བ་གདབ། །དེ་ཡིས་རྨི་ལམ་སྤྲུལ་བསྒྱུར་ལ། །བརྟན་པ་ཐོབ་པས་སངས་རྒྱས་ནས། །འཇག་མིག་སྲིན་བུ་ཡན་ཆད་ལ། །སྒྱུ་མའི་རྩལ་ནི་སྦྱངས་པ་ལས། །དམིགས་མེད་སྒྱུ་ལུས་མངོན་གྱུར་ནས། །སྒྱུ་མ་ལྷ་སྐུ་འོད་གསལ་རྣམས། །དབྱེར་མེད་གྱུར་པས་གསལ་སྣང་མཆེད། །ཡུལ་སྣང་ཇི་བཞིན་བགྲོད་གྱུར་པས། །མཐོང་སྤངས་བརྒྱ་དང་བཅུ་གཉིས་སྤངས། །མངོན་པར་ཤེས་པར་གྱུར་ནས་ནི། །དགའ་ཞིང་འཇིགས་པའི་སྣང་བ་འབྱུང་། །སྒྱུ་མའི་གསལ་སྣང་སྐྱེས་པའི་རྟགས། །གཉིད་ཀྱི་དུས་དང་གཞན་དུའང་། །སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཏེ། །ཏིང་འཛིན་བརྒྱ་ལ་སྙོམས་འཇུག་དང་། །སངས་རྒྱས་བརྒྱ་ཡི་ཞལ་བལྟ་དང་། །སངས་རྒྱས་བརྒྱ་ལ་ཆོས་ཉན་དང་། །འཇིག་རྟེན་ཁམས་བརྒྱ་བསྐྱོད་པ་དང་། །སངས་རྒྱས་ཞིང་བརྒྱར་འགྲོ་བ་དང་། །ཞིང་བརྒྱར་འོད་ཀྱིས་སྣང་བྱེད་དང་། །སེམས་ཅན་བརྒྱ་ནི་སྨིན་བྱེད་དང་། །ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང་། །བསྐལ་པ་བརྒྱར་ནི་གནས་པ་དང་། །སྔོན་དང་ཕྱི་མཐའ་བརྒྱར་འཇུག་དང་། །ལུས་ཀྱི་སྤྲུལ་བརྒྱ་འགྱེད་ནུས་དང་། །ལུས་རེ་ལ་ཡང་འཁོར་བརྒྱ་ཡིས། །ཡོངས་སུ་བསྐོར་བ་སྟོན་པར་བྱེད། །ཆོས་ཕྱིར་སྲོག་ཀྱང་གཏོང་ཕྱིར་རོ། །འདོད་པའི་ཡོན་ཏན་གྲོགས་སུ་འགྱུར། །སྦྱིན་པ་རྣམ་བཞི་རྫོགས་བྱེད་ཅིང་། །ལྷག་མ་རྣམས་ཀྱང་ཅི་ནུས་བྱེད། །ས་ཐོབ་འཇིགས་པ་ལྔ་བྲལ་ཏེ། །འཚེ་བ་མེད་དང་འཆི་བ་དང་། །ངན་འགྲོ་ཚིགས་བཅད་མ་ཡིན་བརྗོད། །འཁོར་གྱི་འཇིགས་ཚོགས་བག་ཚ་སྤངས། །དེ་ནི་སྣང་གྲག་ཐམས་ཅད་ཀུན། །བདེན་མེད་སྒྱུ་མ་རྟོགས་ལས་བྱུང་། །ཉིན་པར་དང་ནི་རྨི་ལམ་གྱི། །འཁྲུལ་པའི་བག་ཆགས་མ་དག་ན། །ས་བརྒྱད་ལ་ཡང་མི་གནས་ཏེ། །པདྨ་ཅན་ལ་སྨོས་ཅི་དགོས། །དེ་ཕྱིར་སྣང་བ་སྣ་ཚོགས་པ། །སྒོ་ལྔའི་རྣམ་ཤེས་གསལ་དྭངས་ལ། །ཡིད་ཀྱི་འཛིན་པ་མ་ཞུགས་པ། །དེ་ནི་གསལ་སྟོང་དབྱེར་མེད་དེ། །ཞེན་མེད་སྒྱུ་མ་རང་སྣང་ངོ་། །རྨི་ལམ་གྱི་ནི་ཆོས་རྣམས་ཀུན། །བདེ་ཆེན་གསལ་སྟོང་འཛིན་མེད་རྟོགས། །མཐོང་བའི་ལམ་གྱི་ཡེ་ཤེས་དེ། །ཕྱིར་མི་ལྡོག་པའི་རྟགས་སུ་བཤད། །ཆོས་མཆོག་རྗེས་ནས་ས་གཉིས་བར། །མཐོང་ལམ་ཡིན་པར་ཤེས་པར་བྱ། །སྒོམ་ལམ་མི་རྟོག་སྒྱུ་མའི་དོན། །མཐོང་བ་བསྒོམས་ཕྱིར་སྒོམ་པའི་ལམ། །ས་ནི་གཉིས་ནས་བཅུ་ཡི་བར། །ཡིད་ལ་བྱེད་པའི་ཏིང་འཛིན་ནི། །འཕགས་ལམ་ཡན་ལག་བརྒྱད་ཡིན་ཏེ། །འཁོར་འདས་ལ་སོགས་ཆོས་རྣམས་ཀུན། །ཐམས་ཅད་སྒྱུ་མར་མཉམ་པ་སྟེ། །ལྟ་བའི་དམིགས་པ་ཀུན་བྲལ་བ། །ཡང་དག་པ་ཡི་ལྟ་བའོ། །གང་དུ་རྟོག་པ་ཐམས་ཅད་ཀུན། །སྒྱུ་མ་ཉིད་དུ་ཡང་དག་གྲོལ། །རྟོག་པ་ཐམས་ཅད་རྣམ་སྤངས་པ། །ཡང་དག་པ་ཡི་རྟོག་པའོ། །ཚིག་གིས་བདག་གཞན་རྟོག་པ་བྲལ། །ཆོ་ག་བརྗོད་པས་ཆོས་རྣམས་ཀུན། །མཉམ་ཉིད་སྒྱུ་མར་རྟོགས་བྱེད་པ། །དེ་ནི་ཡང་དག་ངག་ཡིན་ནོ། །ལས་ཀྱི་མཐའ་ནི་ཟད་གྱུར་ཏེ། །དཀར་ནག་འདུས་བྱས་འདུས་མ་བྱས། །ཐམས་ཅད་མཐའ་དང་བྲལ་བ་ནི། །ཡང་དག་པ་ཡི་ལས་མཐའོ། །འཚོ་བ་གང་ཞིག་གནོད་འཚེ་བྲལ། །སེམས་ཅན་འཚོ་བ་དག་གྱུར་ཏེ། །བདག་གཞན་དོན་རྣམས་མཐར་ཕྱིན་པ། །ཡང་དག་པ་ཡི་འཚོ་བའོ། །ཟབ་ཅིང་སྤྲོས་བྲལ་སྒྱུ་མའི་དོན། །བསྒྲུབ་ཅིང་སེམས་ནི་རབ་ཏུ་འཛིན། །བརྩོན་དང་མི་ཞུམ་ནན་ཏན་བྱེད། །དེ་ནི་ཡང་དག་རྩོལ་བའོ། །གང་ཞིག་སྒྱུ་མ་རང་ཤར་ལ། །བདུད་དང་མི་དགེའི་གོལ་ས་ཡིས། །བར་ཆད་སྐབས་ནི་མི་རྙེད་པས། །ཡང་དག་པ་ཡི་དྲན་པའོ། །བདག་གཞན་སྒྱུ་མར་མཉམ་པ་ཉིད། །ཆོས་རྣམས་སྒྱུ་མར་རྣམ་དག་སྟེ། །སྐད་ཅིག་ཉིད་ལ་ཐམས་ཅད་མཁྱེན། །ཐོབ་པ་ཡང་དག་ཏིང་འཛིན་ནོ། །ས་ནི་གཉིས་པ་དྲི་མེད་ནས། །བཅུ་པ་ཆོས་ཀྱི་སྤྲིན་གྱི་བར། །སྒོམ་སྤང་བཞི་བརྒྱ་བཅུ་བཞི་སྟེ། །མཐུ་དང་རྫུ་འཕྲུལ་ལྡན་པའོ། །ས་དགུའི་རྟགས་དང་ཡོན་ཏན་རྣམས། །ས་བཅུའི་སྐབས་ལས་ཤེས་པར་བྱ། །མཐོང་ལམ་རྗེས་ལ་ཐོབ་པ་ནས། །ས་བཅུ་མན་ཆད་སྒོམ་ལམ་མོ། །སྒྲིབ་པ་ཀུན་ལས་རྣམ་གྲོལ་བའི། །སྒྱུ་མ་ཡང་དག་རྫོགས་སངས་རྒྱས། །བླ་ན་མེད་པའི་བྱང་ཆུབ་དེ། །མྱུར་དུ་འཐོབ་པར་བྱེད་པ་ལ། །ཆོས་གཞན་བར་ཆད་མེད་པས་ན། །བར་ཆད་མེད་པའི་ལམ་ཞེས་བྱ། །སྒོམ་ལམ་སྒྲིབ་པ་ཀུན་སྤངས་ནས། །ས་བཅུ་རྒྱུན་གྱི་ཐ་མ་ལ། །སྒྱུ་འཛིན་ཕྲ་ཞིང་ཕྲ་བ་ནི། །ཤེས་བྱའི་སྒྲིབ་པར་ཤེས་པར་བྱ། །ཡང་ན་ལྟ་བ་མཐར་ཐུག་པ། །བཟང་པོར་འདོད་པའི་སྒྲིབ་པ་ཡིན། །སྒྲིབ་པ་དེ་ཉིད་སྤོང་བ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཏེ། །གསལ་སྟོང་འཛིན་མེད་བདེ་བ་ཆེ། །འོད་གསལ་རང་ཤར་འདུས་མ་བྱས། །བྱིན་རླབས་སྟོབས་ཀྱིས་འབྱུང་བ་སྟེ། །མུན་ཁུང་སྒྲོན་མེ་བཏེག་པ་ལྟར། །ཕྲ་ཞིང་ཕྲ་བའི་སྒྲིབ་པ་ནི། །ཐོགས་མེད་ནུས་པས་རང་དག་གོ །འདུས་མ་བྱས་པའི་དབྱིངས་ཉིད་དང་། །ཡེ་ཤེས་གཉིས་སུ་མེད་པ་སྟེ། །ཉོན་མོངས་ཤེས་བྱ་ཡོངས་དག་པའི། །ཆོས་སྐུ་དག་པ་གཉིས་ལྡན་ནོ། །སྐུ་ཡི་རྟེན་དང་བསགས་པ་དང་། །ཁྱབ་པར་རང་བཞིན་གྲུབ་པ་སྟེ། །མི་འགྱུར་མ་སྐྱེས་མཚན་མེད་པའི། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །དེ་ལ་བཞེངས་བཞུགས་མི་མངའ་ཡང་། །སྔོན་གྱི་བསོད་ནམས་སེམས་བསྐྱེད་དང་། །སྨོན་ལམ་བསྐྱེད་རིམ་སྟོབས་ལས་ནི། །གཟུགས་སྐུ་རྣམ་གཉིས་རང་ཤར་ཏེ། །དེ་ཡང་འོག་མིན་ཕོ་བྲང་དུ། །ལོངས་སྐུ་སྣང་མཛད་རྡོ་རྗེ་འཆང་། །མཚན་བཟང་དཔེ་བྱད་རབ་ཏུ་ལྡན། །སྤྲོས་བྲལ་སྣང་སྟོང་དྲི་མེད་སྐུ། །བྱང་ཆུབ་སེམས་དཔའི་ཚོགས་དང་བཅས། །མཐའ་བྲལ་ཐེག་ཆེན་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པ་སྒྲོག་པར་བྱེད། །སྤྲུལ་སྐུ་རང་ཤར་གང་འདུལ་ཏེ། །གནས་དུས་སྟོན་པ་ཆོས་འཁོར་སོགས། །གདུལ་བྱ་གང་ལ་གང་མོས་སུ། །བཀོད་པ་བསམ་གྱིས་མི་ཁྱབ་པས། །དེ་དང་དེ་ཡི་སྐུར་བསྟན་ནས། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །འདམ་གྱིས་མ་གོས་པདྨ་འམ། །ནོར་བུ་དཔག་བསམ་ལྟ་བུ་ཡིས། །སེམས་ཅན་སྨིན་ཅིང་གྲོལ་བར་བྱེད། །ཡེ་ཤེས་ཚོགས་དང་རྫོགས་རིམ་ལས། །སྐྱེ་འགག་བྲལ་བའི་ཆོས་སྐུ་ཐོབ། །ཚོགས་གཉིས་བསྐྱེད་རྫོགས་དབྱེར་མེད་ལས། །སྐུ་གསུམ་དབྱེར་མེད་བདེ་ཆེན་ཐོབ། །མདོར་བསྡུས་མཁའ་འདྲའི་ཆོས་སྐུ་ལས། །གཟུགས་སྐུ་འཇའ་ལྟར་རང་ཤར་བ། །རྣམ་རྟོག་མི་མངའ་ཐམས་ཅད་མཁྱེན། །དབྱེར་མེད་རང་གྲོལ་ལྷུན་གྲུབ་བོ། །ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས། །སྤྲུལ་པའི་ཆོས་སྐུ་མཛད་པར་བཅས། །རྣམ་བཞི་ལེགས་བཤད་གང་ཡིན་པ། །སྤྲོས་པ་ལ་ནི་དགའ་གྱུར་ན། །མདོ་དང་བྱམས་མགོན་མཛད་པ་རྣམས། །གུས་པས་བླང་ཞིང་ཤེས་པར་བྱ། །འདི་ནི་སྒྲུབ་པ་གཙོར་བྱེད་པས། །ཐ་སྙད་སྨིག་རྒྱུ་དག་དང་མཚུངས། །དེ་ཕྱིར་ཚེ་ལ་ལོང་མེད་པས། །འཇིག་རྟེན་འདི་ནི་བློས་བཏང་སྟེ། །བླ་མ་དམ་པ་མཆོག་བསྟེན་ནས། །རྟོགས་པ་མངོན་དུ་འགྱུར་བར་བྱ། །ཚེ་འདི་ཡུན་ཐུང་ཤེས་བྱ་མང་། །ཚེ་ཡི་ཚད་ཀྱང་མ་ངེས་པས། །ངང་པས་འོ་མ་ལེན་པ་ལྟར། །རང་གིས་དགོས་པ་བླང་བར་བྱ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་པར་གྱུར་པ་ན། །ཐེག་པ་མེད་ཅིང་བརྗོད་དུའང་མེད། །ལམ་དང་ས་ཡི་རྟགས་རྣམས་ནི། །གོམས་པ་ཆེ་ཆུང་སྟོབས་ཁྱད་དང་། །རྒན་གཞོན་དག་གི་ཁྱད་པར་གྱིས། །ཕྱི་རོལ་ཡུལ་སྣང་མཐོང་སྣང་ནི། །ངོ་བོ་མཐོང་དང་ཡོན་ཏན་ཐོབ། །དགྲ་བཅོམ་རྒྱན་ཅན་རྒྱན་མེད་དང་། །སྒུར་ཆུང་ཚེ་སྟོད་ཚེ་སྨད་སོགས། །ཕྱི་རོལ་རྫུ་འཕྲུལ་རིམ་པ་རྣམས། །མདོ་དང་རྒྱུད་ལས་ཤེས་པར་བྱ། །ས་བཅུ་རྒྱུན་གྱི་ཐ་མ་ནས། །མཁྱེན་གཉིས་སྐུ་བཞི་མཛད་པར་བཅས། །རང་ཤར་ལྷུན་གྲུབ་བར་དག་ཏུ། །མཐར་ཕྱིན་ལམ་དུ་ཤེས་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །ས་བཅུ་ལེགས་པར་བཤད་ཀྱིས་ཉོན། །འཇིག་རྟེན་འདས་པའི་ཞི་གནས་དང་། །ལྷག་མཐོང་ཟུང་དུ་འབྲེལ་བ་ནི། །འཛིན་མེད་སྒྱུ་མ་རང་ཤར་ཏེ། །རྣམ་པར་མི་རྟོག་ཡེ་ཤེས་སོ། །ཡོན་ཏན་དག་གི་གཞི་བརྟེན་ཅིང་། །གོང་དུ་བགྲོད་པས་ས་ཞེས་བྱ། །དབྱེ་ན་རབ་དགའ་ལ་སོགས་དང་། །སྔ་ལྟས་བཅུ་ནི་ཤེས་པར་བྱ། །དེ་ཡང་ས་བཅུའི་མཚན་ཉིད་ནི། །བློ་འདས་མཐའ་བྲལ་སྒྱུ་མའི་དོན། །སྔར་མ་མཐོང་བ་མངོན་གྱུར་ཅིང་། །དོན་གྲུབ་གྱུར་པས་དགའ་བ་སྐྱེས། །དེ་ཕྱིར་རབ་ཏུ་དགའ་བའོ། །ལུས་ངག་ཡིད་གསུམ་འཁྲུལ་པའི་ཚོགས། །སྐྱེ་བ་མེད་པ་སྒྱུ་མར་རྟོགས། །ཚུལ་ཁྲིམས་དྲི་མའི་སྐྱོན་བྲལ་བས། །དྲི་མ་མེད་པ་ཞེས་བྱའོ། །སྣང་གྲག་ཆོས་རྣམས་ཐམས་ཅད་ཀུན། །གསལ་ལ་འཛིན་མེད་སྒྱུ་མར་ཤར། །ཡེ་ཤེས་དག་པའི་འོད་སྣང་བས། །དེ་ཕྱིར་འོད་བྱེད་པ་ཞེས་བྱ། །གསལ་སྣང་འཛིན་མེད་འོད་དེ་ཡང་། །རང་བཞིན་མ་གྲུབ་སྒྱུ་མ་སྟེ། །ཉོན་མོངས་སྲེག་བྱེད་འོད་འཕྲོ་བས། །འོད་འཕྲོ་ཅན་ཞེས་བྱ་བའོ། །སྤང་བྱ་གཉེན་པོའི་བདེན་འཛིན་ཀུན། །གང་ཡང་བདེན་མེད་སྒྱུ་མར་ཤར། །ཉོན་མོངས་གདུལ་དཀའ་ཐུལ་བའི་ཕྱིར། །དེས་ན་སྦྱང་བར་དཀའ་ཞེས་བྱ། །འཁོར་འདས་ལ་སོགས་ཆོས་རྣམས་ཀུན། །དབྱེར་མེད་མཐའ་བྲལ་སྒྱུ་མ་སྟེ། །རང་བཞིན་གནས་པ་མངོན་གྱུར་པས། །མངོན་དུ་གྱུར་པ་ཞེས་བྱའོ། །ཆོས་རྣམས་སྒྱུ་མར་ཡང་དག་གྲོལ། །དམིགས་མེད་སྙིང་རྗེའི་དོན་རྣམས་བྱེད། །ཉན་ཐོས་རང་རྒྱལ་རིགས་གྱུར་པས། །དེ་ཕྱིར་རིང་དུ་སོང་ཞེས་བྱ། །སྒྱུ་མ་བློ་ལས་རྩོལ་བ་མེད། །ལྷུན་གྲུབ་རང་ཤར་ཆེན་པོ་ལ། །ཉོན་མོངས་གཡོ་བར་མི་ནུས་པས། །མི་གཡོ་བ་ཞེས་བརྗོད་པར་བྱ། །ཇི་སྲིད་ཆོས་སུ་འཛིན་པ་རྣམས། །སྒྱུ་མ་ཉིད་དུ་གྲོལ་གྱུར་པའི། །བློ་གྲོས་ཡངས་ཤིང་ཐོགས་མེད་ཕྱིར། །ལེགས་པའི་བློ་གྲོས་ཞེས་བྱའོ། །ཚོགས་གཉིས་ཟུང་འཇུག་སྒྱུ་མ་ཡི། །འཕྲིན་ལས་ལ་ནི་དབང་ཐོབ་ཅིང་། །ཆོས་སྐུའི་མཁའ་ལ་ཡེ་ཤེས་སྤྲིན། །ཁྱབ་པས་ཆོས་ཀྱི་སྤྲིན་ཞེས་བྱ། །ས་བཅུ་ཕ་རོལ་ཕྱིན་བཅུ་པོ། །གང་གིས་གང་ནོན་རིམ་པ་ནི། །དང་པོ་སྦྱིན་པ་གཙོ་ཞིང་རྫོགས། །ལྷག་མ་རྣམས་ནི་ཅི་ནུས་བསྒྲུབ། །གཉིས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །གསུམ་པ་དག་ནི་བཟོད་པ་སྟེ། །བཞི་པ་བརྩོན་འགྲུས་ཕ་རོལ་ཕྱིན། །ལྔ་པ་ཡི་ནི་བསམ་གཏན་ཏེ། །དྲུག་པ་ཤེས་རབ་ཕ་རོལ་ཕྱིན། །བདུན་པ་དག་ནི་ཐབས་ཡིན་ཏེ། །བརྒྱད་པ་སྨོན་ལམ་ཕ་རོལ་ཕྱིན། །དགུ་པ་ཡི་ནི་སྟོབས་ཡིན་ཏེ། །བཅུ་པ་ཡེ་ཤེས་ཕ་རོལ་ཕྱིན། །དེ་ལྟར་ཕ་རོལ་ཕྱིན་བཅུ་ཡི། །མཚན་ཉིད་མ་ནོར་ཤེས་པར་བྱ། །ཡེ་ཤེས་འཚོལ་ཞིང་སེམས་ཅན་ལ། །དགེ་རྩ་གཏོང་བས་སྦྱིན་པ་སྟེ། །ཉོན་མོངས་གདུང་བ་ཐམས་ཅད་ཀུན། །ཞི་བའི་ཕྱིར་ན་ཚུལ་ཁྲིམས་སོ། །བྱམས་དང་སྙིང་རྗེས་སེམས་ཅན་ལ། །འཚིག་པ་མེད་པས་བཟོད་པ་སྟེ། །དགེ་བའི་ཆོས་རྣམས་འཚོལ་བ་ལ། །མི་ངོམས་བརྩོན་པས་བརྩོན་འགྲུས་སོ། །མཁྱེན་པའི་ཡེ་ཤེས་མངོན་བྱེད་ལ། །འགྱོད་མེད་སེམས་ལྡན་བསམ་གཏན་ཏེ། །རང་བཞིན་གྱི་ནི་མ་སྐྱེས་པ། །མངོན་དུ་གྱུར་པས་ཤེས་རབ་བོ། །རྒྱལ་བའི་ཡེ་ཤེས་ཚད་མེད་པ། །སྒྲུབ་པར་བྱེད་པས་ཐབས་ཡིན་ཏེ། །ཡེ་ཤེས་ལས་ནི་དམིགས་གྱུར་ན། །མངོན་པར་བསྒྲུབས་པས་སྨོན་ལམ་མོ། །ཕས་ཀྱི་རྒོལ་དང་བདུད་ཚོགས་ཀྱིས། །ལམ་རྒྱུད་མི་གཅོད་སྟོབས་ཡིན་ཏེ། །ཆོས་རྣམས་ཇི་བཞིན་རྟོགས་པ་འདི། །ཡེ་ཤེས་ཕ་རོལ་ཕྱིན་པར་འདོད། །བྱང་ཆུབ་སེམས་དང་སངས་རྒྱས་ལ། །ས་ནི་བཅུ་ནས་བཅུ་གཅིག་ཡིན། །རྨོངས་པ་ཉི་ཤུ་རྩ་གཉིས་ཀྱི། །སྒྲིབ་པ་གང་ཡིན་ཤེས་པར་བྱ། །གང་གིས་རྨོངས་ན་དེར་འཛིན་རྨོངས། །དེ་ཕྱིར་ས་ཡི་ཆོས་རྣམས་ལ། །གང་དུ་འཛིན་པ་ཡོངས་སྤངས་ནས། །འཛིན་མེད་སྒྱུ་མར་རྟོགས་པར་བྱ། །གལ་ཏེ་སྒྱུ་མ་ཙམ་དེ་ཡང་། །འཛིན་པར་གྱུར་ན་དེ་ཡང་སྤངས། །སྒྱུ་མ་ཡོད་མེད་ལས་འདས་ཤིང་། །སྤང་ཐོབ་དགག་སྒྲུབ་རང་སར་གྲོལ། །གང་དུ་འཛིན་པ་ཀུན་རྫོབ་སྟེ། །འཛིན་མེད་རང་གྲོལ་བློ་ལས་འདས། །དེ་ཕྱིར་ས་ཡི་ཆོས་རྣམས་ཀུན། །འཛིན་མེད་གོམས་བྱས་སྒྲིབ་པ་དག །རང་སར་རྟོགས་པའི་རིམ་པ་དང་། །རྟགས་རྣམས་རིམ་པས་འཆར་བར་འགྱུར། །སྒྱུ་མ་རང་ཤར་དོན་རྟོགས་པས། །འཁོར་གསུམ་ཡོངས་དག་སྦྱིན་རྩོལ་མེད། །ཉིན་དང་མཚན་མོ་དུས་ཀུན་ཏུ། །སྒྱུ་མ་ལྟ་བུར་རང་ཤར་འབྱུང་། །དེ་ཡང་ཆོས་དབྱིངས་སྒྱུ་མ་ནི། །ཀུན་འགྲོ་ཁྱབ་པའི་དོན་དུ་རྟོགས། །གསལ་སྣང་བརྒྱ་ཕྲག་བཅུ་གཉིས་སོ། །ཕྱི་ནང་རྟགས་ནི་གོང་བཞིན་ནོ། །དྲི་མེད་ས་ལ་སྒྱུ་མ་དང་། །ལྷ་སྐུ་ཞེན་བྲལ་དྲི་མེད་སྐུ། །འགྲོ་འོང་ཡོད་མེད་བློ་ལས་འདས། །དེ་ཉིད་གོམས་བརྟན་མཆོག་ཡིན་ཏེ། །ཆོས་དབྱིངས་སྒྱུ་མ་རང་ཤར་ཉིད། །མཆོག་ཏུ་གྱུར་པའི་དོན་དུ་རྟོགས། །རྟགས་ནི་ཉིན་མཚན་གང་ལ་ཡང་། །སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། །ཏིང་འཛིན་སྟོང་ལ་སྙོམས་འཇུག་སོགས། །སྟོང་ཕྲག་བཅུ་གཉིས་ཤེས་པར་བྱ། །འོད་བྱེད་པ་ལ་འོད་གསལ་དང་། །ལྷ་སྐུ་བདེ་ཆེན་དབྱེར་མེད་དེ། །གསལ་དང་རྨི་ལམ་དུས་ཉིད་དུ། །སེམས་ཅན་དཔག་མེད་འདུལ་བའི་ཕྱིར། །བསམ་གྱིས་མི་ཁྱབ་ལྷ་ཡི་སྐུ། །རང་ཤར་ཁམས་ཁེངས་ཆོས་སྒྲ་སྒྲོག །ཆོས་ཀྱི་དབྱིངས་སུ་ཆོས་རྣམས་ཀུན། །རྒྱུ་མཐུན་དག་གི་དོན་དུ་རྟོགས། །ཏིང་འཛིན་བརྒྱ་སྟོང་སྙོམས་འཇུག་སོགས། །བརྒྱ་སྟོང་ཕྲག་ནི་ཤེས་པར་བྱ། །འོད་འཕྲོ་ཅན་ལ་ལྷ་ཡི་སྐུ། །རྩོལ་མེད་གོམས་ཕྱིར་འབད་བྱས་པས། །རྩོལ་བའི་དུག་ལས་གྲོལ་གྱུར་ནས། །ཆོས་དབྱིངས་ཡོངས་སུ་འཛིན་པ་ནི། །མེད་པའི་དོན་དུ་རྟོགས་པའོ། །ཏིང་འཛིན་ཁྲག་ཁྲིག་སྙོམས་འཇུག་སོགས། །ཁྲག་ཁྲིག་ཕྲག་ནི་བཅུ་གཉིས་སོ། །སྦྱང་དཀའི་ས་ལ་ཆོས་རྣམས་ཀུན། །སྐྱེ་མེད་རྟོགས་པའི་ངང་ཉིད་ནས། །འགག་མེད་དམིགས་མེད་སྙིང་རྗེ་ཡིས། །གཞན་དོན་ལྷ་སྐུ་ཕྱག་རྒྱ་ཆེ། །སྤྱོད་ལམ་ཀུན་དང་དབྱེར་མེད་གྱུར། །ཆོས་ཀྱི་དབྱིངས་དང་ཆོས་རྣམས་ཀུན། །རྒྱུད་གཞན་ཐ་དད་མེད་པར་རྟོགས། །སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། །ཏིང་འཛིན་ཁྲག་ཁྲིག་སྟོང་དག་ལ། །སྙོམས་པར་འཇུག་ལ་སོགས་པ་སྟེ། །ཁྲག་ཁྲིག་སྟོང་ཕྲག་བཅུ་གཉིས་སོ། །མངོན་གྱུར་ས་ལ་འཁོར་འདས་ཀྱི། །རྒྱུ་འབྲས་ཐམས་ཅད་མངོན་གྱུར་བས། །རྟེན་ཅིང་འབྲེལ་འབྱུང་ལྷ་ཡི་སྐུ། །གསལ་ལ་འཛིན་མེད་འོད་གསལ་འཆར། །ཆོས་དབྱིངས་ཀུན་ནས་ཉོན་མོངས་དང་། །རྣམ་བྱང་ཐ་དད་མེད་པར་རྟོགས། །ཏིང་འཛིན་ཁྲག་ཁྲིག་བརྒྱ་སྟོང་སོགས། །ཁྲག་ཁྲིག་བརྒྱ་སྟོང་བཅུ་གཉིས་སོ། །རིང་སོང་ས་ལ་ཆོས་རྣམས་ཀུན། །སྐྱེ་འགག་བྲལ་བ་སྒྱུ་མའི་སྐུ། །ཟུང་འཇུག་མཐའ་བྲལ་བདེ་བ་ཆེ། །ཉིན་མཚན་སྤྱོད་ལམ་ཐམས་ཅད་དུ། །ཞེན་མེད་དེ་ལ་དྲན་ཐོབ་པས། །ཕྱིར་མི་ལྡོག་པར་ཤེས་པར་བྱ། །ཆོས་དབྱིངས་ཆོས་ཀྱི་མཚན་ཉིད་དང་། །ཐ་མི་དད་པའི་དོན་དུ་རྟོགས། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །སྙོམས་པར་འཇུག་སོགས་བཅུ་གཉིས་སོ། །མི་གཡོའི་ས་ལ་ཉིན་མཚན་ཀུན། །ལྷ་སྐུ་འོད་གསལ་རྩོལ་བ་བྲལ། །རང་ཤར་ལོངས་སྐུ་ཆ་མཐུན་ཏེ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི། །ཞིང་ཁམས་སྒྱུ་མའི་བཀོད་པས་སྦྱོང་། །རྣམ་དག་ལྷུན་གྲུབ་མཁའ་བཞིན་ནོ། །ཆོས་དབྱིངས་འཕེལ་འགྲིབ་མེད་གྱུར་ཅིང་། །ཞིང་དག་པ་ལ་དབང་ཐོབ་རྟོགས། །སྐད་ཅིག་གཅིག་ལ་ཏིང་འཛིན་ནི། །སྟོང་དང་སུམ་བརྒྱ་སྟོང་ཕྲག་བཅུ། །རྡུལ་ནི་ཕྲ་རབ་སྙེད་ཐོབ་པ། །ཕྲག་ནི་བཅུ་གཉིས་ཤེས་པར་བྱ། །བློ་གྲོས་ས་ལ་འོད་གསལ་ནི། །ཆོས་ནི་མཐའ་བྲལ་འདུས་མ་བྱས། །འགྲོ་འོང་སྐྱེ་ཤིང་དགག་སྒྲུབ་བྲལ། །སྨྲ་བསམ་བརྗོད་འདས་སྐྱེ་བ་མེད། །བསྒོམ་བྱ་སྒོམ་བྱེད་གཉིས་མེད་ཅིང་། །སྤྲིན་མེད་དག་པའི་མཁའ་བཞིན་ནོ། །སྤོབས་པ་ཐོགས་པ་མེད་པ་ཡི། །ཡེ་ཤེས་དམ་པའི་དོན་དུ་རྟོགས། །སྐད་ཅིག་ལ་ནི་ཏིང་འཛིན་ནི། །སངས་རྒྱས་ཞིང་ནི་གྲངས་མེད་པ། །བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་ལ། །སྙོམས་པར་འཇུག་སོགས་བཅུ་གཉིས་སོ། །ཚོགས་གཉིས་ཟུང་འཇུག་ཆོས་སྤྲིན་ལ། །མི་གནས་གནས་མེད་འོད་གསལ་ཏེ། །རང་བཞིན་རྣམ་དག་རྟོག་མེད་སྐུ། །འཛིན་པའི་རྟོག་བྲལ་ས་ལེ་མཁྱེན། །བློ་འདས་དམིགས་པའི་མཐའ་དང་བྲལ། །ནམ་མཁའ་ལྟ་བུར་སྐྱེ་འགག་མེད། །མཚན་ཉིད་ཀུན་བྲལ་མཁའ་ལྟར་དག །སྨྲ་བསམ་བརྗོད་མེད་བློ་ལས་འདས། །ཉིན་མཚན་དུས་རྣམས་ཐམས་ཅད་དུ། །སྣང་སྟོང་བདེ་སྟོང་དབྱེར་མེད་མཆོག །འཕེལ་འགྲིབ་མེད་པར་འཆར་བ་སྟེ། །འཕྲིན་ལས་དབང་པོའི་དོན་དུ་རྟོགས། །དེ་ཡང་ས་བཅུའི་མགོན་པོ་ལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །ཁམས་གསུམ་གྱི་ནི་ཡང་དག་ཆེ། །མི་འཇིགས་སེང་གེའི་ཁྲི་ལ་བཞག །ཕྱོགས་བཅུའི་རྒྱལ་བའི་ཕྱག་དང་ནི། །འོད་ཟེར་ཆེན་པོའི་དབང་བསྐུར་བས། །སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། །ཆོས་ཀྱི་སྣང་བ་ཆེན་པོ་དང་། །འོད་དང་ཆོས་སྤྲིན་ཚད་མེད་དང་། །དེ་བཞིན་གཤེགས་པ་ཚད་མེད་པའོ། །ཆོས་ཀྱི་སྣང་བ་ཆོས་ཀྱི་འོད། །ཆོས་ཀྱི་སྤྲིན་ཆེན་ཚད་མེད་ཐོབ། །སྲིད་པ་ཐ་མར་གྱུར་པ་དེས། །ཤེས་བྱའི་སྒྲིབ་པ་ལེགས་སྤངས་ནས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་རྟོགས། །ནང་ལྟར་བཅུ་གཅིག་མགོན་པོ་སྟེ། །འོག་མིན་བཙུན་མོའི་གཞལ་ཡས་སུ། །ཟག་མེད་མ་ཧཱའི་དབང་བསྐུར་བས། །འོད་གསལ་རྡོ་རྗེའི་ཏིང་འཛིན་རྟོགས། །བཅུ་གཉིས་མ་ཆགས་པདྨ་ཅན། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱ། །བྱང་ཆུབ་སེམས་དང་སངས་རྒྱས་ཁྱད། །རྒྱ་མཚོ་བ་ལང་རྨིག་རྗེས་མཚུངས། །དག་པ་ས་གསུམ་ཡོན་ཏན་ཀྱང་། །དཔག་ཅིང་གཞལ་བར་མི་ནུས་ན། །ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །བརྗོད་ཅིང་དཔག་པར་སྨོས་ཅི་དགོས། །ནམ་མཁའ་ས་གཞི་གང་ཡིན་པ། །སྐྲ་རྩེས་གཞལ་བར་ནུས་སྲིད་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ནི། །བསྐལ་པ་གྲངས་མེད་བརྗོད་མི་ནུས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །སྤྱོད་ཡུལ་བརྗོད་ལས་འདས་པའོ། །དེ་ལྟར་ས་རྣམས་བགྲོད་པ་ཡིས། །ལྕགས་སྲེག་བཞིན་དུ་གནས་གྱུར་ཏེ། །ཉོན་མོངས་ཡིད་ལ་མི་རྟོག་དང་། །སྒོ་ལྔའི་རྣམ་ཤེས་ཡེ་ཤེས་ལྔ། །ཀུན་གཞི་གནས་གྱུར་མཐར་ཐུག་སྐུ། །ཟག་མེད་བདེ་ཆེན་འདུས་མ་བྱས། །དབྱིངས་དང་ཡེ་ཤེས་གཉིས་མེད་ཅིང་། །འཕྲིན་ལས་ལྷུན་གྲུབ་རྒྱུན་ཆད་མེད། །མཐའ་བྲལ་རང་ཤར་ཆེན་པོའོ། །སྒྱུ་མ་ལམ་གྱི་རིམ་པ་འདི། །ལུང་བསྟན་ཐོབ་ནས་མདོ་རྒྱུད་ལས། །ལེགས་བཏུས་ཉམས་སུ་མྱོང་བ་ལྟར། །འགལ་འཁྲུལ་མེད་པར་ཡི་གེར་བཀོད། །དགེ་བ་དྲི་མེད་རྒྱ་ཆེན་དེས། །འགྲོ་ཀུན་སྡུག་བསྔལ་གཟིར་གྱུར་རྣམས། །སྒྱུ་མའི་ལམ་ལ་རབ་སྦྱངས་ནས། །འོད་གསལ་བདེ་ཆེན་ཐོབ་པར་ཤོག །

སྒྱུ་མ་ལམ་གྱི་རིམ་པ་དྲི་མེད་སྙིང་པོ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་མཛད་པ་རྫོགས་སོ།། །།ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་དང་། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །སླད་ནས་བདག་ཁྱུང་པོ་རྣལ་འབྱོར་པས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །

སྒྱུ་མ་ལམ་རིམ་གྱི་འགྲེལ་པ།

༄༅། །སྒྱུ་མ་ལམ་རིམ་གྱི་འགྲེལ་པ་བཞུགས་སོ། །

རྒྱ་གར་སྐད་དུ། མཱ་ཡཱ་མ་ཡ་མརྒ་དྷ་ན་བྲྀཏྟི་ཀྲ་མ་བྲིད་ཏི་བཱ་ཡ་ནཱ་མ། བོད་སྐད་དུ། སྒྱུ་མ་ལམ་གྱི་རིམ་པའི་འགྲེལ་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོ་རྡོ་རྗེ་འཆང་། །ཁྱེད་ཞབས་བདག་གིས་གུས་བཏུད་ནས། །སྒྱུ་མ་ལམ་རིམ་གསལ་བྱེད་དོན། །མདོ་དང་རྒྱུད་ལས་གསུངས་བཞིན་འབྲི། །འདིར་རྒྱལ་བའི་བཀའ་ཡང་དག་པའི་དོན་ཉེ་བར་མངོན་སུམ་དུ་གཏན་ལ་འབེབས་པའི་བསྟན་བཅོས་ཕྱིན་ཅི་མ་ལོག་པ་གང་ཞེ་ན། གང་གིས་གང་ལ་བརྟེན། གང་བརྩམས། དེའི་རྒྱུ། དགོས་པ། དོན་རབ་ཏུ་གསལ་བྱེད་དོ། །དེ་ལ་དང་པོ་གང་གིས་ན། དག་པའི་ས་གསུམ་ལ་གནས་ཤིང་རྡོ་རྗེ་འཆང་གིས་རྗེས་གནང་ཐོབ་པ་བདག་གིས་སོ། །གང་ལ་བརྟེན་ན་ཉམས་མྱོང་མདོ་རྒྱུད་དུ་མ་ལས་སོ། །གང་བརྩམས་ན་སྒྱུ་མ་ལམ་གྱི་རིམ་པའོ། །རྒྱུ་ནི་འགྲོ་བ་ལ་ཕན་པ་དང་དེ་ལ་སྤྲོ་བའོ། །དགོས་པ་ནི་འཁོར་འདས་ཀྱི་ཆོས་རྣམས་ལ་འཛིན་པའི་བདུད་ཀྱིས་བཅིངས་པ་ལས་གྲོལ་བར་བྱེད་པའོ། །དོན་གསལ་བར་བྱེད་པ་གང་ཞེ་ན། བར་ཆད་ལས་གྲོལ་བ་ཕྱག་དང་། མཐར་ཕྱིན་པའི་དམ་བཅའ་དང་། དོན་གསལ་བར་བྱེད་པའི་གཞུང་ངོ་། །

དེ་ལ་ཐོག་མར་སེམས་ཉིད་ནོར་བུ་རིན་ཆེན་འདི་ལ། ཚོགས་ཀྱི་བྱི་དོར་བྱས་པས་དགོས་འདོད་ཐམས་ཅད་འབྱུང་བས་ན་ཕྱག་གི་འོས་ཏེ། བྲམ་ཟེ་ཆེན་པོས། རང་གི་སེམས་ནི་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཡང་ན་སེམས་ལྟ་བའི་དྲི་མ་འཛིན་བྱེད་ཐམས་ཅད་དང་བྲལ་བའི་གསལ་སྟོང་འཛིན་མེད་བདེ་བ་ཆེན་པོ་ལ་བཞག་པ་ནི་ཕྱག་རྣམས་ཀྱི་མཆོག་ཏུ་གྱུར་པ་སྟེ། རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་སོ། །

དམ་བཅའ་བ་ནི། དྲང་སྲོང་རྣམས་ཁ་འོག་ཏུ་ལུས་ཚུད་པའམ་རྒྱལ་པོའི་བྱ་བ་ཁས་བླངས་པ་ལྟ་བུའོ། །དོན་རབ་ཏུ་གསལ་བར་བྱེད་པའི་གཞུང་ནི། ཡེ་ཤེས་མངོན་པར་འབྱུང་བའི་རྒྱུད་རྒྱས་པ་ལས། སྒྱུ་མ་ཆོས་དབྱིངས་ཀུན་གཞི་སྟེ། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམས་བྱས་ན། །སྒྱུ་མ་ལྟ་བུར་མངོན་སངས་རྒྱ། །ལམ་ལྔ་ས་ནི་བཅུ་གཉིས་ཏེ། །འདི་ནི་གཞན་གྱིས་རྟོགས་པ་མིན། །གཞི་དང་རང་བཞིན་འབྲས་བུའི་དོན། །ཟབ་དང་རྒྱ་ཆེ་དབྱེར་མེད་པའོ། །ཞེས་སོ། །དེའི་དོན་གང་ཞེ་ན། ཇི་ལྟར་གནས་པའི་གཞི་ཟུང་འཇུག་གཏན་ལ་དབབ། ཐབས་ཀྱི་རང་བཞིན་ལམ་ཟུང་འཇུག་ཉམས་སུ་བླངས། འབྲས་བུ་ཟུང་འཇུག་མངོན་གྱུར་རང་ཤར་རོ། །དེ་ལ་ཇི་ལྟར་གནས་པའི་གཞི་ཟུང་འཇུག་ལ། ཀུན་གཞི་དང་། དབང་གི་གཞི་ལས། ཇི་ལྟར་གནས་པའི་གཞི་གང་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་རྣམ་པར་ཤེས་པའོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ལ་དབྱེ་ན། ཀུན་གཞིའི་རིག་པ་ལུང་མ་བསྟན་དང་། ཀུན་གཞི་ཀུན་གྱི་ས་བོན་དང་། ཀུན་གཞི་ལས་བག་ཆགས་སུ་སྨིན་པ་དང་། ཀུན་གཞི་རྣམ་ཤེས་སུ་ཇི་ལྟར་བཞག་པའོ། །

དང་པོ་ནི། རིག་པ་གསལ་སྟོང་ལུང་མ་བསྟན་ཀུན་གཞིའི་རྣམ་ཤེས་ཏེ། སྙིང་པོ་རབ་ཏུ་གསལ་བའི་མདོ་ལས། རིག་པ་གསལ་སྟོང་ཀུན་གཞི་སྟེ། །ལུང་མ་བསྟན་དུ་གྲགས་པའོ། །ཞེས་སོ། །ཀུན་གཞིའི་གསལ་སྟོང་དེ་གཅིག་དང་ཐ་དད་མ་ཡིན་པའི་ཟུང་འཇུག་སྟེ། དྲི་མེད་སྙིང་པོའི་མདོ་ལས། ཀུན་གཞི་གསལ་སྟོང་ལུང་མ་བསྟན། །གཅིག་དང་ཐ་དད་མ་ཡིན་ཞིང་། །སྟོང་དང་སྟོང་མིན་ཟུང་དུ་འཇུག ། དེ་ནི་ཆོས་རྣམས་ས་བོན་ནོ། །ཞེས་སོ། །དེ་ལ་རིག་པ་གསལ་སྟོང་དེ་ལས་ཀྱི་བག་ཆགས་ཀྱིས་གཡོགས་པས་ཟླ་བ་འགྲིབ་པ་དང་འགྲིབ་མེད་ཀྱི་དཔེ་ལྟར་ཀུན་གཞི་སེམས་ཅན་གྱི་ཁམས་ནས་འཁོར་ཡང་སྐྱེ་འགྲིབ་མེད་པས་རང་བཞིན་གྱིས་འོད་གསལ་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ལུས་ཅན་ཀུན་གྱི་ཀུན་གཞི་ནི། །ལས་ཀྱི་བག་ཆགས་རྣམས་ཀྱིས་གཡོགས། །དབང་པོ་ཚེས་པའི་ཟླ་མདོག་ལྟར། །དབྱེ་བའི་ཞིང་དུ་སྣང་བ་སྟེ། །རི་རབ་གནས་ཤིང་འཁོར་བར་ཡང་། །དངོས་པོ་འཇིག་པ་མ་ཡིན་ནོ། །དེ་བཞིན་སེམས་དང་རྣམ་ཤེས་ཡིད། །སེམས་ཅན་ཁམས་ན་འཁོར་མོད་ཀྱིས། །རྟག་ཏུ་རང་བཞིན་འོད་སྣང་བའོ། །ཞེས་སོ། །ཀུན་གཞི་ཀུན་གྱི་ས་བོན་ནི། ཀུན་གཞིའི་སྟེང་དུ་དགེ་མི་དགེ་ལུང་མ་བསྟན་གྱི་བག་ཆགས་བསགས་པས་ས་བོན་དུ་འགྱུར་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ཀུན་གཞི་སྣ་ཚོགས་གཟུགས་ཅན་ནི། །རྣམ་ཤེས་རྣམས་ཀྱི་གནས་ཡིན་ནོ། །བག་ཆགས་རྣམས་དང་ལྡན་པ་ཡི། །ཀུན་གཞི་ཀུན་གྱི་ས་བོན་ཅན། །དེ་ལས་བག་ཆགས་སྔ་མའི་ས་བོན་ལས་ཕྱི་མ་སྟེ། སྙིང་པོ་གསལ་བ་ལས། སྔ་མ་སྔ་མའི་བག་ཆགས་ལས། ཕྱི་མ་སྐྱེ་ཕྱིར་ས་བོན་ནོ། །བག་ཆགས་དེ་རྣམས་ནམ་བསགས་ཤེ་ན། སྟུག་པོ་བཀོད་པ་ལས། བྱིས་པ་རྣམས་ཀྱིས་འཁོར་གཟུགས་བརྟགས། །དེ་ཡི་དབྱིངས་ལ་ཐོག་མ་མེད། །གནས་ངན་ལེན་དང་ལས་ཀྱིས་བསྐྱེད། །བག་ཆགས་ཐོག་མ་མེད་པ་བསགས། །དེ་ལྟར་ཐོག་མ་མེད་པའི་ཀུན་གཞི་དང་བག་ཆགས་གཉིས། ཇི་ལྟར་གནས་ཤེ་ན། སྙིང་པོ་རབ་གསལ་ལས། གསེར་དང་གཡའ་ནི་ཇི་བཞིན་དུ། །ཀུན་གཞིའི་བག་ཆགས་དེ་བཞིན་ནོ། །ཡང་ན་ཆུ་རྡོ་དང་ཉ་ལྕིབས་ལྟ་བུ་སྟེ། སྙིང་པོ་རབ་གསལ་ལས། ཇི་ལྟར་ཆུ་རྟིང་རྡོ་བ་དག །ཉ་ལྕིབས་དག་གིས་ཡོངས་དཀྲིས་པ། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །བག་ཆགས་དྲི་མ་ཅན་དུ་བྱས། །ཞེས་སོ། །

ཀུན་གཞི་བག་ཆགས་སུ་སྨིན་པ་ནི། ཀུན་གཞིའི་སྟེང་དུ་དགེ་མི་དགེ་ལུང་མ་བསྟན་གྱི་བག་ཆགས་ཕྲ་བ་ལས་རགས་པར་སྨིན་པས་རིགས་དྲུག་སོ་སོའི་སྣང་བར་རྣམ་པར་སྨིན་པའོ། །སྙིང་པོ་རབ་གསལ་ལས། དགེ་དང་མི་དགེ་བར་མ་ཡིས། །བག་ཆགས་སྨིན་ལས་རིགས་དྲུག་འཁོར། །ཞེས་སོ། །ཀུན་གཞི་རྣམ་ཤེས་སུ་ཇི་ལྟར་བཞག་པ་ནི། ཀུན་གཞི་སྟོང་གསལ་འོད་ཀྱི་རང་བཞིན་གྱི་རྣམ་པ་ཤེས་ཤིང་། རིག་པའི་ཆ་ནས་ཀུན་གཞིའི་རྣམ་ཤེས་ཏེ། ས་སྡེ་ལས། ཀུན་གཞིའི་རྣམ་ཤེས་གསལ་ལ་རྟོག་མེད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་ཏེ། རྣམ་པར་ཤེས་པ་ཉིད་གསལ་ལ་རྟོག་མེད་དེ་ཞེས་པས་ཀུན་གཞིའི་རྣམ་ཤེས་ལ་ཕྱི་རོལ་གྱི་ཡུལ་དུ་གྲུབ་པ་མ་དམིགས་པ། དམིགས་པ་རྒྱ་ཡོངས་སུ་ཆད་པ་མེད་དོ། །དེ་ཡང་འཁོར་འདས་ཐམས་ཅད་ཀྱི་གཞིར་བརྟན་པར་གྱུར་པས་ན། རྣམ་བྱང་ཐ་དད་མེད་དོ། །རྒྱན་ལས། རྣམ་པར་བྱང་དང་ཐ་དད་མེད། །ཀུན་གཞི་ཐ་དད་གྱུར་པ་མིན། །དེ་སྟེ་རྣམ་བྱང་ཐ་དད་ན། །ཀུན་གཞི་རྟག་པ་མ་ཡིན་འགྱུར། །སྙིང་པོ་གསལ་བ་ལས། ཀུན་གཞི་ཀུན་གྱི་གཞིར་གྱུར་པས། །དེ་ཕྱིར་རྣམ་བྱང་གཞི་ཡིན་ནོ། །མདོ་གཞན་ལས་ཀྱང་དེ་ལྟར་རོ། །དེ་ལ་ཐོག་མ་མེད་པའི་དུས་ཀྱི་དབྱིངས་གཞི། ཁམས་ཤེས་བྱ་སྟེ། ལང་གཤེགས་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གཞི་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་ཀྱང་། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཡང་ན་ཀུན་གཞི་བདེ་གཤེགས་སྙིང་པོ་སྟེ། རྒྱུད་བླ་ལས། ཐོག་མ་མེད་དུས་ཅན་གྱི་ཁམས། །དེ་ཡོད་པས་ན་འགྲོ་ཀུན་ཀྱང་། །མྱ་ངན་འདས་པ་འབྱུང་བར་འགྱུར། །ཡང་ན་ཀུན་གྱི་གཞིའི་བདེ་གཤེགས་སྙིང་པོ་སྟེ། རྒྱན་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་སྟོན་པར་བྱེད། །སྙིང་པོ་ཀུན་གཞིར་གྲགས་པ་ཡང་། །བློ་ངན་རྣམས་ཀྱིས་མི་ཤེས་སོ། །ཡང་ལེན་པའི་རྣམ་ཤེས་ལུས་ཀྱི་གཞི། ཀུན་གྱི་གཞི་སེམས་བརྟེན་པ་ཞེས་བྱ་སྟེ། ས་སྡེ་ལས། རྣམ་པར་ཤེས་པ་དེས་དེ་ལྟར་ལུས་འདི་བཟུང་ཞིང་ཉེ་བར་བླངས་པས་ན་ལེན་པའི་རྣམ་ཤེས་ཞེས་ཀྱང་བྱའོ། །ལུས་འདི་ཡི་གཞིར་གྱུར་པས་ན་ཀུན་གཞི་ཞེས་ཀྱང་བྱའོ། །ལུང་དུ་མ་བསྟན་པས་ན་སེམས་ཅན་ཞེས་ཀྱང་བྱ་སྟེ། རྣམ་པར་ཤེས་པ་ཐམས་ཅད་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །

དེ་ལྟར་ན་ཐོག་མ་མེད་པའི་དུས། རིག་པ་དབྱིངས་ཁམས་ཀུན་གཞི། དེ་བཞིན་ཉིད་ཆོས་དབྱིངས་སྙིང་པོ་ཆོས་སྐུ་མ་སྐྱེས་པ་ཀུན་གཞིའི་རྣམ་ཤེས། སེམས་ཅན་ཀུན་ཁྱབ། གཞི་རྟེན་གསལ་སྟོང་ལུང་མ་བསྟན་རིག་པ་འོད་ཀྱི་ཁང་བུ། གནས་པའི་གཞི་ལ་སོགས་པ་མདོ་ལས་རྣམ་གྲངས་དཔག་ཏུ་མེད་དོ། །སྔགས་ནས་རྒྱུའི་རྒྱུད། གཞིའི་རྒྱུད། བཅུད་ཀྱི་རྒྱུད། བརྟེན་པའི་རྒྱུད། ཀུན་གྱི་རྒྱུད། ཐོག་མ་མེད་པའི་རྒྱུད། སྙིང་པོའི་རྒྱུད་ལ་སོགས་པ་རྣམ་གྲངས་མང་དུ་བཤད་དོ། །དེ་ལྟར་མདོ་རྒྱུད་ཀུན་ནས་ཀུན་གཞིའི་རྣམ་གྲངས་དཔག་ཏུ་མེད་པ་བཤད་པའི་མིང་དོན་ལ་མ་རྨོངས་པར་ཀུན་གཞི་དང་། སེམས་དང་། རྣམ་པར་ཤེས་པའི་གསང་བ་ལ་མཁས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མ་རྨོངས་ཤིང་ཁོང་དུ་ཆུད་པའོ་ཞེས་པ་ས་སྡེའི་མདོ་ལས་གསུངས་སོ། །

ཉོན་མོངས་པ་ཅན་གྱི་ཡིད་ནི། ཀུན་གཞིའི་རྣམ་ཤེས་རིག་པ་གསལ་སྟོང་འོད་ཀྱི་རང་བཞིན་དེ་ལ་དམིགས་པ་མ་ཡིན་པའི་བདག་ཏུ་འཛིན་པས་ན་ཉོན་མོངས་པ་ཅན་གྱི་ཡིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི། ཕྱི་ནང་གི་ཆོས་སམ། ཡུལ་རྣམས་འཛིན་པར་བྱེད་པས་ན་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། ལང་གཤེགས་ལས། སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །ངར་སེམས་དེ་ནི་ཉོན་མོངས་ཡིན། །གང་གིས་ཡུལ་རྣམས་འཛིན་པས་ན། །དེ་ནི་རྣམ་པར་ཤེས་ཞེས་བརྗོད། །ཅེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་ནི། མིག་གི་རྣམ་ཤེས་ཀྱིས་གཟུགས་འཛིན་པའོ། །རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལུས་ཀྱིས་རེག་བྱ་འཛིན་པའོ། །དེ་ལྟར་ཡུལ་དེ་རྣམས་རྣམ་པར་ཤེས་ཤིང་རིག་པས་ན་རྣམ་ཤེས་སུ་འཛིན་པའོ། །ཡང་ན་སེམས་ཀུན་གཞི་ནི་ལུང་མ་བསྟན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་མི་དགེ་བའོ། །ཡིད་ཀྱི་རྣམ་ཤེས་ནི་དགེ་མི་དགེ་གཉིས་སུ་འགྱུར་ཏེ། ལང་གཤེགས་ལས། སེམས་ནི་ཀུན་ཏུ་ལུང་མ་བསྟན། །ཡིད་ནི་གཉིས་ཀར་འགྱུར་བ་སྟེ། །རྣམ་པར་ཤེས་པ་འབྱུང་བ་ཡང་། །དེ་ནི་དགེ་དང་མི་དགེ་བའོ། །ཞེས་པས་ཡིད་ཀྱི་དགེ་བ་ནི་བཅུ་གཅིག་གོ །ཡིད་ཀྱི་མི་དགེ་བ་ནི་དྲུག །རྩ་བའི་ཉོན་མོངས་པ་ཉི་ཤུ །ཉེ་བའི་ཉོན་མོངས་པའོ། །དེས་ན་ཡིད་ནི་དགེ་མི་དགེ་གཉིས་སུ་འགྱུར་རོ། །སྒོ་ལྔའི་རྣམ་ཤེས་ནི་ལུང་མ་བསྟན་ནོ། །དེ་ལྟར་ཡང་ཏིང་ངེ་འཛིན་མཆོག་གི་མདོ་ལས། སེམས་ནི་ལུང་དུ་མ་བསྟན་པའོ། །ཉོན་མོངས་ཅན་ནི་མི་དགེ་བའོ། །ཡིད་ནི་དགེ་སྡིག་གཉིས་ཀའོ། །སྒོ་ལྔ་ནི་ལུང་དུ་མ་བསྟན་པའོ། །ཞེས་གསུངས་སོ། །གསང་བ་སྔགས་ཀྱི་གཞི་ནི་དབང་བཞི་སྟེ། ཡེ་ཤེས་མངོན་འབྱུང་ལས། གཞིའི་རྒྱུད་ནི་དབང་བཞི་སྟེ། །བསྐྱེད་རྫོགས་གཞི་རྟེན་ཡིན་ཕྱིར་རོ། །མཁའ་འགྲོ་གསང་བ་ལས། རྒྱུད་ནི་དབང་བཞིའི་ངོ་བོ་སྟེ། །བརྗོད་བྱ་རྗོད་བྱེད་རྒྱུད་དུ་འགྱུར། །ཞེས་གསུངས་སོ། །དེ་དག་གིས་ཇི་ལྟར་གནས་པའི་གཞི་བསྟན་ཏོ། །

དེ་ནས་ཐབས་ཀྱི་རང་བཞིན་ནམ་ལམ་ཟུང་འཇུག་རྟགས་མཚུངས་ལྡན་དུ་བསྟན་པར་བྱ་སྟེ། དེ་གང་ཞེ་ན། ལམ་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་སྒྱུ་མ་རྨི་ལམ་དབྱེར་མེད་དུ་བསྟན་པ་ནི། ཁྲི་བརྒྱད་སྟོང་པ་ལས། ལྷའི་བུ་དག་དྲན་པ་ཉེ་བར་བཞག་པ་རྣམས་ནི། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་དག་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་ནོ། །དམ་ཚིག་བཀོད་པའི་རྒྱུད་ཕྱི་མ་ལས། གསང་བའི་བདག་པོ་སྒོ་ལྔའི་ཡུལ་གྱི་བརྟན་པ་དང་གཡོ་བ་ཐམས་ཅད་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་སྐུ་སྒྱུ་མ་ལྟ་བུར་རྟོགས་པར་གྱིས་ཤིག །རྟེན་དང་བརྟེན་པ་དེ་དག་ཀྱང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་དབྱེར་མེད་དུ་རྟོགས་པར་གྱིས་ཤིག །དེ་ལྟར་རྟེན་དང་བརྟེན་པ་དེ་དག་དང་། སྒྱུ་མ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་སོ། །དེ་ལས་ཀྱང་ལམ་མཆོག་ཏུ་གྱུར་པ། བླ་མའི་མོས་གུས་ལོ་ཟླས་ས་ལམ་རྣམས་བགྲོད་དེ། ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་བགྲོད། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་སོ། །དམ་ཚིག་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་འཐོབ་འགྱུར། །ཞེས་སོ། །རྒྱུ་སྡེ་ལྔ་བཅུ་ལས་ཀྱང་དེ་ལྟར་རོ། །དེ་ཡང་སྣང་བ་ཐམས་ཅད་རིགས་ལྔར་གནས་པ་དེ་ལམ་དུ་བླངས་ནས་བསྒོམས་པས་སྣང་བ་གཞན་གྱིས་སེལ་མི་འཇུག་པ་ནི་གསང་སྔགས་ཀྱི་དམ་ཚིག་ལ་གནས་པ་སྟེ། རིགས་ལྔའི་དམ་ཚིག་བཀོད་པ་ལས། སྒྲིབ་པ་རྣམ་པར་སེལ་བ་གང་དེ་ལ་རིགས་ལྔའི་དམ་ཚིག་ལ་གནས་པར་འདོད་པས་སྣང་བའི་དབྱིབས་ཐམས་ཅད་ཕྱག་མཚན་ལྟར་ཤེས་པར་བྱའོ། །ཁ་དོག་སྣ་ཚོགས་རིགས་ལྔར་ཤེས་པར་བྱའོ། །དེ་བཞིན་དུ་འབྱུང་བ་ལྔ་དང་། ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་དང་། སེམས་ཅན་སྣ་ཚོགས་ཀྱང་རིགས་ལྔར་ཤེས་པར་བྱའོ། །དེ་ལྟར་དབྱིབས་དང་། ཁ་དོག་དང་། འབྱུང་བ་དང་། ཕུང་པོ་དང་། ཉོན་མོངས་པ་དང་། སེམས་ཅན་སྣ་ཚོགས་དང་། རིགས་ལྔ་ལས་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ། །ཡང་ན་ཆོ་གས་བསྐྱེད་པའམ། རང་ཤར་ལྷ་སྐུ་དེའི་སྣང་ཆ་བསྐྱེད་རིམ། སྟོང་ཆ་རྫོགས་རིམ། རང་བཞིན་དབྱེར་མེད་ཟུང་འཇུག་སྟེ། མངོན་འབྱུང་ལས། ཐ་མལ་དག་བྱེད་ལྷ་ཡི་སྐུ། །སྣང་བའི་ཆ་ལས་བསྐྱེད་པ་དང་། །སྟོང་པའི་ཆ་ལས་རྫོགས་རིམ་སྟེ། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཡང་དེ་ཉིད་ལས། དངོས་རྣམས་སྣང་སྟོང་དབྱེར་མེད་པ། །བསྐྱེད་དང་རྫོགས་དང་ཟུང་འཇུག་སྟེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ལྷའམ་སྣང་བ་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུར་ཉམས་སུ་བླང་སྟེ། དམ་ཚིག་བཀོད་པ་ལས། ཆོས་རྣམས་གསལ་བ་སྤྲུལ་པའི་སྐུ། །དེ་ལ་མི་རྟོག་ཆོས་ཀྱི་སྐུ། །རྟོག་བྲལ་བདེ་ཕྱིར་ལོངས་སྤྱོད་རྫོགས། །བྱང་ཆུབ་ཚུལ་འདི་བསྟན་པའོ། །དེ་ལྟར་ཆོས་ཐམས་ཅད་གསལ་ལ་རྟོག་མེད་དུ་ཤེས་པ་ནི། ལམ་གྱི་ཡེ་ཤེས་ཚེས་གཅིག་གི་ཟླ་བ་ལྟ་བུ་དང་། འབྲས་བུའི་ཡེ་ཤེས་ཟླ་བ་གང་བ་ལྟ་བུ་སྟེ། དྲི་མ་མེད་པར་གྲགས་པའི་མདོ་ལས། གང་གིས་ཏིང་འཛིན་མཆོག་ལ་གནས། །དེ་ནི་གསལ་ལ་རྟོག་མེད་དེ། །རྣམ་རྟོག་མི་མངའ་ས་ལེ་མཁྱེན། །ལམ་དང་འབྲས་བུའི་ཡེ་ཤེས་ཏེ། །ཚེས་གཅིག་དབང་པོ་རྒྱས་བཞིན་ནོ། །དེ་ལྟར་སྣང་བ་དང་། ལྷ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། སྒྱུ་མ་རྣམས་གཉིས་སུ་མེད་པར་ལམ་དུ་བླངས་པ་ནི། རྒྱལ་བའི་མདོ་རྒྱུད་རྣམས་ཁོང་དུ་ཆུད་པར་ཤེས་པར་བྱའོ། །

དེ་ནས་ཉམས་མྱོང་དང་། ལམ་ལྔ་ས་བཅུ་སྒྱུ་མ་དབྱེར་མེད་དུ་རྒྱས་པར་བཤད་པར་བྱ་སྟེ། དེ་ཡང་ལམ་གྱི་ངོ་བོ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་མོ། །ངེས་ཚིག་ནི། བླ་ན་མེད་པའི་བྱང་ཆུབ་ལ་ཕྱིན་པར་འདོད་པས་ལམ་མོ། །དབྱེ་ན། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །དེ་ལ་ཚོགས་ལམ་གྱི་ངོ་བོ་སྡིག་པ་སྤོང་ཞིང་དགེ་བ་དང་དུ་ལེན་པའོ། །ངེས་ཚིག་ནི། ཆོས་ཉིད་ཐོབ་པའི་དོན་དུ་ཚོགས་སོག་པའོ། །དབྱེ་ན། ཚོགས་ལམ་ཆུང་ངུ་། འབྲིང་པོ། ཆེན་པོའོ། །དེ་ལ་བག་མེད་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པས་ཚོགས་ལམ་ཆུང་ངུའི་ཏིང་ངེ་འཛིན་དྲན་པ་ཉེ་བར་བཞག་པ་བཞི་འབྱུང་སྟེ། བྱང་ཆུབ་སེམས་དཔའ་བློ་གྲོས་རབ་བརྟན་གྱི་མདོ་ལས། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་དྲན་པ་ཉེ་བར་བཞག་པ་བཞི་ཇི་ལྟར་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། གང་དེ་ལ་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པ་བསྒོམ་པ་གང་ཞེ་ན། ལུས་ཀྱི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་སོ་སོར་བརྟགས་ཏེ། ཀྱེ་མ་ལུས་འདི་རྒྱུ་དང་རྐྱེན་ལས་སྐྱེས་པ། མི་རྟག་ཅིང་འགྱུར་བ་སྒྱུ་མ་ལྟ་བུ་སྟེ། ལུས་འདི་ལ་ངའི་མི་བྱ་བར་ལུས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱའོ། །སྙིང་པོ་གང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་བསྒྲུབ་ཅིང་འཐོབ་པར་བྱའོ། །དེ་ནི་ལུས་ཀྱི་དྲན་པ་ཉེ་བར་བཞག་པའོ། །བློ་གྲོས་རབ་བརྟན། ཚོར་བ་ལ་ཚོར་བའི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པ་གང་ཞེ་ན། ཚོར་བ་གང་ཅི་ཡང་རུང་སྟེ། བདེ་བའི་ཚོར་བ་ལ་དགའ་བར་བྱེད་པ། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་བར་བྱེད་པ། གཉིས་ཀ་མ་ཡིན་པ་ལ་རྨོངས་པར་བྱེད་པ། བདག་གིས་ཚོར་བ་ཐམས་ཅད་སྒྱུ་མ་ལྟ་བུ་རང་བཞིན་མེད་པར་སྦྱངས་ལ། སེམས་ཅན་ཐམས་ཅད་ཀྱི་ཚོར་བ་རྒྱུན་གཅད་པར་བྱ་བའི་ཕྱིར་ཆོས་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྟོགས་པའི་ཚོར་བ་ནི་བདེ་བ། མི་རྟོག་པའི་ཚོར་བ་ནི་སྡུག་བསྔལ་པར་འགྱུར་བས་ན། དམིགས་པ་དང་། ཡིད་ལ་བྱེད་པ་ཐམས་ཅད་དང་ཇི་སྲིད་ཆོས་སུ་བཏགས་པ་ཐམས་ཅད་ཀྱི་ཚོར་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་ནི། ཚོར་བ་དྲན་པ་ཉེ་བར་བཞག་པའོ། །བློ་གྲོས་རབ་བརྟན། སེམས་ལ་སེམས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པ་གང་ཞེ་ན། སེམས་ནི་སྐྱེས་ནས་འཇིག་ཅིང་མི་གནས་པས་བདག་གིས་ཐོག་མར་སེམས་བསྐྱེད་ཅིང་གནས་པ་དེ་ཡང་ཟད་ཅིང་གང་ན་ཡང་མི་གནས་པས་སེམས་ཀྱིས་སེམས་མི་མཐོང་ངོ་། །དེ་ལ་སེམས་ཀྱི་མཚན་ཉིད་ནི་སྒྱུ་མ་འདྲ་བ་སྟེ། མཚན་ཉིད་མེད་པས་འཛིན་པ་དང་བྲལ་བ་ལ་གནས་པར་བྱའོ། །དེ་ནི་སེམས་དྲན་པ་ཉེར་བཞག་གོ །བློ་གྲོས་རབ་བརྟན། ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་བའི་དྲན་པ་ཉེ་བར་བཞག་པ་གང་ཞེ་ན། གང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་རྟོགས་པའི་ཆོས་སུ་གྲུབ་པའི་རྡུལ་ཙམ་མི་དམིགས་ཏེ། ཆོས་དེ་ལ་བལྟ་ཞིང་གནས་པ་ནི། ཆོས་ཉིད་ཡང་དག་པ་མཐོང་གི །ཆོས་སུ་མ་ཡིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

དེ་ལ་དྲན་པ་ཉེ་བར་བཞག་པ་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་ཇི་སྙེད་ཆོས་སུ་བཏགས་པ་ཐམས་ཅད་མིང་ཙམ། མིང་དང་ཆོས་ཕྱི་ནང་གང་དུ་ཡང་མི་རྙེད་པས་མཐའ་མེད་ཅིང་མ་གྲུབ་པ་ནི་ཆོས་ཀྱི་དྲན་པ་ཉེར་བཞག་གོ །དེ་ཡང་ཚོགས་ལམ་འབྲིང་པོར་སྡིག་པ་མི་དགེ་བ་སྡུག་བསྔལ་གྱི་རྒྱུ་ལ་དུག་ཏུ་བལྟས་ནས་སྤོང་བའི་ཕྱིར་ཡང་དག་པར་སྤོང་བ་བཞི་བསྒོམ་སྟེ། བློ་གྲོས་རབ་བརྟན་གྱིས་གསོལ་པ། ཡང་དག་སྤོང་བ་བཞི་ཇི་ལྟར་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། བྱང་ཆུབ་སེམས་དཔའི་ལམ་བཞི་གང་ཞེ་ན། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད། འབད་པར་བྱེད། བརྩོན་འགྲུས་བརྩམས། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་གོ །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་རབ་ཏུ་སྤོང་བའི་ཕྱིར། འདུན་པ་བསྐྱེད་པ་ལ་སོགས་པ་སྔ་མ་བཞིན་ནོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད་པ་ལ་སོགས་པ་སྔ་མ་བཞིན་ནོ། །དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང་། ཕྱིར་ཞིང་འཕེལ་བ་དང་། ཉམས་པར་མི་འགྱུར་བ་དང་། ཆུད་མི་ཟ་བའི་ཕྱིར་འདུན་པ་བསྐྱེད་པ་ལ་སོགས་པ་གོང་བཞིན་ནོ། །བློ་གྲོས་རབ་བརྟན། གང་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་མི་མཐུན་ཕྱོགས་སོ། །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ནི། ཚུལ་ཁྲིམས་ཉམས་པ་དང་། ཚུལ་ཁྲིམས་ཉམས་པར་འགྱུར་བའི་ཆོས་རྣམས་སོ། །ཏིང་ངེ་འཛིན་གྱིས་ནི་སེམས་གཡེང་བར་བྱེད་ཅིང་། ཏིང་ངེ་འཛིན་ཉམས་པར་བྱེད་པ་རྣམས་སོ། །ཤེས་རབ་ཀྱིས་ནི་ལྟ་བ་ཉམས་པ་དང་། ལྟ་བ་མཆོག་འཛིན་གྱི་ཡང་དག་པའི་དོན་ལ་སྒྲིབ་པའི་ཆོས་རྣམས་སོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི། མི་དགེ་བའི་ཆོས་སྤོང་བའི་ཕྱིར་འདུན་པ་བསྐྱེད་འབད། བརྩོན་འགྲུས་བརྩམས། སེམས་རབ་ཏུ་འཛིན། ཡང་དག་པར་འཇོག་པ་ནི། ཡང་དག་པར་སྤོང་བ་དང་པོའོ། །གང་ཡང་མི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི། འདོད་པས་ཆགས་པ་ཁོང་ཁྲོས་སྡང་མ་རིག་པས་རྨོངས་ཏེ། རྒྱུ་གང་ལས་བྱུང་ཞེས་པའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ནི། མི་གཙང་པས་འདོད་ཆགས། བྱམས་པས་ཞེ་སྡང་། རྟེན་འབྲེལ་གྱིས་གཏི་མུག་ཞི་བར་བྱེད་དོ། །

གང་ཉོན་མོངས་པ་དེ་དག་ཐ་དད་དུ་བཏགས་པས་སྤོང་ཞེས་བྱ་བ་ནི། གང་སྤོང་བ་དེ་ནི་རྙེད་པར་མི་འགྱུར་བས་ཡང་དག་པར་སྤོང་བས་ཏེ་གཉིས་པའོ། །གང་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད། འབད་བརྩོན་འགྲུས་བརྩམས། སེམས་ཡང་དག་པ་རབ་ཏུ་འཇོག་ཅེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ཆོས་དགེ་བའི་ཆོས་ཚད་མེད་པ་ལ་འདུན་པ་དང་། སེམས་རབ་ཏུ་འཛིན་པས་ཉམས་སུ་ལེན་པར་བྱེད་པ་ནི། དགེ་བའི་རྩ་བ་ཐམས་ཅད་ཀྱི་རྩ་བ་སྟེ། ཡང་དག་པར་སྤོང་བ་གསུམ་པའོ། །དགེ་བའི་ཆོས་སྐྱེས་པ་གནས་པ་དང་། ཉམས་པར་མི་འགྱུར་བ་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་བྱང་ཆུབ་ཏུ་བསྔོའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཡང་དགེ་བའི་རྩ་བ་ཐམས་ཅད་ཁམས་གསུམ་ལ་མི་གནས་པར་ཐམས་ཅད་མཁྱེན་པར་བསྔོས་པ་དེ་ལ་ཟད་པར་འགྱུར་བ་གང་ཡང་མེད་པས་ཡང་དག་པར་སྤོང་བ་བཞི་པའོ། །

དེ་ནས་ཚོགས་ལམ་ཆེན་པོར་ཏིང་ངེ་འཛིན་གྱི་རང་བཞིན་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་བྱ་སྟེ། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་བཞི་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། བྱང་ཆུབ་སེམས་དཔའི་ལམ་ལ་བཞི་སྟེ། བཞི་གང་ཞེ་ན། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །བློ་གྲོས་རབ་བརྟན། གང་དེ་ལ་ཆོས་ཐམས་ཅད་གང་དུ་ཡང་མ་གྲུབ་པ་སྒྱུ་མ་ལྟ་བུ་དང་། གང་དུ་ཡང་མི་དམིགས་ཤིང་འཛིན་པ་དང་བྲལ་བའི་ཆོས་ཐམས་ཅད་ལ་མི་སྔངས། སྔངས་པར་མི་འགྱུར་བ་དགའ་བ་སྤྲོ་བ་དང་འདུན་པར་བྱེད་པ་དེ་ནི། འདུན་པའི་ཏིང་ངེ་འཛིན་ནོ། །བློ་གྲོས་རབ་བརྟན་གང་དད་པ་རྩེ་གཅིག་པའི་འདུན་པ་དང་ལྡན་པ་དེས་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་བརྩོན་པ་འདོར་ཞིང་། ལེ་ལོར་གྱུར་པ་ཐམས་ཅད་ཀྱིས་མི་ཚུགས་པར་བརྩོན་འགྲུས་རྒྱུན་ཆད་མེད་པ་དང་ལྡན་པ་ནི། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནོ། །བློ་གྲོས་རབ་བརྟན། གང་རྩོལ་བའི་རྩོལ་བ་རྒྱུན་མི་ཆད་པ་དང་ལྡན་པ་དེས་སེམས་ནི་གང་དུ་ཡང་མ་གྲུབ་ཅིང་མི་དམིགས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ལ་སེམས་རྩེ་གཅིག་པ་ནི། སེམས་ཀྱི་ཏིང་ངེ་འཛིན་ཏོ། །བློ་གྲོས་རབ་བརྟན་གང་རྩེ་གཅིག་པར་གྱུར་པའི་ཏིང་ངེ་འཛིན་དང་ལྡན་པ་དེས་འགྲོ་བ་དང་། འཆག་པ་དང་། འདུག་པ་དང་། ཉལ་བའི་དུས་ཐམས་ཅད་དུ་ཡང་ཏིང་ངེ་འཛིན་དེ་ལས་མི་འདའ་བར་སྤྱོད་པ་ནི། སྤྱོད་པའི་ཏིང་ངེ་འཛིན་ནོ། །བློ་གྲོས་རབ་བརྟན། དེ་ལ་ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ན། ཏིང་ངེ་འཛིན་དེས་ལོག་པར་གྱུར་པའི་ཆོས་ཐམས་ཅད་སྤོང་བར་བྱེད། ཡང་དག་པར་དགའ་བར་བྱེད་དེ། ཡང་དག་པའི་གནས་སུ་ཕྱིན་པར་བྱེད། བགྲོད་པར་བྱེད་པས་ན། ཏིང་ངེ་འཛིན་གྱི་རང་བཞིན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེ་ལ་ཚོགས་ལམ་ཆུང་ངུ་ཐར་པའི་ཆ་མཐུན། དཀོན་མཆོག་ལ་དད་པའི་དམིགས་པ་ཁྱད་པར་ཅན་དང་ཆོས་སོ་སོར་འབྱེད་པའི་དད་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའོ། །འབྲིང་པོ་ཐར་པའི་ཆ་མཐུན་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དམིགས་པའི་སྤྲོ་བ་དང་བརྩོན་པ་སྐྱེ་བའོ། །ཆེན་པོ་ཐར་པའི་ཆ་མཐུན་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུན་ཐུང་ལ་གྲངས་མང་བ་རྒྱུད་ལ་སྐྱེ་བའོ། །

དེ་ལྟར་ཚོགས་ལམ་བཞི་གསུམ་བཅུ་གཉིས་ཀྱི་རྟགས་ནི། ཚུལ་ཁྲིམས་དག་པའི་རྟགས་དབང་པོའི་སྒོ་ཚུལ་བཞིན་མ་ཡིན་པ་ལས་བསྡམས་པས་ཁ་ན་མ་ཐོ་བའི་སྡིག་པ་ཕྲ་མོ་ལ་འཛེམས་པས་ཕྱི་རོལ་གྱི་ཆགས་སྡང་གི་དགྲ་ཐམས་ཅད་རང་ལས་བྱུང་བར་ཤེས་ཤིང་། བདག་དང་གཞན་མེད་པར་ཤེས་པའོ། །སྤང་བྱ་ནི་དུག་གསུམ་གྱིས་བསྡུས་པའི་མི་དགེ་བ་བཅུའོ། །ས་མཚམས་ནི། འདུན་པ་སྔོན་དུ་སོང་བའི་སེམས་དང་པོ་བསྐྱེད་པ་ནས་དྲོད་ཀྱི་ཡེ་ཤེས་མ་སྐྱེས་བར་དུ་ཚོགས་ལམ་མོ། །དེ་ནས་སྦྱོར་ལམ་བཤད་པར་བྱ་སྟེ། སྦྱོར་ལམ་གྱི་ངོ་བོ་ནི། ཞི་གནས་དང་ལྷག་མཐོང་ཟུང་འཇུག་ཏུ་བསྒོམས་པའོ། །ངེས་ཚིག་ནི། མཐོང་ལམ་ལ་སྦྱོར་བར་བྱེད་པས་ན་སྦྱོར་ལམ་མོ། །དབྱེ་བ་ལ་བཞི་སྟེ། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་གོ །མཚན་ཉིད་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ཡི་སྔ་ལྟས་ཡིན་པས་དྲོད། ཡང་ན་ཉོན་མོངས་པ་སྐྱེས་པ་རྣམས་གཞི་མེད་དམ་རང་བཞིན་མེད་པའི་ཕྱིར་རྟོགས་པས་དྲོད་དོ། །དགེ་བའི་རྩ་བ་རྣམ་གཡོ་བའི་ཕྱིར་རམ། རྣམ་བྱང་གི་ཆོས་རྣམས་གསལ་སྟོང་འཛིན་མེད་དུ་བག་ཙམ་རྟོགས་པས་རྩེ་མོའི་ཡེ་ཤེས་སོ། །ཡིད་ལ་བྱེད་པའི་སྒོམ་པ་ནི་དྲོད་དང་རྩེ་མོའི་དུས་སུ་དབང་པོ་ལྔ་བསྒོམ་པར་བྱ་སྟེ། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་དབང་པོ་ལྔ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། བྱང་ཆུབ་སེམས་དཔའི་ལམ་ལ་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་མངོན་པར་དད་དེ། ལས་ཀྱི་རྣམ་པར་སྨིན་པ་ལ་འཇིགས་པས་སྡིག་པ་སྲོག་གི་ཕྱིར་ཡང་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐོས་ནས་ཐེ་ཚོམ་མེད་པར་དགའ་ཞིང་དད་པ་ནི་དད་པའི་དབང་པོའོ། །བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པ་བརྩོན་འགྲུས་ཀྱི་དབང་པོ་བསྐྱེད་པར་བྱེད་དེ། དེ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་བརྩོན་འགྲུས་ཀྱིས་བསྡུས་པ་དེ་དག་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པ་དེ་ནི་དྲན་པའི་དབང་པོའོ། །ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། ཆོས་གང་དྲན་པའི་དབང་པོས་ཆུད་མི་ཟ་བར་བྱེད་པ་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་མ་ཡེངས་པར་རྩེ་གཅིག་ཏུ་བྱེད་པ་དེ་ནི། ཏིང་ངེ་འཛིན་གྱི་དབང་པོའོ། །ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བྱེད་པ་དེ་དག་ཤེས་རབ་ཀྱི་དབང་པོས་བརྟགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་མ་གྲུབ་པར་ཤེས་པ་ནི། ཤེས་རབ་ཀྱི་དབང་པོའོ། །

དེ་ལ་སྤྱིར་སྦྱོར་ལམ་བཞིར་གནས་པའི་རྟགས་ཉི་ཤུ་ལས། དང་པོ་དྲོད་རྟགས་བཅུ་ནི། བྱམས་མགོན་གྱིས། གཟུགས་སོགས་འདུ་ཤེས་ལྡོག་པ་དང་། །ཐེ་ཚོམ་མི་དལ་ཟད་པ་དང་། །བདག་ཉིད་དགེ་ལ་གནས་པ་ནི། །གཞན་དག་དགེ་ལ་འགོད་པ་དང་། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང་། །ཟབ་མོའི་དོན་ལ་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲིབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང་། །བག་ལ་ཉལ་ཀུན་འཇོམས་པ་དང་། །དྲན་པ་དང་ནི་ཤེས་བཞིན་དང་། །ཡེ་ཤེས་མངོན་འབྱུང་ལས། སྒྱུ་མ་ལྟ་བུའི་ཉམས་མྱོང་ནི། །ཅུང་ཟད་དྲོད་ཀྱི་ཡེ་ཤེས་ཏེ། །རེ་འགའ་སྤྱོད་པའི་བརྟུལ་ཞུགས་བསྟན། །དེ་ཡིས་ཉམས་མྱོང་འཕེལ་བར་བྱེད། །ཅེས་སོ། །

རྩེ་མོའི་རྟགས་དྲུག་ནི། བྱམས་པས། གོས་ལ་སོགས་པ་གཙང་བ་དང་། །ལུས་ལ་སྲིན་བུ་རྣམས་མི་འབྱུང་། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང་། །རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། རྣམ་པ་བཅུ་གཉིས་དག་ཏུ་བཞེད། །རྒྱ་མཚོའི་རྒྱུད་ཕྱི་མ་ལས། རྨི་ལམ་ནུབ་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ། །ཞེས་སོ། །དེ་ནས་སྟོབས་ལྔ་བཟོད་པ་དང་ཆོས་མཆོག་དུས་སུ་བསྒོམ་པར་བྱ་སྟེ། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས། སྟོབས་ལྔ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རབ་བརྟན། བྱང་ཆུབ་སེམས་དཔའི་ལམ་ལ་ལྔ་སྟེ། ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དེ་ལ་དད་པའི་སྟོབས་གང་ཞེ་ན། གང་ལ་དད་ཅིང་མོས་པ་རྩེ་གཅིག་པ་དེ་ལ་གང་གིས་ཀྱང་མི་རྫུ་བ་སྟེ། དེའི་དྲུང་དུ་བདུད་ཀྱིས་སངས་རྒྱས་སུ་བསྒྱུར་ནས་འོང་སྟེ། ཁྱེད་ཀྱི་དེ་ནི་ཆོས་མ་ཡིན་ནོ་ཞེས་བསྒྱུར་བར་བྱེད། བཟློག་པར་བྱེད་ཀྱང་། དེ་ནི་འབྲལ་བར་མི་བྱེད། འབྱར་བར་མི་བྱེད་དོ། །དེ་ཡང་འབྱུང་བ་ཆེན་པོ་བཞི་གཞན་དུ་འགྱུར་ཡང་སྲིད་ཀྱི། དད་པའི་སྟོབས་ལ་མོས་པ་དེ་ནི། སྟོབས་དེ་ལས་འབྲལ་བར་མི་ནུས་པས་ན་སྟོབས་སོ། །བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། གང་བརྩོན་འགྲུས་བརྩམས་ཤིང་དགེ་བའི་ཆོས་གང་དང་གང་ལ་བརྟན་པའི་སྟོབས་ཀྱི་མཐུ་སྟོབས་ཀྱང་། གནས་དེར་མ་ཕྱིན་བར་དུ་བརྩོན་པའི་སྟོབས་དེ་སུས་ཀྱང་བཟློག་པར་མི་ནུས་པ་དེ་ནི་བརྩོན་འགྲུས་ཀྱི་སྟོབས་སོ། །དྲན་པའི་སྟོབས་གང་ཞེ་ན། ཆོས་གང་དང་གང་ལ་དྲན་པ་ཉེ་བར་བཞག་པས་སེམས་མི་གཡེང་པ་སྟེ། དེ་ལ་ཉོན་མོངས་པ་གང་གིས་ཀྱང་རྫུ་བར་མི་ནུས་པས་དྲན་པའི་སྟོབས་སོ། །ཉོན་མོངས་པས་དྲན་པ་མི་ཆོམ་པས་ན་དྲན་པའི་སྟོབས་ཞེས་བྱའོ། །ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། དྲན་པ་བག་ཡོད་ཉོན་མོངས་པས་མི་བརྫུ་བ་དེ་གང་དུ་གནས་ཀྱང་འདུ་འཛི་ལས་དབེན་པ་སྟེ། གཟུགས་སྒྲ་ལ་སོགས་ཆགས་སྡང་གི་ཡུལ་ཐམས་ཅད་ལ་དེར་འཛིན་གྱི་འདུ་ཤེས་མ་ཞུགས་པར་ཆོས་གང་ལ་ཡང་རྣམ་པར་མི་རྟོག་པ་ནི། འདུ་འཛི་ལས་དབེན་པའི་སྟོབས་ཐོབ་པ་སྟེ། ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱའོ། །ཤེས་རབ་ཀྱི་སྟོབས་གང་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤེས་རབ་ཀྱི་སྟོབས་དེས་ཡོངས་སུ་ཤེས་ན། འཇིག་རྟེན་པ་རྣམས་འཁོར་བ་ལས་གྲོལ་བར་བྱེད་པ་དེ་ནི། ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ལས་བྱུང་བས་ན་ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་སྟོབས་ལྔ་ཞེས་བྱ་ཞེ་ན། དབང་པོ་ལྔ་བརྟན་ཅིང་དེའི་སྟོབས་ལྔ་རྒྱས་པས་ན་སྟོབས་ལྔ་ཞེས་བྱའོ། །

དེ་ལ་བཟོད་པའི་རྟགས་གཉིས་ནི། བྱམས་མགོན་གྱིས། ཆོས་ཉིད་ལྡན་པར་འགྲོ་བ་དང་། །སེམས་ཅན་དོན་དུ་དམྱལ་ཚོལ་དང་། །གཞན་གྱིས་དཀྲི་བར་མི་ནུས་དང་། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང་། །བུ་མོ་བཞིས་ཞུས་པ་ལས། ནགས་ཁྲོད་གཅིག་པུར་གནས་བྱས་ནས། །ཆོས་རྣམས་སྒྱུ་མར་ཉམས་བླངས་པས། །རྨི་ལམ་སྣ་ཚོགས་རྨི་ལམ་ཤེས། །བཟོད་པ་ལ་གནས་ངན་སོང་བྲལ། །ཆོས་མཆོག་རྟགས་ནི་གཅིག་པོ་སྟེ། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོའི་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཁྱེའུ་རབ་གནང་ལས། འཇིག་རྟེན་ཞེན་པ་ཀུན་བྲལ་ནས། །ཕན་པའི་སེམས་དང་གང་ལྡན་པ། །རྒྱལ་བ་མཉེས་པར་བྱེད་པ་ཡི། །ཆོས་གཞན་ཡོད་པ་མ་ཡིན་ནོ། །སྤང་བྱ་ནི་གོང་བཞིན་ནོ། །ས་མཚམས་ནི། དྲོད་ཀྱི་ཡེ་ཤེས་ནས་འཇིག་རྟེན་ཆོས་མཆོག་གི་བར་རོ། །

དེ་ནས་མཐོང་ལམ་བཤད་པར་བྱ་སྟེ། མཐོང་ལམ་གྱི་ངོ་བོ་ནི། བདེན་བཞིའི་དོན་དམིགས་མེད་དོ། །ངེས་ཚིག་ནི། སྔར་མ་མཐོང་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བས་མཐོང་ལམ་མོ། །དབྱེ་ན་བཞི་སྟེ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་མོ། དབྱེ་བའི་མཚན་ཉིད་ནི་སྡུག་བསྔལ་ལ་སོགས་པའི་བདེན་བཞི་སྟོང་པ་ཉིད་དུ་མཐོང་བ་ནི་ཆོས་ཤེས་པའི་བཟོད་པ་དང་། དེའི་སྟེང་དུ་སྐད་ཅིག་ཕྱི་མའི་ཤེས་པ་སྟོང་ཉིད་དེ་རྒྱ་ཆེར་མཐོང་བ་ནི། མཐོང་ལམ་གྱི་ཆོས་ཉིད་མཐོང་བའོ། །བཟོད་པ་དང་ཆོས་ཤེས་གཉིས་པོ་དེ་བྱང་ཆུབ་ཐོབ་པའི་རྒྱུ་ཕྱིན་ཅི་མ་ལོག་པར་འདུག་སྙམ་དུ་རྟོགས་པ་དེ་བདེན་པ་བཞི་ལ་རྗེས་སུ་ཤེས་པའི་བཟོད་པ། དེ་ལྟར་རྟོགས་པ་དེ་མ་ནོར་ཐག་ཆོད་ངེས་ཤེས་སྐྱེས་པ་ནི་བདེན་པ་བཞི་ལ་རྗེས་སུ་ཆོས་ཤེས་པའི་བཟོད་པའོ། །དེས་ནི་མཐོང་བའི་ལམ་གྱི་ཡེ་ཤེས་མཐོང་བའོ། །དེ་རྣམས་ནི་ཆོས་ཉིད་རྒྱ་ཆུང་བ། ཆེ་བ་དེ་བས་ཆེ་བ། ཤིན་ཏུ་ཆེ་བ་དང་བཞི་སྟེ། ཁྱབ་ཆེ་ཆུང་གི་ཁྱད་པར་དུ་བྱས་པའོ། །ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་འབྱུང་གནས་ཀྱིས་ཞུས་པའི་མདོ་ལས། བློ་གྲོས་འབྱུང་གནས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་བདུན་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་འབྱུང་གནས། གང་གིས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་མ་གྲུབ་པའི་ཕྱིར། ཆོས་སུ་བཏགས་པ་ཐམས་ཅད་གང་དུ་ཡང་མི་དམིགས་པ་སྒྱུ་མ་ལྟ་བུ་ནི། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གོ །བློ་གྲོས་འབྱུང་གནས་གང་གིས་ཆོས་ཐམས་ཅད་ཀྱི་འདུ་ཤེས་ཤིན་ཏུ་བཤིག་པའི་ཕྱིར། ཁམས་གསུམ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མི་ལེན་མི་འདོར་བར་ལམ་གྱི་མངོན་པར་རྟོགས་པ་འཛིན་པ་དང་བྲལ་བ་ལ། སྤྲོ་བ་དང་། མི་རྟོག་པའི་མོས་པ་དང་། བརྩོན་པ་མི་འདོར་བ་འདི་ནི། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བློ་གྲོས་འབྱུང་གནས། གང་གིས་དགའ་བ་དང་མི་དགའ་བ་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར། འདུ་བྱེད་ཀྱི་ཆོས་ཐམས་ཅད་ལ་དགའ་བ་མི་སྐྱེ་བར་ཀུན་ནས་ཉོན་མོངས་པ་སེལ་བ་འདི་ནི། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བློ་གྲོས་འབྱུང་གནས། གང་གིས་དམིགས་པར་འགྱུར་བའི་ཆོས་ཐམས་ཅད་རྡུལ་ཙམ་ཡང་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ལ་མ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པས་སྒྲིབ་པ་མེད་པ་དང་། དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་སེམས་གནས་པ་ནི། སེམས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བློ་གྲོས་འབྱུང་གནས། གང་གིས་ཆོས་ཐམས་ཅད་ཀྱི་འཛིན་པ་རྣམ་པར་བཤིག་པའི་ཕྱིར་རམ་རྟོགས་པའི་ཕྱིར། སེམས་ནི་གང་དུ་ཡང་མི་དམིགས་ཏེ། གང་སེམས་མཉམ་པར་བཞག་པས་ཆོས་རྣམས་རྟོགས་པར་འགྱུར་གྱི། སེམས་མཉམ་པར་མ་བཞག་པས་མ་ཡིན་པ་དང་། སེམས་མཉམ་པར་བཞག་པས་སངས་རྒྱ་ཡི། མཉམ་པར་མ་བཞག་པས་མ་ཡིན་ནོ། །དེ་ལྟར་འཛིན་པ་དང་བྲལ་བར་མཉམ་པར་འཇོག་པ་དེ་ནི། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བློ་གྲོས་འབྱུང་གནས་གང་གིས་ཆོས་ཐམས་ཅད་གང་ལ་ཡང་གནས་པར་མི་བྱེད། བརྟེན་པར་མི་བྱེད། ཆགས་པར་མི་བྱེད། འཆིང་བར་མི་བྱེད། གང་ཡང་ཡིད་བདེ་སྡུག་བར་མ་ལ་སོགས་པའི་ཆོས་ཐམས་ཅད་ལ་སེམས་མི་འཛིན་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་། དེས་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བའི་བཏང་སྙོམས་ཅན་དུ་གྱུར་ནས་དགའ་བ་ཐོབ་པ་འདི་ནི། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བློ་གྲོས་འབྱུང་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་དེ་ལྟར་བལྟ་བར་བྱའོ། །དེ་ལྟར་ཏིང་ངེ་འཛིན་དེའི་སྟོབས་ཀྱིས། ཆོས་ཉིད་མངོན་སུམ་མཐོང་བ་དང་། །མངོན་ཤེས་དག་དང་ལྡན་ནས་སུ། །དགའ་ལ་ངུ་བྲོའི་ཤེས་པ་དང་། །རྟག་ཏུ་ཚངས་པར་སྤྱོད་པ་དང་། །སེམས་ཕྱིར་ལུས་ནི་སྒྱུར་བཏུབ་དང་། །ཆོས་ཕྱིར་སྲོག་ནི་གཏོང་ཕོད་ན། །བློ་ལྡན་མཐོང་བའི་མཐོང་ལམ་སྐྱེ། །ཕྱིར་མི་ལྡོག་པའི་རྟགས་སུ་བཤད། །དེ་མ་ཡིན་པའི་ཡོན་ཏན་ནི། །བརྒྱ་ཕྲག་བཅུ་གཉིས་འབྱུང་བར་འགྱུར། །ཕལ་པོ་ཆེ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་མེད་དང་མི་སྔགས་ངན་འགྲོ་དང་། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅིའི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་པས་འཇིགས་པ་ལྔ་བྲལ་དུ་ཤེས་པར་བྱའོ། །

དེ་ལ་ས་དང་པོའི་མཐོང་སྤང་བརྒྱ་བཅུ་གཉིས་ནི། ཀུན་བཏགས་ཀྱི་ཉོན་མོངས་པ་དྲུག་གི་བྱེ་བྲག་སྟེ། དྲུག་གང་ཞེ་ན། མ་རིག་པ་དང་། འདོད་ཆགས། ང་རྒྱལ་ཁོང་ཁྲོ། ཐེ་ཚོམ། ལྟ་བའོ། །ལྟ་བ་ལྔ་སྟེ། འཇིག་ཚོགས་ཀྱི་ལྟ་བ་དང་། མཐར་འཛིན། ལོག་ལྟ། ཚུལ་ཁྲིམས་དང་བརྟུལ་ཞུགས། ལྟ་བ་མཆོག་ཏུ་འཛིན་པའོ། །དེ་ལ་ལྟ་བ་ལྔ་དང་། མ་རིག་པ་ལ་སོགས་པ་ལྟ་བ་མ་ཡིན་པ་ལྔ་བསྡོམས་པས་ཉོན་མོངས་པ་བཅུའོ། །དེ་ལྟར་རྩ་བའི་ཉོན་མོངས་པ་བཅུ་པོ་དེ་འདོད་ཁམས་ན་བདེན་པ་བཞི་པོ་རེ་རེ་ལའང་ཕྲག་བཅུ་བཅུ་འབྱུང་བས་བཞི་བཅུའོ། །ཁམས་གོང་མ་གཟུགས་ཁམས་དང་གཟུགས་མེད་གཉིས་ན་ཁོང་ཁྲོ་མ་གཏོགས་པའི་དགུ་པོ་དེ་བདེན་པ་བཞི་ལ་དགུ་དགུ་སྦྱར་བས་གཟུགས་ཁམས་ན་དགུ་བཞི་སུམ་ཅུ་སོ་དྲུག་སྟེ། བདུན་ཅུ་དོན་གཉིས། དེའི་སྟེང་དུ་འདོད་ཁམས་ཀྱི་བཞི་བཅུ་བསྣན་པས་མཐོང་སྤང་བརྒྱ་དང་བཅུ་གཉིས་སོ། །

དེ་ཡང་སྤོང་ཚུལ་ནི། མཐོང་སྤང་གི་ཉོན་མོངས་པ་ཆེན་པོའི་ཆེན་པོ་མུན་ནག་ལྟ་བུ་སྟེ། ཡེ་ཤེས་ཆུང་ངུ་སྟེ་མར་མེ་ལྟ་བུ་དེས་སྤོང་ངོ་། །དེ་ཡང་གོང་བཞིན་བདེན་པ་བཞིས་སྤོང་བ་དང་། བདག་མེད་རྟོགས་པས་ཅིག་ཅར་དུ་སྤོང་བའོ། །དེ་ཡང་སྔགས་ཀྱི་བདེན་པ་མཐོང་ཚུལ་ནི། ཡེ་ཤེས་མངོན་འབྱུང་ལས། བདེ་ཆེན་ལས་ཀྱི་ཕྱག་རྒྱ་ཡིས། །ཉིན་པར་བདེན་འཛིན་རྩ་མདུད་གྲོལ། །མཚན་མོ་འཁྲུལ་པའི་རྩ་མདུད་གྲོལ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །དེ་ཉིད་ལས། ཕྱག་རྒྱའི་བདེ་བ་བདེ་བ་ཆེ། །བླ་མའི་དྲིན་ལས་འབྱུང་བ་ཡི། །ཆོས་ཉིད་དངོས་སུ་མཐོང་བ་སྟེ། །དང་པོའི་བདེན་པ་ཞེས་སུ་གྲགས། །དམ་ཚིག་བཀོད་པ་ལས། ཉིན་པར་སྣང་སྟོང་སྒྱུ་མ་དང་། །མཚན་མོ་རྨི་ལམ་ལྷ་ཡི་སྐུ། །རང་ཤར་དེ་ལས་མ་གཡོས་ཚེ། །དེ་ནི་རྒྱལ་བ་ལོངས་སྤྱོད་རྫོགས། །སྐད་ཅིག་བར་དོར་མྱ་ངན་འདས། །རྒྱུན་པར་གནས་ན་སྨོས་ཅི་དགོས། །སྒྱུ་མ་འོད་གསལ་དེ་བཞིན་ནོ། །འདི་ནི་གཞན་དུ་བརྗོད་མི་བྱ། །ཡེ་ཤེས་གསལ་བའི་རྒྱུད་ཕྱི་མ་ལས། ཕྱོགས་བཅུའི་ཞིང་ཁམས་གང་ཡིན་པ། །རྨི་ལམ་ལུས་ཀྱི་བཀོད་པས་སྦྱངས། །དང་པོ་ས་ཡི་ཡོན་ཏན་རྣམས། །དེ་ལས་འབྱུང་གི་གཞན་དུ་མིན། །དེ་ཉིད་ལས། ཉིན་པར་དང་ནི་རྨི་ལམ་གྱིས། །འཁྲུལ་པའི་བག་ཆགས་མ་དག་པར། །ས་བརྒྱད་ལ་ཡང་མི་གནས་ན། །པདྨ་ཅན་ལ་སྨོས་ཅི་དགོས། །ཚངས་པ་ཀུན་དགེའི་མདོ་ལས། ས་དང་ལམ་གྱི་ཡོན་ཏན་རྣམས། །རྨི་ལམ་སྐབས་ལས་རྟོགས་པར་བྱའོ། །ས་མཚམས་ནི། ཆོས་མཆོག་ནས་མཐོང་ལམ་གྱི་བར་རོ། །

དེ་ནས་སྒོམ་ལམ་བཤད་པར་བྱ་སྟེ། ངོ་བོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ངེས་ཚིག་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་གོམས་པའི་ཕྱིར་སྒོམ་ལམ་མོ། །དབྱེ་ན་སྒོམ་ལམ་ལ་ས་དགུ་སྟེ། དྲི་མ་མེད་པའི་ས་ལ་སོགས་པའོ། །ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ནི། འཕགས་པའི་ལམ་ཡན་ལག་བརྒྱད་དེ། བློ་གྲོས་འབྱུང་གནས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ལམ་ཡན་ལག་བརྒྱད་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་འབྱུང་གནས། དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་ནི། ཡང་དག་པའི་ལྟ་བ་སྟེ། དེ་ལ་བདག་ཏུ་ལྟ་བ་དང་། གང་ཟག་དང་། སེམས་ཅན་དང་། སྲོག་དང་། སྟོང་ཉིད་དུ་ལྟ་བ་ཡང་དག་པར་མི་བྱེད་དོ། །དེ་ལ་ལྟ་བའི་དམིགས་པ་ཆུང་ངུ་ནས་མྱ་ངན་ལས་འདས་པའི་བར་དང་། གང་ཡང་རབ་འབྲིང་ཐ་མའི་ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་བ་ནི་ཡང་དག་པའི་ལྟ་བའོ། །བློ་གྲོས་འབྱུང་གནས། དེ་ལ་རྟོག་པ་གང་གིས་རྟོག་པ་ཡོངས་སུ་སྤོང་བར་འགྱུར་བའོ། །དེ་ཡང་ཞི་གནས་ཀྱིས་བསྡུས་པའི་ལྷག་མཐོང་ལ་མཁས་པ་སྟེ། དེ་ལ་ཆོས་བཟང་ངན་དུ་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་སྤངས་ཏེ། ཅིར་ཡང་མི་རྟོག །རྣམ་པར་མི་རྟོག་ཡང་དག་པར་ཀྱང་མི་རྟོག་པ་འདི་ནི་ཡང་དག་པའི་རྟོག་པའོ། །བློ་གྲོས་འབྱུང་གནས། དེ་ལ་ཚིག་གིས་བདག་གཞན་ཐམས་ཅད་ལ་མི་གནོད་པ་སྟེ། དེ་ལ་བདག་ཀྱང་ཉོན་མོངས་པར་མི་བྱེད། གཞན་ཡང་ཉོན་མོངས་པར་མི་བྱེད་པར་ཚིག་གང་གིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ངེས་པར་རྟོགས་པར་བྱེད་པ་འདི་ནི་ཡང་དག་པའི་ངག་གོ །བློ་གྲོས་འབྱུང་གནས། དེ་ལ་ལས་གང་ཟད་ཅིང་མ་གྲུབ་པ་དེ་ནི་ལས་ཀྱི་མཐའོ། །དེ་ལ་ལས་གང་ཉོན་མོངས་པ་ཞི་བར་འགྱུར་གྱི། ཉོན་མོངས་པ་འབར་བའི་ཕྱིར་མ་ཡིན་པ་དང་། ལས་གང་ཉོན་མོངས་པ་དང་བྲལ་བར་འགྱུར་གྱི། ཉོན་མོངས་པ་སྐྱེ་བའི་ཕྱིར་མ་ཡིན་པ་སྟེ། དཀར་བ་དང་། གནག་པ་དང་འདྲེས་པའི་ལས་མཐའ་ཐམས་ཅད་དང་བྲལ་ཞིང་མ་གྲུབ་པ་ནི་ཡང་དག་པའི་ལས་མཐའོ། །བློ་གྲོས་འབྱུང་གནས། དེ་ལ་ཉོན་མོངས་པ་མི་སོག་པ་ནི་ཡང་དག་པའི་འཚོ་བ་སྟེ། དེ་ལ་འཚོ་བ་གང་བདག་ལ་ཡང་མི་གནོད། གཞན་ལ་ཡང་མི་གནོད་དེ། འཚོ་བ་གང་གིས་བདག་གི་དོན་ཆོས་ཀྱི་དོན་རྫོགས་པར་འགྱུར་བ་འདི་ནི་ཡང་དག་པའི་འཚོ་བའོ། །བློ་གྲོས་འབྱུང་གནས། དེ་ལ་ཟབ་ཅིང་སྤྲོས་པ་དང་བྲལ་བ་འདུས་མ་བྱས་པའི་ཆོས་བསྒྲུབ་པ་ལ་རྩོལ་བ་སྟེ། དེའི་ཕྱིར་སེམས་རབ་ཏུ་འཛིན་པ་དང་། འདུན་པ་དང་། བརྩོན་པ་དང་། མི་ཞུམ་པར་ཡང་དག་པའི་ནན་ཏན་མངོན་དུ་བྱེད་པ་འདི་ནི་ཡང་དག་པའི་རྩོལ་བའོ། །བློ་གྲོས་འབྱུང་གནས། དེ་ལ་དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་ཀྱི་གོ་སྐབས་མི་རྙེད་པའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་སེམས་དང་། ཚད་མེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དྲན་པ་སྟེ། དྲན་པ་གང་གིས་བདུད་ཀྱི་སྐབས་མི་རྙེད་པ་དང་། དྲན་པ་གང་གིས་ལམ་རེག་པར་མི་འགྱུར་བ་དང་། དྲན་པ་བགོ་བ་ལྟ་བུས་སེམས་དང་སེམས་བྱུང་གི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་རྙེད་པ་འདི་ནི། ཡང་དག་པའི་དྲན་པའོ། །བློ་གྲོས་འབྱུང་གནས། བདག་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དང་། བདག་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པར་དག་པ་དང་། བདག་སྟོང་པ་ཉིད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡང་དག་པར་སྙོམས་པར་འཇུག་ལ། ཡང་དག་པའི་ཏིང་ངེ་འཛིན་གང་གིས་སེམས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མངོན་པར་སངས་རྒྱས་པ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ནོ། །བློ་གྲོས་འབྱུང་གནས། བྱང་ཆུབ་སེམས་དཔའི་ལམ་ཡན་ལག་བརྒྱད་དེ་ལྟར་བལྟ་བར་བྱའོ། །དེའི་རྟགས་ནི་ཟབ་མོའི་དོན་ཁོང་དུ་ཆུད་ནས་གོམས་ཤིང་བརྟན་པར་འགྱུར་བས་མཐུ་དང་རྫུ་འཕྲུལ་དང་ལྡན་པར་འགྱུར་ཏེ། ས་གཉིས་པ་ནས་བཅུ་པའི་བར་དུ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བསམ་གྱིས་མི་ཁྱབ་པ་འབྱུང་བར་འགྱུར་རོ། །

དེ་ཡང་སྒོམ་སྤང་གི་ཉོན་མོངས་བག་ལ་ཉལ་བའི་ལྷན་སྐྱེས་ལ་ཕྱེ་ན་དྲུག་སྟེ། དྲུག་གང་ཞེ་ན། མ་རིག་པ། འདོད་ཆགས། ཁོང་ཁྲོ། ཐེ་ཚོམ། ང་རྒྱལ། འཇིག་ཚོགས་སུ་ལྟ་བའོ། །འདོད་ཁམས་ན་ཉོན་མོངས་པ་དྲུག་པོ་རེ་རེ་ལ་ཆེ་འབྲིང་དགུ་དགུར་ཕྱེ་ནས་དེ་ལ་ཡེ་ཤེས་ཀྱང་ཆེ་འབྲིང་དགུ་དགུར་ཕྱེ་ནས་སྤོང་སྟེ། དགུ་ལ་དྲུག་ལ་ལྔ་བཅུ་རྩ་བཞི། གཟུགས་ཁམས་ནས་ཁོང་ཁྲོ་བོར་བའི་ལྔ་པོ་ལ། བསམ་གཏན་དང་པོར་ཉོན་མོངས་པ་ལྔ་པོ་ལ་ཆེ་འབྲིང་དགུ་དགུར་ཕྱེ་ནས་དེ་ཡེ་ཤེས་ཆེ་འབྲིང་དགུས་སྤོང་ངོ་། །དགུ་པོ་ལྔ་ལ་བཞི་བཅུ་ཞེ་ལྔ། གཉིས་པ་དང་། གསུམ་པ་དང་། བཞི་པ་རྣམས་ལ་ཞེ་ལྔ་ཞེ་ལྔ་སྟེ་བརྒྱ་བརྒྱད་ཅུ། གཟུགས་མེད་ལ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་བཞི་བཅུ་ཞེ་ལྔ། དེ་བཞིན་དུ་རྣམ་ཤེས་མཐའ་ཡས། ཡོད་མིན་མེད་མིན་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་གསུམ་པོ་ལ་ཞེ་ལྔ་ཞེ་ལྔ་སྟེ། བརྒྱ་དང་བརྒྱད་ཅུ། དེ་ལྟར་བརྒྱ་བརྒྱད་བཅུ་གཉིས་ལ་སུམ་བརྒྱ་དྲུག་ཅུ་དེའི་སྟེང་དུ་འདོད་ཁམས་ཀྱི་ལྔ་བཅུ་རྩ་བཞི་བསྣན་པས་སྒོམ་སྤང་བཞི་བརྒྱ་དང་བཅུ་བཞིའོ། །

དེ་ནས་མཐར་ཕྱིན་པའི་ལམ་བཤད་པར་བྱ་སྟེ། བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། དེ་ལ་རིགས་ཀྱི་བུ་མཐར་ཕྱིན་པའི་ལམ་གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱེད་པ་ལ་ཆོས་གཞན་གྱིས་བར་ཆད་མེད་པས་ན་བར་ཆད་མེད་པའི་ལམ་ཞེས་བྱ། གང་དེ་ལ་རིགས་ཀྱི་བུ། བསྒོམ་པར་བྱ་བའི་ལམ་གྱི་སྒྲིབ་པ་ཀུན་སྤངས་ནས་ས་བཅུ་རྒྱུན་གྱི་ཐ་མ་ལ་སྒྲིབ་པ་ཕྲ་ཞིང་ཕྲ་བ་དེ་ཉིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནུས་པ་ཐོགས་མེད་དང་ལྡན་པ་དེས་འཇོམས་པར་འགྱུར་རོ། །དགོངས་པ་བླ་ན་མེད་པའི་རྒྱུད་ལས། གསལ་སྟོང་འཛིན་མེད་བདེ་བ་ཆེ། །འོད་གསལ་རང་ཤར་འདུས་མ་བྱས། །གེ་སར་གསང་བའི་བདེ་བ་དང་། །བྱིན་རླབས་སྟོབས་ལས་འབྱུང་བ་སྟེ། །མུན་ཁུང་སྒྲོན་མེ་གསེར་སྲང་གཞུང་ཁ་ཅིག་གསེར་གསང་ཞེས་འབྱུང་ངོ་ལྟར། །ཕྲ་ཞིང་ཕྲ་བའི་སྒྲིབ་པ་སྟེ། །རང་དག་རང་གྲོལ་སྟོབས་ཀྱིས་འཇོམས། །འདི་ནི་གསང་བའི་སྤྱོད་ཡུལ་ལོ། །དེ་ལྟར་ཤེས་བྱའི་སྒྲིབ་པ་དག་པའི་སངས་རྒྱས་དེ་ཇི་ལྟ་བུ་ཞེ་ན། ཡེ་ཤེས་བླ་ན་མེད་པའི་རྒྱུད་ལས། འདུས་མ་བྱས་པའི་དབྱིངས་ཉིད་དང་། །ཡེ་ཤེས་གཉིས་སུ་མེད་པ་སྟེ། །ཉོན་མོངས་ཤེས་བྱ་ཡོངས་དག་པའི། །ཆོས་སྐུ་དག་པ་གཉིས་ལྡན་ཏེ། །མི་འགྱུར་མ་སྐྱེས་མཚོན་མེད་པའི། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །དེ་ལ་བཞེངས་བཞུགས་མི་མངའ་ཡང་། །སྔོན་གྱི་སེམས་བསྐྱེད་བསོད་ནམས་ཚོགས། །སྨོན་ལམ་བསྐྱེད་རིམ་རྒྱུ་རྐྱེན་ལས། །གཟུགས་སྐུ་གཉིས་ནི་རང་ཤར་འབྱུང་། །དེ་ལ་འོག་མིན་ཕོ་བྲང་དུ། །སྣང་མཛད་ལོངས་སྐུ་རྡོ་རྗེ་འཆང་། །མཚན་བཟང་དཔེ་བྱད་རབ་ཏུ་ལྡན། །དཔེ་བྲལ་སྣང་སྟོང་དྲི་མེད་སྐུ། །ཞེན་བྲལ་བདེ་སྟོང་དབྱེར་མེད་རྫོགས། །སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར། །མཐའ་བྲལ་བདེ་སྟོང་དབྱེར་མེད་ཆོས། །སྐྱེ་མེད་རང་སྒྲ་སྒྲོག་པར་བྱེད། །གནས་དུས་སྟོན་པ་འཁོར་ལ་སོགས། །སྤྲུལ་སྐུ་གང་འདུལ་རང་ཤར་གྱིས། །གདུལ་བྱ་གང་འདུལ་སྐུར་གྱུར་ནས། །སྐྱོན་བྲལ་པད་ལྟར་སྨིན་གྲོལ་བྱེད། །ཡང་ན་ནོར་བུ་དཔག་བསམ་ལྟར། །ཞེས་དང་། ཡང་དགོངས་པ་བླ་ན་མེད་པ་ལས། བསྐྱེད་རིམ་བདེ་བའི་མཚན་ཉིད་ཅན། །དེ་ལ་སྐུ་གཉིས་འབྱུང་འགྱུར་ཏེ། །རྫོགས་རིམ་ལས་ནི་ཆོས་ཀྱི་སྐུ། །དབྱེར་མེད་ཚུལ་འདི་བསྟན་པའོ། །དེ་ཡང་ཆོས་སྐུ་ལས་ལོངས་སྐུ། ལོངས་སྐུ་ལས་སྤྲུལ་སྐུ་འབྱུང་བའམ་འཆར་ཏེ། གསེར་འོད་དམ་པ་ལས། དཔེར་ན་ནམ་མཁའ་སྟོང་པ་ལ་བརྟེན་ནས་གློག་སྣང་ངོ་། །དེ་བཞིན་དུ་ཆོས་སྐུ་ལ་བརྟེན་ནས་བསོད་ནམས་ཀྱི་སྐུ་སྣང་ངོ་། །བསོད་ནམས་ཀྱི་སྐུ་ལ་བརྟེན་ཏེ་སྤྲུལ་སྐུར་སྣང་ངོ་། །གསུམ་དུ་བགྲང་དུ་ཡོད་ཀྱི་དངོས་པོ་ནི་གསུམ་དུ་མེད་དོ། །མདོར་ན་ཆོས་སྐུ་ནམ་མཁའ་ལྟ་བུ་ལ། གཟུགས་སྐུ་འཇའ་ཚོན་ལྟ་བུ་ནི་འབྱུང་ཞིང་། རྟོག་བྲལ་ཤེས་བྱ་ཐམས་ཅད་མ་ལུས་ཇི་ལྟ་བ་བཞིན་མཁྱེན་ཏེ། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། དེ་ལ་ཆོས་སྐུའི་ངོ་བོ་གསུམ་ལྡན་ཏེ། འདུས་མ་བྱས་པ་ལྷུན་གྱིས་གྲུབ་པ། དེ་ལ་རྐྱེན་གཞན་གྱིས་བསྒྱུར་བར་མི་ནུས་པའོ། །གཟུགས་སྐུའི་ངོ་བོ་ལ་ཡང་གསུམ་སྟེ། མཁྱེན་པ་དང་བརྩེ་བ་དང་། ནུས་པར་ལྡན་པའོ། །དེ་ལྟར་ཡང་བྱམས་པས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པས། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དེ་ཡང་ཡེ་ཤེས་ལྔ་ལས་སྐུ་བཞི་འགྲུབ་ཚུལ་དང་། བསྐྱེད་རྫོགས་གཉིས་དང་། ཚོགས་གཉིས་ལས་སྐུ་བཞི་དང་། དབང་བཞི་ལས་སྐུ་བཞི་འགྲུབ་ཚུལ་ལ་སོགས་པས་སྤྲོས་པ་ལ་དགའ་བར་གྱུར་ན། མདོ་རྒྱུད་དུ་མ་ལས་ཤེས་པར་བྱའོ། །འདི་ནི་རྩེ་གཅིག་ཏུ་སྒྲུབ་པའི་ཉམས་མྱོང་དང་། མདོ་རྒྱུད་ཀྱི་དགོངས་པ་མི་འགལ་བར་མདོར་བསྡུས་ནས་བསྟན་པ་ཡིན་གྱི། ཤེས་བྱ་དང་ཐེག་པ་མ་ལུས་པ་ཐམས་ཅད་ཤེས་པར་བྱ་བའི་ལོང་མེད་ཅིང་ཐུག་མཐའ་མེད་དེ། ལང་ཀར་གཤེགས་པ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་པར་གྱུར་པ་ན། །ཐེག་པ་མེད་ཅིང་བརྗོད་དུ་མེད། །ཅེས་གསུངས་སོ། །ས་མཚམས་ནི། ས་བཅུ་རྒྱུན་གྱི་ཐ་མ་ནས་སྐུ་བཞི་འཕྲིན་ལས་དང་བཅས་པའི་བར་ལ་མཐར་ཕྱིན་པའི་ལམ་དུ་ཤེས་པར་བྱའོ། །དེ་ནས་སའི་རིམ་པ་བཤད་པར་བྱ་སྟེ། སའི་ངོ་བོ་ནི། འཇིག་རྟེན་ལས་འདས་པའི་ལྷག་མཐོང་མཐའ་བྲལ་ལོ། །ངེས་ཚིག་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ནམ་གོང་དུ་བགྲོད་པའི་གཞི་ཡིན་པས་ན་ས་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་བྱེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་སོ། །དབྱེ་བ་ནི་རབ་ཏུ་དགའ་བ་ལ་སོགས་པ་བཅུའོ། །

ས་བཅུ་སོ་སོའི་མཚན་ཉིད་ནི། གསེར་འོད་དམ་པ་ལས། དེ་ལ་རིགས་ཀྱི་བུ་ཅིའི་ཕྱིར་ན་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། དེ་ནི་ཐོག་མར་འཇིག་རྟེན་ལས་འདས་པའི་སེམས་ཉིད་མངོན་དུ་མ་མཐོང་བ་དེ་མངོན་དུ་གྱུར་ཏེ། དོན་ཆེན་པོའི་བསམ་པ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ། །ལྟུང་བ་ཕྲ་མོའི་དྲི་མ་དང་། ཚུལ་ཁྲིམས་ཀྱི་ཉེས་སྐྱོན་ཐམས་ཅད་དག་པའི་ཕྱིར་ས་གཉིས་པ་དྲི་མ་མེད་པ་ཞེས་བྱའོ། །ཚད་མེད་པའི་ཡེ་ཤེས་དང་། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་འོད་སྣང་བ་དེ་བསྐྱོད་པར་མི་ནུས་ཤིང་། གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་དང་། ཐོས་པ་འཛིན་པའི་གཟུངས་ལ་གནས་པའི་ཕྱིར་ས་གསུམ་པ་འོད་བྱེད་པ་ཞེས་བྱའོ། །ཡེ་ཤེས་ཀྱི་མེ་དེས་ཉོན་མོངས་པ་ཐམས་ཅད་བསྲེག་ཅིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པའི་མེའི་འོད་འཕྲོ་བའི་ཕྱིར་འབྱུང་བས་ན་ས་བཞི་པ་འོད་འཕྲོ་བ་ཞེས་བྱའོ། །དེ་བསྒོམ་པའི་ཐབས་དང་། མཆོག་གི་ཡེ་ཤེས་ལ་དབང་བསྒྱུར་དཀའ་བ་དང་། མཐོང་སྤང་དང་སྒོམ་སྤང་གི་ཉོན་མོངས་པ་ཐུལ་བ་དཀའ་བའི་ཕྱིར་ས་ལྔ་པ་སྦྱང་དཀའ་བ་ཞེས་བྱའོ། །འདུ་བྱེད་ཀྱི་ཆོས་བར་ཆད་མེད་པར་མངོན་དུ་གྱུར་ཏེ། མཚན་མ་མེད་པ་ཡིད་ལ་བྱེད་པ་ཐམས་ཅད་མངོན་དུ་བྱེད་པས་ས་དྲུག་པ་མངོན་དུ་གྱུར་པ་ཞེས་བྱའོ། །ཟག་པ་མེད་པའི་ཆོས་ལ་བར་ཆད་མེད་ཅིང་མཚན་མ་མེད་པ་ཡིད་ལ་བྱེད་པ་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ཡུན་རིང་དུ་བསྒོམས་པས་དེ་རྣམས་དག་ཅིང་ཐོགས་པ་མེད་པ་དང་། ཉན་ཐོས་དང་རང་རྒྱལ་ལས་རིང་དུ་སོང་བའི་ཕྱིར་ས་བདུན་པ་རིང་དུ་སོང་པ་ཞེས་བྱའོ། །མཚན་མ་མེད་པ་ཡིད་ལ་བྱེད་པ་བསྒོམས་པ་ལ་དབང་ཐོབ་སྟེ། ཉོན་མོངས་པ་རྣམས་ཀྱིས་གཡོ་བར་མི་ནུས་པས་ན་ས་བརྒྱད་པ་མི་གཡོ་བ་ཞེས་བྱའོ། །རྣམ་པ་ཐམས་ཅད་ལ་ཆོས་སྟོན་པ་ལ་དབང་དུ་གྱུར་པ་དང་། ཁ་ན་མ་ཐོ་བ་མེད་ཅིང་། བློ་གྲོས་ཤིན་ཏུ་ཡངས་པ་ཐོགས་པ་མེད་པ་ཐོབ་པའི་ཕྱིར་ས་དགུ་པ་ལེགས་པའི་བློ་གྲོས་ཞེས་བྱའོ། །ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ལ་ཡེ་ཤེས་ཆེན་པོ་སྤྲིན་ལྟ་བུས་ཁྱབ་པར་འགྲེམས་པའི་ཕྱིར་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ། །ཞེས་གསུངས་སོ། །

ས་བཅུའི་སྔ་ལྟས་ནི། བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའ་ས་དང་པོའི་སྔ་ལྟས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བ་མཐོང་། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་གཉིས་པའི་སྔ་ལྟས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་པ་ལ། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་རབ་ཏུ་བརྒྱན་པ་མཐོང་ངོ་། །རིགས་ཀྱི་བུ་ཞེས་པ་ལ་སོགས་པ་འོག་མ་རྣམས་ལ་ཡང་སྦྱར་རོ། །

ས་གསུམ་པའི་སྔ་ལྟས་ནི། བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ་། །ས་བཞི་པའི་སྔ་ལྟས་ནི། ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞི་དང་ལྡན་པའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་པར་འཐོར་བ་མཐོང་ངོ་། །ས་ལྔ་པའི་སྔ་ལྟས་ནི། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ་། །ས་དྲུག་པའི་སྔ་ལྟས་ནི། རྫིང་ཐེམ་སྐས་བཞི་དང་ལྡན་པའི་གསེར་གྱི་བྱེ་མ་བརྡལ་བ་རྙོག་པ་མེད་ཅིང་དྭངས་པ་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ། མེ་ཏོག་ཨུཏྤལ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་བརྒྱན་པའི་ཆུར་མཐོང་སྟེ། དེ་ལ་བདག་ཉིད་བརྩེ་དགའ་ཞིང་ཡོངས་སུ་སྤྱོད་པ་མཐོང་ངོ་། །ས་བདུན་པའི་སྔ་ལྟས་ནི། ཕྱོགས་གཡས་གཡོན་གཉིས་ནས་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། དེ་ན་བདག་ཉིད་ལ་གནད་མ་ཉམས་པར་སླར་ལྡོག་པ་མཐོང་ངོ་། །

ས་བརྒྱད་པའི་སྔ་ལྟས་ནི། ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པ་གཅན་ཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པར་མཐོང་ངོ་། །ས་དགུ་པའི་སྔ་ལྟས་ནི། འཁོར་ལོ་བསྒྱུར་བའི་རྒྱལ་པོ་མཐོང་སྟེ། སྐྱེ་བོ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ལ་མགོ་ཡི་སྟེང་ན་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་ངོ་། །ས་བཅུ་པའི་སྔ་ལྟས་ནི། དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ། ཁ་དོག་གསེར་ལྟ་བུ་འདོམ་གང་པ། ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་སྟེ། བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུའི་སྔ་ལྟས་ཡིན་ནོ། །ཞེས་གསུངས་སོ། །གསེར་འོད་དམ་པ་ལས་ཀྱང་དེ་ལྟར་རོ། །

ས་གང་གིས་ཕ་རོལ་ཏུ་ཕྱིན་པ་གང་ནོན་པ་ནི། རིགས་ཀྱི་བུ་དེ་ལ་ས་དང་པོའི་བྱང་ཆུབ་སེམས་དཔའ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནོན་ཏེ། དེ་བཞིན་དུ་ས་གཉིས་པ་ཚུལ་ཁྲིམས་སོ། །ས་གསུམ་པ་བཟོད་པ། ས་བཞི་པ་བརྩོན་འགྲུས། ས་ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། ས་དྲུག་པ་ཤེས་རབ། ས་བདུན་པ་ཐབས་མཁས་པའི། ས་བརྒྱད་པ་སྨོན་ལམ། ས་དགུ་པ་སྟོབས། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནོན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུའི་མཚན་ཉིད་ནི། ཕལ་ཆེན་ལས། དེ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་ཞིང་སེམས་ཅན་རྣམས་ལ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་གཏོང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཉོན་མོངས་པའི་གདུང་བ་ཐམས་ཅད་རབ་ཏུ་ཞི་བ་ནི་ཚུལ་ཁྲིམས་སོ། །བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བས་སེམས་ཅན་ལ་འཚིག་པ་མེད་པ་ནི་བཟོད་པའོ། །གོང་ནས་གོང་དུ་དགེ་བའི་ཆོས་ཚོལ་བས་མི་ངོམས་པ་ནི་བརྩོན་འགྲུས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱ་བ་ལ་འགྱོད་པ་མེད་པའི་ལམ་དང་ལྡན་པ་འདི་ནི་བསམ་གཏན་ནོ། །རང་བཞིན་གྱིས་མ་སྐྱེས་པ་མངོན་དུ་གྱུར་པ་འདི་ནི་ཤེས་རབ་བོ། །རྒྱལ་བའི་ཡེ་ཤེས་ཚད་མེད་པ་སྒྲུབ་པ་འདི་ནི་ཐབས་སོ། །ཡེ་ཤེས་ལ་དམིགས་ཤིང་དེ་ཉིད་མངོན་པར་སྒྲུབ་པ་འདི་ནི་སྨོན་ལམ་མོ། །ཕས་ཀྱི་རྒོལ་བ་ཐམས་ཅད་དང་བདུད་ཀྱི་ཚོགས་ཐམས་ཅད་ཀྱི་ལམ་རྒྱུད་ཡོངས་སུ་མི་གཅོད་པ་འདི་ནི་སྟོབས་སོ། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པ་འདི་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅུའོ། །ཏིང་ངེ་འཛིན་ནི་གོང་བཞིན་དུ་ས་དང་པོའི་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ས་གཉིས་པ་ནས་བཅུ་པའི་བར་གྱི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །སྤང་བྱ་ནི་མཐོང་སྤང་དང་སྒོམ་སྤང་ངོ་། །

རྨོངས་པ་ཉི་ཤུའི་སྒྲིབ་པ་ནི། དེ་ལ་རིགས་ཀྱི་བུ་ཆོས་དང་གང་ཟག་ལ་མཚན་མ་ཅན་དུ་མངོན་པར་ཞེན་པའི་རྨོངས་པ་དང་། འཁོར་བ་དང་ངན་སོང་གི་ཉོན་མོངས་པའི་འཇིགས་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་དང་པོ་ལ་སྒྲིབ་བོ། །ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་རྨོངས་པ་དང་། ལས་དང་སྤྱོད་པ་སྣ་ཚོགས་མངོན་པར་སྐྱེ་བ་ལ་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་གཉིས་པ་ལ་སྒྲིབ་བོ། །མ་ཐོབ་པ་ཐོབ་པར་འདོད་པའི་རྨོངས་པ་དང་། གཟུངས་དམ་པའི་མཆོག་ཐོབ་པ་ལ་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་གསུམ་པ་ལ་སྒྲིབ་བོ། །མཉམ་པར་བཞག་པའི་རོའི་དགའ་བ་ལ་སྲེད་པའི་རྨོངས་པ་དང་། ཆོས་རྣམ་པར་དག་པའི་སྲེད་པ་ལ་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བཞི་པ་ལ་སྒྲིབ་བོ། །འཁོར་བ་ལ་ཤིན་ཏུ་སྐྱོ་བའི་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་མངོན་པར་གཞོལ་བའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་ལྔ་པ་ལ་སྒྲིབ་བོ། །འདུ་བྱེད་ཀྱི་རྒྱུ་བ་མངོན་དུ་གྱུར་པའི་རྨོངས་པ་དང་། མཚན་མ་སྦོམ་པོའི་མངོན་དུ་གྱུར་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་དྲུག་པ་ལ་སྒྲིབ་བོ། །མཚན་མ་ཕྲ་མོ་མངོན་དུ་གྱུར་པའི་རྨོངས་པ་དང་། མཚན་མ་མེད་པ་ཡིད་ལ་བྱེད་པ་མེད་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བདུན་པ་ལ་སྒྲིབ་བོ། །མཚན་མ་མེད་པ་ལ་ཆེད་དུ་རྩོལ་པའི་རྨོངས་པ་དང་། མཚན་མར་འཛིན་པ་ལ་དབང་མ་ཐོབ་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བརྒྱད་པ་ལ་སྒྲིབ་བོ། །གང་ཆོས་སྟོན་པ་ཚད་མེད་པ་དང་། ཚིག་དང་། ཡི་གེ་ཚད་མེད་པ་ལ་མཁས་པར་མ་གྱུར་པའི་རྨོངས་པ་དང་། སྤོབས་པ་ལ་དབང་མ་ཐོབ་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་དགུ་པ་ལ་སྒྲིབ་བོ། །མངོན་པར་ཤེས་པ་ཆེན་པོ་ལ་དབང་བསྒྱུར་བ་མ་ཐོབ་པའི་རྨོངས་པ་དང་། དོན་དམ་པ་ལ་སོགས་པ་ཕྲ་མོ་ལ་མཁས་པར་མ་གྱུར་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བཅུ་པ་ལ་སྒྲིབ་བོ། །སྤྱོད་ཡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ལ་ཤེས་བྱའི་སྒྲིབ་པ་རྨོངས་པའི་རྨོངས་པ་དང་། ཉོན་མོངས་པ་ཤིན་ཏུ་ཕྲ་བའི་གནས་ངན་ལེན་ལ་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་སངས་རྒྱས་ཀྱི་ས་ལ་སྒྲིབ་བོ། །

སྒྲིབ་པ་དང་བྲལ་བའི་རྟོག་པ་ས་གང་གིས་གང་རྟོགས་པ་ནི། ཁྱེའུ་རབ་སྣང་གི་མདོ་ལས། རིགས་ཀྱི་བུ་དེ་ལ་ས་དང་པོ་ནི། ཆོས་ཀྱི་དབྱིངས་ཀྱིས་ཀུན་ཏུ་ཁྱབ་པའི་དོན་དུ་རྟོགས་སོ། །ས་གཉིས་པ་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བ་མཆོག་གི་དོན་དུ་རྟོགས་སོ། །ས་གསུམ་པ་ཆོས་ཐམས་ཅད་ཀྱི་དབྱིངས་སུ་མཐུན་པ་རང་བཞིན་འོད་གསལ་བར་རྟོགས་སོ། །ས་བཞི་པ་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་སོ། །ས་ལྔ་པ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག་པས་རྒྱུད་ཐ་དད་མེད་པའི་དོན་དུ་རྟོགས་སོ། །ས་དྲུག་པ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་མ་གྲུབ་པའི་དོན་དུ་རྟོགས་སོ། །ས་བདུན་པ་འཁོར་བ་ལ་མི་སྐྱོ་བ་དང་། ཆོས་ཐམས་ཅད་མཚན་མ་མེད་པའི་དོན་དུ་རྟོགས་སོ། །ས་བརྒྱད་པ་ཞིང་དག་པ་དང་། རྟོག་པའི་ཚོགས་དང་བྲལ་བའི་དོན་དུ་རྟོགས་སོ། །ས་དགུ་པ་ཆོས་དང་ཡི་གེ་ཚད་མེད་པ་དང་། སྤོབས་པ་ཐོགས་པ་མེད་པའི་དོན་དུ་རྟོགས་སོ། །ས་བཅུ་པས་འཕྲིན་ལས་དབང་བསྒྱུར་བའི་དོན་དུ་རྟོགས་སོ། །ས་བཅུ་གཅིག་པས་ནི་ཀུན་གཞི་གནས་གྱུར་པའི་ཆོས་ཀྱི་སྐུ་དང་། སྒོ་ལྔའི་རྣམ་ཤེས་གནས་གྱུར་པའི་ལོངས་སྐུ་དང་། ཉོན་མོངས་པའི་རྟོག་པ་སྣ་ཚོགས་ཀྱི་ཡིད་གནས་གྱུར་པའི་སྤྲུལ་སྐུ་དང་། དབྱེར་མེད་ཅིང་མཐའ་ཐམས་ཅད་དང་བྲལ་བ་མཆོག་ཏུ་གྱུར་པ་དང་། གོང་ན་མེད་པ་ཡང་དག་པའི་དོན་དུ་རྟོགས་པའོ། །ཁྱེའུ་རབ་སྣང་གི་མདོ་ལས། ཁྱེའུ་རབ་སྣང་གིས་གསོལ་པ། བཅོམ་ལྡན་འདས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟགས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་རྟགས་ནི། འདོད་ན་སྐད་ཅིག་ཡུད་ཙམ་ཐང་གཅིག་ལ། ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་ཡང་དག་པར་སྣང་བར་བྱ་བ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་བརྒྱར་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་བརྒྱ་དང་། ཕྱི་མའི་མཐའི་བསྐལ་པ་བརྒྱ་ལ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་བརྒྱ་ཡང་དག་པར་སྟོན་པའི་བརྩོན་འགྲུས་བརྩམས་ཤིང་ཡོན་ཏན་དེ་ཉིད་དང་ལྡན་པའོ། །ས་ཐོབ་འཇིགས་པ་ལྔ་དང་བྲལ། །འཚོ་བ་ཆད་དང་མི་སྔངས་དང་། །ངན་འགྲོ་འཁོར་གྱི་འཇིགས་བྲལ་བ། །ཅི་ཕྱིར་རང་བཞིན་ཤེས་བྱའི་ཕྱིར། །ས་ཐོབ་གྱུར་མ་ཐག་ཏུ་ནི། །དགའ་ལ་ངུ་བྲོའི་ཤེས་པ་དང་། །ཆོས་ཕྱིར་སྲོག་ནི་དོར་ནུས་པས། །བློ་ལྡན་དེ་ལ་སྐྱེ་བར་འགྱུར། །རིགས་ཀྱི་བུ་ས་གཉིས་པ་ལ་གནས་པ་ནི། སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་སྟོང་རབ་ཏུ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་དུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སྟོང་དུ་སྣང་བར་བྱ་བ་དང་། སེམས་ཅན་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་སྟོང་ལ་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་འབྱེད་པ་དང་། ལུས་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་སྟོང་སྟོང་ཡང་དག་པར་རབ་ཏུ་སྟོན་ནོ། །རིགས་ཀྱི་བུ་ས་གསུམ་པ་ལ་གནས་པ་ནི། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཏིང་ངེ་འཛིན་བརྒྱ་སྟོང་རབ་ཏུ་ཐོབ་བོ། །སངས་རྒྱས་བརྒྱ་སྟོང་མཐོང་བ་དང་། དེ་དག་གིས་བྱིན་རླབས་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་རབ་ཏུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སེམས་ཅན་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་བརྒྱ་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་བརྒྱ་སྟོང་ལ་སྙོམས་པར་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་སྟོང་འབྱེད་པ་དང་། ལུས་བརྒྱ་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་སྟོང་བརྒྱ་སྟོང་ཡང་དག་པར་རབ་ཏུ་སྟོན་ནོ། །

རིགས་ཀྱི་བུ་ས་བཞི་པ་ལ་གནས་པས་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་ཁྲག་ཁྲིག་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་མཐོང་བ་དང་། དེ་དག་གིས་བྱིན་རླབས་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་ཏུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ཁྲིག་ཏུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་ཁྲག་ཁྲིག་ཏུ་གནས་པ་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་ལ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་འབྱེད་པ་དང་། ལུས་ཁྲག་ཁྲིག་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་ཡང་དག་པར་རབ་ཏུ་སྟོན་ནོ། །རིགས་ཀྱི་བུ་ས་ལྔ་པ་ལ་གནས་པས་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་ཁྲག་ཁྲིག་སྟོང་ཐོབ་ཅིང་། དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་སྟོང་མཐོང་བ་དང་། དེ་དག་གིས་བྱིན་རླབས་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་ཁྲག་ཁྲིག་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་སྟོང་དུ་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་ཁྲག་ཁྲིག་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་ཁྲག་ཁྲིག་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་སྟོང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་སྟོང་འབྱེད་པ་དང་། ལུས་ཁྲག་ཁྲིག་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལའང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་སྟོང་ཡང་དག་པར་རབ་ཏུ་སྟོན་ནོ། །རིགས་ཀྱི་བུ་ས་དྲུག་པ་ལ་གནས་པས་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་ཁྲག་ཁྲིག་བརྒྱ་སྟོང་ཐོབ་ཅིང་། དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་ཁྲག་ཁྲིག་བརྒྱ་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་སྟོང་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཁྲག་ཁྲིག་བརྒྱ་སྟོང་སྣང་བར་བྱ་བ་དང་། སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་ཁྲག་ཁྲིག་བརྒྱ་སྟོང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་ཁྲག་ཁྲིག་བརྒྱ་སྟོང་འབྱེད་པ་དང་། ལུས་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལའང་བྱང་ཆུབ་སེམས་དཔའི་འཁོར་ཁྲག་ཁྲིག་བརྒྱ་སྟོང་ཡང་དག་པར་རབ་ཏུ་སྟོན་ནོ། །རིགས་ཀྱི་བུ་ས་བདུན་པ་ལ་གནས་པས་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐོབ་ཅིང་དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྣང་བར་བྱ་བ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་། ཕྱི་མའི་མཐའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་འཇུག་པ་དང་། ཆོས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འབྱེད་པ་དང་། ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལའང་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡང་དག་པར་རབ་ཏུ་སྟོན་ནོ། །རིགས་ཀྱི་བུ་ས་བརྒྱད་པ་ལ་གནས་པས་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཐོབ་ཅིང་། དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པར་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དུ་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་དུ་སྣང་བར་བྱ་བ་དང་། སེམས་ཅན་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་དང་། ཕྱི་མའི་མཐའི་བསྐལ་པ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ལ་འཇུག་པ་དང་། ཆོས་ཀྱི་སྒོ་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་རྣམ་པར་འབྱེད་པ་དང་། ལུས་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཡོངས་སུ་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་སྟོང་གསུམ་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཡང་དག་པར་རབ་ཏུ་སྟོན་ནོ། །

རིགས་ཀྱི་བུ་ས་དགུ་པ་ལ་གནས་པས་འདོད་ན་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་ནས་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་རབ་ཏུ་ཐོབ་ཅིང་། དེ་དག་ལ་སྙོམས་པར་འཇུག་པ་དང་། སངས་རྒྱས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་མཐོང་བ་དང་། དེ་དག་གིས་བྱིན་གྱིས་བརླབས་པ་ཡང་དག་པ་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་བསྐྱོད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་སྣང་བར་བྱ་བ་དང་། སེམས་ཅན་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་ཡོངས་སུ་སྨིན་པར་བྱ་བ་དང་། བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་དུ་གནས་པར་བྱ་བ་དང་། སྔོན་གྱི་མཐའི་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་དང་། ཕྱི་མའི་མཐའི་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་དུ་འཇུག་པ་དང་། ཆོས་ཀྱི་སྒོ་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་རྣམ་པར་འབྱེད་པ་དང་། ལུས་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་ཡང་དག་པར་སྟོན་པ་དང་། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་སྙེད་ཡང་དག་པར་སྟོན་ནོ། །རིགས་ཀྱི་བུ་ས་བཅུ་པ་ལ་གནས་པས་དེ་བཞིན་གཤེགས་པ་གཅིག་ལས་ཀྱང་། སྐད་ཅིག་ཡུད་ཙམ་ཐང་ཅིག་ཏུ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་ཚད་མེད་པ་རྣམས་ཀྱིས་བཟོད་པ་ཐོབ་བོ། །ཡང་དག་པར་ལེན་ནོ། །ཡང་དག་པར་འཛིན་ཏོ། །བདག་གིར་བྱེད་དོ། །དེ་བཞིན་གཤེགས་པ་གཉིས་དང་། གསུམ་ནས་ཚད་མེད་པའི་བར་དག་ཀྱང་། སྐད་ཅིག་ཡུད་ཙམ་ཐང་ཅིག་ལ་ཆོས་ཀྱི་སྣང་བ་ཆེན་པོ་དང་། ཆོས་ཀྱི་འོད་ཆེན་པོ་དང་། ཆོས་ཀྱི་སྤྲིན་ཆེན་པོ་ཚད་མེད་པའི་བཟོད་པ་ཐོབ་བོ། །ཡང་དག་པར་འཛིན་ཏོ། །ཡང་དག་པར་ལེན་ནོ། །བདག་གིར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ཡང་ནམ་མཁའ་ལྟ་བུའམ། ཆོས་སྐུ་ལྟ་བུ་དེ་ལས་ཡེ་ཤེས་སེམས་དཔའ་ཆོས་ཀྱི་སྤྲིན་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ཆོས་ཀྱི་སྤྲིན་ཞེས་བྱའོ། །སངས་རྒྱས་ཚུལ་ལ་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ལུགས་སོ། །

དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལ་ཐེག་པ་ཆུང་ངུ་དང་། ཐེག་ཆེན་གཉིས་སོ། །དེ་ལ་ཐེག་པ་ཆུང་བ་ནི། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས་ས་བཅུ་རང་རྒྱུད་པ་གཅིག་འོག་མིན་ནམ་རྡོ་རྗེ་གདན་དུ་སངས་རྒྱས་པར་འདོད་དོ། །ཐེག་ཆེན་པ་ནི། རྒྱལ་བ་འདིས་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་སངས་རྒྱས་ཟིན་པར་འདོད་དེ། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོ་འདས་པའི་སྔོན་རོལ་དུ་སངས་རྒྱས་སོ་ཞེས་པ་དང་། ཡབ་སྲས་མཇལ་བ་ལས། ངའི་འདས་པའི་དུས་ན་བསྐལ་པ་དཔག་ཏུ་མེད་པ་གྲངས་མེད་པ་འདས་པའི་དུས་ན་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་སོ། །ཞེས་སོ། །གསང་སྔགས་རྣལ་འབྱོར་རྒྱུད་ཀྱི་ལུགས་ཀྱི་རྒྱལ་བུ་དོན་གྲུབ་འོག་མིན་དུ་བྱོན་པ་དང་། ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟ་བུའི་སངས་རྒྱས་རྣམས་ཀྱིས་རིགས་ཀྱི་བུ་ཁྱོད་ཇི་ལྟར་སངས་རྒྱས་པར་བྱ་སྙམ་པའི་རྗེས་ལ། ཕྱི་ཡི་མངོན་བྱང་ལྔ་ལ་བརྟེན་ནས་སངས་རྒྱས་པར་འདོད་དེ། རྣལ་འབྱོར་བླ་མེད་ཕ་རྒྱུད་ནི། འོག་མིན་དུ་རྣམ་པར་སྣང་མཛད་ཆེན་པོ་ལ་དབང་ཞུས་ནས། དེར་སངས་རྒྱས་ལ། དེའི་སྤྲུལ་པ་པོ་གཅིག་འདིར་སངས་རྒྱ་པར་འདོད་དེ། ཟླ་གསང་ཐིག་ལེ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱ། །ཞེས་སོ། །ཡང་ན་ས་བཅུའི་བྱང་ཆུབ་སེམས་དཔའ་དེས་འོག་མིན་གྱི་གནས་སུ་རྡོ་རྗེ་འཆང་ལ་དབང་ཞུས་པས་དེ་ཉིད་ཀྱི་དབང་བསྐུར་དེས་སངས་རྒྱས་པར་འདོད་དེ། འདུལ་བ་དོན་ཡོད་པའི་རྒྱུད་ལས། གསང་བའི་གནས་མཆོག་འོག་མིན་དམ་པར་ནི། །བྱང་ཆུབ་སེམས་དཔའ་གཙོ་ཆེན་དབང་ཕྱུག་དེས། །ཆོས་ཀྱི་ཕོ་བྲང་དེར་ནི་དབང་བསྐུར་བ། །ཀུན་ཏུ་བཟང་པོ་རྡོ་རྗེ་དབྱིངས་ཀྱི་སྐུར། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་བྱིན་བརླབས་པས། །དེ་ཉིད་མངོན་པར་བྱང་ཆུབ་པས། །བླ་མེད་སྙིང་པོ་རྡོ་རྗེ་འཆང་དུ་གྱུར། །རང་བྱུང་བདེ་བ་ཆེན་པོར་མངོན་སངས་རྒྱས། །ཞེས་སོ། །མ་རྒྱུད་པ་ནི་གྲགས་ཆེན་གྱི་སངས་རྒྱས་ས་བཅུ་གཅིག་པ་དེ། འོག་མིན་བཙུན་མོའི་གཞལ་ཡས་ཁང་དུ་དབང་བཞི་རྫོགས་ཞུས་པས་བུད་མེད་མཆོག་ལ་བརྟེན་ནས་ས་བཅུ་གསུམ་རྡོ་རྗེ་འཛིན་པ་ཐོབ་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། བཅུ་གཅིག་སངས་རྒྱས་རྣམས་ཀྱིས་ཀྱང་། །བུད་མེད་ཕྱག་རྒྱ་བསྟེན་བྱས་ནས། །རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར། །ཞེས་སོ། །ཡང་ན་ས་བཅུའི་བྱང་ཆུབ་སེམས་དཔའ་དེས་འོག་མིན་དུ་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་ཞལ་སྦྱོར་བདེ་བ་ཆེན་པོའི་སྐུ། དྲུག་པ་རྡོ་རྗེ་འཆང་དེ་ལ་དབང་བཞི་རྫོགས་ཞུས་པས་ས་བཅུ་བཞི་བགྲོད་དེ། རྡོ་རྗེ་བདེ་བའི་རྒྱུད་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། བུམ་པའི་དབང་ནི་བཅུ་གཅིག་སྟེ། །གསང་བའི་དབང་ནི་བཅུ་གཉིས་མཆོག །ཤེས་རབ་ཡེ་ཤེས་བཅུ་གསུམ་པ། །དེ་ལྟར་དེ་བཞིན་བཅུ་བཞི་པ། །དབང་རེ་ལ་ནི་ས་རེ་སྟེ། །འདི་རྣམས་ས་ཡི་དབང་ཕྱུག་བདག །ཅེས་སོ། །

དེ་ལ་འགའ་ཞིག་ནི། གཙང་མའི་རིགས་ཀྱི་འོག་མིན་ནི་འཇིག་རྟེན་ཡིན་ལ། འོག་མིན་སྟུག་པོ་བཀོད་པ་ནི་མི་འཇིག་སྟེ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དགའ་ཞིང་། །སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དེ་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང་། །ཞེས་པས་རྣམ་སྣང་གངས་ཆེན་མཚོ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ། འཁོར་ས་བཅུ་པས་བསྐོར་ནས་བཞུགས་པའི་གནས་ནི། སྟུག་པོ་བཀོད་པ་ཡིན་ནོ། །དེ་ནི་འཇིག་ལ་དེའི་ནང་ན་གནས་པའི་ཞིང་ཁམས་ཆུང་ངུ་ཐམས་ཅད་ནི། སྤྲུལ་སྐུའི་ཞིང་ཁམས་ཡིན་པས་འཇིག་པའོ་ཞེས་འདོད་དོ། །དེ་ལྟར་ན་གངས་ཆེན་མཚོ་ཡི་ཞིང་མི་འཇིག་ན། འདི་ཡང་མི་འཇིག་སྟེ། འདི་ཡང་དེའི་ཞིང་ཁམས་སུ་བཤད་པ་དང་། གཉིས་ཀ་ལ་འཇིག་རྟེན་གྱི་ཁམས་སུ་བཤད་པའི་ཕྱིར་རོ། །དེ་ལ་དཔེར་ན་སྐྱེས་བུ་ཡན་ལག་དང་། མིག་དང་རྣ་བ་ལ་སོགས་པའི་བྱེ་བྲག་ཐམས་ཅད་ལ་མི་རྟག་ན་སྤྱི་ལུས་ཀྱང་མི་རྟག་སྟེ། སྤྱི་དང་བྱེ་བྲག་གི་མཐའ་ཅན་ཡིན་པའི་ཕྱིར་རོ། །དེས་ན་གཙང་མའི་རིས་ཀྱི་གནས་ནི་འོག་མིན་ཡིན་ལ། གཙང་མའི་རིགས་དག་སྤངས་པའི་འོག་མིན་ནི་གྲོང་ལས་དགོན་པ་ལྟ་བུ་སྟེ། འདི་ནི་མི་འཇིག་སྟེ་ས་བཅུ་འབའ་ཞིག་གི་སྣང་ངོ་ཡིན་པའི་ཕྱིར་རོ། །འཇིག་པ་ནི་མ་དག་པ་སོ་སོ་སྐྱེ་བོའི་སྣང་ངོ་ཡིན་ཏེ། དེ་ན་སོ་སོའི་སྐྱེ་བོ་མེད་པའི་ཕྱིར་རོ། །དེས་ན་ལུང་ཐམས་ཅད་དེ་ཉིད་ཀྱི་ལུང་སྟེ། གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས། ཡེ་ཤེས་བླ་ན་མེད་པའི་གནས། །གཙང་མའི་གནས་མཆོག་ལེགས་གནས་པ། །བཅོམ་ལྡན་འོག་མིན་འདིར་རྟག་བཞུགས། །ཀུན་ཏུ་སྤྱོད་པའི་ས་ཕྱོགས་སོ། །ཞེས་སོ། །ཡང་ན་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་འོག་མིན་ཏེ། ཡེ་ཤེས་བླ་ན་མེད་པའི་རྒྱུད་ལས། སེམས་ཉིད་བདེ་སྟོང་ལྷན་ཅིག་སྐྱེས། །འོག་མིན་གཙང་མའི་གནས་མཆོག་གོ །ཞེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ཁྱད་པར་རྒྱ་མཚོ་དང་། བ་ལང་གི་རྨིག་རྗེས་ཀྱི་ཆུ་ལྟ་བུ་སྟེ། ཕལ་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དང་སངས་རྒྱས་ཁྱད། །རྒྱ་མཚོ་བ་ལང་རྨིག་རྗེས་མཚུངས། །དག་པ་ས་གསུམ་ཡོན་ཏན་ཀྱང་། །དཔག་ཅིང་གཞལ་བར་མི་ནུས་ན། །ཐམས་ཅད་མཁྱེན་པའི་ཡོན་ཏན་ནི། །བརྗོད་ཅིང་དཔག་པར་སྨོས་ཅི་དགོས། །ཞེས་པ་དང་། བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། ནམ་མཁའ་ས་གཞི་གང་ཡིན་པ། །སྐྲ་རྩེས་གཞལ་བར་ནུས་སྲིད་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ནི། །བསྐལ་པ་གྲངས་མེད་བརྗོད་མི་ནུས། །དཔག་ཅིང་བརྗོད་པའི་ཡུལ་ལས་འདས། །དེ་ཕྱིར་བསམ་གྱིས་མི་ཁྱབ་བོ། །ཞེས་སོ། །སྒྱུ་མ་ལམ་རིམ་གསལ་བྱེད་པའི། །འགྲེལ་པ་འདི་ནི་བདག་གིས་བྱས། །དགེ་དེས་འཛིན་བྱེད་བདུད་བཅོམ་ནས། །དབྱེར་མེད་སྐུ་བཞི་ཐོབ་པར་ཤོག །སྒྱུ་མ་ལམ་གྱི་རིམ་པའི་དོན་འགྲེལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་མཛད་པ་རྫོགས་སོ།། །།ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་དང་། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །སླད་ནས་བདག་ཁྱུང་པོ་རྣལ་འབྱོར་པས་ཞུས་ཏེ། ཉམས་སུ་མྱོང་བར་བྱས་སོ། །མངྒ་ལཾ། བྷཝན་ཏུ།

ནི་གུའི་ཞལ་གདམས་སྐོར་བཞུགས།

ཇོ་མོ་མུ་ཏིག་ཕྲེང་བ།

༄༅། །ཇོ་མོ་མུ་ཏིག་ཕྲེང་བ་བཞུགས།

བླ་མ་རྣམས་དང་ཡི་དམ་ལ། །ལུས་ངག་ཡིད་གསུམ་གུས་བཏུད་ནས། །ཡེ་ཤེས་ཌཱ་ཀི་ནི་གུ་མའི། །ཞལ་གྱི་གདམས་པ་བྲི་བར་བྱ། །དེ་ལ་རྗེ་བཙུན་མུ་ཏིག་ཕྲེང་བ་བསྒོམ་པར་འདོད་པས་དབེན་པའི་གནས་སུ་འབོལ་བའི་སྟན་ལ། ལུས་རྣམ་སྣང་གི་ཆོས་བདུན་གྱིས་འདུག་སྟེ། སེམས་བསྐྱེད་སྔོན་དུ་སོང་བས་རང་ཉིད་དཔལ་འཁོར་ལོ་སྡོམ་པར་སྐད་ཅིག་གིས་བསྐྱེད་ལ་རྩ་གསུམ་གསལ་གདབ་བོ། །

དེ་ནས་གཡས་ར་ས་ནཱའི་ནང་ན་མར་ཨཱ་ལི་བཅུ་དྲུག་སྟར་ལ་བརྒྱུས་པ་ལྟར་དཀར་ཕྲེང་ངེ་བ་བསམ། གཡོན་མ་ལ་ནཱའི་ནང་ན་མར་ཀཱ་ལི་སུམ་བཅུ་རྩ་གཉིས་བྱུ་རུ་བཅག་པའི་མདོག་ལྟར་དམར་བྲེང་ངེ་བ་བསམ། དེ་གཉིས་འོད་ཀྱི་རང་བཞིན་དུ་རྩ་ནང་ན་མར་ཕྲི་ལི་ལི་སོང་བ་དང་། ལྟེ་བའི་འོག་རྩ་གསུམ་འདོམས་པའི་སར་སླེབ་པ་དང་། གཡས་གཡོན་གྱི་རྩ་གཉིས་པོའི་སྣ་ཨ་བ་དྷཱུ་ཏིའི་ཁ་དོང་ངེ་ཡོད་པའི་ནང་དུ་མར་བཞག་འཁྱོགས་ཏེ་ཚུད་པ་དང་། ཡིག་འབྲུ་རྣམས་ནི་རྩ་སྣ་གཉིས་ནས་ཨ་བ་དྷཱུ་ཏིའི་ནང་ན་ཡར་དཀར་དམར་དུ་ཕྲི་ལི་ལི་སོང་བས་ལྟེ་བ་སྤྲུལ་པའི་འཁོར་ལོ་ན། རྩ་རིན་པོ་ཆེའི་གཞལ་ཡས་ཁང་ཞེས་བྱ་བ་རྩ་མདུད་གྲུ་གསུམ་ཡོད་པ་དེ། ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་གཅིག་ཏུ་བསམས་ལ། དེས་ཡིག་འབྲུ་རྣམས་དཀྱིལ་བ་བཞིན་དུ་ཆོས་འབྱུང་གི་ནང་དུ་དཀར་དམར་དུ་ཁྱིལ་ལེ་འཁྱིལ་བས་ཡིག་འབྲུ་རྣམས་འོད་ཀྱི་རང་བཞིན་དུ་ལྟེམ་གྱིས་ཞུ་བ་དང་། འོད་དེ་ལས་རྗེ་བཙུན་མ་རིམ་གྱིས་བསྐྱེད་དེ། དེ་ཡང་དང་པོ་ཞབས་ཀྱི་བོལ་གོང་མན་བསྐྱེད། དེ་ནས་པུས་མོ། སྐེད་པ། མགྲིན་པ། དབུ་མན་རྫོགས་པར་བསྐྱེད།

དེ་ཡང་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་པོ་རུས་པའི་རྒྱན་ལྔས་སྤྲས་པ། སྤྱན་གསུམ་ཧྲིག་གེ་གཟིགས་པ། ཞལ་མཆེ་བ་གཙིགས་ཤིང་གཟིགས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་ཅན། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཡས་རྡོ་རྗེ་གྲི་གུག་གི་སོ་ནང་དུ་བསྟན་ནས་དཔུང་པའི་ཐད་ཀར་འཛིན་པ། གཅེར་བུ་སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཞབས་གཡས་བསྐུམས་པ། གཡོན་བརྐྱངས་པས་ཆོས་འབྱུང་གི་ནང་དུ་གར་སྟབས་སུ་བཞུགས་ཤིང་། གཞོན་ནུ་ལང་ཚོ་དར་ལ་བབ་པ། མེ་དཔུང་འབར་བའི་གསེབ་ཏུ་བཞུགས་པ་གཅིག་ཏུ་བསམ། དེ་ནས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གསལ་སིང་ངེ་བ་དེ་ལ་དམིགས་ལ་སྔགས་གསུམ་སྦྲེལ་གྱི། ཨོཾ་གཉིས་བཞག་པའི་ཅི་ཙམ་ནུས་པ་བཟླའོ། །

དེ་ལ་སྐྱོ་ན་རྗེ་བཙུན་མའི་ཕྱག་གཡས་རྡོ་རྗེ་གྲི་གུག །དེ་ཇེ་དམའ་ཇེ་དམའ་ལ་ཕྱག་གཡོན་པའི་ཐོད་པའི་ནང་དུ་བཅུག་ནས་གྲི་གུག་གིས་ཐོད་པའི་བདུད་རྩི་དཀྲུགས་པས་ཐོད་པ་འོད་དུ་ལྟེམ་གྱིས་ཞུས་ཏེ། གྲི་གུག་ལ་ཐིམ་པར་བསམ་མོ། །གྲི་གུག་འོད་དུ་ཞུ་བས་རྗེ་བཙུན་མ་ལ་ཐིམ་པས་རྗེ་བཙུན་མ་འོད་དུ་ཞུ་སྟེ། འོད་ཀྱི་ཕུང་པོ་ཞིག་ཏུ་གྱུར་པ་དང་། འོད་དེས་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་མཐའ་ནས་འདུས་ནས་དབུས་སུ་ཡལ་བ་དང་། དེའི་ངང་ལ་སྐྱེ་མེད་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག་གོ །དེ་ལ་ཇི་སྲིད་པ་དེ་སྲིད་བཞག་གོ །དེ་ལ་སྐྱོ་ན་སྟོང་པའི་ངང་ལས་རང་ཉིད་ཡི་དམ་ལྷར་ལངས་ལ་སྤྱོད་ལམ་བྱ། རྗེས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ་བ་བྱའོ། །དེ་ལྟར་མ་ཆགས་པར་ཉམས་སུ་བླངས་ན། ཕྱིའི་བར་ཆད་གདོན་བགེགས། ནང་གི་བར་ཆད་འདུ་བ་རྣམ་བཞི། གསང་བའི་བར་ཆད་འཁྲུལ་རྟོག་ཉོན་མོངས་པས་མི་ཚུགས་སོ། །རང་གི་རྒྱུད་ལ་ཡོན་ཏན་གྱི་ཆོས་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གནས་པ་དང་། གནས་པ་གོང་ནས་གོང་དུ་འཕེལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །འདི་ཡི་བསྙེན་པ་བྱེད་པར་འདོད་ན། སེམས་བསྐྱེད་ལ་ལྷ་སྔར་བཞིན་བསྒོམས་ཏེ་དམིགས་ནས་སྔགས་གསུམ་ཕྲལ་ལ། ཨོཾ་སརྦ་བུད་དྷ་ལ་སུམ་བརྒྱ། བཛྲ་ཝརྞ་ལ་སུམ་བརྒྱ། བཛྲ་བཻ་རོ་ཙ་ན་ལ་སུམ་བརྒྱ་བཟླས་ཏེ། དགུ་བརྒྱ་སོང་པ་དང་། དེ་ནས་སྔགས་གཅིག་ཏུ་དྲིལ་ལ། ཨོཾ་གཉིས་བཞག་སྟེ། དེ་ལ་འབུམ་གྱི་བར་དུ་བཟླ་བར་བྱའོ། །དེ་ལྟར་བྱས་ན་ཕན་ཡོན་དཔག་ཏུ་མེད་དོ། །ཇོ་མོ་མུ་ཏིག་ཕྲེང་བ་རྫོགས་སོ། །ཨྟི།

བར་དོ་མེད་པར་འཚང་རྒྱ་བའི་གདམས་པ།

༄༅། །བར་དོ་མེད་པར་འཚང་རྒྱ་བའི་གདམས་པ།

འཇའ་ལུས་སྒྲུབ་པ། ན་མོ་གུ་རུ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས་ལུས་ཡི་དམ་ལྷར་བསྒོམ། རང་གི་རྡོ་རྗེ་ནོར་བུའི་བུམ་པར་ཐིག་ལེ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་དང་བཅས་པ་གཅིག་བསམས། དེ་ལས་འོད་ཟེར་ཁ་དོག་ལྔ་ལུས་ཀྱི་ནང་ན་ཡར་འཕྲོས་པས་ལུས་ཐམས་ཅད་འོད་ཁ་དོག་ལྔས་ཁེངས་ཏེ། ལུས་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་ལྟེམ་ལྟེམ་འདུག་པས་ཕྱིའི་ཤ་ཁྲག་ཐམས་ཅད་དག །ནང་གི་རྒྱུས་པ་ཆུ་རྒྱུས་དག་པས་ཉོན་མོངས་ཆགས་སྡང་རྨོངས་གསུམ་དག་སྟེ། འོད་ཟེར་ཁ་དོག་ལྔའི་ལུས་ཡེ་ཤེས་ལྔའི་རང་བཞིན་དུ་གསལ་སང་ངེ་བ་ལ་སེམས་གཏད་དེ། དེ་ཡི་དམ་ཐུན་ཞབས་ལ་མ་ཆགས་པར་བསྒོམ། ལུས་ལ་ཚ་གྲང་གི་ན་ཚ་བྱུང་ན། རྡོ་རྗེ་ནོར་བུའི་བུམ་པའི་ཐིག་ལེ་ནག་པོར་བསྒོམས་ལ། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ལུས་ཀྱི་ཚ་གྲང་ནད་ཐམས་ཅད་བསྡུས་ཏེ། བཤང་སྒོ་ཆེ་ཆུང་ན་མར་ལ་སང་སང་སྦྱང་བར་བསམ་མོ། །དེ་ལྟར་དེ་བཞིན་དུ་བསྒོམས་ནས་ལན་གཅིག་འཆི་བའི་དུས་སུ། འཆི་རྟགས་ས་ཆུ་ལ་ཐིམ་པའི་རྟགས་སུ་ལུས་ལྗིད་ཐིབས་ཀྱིས་འགྲོ། དེའི་དུས་སུ་ཐིག་ལེ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོས་པ་དེ་རང་གི་རྐང་པ་གཡས་པའི་རྒྱུ་མ་ཁུངས་ན་རྩ་འདུས་པའི་རྩ་མདུད་ཡོད་པས་དེའི་ནང་དུ་རང་གི་རྣམ་པར་ཤེས་པ་དང་གཉིས་སུ་མེད་པར་བསམ་ལ། དེ་རྩ་ནང་ནས་ཡར་རིམ་གྱིས་དྲངས་ཏེ། བོལ་དང་། བྱིན་པ་དང་། པུས་མོ་དང་། བརླའི་རྩ་བོ་ཆེ་ན་ཡར་དྲངས་ཏེ། རྒྱུ་སྨད་ནས་རྩ་གསུམ་འདོམས་སར་སླེབ་པ་དང་། རྩ་དབུ་མའི་ཁར་ཚུད་དེ། ལྟེ་བ་སྤྲུལ་པའི་འཁོར་ལོར་ཡེར་གྱིས་བྱུང་བར་བསམས་ལ། དེ་ལ་སེམས་གཏད། ཡང་ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་བཤེར་སྟིངས་འགྲོ། དེའི་དུས་སུ་ཐིག་ལེ་མགྲིན་པར་དྲངས་ལ་སེམས་གཏད། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་ཤེས་པ་ཕྱད་ཕྱད་འགྲོ། དེའི་དུས་སུ་ཐིག་ལེ་རྣམ་ཤེས་དང་བཅས་པ་དེ་སྤྱི་བོར་དྲངས་ལ། སྤྱི་བོ་ཚངས་བུག་ནས་ཕྱིར་རྒྱངས་ཀྱིས་དོན་པ་དང་ཐིག་ལེ་རྣམ་པར་ཤེས་པ་དང་བཅས་ཏེ། ལྷན་སྐྱེས་ཡབ་ཡུམ་དུ་ལམ་གྱིས་གྱུར་པར་བསྒོམ། དེ་ཡང་ཤ་ཁྲག་གདོས་པ་ཅན་མ་ཡིན་ཏེ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ། བར་སྣང་གི་འཇའ་ཚོན་ནམ། འོད་ཀྱི་ཕུང་པོ་ལྟ་བུ་ལ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་རང་བཞིན་ཅན་དུ་བསམ་མོ། །དེའི་ངང་ལ་མ་ཡེངས་པར་ཤི་ན་བར་དོ་མེད་པར་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་འགྲོའོ། །ནི་གུ་མའི་ཞལ་གདམས་སོ། །ཨྟིི།

ནད་གདོན་གྱི་གདམས་པ།

༄༅། །ནད་གདོན་གྱི་གདམས་པ།

ན་མོ་གུ་རུ། དག་དང་སྦྱང་བའི་ཆོ་ག་ཤེས་པར་བྱ་ཞེས་པའི་དོན་ནི། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས་རང་ཡི་དམ་གྱི་ལྷར་བསྒོམ། དེའི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཡུམ་རྡོ་རྗེ་ཕག་མོས་མགུལ་ནས་འཁྱུད་ཅིང་མཉམ་པར་སྦྱོར་བ། དགྱེས་པའི་ཞལ་རས་འཛུམ་དང་བཅས་པ་གཅིག་བསམས་ནས། དེ་ལ་གསོལ་བ་བཏབ་པས་བླ་མའི་རྡོ་རྗེ་ནོར་བུ་ནས་ཐིག་ལེ་དཀར་པོ་བྱུང་། ཡུམ་གྱི་པདྨ་ནས་ཐིག་ལེ་དམར་པོ་བྱུང་ནས་ཐིག་ལེ་དཀར་དམར་གཉིས་རང་གི་སྤྱི་བོ་ཚངས་བུག་ན་མར་སོང་བས་དཀར་པོ་གཡས་ན་མར་སོང་། དམར་པོ་གཡོན་མར་སོང་སྟེ། ལྟེ་བར་འཛོམས་པ་དང་། མས་ཤར་འཁྱིལ་ཏེ། ལྟེ་བ་ཡན་ཆད་སྤྱི་བོ་མན་ཆད་ཐིག་ལེ་དཀར་དམར་གྱིས་མེ་རེ་རེ་ཁེངས་པས་ལུས་སེམས་གཉིས་ལ་ཟག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་གཉིས་སུ་མེད་པའི་ཉམས་སང་སྐྱེ་བར་བསམས་ལ། དེའི་ངང་ལ་སེམས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བཞག་གོ །དེ་ལ་རྟོག་པ་འཕྲོ་ན་སྔར་བཞིན་སྒོམ་གྱིན་སེམས་གནས་པར་བྱའོ། །ལུས་ལ་ཚ་གྲང་གི་ན་ཚ་བྱུང་ན་སྤྱི་བོར་བླ་མ་ཡབ་ཡུམ་སྔར་བཞིན་བསྒོམས་ལ། དེའི་བྱང་སེམས་དཀར་དམར་སྤྱི་བོ་ཚངས་བུག་ན་མར་སོང་བས་ལུས་ཀྱི་ཚ་གྲང་གི་ན་ཚ་དང་སྡིག་སྒྲིབ་ཐམས་ཅད་མར་དེད་དེ། བཤང་སྒོ་ཆེ་ཆུང་ན་མར་ནག་ཉི་ལི་ལི་སྦྱངས་ཏེ་དག་པར་བསམ། དེ་ནས་བླ་མ་ཡབ་ཡུམ་ཡང་སྤྱི་བོ་ན་མར་ཐིམ་པས་ནད་ཐམས་ཅད་སངས་ཀྱིས་དག་པ་དང་། སྐྱེ་མེད་ཀྱི་ངང་ལ་ལྷན་གྱིས་བཞག་གོ །དེ་ལྟ་བུ་ནད་མ་སོས་བར་དུ་བསྒོམ། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོའོ། །ཨྟིི།

མདུད་འགྲོལ་འགྲེན་འགྲེམས།

༄༅། །མདུད་འགྲོལ་འགྲེན་འགྲེམས་བཞུགས།

ན་མོ་གུ་རུ། ཡེ་ཤེས་ཀྱི་ཌཱ་ཀི་ནི་གུ་མའི་ཞལ་གྱི་གདམས་པ་འདི་ལ་གསུམ་ཡིན་ཏེ། རྩ་མདུད་དགྲོལ་དང་དྲང་བ་དང་། །རྩ་ནི་དབུ་མར་གཞུག་པའོ། །དང་པོ་རྩ་མདུད་དགྲོལ་བ་ནི། །དབེན་གནས་འབོལ་བའི་གདན་སྟེང་དུ། །ལུས་གནད་རྣམ་སྣང་ཆོས་བདུན་བཅའ། །དམིགས་པ་རྩ་གསུམ་གསལ་བཏབ་ལ། །མཐའ་མའི་རྩ་གཉིས་རིང་བ་ཡིས། །རྩ་སྦུབས་དབུ་མར་ཚུད་བསམས་ལ། །རང་གི་རོ་སྟོད་གཡས་གཡོན་ནི། །དྲག་པོ་བདུན་བདུན་བཅུ་བར་བྱ། །དེ་ཡིས་རྩ་མདུད་དགྲོལ་བར་བྱེད། །གཉིས་པ་རྩ་རྣམས་དྲང་བ་ནི། །རང་ཉིད་ལྐོག་ཀོག་གིས་ལངས་བྱས་ལ། །རླུང་གི་འཁོར་ལོ་ཐུར་དུ་བཤིག །མེ་ཡི་འཁོར་ལོ་གྱེན་དུ་བཤིག །སྒལ་ཚིགས་དྲང་པོར་ཐར་གྱིས་བསྲངས། །གྱེན་དུ་འཕང་ཞིང་འོག་ཏུ་ནི། །རྟིང་པ་ས་ལ་གདབ་པར་བྱ། །དེ་ལྟ་བུ་ནི་ལན་བདུན་ནོ། །དེ་ཡིས་རྩ་རྣམས་དྲང་བ་ཡིན། །

གསུམ་པ་དབུ་མར་དྲང་བ་ནི། །ལག་པ་གཉིས་ནི་བརླ་ན་མར། །ཁུ་ཚུར་བཅངས་ལ་ཤད་ཀྱིས་བརྐྱངས། །གྱེར་འཕར་འོག་ཏུ་རྟིང་པ་གདབ། །དེ་ལྟ་བུ་ནི་ལན་བདུན་ནོ། །ཐིག་ལེ་ལུས་ལ་དགྲམ་པ་ནི། །ཉྭ་བཞི་ལག་མཐིལ་བཤུད་པ་ནི། །ལུས་གནད་རྣམ་སྣང་ཆོས་བདུན་ལ། །སེམས་ཉིད་སྤྲོས་དང་བྲལ་བར་བཞག །ལྷོད་ཀྱིས་གློད་པ་ཤིན་ཏུ་གཅེས། །ཕྱག་རྒྱ་ཆེན་པོ་སྐྱེ་བ་ཡིན། །ཐིག་ལེ་ཕྱི་རུ་ཤོར་དོགས་ན། །རྣམ་སྣང་ཆོས་བདུན་ལུས་གནད་ལ། །དམིགས་པ་ནོར་བུའི་རྩེ་མོ་རུ། །ཐིག་ལེ་དཀར་པོ་བསམ་པ་སྟེ། །དེ་ནི་ནོར་བུའི་ནང་ཞུགས་ཏེ། །དབུ་མར་རྒྱངས་ཀྱིས་སོང་བ་ཡིས། །ཚངས་པའི་བུ་གར་ཐོན་པ་དང་། །ཕྱག་རྒྱ་ཆེན་པོའི་ངང་ལ་བཞག །ཐིག་ལེ་ཁ་ནི་འབུས་པ་དང་། །གློ་བུར་འདོད་ཆགས་སྐྱེ་བ་དང་། །འདྲེ་མོས་གནོད་པར་བྱེད་པ་ལ། །དེ་བསྒོམས་པས་ནི་སེལ་བར་བྱེད། །ལུས་སྦྱོང་དེ་རྣམས་གང་བྱེད་ཀྱང་། །སྤྱི་བོར་བླ་མ་བསྒོམས་པ་ལ། །གསོལ་བ་དྲག་ཏུ་གདབ་པར་བྱ། །རླུང་བཟུང་བ་ནི་ཤིན་ཏུ་གཅེས། །དེ་རྣམས་ཕྱི་ཡི་གནད་ཡིན་གསུངས། །ཨྟིི།

འགྲེན་འགྲེམས་རྩ་སྒོར་རླུང་འདོན་མ།

༄༅། །འགྲེན་འགྲེམས་རྩ་སྒོར་རླུང་འདོན་མ་བཞུགས།

ན་མོ་གུ་རུ། རྩ་རླུང་ལ་སོགས་བསྒོམས་པ་ཡིས། །ལུས་ལ་བདེ་བ་སྐྱེས་གྱུར་ན། །བདེ་བ་སྨད་དུ་ལྷུང་བ་ཡིས། །བདེ་བ་ཕྱི་རུ་ཤོར་དོགས་ན། །རྩ་སྒོར་རླུང་གདོན་ཤིན་ཏུ་གཅེས། །དབེན་ཞིང་འབོལ་བའི་སྟན་དག་ལ། །ལངས་ལ་ལུས་ནི་བསྲངས་བྱས་ཏེ། །རླུང་གི་འཁོར་ལོ་ཐུར་དུ་བཤིག །ལག་གཉིས་སྤྱི་བོར་བརྒྱངས་བྱས་ཏེ། །མེ་ཡི་འཁོར་ལོ་སྙོམས་སུ་སྦྱར། །རྟིང་པ་བཏེག་ཅིང་ས་ལ་བརྡབ། །དམིགས་པ་ལྟེ་འོག་སོར་བཞི་ན། །རྩ་གསུམ་འདོམས་པའི་འདོམས་པ་ན། །གཏུམ་མོ་ཡེ་ཤེས་མེ་འབར་ཏེ། །ཨ་བ་དྷཱུ་ཏིའི་ནང་ན་ཡར། །ནར་གྱིས་སོང་བས་སྤྱི་བོར་སླེབ། །ཚངས་བུག་ཀྵ་ཡིག་ཕྱིར་གསལ་ཏེ། །མེ་ལྕེ་མྱུ་གུས་བྱུང་བ་དང་། །མེ་དང་འགྲོགས་པའི་རླུང་དེ་ནི། །ཁ་དོག་སྔོན་པོ་ཕྱུ་རུ་རུ། །དུ་བའི་ཚུལ་དུ་ཐོན་པར་བསམ། །དེ་ནས་འཇོག་པའི་དུས་ཙམ་ན། །མེ་དེ་གནས་སུ་སོང་བ་དང་། །ཀྵ་དེས་ཚངས་བུག་བཀག་པར་བསམ། །དེས་ནི་ཐིག་ལེ་འདྲེན་པའོ། །ཐིག་ལེ་ལུས་ལ་དགྲམ་པ་ནི། །ལངས་ལ་ལག་གཉིས་ཁུ་ཚུར་བཅངས། །གཡས་པ་བརླ་ཡི་ཟུར་ལ་བརྐྱངས། །གཡོན་པ་ཅུང་ཟད་བསྐུམས་བྱས་ལ། །གཡོན་པའི་གཞོགས་ནི་གཡས་ངོས་སུ། །དྲག་པོ་ལན་བདུན་འཐེན་པར་བྱ། །དེ་ནས་གཡོན་པ་བརྐྱངས་བྱས་ལ། །གཡས་པའི་དྲག་ཏུ་འཐེན་པར་བྱ། །དེ་ནས་ལག་གཉིས་སོར་མོ་རྣམས། །བསྣོལ་ཏེ་བྲང་ལ་དགབ་པར་བྱ། །འཐེབ་ཆེན་གཉིས་ནི་མཆན་འོག་དང་། །ནུ་མའི་ལོགས་ནས་བཙིར་བྱས་ཏེ། །རོ་སྟོད་གཡས་དང་གཡོན་དུ་ནི། །དྲག་པོ་བདུན་བདུན་བཅུ་བར་བྱ། །དེས་ནི་ལུས་ལ་དགྲམ་པའོ། །ཐིག་ལེའི་སྐྱོན་རྣམས་སེལ་བར་བྱེད། །ནི་གུ་མའི་ཞལ་གདམས་སོ། །ཨྟིི།

རྩ་བརྐྱང་བསྐུམ་གྱི་གདམས་པ།

༄༅། །རྩ་བརྐྱང་བསྐུམ་གྱི་གདམས་པ་བཞུགས།

ན་མོ་གུ་རུ། རང་ལུས་རྩ་ཡི་འཁོར་ལོ་འདི། །བརྐྱངས་པ་རྣམས་ནི་བསྐུམ་པ་དང་། །བསྐུམས་པ་རྣམས་ནི་བརྐྱང་བར་བྱ། །དེ་ནི་མ་བྱས་སྒོམ་པ་ནི། །རྩ་ཟུག་རླུང་ཟུག་འབྱུང་བར་འགྱུར། །དེ་ལ་དབེན་པའི་གནས་ཉིད་དུ། །རང་ཉིད་སར་གྱིས་ལངས་བྱས་ལ། །ལག་གཉིས་འཁར་བ་གཅིག་ལ་བཟུང་། །གཡས་པའི་མཐིལ་དེས་གཡོན་པ་ཡི། །པུས་མོ་མཉན་གོང་དག་ཏུ་སྦྱར། །གཡས་པའི་པུས་མོ་ཕྱིར་བསྐྱེད་དེ། །ལུས་པོ་སྟོང་འཕར་འོག་ཏུ་ནི། །གཡོན་པའི་རྟིང་པ་ལན་གསུམ་གདབ། །དེ་བཞིན་གཡས་པའང་ཤེས་པར་བྱ། །དེ་ཡི་འོག་ཏུ་རྐང་པ་གཉིས། །མཉམ་པར་ཤད་ཀྱིས་བརྐྱངས་བྱས་ལ། །གཡས་པའི་རྟིང་པ་ས་ལ་ནི། །དྲག་པོ་ལན་གསུམ་གདབ་པར་བྱ། །དེ་བཞིན་གཡོན་པའང་གསུམ་གསུམ་མོ། །དེ་འོག་འཁར་བ་བཞག་བྱས་ལ། །ལག་གཉིས་སོར་བསྣོལ་བྲང་ལ་དགབ། །མཐེབ་ཆེན་གཉིས་ཀྱིས་ནུ་མ་དང་། །མཆན་འོག་གཉིས་ནས་ཚུར་བཙིར་ཏེ། །རང་གི་སྐུ་སྟོད་གཡས་གཡོན་དུ། །དྲག་པོ་གསུམ་གསུམ་བཅུ་བར་བྱ། །དེ་འོག་རང་གི་མགོ་བོ་ནི། །ཕྱོགས་བཞིར་བུ་ཆུང་འཁྲུལ་འཁོར་བྱ། །དེ་ཡང་གསུམ་གསུམ་བྱེད་པར་འདོད། །དེ་འོག་སྟེང་འཕར་འོག་ཏུ་ནི། །རྟིང་པ་ལན་གསུམ་ས་ལ་གདབ། །སྟན་དང་མ་བྲལ་གནད་དུ་ཆེ། །དེ་ཡང་མཁའ་འགྲོའི་ཞལ་གདམས་སོ། །ཨྟིི།

རྩ་ཁ་འབྱེད་པའི་མན་ངག

༄༅། །རྩ་ཁ་འབྱེད་པའི་མན་ངག་བཞུགས།

ན་མོ་གུ་རུ། རྩ་ཁ་འབྱེད་པའི་མན་ངག་ནི། །སྐྱིལ་ཀྲུང་སྒལ་ཚིགས་བསྲངས་བྱས་ལ། །གཡོན་པའི་ཁུ་ཚུར་བྲང་ཁར་བཞག །གཡས་པ་ཐུར་དུ་དྲག་པོར་བརྐྱངས། །གཡོན་པའང་ནི་དེ་བཞིན་ནོ། །དེ་ཡི་འོག་ཏུ་སུག་བཞི་ནི། །ཕྱིར་ལ་དྲག་པོར་བརྐྱང་བྱ་ཞིང་། །ཁ་གདངས་མིག་ཀྱང་བགྲད་པར་བྱ། །དེ་ནས་སུག་བཞི་དྲག་ཏུ་སྤྲུག །དེ་འོག་བླ་མའི་གཏུམ་མོ་བསྒོམ། །རང་ལུས་རྣམ་སྣང་ཆོས་བདུན་ལ། །དབུ་མ་དྲང་པོར་གནས་བསམས་ཏེ། །དེ་འོག་ཡེ་ཤེས་མེ་དེ་ནི། །ཡར་སྦར་དབུ་མའི་ནང་ཞུགས་ཏེ། །བླ་མའི་ཞབས་ལ་རེག་གྱུར་པས། །བདུད་རྩི་འབབ་ཅིང་བདེ་བ་བསྒོམ། །བླ་མ་མི་དམིགས་མེད་པར་གནས། །བདུད་རྩི་མི་དམིགས་སྟོང་པར་བསྒོམ། །ནི་གུ་མའི་ཞལ་གདམས་སོ། །ཨྟིི།

གེགས་སེལ་རྡོ་རྗེའི་གར།

༄༅། །གེགས་སེལ་རྡོ་རྗེའི་གར་བཞུགས།

ན་མོ་གུ་རུ། ཐབས་ལམ་གཏུམ་མོ་བསྒོམས་པ་ཡིས། །རླུང་སེམས་གནད་དུ་མ་ཚུད་པས། །ལུས་ལ་ཟུག་སྐྱོན་བྱུང་བ་ན། །དབེན་པའི་ཕྱོགས་སུ་སོང་ནས་ནི། །རྡོ་རྗེའི་གར་ལ་འབད་པར་བྱ། །དང་པོ་དབུ་མར་གཟུད་པ་ནི། །གྲང་དང་ཚ་བསྡུ་གསུམ་ཡིན་ནོ། །དང་པོ་དབུ་མར་གཟུད་པ་ནི། །འབོལ་བའི་སྟན་ལ་སར་གྱིས་ལངས། །རྐང་པ་གཤིབ་ལ་དྲང་པོར་བསྲངས། །ལག་གཉིས་ཁུ་ཚུར་བརླ་ཟུར་བརྐྱངས། །རླུང་བཟུང་འོག་རླུང་དྲག་པོར་འཐེན། །རྟིང་པ་ལན་གསུམ་བྲང་ལ་བརྟེག །འཕར་བ་གསུམ་བྱ་ལག་པ་ནི། །རྒོད་གཤོག་བཞིན་བརྐྱངས་རོ་སྟོད་སྤྲུག །ཝལུས་པོ་བསྲངས་ལ་ལག་པ་གཉིས། །ཁུ་ཚུར་བསྣོལ་ལ་ནུ་མ་མནན། །ཀུ་འདེབས་གཡས་གཡོན་དྲག་ཏུ་འཐེན། །ལན་གསུམ་ཡིན་ནོ་རླུང་བཟུང་གཅེས། །དེ་ནས་ལངས་ལ་ལག་གཉིས་བསྣོལ། །དཔུང་པ་དག་ལ་དགབ་པར་བྱ། །སྐེད་པ་གཡས་གཡོན་དྲག་པོ་གཅུ། །དམིགས་པ་ལྟེ་བར་ཨ་བསམས་ལ། །རྩ་རྣམས་ཐིག་ལེ་ཨ་ལ་འདུས། །ཨ་ནི་སྐྱེ་མེད་སྟོང་པར་བསྒོམ། །གསུམ་གསུམ་བྱེད་པ་ཐམས་ཅད་འདྲ། །སྙིང་རླུང་བྱུང་ན་སྙིང་ནང་དུ། །ཨ་བསམ་འོད་ཟེར་འཕྲོས་པ་ལས། །སེམས་གཏད་དེ་ཡི་སེལ་བར་བྱེད། །རྡོ་རྗེ་གར་གྱི་གདམས་ངག་འདི། །ཡེ་ཤེས་མཁའ་འགྲོའི་གདམས་ངག་གོ །ཨྟིི།

གེགས་སེལ་འཕྲུལ་འཁོར།

༄༅། །གེགས་སེལ་འཕྲུལ་འཁོར་བཞུགས།

ན་མོ་གུ་རུ། ཐབས་ལམ་སྒོམ་པའི་རྣལ་འབྱོར་ལ། །རྒྱུད་ལ་དུག་གསུམ་སྐྱེས་པ་ཡིས། །དེ་ཡི་འབྲས་བུ་ནད་གསོ་ན། །ལུས་སྦྱོར་འཁྲུལ་འཁོར་དག་གིས་བཅོས། །གཏི་མུག་སྟོབས་ཀྱིས་བྱུང་གྱུར་ན། །རྣམ་སྣང་མཛད་ཀྱི་འདུག་སྟངས་དང་། །འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས། །གཏི་མུག་མུན་པ་བསལ་བར་བྱ། །ཉོན་མོངས་གཏི་མུག་ཞི་བར་བསམ། །རྒོད་པའི་སྟོབས་ཀྱིས་འགྲོ་འདོད་ན། །རང་ལུས་རྡོ་རྗེ་སྐྱིལ་ཀྲུང་དང་། །སྲིན་ལག་ནས་བཟུང་ལྟག་པ་ན། །བཀུག་ནས་གཡས་གཡོན་དག་ཏུ་ནི། །དྲག་པོ་གསུམ་གསུམ་བཅུ་བར་བྱ། །སྤྱི་བོར་ཐལ་རྒྱབ་ཐིམ་པར་བསམ། །ཡི་དྭགས་སྟོབས་ཀྱིས་འཁྲོ་འཚིག་ན། །དོན་ཡོད་གྲུབ་པའི་འདུག་སྟངས་ཀྱིས། །རང་ལ་གནོད་པའི་ཡི་དྭགས་རྣམས། །བདུད་རྩིའི་རྒྱུན་གྱིས་ཚིམ་པར་བྱ། །དེར་རྗེས་རྡོ་རྗེའི་སྐྱིལ་ཀྲུང་དང་། །འབར་བའི་ཕྱག་རྒྱ་ཐུགས་ཀར་བཅའ། །ཁྲོ་བོའི་སྤྱན་གྱིས་ཕྱོགས་བཅུར་བལྟ། །ཕྱོགས་བཅུའི་ས་བོན་མེ་འཁོར་གྱིས། །རང་ལ་གནོད་བྱེད་བསྐྲད་པར་བྱ། །ཁྲོ་བོའི་བཟླས་པ་བག་ཙམ་བྱ། །རྒྱུད་ལ་ཞེ་སྡང་སྐྱེས་གྱུར་པས། །འབྲས་བུ་སྟོད་དུ་གཟེར་གྱུར་ན། །རྡོ་རྗེ་སྐྱིལ་ཀྲུང་བྲང་ཁ་རུ། །སོར་མོ་བསྣོལ་ཏེ་བྲང་ཁ་རུ། །གཡས་གཡོན་དུ་ནི་གསུམ་གསུམ་བཅུ། །ཁྲོ་བོའི་སྤྱན་གྱིས་གཡས་གཡོན་བལྟ། །དེར་རྗེས་མཉམ་བཞག་ཕྱག་རྒྱ་ཡིས། །ཕོ་བར་གདམས་ཏེ་ལན་གསུམ་རྔེངས། །རྒྱུད་ལ་འདོད་ཆགས་སྐྱེས་པ་ཡིས། །འབྲས་བུ་སྨད་དུ་ནད་བྱུང་ན། །ལུས་པོ་བརྐྱངས་ཏེ་རྐང་པ་གཡབ། །ལག་པ་ཟན་སྦྲུའི་ཕྱག་རྒྱ་བྱ། །དེ་གཉིས་དམིགས་པ་གཅིག་ཡིན་ཏེ། །སྙིང་ཁར་ཡི་གེ་མ་དང་ནི། །ཐིག་ལེ་དཀར་དམར་སྦྱོར་བ་ཡིས། །རྒྱུད་ལ་བདེ་སྟོང་སྐྱེས་པར་བསམ། །ཕྱིར་ཤོར་ནང་དུ་དྲོད་མེད་ན། །ལུས་སེམས་ཕྲལ་ཏེ་བསྡུ་བར་བྱ། །གཏུམ་མོ་དག་གི་མེ་ལ་ཡིན། །མེ་དེ་ཕྲ་བ་སྐུད་པ་ཙམ། །དབུ་མ་རྒྱུ་ཞབས་སླེབ་བསམས་ལ། །དེ་ལ་སེམས་གཏད་གསལ་བར་བསྒོམ། །དྲོད་སྐྱེས་བདེ་བ་མེད་གྱུར་ན། །ཐིག་ལེ་དབབ་པའི་མན་ངག་ནི། །འདོམ་གསུམ་ཆོད་པའི་གདན་ལ་ནི། །ཀག་གིས་ལངས་ལ་སྡིགས་མཛུབ་བརྐྱངས། །བཅུ་གཅུ་ཞིང་བཅུ་གཅུ་ཞིང་མདུན་མཐའ་དང་། །དེ་བཞིན་རྒྱབ་མཐའ་དེ་འོག་ཏུ། །སེམས་དཔའི་སྐྱིལ་ཀྲུང་སྲིན་ལག་བཟུང་། །དྲག་ཏུ་བཅུ་གཅུ་ཞིང་ངར་ལ་བཤུད། །དེ་འོག་ལན་གསུམ་སྤྲུག་པར་བྱ། །དེ་ཡིས་བདེ་བ་འབེབས་པ་ཡིན། །ལུས་སྦྱོང་དེ་དག་གང་བྱེད་ཀྱང་། །རླུང་བཟུང་བ་ནི་ཤིན་ཏུ་གཅེས། །མཁའ་འགྲོ་ནི་གུ་མའི་ཞལ་གདམས་སོ།། །།ཨྟིི།

རྒྱུད་གསུམ་དྲིལ་བའི་མན་ངག་རྡོ་རྗེའི་ཁྲུས།

༄༅། །རྒྱུད་གསུམ་དྲིལ་བའི་མན་ངག་རྡོ་རྗེའི་ཁྲུས་བཞུགས།

ན་མོ་གུ་རུ། སེམས་བསྐྱེད་སྔོན་དུ་སོང་བས་རང་གི་སྤྱི་བོར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་སྔོན་པོ་གཅིག་བསྒོམ། དེའི་ལྟེ་བ་ལ། ཨོྃ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཀྱི་སྔགས་ཀྱིས་གཡོན་ཏུ་བསྐོར་བ་ལ་དམིགས་པ་ཅུང་ཞིག་གཏད་པས་དེ་ལས་འོད་ཟེར་སྔོན་པོ་འཕྲོས་པས་ལུས་ཀྱིས་ཁྱབ་པའི་ལུས་ཀྱི་སྡིག་སྒྲིབ་དག་པར་བསྒོམ། མགྲིན་པར་འཁོར་ལོ་རྩིབས་བཞི་པ་སྔོ་སྐྱ་གཅིག་གི་ལྟེ་བ་ལ་ཨོཾ་ཨཱཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་གཡས་སུ་འཁོར་བ་ལ་སེམས་གཏད་པས་དེ་ལས་འོད་ཟེར་འཕྲོས་པས་མགྲིན་པ་འོད་ཀྱིས་ཁྱབ་ངག་གིས་བསགས་པའི་སྒྲིབ་པ་དག་པར་བསྒོམ། སྙིང་ཁར་འོད་ཀྱིས་ཁྱབ་འཁོར་ལོ་རྩིབས་བརྒྱད་པ་གཅིག་གིས་ལྟེ་བ་ལ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་གཡས་སྐོར་དུ་འཁོར་བ་ལ་དམིགས་པ་གཏད་པས་འོད་ཟེར་སྔོན་པོ་འཕྲོས། རོ་སྟོད་ཐམས་ཅད་འོད་ཀྱིས་ཁྱབ་པས་སེམས་ཀྱིས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་ལུས་ཤེལ་གོང་དག་པའི་རྣམ་པ་ལྟ་བུ་ཕྱི་ནང་ཐམས་ཅད་གསལ་སང་སོང་བར་བསམ། དེ་ནས་སྙིང་ཁའི་ཡིག་འབྲུ་དང་བཅས་པ་དེ་འུབས་འུབས་ཡར་འདུས། མགྲིན་པའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། མགྲིན་པའི་འཁོར་ལོ་སྤྱི་བོ་ལ་ཐིམ་པ་དང་། ལུས་སྟོང་སང་སོང་བར་བསྒོམ། དེ་ནས་འོག་རླུང་དྲངས་ཏེ། ལྟེ་བ་སྒལ་པ་ལ་བཅར་ཏེ་རླུང་མནན། མིག་ཧྲིག་སྟོན། ཤེས་པ་རྟེན་མི་བཅའ་བར་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ །བདེ་མཆོག་མ་ཧཱ་མ་ཡ་དང་། རྒྱུད་གསུམ་དྲིལ་པའི་མན་ངག་འདི། ཐོ་རེངས་ཀྱི་ཆ་ལ་མ་ཆག་པར་བསྒོམས་པས་དགེ་སྦྱོར་ལ་བོགས་ཆེན་པོ་འོང་ངོ་། །ཚུལ་ཁྲིམས་འཆལ་བ་དང་དམ་ཚིག་ཉམས་པའི་གྲིབ་ཀྱིས་མི་ཚུགས། རྡོ་རྗེའི་ཁྲུས་སུ་འགྱུར་རོ། །ནད་གདོན་གྱིས་མི་ཚུགས། ཡོན་ཏན་དཔག་ཏུ་མེད་དོ། །མཁའ་འགྲོ་མ་ནི་གུ་མའི་ཞལ་གདམས་སོ།། །།ཨྟིི། བརྒྱུད་པ་ནི། རིན་ཆེན་བདུན། ཤངས་སྟོན། རྒྱལ་མཚན་འབུམ། བྱམས་པ་དཔལ། ཆོས་གྲགས་པ། སངས་རྒྱས་དཔལ། དུས་འཁོར་བ་འཕགས་པ་རིན་ཆེན། དེས་བདག་རིན་ཆེན་ཆོས་ཀྱི་རྒྱལ་པོ་ལ་གནང་ངོ་། །

དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པ་ཞེས་བྱ་བའི་ཐབས། བདེ་མཆོག་གསང་སྒྲུབ།

༄༅། །དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པ་ཞེས་བྱ་བའི་ཐབས། བདེ་མཆོག་གསང་སྒྲུབ་བཞུགས་སོ། །

རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སྃ་བྷ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པ་ཞེས་བྱ་བའི་ཐབས། དཔལ་བདེ་ཆེན་ཡེ་ཤེས་ལ་ཕྱག་འཚལ་ལོ། །སེམས་བསྐྱེད་ཚད་མེད་སྔོན་འགྲོ་བས། །ཆོས་རྣམས་སྟོང་པ་ཉིད་དུ་སྒོམ། །སྟོང་པའི་ངང་ལས་རང་ཉིད་ཀྱི། །སྤྱི་གཙུག་ཡི་གེ་འབྲུ་དཀར་ལས། །འཁོར་ལོ་དཀར་པོ་རྩིབས་བཞིར་གྱུར། །དེ་ཡི་ལྟེ་བ་པད་མ་དང་ཉི་ཟླའི་སྟེང་། །ཧཱུྃ་དཀར་བཾ་དམར་ལས་འོད་འཕྲོས་པས། །སྲིད་གསུམ་གྱི་སེམས་ཅན་བདེ་མཆོག་དཀར་པོའི་གོ་འཕང་ལ་བཀོད། །འོད་ཟེར་ཚུར་འདུས་ཡབ་དཀར་ཡུམ་དམར་དུ་གྱུར་ལ། །བདེ་ཆེན་ལྷ་མོ་སྐུ་མདོག་དཀར། །གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་ལ་ཁ་ཊྭཱཾ་ག་དང་བཅས་པ་བཞི། །རྩིབས་ཀྱི་སྟེང་དུ་བསམ་པར་བྱ། །འཁོར་ལོའི་རྩིབས་ཀྱི་རྩེ་མོ་ལ་རཾ་བཞི་ལ། །ཡེ་ཤེས་མེ་དཔུང་འབར་བ་ཡིས། །གསང་བ་སྙོམས་འཇུག་གི་དང་ཁོ་ན་ཉིད་ཕྱག་ཆེན་གྱི་མཆོད་པས། །ཡབ་ཡུམ་སྙོམས་འཇུག་སྦྱོར་མཚམས་ནས། །བྱང་སེམས་དཀར་ལ་དམར་མདངས་ཆགས། །ཆུ་རྒྱུན་རང་གི་སྤྱི་གཙུག་ཟུག །འཁོར་གྱི་ལྷ་མོ་བཞི་ཁ་ཊྭཱཾ་ཡབ་ཀྱི་ཚུལ་དུ་སྙོམས་འཇུག་བྱས་པས། །གསང་གནས་ནས་བྱང་སེམས་རྒྱུན་རྣམས་བབས། །རང་གི་སྤྱི་གཙུག་གཅིག་ཏུ་གྱུར་ནས་ནི། །གནས་སྤྱི་བོ་མགྲིན་པ་ལ་སྙིང་ཁ་ལྟེ་བ་བཞིར་བབས་པས་སྡིག་སྒྲིབ་དག །འཁོར་ལོ་མྱུར་འཁོར་ནད་གདོན་རྣམས། །བཅད་དང་གཏུབ་པས་མེ་དཔུང་བསྲེགས། །རླུང་གིས་རང་བཞིན་མེད་པར་གཏོར། །ཆུ་རྒྱུན་འཁོར་ལོ་མེ་དཔུང་རླུང་། །དེ་ལ་མ་ཡེངས་གསང་སྔགས་བཟླས། །དམིགས་པ་སྟོད་ན་རྨི་ལམ་འབྱོངས། །ལོངས་སྤྱོད་རྫོགས་སྐུ་རང་ཤར་འབྱུང་། །དེ་ནི་སྐུ་ཡི་འཁོར་ལོའོ། །དེ་ནས་མགྲིན་པར་བྲུཾ་དམར་ལས། །འཁོར་ལོ་དམར་དང་པད་ཉི་ཡི། །སྟེང་དུ་ཧཱུྃ་དང་བཾ་དམར་ལས། །འོད་འཕྲོས་གོང་བཞིན་སྤྲོ་བསྡུ་བྱ། །དབུས་སུ་བདེ་མཆོག་ཡབ་ཡུམ་ནི། །པདྨ་རཱ་གའི་མདོག་འདྲ་བ། །རུས་པ་ཐོད་པ་སྐམ་རློན་བརྒྱན། །གར་དགུའི་ཉམས་དང་ལྡན་པའོ། །ཕྱོགས་བཞིར་ལྷ་མོ་གྲི་ཐོད་ཅན། །མདོག་དམར་ཁ་ཊྭཱཾ་བཅས་པའོ། །རྩིབས་ཀྱི་རཾ་ལས་གོང་བཞིན་དུ། །ཡེ་ཤེས་མེ་འབར་མཆོད་པས་མཉེས། །གཙོ་འཁོར་ཡབ་ཡུམ་སྦྱོར་མཚམས་ནས། །བྱང་སེམས་དམར་བའི་ཆུ་རྒྱུན་བྱུང་། །མགྲིན་པ་མན་ཆད་ཁེངས་པ་ཡིས། །ནད་གདོན་སྡིག་སྒྲིབ་དག་པར་བསམ། །ཆུ་རྒྱུན་འཁོར་ལོ་དམར་པོ་མེ་དཔུང་རླུང་། །སྙིང་པོ་བཟླས་པར་ཁྱད་པར་སྔར་དང་མེད། །དམར་བ་ཁོང་པའི་ནང་མེ་ཡི་འོབས་ལྟར་བསམ། །གསུང་གི་འཁོར་ལོ་དམར་པོའོ། །རང་གི་ཐུགས་ཀྱི་འཁོར་ལོ་སྔོན་པོ་ནི། །སྙིང་ཁར་བྲུཾ་སྔོན་བེེ་དུར་མདོག །རྣོ་ངར་ལྡན་པའི་འཁོར་ལོ་རྩིབས་བཞི་པ་ལྟེ་བ་པདྨ་བསམ། །ཉི་ཟླ་འཇིགས་བྱེད་དུས་མཚན་སྟེང་། །ཧཱུྃ་དང་རྡོ་རྗེའི་སྤྲོ་བསྡུ་ལས། །བདེ་མཆོག་སྔོན་པོ་ཡུམ་དམར་ཞིང་། །དྲག་པོའི་རང་བཞིན་འཁོར་བཅས་བསྒོམ། །རྩིབས་བཞིའི་རྩེ་ལ་ལ་མེ་དཔུང་སྔོ་ནག་འུར་སྒྲ་ཐུགས་སྒྲ་དང་བཅས་པ་འབར། །ཡབ་ཡུམ་སྙོམས་འཇུག་རྒྱུད་བསྐུལ་ནས། །ཟག་མེད་བདེ་བ་ཆེར་རྒྱས་ཤིང་། །ཧཱུྃ་ཕཊ་གད་མོ་འབྲུག་སྟོང་སྒྲོགས། །སྦྱོར་མཚམས་བྱང་སེམས་མཐིང་ཤུན་མདོག །སྙིང་ཁ་མན་ཆད་ཁེངས་པ་ཡིས། །སེམས་ཀྱི་ནད་གདོན་སྡིག་སྒྲིབ་དག །ཁྱད་པར་གདོན་དང་ཞེ་སྡང་རྣམས། །འཁོར་ལོས་སྟུབས་ཤིང་མེ་དཔུང་བསྲེགས། །ཡེ་ཤེས་རླུང་གིས་གདེངས་པར་བྱ། །བྱང་སེམས་ཆུ་རྒྱུན་དྲག་པོ་ཡིས། །སྡིག་སྒྲིབ་ནད་གདོན་ཐམས་ཅད་ཐལ་བའི་རི་བོ་ལ་ཆུ་རྒྱུན་བབས་པ་བཞིན་བཀྲུ། །གཏི་མུག་དང་ཚད་པའི་ནད་ཞི་བར་བྱེད་པ་བ་ལ། །སྤྱི་གཙུག་སྐུ་ཡི་འཁོར་ལོ་དཀར་པོ་ག་བུར་གྱི་ཆུ་རྒྱུན་དང་བཅས་པ་བསྐོར། །དབང་དུ་སྡུད་པ་དང་འདོད་ཆགས་དང་གྲང་ནད་ལ། །མགྲིན་པ་གསུང་གི་འཁོར་ལོ་དམར་པོ་ལྕགས་བསྲེག་པ་བཞིན་དང་ཟངས་ཞུན་ལྟ་བུ་བསྐོར། །གདོན་བགེགས་ཞེ་སྡང་བད་ཀན་ལ། །སྙིང་ཁ་ཐུགས་ཀྱི་འཁོར་ལོ་ཆུ་རྒྱུན་སྔོན་པོ་མེ་སྔོན་ནག་འབར་བ་བསྐོར། །རྦད་གཏོང་ངན་པ་བཟློག་པ་ལ། །ས་བོན་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པ་ཡིས། །གནོད་བྱེད་བཀུག་ལ་འཁོར་ལོས་སྟུབས། །མེས་བསྲེགས་རླུང་གིས་གཏོར་བར་བྱ། །ལྷ་རྣམས་ཞལ་ནི་ཕྱིར་བསྟན་ལ། །སྙིང་པོའི་རྗེས་སུ་མ་ར་ཡ། །བཏགས་པ་བཟླས་པས་དམ་ཉམས་སྒྲོལ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །བསྙེན་པ་འབུམ་ཕྲག་བདུན་བདུན་གྱིས། །ས་རྣམས་གཡོ་ཞིང་ཞི་རྒྱས་དབང་དྲག་གི་ལས་རྣམས་འགྲུབ། །བཅུ་བཞིའི་ས་རྣམས་རྫོགས་བྱེད་པའི། །བདེ་མཆོག་ཉེ་བར་སྒྲུབ་པ་འདི་ལ་འབད། །མཁའ་འགྲོའི་སྲོག་སྙིང་ཤངས་པ་རྡུ་གུ་པ་ཁྱོད་ལ་གཏོད། །ཆིག་རྒྱུད་ལས་མ་སྤེལ་ཙི་ཏའི་ཕོ་བྲང་དུ། །རང་སྲོག་ལྟར་ཧེ་སྒྲུབ་འདི་དང་བླ་མ་གཅེས་པར་ཟུང་། །ནི་གུ་མ་ང་རང་བྱིན་རློབ་སྤྱི་བོར་སྒོམས་ལ་གསོལ་བ་ཐོབ། །ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱིས་བགྲོད་པར་བྱ། །འདི་ནི་གསང་སྔགས་མཐར་ཐུག་མཆོག །བཅོམ་ལྡན་འདས་བདེ་མཆོག་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ཡེ་ཤེས་མཁའ་འགྲོ་ནི་གུ་མས་མཛད་པ་རྫོགས་སོ།། །།བདག་ཁྱུང་པོ་རྣལ་འབྱོར་པས་སེང་ལྡན་འཐུག་པོའི་ནགས་གསེབ་ཏུ་མཁའ་འགྲོ་མའི་ཞལ་གདམས་རྣམས། ཏ་ལའི་ལོ་མ་ལ་རྗོད་༼བརྗེད༽ཐོར་བྲིས་ནས་ག་འུར་བཅངས་ཏེ་ལུས་དང་མ་བྲལ་བར་བྱས་སོ། །

དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག

༄༅། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་བཞུགས།

འཁོར་ལོ་སྡོམ་པའི་དབང་མཆོག་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་མཎྜ་ལ་བི་ཏི་ན་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཏིང་ངེ་འཛིན་གྱི་དབང་བསྐུར་བར་འདོད་པས་ཐོག་མ་ཁོ་ནར་ཡིད་འཇུག་པའི་གནས་སྟར་བ་ལེགས་པར་བྱས། དེར་བཅོམ་ལྡན་འདས་བདེ་མཆོག་གི་བྲིས་སྐུ་ལ་སོགས་པ་ལེགས་པར་དགྲམ། དེ་ནས་མཎྜལ་གྱི་ས་གཞི་ལ་བའི་རྣམ་ལྔ་དང་དྲི་བཟང་དང་ཆང་ལ་སོགས་པས་ལེགས་པར་བྱུག །དེ་ལ་དྲུག་ཅུ་རྩ་གཉིས་ཀྱི་མཎྜལ་ལམ་བཅུ་གསུམ་མམ་ལྷ་ལྔའི་མཎྜལ་བྱས་ཏེ། དེ་ཡང་པདྨ་འདབ་བཞི། ཕྱོགས་ཚོན་ཤར་མཐིང་བྱང་ལྗང་ནུབ་དམར་ལྷོ་སེར་ལྟེ་བ་དང་ལྔ་ལ་མེ་ཏོག་གི་ཚོམ་བུ་ལྔ་འགོད། དེ་ལས་ལྷ་ལྔ་བསྐྱེད། མཆོད་པ་ལྔ་དང་གཏོར་མ་ལྔ་ལ་སོགས་པ་རྒྱ་ཆེན་པོ་བཤམ།

དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་གྲལ་ལ་འཁོད་དུ་བཅུག་སྟེ། ཉམས་པ་ཅན་ལ་སོགས་པ་ཡིན་ན། ཧེ་རུ་ཀའི་ཡི་གེ་བརྒྱ་པའམ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་གང་རུང་བཟླས་པ་བྱེད་དུ་གཞུག །དེ་ལ་འཆི་བ་མི་རྟག་པ་ལ་སོགས་པ་སྔོན་འགྲོའི་ཆོས་རྣམས་བྱའོ། །དེ་ནས་རང་ཉིད་བསྐྱེད་པའི་རིམ་པའི་རྣལ་འབྱོར་དུ་ཞུགས་ཏེ། དེ་ཡང་སྒྲུབ་པ་པོ་རང་གི་ཐུགས་ཀར་བཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་སྔོན་པོ་གཅིག་བསམ། དེ་ལ་ཡི་གེ་བདུན་པས་བསྐོར་བར་བསམ་ཞིང་། བསྙེན་པ་ཅི་རིགས་ཤིག་བསྐྱལ་ལོ། །དེ་ནས་མཎྜལ་གྱི་དབུས་ཀྱི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ་པ་ལས་དྲུག་ཅུ་རྩ་གཉིས་སམ། བཅུ་གསུམ་མམ། ལྷ་ལྔའི་དཀྱིལ་འཁོར་དུ་བསྐྱེད་དོ། །དེ་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཡེ་ཤེས་སེམས་དཔའ་བཞུགས་པ་དབང་བསྐུར་རྒྱས་བཏབ་ལ་སོགས་གཞུང་བཞིན་བྱའོ། །དེ་ནས་ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཞེས་པའི་སྔགས་ཀྱི་ཕྱིའི་མཆོད་པ་རྣམ་ལྔ་དང་ནང་མཆོད་གསང་མཆོད་དབུལ་ལོ་བསྟོད་པ་རྣམས་བྱའོ། །

དེ་ནས་ཆང་བྱིན་གྱིས་བརླབ་པ་ནི། ཀ་པཱ་ལའི་ནང་དུ་བདེ་མཆོག་ཡབ་ཡུམ་ལྷན་སྐྱེས་ཀྱི་ཚུལ་དུ་སྐད་ཅིག་གི་བསྐྱེད་ནས། སྔགས་བཟླས་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་རང་བཞིན་དུ་བསམ་པས་ཐོད་པའི་ཆང་བདུད་རྩིར་གྱུར། དེ་ནས་ཡབ་ཡུམ་གཉིས་བདེ་བའི་ངོ་བོར་ཞུ་ནས་ཐོད་པ་ལྟེམ་ཁེངས་པར་བསམ་མོ། །དེས་ཚོགས་ཀྱི་ཡོ་བྱད་དང་མཆོད་རྫས་ལ་གཏོར་བས་ཐམས་ཅད་བདུད་རྩིར་བྱིན་གྱིས་བརླབ་པར་བྱའོ། །

དེ་ནས་སློབ་མའི་སྤྱི་བོར་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་དང་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཧཱུཾ། མགྲིན་པར་པཾ་ལས་པདྨ་དམར་པོ། དེའི་དཀྱིལ་འཁོར་དུ་ཨ་དམར་པོ་འབུར་སྐྱེས་ཤིག །སྙིང་ཁར་ཡང་པད་ཉིའི་དང་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཧཱུཾ། ལྟེ་བར་ཆོས་འབྱུང་གི་ནང་དུ་བཾ་དམར་པོ་གཅིག་བསམ་དུ་གཞུག་གོ །དེ་ནས་སྤྱི་བོའི་ཧཱུཾ་ལས་འོད་ཟེར་ཕར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་པས་ཧཱུཾ་ལ་ཐིམ། ཧཱུཾ་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་བླ་མ་དང་གཉིས་སུ་མེད་པའི་རང་བཞིན་རྒྱན་ཆ་ལུགས་དང་ལྡན་པ། ཡབ་ཡུམ་གྱི་རྣམ་པ་ཌཱཀི་རྣམ་པ་བཞིས་བསྐོར་བ་ཅན་དུ་བསྒོམ་མོ། །དེའི་ཐུགས་ཀའི་ས་བོན་གྱི་ཡི་གེ་ལས་འོད་ཟེར་བྱུང་བས་རང་གི་སྤྱི་བོ་བདེ་བ་ཆེན་པོ་འོད་ཀྱིས་ཁྱབ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་ཐོབ་པར་བསམ། དེ་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ། ངག་གི་སྡིག་སྒྲིབ་དག །གསང་དབང་ཐོབ་པར་བསམ། དེ་ནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་འོད་ཀྱིས་ཁྱབ། ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ། དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་འོད་ཀྱིས་ཁྱབ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ་པ་ནི་དབང་བཞི་ཐོབ་པའོ། །

དེ་ནས་སྙིང་ཁའི་ཧཱུཾ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་རོ། །དེ་ཡང་རྩ་བའི་མཁའ་འགྲོ་མ་བཞིས་གཙོ་བོ་ལ་སྐོར་བར་བྱེད་པ་ལ་ཤེས་པ་གཏད་དོ། །དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་ཆོས་འབྱུང་ནང་གི་བཾ་ལ་ཕོག །བཾ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་ཅང་ཏེའུ། གཡོན་ཐོད་པ་བསྣམས་པ། སྐུ་མདོག་དམར་མོ་རུས་པའི་རྒྱན་ཆ་ཅན། ཁྲོ་བ་འཛུམ་པ་སྒེག་པ་གར་བྱེད་པ་དེ་ལ་ཤེས་པ་གཏད་དོ། །དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་དེ་ནས་སྤྱི་བོའི་བླ་མ་འོད་དུ་ཞུ། སྙིང་ཁའི་བཅོམ་ལྡན་འདས་ལ་ཐིམ། བཅོམ་ལྡན་འདས་འོད་དུ་ཞུ། ལྟེ་བའི་རྣལ་འབྱོར་མ་ལ་ཐིམ། རྣལ་འབྱོར་མའི་སྣ་བུག་གཡས་ནས་ཨ་ལི་བྱུང་། གཡོན་ནས་ཀ་ལི་བྱུང་། སྨིན་མཚམས་སུ་གཡུང་དྲུང་དམར་པོ་གཅིག་ཏུ་གྱུར་ནས་དྲག་ཏུ་འཁོར་བར་བསམ་མོ། །དེ་ནས་རྣལ་འབྱོར་མ་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ཕུང་པོ་ཡང་འོད་ཕུང་ལྟ་བུ་ལ་སྟོང་སངས་ཀྱིས་སོང་ནས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་དར་ཅིག་བསྒོམ་དུ་གཞུག་གོ །

དེ་ལྟར་སྤྱི་བོའི་བླ་མ་ལ་སེམས་གཏད་ནས་བསྒོམས་པས་དྲོད་སྐྱེ། དེ་བུམ་པའི་དབང་གི་ངོ་སྤྲོད། དགའ་བའི་དབང་དུ་བྱས་ན་ཉམས་སུ་མྱོང་བའི་དགའ་བའོ། །སྙིང་ཁའི་ལྷ་ཚོགས་ལ་ཤེས་པ་གཏད་པའི་དུས་སུ། ལུས་སེམས་ལ་མི་རྟོག་བདེ་བ་སྐྱེས་པ་དེ་གསང་དབང་གི་ངོ་སྤྲོད། དགའ་བའི་དབང་དུ་བྱས་ན་མཆོག་དགའོ། །ཆོས་འབྱུང་གི་རྣལ་འབྱོར་མ་ལ་ཤེས་པ་གཏད་པའི་དུས་སུ། ལུས་སེམས་ལ་མི་རྟོག་པ་སྐྱེས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་སྤྲོད། དགའ་བའི་དབང་དུ་བྱས་ན་དགའ་བྲལ་གྱི་དགའ་བའོ། །དབང་གསུམ་པའི་ངོ་བོ་གཅིག་ཏུ་འདུག་པ་དེ་དབང་བཞི་པའི་ངོ་སྤྲོད། དགའ་བའི་དབང་དུ་བྱས་ན་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ནས་ཆོས་སྐུ་སྐྱེ་བ་མེད་པ་ལ་ལོངས་སྐུར་འགག་པ་མེད་པ་ལྟ་བའི་ཚུལ་གྱིས་སྒྱུ་མ་ལྟ་བུའི་ལྷ་སྐུ་སྣང་ལ་རང་བཞིན་མེད་པས་སྣང་སྟོང་ཙམ་དུ་ཡང་ཞེན་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་སྒོམ་དུ་གཞུག་གོ །དེ་ལ་མཆོད་པ་རྣམ་པ་ལྔ་ཚན་ཅིག་དབུལ། མཎྜལ་གྱི་སྟེང་གི་ཡེ་ཤེས་པ་གཤེགས། དམ་ཚིག་པ་སློབ་མའི་སྙིང་ཁར་བསྡུའོ། །དེས་ནི་དབང་བཞི་མ་ཐོབ་པ་ཐོབ་པ་དང་ཐོབ་ནས་ཉམས་པ་གསོ་བ་དང་། སྡིག་པ་ཐམས་ཅད་མྱུར་དུ་ཟད་ནས་དཔལ་བདེ་བ་ཆེན་པོའི་སྐུ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས། ཚེ་འདི་ཉིད་དུ་བཅུ་བཞི་བདེ་བ་ཆེན་པོའི་ས་ཐོབ་པར་འགྱུར་རོ། །དེ་ནས་གཏོར་མ་བཏང་། ཚོགས་ལ་ལོངས་སྤྱོད། ཡི་གེ་བརྒྱ་པ་བཟླས། བསྔོ་བ་བྱའོ། །བདེ་མཆོག་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར་བའི་ཆོ་ག །ཡེ་ཤེས་ཀྱི་ཌཱཀི་མ་ནི་གུ་མས་སྡོམ་པ་རྒྱ་མཚོའི་རྒྱུད་ལས་ཕྱུང་བའོ། །རྫོགས་སོ།། །།བདག་ཁྱུང་པོ་རྣལ་འབྱོར་པས་མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ནས་ཞུས་པའོ། །ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཨྠྀི།

དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་བྱ་བ་འཆི་མེད་རྡོ་རྗེའི་ཚིག་རྐང་ལ་སོགས་པ་འཆི་མེད་ཀྱི་སྐོར་རྣམས།

༄༅། །དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་བྱ་བ་འཆི་མེད་རྡོ་རྗེའི་ཚིག་རྐང་ལ་སོགས་པ་འཆི་མེད་ཀྱི་སྐོར་རྣམས་བཞུགས་སོ། །

རྒྱ་གར་སྐད་དུ། ཤྲཱི་ཨ་མ་ར་ཛྙཱ་ན་མ་ཧཱ་ན་མ། བོད་སྐད་དུ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་བྱ་བ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་ངོ་བོ་རྒྱལ་བ་རྣམས་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །འཆི་མེད་ཡེ་ཤེས་སྤྲུལ་སྐུའི་འཕྲིན་ལས་རང་སྒྲ་འདི་སྐད་ཐོས། །སྐྱེས་བུ་གང་ཞིག་བླ་མ་ལ་གུས་པ་དད་ལྡན་དབང་གཞན་དང་འདིར་ཐོབ་རྩ་བ་དང་ཡན་ལག་གི་དམ་ཚིག་ཅན། །བླ་མ་མཆོག་ཏུ་གྱུར་པ་བསྟེན་འདི་དོན་ལ་འཆི་མེད་རྟོགས་པར་གྱིས། །གང་གིས་དད་གུས་ཅན་ཚེ་འདི་བློས་ཕྱིས་ཀྱིས་བཏང་ནས། །ཚེ་གཅིག་ཏུ་བསྒོམས་ན་རབ་ཐ་མ་ཞག་བདུན་འབྲིང་ལོ་ཟླ་བ་ཡིས། །ཇི་ལྟར་ཉོན་མོངས་པའི་ལུས་འདི་དག་ནས། །ཡེ་ཤེས་འཆི་མེད་ལུས་ནི་རང་དགར་འབྱུང་བར་འགྱུར་རོ། །ཚད་མེད་པ་བཞི་དང་སེམས་བསྐྱེད་སྔོན་འགྲོ་བས། །ཆོ་ག་གསུམ་མམ་སྐད་ཅིག་གིས། །རང་ལུས་ཡི་དམ་ཡབ་ཡུམ་བདེ་མཆོག་གྱིས། །སྤྱི་གཙུག་ཧཱུྃ་གི་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅན་ཀུན། །དག་ཅིང་སྟོང་གསལ་གཉིད་དུ་སྦྱངས་པས། །སྣང་སྟོང་འཇའ་ཚོན་ལྟ་བུ་འོད་ཀྱི་སྐུ། །སྣང་ལ་རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་དཔུང་བཅས། །གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་བདེ་སྟོང་ཆེན་པོར་ལྟ་བར་བྱའོ་ལྟོས། །རང་ལུས་སྣང་སྟོང་ལྷ་སྐུའི་སེམས་དེ་རང་གི་ཡིན་པ་ལ། །སེམས་ནི་སྣང་སྟོང་ལྷ་ཡི་སྐུ། །སེམས་དང་ལྷ་སྐུ་སེམས་སྤངས་པའི་ཕ་རོལ་ན་ལྷ་སྐུ་མེད། ལྷ་སྐུ་སྤངས་པའི་ཕ་རོལ་ན་སེམས་འགྲུབ་པ་མེད་པས་དབྱེར་མེད་དེ། །རྨི་ལམ་ཡུལ་དང་ཆུ་ཟླ་ལྟར། །རང་བཞིན་གྱིས་དབྱེར་མེད་པའི་ཟུང་འཇུག་ཆེན་པོ་ཡི། །ངོ་བོ་བརྗོད་པ་དང་བྲལ་བས་བློ་ལས་འདས་ཏེ། །དེའི་ངོ་བོ་བརྗོད་བྲལ་ནི་དུས་གསུམ་སངས་རྒྱས་ཀྱིས། །འདས་པས་མ་གཟིགས་མ་འོངས་པས་མི་གཟིགས་ད་ལྟར་གྱིས་གཟིགས་མི་འགྱུར། །དེ་ལ་ན་རྒྱུ་མེད་འཆི་རྒྱུ་མེད་དང་། །འཁོར་བར་འཁྱམ་རྒྱུ་མེད་མྱ་འདས་སངས་རྒྱས་རྒྱུ་མ་གྲུབ་ཅིང་། །འཕོ་བྱ་དང་འཕོ་བྱེད་ཐམས་ཅད་དང་བྲལ་བས་ན། །ཡེ་ཤེས་དེ་ཕྱིར་འཆི་མེད་རང་གྲོལ་ལོ། །དེ་ལྟར་སེམས་འཆི་མེད་དུ་མ་རྟོགས་པའི་རྣལ་འབྱོར་པས། །བསྐལ་པ་གྲངས་མེད་པར་བསྒྲུབས་ཀྱང་ངལ་བ་དོན་མེད་དུ་འགྱུར་ཞིང་། །ལོག་པའི་ལམ་འབའ་ཞིག་ཞུགས་པ་ཁོ་ནར་ཟད། །སྐྱེས་བུ་གང་གིས་མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པས་ཀྱང་། །ནམ་འཆི་ཁའི་མ་ཚེ་འདིའི་དུས་གཞན་དུ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས་འཆི་མེད་རྡོ་རྗེའི་ཚིག་རྐང་པ་བཞི་པོ་འདི། །སྐད་ཅིག་གམ་ཡུད་ཙམ་གཅིག་ལའང་། །དྲན་ཡིད་ལ་བསམ་པའམ་ངག་ཐོས་རྣམ་པར་ལུས་ལ་རེག་པར་གྱུར་པས་ཀྱང་། །གནད་གཅོད་ཀྱི་སྡུག་བསྔལ་ཐམས་ཅད་རང་དག་ལ་སོང་ནས། །དང་པོ་བར་དོར་རྒྱལ་བ་ལོངས་སྐུར་མངོན་པར་རྫོགས་པར་སངས་རྒྱ། །སྒྲིབ་པ་ཆུང་ལ་སྨོས་ཅི་དགོས། །འདི་ནི་འཆུག་མེད་གནད་ཡིན་ནོ། །གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་གསལ་བར་མ་གྱུར་དང་། །དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་བཞིན། །སྔགས་ཀྱི་གནད་ཀྱིས་བར་མ་དོར། །རྒྱལ་བ་ལོངས་སྐུར་རང་ཤར་འབྱུང་། །མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་། །གསལ་དངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་། །བརྟན་པར་མ་གྱུར་ལོང་མེད་ཀྱང་། །བཅོ་ལྔའི་ཉི་རྒས་ཟླ་ཤར་བཞིན། །འདི་འམ་འཆི་ཁར་དྲན་ཐོས་ཀྱིས། །བར་དོར་ལོངས་སྐུ་ཐེ་ཚོམ་མེད། །རང་སེམས་སྐྱེ་མེད་ཆོས་སྐུ་ལ། །འགག་མེད་གཟུགས་སྐུ་རང་ཤར་གྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་པར། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །ངོ་བོ་རྣམ་པར་འཕྲིན་ལས་རྣམས། །ཟུང་འཇུག་ཆེན་པོར་རྟོགས་པར་གྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པས་དབང་པོ་རབ། །དེ་དོན་སྐད་ཅིག་རྟོགས་གྱུར་པས། །དག་པ་བདེ་ཆེན་མཁའ་སྤྱོད་འགྲོ། །དུས་གསུམ་རྒྱལ་བས་འདི་རྟོགས་པས། །བདུད་བརྟུལ་སངས་རྒྱས་འཁོར་ལོ་བསྐོར། །དེ་ཕྱིར་རྒྱལ་བའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མར་བསྟན་གྱུར་ཀྱང་། །དམ་པའི་དྲིན་ནི་མ་རྟོགས་པ། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་བསྟེན་ནས། །གུས་ཤིང་མཉེས་པ་གནད་ཡིན་ནོ། །སྙིགས་མའི་ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱ། །འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་རྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་ནམ་གསུམ་ལའོ། །རང་སེམས་འཆི་མེད་རང་གྲོལ་རྫོགས་སོ།། །།ཡེ་ཤེས་ཌཱ་ཀི་མས་སངས་ལྡེང་གི་ནགས་གསེབ་ཏུ་གསུངས་ནས་ལོཙྪ་བ་རིན་ཆེན་བཟང་པོས་ཀྱང་གཏན་པ་ཕབ་པའོ། །ཌཱ་ཀི་མ་དེ་ཉིད་ལ་བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །

ལམ་འཁྱེར་གྱི་ཆོས་གསུམ།

༄༅། །ལམ་འཁྱེར་གྱི་ཆོས་གསུམ་ཞེས་བྱ་བ་བཞུགས།

ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། ལམ་ཁྱེར་རྣམ་གསུམ་གྱི་གཞུང་ཁྲིད་ཡིག་དང་བཅས་པ་གནད་ཀྱི་སྙིང་པོ་སོགས་བཞུགས་སོ། །རྒྱ་གར་སྐད་དུ། དྷ་ན་དྷརྨ་ཏྲེེ་ཡ་ནཱ་མ། བོད་སྐད་དུ། ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། དཔལ་སྐུ་གསུམ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་བླ་མ་མཆོག་བསྟེན་དབང་ཐོས་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ལམ་མཆོག་འདི་ལ་རྩེ་གཅིག་འབད་གྱུར་ན། །ལོ་ཟླས་ལྷུན་གྲུབ་རྣམ་གསུམ་ཐོབ་པར་འགྱུར། །འདི་ལྟར་སྣང་བ་སྣ་ཚོགས་ལ། །བརྟེན་ནས་བླ་མ་ཡི་དམ་དང་། །སྒྱུ་མ་བདེ་སྟོང་གསལ་བར་ནི། །ལམ་ཁྱེར་སྐུ་གསུམ་རང་ཤར་འབྱུང་། །བློ་ལྡན་མི་རྟག་སྐྱོ་ཤས་དང་། །བྱང་ཆུབ་སེམས་མཆོག་སྔོན་འགྲོ་བས། །རང་ལུས་ཡི་དམ་སྤྱི་གཙུག་ཏུ། །བླ་མའི་རྣལ་འབྱོར་རྫོགས་བྱས་ནས། །མཁའ་མཉམ་འགྲོ་ཀུན་ཐབས་གཅིག་ཏུ། །སྙིང་རྗེས་ཀུན་བསླང་གསོལ་བ་གདབ། །དེ་ཡི་མོས་གུས་སྐྱེས་པ་དང་། །སྣང་བ་སྣ་ཚོགས་ཐམས་ཅད་ཀུན། །རིམ་གྱིས་བླ་མར་བལྟ་བར་བྱ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་བླ་མ་ལམ་ཁྱེར་བས། །ཅིར་སྣང་བླ་མར་འཆར་བར་འགྱུར། །བླ་མའི་ལམ་ཁྱེར་མཆོག་ཡིན་ནོ། །བཞི་པ་དེ་ལྟར་བརྟན་པར་གྱུར་པ་དང་། །བླ་མ་དམ་པ་འདི་ཉིད་ཀྱིས། །བཟོད་དཀའི་རྒྱ་མཚོ་ཆེ་ལས་བསྒྲལ། །གྲངས་མེད་མི་ཐོགས་ཚེ་འདིར་ཐོབ། །དྲིན་བསམ་འབྲལ་མེད་གསོལ་བ་གདབ། །ཕྱག་སོགས་བདུན་པོ་རྣམ་དག་བྱ། །ལྔ་པ་སྒྲ་རྣམས་གྲག་སྟོང་བླ་མའི་གསུང་། །དྲུག་པ་དྲན་རྟོག་ཐུགས་སུ་ལམ་ཁྱེར་བྱ། །བླ་མའི་སྐུ་གསུམ་ལམ་ཁྱེར་རོ། །བདུན་པ་དེ་ལྟར་ཁྱད་འཕགས་ལམ་ཁྱེར་དེས། །ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །བརྒྱད་པ་ཅིར་སྣང་ཐམས་ཅད་བླ་མར་ཤེས། །བླ་མ་དེ་ཉིད་རང་གི་སེམས། །སེམས་དང་བླ་མ་དབྱེར་མེད་དེའི། །སྤྲུལ་སྐུ་གསལ་ཆོས་སྐུ་སྟོང་བདེ་ཆེན་རང་ཤར་དབྱེར་མེད་དེ་འབྱུང་། །དེ་ནས་ཡི་དམ་ལམ་ཁྱེར་བཤད། །ཐ་མལ་ཤེས་པ་བཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བསྒོམ། །དགུ་པ་དེ་ནས་སྡུག་པ་ལ་ཆགས་མི་སྡུག་པ་ལ་སྡང་ཤེས་བྱ་ཤེས་དཀའ་བ་རྨོངས་གསུམ་ཡུལ། །ཕྱི་རོལ་གཟུགས་སྣང་སྣ་ཚོགས་ཀུན། །རིམ་གྱིས་ལྷ་ཡི་སྐུར་ཤེས་བྱ། །དེ་ལ་དད་ཅིང་གུས་ལྡན་པས། །བདུན་རྣམ་དག་ཕྱག་ལ་སོགས་པ་གོང་བཞིན་ནོ། །བཅུ་པ་ཅིར་སྣང་ལྷ་སྐུ་སྒྱུ་མར་ཤེས། །ལྷ་སྐུ་དེ་ཉིད་རང་གི་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི། །སྤྲུལ་སྐུ་གསལ་ཆོས་སྐུ་སྟོང་བདེ་ཆེན་ལྷ་དབྱེར་མེད་སྐུ་དེ། །སྐུ་གསུམ་ལམ་ཁྱེར་ཉིད་དུ་བཤད། །དེའི་ཡོན་ཏན་བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་ལྷ་སྐུ་ཟླ་དྲུག་གིས། །སྐྱེ་བ་འདི་འམ་བར་མ་དོར། །རྒྱལ་བ་ལོངས་སྐུ་ཐོབ་པར་འགྱུར། །བཅུ་གཅིག་པ་སྟེ་སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པའོ། །བཅུ་གཉིས་པ་རང་དང་སྣང་བ་ལྷར་བལྟས་ནས། །དགྲ་རྣམས་གྲག་ཚད་སྔགས་སུ་ལྟ། །སྔགས་རྣམས་གྲག་སྟོང་རང་བཞིན་མེད། །སྒྲགས་གསལ་ཡེ་ཤེས་སྟོང་པའི་དབྱིངས། །དབྱེར་མེད་ཤེས་པས་གྲོལ་གྱུར་ཏེ། །གང་འདུལ་སྤྲུལ་སྐུ་ཐོབ་པར་འགྱུར། །བཅུ་གསུམ་པ་དྲན་རྟོག་ལམ་ཁྱེར་བཤད་ཀྱིས་ཉོན། །དུས་གསུམ་མ་འགགས་རང་ཤར་ལ། །མ་སྤངས་འཛིན་མེད་སྐུ་གསུམ་དུ་འདོད་ཆགས་ངོ་བོ་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། ཞེ་སྡང་ངོ་བོ་གསལ་བ་སྤྲུལ་སྐུ། གཏི་མུག་ངོ་བོ་རྟོག་པ་ཆོས་སྐུ་འཐོབ། །ཤེས་པས་གྲོལ་འགྱུར་ཐེ་ཚོམ་མེད། །ཡང་ན་དུག་གསུམ་ལྟ་སྟངས་ཀྱིས། །རང་བཞིན་མེད་འགྱུར་ཆོས་སྐུ་འཐོབ། །དེ་ནས་སྒྱུ་མ་ལམ་འཁྱེར་ནི། །འདི་ལྟར་རྨི་ལམ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྒྱུ་མ་རྨི་ལམ་སྟེ། །བཟུང་སྦྱངས་སྤེལ་སྤྲུལ་བསྒྱུར་བ་རྣམས། །ཉིན་པར་སྤྱོད་ལམ་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གཉིད་སོང་འདུན་པས་ཉམས་བླངས་པས། །རྨི་ལམ་དུས་སུ་རང་ཤར་འབྱུང་། །གཟུང་འཛིན་བྲལ་བའི་འོད་གསལ་ནི། །མོས་གུས་ལྟ་སྟངས་སྟོབས་ལས་འཆར། །ལོངས་སྐུ་བདེ་སྤྲུལ་སྐུ་གསལ་མི་རྟོག་ཆོས་སྐུ་བརྗོད་བྲལ་བའི། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་བདེ་ཆེན་ནི། །ཉིན་མཚན་ཀུན་ཏུ་རང་ཤར་འབྱུང་། །བདེ་གསལ་ཕྱག་རྒྱ་ཆེན་པོའོ། །མཇུག་སྡུད་མདོར་ན་དམ་པའི་མོས་གུས་དང་། །རང་ལུས་སྣང་སྟོང་ལྷ་སྐུར་ལྟ། །ངག་ནི་བཟླས་བརྗོད་གྲག་སྟོང་སྟེ། །སེམས་ནི་དྲན་རྟོག་དེར་འཛིན་བྲལ། །དེ་ལྟར་རྩེ་གཅིག་ཉམས་བླངས་པས། །ལོ་ཟླས་འབྲས་བུ་མངོན་དུ་འགྱུར། །གསང་སྔགས་མངོན་སུམ་ལམ་པ་སྟེ། །ཀུན་ལས་མཆོག་ཏུ་གྱུར་པའོ། །ཁྱད་འཕགས་ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། ཡེ་ཤེས་ཀྱི་ཌཱཀི་མས་མཛད་པ་རྫོགས་སོ།། །།ལོཙྪ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཌཱཀི་དེ་ཉིད་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ། །

ནི་གུ་མའི་ཞལ་གདམས་ཀྱི་སྐོར་གྱི་ལུས་སྦྱོང་།

༄༅། །ནི་གུ་མའི་ཞལ་གདམས་ཀྱི་སྐོར་གྱི་ལུས་སྦྱོང་བཞུགས་སོ། །

ན་མོ་གུ་རུ། ནི་གུའི་ཞལ་གདམས་ལུས་སྦྱོང་བླ་མའི་གསུངས་བཞིན་འབྲི། །ཕྱི་ལུས་སྦྱོང་གནད་བཞི་ཡི་དང་པོ་རྩ་མདུད་འགྲོལ་ནི། །ལུས་གནད་རྣམ་སྣང་ཆོས་བདུན་གྱི་དབུ་མའི་མར་སྣར་རྩ་རོ་རྐྱང་གི་སྣ་གཉིས་ཚུད་བསམ། །སྟེང་འོག་གིས་རླུང་སྦྱང་རང་གི་རོ་སྟོད་གཡས་གཡོན་དུ། །རེས་མོས་ཀྱི་དྲག་པོ་བདུན་བདུན་གཅུས་པས་རྩ་མདུད་འགྲོལ། །རྩ་རྣམས་གཉིས་པ་དྲང་བ་ཐད་ནི་རང་ཉིད་ཀོག་གིས་ལངས་ཁུ་ཚུར་སྐེད་པར་བཞག་གྲུ་མོ་གཉིས་ཕྱིར་བརྒྱང་། །རླུང་གཉིས་གྱེན་ཐུར་དུ་བཤིག་ལ་དྲག་སྦྱར་ལུས་གྱེན་འཕར་འོག་ཏུ་རྐང་པའི་རྟིང་པ་གཉིས། །ལན་བདུན་སར་བརྡབས་པའི་རྐང་པའི་བྲང་བ་སྟན་དང་མ་བྲལ་བར་འབྱར་གནད། །གསུམ་པ་རྩ་དབུ་མར་དྲང་བ་ལག་པའི་ཁུ་ཚུར་གཉིས། །ཤད་ཀྱིས་བརླ་ཟུར་གཉིས་བརྐྱང་གཞན་ལངས་པ་གྱེན་འཕར་རྟིང་བརྡེབ་བྲང་པ་སྟན་སྦྱར་རླུང་སྦྱོར་གོང་འདྲ། །བཞི་པ་ཐིག་ལེ་ལུས་ལ་དགྲམ་པ་རླུང་སྦྱར་རྐང་ལག་གི་ཉྭ་བཞི་བཤུད། །རྣམ་སྣང་དེ་ལ་རྗེས་ལུས་གནད་འདུག་སྟངས་ལ་སེམས་སྤྲོས་བྲལ་གློད་པས་ཕྱག་ཆེན་རྒྱུད་ལ་སྐྱེ། །དེ་དག་ཀུན་ལ་སྤྱི་བོར་རང་གིས་བླ་མར་གསོལ་བ་གདབ། །ཐིག་ལེ་ཕྱིར་ནོར་བུའི་རྩེ་མོར་ཐིག་ལེ་དཀར་པོ་བསམ། དེ་ཡར་ཚངས་བུག་ཏུ་ཐོན་པ་དང་ཕྱག་རྒྱ་ཆེན་པོ་ལ་བཞག་ཤོར་ལུས་གནད་དམིགས་པས་དེས་ཐིག་ལེ་ཁ་འབུས་པ་དང་གློ་བུར་ཆགས་པ་སྐྱེས་པ་དང་སེལ། །ཐིག་ལེའི་སྐྱོན་འདྲེ་མོ་གནོད་པ་རྣམས་ལ་དེ་རྣམས་བསྒོམས་པས་བདེ་བ་སྐྱེས་ནས་ཕྱིར་ཤོར་དོགས་ཀྱིས་སེལ་གསུམ་གྱི་དང་པོ་འདྲེན། །དབེན་ཞིང་འབོལ་བའི་གདན་ལ་རང་ཉིད་ཐད་ལངས་ལག་གཉིས་སྤྱི་བོར་ཐལ་སྦྱར་བརྒྱང་། །རླུང་གཉིས་གྱེན་ཐུར་དུ་བཤིག་ཁ་སྦྱར་ལྟེ་འོག་སོར་བཞི་རྩ་གསུམ་འདོམས་པ་ནས་གཏུམ་མོ་འབར་བ་དྷཱུ་ཏིར་ནར་གྱིས་བྱུང་། སྤྱི་བོར་སླེབས་པས་ཚངས་བུག་གི་ཀྵ་ཡིག་ཕྱིར་བསལ། མེ་ལྕེ་ཉུག་གིས་བྱུང་པ་དང་མེ་དང་འགྲོགས་པའི་རླུང་དུ་བའི་ཚུལ་དུ་སྔོ་ཕྱུར་ཕྱུར་ཐོན་པར་བསམ། དེ་ནས་འཇོག་པ་དང་མེ་དེ་འོག་ཏུ་སོང་། ཀྵས་ཚངས་བུག་བཀག་པར་བསམས་པའི་དམིགས་པ་ལྡན་པས་རྟིང་པ་བརྡབས་བྲང་པ་སྟན་འབྱར་གནད། །གཉིས་པ་ཐིག་ལེ་ལུས་ལ་དགྲམ་པ་ལངས་ལ་ཁུ་ཚུར་གཉིས་ཀྱི། །གཡས་པ་བརླར་གཡས་པར་བསྐྱང་ཁུ་ཚུར་གཡོན་པ་ཅུང་ཟད་བསྐུམ་ནས་བཀུ། །གཡོན་གཞོགས་གཡས་ངོས་ཕྱག་རྒྱ་དང་བསྣོལ་བས་སྐུ་གཞོགས་གཡས་བརྐྱང་གཡོན་ངོས་སུ། །དྲག་པོར་རེས་ཀྱི་གཡས་གཡོན་རེ་རེ་བདུན་བདུན་རླུང་སྦྱར་འཐེན། །གསུམ་པ་ཐིག་ལེ་ལུས་ལ་དགྲམ་པ་ལངས་ལ་སོར་མོ་རྩེ་ཕན་ཚུན་བསྣོལ། །མཆན་འོག་ནུ་ལོགས་གཉིས་ནས་མཐེ་བོས་གཉིས་ཀྱིས་བཙིར། །རླུང་སྦྱར་རོ་སྟོད་གཡས་གཡོན་རེ་མོས་ཀྱི་དྲག་པ་བདུན་བདུན་གཅུ། །རྩ་རླུང་རང་ལུས་རྩའི་འཁོར་ལོ་བརྐྱང་བསྐུམས་ལ་བྱས་པར་བསྒོམས་པས་ཟུག་འབྱུང་པས་དེ་སེལ་ལྔ་ཡི་དབང་པོ་ནི། །དབེན་པར་རང་ཉིད་སར་གྱིས་ལངས་ལ་ལག་གཉིས་འཁར་བ་འབུད་ཚད་གཅིག་ལ་བརྟེན་རྐང་གཡས་མཐིལ། །རྐང་པ་གཡོན་པའི་དབུས་ཀྱི་གཉན་གོང་སྦྱར་ལ་པུས་གཡས་ཐེབ་མོར་ཕྱིར་བསྐྱེད། །རླུང་ལྡན་འཕར་ཞིང་རྟིང་གཡོན་གྱེན་དུ་ཅི་ཐེགས་སུ་འཕར་ཞིང་འོག་ཏུ་ལན་གསུམ་བརྡབ། །རྐང་པའི་ཕྱག་རྒྱ་བསྣོལ་བས་གཡས་པའི་རྟིང་པའང་ཤེས་པར་བྱ། །གཉིས་པ་རྐང་གཉིས་ཤད་བརྐྱང་རླུང་སྦྱར་བས། །རྟིང་གཡས་ལན་གསུམ་མཐོ་བར་འཕར་ནས་སར་བརྡབ་ཡར་གདན་ལས་མི་འབྲལ་དེ་བཞིན་གཡོན། །གསུམ་པ་སོར་མོ་ཕན་ཚུན་བསྣོལ་བས་བྲང་དགབ་གྲུ་མོ་གཉིས་ཀྱིས་མཆན་འོག་བཙིར། །ལངས་ལ་རླུང་སྦྱར་རོ་སྟོད་གཡས་གཡོན་དུ་དྲག་གསུམ་གསུམ་གཅུ། །བཞི་པ་ལངས་ལ་རླུང་ལྡན་མགོ་བོ་ནི། །གཡས་གཡོན་རྒྱབ་མདུན་ཕྱོགས་བཞིར་བུ་ཆུང་གི་འཕྲུལ་འཁོར་ལྟར་ཕྱོགས་རེར་བྱོགས་བྱོགས་གསུམ་གསུམ་བྱ། །ལྔ་པ་རླུང་ལྡན་རྟིང་པ་གཉིས་བརྩམས་ནས་ལན་གསུམ་ནི། །གྱེན་དུ་འཕར་ཞིང་བརྡབ་པའི་རྐང་པའི་བྲང་པ་མ་བྲལ་བར་སྟན་འབྱར་གནད། །རྩ་ཁ་འབྱེད་གཉིས་དང་པོ་སྐྱིལ་ཀྲུང་བཅས་ཚིགས་བསྲང་། །གཡོན་པའི་ཁུ་ཚུར་བྲང་གི་ཁར་བཞག་གཡས་ཁུ་ཚུར། །དཀུ་གཞོགས་གཡས་འདེབས་སུ་བརྐྱང་རླུང་སྦྱར་གཡས་དྲག་ཏུ་ཕུལ། །དེ་བཞིན་བསྣོལ་བས་གཡོན་པའང་ཤེས་པར་བྱ། །གཉིས་པ་ཁ་སྦུབས་ཉལ་ལ་རླུང་ལྡན་ཁ་མིག་བསྒྲད། །རྐང་ལག་གི་གཟུག་བཞི་ཕྱིར་བརྐྱང་ཐ་མར་མགོ་དང་གཟུག་བཞི་དྲག་ཏུ་སྤྲུགས། །དེ་འོག་བླ་མའི་གཏུམ་མོ་བསྒོམ་པར་བྱ། །རང་ལུས་རྣམ་སྣང་ཆོས་བདུན་ལྡན་གྱི་དབུ་མ་དྲང་པོའི་གཙུག་ཏུ་བླ་མ་ལ་གཏུམ་མོའི་མེ་ཞུགས་པའི་རྩེ་རེག་པས་བདུད་རྩི་དབབ་བདེ་བ་བསྒོམ། བླ་མ་དང་བདུད་རྩི་མི་དམིགས་མེ་སོར་གནས་པར་བསམ། རྡོ་རྗེའི་ཐབས་ལམ་བསྒོམས་པས་ལུས་སེམས་གནད་དུ་མ་ཚུད་ན་དབེན་པའི་གནས་སུ་གར་བའི་དང་པོ་དབུ་མར་གཞུག །ལངས་ལ་རྐང་གཉིས་གཤིབས་ཏེ་དྲང་པོར་བསྲང་། །ཁུ་ཚུར་གཉིས་བརླར་ཟུར་གཉིས་བརྐྱང་ཅུང་ཟད་འོག་རླུང་དྲག་ཏུ་འཐེན། །མར་སྡིག་པ་ལན་གསུམ་རང་རྟིང་པ་གཉིས་སར་བརྡབས་ཁུ་ཚུར་གཉིས་བྲང་བརྡེག་མདང་ཡར་འདུས་རྟིང་པ་གཉིས་འཕར་བ་གསུམ་ཙམ་སྟེ་བྱ་མཐར། །ལག་གཉིས་རྒོད་གཤོག་བཞིན་བརྐྱང་སྟོད་དག་སྤྲུག །གཉིས་པ་ལངས་ལ་ལུས་བསྲང་ཁུ་ཚུར་སྙིང་གར་བསྣོལ་ནས། །ནུ་མ་གཉིས་མནན་རླུང་བཟུང་དགུར་འདེབས་གཉིས་གཡས་གཡོན་དུ་དྲག་གསུམ་རེ་མོས་སུ་གསུམ་འཐེན། །པ་ལངས་ལ་ལག་པ་གཉིས་བསྣོལ་མཐིལ་དཔུང་དགབ། །ལྟེ་བའི་ཨ་ལ་རྩ་རྣམས་ཐིག་ལེས་འདུས་ཨ་སྐྱེ་མེད་སྟོང་པར་བསྒོམ་པའི་རླུང་དམིགས་ལྡན་པས་སྐེད་དྲག་གསུམ་གསུམ་གཅུ། །སྙིང་རླུང་ནད་ལ་སྙིང་ནང་དུ་ཨར་བསམས་ལ་དེ་ལས་འོད་འཕྲོས་པས་སེམས་གཏད་སེལ། །ཐབས་ལམ་བསྒོམས་པས་དུག་གསུམ་སྐྱེས་ནད་འབྲས་བུ་ནད་དུ་སོང་ན་དུག་གསུམ་འབྲས་ནད་སེལ་བརྒྱད་དང་པོ་ནི། །ལུས་གནད་རྣམ་སྣང་ཆོས་བདུན་ལ་འོད་འཕྲོས་ཚུར་འདུས་གཏི་མུག་མུན་པ་སེལ། །གཉིས་པ་རྡོར་སྐྱིལ་སྲིན་མཛུབ་གཉིས་གཅིག་གིས་གཅིག་བཟུང་གཉའ་བར་གནོན་དེས་ལྟག་ཅུ་ནས་མར་བཀུག །རླུང་ལྡན་རོ་སྟོད་དྲག་པོར་གཡས་གཡོན་དུ་རེས་ཀྱིས་གསུམ་གསུམ་གཅུ། །དེ་རྗེས་ཐ་མར་སྤྱི་བོར་ཐལ་མོ་བརྒྱབ་པས་སེམས་རྒོད་པ་ཐིམ་པར་བསམ། །གསུམ་པ་དོན་གྲུབ་རྡོར་སྐྱིལ་ལག་གཡས་སྐྱབས་སྦྱིན་གཡོན་ཏིང་ངེ་འཛིན་སྟབས་ཀྱིས་ཡི་དྭགས་བདུད་རྩིའི་རྒྱུན་གྱིས་ཚིམ། །དེ་རྗེས་རྡོར་སྐྱིལ་ཐུགས་ཀར་འབར་བའི་ཕྱག་རྒྱ་བཅའ། །རླུང་ལྡན་ཕྱོགས་བཅུར་ཁྲོ་མིག་བལྟ་ཞིང་མེ་འཁོར་པའི་འོད་ཟེར་གྱི་གྱིས། །གནོད་བྱེད་བསྐྲད་བསམ་ཁྲོ་བོའི་དྲག་སྔགས་བག་ཙམ་བཟླ། །བཞི་པ་རྡོར་སྐྱིལ་སོར་བསྣོལ་མཐེབ་གཉིས་ཀྱིས། །མཆན་འོག་ནས་བཙིར་རླུང་ལྡན་གཡས་གཡོན་དུ་རོ་སྟོད། །གསུམ་གསུམ་གཅུ་ཞིང་ཁྲོ་མིག་ཀྱང་བལྟ་བར་བྱ། །ལྔ་པ་རྡོར་དཀྱིལ་ལག་གཉིས་མཉམ་གཞག་གྲུ་མོ་གཉིས་ཀྱིས་འཕོ་བར་བསྡམས། །རླུང་ལྡན་ལན་གསུམ་སྔེངས་པས་སྟོད་གཟེར་སེལ། །དྲུག་པ་ལུས་པོ་གན་རྐྱལ་ལ་མགོ་བོ་མདུན་དུ་གུག་བྱ་རླུང་དང་དམིགས་ལྡན་པས། །རྐང་པ་གཉིས་ཡབ་ཡབ་ཏུ་གཡབ་ལག་གཉིས་ཟན་སྦྲུས་པའི་ཕྱག་རྒྱས་ཆགས་འབྲས་སེལ། །བདུན་པ་དྲོད་སྐྱེས་བདེ་བ་མེད་པ་ལ་ཐིག་ལེ་དབབ་པའི་མན་ངག་ནི་འདོམ་གསུམ་མཆོད་པས་སྟན་ལ་རང་ཉིད་ཀོག་ལངས་ལ་གཉིས་སྡིགས་མཛུབ་རྒྱང་རླུང་ལྡན། །ལུས་བྱིན་གཅུ་ཞིང་བཅུ་བས་མདུན་མཐའ་དང་རྒྱབ་མཐའ་རྣམས་སུ་གཅུ་དེ་འོག་ཏུ། །བརྒྱད་པ་སེམས་སྐྱིལ་བྱས་པའི་མདུན་དུ་སྲིན་ལག་གཉིས་གཅིག་གིས་གཅིག་བཟུང་བ། །མདུན་དུ་བརྐྱང་ཞིང་རླུང་སྦྱར་ལག་གཉིས་གཡས་གཡོན་དུ་དྲག་གཅུས་ལག་ངར་ཐ་མར་བཤུད། །དེ་ནས་ལག་པ་སོ་སོར་བརྐྱང་བ་དང་རོ་སྟོད་དྲག་པོར་ལན་གསུམ་སྤྲུགས་༼པས་༽བདེ་བ་འཕེལ་བར་འགྱུར། །ཞེས་པ་བྱམས་པ་རིན་བཟང་གིས་བཀོད་པ་དགེའོ། །མངྒ་ལཾ། བྷ་ཝནྟུ། ཛྙཱནསྱཌཱཀནཱིནཱིགུ༷པྟཱ༷ཡཿཥ༷ཎྷ༷རྨ༷བཛྲ༷གཱ༷ཐཱ༷སྟཾ།

ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་། །ཤངས་པའི་གསེར་ཆོས་སྐོར་གྱི་རྩ་བ།

༄༅། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་བཞུགས་སོ། །ཤངས་པའི་གསེར་ཆོས་སྐོར་གྱི་རྩ་བ།

རྒྱ་གར་སྐད་དུ། དྷརྨ་ཥ་ཊ་བཛྲ་ཡོ་གེ་གཱ་ཐ་ནཱ་མ། བོད་སྐད་དུ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། དཔལ་ཟུང་འཇུག་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ་ཞེས་པ་ལོ་ཙཱ་བའི་འགྱུར་ཕྱག །གང་ཞིག་ཞེས་པ་ཁྱད་གཞི་ཁྱད་ཆོས་སྐུ་གསུམ་བདུན་ལྡན་ཏེ་བརྗོད་པ་དང་བྲལ་བ་དང་ལྷུན་གྱིས་གྲུབ་པ་དང་འདུས་མ་བྱས་པའོ། །བདེ་སྟོང་ཁ་སྦྱོར་སྣང་སྟོང་བདེ་བ་ཆེན་པོ་དང་ལོངས་སྐུ་དང་གང་འདུལ་དུ་ཤར་བ་སྤྲུལ་སྐུའི་ཡན་ལག །སྐུ་གསུམ་ཡན་ལག་བདུན་དང་ལྡན་པའི་རྡོ་རྗེ་འཆང་ཆེན་གྱིས། །ཐེག་པ་ཆེན་པོ་སྐྱེ་བ་མེད་པའི་རང་སྒྲ་འདི་སྐད་ཐོས་པ་སྟེ་རྟོགས་པའམ་མཁྱེན་པ། །སྨིན་པར་བྱེད་པའི་དབང་བཞིས་སྨིན་པར་བྱས་པ་དད་པ་དང་བརྩོན་འགྲུས་དང་ལྡན་པ་བདེ་དྲོད་རང་འབར། རྨི་ལམ་ཉིང་འཁྲུལ་བ་དག །འོད་གསལ་གཏི་མུག་རང་སངས། །མི་རྟག་པ་དང་སྐྱོ་ཤས་དང་འཁོར་བའི་ཉེས་དམིགས་རྣམས་སྔོན་དུ་འགྲོ་བས། །ཆོས་དྲུག་གི་ལམ་མཆོག་འདི་ལ་གང་གི་ཁྱད་ཆོས་རྣམས་དང་ལྡན་པ་སྒྲུབ་པོ་གང་གིས་འབད་གྱུར་ན། །དབང་པོ་རབ་ཟླ་དྲུག་འབྲིང་ལོའམ་ཐ་མས་ཀྱང་ཚེ་འདིར་སངས་རྒྱས་འགྱུར་ཐབས་ལམ་མ་སྒོམ་སངས་རྒྱས། །བར་དོ་རྒྱལ་བ་ལོངས་སྐུ། གསང་དབང་གི་ཉམས་ལེན་རང་ལུས་ཐབས་དང་ལྡན་པ་ལ་རྩ་རོ་རྐྱང་དབུ་མ་དང་གསུམ་འཁོར་ལོ་ལྟེ་སྙིང་མགྲིན་སྤྱི་དང་བཞི། །ལྟེ་འོག་གི་ཨ་ཤད་དང་སྤྱི་བོའི་ཧཾ་ཡིག་འབར་ཞིང་འཛག་པ་ལས་རྣམ་པ་སྣ་ཚོགས་རྣམ་སྨིན་རྣམ་ཉིད་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་བཞི་དང་དགའ་བ་མཆོག་དགའ་ཁྱད་དགའ་ལྷན་སྐྱེས་ཏེ་དགའ་བཞིས་བརྒྱན་པའོ། །དབང་གསུམ་པའི་ཉམས་ལེན་ཤེས་རབ་མའི་རྩ་ཁ་ག་མུ་ཁའི་སྟེ་མཁའ་འགྲོ་གདོང་མ་སྙོམས་འཇུག་གིས། །ཡས་བབས་ཟག་བཅས་མས་བརྟན་ཟག་མེད་ཀྱི་དགའ་བ་བཞི་རིམ་བཞིན་ནོ། །བྱིན་རླབས་ཀྱི་བཅུད་བསྡུས་པའི་དག་བྱེད་ཨའི་སྟོང་རའི་གནད་ནད་གདོན་སེལ་བྱེད་སོགས་གསུམ་དང་། །བདེ་དྲོད་མྱུར་དུ་འཆར་བའི་ཐབས་གཏུམ་མོ་ལ་སོགས་པའི་ཆོས་དྲུག་རིམ་བཞིན་ཉམས་སུ་བླང་བར་བྱ་ཏེ། །དང་པོར་རི་བོང་དེ་ནས་དབབ་དེ་ནས་གཟུང་དེ་ནས་ལྡོག་དེ་ནས་དགྲམ་དེ་ནས་རླུང་དང་བསྲེ་བའོ། །ཟག་མེད་རྣམ་པར་རྟོག་པ་དང་བྲལ་བའི་ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། སྟན་དུ་འདིང་བ། སྲིད་པའི་དབང་ཞུ་བ། གེགས་རང་གྲོལ་བ། རླུང་རྟར་ཞོན་པའོ། །ཡེ་ཤེས་ཆེན་པོས་རང་བཞིན་ཡོངས་སུ་ཤེས་པ་བརྒྱན་པར་བྱ་བའོ། །སྒྱུ་ལུས་ཀྱི་གདམས་པ་སྣང་བ་ཐམས་ཅད་གཅིག་སྟེ། གསང་བའི་དབང་ནི་བཅུ་བདེན་མེད་དུ་འཆར་བར་བྱེད་པའི་རྣལ་འབྱོར་ལ་དབང་པོ་རབ་དང་འབྲིང་དང་ཐ་མ་གསུམ་མོ། །དབང་པོ་རབ་འབྲལ་མེད་མོས་གུས་གཉིས་མཆོག །འབྲིང་རང་ལུས་དང་ཤེས་རབ་ཡེ་ཤེས་བཅུ་གསུམ་པ་ཅིར་སྣང་ཀུན། །སྣང་སྟོང་ཞེན་པ་དང་བྲལ་བའི་དེ་ལྟར་དེ་བཞིན་ལྷ་སྐུའི་ལམ་ཁྱེར་བྱའོ། །ཆགས་སྡང་རང་གྲོལ་བཅུ་བཞིའི་ས་ཐོབ་འགྱུར་ཡེ་ཤེས་ཐིག་ལེ་ལས། བུམ་པའི་དབང་ནི་བཅུ་བཞི་པ། །དབང་རེ་ལ་ནི་ས་རེ་སྟེ། །ཞེས་བཤད་པ་བཞིན་དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པའོ། །རྣལ་འབྱོར་པ་གང་གིས་འཇིག་རྟེན་གྱི་བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས། །རྨི་ལམ་འདུན་པའི་གནད་ལ་འབྲལ་བ་མེད་པར་བྱའོ། །དེས་མཚན་མོའི་ཉིང་འཁྲུལ་རང་དག་ནས་སྒྱུ་མ་ལམ་རིམ་གྱི། །ཡོན་ཏན་རྣམས་ཉིན་མཚན་གྱི་དུས་སུ་རང་ཤར་དུ་འབྱུང་རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་པ། བསྒྱུར་བ། ཡུལ་སྣང་ངོ་། །མ་ཟིན་འཁྲུལ་འབྱམས། གཉིད་ཡང་ཡང་སད་པའི་སད་འབྱམས། བྱང་སེམས་ཉམས་པའི་བདེ་འབྱམས། རྨི་ལམ་རྨི་རུ་ཡེ་མ་འདོད་པའི་སྟོང་འབྱམས་རྣམས་སོ། །བྱུང་ན་བླ་མ་ལ་མོས་གུས་ཚོགས་གང་ཆེ་ཚོགས་གསོག་དམིགས་པའི་གནད་ལ་སོགས་པའི་གེགས་སེལ་ཞིང་ཐང་ངག་གིས་བྱའོ་བརྒྱན་པར་བྱ། །འོད་གསལ་འཆར་བར་བྱེད་པའི་གནད་བླ་མའི་མོས་གུས་གསོལ་འདེབས་དང་། །བདེ་བ་ཆེན་པོའི་མི་སློབ་པའི་ཟུང་འཇུག་ཐོབ་པའི་སྐུ་ཟག་བཅས་ཟག་མེད་མས་བརྟན་གྱི་དགའ་བ་བཞིའི་ཉམས་ལེན་དང་དེ་དག་འཆད་པའི་སྒྱུ་ལུས་གནད་དང་ལྟ་སྟངས་ཀྱིས། །བདེ་བ་དང་གསལ་བ་དང་མི་རྟོག་པ་གསུམ་དབྱེར་མེད་ཟུང་འཇུག་རང་ཤར་དུ་འབྱུང་ངོ་། །སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་གྱིས་དུས་གནད་ཀྱིས་བརྒྱན་པར་བྱ་འོད་གསལ་གཟུང་བ། ལམ་ཁྱེར་བསྲེ་བ། མཐར་ཐུག་གོ །གདོད་མ་ནས་གནས་པའི་འོད་གསལ་མངོན་དུ་གྱུར་པའི་བླ་མ་དམ་པ་ཉམས་མྱོང་ཅན་གྱིས། །སློབ་མའི་འོད་གསལ་གྱི་འཆར་སྒོ་ངོ་སྤྲོད་ཅིང་བོགས་འདོན་དང་གེགས་སེལ་གྱིས་བརྒྱན་པར་བྱའོ། །གང་དུ་འཕོ་བར་བྱ་བའི་ཡུལ་དང་གང་འཕོ་བར་བྱེད་པའི་དམིགས་པ་བྲལ་བ་ནི་དབང་པོ་ཡང་རབ་ཀྱི་འཕོ་བ་སྟེ། །དབང་པོ་འབྲིང་དང་ཐ་མས་ཚེ་འདིའི་འཁོར་ཡུག་སོགས་ལ་ཆགས་སྡང་སྤངས་བྱས་ནས། །དག་པའི་ཞིང་དུ་འགྲོ་སྙམ་པའི་དགའ་ཞིང་འཕོ་ཡུལ་ལ་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་རྣམ་ཤེས་འཕང་ཞིང་སྨོན་ལམ་རྒྱ་ཆེར་བཏབ་པས་བརྒྱན་པར་བྱའོ། །ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུགས་མེད་མཁའ་སྤྱོད་ཀྱི་འཕོ་བའོ། །དུས་གནད་ངེས་པའི་འཆི་ལྟས་བྱུང་བའི་ལུས་གནད་སྐྱིལ་ཀྲུང་ཙོག་པུ་སོགས་ངག་གནད་བསྲེ་འཕོ་སྦྱངས་པ། ཡི་གེ་ཕྱེད་དང་གཉིས་ང་རོ་དྲག་ཏུ་བརྗོད་པ་ཡིས། ཞེས་པ་ལྟར་ཧིཀ་གི་སྒྲ་དང་ལྡན་པར་བྱས་རྫས་གནད་ལ་ཚ་བ་གསུམ་མི་ཀླད་རྣམས་ཀྱིས་སྤྱི་བོར་བྱུགས་ལ། །སྦྱང་ཞིང་བརྟན་པ་ཐོབ་པའི་འཕོ་བ་ནི་མཆོག་ཡིན་ནོ། །རབ་བར་དོ་དང་པོའི་སྣང་མཆེད་ལ་སོགས་འོད་གསལ་ལྷ་སྐུ་འབྲིང་ལོངས་སྤྱོད་རྫོགས་པའི་དང་། །ཐ་མ་སྐྱེ་སྒོ་དགག་སྟེ་གང་འདུལ་སྤྲུལ་སྐུའི་གསུམ་ལྡན་དུ་ལྡང་བར་བྱས་པ་མཚམས་སྦྱོར་ཆགས་སྡང་གི་ཡུལ་ལ་བྱང་སེམས་དཀར་དམར། དབང་པོ་རབ་བར་དོ་དང་པོའི་གཞི་དུས་ཀྱི་འོད་གསལ་རང་ཤར། དབང་པོ་འབྲིང་རྒྱལ་བ་ལོངས་སྐུ་སྒྱུ་མའི་ལྷ་རང་ཤར། ཐ་མ་སྨོན་ལམ་གྱི་སྤྲུལ་སྐུ་འགག་མེད་རང་ཤར། སྤྱི་གནད་ནི་འཆུག་མེད་གསུམ་ལམ་ཁྱེར་རོ། །སྐྱོ་ཤས་བསྐྱེད་པ་གནད་ཡིན་ནོ། །ཕ་མ་ལ་ཆགས་སྡང་དང་ཕྲག་དོག་རྣམས་འོད་གསལ་ལྷའི་སྤྲུལ་བསྒྱུར་གྱི་སྐུས་སྦྱངས་ཤིང་ཡུད་ཙམ་བསྒོམས་ནས། །ཤེས་སྒྲིབ་དང་ཉོན་སྒྲིབ་གཉིས་རང་དག་ཏུ་གྱུར་ནས་སྐུ་གསུམ་མངོན་དུ་འགྱུར་རོ། །གཟུགས་དང་སྒྲ་དང་ཤུགས་ཀྱིས་བསྟན་པའི་དྲི་རོ་རེག་བྱ་རྣམས་དང་ས་ཆུ་དང་ཤུགས་བསྟན་མེ་རླུང་རྣམ་ཤེས་རྣམས་འོད་གསལ་ལ་ཐིམ་པ་ལས་སྣང་བ་དང་མཆེད་པ་སོགས་པ་ཡིས། །ཐིམ་པའི་འགྲོས་ལས་ཞེ་སྡང་གི་རྟོག་པ་སོ་གསུམ། ཆགས་པའི་བཞི་བཅུ། གཏི་མུག་གི་བདུན་ཏེ་རང་བཞིན་བརྒྱད་ཅུ་ཤེས་པར་བྱ། །ལོག་ལྟས་རྒྱུད་དཀྲུགས་རྩོད་ལྡན་སྙིགས་མའི་ལྔ་དུས། །ཡང་དག་པའི་ཆོས་དཔེ་ནི་ཉིན་སྐར་དང་རུ་སྦལ་སྤུ་བཞིན་དུ་དཀོན་ནོ། །ལོག་ཆོས་ཚོང་དུས་འོ་མའི་ཆོས་སྤྱོད་ཚེ། །ཉམས་མྱོང་དང་རྒྱལ་བའི་བཀའ་ཡན་ལག་ལྔ་པའི་ལུང་དང་ཐེམ་ཡིག་བརྒྱན་པ་གཅེས། །ལམ་གྱི་མཆོག་ཏུ་གྱུར་པ་འདི་ཉིད་ཉམས་སུ་ལེན་པ་རྣམས། །སྐྱེ་བ་ཕྱི་མ་སོགས་གཞན་གྱི་དུས་མིན་རབ་འདིའམ་འབྲིང་བར་མ་དོར། །བདེ་བ་དང་སྟོང་པ་དབྱེར་མེད་པའི་སྐུ་གསུམ་རང་ཤར་ནས། །རྣམ་པར་དག་པའི་མཁའ་སྤྱོད་ཆེན་པོ་མི་སློབ་པའི་ཟུང་འཇུག་ཉིད་དུ་འགྲོ། །འདི་ཉིད་མི་རབས་བདུན་དུ་ཆིག་བརྒྱུད་ལས། །མི་སྤེལ་རྡོ་རྗེའི་རྒྱ་ཡིས་གདབ་པར་བྱའོ། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་རྫོགས་སོ།། །།ཡེ་ཤེས་ཀྱི་ཌཱ་ཀི་མའི་ཞལ་སྔ་ནས་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །ཕྱིས་ཐོ་ལིང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །རྡོ་རྗེའི་ཚིག་རྐང་ལ། ཁྱུང་པོའི་མཆན་དཀྱུས་སུ་ཤོར་བ། བུདྡྷ་ཤྲཱིས་གཞུང་མཆན་སོ་སོར་ཕྱེ་ཞིང་མཆན་བུ་ཅུང་ཟད་གནང་བ་ལ། སླར་ཡང་སྐད་གཉིས་སྨྲ་བ་འགྱུར་མེད་བདེ་ཆེན་གྱིས་བློ་གྲོས་ཀྱིས་ཞིབ་ཏུ་དཔྱད་ཅིང་རྒྱས་པར་བཀོད་པ་འདིས་ཀྱང་། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་བར་གྱུར་ཅིག །འདིའི་ཚིགས་བཅད་རྣམས་རྡོ་རྗེའི་ཚིག་རྐང་དངོས་དང་། བར་གྱི་ལྷུག་པ་རྣམས་ཁྱུང་པོས་མཁའ་འགྲོ་མའི་ཞལ་ཤས་ཡི་གེར་བཀོད་པར་སྣང་། འདི་ལ་ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་རྒྱས་འགྲེལ་ཡོད་དོ། །སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ།

ཆོས་དྲུག་གི་ཚིག་གསལ།

༄༅། །ཆོས་དྲུག་གི་ཚིག་གསལ་བཞུགས་སོ། །

རྡོ་རྗེ་འཆང་གིས་གསུངས་པ་ཡི། །ཆོས་དྲུག་བྱེ་བྲག་ཐེམ་ཡིག་འདི། །སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཐབས་ལམ་བདེ་དྲོད་རང་འབར་ལ། །གསོལ་འདེབས་གཉིས་ལ་དམིགས་པ་ལྔ། །དབང་པོ་རབ་དང་འབྲིང་པོ་ལ། །གསོལ་འདེབས་ལྔ་ལ་འདུན་པ་གསུམ། །སྒྱུ་ལུས་དབང་པོ་ཐ་མ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །རྨི་ལམ་འཛིན་པར་བྱེད་པ་ལ། །གསོལ་འདེབས་གསུམ་ལ་འདུན་པ་གསུམ། །རྨི་ལམ་སྦྱང་བའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་དམིགས་པ་བཞི། །རྨི་ལམ་སྤེལ་བའི་ཆོས་དྲུག་ལ། །གསོལ་འདེབས་བཞི་ལ་འདུན་པ་དྲུག །རྨི་ལམ་སྤྲུལ་པའི་ཆོས་དྲུག་ལ། །གསོལ་འདེབས་འདུན་པ་དེ་བཞིན་ནོ། །རྨི་ལམ་བསྒྱུར་བའི་ཆོས་བཞི་ལ། །གསོལ་འདེབས་བཞི་ལ་འདུན་པ་བཞི། །སྒྱུ་ལུས་སྟན་ཐོག་གཅིག་མ་ལ། །གསོལ་འདེབས་བརྒྱད་ལ་འདུན་པ་བརྒྱད། །ཡུལ་སྣང་དམིགས་པ་རྣམ་གསུམ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཁྱད་འཕགས་འོད་གསལ་ཆོས་བཞི་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །འཕོ་བ་མ་སྒོམ་སངས་རྒྱས་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །བར་དོ་ལོངས་སྤྱོད་རྫོགས་སྐུ་ལ། །གསོལ་འདེབས་གསུམ་ལ་དམིགས་པ་བཞི། །གསོལ་འདེབས་དམིགས་པའི་ཐེམ་ཡིག་འདི། །འཆུགས་མེད་གནད་དུ་ཤེས་པར་བྱ། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །ཌཱ་ཀི་མ་ལ་གསུངས་པ་ཡི། །སྙན་བརྒྱུད་ཆིག་བརྒྱུད་ཆོས་དྲུག་ལ། །མ་འོངས་དུས་སུ་བསྲེ་སླད་བྱེད། །དེ་དུས་ཁྲིད་ལུགས་སྣ་ཚོགས་འབྱུང་། །དད་ལྡན་ཐེ་ཚོམ་སྤང་བའི་ཕྱིར། །འཆུགས་མེད་གནད་ཀྱི་ཐེམ་ཡིག་བཀོད། །གནས་གསུམ་མཁའ་འགྲོས་བཟོད་པར་མཛོད། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་ཐེམ་ཡིག་དང་བཅས་པ་ཌཱ་ཀི་ནི་གུ་མས་ཇི་ལྟར་གསུངས་པ་བཞིན་དུ་བདག་ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པའོ། །རྫོགས་སོ།། །།

གཞི་ལམ་འབྲས་བུའི་རྣམ་བཞག

༄༅། །གཞི་ལམ་འབྲས་བུའི་རྣམ་བཞག་བཞུགས་སོ། །

གཞི་ལམ་འབྲས་བུ་གསུམ་ནི། གཞི་དབང་བཞི་རྫོགས་པ། ལམ་བསྐྱེད་རྫོགས་ཟུང་འཇུག །འབྲས་བུ་སྐུ་གསུམ་བདེ་ཆེན། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་རང་ཤར་རོ། །གནད་དྲུག་ནི། ཐབས་ལམ་རྩོལ་བའི་གནད། སྒྱུ་ལུས་བདེ་ཆེན་གྱི་གནད། རྨི་ལམ་འདུན་པའི་གནད། འོད་གསལ་མོས་གུས་ཀྱི་གནད། འཕོ་བ་དམིགས་པ་རྩེ་གཅིག་གི་གནད། བར་དོ་སྐྱོ་ཤས་ཀྱི་གནད་དོ། །ཆོས་དྲུག་གི་གེགས་དྲུག་ནི། ཐབས་ལམ་ལ་རྩོལ་བ་རང་སེམས་རྣམ་དག་དྲེད། སྒྱུ་ལུས་ལ་བདེན་ཞེན་དུ་འཐས། རྨི་ལམ་ལ་གཉིས་སུ་གོལ་འབྱམས། འོད་གསལ་མོས་གུས་ལ་བརྡུང་། འཕོ་བ་ལ་རྟོག་པ་སྣ་ཚོགས་འཕྲོས། བར་དོ་ལ་ཐ་མལ་དུ་འཁྲུལ་བའོ། །ལྟ་སྒོམ་སྤྱོད་འབྲས་ནི། ལྟ་བ་ཕྱོགས་མེད་མཐའ་བྲལ། སྒོམ་པ་གསལ་སྟོང་འཛིན་མེད་དག །སྤྱོད་པ་བླང་དོར་རང་གྲོལ། འབྲས་བུ་སྐུ་གསུམ་རང་ཤར། ཕྲིན་ལས་ཕྱོགས་མེད་ལྷུན་གྲུབ་བོ། །ཡང་གཞི་ལམ་འབྲས་གསུམ་ནི། བྱིན་རླབས་དབང་གི་གཞི། གཏུམ་མོ་ལམ་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་འབྲས་བུ་འཆར་བའོ། །གཞི་ལམ་འབྲས་བའི་སྐུ་གསུམ་ནི། གཞི་སྐུ་གསུམ་རང་གནས། ལམ་སྐུ་གསུམ་ལམ་ཁྱེར། འབྲས་བུ་སྐུ་གསུམ་མངོན་གྱུར། ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་དོ། །ཌཱ་ཀི་མས་སེང་ལྡེང་ནགས་ཀྱི་ནམ་མཁའ་ནས་གསུངས་པ་རྫོགས་སོ།། །།རྡོ་རྗེ་འཆང་གིས་ནི་གུ་མ་ལ་གསུངས། དེས་ཁྱུང་པོ་རྣལ་འབྱོར་ལ། དེས་རྨོག་ལྕོག་པ། དེས་སྐྱེར་སྒང་པ་ལ། དེས་སངས་རྒྱས་སྟོན་པ་ལ། དེས་ཤངས་སྟོན་ལ། དེས་ཡོན་ཏན་རྒྱ་མཚོ་ལ། དེས་བྱམས་པ་དཔལ་བ། དེས་བློ་གྲོས་གསལ་བ་ལ། དེས་ཀུན་དགའ་དཔལ་བཟང་ལ། དེས་རྩ་བའི་བླ་མ་མཁས་གྲུབ་དཀོན་མཆོག་ལེགས་པ་ལ། དེས་བདག་ལའོ། །

སྡོང་པོ་ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག

༄༅། །སྡོང་པོ་ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་བཞུགས་སོ། །

རྒྱ་གར་སྐད་དུ། མ་ཧཱ་མུ་དྲ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ། ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཐ་མལ་ཤེས་པ་ཨེ་མ་ཧོ། །སྔོན་འགྲོ་རང་བབ་རྣམ་པ་གསུམ། །དངོས་གཞི་སྐྱོན་བཞི་རང་སར་གྲོལ། །མཐར་ཐུག་སྐུ་བཞི་རང་ཤར་རོ། །དབེན་པར་རང་ས་གནོན་གྱི་ཕྱག་རྒྱ་བཅས་ཚིགས་བཞི་དང་རྩ་དང་མཆུ་ཀློད་པ་ནི་ལུས་རང་བབས་སོ། །མཆུ་རྩོལ་བ་དང་བྲལ་ཞིང་སྨྲ་བརྗོད་བྲལ་བ་ནི་ངག་རང་བབས་སོ། །སེམས་མིག་གི་ལྟ་སྟངས་བསྒོམ་འདོད་དང་བྲལ་བ་ནི་སེམས་རང་བབས་སོ། །དེ་ཉིད་སྐྱོན་བཞི་དང་བྲལ་བར་བྱ་སྟེ། ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་པས་ངོ་མ་ཤེས། རང་ལ་ཤར་ཀྱང་ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས་པར་ཡེངས་མེད་དང་བྲལ་ལོ། །བཟང་བས་བློར་མ་ཤོང་བར་ཐག་ཆོད་དང་བྲལ་བས་འཁོར་བར་འཁྱམས་སོ། །མཐར་ཐུག་མཉམ་རྗེས་བློས་བྱས་དང་བྲལ་བའི་ཕྱིར་རང་ཤར་དེ་ལ། སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། གསལ་འཛིན་དང་བྲལ་བའི་རྟོག་པ་མེད་པ་དེ་ཆོས་སྐུ། གསལ་ལ་རྟོག་མེད་དེ་ཉིད་བདེ་བར་ཤར་བས་ལོངས་སྐུ། དེ་གསུམ་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ། །དེ་ཉིད་ལ་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་ལ་ཇི་ལྟ་བར་གསལ་བའི་ཆ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དེ་ཉིད་རང་བཞིན་གྱིས་དབྱེར་མི་ཕྱེད་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅེས་པའོ། །སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ། །བོགས་འདོན་སྙིང་རྗེ་གསོལ་འདེབས་སོ། །ལམ་ཁྱེར་ཅིར་སྣང་དེ་ཉིད་དོ། །མངོན་གྱུར་སྒོམ་མེད་ཡེངས་མེད་དོ། །བསྲེ་བ་རྟོག་མེད་ལམ་ཁྱེར་རོ། །འོད་གསལ་ལྟ་སྟངས་བོགས་འདོན་ནོ། །སད་རྗེས་གསལ་ལ་རྟོག་མེད་བསྲེ། །ཉིན་མཚན་བར་དོའི་འོད་གསལ་ནི། །ས་གསུམ་དབྱེར་མེད་རང་ཤར་ལྟོས། །གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །སྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་པའི། །ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ། །མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ། །ཆོས་སྐུའི་ནམ་མཁར་རྟོག་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་ལྟོས། །ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །རང་ཤར་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་རྫོགས་སོ།། །།མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །

ཡལ་ག་འཆུག་མེད་ལམ་འཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་།

༄༅། །ཡལ་ག་འཆུག་མེད་ལམ་འཁྱེར་རྣམ་གསུམ་གྱི་རྡོ་རྗེའི་ཚིག་རྐང་བཞུགས་སོ། །

རྒྱ་གར་སྐད་དུ། མཱརྒྒ་ཀརྻ་ཏྲི་དྷརྨ་ནཱ་མ། བོད་སྐད་དུ། ལམ་ཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། དཔལ་སྐུ་གསུམ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །གང་གིས་བླ་མ་མཆོག་བསྟེན་དབང་ཐོབ་པས། །དབེན་པར་གནས་ཤིང་འཇིག་རྟེན་བློས་བཏང་ནས། །ལམ་མཆོག་འདི་ལ་རྩེ་གཅིག་འབད་གྱུར་ན། །ལོ་ཟླས་ལྷུན་གྲུབ་རྣམ་གསུམ་འགྲུབ་པར་འགྱུར། །འདི་ལྟར་སྣང་བ་སྣ་ཚོགས་ལ། །བརྟེན་ནས་བླ་མ་ཡི་དམ་དང་། །སྒྱུ་མ་བདེ་སྟོང་གསལ་བར་ནི། །ལམ་འཁྱེར་སྐུ་གསུམ་རང་ཤར་འབྱུང་། །བློ་ལྡན་མི་རྟག་སྐྱོ་ཤས་དང་། །བྱང་ཆུབ་སེམས་མཆོག་སྔོན་འགྲོ་བས། །རང་ལུས་ཡི་དམ་སྤྱི་གཙུག་ཏུ། །བླ་མའི་རྣལ་འབྱོར་རྫོགས་བྱས་ནས། །མཁའ་མཉམ་འགྲོ་ཀུན་ཐབས་གཅིག་ཏུ། །སྙིང་རྗེས་ཀུན་བླང་གསོལ་བ་གདབ། །དེ་ཡིས་མོས་གུས་སྐྱེས་པ་དང་། །སྣང་བ་སྣ་ཚོགས་ཐམས་ཅད་ཀུན། །རིམ་གྱིས་བླ་མར་བལྟ་བར་བྱ། །སྤྱོད་ལམ་རྣམ་བཞི་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་བླ་མར་ལམ་ཁྱེར་བས། །ཅིར་སྣང་བླ་མར་འཆར་བར་འགྱུར། །བླ་མའི་ལམ་འཁྱེར་མཆོག་ཡིན་ནོ། །དེ་ལྟར་བརྟན་པར་གྱུར་པ་དང་། །བླ་མ་དམ་པ་འདི་ཉིད་ཀྱིས། །བཟོད་དཀའི་རྒྱ་མཚོ་ཆེ་ལས་བསྒྲལ། །གྲངས་མེད་མི་ཐོབ་ཚེ་འདིར་ཐོབ། །དྲིན་བསམ་འབྲལ་མེད་གསོལ་བ་གདབ། །ཕྱག་སོགས་བདུན་པོ་རྣམ་དག་བྱ། །སྒྲ་རྣམས་གྲག་སྟོང་བླ་མའི་གསུང་། །དྲན་རྟོག་ཐུགས་སུ་ལམ་འཁྱེར་བྱ། །བླ་མའི་སྐུ་གསུམ་ལམ་ཁྱེར་རོ། །དེ་ལྟར་ཁྱད་འཕགས་ལམ་འཁྱེར་དེས། །ཉིན་མཚན་མཉམ་རྗེས་ཐམས་ཅད་དུ། །ཅིར་སྣང་ཐམས་ཅད་བླ་མར་ཤེས། །བླ་མ་དེ་ཉིད་རང་གི་སེམས། །སེམས་དང་བླ་མ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་རང་ཤར་འབྱུང་། །དེ་ནས་ཡི་དམ་ལམ་འཁྱེར་བཤད། །ཐ་མལ་ཞེན་པ་བཟློག་པའི་ཕྱིར། །རང་ལུས་སྣང་སྟོང་སྒྱུ་མའི་སྐུ། །གསལ་ལ་རྟོག་པ་མེད་པར་བསྒོམ། །དེ་ནས་ཆགས་སྡང་རྨོངས་གསུམ་ཡུལ། །ཕྱི་རོལ་གཟུགས་སྣང་སྣ་ཚོགས་ཀུན། །རིམ་གྱིས་ལྷ་ཡི་སྐུར་ཤེས་བྱ། །དེ་ལ་དད་ཅིང་གུས་ལྡན་པས། །ཕྱག་ལ་སོགས་པ་གོང་བཞིན་ནོ། །ཅིར་སྣང་ལྷ་སྐུ་སྒྱུ་མར་ཤེས། །ལྷ་སྐུ་དེ་ཉིད་རང་གི་སེམས། །སེམས་དང་ལྷ་སྐུ་དབྱེར་མེད་པའི། །གསལ་སྟོང་བདེ་ཆེན་ལྷ་སྐུ་དེ། །སྐུ་གསུམ་ལམ་འཁྱེར་ཉིད་དུ་བཤད། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །འབྲལ་མེད་ལྷ་སྐུ་ཟླ་དྲུག་གིས། །སྐྱེ་བ་འདིའམ་བར་མ་དོར། །རྒྱལ་བ་ལོངས་སྐུ་འཐོབ་པར་འགྱུར། །སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །བསྐྱེད་རྫོགས་མ་ཡིན་ཆོས་འགའ་མེད། །ཟུང་འཇུག་ཚུལ་འདི་བསྟན་པའོ། །རང་དང་སྣང་བ་ལྷར་བལྟས་ནས། །སྒྲ་རྣམས་གྲག་ཚད་སྔགས་སུ་བལྟ། །སྒྲ་རྣམས་གྲག་སྟོང་རང་བཞིན་མེད། །སྒྲར་གསལ་ཡེ་ཤེས་སྟོང་པའི་དབྱིངས། །དབྱེར་མེད་ཤེས་པས་གྲོལ་འགྱུར་ཏེ། །གང་འདུལ་སྤྲུལ་སྐུ་འཐོབ་པར་འགྱུར། །དྲན་རྟོག་ལམ་ཁྱེར་བཤད་ཀྱིས་ཉོན། །དུས་གསུམ་མ་འགགས་རང་ཤར་ལ། །མ་ཡེངས་འཛིན་མེད་སྐུ་གསུམ་དུ། །ཤེས་པས་གྲོལ་འགྱུར་ཐེ་ཚོམ་མེད། །ཡང་ན་དུག་གསུམ་ལྟ་སྟངས་ཀྱིས། །རང་བཞིན་མེད་འགྱུར་ཆོས་སྐུ་ཐོབ། །དེ་ནས་སྒྱུ་མའི་ལམ་འཁྱེར་བཤད། །འདི་ལྟར་རྨི་ལམ་སྣ་ཚོགས་དཔེས། །སྣང་བ་སེམས་སུ་གཏན་ལ་དབབ། །སེམས་ནི་སྒྱུ་མ་རྨི་ལམ་སྟེ། །བཟུང་སྦྱང་སྤེལ་སྤྲུལ་བསྒྱུར་བ་རྣམས། །ཉིན་པར་སྤྱོད་ལམ་ཐམས་ཅད་དུ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །གཉིད་ལོག་འདུན་པས་ཉམས་བླངས་པས། །རྨི་ལམ་དུས་སུ་རང་ཤར་འབྱུང་། །སྒྱུ་འཛིན་བྲལ་བའི་འོད་གསལ་ནི། །མོས་གུས་ལྟ་སྟངས་སྟོབས་ལས་འཆར། །བདེ་གསལ་མི་རྟོག་བརྗོད་བྲལ་བའི། །སྐུ་གསུམ་དབྱེར་མེད་བདེ་ཆེན་ནི། །ཉིན་མཚན་ཀུན་ཏུ་རང་ཤར་འབྱུང་། །འོད་གསལ་ཕྱག་རྒྱ་ཆེན་པོ་འབྱུང་། །མདོར་ན་དམ་པའི་མོས་གུས་དང་། །རང་ལུས་སྣང་སྟོང་ལྷ་སྐུར་བལྟ། །ངག་གི་བཟླས་བརྗོད་གྲག་སྟོང་སྟེ། །སེམས་ཀྱི་དྲན་རྟོགས་དེར་འཛིན་བྲལ། །དེ་ལྟར་རྩེ་གཅིག་ཉམས་བླངས་ན། །ལོ་ཟླས་འབྲས་བུ་མངོན་དུ་འགྱུར། །གསང་སྔགས་མངོན་སུམ་ལམ་པ་སྟེ། །ཀུན་ལས་མཆོག་ཏུ་གྱུར་པའོ། །ཁྱད་འཕགས་ལམ་འཁྱེར་གྱི་ཆོས་གསུམ་ཞེས་བྱ་བ། ཡེ་ཤེས་ཀྱི་ཌཱ་ཀི་མས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཌཱ་ཀི་མ་དེ་ཉིད་ལ་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ། །

སེམས་འཆི་མེད་ཀྱི་རྩ་བ།

༄༅། །སེམས་འཆི་མེད་ཀྱི་རྩ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཤྲཱི་ཨ་མཱ་ར་མ་ཧཱ་ཛྙཱ་ན་ནཱ་མ། བོད་སྐད་དུ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ཞེས་བྱ་བ། དཔལ་འཆི་མེད་ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ། །རྒྱལ་བ་ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །འཆི་མེད་ཡེ་ཤེས་རང་སྒྲ་འདི་སྐད་ཐོས། །གང་ཞིག་དད་ལྡན་དབང་པོ་དམ་ཚིག་ཅན། །བླ་མ་མཆོག་བསྟན་འདི་དོན་རྟོགས་པར་གྱིས། །གང་གིས་ཚེ་འདི་བློས་བཏང་ནས། །རྩེ་གཅིག་ཞག་བདུན་ལོ་སྒྲ་ཡིས། །ཇི་ལྟར་ཉོན་མོངས་ལུས་དག་ལ། །ཡེ་ཤེས་ལུས་ནི་རང་དགར་འབྱུང་། །ཚད་མེད་སེམས་བསྐྱེད་སྔོན་འགྲོ་བས། །ཆོ་ག་གསུམ་མམ་སྐད་ཅིག་གིས། །རང་ལུས་ཡི་དམ་ཡབ་ཡུམ་གྱི། །སྤྱི་གཙུག་ས་བོན་ཧཱུྃ་དང་བྃ་གྱི་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །དག་ཅིང་སྟོང་གསལ་ཉིད་སྦྱངས་པས། །སྣང་སྟོང་འཇའ་ཚོན་འོད་ཀྱི་སྐུ། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་ཕུང་བཅས། །གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་བདེ་སྟོང་ཆེན་པོར་ལྟོས། །རང་ལུས་སྣང་སྟོང་ལྷ་སྐུ་སེམས། །སེམས་ནི་སྣང་སྟོང་ལྷ་ཡི་སྐུ། །སེམས་དང་ལྷ་སྐུ་དབྱེར་མེད་དེ། །རྨི་ལམ་ཡུལ་དུ་ཆུ་ཟླ་ལྟར། །རང་བཞིན་ཟུང་འཇུག་ཆེན་པོ་ཡི། །ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །དེ་ལ་ན་རྒྱུ་འཆི་རྒྱུ་དང་། །འཁོར་བ་མ་གྲུབ་མྱང་འདས་མ་གྲུབ་ཅིང་། །དོན་དམ་པ་འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི་མེད་རང་གྲོལ་ལོ། །དེ་ལྟར་མ་རྟོགས་རྣལ་འབྱོར་པས། །བསྐལ་པར་བསྒྲུབས་ཀྱང་དོན་མེད་འགྱུར། །ལོག་པའི་ལམ་ཞུགས་ཁོ་ནར་ཟད། །གང་གི་མཚམས་མེད་ལྔ་རྫོགས་ཀྱང་། །འཆི་ཁའི་ཚེའམ་དུས་གཞན་དུ། །འཆི་མེད་རྡོ་རྗེའི་ཚིག་རྐང་བཞི། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། སྐད་ཅིག་ཡུད་ཙམ་གཅིག་པའམ། །དྲན་ཐོས་རེག་པར་གྱུར་པས་ཀྱང་། །གནད་གཅོད་སྡུག་བསྔལ་རང་དག་ནས། །བར་དོར་ལོངས་སྐུར་མངོན་སངས་རྒྱ། །སྒྲིབ་པ་ཆུང་རྣམས་སྨོས་ཅི་དགོས། །འདི་ནི་འཆུག་མེད་གནད་ཡིན་ནོ། །གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་དྲན་པར་མ་གྱུར་ཀྱང་། །དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །རྒྱལ་བ་ལོངས་སྐུ་རང་ཤར་འབྱུང་། །མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་། །གསལ་དྭངས་རྫིང་བུར་རྡོ་བརྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་། །བརྟན་པར་མ་གྱུར་ལོང་མེད་ཀྱང་། །བཅོ་ལྔའི་ཉི་རྒས་ཟླ་ཤར་བཞིན། །འཆིའམ་འཆི་ཁར་དྲན་ཐོས་ཀྱིས། །བར་དོར་ལོངས་སྐུ་ཐེ་ཚོམ་མེད། །རང་སེམས་སྐྱེ་མེད་ཆོས་སྐུ་ལས། །འགག་མེད་གཟུགས་སྐུར་རང་ཤར་གྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་པར། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །ངོ་བོ་རྣམ་པ་ཕྲིན་ལས་རྣམས། །ཟུང་འཇུག་ཆེན་པོར་རྟོགས་པར་གྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པ་དབང་པོ་རབ། །དེ་དོན་སྐད་ཅིག་རྟོགས་གྱུར་པས། །དག་པ་བདེ་སྟོང་མཁའ་སྤྱོད་འགྲོ། །དུས་གསུམ་རྒྱལ་བས་འདི་རྟོགས་པས། །བདུད་བཏུལ་སངས་རྒྱས་འཁོར་ལོ་བསྐོར། །དེ་ཕྱིར་རྒྱལ་བའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མར་བསྟན་གྱུར་ཀྱང་། །དམ་པའི་དྲིན་གྱིས་མ་གཏོགས་པ། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་བསྟེན་ནས། །གུས་ཤིང་མཉེས་པ་གནད་ཡིན་ནོ། །སྙིགས་མ་ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱ། །འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་བརྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་ནས་གསུམ་ལའོ། །རང་སེམས་འཆི་མེད་རང་གྲོལ་རྫོགས་སོ།། །།ཡེ་ཤེས་ཀྱི་ཌཱ་ཀི་མས་སེང་ལྡེང་གི་ནགས་གསེབ་ཏུ་གསུངས་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ལོ་ཙཱ་བ་དེ་ཉིད་དང་། རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །ཌཱ་ཀི་མ་དེ་ཉིད་ལ་བདག་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །འཆི་མེད་ཚིག་རྐང་རྫོགས་སོ།། །།དགེའོ། །དགེའོ། །དགེའོ། །

རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་གུ་མས་མཛད་པ།

༄༅། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་གུ་མས་མཛད་པ་བཞུགས་སོ། །

ཡིད་བཞིན་ནོར་བུ་ལྟ་བུ་ཡི། །སེམས་ཉིད་ཁྱོད་ལ་ཕྱག་འཚལ་ལོ། །རྫོགས་པའི་སངས་རྒྱས་ཐོབ་འདོད་པས། །ཐ་མལ་རྣམ་རྟོག་དག་བྱའི་ཕྱིར། །རང་ལུས་ལྷར་གསལ་བླ་མ་ལ། །ལྷག་བསམ་དག་པའི་མོས་གུས་བྱ། །བླ་མ་ཡི་དམ་མི་བསམ་ཞིང་། །དངོས་དང་དངོས་མེད་ལ་སོགས་པ། །གང་ཡང་ཡིད་ལ་མི་བྱ་བར། །མ་བཅོས་གཉུག་མའི་ངང་ལ་བཞག །རང་སེམས་མ་བཅོས་ཆོས་ཀྱི་སྐུ། །དེ་ལ་མ་ཡེངས་སྒོམ་པའི་གནད། །མཐའ་བྲལ་ཆེན་པོར་རྟོགས་པར་བྱ། །འཁོར་བའི་རྒྱ་མཚོར་སྐྱུར་བྱེད་པའི། །ཆགས་སྡང་རྟོག་པ་སྣ་ཚོགས་འདི། །སྐྱེ་མེད་མཚོན་ཆ་རྣོན་པོ་ཡིས། །རང་བཞིན་མེད་པར་གཅད་པར་བྱ། །སྡོང་པོའི་རྩ་བ་བཅད་གྱུར་ན། །ཡལ་ག་སྐྱེ་བར་མི་འགྱུར་རོ། །ཇི་ལྟར་དྭངས་པའི་རྒྱ་མཚོ་ལས། །ཆུ་བུར་བྱུང་ཞིང་ཆུ་ལ་ཐིམ། །དེ་བཞིན་རྣམ་པར་རྟོག་པ་ཡང་། །ཆོས་ཉིད་མིན་པ་གཞན་མེད་ཀྱི། །སྐྱོན་དུ་མ་བལྟ་གློད་ལ་ཞོག །གང་ཤར་གང་སྐྱེས་དེ་ཉིད་ལ། །དེར་འཛིན་མེད་པས་རང་སར་གྲོལ། །སྣང་གྲག་ཆོས་རྣམས་རང་གི་སེམས། །སེམས་ལས་མ་གཏོགས་ཆོས་གཞན་མེད། །སེམས་ནི་སྐྱེ་འགགས་སྤྲོས་དང་བྲལ། །སེམས་ཀྱི་དེ་ཉིད་ཤེས་པ་དེས། །འདོད་ཡོན་ལྔ་ལ་སྤྱད་གྱུར་ཀྱང་། །ཆོས་ཉིད་ངང་ལས་གཡོས་པ་མེད། །དཔེར་ན་གསེར་གླིང་ཕྱིན་པ་ཡི། །ས་རྡོ་བཙལ་ཡང་མི་རྙེད་ལྟར། །མཉམ་ཉིད་ཆོས་དབྱིངས་ཆེན་པོ་ལ། །སྤང་བླང་མཉམ་བཞག་རྗེས་ཐོབ་མེད། །གང་གི་ཚེ་ན་མངོན་དུ་འགྱུར། །དེ་ཚེ་ལྷུན་གྱིས་གྲུབ་པར་འགྱུར། །འགྲོ་བའི་རེ་བ་སྐོང་མཛད་པའི། །ཡིད་བཞིན་ནོར་བུ་ལྟ་བུ་འགྱུར། །གང་ཟག་དབང་པོ་རབ་འབྲིང་གསུམ། །བློ་ཡི་རིམ་པ་ཤེས་པར་བྱ། །རང་གྲོལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མས་མཛད་པ་རྫོགས། བདག་ཁྱུང་པོ་རྣལ་འབྱོར་པས་མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ནས་ཞུས་སོ། །ཨྠྀིཿ

ནི་གུ་མའི་སྨོན་ལམ་བཀའ་རྒྱ་མ།

༄༅། །ནི་གུ་མའི་སྨོན་ལམ་བཀའ་རྒྱ་མ་བཞུགས་སོ། །

རྒྱ་གར་སྐད་དུ། ཨརྱ་པྲ་ཎི་དྷཱ་ན་རཱ་ཛ་ནཱ་མ། བོད་སྐད་དུ། འཕགས་པ་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །ཐུགས་རྗེའི་ཕྲིན་ལས་ཕུན་སུམ་ཚོགས་པ་ཡིས། །བདག་གིས་སྨོན་ལམ་འདི་དག་ཐམས་ཅད་ཀུན། །ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་ཤོག །འདི་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ། །མོས་གུས་ཚད་མེད་བླ་མ་མཉེས་བྱེད་ཅིང་། །རྣམ་དག་ལུས་ངག་ལོངས་སྤྱོད་མཁའ་མཉམ་མཆོད། །སྐད་ཅིག་མི་འབྲལ་ཕྲིན་ལས་རྒྱས་བྱེད་ཤོག །ཚེ་རབས་ཀུན་ཏུ་ཉན་བཤད་སྒོམ་སྒྲུབ་ཚེ། །ལོག་པའི་སློབ་དཔོན་དེ་བཞིན་བླ་མ་དྲན། །གྲོགས་ངན་སྦྱིན་བདག་ངན་དང་མི་འཕྲད་ཅིང་། །བླ་མ་མཆོག་བསྟེན་བྱང་ཆུབ་དེར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་རིགས་བཟང་ནད་མེད་ཅིང་། །དབྱངས་སྙན་གཟུགས་མཛེས་གཟི་བརྗིད་སྟོབས་ལྡན་ནས། །ཚེ་རིང་འཁོར་དང་ལོངས་སྤྱོད་ཆོས་རྣམས་ཀུན། །ལྷུན་གྱིས་གྲུབ་ཅིང་ཀུན་གྱིས་བཀུར་བར་ཤོག །གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱིས་མཐོང་ཐོས་དྲན་རེག་ཚེ། །མཛེས་ཤིང་ཡིད་འོང་ལྟ་བས་མི་ངོམས་ཤིང་། །མི་མཐུན་ཕྱོགས་བྲལ་ཀུན་དང་མཐུན་པར་ཤོག །བདག་ནི་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །མགོན་སྐྱབས་རེ་གནས་དཔུང་གཉེན་གྱུར་ནས་ཀྱང་། །གང་ལ་གང་འདོད་རེ་བ་ཐམས་ཅད་ཀུན། །ཚུལ་བཞིན་བདག་གིས་མ་ལུས་སྐོང་བར་ཤོག །བདག་ལ་ཕན་པར་འདོད་པའི་གྲོགས་རྣམས་དང་། །ལུས་ངག་ཡིད་གསུམ་སྨོན་ལམ་གཅིག་ཏུ་སྦྱང་། །དུས་འདི་ནས་བཟུང་སྐད་ཅིག་མི་འབྲལ་ཞིང་། །དག་སྣང་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །གང་སྐྱེས་ཡིད་བཞིན་ནོར་བུར་བདག་གྱུར་ནས། །དགོས་འདོད་ཐམས་ཅད་ཡིད་ལ་བསམ་མ་ཐག །ཕུན་སུམ་ཚོགས་པ་དཔག་མེད་ཆར་བབས་ནས། །སེམས་ཅན་ཐམས་ཅད་བདེ་ལ་འགོད་པར་ཤོག །བདག་ནི་གནས་པའི་ས་ཕྱོགས་ཐམས་ཅད་དུ། །འགྲོ་ཀུན་ནད་གདོན་འཐབ་རྩོད་དབུལ་ཕོངས་བྲལ། །ཚེ་རིང་ནད་མེད་ཆོས་དང་ལོངས་སྤྱོད་ལྡན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་ཐམས་ཅད་དུ། །ལོངས་སྤྱོད་ནམ་མཁའི་མཛོད་ལ་མངའ་བརྙེས་ནས། །སྦྱིན་པ་རྣམ་བཞི་ཕྱོགས་བཅུར་གཏོང་བྱེད་ཅིང་། །ཕ་རོལ་ཕྱིན་བཅུས་འགྲོ་ཀུན་སྨིན་གྲོལ་ཤོག །འཁོར་འདས་ཆོས་རྣམས་མ་ལུས་ཐམས་ཅད་ལ། །ཆགས་ཐོགས་མེད་པའི་ཤེས་རབ་ཕུན་ཚོགས་ནས། །དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །སྐད་ཅིག་ཙམ་གྱིས་ཐམས་ཅད་མངོན་གྱུར་ཤོག །བདག་ནི་བསླབ་གསུམ་དྲི་མེད་ལེགས་བརྒྱན་ཞིང་། །རྩོད་བྲལ་ལྷར་བཅས་འཇིག་རྟེན་མཆོད་ཅིང་བསྟོད། །ཚུལ་ཁྲིམས་མཆོག་ལ་འགྲོ་བ་ཀུན་འགོད་ཅིང་། །ལེགས་པའི་ཡོན་ཏན་མ་ལུས་རབ་རྫོགས་ཤོག །རི་ཁྲོད་དགོན་པར་ཆོག་ཤེས་ཟས་གོས་ལྡན། །ཕྱི་ནང་བར་ཆད་སྐད་ཅིག་མི་འབྱུང་བར། །ཉམས་རྟོགས་མཐར་ཕྱིན་ཕྲིན་ལས་ཚད་མེད་ཀྱིས། །འགྲོ་རྣམས་མ་ལུས་སྨིན་ཅིང་གྲོལ་བྱེད་ཤོག །ལྷ་འདྲེ་སྟོབས་ལྡན་དྲེགས་ཅན་མ་ལུས་ཀུན། །བསྙེན་སྒྲུབ་རྦད་བསྐུལ་སྐད་ཅིག་མི་དགོས་པར། །སྲོག་སྙིང་ཕུལ་ཞིང་བྲན་བཞིན་ཉན་པ་དང་། །མཐུ་སྟོབས་ཕུན་ཚོགས་བསྟན་པ་བསྲུང་བར་ཤོག །བདག་གིས་བྱམས་དང་སྙིང་རྗེ་མངོན་གྱུར་ཏེ། །ཁམས་གསུམ་སེམས་ཅན་མ་ལུས་ཐམས་ཅད་ཀུན། །གཅིག་ལ་གཅིག་འཚེའི་གནོད་པ་རབ་ཞི་ནས། །བུ་གཅིག་མ་བཞིན་བརྩེ་བས་གནས་པར་ཤོག །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །གནད་གཅོད་མི་འབྱུང་ཆོས་སྐུ་མངོན་གྱུར་ནས། །གཟུགས་སྐུ་རང་ཤར་གཞན་དོན་ལྷུན་གྲུབ་ཅིང་། །སྐུ་གདུང་རིང་བསྲེལ་འགྲོ་བ་འདྲེན་པར་ཤོག །རྒྱལ་བའི་ཞིང་ཁམས་མ་ལུས་ཐམས་ཅད་དུ། །སངས་རྒྱས་བསྐལ་པའི་རྡུལ་སྙེད་རྒྱ་མཚོ་ལ། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པ་ཡིས། །བསྐལ་པ་རྒྱ་མཚོར་བདག་གིས་མཆོད་བྱེད་ཤོག །ཞིང་ཁམས་རྣམ་དག་རྒྱ་མཚོར་མངོན་གྱུར་ཏེ། །སྤྱོད་པ་རྣམ་དག་ཤེས་རབ་ཚད་མེད་ཀྱིས། །ཆོས་རྣམས་རྒྱ་མཚོ་ཐམས་ཅད་རབ་མཐོང་ནས། །ཡེ་ཤེས་རྒྱ་མཚོ་མ་ལུས་རྟོགས་པར་ཤོག །རྒྱལ་བ་རྒྱ་མཚོའི་གསུང་དབྱངས་མངོན་གྱུར་ནས། །ནམ་མཁའི་མཐའ་ཁྱབ་ཚངས་པའི་དབྱངས་སྒྲོག་ཅིང་། །འགྲོ་རྣམས་སྐད་དུ་བདག་གིས་ཆོས་བསྟན་ནས། །སེམས་ཅན་མ་ལུས་སངས་རྒྱས་སར་འགོད་ཤོག །ཀུན་བཟང་སྒྱུ་མའི་རྣམ་ཐར་ཇི་བཞིན་དུ། །མཐའ་བྲལ་སྒྱུ་མའི་ཏིང་འཛིན་མངོན་གྱུར་ནས། །སངས་རྒྱས་སྐུ་དང་ཞིང་ཁམས་མ་ལུས་ཀུན། །རྡུལ་གཅིག་སྟེང་དུ་སྐད་ཅིག་འགྲུབ་པར་ཤོག །སེམས་ཅན་ཁམས་དང་རྒྱ་མཚོའི་གཏིང་མཐའ་དང་། །ནམ་མཁའི་མཐའ་དང་ཆོས་དབྱིངས་ཚད་མེད་ལྷག །བདག་གི་སྨོན་ལམ་ཏིང་འཛིན་ཕྲིན་ལས་རྣམས། །གཏིང་མཐའ་དཔག་མེད་ཚད་བཟུང་མེད་པར་ཤོག །འཁོར་ལོས་སྒྱུར་རྒྱལ་དཔག་མེད་བདག་སྤྲུལ་ནས། །འགྲོ་ཀུན་རེ་སྐོངས་ཆོས་ཀྱི་རྒྱལ་སྲིད་སྐྱོང་། །མཁའ་མཉམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་ནས། །སེམས་ཅན་མ་ལུས་བདེ་ལ་འགོད་པར་ཤོག །མ་འོངས་དུས་སུ་ནད་མཚོན་བསྐལ་པ་ཡིས། །སེམས་ཅན་སྡུག་བསྔལ་ཉམ་ཐག་གྱུར་པའི་ཚེ། །བདག་ནི་སྨན་མཆོག་རྒྱལ་པོར་གྱུར་ནས་ཀྱང་། །སྐད་ཅིག་ཉིད་ལ་སྡུག་བསྔལ་ཞི་བྱེད་ཤོག །མུ་གེའི་བསྐལ་པས་བཀྲེས་སྐོམ་གྱུར་པའི་ཚེ། །བཟའ་བཏུང་དར་ཟབ་གསེར་དངུལ་ལོངས་སྤྱོད་རྣམས། །ཕུན་སུམ་ཚོགས་པ་མཁའ་མཉམ་སྤྲིན་གཏིབས་ནས། །ཕྱོགས་བཅུར་འདོད་ཡོན་ལྔ་ཡི་ཆར་འབེབས་ཤོག །བྱང་ཆུབ་སེམས་ཀྱི་སྤྱོད་པ་རླབས་ཆེན་གྱིས། །འཁོར་བའི་རྒྱ་མཚོ་སྟོངས་པར་མ་གྱུར་ཚེ། །ནམ་མཁའི་མཁའ་གཏུགས་སེམས་ཅན་མ་ལུས་ཀུན། །གང་ལ་གང་འདུལ་དེ་ལ་དེར་སྟོན་ཤོག །ལོག་པའི་ལམ་ཞུགས་སྟོབས་ལྡན་དྲེགས་པ་ཅན། །ཕྱོགས་བཅུ་དུས་གསུམ་རྒྱལ་བས་མ་ཐུལ་པའི། །འགྲོ་ཀུན་མ་ལུས་བདག་གིས་རབ་བཏུལ་ནས། །སྐད་ཅིག་ཉིད་ལ་སངས་རྒྱས་སར་འགོད་ཤོག །ཇི་སྲིད་འཁོར་བར་སེམས་ཅན་གནས་ཀྱི་བར། །དེ་སྲིད་ཕྲིན་ལས་རྩོལ་མེད་རང་ཤར་གྱིས། །སེམས་ཅན་མ་ལུས་སྨིན་ཅིང་གྲོལ་བྱེད་པའི། །འགྲོ་དོན་ལྷུན་གྲུབ་རྒྱུན་ཆད་མེད་པར་ཤོག །ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡི། །སོ་སོ་སྐྱེ་བོ་བྱང་ཆུབ་སེམས་དཔའི་ཚེ། །བསྐལ་པ་གྲངས་མེད་སེམས་བསྐྱེད་སྨོན་ལམ་བཏབ། །ཚོགས་གཉིས་མཐར་ཕྱིན་མངོན་པར་སངས་རྒྱས་ནས། །ཕུན་སུམ་ཚོགས་མངའ་ཡོན་ཏན་རྒྱ་མཚོ་ཡིས། །སེམས་ཅན་དཔག་མེད་སྨིན་ཅིང་གྲོལ་མཛད་པའི། །སྨོན་ལམ་ཕྲིན་ལས་གཅིག་ཏུ་བསྡོམས་པ་ནས། །བདག་གི་སྨོན་ལམ་ཕྲིན་ལས་རྒྱ་ཆེར་ཤོག །གཞན་དོན་ལྷུན་གྲུབ་དཔག་མེད་འབྱུང་གྱུར་པས། །བདག་གི་སྨོན་ལམ་འདི་དག་ཐམས་ཅད་ཀུན། །བྱང་ཆུབ་མཆོག་མོས་དད་པ་རབ་བསྐྱེད་དེ། །གང་གིས་འདེབས་པ་དེ་ལ་ཡོངས་རྫོགས་ཤོག །ཕྱོགས་བཅུ་དུས་གསུམ་འཁོར་འདས་ཐམས་ཅད་ཀྱི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཀུན། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་བཞིན་དུ། །བདག་གཞན་ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་ཤོག །འཕགས་པ་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །

རྡོ་རྗེ་ཕག་མོའི་གསང་བའི་སྒྲུབ་པ། མཁའ་འགྲོ་སུ་ཁ་སིདྡྷིས་མཛད།

༄༅། །རྡོ་རྗེ་ཕག་མོའི་གསང་བའི་སྒྲུབ་པ་ཞེས་བྱ་བ། མཁའ་འགྲོ་སུ་ཁ་སིདྡྷིས་མཛད།

སུ་ཁ་སིདྡྷིའི་རྒྱ་གཞུང་ནི། རྒྱ་གར་སྐད་དུ། བཛྲ་ཝཱ་རཱ་ཧཱི། གུ་ཧྱ་སཱ་དྷ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོའི་གསང་བའི་སྒྲུབ་པ་ཞེས་བྱ་བ། དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཁའ་ཨོ་རྒྱན་དུ་འགྲོའི་ཕྱོགས་སུ་ཁ་བལྟས་ཏེ། མཎྜལ་ནི་སིན་དྷཱུ་རའོ། །རང་སྐད་ཅིག་གིས་ཕག་མོར་གསལ་བའི་ལྟེ་བར་ཆོས་འབྱུང་ངོ་། །དེ་དབུས་པད་འདབ་བཞིའི་ལྟེ་བར་ཨོཾ་མོ། །མདུན་དུ་ཧའོ། །གཡས་སུ་རིའོ། །རྒྱབ་ཏུ་ནིའོ། །གཡོན་དུ་སའོ། །དེ་ཐམས་ཅད་གོང་རས་ལྗང་གུ་མུ་ཁྱུད་དང་བཅས་པ་དམར་བའི་མདོག་ཅན། མྱོས་བྱེད་ཀྱི་རང་བཞིན་ཅན། ཡི་གེའི་ཚོགས་དེ་རྣམས་ལས་འོད་ཟེར་དམར་བ་ལྕགས་ཀྱུའི་དབྱིབས་ཅན་བྱུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔའ་བོ་དང་ཌཱ་ཀི་མ་རྣམས་ཀྱི་དབང་གི་ནུས་མཐུ་པདྨ་རཱ་གའི་མདོག་ལྟར་བཀུག་ལ་བསྟིམ་མོ། །དེའི་ནུས་མཐུའི་འོད་དམར་བའི་དབྱིབས་ཅན། དམིགས་བྱའི་སྨིན་མཚམས་སྙིང་ཟེར་བའང་སྣང་ངོ་དང་གསང་གནས་སུ་བཏབ་པས་ཀུ་ཤུའི་ལོ་མ་རླུང་གིས་བསྐྱོད་པ་ལྟར། བསྒྲུབ་བྱ་འདོད་ཡོན་དང་བཅས་པ་རང་དབང་མེད་པར་པདྨའི་སྟེང་དུའོ། །དེ་ནས་ཆོས་འབྱུང་ཁ་བསྡུས་ཏེ། ཡི་གེ་མི་གཡོ་བའི་འོད་ཟེར་སྔ་མ་ལྟ་བུའི་གནས་གཉིས་སུ་བཏབ་པས་པདྨ་ཤིན་ཏུ་མྱུར་བས་གཡོ་བ་མེད་པ་ལྟར། དབང་མེད་དུ་མྱུར་དུ་འཁོར་བས་བསྒྲུབ་བྱ་འདོད་ཡོན་དང་བཅས་པ་ལི་ཁྲི་ལྟ་བུར་དམར་ལྡེམ་ལྡེམ་གྱུར་ཏེ། སྒྲུབ་བྱེད་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་གཅེར་བུ་གསུམ་དང་ལྡན་པར་བལྟའོ། །ལུས་ངག་ཡིད་གསུམ་མི་གནས་གསུམ་ལ་རྩེ་གཅིག་ཏུ་འབད་པར་བྱའོ། །དེ་ནི་འདུ་བ་གསུམ་མི་མཁའ་འགྲོ་ཟས་ནོར་དང་འཆར་བ་གསུམ་ལུས་ལ་བདེ་བ་ངག་ལ་ནུས་པ་སེམས་ལ་རྟོགས་པ་འབྱུང་བར་འགྱུར་རོ། །སྔགས་འབུམ་ཕྲག་བདུན་གྱིས་འཇིག་རྟེན་གྱི་བདག་པོར་འགྱུར་རོ། །ཟླ་བ་དྲུག་གིས་བཅུ་བཞིའི་ས་ཐོབ་པར་འགྱུར་རོ། །དབང་ལ་ནི་ཆགས་པའི་སེམས་ཀྱིས་སོ། །མཆོག་ལ་ནི་མི་རྟོག་པའི་སེམས་ཀྱིས་སོ། །གསང་ཞིང་སྨྲ་བ་བཅད་པ་དང་། ཐེ་ཚོམ་མེད་པ་ནི་དམ་ཚིག་གོ ། གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་ཞེས་བྱ་བ་སྡོམ་པ་རྒྱ་མཚོའི་རྒྱུད་ཕྱི་མ་ལས་ཌཱ་ཀི་མ་སུ་ཁ་མ་ཧཱ་སིདྡྷིས་ཕྱུངས་བའོ། །རྫོགས་སོ།། །།ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ནས་བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ། །མངྒ་ལཾ།

མཁའ་འགྲོ་སུ་ཁ་སིདྡྷིས་གཉན་སྟོན་དྷརྨ་པྲཛྙཱ་ལ་གདམས་པ་གཟེར་གསུམ་གྱི་མན་ངག

༄༅། །མཁའ་འགྲོ་སུ་ཁ་སིདྡྷིས་གཉན་སྟོན་དྷརྨ་པྲཛྙཱ་ལ་གདམས་པ་གཟེར་གསུམ་གྱི་མན་ངག་བཞུགས།

གུ་རུ་རཏྣ། ཙཀྲ་སཾ་བྷ་ར། ཤྲཱི་བཛྲ་ཡོ་གི་ནི། ན་མོ། མཁའ་འགྲོ་བདེ་བའི་དངོས་གྲུབ་ལ་ཕྱག་འཚལ་ལོ། །གསང་སྒྲུབ་ལྟེ་བ་སྤྲུལ་འཁོར་གྱི། །ཁྱད་འཕགས་གཟེར་གསུམ་ཞལ་གདམས་ནི། །སྤྱི་བོར་བླ་མ་དམ་པའི་གཟེར། །སྙིང་ག་ཡི་དམ་བདེ་མཆོག་གི་གཟེར་སྟེ། །ལྟེ་བ་མཁའ་འགྲོ་སྡེ་བཞིའི་གཟེར་འོ། །དང་པོ་བླ་མའི་མོས་གུས་ཀྱིས། །ས་བཅུ་ལམ་ལྔ་ལོ་དང་ཟླས་བགྲོད་འདོད་ན། །བདེ་བའི་སྟན་ལ་སྐྱིལ་ཀྲུང་བཅས། །སེམས་བསྐྱེད་ཚད་མེད་སྔོན་སོང་པས། །རང་ཉིད་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་ཕྱག་མཚན་གསལ་བ་ཡི། །སྤྱི་བོར་པད་མ་དང་ཉིའི་སྟེང་དུ་ནི། །ཧཱུྃ་ཡིག་ནག་པོ་བསམ་པར་བྱ། །དེ་ལས་འོད་འཕྲོས་སེམས་ཅན་སྨིན་གྲོལ་སངས་རྒྱས་མཆོད་དོན་གཉིས་བྱས། །ཚུར་འདུས་ཧཱུྃ་དེ་གྱུར་པ་ལས། །བིར་ཝ་པ་དང་དགྱེས་མཛད་འདྲ། །ཐ་དད་མེད་པར་བསམ་པར་བྱ། །རང་གི་རྡོ་རྗེའི་བུམ་པ་སྟེ་ནོར་བུའི་ནང་དུ། །ཆོས་འབྱུང་ཁ་དོག་དམར་པོ་ཡི། །ནང་དུ་ཡི་གེ་ཨ་དཀར་ལས། །འོད་འཕྲོས་དོན་བྱས་ཚུར་འདུས་པས། །ཨ་དེ་བདག་མེད་མ་དང་ནི། །སུ་ཁ་སིདྡྷི་གཉིས་མེད་བསྒོམ། །དེ་ནས་རླུང་གཉིས་ཁ་སྦྱར་ཏེ། །སྟེང་འོག་དམིགས་བིར་ཝ་དང་སུ་ཁ་སིདྡྷི་གཉིས་པ་གསལ་བ་དང་། །རང་ལུས་གཡས་སུ་གཅུས་པ་ཡི། །བདག་མེད་མ་ནི་ལྟེ་བར་བྱུང་། །གཡོན་དུ་གཅུས་པས་སྙིང་ག་སྟེ། །དེ་བཞིན་གཡས་གཡོན་སྦྱོར་བ་ཡིས། །མགྲིན་པ་ནས་ནི་སྤྱི་གཙུག་གི །ཚངས་བུག་ནས་ནི་ཡབ་ཀྱུད་ཀྱིས་ལ་འཁྱུད། །གཉིས་སུ་མེད་པའི་སྙོམས་འཇུག་གིས། །ཟག་མེད་བདེ་བ་རྒྱས་པར་བསམ། །དེ་ཡི་མདུན་དུ་རང་ཉིད་དང་པོ་སྤྱི་བོར་བླ་མའི་གཟེར་ཀྱི། །རྩ་བའི་བླ་མ་བསྒོམ་པར་བྱ། །དགྱེས་མཛད་ཡབ་ཡུམ་བླ་མ་དང་། །བཅས་པ་གསལ་བར་བསྒོམ་པ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་བསམ། །དེ་ལ་རང་སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་གདུང་བ་ཡིས། །ཧཱུྃ་རིང་བིར་ཝ་པ་ཧཱུྃ་སུ་ཁ་མ་སིདྡྷི་ཧཾ་ཞེས་གསོལ་བ་དྲག་ཏུ་གདབ། །ཉིན་དང་མཚན་མོ་ལན་གསུམ་དུ། །རྩེ་གཅིག་གསོལ་བ་བཏབ་གྱུར་ན། །ཕྱི་ནང་བར་ཆད་ཞི་བ་དང་། །འདུ་བ་རྣམ་མི་མཁའ་འགྲོ་ཟས་ནོར་གསུམ་དངོས་སུ་འབྱུང་། །ཁྱད་པར་མཁའ་འགྲོ་བདེ་བ་དངོས་གྲུབ་བདག་གིས། །དངོས་སུ་བྱིན་རློབས་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྟེར། །ས་བཅུ་ལམ་ལྔ་ལོ་ཟླས་བགྲོད། །ཐུན་མོང་མ་ཡིན་གསོལ་འདེབས་སོ། །རང་ཉིད་རྗེ་བཙུན་རྣལ་འབྱོར་མའི། །ཐུགས་ཀར་ཡི་དམ་བདེ་མཆོག་ནི། །གསལ་ལ་རྟོག་པ་མེད་པ་ལ། །མ་ཡེངས་བསྒོམ་ཞིང་སྔགས་བཟླས་ན། །རྨི་ལམ་དུ་ཡང་རང་ཤར་འབྱུང་། །དེ་ནི་ལོངས་སྐུ་དངོས་ཡིན་ནོ། །གསུམ་པ་ལྟེ་བ་མཁའ་འགྲོ་སྡེ་བཞིའི་གཟེར། །ཨ་ཡི་འོད་ཀྱིས་བསྲེགས་བྱས་ཏེ། །ལུས་ངག་ཡིད་གསུམ་མི་གནས་གསུམ་དུ་ཉམས་བླངས་ན། །མཆོག་དང་ཐུན་མོང་ལོ་ཟླས་འགྲུབ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི། །གསང་སྒྲུབ་ཉེ་བར་སྒྲུབ་པ་འདི། །བསྡུ་དང་དགུག་དང་བདེ་བ་བསྡུ། །དང་པོ་སྐྱབས་འགྲོ་བཟླས་པ་བྱ། །དེ་ནས་བསྒྲུབ་བྱ་ཡུལ་གྱི་གནད། །ཆོས་ཀྱི་འབྱུང་གནས་གྲུ་གསུམ་དུ། །པདྨ་འདབ་བཞི་ཡིག་འབྲུར་བཅས། །འོད་ཀྱི་རང་བཞིན་གསལ་བར་སྒྲུབ་ཐབས་ལྟར་བསྒོམ། །དེ་ནས་ཨ་ཡི་འོད་ཟེར་གྱིས། །ཡིག་འབྲུ་བཞི་པོ་གནད་བསྐུལ་ནས། །ཧ་རི་ནི་ས་དགའ་ཞེས་པ། །ངག་ཏུ་བརྗོད་པས་རྐྱེན་བྱས་ནས། །པདྨ་མྱུར་དུ་གསང་གནས་སུ་འཁོར་བ་ཡི། །ཡིག་འབྲུ་པདྨའི་འོད་ཟེར་གྱིས། །རྩ་ཆེན་རྩ་ཕྲན་ཐམས་ཅད་ཁེངས། །བསྒྲུབ་བྱ་བདེ་བ་རྒྱས་གྱུར་ནས། །བདེ་བའི་རྒྱུ་ནི་རྩ་ཐམས་ཅད་ནས་གཡོས་གྱུར་ཏེ། །འབྱུང་བཞིའི་དྭངས་མ་ཉི་མ་ནི། །ཐེམ་བུ་བཏང་བ་བཞིན་བྱུང་ནས། །རང་ཉིད་རྗེ་བཙུན་མར་གསལ་བའི། །ཞབས་གཡས་མཐེ་བོང་འོག་ཏུ་ནི། །མེ་ཏོག་ཧྲིལ་ཧྲིལ་འདུས་པར་བསམ། །རང་དང་བསྒྲུབ་བྱ་གང་ཡིན་པ། །རྒྱ་སྐྱེགས་མདོག་ལྟར་གྱུར་ནས་ཀྱང་། །སྒྲུབ་བྱེད་བདག་ལ་གུས་པ་དང་ལྡན་ཞིང་བདེ་བ་རྒྱས་པར་བསམ། །མི་གནས་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་གསུམ་པོ་གསལ་བ་གཅེས། །དེ་ནས་དགུག་པའི་སྦྱོར་བ་ནི། །ཆོས་དཔེ་གཞན་ན་ཤེས་རབ་ཆོས་འབྱུང་གཞལ་ཡས་སུ། །པདྨ་ཡིག་འབྲུ་གོང་བཞིན་བསམ། །ཁྱད་པར་ཨ་ནི་དམར་པོ་ལས། །འོད་ཟེར་དམར་པོ་འཕྲོས་པ་ཡིས། །ཡི་གེ་བཞི་ཡི་གསང་གནས་སོང་། །དྲོད་ཀྱིས་ཡི་གེའི་བདེ་བའི་གནས་བསྩལ་བསྐུལ་ནས། །པདྨ་གཡས་བསྐོར་དབང་མེད་དྲག་འཁོར་ཏེ། །པདྨས་པདྨ་བཅད་པ་དང་། །རང་བྱུང་མེ་ཏོག་བཅས་ནས་སུ། །བྱུང་སྟེ་མཐེ་བོང་གཡས་པའི་འོག །ཧྲིལ་ཧྲིལ་དབང་མེད་འདུས་བསམ་མནན། །པདྨ་བཅད་ཅིང་མནན་པ་དང་། །འོད་ཟེར་དམར་པོ་འཕྲོས་པ་ཡིས། །རྩ་ཁེངས་བདེ་བ་རྒྱས་གྱུར་པས། །ལུས་དམར་གུས་ལྡན་ཉམས་ཤེད་ཆུང་། །བལྟ་མི་ཕོད་ཅིང་ཉི་མའི་རྒྱུན། །རྐང་འོག་དབང་མེད་འདུས་པར་བསམ། །བཅད་དང་རང་བྱུང་རེས་མོས་བསྒོམ། །སྔགས་ནི་གོང་བཞིན་བཟླ་བར་བྱ། །རྗེས་ལ་གསང་བའི་གནས་སུ་བསྟིམ། །སྔོན་དུ་བསྙེན་པ་ཐེམས་པ་དང་། །རང་དང་མདུན་བསྐྱེད་གསལ་བ་གསུམ། །འཛོམ་པར་གྱུར་ན་སྐད་ཅིག་གཅིག་གིས་ནི་འགྲུབ། །མི་གནས་མ་ཡེངས་བསྒོམས་གྱུར་ན། །འདུ་བ་གསུམ་དང་འཆར་བ་ལུས་བདེ་ངག་ནུས་སེམས་རྟོགས་པ་གསུམ། །ལོ་ཟླ་ཙམ་གྱིས་འགྲུབ་པར་འགྱུར། །དབང་བཞི་ཁྱད་འཕགས་ཆུ་རྒྱུན་གྱིས། །བདེ་བ་བསྡུ་བའི་རིམ་པ་ནི། །སྣོད་ལྡན་གཞན་ལ་བསྐུར་མཎྜལ་སོགས་བྱས་ནས་བའོ། །རང་ཉིད་ཉམས་སུ་ལེན་པའི་ཚེ། །སྐྱབས་འགྲོ་བཟླས་པ་ནས་ཙམ་སྟེ་གྲུབ་ཚད་བྱ། །དེ་ནས་རང་ཉིད་བདེ་མཆོག་གི །ལྟེ་བའི་ཨ་ལས་འོད་འཕྲོས་པས། །ལྷ་མོ་མདོག་དཀར་ལ་སེར་བའི་གཟི་མདངས་ཅན། །བདེ་བའི་མདངས་ལྡན་གཞོན་ཞིང་སྒེག །པཉྩ་ལི་ལྷའི་གོས་དང་རིན་པོ་ཆེ། །སྣ་ཚོགས་བརྒྱན་པའི་གསང་གནས་སུ། །འོད་དེ་ཕོག་པས་མདུན་དུ་བྱོན། །དེ་ཡི་གསང་གནས་གསལ་བར་བསྒོམ། །དེ་ནས་རང་གི་དབང་པོའི་རྩེར། །མཐིང་ནག་ཧཱུྃ་ལས་འོད་ཟེར་ལྔ། །འཕྲོས་པས་ཆོས་འབྱུང་གནས་སུ་སོང་། །རྩ་འདབ་ལྷ་མོའི་ཁེངས་པས་བདེ་བ་རྒྱས། །དེ་ཡི་བདེ་བའི་འོད་ཟེར་གྱིས། །ཚུར་ལ་དྲག་ཏུ་བསྡུས་ནས་ནི། །རང་གི་དབང་པོའི་གནས་ན་ཡར། །སོང་ནས་རྩ་འདབ་ཐམས་ཅད་རྗེ་བཙུན་མས་ཁེངས། །དེ་ཡིས་བདེ་བ་སྐྱེས་པ་དང་། །འོག་རླུང་དྲག་བསྐུམ་གསུས་པ་སྦྱར། །བདེ་སྟོང་གཉིས་སུ་མེད་པར་བསྒོམ། །ཡང་གཅིག་ཧཱུྃ་ལས་འོད་འཕྲོས་ནས། །བདེ་བ་གོང་བཞིན་བཀུག་པ་ཡིས། །རང་ལུས་ཟག་མེད་བདེ་བས་རྒྱས། །གསལ་སྟོང་གཉིས་སུ་མེད་པར་བསྒོམ། །དེ་ནས་ལྷ་མོ་རྗེ་བཙུན་མ། །རང་ལ་གཉིས་མེད་འཁྱུད་ནས་ནི། །ཐབས་དང་ཤེས་རབ་བསྲུབས་པ་ཡིས། །དྲོད་ཀྱིས་བདེ་བའི་གནད་བསྐུལ་ནས། །ཡུམ་གྱི་རང་བྱུང་ཉི་མའི་རྒྱུན། །བདེ་བ་ཕུན་སུམ་ཚོགས་པ་དེ། །རྡོ་རྗེ་ནས་ནི་ཁོང་པ་ཡི། །ནང་ན་ཡར་ལ་སོང་བ་ཡིས། །རྩ་ཆེན་རྩ་ཕྲན་ཐམས་ཅད་ཁེངས། །བདེ་བས་རྒྱུད་ནི་གང་ཞིང་རྒྱས། །རང་ལུས་ཟག་མེད་བདེ་བ་རྒྱས། །རང་ལུས་རཀྟའི་མདོག་ལྟར་གྱུར། །དེ་ཡིས་ཡུམ་ནི་དབང་དུ་འདུ། །རང་གི་དེ་ཀུན་ཕར་འཕྲོས་པས། །ཡུམ་དེ་བདེ་བ་རྒྱས་གྱུར་ནས། །དཀར་ལ་ཡུམ་གྱི་མངལ་དམར་བའི་མདངས་ཆགས་པས། །ཡུམ་ནི་ཡབ་ཀྱི་དབང་དུ་འགྱུར། །དེ་ལྟར་ཡབ་ཡུམ་འོད་འཁྲུག་ཅིང་། །བདེ་བས་རྒྱུད་ནི་གང་བའི་ཚེ། །འོག་རླུང་དྲག་ཏུ་བསྐུམ་པ་དང་། །བདེ་བས་སྟོང་པའི་དོན་བསྟན་ཞིང་། །སྟོང་པས་བདེ་ལ་ཆགས་མི་བྱ། །བདེ་སྟོང་གཉིས་མེད་ཡེ་ཤེས་མཆོག །དམར་བ་ཡུན་རིང་དཀར་བ་ཐུང་། །གནད་ཀྱི་མཆོག་ཏུ་ཤེས་པར་བྱ། །སྣང་སྟོང་ལྷ་སྐུ་བདེ་ཆེན་ལ། །གསལ་ལ་རྟོག་པ་མེད་པར་བཞག །དེ་ལྟར་ཡབ་ཡུམ་གཉིས་མེད་ཀྱི། །ངང་ནས་བཟླས་པ་བྱ་བ་ནི། །ཨོཾ་ཧ་རི་ནི་ས་ལ་སོགས་བཟླས། །དེ་ཡིས་ལྷ་སྐུ་ཕྱག་རྒྱ་ཆེ། །ཞེན་པའི་དྲི་མ་ཐམས་ཅད་དང་། །བྲལ་བས་རང་ཤར་དག་ཏུ་འགྱུར། །དེ་ཡིས་གང་འདུལ་ལྷུན་གྱིས་གྲུབ། །དེ་ནི་མཐར་ཐུག་འབྲས་བུའོ། །དྲི་ཟ་བྲམ་ཟེ་གདོལ་པ་དང་། །མི་དང་ཀླུ་ལ་དེ་བཞིན་ནོ། །ཐུན་མོང་མ་ཡིན་དབང་བཞི་འདི། །སྣོད་དང་ལྡན་པས་ཉམས་བླངས་ན། །འདུ་བ་གསུམ་དང་འཆར་གསུམ་འབྱུང་། །ཁྱད་པར་སུ་ཁ་སིདྡྷི་བདག་གིས་དངོས་གྲུབ་སྟེར། །རྗེ་བཙུན་མ་ནི་དྲུག་པོ་ཡང་། །ལོ་ཟླས་ཞལ་མཐོང་ཡུམ་གྱུར་ནས། །བཅུ་གསུམ་ས་ལ་འགྲོ་བར་འགྱུར། །དེ་སྐད་སུ་ཁ་སིདྡྷིས་གསུངས། །སྟོན་ཀ་རིན་ཆེན་འབྱུང་ལྡན་དུས། །ཌཱ་ཀི་འདུ་བའི་རི་གོང་དུ། །ཞག་བདུན་བར་དུ་བཞུགས་ནས་ཀྱང་། །སུ་ཁ་སིདྡྷིས་སངས་རྒྱས་གཉན་སྟོན་ལ་དབང་བཞི་བསྐུར་ཞིང་གསང་སྔགས་ཀྱི་གནད་རྣམས་གསུངས། །རྣམ་དག་བདེ་ཆེན་ལུང་བསྟན་མཛད། །འགྲོ་འདུལ་སུ་ཁ་སིདྡྷི་ཡིས། །གཉན་སྟོན་དྷརྨ་པྲཛྙཱ་ཆོས་ཀྱི་ཤེས་རབ་ལ། །ཌཱ་ཀིས་ཇི་སྐད་གསུངས་བཞིན་གཉན་སྟོན་གྱིས་ཡི་གེར་བཀོད། །སློབ་མ་གཅིག་ལས་མང་ན་སུ་ཁ་སིདྡྷིས་བཀའ་རྒྱ་ཡོད། །མངྒ་ལཾ།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་བླ་མ་ཀུན་འདུས་ཀྱི་སྒོ་ནས་བསྟོད་པ། མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས།

༄༅། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་བླ་མ་ཀུན་འདུས་ཀྱི་སྒོ་ནས་བསྟོད་པ༔ མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས།

ཧྲཱིཿ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྐྱེ་མེད་དོན་རྟོགས་འགག་མེད་རྡོ་རྗེའི་གསུང་༔ མ་རིག་ཀུན་ཁྱབ་དུག་ལྔ་རྣམ་དག་ཐུགས༔ རྒྱལ་སྲས་པདྨའི་སྐུ་གསུང་ཐུགས་ལ་བསྟོད༔ མཉམ་མེད་རྩོད་བྲལ་པདྨ་ཐོད་ཕྲེང་རྩལ༔ སྐྱེ་བ་མེད་ལ་འགག་མེད་ལོངས་སྤྱོད་རྫོགས༔ སྣ་ཚོགས་ཐབས་མཁས་སྤྲུལ་སྐུ་འགྲོ་བའི་མགོན༔ ཁྱད་པར་མཆོག་ལྡན་སྐུ་ཡི་གནས་ལུགས་ནི༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་ལས༔ དོན་དམ་འགྱུར་བ་མེད་པའི་གུ་རུ་འབུམ༔ བརྗིད་པའི་སྐུ་ལུས་འགྱིང་དང་བཅས་པ་ལས༔ གནས་ལུགས་འགག་པ་མེད་པའི་གུ་རུ་འབུམ༔ ཕྱག་གཉིས་ཕྱག་བརྒྱད་དང་ལྡན་པ་ལས༔ ཐབས་དང་ཤེས་རབ་ལྡན་པའི་གུ་རུ་འབུམ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ལྡན་པ་ལས༔ སྐུ་ལྔ་ཡེ་ཤེས་མངའ་བདག་གུ་རུ་འབུམ༔ ཕྱག་གཡོན་ཐོད་ཁྲག་མཉམ་པར་བཞག་པ་ལས༔ དངོས་གྲུབ་མ་ལུས་སྟེར་བའི་གུ་རུ་འབུམ༔ ཆར་སྤྲིན་དམར་པོའི་ཤམ་ཐབས་གསོལ་བ་ལས༔ བྱང་ཆུབ་དོན་དང་ལྡན་པའི་གུ་རུ་འབུམ༔ པདྨ་གུ་རུའི་སྟོད་གཡོགས་གསོལ་བ་ལས༔ རྡོ་རྗེ་རླན་དང་ལྡན་པའི་གུ་རུ་འབུམ༔ པདྨ་རིན་ཆེན་སྐ་རགས་བཅིངས་པ་ལས༔ སྣ་ཚོགས་གཅིག་ཏུ་ཤར་བའི་གུ་རུ་འབུམ༔ དབང་གི་འཇོལ་བེར་སྐུ་ལ་གསོལ་བ་ལས༔ འགག་མེད་ལོངས་སྤྱོད་རྫོགས་པའི་གུ་རུ་འབུམ༔ པཎ་ཙ་ལི་ཀའི་ཆོས་གོས་གསོལ་བ་ལས༔ འདུལ་ཁྲིམས་དོན་དང་ལྡན་པའི་གུ་རུ་འབུམ༔ ཟ་འོག་བེར་ཐུལ་སྐུ་ལ་གསོལ་བ་ལས༔ སྤྲུལ་སྐུས་འགྲོ་དོན་མཛད་པའི་གུ་རུ་འབུམ༔ སྐུ་མདོག་དཀར་དམར་མདངས་དང་ལྡན་པ་ལས༔ ཀུན་དྷ་བྱང་སེམས་རྒྱས་པའི་གུ་རུ་འབུམ༔ བརྗིད་པའི་ཞལ་རས་འཛུམ་དང་ལྡན་པ་ལས༔ མཚན་དང་དཔེ་བྱད་མཛེས་པའི་གུ་རུ་འབུམ༔ བཞིན་བཟང་ལྡན་པའི་ཧ་ལོ་སྙན་ཤངས་ལས༔ དུག་ལྔ་ཉོན་མོངས་དག་པའི་གུ་རུ་འབུམ༔ བཞད་པའི་ཞལ་ཚེམས་བཞི་བཅུ་ཞེ་གཉིས་ལས༔ ཉོན་མོངས་བདུད་བཞི་འཇོམས་པའི་གུ་རུ་འབུམ༔ སྤྱན་གཉིས་མི་འགྱུར་གླང་ཆེན་ལྟ་སྟངས་ལས༔ འགྲོ་དྲུག་ཐུགས་རྗེས་གཟིགས་པའི་གུ་རུ་འབུམ༔ སྨིན་མཚམས་མཛོད་སྤུ་འོད་དང་ལྡན་པ་ལས༔ སྲིད་པ་མ་རིག་དག་པའི་གུ་རུ་འབུམ༔ དབུ་སྐྲ་ཐོར་ཚུགས་གྱེན་དུ་འཁྱིལ་པ་ལས༔ ཐེག་པ་ཡོངས་སུ་རྫོགས་པའི་གུ་རུ་འབུམ༔ ཤ་བའི་མཉེན་ཞུ་དབུ་ལ་གསོལ་བ་ལས༔ ཟུང་འཇུག་ལྟ་བ་ཡངས་པའི་གུ་རུ་འབུམ༔ རྒོད་ཀྱི་ལྡེམ་འཕྲུ་དབུ་ལ་བཙུགས་པ་ནི༔ གྲུབ་པ་མཐའ་རུ་ཕྱིན་པའི་གུ་རུ་འབུམ༔ དར་སྣ་ལྔ་ཡི་ཅོད་པན་རྒྱས་པ་ལས༔ དུག་ལྔ་དབྱིངས་སུ་དག་པའི་གུ་རུ་འབུམ༔ གསལ་བའི་མེ་ལོང་རྒྱ་ལོང་བཏགས་པ་ལས༔ སྣང་སྟོང་དབྱེ་བ་མེད་པའི་གུ་རུ་འབུམ༔ སྐུ་སྟོད་བརྗིད་པའི་སེང་ཆེན་འགྱིངས་པ་ལས༔ བདུད་དང་མུ་སྟེགས་འཇོམས་པའི་གུ་རུ་འབུམ༔ སྐུ་སྐྱེས་སྲ་བརྟན་རྡོ་རྗེ་ལྟ་བུ་ལས༔ འཁོར་འདས་མཉམ་པར་རྟོགས་པའི་གུ་རུ་འབུམ༔ ཁ་ཊྭཱཾ་འབར་བ་སྐུ་ལ་བརྟེན་པ་ལས༔ ཤེས་རབ་བདེ་བ་ཆེན་པོའི་གུ་རུ་འབུམ༔ ཐོད་པ་སྐམ་རློན་རིམ་པར་བརྩེགས་པ་ལས༔ དུག་གསུམ་རྣམ་པར་དག་པའི་གུ་རུ་འབུམ༔ རྡོ་རྗེ་རྩེ་གསུམ་གནམ་དུ་བསྟན་པ་ལས༔ སྐུ་གསུང་ཐུགས་དང་ལྡན་པའི་གུ་རུ་འབུམ༔ སྐེད་པ་རྒྱ་མདུད་ཁོང་སེང་ལྡན་པ་ལས༔ ཐབས་མཁས་ཐུགས་རྗེ་ལྡན་པའི་གུ་རུ་འབུམ༔ རྡོ་རྗེ་རྩེ་གསུམ་ཐུར་དུ་བསྟན་པ་ལས༔ འཁོར་བའི་གཡུལ་ངོ་ཟློག་པའི་གུ་རུ་འབུམ༔ ཐུགས་ཀྱི་དཔལ་བེའུ་མི་བཟད་འབར་བ་ལས༔ ཆོས་སྐུ་སྐྱེ་མེད་ལྷུན་གྲུབ་གུ་རུ་འབུམ༔ ཐུགས་རྗེའི་འོད་ཟེར་དཔལ་འབར་ནུ་མ་ལས༔ འགྲོ་བ་བདེ་ལ་འགོད་པའི་གུ་རུ་འབུམ༔ ལྟེ་བ་ཟབ་ཆེན་གཡས་སུ་འཁྱིལ་པ་ལས༔ སྲིད་གསུམ་རྣམ་པར་དག་པའི་གུ་རུ་འབུམ༔ གསང་བའི་རྡོ་རྗེ་སྦུབས་སུ་ནུབ་པ་ལས༔ མཚན་མའི་ལོག་སྲེད་དག་པའི་གུ་རུ་འབུམ༔ ཐབས་མཆོག་ཟླ་བའི་གདན་ལ་བཞུགས་པ་ལས༔ ཉོན་མོངས་ཚ་གདུངས་སེལ་བའི་གུ་རུ་འབུམ༔ ཤེས་རབ་ཉི་མའི་གདན་ལ་བཞུགས་པ་ལས༔ འཁོར་བ་མ་རིག་སེལ་བའི་གུ་རུ་འབུམ༔ དྲི་མེད་པདྨའི་གདན་ལ་བཞུགས་པ་ལས༔ ཉོན་མོངས་དྲི་མ་བྲལ་བའི་གུ་རུ་འབུམ༔ འཇའ་འོད་གུར་ཁྱིམ་དབུས་ན་བཞུགས་པ་ལས༔ ཐུགས་རྗེས་འགྲོ་བ་འདྲེན་པའི་གུ་རུ་འབུམ༔ མཛད་པའི་ཕྲིན་ལས་གྲུབ་པ་བསམ་ཡས་ཀྱང་༔ ཆེ་བའི་ཆེ་མཆོག་རྡོ་རྗེ་ཐོད་ཕྲེང་རྩལ༔ འགྲོ་བའི་མགོན་པོ་རྒྱལ་སྲས་པདྨ་འབྱུང་༔ སངས་རྒྱས་འདུས་པའི་སྐུ་ལ་གསོལ་བ་འདེབས༔ བླ་མའི་སྐུ་ལ་ཅུང་ཟད་འདི་བསྟོད་པས༔ བདག་སོགས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི༔ ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་ནས༔ པདྨ་འོད་ཀྱི་གཞལ་ཡས་དམ་པ་དེར༔ པདྨ་འབྱུང་གནས་ཞབས་དྲུང་སྐྱེས་ནས་ཀྱང་༔ གསང་སྔགས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཅེས་བསྟོད་དོ༔

སློབ་དཔོན་པདྨ་ལ་ཁྱད་པར་འཕགས་པ་ལྔའི་སྒོ་ནས་བསྟོད་པ། རིགས་ལྔའི་དྷཱ་ཀི་མ་རྣམས་ཀྱིས།

༄༅། །སློབ་དཔོན་པདྨ་ལ་ཁྱད་པར་འཕགས་པ་ལྔའི་སྒོ་ནས་བསྟོད་པ་ནི༔ རིགས་ལྔའི་དྷཱ་ཀི་མ་རྣམས་ཀྱིས།

ཧཱུྃ༔ ཡབ་ཡུམ་གཉིས་མེད་པདྨའི་སྡོང་པོ་ལས༔ ཉོན་མོངས་སྐྱོན་བྲལ་པདྨ་འབྱུང་གནས་འཁྲུངས༔ ཉོན་མོངས་མངལ་སྐྱེས་ཀུན་ལས་ཁྱད་པར་འཕགས༔ སྐྱེས་མཆོག་པད་འབྱུང་ཁྱེད་ལ་ཕྱག་འཚལ་བསྟོད༔ སྨོན་ལམ་རྣམ་དག་འགྲོ་བའི་མགོན་པོ་ནི༔ བདུད་བཞི་བཅོམ་ནས་ཚེ་ཡི་དངོས་གྲུབ་བརྙེས༔ འབྱུང་བ་བཞི་རྒྱུ་ལས་པར་འཕགས༔ རིག་འཛིན་པད་འབྱུང་ཁྱེད་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ཐིག་ལེ་མཁའ་ལྟར་དག་པར་རྟོགས༔ སྙིང་པོའི་དོན་ལྡན་ཐེག་ཆེན་ཆོས་འཁོར་བསྐོར༔ ཉན་ཐོས་རང་རྒྱལ་ཆོས་ལས་ཁྱད་པར་འཕགས༔ དྲུག་པ་པད་འབྱུང་ཁྱེད་ལ་ཕྱག་འཚལ་བསྟོད༔ མཐུ་རྩལ་མུན་ཚོགས་དྲེགས་པ་མ་ལུས་འདུལ༔ འགྲོ་བའི་དོན་དུ་སྲིན་པོའི་ཁ་གནོན་མཛད༔ སྟོབས་ཆེན་ཁྲོ་རྒྱལ་ཀུན་ལས་ཁྱད་པར་འཕགས༔ སྟོབས་ཆེན་པད་འབྱུང་ཁྱེད་ལ་ཕྱག་འཚལ་བསྟོད༔ མཉམ་མེད་བདེ་ཆེན་ངང་ལས་མ་གཡོས་ཀྱང་༔ གང་ལ་གང་འདུལ་སྤྲུལ་སྐུའི་འགྲོ་དོན་མཛད༔ མཛད་པའི་སངས་རྒྱས་ཆེ་བས་ཁྱད་པར་འཕགས༔ མཉམ་མེད་པད་འབྱུང་ཁྱེད་ལ་ཕྱག་འཚལ་བསྟོད༔ འགྲོ་བའི་དོན་དུ་མཆོད་བསྟོད་འདི་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ༔ ཅེས་པས་བསྟོད་དོ༔

སློབ་དཔོན་པདྨ་ལ་སིདྡྷི་ཀུན་འབྱུང་གི་སྒོ་ནས་བསྟོད་པ། ལྷ་ལྕམ་མནྡ་ར་བས།

༄༅། །སློབ་དཔོན་པདྨ་ལ་སིདྡྷི་ཀུན་འབྱུང་གི་སྒོ་ནས་བསྟོད་པ༔ ལྷ་ལྕམ་མནྡ་ར་བས།

ཧྲཱིཿ དཔལ་ལྡན་པདྨ་འབྱུང་གནས་ནི༔ ཆོས་སྐུ་ཐིག་ལེ་ཀུན་ལ་ཁྱབ༔ རང་བཞིན་རྣམ་དག་སིདྡྷི་འབྱུང་༔ དྷཱ་ཀིས་བསྐོར་ལ་ཕྱག་འཚལ་བསྟོད༔ སྤྲུལ་སྐུ་པདྨ་འབྱུང་གནས་ནི༔ སྣ་ཚོགས་ཐུགས་རྗེ་ཐབས་དང་ལྡན༔ གང་ལ་གང་འདུལ་སིདྡྷི་འབྱུང་༔ དྷཱ་ཀིས་བསྐོར་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་རྡོ་རྗེ་ཐོད་ཕྲེང་རྩལ༔ དུང་མདོག་དཀར་མོ་འོད་དང་ལྡན༔ ཐུགས་མཆོག་སྤྲོས་བྲལ་སིདྡྷི་འབྱུང་༔ དྷཱ་ཀིས་བསྐོར་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་རིན་ཆེན་ཐོད་ཕྲེང་རྩལ༔ གསེར་མདོག་སེར་པོ་འོད་དང་ལྡན༔ ཡོན་ཏན་ཀུན་འབྱུང་སིདྡྷི་འབྱུང་༔ དྷཱ་ཀིས་བསྐོར་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་པདྨ་ཐོད་ཕྲེང་རྩལ༔ ཟངས་མདོག་དམར་པོ་འོད་དང་ལྡན༔ སྣང་བ་དབང་སྡུད་སིདྡྷི་འབྱུང་༔ དྷཱ་ཀིས་བསྐོར་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་པདྨ་དྲག་པོ་རྩལ༔ གཡུ་མདོག་སྔོན་མོ་མདོག་དང་འདྲ༔ དགྲ་བགེགས་ཚར་གཅོད་སིདྡྷི་འབྱུང་༔ དྷཱ་ཀིས་བསྐོར་ལ་ཕྱག་འཚལ་བསྟོད༔ ཡིད་བཞིན་ནོར་བུ་པདྨ་འབྱུང་༔ ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ༔ མཆོག་དང་ཐུན་མོང་སིདྡྷི་འབྱུང་༔ དྷཱ་ཀིས་བསྐོར་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་ཀུན་སྩོལ་པདྨ་འབྱུང་༔ མཆོག་དང་ཐུན་མོང་སིདྡྷི་འབྱུང་༔ ཕྱི་དང་ནང་གི་བར་ཆད་སེལ༔ ཐུགས་རྗེས་ཟུང་ཞིག་པདྨ་རྒྱལ༔ མོས་པའི་བུ་ལ་བསམ་པ་སྒྲུབས༔ དངོས་གྲུབ་ཀུན་འབྱུང་གི་བསྟོད་པའོ༔ སིདྡྷི་ཧཱུྃ༔

སློབ་དཔོན་པདྨ་ལ་ཐུགས་རྗེས་འགྲོ་བ་འདྲེན་པའི་སྒོ་ནས་བསྟོད་པ། དྷཱ་ཀིའི་ཚོགས་ཀྱིས།

༄༅། །སློབ་དཔོན་པདྨ་ལ་ཐུགས་རྗེས་འགྲོ་བ་འདྲེན་པའི་སྒོ་ནས་བསྟོད་པ༔ དྷཱ་ཀིའི་ཚོགས་ཀྱིས།

ཧཱུྃ༔ མཐོང་ཐོས་དྲན་རེག་འཁོར་བའི་མུན་པ་སེལ༔ མཚན་མཆོག་དོན་ལྡན་སྤྲུལ་སྐུ་པདྨ་འབྱུང་༔ ཐུགས་རྗེ་ཆེན་པོས་ལྷ་རྣམས་འདུལ་བའི་ཚེ༔ སྤྲུལ་པའི་ཚངས་པ་བརྒྱ་བྱིན་འབུམ་གྱིས་བསྐོར༔ ལྷ་ཚོགས་རྣམས་ཀྱང་དར་དཀར་རྒྱལ་མཚན་ཕྱར༔ བསམ་གཏན་ཆོས་སྟོན་ལྷ་རྣམས་སྨིན་པར་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་ལྷ་མིན་གྲོལ་བར་མཛད༔ སྤྲུལ་པའི་ཐགས་བཟང་རིགས་ཆེན་འབུམ་གྱིས་བསྐོར༔ ལྷ་མིན་ཀུན་ཀྱང་གོ་མཚོན་རྒྱལ་མཚན་ཕྱར༔ མཉམ་ཉིད་ཆོས་སྟོན་ལྷ་མིན་གྲོལ་བར་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་གཟའ་སྐར་འདུལ་པའི་ཚེ༔ སྤྲུལ་པའི་གཟའ་བརྒྱད་སྨིན་མ་ནར་མས་བསྐོར༔ གཟའ་སྐར་ཀུན་ཀྱང་འོད་ཀྱི་རྒྱལ་མཚན་ཕྱར༔ ཞི་བའི་ཆོས་སྟོན་གཟའ་སྐར་སྨིན་པར་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ མ་ཡིག་ཆད་ཡོད་པ་འདྲ། པའི་ཚེ༔ སྤྲུལ་པའི་ཟུར་ཕུད་ལྔ་པ་འབུམ་གྱིས་བསྐོར༔ དྲི་ཟ་ཀུན་ཀྱང་རས་དཀར་རྒྱལ་མཚན་ཕྱར༔ བསྐྱེད་རིམ་ཆོས་སྟོན་དྲི་ཟ་སྨིན་གྲོལ་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་མི་རྣམས་འདུལ་བའི་ཚེ༔ སྤྲུལ་པའི་དཔའ་བོ་དྷཱ་ཀི་འབུམ་གྱིས་བསྐོར༔ མི་རྣམས་ཀུན་ཀྱང་དར་དམར་རྒྱལ་མཚན་ཕྱར༔ མི་རྟག་ཆོས་སྟོན་མི་རྣམས་འདུལ་བར་མཛད༔ ཐུགས་རྗེས་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་ལྷ་སྲིན་འདུལ་བའི་ཚེ༔ སྤྲུལ་པའི་ཁྲོ་བོ་མི་བཟད་འབུམ་གྱིས་བསྐོར༔ ལྷ་སྲིན་ཀུན་ཀྱང་དར་སྔོན་རྒྱལ་མཚན་ཕྱར༔ སྒྱུ་མའི་ཆོས་སྟོན་ལྷ་མིན་གྲོལ་བར་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་སྲིན་པོ་འདུལ་བའི་ཚེ༔ སྤྲུལ་པའི་ལང་ཀ་མགྲིན་བཅུ་འབུམ་གྱིས་བསྐོར༔ སྲིན་པོ་ཀུན་ཀྱང་ཞིང་ཆེན་རྒྱལ་མཚན་ཕྱར༔ སྙིང་རྗེའི་ཆོས་སྟོན་སྲིན་པོ་སྨིན་པར་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་ཀླ་ཀློ་འདུལ་བའི་ཚེ༔ སྤྲུལ་པའི་ཁྱེའུ་ཆུང་ཡིད་འོང་འབུམ་གྱིས་བསྐོར༔ ཀླ་ཀློ་ཀུན་ཀྱང་བླ་མར་བྱ་བའི་རྒྱལ་མཚན་ཕྱར༔ སྨོན་ལམ་ཆོས་སྟོན་ཀླ་ཀློ་སྨིན་པར་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་བྱོལ་སོང་འདུལ་བའི་ཕྱིར༔ སྤྲུལ་པའི་སེངྒེ་སྒྲ་ཆེན་འབུམ་གྱིས་བསྐོར༔ བྱོལ་སོང་ཀུན་ཀྱང་སྟག་གཟིག་རྒྱལ་མཚན་ཕྱར༔ ཤེས་རབ་ཆོས་སྟོན་བྱོལ་སོང་སྨིན་པར་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་ས་བདག་འདུལ་བའི་ཚེ༔ སྤྲུལ་པའི་བརྟན་མ་ས་བདག་འབུམ་གྱིས་བསྐོར༔ ས་བདག་ཀུན་ཀྱང་གསེར་གྱི་རྒྱལ་མཚན་ཕྱར༔ བྱམས་པའི་ཆོས་སྟོན་ས་བདག་སྨིན་གྲོལ་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་ཀླུ་རྣམས་འདུལ་བའི་ཚེ༔ སྤྲུལ་པའི་དགའ་བོ་ཉེ་དགའ་འབུམ་གྱིས་བསྐོར༔ ཀླུ་གཉན་འབུམ་ཀྱང་ནོར་བུའི་རྒྱལ་མཚན་ཕྱར༔ ཚུལ་ཁྲིམས་ཆོས་སྟོན་ཀླུ་རྣམས་སྨིན་པར་མཛད༔ ཐུགས་རྗེས་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་ཡི་དྭགས་འདུལ་བའི་ཚེ༔ སྤྲུལ་པའི་ཁ་ལ་མེ་འབར་འབུམ་གྱིས་བསྐོར༔ ཡི་དྭགས་ཀུན་ཀྱང་དར་སེར་རྒྱལ་མཚན་ཕྱར༔ སྦྱིན་པའི་ཆོས་སྟོན་ཡི་དྭགས་སྨིན་གྲོལ་མཛད༔ ཐུགས་རྗེས་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོས་དམྱལ་བ་འདུལ་བའི་ཚེ༔ སྤྲུལ་པའི་གཤིན་རྗེ་ཆོས་རྒྱལ་འབུམ་གྱིས་བསྐོར༔ དམྱལ་བ་ཀུན་ཀྱང་དར་ནག་རྒྱལ་མཚན་ཕྱར༔ བཟོད་པའི་ཆོས་སྟོན་དམྱལ་བ་སྨིན་གྲོལ་མཛད༔ ཐུགས་རྗེས་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཆེན་པོ་རྒྱལ་སྲས་པདྨ་འབྱུང་༔ གང་ལ་གང་འདུལ་འགྲོ་བ་སྨིན་གྲོལ་མཛད༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སྐུ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་དཔལ་མགོན་ལ༔ འགྲོ་བ་མ་ལུས་གུས་པས་ཕྱག་འཚལ་བསྟོད༔ ཁྱེད་ཀྱི་ཐུགས་རྗེ་ཆེན་པོའི་ལྕགས་ཀྱུ་ཡིས༔ ཉོན་མོངས་འཁོར་བའི་གནས་ནས་དྲང་དུ་གསོལ༔ སྨིན་གྲོལ་མཆོག་གི་སིདྡྷི་བསྩལ་ཏུ་གསོལ༔ སྤྲུལ་སྐུས་འགྲོ་བ་འདྲེན་པའི་བསྟོད་པའོ༔

སློབ་དཔོན་པདྨ་ལ་སྐྱོན་སྤངས་ཡོན་ཏན་གྱི་སྒོ་ནས་བསྟོད་པ། བཀྲ་ཤིས་སྐྱིད་ཀྱིས།

༄༅། །སློབ་དཔོན་པདྨ་ལ་སྐྱོན་སྤངས་ཡོན་ཏན་གྱི་སྒོ་ནས་བསྟོད་པ༔ བཀྲ་ཤིས་སྐྱིད་ཀྱིས།

ཧཱུྃ༔ སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན༔ གསུང་གི་སྐྱོན་སྤངས་འགག་མེད་ཚངས་པའི་དབྱངས༔ ཐུགས་ཀྱི་སྐྱོན་སྤངས་བདེ་ཆེན་ནམ་མཁའི་ཐུགས༔ འཁོར་བའི་སྐྱོན་སྤངས་སྣ་ཚོགས་པདྨའི་གདན༔ གཏི་མུག་སྐྱོན་སྤངས་ཆོས་དབྱིངས་རྡོ་རྗེའི་སྐུ༔ ཞེ་སྡང་སྐྱོན་སྤངས་ཕྱག་གཡས་རྡོ་རྗེ་བསྣམས༔ འདོད་ཆགས་སྐྱོན་སྤངས་ཕྱག་ན་ཐོད་ཁྲག་བསྣམས༔ ང་རྒྱལ་སྐྱོན་སྤངས་ཁ་ཊྭཱཾ་སྐུ་ལ་བརྟེན༔ ཕྲག་དོག་སྐྱོན་སྤངས་མ་མོ་མཁའ་འགྲོས་བསྐོར༔ སེར་སྣའི་སྐྱོན་སྤངས་བརྗིད་པའི་བེར་ཆེན་གསོལ༔ མི་དགེའི་སྐྱོན་སྤངས་དར་གྱི་ཆོས་གོས་གསོལ༔ ཐེག་ཆུང་སྐྱོན་སྤངས་ཤ་བའི་མཉེན་ཞུ་གསོལ༔ བར་ཆད་སྐྱོན་སྤངས་རྒོད་ཀྱི་ལྡེམ་འཕྲུ་བཙུགས༔ སྒྲིབ་གཉིས་སྐྱོན་སྤངས་དར་ཚོན་སྣ་ལྔས་བརྒྱན༔ སྐྱོན་སྤངས་ཡོན་ཏན་ཐམས་ཅད་ལྡན་པའི་སྐུ༔ ཆེ་མཆོག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་ལྡན་པའི་སྐུ་ལ་ཕྱོགས་གྱུར་པས༔ བདག་དང་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་བསྟོད་དོ༔

སློབ་དཔོན་པདྨ་འབྱུང་གནས་ལ་རྟགས་ཀྱི་སྒོ་ནས་བསྟོད་པ། དུར་ཁྲོད་ཀྱི་བདག་མོས།

༄༅། །སློབ་དཔོན་པདྨ་འབྱུང་གནས་ལ་རྟགས་ཀྱི་སྒོ་ནས་བསྟོད་པ་ནི༔ དུར་ཁྲོད་ཀྱི་བདག་མོས།

ཧཱུྃ༔ སྐུ་གསུང་ཐུགས་རྫོགས་པདྨ་འབྱུང་གནས་ནི༔ རྒྱལ་བའི་གདུང་འཚོབ་འཁོར་བའི་གཡུལ་ངོ་བཟློག༔ ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་པའི་ཕྱིར༔ སྤྲུལ་སྐུའི་མཛད་པས་འགྲོ་བ་འདྲེན་ལ་འདུད༔ རྒོད་ཀྱི་ལྡེམ་འཕྲུ་དབུ་ལ་བཙུགས་པ་ནི༔ སྒྲུབ་པ་མཐར་ཕྱིན་ཡེ་ཤེས་རྒྱས་པའི་རྟགས༔ དར་སྣ་ལྔ་བརྒྱན་མེ་ལོང་གསལ་བ་ནི༔ དུག་ལྔ་རྣམ་དག་ཡེ་ཤེས་གསལ་བའི་རྟགས༔ དཔལ་ཆེན་ཤ་བའི་མཉེན་ཞུ་གསོལ་བ་ནི༔ ཐེག་ཆེན་ལྟ་བ་དོན་དང་ལྡན་པའི་རྟགས༔ དབུ་སྐྲ་ཐོར་ཚུགས་གྱེན་དུ་འཁྱིལ་བ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྟགས༔ སྤྱན་གཉིས་དྲག་ཏུ་འགྲོ་ལ་གཟིགས་པ་ནི༔ ཐུགས་རྗེ་ཆེན་པོས་འགྲོ་ལ་གཟིགས་པའི་རྟགས༔ འཛུམ་པའི་ཞལ་རས་མདངས་དང་ལྡན་པ་ནི༔ བྱམས་དང་སྙིང་རྗེས་འགྲོ་བ་འདྲེན་པའི་རྟགས༔ ཟ་འོག་བེར་ཆེན་སྐུ་ལ་གསོལ་བ་ནི༔ སྒྲུབ་པ་བཀའ་བརྒྱད་སྐུ་ལ་རྫོགས་པའི་རྟགས༔ ལེ་བརྒན་དམར་པོའི་ཆོས་གོས་གསོལ་བ་ནི༔ ཚུལ་ཁྲིམས་སྡོམ་གསུམ་རྣམ་པར་དག་པའི་རྟགས༔ བརྗིད་པའི་བེར་ཐུལ་སྐུ་ལ་གསོལ་བ་ནི༔ སྲིད་གསུམ་འགྲོ་བ་ཟིལ་གྱིས་གནོན་པའི་རྟགས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས་པ་ནི༔ ཡེ་ཤེས་ལྔ་ལྡན་ལོག་འདྲེན་འཇོམས་མཛད་པ༔ ཕྱག་གཡོན་བདུད་རྩིའི་ཐོད་པ་བསྣམས་པ་ནི༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའི་རྟགས༔ ཁ་ཊྭཱཾ་རྩེ་གསུམ་སྐུ་ལ་བརྟེན་པ་ནི༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགས༔ མི་འགྱུར་ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ནི༔ ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགས༔ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནི༔ འཁོར་བའི་ཉོན་མོངས་རྣམ་པར་དག་པའི་རྟགས༔ དྲག་པོ་ཧཱུྃ་རིང་ཧཱུྃ་ཐུང་སྒྲོག་པ་ནི༔ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགས༔ འཇའ་ཡི་གུར་ཕུབ་འོད་ཟེར་འཕྲོ་བ་ནི༔ ཐུགས་རྗེའི་ཐབས་ཀྱིས་འགྲོ་བ་འདྲེན་པའི་རྟགས༔ སངས་རྒྱས་འདུས་པའི་རྒྱལ་སྲས་པདྨ་འབྱུང་༔

སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་མཛད་པ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ༔

འབྲས་བུ་ཉི་མ་མུན་སེལ་གྱི་ཁྲིད། མཁའ་འགྲོ་མས་ཨ་མ་ཇོ་མོ་ལ་གསུངས།

༄༅། །འབྲས་བུ་ཉི་མ་མུན་སེལ་གྱི་ཁྲིད་བཞུགས་སོ། །མཁའ་འགྲོ་མས་ཨ་མ་ཇོ་མོ་ལ་གསུངས།

བོད་སྐད་དུ། ཉི་མ་མུན་སེལ་གྱི་རྒྱུད་ཅེས་བྱ་བ། རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འོག་མིན་གྱི་གནས་སེམས་ཉིད་དྲི་མ་དང་བྲལ་བའི་གཞལ་ཡས་ཁང་ན། བྱ་བ་ཐམས་ཅད་དང་བྲལ་བའི་སྟོན་པ་ལ། ཆོས་ཐམས་ཅད་ཆོས་སུ་འབྱེད་པའི་འཁོར་གྱིས་བསྐོར་བ་དང་། སྣང་བ་དང་སྟོང་པ་དང་འཁོར་བ་དང་མྱ་ངན་ལས་འདས་པའི་འཁོར་དང་། སྣང་སྲིད་བརྗོད་དུ་མེད་པའི་འཁོར་དང་། སྣང་སྲིད་ཡོད་པ་དང་མེད་པའི་འཁོར་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་སེམས་ཉིད་ཡིན་མིན་བརྗོད་དུ་མེད་པའི་ས། སེམས་ཀྱི་ངང་བརྗོད་དུ་མེད་པའི་ངང་ལ་སྤྱོད་ཅིང་། སེམས་ཀྱི་འོད་ཟེར་བཀྱེ་བ་ནི། འདི་ལྟ་སྟེ། བརྗོད་དུ་མེད་པའི་ཀློང་ན། སྤྲོས་པ་དང་བྲལ་བའི་ཆོས་སྟོན་པར་མཛད་དོ། །གསལ་ཆ་ནི་མ་འགག་པས་འཛིན་པའི་ཆ་ཡང་མི་འགག་གོ །གྲུབ་པ་མེད་པའི་འོད་ཟེར་ནི། །ཕྱོགས་བཅུ་སྟེང་འོག་མེད་པར་ཁྱབ། །མཉན་བཤད་མེད་པའི་ཆོས་རྣམས་ལ། །མཚན་མའི་ཟུག་ངུ་ཀུན་དང་བྲལ། །ཉི་མ་མུན་སེལ་གྱི་རྒྱུད་ལས། སངས་རྒྱས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་དང་པོའོ། །དེ་ལྟར་ཆོས་སྐུ་བསྟན་གྱུར་ནས། །ལོངས་སྐུ་མཁའ་ལ་འཆར་བར་བྱེད། །གཉིས་སྣང་དག་པའི་སྐུ་ཉིད་ལས། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །གསལ་ལ་སྟོང་པའི་ངོ་བོ་ཉིད། །སྒྱུ་མའི་དཔེ་བརྒྱད་ལྟ་བུར་སྣང་། །རང་སེམས་དག་པའི་གཞལ་ཡས་ཁང་། །རྒྱན་དང་ཆ་ལུགས་གསལ་བའི་འོད། །འོད་ཟེར་མཉེན་དང་འཁྱུག་པ་དང་། །འཁྲིལ་ལྡེམ་མཛེས་པའི་ཚུལ་དུ་བཞུགས། །ཕྱོགས་བཅུ་ཀུན་ཏུ་གསལ་བའི་གནས། །འོག་མིན་ཞེས་སུ་གྲགས་པའོ། །གཉིས་སྣང་མེད་པར་ལྷུན་གྱིས་གྲུབ། །སྤྲུལ་པ་བརྗོད་དུ་མེད་པ་ནི། །འཕེལ་འགྲིབ་མེད་པར་ཀུན་ལ་འཕྲོ། །འགྲོ་འོང་མེད་པའི་འཁོར་གྱིས་བསྐོར། །ལུས་ཡོད་གྲིབ་མ་མེད་དང་མཚུངས། །ཉི་མ་མུན་སེལ་གྱི་རྒྱུད་ལས། སངས་རྒྱས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ། །སྤྲིན་དང་བྲལ་བའི་ལོངས་སྐུ་ལ། །ཐུགས་རྗེ་སྤྲུལ་སྐུ་བསྟན་པ་ནི། །ཕྱོགས་བཅུའི་ནམ་མཁའི་མཐས་ཁྱབ་པར། །སྐུ་གསུམ་གཉིས་མེད་སེམས་ཅན་ནི། །དེ་དང་མཉམ་པའི་ཚུལ་དུ་བསྟན། །སེམས་ཅན་རེ་རེའི་རང་རྒྱུད་ལ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ནི། །སྐྱེ་འགག་མེད་པའི་སྐུ་རུ་བཞུགས། །རིགས་དྲུག་འགྲོ་དྲུག་གསལ་བར་སྣང་། །ཐུགས་རྗེས་བྲི་བཀོལ་མི་མངའ་བ། །མཛད་པའི་འཕྲིན་ལས་མཐར་ཕྱུང་སྟེ། །འཛམ་གླིང་སྐྱེ་འགག་དག་པ་ལས། །ཅིག་ཅར་དང་ནི་རིམ་བསྐྱེད་དོ། །གྲོལ་བ་དང་ནི་རང་གྲོལ་འབྱུང་། །རྒྱུད་དང་མན་ངག་ཐབས་ཀྱིས་ནི། །སྣ་ཚོགས་སྣང་བ་སྟོན་པར་མཛད། །ཉི་མ་མུན་སེལ་གྱི་རྒྱུད་ལས། སངས་རྒྱས་གཞན་སྣང་ལ་སྤྱོད་པ་བསྟན་པའི་ལེའུ་སྟེ་གསུམ་པའོ། །དེ་ནས་ངོ་བོ་ཉིད་ཀྱི་སྐུ་དེ་ནི། །སྐུ་གསུམ་གང་ལས་མ་གཡོས་པར། །གསལ་སྟོང་དབྱེར་མེད་ངོ་བོ་ལས། །དག་དང་མ་དག་དོན་བྱུང་སྟེ། །སྤང་ཐོབ་མེད་པར་གནས་པའི་སྐུ། །རང་བཞིན་དག་པའི་སྣང་བ་ཤར། །དབྱིངས་དང་ཡེ་ཤེས་གཉིས་མེད་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །ཉི་མ་མུན་སེལ་གྱི་རྒྱུད་ལས། ཆོས་ཐམས་ཅད་དབྱེར་མེད་དུ་བསྟན་པའི་ལེའུ་སྟེ་བཞི་པའོ། །དེ་ནས་མངོན་པར་བྱང་ཆུབ་སྐུ། །ཆོས་སྐུ་སྟོང་པའི་རང་བཞིན་ཏེ། །ལོངས་སྐུ་གསལ་བའི་བདག་ཉིད་དོ། །སྤྲུལ་སྐུ་འགྲོ་ལ་ཕྱོགས་བཅུར་སྟོན། །ངོ་བོ་ཉིད་སྐུ་དབྱེར་མེད་དེ། །མངོན་པར་བྱང་ཆུབ་རོ་གཅིག་དོན། །ཡང་དག་ཉིད་ཀྱི་འཆར་ལུགས་ཡིན། །ཆོས་རྣམས་ཐམས་ཅད་མཉམ་ཉིད་པས། །སྐུ་རྣམས་ཐམས་ཅད་མཉམ་ཉིད་དོ། །ཆོས་རྣམས་འཁོར་འདས་རོ་གཅིག་པས། །སྐུ་རྣམས་ཐམས་ཅད་རོ་གཅིག་གོ །ཆོས་རྣམས་ཐིག་ལེ་ཉག་གཅིག་པས། །ཆོས་དང་ཆོས་སྐུ་ཟུང་ཉིད་དོ། །དཀར་ནག་དག་གིས་མ་གོས་པས། །ཆོས་རྣམས་བརྗོད་དུ་མེད་པའོ། །སྣ་ཚོགས་སྣང་བའི་ཆོ་འཕྲུལ་ནི། །བརྗོད་དུ་མེད་པའི་སྐུར་བསྟན་པས། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་བྱེད། །སྒྲིབ་པ་ངོས་ལ་ཤར་བ་ཡིན། །ཉི་མ་མུན་སེལ་གྱི་རྒྱུད་ལས། མངོན་པར་བྱང་ཆུབ་པའི་ལེའུ་སྟེ་ལྔ་པའོ། །འབྲས་བུ་སེམས་ཀྱི་གཞིར་བཞག་ནས། །མ་རྟོགས་མ་གོའི་དོན་དུ་ནི། །ཡང་དག་ལམ་འདི་བསྟན་པ་ཡིན། །འཁོར་བ་སྤོང་བའི་སེམས་དཔའ་ཡིན། །དང་པོ་སྡིག་ལས་བཟློག་པར་བྱའོ། །བར་དུ་དགེ་ལས་བཟློག་པར་བྱ། །ཐ་མ་ཀུན་ལས་བཟློག་པར་བྱ། །བཟློག་རྒྱུ་ཡོད་པ་མ་ཡིན་ཏེ། །མངོན་ཞེན་མེད་པའི་ཚུལ་དུ་གནས། །སྔོན་དུ་ལྷ་མིའི་ལམ་བཙལ་ནས། །ཐར་པ་བྱང་ཆུབ་ལམ་ལ་འགྲོ། །རྒྱུ་དང་འབྲས་བུའི་ཚུལ་གྱིས་སོ། །དབང་པོ་རྣོ་བརྟུལ་དོན་དུ་བཤད། །ལམ་མེད་ལམ་ལ་འགྲོ་བ་ནི། །གཅིག་གམ་གཉིས་ཀྱི་གདམས་ངག་གོ །ཕྱག་མཆོད་སྡིག་པ་བཤགས་པ་དང་། །ཡིད་རང་བསྐུལ་ཞིང་ལུས་འབུལ་བ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་ཡོངས་བསྔོ་ནི། །ལྷ་མིའི་ལམ་དུ་ཤེས་པར་བྱ། །བྱིན་རླབས་ནམ་མཁའ་སྒོ་འབྱེད་དང་། །བརྟུལ་ཞུགས་ལྡན་པའི་སེམས་ཀྱིས་ནི། །གྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་ཀློད། །དང་པོ་བཞག་པ་བརྟེན་པ་བཙལ། །ལྟ་སྟངས་ཕྱག་རྒྱ་བསྟན་པ་ནི། །ནམ་མཁའི་ཁམས་སུ་ཕྱད་ཙེར་བཏང་། །མཉམ་པའི་ངང་ལ་ལྷན་གྱིས་བཞག། དམིགས་མེད་ངང་ལ་སྤྲིས་སེ་བཏང་། །དེ་ནི་དང་པོའི་རྣལ་འབྱོར་རོ། །ཉི་མ་མུན་སེལ་གྱི་རྒྱུད་ལས། དབང་པོ་རབ་འབྲིང་ཐ་མའི་ལེའུ་སྟེ་དྲུག་པའོ། །དེ་ནས་གཞན་ཡང་སྒོམ་པའི་དོན། །ཡིད་ལ་ཅི་ཡང་མི་བྱེད་པ། །རིམ་པ་གཉིས་སུ་ཤེས་པར་བྱ། །རྟག་ཆད་མཐའ་ལ་མི་གནས་པས། །ལྟ་རུ་སྒྱུ་མ་ལྟ་བུར་སྒོམ། །འགྲོ་དྲུག་ཀུན་ལ་མི་གནས་ཏེ། །ཡིད་ལ་ཅི་ཡང་མི་བྱེད་པ། །དྲན་པ་མེད་པའི་རིག་འཛིན་ནི། །གསལ་འགྲིབ་མེད་པའི་ངང་ལ་བཞག །ཉི་མ་མུན་སེལ་གྱི་རྒྱུད་ལས། དབང་པོ་རབ་ཀྱི་ལེའུ་སྟེ་བདུན་པའོ། །བདུད་བཞི་སྐུ་བཞི་དག་ཏུ་བསྟན། །ཡང་དག་དོན་ལ་གསལ་འགྲིབ་མེད། །སེམས་ཀློང་ཆེན་མོའི་ཀློང་གྱུར་ན། །བདུད་རྣམས་ཐམས་ཅད་ཆོས་ཀྱི་སྐུ། །ཆུ་བོ་ཆེན་པོར་འགྱུར་བ་ན། །ས་ཤིང་ཆུ་བྲན་དེ་ཡི་གྲོགས། །བསྐལ་པའི་མེ་ཆེན་འབར་བ་ན། །ས་ཆུ་མེ་རླུང་ཐམས་ཅད་ཀྱང་། །བསྐལ་པའི་མེ་རུ་ཐམས་ཅད་འབར། །ལྟ་བའི་རྒྱལ་དང་མ་བྲལ་ན། །དྲང་དོན་བཤད་པའི་ཆོས་མེད་དེ། །དབྱིངས་དང་ཡེ་ཤེས་རྩིས་ལས་འདས། །རང་རིག་དག་པའི་རྣལ་འབྱོར་ལ། །རྣམ་པར་རྟོག་པས་དེ་མི་བརྫི། །སྐྱེ་རྒས་ན་འཆིའི་ཆུ་བོ་བཞི། །རྟོགས་པ་གཅིག་གི་ཀློང་ན་གནས། །རིམ་པ་ཅིག་ཆར་རྣམ་མང་ཡང་། །དུས་གསུམ་གཅིག་ཏུ་རྟོགས་པའོ། །སངས་རྒྱས་ཀུན་གྱི་རང་བཞིན་ནི། །ནམ་མཁའ་བཞིན་དུ་བློ་དང་བྲལ། །ཆོས་དག་སེམས་དག་སྙིང་པོ་ནི། །མཁས་པའི་ཚིག་གིས་བསླད་དུ་མེད། །ཡེ་བྲལ་ཡེ་དག་བྱང་ཆུབ་སེམས། །གསུམ་དང་བཞི་རུ་དབྱེར་མེད་དོ། །ཉི་མ་མུན་སེལ་གྱི་རྒྱུད་ལས། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་ལེའུ་སྟེ་བརྒྱད་པའོ། །དེ་ནས་སྒོམ་སྒྲུབ་ཡུལ་ལས་འདས། །རྟགས་དང་མཚན་མ་མེད་པའི་སྐུ། །ཡེ་ཤེས་ཆེན་པོའི་ཀློང་དུ་གནས། །སྡོམ་དང་དམ་ཚིག་ཆོས་ཀྱི་དབྱིངས། །སྐད་ཅིག་ལོགས་ནས་བརྗོད་དུ་མེད། །ཡེ་ཤེས་ཆེན་པོའི་རང་བཞིན་ལ། །རྟོག་པ་ལྷ་འདྲེའི་གནོད་པ་བྲལ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཡེ་ནས་བརྗོད་དུ་མེད་པའི་སྐུ། །ཆེན་པོ་ཆེན་པོ་ཆོས་ཀྱི་མཆོག །རང་བཞིན་དག་པ་ཆོས་ཀྱི་སྐུ། །དཀར་ནག་རྟོག་པའི་ཡུལ་ལས་འདས། །ཞི་གནས་ལྷག་མཐོང་གཉིས་ལས་གྲོལ། །བརྟན་དང་གཡོ་བའི་སྙིང་པོ་ལ། །རྟོག་པའི་འཕེལ་འགྲིབ་ཅིར་ཡང་སྣང་། །ཉི་མ་མུན་སེལ་གྱི་རྒྱུད་ལས། ཆོས་ཉིད་དོན་གྱི་ལེའུ་སྟེ་དགུ་པའོ། །དེ་ནས་གོལ་དང་སྒྲིབ་པ་དང་། །བྱིང་དང་རྒོད་པར་བྱེད་པ་དང་། །འཐབ་དང་རྟོག་དང་མི་རྟོག་དང་། །ཡུལ་མེད་ཡུལ་ལ་མངོན་པར་ཞེན། །རི་དང་ཆུ་དང་མེ་དང་རླུང་། །མཐོང་སྣང་ཐམས་ཅད་རྣམ་པར་དག །སྣང་བ་སྣ་ཚོགས་ཆོ་འཕྲུལ་སྟོན། །མཐོང་ཐོས་ཡུལ་ལས་རྣམ་པར་གྲོལ། །སྐྱེ་འགག་མེད་པའི་ངང་ལ་སྤྱོད། །སྣང་དང་སྟོང་པའི་བདག་ཉིད་ཅན། །ཐ་དད་མེད་པར་ཀུན་ཏུ་རོལ། །བྱས་པའི་ཆོས་ལ་ཡེ་རྔམ་ཟ། །བྱས་དང་མ་བྱས་བློ་ལས་འདས། །རྟོག་པའི་ཡུལ་ལས་རྣམ་པར་གྲོལ། །ཉི་མ་མུན་སེལ་གྱི་རྒྱུད་ལས། བྱིང་རྒོད་ཀྱི་རྟོག་པ་དག་པའི་ལེའུ་སྟེ་བཅུ་པའོ། །ཉི་མའི་ནང་ན་མུན་མེད་ལྟར། །འོད་དང་ཟེར་དང་སྒྲ་དང་དྲི། །དུས་རྣམས་ཀུན་ཏུ་འབྱུང་བ་ཡིན། །བྱང་ཆུབ་ལམ་དུ་བསྟན་པའོ། །ཉི་མ་མུན་སེལ་གྱི་རྒྱུད་ལས། བྱང་ཆུབ་སེམས་ཉིད་ལམ་དུ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །རང་བཞིན་རྨི་ལམ་ཏིང་འཛིན་ནི། །སེམས་ཀྱི་དྲན་རིག་མ་འགགས་ན། །སངས་རྒྱས་ཡིན་ཡང་འཁོར་བར་འཁྱམས། །དཔེར་ན་ཝ་ལ་སེང་བཏགས་བཞིན། །རང་འདོད་འདོད་པས་མི་འགྲུབ་བོ། །ཆོས་རྣམས་ཐམས་ཅད་རང་སྣང་དེ། །དེས་ན་ཐེག་པའི་རིམ་པ་དགུ། །དོན་གཅིག་པ་ནི་ཅི་ཡི་ཕྱིར། །ཐེག་པ་གཅིག་ལས་འདའ་མི་སྲིད། །སྣང་བ་ཐམས་ཅད་ངོ་བོ་གཅིག །བགྲངས་ན་མཐའ་ལ་ཐུག་པ་མེད། །དོན་གྱི་ཡེ་ཤེས་མ་མཐོང་ན། །བྱས་པ་ཐམས་ཅད་ཚིག་མཐའ་ཡིན། །སངས་རྒྱས་སེམས་ཀྱི་ཡུལ་ན་མེད། །སེམས་ནི་རྟོག་པ་ཡིན་པའི་ཕྱིར། །འདུས་བྱས་ཡུལ་ན་སངས་རྒྱས་མེད། །སངས་རྒྱས་འདུས་མ་བྱས་པའོ། །གཉིས་སྣང་ཡུལ་ན་གཉིས་སྣང་མེད། །གཉིས་ཀ་ལའང་གཉིས་སྣང་མེད། །གལ་ཏེ་ལྟོས་པ་ཅན་ཡིན་ན། །སེམས་ནི་ལྟོས་བཅོས་ལ་མི་གནས། །ལྟ་སྒོམ་ཆོས་ཀྱིས་མ་གོས་པ། །སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །ཉི་མ་མུན་སེལ་གྱི་རྒྱུད་ལས། རྩོལ་སྒྲུབ་མེད་པའི་ལེའུ་སྟེ་བཅུ་གཉིས་པའོ། །སེམས་ཀྱི་ཀློང་ལ་ཡུལ་མེད་པས། །ཀློང་དང་སེམས་ནི་གཉིས་སུ་མེད། །དེ་མ་མཐོང་གི་རྣལ་འབྱོར་པ། །རྟགས་དང་མཚན་མ་བསམ་མི་ཁྱབ། །དོན་རྟོགས་གཅིག་གི་ངོ་བོར་གནས། །ཚ་བའི་ནད་ཀྱིས་འཇིགས་པ་ལ། །རིག་པ་རླུང་ལ་བསྐྱོན་ནས་སུ། །བ་སྤུ་དག་ཏུ་འདོན་པར་བྱེད། །གང་དུ་ན་སར་བླ་མ་སྒོམ། །རང་བཞིན་མེད་པར་ནད་ཡལ་འགྲོ། །བོགས་དང་གདེངས་ཤས་ཆེ་བར་བྱ། །ཉི་མ་མུན་སེལ་གྱི་རྒྱུད་ལས། ལེའུ་བཅུ་གསུམ་པའོ། །མཁའ་འགྲོ་མས་ཨ་མ་ཇོ་མོ་ལ་གསུངས་པ་རྫོགས་སོ།། །།

Pecha page