མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མ་ཅིག་ལབ་སྒྲོན་གྱི་གསུང་ཆོས་བཞུགས།
རྩ་བའི་ས་བཅད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད།
༄༅། །རྩ་བའི་ས་བཅད་ལེགས་པར་བཞུགས་སོ༔
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་འདི་ལ་སྤྱི་དོན་རྣམ་པ་གསུམ་སྟེ༔ མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དབུ་ཀླད་ཀྱི་དོན་དང་༔ མངོན་པར་རྫོགས་པ་མན་ངག་གཞུང་གི་དོན་དང་༔ བཟོད་པར་གསོལ་ཞིང་ཡོངས་སུ་བསྔོ་བ་དང་༔ རྫོགས་པ་མཇུག་གི་དོན་ནོ༔ སྤྱི་དོན་དང་པོ་ཀླད་ཀྱི་དོན་ལ་གཉིས་ཏེ༔ མཆོད་པར་བརྗོད་པ་དང་༔ བཤད་པར་དམ་བཅའ་བའོ༔ སྤྱི་དོན་གཞུང་གི་དོན་ལ་གསུམ་སྟེཿ སྔོན་དུ་འགྲོ་བར་བྱ་བའི་བྱེ་བྲག་དང་༔ དངོས་གཞི་ཉམས་ཐུང་གི་རིམ་པ་དང་༔ མཇུག་ཆེ་བའི་ཡོན་ཏན་བསྟན་པའོ༔ དོན་དང་པོ་སྔོན་དུ་འགྲོ་བའི་བྱེ་བྲག་ལ་གཉིས་ཏེ༔ སྒྲུབ་པ་པོ་དང་གནས་ཀྱི་མཚན་ཉིད་བསྟན་པ་དང་༔ ཇི་ལྟར་བྱ་བའི་རིམ་པ་བསྟན་པའོ༔ གཉིས་པ་དངོས་གཞི་ཉམས་སུ་བླངས་པའི་རིམ་པ་གསུམ་སྟེ༔ མངོན་རྟོགས་སྒོམ་པའི་རིམ་པ་དང་༔ ཚོགས་བསགས་མཆོད་པའི་རིམ་པ་དང་༔ བསྙེན་པ་རྫོགས་ན་ལས་ལ་སྦྱར་བའོ༔ དང་པོར་མངོན་རྟོགས་སྒོམ་པའི་རིམ་པ་ལ་གསུམ་སྟེ༔ བསྐྱེད་རིམ་གྱི་རྣལ་འབྱོར་དང་༔ རྫོགས་རིམ་གྱི་རྣམ་འབྱོར་དང་༔ ཐུན་མཚམས་ཀྱི་རྣལ་འབྱོར་རོ༔
སྔོན་འགྲོ་ལ་གསུམ་སྟེ༔ བགེགས་བསྐྲད་ཅིང་སྲུང་མཚམས་ཀྱི་འཁོར་ལོ་བསྒོམས་པ་དང་༔ རྒྱུན་བཤགས་ཆོས་སྤྱོད་ཀྱི་རིམ་པས་བསོད་ནམས་ཀྱི་ཚོགས་བསགས་པ་དང་༔ བསམ་སྦྱོར་གྱིས་སྙིང་རྗེ་བྱང་ཆུབ་སེམས་ལ་བསླབ་པའོ༔ དངོས་གཞི་ལ་བརྒྱད་དེ༔ དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་བ་དང་༔ རྟེན་འབྱུང་བའི་རིམ་རྩེག་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་༔ རྟེན་རྣམས་ལྷའི་སྐུར་བསྐྱེད་པ་དང་༔ དེའི་མཚན་ཉིད་རྒྱས་པར་བསྟན་པ་དང་༔ སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་དང་༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཤིང་བསྟིམས་པ་དང་༔ སྣང་སྟོང་ལྷའི་སྐུ་ལ་འདྲིས་ཤིང་གསལ་བར་བསྒོམས་པ་དང་༔ གསང་སྔགས་སྙིང་པོའི་བཟླས་བརྗོད་བྱའོ༔ དེ་ལ་གཉིས་ཏེ༔ བཟླས་པ་དངོས་དང་༔ དེའི་ཕན་ཡོན་དུས་དང་བཅས་པ་བསྟན་པའོ༔ རྫོགས་པའི་རྣལ་འབྱོར་ལ་གཉིས་ཏེ༔ དཀྱིལ་འཁོར་རིམ་གྱིས་བསྡུ་བ་དང་༔ དེ་བཞིན་ཉིད་ཀྱི་ངང་ལ་བཞག་པའོ༔ ཐུན་མཚམས་ཀྱི་རྣལ་འབྱོར་ལ་གཉིས་ཏེ༔ ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུར་སྣང་བ་དང༔ སྤྱོད་ལམ་བཞི་ལམ་དུ་ཁྱེར་བའོ༔
གཉིས་པ་ཚོགས་བསགས་མཆོད་པའི་རིམ་པ་ལ་བཞི་སྟེ༔ གཞི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་དང་༔ རྟེན་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་དང་༔ ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབས་པ་དང་༔ རྗེས་ཀྱི་བྱ་བ་བསྟན་པའོ༔ ལྷ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་དྲུག་སྟེ༔ ལྷ་ཡེ་ཤེས་དབྱིངས་ནས་སྤྱན་དྲངས་པ་དང་༔ མཆོད་ཡོན་ཁྲུས་ཆབ་བཏབ་སྟེ་བཞུགས་སུ་གསོལ་བ་དང་༔ ཕྱག་འཚལ་བ་དང༔ མཆོད་པ་འབུལ་བ་དང་༔ བསྟོད་པ་བྱ་བ་དང༔ སྔགས་བཟླས་པའོ༔ རྗེས་ཀྱི་བྱ་བ་ལ་བཞི་སྟེ༔ བཟོད་པར་གསོལ་ཏེ་ཡེ་ཤེས་གཤེགས་པ་དང་༔ དཀྱིལ་འཁོར་བསྡུ་ཞིང་ལྷར་སྣང་བ་དང་༔ ཐུན་མཚམས་ཀྱི་སྤྱོད་ལམ་དང་༔ བསོད་ནམས་ཀྱི་དངོས་པོ་བྱང་ཆུབ་ཏུ་བསྔོ་བ་བསྟན་པའོ༔
གསུམ་པ་བསྙེན་པ་རྫོགས་ནས་ལས་ལ་སྦྱར་བ་ལ་གཉིས་ཏེ༔ བསྙེན་གསུམ་གྱི་ཚད་དང་༔ ལས་ལ་སྦྱར་བའོ༔ གསུམ་པ་ཆེ་བའི་ཡོན་ཏན་བསྟན་པ་ལ་གསུམ་སྟེ༔ བསྟན་པ་སྤྱིའི་རྣམ་བཞག་དང་༔ ཁྱད་པར་འདི་ཉིད་ཀྱི་ཆེ་བ་བསྟན་པའོ༔ སྤྱི་དོན་མཇུག་གི་དོན་ལ་བཞི་སྟེ༔ ཉེས་པ་མཆིས་ན་བཟོད་པར་གསོལ་བ་དང་༔ དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བ་དང་༔ བཅོས་པ་བསྒྱུར་མཁན་མཚན་བསྟན་པ་དང་༔ གདམས་པ་ལས་ཅན་དང་འཕྲད་པར་སྨོན་ལམ་བཏབ་པའོ༔ ས་བཅད་མཚོ་རྒྱལ་གྱིས་མཛད་པའོ༔ གྷུཧྱ༔ གཅིག་ཞུས་སོ།། །།
བྱང་ཆུབ་ལམ་རིམ་གྱི་བསྡུས་དོན་དྲི་མེད་སྙིང་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད།
༄༅། །བྱང་ཆུབ་ལམ་རིམ་གྱི་བསྡུས་དོན་དྲི་མེད་སྙིང་པོ༔
ན་མོ་གུ་རུ༔ བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་སྤྱི་དོན་གསུམ་སྟེ༔ ཀླད་ཀྱི་དོན་དང་༔ གཞུང་གི་དོན་དང་༔ མཇུག་གི་དོན་ནོ༔ སྤྱི་དོན་དང་པོ་ཀླད་ཀྱི་དོན་ལ་གཉིས་ཏེ༔ མཆོད་པར་བརྗོད་པ་དང་༔ བཤད་པར་དམ་བཅའ་བའོ༔ སྤྱི་དོན་གཉིས་པ་གཞུང་གི་དོན་ལ་གཉིས་ཏེ༔ ལམ་གྱི་སྔོན་དུ་འགྲོ་བའི་རིམ་པ་དང་༔ ལམ་གྱི་དངོས་གཞི་བསྟན་པའོ༔ དང་པོ་ལ་དྲུག་སྟེ༔ ཆོས་ཀྱི་རྒྱུའམ་ཞིང་ས་ལྟ་བུ་དད་པ་ཡིན་པར་བསྟན་པ་དང་༔ དེའི་གྲོགས་བརྩོན་འགྲུས་ཀྱི་བྱེ་བྲག་བསྟན་པ་དང་༔ དད་བརྩོན་གཉིས་ཀྱིས་བསྐུལ་ཏེ་ཆོས་འདོད་པས་ཐོག་མར་བླ་མ་བཙལ་བ་དང་༔ བླ་མ་ལ་ཡང་སྐྱོན་ཡོན་གྱི་མཚན་ཉིད་བརྟགས་ཏེ་སྤང་བླང་བསྟན་པ་དང་༔ བསྟན་བྱའི་བླ་མའི་མཚན་ཉིད་རྒྱས་པར་བཤད་པ་དང་༔ མཚན་ཉིད་བདུན་དང་ལྡན་པའི་སློབ་མས༔ བླ་མ་དམ་པ་བསྟེན་པར་བྱ་ཞིང་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་བསླབ་པར་བསྟན་པའོ༔ ཆོས་ཀྱི་རྒྱུའམ་ཞིང་ས་དད་པ་ཡིན་པར་བསྟན་པ་ལ་གཉིས་ཏེ༔ ལྟར་སྣང་གི་དད་པ་གསུམ་སྤང་བར་བྱ་བ་དང་༔ ཡང་དག་གི་དད་པ་གསུམ་བླང་བར་བྱ་བའོ༔ དེའི་གྲོགས་བརྩོན་འགྲུས་ཀྱི་བྱེ་བྲག་བསྟན་པ་ལ་ཡང་གཉིས་ཏེ༔ མ་ཡེངས་སྦྱོར་བའི་བརྩོན་འགྲུས་དང་༔ མི་ལྡོག་པ་ཆོ་གའི་བརྩོན་འགྲུས་སོ༔ བླ་མ་ལ་ཡང་སྐྱོན་ཡོན་གྱི་མཚན་ཉིད་བརྟགས་ནས་སྤང་བླང་བསྟན་པ་ལ་གཉིས་ཏེ༔ སྐྱོན་དང་ལྡན་པའི་མཚན་ཉིད་ངན་པ་བཞི་སྤང་བར་བྱ་བ་དང་༔ ཡོན་ཏན་དང་ལྡན་པའི་མཚན་ཉིད་བཟང་པོ་བཞི་བསྟན་པར་བྱ་བའོ༔ དལ་འབྱོར་རྙེད་པར་དཀའ་བར་བསྟན་པ་ལ་གཉིས་ཏེ༔ མི་ཁོམ་པའི་གནས་བརྒྱད་སྤངས་པའི་དལ་བ་ལྔ་དང་༔ རྟེན་འབྲེལ་ཕུན་སུམ་ཚོགས་པའི་དལ་བ་ལྔའོ༔
འཆི་བ་མི་རྟག་པ་སྒོམ་པ་ལ་གཉིས་ཏེ༔ འཆི་བ་དགུ་ཕྲུགས་ཀྱི་ཚུལ་དུ་སྒོམ་པ་དང་མི་རྟག་པའི་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པའོ༔ སོ་སོར་ཐར་པའི་སྡོམ་པ་ལ་གསུམ་སྟེ༔ སོ་སོའི་ཕྱོགས་ཀྱི་སྡོམ་པའི་བྱེ་བྲག་རྣམས་གཞན་དུ་ཁ་འཕང་བར་བསྟན་པ་དང་༔ འདིར་སྐྱེ་བོའི་ཕྱོགས་ཀྱི་སྡོམ་པའི་བྱེ་བྲག་རྣམས་དམིགས་ཀྱིས་བསྟན་པ་དང་༔ སྤྱིར་ཚུལ་ཁྲིམས་ཀྱི་ཆེ་བ་བསྟན་པའོ༔ དེ་ལ་སྐྱེ་བོའི་ཕྱོགས་ཀྱི་སྡོམ་པ་ལ་གཉིས་ཏེ༔ དགེ་བསྙེན་དང་༔ བསྙེན་གནས་སོ༔ དགེ་བསྙེན་ལ་གཉིས་ཏེ༔ མ་རྫོགས་པའི་དགེ་བསྙེན་དང་༔ ཡོངས་སུ་རྫོགས་པའི་དགེ་བསྙེན་ནོ༔ སྔ་མ་ལ་གཉིས་ཏེ༔ སྣ་འགའ་སྲུང་བའི་དགེ་བསྙེན་དང་༔ རྩ་བ་ཚངས་པའི་དགེ་བསྙེན་ནོ༔ ཡོངས་སུ་རྫོགས་པའི་དགེ་བསྙེན་ལ་གཉིས་ཏེ༔ གཏན་ཁྲིམས་ལྔ་པའི་དགེ་བསྙེན་དང་༔ ཚངས་པར་སྤྱོད་པའི་དགེ་བསྙེན་ནོ༔ མཐར་རྫོགས་པའི་སངས་རྒྱས་ཐོབ་པ་ལ་གཉིས་ཏེ༔ སྐུ་གསུམ་ཐ་དད་དུ་བསྟན་པ་དང་༔ སྐུ་གསུམ་སྤྱིར་བསྡུས་ཏེ་བསྟན་པའོ༔ སྔ་མ་ལ་གསུམ་སྟེ༔ ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་བསྟན་པ་དང་༔ ཆོས་སྐུའི་མཚན་ཉིད་བསྟན་པ་དང་༔ སྤྲུལ་སྐུའི་མཚན་ཉིད་བསྟན་པའོ༔ སྐུ་གསུམ་སྤྱིར་བསྡུས་ཏེ་བསྟན་པ་ལ་ལྔ་སྟེ༔ སྐུ་གསུམ་གྱི་ཞིང་ལྡན་པ་དང་༔ དེ་དག་གི་འབྲས་བུ་སྐུ་གསུམ་དུ་བསྟན་པ་དང་༔ སྐུ་གསུམ་སངས་རྒྱས་ཉག་གཅིག་གི་རྒྱུད་ལ་ཚང་བར་བསྟན་པ་དང་༔ སྐུ་གསུམ་ཡན་ལག་བརྒྱད་ལྡན་དུ་བསྟན་པ་དང་༔ དོན་གཉིས་ལྷུན་གྱིས་གྲུབ་པར་བསྟན་པའོ༔ གུཧྱ༔ དོན་གཉིས་པ་ལམ་གྱི་དངོས་གཞི་བསྟན་པ་ལ་གཉིས་ཏེ༔ ཐེག་པ་ཆེན་པོ་ཐུན་མོང་སྤྱིའི་ལམ་བསྟན་པ་དང་༔ ཐུགས་རྗེ་ཡོངས་ལ་ཁྱབ་པར་འདི་ཉིད་ཀྱི་ལམ་བསྟན་པའོ༔ སྔ་མ་ལ་གཉིས་ཏེ༔ ལམ་གྱི་རྒྱུ་བསྟན་པ་དང་༔ ལམ་གྱི་ངོ་བོ་བསྟན་པའོ༔ སྔ་མ་ལམ་གྱི་རྒྱུ་ལ་གསུམ་སྟེ༔ མི་ཁོམ་སྤོང་ཞིང་དལ་འབྱོར་འཛོམ་པའི་རྙེད་དཀའ་བར་བསྟན་པ་དང་༔ མི་ལུས་ཐོབ་པར་དོན་ཡོད་པར་བྱ་བའི་ཕྱིར་ཆུད་མ་ཟོས་པར་བྱ་བ་དང་༔ ཆོས་ལ་བརྩོན་འགྲུས་བསྐྱེད་པའི་ཕྱིར་འཆི་བ་མི་རྟག་པ་བསྒོམས་པའོ༔
གཉིས་པ་ལམ་གྱི་ངོ་བོ་ལ་གསུམ་སྟེ༔ ཚེ་འདི་ལ་ཡིད་ཕྱུང་ནས༔ སྐྱབས་སུ་འགྲོ་བའི་སྒོར་ཞུགས་པ་དང་༔ ལས་དགེ་སྡིག་གི་བྱེ་བྲག་ཤེས་པས༔ སོ་སོར་ཐར་པའི་སྡོམ་པ་བླང་བ་དང་༔ ཐེག་པ་ཆེན་པོའི་གང་ཟག་གིས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོང་བའོ༔ དེ་ལ་གསུམ༔ འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་བསམ་པ་དང་༔ དེའི་དབང་གིས་མ་རྒན་སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམས་པ་དང་༔ དེ་ལ་བརྟེན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ༔ དང་པོ་ལ་གཉིས་ཏེ༔ རིགས་དྲུག་གི་སྡུག་བསྔལ་ཐ་དད་དུ་བསྟན་པ་དང་༔ སྤྱིར་བསྡུས་སྡུག་བསྔལ་གསུམ་དུ་བསྟན་པའོ༔ སྔོན་མ་ལ་དྲུག་སྟེ༔ དམྱལ་བའི་སྡུག་བསྔལ་དང་༔ ཡི་དྭགས་དང་༔ དུད་འགྲོ་དང་༔ ལྷ་དང་༔ ལྷ་མ་ཡིན་དང་༔ མིའི་སྡུག་བསྔལ་ལོ༔ དེ་ལ་བརྒྱད་དེ༔ ནང་གི་སྡུག་བསྔལ་བ་བཞི༔ ཕྱིའི་སྡུག་བསྔལ་བ་བཞིའོ༔ ཕྱིའི་སྡུག་བསྔལ་གསུམ་དུ་བསྟན་པ་ནི༔ འགྱུར་བ་དང་༔ འདུ་བྱེད་དང་༔ སྡུག་བསྔལ་གྱི་སྡུག་བསྔལ་ལོ༔ མ་རྒན་རྣམས་ལ་སྙིང་རྗེ་སྒོམ་པ་ལ་གཉིས་ཏེ༔ འཁོར་བའི་སྡུག་བསྔལ་གྱི་ཉམ་ཐག་པ་རྣམས་ལ་སྙིང་རྗེ་བསྒོམས་པ་དང་༔ སྙིང་རྗེའི་ནང་དུ་དོན་གྱི་ཚད་མེད་པ་བཞི་ཀ་འདུས་པར་བསྟན་པའོ༔ གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་གཉིས་ཏེ༔ བྱང་ཆུབ་སེམས་དཔའི་གོ་བ་དང་༔ སེམས་སྟོབས་ཀྱི་བྱེ་བྲག་བསྟན་པ་དང་༔ སེམས་བསྐྱེད་དངོས་བསྟན་པ་དང་༔ དེའི་བསླབ་བྱ་བསྟན་པའོ༔ དེ་ལ་གཉིས་ཏེ༔ སྤང་བྱ་མི་དགེ་བ་བཅུ་སྤངས་བ་དང་༔ བསླབ་བྱ་དགེ་བའི་ཕྱོགས་ཐམས་ཅད་བླངས་བའོ༔ དེ་ལ་ལྔ་སྟེ༔ དགེ་བ་བཅུ་དང་༔ ཆོས་སྤྱོད་བཅུ་དང་༔ ཕ་རོལ་ཏུ་ཕྱིན་པ་དྲུག་དང་༔ བསྡུ་བའི་དངོས་པོ་བཞི་དང་༔ བདག་མེད་སྟོང་ཉིད་ཞི་གནས་དང་༔ ལྷག་མཐོང་བསྒོམས་པའོ༔
དོན་གཉིས་པ་ཐུགས་རྗེ་ཡངས་པ་ཁྱད་པར་གྱི་ལམ་བསྟན་པ་ལ་གཉིས་ཏེ༔ ལམ་མདོ་དོན་དྲུག་ཏུ་བསྡུས་ཏེ་བསྟན་པ་དང་༔ རྣམ་པར་ཕྱེ་སྟེ་རྒྱས་པར་བཤད་པའོ༔ དེ་ལ་བཞི་སྟེ༔ བརྒྱུད་པའི་ལམ་དང་༔ དངོས་ཀྱི་ལམ་དང་༔ ལམ་གྱི་སྐྱོན་བསལ་པ་དང་༔ ལམ་གྱི་བདུད་བཟློག་པའོ༔ དང་པོ་བརྒྱུད་པའི་ལམ་ལ་བདུན་ཏེ༔ ཐོག་མར་འཁོར་བའི་བཙོན་ར་ནས་འབྲོས་པའི་ཕྱིར༔ དམ་པའི་ཆོས་བཙལ་ཏེ་ཐོས་བསམ་བྱ་བ་དང་༔ གཉིས་པ་ཚིག་གི་སྤྲོས་པ་བཅད་དེ་དགོན་པའི་གནས་སུ་གདམས་ངག་གི་སྒྲུབ་པ་བྱ་བ་དང་༔ གསུམ་པ་སྲོག་ཉམ་ཆུང་ཞིང་ཚེ་ལ་བློ་གཏད་མེད་པས་སྒྲུབ་པའི་བརྩོན་འགྲུས་བསྐྱེད་པར་བྱ་བ་དང་༔ བཞི་པ་སྒྲུབ་པའི་བར་ཆད་གཡེང་བ་སྤངས་ཏེ༔ འཇིག་རྟེན་གྱི་བྱ་བ་སྤངས་བ་དང་༔ ལྔ་པ་ཕུང་འདྲེའི་རྩ་བ་འདོད་པ་སྤངས་ཤིང་ཆོག་ཤེས་པར་བྱ་བ་དང་༔ དྲུག་པ་རྐྱེན་ངན་ཉོན་མོངས་ཀྱི་གཉེན་པོ་རྒྱུད་ལ་བརྟེན་པ་དང་༔ བདུན་པ་རྣམ་རྟོག་འགྲོ་བའི་ཆིང་བ་ཆོས་ཉིད་སྐྱེ་མེད་ཀྱི་རྒྱས་གདབ་པའོ༔
གཉིས་པ་དངོས་ཀྱི་ལམ་ལ་བཅུ་སྟེ༔ སྒོ་གསུམ་སྦྱོང་ཞིང་སྨིན་པར་བྱ་བའི་ཕྱིར་དབང་བསྐུར་བ་དང་༔ སྙིང་པོ་ཡི་གེ་དྲུག་པའི་རྣལ་འབྱོར་གྱིས་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་བ་དང་༔ བརྩོན་འགྲུས་དྲག་པོ་དང་ལྡན་ན་མཆོག་གི་དངོས་གྲུབ་ཀྱང་ཚེ་འདི་ཉིད་ལ་ཐོབ་པར་བསྟན་པ་དང་༔ དེ་ལ་རྩོད་པ་སྤང་བའི་ཕྱིར་ལྷ་མཐོང་བའི་བྱེ་བྲག་མི་འདྲ་བ་དུས་དང་སྦྱར་ཏེ་བསྟན་པ་དང་༔ འདིར་སྒྲུབ་པས་སྒྲིབ་པ་བྱང་སྟེ་ཞལ་མཐོང་བས་དངོས་གྲུབ་ཐོབ་ཅིང་བྱིན་གྱིས་བརླབས་པའི་རྟོགས་པ་སྐྱེ་བར་བསྟན་པ་དང་༔ གལ་ཏེ་ལྷའི་ཞལ་མ་མཐོང་ན་ཡང་སྒྲིབ་པ་སྦྱངས་ནས་ཆོས་ཉིད་མཐོང་བར་བསྟན་པ་དང་༔ གང་ཟག་རབ་སྐྱེ་བ་འདི་ལ་རང་ལུས་ལྷ་སྐུར་སངས་རྒྱས་པར་བསྟན་པ་དང་༔ འབྲིང་སྲིད་པ་བར་དོར་དངོས་གྲུབ་ཐོབ་སྟེ༔ གནས་སྐབས་སུ་བདེ་བ་ཅན་དུ་སྐྱེ་ཞིང་མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པར་བསྟན་པ་དང་༔ བསྐལ་པ་ཐ་མའི་སྐྱེ་བོ་གཞན་ལ་ལས་འཕྲོ་མཐུད་ནས་མཐོ་རིས་དང་ཐར་པ་ཐོབ་པར་ལུང་བསྟན་པ་དང་༔ བསྒྲུབ་བྱའི་ལྷ་ཐུགས་རྗེ་ཆེན་པོ་སངས་རྒྱས་མ་ཡིན་ནོ༔ ཞེས་རྒོལ་བ་ལན་དང་བཅས་པའོ༔ དེ་ལ་གསུམ༔ བྱང་ཆུབ་སེམས་དཔའ་སངས་རྒྱས་མ་ཡིན་ནོ་ཞེས་རྒོལ་བ་ལན་དང་བཅས་པའོ༔ ལྷུན་གྱིས་གྲུབ་པའི་ཕྲིན་ལས་མེད་པའི་རྒོལ་ལན་དང་༔ སྙིང་རྗེ་མཐུ་སྟོབས་མི་ལྡན་པའི་རྒོལ་ལན་ནོ༔
གསུམ་པ་ལམ་གྱི་སྐྱོན་བསལ་བ་ལ་ལྔ་སྟེ༔ དང་པོ་སྐྱོན་བཅུ་གཉིས་ལེགས་པར་བརྟགས་ཏེ༔ གང་རྣམ་པ་སྤང་བར་བྱ་བ་དང་༔ གཉིས་པ་སྔོན་ལ་དགེ་སྡིག་གི་བྱེ་བྲག་ཤེས་པས་ཆོས་ལ་ལོག་ལྟ་སྤངས་བ་དང་༔ གསུམ་པ་འཕྲལ་རྐྱེན་བླང་དོར་གྱི་སྡུག་བསྔལ་སྤངས་ཤིང་༔ དམ་པའི་ཆོས་ལ་འབད་པར་བྱ་བ་དང་༔
བཞི་པ་སྒོ་གསུམ་དོན་མེད་ཀྱི་བྱ་བ་སྤངས་ཏེ༔ བརྩོན་འགྲུས་ཀྱི་རང་ལྕག་གདབ་པ་དང་༔ ལྔ་པ་སྙིང་པོ་མེད་པའི་ལས་དོན་དུ་མི་གཉེར་ཞིང་གལ་ཆེན་ཡལ་བར་མི་དོར་བར་བསྟན་པའོ༔ བཞི་པ་ལམ་གྱི་བདུད་བཟློག་པ་ལ་བརྒྱད་དེ༔ དང་པོ་བདུད་བཞིའི་བྱེ་བྲག་ཉེས་པ་དང་བཅས་ཏེ་བསྟན་པ་དང་༔ གཉིས་པ་ལྷའི་སྐུ་མཐོང་ཡང་མཚན་ཉིད་ཞིབ་ཏུ་བརྟག་པའི་ཐབས་བསྟན་པ་དང་༔ གསུམ་པ་བདུད་ཀྱིས་བྱིན་གྱིས་རླབས་པའི་རྟགས་བསྟན་པ་དང་༔ བཞི་པ་དེ་དག་བཟློག་པའི་ཐབས་བསྟན་པ་དང་༔ ལྔ་པ་མདོར་བསྡུས་ནས་བར་ཆད་འབྱུང་བའི་རྒྱུ་བརྒྱད་བསྟན་པ་དང་༔ དྲུག་པ་དེ་རྣམས་རིམ་གྱིས་སྤངས་བའི་ཐབས་བསྟན་པ་དང་༔ བདུན་པ་ཤེས་བཞིན་དང་ལྡན་པས་ཚུལ་བཞིན་ཉམས་སུ་བླངས་ནས་བར་ཆད་མེད་ཅིང་དོན་འགྲུབ་པར་བསྟན་པ་དང་༔ བརྒྱད་པ་འདིར་བདུད་བཟློག་པའི་ཐབས་མདོར་བསྡུས་ཏེ་བསྟན་པ་རྒྱས་པར་འདོད་ན་འཇིག་རྟེན་འདས་པའི་མདོར་གཟིགས་ཤིག་པར་བསྟན་པའོ༔
སྤྱི་དོན་གསུམ་པ་མཇུག་གི་དོན་ལ་གསུམ་སྟེ༔ དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བ་དང་༔ ཆོས་ཀྱི་བདག་པོར་ལུང་སྟོན་པའི་སྐྱེས་བུས་འགྲོ་དོན་འབྱུང་བར་གྱུར་ཅིག་པ་དང་༔ མཚན་གྱི་སྒོ་ནས་མཇུག་བསྡུ་བའོ༔ བྱང་ཆུབ་ལམ་གྱི་རིམ་པ་འོད་ཀྱི་ཕྲེང་བའི་བསྡུས་དོན༔ ཡེ་ཤེས་མཚོ་རྒྱལ་བདག་གིས་ཟིན་རིས་སུ་བཀོད་པའོ༔ སཱ་མཱ་ཡཱ༔ གྷུཧྱ༔
༄༅། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཡོན་ཏན་དྲུག་གི་སྒོ་ནས་བསྟོད་པ་ནི༔ མ་ཅིག་ཡེ་ཤེས་མཚོ་རྒྱལ་གྱིས།
ཧྲཱིཿ སངས་རྒྱས་ཀུན་གྱི་སྐུ་མཆོག་པདྨ་འབྱུང་༔ ཆོས་ཀྱི་དབྱིངས་ལས་མཚོ་སྐྱེས་རྡོ་རྗེའི་སྐུ༔ མ་རིག་རྩ་བྲལ་ཆོས་དབྱིངས་ཡེ་ཤེས་ཀྱིས༔ འཁོར་བའི་གཏི་མུག་ཡེ་ཤེས་ཆེན་པོར་ཤར༔ ཧྲཱིཿ སངས་རྒྱས་ཀུན་གྱི་གསུང་མཆོག་པདྨ་འབྱུང་༔ ཆོས་ཀྱི་དབྱིངས་ལས་རྒྱལ་སྲས་པདྨ་རྒྱལ༔ མ་འདྲེས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས༔ འཁོར་བའི་འདོད་ཆགས་བདེ་བ་ཆེན་པོར་ཤར༔ ཧྲཱིཿ སངས་རྒྱས་ཀུན་གྱི་ཐུགས་མཆོག་པདྨ་འབྱུང་༔ ཆོས་ཀྱི་དབྱིངས་ལས་རྡོ་རྗེ་ཐོད་ཕྲེང་རྩལ༔ མ་བསྒྲིབས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས༔ འཁོར་བའི་ཞེ་སྡང་ཆོས་སྐུ་ཆེན་པོར་ཤར༔ ཧྲཱིཿ སངས་རྒྱས་ཀུན་གྱི་ཡོན་ཏན་པདྨ་འབྱུང་༔ ཆོས་ཀྱི་དབྱིངས་ལས་འཕགས་པ་བློ་ལྡན་མཆོག༔ བདག་གཞན་དབྱེར་མེད་མཉམ་ཉིད་ཡོན་ཏན་གྱིས༔ འཁོར་བའི་ང་རྒྱལ་སྙིང་རྗེ་ཆེན་པོར་ཤར༔ ཧྲཱིཿ སངས་རྒྱས་ཀུན་གྱི་ཕྲིན་ལས་པདྨ་འབྱུང་༔ ཆོས་ཀྱི་དབྱིངས་ལས་སེངྒེ་སྒྲ་སྒྲོག་སྐུ༔ བྱ་བ་ནན་ཏན་མཐར་ཕྱིན་ཡོན་ཏན་གྱིས༔ འཁོར་བའི་ཕྲག་དོག་བཏང་སྙོམས་ཆེན་པོར་ཤར༔ སངས་རྒྱས་ཐམས་ཅད་འདུས་པའི་པདྨ་འབྱུང་༔ ཆོས་ཀྱི་དབྱིངས་ལས་པདྨ་སཾ་བྷའི་སྐུ༔ རང་སེམས་སྐུ་ལྔ་འདུས་པའི་ཡོན་ཏན་གྱིས༔ ཉོན་མོངས་མ་ལུས་རང་འབྱུང་ཆོས་སྐུར་ཤར༔ ཆེ་བའི་ཆེ་མཆོག་བདེ་གཤེགས་པདྨ་འབྱུང་༔ ཡོན་ཏན་མཐའ་ཡས་ཁྱབ་བདལ་ཆེན་པོའི་སྐུ༔ མཐུ་སྟོབས་དྲག་པོའི་ཐུགས་རྗེའི་བྱིན་རླབས་ཀྱིས༔ བདག་དང་འགྲོ་དྲུག་ཁྱེད་དང་མཉམ་པར་ཤོག༔ ཅེས་བསྟོད་དོ༔
རིག་འཛིན་པདྨ་འབྱུང་གནས་ལ་བརྗོད་བྱ་མཚན་ཉིད་ཀྱིས་བསྟོད་པ། མ་ཅིག་ཡེ་ཤེས་མཚོ་རྒྱལ་གྱིས།
༄༅། །རིག་འཛིན་པདྨ་འབྱུང་གནས་ལ་བརྗོད་བྱ་མཚན་ཉིད་ཀྱིས་བསྟོད་པ་ནི༔
ཧཱུྃ་ཆོས་དབྱིངས་ཟག་མེད་རྒྱ་མཚོའི་ཀློང་ཡངས་སུ༔ འཁོར་བའི་སྐྱོན་བྲལ་པདྨའི་སྡོང་པོ་ལ༔ སྤྲུལ་པ་ཆེན་པོའི་ཡ་མཚན་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་དུག་ལྔ་བདེ་བ་ཆེན་པོར་ཤར༔ ཐབས་ཤེས་དབྱེར་མེད་བདེ་བ་ཆེན་པོའི་ངང་༔ ཐམས་ཅད་མཉམ་པ་ཡུམ་གྱི་བྷ་གར་རྫོགས༔ པདྨ་སཾ་བྷའི་སྐུ་ལ་ཕྱག་འཚལ་བསྟོད༔ མཁྱེན་རབ་བདག་པོ་རིག་པ་ཀུན་ལ་མཁས༔ ཤེས་རབ་མཐར་ཕྱིན་སྙིང་པོའི་དོན་དང་ལྡན༔ རྩོལ་བྲལ་ཡོན་ཏན་ནམ་མཁའི་དབྱིངས་དང་མཉམ༔ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་དབང་སྡུད་སྲིད་གསུམ་བྲན་དུ་ཁོལ༔ རང་སེམས་དུག་ལྔ་རྣམ་དག་ཁ་ལོ་བསྒྱུར༔ བསྟན་པ་འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ༔ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ མ་རིག་གཏི་མུག་འོད་གསལ་ཆེན་པོར་ཤར༔ མཉམ་ཉིད་ཐུགས་རྗེས་འགྲོ་བ་ཀུན་ལ་ཁྱབ༔ འཁོར་བའི་མ་རིག་མུན་པ་སེལ་མཛད་པ༔ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད༔ དགོངས་པ་རྣམ་དག་ཐུབ་པའི་བསྟན་པ་ལ༔ མི་ནུབ་རྒྱལ་མཚན་བསྟན་པའི་སྲོག་ཤིང་བཙུགས༔ ཚུལ་ཁྲིམས་རྣམ་དག་སྐུ་ལ་བརྒྱན་མཛད་པའི༔ ཤཱཀྱ་སེངྒེའི་སྐུ་ལ་ཕྱག་འཚལ་བསྟོད༔ དོན་དམ་ཆོས་ཉིད་སྤང་བླང་མེད་པ་ལ༔ འགྲོ་བའི་དོན་དུ་ལོག་ལྟ་ཟིལ་གྱིས་གནོན༔ བདུད་དང་མུ་སྟེགས་རབ་ཏུ་ཕམ་མཛད་པའི༔ སེངྒེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོད༔ ལོག་པར་ལྟ་ཞིང་བཀའ་ལས་འདའ་བ་ཡི༔ མི་དང་མི་མིན་ལྷ་སྲིན་གདུག་པ་ཅན༔ དབང་དུ་བསྡུས་ནས་ཚར་གཅོད་རློག་མཛད་པའི༔ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད༔ རང་བཞིན་རྣམ་དག་ཐིག་ལེ་ཆེན་པོ་ལས༔ སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ལྔ་དང་ལྡན༔ དམིགས་མེད་མཐའ་བྲལ་འགྲོ་བའི་རེ་བ་སྐོང་༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མཐར་ཕྱིན་མཐུ་རྩལ་ཕུན་སུམ་ཚོགས༔ རྒྱ་ཆེན་ཐབས་མཁས་སྤྲུལ་པ་སྣ་ཚོགས་ཀྱིས༔ ཁམས་གསུམ་སྲིད་གསུམ་གདུལ་བྱ་དབང་དུ་སྡུད༔ རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་བསྟོད༔ ཅིར་ཡང་མི་དམིགས་བདེ་ཆེན་ཡངས་པ་ལས༔ རོལ་པ་ཐམས་ཅད་བདེ་བ་ཆེན་པོར་ཤར༔ བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ སངས་རྒྱས་ཀུན་གྱི་ངོ་བོ་རྒྱལ་སྲས་པདྨ་འབྱུང་༔ བདག་གཞན་ཀུན་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་བསྟོད་དོ༔
སློབ་དཔོན་པདྨ་འབྱུང་གནས་འཁོར་དང་བཅས་པ་ལ་བསྟོད་པ། ཡེ་ཤེས་མཚོ་རྒྱལ་གྱིས།
༄༅། །སློབ་དཔོན་པདྨ་འབྱུང་གནས་འཁོར་དང་བཅས་པ་ལ་བསྟོད་པ༔
ཧཱུྃ༔ གེ་སར་པདྨ་ཉི་མའི་གདན་སྟེང་ན༔ གཟི་བརྗིད་ཆེན་པོ་ཡ་མཚན་མཆོག་གི་སྐུ༔ དོན་ཡོད་ཞགས་ལྡན་རྒྱན་དང་ན་བཟའ་གསོལ༔ ཡེ་ཤེས་འགྱུར་མེད་རྡོ་རྗེ་རྩེ་ལྔ་བསྣམས༔ དངོས་གྲུབ་ཀུན་བརྙེས་བདུད་རྩི་ཀ་པ་ལ༔ རིག་འཛིན་ཆེན་པོ་དྷཱ་ཀི་ཀུན་གྱི་རྗེ༔ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་དཀར་པོ་དུང་གི་ཐོར་ཚུགས་ཅན༔ ཕྱག་གཉིས་རིན་ཆེན་རྡོ་རྗེ་གྲི་གུག་ཐོད་ཁྲག་བསྣམས༔ སྣ་ལྔ་རུས་པའི་རྒྱན་གྱིས་མཛེས་པར་སྤྲས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ རྡོ་རྗེ་དྷཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་སེར་མོ་གསེར་གྱི་ཐོར་ཚུགས་ཅན༔ ཕྱག་གཉིས་རིན་ཆེན་གྲི་གུག་ཐོད་ཁྲག་བསྣམས༔ སྣ་ལྔ་རུས་པའི་རྒྱན་གྱིས་མཛེས་པར་སྤྲས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ རིན་ཆེན་དྷཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་དམར་པོ་བྱི་རུའི་ཐོར་ཚུགས་ཅན༔ ཕྱག་གཉིས་པདྨ་གྲི་གུག་ཐོད་ཁྲག་བསྣམས༔ སྣ་ལྔ་རུས་པའི་རྒྱན་གྱིས་མཛེས་པར་སྤྲས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ པདྨ་དྷཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་སྔོན་མོ་གཡུ་ཡི་ཐོར་ཚུགས་ཅན༔ ཕྱག་གཉིས་རྒྱ་གྲམ་གྲི་གུག་ཐོད་ཁྲག་བསྣམས༔ སྣ་ལྔ་རུས་པའི་རྒྱན་གྱིས་མཛེས་པར་སྤྲས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ ལས་ཀྱི་དྷཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་སྨུག་མོ་མཆོང་གི་ཐོར་ཚུགས་ཅན༔ ཕྱག་གཉིས་འཁོར་ལོ་གྲི་གུག་ཐོད་ཁྲག་བསྣམས༔ སྣ་ལྔ་རུས་པའི་རྒྱན་གྱིས་མཛེས་པར་སྤྲས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ སངས་རྒྱས་དྷཱ་ཀིའི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་དཀར་པོ་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇིགས་བྱེད་ཆེན་པོ་མེ་དཔུང་ཀློང་ན་བཞུགས༔ ཕྱག་གཉིས་རྡོ་རྗེ་རྩེ་ལྔ་ཐོད་ཁྲག་བསྣམས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ རྡོ་རྗེ་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་སེར་པོ་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇིགས་བྱེད་ཆེན་པོ་མེ་དཔུང་ཀློང་ན་བཞུགས༔ ཕྱག་གཉིས་རིན་པོ་ཆེ་དང་ཐོད་ཁྲག་བསྣམས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ རིན་ཆེན་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་དམར་པོ་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇིགས་བྱེད་ཆེན་པོ་མེ་དཔུང་ཀློང་ན་བཞུགས༔ ཕྱག་གཉིས་པདྨ་དབྱུག་ཏོ་ཐོད་ཁྲག་བསྣམས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ པདྨ་ཀློང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་ལྗང་ཁུ་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇིགས་བྱེད་ཆེན་པོ་མེ་དཔུང་ཀློང་ན་བཞུགས༔ ཕྱག་གཉིས་རྡོ་རྗེ་རྒྱ་གྲམ་ཐོད་ཁྲག་བསྣམས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ ལས་ཀྱི་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྐུ་མདོག་སྨུག་ནག་དུར་ཁྲོད་ཆས་ཀྱིས་བརྒྱན༔ འཇིགས་བྱེད་ཆེན་པོ་མེ་དཔུང་ཀློང་ན་བཞུགས༔ ཕྱག་གཉིས་འཁོར་ལོ་རྩིབས་བརྒྱད་ཐོད་ཁྲག་བསྣམས༔ སྤྲུལ་པ་ཡང་སྤྲུལ་རང་འདྲ་འབུམ་གྱིས་བསྐོར༔ བུདྡྷ་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀྱི་དབྱིངས་ལས་འགྲོ་བ་འདྲེན་པའི་ཕྱིར༔ སྣ་ཚོགས་སྐུར་བསྟན་རྒྱན་དང་ཆ་ལུགས་བརྒྱན༔ འཁོར་བའི་སྡུག་བསྔལ་མི་བཟད་འཇོམས་མཛད་པ༔ པདྨ་འབྱུང་གནས་འཁོར་དང་བཅས་ལ་བསྟོད༔ ཨུ་རྒྱན་གྱི་བསྟོད་པ་ཆོས་དབྱིངས་ཐུགས་རྗེ་མའོ༔
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པའི་ཨོ་རྒྱན་རྗེས་དྲན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།
༄༅། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པའི་ཨོ་རྒྱན་རྗེས་དྲན།
ན་མོ་གུ་རུ༔ དུས་གསུམ་སངས་རྒྱས་ཀྱི་ངོ་བོ༔ སྐུ་བཞིའི་འཕྲིན་ལས་ཀྱི་མངའ་བདག༔ ལྷར་བཅས་འགྲོ་བ་འདྲེན་པའི༔ མཚུངས་མེད་བླ་མ་དེ་དྲན་ནོ༔ ཆགས་མེད་སྐྱོན་བྲལ་གྱི་སྤྲུལ་སྐུ༔ སྣ་ཚོགས་སྒྱུ་མ་ཡི་གར་མཁན༔ སྐྱབས་མཆོག་ཡིད་བཞིན་གྱི་ནོར་བུ༔ རྗེ་བཙུན་བླ་མ་དེ་དྲན་ནོ༔ ཐོས་བསམ་ཤེས་བྱ་ཡི་གནས་ལུགས༔ དྲི་བྲལ་ཇི་བཞིན་དུ་གཟིགས་པའི༔ མཁྱེན་བརྩེ་ནུས་པ་ཡི་མངའ་བདག༔ འདྲེན་མཆོག་བླ་མ་དེ་དྲན་ནོ༔ མཐའ་བྲལ་ཆོས་སྐུ་ཡི་ངོ་བོ༔ བདེ་ཆེན་ལོངས་སྤྱོད་ཀྱི་རྫོགས་སྐུ༔ གང་ཤར་སྤྲུལ་སྐུ་ཡི་རང་བཞིན༔ དབྱེར་མེད་བླ་མ་དེ་དྲན་ནོ༔ སྐུ་བཞི་ཡེ་ཤེས་ཀྱི་ངོ་བོ༔ སྨིན་བྱེད་དབང་བཞི་ཡི་སྐུར་མཁན༔ སྙན་བརྒྱུད་གདམས་ངག་གི་གསོས་འདེབས༔ ངོ་བོ་བླ་མ་དེ་དྲན་ནོ༔ རྩོད་དུས་སྙིགས་མ་ཡི་སྐྱབས་གཅིག༔ བསླབ་དོན་བསྟན་པ་ཡི་སྐྱབས་མགོན༔ རང་གཞན་ཕན་བདེ་ཡི་འབྱུང་གནས༔ དྲིན་ཅན་བླ་མ་དེ་དྲན་ནོ༔ མེ་ཏོག་པདྨ་ལས་འཁྲུངས་ཤིང་༔ རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ནས༔ འཇིགས་རུང་དུར་ཁྲོད་དུ་གཤེགས་ཚེ༔ མཁའ་འགྲོའི་ཚོགས་དཔོན་དེ་དྲན་ནོ༔ མ་ལུས་ཐུགས་སུ་རང་ཆུད་ནས༔ རྩ་ཐིག་རླུང་གསུམ་གྱི་གདམས་ངག༔ ཡོངས་རྫོགས་བསྟན་པ་ཡི་མངའ་བདག༔ སངས་རྒྱས་རས་པ་དེ་དྲན་ནོ༔ མཁས་གྲུབ་དུ་མ་ཡི་ལེགས་བཤད༔ བོད་ཡུལ་གངས་རྭ་ཡི་དབུས་སུ༔ ལྷ་སྲིན་དྲེགས་པ་རྣམས་བཏུལ་བའི༔ པདྨ་འབྱུང་གནས་དེ་དྲན་ནོ༔ བསམ་ཡས་མཆིམས་ཕུ་ཡི་གནས་སུ༔ སྐལ་ལྡན་ཉེར་ལྔ་ཡི་ཚོགས་ལ༔ སྨིན་གྲོལ་གདམས་པ་རྣམས་སྟོན་པའི༔ བསྟན་པའི་སྒྲོན་མེ་དེ་དྲན་ནོ༔ ཟབ་གཏེར་སྙན་བརྒྱུད་ཀྱི་གདམས་ངག༔ རིན་ཆེན་ཤོག་སེར་ལ་བཀོད་ནས༔ སྐལ་ལྡན་ལས་ཅན་ལ་གདམས་ནས༔ ལྷོ་ནུབ་གཤེགས་པ་དེ་དྲན་ནོ༔ གུང་ཐང་ལ་ཐོག་ཏུ་བྱོན་ནས༔ དམ་ཆོས་མདོ་སྔགས་ཀྱི་སྒྲོན་མེ༔ ཞལ་ཆེམས་གནས་ཡིག་ལ་བཀོད་པའི༔ དྲིན་ཅན་སྤྲུལ་སྐུ་དེ་དྲན་ནོ༔ སྤྲིན་གསེབ་རྟ་ཐོག་གི་གདན་ལ༔ ལྷ་མི་སྤྲིན་དཔུང་གི་དབུས་ནས༔ རྒྱལ་ཆེན་སྡེ་བཞི་ཡིས་འདྲེན་བྱས༔ ནམ་མཁར་གཤེགས་པ་དེ་དྲན་ནོ༔ གདོང་དམར་སྲིན་པོ་ཡི་གླིང་དུ༔ ལོག་འདྲེན་ཤ་ཟ་ཡི་ཚོགས་ལ༔ གང་འདུལ་སྤྲུལ་སྐུ་རུ་སྟོན་པའི༔ རྔ་ཡབ་ལ་བཞུད་པ་དེ་དྲན་ནོ༔ འདྲེན་མཆོག་བླ་མ་དེ་དྲན་ནོ༔ དུས་གསུམ་སངས་རྒྱས་དེ་དྲན་ནོ༔ ངོ་བོ་བླ་མ་དེ་དྲན་ནོ༔ ཨོ་རྒྱན་པདྨ་དེ་དྲན་ནོ༔ གནས་མཆོག་གང་དུ་བཞུགས་ཀྱང་༔ ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག༔ ས་ཕྱོགས་གང་དུ་འདུག་ཀྱང་༔ གསོལ་བ་སྙིང་ནས་འདེབས་སོ༔ འཁོར་བའི་རྟོད་ཕུར་བདག་ལ༔ ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག༔ ལེ་ལོ་སྙོམས་ལས་བདག་ལ༔ ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག༔ སེར་གཟུགས་ཆོས་འགལ་བདག་ལ༔ ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག༔ མ་རིག་མུན་པ་སེལ་བའི༔ སྒྲོན་མེ་གཞན་ན་མེད་དོ༔ འཁོར་བའི་རྒྱ་མཚོ་སྒྲོལ་བའི༔ དེད་དཔོན་གཞན་ན་མེད་དོ༔ ཉོན་མོངས་ཟུག་རྔུ་སེལ་བའི༔ སྨན་པ་གཞན་ན་མེད་དོ༔ ཐུགས་རྗེའི་འོད་དཀར་སྒྱུར་བའི༔ སློབ་དཔོན་གཞན་ན་མེད་དོ༔ སངས་རྒྱས་བསྟན་པ་འཛིན་པའི༔ སྟོན་པ་གཞན་ན་མེད་དོ༔ དུས་གསུམ་སངས་རྒྱས་དེ་དྲན་ནོ༔ འདྲེན་མཆོག་བླ་མ་དེ་དྲན་ནོ༔ ངོ་བོ་བླ་མ་དེ་དྲན་ནོ༔ ཨོ་རྒྱན་པདྨ་དེ་དྲན་ནོ༔ ཁམས་གསུམ་འགྲོ་བ་འདྲེན་པའི༔ རྔ་ཡབ་ལ་བཞུད་པ་དེ་དྲན་ནོ༔ བྱིན་རླབས་ཡལ་བར་མ་དོར༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག༔ མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག༔ གདན་ཐོག་འདི་རུ་བྱིན་གྱིས་རློབས་ཤིག༔ རི་ཁྲོད་དབེན་པའི་གནས་སུ༔ སྒྲུབ་ལ་བར་ཆད་མེད་པའི༔ སྨོན་ལམ་བཟང་པོ་འདེབས་སོ༔ མི་མེད་ལུང་སྟོང་གི་དབེན་པར༔ གཅེས་འཛིན་ཕུང་པོ་རུ་བསྐྱུར་བའི༔ སྨོན་ལམ་བཟང་པོ་འདེབས་སོ༔ མཐའ་ཡས་འགྲོ་བ་ཀུན་ལ༔ བྱང་སེམས་ཕ་མ་ལྟ་བུའི༔ སྨོན་ལམ་བཟང་པོ་འདེབས་སོ༔ རིག་འཛིན་མཁའ་སྤྱོད་བགྲོད་ནས༔ དངོས་གྲུབ་རྣམ་གཉིས་རྙེད་པའི༔ སྨོན་ལམ་བཟང་པོ་འདེབས་སོ༔ འཇའ་ལུས་ཆོས་སྐུ་འགྲུབ་ནས༔ ཇི་སྲིད་འགྲོ་བ་འདྲེན་པའི༔ སྨོན་ལམ་བཟང་པོ་འདེབས་སོ༔ དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ རྒྱལ་བ་ཀུན་འདུས་པདྨས་རྗེས་འཛིན་ཅིང་༔ མཁའ་སྤྱོད་དག་པའི་ཞིང་མཆོག་པདྨ་འོད༔ ཟངས་མདོག་དཔལ་གྱི་རི་བོར་སློབ་དཔོན་པདྨ་འབྱུང་གནས་ཀྱི་འཁོར་གྱི་ཐོག་མར་སྐྱེ་བར་ཤོག༔ ཅེས་པ་འདི་ནི་སློབ་དཔོན་པདྨ་འབྱུང་གནས་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་སྐབས་གུང་ཐང་ལ་ཐོག་ཏུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རིག་པ་གཏད་མེད་དུ་བཅུག་ནས་ཡིད་སྐྱོ་བའི་དབང་གིས་གདུང་དབྱངས་བྱས་ནས༔ མ་འོངས་པའི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ གཏེར་སྟོན་པདྨ་གླིང་པའི་གཏེར་ཁ་ལས་བྱུང་བའོ༔
༈ མ་ཧཱ་གུ་རུའི་བྱིན་རླབས་གྱིས༔ བདག་ཀྱང་ཚེ་རབས་ཐམས་ཅད་དུ༔ ཞིང་ཁམས་དག་པའི་ཕོ་བྲང་དུ༔ བླ་མ་འབྲལ་མེད་བསྟེན་པར་ཤོག༔ མོས་གུས་ལྟེམས་རྐྱང་མེད་པ་ཡིས༔ མཉེས་པའི་ཞབས་ཏོག་འགྲུབ་པ་དང་༔ དགོངས་པ་ཟབ་མོ་ཐུགས་ཀྱི་བཅུད༔ བྱིན་རླབས་བདུད་རྩིའི་ལུང་ཐོབ་ཤོག༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ ལུས་ངག་ཡིད་གསུམ་སྨིན་པ་དང་༔ ཟབ་མོའི་བསྐྱེད་རྫོགས་རྣམ་གཉིས་ལ༔ དབང་ཐོབ་སྒྲུབ་པ་བྱེད་པར་ཤོག༔ ལོག་རྟོག་བདུད་ཀྱི་ཚོགས་རྣམས་དང་༔ ནད་གདོན་བར་ཆད་ཞི་བ་དང་༔ འཁོར་དང་ལོངས་སྤྱོད་རྒྱས་པ་ཡིས༔ བསམ་པ་ཡིད་བཞིན་འགྲུབ་པར་ཤོག༔ དུར་ཁྲོད་རི་ཁྲོད་གངས་ཁྲོད་སོགས༔ ཕུན་སུམ་ཚོགས་པའི་གནས་ཉིད་དུ༔ ཏིང་འཛིན་ཟབ་མོའི་དགོངས་བཅུད་ལ༔ རྟག་ཏུ་སྒྲུབ་པ་བྱེད་པར་ཤོག༔ སྒྲུབ་པ་བྱས་པའི་འབྲས་བུ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང་༔ ལྷ་སྲིན་བྲན་དུ་ཁོལ་ནས་ཀྱང་༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ སྟོན་པས་གསུངས་པའི་དམ་ཆོས་རྣམས༔ རྩོལ་མེད་རྒྱུད་ལ་འཆར་བར་ཤོག༔ མཁྱེན་པ་མཆོག་ལ་མངའ་བརྙེས་ནས༔ རྟོགས་པ་མཆོག་དང་ལྡན་པར་ཤོག༔ བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས༔ སྐྱེ་འགྲོ་མ་ལུས་དབང་བསྡུས་ནས༔ ཐོགས་མེད་ཡིད་བཞིན་ནོར་བུའི་མཐུས༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ སངས་རྒྱས་བསྟན་པ་དར་བའི་མཐུས༔ བརྒྱུད་འཛིན་ཆོས་སྟོན་རྒྱས་པ་དང་༔ འགྲོ་ཀུན་བདེ་ལ་འཁོད་ནས་ཀྱང་༔ ཞིང་ཁམས་ཐམས་ཅད་དག་པར་ཤོག༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ གདུལ་བྱ་སོ་སོའི་བློ་ཡུལ་དུ༔ གང་ལ་གང་འདུལ་སྤྲུལ་པའི་སྐུ༔ དཔག་ཏུ་མེད་པ་འབྱུང་བར་ཤོག༔ མདོར་ན་འཁོར་འདས་མ་ལུས་ཀུན༔ གུ་རུ་ཉིད་དང་དབྱེར་མེད་ཅིང་༔ སྐུ་གསུམ་འདུ་འབྲལ་མེད་པ་ཡི༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔ སེམས་ཅན་གསོལ་བ་འདེབས་པར་ཤོག༔ བླ་མས་བྱིན་གྱིས་རློབས་པར་ཤོག༔ ཡི་དམ་དངོས་གྲུབ་སྟེར་བར་ཤོག༔ མཁའ་འགྲོས་ལུང་བསྟན་བྱེད་པར་ཤོག༔ ཆོས་སྐྱོང་བར་ཆད་བསལ་བར་ཤོག༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ རང་བཞིན་དག་པའི་དགེ་བ་འདིས༔ འཁོར་བ་ངན་སོང་དོང་སྤྲུགས་ནས༔ སྲིད་མཚོར་སླར་ཡང་མི་གནས་ཤིང་༔ ཕྱམ་གཅིག་སྐུ་གསུམ་མངོན་གྱུར་ཤོག༔ རྒྱལ་བ་ཀུན་གྱི་གསང་ཆེན་མཛོད༔ བླ་མེད་མཆོག་གི་བསྟན་པ་འདི༔ ཇི་ལྟར་མཁའ་ལ་ཉི་ཤར་བཞིན༔ རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག༔ བདག་གི་དགེ་པའི་རྩ་བ་འདི་དང་དགེ་བའི་རྩ་བ་གཞན་དག་ཀྱང་བསྐྱེད་ནས༔ དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཆིག༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱེད་པའི་སྐྱེས་བུ་སྟོབས་ལྡན་དུ་གྱུར་ཅིག༔ མཁྱེན་པ་དང་བརྩེ་བ་ནུས་པ་གསུམ་མཐར་ཕྱིན་ནས་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག༔ འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ ཅེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་པ་པད་གླིང་ཐུགས་སྒྲུབ་ནོར་རྒྱ་མ་ནས་ཁོལ་དུ་ཕྱུངས་པའོ།། །།
མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་འབུམ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བདུད་ཀྱི་གཅོད་ཡུལ་ལས་ཉིང་ཚོམས།
༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བདུད་ཀྱི་གཅོད་ཡུལ་ལས་ཉིང་ཚོམས་བཞུགས་སོ། །
རྒྱལ་བ་ཀུན་གྱི་ཡུམ་ལ་ཕྱག་འཚལ་སྐྱབས་སུ་མཆི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་གྲོལ་བའི་སྤྲུལ་པའི་སྐུ་མ་ཇོ་མོ་ལབ་ཀྱི་སྒྲོན་མས་གསུངས་པ་འདི་ལ་དོན་རྣམ་པ་ལྔ་སྟེ། སྔོན་དུ་འགྲོ་བའི་གདམས་ངག་དང་། སེམས་ངོས་བཟུང་བའི་གདམས་ངག་དང་། བྱིན་རླབས་ལུས་སེམས་བྲལ་བའི་གདམས་ངག་དང་། སྒོམ་པ་གནས་ལུགས་ལ་བཞག་པ་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་དང་ལྔའོ། །དང་པོ་ལ་བཅུ་སྟེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་དང་། གསོལ་བ་གདབ་པ་དང་། ཕྱག་འཚལ་བ་དང་། མཆོད་པ་རྒྱ་ཆེན་པོ་འབུལ་བ་དང་། ཁྱད་པར་གྱི་སྐྱབས་འགྲོ་སྨོན་ལམ་དང་བཅས་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། དེ་དག་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ། །
གཉིས་པ་སེམས་ངོས་བཟུང་བ་ནི། དེའང་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་ད་ལྟ་ཡན་ཆད་དུ་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པ་འདི་ཅི་ལས་བྱུང་ན། རང་གིས་རང་ངོ་མ་ཤེས། བླ་མའི་གདམས་ངག་གིས་མ་ཟིན། རང་བརྩོན་འགྲུས་ཀྱི་འབད་རྩོལ་ཆུང་བ་དང་གསུམ་ལས་བྱུང་བ་ཡིན་ནོ། །ད་ཕན་ཆད་ཀྱང་ཤེས་རིག་ཡན་པར་བཏང་ནས་བླ་མའི་གདམས་ངག་ལ་ནན་ཏན་མ་བྱས་ན་འཁོར་བའི་སྡུག་བསྔལ་ཆེན་པོ་ལས་མི་ཐར་བས། རང་དད་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ལ། དད་པ་དང་བརྩོན་འགྲུས་ཀྱིས་བསྐུལ་ནས། བཏང་སྙོམས་དང་ལེ་ལོའི་དབང་དུ་སྐད་ཅིག་ཀྱང་མི་གཏོང་བར་བླ་མ་དམ་པའི་གདམས་ངག་དང་། རྒྱལ་བའི་ལུང་ཟབ་མོ་ཀུན་ཐོས་ཤིང་ཁོང་དུ་ཆུད་པར་བྱས་ནས་ཉམས་སུ་ལེན་དགོས། ཉམས་སུ་ལེན་པ་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་དགོས། དེ་ལ་དང་པོ་སེམས་ཇི་ལྟ་བུ་ཞིག་ཡིན་ངོས་ཟིན་དགོས། དེ་ལ་གཉིས་ཏེ། སེམས་ངོས་འཛིན་པ་དང་། བཞག་ཐབས་བསྟན་པའོ། །དེ་ལ་ངོས་བཟུང་བ་ནི། བྱང་ཆུབ་ཀྱི་སེམས་དེ་དང་པོ་རྒྱུ་ལས་མ་བྱུང་བར་དུ་རྐྱེན་གྱིས་མ་བསྐྱེད། ཐ་མ་སྐྱེ་འཇིག་དང་འཕོ་འགྱུར་མེད་དེ། ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ། མཚན་ཉིད་འདི་ཡིན་བསྟན་དུ་མེད་པ། རང་བཞིན་གསལ་ཞིང་གསལ་ལ་རྟོག་པ་མེད་པ། དོན་འདུས་མ་བྱས་པ། དེ་ཉིད་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེ་ཡང་ཡུམ་ལས། སེམས་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ་ཞེས་པ་དང་། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་སོ། །
གཉིས་པ་བཞག་ཐབས་བསྟན་པ་ལ་བདུན་ཏེ། མ་བཅོས་པར་བཞག་པ། མ་བསླད་པར། མ་བསྒྱུར་བར། མ་ཡེངས་པར། རང་ལུགས་སུ། རང་སོར། གཉུག་མར་བཞག་པའོ། །དང་པོ་ནི། རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་གནས་པའི་དོན་ཆོས་ཉིད་ཀྱི་སྟེང་དུ་ཤེས་པ་རང་ལུགས་སུ་ལྷོད་ཀྱིས་གློད་ལ། འབོལ་ལེ། ཤིག་གེ །སིང་ངེ་། གསལ་ལེ། ཡེར་རེ། ཕྱོགས་མེད་དུ་གདལ་ལེ། རིག་མེད་དུ་ཁྱབ་བེ། སིང་ངེ་། ཕྱལ་ལེ། དགའ་ཡལ་ལེ། རྣམ་པར་རྟོག་པ་གང་ལ་ཡང་སེམས་མ་ཤོར་བར་བདེ་སིང་ངེ་བ་ལ་འཇོག་པ་ཡིན་ནོ། །
གཉིས་པ་རྣམ་རྟོག་གིས་མ་བསླད་པར་བཞག་པ་ནི། རང་གི་སེམས་མ་བཅོས་པའི་ངང་ལ་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན་ཏེ། དགའ་མི་དགའ་དང་། བདེ་སྡུག་དང་། ཚ་གྲང་དང་། བཟའ་བཏུང་དང་། དགྲ་གཉེན་དང་། བདག་གཞན་དང་། འདོད་ཡོན་གྱི་ཞེན་པ་དང་། འཁོར་འདས་གང་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན། དེ་ཡང་ཡུམ་ལས། གཟུགས་ཡིད་ལ་མི་བྱེད་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པས་འདོད་པའི་ཁམས་སུ་འདྲེ་བར་མི་འགྱུར། གཟུགས་ཀྱི་ཁམས་སུ་འདྲེ་བར་མི་འགྱུར། གཟུགས་མེད་པའི་ཁམས་སུ་འདྲེ་བར་མི་འགྱུར་རོ། །ཞེས་སོ། །
གསུམ་པ་དམིགས་པས་མ་བསྒྱུར་བ་བཞག་པ་ནི། རང་གི་སེམས་གང་གིས་ཀྱང་མ་གཡོས་པར་སྙེམས་མེད་དུ་ཁྲས་སེ་འཇོག་པ་ཡིན། དེ་ཡང་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཞེས་སོ། །
བཞི་པ་ཚོགས་དྲུག་གི་ཡུལ་ལ་མ་ཡེངས་པར་འཇོག་པ་ནི། སེམས་བསམ་དུ་མེད་པའི་ངང་ལ་རང་བཞིན་གྱིས་གསལ་བ། དྭངས་པ། བདེ་བ། ཡུལ་བཟང་ངན་གྱི་རྟོག་པ་གང་ལ་ཡང་མ་ཡེངས་པར། ནམ་མཁའ་ལྟ་བུའི་དོན་ལ་རྒྱུན་ཆད་མེད་པར་བཞག་གོ །དེ་ཡང་ཡུམ་ལས། ཆོས་ཐམས་ཅད་ནི་ནམ་མཁའི་རྟེན་ཅན་ཏེ། དེ་དག་རྟེན་དེ་ལས་མི་འདའོ་ཞེས་སོ། །
ལྔ་པ་རང་ལུགས་དེ་བཞིན་ཉིད་དུ་བཞག་པ་ནི། སེམས་ཀྱི་དྲན་པ་རྣམ་རྟོག་གང་ལ་ཡང་མ་ཤོར་བ་བདེ་སྟོང་གསལ་བའི་ངང་ལ་ཤེས་པ་རྟེན་མེད་དུ་འཇོག་པ་ཡིན་ནོ། །དེ་ཡང་ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །ཞེས་སོ། །
དྲུག་པ་འདུ་ཤེས་མི་འཇུག་པར་རང་སོར་འཇུག་པ་ནི། སེམས་ཉིད་ཡེ་ནས་ཆོས་ཉིད་ཇི་བཞིན་པར་གནས་པའི་ངང་ལ་ཧྲིག་གེ་ཡེར་རེ་ཅི་ཡང་ཡིད་ལ་མི་དམིགས་པའི་དོན་ལ་འཇོག་པ་ཡིན་ནོ། །
བདུན་པ་གཉུག་མ་ཇི་བཞིན་པར་བཞག་པ་ནི། ཆོས་ཉིད་ཡེ་ནས་གནས་པ་ཆོས་ཀྱི་དབྱིངས་དེ་ལ་བློ་གྱ་གྱུར་མེད་པར་ཁྱབ་བདལ་ཆེན་པོའི་ངང་ལ་རྩོལ་སྒྲུབ་མེད་པར་རང་ལུགས་སུ་ལྷན་ནེ་འཇོག་པ་ཡིན་ནོ། །དེ་ཡང་སྡུད་པ་ལས། འདི་ནི་ནམ་མཁའི་ཁམས་ཏེ་དབྱེར་མེད་བཅད་དུ་མེད་ཅེས་སོ། །དེ་ལྟར་སེམས་ངོས་ཟིན་པ་དེའི་ངང་ལ་འཇོག་ཤེས་ན། ཡོན་ཏན་གྱི་རྩལ། ཉམས་དང་དྲོད་རྟགས་ལ་སོགས་པ་ཤུགས་ལ་འབྱུང་ངོ་། །
གསུམ་པ་བྱིན་རླབས་ལུས་སེམས་དང་བྲལ་བའི་གདམས་ངག་ནི། དང་པོ་སྐྱབས་འགྲོ་སེམས་བསྐྱེད། མཆོད་པ་རྒྱ་ཆེན་པོ་འབུལ། བླ་མ་ལ་གསོལ་བ་གདབ། དེ་ནས་ཀོག་གིས་ལངས་ལ། རྐང་པ་གཉིས་གཤིབ་སྟེ་ལག་པ་གཉིས་ཐལ་མོ་སྦྱར་ནས་ལུས་གྲིམ་གྱིས་བསྒྲིམས་ཏེ་ཤེས་པ་གཞན་དུ་ཡེངས་སུ་མི་གཞུག་པར་ལུས་སེམས་ལ་གཞིག་འབྲེལ་འདི་ལྟར་བཏང་སྟེ། ལུས་འདི་གཟུགས་ལྦུ་བ་ལྟ་བུ། ཚོར་བ་སྒྱུ་མ་ལྟ་བུ། འདུ་ཤེས་ཆུ་ཟླ་ལྟ་བུ། འདུ་བྱེད་སྨིག་རྒྱུ་ལྟ་བུ། རྣམ་པར་ཤེས་པ་ཆུ་ཤིང་ལྟ་བུ། མི་རྟག་པ། སྡུག་བསྔལ་བ། མི་གཙང་བ། ཆུ་སེར་རྣག་ཁྲག་གི་རྐྱལ་པ། རུས་པའི་དུམ་བུ། རྩ་དང་ཆུ་རྒྱུས་ཀྱི་དྲ་བ་ལྟ་བུ་ལ་སོགས་པ་མི་རྟག་འགྱུར་བའི་མཚན་ཉིད་མ་རྟོགས་པ་ལས་བརྟན་ཞིང་ཐེར་ཟུག་པ། ཡིད་བརྟན་དུ་རུང་བ་གང་ཡང་མི་འདུག །སེམས་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའི་ཆོས་ཉིད་འོད་གསལ་བར་འདུག་པས་ལུས་སེམས་ཕྲལ་བ་སྐྱེ་བ་མེད་པའི་ངང་དུ་བཞག་དགོས་སྙམ་དུ་བསམ་ལ། རང་གི་སེམས་འདི་རྐང་མཐིལ་གཉིས་སུ་ཐིག་ལེ་ལ་ཧྲིལ་བསྡུས་ལ། དེ་ནས་མས་ཡར་ཧྲི་ལི་ལི་དྲངས་ལ། ལྟེ་བར་དལ་ཅིག་བཟུང་། དེ་ནས་སྙིང་ཁར་དྲངས། དེ་ནས་ལྕེ་སྟེང་དུ་དྲངས་ལ་དལ་ཅིག་བཟུང་། དེ་ནས་སྤྱི་བོ་ཚངས་པའི་བུ་ག་ཕྱེ་བའི་ནང་ན་ཡར་རླུང་སེམས་འདྲེས་པ་དེ། མདའ་རྒྱང་གང་ཙམ་དུ་རྒྱང་འཕངས་ལ། ནམ་མཁའི་མཐོངས་སུ་ཕྱལ་གྱིས་བཏང་། ཞེན་མེད་དུ་བཏང་། ཡན་པར་ཐོངས། ལྷུག་པར་ཐོངས། རང་དགར་ཁྱབ་བདལ་དུ་སྟོང་སང་། རིག་པ་ཐོད་རྒལ་རྟེན་མེད་དུ་ཐོངས། འབྲེལ་མེད་དུ་ཐོངས། ཤེས་པ་བདེ་ཕྲིལ་ཕྲིལ་བཤིག ། དགའ་ཡལ་ཡལ། བག་དྲོ་འུར་འུར། ནམ་མཁའ་དང་ཤེས་པ་ཀྲུག་འདྲེས་པའི་ངང་ལ་རིག་པ་སྟོང་སང་ངེ་། ཤེས་པ་གསལ་སིང་ངེ་བཞག་གོ །དེ་ལྟར་བཞག་པས་རིག་པ་ཟིན་པའི་རྟགས་སུ། འཕར་བ་དང་། འདར་བ་དང་། དངངས་པ་དང་། རྒོད་པ་དང་། མཆོང་བ་དང་། འདྲོགས་པ་དང་། སྐད་སྣ་ཚོགས་འདོན་ཞིང་བླ་མའི་དྲུང་དུ་ཅི་མཉེས་འབྱུང་སྟེ་ཉམས་སྐྱེས་པའོ། །ཉམས་སྐྱེས་ན་སྤྱོད་ལམ་རྣམ་བཞི་གང་ལ་ཡང་དེ་ཉིད་ངང་ལ་རྒྱུན་དུ་འཇོག་པ་ཡིན་ནོ། །དེ་ཉིད་ཆོས་ཉིད་དུ་ཐག་ཆོད་ལྟ་བའོ། །དེའི་ངང་ལ་མ་ཡེངས་པར་སྒོམ་པའོ། །དེའི་ངང་ལས་ཐམས་ཅད་ཆོས་ཉིད་དུ་འཁྱེར་ཤེས་པ་སྤྱོད་པའོ། །ཆོས་ཐམས་ཅད་གཅིག་ཏུ་རྟོགས་ཤིང་མཉམ་པར་གྱུར་པ་འབྲས་བུའོ། །དེ་ལྟར་ལུས་ལ་ན་ཚ་དང་སྡུག་བསྔལ་ཆགས་སེམས་གང་བྱུང་ཡང་དེ་ལྟར་ལམ་དུ་འཁྱེར་ཤེས་པར་བྱའོ། །
བཞི་པ་སྒོམ་པ་གནས་ལུགས་ལ་བཞག་པ་ནི། དང་པོ་བླ་མའི་གདམས་ངག་ཐོབ་ཅིང་བྱིན་རླབས་ཞུགས་པར་བྱས་ནས་སྒོམ་པའི་གནས་ནི། དུར་ཁྲོད་དམ་ནགས་ཚལ་ཆེན་པོའམ། མཚེར་གསེབ་བམ། ཤིང་གཅིག་གམ། རེ་རུལ་ལམ། ལྷ་ཁང་རྙིང་པའམ། མཚོ་དབུས་སམ། གངས་སམ། ལྷ་འདྲེ་ཆེ་བའི་སར་ཕྱིན་ནས་བསྒོམ་པ་ནི། ཤེས་པ་སྔར་གྱི་བསྒྲིམས་པ་དེ་ལྷོད་ཀྱིས་གློད་ལ་ཅོག་གིས་བཞག་གོ །དེ་ཡང་མ་ཇོ་མོའི་ཞལ་ནས་གྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། ཤིག་གིས་བཤིགས་ལ་ཕྱལ་གྱིས་ཐོང་། ལྷུགས་ཀྱིས་ཀླུགས་ལ་ཅོག་གིས་ཞོག །སྒོམ་པའི་བཞག་ས་དེ་ན་ཡོད་ཅེས་གསུངས་པས། ལུས་ལ་ལུས་སུ་མི་བཟུང་བར་སོག་ཕོན་ཐག་པ་ཆད་པ་ལྟར། འབོལ་ལེ། ཤིག་གེ །རེ་དོགས་མེད་པར་བཞག །སེམས་རང་ལུགས་སུ་ཉམ་ང་དང་བག་ཚ་བ་མེད་པར་བཞག་གོ །ཚོགས་དྲུག་གི་ངང་ལ་ཇི་ལྟར་སྣང་ཡང་སྙེམས་མེད་རྟོག་པ་མེད་པར་བཞག་གོ །ཡིད་གཉིས་དང་ཐེ་ཚོམ་མེད་པར་བཞག །ཤེས་པ་བདེ་ལྷན་ནེ། གསལ་སིང་ངེ་འཇོག་པ་ཡིན་ནོ། །དེ་ལྟར་བཞག་པའི་བྱིན་རླབས་ཀྱིས་ལྷ་འདྲེ་གདུག་པ་ཅན་མ་བཟོད་པར་ཆོ་འཕྲུལ་སྣ་ཚོགས་འབྱུང་སྟེ། དེ་ལྟར་བྱུང་ན་སེམས་ཟིན་ནས་བྱིན་རླབས་ཡོད་པའི་རྟགས་ཡིན་ནོ། །
གལ་ཏེ་ཆོ་འཕྲུལ་བྱུང་བ་ལ། འདར་ཡེད་བྱུང་ན་སེམས་ཡེངས་བའི་རྟགས་ཡིན་པས། དེ་མ་ཐག་ཏུ་ལུས་ལྷ་འདྲེ་ལ་ལྟོས་པ་མེད་པར་བྱིན་ལ་སེམས་ལྷོད་ཀྱིས་གློད་ལ། ཨ་མ་ཙིར་ཤེས་པ་རྒྱ་བསྐྱེད་ལ་བཞག་གོ །ཉམ་ང་དང་བག་ཚ་མེད་པར་བཞག །སྙེམས་དང་རྟོག་པ་མེད་པར་བཞག །རེ་བ་དང་དོགས་པ་མེད་པར་བཞག་གོ །ཡང་ན་སེམས་ངོས་འཛིན་གྱི་བཞག་ཐབས་བདུན་ཤེས་པར་བྱས་ལ་བཞག་གོ །དེ་ལྟར་བཞག་པས་ཉམས་དགའ་ཡལ། སེམས་བདེ་ལྷོད། བག་དྲོ་འུར། ཤེས་པ་བདེ་སིང་། བློ་བདེ་འབོལ་གྱིས་འགྲོའོ། །ངེས་པའི་ཤེས་པ་ལྷག་གིས་སྐྱེའོ། །དེ་ཙམ་ན་བདུད་ཆོས་ཉིད་དུ་ཆོད། རྣམ་རྟོག་ཡེ་ཤེས་སུ་འཆར། དུག་ལྔ་སྨན་དུ་འགྱུར། ལྟས་ངན་གཡང་དུ་ལེན་པ་ཞེས་བྱའོ། །ཡང་སྒོམ་པའི་དུས་སུ་ཉམ་ང་བ་དང་བག་ཚ་བ་མེད་པར་ཆོས་ཉིད་ཀྱི་ངང་ལ་བཞག་པར་ལྷ་འདྲེའི་ཐུགས་ཆོམ་དང་། འུར་སྒྲ་དང་། བརྡེགས་པ་དང་། འཐེན་པ་དང་། སྡིགས་པ་དང་། སྐད་སྣ་ཚོགས་འདོན་པ་དང་། གཟུགས་སྣ་ཚོགས་སྟོན་པ་དང་། རི་བསྙིལ་བ་དང་། དེ་ལྟར་ཆོ་འཕྲུལ་སྣ་ཚོགས་སྟོན་པ་འོང་སྟེ། དེ་ཙ་ན་ཆོ་འཕྲུལ་སྣ་ཚོགས་ཇི་ལྟར་སྣང་ཡང་སེམས་ཉིད་རང་སྣང་དུ་ཤེས་པར་བྱའོ། །
དེ་ཉིད་དགེ་སྦྱོར་གྱི་བསྐུལ་འདེབས་ཡིན་པས་ལུས་ལ་ལུས་སུ་མི་བཟུང་། ལྷ་ལ་ལྷར་མི་བཟུང་། འདྲེ་ལ་འདྲེར་མི་བཟུང་། ཆོ་འཕྲུལ་ལ་ཆོ་འཕྲུལ་དུ་མི་བཟུང་། དོན་ཆོས་ཉིད་ལ་ཤེས་པ་གཏད་ལ་ཉམ་ང་བ་དང་བག་ཚ་བ་མེད། སྙེམས་དང་རྟོག་པ་མེད་པར་སེམས་རང་ལུགས་སུ་ཤིག་བཤིགས་ལ། བློ་བདེ་འབོལ་ལེ། ཤིག་གེ །སལ་ལེ། སིང་ངེ་བ་ལ་ཡིད་རྟེན་མེད། འབྲེལ་མེད། སྤྱོད་ལམ་གཡས་མེད་ངེས་མེད་དུ་ལྷོད་དེ་བཞག་གོ །དེ་ལྟར་བཞག་པས་ཉམས་དང་རྟོགས་པ་ལྷན་ཅིག་སྐྱེས་པའི་རྟགས་སུ། བློ་བདེ་འབོལ། ཤེས་པ་བདེ་ཕྲིལ། ཉམས་དགའ་ཡལ། ལུས་སེམས་བདེ་སིང་། བག་དྲོ་འུར་སོང་སྟེ། བྲོ་རྡུང་སྙིང་འདོད། གླུ་ལེན་སྙིང་འདོད། དཀྱུ་མོ་དཀྱུ་སྙིང་འདོད། སྔར་མ་བྱས་པའི་སྤྱོད་པ་བྱེད་སྙིང་འདོད། སྔར་འགྲོ་བར་མ་འདོད་པའི་ལྷ་འདྲེ་འོར་ཆེ་སར་འགྲོ་སྙིང་འདོད་པ་བྱུང་ན། ཤེས་པ་མི་འགག་པར་ཤུགས་བྱུང་ལ་གཏོང་བ་ཡིན་ནོ། །རྗེས་ལ་རྣལ་དུ་ལྷན་གྱིས་ཕབ་ལ། ལྷོད་ཀྱིས་གློད་ལ་མ་ཡེངས་པར་གོང་བཞིན་འཇོག་པ་ཡིན་ནོ། །དེ་ཙམ་ན་འདྲེ་ལྷར་ཆོད་པ་ཡིན་ནོ། །ཡང་རང་གི་སྙིང་འབྱིན་པ་དང་། ཁྱོད་ཀྱི་ཆོས་དང་སྒོམ་དེ་ཙུག་མིན་ཟེར་བ་དང་། ཁྱོད་དུས་འདི་ཙ་ན་འཆི་ཟེར་བ་དང་། དེ་ལ་སོགས་པ་མི་སྙན་པ་སྣ་ཚོགས་བྱུང་ཡང་བདེན་སྙམ་པ་མི་བྱ་བར་ཤེས་པ་འབོལ་ལེ་ཤིག་གེ་བཏང་ལ། ཨ་མ་རྩིར་བློ་རྒྱ་བསྐྱེད་ལ་བཞག་གོ །ཉམ་ང་དང་བག་ཚ་མེད་ཅིང་སྙེམས་དང་རྟོག་པ་མེད་པར་བཞག་གོ །ལོག་ལྟ་ཡང་དག་ཏུ་ཆོད་པའི་དུས་སོ། །ཡང་རྨི་ལམ་དུ་ཆོ་འཕྲུལ་སྣ་ཚོགས་སྟོན་པ་འོང་སྟེ། བྲག་གཡང་གི་ཁ་ནས་རྦབ་ལ་འདྲིལ་ལ་ཁད་པ་དང་། གཅོང་རོང་དང་། ནགས་འདབས་དང་། མཚོར་ཆུད་པ་དང་། ཆུ་ཆེན་པོ་དང་། མེ་ལྕེ་ཆེན་པོ་དང་། རླུང་ནག་འཚུབ་མ་དང་། རི་ཉིལ་བ་དང་། རྦབ་མང་པོ་དང་། དོང་དུ་བཅུག་པ་དང་། ཤྭ་འུད་ཀྱིས་ཁྱེར་བ་ལ་སོགས་པ་ཆོ་འཕྲུལ་སྣ་ཚོགས་འོང་། ཡང་མི་མང་པོས་དེད་པ་དང་། མཚོན་ཐོགས་པས་གསོད་པ་དང་། གཅན་གཟན་མང་པོས་རྨུགས་པ་དང་། བྱོལ་སོང་མང་པོས་བརྡུང་པ་དང་། རི་དྭགས་ཀྱི་ཚོགས་མང་པོ་དང་། བྱ་དང་། ཤ་སྦྲང་དང་། ཉ་དང་། སྦལ་ལྕོང་དང་། སྡོམ་དང་། སྡིག་པ་དང་། རྩངས་པ་དང་། རྟ་དང་། བ་ལང་ལ་སོགས་པས་ལུས་ལ་གནོད་པ་བསྐྱལ་བ་རྨིས་ནས་རྨི་ལམ་བཟང་ངན་ཅི་ཡང་འོང་བས་གང་ལའང་རྟོག་པར་མི་བཟུང་བར་སེམས་ཀྱི་འཁྲུལ་སྣང་། སྒོམ་གྱི་བསྐུལ་མར་ཤེས་པར་བྱས་ལ། ཉམ་ང་བ་དང་བག་ཚ་བ་མེད་པར་ཆོས་ཉིད་ཀྱི་ངང་དུ་སྙེམས་མེད་རྟོག་མེད་དུ་ཅི་ཡང་དྲན་པས་མ་བཟུང་བར་ལྷོད་ཀྱིས་གློད་ལ་བཞག །རྨི་ལམ་བཟང་ངན་ཅི་བྱུང་ཡང་། རང་གི་སེམས་ཀྱི་ཆོ་འཕྲུལ། བག་ཆགས་ཀྱི་གཟུགས་བརྙན་ཡིན། ཡང་དག་པར་གང་ཡང་གྲུབ་པ་མེད་པས་ཇི་ལྟར་ཡང་སེམས་རྟོག་མེད་ཀྱི་ངང་དུ་ཆོ་འཕྲུལ་རང་ཞི། རང་དག་རང་གྲོལ་དུ་བློའི་སྙེམས་བྱེད་ཤིགས་ཀྱིས་བཤིགས་ལ་རིག་པ་སྟོང་གསལ་དུ་བཞག་གོ །དེས་སེམས་བདེ་ལྷན། ཤེས་པ་དགའ་ཡལ། བག་དྲོ་འུར་འགྲོ། དེ་ལྟར་རིག་པ་ནམ་མཁའ་དག་པའི་དཀྱིལ་བཞིན་སྟོང་སངས་ཀྱིས་སོང་བའི་དུས་སུ་སྣང་བ་འཛིན་མེད་དུ་འཆར་བ་ཡིན་ནོ། །རྨི་ལམ་གྱི་རྟོག་པ་ཆོས་ཉིད་དུ་འཆར་བའོ། །
ཡང་སྙིང་མི་དགའ་བ་དང་། འགྲོ་འདོད་པ་དང་། ཚིག་པ་ཟ་བ་དང་། རྣལ་བར་སྡོད་སྙིང་མི་འདོད་པ་དང་། དགེ་སྦྱོར་བྱེད་སྙིང་མི་འདོད་པ་དང་། སེམས་རྟོག་པ་དུ་མ་ལ་འཕྲོ་ཞིང་རང་ལུགས་སུ་མི་གནས་པ་བྱུང་ན། ཤེས་པ་ཡེངས། སེམས་ལ་བདུད་ཞུགས་པ་ཡིན་པས་དེ་བཟློག་པ་ནི། སེམས་ཉིད་རང་ཡིན་པས་བདུད་ལོགས་ན་གྲུབ་པ་མེད་པར་ཤེས་པར་བྱས་ལ། སེམས་གནས་ལུགས་ཀྱི་ངང་ལ་ཤེས་པ་རང་ལུགས་སུ་ལྷན་གྱིས་བཞག །དེ་ལྟར་བཞག་པས་སེམས་རྟོག་མེད་མཉམ་པ་ཉིད་ཀྱི་ངང་དུ་རང་གྲོལ་སོང་ནས་ཤེས་པ་བདེ་སིང་། བག་དྲོ་འུར། ཉམས་དགའ་ཡལ་འགྲོ། དེའི་དུས་སུ་རྣམ་རྟོག་ཡེ་ཤེས་སུ་འཆར་བའོ། །
རང་གི་ཡིད་ལ་འདོད་ཡོན་གྱི་སྣང་བ་དགའ་མི་དགའ་དང་། ལེགས་ཉེས་དང་། བསྟོད་སྨད་དང་། བཟང་ངན་དང་། ཡིན་མིན་དང་། བདེ་སྡུག་དང་། དགྲ་གཉེན་དང་། ནོར་རྫས་དང་། བདག་གཞན་དང་། རེ་དོགས་དང་། གཙང་རྨེ་དང་། ཉམ་ང་དང་བག་ཚ་ཅི་བྱུང་ཡང་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱས་ལ། སེམས་རྟེན་མེད་རང་གྲོལ་ཆེན་པོའི་ངང་དུ་ཅོག་བཞག་པས་ཐམས་ཅད་དབྱེར་མེད་དུ་ཁྲོལ་གྱིས་འགྲོ། དེ་ཙམ་ན་གཉིས་སྣང་ཐམས་ཅད་གཉིས་མེད་དུ་ཆོད་པའོ། །ཡང་གོང་བཞིན་བསྒོམས་པས་ཡི་དམ་ལྷས་ལུང་སྟོན་པ་དང་། ལྷ་དང་ལྷ་མོའི་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། འདོད་ཡོན་གྱི་རྣམ་པ་ལེགས་པ་ཐམས་ཅད་སྟོན་པ་དང་། དངོས་དང་རྨི་ལམ་དུ་ཡིད་དུ་འོང་བ་ཐམས་ཅད་སྟོན་པ་དང་། ཉམས་དང་དྲོད་རྟགས་སྣ་ཚོགས་སུ་སྟོན་པ་བྱུང་ཡང་དགའ་བའི་སེམས་མི་བྱ་བར་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པར་བྱ། ཉམས་སུ་ལེན་པ་ལ་ཡོན་ཏན་གྱི་སྐུལ་འདེབས་ཙམ་ཤེས་པར་བྱས་ལ། ཆོས་ཉིད་གདལ་བ་ཆེན་པོར་བློ་རྒྱ་བསྐྱེད་ནས་རིག་པ་སྟོང་གསལ་གྱི་ངང་དུ་སེམས་མ་གཡོས་པར་གསལ་སིང་ངེ་བཞག་གོ །དེས་ཉམས་ལ་བོགས་ཐོན་ནས་བདེ་སྟོང་གི་ངང་ལ་རིག་པ་རྩ་བྲལ་དུ་གནས་པ་དང་། དེ་ཙ་ན་དགའ་བྲོད་ཀྱི་བདུད་སྐྱེ་མེད་དུ་ཆོད་པའོ། །
ཡང་རིགས་དྲུག་གི་སྣང་བ་སྣ་ཚོགས་ལ་མཐོ་རིས་གསུམ་བདེ་སྡུག་གི་ཆོ་འཕྲུལ་སྣ་ཚོགས་པ་དང་། ངན་སོང་གསུམ་གྱི་དུཿཁའི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བའི་ཚེ། ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ལ། ཡེ་གདོད་མ་ནས་མ་བྱུང་། མ་སྐྱེས་པའི་སྙིང་པོ་རང་བཞིན་གྱིས་འོད་གསལ་བར་ཤེས་པར་བྱས་ལ། ཉམ་ང་དང་། བག་ཚ་དང་། སྙེམས་དང་རྟོག་པ་མེད་པར་སེམས་རང་ལུགས་སུ་རྣལ་མའི་སྟེང་དུ་བཞག་པས་ཤེས་པ་བདེ་སྟོང་གསལ་བའི་རང་བཞིན་དུ་གནས་པའི་ཚེ། ཉོན་མོངས་པའི་བདུད་རང་གྲོལ་དུ་ཆོད་པའོ། །དེ་ཡང་ཡུམ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི། ངམ་གྲོག་ན་འདུག་གམ། གཡང་ས་དང་། བྱ་སྐྱིབས་དང་། གཅོང་རོང་དུ་འདུག་ཀྱང་རུང་སྟེ། བདུད་ཀྱི་ཕྱོགས་ལ་ཉམ་ང་བ་དང་བག་ཚ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྙེམས་མེད་པའི་ཕྱིར་རོ། །ཞེས་པ་དང་། ཡང་ཕྱི་སྟོང་པ་ཉིད་མི་དམིགས་པའི་ཚུལ་དུ་བསྒོམ་པར་བྱའོ་ཞེས་སོ། །
དེ་ལྟར་སྣང་བ་མ་འགགས་པའི་ཆ་ནས་བདེ་སྡུག་དང་ཆོ་འཕྲུལ་ཅི་བྱུང་བ་ཐམས་ཅད་ལ། ཉམ་ང་བ་དང་བག་ཚ་བ་མེད་པར་སྒོམ་པ་གནས་ལུགས་ལ་བཞག་ནས་ཉམས་སུ་བླངས་པས་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་གྲོགས་དང་རྩལ་དུ་འཆར་བའོ། །གལ་ཏེ་བསྒོམས་པས་སྐྱོན་བྱུང་ན། སྒོམ་གྱི་སྐྱོན་བྱིང་རྒོད་གཉིས་ཡིན་ཏེ། དེའང་བྱིང་བ་ནི། འབྱུང་བའི་བྱིང་རྟགས་དང་། བར་ཆད་ཀྱི་བྱིང་རྟགས་སོ། །དེ་ལ་འབྱུང་བའི་བྱིང་རྟགས། ལུས་ལྕི་ལ་ཤེས་པ་མི་གསལ་ན་སའི་བྱིང་རྟགས་ཡིན། ཤེས་པ་མི་གསལ་ལ་གྲང་ཤུམ་བྱེད་ན་ཆུའི་བྱིང་རྟགས་ཡིན། ཤེས་པ་མི་གསལ་ལ་རྔམ་ཞིང་འགྲོ་འདོད་ན་རླུང་གི་བྱིང་རྟགས་ཡིན། སེམས་ཉོག་ལ་མགོ་ན་དྲོད་ཆེ། རྔུལ་བྱུང་ན་མེ་ཡི་བྱིང་རྟགས་ཡིན། དེ་ལྟར་འབྱུང་བ་བཞི་གང་གིས་བྱིང་ཡང་། ཀོག་གིས་ལངས་ལ། ལུས་བསྲང་། རྐང་པ་གཤིབ། ལག་པ་སྤྱི་བོར་ཐལ་མོ་སྦྱར་ཏེ། ཕྱི་ལུས་ཀྱི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྟིམས། ཕྱི་ནང་གི་འབྱུང་བ་བཞི་གཉིས་སུ་མེད་པར་བསམ་ལ་བསྟིམས། སེམས་ནམ་མཁའ་ལ་ཕྱད་ཀྱིས་བཏང་ལ། ཤེས་པ་རྟེན་མེད། རིག་པ་ཡུལ་མེད། རྟོག་མེད་རང་གསལ་ཆེན་པོའི་ཀློང་དུ་གསལ་སིང་ངེ་བཞག་པས་བྱིང་བ་སངས་ཀྱིས་འགྲོ་བ་ཡིན། དེ་ཡང་ཡུམ་ལས། ས་ནི་ཆུ་ལ་མེད་ཅིང་མི་དམིགས་སོ། །ས་ནི་གཟུགས་ཀྱི་ནང་ན་མེད་ཅིང་མི་དམིགས་སོ། །ས་ནི་གཟུགས་ཀྱི་བར་ན་མེད་ཅིང་མི་དམིགས་སོ། །ཞེས་པ་དང་། ཡང་ཆོས་ཉིད་ནི་སེམས་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །སེམས་ཉིད་ནི་ནམ་མཁའ་ལ་གནས་སོ། །ཞེས་པ་དང་། ནམ་མཁའ་རྣམ་པར་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པའོ་ཞེས་སོ། །དེ་ལྟར་བྱིང་བ་བསལ་ནས་ཤེས་པ་རང་ལུགས་སུ་ཕབ་ལ་ལྷན་གྱིས་བཞག་གོ །
གཉིས་པ་ཡི་དྭགས་ཀྱི་བྱིང་རྟགས་ནི། གཉིད་ཆེ། ཤེས་པ་ཉོག །ཡང་ན་སྙིང་མི་དགའ་སེམས་རང་བཞིན་དུ་མི་གནས། དབུགས་རྔམ་པ་མི་འབྱུང་ངོ་། །དེ་ལ་བླ་མ་ལ་གསོལ་བ་གདབ། སྐྱབས་སུ་འགྲོ་བ་བྱ། ལུས་དང་། ནད་དང་། རྟོག་པ་ཐམས་ཅད་འདྲེ་ལ་བྱིན་ལ། ཡ་ང་བའི་སར་ལུས་གཅེར་བུར་ཕྱུང་སྟེ་མཆོང་རྒྱུག་བྱ། ལུས་གཅུ། སྨྱེང་། བསྐུམ། བཟློག་སྤྱོད་དྲན་ཚད་བྱས་པའི་རྗེས་ལ་ལུས་སེམས་ངང་དལ་བྱས་པས་ཤེས་པ་ལྷན་གྱིས་འགྲོ། དེ་ནི་བྱིང་བ་བཅོས་པའོ། །
སྒོམ་སྐྱོན་གཉིས་པ་རྒོད་པ་ནི། སེམས་རང་ལུས་སུ་མི་གནས་པ་ཤེས་པར་འཕྲོར་འོངས། དེ་ལ་གཉེན་པོ་ཤེས་བཞིན་གྱི་བྱ་ར་བ་བཏང་སྟེ། འཕྲོ་བའི་མཁན་པོ་ལ་བལྟས་པས་མཁན་པོ་རང་གི་སེམས་སུ་འདུག་པ་རང་གི་ངོས་ཟིན་པ་དང་། ཏུར་གྱིས་དྲན་པ་ཐམས་ཅད་ཕྱལ་གྱིས་བཏང་། ལྷུགས་ཀྱིས་ཀླུག་ལ་ཅོག་གིས་བཞག །གང་དྲན་པ་ཐམས་ཅད་རང་བཞིན་མེད་པར་སྟོང་སངས་ཀྱིས་བཞག །ཤེས་པ་ཁ་ནང་དུ་བལྟས་ལ། ཡིད་དྲན་མེད་ཀྱི་ངང་ལ་ལྷན་གྱིས་བཞག །དེས་མ་ཞི་ན་ཇི་ཙམ་འཕྲོ་ནུས་པ་བལྟ་སྟེ། ཕྱི་ནང་ཐམས་ཅད་ལ་འཕྲོར་གཞུག་གོ །དེ་ལྟར་བཏང་བས་སླར་འགྲོ་ས་མ་རྙེད་པར་ཤེས་པ་ལྷན་གྱིས་འགྲོ་བ་ཡིན་ནོ། །བྱིང་རྒོད་གཉིས་སྐྱོན་གང་ཆེ་ན་བྱིང་བ་སྐྱོན་ཆེ། ཅིའི་ཕྱིར་ན། བྱིང་བ་གཏི་མུག་ཤས་ཆེ། རྒོད་པ་ཡེ་ཤེས་ཤས་ཆེ་བས་སོ། །དེས་ན་གནས་ལུགས་ངོ་སྤྲོད་ཀྱི་སྟེང་དུ་ལྷན་གྱིས་བཞག་པས་ཆེ་བས་སྐྱོན་ཐམས་ཅད་ཡོན་ཏན་དུ་ཆོད་པའོ། །གལ་ཏེ་ཤེས་པ་ཡུལ་ལ་འཕྲོ་བ་ཐམས་ཅད་རྒོད་པའི་ཆ་ཡིན་པས་དྲན་པས་འཛིན་པ་གལ་ཆེ་བས་སེམས་སྤྲོས་པ་མེད་པའི་ངང་དུ་གནས་པར་བྱའོ། །དེ་ཡང་གཟུགས་སྟོང་པའོ་ཞེས་པའམ་མི་སྟོང་ངོ་ཞེས་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་སྤྲོས་པའོ་ཞེས་སོ། །དེ་ནས་གནས་ལུགས་སྤྲོས་པ་མེད་པའི་དོན་ལ་ཡེངས་མེད་དུ་ཉམས་སུ་བླངས་སོ། །ལར་འགལ་རྐྱེན་གང་བྱུང་བའི་དུས་སུ། ཆོས་ཐམས་ཅད་རང་གི་ལུས་ལ་བསྡུས། ལུས་སེམས་ལ་བསྡུས། སེམས་ཆོས་ཀྱི་དབྱིངས་སུ་བཏང་བ་ནི་གདམས་ངག་ཡིན་ནོ། །
དེ་ལྟར་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ངང་ལ་བཞག་པས་རིག་པ་ཟིན་ནས་བདེ་ལྷན་གྱིས་འགྲོ། ཉམས་མྱོང་ཐུན་མོང་མ་ཡིན་པ་སྐྱེའོ། །དེ་ནི་སྡུག་བསྔལ་བདེ་བར་ཆོད་པའོ། །དེ་ལྟར་བདུད་ཐམས་ཅད་ཆོས་ཉིད་དུ་བཅད་ཅིང་བསྒོམས་པས་དྲོད་རྣམ་པ་གསུམ་འབྱུང་སྟེ། སྦྱོར་བ་ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང་ན་ཚ་དང་བྲལ་བ་འབྱུང་། མཚན་མ་ནང་གི་དྲོད་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་རྣམ་རྟོག་མི་སྐྱེ་བར་འབྱུང་། གསང་བ་བྱང་ཆུབ་སེམས་ཀྱི་དྲོད་སེམས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ལྷན་ནེ་སོང་ནས་བདེ་བ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེའོ། །དེ་ནས་གསལ་སྟོང་གི་དོན་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་ནས། རྣམ་པ་ཐམས་ཅད་ཉིད་ཀྱི་འབྲས་བུ་ཐོབ་པ་ལ་ཚེགས་མེད་པའོ། །
དེ་ལྟར་ཉམས་སུ་བླངས་པས་བར་དོ་ངང་གིས་འབྱོངས་ཏེ། དེ་ཡང་རང་བཞིན་གནས་པའི་བར་དོ་ད་ལྟ་ཡིན་པས་དུས་འདི་ཉིད་དུ་གོམས་པར་བྱས་ནས། བདུད་ཀྱི་བར་ཆད་ཐམས་ཅད་ཉམས་ལེན་གྱི་སྐུལ་མའམ། ཆོས་ཉིད་ཀྱི་གྲོགས་སུ་ཤེས་ཏེ་རྒྱུན་ཆད་མེད་པར་ཉམས་སུ་བླངས་པས་སེམས་ལ་རྟོག་པ་བཟང་ངན་གང་ཡང་མེད་པར་ཆོས་ཉིད་ཀྱི་ངང་ལས་མི་གཡོ་བར་འདུག་ཙམ་ན་ད་ལྟའི་བར་དོ་འབྱོངས་པ་ཡིན་ནོ། །དོན་དེ་ལྟར་ཉམས་སུ་བླངས་ཙ་ན། དེས་རྨི་ལམ་གྱི་དུས་ན་རྨི་ལམ་ཆོས་ཉིད་དུ་ཤེས་ནས། གཉིད་སད་པ་མ་ཚོར་བ་ཆོས་ཉིད་སྤྲོས་བྲལ་གྱི་ངང་ལ་གསལ་སིང་ངེ་བ་འདུག་ན་རྨི་ལམ་གྱི་བར་དོ་འབྱོངས་པ་ཡིན་ནོ། །
དེ་ལྟར་གོམས་པས་འཕྲོ་མཐུད་ནས་ཉམས་སུ་བླངས་པས་འཆི་ཁའི་དུས་སུ་ནད་དམ་པོས་ཟིན་ནས་ལང་འདུག་མི་ཤེས། སྣང་བ་ནི་མ་ནུབ། འཆི་བར་ནི་ཤེས་ཙམ་ན་ཆོད་དགོས་པ་ཡིན་པས། ཉམས་ཀྱི་སྟེང་ནས་ལྕོགས་ན་དངོས་སུ་བྱ། མ་ལྕོགས་ན་ཡིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། གསོལ་བ་བཏབ་ལ་ལུས་མཆོད་པར་འབུལ། སེམས་ཆོས་ཉིད་ཀྱི་ངང་ནས་ཆགས་མེད་ཞན་མེད་དུ་ཉམ་ང་བག་ཚ་དང་། ཐེ་ཚོམ་ཡིད་གཉིས་མེད་པར་སྒོམ་པ་ཉམས་མྱོང་ཆོས་ཉིད་རང་ལུགས་ཀྱི་ངང་ལ་བློ་མ་ཡེངས་པར་བཞག །གང་ལ་ཡང་སྙེམས་དང་ཆགས་ཞེན་མེད་པར་ཆོས་ཉིད་མི་འགྱུར་བའི་ངང་ལ་བློ་ལྷན་ནེ་གནས་པ་ལ་དབུགས་ཆད་ན་འཆི་ཁའི་བར་དོ་འབྱོངས་པ་ཡིན་ནོ། །དེ་ནས་དབུགས་ཆད་མ་ཐག་ཏུ་རང་བཞིན་གྱི་གནས་ལུགས་ཀྱི་དོན་སྐྱེ་བ་མེད་པའི་ངོ་བོ། སེམས་ཅན་ཐམས་ཅད་ལ་འཆར་བ་དེ་ངོས་ཟིན་ནས་ཆོས་ཉིད་ཀྱི་ངང་ལ་གནས། དེ་ལ་བརྟན་པ་ཐོབ་ཙམ་ན། རང་བཞིན་སྐྱེ་འགག་མེད་པའི་དབྱིངས་ནམ་མཁའ་ལྟ་བུའི་ངང་ལ་སེམས་རང་ས་ཟིན་པར་བྱའོ། །དེའི་ངང་ནས་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་དུ་དོན་མཛད་པའོ། །དེས་ན་སྲིད་པའི་བར་དོ་འབྱོངས་པ་ཡིན་ཏེ། མངལ་གྱི་གྲོང་ཁྱེར་རྒྱུན་ཆད། འཁོར་བ་ཆོས་ཉིད་དུ་ལ་ཟློས་པའོ། །དེ་ལ་མིང་དུ་བཏགས་ན། ངལ་སོས། ཆད་པ་བཏང་། དབུགས་ཕྱིན། བྱ་བ་བྱས། བྱེད་པ་བྱས། ཟག་པ་ཟད། ཁུར་བོར། རང་གཞན་གྱི་དོན་རྗེས་སུ་ཐོབ། ཨར་ཧན་ཞེས་བྱའོ། །དེ་རྣམས་སྒོམ་པ་གནས་ལུགས་ལ་བཞག་པའི་གདམས་པའོ། །
ལྔ་པ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའི་གདམས་པ་ལ་གཉིས་ཏེ། བདུད་ངོས་བཟུང་བ་དང་། བདུད་ཆོས་ཉིད་དུ་བཅད་ནས་ལམ་དུ་འཁྱེར་བའོ། །དང་པོ་ལ་གཉིས་ཏེ། རྩ་བའི་བདུད་དང་། ཡན་ལག་གི་བདུད་དོ། །རྩ་བའི་བདུད་ལ་བཞི། ཕུང་པོ་དང་། ལྷའི་བུ་དང་། ཉོན་མོངས་པ་དང་། འཆི་བདག་གི་བདུད་དོ། །ཡན་ལག་གི་བདུད་ལ་བཅྭོ་བརྒྱད་ཡོད་དེ། བྱང་ཆུབ་སྒྲུབ་པ་ལ་མངོན་ཞེན་གྱི་བདུད། བར་ཆད་བཏང་བ་ལ་ཆོ་འཕྲུལ་གྱི་བདུད། ཐོགས་ཅན་དངོས་ཀྱི་བདུད། ཐོགས་མེད་ཡིད་ཀྱི་བདུད། ཡོན་ཏན་གཡེང་བའི་བདུད། ཉམས་མྱོང་རློམ་སེམས་ཀྱི་བདུད། རིག་པ་ཁུ་འཕྲིག་གི་བདུད། རྣམ་རྟོག་ཕྲ་བའི་བདུད། ང་རྒྱལ་རློམ་སེམས་ཀྱི་བདུད། ཕྲག་དོག་གཞན་སྨོད་ཀྱི་བདུད། ཤེས་པ་བྱིང་རྒོད་ཀྱི་བདུད། བཏང་སྙོམས་ལེ་ལོའི་བདུད། ཞེ་སྡང་ཁོང་ཁྲོའི་བདུད། འདོད་ཆགས་ལོག་འཚོའི་བདུད། ཤེས་པ་གཡམ་འཁྱེར་གྱི་བདུད། ཡི་མུག་གཉའ་གཅོག་གི་བདུད། ཁོལ་ཙེ་ཨ་འཐས་ཀྱི་བདུད། ཁ་གཏོགས་འབྱུང་པོའི་བདུད་དོ། །
གཉིས་པ་བདུད་དེ་དག་ཆོས་ཉིད་ཀྱི་ལམ་དུ་འཁྱེར་བ་ནི། དབང་པོ་རབ་ཀྱི་བདུད་གང་བྱུང་ཡང་ཉམ་ང་བག་ཚ་མེད་པར་རྟོག་མེད་མཉམ་པའི་ངང་ལ་བཞག་གོ །འབྲིང་གིས་ཚོར་བ་པོ་བཙལ་ཏེ། བདུད་རང་གི་སེམས་སུ་ཤེས། སེམས་རང་བཞིན་སྐྱེ་བ་མེད་པ་དེ་ཉིད་ཀྱི་ངང་དུ་བཞག་གོ །དབང་པོ་ཐ་མས། ལུས་གནོད་པའི་བགེགས་ལ་ལིང་གིས་བྱིན་ལ། སེམས་དྲན་མེད་ཀྱི་ངང་ལ་ཡིད་ལ་བྱར་མེད་པར་བཞག་གོ །དེ་ཡང་ལུས་ལ་ལུས་སུ་མི་བཟུང་། ནད་ལ་ནད་དུ་མི་བཟུང་། འདྲེ་ལ་འདྲེར་མི་བཟུང་། བར་གཅོད་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཕྱལ་གྱིས་བཏང་། ཅོག་གིས་ཞོག །ཤིགས་ཀྱིས་བཤིགས། འབོལ་གྱིས་ཞོག །ལྷོད་ཀྱིས་གློད། ལྷུག་གིས་ཀླུག །སྟོང་སང་ངེ་། བདེ་འབོལ་ལེ། གསལ་སིང་ངེ་། ཅི་ཡང་ཡིད་ལ་བྱར་མེད་པའི་ངང་ལ་བཞག་གོ །དེ་ཡང་སྡུད་པ་ལས། ཤེས་རབ་ལྡན་པས་མཉམ་ཉིད་གནས་པར་ཤེས་པར་བྱ། ཞེས་སོ། །དེས་ན་སེམས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་མ་ཡེངས་པར་གནས་པར་བྱའོ། །
དེ་ལྟར་གནས་ལུགས་ཀྱི་དོན་ལ་མ་ཡེངས་པར་བྱས་པས་བྱིན་རླབས་ཀྱི་རྩལ་དང་ནུས་པ་འབྱུང་སྟེ། ནད་པ་ལྟ་བུ་ལ་བྱིན་རླབས་བྱེད་ན། འདྲེ་དང་ནད་པ་མི་དམིགས་པར་བསྒོམས་ལ། གང་ན་སར་ཕྱག་གིས་བྱབས། ཕུ་བཏབ། མཆིལ་མ་གདབ། ནད་ཐམས་ཅད་སྟོང་པར་བསམ་ལ། གང་ལ་ཡང་མ་གྲུབ་ཅིང་དངོས་པོ་མེད་པའི་ངང་ལ་སེམས་བཞག་ལ། སྐྱབས་འགྲོ་བྱ། གསོལ་བ་གདབ། གནས་ལུགས་ཀྱི་ངང་ཚུལ་དུ་ཤེས་པར་བྱའོ། །དེ་ལྟར་བདུད་ཆོས་ཉིད་ཀྱི་ངང་དུ་བཅད་ནས་ལམ་དུ་ཁྱེར་བ་ལ། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བར་དོན་ཆོས་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ལས། ཉིང་ཚོམས་ཆོས་ཀྱི་རྩ་བ་ཞེས་བྱ་བ། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དགོངས་པ་གྲོལ་བ་སྤྲུལ་པའི་སྐུ་ཇོ་མོ་ལབ་ཀྱི་སྒྲོན་མས་གསུངས་པ་རྫོགས་སོ།། །།
ཐུན་མོང་གི་ལེའུ་ལག་བརྒྱད་པ།
༄༅། །ཐུན་མོང་གི་ལེའུ་ལག་བརྒྱད་པ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱབས་སུ་འགྲོ་དང་མཆོད་པ་རྒྱ་ཆེན་དང་། །བེམ་རིག་བྲལ་དང་གདམས་ངག་གདབ་པ་དང་། །དམ་པའི་ཞལ་གྱི་བདུད་རྩི་འདི། །སེམས་ཅན་རྣམས་ལ་ཕན་པ་སྲིད། །འོན་ཀྱང་སྐལ་ལྡན་སྤྱོད་ཡུལ་ཡིན། །སྐལ་མེད་རྣམས་ལ་བསྡིགས་མོར་ཆེ། །དང་པོར་བླ་མ་མཉེས་བྱེད་ཅིང་། །དམ་ཚིག་སྲུང་ཞིང་སྒྲུབ་བརྩོན་ལ། །ཐོག་བབ་གདམས་ངག་བསྟན་པར་བྱ། །བདུད་ལ་རྣམ་པ་གཉིས་སུ་འབྱེད། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །འོན་ཀྱང་སྙེམས་བྱེད་བདུད་ལས་མེད། །སྣང་དང་དེ་ནི་སྟོང་པ་ལ། །ཡིད་ཀྱི་སྙེམས་བྱེད་མ་ཞུགས་ན། །བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ནི་སྐྱེ་མེད་དབྱིངས་སུ་ཡལ། །བདུད་རྣམས་ཐམས་ཅད་སེམས་ལས་བྱུང་། །སེམས་ནི་ངོ་བོ་མ་གྲུབ་པ། །སྣང་དང་སྲིད་དང་ལྷ་དང་འདྲེ། །ངོ་བོ་མ་གྲུབ་རང་སར་གྲོལ། །སེམས་ཀྱི་ངོ་བོ་དེར་རྟོགས་ན། །ཐོག་ཏུ་བསྐྱུར་བ་མན་ངག་ཡིན། །བླ་མའི་ཞལ་ལས་ཤེས་པར་བྱ། །སྣང་དང་དེ་ནི་སྟོང་པ་ལ། །ཤེས་པ་འཁྲིས་མེད་ཡན་པར་ཕྱེ། །ཐད་ཀར་མ་བསྒོམས་སེམས་མ་འཛིན། །དབང་པོ་རྒྱ་ཡན་ལྷུག་པར་ཞོག །རང་ལ་རང་ཆས་ཡིན་པ་ལ། །རང་ངོ་ཤེས་པས་སྣང་སྲིད་རང་། །དཔེར་ན་སྨིག་རྒྱུ་ཆུར་མཐོང་བ། །ཐོག་ཏུ་ཕྱིན་པས་ཆུ་མེད་བཞིན། །ལྷ་དང་ཀླུ་དང་ཉམས་གྲིབ་སོགས། །དེ་ཐོག་བསྐྱུར་བས་ཡོད་མི་སྲིད། །ཅི་ཕྱིར་རང་གི་སེམས་ཡིན་པས། །དེ་ན་སྙེམས་མེད་ལྷུག་པར་ཞོག །ཆོས་ཀྱིས་ཆོས་འཚོལ་ག་ལ་རྙེད། །ཅི་སྟེ་འཚོལ་མཁན་དངོས་མ་གྲུབ། །ཨེ་མ་ཧོ། རང་ལས་བྱུང་བའི་ཆོས་རྣམས་ལ། །ཆགས་དང་འཇིག་པ་ངོ་མཚར་ཆེ། །རང་མ་གྲུབ་པས་ཀུན་མ་གྲུབ། །བདག་སྣང་བར་དུ་ཀུན་ཀྱང་སྣང་། །སྣ་ཚོགས་བཀག་པས་མི་ཁེགས་སོ། །དཔེར་ན་རྨི་ལམ་ཡུལ་བཞིན་ནོ། །སད་པའི་དུས་ན་མི་སྣང་བཞིན། །སྙེམས་དང་བྲལ་བས་གཉིད་སད་འདྲ། །མ་རིག་པ་དང་གྲུབ་མཐའི་བློ། །རང་ལ་བཞག་ནས་གཞན་དུ་འཚོལ། །རང་སེམས་འདྲེ་རུ་བཟུང་ནས་ནི། །རང་ལ་རང་འཇིགས་རང་སྡུག་པས། །སེམས་ལ་ཡུལ་དུ་བཏགས་ཏེ་འཁྲུལ། །རང་སར་བཞག་པས་གྲོལ་བར་ངེས། །མ་བཅོས་བཞག་པ་དེ་བཞིན་ཉིད་ཀྱི་ལེ་ལག་སྟེ་དང་པོའོ། །
ཡུམ་སྲས་གཉིས་ལ་གདམས་པ་ཞུས། །ཞུས་ནས་བདུད་ལ་ཐོག་རྫིས་བྱས། །བདུད་དང་ལྷ་གཉིས་གཞི་གཅིག་པས། །མཆོད་དང་སྤོང་བ་ག་ལ་སྲིད། །མི་སྲིད་པ་ཡི་ཆོས་འདི་ཡང་། །མི་ཤེས་པ་ཡི་རང་ངོ་ཤེས། །སེམས་ཅན་སེམས་ལ་སངས་རྒྱས་ཐུགས། །མི་སྲིད་སྙམ་པ་ཡེ་སྲིད་དེས། །ད་ལྟ་ཉིད་དུ་གཏན་ལ་དབབ། །ནག་པོ་དང་ནི་སོལ་བ་གཉིས། །གཅིག་ཡིན་ཐ་དད་མ་ཡིན་ནོ། །དེ་ལྟར་རིག་པའི་རྣལ་འབྱོར་པ། །སངས་རྒྱས་སེམས་ཅན་དེ་དང་མཚུངས། །སྙེམས་མེད་ཆོས་སྐུ་རྒྱ་མཚོ་འདྲ། །སྙེམས་ནི་དེ་ཡི་རླབས་བཞིན་ནོ། །དེ་ལྟར་རིག་པའི་རྣལ་འབྱོར་པའི། །སྙེམས་དང་སྙེམས་བྱེད་ཐ་མི་དད། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀྱང་། །སེམས་ཀྱི་བཀྲ་ལག་བཀྱེ་བ་ལས། །བློ་ཡི་ཁྱད་ཀྱིས་ཟབ་མི་ཟབ། །འབྱུང་བ་ཐེག་པ་རིམ་དགུའོ། །དགུ་རུ་ཕྱེ་ཡང་སེམས་ཡིན་པས། །སེམས་ལས་མ་གཏོགས་ཆོས་མེད་པས། །ཆོས་ནི་བློ་ཡིས་བསམ་ངོ་ཡིན། །ཆོས་ལ་སངས་རྒྱས་རེ་ན་འཆིངས། །ཅི་སྟེ་ཡེ་སངས་རྒྱས་ཕྱིར་རོ། །དཔེར་ན་ཕྱིན་ཟིན་ལམ་རྒྱུས་བཞིན། །སེམས་ཉིད་གདོད་ནས་དག་པ་ལ། །སྟོང་དང་ཞི་གནས་བསྒོམ་མི་དགོས། །ཞི་ནི་ཡེ་ནས་རང་བཞིན་ཞི། །སྟོང་ནི་སྟོང་པས་སྟོང་མི་བསྒོམ། །སྣང་དང་སྟོང་དུ་འཛིན་པ་ཡི། །ཕུར་པ་བཏོན་པས་དབྱིངས་སུ་སླེབ། །མེ་ཡིས་མེ་སོད་མི་སྲིད་པས། །རྟོག་པ་གཉེན་པོས་མ་གཞོམ་པར། །བཞག་པས་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་རྔ་མའི་མདུད་པ་བཞིན། །ངེས་པར་སྣང་བ་དངོས་ཡོད་ན། །ཤི་བ་སྣང་ལོག་མི་སྲིད་དོ། །ངེས་པར་སེམས་འདི་ཡོད་བདེན་ན། །བདེ་གཤེགས་ཀུན་དང་རང་རང་གིས། །ཅི་སྟེ་མཐོང་བར་རིགས་པ་སྟེ། །སེམས་ཀྱི་རང་བཞིན་འདི་འདྲ་ཞེས། །སངས་རྒྱས་མཐོང་བར་མི་སྲིད་དོ། །དཔེར་ན་རི་བོང་རྭ་བཞིན་ནོ། །བཏགས་པ་ཙམ་ལ་ཆགས་པས་འཆིང་། །སྔར་ཡང་བཅིངས་པས་ད་དུང་འཆིང་། །ཐར་བ་མི་ཐོབ་བར་དོར་འཆིང་། །དེ་བས་སྣང་སྲིད་བཏགས་པ་ཙམ། །བཏགས་པའི་ཆོས་ལ་ཡིད་མ་ཆགས། །སྣང་ལ་མ་ཆགས་རྟག་མཐའ་སོལ། །སྟོང་པ་ཡིད་ལ་མ་བྱས་པས། །ཆད་པའི་མཐའ་བསལ་རེ་དོགས་བྲལ། །ཨེ་མ་ཧོ། རྟག་ཏུ་མ་བཏུབ་དངོས་པོ་མེད། །ཆད་དུ་མ་བཏུབ་ཅིར་ཡང་གསལ། །རང་སྟོང་རང་གསལ་མཁན་པོ་མེད་པར་ངེས། །གཉེན་པོས་བཟུང་དུ་མེད་པའི་ལེ་ལག་སྟེ་གཉིས་པའོ། །
ཡུམ་སྲས་གཉིས་ཀྱི་གདམས་ངག་འདི། །བདུད་ཀྱི་གཅོད་ཡུལ་ཞེས་པ་ལ། །མཁས་པ་རྣམས་ཀྱི་སྙིང་ཁྲག་ཡིན། །སྐལ་ལྡན་རྣམས་ཀྱི་རྒྱུད་འགྲོལ་ཡིན། །ཉེ་ནི་ལྟ་བ་ལོག་པ་ཆེ། །དགྲ་ནི་དམ་ཚིག་ཉམས་པ་གནད། །དུག་ནི་བདག་འཛིན་རྟོག་པ་ཆེ། །དེས་ན་གདམས་ངག་དོན་ལ་ལྟོས། །སངས་རྒྱས་དོན་ལ་བལྟ་རྒྱུ་མེད། །སེམས་ཅན་དོན་ལ་རྟོགས་པར་མཛོད། །མི་རྟོག་པ་ལ་སྒོམ་རྒྱུ་མེད། །རྟོག་པའི་རྩ་བ་ཆོད་པར་མཛོད། །འདི་ཀ་ཡིན་ནོ་བྱ་བ་མེད། །གྱི་ན་ཙམ་ལ་གཞག་པར་བྱ། །སྣང་བའི་ཆོས་འདི་རེ་ཞིག་ཙམ། །ཡང་དག་ཆོས་འདི་བློ་ལས་འདས། །སྙེམས་ཐག་བཅད་པས་སླར་ལ་སྙེམས། །དེ་བས་སྙེམས་བྱུང་མ་གཙེ་ཞོག །གཙེས་ན་དུག་སྦྲུལ་ཇི་བཞིན་ནོ། །ཕྱལ་པ་ཡན་པར་ལྷུག་པ་ལ། །རྩིས་མེད་པ་ནི་སྤྱོད་པའི་མཆོག །སྣང་བ་རྩིས་གདབ་མ་བྱས་ན། །དེ་ནི་ཡང་དག་རྩི་ཡིས་ཟིན། །བརྩི་བྱ་རྩི་ཤོར་མ་ཚོར་བ། །དེས་ན་ཞལ་གྱི་གདམས་ངག་གཅེས། །ཡང་དག་ཉིད་ལ་ཆེད་རྩོལ་བ། །དཔེར་ན་ལམ་འགྲུལ་རྒྱབ་གྱེས་བཞིན། །སྣང་བའི་ཆོས་ལ་མངོན་ཞེན་ནས། །སེམས་སྟོང་ཙམ་ལ་རློམ་སེམས་བྱེད། །དེ་ནི་ཐོགས་མེད་བདུད་ཀྱིས་ཟིན། །རང་བདུད་རང་ལས་བྱུང་བར་དགོངས་ལགས་སམ། །སྣང་ལ་མ་ཆགས་སྟོང་མ་སྒོམས། །ཟླ་ལ་མ་དགའ་གཅིག་པུར་སྡོད། །རང་གི་ཡོན་ཏན་བརྟག་ན་སྐྱོན། །དྲན་པ་སྣ་ཚོགས་གསོབ་ཡིན་པས། །ཡིད་ཆེས་མ་བཅའ་རྣལ་འབྱོར་ཀུན། །དྲན་ལ་ཡིད་ཆེས་མ་བྱས་ན། །སྙེམས་མེད་ཆོས་སྐུ་ཤུགས་ལས་འབྱུང་། །བྱས་པའི་ཆོས་དང་བསགས་པའི་ནོར། །ཤི་ནས་འགྲོགས་པ་ཁ་རྗེ་ཁ། །དེས་ན་ད་ལྟ་གཏན་ལ་དབབ་པར་རིག །མི་འཆི་སྙམ་པ་ཅང་གདའ་ཡི། །མེད་ན་ཅི་སྟེ་འབད་མི་མཛད། །རྩོལ་བ་དང་བཅས་པའི་ལེ་ལག་སྟེ་གསུམ་པའོ། །
ཡུམ་སྲས་གཉིས་ཀྱི་གདམས་པ་འདི། །ཚིག་ཏུ་བརྗོད་ན་ཚིག་རང་ཡིན། །ཉམས་སུ་བླངས་ན་བདུད་རྣམས་གཅོད། །འཕྲིག་པ་ལྷ་འདྲེ་ཡོངས་ཀྱིས་འཕྲིག །དངོས་གྲུབ་བདུད་དང་ཀླུ་ལས་འབྱུང་། །ཡོན་བདག་བདུད་དང་རྒྱལ་པོས་བྱས། །རྐྱེན་ངན་སྣ་ཚོགས་ཅི་བྱུང་ཡང་། །གྲོགས་སུ་འཁྱེར་བ་གདམས་ངག་མཆོག །སེམས་ཀྱི་རྒྱུ་ནི་གཉིས་མ་མཆིས། །དགེ་དང་སྡིག་པ་གཉིས་རྟོག་པ། །དེ་ཡིས་ཡང་དག་དོན་མ་རིག །གཅིག་ལ་གཉིས་སུ་ཕྱེ་བས་འཁྲུལ། །དགེ་སྡིག་གཉིས་ཀ་རང་བཞིན་སྟོང་། །ཡེ་སྟོང་པ་ལ་དེ་སྟོང་བསྒོམ། །དེ་ནི་དོན་མེད་སྒོམ་པས་བཅིངས། །ཅི་སྟེ་སྙེམས་ལས་བྱུང་བས་ན། །དེས་ན་གདམས་ངག་སྲོག་གིས་བསླུ། །སྟོང་པ་མི་བསྒོམ་དངོས་འཛིན་བྲལ། །དེ་ནི་མ་བཅོས་བདེ་བ་ཆེ། །རང་རིག་ཟེར་གྱིན་གཞན་ལ་སེམས། །བསམ་པས་རང་གྲོལ་ག་ལ་འབྱུང་། །ཅི་སྟེ་དོན་ལ་བསམ་མེད་དོ། །རིག་པ་རྟེན་མེད་སྙེམས་དང་བྲལ། །རྟེན་རང་ངོ་བོས་སྟོང་ཤེས་ན། །རྟེན་དང་བརྟེན་པ་གཉིས་མེད་མཚུངས། །ལྷ་ཡང་སེམས་ལ་འདྲེ་ཡང་སེམས། །ངོ་བོ་མ་གྲུབ་སེམས་ལས་འདས། །རང་གི་རང་བྱད་མི་མཐོང་བཞིན། །སེམས་ཀྱི་སེམས་བལྟས་ག་ལ་མཐོང་། །དབྱེར་མེད་གཏི་མུག་སྙེམས་མེད་ལ། །སངས་རྒྱས་ཙམ་དུ་བཏགས་པ་ཡིན། །སེམས་ཅན་མི་དམིགས་སངས་རྒྱས་སུ་ཡིས་འདོགས། །སེམས་ཅན་སེམས་ལ་བལྟ་རྒྱུ་མེད། །བལྟ་རུ་མེད་པས་སངས་རྒྱས་ཙམ། །དུག་ལྔ་རང་བཞིན་མེད་པ་ལ། །ཡེ་ཤེས་ཙམ་དུ་བཏགས་པ་ཡིན། །བཏགས་པས་རྣམ་པར་རྟོགས་འགྱུར་བསྒོམ། །བསམ་ཞིང་བརྗོད་ལ་རེ་མ་ཆེ། །བསམ་མེད་རེ་མེད་སྙེམས་བྲལ་ན། །དེས་ནི་སངས་རྒྱས་ཐེ་ཚོམ་མེད། །དངོས་པོ་སྤངས་ཀྱིན་སྟོང་པ་འདོད། །མ་རྟོགས་པ་ནི་སྙིང་རེ་རྗེ། །སྟོང་པ་ཙམ་ཡང་མི་དམིགས་ན། །དངོས་པོར་འཛིན་པ་སྨོས་ཅི་དགོས། །
ཨེ་མ་ཧོ། གཉན་སར་སོང་ལ་ཤེས་པ་དོལ། །མ་ཡེངས་གློད་ན་གྲོལ་བར་ངེས། །འཇིགས་སོ་སྙམ་པའི་སེམས་བྱུང་ན། །སྙེམས་དེ་འདྲེ་ཡིན་གློད་ལ་ཞོག །གློད་ཀྱང་འཇིགས་པའི་སེམས་བྱུང་ན། །སེམས་ནི་རང་བཞིན་མེད་པ་ལ། །ལུས་འདི་ས་དང་རྡོ་བཞིན་གནས། །དེ་ལྟར་བརྟགས་ལ་མ་བཅོས་བཞག །ཡང་ཡང་བསྒོམས་པས་ཀློང་དུ་འགྱུར། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ། །སེམས་རྟོག་བཟང་ངན་ཅི་བྱུང་ཡང་། །མ་བཅོས་རང་སར་གྲོལ་བར་ངེས། །ཟུངས་སུ་མ་འཛིན་མན་ངག་ཡིན། །སྙེམས་ནི་འཁོར་བའི་ས་བོན་ཡིན། །སྙེམས་མེད་རང་ངོ་རང་གིས་དག །སངས་རྒྱས་ཙམ་དུ་རེ་ཞིག་བརྟགས། །ཉམས་སུ་བླངས་པས་དངོས་གྲུབ་འབྱུང་བའི་ལེ་ལག་སྟེ་བཞི་པའོ། །
ཡུམ་སྲས་གཉིས་ལ་གདམས་པ་ཞུས། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །གདམས་ངག་གཞན་དང་འདི་མི་འདྲ། །གཞན་ནི་ཕྱི་དུས་འདེབས་པ་ཡིན། །འདི་ནི་ད་ལྟ་ཉིད་དུ་གཅོད། །ཆོད་དམ་མ་ཆོད་གཉན་སར་བལྟ། །གཞན་ནི་རྣམ་རྟོག་རིམ་གྱིས་སྤང་། །འདི་ནི་ད་ལྟ་ཉིད་དུ་བསྲེ། །ལུས་ནི་ཏིང་འཛིན་བྱིན་བརླབས་ནས། །ལྷོག་པ་ལ་སོགས་འགོ་བའི་ནད། །ཀླུ་ལ་སོགས་པ་གནོད་པའི་གདོན། །གཅོད་ཀྱང་དེ་ཡི་ཐོག་ཏུ་བྱ། །ཐམས་ཅད་སྙེམས་ལས་བྱུང་བ་ཡིན། །སྙེམས་མེད་གདེང་དུ་འཁྱེར་བ་གཅེས། །དང་པོ་སྙིང་ཁམས་ཆེ་ཡང་དགོས། །བདུད་ཀྱི་གཅོད་ཡུལ་གདམས་ངག་འདི། །སྙེམས་མེད་བློ་བདེར་བཞུགས་པ་དེས། །གཉན་སར་སོང་ལ་རྣལ་འབྱོར་ཀུན། །སྒོམ་སྒོམ་པོ་ཡིས་མ་ཐེབ་པར། །སེམས་གློད་ལུས་དོལ་ཉམ་ང་ཐོང་། །འདོད་དང་སྒྲུབ་པའི་ཡིད་མ་འཆའ། །བག་དྲོ་ཉམས་དགའ་ཤེས་པ་བདེ། །རང་བག་རང་གིས་བསྲོ་བ་ལས། །གཞན་ལ་ལྟོས་ན་རྣལ་འབྱོར་མིན། །སངས་རྒྱས་སྙེམས་དང་བྲལ་བ་ཙམ། །སྙེམས་སེམས་པ་ནི་སེམས་ཅན་ཏེ། །དེས་ན་རང་ལས་གཞན་ན་མེད། །དེ་བས་རང་དོན་རང་ལ་བསྒྲུབས། །དོན་མ་རིག་པའི་རྣལ་འབྱོར་པས། །གཅོད་པར་འདོད་པ་དེ་རང་བདུད། །དོན་གྱི་གོ་བ་བླང་བར་རིགས། །ཆོས་སྒོ་མཐོང་བའི་མི་རྣམས་ཀུན། །རྟག་ཏུ་རིག་པ་ཆུད་མ་གསོན། །གང་དུ་ཆུད་ཟོས་རྣལ་མ་འབྱོར། །ཚེ་གཅིག་ལ་སངས་རྒྱས་སུ་ངོ་སྤྲོད་པའི་ལེ་ལག་སྟེ་ལྔ་པའོ། །
གཉིས་མེད་གཅིག་ལ་ཐབས་མཁས་ཀྱིས། །ཆོས་རྣམས་སྣ་ཚོགས་གསུངས་པ་ཡང་། །སེམས་ཅན་རང་གིས་བློ་སྐྱོན་གྱིས། །སྦུར་བ་བལ་དུ་བཏུམས་པ་བཞིན། །རྒན་མོ་ང་ཡིས་བརྟགས་པ་ལ། །ཆོས་པ་རྣམས་ཀྱང་ཆོས་ཀྱིས་བཅིངས། །གྲོལ་བར་འདོད་ཀྱང་སླར་ལ་བཅིངས། །གཅོད་ཡུལ་འདོད་པ་མང་ལགས་ཀྱང་། །འདི་ཡི་གྲགས་པ་འདོད་པ་ལས། །སྐྱེ་ཤིའི་འཇིགས་པ་མ་བྱུང་ན། །གཉན་སར་འགྲོ་བ་མང་གདའ་ཡང་། །ང་རྒྱལ་ཆགས་པ་མ་བྱུང་ན། །སྙེམས་རྟོག་ཆོད་པ་མང་ལགས་ཀྱང་། །ངང་ལ་སྡོད་པ་མི་གདའ་ན། །འཁོར་བས་འཇིགས་པ་སྲིད་པ་ཙམ། །འཁོར་བ་སྤངས་བ་འགའ་བྱུང་ཡང་། །མྱང་འདས་ཐོབ་པ་སྲིད་པ་ཙམ། །སྡུག་བསྔལ་སྤངས་བ་མང་ལགས་ཀྱང་། །བདེ་བ་སྤངས་བ་སྲིད་པ་ཙམ། །མི་དགེ་སྤངས་བ་མང་ལགས་ཀྱང་། །དགེ་བ་སྤེལ་བ་སྲིད་པ་ཙམ། །ཞེན་པ་ལོག་པ་མང་ལགས་ཀྱང་། །དངོས་འཛིན་ཐོང་བ་སྲིད་པ་ཙམ། །ཕ་ཡུལ་སྤངས་བ་མང་ལགས་ཀྱང་། །གཟུང་འཛིན་སྤངས་བ་སྲིད་པ་ཙམ། །ལྟ་བ་རྟོགས་པ་མང་ལགས་ཀྱང་། །མཐའ་དང་བྲལ་བ་སྲིད་པ་ཙམ། །མི་རྟོག་སྒོམ་པ་མང་ལགས་ཀྱང་། །ཡིད་བྱེད་མེད་པ་སྲིད་པ་ཙམ། །སྤྱོད་པ་བཟང་པོ་མང་ལགས་ཀྱང་། །འཕྲལ་འཇོམས་བྱེད་པ་སྲིད་པ་ཙམ། །ཉམས་ལེན་བཟང་བ་མང་ལགས་ཀྱང་། །རྒྱུན་ཆད་མེད་པར་སྲིད་པ་ཙམ། །ཐོས་པ་ཆེ་བ་མང་ལགས་ཏེ། །སྒྲོ་འདོགས་ཆོད་པ་སྲིད་པ་ཙམ། །གདམས་པ་ཆེ་བ་མང་ལགས་ཏེ། །ཉམས་སུ་ལེན་པ་སྲིད་པ་ཙམ། །མི་ཆོས་སྤངས་བ་མང་ལགས་ཀྱང་། །ལྷ་ཆོས་སྤངས་པ་སྲིད་པ་ཙམ། །འདྲེ་བདུད་ཆོམ་པ་འགའ་བྱུང་སྟེ། །དངོས་འཛིན་ཐོང་བ་མ་བྱུང་ན། །ངན་རྟོག་ཆོམ་པ་འགའ་བྱུང་སྟེ། །བཟང་རྟོག་ཆོམ་པ་མ་བྱུང་ན། །མཛེ་པོ་གསོས་པ་མང་བྱུང་སྟེ། །དུག་ལྔའི་ནད་སོས་སྲིད་པ་ཙམ། །ཡུལ་གྱི་ཕ་ཡུལ་སྤངས་ལགས་ཀྱང་། །གཟུང་འཛིན་ཕ་ཡུལ་མ་ཐོན་པས། །གང་ལྟར་བསྡད་ཀྱང་འོལ་འདྲར་གདའ། །རྒན་མོ་ང་ཡིས་ཆོས་བཤད་ཀྱང་། །ཉལ་དུ་མ་བཏུབ་ཉལ་མ་ནུས། །བློ་བདེར་ཉལ་བའི་ཆོས་ལགས་ཏེ། །སློབ་མ་རྣམས་ལ་ཡིད་མ་ཆེས། །མི་ཚེ་འདི་ལ་མངོན་ཞེན་ནས། །འཇིག་རྟེན་ཕྱི་མའི་ཆོས་གཏམ་གཏོང་། །ཕྱི་མའི་དོན་ལ་དགོངས་ཟེར་ནས། །ད་ལྟ་ཆགས་སྡང་ངེས་པར་ཆེ། །དེས་ན་རྒན་མོ་ཡིད་མ་ཆེས། །གཅིག་པུར་འདུག་པའི་དུས་ལ་བབ། །འདི་པ་ཡིན་ན་ཕྱི་མའི་གདམས་པ་འཚོལ། །ཕྱི་མ་ཡིན་ན་ད་ལྟ་ཆགས་སྡང་ཆེ། །ཡིད་མ་ཆེས་པས་གཅིག་པུར་བསྡད་པར་བྱའོ། །ཨེ་མ་ཧོ། གོལ་ས་བཅད་པ་རྒྱ་གད་ཀྱི་ལེ་ལག་སྟེ་དྲུག་པའོ། །
ཡུམ་སྲས་གཉིས་ཀྱི་གདམས་པ་འདི། །འགའ་ལ་ཕན་སྲིད་བརྗེད་ཐོར་བྲིས། །ཕོ་ལ་མོ་བདུད་གནོད་ཀྱིས་མོར་འཛིན་སྙེམས་བྱེད་ཐོང་། །མོ་ལ་ཕོ་བདུད་གནོད་ཀྱིས་ཕོ་ཡི་སྙེམས་ཐག་ཆོད། །ཕོ་མོ་གཉིས་སུ་མེད་ཀྱིས་སེམས་ཀྱི་ངང་ལ་ལྟོས། །ཡིན་པ་ཡེ་ནས་ཡིན་གྱིས་ཡེ་ཡིན་རྟོགས་པར་མཛོད། །བརྟགས་པས་རྟོགས་པ་ཡིན་གྱིས་མཁན་པོ་ཞི་བར་མཛོད། །བྱས་པ་ལས་རོ་ཡིན་གྱིས་བྱར་མེད་ལྷུག་པར་ཞོག །ངང་ནས་ཅི་ཡང་འཆར་གྱིས་ཆགས་སྡང་མེད་པར་མཛོད། །ཆགས་སྡང་རང་སར་གྲོལ་བས་སྒོ་ལྔ་སྒོམ་པའི་གྲོགས། །སྙེམས་ནི་དུམ་བུ་སྐད་ཅིག་མ། །ཡིན་པར་རྟོགས་ནས་ཆགས་མ་མྱོང་། །དེ་ལྟར་རིག་ན་ནམ་ཡང་བདེ། །ཨེ་མ་ཧོ། གློད་དང་ཡིན་གྱིས། ཞོག་དང་གསལ་གྱིས། དོལ་དང་བདེ་ཡིས། ཨེ་མ་ཧོ། བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །མཚོན་པ་ཡིན་པར་མ་རྟོགས་ན། །ཚིག་ལ་ཞེན་ན་ཆགས་པས་འཆིང་། །བཀའ་ནི་གྱིན་འདའ་རེ་ཞིག་ཙམ། །ལུང་ཡང་དེ་བཞིན་ཤེས་པར་གྱིས། །མན་ངག་སྙིང་པོ་རྩོལ་བྲལ་ཡང་། །དོན་མ་མཐོང་བར་ཞི་གནས་སྒོམ། །མེ་འདགས་ཐལ་བས་བྱིབ་པ་འདྲ། །རྟོགས་པས་ཆོག་ཟེར་བྱ་བྱེད་མང་། །རྟ་རྒོད་སྲབ་སྐྱོག་ཆད་པ་འདྲ། །མཐོང་ནས་མ་ཡེངས་འཇོག་ལེགས་ན། །བླ་མེད་བྱང་ཆུབ་རིང་པོ་མེད། །སེམས་ཀྱི་ངོ་བོ་རྟོགས་གྱུར་ན། །རྒྱུད་དྲུག་འཁོར་བ་སྤང་བྱ་མིན། །དེས་ན་རྟོག་དཔྱོད་མ་བྱེད་ཞོག། བརྟགས་པ་ཡུལ་ཡིན་དོན་མ་ཡིན། །བསམ་པའི་ཡུལ་ལས་སངས་རྒྱས་མེད། །མེད་པར་བསམ་པས་ཚི་རེ་ཆད། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །གཞི་རྩ་ངོ་བོ་གཅིག་པ་ལ། །ཉོན་མོངས་མ་བཅིངས་ཡེ་ཤེས་གྲོལ་བ་མེད། །གཅིག་ཡིན་གཉེན་པོས་བཅོས་སུ་མེད། །བཅོས་མེད་རང་ལུགས་སངས་རྒྱས་ལམ། །བཅོས་མེད་རང་ལུགས་སངས་རྒྱས་གནས། །འདས་དང་མ་བྱོན་ད་ལྟ་ཀུན། །མ་བཅོས་ཞེ་འདོད་བྲལ་ལས་བྱུང་། །རྟོག་པ་མེད་པར་ཆོས་སྤྱོད་ཙམ། །རེ་བ་དང་བཅས་དོན་ལ་བསྒྲིབ། །བདེ་འདོད་བསྒོམས་པས་སྙེམས་མ་ཆོད། །རེ་ན་སངས་རྒྱས་རེ་ཡང་བདུད། །དོགས་ན་དམྱལ་བར་དོགས་ཀྱང་བདུད། །རང་ལ་མ་ཕངས་རང་ནི་འཁྲུལ་བ་ཡིན། །གཞན་ལ་མ་སྡང་གཞན་ནི་རང་སེམས་བུ། །ཨེ་མ་ཧོ། ནད་པ་འདྲེ་ལ་གཏད་པས་གཉིས་མེད་རང་སར་གྲོལ། །སྐྱེལ་མ་དགྲ་ལ་གཏད་པས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་མེད། །རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། །འཛིན་པ་བདུད་ཡིན། རྩོལ་བ་ནད་ཡིན། དོགས་པ་འདྲེ་ཡིན། བཞག་པ་གཞི་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན། སེམས་ཉིད་ནམ་མཁའ་ཡིན། ལུས་ནི་རོ་ཡིན་གཟན་དུ་བསྐྱུར། །བསྐྱུར་མཁན་སེམས་ཡིན་གློད་ལ་ཞོག །ཐུགས་ཀྱི་སྙིང་པོའི་ལེ་ལག་སྟེ་བདུན་པའོ། །
འདི་དོན་ཉམས་སུ་ལེན་པ་ནི། །དད་པ་བརྩོན་འགྲུས་ཤེས་རབ་ལྡན། །བྱམས་དང་སྙིང་རྗེ་རྒྱུན་ཐག་རིང་། །ཞེན་པ་ཆུང་ཞིང་གཏོང་ལ་མོས། །བླ་མ་ལ་གུས་ལྡན་པ་ལ། །དང་པོ་ངོ་སྤྲོད་གདམས་པ་ནི། །ཡང་དང་ཡང་དུ་གདབ་པར་བྱ། །སྔོན་འགྲོ་ཐབས་ཀྱི་རིམ་པ་དང་། །དངོས་གཞི་ཤེས་རབ་རང་བཞིན་དང་། །རྗེས་ཟུང་འཇུག་ཐབས་ལ་མཁས་པའི་སྤྱོད་པའོ། །དེ་ནས་ལག་ཏུ་ལེན་པ་ལ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ། །བླ་མ་བསྒོམས་ལ་གསོལ་བ་གདབ། །ཅེས་སོ། །དེ་ནས་སྨྲ་བསམ་བརྗོད་མེད་དམ། །ཡང་ན་བེམ་རིག་ཕྲལ་ལ་བཞག །ཡང་ན་ཕུང་པོ་གཟན་བསྐྱུར་ལ། །མཉམ་ཉིད་ངང་དུ་བཞག་པར་བྱ། །ཆོ་འཕྲུལ་ལ་སོགས་བྱུང་བ་ལ། །འཇིགས་དང་དྲན་རྟོག་སྐྱེས་པ་ན། །རིག་པ་ངར་དང་ལྡན་བྱས་ལ། །ཕཊ་ལ་སོགས་པས་ཧུར་ཕྱུང་ལ། །རྗེས་ལ་དྲན་མེད་ངང་དུ་བཞག །འཁྲུལ་རྟོག་རང་གྲོལ་ཆོས་སྐུ་ཡིན། །རྗེས་སུ་སྒྱུ་མ་ལྟ་བུའི་བློས། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཐུན་མཚམས་སུ་ཡང་གནས་ལུགས་ཀྱི། །ངང་ནས་སྙིང་རྗེ་ཆེན་པོ་དང་། །སྐྱབས་སུ་འགྲོ་བ་ལ་སོགས་ཏེ། །ཚོགས་གཉིས་བསགས་ལ་འབད་པར་བྱ། །གཞན་ཡང་རང་ལ་བརྟེན་པ་ཡི། །ཆགས་སྡང་རྣམ་རྟོག་སྐྱེས་པ་ན། །ངོ་སྤྲོད་དྲན་བྱས་ལྷོད་ཀྱིས་གློད། །རང་གྲོལ་བདེ་བ་ཆེན་པོ་ཡིན། །ཐུན་དུ་བཅད་ནས་སྒོམ་མི་དགོས། །མ་ཡེངས་དྲན་པའི་རྩི་ཡིས་བཟུང་། །འཐས་ན་རྐྱེན་སྣང་སྣ་ཚོགས་ལ། །བརྟེན་ནས་ཉམས་ལ་བོགས་དབྱུང་བྱ། །ལོག་ན་ལོག་གནོན་ཡིན་ཏེ་བསྲེ། །མི་འདོད་སྣ་ཚོགས་རྩལ་སྦྱང་བྱ། །སྙེམས་མེད་གདེང་ལྡན་རེ་དོགས་མེད། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །ཉམས་སུ་བླང་བ་ལག་ཁྲིད་ཀྱི་ལེ་ལག་སྟེ་བརྒྱད་པའོ། །ཐུན་མོང་གི་ལེ་ལག་བརྒྱད་པ་ཞེས་བྱ་བ་རྫོགས་སོ།། །།
ཐུན་མོང་མ་ཡིན་པའི་ལེའུ་ལག་བརྒྱད་པ།
༄༅། །ཐུན་མོང་མ་ཡིན་པའི་ལེའུ་ལག་བརྒྱད་པ་བཞུགས་སོ། །
བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའི་གདམས་པ་ཐུན་མོང་མ་ཡིན་པའི་ལེ་ལག་འདི་ལ་བརྒྱད་དེ། མཚན་དོན་གྱི་ལེ་ལག་དང་གཅིག །གནད་བསྟན་པའི་ལེ་ལག་དང་གཉིས། དབང་པོ་དང་སྦྱར་བའི་ཉམས་བསྟན་པའི་ལེ་ལག་དང་གསུམ། གེགས་སེལ་བསྟན་པའི་ལེ་ལག་དང་བཞི། གོལ་ས་བསྟན་པའི་ལེ་ལག་དང་ལྔ། གཡེལ་བ་ཁ་བསྡུ་པའི་ལེ་ལག་དང་དྲུག །ན་ཚ་བྱུང་ན་ཉམས་སུ་ཇི་ལྟར་བླང་བའི་ལེ་ལག་དང་བདུན། འཐས་ན་བོགས་དབྱུང་བའི་ལེ་ལག་དང་བརྒྱད་དོ། །
དང་པོ་མཚན་དོན་གྱི་ལེ་ལག་ལ་གཅོད་ཅེས་པ་ཅི་གཅོད་ཅེ་ན། ལུས་ཀྱི་ཞེན་པ་གཅོད་པས་གཅོད། །སེམས་ཀྱི་རྩ་བ་གཅོད་པས་གཅོད། །གཞི་ལ་ཕྱོགས་ཆ་གཅོད་པས་གཅོད། །ལམ་ལ་བླང་དོར་གཅོད་པས་གཅོད། །འབྲས་བུར་རེ་དོགས་གཅོད་པས་གཅོད། །ཐམས་ཅད་ནས་ཐམས་ཅད་དུ་རྣམ་རྟོག་རང་སར་གཅོད་པས་ན་གཅོད་ཅེས་བྱའོ། །
གཉིས་པ་གནད་བསྟན་པའི་ལེ་ལག་ལ་བཞི་སྟེ། གཉན་ཐོག་ཏུ་གཉན་དབབ་པ་མེ་བཙའ་ལྟ་བུའི་གནད་དང་། ལྷ་འདྲེ་ཟིལ་གྱིས་མནན་པ་ཉི་མ་ལྟ་བུའི་གནད་དང་། ལྷ་འདྲེ་ལ་ཉེ་རིང་སྤང་པ་ཕ་མ་ལྟ་བུའི་གནད་དང་། ཇི་ལྟར་བྱས་ཀྱང་བར་ཆད་བརྩམ་ན་རི་དྭགས་མཐའ་ལ་གཏད་པ་ལྟ་བུའི་གནད་དང་བཞིའོ། །གཉན་ཐོག་ཏུ་གཉན་དབབ་པ་མེ་བཙའ་ལྟ་བུའི་གནད་ནི། དཔེར་ན་ལུས་ཀྱི་ཆ་ཤས་འགའ་ཞིག་ཏུ་རྩ་འབྲུམ་ལྟ་བུའི་ནད་ཅིག་བྱུང་ན་བྱུང་ས་དེ་ཉིད་དུ་མེ་བཙའ་བྱས་པས་ནད་དེ་རང་ཞིར་འགྲོ་བ་ལྟར། རྣལ་འབྱོར་པས་ཉམས་སྐྱོང་བར་བྱེད་པ་ལ་གཉན་ཁྲོད་འགྲིམ་དགོས། དེ་ལ་གང་གཉན་ན་འཇིག་རྟེན་ན་ཀླུའི་ཕོ་བྲང་གཉན་པས་གང་གཉན་སར་བྱེད་པ་དེ་ཉིད་དུ་ཕྱིན་ལ། རྣལ་འབྱོར་པའི་རང་སེམས་སྟོང་ཉིད་དུ་ལྷན་གྱིས་ཕེབ་པའོ། །ཡང་ན་འདི་ལྟར་བྱ་སྟེ། གང་གཉན་སར་བྱེད་པ་དེ་ཉིད་དུ་ལྷན་ཏེ་བསྡད་ལ། སྤྱིར་མི་མ་ཡིན་པ་ཐམས་ཅད་གཉན་ཞིང་ནུས་པ་ཆེ་ཡང་། དེ་བས་དཀོན་མཆོག་གསུམ་གཉན་ཞིང་ནུས་པ་ཆེ་ལ། དཀོན་མཆོག་གསུམ་གྱི་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་ཞིང་། དེ་དུས་གསུམ་སངས་རྒྱས་པས་གཉན་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཆང་གི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་པ་དང་། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་བྱོན། །ཞེས་བཤད་པས་རང་གི་སྤྱི་བོར་ཉི་ཟླ་པདྨའི་གདན་ལ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་རྣམས་བསྟིམས་ལ། བླ་མ་དེ་བླ་མ་ཐམས་ཅད་ཀྱི་ངོ་བོར་བཞུགས་པ། གྲུབ་པ་ཐོབ་པའི་ཆ་བྱད་ཅན། གཡས་ཌཱ་མ་རུ། གཡོན་ཁ་ཊྭཱཾ་ག་བསྣམས་པ། སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་གསོལ་བ། སྣང་སྲིད་འདི་མནན་ན་ནེམ་པ། བཏེགས་ན་ཐེག་པ། བར་ཆད་ཐམས་ཅད་སེལ་ཞིང་དངོས་གྲུབ་ཐམས་ཅད་སྟེར་ནུས་པ། གཟི་བརྗིད་དང་ལྡན་པ་ཞིག་བསྒོམ། དེ་ནས་བླ་མ་དེ་ལ་སེམས་མ་ཡེངས་པར་བྱས་ལ། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདག་གི་སྡིག་སྒྲིབ་དང་སྡུག་བསྔལ་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ་བྱས་ལ། རིག་པ་ཁྱབ་གདལ་ཆེན་པོའི་ངང་ལ་གློད་ལ་བསྡད་དོ། །
གཉིས་པ་ལྷ་འདྲེ་ཟིལ་གྱིས་མནན་པ་ཉི་མ་ལྟ་བུའི་གནད་ནི། དཔེར་ན་ཐོ་རངས་ཀྱི་སྐར་ཆེན་ཐམས་ཅད་ནམ་ལངས་པ་དང་འོད་ཇེ་ཆུང་ལ་འགྲོ། ཉི་མ་ཤར་བ་དང་ཉི་མའི་འོད་ཀྱིས་ཟིལ་གྱིས་མནན་ཏེ་མི་སྣང་བ་བཞིན་དུ། རྣལ་འབྱོར་པས་རང་སེམས་ཁྱབ་གདལ་ཆེན་པོའི་ངང་དུ་བཞག་པས་གདོན་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཆོས་ཉིད་ཀྱི་ཟིལ་གྱིས་ནོན་ནས་ལྡང་མི་ནུས་པའོ། །
གསུམ་པ་ལྷ་འདྲེ་ལ་ཉེ་རིང་མེད་པ་ཕ་མ་ལྟ་བུའི་གནད་ནི། དཔེར་ན་རང་གི་ཕ་མ་གཉིས་པོ་བདེ་བར་འདོད་ཅིང་སྡུག་བསྔལ་བར་མི་འདོད་པ་བཞིན་དུ་ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་སྟེ། ལྷ་བཟང་པོ་ལོགས་ན་མཆོད་དུ་མེད་ཅིང་། འདྲེ་ངན་པ་ལོགས་ན་བརྡུང་དུ་མེད། འཁོར་འདས་ཐམས་ཅད་ལོགས་ན་སྤང་བླང་མེད་པར་རང་གྲོལ་དུ་རྟོགས་པ་དེ་ལ་ལྷས་ཕན་བཏགས་པ་མེད་ཅིང་འདྲེས་གནོད་པ་བསྐྱལ་བ་མེད་དེ། གཉིས་ཀ་སེམས་ཉིད་དུ་གཅིག་པས་མཉམ་པ་ཉིད་ཡིན་ནོ། །དེ་ལྟར་ཡང་མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་བཤད་དོ། །
བཞི་པ་ཇི་ལྟར་བྱས་ཀྱང་བར་ཆད་བརྩམ་ན་རི་དྭགས་མཐའ་ལ་གཏད་པ་ལྟ་བུའི་གནད་ནི། དཔེར་ན་རི་དྭགས་བཤོར་བའི་རྔོན་པ་དག་གིས་ཐང་ལྟ་བུ་ལ་རི་དྭགས་རྣམས་ཇི་ལྟར་བྱས་ཀྱང་མ་ཟིན་པ་ལ་བྲག་ལ་སོགས་པའི་མཐའ་གཅིག་ལ་གཏད་ནས་དེད་པས་མཐའ་དེར་ཚུད་པས་གང་དུ་ཡང་འགྲོ་ས་མེད་པས་ཟིན་པ་བཞིན། གཉན་ཁྲོད་དུ་རྣལ་འབྱོར་པ་ལ་གནོད་པ་ཅུང་ཟད་བྱས་ཏེ་ན་ཚ་བག་རེ་བྱུང་ན། དེ་ནས་བྱོལ་བ་དང་། ཡས་སྟགས་བྱིན་པས་མི་ཕན་པས་སླར་ཁོ་གནས་པའི་ས་གཉན་བརྐོ། ཆུ་གཉན་དཀྲུགས། ཤིང་གཉན་བཅད། ཐབ་གཞོབ་ཆེན་པོ་བཏང་ལ་དེ་ཉིད་དུ་གློད་ལ་བསྡད་པས་སླར་གདོན་དེ་ཉིད་བྱེར་ནས་གནོད་མི་ནུས་སོ། །
གསུམ་པ་དབང་པོ་དང་སྦྱར་བའི་ཉམས་ལེན་བསྟན་པའི་ལེ་ལག་ལ། གང་ཟག་དབང་པོ་རབ་ཀྱིས་ལུས་རོ་ལྟ་བུ། ངག་ལྐུགས་པ་ལྟ་བུ། སེམས་ཆུ་རྡོ་ལྟ་བུར་སྨྲ་བསམ་བརྗོད་མེད་དུ་བཞག་པས་ཆོ་འཕྲུལ་རང་ཞི་རང་དག་ལ་གྲོལ་ནས་བློ་བདེ་འབོལ་གྱིས་འགྲོ། བག་དྲོ་འུར་གྱིས་འགྲོ། ཉམས་དགའ་ཡལ་གྱིས་འགྲོ་བས་རྗེས་ལ་ཉམས་རྟོགས་ཁྱད་པར་ཅན་འབྱུང་བའོ། །འབྲིང་གིས་གཉན་སར་ཆོ་འཕྲུལ་བྱུང་བའི་དུས་སུ་ཆོ་འཕྲུལ་དེ་རྣམས་རང་གི་སེམས་ཀྱི་སྣང་བ་ཡིན་ཞིང་། སེམས་སྐྱེ་བ་མེད་པ་ཆོས་སྐུ་ཡིན་པས་ཆོ་འཕྲུལ་དེ་དག་སེམས་ཀྱི་རྩ་ལམ་རོལ་པ་རྒྱན་དུ་ཤེས་པས་བྱུང་ཡང་སེམས་ཀྱི་ཆོ་འཕྲུལ་དུ་བྱུང་། སྣང་ཡང་སེམས་ཀྱི་ཆོ་འཕྲུལ་དུ་སྣང་། ཡིན་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། ཞི་ཡང་སེམས་སུ་ཞི་བས་སེམས་ལས་ཐ་དད་པའི་གདོན་མེད་ལ། སེམས་སྐྱེ་མེད་ཡིན་པས་དེའི་ངང་ལ་གློད་ལ་བཞག་གོ །དབང་པོ་ཐ་མས་ལུས་སེམས་ཕྲལ་ལ་ལུས་བློས་ལིངས་ཀྱིས་བཏང་ལ། རིག་པ་རྟེན་མེད་རྗེན་པར་ཉམས་སུ་བླངས་པས་ཆོ་འཕྲུལ་ཞི་ནས་ཤེས་པ་བདེ་སངས་པའམ། ཉམས་དགའ་ཡལ་གྱིས་འོང་ཞིང་རྗེས་ལ་ཉམས་རྟོགས་འཕེལ་བར་འགྱུར་རོ། །
དེ་ལྟར་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་ཉམས་ལེན་བསྐྱངས་པས་མི་མ་ཡིན་གྱིས་སྡོང་གྲོགས་ལ་སོགས་པར་བྱུང་ཡང་དགའ་བའི་བློ་མི་སྐྱེ། དགའ་བྲོད་ཀྱི་བདུད་འཇུག་པ་ལ་ཚེགས་མེད་པ་ཡིན། ལར་དབེན་པ་བསྟེན་ནམ། ཚོགས་པ་སྐྱོང་ངམ། གྲོང་ཡུལ་དུ་སྡོད་དམ། མི་གསེབ་ཏུ་འགྲོ་བ་ལ་སོགས་པ་གང་ལ་ཡང་ཚུལ་འཆོས་དང་ཁེ་རྔམ་ལ་སོགས་བདུད་འཇུག་པའི་རྒྱུ་ཡིན་པས་མི་བྱའོ། །སྟོང་ཉིད་སྙིང་རྗེ་བླ་མའི་མོས་གུས་གསུམ་དང་ནམ་དུའང་མི་འབྲལ་བར་བྱའོ། །གྲོང་ཡུལ་ལ་སོགས་པར་ཡུན་རིང་ན་ཉམས་ཡལ་འགྲོ་བས་གྲོང་ཡུལ་དུ་ཡུན་རིང་བར་མི་སྡོད། རོ་སྙོམས་ལྡོམ་བུ་ཡང་ཡུན་རིང་དུ་མི་བྱ། ལྟོ་ཕྱིར་འཆོར། ཚོགས་པའང་ཡུན་རིང་དུ་མི་བསྐྱངས། ཚིག་དང་ལོང་གཏམ་དང་ཡེངས་མ་ལམ་ལ་ཡན་ནས་འགྲོ་བས་རྟག་ཏུ་དབེན་པ་རི་ཁྲོད་དུ་ཉམས་བསྐྱང་ངོ་། །རི་ཁྲོད་དུ་སྡོད་པའི་དུས་སུའང་། རི་དྭགས་ཀྱི་ཐེད་ལ་སོགས་པ་ལའང་གདུང་སེམས་དང་རྔམ་སེམས་མི་བྱ། དེ་ཀུན་མི་མ་ཡིན་གྱིས་བྱེད་པ་ཡིན་ཏེ། བྱམས་དང་སྙིང་རྗེ་ལ་ཚོད་ལེན་བྱེད་པ་ཡིན། ཡུལ་པའི་དད་ཟས་ལའང་གདུང་བའི་སེམས་མི་བསྐྱེད། བྱུང་ཡང་ཚོགས་འཁོར་དང་བླ་མའི་ཕྱོགས་སུ་མ་ལུས་པར་བཏང་ངོ་། །དབེན་པར་བསྟེན་འདོད་པས་ཀྱང་། དང་པོར་གནས་དེར་ཕྱིན་པ་དང་། དང་པོ་ནས་སྤྲོ་ཞིང་དགའ་བར་བྱུང་ནས། འདྲིས་ཤིང་དང་མི་སྤྲོ་བར་སོང་ན་བར་ཆད་འོང་བས་གཞན་དུ་འཕོ། དང་པོ་ནས་འཇིགས་པའམ་ཉམ་ང་བར་བྱུང་ནས། བསྡད་ཅིང་དང་སྤྲོར་སོང་ན་དགེ་སྦྱོར་འཕེལ་བའི་གནས་ཡིན་ནོ། །དེ་ལྟ་བུའི་གནས་དབེན་པར་མི་མ་ཡིན་གྱིས་ཉམས་ཚད་བྱུང་ནའང་བྱམས་པ་དང་སྙིང་རྗེ་བསྒོམས་པས་ཞི་ནས་འགྲོ་བ་ཡིན། དེས་མ་ཞི་ན་ཕུང་པོ་གཟན་དུ་བསྐྱུར་བས་ཞི་བ་ཡིན། འཇམ་པོར་གཅོད་པ་ལས་དྲག་རྩུབ་བྱ་བ་མ་ཡིན་ནོ། །སྙིང་རྗེ་དང་བྱམས་པ་བྱང་ཆུབ་ཀྱི་སེམས་ཀྱིས་བདག་གཞན་ཐམས་ཅད་ཐར་པའི་ལམ་ལ་འགོད་པར་བྱའོ། །
བཞི་པ་གེགས་སེལ་བསྟན་པའི་ལེ་ལག་ལ། འགོ་བའི་ནད་དང་ལྷོག་པའམ། མཛེ་པོ་དང་། དམེ་བོ་དང་། ཉམས་བག་ཅན་ལ་སོགས་པ་རྣམས་ལ་བཅད་པས་སྙེམས་ཞུགས་པའམ། སྔར་གྱི་ཉམས་ཤོར་ནས་སྔར་མི་གཙང་བ་ལ་སྙད་བཏགས་ནས་ཤེས་པ་བྱིང་རྨུགས་སམ། ལུས་སྐྲངས་པ་དང་ནད་འགོས་པ་ལ་སོགས་པ་བྱུང་ན། ཉམས་ལེན་གྱི་གེགས་ཡིན་པས་སྔར་བསྟན་པའི་གཉེན་པོ་དང་ལྡན་པས་གང་གིས་ལེན་པ་དེ་ཀ་དང་སྤྱོད་ལམ་བསྲེས་པས་མྱུར་དུ་ཞི་ནས་འགྲོ་བའོ། །མི་གཙང་བ་ལ་སོགས་པ་བྱུང་ན། ཁྲུས་ཀྱི་དོད་པོར་རོ་བག་དང་མཛེ་ཅན་ལ་སོགས་དང་ཁ་བསྲེས་ལ་ཐོག་བརྫིས་བྱ། ཕྱོགས་ངན་དང་གཟའ་སྐར་ངན་པ་ལ་སོགས་པ་ལ་དོན་ཆེད་ཀྱིས་ཕྱིན་ལ་ཐོག་བརྫིས་བྱ། ཡེ་ནས་སྐྱེ་མེད་ཡིན་པས་བྱ་རྩོལ་དང་བྲལ་སྙམ་དུ་བསམ་སྟེ་དབྱིངས་དང་རིག་པ་འདྲེས་པར་བསྲེ། དབྱིངས་དང་རིག་པ་མ་བསྲེས་པར་ཁྱད་དུ་གསོད་ན་ལྟ་བའི་གེགས་ཡིན་པས། ཆོས་སྤྱོད་ཡན་ལག་བདུན་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དང་ཡང་དུ་དབྱིངས་དང་རིག་པ་བསྲེ་ཞིང་རྐྱེན་ཐོག་ཏུ་རྩལ་སྦྱང་ངོ་། །ཡང་འདྲེ་གཅོད་ལྟ་བུ་ལ་གཅད་སླ་བར་ཆོད་པ་དང་། དེ་ཉིད་ཀྱིས་གོ་ཆོད་པར་བྱས་ན་རྩལ་ཕྱོགས་མེད་དུ་མི་འབྱུང་སྟེ། དེ་ཉིད་སྤྱོད་པའི་གེགས་ཡིན་པས་དེ་ལ་བརྟེན་ནས་རྟོགས་པ་ཆེར་སྐྱེ་ཞིང་བཅད་དཀའ་བ་དེ་དག་ལ་བརྟེན་ལ། ཡང་དང་ཡང་དུ་རྩལ་སྦྱང་ཞིང་བོགས་འབྱུང་ངོ་། །དེ་ཡང་ལན་ཅིག་ངོ་འཕྲོད་ཙམ་གྱིས་སངས་རྒྱས་འདི་ཀ་ཡིན། འཐོབ་བྱ་འདི་ཀ་ཡིན་སྙམ་ན། འབྲས་བུའི་གེགས་ཡིན་པས། ཆོས་ཉིད་ཀྱི་ངང་ནས་རེ་དོགས་མེད་པའི་བློ་ཡིས་ཕྲིན་ལས་ཕུན་སུམ་ཚོགས་པའི་རྐྱེན་ཐེག་པ་ཆེན་པོའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །
ལྔ་པ་གོལ་ས་བསྟན་པའི་ལེ་ལག་ལ་གསུམ་སྟེ། གཅོད་མོ་སྨན་དུ་ཤོར་བ་དང་། གཅོད་འདོད་ཡོན་དུ་ཤོར་བ་དང་། གཅོད་དྲག་སྔགས་སུ་ཤོར་བའོ། །གཅོད་མོ་སྨན་དུ་ཤོར་བ་ནི། གཉན་ཁྲོད་འགྲིམས་ཤིང་ཉམས་ལེན་བསྐྱངས་པས་རིག་པ་དྭངས་སྙིགས་ཕྱེད་པས་གསལ་སྣང་ཅུང་ཟད་སྐྱེས་པས་འདྲེས་གནོད་མི་གནོད་དང་། ནད་ལྟ་བུ་ལ་ཕན་མི་ཕན་ཤར་ཏེ་གཞན་ལ་བཟླས་པས་ཐམས་ཅད་ཀྱིས་ཚོར་ནས་ཡང་དང་ཡང་དུ་འདྲིར་འོང་བ་དེ་ནི་གཅོད་མོ་སྨན་དུ་ཤོར་བའོ། །གཅོད་འདོད་ཡོན་དུ་ཤོར་བ་ནི། དགའ་བྲོད་དམ། གཡེང་བའམ། བསོད་ནམས་སྣ་ཚོགས་བྱུང་བས། གཉན་ཁྲོད་ལ་སོགས་ཕན་ཚུན་དུ་འཕོ་མི་སྲིད་པར་ཟང་ཟིང་དང་གཡོག་འཁོར་དང་སྙན་གྲགས་ལ་སེམས་ཡེངས་ནས། རང་གི་ཉམས་མྱོང་ཤོར་ཏེ་འདོད་ཡོན་རང་དགར་སྤྱོད་པ་ནི་གཅོད་འདོད་ཡོན་དུ་ཤོར་བ་ཞེས་བྱའོ། །གཅོད་དྲག་སྔགས་སུ་ཤོར་བ་ནི། ཉམས་མྱོང་བསྐྱངས་པས་ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱིས་ནད་གདོན་གྱིས་ཟིན་པའི་སར་ཕྱིན་ནས་བྱིན་རླབས་བྱས་པས་སངས་སོང་པ་ཐམས་ཅད་ཀྱིས་བོས་ཤིང་གྲོང་ཁ་འགྲིམས་པས་ཉམས་རྟོགས་འགྲིབ་པས་བྱིན་རླབས་ཤོར་ཏེ། དྲག་སྔགས་ཀྱིས་འདྲེ་ནད་འདུལ་དགོས་པ་འོང་བས། དེ་ནི་གཅོད་དྲག་སྔགས་སུ་ཤོར་བ་ཞེས་བྱ་བ་ཡིན་ནོ། །
དྲུག་པ་གཡེལ་བ་ཁ་བསྡུ་པའི་ལེ་ལག་ལ་གསུམ་སྟེ། ཉམས་ལྟེམས་པ་༼༡༽སྤར་བ་དང་། འཐོར་བ་སྡུད་པ་དང་། གྲིམ་པ་གློད་པ་དང་གསུམ་མོ། །ལྟེམས་པ་སྤར་བ་ནི། གཉན་ཁྲོད་ལ་སོགས་པར་ཕྱིན་པའི་དུས་སུ་ཆོ་འཕྲུལ་དང་དྲོད་རྟགས་གང་ཡང་མེད་ན། རང་གི་ཉམས་ལེན་གྱི་སྟོབས་ཆུང་བས་གདོན་མ་སློང་སྟེ་གཅོད་ལྟེམས་པ་ཡིན་པས། དེ་སློང་བའི་ཐབས་ལ་ཏིང་ངེ་འཛིན་གྱིས་མཐའ་གཏད་བྱ། དེས་མ་སློང་ན་གཅེར་བུར་བུད་ལ། མི་ལྤགས་ཀྱི་གཡང་གཞི་གོན། མི་རྐང་གི་གླིང་བུ་འབུད། ཌཱ་མ་རུ་དཀྲོལ་ཞིང་། རྒྱ་གར་ནག་དང་བལ་པོ་ལ་སོགས་པའི་ལྷ་འདྲེའི་མིང་ནས་ཐོན་ཚད་བོས་ལ། ངས་གཅོད་བྱེད་པ་ཡིན་པས་ཐམས་ཅད་འདིར་འདུས་ཤིག་བྱས་ལ། སྔོན་དུ་དཀར་གཏོར་ཞིག་བྱིན། དེ་ནས་དམར་གཏོར་བྱིན་ཏེ། རང་གི་ལུས་སེམས་ཕྲལ་ལ་ལུས་ཤ་ཁྱེར་ཁྲག་ཁྱེར་དུ་བྱིན་པས་བསོད་ནམས་ཀྱི་ཚོགས་རྫོགས། སེམས་ནམ་མཁའི་ཚུལ་དུ་རྟེན་མེད་དུ་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས། ལན་ཅིག་ཆོ་འཕྲུལ་ཟིང་ཟིང་པ་ཞིག་བྱུང་ནའང་གནས་ལུགས་ཀྱི་ངང་ལ་སྙེམས་ཐག་རྦད་ཀྱིས་ཆོད་པས་ཉམས་རྟོགས་ལྷག་པར་འཆར་བར་འགྱུར་རོ། །
འཐོར་བ་བསྡུ་བ་ནི། བློ་རྩེ་གཉིས་སུ་མི་བཏང་། ཤེས་པ་ཁ་འཚམས་སུ་མི་གཞུག །ཤེས་པ་ཡབ་ཡེབ་ཏུ་མི་གཏང་བར། ཤེས་པ་བག་ཕེབས་པར་བྱས་ལ། ཤེས་པ་བདལ་ལ་བཞག་གོ །བསྒྲིམ་པ་གློད་པ་ནི། སྒོམ་སྒོམ་པོ་དང་འདོད་འདོད་པོར་མ་སོང་བར་ཤེས་པ་ལྷོད་ཀྱིས་གློད་ནས་ཡེངས་ཐབས་སུ་འཇོག་གོ །
བདུན་པ་ན་ཚ་བྱུང་ན་ཇི་ལྟར་ཉམས་སུ་བླང་པའི་ལེ་ལག་ལ་བཞི་སྟེ། གཉན་ཁྲོད་འགྲིམ་ལ་བཅད་པ་དང་། འབྱུང་བཞི་ཆ་སྙོམས་པ་དང་། ནད་ཐོག་ཏུ་ནད་དབབ་པ་དང་། ལས་ཀྱི་མཐའ་བསྟན་པའོ། །གཉན་ཁྲོད་འགྲིམ་ལ་བཅད་པ་ནི། རང་ལ་ན་ཚ་བྱུང་ན་ཐབས་གཞན་མི་བཙལ་བར་གཉན་ཁྲོད་ཅིག་ཏུ་ཕྱིན་ལ། ལུས་འདི་ལ་ཞེན་པའི་རྟོག་པ་བཅད་ལ། གདོན་དེ་ལ་ལིངས་ཀྱིས་བྱིན་ལ་འདི་སྐད་བྱ། ཁྱོད་དང་བདག་གཉིས་སྨོན་ལམ་གཅིག་པས་ད་ལྟ་འབྲེལ་བ་ཡིན། དེ་བས་ཀྱང་བདག་གི་ལུས་འདི་ཁྱོད་ལ་འབུལ་གྱིས། ཁྱོད་འདིར་སྡོད་ཅིག །ང་ལ་སྙན་བརྒྱུད་ཟབ་མོ་ཡོད་པས་རང་ཅག་གཉིས་ཀའི་སྡིག་པ་སྦྱོང་བའི་དོན་དུ་ཡང་དག་པའི་དོན་བསྒོམ་གྱི་བྱས་ལ། ལུས་སེམས་ཕྲལ་གནས་ལུགས་དོན་ལ་བློ་ལྷོད་ཀྱིས་བཞག་པས་ནད་གང་ཡིན་པར་རང་ཞིར་འགྲོའོ། །ནད་པ་གསོ་ན། དེའི་ལུས་རི་རབ་ཙམ་དུ་བསམས་ལ། འུ་ཅག་གསུམ་གནས་སྐབས་ཀྱི་སྨོན་ལམ་གཅིག་ཡིན་པས་ཁྱོད་གཞན་དུ་མ་འགྲོ་བར་འདིར་སྡོད་ཅིག །འུ་ཅག་གསུམ་གྱི་སྡིག་སྒྲིབ་སྦྱང་བར་བྱ་བའི་ཕྱིར་ངས་ཡང་དག་པའི་དོན་བསྒོམ་གྱི་བྱས་ནས། ནད་པའི་ལུས་ཁོ་ལ་ལྟོས་མེད་དུ་བྱིན་ལ་གནས་ལུགས་ཀྱི་ངང་ལ་ལྷན་གྱིས་བཞག་གོ །ཡང་གང་ན་སར་སྟོང་ཉིད་ཀྱི་ངང་ནས་བྱབ་བྱབ་བྱ་ཞིང་། བདེན་པའི་ཚིག་བརྗོད། རང་གི་རིག་པ་ཡང་སྟོང་པ། ནད་དང་གདོན་ཡང་སྟོང་པ། ནད་པའི་ལུས་དང་སེམས་ཡང་སྟོང་པ། སྟོང་པ་ལ་སྟོང་པས་གླགས་མི་རྙེད་པས་སྟོང་སངས་སངས་སོང་བར་བསམས་ལ། གནས་ལུགས་ཀྱི་སྟེང་དུ་ལྷན་གྱིས་བཞག་གོ །
འབྱུང་བཞི་ཆ་མཉམ་པ་ནི། སྤྱིར་རྣལ་འབྱོར་པ་ལ་ན་ཚ་ཅི་ཡོད་ཀྱང་ཉམས་ལེན་གྱི་སྟེང་དུ་བཞག་ནས་ལུས་ལ་ལུས་སུ་མི་གཟུང་བར་གང་དགར་བཞག་པས་གྲོལ་ནས་འགྲོ་བ་ཡིན་པ་ལ། དེ་ལྟར་བྱས་ཀྱང་དྲག་ཏུ་མི་འདོད་ན། ལུས་འདི་ཡང་འབྱུང་བ་བཞི་ལས་གྲུབ་པ་ཡིན་ལ་ནད་ཀྱང་འབྱུང་བ་བཞིས་བསྐྱེད་པ་ཡིན་པས། ལུས་ཀྱི་ཕྱི་ན་ན། ཕྱིའི་འབྱུང་བ་ཆེན་པོ་བཞི་ནང་གི་འབྱུང་བ་ཆེན་པོ་བཞི་ལ་བསྟིམས་ལ། གང་ན་བ་དེ་འོག་ཏུ་བཅུག་ལ་ལུས་ཁང་སྟོང་ལྟར་དུ་ཁྲེས་ཀྱིས་བསྐྱུར་ལ། སེམས་ནམ་མཁའི་ངང་དུ་རྟེན་མེད་དུ་ཁྲེས་སེ་བཞག་གོ །ལུས་ཀྱི་ནང་དུ་ན་ན། ནང་གི་ལུས་འབྱུང་བ་བཞི་པོ་འདི་ཕྱིའི་འབྱུང་བ་བཞི་ལ་ཕར་བསྟིམས་ལ། སེམས་ན་བུན་ཡལ་བ་ལྟར་ཡལ་དུ་བཅུག་སྟེ། གློད་པས་ཞི་ནས་འགྲོ་བ་ཡིན་ནོ། །ཡང་ན་ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྟིམས། ནང་གི་འབྱུང་བ་བཞི་གསང་བ་བྱང་ཆུབ་སེམས་ལ་བསྟིམས་ལ། སེམས་སྐྱེ་མེད་སྟོང་པའི་ངང་ལ་ཁྲེས་སེ་བཞག་གོ །ནད་ཐོག་ཏུ་ནད་དབབ་པ་ལ། ནད་ཚད་པར་འདུག་ན། ཚད་པ་མེ་ནང་དུ་ཞི་བར་བྱ་བ་དང་། ནད་གྲང་བར་འདུག་ན་སྐམ་ཐག་ཆུ་ནང་དུ་བཅད་པའོ། །དེ་ལ་ནད་ཚད་པར་འདུག་ན། ཚད་པ་ལ་གང་གནོད་པའི་ཟས་དང་སྤྱོད་ལམ་བསྟེན་ལ། ད་བདག་ཤི་ན་རེ་དགའ། ད་ལྟ་ཉིད་དུ་འཆི་བ་དོན་དམ་པའི་བདེན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་དུ་སངས་རྒྱས་པར་ཡོད་པས། དེ་ངོས་བཟུང་དགོས་སྙམ་དུ་བསམ་ཞིང་། ཚེ་འདི་ལ་མ་ཆགས་པར། ཕཊ་བྱས་ལ་བེམ་རིག་ཤག་གིས་ཕྲལ་ལ་བློ་རེ་དོགས་མེད་པར་ལྷོད་ཀྱིས་གློད་ལ། བློ་རྒྱ་བསྐྱེད་ལ། རིག་པ་ཁྱབ་གདལ་ཆེན་པོའི་ངང་དུ་ཡིད་ལ་མི་བྱེད་པར་བཞག་གོ །ཨ་མ་རྩིར་བཞག །ནམ་ཀྱང་མེད་དུ་བཞག །གར་སོང་གར་ལེགས་དུས་སུ་བཞག་གོ །དེ་ལྟར་བཞག་པས་ནད་འཛིན་དང་ནམ་བྲལ་ཚེ་སོས་ནས་འོང་། སོས་ཀྱང་དགའ་བའི་སེམས་མེད་པར་གཏད་མེད་དུ་བཞག་གོ །གྲང་བའི་ནད་དེ་ལ་གང་གནོད་པའི་ཟས་དང་སྤྱོད་ལམ་བྱས་ལ། སེམས་ལྷོད་ཀྱིས་གློད་ལ་འཛིན་མེད་ཀྱི་ངང་དུ་ཕཊ་བྱས་ལ་ཉལ་བསྡད་དོ། །དེ་ལྟར་སྙེམས་དང་ཕྲལ་ནས་འཇོག་པ་ལས་བསྒོམ་དུ་ཅི་ཡང་མེད་དོ། །མི་བསྒོམ་པ་དེ་ཀ་སྒོམ་པ་ཡིན། དེས་ཤི་ཡང་ལེགས་ཏེ་ཆོས་དབྱིངས་སུ་གྲོལ་བ་ཡིན། མ་ཤི་ན་ཡང་འགལ་མེད་དེ། རང་རིག་པའི་ཡེ་ཤེས་འགག་པ་མེད་པས་སོ། །དོན་གོ་སེམས་ལ་འཆི་རྒྱུ་མི་འདུག་པས་གར་སོང་གར་ལེགས་སུ་འཇོག་པ་ཡིན། གཞན་ཡང་ཤེས་པ་མི་དགའ་འམ། འགྲོ་འདོད། ངུ་འདོད། ཚིག་པ་ཟ་བ་སོགས་བྱུང་ན། ཤེས་པ་རང་རྒྱུད་པར་མི་གཏང་བར། མཁན་པོ་རྩད་བཅད་ཅིང་རྩ་བྲལ་ངོས་ཟིན་པར་བྱས་ལ་གློད་ལ་བཞག་གོ །
ལས་ཀྱི་མཐའ་བསྟན་པ་ལ། གཞན་ལ་བྱིན་རླབས་ལ་སོགས་བྱེད་ན། ཀུན་རྫོབ་ཀྱི་བདེན་པ་ལ་མི་འགེགས་པས་སེམས་ཅན་སྡུག་བསྔལ་གྱི་ནད་པ་རྣམས་ལ་བྱམས་པ་དང་སྙིང་རྗེ་བསྒོམ། སྐྱབས་འགྲོ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བརྒྱུད་པའི་བླ་མ་ལ་གསོལ་བ་གདབ། ཡི་དམ་ལ་བདེན་པ་བདར། ནད་གདོན་ཐམས་ཅད་ཞི་བར་བྱིན་གྱིས་བརླབ། དོན་དམ་པ་ན་བདག་དང་ནད་པ་དང་ཡི་དམ་གསུམ་ཆོས་ཉིད་སྟོང་པའི་དབྱིངས་སུ་ངོ་བོ་གཅིག་ཏུ་ཀྲུག་གིས་བསྲེས་ལ་ལྷོད་ཀྱིས་གློད་ནས་མི་གཡོ་བར་འཇོག་པ་ཡིན། དེ་ཙམ་ན་སྔོན་ལ་སྒོམ་མ་སྙམ། ཤེས་པ་སྡུག་ཐུམ་མ་བྱེད། དམིགས་པ་ཕྱོགས་གཅིག་ཏུ་མ་གཏད། དམིགས་མེད་བསམ་བྲལ་གྱི་ངང་ལ་ཚན་བསྲན་བསྐྱེད། ཕན་དུ་རེ་བ་ངང་མ་ཐུང་། སོས་ཀྱང་རློམ་སེམས་མ་བྱེད། ཉམས་དང་བྱིན་རླབས་ཡེངས་སུ་ཆུག །དེ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་པས་ནད་ཐམས་ཅད་སྒྲོན་མེ་བཏེགས་པས་མུན་པ་སངས་པ་བཞིན་རང་དེངས་སུ་འགྲོ་བ་ཡིན་ནོ། །སྡུད་པ་ལས། བདེན་པའི་བྱིན་གྱིས་རླབས་ཀྱིས་མེ་ཡི་ཕུང་པོ་ཞི་ཞེས་སོ། །སྲིའུ་གསོ་ན། གཉན་སར་ཁྱེར་ལ་ཤ་ཁྲག་གནོད་བྱེད་ལ་ལིངས་ཀྱིས་བྱིན་ལ། སེམས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་བོ། །ན་ན་ཏིང་ངེ་འཛིན་གྱི་མཐའ་གཏད་བྱ། གོས་ཆུ་ལ་བཀྲུས་ལ་བྲག་ཤིང་ལ་སོགས་པ་ལ་གཏོར། བུ་ཆུང་གི་རིལ་མ་བསྲེག་ལ་དུད་པ་བཏང་ལ་མེ་དེ་ལ་བུ་ཆུང་བསྲོ། མཛེ་ཀླད་བྱུག །མཛེ་ཅན་གྱི་ཁ་འཕྲོ་བླུད་སྣམ་ཕྱིང་ལྟ་བུ་ལ་མཛེ་ཅན་གྱི་དྲོད་ལ་ཕབ་ལ་བཀོན་པས་འཚོ་ངེས་སོ། །གཉན་སར་ཁྱེར་བ་མ་གྲུབ་ན། གཉན་སའི་ཤིང་དང་རྡེའུ་ལ་སོགས་བཏགས་པས་འགྲུབ་བོ། །ཆར་པ་འབེབས་ན། ཀླུ་ཡོད་ངེས་པའི་ཆུ་མིག་ཏུ། བ་སུ་ཀི་དང་། དཀར་གསུམ་མངར་གསུམ་གྱི་གཏོར་མ་བྱིན་ལ་ཆར་པ་བསླང་ངོ་། །དེས་མ་ཕེབས་ན། མཛེ་ཁྲག་མཛེ་ཀླད་དོར་རྟ་ལ་སོགས་པ་བསྲེགས་ནས་ཆུ་མིག་ཏུ་བླུགས་པས་ཕེབ་པར་འགྱུར་རོ། །བསྟན་པ་འཇིག་པའི་དགྲ་བྱུང་ན། དེའི་དྲི་མ་དང་མིང་རུས་བྲིས་ལ་གླང་རུར་བཅུག་ནས་གཉན་སར་བྲུས་ལ་སྦ། གཟུ་དཔང་གསོལ་ཞིང་ལས་འདི་གྱིས་ཤིག་བྱའོ། །སེར་བ་འབེབས་ན། དུག་ཁྲག་སྣ་ཚོགས་ཡུགས་སའི་དོར་རྟར་བཏུམ་ལ་གཉན་སར་སྦས་ནས། ཏིང་ངེ་འཛིན་གྱིས་མཐའ་གཏད་དྲག་པོ་བྱས་པས་འོང་ངེས་སོ། །སེར་སྲུང་བྱེད་ཀྱང་སྟོང་པའི་ངང་ལ་དམིགས་ལ་བྱའོ། །
བརྒྱད་པ་འཐས་ན་བོགས་དབྱུང་བའི་ལེ་ལག་ལ། རྩོལ་བ་དྲག་ཏུ་བྱས་ཀྱང་ཉམས་ལ་ཡར་སྐྱེད་མེད་ན་འཐས་པ་ཡིན་པས་བོགས་དབྱུང་བ་ལ་གསུམ་སྟེ། སེམས་ཅན་ལ་སྙིང་རྗེ་བསྒོམས་ལ་བོགས་དབྱུང་བ་དང་། བླ་མ་ལ་མོས་གུས་བསྒོམས་ལ་བོགས་དབྱུང་བ་དང་། རྐྱེན་དྲག་པོ་ལ་ཐོག་འགེལ་བྱས་ལ་བོགས་དབྱུང་བའོ། །དེ་ལ་ཡོད་ན་སྔོན་དུ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ལ་གཏོར་ཚོགས་བཏང་ལ། དེ་ནས་འདི་བཞིན་བསམ་པར་བྱ། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་སྙིང་རེ་རྗེ། ཁྱད་པར་དུའང་ད་ལྟར་བདག་ལ་གནོད་པར་བྱེད་པའི་དགྲ་འདྲེ་འདི་རྣམས་སྙིང་རེ་རྗེ། སེམས་ཅན་འདི་རྣམས་ཀྱིས་བདག་གི་ཕ་དང་མ་ལན་གྲངས་དཔག་ཏུ་མེད་པ་ཞིག་བྱས་ཤིང་ཕན་མང་པོ་བཏགས། གནོད་པ་མང་པོ་བསལ་ཞིང་། རང་གི་སྲོག་བསྐྱེད། བུ་ཚ་ལ་གཅེས་པར་བྱས་ཤིང་བསྐྱངས་པ་ཡིན་པས། ཤིན་ཏུ་དྲིན་ཆེ་བར་འདུག་ཨང་སྙམ་དུ་ཡང་ཡང་བསམ། བདག་གི་ཕ་མ་དྲིན་ཅན་འདི་རྣམས་བདེ་བར་འདོད་ཀྱང་བདེ་བ་མ་མྱོང་གི་སྟེང་དུ་སྡུག་བསྔལ་འབའ་ཞིག་མི་འདོད་བཞིན་དུ་དབང་མེད་པར་མྱོང་བ་འདི་རྣམས་སྙིང་རེ་རྗེ་ན་སྙམ་དུ་བསམ། དེ་ཡང་དང་པོ་སྡུག་བསྔལ་དངོས་ལ་གནས་པ་ལ་བསྒོམ། དེ་བས་སྡུག་བསྔལ་གྱི་རྒྱུ་ཚབ་ཆེན་པོ་སྤྱོད་པ་རྣམས་མཆི་མ་ཀོ་ཐུལ་བྱུང་བྱུང་དུ་བསྒོམ། དེ་ཡང་སྡུག་བསྔལ་བ་རྣམས་བསམ་ཞིང་ཕྲེང་བ་བགྲངས་ལ། སྙིང་རེ་རྗེ་ན་ཞེས་པ་ལ་སོགས་པ་བརྒྱ་རྩ་བརྒྱད་ལ་སོགས་པ་བསྒོམ། དེ་ལྟར་ངལ་གསོ་ཞིང་ཐུན་བཞིར་བསྒོམས་པས། མཇུག་ཏུ་སྙིང་རྗེ་རང་བབས་སུ་སྐྱེ་བ་འབྱུང་ལ། དེ་སྐྱེས་པ་དེའི་དབང་གིས་སྡིག་སྒྲིབ་ཐམས་ཅད་དག་ནས་དགེ་སྦྱོར་གྱི་བོགས་རང་བཞིན་གྱིས་འབྱུང་པས། གནས་ལུགས་སྟོང་པ་ཉིད་རྒྱུད་ལ་སྐྱེ། དེ་རྒྱུད་ལ་སྐྱེས་ཙ་ན་བསྒོམ་མི་དགོས་པར་རང་ཤུགས་ཀྱིས་སེམས་ཅན་ལ་སྙིང་རྗེ་སྐྱེ་བའོ། །
གཉིས་པ་བླ་མའི་མོས་གུས་བསྒོམས་པས་བོགས་དབྱུང་བ་ནི། ལམ་ལ་འབད་རྩོལ་དྲག་ཏུ་བྱས་ཀྱང་བློ་ལ་ཡར་སྐྱེད་མེད་ན་བླ་མའི་བྱིན་རླབས་མ་ཞུགས་པས་ལན་ལ། བྱིན་རླབས་མི་འཇུག་པ་དེ་ཅིས་ལན་ན། གསོལ་བ་བཏབ་ཀྱང་མོས་གུས་དྲག་པོ་མ་སྐྱེས་པས་ལན། དེ་ལ་སྡུག་བཙིར་གྱིས་བསྒོམ་ཀྱང་མི་ཕན་པས། ཆོས་ཀྱི་བྱ་བ་གཞན་ཐམས་ཅད་ལིངས་ཀྱིས་བཞག་ལ། ཉིན་མཚན་ཐུན་བཞིར་བཅད་ལ། གདམས་པ་དང་བྱིན་རླབས་ཀྱིས་རང་ལ་ཕན་ཐོགས་པའི་རྩ་བའི་བླ་མ་བཀའ་དྲིན་ཅན་གང་ཡིན་པ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ། བླ་མའི་རྣལ་འབྱོར་དང་ལྡན་པས་གསོལ་བ་དྲག་པོ་ཡང་ནས་ཡང་དུ་བཏབ་པས། མོས་གུས་ནམ་ཆུད་པ་དང་བྱིན་རླབས་ཞུགས་ཏེ། ཉམས་རྟོགས་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་པས་རང་སྟན་བདེ་བ་ལ་སྤྱོད་ལམ་བདེ་བར་བསྡད་ལ། སྔོན་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམས་ལ། དེ་ནས་རང་ཐ་མལ་དུ་ཡོད་པའི་སྤྱི་བོའི་སྟེང་དུ་ཉི་ཟླ་པདྨའི་གདན་ལ་གདམས་པ་དང་བྱིན་རླབས་ཀྱིས་རང་ལ་ཕན་ཐོགས་པའི་རྩ་བའི་བླ་མ་བཀའ་དྲིན་ཅན་གང་ཡིན་པ་དེ་ཤིན་ཏུ་གསལ་བར་བསྒོམས་ལ། གདུང་སེམས་དུང་པ་ཞིག་བསྐྱེད་དོ། །
དེ་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་རྣམས་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་མ་དང་བཅས་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཀྱི་རྣམ་པར་བྱོན་ནས་བླ་མ་དང་གཉིས་སུ་མེད་པར་ཐིམ་པས་འོད་དང་གཟི་བརྗིད་དང་བཅས་ཏེ་མངོན་སུམ་བཞིན་བཀྲ་ལམ་མེ་བཞུགས་པར་བསམ། ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་བར་སྣང་དང་ས་གཞི་ཐམས་ཅད་ཁེངས་ཏེ་བར་ཆད་ཐམས་ཅད་སེལ་བར་བསམས་ལ། མོས་གུས་དྲག་པོ་དང་བཅས་ཏེ་ཡིད་ཀྱིས་ཕྱག་འཚལ་ཞིང་། རེ་ས་གཞན་མེད་སྙམ་དུ་ཞེ་མནའ་བསྐྱལ། ལུས་དང་ལོངས་སྤྱོད་ཐམས་ཅད་ལིངས་ཀྱིས་མཆོད་པར་ཕུལ་ལ་གསོལ་བ་གདབ་སྟེ། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་མྱོང་དང་རྟོགས་པ་ཁྱད་པར་དུ་འཕགས་པ་བདག་གི་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདག་གི་སྡིག་སྒྲིབ་དང་སྡུག་བསྔལ་དང་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་ཡང་དང་ཡང་དུ་འོ་དོད་འབོད་དོ། །གདུང་སེམས་གཏིང་ནས་སྐྱེས་ན་ཚིག་ཏུ་མ་བཏོན་ཡང་འགལ་བ་མེད་དོ། །བླ་མའི་ཐུགས་ཉིད་ནམ་མཁའ་ལྟ་བུའི་ཀློང་ནས་བྱིན་རླབས་ནམ་མཁའ་ལྟ་བུ་དེ། རང་གི་སེམས་ཉིད་ནམ་མཁའ་ལྟ་བུ་ལ་འཇུག་པ་ལ་ཐེ་ཚོམ་ག་ལ་སྲིད་སྙམ་དུ་གཤའ་མར་ཡིད་ཆེས་པར་བྱ་ཞིང་། གསོལ་བ་རུས་པའི་གཏིང་ནས་གདབ་པར་བྱའོ། །དེ་ལྟར་བྱས་ན་བྱིན་རླབས་མི་འཇུག་མི་སྲིད་པ་ཡིན་ནོ། །
དེ་ལྟར་ཉིན་མཚན་ཐུན་བཞིར་ལོང་པར་གསོལ་བ་བཏབ་ལ། ཐུན་འཇོག་ཁར་བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་མར་ཐིམ་པས་རང་སེམས་དང་དབྱེར་མེད་དུ་འདྲེས་པར་བྱས་ཏེ་བོགས་དབྱུང་བ་ནི། སྤྱིར་ཡིད་ཡུལ་ན་གོ་བ་ཡོད་པ་ཙམ་གྱིས་མི་ཆོག་སྟེ། དགག་སྒྲུབ་ཀྱི་གནས་ལ་ཡང་ནས་ཡང་དུ་བསྲེ་ཞིང་རྩལ་ཕྱོགས་མེད་དུ་སྦྱང་དགོས། དེ་ལྟར་མ་སྦྱངས་ན་རྐྱེན་དྲག་པོ་དང་འཕྲད་ཙམ་ན་དགྲ་བྱུང་དུས་སྐྱེལ་མས་བོར་བ་ལྟར་བློ་ཐ་མལ་དུ་ལུས་པས། འགལ་རྐྱེན་བྱུང་དུས་དེ་ཉིད་དུ་ཐོག་འགེལ་བྱས་ལ་སེམས་དང་ཆོས་སུ་བསྲེ་དགོས་སོ། །འདྲེས་པ་ཙམ་གྱིས་ཀྱང་མི་ཆོག་སྟེ། རྩལ་ཕྱོགས་མེད་དུ་མ་སྦྱངས་ན། ཟག་མེད་ཀྱི་ཡོན་ཏན་ཕྱོགས་མེད་དུ་མི་འཆར་བས། འགལ་རྐྱེན་སྣ་ཚོགས་ཐོག་འགེལ་བྱས་ཤིང་ཕྱོགས་མེད་དུ་རྩལ་སྦྱང་། རྩལ་སྦྱོང་བ་ལ་ཁྲིག་ཁ་མ་བཤིགས་ན་ཚུལ་འཆོས་ཀྱིས་འཆིང་བས་གང་བྱུང་གི་སྣང་བ་ཐད་ཀར་གཅོད་ཅིང་སྤྱོད་པ་ཅི་ཐོད་ཐོད་དུ་སྤྱད་དགོས་པས་འདི་ལྟར་བསམ་བར་བྱ། བདག་སངས་རྒྱར་མ་འདོད་པ་འདི་འཁོར་བ་ཐོག་མ་མེད་པ་ནས་སྣང་བ་ལ་བདེན་པར་ཞེན་ནས། བླང་དོར་འབའ་ཞིག་བྱས་ཏེ་རོ་མ་སྙོམས་པས་ལན་འདུག །སེམས་ཉིད་གནས་ལུགས་ལ་སྐྱེ་འཆི་དང་། གཙང་བཙོག་དང་དགྲ་གཉེན་ལ་སོགས་པ་གང་ཡང་གྲུབ་པ་མི་འདུག་པ་ལ་ངས་གྲུབ་གྲུབ་པོར་བཟུང་ནས་བསྐྱུར་མ་ནུས། བསྲེ་མ་ནུས་པས་ལན་འདུག །ད་ཁྱེད་རང་ཇི་ལྟར་སོང་བར་སོང་སྙམ་དུ་བསམ་ཞིང་། གཉིས་སུ་འཛིན་པའི་རྟོག་པ་རྒྱངས་ཀྱིས་བསྐྱུར་ཏེ། ཕཊ་ཕཊ་བྱས་ལ། གང་ལ་ཡང་ཉམ་ང་ཞིང་བག་ཚ་བ་དེ་དང་བསྲེས་ལ་སྙེམས་དང་མ་བྲལ་གྱི་བར་དུ་ཡང་དང་ཡང་དུ་རྩལ་སྦྱང་ངོ་། དེ་ཡང་དང་པོ་རིག་པ་ལ་ངར་བཏགས་ལ་ལྟ་བའི་རྦད་ཁམས་བསྐྱེད་ལ། དགྲ་སྡང་བ་དང་། བུ་གཉེན་དང་། ཟས་སྐོམ་ཞིམ་མི་ཞིམ། མཛེ་ཅན་དང་། ནད་རིམས་དང་། རོ་བག་དང་། རྣམ་སྣང་ལྟ་བུ་སྐྱུག་བྲོ་བ་དང་། ཉམ་ང་བ་དང་། སྐྱི་འཇིགས་པ་ཐམས་ཅད་ལ་རྩིས་གདབ་མེད་པར་མི་ཕོད་བརྫི། འཁྲི་བ་བཅད། སྐྱོན་ངོས་བཟུང་། མཚང་ཡུལ་ན་བཏོན་ལ། བློས་རྩིས་གདབ་མེད་པར་བསྲེས་ལ་གློད་ནས་བཞག་གོ །ངུ་བ་དང་། དགོད་པ་དང་། འོ་དོད་འབོད་པ་ལ་སོགས་པ་སྨྱོན་པའི་སྤྱོད་པ་བྱས་ལ། ཁྲིག་ཁ་བསྒྱུར་ཏེ། མི་ཁྱུ་ནས་ཕུད་ལ་བཞག་གོ །དེ་ལྟར་བྱས་ཤིང་འདོད་པའི་བློ་གང་ཡང་ཕུགས་སུ་མི་གཞུག་པར། སྐྱག་གཏད་༼༢༽མེད་པར་ཡེང་མེད་དུ་བཞག་གོ །དེ་ལྟར་ཡང་དང་ཡང་དུ་རྩལ་སྦྱངས་པས་འཁྲུལ་པ་བཙན་ཐབས་སུ་འཇིག །ཞེན་པ་རང་ལོགས་སུ་འགྲོ། མོས་གུས་ཤུགས་འབྱུང་དུ་སྐྱེ། མཚན་མ་རང་གྲོལ་དུ་འགྲོའོ། །དེས་འབྲས་བུ་སྐུ་གསུམ་ཐོབ་བམ་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུའོ། །དེའི་ངང་ནས་སྨོན་ལམ་གྱི་སྟོབས་ཀྱིས་འགྲོ་དོན་ཅི་ཡང་འབྱུང་བ་ནི་སྤྲུལ་པའི་སྐུའོ། །འགྲོ་དོན་བྱེད་བཞིན་དུ་རྟོག་པ་མེད་པ། རྟོག་པ་མེད་བཞིན་དུ་འགྲོ་དོན་འབྱུང་། དེ་གཉིས་གཉིས་སུ་མེད་པར་ལོངས་སྤྱོད་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའོ། །སྐུ་གསུམ་པོ་དེ་དབྱེར་མེད་ངོ་བོ་བསམ་བརྗོད་ལས་འདས་པ་གཅིག་ཏུ་རྟོགས་པ་ནི་ངོ་བོ་ཉིད་ཀྱི་སྐུའོ། །ཐུན་མོང་མ་ཡིན་པའི་ལེ་ལག་བརྒྱད་པ་རྫོགས་སོ།། །། ༼༡༽མཆན། དོན་མ་ཡིན་པའི་སྤྱོད་པ་ལ་ཞུགས་པ་ནི་ལྟེམས་པའོ། །༼༢༽ཀྱག་གཏད། འདི་སྐྱག་གཏད་ཅེས་འབྲི་དགོས། རཏྣ་གླིང་པའི་རྣམ་ཐར། ཤ་༢༠༧ ལས་བློ་གཏད་གཟུང་འཛིན་གྲོལ་ཚེ་སྐྱག་གཏད་མེད་ཅེས་པ་ལྟ་བུའོ། །ཁམས་སྤྲུལ་པས་མཆན་བཏབ།
ཁྱད་པར་གྱི་ལེའུ་ལག་བརྒྱད་པ།
༄༅། །ཁྱད་པར་གྱི་ལེའུ་ལག་བརྒྱད་པ་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའི་གདམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ཁྱད་པར་གྱི་ལེ་ལག་འདི་ལ་བརྒྱད་དེ། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་དང་། བྱིན་རླབས་ལུས་སེམས་ཕྲལ་བ་དང་། སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དང་། ཉམས་ལེན་ཕུང་པོ་གཟན་ལ་བསྐྱུར་བ་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་སོང་བ་དང་། ལུས་དང་སེམས་ཀྱི་གནས་སྐབས་ཀྱི་བར་ཆད་ཞི་བར་བྱ་བའི་གདམས་ངག་དང་། གཅོད་ཀྱི་དམ་ཚིག་བསྟན་པ་དང་། ཉམས་སུ་བླངས་པའི་འབྲས་བུ་བསྟན་པའོ། །དང་པོ་འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ལ་དོན་གསུམ་སྟེ། གང་ལ་འཇུག་པ་དང་། གང་འཇུག་པ་དང་། ཇི་ལྟར་འཇུག་པའོ། །གང་ལ་འཇུག་ན་ཡང་དག་པའི་ལམ་ཕྱིན་ཅི་མ་ལོག་པ་ལ་འཇུག་པའོ། །གང་འཇུག་ན་ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་རྣམས་འཇུག་པའོ། །ཇི་ལྟར་འཇུག་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་ངང་ནས་ཚོགས་གཉིས་ཚད་མེད་པ་ལ་སོགས་པ་ལ་འཇུག་པའོ། །དེ་ལ་གཉིས་ཏེ། ཆོས་སྒོ་འབྱེད་པའི་སྐྱབས་འགྲོ་སེམས་བསྐྱེད་དང་། རྒྱུན་དུ་སྒོམ་པའི་སྐྱབས་འགྲོ་སེམས་བསྐྱེད་གཉིས་ལས། དང་པོ་ནི། ཚོགས་དང་གཏོར་མ་དང་། མཆོད་པ་ལ་སོགས་པ་བྱ། སྐྱབས་འགྲོ་ཡན་ལག་བརྒྱད་པ་བྱེད་པའོ། །
གཉིས་པ་རྒྱུན་དུ་སྒོམ་པའི་སྐྱབས་འགྲོ་སེམས་བསྐྱེད་ནི། བདག་ལ་གནོད་པར་བྱེད་པའི་གདོན་འདིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། སྙིང་རྗེ་བས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་སྐྱབས་འགྲོ་ལ་སོགས་པའི་དགེ་སྦྱོར་བྱ་སྙམ་དུ་སེམས་བསྐྱེད། དེ་ལྟར་ལུང་ལས། གང་ཞིག་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་ན། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་བསྐྱེད། །ཅེས་སོ། །དེ་ནས་རང་གི་མདུན་དུ་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གཅིག་བསྒོམ། དེའི་སྟེང་དུ་སྣ་ཚོགས་པདྨའི་གདན་ཞིག་བསྒོམ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཞིག་བསྒོམ། དེའི་སྟེང་དུ་དབུས་སུ་ཡུམ་ཆེན་མོ་ཤེས་རབ་ཀྱི་རོལ་ཏུ་ཕྱིན་མ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་བཞི་མ། ཞབས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་གྱི་དང་པོ་ནི་མཉམ་བཞག་གི་ཕྱག་རྒྱ་མཛད་པ། འོག་མ་གཉིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་ཏི་རེ་བསྣམས་པ། སྐུ་ལ་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པར་བརྒྱན་པ་ཞིག་བཞུགས་པར་བསྒོམ། དེའི་རྩར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ། དེའི་རྩར་ཨ་མ་ཇོ་མོ་ལབ་ཀྱི་སྒྲོན་མ་བསྒོམས་ལ། སྐུ་ལུས་ཆུང་ལ་སྐུ་ཤ་དཀར་བ། སྐུ་གཟི་བརྗིད་ཅན། ཞལ་འཛུམ་བག་དང་བཅས་པ་གཅིག་བཞུགས་པར་བསྒོམ། དེའི་རྩར་སྲས་རྒྱལ་བ་དོན་གྲུབ་དང་། འགྲོ་མགོན་ཐོད་སྨྱོན་བསམ་འགྲུབ་གཉིས། རྟེན་རྣལ་འབྱོར་པའི་ཆ་ལུགས་སུ་བཞུགས་པ། དབུ་སྐྲ་ལི་བ། ཞལ་རས་སྨུག་པ། སྐུ་གཟི་བརྗིད་དང་བཅས་པ། ཞལ་འཛུམ་བག་དང་བཅས་ནས་བཞུགས་པ་བསྒོམ། གཞན་ཡང་རང་གི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱང་བཞུགས་པར་བསྒོམ། བླ་མ་དེ་རྣམས་ཀྱི་གཡས་ན་དཔའ་བོ། གཡོན་ན་དཔའ་མོ། གཡས་ན་བྱང་ཆུབ་སེམས་དཔའི་དགེ་འདུན། གཡོན་ན་འཕགས་པ་ཉན་ཐོས་ཀྱི་དགེ་འདུན། མདུན་ན་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་བཞུགས་པར་བསྒོམས་ལ། སྐྱབས་སུ་འགྲོ་བ་བྱ་སྟེ། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མ་ཅིག་ཇོ་མོ་ལབ་ཀྱི་སྒྲོན་མ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྲས་རྒྱལ་བ་དོན་གྲུབ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འགྲོ་མགོན་ཐོད་སྨྱོན་བསམ་འགྲུབ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆོས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགེ་འདུན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཡི་དམ་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །(༤)དཔའ་བོ་དང་དཔའ་མོ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཞེས་གུས་པ་དང་བཅས་པས་ལན་གསུམ་བྱའོ། །དེ་ལྟར་ཡང་ལུང་ལས། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ་ཞེས་པས་སོ། །དེ་ནས་རང་གི་ལུས་འདི་ཁ་ཟས་རོ་བརྒྱ་དང་ལྡན་པ། དཀར་བ། སྣུམ་པ། སྙི་བ། འབོལ་བ། བློས་ཆུད་ཚད་ཙམ་དུ་བསྒོམས་ལ། ལག་པ་གཡས་ན་ཤེས་རབ་ཀྱི་རལ་གྲི་ཡོད་པར་བསམ་ལ། ཡན་ལག་གི་དང་པོ་མགོ་ཡིན་པས་སྐེ་ནས་ཕར་རྦད་ཀྱིས་བཅད་ནས་བླ་མ་དཀོན་མཆོག་རྣམས་ལ་མཆོད་པར་ཕུལ་བས་ཤིན་ཏུ་དགྱེས་ནས་གསོལ་བར་བསམ། དེ་བཞིན་དུ་བྲང་ཁོག་པའི་ནང་དུ་དོན་སྙིང་ལྔ་ལ་སོགས་པ་བཅུག་ནས་ཕུལ་བས་དགྱེས་ཤིང་གསོལ་བར་བསམ། ཡང་རོ་སྨད་རྐང་པ་དང་བཅས་པ་ཕུལ་པས་ཤིན་ཏུ་དགྱེས་པར་བསམ། དེའི་རྗེས་ལ་སྐྱབས་འགྲོའི་བླ་མ་དང་དཀོན་མཆོག་ལ་སོགས་པའང་ཡིད་ལ་མི་བྱ། རང་གི་ལུས་པོའང་ཡིད་ལ་མི་བྱེད། འདས་པའི་རྗེས་མི་གཅད། མ་འོངས་པའི་སྔུན་མི་བསུ་བར། ད་ལྟར་གྱི་ཤེས་པ་གང་ལའང་མི་འཛིན་པར་རང་ལུགས་སུ་བཅས་བཅོས་མི་བྱེད་པར་འབོལ་ལེ་ཤིག་གེ་བཞག་གོ །དེ་ལ་ཤེས་པ་གནས་བདོ་བའི་དུས་ནའང་སེམས་བསྐྱེད་སྔར་བཞིན་བྱ། བླ་མ་དཀོན་མཆོག་མདུན་དུ་བསྒོམས་ལ་སྐྱབས་འགྲོ་ལན་གཅིག་བྱ། ལུས་མཆོད་པར་ཕུལ། སེམས་གནས་ལུགས་ཀྱི་སྟེང་དུ་བཞག་གོ །དེ་ལྟ་བུ་ལན་གསུམ་ལ་ཐུན་གཅིག་བྱས་པའི་སྲོད་ལ་ཐུན་གཅིག །ནམ་ཕྱེད་ཐུན་གཅིག །ཐོ་རངས་ཐུན་གཅིག །སྔ་དྲོ་ཐུན་གཅིག །ཉི་མ་ཕྱེད་ཐུན་གཅིག །དགོང་མོ་ཐུན་གཅིག །དེ་ལྟར་ཉིན་ཞག་གཅིག་ལ་ཐུན་དྲུག་ཏུ་བྱས་ཏེ། དེ་ལས་མང་བར་ཡང་མི་བྱ། ཉུང་བར་ཡང་མི་བྱའོ། །དེ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྐྱབས་འགྲོ་བྱེད་པ་དང་། ལུས་མཆོད་པར་འབུལ་བ་རྒྱུ་བསོད་ནམས་ཀྱི་ཚོགས་ཡིན། རྗེས་ལ་གནས་ལུགས་མ་བཅོས་པའི་ངང་ལ་འཇོག་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཡིན་པས་ཉམས་ལེན་འདི་གཅིག་པུས་ཀྱང་ཆོག་པ་ཡིན་ནོ། །
(༥)གཉིས་པ་བྱིན་རླབས་ལུས་སེམས་ཕྲལ་བ་ལ་གཉིས་ཏེ། ངོ་སྤྲོད་ཀྱི་ངོ་སྤྲོད་དང་རྒྱུན་དུ་བསྒོམ་པའི་ངོ་སྤྲོད་དོ། །ངོ་སྤྲོད་ཀྱི་ངོ་སྤྲོད་ལ་དོན་གསུམ་སྟེ། སྦྱོར་བ་ལུས་ལ་ཞེན་པ་སྤང་བ་དང་། དངོས་གཞི་ལུས་སེམས་བྲལ་བ་དང་། རྗེས་ལ་སེམས་ཆོས་ཉིད་ཀྱི་དབྱིངས་ནམ་མཁའ་ལྟ་བུར་ངོ་སྤྲོད་ཅིང་། (༦)ཉམས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་ནི། ཚོགས་དང་གཏོར་མ་སྔོན་དུ་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་ཆོས་སྒོ་འབྱེད་པའི་སྐྱབས་འགྲོ་སེམས་བསྐྱེད་ལྟར་བྱས་ལ། དེ་ནས་སློབ་མ་དེས་བླ་མ་ལ་མེ་ཏོག་དབུལ་ཏེ། (༧)མདུན་དུ་ལངས་ནས་རྐང་པ་གཉིས་གཤིབ། ལག་པ་གཉིས་ཐལ་མོ་སྨིན་མཚམས་སུ་སྦྱར། ལུས་དྲང་པོར་བསྲངས་ལ། དང་པོ་ཕུང་པོ་ལ་གཞིག་འབྲེལ་བཏང་སྟེ། བདག་གི་ལུས་འདི་མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་གྲུབ་པ། རྣག་ཁྲག་གི་རྐྱལ་བ། རུས་པའི་དུམ་བུ་མཐུད་པ། ཆུ་རྒྱུས་ཀྱི་དྲྭ་བ་ཅན། འདི་ལྟ་བུ་ལ་ཆགས་ཤིང་ཞེན་པར་གྱུར་པས་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ཏེ། ད་ནི་མ་ཆགས་མ་ཞེན་པར་བྱ་དགོས་སྙམ་དུ་བསམས་ལ། དེ་ནས་དངོས་གཞི་ལུས་དང་སེམས་བྲལ་བ་ནི། རང་གི་རྐང་པའི་མཐིལ་གཉིས་སུ་སེམས་ཀྱི་ངོ་བོ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་གཅིག་བསྒོམ་སྟེ། གསུས་པ་སྒལ་བ་ལ་སྦྱར་ཏེ་ལུས་དང་སེམས་གཉིས་དྲག་ཏུ་བསྒྲིམས་ནས་འོག་རླུང་སྟེང་དུ་དྲངས་ལ། ཆུ་ཟླ་ལྟ་བུ་དེ་ཡར་ལ་དཀར་ན་ར་ར་བྱུང་བས་བརླའི་རྩ་བོ་ཆེའི་ནང་ནས་ཡར་ལ་དཀར་ན་ར་ར་བྱུང་ནས་ལྟེ་བའི་ཐད་ཀའི་བྱང་ཁོག་ནང་དུ་གཉིས་པོ་གཅིག་ཏུ་འདུས་ཏེ། དཀར་ཧྲི་ལི་ལི་འདུག་པ་ལ་དམིགས་པ་དྲག་ཏུ་གཏད། དེ་ནས་ཡང་ཡར་ལ་དཀར་ན་ར་ར་བྱུང་ནས་(༨)སྙིང་ཁ་ནས་ཡར་བྱུང་། མགྲིན་པ་ནས་ཡར་བྱུང་ནས་སྤྱི་བོ་ཚངས་པའི་བུ་གར་སངས་ཀྱིས་བྱུང་བར་བསྒོམ། ཚངས་བུག་འཕང་ལོ་འབྲིང་པོའི་མིག་གི་ཚད་ཙམ་དཀར་སང་ངེ་ཡོད་པར་བསྒོམས་ལ། ངག་ཏུ་ཕཊ་ཅེས་དྲག་ཏུ་བརྗོད་པས། (༩)ཆུ་ཟླ་ལྟ་བུ་དེ་ཉིད་དེ་ནས་ནམ་མཁའ་ལ་དཀར་ན་ར་ར་འགྲོ་ཚད་ལ་བཏང་ངོ་། །མི་འགྲོ་སྙམ་སེམས་པ་དང་། དཀར་ཧྲི་ལེ་འདུག་པ་ལ་མ་ཡེངས་པར་བསྒོམས་ལ། རྗེས་ལ་ངོ་སྤྲད་པ་ནི། དེ་ནས་རྒྱ་ཇེ་ཆེར་སོང་བས་ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ནམ་མཁས་ཁྱབ་པར་བསམས་ལ། སྒོམ་མི་བསྒོམ་གྱི་རྟོག་པ་མེད་པར་རང་ལུགས་སུ་ལྷོད་ཀྱིས་གློད་ལ་བཞག་གོ །དེ་ལྟར་ཡང་འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་དཔྱད་དུ་མེད་ཅེས་སོ། །དེ་ལྟར་བསྒོམས་པས་ཉམས་རྣམ་པ་གསུམ་འཆར་ཏེ། དབང་པོ་རབ་ལ་སྤྲོས་བྲལ་གྱི་ཉམས་འཆར། དབང་པོ་འབྲིང་ལ་ཐོད་རྒལ་གྱི་ཉམས་འཆར། དབང་པོ་ཐ་མ་ལ་ཤུགས་ཅན་གྱི་ཉམས་འཆར། དེ་ལ་དགོངས་ནས་མ་ཅིག་གི་ཞལ་ནས། གྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། །སྒོམ་པའི་གནད་ཅིག་དེ་ན་གདའ་གསུངས། གཉིས་པ་རྒྱུན་དུ་བསྒོམ་པའི་ངོ་སྤྲོད་ནི། ལུས་གང་བདེའི་སྤྱོད་ལམ་བྱས་ལ། དམིགས་པ་རླུང་སེམས་འདུས་པའི་ངོ་བོ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་དེ་ལྟེ་བའི་འོག་ཙམ་དུ་བསྒོམས་ལ་གོང་མ་བཞིན་ཤེས་པར་བྱའོ། །གསུམ་པ་སྒོམ་དྲན་པ་མེད་ཅིང་ཡིན་ལ་བྱར་མེད་པ་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ། སྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཡུད་ཙམ་སྒུར་བར་བྱ། མིག་སྣའི་རྩེ་མོ་ལ་གཏད་ལ། སེམས་འདས་པའི་རྗེས་མི་གཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་གང་ཡང་ཡིད་ལ་མི་བྱེད་པར། རང་ལུགས་སུ། འབོལ་ལེ། ཤིག་གེ །ཧད་དེ། ཚོམ་མེ། བསྒོམ་བྱ་སྒོམ་བྱེད་ཀྱི་རྟོག་དཔྱོད་ཐམས་ཅད་དང་ཕྲལ་ལ་བཞག་གོ །དེ་ལྟར་ཡང་ལུང་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ་ཞེས་པ་དང་། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱའོ་ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པ་ཉིད་པས་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ཉིད་པས་ཆོས་ཐམས་ཅད་འགག་པ་མེད་པ་ཉིད་དོ་ཞེས་འཕགས་པ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་བྱས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཉིད་ནི་ཆོས་ཐམས་ཅད་སྒོམ་པའོ་ཞེས་པས། འདི་ནི་སྐྱབས་འགྲོའི་རྗེས་དང་། ལུས་སེམས་བྲལ་བའི་རྗེས་དང་། གཟན་བསྐྱུར་གྱི་རྗེས་དང་། (༡༠)ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའི་རྗེས་དང་། དུས་ཐམས་ཅད་དུ་བསྒོམ་པའོ། །བཞི་པ་ཉམས་ལེན་ཕུང་པོ་གཟན་བསྐྱུར་ལ་ལུང་ལས། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད་ཅེས་པས། དེ་ལ་གཉིས་ཏེ་སྤྱིར་གཟན་དུ་བསྐྱུར་བ་དང་། བྱེ་བྲག་ཏུ་གཟན་དུ་བསྐྱུར་བའོ། །སྤྱིར་གཟན་དུ་བསྐྱུར་པ་ལ་དོན་རྣམ་པ་གསུམ་སྟེ། སྦྱོར་བ་སྙིང་རྗེ་དང་བྱམས་པ་སྒོམ་པ་དང་། དངོས་གཞི་རང་གི་ལུས་ཕར་ཕྱིན་དྲུག་ལྡན་དུ་སྦྱིན་པར་བཏང་བ་དང་། (༡༡)རྗེས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་བྱེད་པའོ། །དང་པོ་ནི། བདག་ལ་གནོད་པར་བྱེད་པའི་གདོན་འདིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། སྙིང་རྗེ་བས་བདག་གི་ལུས་འདི་སྦྱིན་པར་བཏང་དགོས་སྙམ་དུ་བསྒོམ་པ་དང་། གནོད་བྱེད་ལ་སོགས་ཀྱིས་གཙོར་བྱས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་མདུན་དུ་ཐིབས་སེ་བྱུང་བར་བསྒོམས་ལ། དེ་ནས་དངོས་གཞི་ལ། རང་གི་ལུས་པོ་འདི་ཤིན་ཏུ་ཆེ་བ་གཅིག་ཏུ་བསྐྱེད་དེ། ལག་པ་གཡས་ན་ཤེས་རབ་ཀྱི་རལ་གྲི་གཅིག་བསྒོམས་ནས་རང་གི་སྐེ་ནས་ཕར་རྦད་བཅད་ནས་སྦྱིན་པར་བཏང་པས་གནོད་བྱེད་ལ་སོགས་པས་ཤ་ལ་དགའ་བས་ཤ་ལ་ཟ། ཁྲག་ལ་དགའ་བ་ཁྲག་ལ་འཐུང་། རུས་པ་ལ་དགའ་བ་རུས་པ་མུར་བར་བསྒོམ། དེ་ནས་བྲང་ཁོག་པའི་ནང་དུ་དོན་སྙིང་ལྔ་ལ་སོགས་པ་བཅུག་ནས་བྱིན་པས་གོང་བཞིན་ཟ་བར་བསྒོམ། རོ་སྟོད་ལག་པ་དང་བཅས་པ་དང་། (༡༢)རོ་སྨད་རྐང་པ་དང་བཅས་པ་དང་། ཐམས་ཅད་སྦྱིན་པར་བཏང་བས་གནོད་བྱེད་ལ་སོགས་པ་རྣམས་ཤ་ལ་དགའ་བས་ཤ་ལ་ཟ། ཁྲག་ལ་དགའ་བ་ཁྲག་ལ་འཐུང་། རུས་པ་ལ་དགའ་བ་རུས་པ་འཆའ་བར་བསྒོམས་ལ། ལུས་ལྷག་མ་ཏིལ་འབྲུ་ཙམ་མ་ལུས་པར་རིལ་པོར་ཟོས་པར་བསྒོམ་མོ། །དེའི་རྗེས་ལ། སེམས་འདས་པའི་རྗེས་མི་གཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་གང་ཡང་ཡིད་ལ་མི་བྱེད་པར་འབོལ་ལེ་ཤིག་གེ་བཞག་གོ །དེ་ནས་སྙིང་རྗེ་བསྒོམ། ལུས་གཟན་ཏུ་བསྐྱུར། སེམས་གནས་ལུགས་ཀྱི་ངང་ལ་བཞག་གོ །དེ་ལྟར་རེ་མོས་སུ་ཁོར་རོ་རོ་ཉིན་རྩེར་མཚན་ཡལ་གྱིས་བསྒོམ་མོ། །རྗེས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི། ཐུན་འཇོག་པའི་དུས་སུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱས་ལ། གང་བདེ་བའི་སྤྱོད་ལམ་བྱའོ། །དེ་ཡང་དང་པོ་སྙིང་རྗེ་དང་བྱམས་པ་བསྒོམ་པ་སྦྱོར་བ། གཟན་བསྐྱུར་དང་གནས་ལུགས་ལ་འཇོག་པ་དངོས་གཞི། བསྔོ་བ་བྱེད་པ་རྗེས་སོ། །དེ་ལྟར་སྙིང་རྗེ་དང་བྱམས་པ་ཞེ་སྡང་གི་གཉེན་པོར་འགྲོ། གདོན་ཕོ་གདོན་དང་། ནད་གཟེར་ཟུག་ཞི་བར་བྱེད། གཟན་བསྐྱུར་བྱས་པས་འདོད་ཆགས་ཀྱི་གཉེན་པོར་འགྲོ། ནད་ལྡང་དུབ་དང་། མོ་གདོན་ཞི་བར་བྱེད། གནས་ལུགས་ཀྱི་ངང་ལ་བཞག་པས་གཏི་མུག་གི་གཉེན་པོར་འགྲོ། ཀླུ་གདོན་དང་། ནད་བྱིང་ཅན་ཞི་བར་བྱེད་དོ། །དེ་ཡང་ལུས་གཟན་དུ་བསྐྱུར་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དེ་སེམས་ཅན་གྱི་དོན་དུ་གཏོང་བས་ཚུལ་ཁྲིམས། ཁོང་ཁྲོ་མེད་པར་ལ་གཏོང་བས་བཟོད་པ། ཡང་དང་ཡང་དུ་གཏོང་བས་བརྩོན་འགྲུས། མ་ཡེངས་པར་གཏོང་བས་བསམ་གཏན། རྗེས་གནས་ལུགས་སྟོང་པ་ཉིད་ཀྱི་ངང་དུ་འཇོག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །
གཉིས་པ་བྱེ་བྲག་ཏུ་གཟན་ལ་བསྐྱུར་བ་ནི། རང་གི་མིག་ལྟ་བུ་ན་ན། མིག་ན་བའི་སེམས་ཅན་རྣམས་སྙིང་རེ་རྗེ། དེ་རྣམས་ཀྱི་མིག་ནད་ཞི་བར་བྱེད་པའི་ཆེད་དུ། བདག་གི་མིག་སྦྱིན་པ་བཏང་དགོས་སྙམ་དུ་བསྒོམས་ལ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་མདུན་དུ་བྱུང་བར་བསམ་སྟེ། རང་གི་མིག་སྦྱིན་པར་བཏང་ལ། སེམས་གང་དུའང་མི་རྟོག་པར་འཇོག་པ་གོང་དང་འདྲའོ། །དེ་བཞིན་དུ་ལག་པ་ལ་སོགས་པ་གང་ན་བ་ལ་བྱའོ། །ལྔ་པ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་ནི། དེ་ལྟར་ཉམས་སུ་ལེན་པ་ལ་ལྷ་འདྲེའི་བར་ཆད་འོངས་ཏེ། དེ་ཡང་རབ་གཟུགས་སྟོན་པའི་ཆོ་འཕྲུལ་དང་། འབྲིང་སྐད་འདོན་པའི་ཆོ་འཕྲུལ་དང་། ཐ་མ་འདྲེས་གནོན་པའི་ཆོ་འཕྲུལ་དང་། རྨི་ལམ་གྱི་ཆོ་འཕྲུལ་དང་བཞི་འབྱུང་ངོ་། །དེ་རྣམས་གང་བྱུང་ཡང་རབ་ཀྱིས་གནས་ལུགས་ཀྱི་སྟེང་དུ་བཞག །འབྲིང་གིས་ལུས་སེམས་བྲལ། ཐ་མས་ཕུང་པོ་གཟན་དུ་སྐྱུར་རོ། །དེ་ལ་རབ་ཀྱིས་གནས་ལུགས་ཀྱི་སྟེང་དུ་བཞག་ན་ནི། ལྷ་འདྲེའི་ཆོ་འཕྲུལ་དེ་རྣམས་གང་བྱུང་ཡང་། རང་གི་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ལ་ཆོ་འཕྲུལ་ཡིད་ལ་མི་བྱེད། ཤེས་པ་རང་ལུགས་སུ་ལྷོད་ཀྱིས་གློད་ལ། འབོལ་ལེ། ཤིག་གེ་བཞག་པས་ལྷ་འདྲེའི་ཆོ་འཕྲུལ་ཐམས་ཅད་རང་ཞི་རང་གྲོལ་ནས་སླར་ཆོས་ཉིད་ཀྱི་གྲོགས་སུ་འཆར་རོ། །
འབྲིང་གིས་ལུས་སེམས་བྲལ་བ་ནི། ལྷ་འདྲེའི་ཆོ་འཕྲུལ་དེ་རྣམས་གང་བྱུང་ཡང་། ལུས་སེམས་ཤག་གིས་ཕྲལ་ནས་སེམས་ནམ་མཁའ་ལ་བུན་གྱིས་བཏང་ནས་ཤེས་པ་སྟོང་སངས་ཀྱིས་སོང་ནས་ལྷ་འདྲེའི་ཆོ་འཕྲུལ་སྟོང་སངས་ཀྱིས་འགྲོའོ། །ཐ་མས་ཕུང་པོ་གཟན་དུ་བསྐྱུར་བ་ལ་ལྷ་འདྲེའི་ཆོ་འཕྲུལ་དེ་རྣམས་གང་བྱུང་ཡང་། ངའི་ལུས་འདི་འདོད་ན་ད་ལྟ་ཁྱེར་ཅིག་སྙམ་དུ་བསམ་ནས་ལུས་ལོངས་ཀྱིས་བསྐྱུར་ལ། སེམས་རང་ལུགས་སུ་ལྷོད་ཀྱིས་གློད་ནས་བཞག་པས་ཤེས་པ་སྟོང་སངས་ཀྱིས་སོང་ནས་ལྷ་འདྲེའི་ཆོ་འཕྲུལ་སྟོང་སངས་ཀྱིས་འགྲོ་བར་འགྱུར་རོ། །མདོར་ན་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་སོང་བ་ནི། ལྷ་འདྲེའི་ཆོ་འཕྲུལ་གང་བྱུང་ཡང་དགེ་སྦྱོར་གྱི་གྲོགས་སུ་ཤེས་ན། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའོ། །དེ་ལྟར་མ་ཤེས་པར་ཆོ་འཕྲུལ་རང་རྒྱུད་དུ་བཟུང་ན། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་སོང་བའོ། །གལ་ཏེ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་སོང་ན་གདམས་པ་ལ་ནན་ཏན་བྱ་ཞིང་། ཤེས་རབ་ཀྱིས་རང་བཞིན་མེད་པར་གཏན་ལ་དབབ་བོ། །དྲུག་པ་ལུས་དང་སེམས་ཀྱི་འཕྲལ་གྱི་བར་ཆད་ཞི་བར་བྱ་བ་ནི། བླ་མའི་ཞལ་ལས་ཤེས་སོ། །བདུན་པ་གཅོད་ཀྱི་དམ་ཚིག་བསྟན་པ་ནི། ཐུན་མོང་བའི་དམ་ཚིག་སྡིག་པ་མི་དགེ་བ་བཅུ་སྤང་ཞིང་སེམས་ཅན་གྱི་དོན་དུ་དགེ་བ་བཅུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བསྒྲུབ་པར་བྱའོ། །ཁྱད་པར་གྱི་དམ་ཚིག་ནི། བོན་ཆོག་དང་། སྨན་དཔྱད་དང་། འདྲེ་བརྡུང་རྣམས་དུས་དང་རྣམ་པ་ཐམས་ཅད་དུ་མི་བྱའོ། །བརྒྱད་པ་ཉམས་སུ་བླངས་པའི་འབྲས་བུ་བསྟན་པ་ནི། གནས་སྐབས་ཀྱི་འབྲས་བུ། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད་དང་། དགའ་བྲོད་ཀྱི་བདུད་དང་། སྙེམས་བྱེད་ཀྱི་བདུད་རྣམས་ཞི་ནས་ལུས་ན་ཚ་ལས་གྲོལ། སེམས་སྡུག་བསྔལ་ལས་གྲོལ་ཏེ་མཐར་ཐུག་སྐུ་གསུམ་གྱི་རང་བཞིན་དུ་སངས་རྒྱས་པར་འགྱུར་རོ།། །།མ་ཅིག་ཇོ་མོའི་གདམས་ངག་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་ལས་ཁྱད་པར་གྱི་ལེ་ལག་བརྒྱད་པ་ཞེས་བྱ་བ་ཨི་ཏི།
བརྡ་ཆོས་ལ་བརྡར་བསྒྱུར་བ་ལས་བེམ་རིག་བྲལ་བའི་བརྡ།
༄༅། །བརྡ་ཆོས་ལ་བརྡར་བསྒྱུར་བ་ལས་བེམ་རིག་བྲལ་བའི་བརྡ་ཞེས་བྱ་བ་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །སྐྱེ་དམན་བུད་མེད་ལུས་བླངས་བདག་འདྲ་ཡིས། །ཡུམ་ཆེན་དེ་ཡི་དོན་ཞལ་མཐོང་ནས་སུ། །དད་ལྡན་འགའ་ལ་ཕན་སྙམ་ནས། །མིང་མེད་མིང་དུ་བཏགས་པ་གཅོད་ཡུལ་བརྡ་འདི་བསྟན། །བློ་ཆུང་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་བསྟན། །མཆོད་པ་རྒྱ་ཆེན་འདི་ཡིས་བརྡ་རུ་བསྟན། །དང་པོ་གདམས་ངག་གདབ་པ་དང་། །ཐ་མ་ལ་ཟློར་ཤེས་པར་བྱ། །མཆོད་པ་རྒྱ་ཆེན་བརྡ་ཡང་འདི་ལྟ་སྟེ། །དཔེར་ན་ས་བདག་རྒྱལ་པོ་ལ། གང་ལ་ལ་ཞིག་གིས་བུ་སྨད་ནོར་རྫས་ཐམས་ཅད་ཕུལ་ནས། ད་བུ་དང་ནོར་གྱི་གཉེན་བྱ་མི་དགོས། ཕུལ་ཚིག་གཅིག་གིས་རྒྱལ་པོ་གཉེར་ཆེ། རྒྱ་ལ་གཉེར་བྱས་བདག་ཏུ་བཟུང་ན། སླར་ལ་རྒྱལ་པོའི་བཀའ་ཆད་འོང་། དཔེ་དེ་བཞིན་དུ་རྒྱལ་པོ་ལྟ་བུའི་གནས་ལུགས་ལ། སྣང་སྲིད་སྣོད་བཅུད་ཐམས་ཅད་མ་ལུས་པར་ཕུལ་བས། ད་རེ་དོགས་ཡིན་མིན་གྱི་གཉེར་དང་ལྟ་རྟོག་བྱ་མི་དགོས། རིག་པ་དང་བྲལ་བའི་ཚིག་གཅིག། རྒྱ་ལ་རེ་དོགས་རྩིས་གདབ་བྱས་ན། འབུལ་བ་སྣང་ལོག་བྱས་པ་དང་འདྲ་སྟེ། རྒྱལ་པོའི་བཀའ་ཆད་འོང་བ་དང་འདྲ་བར། སླར་ལ་རང་གིས་རང་ལ་བསྒྲིབས་ཏེ། སྙེམས་ཆོད་པའི་དུས་མི་འོང་ངོ་། །མཆོད་པ་རྒྱ་ཆེན་འདྲའོ། །གདམས་ངག་བཏབ་པའི་དུས་སུ་བེམ་རིག་སྦྲག་མ་ལ་མ་ལྟ་བུ་ལ། བླ་མའི་གདམས་ངག་མེ་ལྟ་བུ་སྦར་བས་དུ་བ་ལྟ་བུའི་དྲན་རིག་ཐམས་ཅད། དཔེར་ན་དུ་བ་ནམ་མཁའ་ལ་ཡལ་བ་ལྟར་དུ། དྲན་རིག་ཆོས་ཀྱི་དབྱིངས་སུ་དུས་དང་རྣམ་པ་ཐམས་ཅད་དུ་ཐིམ་ཞིང་། བུན་ནེ། ཡལ་ལེ་དྭངས་སོ། །ལུས་བེམ་པོ་ཐལ་བ་དང་འདྲའོ། །དེའི་བར་དུ་ཡོན་ཏན་ནམ། བྱིན་རླབས་སམ། ནུས་པ་དང་། རྟགས། མེ་དྲོད་དང་འདྲ་སྟེ་དོན་བྱེད་ཅིང་འཆར་རོ། །རིམ་གྱིས་དུ་བ་མེད་པ་དེ་བཞིན་དུ། ཐལ་བ་ལས་སླར་ལོག་ནས་དུ་བར་འགྲོ་མི་སྲིད་པ་དང་འདྲ་སྟེ། ལ་མེའི་སྟོབས་མ་ཟད་པར་དུད་པ་འོང་ངོ་། །དེ་བཞིན་དུ་ལུས་འབྱུང་བའི་སྟོབས་མ་ཟད་བར་དུ་དྲན་རིག་མི་ཟད་པར་འོང་། སྟོབས་ཟད་ནས་དྲན་རིག་ཡལ་ནས་སླར་བེམ་པོ་ལ་འཇུག་རྒྱུ་མེད་དོ། །ལུས་ཐལ་བ་ལྟ་བུའོ། །རིག་པ་རང་བཞིན་སྐྱེ་མེད་སྟོང་པར་རྟོགས་ཏེ། རྐྱེན་གྱིས་བསླངས་པའི་དྲན་རིག་དུ་བ་ལྟར་ཡལ། ཡལ་བའི་ཆོས་ལ་རྩིས་གདབ་མེད། ཡལ་བའི་ཆོས་ལ་རང་ལ་རང་གིས་མ་ལྟ་ཞིག །བལྟས་ན་རང་གིས་རང་བསྒྲིབས་ཏེ་སྡིག་རེ་ཆེའོ། །བེམ་རིག་བྲལ་བའི་མན་ངག་གོ །གཉན་ས་ལ་སོགས་པར་རྐྱེན་ངན་བྱུང་བའི་གནས་སུ། ཕུང་པོ་གཟན་དུ་བསྐྱུར་བའི་དགོས་པ་ནི། ལུས་ལ་མི་ཕངས་པའི་ཚུལ་གྱིས་འཆི་བ་ལན་རེ་རེ་གྱིས། ཞེ་འདོད་ཚུལ་གྱིས་ཕྱི་ནང་འཇིག་རྟེན་ཆགས་པའི་རྒྱུ། ང་ཡི་བཀའ་བཅག་ཐར་པའི་སྲོག་མི་ཆོད། །གཅིག་ལ་བསྟན་ཞིང་གཉིས་ལ་གསང་། །འདི་ལ་ཆོས་སྒོ་མ་ཡངས་དམ་དུ་གྱིས། །རིག་འཁྲུལ་བེམ་པོ་འབྲེལ་བ་ལ། །རེང་བུ་ངོ་སྤྲོད་བླ་མའི་ཞལ། །ཡོན་ཕུལ་ནས་ནི་ངོ་སྤྲོད་བྱ། །རིག་པ་འཁྲུལ་པ་མ་རིག་པ་ཡེ་ཤེས་ལག་པས། །དཔེར་ན་སྤོས་རེངས་ལ་མེ་བཏང་བས། །དྲི་དང་དུད་པ་དབྱེར་མེད་པས། །དུད་ཡལ་ཙམ་ན་དྲི་དེངས་ལྟར། །གདམས་ངག་ཅན་གྱི་རྣལ་འབྱོར་པ། །དབུགས་དང་རིག་པ་དབྱེར་མེད་པས། །རླུང་ཡལ་ཙམ་ན་རིག་འཁྲུལ་དེངས། །འབྱུང་བ་ཐལ་བཞིན་འཁྲུལ་དུད་དེངས། །མ་བྱས་པ་གཞི་མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུ་དེ་ལ་སུས་ཀྱང་མགོ་མི་ཐོན། དེ་ལྟར་ངོ་སྤྲོད་བྱས་པའི་དུས་སུ་ཉམས་གསུམ་འཆར་ཏེ། ཤུགས་ཆད་ཀྱི་ཉམས་དང་། ཐོད་རྒལ་གྱི་ཉམས་དང་། རྟོག་མེད་ཀྱི་ཉམས་དང་གསུམ་འཆར་རོ། །ཤུགས་ཆད་ཀྱི་ཉམས་ནི། ངོ་སྤྲོད་བྱས་པའི་དུས་སུ་ལིངས་ཀྱིས་འགྱེལ་ནས་འགྲོ་བ་ཡིན་ནོ། །ཐོད་རྒལ་གྱི་ཉམས་ནི། རྒྱ་གར་གྱི་སྐད་ལ་སོགས་པ་མང་པོ་ཟེར་བ་ཡིན། གར་བྱེད་པ་དང་འཁྲབ་པ་ལ་སོགས་པ་འོང་བ་ཡིན་ནོ། །རྟོག་མེད་ཀྱི་ཉམས་ནི། ཏིང་ངེ་འཛིན་རྒྱུད་ལ་ཕྲིལ་གྱིས་འོང་བ་ཡིན། ཆོས་ཉིད་བརྡ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཡིན་པས་སྙེམས་མེད་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ལ་ཚིག་དང་ཡི་གེར་བཀོད་པ་གཅིག་ཀྱང་མེད་དོ། །བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡི་གེར་བྲིས་པ་གཅིག་ཀྱང་མེད་ཅེས་པ་དང་། མཚན་བརྗོད་ལས། ཡང་དག་མཐའ་སྟེ་ཡི་གེ་མེད་ཅེས་པ་ཆོས་ཉིད་ཀྱི་བརྡ་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་གྱི་ཚད། སེམས་གསལ་བ་ལ་རྟོག་པ་མེད་པར་རང་དབང་ཐོབ་པ་ཡིན། དེ་ལྟར་རྟོག་པ་ཤར་བའི་དུས་སུ་ཆོས་སྐུ་མཐོང་བ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རྩ་བ་སྒོམ་སྒྲུབ་ཡིན་ཏེ། དེའི་བར་ཆད་དུ་ཅི་བས་ཀྱང་ལོང་གཏམ་གནོད་པས་དོན་མེད་ཀྱི་ལོང་གཏམ་ཉུང་བར་བྱ་བ་གཅེས་གསུངས་སོ། །ཆོས་ཐམས་ཅད་ལ་མི་འཛིན་པ་ནི་སྟོང་པའི་མཆོག་ཡིན་ནོ། །གཉིས་སུ་མེད་པས་ཡིད་ལ་མི་བྱེད་པའོ། །སྐྱབས་འགྲོ་ལ་བློ་ཁེལ་ན་གྲོས་འདུན་མཁན་པོ་གཞན་མི་དགོས་སོ། །སྐྱབས་འགྲོ་མི་དྲན་པར་མཁས་སུ་རེ་བ་ཚོ་སྙིང་རེ་རྗེ། དེའི་ཉེས་སྐྱོན་སངས་རྒྱས་ཀྱིས་ཀྱང་མི་ཁེགས་པ་ཡིན། སྒྲུབ་པ་པོའི་ཤེས་བྱ་བཅད་པའི་ཕྱིར། བརྡ་ཆོས་ལ་བརྡར་བསྒྱུར་བ་ལས་བེམ་རིག་བྲལ་བའི་བརྡའོ། །ཨི་ཏི།
སེམས་ཆོས་བསྲེ་བའི་བརྡ།
༄༅། །སེམས་ཆོས་བསྲེ་བའི་བརྡ་ཞེས་བྱ་བ་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གསང་བ་བརྡ་ཆོས་ལ་བརྡར་བསྒྱུར་བ་ལས། སེམས་ཆོས་བསྲེ་བའི་བརྡ་ལ་དོན་བཞི་སྟེ། སེམས་དང་ཆོས་སུ་བསྲེ་བའི་མན་ངག་དང་། དེ་ལ་ཟུར་བསྡོངས་ཀྱི་མན་ངག་དང་། དེ་ལ་རྒྱབ་སྐྱོར་གྱི་མན་ངག་དང་། དེ་སྲངས་སུ་གཞུག་པའི་མན་ངག་དང་བཞིའོ། །སེམས་དང་ཆོས་སུ་བསྲེ་བའི་མན་ངག་ལ་དོན་བཞི་སྟེ། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད། བྱིན་རླབས་ནམ་མཁའ་སྒོ་འབྱེད། སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་གྱི་དབང་དུ་མ་ཤོར་བ་དང་བཞིའོ། །དང་པོ་འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ལ། སྐྱབས་སུ་འགྲོ་བའི་ཡུལ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་། ཡི་དམ་གྱི་ལྷ་དང་། དཀྱིལ་འཁོར་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་བསམ་ལ། དེ་དག་ལ་མོས་པ་དང་གུས་པ་རྒྱ་ཆེན་པོ་བྱ། ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེན་པོ་དབུལ། དེ་ནས་རྗེས་ཟློས་བྱ་བ་ནི། བླ་མ་རྡོ་རྗེ་ཌཱ་ཀི་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །གཞན་ཡང་དཀྱིལ་འཁོར་ལྷ་ཚོགས་ལ། །བདག་ནི་རྟག་ཏུ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བྱང་ཆུབ་མཆོག་ཏུ་སེམས་ནི་བདག་གིས་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །
གཉིས་པ་བྱིན་རླབས་ནམ་མཁའ་སྒོ་འབྱེད་ནི། འོ་སྐོལ་འཁོར་བ་ཐོག་མ་མེད་པ་ནས་ལུས་འདི་ཉིད་ལ་གཅེས་སྤྲས་སུ་བཟུང་ཞིང་། འདི་ན་རེ་བདག་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས། ད་ཡང་ལུས་འདིའི་ཞེན་པ་དང་མ་བྲལ་ན། ད་རུང་འཁོར་བ་རུ་འཁྱམས་པར་འདུག་པས། ད་ནི་ལུས་ཁྱོད་པགས་པའི་རྒྱལ་མཚན། རུས་པའི་དུམ་བུ་ལ་ཆུ་རྒྱུས་ཀྱི་དྲ་བ། རྣག་ཁྲག་གི་རྐྱལ་བ། མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ཀྱིས་གང་བ། ལུས་ཁྱོད་དང་དུར་ཁྲོད་ལ་ཁྱད་ཅི་ཡོད་སྙམ་དུ་བསམ་ལ། བློས་ལིངས་ཀྱིས་དོར། ལུས་འདི་ལ་ཆགས་སུ་མེད་པས་རྐང་པ་ནས་ཡར་ལ་སེམས་ཀྱི་ངོ་བོ་འོད་ཀྱི་རྣམ་པར་ཟུལ་ལུ་ལུ་བུན་ནུ་ནུ་དྲང་ངོ་། །དེ་ནས་སྙིང་ཁར་རྟོལ་བའི་དུས་སུའང་། སྔ་མ་ལྟར་ལུས་འདི་ལ་རྔན་བསྒྲངས། དེ་ནས་སྤྱི་བོ་ཀླད་པའི་སྟེང་རུས་པའི་འོག་ན་འོད་ཁྱི་ལི་ལི་འདུས་པར་བསམ་ལ། ཡང་སྔ་མ་ལྟར་རྔན་གཅིག་བསྒྲང་ངོ་། །དེ་ནས་ཚངས་པའི་བུ་ག་ཕྱེ་ལ། ཚངས་པ་ནས་བྱེའུ་འཕུར་བ་བཞིན་དུ། རིག་པ་ནམ་མཁའ་ལ་རྒྱངས་ཀྱིས་འཕངས་ལ། ནམ་མཁའི་དབྱིངས་སུ་ནམ་མཁའ་གཉིས་སུ་མེད་པར་དཀྲུག་གིས་བསྲེས་ལ་བཞག་གོ །དེ་ཡང་མདོ་ལས། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ་ཞེས་པའོ། །དེ་ཡང་ནམ་མཁའ་ལ་ཐོག་མཐའ་མེད། མཐའ་དབུས་མེད། དབྱིབས་དང་ཁ་དོག་མེད་པ་ལྟར་སེམས་ཉིད་ལའང་ཐོག་མཐའ་དང་། མཐའ་དང་དབུས་མེད་དོ། །
གསུམ་པ་སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི། དེའི་རྗེས་ལ་ཤེས་པ་རང་བབས་སུ་ལྷན་གྱིས་བཞག་ལ། དེ་ལ་དགའ་བ་དང་ཞེན་པ་ཡིད་ལ་མི་བྱེད་ཅིང་། མི་དགའ་བ་དང་སྡུག་བསྔལ་བ་ཡིད་ལ་མི་བྱེད། བདེ་སྡུག་ལ་སོགས་པ་གང་ཡང་ཆེད་དུ་མི་བྱེད་པའོ། །དེ་ཡང་ཡིད་ལ་མི་འགྱུ་བ་ལྟ་བུ་མིན། དྲན་རྟོག་ཤར་ཚད་རྗེས་མེད་དུ་ཕྱལ་ཕྱལ་གཏོང་བའོ། །མདོར་ན་སྒོ་ལྔའི་ཡུལ་ལ་རིག་པ་ཨ་ཕྱངས་སེ་བཞག་པ་ལས་མེད་དོ། །སྐྱེ་མེད་ཀྱི་ངང་དུ་རྩོལ་སྒྲུབ་དང་ཕྲོལ་ལ་ཞོག །མདོ་ལས་གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་གསུངས། འོ་ན་དེ་ལྟར་དྲན་མེད་དུ་བཞག་པ་ལ་གོལ་སར་མི་ལྟུང་ངམ་སྙམ་ན། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གང་ཞིག་བསམ་གཏན་དམིགས་ཡོད་ན། །དེ་ནི་ངེས་པར་གཡང་ས་ཡིན། །ཅི་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ལ་ལྟུང་། །བསམ་མེད་ཀྱི་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད་ཅེས་བྱའོ། །
དོན་བཞི་པ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་ནི། བདུད་ངོས་བཟུང་བ་དང་། བཅད་ཐབས་བསྟན་པའོ། །དང་པོ་བདུད་ངོས་འཛིན་པ་ནི། སྤྱིར་དཀར་པོ་དགེ་བའི་ཕྱོགས་དང་། ལམ་ཏིང་ངེ་འཛིན་དང་། འབྲས་བུ་ཐོབ་པ་དང་། ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ་ཐམས་ཅད་བདུད་དོ། །བྱེ་བྲག་ཏུ་ཕྱེ་ན་བཞི་སྟེ། ཐོགས་བཅས། ཐོགས་མེད། དགའ་བྲོད། སྙེམས་བྱེད་ཀྱི་བདུད་དོ། །ཐོགས་བཅས་རྣམས་ནི། དགྲ་དང་གཉེན་དང་ནོར་རྫས་ལ་བརྟེན་ནས་ཆགས་སྡང་གི་རྟོག་པ་རྣམས་སོ། །ཐོགས་མེད་ནི། འགོ་ནད་ལ་སོགས་པ་ཉོན་མོངས་པའི་རྣམ་པ་རྣམས་སོ། །དགའ་བྲོད་ནི། དྲོད་རྟགས་དང་། ཉམས་མྱོང་ལ་མངོན་པར་ཞེན་པ་རྣམས་སོ། །སྙེམས་བྱེད་ནི། ཡིད་གཉིས་དང་ཐེ་ཚོམ་དང་ཁུ་འཕྲིག་གི་བློའོ། །གཉིས་པ་བདུད་བཅད་ཐབས་བསྟན་པ་ལ་གསུམ་སྟེ། རབ་ལྟ་བས་བཅད་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་སུ་ཤེས་ཤིང་། སེམས་ཅིའི་ངོ་བོར་ཡང་མ་གྲུབ་པར་ཤེས་པས་བདུད་ཅེས་བྱ་བ་ཞིག་ལོགས་ན་ཏིལ་འབྲུ་གཅིག་ཙམ་ཡང་མེད་དེ། རང་གི་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་པའོ། །འབྲིང་སྒོམ་པས་བཅད་པ་ནི། རྟོགས་པ་དེའི་ངང་དུ་རང་བབས་སུ་འཛིན་མེད་དུ་ཕྱད་དེ། བུན་ནེ་གནས་པས་བདུད་ཀྱིས་གླགས་མི་རྙེད་དེ། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་ཅེས་པ་ལ་སོགས་པ་གསུངས་སོ། །ཐ་མས་ཕུང་པོ་གཟན་དུ་བསྐྱུར་བ་ནི། ལུས་འདི་ཉིད་ལ་ཆགས་པ་དང་འཛིན་པ་སྤངས་ཏེ། གཉན་ས་དང་རི་ཁྲོད་ལ་སོགས་པར་དགོས་མེད་དུ་ལིངས་ཀྱིས་དོར་ལ། ལུས་ལ་ཆགས་པ་མེད་ན་ལུས་སེམས་གར་ཡང་བདེ། སྣང་བ་སྒྱུ་མར་ཤེས་ན་ཚོགས་དྲུག་ལྷུག་པར་འཆར་གསུངས་སོ། །
དོན་གཉིས་པ་དེའི་ཟུར་བསྡོངས་ཀྱི་གདམས་ངག་ལ། བདུད་བཞི་དང་གཅོད་བཞིའི་སྒོ་ནས་དམིགས་པའི་ཡུལ་བསྟན་པ་དང་། གནད་བཞི་དང་ཆིངས་བཞིའི་སྒོ་ནས་ཉམས་སུ་ལེན་པའི་ཐབས་བསྟན་པ་དང་། སྲུང་བ་དང་ལོག་ནོན་གྱི་སྒོ་ནས་བླང་བྱའི་སྤྱོད་པ་བསྟན་པ་དང་། འཛིན་མེད་རང་གྲོལ་གྱི་སྒོ་ནས་འབྲས་བུ་བསྟན་པ་དང་བཞིའོ། །བདུད་བཞི་ནི་སྔར་བསྟན་པའི་བཞི་པོ་དེ་ཡིན་ཞིང་། བཅད་ཐབས་བཞི་ནི། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད་དེ་དགྲ་འདྲེ་ལ་ཞེ་སྡང་། གཉེན་དང་ནོར་རྫས་ལ་ཆགས་སེམས། དེ་དག་གིས་གཉིས་འཛིན་གྱི་ཞེན་པ་སྤངས་བའོ། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད་དེ། རྣམ་པར་རྟོག་པ་ཅི་ཤར་བ་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ། སེམས་ཉིད་སྟོང་པའི་ངང་དུ་ཐིམ་ཞིང་ཡལ་བའོ། །དགའ་བྲོད་ཞེན་པའི་འཁྲི་བ་བཅད་དེ། ཉམས་དང་བྱིན་རླབས་ལ་སོགས་པ་གང་ལའང་ཞེན་པ་དང་ང་རྒྱལ་བསྐྱེད་དུ་མེད་དེ། ཆགས་ན་ཡི་དམ་ལྷ་ལ་ཆགས་ནའང་འཆིང་བས་སོ། །སྙེམས་བྱེད་བདག་གི་འཁྲི་བ་བཅད་དེ། ངའམ་བདག་ཏུ་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་པའོ། །
གཉིས་པ་གནད་བཞི་ནི། གཉན་ས་དང་རི་ཁྲོད་འགྲིམས་པ་གནས་ཀྱི་གནད་ཡིན། དེར་བསྡད་པས་རིག་པ་ཤུགས་ལ་ཆུན་པའོ། །ལུས་གནད་ལ་རྩ་བཞི་དང་ཉྭ་བཞི་གློད་པས་དྲན་རྟོག་འགྱུས་ཀྱང་ནུས་པ་ཆུང་བའོ། །ཉམས་དབྱངས་བླངས་ནས་ཕཊ་ཀྱི་སྒྲ་བརྗོད་པ་ནི་ངག་གི་གནད། སྒྲ་གྲག་སྟོང་དུ་ཤེས་པའི་དགོས་པའོ། །འདུ་ཤེས་བཤིགས་པ་སེམས་ཀྱི་གནད། འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ་བའོ། །ཆིངས་བཞི་ནི། ན་ཚ་སྡུག་བསྔལ་ལ་སོགས་ཅི་བྱུང་ཡང་ཐབས་གཞན་མི་བཙལ་ཏེ། གཉན་ས་དང་རི་ཁྲོད་འགྲིམས་པ་ལ་བསླབ། དེའང་ལུས་སྲོག་ལ་གཅེས་འཛིན་དོར་ནས། ལུས་སྲོག་གཟན་དུ་བསྐྱུར་བ་ལ་བསླབ། སྤྱོད་ལམ་དུས་ཐམས་ཅད་དུ་མ་བཅོས་ཤུགས་འབྱུང་དུ་སྤྱོད་པ་ལ་བསླབ། དྲན་རྟོག་ཆགས་སྡང་ཐམས་ཅད་རྗེས་མེད་སྒྱུ་མ་ལྟ་བུ་ལ་བསླབ་བོ། །
གསུམ་པ་སྲུང་བ་དང་ལོག་ནོན་གྱི་སྒོ་ནས་ཉམས་སུ་བླང་བྱའི་སྤྱོད་པ་ལ་བཞི་སྟེ། ཐེག་ཆེན་ཟིལ་གྱིས་མནན་པ། སྐར་ཆེན་ཐིབས་འོག་ཏུ་གཞུག་པ། ཤིང་ཆེན་རྩད་ནས་བཅད་པ། ལོག་ཆེན་མཐའ་ལ་གཏད་པ་དང་བཞིའོ། །དང་པོ་ནི། ཐེག་པ་དང་གྲུབ་མཐའི་ལྟ་བ་ཕྱོགས་རེ་ལ་མི་ལྟོས་པའོ། །གཉིས་པ་ནི་ལྷ་དང་སྔགས་ལ་མི་རེ་བའོ། །གསུམ་པ་ནི། རྟེན་འབྲེལ་རྫས་དང་ནུས་པ་སྔགས་དང་མོ་མ་དང་སྨན་དཔྱད་ལ་སོགས་པ་གང་ལའང་མི་ལྟོས་པའོ། །བཞི་པ་ནི་ཆགས་སྡང་ལ་སོགས་པ་དང་འགོ་བའི་ནད་ལ་སོགས་པ་གང་ལའང་བསྲེས་ལ་སླར་སྙེམས་དང་བྲལ་ལོ། །བཞི་པ་འཛིན་མེད་རང་གྲོལ་གྱི་སྒོ་ནས་འབྲས་བུ་བསྟན་པ་ནི། ལུས་ལ་ལུས་སུ་མི་བཟུང་སྟེ། ལུས་བྱ་བྱེད་དང་བྲལ་བ་སྐྱེས་བུ་རྐང་ལག་བཅད་པ་བཞིན་བཞག །ངག་སྨྲ་བརྗོད་དང་བྲལ་བ་ལྕེ་བཅད་པ་ལྟ་བུར་བཞག །ཡིད་ལ་ཡིད་དུ་མི་བཟུང་སྟེ་ཡིད་དྲན་རྟོག་དང་བྲལ་བ་སྐྱེས་བུ་སྙིང་བཏོན་པ་བཞིན་དུ་བཞག་གོ །
དོན་གསུམ་པ་དེའི་རྒྱབ་སྐྱོར་གྱི་གདམས་ངག་ལ་དོན་བཞི་སྟེ། ཤི་རུང་མ་ཤི་རུང་གི་ལྟ་བ། ན་རུང་མ་ན་རུང་གི་སྒོམ་པ། ཁྱེར་རུང་མ་ཁྱེར་རུང་གི་སྤྱོད་པ། ཐོབ་རུང་མ་ཐོབ་རུང་གི་འབྲས་བུ་དང་བཞིའོ། །ཤི་རུང་མ་ཤི་རུང་གི་ལྟ་བ་ནི། དབུགས་ཧྭ་ཟེར་བ་ཙམ་ཡིན་ཏེ། སེམས་ལ་འཆི་རྒྱུ་མེད། ལུས་འབྱུང་བ་བཞི་ལས་གཡར་བ་ཡིན་པས་ནམ་ཡང་འདོར། དེས་ན་འཆི་བ་དང་། འཇིགས་པ་དང་། ན་བ་དང་། ཉམ་ང་བ་ལ་ང་རྒྱུ་མེད་དོ། །མ་ཇོ་མོའི་ཞལ་ནས། སྒྱུ་ལུས་ཕུང་པོ་འབོར་ལགས་ཀྱང་། །རིག་པ་ཡེ་ཤེས་ཉམ་ང་མེད། །གསུངས་སོ། །
གཉིས་པ་ན་རུང་མ་ན་རུང་གི་སྒོམ་པ་ནི། སེམས་ལ་ན་རྒྱུ་མེད་དེ་ནམ་མཁའ་དང་འདྲ། ལུས་ལ་ན་རྒྱུ་མེད་དེ་ས་རྡོ་དང་འདྲ། ལུས་སེམས་ལ་ན་ཚས་མ་བཅིངས་པར་དམིགས་མེད་ཀྱི་དོན་ཉམས་སུ་བླང་ངོ་། །གསུམ་པ་ཁྱེར་རུང་མ་ཁྱེར་རུང་གི་སྤྱོད་པ་ནི། ལུས་སྲོག་ལ་གཅེས་འཛིན་སྤངས་ལ། འོ་ལྷ་འདྲེ་ཁྱེད་རྣམས་རིངས་ན་ད་ལྟ་ཁྱེར། མི་རིངས་ན་ཁད་ཀྱིས་ཁྱེར་སྙམ་དུ་བློས་ལིངས་ཀྱིས་ཐོངས། ཅོག་གིས་ཞོག །རྦད་ཀྱིས་ཆོད། ལྷོད་ཀྱིས་གློད་པའོ། །ཅོག་གཞོག་པ་ནི། ཚེ་འདིའི་བྱ་བ་དང་འདུན་མ་ཐམས་ཅད་ཅོག་གཞག་བྱ་བའོ། །རྦད་ཆོད་ནི། བཟང་རྟོག་དང་ངན་རྟོག་ཐམས་ཅད་རྦད་ཆོད་བྱའོ། །ལྷོད་གློད་པ་ནི། ལུས་ངག་ཡིད་གསུམ་འཁྲུལ་པའི་རྗེས་སུ་མི་འབྲང་བར་ལྷོད་ཀྱིས་གློད་བྱ་བའོ། །མདོར་ན་ལུས་ངག་ཡིད་གསུམ་འཛིན་མེད་དུ་ཨ་ཕྱལ་ལེ་གནས་པ་ལས་མེད་དོ། །
བཞི་པ་ཐོབ་རུང་མ་ཐོབ་རུང་གི་འབྲས་བུ་ནི། རེ་ཞིག་དོགས་པ་མེད་པའོ། །དོན་བཞི་པ་དེ་སྲངས་སུ་འཇུག་པའི་མན་ངག་ལ་བཞི་སྟེ། བདུད་སློང་ཚད་ཆོ་འཕྲུལ་གྱི་གདམས་ངག་དང་། མི་ལྡོག་པ་སྒོ་གཏན་གྱི་གདམས་ངག་དང་། ལོག་ན་ལོག་ནོན་གཟེར་བུའི་གདམས་ངག་དང་། དེ་ལྟར་ཉམས་སུ་བླངས་པའི་ཕན་ཡོན་གྱི་གདམས་ངག་དང་བཞིའོ། །བདུད་སློང་ཚད་ཆོ་འཕྲུལ་གྱི་གདམས་ངག་ལ་དོན་བཞི་སྟེ། བདུད་ཀྱི་ངོ་བོ། ངེས་ཚིག །དབྱེ་བ། བྱེད་ལས། བདུད་རང་གི་སྙེམས་སུ་ཐག་ཆོད་པས་དངོས་གྲུབ་ཏུ་འགྱུར་བ་དང་བཞིའོ། །བདུད་ཀྱི་ངོ་བོ་ནི། གཉིས་སུ་འཛིན་པའི་སེམས། ངེས་ཚིག་ནི། ཐར་པའི་ལམ་ལ་བར་དུ་གཅོད་པས་བདུད་དོ། །གཉིས་པ་བདུད་ཀྱི་དབྱེ་བ་ལ་བཞི་སྟེ། ཕྱིའི་བདུད། ནང་གི་བདུད། གསང་བའི་བདུད། དེ་ཁོ་ན་ཉིད་ཀྱི་བདུད་དང་བཞིའོ། །ཕྱིའི་བདུད་ལ་བཞི། ལྷའི་བུའི་བདུད། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད་དང་བཞིའོ། །ནང་གི་བདུད་ལའང་བཞི་སྟེ། སྐྱེ་རྒ་ན་འཆི་བཞིའམ། འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་དང་བཞིའོ། །གསང་བའི་བདུད་ལའང་བཞི་སྟེ། ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་དང་བཞིའོ། །དེ་ཁོ་ན་ཉིད་ལའང་བཞི་སྟེ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་དང་བཞི་ལ་ཞེན་པའོ། །
གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པའི་བདུད་ནི། སྦྱིན་པ་ལོངས་སྤྱོད་ཀྱི་བདུད། ཚུལ་ཁྲིམས་ངལ་དུབ་ཀྱི་བདུད། བཟོད་པ་བརྟུལ་ཞུགས་ཀྱི་བདུད། བརྩོན་འགྲུས་མཐར་ལྷུང་གི་བདུད། བསམ་གཏན་མངོན་ཞེན་གྱི་བདུད། ཤེས་རབ་དུག་རྒྱས་ཀྱི་བདུད་དོ། །གསུམ་པ་བདུད་ཀྱི་བྱེད་ལས་ནི། བདུད་སྤྱི་བོར་ཞུགས་ནས་བྱིང་དུ་འཇུག །སྙིང་ལ་ཞུགས་ནས་རྒོད་དུ་འཇུག །ཁ་ལ་ཞུགས་ནས་སྨྲར་འཇུག །སེམས་ལ་ཞུགས་ནས་བྱས་པ་མེད་པར་རེ་ཆེར་འཇུག །བསོད་ནམས་ལ་ཞུགས་ནས་འཁོར་དང་ལོངས་སྤྱོད་འདུ་འཛི་ལ་ཡེངས་སུ་འཇུག །ཆོས་ལ་ཞུགས་ནས་བཤད་པ་ལ་འཇོམས་སུ་འཇུག །ལུས་ལ་ཞུགས་ནས་ཆེ་འགྲན་ནམ་ཚུལ་འཆོས་འབྱུང་དུ་འཇུག །སྙེམས་ལ་ཞུགས་ནས་ཌཱ་ཀི་མ་ཡིས་ལུང་སྟོན་པའམ། ཡི་དམ་ལྷ་རུ་བརྫུས་ནས་དགའ་བྲོད་ཀྱི་སྙེམས་སྐྱེ་རུ་འཇུག་གོ །བཞི་པ་བདུད་དེ་དག་རང་གི་སྙེམས་སུ་ཐག་ཆོད་ན་དངོས་གྲུབ་ཏུ་འགྱུར་བ་ལ་ཕྱི་ནང་གསང་བ་གསུམ། ཕྱིའི་སྙེམས་ཐག་བཅད་པ་ནི། ཡུལ་མཛེ་རོ་དང་། ལྷོག་རོ་དང་། གོས་ཤི་གོས་དང་། དམེ་གོས་དང་། ཟས་ཐབ་ཟས་དང་། གཞོབ་ཟས་ལ་སོགས་པ་ལ་སྙེམས་ཐག་བཅད་དོ། །
ནང་གི་སྙེམས་ཐག་བཅད་པ་ནི། བཟང་རྟོག་ངན་རྟོག་ལ་སོགས་པ་ཡིད་ལ་ཅི་ཤར། ཅི་དྲན། ཅི་སེམས། ཅི་ཐོས། ཅི་རིག །ཅིར་སྣང་ཐམས་ཅད་རང་སེམས་སུ་ཐག་བཅད་དོ། །གསང་བའི་སྙེམས་ཐག་བཅད་པ་ནི། དཔེར་ན་ནམ་མཁའ་ལ་རྟོག་པ་དང་མི་རྟོག་པ་ལ་སོགས་པའི་འཛིན་པ་གང་ཡང་མེད་པ་བཞིན་དུ། ཆོས་སུ་འཛིན་པ་ལ་སོགས་པ་རྟོག་པ་དང་མི་རྟོག་པའི་འཛིན་པ་གང་ཡང་མེད་པར། རྩིས་མེད་དུ་བོར་ལ་སྙེམས་མེད་དུ་བཞག་གོ །དེ་ལྟར་ཤེས་པ་རྟེན་མེད་འབྲེལ་མེད་དུ་གཉན་སར་ལྷན་གྱིས་བཞག་པས། མྱུར་ན་ཞག་གསུམ། འབྲིང་ན་བཅུ། ཐ་མ་ཉི་ཤུ་ཚུན་ཆད་དུ། གདོན་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་མ་བཟོད་ནས་ཆོ་འཕྲུལ་སྣ་ཚོགས་འོང་། ཁྲོ་བ་དང་། བརྡེགས་པ་དང་། ལྷངས་ཀྱིས་འབོད་པ་དང་། ཁྱོད་ཀྱི་དེ་ཆོས་མིན་ཟེར་བ་དང་། བློ་རྡོ་བརྡེགས་པ་དང་། རྒོལ་བ་དང་། འདྲུད་པ་ལ་སོགས་པ་མི་འཚམས་པའི་ཆོ་འཕྲུལ་སྣ་ཚོགས་དེ་ལྟར་བྱུང་ན། ཤེས་པ་ཡེངས་པས། དང་པོ་འདར་ཡེད་ཀྱིས་འོང་། དེ་ནས་ཆོ་འཕྲུལ་གང་བྱུང་དེ་ལ་ཤེས་པ་ལྷན་གྱིས་གཏད་ནས་མ་ཡེངས་པར་བསྒོམས་པས་བློ་བདེ་ཡལ་གྱིས་འགྲོ། བག་དྲོ་འུར་གྱིས་འགྲོ། ཤེས་པ་བདེ་སིང་གིས་འགྲོ། ལྷ་འདྲེའི་ཆོ་འཕྲུལ་ཉལ་གྱིས་འགྲོ། ལུས་ཀྱི་ན་ཚ་ཆུང་དུ་འགྲོ། ཐ་མར་གཉིས་ཀ་ཡལ་ནས་འགྲོའོ། །དེ་ནས་གཉན་ས་གཞན་དུ་སྤོ། དེ་ལྟར་སོང་ཙ་ན་བདུད་ཆོས་ཉིད་དུ་ལྡོག་པ་བྱ་བ་ཡིན། བདུད་རྣམ་པར་ལྡོག་པ་ལས་ཡེ་ཤེས་སྐྱེ་བ་ཡིན། དུག་སྨན་དུ་འགྱུར་བ་ཡིན། བདུད་ཁོལ་དུ་ཆུད་པ་ཡིན། བདུད་སློབ་དཔོན་དུ་སྤྲུལ་ནས་བྱུང་ཡང་། གཟུགས་ཀྱི་རང་བཞིན་སྟོང་པ་ཡིན་པས། ཆོ་འཕྲུལ་ཇི་ལྟར་བྱུང་ཡང་ཤེས་པ་འགྱུར་མེད་དུ་ལྷན་གྱིས་འཇོག་པ་ཡིན་ནོ། །
གཉིས་པ་མི་ལྡོག་པ་སྒོ་གཏན་གྱི་གདམས་ངག་ནི། ཉོན་མོངས་པ་ལ་འཇིགས་པ་དང་། སྐྱུག་བྲོ་བ་དང་། ཉམ་ང་བ་སོགས་མི་ཕོད་པ་སྙམ་བྱེད་པ་གང་ལའང་སྙིང་ཁམས་བསྐྱེད་ལ། ལྟ་ཐོག་ནས་རིག་པ་ལ་ངར་བཏགས་ལ། ཉམ་ང་ན་ང་ཐོག་ཏུ་ཐོངས། འཇིགས་ན་འཇིགས་ཐོག་ཏུ་སྐྱུར། སྐྱུག་བྲོ་ཐོག་ཏུ་བསྲེ། གང་མི་ཕོད་པ་སྙམ་བྱེད་པ་དེ་ཀ་ལ་ཐོག་བརྫིས་བྱས་ལ། རང་སེམས་འདི་ལྷོད་ཀྱིས་གློད་ལ་བཞག་གོ །རེ་དོགས་མེད་པར་བཞག་གོ །རྩིས་གདབ་མེད་པར་གར་སོང་ལོགས་སུ་བཞག་གོ །གསུམ་པ་ལོག་ནོན་གཟེར་བུའི་གདམས་པ་ལ་གཉིས་ཏེ། གཉན་གཅོད་བྱས་པས་ལོག་པ་དང་། མཛེས་གཅོད་བྱས་པས་ལོག་པའོ། །གཉན་གཅོད་བྱས་པས་ལོག་ན། གཉན་སར་ཕྱིན་ལ་ཤིང་གཉན་རྩད་ནས་བཅད། ཆུ་གཉན་གཏིང་ནས་དཀྲུག །ན་གཉན་བརྐོ། བྲག་གཉན་གཤག་པ་ལ་སོགས་པ་བརྟུལ་ཞུགས་དྲག་པོའི་སྤྱོད་པ་བྱ། ཅིར་སྣང་རང་གི་སེམས་སུ་ཐག་བཅད། སེམས་ལ་སྐྱེ་འགག་མེད་པར་ཐག་བཅད། སྐྱེ་འགག་མེད་པ་ཆོས་ཀྱི་སྐུར་ཐག་བཅད། ཆོས་སྐུ་ངོས་བཟུང་མེད་པར་ཐག་བཅད། ཕན་གནོད་གང་ཡང་ཡིད་ལ་མི་བྱེད་པར་དྲན་མེད་དུ་ལྷན་གྱིས་བཞག །འཛིན་མེད་དུ་ཕྱལ་གྱིས་བཏང་། གཡས་མེད་དུ་ཤིགས་ཀྱིས་བཤིག་ལ་བཞག །དེ་ལྟར་བཞག་པས་ཆོད་པ་ལ་དགའ་བའི་བློ་མེད་པར་བཞག་གོ །མཛེས་གཅོད་བྱས་པས་ལོག་ན། སྔར་གྱི་མཛེ་པོ་དེ་རང་གི་ཟས་ཟ། གོས་གྱོན་ལ། ཁ་འཕྲོ་བསྲེ་སྟེ་གོང་བཞིན་དུ་བཞག་གོ །བཞི་པ་དེ་ལྟར་ཉམས་སུ་བླངས་པས་ཕན་ཡོན་ནི། ཆུ་མིག་གཉན་པོ་བརྒྱ་རྩ་བརྒྱད་བཙལ་ནས་ལུས་རོ་བཞིན་དུ་ལན་རེ་བསྐྱུར་ན་གནས་སྐབས་སུ་ལུས་ནད་གདོན་ལས་གྲོལ་ཞིང་མཐར་ཐུག་ཏུ་ཕྱིར་མི་ལྡོག་པའི་ས་ནོན་པར་འགྱུར་རོ། །གསང་བ་བརྡ་ཆོས་ལ་བརྡར་བསྒྱུར་བ་ལས། སེམས་ཆོས་བསྲེ་བའི་བརྡ་ཞེས་ཀྱང་བྱ། སྒོམ་ཁྲིད་བཅུ་དྲུག་པ་ཞེས་ཀྱང་བྱ། ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་དོན་བཞི་མ་ཞེས་ཀྱང་བྱའོ། །བླ་མ་འཁྲུལ་ཞིག་ཁམ་བུ་ཡལ་ལེས་འདི་ལ་གཙིགས་ཅན་དུ་མཛད་སྐད། ཨི་ཏི། སརྦ་མངྒ་ལཾ།
ཆོས་རྣམས་ཟད་སར་སྐྱོལ་བའི་བརྡ།
༄༅། །ཆོས་རྣམས་ཟད་སར་སྐྱོལ་བའི་བརྡ་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གསང་བ་བརྡ་ཆོས་ལ་བཟླ་ལས་ཆོས་རྣམས་ཟད་སར་སྐྱོལ་བའི་བཟླ་ལ་གཉིས་ཏེ། གཞི་ལམ་དུ་བསླང་བ་དང་བར་དོ་བཅད་པའོ། །གཞི་ལམ་དུ་བསླང་བ་ནི། དང་པོ་བླ་མའི་གདམས་ངག་གིས་གཅོད་ཐེབས་པར་བྱས་ལ། རྣལ་མ་མ་བཅོས་པ་དེ་ཆོས་ཉིད་ཡིན་པར་རིག་པར་བྱས་ལ། རྣལ་མ་དེ་ལ་འཁོར་བའི་སྡུག་བསྔལ་ལམ། སངས་རྒྱས་ཀྱི་བདེ་བའམ། ལྷ་ཀླུའི་ནད་རིམས་སམ། ཉམས་གྲིབ་ལ་སོགས་པ་ཅི་ཡང་མི་འདུག་པར་རིག་པར་བྱས་ལ། ཡང་ནས་ཡང་དུ་རྩལ་འབྱོངས་པར་བྱའོ། །དེའང་ལྟ་བ་གཉིས་མེད་དུ་ཤེས་ནས་གཅིག་ཀྱང་མ་གོལ་ཡང་། སྤྱོད་པའི་དུས་སུ་ཐ་མལ་བཞིན་དུ་སོང་ནས་གཙང་བཙོག་གིས་ལྷ་ལ་བཟང་པོར་བལྟས་ནས་དངོས་གྲུབ་རེ་བའམ་འདྲེ་བདུད་ལ་ཞེ་སྡང་བར་བྱས་ནས་འགེར་བར་བྱེད་པས་དེས་ན་ལྟ་སྤྱོད་འདྲེར་མ་བཏུབ་པས་གཅོད་དགོས་པར་འདུག །ལུས་སྲོག་ལ་གཟན་བསྐྱུར་བྱས་ནས་བསྲེ་དགོས་པར་འདུག །སྔ་མ་ཡང་ལུས་སྲོག་ལ་ཕངས་ནས་ལུས་སྲོག་གི་ཆིས་བྱས་པས་འཁོར་བར་འཁྱམས་པ་ཡིན་པས་ད་ནི་ནན་ཏན་གྱི་དུས་ཆེན་གཅིག་ལ་བབས་པ་ཡིན་པས་མཉམ་བཞག་ཉམས་སུ་བླངས་ནས་ལན་གཅིག་རྟོགས་མེད། གཉིས་མེད་རེ་བ་འདིས་མི་འོང་པས་ད་ལྟར་བསྲེ། གཅོད་མྱུར་དུ་སྦྱངས་དགོས་པ་ཡིན་པས་འདི་ལྟར་གོ་བར་བྱའོ། །
རྒྱ་གར་ནའང་དུར་ཁྲོད་ཀྱི་གནས་མི་དང་མི་མ་ཡིན་ནམ། ལྕེ་སྤྱང་ཡོད་པའི་སར་འགྲོ་བ་ཡིན་པས་ད་ངེད་ཀྱང་གཉན་སའམ། མཛེ་གསེབ་བམ། འགོ་ནད་ལ་སོགས་པའི་སར་གཅོད་བྱའོ། །དེའང་སེམས་ཅན་རྟོག་པ་ཆེ་རང་ལུས་ལ་གཅེས་པར་མཐོང་བས་དང་པོ་ཉམ་ང་བའམ། བག་ཚ་བའམ། ཤེས་པ་སྐྱི་ཟིང་པ་ལ་སོགས་པ་འོང་བ་ཡིན། དེ་ཙ་ན་ལྟ་བས་ཀྱང་རང་གི་རྟོག་པའི་སྣོན་པ་ཡིན་པས་རང་ལ་རང་འཇིགས་སུ་མེད་དེ་སླར་ཡང་ལུས་སེམས་གློད་ལ་བཞག་གོ །མ་བཅོས་པར་བཞག་གོ །མི་བསྒོམ་པར་བཞག་གོ །ཁུ་འཕྲིག་ཉམ་ང་ཆོ་འཕྲུལ་ཅི་བྱུང་ཡང་རང་ཉིད་ལས་བྱུང་བར་ཤེས་དགོས། ཆོ་འཕྲུལ་སྣ་ཚོགས་འོང་བ་ཡིན། རྐྱེན་མི་མཐུན་པ་སྣ་ཚོགས་ཀྱང་འོང་བ་ཡིན་ནོ། །དེ་ནི་རྟགས་སུ་བྱས་ན་བཟང་བ་ཡིན། དཔེར་ན་སྐྲ་བཀྲུས་ན་དྲི་མ་ལྷུག་བྱུང་ནས་དག་པའི་རྟགས་ཡིན། དེ་བཞིན་དུ་བདུད་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་བྱུང་བ་དེ་ཆོས་ཉིད་ལ་གནས་པའི་རྟགས་ཡིན། འཇིགས་པར་མི་བྱ། ལུས་སེམས་གློད་ལ་ཉལ། བསྒོམ་པར་མི་བྱ། འཛིན་པ་བཏང་། ཆོ་འཕྲུལ་ཅི་ཡང་མ་བྱུང་ན་རེ་བ་མི་བྱ། ཆོ་འཕྲུལ་བྱུང་བ་དང་མ་བྱུང་བ་དོན་ལ་ཡོན་ཏན་མཉམ་པའོ། །འགོ་བའི་ནད་ལ་ཕྱི་སྲུང་ནང་སྲུང་རྫས་སྲུང་མང་ཡང་། ལྟོས་པའི་སྲུང་བ་ཡིན་པས་སངས་མི་རྒྱ། ཆོས་ཉིད་དོན་གྱི་སྲུང་བ་ནི། བདུད་བཞི་སྲུང་བ་སྲུང་བའི་མཆོག་ཡིན་པས་མ་བཅོས་རྩོལ་བྲལ་གྱི་གདེང་དང་ལྡན་པར་བྱས་ནས་ཆོས་ཉིད་དུ་བཏགས་པ་ཐམས་ཅད་རང་སར་གྲོལ་བ་ལ་གནོད་བྱ་གནོད་བྱེད་དམ་འགོ་བའི་རྒྱུ་མེད་ཀྱི་སྙེམས་མ་ཞུགས་པར་ཡེངས་སེ་བྱས་པས་གཅོད་ཐེབས་པ་ཡིན། དེ་ཡང་རེ་བ་མེད་པས་སངས་རྒྱས་གཅོད། དོགས་པ་མེད་པས་འཁོར་བ་གཅོད། འཛེམས་དོགས་མེད་པས་ནད་རིམས་གཅོད། ཉམ་ང་མེད་པས་འདྲེ་བདུད་གཅོད། གཅད་བྱ་མེད་པས་ཀུན་ཀྱང་གཅོད། དེ་ཡང་ཤེས་པ་ཆོས་ཉིད་ལ་གནས་ཐབས་ནི། མི་གནས་པས་ནི་དེ་གནས་སོ། །ཡེངས་སེ་བྱ་དགོས། གང་ལའང་དམིགས་པ་མེད་པས་བུན་ནེ་ཙམ། ཞེ་འདོད་མེད་པས་ལྷོད་དེ་བའོ། །ཉམ་ང་མེད་པས་འབོལ་ལེ་བ། འདི་བྱ་མེད་པས་ཟིངས་སེ་བ། སྒོམ་པའི་གཞུང་ཡང་མེད། མི་བསྒོམ་པའི་གཞུང་ཡང་མེད་པས་ཐོམ་མེ་བ། ངང་དལ་བ་ལ་བག་ཡངས་པ། རིག་པ་ལ་སེམས་འཛིན་གྱི་ལས་མི་འཆོལ། སེམས་ཀྱི་བྱུང་ཚོར་ལ་བཟང་ངན་དུ་མི་ལྟ་བར་མི་ཆོས་སྤངས་པའི་རྣལ་འབྱོར་པ་ལ། ཆོས་བདུད་དུ་ཆེ་བས་ཆོས་མེད་དུ་ཁྲེས་སེ་བ། ལྟ་བ་རྟོགས་པའི་རྣལ་འབྱོར་པ་ལ། སྒོམ་བདུད་དུ་ཆེ་བས་སྒོམ་མེད་དུ་ཁྲེས་སེ་བ། རྟོག་པ་ཆོམ་པའི་རྣལ་འབྱོར་པ་ལ། རློམ་སེམས་བདུད་དུ་ཆེ་བས་གཡས་ཀ་མེད་པར་ཁྲེས་སེ་བ། སངས་རྒྱས་དྲང་དོན་གྱི་བྲོད་ཁ་ཡིན། རང་སེམས་རྟོགས་པའི་རྣལ་འབྱོར་པ། བྲོད་ཁའི་ཆོས་ལ་ད་མ་ཉན། འཁོར་བ་གཡང་ས་བསྐྱུར་བ་ལ། དེ་ལ་ཡ་ང་མ་བྱེད་ཅིག །མི་མཐུན་པ་དང་བསྲེ་དགོས་པ་ཡིན། འགྲོ་སྙིང་མི་འདོད་པའི་སར་སོང་ལ་གཅོད་བྱ། གོན་སྙིང་མི་འདོད་པའི་གོས་སླར་ལ་གོན། ཟ་སྙིང་མི་འདོད་པའི་ཟས་སླར་ལ་ཟ། འགྲོགས་སྙིང་མི་འདོད་པ་དང་འགྲོགས་ལ་གཅོད་གྱིས། རྟོགས་པའི་སར་རོ་སྙོམས་བྱ་བ་གཅེས། མཐུན་པར་འགྲོགས་པའི་དུས་བདེ་ཡང་། མི་མཐུན་བྱུང་ན་སྤོང་འགེགས་ཡོང་། དེས་ན་མི་མཐུན་རྐྱེན་རྣམས་ཆོས་ཉིད་དུ་ཆོད་ན། བདུད་ཀྱང་སྤང་དུ་མེད་པས་རྩོལ་མེད་དུ་འབྱོངས་སོ། །ཤེས་རབ་ཆུང་བ་ལ་རྟོག་སྤོང་དཀའ། ཤེས་རབ་ཆེ་བ་ལ་ཆོས་མེད་དཀའ། ཐ་མལ་ལྟ་བུའི་ལུས་སེམས་ལ། འཛིན་པ་མེད་པར་གང་གནས་པ། ཆོས་ཉིད་ཡིན་པར་ང་ཡིས་དགོངས། ལར་ཆོས་འདི་ཤེས་པ་ལ་ཆོས་ཀྱིས་མ་གོས་པ་ཞིག་དགོས། དོན་རྟོགས་པ་ལ་ལྟ་བས་མ་གོས་པ་ཞིག་དགོས། སྒོམ་ཡོད་པ་ལ་སྒོམ་གྱིས་མ་གོས་པ་ཞིག་དགོས། མང་སར་བསྡད་ན་མང་པོས་མ་གོས་པ་ཞིག་དགོས། ཆོས་འདིའི་ལུགས་ཀྱི་གཡས་དང་མེད་དེ། ལུགས་མེད་གཡས་མེད་ཅིག་ཏུ་འདུག་པ། ཞིག་པོ་རྣམས་ལའང་གཡས་མེད་དུ་འདུག་པ་དེ་ཡིན་མོད། འོན་ཀྱང་མ་རྟོགས་པ་དྲང་ཕྱིར་གཅོད་ཡུལ་བརྡ་རུ་བསྟན་པ་དེ་ལྟར་གདའོ། །གཞི་ལམ་དུ་བསླང་བའི་གདམས་པའོ།། །།
ཀུན་གཞི་སྡེ་སྐོར་གྱི་ངོ་སྤྲོད།
༄༅། །ཀུན་གཞི་སྡེ་སྐོར་གྱི་ངོ་སྤྲོད་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གདམས་ངག་བདུད་ཀྱི་གཅོད་ཡུལ་ངོ་སྤྲོད་ཞལ་གྱི་གདམས་པ་འདི་ལ་གཉིས་ཏེ། ཡིད་ཆེས་པའི་ལོ་རྒྱུས་དང་གདམས་པ་དངོས་སོ། །དང་པོ་ནི། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་གྲོལ་བའི་སྤྲུལ་པའི་སྐུ་མ་ཇོ་མོ་ལབ་ཀྱི་སྒྲོན་མ་ཞེས་བྱ་བ་དེས་ཆོས་ཐམས་ཅད་ཀྱི་སྙིང་པོའི་དོན་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་ཕྱུང་ནས་སྐལ་ལྡན་རྣམས་ཀྱི་དོན་དུ་མཛད་པའོ། །
གཉིས་པ་གདམས་ངག་དངོས་ལ་སྡེའི་སྐོར་བཅྭོ་བརྒྱད་དེ། གང་ཞེ་ན་འདི་ལྟ་སྟེ། རྩ་བའི་ཚིག་བཞི། བདུད་ངོས་འཛིན་པའི་ཚིག་བརྒྱད། ཉམས་སུ་བླངས་པའི་ཚིག་དྲུག་སྟེ་བཅྭོ་བརྒྱད་དོ། །དེ་ལ་རྩ་བའི་ཚིག་བཞི་ནི། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད། བྱིན་རླབས་ལུས་སེམས་བྲལ་བ། སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའོ། །དང་པོ་ལ་གསུམ་སྟེ། ཕྱིའི་སྐྱབས་འགྲོ། ནང་གི་སྐྱབས་འགྲོ། གསང་བའི་སྐྱབས་འགྲོའོ། །སེམས་བསྐྱེད་ལ་གསུམ་སྟེ། སྨོན་པའི་སེམས་བསྐྱེད། འཇུག་པའི་སེམས་བསྐྱེད། དོན་དམ་པའི་སེམས་བསྐྱེད་དོ། །བྱིན་རླབས་ལུས་སེམས་བྲལ་བ་ནི། ལུས་ཀྱི་གཅེས་འཛིན་གཏོང་བ་ཡིན་པས་དེའང་བདག་གི་ལུས་འདི་མ་ཤི་བ་ནས་རོ་སྟོད་རོ་སྨད་ལུས་པོ་ཟེར་ནས་མི་རྟག་པའི་མིང་དུ་གདའ་བས་སྒྱུ་ལུས་ཀྱི་ཕུང་པོ་འདི་གཡར་རུང་བདག་ཏུ་བཟུང་བས་མི་ཕན། ནམ་གཞུག་གཡར་པོ་ཁུངས་སུ་གཏད་དགོས་པ་ཡིན། དེའང་ཤ་ས་ལ་གཏད། རུས་པ་རྡོ། ཁྲག་ཆུ། དྲོད་མེ། དབུགས་རླུང་ལ་གཏད་དགོས་པ་ཡིན། དེ་ལྟར་འབྱུང་བ་བཞིའི་གཡར་པོ་འདི་རང་གྲོལ་དུ་གཏད་ལ། གཅེས་འཛིན་གྱི་ཞེན་པ་ཐམས་ཅད་ཕྲལ་ལ་བཏང་ངོ་། །དེ་ནས་ཕུང་པོ་ལ་གཞིག་འབྲེལ་བྱ་སྟེ། ལུས་འདི་མི་གཙང་བའི་གོང་བུ། རྣག་ཁྲག་གི་ཐུམ་པོ། ཆུ་སེར་གྱི་རྐྱལ་བ། རུས་པའི་དུམ་བུ། ཆུ་རྒྱུས་ཀྱི་དྲ་བ། འབུ་སྲིན་གྱི་གྲོང་ཁྱེར། ཤིག་སྲོའི་ཚང་ཚིང་། མི་རྟག་ཅིང་འཇིག་པའི་རང་བཞིན་འདི་ལ་བདག་གིས་འདུ་ཤེས་བདུན་དང་ལྡན་པར་བལྟ་སྟེ། ལུས་ནི་རོའི་འདུ་ཤེས། རྣམ་པར་བམ་པའི། རྣམ་པར་སུངས་པའི། འབུ་ཅན་གྱི་རྣམ་པར་ཚིག་པའི། རྣམ་པར་ཟོས་པའི། རྣམ་པར་འཐོར་བའི་འདུ་ཤེས་ཅན་དུ་འདུག་པས་བདུད་དང་ལོག་འདྲེན་བགེགས་ཀྱི་ཚོགས་ཤ་དང་ཁྲག་ལ་རྔམ་པ་རྣམས་ལ་ཕངས་སེམས་མེད་པར་སྦྱིན་ནོ། །ད་རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཤ་འདོད་པ་ཤ་ལ་ཟོ། ཁྲག་འདོད་པ་ཁྲག་ལ་འཐུང་། རུས་པ་འདོད་པ་རུས་པ་ལ་འཆོས་སྙམ་དུ་བསམ་ལ། ཕུང་པོ་གཟན་དུ་ལིངས་ཀྱིས་བསྐྱུར་རོ། །དེ་ནས་འཁོར་བ་ལ་སྐྱོ་བ་བསྐྱེད་པའི་དུས་ཡིན་ཏེ། བདག་གི་ལུས་འདི་ཡང་འདི་ལྟ་བུའི་མཚན་ཉིད།
དེ་ལྟ་བུའི་རང་བཞིན་ཅན། དེ་ལྟ་བུའི་ངང་ཚུལ་ཅན་ལས་མ་འདས་པའོ་སྙམ་དུ་བསམ་ལ། ལུས་ཀྱི་ཞེན་པ་བཅད་ནས་སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་དེ་རྒྱུ་དང་རྐྱེན་ལས་མ་གྲུབ། ཕྱོགས་དང་རིས་སུ་མ་གྲུབ། དངོས་པོ་དང་མཚན་མར་མ་གྲུབ། དབྱིབས་དང་ཁ་དོག་ཏུ་མ་གྲུབ། ཕྱི་དང་ནང་དུ་མ་གྲུབ། མཐའ་དང་དབུས་སུ་མ་གྲུབ་པའོ། །དེ་ལ་གདམས་ངག་ལག་ལེན་དུ་བསྟན་པ་ནི། ལུས་ཀོག་གིས་ལངས་ལ་རྐང་པ་གཉིས་གཤིབས། ལག་པ་གཉིས་སྨིན་ཕྲག་ཏུ་ཐལ་མོ་སྦྱར། རིག་པ་མི་དྲན་དགུ་དྲན་འདི་རྐང་པའི་མཐིལ་གཉིས་ནས་ཡར་དྲངས་ཏེ། སྤྱི་བོ་ཚངས་པའི་བུ་ག་ནས་བུན་གྱིས་བཏང་ངོ་། །དེ་ལྟར་ཕྱི་ནང་གི་ནམ་མཁའ་ཀྲུག་གིས་བསྲེ་བའོ། །བློ་རྒྱ་བསྐྱེད་ལ་རིག་པ་བློ་ཡིས་ཁྱབ་ཚད་དུ་བཏང་ནས་སེམས་ཁྱབ་གདལ་དུ་ཤིག་གིས་བཞག་གོ །དེ་ལྟར་ལུས་སེམས་ཕྲལ་ལ་ཤེས་པ་རྟེན་མེད་དུ་བཏང་། དེའི་ངང་ལ་ཉམས་དགའ་ཡ་ལེ། བག་དྲོ་འུར་རེ། བློ་བདེ་ལྷན་ནེ། ཤེས་པ་བདེ་སྟོང་དུ་ཕྲིལ་ལེ་འཇོག་པ་ཡིན་ནོ། །དེ་ལྟར་ལུས་ལ་སེམས་མ་ལྟོས། སེམས་ལ་ལུས་མ་ལྟོས། ལུས་སེམས་གཉིས་ལ་ཤ་ཚ་བརྩེ་གདུང་མེད་པ་བསྐྱུར་བ་ཡིན་ནོ། །དེ་ལྟར་ཉམས་སུ་མྱོང་ཙ་ན་བློ་རེ་དོགས་དང་བྲལ་ནས་གང་ལའང་ཉམ་ང་མེད་པ་ལྟ་བ་ཡིན་ནོ། །ཅི་ལའང་དངོས་པོར་མི་འཛིན་པ་སྒོམ་པ་ཡིན་ནོ། །རྟོག་པ་བཙན་ཐབས་སུ་གཅོད་པ་སྤྱོད་པ་ཡིན་ནོ། །གཞན་ལ་རག་མ་ལས་པར་ཡེ་ནས་རང་བྱུང་དུ་གྲུབ་པ་འབྲས་བུ་ཡིན་ནོ། །དེ་ལྟར་རྟོགས་པའི་རྟེན་གྱི་གང་ཟག་དེ་ལ་དབང་བཞི་དུས་གཅིག་ལ་རྫོགས་ཏེ། ལུས་ལ་སྲུང་བ་མི་དགོས། བསྙེན་པ་དང་རྫས་ལ་རག་མ་ལས། ལུས་རྟོག་པའི་དབང་དུ་མི་འགྲོ་བས་བུམ་པའི་དབང་མ་བསྐུར་བར་རང་ལ་རྫོགས། རྣམ་རྟོག་བཟང་ངན་གྱི་སྐྱོན་ཡོན་གྱིས་མ་གོས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་མ་བསྐུར་བར་རང་ལ་རྫོགས། དོན་སྨྲ་བསམ་བརྗོད་དུ་མེད་པའི་ཡིན་ལུགས་ཤེས་པས་ཚིག་དབང་རིན་པོ་ཆེ་མ་བསྐུར་བར་རང་ལ་རྫོགས་སོ། །དེ་ལྟ་བུའི་རྟེན་གྱི་གང་ཟག་དེ་དགྲ་བཅོམ། བྱ་བ་བྱས། ཟག་པ་ཟད། ཁུར་བོར། རང་གི་དོན་རྗེས་སུ་ཐོབ་པའོ། །དེའང་སྡུད་པ་ལས། ཤེས་རབ་ལྡན་པས་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ་ཞེས་སོ། །དོན་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི། སྤྱིར་སྒོམ་པ་ལ་བཞི་སྟེ། མཚན་མའི་འཛིན་སྒོམ། དྲན་མེད་ཀྱི་དབྱིངས་སྒོམ། ལྟ་བའི་ངང་སྒོམ། རིག་པའི་ཀློང་སྒོམ་དང་བཞིའོ། །དང་པོ་ནི། དམིགས་པའི་རྟེན་ཞིག་མདུན་དུ་བཞག་ནས་སེམས་གཞན་དུ་མ་འཕྲོས་པར་ཕྲིལ་ལེ་གཏད་ལ་བཞག་གོ །གཉིས་པ་ནི། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་ལ་ཆེད་དུ་མི་གཟུང་། བྱར་མེད་ཀྱི་ངང་ལ་སྒོམ་མེད་དུ་ལྷན་ནེ། འཛིན་མེད་དུ་ཤིགས་སེ། ཀུན་ཁྱབ་གདལ་པ་ཆེན་པོའི་ངང་ལ་གལ་མ་མཆིས་སུ་ཟོམ་མེ་འཇོག་པ་ཡིན་ནོ། །གསུམ་པ་ནི། ཚོགས་དྲུག་གི་སྣང་བ་ཇི་ལྟར་ཤར་ཡང་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ། ཆགས་སྡང་རྗེས་མེད་དུ་ཕྱལ་ལེ་ཤིག་གེ་གསལ་བ་འཛིན་མེད་དུ་ཉམས་སུ་ལེན་པ་ཡིན་ནོ། །
བཞི་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ཀློང་ཡིན་པས་བདེ་སྟོང་རྩ་བྲལ་གྱི་ངང་ལ་རིག་པ་ཟང་ཐལ་དུ་ཉམས་སུ་ལེན་པ་ཡིན། དེ་ལྟར་ཉམས་སུ་བླངས་པས་རིག་པ་ཀློང་ཡངས་ཀྱི་ཉམས་སྣང་རྒྱུད་ལ་འཆར་བ་ལགས། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་ནི། སྤྱིར་ལྟ་བ་ལ་གཉིས་ཏེ། འཇིག་རྟེན་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ལྟ་བའོ། །དང་པོ་ལ་གཉིས་ཏེ། ལོག་པ་མུ་སྟེགས་པའི་ལྟ་བ་དང་། རང་རྒྱུད་སོ་སོའི་ལྟ་བའོ། །དང་པོ་ལ་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་དོན་རྟག་ཆད་གཉིས་སུ་འདུས་སོ། །གཉིས་པ་ནི། སོ་སོའི་སྐྱེ་ས་དང་རིགས་རྒྱུད། བྱས་པའི་ལག་རིས། འཕྲལ་གྱི་འཛོམས་ཆ། དེ་རྣམས་རློམ་སེམས་སུ་ཁྱེར་ནས་རྟིང་པ་འདེགས་པ་རྣམས་ཡིན་ཏེ། དེ་ལྟར་འཇིག་རྟེན་པའི་ལྟ་བ་དེ་ཐམས་ཅད་བདུད་རང་ཁ་མར་ཞུགས་པའི་ལྟ་བ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལྟ་བ་ནི། གང་ཟག་དྲེགས་པའི་དབང་གིས་རྒྱུད་ལུང་མན་ངག་གསུམ་མམ། ཐོས་བསམ་སྒོམ་གསུམ་ལ་བློ་སྦྱངས་ཏེ། ཆོས་ང་མཁས་སོ། །ལྟ་བ་ང་མཐོའོ། །སྒོམ་པ་ང་བཟང་ངོ་། །བསོད་ནམས་ང་ཆེའོ་སྙམ་ནས་དམ་པའི་ཆོས་ལ་ལྟ་བ་རས་ཆོད་བྱེད་པ་རྣམས་ནི། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་ཤོར་བ་ཡིན་ཏེ། དེ་ལ་འདིར་ཡང་དག་པའི་དོན་མ་མཐོང་བའི་ཡུལ་དང་བྲལ་བས་བལྟ་རུ་མེད་པར་ཐག་ཆོད། ཆོས་ཉིད་ཀྱི་དོན་ལ་བཅོས་སུ་མེད་པས་སྒོམ་དུ་མེད་པར་ཐག་ཆོད། སེམས་ཉིད་ཀྱི་དོན་ལ་ངོ་བོ་མ་གྲུབ་པས་སྤྱད་དུ་མེད་པར་ཐག་ཆོད། ཕ་རོལ་ཏུ་ཕྱིན་པའི་དོན་ལས་ཀྱི་དབང་དུ་མི་འགྲོ་བས་བདུད་ཀྱི་སྤྱོད་ཡུལ་དུ་མི་འཆོར་བའོ། །
བདུད་ངོས་འཛིན་གྱི་ཚིག་བརྒྱད་ནི། ཉོན་མོངས་པའི་བདུད། ཕུང་པོའི། ལྷའི་བུའི། འཆི་བདག་གི་བདུད། ཐོགས་བཅས་ཐོགས་མེད་གཉིས། ཕྱི་འདྲེ་ནང་འདྲེ་གཉིས་ཏེ་བརྒྱད་དོ། །དེ་ལ་ཉོན་མོངས་པའི་བདུད་དེ་འདུལ་བ་ནི། ཐོག་མའི་དུས་སུ་དང་པོའི་སངས་རྒྱས་ཀྱིས་དགེ་བ་ཏིལ་འབྲུ་ཙམ་ཞིག་མ་བྱས་པར་གཞི་ཐོག་ནས་སངས་རྒྱས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་མི་དགེ་བ་ཏིལ་འབྲུ་ཙམ་ཞིག་མ་བྱས་པར་འཁོར་བར་འཁྱམ་སྟེ། ཉོན་མོངས་པ་རང་དགར་སྤྱད་པས་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་ཡིན། དེ་ལས་ལྡོག་པ་ལ། ད་ལྟ་བླ་མའི་གདམས་ངག་གིས་རིག་པ་རྩ་བྲལ་དུ་གཏན་ལ་ཕབས་ནས་དུག་ལྔ་རང་སར་གྲོལ་ཙམ་ན་ཉོན་མོངས་པའི་བདུད་ཐུལ་བའོ། །ཕུང་པོའི་བདུད་ནི། ཕུང་པོ་རྣམ་པ་ལྔ་ལ་བདེན་པར་འཛིན་པའི་བློ་ཨ་འཐས་པས་འཁོར་བའི་རྒྱུ་བྱུང་བ་ཡིན། དེ་ཡང་གཟུགས་ཀྱི་ཕུང་པོ་ལས་སྐྱེ་ཤི་བྱུང་། ཚོར་བའི་ཕུང་པོ་ལས་གཉིས་འཛིན་བྱུང་། འདུ་ཤེས་ཀྱི་ཕུང་པོ་ལས་ཆགས་སྡང་བྱུང་། འདུ་བྱེད་ཀྱི་ཕུང་པོ་ལས་བདེ་སྡུག་བྱུང་། རྣམ་པར་ཤེས་པའི་ཕུང་པོ་ལས་འཁོར་འདས་བྱུང་། དེ་ལྟར་ཕུང་པོ་ལྔ་པོ་འདི་ལ་བདེན་པར་བཟུང་ནས་འཁྱག་གིས་དོགས་པ། ལྟོགས་ཀྱིས་དོགས་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བས་འཁོར་བར་འཁྱམས་པ་ཡིན། དེ་ལྟར་ཕུང་པོའི་བདུད་དེ་རྣམས་འདུལ་བ་ལ། བླ་མ་དམ་པའི་གདམས་ངག་གིས་ལུས་སེམས་འབྲེལ་མེད་ཀྱི་སྒོ་ནས་གཟུགས་ཀྱི་ཕུང་པོ་འབྲེལ་མེད་དུ་བསྐྱུར་བས་བདེ་སྡུག་གི་རྟོག་པ་དང་བྲལ། ཚོར་བའི་ཕུང་པོ་འཛིན་མེད་དུ་བསྐྱུར་བས་བདེ་སྡུག་གི་རྟོག་པ་དང་བྲལ། འདུ་ཤེས་ཀྱི་ཕུང་པོ་འཛིན་མེད་དུ་བསྐྱུར་བས་ཆགས་སྡང་གི་རྟོག་པ་དང་བྲལ། འདུ་བྱེད་ཀྱི་ཕུང་པོ་འཛིན་མེད་དུ་བསྐྱུར་བས་ཆགས་སྡང་གི་རྟོག་པ་དང་བྲལ། རྣམ་པར་ཤེས་པའི་ཕུང་པོ་རྩ་བྲལ་དུ་བསྐྱུར་བས་འཁོར་འདས་ཀྱི་རྟོག་པ་དང་བྲལ། དེ་ལྟར་ཕུང་པོ་ལྔ་ལ་རང་བཞིན་མེད་པར་ཤེས་པས་བག་ཆགས་ཀྱི་ལུས་མི་ལེན་ཏེ། ཕུང་པོའི་བདུད་ལས་གྲོལ་བས་ཐུལ་བའོ། །ལྷའི་བུའི་བདུད་འདུལ་བ་ནི། ཚེ་འདིའི་ཕ་མ། བུ་ཚ། འཁོར་འདས། ལོངས་སྤྱོད། ཡོ་བྱད། ཡུལ་གཞིས། ཁང་ཁྱིམ། སྐྱེ་ས། ལག་རིས། ཉེ་དུ། འབྲེལ་བ་རྣམས་ལ་ཆགས་ནས་འདོད་ཡོན་གྱི་སྣང་བ་ལ་ཞེན་པ་རྣམས་ཀྱིས་དམ་པའི་ཆོས་མ་དྲན་ཏེ། ལྷའི་བུའི་བདུད་ཀྱིས་ཟིན་པ་ཡིན་ནོ། །གཞན་ཡང་ཆོས་པ་རྣམས་ཀྱིས་མཐུ་དང་རྫུ་འཕྲུལ་དང་། དབང་དང་བྱིན་རླབས་དང་། མངོན་ཤེས་དང་ནུས་པ་དང་། ཏིང་ངེ་འཛིན་དང་། ཡི་དམ་གྱི་ལྷ་ལ་ཆགས་པ་རྣམས་ཐད་ཀ་ཐད་ཀའི་བསོད་ནམས་སུ་ལྟ་བ་ཡིན་ཏེ། ཞེན་པའི་བློས་བཅིངས་ནས་འཁོར་བ་ལས་མི་གྲོལ་བ་ཡིན་པས་ལྷའི་བུའི་བདུད་ཀྱིས་ཟིན་པའོ། །དེ་རྣམས་འདུལ་བ་ལ། དང་པོ་ངན་རྟོག་ཚེ་འདིའི་འདོད་ཡོན་ལ་ཞེན་པ་དེ་རྣམས་བླ་མའི་གདམས་ངག་ཟབ་མོས་གཉིས་སྣང་གི་ཤེས་པ་ཐམས་ཅད་གཉིས་མེད་དུ་གཏན་ལ་ཕབ་ནས་རྗེས་མེད་དུ་ལམ་དུ་འཁྱེར་བ་ཡིན་ནོ། །
གཉིས་པ་བཟང་རྟོག་ལམ་གྱིས་ཡོན་ཏན་ལ་ཆགས་ནས་ཞེན་པ་བྱུང་ན། བདེ་སྡུག་གི་སྣང་བ་ལ་རྟོག་དཔྱོད་བཏང་ནས་རང་སྣང་ལ་བདེན་པར་མི་འཛིན་པའི་བློས་འཛིན་དགོས། དེ་ལྟར་ཉམས་སུ་བླངས་པས་འཇིག་རྟེན་པ་དང་ལམ་པའི་རྟོགས་པ་ལས་གྲོལ་ཏེ་ལྷའི་བུའི་བདུད་ཐུལ་བའོ། །འཆི་བདག་གི་བདུད་འདུལ་བ་ལ། གཉན་ས་དང་རི་ཁྲོད་འགྲིམ་ཞིང་ལུས་གཟན་དུ་བསྐྱུར་བས་སེམས་སྐྱེ་ཤི་མེད་པའི་དོན་རྟོགས་ནས་འོང་བ་ཡིན། ལར་ཕུང་པོ་འདི་འདུས་བྱས་ཡིན་པས་འབོར་དགོས་པའི་དུས་ཤིག་འོང་ངེས། དེ་ལ་སྐྱེ་ཤི་རྩད་ནས་གཅོད་པ་གལ་ཆེ་བས་སྣང་བ་ཐམས་ཅད་ངོས་མཉམ་དུ་གཏན་ལ་དབབ་དགོས་ཏེ། དགྲ་དང་བུར་མཉམ་དགོས། བུ་ལ་ཆགས་ཤིང་ཞེན་པ་མེད་ལ་དགྲ་ལ་སྡང་ཞིང་འགྲན་པ་མེད་པ་ཞིག་དགོས། དེ་བཞིན་དུ་གསེར་དང་བོང་བ། ཕ་ཡུལ་དང་གཉན་ཁྲོད། ལྷ་དང་འདྲེ། བར་ཆད་དང་དངོས་གྲུབ། བདུད་དང་སངས་རྒྱས། བདེ་སྡུག་རྐྱེན་སྣང་ལ་སོགས་པ་ཐམས་ཅད་མཉམ་པར་བྱའོ། །གཞན་ཡང་དུག་ལྔ་དང་ཡེ་ཤེས། རྣམ་རྟོག་དང་ཆོས་སྐུ། འཁོར་བ་དང་མྱང་འདས་དེ་ལ་སོགས་པའི་སྣང་བ་ཐམས་ཅད་སེམས་སུ་ངོ་མཉམ་པ་གདམས་ངག་གི་གནད་ཡིན་ནོ། །
གནད་དེ་ལྟར་ཉམས་སུ་བླངས་པས་སེམས་རྣམ་པར་རྟོག་པའི་དབང་དུ་མི་འགྲོ་སྟེ། དབུགས་ཆད་པའི་དུས་སུ་ཡང་བར་དོའི་སྣང་བ་མེད་པར་སེམས་ཉིད་མ་བུ་འཕྲད་ནས་སྐྱེ་བ་མི་ལེན་ཏེ་འཆི་བ་མི་འབྱུང་བས་འཆི་བདག་གི་བདུད་ཐུལ་བའོ། །ཐོགས་བཅས་ཀྱི་བདུད་དང་ཐོགས་མེད་ཀྱི་བདུད་གཉིས་ནི། ཐོགས་བཅས་སྣང་བ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ལ་དངོས་པོར་བཟུང་ནས་ཞེན་པ་ནི་ཐོགས་བཅས་ཀྱི་བདུད་ཡིན། ཉམས་གྲིབ་དང་། འགོ་འཛེམ་དང་། ཡམས་ནད་དང་། ཕྱོགས་ངན་དང་། མི་འགྲུབ་པའི་ཡིད་སྨོན་ལ་སོགས་པ་གཟུགས་དངོས་སུ་མ་གྲུབ་ཀྱང་བར་ཆོད་ཀྱི་གནོད་པ་འབྱུང་བ་རྣམས་ཐོགས་མེད་ཀྱི་བདུད་ཡིན། དེ་གཉིས་འདུལ་བ་ལ་བླ་མའི་གདམས་ངག་གིས་སྣང་བ་བདེན་མེད་དུ་གཏན་ལ་ཕབ་ལ་ནང་སེམས་ཀྱི་འཆར་སྒོ་འཛིན་མེད་དུ་གཏན་ལ་དབབ། གསང་བ་དོན་གྱི་གནས་ལུགས་རྩ་བྲལ་དུ་གཏན་ལ་ཕབ་ནས། ཕྱི་ནང་གསང་བའི་སྙེམས་ཐག་རྦད་ཀྱིས་བཅད་ནས་ཉམས་སུ་བླངས་པས་ཕྱི་ཡུལ་གྱི་སྣང་བ་བདེན་མེད་དུ་རྟོགས་ནས་ཐོགས་བཅས་ཀྱི་བདུད་ཐུལ་བའོ། །ནང་སེམས་ཀྱི་འཆར་སྒོ་འཛིན་མེད་དུ་རྟོགས་ནས་ཐོགས་མེད་ཀྱི་བདུད་ལས་གྲོལ་བའོ། །གསང་བ་དོན་གྱི་གནས་ལུགས་རྩ་བྲལ་དུ་རྟོགས་ནས་བདུད་ཆོས་ཉིད་དུ་འཆར་བའོ། །དེའང་སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་སྤྱོད་པ། །འདི་ནི་གང་གིས་གུས་བཅས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་སོ། །
ཕྱི་འདྲེ་ནང་འདྲེ་གཉིས་ནི། བློའི་རྟོག་པས་ཕྱིའི་ཡུལ་སྣང་ལ་བདེན་པར་བཟུང་ནས་ས་ཕྱོགས་འདི་ན་འདྲེ་ཆེན་པོ་ཡོད་ཟེར་བ་ལ། བདེན་སྙམ་དུ་ཡུལ་སྣང་འདྲེ་རུ་འཛིན་པ་ནི་ཕྱི་འདྲེ་ཡིན། རང་གི་སེམས་ཀྱི་རྟོག་པས་སྣ་ལེན་བྱས་ཏེ་འདྲེ་འོང་སྙམ་པ་དང་། བྱུང་སྙམ་པ་དང་། ཡོད་དོ་སྙམ་པ་ནི་ནང་འདྲེའོ། །འདྲེ་དེ་གཉིས་འདུལ་བ་ལ། བླ་མའི་གདམས་ངག་གིས་ཕྱི་འདྲེ་རུ་འཛིན་པའི་ཡུལ་དང་། ནང་འདྲེ་རུ་འཛིན་པའི་ཡུལ་དང་གཉིས་ཀྱི་མཁན་པོ་རྩད་བཅད་པས་རྩ་བ་རང་གི་སེམས་དོན་དམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རང་རྒྱུད་ལ་ལྷག་གིས་རྟོགས་ནས་འདྲེར་འཛིན་གྱི་རྟོག་པ་ཐམས་ཅད་རང་སར་གྲོལ་ནས་འགྲོ་བ་ཡིན་ནོ། །དེའང་སྡུད་པ་ལས། ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་བལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་སོ། །དེ་ལྟར་སེམས་སྙིང་པོའི་དོན་ལ་མ་ཡེངས་རྒྱུན་དུ་བལྟ་ཞིང་གནས་པས་ཕྱི་འདྲེ་ནང་འདྲེ་ཐམས་ཅད་ཐུལ་བའོ། །
ཉམས་སུ་བླངས་པའི་ཚིག་དྲུག་ནི། རབ་ལྟ་བས་བཅད་པ། འབྲིང་སྒོམ་པས་བཅད་པ། ཐ་མ་ཕུང་པོ་གཟན་དུ་བསྐྱུར་བ། གཉན་ཐོག་ཏུ་གཉན་དབབ་པ། ནད་ལོག་བྱུང་ན་བཅོས་ལོག་བྱ་བ། རང་ངམ་གཞན་ན་ན་བྱིན་རླབས་བྱ་བ་དང་དྲུག་གོ །རབ་ལྟ་བས་ཐག་བཅད་པ་ནི། གང་ཟག་དབང་པོ་རབ་ཀྱིས་ལྷ་དང་འདྲེའི་སྣང་བའམ། རྐྱེན་སྣང་བདེ་སྡུག་གི་སྣང་བའམ། འཁོར་བ་དང་མྱ་ངན་ལས་འདས་པའི་སྣང་བ་ཐམས་ཅད་རང་གི་སེམས་སུ་ཐག་བཅད། སེམས་ཉིད་རྣམ་པར་དག་པའི་དབྱིངས་ལ་འགྱུར་བ་མེད་པར་ཐག་རྦད་ཀྱིས་བཅད་དོ། །དེའང་ཡུམ་ལས། སེམས་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ་ཞེས་སོ། །འབྲིང་སྒོམ་པས་ཉམས་སུ་བླངས་པ་ནི། གང་ཟག་དབང་པོ་འབྲིང་གིས་ལྟ་བའི་དོན་ལ་མ་ཡེངས་པར་སྒོམ་པ་ཡིན་ཏེ། ཕྱི་ནང་གི་སྣང་བ་གང་ལའང་དགག་སྒྲུབ་དང་བཅིངས་གྲོལ་མེད་པར་རང་ལུགས་སུ་ཤིག་གེ་འཇོག་པ་ནི་མ་ཡེངས་དོན་གྱི་སྒོམ་པའོ། །དེའང་ཡུམ་ལས། གཟུགས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ་ཞེས་སོ། །ཐ་མས་ཕུང་པོ་གཟན་དུ་བསྐྱུར་བ་ནི། དབང་པོ་ཐ་མས་ལུས་ཀྱི་གཅེས་འཛིན་གཏང་དགོས་པ་ཡིན་ཏེ། དེའང་ལུས་ཤ་ཁྲག་གི་ཕུང་པོ་ཁྱོད་ལ་སྔར་ཞེན་ཅིང་ཆགས་པས་འཁོར་བར་འཁྱམས་པ་ཡིན་པས་ད་ནི་ལུས་ཁྱོད་ལ་ཅིའི་ཕྱིར་ཆགས་སྙམ་དུ་བསམ་སྟེ། གཉན་སར་ཕྱིན་ལ་ལུས་པོ་གཟན་དུ་བསྐྱུར་བར་བྱའོ། །དེ་ལྟར་ལུས་ལ་ཕངས་སེམས་མེད་པར་བསྐྱུར་བའི་དུས་སུ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མ་བཟོད་དེ་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་བ་ཡིན། དེའང་ས་གཞི་རྡེག་པ་དང་། རི་བསྙིལ་བ་དང་། འུར་སྒྲ་དང་། ཐུག་ཆོམ་དང་། གཟུགས་སྣ་ཚོགས་སྟོན་པ་དང་། སྐད་སྣ་ཚོགས་འདོན་པ་དང་། སྣང་བ་ལ་རྩོག་པོ་སྡིག་བསྐྱུར་བ་དང་། ཐལ་ལྕག་བརྡེག་པ་དང་། ཁུ་ཚུར་བརྡེག་པ་དང་། སྐྲ་འཐེན་པ་དང་། གསེག་མ་གཏོར་བ་དང་། ཁ་ཆར་དང་རླུང་ཚུབ་འཁྱིལ་བ་དང་། ཁྱོད་ཀྱི་འཁོར་ཤིའོ་ཟེར་བ་དང་། ཁྱོད་ཀྱི་སྒོམ་དེ་ཙུག་མིན་ཟེར་བ་དང་། བར་ཆད་ཀྱི་ཆོ་འཕྲུལ་གྱི་ཚོགས་སྟོན་དུ་འོང་བས་དེའི་དུས་སུ་བདུད་ཡིན་སྙམ་པ་དེའི་བློ་བསྐྱེད་པས་མི་ཆོག་སྟེ། བླ་མ་དམ་པའི་གདམས་ངག་གིས་ཟིན་པར་བྱས་ནས་ལུས་གཟན་དུ་ལིངས་བསྐྱུར་དགོས་པ་ཡིན། དེ་ལྟར་བློ་བསྐྱུར་ནས་ཉལ་བས་རྨི་ལམ་མམ་གཉིད་ཟ་ཟིའི་དུས་སུ་མགོ་གཅོད་པའམ། སྙིང་འབྱིན་པའམ། མཚོན་གྱིས་གཏུབ་པའམ། གཡང་ལ་བསྐྱུར་བའམ། ཆུ་ལ་བསྐྱུར་བའམ། ལུས་གནོན་པའམ། བཙོན་དུ་ཁྱེར་བའམ། གཅན་གཟན་ལ་སོགས་པའི་གཟུགས་སྣ་ཚོགས་ཀྱིས་རྣམ་པར་འཚེ་བ་མང་པོ་བྱེད་པར་འགྱུར་རོ། །དེའི་དུས་སུ་རྨི་ལམ་དུ་སེམས་བཟུང་ནས་ཕུང་པོ་གཟན་དུ་བསྐྱུར་བས་ཆོ་འཕྲུལ་ཐམས་ཅད་རང་ཞི་ལ་འགྲོ་བ་ཡིན་ནོ། །དེའི་རྗེས་ལ་སེམས་རང་སར་ལྷོད་ཀྱིས་གློད་ལ་བཞག །ཆོ་འཕྲུལ་གང་ལྟར་བྱུང་ཡང་ཉམས་ལེན་དེ་ལྟར་ཤེས་པར་བྱའོ། །དེའང་རྨི་ལམ་དུ་དྲན་པས་མ་ཟིན་ན་གཉིད་སད་པའི་དུས་སུ་དེ་བཞིན་ཤེས་པར་བྱའོ། །
ལར་ཧྲིལ་གྱིས་དྲིལ་བས་གཉན་ས་རི་ཁྲོད་འགྲིམས་པའི་དུས་སུ། གོང་གི་ལུགས་ཀྱི་འབྱུང་བ་མཚན་མ་རང་གྲོལ་དུ་བཏང་བའི་མན་ངག་གམ། ཕུང་པོ་གཞིག་འབྲེལ་གྱི་སྒོ་ནས་ལུས་གཅེས་འཛིན་དང་བྲལ་བའི་གདམས་ངག་གམ། ལུས་ལ་རྔན་བགྲངས་པའི་སྒོ་ནས་ཕུང་པོ་གཟན་དུ་བསྐྱུར་བའི་གདམས་ངག་རྣམས་སེམས་ལ་གོམས་ཤིང་འདྲིས་པར་བྱས་ནས་ལུས་སེམས་འབྲེལ་མེད་དུ་བསྒོམས་ནས་ཕུང་པོ་གཟན་དུ་ལིངས་ཀྱིས་བསྐྱུར་རོ། །དེའི་རྗེས་ལ་སེམས་གནས་ལུགས་ཀྱི་སྟེང་དུ་ལྷོད་ཀྱིས་གློད་ནས་འཇོག་པ་ཡིན་ནོ། །ཡང་ན་མདུན་གྱི་ནམ་མཁའ་ལ། བླ་མ་ཡི་དམ་ཌཱ་ཀི་དུས་གསུམ་གྱི་བདེ་བར་གཤེགས་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་གདན་དྲངས་ནས། ཕྱག་འཚལ། མཆོད་པ་འབུལ། སྐྱབས་འགྲོ་བྱ། གསོལ་བ་བཏབ་ལ། རང་གི་ལུས་དུམ་བུ་དཔག་ཏུ་མེད་པར་གཏུབ་ལ། མཆོད་པའི་ཚོགས་རྒྱ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་དམིགས་ལ་དབུལ་ལོ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཤ་ཁྲག་དང་རུས་པའི་གཏོར་མ་འཇིག་རྟེན་གྱི་ཁམས་ཁེངས་པར་དམིགས་ལ་དབུལ་ལོ། །ཐམས་ཅད་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོར་བསྔོ། སེམས་ཅན་རྣམས་ལ་གང་ལ་གང་འདོད་ཀྱི་སྦྱིན་པར་བཏང་། འགྲོ་དྲུག་ཕ་མའི་ལན་ཆགས་སུ་བསྔོ། རྗེས་ལ་གནས་ལུགས་ཀྱི་སྟེང་ལ་བཞག་གོ །
དེ་ལྟར་བྱས་པས་སྤྱོད་ལམ་རྣལ་དུ་མ་ཕེབས་ན་བརྟུལ་ཞུགས་ཀྱི་སྤྱོད་པ་བྱས་ཏེ། ལུས་ཤ་ཁྲག་གི་ཕུང་པོ་གཟན་དུ་ལིངས་བསྐྱུར་ལ་སེམས་རིག་པའི་རྒྱལ་པོ་བུན་གྱིས་བཏང་ངོ་། །དེ་ལྟར་དུ་ཤེས་པ་སྣ་མི་བསྐྱིལ་བར་ཌཱ་མ་རུ་དཀྲོལ་ཞིང་གཅེར་བུར་བྲོ་བརྡུང་། ཕཊ་ཀྱིས་འདེབས་ཀྱིན་རིག་པ་ལ་ངར་བཏགས། ཤེས་པ་ལ་ཧུར་བཏོན་ལ་གསོལ་བ་གདབ། དབྱངས་བླངས། སྣང་བ་ཐམས་ཅད་བན་མ་བུན་མར་བཏང་། དེའི་རྗེས་ལ་ཤེས་པ་མ་བཅོས་པར་སེམས་གནས་ལུགས་ཀྱི་སྟེང་དུ་ལྷན་གྱིས་འཇོག་པ་ཡིན་ནོ། །དེ་ཙ་ན་བླ་མའི་གདམས་ངག་ལ་ཡིད་ཆེས་སྐྱེ་བ་ཡིན་ཏེ། བདུད་ཡེ་ཤེས་སུ་འཕེལ། རྣམ་རྟོག་ཆོས་ཉིད་དུ་འཆར། དུག་ལྔ་སྨན་དུ་འགྱུར། ལྟས་ངན་གཡང་དུ་ལོན་འོང་བ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པས་རླུང་སེམས་ལ་ངར་ཐོགས་ནས་དབྱངས་ལེན་སྙིང་འདོད་པའམ། བྲོ་འཁྲབ་སྙིང་འདོད་པའམ། གསོལ་བ་འདེབས་སྙིང་འདོད་པ་ལ་སོགས་པ་འཆར་སྒོ་ཅི་བྱུང་ཡང་རིག་པ་སྣ་མི་བསྐྱིལ་བར་ཉམས་བྱུང་རྒྱལ་དུ་བུན་བཏང་ངོ་། །གཉན་ཐོག་ཏུ་གཉན་དབབ་པ་ནི། རྣལ་འབྱོར་པ་སྒོ་གསུམ་གདམས་ངག་གི་ཚགས་སུ་བཅུག་ལ། ས་ཕྱོགས་ཕ་གི་གཉན་ས་ཡིན་ཟེར་བ་དེར་ཕྱིན་ལ། ལྷ་འདྲེ་གཉན་པོ་ཆགས་པའི་རྟེན་དེ་ལ་ངེས་པར་བརྟག་སྟེ། འདི་ནི་འབྱུང་བ་བེམ་པོ་ཡིན། ལྷ་འདྲེའམ་གནོད་བྱེད་བགེགས་ཀྱི་རྣམ་པ་གང་གནས་ཀྱང་། དེ་ཉིད་རིག་པ་སྟོང་པ་ཡིན། དེ་བཞིན་དུ་རང་གི་ལུས་འདི་ཡང་འབྱུང་བ་བེམ་པོ་ཡིན། དེ་རུ་འཛིན་པའི་རྟོག་པ་དེ་སེམས་ཡིན་ཏེ་ངོ་བོ་སྟོང་པ་ཡིན་པས་གཉན་སར་ཉལ་བའི་དུས་སུ་ས་གཞི་ཁྱོད་ཀྱང་གཉན་པ་ཡིན་ཏེ། དེ་བས་ཀྱང་བདག་གི་ལུས་འདི་གཉན་པའི་རང་བཞིན་ཡིན། དེའང་ལུས་ལ་རྩ་གཉན་དང་། ཤ་གཉན་དང་། རུས་གཉན་དང་། ཁྲག་གཉན་ལ་སོགས་པ་གཉན་པ་མང་པོ་ཡོད་དེ། བེམ་རིག་བྲལ་བའི་དུས་སུ་དོན་སྙིང་ལྔ་བཏོན་ཡང་། མགོ་བཅད་ཀྱང་། གཉན་པའི་འཛིན་རྟོག་གང་ཡང་མེད། དེས་ན་བེམ་པོས་བེམ་པོ་ལ་གནོད་པ་ག་ལ་སྐྱོལ་ཏེ་མི་སྐྱོལ་བ་ཡིན་ནོ། །
འདི་ན་གནས་པའི་ལྷ་འདྲེ་ཁྱོད་གཉན་པ་ཡིན་ཏེ། ཁྱོད་ཀྱི་ཡིད་ལ་གང་བསྟར་བ་བཞིན་དུ་གྲུབ་པ་གང་ཡང་མེད། དེ་བས་བདག་གི་སེམས་སངས་རྒྱས་ཀྱི་དགོངས་པ་འདི་ཤིན་ཏུ་གཉན་པ་ཡིན་ཡང་། ངོ་བོ་སྟོང་པ་ལས་རང་བཞིན་དུ་གྲུབ་པ་གང་ཡང་མེད། དེ་ལྟར་སྣང་སེམས་གཉིས་སུ་མེད་པར་རྟོགས་ཙམ་ན་གཉེན་པོ་ཟད་སར་སྐྱོལ་བ་ཡིན་པས་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་པའོ། །དེ་ཙམ་ན་ཉམས་ལེན་ལ་ཐོག་འགེལ་བྱས་པ་ཡིན། ཕུང་པོ་གཟན་དུ་བསྐྱུར་བ་ཡིན་པས་རིག་པ་སྲང་དུ་བཅུག་ལ་ཉམས་སུ་བླང་ངོ་། །དེ་ཡང་རྒྱ་གར་ན་དུར་ཁྲོད་འགྲིམས་པ་ཡིན་ཏེ། བོད་དུ་གཉན་ས་འགྲིམས་ནས་ཉམས་སུ་ལེན་པ་ཡིན་ནོ། །དོན་དེ་ལྟར་ཉམས་སུ་བླངས་ཙ་ན། སྣང་སེམས་གཅིག་ཏུ་གྱུར་པས་གནོད་བྱེད་གང་གིས་ཀྱང་གླགས་མི་རྙེད་དོ། །དེ་ཡང་ཡུམ་ལས། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། མཚན་མ་མེད་པས། སྨོན་པ་མེད་པས་ཞེས་སོ། །ནད་ལོག་བྱུང་ན་བཅོས་ལོག་བྱ་བ་ནི། རང་ལ་འགོ་བའི་ནད་ཀྱི་ཁུ་འཕྲིག་བྱུང་ན། ཉམ་ང་དང་བག་ཚ་མེད་པར་ནད་ཐོག་ཏུ་ཕར་བསྲེའོ། །འདྲེའི་ཁུ་འཕྲིག་བྱུང་ན་ཉམ་ང་བག་ཚ་མེད་པར་ཕར་བསྲེའོ། །ཉམས་གྲིབ་ཀྱི་འགོ་འཛེམ་བྱུང་ན་ཡང་ཉམ་ང་བག་ཚ་མེད་པར་དེའི་ཐོག་ཏུ་ཕར་བསྲེའོ། །དེ་ལྟར་རྐྱེན་གང་ལའང་ཉམ་ང་བག་ཚ་མེད་པར་ཕར་བསྲེ་ནུས་ན་བར་ཆད་ཀྱི་གནོད་པས་ཚུགས་མི་སྲིད་དེ། དེའང་སྡུད་པ་ལས། དེ་ལྟར་བྱང་ཆུབ་ལ་འཇུག་ཞུམ་པའི་སེམས་མེད་པ། །འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག །ཅེས་སོ། །རང་ངམ་གཞན་ན་བ་ལ་བྱིན་རླབས་བྱ་བ་ལ་གཉིས་ཏེ། རང་ལ་བྱ་བ་དང་། གཞན་ལ་བྱ་བའོ། །དང་པོ་ནི། རང་གི་ལུས་ནི། རྒྱུ་འབྱུང་བ་བཞི་ལས་གཡར་བས་གལ་ཏེ་འབྱུང་བ་འཁྲུགས་ནས་ནར་བྱུང་ན། འབྱུང་བའི་འཁྲུགས་རྟགས་རེ་འོང་སྟེ། ལུས་ལྕི་དྲན་པ་མི་གསལ། ཤེས་པ་རྨུགས། ཁམས་བྱིང་ཞིང་འཐིབ་ན། འབྱུང་བ་ས་འཁྲུགས་པའི་རྟགས་ཡིན་ནོ། །
དེ་ལ་འབྱུང་བ་རླུང་གིས་གསེང་བ་ནི། ལུས་བསྲང་། ཤེས་པ་གཟེངས་བསྟོད། རིག་པ་ལ་གཡེར་བཏོན་ལ། གནས་རི་ཁྲོད་དང་དབེན་གནས་འགྲིམ་ཞིང་ལུས་སེམས་ཤག་གིས་ཕྲལ་ལ། ཤེས་པ་གསལ་སིང་ངེ་བཞག་གོ །ལུས་གྲང་ཞིང་མིག་རྩ་འདེགས། ཤེས་པ་འཕྱོ་ན། འབྱུང་བ་རླུང་འཁྲུགས་པའི་རྟགས་ཡིན། དེ་ལ་འབྱུང་བ་ས་ཡིས་མནན་པ་ནི། སྤྱི་བོར་གསེར་གྱི་མཆོད་རྟེན་བང་རིམ་ལྔ་པ་བསམ། རྐང་པའི་འོག་ཏུ་ས་སེར་པོ་གྲུ་བཞི་ལ་དམིགས་པ་གཏད། ཤེས་པ་བལ་འདབ་ཆུར་བཅུག་པ་བཞིན་དུ་ལྷན་ནེ་ཕབ་ལ་བཞག་གོ །ལུས་གྲང་ཞིང་ཤེས་པ་བྱིང་ན་འབྱུང་བ་ཆུ་འཁྲུགས་པའི་རྟགས་ཡིན་ཏེ། དེ་ལ་མེའི་སྦྱོར་བ་ནི། ཡན་ལག་གི་ནང་དང་སྒལ་ཚིགས་ཀྱི་ནང་ཐམས་ཅད་དུ་མེར་གྱུར་པར་བསམ་ལ། རླུང་མནན། ཤེས་པ་བསྒྲིམས། ལུས་པོ་ཅག་བསྐུམས་ནས་དམིགས་པ་མེ་ལ་གཏད་ལ་བཞག་གོ །ལུས་ཚ་ཞིང་དྲན་པ་མི་གསལ་ལ་སྐོམ་དད་ཆེ། ལྕེ་སྐམ་ན་འབྱུང་བ་མེ་འཁྲུགས་པ་ཡིན་ཏེ། དེ་ལ་ཆུའི་སྦྱོར་བ་ནི། ཁྲུས་བྱ། སྤྱི་བོར་ཆུ་ནན་བྱ། དམིགས་པ་ག་པུར་གྱི་ཆུ་རྒྱུན་ལ་གཏད་ལ་བཞག་གོ །སྤྱིར་ལུས་ཀྱི་འབྱུང་བ་འཁྲུགས་པ་ཚབས་ཆེ་ན། ལུས་གར་ན་བའི་ས་དང་། རྩ་བུག་ཐམས་ཅད་བུག་པར་སང་ངེ་ཕུག་པར་བསམ་ལ། ཚངས་པའི་བུ་ག་ཁ་ཕྱེ་ནས་ནད་ཐམས་ཅད་སངས་ཀྱིས་ཐོན་པར་བསམ་ནས། ལུས་སེམས་འབྲེལ་མེད་ཀྱི་ངང་ནས་ཤེས་པ་བདེ་སྟོང་དུ་སང་ངེ་འཇོག་པ་ཡིན་ནོ། །ལུས་སྦོས་བ་དང་། འཁྲོག་པ་དང་། རླུང་ཐབས་སུ་ན་བ་བྱུང་ན། ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྡུ། ནང་གི་འབྱུང་བ་བཞི་སེམས་ལ་བསྡུ། སེམས་ནམ་མཁའ་ལ་སངས་ཀྱིས་བཏང་ངོ་། །དེ་ལྟར་རིག་པས་འབྱུང་བཞི་གཅུན་ནས་ཅག་བསྐུམ་ལ་བཞག་གོ །དེ་ལྟར་བྱས་པས་དྲག་ནས་འོང་བ་ཡིན་ནོ། །ནད་མཛེ་དང་། ལྷོག་པ་དང་། འགོ་བའི་ནད་དང་། ཤུ་བ་དང་། འབྲུམ་བུ། མེ་དབལ་ལ་སོགས་པ་དང་། གདོན་དྲག་པོས་གཟིར་བ་ལ་སོགས་པའི་ནད་གང་བྱུང་ཡང་ཐབས་གཞན་ནས་མི་བཙལ་ལ། གཉན་ས་དང་རི་ཁྲོད་འགྲིམ་ལ་ལུས་སེམས་འབྲེལ་མེད་ཀྱི་སྒོ་ནས་ཕུང་པོ་གཟན་དུ་བསྐྱུར། སྙེམས་ཐག་སེམས་སུ་བཅད། སེམས་ཉིད་སངས་རྒྱས་ཀྱི་དགོངས་པ་ལ་རེ་དོགས་གང་ཡང་མི་བྱ་བར་བཞག་གོ །དེ་ལྟར་ཉམས་སུ་བླངས་པས་ཡར་རེ་བ་མེད་པས་སངས་རྒྱས་ཟད་སར་སྐྱོལ། མར་དོགས་པ་མེད་པས་འཁོར་བ་ཟད་སར་སྐྱོལ། སེམས་ལ་སྙེམས་བྱེད་མེད་པས་འདྲེ་གདོན་རང་སར་གྲོལ། རྣམ་རྟོག་ཁུ་འཕྲིག་མེད་པས་འདྲེ་གདོན་རང་སར་གྲོལ། དེ་ལྟར་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་གང་ལ་ཡང་དོན་དེ་ལྟར་ཉམས་སུ་བླངས་པས་རང་སར་གྲོལ་བའོ། །གཞན་ན་བ་ལ་བྱིན་རླབས་བྱ་བ་ནི། བྱིན་རླབས་ཀྱི་རྩ་བ་མོས་གུས་ཡིན་པས་མཆོད་པ་དང་གཏོར་མ་ལེགས་པར་བཤམས་ལ། མོས་པ་དང་གུས་པ་ཚད་མེད་པ་བྱེད་དུ་གཞུག །ན་ཚ་སྔོན་གྱི་ལས་སུ་ཤེས་པར་བྱས་ལ། བླ་མ་སྤྱི་བོར་བསྒོམ་པ་དང་། སྐྱབས་འགྲོ་གསོལ་འདེབས་དང་། མོས་གུས་ཀྱི་གདུང་སེམས་དྲག་པོ་བསྐྱེད་དུ་གཞུག །རང་ཡང་ཚད་མེད་པའི་སྒོ་ནས་གཏོར་མ་དང་། ཆབ་གཏོར་དང་། ཆུ་སྦྱིན་མང་དུ་བཏང་། སྐྱབས་འགྲོ་དང་། གསོལ་འདེབས་དང་། དགེ་སྦྱོར་གྱི་ལས་ལ་བརྩོན་པར་བྱའོ། །དོན་ལ་འདྲེ་དང་ནད་པ་རང་དང་གསུམ་གཉིས་མེད་གཅིག་གི་ངང་དུ་ལྷན་ནེ་བཞག་གོ །ཀུན་གཞི་སྡེ་སྐོར་གྱི་ངོ་སྤྲོད་ཅེས་བྱ་བ་རྫོགས་སོ།། །།
ཤེས་བྱ་དྲུག་སྐོར་གྱི་ངོ་སྤྲོད།
༄༅། །ཤེས་བྱ་དྲུག་སྐོར་གྱི་ངོ་སྤྲོད་བཞུགས་སོ། །
རྒྱལ་བ་ཀུན་གྱི་ཡུམ་ལ་ཕྱག་འཚལ་ལོ། །མ་ཇོ་མོའི་གདམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་གདམས་ངག །རྐྱེན་མི་མཐུན་ལམ་དུ་འགྲོ་བ། བར་ཆད་དངོས་གྲུབ་ཏུ་འོང་བ། བདུད་ཆོས་ཉིད་དུ་འཆར་བ། ཕར་གང་ལའང་རྒོལ་བ། ཚུར་གང་གིས་ཀྱང་མི་ཚུགས་པ། ཤེས་བྱ་དྲུག་སྐོར་གྱི་ངོ་སྤྲོད་ཅེས་བྱ་བ་འདི་ལ་དོན་གསུམ་སྟེ། ཕྱི་གཉན་ཁྲོད་དང་རི་ཁྲོད་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད། བར་འབྱུང་བ་དང་དབང་པོ་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད། ནང་སེམས་ཉིད་ཆོས་ཉིད་དུ་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད་དོ། །དང་པོ་ལ་གསུམ་སྟེ། སྔོན་དུ་འགྲོ་བའི་ཆོས་དྲུག །དངོས་གཞི་ཉམས་སུ་བླང་བའི་ཆོས་དྲུག །རྗེས་ལམ་དུ་འཁྱེར་བའི་ཆོས་དྲུག་གོ །
དང་པོ་ནི། གཉན་ཐོག་ཏུ་གཉན་དབབ་པ། ཤ་ཐོག་ཏུ་མེ་བཙའ་ཨན་ཚུགས་སུ་བཞག་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ། སྐར་ཆེན་ཐིབས་(༡)འོག་ཏུ་གཞུག་ཅིང་ཐེག་ཆེན་ཟིལ་གྱིས་གནོན་པ། ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་བ། གཉན་ཆེན་མཐའ་ལ་གཏད་པ་རྣམས་སོ། །དང་པོ་ནི། ཆོས་ཀྱི་རྨང་རྡོ་ཡིན་པས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། བླ་མ་ལ་མོས་གུས་ཚད་མེད་པས་སྐྱབས་སུ་འགྲོ་བ་དང་། དེ་ནས་གཉན་ཁྲོད་དུ་འགྲོ་བར་བྱའོ། །གཉན་པ་གང་གཉན་ན་ས་བདག་ཀླུའི་ཕོ་བྲང་ངམ། བདུད་དང་བཙན་དང་རྒྱལ་པོའི་ཕོ་བྲང་གཉན་པ་ཡིན་ནོ། །དེ་བས་ཀྱང་རང་གི་སེམས་ཉིད་ཡུམ་ཆེན་མོའམ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་སྨྲ་བསམ་བརྗོད་མེད་འདི་གཉན་པ་ཡིན། སྐྱེས་བུ་བློ་ལྡན་རྣམས་ཀྱིས་གང་ན་གཉན་པ་དེར་ཕྱིན་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས་གང་གཉན་པ་དེ་ལ་སྔས་གཏད་ལ། སེམས་ཉིད་སྨྲ་བསམ་བརྗོད་མེད་ཀྱི་ངང་དུ་ལྷན་ནེ་ཉལ་ལོ། །དེ་ལྟར་སེམས་ཉིད་སྨྲ་བསམ་བརྗོད་མེད་དེ། རིག་པ་ཁྱབ་གདལ་ཆེན་པོའི་དོན་ལ་མ་ཡེངས་པར་གནས་པར་བྱས་ལ། དཔེར་ན་ཤ་ཐོག་ཏུ་མེ་བཙའ་བཞག་པས་གནད་ལ་སོང་ན་ཏོག་གིས་ཡར་འོང་བ་བཞིན་དུ། གཉན་ཐོག་ཏུ་གཉན་ཕབས་པས་ལྷ་འདྲེ་རྣམས་མ་བཟོད་ནས་ཆོ་འཕྲུལ་ཟིང་གིས་འོང་བ་ཡིན་ནོ། །དེ་ཙམ་ན་ཆོ་འཕྲུལ་ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱས་ལ། རིག་པ་བཀའ་ཐོག་ཏུ་བཞག་ནས་ཆོས་ཉིད་ཁྱབ་གདལ་ཆེན་པོའི་ངང་ལ། བློ་ཉམ་ང་བག་ཚ་མེད་པར་འབོལ་ལེ་ཤིག་གེ་གནས་པར་བྱའོ། །གཉིས་པ་ཤ་ཐོག་ཏུ་མེ་བཙའ་ཨན་ཚུགས་སུ་བཞག་པ་ནི། སའི་དམིགས་བཙལ་ལ་ཉལ་ལོ། །
གསུམ་པ་སྐར་ཆེན་ཐིབས་འོག་ཏུ་གཞུག་པ་ནི། རིག་པ་བཀའ་ཐོག་ཏུ་བཞག་པས་འཇིག་རྟེན་གྱི་ལྷ་འདྲེ་དྲེགས་པ་ཅན་རྣམས་ཀྱིས་ཀྱང་དོན་ཆོས་ཉིད་ཀྱི་དགོངས་པ་ལ་ལྡང་བར་བྱེད་མི་ནུས་ཏེ། དཔེར་ན་ནམ་མཁའ་ལ་ཉི་མ་ཤར་བའི་ཚེ། ཟླ་བའི་འོད་དང་སྐར་མའི་ཚོགས་ཐམས་ཅད་ཀྱི་འོད་ཟེར་ཟིལ་གྱིས་གནོན་པ་བཞིན། རྣལ་འབྱོར་པས་དགོངས་པ་ཆོས་ཉིད་ཀྱི་དོན་ལ་མ་ཡེངས་པར་གནས་པར་བྱས་པས་འཇིག་རྟེན་གྱི་ལྷ་འདྲེ་ལ་སོགས་པ་དངོས་འཛིན་སྣང་བ་ཐམས་ཅད་ཟིལ་གྱིས་གནོན་པའོ། །
བཞི་པ་ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་བ་ནི། ལྷ་དང་འདྲེར་འཛིན་པ་ཐམས་ཅད་ཀྱི་མཁན་པོ་སེམས་ཡིན་ཏེ། སེམས་ལ་ནང་དུ་བལྟས་པས་ལྷ་འདྲེའི་རང་བཞིན་གང་ཡང་མ་གྲུབ། ཅིར་ཡང་མ་གྲུབ་པས་ལྷ་འདྲེ་གཉིས་ལ་ཉེ་རིང་གང་ཡང་མེད་པའོ། །
ལྔ་པ་གཉན་ཆེན་མཐའ་ལ་གཏད་པ་ནི། དེའང་གཉན་སར་གཅོད་བྱས་ལྷ་འདྲེ་གདུག་པ་ཅན་དང་ཐུག་ནས་ལུས་ལ་ན་ཚ་བྱུང་ན། ལྷ་འདྲེས་གང་ནས་གནོད་པ་དེར་ཕྱིན་ལ། དབང་པོ་རབ་འབྲིང་གསུམ་གྱི་གཅོད་རབ་འབྲིང་གསུམ་བྱའོ། །ཕྱིས་མི་ལྡང་བར་བྱ་བ་ལ། ཤིང་གཉན་བཅད། ཆུ་གཉན་དཀྲུག །ས་གཉན་བརྐོས། རྡོ་གཉན་སློག་པ་ལ་སོགས་པ་བྱའོ། །དེ་ལྟར་བྱས་པས་ཕྱིས་ནས་ལྡང་བར་མི་ནུས་པའོ། །
དྲུག་པ་ཆོད་པའི་ཚད་ནི། གདམས་ངག་གནད་དང་ལྡན་པའི་རྣལ་འབྱོར་པས་ལྟ་བ་གདེང་དང་ལྡན་པར་བྱས་ལ་གཉན་སར་ཕྱིན་ནས་ཉལ་བས་ལྷ་འདྲེའི་ཆོ་འཕྲུལ་རབ་འབྲིང་ཐ་གསུམ་འབྱུང་བ་ལ། གང་ཟག་གི་རྒྱུད་ལ་ཉམས་རབ་འབྲིང་ཐ་གསུམ་འཆར་ཏེ། རབ་ལ་ཆོ་འཕྲུལ་ཆོས་ཉིད་དུ་ཤེས་པའི་ཉམས་འཆར་རོ། །
དང་པོ་ལ་གསུམ་སྟེ། སྐྱེས་བུ་བློ་ཡང་རབ་ཏུ་གྱུར་པའི་གང་ཟག་གིས་ལྷ་འདྲེའི་ཆོ་འཕྲུལ་ཐམས་ཅད་ཆོས་ཉིད་རོལ་པའི་ཀློང་དུ་ཤེས་ནས་ལྷ་འདྲེ་གཉིས་མེད་དུ་རང་སར་གྲོལ་ནས་ཆོད་པའི་ཚད་ཡིན་ནོ། །རབ་ཀྱི་འབྲིང་གིས་དེ་ཉིད་དུ་དྲན་པ་ཙམ་ལས་གཉེན་པོ་བསྟེན་མི་དགོས་པ་ནི་ཆོད་པའི་ཚད་དོ། །རབ་ཀྱི་ཐ་མས་ཆོ་འཕྲུལ་སེམས་ཉིད་དུ་ཤེས་ནས་དེ་ལ་བསྟེན་ཀྱང་སྐྱོན་གྱིས་མ་གོས་པ་ནི་ཆོད་པའི་ཚད་དོ། །འབྲིང་གི་རབ་ཀྱིས་ཆོ་འཕྲུལ་ཐམས་ཅད་རང་གི་སེམས་སུ་ཤེས་ནས་གང་ལ་ཡང་ཉམ་ང་བག་ཚ་མེད་པའི་གདེང་དང་ལྡན་པ་ནི་ཆོད་པའི་ཚད་དོ། །འབྲིང་གི་འབྲིང་གིས་ཆོ་འཕྲུལ་སེམས་སུ་ཤེས་ནས་དེ་ཉིད་དུ་དོན་ལ་མ་ཡེངས་པར་ཉམས་སུ་བླངས་པས་གྲོལ་བ་ནི་ཆོད་པའི་ཚད་དོ། །འབྲིང་གི་ཐ་མས་ཆོ་འཕྲུལ་དུ་འཛིན་པ་དེ་གང་ཡིན་བརྟགས་པས་རང་གི་སེམས་སུ་ཤེས་ནས་དེ་ཉིད་དོན་ལ་མ་ཡེངས་པར་ཉམས་སུ་བླངས་ནས་གྲོལ་བ་ནི་ཆོད་པའི་ཚད་དོ། །འདི་ནས་འཕྲེང་གཅིག་ཙམ་མ་ཚང་། ཐ་མའི་ཐ་མས་སྙེམས་ཐག་བཅད་པས་སྙེམས་ཙམ་བྱུང་ཡང་ཉམ་ང་བག་ཚ་མེད་པར་ཤེས་ནས་བར་ཆད་དངོས་གྲུབ་ཏུ་ལེན་པ་ནི་ཆོད་བའི་ཚད་དོ། །
གཉིས་པ་དངོས་གཞི་ཉམས་སུ་བླང་བའི་ཆོས་ལ་དྲུག་སྟེ། གཅད་བྱའི་ཡུལ་གསུམ། གཅོད་བྱེད་ཀྱི་གཉེན་པོ་གསུམ་མོ། །དང་པོ་ཡུལ་གསུམ་ནི། མངོན་སུམ། གཟི་བྱིན། རྨི་ལམ་དང་གསུམ་མོ། །གཉེན་པོ་གསུམ་ནི། རབ་དྲན་མེད། འབྲིང་དེ་ལ་གཏད། ཐ་མ་དེ་ཉིད་བརྟགས་པའོ། །དེ་ལ་དང་པོ་གཉན་སར་ཕྱིན་པས་ལྷ་འདྲེས་མ་བཟོད་དེ་འཇིགས་པའི་གཟུགས་སྣང་མངོན་སུམ་དུ་སྟོན་པ་ལ་སོགས་པའོ། །དེའི་དུས་སུ་གཅོད་རྣམ་པ་གསུམ་བྱ་བ་ནི། རབ་ཀྱིས་ཆོ་འཕྲུལ་དུ་སྣང་ཚད་དྲན་མེད་ཡིད་ལ་མི་བྱེད་པར་བཞག །འབྲིང་གིས་ཆོ་འཕྲུལ་གྱི་རྣམ་པ་གང་བྱུང་ཡང་། ཉམ་ང་བག་ཚ་མེད་པར་དེ་རང་ལ་མ་ཡེངས་པར་གཏད་པས་རང་ཡལ་དུ་ཆོད་ནས་འགྲོ་བ་ཡིན་ནོ། །ཐ་མས་ཆོ་འཕྲུལ་དུ་འཛིན་པ་དེ་གང་ཡིན་པ་བརྟགས་པས་རང་གི་སེམས་སུ་ཤེས་སེམས་ཀྱི་རང་བཞིན་བརྟགས་པས་གང་དུའང་མ་གྲུབ་པར་ཤེས་ནས་ངོ་བོ་འཛིན་མེད་རང་གྲོལ་དུ་བུན་གྱིས་འགྲོ་བ་ཡིན་ནོ། །
གསུམ་པ་རྗེས་ཤེས་ལམ་དུ་འཁྱེར་བའི་ཆོས་དྲུག་ནི། ཆོད་པའི་དུས། ཚར་བའི་དུས། ལྡོག་པའི་དུས། ལྡོག་མི་སྲིད་སྒོ་གཏན་ལྟ་བུའི་གདམས་ངག །ལོག་ནོན་གཟེར་བུ་ལྟ་བུའི་གདམས་པ། དེ་ལ་བཏུད་དེ་བསྐྱེད་པའི་མན་ངག་དམ་པའོ། །དང་པོ་ནི། དད་པ་དང་མོས་གུས་སོ་མ། རིག་པའི་རྩལ་སོ་མའི་དུས་དེའོ། །གཉིས་པ་ནི། ལྷ་འདྲེའི་ཆོ་འཕྲུལ་ཇི་ཙམ་བྱུང་ཡང་ཉམ་ང་བག་ཚ་མེད་པར་ཞག་མང་དུ་བསྡད་ཀྱིན་ཉམས་ལེན་འཕེལ་དུ་འགྲོ་བ་ཡིན་ནོ། །
གསུམ་པ་ནི། ལྷ་འདྲེའི་ཆོ་འཕྲུལ་བྱུང་བ་ལ་འཇིགས་སྔངས་སྐྱེས་ནས་བྲེད་ཅིང་བྲོས་ན་ལྡོག་པ་ཡིན་ནོ། །བཞི་པ་ནི། ལྷ་འདྲེ་སེམས་ཀྱི་ཆོ་འཕྲུལ་ལ་འཇིགས་ཤིང་སྐྲག་པ་ག་ལ་ཡོད་སྙམ་དུ་བྱས་ལ། ཉམ་ང་ན་ང་ཐོག་ཏུ་བཏང་། བག་ཚ་ན་ཚ་ཐོག་ཏུ་བཏང་། སྐྱུག་བྲོ་ན་བྲོ་ཐོག་ཏུ་བསྐྱུར། འཇིགས་ཐོག་ཏུ་བཏང་ལ་ཐོག་འགེལ་དུ་བུན་གྱིས་བཏང་ངོ་། །ལྔ་པ་ནི། ནད་རིམས་དང་མཛེ་གསེབ་དང་། འཁོན་ཡུགས་དང་། ཉམས་གྲིབ་དང་། ཐབ་གཞོབ་དང་། ཕྱོགས་ངན་ལས་རྐྱེན་ངན་ཡུལ་དུ་བྱུང་བ་ཐམས་ཅད་ཆོས་ཉིད་རང་གྲོལ་གྱི་ཀློང་དུ་རྦད་གཅོད་པ་ཡིན་ནོ། །དྲུག་པ་ནི། འདི་ལྟར་གཅོད་ལ་ནན་ཏན་དུ་བྱས་ནས་བཟང་ངན་གྱི་རྟོག་པ་ཡིད་ལ་སྤྱོད་པ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་བཅད་པར་བྱའོ། །དེ་རྣམས་ཀྱིས་ཕྱི་གཉན་ཁྲོད་དང་རི་ཁྲོད་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད་ཅེས་བྱ་བ་བསྟན་ནོ། །
གཉིས་པ་བར་འབྱུང་བ་དང་དབང་པོ་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད་ནི། འབྱུང་བ་ནི་ལྔ། དུས་ཀྱི་གོ་འབྱེད་པ་དང་། དབང་པོ་གཟུགས་ཅན་ལྔ། ཡིད་ཀྱི་དབང་པོ་དང་དྲུག །ཡུལ་ལྔ། ཆོས་དང་དྲུག་སྟེ་བཅྭོ་བརྒྱད་དོ། །དེ་རྣམས་བསྡུ་ན་ཕུང་པོ་ལྔའོ། །དང་པོ་ནི། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་རྣམས་སོ། །དེ་རྣམས་ལ་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་དབང་པོ་གཟུགས་ཅན་རྣམས་བྱུང་བའོ། །གཉིས་པ་དབང་པོ་ལྔ་ནི། མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་རང་རང་གི་རྣམ་ཤེས་སྐྱེ་བ་ལ་དབང་བྱེད་པའོ། །གསུམ་པ་ཡུལ་དྲུག་ནི། ནང་དུ་དབང་པོ་གྲུབ་པའི་དབང་གིས་ཕྱིར། གཟུགས་སྒྲ་དྲི་རོ་རེག་ཆོས་སུ་ཤར་བ་ཡིན་ཏེ། དེ་རྣམས་མ་རྟོགས་ན་ཆགས་སྡང་ལ་སོགས་པ་ཉོན་མོངས་པ་དྲུག་གི་སྣང་བར་འཆར། ཡིན་ལུགས་རྟོགས་ན་སྐུ་དང་ཡེ་ཤེས་སུ་འཆར་བ་ཡིན་ནོ། །དེ་རྣམས་ནི་བར་འབྱུང་བ་དང་དབང་པོ་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད་དོ། །
གསུམ་པ་ནང་སེམས་ཆོས་ཉིད་དུ་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད་ནི། གཞི་གཏན་ལ་འབེབས་པའི་ཆོས་དྲུག །ལམ་ཉམས་སུ་ལེན་པའི་ཆོས་དྲུག །སྤྱོད་པ་ལམ་དུ་འཁྱེར་བའི་ཆོས་གསུམ། འབྲས་བུ་མངོན་དུ་གྱུར་པའི་ཆོས་གསུམ་སྟེ་བཅྭོ་བརྒྱད་དོ། །དང་པོ་གཞི་མ་བཅོས་པ། མ་བསླད་པ། མ་བསྒྱུར་བ། རང་ལུགས། རང་སོ། གཉུག་མར་གཏན་ལ་དབབ་པའོ། །གཉིས་པ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ཏེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསུམ་པ་ནི། ཞེན་མེད་ཀྱི་སྤྱོད་པ། ཤུགས་འབྱུང་གི་སྤྱོད་པ། རྟོག་མེད་རང་གྲོལ་གྱི་སྤྱོད་པའོ། །བཞི་པ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའོ། །དེ་རྣམས་ཀྱིས་ནང་སེམས་ཉིད་ཆོས་ཉིད་དུ་གཏན་ལ་འབེབས་པའི་དྲུག་གསུམ་བཅྭོ་བརྒྱད་ཅེས་བྱ་བ་བསྟན་པའོ། །ཤེས་བྱ་དྲུག་སྐོར་གྱི་ངོ་སྤྲོད་ཅེས་བྱ་བ་འདི་ནི་ཡོངས་སུ་རྫོགས་སོ།། །།མཆན། (༡)སྐར་ཆེན་མཐེབ་དང་ཐིམས་སོགས་མང་དུ་བྲིས་འདུག་ཀྱང་ཐིབས་ཡིན་པར་སྣང་། ཁམས་སྤྲུལ་པས་བཏབ།
ཡེ་ཤེས་སྤྱི་བླུགས་ཀྱི་ངོ་སྤྲོད།
༄༅། །ཡེ་ཤེས་སྤྱི་བླུགས་ཀྱི་ངོ་སྤྲོད་ཅེས་བྱ་བ་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གདམས་ངག་ཐོག་བབས་ཆིག་ཆོད་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་འདིའི་དོན་ངོ་སྤྲད་པ་ལ་གཉིས་ཏེ། གདམས་ངག་གི་རང་བཞིན་ངོས་བཟུང་བ་དང་། ངོས་ཟིན་པའི་དོན་ཡེ་ཤེས་སྤྱི་བླུགས་སུ་ངོ་སྤྲད་པའོ། །དང་པོ་ནི། ཡུམ་ཆེན་མོའི་སྤྲུལ་པ་མ་ཇོ་མོ་ལབ་ཀྱི་སྒྲོན་མ་ཡེ་ཤེས་ཀྱི་ཌཱ་ཀི་མ་དངོས་ཀྱི་ཞལ་ནས་གསུངས་པའི་ཆོས་འདི་བཀའ་ཡིན་ནམ་ཞེ་ན། བཀའ་ཁོ་ན་ཡང་མ་ཡིན་ཏེ། བཀའ་ནི་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་ཅིང་སྟོན། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རང་གི་སེམས་ཡིན་པར་ཤེས་པས་བཀའ་དང་ཡང་མི་འགལ་ལོ། །འོ་ན་ལུང་ཡིན་ནམ་ཞེ་ན། ལུང་ཁོ་ན་ཡང་མ་ཡིན་ཏེ། ལུང་འགྲེལ་པ་ལ་བརྟེན་ནས་འཆད་ཅིང་སྟོན། འདིར་སྙིང་པོའི་དོན་ལ་ཡིད་ཆེས་ནས་དོན་ཉམས་སུ་མྱོང་བས་ལུང་དང་ཡང་མི་འགལ་ལོ། །འོ་ན་རིགས་པ་ཡིན་ནམ་ཞེ་ན། རིགས་པ་ཁོ་ནའང་མ་ཡིན་ཏེ། རིགས་པ་ནི་རྒྱུད་ལུང་མན་ངག་དང་མི་སྦྱོར། རིགས་ཆོས་རྐྱང་དུ་འཆད། འདིར་ཨ་མ་ཇོ་མོས་སྙིང་པོའི་དོན་ཁོང་དུ་ཆུད་ནས་ཐུགས་ལ་ཤར་བས་རིགས་པ་དང་ཡང་མི་འགལ་ལོ། །འོ་ན་ཆོས་འདི་གང་ཡིན་ཞེ་ན། སྙིང་པོའི་དོན་གཏན་ལ་འབེབས་པ་ཡིན་པས་མན་ངག་ཏུ་ངོས་བཟུང་ངོ་། །དེའང་ཚེགས་ཆུང་ལ་དོན་ཆེ་གནད་དུ་ཕེབས་པས་མན་ངག་ཡིན། རྣམ་པར་ཐར་བའི་སྒོ་གསུམ་ཉམས་སུ་མྱོང་བས་མན་ངག་ཡིན། བླ་མས་སློབ་མ་ལ་ཐུགས་ནས་ཕྱུང་ནས་གདམས་པ་ཞལ་དུ་སྟོན་ཅིང་གནང་བས་མན་ངག་ཡིན། ཕྱི་དུས་སུ་སྨོན་ལམ་མི་དགོས་པས་མན་ངག་ཡིན་ནོ། །
གཉིས་པ་ངོས་ཟིན་པའི་དོན་ཡེ་ཤེས་སྤྱི་བླུགས་སུ་ངོ་སྤྲད་པ་ལ། རྩ་བ་རྣམ་པ་བཞི། མན་ངག་རྣམ་པ་གསུམ། གནད་རྣམ་པ་གཉིས། མཐར་ཐུག་རྣམ་པ་བཞི། དྲོད་ཚད་འཛིན་པའི་ཆོས་རྣམ་པ་ལྔ་སྟེ་བཅྭོ་བརྒྱད་དོ། །དེ་ལ་རྩ་བ་རྣམ་པ་བཞི་ནི། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད། བྱིན་རླབས་ལུས་སེམས་བྲལ་བ། སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ལམ་འཇུག་སྒོ་མ་ལོག་པ་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཀུན་རྫོབ་དོན་དམ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྒྱ་ཆེན་པོ་བྱའོ། །
གཉིས་པ་ནི། ནམ་ཞིག་འཆི་བདག་གི་བདུད་བྱུང་བའི་དུས་སུ་ནམ་ཡང་བེམ་རིག་འབྲལ་དགོས་པ་ཡིན་པས་ད་ལྟ་རྩལ་སྦྱངས་པའི་དུས་འདིར་ཟག་བཅས་སྒྱུ་མའི་ལུས་ལ་ཆགས་པ་མེད་པར་བྱས་ལ། ལུས་སེམས་གཉིས་ཤག་གིས་ཕྲལ་ནས་ལུས་བདག་མེད་རོའི་ཚུལ་དུ་བཞག །སེམས་འཛིན་མེད་ནམ་མཁའི་ངང་ལ། རིག་པ་ཁྱབ་གདལ། ཤེས་པ་སྤྲོས་བྲལ། སེམས་རྩ་བྲལ་གྱི་སྟེང་དུ་གསལ་སིང་ངེ་བཞག་གོ །
གསུམ་པ་ནི། སེམས་ཉིད་རྩ་བྲལ་མ་བཅོས་པའི་ངང་ནས་ཅི་ཡང་ཡིད་ལ་མི་བྱ་སྟེ། འདས་པའི་ཤེས་པ་ལ་བློ་མི་གཏད། མ་འོངས་པའི་ཤེས་པ་ལ་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་ཡིད་ལ་ཅི་ཡང་མི་བསམ་པར་དུས་གསུམ་མཉམ་པ་ཉིད་ཀྱི་ངང་ལ་གསལ་སིང་ངེ་གནས་པར་བྱའོ། །དེ་སྐད་དུ་ཡང་། ཐེག་པ་ཆེན་པོ་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་ཀྱང་མི་དམིགས་ཏེ། ཐེག་པ་འདི་ནི་དུས་གསུམ་མཉམ་པ་སྟེ་ཞེས་སོ། །དེ་ལ་གཅོད་ཟེར་བ་འདི་གང་ལ་ཟེར་ན། དོན་དམ་པ་ལ་གཅོད་རྒྱུ་མེད། ཀུན་རྫོབ་ཏུ་སྣང་འཛིན་ཐམས་ཅད་རྦད་རྦད་གཅོད་པ་ཡིན། དེ་ལྟར་སྙེམས་ཐག་རྦད་ཆོད་ནས་ལུས་སེམས་ཐམས་ཅད་ལྷོད་ཀྱིས་གློད། ཤིགས་ཀྱིས་བཤིགས། དམིགས་གཏད་གང་ལའང་མེད་པར་གནས་ལུགས་ཀྱི་སྟེང་དུ་ཙེན་གྱིས་བཞག་གོ །ཅི་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ཡིས་ལྟུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད་ཅེས་གསུངས་སོ། །
བཞི་པ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་ནི། སྤྱིར་བདུད་ལ་ཐོགས་ཅན་དང་ཐོགས་མེད་གཉིས། དངོས་ཅན་དང་དངོས་མེད་གཉིས་གཟུགས་ཅན་དང་གཟུགས་མེད་གཉིས། ཟུང་གསུམ་ཡ་དྲུག་ཏུ་བསྟན་པ་ལས། དང་པོ་ཐོགས་ཅན་གྱི་བདུད་ནི། དབང་པོ་སྒོ་ལྔའི་ཡུལ་ལ་ཞེན་པ་ཡིན། ཐོགས་མེད་ཀྱི་བདུད་ནི། ཡིད་ཀྱི་འགྱུ་བྱེད་ཀྱི་རྟོག་པར་འཛིན་པ་རྣམས་ཡིན། དངོས་ཅན་གྱི་བདུད་ནི། རང་གི་ཡུལ་ལ་བདག་ཏུ་བཟུང་ནས་དངོས་པོར་ཞེན་པ་རྣམས་ཡིན། དངོས་མེད་ཀྱི་བདུད་ནི། རྣམ་རྟོག་ཕྲ་མོ་འགྱུ་བྱེད་ལ་ཚོར་བ་བདེ་སྡུག་ཏུ་འཛིན་པ་རྣམས་ཡིན། གཟུགས་ཅན་གྱི་བདུད་ནི། ཡུལ་གཟུགས་སུ་སྣང་བ་ལ་དགག་སྒྲུབ་སྤང་ལེན་བྱེད་པ་རྣམས་སོ། །གཟུགས་མེད་ཀྱི་བདུད་ནི། ལྷ་འདྲེ་གཟུགས་མེད་ལ་སྙེམས་རྟོག་ཞུགས་པ་རྣམས་ཡིན་ནོ། །དེ་རྣམས་ཀྱིས་གཅོད་ཉམས་སུ་ལེན་པ་ལ། ཐོགས་བཅས་ཀྱི་བདུད་ལ་དབང་པོ་སྒོ་ལྔའི་ཡུལ་གསལ་བ་འཛིན་མེད་ཀྱི་གདམས་པས་གཅོད། ཐོགས་མེད་ཀྱི་བདུད་ལ་ཡིད་ཀྱི་འགྱུ་བྱེད་རང་ཤར་གྱི་གདམས་པས་གཅོད་དོ། །དངོས་ཅན་གྱི་བདུད་ལ་ཡུལ་གཞིས་དང་། ནོར་རྫས། བཟའ་ཚོ་དང་ཉེ་འབྲེལ། སྲིད་ལ་སོགས་པ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུས་གདམས་པས་གཅོད་དོ། །དེ་ཡང་ཡུམ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་སོ། །དངོས་མེད་ཀྱི་བདུད་ལ། ངོ་བོ་རྩལ་བྲལ་གྱི་གདམས་པས་བཅད། གཟུགས་ཅན་གྱི་བདུད་ལ། དངོས་པོ་ཉམས་གསུམ་གྱི་གདམས་པས་བཅད། གཟུགས་མེད་ཀྱི་བདུད་ལ། གཉན་སར་ཉལ་ནས་ལུས་ཡན་པར་ལིངས་ཀྱིས་བོར་ལ། ཅི་ལའང་ལྟོས་པ་མེད་པར་སུ་འདོད་ལ་སྦྱིན་ནོ། །དེ་ལྟར་ལུས་ལ་གཅེས་པར་མ་བཟུང་། ཕངས་པར་མ་བཟུང་། དགོས་པར་མ་བཟུང་། སེམས་ལ་དམིགས་གཏད་མ་བྱེད། ཡིད་ལ་འཛིན་པ་མ་ཞུགས། བློ་ལ་སྙེམས་མེད་པར། ཨ་མ་ཙིར་གྱིས། རིག་པ་ཁྱབ་བེ། གདལ་ལེ། ཤེས་པ་གསལ་སིང་ངེ། བག་དྲོ་འུར་རེ། བློ་བདེ་འབོལ་ལེ། ཉམས་བདེ་སྟོང་གི་ངང་ལ་ལྷན་ནེ་བཞག་གོ །ལུས་ལ་ཕངས་པ་མེད་པར་བསྐྱུར་ནུས་ན་གཟུགས་མེད་ལྷ་འདྲེའི་བདུད་ཐམས་ཅད་ཆོད་པ་ཡིན་ནོ། །མན་ངག་རྣམ་གསུམ་ལ་དང་པོ་སྐྱབས་འགྲོའི་སྒོར་ཞུགས་ནས་ལུས་ལ་བསྲུང་བའི་འཁོར་ལོ་དང་རྫས་ཀྱི་བསྲུང་བ་མི་འདོགས། ལོག་ཆོས་གཡང་ལ་གཏད་པའི་མན་ངག་ཡིན། དོན་གྱི་ཉམས་ལེན་ཚུལ་བཞིན་བསྒོམས་པས་བསྐྱེད་རིམ་བཟླས་པ་མི་དགོས་སོ། །སྐར་ཆེན་ཐིབས་འོག་ཏུ་གཞུག་པའི་མན་ངག་ཡིན། ལྟ་བའི་རྒྱ་ཡིས་རྦད་ཀྱིས་ཆོད་ཙམ་ན། འགལ་རྐྱེན་གང་གིས་ཀྱང་ཚུགས་མི་སྲིད། ཐེག་ཆེན་ཟིལ་གྱིས་མནན་པའི་མན་ངག་ཡིན། དེ་རྣམས་ཀྱིས་ལྟ་སྒོམ་སྤྱོད་གསུམ་ཡོངས་སུ་རྫོགས་པའོ། །
གནད་རྣམ་པ་གཉིས་ལ། གཟེར་ན་བཅག་པ་དང་། སྟོར་ན་བཙལ་བའོ། །དང་པོ་ནི། དུག་ལྔའི་ནད་གཟེར་དབྱུང་བ་དང་། ལྷ་འདྲེའི་རྐྱེན་གཟེར་གཉིས་ལས། དང་པོ་ནི། རང་གི་རྒྱུད་ལ་ཉོན་མོངས་པ་ཏོལ་གྱིས་སྐྱེས་པའི་དུས་སུ་དུག་ལྔ་རྩ་བྲལ་དུ་རྦད་རྦད་བཅད་པས་ཉོན་མོངས་པ་ཐམས་ཅད་རང་ཞི་རང་དག་སྟེ་རྗེས་མེད་དུ་བུན་བུན་འགྲོ་བ་ཡིན་ནོ། །གཉིས་པ་ནི། ལུས་འབྱུང་བ་འཁྲུགས་པའམ། གནོད་སྦྱིན་ཕོ་མོས་རྐྱེན་པ་ལས། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་བྱུང་བས་དེའི་དུས་སུ་རྐྱེན་སྣང་གི་བདེ་སྡུག་ཐམས་ཅད་ངོ་བོ་རྩ་བྲལ་དུ་རྦད་རྦད་བཅད་པས་ན་ཚ་སྡུག་བསྔལ་དང་འདྲེ་གདོན་ཐམས་ཅད་རང་ཞི་རང་དག་རྗེས་མེད་དུ་བུན་བུན་འགྲོ་བ་ཡིན་ནོ། །
གཉིས་པ་སྟོར་ན་བཙལ་བ་ནི། སྒོམ་གྱི་གསལ་ཆ་སྟོར་ནས་ཞི་གནས་ལྟེངས་པོར་སོང་ན་དེ་ཉིད་དུ་དྲན་པས་བཟུང་ནས་རང་གསལ་འཛིན་མེད་དུ་འཇོག་པ་ཡིན། བདེ་སྟོང་གི་ངང་ལ་ཤེས་པ་གསལ་སིང་ངེ་འཇོག་པ་ཡིན། དབང་པོ་ཡུལ་ལ་འབྱམས་པས་ལྷག་མཐོང་འབྱམས་ན། དེ་ཉིད་དྲན་པས་བཟུང་ལ་ངོ་བོ་རང་གསལ་འཛིན་མེད་དུ་འཇོག་པ་ཡིན་ནོ། །དེའང་བློ་རབ་ཀྱིས་སྐྱོན་ཡོན་ཐམས་ཅད་ངོ་བོ་གཅིག་ཏུ་ཤེས་པས་སྙེམས་བྱེད་ཀྱི་བློ་དང་བྲལ་ཏེ་ཅི་སྣང་ཆོས་ཉིད་ཀྱི་ཀློང་དུ་ཡོངས་སུ་གྲོལ་བའོ། །དེའང་ནམ་མཁའི་ཡངས་པའི་དཀྱིལ་འཁོར་དུ། །འབྱུང་ཆེན་བཞི་པོ་ཤོང་ཡང་ཤོང་། །ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས། །སེམས་ཉིད་ཡངས་པའི་དཀྱིལ་འཁོར་དུ། །ལྷ་སྲིན་སྡེ་བརྒྱད་ཤོང་ཡང་ཤོང་། །ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས་ཞེས་པ་མ་ཅིག་གིས་གསུངས་སོ། །
འབྲིང་གིས་དེ་ལྟར་མ་ཆོད་ན་གཉན་སར་ཉལ་ལ་ལུས་ཡན་པར་ལིངས་ཀྱིས་བོར། སེམས་ནམ་མཁའ་ལ་ཕྱམས་ཀྱིས་བཏང་། གང་ལའང་བློའི་སྙེམས་མེད་པར་བྱས་ལ། ལུས་འདི་ལྷ་འདྲེ་ཁྱོད་རང་རྣམས་རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཤ་འདོད་པ་ཤ་ཁྱེར། ཁྲག་འདོད་པ་ཁྲག་ཁྱེར། རུས་པ་འདོད་པ་རུས་པ་ཁྱེར། པགས་པ་འདོད་པ་པགས་པ་ཁྱེར། དོན་སྙིང་འདོད་པ་དོན་སྙིང་ཁྱེར། ནང་རོལ་འདོད་པ་ནང་རོལ་ཁྱེར་སྙམ་དུ་བསམ་ལ། ལུས་གང་ལ་གང་འདོད་ཀྱི་སྦྱིན་པར་བཏང་ལ། ད་བསྲུང་རྒྱུ་ཅི་ཡང་མེད་པས་སྙེམས་དང་བྲལ་ཏེ་བློ་བདེ་འབོལ་གྱིས་འགྲོ་བ་ཡིན་ནོ། །སེམས་དམིགས་གཏད་མེད་པའི་ངང་ལ་གསལ་སིང་ངེ་འཇོག་པ་ཡིན་ནོ། །བློ་ཐ་མ་རྣམས་ཀྱིས་འདི་ལྟར་བསྒོམ་པར་བྱ་སྟེ། ལྷ་འདྲེ་ཁྱོད། བདག་ལ་གནོད་དང་གནོད་དེ་གང་ལ་གནོད། ལུས་ལ་གནོད་ན་བེམ་པོ་ས་རྡོ་དང་འདྲ་སྟེ། གནོད་རུང་མ་གནོད་རུང་། ཉམ་ང་བག་ཚ་མེད། སེམས་ལ་གནོད་ན་སེམས་དངོས་པོ་མེད་པས་འདི་ནམ་མཁའ་སྟོང་པ་དང་འདྲ་སྟེ། འདི་ལ་སུ་ཡིས་གནོད་པར་ནུས་སྙམ་སྟེ། དོན་ལ་གནོད་པ་སྐྱེལ་མཁན་ཡང་མི་འདུག །བསྐྱལ་ས་ཡང་མི་འདུག །ཐམས་ཅད་རང་གི་སེམས་སུ་འདུག །སེམས་ཀྱི་གཞིའམ་རྩ་བ་བཅད་པས་ངོ་བོ་རྩ་བྲལ་དུ་སོང་། ད་ནི་ལྷ་འདྲེ་བྱུང་རུང་མ་བྱུང་རུང་། ཆོ་འཕྲུལ་ཆེ་རུང་མ་ཆེ་རུང་། གང་ལའང་ཉམ་ང་བག་ཚ་མི་འདུག་པས་ཤེས་པ་སྙེམས་མེད་འཕྲིག་མེད་དུ་ལྷོད་ཀྱིས་གློད་ལ་བཞག་གོ །དོན་དེ་ལྟར་བཞག་པས་བདུད་རྣམས་ཆོས་སྐུར་གྲོལ། རྣམ་རྟོག་ཡེ་ཤེས་སུ་འཆར། དུག་ལྔ་སྨན་དུ་འགྱུར། རེ་དོགས་ཀྱི་རྩིས་གདབ་དང་བྲལ་བའོ། །ཉམས་སུ་མྱོང་བའི་མན་ངག་ཞལ་ལས་ཤེས་སོ། །
མཐར་ཐུག་རྣམ་པ་བཞི་ལ། སྤྱི་ཆིངས་ཆེན་མོ། གཟེར་ཆེན། གནད་ཀྱི་གདམས་པ། ཚོགས་གཉིས་ཟུང་འཇུག་གི་ཉམས་ལེན་གྱི་གནད་བསྟན་པའོ། །དེ་ལ་དང་པོ་ནི། དམ་ཆོས་གཅོད་ཡུལ་གྱི་སྒོར་ཞུགས་པ་ཐམས་ཅད་ལ། ཨ་མ་ཇོ་མོའི་བྱིན་རླབས་ཚད་མེད་པ་ཁྱབ་པས་བར་ཆད་ཀྱིས་མི་ཚུགས། ཉམས་རྟོགས་འཆར་སྐྱེན་པ་ཡིན། དོན་རྟོགས་སླ་བ་ཡིན་ནོ། །
གཉིས་པ་ནི། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་ཡིད། སེམས་ཅན་ཐམས་ཅད་ཀྱི་རིག་པ། རང་གི་སེམས། ཨ་མ་ཇོ་མོའི་ཐུགས། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐག་རྦད་ཀྱིས་ཆོད་ཙམ་ན། ཡུལ་གཞན་གྱི་གནོད་བྱ་དང་གནོད་བྱེད་མེད། གཅད་བྱ་དང་གཅོད་བྱེད། བདག་དང་གཞན་གྱི་གཉིས་འཛིན་མེད། འཁོར་འདས་ཀྱི་རེ་དོགས་གང་ཡང་མེད་པའོ། །གཟེར་ཆེན་ཐེབས་པའོ། །གནད་ཀྱི་གདམས་པ་ནི། རང་གི་ལུས་ལ་ན་ཚ་བྱུང་ཡང་། སེམས་ལ་སྡུག་བསྔལ་བྱུང་ཡང་། བདེ་སྡུག་རྐྱེན་སྣང་ཅི་བྱུང་ཡང་རུང་སྟེ། ཐམས་ཅད་རང་གི་སེམས་སུ་ཤེས། སེམས་རྩ་བྲལ་དུ་ཤེས་པར་བྱས་ལ། དོན་ལ་གལ་མ་མཆིས་སུ་བྱས་ནས་བཞག་པས་ཆོག་པ་ཡིན་ནོ། །གཞན་སྡུག་བསྔལ་གྱི་ཡུལ་མཐོང་ཡང་། དེ་ལ་བྱམས་པ་ཚད་མེད་པས་ཁྱབ་པར་བྱས་ནས་ཕན་པ་སྣ་ཚོགས་སུ་སྐྱོབ་ཅིང་། གཞན་གྱི་སྡུག་བསྔལ་ཁུར་དུ་མི་འཁུར་བ་ཡིན་ནོ། །དེའང་སྡུད་པ་ལས། སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད་ཅེས་སོ། །དེའི་ངང་ནས་གཞན་ལ་བྱིན་རླབས་བྱེད་ནའང་། སེམས་མ་བཅོས་པའི་སྟེང་ནས་རང་ཡིད་ལ་མི་བྱེད། ནད་ཡིད་ལ་མི་བྱེད། འདྲེ་ཡིད་ལ་མི་བྱེད། ལུས་ལ་ལུས་སུ་མི་འཛིན། ནད་ལ་ནད་དུ་མི་འཛིན། འདྲེ་ལ་འདྲེ་རུ་མི་འཛིན། དང་པོ་ངོ་བོ་གཅིག་ཡིན་པས་དེའང་ངོ་བོ་གཅིག་ཏུ་ཀྲུག་བསྲེས་ལ་བཞག །ངོ་བོ་གཅིག་པུ་དེ་དམིགས་མེད་རྩ་བྲལ་གྱི་ངང་ལ་གསལ་སིང་ངེ་བཞག་གོ །དེ་ལྟར་བཞག་པས་གཉིས་མེད་བྱང་ཆུབ་སེམས་ཀྱི་བྱིན་རླབས་ཀྱིས་ནད་གདོན་ཐམས་ཅད་རང་གྲོལ་དུ་འགྲོ་བ་ཡིན་ནོ། །དེའང་སྡུད་པ་ལས། མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། ཕན་དང་སྙིང་རྗེར་ལྡན་པའི་བྱིན་གྱིས་རླབས་ཀྱིས་ཞི་ཞེས་སོ། །དེ་ལྟར་ནད་སོས་པས་དགའ་བར་མི་བྱེད། མ་སོས་ཀྱང་སྒྱིད་ལུག་པར་མི་བྱའོ། །དེ་ཉིད་ལས། འོན་ཀྱང་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་མེད་པ་ཞེས་སོ། །
ཚོགས་གཉིས་ཟུང་འཇུག་གི་ཉམས་ལེན་ནི། བདག་གི་ལུས་འདི་དུམ་བུ་སྟོང་དུ་བསྒོས་ནས་སོང་ཡང་སེམས་ཅན་གྱི་དོན་ཡིན། བསོད་ནམས་ཀྱི་ཚོགས་རྫོགས་པ་ཡིན། དོན་ཆེན་པོ་འགྲུབ་པ་ཡིན་སྙམ་དུ་བསམ་ལ། སེམས་བདེ་སྟོང་རྩ་བྲལ་གྱི་ངང་ལ་གསལ་སིང་ངེ་བཞག་གོ །དེ་ལྟར་བཞག་པས་ཉོན་མོངས་པ་རང་གྲོལ། འཁོར་འདས་རང་སར་གྲོལ་བའོ། །དྲོད་ཚད་འཛིན་པའི་ཆོས་རྣམ་པ་ལྔ་ནི། ཆོད་པའི་ཚད་དང་། ཚར་བའི་ཚད་དང་། ལྡོག་པའི་དུས་དང་། ལྡོག་མི་སྲིད་པ་སྒོ་གཏན་ལྟ་བུའི་དུས་དང་། ལོག་ནོན་གཟེར་བུ་ལྟ་བུའི་གདམས་ངག་གོ །ཆོད་པའི་ཚད་ནི། སྙེམས་རྟོག་ཡ་ང་བ་དང་བག་ཚ་བ་མེད་དེ། སེང་གེ་ལྟ་བུའི་རྣལ་འབྱོར་པ། ཆོས་ཅན་གཏན་ལ་ཕེབས་ནས་ཆོ་འཕྲུལ་གྱི་རྟོག་པ་རང་སར་གྲོལ་བའོ། །ཚར་བའི་ཚད་ལ། ཐུན་མོང་གི་ཚར་ཚད་དང་། ཁྱད་པར་གྱི་ཚར་ཚད་དང་། དམ་ལ་ཐོག་པའི་ཚར་ཚད་དང་། མཆོག་གི་ཚར་ཚད་དང་བཞིའོ། །ཐུན་མོང་གི་ཚར་ཚད་ལ་གསུམ། དངོས་གྲུབ་ཀྱི་ཚར་ཚད་དང་། གདོན་འཐོན་པའི་ཚར་ཚད་དང་། ནད་འཐོན་པའི་ཚར་ཚད་དང་གསུམ་མོ། །དེ་ལ་དངོས་གྲུབ་ཀྱི་ཚར་ཚད་ནི། ཟས་སྟེར་བ་དང་། གོས་བསྐོན་པ་དང་། ནོར་རྫས་ལ་སོགས་པ་དགོས་འདོད་སྟེར་བ་འོང་བའོ། །གདོན་འཐོན་པའི་ཚར་ཚད་ནི། ལུས་ལ་ཉ་དང་སྦལ་ལྕོང་སྡོམ་སྡིག་གྲོག་སྦུར་འབུ་སྲིན་ལ་སོགས་སྲོག་ཆགས་འཐོན་པའོ། །ནད་ཐོན་པའི་ཚར་ཚད་ནི། སྐྱུག་པ་དང་། བཤལ་བ་དང་། ཁྲག་རྣག་ཐོན་པ་ལ་སོགས་པ་འོང་ངོ་། །ཁྱད་པར་གྱི་ཚར་ཚད་ནི་ཉི་ཟླ་ཤར་བ་དང་། ནམ་ལངས་པ་དང་། ཁྲུས་བྱེད་པ་དང་། གྱེན་ལ་འགྲོ་བ་དང། གོས་དྲི་མ་མེད་པ་གོན་པ་དང་། སྐས་ལ་འཛེགས་པ་དང་། རི་མཐོན་པོའི་ཁ་ལ་ཕྱིན་པ་ལ་སོགས་པ་འོང་ངོ་། །ལྷ་འདྲེ་དམ་ལ་ཐོག་པའི་ཚར་ཚད་ནི། སྲོག་གི་སྙིང་པོ་འབུལ་བ་དང་། བྱིན་རླབས་ཞུ་བ་དང་། ཟ་ཁྲིམས་ལེན་པ་དང་། དར་འདོགས་པ་དང་། ཁྱོད་ཅི་ཟེར་བ་བྱའོ་ཟེར་བ་ལ་སོགས་པ་འོང་ངོ་། །མཆོག་གི་ཚར་ཚད་ནི། རྟོག་པ་དང་ཉོན་མོངས་པས་མི་གནོད་པའི་རྟོགས་པ་རྒྱུད་ལ་འཆར་བའོ། །ལྡོག་པའི་རྒྱུ་ལ་བཞི་སྟེ། རང་གི་ལྷ་འདྲེས་བསྒྱུར་ཏེ་ལྡོག་པ་དང་། གཞི་བདག་གི་ལྷ་འདྲེས་བསྒྱུར་ཏེ་ལྡོག་པ་དང་། སྤྱོད་པ་ལོག་པས་ལྡོག་པ་དང་། གཏན་ལོག་ཆེན་པོ་དང་བཞིའོ། །རང་གི་ལྷ་འདྲེས་བསྒྱུར་ཏེ་ལྡོག་པ་ནི། གཉན་སར་འགྲོ་སྙིང་མི་འདོད་པར་འཇིགས་ཛུམ་ཛུམ་འོང་ངོ་། །གཞི་བདག་གི་ལྷ་འདྲེས་བསྒྱུར་ཏེ་ལྡོག་པ་ནི། གཉན་སར་འཇིགས་འུབ་འུབ་འོང་བའོ། །སྤྱོད་པ་ལོག་པས་ལྡོག་པ་ནི། སྡོམ་པ་དང་དམ་ཚིག་ལ་མི་གནས་པའོ། །གཏན་ལོག་ཆེན་པོ་ནི། ཆོས་དང་བླ་མ་ལ་མོས་པ་ལོག་པའོ། །སྐྱོན་ཆེ་ཤོས་འདི་ཡིན་པས་འགྱོད་པ་བསྐྱེད་ལ་བཤགས་པ་བྱ། འཁོར་གསུམ་ཡོངས་དག་ཏུ་བྱ། དེ་ཙམ་མ་གྲུབ་ན། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་མོས་གུས་བྱས་ལ་གསོལ་བ་གདབ་པར་བྱའོ། །
ལྡོག་མི་སྲིད་པ་སྒོ་གཏན་ལྟ་བུའི་གདམས་པ་ནི། གཉན་སར་ན་ཚ་བྱུང་ན་ཁྱིམ་དུ་ལོག་ནས་མི་འོང་སྟེ། མ་སོས་བར་ལ་དེ་ཀར་སྒོ་མནན་ལ་བསྡད་དོ། །ལོག་ནོན་གཟེར་བུ་ལྟ་བུའི་མན་ངག་ནི། ཡ་ང་བ་ང་ཐོག་ཏུ་བཏང་བ་དང་། འཇིགས་ན་འཇིགས་ཐོག་ཏུ་བཏང་། སྐྱུག་བྲོ་ན་བྲོ་ཐོག་ཏུ་བཏང་ངོ་། བླ་མའི་གདམས་ངག་གི་དོན་གོ་ཞིང་རྟོགས་ནས་ཉམས་སུ་མྱོང་བ་ལ། བདུད་ཡེ་ཤེས་སུ་འཆར་ཞིང་ཡུལ་ཆོས་ཉིད་དུ་སྤྱོད་པའོ། །བླ་མའི་གདམས་ངག་གི་དོན་མ་གོ་མ་རིག་ན། ཚིག་ལ་མཁས་ཀྱང་རང་རྒྱུད་དུ་བཟུང་བས་རྟོག་པ་བདུད་དུ་བབས་ཏེ། ཉོན་མོངས་པ་བདུད་ཀྱི་སྤྱོད་ཡུལ་དུ་གྱུར་པའོ། །དེས་ན་གདམས་པ་སེམས་རྒྱུད་ལ་སྦྱར་བ་གལ་ཆེའོ། །ཡེ་ཤེས་སྤྱི་བླུགས་ཀྱི་ངོ་སྤྲོད་ཅེས་བྱ་བ། ཨི་ཏི།
གནད་ཀྱི་ཐེམ་ཡིག་བདུན་པ།
༄༅། །གནད་ཀྱི་ཐེམ་ཡིག་བདུན་པ་བཞུགས་སོ། །
བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའི་གདམས་ངག་གནད་ཀྱི་ཐེམ་ཡིག་འདི་ལ་བདུན་ཏེ། ཐེག་ཆེན་ཟིལ་གནོན་གྱི་གནད་དང་གཅིག །སྐར་ཆེན་ཐིབས་འོག་ཏུ་གཞུག་པའི་གནད་དང་གཉིས། ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་བའི་གནད་དང་གསུམ། གཉན་ཐོག་ཏུ་གཉན་དབབ་པའི་གནད་དང་བཞི། གཉན་ཆེན་མཐའ་ལ་གཏད་པའི་གནད་དང་ལྔ། ཕྱིར་མི་ལྡོག་པ་སྒོ་གཏན་ལྟ་བུའི་གནད་དང་དྲུག། ལོག་གནོན་གཟེར་བུ་ལྟ་བུའི་གནད་དང་བདུན་ནོ། །
དེ་ལ་ཐེག་ཆེན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བསམ་བརྗོད་མེད་ཀྱི་དོན་ཡིན་ཞིང་། ཟིལ་གནོན་ནི། དེའི་དོན་རྣལ་འབྱོར་པས་ཉམས་སུ་ལེན་པའོ། །ཉམས་སུ་ལེན་པའི་ཐབས་དངོས་ལ། ཐབས་ནི། དང་པོ་སྡིག་མི་དགེ་བ་བཅུ་ལས་ལྡོག་པར་བྱ། །བར་དུ་དགེ་སྦྱིན་པ་ལ་སོགས་ལ་རེ་བ་ལས་ལྡོག་པར་བྱ། །ཐ་མར་ཀུན་བྱས་པའི་ཆོས་ཐམས་ཅད་ལས་ལྡོག་པར་བྱ། །ཉམས་སུ་བླངས་པ་དངོས་ནི། ཤེས་པ་གློད་ལ་ཡུལ་གང་ལའང་མི་བསམ། རྟེན་གང་ལའང་མི་བཅའ་བར་སེམས་རང་བྱུང་རང་ཞིར་བཞག །ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས་པའི་ངང་ལ་བཞག །བསྒོམ་པའི་བཞག་ས་དེ་ན་ཡོད་པས་རིག་པ་རྒྱུན་ཆགས་མཚན་མ་ཡོངས་དང་བྲལ་བར་བློ་རྒྱ་བསྐྱེད་ལ་རིག་པ་ཁྱབ་གདལ་དུ་བཞག་གོ །ལུས་ལ་ལུས་སུ་མི་གཟུང་བར་མི་དབང་བའི་ཚུལ་དུ་བཞག །མི་དགོས་པའི་ཚུལ་དུ་བཞག །ནད་ལ་ནད་དུ་མི་གཟུང་། འདྲེ་ལ་འདྲེ་རུ་མི་གཟུང་། ཐམས་ཅད་རང་གི་སེམས་གཅིག་པུ་ཡིན། ལྕོགས་ཀྱིས་ཞོག །དངོས་པོའི་གནས་ལུགས་སངས་རྒྱས་ཀྱི་དགོངས་པ་ལ་ཞོག །གང་ཡང་ཡིད་ལ་མི་བྱེད་པ་ལ་ཞོག །བསྒོམ་བསྒོམ་པོ། འདོད་འདོད་པོ། ཡོད་ཡོད་པོར་མ་བྱེད་པར་སེམས་ཀྱི་བློ་རྒྱ་བསྐྱེད་ལ། ཨ་མ་ཙིར་གྱིས་ཞོག །ཡིད་ཀྱི་འགྱུ་བ་ཅི་བྱུང་བ་ཕྱམ་གྱིས་ཐོངས། ལྷུག་གིས་ལྷུག །ལྕོགས་ཀྱིས་ཞོག །བློ་འདས་ལ་ཞོག །གཉིས་འཛིན་གྱི་ཤེས་པ་དགའ་མི་དགའ་ཅི་བྱུང་ལ་རྟོག་པ་མ་བྱས་པར་རང་ལུགས་སུ་བཞག་ན་རང་ལ་བདེ་བ་སྐྱེའོ། །བདེ་བ་སྐྱེས་པས་བདུད་དངོས་གྲུབ་ཏུ་འགྱུར་བས་རང་ལ་ཅི་བྱུང་ཡང་དེ་ཙུག་ཏུ་ཤེས་པར་གྱིས་ཤིག་གསུངས་སོ། །བདུད་ཆོས་སྐུར་ཞོག །ཤེས་པ་བདེ་འབོལ་ལེ། ཤིག་གེ །ཕྱལ་ལེ། ཡེར་རེ། ཧྲིག་གེ་བ་རང་ལུགས་སུ་ཞོག །ཤེས་པ་བསྒྲིམས་པ་གློད་ལ་ཡེ་ནས་གྲོལ་བ། ཡེ་ནས་སངས་རྒྱས་པའི་དགོངས་པ་ལ་ཞོག །གཏད་གཏོད་མེད་པར་ཞོག །རིག་པ་རྟེན་མེད་འབྲེལ་མེད་དུ་ཞོག །འདུ་ཤེས་ཐམས་ཅད་བཤིག་ལ་ཞོག །དྲན་མེད་དུ་ཞོག །བསམ་མེད་དུ་ཞོག །དམིགས་མེད་དུ་ཞོག །བརྗོད་མེད་དུ་ཞོག །བློ་འདས་སུ་ཞོག །སྐྱེ་མེད་ཀྱི་ངང་ལ་བློ་རྩོལ་སྒྲུབ་དང་ཕྲོལ་ལ་ཞོག །སྒོ་ལྔའི་ཡུལ་རིག་པ་ཨ་ཕྱས་སེ་ཞོག །དེ་ལྟར་དྲན་མེད་དུ་བཞག་པས་གོལ་སར་ཅང་ལྟུང་ངམ་སྙམ་ན། རྒྱས་པ་ནས་གཟུགས་ཡིད་ལ་མི་བྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུའང་ཡིད་ལ་མི་བྱེད་ཅེས་པ་དང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གང་ཞིག་བསམ་གཏན་དམིགས་ཡོད་ན། །དེ་ནི་ངེས་པར་གཡང་ས་ཡིན། །ཅི་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ཡིས་ལྟུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་འདི་རང་བསྔགས། །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་པ་དང་། མདོ་ལས། འདུ་ཤེས་ཚུར་རོལ་ཡིན་ཞེས་འདྲེན་པས་རབ་ཏུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །གང་དག་འདུ་ཤེས་བྲལ་བ་དེ་ནི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས། །ཞེས་པ་དང་། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ་ཞེས་པ་དང་། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མ་ཡིན། །ཆོས་སྐུ་ཀུན་ལ་མི་གནས་གནས་པ་མེད་པར་སྤྱོད། །ཡོངས་སུ་བཟུང་མེད་བདེ་གཤེགས་རྣམས་ཀྱི་བྱང་ཆུབ་འཐོབ། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོགས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པ་ལ་སོགས་པ་བཤད་པས་བསམ་པ་དང་དམིགས་པའི་འདུ་ཤེས་ཡོད་ན་འཁོར་བར་འགྲོ་བ་ཡིན་ཏེ། མི་དགེ་བའི་འདུ་ཤེས་ཀྱིས་ངན་སོང་དུ་འགྲོ་ལ། དགེ་བའི་འདུ་ཤེས་ཀྱིས་ལྷ་མིར་འཁོར་བའོ། །དྲན་མེད་དུ་འཇོག་པ་སྟོང་པ་ཕྱང་ཆད་དུ་མ་སོང་བ་སྟེ། རིག་ཅིང་གསལ་ལ་རིག་པའི་རང་བཞིན་དེ་སྟོང་པར་འདུག །དེ་གཉིས་སུ་མེད་པ་ལ་བློ་འདས། དེ་ལ་བླ་དྭགས་ཆོས་ཀྱི་སྐུ་ཞེས་བྱའོ། །
དེ་ལྟར་འཁོར་འདས་ཐམས་ཅད་རང་གི་སེམས་སུ་ཤེས། སེམས་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མར་གར་འགྲོ་བཙལ་བས་མ་རྙེད་པ་དེ་ལྟ་བ་དེའི་ངང་ལ་མ་ཡེངས་པ་སྒོམ་པ། ཅི་བྱེད་དེར་ཤེས་ཤིང་དེའི་ཉམས་དང་མི་འབྲལ་བ་སྤྱོད་པ། ཐམས་ཅད་སེམས་སུ་ཉམས་སུ་མྱོང་ཞིང་། སེམས་སྤྲོས་བྲལ་དུ་ཤེས་ཤིང་ཉམས་སུ་མྱོང་། དེ་ལས་གཞན་དུ་རེ་བ་མི་བྱེད་པ་དེ་འབྲས་བུའོ། །གཉིས་པ་སྐར་ཆེན་ཐིབས་འོག་ཏུ་གཞུག་པའི་གནད་ནི། དཔེར་ན་ཉི་མའི་འོད་ཀྱིས་ཟླ་སྐར་དང་མུན་པ་ཐམས་ཅད་གནོན་ལ། སེང་གེའི་རྩལ་གྱིས་གཅན་གཟན་ཐམས་ཅད་ཟིལ་གྱིས་གནོན་ཞིང་། ཁྱུང་གི་གཤོག་རླབས་ཀྱིས་བྱ་ཕྲན་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། ཐེག་པ་ཆེན་པོ་སྨྲ་བསམ་བརྗོད་མེད་ཀྱི་དོན་ལ་ལྷུག་པར་འཇོག་པས་གདོན་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་སྨོས་ཅི་དགོས་ཏེ། དཀར་ནག་གམ། དགའ་མི་དགའ་ཐམས་ཅད་ཟིལ་གྱིས་གནོན་པ་སྟེ། ལུང་ལས། འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་བཤད་པས་སོ། །
དེ་ལྟར་ཉམས་སུ་ལེན་ཙམ་ན། བདུད་ཀྱི་ཆོ་འཕྲུལ་གཉིས་འབྱུང་སྟེ། གང་ཞེ་ན། བྱང་ཆུབ་ལ་བར་དུ་གཅོད་པའི་བདུད། བྱང་ཆུབ་ལ་མངོན་པར་ཞེན་པའི་བདུད་དོ། །བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་ནི། གཟུགས་དངོས་སུ་སྟོན་པ་དང་། སྐད་འདོན་པ་དང་། གནོན་པ་དང་། རྨི་ལམ་འཁྲུགས་པ་དང་། དེ་ལ་སོགས་པ་འབྱུང་སྟེ། དེ་ལ་གང་ཟག་དབང་པོ་རབ་ཀྱིས་སྔར་བཞིན་དྲན་མེད་ལ་བཞག །ཡང་ན་ལུས་སེམས་བྲལ་ལ། ལུས་ལ་ཞེན་པ་མེད་པར་ཅི་ལྟར་སོང་རུང་མ་སོང་རུང་དུ་བཞག་པས་ཞིག་ནས་འགྲོ་བ་ཡིན་ནོ། །འབྲིང་གིས་འཇིགས་མཁན་རྩད་བཅད་དེ། ལུས་འཇིགས་སམ་སེམས་འཇིགས་བལྟས་པས། ལུས་ནི་འབྱུང་བ་བཞི་ལས་གྲུབ་པ་ཡིན་པས་འབྱུང་བ་ལ་འཇིགས་པའི་རྒྱུ་མེད། སེམས་ནི་སྟོང་པ་ཡིན་པས་སྟོང་པ་ལ་དེ་བས་འཇིགས་པའི་རྒྱུ་མེད་པས་ཡིད་བློ་འདས་སེམས་དྲན་པ་རྩ་བྲལ་དུ་ཤེས་པར་བྱས་ལ། བློ་ལྷན་ནེ་བཞག་པས་བདུད་ཀྱི་ཆོ་འཕྲུལ་དངོས་གྲུབ་ཏུ་འོང་བ་ཡིན། བྱང་ཆུབ་ལ་མངོན་ཞེན་གྱི་བདུད་ནི། རང་ལ་ཌཱ་ཀི་མས་ལུང་སྟོན་པ་དང་། ཡི་དམ་ལྷའི་ཞལ་མཐོང་བ་དང་། བདག་ལ་ལྷ་དང་ལྷ་མོ་རྣམས་ཀྱིས་མེ་ཏོག་གི་མཆོད་པ་འབུལ་བ་དང་། བདག་གི་སྙན་པ་སྒྲོགས་པ་དང་། རྨི་ལམ་བཟང་པོ་སྟོན་པ་དང་། བསྒོམ་ཉམས་བཟང་པོ་འབྱུང་བ་ལ་སོགས་པ་ལ་དགའ་ཞིང་ཡོན་ཏན་དུ་མཐོང་ན་བདུད་ཡིན་པས་གཉིས་འཛིན་དང་དགའ་མི་དགའི་རེ་དོགས་ཀྱི་བློ་མི་བྱའོ། །རི་ཕུག་དང་ས་ཕུག་དང་རེ་ཧྲུལ་དང་བླ་གབ་མེད་པར་ཉམ་ང་དང་བག་ཚ་མེད་པར་སྨྲ་བསམ་བརྗོད་མེད་ཀྱི་དོན་ལ་བློ་འབོལ་ལེ་ལྷན་ནེ་བཞག་གོ །ལུང་ལས། དཔེར་ན་སྒྱུ་མ་མཁན་གྱིས་གཞི་མདོར་སྤྲུལ་བྱས་ནས། །སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་ཅིང་། །གཅད་བྱ་དེ་དག་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་པ་དང་། གང་ཚེ་མཁས་པ་དེ་དག་བསམ་པ་རབ་བརྟན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་དོན་བལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་པ་དང་། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མངོན་སྤྱོད་པ། །འདི་ནི་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་པ་དང་། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །འདུ་ཤེས་གནས་པ་མེད་ལ་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་བཤད་པས་གང་ལ་དྲན་པ་དང་ཡིད་ལ་བྱེད་པ་བྱུང་ན་སེམས་ཅན་དུ་གནས་པ་སྟེ་འཁོར་བའོ། །གང་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་ན་སངས་རྒྱས་སུ་བསྟན་པ་སྟེ་མྱ་ངན་ལས་འདས་པའོ། །ལར་ཤེས་རབ་ཆེ་ན་བདུད་ཀྱི་ཆོ་འཕྲུལ་ཆེ། ཤེས་རབ་ཆུང་ན་ཆོ་འཕྲུལ་ཆུང་། ཆོ་འཕྲུལ་ཆེ་ན་ཆོས་དབང་སེམས་ལ་བསྐུར་བས་སྒྲོ་འདོགས་འཕྲལ་ལ་གཅོད་པས་རི་ཁྲོད་འགྲིམ་དུ་བཞུད་གསུངས། གདམས་ངག་མེད་ན་བདུད་ཀྱི་ཆོ་འཕྲུལ་གྱིས་སྙེམས་ཞུགས་ནས་སྙིང་མི་དགའ། སེམས་འཕྱོ། དེ་ནས་རོ་སྟོད་བརྒྱངས་ཏེ་ན་བས་སྙིང་རླུང་དང་མཛེ་ནད་དང་། དེ་ལ་སོགས་པར་འགྲོ་ཉེན་ཡོད་གསུངས།
གསུམ་པ་ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་བའི་གནད་ནི། བཟང་པོར་བཟུང་བས་ངན་པ་འབྱུང་། རྟག་པར་བཟུང་བས་མི་རྟག་པ་འབྱུང་། ཡོད་པར་བཟུང་བས་མེད་པ་འབྱུང་། གང་བར་བཟུང་བས་སྟོང་པ་འབྱུང་། སངས་རྒྱས་ཞེས་བྱ་བ་བཟང་པོ་ཞིག་བླང་བྱར་བཟུང་བས་སེམས་ཅན་ཞེས་བྱ་བ་ངན་པ་དོར་བྱར་འབྱུང་། དེ་དག་ཐམས་ཅད་རང་གི་རྟོག་པ་ལས་བྱུང་། སངས་རྒྱས་ཐོབ་ཏུ་རེ་བ་དང་། འཁོར་བར་ལྷུང་གིས་དོགས་པ་དང་། འདྲེ་བྱ་བ་ཞིག་གནོད་སྙམ་པ་དང་། ལྷ་བྱ་བ་ཞིག་ཕན་སྙམ་པ་དང་། སྔགས་བཟླས་པས་ནུས་པ་ཐོན་སྙམ་པ་དང་། མ་བཟླས་ན་མི་ཐོན་སྙམ་པའི་རྣམ་པར་རྟོག་པ་དེ་རང་སར་གཅོད་པ་ལ། ཉེ་རིང་མེད་པར་འཁོར་འདས་མཉམ་པ་ཉིད་དུ་སྟོན་པའི་གདམས་ངག་ཡིན། འཇིག་རྟེན་འདིའི་བུ་གཉེན་ནོར་རྫས་ལ་ཧ་ཅང་ལ་དགའ་ཞིང་མཆོག་ཏུ་མི་གཟུང་། དེ་དག་ཤི་བ་དང་སྟོར་བརླག་བྱུང་ཡང་མི་དགའ་བའི་བསམ་པ་མི་བྱ། དེ་དག་ལ་དགའ་མི་དགའི་སེམས་གཉིས་བྱུང་ན་བདུད་ཡིན་ནོ། །གཡས་ན་ཚུར་ལ་གཅན་གཟན་འཇིགས་པས་ཟར་བྱུང་ཡང་ཉམ་ང་བ་དང་མི་དགའ་བ་མི་བྱ། གཡོན་ན་ཚུར་ནོར་བུ་རིན་པོ་ཆེ་དགོས་འདོད་ཀྱི་རེ་བ་སྐོང་བ་འབུལ་དུ་བྱུང་ཡང་དགའ་བ་དང་བྲོད་པ་མི་བྱ། རྒྱུན་དུ་སེམས་སྙེམས་མེད་འཕྲིག་མེད་དུ་ཆུ་རྡོ་ལྟར་བཞག །དཔེར་ན་རྡོ་ལ་དགའ་མི་དགའ་མི་འོང་པ་བཞིན་དུ། རང་ལ་གཅན་གཟན་རྣམས་ཟར་བྱུང་བ་ལའང་མི་དགའ་བ་མི་བྱ། མི་ཟ་བ་ལའང་དགའ་བར་མི་བྱ། རང་ལ་དགྲ་བྱུང་ནས་ཕྲོགས་པ་དང་བརྡུང་བ་ལའང་མི་དགའ་བ་མི་བྱ། མཛེ་པོ་དང་། དམེ་པོ་དང་ཡུགས་ས་མོ་དང་། དྲི་ཆེན་དང་དྲི་ཆུ་དང་། ལྷོག་པ་ལ་སོགས་པས་ཤི་བའི་རོ་དང་། དེ་རྣམས་ལ་མི་གཙང་བར་འཛིན་པ་ཡང་རང་གི་སེམས་ཡིན་པས་མི་གཙང་བར་མི་གཟུང་། ཁྱེའུ་དང་བུ་མོ་ལ་སོགས་ཡིད་དུ་འོང་བར་འཛིན་པ་དང་། ཤ་མར་དང་ཟན་ལ་སོགས་པ་ཞིམ་པ་དང་གཙང་བར་འཛིན་པ་ཡང་རང་གི་སེམས་ཡིན་པས་གཙང་བར་མི་གཟུང་། གཞིའི་དུས་ན་ཁམས་གསུམ་རིགས་དྲུག་ཏུ་སྣང་བ་ཡང་རང་གི་སེམས་གཅིག་པུ་ཉིད་འཁྲུལ་ནས་དེ་རྣམས་སུ་སྣང་བ་ཡིན་ལ། ལམ་གྱི་དུས་ན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། གང་ཟག་ཕྱི་རོལ་པ་དང་ནང་པ་གཉིས་སུ་སྣང་བ་དང་། ཐེག་པ་རིམ་པ་དགུ་དང་གསུམ་ལ་སོགས་པ་དང་། གཉེན་པོ་ལྟ་སྒོམ་ལ་སོགས་པ་ཐམས་ཅད་རང་གི་སེམས་ཉིད་གཅིག་པུ་ཡིན་ཞིང་། འབྲས་བུ་མངོན་མཐོ་ལྷ་མི་དང་། ངེས་ལེགས་བྱང་ཆུབ་གསུམ་སྣང་བ་དང་། རང་གི་སེམས་ཉིད་གཅིག་པུ་འདི་ཡིན་པས་འཁོར་འདས་གཉིས་ཀ་རང་གི་སེམས་སུ་ཐག་ཆོད་པས་ཉེ་རིང་ལ་སོགས་པ་མེད་པ་ཡིན་ནོ། །བཞི་པ་གཉན་ཐོག་ཏུ་གཉན་དབབ་པའི་གནད་ནི། གང་གཉན་ན་འཇིག་རྟེན་འདི་ན་ཀླུ་དང་རྒྱལ་པོ། བཙན་དང་མ་མོ། བདུད་དང་གནོད་སྦྱིན་ལ་སོགས་པ་གཉན། དེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བསམ་བརྗོད་མེད་ཀྱི་དོན་ཉམས་སུ་ལེན་པ་པོ་གཉན་པས་དེའི་ཐོག་ཏུ་དབབ་པ་ནི། དཔེར་ན་སྨན་པ་མཁས་པས་གང་དུ་ན་བའི་ཐོག་ཏུ་མེ་བཙའ་བཞག་པས་ནད་ཐོག་ཏུ་ཕོག་པས་ཙེག་ཟེར་ནས་ཡར་འོང་བ་བཞིན་དུ། གཉན་ཐོག་ཏུ་གཉན་དབབ་པས་ཆོ་འཕྲུལ་ཟིང་གིས་འོང་སྟེ། རབ་གཟུགས་བརྙན་དུ་འབྱུང་། འབྲིང་སྐད་འདོན། ཐ་མ་རྨི་ལམ་དུ་འབྱུང་སྟེ། གཟུགས་བརྙན་དུ་འབྱུང་བ་ནི། སེང་གེ་དང་། འབག་དང་། སྤྱང་ཀི་དང་། ཁྱི་རྒོད་དང་། རྟ་རྒོད་དང་། དེ་ལ་སོགས་པ་སྣ་ཚོགས་ཅིར་ཡང་འོང་ངོ་། །སྐད་འདོན་པ་ནི། འབྲུག་སྒྲ་ཆེན་པོ་དང་། དུང་འབུད་པ་མི་སྐད་ལ་སོགས་པ་སྐད་སྣ་ཚོགས་སུ་འོང་བའོ། །རྨི་ལམ་དུ་འོང་བ་ནི། མཚོན་བརྡེགས་པ་དང་སོ་འདེབས་པ་དང་། སྙིང་འབྱིན་པ་དང་། རྡོ་བརྡེགས་པ་དང་། སྡོམ་སྡིག་ལ་སོགས་པ་སེམས་ཅན་སྣ་ཚོགས་ཀྱིས་འཚེ་བ་དང་། རྦབ་ཏུ་སྐྱུར་བ་དང་། གཡང་ལ་ལྷུང་བ་དང་། རྟ་རྒོད་ཁྱི་རྒོད་ལ་སོགས་པ་མི་ཐུབ་པ་སྣ་ཚོགས་འོང་ངོ་། །ཉམས་ལ་འོང་པ་ནི། དོན་མེད་པར་འཇིགས་པ་དང་། འདར་བ་དང་། སྔངས་པ་དང་། ལུས་རྔུལ་བ་ལ་སོགས་མ་ངེས་པའི་རྟགས་སྣ་ཚོགས་འབྱུང་ངོ་། །དེ་ལྟར་ཆོ་འཕྲུལ་སྟོན་པའི་དུས་སུ་མི་རྟ་ཁྱི་ལ་སོགས་པ་སྔར་ནས་འོང་བ་རྣམས་ནི་རང་ལ་གནོད་པའི་གདོན་གྱི་ཆོ་འཕྲུལ་ཡིན་ནོ། །སྔར་ནས་མི་འོང་ཞིང་མ་མཐོང་བ་རྣམས་ནི་གཉན་སའི་ཆོ་འཕྲུལ་ཡིན་པས་གཉན་སའི་ཆོ་འཕྲུལ་མ་བྱུང་བར་རང་ལ་གནོད་པའི་གདོན་གྱི་ཆོ་འཕྲུལ་ཆེན་པོ་བྱུང་ན་གཉན་ས་དེ་མི་གཉན་ནོ། །སྲོད་ལ་གཉན་སའི་ཆོ་འཕྲུལ་ཆེན་པོ་བྱུང་ནས་རང་ལ་གནོད་པའི་ཆོ་འཕྲུལ་ནམ་ཕྱེད་སྨད་བྱུང་ན་གཉན་ས་འབྲིང་པོ་ཡིན་ནོ། །གཉན་སའི་ཆོ་འཕྲུལ་ལས། རང་ལ་གནོད་པ་ཡེ་མ་བྱུང་ན་གཉན་པོ་ཡིན་ནོ། །གནས་དེ་མི་གཉན་ན་སྐྱེད་མི་འོང་བས་གཉན་ས་ཤིན་ཏུ་ཡང་གལ་ཆེའོ། །
ཆོ་འཕྲུལ་བྱུང་བའི་དུས་སུ་དེ་ལ་འཇིགས་ཤིང་སྐྲག་པར་གྱུར་ན། བར་དུ་གཅོད་པ་ཡིན་པས་དེ་རྣམས་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན་པས་དཔེར་ན་རྒྱལ་པོ་བཙོན་དུ་བཟུང་ནས་དམངས་ཕལ་པ་རྣམས་ཆོམ་ལ་ཕེབས་པ་དང་འདྲ་སྟེ། རང་གི་སེམས་ཀྱི་ངོ་བོ་དེ་ཤེས་ན་བདུད་རང་ཞི་ནས་འོང་རྒྱུ་མེད་དེ། དེས་ན་རང་གི་སེམས་ཀྱིས་ཆོ་འཕྲུལ་སྟོན་པའོ། །སེམས་སྐྱེ་བ་མེད་པ་ཞིག་ཡིན་ཏེ། འཇིགས་བྱ་འཇིགས་བྱེད་གཉིས་སུ་མ་གྲུབ་པའོ། །ལུས་ནི་འབྱུང་བ་ཡིན་པས་བརྟགས་ཤིང་གཞིག་ན་རང་བཞིན་མེད་པ་ཞིག་འདུག །ཟ་ནའང་ཟོ། ཁྱེར་ནའང་ཁྱེར། མི་རིངས་ན་ཁད་ཀྱིས་ཁྱེར་ཞིག་སྙམ་དུ་བསམ་ལ། ལུས་ལ་དམིགས་མེད་ཆགས་མེད་ཞེན་མེད་དུ་བློས་བཏང་ངོ་། །ལར་ཚན་གང་ཆེ་འགྲན་པ་ཡིན་པས་ཚན་སུ་ཆེ་བྱའོ། །སྙེམས་མེད་འཕྲིག་མེད་ཞེན་མེད་དུ་བཞག་གོ །བུ་སྙེམས་པ་དང་། ཆུང་མ་སྙེམས་པ་དང་། གྲོགས་པོ་སྙེམས་པ་དང་། དེ་ལ་སོགས་པའི་སྙེམས་བྱེད་ཐམས་ཅད་རྦད་ཀྱིས་བཅད་དོ། །ཆོས་འདིའི་ལུགས་ཀྱིས་བདག་འཛིན་དང་གཅེས་འཛིན་ཐོངས་པ་ཞིག་དགོས་པ་ཡིན། འདི་བསྒོམ་པའི་གནས་ནི། རི་ཁྲོད་དང་། དུར་ཁྲོད་དང་། ལྷ་ཁང་དང་། བླ་གབ་མེད་པ་ལ་སོགས་པའི་ལྷ་འདྲེ་གང་ན་ཆེ་བ་ཉམ་ང་ཞིང་འཇིགས་པའི་སར་བསྒོམས་པས་སྙེམས་ཐག་ཆོད་པ་ཡིན། ཉམ་ང་ཞིང་སྐྱི་འཇིགས་པའི་གནས་ཤིག་མེད་ན་ཉམས་སུ་བླང་རྒྱུ་མེད་པའོ། །དེ་ལྟ་བུའི་གནས་སུ་དབང་པོ་ཡང་རབ་ཀྱིས་གནས་ལུགས་ལ་བཞག །འབྲིང་གིས་ལུས་ལྷ་འདྲེ་ལ་བྱིན་ལ་ལུས་ལ་མ་ཆགས་པར་ལུས་བློས་བཏང་། བྱིན་པ་རང་གིས་མི་འདོད་པ་ཡིན། བློ་ཐ་མ་ཡིས་འཇིགས་པ་བྱུང་ན་འཇིགས་མཁན་བཙལ་ནས་ལུས་འཇིགས་སམ་སེམས་འཇིགས་བལྟས་པས་ལུས་འདི་ས་རྡོ་དང་འདྲ་སྟེ་བེམ་པོར་འདུག །སེམས་འདི་ནམ་མཁའ་དང་འདྲ་སྟེ་སྟོང་པ་ཉིད་དུ་འདུག་པས་འཇིགས་བྱ་འཇིགས་བྱེད་དུ་མ་གྲུབ་སྟེ། འཇིགས་པའི་རྒྱུ་མ་གྲུབ་པའོ། །དེ་ཡིས་སེམས་བསྒོམ་དུ་རྡུལ་ཕྲ་རབ་ཙམ་ཡང་མེད་ལ། ཡེངས་སུ་སྐད་ཅིག་ཙམ་ཡང་མེད་དོ། །
དེའང་ཆོས་ཐམས་ཅད་བྱུང་ཡང་རང་གི་སེམས་ལས་བྱུང་ལ་ཞི་ཡང་རང་གི་སེམས་ཀྱི་ངང་དུ་ཞི་བས་ཐམས་ཅད་རང་གི་ངང་དུ་འདུག་གོ །དེས་ནི་བདུད་སློབ་དཔོན་དུ་འགྱུར། དངོས་གྲུབ་བདུད་ལས་འབྱུང་ངོ་། །དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་སྤྲོས་པ་ཉེ་བར་ཞི་བ་སྟེ་སངས་རྒྱས་ཀྱི་དགོངས་པ་ལོན་པའོ། །
ལྔ་པ་གཉན་ཆེན་མཐའ་ལ་གཏད་པ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་མཐའ་གཏད་དང་། དངོས་ཀྱི་མཐའ་གཏད་དོ། །དང་པོ་གཉན་སར་ལྟེངས་ནས་མ་སློངས་སམ། ཚར་ཚད་དང་ཆོ་འཕྲུལ་འདྲེས་ནས་བྱུང་ན། ཏིང་ངེ་འཛིན་གྱིས་བཅད་དཀྲུག་བཤིག་བརྐོ་བ་ལ་སོགས་པ་གནམ་ས་ཁ་ཞབས་བཟློག་ལ་བསྡད་དོ། །ཡང་གཅེར་བུ་བྱས་ལ། ཆུ་ལ་ཁྲུས་དང་བཏུང་བ་ལ་སོགས་བྱས་ལ། མཆོང་རྒྱུག་བྱ་ཞིང་ཕཊ་ཀྱིས་བཏབ་པས་སློང་ན་ཆོ་འཕྲུལ་ཟིངས་ཀྱིས་འོང་། ཆོ་འཕྲུལ་འོང་འཕྲོ་ཡིན་ན་ཉལ་གྱིས་ཞི་འགྲོ། དངོས་ཀྱི་མཐའ་གཏད་ནི། སློང་ནས་ཆོ་འཕྲུལ་མ་ཆོད་པའམ། གཉན་སར་བདག་ལ་ན་ཚ་དྲག་པོ་བྱུང་ནས་ཅིས་ཀྱང་མ་ཆུན་ན། དངོས་སུ་ཤིང་གཉན་ཡིན་ན་བཅད། ཆུ་གཉན་ཡིན་ན་དཀྲུག །བྲག་གཉན་ཡིན་ན་བཤིག །ས་གཉན་ཡིན་ན་བྲལ། ན་གཉན་ཡིན་ན་བརྐོ། ཕ་བོང་གཉན་པོ་ཡིན་ན་བཟློག །མི་ལུད་ཁྱི་ལུད་ལ་སོགས་པའི་དུད་པ་བཏང་ནས་བསྡད་པས་ཞི་ནས་འགྲོ་བ་ཡིན་ནོ། །གཞན་གྱིས་རྦད་འདྲེ་ཡོད་ན་ཁོ་རང་ལ་བཟློག་གོ །དྲག་པོ་རྫས་ཀྱི་མཐའ་གཏད་ནི། མཛེ་ཅན་ལ་སོགས་མི་རྟ་ཁྱིའི་ཤ་ཁྲག་ལུད། ལྷམ་འབོབ། ཡུགས་ས་མོའི་དོར་རྟ་རྣམས་དུག་ཤིང་སྣ་ཚོགས་ཀྱི་མེ་ལ་གང་གཉན་པའི་སར་བསྲེག་ལ་དུད་པ་བཏང་ངོ་། །ནད་པ་ཡིན་ན་ལུས་བསྲོ། ནད་པའི་ལུས་ཏིལ་འབྲུ་ཙམ་ཡང་མ་ལུས་པར་ཚིག་པར་བསམ། གཞན་ཡང་དཀར་དམར་སྔོ་ཐབ་ལ་སོགས་པ་ཅི་རིགས་སུ་བྱས་པས་ཞི་བའོ། །མ་ཞི་བར་དུ་ཡང་ཡང་བྱ། མང་ན་དྲེད་འགྲོ་བས་ཞག་གསུམ་བྱ། བྲག་ཤིང་ལ་སོགས་བཅད་པའི་རྗེས་ལ་ལོག་ནའང་དེ་ལྟར་བྱས་པས་སོ། །
དེ་ལྟར་སྤྱོད་པ་གང་བྱེད་ཀྱང་གདོན་ལ་སོགས་ལ་དམིགས་པ་མི་གཏད་པར་གཏད་མེད་དུ་བྱའོ། །ཡ་ང་བ་དང་བག་ཚ་བ་མེད་པར་བྱའོ། །ཡང་ལྷ་ཁང་ལ་སོགས་པའི་ཆོ་འཕྲུལ་མ་ཆད་པར་འོང་ན། གཅེར་བུར་བུད་ལ་རྡོ་བས་བརྡེག་གོ །ཡང་ཆོ་འཕྲུལ་ཆེ་བས་མ་ནོན་ན། རིག་པ་ངར་ལྡན་དུ་བྱས་ལ་ཕཊ་ཀྱིས་གདབ། སྣང་བ་བུན་གྱིས་སོང་སོང་དུ་གདབ་བོ། །ཡང་གཅེར་བུས་སྤྱི་འགྲེང་དུ་བྱ་ཞིང་རྗེས་ལ་རིག་པ་ལ་ངར་བསྐྱེད་ལ་ཕཊ་ཀྱིས་བཏབ་ནས་མགོ་ཞབས་བཟློག་ནས་ཉལ་བས་ཞི་ནས་འགྲོ་བའོ། །གཉན་སར་ན་ཚ་བྱུང་ནས་གཞན་དུ་བྲོས་ན་བར་ཆད་འབྱུང་བས་སངས་ཀྱིས་དྲག་དྲག་ཏུ་བསྡད་ལ་ཉམས་ལེན་བྱའོ། །ཡང་སློང་ནས་མ་ཆོད་པར་ལོག་ནོན་བྱས་བཞིན་དུ་ཆོ་འཕྲུལ་ཆེར་སོང་ན་ཞུད་པ་ཡིན་པས་ཞག་འགའ་གྲོང་ཡུལ་ལམ་གཞན་ཞིག་ཏུ་འགྲོ་ལ་དེ་སྟེང་ལོ་རྒྱུས་མེད་པར་ཐིབས་ཀྱིས་མནན་ནོ། །ཡང་ཧ་ཅང་གཉན་པས་ཡར་བའང་འབྱུང་། སྟོབས་ཆུང་བས་བྲོས་པའི་རིགས་ཀྱང་ཡོད་པས་དེ་ལྟ་བུ་ལའང་གོང་ལྟར་བྱས་པས་སོ། །དེ་ནས་ཁོས་སླེབ་པའི་ཚད་ཙམ་ལ་ཏིང་ངེ་འཛིན་གྱིས་མནན་ལ་འོང་ངོ་། །གཞན་ཡང་མཐུ་བྱེད་པ་ཡོད་ན་དེའི་གཏོར་སྟེགས་འོག་ཏུ་ཉལ་ལོ། །ཐོད་པ་གྲུབ་པེའི་གཏམ་རྒྱུད་ཀྱང་གསུངས་སོ། །ཀླུ་གནོད་ན་ཀླུ་ཡོད་ངེས་པའི་ཆུ་མིག་ཏུ་ཉལ་ལོ། །རྒྱལ་པོ་གནོད་ན་ལྷ་ཁང་བདག་མེད་དུ་ཉལ་ལོ། །བསེན་མོ་གནོད་ན་ས་ཕུག་སྟོང་པར་ཉལ་ལོ། །དམ་སྲི་མོ་གནོད་ན་དབེན་གནས་སྟོང་པར་ཉལ་ལོ། །མི་གཙང་བའི་ཉམས་གྲིབ་བྱུང་ན་མཛེ་གསེབ་ཏུ་ཉལ་ལོ། །དེ་བཞིན་དུ་རང་ལ་གང་གནོད་པའི་ས་དམིགས་དང་། ཤིན་ཏུ་གཉན་ཞིང་འཇིགས་པའི་ས་རྣམས་སུ་བསྡད་ཅིང་ཉམས་ལེན་བྱའོ། །དེའང་དང་པོར་སྙིང་ཁམས་ཆེ་བ་ཞིག་དགོས་པས་འཇིགས་པ་དང་། སྐྱུག་བྲོ་བ་དང་། ཉམ་ང་བ་དང་། བག་ཚ་བ་ལ་སོགས་པ་རྫི་མི་ཕོད་པ་སྙམ་པ་ཞིག་བྱུང་ན། ལྟ་ཐོག་ནས་རིག་པ་ལ་ངར་བཏགས་ལ། གང་མི་ཕོད་པ་དེ་དག་ལ་ཐོག་རྫིས་བྱས་ལ་སེམས་ལྷོད་ཀྱིས་གློད་ལ་བཞག་གོ །རེ་དོགས་མི་བྱ་བ་རྩིས་གདབ་མེད་པར་བཞག །གར་སོང་ལེགས་སུ་བཞག་གོ །ཐམས་ཅད་ཀྱང་སྐྱག་གཏད་མེད་པར་བསྐྱུར་ལ་བཞག་གོ །
དྲུག་པ་ཕྱིར་མི་ལྡོག་པ་སྒོ་གཏན་ལྟ་བུའི་གནད་ལ་གསུམ་སྟེ། དང་པོ་སློང་ཚད། བར་དུ་ཆོད་ཚད། ཐ་མ་ཚར་ཚད་དོ། །དེ་ལ་གཉན་སར་ཉམས་ལེན་བྱས་པས་ལྷ་འདྲེ་རྣམས་ཀྱིས་ཆོས་ཉིད་ཀྱི་གཟི་བརྗིད་མ་བཟོད་པར། མངོན་སུམ་དང་གཟི་བྱིན་རྨི་ལམ་གྱི་ཆོ་འཕྲུལ་གང་ཡང་རུང་བ་ཞིག་བྱུང་ན། ཕྱིའི་སློང་ཚད་ཡིན་ནོ། །ལུས་ལ་ན་ཚ་དང་། རྟོག་པ་མི་བདེ་བ་དང་། ཁྲག་སྐྱུག་པ་ལ་སོགས་པ་ཅི་བྱུང་ཡང་ནང་གི་སློང་ཚད་ཡིན་ནོ། །སེམས་ལ་སྡུག་བསྔལ་བ་དང་། ཉོན་མོངས་པ་དང་རྣམ་རྟོག་གློ་བུར་སྣ་ཚོགས་དང་། བློ་སྣ་མང་པོ་སྐྱེ་བ་དང་། སེམས་དགའ་མི་དགའི་མཐོ་དམའ་མང་པོ་བྱུང་ན་གསང་བའི་སློང་ཚད་ཡིན་ནོ། །གཉིས་པ་ཆོད་ཚད་ནི། དེ་ལྟར་སློང་ཚད་གསུམ་པོ་གང་བྱུང་ཡང་རུང་སྟེ། དེ་དག་ལ་སྙེམས་མ་ཞུགས་པར་བྱས་ནས་ཚད་བསྐྱེད་ལ་བསྡད་པས་ཕྱིའི་ཆོད་ཚད་ནི། སྔར་གྱི་ཆོ་འཕྲུལ་དེ་རྣམས་རང་ཞིར་སོང་ན་དེ་ཡིན་ནོ། །ནང་གི་ཆོད་ཚད་ནི། ལུས་ཀྱི་ན་ཚ་ལ་སོགས་པ་ཐམས་ཅད་རང་ཞིར་སོང་ན་དེ་ཡིན་ནོ། །གསང་བའི་ཆོད་ཚད་ནི། སྔར་གྱི་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་དེ་རྣམས་རང་གྲོལ་དུ་སོང་བ་དེ་ཡིན་ནོ། །
གསུམ་པ་ཚར་ཚད་ནི། ཕྱིའི་ཚར་ཚད་གཉན་ས་ལ་སོགས་པའི་གནས་དེ་ཉམས་དགའ་ཞིང་བྱིན་ཆགས་པ་དང་། དེ་ནས་འགྲོ་སྙིང་མི་འདོད་པར་བག་དྲོ་བར་འདུག་པའོ། །ནང་གི་ཚར་ཚད་ནི། ལུས་བདེ་ཞིང་མདངས་སྟོབས་དང་ལྡན་པ་དང་། ལང་བ་ཡང་ཞིང་འགྲོ་ན་མགྱོགས་པ་ལ་སོགས་པའོ། །གསང་བའི་ཚར་ཚད་ནི། སེམས་ལ་སྔར་ནས་མེད་པའི་ཉམས་རྟོགས་བཟང་པོ་འབྱུང་བ་དང་། སྣང་བ་བདེན་མེད་དུ་རྟོགས་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་པ་དང་། བླ་མ་ལ་མོས་གུས་ཁྱད་པར་ཅན་སྐྱེས་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་འབྱུང་ངོ་། །དེ་ལྟར་དུ་བྱུང་ནའང་ཡོན་ཏན་དུ་མི་བལྟ་ཞིང་མ་བྱུང་ནའང་འདོད་པའི་བློ་མི་བྱ་བར་གཏད་མེད་དུ་བསྐྱུར་རོ། །དེ་ལྟར་མ་ཤེས་པར་གཉན་ས་དེར་འོང་ནས་ཚར་ཚད་འོང་དུ་རེ་བ་དང་། མ་བྱུང་གི་དོགས་པའི་སེམས་བྱུང་ན་གཉིས་ཀ་བདུད་ཡིན་པས་དོགས་པ་ཞིག་འདུག་ནའང་བདུད་ཡིན་ལ། རེ་བ་ཞིག་བྱུང་ནའང་བདུད་ཡིན་པས་རེ་ན་རེ་ཐོག་ཏུ། དོགས་ན་དོགས་ཐོག་ཏུ་བསྐྱུར་ལ། གློད་ལ་ཞོག །གཉིས་སུ་སྣང་བ་ལྟར་འདུག་ཀྱང་སྣང་ལུགས་ལྟར་མ་ཞེན་ན་སེམས་སུ་འགྲོའོ། །འདོད་པའི་བློ་སངས་རྒྱས་ལའང་མ་བྱེད། འབུམ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདོད་པ་མ་བྱེད་ཅིག །འདོད་པ་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བཤད་དོ། །
ཡང་ན་ཚར་ཚད་གསུམ་ནི། རྨི་ལམ་གྱི་ཚར་ཚད་དང་། མངོན་སུམ་གྱི་ཚར་ཚད་དང་། ཉམས་ཀྱི་ཚར་ཚད་གསུམ་མོ། །རྨི་ལམ་གྱི་ཚར་ཚད་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ཐུན་མོང་ནི། ལུས་ལ་སེམས་ཅན་འཐོན་པ་དང་། བཤལ་སྐྱུག་དྲག་པོ་བྱུང་བ་དང་། ཁྲུས་བྱས་པ་དང་། ནམ་ལངས་པ་དང་། ཉི་མ་ཤར་བ་དང་། གཞན་གྱིས་བདག་ལ་གུས་པ་བྱེད་པ་དང་། བཟའ་བཏུང་འབུལ་བ་ལ་སོགས་པ་འོང་ངོ་། །
ཐུན་མོང་མ་ཡིན་པ་ནི། གཉན་སའང་གཉན་སར་ཤེས། དེ་ན་གཅོད་བྱེད་པར་ཡང་ཤེས། གནོད་པའི་ཆོ་འཕྲུལ་བྱུང་བ་ལ་ཉམས་ལེན་བྱས་པས་རང་སར་ལྷན་གྱིས་ཞི། གཉིད་སད་ཙམ་ན་དེ་ཀའི་སྟེང་དུ་ལྷན་ནེ་འདུག་པའོ། །གཉིས་པ་མངོན་སུམ་གྱི་ཚར་ཚད་ནི། ནད་དང་མི་མ་ཡིན་གཉིས་ལས། ནད་མངོན་སུམ་ནི། དངོས་སུ་ཁ་སྣའམ་བཤང་ལམ་ལ་སོགས་ལ་སྡོམ་དང་སྡིག་པ་དང་སྦལ་པ་དང་ཉ་དང་ལྕོང་མོ་དང་སྦྲུལ་ལ་སོགས་སྲོག་ཆགས་སྣ་ཚོགས་འཐོན་པ་དང་། ཁྲག་དང་ཆུ་སེར་ལ་སོགས་ནད་རྟགས་མང་པོ་སྐྱུག་པ་དང་བཤལ་བ་ལ་སོགས་པ་མང་པོ་འབྱུང་བ་ཡིན་ནོ། །མི་མ་ཡིན་མངོན་སུམ་དུ་བདག་ལ་ཕྱག་འཚལ་བ་དང་། སྐོར་བ་བྱེད་པ་དང་། མཆོད་པ་འབུལ་བ་དང་། ཁ་ཟས་མང་པོ་སྟེར་བ་དང་། བདག་ཅག་གི་སྲོག་སྔགས་འདི་ཡིན་ཟེར་བ་མངོན་སུམ་དུ་འོང་སྟེ། དབང་དུ་འདུས་ཤིང་དམ་ལ་ཐོགས་པའི་རྟགས་ཡིན་ནོ། །གསུམ་པ་ཉམས་ཀྱི་ཚར་ཚད་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །
ཐུན་མོང་ནི། ནམ་ལ་གཉན་སར་གཅེར་བུར་ལ་སོགས་བྱས་པས་སྐྱི་ཟིང་པའམ། འཇིགས་པ་དང་། ཡ་ང་བ་དང་། བག་ཚ་བ་མེད་པ་དང་། སེམས་ཅན་རྣམས་རྣག་ཁྲག་ལུས་ལ་ཐོན་པ་སྙམ་བྱེད་པ་དང་། བདག་ལ་གཞན་གྱིས་ཕྱག་དང་བཀུར་སྟི་ལ་སོགས་བྱེད་པ་སྙམ་འབྱུང་བ་དང་། ཤེས་པ་དགའ་ཡ་ལེ་བའམ། འབོལ་ལེ། ལྷོད་དེ་བ། ལུས་སེམས་བདེ་བ་ལ་སོགས་འབྱུང་ངོ་། །ཁྱད་པར་ནི་གང་ལའང་སྙེམས་རྟོག་མི་འཇུག་པར་ཆོས་ཉིད་གཡོ་བ་མེད་པའི་ངང་ལ་གནས་པ་འབྱུང་སྟེ། བསོད་ནམས་བསགས་པའི་རིགས་ཡིན་པས་གཞན་དུ་སྐྱེ་བ་མི་བརྒྱུད་པར་སངས་རྒྱའོ། །ཚར་ཚད་ཀྱི་ཡུན་ལ་ངེས་པ་མེད་དེ། གདམས་ངག་དང་། ཉམས་ལེན་དང་། གཉན་ས་བྱིང་ཆེ་ཆུང་དང་། གཉན་མི་གཉན་གྱི་ཁྱད་པར་གྱིས། སློང་ཚད་དུས་སུ་མཉམ་དུ་འོང་བའང་ཡོད་ལ། སྲོད་ལ་ཆོ་འཕྲུལ་བྱུང་ནས་ཐོ་རེངས་ཚར་བའི་རིགས་ཀྱང་ཡོད། སྔ་ནུབ་ཆོ་འཕྲུལ་བྱུང་ནས་ཕྱི་ནུབ་ཚར་བའི་རིགས་ཀྱང་ཡོད། ཚད་མེད་པའི་རིགས་ཀྱང་ཡོད། ཕལ་ཆེར་ཞག་གསུམ་གསུམ་ལྔ་ལྔ་འགོར་བ་ཤས་ཆེ། ལར་ན་ཟླ་བ་ལ་སོགས་པར་ངེས་པ་མེད་དེ། གཉན་སར་ཕྱིན་པ་ཙམ་གྱིས་གོང་གི་ཤེས་དྲོད་ཐོབ་པ་ཡོད་དོ། །ལྷ་འདྲེའི་གནོད་པས་གནོད་པ་སྐྱེལ་སེམས་སྐྱེལ་མཁན་གྱིས་རང་ལ་མི་ཚུགས་ཤིང་། རང་ལྷ་འདྲེ་ལ་ཉམ་ང་བ་དང་བག་ཚ་བ་མེད་ཀྱང་ལྷ་འདྲེ་ལ་གནོད་པ་གཏད་པ་མེད་པས་དང་ཁྱད་གསོད་སྐད་ཅིག་ཙམ་ཡང་མི་བྱ། གཏོར་མ་ཆུ་སྦྱིན་ལ་སོགས་དང་། སྨོན་ལམ་རྒྱ་ཆེན་པོ་གདབ་བོ། །བདུན་པ་ལོག་གནོན་གཟེར་བུའི་གནད་ལ་གསུམ་སྟེ། ལོག་གནོན་བསྟན་པ་དང་། གནད་ཀྱི་མན་ངག་ཕྲའུ་བསྟན་པ་དང་། ཕན་ཡོན་བསྟན་པའོ། །ལོག་གནོན་བསྟན་པ་ལ་གསུམ་སྟེ། ལྡོག་པའི་དུས། ལྡོག་པའི་རྟགས་དང་། ལོག་གནོན་གྱི་དུས་སོ། །ལྡོག་པའི་དུས་ནི། གང་ལ་བཅད་པ་དེ་ལ་མ་ཆོད་པར་ལུས་ན་ལྡོག་པའི་དུས་ཡིན། གདམས་ངག་མེད་པར་བདུད་ཀྱི་ཆོ་འཕྲུལ་ལ་སྙེམས་ཞུགས་ནས་ཐེ་ཚོམ་ཟ་བ་ནི་ལྡོག་པའི་དུས་ཡིན། བྲེད་སྔངས་སྐྱེས་ནས་བྲོས་ན་ལྡོག་པའི་དུས་ཡིན། འཇིག་རྟེན་གྱི་བྱ་བ་ལ་བློ་འཇུག་ན་ལྡོག་པའི་དུས་ཡིན། དེ་དུས་རང་བདུད་ཀྱི་ཆོ་འཕྲུལ་དུ་ངོས་ཟིན་དགོས། ལོག་པའི་རྟགས་ནི། སྙིང་མི་དགའ་སེམས་འཕྱོ། ཤེས་པ་འདར། འགྲོ་སྙིང་འདོད་ལ་འཚེར། རོ་སྟོད་བརྒྱངས་ནས་ན་བའོ། །ལོག་གནོན་གྱི་དུས་ནི། ཉམ་ང་ན་ང་ཐོག་ཏུ་གཅོད་དགོས། འཇིགས་ན་ཐོག་ཏུ་བསྐྱུར་དགོས། སྐྱུག་བྲོ་ན་བྲོ་ཐོག་ཏུ་བསྐྱུར་དགོས། དེའང་མ་ཆོད་ཀྱི་བར་རྦད་ཁམ་བསྐྱེད་ལ་ཡང་ནས་ཡང་དུ་གང་མ་ཆོད་པར་ལོག་པ་དེའི་ཐོག་ཏུ་ཐོག་འགེལ་བྱའོ། །ཉམ་ང་ན་ང་ཐོག་ཏུ་གཅོད་པ་ནི། འགོ་བའི་ནད་རིམས་ཐམས་ཅད་ལ་འགོའམ་སྙམ་ནའང་ཁ་གདངས་བྱས་ལ་ནད་དྲི་རྔུབ། ཁ་བསྲེ། གོས་བསྲེ་བ་ལ་སོགས་བྱས་ལ། ཉམ་ང་ན་ང་ཐོག་ཏུ་བསྐྱུར་ལ་ངོས་བཟུང་མེད་པ་དེ་ཟིན་པར་བྱའོ། །འཇིགས་ན་འཇིགས་ཐོག་ཏུ་བསྐྱུར་བ་ནི། ཐོགས་ཅན་གྱི་བདུད་དགྲའམ། གདོན་ནམ། གཅན་ཟན་ལ་སོགས་འཇིགས་པ་ལ་འཇིགས་ཐོག་ཏུ་བསྒྱུར་ལ་ངོས་བཟུང་མེད་པ་དེ་ཟིན་པར་བྱའོ། །སྐྱུག་བྲོ་ན་བྲོ་ཐོག་ཏུ་བསྲེ་བ་ནི། མཛེ་པོ་དང་། དམེ་ཕོ་དང་། ཡུགས་ས་ཕོ་མོ་དང་། རོ་དང་། དྲི་ཆེན་དྲི་ཆུ་དང་། མཆིལ་སྣབ་དང་། ལྷོག་རོ་ལ་སོགས་པ་སྐྱུག་བྲོ་བ་ཐམས་ཅད་ལ་དེའི་ཐོག་རང་དུ་བསྐྱུར་ལ་ངོས་བཟུང་མེད་པ་དེ་ཟིན་པར་བྱའོ། །དགྲ་གཉེན་གཙང་བཙོག་བདེ་སྡུག་ལ་སོགས། གང་ལའང་མ་ཆོད་པར་ལོག་པ་དེའི་ཐོག་ཏུ་ཐོག་འགེལ་བྱས་ལ་ངོས་བཟུང་མེད་པ་དེ་ཟིན་པར་བྱའོ། །ལར་སེམས་འཁྲུལ་སྣང་གི་བག་ཆགས་སེལ་བ་ལ་འཁྲུལ་ཐོག་རང་དུ་བསྐྱུར་ལ་ངོས་བཟུང་མེད་པ་དེ་ཟིན་པར་བྱ་བ་གནད་ཆེ་བ་ཡིན། དེ་ལྟར་བྱས་པས་ཆོད་པ་ལ་དགའ་བའི་བློ་མི་བྱ་བར་གཏད་མེད་དུ་བསྐྱུར་རོ། །
གཉིས་པ་གནད་ཀྱི་མན་ངག་ཕྲའུ་ལ། གནས་ཀྱི་མན་ངག་ཕྲའུ་བཅུ། གདོན་གྱི་མན་ངག་ཕྲའུ་བཅུ། ནད་ཀྱི་ལོག་གནོན་གྱི་མན་ངག་ཕྲའུ་བཅུ། གཞན་དོན་གྱི་མན་ངག་ཕྲའུ་བཅུ། སྤྱི་སྡོམ་གྱི་མན་ངག་ཕྲའུ་བཅུ་དང་ལྔ་བཅུའོ། །དེ་ལ་གནས་ཀྱི་མན་ངག་ཕྲའུ་ནི། དང་པོ་གཅོད་ལ་འགྲོ་ཙ་ནའང་། བླ་མ་དཀོན་མཆོག་དང་། ཡུལ་དེའི་ལྷ་འདྲེ་གཉན་པོ་ཐམས་ཅད་ལ་རང་གི་ལུས་ཚོགས་སུ་འབུལ་ལོ། །རོ་སྟོད་ཡ་བདུད་རྒྱལ་པོས་ཁྱེར། རོ་སྨད་མ་བདུད་རྒྱལ་མོས་ཁྱེར། སྐེད་པ་བར་དུ་གནས་པའི་ལྷ་འདྲེས་ཁྱེར་བྱས་ལ། རང་གི་ལུས་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་དམིགས་པ་རྣོན་པོ་མཚོན་ཆ་ལྟ་བུས་དམ་དུམ་བརྒྱ་སྟོང་དུ་གཏུབ་ལ་སྦྱིན་པར་བཏང་ངོ་། །གཉན་སར་ཕྱིན་ནས་ཀྱང་སྤྱིར་ས་ཕྱོགས་གཉན་ས་ཟེར་ཡང་སྒོས་སུ་མ་རྙེད་ན། གཅེར་བུ་བུད་ནས་གཉན་བསྐོར་བས་ས་དམིགས་གང་ན་ཡོད་པ་དེར་ཤེས་པ་སྐྱི་ཟིང་བྱེད་པའམ། ཡང་ན་ཉམ་དགའ་ཡལ་ལེ་བ་འབྱུང་བས་དེ་ཀར་ལྷན་གྱིས་བསྡད་དོ། །ཆུ་མིག་ལ་སོགས་གཉན་ས་མགོ་མང་པོ་ལ། ཆོ་འཕྲུལ་དྲོད་རྟགས་རེ་རེ་སྤེལ་མར་འོང་བས་དེ་དག་རིམ་གྱིས་འདུལ་མི་ལང་བས་དེ་དག་གི་མཐའ་བསྐོར་ལ་ས་རྡོ་ཤིང་གསུམ་བསྡུས་འོག་ཏུ་བཏིང་བས་དུས་གཅིག་ལ་འོང་བ་ཡིན། དེ་བཞིན་སྡོང་པོ་བྲག་ལ་སོགས་པའི་རྩེ་མོ་ཡལ་ག་བྲེག་ལ་འོག་ཏུ་བཏིང་། གངས་ཀྱི་རི་ལ་སོགས་པ་ཡིན་ན་དམིགས་པས་བདལ་ལ་བྱ། ཡང་ན་རང་ལུས་མགོ་མཐོ་སར་གཏད། གཉན་ས་ཐམས་ཅད་ཁྱབ་པའི་ཆེན་པོ་གཅིག་ཏུ་བསམ་ལ་ཉལ། དང་པོ་ཇི་ལྟར་ཉལ་བ་དེ་ལས་ཚར་ཚད་མ་བྱུང་བར་དུ་མི་སྤོར་རོ། །ཇི་ཙམ་སྡོད་ཀྱི་དུས་མི་གཟུང་། འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་བསྡད་སྙམ་དུ་བསམ་མོ། །གདོན་གྱི་ལོག་གནོན་གྱི་མན་ངག་ཕྲའུ་ནི། གལ་ཏེ་ཚད་མ་བྱུང་བར་ལ་གཞན་དུ་འགྲོ་དགོས་བྱུང་ན། གཉན་ས་དེའི་ས་རྡོ་བཟུང་ལ་འོག་ཏུ་གཞུག །ཏིང་ངེ་འཛིན་ནི་འདུག་ས་དེ་ལས་མི་འཕོའོ། །དེ་ལྟར་མ་བྱས་ན་རྗེས་ལོག་འོང་བ་ཡིན།
གཉན་སར་ཕྱིན་པ་ཙམ་གྱིས་རྟགས་བྱུང་ན་ཡོན་ཏན་ཡིན་ནམ་མགོ་སྐོར་ཡིན་བརྟག་པ་ནི། ཏིང་ངེ་འཛིན་གྱི་མཐའ་གཏད་བྱས་པས་མགོ་སྐོར་ཡིན་ན་ཆོ་འཕྲུལ་ཟིང་གིས་འོང་། ཡོན་ཏན་ཡིན་ན་མི་འོང་ཡང་གཉན་སའི་ཆོ་འཕྲུལ་ཞི་ཡང་རང་གི་བློ་ལ་ཡར་སྐྱེད་མེད་ན། ཞག་འགའ་གྲོང་ཡུལ་ཞིག་ཏུ་ངལ་གསོ་ལ། དེ་ནས་གཉན་སར་འོང་བས་ཆོ་འཕྲུལ་ཟིང་གིས་འོང་ངོ་། དེ་དུས་ཉམས་སུ་བླངས་པས་བློ་ལ་ཡར་སྐྱེད་འོང་བའོ། །ཡང་གཉན་སར་ཚར་ཚད་མ་བྱུང་པར་ཐག་རིང་དུ་འོང་བ་ལ་རྗེས་བསྙེགས་བྱུང་ནས་ན་ཚ་ཕོག་ན། གང་འོང་སྒོར་འཐོན། གོས་ཕུད་ལ། ཏིང་ངེ་འཛིན་གྱིས་གཉན་ས་མཚོའམ། རིའམ། ཆུ་མིག་གམ། བྲག་གམ། ཤིང་ངམ། ལྷ་ཁང་ལ་སོགས་པ་གང་ཡིན་པ་དེ། རི་བསྒྱེལ། བྲག་གཏིབ། མཚོ་བསྐམ། ན་སློག །གཉན་ས་རྗེས་མེད་པར་བཏང་ལ། ཤུལ་དུ་རྡོ་བ་གཉིས་གསུམ་བརྒྱབས་ནས་ཉམས་ལེན་བྱས་པས་ཞི་ནས་འགྲོ་བའོ། །
ཡང་གཉན་སར་འཇིགས་པ་ལ་སོགས་པ་བག་མི་ཕེབས་པ་གང་བྱུང་ཡང་། ཕཊ་ཀྱིས་བཏབ་ཅིང་མཆོང་རྒྱུག་བྱས་པས་ཞི་བའོ། །ཡང་རོ་ལ་སོགས་པ་ལ་འཇིགས་ན། ལུས་འཇིགས་སམ་སེམས་འཇིགས་རྩད་བཅད། དེ་ལ་ཆེད་ཀྱིས་སྔས་གཏད་ལ་ཉལ་ལོ། །གལ་ཏེ་སྙེམས་ཞུགས་ན་གང་ལ་ཞུགས་པ་དེ་མ་སངས་བར་དུ་བསྲེ། སྙེམས་མ་སངས་པར་ཕྱིན་ན་བར་ཆད་འོང་ངོ་། །ཡང་རྨི་ལམ་དུ་རྦད་འདྲེ་ལ་སོགས་པའི་རྟགས་འོང་ན། ཏིང་ངེ་འཛིན་གྱིས་རྦད་པའི་གནས་ནས་བོས་ལ། རང་གི་ལུས་ཁོའི་གདན་དུ་བཏིངས། དོན་སྙིང་ལ་སོགས་པ་མཆོད་པར་འབུལ། རང་གི་འཁོར་དང་ལོངས་སྤྱོད་ལ་སོགས་པ་ཅི་ཡོད་པ་ཐམས་ཅད་ཁོའི་མངའ་རིས་སུ་འབུལ་ཞིང་། ཇོ་བོ་ཁྱོད་རྟག་ཏུ་བཞུགས་སུ་གསོལ་བསམ་པས་ཁོའི་གནོད་སེམས་བྱམས་པར་ལོག་ནས་རང་གི་ཆོས་སྐྱོང་དུ་ཁོ་འོང་ངོ་། །ཡང་བུད་མེད་ལ་སོགས་ཡིད་དུ་འོང་བ་ཡོང་ཀྱིན་སྟབས་སུ་སྡོད་པ་རྨི་ན། ཏིང་ངེ་འཛིན་གྱིས་ལག་པའང་ཐུ་བ་ནས་བཟུང་ལ། ད་འགྲོར་མེད་པས་སྟབས་སུ་སྡོད་དགོས་བྱས་པས་འཕྲོ་འཆད། ཐིག་ལེ་འཕྲོག་འཕྲོག་འདྲ་ན། མཛེ་སྐྲ་དཀྲི་མ་ཐུབ་ན་མཛེ་ཀླད་བྱུག་གོ །འབོད་དུ་བྱུང་ན། ཁྱོད་ཅི་འདོད་པ་ཁྱེར་ཅིག་ཅེས་འོ་དོད་འབོད་དོ། །རང་གི་གནས་ཁང་ལ་སོགས་འགྱེལ་བ་རྨི་ན། ཏིང་ངེ་འཛིན་གྱིས་གཅིག་ཀྱང་མ་ལུས་པར་ཐེར་གྱིས་ཕྱག་ལ་ཉལ། རང་བཞིན་གྱིས་གནོད་པའི་གདོན་ལ་ཏིང་ངེ་འཛིན་གྱིས་ཁོ་རང་གི་མདུན་དུ་སྤྱན་དྲངས་ལ། རང་གི་བེམ་རིག་ཤག་གིས་ཕྱེ་ལ། དབང་པོ་ལྔ་དང་། ཤ་པགས་པ། རུས་པ། ནང་རོལ་རྣམས་ཁོ་ལ་ཚོགས་སུ་འབུལ། སེམས་ཉིད་ནམ་མཁའ་ལྟར་བཞག་གོ །རང་གི་ཤ་དང་པགས་པའི་བར་དུ། ཉ་དང་ལྕོང་མོ་སྦྲུལ་སྡོམ་སྡིག་ལ་སོགས་པའི་སེམས་ཅན་སྣ་ཚོགས་ཀྱིས་ཁེངས་ནས། ཁོ་རང་རྣམས་ཅིར་བྱེད་པར་བསམ། རང་གི་ལུས་འདི་ཁྱི་རོ་སུངས་པ་ལྟར་བདག་བཟུང་མེད་པར་བསྐྱུར་རོ། །རང་གི་ཁོག་པ་ཁོའི་གནས་ཉམས་དགའ་ཡིད་ལ་འཐད་པར་བསམ་ལ། དེ་ནས་དུས་དང་རྣམ་པ་ཐམས་ཅད་དུ་ཁྱོད་འདིར་བཞུགས་པར་ཞུ་བྱས་པས། ཁོ་རང་སྐྱེངས་ནས་འགྲོ། རང་གི་སྙིང་གི་དཀྱིལ་དུ་ཁོ་བསམ། སེམས་ཅད་ཐམས་ཅད་ལ་གནོད་པར་བྱེད་པའི་གདོན་ཐམས་ཅད་ཁོ་ལ་ཐིམ་པར་བསམ་ཞིང་། ཁོ་ཅི་དགའ་ཅི་མཉེས་ཀྱི་མཆོད་པར་འབུལ། ཤིན་ཏུ་གཅེས་པར་བསམས་པས་ཁོའི་བསམ་པ་ངན་པ་ཞི་ནས་ཡི་དམ་གྱི་ལྷར་ལྡོག་པའོ། །
དེའང་གཉན་སའི་གདོན་དེ་ཟིལ་གྱིས་གནོན་ན་སྟོང་ཉིད་བསྒོམ། དམ་ལ་འདོགས་ན་ལུས་མཆོད་པར་འབུལ། རང་སར་འཇོག་ན་ཐ་མལ་དུ་གློད། རང་ཡང་སྟོང་པ་ཁོའང་སྟོང་པར་བསྒོམས་པས་མགོ་འཁོར་བ་ཡིན། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མ་རྙེད་པའོ། །ནད་ཀྱི་ལོག་གནོན་གྱི་མན་ངག་ཕྲའུ་བཅུ་ལ། གཉན་སར་ཕོ་ལོག་ལ་སོགས་གློ་བུར་གྱི་ནད་དྲག་པོ་བྱུང་ན་ཆུ་མིག་ལ་སོགས་པའི་མདོ་ཡར་བསྐྱིལ་ལ། དེ་རུ་ཞུགས་ཏེ་ཡང་ཡང་ལུས་བཀྲུས་པས་ཞི་བའོ། །རྨའི་ཤ་མགུལ་ཡོད་པ་ལའང་དེ་ལྟར་བྱ། ཆུ་མིག་མེད་པར་གཉན་ས་བྲག་ཤིང་ལ་སོགས་པ་ཡིན་ན། ལུས་བཀྲུས་པའི་ཁྲུས་ཆུ་གཏོར། ཡང་གཉན་སར་ལུས་ལ་ཆུ་བུར་ཐོར་པ་གྲངས་མང་དུ་བྱུང་ན། དེའི་གྲངས་ཀྱི་རྡེའུ་ཆུ་མིག་ཏུ་སྐྱུར། གློ་བུར་དུ་གཟེར་ནད་དྲག་པོ་བྱུང་ན། མལ་འོག་གི་རྡོ་རློན་པ་གླན། མ་ཞི་ན་ཕོ་མོ་གོ་བཟློག་གི་ཤ་གླན། དེས་མ་ཞི་ན་མཐའ་གཏད་བྱ། ཡང་གཉན་ཁྲོད་དུ་རླན་མང་པོ་ལ་ཉལ་བས་གློ་བུར་དུ་སྐྲན་ནམ་དམུ་ཆུ་ལ་སོགས་སུ་སོང་ནས་སྨན་བྱས་ན་བར་ཆད་ལ་སོགས་སུ་འགྲོ་ཉེན་ཆེ་བས་དྲོ་སར་བསྡད་ཅིང་ལུས་ཉི་མ་ལ་བསྲོ། སྐུ་མཉེ་བྱ། ཆང་ཞིམ་མང་བ་དང་། ལུག་ཤ་སྐམ་པོའི་ཚོད་མ་བཏང་ངོ་། །ཉམས་ལེན་དྲག་ཏུ་བྱས་པས་ངེས་པར་འཚོའོ། །ཡང་ཚད་པའི་ནད་ལྟ་བུ་བྱུང་ན། རང་གི་སྙིང་གི་ནང་དུ་འཁྱག་པ་མཐེ་བོ་ཙམ་ཞིག་བསམ། དེ་ཇེ་ཆེ་ལ་སོང་བས་ལུས་ཐམས་ཅད་འཁྱག་པར་ལིངས་ཀྱིས་སོང་བར་བསྒོམ། ཡང་ཚད་པའི་ནད་ལ་ཧ་དྲག་ལ་རིང་བ་འདོན་ཞིང་ནད་ཐམས་ཅད་ཐུལ་ལུ་ལུ་ཕྱིར་བྱུང་བར་བསྒོམ་མོ། །གྲང་བའི་ནད་ལ་སུམ་མདོར་མེ་ཚ་ལ་རྣོ་བ་མར་མེ་འབྲིང་པོ་ཙམ་ཞིག་བསམ། དེ་ཇེ་ཆེ་ལ་ཡར་འབར་ནས་བྱང་ཁོག་ཐམས་ཅད་མགར་བའི་སོལ་མལ་ལྟར་དམར་ངད་དེ་འདུག་པར་བསྒོམ། བད་ཀན་གྱི་ནད་དང་། ཁོལ་བུའི་ནད་གང་ལའང་གང་ན་སར་བུག་པ་ཟང་ཐལ་དུ་དབུག་ནས་དེ་ན་ཕར་ནད་བུན་ནུ་འཐོན་པར་བསྒོམ། ཡང་ན་ཡིག་འབྲུ་གསུམ་ཕར་ཟང་ཚུར་ཟང་འགྲོ་བར་བསྒོམ། སྐྱུག་པའི་ནད་ལ་མིད་པའི་ནང་དུ་ཤ་ཁམ་གཅིག་གིས་ཁགས་ཀྱིས་བཀག་པར་བསྒོམ་མོ། །བཤལ་བའི་ནད་ལ་རྒྱུ་ཞགས། རྒྱུ་སྣེ་ལྟར་བཅིངས་ཡོད་པར་བསྒོམ་མོ། །མགོ་ན་ན་ཚངས་པའི་བུ་ག་ཁ་ཕྱེ་ལ་ནད་ཀྱི་རླངས་པ་སྔོན་དམར་དུ་ཁྱུག་ཁྱུག་འཐོན་པར་བསམ་ཞིང་རིག་པ་ནམ་མཁའ་ལྟར་རྒྱ་བསྐྱེད་དོ། །སྨད་དུ་ན་ན་སྟེང་རླུང་མནན། འོག་རླུང་ཁ་ཕྱེ་ལ། ནད་སེར་ཉོག་ཉོག་འོག་རླུང་ན་མར་སོང་བ་དང་། བཤང་ལམ་ན་མར་ནད་རྣམས་འཐོན་པར་བསྒོམ་མོ། །བཤལ་བའི་ནང་དུ་གཟེར་དྲག་པོ་བྱུང་ན། ཚིག་པ་དང་ན་བའི་ཐད་དུ་བུག་པ་མང་པོ་དབུག་ལ། བུག་པ་ན་མར་ནད་འཐོན་པར་བསམ་ཞིང་ཡན་ལག་སྤྲུག་གོ །རླུང་ལྟ་བུའམ། ལུས་འཁྲུག་པའི་ནད་ལ་རིག་པ་རང་སོར་མེར་གྱིས་བཞག །དེ་ལྟར་མ་སོས་བར་དུ་ཡང་ཡང་བྱ། བསྐྱར་ཞིང་བསྒོམས་པས་ངེས་པར་ཞི་ནས་འགྲོའོ། །
གཞན་དོན་གྱི་མན་ངག་ཕྲའུ་བཅུ་ནི། ནད་པ་ལ་སོགས་ལ་བྱིན་རླབས་བྱེད་ན། བླ་མའི་མོས་གུས་དང་རང་ཡི་དམ་དུ་གསལ་བའི་སོར་མོ་ལྔ་གཅན་གཟན་འཇིགས་པར་གྱུར་ནས་ནད་པའི་ལུས་པོ་སངས་ཀྱིས་ཟོས་པར་བསྒོམ། རང་སེམས་ལ་བསྟིམ་ལ་དམིགས་པ་དྲག་ཏུ་གཏད། ནད་ཐམས་ཅད་རླངས་པ་སྔོན་མར་དུ་བུན་ནུ་ནུ་འཐོན་པར་བསམ། ཡང་ན་སྙིང་རྗེ་བསྒོམ་ཞིང་སྟོང་ཉིད་ཀྱི་ངང་ན་བདེན་པའི་ཚིག་བརྗོད། བུ་ཆུང་ལ་སོགས་བསམ་མེད་ལ་འདྲེ་ནད་བྱུང་ན། རང་གིས་བུ་ཆུང་དེའི་སེམས་བཏོན་ནས་རང་ལ་བསྟིམས་ལ་ལུས་ཤ་ཁྱེར་ཁྲག་ཁྱེར་དུ་བྱའོ། །དཔེར་ན་ཤ་ཐད་ཅིག་ལ་བྱ་སྤྱང་མང་པོས་སྡོད་པ་ལྟར་བསམ། ལྷོག་པ་ལ་སོགས་པའི་སྐྲང་འབུར་ཐམས་ཅད་ལ་དེ་ལྟར་བྱས་པས་ཞི་བའོ། །སྐྲན་དང་དམུ་ཆུ་ལ་སོགས་པའི་ནད་ལ་ཏིང་ངེ་འཛིན་གྱིས་ཤགས་ཀྱིས་བཤིགས་ལ། ནད་ཐམས་ཅད་སངས་ཀྱིས་བཏོན་ལ་འདྲེ་ལ་བྱིན། ཡང་ན་ཟོ་བ་ཞབས་མེད་བཞིན་དུ་བྱའོ། །ཡང་རང་གཞན་གང་ན་ནའང་། ལུས་ན་ན་རོ་ཡང་ན་བར་རིགས་ཏེ་རོ་ལ་ན་ཚ་མེད། སེམས་ན་ན་དངོས་པོ་འོང་བར་རིགས་ཏེ་སེམས་ལ་དངོས་པོ་མེད། དེས་ན་ནད་དེ་རང་གི་རྟོག་པར་ཐག་བཅད་དེ། རླུང་མནན་ནས་རླུང་རིག་སྒྲིལ་ལ་གང་ན་ས་དེར་གཏད་ལ། རིག་པ་གང་གིའང་ངོ་བོར་མ་གྲུབ་པར་ས་ལེ་བཞག །རང་གཞན་གཉིས་ཀ་མ་གྲུབ་པར་བཞག་གོ །སྤྱིར་ན་གཉན་ཁྲོད་འགྲིམས་པའི་དུས་སུ། མི་རང་གི་ནད་གདོན་གྱི་གཉེན་པོ་མང་པོའང་མི་བརྟེན། གཉེན་པོ་དེ་ཉིད་རང་སྙེམས་ཡིན་པས་ཆོད་པའི་དུས་སུ་སྙེམས་མི་འོངས། ནད་ཁམས་སངས་ཀྱིས་མ་ཐོན་བར་དུ་དད་པ་ཅན་གྱི་ཚོགས་མང་པོ་མི་ཟ། སྒོས་སུ་བླ་མའི་དཀོར་ལ་མི་སྦག །ཞིམ་པ་དང་། བདའ་བདའ་བོའི་སྙེམས་རྦད་ཀྱིས་བཅད་ལ། ཅི་ཡོད་གང་འབྱོར་ཙམ་གྱི་ཁ་ཟས་ལ་བརྟེན་ལ། གཉན་ས་དང་རི་ཁྲོད་འགྲིམ་མོ། །གཉན་ས་བསྐོར་ཡང་སྐྱེད་མེད་ན། མཛེ་ཅན་དང་བསྲེ། མ་རན་པ་ལ་བསྲེས་པས་ལོག་ན། ལོག་གནོན་ལ་གཉན་ཁྲོད་དུ་ཕྱིན་ལ། མཚོ་གཉན་ནམ། ཆུ་མིག་གཉན་པོ་བསྐྱིལ་ལ། ལུས་བཀྲུ་ཞིང་མཐའ་གཏད་བྱའོ། །
སྤྱིར་བསྡོམས་ཀྱི་མན་ངག་ཕྲའུ་བཅུ་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་མེད་པ་བསྒོམ་པ་དང་། བྱམས་པ་ཚད་མེད་པ་བསྒོམ་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བླ་མ་ལ་གསོལ་བ་གདབ་པ་དང་། སྐབས་སྐབས་སུ་ཌཱཀི་དང་ཆོས་སྐྱོང་ལ་གཏོར་ཚོགས་འབུལ་བ་དང་། རང་གི་བདག་འཛིན་དང་གཅེས་འཛིན་བློས་བཏང་བ་དང་། དུས་རྟག་ཏུ་མི་རྟག་པའི་ལྕག་གིས་བསྐུལ་བ་དང་། རང་འཆི་བའི་དུས་སུ་གཞན་གང་གིས་ཀྱང་མི་གཏོང་བ་དེ་ཞེ་ལ་བཞག་ལ་གང་དང་ཡང་འབྲེལ་མེད་དུ་ཤེས་པར་བྱ་བ་དང་། དབེན་པའི་གནས་སུ་སེམས་ལ་བལྟ་ཞིང་སྨྲ་བསམ་བརྗོད་མེད་ཀྱི་དོན་ལ་བཞག་པར་བྱའོ། །དེ་བཅུ་རེ་རེ་ལའང་། ངོ་བོ་ངོ་སྤྲད་པ་དང་། དེ་སེམས་ལ་གནད་དུ་བསྣུན་པ་དང་། དེ་ལམ་དུ་འཁྱེར་ཞིང་རྩལ་སྦྱང་བ་དང་། དེ་རྩིས་གདབ་མེད་པར་ལ་བཟླ་བའོ། །དོན་བཞི་ཡིས་སྟོན་པའོ། །དམ་ཚིག་རྣམ་པ་བཞི་ནི། བྲམ་ཟེ་པྲ་སེ་ན་བྱུང་མོ་རྡེའུ་ཁྱེར་ནས་དངོས་སུ་ཡང་ལེགས་ཉེས་ཀྱི་མོ་མི་གདབ། སྟོན་པ་གཤེན་རབ་མི་བོ་གལ་རེ་དང་ཤངས་ཁུར་ནས་དངོས་སུ་བྱུང་ཡང་སྣང་གཤེན་གྱི་བོན་མི་བྱ། འཕགས་པ་འཇམ་དཔལ་གབ་ཙེ་ཁུར་ནས་དངོས་སུ་བྱོན་ཡང་ལོ་ཀག་གི་རྩིས་མི་བྱ། དཔལ་ཕྱག་ན་རྡོ་རྗེ་རྡོ་རྗེ་དང་དྲིལ་བུ་དཀྲོལ་ཞིང་དངོས་སུ་བྱུང་ཡང་བསྲུང་བའི་སྔགས་མི་ཞུ་བར་སེམས་ཁོ་རང་རང་ལ་བཞག་གོ །
གསུམ་པ་ཕན་ཡོན་བསྟན་པ་ནི། སྟེང་གི་ལྷ་རྣམས་དམ་ལ་ཐོག་པས་སྡོངས་གྲོགས་བྱེད། འོག་གི་ཀླུ་རྣམས་བྲན་དུ་འཁོལ་བས་གནོད་པ་ཞི། བར་གཅོད་གནོད་སྦྱིན་ཕོ་མོ་དབང་དུ་འདུས་པས་ཚེ་ནོར་ལོངས་སྤྱོད་སྤེལ། ཕྱི་ལུས་ཀྱི་ན་ཚ་ཞི། ནང་ངག་ལ་ནུས་པ་འབྱུང་། གསང་བ་སེམས་ལ་རྟོག་པ་འཆར། བར་ཉོན་མོངས་པའི་རྩ་བ་ཆོད། བདག་འཛིན་གྱི་རྟེན་པ་འཇིག །འདྲེ་བདུད་ཟིལ་གྱིས་ནོན། །བླ་མ་ཡི་དམ་ཌཱ་ཀི་དང་། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །བུ་གཅིག་པ་ཡི་མ་བཞིན་དགོངས། །བར་དོ་མེད་པར་སངས་རྒྱའོ། །དགོངས་པའི་ཉམས་མྱོང་གནད་ཀྱི་སྒྲོན་མེ་གསང་བའི་ཡང་གསང་མན་ངག་གི་མཐར་ཐུག་པ་གནད་ཀྱི་ཐེམ་ཡིག་བདུན་པ་ཞེས་བྱ་བ་གཞན་ལས་ཁྱད་པར་དུ་འཕགས་པའོ།། །།ཨི་ཏི།
གུད་དུ་སྦས་པའི་གཟེར་བུ་བཅོ་ལྔ་པ།
༄༅། །གུད་དུ་སྦས་པའི་གཟེར་བུ་བཅོ་ལྔ་པ་བཞུགས་སོ། །
ན་མོ་གུ་རུ། ཚེ་ཐོག་མ་མེད་པ་ནས་དུས་ད་ལྟ་ཡན་ཆད་དུ་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་པའི་རྐྱེན་ཅི་ལས་བྱུང་ན། མ་རིག་པའི་རྟོག་པས་བསྒྲིབས་པས་རང་ངོ་རང་གིས་མ་ཤེས། བླ་མའི་གདམས་ངག་གིས་མ་ཟིན། དད་པའི་སྟོབས་ཆུང་། བརྩོན་འགྲུས་ཀྱི་ལྕག་ཞན། ཤེས་རབ་ཀྱི་རལ་གྲིས་མ་ཆོད། དུག་ལྔའི་རྦ་རླབས་ཀྱིས་གཡེངས། མ་རིག་པའི་མུན་པས་འཐིབས་ནས་འཁོར་བའི་ར་བར་ཆུད། བདེ་བའི་དོན་ལ་སྐད་ཅིག་ཀྱང་མི་གནས་ཏེ། ད་ནི་དད་པ་ལ་གསོས་གདབ། བརྩོན་འགྲུས་ལ་ལྕག་གཞུག །ཤེས་རབ་ལ་ངར་བཏགས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ལ་གདམས་ངག་ལ་ནན་ཏན་བྱ་དགོས། གདམས་ངག་ལ་ནན་ཏན་མ་བྱས་ན་འཁོར་བ་ལས་འགྲོ་ས་མེད་པ་ཡིན། དེས་ན་བསམ་བརླག་ཏུ་བསྡད་པས་མི་འོང་བས་སེམས་ལ་བལྟ་དགོས། སེམས་ལ་མ་བལྟས་ན་མི་ཚེ་གསོན་བསྐྱལ་ལམ། སྟོང་ལོག་བྱས་ཉེན་ཡོད་པས་དེ་ལྟར་བྱས་པས་མི་འོང་བས་དོན་ཆེན་དུ་བྱ་དགོས་པ་ཡིན། དོན་ཅན་དུ་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པས་དེ་ལ་བླ་མའི་གདམས་ངག་གིས་རང་གི་སེམས་འདི་ངོས་འཛིན་དགོས་པ་ཡིན། ངོས་འཛིན་པ་ལ། བྱང་ཆུབ་ཀྱི་སེམས་ཀྱི་འདུག་ལུགས་ནི། རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། ངོ་བོ་འདུས་མ་བྱས་ནམ་མཁའ་ལྟ་བུ་ཞིག་འདུག་པའོ། །
དེ་ལྟར་ངོས་ཟིན་པའི་དོན་ལ་བཞག་ཐབས་ནི། མ་བཅོས་པ། མ་བསླད་པ། མ་བསྒྱུར་བ། རང་ལུགས། རང་སོ། གཉུག་མར་བཞག་པའོ། །དང་པོར་མ་བཅོས་པར་བཞག་པ་ནི། ལུས་སེམས་ཁོང་གློད་ལ་ཤེས་པ་མ་བཅོས་པར་ཡིད་སྤྲོ་བསྡུ་མེད་པར་རིག་པ་ཁྱབ་གདལ་དུ་ཤིགས་སེ། དྭངས་སང་ངེ་འཇོག་པ་ཡིན་ནོ། །རྣམ་པར་རྟོག་པ་གང་ལ་ཡང་སེམས་མ་འཕྲོས་པར་སལ་ལེ། སིང་ངེ་། འབོལ་ལེ། ལྷོད་དེ། ལྷན་ནེ། ལྷམ་མེ། ལྷང་ངེ་འཇོག་པ་ཡིན་ནོ། །
གཉིས་པ་མ་བསླད་པར་འཇོག་པ་ནི། རང་གི་རིག་པ་ཅི་ཡང་མི་སེམས་པར་འཇོག་པ་ཡིན་ཏེ། དགའ་མི་དགའ་དང་། སྐྱིད་སྡུག་དང་། ཚ་གྲང་ལ་སོགས་པ་གང་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན་ནོ། །གང་གིས་ཀྱང་སེམས་མ་བསླད་པར་ཤིགས་ཀྱིས་འཇོག་པ་ཡིན་ནོ། །དེ་སྐད་དུའང་ཡུམ་ལས། གཟུགས་ཡིད་ལ་མི་བྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་དོ་ཞེས་པས་གང་ཡང་ཡིད་ལ་མ་བྱས་ན་བདུད་བཞིའི་སྐྱོན་ལས་ཐར་ཏེ་འཁོར་བར་མི་ལྟུང་ངོ་། །དེ་ཉིད་ལས། གང་ཡང་ཡིད་ལ་མ་བྱས་ན་ཁམས་གསུམ་དུ་འགྲོ་བར་མི་འགྱུར་རོ་ཞེས་སོ། །དེས་ན་ཡིད་ལ་གང་ཡང་མ་བྱས་ན་ཕ་རོལ་ཏུ་ཕྱིན་པའི་དོན་ལ་གནས་པ་ཡིན་ཏེ་དོན་དེར་ཡིད་ཆེས་པས་སོ། །དེ་ཡང་འཕགས་པ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་ཕ་རོལ་ཏུ་ཕྱིན་པའི་དོན་བཤད་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པས་ཆོས་ཐམས་ཅད་མཉམ་ཉིད་རིག་པའི་དབྱིངས་ལས་མ་གཡོས་ཤིང་མ་བསླད་པར་བཞག་གོ །
གསུམ་པ་མ་བསྒྱུར་བ་ནི། རང་གི་སེམས་གང་གིས་ཀྱང་མ་གཡོས་པར་འཇོགས་པ་ཡིན། ཅིས་ཀྱང་མ་བསྒྱུར་བར་འཇོག་པ་ཡིན། ངོ་བོ་རྩ་བྲལ་དུ་གསལ་སིང་ངེ་འཇོག་པ་ཡིན་ནོ། །བཞི་པ་རང་ལུགས་ནི། ཡུལ་གང་ལའང་སེམས་མ་ཤོར་བར་ངོ་བོ་སྟོང་ཞིང་བདག་མེད་པར། རང་བཞིན་གསལ་བ། རྟེན་མེད་པ། མཚན་ཉིད་སྣང་ཞིང་ངོས་བཟུང་དང་བྲལ་བར་འཇོག་པ་ཡིན་ནོ། །ལྔ་པ་རང་སོ་ནི། སེམས་ཉིད་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་དེ། གང་ལའང་བཟང་ངན་དུ་མི་འཛིན་པར་དེ་ཉིད་ཀྱི་ངང་དུ་རང་སོ་ལ་ལྷན་ནེ་འཇོག་པ་ཡིན་ནོ། །
དྲུག་པ་གཉུག་མར་བཞག་པ་ནི། དོན་མ་བཅོས་པའི་དཔེ་ཡིན་ཏེ། སྨྱོན་པའམ། བུ་ཆུང་ངམ། མི་རོ་ལྟ་བུར་འཇོག་པ་ཡིན། བསྒྱུར་ཁ་མེད་པར་འཇོག་པ་ཡིན་ནོ། །ལར་ལུས་སེམས་ཁོང་གློད་ནས་ཤེས་པ་སོས་དལ་དུ་འཇོག་པ་ཡིན་ནོ། །དེ་ལྟར་བཞག་པས་བདེ་འབོལ་ལེ། ཤིག་གེ །ཉམས་དགའ་ཡ་ལེ། བག་དྲོ་འུར་རེ། ཤེས་པ་སིང་བག་དང་བཅས་པའོ། །གང་དུའང་གཡོས་པ་མེད་པ་ལ། རྣམ་པ་གང་ལའང་མི་འགག་པ། ཆེད་དུ་འཛིན་པ་ཀུན་ལས་གྲོལ་བ་ཞིག་ཡིན་ནོ། །དེ་ལྟར་བཞག་པ་ལ་གོལ་ས་མེད་དམ་སྙམ་ན། ཅི་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ཡིས་ལྟུང་། །བསམ་མེད་ཀྱི་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་གསུངས་པས། སྟོང་པར་ཡིད་ལ་མ་བྱས་པས། །ཆད་པའི་མཐའ་བསལ་ངེས་པར་གྲོལ། །རྟག་པར་ཡིད་ལ་མ་བྱས་པས། །རྟག་པའི་མཐའ་བསལ་ངེས་པར་གྲོལ། །བསྒོམ་བྱ་སྒོམ་བྱེད་དུ་མ་ཞེན་པས། །གཉིས་མེད་རང་སར་གྲོལ་བར་ངེས། །མུ་བཞིའི་མཐའ་ལས་གྲོལ་བ་ཡིན། །སེམས་ངོས་བཟུང་ནས་བཞག་ཐབས་ཀྱི་གཟེར་བུ་སྟེ་དང་པོའོ། །
ཆོས་ཐམས་ཅད་ཀྱི་རྨང་རྡོ་ཡིན་པས་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱ། དེ་ནས་ཆོས་རྣམས་ཟད་སར་བསྐྱལ་བའི་ཕྱིར། ཡིད་ཀྱིས་མཆོད་པ་རྒྱ་ཆེན་བྱ། དེ་ནས་ཀོག་གིས་ལངས་ལ་རྐང་པ་གཉིས་གཤིབ། ལག་པ་ཐལ་མོ་སྦྱར་ལ་གསོལ་བ་དྲག་ཏུ་གདབ། དེ་ནས་ཤེས་པ་གྲིམ་གྱིས་བསྒྲིམས་ལ། དེའི་བར་དུ་གཞིག་འབྲེལ་བཏང་སྟེ། རང་གི་ལུས་འདི་མི་རྟག་པའི་མཚན་ཉིད། རུས་པའི་དུམ་བུ་སྡེབ་པ། ཆུ་རྒྱུས་ཀྱི་དྲ་བས་འབྲེལ་བ། ཕྱི་པགས་པའི་བླུད་བུ། ནང་ཤ་ཁྲག་གི་རྐྱལ་བ། དེ་ལྟ་བུའི་ལུས་ལ་སེམས་ཆགས་སུ་མེད་པས་ཡར་ཚངས་པའི་བུ་ག་ནས་ཡར་དྲངས་ལ། རིག་པ་ནམ་མཁའི་ངང་ལ་གཅལ་གྱིས་བཏང་པས་སེམས་དང་ནམ་མཁའ་ཁྲུག་གིས་འདྲེས་ནས་ཕྱལ་པ། ཡན་པ། ལྷུག་པ་གསུམ་ལ་ཤེས་པ་ཁྲིལ་ལེ་ཆགས་པ། ཤེས་པ་བདེ་འབོལ་ལེ། རིག་པ་འཛིན་མེད་དུ་ཤིག་གེ །བག་དྲོ་འུར་རེ་བ། ནམ་མཁའ་དང་ཤེས་པ་གཉིས་སུ་མེད་པར་འདྲེས་པའི་དོན་དེ་ཉིད་ཀྱི་ངང་ལ་ཤེས་པ་གཉིས་མེད་དུ་ལྷན་ནེ་འཇོག་པ་ཡིན་ནོ། །རིག་པ་ནམ་མཁའི་ངང་དུ་རྫོགས་སུ་འཛུད་པའི་གཟེར་བུ་སྟེ་གཉིས་པའོ། །ལུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མཆིས་པའོ་ཞེས་པས། ལྟ་བ་ལ་ཚད་མ་མཆིས་པས་སྐྱེལ་སོ་དང་ཕྱོགས་ཞེན་དང་དེ་ཉིད་རྟོག་པའི་ཡུལ་ལས་འདས་པའོ། །དེ་ལྟར་འགྲོ་འཆག་ཉལ་འདུག །འདོན་ཟློས། ཆོས་སྤྱོད་ཐམས་ཅད་དེ་ཉིད་ཀྱི་ངང་ལས་རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་དུ་བྱེད་པ་ཡིན་ནོ། །མིང་དུ་བཏགས་ནས་ནམ་མཁའ་ལྟ་བུའི་ལྟ་བ་ཞེས་བྱའོ། །ལུང་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པས། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་ཤེས་པ་མ་ཡེངས་པར་འཇོག་པ་ཡིན། མིང་དུ་བཏགས་ན་མཚན་མ་རང་གྲོལ་གྱི་སྒོམ་པ་ཞེས་བྱའོ། །ལུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་དུའང་མི་རྟོག་པའོ་ཞེས་པས་དོན་ལ་འདི་ལྟར་རྟོག་དང་མི་རྟོག་དང་། འདི་ལྟར་སྤྱོད་མེད་པས་བློ་དམན་པས་སྔངས་སྐྲག་སྐྱེ་ཞིང་ཡ་ང་བ་རྣམས་ལ་ཆོལ་མོ་ཉོག་ཏུ་སྤྱོད་པའོ། །མིང་དུ་བཏགས་ན་འབལ་རྩོག་འབོལ་རྩོག་གི་སྤྱོད་པ་ཞེས་བྱའོ། །དེ་ཉིད་ལས། ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ་ཞེས་པས་འབྲས་བུ་འདི་ཀ་ཡིན་བྱས་ནས་མཐའ་གང་དུའང་དམིགས་སུ་མེད་པས་ཡེ་སྟོང་ཡེ་དག་གནས་པའོ། །མིང་དུ་བཏགས་ན་འགྱུར་མེད་བདེ་ཆེན་གྱི་དགོངས་པ་ཞེས་བྱའོ། །གཏན་ཚིགས་ལུང་གི་གཟེར་བུ་སྟེ་གསུམ་པའོ། །
ད་རི་ལ་བསྒོམ་དུ་འགྲོ་བ་ལ་ག་ཏ་མི་ཏོར་(༡)སྒོམ་དུ་ཕྱིན་པས་མི་འོང་བས་བླ་མའི་གདམས་ངག་ཁོང་དུ་ཆུད་པར་བྱེད་དགོས། དེ་ལྟར་བྱས་ནས་རིའམ། གྲོག་ཕུག་གམ། ལྷ་ཁང་ངམ། ཁྱིམ་སྟོང་ངམ། གཉན་སའམ། མཚེར་གསེབ་ལ་སོགས་པར་ཉལ་ཀྱང་རུང་སྟེ། ལུས་པོ་ཡན་པར་ཁྲེས་ཀྱིས་བོར་ནས། ལྷ་འདྲེ་ལ་བཟང་ངན་དུ་མ་འཛིན། ནད་ལ་ནད་དུ་མ་འཛིན། ཤེས་པ་ལ་སྙེམས་མ་ཞུགས་པ། འཕྲིག་མ་ཁྱེར་བ། ཉམ་མི་ང་། བག་མི་ཚ་བ། ལུས་ལ་སེམས་ཀྱིས་མ་བཟུང་པར་སེམས་རང་ལུགས་སུ་འབོལ་གྱིས་བཞག་པས་དེའི་བྱིན་རླབས་ཀྱིས་འཇིག་རྟེན་གྱི་ལྷ་འདྲེ་ཐམས་ཅད་མ་བཟོད་ནས་ལྟས་དང་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་བ་ཡིན། དེ་ཙ་ན་གདམས་ངག་དྲན་པར་བྱས་ནས་ཉམ་ང་བ་དང་། བག་ཚ་བ་དང་། སྙེམས་དང་རྟོག་པ་ལ་སོགས་པ་གང་ལའང་འཛིན་པ་མེད་པར་ཤེས་པ་རང་གསལ་རྟོག་མེད་དུ་ལྷན་གྱིས་བཞག །ལྷ་འདྲེ་འཇིགས་པའི་གཟུགས་ཅན་རྣམས་ཀྱིས་རང་གི་སྙིང་དམར་པོ་རྩ་བཏོན་སོང་ཡང་ཤེས་པ་འབོལ་ལེ་ཤིག་གེ་གློད་ནས་འཇོག་པ་ཡིན་ནོ། །ཁྱོད་ཀྱི་ཆོས་འདི་མིན། འདི་བཞིན་གྱིས་ཟེར་ནས་ལུང་སྟོན་དུ་འོངས་ཏེ། དེ་ལ་བློའི་འཕྲིག་མ་ཁྱེར་བར་ལུས་ལིངས་ཀྱིས་བོར་ནས་སེམས་ལ་གཡོས་པ་མེད་པར་གཡས་མེད་དུ་ལྷོད་ཀྱིས་གློད་ནས་འཇོག་པ་ཡིན་ནོ། །དེ་ལྟར་བཞག་པས་ཉམས་དགའ་བ། བག་དྲོ་བ། ཤེས་པ་ངང་དལ་བ། ནམ་མཁའི་དཀྱིལ་ལྟ་བུ། ཤེས་པ་བདེ་སྟོང་དུ་ཕྲིལ་ཕྲིལ་འགྲོ་བ་ཡིན་ནོ། །དེ་ཙམ་ན་རྣམ་རྟོག་ཡེ་ཤེས་སུ་འཆར་བ་ཡིན། དུག་སྨན་དུ་འགྱུར་བ་ཡིན། བདུད་ཆོས་ཉིད་དུ་བཟློག་པ་ཡིན་ནོ། །མན་ངག་འཕྲུལ་གྱི་གཟེར་བུ་སྟེ་བཞི་པའོ། །
ཡ་ང་བས་སྒོམ་མི་ཟིན་པར་བྱེད་པ་ཡིན་པས་ཡ་ང་བའི་ལྟས་ནི། རྨི་ལམ་དུ་གད་པ་ཆེན་པོའི་ཁ་ནས་རྦབ་ཏུ་ཤོར་ལ་ཁད་པ་དང་། ཆུ་ཆེན་པོས་ཁྱེར་ལ་ཁད་པ་དང་། ཟམ་པ་ལྡེམས་པའི་ཁ་ནས་ལྷུང་ལ་ཁད་པ་དང་། མི་མང་པོས་བདས་པ་དང་། ཆུར་བྱིང་པ་དང་། བཙོན་དུ་བཟུང་བ་དང་། གསོད་ཟེར་བ་དང་། སྔངས་པ་དང་། ལུས་ལ་གཡའ་སྒོག་པ་དང་། དེ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་པ་ཡིན། དེ་ལྟར་བྱུང་ཙ་ན་སྒོམ་དང་མ་བྲལ་བར་བྱས་ནས་ཉམ་ང་བག་ཚའམ་ཡ་ང་བ་ལ་སོགས་པའི་གནོད་པ་མི་སྐྱོལ་བར་འདུག་ན། རྨི་ལམ་གྱི་བར་དོ་འབྱོངས་པ་ཡིན་ཏེ་མཆོག་ཡིན་ནོ། །ཡང་རྨི་ལམ་དུ་མ་ཟིན་པ་རྣམས་ཀྱིས་ཉལ་ཁར་གསོལ་བ་དྲག་ཏུ་གདབ། ལུས་སེང་གེའི་ཉལ་སྟངས་བྱ། སེམས་མ་བཅོས་པར་གཉུག་མའི་ངང་དུ་ལྷོད་ཀྱིས་གློད་ལ་བཞག་གོ །དེ་ལྟར་བཞག་པས་རྨི་ལམ་ཟིན་པར་འགྱུར་རོ། །དེ་ནི་ནན་ཏན་དུ་ཡང་ནས་ཡང་དུ་བྱའོ། །གལ་ཏེ་རྨི་ལམ་མ་ཟིན་ན་གཉིད་སད་པའི་དུས་སུ་རྨི་ལམ་ལ་བཟང་ངན་དུ་མི་རྟོག་པར་ཤེས་པ་རང་ལུགས་སུ་ལྷན་གྱིས་བཞག །དེ་ལྟར་བཞག་པས་ཉམས་དགའ་ཡ་ལེ། ཤེས་པ་བདེ་སང་ངེ་བག་དྲོ་འུར་རེ་འོང་བ་ཡིན་ནོ། །ཡང་སྙིང་མི་དགའ་བའམ། འགྲོ་སྙིང་འདོད་པའམ། ཚིག་པ་ཟ་བ་ལ་སོགས་པ་བྱུང་ན། ཤེས་པ་ཁ་ནང་དུ་ལྡོག་ལ། ད་ཅིའི་བར་ཡེངས་ནས་འདུག་བསམ་ལ་ཤེས་པ་རང་ལུགས་སུ་འཇོག་པ་ཡིན་ནོ། །དེ་ལྟར་བཞག་པས་བློ་བདེ་ལྷན་ཤེས་པ་བདེ་འབོལ་གྱིས་འགྲོ་བ་ཡིན་ནོ། །སེམས་ཀྱི་དམིགས་པ་གང་དུའང་མི་འཇུག་པར་དེ་ཉིད་ཀྱི་ངང་ལ་བསྒོམ་པ་ཡིན་ནོ། །དེའང་ལུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་སུ་མེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒོམ་དུ་མེད་པའོ། །ཞེས་སོ། །དེ་ལྟར་སྒོམ་མེད་ཡེངས་མེད་དམིགས་སུ་མེད་པའི་ངང་ལ་གནས་པར་བྱའོ། །ཡ་ང་བ་རྦད་གཅོད་ཀྱི་གཟེར་བུ་སྟེ་ལྔ་པའོ། །
སྒོམ་པའི་སྐྱོན་ནི་བྱིང་རྒོད་གཉིས་སུ་ཤེས་པར་བྱའོ། །དང་པོ་བྱིང་བ་ལ་གཉིས་ཏེ། འབྱུང་བའི་བྱིང་རྟགས་དང་། བར་ཆད་བགེགས་ཀྱི་བྱིང་རྟགས་སོ། །དང་པོ་འབྱུང་བ་བཞིའི་བྱིང་རྟགས་ནི། སའི་བྱིང་རྟགས་ལུས་ལྕི་བར་བྱས་ནས་ཤེས་པ་མི་གསལ་བ་འབྱུང་། ཆུའི་བྱིང་རྟགས་ལུས་གྲང་ཤུམ་བྱེད་ཅིང་ཤེས་པ་ལྟེངས་པ་འབྱུང་། མེའི་བྱིང་རྟགས་ལུས་པོ་ཐམས་ཅད་ཚ་བྱིབ་བྱས་ནས་ཤེས་པ་མི་གསལ་བ་འབྱུང་། རླུང་གི་བྱིང་རྟགས་ཤེས་པ་ཧད་དེ་བ་ལ་འགྲོ་སྙིང་འདོད་པ་འབྱུང་། དེ་ལྟར་འབྱུང་བ་ཡི་བྱིང་རྟགས་གང་ཡང་རུང་སྟེ། དེའི་དུས་སུ་ཀྲོང་གིས་ལངས་ལ། ལུས་བསྲངས་རྐང་པ་གཉིས་གཤིབས་ནས་ལག་པ་གཉིས་ཐལ་མོ་སྦྱར་ནས་ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྡུས་ལ། ཕྱི་ནང་གི་འབྱུང་བ་ཁྲུག་གིས་བསྲེས་ནས་སེམས་ཉིད་ལ་བསྟིམ། སེམས་ཉིད་ནམ་མཁའི་ངང་དུ་ཕྱལ་གྱིས་བཏང་ལ། ནམ་མཁའི་ངང་དུ་ཉམས་དགའ་ཡ་ལེ་འཇོག་པ་ཡིན་ནོ། །འགྲོ་ཡང་དེ་ཉིད་ཀྱི་ངང་ལ་འགྲོ། སྡོད་ཀྱང་དེ་ཉིད་ཀྱི་ངང་ལ་སྡོད། ལང་ཡང་དེ་ཉིད་ཀྱི་ངང་ལས་ལངས། དེ་ལྟར་ཉལ་ཡང་། ཟ་ཡང་། སྨྲ་བརྗོད་ལ་སོགས་གང་བྱེད་ཀྱང་ནམ་མཁའི་ངང་ལ་འཇོག་པ་ཡིན་ནོ། །དེ་ལྟར་བཞག་པས་འབྱུང་བའི་ནད་སངས་ཀྱིས་འགྲོ་བ་ཡིན་ནོ། །འབྱུང་བ་བཞི་ཀ་དེ་ལྟར་བྱའོ། །དེའི་རྗེས་ལ་ཤེས་པ་ལྷོད་ཀྱིས་ཕབ་ལ་བཞག །ལུས་སེམས་བདེ་འབོལ་གྱིས་རང་ལུགས་སུ་འཇོག་པ་ཡིན་ནོ། །
གཉིས་པ་བར་ཆད་བགེགས་ཀྱི་བྱིང་རྟགས་ནི། གཉིད་དུ་བྱིང་ན་གཉིད་དུ་སྡོད་པ་མི་འོང་བ་ཡིན་ཏེ། དེ་ལ་ཡི་དགས་ཡིད་དག་ངོས་འཛིན་པ་ཙམ་གྱིས་ཆོག་པ་ཡིན་ནོ། །དེ་རྣམས་བྱིང་བ་དང་བྱིང་བ་སེལ་བའི་ཤེས་བཞིན་གྱི་བྱ་ར་བའོ། །གཉིས་པ་རྒོད་པ་ནི། སེམས་མི་ཟིན་པར་ཤེས་པ་སྣ་ཚོགས་ལ་འཕྲོ་བ་ཡིན་ཏེ། དེ་ལ་ཏུར་གྱིས་དྲན་པ་དང་ཕྱལ་གྱིས་བཞག་པ་གཉིས་ཡིན་པས་ཡིད་ལ་ཇི་ལྟར་དྲན་པ་ཐམས་ཅད་དོན་ལ་རང་བཞིན་མེད་པར་ལྷན་ལྷན་འཇོག་པ་ཡིན་ནོ། །མཚོ་ལ་ཁ་བ་བབས་པ་བཞིན་དུ་རང་གྲོལ་དུ་འཇོག་པ་ཡིན་ནོ། །དེ་ལྟར་བྱས་པས་སེམས་ཟིན་ནས་འོང་པ་ཡིན། གལ་ཏེ་དེས་མ་ཟིན་ན་རིག་པ་ཕྱོགས་བཞིར་སྤྲོས་ནས་གང་དགར་བཏང་པས་སླར་ལ་འགྲོ་ས་མ་རྙེད་པར་རང་ཐོག་ཏུ་ལོག་ནས་ལྷན་གྱིས་འོང་བ་ཡིན་ནོ། །དེ་ནི་རྒོད་པ་དང་རྒོད་པ་ཤེས་བཞིན་གྱི་བྱ་ར་བའོ། །བྱིང་རྒོད་གཉིས་སྐྱོན་གང་ཆེ་བྱས་པས་བྱིང་བ་གཏི་མུག་ཤས་ཆེ་བ་ཡིན། རྒོད་པ་ཡེ་ཤེས་ཤས་ཆེ་བ་ཡིན་པས་བྱིང་བ་སྐྱོན་ཆེ་བ་ཡིན། དེས་ན་བྱིང་རྒོད་ཀྱི་དབང་དུ་མི་བཏང་བར་ཉམས་སུ་བླང་བར་བྱའོ། །སྒོམ་སྐྱོན་དྲི་མ་སེལ་བའི་གཟེར་བུ་སྟེ་དྲུག་པའོ། །གྲང་བ་དང་ཚ་བ་ལ་སོགས་པའི་ནད་གང་བྱུང་ཡང་འདི་ལྟར་ཤེས་པར་བྱའོ། །ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྡུ། དེའང་ཤ་ས་ལ་བསྟིམས། ཁྲག་ཆུ་ལ། དྲོད་མེ་ལ། དབུགས་རླུང་ལ་བསྟིམས། དེ་ལྟར་ནང་གི་འབྱུང་བ་སེམས་ལ་བསྟིམས། སེམས་ནམ་མཁའ་ལ་དྭངས་སངས་ཀྱིས་བཏང་ལ། ལུས་བསྲངས། ལྕེ་བར་སྣང་ལ། སྤྱན་ནམ་མཁའ་ལ་གཟིགས། ཤེས་པ་ནམ་མཁའི་ངང་ལ་ལྷན་གྱིས་འཇོག་པ་ཡིན་ནོ། །དེའི་ངང་ལ་བཞག་པས་གཉིད་དུ་ལྷན་གྱིས་སོང་ནས་ནད་སངས་ཀྱིས་འགྲོ་བ་ཡིན་ནོ། །གླང་འཐབ་ཏུ་ན་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའམ། བླ་མ་ཡི་དམ་ཌཱ་ཀིའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་གདན་དྲངས་ལ། རང་གི་ལུས་པོ་དུམ་བུ་དཔག་ཏུ་མེད་པར་གཏུབས་ལ། ཤ་ཁྲག་ཐམས་ཅད་མཆོད་པའི་ཚོགས་སུ་སངས་ཀྱིས་དབུལ། གང་ལ་ཡང་མ་ཆགས་པར་བདེ་བར་གཤེགས་པའི་ཚོགས་རྣམས་ལ་ཕུལ་ཟིན་ནས་བློ་ལ་ཉམ་ང་བག་ཚ་མེད་པར་ཤེས་པ་རང་ལུགས་སུ་ལྷན་ནེ་སྙེམས་མེད་རྟོག་པ་དང་བྲལ་བར་ཡིད་བདེ་འབོལ་ལེ། ཤིག་གེ་བཞག་པས་སེམས་ཟིན་ནས་དེ་ཉིད་ཀྱི་ངང་ལས་གཡོས་པ་མེད་པར་འབོལ་ལེ་བཞག །རང་བག་རང་གིས་བསྲེས་ལ་བཞག་གོ །དེ་ཡང་། སེམས་ཉིད་མ་བཅོས་རང་ལུགས་ཉིད་དུ་ཞོག་ཅེས་པའི་དོན་ནོ། །དེ་ལྟར་བཞག་པས་ཡུན་ཙམ་ཞིག་ནས་ནད་སངས་ཀྱིས་འགྲོ་བ་ཡིན་ནོ། །འཕྲལ་གྱི་ན་ཚ་ཟུག་གཟེར་འདོན་པའི་གཟེར་བུ་སྟེ་བདུན་པའོ། །
དངོས་པོའི་གནས་ལུགས་མ་གཡོས་པ་རང་ལུགས་ཆེན་པོའི་ངང་ལ་ཡིད་སྤྲོ་བསྡུའི་རྟོག་པ་ཐམས་ཅད་དང་བྲལ་བར་བྱས་ལ། སེམས་ཀྱི་འདུ་ཤེས་བཤིག་ལ་ཞོག །དེའང་སྡུད་པ་ལས། འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །གང་དག་འདུ་ཤེས་བྲལ་བ་དེ་ནི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལ་གནས། །ཞེས་སོ། །དེ་ལྟ་བུའི་སེམས་རྟོག་པའི་འདུ་ཤེས་འཇིག་དགོས་པའོ། །དེའི་ངང་ལ་གནས་པས་དྲོད་གསུམ་འབྱུང་སྟེ། འབྱུང་བ་ཕྱིའི་དྲོད། མཚན་མ་ནང་གི་དྲོད། གསང་བ་བྱང་ཆུབ་སེམས་ཀྱི་དྲོད་དོ། །དང་པོ་སྦྱོར་བའང་འབྱུང་བ་ཕྱིའི་དྲོད་ནི། ལུས་ཡོད་དུ་མི་ཚོར་བ་དང་། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བའོ། །མཚན་མ་ནང་གི་དྲོད་ནི། དབུགས་ཕྱི་ནང་དུ་འགྱུ་བ་མི་ཚོར་བའོ། །གསང་བ་བྱང་ཆུབ་སེམས་ཀྱི་དྲོད་ནི། དམིགས་པ་ཐམས་ཅད་དང་བྲལ་བའོ། །དེའང་སྡུད་པ་ལས། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །ཞེས་སོ། །དེ་ལྟར་སེམས་གང་ལའང་མི་དམིགས་པར་བཞག་པས་སེམས་ཉིད་མ་གཡོས་པར་རང་ལུགས་ཆེན་པོའི་ངང་དུ་ལྷན་གྱིས་སོང་། རྣམ་པར་རྟོག་པའི་ཡུལ་གང་ལའང་སེམས་མི་གནས་པར་སེམས་ཉིད་རེ་དོགས་ཐམས་ཅད་ལས་གྲོལ་བར་གནས་པའོ། །དེ་ཉིད་ལས། གང་ཞིག་གཟུགས་ལ་མི་གནས་ཚོར་ལ་མི་གནས་ཤིང་། །གང་ཞིག་འདུ་ཤེས་མི་གནས་སེམས་དཔར་མི་གནས་ལ། །རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོ། །དོན་དེ་ལྟར་ཡིད་ཆེས་པར་བྱས་ལ་ཉམས་སུ་བླང་ངོ་། །གཉིས་པ་བར་དོ་བཞི་ནི། རང་བཞིན་བར་དོ། རྨི་ལམ་བར་དོ། འཆི་ཁའི་བར་དོ། སྲིད་པའི་བར་དོའོ། དེའང་རང་བཞིན་གྱི་བར་དོ་ནི་འདི་རང་ཡིན་ཏེ། ད་ལྟ་སྒོམ་པའི་དུས་སུ་སེམས་ཀྱི་དོན་ལ་བལྟ་བར་བྱས་པས། སེམས་ལས་སུ་རུང་ནས་སེམས་ཀྱི་བཟང་རྟོག་ངན་རྟོག་གང་ཡང་མེད་པར་དོན་ཆོས་ཉིད་ཀྱི་ངང་དུ་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ངོ་བོ་རང་བཞིན་མེད་པའི་ངང་ལ་བཞག །དེའང་སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོ། །དེ་ཙ་ན་ད་ལྟའི་བར་དོ་འབྱོངས་པ་ཡིན་ནོ། །
གཉིས་པ་རྨི་ལམ་གྱི་བར་དོ་ནི། སེམས་འདི་ལྷན་ཅིག་སྐྱེས་པའི་རྩལ་ལ་གོམས་པར་བྱས་པས་སེམས་ཉིད་དང་ཆོས་ཉིད་གཉིས་སུ་མེད་པར་འདྲེས་ཤིང་། དེ་ལ་བརྟན་པ་ཐོབ་ནས་རྨི་ལམ་གྱི་དུས་ན་ཡང་། སེམས་གང་དུའང་མི་འཕྲོ་བར་ཤེས་པ་ལྷན་གྱིས་གནས་པ་ཡོང་བ་ཡིན་ནོ། །དེ་ཙ་ན་རྨི་ལམ་གྱི་བར་དོ་འབྱོངས་པ་ཡིན་ནོ། །གསུམ་པ་འཆི་ཁའི་བར་དོ་ནི། གནད་གཅོད་ཀྱི་དུས་སུ་ཕྱི་དབུགས་ནི་ཆད། མི་ངོ་ནི་མ་ཤེས། སྣང་བ་མ་ནུབ་པའི་དུས་དེར་ཉམས་ལེན་དྲན་དགོས་པ་ཡིན། ཆོས་བྱས་པ་དེ་ཙ་ན་དགོས་པ་ཡིན། དེའི་དུས་སུ་ཤེས་པ་རྐྱེན་ཁར་མ་ཤོར་བར་བྱས་ཏེ། ཆོས་ཉིད་མ་གཡོས་པའི་ངང་ལ་ཤེས་པ་ལྷན་གྱིས་ཟིན་ནས། གནས་ལུགས་ཀྱི་ངང་ལ་ཉམ་ང་བག་ཚ་མེད་པར་གནས་པའི་དོན་དེ་ལ། རློམ་སེམས་རྟོག་པའི་རྐྱེན་གྱིས་མ་བསླད་པར་ཆོས་ཉིད་ཀྱི་ངང་ལ་གནས་པས་དབུགས་ཐུམ་གྱིས་ཆད་པའི་དུས་ནའང་དངོས་པོའི་གནས་ལུགས་སྐྱེ་འགག་མེད་པ་ལ་ཆོས་ཉིད་རང་ས་ཟིན་ནས་ནམ་མཁའ་དག་པ་བཞིན་སེམས་གསལ་ལ་འཛིན་མེད་དུ་གནས་པ་ཡིན་ནོ། །དེ་ཙ་ན་འཆི་ཁའི་བར་དོ་འབྱོངས་པ་ཡིན་ནོ། །རང་གི་སེམས་དེ་ལྟར་ཤེས་པ་ཙམ་གྱིས་ཆོག་པ་ཡིན་ནོ། །དེ་ལྟར་འཆི་ཁའི་བར་དོ་འབྱོངས་ནས་སྲིད་པའི་བར་དོ་མི་འབྱུང་བའོ། །འོན་ཀྱང་དབང་པོ་རབ་འབྲིང་མན་ཆོད་ལ་སྲིད་པའི་བར་དོ་འབྱུང་སྟེ། ལུང་ལས། སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །དྲི་ནི་ཟ་ཞིང་ཐོགས་མེད་པས། །མ་ཤི་བ་ལྟར་བག་ཆགས་སྣང་། །མངལ་དུ་ཞུགས་ནས་སྐྱེ་བ་ལེན། །ཞེས་པས་དེ་ལ་གོང་དུ་ཉམས་ལེན་འབྱོངས་པ་གལ་ཆེ་བས་ཆོས་ཉིད་སྐྱེ་བ་མེད་པའི་དོན་དེ་འདྲིས་ཤིང་ངོ་ཤེས་པར་བྱེད་པ་ཡིན། ཤེས་པ་ཙམ་གྱིས་གྲོལ་བ་ཡིན་ནོ། །ལར་ན་འདིའི་བར་དོ་འབྱོངས་པ་གལ་ཆེ་བ་ཡིན་ནོ། །འདིའི་བར་དོ་འབྱོངས་ན་རྨི་ལམ་གྱི་བར་དོ་ངོས་ཟིན། དེ་ཟིན་པས་འཆི་ཁའི་བར་དོ་ངོས་ཟིན། དེ་ཟིན་པས་སྲིད་པའི་བར་དོ་ཡོང་མི་སྲིད་དོ། །དེ་ཙ་ན་བྱ་བ་བྱས་པ་ཡིན། ཟག་པ་ཟད་པ་ཡིན། ཁུར་བོར་བ་ཡིན། ཨར་ཧན་པ་ཡིན། དོན་གྲུབ་པ་ཡིན་ནོ། །དྲོད་གསུམ་བར་དོ་བཞིའི་གཟེར་བུ་སྟེ་བརྒྱད་པའོ། །
གཅོད་ཡུལ་ཉམས་སུ་ལེན་པ་ལ། དབང་པོ་རབ་འབྲིང་ཐ་མ་གསུམ། རབ་ཀྱིས་དུག་ལྔ་དང་གདོན་བགེགས་དང་ནད་ལ་སོགས་པ་ཐམས་ཅད་རྩ་བ་སེམས་ལས་བྱུང་བར་ཤེས་ནས་རྐྱེན་སྣང་ཐམས་ཅད་རང་ཤར་རང་གྲོལ་ཆོས་ཉིད་ཀྱི་རྒྱན་དུ་ཤེས་པའོ། །དེའང་དཔེར་ན་ནམ་མཁའ་དང་སྤྲིན་ལྟ་བུའམ། ཉི་མ་དང་འོད་ལྟ་བུའམ། རྒྱ་མཚོ་དང་རླབས་ལྟ་བུར་ཤེས་པར་བྱའོ། །དབང་པོ་འབྲིང་གིས་ཉོན་མོངས་པ་དུག་ལྔ་ལ་སོགས་པ་མི་མཐུན་པའི་རྐྱེན་སྣང་དེ་རང་ལ་སེམས་གཏད་པས་དུག་ལྔ་རང་འགག་རྐྱེན་སྣང་རང་གྲོལ་ལ་འགྲོ་བའོ། །དབང་པོ་ཐ་མས་ཚོར་བ་པོ་ངོས་བཟུང་ཞིང་བཙལ་བར་བྱ་སྟེ། དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེའང་སྡུད་པ་ལས། ཀུན་ལམ་ཤེས་རབ་ཕར་ཕྱིན་འདི་ཡིན་གཞན་མ་ཡིན་ཞེས་སོ། །དེ་ལྟར་སློབ་པ་ལའང་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པ་ལ་བསླབ་པར་བྱའོ། །དེའང་ཡུམ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས། དགེ་འདུན། ཞེས་སོ། །དེས་ན་གང་ཡང་ཡིད་ལ་མི་བྱེད་པ་ལ་བསླབ་པར་བྱའོ། །ཡིད་ལ་མ་བྱས་པ་ནི་དགེ་བའོ། །དེའང་སངས་རྒྱས་ཀྱི་དགོངས་པ་དང་། དེ་ཐོབ་པར་བྱེད་པའི་ཐབས་དང་། དེ་ཉམས་སུ་ལེན་པའི་རྟགས་དང་། ཤེས་པ་ཁ་ཕྱིར་བལྟ་དང་། ནང་བལྟ་དང་། སེམས་ཀྱི་གོལ་ས་དང་། མངོན་ཤེས་ལ་སོགས་པའི་བློའི་ཡུལ་དུ་གྱུར་པ་ཐམས་ཅད་བདུད་ཀྱི་ལས་སུ་ཤེས་པར་བྱའོ། །དེ་ལྟར་བློས་བྱས་པ་ཐམས་ཅད་ཡང་དག་པའི་དོན་མ་ཡིན་པས་སངས་མི་རྒྱའོ། །དེ་ལྟར་མཁས་པ་དང་། བཙུན་པ་དང་། བཟང་བ་དང་། དེ་ལ་སོགས་པ་ཡོན་ཏན་ལ་མངོན་པར་ཞེན་ནས་རློམ་སེམས་སུ་སོང་ནའང་བདུད་ཀྱི་ལས་ཡིན་ཏེ། སངས་རྒྱས་ཀྱི་དགོངས་པ་རང་གི་རྒྱུད་ལ་ཡོད་པར་མ་ཤེས་པས་ཡི་དམ་ལྷའི་དངོས་གྲུབ་ལ་རེ་ཞིང་ཡོན་ཏན་ལ་ཆགས་ན། ཡང་དག་པའི་དོན་མི་རྙེད་པས་ལམ་གོལ་ཏེ་བདུད་ཀྱི་ལས་སུ་སོང་བའོ། །དེའང་སྡུད་པ་ལས། ལྟ་དང་བཅས་པའི་སེམས་ཀྱིས་ཁྱིམ་འདྲིས་བྱེད་ལྡན་ཞིང་། །ཆོས་བཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བ། །ལམ་བོར་ལམ་གོལ་འགྲོ་བ་འདི་ནི་བདུད་ཀྱི་ལས། །ཞེས་སོ། །དེས་ན་རྙེད་པ་དང་བཀུར་སྟི་ལ་མི་ལྟའོ། །དབང་པོ་འབྲིང་མན་ཆད་དེ་རྣམས་ལ་བརྟེན་ནས་གཅོད་པའོ། །དེ་ནི་རང་དོན་ནོ། །གཞན་དོན་ནི། ནད་པ་གསོ་ཡང་རུང་། སྲིའུ་གསོ་ཡང་རུང་། སེར་བ་བསྲུང་ཡང་རུང་། ཞོ་ཆང་བསྲུང་བ་ལ་སོགས་གཞན་ཕན་གང་བྱེད་ཀྱང་རུང་སྟེ། དེ་རྣམས་ལ་བྱིན་གྱིས་བརླབ་པ་ནི། སེམས་གནས་ལུགས་ཀྱི་ཐོག་ཏུ་བཞག་ལ། སྐྱབས་འགྲོ་ཡང་གནས་ལུགས་ཀྱི་ཐོག་ནས་བྱ། སེམས་བསྐྱེད་ཀྱང་གནས་ལུགས་ཀྱི་སྟེང་ནས་བྱ། བྱིན་རླབས་ཐམས་ཅད་ཀྱང་གནས་ལུགས་ཀྱི་སྟེང་ནས་བྱའོ། །ཤེས་རབ་ལམ་གྱི་མན་ངག་གཞན་དོན་དང་བཅས་པའི་གཟེར་བུ་སྟེ་དགུ་པའོ། །
ཞལ་གྱི་གདམས་པ་བཞི་ནི། ཏིང་ངེ་འཛིན་ལ་སྤྲོ་བསྡུ་མེད་པར་ཉམས་བསྐྱངས། དགོངས་པ་འདུ་འབྲལ་མེད་པར་གདེང་བཅའ། ཉམས་མྱོང་ལ་སྐྱོ་ངལ་མེད་པར་རྒྱུན་བསྲིངས། ཅིར་སྣང་ཐམས་ཅད་སེམས་སུ་ཐག་བཅད་པའོ། །འབྲེལ་པོ་གཉིས་ཀྱི་གདམས་པ་བཞི་ནི། ཉམས་ལ་རྒྱུན་ཆད་མེད་པས་རང་དོན་ཆོས་ཉིད་དང་འབྲེལ་བ། བྱང་སེམས་ཀུན་ལ་ཁྱབ་པས་གཞན་དོན་ཐུགས་རྗེ་དང་འབྲེལ་བ། དགོངས་པ་ལ་གསལ་འགྲིབ་མེད་པས་ཡེ་ཤེས་གསལ་ཆ་དང་འབྲེལ་བ། ལྷུན་གྲུབ་རྩ་བྲལ་དུ་གནས་པས་འབྲས་བུ་དམིགས་མེད་དང་འབྲེལ་བ་དང་བཞིའོ། །བརྟག་ཐབས་ཀྱི་གདམས་པ་བཞི་ནི། རང་དོན་ཆོས་ཉིད་དང་འབྲེལ་བ་ལ་ནང་དུ་ལོག་རྟོག་སྐྱེའམ་མི་སྐྱེ་བརྟག །གཞན་དོན་ཐུགས་རྗེ་དང་འབྲེལ་བ་ལ་རྒྱུད་ལ་བྱམས་པ་སྐྱེའམ་མི་སྐྱེ་བརྟག །ཡེ་ཤེས་གསལ་ཆ་དང་འབྲེལ་བ་ལ་འཕེལ་འགྲིབ་འདུག་གམ་མི་འདུག་བརྟག །འབྲས་བུ་དམིགས་མེད་དང་འབྲེལ་བ་ལ་རེ་དོགས་ཆོད་དམ་མ་ཆོད་བརྟག་པ་དང་བཞིའོ། །གཞི་ལམ་འབྲས་བུའི་གཟེར་བུ་སྟེ་བཅུ་པའོ། །
གཅོད་ཀྱི་ལྟ་བ། འགག་གི་སྒོམ་པ། ལམ་གྱི་སྤྱོད་པ། མཐའི་འབྲས་བུ་དང་བཞིའོ། །དེ་ལ་དང་པོ་ནི། སྐྱེས་བུ་རབ་ཀྱིས་སྣང་སྲིད་འཁོར་འདས་སུ་སྣང་བ་ཐམས་ཅད་དོན་རང་གི་སེམས་སུ་ཐག་རྦད་ཀྱིས་བཅད་ནས་སེམས་ཉིད་སངས་རྒྱས་ཀྱི་དགོངས་པ་དྲི་མ་མེད་པར་ལྷངས་ཀྱིས་རྟོགས་ཤིང་། དེ་ཉིད་ཀྱི་དོན་ལ་བལྟ་བ་ནི་གཅོད་ཀྱི་ལྟ་བ་མཐར་ཕྱིན་པའོ། །འབྲིང་གིས་སྣང་གྲག་དྲན་པའི་ཆོས་ཐམས་ཅད་སེམས་ཀྱི་སྟེང་དུ་ཐག་རྦད་ཀྱིས་གཅོད་པ་ཡིན་ཏེ། དགའ་བ་གཅོད། མི་དགའ་བ་གཅོད། སྐྱིད་པ་གཅོད། སྡུག་པ་གཅོད། སངས་རྒྱས་སུ་འཛིན་པ་གཅོད། སེམས་ཅན་དུ་འཛིན་པ་གཅོད། དེ་ལྟར་ལེགས་ཉེས་ཀྱི་སྣང་བ་དང་། ཕྲ་རགས་ཀྱི་རྟོག་པ་ཐམས་ཅད་རྦད་ཀྱིས་བཅད་ནས་ཆོས་ཉིད་ཀྱི་དོན་ལ་མ་ཡེངས་པར་བལྟ་བ་ཡིན། ཐ་མས་ཀྱང་ཕྲ་རགས་ཀྱི་རྐྱེན་སྣང་གི་བདེ་སྡུག་བྱུང་བ་ཐམས་ཅད་བློའི་སྟེང་དུ་རྦད་ཀྱིས་བཅད་ནས་བློ་དགག་སྒྲུབ་མེད་པར་ཆོས་ཉིད་ཀྱི་སྟེང་དུ་ལྷན་གྱིས་འཇོག་པ་ཡིན་ནོ། །
གཉིས་པ་ནི། སྤྱིར་བྱང་ཆུབ་སྒྲུབ་པའི་འགག་ཐམས་ཅད་དོན་སྒོམ་པ་ལ་ཐུག་པ་ཡིན། དེ་ལ་གང་ཟག་རབ་ཀྱིས་ལྟ་བའི་དོན་ལ་མ་ཡེངས་པར་གོམས་འདྲིས་པར་བྱས་པའི་སྟོབས་ཀྱིས་ལམ་གྱི་འབད་རྩོལ་མཐར་ཕྱིན་པའི་དུས་སུ་དགོངས་པའི་དོན་ལ་ཤེས་བྱའི་དྲི་མ་དར་མཁས་ལོ། ཤེས་ལོ། བཙུན་ལོ། བཟང་ལོ་ལ་སོགས་དཀར་གྱི་ཡོལ་བ་ལྟ་བུ་ཞིག་ཡོད་པ་དེ་མ་སོལ་ན་ལམ་གྱི་འགག་ཡིན་པས་ལམ་བགྲོད་པར་བྱེད་པ་ལ་དྲི་མ་དེ་ཉིད་སེལ་བར་བྱེད་པ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉམས་སུ་བླང་ཞིང་བསྒོམ་པའི་གནད་བླ་མའི་ཞལ་སེམས་ཉིད་རིག་པ་ད་ལྟར་གྱི་དྲན་པ་འདི། གསལ་བ། དངས་པ། གཡེར་ཐོན་པ་རྒྱུན་ཆད་མེད་པར་རོ་ལས་ཤེས་པར་བྱའོ། །གང་ཟག་འབྲིང་གིས་སྒོམ་པ་ཉམས་སུ་བླངས་པའི་དུས་སུ། བློ་སྙེམས་བྱེད་ཀྱི་ཤེས་པ་ནང་དུ་མ་ཆོད་ན་ལམ་གྱི་འགག་ཡིན་པས་འགག་དེ་སྒྲོལ་བར་བྱེད་པ་ལ་སྙེམས་བྱེད་ཀྱི་རྟོག་པ་ཐམས་ཅད་རྦད་ཀྱིས་བཅད་ནས་སྙེམས་མེད་གདེང་དང་ལྡན་པར་བྱས་ནས་བསྒོམ་ཞིང་ཉམས་སུ་བླང་བར་བྱའོ། །ཐ་མས་ཀྱང་ཡིད་མ་ཡེངས་པར་སྒོམ་པའི་དུས་སུ་བློ་གཟུང་འཛིན་གྱི་དྲི་མ་དང་མ་ཕྲོལ་ན་ལམ་གྱི་འགག་ཡིན་པས་འགག་དེ་སེལ་བར་བྱེད་པ་ལ་ཕྱི་ནང་གི་རེ་དོགས་ཐམས་ཅད་རྦད་བཅད་ནས་ཆོས་ཉིད་བློ་བྲལ་གྱི་ངང་ལ་དོན་མ་ཡེངས་པར་བསྒོམ་ཞིང་ཉམས་སུ་བླང་ངོ་། །དོན་གོ་ཧྲིལ་གྱིས་དྲིལ་ན། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དེ་དྲི་མ་མེད་པ་ཞིག་ཡིན་པས་དེ་ལ་ཤེས་བྱ་ཤེས་བྱེད་དུ་འཛིན་པའི་དྲི་མ་གང་བྱུང་ཡང་ལམ་གྱི་འགག་ཡིན་པས་དོན་ལ་དྲི་མ་བསལ་བྱ་བསལ་བྱེད་མེད་པར་ཉམས་སུ་ལོན་པ་ནི་འགག་གི་སྒོམ་པའོ། །གསུམ་པ་ནི། སྤྱིར་སྤྱོད་པ་ཐམས་ཅད་ལམ་ལྟ་སྒོམ་ཟུང་འཇུག་གི་ཐོག་ནས་སྤྱོད་པ་ཡིན་པས་དབང་པོ་རབ་ཀྱིས་ཉམས་མྱོང་དང་རྟོགས་པའི་སྟེང་ནས་ཚོགས་དྲུག་གི་ཡུལ་སྣང་འཁོར་འདས་སུ་སྣང་བ་ཐམས་ཅད་ལ་དགག་སྒྲུབ་དང་སྤང་བླང་འཛིན་རྟོག་མེད་པར་ཆོས་ཉིད་ཀྱི་ཀློང་འབའ་ཞིག་ཏུ་སྤྱོད་པའོ། །
བཞི་པ་མཐའ་ཡི་འབྲས་བུ་ནི། སྐྱེས་བུ་རབ་ཀྱིས་ལམ་ལྟ་སྒོམ་སྤྱོད་གསུམ་མཐར་ཕྱིན་པའི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་ནས་གཟུགས་སྐུའི་སྤྲུལ་པས་གང་ལ་གང་འདུལ་གྱིས་འགྲོ་བ་སེམས་ཅན་ཀྱི་དོན་མཛད་པའོ། །འབྲིང་གིས་བྱང་ཆུབ་སེམས་དཔའ་ཆེན་པོའི་དགོངས་པ་རྟོགས་ནས་གཞན་དོན་གྱི་ཕྲིན་ལས་ཕུན་སུམ་ཚོགས་པ་མཛད་པའོ། །ཐ་མས་ཀྱང་ཆོས་ཉིད་དོན་གྱི་དགོངས་པ་མཐོང་ནས་རང་གཞན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་མཛད་པའོ། །ལྟ་སྒོམ་སྤྱོད་འབྲས་ཀྱི་གཟེར་བུ་སྟེ་བཅུ་གཅིག་པའོ། །དགོན་པའི་གཙོ་བོར་མཁར་ཚེགས་ཆེ། སེམས་ཅན་ལ་གནོད། རྫས་བསགས་པས་ཆགས་ཞེན། ཡིད་འདྲིས་ཀྱི་ཉེས་པ་ལྔ་ཡོད་ལན་སྤང་། དགེ་སྦྱོར་གྱི་གཙོ་བོར་སེམས་ཅན་ལ་གནོད་པ་སྤངས། དམ་པའི་གཙོ་བོར་སོ་ཐུབ་པར་བྱའོ། །སྒྲུབ་པའི་གཙོ་བོར་སྡོམ་པ་དང་དམ་ཚིག་ལ་གནས་པར་བྱའོ། །སྤྱོད་པའི་གཙོ་བོར་རང་ཉིད་དམན་ས་བཟུང་། སྐྱེས་པའི་ཡུལ་དང་ཐག་བསྲིངས། འབྲེལ་པའི་གཉེན་ཚན་བོར་ལ་ཧྲུལ་པོའི་གོས་གྱོན། དམན་པའི་ས་བཟུང་། རྒྱ་གད་ཆུ་བཞིན་འཐུང་པ་ལ་ལམ་སྐྱེ་བ་ཡིན་གསུངས། ཡང་གཟུང་འཛིན་སྤང་ན་ལྟ་བ་ཡིན། །ཉོན་མོངས་སྤང་ན་སྒོམ་པ་ཡིན། །ཕྱོགས་རིས་སྤང་ན་སྤྱོད་པ་ཡིན། །བྱ་བ་སྤང་ན་མན་ངག་ཡིན་གསུངས། ཡང་གཟུང་འཛིན་མ་སྤང་ན་ཁའི་ལྟ་བ་ཡིན། ཉོན་མོངས་མ་བྲི་ན་མིང་གི་སྒོམ་པ་ཡིན། ཕྱོགས་རིས་མ་སྤངས་ན་སྤྱོད་པ་ཚུལ་འཆོས་ཡིན། བྱ་བ་མ་སྤངས་ན་སྐྱེ་བོ་ཐ་མལ་ཡིན་གསུངས། ཡང་སྡོམ་པ་མི་བསྲུང་ན་བཙུན་པ་ཅི་ལ་ཡིན། སྡིག་ལ་མི་འཛེམ་ན་ཆོས་པ་ཅི་ལ་ཡིན། དམ་ཚིག་མི་བསྲུང་ན་སྔགས་པ་ཅི་ལ་ཡིན། ཡོ་བྱད་མི་སྤངས་ན་དམ་པ་ཅི་ལ་ཡིན་གསུངས། ཡང་པཎྜི་ཏས་དགེ་སྡིག་ངོ་མ་ཤེས་པ་དང་། ཤེས་རབ་ཅན་གྱིས་ཆོས་མ་གོ་བ་དང་། དད་པ་ཅན་སྡིག་ལ་སྤྱོད་པ་དང་། དགེ་བ་ཅན་དམྱལ་བར་འགྲོ་བ་དང་། བཙུན་པོ་འདོད་པ་ལས་མ་གྲོལ་བ་དང་། དགེ་སློང་བསྟན་པ་ལ་མ་ཞུགས་པ་རྣམས་ནི། ལོག་པ་བྱང་འདྲེན་གྱི་ཆོས། འཁོར་བར་ལུང་འདོགས་ཀྱི་ཆོས། བདེ་བ་གཏན་མེད་ཀྱི་ཆོས་བྱ་བ་ཡིན་གསུངས། ཡང་དྲག་ཅིང་མཐུ་སྟོབས་ཆེ་ན་སྡིག་པའི་རྩ་བ་ཡིན། རྫས་དང་ཡོ་བྱད་ཆེ་ན་ཉོན་མོངས་རྩ་བ་ཡིན། ཆང་དང་བུད་མེད་ལ་དགའ་ན་ཉེས་པའི་རྩ་བ་ཡིན། ལས་དང་བྱ་བ་མང་ན་གཡེང་བའི་རྩ་བ་ཡིན་གསུངས། ཡང་ཆེ་བཙན་ལྡན་པ་བར་ཆད་སྣོན་པ་ཡིན། འཁོར་འདབ་མང་བ་ཉེས་པའི་སྣོན་པ་ཡིན། འདུ་འཛི་ལོངས་སྤྱོད་སྡུག་བསྔལ་སྣོན་པ་ཡིན། ཁེ་གྲགས་གཏམ་སྙན་གཡོ་སྒྱུའི་སྣོན་པ་ཡིན། སྨྲ་ལ་དགའ་བ་ཕུང་གོད་སྣོན་པ་ཡིན་གསུངས། ཡང་རྒས་ཁར་མ་བདེ་ཡིས་དོགས་པ་དང་། ལོངས་སྤྱོད་མེད་ཀྱིས་དོགས་པ་དང་། མགོན་སྐྱབས་མེད་ཀྱིས་དོགས་པ་སྤངས་གསུངས། ཡང་ད་ལྟར་རང་རེ་ཤི་ན། ལྷག་ཅི་ལུས། སྡིག་པ་ཅི་བྱས། དགེ་བ་ཅི་བསགས། རང་འགྱོད་དམ་མི་འགྱོད་བརྟག་གསུངས། ཡང་ཆོས་སྡིག་ལ་འཛེམ་པའི་པ་དང་ཚུལ་འཆོས་པ་ནོར་ས་ཡོད། ཚེ་འདི་ཡལ་བར་དོར་ནས་སྒོམ་པ་དང་ནོར་རྫས་ལ་དགོངས་པ་ནོར་ས་ཡོད། རྒྱུད་ལ་སྦྱར་ནས་ལྟ་བ་དང་ཁ་ཚིག་ཏུ་སྨྲ་བ་གཉིས་ལ་ནོར་ས་ཡོད། ཞལ་གདམས་གནད་ཀྱི་གཟེར་བུ་སྟེ་བཅུ་གཉིས་པའོ། །རྫོགས་ཆེན་པ་ཀུན་འོད་གསལ་ཡིན། དགེ་སྡིག་མེད་ཟེར་བའོ་གསལ་བའི་རྗེས་འབྲངས་སོ་སོ་སྐྱེ་བོའི་གོལ་སར་མི་བཏང་བ་དང་། སྟོང་པ་སྟོང་པ་ཡིན། དགེ་སྡིག་མེད་ཟེར་བའོ་སྤྱི་སྤུངས་མུ་སྟེགས་གོལ་སར་མི་བཏང་བ་དང་། ཞི་བ་འགོག་གང་ཟག་གི་བདག་མེད་རྟོགས་པས་སངས་རྒྱས་ཟེར་བའོ་པ་ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་གོལ་སར་མི་བཏང་བ་དང་། ཚོགས་དྲུག་བཀག་ནས་བསྒོམ་པ་འགོག་པ་ཉན་རང་དོན་དུ་བསྒོམ། གཞན་དོན་དུ་མི་བསྒོམ་པའི་ཐོས་ཀྱི་གོལ་སར་མི་བཏང་བ་དང་། ཕྱིའི་ཡུལ་སྣ་ཚོགས་རྡུལ་ཕྲན་དོན་དམ་དུ་ལྟ་བའི་ཉན་ཐོས་ཀྱི་གོལ་སར་མི་བཏང་བ་དང་། ཉན་ཐོས་རབ་བདེན་པ་བཞི་སྒོམ། འབྲིང་རླུང་རང་དོན་དུ་སྒོམ། ཐ་མ་རང་དོན་དུ་མི་སྡུག་པ་སྒོམ་པའི་གོལ་སར་མི་བཏང་བ་དང་། གཞན་དོན་མི་བྱེད་པའི་མར་མེ་ཤི་བ་ལྟ་བུ་རང་སངས་རྒྱས་ཀྱི་གོལ་སར་མི་བཏང་བ་དང་། སེམས་ཙམ་རྣམ་བདེན་དང་། རྣམ་རྫུན་དང་། སངས་རྒྱས་ཀྱི་སར་ཡང་སྒྱུ་མ་ལྟ་བུར་འདོད་པ་དབུ་མ་སྒྱུ་མ་ལྟ་བུ་དང་། དབུ་མ་སྣང་བ་མི་སེལ་བའི་གོལ་སར་མི་བཏང་བའོ། །དེ་རྣམས་ཀྱིས་གོལ་ས་མཐའ་དག་སྤངས་ནས་དབུ་མ་རབ་ཏུ་མི་གནས་པར་འཛིན་པ་ཙམ་གྱི་རྟོག་པ། རྣམ་པར་རྟོག་པ་རྡུལ་ཙམ་ཡང་མེད་པས་ཏེ། འཛིན་མེད་རང་ལུགས་གཅོད་མཆོག་འདི། །བློ་ལྡན་རྣམས་ཀྱིས་ཐུགས་ལ་ཞོག །ཅེས་གསུངས་པའོ། །གོལ་ས་གཅོད་པའི་གཟེར་བུ་སྟེ་བཅུ་གསུམ་པའོ། །ལུས་དང་སྲོག་ལ་ཡང་མ་ཆགས་པ་བྱེད་ན་རྙེད་པ་དང་བཀུར་སྟི་ལ་ཆགས་པ་ལྟ་ཅི་སྨོས། སྟོང་པ་ཙམ་དུ་ཡང་མི་དམིགས་ན། དངོས་པོ་དང་མཚན་མར་འཛིན་པ་ལྟ་ཅི་སྨོས། ཉོན་མོངས་པ་དང་སྡིག་པ་ཡང་བྱང་ཆུབ་ཀྱི་རྒྱུར་བལྟ་ན་དགེ་བའི་ལས་ལ་ལྟ་ཅི་སྨོས། མྱ་ངན་ལས་འདས་པའི་འབྲས་བུ་ཡང་མི་འདོད་ན་འཁོར་བའི་འབྲས་བུ་འདོད་པ་ལྟ་ཅི་སྨོས། མཐར་ཐུག་དགོངས་པའི་གཟེར་བུ་སྟེ་བཅུ་བཞི་པའོ། །མན་ངག་གདམས་པ་འདི་དྲི་མ་ལ་མི་བསྐུར། ཟག་ཏུ་མི་གཞུག །ཐལ་ཁུང་དུ་མི་བསྒྲེ། མི་བསླད། དབང་པོ་མི་བཞར། རབ་མི་བཅད། བསྐམས་སུ་མི་གཞུག། ཟོང་མི་བྱ། མི་སྤྱུག །དེས་མི་བཅིངས། དུག་ཏུ་མི་བཏང་། ལྟག་པར་མི་དགྲོལ། གཡང་ལ་མི་བསྐྱུར། སྲོག་བཞིན་དུ་ཕངས་པར་བྱ། མིག་བཞིན་དུ་གཅེས་པར་བྱ། མན་ངག་བཅངས་ཐབས་ཀྱི་གཟེར་བུ་སྟེ་བཅོ་ལྔ་པའོ།། །།ཨི་ཏི།
མཆན། (༡)ག་ཏ་མི་ཏོར་ཞེས་པ་ཡུམ་ཆེན་མོའི་གཟུངས་ག་ཏེ་ལ་གོའམ་མི་ཏོར་གང་ལ་ཟེར་སླར་བརྟག་གོ ། ཁམས་སྤྲུལ་པས།
ཡིད་ཆེས་བཅུ་གཉིས་ཀྱི་ལ་བཟླ།
༄༅། །ཡིད་ཆེས་བཅུ་གཉིས་ཀྱི་ལ་བཟླ་བཞུགས་སོ། །
ལབ་ཀྱི་སྒྲོན་མ་དེ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཌཱཀིས་གསུངས་པའི་གདམས་ངག་བདུད་ཀྱི་གཅོད་ཡུལ་གྱི་ལྟ་སྒོམ་སྤྱོད་འབྲས་བཞི་ལ་ལ་བཟླ་བ་ནི། ལྟ་བ་ལ་གཟའ་གཏད་མེད་པར་ལ་བཟླ། སྒོམ་པ་ལ་དམིགས་གཏད་མེད་པར་ལ་བཟླ། སྤྱོད་པ་ལ་སྤང་ལེན་མེད་པར་ལ་བཟླ། འབྲས་བུ་ལ་རེ་དོགས་མེད་པར་ལ་བཟླའོ། །
དང་པོ་ལ་གསུམ་སྟེ། སྣང་བ་སེམས་སུ་ལ་བཟླ། སེམས་སྟོང་པར། སྟོང་པ་རིག་སྟོང་དབྱེར་མེད་དུ་ལ་བཟླ་བའོ། །དང་པོ་ནི། ཆོས་སྣང་། འཁྲུལ་སྣང་། དོན་སྣང་ཐམས་ཅད་སེམས་སུ་སྣང་བའོ། །དེ་ལ་ཆོས་སྣང་ནི། དཀར་པོ་དགེ་བའི་ཕྱོགས་ཐམས་ཅད་དོ། །འཁྲུལ་སྣང་ནི་ཕྱིན་ཅི་ལོག་ལ་བློ་ཞེན་པའོ། །དོན་སྣང་ནི་ཡང་དག་པའི་དོན་མཐོང་བའོ། །སྣང་བ་གསུམ་པོ་དེ་དག་ཐམས་ཅད་ཀྱང་དོན་རང་གི་སེམས་ཡིན་ཏེ། སེམས་ཉིད་རྩལ་སྣང་སྣ་ཚོགས་སུ་ཤར་ཞིང་སྣང་བས་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་དང་། རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ཆོས་སུ་སྣང་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་སྣང་བའོ། །དེ་ལ་སེམས་མིན་གྱི་དོན་གཅིག་ཕྱི་རོལ་ཡོད་དམ་སྙམ་ན་དེ་ཡང་སེམས། ཕྱི་རོལ་ན་ཡོད་མ་མྱོང་སྙམ་ན་དེ་ཡང་སེམས་ཡིན། དཔེར་ན་ཆུ་དང་རླན་བཞིན་ནོ། །དེ་ལྟར་སེམས་སུ་ཡིད་ཆེས་ཙམ་ན། བདེ་སྡུག་ལ་སོགས་པ་ཡུལ་དུ་གྲུབ་པ་མེད་པས་སྣང་བའི་ཆོས་ཐམས་ཅད་སེམས་སུ་རྣམ་པར་དག་པའོ། །དེ་ལྟར་རྣམ་པར་དག་པའི་དོན་རྟོགས་པས་ཕྱི་སྣང་བ་ཐོགས་བཅས་ཡུལ་གྱི་བདུད་བཅད་པའོ། །གཉིས་པ་སེམས་སྟོང་པར་ཡིད་ཆེས་པ་ནི། དེ་ལྟར་སེམས་ཕྱི་རོལ་གྱི་ཡུལ་དུ་སྣང་བའི་དུས་ན། ངོ་བོ་སྟོང་པ་ལས་མ་འདས་ཏེ། སེམས་ཀྱི་ཆོ་འཕྲུལ་ལམ་ཤར་ལུགས་ཇི་ལྟར་བྱུང་ཡང་ངོ་བོས་སྟོང་པས་རང་རྒྱུད་པ་མིན་ཏེ། ཡུམ་ལས་སྟོང་པ་ཉིད་བཅྭོ་བརྒྱད་གསུངས་སོ། །དེས་ན་སེམས་སྟོང་པ་ཡིན་པའི་དོན་གྱིས་དེ་ལས་བྱུང་བའི་ཆོ་འཕྲུལ་ཐམས་ཅད་ཀྱང་སྟོང་པའོ། །དེ་ཙམ་ན་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་དེ་སེམས་ཉིད་རྒྱུ་རྐྱེན་དང་བྲལ་བ་དེ་ཉིད་སྟོང་པར་ཡིད་ཆེས་པས་ཐོགས་མེད་སྟོང་པའི་བདུད་ཆོད་པའོ། །
སྟོང་པ་རིག་སྟོང་དབྱེར་མེད་དུ་ཡིད་ཆེས་པ་ནི། དེའང་སེམས་ཉིད་སྟོང་པའི་དུས་ན་རིག་པ་མ་འགགས་ཏེ། སེམས་ཀྱི་གསལ་ཆ་རིག་པའི་རྩལ་ཕྱོགས་མེད་དུ་ཤར་བའི་དུས་ན། སྟོང་པ་མ་སྤང་སྟེ་ངོ་བོ་ལ་དངོས་པོ་དང་མཚན་མར་གྲུབ་པ་མེད་པ་ནི་རང་བཞིན་སྟོང་པའོ། །རང་བཞིན་སྟོང་པའི་རྩལ་མ་འགགས་པར་ཤར་བ་ནི་རིག་པའོ། །དེས་ན་རིག་སྟོང་དབྱེར་མེད་པར་ཡིད་ཆེས་པས་གཉིས་སྣང་སྙེམས་བྱེད་ཀྱི་བདུད་ཆོད་པའོ། །དེའང་ཡུམ་ལས། གཟུགས་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་པ་དང་། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་སོ། །
གཉིས་པ་སྒོམ་པར་དམིགས་གཏད་མེད་པར་ལ་བཟླ་བ་ལ་གསུམ་སྟེ། དེ་ཉིད་མ་བཅོས་པར་ཡིད་བདེ་གསལ་དུ། རྩོལ་སྒྲུབ་མེད་པར་ཡིད་ཆེས་པའོ། །དང་པོ་དེ་ཉིད་མ་བཅོས་པར་ཡིད་ཆེས་པ་ནི། ཆོས་ཉིད་ཡེ་ནས་རང་བཞིན་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། མཐའ་གང་ལའང་མི་གནས་པ་དེ་ལ་བློའི་བཅོས་བསླད་མི་དགོས་ཏེ། དེ་ཉིད་རང་ལུགས་སུ་བཞག་པས་ཆོས་ཉིད་ཀྱི་དོན་ལ་རང་བཞིན་གྱིས་གནས་ཏེ། དོན་ཡེ་ཡིན་དུ་འདུག་པས་གཟོད་ཀྱིས་བཅོས་སུ་མེད་པའོ། །དེ་ལྟར་ཡིད་ཆེས་པས་བློས་བཞག་སེམས་འཛིན་གྱི་བདུད་ཆོད་པའོ། །དེའང་སྡུད་པ་ལས། བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས་ཞེས་སོ། །
གཉིས་པ་བདེ་གསལ་དུ་ཡིད་ཆེས་པ་ནི། སྒྲིབ་གཡོག་ཐམས་ཅད་དང་བྲལ་བའི་དོན་གྱིས་ཉམས་བདེ་གསལ་དུ་འཆར་ཏེ། དེའང་བདེ་བ་ནི་ཡུལ་ཅན་གྱི་བདེ་བ་ཟག་མེད་ཀྱི་དོན་རྒྱུད་ལ་སྐྱེ་བའོ། །གསལ་བ་ནི། སྣང་གྲག་ཐམས་ཅད་སེམས་ཉིད་སྐྱེ་འགག་མེད་པའི་དོན་ཐིག་ལེ་ཉག་གཅིག་ཏུ་གསལ་བའོ། །དེ་ལྟར་རྟོགས་པས་མ་རིག་རྨོངས་པའི་བདུད་ཆོད་པའོ། །དེའང་བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་སོ། །གསུམ་པ་རྩོལ་སྒྲུབ་མེད་པར་ཡིད་ཆེས་པ་ནི། སེམས་ཉིད་བཅོས་བསླད་ཀྱི་དོན་དང་བྲལ་བ་ལ་ལུས་ཀྱི་འཁྲུལ་འཁོར་དང་། ངག་གི་བཟླས་བརྗོད་དང་། སེམས་ཀྱི་བསྐྱེད་རིམ་ལ་སོགས་པ་བྱ་རྒྱུ་མེད་དོ། །ལྷུག་པ། ཡན་པ། ཕྱལ་བ། གྱི་ན་ཙམ་དུ་བཞག་པར་བྱའོ། །དེ་ལྟར་ཡིད་ཆེས་པས་བྱ་བྱེད་འབད་རྩོལ་གྱི་བདུད་ཆོད་པའོ། །དེའང་ལུང་ལས། སྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པའི་ལམ་ཞེས་སོ། །གསུམ་པ་སྤྱོད་པ་སྤང་ལེན་མེད་པར་ལ་བཟླ་བ་ལ་གསུམ་སྟེ། བདེ་བ་སྒྲུབ་ཏུ་མེད་པར་ལ་བཟླ། སྡུག་བསྔལ་སྤང་དུ་མེད་པར་ལ་བཟླ། སྤྱོད་པ་སྤྱད་དུ་མེད་པར་ཡིད་ཆེས་པའོ། །དང་པོ་བདེ་བ་སྒྲུབ་ཏུ་མེད་པར་ཡིད་ཆེས་པ་ནི། སེམས་ཆོས་ཉིད་དུ་ཤེས་པའི་དུས་ན། མྱ་ངན་ལས་འདས་པའི་བདེ་བ་འདི་ཡིན་བྱ་བ་གཅིག་ལོགས་ནས་སྒྲུབ་ཏུ་མེད་དོ། །རང་ལ་ཡེ་ནས་ལྷུན་གྱིས་གྲུབ་པས་འབད་རྩོལ་ལ་རག་མ་ལས་པའོ། །དེའང་ལུང་ལས། རྩོལ་སྒྲུབ་བྲལ་བའི་བདེ་ཆེན་དེ། །ཡེ་ནས་མ་བྱས་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་སེམས་ཉིད་འདུས་མ་བྱས་པའི་དོན་དེ། ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པར་ཡིད་ཆེས་པས་སྤང་བླང་དགག་སྒྲུབ་ཀྱི་བདུད་ཆོད་པའོ། །
གཉིས་པ་སྡུག་བསྔལ་སྤང་དུ་མེད་པར་ཡིད་ཆེས་པ་ནི། སེམས་ཉིད་འདུས་མ་བྱས་ནི་བདེ་སྡུག་གཉིས་སུ་མ་གྲུབ་སྟེ། གང་ཟག་གི་བློའི་བྱེ་བྲག་གིས་བདེ་སྡུག་ཏུ་བཟུང་ནས་ལས་བསགས་པས་བདེ་སྡུག་རེ་མོས་སུ་བྱུང་བ་ཡིན་ཏེ། སྡུག་བསྔལ་སྤངས་ནས་བདེ་བ་རྙེད་པ་མ་ཡིན། སྡུག་བསྔལ་རང་བཞིན་མེད་པར་ཤེས་ཙམ་ན། བདེ་བ་ཤུགས་ཀྱིས་འབྱུང་བས་སྡུག་བསྔལ་ལོགས་སུ་སྤང་དུ་མེད་པ་ཡིན་ནོ། །དེ་ཡང་བང་མཛོད་ལས། སྤངས་པས་སྤོང་བར་མི་འགྱུར་ཏེ། །དཔེར་ན་ཆུ་དང་རླན་ཉིད་འདྲ། །ཞེས་སོ། །དེ་ལྟར་སྡུག་བསྔལ་ལ་ངོ་བོ་མ་གྲུབ་པར་ཡིད་ཆེས་པས་བཟང་ངན་བླང་དོར་གྱི་བདུད་ཆོད་པའོ། །གསུམ་པ་སྤྱོད་པ་སྤྱད་དུ་མེད་པར་ཡིད་ཆེས་པ་ནི། ཆོས་འདིའི་ལུགས་ཀྱིས་ལྷ་ལ་བཟང་པོར་མི་འཛིན་པས་གོང་དུ་མཆོད་དུ་མེད། འདྲེ་ལ་ངན་པར་མི་འཛིན་པས་འོག་ཏུ་མནན་དུ་མེད། ལྷ་འདྲེར་འཛིན་པ་དང་བཟང་ངན་དུ་འཛིན་པ་ཐམས་ཅད་རང་གི་སེམས་ཡིན་པས་དགག་སྒྲུབ་དང་འབད་རྩོལ་ཇི་ལྟར་བྱས་ཀྱང་དོན་དུ་བཟང་དུ་སོང་བ་མེད། མ་བྱས་པས་ངན་དུ་སོང་བ་མེད་པས་དགག་སྒྲུབ་སྤང་བླང་མེད་པར་སྤྱད་དོ། །དེ་ཡང་སྡུད་པ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིན་ཞེས་སོ། །དེ་ལྟར་ཆེད་དུ་བྱས་པའི་སྤྱོད་པ་ཐམས་ཅད་བློ་ཡིན་པ་ཤེས་ནས། འདིར་བྱར་མེད་བློ་བྲལ་དུ་ཡིད་ཆེས་པས་བློས་བྱས་བཟང་རྟོག་གི་བདུད་ཆོད་པའོ། །བཞི་པ་འབྲས་བུ་རེ་དོགས་མེད་པར་ཡིད་ཆེས་པ་ལ་གསུམ་སྟེ། འཁོར་བ་སྤང་དུ་མེད་པར། མྱང་འདས་སྒྲུབ་ཏུ་མེད་པར། རང་སེམས་སངས་རྒྱས་སུ་ཡིད་ཆེས་པའོ། །དང་པོ་འཁོར་བ་སྤང་དུ་མེད་པར་ཡིད་ཆེས་པ་ནི། དེའང་འཁོར་བ་ཞེས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལ་ཟེར་བ་ཡིན་ཏེ། འདི་རྣམས་ལ་བརྟགས་ཤིང་དཔྱད་ན་རང་བཞིན་མེད་པས་གྲུབ་པ་གང་ཡང་མེད་དེ། ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའོ་ཞེས་གསུངས་པས་སོ། །དེ་ལྟར་ཆོས་ཐམས་ཅད་བདེན་མེད་དུ་ཤེས་ན། འཁོར་བ་ལོགས་སུ་སྤང་དུ་མེད་དེ། མ་སྤང་རང་སར་གྲོལ་བར་ཡིད་ཆེས་པས་འདོད་པ་བག་ཆགས་ཀྱི་བདུད་ཆོད་པའོ། །
གཉིས་པ་མྱ་ངན་ལས་འདས་པ་སྒྲུབ་ཏུ་མེད་པར་ཡིད་ཆེས་པ་ནི། སྤྱིར་ན་མྱ་ངན་ཞེས་བྱ་བ་ནི་ཉོན་མོངས་པ་སྡུག་བསྔལ་གྱི་ཕུང་པོ་ལ་ཟེར་བ་ཡིན་ཏེ། སྡུག་བསྔལ་ལ་བརྟགས་ཤིང་དཔྱད་ན། རང་བཞིན་གང་དུའང་མ་གྲུབ་པར་དེ་ཉིད་ཆོས་ཉིད་བདེ་བ་ཆེན་པོ་རང་ཤར་བའོ། །དེ་ལྟར་སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལང་། རྣམ་པར་དག་པའི་ཡེ་ཤེས་སུ་གྲོལ་བ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེའང་ལུང་ལས། མྱ་ངན་འདས་པ་བསྒྲུབ་བྱར་མེད་ཅེས་སོ། །དེ་ལྟར་སྡུག་བསྔལ་ཆོས་ཉིད་དུ་གྲོལ་བ་ལས། མྱ་ངན་ལས་འདས་པ་གཞན་ནས་སྒྲུབ་ཏུ་མེད་པར་ཡིད་ཆེས་པས་བདེ་བ་ལ་མངོན་ཞེན་གྱི་བདུད་ཆོད་པའོ། །གསུམ་པ་རང་སེམས་སངས་རྒྱས་སུ་ཡིད་ཆེས་པ་ནི། རང་སེམས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་མ་རྟོགས་ཏེ་སེམས་ཅན་གྱི་ལས་དང་འདོད་ཆགས་བྱུང་། རྟོགས་ཏེ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བྱུང་། དེ་ལྟར་ཐེག་པའི་རིམ་པ་དང་། སྟོན་པ་དང་། གདུལ་བྱ་དང་། སྣང་བ་བདེ་སྡུག་དང་། རྐྱེན་བཟང་ངན་ལ་སོགས་པ་སྣ་ཚོགས་འབྱུང་སྟེ། དེ་ཉིད་ཀྱི་དུས་ན་སེམས་ཉིད་ཀྱི་ངོ་བོ་ལ་འགྱུར་བ་མེད་ཅིང་། དོན་ཆོས་ཉིད་ཀྱི་ངོ་བོར་གནས་པས་ཆོས་ཀྱི་སྐུར་སངས་རྒྱས་པའོ། །དེའི་རྩལ་ལ་འདོད་ཡོན་གྱི་སྣང་བ་མ་འགགས་པར་གསལ་བ་འཛིན་མེད་དུ་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའོ། །དོན་ལ་འཁྲུལ་སྣང་གི་གཟུང་འཛིན་ཐམས་ཅད་སངས་ནས་དེ་གཉིས་སུ་མེད་པའི་ཐུགས་རྗེ་རང་བྱུང་གི་རྩལ་གདུལ་བྱའི་ཡུལ་དུ་ཤར་བས་སྤྲུལ་པའི་སྐུར་སངས་རྒྱས་པའོ། །དོན་ལ་འཁྲུལ་སྣང་གི་གཟུང་འཛིན་ཐམས་ཅད་སངས་ནས་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་རང་སེམས་སངས་རྒྱས་སུ་ཡིད་ཆེས་ཤིང་ལ་ཟློས་པའོ། །དེ་ལྟར་ཡང་མདོ་ལས། སངས་རྒྱས་ཆོས་སྐུ་རྣམ་དག་ཀྱང་། །རང་སེམས་རྟོགས་པ་ཁོ་ནའོ། །ཞེས་གསུངས་སོ། །དེ་ཙ་ན་ཕྱོགས་ཞེན་དུ་འཛིན་པའི་བདུད་ཐམས་ཅད་ཆོད་པའོ། །དོན་དེ་ལྟར་ཡིད་ཆེས་ལ་ཟློས་པས་སྙེམས་ཐག་ཕྱོགས་མེད་དུ་ཆོད་དེ་བདུད་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །ཡིད་ཆེས་བཅུ་གཉིས་ཀྱི་ལ་བཟླ་བ་ཞེས་བྱ་བ་ཨ་མ་ཇོ་མོའི་གདམས་པ་ཁྱད་པར་འཕགས་པ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ་ཨི་ཏི། །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །
མ་ཡི་ཞལ་གདམས་བུ་ཡིག་ཉི་ཤུ་རྩ་གཅིག
༄༅། །མ་ཡི་ཞལ་གདམས་བུ་ཡིག་ཉི་ཤུ་རྩ་གཅིག་བཞུགས་སོ། །
ཆོས་ཀྱི་དབྱིངས་ཀྱི་ཡུམ་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་དབྱེར་མེད་དབྱིངས། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་མཛོད། །ཀུན་གྱི་ཡུམ་གྱུར་རྒྱལ་བའི་ལམ། །མཁའ་འགྲོའི་དགོངས་འདུས་གདམས་པའི་བཅུད། །བྱིན་རླབས་རྗེས་བཟུང་བླ་མའི་ཞལ། །བླ་མ་མཉེས་པའི་ཡོན་ཕུལ་ནས། །དཔེ་དང་བརྡ་ཡི་དོན་བརྗོད་ཀྱི། །ཕྱི་ནང་གསང་བའི་སྙེམས་ཐག་བཅད། །ངོ་སྤྲོད་མ་བུ་རྣམ་གཉིས་ཀྱི། །བུ་ཡིག་ཉི་ཤུ་རྩ་གཅིག་བསྟན། །སྐྱེ་མེད་ཆིག་ཆོད་ཀྱི་གདམས་པ་འདི་ལ་དོན་བརྒྱད་དེ། ལམ་རྣམ་པ་གཉིས་ཀྱིས་སྤྱི་ཡི་ཚུལ་བསྟན་པ་དང་། ལྡོག་སོ་རྣམ་པ་གསུམ་གྱིས་གདམས་ངག་གི་སྲོལ་བསྟན་པ་དང་། མཚན་བཤད་པའི་སྒོ་ནས་གདམས་ངག་ངོས་བཟུང་བ། གནད་རྣམ་པ་གསུམ་གྱིས་ཉམས་སུ་བླང་བའི་ཚུལ་བསྟན་པ་དང་། ཉམས་སུ་བླང་བའི་དགོས་པ་བསྟན་པ། འཇོག་ལུགས་དང་འཁྱེར་ཕྱོགས་ཀྱི་བསྡུས་དོན་བསྟན་པ། ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་དགོས་པའི་དོན་བསྟན་པ། ཆིངས་རྣམ་པ་བཞིས་གཅོད་ཀྱི་ཆིངས་བསྟན་པའོ། །
དེ་ལ་དང་པོ་ལམ་རྣམ་པ་གཉིས་ཀྱིས་སྤྱིའི་ཚུལ་བསྟན་པ་སྟེ། རྟེན་མཐོ་རིས་ལྷ་མིའི་ལམ་དང་། ཐར་བ་བྱང་ཆུབ་ཀྱི་ལམ་མོ། །དང་པོ་ནི་ལས་དགེ་སྡིག་དང་རྒྱུ་འབྲས་གོ་བར་བྱས་ནས་སྡིག་པ་མི་དགེ་བའི་ལས་སྤང་ཞིང་དཀར་པོ་དགེ་བའི་ལས་གྲུབ་ཚད་ཉམས་སུ་ལེན་པའོ། །གཉིས་པ་ནི། རྟེན་ལྷ་མིའི་གོ་འཕང་ཐོབ་ཙམ་གྱིས་མི་ཆོག་སྟེ། རྒྱུ་མཚན་ཅིས་ན། ལྷ་མི་ནི་འཁོར་བ་ཡིན་ལ་འཁོར་བ་ནི་དུཿཁའི་གནས་ཡིན་པས་འཁོར་བའི་དུཿཁ་རྩད་ནས་གཅོད་པ་ལ་ཐར་བ་བྱང་ཆུབ་ཀྱི་ལམ་ཉམས་སུ་ལེན་དགོས། གཉིས་པ་ལྡོག་སོ་རྣམ་པ་གསུམ་གྱིས་གདམས་ངག་གི་སྲོལ་བསྟན་པ་ལ་གསུམ། དང་པོ་སྡིག་ལས་བཟློག་པར་བྱ། བར་དུ་དགེ་ལས་བཟློག་པར་བྱ། ཐ་མར་ཀུན་ལས་བཟློག་པར་བྱའོ། །དང་པོར་སྡིག་ལས་མ་ལོག་ན་ངན་སོང་གསུམ་ལས་འགྲོ་ས་མེད་པས་སྡིག་པ་མི་དགེ་བའི་ལས་སྤང་ཞིང་སྡོམ་པ་དང་ཚུལ་ཁྲིམས་ལ་གནས་པར་བྱའོ། །བར་དུ་དགེ་བ་ལ་མངོན་ཞེན་མ་ལོག་ན། ཕྱོགས་ཞེན་དང་བཅས་པའི་དགེ་བ་ཟག་བཅས་ནི་ལྷ་མི་འཇིག་རྟེན་པའི་ལམ་ཙམ་ཡིན་པས་བྱང་ཆུབ་སྒྲུབ་པའི་ལམ་ཐམས་ཅད་ཆོས་ཉིད་ཀྱི་གདེང་གིས་ཟིན་པར་བྱས་ནས་དགེ་སྡིག་ཏུ་མི་དམིགས་པའི་ཏིང་ངེ་འཛིན་བསྒོམ་ཞིང་གནས་པར་བྱའོ། །ཐ་མར་ཀུན་ལས་མ་ལོག་ན། ལམ་རྣམ་དག་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ་བས་གཉིས་འཛིན་གྱི་ཞེན་པ་ཐམས་ཅད་དོར་ཏེ། དུས་ཐམས་ཅད་དུ་དམིགས་གཏད་མེད་པའི་ངང་ལ་གཉིས་མེད་ཙམ་དུའང་མི་དམིགས་པར་གནས་པར་བྱའོ། །
གསུམ་པ་མཚན་བཤད་པས་གདམས་པ་ངོས་བཟུང་བ་ནི། དེ་ལྟ་བུའི་གདམས་པ་འདི་ལ་བདུད་ཆོས་ཉིད་ཀྱི་ཡུལ་དུ་བྱེད་པས་གདམས་པ་བདུད་ཀྱི་གཅོད་ཡུལ་ཞེས་བྱའོ། །ངེས་པར་བདུད་རང་གང་ཡིན་ཞེ་ན། བདུད་འདི་རྒྱུད་ལས། གང་ལམ་དང་མི་མཐུན་ཞིང་ལམ་ལ་བར་དུ་གཅོད་པར་བྱེད་པའོ་ཞེས་པ་དང་། ལྟ་བ་ཆིག་ཆོད་ཀྱི་རྒྱུད་ལས། མ་རིག་ལོག་རྟོག་ལས་དབང་གིས། །འཁོར་བ་རྒྱུ་འབྲས་ཐམས་ཅད་བསྐྱེད། །གྱི་ན་ཙམ་དུ་གསལ་སྣང་ལ། །བདེན་ཞེན་ཆགས་སྡང་བདུད་ཀྱིས་བཅིངས། །ཞེས་སོ། །དེ་སྣང་ཚུལ་གྱི་ཆགས་སྡང་དུ་རྟོག་པ་ཐམས་ཅད་ཡིན་ནོ། །དེ་ལ་བླ་མ་དམ་པའི་གདམས་ངག་གིས་བདུད་དེ་དག་རང་བཞིན་མེད་པར་རྟོགས་ནས་ཉམས་སུ་ལེན་པ་ནི། བདུད་ཆོས་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །དེ་ཉིད་ལས། ཆགས་སྡང་རང་བཞིན་མེད་པར་རྟོགས་ན་བདུད་ཆོས་ཉིད་དོན་དུ་འགྱུར། ཅིར་སྣང་རང་བཞིན་མེད་རྟོགས་ནས། །ཤེས་བཞིན་དྲན་དང་འགྲོགས་གྱུར་ན། །ཐམས་ཅད་ཆོས་ཉིད་སྤྱོད་ཡུལ་དུ། །བྱེད་པ་ཡིན་པར་རབ་ཏུ་བཤད། །ཅེས་སོ། །དོན་དེ་ལྟར་མ་རྟོགས་པ་རྣམས་ལ་བདུད་ཀྱི་བྱེ་བྲག་བསྟན་པ་ནི། སྣང་བ་གསུམ་བསྟན་པའི་མདོ་ལས། གཉིས་ལ་དབྱེ་བས་བཞི་གསུངས་ཏེ། །དེ་ཡང་གང་དང་གང་ཞེ་ན། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡི་མཚན་ཉིད་བསྟན་པ་ནི། །དབང་པོ་ལྔ་དང་ཡུལ་སྣང་ལ། །བདེན་འཛིན་ཆགས་སྡང་བདེ་སྡུག་འབྱུང་། །དགག་སྒྲུབ་བྱེད་པ་ཐོགས་བཅས་བདུད། །ཡིད་ཡུལ་ཆོས་ལ་བཟང་ངན་རྟོགས། །རེ་དང་དོགས་པ་བླང་དོར་བྱེད། །ཐོགས་མེད་རྣམ་རྟོག་བདུད་ཅེས་བྱ། །ནད་གདོན་ཞི་ནུས་དྲོད་རྟགས་སོགས། །ལམ་ལ་བརྟེན་པའི་ཡོན་ཏན་ལ། །ཆགས་རློམ་ང་རྒྱལ་དགའ་བྲོད་བདུད། །ཡིན་ལུགས་དང་ནི་གདམས་པ་ལ། །བློས་བོར་མི་ནུས་རྟོག་དཔྱོད་བྱེད། །ཐེ་ཚོམ་སྙེམས་བྱེད་བདུད་ཅེས་བྱ། །ཐམས་ཅད་རང་སྣང་ཆོས་ཉིད་དུ། །ཤེས་པར་བྱས་ལ་ཞེན་པ་བཅད། །དགག་སྒྲུབ་མ་བྱས་རང་གྲོལ་དུ། །བདུད་ཉིད་གྲོལ་བར་ཐེ་ཚོམ་མེད། །ཅེས་སོ། །དེའི་ཕྱིར་ན་གདམས་པ་བདུད་ཀྱི་གཅོད་ཡུལ་ཞེས་བྱའོ། །
བཞི་པ་གནད་རྣམ་པ་གསུམ་གྱིས་ཉམས་སུ་བླང་བའི་ཚུལ་བསྟན་པ་ལ་གསུམ་སྟེ། འཁྲུལ་གཞི་རྩད་བཅད་པའི་ཕྱིར་ལོག་ཆེན་མཐའ་ལ་གཏད་པ། བསྲུང་བའི་ཞེན་པ་བཅད་པའི་ཕྱིར་སྐར་ཆེན་ཐིབས་འོག་ཏུ་གཞུག་པ་དང་། ལྟ་བའི་གྱད་ཀྱིས་བཅད་པའི་ཕྱིར་ཐེག་ཆེན་ཟིལ་གྱིས་མནན་པའོ། །དང་པོ་ལོག་ཆེན་མཐའ་ལ་གཏད་པ་ནི། གང་ཉམ་ང་བ། བག་ཚ་བ། མི་ཕོད་པ་དང་། འཇིགས་པའི་སྣང་བ་བྱུང་ན། དེ་ཉིད་ལ་འབོལ་རྩོགས་སུ་བསྲེས་ཏེ། དེའི་རང་བཞིན་ལ་བརྟགས་པས་རང་བཞིན་དངོས་མེད་དུ་གྲོལ་ནས་འགྲོ་བ་ཡིན་ནོ། །མི་མ་ཡིན་གྱིས་གནོད་པ་བྱས་ཏེ་ཁྱེར་གྱི་དོགས་པ་བྱུང་ན། དེ་ལ་ལུས་སྲོག་སྦྱིན་པར་ལིངས་ཀྱིས་བཏང་སྟེ། ལུས་ཀྱི་གཅེས་འཛིན་དང་ཞེན་པ་ཐམས་ཅད་སེམས་ཀྱིས་བཏང་ནས་བླ་མ་དཀོན་མཆོག་ལ་སོགས་ལ་སངས་ཀྱིས་འབུལ། དེ་ནས་སེམས་ཅན་ལ་སྦྱིན་པར་བཏང་། ཁྱད་པར་གནོད་བྱེད་ལན་ཆགས་ཐམས་ཅད་ལ་ཡིད་ཀྱིས་བྱིན་ལ། ཅི་འདོད་གང་འདོད་པའི་ལོངས་སྤྱོད་དུ་གྱུར་སྙམ་དུ་དམིགས་ལ། དེ་ཐམས་ཅད་མོས་ཤིང་ཚིམ་སྟེ་དགའ་མགུ་ཡི་རངས་པར་བསམ་སྟེ། གང་ལའང་ཆགས་ཞེན་མེད་པའི་ངང་དུ་ལྷོད་དེ་བཞག་གོ །
གཉིས་པ་སྐར་ཆེན་ཐིབས་འོག་ཏུ་གཞུག་པ་ནི། ནད་གདོན་བྱུང་གིས་དོགས་པ་ལ་སྔགས་དང་རྫས་དང་ཏིང་ངེ་འཛིན་གྱིས་སྲུང་བ་གང་ཡང་མི་བྱ་སྟེ། ཕན་དུ་རེ་བའི་བློ་དེ་རྦད་ཀྱིས་བཅད་པར་བྱའོ། །གསུམ་པ་ཐེག་ཆེན་ཟིལ་གྱིས་མནན་པ་ནི། དེ་ལྟར་བསྲུང་བྱ་སྲུང་བྱེད་རྒྱུའི་ནད་གདོན་ཐམས་ཅད་བདེན་མེད་དུ་ཤེས་པར་བྱས་ལ། ཐེག་པ་ཆེན་པོའི་གདམས་ངག་གང་ཟག་དང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་གདེང་གིས་བདེན་ཞེན་ཆགས་སྡང་གི་རྟོག་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཉམས་ལེན་གྱིས་བསྐྱང་བར་བྱའོ། །ལྔ་པ་ཉམས་སུ་བླང་པའི་དགོས་པ་བསྟན་པ་ནི། དོན་དེ་ལྟར་དུ་ཉམས་སུ་བླངས་པས་ཕྱི་སྣང་བ་ལ་བདེན་ཞེན་ཆུང་དུ་འགྲོ། ནང་ཉོན་མོངས་དང་ཆགས་སྡང་ཆུང་དུ་འགྲོ། བར་སྒྱུ་ལུས་ཀྱི་ཕུང་པོ་ལ་གཅེས་འཛིན་ཆུང་དུ་འགྲོ་བ་ཡིན་ནོ། །དེ་ཡང་ཕྱི་སྣང་བ་ལ་བདེན་ཞེན་མེད་ན་ནང་ཤེས་རྒྱུད་ལ་དགག་སྒྲུབ་མི་འབྱུང་། བར་ཕུང་པོ་ལ་གཅེས་འཛིན་མེད་ན་འཆི་བ་ལ་སོགས་པའི་རྐྱེན་གང་ལ་ཡང་ཉམ་མི་ང་བ་ཞིག་ཡོང་བ་ཡིན། དེ་ལྟ་བུའི་ཉམས་ལེན་འདི་ཚོགས་བསགས་པའི་ཐབས་ཆེན། སྡིག་སྒྲིབ་ཀྱི་ཕྱགས་མ། ནད་གདོན་བར་ཆད་ཀྱིས་མི་ཚུགས་པའི་ཐབས་ཟབ་མོ། ཚེ་བསྲིང་བའི་བཅུད་ལེན། དམ་ཚིག་བསྐང་བའི་བསྐང་གསོ། བྱང་ཆུབ་སྒྲུབ་པའི་ལམ་ཁྱེར་ཚེགས་ཆུང་ལ་དོན་ཆེ་བའི་མན་ངག་ཏུ་གྱུར་པ་ཡིན་ནོ། །
དྲུག་པ་འཇོག་ལུགས་འཁྱེར་ཕྱོགས་ཀྱི་བསྡུས་སོ་བསྟན་པ་ལ་གཉིས་ཏེ། འཇོག་ལུགས་དང་། འཁྱེར་ཕྱོགས་སོ། །དང་པོ་ནི། དུས་གསུམ་རྒྱུན་དུ་སེམས་ཉིད་མ་བཅོས་པའི་ངང་ལ་དོན་མ་ཡེངས་ཙམ་དུ་བཞག་པར་བྱ་བ་ཡིན་ནོ། །གཉིས་པ་ནི། བདུད་བགེགས་ཀྱི་ཆོ་འཕྲུལ་དང་ལུས་ཀྱི་གཅེས་འཛིན་གང་ལ་ཡང་ཉམ་ང་བག་ཚ་མེད་པར་བློས་ལིངས་ཀྱིས་བསྐྱུར་ནས་དོན་ཆོས་ཉིད་ཀྱི་སྟེང་ནས་སྒོམ་མེད་ཡེངས་མེད་ཀྱིས་ཉམས་སུ་ལེན་པ་ཡིན་ནོ། །དེ་ཡང་ཉིན་མོ་གསལ་ལ་འཛིན་མེད། ནུབ་མོ་གཅེར་ཉལ་འཕྲིག་མེད་ལམ་དུ་འཁྱེར་བ་ཡིན་ནོ། །ནངས་ནུབ་ཚོགས་དྲུག་ལྷུག་པ་ལམ་དུ་འཁྱེར་བའོ། །དུས་རྒྱུན་དུ་མ་བཅོས་རང་གྲོལ་ཆེན་པོ་ལམ་དུ་ཁྱེར་བར་བྱའོ། །བདུན་པ་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་དགོངས་པའི་དོན་བསྟན་པ་ལ་གསུམ། ཇི་ལྟར་སྣང་བ་ཐམས་ཅད་མི་བདེན་པར་ཤེས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། གང་ལ་ཡང་ཉམ་ང་བ་དང་བག་ཚ་བ་མེད་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། འཁྲུལ་རྟོག་ཐམས་ཅད་ཕར་འཇོམས་ཤིང་ཚུར་གནོད་པས་མི་ཚུགས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའོ། །དེ་ཡང་སྣང་བ་གསུམ་བསྟན་པའི་མདོ་ལས། ཇི་ལྟར་སྣང་ཡང་མི་བདེན་པས། །སྒྱུ་མ་ལྟ་བུར་ཤེས་པར་བྱ། །བདེན་པར་མ་གྲུབ་སྣང་བ་ལ། །ཉམ་ང་མེད་ཅིང་དཔའ་བར་བྱ། །རྟོག་པའི་རྐྱེན་གྱིས་མི་གཡོ་བའི། །སྣང་མེད་ཡེ་ཤེས་གནས་པར་བྱ། །ཞེས་སོ། །དེས་ན་ཆགས་སྡང་ལ་སོགས་པ་ཡུལ་གྱི་རྐྱེན་ནམ། ཡི་དམ་ལྷ་ཡི་ཞལ་མཐོང་བའམ། མཁའ་འགྲོས་ལུང་སྟོན་པའམ། ས་ལམ་གྱི་ཡོན་ཏན་མངོན་པར་ཤེས་པ་ལྔ། རྫུ་འཕྲུལ་དང་འཁོར་ལོངས་སྤྱོད། ཉམས་རྟོགས་བཟང་པོ་ལ་མངོན་པར་ཞེན་པ་དང་། གཞན་ཡང་ན་ཚ་དུཿཁའམ། གདོན་བགེགས་ཀྱི་ཆོ་འཕྲུལ་ལ་སོགས་པ་ཅི་བྱུང་ཡང་། དོན་དམ་ཆོས་ཉིད་ལ་སྐྱོན་གང་ཡང་མ་གྲུབ་པས་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་ཤེས་པར་བྱས་ལ། ཡོན་ཏན་དུ་སྣང་བ་ལ་ང་རྒྱལ་རློམ་སེམས་དང་སྐྱོན་ལ་སྔངས་སྐྲག་སྐྱེ་རྒྱུ་མེད་པར་ཤེས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །ལུས་ལ་གཅེས་འཛིན་མེད་པར་གྲོལ་བས་གང་ལ་ཡང་ཉམ་ང་བག་ཚ་མེད་པ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནོ། །ཡིད་ལུགས་ཀྱི་དོན་མ་འཁྲུལ་བར་རྟོག་པ་ཐམས་ཅད་ཟིལ་གྱིས་མནན་ནས་རྐྱེན་ཕྱི་ནང་གང་གིས་ཀྱང་མི་གཡོ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །
བརྒྱད་པ་ནི་ཆིངས་བཞིས་སྤྱོད་ལམ་གྱི་ཚུལ་བསྟན་པ་ལ་བཞི་སྟེ། ལུས་སྲོག་ལ་གཅེས་འཛིན་སྐྱུར་བ། དགྲ་གཉེན་ལ་ཆགས་སྡང་གི་ཞེན་པ་བཅད་པ། དུས་གཏན་དུ་ཤེས་པ་རང་ལུགས་སུ་བཞག་པ་དང་། ན་ཚ་དུཿཁ་དང་གདོན་བགེགས་ཀྱི་རྐྱེན་སྣང་ཅི་བྱུང་ཡང་ཐབས་གཞན་མི་བཙལ་བར། གཉན་ས་དང་རི་ཁྲོད་འགྲིམ་ཞིང་ཉམས་སུ་ལེན་པའོ། །སྐྱེ་མེད་ཆིག་ཆོད་ཀྱི་ལེའུ་སྟེ་དང་པོའོ། །ཟབ་དོན་གནད་ཀྱི་མན་ངག་ལ། སྔོན་དུ་འགྲོ་བའི་མན་ངག་དང་། ཐར་པ་བྱང་ཆུབ་སྒྲུབ་པའི་མན་ངག་གོ །དང་པོ་ནི་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའོ། །
གཉིས་པ་ཐར་བ་བྱང་ཆུབ་སྒྲུབ་པའི་མན་ངག་ལ་གསུམ། དང་པོ་སྡིག་ལས་བཟློག་པར་བྱ། བར་དུ་དགེ་ལས་བཟློག་པར་བྱ། ཐ་མར་ཀུན་ལས་བཟློག་པར་བྱའོ། །གོང་མ་གཉིས་གོ་སླའོ། །ཐ་མ་ཀུན་ལས་ཟློག་པར་བྱེད་པ་ལ། ལས་དགེ་སྡིག་ཐམས་ཅད་དང་བྲལ་བའི་དོན་གཅིག་རྟོགས་དགོས་པ་ཡིན། དེ་རྟོགས་པར་བྱེད་པ་ལ་ཕ་རོལ་ཏུ་ཕྱིན་པ་བདུད་ཀྱི་གཅོད་ཡུལ་འདི་དགོས་པའོ། །དེ་ལ་ཅི་གཅོད་ན། རྣམ་རྟོག །ཕྱོགས་ཆ། གཉིས་འཛིན། ཞེ་འདོད། བདུད་ཐོགས་བཅས་ཀྱི་བདུད་ལ་སོགས་པ་གཅོད་པའོ། །འདིའི་ངེས་ཚིག་གམ་མཚན་ཉིད་ནི། དོན་དམ་གྱི་བདེན་པ་ལ་གཅོད་རྒྱུ་ཅི་ཡང་མེད། ཀུན་རྫོབ་ཀྱི་བདེན་པ་ལ་རྣམ་རྟོག་བྱུང་ཚད་ཐམས་ཅད་ཆོས་ཉིད་དུ་ཐག་བཅད་པས་བར་ཆད་ཐམས་ཅད་རང་ཞི་རང་གྲོལ་ལ་འགྲོ་བས་བདུད་རང་གྲོལ་གྱི་གདམས་ངག་དང་། བཀའ་ཐམས་ཅད་ཀྱི་དོན་ཉམས་སུ་ལེན་པས་བཀའ་དོན་ཐོག་ཏུ་དབབ་པའི་གདམས་ངག་དང་། ནད་གདོན་ལ་སོགས་པའི་རྐྱེན་ལ་གར་བརྒྱབ་ཏུ་འགྲོ་བས་སྐྱེ་མེད་ཆིག་ཆོད་ཀྱི་གདམས་ངག་ཅེས་བྱ་བའི་དོན་ཡིན་ནོ། །འདི་ནི་གཉེན་པོ་སྟོབས་ཀྱི་ལྷ་མ་ཡིན། ལྟ་བ་གྱད་ཀྱི་ལྷ་ཡིན། ལྷ་དབང་ལུས་ལ་བསྐུར་བ་མ་ཡིན། ཆོས་དབང་སེམས་ལ་བསྐུར་བ་ཡིན། རྟེན་འབྲེལ་རྫས་ཀྱི་སྲུང་བ་མ་ཡིན། ཐེག་ཆེན་ཟིལ་གནོན་གྱི་སྲུང་བ་ཡིན། དེ་ལྟ་བུའི་གདམས་པ་འདི་ལ་འཇོག་སོ་དང་འཁྱེར་སོ་རྣམ་པ་གཉིས་ལས། འཇོག་སོ་ནི། ཆོས་ཉིད་སྤྲོས་བྲལ་ལ་སྒོམ་པ་སྤྲོས་པ་ཅན་གྱིས་མི་ཡོང་པས་ཡིད་ལ་ཅི་ཡང་མི་བསམ། དམིགས་པ་གང་དུ་ཡང་མི་གཏད། རང་བྱུང་རང་གྲོལ་དུ་ཤིག་གེ་བཞག་གོ །དོན་ལ་ལྟ་སྒོམ་དེ་ལྟར་ཡིན་ཡང་། འཁྱེར་ཕྱོགས་ཀྱི་ལྟ་སྤྱོད་གཉིས་བསྲེ་མ་ཤེས་ན། ལྟ་བ་གཞི་ཐོག་ཏུ་ལུས། སྒོམ་པ་ཉམས་ཐོག་ཏུ་ལུས། སྤྱོད་པ་བླང་དོར་དུ་སོང་ནས་ལྟ་སྤྱོད་འདྲེར་མི་བཏུབ། མཉམ་རྗེས་གཅིག་ཏུ་མ་སོང་བས་ལྷ་ལ་དངོས་གྲུབ་རེ། འདྲེའི་བར་ཆོད་བྱུང་གི་དོགས། གཙང་བར་རེ། མི་གཙང་བ་བྱུང་གིས་དོགས་པ་ལ་སོགས་པའི་རྟོག་པས་ཅི་ཙམ་བསྒོམས་ཀྱང་བོགས་མི་འབྱུང་བ་ཡིན་པས། དེ་ལ་འཁྱེར་ཕྱོགས་ཀྱི་བོགས་འདོན་དགོས་པ་ཡིན། དེ་ཡང་རྒྱུད་ལས། ཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་པས་འདི་ཀུན་མི་གཙང་སྙམ་པའི་བློ་ཞིག་བྱུང་ན། སླར་ལ་མི་གཙང་བའི་གོས་གོན། མི་གཙང་བའི་ཟས་ཟ། མི་གཙང་བ་ལ་མལ་བསྲེ་བར་བྱའོ། །དེ་ལྟར་བྱས་པས་དེ་ཉིད་དག་བྱེད་དུ་འགྲོ་བ་ཡིན། ཕྱོགས་ངན་དུ་འཛིན་པའི་བློ་བྱུང་ན་དེ་རང་ལ་གཏད་ནས་འགྲོ་བར་བྱའོ། །དེས་ཕྱོགས་ངན་གྱི་བཟློག་པར་འགྲོ་བ་ཡིན། ས་ཕྱོགས་འདི་ནས་འདྲེ་གདོན་གནོད་ཟེར་ན་དེ་རང་དུ་ཕྱིན་ལ་ཉལ་ན་དེས་དབང་དུ་འདུ་བ་ཡིན། དེ་ཡང་དང་པོར་གཉན་སར་ཉལ་བའི་དུས་སུ་གཏོར་མ་དང་ལྷ་སྒོམ་པ་ལ་སོགས་པ་གཉེན་པོ་མི་བསྟེན་པར་སྟེང་ནས་གནམ་རྡིབ། འོག་ནས་ས་གྲུམ། མགོ་བོ་བྱས་བཏོག །གཞོགས་ནས་ཁྱིས་འདྲད། བདུད་ནག་པོ་མགོ་དགུ་པས་གཉའ་ཁུང་དུ་ཞོན་ནས་སྙིང་འབྱིན་དུ་བྱུང་ཡང་དེ་ཉིད་ལ་ཉམ་ང་བ་དང་བག་ཚ་བ་མི་བྱ། འཇིགས་ཤིང་སྐྲག་པའི་བསམ་པ་མི་བྱ། ཇི་ལྟར་འགྲོ་བ་སོང་། གང་འོང་བ་ཤོག་སྙམ་དུ་བསམ་ལ་རང་ཁྱིམ་དུ་ཉལ་བ་བཞིན་བདེ་འབོལ་ལེ། བག་དྲོ་འུར་རེ། ཤེས་པ་བདེ་སིང་ངེ་ཉལ་ལོ། །ཆོ་འཕྲུལ་ཆེན་པོ་བྱུང་ན་དགའ་བ་ཡིན་ལྷ་འདྲེ་སློངས་པ་ཡིན། གཅོད་ཟུག་པ་ཡིན་ནོ། །དེ་ཡང་ཤེས་རབ་ཆེ་ན་ཆོ་འཕྲུལ་ཆེ་བ་ཡིན་ནོ། །ཆོ་འཕྲུལ་ཆུང་བར་འདོད་ན། དོ་ནུབ་སང་ནུབ་ལ་སོགས་གནས་དེ་རང་དུ་བཏུད་ནས་ཉལ་བས་ཆོ་འཕྲུལ་ཇེ་ཆུང་ཇེ་ཆུང་ལ་འགྲོ་བ་ཡིན། གལ་ཏེ་ཆོ་འཕྲུལ་ཆུང་དུ་མ་སོང་ན་བྲེད་མི་དགོས། གདམས་ངག་འདི་ཡོད་ཕན་ཆད་ཆོ་འཕྲུལ་ཡོད་མེད་ཐམས་ཅད་དོན་མཉམ་ཉིད་དུ་ཤེས་དགོས། ཉལ་བའི་གནས་ནི་གཤིན་རྗེའི་དོང་ལྟ་བུ་དང་རང་ཁྱིམ་ཁྱད་མེད་དུ་ཤེས་དགོས། གཙང་མ་བྲམ་ཟེ་ལྟ་བུ་དང་མི་གཙང་བ་མཛེ་ཕོ་ལྟ་བུ་ཡང་དོན་ཁྱད་མེད་དུ་ཤེས་དགོས། དངོས་གྲུབ་སྟེར་བའི་ཡི་དམ་ལྷས་ཕན་འདོགས་པ་དང་། སྲོག་གཅོད་པའི་ཟ་འདྲེས་གནོད་པ་སྐྱེལ་བ་གཉིས་དོན་ལ་ཁྱད་མེད་དུ་ཤེས་དགོས། དེ་ལྟར་ཆོ་འཕྲུལ་མེད་པའམ་མ་བྱུང་བ་ལ་སྐྱོན་དུ་མི་བལྟ་སྟེ། དེ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཐོང་སྣང་མེད་ན་སངས་རྒྱས་ཡིན་ཞེས་སོ། །དེས་ཆོ་འཕྲུལ་ལ་སོགས་པའི་སྣང་བ་ཐམས་ཅད་འཁྲུལ་པ་ཡིན་ལ། འཁྲུལ་པའི་སྣང་བ་མེད་པ་ནི་སངས་རྒྱས་ཡིན་ནོ། །དེ་ལྟར་ཆོ་འཕྲུལ་མེད་པ་ཐམས་ཅད་ཀྱང་ཆོ་འཕྲུལ་ཨེན་ཙམ་བྱུང་བས་བྲེད་ལ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཉམས་སུ་བླངས་པས་ཆོ་འཕྲུལ་ལ་སོགས་པ་ཐམས་ཅད་སྒྱུ་མར་གོ་ནས་འཇིགས་པ་མི་འོང་སྟེ། བར་ཆད་ཞི་ནས་འགྲོ་བ་ཡིན་ནོ། །དེ་ལྟར་ཆོ་འཕྲུལ་མེད་པ་ཐམས་ཅད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་དགོངས་པའོ། །གཞན་ཡང་གཉན་སར་ཉལ་བས་འདྲེས་མ་ཚུགས་པ་དང་། ནད་པ་ལ་སོགས་པ་ལ་བྱིན་རླབས་བྱས་པས་ནད་སངས་སོང་བ་ལ་ང་རྒྱལ་རློམ་སེམས་སྐྱེས་ན་བདུད་མ་ཆོད་པ་ཡིན་པས་ཡོན་ཏན་རྣམ་པ་གང་ལའང་རློམ་སེམས་མེད་པར་གལ་ཆེའོ། །དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་རློམ་སེམས་མེད་ན་སངས་རྒྱས་ཡིན་ནོ། །དོན་དེ་ལྟར་ཉམས་སུ་བླངས་པས་ཐོགས་བཅས་ཀྱི་བདུད་ཆོད། དེ་ལ་ཐོགས་མེད་ཀྱི་བདུད་ཆོད། དགའ་བྲོད་ཀྱི་བདུད་ཆོད། སྙེམས་བྱེད་ཀྱི་བདུད་ཆོད། དེ་ལ་ཐོགས་བཅས་ཀྱི་བདུད་ནི། དགྲ་འམ། གཉན་ནམ། སྲིན་པོ་འམ། གཅན་གཟན་ནམ། འབྱུང་བའི་གནོད་པ་རྣམས་ཡིན་ནོ། །ཐོགས་མེད་ནི། ལྷ་དང་ཀླུ་དང་འདྲེ་དང་གནོད་སྦྱིན་ལ་སོགས་པ་ཡིན་ནོ། །དགའ་བྲོད་ནི། འཁོར་འདས་ལོངས་སྤྱོད་རྙེད་དང་བཀུར་སྟི་ཆོས་བརྒྱད་ཀྱི་གཡེང་བ་ལ་སོགས་པ་ལ་དགའ་ཞིང་བྲོད་པ་རྣམས་ཡིན་ནོ། །
སྙེམས་བྱེད་ནི་བློའི་སྙེམས་ཡིན་ཏེ། སངས་རྒྱས་དང་སེམས་ཅན་གྱི་བར་ན་སྙེམས་བྱེད་ཀྱི་འཛིན་པ་ལས་མེད་པས་སྙེམས་ཀྱི་ཐག་རྦད་ཆོད་ཙ་ན་ལུས་སྲོག་གི་གཅེས་འཛིན་ཐོངས་ནས་ཕུང་པོ་གཟན་དུ་སྐྱུར་ནུས་པ་ཡིན་ནོ། །ལུས་སྲོག་གི་གཅེས་འཛིན་མ་སྤང་ན་བདག་འཛིན་མ་ཐོངས་པ་ཡིན། ཉན་ཐོས་ཀྱི་ལྟ་བ་ཡང་གོལ་ས་ཡིན་པས་སངས་ག་ན་རྒྱ་གསུངས་སོ། །དེས་ན་ཆོས་གང་ལ་ཡང་སྙེམས་ཀྱི་འཛིན་པ་མེད་པར་ཉམས་སུ་བླངས་པ་གལ་ཆེ་བ་ཡིན་ནོ། །དེ་ལྟར་ཉམས་སུ་བླང་ན་སྣང་བ་གཉིས་སྣང་དུ་ཤར་ཡང་མི་སྟོ་(༡)སྟེ། གཉིས་སྣང་དུ་མི་གཟུང་པས་ཆོག་པ་ཡིན་ནོ། །དེས་ན་འཇིག་རྟེན་གྱི་སྣང་བ་ལ་རང་རྒྱུད་དུ་མི་གཟུང་བར་སེམས་ཉིད་མ་བཅོས་པའི་ངང་དུ་བཞག་པར་བྱའོ། །ན་ཚ་དུཿཁ་ཅི་བྱུང་ཡང་ཐབས་གཞན་མི་བཙལ་བར་རི་ཁྲོད་དང་གཉན་ཁྲོད་འགྲིམ་ལ་ཉམས་སུ་བླང་ངོ་། །དེ་ལྟ་བུའི་ཉམས་ལེན་ནི་བྱང་ཆུབ་སྒྲུབ་པའི་ལམ། སངས་རྒྱས་སྒྲུབ་པའི་ཐབས། བར་ཆད་བཟློག་པའི་མན་ངག་ཡིན་པས་དུས་རྒྱུན་དུ་ཉམས་སུ་བླང་བར་བྱའོ། །ཟབ་དོན་གནད་ཀྱི་མན་ངག་སྟེ་ལེའུ་གཉིས་པའོ། །
གནས་ལུགས་དོན་སྒོམ་གྱི་མན་ངག་འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་རྩ་བའི་གཞི་བཟུང་བ་དང་། བྱིན་རླབས་ལུས་སེམས་ཕྲལ་བས་སྣང་སེམས་གཏན་ལ་དབབ་པ་དང་། སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པས་དོན་ཉམས་སུ་བླངས་པའོ། །དེ་ལ་དང་པོ་སྤྱིར་ཤེས་སོ། །གཉིས་པ་བྱིན་རླབས་ལུས་སེམས་ཕྲལ་བ་ནི། རང་གི་རིག་པ་མི་དྲན་དགུ་དྲན་འདི་དཔེར་ན་ཆུ་ཁའི་མགྲོན་པོ་བཞིན་དུ་རྐང་མཐིལ་ནས་རྐང་པའི་ཤ་མདངས་བར་ན་ཡར་ཁྱུག་གེ་ཕྲིལ་ལེ་བྱུང་སྟེ། དེ་ནས་བརླ་བར་ན་ཡར། དེ་ནས་གསང་གནས་ན་ཡར། དེ་ནས་ལྟེ་བ། དེ་ནས་སྙིང་ཁ། མགྲིན་པ། ཚངས་པའི་བུ་ག་ཡར་རིག་པ་ཁྱུག་ཕྲིལ་གྱིས་བཏོན་ལ། ནམ་མཁའ་ལ་ཐོགས་ཆགས་མེད་པར་རྒྱངས་ཀྱིས་བཏང་ངོ་། །དེ་ཡང་ནམ་མཁས་གར་ཁྱབ་རིག་པས་ཁྱབ་པས་ཆོས་ཉིད་ཁྱབ་གདལ་ཆེན་པོའི་ངང་དུ་ངོ་བོ་རྩ་བྲལ་དུ་ཤིག་གེ་བཞག་གོ །དེ་ལྟ་བུ་ལན་གསུམ་བྱའོ། །དེའི་རྗེས་ལ་རིག་སྟོང་གཉིས་སུ་མེད་པར་བསྲེས་ལ་སེམས་ཉིད་མ་བཅོས་པར་གསལ་སིང་ངེ་བཞག་གོ །དེ་ལྟར་བཞག་པས་སྣང་སེམས་གཉིས་སུ་མེད་པར་གཏན་ལ་ཕེབས་འགྲོ་བ་ཡིན་ནོ། །
གསུམ་པ་སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་དོན་ཉམས་སུ་བླངས་པ་ནི། སྣང་སེམས་གཉིས་སུ་མེད་པའི་རྣལ་འབྱོར་པས་ལུས་བྱར་མེད། ངག་བརྗོད་མེད། སེམས་རང་གསལ་འཛིན་མེད། ཡིད་ལ་བྱར་མེད་པར་ལྷན་གྱིས་གློད་ནས་བཞག་པས་འཁྲུལ་སྣང་དྲན་མེད་ཀྱི་ཤེས་པ་ཆོས་ཉིད་དུ་འཆར་རོ། །དེ་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། ཨ་མ་ཇོ་མོའི་ཞལ་ནས། གྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། །གསལ་བརྡོ་ཙ་ན་རྒྱངས་ཀྱིས་སྐྱུར། །སྒོམ་གྱི་གནད་ཅིག་དེ་ན་གདའ། །ཞེས་གསུངས། ཡུམ་ལས་ཀྱང་། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པའོ་ཞེས་གསུངས་སོ། །དེ་ལྟར་དཀོན་མཆོག་གསུམ་ནི་རང་གི་སེམས་ཡིན། སེམས་རྩ་བྲལ་ཡིད་ལ་བྱར་མེད་ཅིང་བློ་ལས་འདས་པའོ། །དེ་ཉིད་ཀྱི་དོན་ལ་གོམས་པ་མངོན་དུ་གྱུར་ཙམ་ན་གོལ་སར་མི་ལྟུང་སྟེ་སངས་རྒྱས་ཀྱི་སར་ཕྱིན་པའོ། །དེ་སྐད་དུ་མདོ་ལས་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་བའོ། །དེ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་ངོ་། །སེམས་ཅན་སྨིན་པར་བྱེད་དོ། །མྱུར་དུ་མངོན་པར་རྫོགས་པར་སངས་རྒྱའོ་ཞེས་གསུངས་སོ། །
དེ་ལྟར་ཆོས་ཉིད་ཀྱི་དོན་གང་ཡང་ཡིད་ལ་མི་བྱེད་པ་དེ་ཉིད་ཉམས་སུ་བླངས་པས་ཁམས་གསུམ་འཁོར་བའི་གནས་ལས་གྲོལ་ནས་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པའོ། །དེ་ཡང་མདོ་ལས། གང་ཞིག་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པས་གཟུགས་ཡིད་ལ་མི་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས་འདོད་པའི་ཁམས་སུ་སྐྱེ་བར་མི་འགྱུར་རོ། །གཟུགས་ཀྱི་ཁམས་སུ། གཟུགས་མེད་པའི་ཁམས་སུ་སྐྱེ་བར་མི་འགྱུར་རོ་ཞེས་སོ། །དེ་ལྟར་བསྒོམ་ཞིང་ཉམས་སུ་བླངས་པས་ནག་པོའི་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་དོན་དམ་པའི་གཟི་བརྗིད་མ་བཟོད་ནས་ཆོ་འཕྲུལ་སྣ་ཚོགས་ལང་འོང་བ་ཡིན་ནོ། །དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པར་དོན་དམ་ཆོས་ཉིད་ཀྱི་ངང་ལ་བློ་ལྷན་ནེ་བཞག་པར་བྱའོ། །དེ་ཡང་དབང་པོ་རབ་ཀྱིས་ལྷ་འདྲེ་ལ་སོགས་པའི་ཆོ་འཕྲུལ་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ཆོ་འཕྲུལ་དུ་ཤེས་པར་བྱ་སྟེ། ཆོ་འཕྲུལ་ཐམས་ཅད་བྱུང་ཡང་སྐྱེ་བ་མེད་པའི་ངང་ལས་བྱུང་། གྲོལ་ཡང་སྐྱེ་བ་མེད་པའི་ངང་དུ་གྲོལ་བ་ཡིན་ནོ། །དེ་ཙམ་ན་བདུད་སློབ་དཔོན་དུ་གྱུར་པ་ཡིན། བར་ཆད་དངོས་གྲུབ་ཏུ་འབྱུང་བ་ཡིན། འགལ་རྐྱེན་གྲོགས་སུ་ཤར་བ་བྱ་བ་ཡིན་གསུངས། དབང་པོ་འབྲིང་གིས་བསྒོམ་པས་གལ་ཏེ་ཆོ་འཕྲུལ་ལ་འཇིགས་སྣང་བྱུང་ན། རིག་པ་ནམ་མཁའི་མཐོངས་སུ་རྒྱངས་ཀྱིས་བཏང་ནས་ལུས་ལ་ཕངས་སེམས་མེད་པར་ཤ་ཁྱེར་ཁྲག་ཁྱེར་གྱི་བློས་སྦྱིན་པར་བཏང་ངོ་། །དབང་པོ་ཐ་མས་དེ་ལྟར་བསྒོམས་པས་ཆོ་འཕྲུལ་དང་འཇིགས་སྣང་བྱུང་ན། ལུས་ས་རྡོ་དང་འདྲ་བ་འདི་ལ་གནོད་རུང་མི་གནོད་རུང་། ལུས་བདག་མེད་ཡིན། སེམས་སྟོང་པ་དངོས་མེད་འདི་ལ་གང་གིས་གང་ལ་གནོད་པ་བྱེད། སེམས་འདི་ནི་ང་རང་གིས་བཙལ་བས་མ་རྙེད་པ་ལ་འདྲེ་ཁྱོད་ཀྱིས་གནོད་པ་སྐྱེལ་ས་ཞིག་རྙེད་དམ་སྙམ་དུ་བསམ་ལ། སེམས་ངོ་བོ་རྩ་བྲལ་དུ་འབོལ་ལེ་ཤིག་གེ་བཞག་པས་གང་གིས་ཀྱང་གླགས་མི་རྙེད་པའོ། །དེ་ཡང་སྡུད་པ་ལས། གང་ཚེ་མཁས་པ་དེ་དག་བསམ་པ་རབ་བརྟན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་ལྟ། །དེ་ཚེ་ལུས་ངག་ཡིད་ནི་མཁའ་ལ་བྱ་བཞིན་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་སོ། །དེ་ལྟར་སེམས་ཉིད་ངོ་བོ་རྩ་བྲལ་གཉིས་མེད་བློ་འདས་ཆེན་པོའི་ངང་ལ་ཡེངས་མེད་རྒྱུན་ཆད་མེད་པར་སལ་ལེ་སིང་ངེ་བཞག་གོ །དེ་ཡང་བྲམ་ཟེ་ཆེན་པོའི་ཞལ་ནས། རིག་པ་སྟོང་པ་ཉིད་ལ་ཕྱི་ནང་མེད་པས་ཚོགས་དྲུག་ནང་དུ་མི་དགུག །རིག་པ་ཆུ་བོའི་རྒྱུན་ཆགས་ཡིན་པས་མཉམ་བཞག་རྗེས་ཐོབ་མི་བྱ། སེམས་ཉིད་མ་བཙལ་ལྷུན་གྲུབ་ཡིན་པས་རེ་དོགས་གང་ཡང་མི་བྱའོ་ཞེས་སོ། །དེ་ལྟར་སྒོམ་དྲན་མེད་ཡེངས་མེད་དུ་ཉམས་སུ་བླངས་པས་ཆོས་ཉིད་རྩ་བྲལ་ཡིད་ལ་མི་བྱེད་པ་བློ་ལས་འདས་པའི་དགོངས་པ་རྒྱུད་ལ་འཆར་བའོ། །གནས་ལུགས་དོན་སྒོམ་གྱི་མན་ངག་གི་ལེའུ་སྟེ་གསུམ་པའོ། །
མན་ངག་ཚིག་དོན་གསུམ་ལ། གདམས་པའི་ལག་ལེན་བསྟན་པ་དང་། སེམས་ཀྱི་དོན་བསྟན་པ་དང་། བདུད་ཀྱི་བཅད་ཐབས་བསྟན་པའོ། །དང་པོ་ལ་བཞི་སྟེ། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད། བྱིན་རླབས་ལུས་སེམས་ཕྲལ་བ། སྒོམ་དྲན་པ་མེད་པ། ལྟ་བ་བདུད་ཀྱི་བཅད་ཐབས་བསྟན་པའོ། །གཉིས་པ་སེམས་ཀྱི་དོན་བསྟན་པ་ལ་དྲུག་སྟེ། མ་བཅོས་པ། མ་བསླད་པ། མ་སྒྱུར་བ། རང་ལུགས། རང་སོ། གཉུག་མ་དང་དྲུག་གོ །གསུམ་པ་བདུད་ཀྱི་བཅད་ཐབས་བསྟན་པ་ལ། སྤྱིར་བདུད་ལ་དབྱེ་བ་དང་རྣམ་གྲངས་མང་ན་ཡང་། འདིར་བདུད་རྣམ་པ་གསུམ་དུ་ངོས་འཛིན་ཏེ། ཐོགས་བཅས་ཡུལ་གྱི་བདུད། ཐོགས་མེད་ཡིད་ཀྱི་བདུད། རྣམ་རྟོག་བློ་ཡི་བདུད་གསུམ་མོ། །དེ་ལ་དང་པོ་ནི། ཕྱི་ནང་སྣོད་བཅུད་ལ་སོགས་པའི་ཆོས་ཐམས་ཅད་ཞེན་ཡུལ་ཕྲག་དོག་ཐོགས་བཅས་ཀྱི་བདུད་ཡིན་པས། དེ་ཐམས་ཅད་ཞེན་མེད་རང་གི་སེམས་སུ་ཐག་རྦད་བཅད་དགོས་པ་ཡིན། སེམས་ཉིད་ཆོས་ཀྱི་སྐུ་རུ་ཤེས་དགོས་པ་ཡིན་ནོ། །
གཉིས་པ་ཐོགས་མེད་ནི། ཡིད་ལ་གཟུང་འཛིན་གྱི་གནོད་པ་ཐམས་ཅད་འཛིན་པའི་བདུད་ཡིན་པས་ལས་མི་དགེ་བ་བཅུ་མི་བྱེད་པར་ཐག་རྦད་ཀྱིས་བཅད་ནས་དགེ་བ་བཅུ་ཞེན་མེད་དུ་ཉམས་སུ་ལེན་དགོས་པ་ཡིན་ནོ། །གསུམ་པ་རྣམ་རྟོག་བློའི་བདུད་ལ་གསུམ་སྟེ། སྙེམས་རྣམ་པ་གསུམ་གྱི་སྒོ་ནས་ལམ་ཁྱེར་བསྟན་པ་དང་། མན་ངག་རྣམ་པ་བཞིའི་སྒོ་ནས་ཉམས་སུ་བླང་བ་དང་། ཡིད་ཆེས་བཅུ་གཉིས་ཀྱི་སྒོ་ནས་ལ་བཟླ་བར་བསྟན་པའོ། །དང་པོ་ནི། ཐོག་མར་སྙེམས་ལ་བྱོལ། བར་དུ་སྙེམས་ལ་བསྲེ། ཐ་མར་སྙེམས་ཐགས་བཅད་པའོ། །གཉིས་པ་མན་ངག་བཞིའི་ཉམས་སུ་བླངས་པ་ནི། ལྟ་བ་ཕུང་པོ་གཟན་དུ་སྐྱུར་བ། སྒོམ་པ་རྐྱེན་ངན་གྲོགས་སུ་བླང་བ། སྤྱོད་པ་ཤུགས་འབྱུང་ཐུག་ཕྲད་དུ་བྱ་བ། འབྲས་བུ་དྲི་མེད་གཏིང་གསལ་དུ་རྟོགས་པའོ། །གསུམ་པ་ཡིད་ཆེས་བཅུ་གཉིས་ནི། ལྟ་བའི་གསུམ། སྒོམ་པའི་གསུམ། སྤྱོད་པའི་གསུམ། འབྲས་བུའི་གསུམ་མོ། །དེ་ལ་དང་པོ་གསུམ་ནི། སྣང་བ་སེམས་སུ་ཡིད་ཆེས་པས་མ་བཅོས་རང་ཤར་དུ་ཐག་ཆོད། སེམས་སྟོང་ཉིད་དུ་ཡིད་ཆེས་པས་རང་ཤར་རང་གྲོལ་དུ་ཐག་ཆོད། ངོ་བོ་རྒྱུན་ཆད་མེད་པར་ཡིད་ཆེས་པས་རང་བྱུང་ལྷུན་གྲུབ་ཏུ་ཐག་ཆོད་པའོ། །གཉིས་པ་སྒོམ་པའི་གསུམ་ནི། རྩོལ་སྒྲུབ་མེད་པར་ཡིད་ཆེས་པས་མ་བཅོས་ལྷུག་པར་ཐག་ཆོད། བདེ་གསལ་དུ་ཡིད་ཆེས་པས་འོད་གསལ་དུ་ཐག་ཆོད། བཅོས་སུ་མེད་པར་ཡིད་ཆེས་པས་རང་གྲོལ་དུ་ཐག་ཆོད་པའོ། །སྤྱོད་པའི་གསུམ་ནི། བདེ་བ་སྒྲུབ་ཏུ་མེད་པར་ཡིད་ཆེས་པས་རང་ཤར་དུ་ཐག་ཆོད། དུཿཁ་སྤང་དུ་མེད་པར་ཡིད་ཆེས་པས་རང་གྲོལ་དུ་ཐག་ཆོད། སྤྱོད་པ་སྤྱད་དུ་མེད་པར་ཡིད་ཆེས་པས་གཉིས་མེད་དུ་ཐག་ཆོད་པའོ། །འབྲས་བུའི་གསུམ་ནི། འཁོར་བ་སྤང་དུ་མེད་པར་ཡིད་ཆེས་པས་གཉིས་མེད་དུ་ཐག་ཆོད། མྱང་འདས་སྒྲུབ་ཏུ་མེད་པར་ཡིད་ཆེས་པས་དབྱེར་མེད་དུ་ཐག་ཆོད། རང་སེམས་སངས་རྒྱས་སུ་ཡིད་ཆེས་པས་བྱ་རྩོལ་མེད་པར་ཐག་ཆོད་པའོ། །དེ་ལྟར་ཡིད་ཆེས་པ་ལྟ་བ་ཡིན། ཐག་ཆོད་པ་སྒོམ་པ་ཡིན། ཞེ་འཛིན་བྲལ་བ་སྤྱོད་པ་ཡིན། མི་འགྱུར་བ་འབྲས་བུ་ཡིན་ནོ། །གདམས་ངག་ཚིག་དོན་གསུམ་གྱི་ལེའུ་སྟེ་བཞི་པའོ།། །།
ཆེ་བ་རྣམ་པ་གསུམ་གྱི་གདམས་པ་ལ། དང་པོ་ལྟ་བའི་རྦད་ཁམ་ཆེ་བ་ཞིག་དགོས། གཉིས་པ་སྒོམ་པའི་བློ་རྒྱ་ཆེ་བ་ཞིག་དགོས། གསུམ་པ་སྤྱོད་པའི་གཅོད་ཁམ་ཆེ་བ་ཞིག་དགོས། །དང་པོ་ལྟ་བའི་རྦད་ཁམ་ཆེ་བ་བྱ་བ་ནི། ཅི་ཡང་ཁས་མི་ལེན་པ་ཞིག་ལ་ཟེར་བ་ཡིན། ཅིར་སྣང་ཐམས་ཅད་ཆོས་ཉིད་སྒྱུ་མ་ལྟ་བུའི་ངང་ནས་ཆོས་སྤྱོད་དགེ་བ་བཅུ་དང་། སྡིག་པ་མི་དགེ་བ་བཅུའི་རྒྱུ་འབྲས་ཁྱད་དུ་མི་གསོད་པར། དགེ་སྡིག་གི་འཇུག་ལྡོག་བྱེད་ཅིང་། དེ་ཉིད་ལ་འཛིན་ཞེན་མེད་པར་བྱས་ལ། སྣང་སྲིད་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རང་གི་སེམས་སུ་ཐག་བཅད། སེམས་སྐྱེ་འགག་གཉིས་སུ་མེད་པར་ཐག་བཅད། སྐྱེ་འགག་གཉིས་མེད་ཆོས་ཀྱི་སྐུ་རུ་ཐག་རྦད་བཅད་ལ། ཆོས་ཀྱི་སྐུ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཞིག་དགོས་པ་ཡིན། དེ་ཉིད་ཀྱི་སྟེང་ནས་དགེ་སྡིག་དང་འཁོར་འདས་ཀྱི་སྣང་བ་གང་ལ་ཡང་འཛིན་པ་མི་བྱེད་ཅིང་། གནས་ལུགས་ངོ་བོ་རྩ་བྲལ་ཕྱོགས་རིས་མེད་པའི་ངང་ལ་རིག་པ་ཁྱབ་གདལ་ཆེན་པོའི་ཀློང་དུ་འབོལ་ལེ་ཤིག་གེ་བཞག་གོ །དེ་ལྟར་ལྟ་བའི་དོན་ལ་སྣང་བ་འཛིན་མེད་རང་གྲོལ་དུ་བཞག། རིག་པ་གཏད་མེད་ཟང་ཐལ་དུ་བཞག་གོ །དེ་ལྟར་ལྟ་བའི་དོན་ལ་བློ་འཛིན་མེད་དུ་ཤེས་ཤིང་དེ་ལ་རྒྱུན་དུ་གནས་ན་ཁམས་གསུམ་འཁོར་བའི་གནས་ལས་གྲོལ་བའོ། །དེ་ཡང་སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་སོ། །དེ་རྣམས་ཀྱིས་ལྟ་བ་ཁམས་གསུམ་ཡོངས་གྲོལ་དུ་བསྟན་པའོ། །
གཉིས་པ་སྒོམ་པའི་བློ་རྒྱ་ཆེ་བ་ནི། དེ་དོན་ཆལ་པར་བཏང་བ་ཞིག་ལ་ཟེར་བ་མིན། ལྟ་བའི་དོན་སྒོམ་པའི་ངོ་བོ་སེམས་ཀྱི་རང་བཞིན་འཁོར་འདས་ཡོངས་ལ་ཁྱབ་པའོ། །ངོ་བོ་མི་འགྱུར་བ། རྩལ་སྣ་ཚོགས་སུ་འཆར་བ། གཏིང་མི་གཡོ་བ། གཡོ་འགུལ་མེད་པར་ཐམས་ཅད་གཡོ་བ། གཡོས་ཙམ་ཉིད་ནས་གཡོ་བ་མེད་པ། བདེ་བ་ཆེན་པོ། གསལ་སྟོང་ཕྱོགས་མེད། སྣ་ཚོགས་གཉིས་མེད། རིག་སྟོང་དབྱེར་མེད། བདག་སྟོང་རྩ་བྲལ། ངོ་བོ་ལྷུན་གྲུབ། རང་བྱུང་བསམ་གྱིས་མི་ཁྱབ་པའི་ངང་དེ་ཉིད་ལས་མ་གཡོས་པར་བཞག །མ་བསླད་པར་བཞག །མ་བསྒྱུར་བར་བཞག །འཛིན་མེད་རང་གསལ་དུ་བཞག་གོ །དེ་ལྟར་ཆོས་ཉིད་ཁྱབ་གདལ་ཆེན་པོའི་སྒོམ་ལ་གསལ་འགྲིབ་མེད་པར་ལྷན་ནེ། ལྷང་ངེ་། ལྷམ་མེ་བ་ལ་དོན་མ་ཡེངས་ཙམ་དུ་བཞག་གོ །དེ་ལྟར་བསྒོམས་པས་ཉམས་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་རྫོགས་པར་འཆར་རོ། །དེ་ཡང་སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོད། །རིགས་དང་མངོན་ཤེས་དག་དང་ཏིང་འཛིན་མངོན་པར་འགྲུབ། །ཅེས་སོ། །དེ་རྣམས་ཀྱིས་སྒོམ་པ་ས་འགུལ་དང་གནམ་འགུལ་དུ་བསྟན་པའོ། །
གསུམ་པ་སྤྱོད་པའི་གཅོད་ཁམ་ཆེ་བ་ནི། ཅི་འདོད་གང་རུང་དུ་བྱེད་པ་ཞིག་ལ་ཟེར་བ་མིན་སྐྱབས་དཀོན་མཆོག་གསུམ་བློ་ཡིས་མི་འདོར་ཞིང་རྒྱུ་འབྲས་ཁྱད་དུ་མི་གསོད་པར་སྣང་བའི་རང་བཞིན་ནི་འགག་མེད་དུ་ཤར་བ་ལ། འཛིན་པའི་རྟོག་པ་ཞེན་མེད་དུ་རྦད་གཅོད་པ་ཡིན། གལ་ཏེ་འཛིན་པའམ། ཉམ་ང་བའམ། བག་ཚ་བའམ། སྐྱུག་བྲོ་བའི་རྟོག་པ་བྱུང་ན། ནང་དུ་སྒོམ་པ་ལ་རིག་པའི་ངར་བཏགས་ལ། འཇིགས་ན་འཇིགས་ཐོག་ཏུ་སྐྱུར། ཉམ་ང་ན་ང་ཐོག་ཏུ་སྐྱུར། སྐྱུག་བྲོ་ན་བྲོ་ཐོག་ཏུ་སྐྱུར། དེ་ལྟར་གང་མི་ཕོད་པ་དེ་ལ་ཐོག་བརྫིས་སུ་བྱས་ནས་བློའི་སྙེམས་ཐག་རྦད་རྦུད་ལ་གཅོད་པ་ཡིན་ནོ། །རྗེས་ལ་བསྒོམ་པའི་སྟེང་དུ་བློ་ལྷན་གྱིས་ཕབ་ལ་ལྷོད་ཀྱིས་གློད་ལ་བཞག །ཅི་ལ་ཡང་རྩིས་གདབ་མེད་ཅིང་གང་ལ་ཡང་རེ་དོགས་མེད་པར་ལྷོད་དེ་བཞག །ལར་ཐམས་ཅད་བློ་བྲལ་རྟེན་མེད་དུ་མ་ཤེས་ན། ཇི་ལྟར་བྱས་ཀྱང་འཆིང་བྱེད་དུ་འགྲོ་བས་འཛིན་མེད་རང་གྲོལ་དུ་བཞག་གོ །དེ་ཡང་སྣང་བའི་འཆར་སྒོ་ཡིན་པས་དགག་མི་དགོས། ཤར་བ་འཛིན་ཞེན་མི་བྱ། སྟོང་པ་རང་གནས་ཡིན་པས་སྒྲུབ་མི་དགོས། དོན་དམ་ཆོས་ཉིད་བློ་བྲལ་དུ་བཞག་པས་ཆོག་པ་ཡིན། དེ་ལྟར་བྱས་པས་ཆགས་སྡང་གི་བག་ཆགས་མི་སོག །དབང་མེད་འཁོར་བར་མི་འཁྱམས། དེ་ལྟར་སྤྱོད་པའི་རྩལ་ཕྱོགས་མེད་དུ་སྦྱངས་ལ་ཞེན་མེད་དུ་སྤྱད་དོ། །དེ་ཡང་སྡུད་པ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །ཞེས་གསུངས་སོ། །དེ་རྣམས་ཀྱིས་སྤྱོད་པ་འཕྲུལ་གྱི་རལ་གྲི་ལྟ་བུར་བསྟན་པའོ། །ལྟ་སྒོམ་སྤྱོད་པའི་དོན་དེ་རྣམས་རྩལ་རྫོགས་ནས་མ་རྟོགས་འཁྲུལ་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་མཁྱེན་པའི་ཡེ་ཤེས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ། ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་ལ་དགོངས་ནས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་མཛད་པའོ། །དེ་ཡང་སྡུད་པ་ལས། མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །དུཿཁ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་གསུངས་སོ། །ཆེ་བ་གསུམ་གྱི་གདམས་པའི་ལེའུ་སྟེ་ལྔ་པའོ།། །།
ཚིག་དོན་གཉིས་ཀྱི་མན་ངག་ལ། དད་པ་ཅན་གཡང་ལ་མི་བསྐྱུར་བ་དང་། ཤེས་རབ་ཅན་སྒྲོག་ཏུ་མི་གཞུག་པ་དང་གཉིས་སོ། །དད་པ་ཅན་ལ་ཆོས་སྤྱོད་གདམས་པར་བྱེད། སྒོམ་རང་བྱན་ཚུད་པར་བྱེད། རང་སེམས་གཡོ་འགུལ་མེད་པར་བྱེད། དམ་ཚིག་ངོ་ལྐོག་མེད་པར་སྲུང་བའོ། །ཤེས་རབ་ཅན་སྒྲོག་ཏུ་མི་གཞུག་པ་ནི། རྣམ་རྟོག་ངན་པ་དྲེས་ཀྱི་སྒྲོག །གྲུབ་མཐའ་ངན་པ་ལྕགས་ཀྱི་སྒྲོག །སྒོམ་ཉམས་བདེ་གསལ་གསེར་གྱི་སྒྲོག་ཡིན་གསུངས་སོ། །དོན་ཉམས་སུ་ལེན་ན་ཇི་ལྟར་ལེན་ཞུས་པས། དང་པོ་ལྟ་བས་ཐག་ཆོད་པ། བར་དུ་མཉམ་པར་བཞག་པ་ལ་ཡིད་ཆེས་པ། ཐ་མར་ཆོས་ཐམས་ཅད་སེམས་སུ་འཁྱེར་ཤེས་པ་ཞིག་དགོས་གསུངས་སོ། །དོན་དེ་ལྟར་ཉམས་སུ་མྱོང་པ་ལ་ཚད་ཇི་ལྟ་བུ་ཞུས་པས། དེ་ལྟར་ཉམས་སུ་མྱོང་བའི་ཚར་ཚད་ལ་གཉིས་གསུངས། མངོན་སུམ་དང་ནི་ལྐོག་གྱུར་རོ། །མངོན་སུམ་ལ་ནི་རྣམ་པ་གཉིས། །དངོས་སུ་མཐོང་བའི་ལྷ་འདྲེ་དང་། །གཟི་བྱིན་གྱི་ནི་ཆོ་འཕྲུལ་ལོ། །ལྐོག་གྱུར་ལ་ནི་རྣམ་པ་བཞི། །ཐུན་མོང་ཚར་བའི་ཚད་དང་ནི། །དམ་ལ་ཐོག་པའི་ཚར་ཚད་དང་། །དྲི་མེད་ཁྱད་པར་ཚར་ཚད་དང་། །མཐར་ཕྱིན་མཆོག་གི་ཚར་ཚད་དོ། །དང་པོ་དངོས་སུ་མཐོང་བ་ནི། །ལ་ལ་མི་ཡི་གཟུགས་སུ་འོང་། །ལ་ལ་མི་ནག་འཇིགས་པའི་གཟུགས། །བུད་མེད་ནག་མོ་མཆེ་བ་ཅན། །ཁྲོ་ཞིང་འཚིག་པས་བཞིན་བཟློག་འོང་། །སྡོམ་དང་སྡིག་པ་སྦལ་སྦྲུལ་གཟུགས། །མེ་ལ་སོགས་པའི་སྤྲུལ་པ་དང་། །སེང་གེའི་གཟུགས་དང་སྤྲེའུ་དང་། །འབག་ལ་སོགས་པར་སྤྲུལ་ནས་འོང་། །དེ་བཞིན་དྲུང་དུ་འོང་ནས་ནི། །ཁྱོད་ནི་འདི་ན་ཅི་བྱེད་ཟེར། །བླ་བོ་ལབ་ཅིང་ཤེས་པ་བསྒྱུར། །འདི་ནི་ཆོས་མིན་ལམ་ལོག་ཡིན། །ཟེར་ཞིང་རྒྱུད་ལ་བར་ཆད་རྩོམ། །དེ་སྐད་སྨྲས་པའི་ཆོ་འཕྲུལ་ནི། །རྣམ་པ་སྣ་ཚོགས་སྟོན་དུ་འོང་། །དེ་ལ་ཇི་ལྟར་བཅད་ཅེ་ན། །དུས་གསུམ་རྒྱལ་བས་གསུངས་པ་ཡི། །ཅི་ཡང་ཡིད་ལ་མི་བྱེད་པའི། །མ་ཡེངས་དེ་ཡི་ངང་བཞག་པས། །རང་གི་རྟོག་འཛིན་ཐོངས་ཙམ་ན། །ཁོ་ཡང་འབོལ་ལེ་ཤིག་གེ་སྣང་། །རྟོག་པ་སྐྱེ་མེད་དུ་ཤེས་པས། །ཆོ་འཕྲུལ་སྐྱེ་མེད་ངང་དུ་ཞི། །ཆོ་འཕྲུལ་རང་ཞི་ཚར་ཚད་དོ། །འབྲིང་དང་ཐ་མ་དཀྱུས་ན་གསལ། །གཉིས་པ་གཟི་བྱིན་ཅན་ལ་ཡང་། །གདུག་པ་ཅན་གྱི་ཟིལ་གྱིས་ནི། །སྐྱི་ཟིང་རྔུལ་ཤུམ་བྱེད་པ་འོང་། །མདུན་དུ་བལྟས་པས་རྒྱབ་ན་ཡོད། །རྒྱབ་ན་བལྟས་པས་མདུན་ན་ཡོད། །དེ་ལྟར་ལྷ་འདྲེའི་ཚོགས་རྣམས་ཀྱང་། །ཡོད་དམ་མེད་དམ་སྙམ་པའོ། །སྤྱིར་ནི་ཉམས་ལེན་གོང་དང་འདྲ། །དེ་ལྟའི་སྐྱི་ཟིང་ནམ་མཁའ་ལ། །ཡིད་ཀྱིས་ཁྱེར་སྙམ་བྱེད་པའི་ཚེ། །གོས་སྐྱུར་གཅེས་བུར་ཀག་ལངས་ལ། །ཆུ་མིག་ལ་ནི་ཁྲུས་ཀྱང་བྱ། །དེ་བཞིན་བཏུང་དང་ཁྲུས་ཀྱང་བྱ། །དེ་ལྟར་བྱས་པ་ཙམ་གྱིས་ནི། །ཆོ་འཕྲུལ་གར་སོང་ཆ་ཡང་མེད། །ཤེས་པ་བག་དྲོ་ཉམས་དགའ་བ། །དེ་ནི་དེ་ཡི་ཚར་ཚད་དོ། །ལྐོག་གྱུར་ལ་ཡང་རྣམ་པ་བཞི། །ཐུན་མོང་ཚར་བའི་ཚད་དང་ནི། །དམ་ལ་ཐོགས་པའི་ཚར་ཚད་དང་། །དྲི་མ་མེད་པའི་ཚར་ཚད་དང་། །མཐར་ཕྱིན་མཆོག་གི་ཚར་ཚད་དོ། །དང་པོ་ཐུན་མོང་ཚར་ཚད་ནི། །གཉན་སའི་འདྲེ་དང་རང་གནོད་འདྲེ། །དེ་གཉིས་བྱེ་བྲག་ཕྱེད་པ་གཅེས། །གཉན་ས་དེ་རུ་ཉལ་བའི་ཚེ། །དེ་ཡི་ཆོ་འཕྲུལ་མ་བྱུང་བར། །རང་ལ་གནོད་པའི་ཆོ་འཕྲུལ་ནི། །ཆེན་པོ་བྱུང་ན་དེ་མི་གཉན། །སྲོད་ལ་གཉན་སའི་ཆོ་འཕྲུལ་འོང་། །ནམ་སྨད་རང་གནོད་ཆོ་འཕྲུལ་འོང་། །གཉན་སའི་ལྷ་འདྲེ་འབྲིང་པོ་ཡིན། །གཉན་སའི་ཆོ་འཕྲུལ་ཉི་ཚེ་ལས། །གནོད་པའི་ཟང་ཟིང་མ་བྱུང་ན། །དེ་ནི་གཉན་ས་ཆེན་པོ་ཡིན། །གཉན་ས་དེ་རུ་གཅོད་བྱས་པས། །ཆོ་འཕྲུལ་མི་འདྲ་སྣ་ཚོགས་འབྱུང་། །ལ་ལ་སྡོམ་དང་སྡིག་པ་དང་། །སྦལ་ལྕོང་སྦྲུལ་དང་གྲོག་སྦུར་དང་། །མི་ནག་འཇིགས་སུ་རུང་བའི་ཚོགས། །སྲིན་མོ་རལ་པ་བསིག་པ་དང་། །འདྲེ་ཚོགས་འདུས་ནས་འདྲུད་པ་དང་། །སྲོག་ཆགས་ལུས་ལ་ཞུགས་པ་དང་། །ལུས་ཀྱི་སྙིང་བཏོན་དམར་ཙར་རེ། །ལག་ཏུ་ཁྱེར་ནས་སོང་བ་དང་། །བཏེགས་ནས་རྦབ་ཏུ་བོར་བ་དང་། །སྡིག་པ་ལུས་ལ་ཞུགས་ནས་ནི། །རྭ་གཉིས་མཆན་འོག་དག་ཏུ་བཏོན། །སྦྲུལ་ནག་རྐང་པའི་མཐིལ་དུ་ཞུགས། །མགོ་བོ་སྤྱི་བོའི་གཙུག་ཏུ་བཏོན། །དེ་འདྲའི་ཆོ་འཕྲུལ་བྱུང་བའི་ཚེ། །གཉིད་ནི་ཕྲད་ཀྱིས་སད་ཙ་ན། །ཆོ་འཕྲུལ་རྟོག་དཔྱོད་མ་སེམས་པར། །ཆོས་ཉིད་ངང་དུ་ལྷན་གྱིས་བཞག །སྙེམས་མེད་ངང་དུ་ཉལ་བསྡད་པས། །གཉིད་དུ་སོང་བའི་རྨི་ལམ་ན། །བཟའ་རྒྱུ་འདྲེན་དང་ཆང་འདྲེན་དང་། །ལུས་ལས་ནད་གདོན་བཏོན་པ་དང་། །སེམས་ཅན་ཞུགས་པ་ཐོན་པ་དང་། །སྙིང་ཁྱེར་ཚུལ་ལ་གཏོད་པ་དང་། །ཁྲག་ངན་ཆུ་སེར་ཐོན་པ་དང་། །དར་ཐོགས་དུང་འབུད་བྱེད་པ་རྣམས། །ཐུན་མོང་དག་གི་ཚར་ཚད་ཡིན། །དམ་ལ་ཐོགས་པའི་ཚར་ཚད་ནི། །སྙེམས་མེད་བསྐྱུར་ནས་ཉལ་བསྡད་པས། །ལ་ལ་དར་འཕྱར་ཕྱག་ཀྱང་འཚལ། །སྣ་ལེན་བསུ་བ་བྱེད་པ་དང་། །མཆོད་ཅིང་སྐོར་བ་བྱེད་པ་དང་། །ཆོས་ཞུ་གུས་པ་བྱེད་པ་སོགས། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་དང་། །ཟ་ཁྲིམས་སྡོམ་པ་ཕོག་པ་རྨི། །ཕོ་བྲང་བཏབ་ནས་གཟིམ་པ་ན། །སྲོག་སྙིང་འབུལ་དུ་འོང་བ་ཡིན། །དམ་ལ་ཐོགས་པའི་ཚར་ཚད་དོ། །ཁྱད་པར་དབང་འདུས་ཚར་ཚད་ནི། །སྙེམས་མེད་སྐྱེ་མེད་ངང་བཞག་པས། །ཆོ་འཕྲུལ་ཆེན་པོ་བྱུང་བ་ལ། །གཉན་ས་མ་འཁྲུལ་དེ་རང་ཤེས། །རང་ལ་ཆོས་བྱེད་སྙམ་ལ་སོགས། །རྨི་ལམ་དུས་ན་སལ་གྱིས་དྲན། །དེ་དུས་དམ་ཆོས་ཉམས་བླངས་པས། །ཆོ་འཕྲུལ་རང་སར་ཉལ་གྱི་ཞི། །གཉིད་ཀྱིས་མ་བསྒྲིབས་ཆོས་འབྱུང་ངོ་། །བསོད་ནམས་བསགས་པའི་རིགས་སུ་བཤད། །གཉིད་སད་དེ་ཀ་བཞིན་དུ་འདུག །བླ་མའི་བྱིན་རླབས་ཞུགས་པ་ཡིན། །བཟླས་སུ་མི་རུང་གསང་བར་བཤད། །དེ་ནི་དབང་འདུས་ཚར་ཚད་ཡིན། །མཐར་ཕྱིན་མཆོག་གི་ཚར་ཚད་ནི། །ཆོ་འཕྲུལ་བྱུང་བའི་ས་ཆ་དེར། །འདྲེ་ཡོད་ཕོ་བྲང་གདབ་པར་བྱ། །ཉིན་མཚན་མེད་པར་ཉལ་བསྡད་པས། །ལྷ་འདྲེའི་ཆོ་འཕྲུལ་ཞི་བ་ཡིན། །ལུས་ཀྱི་ན་ཚ་ཟུག་རྔུ་ཞི། །ངག་གི་ཟུག་རྔུ་ན་ཚ་ཞི། །སེམས་ཀྱི་ཟུག་རྔུ་དུཿཁ་ཞི། །ཁོ་རང་ཁོ་རང་རང་དུ་འགྲོ། །སྙེམས་མེད་ཆོས་ཀྱི་དབྱིངས་སུ་སངས། །སྒྲིབ་གཡོགས་མེད་པ་དེ་ལ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་དུ། །རྟོགས་ལྡན་མཁས་པས་བརྟགས་པ་ཡིན། །དེ་ནི་མཆོག་གི་ཚར་ཚད་དོ། །ཆོས་ཉིད་མི་རྟོག་པའི་ཚུལ་གྱིས་ལྟ་བས་ན། ལྟ་བ་རྣམ་པར་མི་རྟོག་པའི་དུས་ན། རྣམ་རྟོག་ངམ་ངམ་ཤུགས་ཀྱིས་ཆོམས་པས་ཉོན་མོངས་པ་ཆེན་པོ་ཡང་མིན་ནོ། །སྤྱི་དང་བྱེ་བྲག་ལ་གནས་པ་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དུས་གཅིག་ལ་བརྡར་ཤ་གཅོད་པ་ནི་གཉེན་པོའོ། །ཉོན་མོངས་པ་སྔ་མ་རྣམས་ནི་ཚར་བཅད་ནས་བཏོན། ཕྱི་མ་རྣམ་ལྡང་མི་ནུས་པ་ནི་ནུས་མཐུའོ། །ཚིག་དོན་གཉིས་ཀྱི་མན་ངག་གི་ལེའུ་སྟེ་དྲུག་པའོ།། །།
གནད་ཀྱི་གདམས་པ་ཉི་ཤུ་ལ། ཆིངས་བཞི། དམ་ཚིག་བཞི། བདུད་བཞི། འཆོར་ས་བཞི། གྲོལ་ས་བཞི་སྟེ་ཉི་ཤུའོ། །དང་པོ་ཆིངས་བཞི་ནི། འཁོར་བ་ལ་སྐྱོ་བ་བསྐྱེད་པའི་ཆིངས། གནས་ལུགས་ཀྱི་དོན་ལ་མ་ཡེངས་པའི་ཆིངས། ན་ཚ་དང་ཆོ་འཕྲུལ་ལ་ཉམ་ང་དང་བག་ཚ་མེད་པའི་ཆིངས། ལུས་སེམས་བཅུད་ལ་བོར་བའི་ཆིངས་དང་བཞིའོ། །དམ་ཚིག་བཞི་ནི། ཚད་མེད་པ་བཞི་སྒོམ་པའི་དམ་ཚིག །ཟླ་བ་རེ་ལ་ཞག་བདུན་བདུན་དུ་གཅོད་བྱ་བའི་དམ་ཚིག །དུས་ཐམས་ཅད་དུ་འདྲེ་རྡུང་མི་བྱ་བའི་དམ་ཚིག །དྲག་སྔགས་མི་བརྡེག་པའི་དམ་ཚིག་གོ །བདུད་བཞི་ནི། ཐོགས་བཅས་དང་ཐོགས་མེད། དགའ་བྲོད་དང་སྙེམས་བྱེད་བདུད་དོ། །དང་པོ་ནི། དགྲ་དང་བུ་ལ་ཐོགས་ཀྱང་བཅད། ནོར་རྫས་ཡོ་བྱད་ལ་ཐོགས་ཀྱང་བཅད་དོ། །གཉིས་པ་ནི། རང་གི་རྟོག་པ་བཟང་ངན་དང་། བྱུང་ཚོར་གྱི་ཤེས་པ་དགག་སྒྲུབ་དང་། སྣང་བ་ཐམས་ཅད་གཅོད་དོ། །གསུམ་པ་ཡི་དམ་ལྷ་ལ་ཞེན་པ་དང་། ཉམས་དང་ཏིང་ངེ་འཇིན་བཟང་པོ་ལ་ཞེན་ཅིང་ཆགས་པ་ཐམས་ཅད་བདུད་ཡིན་པས་བཅད་དོ། །
བཞི་པ་ནི། བདུད་གསུམ་པོ་དེ་ཡང་སྙེམས་སུ་འདུས་པ་ཡིན་པས་གང་ལ་ཡང་བློའི་རེ་དོགས་བྱུང་བ་ཐམས་ཅད་ངོ་སྤྲོད་གསུམ་གྱི་དོན་དྲན་པར་བྱས་ལ་བཅད་དོ། །བློའི་སྙེམས་ཆོད་ན་བདུད་གཞན་མི་འབྱུང་བས་སྙེམས་ཐག་རྦད་གཅོད་པ་གལ་ཆེའོ། །འཆོར་ས་བཞི་ནི། གཅོད་ཐ་མལ་དུ་ཤོར་བ། གཅོད་ཤ་ཤོར་དུ་ཤོར་བ། གཅོད་མོ་མ་རུ་ཤོར་བ། གཅོད་འདྲེ་རྡུང་དུ་ཤོར་བའོ། །དང་པོ་ནི། མ་ཇོ་མོའི་གནད་ཡིན་ཟེར་ནས་གནས་ལུགས་ཀྱི་དོན་མ་གོ་བར་ཁ་འབྱམས་ཀྱི་ཚིག་སྨྲ་ཞིང་། དགེ་སྦྱོར་མི་བྱེད་པར་ཐ་མལ་དུ་སྡོད་པ་རྣམས་སོ། །
གཉིས་པ་ནི། གཅོད་བྱེད་ཟེར་ཞིང་བཙན་ས་རུ་ཕྱིན་གྱིན་ཆགས་པ་སྤྱོད་པ་རྣམས་སོ། །གསུམ་པ་ནི། གཅོད་ཉམས་སུ་བླངས་པས་རིག་པ་དྭངས་པའི་ཆ་ནས་མཐོང་ལྟས་བག་རེ་བྱུང་བ་ལ་མངོན་ཤེས་སུ་བྱས་ནས། ཁྱོད་ལ་ལྷ་འདྲེ་འདི་འདྲ་གནོད་པས་རྟེན་འབྲེལ་འདི་འདྲ་བྱས་ན་ཟེར་བ་རྣམས་སོ། །བཞི་པ་ནི། གཅོད་ལ་དཀའ་ཐུབ་དྲག་པོ་བྱས་པས་རྒྱུད་ལ་བྱིན་རླབས་བག་ཙམ་ཞུགས་ནས། གཞན་ལ་བྱིན་རླབས་བྱས་པས་ཕན་པ་བཞིན་བྱུང་ན། དེ་ནས་སྔས་སྲུང་སར་སོང་ནས་དྲག་སྔགས་དང་འདྲེ་རྡུང་བྱེད་པ་རྣམས་སོ། །གྲོལ་ས་བཞི་ནི། ཕྱི་སློག་ཧྲུལ་ལྟར་ཉེ་རིང་ལས་གྲོལ་བ། ནང་ན་བུན་ལྟར་གཟུང་འཛིན་ལས་གྲོལ་བ། གསང་བ་ཉི་ཟླ་ལྟར་ཕྱོགས་མེད་དུ་གྲོལ་བ། དེ་ཁོ་ན་ཉིད་ནམ་མཁའ་ལྟར་ངོ་བོ་རང་སར་གྲོལ་བའོ། །གནད་ཀྱི་གདམས་པ་ཉི་ཤུ་པའི་ལེའུ་སྟེ་བདུན་པའོ།། །།
ཐག་ཆོད་སྙེམས་བྱེད་རང་གྲོལ་ལ། །རྣམ་དག་དོན་དམ་ཡུམ་གྱི་ངོ་བོ་དེ། །གཉིས་འཛིན་བློ་ཡི་ཆོས་ལས་གྲོལ་བ་ལ། །གཅད་བྱ་གཅོད་བྱེད་དག་པར་བློ་ཐག་ཆོད། །འཁོར་འདས་གཉིས་མེད་རང་གི་སེམས་སུ་དག །སེམས་ལ་དག་དང་མ་དག་གཉིས་སུ་མེད། །རང་གིས་རང་ལ་རིག་དང་མ་རིག་གཉིས་སུ་མེད། །རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད་པར་བློ་ཐག་ཆོད། །རང་ཉིད་ཡིན་ན་རང་གིས་རང་ཅི་བསྒོམ། །བསྒོམས་པས་ཅི་བྱུང་མ་བསྒོམས་རང་སྐྱོན་གང་། །རེ་འཇོག་བློས་བསྒོམས་འཛིན་པའི་ཐག་པ་ཆོད། །ཇི་ལྟར་བྱས་ཀྱང་རིག་པས་རིག་པ་གཅོད། །རང་གིས་རང་ལ་ངོ་བོ་བསམ་བརྗོད་བྲལ། །ཡུལ་དང་ཡུལ་ཅན་གཉིས་འཛིན་རྩད་ནས་གཅོད། །གཞི་ལམ་འབྲས་བུ་རང་བློས་བརྟགས་པ་ཙམ། །བློས་བརྟགས་སེམས་ཅན་བློ་ལས་འདས་པ་མེད། །བཅིངས་གྲོལ་བླང་དོར་མེད་པའི་ཆོས་ཉིད་དེ། །ཡེ་ནས་རང་ཡིན་རང་ཤེས་བྱ་བ་མེད། །གཟའ་གཏད་མེད་པའི་རང་བཞིན་དེ་ཉིད་ལ། །སྤང་ལེན་གང་བྱུང་དེ་ཉིད་བདུད་ཡིན་པས། །ཡུལ་ཕྱིར་མི་འབྲང་སྙེམས་ཀྱི་ཐག་པ་ཆོད། །བདག་གི་བདུད་དུ་བདག་ཏུ་འཛིན་པ་ཆེ། །བདག་ཏུ་ཤེས་ན་བདག་ཏུ་འཛིན་ལས་གྲོལ། །དེ་ཉིད་གྲོལ་ན་གང་དང་གང་གི་བདུད། །གཅོད་བྱ་གཅོད་བྱེད་ཅེས་པའི་མིང་ཡང་མེད། །སྙེམས་བྱེད་ཀྱི་ནི་སྙེམས་བྱེད་ཉིད་ཀྱི་བདུད། །སྙེམས་བྱེད་ཤེས་ན་སྙེམས་ཀྱིས་ཟུང་མི་ཐུབ། །ཟླ་བ་གཉིས་སྣང་མིག་གི་སྐྱོན་དུ་ཤེས། །ནམ་མཁའ་མི་སྤོང་སྤྲིན་ཉིད་ནམ་མཁར་ཤེས། །རེ་དང་དོགས་པའི་འདུ་ཤེས་རང་སར་གྲོལ། །ཐམས་ཅད་རང་སྣང་རང་གྲོལ་ཡིན་བཞིན་དུ། །རང་གིས་རང་ལ་འཇིགས་པ་ག་ལ་སྲིད། །འཇིགས་ནས་རང་མགོ་རང་གིས་བཅད་པ་མེད། །རང་གི་རང་ལ་མི་གཙང་ག་ལ་སྲིད། །སྲིད་ན་སྒྱུ་མས་བསླད་པ་བོར་རམ་ཅི། །རང་གིས་རང་ལ་བླང་དོར་ག་ལ་སྲིད། །སྲིད་ན་བླང་བྱ་གང་ཡིན་དོར་བྱ་གང་། །དེས་ན་གཅེས་འཛིན་དེ་ཉིད་བདུད་ཡིན་པས། །གང་ལའང་གཅེས་པར་མ་འཛིན་རྣལ་འབྱོར་ཀུན། །གཅེས་འཛིན་བྱུང་ན་གཅད་བྱ་གཅོད་བྱེད་མེད། །ཐར་པའི་ལམ་མཆོག་དེ་ཡང་དངོས་གྲུབ་མཆོག །སྤང་བྱའི་བདུད་དེ་བསྒྲུབ་བྱའི་ལྷ་དང་མཚུངས། །མཚུངས་ཞེས་ཐ་སྙད་ཙམ་དུ་ཡེ་ནས་མེད། །གཅིག་དང་མི་གཅིག་བསྟན་དུ་ཡེ་ནས་མེད། །སྙེམས་བྱེད་རང་གྲོལ་རིན་ཆེན་དགོངས་པ་འདི། །རང་གིས་སྙེམས་ཐག་ལེགས་པར་ཆོད་གྱུར་ན། །སྐལ་ལྡན་རྣམས་ལ་ཕན་པའི་སྨན་ཆེན་མཛོད། །སྣོད་ངན་རྣམས་ལ་མི་བསྟན་ཤིན་ཏུ་གསང་། །ཐག་ཆོད་སྙེམས་བྱེད་རང་གྲོལ་གྱི་ལེའུ་སྟེ་བརྒྱད་པའོ།། །།
ཡུམ་ཆེན་མོའི་ཞལ་མཐོང་གི་གདམས་པ་ལ། ཡུམ་ཆེན་མོའི་ཞལ་མ་ནོར་བར་བསྟན་པ་དང་གཅིག །ཞལ་མཐོང་བའི་ཡོན་ཏན་བསྟན་པ་དང་གཉིས། མ་མཐོང་བའི་སྐྱོན་བསྟན་པ་གསུམ། མཐོང་བའི་དུས་བསྟན་པ་དང་བཞིའོ། །དང་པོ་ཡུམ་ཆེན་མོའི་ཞལ་མ་ནོར་བར་བསྟན་པ་ནི། ཤེས་པ་ཁ་ནང་དུ་ལོག་ནས་རང་གི་སྙིང་གི་དཀྱིལ་དུ་སེམས་ཀྱིས་སེམས་ལ་བལྟས་པས་ངོ་བོ་སྟོང་པར་རྟོགས་ཏེ་མཐོང་རྒྱུ་ཅི་ཡང་མེད་པ་དེ་ནང་སྟོང་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཕྱི་རོལ་ལ་བལྟས་པས་ཀྱང་བདེན་པའི་དོན་ཅི་ཡང་མ་རྙེད་པ་དེ་ཕྱི་སྟོང་པ་ཉིད་ཅེས་བྱ་བ་ཡིན་ནོ། །ཕྱི་ནང་གཉིས་ཀར་ལ་བལྟས་པས་སྟོང་པའི་ངང་ནས་མཐོང་རྒྱུ་མ་རྙེད་པ་ནི་ཕྱི་ནང་སྟོང་པ་ཉིད་དོ། །དོན་དམ་པར་སྟོང་པ་ཉིད་ཙམ་དུ་མི་འཛིན་པས་སྟོང་པ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་མཐར་ཕྱིན་པས་དོན་གྱི་སངས་རྒྱས་ཆེན་པོ་སྟོང་པ་ཉིད་དོ། །ཀུན་རྫོབ་ཀྱི་བདེན་པ་ལ་ཡང་འཛིན་པ་མེད་པས་དོན་དམ་པ་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སེམས་སུ་འདུ་ཤེས་ཤིང་རང་བཞིན་དུ་གྲུབ་པ་མེད་པ་ནི་འདུས་བྱས་སྟོང་པ་ཉིད་དོ། །སེམས་ཉིད་རྒྱུ་རྐྱེན་གྱིས་མི་འཇིག་པས་འདུས་མ་བྱས་སྟོང་པ་ཉིད་དོ། །སེམས་ཉིད་སྤྲོས་པའི་མཐའ་དང་བྲལ་བས་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །སེམས་ཉིད་དང་པོ་བྱུང་ས་མ་རྙེད། ཐ་མར་འགྲོ་ས་མ་རྙེད་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །ངོ་བོ་སྐྱོན་དང་བྲལ་བས་དོར་བ་མེད་པ་སྟོང་པ་ཉིད་དོ། །རང་གི་ཐ་སྙད་དང་བྲལ་བས་རང་བཞིན་སྟོང་པ་ཉིད་དོ། །འཁོར་འདས་ལ་རང་བཞིན་མ་གྲུབ་པས་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །སེམས་ཉིད་དུས་གསུམ་དུ་མི་འགྱུར་བས་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །སེམས་ཉིད་ལ་དམིགས་པའི་ཡུལ་མེད་པས་མི་དམིགས་པ་སྟོང་པ་ཉིད་དོ། །སེམས་ལ་དབྱིབས་དང་ཁ་དོག་མ་གྲུབ་པས་དངོས་པོ་མེད་པ་སྟོང་པ་ཉིད་དོ། །སེམས་ཀྱི་ངོ་བོ་ལ་མཚན་མའི་ཡུལ་མེད་པས་ངོ་བོ་ཉིད་སྟོང་པ་ཉིད་དོ། །སེམས་ཉིད་ཙམ་དུ་ཡང་འཛིན་པ་མེད་པས་དངོས་པོ་མེད་པ་སྟོང་པ་ཉིད་དོ། །དེ་ལྟར་སྟོང་པ་ཉིད་བཅོ་བརྒྱད་ཡོངས་སུ་རྫོགས་ནས་ཆོས་ཉིད་ཀྱི་དོན་ལ་གནས་པ་ནི་ཡུམ་ཆེན་མོའི་ཞལ་མཐོང་བའོ། །དེ་ལྟར་ཞལ་མཐོང་བའི་ཡོན་ཏན་ནི། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནམ་མཁའི་དཀྱིལ་ལྟ་བུ་རྟོགས་ནས། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཤྭ་མོང་གི་སུལ་བཞིན་དུ་གསལ་བའོ། །མ་མཐོང་བའི་སྐྱོན་ནི། ལམ་ཕ་རོལ་ཏུ་ཕྱིན་པའི་དོན་མི་གོ་སྟེ་ལམ་ལོག་པར་ལྟུང་པའོ། །མཐོང་བའི་དུས་ནི། ད་ལྟ་རྩོད་ལྡན་གྱི་དུས་འདིར་ཕ་རོལ་ཏུ་ཕྱིན་པའི་ཆོས་དར་བ་ཡིན་པས་བླ་མས་ངོ་སྤྲད། རང་གིས་ངེས་ཤེས་སྐྱེས་པའི་དུས་ཡིན་ནོ། །ཡུམ་ཆེན་མོ་ཞལ་མཐོང་གི་ལེའུ་སྟེ་དགུ་པའོ།། །།
ཆིག་ཆོད་གནད་ཀྱི་མན་ངག་ལ། །དབང་པོ་ཡན་པར་བཏང་ནས་ཀྱང་། །ཕྱི་ཡི་ཡུལ་ལ་མི་བསྙེན་ནོ། །རིག་པ་དབྱིངས་སུ་བསྟིམས་ནས་ཀྱང་། །སེམས་ཉིད་རང་སར་གནས་ཀྱིས་ལ། །ཆིག་ཆོད་གདམས་པ་ཉམས་སུ་ལོངས། །ལྟ་བ་ཐོག་རྡུག་མེད་དེ་ཆིག་ཆོད། སྒོམ་པ་བཏང་བཞག་མེད་དེ་ཆིག་ཆོད། སྤྱོད་པ་ལ་དགག་སྒྲུབ་མེད་དེ་ཆིག་ཆོད། འབྲས་བུ་ལ་རེ་དོགས་མེད་དེ་ཆིག་ཆོད། དུས་ལ་སྔ་ཕྱི་མེད་དེ་ཆིག་ཆོད། ཐོས་པ་ལ་ཆེ་ཆུང་མེད་དེ་ཆིག་ཆོད། དབང་པོ་ལ་རྣོ་རྟུལ་མེད་དེ་ཆིག་ཆོད། སྡུག་པ་ལ་ཐ་སྙད་མེད་དེ་ཆིག་ཆོད་ཡིན་ནོ། །རང་དབང་རང་གིས་ཐོབ་ན་ལྟ་བ་ཡིན། །རང་ངོ་རང་གིས་ཤེས་ན་སྒོམ་པ་ཡིན། །ཐམས་ཅད་ཁོང་དུ་ཤོང་ན་སྤྱོད་པ་ཡིན། །རྩ་བྲལ་ཁོངས་སུ་ཚུད་ན་འབྲས་བུ་ཡིན། །ཕྱོགས་རིས་མེད་པའི་ལྟ་བ་ལ། །འགྱུར་བ་མེད་པའི་སྟེང་དུ་ཞོག །ཞེ་འདོད་མེད་པའི་སྒོམ་པ་ལ། །གཡོ་བ་མེད་པའི་སྟེང་དུ་ཞོག །བྱ་རྒྱུ་མེད་པའི་སྤྱོད་པ་ལ། །དགག་སྒྲུབ་མེད་པའི་སྟེང་དུ་ཞོག །ལྷུན་གྱིས་གྲུབ་པའི་འབྲས་བུ་ལ། །རེ་དོགས་མེད་པའི་ངང་སྟེང་དུ་ཞོག །དེ་ཡང་མཐོང་བའི་ཆོས་ལ་བློ་མི་བཞག །ངེས་པའི་ཆོས་ལ་བློ་མི་བཟློག །ཡིན་ངེས་པའི་ངང་ལ་གནས་ན། །དགོངས་པའི་དོན་ལ་གནས་པ་ཡིན། །ཚད་མ་བས་ཀྱང་མཐོང་བ་མེད། །འཁོར་བའི་རང་བཞིན་ཡོངས་ཤེས་ན། །མྱ་ངན་འདས་པ་ལོགས་ན་མེད། །སེམས་ཀྱི་རང་བཞིན་ཡོངས་ཤེས་ན། །ཆེད་དུ་གཏད་ནས་སྒོམ་ཅི་དགོས། །རྒྱུན་ཆད་མེད་པའི་སྤྱོད་པ་ལ། །ཐུན་དུ་བཅད་ནས་སྒོམ་དུ་མེད། །སྒོམ་མེད་ཆེན་པོའི་ཀློང་དུ་ཞོག །ཆིག་ཆོད་གནད་ཀྱི་མན་ངག་གི་ལེའུ་སྟེ་བཅུ་པའོ།། །།
སྐོར་བཞི་འཕྲུལ་གྱི་གདམས་པ་ལ། །སྣང་སྲིད་འཁོར་འདས་སྙེམས་ཡིན་པས། །རང་གི་སྙེམས་ཐག་གཅད་པར་བྱ། །སྐྱབས་སུ་འགྲོ་དང་མཆོད་པ་རྒྱ་ཆེན་དང་། །བེམ་རིག་ཕྲལ་བའི་གདམས་པ་དང་། །ངོ་སྤྲོད་ཞལ་གྱི་གདམས་པའོ། །དེ་ལ་སྐྱབས་སུ་འགྲོ་བས་དད་ལྡན་གྱི་མོས་པ་བསྐྱེད་དོ། །མཆོད་པ་རྒྱ་ཆེན་གྱི་འཁྲི་བ་བཙན་ཐབས་སུ་བཅད་དོ། །བེམ་རིག་ཕྲལ་བས་ལུས་ཀྱི་རྩལ་སྦྱང་ངོ་། །གདམས་ངག་བསྟན་པས་ཚིག་གི་ཤན་འབྱེད་དོ། །སྐྱབས་སུ་འགྲོ་བས་བློ་ཆུང་ལམ་དུ་འཇུག །མཆོད་པ་རྒྱ་ཆེན་གྱིས་རིག་པ་རྟེན་དང་ཕྲལ། བེམ་རིག་ཕྲལ་བས་རླུང་རེ་གཅིག་ཚར་བཅད། གདམས་ངག་བཏབ་པས་ཡིན་ལུགས་ངོ་སྤྲད། སྐྱབས་སུ་འགྲོ་བས་ཐེག་པ་ཐུན་མོང་དང་ཆ་མཐུན། མཆོད་པ་རྒྱ་ཆེན་གྱིས་གནས་ལུགས་གཞི་ལ་བསྐྱལ། བེམ་རིག་ཕྲལ་བས་རྣལ་འབྱོར་པའི་ཤེས་པ་བརྟན། གདམས་ངག་བཏབ་པས་རྣལ་འབྱོར་པའི་ལྟ་སྒོམ་ལ་བཟླ། ལྟ་བ་བལྟ་རུ་མེད་པར་ལ་བཟླ། སྒོམ་པ་ལ་བསྒོམ་རྒྱུ་མེད་པར་ལ་བཟླ། སྤྱོད་པ་ལ་སྤྱད་རྒྱུ་མེད་པར་ལ་བཟླ། འབྲས་བུ་ལ་ཐོབ་རྒྱུ་མེད་པར་ལ་བཟླའོ། །སྐོར་བཞི་འཁྲུལ་གྱི་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།
སྐྱབས་འགྲོ་དོན་སྐོར་དགུ་པ་ལ། དང་པོ་ཡིད་ཆེས་པ་གསུམ་གྱིས་ཐག་བཅད། བར་དུ་ནུས་པ་གསུམ་གྱིས་གདེང་ཐོབ། ཐ་མར་བྱ་བ་གསུམ་གྱིས་མཐར་ཕྱིན་པའོ། །དང་པོ་ནི། སྐྱབས་དཀོན་མཆོག་གསུམ་ལ་ཡིད་ཆེས་པས་སྐྱབས་གནས་གཞན་ལ་མི་འཚོལ་བར་ཐག་གཅོད་པའོ། །ཕུང་པོ་གཞན་འདུས་བྱས་སུ་ཤེས་པས་བྱས་པ་ཐམས་ཅད་མི་རྟག་པར་ཐག་ཆོད། ལྟ་བ་སྟོང་པ་ཉིད་དུ་ཡིད་ཆེས་པས་ཅི་ལ་ཡང་ལྟོས་པ་མེད་པར་ཐག་ཆོད་པའོ། །གཉིས་པ་ནི། སྐྱབས་དཀོན་མཆོག་གསུམ་ལ་བློ་འགེལ་ནུས་པས་ཅི་ལ་ཡང་འཇིགས་པ་མེད་པའི་གདེང་ཐོབ། ལུས་སྲོག་གཟན་དུ་འབོར་ནུས་པས་གང་ལ་ཡང་ཉམ་ང་མེད་པའི་གདེང་ཐོབ། གཟུང་འཛིན་གྱི་ཞེན་པ་སྤང་ནུས་པས་དོན་ཆོས་ཉིད་སྐྱེ་བ་མེད་པའི་གདེང་ཐོབ་པའོ། །གསུམ་པ་ནི། སེམས་ཅན་ཀུན་གྱི་དོན་དུ་སྐྱབས་འགྲོ་སེམས་བསྐྱེད་མི་འབྲལ་བར་བྱ། དེ་ལྟར་བྱས་པས་གཞན་དོན་མཐར་ཕྱིན་ནས་འབྲས་བུ་སྤྲུལ་པའི་སྐུ་ཐོབ། ལུས་སེམས་ཕྲལ་ནས་རིག་པ་ཁྱབ་བརྡལ་འདུས་མ་བྱས་ཀྱི་ངང་དུ་བཞག་པར་བྱའོ། །དེ་ལྟར་བྱས་པས་སེམས་ཉིད་དྲི་མེད་རྣམ་པར་དག་པ་མཐར་ཕྱིན་ནས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ། །སྙེམས་བྱེད་ཀྱི་ཤེས་པ་བཅད་ནས་སེམས་ཉིད་མི་རྟོག་པའི་ངང་ལ་བཞག་པར་བྱ། དེ་ལྟར་བྱས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐར་ཕྱིན་ཏེ་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའོ། །སྐྱབས་འགྲོ་དོན་སྐོར་དགུའི་ལེའུ་སྟེ་བཅུ་གཉིས་པའོ།། །།
རྒྱལ་པོ་ཉེར་གཅིག་གི་གདམས་པ་ལ། མཚམས་ཀྱི་རྒྱལ་པོ་ལོག་ཆེན་མཐའ་ལ་གཏད་པའོ། །ལྟ་བའི་རྒྱལ་པོ་དུར་ཁྲོད་ཀྱི་རོ་ལྟར་ཉལ་བའོ། །སྲུང་བའི་རྒྱལ་པོ་ཕུང་པོ་གཟན་དུ་སྐྱུར་བ། ཉམས་ལེན་གྱི་རྒྱལ་པོ་ལུས་ངག་ཡིད་གསུམ་གློད་པ། ཏིང་ངེ་འཛིན་གྱི་རྒྱལ་པོ་སྒྱུ་མ་ལྟ་བུ་ལ་ཆགས་ཞེན་མེད་པས་སངས་རྒྱས་ཀྱི་དགོངས་པ་ཡིན། དེ་ཙམ་ན་ལྟ་བའི་རྒྱལ་པོ་སྟོང་པ་ཉིད་ཀྱི་སྒོ་ཕྱེད་པའོ། །དེ་སྐད་དུ་ཡང་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་ཅེས་སོ། །འཇོག་གི་རྒྱལ་པོ་ཆོས་ཉིད་ནམ་མཁའ་ལྟ་བུར་བཞག་པ། ཉམས་ཀྱི་རྒྱལ་པོ་མ་ཡེངས་རྒྱུན་དུ་གནས་པ། བྱིན་རླབས་ཀྱི་རྒྱལ་པོ་ཐེག་ཆེན་ཟིལ་གྱིས་མནན་པ། མནན་པའི་རྒྱལ་པོ་སྐར་ཆེན་ཐིག་འོག་ཏུ་བཅུག་པ། སྒོམ་པའི་རྒྱལ་པོ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། ཏིང་ངེ་འཛིན་གྱི་རྒྱལ་པོ་འཛིན་རྟོག་མེད་པ་སངས་རྒྱས་ཡིན། དེ་ཙ་ན་སྒོམ་པའི་རྒྱལ་པོ་མཚན་མ་མེད་པའི་སྒོ་ཕྱེད་པ་ཡིན་ནོ། །དེ་ཡང་མཚན་མ་མེད་པ་ལ་མཚན་མ་མེད་པས་གླགས་མི་རྙེད་དོ་ཞེས་སོ། །གཉེན་པོའི་རྒྱལ་པོ་གཉན་ཐོག་ཏུ་གཉན་དབབ་པའོ། །ལས་སྦྱོར་གྱི་རྒྱལ་པོ་གཤེད་ཐོག་ཏུ་གཤེད་དབབ་པ། སྤྱོད་ལམ་གྱི་རྒྱལ་པོ་ཉམ་ང་བག་ཚ་མེད་པར་ལམ་དུ་འཁྱེར་བ། གདེང་གི་རྒྱལ་པོ་ཀུན་ལ་ཉམ་ང་མེད་པ། ཏིང་ངེ་འཛིན་གྱི་རྒྱལ་པོ་དཔའ་བར་འགྲོ་བ་ལ་ང་རྒྱལ་དང་རློམ་སེམས་མེད་ན་སངས་རྒྱས་ཡིན་ནོ། །དེ་ཙ་ན་སྒོམ་པའི་རྒྱལ་པོ་སྨོན་པ་མེད་པའི་སྒོ་ཕྱེད་པ་ཡིན་ནོ། །དེ་ཡང་སྨོན་པ་མེད་པ་ལ་སྨོན་པ་མེད་པས་གླགས་མི་རྙེད། གོ་ཆའི་རྒྱལ་པོ་བཟོད་པའི་གོ་ཆ་གོན་ནས། ཉོན་མོངས་ཀྱི་རྣམ་རྟོག་མེད་པར་ཆོད་པ་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །མཚོན་ཆའི་རྒྱལ་པོ་ཤེས་རབ་ཀྱི་མཚོན་ཆ་ཐོགས་ནས་ཞེན་ཡུལ་ཐམས་ཅད་གཅོད་པ་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །ཐོས་པའི་རྒྱལ་པོ་ཆོས་དང་གདམས་ངག་ལ་སྐུར་བ་མི་འདེབས་པ་རྟོག་པ་ཆོད་པ་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །ཡེ་ཤེས་བསྐྱེད་པའི་རྒྱལ་པོ་གདམས་པ་སེམས་ལ་ཆོད་པས་ཐེ་ཚོམ་ཆོད་པ་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། ཏིང་ངེ་འཛིན་གྱི་རྒྱལ་པོ་སེང་གེ་རྣམ་པར་འགྱིངས་པ་ལ་ཡུལ་གྱི་རྗེས་སུ་མི་འབྲང་པའི་རྟོག་པ་ཆོད་པ་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེ་ཙ་ན་སྒོ་ལྔའི་རྒྱལ་པོ་སྒོ་ཕྱེད་པ་ཡིན་ནོ། །དེ་ཡང་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཀྱིས་གླགས་མི་རྙེད་པའོ། །དེ་རྣམས་ལ་རྒྱལ་པོ་ཉེར་གཅིག་གི་གདམས་པ་ཞེས་བྱའོ། །ཧྲིལ་གྱིས་བསྡུས་ན་བདུད་བཞི་གདན་ཐོག་གཅིག་ཏུ་གཅོད་པའི་གདམས་པ་ཞེས་བྱའོ། །དེ་ཡང་དང་པོ་ཐོགས་བཅས་ཀྱི་བདུད་གཅོད། གཉིས་པ་ཐོགས་མེད་ཀྱི་བདུད་གཅོད། གསུམ་པ་དགའ་བྲོད་ཀྱི་བདུད་གཅོད། བཞི་པ་སྙེམས་བྱེད་ཀྱི་བདུད་གཅོད་པའོ། །རྒྱལ་པོ་ཉེར་གཅིག་གི་གདམས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།
མན་ངག་དོན་སྐོར་གསུམ་ལ། ལྟ་སྒོམ་སྤྱོད་པའི་སྐོར། ཉམས་མྱོང་གནད་ཀྱི་སྐོར། ཤེས་རབ་ཐབས་ཀྱི་སྐོར་དང་གསུམ་མོ། །དང་པོ་ལ་བཞི་སྟེ། ལྟ་བའི་དུས་སུ་སྟོང་པའི་བློ་མི་བསྒོམ། སྣང་སྟོང་དབྱེར་མེད་དུ་གྲོལ་བ་གལ་ཆེ། སྒོམ་པའི་དུས་སུ་རིག་པ་བཙོན་དུ་མི་གཟུང་། དྲན་མེད་ཡེངས་མེད་དུ་གནས་པ་གལ་ཆེ། སྤྱོད་པའི་དུས་སུ་ཞེན་མེད་ཕྱོགས་ཆར་མི་བཏང་། འཛིན་མེད་རང་གྲོལ་དུ་ཤེས་པ་གལ་ཆེ། འབྲས་བུའི་དུས་སུ་ལྷུན་གྲུབ་ཁ་འབྱམས་སུ་མི་བཏང་། རྩ་བྲལ་བློ་འདས་སུ་རྟོགས་པ་གལ་ཆེ། གཉིས་པ་ལ་དྲུག་སྟེ། རིག་པ་རང་གྲོལ་དུ་སོང་ན་ལྟ་བའི་གནད། ཉོན་མོངས་བཙན་ཐབས་སུ་སོང་ན་སྒོམ་པའི་གནད། །སྣང་བ་རང་གྲོལ་དུ་སོང་ན་སྤྱོད་པའི་གནད། །ཡེ་ཤེས་སྤྱི་བླུགས་སུ་ཤར་བ་འབྲས་བུའི་གནད། ཤེས་རབ་རང་གྲོལ་དུ་སོང་ན་གདམས་པའི་གནད། ཚིག་དང་དོན་དུ་འབྲེལ་བ་ཤེས་རབ་ཀྱི་གནད་དོ། །གསུམ་པ་ཤེས་རབ་ཐབས་ཀྱི་སྐོར་ལ་བཞི་སྟེ། ཐོས་པའི་ཤེས་རབ་སྐོམ་པ་ཆུ་འཐུང་པ་ལྟ་བུ། བསམ་པའི་ཤེས་རབ་ཟས་ཀྱི་དུག་སེལ་བ་ལྟ་བུ། སྒོམ་པའི་ཤེས་རབ་རྒྱ་མཚོའི་གཏིང་ལྟ་བུ། མཐར་ཕྱིན་པའི་ཤེས་རབ་རྒྱ་མཚོའི་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་གསུངས་སོ། །དེ་རྣམས་ལ་ཐབས་ཁྱད་པར་ཅན་གྱིས་ཟིན་པ་གལ་ཆེའོ། །མན་ངག་དོན་སྐོར་གསུམ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།
གསང་བ་དོན་གྱི་མན་ངག་ལ། ཐོག་མར་སྔོན་དུ་འགྲོ་བའི་མན་ངག་དང་། དངོས་གཞི་ཉམས་སུ་བླངས་པའི་མན་ངག་དང་། རྗེས་ལམ་དུ་འཁྱེར་བའི་མན་ངག་གོ །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་པ་བཞི་བསྒོམ་པའོ། །གཉིས་པ་ནི། སྟན་བདེ་བའི་སྟེང་དུ་སྐྱིལ་ཀྲུང་བཅས། སྐེད་པ་ཏར་གྱིས་བསྲང་། ལག་པ་ས་གནོན་གྱི་ཕྱག་རྒྱ་བཅའ། ཉྭ་བཞི་དང་རྩ་གཞི་ཐམས་ཅད་གློད། མིག་རྩེ། སྣ་རྩེ། སེམས་རྩེ་གཅིག་ཏུ་དྲིལ་ནས་ལུས་ངག་ཡིད་གསུམ་ལྷོད་ཀྱིས་གློད། བཅས་བཅོས་དང་། འགྱར་འགྱུར་མེད་པར་རང་ལུགས་སུ་བཞག །ལུས་ངལ་དུབ་ཀྱི་དབང་དུ་མ་སོང་བ་བྱ། ངག་སྨྲ་བརྗོད་བྲལ་བའི་ངང་ལ་བཞག །ཡིད་བསམ་བློའི་སྤྲོ་བསྡུ་གང་ཡང་མི་བྱེད་པར་དྲན་མེད་དུ་ལྷན་ནེ་བཞག་གོ །དེ་ཡང་བཀའ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ནི་ཅི་ལ་ཡང་མི་དམིགས་པ་སྟེ་གང་ལ་ཡང་གནས་པ་མ་ཡིན་ནོ་ཞེས་སོ། །དེས་ན་ཡུལ་གང་ལ་ཡང་མི་དམིགས། རྟེན་གང་ལ་ཡང་མི་བཅའ། ཤེས་པ་གང་དུ་ཡང་མི་སྤྲོ། ཡིད་ལ་ཅི་ཡང་མི་བསྒོམ། ཡེ་དག་ཡེ་གྲོལ། ཡེ་སྟོང་། ཡེ་སངས་རྒྱས་པར་བཞག་གོ །དང་པོ་ཡུལ་གང་ལ་ཡང་མི་དམིགས་པ་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་དམིགས་གཏད། གཟའ་གཏད། གང་དུ་ཡང་མི་འཛིན་པར་ཉམས་སུ་བླང་ངོ་། །
དེ་ཡང་བཀའ་ལས། རབ་འབྱོར་གཟུགས་ཡིད་ལ་མི་བྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡིད་ལ་མི་བྱེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་འཕེལ་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་སོ། །དེས་ན་སྣང་བ་ཡུལ་གང་ལ་ཡང་མི་དམིགས་པར་ཉམས་སུ་བླང་ངོ་། །གཉིས་པ་རྟོག་པ་རྟེན་གང་ལ་ཡང་མི་འཆའ་བར་རང་སེམས་ཡེ་ནས་ཆོས་སྐུ་ལྷུན་གྲུབ་ཡེ་སངས་རྒྱས་པ་རྟོགས་པའི་དོན་གྱིས། ཡར་སངས་རྒྱས་ལ་རེ་བ་མེད། མར་འཁོར་བ་ལ་དོགས་པ་མེད། འགྲོ་བ་རིགས་དྲུག་ཏུ་གནས་བཙལ་མ་དགོས། འབྲས་བུ་སྐུ་གསུམ་ལ་རྟེན་བཅའ་མ་དགོས་པས་རྟེན་གང་ལ་ཡང་མི་བཅའོ། །དེ་ཡང་བཀའ་ལས། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་སོ་ཞེས་གསུངས་སོ། །དེས་ན་སེམས་ཅི་རྟེན་གང་ལའང་མི་བཅའ་བར་ཉམས་སུ་བླང་ངོ་། །
གསུམ་པ་ཤེས་པ་གང་ལའང་མི་སྤྲོ་བ་ནི། འཁོར་འདས་ཀྱི་སྣང་བ་གང་ལ་ཡང་བློས་སྤྲོ་བསྡུ་མི་བྱེད། ཡིད་ཀྱི་རྟོག་པས་ཡུལ་མི་བཙལ་བར་རྟོག་མེད་མཉམ་པ་ཉིད་དུ་ལྷན་ནེ་གནས་པར་བྱའོ། །དེ་ཡང་བཀའ་ལས། ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དོ་ཞེས་སོ། །དེས་ན་ཤེས་པ་གང་དུ་ཡང་མི་སྤྲོ་བར་ཉམས་སུ་བླང་ངོ་། །བཞི་པ་ཡིད་ལ་ཅི་ཡང་མི་བསྒོམ་པ་ནི། བློ་ཡི་ཡུལ་དུ་བཟུང་བའི་དམིགས་པའམ། བདག་འཛིན་གྱི་མཚན་མ་ཅི་ཡང་མི་བསྒོམ་པའོ། །དེ་ཡང་བཀའ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་དུ་ཡང་བསྒོམ་པར་མི་བགྱིད། གང་ཡང་བསྒོམ་པར་མི་བགྱིད་དོ་ཞེས་གསུངས་སོ། །དེས་ན་ཡིད་ལ་ཅི་ཡང་མི་བསྒོམ་པར་ཉམས་སུ་བླང་ངོ་། །ལྔ་པ་ཡེ་དག །ཡེ་གྲོལ། ཡེ་སྟོང་། ཡེ་སངས་རྒྱས་པར་བཞག་པ་ནི། སེམས་ཀྱི་གནས་ལུགས་ཙམ་གྱི་རྟེན་ཡང་མི་འཆའ་བར་ཡེ་ནས་རྣམ་པར་དག་པའི་སྟོང་པ་ཉིད། དོན་ཡེ་སངས་རྒྱས་པ་ཞིག་ཡིན་པར་བློ་ཐག་བཅད་ལ་བཞག་གོ །དེ་ཡང་བཀའ་ལས། ཡང་དག་པའི་མཐའ་ནི་གང་དུ་ཡང་མི་དམིགས་པའོ་ཞེས་པ་དང་། ཡང་དག་པ་ཞིག་ལ་ལས་ཀྱང་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ་ཞེས་པ་དང་། ཡང་དེ་ལ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མ་མཆིས་སོ་ཞེས་པ་དང་། དེས་ན་སེམས་ནི་ཡེ་སངས་རྒྱས་པར་ཤེས་པར་བྱའོ། །
གསུམ་པ་རྗེས་ལམ་དུ་ཁྱེར་བ་ནི། གོང་དུ་ཉམས་སུ་བླངས་པའི་དོན་དེ་སྤྱོད་ལམ་རྣམ་བཞི་གང་ལ་ཡང་ཁྱད་པར་མེད་པར་བསྐྱང་བར་བྱའོ། །རི་ལ་ཕྱིན་པ་དང་ཀླུང་དུ་བསྡད་པ་གཉིས་ཁྱད་པར་མེད་པར་བསྐྱངས། བྱ་བྱེད་དང་དགེ་སྦྱོར་ལ་ཁྱད་པར་མེད་པར་བསྐྱངས། ལྷ་དང་འདྲེ་གཉིས་ཁྱད་པར་མེད་པར་ཤེས་པར་བྱའོ། །འདི་ལ་འདུས་བྱས་ཀྱི་ཆོས་ཐམས་ཅད་བཀག་པ་མེད་པས་ཆོས་སྤྱོད་གང་ལ་ཡང་བར་མཚམས་མེད་པར་སྟོང་ཉིད་བློ་བྲལ་དུ་སྤྱད་དོ། །དེ་ལྟར་ཕྱག་དང་བསྐོར་བ་དང་མཎྜལ་མཆོད་བསྟོད་ལ་སོགས་པ་ལུས་ཀྱི་རྩོལ་བ་ལས་བྱིན་རླབས་འབྱུང་བ་རྣམས་སྐུའི་བྱིན་རླབས་ཡིན། གསོལ་འདེབས་དང་དབྱངས་སྙན་ལ་སོགས་པ་ངག་གི་རྩོལ་བ་ལས་བྱིན་རླབས་འབྱུང་བ་ཐམས་ཅད་གསུང་གི་བྱིན་རླབས་ཡིན། དོན་ཆོས་ཉིད་ཀྱི་སྟེང་དུ་བསྡད་པས་བྱིན་རླབས་དང་ནུས་པ་འབྱུང་བ་ཐམས་ཅད་ཐུགས་ཀྱི་བྱིན་རླབས་ཡིན་ནོ། །ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནང་དུ་ཤར་བས་སྐུ་མཚན་དང་དཔེ་བྱད་འབྱུང་བ་ཡིན། གསུང་དབྱངས་ཡན་ལག་དྲུག་ཅུ་ཡང་འབྱུང་བ་ཡིན། ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱང་འདི་ལས་འབྱུང་བ་ཡིན། དེས་ན་ཐུགས་རྣམ་པར་མི་རྟོག་པའི་སྟེང་དུ་སྡོད་ནུས་པ་གལ་ཆེ། ལྷ་འདྲེ་འདུལ་བ་ལ་ཡང་འདི་ལས་ཟབ་པ་མེད། བྱིན་རླབས་དང་ནུས་པ་ཡང་འདི་ལས་ཆེ་བ་མེད་དོ། །དོན་འདི་ཉིད་ལམ་དུ་ཁྱེར་བས་དངོས་པོ་དང་མཚན་མའི་བློ་ལས་འདས་པའོ། །ཟབ་མོ་མཐར་ཕྱིན་པའི་ལམ་ཡིན་ནོ། །དམིགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱ་བ་ཡིན་ནོ། །དོན་མཐར་ཕྱིན་པའི་སྤྱོད་པ་བྱ་བ་ཡིན་ནོ། །གསང་བ་དོན་གྱི་གདམས་ངག་གི་ལེའུ་སྟེ་བཅོ་ལྔ་པའོ།། །།
ཤེས་བྱ་བཞི་སྐོར་གྱི་མན་ངག་ལ། འདྲེ་ལ་མི་འཇིགས་པའི་ལྟ་བ། ནད་ལ་མི་འཇིགས་པའི་སྒོམ་པ། རྐྱེན་ལ་མི་འཇིགས་པའི་སྤྱོད་པ། སྡུག་བསྔལ་ལ་མི་འཇིགས་པའི་ཉམས་ལེན་དང་བཞིའོ། །དེ་ལ་ཤེས་བྱའི་གཉེན་པོ་བཞི་བསྟན་པ་ནི། འདྲེ་སེམས་སུ་བསྟན་པ། ནད་སློབ་དཔོན་དུ་བསྟན་པ། རྐྱེན་དངོས་གྲུབ་ཏུ་ཤེས་པ། སྡུག་བསྔལ་ཆོས་ཉིད་དུ་ཤེས་པའོ། །འདྲེ་སེམས་སུ་ཤེས་པས་ཉམ་ང་བག་ཚ་མེད། ནད་སློབ་དཔོན་དུ་ཤེས་པས་གདམས་ངག་གི་སྐུལ་འདེབས་བྱེད། རྐྱེན་དངོས་གྲུབ་ཏུ་ཤེས་པས་བར་ཆད་རང་སར་གྲོལ། སྡུག་བསྔལ་ཆོས་ཉིད་དུ་ཤེས་པས་བདེ་བ་རྒྱུན་ཆད་མེད་པའོ། །ཤེས་བྱ་བཞི་སྐོར་གྱི་ལེའུ་སྟེ་བཅུ་དྲུག་པའོ།། །།
ཚིག་གསུམ་བརྡ་དྲུག་ལ། ལྟ་བ་ཆོད་ཐོང་། སྒོམ་པ་ཤིག་ཐོང་། སྤྱོད་པ་ལྷུག་ཐོང་ངོ་། །ལྟ་བ་ཆོད་ཐོང་ནི། སྣང་སྲིད་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རང་གི་སེམས་སུ་ཐག་རྦད་ཆོད་ལ། སྣང་བའི་འཛིན་ཞེན་ཐམས་ཅད་བློས་ལིངས་ཀྱིས་སྐྱུར་ལ་ཐོངས་ཞེས་པའོ། །སྒོམ་པ་ཞོག་ཐོངས་ནི། སེམས་ཉིད་འདུས་མ་བྱས་མ་བཅོས་པའི་ངང་དུ་ཤེས་པ་འཛིན་མེད་དུ་ཁྲིས་སེ་བཞག །ཕྲ་རགས་ཀྱི་ཤེས་པ་ཐམས་ཅད་རྩད་ནས་ཆོད་ལ་ཐོངས་ཞེས་པའོ། །སྤྱོད་པ་ལྷུག་ཐོངས་ནི། འཇུར་བུས་བཅིངས་ནས་བསྒྲིམས་པས་སངས་མི་རྒྱ། ཚོགས་དྲུག་གི་སྤྱོད་པ་ཐམས་ཅད་ལྷུག་པར་ཐོངས་ཞེས་པའོ། །དོན་ཧྲིལ་གྱིས་བསྡུས་པ་ལ། སྣང་སྲིད་ཐམས་ཅད་སེམས་སུ་བསྡུས་ལ་ཐོངས། སེམས་ཉིད་བྱར་མེད་ཀྱི་ངང་དུ་ཞོག་ལ་ཐོངས། བྱར་མེད་ཀྱི་ངང་དུ་ལྷུག་པར་ཐོངས་ཞེས་པའོ། །ཚིག་གསུམ་བརྡ་དྲུག་གི་ལེའུ་སྟེ་བཅུ་བདུན་པའོ།། །།
སེམས་དོན་དྲུག་ལ། ཚེ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆོད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པའི་རྐྱེན་འདི་ཅི་ལས་བྱུང་ན། བླ་མའི་གདམས་ངག་གིས་མ་ཟིན། རང་གིས་རང་ངོ་མ་ཤེས། རང་འབད་རྩོལ་ཆུང་བ་ལས་བྱུང་ངོ་། །དེ་ཡང་ཤེས་པ་ཡན་པར་བཏང་ནས་དམ་པའི་གདམས་ངག་ལ་ནན་ཏན་མ་བྱས་ན་འཁོར་བ་ལས་མི་གྲོལ་ཏེ། ད་བསམ་མནོ་བརླགས་ནས་ཉལ་བས་མི་འོང་། སེམས་ལ་བལྟ་དགོས། སེམས་ལ་མ་བལྟས་ན་ཕན་མེད། མི་ཚེ་སྟོང་སྐྱེལ་བྱེད་ཉེན་ཆེ། མི་ཚེ་སྟོང་སྐྱེལ་མི་བྱེད་པ་ལ་བྱང་ཆུབ་ཀྱི་སེམས་གལ་ཆེ། སེམས་དེ་སྒོམ་པ་ལ་སེམས་ཅི་འདྲ་ཡིན་ངོས་འཛིན་དགོས། ངོས་འཛིན་པ་ལ་བྱང་ཆུབ་ཀྱི་སེམས་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསླད། འདུས་མ་བྱས་པ་ཞིག་ཡིན། དེའི་དཔེ་ནམ་མཁའ་དང་འདྲ། ནམ་མཁའ་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསླད། འདུས་མ་བྱས་པ་ཡིན། སེམས་ཀྱི་དོན་དྲུག་ལ། མ་བཅོས་པ། མ་བསླད་པ། མ་བསྒྱུར་བ། རང་ལུགས། རང་སོ། གཉུག་མའོ། །མ་བཅོས་པ་ནི། བྱང་ཆུབ་ཀྱི་སེམས་རང་ལུགས་སུ་ཤེས་པ་ལྷོད་ཀྱིས་གློད་ནས། ཁྱབ་སེ། བརྡལ་ལེ། ཤིག་གེ །དགའ་ཡལ་ལེ། རྣམ་པར་རྟོག་པ་གང་ལ་ཡང་མ་ཤོར་བའི་ཤེས་པ་གསལ་སིང་ངེ་བ་ལ་ལྷན་ནེ་འཇོག་པ་ཡིན་ནོ། །མ་བསླད་པ་ནི། རང་གི་སེམས་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན་ཏེ། དགའ་བ་ཡང་ཡིད་ལ་མི་བྱེད། མི་དགའ་ཡང་ཡིད་ལ་མི་བྱེད། སྐྱིད་པ་ཡང་ཡིད་ལ་མི་བྱེད། སྡུག་པ་ཡང་ཡིད་ལ་མི་བྱེད། གྲང་བ་ཡང་ཡིད་ལ་མི་བྱེད། དྲོ་བ་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན་ནོ། །འདི་ལྟར་འཇོག་པ་ཅིས་ཤེས་ན་ལུང་གིས་ཤེས་ཏེ། རྒྱས་པ་ལས། གཟུགས་ཡིད་ལ་མི་བྱེད་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱེད་པའོ། །ཡིད་ལ་མ་བྱས་པས་ཁམས་གསུམ་དུ་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེས་ན་ཡིད་ལ་མ་བྱས་ན་གང་དུ་ཡང་འགྲོ་བར་མི་འགྱུར་རོ། །ཡང་འཕགས་པ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པ་ཉིད་པས་ཆོས་ཐམས་ཅད་ཡིད་ལ་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དོ་ཞེས་སོ། །
མ་བསྒྱུར་བ་ནི། རང་གི་སེམས་མ་གཡོས་པར་སྙེམས་མེད་དུ་ལྷན་ནེ་འཇོག་པ་ཡིན། རང་ལུགས་ནི། སེམས་ཡུལ་གང་ལ་ཡང་མ་ཤོར་བར། བདེ་བ། སྟོང་པ། གསལ་བ། ཤེས་པ་རྟེན་མེད་དུ་འཇོག་པ་ཡིན། རང་སོ་ནི། སེམས་ཀྱི་དོན་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། ཡེ་གདོད་མ་ནས་མ་གཡོས་པར་འཇོག་པ་ཡིན། གཉུག་མ་ནི། སེམས་ལྷན་གྱིས་བཞག་ནས་རྒྱངས་སྐྱུར་མེད་པར་ཁྱབ་བེ། བརྡལ་ལེ། ཤིག་གེ །དགའ་ཡ་ལེ། བག་དྲོ་འུར་རེ། ཤེས་པ་བདེ་སིང་ངེ་། བཀྲ་སལ་ལེ། གཡོ་བ་མེད་པ། རྟོག་པ་གང་ཡང་མེད་པར་སེམས་མ་ཡེངས་པར་ལྷན་གྱིས་འཇོག་པ་ཡིན། སེམས་དོན་དེ་འདྲ་བ་ཞིག་ཡིན་ན་དེ་ལ་གོལ་ས་ཡོད་དམ་མེད་སྙམ་ན། བཀའ་ཚོམས་ལས། ཅི་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལ་ལྷུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་གསུངས་སོ། །སེམས་དོན་དྲུག་གི་ལེའུ་སྟེ་བཅོ་བརྒྱད་པའོ།། །།
ཟབ་དོན་ཐུགས་ཀྱི་ཉིང་ཁུ་ནི། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་གི་སེམས་སུ་འདུས་པ་ཡིན་པས་སྒོམ་སྙམ་པའི་བློ་མི་བྱ། ལུས་མི་བཅོས། སེམས་མི་བསྡུ། ཁོང་ཡངས་ཀྱི་ངང་ལ་བསམ་པ་དེ་ཉིད་དྲན་པར་བྱས་ལ། དྲན་པ་དེ་བློ་ཕྱིར་མི་འབྲང་པར་ལུས་ངག་ཡིད་གསུམ་ཆམ་ལ་ཕབ་ནས་རྣམ་རྟོག་སེམས་ལ་མ་ཞུགས་ཏེ་སྒོམ་པའོ། །དེའི་ངང་ལ་མ་ཡེངས་པར་རང་གི་སྒོམ་དྲན་པར་བྱའོ། །བྱ་བ་ཅི་བྱེད་ཀྱི་སྤྱོད་ལམ་ཡང་ཆོས་ཉིད་དུ་དྲན་པས་ཟིན་པ་དེས་སྤྱོད་པའོ། །དེའི་ངང་ལ་ཉམ་ང་བག་ཚ་མེད་པར་འཁོར་འདས་རྩ་བྲལ་དུ་རྟོགས་པ་དེ་ལྟ་བའོ། །དེ་ཁོ་ན་ཉིད་ཀྱི་དོན་ལ་གནས་ཤིང་རེ་དོགས་ཀྱི་འཕྲང་དང་བྲལ་བ་དེ་འབྲས་བུའོ། །དམིགས་སུ་མེད་པའི་བྱང་ཆུབ་སེམས། །གཟུང་འཛིན་མེད་པས་མིང་དང་བྲལ། །འདུ་འབྲལ་མེད་པས་བྱང་ཆུབ་སེམས། །ཡེ་ནས་ཡིན་པའི་ངང་དུ་བཞག །བཟོད་ནས་ཚོལ་བ་ཡིད་སྨོན་ཡིན། །བསམ་མེད་ཀྱི་སྒོམ་པ་མ་ནོར་ན། །སངས་རྒྱས་བྱང་ཆུབ་རིང་པོ་མིན། །སྣང་སྲིད་སེམས་སུ་འདུས་ཙ་ན། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །འཁོར་བ་ལ་ཞེན་པ་ལོག་ཙ་ན། །འདོད་ཡོན་གྱི་སྣང་བ་རང་སར་གྲོལ། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །མཉམ་ཉིད་ངང་ལས་མ་གཡོས་ན། །བདག་གཞན་གྱི་འཛིན་པ་རང་སར་གྲོལ། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །དོན་གཉིས་སུ་མེད་པར་ཤེས་ཙ་ན། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །སྐྱོན་རྣམས་ཡོན་ཏན་དུ་མཐོང་ཙ་ན། །དགག་སྒྲུབ་སྤང་བླང་རང་སར་གྲོལ། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །སྐྱོན་ལ་ཡོན་ཏན་མཐོང་ཙ་ན། །དེར་འཛིན་ཤེས་པ་རང་སར་གྲོལ། །སྐྱོན་ཡོན་དུ་འཛིན་པ་གྲོལ་ཙ་ན། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །རང་སེམས་དཔང་པོར་བཞག་ནས་ཀྱང་། །ཟོལ་ཟོག་སྤྱོད་པ་སྤངས་བྱས་ནས། །དགག་སྒྲུབ་མེད་པར་སྤྱོད་ཙམ་ན། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །སྔར་ཟིན་གྱི་ཤེས་པ་སྤང་དུ་མེད། །ད་ལྟའི་དྲན་པ་སྐྱེ་རུ་མེད། །གནོད་བྱེད་ཀྱི་ལྷ་འདྲེ་རང་སར་གྲོལ། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །འཕྲལ་བྱུང་གི་བདུད་ལ་གནོད་རྒྱུ་མེད། །གང་ལའང་ཉམ་ང་མེད་ཙ་ན། །བདུད་ཀྱི་གཅོད་ཡུལ་དེ་མིན་ནམ། །མ་སྐྱེས་པ་སྣ་ཚོགས་སུ་སྣང་བ་དེ་ཉིད་སྔར་གྱི་སྐྱེས་པའོ། །དོན་ལ་གསལ་སྟོང་དབྱེར་མེད་དུ་གནས། རིག་པ་དབྱིངས་ན་གསལ། དབྱིངས་ཡེ་ཤེས་དང་ལྡན། ཡེ་ཤེས་སྤྲོས་དང་བྲལ། གསལ་ལ་མ་འགགས། འཛིན་ཆ་མ་གྲུབ། ཆ་ཤས་མི་ཕྱེད། ངོ་བོ་མི་འགྱུར། འགག་མེད་ཀྱི་ཤེས་པ་ལ་འཛིན་མེད་ཀྱི་བློ་ཞོག །དོན་ཆོས་ཉིད་བྱ་བ་ལྟ་བའི་གདེང་། རྒྱུད་ལ་གོམས་པ་ཉམས་མྱོང་གི་གདེང་། ཉམས་ཀློང་དུ་གྱུར་པ་ཉམ་ང་མེད་པའི་གདེང་། ལྟ་བ་ཆོད་ཐོང་། སྒོམ་པ་ཞོག་ཐོང་། སྤྱོད་པ་ལྷུག་ཐོང་། ཏིང་ངེ་འཛིན་གྱིས་ལུས་འཆུན་པ། ངག་ཡིད་འཆུན་པའོ། །སྐྱོན་མ་སྤངས་རང་སར་དག །ཡོན་ཏན་མ་བསྒྲུབས་ཤུགས་ལ་འབྱུང་། ངོ་བོ་བསམ་བརྗོད་བྲལ་བའོ། །བསམ་བརྗོད་ཡིད་ལ་བྱར་ཡོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །བསམ་བརྗོད་ཡིད་ལ་བྱར་མེད་ན། སྐྱེ་འགག་མེད་སོ་སོར་རང་རིག་ཡེ་ཤེས་འཛིན་མེད་དུ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་ལོ། །ཟབ་དོན་ཐུགས་ཀྱི་སྙིང་པོའི་ལེའུ་སྟེ་བཅུ་དགུ་པའོ།། །།
ལོག་གནོན་གཟེར་བུའི་གདམས་པ་ལ། དང་པོ་ཆོས་ཉིད་ཀྱི་སྟེང་དུ་བསྐྱུར་ན་ལུས་ན་རྒྱུ་དང་ཚ་རྒྱུ་ག་ན་ཡོད་དེ་མེད་པ་ཡིན་ནོ། །མི་གཙང་བ་དང་ནད་རིམས་དང་ཉམས་གྲིབ་ལ་སོགས་གང་ནས་འགོ་སྟེ་མི་འགོ་བ་ཡིན་ནོ། །དེ་ལྟར་ཡང་གདམས་པ་རྒྱུད་ལ་ཐེབས་ན་གང་ལ་ཡང་མི་འཇིགས་སྙམ་པ་དང་། ཅི་ལ་ཡང་ཉམ་ང་བག་ཚ་མེད་པའི་རློམ་སེམས་སུ་མ་སོང་བར་བྱས་ནས་གཉན་ས་མཚོ་དང་ཆུ་མིག །བྲག་དང་ཤིང་དང་ས་དང་རྡོ་ལ་སོགས་གང་ན་གཉན་པ་དེ་རང་ལ་རྔ་ཅག་རྟོགས་ནས་ལུས་སེམས་ཀྱི་རྩོལ་བ་ཐམས་ཅད་ལྷོད་ཀྱིས་གློད་ནས་ཅི་ཡང་ཡིད་ལ་མི་བསམ་པར་སྤྲོས་བྲལ་དུ་ལྷན་ནེ་བཞག་ནས། ཉལ་སར་ཆོ་འཕྲུལ་རབ་མངོན་སུམ་བསྡིགས་པ་དང་། གཟུགས་སྣ་ཚོགས་སྟོན་པ་དང་རྡོ་དང་གསེག་མ་འདེབས་པ་དང་། ལུས་གནོན་པ་དང་། དངོས་སུ་ནག་ཡོར་གྱིས་བྱུང་བ་ལ། འཇིགས་པ་དང་ཉམ་ང་བར་མི་བྱ་བར་དེ་རང་ལ་མཛུབ་མོ་ཏར་གྱིས་ཚུགས་ལ། སྙེམས་དང་བྲལ་བས་རིག་པ་ངར་དང་ལྡན་པར་བྱ་སྟེ། ཁྱོད་སུ་ཡིན། འདིར་ཅི་བྱེད་བྱས་པས་འདྲེ་ཡིན་ན་ཡལ་ནས་འགྲོ། མི་ཡིན་ན་ལན་འོང་པས་དེ་ལ་རང་ཡང་མ་ཡེངས་པར་སེངས་ཀྱིས་བསྒོམ། ཡེངས་སུ་སྐད་ཅིག་ཀྱང་མི་གཞུག་གོ །ཆོ་འཕྲུལ་འབྲེང་སྐད་སྣ་ཚོགས་འདོན་པ་དང་། ལྷངས་འབོད་པ་དང་། མི་སྙན་པའི་གཏམ་སྣ་ཚོགས་བརྗོད་པ་དང་སྔར་མ་ཐོས་པའི་བྱ་ལ་སོགས་དུད་འགྲོའི་སྐད་སྣ་ཚོགས་འོང་བ་ཡིན། དེ་སྒྲ་གྲག་སྟོང་དུ་ཤེས་པར་བྱས་ནས་ཉལ། བག་ཚ་བ་མེད་པར་ཤེས་པ་ལྷོད་ཀློད་ནས་མ་ཡེངས་པར་བཞག་པས་གྲོལ་འགྲོ། ཐ་མ་རྨི་ལམ་དུ་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་སྟེ། དེ་ལ་ཉམ་ང་བག་ཚ་མེད་པའི་སྟེང་ནས་བདེན་མེད་དུ་ཤེས་པ་ཙམ་གྱིས་གྲོལ་འགྲོ། དེ་ལྟར་ཆོ་འཕྲུལ་ཇི་ཙམ་བྱུང་ཡང་རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན་ཏེ། ནུབ་དང་པོ་ཁུ་འཕྲིག་བག་ཙམ་བྱུང་ན། ནུབ་གཉིས་པ་དང་གསུམ་པ་ལ་སེམས་སུ་ཤེས་པར་བྱས་ལ་བཅད་དོ། །ནུབ་དང་པོ་རང་ནས་སྙེམས་དང་རྟོག་པ་མི་འདུག་ན་ནུབ་གསུམ་པ་ལ་སོགས་པ་བཏུད་དོ། །དེ་ཡང་སྙེམས་རྟོག་མི་འདུག་ན་གཞན་དུ་ཕྱིན་ལ་བཅད་དོ། །གལ་ཏེ་དེ་ལྟར་བྱས་པས་ལན་གཅིག་མ་ཆོད་ན་ཕྱིར་ལོག་ནས་ཤིང་གཉན་གཅོད་པ་དང་། ཆུ་གཉན་དཀྲུག་པ་དང་། ས་གཉན་བརྐོ་བ་དང་། ན་གཉན་སློག་པ་དང་། རྡོ་གཉན་བསྒུལ་བ་དང་། བྲག་གཉན་གཤག་པ་ལ་སོགས་པ་བྱའོ། །མི་གཙང་བ་དང་ནད་རིམས་དང་ཉམས་གྲིབ་ལ་སོགས་པ་ཉམ་ང་བག་ཚ་བྱུང་ན། ཉམ་ང་ན་ང་ཐོག་ཏུ་སྐྱུར། བག་ཚ་ན་ཚ་ཐོག་ཏུ་སྐྱུར། སྐྱུག་བྲོ་ན་བྲོ་ཐོག་ཏུ་བསྲེ། གང་འཇིགས་པའི་ཐོག་ཏུ་བཅས་བཅོས་མེད་པར་བཞག་གོ །ཕྱོགས་ངན་དང་བདུད་གཅོད་ལ་སོགས་ལ་ཡང་དེ་རང་ལ་གཏད་ལ། གང་ལ་ཡང་ཆོས་ཉིད་ཀྱི་དོན་དང་མ་བྲལ་བར་བྱས་པས་མི་མཐུན་པའི་རྐྱེན་ཐམས་ཅད་རང་སར་གྲོལ་ནས་ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལང་དུ་འཆར་བ་ཡིན་ནོ། །ལོག་ནོན་གཟེར་བུའི་ལེའུ་སྟེ་ཉི་ཤུ་པའོ།། །།
རྗེས་སུ་འཇུག་པའི་ཆོས་ལ་ལྔ། ལྟ་བ་སེང་གེ་སྒྲ་སྒྲོག་ཏུ་བསྟན་པ་དང་། སྒོམ་པ་ཉི་ཟླ་ཁ་སྦྱོར་དུ་བསྟན་པ་དང་། སྤྱོད་པ་སྟག་དང་སེང་གེ་ཁ་སྤྲོད་དུ་བསྟན་པ་དང་། ཉམས་ལེན་རྨ་བྱ་གཟན་ལ་ཞུགས་པ་ལྟ་བུར་བསྟན་པ་དང་། འབྲས་བུ་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུར་བསྟན་པའོ། །ལྟ་བ་ལ་བཞི། དབྱིངས་རྣམ་པར་དག་པའི་ལྟ་བ། ཡེ་ཤེས་ཕྱོགས་ལྷུང་མེད་པའི་ལྟ་བ། མུ་བཞིའི་མཐའ་ལས་གྲོལ་བའི་ལྟ་བ། འཁོར་འདས་གཉིས་སུ་མེད་པའི་ལྟ་བའོ། །ལྟ་བ་དཔེ་ཡིས་བསྟན་པ། ཀུན་ལ་ཉམ་ང་མེད་ཅིང་ཟིལ་གྱིས་གནོན་པའོ། །སྒོམ་པའི་བཞི་ནི་ངོ་བོ་གཏིང་མི་གཡོ་བའི་གནད། ཏིང་ངེ་འཛིན་གྱི་སྒོ་འབྱེད་པའི་གནད། སྐྱོན་ཡོན་གཉིས་ཀྱི་འཕྲང་གསོལ་བའི་གནད། འོད་གསལ་རྒྱུན་ཆད་མེད་པའི་གནད་དོ། །སྒོམ་པ་དཔེ་ཡིས་བསྟན་པ་ནི། ཐབས་དང་ཤེས་རབ་ཟུང་དུ་ཆུད་པས་བདེ་སྟོང་རྒྱུན་ཆད་མེད་པའི་དཔེའོ། །སྤྱོད་པ་ལ་བཞི། ཉམ་ང་བག་ཚ་མེད་པའི་སྤྱོད་པ། ཤུགས་འབྱུང་རང་ཡན་གྱི་སྤྱོད་པ། ཐུག་ཕྲད་ལམ་ཁྱེར་གྱི་སྤྱོད་པ། རང་བྱུང་རྒྱན་གྱིས་མཛེས་པའི་སྤྱོད་པའོ། །སྤྱོད་པའི་དཔེ་བསྟན་པ་ནི། ཀུན་ལ་ཉམ་ང་མེད་ཅིང་དཔའ་རྩལ་དང་ལྡན་པ་ཡིན། ཉམས་ལེན་ལ་བཞི་ལས། རང་དོན་ཉམས་སུ་ལེན་པའི་གནད། གཞན་དོན་ཉམས་སུ་ལེན་པའི་གནད། གཉིས་མེད་ཉམས་སུ་ལེན་པའི་གནད། རང་གྲོལ་ཉམས་སུ་ལེན་པའི་གནད་དོ། །ཉམས་ལེན་དཔེའི་དོན་བསྟན། མ་ཡེངས་པར་ཉམས་སུ་བླངས་པས་གེགས་སེལ་ཅིང་བོགས་འབྱུང་བའོ། །འབྲས་བུ་ལ་བཞི། རང་བཞིན་ལྷུན་གྱིས་གྲུབ་པ། ཀུན་ལ་ཕྱོགས་རིས་མེད་པ། སྐྱོན་གང་གིས་ཀྱང་མ་གོས་པ། དགོས་འདོད་ཐམས་ཅད་འབྱུང་བའོ། །འབྲས་བུ་དཔེ་ཡིས་བསྟན་པ། ངོ་བོ་ལྷུན་གྲུབ་ཏུ་རྟོགས་པས་ཐུགས་རྗེ་འགག་མེད་ཀྱི་རྩལ། འགྲོ་དོན་རྩོལ་མེད་དུ་འབྱུང་བའོ། །རྗེས་སུ་འཇུག་པའི་ཆོས་ལྔའི་ལེའུ་སྟེ་ཉེར་གཅིག་པའོ།། །།
དད་པ་ལྡན་ཞིང་རང་རྒྱུད་འཇམ་པ་དང་། །བླ་མ་ལ་གུས་གཏོང་ཕོད་ཆེ་བ་དང་། །ཡེ་ཤེས་ཉམས་སུ་ལེན་ལ་སྦྱིན་པར་བྱ། །བློ་ལྡན་སྨྲ་བརྟན་དད་པ་ཆེ་བ་དང་། །ཤེས་རབ་ཆེ་ཞིང་དྲིན་དུ་གཟོ་བ་དང་། །སྒྲུབ་ལ་བརྩོན་ཞིང་སྙིང་རུས་ཆེ་བ་དང་། །མཆེད་ལ་གདུང་ཞིང་ང་རྒྱལ་ཆུང་བ་དང་། །དཀའ་བ་ཉམས་ལེན་ལུས་ངག་སྐྱོ་དུབ་མེད། །བླ་མའི་བཀའ་བཞིན་སྒྲུབ་པ་དེ་ལ་སྦྱིན། །དད་པ་མེད་པའི་ཁ་མཁས་ཟོག་པོ་དང་། །རྒྱུད་ལ་ཆོས་མེད་སྤྱོད་ལམ་མཁས་པ་དང་། །དད་མེད་རྩན་རབ་གཡེམ་ལ་ཞུ་བ་དང་། །ཉམས་མྱོང་མེད་པར་ཁ་ཚིག་མཁས་པ་དང་། ངོ་བསྟོད་ཟུར་ཟ་བྱེད་པའི་ཁྲམ་པ་དང་། །ངག་འཇམ་ལག་དམ་སེར་སྣ་ཆེ་བ་དང་། །གཡོ་སྒྱུ་ཆེ་ཞིང་འདོད་པས་གདུངས་པ་དང་། །རྟོག་ཆེ་སྙིང་རྗེ་ཆུང་ཞིང་གདམས་མི་ཉན། །སྒྲུབ་ལ་མི་བརྩོན་ཐ་སྙད་ཚིག་སོགས་མེད། །གསང་བ་མི་ཐུབ་ནོར་བུ་གཅལ་དུ་འགྲེམས། །དེ་ལྟ་བུ་ལ་ཤིན་ཏུ་གསང་ཞིང་གབ། །མ་གསང་མཁའ་འགྲོ་གཉན་པས་བཀའ་ཆད་འོང་། །དེས་ན་འདྲ་མིན་ཚིག་གིས་སུན་དབྱུང་བྱ། །མ་ཡི་ཞལ་གདམས་བུ་ཡིག་ཉི་ཤུ་རྩ་གཅིག་པ་ཞེས་བྱ་བ་རྫོགས་སོ།། །།
(༡)མི་སྟོ་ཞེས་པ་མི་སྐྱོན་ཞེས་པའི་དོན་ཏེ་དག་ཡིག་གསར་བསྒྲིགས་ཤོག་ངོས་༣༢༧ནང་སྟོ་སྐྱོན་གྱི་མིང་སྟེ་སྐྱོན་མེད་པའམ་མི་འབྱུང་བ་ལ་མི་སྟོ་དང་སོ་ཟིང་བ་ལ་སོ་སྟོ་བ་ཟེར་བ་ལྟ་བུའོ། །
ཤེས་རབ་སྐྲ་རྩེ།
༄༅། །ཤེས་རབ་སྐྲ་རྩེ་བཞུགས་སོ། །
ཀུན་གྱི་ཡུམ་ལ་ཕྱག་འཚལ་ལོ། །དམན་པའི་ལུས་བླངས་བདག་འདྲ་ཡིས། །རྒྱལ་བའི་ཡུམ་གྱི་དོན་རྟོགས་པས། །རང་རིག་དམིགས་པའི་ཡུལ་འདས་ཀྱང་། །དོན་མཚོན་སྒྲོན་མེ་འདི་བཤད་ཟུངས། །བློ་ལྡན་གང་ཞིག་སུ་ཡང་རུང་། །འཁོར་བའི་ཆོས་ལ་ཡིད་འབྱུང་ཞིང་། །ངེས་པར་ཐར་པ་ཐོབ་འདོད་པས། །སྤང་བླང་ཐབས་ཀྱིས་འདི་ལྟར་སྤྱད། །བྱ་བ་ཐམས་ཅད་བློ་ཡིས་བཏང་། །རྒྱུན་དུ་གཉན་ས་རི་ཁྲོད་འགྲིམས། །སྙེམས་མེད་གདེང་གི་བཙན་ས་བཟུང་། །རང་གི་འདུག་ཚུལ་བྱ་ར་བྱ། །དེ་ཉིད་དོན་ལ་རང་ངོ་སྤྲད། །རང་གིས་རང་ལ་བཞེངས་བསྐུལ་གདབ། །ཕ་རོལ་ཕྱིན་བཅུ་ལ་སོགས་ཀུན། །སྒོ་གསུམ་དོན་དང་མཐུན་པར་སྤྱད། །སྦྱིན་པ་ཕྱོགས་རིས་མེད་པའི་བསོད་ནམས་ཚོགས། །རློམ་སེམས་མེད་པར་ལྷུག་པར་ཐོངས། །ཚུལ་ཁྲིམས་མ་ཡེངས་རྒྱུན་གྱི་ཉམས་ལེན་གྱིས། །ཚིག་དོན་གཉིས་ཀྱི་ཞུ་དག་གྱིས། །བཟོད་པ་ཉོན་མོངས་ཁོང་ཁྲོ་དགྲ་སྡང་བཞིན། །ཡན་པར་མ་བཏང་མགོ་བོ་ནོན། །བརྩོན་འགྲུས་རིག་པ་སེམས་ཀྱི་བརྩོན་འགྲུས་ཀྱིས། །བེམ་པོའི་ལུས་ལ་བཞེངས་བསྐུལ་ཐོབ། །བསམ་གཏན་སྣང་ཕྱིར་འབྲངས་ན་བདུད་ཀྱིས་འཁྱེར། །དམན་ས་བཟུང་ལ་ཉམས་མྱོང་སྐྱོངས། །ཤེས་རབ་འདུས་བྱས་དགེ་བ་དཀོན་ནོར་བཞིན། །དམིགས་པ་མེད་པའི་གཏེར་དུ་སྦོས། །ཐབས་ཕྱི་བཤོལ་ཆེ་ན་བར་ཆད་འབྱུང་། །གང་ཡང་དྲན་པའི་ཚེ་ན་གྱིས། །སྨོན་ལམ་རང་གི་ཡོན་ཏན་བདག་གཞན་དོན། །འཛངས་མི་ནོར་བཞིན་ལོངས་སྤྱོད་ཀྱིས། །སྟོབས་བློ་སྣ་མང་ན་ལ་མི་ཟློས། །དོན་གོ་གཅིག་ཏུ་བློ་ཐག་ཆོད། །ཡེ་ཤེས་རྟོགས་པའི་ཡེ་ཤེས་དགོངས་པའི་ཉམས། །རང་སྣང་བཞིན་དུ་གོམས་འདྲིས་མཛོད། །རྩོལ་བ་བསོད་ནམས་ཆོས་ཀྱི་བར་གཅོད་ཡིན། །ངོ་སྲུང་འདུ་འཛི་སྤངས་ན་བདེ། །འཚོ་བ་ལྡོམ་བུ་ཡུན་རིང་ལྟོ་ཕྱིར་འཆོར། །ལུས་སེམས་དབེན་པའི་དགོན་པ་བརྟེན། །ངག་བཤད་པ་ཡུན་རིང་རང་དོན་འཆོར། །མ་ཡེངས་སྒྲུབ་ལ་བརྩོན་པར་མཛོད། །ལྟ་བ་བརྡ་ཙམ་བསྟན་པའི་ཆོས་རྣམས་ཀུན། །དཔེ་ཐོག་མ་བཞག་ཉམས་སུ་ལོངས། །ལས་མཐའ་ཟབ་མོར་གསུངས་པའི་གདམས་ངག་དེ། །གསང་ཚིག་བཞིན་དུ་ཞེ་ལ་ཆོངས། །རྟོགས་པ་གོ་ཚད་ཡུལ་དུ་མ་བཞག་པར། །རང་གི་རྒྱུད་ལ་འདྲེས་པར་མཛོད། །འགག་མེད་རང་བྱུང་རིག་པའི་སེམས། །སྙེམས་མེད་དབྱིངས་སུ་ཡལ་དུ་ཆུག །ཏིང་འཛིན་བྱུང་ཚོར་དྲན་རིག་ན་བུན་བཞིན། །རང་ཡལ་ལགས་པས་རྗེས་མ་བཅད། །རླུང་རིག་བག་ཆགས་ས་བོན་དེ། །འཁྲུལ་བའི་རྩ་བ་ཡིན་པས་ན། །ཐོག་མའི་རྒྱུ་རྐྱེན་གང་ཡིན་དང་། །བྱུང་ཁུངས་ལྟོས་ལ་ཕྱིས་འཁྲེན་ཆོད། །ཟབ་མོ་དོན་གྱི་ངོ་སྤྲོད་ནི། །བླ་མ་དམ་པའི་ཞལ་ལ་རག །བྱང་ཆུབ་སེམས་ཀྱི་སྦྱིན་པ་བཏང་། །ཀུན་ཀྱང་རང་བྱུང་སེམས་ཡིན་པས། །སྣང་སྲིད་ཆོས་ལ་ཉེ་རིང་མེད། །བདག་མེད་ཁྱབ་བརྡལ་ཆེན་པོར་ཞོག །སེམས་ཆོས་ལྟ་བསྒོམ་བསྲེ་བ་དང་། །ཉམས་ལེན་བརྡར་ཤ་བཅད་པ་དང་། །ལྟ་བའི་ཕུ་ཐག་བཅད་པ་དང་། །མཉམ་ཉིད་ལམ་དུ་བླང་པའི་ཕྱིར། །སེམས་ལ་གནོད་པའི་ལས་རྣམས་ཀུན། །འཁྲུལ་བ་བཅད་པ་གདམས་ངག་མཆོག །དང་པོ་གསར་བུ་ལམ་པའི་ཚེ། །དགྲ་གཉེན་བྱམས་སྡང་གཡེང་བའི་ནོར། །ཆགས་སྡང་བདག་འཛིན་བདུད་ཡིན་པས། །ཡུལ་དང་བྲལ་བ་གཅོད་དུ་གསུངས། །ཐོགས་མེད་བློས་བཏགས་ཁུ་འཕྲིག་བདུད། །ཉམ་ང་མེད་པའི་གདེང་གིས་གཅོད། །དེ་ཚེ་མི་མཐུན་རྐྱེན་བྱུང་ཡང་། །ཐོག་འགེལ་གནད་དུ་ཤེས་པ་གཅེས། །ཞེ་འདོད་རློམ་སེམས་བྱར་མི་རུང་། །གཉན་སར་གནས་པའི་བྱོལ་སོང་ལ། །གཉན་པའི་སེམས་མེད་རློམ་སེམས་མེད། །ཕ་བོང་ལ་སོགས་རྩི་ཤིང་ཡང་། །ཕན་གནོད་སྙེམས་བྲལ་རློམ་སེམས་མེད། །དེ་བཞིན་ཉིད་དུ་ཤེས་པར་བྱ། །ཡང་ན་ནམ་མཁའ་ལྟ་བུར་བཞག །ནམ་མཁའ་འདུ་ཤེས་མེད་པ་བཞིན། །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ནམ་མཁའ་ཁུ་འཕྲིག་མེད་པ་བཞིན། །ཁུ་འཕྲིག་མེད་པར་གློད་ལ་ཞོག །ནམ་མཁའ་རེ་དོགས་མེད་པ་བཞིན། །རེ་དོགས་མེད་པར་དོར་ལ་ཞོག །ནམ་མཁའ་བདག་འཛིན་མེད་པ་བཞིན། །བདག་ཏུ་འཛིན་པ་ཐོངས་ལ་ཞོག །ནམ་མཁའ་རློམ་སེམས་མེད་པ་བཞིན། གང་ལའང་རློམ་སེམས་མ་བྱེད་ཅིག །སྙེམས་བྱེད་རྟོག་པའི་ཕྱིར་མ་འབྲང་། །ཕྱི་རོལ་ཆོ་འཕྲུལ་རང་དུ་བརྟག །དགའ་བྲོད་ཀྱི་བདུད་བྱིན་རླབས་རྫུ་འཕྲུལ་ཁྱད་པར་ཆོས། །སྙན་གྲགས་བསྙེན་བཀུར་ཕྱི་ནང་རྟོགས། །མངོན་ཤེས་ལུང་སྟོན་ཐུན་མོང་བཅུད་ལེན་རྐང་མགྱོགས་རལ་གྲི་མིག་སྨན་དང་། །མཁའ་སྤྱོད་རིལ་བུ་སྤྲུལ་དང་གསེར་འགྱུར་རྩི། །མཆན་ཡིན། ཀུན། །བདུད་དུ་བརྟགས་ལ་གཏེར་དུ་སྦ། །ཟང་ཟིང་ལོངས་སྤྱོད་སྒྱུ་མར་བརྟག །ཆགས་སེམས་ཞེན་པ་རྣམ་པར་སྤངས། །གང་ལའང་དམིགས་པར་མི་བྱ་ཞིང་། །མི་དམིགས་པར་ཡང་དམིགས་མི་བྱ། །སྣང་སྲིད་ཆོས་ཀྱང་མ་དམིགས་ན། །སེམས་དགོངས་དམིགས་པར་ག་ལ་འགྱུར། །གང་ཞིག་རྣམ་རྟོག་བློ་ཡི་ཆོས། །བཅོས་པ་ཉིད་ཀྱིས་དམིགས་པའི་ཡུལ། །གང་ཞིག་དོན་དམ་ཚིག་ཏུ་བརྗོད། །བརྗོད་པ་ཉིད་ཀྱིས་ཀུན་རྫོབ་བློ། །གང་ཞིག་སྐྱེ་མེད་ཁས་ལེན་པ། །ཁས་ལེན་ཡོད་ཕྱིར་སྐྱེ་མེད་མིན། །གང་ཞིག་སྐྱེ་བ་མེད་འདོད་པ། །འདོད་པ་ཉིད་ཀྱིས་སྒྲིབ་པར་འགྱུར། །བླུན་པོ་དེ་ནི་དེ་རང་རིང་། །དེ་ཡིས་དེ་ཡི་དོན་མི་རིག །རྟོགས་ཤིང་འཁྲུལ་པ་རིག་པ་སྟེ། །འཁྲུལ་བའི་སེམས་ལ་སངས་རྒྱས་མེད། །སངས་རྒྱས་རང་གྲོལ་ཡེ་ཤེས་ལ། །སེམས་དང་རྣམ་ཤེས་ག་ལ་ཡོད། །ལུས་དང་བག་ཆགས་ག་ལ་ཡོད། །འདུ་ཤེས་མེད་ཅིང་མཁྱེན་པ་མེད། །བརྡ་ཙམ་བསྟན་པར་ཟད་མོད་ཀྱི། །ཡང་དག་དོན་ཉིད་འདི་ཡིན་ཞེས། །བསྟན་དུ་མེད་ཅིང་ཕྱོགས་དང་བྲལ། །དམིགས་དང་མི་དམིགས་ཀུན་ལས་འདས། །ཤུགས་ལས་བྱུང་ན་གང་ཡང་རུང་། །སྤང་བར་མི་བྱ་གཟུང་མི་བྱ། །གང་ལའང་གཅེས་འཛིན་བདུད་ཡིན་པས། །རང་ལུས་ལ་སོགས་སྣང་སྲིད་ཀུན། །སྙེམས་མེད་ཡན་པའི་དབྱིངས་སུ་སྐྱུར། །ལྷ་འདྲེ་ལ་སོགས་གཅོད་ཡུལ་ཀུན། །རྩལ་སྦྱོང་བརྡ་རུ་ཤེས་པར་བྱ། །ལྷ་ཀླུ་ནད་རིམས་ཡ་ངའི་བདུད། །དངོས་སུ་གྲུབ་པ་མེད་པས་ན། །ཡིད་ཡུལ་ཆོ་འཕྲུལ་རང་ཡིན་པས། །ལྷོད་ཀྱིས་གློད་ན་གྲོལ་བར་ངེས། །རང་གི་སྙེམས་ཐག་བཅད་པ་ལས། །ཕྱི་རོལ་གྱུར་པ་གང་ཡང་མེད། །འགག་མེད་སྣང་སྲིད་རང་བྱུང་བས། །སྐྱེ་མེད་ཡེ་ཤེས་ཀུན་གྱི་གདེང་། །ཟབ་མོའི་མན་ངག་ལྟ་བའི་གདེང་། །རྟོགས་པར་ཁས་ལེན་མཉམ་པ་ལ། །རྣལ་འབྱོར་སྤྱོད་པ་རྟོགས་པའི་ཁྱད། །བར་དོར་གཅོད་ཀྱིས་འཕགས་པ་དེ། །གང་ལ་ཞེན་པ་གྲོལ་བ་དང་། །ལྟ་སྤྱོད་འདྲེ་བ་ཐབས་སུ་གསུངས། །གང་ཞིག་གཉིས་འཛིན་སྙེམས་དང་བཅས། །རློམ་སེམས་རྟོག་པས་ཡུལ་དུ་གཅོད། །དོན་དང་མི་ལྡན་ཤིན་ཏུ་བླུན། །ཡུལ་མེད་ཐབས་སུ་ཤེས་གྱུར་ན། །ཡུལ་སེམས་ངོ་སྤྲོད་མན་ངག་ཡིན། །དེ་ཉིད་དོན་གྱི་བཞག་ཐབས་ནི། །འཛིན་མེད་མ་བཀག་ཡན་པ་ལ། །མ་བཅོས་ལྷུག་པར་བཞག་པ་དང་། །བདག་འཛིན་བག་ཆགས་སྙེམས་བྱེད་བདུད། །ཁུ་འཕྲིག་ཉམ་ང་རེ་དོགས་སེམས། །གཉིས་འཛིན་འདུ་ཤེས་བཅད་པ་ལས། །ཆེད་དུ་བྱ་བ་གང་ཡང་མེད། །དོན་དུ་གཉེར་བ་ཅི་ཡང་མེད། །འཛིན་པ་ཐོངས་ལ་ལྷུག་པར་ཞོག །དུས་གསུམ་སངས་རྒྱས་དགོངས་པ་ཡང་། །སྙེམས་མེད་ནམ་མཁའ་ལྟ་བུ་ལ། །གསལ་སྣང་ཉི་ཟླ་ལྟ་བུ་སྟེ། །བདག་འཛིན་འདུ་ཤེས་བྲལ་བའོ། །
ཨེ་མ་ཧོ། ང་མེད་ལམ་དུ་ཞུགས་ན་བདེ། །འཛིན་མེད་གྲོགས་དང་འགྲོགས་ན་བདེ། །འདྲེས་མེད་ཡུལ་དུ་བསྡད་ན་བདེ། །རྟེན་མེད་དགོན་པ་བཟུང་ན་བདེ། །ངོ་སྲུང་འཁྲི་བ་བཅད་ན་བདེ། །མཐུན་འཇུག་རྩིག་པ་བསྒྱེལ་ན་བདེ། །འཛིན་པ་ཀུན་དང་བྲལ་ན་བདེ། །ཚོགས་དྲུག་ལྷུག་པར་བཞག་ན་བདེ། །དེ་ལྟར་ང་ཡིས་སྨྲས་པ་ལས། །རྗེས་འཇུག་དེ་ལྟར་བསླབ་པར་བྱ། །དགོངས་པའི་བཅུད་ཕྱུང་དོན་བསྡུས་པའི། །ཤེས་རབ་སྐྲ་རྩེའི་གདམས་པ་འདི། །ཡིད་ལ་ཆོངས་ཤིག་རིགས་ཀྱི་བུ། །དམ་པར་ཟུངས་ཤིག་རིགས་ཀྱི་བུ། །འདི་བཞིན་མཛོད་ཅིག་རིགས་ཀྱི་བུ། །སེམས་ཆོས་སྲེས་ཤིག་རིགས་ཀྱི་བུ། །རྒྱུད་ལ་སྦྱོར་ཅིག་རིགས་ཀྱི་བུ། །གོམས་འདྲིས་གྱིས་ཤིག་རིགས་ཀྱི་བུ། །ཡུལ་ལ་མ་འཛིན་ཁུ་འཕྲིག་ཆོད། །བྱ་རྩོལ་མེད་ཀྱི་རང་སར་ཞོག །རང་བཞིན་གནས་ཀྱི་ཞེ་འདོད་ཐོངས། །རང་བྱུང་ཡིན་གྱི་བློས་མ་ལེན། །རང་གྲོལ་ཡིན་གྱི་རྗེས་མ་བཅད། །རྒྱུ་རྐྱེན་མེད་ཀྱི་ལས་མ་བསོགས། །སྐྱེ་མེད་ཡིན་གྱི་བློས་མ་འཆོས། །འགག་མེད་ཡིན་གྱི་རྟེན་མ་འཆའ། །ཟང་ཐལ་ཡིན་གྱི་རིས་མ་འབྱེད། །ཁྱབ་གདལ་ཡིན་གྱི་ཕྱོགས་མ་འཛིན། །རང་ཉིད་ཡིན་ནོ་གཞན་མ་རེ། །བཅིངས་གྲོལ་མེད་ཀྱི་རེ་མ་དོགས། །བཅོས་སུ་མེད་ཀྱང་རང་ཞིར་ཞོག །བསྒྲུབ་ཏུ་མེད་ཀྱི་ཅོག་གིས་སྡོད། །བཙལ་དུ་མེད་ཀྱི་ལྷན་གྱིས་སྡོད། །འདུ་འབྲལ་མེད་ཀྱི་དུས་མ་འདེབས། །སྐྱེ་ཤི་མེད་ཀྱི་སྙེམས་མ་འཆའ། །སྒྱུ་མ་ལྟ་བུའི་དགོངས་པ་ལོངས། །ནམ་མཁའ་ལྟ་བུར་བློ་ཐག་ཆོད། །དུས་གསུམ་རྒྱལ་བའི་དགོངས་པའི་བཅུད། །ང་ཡིས་སྨྲས་པ་སེམས་དགོངས་དོན། །ཟབ་མོ་དོན་གྱི་གདམས་པ་འདི། །རིགས་དང་ལྡན་ཞིང་དམ་ལ་གནས། །ངང་རྒྱུད་འཇམ་ལ་སྤྱོད་ལམ་མཛེས། །སྐྱེ་ཤིས་འཇིགས་ཤིང་བློ་དང་ལྡན། །ཚིག་ཕྱིར་མི་འབྲང་དོན་ལ་མོས། །སྣང་ཕྱིར་མི་འབྲང་ཉམས་སུ་ལེན། །དངོས་ལ་མ་ཆགས་གཏོང་ལ་མོས། །དམ་པའི་ཕྱོགས་སུ་སྲོག་མི་ཕངས། །ཟབ་མོའི་དོན་ལ་ངེས་ཤེས་སྐྱེ། །དེ་འདྲའི་བློ་ལྡན་སྐྱེས་བུ་ལ། །ང་ཡི་རྗེས་འཇུག་རིག་འཛིན་གྱིས། །ལྷམ་མེའི་དགོངས་པ་སྙིང་ཕྱུང་ལ། །སྣོད་ལྡན་བརྒྱུད་འཛིན་ཡིད་གཅུགས་པའི། །སེམས་ཀྱིས་བུ་ལ་སྒོ་གསུམ་ལྷུག །གང་ཞིག་བློ་དང་མི་ལྡན་པའི། །སྐྱེ་ཤིས་མི་འཇིགས་དྲེགས་པའི་ཆོས། །དམ་པར་མི་འཛིན་རློམ་སེམས་ཅན། །ཉམས་སུ་མི་ལེན་ཚིག་སོག་བྱེད། །རང་སྐྱོན་སྦས་ནས་གཞན་སྐྱོན་རྟོག །དོན་དང་མི་ལྡན་རང་ཉིད་མཐོང་། །གཡོ་སྒྱུས་བསྡམས་ཤིང་འཛིན་པས་བཅིངས། །འདོད་པས་ཐེབས་ཤིང་དྲེགས་པས་ནོན། །བཅུད་ལ་མོས་ཤིང་སྣོད་ལ་འཛེམས། །ཡོན་ཏན་འོག་འབྲུ་ཐབས་ཀྱིས་ལེན། །ཁ་གསག་དང་འབྲེལ་ཕྱིར་ལམ་གཅོད། །ཕ་མེས་གསང་གཏམ་ཁྲོམ་དུ་སྒྲོག །ངོ་སྨད་རྒྱལ་མཚན་རྩེ་ལ་ཕྱར། །ནོར་བུ་རིན་ཆེན་གཅལ་དུ་འགྲེམས། །རིན་ཆེན་ཐག་པ་གཏེར་དུ་སྦེད། །དེ་ལྟ་བུ་ལ་མི་བསྟན་ཅིང་། །ཤིན་ཏུ་སྦ་ཞིང་གསང་བར་བྱ། །ཐུགས་ཀྱི་དགོངས་པའི་བཅུད་ཕྱུང་ནས། །ཞལ་གྱི་གདམས་པའི་རྩལ་སྤྲུགས་པ། །ཤེས་རབ་སྐྲ་རྩེའི་གདམས་པ་འདིས། །ལས་ཅན་རྗེས་སུ་འཛིན་པར་ཤོག །བཀྲ་ཤིས་པར་ཤོག །
གནད་ཐེམ་བཞི་པ་དང་གནད་ཐེམ་བདུན་པ།
༄༅། །གནད་ཐེམ་བཞི་པ་དང་གནད་ཐེམ་བདུན་པ་བཞུགས་སོ། །
གནད་ཐེམ་བཞི་པ། རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གནད་ཀྱི་གདམས་པ་འདི་ལ་བཞི་སྟེ། གནས་ཀྱི་གནད་དང་། ལུས་དང་། ངག་དང་། ཡིད་ཀྱི་གནད་དོ། །དང་པོ་ནི། གནས་རི་ཁྲོད་དམ་གཉན་ས་དང་། མཛེ་གནས་དང་། དུར་གསེབ་དང་། ཁང་སྟོང་འདྲེ་ཅན་དང་། རེ་ཧྲུལ་ལ་སོགས་པར་བསྡད་ན་ཤུགས་ཀྱིས་རིག་པ་ཆུན་ནས་འོང་བ་ཡིན་ནོ། །གནས་འཇིགས་སར་བསྡད་པས་ཡ་ང་བ་བྱུང་ཙ་ན་ལྟ་བའི་ཐོག་ཏུ་ཤུགས་ཀྱིས་ཁེལ་ནས་འོང་བ་ཡིན་པས་དེ་ལྟར་འགྲིམས་ཤིག་ཨང་ངེ་། ལུས་ཀྱི་གནད་ནི། ལུས་མི་དབང་བ་ཙུག་ཏུ་རྩ་གཞི་དང་ཉྭ་བཞི་ལ་སོགས་པ་གློད་ནས་བཞག་པས་ཤེས་པ་ལྷོད་ཀྱིས་འགྲོ་བ་ཡིན། དྲན་པ་འགྱུས་ཀྱང་ནུས་པ་ཆུང་དུ་འགྲོ་བ་ཡིན། ཡང་ན་ལུས་བདག་པོ་ཤི་བའི་ཁང་སྟོང་བཞིན་དུ་གཉེར་མེད་པར་ཁྲེས་སེ་བཞག་པ་ཡིན། ལར་ག་ན་འདུག་ཀྱང་ལུས་གློད་པ་གལ་ཆེའོ། །
ངག་གི་གནད་ནི། སུ་སྨྲ་བ་ཐམས་ཅད་ལ་བྲག་ཆ་ལྟ་བུར་བསྒོམ་པའོ། །སྒྲ་དེ་ལ་གོ་བ་ཞིག་བླང་རྒྱུ་ཡོད་པ་དེ་ཅི་ཙུག་ཡིན་སྙམ་པའི་བསམ་པ་བཏང་ན་སྒྲ་གཡས་མེད་དུ་འགྲོ་བ་ཡིན་ནོ། །ཡང་ན་དབྱངས་དུམ་རེ་བླངས་པས་སྐྱོ་བའང་སྐྱེ། ཉམས་ཀྱང་འཆར་བ་ཡིན་ནོ། །གླེང་བསླང་ཡང་། སུ་ཤི་བ་དང་། སུ་སྡུག་པ་དང་། སུ་ཞིག་པ་དང་། གང་ཟག་སུ་སྒོམ་བཟང་བ་དང་། སུ་གཏོང་ཕོད་ཆེ་བ་དང་། སུ་བླ་མ་ལ་ཞབས་ཏོག་ཆེ་བ་དང་། སུ་ཕ་ཡུལ་སྤངས་པ་དང་། ཕཊ་བྱ་བ་ལ་སོགས་པ་བརྗོད་ནའང་ངེས་པར་བློ་ལྡོག་ནུས་པ་ཡིན་ནོ། །འཇིག་རྟེན་འདིར་སྤྲོ་བའི་གཏམ་ཐམས་ཅད་བཤོལ། ལར་སྒྲ་གྲག་སྟོང་དུ་གོ་བར་གྱིས་ཤིག །སེམས་ཀྱི་གནད་ནི། བེམ་རིག་བྲལ་བ་ཡིན་པས་བླ་མས་གསུངས་པ་བཞིན་དུ་བྱས་པས་སེམས་རང་གྲོལ་དུ་འགྲོ། དྲན་པ་འགྱུས་ཀྱང་ནུས་པ་ཆུང་། རྩ་བྲལ་དུ་འགྲོ་བ་ཡིན། ལར་བྱ་བ་ཙམ་བློས་བཏང་ནས་སེམས་ཉིད་བདེ་སྟོང་དུ་འགྲོ་བ་ཡིན། ཧད་དེ་བཞག་པས་སྤྲོས་པ་ངང་གིས་ཞི་ནས་འགྲོ་བ་ཡིན། སྒོམ་སྒོམ་པོ་ཞིག་འདོད་ན་སླར་ལ་འདུ་ཤེས་འཇུག་པ་ཡིན་པས་ལུང་ལས་ཀྱང་། འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ་གསུངས་པས། འདུ་ཤེས་ཙམ་གློད་ཀྱིན་བཞག་པ་ལས་དམིགས་པ་བཙུད་ནས་སྒོམ་རྒྱུ་ཞིག་མེད་དོ། །རྟོག་པ་ནི་གཞི་མེད། སྣང་བ་ནི་རྨི་ལམ་ལྟ་བུའམ་ཆུ་ཟླ་ན་བུན་ལྟ་བུར་ཟུངས་མི་ཐུབ་སྟེ། རྐྱེན་རང་ཡལ་དུ་འགྲོ་བས་གང་ལའང་ངེས་པར་མ་བཟུང་བས་སྤོང་བ་ཡིན་ནོ། །ཨེ་མ་ཧོ། གནས་གནད་རི་ཁྲོད་འགྲིམ་པ་གཅེས། །ལུས་གནད་རྩ་བཞི་གློད་པ་གཅེས། །ངག་གནད་ཉམས་དབྱངས་བླང་བ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །འདི་ཡིས་གདམས་ངག་ཐམས་ཅད་རྫོགས། །དང་པོ་གནས་ཀྱི་གནད་ནི། དུར་ཁྲོད་དང་གཉན་ཁྲོད་ལ་སོགས་པ་ཉམ་ང་བ་དང་། འཇིགས་པའི་རྟོག་པ་སྐྱེ་བ་གཅིག་དགོས། དེ་མ་སྐྱེས་ན་གཅད་རྒྱུ་མེད་པའོ། །དེ་ནས་འཇིགས་པ་ལ་སོགས་པ་བྱུང་བ་དང་། དེར་རང་གི་རྣམ་རྟོག་གིས་མདུན་བསུས་པས་ལན་པ་ཡིན་གྱིས། ཕྱི་རོལ་ན་ཡོད་མི་སྲིད་པས་དེ་ཐོག་རང་དུ་བསྐྱུར་ནས་གློད་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན་ནོ། །
གཉིས་པ་ལུས་གནད་རྩ་བཞི་གློད་པ་གཅེས་བྱ་བ་ནི། ལུས་ལ་གཅེས་འཛིན་གྱི་བློ་མེད་པར་བྱས་ལ་སྤྱོད་ལམ་ཡང་གང་ལྟར་བདེ་བ་ལྟར་བསྡད་ལ། ལུས་སོག་ཕོན་ཐག་པ་ཆད་པ་ལྟར་ལྷོད་གློད་ལ་ཤིགས་ཀྱིས་བཤིགས་ནས་འཇོག་པ་ཡིན་ནོ། །གསུམ་པ་ངག་གི་གནད་ནི། སྨྲ་བརྗོད་ཐམས་ཅད་སྤངས་ལ་ལྐུག་པ་ལྟར་ཁ་རོག་བསྡད་པའོ། །བཞི་པ་སེམས་ཀྱི་གནད་ནི། ཡིད་ལ་བསམ་མནོ་དང་དྲན་པ་གང་ཡང་མེད་པར་ཡེངས་ཐབས་སུ་ལྷོད་དེ་འབོལ་ལེ་མི་བསྒོམ་པར་འཇོག་པའོ། །འབོལ་ལེ། ཕྱད་དེ། མི་བསམ་པར་འཇོག་པའོ། །དགའ་བ་དང་མི་དགའ་བ་ལ་སོགས་པའི་བློ་ཅི་སྐྱེས་ཀྱང་ཕཊ་བྱས་ནས་རྗེས་མི་གཅོད་པར་རྒྱངས་ཀྱིས་བསྐྱུར་ལ་བཞག་གོ །ཏོལ་སྐྱེས་པ་དང་བཅར་ཞི་ལ་བཞག་གོ །མི་བསྒོམ་པར་རང་ལུགས་སུ་གློད་ནས་འཇོག་པ་ཡིན་ནོ། །རྗེས་ལ་གནས་ལུགས་ཀྱི་ངང་ལ་སྒྱུ་མ་ལྟ་བུའི་བློས། ལུས་ངག་ཡིད་གསུམ་གྱིས་ཐབས་ཀྱི་དགེ་སྦྱོར་ཡང་ཅི་ནུས་འབད་པར་བྱའོ།། །། གནད་ཐེམ་བཞི་པ་ཞེས་བྱ་བ་ཨི་ཏི།
གནད་ཐེམ་བདུན་པ་ཉུང་ངུ་།
༄༅། །གནད་ཐེམ་བདུན་པ་ཉུང་ངུ་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གནད་ཀྱི་གདམས་པ་འདི་ལ་བདུན་ཏེ། ཐེག་ཆེན་ཟིལ་གྱིས་མནན་པ། གཉན་ཐོག་ཏུ་གཉན་དབབ་པ། སྐར་ཆེན་ཐིབས་འོག་ཏུ་གཞུག་པ། གཉན་ཆེན་མཐའ་ལ་གཏད་པ། ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་བ། ཕྱིར་མི་ལྡོག་པ་སྒོ་གཏན་ལྟ་བུ་དང་། ལོག་གནོན་གཟེར་བུ་ལྟ་བུའི་གདམས་ངག་གོ །
དང་པོ་ནི། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་གདམས་ངག་ཉིན་ལན་གསུམ་མཚན་ལན་གསུམ་བྱའོ། །གཉིས་པ་གཉན་ཐོག་ཏུ་གཉན་དབབ་པ་ནི། གཉན་པ་གང་གཉན་ན། འཇིག་རྟེན་ན་ཀླུ་ཡི་ཕོ་བྲང་གཉན། དེ་བས་ཀྱང་རྣལ་འབྱོར་པ་གང་ཡང་ཡིད་ལ་མི་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་སྐྱེ་མེད་ནམ་མཁའ་ལྟ་བུར་རྟོགས་པ་དེ་གཉན། དེ་ཙ་ན་ལྷ་འདྲེ་ཡིས་གཟི་བརྗིད་མ་བཟོད་ནས་གཟུགས་དངོས་སུ་སྟོན་པ་དང་། གཟུགས་མེད་པའི་སྐད་འདོན་པ་དང་། འདྲེས་གནོན་པ་དང་། རྨི་ལམ་དུ་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ལ་སོགས་པ་གང་བྱུང་ཡང་། རབ་ཀྱིས་སྨྲ་བསམ་བརྗོད་མེད་ཀྱི་ངང་ལ་བཞག །འབྲིང་གིས་ལུས་སེམས་བྲལ། ཐ་མས་ཕུང་པོ་གཟན་ལ་བསྐྱུར། དེ་ལ་དང་པོ་རབ་ཀྱིས་ནི། ལྷ་འདྲེའི་ཆོ་འཕྲུལ་གང་བྱུང་ཡང་། ཡིད་ལ་མི་བྱེད་པར་ལྷོད་ཀྱིས་གློད་ནས་བཞག་པས་ལྷ་འདྲེའི་ཆོ་འཕྲུལ་སྟོང་སངས་ཀྱིས་སོང་ནས་ཤེས་པ་བདེ་འབོལ་གྱིས་འོང་བ་ཡིན་ནོ། །དེའང་རབ་ཀྱིས་བྱུང་ཡང་སེམས་ལས་བྱུང་། ཤེས་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས་ལྷ་འདྲེའི་རྟོག་པ་མ་སྤངས་པར་རང་སར་གྲོལ་བ་ཡིན་ནོ། །
དབང་པོ་འབྲིང་གིས་ལུས་སེམས་བྲལ་བ་ནི། ལྷ་འདྲེའི་ཆོ་འཕྲུལ་གང་བྱུང་བའི་དུས་སུ་ལུས་སེམས་ཤགས་ཀྱིས་ཕྲལ་ནས་སེམས་ནམ་མཁའ་ལ་བུན་གྱིས་བཏང་བས་ལྷ་འདྲེའི་ཆོ་འཕྲུལ་སྟོང་སངས་ཀྱིས་སོང་ནས་ཤེས་པ་བདེ་སྟོང་དུ་འཆར་རོ། །ཐ་མས་ཕུང་པོ་གཟན་དུ་བསྐྱུར་བ་ནི། ལྷ་འདྲེའི་ཆོ་འཕྲུལ་བྱུང་བའི་དུས་སུ། ངའི་ལུས་འདོད་ན་ད་ལྟ་ཁྱེར་ཅིག་སྙམ་དུ་བསམ་ལ་ལུས་ལིངས་ཀྱིས་བསྐྱུར། སེམས་ལྷོད་ཀྱིས་གློད་ནས་བཞག་པས་ལྷ་འདྲེའི་ཆོ་འཕྲུལ་སྟོང་སངས་ཀྱིས་སོང་ནས་སེམས་བདེ་སྟོང་དུ་འཆར་རོ། །
གསུམ་པ་སྐར་ཆེན་ཐིབས་འོག་ཏུ་གཞུག་པ་ནི། དཔེར་ན་ཐོ་རངས་ཀྱི་སྐར་མ་ཐམས་ཅད་ཉི་མའི་ཟེར་གྱིས་གནོན་པ་བཞིན་དུ། གདོན་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་རིག་པ་ཁྱབ་གདལ་ཆེན་པོས་ཟིལ་གྱིས་ནོན་པའོ། །བཞི་པ་གཉན་ཆེན་མཐའ་ལ་གཏད་པ་ནི། གཉན་སར་ཕྱིན་པའི་དུས་སུ་ལྷ་འདྲེ་དྲག་པོ་དང་ཐུག་ནས་ལུས་ལ་ན་ཚ་ལ་སོགས་པ་བྱུང་ན། ཤིང་གཉན་རྩད་ནས་བཅད། ཆུ་གཉན་གཏིང་ནས་དཀྲུགས། ན་གཉན་བརྐོ། བྲག་གཉན་བཤིག །དེའི་དུས་སུ་དབང་པོ་རབ་ཀྱིས་གང་ཡང་ཡིད་ལ་མི་བྱེད་པར་ཤེས་པ་རང་ལུགས་སུ་ལྷོད་ཀྱིས་གློད་ལ་བྱ། འབྲིང་གིས་ལུས་སེམས་ཤག་གིས་ཕྲལ་ནས་སེམས་ནམ་མཁའི་དབྱིངས་ལ་བུན་གྱིས་བཏང་ལ་བྱའོ། །ཐ་མས་གཟན་དུ་ལིངས་ཀྱིས་བསྐྱུར་ལ། སེམས་གང་ཡང་ཡིད་ལ་མི་བྱེད་པར་ཤེས་པ་ལྷོད་ཀྱིས་གློད་ལ་བྱའོ། །དེ་ལྟར་ཞག་གཉིས་གསུམ་བསྡད་ལ་བྱའོ། །དེ་ལ་དཔའ་བོའི་ལོག་འཐེན་ཟེར་བ་ཡིན། དེས་ནི་ཆོ་འཕྲུལ་ཞི་ནས་འགྲོ་བ་ཡིན་ནོ། །ལྔ་པ་ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་བ་ནི། ལྷ་ཞེས་བྱ་བ་གོང་དུ་མཆོད་དུ་མེད། འདྲེ་ཞེས་བྱ་བ་འོག་ཏུ་བརྡུང་དུ་མེད། ཡར་སངས་རྒྱས་ལ་རེ་བ་མེད། མར་འཁོར་བ་ལ་དོགས་པ་མེད། བར་ལམ་ལ་རྩོལ་སྒྲུབ་མེད། ཕྱི་ཁོ་ཐག་ཆོད། ནང་རྟོགས་པས་ཚིམ། བར་བྱ་བྲལ་གཉིས་མེད་ཀྱི་ཡེ་ཤེས་མ་བཅོས་པའི་ངང་ལ་ཅམ་གྱིས་བཞག་གོ །
དྲུག་པ་ཕྱིར་མི་ལྡོག་པ་སྒོ་གཏན་ལྟ་བུའི་གདམས་ངག་ལ། གཅོད་པའི་དུས་དང་གཅིག །ཆོད་པའི་དུས་དང་གཉིས། ཚར་བའི་དུས་དང་གསུམ། ལྡོག་པའི་དུས་དང་བཞི། ལོག་གནོན་གྱི་དུས་དང་ལྔའོ། །དང་པོ་ནི། སོ་མ་རྣམ་པ་གསུམ་གྱི་དུས་སམ། ཡང་ན་རང་གི་རྒྱུད་ལ་ཉོན་མོངས་པ་དང་རྣམ་རྟོག་སྐྱེས་པའི་དུས་དང་། ཁྱད་པར་དུ་འཇིགས་པ་དང་སྐྱུག་བྲོ་བའི་དུས་དང་། སྙིང་མི་དགའ་བའི་དུས་དང་། ཤེས་པ་འཕྲོ་བ་ལ་སོགས་པ་ནམ་བྱུང་བའི་དུས་སུ་གཅོད་དགོས་སོ། །གཉིས་པ་ཆོད་པའི་དུས་ནི། གོང་གི་ཆོ་འཕྲུལ་ལ་སོགས་པ་གང་ལའང་ཉམ་ང་བ་དང་བག་ཚ་བ་མེད་པར་རང་གྲོལ་དུ་སོང་བའོ། །གསུམ་པ་ཚར་བའི་དུས་ནི། གཉན་སར་ཞག་གཉིས་གསུམ་ལོན་ཙ་ན། ཆོ་འཕྲུལ་ལ་སོགས་པ་སངས་ཀྱིས་སོང་ནས། གནས་དེ་ཉམས་དགའ་ཞིང་སྡོད་སྙིང་འདོད་པ་ནི་ཕྱིའི་ཚར་ཚད་དོ། །ལུས་ཀྱི་ན་ཚ་ལ་སོགས་ལས་གྲོལ་ཞིང་ལུས་མདངས་སྟོབས་དང་ལྡན་པ་ནི་ནང་གི་ཚར་ཚད་དོ། །ཤེས་པ་བདེ་སིང་པའམ། སྟོང་སངས་པའམ། བག་དྲོ་འུར་བའམ། ཤེས་པ་གསལ་སིང་། དྭངས་སྙིགས་ཕྱེད་པ་དང་། རྐྱེན་གང་བྱུང་ཡང་གྲོགས་སུ་འཆར་ཞིང་གང་ལའང་། སྙེམས་མི་འཇུག་ཙམ་ན་ཚར་བ་ཡིན་ནོ། །
བཞི་པ་ལྡོག་པའི་དུས་ནི། ལྷ་འདྲེ་ལ་སོགས་པའི་ཆོ་འཕྲུལ་གང་བྱུང་བ་དེ་ལ་བྲེད་ནས་བྲོས་ན་ལྡོག་པ་ཡིན་ནོ། །ལར་གང་ལ་བཅད་པ་དེ་ལ་མ་ཆོད་པར་ལུས་ན་ལྡོག་པ་ཡིན་ནོ། །ལྔ་པ་ལོག་གནོན་གྱི་དུས་ནི། ཉམ་ང་ན་ང་ཐོག །བག་ཚ་ན་ཚ་ཐོག །སྐྱུག་བྲོ་ན་བྲོ་ཐོག །འཇིགས་ན་འཇིགས་ཐོག །རྟོག་པ་གང་སྐྱེས་པ་དེ་ལ་ཐོག་འགེལ་བྱ། དེའང་མ་ཆོད་ཀྱི་བར་དུ་རྦད་ཁམ་བསྐྱེད་ལ་ཡང་དང་ཡང་དུ་མ་ཆོད་པར་ལོག་པ་དེའི་སྟེང་དུ་ཐོག་འགེལ་བྱའོ། །དེ་ལྟར་བྱས་པས་ཆོད་པ་ལ་ཡང་དགའ་བའི་བློ་མི་བྱ་བར་གཏད་མེད་དུ་བསྐྱུར་རོ། །བདུན་པ་ལོག་གནོན་གཟེར་བུ་ལྟ་བུའི་གདམས་ངག་ལ་ལྔ་སྟེ། མཛེ་ཅན་ཕོ་མོ་ལ་བཅད་པ་དང་། འགོ་བའི་ནད་ལ་བཅད་པ་དང་། མཁོན་དང་ཟས་ལ་བཅད་པ་དང་། ཕྱོགས་ངན་ལ་བཅད་པ་དང་། མོ་ངན་པ་དང་། རྨི་ལམ་ངན་པ་ལ་བཅད་པ་དང་ལྔའོ། །དེའི་དུས་སུ་དབང་པོ་རབ་ཀྱིས་གང་ཡང་ཡིད་ལ་མི་བྱེད་པའི་ངང་དུ་ཤེས་པ་རང་ལུགས་སུ་བཞག་པར་བྱའོ། །འབྲིང་གིས་ལུས་སེམས་ཤག་གིས་ཕྲལ་ལ་སེམས་ནམ་མཁའ་ལ་བུན་གྱིས་བཏང་ལ་བྱའོ། །དབང་པོ་ཐ་མས་ལུས་གཟན་དུ་ལིངས་ཀྱིས་བསྐྱུར་ལ་སེམས་ལྷོད་ཀྱིས་གློད་པར་བྱའོ།། །།གནད་ཀྱི་ཐེམ་ཡིག་བདུན་པ་ཞེས་བྱ་བ་ཨ་མ་ཇོ་མོའི་གསུང་ཨི་ཏི།
རིགས་བཞི་མཁའ་འགྲོའི་སྙན་བརྒྱུད།
༄༅། །རིགས་བཞི་མཁའ་འགྲོའི་སྙན་བརྒྱུད་བཞུགས་པའི་དབུ་ཕྱོགས་ལགས་སོ། །
བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །མ་ཇོ་མོ་གཡོ་རུ་ཁྲ་འབྲུག་གི་ཁྱམས་ན་བཞུགས་པའི་མནལ་ལམ་དུ། ཟངས་རི་མཁར་དམར་གྱི་བྲག་སེང་གེའི་གདོང་པ་ཅན་ནས་འོང་ཟེར་བའི་བུད་མེད་སྔོ་བསངས་མ་ཞིག་གིས་སྙིང་བཏོན་ནས་ཁྱེར་བ་བྱུང་། མནལ་སད་ནས་དེ་མཁའ་འགྲོ་མ་ཞིག་ཡིན་ནམ་འོན་ཏེ་བར་ཆད་ཡིན། གང་ཡིན་ཡང་གཅོད་ཅིག་བྱ་དགོས་སྙམ་ནས་བྲག་སེང་གེའི་གདོང་པ་ཅན་དུ་ཕྱིན་ནས་དགོངས་པ་ལ་བཞུགས་པ་ལ། དེའི་ནུབ་མོ་ནམ་སྲོད་ལ་ལས་ཀྱི་ཌཱ་ཀི་མ་ཡིན་ཟེར་བ་ཞིག་གི་ཞལ་ནས། རྣལ་འབྱོར་མ། ཁྱོད་ཀྱིས་ཕྱིའི་བདུད་བཞི་སྤངས་སམ་གསུངས། ཕྱིའི་བདུད་བཞི་བྱ་བ་ནི་གང་ལགས། སྤོང་ན་ཇི་ལྟར་སྤང་ཞུས་པས། ཕྱི་ཡི་བདུད་བཞི་བྱ་བ་ནི། ལྷའི་བུའི་བདུད། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད་དང་བཞིའོ། །ལྷའི་བུའི་བདུད་ནི། རང་ཡིད་ལ་གང་དགའ་བ་དེ་ལ་ཞེན་ཅིང་ཆགས་པ་དེ་ཡིན་ནོ། །སྤང་བའི་ཐབས་ནི། ཆགས་ཞེན་གྱི་འཛིན་པ་དེ་བདུད་རང་དུ་ཤེས་པར་བྱས་ལ། འཁྲི་བ་བཅད། ཞེན་པ་བཟློག །སྐྱོན་ངོས་བཟུང་། མཚང་ཡུལ་ནས་བཏོན་ལ་བཏང་ངོ་། །
ཉོན་མོངས་པའི་བདུད་ནི། དུག་རྣམ་པ་ལྔ་གང་སྐྱེས་པའི་དུས་སུ་རང་དགར་བཏང་ནས་རྗེས་སུ་འབྲང་བ་དེ་ཡིན་ནོ། །སྤོང་བའི་ཐབས་ནི། ཉོན་མོངས་པ་ནམ་སྐྱེས་པའི་དུས་དེར་བཙན་ཐབས་སུ་བཅད་ནས་སྨྲ་བསམ་བརྗོད་དུ་མེད་པའི་ངང་ལ་ཤེས་པ་སྤྲོ་སིང་ངེ་ངར་དང་ཆས་པར་བཞག་གོ །ཕུང་པོའི་བདུད་ནི། དབང་པོ་ཡུལ་ལྔ་ལ་ཞུགས་ཤིང་བྱུང་ཚོར་གྱི་རྗེས་སུ་འབྲང་བ་དེ་ཡིན། སྤོང་བའི་ཐབས་ནི། སྣང་བ་སེམས་སུ་ཐག་བཅད། སེམས་སྟོང་པར་ཐག་བཅད། སྟོང་པ་གཉིས་མེད་དུ་ཐག་བཅད་ལ། རིག་པ་ཁྱབ་བརྡལ་དུ་སིང་ངེ་ཡེར་རེ་ངར་དང་ཆས་པར་བཞག་གོ །འཆི་བདག་གི་བདུད་ནི། སེམས་སྐྱེ་མེད་དུ་མ་རྟོགས་པར་སྐྱེ་འཆིའི་འཇིགས་པ་དེ་ཡིན། སྤོང་བའི་ཐབས་ནི། སྣང་གྲག་གི་ཆོས་ཐམས་ཅད་སྐྱེ་མེད་དུ་ཐག་བཅད། འཆི་མེད་དུ་གདེང་བཅའོ་ཞེས་གསུངས་སོ། །
ནམ་ཕྱེད་ན་ཤ་ཟ་ཌཱ་ཀི་མ་ཡིན་ཟེར་བ་ཞིག་གི་ཞལ་ནས་རྣལ་འབྱོར་མ་ཁྱོད་ཀྱིས་ནང་གི་བདུད་བཞི་སྤངས་སམ་གསུངས། ནང་གི་བདུད་བཞི་བྱ་བ་ནི་གང་ལགས། སྤོང་ན་ཇི་ལྟར་སྤང་ཞུས་པས། ནང་གི་བདུད་བཞི་ནི། བྱམས་པའི་གཉེན་ལ་ཆགས་ཤིང་དགྲ་ལ་སྡང་བ་དང་། ལྷས་ཕན་པར་ལྟ་ཞིང་འདྲེས་གནོད་པར་ལྟ་བ་དང་། རང་གི་ལུས་དང་ལོངས་སྤྱོད་ལ་ཞེན་ཅིང་ཆགས་པ་དང་། བཟང་རྟོག་གིས་བཅིངས་ཤིང་ཡོན་ཏན་ཁྱད་པར་ཅན་མི་སྐྱེ་བ་དང་བཞིའོ། །
སྤོང་བའི་ཐབས་ནི། དགྲ་གཉེན་དང་ལྷ་འདྲེ་ལ་སོགས་གཉིས་སུ་འཛིན་པའི་སེམས་དེ་བདུད་དུ་ངོ་ཤེས་པར་བྱ་ཞིང་། ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པར་བྱས་ལ། རིག་པ་ཁྱབ་བརྡལ་དུ། ཁྱབ་བེ། བརྡལ་ལེ། འཛིན་མེད་དུ་བུན་ནེ་བཞག་གོ །རང་གི་ལུས་དང་ལོངས་སྤྱོད་ལ་ཧ་ཅང་གཅེས་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། རང་ཆེ་བར་འཛིན་པ་དང་། རང་བཟང་བར་འཛིན་པ་དང་། ང་སྙམ་པའི་ང་རྒྱལ་ལ་སོགས་པ་ཀུན་བདུད་དུ་ངོས་བཟུང་ལ་སྤང་ཞིང་། རིག་པ་ཁྱབ་བརྡལ་དུ། ཁྱབ་བེ། བརྡལ་ལེ་བག་བྲོ་འུར་རེ། ས་ལེ། སིང་ངེ་བཞག་གོ །ནམ་ཕྱེད་ཡོལ་ན་ཞིང་སྐྱོང་གི་ཌཱ་ཀི་མ་ཡིན་ཟེར་བ་ཞིག་གི་ཞལ་ནས་རྣལ་འབྱོར་མ། ཁྱོད་ཀྱིས་གསང་བའི་བདུད་བཞི་སྤངས་སམ་གསུངས། གསང་བའི་བདུད་བཞི་བྱ་བ་གང་ལགས། སྤོང་ན་ཇི་ལྟར་སྤང་ཞུས་པས། གསང་བའི་བདུད་བཞི་ནི། ཐོགས་བཅས། ཐོགས་མེད། དགའ་བྲོད། སྙེམས་བྱེད་བཞིའོ། །སྤོང་བའི་ཐབས་ནི། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། དགའ་བྲོད་ཞེན་པའི་འཁྲི་བ་བཅད། སྙེམས་བྱེད་བདག་གི་འཁྲི་བ་བཅད། ཅེས་གསུངས་སོ། །ནམ་ཐོ་རངས་ན་ཡེ་ཤེས་ཀྱི་ཌཱ་ཀི་མ་ཡིན་ཟེར་བ་ཞིག་གི་ཞལ་ནས། རྣལ་འབྱོར་མ། ཁྱོད་ཀྱིས་ལམ་ལ་སྒྲིབ་པའི་བདུད་བཞི་སྤངས་སམ་གསུངས། ལམ་ལ་སྒྲིབ་པའི་བདུད་བཞི་བྱ་བ་ནི་གང་ལགས། སྤོང་ན་ཇི་ལྟར་སྤོང་ཞུས་པས།
ལམ་ལ་སྒྲིབ་པའི་བདུད་བཞི་ནི། ལྟ་བའི་བདུད་ཕྱོགས་རིས་ཡིན། སྒོམ་པའི་བདུད་བྱིང་རྒོད་ཡིན། སྤྱོད་པའི་བདུད་ཚུལ་འཆོས་ཡིན། འབྲས་བུའི་བདུད་རེ་དོགས་ཡིན། གཉིས་འཛིན་དུ་སོང་ན་འབད་རྩོལ་ཇི་ཙམ་བྱས་ཀྱང་འཁོར་བ་ལས་གྲོལ་མི་སྲིད་པས་ལྟ་སྒོམ་རང་བདུད་ཡིན། སྤོང་ཐབས་ནི། ད་ལྟའི་ཤེས་པ་རྟོག་པ་སྔ་མ་ནི་ཡལ། ཕྱི་མ་ནི་མ་སྐྱེས་པ། རྣམ་རྟོག་སྤྲོས་པ་གང་གིས་ཀྱང་མ་བསླད་པའི་དྭངས་སེང་ངེ་བ་དེ་ཆོས་སྐུ་ཡིན། དེ་ཉིད་ལྟ་བའང་ཡིན་ལ་སྒོམ་པ་ཡང་ཡིན། སྤྱོད་པའང་ཡིན་ལ་འབྲས་བུ་ཡང་ཡིན་པས་དེ་ཉིད་རྟོགས་པར་གྱིས་ལ། དེའི་ངང་ལ་བློ་སྙེམས་བྱེད་དང་ཕྲོལ་ལ་ཞོག །སེམས་ནང་དུ་ཡང་མ་བསྡུ་ཕྱི་རུ་ཡང་མ་སྤྲོ་བར་རང་སར་ལྷོད་དེ། ཤིག་གེ །བདེ་འབོལ་ལེ། ཕྱལ་ལེ། བག་དྲོ་འུ་རེ། རིག་པ་གཅེར་བུ། བརླིང་པ། རྗེ་སེ། གལ་མ་མཆིས་སུ་ཞོག །སྒོམ་པའི་རྩོལ་བ་ཐམས་ཅད་དང་ཕྲོལ་ལ་ཞོག །རྗེས་ཀྱི་ཤེས་པ་རྐྱེན་ཁར་མི་བཏང་བར་གང་བྱུང་ཐད་ཀར་ཆོད་པ་རིག་པ་ངར་དང་ལྡན་པར་གྱིས། དེ་ལྟར་བྱས་པས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ། བདུད་བཞི་རང་དག །རང་གྲོལ། རང་སངས་སུ་སོང་ནས་ཆོས་རྣམས་ཟད་སར་སྐྱོལ་བ་ཡིན་གསུངས་སོ། །མཁའ་འགྲོ་མའི་གསང་སྐོར་ཞེས་ཀྱང་བྱ། བདུད་བཞི་ངོས་འཛིན་གྱི་མན་ངག་ཅེས་ཀྱང་བྱ། རིགས་བཞི་མཁའ་འགྲོའི་སྙན་བརྒྱུད་ཅེས་ཀྱང་བྱ། ཌཱ་ཀི་མའི་རྒྱུད་བུ་ཆུང་བཞི་ཞེས་ཀྱང་བྱ་བ་རྫོགས་སོ།། །།
གསང་བ་ཐུགས་ཀྱི་སྒྲོན་མེ་སོགས་ཐོར་བུ་པ་མང་པོ།
༄༅། །གསང་བ་ཐུགས་ཀྱི་སྒྲོན་མེ་སོགས་ཐོར་བུ་པ་མང་པོ་བཞུགས་སོ། །
བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་དབྱེར་མེད་དབྱིངས། །དོན་གྱི་གཏེར་ཆེན་རིན་ཆེན་མཛོད། །ཡོན་ཏན་ཀུན་གྱི་མཆོག་འཛིན་པ། །ཀུན་གྱི་ཡུམ་གྱུར་རྒྱལ་བའི་བཀའ། །དེ་སྟོན་བླ་མ་དམ་པ་ལ། །ཇི་ལྟར་མཉེས་པའི་ཡོན་ཕུལ་ནས། །ཕྱི་ནང་གསང་བའི་སྙེམས་ཐག་བཅད། །སྣང་སྲིད་འཁོར་འདས་མ་ལུས་ཀུན། །ཐམས་ཅད་རང་གི་སྙེམས་ཡིན་པས། །རང་གི་སྙེམས་ཐག་གཅད་པར་བྱ། །སྐྱབས་སུ་འགྲོ་དང་མཆོད་པ་དང་། །བེམ་རིག་དབྲལ་དང་གདམས་ངག་གདབ། །ངོ་སྤྲོད་ཞལ་གྱི་གདམས་པའོ། །སྐྱབས་སུ་འགྲོ་བའི་མོས་པ་བསྐྱེད། །མཆོད་པ་རྒྱ་ཆེན་འཁྲི་བ་བཅད། །བེམ་རིག་ཕྲལ་བས་ལུས་སེམས་སྦྱངས། །གདམས་ངག་བཏབ་པས་ཚིག་དོན་དབྱེ། །ལྔ་པ་ངོ་སྤྲོད་གདམས་པ་ལ། །ཕྱི་ཡི་སྙེམས་ཐག་གཅོད་ཀྱིས་བཅད། །ནང་གི་སྙེམས་ཐག་ངོ་སྤྲོད་ཀྱིས། །རྒྱུད་ལ་ལེགས་པར་བཏབ་ལ་བཅད། །གསང་བའི་སྙེམས་ཐག་བར་དོར་བཅད། །ཕྱི་ཡི་སྙེམས་ཐག་གཅོད་པ་ལ། །བདུད་ངོས་བཟུང་དང་བཅད་པའི་ཐབས། །རྣམ་པ་གཉིས་ཀྱི་བྱེ་བྲག་ལས། །དང་པོ་བདུད་ངོས་བཟུང་བ་ནི། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །འོན་ཀྱང་སྙེམས་བྱེད་བདུད་དུ་འདུས། །གཉིས་པ་བཅད་ཐབས་བསྟན་པ་ནི། །ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། །དགའ་བྲོད་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ནང་གི་ངོ་སྤྲོད་གདམས་པ་ལ། །ལུས་གནད་རྩ་བཞི་གློད་པ་དང་། །སེམས་གནས་འདུ་ཤེས་བཤིག་པ་དང་། །ཕྱི་རོལ་དམིགས་པའི་ཡུལ་མ་བསམ། །ནང་དུ་རིག་པའི་རྟེན་མ་བཅའ། །སེམས་ཉིད་མ་བཅོས་གློད་ལ་བཞག །གསང་བའི་སྙེམས་ཐག་བར་དོར་བཅད། །དེ་བས་རྣམ་པ་གསུམ་ཡིན་ཏེ། །སྐྱེ་ཤིའི་བར་དོར་ལྟ་སྤྱོད་བསྲེ། །རྨི་ལམ་བར་དོར་སེམས་ངོས་བཟུང་། །སྲིད་པའི་བར་དོར་འཁྲུལ་པ་ལྡོག །དེ་ལྟར་ལྟ་སྤྱོད་བསྲེ་བ་ལ། །སྐྱེས་བུ་འགའ་ཞིག་སྤྱོད་ཡུལ་ནི། །ལྟ་བ་གཞི་ལ་ལུས་པ་སྟེ། །ཐམས་ཅད་སྤྲོས་བྲལ་ཡིན་ཟེར་ནས། །གཙང་དང་མི་གཙང་ལྷ་དང་འདྲེ། །བདག་དང་གཞན་དང་འཛིན་ལ་སོགས། །ལྟ་སྤྱོད་གཉིས་སུ་བསྲེ་མ་ཤེས། །དེ་ཡི་སྐྱོན་གྱིས་འཁོར་བར་འཁྱམས། །དེ་ལྟ་བུ་ཡི་སྐྱོན་མཐོང་ན། །དེ་ནི་དུས་ལ་བབ་པ་སྟེ། །གཙང་དང་མི་གཙང་ལ་སོགས་པ། །ཐམས་ཅད་སྙེམས་སུ་ཤེས་པར་བྱ། །དབང་པོ་རབ་ཀྱི་གཅད་བྱ་ནི། །མེད་པའི་ཚུལ་གྱིས་བཅད་པར་བྱ། །དབང་པོ་འབྲིང་གིས་སྣ་ཚོགས་སུ། །སྣང་ཡང་གཉིས་སུ་མེད་པར་བཅད། །དབང་པོ་ཐ་མས་ལུས་སྲོག་ལ། །སེར་སྣ་མེད་ཅིང་གཅེས་འཛིན་དོར། །གཙང་འཛིན་ཆེ་ན་མི་གཙང་བསྲེ། །གཡེང་ལ་དགའ་ན་རི་ཁྲོད་འགྲིམ། །འདྲེ་རྟོག་ཆེ་ན་གཉན་སར་ཉོལ། །སྲོག་ལ་བར་ཆད་བྱུང་དོགས་ནས། །རྩོལ་བས་ཉམས་སུ་ལེན་པ་འབྱུང་། །ཉམས་སུ་བླངས་པས་རིག་པ་ཆུན། །དེ་ནི་ཐབས་ཀྱི་རྒྱལ་པོ་ཡིན། །གཉིས་པ་རྨི་ལམ་བར་དོ་ནི། །སྙེམས་སུ་བཟུང་དང་ཡ་ང་སྤངས། །དྲན་མེད་ངང་ལ་བཞག་པའོ། །སྙེམས་བྱེད་བྱུང་ན་གཉན་སར་ཉལ། །ལྷ་འདྲེའི་ཆོ་འཕྲུལ་སྣ་ཚོགས་པ། །ཐམས་ཅད་རང་གི་སྙེམས་ཡིན་ཏེ། །བདེན་པར་གྲུབ་པ་གང་ཡང་མེད། །དེ་ལྟར་ཤེས་པས་རྨི་ལམ་དུ། །ཆུ་བོ་ཆེན་པོས་ཁྱེར་བ་དང་། །མེ་དཔུང་ཆེན་པོས་ཚིག་པ་དང་། །གཡང་ས་ཆེན་པོར་ལྷུང་བ་དང་། །དམག་དཔུང་ཆེན་པོ་ལ་སོགས་པ། །ཆོ་འཕྲུལ་བྱེ་བྲག་ཅི་རྨིས་ཀྱང་། །སྙེམས་སུ་ཤེས་པ་ཙམ་གྱིས་གྲོལ། །དྲན་མེད་ངང་དུ་བཞག་པ་ནི། །སྐྱེ་ཤིའི་བར་དོ་གོམས་པ་ཡིས། །རྨི་ལམ་དུས་སུ་སྙེམས་སུ་ཤེས། །མ་བཅོས་འོད་གསལ་ཆེན་པོ་འབྱུང་། །གསུམ་པ་སྲིད་པའི་བར་དོ་ལ། །འཁོར་བ་དག་གིས་ལ་བཟླ་བ། །དེ་ཡང་དང་པོའི་བྱེ་བྲག་གིས། །ལམ་དང་འབྲས་བུ་འོད་གསལ་གསུམ། །དཔེར་ན་མར་ལ་མར་བཞག་ལྟར། །འོད་གསལ་གཉིས་པོ་དབྱེར་མི་ཕྱེད། །འཁོར་བའི་རྒྱུ་ནི་ལྡོག་པ་ཡིན། །འཕྲེང་གིས་ཆགས་སྡང་ལྡོག་པ་ཡིན། །དེ་ཡི་དུས་སུ་ཕོར་སྐྱེ་ན། །མ་ལ་འདོད་ཆགས་སྐྱེ་བ་ཡིན། །ཕ་ལ་ཞེ་སྡང་སྐྱེ་བ་ཡིན། །མོ་རུ་སྐྱེ་ན་དེ་ལས་ལྡོག །དེ་ལྟར་གཉིས་ཀྱི་མངལ་དུ་འཇུག །དེ་བས་གདམས་པ་ཟབ་མོའི་གནད། །རང་གི་དྲན་པས་ཟིན་བྱས་ལ། །ཕོ་ལ་མོ་བདུད་གནོད་པ་ཡིན། །མོ་ཡི་སྙེམས་ཐག་ཆོད་ལ་ཐོངས། །མོ་ལ་ཕོ་བདུད་གནོད་པ་ཡིན། །ཕོ་ཡི་སྙེམས་ཐག་ཆོད་ལ་ཐོངས། །ཕོ་མོ་གཉིས་སུ་མེད་ལགས་ཀྱི། །སེམས་ཉིད་མ་བཅོས་གློད་ལ་ཞོག །ཐ་མ་ཞེན་མེད་ཚུལ་གྱིས་ནི། །སེམས་ཅན་གཞན་དོན་བསྒྲུབ་བྱའི་ཕྱིར། །སྐྱེ་གནས་འདམ་པའི་གདམས་ངག་ལ། །མ་ནོར་རྒྱལ་བའི་དགོངས་པ་འདིས། །ཕྱོགས་མེད་ལམ་དུ་འཇུག་པ་ཡིན། །རྒྱལ་བའི་བཀའ་དང་བླ་མའི་གསུང་། །རང་གི་ཐོས་དང་སྒོམ་པའི་ཉམས། །ཚིག་དོན་ལེགས་པར་བཀོད་པ་འདིས། །གནས་གསུམ་ཌཱ་ཀི་མ་མཉེས་ཀྱང་། །ཞེ་འདོད་མེད་པར་ཡི་གེར་བཀོད། །ནད་གེགས་སེལ་བའི་སྒྲོན་མེ་འདི། །མ་ནོར་ཐུགས་ནས་བཏོན་པ་ཡིན། །འཁྱོག་མེད་ལམ་གྱི་གེགས་སེལ་ཡིན། །འབྲས་བུ་མངོན་དུ་འབྱིན་པ་ཡིན། །རིན་ཆེན་སེམས་ཀྱི་ཐེམ་ཡིག་ཡིན། །ཨ་མ་ཇོ་མོས་རྒྱལ་བའི་སྙན་དུ་བརྒྱུད་པ་དམར་ཁྲིད་ཞལ་གྱི་གདམས་པ་ནད་གེགས་སེལ་བའི་སྒྲོན་མེ་ཞེས་བྱ་བ་ཨི་ཏི།
བར་དོ་གེགས་སེལ་སྒྲོན་མེ།
༄༅། །བར་དོ་གེགས་སེལ་སྒྲོན་མེ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ཇོ་མོའི་གདམས་ངག་བར་དོ་གེགས་སེལ་གྱི་སྒྲོན་མེ་འདི་ལ་གཉིས་ཏེ། ཐུན་མོང་གི་བར་དོ་དང་། ཁྱད་པར་གྱི་བར་དོའོ། །ཐུན་མོང་གི་བར་དོ་ལ་བཞིའོ། །སྐྱེ་ཤིའི་བར་དོ་གློ་བུར་གྱི་བདུད་གཞོམ། །རྨི་ལམ་གྱི་བར་དོ་དྲན་རིག་གི་བདུད་གཞོམ། །འཆི་བའི་བར་དོ་ཞེན་ཆགས་ཀྱི་བདུད་གཞོམ། །སྲིད་པའི་བར་དོར་འབྱུང་བའི་བདུད་གཞོམ་མོ། །
གཉིས་པ་བྱེ་བྲག་གི་བར་དོ་ལ་དྲུག་སྟེ། བདག་གཞན་གཉིས་ཀྱི་བར་དོར་གདམས་ངག་གི་གནད་མེད་ན། ཐེག་པ་གཞན་ལས་བོགས་མི་ཐོན་ཏེ། འཁྲུག་པ་ཕམ་པའི་བློན་པོ་དང་འདྲའོ། །འཁོར་འདས་གཉིས་ཀྱི་བར་དོར་ཆོས་ཉིད་ཀྱི་གནས་ལུགས་མ་ཤེས་ན། ལམ་རྒྱུས་མེད་པའི་ཚོང་པ་དང་འདྲ་སྟེ། ས་ལམ་གྱི་བྱེ་བྲག་མི་ཤེས། སྐྱེ་ཤི་གཉིས་ཀྱི་བར་དོར་ཆོས་སྐུའི་ངོ་སྤྲོད་མ་ཤེས་ན། སྒྲོན་མེ་མེད་པའི་མུན་ཁང་དང་འདྲ་སྟེ། མ་རིག་པའི་མུན་པ་ལ་སངས་པའི་དུས་མི་འོང་། མཉམ་རྗེས་གཉིས་ཀྱི་བར་དོར་རྒྱུན་གྱི་འབྲལ་མེད་མ་ཤེས་ན། ལྟ་སྒོམ་གྱིས་རྐྱེན་མི་ཐུབ་སྟེ། ཆུ་ཕྲན་ཐན་པས་བསྐམས་པ་དང་འདྲའོ། །ལུས་སེམས་གཉིས་ཀྱི་བར་དོར་གོལ་སྒྲིབ་ཀྱི་བརྡར་ཤ་མ་ཆོད་ན། དྲེད་མོ་རྡོས་ལ་བཏགས་པ་དང་འདྲ་སྟེ། འཁོར་བ་ལས་མི་གྲོལ། རང་བཞིན་སྲིད་པའི་བར་དོར་འཚང་གི་གནད་མ་ཤེས་ན། ཆེ་བའི་ཡོན་ཏན་འབྱིན་པར་མི་ནུས་ཏེ། རིན་པོ་ཆེ་འདམ་དུ་བྱིང་བ་དང་འདྲའོ། །དེས་ན་བར་དོའི་གནད་ཤེས་པ་གལ་ཆེའོ།། །།བར་དོའི་གེགས་སེལ་སྒྲོན་མེ་ཞེས་བྱ་བ་ཁྱད་པར་འཕགས་པའི་གདམས་པ་ཨི་ཏི།
རྩ་ཚིག་ལྔ་པ།
༄༅། །རྩ་ཚིག་ལྔ་པ་བཞུགས་སོ། །
མ་ཅིག་ཡེ་ཤེས་མཁའ་འགྲོ་ལ་ཕྱག་འཚལ་ལོ། །མ་ཅིག་གི་གདམས་པ་འདི་ལ་གཉིས་ཏེ། གལ་པོ་ཆེ་བཅུ་བདུན། རྩ་ཚིག་ལྔའོ། །དེ་ལ་ངོ་སྤྲོད་རྣམ་གསུམ་གྱི་གནས་ལུགས་ཀྱི་དོན་རང་གི་རྒྱུད་ལ་དགལ་བར་བསྟན་པ་དང་། ཤེས་པར་བྱ་བ་རྣམ་པ་གསུམ་གྱིས་གནས་ལུགས་དེ་ལམ་དུ་བསླང་བ་དང་། གཅད་བྱའི་བདུད་བཞི་ངོས་བཟུང་བ་དང་། བདུད་བཞིའི་གཉེན་པོར་ཏིང་ངེ་འཛིན་བསྒོམ་པར་བསྟན་པ་དང་། དེ་ལྟར་བྱས་ཀྱང་མ་ཆོད་ན་གནད་ལ་དབབ་པ་རྣམ་པ་གསུམ་གྱིས་ལ་བཟླ་བར་བསྟན་པའོ། །
དང་པོ་ནི། ལུས་སེམས་གཅུད་ལ་བོར་ལ་ངོ་སྤྲད་པ་དང་། ནམ་མཁའ་གོ་འབྱེད་ལ་ངོ་སྤྲད་པ་དང་། གནས་ལུགས་གཞི་ལ་ངོ་སྤྲད་པའོ། །དང་པོ་ནི། ཀོག་གིས་ལངས་ལ་རྐང་པ་གཉིས་གཤིབས། ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་ལ་ལུས་ཧྲིལ་གྱིས་བསྒྲིམས། སེམས་གཅུད་ལ་བོར་བ་ནི་སྐྱབས་འགྲོ་གསུམ་བྱ་ཞིང་ཚད་མེད་བཞི་བསྒོམས། གཉིས་པ་ནི་ལུས་ལ་གཞིག་འགྲེལ་ཞིག་བཏང་ལ་མ་ཆགས་པའི་སེམས་ཀྱིས་རང་གི་སེམས་རིག་པ་འདི་རྐང་མཐིལ་ནས་ཡར་ལ་དྲངས་ལ་སྤྱིར་བོར་སྒོམ་པའམ། ཡང་ན་སེམས་དེ་ཨའི་རྣམ་པར་བསྒོམས་ལ་རླུང་དང་ཆས་ནས་པུས་མོ་ནས་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་སྤྱི་བོའི་བར་དུ་སླེབ་ཙ་ན། དགའ་ཡལ་ཡལ་བ་དང་། བག་དྲོ་འུར་བ་དང་བདེ་སིང་སིང་དང་སོལ་སོལ་དང་ཧྲིག་ཧྲིག་པར་བསྒོམས་ལ། དེ་ནས་ཚངས་བུག་ནས་རྒྱངས་ཀྱིས་བཏོན་ལ། ནམ་མཁའ་ལ་གཞུ་གང་ཙམ་གྱི་སྟེང་དུ་འུར་འུར་པའམ་ཅོང་ཅོང་པའི་སྒྲ་དང་བཅས་ཏེ་ཟ་འོག་གི་གུར་དབུབ་པ་ལྟར་དུ་ལྷུབས་སེ་བསྒོམ་མོ། །
གསུམ་པ་ནི། ནམ་མཁའི་མཐའ་ཚོལ་དུ་གཞུག་སྟེ། བཙལ་བས་མ་རྙེད་པ་དེ་སྟོང་པ། སྟོང་པ་དེའི་ངང་དུ་རིག་པ་དང་དབྱེར་མེད་དུ་བསྲེས་ལ། ཅིར་ཡང་མ་གྲུབ་པ་ཡོད་མེད་དང་གཟུང་འཛིན་དང་བླང་དོར་དང་བྲལ་ཏེ། ཡིད་ལ་མི་བྱེད་པར་ལྷོད་ཀྱིས་གློད་ལ་བཞག །ཨ་མའི་ཞལ་ནས། འགྲོ་ཡང་ནམ་མཁའི་ངང་ནས་འགྲོ། །སྡོད་ཀྱང་ནམ་མཁའི་ངང་ལ་སྡོད། །ཟ་ཡང་ནམ་མཁའི་ངང་དུ་ཟ། །ཉལ་ཡང་ནམ་མཁའི་ངང་དུ་ཉལ། །ཞེས་གསུངས་སོ། །གཉིས་པ་ཤེས་པར་བྱ་བ་རྣམ་པ་གསུམ་ནི། རབ་ཆོས་ཉིད་དུ་ཤེས་པ། འབྲིང་སེམས་སུ་ཤེས་པ། ཐ་མ་འཁྲུལ་པར་ཤེས་པའོ། །
དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་མ་ནས་སྐྱེ་བ་མེད་ཅིང་སྤྲོས་པ་དང་བྲལ་བར་སྨྲ་བསམ་བརྗོད་དུ་མེད་པར་ཐག་ཆོད་པའོ། །གཉིས་པ་ནི། བདེ་སྡུག་དང་དགྲ་གཉེན་དང་ལྷ་འདྲེ་ལ་སོགས་པ་གཉིས་སུ་སྣང་ཚད་རང་གི་སེམས་ཡིན། སེམས་རྩ་བྲལ་སྟོང་པ་ཡིན། སྟོང་པ་ཆོས་སྐུ་ཡིན་པར་ཐག་བཅད་དོ། །གསུམ་པ་ནི། སྣང་བ་འདི་སེམས་ལས་ཐ་དད་པ་དང་བདེན་པར་བཟུང་བས་ལྷ་འདྲེ་དང་དགྲ་གཉེན་ལ་སོགས་པ་དང་། རང་གི་ལུས་ལ་བདེན་པར་བཟུང་བས་འཁྲུལ་ནས་འདུག་སྙམ་དུ་ཐག་བཅད་ལ། འཁྲུལ་པ་ལ་ཞེན་པ་མེད་པར་ལུས་གཟན་དུ་བསྐྱུར་ལ་སེམས་རང་ལུགས་སུ་བཞག་གོ །བདུད་བཞི་ནི། ཐོགས་བཅས་དང་ཐོགས་མེད་དང་དགའ་བྲོད་དང་སྙེམས་བྱེད་དང་བཞིའོ། །དེ་ཐམས་ཅད་ཀྱང་སྙེམས་བྱེད་དུ་འདུས་སོ། །གཉེན་པོ་ཏིང་འཛིན་བཞི་ནི། ཐོགས་བཅས་བདུད་ཀྱི་གཉེན་པོར་དཔའ་བོ་ལྟ་བུའི་ཏིང་ངེ་འཛིན་ཏེ། དཔེར་ན་མི་སྡར་མ་བརྒྱའི་གསེབ་ཏུ་དཔའ་བོ་གཅིག་གིས་ཐམས་ཅད་འཇོམས་པ་དེ་བཞིན་དུ་ཐོགས་བཅས་ཀྱི་བདུད་ལ་བཅད་དོ། །ཐོགས་མེད་ཀྱི་བདུད་ཀྱི་གཉེན་པོ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཏེ། དཔེར་ན་གཅན་གཟན་ཐམས་ཅད་ཀྱང་སེང་གེ་རྩལ་གསུམ་རྫོགས་པ་གཅིག་གིས་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ་བག་ཚ་མེད་པར་ཉམས་སུ་བླང་ངོ་། །དགའ་བྲོད་ཀྱི་བདུད་ནི་གཉེན་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅད་དེ། དཔེར་ན་སྒྱུ་མའི་མཁན་པོས་སྐྱེས་པ་དང་བུད་མེད་དང་རྟ་གླང་ལ་སོགས་པ་སྤྲུལ་ནས་ཡོད་ཀྱང་། དེ་རྣམས་ལ་ཆགས་ཞེན་མེད་པ་ལྟར་དུ་ཡུལ་རྫས་ལ་སོགས་པ་ཐམས་ཅད་ལ་སྒྱུ་མ་ལྟར་ཤེས་པས་ཞེན་མེད་དུ་བཅད་དོ། །སྙེམས་བྱེད་ཀྱི་བདུད་ནི། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཏེ། དཔེར་ན་རྡོ་རྗེ་ཕ་ལམ་གྱིས་ཐམས་ཅད་ཕར་འཇོམས་ལ་ཚུར་མི་ཚུགས་པ་བཞིན་དུ། ཉོན་མོངས་རྣམ་རྟོག་ཐམས་ཅད་ཕར་གཅོད་ཅིང་ཚུར་མི་ཚུགས་སོ། །དེའང་ཡི་དམ་གྱི་ལྷ་འོད་སྒོར་རེ་བྱུང་བ་དང་གནོད་བྱེད་མཆེ་བ་ཙ་རེ་བྱུང་བ་གཉིས་ཀྱང་། ངོ་བོ་ལ་བཟང་ངན་ནམ་ཐ་དད་མེད་པར་རོ་མཉམ་མོ། །དེ་བཞིན་དུ་བདེ་གསལ་གྱི་ཉམས་དང་དུག་གསུམ་གྱི་རྟོག་པ་གཉིས་ཀྱང་སེམས་ལ་ཐ་དད་མེད་པ་ལ་སྔ་ཕྱི་མེད་པར་ཐག་བཅད་དོ། །
ལ་བཟླ་བ་གསུམ་ནི། གཉན་ཐོག་ཏུ་གཉན་དབབ་པ་དང་། ཤིང་ཆེན་རྩད་ནས་བཅད་པ་དང་། ཐེག་ཆེན་ཟིལ་གྱིས་མནན་པ་དང་གསུམ་མོ། །དང་པོ་ནི་འདྲེ་གང་གནོད་པ་དང་དགྲ་གང་ཡོད་པ་དང་མི་གཙང་བ་གང་ནས་བྱུང་བ་ལ་སོགས་པ་དེ་མ་ཐག་ཏུ་སླར་ཕར་བསྲེའོ། །གཉིས་པ་ནི། དཔེར་ན་ཤིང་ཆེན་རྩད་ནས་བཅད་པ་ནི། ཤིང་ཡལ་ག་ནས་བཅད་པས་ཐམས་ཅད་ཆོད་པར་མི་འགྱུར་ལ་རྩ་བ་ནས་བཅད་པས་ཐམས་ཅད་ཆོད་པ་ལྟར་དུ། རྣམ་རྟོག་གཅིག་བཅད་པས་ཐམས་ཅད་མི་ཆོད་ལ་དེ་ཐམས་ཅད་རང་བཞིན་མེད་པར་ཤེས་པས་ཐམས་ཅད་རང་གྲོལ་དུ་འགྲོ་བའོ། །གསུམ་པ་ནི། མི་འདོད་པའི་རྐྱེན་ཅི་བྱུང་ཡང་ཐོག་འགེལ་དུ་བྱས་ལ་འབྱུང་བཞིའི་ཕུང་པོ་གཟན་དུ་བསྐྱུར་ལ་སེམས་སྟོང་ཉིད་ཀྱི་ངང་དུ་བཞག་པར་བྱ་ཡི་ཐབས་གཞན་མི་བཙལ་ལོ། །རྩ་ཚིག་ལྔ་པ་རྫོགས་སོ།། །།
ཡང་གསང་ཐུགས་ཀྱི་སྒྲོན་མེ།
༄༅། །ཡང་གསང་ཐུགས་ཀྱི་སྒྲོན་མེ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ཇོ་མོའི་གདམས་པ་ཡང་གསང་ཐུགས་ཀྱི་སྒྲོན་མེ་འདི་ལ་དོན་བདུན་ཏེ། བདུད་བཞི། གཅོད་བཞི། གནད་བཞི། ཆིངས་བཞི། བསྲུང་བ་གསུམ། ལོག་གནོན་གཅིག །འབྲས་བུ་དང་བདུན་ནོ། །དང་པོ་བདུད་བཞི་ནི། ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་དོ། །གཉིས་པ་གཅོད་བཞི་ནི། དངོས་ཅན་ཡུལ་གྱི་འཁྲི་བ་གཅོད་པ། དངོས་མེད་ཡིད་ཀྱི་འཁྲི་བ་གཅོད་པ། ཞེན་ཆགས་དགའ་བྲོད་ཀྱི་འཁྲི་བ་གཅོད་པ། སྙེམས་བྱེད་བློའི་འཁྲི་བ་གཅོད་པའོ། །གསུམ་པ་གནད་བཞི་ནི། དབེན་པ་གནས་ཀྱི་གནད། བཅའ་བ་ལུས་ཀྱི་གནད། འགྱུ་བ་ངག་གི་གནད། བཞག་པ་སེམས་ཀྱི་གནད་དོ། །
བཞི་པ་ཆིངས་བཞི་ནི། རྐྱེན་བདེ་སྡུག་ཅི་བྱུང་ཡང་ཐབས་གཞན་མི་བཙལ་བར་གཉན་ས་དང་རི་ཁྲོད་འགྲིམ་པར་བྱ། དུས་གསུམ་རྒྱུན་ཆད་མེད་པར་སེམས་མ་བཅོས་པ་ལ་གནས་པར་བྱ། སྲོག་ལ་གཅེས་འཛིན་མེད་པར་དོར་ནས་ལུས་སྲོག་གཟན་དུ་བསྐྱུར་བར་བྱ། ཚེ་འདིའི་བྱ་བ་བློ་ཡིས་བཏང་ནས་ཆགས་སྡང་རྗེས་མེད་དུ་བསླབ་པར་བྱའོ། །
ལྔ་པ་བསྲུང་བ་གསུམ་ནི། ལོག་ཆེན་མཐའ་ལ་གཏད་པ། སྐར་ཆེན་ཐིབས་འོག་ཏུ་གཞུག་པ། ཐེག་ཆེན་ཟིལ་གྱིས་མནན་པའོ། །དྲུག་པ་ལོག་ནོན་ནི། མེ་ཉིད་ཀྱིས་ནི་ཚིག་པ་ལ། །མེ་དེ་ཉིད་ཀྱིས་གདུངས་པ་བཞིན། །སླར་གཅོད་ལོག་གནོན་གདམས་པའི་གནད། །ཐོག་འགེལ་གནད་དུ་ཤེས་པ་གཅེས། །ཞེས་སོ། །བདུན་པ་འབྲས་བུ་ནི། ལུས་ལ་འཛིན་མེད་རྒྱལ་བའི་སྐུ། །ངག་ལ་འཛིན་མེད་རྒྱལ་བའི་གསུང་། །ཡིད་ལ་འཛིན་མེད་རྒྱལ་བའི་ཐུགས། །འཛིན་མེད་ཆོས་ལས་མ་གཏོགས་པ། །རྒྱལ་བའི་དགོངས་པ་གཞན་ན་མེད། །ཅེས་གསུངས་སོ།། །།
བཞི་ཚན་རྣམ་པ་གཉིས་ཀྱི་མན་ངག
༄༅། །བཞི་ཚན་རྣམ་པ་གཉིས་ཀྱི་མན་ངག་བཞུགས་སོ། །
ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མ་ཅིག་གིས་ཞལ་འཆད་རྣམ་པ་བཞི་བསྟན་པ་ནི། སྣང་བ་རང་རྒྱུད་པར་མི་བཟུང་བ་དང་གཅིག །དུས་རྒྱུན་པར་མ་བཅོས་པའི་ངང་ལ་བཞག་པ་དང་གཉིས། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་གཉན་ས་རི་ཁྲོད་འགྲིམ་པ་མ་གཏོགས་པ་ཐབས་གཞན་མི་བཙལ་བ་དང་གསུམ། དེའི་དུས་སུ་ལུས་སྲོག་གཟན་དུ་བསྐྱུར་བ་དང་བཞིའོ། །དེ་ལ་དང་པོ། མོ་མས་འདྲེར་བཟུང་བ་དང་གཏོ་སྟོན་པ་དང་། རྩིས་མཁན་གྱིས་ཀག་ཆེ་གཏོ་བཅོས་འདི་ལྟར་གྱིས་ཟེར་བ་དང་། སྨན་པས་ནད་འདི་ཡིན་སྨན་འདིས་ཕན་ཟེར་བ་རྣམས་ལ་བདེན་པར་མི་འཛིན་པ་གལ་ཆེའོ། །
གཉིས་པ་སྡུག་བསྔལ་བ་དང་བདེ་བའི་རྩོལ་བ་དོར་ལ་བློས་བཏང་སྙོམས་སུ་བཞག་པར་བྱའོ། །གསུམ་པ་ནད་ཀྱིས་ཉེན་པ་དང་། གདོན་གྱིས་གཙེར་བ་དང་། སྡུག་བསྔལ་གྱིས་ཕོག་པའི་དུས་སུ་གཉན་ས་རི་ཁྲོད་དུ་བསྡད་ཅིང་རིམ་གྲོ་སྨན་དཔྱད་ལ་སོགས་ཙབ་ཙུབ་དོར་བས་སོ། །དེའི་དུས་སུ་ལུས་སྲོག་གཟན་དུ་སྐྱུར་བ་ནི། ལུས་ལིངས་ཀྱིས་བོར་ལ། མི་རོའམ་སྡོང་དུམ་མམ། མཛེ་པོའི་དོར་རྟ་བཞིན་དུ་དགོས་པ་མེད། ཕངས་པ་མེད་པར་བདག་མེད་དུ་བཞག་གོ །སེམས་ཀློད་ལ་ནམ་མཁའ་བཞིན་དུ་བཞག་གོ །ཆིངས་པ་བཞིའི་གདམས་པ་རྫོགས་སོ། །དེའི་རྗེས་ལ་གནད་རྣམ་པ་བཞི་ནི། ཐ་མལ་པའི་བློ་དང་བྲལ་ནས་མི་མ་ཡིན་གྱི་གྲོང་ཁྱེར་འགྲིམ་པ་དང་གཅིག །སེམས་གནས་ལུགས་ཀྱི་སྟེང་དུ་འཇོག་ཅིང་ལུས་གཟན་དུ་སྐྱུར་བ་དང་གཉིས། ཆོས་ཐམས་ཅད་སེམས་སུ་ངོ་སྤྲོད་པ་དང་གསུམ། ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་ངེས་མེད་དུ་ཉམས་སུ་བླངས་པ་དང་བཞིའོ། །དང་པོ་ལ་ཐ་མལ་པའི་བློ་ནི་འཇིག་རྟེན་གྱི་བྱ་བས་ཁྱེར་བ་རྟེན་གྱི་ཐ་མལ་པ་ཡིན་པས་དེ་དང་བྲལ་ནས་མི་མ་ཡིན་གྱི་གྲོང་ཁྱེར་འགྲིམ་པ་ནི། གང་ན་མི་མ་ཡིན་འདུ་བའི་ས་འགྲིམ་པའོ། །གཉིས་པ་སེམས་གནས་ལུགས་ཀྱི་ངང་ལ་བཞག་པ་ནི། ཕྱི་སྣང་བ་རང་གྲོལ་དུ་བཞག །ནང་རིག་པ་འཛིན་མེད་དུ་བཞག །བར་ཚོགས་དྲུག་ལྷུག་པར་བཞག་གོ །ལུས་གཟན་དུ་བོར་བ་ནི། གཅེས་འཛིན་གྱི་བློ་དང་ཕྲལ་ནས་གཟན་དུ་སྐྱུར་བའོ། །
གསུམ་པ་ནི། སེམས་ངོ་སྤྲད་ནས་བདུད་བཞི་རང་གི་སེམས་སུ་འདུས་པས་རང་གི་སེམས་སུ་བཅད་པའོ། །དེ་ལྟར་ཆོད་ན་ཕྱི་སྣང་བ་ལ་ཞེན་པ་ཆུང་། ནང་སེམས་ཉིད་ལ་འགྲོ་བ་མེད། གསང་བ་ཉམས་མྱོང་ལ་དམིགས་པ་མེད་པའོ། །བཞི་པ་ཏིང་ངེ་འཛིན་གསུམ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རློམ་སེམས་མེད་ན་སངས་རྒྱས་ཡིན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཉམ་ང་མེད་ན་སངས་རྒྱས་ཡིན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་དམིགས་པ་མེད་ན་སངས་རྒྱས་ཡིན། དེ་ལ་དང་པོ་སྒྱུ་མ་ལྟ་བུ་སྒོམ་པའི་དུས་སུ་རྨི་ལམ་བཟང་པོ་དང་ཆོ་འཕྲུལ་ཆེན་པོ་དང་། མདོར་ན་ལྷ་དང་ལྷ་མོས་མཆོད་པ་ཕུལ་བས་མེ་ཏོག་གི་ཆར་བབས་པ་དང་། རིན་པོ་ཆེ་གཅལ་དུ་བཀྲམ་པ་དང་། གདུགས་དང་ཕུར་མ་ལ་སོགས་པས་མཆོད་པ་སྣ་ཚོགས་འབུལ་བ་བྱུང་ཡང་དགའ་བའི་འདུ་ཤེས་མི་བསྐྱེད་དོ། །གཉིས་པ་དཔའ་བར་འགྲོ་བ་ནི། བདག་ལ་སྟག་གཟིག་དོམ་དྲེད་ལ་སོགས་པ་དང་སྦྲུལ་ནག་མགོ་དགུ་ལ་སོགས་པས་ཁྱོད་ཀྱི་སྙིང་ཕུད་ང་ལ་བྱིན་ཟེར་བའམ། སྙིང་ཕྱུང་བ་འདི་རང་ཡིན་ཟེར་ནའང་གང་ལའང་འཇིགས་པ་མི་བྱའོ། །དེ་གཉིས་ཀ་རང་སེམས་ཡིན་པར་ཁྱད་མེད་དོ། །གསུམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། གཉན་སར་སྒོམ་དུས་སུ་ཆོ་འཕྲུལ་ཅི་བྱུང་ཡང་མ་མཐོང་ན། མ་མཐོང་བ་དེ་ཀ་ཆོས་ཉིད་མཐོང་བས་འདོད་ཐོག་ཏུ་བྱའོ། །སྡུད་པ་ལས་ཀྱང་། གཟུགས་རྣམས་མ་མཐོང་ཚོར་བ་དག་ཀྱང་མ་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་འདུ་བྱེད་མ་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་སོ། །དེའང་བྱིང་རྒོད་གཉིས་དང་བྲལ་ན་གསལ་བའི་ཚད། སེམས་ལ་སེམས་ཀྱིས་བལྟས་ན་གསལ་བའི་ཚད། སེམས་ཉིད་རང་ལུགས་ལ་གནས་ན་གསལ་བའི་ཚད། ཅིར་ཡང་མ་གྲུབ་པ་དེ་བསྒོམ་དུ་མེད་པའི་ཚད་ཅེས་པ་ཚད་རྣམ་པ་བཞིའི་སྒོ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉམས་སུ་བླང་ངོ་། །བཞི་ཚན་རྣམ་པ་གཉིས་ཀྱི་མན་ངག་ཨ་མ་ཇོ་མོའི་ཞལ་ནས་གསུངས་པ་རྫོགས་སོ།། །།
ཤེས་བྱ་བཞི་སྐོར་གྱི་མན་ངག
༄༅། །ཤེས་བྱ་བཞི་སྐོར་གྱི་མན་ངག་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཅོད་ཀྱི་གདམས་པ་ཤེས་བྱ་བཞི་སྐོར་གྱི་མན་ངག་བསྟན་པ་ནི། འདྲེ་ལ་མི་འཇིགས་པའི་ལྟ་བ། ནད་ལ་མི་འཇིགས་པའི་སྒོམ་པ། རྐྱེན་ལ་མི་འཇིགས་པའི་སྤྱོད་པ། སྡུག་བསྔལ་ལ་མི་འཇིགས་པའི་ཉམས་ལེན་དང་བཞིའོ། །དེ་ལ་ཤེས་བྱའི་གཉེན་པོ་བཞི་སྟེ། འདྲེ་སེམས་སུ་ཤེས་པའི་ཤེས་བྱ་དང་། ནད་སློབ་དཔོན་དུ་ཤེས་པའི་ཤེས་བྱ་དང་། རྐྱེན་དངོས་གྲུབ་ཏུ་ཤེས་པའི་ཤེས་བྱ་དང་། སྡུག་བསྔལ་ཆོས་ཉིད་དུ་ཤེས་པའི་ཤེས་བྱའོ། །དང་པོ་འདྲེ་སེམས་སུ་ཤེས་པས་ཉམ་ང་བག་ཚ་མེད། གཉིས་པ་ནད་སློབ་དཔོན་དུ་ཤེས་པས་གདམས་ངག་གི་སྐུལ་འདེབས་བྱེད།
གསུམ་པ་རྐྱེན་དངོས་གྲུབ་ཏུ་ཤེས་པས་བར་ཆད་རང་སར་གྲོལ། བཞི་པ་སྡུག་བསྔལ་ཆོས་ཉིད་དུ་ཤེས་པས་བདེ་བ་རྒྱུན་མི་འཆད་པའོ། །ཤེས་བྱ་བཞི་སྐོར་གྱི་གདམས་ངག་ཅེས་བྱ་བ་རྫོགས་སོ།། །།
ཤེས་རབ་སྐྲ་རྩེའི་གནད་ཀྱི་གདམས་པ་བརྒྱད།
༄༅། །ཤེས་རབ་སྐྲ་རྩེའི་གནད་ཀྱི་གདམས་པ་བརྒྱད་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནད་ཀྱི་གདམས་པ་བརྒྱད་ལ། འགྲོ་ལུགས་གསུམ་གྱིས་མནན་ཏེ་སྙེམས་ཐག་བཅད་པ་དང་གཅིག །ཉམས་སུ་བླང་བས་གནས་ཕྱིན་ཅི་མ་ལོག་པར་བསྟན་པ་དང་གཉིས། ཉལ་ཐབས་གསུམ་གྱིས་བློའི་བཞག་ཐབས་བསྟན་པ་དང་གསུམ། བརྟགས་ཐབས་གསུམ་གྱིས་ལྷ་འདྲེ་སློང་ངམ་མ་སློང་བརྟགས་པ་དང་བཞི། ཞི་ཐབས་གསུམ་གྱིས་རྣམ་རྟོག་རྩད་བཅད་ཅིང་ཆོས་ཉིད་དུ་ལ་བཟླ་བ་དང་ལྔ། ཤེས་པ་གསུམ་གྱིས་དོན་ཉམས་སུ་བླངས་པ་དང་དྲུག །བསྲེ་བ་ལྔས་མཉམ་རྗེས་མེད་པར་རྒྱུན་དུ་ཉམས་སུ་བླང་བ་དང་བདུན། དམ་ཚིག་གསུམ་གྱིས་ཉམས་བསྐྱང་ཞིང་བོགས་དབྱུང་དང་བརྒྱད་དོ། །
དང་པོ་འགྲོ་ལུགས་གསུམ་ནི། སེང་གེ་ལྟར་འགྲོ་བ་དང་། སྟག་ལྟར་འགྲོ་བ། ཐོག་ལྟར་འགྲོ་བའོ། །དེ་ཡང་སྙེམས་ཐག་བཅད་ནས་ཟིལ་གྱིས་མནན་པ་དང་། རིག་པ་ལ་ངར་བཏགས་པ་དང་། སྤྲོ་བ་བསྐྱེད་དེ་ཐག་བཅད་པའོ། །
གཉིས་པ་གནས་ནི། གཡའ་རི། གངས་རི། ཕུག་སྟོང་། གྲོག་ཕུག །རེ་ཧྲུལ། བླ་གབ་མེད་པའོ། །རིམ་པ་བཞིན། མཁའ་འགྲོའི་གནས་རྟོགས་པ་འཆར་བ་དང་། ཉམས་རྟོགས་སྐྱེ་བ་དང་། ནུས་པ་འཆར་བ་དང་། དབེན་པའི་ཉམས་སྐྱེ་བ་དང་། ནུས་པ་འབྱུང་བ་དང་། བདེ་བ་འཆར་བའོ། །ཉལ་ཐབས་གསུམ་ནི། རྒྱལ་པོ་ལྟར་ཉལ་བ། སྨྱོན་པ་ལྟར་ཉལ་བ། བཙུན་མོ་ལྟར་ཉལ་བའོ། །དེ་ཡང་ཉམ་ང་མེད་པ་དང་། གློ་བུར་དུ་འཇིགས་པ་མེད་པ་དང་། སྒོ་གསུམ་ཐ་མལ་དུ་མི་སྡོད་པ་གསུམ་ལམ་དུ་བྱའོ། །བརྟགས་ཐབས་གསུམ་ནི། དངོས་སུ་བསྟན་པ། སྐད་འབྱིན་པ། རྨི་ལམ་དུ་འོང་བའོ། །དེ་ཡང་གཟུགས་སམ་འོད་དང་། མི་སྙན་པའི་ཚིག་དང་། ཆོ་འཕྲུལ་སྣ་ཚོགས་པའོ། །ཞི་ཐབས་གསུམ་ནི། ལན་ཚྭ་ལྟར་ཞི་བ། འབྲུ་ཚུགས་སུ་ཞི་བ། སྒྱུ་མ་ལྟར་ཞི་བའོ། །དེ་ཡང་ལན་ཚྭ་ཆུར་བཅུག་པ་བཞིན་རྟོག་པ་ཆོས་ཉིད་དུ་ཞི་བ་དང་། དམིགས་པ་གཏད་པས་ཞི་བ་དང་། སྐྱེ་མེད་དྲན་པས་ཞི་བའོ། །ཤེས་པ་གསུམ་ནི། སེམས་ཆོས་ཉིད་དུ་ཤེས་པ། གནས་གཞལ་ཡས་ཁང་དུ་ཤེས་པ། ཆོ་འཕྲུལ་དངོས་གྲུབ་ཏུ་ཤེས་པའོ། །དེ་ཡང་དྲན་པ་རྩ་བྲལ་དུ་དང་། ཉམས་དགའ་བྱིན་ཆེ་བ་དང་། རང་རྒྱུད་དུ་མ་བཟུང་བས་སོ། །བསྲེ་བ་ལྔ་ནི། བདག་གཞན་བསྲེ་བ། བེམ་རིག་བསྲེ་བ། སེམས་དང་ཆོས་ཉིད་བསྲེ་བ། གཉིད་དང་བསམ་གཏན་བསྲེ་བ། དུས་རྒྱུན་དུ་སྤྱོད་ལམ་དང་བསྲེ་བའོ། །དེ་ཡང་གཉིས་མེད་དུ་དང་། སེམས་སྣ་ཚོགས་རིག་པའི་སྣང་བ་དང་། སྣ་ཚོགས་རང་གྲོལ་དུ་དང་། གཉིད་གསལ་སྟོང་དུ་དང་། འགྲོ་ཉལ་འདུག་སྡོད་དུའོ། །དམ་ཚིག་གསུམ་ནི། གཉན་ས་བརྩམས་ནས་མི་བཤོལ། ཉལ་ས་མི་སྤོ། ཟླ་བ་རེ་ལ་ཞག་བདུན་བདུན་གཅོད་མི་བཅག་པའོ། །དེ་ཡང་དུས་ནམ་ཡང་དང་། གཉན་སར་ཞག་གསུམ་ཚུན་ཆོད་དུ་དང་། རིའམ་གཉན་སར་རོ། །འདི་དག་རིམ་པ་ལྟར་དུ་སྦྱར་བས་གསལ་བར་བྱེད་དོ། །ཤེས་རབ་སྐྲ་རྩེའི་གནད་ཀྱི་གདམས་པ་བརྒྱད་ཨི་ཏི། མ་ཇོ་མོའི་ཞལ་གདམས་སོ།། །།
ལྟ་སྒོམ་སྤྱོད་འབྲས་ཀྱི་ལ་བཟླ།
༄༅། །ལྟ་སྒོམ་སྤྱོད་འབྲས་ཀྱི་ལ་བཟླ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལྟ་བ་ལ་བལྟ་རྒྱུ་མེད་པར་ལ་བཟླ། སྒོམ་པ་ལ་སྒོམ་རྒྱུ་མེད་པར་ལ་བཟླ། སྤྱོད་པ་ལ་སྤྱད་རྒྱུ་མེད་པར་ལ་བཟླ། འབྲས་བུ་སྒྲུབ་རྒྱུ་མེད་པར་ལ་བཟླའོ། །གཅོད་ཀྱི་གདམས་པ་ལྟ་སྒོམ་སྤྱོད་འབྲས་ཀྱི་ལ་བཟླ་ཞེས་བྱ་བ་ཁྱད་པར་ཟབ་པའི་གདམས་པ་ཨི་ཏི།
ཚིག་གསུམ་རྟ་དྲུག་པ་མགུལ་ཁུག་མ།
༄༅། །ཚིག་གསུམ་རྟ་དྲུག་པ་མགུལ་ཁུག་མའོ། །
ན་མོ་གུ་རུ་སིདྡྷཾ། མ་ཇོ་མོ་ལབ་ཀྱི་སྒྲོན་མའི་གདམས་པ་ཚིག་གསུམ་རྟ་དྲུག་པ་ཞེས་བྱ་བ། ཁམས་པ་རྡོར་རྒྱལ་ལ་གདམས་པ་ནི་གསུམ་སྟེ། དབྱིངས་དང་རིག་པ་བསྲེ་བའི་དུས་དང་། དབྱིངས་དང་རིག་པ་བསྲེ་བའི་ཐབས་དང་། དབྱིངས་དང་རིག་པ་འདྲེས་པའི་རྟགས་དང་གསུམ་མོ། །དང་པོ་བསྲེ་བའི་དུས་ནི། གཉན་ས་རི་ཁྲོད་འགྲིམ་པའི་དུས་སུ། རྐྱེན་ན་ཚ་དང་སྡུག་བསྔལ་དང་ཉོན་མོངས་པ་དུག་ལྔ་གང་རིག་སྐྱེས་པ་དེའི་དུས་སུ་དབྱིངས་དང་རིག་པ་བསྲེ་དགོས།
གཉིས་པ་ཐབས་ནི་རྐྱེན་ངན་གང་བྱུང་ཡང་རབ་ཀྱིས་རྐྱེན་དྲན་མེད་སྙེམས་མེད་དུ་ལམ་དུ་ཁྱེར་བ། འབྲིང་གིས་སེམས་མ་བཅོས་པར་རང་ལུགས་སུ་བཞག་པ། ཐ་མས་ཤ་ཁྱེར་ཁྲག་ཁྱེར་བྱ་བའོ། །དེའི་སྐབས་སུ་དབྱིངས་དང་རིག་པ་བསྲེ་བ་བྱ་བ་དེ། དབྱིངས་གཞི་སྟོང་པ་ཉིད་སངས་རྒྱས་ཀྱིས་མ་མཛད། སེམས་ཅན་གྱིས་མ་བཅོས། གཉིས་ཀས་མ་བསླད་པ་རང་ལུགས་སུ་གནས་པ། དེ་ལ་རིག་པ་དྲན་པ་ཅན་དུག་ལྔ་རུ་འགྱུར་བ་འདི་ཐིམ་པ་ལ་དབྱིངས་དང་རིག་པ་བསྲེ་བ་ཞེས་ཟེར། དེ་ལ་འཇོག་ལུགས་རྣམ་པ་གསུམ། ལུས་བཅས་བཅོས་མེད་པ་རང་ཐག་ཆུ་ཆད་པ་ལྟ་བུ། ངག་པི་ཝང་རྒྱུད་བཅད་པ་ལྟ་བུ་སྨྲ་བརྗོད་མེད་པར་བཞག་པ་དང་། སེམས་སོག་ཕོན་ཐག་པ་ཆད་པ་ལྟ་བུར་ལྷོད་དེ་བཞག་པའོ། །
གསུམ་པ་འདྲེས་པའི་རྟགས་ནི། རང་གི་སྒོ་གསུམ་གཞན་དོན་བྱེད་པ་ལ་མི་སྐྱོ་བར་བྱེད་ནུས་པ་རང་གིས་མ་ཁྲེལ་བ་ཞིག་འོང་ངེས་སོ། །དེའི་རིག་པ་དེ་ཆུང་བ་ཁབ་རྩེ་ཙམ་ལའང་ཟིན་ལ། ཆེ་བ་ནམ་མཁས་ཁྱབ་ཚད་དུ་བཏང་ཡང་ཁྱབ་པ་ཞིག་འོང་། སྡིག་པ་ཆུང་བ་ཁབ་རྩེ་ཙམ་ཡང་འཛེམས་ལ། དགེ་བ་ཆེན་པོ་ལ་ཡང་བློ་མི་སྐྲག་པ། དགེ་བ་ཆུང་བ་ལ་ཡང་ཁྱད་དུ་མི་གསོད་པ་གཅིག་འོང་ངེས་གསུངས་སོ། །མ་ཇོ་མོའི་གདམས་པ་མགུལ་ཁུག་མ་ཞེས་ཀྱང་བྱ་བ་རྫོགས་སོ།། །།
གསལ་བྱེད་སེམས་ཀྱི་མེ་ལོང་ཁ་འཐོར་ཉམས་ཀྱི་ཡིག་ཆུང་མན་ངག་རིན་ཆེན་གཏེར་མཛོད། ཞལ་གདམས་གསུང་གི་སྒྲོན་མ།
༄༅། །གསལ་བྱེད་སེམས་ཀྱི་མེ་ལོང་ཁ་འཐོར་ཉམས་ཀྱི་ཡིག་ཆུང་མན་ངག་རིན་ཆེན་གཏེར་མཛོད་བཞུགས་སོ། །
མ་རིག་འཁྲུལ་པ་འཇོམས་མཛད་ཅིང་། །རིག་པ་རང་ཤར་སྟོན་མཛད་པའི། །བཀའ་དྲིན་ཅན་གྱི་བླ་མ་ལ། །གུས་པས་སེམས་ཀྱིས་ཕྱག་འཚལ་ལོ། །འཁྲུལ་བ་དུག་ལྔ་གཅོད་མཛད་པའི། །གཅོད་ཀྱི་ཞལ་གདམས་ཡི་གེར་བཀོད། །མ་ཅིག་ལབ་སྒྲོན་སྐུ་ལ་བཤགས། །ལས་ཅན་ཀུན་ལ་ཕན་གདགས་ཕྱིར། །ཞལ་གྱི་གདམས་པ་འདི་ཉིད་ནི། །ལོག་ལྟ་ཅན་གྱིས་ཐོས་མི་བྱ། །དེ་ཕྱིར་ལས་ཅན་བུ་ལ་གདམས། །སེམས་བསྐྱེད་སྐྱབས་འགྲོ་སྔོན་སོང་ནས། །ལུས་སེམས་ཕྲལ་དང་ལས་རིམ་རྣམས། །བླ་མའི་གསུངས་བཞིན་གོང་དུ་བྱ། །དེ་ཡང་གདམས་པ་འདི་ལྟ་སྟེ། །གཉན་ཐོག་གཉན་ནི་མ་ཕེབས་ན། །ལོང་བ་ཐང་སྟོང་དོན་མེད་པར། །སྟོང་པར་དོན་མེད་འདུག་དང་མཚུངས། །ཞེས་པས། གཉན་ནི་ས་བདག་ཀླུ་གཉན་དང་། །རྒྱལ་པོ་དམ་སྲི་འདྲེ་མོའི་ཚོགས། །བདུད་བཙན་གཤིན་རྗེ་ལ་སོགས་གཉན། །འོན་ཀྱང་དེ་བས་གཉན་པ་ནི། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་གཉན། །ཅིས་ཏེ་འཁོར་འདས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་སུ་འདུས་ཕྱིར་གཉན། །དེ་ཕྱིར་རང་སེམས་དྲི་མེད་འདི། །མ་བཅོས་ངང་ལ་གནས་གྱུར་ན། །སྣང་སྲིད་ལྷ་འདྲེ་ཐམས་ཅད་རྣམས། །ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་། །མངོན་སུམ་ཆོ་འཕྲུལ་འདི་ལྟ་སྟེ། །བདུད་བཙན་གཤིན་རྗེ་སྲིན་པོ་དང་། །ཕོ་བདུད་བྱེ་བ་དུང་ཕྱུར་དང་། །རི་བོ་ཆེ་དང་ཉི་ཟླ་བརྡེག །སྟག་སེང་དོམ་དྲེད་ལྕེ་སྤྱང་སོགས། །མི་སྡུག་གདུག་པའི་གཟུགས་ཅན་གྱིས། །ཆོ་འཕྲུལ་མི་འདྲ་བསམ་འདས་སྟོན། །རླུང་དང་འཚུབ་མ་ཁ་ཆར་དང་། །ཐོག་དང་སེར་བ་ལ་སོགས་ཀྱིས། །རྣལ་འབྱོར་ཏིང་འཛིན་བར་དུ་གཅོད། །གཞན་ཡང་གཟི་བྱིན་ཆོ་འཕྲུལ་ནི། །བ་སྤུ་གཡོ་དང་ལུས་འདར་དང་། །རྔུལ་འབྱུང་ལུས་འདར་སྐད་མི་ཐོན། །འཕྲལ་ལ་མིང་ནས་ལྷང་ལྷང་འབོད། །ལུས་ཀྱི་ན་ཚ་བསམ་མི་ཁྱབ། །སྡུག་ཅིང་བསྔལ་གྱུར་སེམས་བྱུང་ན། །སློང་བའི་ཚད་ཡིན་ཨེ་མ་ཧོ། །དེ་ལ་འཇིགས་སེམས་མི་བྱའོ། །དེ་ལྟར་ཆོ་འཕྲུལ་མ་བྱུང་གིན། །སྐྱེད་མེད་བོགས་མེད་རྟོགས་པ་མེད། །ཇི་ལྟར་བསྒོམས་ཀྱང་མ་བསླངས་ན། །གནད་ཀྱི་ཞལ་གདམས་འདི་ལྟར་བྱ། །གཉན་སའི་དམིགས་སུ་མ་སོང་ན། །གོས་ཐོག་མེ་བཙའ་བྱས་དང་མཚུངས་ཞེས་པས། ནད་དམ་གཟེར་གྱི་སྟེང་དུ་མེ་བཙའ་མ་བྱས་པས་ཕན་པར་མི་འགྱུར་བ་དང་མཚུངས་ཏེ། ལྷ་འདྲེ་གནས་པའི་ས་དམིགས་སམ། །ཁང་ཁྱིམ་ལྟ་བུར་མ་ཕྱིན་ན། །ཆོ་འཕྲུལ་ཅི་ལ་འོང་སྟེ་མི་འོང་། །དེ་ཕྱིར་གཟེར་ཐོག་མེ་བཙའ་བྱ། །རི་རྒྱལ་ཡིན་ན་རྩེ་ལ་འདུག །རྒྱ་མཚོའི་འགྲམ་མམ་གཉན་པའི་ས། །ཤིང་གཅིག་རྩའམ་དུར་ཁྲོད་དཀྱིལ། །ལམ་པོ་ཆེའམ་མདུན་སའམ། །བྲག་དམར་བཙན་ནམ་བདུད་ལ་སོགས། །གཤིན་རྗེའི་ཞལ་ལམ་བདུད་ཀྱི་ལྟག །གོང་གསུམ་བཙན་གྱི་འགྲིམ་ལམ་སྟེ། །གཉན་ས་རྟོག་པས་བཙལ་བར་བྱ། །ཡང་ན་ལྷ་ཁང་བདག་མེད་དང་། །ཁྱིམ་བུད་ཡུལ་བུད་མི་རྡིབ་ས། །དམ་སྲི་དབེན་སྙིང་ལ་སོགས་སམ། །མཆོད་རྟེན་ཞིག་རལ་ཐེམ་པ་ལ། །དམིགས་ཤིང་ཉམས་སུ་བླང་བར་བྱ། །ཡང་ན་འདུག་གནས་འདི་ལྟ་སྟེ། །རིན་ཆེན་འབར་བ་འདྲ་བའི་སྟེང་དུ་འདུག །གདུགས་འདྲ་བའི་ཏོག་གོ །ཉའི་སྒང་། དུང་གི་ལྟོ་བ། པདྨའི་དཀྱིལ། དཔལ་བེའུ་དཀྱིལ། རྒྱལ་མཚན་གྱི་ཏོག །མ་ངེས་སེམས་ཅན་འདྲ་བའི། སེངྒེ་འདྲ་བའི་སྡེར་མོ། སྟག་འདྲ་བའི་ཁ། ལྕེ་སྤྱང་འདྲ་བའི་སྡེར་མོ། འདབ་ཆགས་འདྲ་བའི་སྙིང་ཁ། རུལ་སྦལ་ལམ་ལྕོང་མོ་འདྲ་བའི་སྟེང་། སྦྲུལ་ལམ་ཉ་འདྲ་བའི་མགོ །ཆུ་མིག་ལྔ་བདུན་ལ་སོགས་པའི་འདུས་སའོ། །གཞན་ཡང་ནགས་མེད་ཤིང་གཅིག་ལ་སོགས་པ་རིག་པས་དཔྱད་ལ་འདུག །
དེ་ཡང་ཆོ་འཕྲུལ་མ་བྱུང་ཞིང་། །ཉམས་རྟོགས་རྒྱུད་ལ་མ་ཤར་ན། །སློང་བའི་གདམས་པ་འདི་ལྟར་བྱ། །དཔེར་ན་རྒྱལ་པོ་ཁ་རྗེ་ཆུང་ངམ་འཇམ་གྱུར་ན། །རྒྱལ་སྲིད་བྲན་ཁོལ་མི་ཁུལ་ཉིད་དང་མཚུངས་ཞེས་པས། རྒྱལ་པོས་ཁྲིམས་སམ་ཆད་པའམ། གཞན་དག་གདུལ་བར་མ་བྱས་ན། མི་ཐམས་ཅད་བཀའ་ལ་མི་ཉན་པ་དང་འདྲ་སྟེ། དེས་ན་རི་རྒྱལ་ཡིན་ན་རྩེ་ནས་ཐེངས་བདུན་བདུན་བསྙིལ་བར་དམིགས་ཤིང་བརྟུལ་ཞུགས་བྱ། གངས་བྲག་རྩེ་རྒྱལ་ཤིང་ལ་སོགས། །བཤིག་ཅིང་སྙིལ་བ་བདུན་བདུན་བྱ། །རྒྱ་མཚོ་ཆུ་མིག་ཐམས་ཅད་ལ། །ལྕགས་རྒོད་ཐུ་ལུམ་འབར་བས་སྲེག །དེ་ཡང་བསམ་པ་བདུན་བདུན་བྱ། །གཞན་རྣམས་རྒྱ་གྲམ་ལ་སོགས་གོང་བཞིན་དམིགས་པ་བདུན་བདུན་བྱ། དེ་ལྟར་བདུན་ནམ་ཉི་ཤུ་གཅིག །རིག་པ་བརྟུལ་ཞུགས་ངར་ཆགས་བྱ། །ཕཊ་སྒྲ་གདབ་ཅིང་གཅེར་བུར་བུད། །གཉན་སའི་སྟེང་དུ་མཆོང་གྲབས་བྱ། །རིག་པ་ཉམས་དགའ་སྐྱི་ཟིང་པ། །དགའ་ཡལ་ངར་དང་བཅས་པ་འབྱུང་། །གར་བྱུང་ས་དམིགས་ཡིན་པར་ངེས། །དེ་རུ་མ་ཡེངས་ཉམས་སུ་བླང་། །དེ་ལྟར་ཉམས་སུ་བླངས་གྱུར་ན། །འདི་བཞིན་ཆོ་འཕྲུལ་ངེས་མེད་འབྱུང་། །དངོས་སུ་བརྡེག་དང་འདར་བ་དང་། །མི་ལྟར་བྱུང་ནས་འདི་སྐད་ཟེར། །འོག་ཆོད་སྙིང་ཕྱུང་ཡན་ལག་བྲེགས། །ཟེར་གྱིན་ཤེས་པ་བསྒྱུར་བ་དང་། །མཁའ་ལ་རང་ཉིད་འཕུར་སྙམ་བྱེད། །འཇིགས་ཤིང་ཉམ་ང་བག་ཚ་འབྱུང་། །གཞན་ཡང་། སྙིང་བཏོན་ལག་ཏུ་ཁྱེར་བ་དང་། །བཏེགས་ནས་རྦབ་བསྐྱུར་ལུས་མེ་འབར། །སྡིག་པ་ལུས་ཞུགས་སྦྲུལ་གྱིས་བཅིངས། །སྡོམ་ཅན་གྱིས་ཟོས་མགོ་ལུས་ཕྱེ། །མུན་པས་གཡོགས་དང་དམག་གིས་ཁྱེར། །སྐྱེས་པ་གྲི་མདུང་མཚོན་ཆ་ཅན། །དཔག་མེད་བྱུང་ནས་ཁྱེར་ཞེས་དང་། །འཇིགས་པའི་ཆོ་འཕྲུལ་ཅི་བྱུང་རྣམས། །གཉན་སའི་ཆོ་འཕྲུལ་ཡིན་ཤེས་ན། །བླ་མའི་གདམས་ངག་ཐོབ་པར་གྱིས། །བླ་མའི་གདམས་ངག་མ་ཐོབ་ན། །བར་ཆོད་ཆོ་འཕྲུལ་འདི་འབྱུང་པས། །དེ་ཕྱིར་རྟོག་པ་ཁོང་དུ་ཆུག་ཅེས་པའོ། །
དྲི་མེད་ལྷན་སྐྱེས་ཆོས་ཀྱི་སྐུ། །མ་བཅོས་གཉུག་མའི་ངང་ལ་བཞུགས། །བཀའ་དྲིན་ཅན་ལ་མགོས་ཕྱག་འཚལ། །གཅོད་བྱེད་གདམས་ངག་རྣམ་གསུམ་བསྟན། །ཆོ་འཕྲུལ་ཇི་ལྟར་བྱུང་གྱུར་ཀྱང་། །ཏིང་འཛིན་མ་བཅོས་སྤྲོས་བྲལ་ནམ་མཁའ་འདྲ། །འཁྲུལ་སྣང་ཆོ་འཕྲུལ་ཅི་བྱུང་ཡང་། །སྐྱེ་མེད་ཆོས་སྐུའི་ངང་གནས་པས། །དཔེར་ན་ནམ་མཁའ་སྟོང་པ་ལ། །མཚན་མའི་ཆོས་ཀྱིས་མི་གནོད་ཅིང་། །ཕན་མེད་གནོད་མེད་ནམ་མཁའ་འདྲ་ཞེས་པས། ནམ་མཁའ་ལ་དཀར་པོས་ཀྱང་ཕན་གདགས་སུ་མེད་ལ། ནག་པོས་ཀྱང་གནོད་སྐྱེལ་དུ་མེད་པས། དེ་བཞིན་སྐྱེ་བ་མེད་པའི་སེམས་ཀྱི་ངོ་བོ་འདི་ལ་ཡི་དམ་གྱི་ལྷའམ། ཆོས་སྐུས་ཀྱང་ཕན་གདགས་སུ་མེད་ལ། ནག་པོས་ཀྱང་གནོད་སྐྱེལ་དུ་མེད་པས། དེ་བཞིན་སྐྱེ་བ་མེད་པའི་སེམས་ཀྱི་ངོ་བོ་འདི་ལས། ཡི་དམ་གྱི་ལྷའམ། ཆོས་སྐུས་ཀྱང་ཕན་གདགས་སུ་མེད་ལ། བདུད་བཙན་གཤིན་རྗེ་ལ་སོགས་པའམ། དམྱལ་བའི་སྡིག་པས་མི་གོས་པས་གནོད་ས་མི་རྙེད་པ་དང་འདྲ་བས། དེ་ལྟར་གོ་རྟོགས་རྒྱུད་ལ་ཁེལ་བར་བྱའོ། །དེ་ལྟར་གོ་ཞིང་རྟོགས་ཀྱང་ཉམས་བླངས་ཆུང་བའམ། གོམས་འདྲིས་ཆུང་བ་རྣམས་ཀྱིས། ལྷ་འདྲེའི་གཟི་བརྗིད་དམ་ཆོ་འཕྲུལ་མ་བཟོད་ནས། ཅུང་ཞིག་ཐེ་ཚོམ་ཉམ་ང་ན། འདི་ལྟར་རང་གི་རྒྱུད་ལ་བསམ། སེམས་ཅན་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུ་ནི། བླ་མས་ངོས་སྤྲད་པ་དེ་ཡིན་པས། རང་སེམས་འཁྲུལ་པའི་སྣང་བར་ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། ཁྱོད་ཀྱིས་བདག་སྐེ་ཆོད་ཤ་དང་ཁྲག་ལ་ལོངས་སྤྱོད་གྱིས། སེམས་སྤྲོས་བྲལ་གྱི་ངང་ལ་ཅི་ཡང་མ་གྲུབ་སྙམ་དུ་གདམས་ངག་ལ་དཔའ་བྱས་ལ། ཉམ་ང་མེད་པར་ཉམས་ལེན་བྱས་པས་བརྟན་པ་ཐོབ་ནས་འོང་ངེས་གསུངས་སོ། །
དབང་པོ་ཐ་མའམ་ལས་མ་དག་པ་ཞིག་གིས། འདྲེའམ་ནད་ལ་ཕན་ནི་འདོད། སེམས་ཀྱི་དོན་གཉུག་མ་ནི་མ་གོ །བླ་མའི་གདམས་ངག་ཉམས་སུ་མི་ལེན་པ་ཞིག་གིས་གཉན་སར་འགྲོ་ན་གདེང་ནི་མེད། དེར་ལྷ་འདྲེའི་ཆོ་འཕྲུལ་བར་ཆད་འབྱུང་དུས་འདི་ལྟར་ཉམས་སུ་ལོངས་གསུངས། གདོན་དང་འདྲེ་ནི་འདི་རྣམས་ཀྱིས་སུ་ལ་གནོད་གང་ལ་གནོད། བདག་གི་ལུས་ལ་གནོད་ན། ལུས་ཤ་ཁྲག་གི་གདོས་པ། རྣག་ཁྲག་གི་རྐྱལ་བ། རུས་པའི་དུམ་བུ། ཆུ་རྒྱུས་ཀྱི་དྲ་བ། མི་གཙང་བའི་རྫས་ཀྱིས་གང་བ། འབྱུང་བ་བཞིའི་གཡར་པོ་འདི་ལ། གནོད་ན་སའམ་རྡོའམ་འབྱུང་བ་བཞི་ལ་ཡང་གནོད་ཐང་སྟེ་མི་གནོད། དེ་ལ་གནོད་ན་ད་ལྟར་ཁྱེར། ཤ་འདོད་ཤ་ཁྱེར་ཁྲག་འདོད་ཁྲག་ལ་སོགས་པ་ཁྱེར་སྙམ་དུའོ། །སེམས་ལ་གནོད་ན་ནམ་མཁའ་ལ་ཡང་གནོད་དེ། གནོད་པར་མི་འདུག་སྟེ་སྟོང་པ་སྤྲོས་བྲལ་ངང་དུ་འདུག །གནོད་པ་ཡོད་ན་ཡ་གི་སྤྱི་བོའི་གཙུག །མ་གི་རྐང་པའི་མཐིལ། བ་སྤུའི་བུ་གར་ཚོལ། གནོད་པའམ་བཅད་གཏུབ་ཀྱིས་ཤིག་པར་བསམས་ལ། སེམས་སྤྲོས་བྲལ་ངང་ལ་བཞག །ཞལ་གདམས་རིན་ཆེན་སྒྲོན་མའོ། །དེ་ལྟར་ཉམས་སུ་བླངས་པའི་ཆོད་ཚད་གདམས་ངག་འདི་ལྟར་བསྟན། དེ་ལ་གོང་གི་ལྷ་འདྲེའི་ཆོ་འཕྲུལ་གཟི་བྱིན་རྨི་ལམ་རྣམས། ཡང་ན་རང་གི་སྙིང་བོར་ནས་ཁྱེར་རམ། རང་གི་མགོ་ནས་མངོན་སུམ་དུ་ཆེམ་ཆེམ་འཆའ་བ་བྱུང་ན། ཉམ་ང་བ་དང་། བག་ཚ་བ་མི་འདུག་ན་ཆོད་པའི་ཚད་ཡིན། མཆོག་གི་ཆོད་ཚད་ནི། གོང་གི་ཆོ་འཕྲུལ་མངོན་སུམ་ལ་སོགས་པ་ཅི་དང་ཅི་བྱུང་ཡང་། སྐྱེ་མེད་ངང་ལ་གསལ་ཐེབས་ཤིང་། རིག་པ་སྤྲོས་བྲལ་ངང་ལ་གནས་ན། མཆོག་གི་ཆོད་ཚད་བྱ་བ་ཡིན། ཐུན་མོང་གི་ཆོད་ཚད་ནི། སེམས་ཉིད་གཉུག་མ་འདི་ལ་གཅད་བྱ་གཅོད་བྱེད་མི་འདུག་སྙམ་པའི་སེམས་ཀྱིས་སྒྲོ་འདོགས་ཆོད་ན། ཐུན་མོང་གི་ཆོད་ཚད་བྱ་བ་ཡིན་གསུངས་སོ། །
འཁྲུལ་བའི་རྟོག་པ་ཆོད་མཛད་པའི། །བྱང་ཆུབ་སེམས་ལ་གུས་ཕྱག་འཚལ། །དེ་ཡི་ཚར་ཚད་འདི་ལྟར་ཏེ། །ལྷ་འདྲེའི་ཆོ་འཕྲུལ་ཐམས་ཅད་ཀྱང་། །མ་ལུས་ལྷོད་ཀྱིས་ཞི་བ་ཡང་། །ཚར་བའི་ཚད་དུ་གསུངས་པ་ཡིན། །འོན་ཀྱང་མཆོག་གི་ཚར་ཚད་ནི། །ལྷ་འདྲེའི་ཆོ་འཕྲུལ་ཅི་བསྟན་ཀྱང་། །རང་སེམས་སྐྱེ་མེད་གདེང་དང་ལྡན། །ལྷ་འདྲེ་རང་གིས་སེམས་སུ་ཕྲོལ། །སེམས་ཉིད་སྤྲོས་བྲལ་ཀློང་གྱུར་ནས། །མཆོག་གི་ཚར་ཚད་ཡིན་པར་གསུངས། །ཡང་ན་རྨི་ལམ་ཚར་ཚད་ནི། །རྟ་མཆོག་མ་ཧེ་གླང་པོ་གཡག །དུད་འགྲོའི་རྣམ་པ་འབུལ་བ་དང་། །གསེར་དངུལ་ལ་སོགས་རིན་ཆེན་གཏེར། །ནས་དང་འབྲུ་ལ་སོགས་པ་དང་། །སྣམ་བུ་གོས་འབུལ་གུས་ཕྱག་སོགས། །ཟས་འདྲེན་པ་དང་ཤིང་ཐོག་སོགས། །ཡིད་འདོད་ནོར་རྫས་འབུལ་བ་དང་། །ཐུན་མོང་རྨི་ལམ་ཚར་ཚད་ཡིན། །ནད་གདོན་ཚར་ཚད་འདི་ལྟ་སྟེ། །ལུས་ལ་སྦལ་སྦྲུལ་འབུ་སྦུར་སོགས། །ཉ་དང་ལྕོང་མོ་སྡོམ་སྡིག་དང་། །ཁྱི་དང་འབུ་ཆུང་ཤིག་ལ་སོགས། །སྲོག་ཆགས་དཔག་མེད་ཕུད་པ་ནི། །གདོན་གྱི་ཚར་ཚད་ཡིན་པར་གསུངས། །ནད་ཀྱི་ཚར་ཚད་འདི་ལྟར་ཏེ། །སྐྱུག་དང་བཤལ་དང་རྣག་ཁྲག་འཛག །ནད་ཀྱི་དངོས་པོ་སྔོན་དམར་ཐོན། །ལུས་ལ་ཁྲུས་བྱས་དྲི་མ་དག །ནད་ཀྱི་ཚར་ཚད་ཡིན་པར་གསུངས། །རྨི་ལམ་མཆོག་གི་ཚར་ཚད་ནི། །གྱེན་ལ་འཛེགས་དང་ཉི་ཟླ་ཤར། །ནམ་ལངས་སྐས་དང་གངས་ལ་འཛེགས། །དྲི་མེད་གོས་གསར་དཀར་པོ་གྱོན། །ཐོགས་ཆགས་མེད་པར་མཁའ་ལ་འཕུར། །འཁུམས་མེད་གཅེར་བུར་གར་བྱེད་དང་། །མེ་ཏོག་སྣ་ཚོགས་ཐུ་བ་རྣམས། །མཆོག་གི་ཚར་ཚད་ཡིན་པར་གསུངས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །གུས་པས་འབུལ་བའི་ཚར་ཚད་ནི། །མཆོག་དང་ཐུན་མོང་ཚར་ཚད་ལ། །དགའ་བྲོད་བདུད་རྣམས་རང་གྲོལ་ནས། །གཉིས་མེད་རོ་མཉམ་ངང་གནས་ན། །དེ་ལ་ངོ་མཚར་སྐྱེས་པ་ཡི། །ངོ་མཚར་ལྷ་འདྲེས་གུས་འབུལ་བའི། །ཚར་ཚད་བསྟན་པ་འདི་ལྟར་ཏེ། །སྔར་ནས་དོན་སྙིང་ཁྱེར་བ་གཏོད། །ལ་ལས་ཕྱག་དང་སྐོར་བ་བྱེད། །ཆོས་ཞུ་དར་འཕྱར་སྲོག་སྙིང་འབུལ། །ལུང་སྟོན་འགྲོ་བའི་འདུལ་ཞིང་སྟོན། །ཅི་བགྱི་བཀའ་ཉན་ཟེར་བ་འབྱུང་། །དེ་ལྟར་བྱུང་ན་ཆོས་བཤད་འབྱུང་། །བྱང་ཆུབ་སེམས་དཔའ་མི་དམིགས་བསྔོ། །ཞལ་གདམས་ཡི་གེར་བཀོད་པ་མུན་སེལ་ལོ། །ཞལ་གདམས་མུན་སེལ་སྒྲོན་མ་ལས། །གཅོད་ལོག་ཉེས་སྐྱོན་བསྟན་པར་བྱ། །བླ་མའི་ཞལ་གདམས་མ་ཐོབ་ཅིང་། །སྤྱོད་པ་རྩིང་ཞིབ་རང་དགར་བྱེད། །ཉམས་ལེན་མི་བྱེད་ཡིག་ནག་བཟུང་། །སྨྱོ་སྤྱོད་ཐོ་ཅོ་ཐམས་ཅད་བྱེད། །དམ་ཚིག་མི་བསྲུང་ཆོལ་པར་སྤྱོད། །གཉན་ས་ལྷ་འདྲེའི་ཆོ་འཕྲུལ་རྣམས། །སྔར་བཞིན་གླགས་མེད་འོང་འགྱུར་བས། །མ་ཚུགས་ཁོང་དུ་གདམས་ངག་བྱེད། །ལུས་ཀྱི་ན་ཚ་སྡུག་བསྔལ་བརྒྱས། །སྙིང་མི་དགའ་ཞིང་ཤེས་པ་འདར། །ང་ནི་ལྷ་འདྲེས་ཁྱེར་བསམ་དང་། །བྲེད་སྔངས་སྐྲག་ནས་བྲོས་པ་ནི། །གཅོད་ནི་ལོག་པ་བྱ་བ་ཡིན། །གཞན་ཡང་ལོག་པར་བྱ་བ་ནི། །སངས་རྒྱས་སྒྲུབ་པར་མ་ཤེས་ནས། །འཇིག་རྟེན་མཐུ་རྩལ་ཐམས་ཅད་འདོད། །གཏམ་འདི་ཁེ་དང་གྲགས་པ་བསྒྲུབས། །འདྲེ་དང་ནད་ལ་ཕན་འདོད་ཅིང་། །བྱང་ཆུབ་སྒྲུབ་པར་མི་ཤེས་པ། །འདི་ཡང་ལོག་པ་བྱ་བ་ཡིན་གསུངས། ལོག་པའི་རྟགས་ནི་འདི་ལྟར་འོང་། །ཞག་ནི་བདུན་ནམ་ཟླ་ཕྱེད་དམ། །ཉི་ཤུ་རྩ་གཅིག་ཚུན་ཆད་དུ། །ཀླད་གཟེར་གཟེར་ཐུང་ལྷོག་རྒོད་སོགས། །ཁྲག་སྐྱུག་གག་པ་ལ་སོགས་ཏེ། །མི་མཐུན་བར་ཆད་བསམ་འདས་རྣམས། །འབྱུང་བ་ལོག་པ་བྱ་བ་ཡིན། །མི་ལོག་སྒོ་གཏན་ཞལ་གདམས་ནི། །སྔར་གྱི་གཉན་ས་གང་ཡིན་དུ། །སླར་ལ་ལོག་ལ་གཅོད་ལ་འགྲོ། །བླ་མའི་ཆོས་ལ་ནན་ཏན་བསྐྱེད། །སྤྲོས་བྲལ་དོན་ལ་མ་བཅོས་བཞག །ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། །རང་སེམས་དག་ཏུ་ཤེས་འགྱུར་ཞིང་། །སྤྲོས་བྲལ་ངང་ནས་གནས་གྱུར་ན། །ལོག་པ་བྱ་བ་མི་འབྱུང་བས། །སླར་ལ་རང་སེམས་གདེང་རྙེད་དོ། །སྐྱེ་མེད་ཆོས་སྐུར་རྟོགས་གྱུར་ནས། །བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་འབྱུང་གསུངས་ཞེས་པས། གོང་བཞིན་སློང་ཚད་ཆོད་ཚད་ཚར་ཚད་རྣམས་མ་བྱུང་བར་དུ་ཉམས་ལེན་སྙིང་རུས་བཏོན་ལ་བྱ་གསུངས་དེ་ལྟར་དུ་བྱའོ། །མི་ལྡོག་སྒོ་གཏན་གདམས་ངག་འདི། །ཞལ་གདམས་མུན་སེལ་སྒྲོན་མ་ཡིན། །ཨེ་མ་ཧོ་སྐྱེ་ཤིའི་འཇིགས་པའི་སྐྱེས་བུ་ལ། །ཞལ་གདམས་མུན་སེལ་སྒྲོན་མ་དགོས། །དད་པ་གཏིང་སྐྱེས་ལས་ཅན་ལ། །ཞལ་གདམས་མུན་སེལ་སྒྲོན་མེ་དགོས། །ཨུ་ཡ་ཨག་ཐམ། འཁྲུལ་པའི་སྒོ་ལྕགས་འབྱེད་མཛད་པའི། །མ་རིག་འབྱེད་པའི་ལྡེ་མིག་གསུངས། །བཀའ་དྲིན་ཅན་གྱི་གསུང་དབྱངས་ལ། །གུས་པའི་སེམས་ཀྱིས་ཕྱག་འཚལ་བསྟོད། །ལྔ་བརྒྱའི་དུས་འདིར་ཨུཏྤལ་བཞིན། །དྲི་མེད་སྐྱོན་བྲལ་ལབ་སྒྲོན་གྱིས། །གདུལ་བྱ་དཔག་མེད་ལམ་བཀོད་ནས། །མི་ནུབ་རྒྱལ་མཚན་ཕྱར་བ་ལ། །ལས་ཅན་སྐྱེས་བུ་ཐམས་ཅད་ཀྱིས། །རང་དོན་ཆོས་སྐུ་ཐོབ་ནས་ནི། །གཞན་དོན་གཟུགས་སྐུས་འགྲོ་བ་འདྲེན། །འཁོར་བའི་ཆུ་ལས་སྐམ་སྒྲོལ་ཞིང་། །སྡུག་བསྔལ་མྱ་ངན་སེལ་མཛད་པའི། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ། །གུས་པའི་སེམས་དང་དྭངས་བའི་ཡིད། །ཚངས་པའི་དབྱངས་ཀྱིས་ཕྱག་འཚལ་འདུད། །ལྔ་བརྒྱར་གྱུར་པའི་སེམས་ཅན་རྣམས། །རང་གིས་རང་བསླུ་སྡུག་བསྔལ་བརྒྱུད། །ཐར་པའི་དུས་མེད་འཁོར་བར་འཁྱམས། །ལར་ཡང་དཀར་པོའི་དགེ་སྦྱོར་ཞུགས་པ་རྣམས། །རང་གྲོལ་གདམས་ངག་མི་ཤེས་པར། །དམན་པའི་ལས་སྤྱོད་བྱིས་པའི་ལས། །སངས་རྒྱས་ཐོབ་པར་མི་འགྱུར་ཞིང་། །རང་བཅིངས་གཟུང་འཛིན་མདུད་པས་བསྡམས། །དྲི་མེད་ལྟ་བ་མ་ཕྱེད་པའི། །རྟོག་པ་ཁས་ལེན་དགེ་སྡིག་བསྲེ། །གཉུག་མའི་འོད་གསལ་མ་ཤར་བར། །སྒོམ་པ་ཁས་ལེན་གྲོལ་དུས་མེད། །རང་གྲོལ་སྤྱོད་པའི་དོན་མ་ཁུམས། །ཆགས་སྡང་འཁྲུལ་པའི་ལས་སྤྱོད་བྱེད། །རིག་པའི་གྲོལ་ཚུལ་མི་ཤེས་པར། །སངས་རྒྱས་འབྲས་བུ་ཁས་ལེན་བྱེད། །རྣམ་རྟོག་རང་སར་མི་ཆོད་པར། །གཅོད་མཁན་ཡིན་ཞེས་ལྷ་འདྲེ་རྣམས། །ཨར་ལ་གཏད་ཅིང་བརྡེག་པ་སོགས། །གནད་ཀྱི་ཞལ་གདམས་མ་ཚར་བར། །གོ་བ་མེད་པའི་ཐུ་ལུམ་གྱིས། །འཇིག་རྟེན་འདིར་ཡང་བཀྲ་མི་ཤིས། །མཐར་ཐུག་འབྲས་བུ་མེད་པའི་ཕྱིར། །བར་ཆད་མང་ཞིང་བསམ་མི་འགྲུབ། །ནད་དང་རྣམ་རྟོག་ཕྱིར་ཕྱིར་རྒྱས། །དེ་ཕྱིར་གསུང་གི་སྒྲོན་མ་འདིས། །མ་ཅིག་ཡུམ་སྲས་སྙན་རྒྱུད་ལ། །འགྲོ་བའི་དོན་ཕྱིར་ཡི་གེར་བྲིས། །ཡུམ་སྲས་རྣམས་ལ་མཐོལ་ལོ་བཤགས། །ལོག་ལྟ་དམ་ཉམས་ཆོས་མིན་སྤྱོད། །སློབ་དཔོན་སྦ་ཞིང་རང་མཐོང་བྱེད། །འཇིག་རྟེན་དོན་གཉེར་ཕྱི་མ་བོར། །རང་མཁས་གཞན་སྨད་མི་ནག་བྲིད། །གཡོ་དང་སྒྱུ་ལ་རྒྱབ་རྟེན་བྱེད། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །བྱམས་དང་ཕན་པའི་བསམ་ཡས་ནས། །ཐུབ་ཆོད་རེ་ཞིག་ཤིང་གཅོད་དང་། །བྲག་ཏུ་རྫས་སྦྱོར་ཨར་ལ་གཏད། །གཅོད་པ་ཡིན་ཞེས་ཁས་ལེན་བྱེད། །ཤན་པ་སྲིན་པོ་དག་དང་མཚུངས། །མནར་མེད་དམྱལ་བར་ལྷུང་བར་ངེས། །དེ་ལྟར་བྱེད་པའི་གང་ཟག་ལ། །གདམས་པའི་གནད་འདི་བསྟན་གྱུར་ན། །མ་ཅིག་ཡུམ་སྲས་ཐུགས་འགལ་ནས། །མུ་མེད་འཁོར་བར་འཁྱམས་པར་འགྱུར། །དེ་ཕྱིར་ཆིག་བརྒྱུད་མ་ཡིན་པའི། །གཉིས་སམ་གསུམ་ལ་བསྟན་མི་བྱ། །ཞེས་པས་གསུང་གི་སྒྲོན་མའོ། །དམ་མེད་ལ་མ་སྟོན་ཅིག་པའི་བཀའ་རྒྱ་ཡོད། མན་ངག་རྒྱལ་པོ་དུག་ལྔ་གཅོད་པའི་མཆོག །གཟུང་འཛིན་རང་སར་གཅོད་མཛད་བླ་མ་ལ། །གུས་པའི་ལུས་དང་དང་བའི་ཡིད། །སྤྲོ་བའི་དབྱངས་ཀྱིས་ཕྱག་འཚལ་བསྟོད། །རྣལ་འབྱོར་རི་ཁྲོད་འགྲིམ་པའི་ཞལ་གདམས། །གསུང་གི་སྒྲོན་མ་ཁོང་དུ་ཆུད་ཅིང་གདེང་ཐོབ་ཀྱིས། །རང་གཞན་གང་ཡང་རུང་བ་ལ། །དུག་ལྔ་མ་རིག་འཁྲུལ་པའི་ནད། །འབྲས་བུ་ན་ཚ་སྡུག་བསྔལ་རྣམས། །སྒྱུ་ལུས་ཕུང་པོ་མ་ཞིག་ཅིང་། །འཇིག་རྟེན་སྒྱུ་མར་མ་མཐོང་ཞིང་། །རྨི་ལམ་དུས་ཀྱི་མཚན་ཉིད་བཞིན། །ཅིས་ཀྱིས་ན་ཚ་འབྱུང་འགྱུར་གྱིས། །གནད་ཀྱི་ཞལ་གདམས་གསུང་སྒྲོན་དགོས། །ཞེས་པས། བདག་གཞན་གང་ཡང་རུང་བ་ལ། །ནད་ཀྱི་མཚན་ཉིད་མང་གྱུར་ཡང་། །ནད་ལ་བཞི་བརྒྱ་རྩ་བཞི་གསུངས། །བཞི་བརྒྱ་རྩ་བཞི་རྣམ་པ་ལ། །འཚོ་བྱེད་གཞོན་ནུ་མ་ཡིན་པའི། །རང་བྱུང་རིག་པའི་སྨན་མཁན་བརྟེན། །བཞི་བརྒྱ་རྩ་བཞི་མང་བཤད་ཀྱང་། །བསྡུས་ན་རྣམ་པ་གསུམ་དུ་འདུས། །ཚད་པ་དང་ནི་གྲང་བ་དང་། །རླུང་དང་རྣམ་པ་གསུམ་དུ་འདུས། །དེ་ལ་ཚད་པའི་ནད་རྟགས་ནི། །རོ་སྟོད་ཡན་ཆད་གང་དུ་ཡང་། །གཟེར་གྱི་རིགས་བྱེད་མདའ་བརྒྱབ་འདྲ། །དབུགས་རྒོད་ལུད་པ་ཁྲག་ཏུ་འོང་། །དེ་ལ་དམིགས་པ་འདི་ལྟར་བྱེད། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་ལ། །གྲངས་མེད་བརྒྱའམ་ལོ་གྲངས་བྱ། །ཡང་ན་ཉི་ཤུ་རྩ་རེ་བྱེད། །དེ་རྗེས་གཟེར་རམ་གང་ན་སར། །འཇིགས་བྱེད་ལྷ་འདྲེ་མ་རུངས་ནི། །ལག་ན་གནམ་ལྕགས་འབིགས་ཆུང་གིས། །ཏལ་གྱིས་ཕུག་ནས་ཁྲག་གམ་ནད། །ཟངས་མའི་སྦུབས་ལ་དྲངས་ནས་ཀྱང་། །ཁོང་ཁྲག་ནད་དང་བཅས་པ་དེ། །འཇིགས་པའི་ལྷ་འདྲེས་བཏུངས་པར་དམིགས། །དེ་ནི་ཐུབ་ཚད་བར་དུ་བྱ། །གཞན་ཡང་རང་གི་མདུན་ཉིད་དུ། །མཚན་པའི་རྫས་ལ་རིག་པ་གཏད། །རིག་པ་ནང་དུ་མི་སྐྱིལ་ཞིང་། །ཕྱིར་ཕྱུང་གླིང་བཞི་བསྐོར་བར་དམིགས། །བར་བར་སྟོང་ཉིད་སྤྲོས་བྲལ་ལ། །མ་ཡེངས་ས་ལེ་ཧྲིག་གེ་བཞག །ཇི་ལྟར་གཟེར་ཐུང་གང་བཅས་ཀྱང་། །དམིགས་པ་འདི་ཡིས་སོས་པར་འགྱུར། །ཚད་པའི་ནད་བཅོས་དམ་པ་ཡིན། །བར་དུ་གྲང་བ་ཆུའི་འཁོར་ལོ་ཡིས། །རོ་སྟོད་ཡན་ཆད་གང་ནས་ནི། །འཁྱག་ཅིང་འདར་ལ་སེམས་གཏད་ལ། །དམིགས་པ་བསྒྱུར་ཞིང་བྱས་གྱུར་ན། །ཚད་པའི་རིགས་བྱེད་འཇོམས་འགྱུར་ནས། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་ཡོང་། །རང་ཡང་གདེང་ཐོབ་ངོ་མཚར་སྐྱེས། །ཉམས་སུ་བླངས་པའི་མན་ངག་ཡིན། །ཚད་པའི་ནད་འཇོམས་སྨན་པའི་མཆོག །བཙག་ཐོགས་སྨན་པ་སུན་དབྱུང་པའི། །མན་ངག་གསུང་གི་སྒྲོན་མ་ཡིན། ཨྠྀི།
༈ གྲང་བའི་ནད་སེལ་གསུང་སྒྲོན་ནི། །སྨད་དུ་ན་ན་གྲང་བ་ཡིན། །རྒྱུ་ལོང་འཁྲོག་ཅིང་མཁལ་སྐེད་ན། །སྦོས་ཤིང་སྦྱངས་དང་སྐྲངས་ལ་སོགས། །དེ་ལ་དམིགས་པ་འདི་བཞིན་བྱ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་སོགས། །བརྒྱའམ་ལོ་གྲངས་ཉི་ཤུ་གཅིག །གང་རུང་ཚགས་སུ་མང་དུ་བྱ། །དེ་རྗེས་ལྟེ་འོག་སོར་བཞི་སར། །འཇིགས་པའི་འདྲེ་ནི་གཏུམ་པོ་གཅིག །ལུས་པོ་ལྕགས་སྲེག་འབར་བ་ཡིས། །གྲང་བའི་རིགས་བྱེད་ཐམས་ཅད་རྣམས། །རྩི་སྦུར་མེ་ལ་སྲེག་པ་བཞིན། །སྲེག་ནས་ནད་ཀྱང་མ་ལུས་ཏེ། །རུས་པ་སྔོན་པོར་གྱུར་པར་བསམ། །མ་ཡེངས་རིག་པ་དེ་ལ་གཏད། །རླུང་གཉིས་ཁ་སྦྱོར་དྲག་ཏུ་བྱ། །གཞན་ཡང་མེའི་དཀྱིལ་འཁོར་དུ། །བདག་ཉིད་ཚུད་པར་བསམ་བྱས་ལ། །རིག་པ་ནང་དུ་གཅུན་པར་བྱ། །རིག་པ་ཕྱི་རུ་མི་ཕྱུང་ཞིང་། །དམིགས་པ་ཏིང་འཛིན་གསལ་གྱུར་ན། །ཇི་ལྟར་གྲང་བའི་རིགས་བྱེད་ཀྱང་། །མ་ལུས་སེལ་བར་འགྱུར་བ་ཡིན། །ཚ་བ་གསུམ་སོགས་མེ་བཙའ་དང་། །རྩ་སྨན་ལུམས་སོགས་སྨན་པ་རྣམས། །སུན་ཕྱུང་གསུང་གི་སྒྲོན་མ་ཡིན། །རླུང་གི་ནད་སེལ་གསུང་སྒྲོན་ནི། །མགོ་དང་ཡན་ལག་ན་བ་དང་། །ལུས་པོ་འདར་ཞིང་འཕྱོ་སངས་ཁྱེར། །བར་དུ་སྤྱི་ཁྱབ་ལུས་ཀུན་ཡང་། །གཡོ་ཞིང་ལྡོག་པ་ལ་སོགས་ཏེ། །འགྲོ་འདོད་ཟས་ལ་མི་དགའ་བ། །དེ་ནི་རླུང་ཡིན་བཅོས་པའི་ཐབས། །རང་ཉིད་ཕུང་པོ་ལ་སོགས་ལ། །ཆགས་སེམས་འཛིན་པ་མི་བྱ་ཞིང་། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་ནི། །གྲངས་མེད་བརྒྱའམ་ཉི་ཤུ་གཅིག ། གང་ནུས་ལོ་གྲངས་བྱ་ལ་ནི། །རིག་པ་རང་སོར་ལྷོད་ལ་བཞག །ཛ་ཏི་མི་ཤ་ལ་སོགས་པའི། །རླུང་གི་སྨན་རྣམས་སུན་ཕྱུང་བའི། །རླུང་བཅོས་གསུང་གི་སྒྲོན་མ་ཡིན། །ཞེས་པས། ནད་བཞི་བརྒྱ་རྩ་བཞིའི་བསྡུས་དོན་བཅོས་ཁ་མ་ཅིག་གི་ཞལ་གདམས་ཡི་གེར་བཀོད་པ་ཨྠྀི།
དམ་མེད་ཁ་ཅང་ཅན་གྱིས་སྒྲ་ཙམ་ཐོས་མི་བྱ། རི་ཁྲོད་འགྲིམས་པའི་ལས་ཅན་ཞིག་གིས་ཉམས་སུ་ལོངས། ཨྠྀི།