མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
མ་ཅིག་ལབ་སྒྲོན་གྱི་གསུང་དང་དེར་འབྲེལ་ཆོས་ཚན་འགའ་བཞུགས།
ཞལ་གདམས་ཐུགས་ཀྱི་བདུད་རྩི།
༄༅། །ཞལ་གདམས་ཐུགས་ཀྱི་བདུད་རྩི་བཞུགས་སོ། །
ཨེ་མ་ཧོ། མཁའ་ལྟར་ཀུན་ཁྱབ་སྤྲོས་དང་བྲལ། །ཕ་རོལ་ཕྱིན་བཅུ་སྐུ་ལ་རྫོགས། །བདག་དོན་སྐྱེ་མེད་ཆོས་ཀྱི་སྐུ། །བདག་གཞན་གཉིས་མེད་རྫོགས་པའི་སྐུ། །གང་ལ་གང་འདུལ་སྤྲུལ་པའི་སྐུ། །སྐུ་གསུམ་ལྷུན་རྫོགས་བླ་མ་ལ། །གུས་པའི་ལུས་དང་དང་བའི་ཡིད། །སྙན་པའི་དབྱངས་ཀྱིས་ཕྱག་འཚལ་ལོ། །གང་ཞིག་གཉན་ཁྲོད་འགྲིམས་པའི་མི། །རྟོགས་པ་ཁོང་དུ་མ་ཆུད་པར། །ཡིག་ནག་བཟུང་ཞིང་བདག་མཁས་བྱེད། །མཁས་འདོད་ང་རྒྱལ་དྲེགས་པ་ཡིས། །རང་ཡང་ཕུང་ལ་གཞན་ཡང་བརླག །རང་ཕུང་གཞན་བརླག་བྱེད་པ་ལ། །མ་ཅིག་ཞལ་གྱི་གདམས་པ་འདིས། །དུག་ལ་སྨན་བཏང་བདུད་རྩི་འདྲ། །བདུད་རྩི་འདྲ་བའི་ཞལ་གདམས་འདིའི། །བརྒྱུད་པ་འཛིན་པའི་བུ་ཡིན་ཀྱང་། །རང་གི་ཉམས་སུ་ལེན་བྱེད་ཅིང་། །ཡིག་བྲིས་མ་སྟོན་ཞལ་གདམས་གྱིས། །ཞེས་གསུངས་སོ། །གང་ཞིག་གཉན་ཁྲོད་འགྲིམས་པའི་བུས། །གཉན་ས་དག་ཏུ་ཕྱིན་པའི་ཚེ། །གཡེང་པའི་ལས་སྤྱོད་དོར་བྱས་ཤིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །གཞི་བདག་འདི་ཡིས་མ་རིག་པས། །དམ་པའི་ཆོས་ཀྱི་ལས་འབྲེལ་བྱ། །བསམ་པའི་སེམས་བསྐྱེད་བྱ་བ་ཡིན། །དེ་ནས་བསམ་པ་འདི་ལྟར་བྱ། །བདག་བཟུང་མ་རིག་ལྷ་འདྲེ་འདིས། །བྱང་ཆུབ་སེམས་བསྐྱེད་མ་བྱུང་བར། །འདི་རུ་ཤི་རུང་མ་ཤི་རུང་། །ཅིས་ཀྱང་བསྡད་པར་དཔའ་བསྐྱེད་ཅིང་། །ལུས་མཆོད་ལ་སོགས་མང་བྱས་ནས། །སྟོང་ཉིད་ངང་ལས་མ་ཡེངས་སྒོམས། །འདི་ནས་ཞག་གམ་ཟ་མ་ལ། །འགྲོ་བསམ་མི་བྱེད་ཁར་མི་བརྗོད། །ཆོ་འཕྲུལ་མ་རུང་ཅི་བྱུང་ཡང་། །རིག་པའི་རྩལ་སྦྱངས་ཡང་དག་བྱ། །གང་ཞིག་རྣལ་འབྱོར་གདེང་མ་ཐོབ། །བྲེད་ཅིང་སྐྲག་ན་བར་ཆད་འབྱུང་། །དེ་ཕྱིར་གདམས་པ་ཁོང་དུ་ཆུག །གངས་བྲག་ལ་སོགས་རིའི་རྩེར། །མ་ཉལ་ནོན་པར་མི་འགྱུར་གྱིས། །གང་གཉན་རྩེ་ལ་ཉལ་བར་གྱིས། །རྩེ་རུ་འགྲོ་ས་མེད་གྱུར་ཀྱང་། །རྡོ་བླང་ཤིང་གི་རྩེ་མོ་བཅད། །རང་གི་ཞབས་སུ་བཅུག་པ་ཡིན། །དེས་ནི་ལྷ་འདྲེ་ནོན་པ་ཡིན། །ཡང་ན་གངས་སམ་བྲག་གི་རྩེར། །འགྲོ་ས་མ་རྙེད་མ་ཕྱིན་ན། །སྟེང་དུ་ཉལ་བར་དམིགས་ལ་བྱ། །དང་པོ་གཉན་སར་འགྲོ་དུས་ནི། །རང་ལུས་ལྕགས་ཀྱི་རྡོ་རྗེ་ཡིས། །གཉན་སའི་རི་དེ་སྙིལ་བར་དམིགས། །དེ་ནས་དེ་རུ་ཕྱིན་ཙམ་ན། །རང་ལུས་སེང་གེ་རྔམ་བརྗིད་ཅན། །མགོ་བོས་རིའི་རྩེ་མོ་མནན། །གཞོགས་ཀྱིས་ལུང་པ་གཡས་གཡོན་མནན། །མཇུག་མས་ལུང་པ་མདོ་གསུམ་མནན། །དེ་ལྟར་དམིགས་པ་བྱ་བ་ཡིན། །ཡང་ན་ཀླུ་གནས་ཆུའམ་མཚོ། །ཇི་ལྟར་ལྷ་འདྲེ་གང་གནས་སར། །བྱ་ཁྱུང་བསམས་ཏེ་མནན་པར་དམིགས། །གཉན་ས་གཞན་དག་གར་ཕྱིན་ཡང་། །རང་གི་ལན་གསུམ་ཆབ་ཆབ་བྱ། །འབྲོས་པའི་དབང་མེད་ཆོས་ཉན་ཞིང་། །ཐར་པ་མ་ཐོབ་བར་དུ་འདུག་པར་བསམ། །དེས་ནི་ནོན་ཞིང་མཆོག་ཐུན་རྫོགས། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །
༈ གལ་ཏེ་གཉན་སའི་རི་བྲག་དང་། །ཆུ་ལ་སོགས་པ་གྲངས་མང་བས། །ལ་ལར་ཆོད་ཀྱང་ལ་ལར་མིན། །ཆོ་འཕྲུལ་མི་འདྲ་དཔག་མེད་འབྱུང་། །དེ་ཕྱིར་རི་བྲག་ཐམས་ཅད་ཀྱི། །རོ་བསྡུ་རྩི་ཤིང་གང་ཡིན་དང་། །ས་ཆུ་ལ་སོགས་བསྡུས་ནས་ཀྱང་། །ཉམས་ལེན་བྱས་པས་དུས་གཅིག་ཏུ། །མཆོག་ཐུན་དངོས་གྲུབ་འཐོབ་པར་འགྱུར། །ཡང་ན་བྱ་བའི་ལས་ཀྱིས་གཡེངས། །མ་ཆོད་འགྲོ་དགོས་བྱུང་བ་ན། །གཉན་སའི་ས་རྡོ་ལ་སོགས་ལ། །ཧཱུྃ་ངམ་བྲིས་ལ་ལུས་ལ་བཅང་། །གར་ཉལ་ཞབས་སུ་གཞུག་བྱས་ལ། །སྟོང་ཉིད་ངང་ལ་མ་ཡེངས་སྒོམས། །གཉན་ས་སྔར་གྱི་སྟེང་དུ་ནི། །ཉམས་ལེན་བྱས་པར་དམིགས་པ་ཡིན། །ཤ་ཁྲག་མཆོད་པ་མ་ལུས་པ། །ཁོ་ལ་བྱེད་པ་མན་ངག་ཡིན། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གལ་ཏེ་རྣལ་འབྱོར་མཆོག་ཐུན་འདོད། །གཉན་པའི་ས་རུ་ཉལ་བའི་ཚེ། །ཏིང་འཛིན་རྟོགས་དང་མ་ལྡན་ཅིང་། །རྨི་ལམ་ཆོ་འཕྲུལ་གོ་མ་ཕྱེད། །རང་གི་ཁང་ཁྱིམ་རྡིབ་རྨིས་ན། །ཁང་ཁྱིམ་ས་ཕྱགས་རང་ཉིད་ཉམས་སུ་བླང་པ་ཡིན། །གལ་ཏེ་བུད་མེད་ལ་སོགས་མོ་རིགས་ཀྱིས། །ཆགས་པ་སྤྱོད་དུ་བྱུང་ན་ཡང་། །ཐུ་བ་ནས་ནི་བཟུང་ལ་ནི། །ང་ཡི་བཟའ་རོགས་བྱ་ལ་ནི། །གར་ཡང་འགྲོ་དབང་མེད་བྱ་ཞིང་། །ཡིད་ལ་བསམ་པ་ཡང་ཡང་བྱ། །མ་ཅིག་ཞལ་གདམས་བདུད་རྩིའོ། །གང་ཞིག་རྣལ་འབྱོར་རི་ཁྲོད་འགྲིམ་པ་ལ། །དམིགས་པའི་གནད་འདི་མ་ཤེས་ཀྱིན། །ཟབ་མོའི་དོན་ལ་མ་འབྱོངས་ན། །དངོས་གྲུབ་མི་འབྱུང་བར་ཆད་མང་། །དེ་ཕྱིར་འདི་བཞིན་ཉམས་སུ་ལོངས། །ཞེས་གསུངས་སོ། །གཉན་ཁྲོད་འགྲིམ་པའི་དུས་སུ་ཡང་། །མགོ་བོ་ན་ཞིང་འགས་ལ་ཐུག །ཇི་ལྟར་བྱས་ཀྱང་མ་བདེ་ན། །མགོ་བོ་པདྨ་འདབ་བརྒྱད་བཞིན། །ཁ་ཁར་གྱེས་ལ་ཤེས་པ་གཏད། །ཀླད་པ་ཁྲག་དང་བསྲེས་མར་བཅས། །བྱ་ཁྱུང་གྲངས་མེད་བསམ་འདས་ཀྱིས། །ཟོས་ཤིང་མལ་ཡང་མེད་པར་དམིགས། །བར་བར་ཤེས་པ་གླིང་བཞིར་བསྐོར། །བར་བར་མགོ་བཅད་གཡང་དུ་གཏང་། །བར་བར་སྐྱེ་མེད་ངང་དུ་བཞག །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །མིག་གི་འབྲས་སམ་ལིང་ཏོག་གམ། །འཕྲལ་དུ་མི་བདེ་བར་བཅད་ན། །འཇིགས་པའི་གཟུགས་ཅན་འདྲེ་ཞིག་གིས། །མིག་གཉིས་བྲུས་ཤིང་བྱ་ལ་བྱིན། །མལ་དུ་ཕུ་ཡིས་བཏབས་ནས་ནི། །ལྟག་པའི་བདུད་སྒོ་བར་དུ་ཡང་། །བུ་ག་སིང་ངེ་འདུག་པར་བསམ། །ཡང་ན་ཤེས་པ་གླིང་བཞིར་བསྐོར། །ཟུག་རྔུ་ན་ཚ་དེས་ཞི་ནས། །ལྷན་ནེ་དྲི་མེད་དོན་རྟོགས་འགྱུར། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །ཆམ་པ་ལ་སོགས་སྲིན་བུའམ། །ཡང་ན་ལྷ་འདྲེའི་གདུག་པ་ཡིས། །སྣ་ཡི་བུ་ག་འཚུབས་གྱུར་ན། །རྣལ་འབྱོར་ཏིང་འཛིན་བར་དུ་གཅོད། །དེ་ལ་གདམས་པ་འདི་ལྟར་བྱ། །སྦྲུལ་ནག་གདུག་པ་གཉིས་ཀྱིས་ནི། །རང་གི་སྣ་རུ་འཛུལ་བ་ཡིན། །མཚུལ་ཁུང་རོ་སྟོད་ལ་སོགས་ཀྱི། །ནད་དང་དངོས་པོ་ཚང་བྱེད་དེ། །སྦྲུལ་ནག་གཉིས་ཀྱིས་འཇིབས་ཟོས་ནས། །རང་སར་བུན་བུན་སོང་བ་རུ། །ཡང་ནས་ཡང་དུ་དམིགས་པ་དང་། །ཤེས་པས་གླིང་བཞི་བསྐོར་ནས་ཀྱང་། །སྐྱེ་མེད་སྤྲོས་བྲལ་ངང་ལ་བཞག །ཨྠྀི།
༈ ནད་ཀྱི་འཁུན་གཅོད་གྲོགས་ལ་གསང་། །ཡང་ཡང་བྱས་པས་སྡུག་བསྔལ་ཞི། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གག་པ་ལ་སོགས་ཨོལ་འགགས་སམ། །ལྕེ་འབབ་ལ་སོགས་ཅི་བྱུང་ཡང་། །ནད་ཀྱི་ཞེན་པ་བྲལ་བ་དང་། །བྱ་ཁྱུང་མེའི་གཤོག་པ་ཅན། །སྤྱང་ཀི་སྔོན་པོ་ལྕགས་ཀྱི་མགོ །ཕོ་རོག་ནག་པོ་གསེར་མིག་ཅན། །སྦྲུལ་ནག་གདུག་པའི་ལྕེ་དུག་ཅན། །དེ་བཞིས་མགོས་བྱས་བྱ་ཁྱུང་དང་། །སྤྱང་ཀི་ཕོ་རོག་སྦྲུལ་ལ་སོགས། །འབུམ་ཕྲག་བསམ་གྱིས་མི་ཁྱབ་པས། །མ་ལུས་ནད་དང་བཅས་པ་དེ། །ཤ་ཟོས་རུས་པ་འཆའ་བར་དམིགས། །བར་བར་ཤེས་པ་གླིང་བཞི་བསྐོར། །ཡང་ན་ཕྱི་རུ་ཡུལ་ལ་བོར། །ཕྱག་རྒྱ་ཆེན་པོའི་ངང་ལ་བཞག །རྗེས་ལ་སྐྱེ་མེད་སེང་འཆར་ནས། །ཕྱག་རྒྱ་ཆེན་པོ་རྟོགས་པར་འགྱུར། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །སྲིན་བུ་ལ་སོགས་ཕྲག་དོག་སོགས། །སོ་ལ་ནད་ནི་ཅི་བྱུང་ཡང་། །འཇིགས་པའི་ལྷ་འདྲེ་ཆེ་བ་ཡིས། །སོ་ལ་ཕྲེང་བ་བྱས་ནས་ཀྱང་། །ཁོ་ཡིས་གླིང་བཞི་བསྐོར་བར་དམིགས། །བར་ཆོད་དགེ་སྦྱོར་གྲོགས་སུ་འཆར། །ཉམས་མྱོང་དྲོད་ཚད་འཕྲལ་དུ་འབྱུང་། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གང་ཞིག་གློ་བ་ལུས་ལ་སོགས། །རྣག་གིས་ཁེངས་ཤིང་རྒྱས་གྱུར་ན། །མི་ནག་ལྷུ་ཐུང་གསུས་པོ་ཆེ། །སྲུལ་ཀོང་ཁ་ནས་ཁོས་འཇིབ་ཅིང་། །རྣག་ཁྲག་ཆུ་སེར་མ་ལུས་པ། །ཁ་དགའ་རང་སར་བུན་བུན་ལ། །ཤེས་པ་གཏད་ཅིང་ཏིང་འཛིན་སྦྱང་། །བར་བར་སྟོད་ཀྱི་གཟེར་ས་རུ། །དཔེར་ན། ཚ་དང་གྲང་བའི་བུ་ག་བྱུང་ནས། །ནད་རླངས་སྔོ་དམར་དག་ཏུ་འཐོན་པར་དམིགས། །བར་དུ་ཤེས་པ་གླིང་བཞིར་བསྐོར། །སྐྱེ་མེད་སྤྲོས་བྲལ་ངང་དུ་བཞག །ལུད་པ་མཆིལ་མ་གང་བྱུང་རྣམས། །ཡི་དྭགས་གདོན་ལ་བསྔོ་བར་གཏང་། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གང་ཞིག་མཆིན་པ་ནའམ་སྐྱེས། །ཡང་ན་ཁྲག་རྒྱས་སྐྲན་ལ་སོགས། །ཇི་ལྟར་ན་བར་བྱུང་ན་ཡང་། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས། །མཆིན་པའི་དཀྱིལ་དུ་བསྐོར་བ་ཡིས། །ནད་དང་སྐྲན་ལ་སོགས་པ་རྣམས། །མར་ལ་ལྕགས་སྲེག་བརྒྱབ་པ་བཞིན། །ཁམ་ཁམ་གྱིས་ནི་ཞུ་བར་བསམ། །ཡང་ན་བར་དུ་འདི་ལྟར་དམིགས། །མཆིན་པ་ཞུ་ནས་ཁྲག་ཏུ་གྱུར། །མཁའ་ལ་འཇིགས་པའི་ལྷ་འདྲེ་ཡིས། །ཟངས་མའི་སྦུ་གུ་སྦྱར་ནས་འཐུངས། །དགའ་ཡལ་བར་ཆད་རང་སར་གྲོལ། །མཆིན་པའི་ཐད་ཀར་ཟངས་མའི་སྦུ་གུ་བཙུགས་ནས་ཁྲག་ཏུ་རེད་པ་དེ། །ཁྱི་ནག་འབུམ་གྱིས་འཐུངས་པར་བསམ། །མཆིན་པ་མཉེ་ཞིང་ཉམས་ལེན་བྱ། །ཟུག་རྔུ་ན་ཚ་འཕྲལ་ཆོད་ནས། །སྐྱེ་མེད་དངོས་ཐོབ་གྲོགས་འགྱུར་ཞེས། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གང་ཞིག་ཕོ་བ་རྡོ་རེད་ཅིང་། །ཟས་ཀྱང་འཇུ་དཀའ་སྐྱུག་ལ་སོགས། །ན་ཞིང་འཕར་བར་གྱུར་པ་ན། །ཕོ་བའི་དཀྱིལ་དུ་ལྕགས་སྦུབ་བཙུགས། །སྐན་དྲག་མི་ཐུང་འཇིགས་པ་ཡིས། །འཇིབ་ཅིང་རླུང་གཉིས་ཁ་སྦྱོར་དང་། །ནང་དུ་ཤ་སྦྲང་མང་པོ་ཡིས། །སློག་ཅིང་ཟོས་པར་དམིགས་པ་ཡིན། །འདར་རམ་སྐྱུག་གམ་འཕར་བར་འགྱུར། །རིག་པ་གཟེངས་བསྟོད་རྩལ་སྦྱོང་བྱ། །གདེང་ཐོབ་སྐྱེ་མེད་རྟོགས་པར་འགྱུར། །མ་ཅིག་ཞལ་གདམས་བདུད་རྩི་ཡིན་ཞེས་སོ། །གང་ཞིག་རྒྱུ་མ་ན་གྱུར་ཅིང་། །ཁྲག་གམ་སྐྱ་བཤལ་འཁྲོག་ལ་སོགས། །ཇི་ལྟར་བཟོད་གླགས་མེད་པའི་དུས། །རང་ཉིད་སྤྲོས་བྲལ་ངང་ལ་བཞག །རྒྱུ་མ་གཉེ་མ་ལ་སོགས་པ། །རང་གི་མདུན་ནམ་གང་རུང་ལ། །ཁྱི་སྤྱང་ཕོ་རོག་ལ་སོགས་ཀྱིས། །ཕར་འཐེན་ཚུར་འཐེན་བྱེད་པ་ལ། །ཤེས་པ་གཏད་ལ་དམིགས་པ་ཡིན། །གཞན་ཡང་རང་གི་རྒྱུ་མ་ནི། །རྩི་ཤིང་བྲག་ཟུར་ལ་སོགས་ལ། །དཀྲིས་ཤིང་གནར་བ་བྱས་པ་དམིགས། །རླུང་གཉིས་ཁ་སྦྱོར་མཆོང་འཁྲབ་བྱ། །བཤང་དང་སྦོས་ཞི་མྱུར་དུ་འབྱུང་། །ཤེས་པ་གསལ་རིག་རྩལ་སྦྱོང་བྱ། །ཇི་ལྟར་རྒྱུ་གཟེར་ཁྲག་བཤལ་སོགས། །ཕན་ཕྱིར་བརྟན་པ་ཐོབ་པར་འགྱུར། །ཞེས་གསུངས། མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གང་ཞིག་རྐང་ལག་རུ་ཤིང་ན་ཞིང་ཁོལ། །ཇི་ལྟར་མ་ཚུགས་བྱུང་གྱུར་ན། །སྦྲུལ་ནག་འདོམ་དགུ་བ་གཅིག་གིས། །གར་ནའི་རྐང་ལག་བཅིངས་ཤིང་བསྡམ། །གཞན་ཡང་ལྷ་འདྲེའི་འཇིགས་པ་ཡིས། །རྐང་རུས་མར་བཅད་ཕྱོགས་བཅུར་ལྷ་འདྲེ་ཀུན་ལ་བྱིན། །དགྱེས་ཤིང་ཚིམས་པར་བསམ་པ་ཡིན། །ཟུག་དང་ཁོལ་བ་ཞི་ནས་ཀྱང་། །འགག་མེད་རྩལ་འབྱོངས་དག་ཏུ་འགྱུར། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གང་ཞིག་ཏིང་འཛིན་སྒོམ་པའི་དུས། །ཡིད་མི་དགའ་ཞིང་འཕྱོ་སངས་ཁྱེར། །སྙིང་འཕར་འགྲོ་བསམ་འདོད་པ་འབྱུང་། །དེ་ལ་ཞལ་གདམས་མ་ཤེས་ན། །སྨྱོ་རུ་འགྲོ་བས་ཞལ་གདམས་གཅེས། །རང་གི་སྟེང་དུ་འདི་ལྟར་བསམ། །འཇའ་ཚོན་སྣ་ལྔའི་གུར་ཕུབ་ནས། །རང་གི་སྙིང་གི་དཀྱིལ་ནང་དུ། །མར་མེ་གསལ་བ་གཅིག་ལ་ནི། །རིག་པ་གཏད་ཅིང་དམིགས་པ་ཡིན། །ཤེས་རིག་ཕྱི་ལ་མི་སྤྲོ་ཞིང་། །ཞི་གནས་མཉམ་བཞག་ལ་སོགས་བསྒོམ། །སྙིང་ནད་ཞི་ནས་ཆོས་སྐུ་རྟོགས། །འཕྱོ་སངས་བཅོས་པའི་གདམས་ངག་སྟེ། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མའི། །ཞལ་གདམས་སྙིང་གི་བདུད་རྩི་ཞེས་པ་འདི། །བརྒྱུད་པ་འཛིན་པའི་བུ་རྣམས་ལ། །སྙན་ནས་སྙན་དུ་བརྒྱུད་པ་ཡིན། །སྣོད་ལྡན་ལས་ཅན་གཅིག་ལ་སྟོན། །གཞན་ལ་བསྟན་པར་མ་གསུངས་སོ། །མ་ཅིག་ཞལ་གདམས་བཅུ་གསུམ་པ་ཞེས་བྱ་བ། བདག་འདྲ་རི་འགྲིམ་རྣལ་འབྱོར་ཡང་། །གཉན་ཁྲོད་འགྲིམ་ཞིང་ཉམས་ལེན་དུས། །བཙག་ཐོགས་སྨན་ལ་རག་མ་ལས། །
ཉེར་ཞི་རིན་ཆེན་སྒྲོན་མེ།
༄༅། །ཉེར་ཞི་རིན་ཆེན་སྒྲོན་མེ་བཞུགས་སོ། །
མི་སྐྱེ་མི་འགག་དེ་བཞིན་ཉིད། །མཚན་རྟོག་ཉོན་མོངས་ཉེར་ཞི་བའི། །མིའི་མཆོག་གྱུར་འགྲོ་བའི་མགོན། །བཀའ་དྲིན་ཅན་ལ་ཕྱག་འཚལ་བསྟོད། །གདམས་པའི་དོན་གཅིག་མང་གསུངས་ཀྱང་། །གང་ལ་གང་ཕན་མི་ཤེས་པས། །ཚ་བའི་ནད་ལ་གྲང་བའི་སྨན། །གྲང་བའི་ནད་ལ་ཚ་བའི་སྨན། །འབྱུང་བའི་ནད་ལ་གདོན་གྱི་བཅོས། །གདོན་གྱི་ནད་ལ་སྨན་བཅོས་བྱེད། །རྫོགས་པའི་སངས་རྒྱས་ཐོབ་འདོད་པས། །ལོག་པར་རྟག་ཆད་མུ་སྟེགས་བཞིན། །ལོག་པའི་ལམ་བྱེད་ག་ལ་བ། །དེ་ཕྱིར་ཉེར་ཞི་དུག་འཇོམས་པ། །ཉེར་ཞི་རིན་ཆེན་སྒྲོན་མེ་བསྟན། །ཅེས་པས་ཉོན་མོངས་དུག་ལྔའི་ནད། །མ་རིག་ལས་གྱུར་གདོན་སྟོང་ཕྲག །བརྒྱད་ཅུ་རྩ་གཉིས་བྱུང་བ་ནི། །རང་མ་རྟོགས་པའི་སྣང་ངོ་ཡིན། །དེ་ཕྱིར་རང་སྣང་འཁྲུལ་པ་འདིས། །སྐྱེ་མེད་ཆོས་སྐུ་རྟོགས་ན་གྲོལ། །དེ་ཕྱིར་བླ་མ་མཚན་ལྡན་གྱིས། །གསུངས་པའི་ངོ་སྤྲོད་གདམས་པ་འདི། །མ་ཡེངས་ཁྲི་ལེ་ཉམས་སུ་ལོངས། །གང་ཞིག་རྣལ་འབྱོར་གཉན་ཁྲོད་བྱེད་པས། །ཉེར་ཞི་རིན་ཆེན་སྒྲོན་མེ་ལས། །ནན་ཏན་བྱ་ཞིང་ཉམས་སུ་བླངས། །ལྔ་བརྒྱར་གྱུར་པའི་སེམས་ཅན་གྱིས། །ཀླུ་ཡི་གྲོགས་དང་འགྲོགས་བྱེད་པས། །ཀླུ་ཡི་དུག་གིས་ཟིན་འགྱུར་ཏེ། །ཕན་འདོད་སྨན་དཔྱད་དྲག་སྔགས་བྱེད། །རྟོག་པ་འཕེལ་ཞིང་ཕན་དུས་མེད། །དེ་ཕྱིར་རང་དོགས་ཞི་བྱེད་པའི། །མཛེ་གསོ་རིན་ཆེན་སྒྲོན་མེ་འདི། །རང་གདོན་འདྲེ་ཡིས་གཙོ་བྱས་པའི། །ནམ་མཁར་ཁྱབ་པའི་སེམས་ཅན་རྣམས། །རྫོགས་པའི་སངས་རྒྱས་ཐོབ་དོན་དུ། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པའི། །ཤ་འཁྱེར་ཁྲག་འཁྱེར་དཔག་མེད་བྱ། །དེ་ནས་དམིགས་པ་རིན་ཆེན་སྒྲོན། །རང་གི་ལུས་ཀྱི་མགོ་མཇུག་ནས། །སྦྲུལ་ནག་ལྕགས་ཀྱི་ཟེ་བ་ཅན། །གཡས་གཡོན་གཉིས་སུ་སྔོ་སེར་གཉིས། །རྒྱབ་མདུན་སྦལ་པ་དཀར་ནག་གཉིས། །བྱ་ཁྱུང་བསམ་གྱིས་མི་ཁྱབ་དང་། །རེས་ཤིག་སེམས་ཅན་མོ་ལྔ་པོ་དང་། །ཁྱུང་གིས་རེས་ཤིག་ཟོས་ནས་ཀྱང་། །ལུས་པོ་ལྷག་མ་མ་བཞག་ཅིང་། །རང་སར་བུན་བུན་སོང་པར་བསམ། །གཞན་ཡང་གཅན་གཟན་བསམ་འདས་ཀྱིས། །ཟོས་ཀྱིན་རང་སར་བུན་སོང་ལ། །ཤེས་པ་གཏད་དུ་བཅུག་པ་ཡིན། །རང་ཉིད་སློབ་དཔོན་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །དབྱེར་མེད་ནམ་མཁར་ཕྱོད་དེ་བཞག །ལུས་ནི་ཤ་ཁྲག་སྦྱིན་པར་འགྱེད། །རི་གཉན་ཤིང་གཉན་བྲག་གཉན་སོགས། །དུར་ཁྲོད་རོ་གནས་ལ་སོགས་ལ། །དང་པོ་ཞི་གཅོད་བྱ་བ་གསུངས། །གཉན་སའི་ཆུ་བླང་རྨ་ཆུའམ། །བེམ་པོ་སྦྲིད་པ་བཀྲུས་ནས་ནི། །གཉན་སའི་རི་ལ་གཏོར་བར་བྱ། །ཀླུ་ཡིས་གདུངས་པའི་ནད་པ་ནི། །སྔར་དུ་ཆུ་གཉན་མཚོ་ལ་སོགས། །ནད་པས་ཁྱེར་བར་མི་བྱེད་ཅིང་། །སྐམ་གཅོད་བྱམས་དང་སྙིང་རྗེ་བསྒོམ། །དུས་ཚོད་ཚོད་བཟུང་ཆུ་མཚོ་སོགས། །དེ་དུས་རང་གནོད་གཅོད་བྱའོ། །མཛེ་གཅོད་ཉེར་ཞི་རིན་ཆེན་སྒྲོན། །དད་ལྡན་སེམས་ཅན་དོན་ལ་དགོངས། །རང་དོན་ལྷུན་གྱིས་གྲུབ་པ་ཡིས། །འགྲོ་བའི་དོན་དུ་འདི་བཞིན་གྱིས། །ཡང་ན་ཀླུའི་ནད་སོགས་ཀྱང་། །མཛེ་པོའི་ཕག་ཏུ་གཅོད་པས་ཆོག །ཅེས་གསུངས་སོ། །ཨུ་ཡ་ཨག་ཐམ།
༈ ཉེར་ཞི་ཉོན་མོངས་གཅོད་མཛད་པའི། །དུག་ལྔ་གཅོད་མཛད་སེམས་དཔའ་ལ། །གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱལ་འགོང་དམ་སྲི་དར་བར་འགྱུར། །མི་ལ་གནོད་པ་བསམ་མི་ཁྱབ། །དེ་ཕྱིར་གདོན་བྱེད་གྲངས་མང་ཡང་། །ཁྱད་པར་རྒྱལ་འགོང་དམ་སྲིའི་ནད། །ཕན་འདོད་མཆོད་འདོད་བརྡུང་གཟིར་མནན། །དེ་ལ་སོགས་པའི་གནད་རྣམས་ཀྱིས། །རྒྱལ་འགོང་ནད་ལས་མི་གྲོལ་བས། །རང་གྲོལ་ཉེར་ཞི་སྒྲོན་མེ་བསྟན། །རྒྱལ་འགོང་དག་གིས་གདུངས་པའི་མིས། །ལྷ་སྐུ་རྟེན་གསུམ་འབག་དང་སེང་། །གསེར་གཡུ་རིན་ཆེན་གནས་ལ་འཁོར། །བཙུན་པ་བུ་ཆུང་སྤྲེའུ་སོགས། །ཆུ་དང་ཤ་འབུ་ཤ་རུལ་དང་། །རྟ་ཁྱུ་བྱ་དཀར་ཁྱི་ལ་སོགས། །བསམ་གྱིས་མི་ཁྱབ་རྨིས་ཤིང་ངུ་། །མགོ་དང་ཡན་ལག་དང་ག་སོགས། །སྐམ་ཁོལ་བྱེད་ཅིང་ལྷུ་ཚིགས་ན། །ལུས་རྔུལ་བྱེད་ཅིང་ཡིད་མི་དགའ། །ཁྲོ་གཏུམ་བྱེད་འདོད་ཚིག་པ་ཟ། །རྒྱལ་འགོང་ནད་དུ་བཤད་པ་ཡིན། །དེ་གཅོད་ཉེར་ཞི་སྒྲོན་མེ་ནི། །རང་གདོན་འདྲེ་ཡིས་གཙོ་བྱས་པའི། །ནམ་མཁས་ཁྱབ་ཚད་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་སླད་དུ། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པའི། །སྔོན་འགྲོ་ལུས་མགོ་ཐམས་ཅད་རྣམས། །སྣང་སྲིད་ལྷ་འདྲེ་ཡོངས་ལ་འགྱེད། །དེ་ནས་དམིགས་པ་འདི་བཞིན་བྱ། །རང་གི་ལུས་ཀྱི་བདག་པོ་ནི། །བཙུན་པ་བརྒྱ་དང་མི་རེང་འབུམ། །ཤན་པ་སྤུ་གྲི་རྣོ་ཐོགས་སྟོང་། །ལས་བྱེད་བསམ་ལས་འདས་པ་ཡིས། །སྔར་རྨིས་སྐུ་གདུང་ལ་སོགས་པའི། །རང་གདོན་འདྲེ་ལ་ཚིམ་བྱས་ནས། །རང་སར་དག་ཡལ་སོང་པ་རུ། །བརྒྱ་འམ་ཁྲི་དང་འབུམ་ལ་སོགས། །དམིགས་པ་གྲངས་མེད་དཔག་འདས་བྱས། །གཞན་ཡང་གཉན་སའི་ལྷ་འདྲེ་ལ། །ལུས་བཞིན་ལྟོས་མེད་རྒྱང་དོར་བསྐྱུར། །རིག་པ་དྲི་མེད་ནམ་མཁའ་བསྲེ། །གཞན་ཡང་སྟག་གཟིག་གཅན་གཟན་སོགས། །བསམ་གྱིས་མི་ཁྱབ་ཚོགས་འདུས་ནས། །ལུས་ཟོས་མེད་པར་སིང་སིང་སོང་། །རྗེས་ལ་བུན་བུན་གདོན་རྣམས་ཀྱང་། །རང་སར་ཡལ་ཡལ་སོང་པ་ལ། །ཤེས་པ་སྟོད་དུ་བཅུད་པ་ཡིན། །རང་ཉིད་རྣལ་འབྱོར་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་གི་སེམས། །སྐྱེ་མེད་སྤྲོས་བྲལ་ངང་ལ་བཞག །ལུས་ནི་ལྷ་འདྲེ་མ་ལུས་ཀྱིས། །ཀུན་གྱིས་ཧབ་ཐོབ་བྱས་པར་བསམ། །ལྷ་ཁང་འདྲེ་ཅན་དུར་ཁྲོད་དང་། །ཀླུ་གནས་རི་གཉན་མ་ཡིན་པ། །འདི་ཡི་རྟོག་པ་ཆོད་མི་འགྱུར། །དེ་ཕྱིར་གཉན་ཐོག་འགྲོ་བར་གྱིས། །བཙུན་པ་བུ་ཆུང་ཁྱི་ལ་སོགས། །ཐམས་ཅད་འགྲོའམ་ཐལ་རྨི་ན། །ལུས་སེམས་ཁོང་གློད་ཤེས་པ་བདེ། །གཉིས་མེད་གདམས་ངག་གདེང་དང་ལྡན། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཉེར་ཞི་རིན་ཆེན་སྒྲོན་མེ་ལ། །གདོན་བགེགས་རྒྱལ་པོ་ལ་སོགས་པའི། །བགེགས་རིགས་བརྒྱད་ཅུ་རྩ་གཉིས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པ་ཡི། །ཉེར་ཞི་རིན་ཆེན་སྒྲོན་མེ་འདི། །ཕྱི་མ་དོན་དུ་གཉེར་བ་ཡི། །ལས་ཅན་དོན་ལྡན་སྐྱེས་བུ་ཡིས། །རང་གི་ལམ་གྱི་བར་ཆད་དང་། །འགྲོ་བ་ནད་ཀྱིས་གདུངས་པ་ལ། །བླ་མེད་བྱང་ཆུབ་ཐོབ་པར་བྱེད། །ཨུ་ཡ་ཨག་ཐམ།
༈ འཁྲུལ་པའི་དྲ་བ་འདྲལ་བྱེད་ཅིང་། །སྐྱེ་མེད་ཆོས་སྐུའི་ངོ་བོ་སྟོན། །དུས་མཐར་གྱུར་པའི་སེམས་ཅན་ལ། །དམུ་བདུད་བཙན་ལ་སོགས་པ་ཡི། །བགེགས་རིགས་བྱེ་བ་དུང་ཕྱུར་གྱིས། །བར་ཆད་གདོན་འགལ་བྱེད་པ་ལ། །རང་གྲོལ་གནད་ཀྱི་དོན་མི་འཁུམས། །མཆོད་དང་བཀར་དང་མནན་བརྡུངས་སོགས། །སྡུག་བསྔལ་ནད་ལས་གྲོལ་མི་འགྱུར། །དེ་ཕྱིར་ཉེར་ཞི་རིན་ཆེན་སྒྲོན་མེ་བསྟན། །གང་ཞིག་དམུ་ཡིས་ན་གྱུར་ན། །ལུས་ལྕི་ལྐུགས་དང་གཏམ་མི་ཁྲོལ། །རྨྱ་དང་འོན་དང་འཐིབ་ལ་སོགས། །ཤེས་པ་ལྕི་ཞིང་འཐིབ་ལ་སོགས། །གང་ཞིག་ནད་པའི་རྨི་ལམ་དུ། །རྟ་སྨུག་ལུག་ཁྱུ་ཕུག་རོན་དང་། །སྐྱ་མི་མང་དང་མུན་སྨུག་སོང་། །ཤེས་པ་འཐིབས་ཤིང་ལྕི་བར་འགྱུར། །དེ་བྱུང་དམུ་ཡི་གདུག་པའོ། །བདུད་ཀྱི་རྟགས་ཀྱང་འདི་ལྟར་རོ། །མགོ་ལུས་མེད་པ་ཁོལ་ཞིང་ན། །ཕ་མ་ཉེ་དུ་སྤྲུལ་ལ་སོགས། །ཤེས་པ་འཕྱོ་ཞིང་གཉིད་མི་ཕེབས། །ནུབ་མོ་གཉིད་པའི་རྨི་ལམ་དུ། །མུན་པས་གཡོགས་དང་རྟ་ནག་ཞོན། །གོས་ནག་གོན་དང་གཡག་གིས་བརྡུངས། །སྐྱ་མི་མང་པོས་ཁྲིད་པ་རྨིས། །དེ་བྱུང་བདུད་ཀྱི་འདུག་ས་ཡིན། །བཙན་གྱི་རྟགས་རྣམས་འདི་ལྟ་སྟེ། །ལུས་པོ་ཁོལ་བུར་གཟིར་བ་དང་། །ཆུ་འུར་སྙད་མེད་འབྱུང་བ་དང་། །མི་དམར་རྟ་དམར་མང་པོ་ཡིས། །ཁྲིད་ཅིང་རྒྱལ་ཁམས་བསྐོར་བ་རྨིས། །དེ་ནི་བཙན་གྱི་ཆོ་འཕྲུལ་ཡིན། །དམུ་བདུད་བཙན་གསུམ་ཆོ་འཕྲུལ་དང་། །ནད་དང་བར་ཆད་གདུག་པ་ལ། །སུམ་སྦྱོར་གདམས་པ་རིན་ཆེན་སྒྲོན། །རང་གནོད་གདོན་གྱིས་གཙོ་བྱས་པའི། །ནམ་མཁས་ཁྱབ་ཚད་སེམས་ཅན་རྣམས། །སངས་རྒྱས་ས་ལ་བཀོད་སྙམ་དུ། །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི། །སྔོན་འགྲོ་ལུས་ཀྱི་མཆོད་པ་ནི། །རྒྱ་ཆེ་དཔག་ཏུ་མེད་པ་བྱ། །དེ་ནས་སུམ་སྦྱོར་འདི་ལྟར་ཏེ། །རང་གི་ལུས་ཀྱི་བདག་པོ་ནི། །ལྐུགས་པ་སྨྲ་བར་མི་འགྱུར་བའི། །གྲི་ཐོགས་ཤན་པ་གྲངས་མེད་དང་། །མི་ནག་གྲི་ཐོགས་བསམ་ལས་འདས། །གཡག་ནག་རྭ་ལས་མེ་སྟག་འཕྲོ། །བརྡུངས་ཤིང་ཤ་རུས་ཕྱེ་མར་བཏང་། །དེ་རྒྱབ་མི་དམར་གྲི་ཐོགས་ནི། །སྣང་སྲིད་ཁེངས་པ་ཙམ་བྱུང་ནས། །ཤ་རུས་ཁྱེར་ནས་དགའ་མགུར་ལྡན། །རང་སར་བུན་བུན་སོང་བར་དམིགས། །རྣལ་འབྱོར་བདག་གི་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེས་ཤིང་མཁའ་ལ་སྦར། །ལུས་པོ་ལྷ་འདྲེ་མ་ལུས་ལ། །མཆོད་པ་འབུལ་བ་མན་ངག་ཡིན། །རང་ཡང་ནད་ལས་གྲོལ་བ་དང་། །སྔར་གྱི་རྨི་ལམ་ཆོ་འཕྲུལ་རྣམས། །རང་སར་ལེགས་པར་ཞི་བར་འགྱུར། །རིག་པ་གཅེར་བུར་སྒྲེན་ཕུད་ནས། །འགག་མེད་ཆོས་སྐུའི་སྣང་བ་འཆར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །སྡུག་བསྔལ་ན་ཚ་ཉེ་བར་ཞི། །འཁྲུལ་པའི་མུན་པ་རང་སར་སོང་། །གཅོད་མཆོག་དོན་ཉིད་རང་ལ་རྙེད། །ཅེས་པ་རིན་ཆེན་སྒྲོན་མེའོ། །ལས་ཅན་སྙིང་འདྲ་མ་གཏོགས་པ། །ཀུན་ལ་མ་བྱིན་ཆིག་བརྒྱུད་ཡིན། །རྒྱ་རྒྱ་རྒྱ། ཁ་ཐམ།
༈ བཙན་ནགས་བྲག་དང་བདུད་གནས་གོ་གསུམ་མདོ། །ལུང་སྟོང་འདྲའམ་ཆུ་ཆེན་འགྲམ་དུ་བཅད། །གཉན་མི་གཉན་པས་ཆོད་མི་འགྱུར་གསུངས། །ཉོན་མོངས་སྡུག་བསྔལ་ཉེར་ཞི་བའི། །དྲི་མེད་སེམས་ལ་ཕྱག་འཚལ་ལོ། །ཞལ་གདམས་ཉེར་ཞི་བྲི་བར་བྱ། །ཀླུ་གཉན་ས་བདག་གསུམ་མམ་གཅིག །བདག་གཟུང་གདོས་པའི་སྒྱུ་ལུས་ལ། །གནོད་ཅིང་འགལ་བྱེད་ཉོན་མོངས་པ། །རང་གྲོལ་གཅོད་འདི་མི་ཤེས་པས། །བཀར་དང་བཅོས་སམ་མནན་གཟིར་བྱེད། །རྣམ་སྨིན་ཆེ་ཞིང་ཕན་མི་འགྱུར། །དེ་ཕྱིར་ཉེར་ཞི་གདམས་པའི་གནད། །ཀླུ་བདུད་ལ་སོགས་ཀླུ་རིགས་ཀྱི། །ནད་ཀྱིས་ཟིན་པའི་ལས་ངན་དེ། །མཚོ་དང་ཆུ་མིག་ནེའུ་གསིང་དུ། །སྦྲུལ་དང་ལྕོང་མོ་ངང་ངུར་དང་། །ཀླུའི་ཆོ་འཕྲུལ་བསམ་མི་ཁྱབ། །ལུས་པོ་ཟ་ཞིང་འགུལ་འཕྲིག་མང་། །ཤ་བཀྲ་བས་ལྡགས་གླང་ཤུ་དང་། །ཤ་རོ་རྨའམ་སར་ཁ་འབྱུང་། །གཉིད་ཆེ་སེམས་ཀྱང་མི་དགའ་ཞིང་། །འགྲོ་སྙིང་འདོད་ཅིང་རྟགས་མཚན་རྣམས། །གྲོགས་ལ་གསང་ཞིང་ཡིད་མི་ཆེས། །དེ་ནི་ཀླུ་ཡི་དུག་གིས་ཟིན། །གཉན་གྱི་ཟིན་ནམ་གནོད་པ་ནི། །འཁྱག་དང་ཆུ་རྟ་བ་གླང་དང་། །གཅན་གཟན་རྣམ་པ་སྣ་ཚོགས་རྨིས། །རང་ཡང་ལུས་ཀྱི་ཚིགས་རྣམས་བཅོལ། །རོ་སྟོད་གཟེར་ཞིང་ཤེས་པ་འཕྱོ། །འཐབ་སྙིང་འདོད་པ་ལ་སོགས་ཏེ། །རྨི་ལམ་ལ་སོགས་མཚན་ལྟས་རྣམས། །འབྱུང་བ་གཉན་གྱི་ཆོ་འཕྲུལ་ཡིན། །ས་བདག་གདུག་པའི་ཆོ་འཕྲུལ་ནི། །སྦལ་བ་འཕྱི་བ་ལུག་ལ་སོགས། །སྡོམ་སྡིག་རི་དྭགས་སྣ་ཚོགས་རྣམས། །གཉན་དང་ས་བདག་ཆོ་འཕྲུལ་ཏེ། །ཁྱད་པར་ས་བདག་ཆོ་འཕྲུལ་ཡིན། །རྐང་ལག་རུས་པ་ཀུན་ན་ཞིང་། །ཁྱད་པར་ལུས་པོ་ལྕི་བ་དང་། །ཤེས་པ་འཐིབས་ཤིང་བྱིང་བ་ནི། །ས་བདག་དྲེགས་པའི་གདུག་པ་ཡིན། །ཀླུ་གཉན་ས་བདག་གདུག་པ་ལ། །སུམ་སྦྱོར་ཉེར་ཞི་རིན་ཆེན་སྒྲོན་མེ་བསྟེན། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པའི། །ལུས་པོ་ཚོགས་འཁོར་རྒྱ་ཆེན་ནི། །རང་གནོད་གདོན་གྱིས་གཙོ་བྱས་པའི། །སྣང་སྲིད་ལྷ་འདྲེ་ཀུན་ལ་བྱ། །རང་ཉིད་སྤྲོས་བྱས་ཕུང་པོ་ནི། །སྦྲུལ་ནག་མགོ་དགུ་ཟེ་བ་ཅན། །གླང་དམར་མེ་སྟག་འཕྲོ་བ་གཅིག །སྦལ་བ་ཁྲ་བོ་ཆེན་པོ་གཅིག །གཞན་ཡང་སྦལ་སྦྲུལ་འབུམ་ཕྲག་གིས། །སྲོག་ཆགས་དེར་འདུས་ཐམས་ཅད་ཀྱིས། །སྒྱུ་ལུས་གདོས་བཅས་ཕུང་པོ་ནི། །མལ་ཡང་མ་བཞག་བུན་བུན་སོང་། །མ་ཡེངས་རིག་པ་གཏད་དུ་བཅུག །རྣལ་འབྱོར་བདག་ཉིད་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །སྤྲོས་བྲལ་ནམ་མཁའི་མཐའ་ལ་བཞག །དམིགས་པ་དྲག་བཅུན་ཕཊ་ཀྱིས་གདབ། །རྨ་ཤུ་ལ་སོགས་གང་ན་སར། །ཆུ་ཡིས་བཀྲུས་ཤིང་གཉན་སར་གཏོར། །ནད་པའི་ཤ་ཁྲག་མ་ལུས་པ། །གཉན་སའི་གཞི་བདག་དེ་དག་ལ། །གུས་པའི་ཚུལ་གྱིས་འབུལ་བར་དམིགས། །ཀླུ་གནས་སའམ་མཛེ་ཅན་ནམ། །གཉན་གནས་ལྷ་ཁང་ལ་སོགས་པའི། །གཉན་སར་ཉམས་ལེན་བྱ་བ་གཅེས། །སྦལ་དང་སྦྲུལ་དང་རྣག་ཁྲག་འཛག །དྲི་མ་བཀྲུས་དང་གོས་སར་གྱོན། །ན་ཚ་ཟུག་རྔུ་ཞི་འགྱུར་ནས། །གདོན་གསུམ་ནད་ལས་གྲོལ་བར་འགྱུར། །སླར་ཡང་བྱང་ཆུབ་སེམས་རྟོགས་ནས། །འབྲས་བུ་མངོན་གྱུར་གདེང་རྙེད་འགྱུར། །སྡུག་བསྔལ་ཉེར་ཞི་སྒྲོན་མེའོ། །དེ་རྟོགས་གདེང་ཐོབ་རྣལ་འབྱོར་གྱིས། །འགྲོ་བའི་ཟུག་རྔུ་བཅོམ་པའི་ཕྱིར། །མན་ངག་བདུད་ཀྱི་གཅོད་ཡུལ་ལ། །ཉེར་ཞི་ཞལ་གདམས་རིན་ཆེན་འདི། །ཡུམ་སྲས་ལ་སོགས་ཐོད་སྨྱོན་གྱི། །ཕྱག་ལེན་དམར་ཁྲིད་སྙན་བརྒྱུད་ཡིན། །ལོག་ལྟ་ཅན་ལ་མ་སྤེལ་ཅིག །ཨུ་ཡ་གསང་པའི་རྒྱ་ཡིས་གདབ། །སྙིང་ལ་གབ་པའི་མན་ངག་ཡིན། །
༈ འཁོར་བའི་ཆུ་ལས་སྒྲོལ་བྱེད་པ། །སྐམ་སར་ཕྱིན་མཛད་རིན་ཆེན་སྒྲོན། །སྐྱེ་ཤི་མེད་པ་བྱང་ཆུབ་སེམས། །དད་དང་དང་བས་སྐྱབས་སུ་མཆི། །དྲུག་ཅུ་ཁ་རལ་འགྲོ་བ་ལ། །དགྲ་དང་ཐན་ལྟས་མུ་གེ་བྱད། །གཟའ་གདོང་གདུག་པས་སྲོག་གཅོད་པས། །འཁོར་བའི་སེམས་ཅན་བདེ་རུ་རེ། །མི་བདེ་སྲོག་གི་བར་ཆད་ནི། །བགེགས་རིགས་སྟོང་ཕྲག་དྲུག་ཅུས་བྱེད། །ཁྱད་པར་དྲང་སྲོང་བདུད་དུ་བབས། །དེ་ལ་རང་གྲོལ་མི་ཤེས་པ། །བཅོས་དང་སྨན་སོགས་ཆོ་གས་མཆོད། །རེས་གཅིག་བདེ་ཡང་སྐྱོར་མ་འབྱུང་། །དེ་ཕྱིར་ཉེར་ཞིའི་ཞལ་གདམས་འདི། །ལས་ཅན་བུ་ཡི་ཐུགས་ལ་ཞོག །གཟའ་བདུད་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉེར་བརྒྱད་ལ་སོགས་པའི། །ཀླུ་གཉན་སྡེ་བརྒྱད་ཀུན་བསྡོངས་ནས། །དེ་ལ་དྲོད་ཚད་འདི་ལྟར་ཟུང་། །ཐོག་དང་མདའ་རྡོ་གྲི་ལ་སོགས། །ཁ་བ་བུ་ཡུག་འཚུབ་པ་ཡིས། །རང་ཉིད་གཡོགས་སམ་ཁྱེར་བ་དང་། །སེར་བ་བབ་དང་སྤྲིན་ནག་འཐིབས། །སྤྱང་ཀི་རྨི་དང་འོད་ལ་སོགས། །ཐེབས་པའི་རྟགས་ནི་འདི་ལྟར་རོ། །ཁ་ཡོ་མིག་སླེ་མེ་རིས་དང་། །ཆུ་བུར་ལ་སོགས་ཞ་དང་རེངས། །གཏམ་འཆལ་ཁ་ཆུ་མིག་ཆུ་འཛག །བརྒྱལ་དང་ལྐུགས་ལ་སོགས་པ་རྣམས། །གཟའ་བདུད་གདུག་པས་ཟིན་རྟགས་ཡིན། །གདུག་པ་གཟའི་རྔན་སེམས་ལ། །ཉེར་ཞི་རང་གནད་ཞལ་གདམས་བྱ། །ནམ་མཁས་ཁྱབ་ཚད་སེམས་ཅན་དང་། །རང་གནོད་གདོན་གྱིས་གཙོ་བྱས་པའི། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པའི། །ལུས་མཆོད་ལ་སོགས་བྱས་ནས་ནི། །མ་ལུས་ལྷ་འདྲེ་དགྱེས་པར་དབུལ། །རང་གི་སྒྱུ་ལུས་ཕུང་པོ་ལ། །གཟའ་བདུད་འཇིགས་པ་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །གདོང་མོ་མཆེད་བཞི་ལ་སོགས་པའི། །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ལ། །ཤིན་ཏུ་ཡིད་མཛེས་སྐྱེས་བུ་ཡིས། །ལུས་པོ་གཏུབས་ནས་ཡང་ཡང་དབུལ། །བར་དུ་སྤྲོས་བྲལ་ངང་ལ་བཞག །རྣལ་འབྱོར་ཆོས་མཁན་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེས་ཏེ་ནམ་མཁར་འཕང་། །ནད་པའི་སྒྱུ་ལུས་ཕུང་པོ་ནི། །གཟའ་བདུད་ལ་སོགས་ལྷ་འདྲེ་ཡིས། །མ་བཞག་ལྷག་མེད་ཟོས་ཁྱེར་བསམ། །གཞན་ཡང་ལྷ་འདྲེ་མ་ལུས་ཀྱིས། །ཟོས་ཀྱིན་རང་སར་བུན་སོང་ནས། །དགའ་ཡལ་འདོད་པ་གྲུབ་པར་བསམ། །གོས་སར་གྱོན་ནས་གྱེན་ལ་སོང་། །བཤལ་དང་སྐྱུག་དང་རྣག་ཁྲག་བུན། །ནམ་ལངས་ཉི་ཤར་རྨི་བ་དང་། །ཞ་རེངས་འཁུམས་རེངས་ཉེར་རྣམས་ཞི། །ཉེར་ཞི་རིན་ཆེན་སྒྲོན་མེའོ། །གཟའ་གདོན་ནད་ལས་གྲོལ་གྱུར་ནས། །སྐྱེ་མེད་ཆོས་སྐུ་རང་ལ་རྙེད། །ཅེས་གསུངས་སོ། །ཀླུ་གནས་ས་དང་ལྷ་ཁང་དུར་ཁྲོད་མཛེས་གནས་ཕགས་སུ་གཅོད། །དམ་མེད་ལ་རྒྱའོ། །
༈ ལས་དང་ཉོན་མོངས་ཉེར་བ་ཡི། །གཉུག་མའི་སེམས་ལ་ཕྱག་འཚལ་ལོ། །སྙིགས་མར་གྱུར་པའི་སེམས་ཅན་རྣམས། །ཟད་པའི་དུས་མེད་བསྐལ་བར་སྦྱོང་། །མ་མོ་མཁའ་འགྲོ་མན་ཆོད་ནས། །དམ་སྲི་བསེན་མོ་ཡན་ཆོད་ཀྱིས། །ཚེ་དང་བསོད་ནམས་དབང་ཐང་འཕྲོག །མཆོད་དང་བསྐང་དང་བརྡུང་མནན་གྱིས། །ཕན་པ་མི་ནུས་རྣམ་རྟོག་མང་། །དེ་ཕྱིར་ཉེར་ཞི་རིན་ཆེན་སྒྲོན་མེ་ནི། །མཁས་པས་བརྟེན་ལུགས་འདི་ལྟར་རོ། །ཨེ་ཀ་ཛཱ་ཊི་ལ་སོགས་པའི། །མ་མོ་མཁའ་འགྲོ་ཤ་ཟན་དང་། །བསེན་མོ་ཐེའུ་རང་གྲོང་བརྒྱུད་ཀྱིས། །ལྟས་དང་ཆོ་འཕྲུལ་འདི་ལྟར་ཏེ། །མོ་རིགས་འདྲེ་མོ་མཛོ་ལ་ཞོན། །སྦྲ་ནག་ཕུབ་ཅིང་ཤ་ཁྲག་སྤྱོད། །བདག་ལ་བརྩེ་ཞིང་ཤ་ཁྲག་སྟོབ། །གཞན་ཡང་བུད་མེད་མང་འདུས་ཏེ། །མི་སྡུག་ཆོ་འཕྲུལ་སྟོན་པ་དང་། །ཆགས་པ་སྤྱོད་པ་རྨི་བ་ནི། །མ་མོའི་ཆོ་འཕྲུལ་གདུག་རྩུབ་ཡིན། །རང་ཉིད་ཁྲག་སྐྱུག་ཁྲག་རྣག་འཛག །ཁྲག་བཤལ་ཁྲག་སྐྱུག་ནད་དང་རིམས། །སྒོ་ཡི་ནོར་ལ་གོད་ཡམས་ཡོང་། །དེ་རྣམས་མ་མོའི་ཆོ་འཕྲུལ་རྟགས། །མ་མོ་མཚོ་སྨན་ལ་སོགས་པའི། །དམ་སྲི་བསེན་མོའི་ཚོགས་རྣམས་ཀྱིས། །གདུག་རྩུབ་ཉོན་མོངས་ཉེར་ཞི་བའི། །ཞལ་གྱི་གདམས་པ་འདི་ལྟ་སྟེ། །མཁའ་མཉམ་འགྲོ་བ་ཐམས་ཅད་དང་། །རང་གནོད་གདོན་གྱིས་གཙོ་བྱས་པའི། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པ། །ལུས་མཆོད་ལོངས་སྤྱོད་བསམ་མི་ཁྱབ། །རྒྱ་ཆེ་དཔག་ཏུ་མེད་པ་ནི། །སྣང་སྲིད་ལྷ་འདྲེ་ཀུན་ལ་བཀྱེ། །འཁྲུལ་པའི་བདག་བཟུང་ཕུང་པོ་འདི། །ཨེ་ཀ་ཛ་ཊི་ལ་སོགས་པའི། །མ་མོ་མཁའ་འགྲོ་སྨན་བཙུན་དང་། །གནོད་སྦྱིན་སྲིན་མོ་བདུད་མོ་སོགས། །དམ་སྲི་བསེན་མོ་ཕུང་འདྲེ་མོ། །མ་ལུས་ཐམས་ཅད་འདུས་པ་ལ། །ཤ་ཁྲག་དམར་གྱིས་ཚིམས་བྱས་ནས། །རང་རང་དགའ་ཀུན་གནས་སུ་གཤེགས། །ནད་པའི་དམིགས་པ་ཡང་ཡང་བྱ། །སློབ་དཔོན་རྣལ་འབྱོར་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེས་ཤིང་མཁའ་དང་བསྲེ། །ཤ་ཁྲག་མཁའ་འགྲོ་ལ་སོགས་ཏེ། །སྣང་སྲིད་ལྷ་འདྲེ་མ་ལུས་དང་། །ཅེ་སྤྱང་སྟག་གཟིག་དོམ་དྲེད་སོགས། །གནས་ཀྱི་ལྷ་འདྲེ་ལ་སོགས་ཀྱིས། །བུན་བུན་ཟོས་ནས་གྱེས་པ་རུ། །རང་དང་ནད་པ་གཉིས་ཀས་དམིགས། །གོས་ནག་བསྐྱུར་དང་སྐྱུག་ནག་བཤང་། །མ་སྲིང་མཛའ་མོ་ལ་སོགས་ཀྱིས། །དར་ཟབ་ཕྲ་མེན་མུ་ཏིག་སོགས། །ཞལ་ནས་དཔག་མེད་འདྲེན། །ཡིད་དགའ་བག་དྲོ་ཤེས་པ་གསལ། །ཟུག་རྔུ་འཁྲུལ་པ་འཕྲལ་དུ་ཞི། །ཉེར་ཞི་རིན་ཆེན་སྒྲོན་མེའོ། །ན་ཚ་འདྲེ་རྣམས་ཆོས་སྐྱོང་དག་ཏུ་འབྱུང་། །གསུངས་སོ། །མ་མོ་མཁའ་འགྲོའི་འདུ་ས་ནི། །མཚོའམ་དུར་ཁྲོད་ཚོང་འདུས་སམ། །གནས་དབེན་རྙིང་པ་ལ་སོགས་ཏེ། །ཁྱད་པར་མི་གཙང་མཛེ་ཡུགས་དང་། །དོམ་པོ་སྡིག་ཅན་དམ་ཉམས་ལ། །འདི་ཡི་གཅོད་པས་ཆོད་པར་འགྱུར། །གསུངས་སོ། །
༈ སྐྱེ་མེད་འགག་མེད་སྟོང་པ་ཉིད། །སྤྲོས་དང་བྲལ་ལ་ཕྱག་འཚལ་བསྟོད། །ལར་ཀྱང་མ་རིག་འཁྲུལ་པའི་ལུས། །བདེན་འཛིན་ངོས་བཟུང་མི་དགེའི་རྟེན། །སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི། །ཁམས་གསུམ་འཁོར་བའི་རྒྱུ་རྩ་ནི། །ཁོ་ལ་བརྟེན་ནས་བྱུང་བ་ཡིན། །དེ་ཕྱིར་ལྷ་འདྲེ་མ་ལུས་ལ། །ཆགས་མེད་སྦྱིན་པ་རྒྱུན་དུ་ཐོང་། །གཉན་ས་རི་ཁྲོད་རྟག་ཏུ་འགྲིམས། །གཉུག་མའི་སེམས་ཉིད་ངང་ལ་ཞོག། །འཁྲུལ་རྟོག་བགེགས་རིགས་རྟགས་བཅུ་གཉིས། །རང་མ་རྟོགས་པའི་འཁྲུལ་བ་ཡིན། །འཁྲུལ་བའི་ངོ་བོ་རང་བཞིན་མེད། །རང་བྱུང་རང་ཞི་རང་ཡལ་དུ། །སྤྲོས་བྲལ་དོན་ལ་གནས་གྱུར་ན། །ལྷ་འདྲེ་རང་གི་སེམས་སུ་འདུས། །སེམས་ནི་ཡེ་ནས་སྟོང་པ་ཉིད། །དེ་ལྟར་རྒྱུད་ལ་ཐོབ་པར་གྱིས། །བགེགས་རིགས་བརྒྱད་ཅུ་རྩ་གཉིས་ཀྱང་། །རང་སར་ཡལ་ཞིང་གནོད་མི་འགྱུར། །བརྒྱ་ལ་གནོད་ཅིང་འགལ་གྱུར་ན། །བྱང་ཆུབ་སྒྲུབ་པའི་བསྐུལ་མར་གྱིས། །ཉེར་ཞི་རིན་ཆེན་སྒྲོན་མེའོ། །གནད་ཀྱི་ཡིག་ཆུང་གསུངས་པ་རྫོགས་སོ།། །།
༈ སྙིང་གཏམ་བདུད་རྩིའི་ཐིག་པའོ། །མ་ཅིག་ལབ་སྒྲོན་སྤྲུལ་སྐུ་ཡུམ། །རིགས་ལྔ་མཁའ་འགྲོ་ལ་སོགས་ཏེ། །རིགས་ལྔ་མཁའ་འགྲོའི་ངོ་བོ་ཉིད། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །གང་ཞིག་རྣལ་འབྱོར་རི་ཁྲོད་འགྲིམས། །སྐྱེ་མེད་ཆོས་སྐུ་མངོན་གྱུར་རྟོགས། །འགག་མེད་ཐུགས་རྗེས་འགྲོ་དོན་མཛད། །གཅོད་ཀྱི་བརྒྱུད་པ་གྲུབ་ཐོབ་ལ། །མོས་པའི་སེམས་ཀྱིས་ཕྱག་འཚལ་ལོ། །དེ་ཡི་རྗེས་འབྲང་རྣལ་འབྱོར་གྱིས། །ཞལ་གདམས་བདུད་རྩི་མ་ཤེས་ན། །སྨན་མཁན་སྨན་མེད་དཔེ་དང་མཚུངས། །དེ་ཕྱིར་ཞལ་གདམས་ཐུགས་ལ་ཞོག་ཅེས་གསུངས་པས། དེའི་དོན་འདི་ཡིན་ཏེ། རང་གི་རྟོགས་པ་མཆོག་གྱུར་ཀྱང་། །གདམས་པའི་སྐྱུར་ཁ་མ་ཤེས་ན། །སྨན་མཁན་སྨན་མེད་དག་དང་མཚུངས་ཞེས་པའི་དོན་ཡིན་ནོ། །དེ་ནས་འདི་བཞིན་ཉམས་ལེན་གྱིས། །གང་ཞིག་འགྲོ་བའི་དོན་བྱེད་ཅིང་། །ཆར་འབེབས་གདམས་པ་འདི་བཞིན་བྱ། །ཆུ་མིག་གནས་སམ་མཚོའི་འགྲམ། །རི་གཉན་ས་རུ་འགྲོ་བྱས་ལ། །ཕྱོགས་ཀྱི་ཕྱེ་ཕུད་འོ་ཕུད་སོགས། །གང་ཚོགས་མཆོད་གཏོར་རྒྱ་ཆེན་བྱ། །སེམས་བསྐྱེད་སྐྱབས་འགྲོ་འདི་བཞིན་བྱ། །སྤྱིར་ཡང་ཁམས་གསུམ་སེམས་ཅན་དང་། །སྒོས་སུ་སྐྱབས་ཡུལ་འདི་ཡི་སེམས་ཅན་རྣམས། །མུ་གེས་གདུང་བ་སྙིང་རེ་རྗེ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བདག་གི་ལུས་སོགས་འདི་དག་ནི། །ལྷ་ཀླུ་རྣམས་ལ་སྦྱིན་པ་བཏང་། །དེ་ཡི་ཞི་བའི་དངོས་གྲུབ་ནི། །ཡུལ་ཕྱོགས་དེ་རུ་ཆར་འབེབས་ཀྱིན། །བདུད་རྩི་ལྟེམས་ཀྱིས་ཁེང་བར་བསམ། །ལུས་མཆོད་བརྒྱ་སྟོང་གྲངས་མེད་འབུལ། །བར་དུ་སྤྲོས་བྲལ་ངང་ལ་བཞག །ཆར་པ་འབབ་འགྱུར་ཐེ་ཚོམ་མེད། །གལ་ཏེ་ཞག་གསུམ་ལྔ་བདུན་སོགས། །བསྡད་ཀྱང་ཆར་པ་མེད་གྱུར་ཅིང་། །ཡི་ཆད་ཐང་ཆད་མ་ཕེབས་ན། །གནད་ཀྱི་གདམས་པ་འདི་ལྟར་བྱ། །རང་ཉིད་གཅེར་བུ་ཕཊ་ཀྱིས་འཁྲབ། །རིག་པ་ངར་བསྐྱེད་བརྟུལ་ཞུགས་བྱ། །གདེང་ཐོབ་རྣལ་འབྱོར་གཞན་གཅིག་གིས། །ཁྱུང་གི་ཏིང་འཛིན་བཟུང་བྱས་ལ། །ཀླུ་དང་ས་བདག་ལ་སོགས་རྣམས། །འདར་ཞིང་ཆར་པ་དབབ་པར་དམིགས། །རིག་པ་ངར་བསྐྱེད་ཕཊ་ཀྱིས་གདབ། །ཡང་ན་རྫས་སྦྱར་ཨར་ལ་གཏད། །ཆར་ཕོབ་བྱ་ཞིང་མཆོང་འཁྲབ་བྱ། །དེས་ནི་མི་ཕེབས་མི་སྲིད་དོ། །ཆར་བབས་ཀླུ་གཉན་ཡུལ་བདག་ལ། །ལུས་མཆོད་ལ་མཆོད་གཏོར་ལ་སོགས་བྱ་སོགས་བྱམས་སེམས་བྱ། །ཆར་འབེབས་ཞལ་གདམས་བདུད་རྩི་ཡིན། །
༈ གང་ཞིག་རྣལ་འབྱོར་གཅོད་མཁན་རྣམས། །འགྲོ་བ་གཞན་གྱི་དོན་དགོངས་ནས། །སྲིའུ་ལ་སོགས་ནད་པ་ནི། །སྨན་བཅོས་རིམ་འགྲོ་ལ་སོགས་པའི། །ལས་ཀྱི་རིམ་པ་ཅི་བྱེད་ཀྱང་། །ཕན་པར་མི་འགྱུར་ཐུ་བ་ལ། །གནད་ཀྱི་ཞལ་གདམས་བདུད་རྩི་བསྟན། །སྲིའུ་ལ་སོགས་ནད་པའམ། །གང་གཉན་ས་རུ་ཁྱེར་བྱས་ལ། །བུ་ཆུང་ལ་སོགས་ནད་པ་ལ། །གོས་ཀྱིས་བཏུམས་ལ་མཐའ་མ་རུ། །རྡོ་ཡིས་མནན་ལ་དམིགས་པ་ནི། །ནད་འདྲེའི་གཙོ་བྱས་སེམས་ཅན་རྣམས། །སངས་རྒྱས་ས་ལ་བཀོད་སྙམ་དུ། །སེམས་བསྐྱེད་སྐྱབས་འགྲོ་དཔག་མེད་བྱ། །རྣལ་འབྱོར་བདག་གི་ཏིང་འཛིན་གྱིས། །བུ་ཆུང་ལ་སོགས་ནད་པའི་སེམས། །རང་གི་སེམས་དང་གཉིས་མེད་པར། །སྐྱེ་མེད་ངང་དུ་འབོལ་གྱིས་བཞག །ཤ་ཁྲག་ལྷ་སྲིན་སྡེ་བརྒྱད་དང་། །གདོན་གྱིས་གཙོ་བྱས་གཞི་བདག་ལ། །འབུལ་བ་ཞལ་གདམས་མན་ངག་ཡིན། །གལ་ཏེ་དེས་ཀྱང་མ་དྲག་ཅིང་། །ནད་པ་སྐྱེད་མེད་ཕྱིར་ཕྱིར་ཐུ། །དེ་ཡི་ཞལ་གདམས་འདི་ཡིན་ནོ། །མཛེ་ཡིས་ཁྱེར་ངེས་མཛེ་ཕོ་ཡི། །ཤ་ལ་སྣམ་བུ་གསར་པ་བཀྲི། །དྲོད་ནི་མ་ཡལ་འབར་བ་ཡིན། །སྲིའུ་ལ་སོགས་ནད་པ་ཡི། །ལུས་པོ་བཀྲི་ཞིང་མཆན་དུ་ཉལ། །ཤ་འཁྱེར་ཁྲག་འཁྱེར་དཔག་མེད་བྱ། །དེས་ནི་སྲིའུ་ཅི་འདྲ་ཞིང་། །ནད་འདྲེ་གང་གི་རིགས་ཡིན་ཡང་། །མི་སོས་མི་སྲིད་ཞལ་གྱི་གདམས། །བདུད་རྩི་འདྲ་བའི་མན་ངག་ཡིན། །སྲིའུ་གསོ་བའི་བདུད་རྩི་ཡིན། །གང་ཞིག་གཅོད་མཁན་བདག་བྱེད་ལ། །རང་དང་གཞན་གཉིས་གང་ཡང་རུང་བ་ལ། །སྔགས་མཁན་དག་དང་འགྲས་གྱུར་ན། །ཆོས་སྐྱོང་ལ་སོགས་མནན་གཏད་སོགས། །མ་རུངས་ཆོ་འཕྲུལ་བྱུང་བའི་ཚེ། །ཞལ་གདམས་བདུད་རྩི་འདི་ཉིད་དགོས། །དེ་ཕྱིར་འདི་ལ་ནན་ཏན་བྱ། །གང་ཞིག་གནོད་བྱེད་བྱད་མ་ཡི། །གཏད་ཁྲམ་གང་བྱས་ས་ཕྱོགས་སམ། །ཡང་ན་གཉན་ཁྲོད་གང་ཡང་རུང་། །དེ་རུ་ཕྱིན་ནས་སེམས་བསྐྱེད་དེ། །མ་རིག་འཁྲུལ་པའི་སྔགས་མཁན་གྱིས། །ཆོས་ཉིད་མ་རྟོགས་འཁྲུལ་པའི་ལས། །བདག་བཟུང་འཇིག་རྟེན་དྲེགས་པའམ། །བདུད་བཙན་སྲིན་པོ་ལ་སོགས་ཏེ། །མ་རུངས་སྡེ་བརྒྱད་སྒྲུབ་པ་ཡིས། །ཐར་པའི་བར་ཆད་བྱེད་ནས་ཀྱང་། །མནར་མེད་དམྱལ་བར་འགྲོ་གྱུར་བས། །དེ་ཕྱིར་ཁོ་ཡི་སྲུང་མ་དང་། །ཁོ་དང་བཅས་པར་སྙིང་རྗེ་བསྐྱེད། །དེ་ནས་ལུས་ཀྱི་མཆོད་པ་འབུལ། །སྲུང་མའི་སེམས་དང་རང་གི་སེམས། །གཉིས་མེད་གཅིག་ཏུ་སྤྲོས་བྲལ་ངང་། །མ་ཡེངས་ལྷན་ནེ་བཞག་ནས་ཀྱང་། །ཁོ་ཡི་སྲུང་མ་གང་བྱེད་དང་། །ལྷ་ཀླུ་གཞི་བདག་ཐམས་ཅད་ལ། །ཤ་ཁྲག་དམར་གྱིས་ཚིམ་པར་བྱ། །དེ་ལྟར་བྱས་པའི་ཡོན་ཏན་གྱིས། །རང་ལ་ཚུགས་པར་མི་འགྱུར་ཞིང་། །གཉིས་མེད་དོན་རྟོགས་རྣམ་རྟོག་ཞི། །སྤྲོས་བྲལ་བདག་མེད་རྟོགས་པ་འཆར། །མཆོག་ཐུན་དངོས་གྲུབ་རྫོགས་པར་འགྱུར། །གལ་ཏེ་དེ་ལྟར་བྱས་གྱུར་ཀྱང་། །ཆོ་འཕྲུལ་ཉམས་སོད་མ་བྱུང་ཞིང་། །ཇི་ལྟར་ཆོ་འཕྲུལ་ཆེ་གྱུར་ན། །གནད་ཀྱི་ཞལ་གདམས་འདི་བཞིན་གྱིས། །རང་སེམས་སྐྱེ་མེད་ངང་ལ་བཞག །ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། །འཇིགས་བྱེད་མཁན་པོ་རང་གི་སེམས། །ངོ་བོ་སྤྲོས་བྲལ་ནམ་མཁའ་ཡིན། །དེ་ལྟར་སེམས་ཆུད་ཀློང་གྱུར་ན། །མཐུ་བྱེད་ཀྱིས་ནི་མི་ཚུགས་སོ། །ཡང་ན་ལུས་སེམས་སྤྲོས་བྲལ་གཉིས་མེད་བཞག །ཐུན་དང་ཕུར་པ་ལ་སོགས་དང་། །མ་མོ་ལ་སོགས་རྦད་འདྲེ་ཡིས། །ལུས་ལ་དབང་བསྐུར་བྱིན་རླབས་ཐོབ་བསམ་ཞིང་། །ཁོའི་གཏོར་སྟེགས་འོག་ཏུ་ནི། །གཏོར་མ་ཟ་ཞིང་ཉམས་ལེན་བྱ། །ཇི་ལྟར་ལྷ་འདྲེ་གང་ཡིན་ཡང་། །སེམས་ཉིད་མ་བཅོས་དོན་ཐོབ་འགྱུར། །ཞེས་རྦད་འདྲེ་སེལ་བྱེད་བདུད་རྩི་ཡིན། །
༈ གང་ཞིག་རྣལ་འབྱོར་འདོད་པའི་གནས། །རིའམ་དགོན་པའི་ས་བཟུང་ནས། །ཀླུའི་ཕོ་བྲང་སློག་གམ་བརྐོས། །མ་རུངས་ཀླུ་ཡིས་གདུག་པ་ཡི། །ཆོ་འཕྲུལ་ཇི་ལྟར་འབྱུང་བ་ཡོད། །སྦལ་པའི་གཟུགས་སམ་ཉའམ་སྦྲུལ། །སྡིག་པ་རྟ་གླང་ལ་སོགས་ཀྱི། །གཟུགས་བྱུང་ཡིད་ཀྱིས་མ་ཐུབ་ན། །དེ་དག་སེལ་བར་གྱུར་འགྱུར་ལས། །གར་བྱུང་མིང་ནི་བྲིས་བྱས་ལ། །མལ་དུ་བཅུག་ལ་བདག་ཉིད་ཀྱིས། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་སོགས། །ཉམས་ལེན་དྲག་པོ་བྱས་པ་ཡིས། །རང་རྟོག་ཞི་ནས་མཆོག་ཐུན་རྫོགས། །མལ་དུ་མཁར་ལན་བྱས་པས་ཆོག། རྟོག་བཅས་ཞལ་གདམས་བདུད་རྩི་ཡིན། །
༈ གང་ཞིག་རྣལ་འབྱོར་རང་གཞན་གང་རུང་པའི། །སྔར་ནས་ལྷ་འདྲེའི་གནས་མལ་དུ། །ཤིང་གཅོད་ན་རྐོས་ཆུ་བསྒྱུར་གྱིས། །རང་དང་རང་གཞན་འཁོར་རྣམས་ཀྱིས། །ཐུབ་ཆོད་ནུས་ནུས་བྱས་པ་ལས། །རྐང་ལག་ཞ་འཁུམས་གྱོང་ལ་སོགས། །བུ་ཚ་རིགས་རྒྱུད་ཐམས་ཅད་ལ། །ཀླུའི་ནད་དང་གཉན་ནད་ཀྱིས། །ཞ་རེངས་ཐེང་འཁུམས་ཅི་བྱུང་ཡང་། །སྔར་གྱི་གནས་མལ་ས་བརྐོས་སམ། །ཤིང་བཅད་གར་བྱས་ས་རུ་འགྲོ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་བྱ། །ས་བརྐོས་ས་སོགས་མཐའ་མ་རུ། །གོ་མོར་བསྐོར་ཞིང་རྫས་སྦྱོར་བསྲེག །ནད་པའི་ལུས་པོ་བསྲེག་པར་བསམ། །གཅེར་བུ་མཆོང་གྲབས་ཕཊ་གདབ་བྱ། །དེས་ནི་ཞི་བར་འགྱུར་བ་ཡིན། །སྔར་གནོད་གདོན་བཅད་ཞལ་གདམས་ལས། །བདུད་རྩི་ཐིགས་པ་ཞེས་བྱ་རྫོགས། །བཅུ་གསུམ་ལ་སོགས་བཅྭོ་བརྒྱད་འདི། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གང་ཞིག་བདུད་རྩི་མེད་པའི་མིས། །གཅོད་མཁན་ཡིན་ཞེས་མ་ཟེར་ཅིག །གཞན་དོན་བྱེད་དོ་མ་ཟེར་ཅིག །བདུད་རྩི་ཕྲེང་བའི་ཞལ་གདམས་ལེའུ་བཅྭོ་བརྒྱད་པ་མ་ཅིག་ཡུམ་སྲས་ལ་སོགས་ཐོད་སྨྱོན་ནས་ཆིག་བརྒྱུད་དག་ལས་འཕེལ་བ་མེད། ཀུན་ལ་མ་བསྟན་གཅིག་ལ་སྟོན། དེ་མིན་བླ་མའི་བཀའ་རྒྱ་ཡོད། ཆིག་བརྒྱུད་གསལ་བྱེད་སེམས་ཀྱི་མེ་ལོང་མན་ངག་བདུད་རྩི་ཕྲེང་བ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་ཡོངས་སུ་རྫོགས་སོ།། །།གབ་རྒྱ་གསང་རྒྱ། རྒྱ་མཚོའི་གཏིང་གི་ནོར་བུ་བཞིན། སྙིང་གི་དཀྱིལ་དུ་སྦ་བར་གྱིས་གསུངས། གདམས་པ་རིན་པོ་ཆེ་འདིའི་བརྒྱུད་པ་ལ་ལྷད་མེད་པར་རིམ་པར་རྩ་བའི་བླ་མ་ལ་བརྒྱུད་པས་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའོ། །སྙིགས་མའི་བརྒྱུད་འཛིན་པུཎྱེ་བཛྲ་ཡི་དམ་མོ། །ཟབ་པས་གདམས། བཀྲ་ཤིས་བདེ་ལེགས་དཔལ་འབར་འགྲོ་བའི་མུན་སེལ་ཤོག །དགེའོ།། །།
གླང་ལུང་པས་སྲས་ཐོད་སྨྱོན་ལ་གནང་། དེས་རྗེ་བཙུན་སྙིང་སྒོམ། དེས་སངས་རྒྱས་རི་པ། དེས་དོ་པ་ཆོས་ཤེ་ན་མར་བརྒྱུད་དོ། །
དམ་ཆོས་གཅོད་ཡུལ་གྱི་སྐྱབས་འགྲོ་བཤགས་པ་སེམས་བསྐྱེད་གསོལ་འདེབས་རིང་ཐུང་གསུམ་ག
༄༅། །དམ་ཆོས་གཅོད་ཡུལ་གྱི་སྐྱབས་འགྲོ་བཤགས་པ་སེམས་བསྐྱེད་གསོལ་འདེབས་རིང་ཐུང་གསུམ་ག་བཞུགས་པས་ལེགས་སོ། །
བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་ཆེན་ལབ་ཀྱི་སྒྲོན་མའི་གདམས་པ་བདུད་ཀྱི་གཅོད་ཡུལ་གྱི་ཆོས་སྤྱོད་སྐོར་ལ། དང་པོ་སྐྱབས་འགྲོའི་མངོན་རྟོགས་ནི། མདུན་གྱི་ནམ་མཁའ་མདུང་གང་ཙམ་གྱི་སྟེང་དུ་སེང་གེ་དང་གླང་ཆེན་རྨ་བྱ་ཤང་ཤང་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཕྱག་གཡས་ཀྱི་གཉིས་པ་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཕྱག་གཡས་མཐིལ་ན་ཀྲོང་མོར་བསྣམས་པ། ཕྱག་གཡོན་གཉིས་པ་ན་མེ་ཏོག་ཨུད་པ་ལའི་ཡུ་བ་ཅན་གྱི་སྟེང་ན། ཤེས་རབ་ཀྱི་གླེགས་བམ་པུ་ཏི་འཕྲེད་ལ་བསྣམས་པ། དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་སེ་མོ་དོ་ཤལ་ལ་སོགས་པ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། སྐུ་མདོག་སེར་མོ་ཉི་མ་འབུམ་གྱི་འོད་ཟེར་སེར་མོ་འཕྲོ་འཕྲོ་བ། རང་རང་གི་སྤྱི་བོའི་གཙུག་ཏུ་བཞུགས་པར་བསམ་མོ། །ཡུམ་ཆེན་མོའི་གཡས་ཕྱོགས་སུ། བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་ས་གནོན། གཡོན་པ་མཉམ་བཞག་གི་ཕྱག་རྒྱ་མཛད་པ། དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ། སངས་རྒྱས་ཀྱི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་གཟི་བརྗིད་དཔག་ཏུ་མེད་པ། གཡས་ན་ཤྭ་རིའི་བུ་གཡོན་ན་མོའུ་འགལ་གྱི་བུ་ལ་སོགས་པ། ཉན་ཐོས་ཀྱི་དགེ་འདུན་གྱི་ཚོགས་ཀྱིས་བསྐོར་བ་བཞུགས་པར་བསམ་མོ། །ཡུམ་ཆེན་མོའི་གཡོན་ཕྱོགས་སུ་ཨ་མ་ལབ་ཀྱི་སྒྲོན་མ། སྐུ་མདོག་དཀར་མོ་བུ་མོ་ལོ་བཅུ་དྲུག་ཙམ་ལོན་པའི་ན་ཚོད་ལྟ་བུ། སྐུ་མདོག་དཀར་ལ་འོད་ཟེར་འཕྲོ་བ། སྐུ་ལུས་རྒྱས་ལ་གཟི་བརྗིད་ཆེ་བ། སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་གཡེར་ཁ་ཁམ་ཧྲག་གེ་གསོལ་བ། ཕྱག་གཡས་སེང་ལྡེང་གི་ཌ་རུ་སྟོང་གསུམ་སྒྲ་སྒྲོག་པ། གཡོན་པ་ཀ་པ་ལ་ཁྲག་གིས་བཀང་བ་བསྣམས་པའི་མཆན་ཁུང་ན་ཡར་ཁ་ཊྭཱཾ་རྩེ་གསུམ་རྩ་གསུམ་དཀྲོང་མོར་བསྣམས་པ། ཞབས་གར་སྟབས་སུ་བཞུགས་པ། དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ་སྤྱན་གསུམ་ནམ་མཁའི་མཐོངས་ལ་ཧྲིག་ཧྲིག་གིས་གཟིགས་པ། དེ་ལ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསམ་མོ། །
དེའི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དཀར་དམར་སྣ་ཚོགས་པ་ཁྲོམ་དམར་ནག་ཚོགས་པ་ལྟ་བུར་བཞུགས་པར་བསམ་མོ། །དཔའ་བོའི་ཚོགས་རྣམས་ཀྱང་གཡས་ཕྱོགས་སུ་བྲག་རི་འགྱིང་པ་ལྟར་བཞུགས་པར་བསམ་མོ། །དེའི་གཡོན་ཕྱོགས་སུ་ཉན་ཐོས་ཀྱི་དགེ་འདུན་རྣམས་མཚོ་ལ་ངང་པ་ཆགས་པ་ལྟར་སེ་ཆིལ་ལེ་བཞུགས་པར་བསམ་མོ། །མདུན་དུ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བར་སྣང་ལ་སྐར་ཚོགས་སྤུངས་པ་ལྟར་བཞུགས་པར་བསམ་མོ། །རྒྱབ་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས་ཕྱག་ན་མཚོན་ཆ་ཧྲབས་སེ་བསྣམས་ནས། སངས་རྒྱས་ཀྱི་བསྟན་པ་ལ་བྱ་ར་བྱེད་པའི་ཚུལ་དུ་བཞུགས་པར་བསམ་མོ། །ལ་ལ་ཞལ་ཕྱིར་གཟིགས་ཕྱིར་གཟིགས་པ་རྣམས་ཀྱིས་ཕྱིའི་བར་ཆད་ནང་དུ་མི་གཏོང་། ནང་དུ་གཟིགས་པ་རྣམས་ཀྱིས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཚུལ་གྱིས་བཞུགས་པར་བསམ་མོ། །འདི་ཡན་ཆད་མངོན་རྟོགས་ཡིན་ནོ། །
དེ་ནས་སྐྱབས་འགྲོ་ནི། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་ཁྱེད་ལ་སྐྱབས་སུ་མཆིའོ། །རང་རིག་ཡེ་ཤེས་སྟོན་མཛད་པའི། །བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྤང་རྟོགས་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །གང་ལ་ཕུལ་ན་དོན་ཆེ་བའི། །དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །གཞོན་ནུའི་ཚུལ་འཛིན་ཡོན་ཏན་ཅན། །འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆིའོ། །སྙིང་རྗེས་ལེགས་པར་གང་བ་ཡི། །སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ལ་ནི་བདག་བསྟེན་ནོ། །ཁྱེད་རྣམས་ལ་ནི་བདག་སྐྱབས་མཆི། །འདོད་ཡོན་ལྔའི་མཆོད་ལྔའི་མཆོད་པ་འབུལ། །ཕུང་པོ་ལྔ་པོ་མཆོད་པར་བཞེས། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དགེ་འདིས་སེམས་ཅན་བདེ་གྱུར་ཅིག །ཡང་བཀྲ་ཤིས་ཨང་།
༈ འདི་ནས་བཤགས་པ་བཞུགས་སོ། །སྤང་སོ་ནི། རང་ལུས་གསེར་གྱི་རྡོ་རྗེ་རྩེ་དགུ་པའི་སྟེང་དུ། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཕྱག་མཐིལ་ན་དཀྲོང་མོར་བསྣམས་པ། གཡོན་པ་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། དབུ་རྒྱན་སྙན་རྒྱན་མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ་ཤལ། སྐུ་སྨད་སྔོན་པོའི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམས་གཡོན་བརྐྱངས་བ། རང་གི་སྤྱི་གཙུག་ཏུ་བཞུགས་པར་བསམ་མོ། །ཞབས་གཉིས་ཀྱི་མཐེ་བོང་ནས་བདུད་རྩི་དཀར་པོ་སྤྱི་གཙུག་ཚངས་བུག་ནས་མར་བབས་པས་ལུས་ཀྱི་ནང་དཀར་མེར་གྱིས་ཁེངས་ནས། སྡིག་སྒྲིབ་ཐམས་ཅད་བཤང་ལམ་འོག་ལམ་ལ་མར་བདས་པས་བྱེ་མ་ལ་ཆུའི་མདོར་སོ་བརྒྱབ་པའམ། སོལ་ཁུ་ནག་པོ་ཆུས་བདས་པ་བཞིན་དུ་ནག་ཉིལ་བདས་ཏེ། དེ་ནས་བུ་ག་རྣམས་རང་བཞིན་གྱིས་འགགས་ཏེ། འོ་རྐྱལ་འོ་མས་ཁེངས་པ་ལྟར་དཀར་མེར་ཁེངས་ཏེ། སྤྱི་གཙུག་ནས་ཡར་ལུད་དེ། ཕྱིའི་སྡིག་སྒྲིབ་ཐམས་ཅད་ཀོ་བ་ནག་པོ་སྐྱི་གདར་བ་བཞིན་དུ་དག་སྟེ། ལུས་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཤེལ་དཀར་མཆོད་རྟེན་ལ་ཉི་མ་ཤར་བ་ལྟ་བུ་ཕྱི་གསལ་ནང་གསལ་དུ་བསམ་མོ། །དམིགས་པ་དེ་ལྟར་བསྒོམས་ནས་འདྲེན་པ་སྔགས་ཀྱི་སྒོ་ནས་བཤགས་པ་ནི། ཡིག་བརྒྱ་འདྲེན་ནོ། །
དུང་བ་དབྱངས་ཀྱི་བཤགས་པ་ནི། ༈ ཨོཾ་བླ་མ་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ བླ་མ་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་བླ་མ་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ཨོཾ་ཨཱཿཧཱུཾ། བླ་མ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཡི་དམ་སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ ཡི་དམ་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་ཡི་དམ་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཨཱཿཧཱུཾཿ ཡི་དམ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་མཁའ་འགྲོ་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ མཁའ་འགྲོ་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་མཁའ་འགྲོ་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཨཱཿཧཱུཾཿ མཁའ་འགྲོ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཆོས་སྐྱོང་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ ཆོས་སྐྱོང་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་ཆོས་སྐྱོང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཨཱཿཧཱུཾ། ཆོས་སྐྱོང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་མཆེད་གྲོགས་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ མཆེད་གྲོགས་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་མཆེད་གྲོགས་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོ་ཨཱཿཧཱུཾ། མཆེད་གྲོགས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་དུས་གསུམ་ཕ་མ་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ དུས་གསུམ་ཕ་མ་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་དུས་གསུམ་ཕ་མ་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཨཱཿཧཱུཾ། དུས་གསུམ་ཕ་མ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་འགྲོ་དྲུག་སེམས་ཅན་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿ འགྲོ་དྲུག་སེམས་ཅན་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་འགྲོ་དྲུག་སེམས་ཅན་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཨཱཿཧཱུཾ་འགྲོ་དྲུག་སེམས་ཅན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཡུལ་ལྷ་གཞི་བདག་སྐུའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨཱཿཡུལ་ལྷ་གཞི་བདག་གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཧཱུཾ་ཡུལ་ལྷ་གཞི་བདག་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཨོཾ་ཨཱཿཧཱུཾ། ཡུལ་ལྷ་གཞི་བདག་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་སོ། །བཛྲ་ས་ཏྭ་ཨ་ཧཱུཾ། འདི་ནས་སེམས་བསྐྱེད་བཞུགས་སོ། །
སྤང་བ་དངོས་ནི། རང་ལུས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བསྐྱེད་ལ། ཡར་ལངས་ལ་ལག་པ་བརྒྱངས་ཏེ་ཕྱག་གི་ཕྱག་སོར་ནས་བདུད་རྩི་དཀར་པོ་དཀར་ཐོར་ཐོར་བབས་པས་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་བ་རྣམ་བཞིའི་སེམས་ཅན་ཐམས་ཅད་ཀྱི་ངག་ན་དཀར་ཐོར་ཐོར་བབས་ནས། ལུས་ངག་ཡིད་གསུམ་བདེ་བས་མེར་གང་བར་བསམ་མོ། །དཀར་འགྱེད་ལ་བརྟེན་ནས་ཚོགས་རྫོགས་པའི་ཐབས་སོ། །
ངག་ནས་ལྷ་རུ་འཐེན་པ་ནི། ཕ་མས་གཙོ་བྱས་ཆོས་མེད་དུ་ཤི་བའི་སེམས་ཅན་ཚོ་སྙིང་རེ་རྗེ། །གཏི་མུག་མུན་ལྟར་འཐིབས་པའི་སེམས་ཅན་སྙིང་རེ་རྗེ། །ཞེ་སྡང་མེ་ལྟར་འབར་བའི་སེམས་ཅན་སྙིང་རེ་རྗེ། །ང་རྒྱལ་རི་ལྟར་སྤུངས་པའི་སེམས་ཅན་སྙིང་རེ་རྗེ། །འདོད་ཆགས་ཆུ་ལྟར་འཁྲུགས་པའི་སེམས་ཅན་སྙིང་རེ་རྗེ། །ཕྲག་དོག་རླུང་ལྟར་འཚུབ་པའི་སེམས་ཅན་སྙིང་རེ་རྗེ། །ལྷ་འཕོ་ལྟུང་གི་སྡུག་བསྔལ་བ་ཚོ་སྙིང་རེ་རྗེ། །ལྷ་མ་ཡིན་འཐབ་གསོད་ཀྱི་སྡུག་བསྔལ་བ་ཚོ་སྙིང་རེ་རྗེ། །མི་སྐྱེ་ཤི་འཕོ་འགྱུར་གྱི་སྡུག་བསྔལ་ཚོ་སྙིང་རེ་རྗེ། །བྱོལ་སོང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཚོ་སྙིང་རེ་རྗེ། །ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཚོ་སྙིང་རེ་རྗེ། །དམྱལ་བ་ཚ་གྲང་གི་སྡུག་བསྔལ་བ་ཚོ་སྙིང་རེ་རྗེ། །ཕ་མས་གཙོ་བྱས་ཆོས་མེད་དུ་ཤི་བའི་སེམས་ཅན་ཚོ་སྙིང་རེ་རྗེ། །རང་ཉིད་སྤྱན་རས་གཟིགས་སུ་བསྐྱེད་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་མོ། །
འདི་ནས་བླ་མའི་རྣལ་འབྱོར་བསྒོམ་པ་ཡོད་དོ་ཨང་། སོ་སོར་རང་རང་གི་སྤྱི་གཙུག་ཏུ། ཨ་མ་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ། བུ་མོ་ལོ་བཅུ་དྲུག་ཙམ་ལོན་པའི་ན་ཚོད་ཙམ་སྐུ་མདོག་དཀར་ལ་འོད་ཟེར་འཕྲོ་བ་སྐུ་ལུས་རྒྱས་ལ་གཟི་བརྗིད་ཆེ་བ། སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་གཡེར་ཁ་ཁམ་ཧྲག་གེ་གསོལ་བ། ཕྱག་གཡས་སེང་ལྡེང་གི་ཌ་མ་རུ་སྟོང་གསུམ་དུ་སྒྲ་སྒྲོག་པ། གཡོན་པ་ཐོད་ཁྲག་ཐུགས་ཀར་བསྣམས་པའི་མཆན་ཁུང་ན་ཁ་ཊྭཱཾ་རྩེ་གསུམ་བསྣམས་པ། ཞབས་གཡས་བརྐྱངས་གཡོན་བསྐུམས་པ་གར་སྟབས་སུ་བཞུགས་པ། སྤྱན་གསུམ་ནམ་མཁའི་མཐོངས་ལ་ཧྲིག་ཧྲིག་གཟིགས་པ། དབུ་སྐྲ་སིལ་བུས་སྐུ་རྒྱབ་ནོན་པ། དེ་ལ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་དང་། འཁོར་དཔའ་བོ་དཔའ་མོ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ་མོ། །དེ་ནས་གསོལ་བ་རིང་རྫོགས་སུ་འདེབས་པ་དང་། ཐུང་རྫོགས་སུ་འདེབས་པ་དང་། མགུར་ལུགས་སུ་འདེབས་པ་དང་། ནོར་བུ་ལུགས་སུ་འདེབས་པ་དང་མང་ངོ་། །རིང་རྫོགས་སུ་འདེབས་པ་ནི་འདི་ལྟར་རོ། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཕར་ཕྱིན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རློབས་ཤིག །གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །རྗེ་བཙུན་སྒྲོལ་མ་བྱིན་རློབས་ཤིག །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མཁའ་འགྲོ་སུ་ཀ་སིདྡྷི་བྱིན་རློབས་ཤིག །རྒྱ་ནག་རི་བོ་རྩེ་ལྔ་ནས། །འཇམ་དཔལ་སྨྲ་བའི་སེང་གེ་བྱིན་རློབས་ཤིག །རྒྱ་གར་ཆོས་ཀྱི་འབྱུང་གནས་ནས། །ཨརྱ་དེ་བ་བྱིན་རློབས་ཤིག །ལས་སྟོད་དིང་རི་གླང་སྐོར་ནས། །དམ་པ་སངས་རྒྱས་བྱིན་རློབས་ཤིག །རས་པར་སྤང་ལུང་དགོན་པ་ནས། །བསོད་ནམས་བླ་མ་བྱིན་རློབས་ཤིག །ཟངས་རི་མཁར་དམར་གནས་མཆོག་ནས། །ཨ་མ་ལབ་སྒྲོན་བྱིན་རློབས་ཤིག །སྙེ་མོ་ཁུའི་ར་བ་ནས། །ཁུ་དབོན་ཆོས་དབྱིངས་བྱིན་རློབས་ཤིག །ལུག་སྨད་ལྕང་སར་དགོན་པ་ནས། །དོལ་པ་ཟང་ཐལ་བྱིན་རློབས་ཤིག །གཡུར་སྟོད་ཆུ་བོ་རིའི་གནས་མཆོག་ནས། །རྒྱ་ནག་གཅེར་བུ་བྱིན་རློབས་ཤིག །རབ་གྲོང་སེ་བའི་གླིང་དགོན་ནས། །སངས་རྒྱས་རབ་སྟོན་བྱིན་རློབས་ཤིག །ཁ་རག་མོན་འཕང་དགོན་པ་ནས། །སུམ་སྟོན་རལ་པ་བྱིན་རློབས་ཤིག །ཀླུ་མོ་རྒྱལ་གྱི་གདན་ས་ནས། །རྩི་སྒོམ་རས་པ་བྱིན་རློབས་ཤིག །མཁར་ཆུ་གཉན་གྱི་དབེན་གནས་ནས། །རྡོ་རྗེ་ཀུན་དགའ་བྱིན་རློབས་ཤིག །སེང་ཆེན་མནོལ་བའི་ཁྲི་སྟེང་ནས། །རྟོགས་ལྡན་ཤཱཀ་རྒྱལ་བྱིན་རློབས་ཤིག །འཇའ་འོད་འཁྱིལ་པའི་གུར་ཁང་ནས། །བཤེས་གཉེན་ནོར་བུ་བྱིན་རློབས་ཤིག །ལུས་སྲོག་བློས་བཏང་ཕོ་བྲང་ནས། །འཁྲུལ་ཞིག་རྣམ་རྒྱལ་བྱིན་རློབས་ཤིག །རྫས་སྡིང་དཔལ་གྱི་དུར་ཁྲོད་ནས། །ནམ་མཁའ་མཚན་ལྡན་བྱིན་རློབས་ཤིག །བདེ་ཆེན་འགྱུར་མེད་ཞིང་ཁམས་ནས། །འཁྲུལ་ཞིག་ཧམ་སྨྱོན་བྱིན་རློབས་ཤིག །ཆོས་དབྱིངས་འགྱུར་མེད་གཞལ་ཡས་ནས། །སངས་རྒྱས་ཡོན་ཏན་བྱིན་རློབས་ཤིག །མཁྱེན་གཉིས་རྣམ་དག་གཞལ་ཡས་ནས། །སངས་རྒྱས་གཞོན་ནུ་བྱིན་རློབས་ཤིག །སྟོང་ཉིད་སྙིང་རྗེའི་གཞལ་ཡས་སུ། །སངས་རྒྱས་རྒྱ་མཚོ་བྱིན་རློབས་ཤིག །སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྩ་བའི་བླ་མ་བྱིན་རློབས་ཤིག །སྙིང་ཁ་ཆོས་ཀྱི་ཕོ་བྲང་ནས། །ཡི་དམ་ལྷ་ཚོགས་བྱིན་རློབས་ཤིག །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བཀའ་སྲུང་ཆོས་སྐྱོང་བྱིན་རློབས་ཤིག །གཉན་ཁྲོད་ཕྱོགས་མེད་དགོན་པ་ནས། །མཆེད་གྲོགས་ཆོས་སྐྱོང་བྱིན་རློབས་ཤིག །བྱིན་རློབས་ཤིག་བླ་མ་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །འདི་ནས་གསོལ་འདེབས་ཐུང་བ་རྫོགས་སོ།། །།
༈ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཡུམ་ཆེན་ཕར་ཕྱིན་བྱིན་རླབས་ཅན། །བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། །རྒྱུད་སྡེ་བཞི་ཡི་ཕོ་བྲང་ནས། །དམ་ཆོས་ཕ་རོལ་ཕྱིན་དྲུག་བྱིན་རླབས་ཅན། །ཟངས་རི་མཁར་དམར་གནས་མཆོག་ནས། །ཨ་མ་ལབ་སྒྲོན་བྱིན་རླབས་ཅན། །གཡེ་ཆུང་བླ་ལུང་དགོན་པ་ནས། །རྒྱལ་བ་དོན་འགྲུབ་བྱིན་རླབས་ཅན། །གཉན་ཁྲོད་ཕྱོགས་མེད་གནས་མཆོག་ནས། །གཅོད་ཡུལ་བརྒྱུད་པའི་བྱིན་རླབས་ཅན། །ལུས་སྲོག་བློས་བཏང་ཕོ་བྲང་ནས། །འཁྲུལ་ཞིག་རྣམ་རྒྱལ་བྱིན་རླབས་ཅན། །རྫས་སྡིང་དཔལ་གྱི་དུར་ཁྲོད་ནས། །མངའ་རིས་ནམ་མཁའ་བྱིན་རླབས་ཅན། །བདེ་ཆེན་འགྱུར་མེད་ཞིང་ཁམས་ནས། །འཁྲུལ་ཞིག་ཧམ་སྨྱོན་བྱིན་རླབས་ཅན། །ཆོས་དབྱིངས་འགྱུར་མེད་གཞལ་ཡས་ནས། །སངས་རྒྱས་ཡོན་ཏན་བྱིན་རླབས་ཅན། །མཁྱེན་གཉིས་རྣམ་དག་གཞལ་ཡས་ནས། །སངས་རྒྱས་གཞོན་ནུ་བྱིན་རླབས་ཅན། །སྟོང་ཉིད་སྙིང་རྗེའི་གཞལ་ཡས་ནས། །སངས་རྒྱས་རྒྱ་མཚོ་བྱིན་རླབས་ཅན། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྩ་བའི་བླ་མ་བྱིན་རླབས་ཅན། །ཕ་རྒྱུད་བརྡའི་རྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་བྱིན་རླབས་རྒྱུད་པ་ལ་གསོལ་བ་འདེབས། །གྲོལ་རྒྱུད་བཀའི་རྒྱུད་པ་ལ་གསོལ་བ་འདེབས། །སྲས་རྒྱུད་གདམས་པའི་རྒྱུད་པ་ལ་གསོལ་བ་འདེབས། །སློབ་རྒྱུད་མོས་གུས་རྒྱུད་པ་ལ་གསོལ་བ་འདེབས། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སྙེམས་ཐག་ཆོད་པར་བྱིན་གྱིས་རློབས། །གཉན་ཁྲོད་འགྲིམ་པར་བྱིན་གྱིས་རློབས། །གཅོད་ཡུལ་འབྱོངས་པར་བྱིན་གྱིས་རློབས། །ཕུང་པོ་གཟན་ལ་འཁྱུར་བར་བྱིན་གྱིས་རློབས། །ལུས་སྲོག་བློས་སུ་ཐོང་པར་བྱིན་གྱིས་རློབས། །ཤ་འཁྱེར་ཁྲག་འཁྱེར་གཏོང་བར་བྱིན་གྱིས་རློབས། །ཆགས་མེད་ཞེན་མེད་རྟོགས་པར་བྱིན་གྱིས་རློབས། །ན་དགའ་ཤི་སྐྱིད་ནུས་པར་བྱིན་གྱིས་རློབས། །གཅོད་ཡུལ་ལམ་དུ་སློང་པར་བྱིན་གྱིས་རློབས། །བདག་འཛིན་བློས་སུ་ཐོང་པར་བྱིན་གྱིས་རློབས། །ང་འཛིན་འཁྲུལ་པ་མེད་པར་བྱིན་གྱིས་རློབས། །སྐྱེ་མེད་ཅིག་ཆོད་རྟོགས་པར་བྱིན་གྱིས་རློབས། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །རྒྱུད་པའི་རྣམ་ཐར་ཁྱོངས་པར་བྱིན་གྱིས་རློབས། །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །དགེ་བ་འདི་ཡིས་མྱུར་དུ་བདག །བཀའ་བརྒྱུད་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །གསོལ་བ་སྙིང་གི་དཀྱིལ་ནས་ཐོབ་ཅིག་ཨ་མའི་བཀྲ་ལུགས་གཙོ། ཕོ་སྒོ་སྡུག་པ་སྤྲང་གི་བན་དེ་བཛྲ་མངྒ་ལའམ་ཁོ་བོ་བཀྲ་ཤིས་སྔོན་དགས་རི་ཁྲོད་དུ་ཆོས་རྗེ་རང་གི་ཕྱག་དཔེ་དངོས་ནས་བཤུས་པའི་ཟིན་བྲིས་ལགས་སོ།། །།ཧེ་ཧེ།
གསོལ་བ་ཕུར་ཚུགས་སུ་འདེབས་པ་སྐུ་གསུམ་བྱིན་འབེབས་མ།
༄༅། །གསོལ་བ་ཕུར་ཚུགས་སུ་འདེབས་པ་སྐུ་གསུམ་བྱིན་འབེབས་མ་བཞུགས་སོ། །
བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །བླ་མའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས་ཤིག །བླ་མའི་གསུང་ལ་གསོལ་བ་འདེབས། །བླ་མའི་གསུང་གིས་བྱིན་གྱིས་རློབས་ཤིག །བླ་མའི་ཐུགས་ལ་གསོལ་བ་འདེབས། །བླ་མའི་ཐུགས་ཀྱིས་བྱིན་གྱིས་རློབས། །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །བླ་མའི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །བླ་མ་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ཀྱི་སྒྲིབ་པ་དག་ཏུ་གསོལ་ལོ། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་གིས་སྒྲིབ་པ་དག་ཏུ་གསོལ། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །བླ་མའི་ཐུགས་ལ་གསོལ་བ་འདེབས། །ཡིད་ཀྱི་སྒྲིབ་པ་དག་ཏུ་གསོལ། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཚོ་དག་ཏུ་གསོལ། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོའི་བྱིན་གྱིས་རློབས། །རྩ་བའི་བླ་མ་བཀའ་དྲིན་ཅན། །བཀའ་དྲིན་ཅན་ལ་གསོལ་བ་འདེབས་སོ། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །རྒྱུད་པའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །བླ་མ་ལ་གསོལ་བ་འདེབས། །ཡུམ་ཆེན་མོས་བྱིན་གྱིས་རློབས། །སྐལ་ལྡན་ཀུན་གྱི་རྒྱུད་འགྲོལ་མ། །བདག་དང་མོས་པའི་གང་ཟག་ལ། །དབང་བསྐུར་བྱིན་གྱིས་རློབས་ཤིག །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །རྫོགས་པའི་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས་ཤིག །བླ་མ་ལ་གསོལ་བ་འདེབས་སོ། །ཡུམ་ཆེན་མོས་བྱིན་གྱིས་རློབས་ཤིག །བཀྲ་ཤིས། ཨྠྀི།
སྡེ་སྐོར་བཅུ་བདུན།
༄༅། །སྡེ་སྐོར་བཅུ་བདུན་བཞུགས་པ་ལགས་སོ། །
ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་ལ་ཡུམ་ཆེན་མོ་ཞེས་པའི་དོན་ནི། རང་རིག་པ་བྱང་ཆུབ་ཀྱི་སེམས་འཁོར་འདས་ཡོངས་ལ་ཁྱབ་པས་དབྱིངས་རྣམ་པར་དག་པའི་དོན་འདི་ཀ་ཡིན་དེའི་གོ་བ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། སེམས་ཉིད་རྣམ་པར་དག་པའི་དབྱིངས་འདི་ཉིད་ལས་སྐུ་བལྟམས་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་དང་། རྫུ་འཕྲུལ་དང་། ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི་ཡང་འདི་ཡིན། དམ་པའི་ཆོས་ཐམས་ཅད་འབྱུང་བའི་གནས་ཀྱང་སེམས་ཉིད་རྣམ་པར་དག་པ་འདི་ཡིན་པའི་དོན་གྱིས་ཡུམ་ཆེན་མོ་ཞེས་བྱའོ། །དོན་དེ་ཉིད་ངོ་སྤྲད་པས་རང་གི་སེམས་ཉིད་ཡིན་པར་ངོ་ཤེས་ཤིང་། ཡིད་ཆེས་ཁོང་དུ་ཚུད་པ་དེ་ལ་ཤེས་རབ་ཅེས་བྱའོ། །ངོ་བོ་རྩོལ་སྒྲུབ་དང་བྲལ་བར་རྟོགས་ཤིང་། ཉམ་ང་མེད་པའི་གདེང་དང་ལྡན་པ་དེ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དོན་དེ་ལྟར་ཐོག་ཏུ་འགེལ་བ་དེ་ལ་དད་པ་བརྩོན་འགྲུས་མོས་གུས་གསུམ་གྱིས་ལ་བཟླ་བ་ཡིན་ནོ། །དེ་ལྟར་དོན་རྟོགས་པ་ནི། རང་སེམས་བླ་མའི་ངོ་བོ་ཡུམ་ཆེན་མོའི་བདག་ཉིད་དེ་ལ་ཕྱག་འཚལ་བ་ཡིན་ནོ། །
དེ་ལྟར་ཨ་མ་ཇོ་མོའི་གདམས་ངག་དོན་དང་མི་འགལ་བར་གདམས་པ་ལ་ལྔ་སྟེ། བཀའ་དང་མི་འགལ་བར་བསྟན་པ་དང་གཅིག །ལུང་དང་མི་འགལ་བར་བསྟན་པ་དང་གཉིས། རིགས་པ་དང་མི་འགལ་བར་བསྟན་པ་དང་གསུམ། རྟོགས་ན་ཆོས་ཉིད་ཀྱི་དོན་གཅོད་ཡུལ་དུ་བསྟན་དང་བཞི། མ་རྟོགས་ན་བདུད་ཀྱི་གཅོད་ཡུལ་དུ་བསྟན་པ་དང་ལྔའོ། །དང་པོ་ནི་ཆོས་འདི་བཀའ་ཡིན་ནམ་ཞེ་ན། བཀའ་ཁོ་ནའང་མིན་བཀའ་ནི་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་ཅིང་སྟོན། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རང་གི་སེམས་ཡིན་པར་ཤེས་པས་བཀའ་དང་མི་འགལ་ལོ། །གཉིས་པ་ལུང་ཡིན་ནམ་ཞེ་ན། ལུང་ཁོ་ནའང་མིན་ཏེ། ལུང་ནི་འགྲེལ་པ་ལ་བསྟེན་ནས་འཆད་ཅིང་སྟོན། འདིར་སྙིང་པོའི་དོན་ལ་ཡིད་ཆེས་ནས་དོན་ཉམས་སུ་མྱོང་བས་ལུང་དང་མི་འགལ་ལོ། །གསུམ་པ་རིགས་པ་ཡིན་ནམ་ཞེ་ན། རིགས་པ་ཁོ་ནའང་མིན་ཏེ། རིགས་པ་ནི་རྒྱུད་ལུང་མན་ངག་དང་མི་སྦྱོར་རིགས་ཆོས་རྐྱང་དུ་འཆད་དོ། །འདིར་ཨ་མ་ཇོ་མོས་སྙིང་པོའི་དོན་ཁོང་དུ་ཆུད་ནས་ཐུགས་ལ་ཤར་བས་རིགས་པ་དང་མི་འགལ་ལོ། །འོ་ན་ཆོས་འདི་གང་ཡིན་ཞེ་ན། འདི་ནི་སྙིང་པོའི་དོན་གཏན་ལ་འབེབས་པ་ཡིན་པས་མན་ངག་ཏུ་ངོས་བཟུང་ངོ་། །དོན་ཡང་ཚེགས་ཆུང་ལ་དོན་ཆེ། གནད་དུ་ཐེམས་པས་ན་མན་ངག་གོ །རྣམ་པར་ཐར་པའི་སྒོ་གསུམ་ཉམས་སུ་མྱོང་བས་ན་མན་ངག་ཡིན། དུས་ཕྱི་དུས་སུ་སྨོན་ལམ་གདབ་མི་དགོས་པས་མན་ངག་ཡིན། བླ་མས་སློབ་མ་ལ་ཐུགས་ཕྱུང་ནས་གདམས་ངག་ཞལ་དུ་སྟོན་ནས་གནང་བས་ན་མན་ངག་གོ །བཞི་པ་དེ་ལྟར་བླ་མའི་མན་ངག་གོ་དོན་གོ་ཞིང་རྟོགས་ནས་ཉམས་སུ་མྱོང་བ་ལ། བདུད་ཡེ་ཤེས་སུ་འཆར། ཡུལ་ཆོས་ཉིད་དུ་གཅོད་པའོ། །
ལྔ་པ་གདམས་ངག་གི་དོན་གོ་མ་རིག་ན་ཚིག་ལ་མཁས་ཀྱང་རང་རྒྱུད་དུ་བཟུང་ནས། རྟོགས་པ་བདུད་དུ་བབས་ཏེ་ཉོན་མོངས་བདུད་ཀྱི་གཅོད་ཡུལ་དུ་སོག་པའོ། །དེས་ན་གདམས་པ་མ་ནོར་བར་གདམས་པ་གལ་ཆེའོ། །དེ་ལ་གདམས་པའི་གནད་འགྲོ་བ་ལ་སྡེ་སྐོར་བཅུ་བདུན་གྱིས་བསྟན་ཏེ། དེ་ལ་རྩ་བའི་ཚིག་བཞི་ཉམས་སུ་བླང་བའི་ཚིག་བཅུ་གསུམ་གྱིས་བསྟན་ཏེ། དང་པོ་རྩ་བའི་ཚིག་བཞི་ནི། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད། བྱིན་རླབས་ལུས་སེམས་དབྲལ་བ། སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། ལྟ་བ་བདུད་ཀྱི་གཅོད་ཡུལ་དུ་མ་ཤོར་བ་དང་བཞིའོ། །ཉམས་སུ་བླངས་པའི་ཚིག་བཅུ་གསུམ་ལ། ཉོན་མོངས་པའི་བདུད་འདུལ། ཕུང་པོའི་བདུད་འདུལ། ལྷའི་བུའི་བདུད་འདུལ། འཆི་བདག་གི་བདུད་འདུལ། འདྲེ་གཉིས་ཀྱི་བདུད་འདུལ། ཐོགས་བཅས་དང་ཐོགས་མེད་གཉིས་འདུལ། རབ་ལྟ་བས་ཐག་གཅད། འབྲིང་སྒོམ་པས་ཉམས་སུ་བླངས། ཐ་མས་ཕུང་པོ་གཟན་དུ་བསྐྱུར། གཉན་ཐོག་ཏུ་གཉན་དབབ། ནད་ལོག་བྱུང་ན་བཅོས་ལོག་བྱ།རང་ངམ་གཞན་ལ་བྱིན་རླབས་ཇི་ལྟར་བྱ་བ་དང་། དེ་ལྟར་སྡེའུ་སྐོར་བཅུ་བདུན་དུ་བསྐོར་བའོ། །
དེ་ལ་དང་པོ་འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ནི། དེའང་ལས་འཕྲོའི་དབང་གིས་ཆོས་སྒོར་ཞུགས་པ་ལོག་པ་དང་མ་ལོག་པ་གཉིས་ལས། ལོག་པ་ནི་གྲུབ་མཐའ་བློས་བསྒྱུར་ཡང་རྩོལ་བ་ལ་རག་ལས་དགོས་ཏེ། རེ་བ་ཁ་ལན་དང་བཅས། དགག་སྒྲུབ་སྤང་ཐོབ་དང་བཅས། ཕྱི་ནང་རེ་དོགས་དང་བཅས། ཕྱི་བསྐལ་པ་ལ་གྲངས་སུ་འཛིན། ནང་མི་ཚེ་ལ་གྲངས་སུ་འཛིན། འབྲས་བུ་སངས་རྒྱས་དགུག་པ་དེ། ཐེག་པ་དམན་པས་འཇུག་པའི་ལོག་པ་ཡིན། མ་ལོག་པ་ནི་སྤྱིར་ཐེག་པ་ཆེན་པོའི་སྒོར་ཞུགས་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཏན་ལ་ཕབ་པར་ཕྱི་རྩོལ་བ་ལ་རག་མ་ལས། ནང་སེམས་འཛིན་ལ་རག་ལས་ཆོས་ཉིད་ཀྱི་དོན་གཏན་ལ་ཕེབ་པ་ནི་ཆོས་ཀྱི་འཇུག་སྒོ་མ་ལོག་པ་ཡིན། ཁྱད་པར་དུ་ཨ་མ་ཇོ་མོའི་གདམས་ངག་གི་སྒོར་ཞུགས་པ་ནི། སྣང་སྲིད་གཞིར་བཞེངས་སུ་ཉམས་སུ་བླངས་ནས། གང་ཟག་ཐོག་འགེལ་དུ་ཉམས་ལེན་གྱི་བསད་མཐུ་བཏང་བས་འབྲས་བུ་ཕྱི་དུས་སུ་མི་འཇོག་པར་མངོན་དུ་གྱུར་པ་དེ་ཆོས་ཀྱི་འཇུག་སྒོ་མ་ལོག་པའོ། །སྐྱབས་འགྲོ་ནི་ཕྱིའི་སྐྱབས་འགྲོ་དང་། ནང་གི་སྐྱབས་འགྲོ་དང་། གསང་བའི་སྐྱབས་འགྲོ་གསུམ་དུ་ཤེས་པར་བྱའོ། །སེམས་བསྐྱེད་ནི། སྨོན་པ་སེམས་བསྐྱེད། འཇུག་པ་སེམས་བསྐྱེད། དོན་དམ་གསུམ་དུ་ཤེས་པར་བྱའོ། །
བྱིན་རླབས་ལུས་སེམས་དབྲལ་བ་ནི། ལུས་ཀྱི་གཅེས་འཛིན་བཏང་དགོས། དེའང་ལུས་ཀྱི་བདག་པོ་འདི་མ་ཤི་བ་ནས་རོ་སྟོད་རོ་སྨད་ལུས་པོ་ཕུང་པོ་ཟེར་ནས་མི་རྟག་པའི་མིང་དུ་གདའ་བས་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི། གཉའ་རེངས་བདག་ཏུ་རེངས་པས་མི་ཕན། ནམ་ཞིག་གཡར་པོ་ཁུངས་སུ་གཏོད་དགོས་པ་ཡིན། དེའང་ཤ་ས་ལ་གཏོད། རུས་རྡོ་ལ་གཏོད། ཁྲག་ཆུ་ལ་གཏོད། དྲོད་མེ་ལ་གཏོད། དབུགས་རླུང་ལ་གཏོད། དེ་ལྟར་ལུས་འབྱུང་བཞི་གཡར་པོ་རང་གྲོལ་དུ་གཏད་ལ། གཅེས་འཛིན་གྱི་ཞེན་པ་བསྒྲལ་ལོ། །དེ་ནས་ཕུང་པོ་ལ་གཞིག་འབྲེལ་བྱས་ཏེ། བདག་གི་ལུས་འདི་མི་གཙང་བའི་གོང་པོ། རྣག་ཁྲག་གི་ཐུམ་བུ། ཆུ་སེར་གྱི་རྐྱལ་བ། རུས་པའི་དུམ་བུ། ཆུ་རྒྱུས་ཀྱི་དྲ་བ། འབུ་སྲིན་གྱི་གྲོང་ཁྱེར། ཤིག་སྲོའི་ཚང་ཚིང་། མི་རྟག་འཇིག་པའི་རང་བཞིན་འདི་ལ། བདག་གིས་འདུ་ཤེས་བདུན་དང་ལྡན་པར་ལྟ་སྟེ། ལུས་ནི་རོའི་འདུ་ཤེས། རྣམ་པར་ཚིག་པའི་འདུ་ཤེས། རྣམ་པར་ཟོས་པའི་འདུ་ཤེས། རྣམ་པར་བམ་པའི་འདུ་ཤེས། རྣམ་པར་སུངས་པའི་འདུ་ཤེས། རྣམ་པར་འབུ་ཅན་གྱི་འདུ་ཤེས། རྣམ་པར་འཐོར་བའི་འདུ་ཤེས་ཅན་དུ་འདུག་པས་བདུད་དང་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་དང་། ཤ་དང་ཁྲག་ལ་རྔམ་པ་རྣམས་ལ་ཕངས་སེམས་མེད་པར་སྦྱིན་ནོ། །རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཤ་འདོད་ན་ཤ་ལ་ཟོ། ཁྲག་འདོད་ན་ཁྲག་ལ་འཐུང་། རུས་འདོད་ན་རུས་ལ་འཆོས་སྙམ་དུ་ཕུང་པོ་གཟན་དུ་ལིངས་ཀྱིས་བསྐྱུར་རོ། །དེ་ནས་འཁོར་བ་ལ་སྐྱོ་བ་བསྐྱེད་པའི་དུས་ཡིན་ཏེ། བདག་གི་ལུས་འདིའང་དེ་ལྟ་བུའི་ཆོས་ཅན། དེ་ལྟ་བུའི་རང་བཞིན་ཅན། དེ་ལྟ་བུའི་མཚན་ཉིད་ཅན། དེ་ལྟ་བུའི་ངང་ཚུལ་ཅན་ལས་མ་འདས་པའོ་སྙམ་དུ་བསམ་མོ། །དེ་ལྟར་ལུས་ཀྱི་ཞེན་པ་བཅད་ནས་སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་དེ། རྒྱུ་དང་རྐྱེན་ལས་མ་གྲུབ། ཕྱོགས་དང་རིས་སུ་མ་གྲུབ། དངོས་པོ་དང་མཚན་མར་མ་གྲུབ། དབྱིབས་དང་ཁ་དོག་ཏུ་མ་གྲུབ། ཕྱི་དང་ནང་དུ་མ་གྲུབ། མཐའ་དང་དབུས་སུ་མ་གྲུབ་པའོ། །
དེ་ལ་གདམས་ངག་ལག་ལེན་དུ་བསྟན་པ་ནི། ལུས་སྐད་ཅིག་ལངས་ལ་རྐང་པ་གཉིས་གཤིབས། ལག་པ་གཉིས་སྨིན་ཕྲག་ཏུ་ཐལ་མོ་སྦྱར། རིག་པ་མི་དྲན་དགུ་དྲན་འདི་རྐང་པའི་མཐིལ་ནས་ཡར་དྲངས་ཏེ། སྤྱི་བོ་ཚངས་པའི་བུ་ག་ན་ཡར་བུན་བཏང་ངོ་། །དེ་ལྟར་ཕྱིའི་ནམ་མཁའ་དང་། ནང་གི་ནམ་མཁའ་གཉིས་ཀྲུག་གིས་བསྲེའོ། །བློ་རྒྱ་བསྐྱེད་ལ་རིག་པ་བློས་ཁྱབ་ཚད་དུ་ཁྱབ་བརྡལ་དུ་ཤིགས་སེ་བཏང་ངོ་། །དེ་ལྟར་ལུས་སེམས་ཕྲལ་ལ་ཤེས་པ་རྟེན་མེད་དུ་བཏང་ངོ་། །དེའི་ངང་ལ་ཉམས་དགའ་ཡ་ལེ། བག་དྲོ་འུར་རེ། བློ་བདེ་འབོལ་ལེ། ཤེས་པ་བདེ་སྟོང་དུ་ཕྲིལ་ལེ་འཇོག་པ་ཡིན་ནོ། །དེ་ལྟར་དུ་ལུས་ལ་སེམས་མ་ལྟོས། སེམས་ལ་ལུས་མ་ལྟོས། ལུས་སེམས་གཉིས་ལ་ཤ་ཚ་དང་བརྩེ་གདུང་མེད་པར་ལིངས་བསྐྱུར་བ་ཡིན་ནོ། །དེ་ལྟར་ཉམས་སུ་མྱོང་ཙ་ན། བློ་རེ་དོགས་ཐམས་ཅད་དང་བྲལ་ནས་གང་ལའང་ཉམ་ང་བ་མེད་པ་དེ་ལྟ་བ་ཡིན་ནོ། །ཅི་ལའང་དངོས་པོར་མི་འཛིན་པ་དེ་སྒོམ་པ་ཡིན། རྟོག་པ་བཙན་ཐབས་སུ་གཅོད་པ་དེ་སྤྱོད་པ་ཡིན་ནོ། །གཞན་ལ་རག་མ་ལས་ཡེ་ནས་རང་བྱུང་དུ་གྲུབ་པ་དེ་འབྲས་བུ་ཡིན་ནོ། །དེ་ལྟར་རྟོགས་པའི་རྟེན་གྱི་གང་ཟག་དེ་ལ་དབང་བཞི་དུས་གཅིག་ལ་རྫོགས་ཏེ། ལུས་ལ་སྲུང་བ་མི་དགོས། གཉེན་པོ་དང་རྫས་ལ་རག་མ་ལས། ལུས་རྟོག་པའི་དབང་དུ་མི་འགྲོ་བས་ཕྱི་བུམ་པའི་དབང་མ་བསྐུར་བར་རང་ལ་རྫོགས་སོ། །སེམས་རང་བྱུང་གི་ཡེ་ཤེས་ལ་གསལ་འགྲིབ་མེད་པས་ནང་ཡི་དམ་ལྷའི་དབང་མ་བསྐུར་བར་རང་ལ་རྫོགས་སོ། །རྣམ་རྟོག་བཟང་ངན་གྱི་སྐྱོན་གྱིས་མ་གོས་པས་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་མ་བསྐུར་བར་རང་ལ་རྫོགས་སོ། །དོན་སྨྲ་བསམ་བརྗོད་དུ་མེད་པའི་དོན་ཤེས་པས་བཞི་པ་ཚིག་དབང་རིན་པོ་ཆེ་མ་བསྐུར་བར་ཐོབ་བོ། །དེ་ལྟ་བུའི་རྟེན་གྱི་གང་ཟག་དེ། ཨ་ར་ཧན། བྱ་བ་བྱས། ཟག་པ་ཟད། ཁུར་བོར། རང་གི་དོན་རྗེས་སུ་ཐོབ་བོ། །དེ་སྐད་དུའང་སྡུད་པ་ལས། ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ་ཞེས་སོ། །
སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི། དེའང་སྒོམ་པ་རྣམ་པ་བཞི་སྟེ། མཚན་མའི་འཛིན་སྒོམ། དྲན་མེད་ཀྱི་ཡེངས་སྒོམ། ལྟ་བའི་ངང་སྒོམ། རིག་པའི་ཀློང་སྒོམ་དང་བཞིའོ། །དང་པོ་ནི། དམིགས་པའི་རྟེན་ཞིག་མདུན་དུ་བཞག་ལ། སེམས་གཞན་དུ་མི་འཕྲོ་བར་ཧྲིལ་ལེ་གཏད་ལ་བཞག་གོ །གཉིས་པ་འདས་པའི་རྗེས་མི་གཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་ལ་ཆེད་དུ་མི་འཛིན། བྱར་མེད་ངང་དུ་སྒོམ་མེད་དུ་ལྷན་ནེ། འཛིན་མེད་དུ་ཤིགས་སེ། ཀུན་ཁྱབ་བརྡལ་བ་ཆེན་པོའི་ངང་ལ་གལ་མ་མཆིས་སུ་ཟོམ་མེ་འཇོག་པ་ཡིན་ནོ། །གསུམ་པ་ནི། ཚོགས་དྲུག་གི་སྣང་བ་ཇི་ལྟར་ཤར་ཡང་། སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ། ཆགས་སྡང་རྗེས་མེད་དུ་ཕྱལ་ལེ་ཤིགས་སེ། གསལ་ལ་འཛིན་མེད་དུ་ཉམས་སུ་ལེན་པ་ཡིན་ནོ། །བཞི་པ་ནི། རིག་པའི་ཀློང་སྒོམ་ནི། སྣང་སྲིད་འཁོར་འདས་ཐམས་ཅད་རིག་པའི་ཀློང་ཡིན་པས་བདེ་སྟོང་རྩ་བྲལ་རིག་པ་ཟང་ཐལ་དུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པས་རིག་པ་ཀློང་ཡངས་ཀྱི་ཉམས་རྒྱུད་ལ་འཆར་བ་ཡིན་ནོ། །
ལྟ་བ་བདུད་ཀྱི་གཅོད་ཡུལ་དུ་མ་ཤོར་བ་ནི། དེའང་ལྟ་བ་ལ་གཉིས་ཏེ། འཇིག་རྟེན་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ལྟ་བའོ། །དང་པོ་ལ་གཉིས་ཏེ་ལོག་པ་མུ་སྟེགས་པའི་ལྟ་བ་དང་རང་རྒྱུད་སོ་སོ་སྐྱེ་བོའི་ལྟ་བའོ། །དང་པོ་ལ་ལྟ་ལོག་སུམ་བརྒྱ་དྲུག་ཅུ་གསུངས་ཏེ། རྟག་ཆད་གཉིས་སུ་འདུས་སོ། །གཉིས་པ་ནི། སོ་སོའི་སྐྱེ་བོ་རིགས་རྒྱུད་བྱས་པའི་ལག་རིས། འཕྲལ་གྱི་འཛོམ་ཆ། དེ་རྣམས་རློམ་སེམས་སུ་ཁྱེར་ནས་རྟིང་པ་འདེགས་པ་རྣམས་ཡིན། དེ་ལྟར་འཇིག་རྟེན་པའི་ལྟ་བ་དེ་དག་ཐམས་ཅད་བདུད་རང་ཁ་མ་ཞུགས་པའི་ལྟ་བ་ཡིན། འཇིག་རྟེན་ལས་འདས་པའི་ལྟ་བ་ནི། གང་ཟག་དྲེགས་པའི་དབང་གིས་རྒྱུད་ལུང་མན་ངག་གསུམ་ཐོས་བསམ་སྒོམ་གསུམ་ལ་བློ་སྦྱོང་སྟེ། ཆོས་ང་མཁས་ལྟ་བ་ང་མཐོ་སྒོམ་པ་ང་ཟབ། བསོད་ནམས་ང་ཆེ་སྙམ་ནས་ཆོས་ལ་རིས་ཆོད་བྱེད་པ་རྣམས་ནི། ལྟ་བ་བདུད་ཀྱི་གཅོད་ཡུལ་དུ་ཤོར་བའོ། །དེ་ལས་འདི་ཡང་དག་པའི་དོན་མ་མཐོང་བའི་ཡུལ་དང་བྲལ་བས་ལྟ་རུ་མེད་པར་ཐག་ཆོད། ཆོས་ཉིད་ཀྱི་དོན་ལ་བཅོས་སུ་མེད་པས་སྒོམ་དུ་མེད་པར་ཐག་ཆོད། སེམས་ཉིད་ཀྱི་དོན་ལ་ངོ་བོ་མ་གྲུབ་པས་སྤྱད་དུ་མེད་པར་ཐག་ཆོད། ཕ་རོལ་ཏུ་ཕྱིན་པའི་དོན་ལས་ཀྱི་དབང་དུ་མི་འགྲོ་བས་བདུད་ཀྱི་གཅོད་ཡུལ་དུ་མ་ཤོར་བའོ། །དེ་རྣམས་ནི་རྩ་བའི་ཚིག་བཞིའོ། །བདུད་མེད་དུ་བཞག་གོ །བདུད་བཞིའི་འདུལ་ཐབས་ལ། དང་པོ་ཉོན་མོངས་པའི་བདུད་འདུལ་བ་ནི། ཐོག་མའི་དུས་སུ་དཔལ་ཀུན་ཏུ་བཟང་པོ་དེས། དགེ་བ་ཏིལ་འབྲུ་ཙམ་ཞིག་མ་བྱས་པར་གཞི་ཐོག་ནས་སངས་རྒྱས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱིས་སྡིག་པ་སྤུ་ཙམ་མ་བྱས་པར་གཞི་ཐོག་ནས་འཁོར་བར་འཁྱམས། ཉོན་མོངས་པ་རང་དགར་ཁྱེར་བས་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལས་ལྡོག་པ་ལ། ད་ལྟའི་བླ་མའི་གདམས་ངག་གིས་རྩ་བྲལ་དུ་གཏན་ལ་ཕབས་ནས་དུག་ལྔ་རང་སར་གྲོལ་ཙ་ན་ཉོན་མོངས་པའི་བདུད་ཐུལ་བའོ། །
ཕུང་པོའི་བདུད་ནི། ཕུང་པོ་ལྔ་ལ་བདེན་པར་འཛིན་པའི་བློ་ཨ་འཐས་པའི་འཁོར་བའི་རྒྱུ་བྱུང་། དེའང་གཟུགས་ཀྱི་ཕུང་པོ་ལ་སྐྱེ་ཤི་བྱུང་། ཚོར་བའི་ཕུང་པོ་ལ་གཉིས་འཛིན་བྱུང་། འདུ་ཤེས་ཀྱི་ཕུང་པོ་ལ་ཆགས་སྡང་བྱུང་། འདུ་བྱེད་ཀྱི་ཕུང་པོ་ལ་བདེ་སྡུག་བྱུང་། རྣམ་པར་ཤེས་པའི་ཕུང་པོ་ལ་འཁོར་འདས་བྱུང་། དེ་ལྟར་ཕུང་པོ་འདི་ལ་བདེན་པར་བཟུང་ནས། འཁྱག་གིས་དོགས། ལྟོགས་ཀྱིས་དོགས་པ་ལ་སོགས་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བས་འཁོར་བར་འཁྱམས་པ་ཡིན་ནོ། །དེ་ལྟར་ཕུང་པོའི་བདུད་དེ་རྣམས་འདུལ་བ་ལ། བླ་མའི་གདམས་ངག་གིས་ལུས་སེམས་འབྲེལ་མེད་ཀྱི་སྒོ་ནས་གཟུགས་ཀྱི་ཕུང་པོ་གཟན་དུ་བསྐྱུར་བས་ལུས་བདག་འཛིན་གྱི་རྟོག་པ་དང་བྲལ། ཚོར་བའི་ཕུང་པོ་འཛིན་མེད་དུ་གཟན་དུ་བསྐྱུར་བས་གཉིས་འཛིན་གྱི་རྟོག་པ་དང་བྲལ། འདུ་ཤེས་ཀྱི་ཕུང་པོ་ཞེན་མེད་དུ་བསྐྱུར་བས་ཆགས་སྡང་གི་རྟོག་པ་དང་བྲལ། འདུ་བྱེད་ཀྱི་ཕུང་པོ་བྱར་མེད་དུ་བསྐྱུར་བས་བདེ་སྡུག་གི་རྟོག་པ་དང་བྲལ། རྣམ་པར་ཤེས་པའི་ཕུང་པོ་རྩ་བྲལ་དུ་བསྐྱུར་བས་འཁོར་འདས་ཀྱི་རྟོག་པ་དང་བྲལ། དེ་ལྟར་ཕུང་པོ་ལྔ་ལ་རང་བཞིན་མེད་པར་ཤེས་པས་བག་ཆགས་ཀྱི་ལུས་མི་ལེན་ཏེ་ཕུང་པོའི་བདུད་ཐུལ་ལོ། །ལྷའི་བུའི་བདུད་འདུལ་བ་ནི་ཚེ་འདིའི་བུ་ཚ་དང་། འཁོར་འདབ་ནོར་རྫས་ལོངས་སྤྱོད། སྐྱེས་པ་དང་། ལག་རིས་ཡུལ་གཞིས་ཁང་ཁྱིམ། ཉེ་དྲུང་དང་འབྲེལ་བ་རྣམས་ལ་ཆགས་ནས་འདོད་ཡོན་གྱི་སྣང་བ་ལ་ཞེན་ནས་དམ་པའི་ཆོས་མ་དྲན་ཏེ། འཇིག་རྟེན་གྱི་སྣང་བ་ལ་ཞེན་པ་རྣམས་ལྷའི་བུའི་བདུད་ཀྱིས་ཟིན་པ་ཡིན་ནོ། །
གཞན་ཡང་ཆོས་པ་རྣམས་ཀྱིས་མཐུ་དང་། རྫུ་འཕྲུལ་དང་དབང་དང་བྱིན་རླབས་དང་། མངོན་ཤེས་ནུས་པ་ཏིང་འཛིན་ཡི་དམ་གྱི་ལྷ་ལ་ཆགས་པ་སོགས་ཐམས་ཅད་བཀའི་ཡོན་ཏན་དུ་ལྟ་བ་ཡིན་ཏེ། ཞེན་པའི་བློས་བཅིངས་པས་འཁོར་བ་ལས་མི་གྲོལ་ཏེ་ལྷའི་བུའི་བདུད་ཀྱིས་ཟིན་པའོ། །དེ་རྣམས་འདུལ་བ་ལ། དང་པོ་ངན་རྟོག་ཤར་ཚེ་འདིའི་འདོད་ཡོན་ལ་ཞེན་པ་ལ་བླ་མའི་གདམས་ངག་གི་ཚིག་དྲག་པོས་གཉིས་སྣང་གི་ཤེས་པ་ཐམས་ཅད་གཉིས་མེད་དུ་གཏན་ལ་ཕབས་ལ། རྗེས་མེད་དུ་ལམ་དུ་ཁྱེར་བ་ཡིན། གཉིས་པ་བཟང་རྟོག་ལམ་གྱི་ཡོན་ཏན་ལ་ཞེན་པ་ལ་བདེ་སྡུག་གི་སྣང་བ་ལ་རྟོག་དཔྱོད་བཏང་ནས། རང་སྣང་ལ་བདེན་པར་འཛིན་པའི་བློ་འཇོག་དགོས། དེ་ལྟར་ཉམས་སུ་བླངས་པས་འཇིག་རྟེན་པ་དང་ལམ་པའི་རྟོག་པ་ལས་གྲོལ་ཏེ་ལྷའི་བུའི་བདུད་ཐུལ་བའོ། །འཆི་བདག་གི་བདུད་འདུལ་བ་ལ། གཉན་ས་དང་རི་ཁྲོད་འགྲིམ་ཞིང་ལུས་སྲོག་གཟན་དུ་བསྐྱུར་བས་སེམས་སྐྱེ་ཤི་མེད་པའི་དོན་རྟོགས་ནས་འོང་བ་ཡིན་པས་ལར་ཕུང་པོ་འདི་འདུས་བྱས་ཡིན་པས་འབོར་དགོས་པའི་དུས་ཤིག་འོང་། དེ་ལ་སྐྱེ་ཤི་རྩད་ནས་གཅོད་པ་གལ་ཆེ་བས་སྣང་བ་ཐམས་ཅད་ངོ་མཉམ་དུ་གཏན་འབེབས་དགོས་པས་དེ་ལ་དགྲ་དང་བུར་ངོ་མཉམ་སྟེ། བུ་ལ་ཆགས་ཤིང་ཞེན་པ་མེད་པ། དགྲ་ལ་སྡང་ཞིང་སྐྲག་པ་མེད་པ་ཞིག་དགོས། དེ་བཞིན་དུ་གསེར་དང་བོང་བ། ཕ་ཡུལ་དང་གཉན་ཁྲོད། ལྷ་དང་འདྲེ་བར་ཆད་དང་དངོས་གྲུབ། བདུད་དང་སངས་རྒྱས། བདེ་སྡུག་རྐྱེན་སྣང་ལ་སོགས་པ་ཐམས་ཅད་གོང་བཞིན་དུ་དོ་མཉམ་པར་བྱའོ། །གཞན་ཡང་དུག་ལྔ་དང་ཡེ་ཤེས། རྣམ་རྟོག་དང་ཆོས་སྐུ། གཡུ་དང་རྡོ། འཁོར་དང་མྱང་འདས་ལ་སོགས་པ་ཐམས་ཅད་ངོ་བོ་སེམས་སུ་མཉམ་པ་གདམས་པའི་གནད་ཡིན་ནོ། །གནད་དེ་ལྟར་ཉམས་སུ་བླངས་པས་སེམས་རྣམ་པར་རྟོག་པའི་དབང་དུ་མི་འགྲོ་སྟེ། དབུགས་ཆད་པའི་དུས་སུ་ཡང་བར་དོ་མེད་པར་ཆོས་ཉིད་མ་བུ་འཕྲད་ནས་སྐྱེ་བ་མི་ལེན་པས་འཆི་བ་མི་འབྱུང་ངོ་། །དེས་འཆི་བདག་གི་བདུད་ཐུལ་བའོ། །
འདྲེ་གཉིས་འདུལ་བ་ནི། ཕྱི་འདྲེ་དང་ནང་འདྲེ་གཉིས་ལས། ཕྱི་འདྲེ་ནི་བློའི་རྟོག་པས་ཕྱིའི་ཡུལ་དུ་བཟུང་ནས། ས་ཕྱོགས་འདི་ན་འདྲེ་ཡོད་ཟེར་ནས་ཡུལ་སྣང་འདྲེ་རུ་འཛིན་པ་ནི་ཕྱིའི་འདྲེའོ། །ནང་འདྲེ་ནི་རང་གི་སེམས་ཀྱིས་རྟོག་པའི་སྣ་ལེན་བྱས་ཏེ། འདྲེ་ཡོད་དམ་སྙམ་པ་དང་། འདྲེ་བྱུང་ངོ་སྙམ་པ་དེ་ནང་འདྲེའོ། །འདྲེ་དེ་གཉིས་འདུལ་བ་ལ་བླ་མའི་གདམས་ངག་གིས་ཕྱི་འདྲེ་རུ་འཛིན་པའི་མཁན་པོ་རྩད་གཅད། ནང་འདྲེ་རུ་འཛིན་པའི་མཁན་པོའི་རྩ་བ་རང་གི་སེམས་སུ་ཤེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན། རང་གི་དོན་རྒྱུད་ལ་རྟོགས་ནས་འདྲེར་འཛིན་གྱི་རྟོག་པ་རང་སར་གྲོལ་ནས་འགྲོ་བ་ཡིན་ནོ། །དེ་སྐད་དུའང་སྡུད་པ་ལས། ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་དག་ནི་མཁའ་འགྲོའི་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་སོ། །དེ་ལྟར་རང་སེམས་སྙིང་པོའི་དོན་ལ་རྒྱུན་དུ་ལྟ་ཞིང་གནས་པས་ཕྱིའི་འདྲེ་དང་ནང་འདྲེ་ཐམས་ཅད་ཐུལ་ལོ། །
བདུད་གཉིས་འདུལ་བ་ནི། ཐོགས་བཅས་དང་ཐོགས་མེད་གཉིས་སོ། །དང་པོ་ནི། སྣང་བའི་གཟུགས་དང་སྒྲ་དྲི་དང་རོ་རེག་བྱ་ལ་སོགས་པ་ལ་དངོས་པོར་བཟུང་ནས་ཞེན་པ་ནི་ཐོགས་བཅས་ཀྱི་བདུད་ཡིན་ནོ། །ཐོགས་མེད་ཀྱི་བདུད་ནི། ཉམས་སྒྲིབ་དང་འགོ་མཚན། ནད་ཡམས་དང་ཕྱོགས་ངན། མི་འགྲུབ་པའི་ཡིད་སྨོན་ལ་སོགས་པ་གཟུགས་སུ་མ་གྲུབ་ཀྱང་། བར་གཅོད་གནོད་པ་བྱུང་བ་ཐམས་ཅད་ཐོགས་མེད་ཀྱི་བདུད་ཡིན། དེ་འདུལ་བ་ལ། བླ་མའི་གདམས་ངག་གིས་ཕྱི་ཚོགས་དྲུག་གི་ཡུལ་བདེན་མེད་དུ་གཏན་ལ་ཕབས། ནང་སེམས་ཉིད་ཀྱི་འཆར་སྒོ་ཐམས་ཅད་འཛིན་མེད་དུ་གཏན་ལ་དབབ་ནས། གསང་བ་དོན་གྱི་གནས་ལུགས་རྩ་བྲལ་དུ་གཏན་ལ་ཕབ་ནས། ཕྱི་ནང་གསང་བའི་སྙེམས་ཐག་པ་བཅད་ནས། ཉམས་སུ་བླངས་པས་ཕྱི་ཡུལ་གྱི་སྣང་བ་བདེན་མེད་དུ་རྟོགས། ནང་སེམས་ཀྱི་འཆར་སྒོ་འཛིན་མེད་དུ་རྟོགས། ཐོགས་མེད་ཀྱི་བདུད་ལས་གྲོལ། གསང་བ་དོན་གྱི་གནས་ལུགས་རྩ་བྲལ་དུ་རྟོགས་ནས་བདུད་ཆོས་ཉིད་དུ་འཆར་བའོ། །དེ་སྐད་དུའང་སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལ་མགོན་སྤྱོད་པ། །འདི་ནི་གང་ཞིག་གུས་བྱས་འཛིན་དང་ཆུབ་བྱེད་པ། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་ཀྱི་ཕྱོགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་སོ། །
རབ་ལྟ་བས་ཐག་གཅད་པ་ནི། གང་ཟག་དབང་པོ་རབ་ཀྱིས་ལྷ་དང་འདྲེའི་སྣང་བའམ། རྐྱེན་སྣང་བདེ་སྡུག་གི་སྣང་བའམ། འཁོར་བ་དང་མྱ་ངན་ལས་འདས་པའི་སྣང་བ་ཐམས་ཅད་དོན་རང་གི་སེམས་སུ་ཐག་བཅད། སེམས་ཉིད་རྣམ་པར་དག་པའི་དབྱིངས་ལས་འགྱུར་བ་མེད་པར་ཐག་སད་ཀྱིས་བཅད་དོ། །དེ་སྐད་དུའང་ཡུམ་ལས། སེམས་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ་ཞེས་སོ། །
འབྲིང་སྒོམ་པ་ཉམས་སུ་མྱོང་བ་ནི། གང་ཟག་དབང་པོ་འབྲིང་གིས་ལྟ་བའི་དོན་ལ་མ་ཡེངས་པར་སྒོམ་པ་ཡིན་ཏེ། ཕྱི་ནང་གི་སྣང་བ་གང་ལའང་དགག་སྒྲུབ་དང་བཅིངས་གྲོལ་མེད་པར་རང་ལུགས་སུ་ཤིག་གེ་འཇོག་པ་ནི། མ་ཡེངས་དོན་གྱི་སྒོམ་པ་ཡིན་ནོ། །དེ་སྐད་དུའང་ཡུམ་ལས་གཟུགས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ་ཞེས་སོ། །ཐ་མ་ཕུང་པོ་གཟན་དུ་བསྐྱུར་བ་ནི། དབང་པོ་ཐ་མས་ལུས་ཀྱི་གཅེས་འཛིན་སྟོང་པ་ཡིན་ཏེ། ལུས་ཤ་ཁྲག་གི་ཕུང་པོ་ཁྱོད་ལ་སྔར་ཡང་ཆགས་པས་འཁོར་བར་འཁྱམས་པ་ཡིན་པས་ད་ཡང་ཁྱོད་ལ་ཅིའི་ཕྱིར་དུ་ཆགས་སྙམ་དུ་བསམས་ལ། གཉན་སར་ཕྱིན་ལ་ཕུང་པོ་གཟན་དུ་ལིངས་ཀྱིས་བསྐྱུར་བར་བྱའོ། །དེ་ལྟར་ལུས་ཕངས་སེམས་མེད་པར་སྐྱུར་བའི་དུས་ན། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མ་བཟོད་དེ་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་བྱུང་ངོ་། །དེའང་ས་གཞི་རྡེག་པ་དང་། རི་བསྙིལ་བ་དང་། འུར་སྒྲ་དང་ཐུག་ཆོམ། སྐད་སྣ་ཚོགས་འདོན་པ་དང་། གཟུགས་སྣ་ཚོགས་སྟོན་པ་དང་། སྐད་ལྷང་གིས་འདོན་པ་དང་། བློར་རྡོ་རྩོག་པོ་སྡིགས་སྐྱུར་བ་དང་། ཐལ་ལྕག་རྡེག་པ་དང་། ཁུ་ཚུར་རྡེག་པ་དང་། སྐྲ་ལ་འཐེན་པ་དང་། གསེག་མ་འཐོར་བ་དང་། ཁ་ཆར་དང་རླུང་འཚུབ་དང་། ཁྱོད་ཀྱི་འཁོར་ཤི་ཟེར་བ་དང་། ཁྱོད་ཀྱི་སྒོམ་དང་ཆོས་དེ་ཙུག་མིན་ཟེར་བ་དང་། དེ་ལ་སོགས་པ་བར་ཆད་ཀྱི་ཆོ་འཕྲུལ་སྣ་ཚོགས་སྟོན་དུ་འོང་ངོ་། །
དེའི་དུས་སུ་བདུད་ཡིན་སྙམ་པའི་བློ་སྐྱེས་པ་དེས་མི་ཆོག་སྟེ། བླ་མའི་གདམས་ངག་གིས་ཟིན་པར་བྱས་ནས་གཟན་དུ་ལིངས་ཀྱིས་བསྐྱུར་དགོས། དེ་ལྟར་བསྐྱུར་བས་རྨི་ལམ་མམ། གཉིད་ཟ་ཟི་ལ་མགོ་གཅོད་པའམ། སྙིང་འབྱིན་པའམ། མཚོན་གྱིས་བཏབ་པའམ། གཡང་ལ་བསྐྱུར་བའམ། ལུས་ལ་གནོད་པའམ། བཙོན་དུ་བཟུང་བའམ། གཅན་གཟན་ལ་སོགས་གཟུགས་བརྙན་སྣ་ཚོགས་ཀྱིས་རྣམ་པར་འཚེ་བ་སྣ་ཚོགས་བྱེད་པ་འབྱུང་ངོ་། །དེའི་དུས་སུ་རྨི་ལམ་དུ་སེམས་བཟུང་ནས་ཕུང་པོ་གཟན་དུ་བསྐྱུར་བས་ཆོ་འཕྲུལ་རང་ཞི་ལ་འགྲོའོ། །དེའི་རྗེས་ལ། སེམས་རང་སར་ལྷོད་ཀྱིས་གློད་ལ་བཞག །ཆོ་འཕྲུལ་གང་ལའང་ཉམས་ལེན་དེ་ལྟར་ཤེས་པར་བྱའོ། །དེའང་རྨི་ལམ་དུ་དྲན་པས་མ་ཟིན་ན། གཉིད་སད་པའི་དུས་སུ་དེ་བཞིན་དུ་ཤེས་པར་བྱའོ། །ལར་གཉན་ས་དང་རི་ཁྲོད་འགྲིམ་པའི་དུས་སུ། གོང་གི་འབྱུང་བ་མཚན་མ་རང་གྲོལ་དུ་བསྟན་པའི་གདམས་ངག་གམ། ཕུང་པོ་གཞིག་འབྲེལ་གྱི་གདམས་ངག་གི་སྒོ་ནས་ལུས་གཅེས་འཛིན་དང་བྲལ་བའི་གདམས་ངག་གམ། ལུས་ལ་རྔན་བགྲངས་པའི་སྒོ་ནས་ཕུང་པོ་གཟན་དུ་སྐྱུར་བའི་གདམས་ངག་རྣམས་སེམས་ལ་འདྲིས་པར་བྱས་ལ། ཆོ་འཕྲུལ་ཅི་བྱུང་ཡང་ལུས་སེམས་འབྲེལ་མེད་དུ་བསྒོམས་ལ། ཕུང་པོ་གཟན་དུ་ལིངས་ཀྱིས་བསྐྱུར། དེའི་རྗེས་ལ་སེམས་གནས་ལུགས་ཀྱི་སྟེང་དུ་གློད་ནས་འཇོག་པའོ། །
ཡང་མདུན་གྱི་ནམ་མཁའ་ལ་བླ་མ་ཡི་དམ་མཁའ་འགྲོ། དུས་གསུམ་གྱི་བདེ་བར་གཤེགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ལ་ཕྱག་འཚལ་ལོ། །མཆོད་པ་འབུལ་སྐྱབས་འགྲོ་བྱ། གསོལ་བ་གདབ་རང་གི་ལུས་འདི་དུམ་བུ་དཔག་ཏུ་མེད་པར་གཏུབས་ལ་མཆོད་པར་འབུལ། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཤ་ཁྲག་རུས་པའི་གཏོར་མས་འཇིག་རྟེན་གྱི་ཁམས་གང་བར་བྱས་ལ་མཆོད་པར་འབུལ། ཐམས་ཅད་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོར་བསྔོ། སེམས་ཅན་རྣམས་གང་ལ་གང་འདོད་དུ་དངོས་སུ་སྦྱིན་པར་གཏང་། འགྲོ་དྲུག་ཕ་མའི་ལན་ཆགས་སུ་བསྔོ། རྗེས་ལ་སེམས་གནས་ལུགས་སུ་བཞག །དེ་ལྟར་བྱས་པས་སེམས་གནད་དུ་ཕེབས་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་སྟེ། ཤ་ཁྲག་གི་ཕུང་པོ་གཟན་དུ་ལིངས་བསྐྱུར་ལ། སེམས་རིག་པའི་རྒྱལ་པོ་བུན་གྱིས་བཏང་ངོ་། །ཤེས་པ་སྣ་མི་བསྐྱེལ་བར་ཌ་མ་རུ་དཀྲོལ། གཅེར་བུ་བྱས་ལ་བྲོ་བརྡུངས། ཕཊ་ཀྱིས་འདེབས་ཤིང་རིག་པ་ལ་ངར་གདགས། ཤེས་པ་ལ་ཧུར་བཏོན་ལ་གསོལ་བ་གདབ། དབྱངས་བླངས། སྣང་བ་བན་མ་བུན་མ་ལ་བཏང་ངོ་། །དེའི་རྗེས་ལ་ཤེས་པ་མ་བཅོས་པར་སེམས་གནས་ལུགས་ཀྱི་སྟེང་དུ་ལྷན་གྱིས་འཇོག་པ་ཡིན་ནོ། །དེ་ཙ་ན་བླ་མའི་གདམས་ངག་ལ་ཡིད་ཆེས་སྐྱེས་པ་ཡིན་ཏེ། བདུད་ཡེ་ཤེས་སུ་འཆར་ལ། རྣམ་རྟོག་ཆོས་ཉིད་དུ་འཆར། དུག་ལྔ་སྨན་དུ་གྱུར། ལྟས་ངན་གཡང་དུ་ཁུགས་ནས་ཡོང་བ་ཡིན། དེ་ལྟར་ཉམས་སུ་བླངས་པས་རླུང་སེམས་ལ་ངར་ཐོགས་ཏེ་དབྱངས་ལེན་སྙིང་འདོད་པ་དང་། བྲོ་འཁྲབ་སྙིང་འདོད་པ་དང་། གསོལ་བ་འདེབས་སྙིང་འདོད་པ་ལ་སོགས་པའི་འཆར་སྒོ་ཅི་བྱུང་ཡང་། རིག་པའི་སྣ་མི་བསྐྱིལ་བར་ཉམས་བྱུང་རྒྱལ་དུ་བུན་བཏང་ངོ་། །
གཉན་ཐོག་ཏུ་གཉན་དབབ་པ་ནི། རྣལ་འབྱོར་པ་སྒོ་གསུམ་གདམས་ངག་གིས་ཚགས་སུ་བཅུག་ལ། ས་ཕྱོགས་གང་གཉན་ས་དེར་ཕྱིན་ལ་དེ་ནས་ལྷ་འདྲེ་གཉན་པོ་ཆགས་པའི་རྟེན་ལ་ངེས་པར་བརྟགས་ཏེ། འདི་ནི་འབྱུང་བ་བེམ་པོ་ཡིན། འདི་ལ་ལྷ་འདྲེའི་གནོད་བྱེད་བགེགས་ཀྱི་རྣམ་པ་གང་ཆགས་གནས་ཀྱང་། དེ་ཉིད་རིག་པ་སྟོང་པ་ཡིན། དེ་ཉིད་དུ་རང་གི་ལུས་འདི་འབྱུང་བ་བེམ་པོ་ཡིན། དེར་འཛིན་པའི་རྟོག་པ་དེ་སེམས་ཡིན་ཏེ། ངོ་བོ་སྟོང་པ་ཡིན་པས་གཉན་སར་ཉལ་བའི་དུས་སུ། ས་གཞི་ཁྱོད་ཀྱང་གཉན་པ་ཡིན་ཏེ། བདག་གི་ལུས་འདིའང་ཤིན་ཏུ་གཉན་པའི་རང་བཞིན་ཡིན། དེའང་རྩ་གཉན་དང་ཤ་གཉན་དང་རུས་གཉན་ཁྲག་གཉན་དེ་ལ་སོགས་པའི་གཉན་མང་པོ་ཡོད་དེ། བེམ་རིག་བྲལ་བའི་དུས་སུ། དོན་སྙིང་ལྔ་བཏོན་ཀྱང་། མགོ་གཅད་ཀྱང་། གཉན་པའི་རྟོག་འཛིན་མེད། དེ་ལྟར་བེམ་པོ་ལ་གནོད་པ་མི་སྐྱེལ་བ་ཡིན། འདི་ན་གནས་པའི་ལྷ་འདྲེ་ཁྱོད་གཉན་པ་ཡིན་ཏེ། ཁྱོད་ཀྱི་ཡིད་ལ་རང་བཞིན་གྲུབ་པ་མེད། དེ་བས་བདག་གི་སེམས་སངས་རྒྱས་ཀྱི་དགོངས་པ་འདི་གཉན་པ་ཡིན་ཏེ། ངོ་བོ་སྟོང་པ་ལ་རང་བཞིན་གྲུབ་པ་གང་ཡང་མེད། དེ་ལྟར་རྟོགས་ཙ་ན་གཉེན་པོ་ཟད་སར་སྐྱོལ་བ་ཡིན་པས་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་དོ། །དེ་ཙ་ན་ཉམས་ལེན་ལ་ཐོག་འགེལ་བྱས་པ་ཡིན། ཕུང་པོ་གཟན་དུ་བསྐྱུར་བ་ཡིན་པས་རིག་པ་སྲངས་སུ་བཅུག་ལ་ཉམས་སུ་བླང་ངོ་། །དེའང་རྒྱ་གར་དུ་དུར་ཁྲོད་འགྲིམ་པ་ཡིན། བོད་དུ་གཉན་ཁྲོད་འགྲིམ་པ་ཡིན། དོན་དེ་ལྟར་ཉམས་སུ་བླངས་ཙ་ན། སྣང་སེམས་གཅིག་ཏུ་གྱུར་ནས་གནོད་བྱེད་ཀྱིས་གླགས་མི་རྙེད་དོ། །དེ་སྐད་དུའང་ཡུམ་ལས་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་དོ། །མཚན་མ་མེད་པ་ལ་མཚན་མ་མེད་པས་གླགས་མི་རྙེད་དོ། །སྨོན་པ་མེད་པ་ལ་སྨོན་པ་མེད་པས་གླགས་མི་རྙེད་དོ། །ཞེས་སོ། །ནད་ལོག་བྱུང་ན་བཅོས་ལོག་བྱ་བ་ནི། རང་ལ་འགོ་བའི་ནད་ཀྱི་ཁུ་འཕྲིག་བྱུང་ན། ཉམ་ང་དང་བག་ཚ་མེད་པར་ནད་ཐོག་ཏུ་ཕར་ལ་བསྲེའོ། །འདྲེའི་ཁུ་འཕྲིག་བྱུང་ན། ཉམ་ང་དང་བག་ཚ་མེད་པར་འདྲེ་ཐོག་ཏུ་བསྲེའོ། །ཉམས་སྒྲིབ་དང་འགོ་མཚན་འཛེམ་བྱུང་ན་ཡང་སླར་ལ་ཐོག་ཏུ་བསྲེའོ། །ཕྱོགས་ངན་བདུད་གཅོད་ཀྱི་ཁུ་འཕྲིག་བྱུང་ནའང་ཉམ་ང་བག་ཚ་མེད་པར་སླར་ལ་ཕར་བསྲེའོ། །དེ་ལྟར་ཉམ་ང་དང་བག་ཚ་མེད་པར་བསྲེ་ནུས་ན་གནོད་པས་མི་ཚུགས་སོ། །དེ་སྐད་དུའང་སྡུད་པ་ལས། དེ་ལྟར་བྱང་ཆུབ་ལ་འཇུག་ཞུམ་པའི་སེམས་མེད་ན། །དེ་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆ་མཆོག །ཅེས་སོ། །
རང་ངམ་གཞན་ལ་བྱིན་རླབས་ཇི་ལྟར་བྱ་བ་གཉིས་ཏེ། དང་པོ་རང་ན་བ་ལ་བྱིན་རླབས་བྱ་བ་ནི། ལུས་འབྱུང་བཞི་ལ་གཡར་བས་གལ་ཏེ་འབྱུང་བ་འཁྲུགས་ནས་ན་ན། འབྱུང་བའི་རྟགས་རེ་ཡོང་བས་ལུས་ལྕི་དྲན་པ་མི་གསལ་ཤེས་པ་རྨུགས། བྱིང་ཞིང་འཐིབ་ན་འབྱུང་བ་ས་འཁྲུགས་པའི་རྟགས་ཡིན། དེ་ལ་འབྱུང་བ་རླུང་གིས་རྟགས་ལ། ལུས་བསྲང་ཤེས་པ་གཟེངས་བསྟོད། རིག་པ་ལ་གཡེར་བཏོན་ལ། གནས་རི་ཁྲོད་དང་དབེན་གནས་འགྲིམ་ཞིང་། ལུས་སེམས་ཤག་ཕྲལ་ལ་ཤེས་པ་གསལ་སིང་ངེ་བཞག་གོ །ལུས་གྲང་ཞིང་མིག་རྩ་སྟེག་ཤེས་པ་འཕྱོ་ན་འབྱུང་བ་རླུང་འཁྲུགས་པའི་རྟགས་ཡིན། དེ་ལ་འབྱུང་བ་ས་ཡིས་མནན་པ་ཡིན། སྤྱི་བོར་གསེར་གྱི་མཆོད་རྟེན་བང་རིམ་ལྔ་པ་ཞིག་བསམ། རྐང་པའི་འོག་ཏུ་ས་སེར་པོ་གྲུ་བཞི་པ་ཞིག་ལ་དམིགས་པ་གཏད་ལ། སེམས་བལ་འདབ་ཆུར་བཅུག་པ་བཞིན་ལྷན་ནེ་ཕབ་ལ་བཞག་གོ །ལུས་གྲང་ཞིང་ཤེས་པ་བྱིང་ན། འབྱུང་བ་ཆུའི་ནད་ཡིན་ཏེ། དེ་ལ་མེའི་སྦྱོར་བ་ནི། ཡན་ལག་གི་ནང་དང་། སྒལ་ཚིགས་ཀྱི་ནང་ལུས་ཀྱི་ནང་ཐམས་ཅད་མེ་འབར་བར་བསམས་ལ་རླུང་མནན། ཤེས་པ་བསྒྲིམས་ལུས་པོ་བསྐུམས་ལ། ཤེས་པ་མེ་ལ་གཏད་ལ་བཞག་གོ །ལུས་ཚ་ཞིང་དྲན་པ་མི་གསལ། སྐོམ་དད་ཆེ་ལྕེ་སྐམ་ན།
འབྱུང་བ་མེའི་ནད་ཡིན་པས་དེ་ལ་ཆུའི་སྦྱོར་བ་ནི། ཁྲུས་བྱ་སྤྱི་བོར་ཆུ་ནན་བྱ། དམིགས་པ་ག་བུར་གྱི་ཆུ་རྒྱུན་ལ་གཏད་ལ་བཞག་གོ །འབྱུང་བ་འཁྲུགས་ཚབས་ཆེ་ན་ལུས་གང་བའི་ས་དང་། རྩ་སྦུབས་ཐམས་ཅད་བུག་པར་གསེང་ཕུག་ཡོད་པར་བསམས་ལ། ཚངས་པའི་བུག་པ་ཁ་ཕྱེ་ནས། ནད་ཐམས་ཅད་སངས་ཀྱིས་ཐོན་པར་བསམ། ལུས་སེམས་འབྲེལ་མེད་ཀྱི་ངང་ནས་ཤེས་པ་བདེ་སྟོང་དུ་སེང་འཇོག་པ་ཡིན་ནོ། །ལུས་སྦོས་པ་དང་། འཁྲོག་པ་གླང་འཐབ་ཏུ་ན་བ་བྱུང་ན། ཕྱིའི་འབྱུང་བ་བཞི་ནང་གི་འབྱུང་བ་བཞི་ལ་བསྡུ། ནང་གི་འབྱུང་བ་བཞི་སེམས་ལ་བསྡུ། སེམས་ནམ་མཁའི་ངང་ལ་གསལ་སིང་ངེ་བཞག་གོ །དེ་ལྟར་རིག་པས་འབྱུང་བ་བཅུན་ནས་ལུས་བཅག་བསྐུམ་ལ་བཞག་གོ །དེས་དྲག་ནས་འོང་བ་ཡིན་ནོ། །མཛེ་ནད་དང་ཤི་བ་དང་ལྷོག་པ་དང་། འགོ་བའི་ནད་ལ་སོགས་པ་དང་། གདོན་དྲག་པོས་གཟིར་བ་དང་། དེ་ལ་སོགས་པའི་ནད་གང་བྱུང་ཡང་། ཐབས་གཞན་མི་བཙལ་བར་གཉན་ས་དང་། རི་ཁྲོད་འགྲིམས་ལ། ལུས་སེམས་འབྲེལ་མེད་ཀྱི་སྒོ་ནས་ཕུང་པོ་གཟན་དུ་སྐྱུར། སྙེམས་ཐག་སེམས་སུ་གཅད། སེམས་སངས་རྒྱས་ཀྱི་དགོངས་པ་ལ་རེ་དོགས་གང་ཡང་མེད་པར་བཞག་གོ །དེ་ལྟར་ཉམས་སུ་བླངས་པས་ཡར་རེ་བ་མེད་པར་སངས་རྒྱས་ཟད་སར་སྐྱོལ། མར་དོགས་པ་མེད་པར་འཁོར་བ་ཟད་སར་བསྐྱལ་བའོ། །སེམས་ལ་སྙེམས་རྟོག་མེད་པས་འདྲེ་རྟོག་རང་སར་གྲོལ་ལོ། །རྣམ་རྟོག་ཁུ་འཕྲིག་མེད་པས་ནད་རིམས་རང་སར་གྲོལ་བ་ཡིན་ཏེ། ལར་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་གང་ལ་ཡང་། དོན་དེ་ལྟར་ཉམས་སུ་བླངས་པས་ཐམས་ཅད་རང་སར་གྲོལ་བའོ། །
གཞན་ན་བ་ལ་བྱིན་རླབས་བྱ་བ་ནི། བྱིན་རླབས་ཀྱི་རྩ་བ་ཐམས་ཅད་མོས་གུས་ཡིན་པས་མཆོད་པ་དང་གཏོར་མ་བཤམས་ལ། མོས་གུས་དྲག་པོ་བྱེད་དུ་གཞུག་གོ །ན་བ་སྔོན་གྱི་ལས་སུ་ཤེས་པར་བྱས་ལ། བླ་མ་སྤྱི་བོར་སྒོམ་པ་དང་། སྐྱབས་འགྲོ་བྱེད་པ་དང་། གསོལ་བ་འདེབས་པ་དང་། མོས་གུས་ཀྱི་གདུང་སེམས་དྲག་པོ་བསྐྱེད་དུ་གཞུག །རང་ཡང་མོས་པའི་སྒོ་ནས་སྐྱབས་འགྲོ་དང་གསོལ་འདེབས་དང་། དགེ་སྦྱོར་དྲག་ཏུ་བྱ། ཚད་མེད་པ་བཞི་བསྒོམས་ནས་གཏོར་མ་དང་ཆབ་གཏོར་དང་། ཆུ་སྦྱིན་དང་། དོན་ལ་འདྲེ་དང་ནད་པ་རང་གི་སེམས་གསུམ་གཉིས་མེད་གཅིག་གི་ངང་དུ་ལྷན་གྱིས་བཞག་པར་བྱའོ། །དེ་ནི་གཞན་ལ་བྱིན་རླབས་བྱ་བའོ། །ཨ་མ་ཇོ་མོའི་གདམས་ངག་སྡེ་སྐོར་བཅུ་བདུན་པ་ཞེས་བྱ་བ་ཁྱད་པར་ཟབ་པའི་གདམས་པ་རྫོགས་སོ།། །།མངྒ་ལཾ། བྷ་ཝནྟུ། ཤུབྷཾ།
རྩ་ཚིག་བཅུ་བདུན་པ།
༄༅། །རྩ་ཚིག་བཅུ་བདུན་པ་བཞུགས་སོ། །
དངོས་གཞིའི་ཆོས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གདམས་ངག་བདུད་ཀྱི་གཅོད་ཡུལ་འདི་ལ་དོན་གསུམ་སྟེ། ཡིད་ཆེས་པའི་ལོ་རྒྱུས་དང་གཅིག །དམ་པའི་ཆོས་ངོས་བཟུང་བ་དང་གཉིས། གདམས་ངག་གི་དངོས་གཞི་བསྟན་པ་དང་གསུམ་མོ། །དང་པོ་ནི། མ་ཇོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཆོས་འདི་ལ། སྤྱིར་རྒྱུད་པ་ཡོད་པ་ལ། བདུད་ཀྱི་གཅོད་ཡུལ་དུ་གྲགས་པ་ནི། ཆོས་ཐམས་ཅད་ཀྱི་སྙིང་པོའི་དོན། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་ཕྱུང་ནས་མ་ཇོ་མོ་ཉིད་ཀྱིས་ཕྱི་རབས་ཀྱི་དོན་དུ་མཛད་པའོ། །
གཉིས་པ་ནི། གཅོད་ཡུལ་གྱི་ཆོས་འདི་ནི་ཕྱི་ནང་གཉིས་ལས། ནང་པའི་ཆོས་ཡིན། ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོའི་ཆོས་ཡིན། ཐེག་པ་ཆེན་པོ་ཀུན་གྱི་ནང་ནས་སྙིང་པོ་དོན་གྱི་གདམས་ངག་བདུད་ཀྱི་གཅོད་ཡུལ་དུ་ངོས་འཛིན་པའོ། །དེ་ལྟ་བུའི་གདམས་ངག་འདི་ནི། མ་འགལ་བ་ལྔ་དང་ལྡན་ཏེ། བཀའ་དང་མ་འགལ་བ་དང་གཅིག །ལུང་དང་མ་འགལ་བ་དང་གཉིས། རིགས་པ་དང་མ་འགལ་བ་དང་གསུམ། བསྟན་བཅོས་དང་མ་འགལ་བ་དང་བཞི། མན་ངག་དང་མ་འགལ་བ་དང་ལྔའོ། །
གསུམ་པ་གདམས་ངག་གི་དངོས་གཞི་བསྟན་པ་ནི། སྤྱི་དོན་རྣམ་པ་བཞི་སྟེ། རྩ་ཚིག་བཅུ་བདུན་གྱིས་བསྟན་པའོ། །དང་པོ་སྤྱི་དོན་རྣམ་པ་བཞི་ལ། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང་གཅིག །བྱིན་རླབས་ལུས་སེམས་བྲལ་བ་དང་གཉིས། སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དང་གསུམ། ལྟ་བ་བདུད་ཀྱི་གཅོད་ཡུལ་དུ་མ་ཤོར་བ་དང་བཞིའོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་འཇུག་སྒོ་མ་ལོག་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཀུན་དོན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྒྱ་ཆེན་པོ་བྱའོ། །གཉིས་པ་ནི། ནམ་ཞིག་འཆི་བདག་གི་བདུད་བྱུང་བའི་དུས་སུ། ནམ་ཡང་བེམ་རིག་བྲལ་དགོས་པ་ཡིན་པས་དུས་ད་ལྟ་རྩལ་སྦྱང་བའི་དུས་འདིར། ཟག་བཅས་ཀྱི་ལུས་ལ་ཆགས་པ་མེད་པར་བྱས་ནས་ལུས་སེམས་གཉིས་ཤག་ཕྲལ་ལ། ལུས་བདག་མེད་རོའི་ཚུལ་དུ་བཞག །སེམས་འཛིན་མེད་ནམ་མཁའི་ངང་ལ་བཞག །རིག་པ་ཁྱབ་གདལ། ཤེས་པ་སྤྲོས་བྲལ། སེམས་ཉིད་རྩ་བྲལ་གྱི་ངང་ནས་གསལ་སིང་ངེ་བཞག་གོ །གསུམ་པ་ནི་སེམས་རྩ་བྲལ་མ་བཅོས་པའི་ངང་ནས་ཡིད་ལ་ཅིའང་མི་བྱེད་དེ། འདས་པའི་ཤེས་པ་ལ་བློ་མི་བཏང་། མ་འོངས་པའི་ཤེས་པ་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་ཡིད་ལ་མི་བསམ་པར་སེམས་དུས་གསུམ་མཉམ་ཉིད་ཀྱི་ངང་ལ་གསལ་སིང་ངེ་གནས་པར་བྱའོ། །
དེ་སྐད་དུའང་ཡུམ་ལས། ཐེག་པ་ཆེན་པོ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། ཐེག་པ་འདི་ནི་དུས་གསུམ་དང་མཉམ་པའོ་ཞེས་གསུངས་སོ། །དེ་ལ་གཅོད་ཟེར་བ་རང་གང་ལ་ཟེར་ན། དོན་དམ་པ་གཅད་རྒྱུ་མེད། ཀུན་རྫོབ་ཏུ་སྣང་འཛིན་ཐམས་ཅད་སད་སད་གཅོད་པ་ཡིན། དེ་ལྟར་སྙེམས་ཐག་ཐམས་ཅད་སད་སད་ཆོད་ནས་ལུས་སེམས་ལྷོད་ཀྱིས་གློད། ཤིག་གིས་བཤིག་ནས། དམིགས་གཏད་གང་ཡང་མེད་པར་སེམས་གནས་ལུགས་ཀྱི་སྟེང་དུ་ཙེན་གྱིས་ཞོག །ཅི་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ཡིས་ལྟུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་སོ། །
བཞི་པ་ལྟ་བ་བདུད་ཀྱི་གཅོད་ཡུལ་དུ་མ་ཤོར་བ་ནི། སྤྱིར་བདུད་ལ་ཐོགས་བཅས་དང་ཐོགས་མེད་གཉིས། དངོས་བཅས་དང་དངོས་མེད་གཉིས། གཟུགས་ཅན་དང་གཟུགས་མེད་གཉིས། ཟུང་གསུམ་ཡ་དྲུག་གོ །དང་པོ་ཐོགས་བཅས་ཀྱི་བདུད་ནི། དབང་པོ་སྒོ་ལྔའི་ཡུལ་ཞེན་པ་རྣམས་ཡིན། ཐོགས་མེད་ཀྱི་དབང་པོ་འགྱུ་བྱེད་ཀྱི་རྟོག་པར་འཛིན་པ་རྣམས་ཡིན། དངོས་ཅན་གྱི་བདུད་ནི། རང་སྣང་ལ་བདུད་དུ་བཟུང་ནས་དངོས་པོར་འཛིན་པ་རྣམས་ཡིན། དངོས་མེད་ཀྱི་བདུད་ནི་རྣམ་རྟོག་ཕྲ་མོ་འགྱུ་བྱེད་ལ་ཚོར་བ་བདེ་སྡུག་ཏུ་འཛིན་པ་རྣམས་ཡིན། གཟུགས་ཅན་གྱི་བདུད་ནི། ཡུལ་གཟུགས་སུ་སྣང་བ་ལ་དགག་སྒྲུབ་སྤང་ལེན་བྱེད་པ་རྣམས་ཡིན། གཟུགས་མེད་ཀྱི་བདུད་ནི། ལྷ་འདྲེ་གཟུགས་མེད་ལ་ཡིད་དངོས་ཀྱི་སྙེམས་རྟོག་ཞུགས་པ་རྣམས་ཡིན་ནོ། །འདི་ན་བདུད་རེ་རེ་ལ་གཅོད་ཐབས་རེ་རེ་ཡོད་དོ། །དེ་རྣམས་ཀྱི་གཅོད་ཉམས་སུ་ལེན་པ་ནི། ཐོགས་བཅས་ཀྱི་བདུད་ལ་དབང་པོ་སྒོ་ལྔའི་ཡུལ་གསལ་ལ་འཛིན་མེད་ཀྱིས་གཅད། ཐོགས་མེད་ཀྱི་བདུད་ལ་ཡིད་ཀྱི་འགྱུ་བྱེད་རང་ཤར་རང་གྲོལ་གྱིས་གཅད། དངོས་ཅན་གྱི་བདུད་ལ། ཡུལ་གཞིས་དང་ནོར་རྫས། བཟའ་ཚོ། ཉེ་འབྲེལ། དགྲ་དང་སྲི་ལ་སོགས་པ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་གདམས་པས་གཅད། དེའང་ཡུམ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་གསུངས་སོ། །དངོས་མེད་ཀྱི་བདུད་ལ་ངོ་བོ་རྩ་བྲལ་གྱི་གདམས་པས་གཅད། གཟུགས་ཅན་གྱི་བདུད་ལ་ངོ་མཉམ་གསུམ་གྱི་གདམས་པས་གཅད།
ངོ་མཉམ་གསུམ་ནི། དགྲ་དང་བུ་གཉིས་ངོ་མཉམ། གསེར་དང་བོང་བ་ངོ་མཉམ། ཕ་ཡུལ་དང་གཉན་ཁྲོད་ངོ་མཉམ་པའོ། །གཟུགས་མེད་ཀྱི་བདུད་ལ་གཉན་སར་ཉལ་ནས་ལུས་ཡན་པར་ལིངས་ཀྱིས་བོར་ཏེ། ཅི་ལའང་ལྟོས་པ་མེད་པར་སུ་འདོད་པ་ལ་སྦྱིན་ནོ། །ལུས་ལ་གཅེས་པར་མི་འཛིན། ཕངས་པར་མི་གཟུང་། དགོས་པར་མི་གཟུང་། སེམས་ལ་དམིགས་གཏད་མི་བྱེད། ཡིད་ལ་འཛིན་པ་མི་བྱེད། བློ་ལ་སྙེམས་མེད་པར་ཨ་མ་ཙིར་རིག་པ་ཁྱབ་གདལ། ཤེས་པ་གསལ་སིང་ངེ་བ། བག་དྲོ་འུ་རེ། བློ་བདེ་འབོལ་ལེ། ཉམས་བདེ་སྟོང་གི་ངང་ལ་ལྷན་ནེ་ཞོག་མཛོད། ལར་ལུས་ལ་ཕངས་པ་མེད་པར་བསྐྱུར་ནུས་ན། གཟུགས་མེད་ལྷ་འདྲེའི་བདུད་ཐམས་ཅད་ཆོམ་པ་ཡིན་ནོ། །མན་ངག་གསུམ་ལ་དང་པོ་སྐྱབས་འགྲོའི་སྒོར་ཞུགས་ནས་ལུས་ལ་སྲུང་བའི་འཁོར་ལོ་དང་། རྫས་ཀྱི་བསྲུང་བ་ལ་སོགས་མི་བྱའོ། །
ལོག་ཆོས་གཡང་ལ་གཏད་པའི་མན་ངག་ནི། དོན་གྱི་ཉམས་ལེན་ཚུལ་བཞིན་དུ་བསྒོམས་པས་བསྐྱེད་རིམ་དང་བཟླས་པ་བྱ་མི་དགོས། སྐར་ཆེན་ཐིབས་འོག་ཏུ་གཞུག་པའི་མན་ངག་ཡིན། ལྟ་བས་རྦད་ཆོད་ཙ་ན། རྐྱེན་གང་གིས་ཀྱང་ཚུགས་མི་སྲིད། ཐེག་ཆེན་ཟིལ་གྱིས་གནོན་པའི་མན་ངག་ཡིན། དེས་ལྟ་སྒོམ་སྤྱོད་གསུམ་ཡོངས་སུ་རྫོགས་པའོ། །གནད་རྣམ་པ་གཉིས་ལ། གཟེར་བཅག་པ་དང་། གཏོར་ན་བཙལ་བའོ། །དང་པོ་ནི། དུག་ལྔའི་གནད་གཟེར་བྱུང་བ་དང་། ལྷ་འདྲེའི་སྐྱོན་གཟེར་ལ། དང་པོ་ནི། རང་གི་རྒྱུད་ལ་དུག་ལྔ་ཐོལ་གྱིས་སྐྱེས་པའི་དུས་སུ། དུག་ལྔ་རྩ་བྲལ་དུ་སད་སད་གཅད་པས་ཉོན་མོངས་པ་རང་ཞི་རང་དག་ཏུ་རྗེས་མེད་དུ་བུན་བུན་འགྲོ་བ་ཡིན་ནོ། །ལུས་འབྱུང་བ་འཁྲུགས་པའམ། གདོན་གནོད་སྦྱིན་ཕོ་མོས་རྐྱེན་པ་ལ། ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ་འབྱུང་བས་དེའི་དུས་སུ་རྐྱེན་སྣང་གི་བདེ་སྡུག་ཐམས་ཅད་ངོ་བོ་རྩ་བྲལ་དུ་སད་སད་གཅད་པས་ན་ཚ་དང་། སྡུག་བསྔལ་དང་། འདྲེ་གདོན་ཐམས་ཅད་རང་ཞི་རང་དག་ཏུ། རྗེས་མེད་དུ་བུན་བུན་འགྲོ་བ་ཡིན་ནོ། །
གཉིས་པ་གཏོར་ན་བཙལ་བ་ནི། སྒོམ་གྱི་གསལ་ཆ་གཏོར་ནས་ཞི་གནས་ལྟེངས་པོར་སོང་ན། དེའི་དུས་སུ་དྲན་པས་ཟིན་ནས་བདེ་སྟོང་གི་ངང་ལ་གསལ་སིང་ངེ་འཇོག་པ་ཡིན་ནོ། །དབང་པོ་ཡུལ་ལ་འབྱམས་ན། དེ་ཉིད་དུ་དྲན་པས་བཟུང་ནས་རང་གསལ་འཛིན་མེད་དུ་འཇོག་གོ །དེའང་བློ་རབ་ཀྱིས་སྐྱོན་ཡོན་ཐམས་ཅད་ངོ་བོ་གཅིག་ཏུ་ཤེས་པས་སྙམ་བྱེད་སྙེམས་བྱེད་ཀྱི་བློ་དང་བྲལ་ཏེ། ཅིར་སྣང་ཆོས་ཉིད་ཀྱི་ཀློང་དུ་ཡོངས་སུ་གྲོལ་བའོ། །ནམ་མཁའ་ཡངས་པའི་ཀློང་དཀྱིལ་དུ། །འབྱུང་ཆེན་བཞི་པོ་ཤོང་ཡང་ཤོང་། །ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས། །སེམས་ཉིད་ཡངས་པའི་དཀྱིལ་འཁོར་དུ། །ལྷ་སྲིན་སྡེ་བརྒྱད་ཤོང་ཡང་ཤོང་། །ཤོང་ཡང་ཤོང་སྟེ་ཡངས་ཀྱང་ཡངས། །ཞེས་པ་ཇོ་མོས་གསུངས་སོ། །བློ་འབྲིང་གིས་དེ་ལྟར་མ་ཆོད་ན། གཉན་སར་ཉལ་ནས་ལུས་ཡན་པར་ལིངས་ཀྱིས་བོར། སེམས་ནམ་མཁའི་ངང་ལ་ཕྱལ་གྱིས་བཏང་། བློའི་སྙེམས་མེད་པར་བྱས་ལ། ལུས་འདི་ལྷ་འདྲེ་ཁྱེད་རང་རྣམས་རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཤ་འདོད་ན་ཤ་ཁྱེར། ཁྲག་འདོད་ན་ཁྲག་ཁྱེར། རུས་འདོད་ན་རུས་ཁྱེར། པགས་འདོད་ན་པགས་ཁྱེར། དོན་སྙིང་འདོད་ན་དོན་སྙིང་ཁྱེར། ནང་ཆ་འདོད་ན་ནང་ཆ་ཁྱེར། དེ་ལྟར་གང་ལའང་གང་འདོད་དུ་ལུས་སྦྱིན་བཏང་བས་ད་སྲུང་རྒྱུ་ཅིའང་མེད་པས་སྙེམས་དང་བྲལ་ནས་བློ་བདེ་འབོལ་གྱིས་འགྲོ་བ་ཡིན་ནོ། །སེམས་དམིགས་གཏད་མེད་པའི་ངང་དུ་གསལ་སིང་ངེ་འཇོག་པའོ། །ཡང་བློ་ཐ་མས་ཀྱང་འདི་ལྟར་བསྒོམ་པར་བྱ་སྟེ། ལྷ་འདྲེ་ཁྱོད་བདག་ལ་གནོད་དང་གནོད་བྱེད་གང་ལ་གནོད། ལུས་ལ་གནོད་ན། ལུས་བེམ་པོ་ས་རྡོ་དང་འདྲ་སྟེ། གནོད་རུང་མི་གནོད་རུང་། ཉམ་ང་བ་དང་བག་ཚ་མེད། སེམས་ལ་གནོད་ན་སེམས་དངོས་པོ་མེད་པར་ནམ་མཁའ་སྟོང་པ་དང་འདྲ་སྟེ་འདི་ལ་སུས་གནོད་པར་ནུས་སྙམ་དུ་བསམས་ལ། གནོད་པ་སྐྱེལ་མཁན་ཡང་མི་འདུག །སྐྱལ་བ་ཡང་མི་འདུག །ཐམས་ཅད་རང་གི་སེམས་སུ་འདུག །སེམས་ཀྱི་གཞི་རྩ་གཅད་པས་རྩ་བྲལ་དུ་སོང་། ད་ནི་ལྷ་འདྲེ་བྱུང་རུང་མ་བྱུང་རུང་། ཆོ་འཕྲུལ་ཆེ་རུང་ཆུང་རུང་། གང་ལའང་ཉམ་ང་བག་ཚ་མི་འདུག་པས་སྙེམས་མེད་དུ་ཤེས་པ་གློད་ལ་བཞག་གོ །དེ་ལྟར་བཞག་པས་བདུད་ཆོས་སྐུར་གྲོལ། རྣམ་རྟོག་ཡེ་ཤེས་སུ་འཆར། དུག་ལྔ་སྨན་དུ་གྱུར། རེ་དོགས་ཀྱི་རྩོལ་བ་དང་བྲལ་བའོ། །ཉམས་སུ་མྱོང་བའི་མན་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ། །
མཐར་ཐུག་གི་དོན་རྣམ་པ་བཞི་ལ། སྤྱི་ཆིངས་ཆེན་མོ། གཟེར་ཆེན་གནད་ཀྱི་གདམས་པ། ཐ་མ་ལོག་གནོན་དང་བཞིའོ། །དང་པོ་ནི། གཅོད་ཡུལ་གྱི་སྒོར་ཞུགས་པ་ཐམས་ཅད་ལ་མ་ཇོ་མོའི་ཐུགས་རྗེ་དང་། བྱིན་རླབས་ཚད་མེད་པས་ཁྱབ་པས་བར་ཆད་ཀྱིས་མི་ཚུགས་ཤིང་ཉམས་རྟོགས་འཆར་སྐྱེན་པ་ཡིན། ཡང་དག་པའི་དོན་རྟོགས་སླ་བ་ཡིན་ནོ། །གཉིས་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཡིད། སེམས་ཅན་ཐམས་ཅད་ཀྱི་རིག་པ། རང་གི་སེམས་ཉིད། ཨ་མ་ཇོ་མོའི་ཐུགས་དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐག་སད་ཀྱིས་ཆོད་ཙ་ན་གཞན་གྱི་གནོད་བྱ་གནོད་བྱེད་མེད། གཅད་བྱ་གཅོད་བྱེད་མེད་པར་བདག་འཛིན་གྱི་གཉིས་འཛིན་འཁོར་འདས་ཀྱི་རེ་དོགས་མེད་པའོ། །གནད་ཀྱི་གདམས་པ་ནི། རང་གི་ལུས་ལ་ན་ཚ་བྱུང་ཡང་། སེམས་ལ་སྡུག་བསྔལ་བྱུང་ཡང་། བདེ་སྡུག་རྐྱེན་སྣང་ཅི་བྱུང་ཡང་རུང་སྟེ། ཐམས་ཅད་རང་གི་སེམས་སུ་ཤེས་པར་བྱ། སེམས་རྩ་བྲལ་དུ་ཤེས་པར་བྱས་ནས་དོན་ལ་གལ་མ་མཆིས་སུ་བཞག་པ་གཅིག་པུས་ཆོག་པ་ཡིན། གཞན་སྡུག་བསྔལ་གྱིས་ཡུལ་མཐོང་ན་ཡང་། བྱམས་པ་ཚད་མེད་པས་ཁྱབ་པར་བྱས་ཏེ། ཕན་པས་སྐྱོབ་ཅིང་སྡུག་བསྔལ་ཁུར་དུ་མི་འཁུར་བ་ཡིན། དེའང་སྡུད་པ་ལས། སྙིང་རྗེ་ཆེན་པོ་སྐྱེས་ཀྱང་སེམས་ཅན་འདུ་ཤེས་མེད་ཅེས་སོ། །དེའང་ངང་ནས་གཞན་ལ་བྱིན་རླབས་བྱེད་ནའང་། རང་ཡིད་ལ་མི་བྱེད། ནད་ཡིད་ལ་མི་བྱེད། འདྲེ་ཡིད་ལ་མི་བྱེད། ལུས་ལ་ལུས་སུ་མི་འཛིན། ནད་ལ་ནད་དུ་མི་འཛིན། འདྲེ་ལ་འདྲེ་རུ་མི་འཛིན། དེའང་དང་པོ་ངོ་བོ་གཅིག་པས་ངོ་བོ་གཅིག་ཏུ་ཀྲུག་གིས་བསྲེས་ལ་བཞག །ངོ་བོ་གཅིག་པུ་དེ་དམིགས་མེད་རྩ་བྲལ་གྱི་ངང་ལ་སིང་ངེ་བཞག་གོ །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་རླབས་ཀྱིས། ནད་རྟོག་ཐམས་ཅད་རང་གྲོལ་ལ་འགྲོ་བ་ཡིན་ནོ། །དེ་སྐད་དུའང་སྡུད་པ་ལས། མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་རྗེ་ལྡན་པའི་བྱིན་གྱིས་རླབས་ཀྱིས་ཞི། །ཞེས་སོ། །ནད་སོས་ཀྱང་དགའ་བར་མི་བྱ། མ་སོས་ཀྱང་སྒྱིད་ལུག་པར་མི་བྱའོ། །དེ་ཉིད་ལས། འོན་ཀྱང་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་མེད་པས་ཞེས་སོ། །ཐ་མ་ལོག་གནོན་གྱི་མན་ངག་ནི། བདག་གི་ལུས་འདི་དུམ་བུ་སྟོང་དུ་གས་སོང་ཡང་། སེམས་ཅན་གྱི་དོན་ཡིན་པས་བསོད་ནམས་ཀྱི་ཚོགས་རྫོགས་སོ། །དོན་ཆེན་པོ་གྲུབ་པ་ཡིན་སྙམ་དུ་བདེ་སྟོང་རྩ་བྲལ་གྱི་ངང་ལ་གསལ་སིང་ངེ་བཞག་གོ །དེ་ལྟར་བཞག་པས་ཉོན་མོངས་པ་ཐམས་ཅད་རང་སར་རང་གྲོལ་ལ་སོང་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སར་གྲོལ་བའོ། །དེའི་རྒྱུ་མཚན་ནི། གཞི་རྩ་མེད་པའི་སེམས་ཉིད་རང་སར་གྲོལ་བ་ལས་བྱུང་བའོ། །བསྡུས་པའི་དོན། ལྟ་བ་ཆོད་ཐོངས། སྒོམ་པ་ཞོག་ཐོངས། སྤྱོད་པ་ལྷུག་ཐོངས། དང་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་སེམས་ཀྱི་ངོ་བོ་གཅིག་ཏུ་སད་ཆོད་ལ་ཐོངས། དེ་ལ་མཐོ་དམན་བཟང་ངན། བདག་གཞན་མེད་པར་བར་ཆོད་ལ་ཐོངས་ཞེས་པ་ནི་ལྟ་བའི་དོན་ནོ། །གཉིས་པ་ནི་ལྟ་བའི་དོན་ལ་བཅོས་བསླད་མེད་པར་ཅོག་ཞོག་ལ་ཐོངས། དོན་ལ་སྒོམ་མེད་ཡེངས་མེད་དུ་ཅོག་ཞོག་ལ་ཐོངས་ཞེས་པ་ནི་སྒོམ་པའི་དོན་ནོ། །གསུམ་པ་སྤྱོད་པ་ལྷུག་པར་ཐོངས་ཞེས་པ་ནི། ཚོགས་དྲུག་གི་སྣང་བ་རང་གྲོལ་དུ་ལྷུག་པར་ཐོངས་ཞེས་པ་ནི་སྤྱོད་པའི་དོན་གོ་བའོ། །ཨ་མ་ཇོ་མོའི་གདམས་པ་རྩ་ཚིག་བཅུ་བདུན་པ་ཞེས་བྱ་བ་རྫོགས་སོ།། །།མངྒ་ལཾ། བྷཝནྟུ། ཤུཾབྷ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཡང་ཚོམས་ཞུས་ལན་མ།
༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཡང་ཚོམས་ཞུས་ལན་མ་བཞུགས་སོ། །
ཨེ་མ་ཧོ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །མི་ལུས་ཐོབ་པ་ཇི་ལྟར་དཀོན། །ཞུས་པས། སེམས་ཅན་གཞན་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། །ཁ་འཐོར་ཙམ་གྱིས་ལུས་མཐོང་ན། །མི་ལུས་ཐོབ་པ་སྲིད་པ་ཙམ། །སེམས་ཅན་གཞན་ལ་ལྟོས་པ་ན། །འཁོར་ལོས་སྒྱུར་རྒྱལ་ལས་ཀྱང་དཀོན་གསུངས། དམ་ཆོས་བྱེད་པ་ཇི་ལྟར་དཀོན་ཞུས་པས། མཐའ་འཁོབ་ཡུལ་གྱི་མི་རྣམས་དང་། །ཆོས་མ་དྲན་ལ་ཚད་བཙུགས་ན། །དམ་ཆོས་བྱེད་པའི་མི་རྣམས་ནི། །ཨུ་དུམ་ཝ་ར་ལས་ཀྱང་དཀོན་གསུངས། སྡིག་པ་བྱེད་པ་ཇི་ལྟར་ལགས་ཞུས་པས། སྡིག་ལ་སྤྱོད་པའི་མི་རྣམས་ནི། །བུ་ཆུང་མེ་ལ་འཇུ་བ་དང་། །གླེན་པ་བཙན་དུག་ཟ་བ་དང་། །སྨྱོན་པ་གཡང་ལ་མཆོང་བ་དང་། །འདྲེ་ཅན་རང་སྲོག་གཅོད་པ་འདྲ། །རང་སྡུག་རང་གིས་ཉོས་པ་ཡིན། །བསྐལ་པར་བདེ་བ་ཐོབ་མི་འགྱུར། །རྟག་ཏུ་སྐྱེ་ཤིའི་འདམ་ན་གནས། །ལས་སུ་སྡུག་བསྔལ་ལས་ལ་སྤྱོད། །ཟོ་ཆུན་འཁྱུད་མོ་ཇི་བཞིན་འཁོར། །སྔ་མའི་རྣམ་སྨིན་མ་ཟད་པར། །ཕྱི་མའི་ལས་ངན་སྒྲིབ་པ་སོག །དེ་བས་སྡིག་པ་བྱེད་པ་ནི། །ཤིན་ཏུ་བླུན་པ་ཡིན་པར་གསུངས་གསུངས། དད་པའི་ཡོན་ཏན་ཇི་ལྟར་ལགས་ཞུས་པས། དད་པ་ཞིང་ས་གཤིན་པོ་འདྲ། །དད་པ་འཚོ་བྱེད་མཁས་པ་འདྲ། །དད་པ་བུད་མེད་མཛངས་དང་འདྲ། །དད་པ་འབྲི་མོ་བཟང་དང་འདྲ། །དད་པ་གཡང་མོ་ལུག་དང་འདྲ། །དེ་རྣམས་ཡོད་པའི་མི་རྣམས་ལ། །དགོས་འདོད་ཐམས་ཅད་འབྱུང་བ་བཞིན། །དད་དང་ལྡན་པ་དེ་བཞིན་འབྱུང་གསུངས། དད་པ་ཆེ་ན་བརྩོན་འགྲུས་ཆུང་ན་ཇི་ལྟར་ལགས་ཞུས་པས། དད་ལྡན་བརྩོན་འགྲུས་ཆུང་བ་ནི། །གྱི་ལིང་སྒྲོག་ཏུ་ཆུད་པ་འདྲ། །ཞིང་བཟང་སོ་ནམ་ཆག་པ་འདྲ། །ཆན་ལ་ཕབས་འདེབ་བརྗེད་པ་འདྲ། །རྒྱུ་ལ་ཡོད་ཀྱང་རྐྱེན་མེད་པས། །དད་པ་ཆེ་ཡང་ཐ་མལ་ལུས། །འཕགས་པར་མི་ནུས་དོན་ཆུང་འགྱུར་གསུངས། དད་པ་དང་བརྩོན་འགྲུས་འཛོམས་ན་ཇི་ལྟར་ལགས་ཞུས་པས། དད་པ་ཞིང་ས་གཤིན་པོ་ལ། །བརྩོན་འགྲུས་སོ་ནམ་བྱས་གྱུར་ན། །བླ་མེད་བྱང་ཆུབ་འཐོབ་པར་འགྱུར། །མི་ལུས་དོན་དང་ལྡན་པར་འགྱུར། །རང་ལ་རང་དྲིན་ཆེ་བར་འགྱུར། །གཏན་གྱི་སོ་ནམ་ཟིན་པར་འགྱུར་གསུངས། ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གང་ལགས་ཞུས་པས། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་བཀའ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འདི་ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གསུང་གསུངས། དེ་ཉམས་སུ་བླངས་པ་ལ་ཡོན་ཏན་ཇི་ལྟ་བུ་ལགས་ཞུས་པས། ས་དང་ལམ་ལ་མ་བགྲོད་པར། །དམིགས་མེད་དོན་ལ་གང་འཇོག་པ། །བདུད་རྣམས་ཟིལ་གྱིས་ནོན་པར་འགྱུར། །མཚན་མར་ཡིད་ལ་མ་བྱས་ན། །ས་ལམ་རིམ་གྱིས་མ་སྦྱངས་ཀྱང་། །ཡུམ་ཆེན་ཀློང་ན་གནས་པར་འགྱུར། །ཡུམ་ཆེན་དེ་ཡི་དོན་རྟོགས་ནས། །རྩོལ་བའི་ནད་རྣམས་ཞི་བར་འགྱུར། །རྩོལ་བ་བྲལ་བ་དེ་ཡིས་ནི། །དུས་གསུམ་སངས་རྒྱས་གདུང་ཟིན་ན། །སྐྱེ་མེད་ས་ལ་གནས་པར་འགྱུར། །དམིགས་མེད་བསམ་མེད་བརྗོད་དང་བྲལ། །མ་བཅོས་སྐྱེ་མེད་འགག་མེད་ལ། །རང་བཞིན་གྱིས་ནི་འོད་གསལ་བ། །དུས་གསུམ་སངས་རྒྱས་འབྱུང་བའི་ཡུམ། །དེ་ཉིད་ཡིན་ན་གཞན་ན་མེད། །དེ་ཡི་ངང་ལ་གནས་པ་ནི། །ཡུམ་ཆེན་ཀློང་ན་གནས་པ་ཡིན། །མཚན་མའི་དགེ་བ་ཅི་བྱས་ཀྱང་། །འཁོར་བར་ཡུན་རིང་གནས་པ་ཡིན། །སྐྱེ་འཆི་མེད་པའི་ས་མི་ཐོབ། །ཅེས་གསུངས་སོ། །དམིགས་མེད་ངང་ལ་ཇི་ལྟར་བཞག །བདུད་ཅེས་བྱ་བ་ཇི་ལྟ་བུ། །ཞུས་པས། ཅི་ཡང་ཡིད་ལ་མི་བྱེད་ན། །དམིགས་མེད་ངང་ལ་བཞག་པ་ཡིན། །ཡིད་བྱེད་བྲལ་བའི་དོན་དེ་ལ། །ཞེ་འདོད་དམིགས་པས་མ་བཅོས་ན། །ངེས་པར་དམིགས་མེད་སྒོམ་པ་ཡིན། །ཞེས་གསུངས་སོ། །བདུད་ཀྱི་བྱེ་བྲག་བསྟན་པ་ནི། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །རང་ལས་བྱུང་ནས་རང་ལ་གནོད། །དཔེར་ན་སྲིན་གྱི་ཁ་ཆུ་བཞིན་གསུངས། ཐོགས་བཅས་བདུད་དེ་གང་ལ་བགྱི་ཞུས་པས། མིག་གི་དབང་པོ་གཟུགས་ལ་ཐོགས། །གཟུགས་སྡུག་མི་སྡུག་རང་བཞིན་གྱིས། །ཆགས་སྡང་གཉིས་སུ་བཟུང་བས་བདུད། །གཉིས་སུ་འཛིན་པའི་སེམས་ཉིད་ལ། །གཞི་རྩའི་ངོ་བོ་མ་གྲུབ་པས། །རྩ་བྲལ་ངང་དུ་རང་བཞག་ན། །གཟུགས་ལ་ཐོགས་པ་ཟིལ་མནན་ནས། །སླར་ཡང་ཡེ་ཤེས་ཉིད་དུ་འགྱུར། །གཟུགས་ནི་མ་བཅིངས་མ་གྲོལ་བཀའ་དང་མཐུན། །རྣ་བའི་དབང་པོ་ལ་སོགས་པ། །གོང་དུ་བསྟན་པ་བཞིན་དུ་འོང་། །ཐོགས་བཅས་བདུད་དུ་བསྟན་པ་ཡིན། །ཕྱི་ཡི་བདུད་དུ་ཤེས་པར་བྱ། །དངོས་པོའི་ཡུལ་དུ་མི་སྣང་བར། །ཞེ་ལ་གནག་པ་འཆའ་བ་དང་། །ཡུལ་མེད་ཡིད་ལ་འདོད་པ་དང་། །གདམས་ངག་མེད་པར་རྨུགས་པ་དང་། །ཞར་ལ་རང་རེ་མཐོང་བ་དང་། །ཕྲག་དོག་ཞེ་ལ་འཇོག་པ་དང་། །ལྷ་འདྲེ་ཡིད་ལ་བྱེད་པ་དང་། །ཐོགས་པ་དངོས་སུ་མི་སྣང་ཡང་། །ཡིད་ལ་གནོད་པ་བསྐྱལ་བས་ན། །ཐོགས་མེད་བཞིན་དུ་བདུད་དུ་འབྱུང་གསུངས། བདུད་རྣམས་ཟིལ་གྱིས་གནོན་ན་ཉམས་སུ་ཇི་ལྟར་བླངས་ཞུས་པས། ཨེ་མ་ཧོ། ང་ཡི་གདམས་པའི་གནད་འདི་ཡང་། །འགྱུར་བ་ཅི་བྱུང་ཅི་ཤར་ཡང་། །ཆད་དུ་གང་ཡང་མ་བྱས་ན། །ཐོགས་མེད་བདུད་རྣམས་ཟིལ་གྱིས་གནོན། །ཡིད་ཡུལ་བྱུང་བ་བདུད་ཡིན་ཏེ། །གཟུང་དུ་འཛིན་པ་སྣ་ལེན་ཡིན། །གཟུང་དུ་མ་འཛིན་རིགས་ཀྱི་བུ། །བྱུང་ཚོར་མ་འགག་རིགས་ཀྱི་བུ། །ལུས་སེམས་མ་བཅོས་རིགས་ཀྱི་བུ། །འདུ་ཤེས་མ་འཇུག་རིགས་ཀྱི་བུ། །དེ་ལྟར་ཁྱོད་ཀྱིས་ཉམས་སྐྱོང་ན། །བདུད་རྣམས་ཟིལ་གྱིས་གནོན་པར་འགྱུར་གསུངས། བདུད་ཀྱི་རྟོག་པ་ཇི་ལྟར་འཇོམས། །སྙེམས་ཀྱི་ཐག་པ་ཇི་ལྟར་བཅད། །ཞུས་པས། གང་ལ་དགའ་ཞིང་བྲོད་པ་དེ། །དམིགས་སུ་མེད་པར་མ་ཟིན་ན། །ཕ་རོལ་ཕྱིན་པའི་དོན་མིན་པས། །བདུད་ཀྱི་དབང་དུ་སོང་བ་ཡིན། །ད་ལྟ་རང་རེ་བདུད་ཡིན་ཏེ། །རང་ཞི་ཙམ་ན་བདུད་ཀྱང་ཞི། །རང་གནས་ཙམ་ན་བདུད་ཀྱང་གནས། །རང་ལ་རང་བཞིན་མ་གྲུབ་པས། །དེ་བཞིན་བདུད་ཀྱང་འགྲུབ་མི་འགྱུར། །གཞི་རྩ་མེད་པའི་ཆོས་ཉིད་ཀྱིས། །རང་གི་འཛིན་པ་ཟིལ་མནན་ནས། །བདུད་རྣམས་ཐམས་ཅད་ཟིལ་གནོན་ཏེ། །མྱ་ངན་ཀུན་ལས་འདའ་བར་འགྱུར། །དགའ་བྲོད་སྐྱེ་མེད་རང་སར་དག །ངར་འཛིན་ཞེན་མེད་རང་སར་གྲོལ། །རྣམ་རྟོག་རང་བཞིན་ཉིད་ཀྱིས་སྟོངས། །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ། །བདག་ཉིད་ཆོས་སྐུ་ཡིན་ཤེས་ན། །བདུད་ཀྱི་རྟོག་པ་ཆོམ་པ་ཡིན། །སྙེམས་བྱེད་སྙེམས་བྱ་ཞེས་བྱ་བ། །ཕྱི་ནང་ཐམས་ཅད་རང་སྙེམས་ཡིན། །སྣང་སྲིད་འཁོར་འདས་རང་སེམས་ཡིན། །ལྷ་དང་འདྲེ་ལ་སོགས་པ་ཡང་། །དེ་ཡང་རང་གི་སྙེམས་བྱེད་ཡིན། །སྙེམས་ཀྱི་རྒྱུ་འགྲུལ་ཆད་ཙམ་ན། །བླ་ན་མེད་པའི་བྱང་ཆུབ་ཡིན། །དྲན་པ་འགགས་པ་མ་ཡིན་གྱི། །ཐམས་ཅད་སྙེམས་ཙམ་ཡིན་ཤེས་ན། །སྙེམས་ཆ་ཆོས་ཀྱི་ཟུང་མི་ཐུབ། །མ་ཐུབ་པ་རུ་བཞག་ཙམ་ན། །བདུད་རྣམས་ཟིལ་གྱིས་གནོན་པར་འགྱུར། །འཇིག་རྟེན་ཆོས་རྣམས་ཐམས་ཅད་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་ན། །སྙེམས་ཀྱི་ཐག་པ་ཆོད་པ་ཡིན། །རིགས་ཀྱི་བུ་ཡིས་དེ་དགོངས་ན། །བདུད་རྣམས་ཟིལ་གྱིས་གནོན་པར་འགྱུར། །རྩོལ་བ་མ་ལུས་སྤོང་བར་འགྱུར། །རྩོལ་བྲལ་ངང་ལ་གནས་པར་འགྱུར། །ཇི་མི་དགོངས་ལ་གནས་པར་འགྱུར། །ཞེས་གསུངས་སོ། །གཉན་སར་འགྲིམ་པ་ཇི་ལྟར་ལགས་ཞུས་པས། ཨེ་མ་ཧོ། ཐོག་ཏུ་བྱུང་བའི་རྐྱེན་ངན་དེ། །ཆོས་ཀྱི་གྲོགས་སུ་འགྲོ་བ་དཀའ། །དང་པོ་གདམས་ངག་རློམ་སེམས་ཀྱི། །གཉན་ས་ལ་སོགས་འགྲིམ་ཙམ་ན། །རྐྱེན་གྱི་དབང་དུ་མི་འགྱུར་བ། །གདམས་ངག་གྲོགས་སུ་འགྱུར་བར་ངེས། །སེམས་དང་ལུས་ལ་ཕངས་པ་དང་། །སྲོག་ལ་བར་ཆད་བྱུང་དོགས་ན། །ཉམས་སུ་བླངས་པས་རིག་པ་ཆུན། །རིག་པ་ཆུན་པས་ཉམས་མྱོང་སྐྱེ། །དེ་ལྟར་ཉམས་དང་ལྡན་ཙ་ན། །ཐོག་ཏུ་བྱུང་བའི་རྐྱེན་ལ་ཡང་། །ཤུགས་ཀྱིས་རང་དབང་འཐོབ་པར་འགྱུར། །རྐྱེན་གྱིས་ཆོས་ཀྱི་སྐུལ་འདེབས་བྱེད། །དེ་བས་གཉན་ས་འགྲིམ་པ་གཅེས། །གཉན་ས་འགྲིམས་ཤིག་རིགས་ཀྱི་བུ། །དེ་ལྟར་རྟོག་པ་ཁལ་བཀལ་བས། །བདག་ལ་འདྲེ་བདུད་བྱུང་དོགས་བས། །རྟོག་པ་ངང་གིས་འགག་པར་འགྱུར། །དོགས་པ་མེད་པའི་སེམས་ཉིད་ལ། །སྣ་སུན་མེད་པར་འདྲེ་མི་འབྱུང་། །དེ་བཞིན་རྟོག་པ་ཐམས་ཅད་འགགས། །རྒྱ་ལ་སྐྱེས་ཀྱང་ཉམས་ལེན་གྲོགས་གསུངས། ལྟ་བའི་བལྟ་ཚུལ་ཇི་ལྟར་ལགས་ཞུས་པས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རུ་མེད་པའི་ཚུལ་གྱིས་བལྟ། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་ཉིད་ཆོས་ཉིད་ཡིན། །མཐོང་བས་ཆོས་ཉིད་དོན་མ་ཡིན། །དེ་བས་བལྟ་བར་བྱ་བ་ནི། །རྡུལ་ཙམ་ཡོད་པ་མ་ཡིན་ནོ། །གསུངས། གཉན་ས་འགྲིམ་པའི་དུས་སུ་ནི། །སེམས་ཉིད་བཞག་ཐབས་ཇི་ལྟར་བཞག །ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། ལུས་ནི་རོ་ཡི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །སེམས་ནི་ནམ་མཁའི་ཚུལ་དུ་བཞག །མར་མེ་རླུང་གིས་མ་བསྐྱོད་བཞིན། །གསལ་ལ་མི་རྟོག་ཚུལ་དུ་བཞག །རྒྱ་མཚོ་རླུང་གིས་མ་བསྐྱོད་བཞིན། །མེར་རེ་དྭངས་པ་བཞིན་དུ་བཞག །ཀྱེ་རིགས་ཀྱི་བུ། ཤེས་པ་རླིང་པར་བཞག་པ་ཡིན་ནོ། །རྩོལ་བའི་བྱ་བྱེད་མེད་པར་རང་ལུགས་སུ་བཞག་པ་ཡིན་ནོ། །སེམས་ཉིད་རང་བཞིན་མེད་པའི་སྒོམ་མི་བསྒོམ་གྱི་འཛིན་པ་མ་ཞུགས་པར་བཞག་པ་ཡིན་ནོ། །སྐྱེ་མེད་བྱ་བ་དང་བྲལ་བ་ཡིན་པས་ལྷོད་ཀྱིས་གློད་ནས་བཞག་པ་ཡིན་ནོ། །ཁོངས་ཤིགས་ཀྱིས་བཤིགས་ལ་བཞག་པ་ཡིན་ནོ། །ཆོས་ཉིད་རྟོག་པ་དང་བྲལ་བ་ཡིན་པས་རྩིས་གདབ་གང་ཡང་མ་བཞུགས་པར་བཞག་པ་ཡིན་ནོ། །ཆོས་ཉིད་སྐྱོན་ཡོན་གཉིས་ལས་འདས་པ་ཡིན་པས་སྐྱོན་ཡོན་གང་ཡང་མི་བསམ་པར་བཞག་པ་ཡིན་ནོ། །རེས་འགའ་མི་མགོ་སྐམ་པོ་ལྟར་དབང་པོ་སྒོ་ལྔ་ཧར་བར་བཞག་པ་ཡིན་ནོ། །ཡང་ན་བུ་ཆུང་གཉིད་ལོག་པ་བཞིན་དུ་ལྷན་ནེ་ཉལ་ལེ་བཞག་གོ །ཆོས་ཉིད་ཆགས་པ་དང་བྲལ་བ་ཡིན་པས་སྐར་མདའམ་སྐྱེས་པས་མདའ་འཕངས་པ་བཞིན་དུ་ཤེས་པ་རྒྱང་རྩེར་བཏང་ལ་བཞག་པ་ཡིན་ནོ། །འཁོར་བ་ལས་གྲོལ་བར་ཙམ་ལས་སངས་རྒྱས་དོན་ལ་མེད་པས་གཡས་མེད་(༡)དུ་བཞག་པ་ཡིན་ནོ། །དུན་མེད་དུ་བཞག་པ་ཡིན་ནོ། །ཞིག་པོའི་ཚུལ་དུ་བཞག་པ་ཡིན་ནོ། །དགའ་དང་མི་དགའི་གཟའ་གཏད་མེད་པའི་ཚུལ་དུ་བཞག་པ་ཡིན་ནོ། །གླེན་ཐོམ་མེ་བཞག་པ་ཡིན་ནོ། །ལར་བཞག་ཅེས་ཏེ་ཆད་དུ་མི་རྟོགས། གདམས་ངག་གི་གནད་ཀྱིས་ཟིན་ན་གང་ལྟར་བཞག །ཇི་ལྟར་བྱས་ཀྱང་ཡིན། ཡང་ནི་དོན་རྩ་བ་དང་བྲལ་བའི་གོ་བས་མ་ཟིན་ན་ཇི་ལྟར་བཞག་ཀྱང་མིན་ནོ། །འོན་ཀྱང་དེ་ལྟར་བསླབ་བོ། །རིགས་ཀྱི་བུ་དེ་ལྟར་དུ་གོ་བར་གྱིས་ཤིག་གསུངས། སྤྱོད་པའི་སྤྱད་ཐབས་ཇི་ལྟར་སྤྱད་ཞུས་པས། དོན་ལ་སྤྱད་རྒྱུ་མི་དམིགས་ཏེ། །རྐྱེན་སྣང་འཁོར་བའི་རང་སྤྱོད་ནི། །རྟོག་མེད་ཕག་པ་བཞིན་དུ་སྤྱད། །རྩིས་མེད་སྨྱོན་པ་བཞིན་དུ་སྤྱད། །སྙེམས་བྱེད་རྟོག་པ་བྱུང་བ་ན། །བྱིས་པ་མགོ་ཐུག་བྱེད་པ་བཞིན། །སླར་ཡང་དེ་ཡི་ཐོག་ཏུ་སྐྱུར། །རྐྱེན་སྣང་རྩལ་ཤར་ཅི་བྱུང་ཡང་། །རང་གྲོལ་དགོངས་པས་ཟིན་པར་སྤྱད། །འདི་སྤྱད་ཁོ་ནའི་ཕྱོགས་མ་བཙལ། །འདི་ཀ་ཡིན་གྱི་འདམ་ཁ་མེད། །འོན་ཀྱང་འདི་ལ་སྤྲོས་པའི་གཏམ་མི་བཏང་། །སེམས་ལ་ས་ཟིན་མི་བདོག་པས། །འཇིག་རྟེན་དགའ་བྲོད་བདུད་ཀྱིས་ཁྱེར། །སྤྲོ་བ་བསྐྱེད་པའི་ཆོས་གཏམ་བཏང་། །ཉམས་དང་སྦྱར་བའི་གླུ་ཆུང་བླངས། །ཅི་བྱ་སྙམ་པའི་སྐྱོ་བ་བསྐྱེད། །ག་ན་འདུག་ཀྱང་འབོལ་ལེ་བ། །ཡིད་ལ་མི་བྱེད་པ་ལ་ཞོག། །ཡི་མུག་པ་ཡི་སེམས་བཞིན་དུ། །ང་ལ་ཅིས་ཀྱང་བྱ་རྒྱུ་མེད། །ང་ལ་སུས་ཀྱང་དགོས་པ་མེད། །ཆེད་དུ་བྱ་བ་ཀུན་བཞག་ནས། །བག་ཆགས་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་སོ། །གཅོད་ཅེས་བྱ་བ་ཇི་ལྟར་བུ་ཞེས་ཞུས་པས། ཀྱེ་རིགས་ཀྱི་བུ། ཐམས་ཅད་སེམས་སུ་གཅོད་པ་ཡིན། །སེམས་ནི་སྙེམས་སུ་གཅོད་པ་ཡིན། །སྙེམས་སུ་མ་འདུས་གང་ཡང་མེད། །སྙེམས་བྱེད་ཙམ་དུ་གོ་ཙམ་ན། །དཔེར་ན་ཁང་སྟོང་རྐུན་མ་བཞིན། །ངོ་ཤེས་ཙམ་གྱིས་བཟུང་མ་ཐུབ། །གོ་བ་ལོང་པར་བྱ་བ་ལས། །ཆེད་དུ་དོན་ལ་སྤྱད་དུ་མེད། །མི་ཕོད་བརྫི་ནས་གཅོད་དུ་གསུངས། །ཞེས་གསུངས་སོ། །མི་ཕོད་བརྫི་བ་ལ་དོན་མཆིས་སམ་ཞེས་ཞུས་པས། སྐྱིད་ལ་འབྲལ་བར་མི་ཕོད་དང་། །སྡུག་ལ་སྤྱོད་པར་མི་ཕོད་དང་། །ལྷ་ལ་སྤང་བ་མི་ཕོད་དང་། །འདྲེ་ལ་ལུས་སྐྱུར་མི་ཕོད་དང་། །རང་ཁྱིམ་སྤོང་བར་མི་ཕོད་དང་། །གཉན་ས་འགྲིམ་པར་མི་ཕོད་དང་། །ནད་དང་རིམས་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་བརྫིས་ན། །རོ་སྙོམས་སྤྱོད་པ་ཁྱད་པར་འཕགས། །ཀུན་ཀྱང་ཡོན་ཏན་མཉམ་པར་འགྱུར། །དགག་སྒྲུབ་རྟོག་པ་ཆུང་བར་འགྱུར། །དགག་སྒྲུབ་མེད་པའི་དོན་རྟོགས་ན། །བཏང་སྙོམས་ཆེན་པོའི་ངང་དུ་བཞག །ཅེས་གསུངས་སོ། །གཞན་ལ་བྱིན་རླབས་བགྱིད་ན་ཇི་ལྟར་བགྱིད་ཅེས་ཞུས་པས། དང་པོ་ཕྱི་ཡི་བྱིན་རླབས་ནི། །ཉམས་དབྱངས་གླུ་ཆུང་བླངས་བ་དང་། །སྤྱོད་ལམ་རླིང་པར་བྱས་པ་ཡི། །གཞན་མོས་སྐྱེས་ལས་བྱིན་རླབས་འབྱུང་། །ནང་གི་བྱིན་རླབས་བྱ་བ་ནི། །འདྲེ་དང་ནད་པ་རང་གི་སེམས། །གཉིས་མེད་གཅིག་གི་ངང་བཞག་པས། །སྡུག་བསྔལ་ཞི་བའི་བྱིན་རླབས་འབྱུང་། །གསང་བའི་བྱིན་རླབས་བྱ་བ་ནི། །བྱིན་ནི་འགྱུར་བ་མེད་པ་ཡིན། །རླབས་ནི་འགག་མེད་ཤུགས་ལ་བྱུང་། །ཆོས་ཉིད་སྙེམས་དང་བྲལ་ནས་ནི། །རྩོད་བྲལ་ཆེན་པོའི་ངང་བཞག་ན། །བྱིན་རླབས་འབད་པ་མེད་པར་འབྱུང་། །འབད་པ་དང་བཅས་བྱིན་རླབས་ནི། །བྱིན་དང་མི་ལྡན་ནུས་པ་ཆུང་། །གཞན་དོན་བྱས་ཀྱང་སྒྲིབ་པ་འབྱུང་། །ཞེས་གསུངས་སོ། །རང་ན་ཚ་བྱུང་ན་ཇི་ལྟར་བགྱི་ཞེས་པས། ལུས་པོ་གཏུབས་ལ་ཚོགས་སུ་དབུལ། །རྣམ་རྟོག་ཆོས་ཉིད་གཏེར་དུ་སྦ། །དེ་ཡང་ལན་གྲངས་མང་དུ་བྱ། །སོས་ན་དགའ་བའི་སེམས་མི་བསྐྱེད། །རྐྱེན་སྣང་ན་ཚ་ཅི་བྱུང་ཡང་། །རྩལ་སྦྱོངས་རེ་རེ་ཤེས་པར་བྱ། །རྐྱེན་བྱུང་གྲོགས་སུ་མ་གོ་ན། །ལྟ་བ་མཐོ་ཡང་དབྱིངས་གོལ་ཡིན། །སེམས་སྟོང་ཙམ་ལ་རློམ་པ་དེ། །དེ་ནི་གསང་བའི་བདུད་ཀྱིས་ཟིན། །ཞེས་གསུངས་སོ། །
གདམས་ངག་འདེབས་པ་ལན་རེས་འོང་ངམ་མི་འོང་ཞུས་པས། ལན་ཅིག་སྐལ་ལྡན་བློ་རྣོན་འགའ། །སྔོན་གྱི་སྦྱངས་པའི་ལས་ཅན་ཡིན། །དེ་མིན་ནན་ཏན་བྱ་བ་གཅེས། །དམ་པའི་ཕྱག་ཕྱིར་འབྲང་བ་གཅེས། །གདམས་ངག་ཁོང་དུ་ཆུད་པར་གྱིས། །གོ་བ་གདེང་དུ་མ་ལོན་པར། །ཚིག་ཉན་ཙམ་ལ་ཐག་མ་བཅད། །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །སངས་རྒྱས་བྱ་བ་ཇི་ལྟར་ལགས། །དེ་རུ་འགྲོ་ལུགས་ཇི་ལྟར་འགྲོ། །ཞེས་ཞུས་པས། སངས་རྒྱས་བྱ་བའི་ཡིན་ཚུལ་ནི། །རྣམ་རྟོག་འཛིན་པ་ཀུན་སྤངས་ནས། །སྐྱེ་མེད་རང་བཞིན་ཡེ་སངས་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བཏགས། །དེ་རུ་འགྲོ་ལུགས་བསྟན་པ་ནི། །སངས་རྒྱས་བྱ་བའི་མཚོན་པ་ནི། །འཁོར་བར་འཇིགས་པའི་ཐབས་སུ་བསྟན། །སངས་རྒྱས་སྐྱེ་མེད་བླ་དྭགས་ཡིན། །སྔ་རབས་འདས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་བྱིན་པ་མེད། །ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་འགྲོ་རྒྱུ་མེད། །སླད་ནས་འབྱོན་པ་རྣམས་ཀྱིས་ཀྱང་། །སངས་རྒྱས་ས་ལ་འགྲོ་མ་མནོས། །བྱིས་པའི་བློ་ཕྱིར་མ་འབྲང་ཞིག །སངས་རྒྱས་འཐོབ་བྱར་མ་བྱེད་ཅིག །སྐྱེ་མེད་དམིགས་པར་མ་བྱེད་ཅིག །འཁོར་བ་དོགས་པར་མ་བྱེད་ཅིག །རྣམ་རྟོག་ཟུངས་སུ་མ་འཛིན་ཅིག །མི་རྟོག་སྒོམ་པར་མ་བྱེད་ཅིག །ཡེ་ནས་སེམས་ཉིད་སྐྱེ་མེད་ལ། །སྐྱེ་མེད་དོགས་པར་མ་བྱེད་ཅིག །མི་སྐྱེ་རེ་བར་མ་བྱེད་ཅིག །ཡེ་ནས་ཆོས་ཉིད་བྱར་མེད་ལ། །རྩོལ་བས་ཉམས་སུ་མ་ལེན་ཞིག །ཆོས་ཉིད་བརྡལ་བ་ཆེན་པོ་ལ། །དམིགས་པས་སྡུད་པར་མ་བྱེད་ཅིག །འཁོར་འདས་གཉིས་སུ་མེད་པ་ལ། །རེ་དོགས་བསམ་པ་མ་འཆའ་ཞིག །འཁོར་བ་འཛིན་མེད་མྱང་འདས་ཡིན། །མྱང་འདས་འདོད་པ་འཁོར་བ་ཡིན། །མ་རེ་མ་དོགས་རིགས་ཀྱི་བུ། །མ་སྒོམ་མ་འཛིན་རིགས་ཀྱི་བུ། །མ་དགག་མ་སྤྱོད་རིགས་ཀྱི་བུ། །མདོ་ལས་ཀྱང་། སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །བྱང་ཆུབ་སེམས་དཔའ་མེད་པས་བྱང་ཆུབ་སེམས་དཔའི་མིང་ཡང་མེད། །ཅེས་གསུངས་སོ། །
ཡང་ཞུས་པ། མི་བལྟ་མི་བསྒོམ་མི་སྤྱོད་མི་བསྒྲུབ་བམ་ཞུས་པས། དོན་ལ་བལྟ་རུ་མ་མཆིས་པས། །ལྟ་བྱེད་གྲོལ་བའི་སྐྱེས་བུ་དེ། །མ་ནོར་ལྟ་བ་ཡིན་པར་གསུངས། །དོན་ལ་བསྒོམ་ཡུལ་མ་མཆིས་པས། །སྒོམ་བྱེད་གྲོལ་བའི་གང་ཟག་དེ། །མ་ནོར་སྒོམ་པ་ཡིན་པར་གསུངས། །དོན་ལ་སྤྱད་བྱའི་ཡུལ་མེད་པས། །སྤྱོད་བྱེད་མཁན་པོ་གྲོལ་བ་དེ། །མ་ནོར་སྤྱོད་པ་ཡིན་པར་གསུངས། །ཕ་རོལ་ཕྱིན་པའི་འབྲས་བུ་ལ། །སྒྲུབ་རྒྱུ་རྡུལ་ཙམ་ཡོད་མིན་པས། །སྒྲུབ་བྱེད་གྲོལ་བའི་གང་ཟག་དེ། །མ་ནོར་འབྲས་བུ་ཡིན་པར་གསུངས། །དེ་ལྟ་བུའི་དོན་རྙེད་ནས། །རེ་དོགས་འཆིང་བས་འཆིང་མི་འགྱུར། །འཁོར་བ་གྲོལ་བར་ཐེ་ཚོམ་མེད། །དཔེར་ན་སོས་ཀའི་ཆབ་རོམ་བཞིན། །བློ་སྣང་འཁོར་བའི་རང་བཞིན་ཡང་། །སྐད་ཅིག་ཙམ་གྱིས་གྲོལ་བར་འགྱུར། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ལ་གཞན་དོན་ནམ་ཡོན་ཏན་མི་འབྱུང་ངམ་ཞུས་པས། རྟོག་དང་བཅས་པའི་གཞན་དོན་དེ། །སེམས་ཀྱི་ནུས་པའི་སྟོབས་སུ་གསུངས། །སངས་རྒྱས་སེམས་ཅན་དོན་བྱེད་པ། །དཔེར་ན་ནོར་བུ་རིན་ཆེན་བཞིན། །རྟོག་པ་མེད་བཞིན་གཞན་དོན་འབྱུང་། །རང་རྟོག་འཛིན་པ་མེད་པ་ལས། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ད་ལྟ་སེམས་ཅན་བདེ་སྐྱིད་དང་། །དམ་པའི་ཆོས་ལ་སྤྱོད་པ་དང་། །གྲུབ་པ་ཐོབ་པའི་དངོས་གྲུབ་དང་། །རྟོགས་ལྡན་རྣམས་ཀྱི་ཉམས་མྱོང་དང་། །ལོ་ཏོག་ཆར་ཆུ་དུས་འབྱུང་དང་། །མདོར་ན་ལོངས་སྤྱོད་ཐམས་ཅད་ནི། །སངས་རྒྱས་ཀུན་གྱི་ཡོན་ཏན་ཡིན། །ཞེས་གསུངས་སོ། །རང་ལ་སངས་རྒྱས་ཀྱི་བྱིན་རླབས་འབྱུང་བར་བགྱི་ན་ཇི་ལྟར་བགྱི་ཞུས་པས། སངས་རྒྱས་ཀུན་གྱིས་གསུངས་བཞིན་དུ། །དོན་ཉམས་སུ་བླངས་ན་བྱིན་རླབས་འབྱུང་། །ཚིག་ལ་སྒྲོ་འདོགས་མ་སེམས་པར། །དོན་ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །དུས་གསུམ་སངས་རྒྱས་ཀྱི་སྐུ་གཟུགས་ལ། །མོས་པ་བྱས་པས་དོན་འབྱུང་ན། །དོན་ཉམས་སུ་བླངས་ན་ལྟ་ཅི་སྨོས། །གསུང་མདོ་སྡེ་ཙམ་ལ་རྟགས་འབྱུང་ན། །དོན་ཉམས་སུ་བླངས་ན་དེ་དང་མཚུངས། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ཚིག་ལ་མཁས་པ་མཁས་པ་མིན། །དོན་ལ་མཁས་ན་མཁས་པ་ཡིན། །དོན་ལ་བསམ་ཞིང་རང་རིག་སྐྱེ། །དོན་ནི་སྟོང་ཉིད་སྐྱེ་མེད་དབྱིངས། །ཚིག་གིས་རང་ཉིད་མཚོན་པའི་ཐབས། །དོན་ལ་ཞོག་ཅིག་རིགས་ཀྱི་བུ། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །ལམ་ལ་བགྲོད་རྒྱུ་མ་མཆིས་པས། །གཞི་ལ་ཞོག་ཅིག་རིགས་ཀྱི་བུ། །འབྲས་བུ་ཐོབ་རྒྱུ་མ་མཆིས་པས། །རེ་བ་མ་བྱེད་རིགས་ཀྱི་བུ། །འཁོར་བར་ལྟུང་རྒྱུ་མ་མཆིས་པས། །དོགས་པ་མ་བྱེད་རིགས་ཀྱི་བུ། །སྤྱོད་པ་སྤྱད་རྒྱུ་མ་མཆིས་པས། །དུས་གསུམ་རྒྱུན་དུ་ལྷུག་པར་ཞོག །དེ་ལྟར་རྩོལ་མེད་ངང་བཞག་ན། །ཆོས་རྣམས་ཀུན་གྱི་རྩ་བ་ཆོད། །ཉོན་མོངས་རྣམ་རྟོག་ངང་གིས་འགག །བདུད་རྣམས་སྐྱེ་མེད་རང་སར་གྲོལ། །འཁོར་བ་མྱང་འདས་གཉིས་སུ་མེད། །གཅིག་ཏུ་གྱུར་པ་ཆོས་ཉིད་དབྱིངས། །སངས་རྒྱས་ཐམས་ཅད་དགྱེས་པ་ན། །བྱིན་རླབས་འབྱུང་གི་རིགས་ཀྱི་བུ། །བརྒྱུད་པ་ཟུངས་ཤིག་རིགས་ཀྱི་བུ། །སྐལ་ལྡན་སྐྱོངས་ཤིག་རིགས་ཀྱི་བུ། །ཞེས་གསུངས་སོ། །
བདུད་ཀྱི་གཅོད་ཡུལ་འདི་ཇི་ལྟར་ལགས་ཞེས་ཞུས་པས། བདུད་ཉིད་ཆོས་སྐུ་ཡིན་པས་ན། །དེ་ཉིད་སེམས་སུ་ངོ་ཤེས་ཀྱིས། །སེམས་ལས་བཅས་བཅོས་མ་བྱེད་པར། །མ་བཅོས་པ་ལ་བཞག་པ་ནི། །བདུད་ཀྱི་ཆོ་འཕྲུལ་ཅི་བྱུང་ཡང་། །སྐྱེ་མེད་ངང་ལ་སྤྱོད་ཅིང་སྤྱོད། །བདུད་ཀྱི་གཅོད་ཡུལ་ཞེས་སུ་གསུངས། །དོན་གྱི་མན་ངག་དེ་ཉིད་ཡིན། །ཞེས་གསུངས་སོ། །གཅོད་འདི་མི་གཞན་ལ་སྤེལ་ལམ་མི་སྤེལ་ཞུས་པས། ཁྱོད་ཀྱིས་སྤེལ་བས་མི་འཕེལ་གྱི། །དད་ལྡན་སྐལ་བ་ལྡན་པ་རྣམས། །དད་ཅིང་འདུག་ན་བསྟན་པར་མཛོད། །རྐྱེན་གྱིས་དད་པའི་གང་ཟག་ལ། །ཞལ་གྱི་གདམས་པ་ནན་ཆེར་ཐོབ། །ནད་སོས་ཅི་འགྱུར་ཆ་མེད་པ། །ཡིག་སྣ་སྦྱིན་པར་མི་བྱའོ། །གང་ཟག་སྣོད་ལ་བརྟག་པ་གཅེས། །ནོར་གྱི་ཕྱི་རུ་བཀའ་དོགས་ཡིན། །འོན་ཀྱང་ནོར་ལ་བརྟག་ཏུ་བཏུབ། །འདི་ལ་ཆུད་གསོན་མི་བཏུབ་ན། །ངེས་པར་སྐལ་ལྡན་ལས་ཅན་ཡིན། །རྟོགས་པར་གྱིས་ལ་ཆོས་འབྲེལ་གྱིས། །སྣོད་མི་ལྡན་ལ་བསྟན་མི་རུང་། །ཞེས་གསུངས་སོ། །
མ་ཅིག་མི་རྟག་འགྱུར་དུས་སུ་དགོངས་པ་ཇི་ལྟར་གཤེགས་ཞེས་ཞུས་པས། སྐྱེ་མེད་ངང་ལ་དགོངས་པ་མེད། །འགག་མེད་ངང་ལ་གཤེགས་ཡུལ་མེད། །འོན་ཀྱང་དམིགས་མེད་རང་གྲོལ་ནས། །ལྷང་ངེ་ལྷན་ནེ་ལྷམ་མེ་བ། །ཞེས་གསུངས་སོ། །ཞུས་ལན་གྱི་གདམས་པ་ཡང་ཚོམས་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ། ཨི་ཏི།
༈ བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའི་བདུད་ཀྱི་གཅོད་ཡུལ་འདི་ཧྲིལ་གྱིས་དྲིལ་ན་ཇི་ལྟར་བགྱི་ཞུས་པས། གཅོད་ཡུལ་འདི་ལ་གཉིས་སུ་གསུངས། དེ་ཡང་དད་པ་ཅན་ངན་སོང་གི་གཡང་ལ་མི་བསྐྱུར་བ་དང་། ཤེས་རབ་ཅན་འཁོར་བའི་སྒྲོག་ཏུ་མི་འཇུག་པའོ། །དད་པ་ཅན་ཆོས་སྤྱོད་དུས་གདབ་མེད་པར་བྱེད། རང་སེམས་གཡོ་སྒྱུ་མེད་པར་བྱེད། དམ་ཚིག་ངོ་ལྐོག་མེད་པར་བསྲུངས་བས་འཁོར་བ་དང་ངན་སོང་ལས་ཐར་རོ། །ཤེས་རབ་ཅན་འཇུག་སྒོ་ངན་པ་གྲུབ་མཐའི་སྒོར་མི་འཇུག །རྣམ་རྟོག་ངན་པ་གྲེས་མའི་སྒྲོག །སྒོམ་ཉམས་བདེ་གསལ་གསེར་གྱི་སྒྲོག་ཏུ་མི་གཞུག །ཤེས་རབ་ཅན་ཡིན་ན་འཇུག་སྒོ་མ་ནོར་བ་གཅོད་ཀྱི་སྒོར་ཞུགས་ནས་སྒོམ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ཉམས་སུ་ལེན་པའོ། །གསུངས།
ཉམས་སུ་ལེན་ན་ཇི་ལྟར་བགྱི་ཞུས་པས། དང་པོ་ལྟ་བས་ཐག་བཅད་པ་དང་། བར་དུ་སེམས་མཉམ་པར་བཞག་པ་ལ་ཡིད་ཆེས་པ། ཐ་མར་ཆོས་ཐམས་ཅད་སེམས་སུ་འཁྱེར་ཤེས་པ་གཅིག་དགོས་གསུངས། འདིའི་དྲུང་ན་ཆོས་ཐམས་ཅད་བློར་འདུག་ཞུས་པས། བཤད་པས་འཆལ། སྒོམ་པས་གོལ། འདོད་པས་ཕུངས་གསུངས། འོ་ན་ཇི་ལྟར་སྒོམ་ཞེས་པས་གཉིས་འཛིན་གྱི་ཤེས་པ་དགའ་མི་དགའ་དང་བྲལ་བ་ལ་སེམས་སྙེམས་མེད་འགྱུར་མེད་དུ་བཞག་གསུངས། དམིགས་པ་གཅིག་ཞེས་པས་གཏད་སོ་མ་བྱས་པས་གོལ་ས་ཆོད། དམིགས་མེད་ཙམ་གྱིས་འཛིན་པ་གྲོལ། ང་ལ་གདམས་ངག་གཡས་མེད་ཅིག་ལས་མེད་གསུངས། ཉོན་མོངས་པ་སྐྱེས་ན་གཉེན་པོ་ཇི་ཙུག་ཏུ་བཏང་ཞུས་པས། གསལ་ཆ་མ་འགག་སྟེ་འཛིན་ཆར་མ་གྲུབ། བདུད་ཤར་ཙམ་ན་དགོས་པའི་གཅོད་ཀྱི་སླེབ་པར་བྱ་གསུངས།
ཆོས་འདི་ལ་ཚིག་བྲལ་གོ་དགོས་པར་འདུག་ཞུས་པས། གཅོད་ཡུལ་འདི་ཚིག་ཉུང་ལ་དོན་ཆེ་སློབ་པར་སླ་ལ་རྟོགས་པར་དཀའ། རྟོག་པའི་སྤྱོད་ཡུལ་མིན་གསུངས། གཉེན་པོ་ཐུབ་ཀྱང་སྣང་བ་འདི་ལ་འཁྲི་ཞིང་གདའ་ཞུས་པས། ལར་ཞེན་པ་རང་ལོག་ཅིག་ནང་ནས་འཆར་དགོས། ཞེན་པ་ནང་ནས་མ་ལོག་ན་ཆོས་ལས་སུ་ཆེ་སྟེ་གཅོད་བྱ་སྙམ་པ་རང་ཡང་བདུད་ཡིན་གསུངས། གཅོད་རང་ཇི་ལྟར་བགྱི་ཞུས་པས། གཅོད་ཀྱང་བྱའོ་བྱེད་དོ་སྙམ་པའི་རྟོག་པ་མེད་པར་དགའ་ལ་རེ་ཙམ་གཡས་མེད་དུ་བྱེད་པ་ཡིན་གསུངས། གཅོད་ཡུལ་རྟོགས་ཚད་གང་ལགས་ཞུས་པས། སྙེམས་དང་བྲལ་བ་ཡིན་གསུངས། སྙེམས་དང་བྲལ་བའི་ཚད་གང་ལགས་ཞུས་པས། སྙེམས་དང་བྲལ་བའི་ཚད་ཉམ་ང་མེད་པ་ཡིན་གསུངས། ཉམས་སུ་མྱོང་བའི་རྟགས་ཇི་ལྟ་བུ་མཆི་ཞུས་པས། ཕྱི་སྣང་བ་ལ་ཞེན་པ་མེད་པ། ནང་སེམས་ཉིད་ལ་འཁྲི་བ་མེད་པ། གསང་བ་ཉོན་མོངས་ལ་དམིགས་པ་མེད་པ་ཡོང་གསུངས། གཞི་སྟོང་པ་ཉིད་ལ་ཅི་འཁྲུལ་ཞུས་པས། སྟོང་པ་ཉིད་དུ་མ་ཤེས་པས་མ་རིག་པའི་འཛིན་པ་བྱུང་། དེས་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམ་པ་ཡིན། ཆོས་ཉིད་ཀྱི་ངོ་བོ་ལ་བཟུང་རྒྱུ་མེད། འཛིན་འཛིན་པོའི་འདོད་འདོད་པོའི་འཁྲུལ་བ་ཡིན་གསུངས། འཛིན་མེད་དུ་རྟོག་པ་ལ་སངས་རྒྱས་ཟེར་བ་ལགས་སམ་ཞུས་པས། སངས་རྒྱས་ལ་རང་བཞིན་གྱི་བདེ་བ་ཡོད་ལ། འཛིན་པའི་རྟོག་པ་མེད་པ་ཡིན། སེམས་ལ་ཅི་ཡང་མི་བསམ་པར་ཞོག །ང་སྒོམ་པ་མ་ཡིན་གསུངས། མ་བསམ་བྱ་བ་ཅི་ཙམ་གཅིག་ལ་ཟེར་ཞུས་པས། ཡིད་ལ་མི་བྱེད་པ་ལ་ཟེར་བ་ཡིན། རིག་པ་འདི་ལ་འཛིན་པ་མེད་པ་ལ་སངས་རྒྱས་ཟེར་བ་ཡིན་པས་སེམས་འདི་ཆུད་མ་གསོན་པར་སྒོམས་ཤིག་གསུངས། རྣལ་འབྱོར་པ་བྱ་བ་ཅི་ལ་ཟེར་ཞུས་པས། རྟོག་པ་དང་བྲལ་བ་ལ་ཟེར་བ་ཡིན། བདག་ཏུ་འཛིན་པའི་འདུ་ཤེས་དང་བྲལ་ནས་ཞེན་པ་རང་ལོག་ཏུ་འགྲོ་དགོས། དེ་ལྟར་རྒྱུད་ལ་མ་སྐྱེས་ན་ཆོས་བྱེད་པ་སྐད་བྱས་ཀྱང་ཕན་མེད་གསུངས། དང་པོའང་གཅིག་པུར་འོངས། ཐ་མའང་གཅིག་པུར་འགྲོ་བས་ད་ལྟ་ཡང་གཅིག་པུ་ལ་སློབ་དགོས་གསུངས། གཅོད་འདི་གོ་ནས་ཆོས་ཀུན་གཏན་ལ་ཕེབ་པར་འདུག་ཞུས་པས། ཆོས་སྤྱི་དང་མཐུན། གདམས་ངག་ཁྱད་པར་འཕགས། གཅོད་གོང་ཁལ་ཡིན་གསུངས། ཆོས་སྤྱི་དང་འདྲ་བ་ལ་བྱིན་རླབས་དེ་ཙམ་འོང་བ་ཅི་ལགས་ཞུས་པས། དོན་ལ་འཁྲུལ་པ་འཇིག་པ་ཡིན། །རེ་བ་བཤིག་ན་ལྷ་དང་འབྲལ། །དོགས་པ་བཤིག་ན་འདྲེ་དང་བྲལ། །འཁྲུལ་པ་བཤིག་ནད་དང་འབྲལ་གསུངས་སོ། །ཞུས་ལན་རྡོ་རྗེ་རོལ་བ་ཞེས་བྱ་བ་འདི་ནི་ཡོངས་སུ་རྫོགས་སོ།། །།
མཆན། (༡)གཡས་མེད་ཅེས་པ་བརྡ་རྙིང་ངམ་ཡུལ་སྐད་གང་ཡིན་མ་ཤེས་ཀྱང་དོན་ལ་ཡེ་མེད་ཅེས་པ་དང་འདྲའོ། །ཁམས་སྤྲུལ་པས་མཆན་བཏབ།
ཟབ་ཆོས་གསལ་བའི་སྒྲོན་མེ་ལས་མ་འོངས་ལུང་བསྟན་འགའ་ཞིག
༄༅། །ཟབ་ཆོས་གསལ་བའི་སྒྲོན་མེ་ལས་མ་འོངས་ལུང་བསྟན་འགའ་ཞིག་བཞུགས་སོ། །ཨེ་མ་ཧོ། མ་ཡེངས་ལེགས་པར་ཉོན་དང་བུ་སློབ་ཀུན། འདི་ནས་མར་ལ་ཐུག་པའི་ཚེ་ན། རྩོད་ལྡན་སྙིགས་ལྔའི་དུས་ལོ་ནི་ལྔ་བཅུ་ཁ་རལ་ཐུག་པའི་ཚེ། སྦལ་པ་ནག་པོ་ཞེས་བྱ་བའི་རྒྱལ་པོ་འབྱུང་བའི་དུས་ཁོའི་འཁོར་གྱི་བློན་དགུ་པོ་ནི། རེ་འགའ་ཕྱོགས་ནི་ཤར་ལྷོ་ནུབ་བྱང་ཀུན་ཏུ་འབྱུང༌། ཁྱད་པར་འགོང་པོའི་སྤྲུལ་པ་ཤ་བའི་མིང་ཅན་འབྱུང༌། གཙང་དབུས་ཐམས་ཅད་མཚོན་གྱི་འཁོར་ལོ་བསྐོར་ཞིང་མཚོན་གྱི་ཆར་པ་འབྱུང༌། ལྷའི་སྤྲུལ་པ་རབ་བྱུང་ཆས་ཞུགས་ནས་བསྟན་པའི་བདག་པོ་ཡིན་ཟེར་རྩོད་པའི་གཞི་བཟུང༌། བུདྡྷའི་མིང་ཅན་རབ་བྱུང་ཆས་རྟགས་འཛིན། །དགའ་ཡི་གདན་ལ་རབ་ཏུ་བྱུང་བ་སྟེ། །དགུ་ཡི་བསྟན་པ་ཆོས་ཁྲིམས་དང་པོ་དེ་ནས་འཆུག །ཟུར་གྱི་སྤྲུལ་པ་གང་ཟག་དེ་འདྲ་འབྱུང༌། །མེ་ཕོ་རྟ་ལ་གྲགས་པའི་བསྟན་པ་ཉི་མ་ནུབ་ནས་མུན་པ་ཇི་བཞིན་འབྱུང༌། །ཁོ་ཡི་འཁོར་གྱི་སྤྲུལ་པ་ཆ་ཅིག་ནི། །གསེར་གྱི་མིང་ཅན་ས་ཕྱོགས་དེ་རུ་འབྱུང༌། །ཕྱི་ནང་གསང་གསུམ་བསྟན་པ་གནོད་པར་བྱེད། །ཆ་ཅིག་གླིང་གི་མིང་ཅན་ས་ཕྱོགས་དག་ཏུ་འབྱུང༌། །ཆ་ཅིག་པ་ཡི་མིང་ཅན་ས་ཕྱོགས་དག་ཏུ་འབྱུང༌། །ཆ་ཅིག་ཕུ་ཡི་མིང་ཅན་ས་ཕྱོགས་དག་ཏུ་འབྱུང༌། །ཆ་ཅིག་སོ་ཡི་མིང་ཅན་ས་ཕྱོགས་དག་ཏུ་འབྱུང༌། །ཆ་ཅིག་རིན་དཔུང་གི་མིང་ཅན་ས་ཕྱོགས་དག་ཏུ་འབྱུང༌། །ཆ་ཅིག་ཁྱུང་གི་མིང་ཅན་ས་ཕྱོགས་དག་ཏུ་འབྱུང༌། །དེ་ཤུལ་སྤྲུལ་པ་བྱེ་བ་དུ་མ་འབྱུང༌། །སྤྱོད་པ་མ་ངེས་སྣ་ཚོགས་དུ་མ་སྤྱོད། །ཆ་ལུགས་མ་ངེས་སྣ་ཚོགས་དུ་མའི་གཟུགས། །ཞིབ་པར་མ་བཀོད་གསང་སྔགས་རྡོ་རྗེའི་ཚིག། །ས་མ་ཡ༔ རྒྱ་རྒྱ་རྒྱ༔
དེ་ལྟ་བུ་འབྱུང་བའི་དུས་སུ་བསྟན་པ་གསལ་བར་བྱེད་པའི་གང་ཟག་རྣམས་ནི། དངོས་བསྟན་དུ་མི་འབྱུང་སྟེ། བདུད་སྟོབས་རྒྱས་པའི་དུས་ཡིན་པས་སྦས་འགྱུར་གྱི་ཚུལ་དུ་སྤྲུལ་ནས་འགྲོ་བའི་དོན་དུ་མ་མཛད་ནས། དངོས་འགྱུར་དུ་བྱས་ན་སྐུ་ཚེ་མི་བརྟན་ནས་མྱུར་དུ་ཡལ་ནས་འགྲོ། སྦས་འགྱུར་དུ་འབྱུང་སྟེ། འོན་ཀྱང་བྱང་ཆུབ་སེམས་དཔའི་སྤྲུལ་པ་རེ་འགའ་ནི་འབྱུང༌། སྔོན་གྱིས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་མང་དུ་ཡོང་བས་དེ་རྣམས་ནི། དེའི་དུས་སུ་ལུང་བསྟན་པའི་གནས་ལ་རང་འབད་པའི་ངེས་པ་མ་མཆིས་སོ། །གཞན་ནི་ཡུལ་དེ་རུ་སྤྲུལ་པའི་ཚུལ་དུ་སེམས་ཅན་གྱི་དོན་ལ་བྱོན་ཏེ། འོན་ཀྱང་ཆོས་ལོག་གི་མུན་པ་བསལ་བ་ལ་གྲགས་པའི་མཚན་ཅན་དངོས་སུ་སྟོན་པ་ནི་མི་འབྱོན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང་བྱིན་གྱིས་བརླབས་པ་ནི་མང་པོ་འབྱོན་ནོ། །འོན་ཀྱང་བྱང་ཆུབ་སེམས་དཔའི་སྤྲུལ་པ་དགུ་དང་དེའི་སྲས་ཀྱི་ཐུབ་དབང་བརྒྱད་པོ་ཡང་སྤྲུལ་པ་དུ་མ་མཛད་ནས་འབྱོན་པར་འགྱུར་རོ། །ཞེས་གསུངས་པས། ཡང་བུ་མོ་བསོད་ནམས་རྒྱན་གྱིས། པུས་མོ་བཙུགས་ཐལ་མོ་སྦྱར་ཏེ། མ་ཅིག་ལ། ཡུམ་ཆེན་ཐུགས་སྤྲུལ་ལབ་ཀྱི་སྒྲོན་མ་ཡིན། །སྙིགས་མའི་མུན་སེལ་བསྟན་པའི་བདག་པོ་སྟེ། །ཡུམ་ཆེན་ཞབས་ལ་གུས་པས་སྤྱི་བོར་འདུད། །སྔོན་གྱི་རྒྱལ་ཁྲིམས་འཆུག་ཚུལ་རྣམས་ཞིབ་རྒྱས་སུ་གསུངས་པ་ཤིན་ཏུ་སྐུ་དྲིན་ཆེ། ད་དུང་ཡང་མ་འོངས་པའི་དུས་སུ་གླང་དར་མའི་སྤྲུལ་བ་སྦལ་པ་ནག་པོ་ཞེས་བྱ་བ་དེ་ལ། འཁོར་གདུག་པ་ཅན་དེ་ལྟ་བུ་འབྱུང་བའི་དུས་སུ་དེ་ཐམས་ཅད་ལྔ་བཅུ་ཁ་རལ་ལ་ཐུག་པའི་དུས་སུ་ཡིན་ནམ། དེའི་དུས་ཀྱི་གངས་ཅན་གྱི་མི་རྣམས་ཀྱིས་སྤྱོད་ལམ་ཅི་འདྲ་བ་བྱེད། རྒྱལ་ཁྲིམས་དང་ཆོས་ཁྲིམས་ཅི་འདྲ་བ་འོང་ངམ། དེ་ཉིད་ལས་གསལ་བར་བྱེད་པའི་གང་ཟག་དགེ་སློང་གྲགས་པའི་མཚན་ཅན་གྱི་སྤྲུལ་པ་དེ་ཉིད་ཡུལ་གང་དུ་འབྱུང་ངམ། གཞན་བྱང་ཆུབ་སེམས་དཔའི་སྤྲུལ་པ་དེ་རྣམས་ཡུལ་གང་དུ་འབྱུང་ངམ། སྤྱོད་ལམ་ཇི་ལྟ་བུར་བྱེད་དམ། སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྲུལ་པ་མང་དུ་ཡོད་ཀྱང༌། ལུང་བསྟན་པའི་གནས་རང་ལ་འབྱུང་བའི་ངེས་པ་མེད་གསུངས་པས། དེ་རྣམས་ཀྱི་གདུལ་བྱ་རྫོགས་པ་ཡིན་ནམ། འོན་ཀྱང་ལུང་བསྟན་པའི་གནས་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྲུལ་པ་རེ་འབྱོན་གསུངས་པས། དེ་རྣམས་ཀྱིས་སྤྱོད་ལམ་ཅི་འདྲ་བ་བྱེད་དམ། ཞིབ་པར་གསུངས་འཚལ་ཞུས་པས། མ་ཅིག་གི་ཞལ་ནས། སྤངས་རྟོགས་རྨད་བྱུང་བསྟན་ལ་གུས་པའི་བུ། །མ་རིག་མུན་བསལ་འགྲོ་བའི་མགོན་གཅིག་པོ། །ཀུན་གྱི་གསང་བའི་ཡུམ་མཆོག་ཡེ་ཤེས་ཌཱཀི་མ། །ཁྱོད་ཀྱིས་ནན་ཏན་དྲིས་པ་མཆོག་ཏུ་ལེགས། །མ་ཡེངས་ལེགས་པར་ཉོན་དང་བུ་སློབ་ཀུན། །ཨེ་མ་ཧོ། དུས་ཀྱི་སྙིགས་མ་རྩོད་ལྡན་ལྔ་ཡི་དུས། །ལོ་ཡི་སྙིགས་མ་ལྔ་བཅུ་ཁ་རལ་ཏེ། །རྒྱལ་ཁྲིམས་འཆུག་ཚུལ་འདི་ལྟར་འབྱུང་སྟེ། དང་པོ་འདི་ནས་བཟུང་སྟེ་ལོ་འགའ་ཞིག་འདས་པའི་ཚེ་ན། རྒྱལ་པོ་གླང་དར་མ་ཞེས་བྱ་བ་དེ་ཉིད་ཀྱིས་བསྟན་པ་ཁྲག་དང་འོ་མ་བསྲེས་པ་ལྟ་བུར་བྱས་ཏེ། ཆོས་ལོག་མུན་པའི་བསྐལ་པ་འབྱུང་བའི་དུས། ལྷ་ལུང་དཔལ་གྱི་རྡོ་རྗེ་དེ་ཉིད་ལྷ་རི་བྱ་བའི་མགུལ་དུ་སྒྲུབ་པ་མཛད་ནས་གསང་བའི་བདག་པོར་དངོས་སུ་བཞེངས་ཏེ། ཁོའི་ཚེའི་འདུ་བྱེད་བསྟུང་བར་མཛད་དོ། །དེའི་དུས་སུ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་སྲས་འཕགས་པ་འཇམ་དཔལ་དབྱངས་དེ་ཉིད་མེ་མོ་བྱ་ལ་སྐུ་འཁྲུངས་ཏེ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད་དེ་སངས་རྒྱས་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་ལྟ་བུར་མཛད་ནས་བཤད་སྒྲུབ་ཀྱིས་བསྟན་པ་མཐའ་ནས་རྒྱས་པར་མཛད་དོ། །དེའི་ཚེ་དེའི་དུས་ན། གཞན་ཡང་སངས་རྒྱས་ཀྱི་སྤྲུལ་པ་དཔལ་ལྡན་ཇོ་བོ་རྗེ་ཡབ་སྲས་དང༌། རྡོ་རྗེ་འཆང་གི་སྤྲུལ་པ་མི་ལའི་མཚན་ཅན་དང༌། གཞན་ཡང་། འབྲི་ཀར་འབྲུག་གསུམ་སྟག་ལུང་ཐང་པ་སོགས། །ཤཱཀྱའི་བསྟན་འཛིན་སྐྱེས་བུ་མང་དུ་བྱོན། །ཆོས་ལོག་བསལ་ནས་བསྟན་པ་རྒྱས་པར་མཛད། །དེ་འོག་ལོ་ནི་འགའ་ཞིག་འདས་པའི་དུས། །སྙིགས་མ་ལྔ་བདོ་ལྔ་བཅུ་ཁ་རལ་དུས། །སྦལ་པ་ནག་པོ་ཞེས་གྲགས་བསྟན་དགྲ་འབྱུང་བའི་ཚེ། །རྒྱལ་ཁྲིམས་ཆོས་ཁྲིམས་འཆུག་ཚུལ་སྔ་སོར་བཤད་མོད་ཀྱང༌། །ལྷ་ཡི་སྤྲུལ་པ་རྩོད་པའི་གཞི་མ་བཟུང༌། །བདུད་ཀྱི་སྤྲུལ་པ་སྦལ་པ་མིང་ཅན་གྱིས། །འོ་མའི་མིང་ཅན་གསུང་རབ་ས་བོན་འདེབས། །བུདྡྷའི་མིང་ཅན་དགའ་ཡི་གདན་ལ་སྡིག་ཏྲ་ལྡན་པའི་དུས། །ཨ་ཡི་སྤྲུལ་པ་སྤུང་གི་གདན་ལ་ཁོད། །འོན་ཀྱང་འཕགས་མཆོག་སྤྱན་རས་གཟིགས་དབང་གསུང་གི་སྤྲུལ་པ་སྟེ། །སྤྱོད་པ་མ་ངེས་སྣ་ཚོགས་དུ་མ་སྤྱོད། །བུདྡྷ་ཞེས་བྱའི་དྲུང་དུ་རབ་ཏུ་བཏུད་པའི་མཐུས། །དབྱར་ཟླ་གསུམ་གྱི་མེ་ཏོག་ལྟ་བུར་གཤེགས། །འོན་ཀྱང་མི་མངོན་སྦས་པའི་ཚུལ་དུ་ནི། །ཧ་རི་ནག་པོའི་སྤྲུལ་པ་གསུམ་ཡོད་པས། །གཅིག་ནི་སྔགས་པ་ཐོར་ཅོག་ཅན་དུ་སྤྲུལ། །ཤེས་རབ་རལ་གྲི་རྣོན་པོ་འདི་ཡིན་ཟེར། །རྟེན་འབྲེལ་ཡིན་ཟེར་ཕུལ་བས་མཆོག་ཏུ་བཞེས། །ཕྲིན་ལས་དྲག་པོའི་ཚར་གཅོད་ཚུལ་དུ་ནི། །འབངས་བུ་གཅིག་ལ་འགེལ་ཏེ་བཏེག་པར་མཛད། །རེ་འགའ་ཕྱག་རྒྱ་གསང་བའི་ཚུལ་དུ་ནི། །ཌཱཀི་ཡིན་ཟེར་གསུམ་ལྡན་མིག་གི་སྤྱོད་ཡུལ་ལྟར། །སྦས་རྒྱ༔ ས་མ་ཡ༔
དེའི་རྟེན་འབྲེལ་མཚོན་བྱེད་དེ་དག་གིས་དབུས་གཞུང་ཕྱོགས་སུ་མཚོན་འཁྲུག་དཔག་མེད་འབྱུང༌། །ཇོ་བོ་ཉིད་ཀྱང་མི་ཁྲག་ནང་དུ་ནུབ། །བུདྡྷའི་མིང་ཅན་དེ་ཉིད་བྱུང་ནས་ཀྱང༌། །གྲགས་པའི་བསྟན་པའི་ཆོས་ཁྲིམས་དང་པོ་དེ་ནས་འཆུག །བྱིན་གྱིས་བརླབས་པའི་གནས་ཆེན་ཁྱད་འཕགས་རྣམས། །མཚོན་འཁྲུག་མུ་གེ་ནད་མུག་དཔག་མེད་འབྱུང༌། །བསྟན་འཛིན་སྐྱེས་བུས་སྤྱོད་ལམ་འདི་ལྟར་བྱེད། །ཆོས་གོས་རྣམ་གསུམ་འདུལ་བའི་ཆས་རྟགས་འཛིན། །བསྟན་པའི་བདག་པོ་ཡིན་ཟེར་བསྟན་པའི་ནང་འགལ་བྱེད། །ཤ་ཆང་བུད་མེད་ལ་སོགས་སྤྱོད་པ་སྣ་ཚོགས་བྱེད། །བླ་མར་གསང་ནས་རང་ཆེ་སྒྲུབ། །དཔེ་འཁྱར་བསྡུས་ནས་མཁས་པ་བདག །བླ་མའི་ཡོན་ཏན་སྐྱོན་དུ་བརྟགས། །མཁས་པ་རྣམས་ལ་ཐབས་ཀྱིས་བྱོལ། །བླུན་པོ་རྣམས་ལ་བུབ་ཀྱིས་གནོན། །གྲོགས་མཆེད་མཐོང་ན་ཁྲོ་ཚུལ་བྱེད། །དམ་ཆོས་མཐོང་ན་ཕྱི་བཤོལ་བྱེད། །བུད་མེད་མཐོང་ན་འཛུམ་གྱིས་བསུ། །རི་ཁྲོད་མཐོང་ན་ཕྱི་མིག་བྱེད། །གྲོང་ནག་མཐོང་ན་དགའ་སྤྲོ་བྱེད། །སྐྱེ་བོ་མཐོང་ན་ཡིད་སྨོན་བྱེད། །དབྱར་གསུམ་རི་བས་གང་མཐོ་འགྲིམ། །དགུན་གསུམ་ཡུལ་མིའི་གྲོང་གསེབ་འགྲིམ། །མི་ཡི་ནང་གཅོད་ནོར་གྱི་གོང་ནོན་བྱེད། །རྔ་བརྡུངས་ཡས་རྫོང་བག་མའི་སྣ་འདྲེན་བཟློག །རྒྱལ་བའི་དགོངས་པའི་ཟབ་ཆོས་ཁྱད་དུ་གསོད། །འདུལ་ཁྲིམས་མི་བསྲུང་བག་མེད་སྤྱོད་པ་སྣ་ཚོགས་བྱེད། །རབ་བྱུང་ཡིན་ཟེར་ཁས་ལེན་མང་དུ་བྱེད། །བྲེ་ལོག་རྒྱ་ལོག་གཡོ་སྒྱུ་ཁྲམ་རྐུན་བྱེད། །དགེ་འདུན་ཡིན་ཟེར་འདུལ་ཁྲིམས་ཉམས་པ་དེ་འདྲ་འབྱུང༌། །དགོན་གནས་གཙུག་ལག་ཁང་ལ་བཤས་ཁང་བྱེད་པར་འབྱུང༌། །རབ་བྱུང་རྣམས་ཀྱིས་བཤས་དཔོན་བྱེད་པ་འབྱུང༌། །རབ་བྱུང་ཆས་རྟགས་ཆོས་གོས་རྣམ་གསུམ་དང༌། །འདུལ་ཆས་གཙང་ནས་ཟོག་པོ་བྱེད་པ་འབྱུང༌། །དེ་བཞིན་གཤེགས་པའི་གསུང་རབ་རྣམས་ཀྱང་མེ་ལ་བསྲེགས་ནས་ཟོག་ཚུལ་བྱེད་པ་འབྱུང༌། །དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་འབྱུང༌། །བྱང་ཆུབ་སེམས་དཔའི་སྤྲུལ་པ་རྣམས་ཀྱང་དུག་དང་མཚོན་གྱིས་འཇིག་པར་འབྱུང༌། །འདུལ་བའི་ཆས་ཀྱིས་བུད་མེད་བརྒྱན་པར་འབྱུང༌། །ཆོས་དང་ཆོས་མིན་ཕྱོགས་གཅིག་བསྲེས་པ་འབྱུང༌། །བུད་མེད་ཚོགས་ནས་ཡུལ་གྱིས་གཙོ་བོ་བྱེད་པ་འབྱུང༌། །ད་ནི་རྒྱལ་ཁྲིམས་འཆུག་ཚུལ་ཏེ། །རྒྱལ་པོའི་མལ་འབངས་ཀྱིས་བཟུང་བ་འབྱུང༌། །བུ་ཡིས་ཕ་ལ་མགོ་གཡོག་བཅུག་པ་འབྱུང༌། །ཕ་བུ་སྤུན་ཟླ་དགྲ་རུ་ལངས་པ་འབྱུང༌། །གཅིག་གིས་གཅིག་ལ་དུག་དང་མཚོན་གྱིས་བསད་པ་འབྱུང༌། །ཚེ་འདིར་འབྲེལ་བའི་ཟླ་གྲོགས་ཕལ་ཆེར་གྱིས། །དགྲ་རུ་ལངས་ནས་དུག་དང་མཚོན་གྱིས་གསོད་པ་འབྱུང༌། །སྐྱེས་པ་ལས་ཀྱང་བུད་མེད་དབང་ཆེ་བར་འབྱུང༌། །གཙོ་བོ་དང་གྲོས་ཐག་བུད་མེད་ཀྱིས་གཅོད་པ་འབྱུང༌། །དེའི་དུས་སུ་མེ་ཕོ་རྟ་ཡི་ལོ་ལ། དབུས་ཀྱི་རྡོ་རྗེ་གདན་ན་མཚོན་གྱི་ཆར་བ་འབེབས་ཏེ། དམེ་ཁྲག་ཐང་དུ་འབོ་བར་འགྱུར་རོ། །དེ་ནས་བྱང་གི་མེ་རི་དམར་པོ་ལན་ཐེངས་བདུན་ཙམ་ཉིལ་བ་འོང༌། དེའི་སྔོན་རོལ་དུ་བསྟན་པའི་འབྱུང་ཚུལ་ཅུང་ཞིག་གབ་རྒྱ༔
ས་མདོ་གསུམ་དུ་ཉན་ཐོས་དགེ་འདུན་རེ་འབྱུང༌། །ལུང་སུམ་མདོ་རུ་མཁར་མིན་རེ་རེ་འབྱུང༌། །འཕན་གྱི་ཡུལ་གྱི་རྒྱལ་པོ་ཨ་ཞེས་བྱ་བ་དེ་ཉིད་ནི། །ཐ་མ་སྭའི་ཡུལ་དུ་གཤེགས་པར་འགྱུར། །ཡ་ཡི་མིང་ཅན་རྒྱལ་པོ་དེ་ཉིད་ནི། །ཤོས་ཀྱི་ཡུལ་དུ་གནས་པར་གྱུར་པ་སྟེ། །འོན་ཀྱང་འཕེལ་འགྲིབ་དར་རྒུད་ཤིན་ཏུ་ཆེ། །མཐའ་འཁོབ་ཡུལ་གྱི་ཀྲི་ཡི་མིང་ཅན་རྒྱལ་པོ་ཡིས། །བོད་ཁམས་ཐམས་ཅད་དབང་དུ་སྡུད་པར་བྱེད། །བོད་རྒྱལ་ཐམས་ཅད་བྲན་དུ་བཀོལ་བར་བྱེད། །བོད་ཟོག་ཐམས་ཅད་བྱང་གི་ཡུལ་དུ་འདྲེན། །ཨ་ཞེས་བྱ་བའི་ཡུལ་དུ་ཉན་ཐོས་དགོན་ཆེན་འབྱུང༌། །དབུས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱང༌། །ཕྱོགས་དང་ཕྱོགས་མིན་ཀུན་ཏུ་འཐོར་བ་རྣམས། །ཕྱོགས་གཅིག་དག་ཏུ་དྲིལ་ཏེ་རྒྱལ་པོ་དག་གིས་བཟུང༌། །རྒྱལ་པོ་ཉིད་ཀྱང་བོད་རྒྱལ་ཉིད་དུ་འབྱུང༌། །འབྲས་ཀྱི་གླིང་དུ་ཆུ་མིག་རྡོལ་བ་འབྱུང༌། །ས་ཡི་གླིང་ལ་ཆུ་ཆེན་འཕྱུར་བར་འབྱུང༌། །དགའ་ལྡན་ཆུ་མིག་དག་ནི་འགྲིབ་པར་འབྱུང༌། །རྭ་སྒྲེང་མིང་ཅན་ཆུ་མིག་རྣམས་དང་ནི། །མིང་ཆེན་དཔག་བསམ་ལྗོན་ཤིང་རྣམས་ཀྱང་ནི། །ཇེ་འགྲིབ་འགྲོ་བ་ཀུན་གྱིས་མཐོང་བར་འབྱུང༌། །དགེ་འདུན་རྣམས་ཀྱང་འདུལ་ཁྲིམས་ཉམས་པ་འབྱུང༌། །གཙང་དབུས་ཁམས་སུ་ཡུལ་ཕྱོགས་ཀུན་ཏུ་ཡང༌། །ནད་མུག་མཚོན་གསུམ་དུས་འཁྲུགས་དཔག་མེད་འབྱུང༌། །དགོན་གནས་སྡེ་ལ་ཆགས་འཇིག་དཔག་མེད་འབྱུང༌། །རྒྱུད་སྡེའི་འཆད་ཉན་ཤིན་ཏུ་དཀོན་པར་འབྱུང༌། །ཁྱད་པར་བདེ་མཆོག་རྒྱུད་ནི་དར་ཆ་ཤིན་ཏུ་འགྲིབ་པར་འབྱུང༌། །སྔོན་གྱི་བྱིན་གྱིས་བརླབས་པའི་དགོན་གནས་རྣམས། །རེས་འགའ་མེ་དང་རེ་འགའ་ཆུ་ཡིས་འཇིག །རེས་འགའ་ནང་འཁྲུག་མཚོན་གྱི་བསྐལ་པའི་འཇིགས་པ་འབྱུང༌། །ཨེ་མ་ཧོ༔ མ་ཡེངས་ལེགས་པར་ཉོན་དང་བུ་སློབ་ཀུན། །དེ་དུས་སུ་བསྟན་པ་གསལ་བར་བྱེད་པའི་གང་ཟག་ནི། །རྩོད་ལྡན་སྙིགས་མ་ལྔ་བདོ་བའི་དུས་ཡིན་པས་ཤིན་ཏུ་དཀོན་པ་སྟེ། །མེ་ཏོག་ཨུ་དུམ་ཝ་ར་ལྟ་བུ་སྟེ། །བྱང་ཆུབ་སེམས་དཔའི་སྤྲུལ་པ་དེ་འདྲ་འབྱུང༌། །འབྲོམ་གྱི་སྤྲུལ་པ་སྐྱེས་བུ་དམ་པ་ནི། །ངུར་སྨྲིག་ཚུལ་འཛིན་བསླབ་པ་གསུམ་དང་ལྡན། །རྒྱུད་སྡེའི་ཆོས་ལ་སྙིང་པོ་བཅུད་དུ་དྲིལ། །བསྟན་པའི་རྒྱལ་མཚན་སྐྱེས་བུ་དེ་འདྲ་འབྱུང༌། །འདི་དང་འདི་ཡི་ཐ་སྙད་མི་འགྱུར་རོ། །དུས་ཀྱི་ཁྱད་པར་ཡིན་པས་གབ་པར་བྱ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་བཅུད་ཕྱུངས་ཏེ། །བྱང་ཆུབ་སེམས་དཔའི་ཐུགས་སྲས་སྐྱེས་བུ་ནི། །ཨོ་རྒྱན་ཨརྱ་དེ་བ་ཐུགས་སྤྲུལ་རྒྱལ་བའི་མཚན་ཅན་ནི། །སེང་ཞེས་བྱ་བའི་ཡུལ་ཕྱོགས་དག་ཏུ་འཁྲུངས། །མདོ་སྔགས་གཉིས་ཀྱི་བསྟན་པ་རྒྱས་པར་མཛད། །ཁྱད་པར་ཟབ་མོའི་ཆོས་ལ་སྤྱོད། །སྤྱི་བོར་གསུང་དབྱངས་ཡི་གེ་ཨ་ཡིས་མཚན། །འགོང་པོ་གདུལ་ཕྱིར་སྤྱན་ནི་འབུར་དུ་གཟིགས། །སྤྱན་རྩ་དམར་ཞིང་ཁྲོ་འཛུམ་ངང་ཚུལ་ལྡན། །སྣང་སྲིད་ཟིལ་གནོན་སྡེ་བརྒྱད་བྲན་དུ་བཀོལ། །འགྲོ་བ་ཡོངས་ལ་འདོད་དགུའི་ཆར་པ་ཕབ། །སེམས་ཅན་ཀུན་གྱི་བརྩེ་གདུང་བར་ཆད་བསལ། །བཤད་སྒྲུབ་གཉིས་ཀྱི་བསྟན་པའི་སྲོག་ཤིང་འཛིན། །མི་ཡི་དབང་པོ་སྐྱེས་མཆོག་དེ་འདྲ་འབྱོན། །འོན་ཀྱང་སྐྱེས་བུ་དམ་པ་དེ་ལ་ཡང༌། །སྨོན་ལམ་བཏབ་པའི་བདུད་ཀྱི་སྤྲུལ་པ་རེ་ཟུང་ཡང་ཡང་ཡོད། །ནཱ་རོའི་སྤྲུལ་པ་དྲུ་ཡི་སྲས་སུ་འཁྲུངས། །སེམས་ཅན་རྣམས་ཀྱི་ལོག་རྟོག་མུན་པ་སེལ། །འོན་ཀྱང་བདུད་ཀྱི་སྤྲུལ་པ་ཁས་ཟབ་པས། །དཔེར་ན་ཉི་མ་སྤྲིན་གྱིས་འགྲིབ་པ་ལྟ་བུར་འབྱུང༌། །ལོ་ཙཱ་བ་དང་རིགས་གསུམ་མགོན་པོའི་སྤྲུལ་པ་ནི། །ཉ་ཞེས་བྱ་བའི་ས་ཕྱོགས་དག་ཏུ་འཁྲུངས། །རབ་བྱུང་ཆ་ལུགས་ཆོས་གོས་རྣམ་གསུམ་དང༌། །འདུལ་བའི་ཆས་འཛིན་ངུར་སྨྲིག་སྡེ་རྣམས་སྐྱོང༌། །གསང་སྔགས་ཆོས་ལ་ངོམས་པ་མེད་པར་སྤྱོད། །འོན་ཀྱང་དེ་རྣམས་ལ་ཡང་བར་ཆད་བྱེད་པའི། །བདུད་ཀྱི་སྤྲུལ་པ་དུ་མ་ཡོད་པའི་བར་ཆད་བྱེད་པས། །རླུང་ནང་གི་མར་མེ་དང་མཚུངས་སོ། །འཇམ་དཔལ་གསུང་སྤྲུལ་ཀློག་གི་ཕྱོགས་ནས་འབྱོན། །སྡེ་སྣོད་ཆོས་ལ་ངོམས་པ་མེད་པར་སྤྱོད། །ཤཱཀྱའི་རྗེས་འཇུག་རབ་བྱུང་ཆ་ལུགས་ཏེ། །བསྟན་པའི་རྒྱལ་མཚན་སྐྱེས་བུ་དེ་འདྲ་འབྱུང༌། །མཉམ་མེད་རྒོད་ཚང་པ་ཡི་སྤྲུལ་པ་ནི། །ཞེས་ཀྱི་མིང་ཅན་ས་ཕྱོགས་དག་ནས་འབྱོན། །སྦས་པའི་ཚུལ་གྱིས་རྒྱལ་བའི་བསྟན་པ་འཛིན། །སྒྲུབ་པའི་སྐྱེས་མཆོག་སྐྱེས་བུ་དེ་འདྲ་འབྱོན། །རབ་འབྱོར་སྤྲུལ་པ་རྩ་ཞེས་བྱ་བའི་ཡུལ་ནས་འབྱོན། །བསླབ་པ་གསུམ་ལྡན་ངུར་སྨྲིག་སྡེ་རྣམས་སྐྱོང༌། །འཛམ་གླིང་ཡོངས་ལ་ཆོས་ཀྱི་སྒྲ་ཆེན་སྒྲོགས། །བསྟན་པའི་རྒྱལ་མཚན་ཏོག་གི་ནོར་བུ་ལྟར། །མི་དབང་མཁས་མཆོག་སྐྱེས་བུ་དེ་འདྲ་འབྱོན། །ལྷ་ལུང་དཔལ་གྱི་རྡོ་རྗེའི་སྤྲུལ་པ་ནི། །སྭ་ཞེས་བྱ་བའི་ཡུལ་ཕྱོགས་དག་ནས་འབྱོན། །རྒྱལ་པོའི་ཚུལ་འཛིན་བསྟན་པའི་དགྲ་བོ་བསྒྲལ། །མཐུ་སྟོབས་རྨད་བྱུང་སྐྱེས་བུ་དེ་འདྲ་འབྱོན། །འོད་དཔག་མེད་ཀྱི་ཐུགས་ཀྱི་སྤྲུལ་པ་ནི། །ར་ཞེས་བྱ་བའི་ཡུལ་ཕྱོགས་དག་ནས་འབྱོན། །རྟོགས་པ་མཐར་ཕྱིན་སྣང་སྲིད་ཟིལ་གྱིས་གནོན། །གྲུབ་པའི་དབང་ཕྱུག་སྐྱེས་བུ་དེ་འདྲ་འབྱོན། །སངས་རྒྱས་སྣང་བ་མཐའ་ཡས་སྤྲུལ་པ་ནི། །མོ་ཞེས་བྱ་བའི་ཡུལ་ཕྱོགས་དག་ནས་འབྱོན། །རབ་བྱུང་ཆ་ལུགས་ཆས་རྟགས་འཆང་ནས་ཀྱང༌། །བཤད་སྒྲུབ་གཉིས་ཀྱི་བསྟན་པ་རྒྱས་པར་མཛད། །བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྲུལ་པ་ནི། །སྭ་ཞེས་བྱ་བའི་ཡུལ་ཕྱོགས་དག་ན་འབྱོན། །རབ་བྱུང་ཆ་ལུགས་ཆས་རྟགས་འཆང་ནས་ཀྱང༌། །ངུར་སྨྲིག་སྡེ་རྣམས་སྐྱོང་ནས་བསྟན་པའི་བདག་པོ་མཛད། །གཞན་ཡང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཟུང་རེ་འབྱོན་ནོ། །ཞེས་གསུངས་སོ། །ཡང་མ་ཅིག་ལ། བུ་མོ་བསོད་ནམས་རྒྱན་གྱིས་ཕྱག་གསུམ་འཚལ་ཏེ། པུས་མོ་བཙུགས་ཐལ་མོ་སྦྱར་ནས། ཀྱེ་མ་ཅིག་ལགས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ། རྒྱལ་ཁྲིམས་དང་ཆོས་ཁྲིམས་འཆུག་ཚུལ་རྣམས་ལེགས་པར་གསུངས་མོད་ཀྱང༌། མ་འོངས་པ་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལྔ་བཅུ་ཁ་རལ་ལ་ཐུག་པའི་དུས་སུ། བདུད་གླང་དར་གྱི་སྤྲུལ་པ་སྤལ་བ་ནག་པོའི་མིང་ཅན་དེ་ལ་འཁོར་དེ་ལྟ་བུ་གཅིག་གིས་བསྐོར་ནས་སངས་རྒྱས་ཀྱི་བསྟན་པ་ཁྲག་དང་འོ་མ་ལྟ་བུ་བསྲེ་བའི་དུས་དེར་དྲུག་ཅུ་ཁ་རལ་དང་ལྔ་བཅུ་ཁ་རལ་གྱི་སྐབས་དུས་གཉིས་ལ་བདུད་ཀྱི་སྤྲུལ་པ་རབ་བྱུང་གི་ཆ་ལུགས་སུ་ཞུགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་གསུངས་པས། དེ་ཡང་གང་འདྲ་བ་གཅིག་ཡིན་ནམ། རབ་བྱུང་གི་ཆས་སུ་ཞུགས་ནས་སངས་རྒྱས་བསྟན་པ་ལ་གནོད་པ་སྐྱེལ་བའི་གང་ཟག་དེ། དེ་ནས་ཚེ་འཕོས་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་སྤང་ངམ། ཡང་ན་རྫོགས་ལྡན་ཡན་ཆད་དུ་སྐྱེ་བ་ཡང་ཡང་དུ་ལེན་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱུང་ངམ་མི་འབྱུང༌། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྲུལ་པ་དུ་མ་འབྱོན་པས་དེ་རྣམས་ལ་ཡང་བར་ཆད་ཤིན་ཏུ་ཆེ་གསུངས་པས། བར་ཆད་བཏང་བར་བྱེད་པའི་བདུད་ཀྱི་རིགས། སྔོན་གྱི་སྨོན་ལམ་ལོག་པ་བཏབ་པས་ཧ་རི་ནག་པོའི་འཁོར་འབངས་དེ་རྣམས་རང་ཡིན་ནམ། ཡང་དེ་མ་ཡིན་པའི་བདུད་ཀྱི་སྤྲུལ་པ་འདྲ་བ་ཡིན་ནམ། དེ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྲུལ་པ་དེ་རྣམས་ལ་བར་ཆད་བྱས་པའི་ཚེ་ན་སྤྱོད་ལམ་ཅི་འདྲ་བ་བྱེད་ནས་བར་ཆད་བྱེད་དམ། བདུད་ཀྱི་སྤྲུལ་པ་དེ་རྣམས་འདུལ་བ་དང་བསྒྲལ་བའི་ཐབས་ལ་ཅི་འདྲ་བ་ཞིག་དགོས་སམ། ལྷ་གང་གིས་སྒོ་ནས་འདུལ་དགོས་སམ། འོན་ཀྱང་སྙིགས་མ་ལྔ་བདོ་བའི་དུས་རེད་པས་བདུད་དང་འབྱུང་པོ་ཐམས་ཅད་འདུལ་དཀའ་ཞིང༌། ཁྱད་པར་དུ་ཡང་སྨོན་ལམ་ལོག་པ་ཐེབས་པའི་བདུད་ཀྱི་སྤྲུལ་པ་དེ་རྣམས་ཤིན་ཏུ་འདུལ་དཀའ་བས་ཡི་དམ་དང་ཆོས་སྐྱོང་མཐུ་རྩལ་ཆེ་ཞིང་མྱུར་དུ་མགྱོགས་ཆེ་བ་གཅིག་མེད་ན་མི་འདུལ་བས་ཡི་དམ་དང་ཆོས་སྐྱོང་གང་བསྟེན་ན། མཐུ་རྩལ་དང་མྱུར་མགྱོགས་ཆེའམ། ཁྱད་པར་བྱིན་གྱིས་བརླབས་པའི་གནས་དང་ཡུལ་རྣམས་ལ་བྱང་ཆུབ་སེམས་དཔའི་སྤྲུལ་པ་མང་པོ་ཡོད་ཀྱང༌། ལྔ་བརྒྱ་དུས་ཀྱི་སྙིགས་མ་དེ་ལ་ཐུག་པའི་ཚེ་ན་བྱིན་གྱིས་བརླབས་པའི་གནས་རྣམས་ལ་བྱོན་པའི་ངེས་པ་མེད་དོ་གསུངས་པས། བྱང་ཆུབ་སེམས་དཔའི་སྤྲུལ་པ་དེ་རྣམས་འགྲོ་དོན་རྫོགས་ནས་འཇིག་རྟེན་དུ་མི་འབྱོན་པ་ཡིན་ནམ། ཡང་ན་ཡུལ་གཞན་དུ་འབྱོན་པ་ཡིན་ནོ། །བུདྡྷའི་མིང་ཅན་དགའ་ལྡན་ལ་ཏིག་ཏྲ་ལྡན། གྲགས་པའི་བསྟན་པའི་ཆོས་ཁྲིམས་དང་པོ་དེ་ནས་འཆུག་གསུངས་པས། དེ་ཡང་ཅི་འདྲ་བའི་སྤྲུལ་པ་ཡིན་ནམ། འགོང་པོའི་སྤྲུལ་པ་སྔགས་པའི་ཐོར་ཅོག་ཅན་དུ་སྤྲུལ། གཅིག་གིས་ཌཱ་ཀི་ཡིན་ཟེར་གསང་བའི་ཕྱག་རྒྱའི་ཚུལ་དུ་སྤྲུལ། གསུངས་པས་དེ་རྣམས་གླང་དར་མ་རང་གིས་སྤྲུལ་པ་ཡིན་ནམ། ཡང་ན་དེའི་བློན་པོ་འདྲ་བ་གཅིག་གི་སྤྲུལ་པ་ཡིན་ནམ། དེའི་གཉེན་པོར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས། དེ་དང་དུས་མཉམ་དུ་ཡུལ་དེར་འབྱོན། གཞན་ཡང་ལོག་ཆོས་བསལ་བའི་ཐབས་ཅི་ལྟ་བུ་བྱེད་དགོས་ལགས། ཞིབ་ལ་གསལ་བ་གཅིག་གསུངས་འཚལ། ཞེས་ཞུས་པས། མ་ཅིག་གི་ཞལ་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་ངོ་བོ་ཉིད། མཐུ་སྟོབས་དབང་ཕྱུག་བསྟན་དགྲ་བརླག་མཛད་མ། །གསང་བའི་མཚན་རྟགས་བྷན་དྷ་ཌཱ་ཀི་མ། །ཁྱོད་ཀྱིས་ནན་ཏན་དྲིས་པ་ཤིན་ཏུ་ལེགས། །མ་ཡེངས་ལེགས་པར་ཉོན་དང་ང་ཡིས་བཤད། །ཅེས་གསུངས་ནས། མ་ཅིག་ཉིད་ཀྱང་དྲག་པོའི་ལྟ་སྟངས་ཤིག་མཛད་ནས། ཨེ་མ་ཧོཿ ལྔ་བརྒྱ་རྩོད་དུས་སྙིགས་མ་དེ་ལ་ཐུག་པའི་དུས། །བསྟན་པའི་འབྱུང་ཚུལ་གོང་ནས་བཤད་མོད་ཀྱང༌། །ཁྱད་པར་བདུད་ཀྱི་སྤྲུལ་པ་སྦལ་པའི་མིང་ཅན་དེས། །བཤད་སྒྲུབ་གཉིས་ཀྱི་བསྟན་པ་ཁྲག་དང་འོ་མ་ལྟ་བུར་བསྲེ། །ཁྱད་པར་བཤད་པའི་བསྟན་པ་ཆུ་བོའི་གཞུང་དུ་བསྐྱུར། །གཙང་དབུས་ཁམས་སུ་དམེ་ཁྲག་རྒྱ་མཚོ་ལྟ་བུ་བསྙིལ། །ཇོ་བོ་ཉིད་ཀྱང་དམེ་ཁྲག་ནང་དུ་བསྣུབ། །འགོང་བོའི་སྤྲུལ་པ་ཤ་བའི་མིང་ཅན་འབྱུང༌། །གཙང་དབུས་ཁམས་སུ་མཚོན་གྱི་ཆར་བ་ཆེན་པོ་ཕབ། །རབ་བྱུང་ཆ་ལུགས་ཆས་རྟགས་ཚང་བར་འཆང༌། །དཔེར་ན་སེང་གེའི་ཁོག་པ་འབུ་ཡིས་ཤིག་པ་ལྟ་བུར་བྱེད། །བཤད་སྒྲུབ་གཉིས་ཀྱི་བསྟན་པ་མུན་པའི་གླིང་ལྟར་བསྒྱུར། །འགོང་པོའི་སྤྲུལ་པ་དུ་མ་མང་དུ་བྱུང༌། །དགའ་ཞེས་བྱ་བའི་གནས་དང་ས་ཕྱོགས་དག་ཏུ་འབྱུང༌། །རབ་བྱུང་ཆས་འཛིན་བསྟན་ལ་གནོད་པར་བྱེད། །རེས་འགའ་ཕུ་ཡི་ཕྱོགས་སུ་འབྱུང་སྟེ། །བསྟན་པའི་རྗེས་འཇུག་བསྟན་འཛིན་ཡོངས་ལ་གནོད། །འགོང་པོའི་སྤྲུལ་པ་གང་ཟག་དེ་འདྲ་འབྱུང༌། །བློན་ཆེན་གཅིག་ནི་རྩ་ཞེས་བྱ་བའི་ཡུལ་དུ་འབྱུང༌། །སངས་རྒྱས་བསྟན་དང་བསྟན་འཛིན་དགེ་འདུན་སྡེ་ལ་གནོད། །རེས་འགའ་ཀོང་དང་མདོ་ཁམས་ཕྱོགས་སུ་འབྱུང༌། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ་ལ་གནོད། །རེས་འགའ་ལུང་ཞེས་བྱ་བའི་ཡུལ་དུ་འབྱུང༌། །རེས་འགའ་སྤོ་ཞེས་བྱ་བའི་ཡུལ་དུ་འབྱུང༌། །སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་ལ་གནོད། །རེས་འགའ་རི་ཞེས་བྱ་བའི་ཡུལ་ཕྱོགས་དག་ཏུ་འབྱུང༌། །གཞན་ཡང་འགོང་པོའི་སྤྲུལ་པ་དུ་མ་འབྱུང་བ་སྟེ། །ཞིབ་རྒྱས་འདི་རུ་མི་གསལ་མ་ཡིག་ཆེན་མོར་གསལ་ལོ། །
ཡང་བུ་མོ་བསོད་ནམས་རྒྱན་གྱིས་དེ་ལྟ་བུ་འབྱུང་བའི་དུས་སུ་བསྟན་པ་གསལ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་སྤྲུལ་པ། རྒྱལ་པོ་ཊ་ཞེས་བྱ་བ་དེ་ཉིད་སྭ་ཞེས་བྱ་བའི་གནས་ནས་འབྱོན་གསུངས་པས། དེས་སྤྱོད་ལམ་ཅི་འདྲ་བ་བྱེད། བསྟན་དགྲ་འདུལ་བའི་དུས་ལ་བབས་ཚེ་ན་ཞི་རྒྱས་གང་གིས་འདུལ་དགོས་སམ། བྱང་ཆུབ་སེམས་དཔའི་སྤྲུལ་པ་རྣམས་ཀྱི་བྱོན་ཚུལ་སྔ་སོར་གསུངས་མོད་ཀྱང༌། བྱང་ཆུབ་སེམས་དཔའ་བརྒྱད། རིགས་གསུམ་གྱི་མགོན་པོ། ཉན་ཐོས་ཆེན་པོ་བརྒྱད། དེའི་ཐུགས་ཀྱི་སྲས་རྣམས་དང་བཅས་པ་ཡུལ་ཕྱོགས་མཐུན་དུ་འཁྲུངས་ནས་འགྲོ་བའི་དོན་བྱེད་དམ། ཡང་ན་ཡུལ་གནས་སོ་སོ་རུ་སྤྲུལ་ནས་འགྲོ་བའི་དོན་བྱེད་དམ། བྱང་ཆུབ་སེམས་དཔའི་རིགས་རྣམས་ལ་བདུད་ཀྱིས་བསླུ་ཐབས་དུ་མའི་སྒོ་ནས་བར་ཆད་འབྱུང་གསུངས་པས་སྤྲུལ་པ་ཅི་འདྲ་བ་བྱས་ནས་བར་ཆད་འབྱུང་ལགས། དེ་བཟློག་པའི་ཐབས་ལ་ཅི་ལྟ་བུ་བྱེད་ནས་བཟློག་གམ། སྔོན་དུ་སྤུངས་ཞེས་བྱ་བའི་གནས་སུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དེ་ཉིད་ལ་བར་ཆད་གཏོང་བར་བྱེད་པའི་རིགས་མང་དུ་ཡོད་གསུངས་པ་དང༌། འགོང་པོའི་སྤྲུལ་པ་གསུམ་གྱིས་བར་ཆད་བྱེད་གསུངས་པས། དེ་ཡང་སྔོན་གྱི་སྨོན་ལམ་ལོག་པའི་མཐུ་ཡིན་ནམ། ཅི་འདྲ་བ་གཅིག་ཡིན་ཞིབ་པར་གསུངས་འཚལ་ཞེས་ཞུས་པས། མ་ཅིག་གི་ཞལ་ནས། དད་ལྡན་སྙིང་སྟོབས་ཅན་གྱི་བུ་མོ་ཁྱོད། །དྲི་བ་ནན་གྱིས་བྱས་པ་མཆོག་ཏུ་ལེགས། །བདུད་ཀྱི་སྤྲུལ་པ་འབྱུང་ཚུལ་གོང་ནས་གསུངས་མོད་ཀྱང༌། །ཁྱད་པར་འགོང་པོའི་སྤྲུལ་པ་ཤ་བའི་མིང་ཅན་དང༌། །ནང་བྱོན་བཞི་པོ་རིགས་འགྲེ་དག་ཏུ་འབྱུང༌། །བུདྡྷའི་མིང་ཅན་ལ་སོགས་འབྱུང་བ་ནི། །ཡུལ་དང་ཡུལ་ཕྱོགས་གར་ཡང་འབྱུང་བ་སྟེ། །བཅོམ་ལྡན་འདས་ནས་བཟུང་སྟེ་ད་ལྟ་ཡན་ཆད་དུ། །སྨོན་ལམ་ལོག་པ་བཏབ་པ་ཁོ་ན་ཡིན། །ཁྱད་པར་འགོང་པོའི་སྤྲུལ་པ་གསུམ་པོ་དེ། །གོང་དུ་བཤད་པའི་སྤྲུལ་པ་དེ་རང་ཡིན། །དེ་ཉིད་བསལ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་སྤྲུལ་པ་ནི། གླང་དར་མ་ཞེས་བྱ་བས་བསྟན་པ་བསྣུབ་པའི་དུས། གྲགས་པའི་མཚན་ཅན་བསྟན་པ་གསལ་བར་བྱེད་པ་སྟེ། ད་ལྟའི་དུས་ཀྱི་བླ་མ་གྲགས་པ་འདི། །མ་འོངས་དུས་དེར་བློ་བཟང་གྲགས་པ་ཞེས། །དེ་ཡིས་བསྟན་པའི་གྲོགས་སུ་འཛིན་པའི་ཕྱིར། །སྔོན་སངས་རྒྱས་དྲུང་དུ་འཕགས་པ་རབ་འབྱོར་ཞེས། །རྒྱ་གར་རྡོ་རྗེ་གདན་གྱི་དབུས་ཉིད་དུ། །མུ་སྟེགས་ཚོགས་རྣམས་མ་ལུས་བཏུལ་བའི་ཚེ། །ཀརྨ་དེ་བ་ཞེས་བྱ་བ་པཎྜི་ཏ། །ད་ལྟའི་དུས་འདིར་བསོད་ནམས་བླ་མ་ཞེས། །གྲགས་པའི་བསྟན་འཛིན་དུས་དེར་མཁས་གྲུབ་ཆོས་རྗེར་གྲགས། །མ་འོངས་པ་ན་བློ་བཟང་རྒྱལ་བའི་མཚན་ཅན་འབྱུང། །གྲགས་པའི་བསྟན་འཛིན་སྐྱེས་བུ་དེ་འདྲ་འབྱོན། །བཅོམ་ལྡན་འདས་དུས་ཉན་ཐོས་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །རྒྱ་གར་ཡུལ་དུ་བྷ་དྲ་ཞེས་བྱ་སྟེ། །ད་ལྟའི་དུས་འདིར་ཐོད་སྨྱོན་བསམ་འགྲུབ་ཅེས། །གྲགས་པའི་དུས་དེར་ལེགས་པའི་རྒྱལ་མཚན་གྲགས། །མ་འོངས་དུས་ན་ཨརྱའི་མཚན་ཅན་འབྱུང༌། །ཐུགས་ཀྱི་སྲས་འཛིན་ཤཱཀྱའི་བསྟན་འཛིན་དེ་འདྲ་འབྱོན། །བཅོམ་ལྡན་འདས་དུས་ན་དྷརྨ་ཏ་ལ་ཞེས། །རྒྱ་གར་ཡུལ་དུ་མུ་སྟེགས་བཏུལ་བའི་དུས། །པཱི་བསམ་ཏྲི་ཞེས་གྲགས། །ད་ལྟའི་དུས་འདིར་སྤྲུལ་སྐུ་ལ་འདུག་སྟེ། །གྲགས་པའི་དུས་ན་བློ་གྲོས་མཚན་ཅན་འབྱུང༌། །མ་འོངས་དུས་སུ་རྒྱལ་བའི་མཚན་ཅན་འབྱུང༌། །མདོ་སྔགས་གཉིས་ཀྱི་བསྟན་པ་རྒྱས་པར་མཛད། །གྲགས་པའི་བསྟན་འཛིན་ཏོག་གི་ནོར་བུ་ལྟར། །མི་ཡི་སེང་གེ་སྐྱེས་བུ་དེ་འདྲ་འབྱུང༌། །ནཱ་རོའི་སྤྲུལ་པ་སྐྱུ་རའི་རྒྱུད་དུ་འཁྲུངས། །འོད་དཔག་མེད་ཀྱི་སྤྲུལ་པ་ར་ལུང་ཕྱོགས་སུ་འབྱུང༌། །ཕྱག་ན་རྡོ་རྗེ་རིགས་གསུམ་མགོན་པོའི་སྤྲུལ་པ་ནི། །མ་ཞེས་བྱ་བའི་ཡུལ་ཕྱོགས་འབྱུང་བ་སྟེ། །གདུལ་བྱའི་བཀའ་བབས་མདོ་ཁམས་སྨད་དུ་འབྱུང༌། །དེ་རྣམས་ཀྱི་སྐུ་ཚེའི་ཚད་དང་ཡོན་ཏན་གྱི་བརྗོད་པ་རྣམས་ནི། འདིར་མི་གསལ་མ་ཡིག་ཆེན་མོར་གསལ། དེ་རྣམས་ལ་བར་ཆད་བྱེད་པའི་བདུད་ཀྱི་སྤྲུལ་པ་དེ་རྣམས་ཀྱིས་ལས་དུ་མའི་སྒོ་ནས་བར་ཆད་བྱེད་ཚུལ་འདི་ལྟ་སྟེ། རེ་འགའ་བླ་མ་གསང་བའི་ཆས་སུ་ཞུགས། །རེ་འགའ་མཚན་ལྡན་ཡིན་ཟེར་དམན་པའི་ཚུལ་བཟུང་ནས། །ལྷ་ཡི་ལུས་འདྲ་ཡིད་འཕྲོག་ལྟ་བུར་འགྱུར། །རེས་འགའ་འཁོར་འབངས་བྲན་གྱི་ཚུལ་དུ་འབྱུང༌། །རེ་འགའ་སྦྱིན་བདག་ལྟ་བུའི་ཚུལ་དུ་བྱེད། །དེ་རྣམས་ལས་ཚོགས་དུ་མའི་སྒོ་ནས་བར་ཆད་བྱེད་པར་འགྱུར། །ལྕགས་ཕོ་སྤྲེལ་ལ་བྱང་གི་མེ་རི་དམར་པོ་དབུས་སུ་ཉིལ། །དེ་ནས་བཟུང་སྟེ་ལོ་དགུའི་བར་དུ་ནི། །བསྟན་པ་ཡང་གསལ་ཡང་འགྲིབ་འཕོ་འགྱུར་མང་དུ་འབྱེད། །དེ་བ་ཏྲ་ཞེས་པའི་རྒྱལ་པོ་འབྱུང་ནས་ཀྱང་། །བསྟན་དགྲ་བཏུལ་ནས་གྲགས་པའི་བསྟན་པ་འཛིན། །འོན་ཀྱང་བསྟན་འཛིན་སྐྱེས་བུ་དེ་རྣམས་ལ། །བདུད་དང་གཤིན་རྗེའི་མ་མོ་ཁ་དར་བས། །ཁོའི་གྲོགས་སུ་བྱེད་ནས་ཀྱང༌། །བསྟན་འཛིན་རྣམས་ལ་གནོད་པ་དཔག་མེད་སྐྱེལ། །འགོང་པོའི་སྤྲུལ་པ་སྟོབས་རྒྱས་པས། །བླ་མ་འཁོར་དང་འབངས་སུ་སྤྲུལ་ནས་ཀྱང༌། །བསྟན་འཛིན་རྣམས་ལ་ཆོ་འཕྲུལ་དུ་མ་བཏང༌། །མཁས་བཙུན་བཟང་གསུམ་ཡོད་པའི་ཡོན་ཏན་དུ་མར་མཐོང༌། །མངོན་སུམ་དང་ནི་གསང་བའི་བླ་མ་བསྟེན། །ཁོ་ཡིས་ཆོས་དང་ཆོས་མིན་ཆོས་ལོག་མང་དུ་བཤད། །ཟབ་ཆོས་སྦས་ནས་ལོག་ཆོས་མང་དུ་བརྩམ། །དེ་ཡི་རྗེས་འཇུག་ཁོ་ཡིས་བྱིན་བརླབས་པའི། །བར་ཆད་བྱེད་དེ་ལོག་པའི་ལས་རྣམས་སྟོན། །མ་ནོར་ལེགས་པར་རྟོགས་ཤིག་སྐྱེས་བུ་ཀུན། །རེ་འགའ་འཁོར་འབངས་ཚུལ་དུ་སྤྲུལ་པ་སྟེ། །ཡོན་ཏན་མི་བརྟག་སྐྱོན་དུ་བརྟག་ནས་ཀྱང༌། །ཡོ་བྱད་ཟང་ཟིང་སྤྱོད་ངན་ཕྱོགས་སུ་བཏང༌། །ཤ་ཆང་སྒོག་སོགས་ཟས་ངན་སྣ་ཚོགས་ཀྱིས། །བཟང་པོའི་ཚུལ་གྱིས་གསོལ་མཆོད་རྟག་ཏུ་འདྲེན། །ཐ་མ་སྤྱོད་ངན་ཤུགས་འབྱུང་ཕྱག་རྒྱ་བསྟེན་དུ་བཅུག །ཞབས་ཏོག་མི་བྱེད་མི་ཁར་བཀྲམ་པར་འགྱུར། །དཔེར་ན་རྟ་བདུན་རྒྱལ་པོ་མཁའ་ལ་རྒྱུ་བ་ལྟར། །ལུང་དང་ཡོན་ཏན་མཁའ་ལ་རྒྱུ་བ་ལ། །རྫས་གོར་ཞབས་ཀྱི་མར་མེ་ལྟ་བུར་བསྒྲིབ། །དེ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྲུལ་པ་རེས་འགའ་ལ་བར་ཆད་བཏང་ཚུལ་མང་བར་འདུག་ཀྱང་གབ་རྒྱཿ
མ་ཅིག་གི་ཞལ་ནས། སྔོན་གྱི་དུས་སུ་རྒྱ་གར་དུ་མུ་སྟེགས་པའི་ཚོགས་རྣམས་བཏུལ་བའི་དུས་ལ་བབས་པའི་ཚེ་ན་ངེད་ཀྱིས་ཀྱང་ལྷ་དང་བདུད་ནོར་བ་ཇི་བཞིན་དུ་མ་འོངས་པའི་བྱང་ཆུབ་སེམས་དཔའི་སྤྲུལ་པ་རྣམས་ཀྱིས་ལྷ་དང་བདུད་ནོར་དོགས་ཤིན་ཏུ་ཆེ་བས་ལེགས་པར་རྟོགས་ཤིག་སྐྱེས་བུ་རྣམས། ད་ནི་བར་ཆད་བཟློག་ཚུལ་བསྟན་པ་ལས། སྤྱིར་སངས་རྒྱས་ཀྱི་བསྟན་པ་མར་འགྲིབ་ལ་ཐུག་པའི་དུས་ཡིན་པས། མུ་སྟེགས་པ་ཁ་འཕྱུར་ནས་འདུལ་བ་ཤིན་ཏུ་དཀའ་ཞིང༌། ཁྱད་པར་དུ་འགོང་པོའི་སྤྲུལ་པ་དེ་རྣམས་འདུལ་བ་ཤིན་ཏུ་དཀའ་བས་ལྷ་ཡང་གཅིག་གི་སྒོ་ནས་འདུལ་བར་མི་འགྱུར་རོ། །ཁྱད་པར་དུ་ཡང་སྦལ་པའི་མིང་ཅན་འགོང་པོའི་སྤྲུལ་བ་འདུལ་བའི་ཐབས་ལ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ནས་འབྱུང་བ་ལྟར་བྱ་ཞིང་ཡུལ་ས་མདོག་ནག་པོ་ཆུ་བོ་གྲུ་གསུམ་དུ་བབས་པ། གནམ་གྲུ་གསུམ་པ། འོག་ཏུ་ས་གྲུ་གསུམ་དུ་ཡོད་པ་ཞིག་ཏུ་རང་ཉིད་འཇམ་དཔལ་གཤིན་རྗེ་གཤེད་དུ་བསྐྱེད་ཅིང༌། ཁ་ནུབ་ཕྱོགས་སུ་བལྟ་བའི་མདུན་དུ་ལུས་འདོམ་ལྔ་འཇལ་པའི་སར་ཆོས་རྒྱལ་གྱི་ལས་ཚོགས་འཕྲུལ་འཁོར་ཆེན་མོའི་རྒྱུད་ནས་བཤད་པ་ལྟར་བྱས་ནས་བཤམས་ལ། དེའི་ཕྱོགས་བར་གཤིན་རྗེའི་ལས་གཏོར་བཞི། དྲུག་ཅུའི་ལས་ཚོགས་ནས་བཤད་པ་ལྟར་བྱ་སྟེ། རང་ཉིད་གར་འདུག་པའི་ཕྱོགས་དེ་ཤར་དུ་བཟུང་ལ། ཤར་དུ་དྲུག་ཅུ་ཧོམ་ཁུང་བཅོ་བརྒྱད་པ་བརྩེགས་པ། དེའི་ཧོམ་ཁུང་དབུས་མའི་ནང་དུ་ལིངྒ་དཔེའུ་ཆུང་ལྟར་བྲིས་ཏེ་དམིགས་བྱའི་ཡུལ་གྱི་ཁ་རྗེ་དབང་ཐང་ཐམས་ཅད་འདིར་ཁུག་ཅིག་ཟེར་བར་བྲིས་ལ། དམིགས་བྱ་གང་ཡིན་དེའི་ཡུལ་ཞིང་བང་ཁང་ཐམས་ཅད་ལིངྒའི་མཐར་བྲིས་ལ། དེ་རྣམས་ཀྱི་ལྟེ་བར་ས་བོན་འགོད་པར་བྱ་སྟེ། མདོག་ནི་དཀར་པོ་བྱ་སྟེ་དམིགས་བྱའི་ལུས་ལོངས་སྤྱོད་དབང་ཐང་ཐམས་ཅད་བཀུག་སྟེ་ཁོ་ལ་བསྟིམ། དེའི་སྟེང་དུ་བསད་གཏོར་ཟུར་བཞི་པ་གཅིག་བྱས་ཏེ་བ་གླང་ལ་སོགས་པའི་ཤས་བརྒྱན་ལ་བཤམ། དཀར་གསུམ་དང་མངར་གསུམ་ལ་སོགས་གང་འཛོམས་བཤམ་མོ། །ལྷོ་རུ་ཧོམ་ཁུང་དགུ་པ་བརྩེགས་པ་སྟེ། གོང་དང་འདྲ་ལ་ལིངྒ་དཔེའུ་ཆུང་ལྟར་བྲིས་ལ་སེར་པོ་བྱ་སྟེ། དམིགས་བྱ་གང་ཡིན་པའི་ཚེ་དང༌། བསོད་ནམས་དཔལ་འབྱོར་ལེའུ་ལྷ་རྒྱུད་དང་བཅས་པ་ཁུག་ཅིག་ཅེས་བྲིས་ཏེ། ཡང་བོན་པོ་ལ་སོགས་པ་ཡོད་པའི་ས་ཡིན་ན་མིང་ཡིག་མགོ་ནང་དུ་བསྟན་ལ་བོན་བསྐོར་དུ་བྱའོ། །གཞན་གྱིས་སྔགས་པ་འདྲ་བ་ཡོད་ན་མིང་ཡིག་གི་ཡི་གེ་ཕྱེད་མགོ་ནང་དུ་བསྟན། ཕྱེད་ཀྱི་མགོ་ཕྱི་རུ་སྟོན་ལ། གཡས་བསྐོར་གཡོན་དུ་ཆོས་སྐྱོང་གི་སྲོག་སྔགས་རྣམས་འབྲིའོ། །ལིངྒའི་མཐའ་ལ་ཟླ་བའི་དཀྱིལ་འཁོར་བྲིས་ཏེ། དེའི་ནང་དུ་མཐར་ཟུར་བཞི་ལོགས་བརྒྱད་པ་བརྩེགས་གསུམ་པ་ཞིག་བྱས་ལ། དེའི་འོག་མའི་ནང་དུ་དབང་ཆེན་གསེར་གྱི་ས་གཞི་མེ་དཔུང་དམར་ནག་རབ་ཏུ་འབར་བ། མུན་པའི་ཧོམ་ཁུང་ཆེན་པོ་ཁྲོ་ཆུའི་ཕ་བོང་མེའི་ཚྭ་ཚྭ་རབ་ཏུ་ཁོལ་བ་ཞིག་ཏུ་བྲིས་ཏེ། དེའི་རྩེ་བར་མའི་ནང་དུ་དམིགས་བྱ་གང་ཡིན་པའི་དགྲ་བོ་དེ། བུ་ཕོ་རྒྱུད་དང་བཅས་པ། བུ་མོ་མོ་རྒྱུད་དང་བཅས་པ། ལྷ་རྒྱུད་དང་བཅས་པ། ཉེ་དུ་ཉེ་འབྲེལ་རིགས་རྒྱུད་རྩ་ལག་དང་བཅས་པ་ཁུག་ཡིག་བྲིས་ཏེ། དེའི་རྩ་སྟེང་མའི་ནང་དུ་ཀླུ་བརྒྱད་པོའི་སྙིང་པོ་བྲིས་ལ་དགྲ་བོ་འདི་ཟ་སྐལ་ལ་གཏད་དོ། །གནང་སྐལ་ལ་གཏད་དོ། །དགྲ་སྐལ་ལ་གཏད་དོ། །མ་ཤོར་ཅིག་ཅེས་བྱ་བ་བྲིས་ལ་དམིགས་བྱ་གང་ཡིན་པ་དེ་བཀུག་ནས་ལིངྒ་དེ་ལ་བསྟིམ་པར་བྱའོ། །གླིང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གཟའ་བརྒྱད་པོའི་སྲོག་སྔགས་བྲིས་ལ་གོང་ལྟར་བྱ་སྟེ། །ལིངྒ་གོང་བྱས་པ་དེ་ནི་གདམས་ངག་ཟབ་རྒྱ་ཁྱད་པར་དུ་འཕགས། ལིངྒ་བྲི་དུས་སུ་ལིངྒའི་ཡན་ལག་བཞི་ཕྱོགས་གཅིག་ཏུ་ཡོད་པ་ཉི་ཟླ་གཉིས་ཁ་སྦྱོར་ལ་དྲིལ་བར་བྱ་སྟེ། ལྷོའི་ཧོམ་ཁུང་དབུས་མའི་ནང་དུ་འཇོག་གོ །ནུབ་ཏུ་ཧོམ་ཁུང་གསུམ་པ་ཞིག་བརྩེགས་ཏེ། ཟངས་སམ་རིན་པོ་ཆེའི་ནང་དུ་རྩེ་ལ་ལིངྒ་ལ་རྫས་དྲི་མ་བཟང་པོ་བྱུགས་ཏེ་དམར་པོ་བྱ། གང་ཡིན་པའི་ཡུལ་དེའི་ལོངས་སྤྱོད་དང་དབང་ཐང་ཁོ་བོའི་ཡོ་བྱད་ཐམས་ཅད་དབང་དུ་སྡུས་ཤིག་ཅེས་བྲིས་ལ། ལིངྒ་དེ་ནོར་བུའི་ཚུལ་དུ་དྲིལ་ཏེ། ཧོམ་ཁུང་གི་ནང་དུ་གཞུག་སྟེ་ཁོའི་ཟས་ནོར་ལོངས་སྤྱོད་ཐམས་ཅད་བཀུག་སྟེ། དེ་ལ་བསྟིམས་ནས་སྨན་ལྔ་འབྲུ་ལྔ་དྲི་ལྔ་ལ་སོགས་པ་རྫས་སྦྱོར་ཡོད་ཚད་བཤམས་ཏེ། ཧོམ་ཁུང་གི་ནང་དུ་བཅུག་ལ་དེའི་སྟེང་དུ་གཏོར་མ་ནོར་བུ་འབར་བ་གཅིག་བཤམ་མོ། །བྱང་དུ་བསད་པའི་གཏོར་མ་ཧོམ་ཁུང་དྲུག་པ་བརྩེགས་ཏེ་ཧོམ་ཁུང་རེ་རེའི་ནང་དུ་ཕོ་མོ་མིང་བསྡེབ་པ་རེ་རེ་བཞག །དེའི་དབུས་སུ་མེའི་ནང་དུ་ཁྲག་སྣ་ཚོགས་ཚད་ཀྱི་ལིངྒ་དཔེའུ་ཆུང་ལྟར་བྲིས་ལ་དེའི་མཐར་བཀོད་ལུགས་ཤར་དང་འདྲའོ། །དུག་རིགས་འཛོམས་ཚད་དང༌། ཤ་སྣ་འཛོམས་ཚད་བསགས་ལ་བཤམས་ཏེ། ཤ་ཆེན་གྱི་དུད་པ་དང༌། ཚིལ་ཆེན་གྱི་མར་མེ་དང༌། མི་རྐང་གི་གླིང་བུ་དང༌། མི་ཐོད་ཀྱི་ཌ་རུ་ལ་སོགས་པའི་ཆོས་རྒྱལ་རྟེན་རྣམས་ལེགས་པར་བཀྲམ་སྟེ། ལས་བཞི་པོའི་དུས་སུ་རང་ཡི་དམ་ལས་སུ་རུང་བར་རིགས་མཐུན་དུ་བསྐྱེད་པར་བྱའོ། །རང་ཉིད་གཙོ་བོ་ནི་དམ་ཚིག་བཞི་དང་ལྡན་པ་ཡི་དམ་གྱི་ལས་སུ་རུང་བ་གཅིག་དགོས། ལས་རྣམས་སྦྱར་བའི་དུས་སུ། ཆོས་ཀྱི་ཕྱི་ནང་གསང་གསུམ་གྱི་ལས་ཚོགས་རྣམས་གཞུང་ནས་བཤད་པ་ལྟར་བྱ་སྟེ། འདིར་མི་གསལ་གཞན་དུ་གསལ། བསྙེན་སྒྲུབ་ལས་སུ་རུང་བའི་དགེ་འདུན་རབ་ཉེར་བདུན། འབྲིང་བཅོ་བརྒྱད། ཐ་མ་ཡང་བཅུ་བཞི་ཡན་ཆད་ཀྱི་གྲལ་དུ་འཁོད་ལ་ཤ་ཆེན་དུད་པས་བདུག་སྟེ་གིང་ཕོ་མོ་རྣམས་ཕྱོགས་སུ་འཁོད་དེ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱང་ཕྱོགས་མཚམས་སུ་འདུས་ནས་བགེགས་བསྐྲད། དེ་མིན་གྲལ་དུ་འཁོད་པ་རྣམས་ཀྱང་ལས་ཀྱི་ཆས་སུ་ཞུགས། གཙོ་བོ་ཉིད་ནི་ཆོས་རྒྱལ་དང་མཚུངས་པའི་ཆ་ལུགས་རྣམས་འཆང་སྟེ་ཡི་དམ་གྱི་ང་རྒྱལ་དང་ལྡན་པ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གཞུང་ལྟར་སྣང་བར་བྱའོ། །ཕྱོགས་གཅིག་པོའི་ཧོམ་ཁུང་དྲུག་ཅུ་རྩ་དགུ་པོ་ནི་གཤིན་རྗེ་རིགས་བཞིའི་གཞལ་ཡས་ཁང་དུ་བསྐྱེད་དེ། །མིང་ཡིག་བྲིས་པ་ལྟ་བུའི་དམིགས་བྱ་ཡུལ་གྱི་དགྲ་བོ་ཐམས་ཅད་ཡང་ཡང་དུ་དགུག་གཞུག་བྱས་ཏེ་བསྟིམས་ལ། དམིགས་བྱའི་ཡུལ་གྱི་དགྲ་བོ་ཐམས་ཅད་ཆོས་རྒྱལ་འོག་ཏུ་མནན་པར་བསམ་མོ། །དཀྱིལ་འཁོར་གྱི་ནུབ་ཕྱོགས་ཧོམ་དྲུག་ཅུ་དང་བཅས་པ་ལ། བཟང་དྲུག་ལ་སོགས་པའི་སྨན་གྱི་དུད་པས་ཡང་ཡང་དུ་བདུག་སྟེ་དབང་སྡུད་རྣམས་ཀྱི་དམིགས་པ་གང་ཤེས་རྣམས་དགུག་གཞུག་ཡང་ཡང་བྱས་ལ་བསྟིམ། རབ་རྟགས་མངོན་སུམ་དུ་མ་བྱུང་བར་དུ་བསྒྲུབ་བོ། །འབྲིང་ནི་རྨི་ལམ་མ་བྱུང་བར་དུ་བསྒྲུབ་བོ། །ཐ་མ་བདུན་གསུམ་བསྒྲུབ་བོ། །དེ་ནས་ལས་ཀྱི་མཐའ་ལ་དགྲ་བོ་ཐལ་བར་བརླག་པར་འདོད་ན་ཞི་བའི་སྒོ་ནས་སྦྱིན་སྲེག་བླུག་སྟེ། ལིངྒ་མེ་ལ་བསྲེགས་ནས་ཐལ་བ་རླུང་ལ་འཕྱར་རོ། །དགྲ་བོའི་ཡུལ་དུ་ལྟས་ངན་ཆོ་འཕྲུལ་དཔག་མེད་བཏང་བར་འདོད་ན་སྦྱིན་སྲེག་བྱེད་ཚུལ་གོང་དང་འདྲ་ལ། ཐལ་བ་སྲེ་མོ་དང་ཝ་དང་སྤྱང་ཀི་ལ་སོགས་པའི་ཤུན་པའི་ནང་དུ་བླུགས་ལ། གྲུ་གསུམ་པ་ལུང་པ་གསུམ་གྱི་མདོ་ལེན་ལ་ཕུག་པ་དང་རི་བྲག་ཡོད་པའི་སར་ཆོས་འབྱུང་གྲུ་གསུམ་པ་བརྐོས་ལ་གང་གི་ཤུན་པ་རྣམས་དེའི་ནང་དུ་སྦས་ཏེ། མཆོད་རྟེན་ནག་པོའི་ས་ལ་སོགས་པའི་ཕུང་ཤིག་གི་རྫས་གང་འཛོམས་བསྲེས་ཏེ་མཆོད་རྟེན་ནག་པོ་གཅིག་བཟོས་ལ་མནན་པར་བྱའོ། །ལྷོའི་ཅན་ལ་རྒྱས་པའི་སྒོ་ནས་སྦྱིན་སྲེག་བླུག་སྟེ་གོང་དང་འདྲའོ། །ལས་གང་བྱེད་ཀྱང་ཐལ་བ་བསྲེག་པར་བྱའོ། །དེ་ལྟར་བྱས་པས་དགྲ་བོའི་ཡུལ་དུ་ནད་ཡམས་འཁྲུག་རྩོད་དང༌། ཐོག་སེར་ལ་སོགས་པའི་ཆོ་འཕྲུལ་དཔག་ཏུ་མེད་པ་འབྱུང་ངོ༌། །ནུབ་ཀྱི་དྲུག་ཅུ་ཧོམ་ཁུང་དང་བཅས་པ་རྣམས་དབང་གི་སྦྱིན་སྲེག་བཏང་སྟེ། ཐལ་བ་རྣམས་ཡང་གཞན་ལ་མ་འཐོར་བར་རང་གི་ཁྱིམ་དང་ཞིང་ས་རྣམས་ལ་གཏོར་བས་ལས་ཐམས་ཅད་འགྲུབ་བོ། །ཁྱད་པར་བྲིས་པའི་ལིངྒ་དེ་ཉིད་མེ་ལ་བསྲེགས་པའི་ཐལ་བ་དེ་ཉིད་རང་གི་ལུས་ལ་འཆང་བས་ཕ་རོལ་པོའི་བདུད་དཔུང་ཐམས་ཅད་འཇོམས་ཤིང་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་འགྱུར་རོ། །དེ་ལ་རྫས་དང་དམིགས་པའི་བྱེ་བྲག་དང་མན་ངག་འཐོར་བུ་རེ་ཞིག་འདུག་གབ་རྒྱ༔
བྱང་ཕྱོགས་ཀྱི་དྲུག་ཅུ་ཧོམ་ཁུང་དང་བཅས་པ་དེ་ཉིད་རང་དང་དཔག་ཚད་གཅིག་འགྱང་བའི་ས་རུ་ཆོས་འབྱུང་གྲུ་གསུམ་པ་ཟབས་སུ་ཁྲུ་དགུ་ཡོད་པ་གཅིག་བྲིས་ཏེ། དེ་ཡང་ལྕགས་ཁང་གསུམ་པ་ཕྱི་ནག་ལ་རྩུབ་པ། ནང་དམར་ལ་ཟབ་པ། ཞབས་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། སྟེང་ན་ཞེ་སྡང་གི་མེ་འབར་བ། བར་ན་གཏི་མུག་གི་མུན་པ་གཏིབ་པ། ཕྲག་དོག་གི་རླུང་འཚུབ་པ། ང་རྒྱལ་གྱི་ཐོག་སེར་འཕྲོ་བ། ཚེར་ལས་རྩུབ་པ། དྲག་ལས་མྱུར་བ། ལས་ཀྱི་བཤན་པ་གཤིན་རྗེའི་བཤས་ར་སྐྱེས་བུས་ལག་པ་བརྐྱངས་བསྐུམས་ཀྱང་མི་རིག་པ་ཞིག་ཏུ་བསྐྱེད། དེའི་ནང་དུ་དྲུག་ཅུའི་ཧོམ་ཁུང་གི་ནང་གི་ལིངྒ་དེ་བཞག་སྟེ། མགོན་པོ་དང་ལྷ་མོ་དང་ཞལ་བཞི་དང་བཅས་པའི་ཆོས་སྐྱོང་རྣམས་ཀྱི་ཆས་སུ་ཞུགས་པའི་རང་རང་གི་ཕྱག་མཚན་རྣམས་ཐོགས་ནས་འཆམ་སྟེ་ལས་རུང་སོང་བ་གཅིག་གིས་ཆོས་རྒྱལ་གྱི་ཆས་སུ་ཞུགས་ལ། དགུག་གཞུག་དང་དམོད་བཅོལ་དམ་བརྡར་གཡས་སྡེ་དགུག་འདྲེན་བྱེད། གཙོ་བོ་རང་ནི་རྡོ་རྗེ་འཇིགས་བྱེད་ཀྱི་དམིགས་པ་བརྟན་པོས་དཔོན་སློབ་ཐམས་ཅད་ཀྱི་དམིགས་ཡུལ་གནོད་བྱེད་གང་ཡིན་ལིངྒ་ལ་བཀོད་པ་ལྟ་བུར་བཀུག་སྟེ། ཧོམ་ཁུང་གི་ལིངྒ་ལ་བསྟིམས་པས་རང་དབང་མེད་པར་ཁུག་སྟེ། མྱ་ངན་གྱི་ཕྱག་རྒྱ་འདར་ཕྲོ་ལོ་ལོ་བྱེད་པའི་བྱི་ཕྲུག་གཤོག་པ་ཆག་པ་ལྟ་བུ་སྐེ་ཕྲ་བ། གསུས་པ་ཆེ་བ། ཡན་ལག་རིང་བ། མིག་ཁྲ་ཧྲིལ་ཧྲིལ་བྱེད་པ་ཞིག་ཏུ་བསྐྱེད་དེ། དགྲ་བོ་ལ་གང་འདོད་པའི་ལས་བསྐྱེད་ལུགས་དམིགས་པ་བྱེ་བྲག་སོ་སོར་ཡོད་ཅིང༌། གཏོར་མ་རྒྱབ་པའི་དུས་སུ་ཡང་དེ་དང་མཚུངས་ཏེ། གཙོ་བོའི་དྲུག་ཅུ་ཧོམ་ཁུང་གི་ནང་དུ་རྫོངས་ཏེ་ངུ་ཞིང་སྣ་ཚོགས་ཀྱི་ཁར་བཅད་དེ་རྗེས་མི་མངོན་པར་བྱ་ལ། ཆོས་སྐྱོང་རྣམས་ཀྱི་གཏོར་བྲོ་ཆེན་མོ་བརྡུངས་ཏེ་རྗེས་སུ་ཡང་དྲག་པོའི་སྦྱིན་སྲེག་མང་དུ་བླུག་སྟེ། གཏང་རག་གི་མཆོད་པ་བྱེད། བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ། འདིའི་མན་ངག་ནི་ཆིག་བརྒྱུད་དུ་ཞལ་རྒྱུན་མ་གཏོགས་ཤོག་སེར་གྱི་ངོས་ནས་ཕབ་པར་མི་བྱ། མ་རྒྱུད་མཁའ་འགྲོའི་སྲོག་ཁྲག་ཡིན་ནོ། །ཟབ་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མངྒ་ལམ༔
གནད་གེགས་སེལ་བའི་སྒྲོན་མ།
༄༅། །གནད་གེགས་སེལ་བའི་སྒྲོན་མ་བཞུགས་སོ། །
འདི་ན་ཁོང་ཁོལ་གྱི་གདམས་པ་ཡོད། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་དབྱེར་མེད་དབྱིངས། །དོན་གྱི་གཏེར་ཆེན་རིན་མཛོད། །ཡོན་ཏན་ཀུན་གྱི་མཆོག་འཛིན་པ། །ཀུན་གྱི་ཡུམ་གྱུར་རྒྱལ་བའི་བཀའ། །དེ་དོན་བླ་མ་དམ་པ་ལ། །ཇི་ལྟར་མཉེས་པའི་ཡོན་ཕུལ་ནས། །ཕྱི་ནང་གསང་བའི་སྙེམས་ཐག་གཅད། །སྣང་སྲིད་འཁོར་འདས་མ་ལུས་ཀུན། །ཐམས་ཅད་རང་གི་སྙེམས་ཡིན་པས། །རང་གི་སྙེམས་ཐག་གཅད་པར་བྱ། །སྐྱབས་སུ་འགྲོ་དང་མཆོད་པ་དང་། །བེམ་རིག་དབྲལ་དང་གདམས་ངག་གདབ། །ངོ་སྤྲོད་ཞལ་གྱི་གདམས་པའོ། །སྐྱབས་སུ་འགྲོ་བས་མོས་པ་བསྐྱེད། །མཆོད་པ་རྒྱ་ཆེན་འཁྲི་བ་བཅད། །བེམ་རིག་ཕྲལ་བས་ལུས་སེམས་སྦྱང་། །གདམས་ངག་བཏབ་པས་ཚིག་དོན་དབྱེ། །ལྔ་པ་ངོ་སྤྲོད་གདབ་པ་ལ། །ཕྱི་ཡི་སྙེམས་ཐག་གཅོད་ཀྱིས་བཅད། །ནང་གི་སྙེམས་ཐག་ངོ་སྤྲོད་ཀྱི། །རྒྱུད་ལ་ལེགས་པར་བཏབ་ལ་བཅད། །གསང་བའི་སྙེམས་ཐག་བར་དོར་བཅད། །ཕྱི་ཡི་སྙེམས་ཐག་གཅོད་པ་ལ། །བདུད་ངོས་བཟུང་དང་གཅད་པའི་ཐབས། །རྣམ་པ་གཉིས་ཀྱི་བྱེ་བྲག་ལས། །དང་པོ་བདུད་ངོས་བཟུང་བ་ནི། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །འོན་ཀྱང་སྙེམས་བྱེད་བདུད་ལས་མེད། །གཉིས་པ་བཅད་ཐབས་བསྟན་པ་ནི། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། །དགའ་བྲོད་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ནང་གི་ངོ་སྤྲོད་གདབ་པ་ལ། །ལུས་གནད་རྩ་བཞི་གློད་པ་དང་། །སེམས་གནས་འདུ་ཤེས་བཤིག་པ་དང་། །ཕྱི་རོལ་དམིགས་པའི་ཡུལ་མི་བསམ། །ནང་དུ་རིག་པའི་རྟེན་མི་འཆའ། །སེམས་ཉིད་མ་བཅོས་གློད་ལ་བཞག །གསང་བའི་སྙེམས་ཐག་བར་དོར་བཅད། །དེ་ལ་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤི་བར་དོར་ལྟ་སྤྱོད་སྲེ། །རྨི་ལམ་བར་དོར་སེམས་ངོས་བཟུང་། །སྲིད་པའི་བར་དོར་འཁྲུལ་པ་ལྡོག །དེ་ལྟར་ལྟ་སྤྱོད་བསྲེ་བ་ལ། །སྐྱེས་བུ་འགའ་ཞིག་གཅོད་ཡུལ་ནི། །ལྟ་བ་གཞི་ལ་ལུས་པ་དེ། །ཐམས་ཅད་སྤྲོས་བྲལ་ཡིན་ཟེར་ནས། །གཙང་དང་མི་གཙང་ལྷ་དང་འདྲེ། །བདག་དང་གཞན་དུ་འཛིན་པ་སོགས། །ལྟ་སྤྱོད་གཉིས་སུ་བསྲེ་མ་ཤེས། །དེ་ཡི་སྐྱོན་གྱིས་འཁོར་བར་འཁྱམས། །དེ་ལྟ་བུ་ཡི་སྐྱོན་མཐོང་ནས། །ད་ནི་དུས་ལ་བབས་པ་སྟེ། །གཙང་དང་མི་གཙང་ལ་སོགས་པ། །ཐམས་ཅད་སྙེམས་སུ་ཤེས་པར་བྱ། །དབང་པོ་རབ་ཀྱི་གཅོད་བྱ་ནི། །མེད་པའི་ཚུལ་གྱིས་གཅད་པར་བྱ། །དབང་པོ་འབྲིང་གི་སྣ་ཚོགས་སུ། །སྣང་ཡང་གཉིས་སུ་མེད་པར་གཅད། །དབང་པོ་ཐ་མས་ལུས་སྲོག་ལ། །སེར་སྣ་མེད་ཅིང་གཅེས་འཛིན་དོར། །གཙང་འཛིན་ཆེ་ན་མི་གཙང་བསྲེ། །གཡེང་ལ་དགའ་ན་རི་ཁྲོད་འགྲིམ། །འདྲེ་རྟོག་ཆེ་ན་གཉན་སར་ཉོལ། །སྲོག་ལ་བར་ཆད་བྱུང་དོགས་པས། །རྩོལ་བས་ཉམས་སུ་ལེན་པ་འབྱུང་། །ཉམས་སུ་བླངས་པས་རིག་པ་ཕྱུན། །དེ་ནི་ཐབས་ཀྱི་རྒྱལ་པོ་ཡིན། །གཉིས་པ་རྨི་ལམ་བར་དོ་ནི། །སྙེམས་སུ་བཟུང་དང་ཡ་ང་ཡང་། །དྲན་མེད་ངང་ལ་བཞག་པའོ། །སྙེམས་བྱེད་བྱུང་ན་གཉན་སར་ཉལ། །ལྷ་འདྲེའི་ཆོ་འཕྲུལ་སྣ་ཚོགས་པ། །ཐམས་ཅད་རང་གི་སྙེམས་ཡིན་ཏེ། །བདེན་པར་གྲུབ་པ་གང་ཡང་མེད། །དེ་ལྟར་ཤེས་པས་རྨི་ལམ་དུ། །ཆུ་བོ་ཆེན་པོས་ཁྱེར་བ་དང་། །མེ་དཔུང་ཆེན་པོས་ཚིག་པ་དང་། །གཡང་ས་ཆེན་པོར་ལྷུང་བ་དང་། །དམག་དཔུང་ཆེན་པོ་ལ་སོགས་པ། །ཆོ་འཕྲུལ་བྱེ་བྲག་ཅི་རྨིས་ཀྱང་། །སྙེམས་སུ་ཤེས་པ་ཙམ་གྱིས་གྲོལ། །དྲན་མེད་ངང་ལ་བཞག་པ་ནི། །སྐྱེ་ཤི་བར་དོ་གོམས་པ་ཡིན། །རྨི་ལམ་དུས་སུ་སྙེམས་སུ་ཤེས། །མ་བཅོས་གསལ་མདངས་ཆེན་པོ་འབྱུང་། །གསུམ་པ་སྲིད་པའི་བར་དོ་ལ། །འཁོར་བ་དག་གི་ལ་འདའ་བ། །དེའང་དབང་པོའི་བྱེ་བྲག་གིས། །ལམ་དང་འབྲས་བུ་འོད་གསལ་གསུམ། །དཔེར་ན་མར་ལ་མར་བཞག་ལྟར། །འོད་གསལ་གཉིས་པོ་དབྱེར་མི་ཕྱེད། །འཁོར་བའི་རུ་ནི་བཟློག་པ་ཡིན། །དེ་འཕྲེང་གི་ཆགས་སྡང་བཟློག་པ་ཡིན། །དེའི་དུས་སུ་ཕོར་སྐྱེ་ན། །མ་ལ་འདོད་ཆགས་སྐྱེ་བ་ཡིན། །ཕ་ལ་ཞེ་སྡང་སྐྱེ་བ་ཡིན། །མོ་རུ་སྐྱེ་ན་དེ་ལས་བཟློག །དེ་ལྟར་གཉིས་ཀྱི་མངལ་དུ་འཇུག །དེ་བས་གདམས་པ་ཟབ་མོའི་གནད། །རང་གི་དྲན་པས་ཟིན་བྱས་ལ། །ཕོ་ལ་མོ་བདུད་གནོད་པ་ཡིན། །མོའི་སྙེམས་ཐག་ཆོད་ལ་ཐོང་། །མོ་ལ་ཕོ་བདུད་གནོད་པ་ཡིན། །ཕོའི་སྙེམས་ཐག་ཆོད་པ་ཡིན། །ཕོ་མོ་གཉིས་སུ་མེད་ལགས་ཀྱིས། །སེམས་ཉིད་མ་བཅོས་གློད་ལ་ཞོག །ཐ་མ་ཞེན་མེད་ཚུལ་གྱིས་ནི། །སེམས་ཅན་གཞན་དོན་སྒྲུབ་པའི་ཕྱིར། །སྐྱེ་གནས་གདམ་པའི་གདམས་ངག་བྱ། །མ་ནོར་རྒྱལ་བའི་དགོངས་པ་འདི། །འཁྱོག་མེད་ལམ་དུ་ཞུགས་པ་ཡིན། །རྒྱལ་བའི་བཀའ་དང་བླ་མའི་གསུང་། །རང་གི་ཐོས་དང་སྒོམ་པའི་ཉམས། །ཚིག་དོན་ལེགས་པར་བཀོད་པ་འདི། །གནས་གསུམ་མཁའ་འགྲོ་མ་མཉེས་ཀྱང་། །ཞེ་འདོད་མེད་པར་ཡི་གེར་བཀོད། །གནད་གེགས་སེལ་བའི་སྒྲོན་མེ་འདི། །མ་ནོར་ཐུགས་ནས་སྟོན་པ་ཡིན། །འཁྱོག་མེད་ལམ་གྱི་གེགས་སེལ་ཡིན། །འབྲས་བུ་མངོན་དུ་འབྱིན་པ་ཡིན། །རིན་ཆེན་སེམས་ཀྱི་ཐེམས་ཡིག་ཡིན། །མ་ཇོ་མོས་མེས་རྒྱལ་བའི་སྙན་དུ་རྒྱུད་པ། དམར་ཁྲིད་ཞལ་གྱི་གདམས་པ། གནད་གེགས་སེལ་བའི་སྒྲོན་མ་ཞེས་བྱ་བ། སེམས་ཅན་ལ་ཕན་ཐོགས་པར་ཤོག །
བར་དོ་གེགས་སེལ་གྱི་སྒྲོན་མ།
༄༅། །བར་དོ་གེགས་སེལ་གྱི་སྒྲོན་མ་བཞུགས།
དངོས་གཞིའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ཇོ་མོའི་གདམས་ངག་བར་དོ་གེགས་སེལ་གྱི་གདམས་པ་འདི་ལ་གཉིས་ཏེ། ཐུན་མོང་གི་བར་དོ་དང་། ཁྱད་པར་གྱི་བར་དོའོ། །ཐུན་མོང་གི་བར་དོ་ལ་བཞི་སྟེ། སྐྱེ་ཤི་བར་དོར་གློ་བུར་གྱི་བདུད་འཇོམས། རྨི་ལམ་བར་དོར་དྲན་རིག་གི་བདུད་གཞོམ། འཆི་ཁ་བར་དོར་ཞེན་ཆགས་ཀྱི་བདུད་གཞོམ། སྲིད་པ་བར་དོར་འབྱུང་བཞིའི་བདུད་གཞོམ། གཉིས་པ་བྱེ་བྲག་གི་བར་དོ་ལ་དྲུག་སྟེ། བདག་གཞན་གཉིས་ཀྱི་བར་དོར་གདམས་ངག་གནད་མེད་ན། ཐེག་པ་གཞན་པས་བོགས་མི་ཐོན་ཏེ། འཁྲུག་པ་ཕམ་པའི་བློན་པོ་དང་འདྲ། འཁོར་འདས་ཀྱི་བར་དོར་ཆོས་ཉིད་ཀྱི་གནས་ལུགས་མ་ཤེས་ན། ལམ་རྒྱུས་མེད་པའི་ཚོང་པ་དང་འདྲ་སྟེ། ས་ལམ་གྱི་བྱེ་བྲག་མི་ཤེས། སྐྱེ་ཤི་གཉིས་ཀྱི་བར་དོར་ཆོས་སྐུའི་ངོ་སྤྲོད་མ་ཤེས་ན། སྒྲོན་མ་མེད་པའི་མུན་ཁང་དང་འདྲ་སྟེ། མ་རིག་པའི་མུན་པ་ལ་སངས་པའི་དུས་མི་ཡོང་། མཉམ་རྗེས་གཉིས་ཀྱི་བར་དོར། རྒྱུན་གྱི་འབྲལ་མེད་མ་ཤེས་ན། ལྟ་སྒོམ་གྱི་རྐྱེན་མི་ཐུབ་སྟེ། ཆུ་བྲན་ཐན་པས་སྐམས་ས་དང་འདྲའོ། །ལུས་སེམས་གཉིས་ཀྱི་བར་དོར་གོལ་གྲིབ་ཀྱི་གདར་ཤ་མ་ཆོད་ན། དྲེད་མོ་བདུད་ལ་བཏགས་པ་དང་འདྲ་སྟེ། འཁོར་བ་ལས་མི་གྲོལ། རང་བཞིན་སྲིད་པའི་བར་དོར་འཚང་གི་གནད་མ་ཤེས་ན། ཆེ་བའི་ཡོན་ཏན་འབྱིན་མི་ནུས་ཏེ། རིན་པོ་ཆེ་འདམ་དུ་བྱིང་བ་དང་འདྲའོ། །དེས་ན་བར་དོའི་གནད་ཤེས་པ་གལ་ཆེའོ། །བར་དོ་གེགས་སེལ་གྱི་སྒྲོན་མ་ཞེས་བྱ་བ། ཁྱད་པར་གྱི་གདམས་པའོ།། །།
ཞུས་ལན་གེགས་སེལ་གསུང་གི་སྒྲོན་མེ།
༄༅། །ཞུས་ལན་གེགས་སེལ་གསུང་གི་སྒྲོན་མེ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྲས་ཀྱི་ཡུམ་ལ་ཞུས་པ། མ་ཅིག་ལགས། བདུད་ཀྱི་སྤྱོད་ཡུལ་འདི་ལ་ཧྲིལ་གྱིས་བསྡུ་ན་ཇི་ལྟར་བགྱི། ཞུས་པས། གཅོད་ཡུལ་འདི་བསྡུ་ན་གཉིས་སུ་འདུས་གསུངས། དད་པ་ཅན་ངན་སོང་གི་གཡང་ལ་མི་སྐུར་བ་དང་། ཤེས་རབ་ཅན་རྣམ་རྟོག་གི་སྒྲོག་ཏུ་མི་འཇུག་པའོ། །དེ་མ་གོ་ཞུས་པས། ཆོས་སྤྱོད་དུས་གདབ་མེད་པར་བྱ། སྒོམ་པ་རང་བྱན་ཚུད་པར་བསྒོམ། རང་སེམས་གཡོ་སྒྱུ་མེད་པར་བྱ། །དམ་ཚིག་ངོས་ལྐོག་མེད་པར་བསྲུང་། །ཤེས་རབ་ཅན་རྣམ་རྟོག་གི་སྒྲོག་ཏུ་མི་འཇུག་པ་ནི། རྣམ་རྟོག་ངན་པ་དྲེས་མའི་སྒྲོག །གྲུབ་མཐའ་ངན་པ་ལྕགས་ཀྱི་སྒྲོག །སྒོམ་ཉམས་བདེ་བ་གསེར་གྱི་སྒྲོག །བྱ་བ་ཡིན་གསུངས། འོ་ན་ཉམས་སུ་ལེན་ན་ཇི་ལྟར་བགྱི་ཞུས་པས། དང་པོ་ལྟ་བས་ཐག་ཆོད་པ། བར་དུ་སེམས་མཉམ་པར་བཞག་པ་ལ་ཡིད་ཆེས་པ། ཐ་མ་ཆོས་ཐམས་ཅད་སེམས་སུ་འཁྱེར་ཤེས་པ་ཞིག་དགོས་གསུངས་སོ། །
ཉམས་སུ་མྱོང་བའི་རྟགས་ཇི་ལྟར་མཆིས་ཞུས་པས། ཕྱི་སྣང་བ་ལ་ཞེན་འཛིན་ཆུང་བ། ནང་སེམས་ཉིད་ལ་འཁྲི་བ་མེད་པ། གསང་བ་ཉམས་མྱོང་ལ་དམིགས་པ་མེད་པའོ། །འདིའི་དྲུང་ན་ཆོས་ཐམས་ཅད་བློར་འདུག་ཨང་། ཞེས་ཞུས་པས། བཤད་པས་འཆལ། འདོད་པས་འཕུང་། བསྒོམས་པས་གོལ་གསུངས་སོ། །འོ་ན་ཇི་ལྟར་བསྒོམ་ཞུས་པས། གཉིས་འཛིན་གྱི་ཤེས་པ་དགའ་མི་དགའ་དང་བྲལ་བ་ལ། སྙེམས་མེད་འགྱུར་མེད་དུ་བཞག་བསམ་དུ་ཅི་ཡང་མེད་པ་ལ། ལམ་ལ་རྗེས་མེད་དུ་ཡིད་ལ་མི་བྱེད་པར་བཞག་གསུངས། འོ་ན་དམིགས་མེད་ཅིག་ལགས་སམ་ཞུས་པས། གཏད་པ་མ་བྱས་གོལ་ས་ཆོད། །དམིགས་མེད་ཙམ་གྱིས་འཛིན་པ་གྲོལ། །ང་ལ་གདམས་ངག་དེ་ལས་མེད་གསུངས། ཉོན་མོངས་པ་ལ་གཉེན་པོ་ཇི་ལྟར་གཏོང་ཞུས་པས། གསལ་ཆ་མ་འགག་སྟེ་འཛིན་ཆ་མ་གྲུབ། ངོ་བོ་རྟོགས་པ་ཤར་ཙ་ན་ཤེས་པར་བྱ་གསུངས། ཆོས་འདི་ཚིག་དང་བྲལ་དགོས་པར་འདུག་ཨང་། ཞེས་པས། གཅོད་ཡུལ་འདི་ཚིག་ཏུ་ཉུང་ལ་དོན་དུ་ཆེ། བསླབ་པར་སླ་ལ་རྟོགས་པར་དཀའ། རྟོག་གེ་བའི་སྤྱོད་ཡུལ་མིན། གསུང་གཉེན་པོ་བཅུག་ཀྱང་སྣང་བ་འདི་འཁྲི་བར་གདའ། ཞུས་པས། ཞེན་པ་རང་ལོག་གཅིག་ནང་ནས་མ་ཤར་ན། ཆོས་རང་ཡང་ལས་སུ་འགྲོ་བས། གཅོད་བྱ་ཉམས་སུ་བླང་སྙམ་པ་རང་ཡང་བདུད་ཡིན་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། གཅོད་བྱའོ་དང་། བྱེད་སྙམ་པ་རང་དགའ་ལ་རེ་ཙམ་མམ། གཡས་མེད་དུ་བྱེད་པ་ཡིན་གསུངས།
གཅོད་ཡུལ་རྟོགས་པའི་ཚད་གང་ལགས་ཞུས་པས། བློ་སྙེམས་དང་བྲལ་བ་ཡིན་གསུངས། སྙེམས་དང་བྲལ་བའི་ཚད་གཞི་མེད་རྩ་བྲལ་ཅིག་ཡིན་གསུངས། གཞི་སྟོང་པ་ཉིད་ལས་ཇི་ལྟར་འཁྲུལ་ཞུས་པས། སྟོང་པ་ཉིད་དུ་མ་ཤེས་པས། མ་རིག་པ་ལས་འཛིན་པ་བྱུང་། དེས་ཁམས་གསུམ་དུ་འཁོར་ཞིང་། རྒྱུད་དྲུག་ཏུ་འཁྱམས་པ་ཡིན་གསུངས། ཆོས་ཉིད་ཀྱི་ངོ་བོ་ལ་བཟུང་རྒྱུ་ཨེ་བདོག་ཞུས་པས། ཆོས་ཉིད་ཀྱི་ངོ་བོ་ལ་བཟུང་རྒྱུ་མེད་དེ། འཛིན་པའམ། འདོད་འདོད་པོས་འཁྲུལ་བ་ཡིན་གསུངས། འཛིན་མེད་དུ་རྟོགས་པ་ལ་སངས་རྒྱས་ཟེར་བ་ལགས་སམ། ཞུས་པས། སངས་རྒྱས་ལ་རང་བཞིན་གྱི་བདེ་བ་ནི་ཡོད་ལ། འཛིན་པའི་རྟོག་པ་ནི་མེད་གསུངས། ཅི་ལའང་མི་སེམས་པར་བཞག །ང་ལ་དེ་ལྟར་སྒོམ་པ་ཡིན་གསུངས། རིག་པ་འདི་ལ་འཛིན་པ་མེད་པ་ལ་སངས་རྒྱས་ཟེར་བ་ཡིན་པས། སེམས་ནི་ཆུད་མ་གཟན་པར་སྒོམས་ཤིག་གསུངས། རྣལ་འབྱོར་པ་བཟང་པོ་བྱ་བ་གང་ལ་ཟེར་བ་ལགས་ཞུས་པས། རྣལ་འབྱོར་པ་བཟང་པོ་བྱ་བ་རྟོགས་ཚད་དང་ལྡན་པ་ལ་བྱའོ་གསུངས། བདག་ཏུ་འཛིན་པའི་འདུ་ཤེས་དང་བྲལ་ནས་ཞེན་པ་རང་ལོག་ཏུ་འགྲོ་དགོས་གསུངས། དེ་ལྟར་རྒྱུད་ལ་མ་སྐྱེས་ན། ཆོས་བྱེད་པ་ལྟར་བྱས་ཀྱང་། ཕན་མེད་གསུངས། དང་པོའང་གཅིག་པུར་འོངས། ཐ་མའང་གཅིག་པུར་འགྲོ། ད་ལྟ་ཡང་གཅིག་པུར་བསྒོམ་དགོས་གསུངས། ངས་ལོ་དུ་མ་བསྒོམས་ཟེར་བ་ཡང་གདའ་ཞུས་པས། ཆོས་འདི་གཞོན་པའི་དུས་སུ་བྱེད་དགོས་པར་འདུག །ཆོས་གོམས་འདྲེས་རྒྱུད་ལ་སྐྱོང་དགོས་པ་ཡིན་གསུངས། འདི་གོ་ན་ཆོས་ཐམས་ཅད་གཏན་ལ་ཕེབས་པར་འདུག །ཞུས་པས། ཆོས་སྤྱི་དང་མཐུན། གདམས་ངག་ཁྱད་པར་འཕགས། གཅོད་འདི་གོ་ཆ་ཡིན་གསུངས། ཆོས་སྤྱི་དང་འདྲ་བ་ལ། གནད་འདྲེ་ལ་བྱིན་རླབས་འོང་བ་ཇི་ལྟར་ལགས་ཞུས་པས། དོན་ལ་འཁྲུལ་པ་ཞིག་པ་ཡིན་གསུངས། རེ་བ་ཞིག་པས་ལྷ་དང་བྲལ། དོགས་པ་ཞིག་པས་འདྲེ་དང་བྲལ། འཁྲུལ་པ་ཞིག་པས་ནད་དང་བྲལ། གཅོད་ཀྱི་གདམས་པ། ཞུ་ལན་གེགས་སེལ་གསུང་གི་སྒྲོན་མ་ཞེས་བྱ་བ། མ་ཇོ་མོས། མེས་རྒྱལ་བ་དོན་གྲུབ་ལ་གནང་བའོ། །དགེའོ།། །།
གསང་བ་ཐུགས་ཀྱི་སྒྲོན་མ།
༄༅། །གསང་བ་ཐུགས་ཀྱི་སྒྲོན་མ་བཞུགས་པ་ལེགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མ་ཇོ་མོའི་གདམས་པ། གསང་བ་ཐུགས་ཀྱི་སྒྲོན་མ་འདི་ལ་དོན་བདུན་ཏེ། བདུད་བཞི། གཅོད་བཞི། གནད་བཞི། ཆིངས་བཞི། སྲུང་བ་གསུམ། ལོག་གནོན་གསུམ། འབྲས་བུ་དང་བདུན་ནོ། །དང་པོ་བདུད་བཞི་ནི། ཐོགས་བཅས། ཐོགས་མེད། དགའ་བྲོད། སྙེམས་བྱེད་དོ། །གཉིས་པ་གཅོད་བཞི་ནི། དངོས་ཅན་ཡུལ་གྱི་འཁྲི་བ་གཅོད། །དངོས་མེད་ཡིད་ཀྱི་འཁྲི་བ་གཅོད། །ཞེན་ཆགས་དགའ་བྲོད་འཁྲི་བ་གཅོད། །སྙེམས་བྱེད་བློའི་འཁྲི་བ་གཅོད་པའོ། །གསུམ་པ་གནད་བཞི་ནི། དབེན་པ་གནས་ཀྱི་གནད། བཅའ་བ་ལུས་ཀྱི་གནད། འགྱུ་བ་ངག་གི་གནད། བཞག་པ་སེམས་ཀྱི་གནད་དོ། །བཞི་པ་ཆིངས་བཞི་ནི། རྐྱེན་བདེ་སྡུག་ཅི་བྱུང་ཡང་ཐབས་གཞན་མི་བཙལ། གཉན་ས་དང་རི་ཁྲོད་འགྲིམ་པར་བྱ། དུས་རྒྱུན་ཆད་མེད་པར་སེམས་མ་བཅོས་པ་ལ་གནས་པར་བྱ། སྲོག་ལ་གཅེས་འཛིན་མེད་པར་དོར་ནས་ལུས་སྲོག་གཟན་དུ་བསྐྱུར་བར་བྱ། ཚེ་འདིའི་བྱ་བ་བློ་ཡིས་བཏང་ནས། ཆགས་སྡང་རྗེས་མེད་དུ་བསླབ་པར་བྱའོ། །
ལྔ་པ་སྲུང་བ་གསུམ་ནི། ལོག་ཆེན་མཐའ་ལ་གཏད། སྐར་ཆེན་ཐིབས་འོག་ཏུ་གཞུག་པ། ཐེག་ཆེན་ཟིལ་གྱིས་མནན་པའོ། །དྲུག་པ་ལོག་གནོན་ནི་མེ་ཉིད་ཀྱིས་ནི་ཚིག་པ་ལ། མེ་དེ་ཉིད་ལ་བདུག་པ་བཞིན། སླར་བཅོས་ལོག་གནོན་གདམས་པའི་གནད། ཐོག་འགེལ་གནད་དུ་ཤེས་པ་གཅེས། ཞེས་གསུངས། བདུན་པ་འབྲས་བུ་ནི། ལུས་ལ་འཛིན་མེད་རྒྱལ་བའི་སྐུ། །ངག་ལ་འཛིན་མེད་རྒྱལ་བའི་གསུང་། །ཡིད་ལ་འཛིན་མེད་རྒྱལ་བའི་ཐུགས། །འཛིན་མེད་ཆོས་ལ་མ་གཏོགས་པ། །རྒྱལ་བའི་དགོངས་པ་གཞན་ན་མེད། །གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ། ཤིན་ཏུ་ཟབ་པའི་གདམས་པ། དགེའོ།། །།
གཞི་ལམ་དུ་སློང་བའི་ཞལ་གདམས།
༄༅། །གཞི་ལམ་དུ་སློང་བའི་ཞལ་གདམས་བཞུགས་པ་ལེགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའི་ཞལ་ནས། གཞི་ལམ་དུ་སློང་བའི་གདམས་ངག་འདི་གསུངས་སོ། །དེ་ལ་དང་པོ་བླ་མའི་གདམས་ངག་གིས་བྱུང་ཐེབས་པར་བྱས་ནས། སེམས་མནལ་རྣལ་མ་མ་བཅོས་པ་དེ། ཆོས་ཉིད་ཡིན་པར་རིག་པར་བྱས་ལ། དོན་རྣལ་མ་དེ་ལ་འཁོར་བའི་དུཿཁའམ། སངས་རྒྱས་ཀྱི་བདེ་བའམ་ལྷའམ་ཀླུའམ་ནད་རིམས་སམ་ཉམས་སྒྲིབ་བམ་གཙང་བཙོག་ལ་སོགས་པ་ཅི་ཡང་མི་འདུག་པར་རིག་པར་བྱས་ལ། དེའི་དོན་ལ་ཡང་ནས་ཡང་དུ་རྩལ་འབྱོང་པར་བྱ་སྟེ། དེའང་ལྟ་བས་གཉིས་མེད་དུ་ཤེས་ནས། ཅིས་ཀྱང་མ་གོས་པར་གོ་ཡང་། སྤྱོད་པའི་དུས་སུ་ཐ་མལ་དུ་སོང་ནས། གཙང་བཙོག་གམ། དགག་སྒྲུབ་ཀྱི་སྣང་བ། ལྷ་ལ་བཟང་པོར་བལྟས་ནས་དངོས་གྲུབ་རེ་བའམ། འདྲེ་བདུད་ལ་ངན་པར་བྱེད་པ་ནི། ལྟ་སྤྱོད་འདྲེར་མ་བཏུབ་པ་ཡིན་པས། དེ་ལ་གཅོད་དགོས་པར་འདུག །ལུས་སྲོག་ལ་གཟེན་བགྱིས་ནས། བསྲེ་དགོས་པར་འདུག །སྔ་མ་ཡང་ལུས་སྲོག་ལ་ཕངས་ནས་ལུས་སྲོག་གི་ཚིས་བྱས་པས་འཁོར་བར་འཁྱམས་པ་ཡིན། ད་ནི་དུས་ཆེན་པོ་གཅིག་ལ་བབ་པ་ཡིན་པས། དེའང་མཉམ་གཞག་ཉམས་སུ་བླངས་ནས། ནམ་ཞིག་རྟོག་མེད་དམ། གཉིས་མེད་རེ་བ་འདིས་ཀྱང་མི་ཡོང་བས། ད་སྟེ་བསྲེ་བཅད་སྐྱུར་སྦྱང་བྱེད་དགོས་པ་ཡིན་པས། འདི་ལྟར་གོམས་པར་བྱ། དེའང་རྒྱ་གར་དུ་དུར་ཁྲོད་ཀྱི་གནས་ཅེ་སྤྱང་ཡོད་པའི་གནས་དེར་འགྲོ་བ་ཡིན། དེ་བཞིན་དུ་འདིར་ཡང་། གཉན་སའམ་མཛེ་གནས་སམ་འགོ་བའི་ནད་ལ་སོགས་པའི་སར་གཅོད་བྱ་བའོ། །དེའང་སེམས་ལ་རྟོག་པ་ཆེ་ན། རང་ལུས་ལ་གཅེས་པར་མཐོང་ནས། དང་པོ་ཉམ་ང་བ་དང་། བག་ཚ་བའམ། ཤེས་པ་སྐྱི་ཟིང་པ་རེ་འོང་བ་ཡིན། དེ་ཙ་ན་ལྟ་བས་ཀྱང་དོན་ལ་བལྟ། ཇི་ལྟར་སྣང་ཡང་རང་གི་རྟོག་པ་ཡིན་པས། རང་ལ་རང་འཇིགས་སུ་ག་ལ་ཡོད་སྙམ་དུ་བསམས་ལ། ལུས་སེམས་ལྷོད་ཀྱིས་གློད་ལ་བཞག་གོ །མ་བཅོས་པར་བཞག །མི་བསྒོམ་པར་བཞག །ཁུ་འཕྲིག་དང་ཉམ་ང་བ་དང་ཆོ་འཕྲུལ་ཅི་བྱུང་ཡང་རང་ལས་བྱུང་བར་ཤེས་པར་བྱའོ། །དེའང་ཉམས་སུ་བླངས་པས་ཆོ་འཕྲུལ་སྣ་ཚོགས་པ་འོང་བ་ཡིན། རྐྱེན་མི་མཐུན་པ་སྣ་ཚོགས་པ་འོང་བ་ཡིན་ཏེ། དེ་རྣམས་རྟགས་སུ་བྱས་ན་བཟང་པོ་ཡིན་ནོ། །དཔེར་ན་སྐྲ་བཀྲུས་དུས་དྲི་མ་ལྷུག་བྱུང་ན་དག་པའི་རྟགས་ཡིན། དེ་བཞིན་དུ་ཉམས་སུ་བླངས་པས། ཆོ་འཕྲུལ་སྣ་ཚོགས་པ་བྱུང་ན་དོན་ཆོས་ཉིད་ལ་གནས་པའི་རྟགས་ཡིན། འཇིགས་པར་མི་བྱ་གློད་ལ་ཉལ། །བསྒོམ་པར་མི་བྱ་འཛིན་པ་གཏང་། །ཆོ་འཕྲུལ་ཅི་ཡང་མ་བྱུང་ན། །འོང་དུ་རེ་བ་མི་བྱ་ཞིང་། །མ་བྱུང་དོགས་པའང་མི་བྱའོ། །བྱུང་བ་དང་མ་བྱུང་བ་གཉིས་དོན་ལ་ཡོན་ཏན་མཉམ་པའོ། །ཁྱད་མེད་པའོ། །འགོ་བའི་ནད་ལ་ཡང་ཕྱི་སྲུང་ནང་སྲུང་རྫས་སྲུང་མང་ཡང་ལྟོས་པའི་སྲུང་བ་ཡིན་པས་སངས་མི་རྒྱ། དོན་ཆོས་ཉིད་ཀྱི་སྲུང་བ་འདི། བདུད་བཞི་སྲུང་བའི་མཆོག་ཡིན་ནོ། །མ་བཅོས་རྩོལ་བྲལ་གྱི་གདེང་དང་ལྡན་པར་བྱས་ནས། ཆོས་ཉིད་དུ་རྟོག་པ་ཐམས་ཅད་རང་སར་གྲོལ་བ་ལ། གནོད་བྱ་གནོད་བྱེད་དམ། རིམས་ནད་ལ་སོགས་ཀྱི་འགོ་བའི་རྒྱུ་མེད་ཀྱིས། སྙེམས་མ་ཞུགས་པར་ཡེངས་སེ་བྱས་པས་གཅོད་ཐེབས་པ་ཡིན། དེའང་རེ་བ་མེད་པས་སངས་རྒྱས་གཅོད། །དོགས་པ་མེད་པས་འཁོར་བ་གཅོད། །འཛིན་རྟོག་མེད་པས་ནད་རིམས་གཅོད་པ་ཡིན། །ཉམ་ང་མེད་པས་འདྲེ་བདུད་གཅོད་པ་ཡིན། །སྤྱད་བྱ་མེད་པས་ཀུན་ཀྱང་གཅོད་པ་ཡིན། །དེའང་ཤེས་པ་ཆོས་ཉིད་ལ་གནས་ཐབས་ནི་འདིའོ། །མི་གནས་པ་ནི་ཡེ་གནས་སོ། །ཡེངས་སེ་ཕྱེད་བྱ་ཡང་དགོས་ཀྱང་། །དམིགས་པ་མེད་པར་བུན་ནེ་ཙམ། །ཞེ་འདོད་མེད་པར་ལྷོད་དེ་བ། །ཉམ་ང་མེད་པར་འབོལ་ལེ་བ། །འདི་བྱ་མེད་པར་ཟོམ་མེ་བ། །སྒོམ་པ་མེད་པའི་གཞུང་ཡང་མེད། །མི་བསྒོམ་པའི་གཞུང་ཡང་མེད་པར་ཧས་སེ་བ་ངང་དལ་ལ་བག་ཡངས་པ། རིག་པ་ལ་སེམས་འཛིན་ལ་སོགས་པའི་ལས་མི་འཆོལ་བ། སེམས་ཀྱི་བྱུང་ཚོར་ལ་བཟང་ངན་དུ་མི་བལྟ་བ། མི་ཆོས་སྤངས་པའི་རྣལ་འབྱོར་པ་ལ། ཆོས་བདུད་དུ་ཆེ་བས་ཆོས་མེད་དུ་ཁྲེས་སེ་བ། ལྟ་བ་རྟོགས་པའི་རྣལ་འབྱོར་པ་ལ་སྒོམ་པ་བདུད་དུ་ཆེ་བས་སྒོམ་མེད་དུ་ཁྲེས་སེ་བ། རྟོག་པ་ཆོམས་པའི་རྣལ་འབྱོར་པ་ལ་རློམ་སེམས་བདུད་དུ་ཆེ་བས་གཡས་མེད་དུ་ཁྲེས་སེ་བ། རང་སེམས་རྟོགས་པའི་རྣལ་འབྱོར་ཀུན། །བྲོད་དགའི་ཆོས་ལ་མ་ཉན་ཅིག །འཁོར་བ་ཟེར་བ་བསྡིག་མོ་ཡིན། །བརྟགས་ན་རང་བཞིན་མ་གྲུབ་པས། །བསྡིག་མོའི་ཁ་ལ་མ་ཉན་ཅིག །མི་མཐུན་པ་དང་བསྲེ་དགོས་པ་ཡིན། འགྲོ་སྙིང་མི་འདོད་པའི་སར་སོང་ལ་གཅོད་གྱིས། གྱོན་སྙིང་མི་འདོད་པའི་གོས་བླངས་ལ་གྱོན། ཟ་སྙིང་མི་འདོད་པའི་ཟས་བླངས་ལ་ཟོ། འགྲོགས་སྙིང་མི་འདོད་པའི་གྲོགས་དང་འགྲོག་ལ་གཅོད་གྱིས། རྟོག་པའི་རོ་སྙོམས་བྱ་བ་གཅེས་པ་ཡིན། མཐུན་པ་དང་འགྲོགས་ཀྱི་བར་བདེ་སྟེ། མི་མཐུན་པ་བྱུང་ན། སྤོང་གེགས་ཡོང་ཉེན་ཆེ་བས་རྟོག་པའི་རོ་སྙོམས་པ་གལ་ཆེ། མི་མཐུན་པའི་རྐྱེན་རྣམས་ཆོས་ཉིད་དུ་ཕྱེ་ན། བདུད་སྤང་དུ་མེད་པས་རྩོལ་བ་མེད་པར་འབྱོངས་པའོ། །ཤེས་རབ་ཆུང་ལ་སྡིག་སྤོང་དཀའ། །ཤེས་རབ་ཆེ་ལ་ཆོས་སྤོང་དཀའ། །ཐ་མལ་ལྟ་བུའི་ལུས་སེམས་ལ། །འཛིན་པ་མེད་པར་གང་གནས་པ། །འདི་ཉིད་ཡིན་པར་ང་ཡིས་དགོངས། །ལར་ཆོས་ཤེས་པ་ཆོས་ཀྱིས་མ་གོས་པ་ཞིག་དགོས་པ་ཡིན། སྒོམ་ཡོད་པ་ལ་སྒོམ་གྱིས་མ་གོས་པ་ཞིག་དགོས་པ་ཡིན། དོན་རྟོགས་པ་ལ་ལྟ་བས་མ་གོས་པ་ཞིག་དགོས་པ་ཡིན། མང་སར་བསྡད་ན་འདུ་འཛིས་མ་གོས་པ་ཞིག་དགོས་པ་ཡིན། གཅིག་པུར་བསྡད་ན་གཡེང་བས་མ་གོས་པ་ཞིག་དགོས་པ་ཡིན། ཆོས་འདིའི་ལུགས་ཀྱིས་གཡས་དང་མེད་དེ་ལུགས་མེད་གཡས་མེད་ཅིག་ཡིན་པས་ཞིག་པོ་རྣམས་ལའང་གཡས་མེད་དུ་འདུག་པ་དེ་ཡིན་ཏེ། འོན་ཀྱང་མ་རྟོགས་དྲང་ཕྱིར་གཅོད་ཡུལ་བརྡ་རུ་བསྟན་པ་དེ་ལྟར་གདའ། གཞི་ལམ་དུ་སློང་བའི་གདམས་ངག་ཨྚྀི། མངྒ་ལཾ། བྷ་ཝནྟུ།
མ་ཅིག་ལབ་ཀྱི་སྒྲོན་མའི་བཀའ་འབུམ་གྱི་དཀར་ཆག་གསལ་བའི་སྒྲོན་མེ་དངུལ་དཀར་མེ་ལོང་།
༄༅། །མ་ཅིག་ལབ་ཀྱི་སྒྲོན་མའི་བཀའ་འབུམ་གྱི་དཀར་ཆག་གསལ་བའི་སྒྲོན་མེ་དངུལ་དཀར་མེ་ལོང་བཞུགས།
སྭ་སྟི། བདེ་ལེགས་ཡོན་ཏན་དུ་མ་རབ་འབྱུང་བའི། །རྒྱལ་ཡུམ་མ་ཅིག་ལབ་སྒྲོན་བཀའ་འབུམ་གྱི། །དཀར་ཆག་སྐྱོན་བྲལ་དངུལ་དཀར་མེ་ལོང་ཞེས། །ཡིད་འཕྲོག་ལྟ་ན་སྡུག་པའི་བང་མཛོད་བཀོད། །ཀ་པར་གཅོད་ཀྱི་འཁྲིད་རིམ་སྡེ་ཚན་དང་། །ཁ་པར་ཚར་གསུམ་ཁུག་པའི་དབང་གི་གདམས། །ག་པ་ལ་ནི་སེམས་དོན་དྲུག་པ་དང་། །ཆོས་སྐུ་ཅིག་ཆར་ཕུང་པོ་གཟན་བསྐྱུར་དང་། །ཆོས་ཉིད་དོན་གྱི་སྲུང་མའི་དམིགས་པ་བཞུགས། །ང་པར་བླ་མ་བརྒྱུད་པའི་ངོ་སྤྲོད་དང་། །སྐར་ཆེན་མཐེབ་མནན་རིག་པ་མདུང་ཚུགས་ཀྱི། །མན་ངག་ཨ་ཡི་སྒོམ་ཀླག་སྐྱེ་མེད་སྒོམ། །སྡུད་བྱེད་ཧཱུྃ་གི་གདམས་པ་ལ་སོགས་བཞུགས། །ཅ་པ་ལ་ནི་ཕཊ་ཀྱི་གདམས་པ་དང་། །ཆེ་བ་གསུམ་ལྡན་ཡང་ཕཊ་ཆོས་ཀྱི་གདམས། །ཆ་པ་ལ་ནི་ལག་འཁྲིད་ཆུང་བ་དང་། །ནམ་མཁའ་ཁོང་སྐོར་ནམ་མཁའ་ལམ་འཁྱེར་བཞུགས། །ཇ་པར་གཅོད་སྐོར་བོགས་འདོན་གསུམ་སོགས་བཞུགས། །ཉ་པར་བར་དོའི་གདམས་པ་གཉིས་བཞུགས་སོ། །ཏ་པ་ལ་ནི་ཚིགས་བཅད་ཆེན་མོའོ། །ཐ་པར་སྙན་བརྒྱུད་མན་ངག་ཆེན་མོ་བཞུགས། །ད་པ་ལ་ནི་རྩལ་སྦྱོང་ཉི་ཤུ་པ། །ན་པར་ཕུང་པོ་གཟན་བསྐྱུར་ཚིགས་བཅད་དོ། །པ་ལ་གདན་ཐོག་ཅིག་དང་དེའི་གེགས་སེལ། །ནམ་མཁའ་སྒོ་འབྱེད་ལོག་གནོན་གཟེར་བུའི་གདམས། །ཕ་པ་ལ་ནི་སྙན་བརྒྱུད་བཅུ་བདུན་ནོ། །བ་པར་གེགས་སེལ་དྲུག་གསུམ་བཅྭོ་བརྒྱད་བཞུགས། །མ་པ་ལ་ནི་བཀའ་ཚོམས་ཆེན་མོའོ། །ཙ་ལ་བཀའ་ཚོམས་ས་མ་འབྲེལ་ཞེས་བཞུགས། །ཚ་པར་སྙན་བརྒྱུད་རིན་པོ་ཆེའི་མན་ངག །ཛ་པ་ལ་ནི་འཁྲུལ་གཅོད་བཀའ་རྒྱ་མ། །ཝ་ལ་གདམས་པ་གོང་ཁུག་མ་ཆེ་བ། །ཞ་ལ་སྲོག་གསུམ་གནད་ཀྱི་གདམས་པ་ཡོད། །ཟ་པར་གཉན་སར་ཉལ་བའི་བདུད་གཅོད་ཅེས། །འ་ལ་གསལ་བྱེད་རིན་ཆེན་འཕྲེང་བ་ཡོད། །ཡ་པར་བཀའ་ཚོམས་སུམ་ཅུ་རྩ་ལྔ་པ། །ར་ལ་ཞུ་ལན་ཆེ་ཆུང་གཉིས་ཀྱི་གནས། །ལ་ལ་བརྗོད་བྲལ་སྟོན་པའི་སྡོམ་ཚིག་དང་། །དབང་པོ་སྒོ་ལྔའི་འཁྲིད་ཀྱིས་རབ་གཡོ་ལ། །ཤ་པར་ཡང་འཁོལ་ཐུགས་ཀྱི་ཉིང་ཁུ་ལ། །ས་ལ་ཨ་མ་ཇོ་མོའི་གནད་ཐེབས་ཡོད། །ཧ་ལ་ཐུན་མོང་ལེ་ལག་བརྒྱད་པ་དང་། །ཨ་ལ་བཀའ་བརྒྱུད་ཆེན་མོའི་གདམས་པ་འདུག །ཀི་པར་ཡུམ་སྲས་ལོ་རྒྱུས་ཆེན་མོ་དང་། །ཀུ་པར་གཅོད་བཀའ་རྒྱུད་ཀྱི་ལོ་རྒྱུས་སོ། །ཀེ་པ་ལ་ནི་སྒོ་འབྱེད་བཅུ་པ་དང་། །ཀོ་པར་ཉེར་ཞི་རིན་ཆེན་སྒྲོན་མ་རྣམས། །ཁི་ལ་བླ་མའི་རྣལ་འབྱོར་ཁྲིད་ཡིག་གཉིས། །ཁུ་ལ་བརྒྱུད་པའི་གསོལ་འདེབས་གཏེར་མ་ཡོད། །ཁེ་ལ་གཅོད་ཀྱི་ཕྲིན་ལས་རིམ་པ་བཞུགས། །དགེ་ལེགས་བརྒྱ་ཕྲག་དུ་མའི་ཡོལ་གོ་ལ། །ནམ་ཡང་གཡོ་བ་མེད་པའི་མཁྱེན་བརྩེ་ཅན། །སེང་ལྡེང་ནགས་ཀྱི་ལྷ་མོའི་ཡང་སྤྲུལ་མ། །ལབ་ཀྱི་སྒྲོན་མའི་བཀའ་འབུམ་འདི་ཀོ་མཚར། །གསུམ་ལྡན་རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །མི་འགྱུར་གངས་རིའི་ལྗོངས་སུ་ཞབས་བརྟན་པ། །མི་ཡི་སྤྱི་གཙུག་གདན་གྱི་སྟེང་མཛེས་པ། །འཆང་བ་མི་དབང་མཆོག་གི་སྡེ་དེས་སྐྱོངས། །ཡང་ཨང་མེད་གྲས་གསང་བ་ཡང་ཁྲིད་ལ་ཤོག་བུ། གཞུང་ཁྲིད་ཐར་ལམ་ལ་ཤོག་བུ། སྟན་ཐོག་གཅིག་མ་ལ་ཤོག་བུ། སྐལ་ལྡན་ཐར་ལམ་ལ་ཤོག་བུ། གསེར་གྱི་འཕྲེང་བ་ལ་ཤོག་བུ། འཇམ་བཤེས་པས་མཛད་པའི་ནོར་བུའི་འཕྲེང་བ་ལ་ཤོག་བུ།
མ་ཅིག་བཀའ་འབུམ་གྱི་སྡེ་ཚན་ཕྱག་ལེན་དུ་འགེལ་བའི་གོ་རིམ་གསལ་བའི་འཁྲིད་རིམ།
༄༅། །མ་ཅིག་བཀའ་འབུམ་གྱི་སྡེ་ཚན་ཕྱག་ལེན་དུ་འགེལ་བའི་གོ་རིམ་གསལ་བའི་འཁྲིད་རིམ་བཞུགས།
རྒྱལ་ཀུན་མཁྱེན་བརྩེ་མ་ལུས་གཅིག་བསྡུས་པ། །མ་ཅིག་ལབ་སྒྲོན་གར་གྱི་རྣམ་རོལ་ཅན། །མི་མིན་ཡེ་ཤེས་མཁའ་འགྲོའི་གཙོ་མོ་དེ། །བཀའ་འབུམ་གཅོད་ཀྱི་སྡེ་ཚན་འཁྲིད་རིམ་གསན། །བཀའ་ཚོམས་སུམ་ཅུ་སོ་ལྔ་པ་དང་། ཞུ་ལན་ཆེ་ཆུང་། དབང་པོ་སྒོ་ལྔའི་འཁྲིད། བརྗོད་བྲལ་སྟོན་པའི་ཧོམ་ཚིག་རྣམས་ཀྱི་ངོ་སྤྲོད་བྱ། འདའ་ཁ་བར་དོའི་གདམས་པ་རྣམས་རིམ་བཞིན་བྱའོ། །
ལོག་གནོན་གཟེར་བུ་ཆེ་བ་གསུམ་གྱི་གདམས་པ། གཅོད་མདོར་བསྡུས་གཉན་སར་ཉལ་བའི་བདུད་གཅོད་གེགས་སེལ་ཉེར་ཞི། གཅོད་ཐོར་བུའི་གདམས་པ་བཞི་བཅུ་ན་ཉི་ཤུ་པ་ངོ་སྤྲོད་བསྡུས་པ། གདམས་པ་མཐར་ཐུག་ངོ་སྤྲོད་ཡང་འཁོལ་ཐུགས་ཀྱི་ཉིང་ཁུ། གནད་ཐེབས་ཐུན་མོང་གི་ལེ་ལག་བརྒྱད་པ། བཀའ་བརྒྱུད་ཆེན་མོ་ཨ་མ་ཡུམ་སྲས་ཀྱི་རྣམ་ཐར་ཆེན་མོ་རྣམས་བསྟན། སྒོ་འབྱེད་བཅུ་པ་ཡང་ངོ་། །ངོ་སྤྲོད་ཀྱི་རིམ་པ་འདི་བཞིན་ཕྱག་ལེན་འཕྲལ་དུ་མཛད་མོད། དོན་ལ་ངོ་སྤྲོད་འདི་རྣམས་གོ་རིམ་ངེས་པ་མེད། རྒྱུ་མཚན་ཞལ་ལས་ཤེས་ཞེས་གསུངས་སོ།། །།
སེམས་དོན་དྲུག་པ།
༄༅། །སེམས་དོན་དྲུག་པ་བཞུགས་སོ། །ན་མོ་གུ་རུ། གཅོད་ཀྱི་ལག་ཁྲིད་ལ་ཡིད་ཆེས་བྱེད་པ། བླ་མ་བརྒྱུད་པའི་ལོ་རྒྱུས་དང་། གདམས་ངག་དངོས་སོ། །དེ་ལ་དབང་པོ་རབ་འབྲིང་ཐ་མ་རྣམ་པ་གསུམ་ལས། རབ་གནས་ལུགས་ཀྱི་སྤྱི་འཇོག་ཆེན་མོ་དང་། ཆོས་སྐུ་ཅིག་ཆར་དུ་ངོ་སྤྲད་པའོ། །དང་པོ་དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་ལུས་གནད་རྣམ་སྣང་གི་ཆོས་བདུན་བཅས་ལ། སྐྱབས་འགྲོ་སེམས་བསྐྱེད་བྱ། བླ་མའི་རྣལ་འབྱོར་བསྒོམ། སེམས་ཀྱི་དོན་དྲུག་ཏུ་བཞག །མ་བཅོས། མ་བསླད། མ་བསྒྱུར། རང་ལུགས། སོ་མ། གཉུག་མའོ། །
དེ་ལ་མ་བཅོས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐ་མལ་གྱི་ཤེས་པ་ཡེངས་མེད་ལ་བཅས་བཅོས་ཀྱི་དྲི་མ་མེད་པར་བཞག །མ་བསླད་པ་ནི་ཡིད་ལ་བྱར་མེད་པ་ལ་ཡིད་བྱེད་ཀྱི་བློས་མ་བསླད་ཡིད་བྲལ་དུ་བཞག་གོ །མ་བསྒྱུར་བ་ནི། རྟོག་མེད་པ་ལ་རྟོག་པས་བསྒྱུར་རྒྱུ་མེད་པར་རྟོག་མེད་དུ་བཞག་གོ །རང་ལུགས་ནི་དམིགས་པ་མེད་པ་ལ་འདི་སྒོམ་གྱི་དམིགས་པ་མེད་པར་རང་ལུགས་སུ་བཞག་གོ །རང་སོ་ནི་བློའི་ཡུལ་ལས་འདས་པའི་ངང་ལ་བཞག་སྟེ། ཡིན་མིན་མཐའ་དབུས་རྩིས་གདབ་མེད། །བདེ་སྟོང་གསལ་བའི་ཉམས་མི་བལྟ། །ཞེས་པས་རང་སོར་བཞག་གོ །གཉུག་མ་ནི། ཀུན་གཞི་མ་བཅོས་རྣལ་མ་སྟེ། །ཡིད་ནི་གཉུག་མ་རང་ལུགས་བཞག །ཅེས་པ་སྟེ་གཅིག་པོར་ལྷོད་དེ་རང་དག་ཏུ་བཞག་གོ །དེ་ལྟར་དོན་དྲུག་ཐུན་གཅིག་གམ། །ཡང་ན་སོ་སོར་སྦྱར་བར་བྱ། །དང་པོའི་དུས་སུ་ཆུང་ངུ་བྱ། །ངལ་གསོ་ཡུལ་ལ་ལྟད་མོ་བལྟ། །ཤིགས་ཀྱིས་བཤིག་ལ་ལྷོད་ཀྱིས་བཞག །སྒོམ་གྱི་བཞག་པ་དེ་ན་གདའ། །ཐུང་ངུ་ཐུང་ངུ་རྒྱུན་དུ་མཐུད། །གོམས་ན་མཉམ་བཞག་ཆེན་པོ་སྟེ། །དྲུག་པོ་དབྱེར་མེད་རོ་གཅིག་འགྱུར། །ཡིད་ལ་བྱ་རྒྱུ་ཅི་ཡང་མེད། །ཅི་ཡང་ཡིད་ལ་མ་བྱས་ན། །བྱིང་རྒོད་ལ་སོགས་བཅོས་སུ་མེད། །གོལ་སར་ལྟུང་བ་ཅི་ཡིས་ལྟུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཆུ་མ་བསྙོགས་ན་དྭངས། སེམས་མ་བཅོས་ན་བདེ་གསུངས་སོ། །བྱང་ཆུབ་སེམས་དོན་དྲུག་པ་རྫོགས་སོ།། །།
ཆོས་སྐུ་ཅིག་ཆར་བ།
༄༅། །ཆོས་སྐུ་ཅིག་ཆར་བ་བཞུགས་སོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །ལུས་གནད་རྣམ་སྣང་ཆོས་བདུན་ཏེ། །སེམས་བསྐྱེད་བླ་མ་སྤྱི་བོར་བསྒོམ། །སེམས་ཀྱིས་སེམས་ལ་བལྟས་པ་ཡིས། །སེམས་ཉིད་ཅིར་ཡང་མ་མཐོང་པ། །མཐོང་བ་མེད་པའི་ལྟ་བ་ཡིན། །དེ་ཡི་ངང་ལ་མ་ཡེངས་པ། །དམིགས་པ་མེད་པའི་སྒོམ་པ་ཡིན། །འགྱུ་བ་སྟོང་པ་དག་པ་དེ། །དགག་སྒྲུབ་མེད་པའི་ལམ་འཁྱེར་ཡིན། །ཅིར་ཡང་རྣམ་དག་ཆེན་པོ་སྟེ། །བླང་དོར་མེད་པའི་སྤྱོད་པ་ཡིན། །རང་སེམས་སྤྲོས་བྲལ་ཐག་ཆོད་དེ། །ཐོབ་རྒྱུ་མེད་པའི་འབྲས་བུ་ཡིན། །ཞེས་གསུངས་སོ།། །།
ཕུང་པོ་གཟན་བསྐྱུར།
༄༅། །ཕུང་པོ་གཟན་བསྐྱུར་བཞུགས་སོ། །གཉིས་པ་འབྲིང་གི་ངོ་སྤྲོད་ལ་མཆོད་པ་རྒྱ་ཆེན། ཕུང་པོ་གཟན་བསྐྱུར། རིག་པ་རང་སར་བཞག་པའོ། །དང་པོ་རང་ལ་འཇིགས་པ་དང་། བག་ཚ་བ་དང་། ཉམ་ང་བ་བྱུང་བའི་དུས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ་གསོལ་བ་གདབ། རང་གི་སྙིང་ཁ་ནས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཕྱག་གཡས་ན་ཡེ་ཤེས་ཀྱི་རལ་གྲི་བསྣམས་པ་གཅིག་ཐོན་ནས་རང་གི་པགས་པ་ཟུལ་བཤུས་ནས་བཏིང་། དེའི་སྟེང་དུ་རང་གི་ཤ་དང་རུས་པ་སོགས་ཐམས་ཅད་དུམ་བུར་གཏུབ་ལ་མགོ་མཇུག་འདི་ཡིན་མེད་པར་འདྲེས་པ་ལ་དྲི་ཆེན་དང་དྲི་ཆུ་དང་ཁྲག་དང་ཆུ་སེར་ལ་སོགས་པ་བསྲེས་ལ་འོག་ཏུ་ཧཱུྃ། བར་དུ་ཨཱཿསྟེང་དུ་ཨོཾ་བསམ་ལ་ཧཱུྃ་ལ་མེ་འབར་བས་མི་གཙང་བ་བསྲེག །ཨཱཿའོད་དུ་ཞི་བ་ལས་བདུད་རྩིར་གྱུར། ཨོཾ་འོད་དུ་ཞི་བ་ལས་བདུད་རྩི་དཔག་ཏུ་མེད་པ་སྤེལ་བར་བསམས་ཏེ། འབྲུ་གསུམ་བརྗོད་དོ། །བླ་མ་རྗེ་བཙུན་པ་རྣམས་དང་། ཡི་དམ་གྱི་ལྷ་དང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང་། རྒྱལ་བ་རིགས་ལྔ་ལ་འཁོར་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་བསྐོར་བ་དང་། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཞེ་ཐག་པ་ནས་འབུལ་ལོ། །ཁྱེད་རྣམས་གསོལ་ཅིག །རོལ་ཅིག་དགོངས་ཤིག་བྱས་ཏེ་ཕུལ་བས་གསོལ་ཏེ་མཉེས་པར་བསམ་མོ། །ཕུང་པོ་རྟག་ཏུ་ཚོགས་སུ་དབུལ་ཞེས་པའི་དོན་ནོ། །སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་གཙོ་བྱས་པའི་རིགས་དྲུག་གི་སེམས་ཅན་རྣམས་ལ་ཡང་དབུལ་ལོ། །ཞེ་ཐག་པ་ནས་ཁྱེད་རང་རྣམས་ཟོ་ཞིག །ཐུངས་ཤིག །འཇིབས་ཤིག །འབྱོགས་ཤིག །སྲན་མ་ཙམ་ཡང་མ་བཞག་པར་ཁྱེར་ཅིག་བྱའོ། །འཕགས་པ་རྣམས་ཀྱིས་གསོལ་བས་མཉེས་ནས་བྱིན་གྱིས་བརླབས་པར་བསམ། རིགས་དྲུག་གིས་ཟོས་ནས་སྡིག་སྒྲིབ་དག་ནས་རྟོགས་པ་སྐྱེ་བར་བསམ་མོ། །ལུས་ནི་རོ་ཡིན་གཟན་དུ་བསྐྱུར་གྱི་དོན་ཡིན་ནོ། །ད་ལུས་མེད་པར་རིག་པ་ཁྱབ་བརྡལ་རྟེན་མེད་དུ་བཞག་པར་བྱ་སྟེ་སྔར་བསྟན་ཟིན་ཏོ། །སྐྱུར་མཁན་སེམས་ཡིན་གློད་ལ་ཞོག་ཅེས་པའི་དོན་ནོ། །དེ་ཙུག་བྱས་པས་ནད་ལ་སོགས་པ་སེལ་ནས་ཡོང་སྙམ་པའི་རྟོག་པ་མི་བྱའོ། །ལུས་འཁྲིས་མེད་དུ་ལིངས་བསྐྱུར། སེམས་ཞེན་མེད་དུ་ལྷོད་ཀྱིས་བཞག་པ་གལ་ཆེའོ། །དེ་ལྟར་བྱས་པས་བྱིན་རླབས་འབྱུང་། ཉམས་མྱོང་གིས་གྲུབ་བོ། །མཆོད་པ་རྒྱ་ཆེན། ཕུང་པོ་གཟན་དུ་བསྐྱུར། རིག་པ་རང་སར་བཞག་པའི་མན་ངག་གིས་ཆོས་རྣམས་ཟད་སར་བསྐྱལ་བ་རྫོགས་སོ།། །།
ཆོས་ཉིད་དོན་གྱི་སྲུང་མ།
༄༅། །ཆོས་ཉིད་དོན་གྱི་སྲུང་མ་བཞུགས།
ཆོས་ཉིད་དོན་གྱི་སྲུང་མ་དེ་ལ་བོགས་འདོན་པ་ནི། རང་ལ་ན་ཚ་ལ་སོགས་པ་བྱུང་ནས་གཅོད་བྱེད་ན་རི་ཁྲོད་དམ་གཉན་སའམ། མཛེ་གནས་སམ། ལྷ་ཁང་སྟོང་པའམ། དམ་བརྩད་གནོད་པའི་སར་ཕྱིན་ལ། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ་མཆོད་པ་རྒྱ་ཆེན། ཕུང་པོ་གཟན་བསྐྱུར་བྱས་ལ་རིག་པ་རང་སར་བཞག །ལུས་སེམས་འབོལ་ལེ། ཤིག་གེ། ལྷོད་དེ་ཁྱབ་བརྡལ་དུ་བཞག་གོ །དེས་བདེ་ནས་ཡོང་ངོ་། །དེ་ལྟར་ཉམས་སུ་བླངས་ན་སྒོ་ལྔའི་སྣང་བ་རང་གྲོལ་དུ་སོང་བས་སྣང་བ་ལ་ཞེན་པ་མི་སྐྱེ་སྟེ། ཐོགས་བཅས་ཀྱི་བདུད་ཆོམས། སྟེང་གི་ལྷ་རྣམས་དམ་ལ་ཐོགས། འོག་གི་ཀླུ་རྣམས་བྲན་དུ་ཁོལ། ཐོགས་མེད་ཀྱི་བདུད་ཆོམས། ཉམས་རྟོགས་ལ་ཞེན་པ་མི་སྐྱེ་བས་དགའ་བྲོད་ཀྱི་བདུད་ཆོམས། རྟོག་པ་ལ་རློམས་སེམས་མི་སྐྱེ་བས་སྙེམས་བྱེད་ཀྱི་བདུད་ཆོམས། དེའི་བླ་མ་ཡི་དམ། སངས་རྒྱས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་མ་རྣམས་ཀྱིས་བུ་བཞིན་བསྲུངས་ཏེ་བྱམས་དང་སྙིང་རྗེ་ཡོད་ན་འདྲེ་ཡང་སྲུང་མར་འགྱུར་ཞེས་སོ། །འགྲོ་དྲུག་སེམས་ཅན་རྣམས་ཀྱིས་བུ་གཅིག་པའི་མ་བཞིན་དུ་ཕན་འདོགས་ཏེ། ཀུན་ལ་མར་མཐོང་ན་དེས་ཀྱང་བུར་མཐོང་ཞེས་སོ། །གཞན་ལ་འདིའི་གདམས་པ་མེད་པས་རི་ཁྲོད་གཉན་ས་འགྲིམ་མི་ནུས། འདི་ལས་ཟབ་པ་མེད་པས་ཤིན་ཏུ་གསང་ལ་ཉམས་སུ་བླང་ངོ་། །ཀྱེ་གསོན་དང་ཆོས་ཉིད་དོན་གྱི་སྲུང་མ་འདི། །བདུད་བཞིའི་སྲུང་མ་མཆོག་ཡིན་ཡང་། །གཉན་སར་སོང་དང་རྣལ་འབྱོར་ཀུན། །ལུས་གློད་སེམས་རྡོལ་ཉམ་ང་མཐོང་། །འདོད་དང་སྒྲུབ་པའི་ཡིད་མ་འཆའ། །རང་བག་རང་གིས་སྲོ་བ་ལས། །གཞན་ལ་ལྟོས་ན་རྣལ་འབྱོར་མིན། །དགེ་བའི་རྩ་བ་འདི་ལ་བརྟེན་པ་བདག །སེམས་ཅན་ཐམས་ཅད་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་ལ་དབང་ཐོབ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག་ཅེས་པས་དགེ་བའི་རྩ་བ་བསྔོ་བར་བྱའོ།། །།
བླ་མ་བརྒྱུད་པའི་ངོ་སྤྲོད།
༄༅། །བླ་མ་བརྒྱུད་པའི་ངོ་སྤྲོད་བཞུགས།
ན་མོ་གུ་རུ། བླ་མ་བརྒྱུད་པའི་བྱིན་རླབས་ཀྱི་ངོ་སྤྲོད་པ་ནི། མཎྜལ་འབུལ། ཚོགས་ཀྱི་མཆོད་པ་སྔོན་དུ་འགྲོ་བ་བཤམས་ལ། འབྲུ་གསུམ་ལན་གསུམ་མམ་ཉེར་གཅིག་གིས་བྱིན་གྱིས་བརླབས་ལ་འབུལ། གཏོར་མའང་དེ་བཞིན་འབུལ། དེ་ནས་ཚད་མེད་པ་བཞི་བསྒོམ། དེ་ནས་རང་གི་མདུན་དུ་ཉི་ཟླ་པདྨའི་གདན་སྟེང་དུ། རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་སྤྱན་དྲངས་ཏེ་བཞུགས་པར་བསམ། དེའི་མཐའ་བསྐོར་དུ་རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་དཔའ་མོའི་ཚོགས་སྤྱན་དྲངས་ཏེ། བླ་མ་ཐམས་ཅད་ཀྱང་གཅེར་བུ་རུས་པས་བརྒྱན་པ། ཕྱག་གཡས་ན་ཌ་མ་རུ། གཡོན་ན་ཏིང་ཤགས་སམ་དྲིལ་བུ་བསྣམས་པ། ཀུན་ཀྱང་གར་དང་བརྟུལ་ཞུགས་མཛད་ལ་ཁད་པར་བསམ།
དེ་ནས་གསོལ་བ་གདབ་པ་ནི། ཀྱེ་ཀྱེ་བླ་མ་རྗེ་བཙུན་པ་རྣམས་དང་། རྡོ་རྗེ་མཁའ་འགྲོ་མ་རྣམས་དང་། དཔའ་བོ་དང་དཔའ་མོའི་ཚོགས་རྣམས་ཀྱིས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ལན་གསུམ་གསོལ་བ་གདབ། དེའི་རྗེས་ལ་བླ་མ་ཡི་དམ་མཁའ་འགྲོའི་ཐུགས་ཀ་ནས་འོད་ཟེར་དམར་པོ་མེ་སྟག་ཙམ་མང་པོ་འཕྲོས་ཏེ། བདག་གི་ལུས་ལ་ཕོག་པས་ཡེ་ཤེས་ཀྱི་མེ་རུ་འབར་ཏེ། རང་གི་ལུས་དང་སྡིག་སྒྲིབ་ཐལ་ཐུལ་དུ་བསྲེག་པར་སྟོང་པ་བསམ། དེའི་ངང་ལས་སྐད་ཅིག་གིས་ཡི་དམ་ལྷ་རུ་རྡོ་རྗེ་རྣལ་འབྱོར་མར་ཀྲོངས་ཀྱིས་བསྐྱེད་ལ། དེ་ནས་བླ་མ་མཁའ་འགྲོའི་ཚོགས་ཐམས་ཅད་གར་གྱི་བརྟུལ་ཞུགས་མཛད་ཅིང་། ཐུགས་རྗེ་སྤྱན་གྱིས་བདག་ལ་ཙིག་ཙིག་གཟིགས་པར་བསམ་ཞིང་། ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། ཟག་པ་མེད་པའི་བདུད་རྩིས་བདག་གི་ལུས་ཐམས་ཅད་ཁྱབ་སྟེ། བདག་གི་ལུས་ངག་ཡིད་གསུམ་བདེ་སྟོང་གིས་ཁྱབ་ནས་བདེ་ཕྲིལ་ལི་ལི་ཡོད་པར་བསམ། དེའི་དུས་སུ་བླ་མས་ཌ་མ་རུ་དཀྲོལ་ཞིང་གར་བྱ། ཨོཾ་ཨཱཿཧཱུྃ་གི་གླུ་བླང་། དེའི་དུས་སུ་སློབ་མ་ལ་བདེ་སྟོང་གི་ཉམས་འུར་འུར་བ་རང་བཞིན་གྱིས་འཆར། ལུས་ལ་འཕར་བ་དང་གཡོ་བ་ལ་སོགས་པ་འོང་བས་རྗེས་ལ་ལུས་སེམས་གློད་ལ་མི་རྟོག་པའི་ཡེ་ཤེས་ངོ་བོ་ཉིད་ཀྱིས་སྐྱེ་བས་བླ་མས་ཡེ་ཤེས་ངོ་སྤྲོད། དེ་ནས་ཡུལ་ཐོག་མེད་ནས་བསགས་པའི་ཅན་གྱི་སྒྲིབ་པ་ཐམས་ཅད་དང་། འཕྲལ་གྱི་ནད་གདོན་ལ་སོགས་པ་ཐམས་ཅད་ཕྱགས་མས་འདེབས་སོ། །དེ་ལྟར་བྱིན་རླབས་དང་ལྡན་པའི་བླ་མའི་ལུང་ཐོབ་ནས་ཕྱིས་རང་ལ་ནད་གདོན་ལ་སོགས་པའི་བར་ཆད་དང་རྐྱེན་བྱུང་ནའང་དབེན་པའི་སར་ཕྱིན་ལ། མདུན་དུ་མཎྜལ་གཅིག་ཕུལ་ལ་གཏོར་མ་གཅིག་བཤམ། འབྲུ་གསུམ་ཉེར་གཅིག་གིས་བྱིན་གྱིས་བརླབས་ལ་བླ་མ་དང་། མཁའ་འགྲོ་ལ་བསྔོས་ལ་གསོལ་བ་གདབ་སྟེ། གོང་ལྟར་བྱིན་རླབས་ཞུས་ལ་ཌ་ཏིང་དཀྲོལ་ཞིང་། གར་ལ་སོགས་སྤྱོད་པ་ཅི་དྲན་བྱ། འདི་ནི་ཐུན་མོང་མ་ཡིན་པས་སྐལ་མེད་རྣམས་ལ་བྱས་ན་རྣལ་འབྱོར་པ་ལ་གནོད་པས་སུ་ཐོད་ཐོད་ལ་མི་བྱའོ། །བྱིན་རླབས་ཆེ་ཞིང་གཉན་པས་བཀའ་རྒྱ་ཡོད་དོ།། །།
སྐར་ཆེན་མཐེབ་མནན་པའི་རིག་པ་མདུང་ཚུགས་ཀྱི་མན་ངག
༄༅། །སྐར་ཆེན་མཐེབ་མནན་པའི་རིག་པ་མདུང་ཚུགས་ཀྱི་མན་ངག་ཅེས་བྱ་བ་བཞུགས།
ན་མོ་གུ་རུ། སྐར་ཆེན་མཐེབ་ཐིབས་ལ་མནན་པ་རིག་པ་མདུང་ཚུགས་ཀྱི་མན་ངག་ནི། ས་ཕྱོགས་དབེན་པར་ལུས་ཆམ་ལ་ཕབ་སྟེ། ཚད་མེད་པ་བཞི་བསྒོམ། དེ་ནས་བླ་མའི་རྣལ་འབྱོར་བསྒོམ་པ་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པས་སྡིག་སྒྲིབ་དག་པར་བསམ། མདུན་དུ་མཎྜལ་གཞི་མ་ནག་པོའི་སྟེང་དུ། དམིགས་པའི་རྟེན་ཕྲ་ལ་དཀར་བ་གཅིག་ལ་མིག་སེམས་གཅིག་ཏུ་དྲིལ་ལ་གཏད། དེའང་རྩ་གཞི་ཉྭ་བཞི་སྒྲིམས་ལ་རིག་པ་ངར་དང་བཅས་པས་རྩོལ་བ་དྲག་ཏུ་བསྐྱེད་དོ། །རྩོལ་བ་ཆེས་ན་ཤིགས་ཀྱིས་བཤིག་ལ་མ་བཅོས་པར་བཞག་གོ །དེ་ལྟར་ལན་གསུམ་དུ་གཅུད་ཅིང་ལན་གསུམ་དུ་གློད། ཐ་མ་ལ་དམིགས་པའི་རྟེན་དེའི་སྟེང་དུ་ཤེས་པ་ལྷན་གྱིས་བཞག་ལ་རྩོལ་མེད་དུ་ཤིག་གེ་བཞག་གོ །དེ་ལྟར་བྱས་པས་ཏིང་ངེ་འཛིན་རང་བཞིན་གྱིས་སྐྱེའོ། །མཉམ་བཞག་གི་དུས་སུ་ལུས་འདར་བའམ་ཤེས་པ་སིང་ངེ་བ་ལ་སོགས་པ་འབྱུང་། རྗེས་སྤྲོས་བྲལ་དུ་ངང་གིས་འཆར་རོ། །དེ་ལྟར་ངོ་སྤྲོད་ཀྱི་དུས་སུ་བླ་མས་སློབ་མ་བསྐུལ་ཞིང་ཐུན་ཚོད་བཟུང་། དང་པོ་ཐུན་ཆུང་ངུ་བྱ། རྗེས་ལ་ལུང་རིགས་ངོ་སྤྲད། དེ་ནས་རང་སེམས་སྒོམ་པའི་དུས་ན་ཐུན་ཆུང་ངུ་ལ་གྲངས་མང་བར་བྱ། དེ་ལྟར་ཕྱིའི་དམིགས་པ་ལ་ངོས་མ་ཟིན་ན་ནང་དུ་འོད་དཀར་པོ་སྲན་མ་ཙམ་ཞིག་ལ་ཤེས་པ་གཏད་དེ། དེ་གཉིས་རེ་མོས་སུ་བྱས་ཀྱིན་གོང་ལྟར་བསྒོམ་མོ། ངོ་སྤྲད་སྐར་ཆེན་རྫོགས་སོ།། །།
ཨ་སྒོམ་པ་ཨ་བཀླག་པ་ཨ་སྐྱེ་མེད་དུ་སྒོམ་པ།
༄༅། །ཨ་སྒོམ་པ་ཨ་བཀླག་པ་ཨ་སྐྱེ་མེད་དུ་སྒོམ་པ་བཞུགས།
ན་མོ་གུ་རུ། ཡི་གེ་འབྲུ་གསུམ་ལ་གནས་པར་བྱ་བ་ཨའི་མན་ངག་ལ་བཞི་སྟེ། ཨ་སྒོམ་པ། ཨ་འདོན་པ། ཨ་བཀླག་པ། ཨ་སྐྱེ་མེད་དུ་ངོ་སྤྲོད་པའོ། །དང་པོ་ལུས་གནད་བྱས་ལ་ཚད་མེད་བཞི་བསྒོམ། བླ་མ་ལ་གསོལ་བ་གདབ། རང་གི་ལུས་ཨ་དཀར་པོ་ཁྲུ་གང་པ་གཅིག་ཏུ་བསྒོམ། དེ་གསལ་བ་དང་། མས་ཡར་རིམ་གྱིས་བསྡུས་ཏེ་མགོ་བོ་ལ་ཐིམ། དེ་ཡང་སྣ་གཉིས་འདུས་ཏེ་ཐིག་ལེར་འགྱུར། དེ་ཡང་ཇེ་ཆུང་ལ་སྲན་མ་ཙམ། ཉུངས་འབྲུ་ཙམ། སྲོ་མ་ཙམ། དེ་ལ་དམིགས་པ་གཏད་ནས་སྟོང་པར་ཆད་ཀྱིས་སོང་བར་དེའི་ངང་ལ་མ་ཡེངས་པར་བཞག་གོ །དེའི་རྗེས་ལ་ཨ་འདོན་པ་ནི། དབུགས་ཐེངས་གཅིག་ལ་ཨ་ཐུང་ཉི་ཤུ་རྩ་གཅིག་འདོན། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་སྟོང་པར་བསམ་ལ། ཡང་ན་ཨ་རིང་བརྗོད་སྒྲ་ལ་ཤེས་པ་གཏད་དོ། །དེ་ལྟར་བྱས་པས་མི་རྟོག་པར་རང་བཞིན་གྱིས་སྐྱེ་ཞིང་། སྐྱེ་མེད་ཀྱི་དོན་རྟོགས་པར་འགྱུར་རོ། །ཨ་བཀླག་པ་ནི། མདུན་གྱི་རྩིག་ངོས་ལ་ཨ་དཀར་པོ་གཅིག་བྲིས་པའམ་བསམས་ཏེ། དེ་ལ་མིག་སེམས་མ་ཡེངས་པར་གཏད་ལ་དབུགས་ཐེངས་རེ་ལ་ཨ་ཐུང་ཉི་ཤུ་རྩ་གཅིག་རེ་འདོན། དེ་ནི་འབུམ་ཚར་རེ་འདོན་པ་དང་བསོད་ནམས་མཉམ་པར་གསུངས།
ཨ་སྐྱེ་མེད་དུ་ངོ་སྤྲད་པ་ནི། ཨ་ཞེས་ངག་ཏུ་བརྗོད་པའི་ཚེ། སྒྲ་དེ་རྐན་དང་ལྕེ་ལ་སོགས་པ་གང་ལ་མ་བརྟེན་པར་ཁོང་ནས་འབྱུང་། དེ་བཞིན་དུ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་འདི་ཡང་རྒྱུ་རྐྱེན་གྱིས་མ་བསྐྱེད། འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་། རིག་པ་གཅེར་བུ་རང་བྱུང་རང་གྲོལ་དུ་གནས་པའོ། །དེས་ན་སེམས་ཀྱི་ངོ་བོ་དེ་གང་དུའང་མ་སྐྱེས་ལ། ཅིར་ཡང་མི་འགག་པས་སྐྱེ་བ་མེད་པའི་དོན་ཨ་ཞེས་བྱ་སྟེ། དེ་ཉིད་མཚོན་པར་བྱེད་པ་ལ་བརྗོད་པ་ཚིག་གིས་ལས་མཚོན། སངས་རྒྱས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཐམས་ཅད་ཨར་བསྡུས་ཏེ་གསུངས་སོ། །མཚན་བརྗོད་ལས་ཀྱང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་གསུངས་སོ། ། གནས་པར་བྱེད་པ་ཨའི་གདམས་པ་རྫོགས་སོ།། །།
ཧཱུྃ་གི་གདམས་པ།
༄༅། །ཧཱུྃ་གི་གདམས་པ་བཞུགས་སོ། །ན་མོ་གུ་རུ། སྡུད་པར་བྱེད་པ་ཧཱུྃ་གི་གདམས་ངག་ནི། སྟན་བདེ་བ་ལ་ལུས་ཆོས་བདུན་བྱ། སྐྱབས་འགྲོ་སེམས་བསྐྱེད་བྱས་ཏེ། རང་ཡུམ་ཆེན་མོ་ཞལ་གཅིག་ཕྱག་བཞི། གཡས་དང་པོ་རྡོ་རྗེ། འོག་མ་ཤེལ་འཕྲེང་། གཡོན་དང་པོ་ཤེར་ཕྱིན་པོ་ཏི། འོག་མ་དངུལ་བུམ་བསྣམས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་བསམ། དེ་ལས་འོད་འཕྲོས་སྣོད་བཅུད་ལ་ཕོག་པས་ལྷ་དང་གཞལ་ཡས་ཁང་དུ་གྱུར་པར་བསམ། ལྷའི་ཐུགས་ཀར་ཧཱུྃ་གསལ་ལ། བདག་བཟླས་པ་བཞིན་དུ་སེམས་ཅན་ཐམས་ཅད་བཟླས་པར་བསམ་ལ་བཟླ། ཐམས་ཅད་འོད་དུ་ཞུ་རང་ལ་ཐིམ། རང་ཡང་འོད་དུ་ཞུ། ཧཱུྃ་ལ་ཐིམ། ཧཱུྃ་ཧ་ལ། ཧ་མགོ་བོ་ལ། མགོ་ཐིག་ལེ་ལ། ཐིག་ལེ་ན་ད་ལ། དེ་ཇེ་ཕྲ་ལ་སྟོང་པར་བསམ་ལ་ཚད་དུ་བཞག །དེ་ལས་འཕྲོ་ན་ཡང་བཤིག་གིན་བསྒོམ་མོ།། །།
ཕཊ་ཀྱི་གདམས་པ།
༄༅། །ཕཊ་ཀྱི་གདམས་པ་བཞུགས་སོ། །
ན་མོ་གུ་རུ། ཕཊ་ཀྱི་གདམས་ངག་ལ་གསུམ་སྟེ། ཕྱི་གཟུང་བ་ཡུལ་གྱི་སྤྲོས་པ་གཅོད་པ། ནང་འཛིན་པ་སེམས་ཀྱི་སྤྲོས་པ་གཅོད་པ། གསང་བ་ཆོས་ཉིད་ཀྱི་སྤྲོས་པ་གཅོད་པའི་ཕཊ་ཀྱི་གསུམ་ལས། དང་པོ་གསུམ་ལ་བྱིང་བ་གསེང་པའི་ཕཊ། ཟིལ་གྱིས་གནོན་པའི་ཕཊ། དབང་དུ་སྡུད་པའི་ཕཊ། དང་པོ་ལ་གསུམ་སྟེ། གཉིད་ལ་སོགས་པ་གཏི་མུག་གིས་བྱིང་བ་དང་། ལྷ་འདྲེ་མི་མ་ཡིན་གྱིས་བྱིང་བ་དང་། ངལ་ཞིང་དུབ་པས་བྱིང་བ་སྟེ། དེ་ལ་གང་གིས་བྱིང་བའི་དུས་སུ་ཤེས་པ་གཟེངས་བསྟོད། རིག་པ་ཧུར་བཏོན་ལ་ཕཊ་ཅེས་བརྗོད་ཅིང་ལུས་འདུག་ས་སྤོའོ། །གཟེངས་བསྟོད་ལ་རིག་པ་ངར་བཅས་པར་བྱའོ། །
ཟིལ་གྱིས་གནོན་པའི་ཕཊ་ལ་གསུམ་སྟེ། ཕྱི་སྣང་བ་ཟིལ་གྱིས་མནན་པ་དང་། ནང་རྣམ་རྟོག་ཟིལ་གྱིས་མནན་པ་དང་། བར་གནོད་སྦྱིན་ཕོ་མོ་ཟིལ་གྱིས་མནན་པའོ། །དང་པོ་ནི་སྣང་བ་ཅི་དང་ཅི་མཐོང་ཡང་དེའི་རྗེས་སུ་མི་འབྲང་བར་ཕཊ་ཅེས་བརྗོད་ཅིང་ལེགས་ཉེས་གང་ལ་ཡང་ཆགས་སྡང་མི་བྱའོ། །གཉིས་པ་ནི་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་རྣམ་རྟོག་ཅི་སྐྱེས་ཀྱང་ཕཊ་ཅེས་བརྗོད་ཅིང་། དེ་རང་གི་ཐོག་ཏུ་བཞག་ཅིང་རིག་པ་དེ་ལ་ཟིལ་གྱིས་མནན་པའོ། །གསུམ་པ་མི་མ་ཡིན་པའི་ཆོ་འཕྲུལ་ལ་སོགས་པ་ཅི་བྱུང་ཡང་རུང་སྟེ། ཉམ་ང་བ་དང་བག་ཚ་བ་དང་ཅི་བྱུང་ཡང་། ཕཊ་ཅེས་བརྗོད་ལ་གདོང་ཚུགས་སུ་གཏད་པའོ། །གསུམ་པ་ནི་དེ་ལྟར་ཟིལ་གྱིས་མནན་ཙ་ན། ཕྱི་སྣང་བ་རང་བཞིན་གྱིས་དབང་དུ་འདུ་སྟེ། དགྲ་གཉེན་ལ་སོགས་པས་བདག་ལ་བསྙེན་བཀུར་ལ་སོགས་པ་བྱེད། ནང་རྣམ་རྟོག་ཟིལ་གྱིས་མནན་པས་སེམས་ཉིད་དབང་དུ་འདུ་སྟེ། ཉོན་མོངས་པ་སྐྱེ་མི་སྲིད། གནོད་སྦྱིན་ཕོ་མོ་དབང་དུ་འདུས་པས་བཀའ་དང་དམ་ལས་མི་འདའ་ཞིང་དངོས་གྲུབ་ཤུགས་ལ་འབྱུང་ངོ་། །ནང་འཛིན་པ་སེམས་ཀྱི་སྤྲོས་པ་བཅད་པ་ནི། ཕཊ་ཅེས་བརྗོད་པས་དབང་པོ་རང་ཡན་དུ་བལྟས་པས་སེམས་དེ་ལ་དཀར་ནག་ལ་སོགས་པའི་ཁ་དོག་མི་འདུག །གྲུ་བཞི་ཟླུམ་པོ་ལ་སོགས་པའི་དབྱིབས་མི་འདུག །ཆེ་ཆུང་སྦོམ་ཕྲ་ལ་སོགས་པའི་ཚད་མི་འདུག །འོ་ན་སེམས་དེ་མེད་དམ་བྱས་པས་ཡོད་དེ་ཅི་ཡང་བྱས། ཡོད་དམ་བྱས་པས་མེད་དེ་ཁ་དོག་ལ་སོགས་པའི་ཅི་མང་གྲུབ་པ་མེད། ཡོངས་ལ་ཁྱབ་པས་རྟོགས་ན་དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུར་འདུག་གོ །
གསང་བ་ཆོས་ཉིད་ཀྱིས་སྤྲོས་པ་བཅད་པ་ནི། ཤུགས་ལས་བྱུང་བའི་ཕཊ་ཅེས་བརྗོད་ཅིང་། འཛིན་པ་དང་བྲལ་བར་སྤྲོས་པ་བཅད་དོ། །ཕཊ་ཅེས་བརྗོད་དེ་བརྟགས་པས་ངོ་བོ་གང་དུ་ཡང་མ་གྲུབ་སྟེ། སྣང་བ་སྣ་ཚོགས་སུ་འཆར་ཞིང་གསལ། གསལ་བ་དང་སྟོང་པ་དེ་གཉིས་སྟོང་གསལ་ཟུང་འཇུག་ཏུ་འཇུག་པའི་ཆོས་སྐུར་རྟོགས་པ་དེ་ཕྱག་རྒྱ་ཆེན་པོའི་ལྟ་བ་ཞེས་བྱས་ཏེ། དེའི་སྟེང་དུ་བློ་འཇོག་པ་མི་དམིགས་པ་དེ་ལས་མི་འཕྲོ་བ་རྐྱེན་རྟོག་ཅི་བྱུང་ཡང་ཉམ་ང་བ་བག་ཚ་བ་མེད་པར་སྒོམ་པའོ། །ཕཊ་ཅེས་བརྗོད་པ་ལས་གཞན་མི་བྱེད་པ་སྤྱོད་པ། དེའི་རྟགས་དང་མཚན་མ་ཤར་ནས་སྟེང་དུ་ཚུད་ཅིང་ཐེ་ཚོམ་གཉིས་མེད་ཀྱི་དོན་ལ་བློ་ཁེལ་ཡིད་ཆེས་པས་མི་ཟ་བ་དེ་འབྲས་བུའོ། །དེ་ལ་ཕཊ་ཉམས་སུ་བླངས་པའི་གནས་དང་། ཉམས་སུ་ལོན་པའི་རྟགས་དང་། ཉམས་སུ་མ་བླངས་པའི་སྐྱོན་དང་། ཉམས་སུ་བླངས་པའི་འབྲས་བུའོ། །དེ་ལ་དང་པོ་ནི་སྤྱོད་ལམ་ཅི་བདེར་བྱས། ཚད་མེད་བཞི་བསྒོམ། བླ་མ་བསྒོམས་པས་སེམས་ཉིད་ཀྱི་སྟེང་དུ་བཞག་ལ། ཕཊ་ཕཊ་བརྗོད་ཅིང་རླུང་ཐུབ་ཚད་བཟུང་པས་དྲོད་སྐྱེ་སེམས་ལ་རྟོགས་པ་འཆར་རོ། །ཉམས་སུ་བླངས་པའི་གནས་ནི་རི་ཁྲོད་དགོན་པའོ། །ཉམས་སུ་ལོན་པའི་རྟགས་ནི་ལུས་ལ་གོས་མི་དགོས། ཟས་ཅི་ཟོས་ཀྱང་ལྷའི་བདུད་རྩིར་འགྲོ་སྟེ། ཟས་ཀྱི་དངོས་གྲུབ་ཐོབ་བོ། །ཏིང་ངེ་འཛིན་ལ་ཞུགས་པའི་དུས་སུ་སྐྱེས་བུ་སྟོབས་ཅན་བརྒྱས་མི་འཁུལ། བརྟུལ་ཞུགས་བྱེད་པའི་དུས་སུ་མགོ་བོ་བྲག་ལ་བརྡབས་ཀྱང་མི་ཆག །ལུས་ལ་འབྱུང་བ་བཞིའི་དགྲས་མི་ཚུགས། ལུས་ལ་མཚོན་གྱིས་མི་ཕེད་པའོ། །
ཉམས་སུ་མ་བླངས་པའི་སྐྱོན་ནི། ལེ་ལོ་ཚུལ་འཆོས་སྨྱོན་ཐབས་ཕཊ་ཕཊ་ཅེས་སྒྲོགས་ཤིང་གྲོང་ཁྱེར་འགྲིམ་ན་མི་རྣམས་གཤེ་བར་འགྱུར་ཞིང་། ལྷ་འདྲེ་ཕོ་མོ་སྔངས་སྐྲག་བསྐྱེད། རང་ཡང་ཚེ་ཐུང་ཞིང་བཀྲ་མི་ཤིས་པའོ། །ཉམས་སུ་བླངས་པའི་འབྲས་བུ་ནི། ཚེ་འདི་ཉིད་ལ་མངོན་པར་རྫོགས་པའི་སངས་རྒྱས་ཐོབ། ཕཊ་ཀྱི་མན་ངག་རྫོགས་སོ།། །།
༈ ན་མོ་གུ་རུ། ཨ་མའི་ཞལ་ནས། གཅོད་བྱེད་པ་ལ་ཆེ་བ་གསུམ་དང་ལྡན་པ་གཉིས་དགོས་ཏེ། ལྟ་བའི་རྦད་ཁམ་ཆེ་བ། གཅོད་ཀྱི་སྙིང་ཁམས་ཆེ་བ། བྱིན་རླབས་ཀྱི་རྟགས་མཚན་ཆེ་བའོ། །དེ་ལ་དང་པོ་ལྟ་བའི་རྦད་ཁམ་ཆེ་བ་ནི། ཅིར་སྣང་ཅི་ཡང་ཁས་མི་ལེན་པ་ལ་ཟེར་བ་མ་ཡིན་གྱི། ཅིར་སྣང་སྒྱུ་མ་ལྟ་བུའི་ངང་ནས་ཆོས་སྤྱོད་དགེ་བ་དང་། སྡིག་སྤྱོད་མི་དགེ་བ་ཁྱད་དུ་མི་གསོད་པར་འཇུག་ལྡོག་བྱེད་ཅིང་། ཡང་བྱེད་པ་ལ་ཞེན་པ་མེད་པར་བྱས་ལ། ཅིར་སྣང་རང་གི་སེམས་སུ་ཐག་བཅད། སེམས་ལ་སྐྱེ་འགག་མེད་པར་ཐག་བཅད། སྐྱེ་མེད་ཆོས་ཀྱི་སྐུ་རུ་ཐག་བཅད། ཆོས་སྐུ་ངོས་བཟུང་མེད་པར་ཐག་བཅད། སྒོམ་དུས་སུ་དགེ་སྡིག་དང་འཁོར་འདས་གང་དུ་ཡང་ཡིད་ལ་མི་བྱེད་པར་དྲན་མེད་དུ་ལྷན་གྱིས་བཞག་གོ །འཛིན་མེད་དུ་ཕཊ་ཀྱིས་ཐོངས། གཡས་མེད་དུ་ཤིགས་ཀྱིས་བཤིག་ལ་བཞག་གོ །གཉིས་པ་གཅོད་པའི་དུས་སུ་གཅོད་ཀྱི་སྙིང་ཁམས་ཆེ་བ་གཅིག་དགོས་པས་འཇིགས་པ་དང་། སྐྱུག་བྲོ་བ་དང་། ཉམ་ང་བ་ལ་སོགས་པའི་རྫི་མི་ཕོད་པས་སྙམ་བྱེད་པ་གཅིག་བྱུང་ན་ལྟ་ཐོག་ནས་རིག་པ་ལ་ངར་བརྟགས་ལ། ཉམ་ང་ཐོག་ཏུ་ཐོངས། འཇིགས་ཐོག་ཏུ་བསྐྱུར། སྐྱུག་བྲོ་ཐོག་ཏུ་བསྲེས། གང་མི་ཕོད་པ་དེ་ཀ་ཐོག་བརྫིས་བྱས་ལ་ལྷོད་ཀྱིས་གློད་ལ་བཞག་གོ །རེ་དོགས་མ་བྱེད་པར་བཞག་གོ །རྩིས་གདབ་མ་བྱེད་པར་བཞག་གོ །གར་སོང་ལེགས་ལ་བཞག་གོ །
དེ་ལྟར་བཞག་པ་ལ་མཆོད་པ་ལ་ཡང་དགའ་བའི་བློ་མི་བྱེད་དགའ་བྲོད་ཀྱི་བདུད་ཡིན། ལར་ཐམས་ཅད་གཏད་མེད་དུ་མ་གོ་ན་ཇི་ལྟར་བྱས་ཀྱང་འཆིང་བྱེད་དུ་འགྲོ་བ་ཡིན། སྣང་བ་འདི་གཏད་མེད་དུ་གོ་ན་ཆེད་དུ་གཏད་ལ་དགག་མི་དགོས་མ་ཞེན་པས་ཆོག །སྟོང་པ་སྒྲུབ་མི་དགོས། བློ་རང་ལུགས་སུ་བཞག་པས་ཆོག །སྣང་བ་འདི་ལ་འགགས་ཀྱང་ཞེ་ས་མེད་ན་ཆགས་སྡང་གིས་ལས་ཀྱི་བག་ཆགས་མི་བསོག་པས་འཁོར་བར་དབང་མེད་དུ་མི་སྐྱེ། བློ་རང་ལུགས་སུ་བཞག་ཙམ་ན། སྟོང་པ་མ་བསྒོམས་ཀྱང་དྲན་རྟོག་ངང་གིས་འགགས་པས་རྟོག་མེད་དུ་བདེ། དེ་སེམས་ཀྱི་གཤིས་ཡིན་པས་སེམས་ཅན་ཀུན་ལ་ཡོད་ཀྱང་གློད་མ་ཤེས་པས་སྡུག་བསྔལ་ལ་སྤྱོད་པ་རྣམས་ལ་སྙིང་རྗེ་ངང་གིས་སྐྱེ་བ་དང་། རང་གི་ཡེ་ཤེས་འཁོར་བ་མ་སྟོངས་ཀྱི་བར་དུ་སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གང་ལ་གང་འདུལ་གྱི་དོན་བྱེད་དོ། །སྤྱིར་ཡིད་ཡུལ་ལ་གོ་བ་ཡོད་ཙམ་གྱིས་མི་ཆོག་སྟེ། རྐྱེན་དྲག་པོ་དང་འཕྲད་ཙམ་ན་བློ་ཐ་མལ་དུ་བལྟས་པ་འབྱུང་བས་རྐྱེན་བྱུང་དུས་ཉིད་ན་ཐོག་འགེལ་བྱས་ལ་སེམས་དང་ཆོས་སུ་བསྲེ་དགོས། འདྲེས་པ་ཙམ་གྱིས་ཀྱང་མི་ཆོག་སྟེ། རྩལ་མ་སྦྱངས་ན་ཟག་མེད་ཀྱི་ཡོན་ཏན་ཕྱོགས་མེད་དུ་མི་འཆར་བས་རྐྱེན་སྣ་ཚོགས་ལ་རྩལ་ཕྱོགས་མེད་དུ་སྦྱང་། རྩལ་སྦྱོང་པ་ལ་འཁྲིགས་ཁ་མ་བཤིག་ན་ཚུལ་འཆོས་ཀྱིས་འཆིང་པས་སྤྱོད་པ་ཅི་ཐོད་ཐོད་སྤྱད་དགོས་སོ། །
སྤྱིར་ཡང་ཆོས་ལུགས་གང་ལྟར་བྱེད་ཀྱང་། སྣང་བ་འདི་གཏད་མེད་དུ་མ་གོ་ན། ཆོས་རང་གིས་ཀྱང་སླར་འཁོར་བར་འཆིང་བའི་གྲོགས་སུ་འགྲོ་བ་ཡིན། ཐོས་བསམ་དང་སྒོམ་སྒྲུབ་མང་དུ་བྱས་ཀྱིན་ཡང་བདག་འཛིན་ཤས་ཆུང་དུ་འགྲོ་དགོས་པ་ཡིན་ནོ། །ཚེ་འདིའི་སྙན་གྲགས་དང་བསྙེན་བཀུར་ལ་ཆགས་པ་དང་། དགའ་བའི་བློ་བྱུང་ན། མཁས་བཙུན་འཛོམ་ཡང་འཁོར་བ་ལས་འཕགས་པར་མི་ནུས་པ་ཡིན། ཁྱད་པར་དུ་ཡང་ཆོས་འདིའི་ལུགས་ཀྱིས་འཁོར་བ་ལ་མ་ཆགས་པ། འཁོར་བ་མི་སྤོང་པ་གཅིག་དགོས་པ་ཡིན། སྤྱིར་དུ་སངས་རྒྱ་བར་བྱེད་པ་ལ་ཆོས་བྱེད་དགོས་ཏེ། སངས་རྒྱས་ཁར་ཆོས་དང་བྲལ་ནས་སངས་རྒྱས་པ་ཡིན་ནོ། །ད་ལམ་དུས་སུ་ཆོས་བྱེད་ཀྱིན་བྱེད་ཀྱིན་བྱེད་མ་མྱོང་བ་གཅིག་དགོས་པ་ཡིན། དེ་ལྟར་བྱས་པས་ཆོས་ཟད་བློ་ཟད་དུ་ཟད་དེ་བྱ་རྒྱུ་མ་རྙེད་པ་འཁོར་འདས་མཉམ་ཉིད་དུ་རྟོགས་ཙ་ན། སངས་རྒྱས་པའི་བརྡ་བྱས་པ་ཡིན་གྱི་དོན་ལ་བྱ་རྒྱུ་ཅི་ཡང་མེད་དོ། །
གསུམ་པ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བ་ནི། སེམས་ཀྱི་རང་བཞིན་སྐྱེ་མེད་ཡིན་པས་བྱིན་ཀྱང་ཡིན་ལ་རྣམ་པ་འགག་མེད་ཡིན་པས་རླབས་ཀྱང་ཡིན་ནོ། །རྟགས་མཚན་ཆེ་བ་ནི། དེ་ལྟར་སེམས་རིག་སྟོང་དབྱེར་མེད་དུ་རྟོགས་པས་ཉོན་མོངས་པ་དང་། རྣམ་རྟོག་ལ་སོགས་པ་གང་བཅད་ཀྱང་རང་གྲོལ་དུ་སོང་བས་འཁོར་འདས་མཉམ་ཉིད་དུ་རྟོགས་པའོ། །དེ་ལྟར་གནད་རྣམས་ཀྱི་ཆེ་བ་གསུམ་ལྡན་གྱི་གདམས་པ་ཨྠྀི།
༈ ན་མོ་གུ་རུ། ཕཊ་ཆོས་འདི་ལ་དོན་རྣམ་པ་བཅུ་གཉིས་ཏེ། དེ་ལ་གསུམ་གསུམ་དུ་བྱས་པས་སུམ་ཅུ་སོ་དྲུག་ཡོད་དེ། དང་པོ་ཕཊ་སྐྱེ་བའི་ཡུལ་གསུམ་ནི། ཕྱི་སྣང་བའི་ཡུལ་ལ་ཆགས་སྡང་སྐྱེས་ན་ཕཊ་བྱ། ནང་ཉོན་མོངས་རྣམ་རྟོག་སྐྱེས་ན་ཕཊ་བྱ། གསང་བ་སྒོམ་པའི་དུས་སུ་ཕཊ་བྱ། བྱིང་རྒོད་བྱུང་ན་ཕཊ་བྱ། ཕཊ་ཀྱིས་གཟེངས་བསྟོད་པ་གསུམ་ནི། མི་མང་པོའི་གསེབ་ཏུ་ངར་ཅན་དུ་ཕཊ་བྱ། གཅིག་པུར་སྡོད་པའི་དུས་སུ་དྲན་པ་གཟེངས་བསྟོད་དེ་ཕཊ་བྱ། སྒོམ་པའི་དུས་སུ་གསལ་བ་ལ་གཟེངས་བསྟོད་དེ་ཕཊ་བྱ། ཕཊ་འདེབས་པའི་གྲོགས་གསུམ་ནི། རང་བླ་མ་དང་མཇལ་བའི་དུས་སུ་བྱིན་རླབས་ཕེབས་པའི་གྲོགས་སུ་འགྲོ་བས་ཕཊ་བྱ། རི་ཁྲོད་འགྲིམ་པའི་དུས་སུ་དགེ་སྦྱོར་འཕེལ་བའི་གྲོགས་སུ་འགྲོ་བས་ཕཊ་བྱ། ཚོགས་འཁོར་གཏོང་བའི་དུས་བསོད་ནམས་འཕེལ་བའི་གྲོགས་སུ་འགྲོ་བས་ཕཊ་བྱ། ཕཊ་ལྟ་བའི་གདེང་གསུམ་ནི། དུས་གསུམ་འགྱུར་བ་མེད་པ་རྟོགས་པ་ལྟ་བའི་གདེང་སྟེ་ཕཊ་བྱ། བྱར་མེད་ལྷུག་པར་རྟོགས་པ་ལྟ་བའི་གདེང་སྟེ་ཕཊ་བྱ། སྤྱོད་པ་ལ་ཉམ་ང་མེད་པར་རྟོགས་པ་ལྟ་བའི་གདེང་སྟེ་ཕཊ་བྱ། ཕཊ་སྒོམ་པའི་ལམ་གསུམ་ནི། ཁྲོམ་གསེབ་ཏུ་བླ་མ་སྤྱི་བོར་བསྒོམས་ཏེ་ཕཊ་བྱ། ལས་དང་བྱ་བྱེད་ཀྱི་དུས་སུ་བསྒོམས་ཏེ་ཕཊ་བྱ། རང་གཅིག་པུར་གནས་པའི་དུས་སུ་རིམ་གཉིས་སྒོམ་པ་ལ་ཕཊ་བྱ། ཕཊ་སྤྱོད་པའི་ངེས་མེད་གསུམ་ནི། གནས་ལ་ངེས་པ་མེད་དེ་ཕཊ་བྱ། དུས་ལ་ངེས་པ་མེད་དེ་ཕཊ་བྱ། གྲོགས་ལ་ངེས་པ་མེད་དེ་ཕཊ་བྱ། ཕཊ་ཀྱིས་ཐེབས་པའི་འབྲུ་གསུམ་ནི། སེམས་གསལ་ལ་ངོས་བཟུང་མེད་པར་བསྒོམས་པས་འབྲས་བུ་ཆོས་སྐུ་ཐོབ་སྟེ་ཕཊ་བྱ། ལུས་སྣང་ལ་རང་བཞིན་མེད་པར་བསྒོམས་པས་འབྲས་བུ་སྤྲུལ་སྐུ་ཐོབ་སྟེ་ཕཊ་བྱ། ངག་གྲག་སྟོང་བྲག་ཆ་ལྟ་བུར་བསྒོམས་པས་འབྲས་བུ་ལོངས་སྐུ་ཐོབ་སྟེ་ཕཊ་བྱ། ཕཊ་དྲན་པ་རྣམ་པ་གསུམ་ནི། གསོལ་འདེབས་ཀྱི་དུས་སུ་བླ་མ་དྲན་པར་བྱས་ལ་ཕཊ་བྱ། གཏོར་ཚོགས་ཀྱི་དུས་སུ་མཁའ་འགྲོ་དྲན་པར་བྱས་ལ་ཕཊ་བྱ། བསྐྱེད་རིམ་གྱི་དུས་སུ་ཡི་དམ་དྲན་པར་བྱས་ལ་ཕཊ་བྱ། ཕཊ་རྒྱུན་ཆད་མེད་པ་གསུམ་ནི། ལུས་མཚན་བཅས་དང་མཚན་མེད་རྒྱུན་ཆད་མེད་དེ་ཕཊ་བྱ། ངག་བཟླས་པ་ལ་རྒྱུན་ཆད་མེད་དེ་ཕཊ་བྱ། སེམས་ཏིང་ངེ་འཛིན་ལ་རྒྱུན་ཆད་མེད་དེ་ཕཊ་བྱ། ཕཊ་བསྒྱུར་བ་གསུམ་ནི། ལུས་ཀྱི་སྤྱོད་ལམ་བསྒྱུར་ཏེ་ཕཊ་བྱ། ངག་གི་སྨྲ་བརྗོད་བསྒྱུར་ཏེ་ཕཊ་བྱ། སེམས་ཀྱི་དྲན་རེག་བསྒྱུར་ཏེ་ཕཊ་བྱ། ཕཊ་གསེང་པ་རྣམ་པ་གསུམ་ནི། ལུས་བྱིང་ན་ཕྱག་དང་བསྐོར་བས་གསེང་སྟེ་ཕཊ་བྱ། ངག་བྱིང་བ་ལ་ཕཊ་ཀྱིས་གསེང་པ་ལ་ཕཊ་བྱ། སེམས་བྱིང་བ་ལ་ཏིང་ངེ་འཛིན་གྱིས་གསེང་པ་ལ་ཕཊ་བྱ། ཕཊ་ལ་བཟླ་བ་གསུམ་ནི། གཞི་ཤེས་པ་ལ་ལྟ་བ་མེད་དེ་ཕཊ་བྱ། ལམ་རྩ་བྲལ་ལ་སྒོམ་པ་མེད་དེ་ཕཊ་བྱ། དོན་མཐོང་བ་ལ་རྣམ་སྨིན་མེད་དེ་ཕཊ་བྱ། ཕཊ་ཆོས་སུམ་ཅུ་སོ་དྲུག་པ་ཞེས་རྫོགས་སོ།། །།
ལག་ཁྲིད་ཆུང་བ།
༄༅། །ལག་ཁྲིད་ཆུང་བ་བཞུགས།
ན་མོ་གུ་རུ། གདམས་ངག་གཅོད་ཀྱི་སྙིང་པོ་འདིའི་ལག་ལེན་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་དུ་འགྲོ་བ་ལ་གསུམ་སྟེ། ཐུན་དང་པོ་ཐུན་མོང་གི་ཆོས་གསུམ་དང་། ཞེན་པ་གསུམ་ལ་བཟློག་པ་དང་། ཐུན་གསུམ་པ་ནམ་མཁའ་སྒོ་འབྱེད་ཀྱི་རིག་པ་བརྟན་འབྲེལ་བའོ། །དང་པོ་ལ་གསུམ་ལས། དང་པོ་ཚོགས་བསགས་པ་ནི། ཤིན་ཏུ་དབེན་ཞིང་ཉམས་དགའ་བའི་དུར་ཁྲོད་དུ་ཚོགས་དང་གཏོར་མ་ཅི་འབྱོར་པ་བཤམ་ལ། ཁ་ཟས་རྣམས་ཡི་གེ་གསུམ་གྱིས་བདུད་རྩིར་བསྒྱུར་ནས་རང་དང་སློབ་མ་གཉིས་ཀུན་རྫོབ་ཏུ་རྒྱལ་བའི་ཡུམ་ཆེན་མོའམ། ཡི་དམ་གྱི་ལྷ་གང་ཡིན་པ་བསྒོམ། སྤྱི་བོར་བླ་མ་བརྒྱུད་པ་བསྒོམ། དོན་དམ་པར་ཆོས་སྐུར་མོས་པ་བྱས་ལ། དེ་ཉིད་བརྗོད་ཅིང་ཚོགས་ཕུད་གཏོར་མ་ཕུལ་ལ། ལྷ་དང་བླ་མ་མཆོད་པའི་གདམས་པས་ཟས་ལ་ལོངས་སྤྱོད་དོ། །དེ་ནས་གཏོར་མ་འབྲུ་གསུམ་གྱིས་བདུད་རྩི་མང་ལ་རྒྱ་ཆེ་བར་བྱིན་གྱིས་བརླབས་ལ། རྒྱ་ཆེན་ཤུགས་ལྡན་བོད་ཀྱི་སྔགས་རྩ་གཅིག་གིས་མགྲོན་བཞི་ལ་འབུལ། ཐམས་ཅད་ངོམས་ཤིང་ཚིམས་པར་བསམ། དེ་ནས་སློབ་མས་བླ་མ་ལ་མཎྜལ་ཕུལ། ཅི་འབྱོར་པའི་ཡོན་དབུལ་ལོ། །
གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི། ཆོ་ག་གུད་ན་གསལ་ལོ། །གསུམ་པ་ཁྱད་པར་གྱི་བྱིན་རླབས་ཞུ་བ་ནི། སློབ་མའི་སྤྱི་ཐོག་ཉི་ཟླ་པདྨའི་གདན་སྟེང་དུ་མ་ཅིག་ལབ་ཀྱི་སྒྲོན་མ་རང་བཞིན་གྱི་དབྱིངས་ནས་ཡིད་ཀྱིས་སྤྱན་དྲངས་ལ། དེ་ལ་འཁོར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་མང་པོས་བསྐོར་བར་བསམ་ལ། དེ་ལ་དང་པོ་ཕྱག་འཚལ་ཏེ་རྗེས་བཟློས་བྱ་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །འགྲོ་དོན་སྤྲུལ་བའི་རྣལ་འབྱོར་མ། །སྣང་སྲིད་ཟིལ་གྱིས་གནོན་མཛད་མ། །སྐྱེ་མེད་ཐུགས་རྗེའི་མངའ་བདག་མ། །མཁའ་འགྲོ་འབུམ་སྡེ་འཁོར་བཅས་ལ། །བདག་ནི་སྒོ་གསུམ་གུས་པ་ཡིས། །ཕྱག་འཚལ་སྐྱབས་སུ་ཉེ་བར་མཆི། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བའི་མཆོད་པ་དང་། །བདག་གི་ལུས་ངག་ཡིད་གསུམ་རྣམས། །དགེ་བ་དུས་གསུམ་བསྔོས་པ་ཀུན། །བླ་མ་མཁའ་འགྲོའི་ཚོགས་ལ་འབུལ། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ། བདག་ནི་མ་རིག་རྨོངས་པ་ཡིས། །བཀའ་དང་འགལ་ན་མཐོལ་ཞིང་བཤགས། །མ་ཡི་སྐུ་གསུང་ཐུགས་དང་ནི། །འགྲོ་བ་མ་རིག་མུན་འཐོམས་ལ། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཉིད་སྐྱེ་བྲི་མི་མངའ་ཡང་། །འགྲོ་བའི་དོན་ཕྱིར་བཞུགས་སུ་གསོལ། །མ་ཡིས་ཇི་ལྟར་ཐུགས་བསྐྱེད་ལ། །དེ་ལྟར་བདག་གིས་སེམས་བསྐྱེད་དོ། །ཁྱེད་ཀྱིས་ཇི་ལྟར་བསྟན་པ་ཡི། །ལམ་རྣམས་རྒྱུད་ལ་བརྟེན་པར་བགྱིད། །དུས་འདི་བཟུང་ནས་བྱང་ཆུབ་བར། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །
དེ་ནས་མ་དང་མཁའ་འགྲོ་རྣམས་ཀྱི་སྐུ་གསུང་ཐུགས་ལས་བྱིན་རླབས་ཀྱི་འོད་ཟེར་འཕྲོས་ཏེ། བདག་གི་སྒོ་གསུམ་དང་བ་སྤུའི་བུ་ག་ཐམས་ཅད་དུ་ཐིམ་པས་སྡིག་སྒྲིབ་དག་ཅིང་མའི་བྱིན་རླབས་ཞུགས་པར་བསམ་མོ། །དེ་ནས་སྨོན་ལམ་བཏབ་སྟེ། ཕྱོགས་བཅུ་རྒྱལ་བའི་ཐུགས་རྗེ་དང་། །བླ་མ་མཁའ་འགྲོའི་བྱིན་རླབས་ཀྱིས། །བར་ཆད་ཐམས་ཅད་ཞི་གྱུར་ཅིག །དངོས་གྲུབ་ཐམས་ཅད་ཐོབ་གྱུར་ཅིག །སྣང་བ་ཟིལ་གྱིས་ནོན་གྱུར་ཅིག །འགྲོ་བའི་སྡུག་བསྔལ་ཞི་གྱུར་ཅིག །བདེ་བ་དམ་པ་ཐོབ་གྱུར་ཅིག །ཅེས་ལན་གསུམ་བརྗོད་ལ། དེ་ནས་མ་དང་མཁའ་འགྲོ་རྣམས་གཤེགས་པའམ་ཡང་ན་རང་གི་སྤྱི་བོར་བསྟིམ་ལ་སེམས་མ་བཅོས་པའི་ངང་ལ་བཞག་པས་ཏིང་ངེ་འཛིན་རང་ཤུགས་ཀྱིས་འབྱུང་ངོ་། །
དེ་ནས་ཐུན་གཉིས་པ་ཞེན་པ་གསུམ་ལས་བཟློག་པ་ནི། སང་ནངས་པར་རི་ཁྲོད་དབེན་པར་ཕྱིན་ལ། མཎྜལ་དབུལ། གཏོར་མ་བཤམས། དེ་ནས་མདུན་གྱི་ནམ་མཁའ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་དང་། རིགས་དྲུག་སེམས་ཅན་རྣམས་ཡིད་ཀྱིས་བཀུག་ལ། བཀའ་སྡོད་ལ་གཏོར་མ་བསྔོ། དེ་ནས་དང་པོ་ཕྱི་ལོངས་སྤྱོད་ཀྱི་ཞེན་པ་བཟློག་པ་ལ། རང་གི་བདོག་པའི་དངོས་པོ་ཐམས་ཅད་བློས་བསྡུས་ལ་མཆོད་པར་འབུལ་ལོ། །དེ་ནས་ནང་ལུས་ཀྱི་ཞེན་པ་ལོག་པ་ལ། རང་གི་ལག་པ་གཡས་པར་གྲི་ཁུག་ཅིག་བསམ་ལ། རང་གི་སྐེ་རྦད་ཀྱིས་བཅད་ལ། མགོ་བོ་དབང་པོ་ལྔ་དང་བཅས་ཚོགས་འཁོར་དུ་འབུལ། དེ་ནས་སྐེད་རྦད་ཀྱིས་བཅད་ལ་རོ་སྟོད་དོན་སྙིང་དང་བཅས་པ་དུམ་བུར་བསིལ་ཏེ་འབུལ་ལོ། །དེ་ནས་རོ་སྨད་ནང་ཁྲོལ་དང་བཅས་པ་བསིལ་ལ། རིགས་དྲུག་གི་སེམས་ཅན་ཡན་ཆད་ལ་ཁྱབ་པར་དབུལ་ལོ། །གསང་བ་སེམས་ཀྱི་ཞེན་པ་བཟློག་པ་ནི། སེམས་དགེ་སྡིག་གི་བག་ཆགས་དང་བཅས་པའི་རིག་རིག་ཏུར་ཏུར་པོ་འདི། དཀར་པོ་དགེ་བའི་རྣམ་སྨིན་དང་བཅས་ཏེ་འབུལ་ལོ། །དེའི་རྗེས་ལ་ཤེས་པ་ལྷོད་དེ་བཞག་པས་ཏིང་ངེ་འཛིན་རང་ཤུགས་སུ་འབྱུང་ངོ་། །
༈ དེ་ནས་ཐུན་གསུམ་པ་ལ་ནམ་མཁའ་སྒོ་འབྱེད་བྱ་སྟེ། ལག་ལེན་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་དག་ནི་སྔོན་དུ་འགྲོ་བའི་གདམས་ངག་གོ །དེ་ནས་དངོས་གཞིའི་གདམས་ངག་ལ་གཉིས་ཏེ། འཇོག་སོ་དང་འཁྱེར་སོ་གཉིས་སོ། །དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ་སེམས་ཀྱི་བཞག་ཐབས་རྣམ་པ་དྲུག་སྟེ། ཐབས་དང་དམིགས་པ་སེམས་མ་བཅོས་པར་བཞག་པ་དང་། མ་བསླད་པར་དུས་གསུམ་གྱི་རྟོག་པའི་སེམས་བཞག་པ་དང་། ཐ་མལ་རང་ལུགས་ལ་གཞན་དུ་མ་བསྒྱུར་བར་བཞག་པ་དང་། སོ་རིག་པ་བཟོ་མ་བྱས་པར་མར་བཞག་པ་དང་། ལྷུག་པར་བཞག་པ་དང་། བློའི་ཡུལ་ལས་འདས་པར་བཞག་པའོ། །དེ་དག་ཐུན་རེ་མོས་ཀྱིས་བརླབ་བོ། །ཐུན་གྲངས་དང་ཐུན་ཚད་ཁམས་དང་སྦྱར་ཏེ། ཁམས་ངན་ན་ཐུན་ཐུང་ལན་གྲངས་མང་དུ་བྱའོ། །དེ་ནས་འཇོག་སོ་ལ་ཅུང་ཟད་བསྟན་པ་དང་། འཁྱེར་སོ་ལ་བསླབ་སྟེ། མ་མཁའ་འགྲོ་མའི་ལྟ་སྤྱོད་སྒོམ་གསུམ་ཅིག་ཆར་དུ་རྩལ་སྦྱང་ཉི་ཤུ་པོ་རེ་རེ་ལ་ཐུན་རེ་རེ་བྱས་ལ་བསླབ་བོ། །མཐར་མདོར་བསྡུས་པའི་མན་ངག་ལ་རིགས་ཀྱི་བུ་ཉོན་གཅིག་ཏུ་བྱས་ལ་བསླབ་བོ། །དེ་དག་ནི་གཞུང་ན་གསལ་ལོ་དངོས་གཞིའི་གདམས་ངག་གོ །
རྗེས་ཀྱི་མན་ངག་ནི། དེ་ལྟར་ནང་དུ་རྒྱུད་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་པ་དང་། ཉམ་ང་དང་ཁུ་འཕྲིག་གི་རྐྱེན་སྣང་མི་མཐུན་པ་ལ་བསྲེ་སྦྱངས་བྱས་ཏེ། དུས་རྟག་ཏུ་བླ་མ་དང་མཁའ་འགྲོ་ལ་གསོལ་བ་གདབ་ཅིང་བློ་བསྒྱུར་ལ་གཉན་ས་རི་ཁྲོད་དང་། ཁང་སྟོང་དང་། ས་ཕུག་དང་། ལྷ་ཁང་འདྲེ་ཆེན་ལ་སོགས་པར་འགྲིམ་ཞིང་། དེར་ཕུང་པོ་གཟན་བསྐྱུར་བྱས་ལ། སྤྱོད་པ་ལོག་སྒྲུབ་བྱ་ཞིང་། གཉན་ཐོག་ཏུ་གཉན་དབབ་སྟེ། སྨྱོན་པ་དང་རོ་ལངས་ལྟ་བུའི་བརྟུལ་ཞུགས་བྱའོ། །དེ་ལྟར་བྱས་པས་བག་ལ་ཉལ་བསླངས་ནས་རྟོགས་པ་ཉམས་སུ་མྱོང་ནས་བོགས་ཆེན་པོ་ཤུགས་ཀྱིས་འབྱུང་ངོ་། །བརྟན་པ་ཆེན་པོ་མྱུར་དུ་འཐོབ་པར་འགྱུར་རོ། །སྐྱེ་མེད་ཅིག་ཆར་གྱི་མན་ངག་བདུད་ཀྱི་གཅོད་ཀྱི་ལག་ཁྲིད་མ་མཁའ་འགྲོ་མའི་གསུང་མ་ནོར་བར་བཀོད་པའོ།། །།
ནམ་མཁའ་ཁོང་སྐོར་གྱི་གདམས་ངག
༄༅། །ནམ་མཁའ་ཁོང་སྐོར་གྱི་གདམས་ངག་བཞུགས།
ན་མོ་གུ་རུ། ནམ་མཁའ་ཁོང་སྐོར་གྱི་མན་ངག་ནི། སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི་བླ་མའི་རྣལ་འབྱོར་བསྒོམ་པ་ལ་མོས་པ་བྱ། ལུས་སྐྱིལ་ཀྲུང་སྒལ་ཚིགས་དྲང་པོ། མིག་བར་སྣང་ལ་བལྟ། ཐལ་མོ་སྙིང་ཁར་སྦྱར་ལ་དམིགས་པས་རང་གི་རིག་པ་ཨ་དཀར་པོ་གཅིག་ཏུ་བསམ་ལ། ཨ་དེ་སྤྱི་བོ་ནས་ཡར་འཕངས་ཏེ། ཨ་དེ་བཞིར་གྱེས་ནས་ཕྱོགས་བཞིར་མདའ་འཕངས་པ་བཞིན་འཇིག་རྟེན་གྱི་ཁམས་ཐུག་པ་མེད་པར་འགྲོ་ཚད་དུ་བཏང་ངོ་། །དེར་འགྲོ་ས་སྡུག་ས་སྙམ་བྱེད་པ་དང་། ཨ་བཞི་པོ་མགལ་མེ་བཞིན་བསྐོར་རོ། །དེ་ལྟར་བྱས་པས་རིག་པ་ཐང་ཆད་པའི་འཕྲོ་ལ་ལྷོད་ཀྱིས་གློད་ལ་བཞག་གོ །དེ་ཡང་ལན་གསུམ་དུ་བཅུན་པ་དང་གློད་པས་མི་རྟོག་པ་སྐྱེའོ། །ཁྱད་པར་དུ་བྱིང་རྒོད་འདིས་སེལ་ལོ། །ནམ་མཁའ་ཁོང་སྐོར་རྫོགས་སོ།། །།
ནམ་མཁའ་ལམ་འཁྱེར་གྱི་གདམས་ངག
༄༅། །ནམ་མཁའ་ལམ་འཁྱེར་གྱི་གདམས་ངག་བཞུགས་སོ། །
ན་མོ་གུ་རུ། ནམ་མཁའ་ལམ་འཁྱེར་གྱི་མན་ངག་ནི། ལུས་ཆམ་ལ་ཕབ་པ། སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བླ་མ་བསྒོམ། དེའི་རྗེས་ལ་རང་གི་རླུང་སེམས་འདུས་པའི་རྣམ་པར་ལུས་ཀྱི་ནང་ན་ཡར་བྱུང་བར་བསམ་ལ། རྒྱུ་མ་སྒལ་བ་ལ་སྦྱར་ཏེ་ཧཱུྃ་ཞེས་བརྗོད་པས་བར་སྣང་སྟོང་པ་འདི་ལ་རྒྱངས་ཀྱིས་བསྐྱུར་ལ། ནམ་མཁའ་རུག་གིས་བསྲེས་ལ། ནམ་མཁས་གར་ཁྱབ་ཏུ་སེམས་ཀྱིས་ཁྱབ་པར་བྱ་སྟེ། རིག་པ་རྒྱ་བསྐྱེད་ཐང་བཅད་པ་དེའི་ངང་ལ་མ་ཡེངས་པར་བཞག་གོ །དེའི་རྗེས་ལ་རྟོག་པ་བྱུང་ན་སྤྲིན་དང་ན་བུན་དང་འདྲ་བར་ཤེས་པར་བྱ་སྟེ། ཅི་བྱུང་ཅི་ཤར་ཡང་། སེམས་ཉིད་སྟོང་པའི་ངང་ལ་ཤར། ཐིམ་ཡང་སྟོང་པའི་ངང་ལ་ཐིམ། སེམས་ཀྱི་ངོ་བོ་ལ་གནོད་པ་མ་བྱས་ཕན་མ་བཏགས་ཏེ། རང་བྱུང་རང་ཞི་ཡིན་སྙམ་དུ་ཤེས་པར་བྱས་ལ་རྟོག་པའི་མདུན་མི་བསུ། རྗེས་སུ་མི་འབྲང་། དགག་སྒྲུབ་མི་བྱ། རྟོག་པ་ལ་བལྟ་ཞིང་སེམས་ཀྱི་ངོ་བོ་ནམ་མཁའ་ལྟར་རྟོགས། སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་ཉམས་སུ་མྱོང་། སེམས་ཀྱི་མཚན་ཉིད་བར་སྣང་ལྟར་ལམ་དུ་འཁྱེར་བའོ། །སྤྱོད་ལམ་རྣམ་བཞིར་སེམས་ཉིད་ནམ་མཁའ་དང་གཉིས་སུ་མེད་པའི་ངང་ལ་མ་ཡེངས་པར་ལམ་དུ་འཁྱེར་རོ། །དེ་ལྟར་བྱས་པས་ཉོན་མོངས་པ་ཐམས་ཅད་ཇེ་ཞི་ཇེ་ཕྲ་ལ་མཐར་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་མཉམ་རྗེས་མེད་པ་འབྱུང་སྟེ། འཆི་ཀའི་འོད་གསལ་དང་རོ་གཅིག་ཏུ་འདྲེས་ནས་འཚང་རྒྱའོ། །ཡུམ་ལས། ནམ་མཁའ་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་པའི་དོན་ནོ། །ནམ་མཁའ་ལམ་འཁྱེར་གྱི་གདམས་པ་རྫོགས་སོ།། །།
གཅོད་སྐོར་གསུམ།
༄༅། །གཅོད་སྐོར་གསུམ་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡུམ་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་མན་ངག་སྤྱིའི་མིང་སྒོས་སུ་བཏགས་པ་བདུད་ཀྱི་གཅོད་ཅེས་ཀྱང་བྱ། བདུད་རང་གྲོལ་གྱི་གདམས་ངག་ཅེས་ཀྱང་བྱ་ལ། འདི་ལ་གསུམ་སྟེ། ངོ་སྤྲོད་ལྟ་བའི་སྐོར་དང་། ཉམས་ལེན་སྤྱོད་པའི་སྐོར་དང་། བོགས་འདོན་གེགས་སེལ་གྱི་སྐོར་རོ། །
དང་པོ་ངོ་སྤྲོད་ལྟ་བའི་སྐོར་ནི། རྟེན་གྱི་གང་ཟག་ཐེག་པ་ཆེན་པོའི་རིགས་ཅན། ཤེས་རབ་དང་སྙིང་རྗེ་དང་དད་པ་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྐྱེ་བ་སྔ་མ་ལ་སོགས་པ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་ཞིང་ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་གྱིས་མགོན་དང་བཅས་ཤིང་། ཐེག་ཆེན་གྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་སྦྱང་པའི་ལས་སྐལ་བ་དང་ལྡན་པའི་ཆོས་འདིའི་སྒོར་འཇུག་པར་བྱེད་པས་བླ་མ་བརྒྱུད་པ་དང་ལྡན་པ་གཅིག་ལ་ཅི་འབྱོར་པའི་མེ་ཏོག་དང་། མཎྜལ་ཕུལ་ཏེ་གསོལ་བ་བཏབ་ལ་གནང་ནས་མཁའ་འགྲོ་དང་ཆོས་སྐྱོང་མཉེས་པར་བྱེད་པའི་ཚོགས་དང་གཏོར་མ་ཅི་འབྱོར་པ་བཤམས། དེ་ནས་དང་པོ་སློབ་མའི་མཎྜལ་གཉིས་ལས། བླ་མའི་མཎྜལ་ནི། རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་དུ་ཡོད་ཀྱིས་བསྐོར་བའི་ཚོམ་བུ་དགོད། མཆོད་པའི་མཎྜལ་ནི། ཚོམ་བུ་ཉི་ཤུ་རྩ་གཅིག་ལ་སོགས་པ་གང་ཡང་རུང་བ་གཅིག་ཀྱང་བཤམས། གཞན་ཡང་མཆོད་པ་ཅི་འབྱོར་པ་བཤམས་ལ། དེ་ནས་སློབ་མ་ཕྱག་འཚལ་དུ་བཅུག་ལ། བླ་མ་བརྒྱུད་པ་དང་བཅས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དངོས་བཅས་ཀྱི་མཆོད་པ་བཤམ་པ་དེ་རྣམས་འབུལ་དུ་གཞུག །དངོས་མེད་ཀྱི་མཆོད་པ་རང་གི་ལུས་ངག་ཡིད་གསུམ་ཡང་འབུལ། བློས་བླངས་ཀྱི་མཆོད་པ་ལྷ་དང་མིའི་འཇིག་རྟེན་ན་རིན་པོ་ཆེ་སྣ་ཚོགས་པ་དང་། རྟ་གླང་པོ་དང་། འབྲུ་བང་མཛོད་དང་། ནགས་ཚལ་དང་། སྤང་ལྗོངས་ཡངས་པ་ལ་སོགས་པ་གླིང་བཞིའི་འབྱོར་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་བློས་ལོངས་ལ་ཕུལ་ཅིག་ཅེས་བྱའོ། །དེ་ནས་བློ་བཅོས་པར་བྱ་སྟེ། འོ་ན་ཉིད་ཀྱི་སེམས་ལ་འདི་བཞིན་དུ་ཞོག་ཅིག །སྤྱིར་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པ་གཅིག་ཡིན་ལ། འོན་ཀྱང་གློ་བུར་གྱི་དྲི་མའི་སྟོབས་ཀྱིས་དེ་ལྟར་མ་རྟོགས་ཀྱིས་དེ་ལྟར་མ་རྟོགས་པས་གཉིས་སུ་སྣང་བས་ད་རྒྱུ་སེམས་ཅན་གྱི་ས་ནས་འབྲས་བུ་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པ་ལ་ལམ་ཚང་ལ་མ་ནོར་བ་གཅིག་དགོས་ལ། དེ་གང་ཡིན་ཐབས་ཤེས་རབ་གཉིས་ཡིན་ཏེ། དེ་ལྟར་གང་ཡང་གང་རི་བསྟེན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་གཉིས་ཏེ། ཐབས་དང་ཤེས་རབ་བོ་གསུངས་པས་དེ་གཉིས་གང་མ་ཚང་ན་སངས་མི་རྒྱ་སྟེ། དཔེར་ན་བྱ་ནམ་མཁའ་ལ་འཕུར་བྱེད་གཤོག་པ་གཉིས་གང་ཡང་རུང་བ་གཅིག་མེད་པ་དང་འདྲའོ། །དེ་ལྟར་ཡང་དྲག་ཤུལ་ཅན་གྱི་དབང་དུ་བྱས་ན་ཞུས་མདོ་ལས་ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ཀྱང་འཆིང་ལ། ཤེས་རབ་དང་བྲལ་བའི་ཐབས་ཀྱིས་ཀྱང་འཆིང་ངོ་ཞེས་གསུངས་སོ། །དེ་བས་ན་ཐབས་ཀྱི་དབང་དུ་བྱས་ན་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་བྱེད་དགོས་སོ། །དེ་ལྟར་ཡང་། མདོ་སྡུད་པ་ལས་ཀྱང་། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། །ཞེས་སོ། །དེ་ལས་ཐོག་མར་སྐྱབས་སུ་འགྲོ་བ་བྱ་དགོས་ཏེ། དེ་ལྟར་དགོས་པའི་རྒྱུ་མཚན་ནི། འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ནད་གདོན་ལ་སོགས་པའི་གནོད་འཚེ་དང་བཅས་པ་ཤ་སྟག་ཡིན་པས་དེ་ལས་སྐྱོབ་པར་བྱེད་པའི་སྐྱབས་དགོས་སོ། །དེ་ཡང་སུ་ཐོད་ཐོད་ཀྱིས་སྐྱོབ་པར་མ་ནུས་པས་རང་འཁོར་བའི་སྡུག་བསྔལ་ལས་ཐར་ནས་གཞན་སྐྱོབ་པར་ནུས་པའི་ཡོན་ཏན་དང་ལྡན་པ་གཅིག་དགོས་པས་དེ་གང་ལ་ཡོད་ན། བླ་མ་དང་ཡི་དམ་དཀོན་མཆོག་ལ་ཡོད་པས་དེ་རྣམས་ལ་སྐྱབས་སུ་འགྲོ་དགོས། དེ་ཡང་ཚིག་བརྗོད་པ་ཙམ་གྱིས་ཀྱང་སྐྱབས་འགྲོའི་གོ་མ་ཆོད་པས་བསམ་པའི་དབང་དུ་བྱས་ན། བདག་དུས་འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱིད་རུང་སྡུག་རུང་ཁྱེད་རང་ཤེས་སྙམ་དུ་བློ་ལིངས་ཀྱིས་འགེལ་བ་གཅིག་དགོས། དེ་ལྟ་བུའི་བསམ་པ་གྱིས་ལ་བདག་གི་ལད་མོ་གྱིས་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་དགེ་འདུན་ཕྱིར་མི་ལྡོག་པ་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་གསུམ་གྱི་མཐར་སྐྱབས་སུ་འགྲོའོ། །སྐྱབས་སུ་གསོལ་ལོ། །བདག་སངས་རྒྱས་ལ་བསྟེན་ནོ། །ཆོས་ལ་བསྟེན་ནོ། །དགེ་འདུན་ལ་བསྟེན་ནོ། །བདག་གི་ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག་བདག་ལ་ཉིན་མོ་དང་མཚན་མོ་མེད་པར་བསྲུང་བ་དང་བསྐྱབ་པར་མཛད་དུ་གསོལ། འགྲོ་བ་དང་འདུག་པ་མེད་པར་བསྲུང་བ་དང་བསྐྱབ་མཛད་དུ་གསོལ། དེས་སྐྱབས་སུ་འགྲོ་བ་སོང་བ་ཡིན་ཏེ། དེ་ཡང་ད་རེས་གཅིག་པས་ཆོག་པ་མ་ཡིན་ཏེ། དུས་དེ་ནས་བཟུང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱིད་རུང་སྡུག་རུང་དཀོན་མཆོག་ལ་བློ་བཀལ་ལ་སྐྱབས་སུ་འགྲོ་བ་ལ་བརྩོན་པར་བྱ་དགོས་སོ། །ཞེས་བྱའོ། །དེ་ནས་སེམས་བསྐྱེད་པར་བྱ་དགོས་ཏེ། སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སེམས་བསྐྱེད་པ་ལ་བརྟེན་ནས་སངས་རྒྱས་པ་ཡིན་ལ། འོ་སྐོལ་གྱིས་ཀྱང་སེམས་མ་བསྐྱེད་ན་ཐེག་ཆེན་གྱི་ཁོངས་སུ་མི་ཚུད་པས་ཐེག་ཆེན་དུ་སྒྲུབ་པ་ལ་ཡང་སེམས་བསྐྱེད་དགོས་སོ། །
དེ་ཡང་མདོ་ལས། སེམས་འདི་བསྐྱེད་པར་མ་བྱས་ན། །སངས་རྒྱས་འབྱུང་བར་མི་འགྱུར་ཏེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་སོ། །དེ་ལ་སེམས་བསྐྱེད་པ་དོན་གོ་ཅི་སྙམ་ན། བདག་གིས་སངས་རྒྱས་ཐོབ་པར་བྱས་ལ་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ལ། སངས་རྒྱས་ཀྱི་ས་ལ་འགོད་དགོས་སྙམ་པ་ཞིག་ཡིན་ནོ། །འོ་ན་སེམས་ཅན་གྱི་དོན་ཅི་གལ་ཆེ་སྙམ་ན། སེམས་ཅན་རྣམས་ཅིར་མི་འོང་མིན་གྱི་ཕ་དང་མ་ལ་སོགས་པ་དྲིན་ཅན་ཤ་སྟག་ཡིན་ལ། ད་ལྟ་དགྲ་དང་འདྲེ་ལ་སོགས་པར་སྣང་བ་ནི་ལས་དང་སྨོན་ལམ་མ་དག་པས་ལན་པ་ཡིན་ནོ། །འོ་ན་ཕ་མ་དེ་ཙམ་བྱེད་པ་ཇི་ལྟར་ཡིན་སྙམ་ན། འོ་སྐོལ་རང་གིས་འཁོར་བ་ཐོག་མ་མེད་པ་ནས་དེང་སང་ཡན་ཆད་དུ་འཁྱམས་པས་ལན་པ་ཡིན་ལ། དེ་ལྟར་ཕ་མ་བྱས་པའི་སེམས་ཅན་འདི་རྣམས་བདེ་བ་འདོད་ཅིང་བདེ་བ་སྒྲུབ་མ་ཤེས་པས་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པས་ན། སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པས་མ་རྒན་འདི་རྣམས་སྙིང་རྗེ་བར་འདུག་ལ། སྙིང་རྗེ་ཡང་བདག་ལ་ད་ལྟ་འདི་རྣམས་ཀྱི་དོན་བྱ་བའི་ནུས་པ་མི་འདུག་པས་ད་བདག་གིས་ཅི་ནས་ཀྱང་རྫོགས་པའི་སངས་རྒྱས་ཐོབ་པར་བྱས་ལ་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་བར་བྱ་དགོས་སོ། །དེ་ལྟར་སངས་རྒྱ་བར་བྱེད་པ་ལ་ལམ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བྱེད་དགོས་པས་མདོར་ན་འདི་ལས་མེད་བདག་ལ་གནོད་བྱེད་ཀྱིས་གཙོ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ་སྙམ་དུ་གྱིས་ལ། མདུན་གྱི་ནམ་མཁའ་ལ་སངས་རྒྱས་དང་བྱང་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསམས་ལ་བདག་གི་ལད་མོ་མཛོད་བྱས་ལ། ལག་ཏུ་མེ་ཏོག་གཏད་ལ་ཐལ་མོ་སྦྱར་ལ་འདི་སྐད་དོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བླ་མ་བརྒྱུད་པ་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་ཕྱུང་བ་རྣམས་དབུགས་ཕྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །
དེ་ནས་གཞན་ཡང་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མཐར་གྱིས་བསླབས་པ་དང་། མཐར་གྱིས་ནན་ཏན་དུ་བསྒྲུབས་པ་དེ་བཞིན་དུ་བདག་ཀྱང་རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་གྱིས་བྱང་ཆུབ་ཀྱི་སེམས་རྒྱ་ཆེན་པོ་བསྐྱེད་ཅིང་གནས་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་ཅིང་གནས་པར་བགྱིའོ་ཞེས་བྱའོ། །ད་ཁྱོད་བྱང་ཆུབ་སེམས་དཔར་གྱུར་པ་ཡིན་ཏེ། དེ་རིང་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་གསུངས་སོ། །དེ་ལྟར་སེམས་བསྐྱེད་པའི་སྐད་ཅིག་ཙམ་རང་ལ་ཡང་བསོད་ནམས་ཚད་མེད་པ་གཅིག་མདོ་ལས་གསུངས་ཏེ། བྱང་ཆུབ་སེམས་བསྐྱེད་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་ཡོད་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་ད་རེས་གཅིག་པོ་སེམས་བསྐྱེད་པས་ཆོག་པ་མ་ཡིན་པས་ཕྱིན་ཆད་ཀྱང་རང་ལུས་ངག་ཡིད་གསུམ་གྱིས་བྱ་བ་ཅི་བྱེད་ཀྱང་ཐམས་ཅད་ལ་སེམས་བསྐྱེད་ཀྱིས་ཟིན་པར་བྱ་དགོས་སོ། །དེ་རྣམས་ཀྱི་སྔོན་འགྲོ་ཐབས་ཀྱི་རིམ་པ་སོང་བ་ཡིན་ནོ་ཞེས་བྱའོ། །ཡང་ན་སྐྱབས་འགྲོ་ཡན་ལག་བརྒྱད་པ་ལན་གསུམ་རྗེས་བཟློས་བྱེད་དུ་བཅུག་ལ་བྱའོ། །ཡང་ན་ཡན་ལག་བདུན་པ་མདོར་བསྡུས་ལན་གསུམ་རྗེས་བཟློས་བྱེད་དུ་བཅུག་ལ་བྱ་སྟེ་སྐབས་གཞན་དང་སྦྱར་ལ་བྱའོ། །
༈ བླ་མ་དམ་པ་རྣམས་དང་ཡུམ་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ད་ནི་གཉིས་པ་ཤེས་རབ་ཀྱི་ཆ་སྟོན་པར་བྱེད་པ་ལ་གཉིས་ཏེ། འགྱུ་བ་ངོས་བཟུང་ལ་རྩད་བཅད་པ་དང་། གནས་ལུགས་ཐག་བཅད་ལ་བཟླའོ། །ཡང་ན་འགྱུ་བ་ལ་ངོ་སྤྲོད་པ་དང་། གནས་ལུགས་ལ་ངོ་སྤྲད་པ་ཞེས་ཀྱང་གསུངས་སོ། །དེ་ལ་ངོ་སྤྲོད་བྱ་བའི་དོན་གོ་རང་ཅི་ལ་ཟེར་སྙམ་ན། ཁྱེད་རང་གི་སེམས་དེ་ཡང་སངས་རྒྱས་ཡིན་ནོ་ཞེས་ངོ་སྤྲད་པ་གཅིག་ལ་ཟེར་བ་ཡིན་ནོ། །འོ་ན་སེམས་སངས་རྒྱས་ཡིན་ནས་ངོ་སྤྲོད་དམ། མིན་ཀྱང་སྤྲད། ཡིན་ན་སྤྲད་ཅི་དགོས། མིན་ན་སྤྲད་པས་ཅི་ཕན་སྙམ་ན། ཡིན་ནས་ངོ་སྤྲད་པ་ཡིན་ཏེ། ཡིན་པ་ལ་ཡིན་པར་ངོ་མ་ཤེས་པས་སྤྲད་དགོས་པ་ཡིན་ཏེ། དཔེར་ན་བུ་བཅོལ་དུ་བཏང་པའི་བུ་ཆེར་སྐྱེས་པའི་མ་སྨད་ངོ་མ་སྤྲད་ན་ངོ་མི་ཤེས་པ་བཞིན་ནོ། །འོ་ན་སེམས་སངས་རྒྱས་ཡིན་ལུགས་ཇི་ལྟར་ཡིན་སྙམ་ན། རང་གི་རིག་ཙམ་དུ་འདུག་པ་འདི་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་ཡིན་ཏེ། རང་རིག་བདེ་བ་ཆེན་པོ་ཡིན་པས་སོ། །རིག་པ་ལ་ཕྱི་ཡུལ་སྣང་བ་སྣ་ཚོགས་དང་། ནང་རྟོག་སྣ་ཚོགས་སུ་གསལ་བ་འདི་སྤྲུལ་པའི་སྐུའི་སངས་རྒྱས་ཡིན་ཏེ། ཅིར་ཡང་གསལ་བར་འདུག་པས་སོ། །དེ་ལྟར་བ་དང་རིག་པའི་རང་བཞིན་སྟོང་པ་ཉིད་དུ་འདུག་པ་སྟེ་ཆོས་སྐུའི་སངས་རྒྱས་ཡིན་ཏེ་ཅི་ཡང་མ་གྲུབ་པའི་ཕྱིར་རོ། །དེ་ནས་སེམས་རིག་སྟོང་གཉིས་སུ་མེད་པ་དེ་ག་མཚོན་བྱ་དོན་གྱི་སངས་རྒྱས་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་རང་རང་གི་སེམས་དེ་ལྟར་རྟོགས་པས་སངས་རྒྱས་ཀྱི་བརྡ་བྱས་པ་ཡིན་ནོ། །མདོར་ན་སེམས་མ་བཅོས་པར་བཞག་པའི་དུས་ན་སེམས་རང་སྟོང་དུ་འདུག་པ་དེ་ཆོས་ཀྱི་སྐུ་ཡིན། རང་སྟོང་རང་རིག་ཏུ་འདུག་པ་དེ་ལོངས་སྐུ་ཡིན། རང་གསལ་དུ་འདུག་པ་དེ་སྤྲུལ་སྐུ་ཡིན་པས་སྐུ་གསུམ་པོ་དེ་ཡི་གདོད་མ་ནས་དེ་ལྟར་གནས་པས་ན། སངས་རྒྱས་བསྒོམས་ཏེ་མ་མཛད། སེམས་ཅན་བསྒྲིམ་སྟེ་མ་བཅོས། སངས་རྒྱས་འཇིག་རྟེན་དུ་བྱོན་རུང་མ་བྱོན་རུང་། སངས་རྒྱས་ཀྱིས་ཆོས་གསུངས་རུང་མ་གསུངས་རུང་། སེམས་ཀྱི་གནས་ལུགས་གདོད་མ་ནས་སྐུ་གསུམ་ལྷུན་གྲུབ་ཏུ་གནས་པ་དེ་ག་སངས་རྒྱས་ཡིན་ནོ། །དེ་ལྟར་ཡང་མདོ་ལས། སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དུ་གནས་སོ་ཞེས་གསུངས་སོ། །འོ་ན་ཡེ་ནས་ཡོད་ཀྱང་ངོ་མ་ཤེས། གཏན་དུ་འགྲོགས་ཀྱང་ཞལ་མ་མཇལ། ཅི་ཡིས་ལན་སྙམ་ན། སྙེམས་བྱེད་ཀྱི་རྟོག་པ་གློ་བུར་བ་འདིས་ལན་སྙམ་ན། སྙེམས་བྱེད་ཀྱི་རྟོག་པ་གློ་བུར་བ་འདིས་ལན། འདི་ཡང་ངོས་བཟུང་ན་སེམས་རིག་ཙམ་ཇི་ལྟར་རིག་ཅིང་ཤར་བ་ལ་བདེན་པར་ཞེན་པའི་ཞེན་རྟོག་བརྟན་པོ་འདིས་ལན་པ་ཡིན་པས་ད་འདི་ཡང་སྤང་དགོས་སོ། །དེ་ཡང་སྤང་དགོས་སོ་བྱས་ཀྱང་ལོགས་སུ་བསྒྱུར་རྒྱུ་གཅིག་མེད་ལ་འོན་ཀྱང་དེའི་རང་བཞིན་ཤེས་པར་བྱེད་དགོས་སོ། །རང་བཞིན་ཤེས་པར་བྱེད་པ་ལ་ཡང་བློས་བསམས་པ་མི་ཤེས་པས་བློ་དང་ཕྲལ་ཏེ། གློད་ནས་བཞག་པས་ཅིར་ཡང་མ་མཐོང་ཞིང་ཅིར་ཡང་མ་གྲུབ་པར་རྟོགས་པས་རང་གྲོལ་ལ་སོང་བ་དེ་ག་ལ་སྤངས་ཞེས་བརྡར་བཏགས་པ་ཙམ་ཡིན་ནོ། །དེ་ལྟར་ཡང་མ་སྤངས་པར་རང་གྲོལ་དུ་ངོ་མ་ཤེས་མ་རྟོག་པ་སྤོང་བའི་ཐབས་སུ་ཆོས་ཅི་ཙམ་བཤད་ཀྱང་རྟོག་པ་སྤོང་མི་སྲིད་དེ་སྤོང་ཐབས་ཀྱི་ཆོས་དེ་རྣམས་ཀྱང་རྟོག་པ་ཡིན་པས་སོ། །དེས་ན་ཆོས་གཉིས་ཀྱང་ཡ་བྲལ་ན་ཆོས་ཟད་ཆོས་ཆོས་མེད་དུ་ཁྲེས་ཀྱིས་ལུས་ནས་སངས་རྒྱས་པ་ཞེས་བརྡར་འདོགས་པ་ཡིན་ནོ། །དེས་ན་སྤྱིར་སངས་རྒྱས་པ་ལ་ཆོས་བྱེད་དགོས་ཏེ། འོན་ཀྱང་སངས་རྒྱ་ཙམ་ན་ཆོས་དང་བྲལ་ནས་ཆོས་མིན་པ་གཅིག་གིས་སངས་རྒྱས་བ་ཡིན་ནོ། །ད་དེ་ལྟར་བདག་ཏུ་ཞེན་པ་སྤོང་བར་བྱེད་པ་ལ། ཐོག་མར་རང་གི་ལུས་ལ་ཞེན་པ་སྤང་དགོས་པས་འདིར་བེམ་རིག་འབྲེལ་བར་བྱེད་དོ། །དེ་ལ་གནད་གསུམ་དང་ལྡན་པར་བྱེད་དགོས་ཏེ། བཅའ་བ་ལུས་ཀྱི་གནད། བཅུན་པ་ངག་གི་གནད་དང་། དམིགས་པ་སེམས་ཀྱི་གནད་དོ། །
བཅའ་བ་ལུས་ཀྱི་གནད་ལ་གསུམ་སྟེ། རྡོ་རྗེ་ཁུ་ཚུར་ལ་བརྟེན་པ་དང་། རྡོ་རྗེ་ཐལ་མོ་ལ་བརྟེན་པ་དང་། རྡོ་རྗེ་མཉམ་བཞག་ལ་བརྟེན་པའོ། །དང་པོ་ནི་ལུས་རྐང་པ་སྐྱིལ་ཀྲུང་བཅའ། སྒལ་ཚིགས་དྲང་པོར་བསྲང་། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། ནུ་མའི་འོག་ཏུ་བཟུང་ལ་གྲུ་མོ་ཕྱིར་ལྟེབ་ཀྱིས་བྱ། མིག་མདུན་གྱི་བར་སྣང་སྟོང་པ་ལ་གཏད་དེ་བཞག །ལུས་ཆ་ཆ་ནས་གྲིམ་ཤས་ཐོན་པར་བྱའོ། །གཉིས་པ་ངག་གི་གནད་ནི། སྟེང་འོག་གི་རླུང་ཁ་དྲག་ཏུ་སྦྱར་ལ། དམིགས་པ་མ་རྫོགས་ཀྱི་བར་དུ་ཐུབ་ཚད་དུ་བཟུང་། མ་ཐུབ་ན་བསྐྱར་གྱིན་བཟུང་ངོ་། །
གསུམ་པ་སེམས་ཀྱི་གནད་ནི། དེའི་དུས་ན་རྣམ་རྟོག་ཏོལ་གྱིས་གང་སྐྱེས་པ་དེ། ཉི་མ་རྒས་པའི་གྲིབ་སོ་ལྟར་རྐང་པ་གཡས་པའི་བྲང་པའི་འོག་ཏུ་ནག་ཉིལ་བྱུང་བར་བསམ། དེར་སླེབ་པ་དང་བྲང་པ་ཁ་ཤག་བྱེད་ན་འོད་མལ་ཆུང་ཙམ་གཅིག་ཏུ་བྱས་ཏེ་བྱིན་པའི་ཤ་མཐང་བར་ན་ཡར་འཁྱུག་འཁྱུག་བྱུང་བར་སོམས་ཤིག །དེ་ནས་བརླའི་རྩ་བོ་ཆེ་ནང་ན་ཡར་བྱུང་བར་སོམས་ཤིག །དེ་ནས་ཁོང་པའི་ནང་ན་ཡར་ཝལ་ཝལ་ཕྲིག་ཕྲིག་བྱུང་བར་སྒོམས་ཤིག །དེ་ནས་མགྲིན་པར་ཡར་ཧྲིག་ཧྲིག་སོང་ནས་ཀླད་པའི་སྟེང་ཐོད་པའི་འོག་ནས་སེམས་དེ་འགྲོ་ས་མེད་པར་ཏེག་ཏེག་འདུག་པ་ལ་དྲག་ཏུ་གཅུན་ཅིག །ད་སྤྱི་བོ་ཚངས་པའི་བུ་ག་ཁ་ཕྱེ་ལ་དེ་ན་ཡར་ལ་སེམས་དེ་མེ་ནང་ནས་མེ་སྟག་ཡར་བ་བཞིན་ཏོག་ཟེར་ནས་རྒྱངས་ཀྱིས་སོང་བར་སོམས་ལ་ཐོངས་ཤིག་ཅེས་སམ་གྱུར་ཅིག་ཅེས་བྱས་ལ་ཕཊ་འདེབས་སུ་གཞུག །རང་གིས་ཀྱང་ཕཊ་གདབ་ཡང་ཡང་དུ་ཕཊ་དང་ཧ་འདེབས་སུ་གཞུག །དེ་ནས་སེམས་དེ་ནམ་མཁའི་ཁམས་སུ་ཟ་འོག་གི་གུར་ཕུབ་པ་བཞིན་དུ་ལྷུབས་སེ་ཞོག་ཅིག་ཅེས་བྱས་ལ། རང་གི་འདི་སྐད་བྱ་སྟེ། འཆུན་པར་གཅུན། ཤིགས་པར་གཤིག །ཤིགས་ཤུལ་དུ་ལ་བཟླ། རྗེས་ཀྱི་ཤེས་པ་ལྷོད་ཀྱིས་གློད། ཨ་མའི་ཞལ་ནས་ཀྱང་། ནམ་མཁའ་ཁྱབ་ཚད་རིག་པས་ཀྱང་ཁྱབ་ལ། རིག་པས་ཁྱབ་ཚད་དུ་སྟོང་པ་ཉིད་ཀྱང་ཁྱབ་པས་ནམ་མཁའ་དང་རིག་པ་སྟོང་པ་ཉིད་གསུམ་དབྱེར་མེད་ཀྱི་ངང་དུ་བློ་རྒྱ་བསྐྱེད་ལ། རིག་པ་ཁྱབ་བརྡལ་ཆེན་པོའི་ངང་དུ་ཁྱབ་བདེ་བརྡལ་ལེ་ཞོག །བཞག་པ་རྟོག་པས་བྱུང་ན། ཏུར་གྱིས་དྲན་པས་ཕྱད་ཀྱིས་ཐོངས། །སྒོམ་པའི་བཞག་པ་དེ་ན་གདའ། །གྲིམ་གྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། །སྒོམ་པའི་བཞག་པ་དེ་ན་གདའ། །ཞེས་གསུངས་སོ། །དེས་འགྱུ་བ་ལ་ངོ་སྤྲད་པ་ཞེས་ཀྱང་བྱ། རིག་པ་མདུང་ཚུགས་ཞེས་ཀྱང་བྱ། ནམ་མཁའ་སྒོ་འབྱེད་ཅེས་ཀྱང་ཟེར་བ་ཡིན་ནོ། །ད་ཁྱོད་ཀྱི་ལག་པ་ཡང་ཕབ་ལ་མཉམ་བཞག་ཏུ་གྱིས་སྔར་གྱི་དེ་ཙམ་དུ་འཛིན་པའི་བློ་དེ་ཡང་ཤིགས་ཀྱིས་བཤིག་ལ་ཤེས་པ་ཡེངས་ཐབས་སུ་ལྷོད་ཀྱིས་གློད་ལ་ཡིད་ལ་གང་ཡང་མ་བྱེད་པར་ཅོག་གིས་ཞོག་ཅེས་བྱས་ལ་དར་ཙམ་གཅིག་བཞག་གོ །ད་དེ་ལྟར་བཞག་པའི་དུས་ན། སེམས་ཉིད་ལ་དབྱིབས་དང་ཁ་དོག་ལ་སོགས་པ་ཅིར་ཡང་མ་གྲུབ་པ་སྟོང་སང་ངེ་ས་ལེ་སིང་ངེ་གནས་པ་དེ་ག་ལ་ཆོས་ཀྱི་སྐུ་ཞེས་ཟེར་བ་ཡིན་ནོ། །དེ་བསྒོམས་ནས་བྱུང་བ་གཅིག་མིན། ཡེ་ནས་དེ་ལྟར་གནས་པ་ལ་འོ་སྐོལ་རང་གིས་ཡིན་ཐོག་ཏུ་འཇོག་མ་ཤེས་པས་ལན་པ་ཡིན་ནོ། །དེ་ལྟ་བུ་དེ་ག་ལ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་གང་ཟག་གི་རྒྱུད་ལ་ཤར་བ་ཞེས་ཟེར་བ་ཡིན་པས་དེའི་ངོས་ནས་ལྷ་འདྲེ་དང་། དགྲ་གཉེན་དང་། གཙང་རྨེ་ལ་སོགས་པ་གང་ཡང་གྲུབ་པ་མེད་ལ། དེ་ལ་སེམས་ཅན་རྣམས་ཀྱིས་མེད་པ་ལ་ཡོད་པར་བཟུང་ནས་སེམས་གློད་མ་ཤེས་པས་ཆགས་སྡང་བསགས་ནས་འཁོར་བར་འཁྱམས་པ་ཡིན་ནོ། །
དེས་ན་སངས་རྒྱས་དང་སེམས་གཉིས་ཀྱི་བར་ན་སེམས་སྒྲིམ་གློད་གཅིག་ལས་མེད་དེ། དེ་གཉིས་ཀ་སེམས་ཁོ་རང་ཡིན་ཏེ། དཔེར་ན་སོར་མོ་བརྐྱང་པ་དང་བསྐུམ་པ་ལས་ཐལ་མོ་དང་ཁུ་ཚུར་ཞེས་ཟེར་བ་འདྲའོ། །དེ་བས་ན་གང་དུ་ཡང་ཡིད་ལ་མི་བྱེད་པར་གློད་ནས་འཇོག་པ་གཅིག་ཁོ་ན་ལ་སྒོམ་ཞེས་བརྡ་བྱས་པ་ཡིན་གྱི། སྒོམ་རྒྱུ་རྡུལ་ཕྲན་ཙམ་ཡང་མེད་དོ། །དེ་ལྟར་ཡང་ཨ་མའི་ཞལ་ནས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བ་ཅི་ལས་ལྷུང་། །བསམ་མེད་ཀྱི་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ནས་དེ་ག་བསྔགས། །འདུ་ཤེས་རྣམ་པར་དེ་ག་ཞིག་ལ་ཞོག །གསུངས་སོ། །སྲས་རྒྱལ་བ་དོན་གྲུབ་ཀྱི་ཞལ་ནས་ཀྱང་། བྱས་པས་ཕོངས། བསྒོམས་པས་གོལ། བསམས་པས་བརླག་བསྐྱུར་ལ་ཞོག་གསུངས་སོ། །དེ་ག་ལ་གནས་ལུགས་ངོ་སྤྲད་པ་ཞེས་ཀྱང་བྱ། བདུད་རང་གྲོལ་ཞེས་ཀྱང་བྱ། འཁོར་འདས་དབྱེར་མེད་ཅེས་ཀྱང་ཟེར་བ་ཡིན་ནོ། །ད་དེ་ལྟར་ངོ་སྤྲད་པའི་དོན་དེ་ངོ་ཤེས་པར་གྱིས་ལ་གློད་ཀྱིན་ཞོག །རྗེས་རིག་པ་སྣ་ཚོགས་སུ་ཤར་ཡང་ངོས་མ་འཛིན་པར་སྣང་ཡང་བདེན་མེད་ཙམ་དུ་ཞོག་ཅིག་བྱས་ལ། ད་ཕྱག་གསུམ་གྱིས་ལ་བཀའ་དྲིན་ཆེའོ་ཞེས་གྱིས་ཤིག་བྱའོ། །དེ་ནས་ཚོགས་གཏོར་བྱས་ལ་གཏོར་མ་མགོ་ཐོག་ཏུ་བཞག་ལ། ད་ཁྱོད་རང་གཏོར་མ་འདི་ཨ་མ་ལབ་ཀྱི་སྒྲོན་མ་རྩ་བའི་བླ་མ་ཐ་དད་མེད་པ་སྐུ་གཅེར་བུ་ལ་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ན་གསེར་གྱི་ཌ་མ་རུ་སྟོང་གསུམ་ཁྱབ་པའི་སྒྲ་སྒྲོག་པ། གཡོན་པ་ཁ་ཊྭཱཾ་ག་བསྣམས་པ་ཞབས་གཡོན་ཅུང་ཟད་བསྐུམ་པ། གཡས་བརྐྱང་བ། བཏེག་ན་རི་རབ་ཀྱང་ཐེག་པ། མནན་ན་ས་གཞི་ཡང་ནོན་པ། འཁོར་མཁའ་འགྲོ་མ་དཔག་ཏུ་མེད་པས་བསྐོར་བ་ལ་ལ་གླུ་ལེན། ལ་ལ་གར་བྱེད་པའི་དབུས་ན། ཨ་མ་སྤྱན་གྱེན་ལ་གཟིགས་པ། སྟོང་གསུམ་ཟིལ་གྱིས་མནན་པ་ཡེ་ཤེས་ཀྱི་སྐུ་ཅན་གཅིག་ཏུ་བསྒོམས་ལ་མོས་གུས་དུང་དུང་གྱིས་ཤིག་བྱས་ལ། རང་སྐྱེ་མེད་ཀྱི་ངང་ནས་འགག་མེད་ཀྱི་རིག་པ་ངར་དང་ལྡན་པས་ཌ་མ་རུ་དཀྲོལ་གྱིན་བླ་མ་བརྒྱུད་པ་ལ་གསོལ་བ་བཏབ་ལ། སློབ་མའི་སེམས་ལ་བསྟིམ་ཞིང་ཨ་མའི་བསྟོད་པ་ཆེན་མོ་ཡང་བྱའོ། །དེ་ནས་གཏོར་མའི་རྫས་ལ་ལོངས་སྤྱོད་དུ་གཞུག་གོ །
༈ བླ་མ་དམ་པ་རྣམས་དང་ཡུམ་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཐལ་མོ་ལ་བརྟེན་ནས་ངོ་སྤྲད་པ་ནི། སྔོན་འགྲོའི་གདམས་ངག་སྔར་ལྟར་བཏབ་ལ་བློ་བཅོས་ལ། དངོས་གཞི་མཇུག་གི་དབང་དུ་བྱས་ན་གནད་གསུམ་ལས། ལུས་ཀྱི་གནད་འདི་ལ་གཉིས་ལས་རེ་ཞིག་རྡོ་རྗེ་སྐྱིལ་ཀྲུང་བྱས་ལ་ལག་པ་གཉིས་ཐལ་མོ་སྦྱར་བ་ཐད་ཀར་ཤད་ཀྱིས་བརྐྱང་ལ་མིག་ཐད་ཀར་བལྟའོ། །གཉིས་པ་ངག་གི་གནད་ནི་རླུང་དྲག་ཁ་སྦྱར་རོ། །གསུམ་པ་སེམས་ཀྱི་གནད་སྔར་དང་འདྲ་བའམ་ཡང་ན་རིག་པ་ད་ལར་མེ་གསལ་བ་གཅིག་ཏུ་བལྟས་ལ། དེ་མས་ཡར་རིམ་པ་ནས་དྲངས་ལ། མཐར་སྤྱི་བོ་ནས་རྒྱངས་གྱིས་འཕངས་ཀྱིས་འཕངས་ལ། ཕཊ་ཕཊ་ཅེས་བྱས་ལ། དེ་ནམ་མཁའི་ནང་དུ་ན་བུན་ཡལ་བ་བཞིན་དུ་བུན་གྱིས་ཤིག་ལ་དབྱེར་མེད་དུ་བཞག་གོ །དྲན་རྟོག་བྱུང་རེས་ཀྱིས་ཕཊ་བྱས་ལ་བསྐྱུར་ལ་གློད་ལ་བཞག་གོ །བླ་མས་སྔར་ལྟར་དུ་ཨ་མའི་བཞག་ཐབས་ངག་ཏུ་བརྗོད་ལ་གསལ་གདབ་བོ། །དེ་ནས་རྗེས་ཤེས་རྨི་ལམ་སྒྱུ་མ་ལྟ་བུ་ལ་བློ་སྦྱོང་དུ་གཞུག་གོ །དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱ་སྟེ་སྔར་དང་འདྲའོ། །
གཉིས་པ་ཡང་ན་ལུས་ཀག་ལངས་ཏེ་རྐང་པ་གཉིས་གཤིབས་ལ་བྲང་པ་ལ་ལུས་ཀྱི་རྗིད་བསྐུར་ལ། རྟིང་པ་ཅུང་ཟད་བཏེག་ལ་ལུས་གྲིམས་ཤ་ཐོན་པར་བྱ། ལག་པ་གཉིས་ཐལ་མོ་སྦྱར་ལ་སྤྱི་བོའི་སྟེང་ན་ཡར་བརྐྱང་ངོ་། །ངག་གི་གནད་དང་སེམས་ཀྱི་གནད་སྔར་འདྲ་བ་ལ། ཁྱད་པར་ནི་སེམས་སྤྱི་གཙུག་ནས་བཏོན་པ་ནམ་མཁའི་མཐའ་ཚོལ་དུ་གཞུགས་ཏེ། ཕྱོགས་བཅུར་ཕྱལ་ཕྱལ་སྟང་སྟང་ལ་མཐའ་མ་རྙེད་པ་དང་ནམ་མཁའི་ངང་དུ་ན་བུན་ཡལ་བ་ལྟར་བཞག་གོ །གཞན་རྣམས་སྔར་དང་འདྲའོ། །བླ་མ་དམ་པ་རྣམས་དང་ཡུམ་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཉམ་བཞག་ལ་བརྟེན་ཏེ་ངོ་སྤྲོད་པ་ནི། སྔོན་འགྲོ་རྣམས་སྔར་ལྟར་བྱས་ལ། དངོས་གཞི་ལུས་ཀྱི་གནད་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བཅའ། སྒལ་ཚིགས་དྲང་པོར་བསྲང་། མིག་ཐད་ཀར་བཞག །མགྲིན་པ་ཡུད་ཙམ་བཀུག་ལ་ལྷོད་དེ་བཞག་གོ །གཉིས་པ་ངག་གི་གནད་ནི། སྟེང་འོག་གི་རླུང་ཁ་སྦྱར་ལ་དྲོད་རྙེད་ཙམ་མམ་སྤུ་རྔུལ་ཙམ་དུ་བྱའོ། །
གསུམ་པ་སེམས་ཀྱི་གནད་ནི། རང་གི་སྙིང་གྱེན་ལ་བསླང་བའི་ནང་དུ། སེམས་ཨ་དཀར་པོ་འོད་ཀྱི་རྣམ་པ་ཅན་བཀྲག་དང་ལྡན་པ་གཅིག་ལ་བསམ་ལ། དེ་ལ་རླུང་དང་སེམས་ཚོགས་པ་གཅིག་ཏུ་དྲག་ཏུ་གཏད་རླུང་གཅུན་མ་ནུས་པ་རྣམས་ལ་དམིགས་པས་བྱ། དེ་ནས་ཨ་ཏེག་ཏེག་བྱང་ཁོག་སྟོད་ན་ཡར་ལ་ཧྲིག་ཧྲིག་བརྒྱངས་བརྒྱང་སོང་བར་བསམ། དེ་ནས་ཀླད་པའི་སྟེང་དུ་སླེབ་པ་དང་ཚངས་པའི་བུ་ག་ཕྱེ་ནས་ཏོག་ཟེར་ནས་རྩལ་པོ་ཆེས་ནམ་མཁའ་ལ་མདའ་འཕངས་པ་བཞིན་དུ་སྤྱིད་ཀྱིས་འཕངས་ལ། ནམ་མཁའི་ངང་དུ་ན་བུན་ཡལ་བ་བཞིན་དུ་སེམས་ཨའི་རྣམ་པ་དེ་ཡལ་ནས་ནམ་མཁའ་ལ་སྤྲིན་མེད་པ་ལྟར་ཤེས་པ་ལྷོད་ཀྱིས་གློད་ནས་གསལ་ལེ་སིང་ངེ་བ་ལ་བཞག །རྣམ་རྟོག་བྱུང་བ་དང་ཕཊ་བཏབ་ལ་བཞག །དེ་ལྟར་ལན་གསུམ་དུ་བྱས་ལ། དེ་ནས་ཤེས་པ་ཧད་དེ་ཕྱད་དེ་གཟའ་གཏད་མེད་པ་ལ་རྩལ་སྦྱང་ངོ་། །སྤྱིར་སྣང་གི་སེམས་སུ་ཐག་བཅད། སེམས་ཉིད་སྐྱེ་འགག་མེད་པར་ཐག་བཅད། སྐྱེ་མེད་ཆོས་ཀྱི་སྐུ་རུ་ཐག་བཅད། ཆོས་སྐུ་སྐྱག་གཏད་མེད་པ་ལ་བཟླས་ལ་བཞག །ཨ་ཏི་ཕ་ལ།
༈ བླ་མ་དམ་པ་རྣམས་དང་ཡུམ་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་གྱི་གདམས་ངག་ཅེས་ཀྱང་བྱ། བདུད་རང་གྲོལ་གྱི་གདམས་ངག་ཅེས་ཀྱང་བྱ། སྐྱེ་མེད་ཆིག་ཆོད་ཀྱི་གདམས་ངག་ཅེས་ཀྱང་བྱ་འདི་ཉམས་སུ་ལེན་པར་བྱེད་པ་ལ་སྔོན་དུ་ངོ་སྤྲད་ལ། ངོ་འཕྲོད་པ་གཅིག་གལ་ཆེ། ཨ་མའི་ཞལ་ནས་ཀྱང་། དངོས་པོར་ངོ་སྤྲོད་ཀྱིས་སེམས་གཅུན་ལ་ཐེབས་པར་བྱས་ལ། དེ་ནས་གདམས་ངག་བསྟན་གསུངས་སོ། །དེ་ལ་སྔོན་དུ་འགྲོ་བའི་ཆོས་ནི། བླ་མ་ལ་ཞུ་བ་ཕུལ་ནས་གནང་ནས་བླ་མ་དང་མཁའ་འགྲོ་མ་མཉེས་པར་བྱ་བའི་ཕྱིར་ཅི་འབྱོར་པའི་ཡོན་དང་། མཆོད་པ་དང་། གཏོར་ཚོགས་བཏང་། དེ་ནས་བླ་མ་ལ་མཎྜལ་ཕུལ་ལ། བླ་མ་སྙིང་རྗེའི་ཁྲིད་འགའ་བསྐྱངས་ལ།
དེ་ནས་ཡན་ལག་བདུན་པ་བསྡུས་པ་དེ་ལན་གསུམ་བྱས། དེ་ནས་སློབ་ལ་དེ་རླུང་དང་སེར་བུ་མེད་པའི་ཕྱོགས་སུ་ཁ་བལྟས་ལ། ལུས་ཀྱི་གནད་རྣམ་སྣང་གི་ཆོས་བདུན་བྱས་བཅས་ལ། མདུན་དུ་དངོས་པོ་གང་ཡང་རུང་བ་གཅིག་ལ་སེམས་དང་མིག་གཉིས་ཧུར་ཆུང་ལ་དྲག་ཏུ་གཏད་ལ། སེམས་ཆུན་ངེས་སུ་གཅུན་ལ། དེར་ཆུན་པ་དང་། མིག་མདུན་གྱི་བར་སྣང་འདི་ལ་བཞག་ལ། སེམས་ལྷོད་ཀྱིས་གློད་ལ་ཧད་དེ་འབེབས་སེ་ཅི་ཡང་ཡིད་ལ་མི་བྱེད་པར་བཞག །དེ་ནས་ཕྱི་རོལ་གྱི་ཡུལ་སྣང་ལ་སྣ་ཚོགས་དང་བསྲེས་ལ་སྣང་སྟོང་དབྱེར་མེད་དུ་བསྲེས་ལ་ཕྱད་དེ་ཧ་རེ་ཟིང་ངེ་ངོས་གཟུང་མེད་པར་བཞག་གོ །དེ་ལྟར་བཞག་པས་ཡུལ་ཅི་ལ་ཡང་འཛིན་པ་མེད་པའི་ཉམས་འཆར། མཉམ་བཞག་གི་ཉམས་དེ་རྗེས་ཐོབ་དང་བསྲེ་གནད་ཆེའོ། །དེ་ལྟར་ཡང་ངོ་མ་འཕྲོད་བར་དུ་སྤྲད་དོ། །རྗེས་སྣང་བ་ཐམས་ཅད་ཐུག་འཕྲད་དུ་ལམ་དུ་ཁྱེར་རོ། །གཞན་ཡང་ངོ་སྤྲད་ཚུལ་བློ་ཚོད་དང་སྦྱར་ལ་ཤེས་པར་བྱ་བ་ནི་གནད་ཀྱི་སྒོ་ནས་ཤེས་པར་བྱའོ། །དེ་རྣམས་ཀྱི་ངོ་སྤྲོད་དངོས་བསྟན་ནོ། །ད་ནི་སེམས་ཀྱི་རང་བཞིན་ཤེས་པར་བྱ་བ་ནི། སྤྱིར་གདུལ་བྱ་བློ་དམན་པ་བསོད་ནམས་ཀྱི་མཐུ་ཆུང་བ་ལེ་ལོ་དང་ལྡན་པ་རྣམས་ལམ་ལ་ཁར་འདྲེན་པར་བྱེད་པ་ལ་དྲང་དོན་བརྡའི་ཆོས་དང་། ཆོས་ཀྱི་སྒྲུབ་པའི་འབྲས་བུ་བྱང་ཆུབ་གསུམ་དུ་བཤད་ཀྱང་། ཡང་དག་པ་ངེས་པའི་དོན་གྱི་དབང་དུ་བྱས་ན། སྤྱིར་སངས་རྒྱས་ལ་གཉིས་ཡིན་ཏེ། མཚོན་བྱ་དོན་གྱི་སངས་རྒྱས་དང་། མཚོན་བྱེད་བརྡའི་སངས་རྒྱས་གཉིས་ཡིན་ནོ། །དང་པོ་ནི་རང་གི་སེམས་མ་བཅོས་པར་རང་ལུགས་སུ་བཞག་པའི་དུས་ན་རིག་སྟོང་གཉིས་སུ་མེད་པ་ངོས་བཟུང་ཐམས་ཅད་དང་བྲལ་བ་དེ་ཡིན་ནོ། །གདུལ་བྱ་དང་འཚམ་པར་གཟུགས་སྐུ་གཉིས་ཀྱི་རྣམ་པར་སྣང་བ་འདི་རྣམས་ཏེ། དབྱིབས་དང་ཁ་དོག་རྒྱན་ཆ་ལུགས་ཀྱི་ཁྱད་པར་བྱས་ན། མིག་ལ་སྣང་དུ་རུང་ཞིང་བློ་ཡུལ་དུ་བསམ་དུ་བཏུབ་པ་འདི་རྣམས་ཡིན་ནོ། །
དེ་ཡང་དཔེ་ཅི་དང་འདྲ་ན་མེ་ལོང་བལྟས་དུས་སུ་མེ་ལོང་ནང་དུ་བྱད་གཅིག་བྱུང་ལ། ཚུལ་ཁ་ན་བྱད་གཅིག་དེ་གཉིས་སུ་འདུག་ཀྱང་མེ་ལོང་གི་བྱད་དེ་བྱད་ཀྱི་གཟུགས་བརྙན་ཡིན་གྱི་བྱད་དངོས་མ་ཡིན་ནོ། །དཔེ་དེ་བཞིན་དུ་གདུལ་བྱའི་བློའི་ཡུལ་དུ་སྣང་རུང་འདི་རྣམས་ནི་མེ་ལོང་གི་བྱད་ལྟར་སངས་རྒྱས་ཀྱི་གཟུགས་བརྙན་ཡིན་ལ་བྱད་དངོས་དང་འདྲ་བ་ནི་རང་གི་སེམས་མ་བཅོས་པ་འདི་སངས་རྒྱས་དངོས་ཡིན་ནོ། །འོ་ན་དེ་རྣམས་ལ་སངས་རྒྱས་སུ་བཏགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གདུལ་བྱ་བློ་ཆུང་ཞིང་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ལ་ཡང་དག་པའི་དོན་ལ་ཁ་དྲང་ཞིང་གཟུད་པར་བྱ་བའི་དོན་དུ་བསྟན་པ་ཡིན་ཏེ། དཔེར་ན་ཆགས་པ་སྟོང་པས་བྱིས་པ་འབྲིད་པ་དང་འདྲའོ། །དེ་ལྟར་ཡིན་པར་ཅི་ཤེས་ཤེ་ན། རྡོ་རྗེ་གཅོད་པའི་མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡིན། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་འདིར་རིག་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་པ་དང་མདོ་བརྒྱད་སྟོང་པ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུར་བལྟ་བར་བྱ་ཡིས། གཟུགས་ཀྱི་སྐུར་བལྟ་བར་མི་བྱའོ་ཞེས་སོ། །དེ་ལྟར་ཆོས་ཀྱི་སྐུ་ཡང་རང་གི་སེམས་མ་བཅོས་པ་འདི་ཡིན་ཏེ། དེ་ལྟར་སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་ཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་པ་དང་། རྒྱུད་ལས་ཀྱང་། སངས་རྒྱས་མིན་སེམས་ཅན་ནི་ཞེས་པའི་ཚིག་བཞི་གསུངས་སོ། །དེ་ལྟ་བུའི་གནས་ལུགས་དེ་ལྟར་བ་ཞེས་བྱ་ལ། དེ་ལྟར་རྟོགས་ཤིང་ཐག་ཆོད་པ་དེ་ལྟ་བ་རྟོགས་པ་ཞེས་བྱའོ། །དེ་ཐོས་བསམ་གྱི་གོ་ཡུལ་གྱི་དོན་སྤྱི་ཙམ་རྟོགས་པ་མི་ཆོག་གིས། སེམས་དང་གཉིས་སུ་མེད་པའི་ཚུལ་དུ་འདྲེས་ཏེ་མྱོང་མེད་ཀྱི་ཚུལ་གྱིས་མྱོང་བ་དང་འདྲེས་དགོས། དེ་རྣམས་ཀྱིས་སྤྱོད་སྐོར་གསུམ་དུ་བྱས་པ་ལ། ངོ་སྤྲོད་ལྟ་བའི་སྐོར་ཞེས་བྱའོ། ། ཕ་ལ།
༈ གུ་རུ་ན་མོ། ཨ་མ་ལབ་ཀྱི་སྒྲོན་མའི་མན་ངག །སྤྱི་མིང་སྒོས་སུ་བཏགས་པ་བདུད་ཀྱི་གཅོད་འདི་ཉམས་སུ་ལེན་པར་འདོད་ན། རིམ་པ་འདི་བཞིན་བྱ་སྟེ། དང་པོ་ཁོ་ནར་ངོ་སྤྲོད་ཀྱི་གདམས་པས་ངོ་ལེགས་པར་འཕྲོད་པར་བྱས་ལ། དེ་ནས་གནས་ཀྱི་ཁྱད་པར་ནི། དུར་ཁྲོད་དམ་གཉན་ཁྲོད་ལ་སོགས་པ་ཉམས་དགའ་བའི་གནས་གཅིག་ཏུ་ཕྱིན་ལ་འདི་ལྟར་བསམ་པར་བྱ་སྟེ། ཡོངས་སྐྱེས་ཀྱི་སྟེང་ལ་འཆི་བ་ལས་མ་འདས་པར་འདུག་ལ། འཆི་བའི་དུས་སུ་ཆོས་མིན་པ་ཅིས་ཀྱང་མ་སྟོངས་པར་འདུག་པས་ཆོས་གཅིག་རང་བྱ་དགོས། དེ་ཡང་ནམ་འཆི་བའི་ཆ་མི་འདུག་པས་ད་ལྟ་རང་ནས་བྱ་དགོས་སྙམ་དུ་བསམ། དེ་ཡང་རང་གཅིག་པོ་འཁོར་བ་ལས་ཐར་བས་མི་ཆོག་པས་གནོད་བྱེད་ཀྱི་གཙོ་བོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཅི་ནས་ཀྱང་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཆེད་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་ཨང་སྙམ་དུ་བསམ་མོ། །
དེ་ནས་བདག་སངས་མ་རྒྱས་ཀྱི་བར་དུ་སྐྱིད་རུང་སྡུག་རུང་དཀོན་མཆོག་གསུམ་རང་ཤེས་སོ་སྙམ་དུ་བློ་ལིངས་ཀྱིས་བཀལ། སེམས་ཅན་ཐམས་ཅད་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་རྩ་བརྒྱད་དམ་ཡང་ན་སྐྱབས་འགྲོ་ཡན་ལག་བརྒྱད་པ་ལན་གསུམ་བྱའོ། །དེ་ནས་རང་གི་སྤྱི་བོའི་སྟེང་དུ་ཉི་ཟླ་པདྨའི་གདན་ལ་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཐོ་བརྩེགས་པའི་ཚུལ་དུ་འོད་ཀྱི་སྐུ་ཅན་དུ་བསྒོམས་ལ། དེ་རྣམས་ལ་ཡིད་ཀྱིས་ཕྱག་བཙལ། ལུས་ལོངས་སྤྱོད་ཐམས་ཅད་མཆོད་པར་དབུལ་ལ། གསོལ་བ་ངག་ཏུ་གདབ་པ་ནི། བླ་མ་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བདག་གི་སྡིག་པ་དང་སྡུག་བསྔལ་དང་བར་ཆད་ཞི་བར་མཛད་དུ་གསོལ་ཞེས་པ་ལན་གསུམ་གདབ་བོ། །དེ་ནས་སེམས་མ་ཡེངས་པར་སེམས་ཅན་ཐམས་ཅད་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་རྩ་བརྒྱད་བྱས་ལ། དེ་ནས་བླ་མ་དེ་རྣམས་རིམ་པས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། དེ་ཡང་འོད་དུ་ཞི་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཐིམ་པས་བླ་མའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་རང་གི་སེམས་གཉིས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་ཀྲུག་འདྲེས་པར་བསམ་ལ། དེ་གའི་ངང་ལ་ཕཊ་བྱས་ལ་ལྷོད་ཀྱིས་གློད་ཤིགས་ཀྱིས་བཤིག་ལ་ཡིད་ལ་ཅི་ཡང་མི་བྱེད་པར་ཡེངས་ཐབས་སུ་འབོལ་ལེ་བཞག་གོ །དེ་ནས་དྲན་པ་རྣམ་རྟོག་ཏོལ་སྐྱེས་པ་དང་རང་གི་ལུས་བློས་མཁྱུད་ཚད་ཀྱིས་ཆེན་པོ་གཅིག་ཏུ་སྤྲུལ་ལ་དེ་ལ་སེམས་ཀྱི་ཤ་ཁྲག་དང་རུས་པ་རྣམས་སོ་སོར་སྤུང་ལ་གནོད་བྱེད་ཀྱིས་གཙོ་བྱས་པའི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་ཐམས་ཅད་ཡིད་ཀྱིས་སྤྱན་དྲངས་ལ། དེ་རྣམས་ལ་ཤ་ཁྲག་གི་སྟོན་མོ་རྒྱ་ཆེན་པོ་བྱས་ལ་དེ་རྣམས་ཐམས་ཅད་ཚིམ་ཞིང་དགྱེས་པར་བསམ་མོ། །དེ་ནས་ཕཊ་ཕཊ་བྱས་ལ་བདག་ཀྱང་ཡིད་ལ་མི་བྱ་སྟོན་མོ་ཡང་ཡིད་ལ་མི་བྱ་བར་ལྷོད་ཀྱིས་གློད་ལ་བཞག་གོ །རྟོག་པ་ཐུར་དུ་བྱུང་བ་དང་སྔ་མ་ལྟར་སྟོན་མོ་བྱས་ལ་ཡང་གློད་ལ་བཞག་ཅིང་རང་ལུས་ལ་ཆགས་ཞེན་མེད་པར་བྱའོ། །དེ་ལྟར་བྱས་པས་ཚོགས་གཉིས་རྫོགས་ཏེ་སྒྲིབ་པ་དང་ལན་ཆགས་ཐམས་ཅད་དག་ནས་རང་གི་སེམས་ཉིད་རྟོགས་པར་འགྱུར་རོ། །རྗེས་ཐུན་མཚམས་སུ་ཡང་སྣང་བ་རྨི་ལམ་ལྟར་བདེན་མེད་ཀྱི་ངང་ནས་ཡན་ལག་བརྒྱད་པ་ལ་སོགས་པའི་དགེ་སྦྱོར་ཅི་ནུས་བྱའོ། །དེས་ཀྱང་གང་ཟག་གཅིག་གི་ལམ་ཚང་ལ་མ་ནོར་བ་གཅིག་བསྟན་ཏོ། །ལག་ཁྲིད་རྫོགས་སོ།། །།
༈ ན་མོ་གུ་རུ། གཅོད་བྱེད་པ་ལ་གནད་རྣམ་པ་ལྔ་དང་ལྡན་པར་བྱ་སྟེ། བཅད་པའི་དུས། ཆོད་པའི་དུས། ཚར་བའི་དུས། ལོག་པའི་དུས། ལོག་གནོན་གྱི་དུས་སོ། །དང་པོ་བཅད་པའི་དུས་ནི་རང་གི་རྒྱུད་ལ་ཉོན་མོངས་པ་དང་རྣམ་རྟོག་ནམ་སྐྱེས་པའི་དུས་སུ་ཁྱད་པར་དུ་འཇིགས་པ་དང་སྐྱུག་བྲོ་བ་དང་སྙིང་མི་དགའ་བ་དང་ཤེས་པ་འཕྲོ་ལ་སོགས་པ་ནམ་བྱུང་བའི་དུས་ན་བཅད་དོ། །གཉིས་པ་ཆོད་པའི་དུས་ནི་གང་ལ་བཅད་པ་དེ་རྣམས་རང་གྲོལ་ལ་སོང་ན་ཆོད་པའི་དུས་ཡིན་ནོ། །
གསུམ་པ་ཚར་བའི་ཚད་ནི། ཕྱིའི་ཚར་ཚད་ནང་གི་ཚར་ཚད་གསང་བའི་ཚར་ཚད་དོ། །དང་པོ་ནི་ཆོ་འཕྲུལ་ལ་སོགས་པ་སངས་ཀྱི་རིང་ལ་གཉན་ཁྲོད་ལ་སོགས་པའི་གནས་དེ་ཉམས་དགའ་ཞིང་སྡོད་སྙིང་འདོད་པ་འོང་། གཉིས་པ་ནི་ལུས་ཀྱི་ནད་ལ་སོགས་པ་གྲོལ་ཞིང་ལུས་མདངས་སྟོབས་དང་ལྡན་པའོ། །གསུམ་པ་ནི་བློ་བདེ་བ་དང་། ཤེས་པ་གསལ་ཞིང་དྭངས་སྙིགས་ཕྱེ་བའོ། །རྐྱེན་བྱུང་ཡང་གྲོགས་སུ་འཆར་ཞིང་གང་ལ་ཡང་སྙེམས་མ་འཇུག་ན་ཚར་བའི་ཚད་ཡིན་ནོ། །བཞི་པ་ལྡོག་པའི་དུས་ནི། གང་ལ་བཅད་པ་དེ་ལ་མ་ཆོད་པར་ལུས་ན་ལྡོག་པའོ། །ལྔ་པ་ལོག་གནོན་གྱི་དུས་ནི། ཉམ་ང་ན་ང་ཐོག་རང་དུ་གཅད་དགོས། འཇིགས་ན་འཇིགས་ཐོག་ཏུ་བསྐྱུར་དགོས། སྐྱུག་བྲོ་ན་བྲོ་ཐོག་རང་དུ་བསྲེ་དགོས་པ་ཡིན། དེ་ཡང་མ་ཆོད་ཀྱི་བར་དུ་རང་རྦད་ཁམས་སྐྱེད་ལ་ཡང་དང་ཡང་དུ་ཐོག་འགེལ་བྱའོ། །དེ་ལྟར་བྱས་པས་ཆོད་པ་ལ་དགའ་བའི་བློ་མི་བྱ་བར་གཏད་ཡལ་དུ་བཞག་གོ །
༈ ན་མོ་གུ་རུ། གཅོད་བྱེད་པ་ལ་གནད་བཞི་དང་ལྡན་དགོས་ཏེ། དང་པོ་གནས་ཀྱི་གནད་ནི་དུར་ཁྲོད་དམ་གཉན་ཁྲོད་ལ་སོགས་པ་ཉམ་ང་བ་རྟོག་པ་སྐྱེ་བ་གཅིག་དགོས་ཏེ་མ་སྐྱེས་ན་བཅད་རྒྱུ་མེད་པས་སོ། །དེ་ནས་འཇིགས་པ་ལ་སོགས་པ་བྱུང་བ་དང་། དེ་རང་གི་རྣམ་རྟོག་གི་སྔུན་བསུ་བས་ལན་པ་ཡིན། ཕྱི་རོལ་ན་ཡོད་མི་སྲིད་དེ་ཐོག་རང་དུ་བསྐྱུར་ནས་བཞག་པས་རང་གྲོལ་དུ་འགྲོ་བ་ཡིན་ནོ། །གཉིས་པ་ལུས་ཀྱི་གནད་ནི། ལུས་ལ་གཅེས་འཛིན་གྱི་བློ་མེད་པར་བྱས་ལ་སྤྱོད་ལམ་གང་བདོ་བར་བརྡལ་ལ་ལུས་སྲོག་ཕོན་ཐག་པ་ཆད་པ་ལྟར་ལྷོད་ཤིག་གིས་གློད་ནས་འཇོག་པའོ། །གསུམ་པ་ངག་གི་གནད་ནི། ཡིད་ལ་བསམ་མནོ་དང་དྲན་པ་གང་ཡང་མེད་པར་ཡེངས་ཐབས་སུ་ལྷོད་དེ་མི་བསྒོམ་བར་འཇོག །འབས་སེ་ཕྱེ་འཇོག །བློ་རྒྱ་བསྐྱེད་ནས་རིག་པ་ཁྱབ་བརྡལ་ཆེན་པོར་འཇོག །དགའ་མི་དགའ་བློ་ཅི་སྐྱེས་ཀྱང་ཕཊ་བྱས་ལ་རྗེས་མི་བཅད་པར་རྒྱངས་བསྐྱུར་ལ་བཞག་གོ །རྡོལ་སྐྱེས་ཅར་ཞི་རུ་བཏང་། མི་བསྒོམ་པར་རང་ལུགས་སུ་གློད་ནས་འཇོག་པ་ཡིན་ནོ། །རྗེས་གནས་ལུགས་ཀྱི་ངང་ནས་སྒྱུ་མ་ལྟ་བུའི་བློས་ལུས་ངག་ཡིད་གསུམ་གྱི་དགེ་སྦྱོར་ཅི་ནུས་སུ་བྱའོ། །གནད་བཞི་ལྡན་གྱི་མན་ངག་རྫོགས་སོ།། །།ཉམས་ལེན་སྤྱོད་པའི་སྐོར་རྫོགས་སོ།། །།གསུམ་པ་བོགས་འདོན་གེགས་སེལ་གྱི་སྐོར་ནི། བོགས་འདོན་གསུམ་པ་གེགས་སེལ་དང་བཅས་པ་ཉིད་ཡིན་པས་དེར་ལྟའོ། །
བོགས་འདོན་གསུམ་པ།
༄༅། །བོགས་འདོན་གསུམ་པ་བཞུགས་སོ། །
བླ་མ་དམ་པ་རྣམས་དང་ཡུམ་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལ་བརྟེན་ནས་བོགས་འདོན་པ་ནི། སྤྱིར་ཉམས་སུ་བླངས་པ་ཡོན་ཏན་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེ་དགོས། བློ་ལ་བོགས་གཅིག་འོང་དགོས་པ་ལ་ཉམས་སུ་བླངས་ཀྱང་བོགས་མ་བྱུང་ན། ད་བོགས་འབྱིན་དགོས་པས་དེ་ལ་གསུམ་སྟེ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྒོམས་ཏེ་བོགས་འབྱིན་པ་དང་། བླ་མ་ལ་མོས་གུས་དྲག་པོས་གསོལ་བ་བཏབ་ནས་བོགས་འབྱུང་། རྐྱེན་དྲག་པོ་ལ་ཐོག་འགེལ་བྱས་ཏེ་བོགས་འབྱུང་བའོ། །དང་པོ་ནི་འདི་བཞིན་དུ་བསམ་པར་བྱ་སྟེ། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དང་ཁྱད་པར་དེ་ལྟར་བདག་ལ་གནོད་པར་བྱེད་པའི་དགྲ་འདྲེ་སྙིང་རེ་རྗེ་སྙམ་བསམ།
དེ་ཡང་སེམས་ཅན་འདི་རྣམས་ཀྱིས་བདག་གི་ཕ་དང་མ་གྲངས་དཔག་ཏུ་མེད་པ་བྱས་པ་ཡིན་ཏེ། མདོ་ལས་ཕ་དང་མ་མ་བྱས་པའི་སེམས་ཅན་གཅིག་ཙམ་ཡང་རྙེད་པར་དཀའོ་ཞེས་གསུངས་སོ། །དེ་ལྟར་ཕ་མ་བྱས་པའི་དུས་ན། ཕན་མང་པོ་བཏགས། གནོད་པ་མང་པོ་བསལ་ནས་རང་གི་སྲོག་བས་ཀྱང་བུ་ཚ་ལ་གཅེས་པར་བྱས་ཤིང་བསྐྱངས་པ་ཡིན་པས་དྲིན་ཤིན་ཏུ་ཆེ་བར་འདུག་སྙམ་པ་ཡང་ཡང་དུ་བསམ། དེ་ལྟར་ཕ་མ་བྱས་པའི་སེམས་ཅན་འདི་རྣམས་བདེ་བར་འདོད་ཀྱང་། བདེ་བ་མི་མྱོང་བའི་སྟེང་དུ་ཡང་། ངན་སོང་གསུམ་ན་ནམ་ཡང་སྡུག་བསྔལ་དར་དྲག་ལ་ཡུན་རིང་སྟེ། དྲག་ཤོས་ལྷ་མི་ལ་ཡང་། མཐོང་བ་དང་ཐོས་པའི་སྡུག་བསྔལ་འབའ་ཞིག་ཏུ་འདུག་པས་མི་འདོད་བཞིན་དུ་དབང་མེད་དུ་མྱོང་བ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ། དེ་ཡང་དང་པོར་སྡུག་བསྔལ་དངོས་ལ་གནས་པ་ལ་བསྒོམ། དེ་ནས་དེ་བས་ཀྱང་སྡུག་བསྔལ་བའི་རྒྱུ་ཚབས་པོ་ཆེ་སྤྱོད་པ་རྣམས་ལ་ཚད་མེད་སྙིང་རྗེ་ཆེན་པོ་མཆི་མ་རྒུ་ཐུལ་བ་བསྒོམ། དེ་ཡང་སྡུག་བསྔལ་ལ་བསམས་ཤིང་འཕྲེང་བ་ལ་བགྲང་ལ་སྙིང་རེ་རྗེ་ན་ཞེས་བརྒྱ་རྩ་བརྒྱད་ལ་སོགས་པ་བསྒོམ། དེ་ལྟར་ལ་གསོ་ཞིང་བསྒོམས་པས་མཇུག་ཏུ་རང་བབས་སུ་སྐྱེ་བ་འབྱུང་ལ། དེ་སྐྱེས་པས་དེའི་དབང་གིས་བདག་གི་སྡིག་སྒྲིབ་ཐམས་ཅད་དག་ནས་དགེ་སྦྱོར་གྱི་བོགས་རང་བཞིན་གྱིས་འབྱུང་བའོ། །དེ་ལྟར་མ་བྱུང་གི་བར་དུ་བསྒོམ། བྱུང་ན་དེ་བས་ཤུགས་ཀྱིས་སྙིང་རྗེ་ཆེན་པོ་སྐྱེ་ལ། དེ་སྐྱེས་པས་དེ་ལ་ཐར་བའི་ཐབས་དོན་དུ་གཉེར་བའི་བློ་སྐྱེས་པས་ཐབས་རྫོགས་པའི་སངས་རྒྱས་ཁོ་ན་ཐོབ་དགོས་པས་དེ་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་བརྟན་པོ་སྐྱེ་ལ། དེ་སྐྱེས་པས་གནས་ལུགས་སྟོང་པ་རྒྱུད་ལ་སྐྱེའོ། །དེ་ལྟར་མདོ་ལས་ཀྱང་ཐབས་དང་ལྡན་པས་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར་ཞེས་གསུངས་སོ། །
གཉིས་པ་བླ་མ་ལ་གསོལ་བ་བཏབ་པ་ལ་བོགས་འབྱུང་བ་ནི། དེ་ལྟར་དགེ་སྦྱོར་བྱས་ཀྱང་རྒྱུད་ལ་བོགས་མ་བྱུང་ན། བླ་མའི་བྱིན་རླབས་མ་ཞུགས་པས་ལན་པ་ཡིན་ལ། བྱིན་རླབས་མ་ཞུགས་པ་དེ་གསོལ་བ་མ་བཏབ་པའམ། བཏབ་ཀྱང་མོས་གུས་དྲག་པོ་མ་སྐྱེས་པས་ལན་པ་ཡིན་པས་ད་ཐོག་མར་མོས་གུས་ཚུད་པར་བྱེད་པ་ཡིན། བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་དགོས། འོ་ན་སངས་རྒྱས་དངོས་ཡིན་པར་གང་ནས་བཤད་སྙམ་ན། རྒྱུད་སྡོམ་པ་རྒྱ་མཚོ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བླ་མ་བླ་མེད་པས། །དངོས་གྲུབ་གོ་འཕང་འདོད་པ་ཡིས། །དེ་ཕྱིར་བླ་མ་བསྙེན་བཀུར་བྱ། །ཞེས་པ་དང་། མཆོད་པ་ཐམས་ཅད་ཡོངས་བརྩམ་ལ། །སྔོན་དུ་བླ་མའི་མཆོད་པ་བརྩམ། །དེ་མཉེས་པ་ཡིས་ཀུན་ཀྱིས། །སངས་རྒྱས་ཉིད་ནི་ཐོབ་པར་བྱེད། །ཅེས་གསུངས་པ་དང་། དགོངས་འདུས་ལས་ཀྱང་། བསྐལ་པ་འབུམ་གྱི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ཏེ་བྱུང་། །ཞེས་པ་ལ་སོགས་པ་གསུངས་པ་དང་། ཨ་ཏི་ཀ་རྒོད་པའི་རྒྱུད་ལས་ཀྱང་། བླ་མ་དྲིན་དང་ལྡན་པ་ཉིད། །སྤྱི་བོའི་གཙུག་གམ་ལག་པའི་མཐིལ། །སྙིང་གི་དཀྱིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་། མདོ་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། སངས་རྒྱས་ཆོས་ཀྱང་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་དང་། སློབ་དཔོན་ཤནྟ་དེ་བས་ཀྱང་། བདག་ཉིད་ཡོན་ཏན་ཀུན་ལྡན་ཀྱང་། །བླ་མ་མེད་པར་སྲིད་ཐར་མིན། །ཞེས་གསུངས་སོ། །ཐེག་པ་ཐུན་མོང་གི་ལུང་ལས་ཀྱང་། མཁན་བུ་དང་སློབ་བུས་མཁན་པོ་དང་སློབ་དཔོན་ལ་སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་བསྟེན་པར་བྱའོ། །ཞེས་གསུངས་སོ། །མན་ངག་ལས་ཀྱང་གསུངས་ཏེ། སློབ་དཔོན་བཱིར་བ་པས། ལམ་ཟབ་མོ་བླ་མའི་ལམ་ཞེས་གསུངས་ཏེ། རིགས་པས་ཀྱང་ཤེས་ཏེ། བླ་མ་མེད་ན་ཡི་དམ་ལ་སོགས་ཀྱང་མི་འབྱུང་ལ། བླ་མ་ཡི་དམ་དང་དཀོན་མཆོག་དང་ལམ་ཉམས་སུ་ལེན་ཐབས་བསྟེན་པས་དེ་རྣམས་འབྱུང་བས་ན། གང་བས་ཀྱང་བླ་མ་གཉན་ཞིང་དྲིན་ཆེ་བར་འདུག་སྙམ་དུ་བསམས་ལ། དེ་ནས་བླ་མ་བསྒོམ་ལ་གསོལ་བ་གདབ། དེ་ཡང་འདི་བཞིན་ཏེ། སྟན་བདེ་བ་ལ་སྤྱོད་ལམ་བདེ་བར་བསྡད་ལ། སྔོན་དུ་བྱམས་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྟེན་པ་ལན་གསུམ་བསྒོམས་ལ། དེ་ནས་རང་ཐ་མལ་དུ་ཡོད་པའི་སྤྱི་བོའི་སྟེང་དུ། ཉི་ཟླ་པདྨའི་གདན་ལ་རང་གི་རྩ་བའི་བླ་མ་འོད་ཀྱི་སྐུ་ཅན་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞལ་འཛུམ་མེ་མདངས་ཡལ་ལེ་བ་གཅིག་གསལ་བར་བསྒོམ།
དེའི་ཐུགས་ཀ་ནས་འོད་དཔག་ཏུ་མེད་པ་འཕྲོས་ཏེ་སོང་བས་དུས་གསུམ་གྱི་བླ་མ་ཡི་དམ་དཀོན་མཆོག་རྣམས་འོད་ཀྱི་རྣམ་པར་སྤྱན་དྲངས་ནས་བླ་མའི་ཐུགས་ཀར་ཐིམ་པར་བསྒོམས་ལ། དེ་ལ་ཡིད་ཀྱིས་ཕྱག་མང་དུ་བཙལ། ལུས་དང་ལོངས་སྤྱོད་ཐམས་ཅད་བླ་མ་ལ་ཕུལ་ལ། དེ་ནས་མོས་གུས་དྲག་པོས་གསོལ་བ་གདབ་པར་བྱ་སྟེ། བླ་མ་རྗེ་བཙུན་རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་མྱོང་རྟོགས་པ་ཁྱད་པར་ཅན་དུ་འཕགས་པ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། སྡིག་སྒྲིབ་དང་། སྡུག་བསྔལ་དང་། བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་ཡང་དང་ཡང་དུ་གདབ་སྟེ། དེ་ལྟར་ཐུན་བཞིར་ལོངས་པར་བཏབ་ལ། ཐུན་ཤོལ་ཁར་བླ་མ་དེ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ན་མར་ཆིལ་གྱིས་ཐིམ་པས་རང་གི་སེམས་དང་བླ་མའི་ཐུགས་གཉིས་དབྱེར་མེད་དུ་འདྲེས་པར་བསམ་ལ། ཁྱབ་བརྡལ་ཆེན་པོའི་ངང་ལ་ཡུག་རེ་བཞག་གོ །རྗེས་སྤྱོད་ལམ་ཐམས་ཅད་དུ་ཡང་དུངས་ཙམ་རེ་དྲན་པར་བྱས་ལ། མོས་གུས་དྲག་པོ་རེ་བྱའོ། །དེ་ག་ལྟར་བསྐྱངས་པས་མོས་གུས་ཚུད་ནས་གསོལ་བ་ཐེབས་པ་དང་། བྱིན་རླབས་ཞུགས་ཏེ་ཉམས་དང་རྟོགས་པ་འབར་བར་འགྱུར་རོ། །
གསུམ་པ་རྐྱེན་དྲག་པོ་ལ་རྩལ་སྦྱངས་ཏེ་བོགས་དབྱུང་བ་ནི། འདི་ལྟར་དུ་གསལ་བར་བྱ་སྟེ། བདག་སངས་རྒྱས་མ་ཐོབ་པ་འདི་འཁོར་བ་ཐོག་མ་མེད་པ་ནས། སྣང་བ་ལ་བདེན་པར་ཞེན་ནས་བླང་དོར་འབའ་ཞིག་བྱས་ཏེ། རོ་མ་སྙོམས་པས་ལན་འདུག་གསུངས། ལུས་ལ་གཅེས་པར་བཟུང་ནས་སྲོག་ལ་ཆགས་པས་ལན་པར་འདུག །སེམས་ཉིད་དོན་གྱི་གནས་ལུགས་ལ་སྐྱེ་འཆི་དང་གཙང་བཙོག་དང་། དགྲ་གཉེན་ལ་སོགས་པ་གང་ཡང་གྲུབ་པ་མི་འདུག་པ་ལ། ངས་གྲུབ་གྲུབ་པོར་བཟུང་ནས་བསྐྱུར་མ་ནུས། བསྲེ་མ་ནུས་པས་ལན་ནས་འདུག་པས་ད་ཡང་ཁྱོད་རང་ཇི་ལྟར་སོང་བར་སོང་སྙམ་དུ་བསམ་ལ། གཉིས་སུ་འཛིན་པའི་རྟོག་པ་རྒྱངས་ཀྱིས་བསྐྱུར་ལ། ཕཊ་ཕཊ་བྱས་ལ། གང་ལ་ཉམ་ང་ཞིང་བག་ཚ་བ་དེ་ལ་བསྲེས་ལ། སྙེམས་དང་མ་བྲལ་གྱི་བར་དུ་ཡང་དང་ཡང་དུ་རྩལ་སྦྱང་ངོ་། །དང་པོར་རིག་པ་ལ་ངར་བརྟགས་ལ། ལྟ་བའི་རྦད་ཁམས་ཆེར་བསྐྱེད་དེ། བློ་ལ་རྩིས་གདབ་གང་ཡང་མེད་པར་བསྲེས་ལ་གློད་ཀྱིན་བཞག །ངུ་བ་དང་། དགོད་པ་དང་། འོ་དོད་འབོད་པ་ལ་སོགས་པ་སྨྱོ་པའི་སྤྱོད་པ་བྱས་ལ། ཚེ་འདིའི་ཁྲིགས་ཁ་བསྐྱུར་ཏེ། མི་ཁྱུད་ན་ཕུད་ལ་བཞག་གོ །དེ་ལྟར་བྱས་ནས་ཀྱང་། འདོད་པའི་བློ་གང་ཡང་ཕུགས་སུ་མི་གཞུག་པར་ཀྱག་གཏད་མེད་པར་བཞག་གོ །དེ་ལྟར་ཡང་དང་ཡང་དུ་རྩལ་སྦྱངས་པས་འཁྲུལ་བ་བཙན་ཐབས་སུ་འཇིག །ཞེན་པ་རང་ལོག་ཏུ་འགྲོ། མོས་གུས་ཤུགས་འབྱུང་དུ་བསྐྱེད། མཚན་མ་རང་གྲོལ་དུ་འགྲོ། རྟོགས་པ་རང་བབས་སུ་སྐྱེའོ། །བོགས་འདོན་གསུམ་པ་རྫོགས་སོ།། །།
༈ ན་མོ་གུ་རུ། དེ་ནི་གེགས་སེལ་བའི་གདམས་པ་འདི་ཡིན་ནོ། །འདི་ལ་གསུམ་ལས། ལུས་ལ་ན་ཚ་འབྱུང་བ་དང་། སེམས་ལ་སྡུག་བསྔལ་བྱུང་བ་དང་། ཉོན་མོངས་ཉམས་རྟོགས་སྐྱེས་པ་སོགས། དང་པོ་ནི་སྤྱི་ལུས་ལ་ན་ཚ་ཅི་ཡོང་ཡང་ཉམས་ལེན་གྱི་སྟེང་དུ་བཞག་ནས་ལུས་ལ་ལུས་སུ་མ་གཟུང་། ནད་ལ་ནད་དུ་མ་གཟུང་པར་གང་དགར་བཞག་ནས་གྲོལ་ནས་འགྲོ་བ་ཡིན་པ་ལ། དེ་ལྟར་བྱས་ཀྱང་དྲག་ཏུ་མ་འདོད་ན་འབྱུང་བ་ཆ་མཉམ་པ་དང་། ནད་ཐོག་ཏུ་ནད་དབབ་པའོ། །དང་པོ་ནི་ནད་གང་ཡིན་ཀྱང་རུང་སྟེ་ལུས་ཀྱི་ཡན་ལག་ལ་སོགས་པ་ཕྱི་ན་ན་ཕྱིའི་འབྱུང་བ་ཆེན་པོ་བཞི་པོ་རང་གི་འབྱུང་བ་བཞི་ལ་དབྱེར་མེད་དུ་བསྟིམ་ལ། དེ་ནས་གང་ན་བ་དེ་འོག་ཏུ་བཅུག་ལ་ལུས་ཁང་སྟོང་ལྟར་དུ་ཁྲེས་ཀྱིས་བསྐྱུར་ལ་སེམས་ནམ་མཁའི་ངང་དུ་བརྟན་གཏད་མེད་དུ་ཁྲེས་སེ་གློད་ལ་བཞག་གོ །
གཉིས་པ་ལུས་ཀྱི་ནང་ན་ན། རང་གི་ལུས་ཀྱི་འབྱུང་བ་བཞི་པོ་ཕྱིའི་འབྱུང་བ་ཆེན་པོ་བཞི་ལ་ཕར་ལ་བསྟིམ་ལ་སེམས་དེ་ན་བུན་ཡལ་བ་ལྟར་ཡལ་དུ་བཅུག་ལ་གློད་ལ་བཞག་གོ །གཉིས་པ་ནད་ཐོག་ཏུ་ནད་དབབ་པ་ནི། ནད་ཚ་བར་འདུག་ན་ཚད་པ་མེ་ནང་དུ་ཞི་བར་བྱེད་པའི་གདམས་པ་སྟེ། ཚད་པ་ལ་གང་གནོད་པའི་ཟས་དང་སྤྱོད་ལམ་བསྟེན་ན། ད་བདག་ཤི་ན་རེ་དགའ་ད་ལྟ་ཉིད་དུ་འཆི་བ་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངང་དུ་སངས་རྒྱས་ཡོད་པས་དེ་ངོས་བཟུང་དགོས་སྙམ་པས་ཚེ་འདི་ལ་མ་ཆགས་པས་ཕཊ་བྱས་ལ། བེམ་རིག་ཤགས་འབྲལ་ལ་བློ་རེ་དོགས་གང་ཡང་མེད་པར་ལྷོད་ཀྱིས་གློད་ལ་བློ་རྒྱ་བསྐྱེད་ལ་རིག་པ་ཁྱབ་བརྡལ་ཆེན་པོའི་ངང་དུ་ཡིད་ལ་མི་བྱེད་པར་བཞག །ཨིའུ་བཙིར་བཞག །ནམས་ཀྱང་མེ་ལ་བཞག །གར་སོང་ལེགས་སུ་བཞག །དེ་ལྟར་བཞག་པས་བློ་ནད་འཛིན་དང་ནམ་ཡང་བྲལ་བས་ད་ནད་སོས་ནས་འོང་། སོས་ཀྱང་དགའ་བའི་བློ་མེད་པར་གཏད་མེད་དུ་བཞག་གོ །མདོ་ལས། མགོ་དང་། རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད་ཅེས་པས་བློ་སྐྱེ་མེད་ཀྱི་གདེངས་དང་ལྡན་པར་བཞག་གོ །དེ་ཡང་གཅོད་ཀྱི་གོ་བ་ཡང་བདག་འཛིན་ལ་གཅེས་འཛིན་གྱི་བློ་མེད་པ་གཅིག་ཡིན་ཏེ། ཨ་མའི་ཞལ་ནས་ཀྱང་མི་གཅོད་པ་འདི་གཅོད་པ་ཡིན་ཏེ། གཅད་བྱ་མེད་པ་ཀུན་གྱི་གཅོད་ཅེས་གསུངས་སོ། །མདོ་ལས་ཀྱང་། སེམས་ཅན་ཁམས་ཀྱི་ལྟ་རྣམས་ཆེན་པོ་གཅོད་པ་སྟེ་ཞེས་གསུངས་སོ། །གྲང་བ་ན་ན། སྐམ་ཐག་ཆུ་ནང་དུ་བཅད་པའི་གདམས་ངག་བྱ་བ་ནི་ནད་དེ་ལ་གང་གནོད་པའི་ཟས་དང་སྤྱོད་ལམ་བྱས་ལ་དེ་ནས་སེམས་ཉིད་ནམ་མཁའ་ལྟ་བུ་ལ་ནི། ན་རྒྱུ་དང་འཆི་རྒྱུ་མི་འདུག །ལུས་བེམ་པོ་ལ་ཡང་ན་རྒྱུ་དང་འཆི་རྒྱུ་མི་འདུག །གློ་བུར་གྱི་རྣམ་པར་རྟོག་པ་ཁྱོད་རང་ན་རྒྱུ་འདུག་ན་ན། ཤི་རྒྱུ་འདུག་ན་ཤི་བྱས་ལ་སེམས་ཀྱིས་གློད་འཛིན་མེད་ཀྱི་ངང་དུ་ཕཊ་བྱས་ལ་ཉལ་ལ་བསྡད་དོ། །དེ་ལྟར་སྙེམས་དང་བྲལ་ནས་འཇོག་པ་ལས་ཆེད་དུ་བསྒོམ་རྒྱུ་ཅི་ཡང་མེད་དེ་མི་བསྒོམ་དེ་ག་སྒོམ་པ་ཡིན་ནོ། །དེས་ཤི་ཡང་ལེགས་ཏེ་ཆོས་ཀྱི་དབྱིངས་སུ་རང་འདྲོལ་བ་ཡིན་ནོ། །མ་ཤི་ཡང་གལ་མེད་དེ་རིག་པའི་ཡེ་ཤེས་འགག་པ་མེད་པས་སོ། །དོན་གོ་ལ་འཆི་རྒྱུ་མི་འདུག་པས་གར་སོང་ལེགས་སུ་འཇོག་པ་ཡིན་ནོ། །འདི་ལྟ་བུའི་ལག་ལེན་གྱི་གནད་འདི་ཉིད་རང་ག་བ་མ་ཡིན་ཏེ། མདོ་རྒྱུད་གཉིས་ཀྱིས་སྒྲུབ་པ་ཡིན་ཏེ། རྒྱུད་ཀྱེ་རྡོ་རྗེ་ལས། ཇི་ལྟར་ཚ་བས་ཚིག་པ་ལ། །མེ་དེ་ཉིད་ཀྱིས་གསོ་བར་བྱ། །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་འགུགས་པར་བྱ། །ཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་པ་དང་། མདོ་འབུམ་ལ་སོགས་པ་ནས་དེ་ནི་གང་ནས་ཀྱང་མ་འོང་གང་དུ་ཡང་མི་འགྲོ། གར་ཡང་གནས་པར་མི་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་བདག་འཛིན་ལ་གོམས་ཤིང་འཁྲུལ་སྣང་ལ་བློ་གཏད་བྱེད་པ་རྣམས་ཀྱིས་ཐོས་ནས་སྐྲག་པར་འགྱུར་བས་གསང་བར་བྱའོ། །
༈ ན་མོ་རཏྣ་གུ་རུ་ཡེ། གཞན་ཡང་གེགས་སེལ་བའི་གདམས་པ་འདི་ནི། ཆོས་འདི་ཉིད་ལུགས་ཀྱིས་འཇིག་རྟེན་པས་འགལ་རྐྱེན་རྣམས་སྐྱོན་དུ་བཟུང་བ་དང་། རྣམ་འབྱོར་པ་རང་ལ་ཉམས་ཀྱི་སྐྱེ་ཚུལ་དང་མཐོ་དམན་ཅི་བྱུང་ཡང་དེ་སྤོང་བའི་ཐབས་ག་ནས་བཙལ་མི་དགོས་ཏེ། ཅིར་སྣང་ཅིར་ཤར་ཡང་རང་ཉིད་གཅིག་པུ་ཤར་བ་ཡིན་པས་སོ། །དེ་ནས་རང་ཐག་བཅད་ལ་སྐྱོན་ལྟར་སྣང་བ་དེ་མི་སྤོང་པར་དེ་ཐོག་རང་དུ་རྩལ་སྦྱངས་པས་རང་གྲོལ་དུ་འགྲོ་བས་དཀར་པོ་ཆིག་ཐུབ་ཁོ་ན་རང་གིས་གློད་དུ་གྲོལ་ཏེ། རང་ཤར་རང་གྲོལ་དུ་བཞག་གོ །རྒྱས་པར་གདམས་ངག་ཐམས་ཅད་ན་གསལ། ཉམས་སུ་བླང་ན་གདམས་ངག་ཞོར་ལ་འོང་། །ཚིག་ཏུ་ལུས་ན་བཤད་ཀྱང་སྦྱོར་མི་ཤེས། །གཅིག་ཤེས་ཀུན་གྲོལ་གནད་ཀྱི་གདམས་པ་འདི། །གང་དགར་བཞག་པས་ཅི་དགར་སེམས་ལ་འཆར། །གུས་ལྡན་སློབ་མས་སྤྱི་གཙུག་རྒྱན་དུ་ལོངས། །ཕ་རོལ་ཕྱིན་པ་དོན་གྱི་གདམས་ངག་འདི། །སྐོར་གསུམ་ཞེས་བྱ་དྷརྨ་སྤྲད་པ་ཡིས། །ཕ་རོལ་ལྟ་ལ་འཇུག་དང་ཉམས་ལེན་དང་། །ཉམས་སུ་བླངས་པའི་ཡོན་ཏན་འཕེལ་བྱའི་ཕྱིར། །ངོ་སྤྲོད་སྐོར་དང་ཉམས་ལེན་གདམས་ངག་དང་། །བོགས་འདོན་གེགས་སེལ་གསུམ་དུ་དྲིལ་ནས་གསུངས། །ངོ་མཚར་ཆེ་སྟེ་ཨུ་དུམ་འབྲི་འདྲ། །དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུ་འདྲ། །འདི་འདྲ་གདམས་ངག་ངོ་མཚར་ཆེ། ། བོགས་འདོན་གེགས་སེལ་གྱི་སྐོར་རྫོགས་སོ།། །། བོགས་འདོན་གེགས་སེལ་གྱི་སྐོར་ནི། བོགས་འདོན་གསུམ་པ་གེགས་སེལ་དང་བཅས་པ་ཉིད་ཡིན་ནོ། །
བར་དོའི་གདམས་པ་གཉིས།
༄༅། །བར་དོའི་གདམས་པ་གཉིས་བཞུགས་སོ། །ན་མོ་གུ་རུ། འདའ་ཁ་བར་དོའི་གདམས་ངག་གིས་འཁོར་འདས་དབྱེ་བསལ་བྱ་བ་ལ་གཉིས་ཏེ། དང་པོ་འདའ་ཁ་མའི་གདམས་ངག་ནི། སྤྱིར་སེམས་ཅན་འཆི་བའི་དུས་ན། མི་དགེ་བའི་སེམས་དང་བཅས་བཞིན་དུ་ཤི་ན་ངན་སོང་དུ་སྐྱེ། དགེ་བའི་སེམས་དང་བཅས་བཞིན་དུ་ཤི་ན་མཐོ་རིས་སུ་སྐྱེ། ཟག་པ་མེད་པའི་ཏིང་ངེ་འཛིན་དང་བཅས་བཞིན་དུ་ཤི་ན་སྐྱེ་བ་མི་ལེན་ནོ། །དེས་ན་འཆི་ཁའི་ཤེས་པ་ལ་གདམས་པ་གལ་ཆེ་བས་དེ་ཡང་དབང་པོ་རབ་གཅིག་སྐྱེ་བ་འདིར་རྒྱུད་གྲོལ་རིག་པའི་རྩལ་འབྱོངས་ཏེ། བློ་བྲལ་མཉམ་བཞག་ཆེན་པོའི་རྣལ་འབྱོར་པ་ལ། འཆི་ཁའི་གདམས་ངག་ལོགས་སུ་མི་དགོས་ཏེ། ཕུང་པོ་སྤང་མ་ཐག་ཏུ་ཁྱུང་ཕྲུག་སྒོ་ང་ནས་འཐོན་པ་ལྟར། བློ་དབྱིངས་སུ་བྲལ་ནས་སངས་རྒྱས་ཏེ་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པར་འགྱུར་རོ། །དབང་པོ་འབྲིང་རྟོགས་པས་ཐག་ཆོད་ཏིང་ངེ་འཛིན་ཉམས་སུ་མྱོང་། རིག་པའི་རྩལ་མ་འབྱོངས་པར་འཆི་ན། དེར་གསལ་འདེབས་གལ་ཆེ་སྟེ། བླ་མ་ལ་སོགས་པས་སྔར་གྱི་དྲན་པ་གསོས་ཤིང་སེམས་ལྟ་ཐོག་ཏུ་བཞག་ནས་དེའི་ནང་ནས་མ་ཡེངས་པར་བྱས་པས་འཆི་ཁའི་འོད་གསལ་དང་འདྲེས་ནས་སྐྱེ་བ་མི་ལེན་ཏེ། འོད་གསལ་ཟིན་པར་ངེས་སོ། །གལ་ཏེ་ཤེས་པ་བཀོལ་དུ་མ་འདོད་ཅིང་དབུགས་འགྲོ་བ་འདྲ་ན། རང་གི་སྤྱི་བོ་ཚངས་པའི་བུ་ག་ཧ་རེ་ཡོད་པར་བསམ་ལ། སྙིང་ཁ་ན་སེམས་ཀྱི་རྟེན་ཧཱུྃ་དཀར་པོ་གཅིག་ཡོད་པར་བསམ་སྟེ། སྙིང་ཁའི་ཧཱུྃ་དེ་སྤྱི་བོ་ནས་ཡར་རྒྱངས་ཀྱིས་འཕངས་ཏེ། ཡི་དམ་གྱི་ཐུགས་ཀར་ཐིམ་པར་བསམ་ལ། ཡི་དམ་ལྷའི་ཐུགས་ཀར་ཤེས་པ་གཏད་པ་ལས་མ་ཡེངས་པའི་འཕྲོ་ལ་ཤི་ན། སྐྱེ་བ་དེའི་འོག་རོལ་ཏུ་སྤྲུལ་པའི་སྐུའི་ཞིང་ཁམས་སུ་སྐྱེས་ཏེ། སྤྲུལ་སྐུའི་གདུལ་བྱའི་ཞིང་དུ་འགྱུར་ཞིང་། བྱང་ཆུབ་ཀྱི་སེམས་ལ་ལོངས་སྤྱོད་པར་འགྱུར་རོ། །དབང་པོ་ཐ་མས་སྔར་དོན་གོ་བ་ཁག་ཁོལ་ཡོད་ཀྱང་། རང་འཆི་བའི་ཟུག་རྔུ་དང་། སྡུག་བསྔལ་གྱི་དབང་དུ་སོང་ནས་ཆོས་ཉིད་ཀྱི་དོན་ལ་བློ་གནས་སུ་མི་འདོད་པས་དེའི་ཚེ་ལུས་སྣོད་ཕད་ཀྱིས་བསྐྱོར་ལ་ཙོག་པུ་བྱས་ཏེ། སྤྱི་བོ་ཚངས་པའི་བུ་ག་ཧ་རེ་ཡོད་པར་བསམ། དེའི་ཐད་ཀྱི་ཁྲུ་གང་གི་བར་སྣང་ལ། ཟླ་བའི་སྟེང་ན་རྩ་བའི་བླ་མ་བཞུགས་པར་བསམ་ལ། བླ་མ་ལ་མོས་པ་དང་གུས་པས་བླ་མའི་ཐུགས་ཀར་ཤེས་པ་གཏད་དོ། །གལ་ཏེ་ཙོག་པུར་མ་ཟུག་ན་སེངྒེའི་ཉལ་སྟབས་བྱས་ཏེ། སྤྱི་གཙུག་ན་རྩ་བའི་བླ་མ་བཞུགས་པར་བསམ་ལ་དེ་ལ་ཤེས་པ་གཏད་དོ། །དེ་ལྟར་བྱས་ཏེ་མ་ཡེངས་པའི་ངང་ལ་དབུགས་སོང་ན། རྟེན་འབྲེལ་གྱི་ཆེ་བས་ཤི་མ་ཐག་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་དལ་འབྱོར་ལྷ་དང་མིའི་གོ་འཕང་ཐོབ་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་ཞིང་། གདམས་པ་ལ་ཚུལ་བཞིན་དུ་ནོད་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་སྤྱོད་པར་འགྱུར་རོ། །
ཡང་བླ་མའམ་གྲོགས་མཆེད་ཀྱིས་མདུན་དུ་དཀོན་མཆོག་ལ་མཆོད་པ་ཅི་འབྱོར་པ་བཤམས་ལ། མདུན་གྱི་ནམ་མཁའ་ལ་པདྨ་དང་ཟླ་བའི་གདན་སྟེང་དུ། བླ་མ་དང་ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས། དེ་དག་ལ་མོས་གུས་དུང་པས་དངོས་སམ་ཡིད་ཀྱིས་སྐྱབས་འགྲོ་བྱས་ཏེ། གཞན་ཐམས་ཅད་ཀྱིས་ཀྱང་རམ་ཟླ་བྱས་ཏེ་སྐྱབས་འགྲོ་བྱའོ། །ཐེག་པ་ཆེན་པོའི་སྨོན་ལམ་ཀྱང་ཡང་ཡང་གདབ་བོ། །དེ་ལྟར་བྱས་པས་སྔར་སྡིག་པ་མི་དགེ་བ་ཆེར་སྤྱད་པ་གཅིག་ཡིན་ཀྱང་། ངན་སོང་དུ་མི་ལྟུང་ཞིང་དཀོན་མཆོག་གསུམ་གྱི་གདུལ་བྱའི་ཞིང་དུ་སྐྱེའོ། །གཉིས་པ་བར་དོའི་གདམས་ངག་ནི་སྤྱིར་བར་དོ་ཞེས་བྱ་བ་དེ། སེམས་ཅན་སྐྱེ་བ་དང་ཤི་བ་གཉིས་ཀྱི་བར་ན། དྲི་ཟའི་སེམས་ཅན་ཟས་སུ་དྲི་འབའ་ཞིག་ཟ་བ། ལུས་ཡིད་ལ་གྲུབ་པ། འཇའ་ཚོན་ལྟ་བུའི་ལུས་རང་བཞིན་གྱིས་སེམས་ཅན་ཐམས་ཅད་ལ་འོང་བ་ཡིན་ཏེ། དེ་དེ་ལྟར་འོང་ཡང་བླ་མའི་གདམས་ངག་མེད་པ་རྣམས་ཀྱིས་བར་དོ་ཡིན་པར་ངོ་མ་ཤེས་པས་ལུས་ལ་ཡང་བདག་ཏུ་བཟུང་བའི་སྟོབས་ཀྱིས་དེར་ཡང་ལས་དགེ་སྡིག་མང་པོ་གསོག་གོ །བར་དོའི་ཚེ་ཚད་ཡུན་ཐུང་བ་ཞག་བདུན་ལས་མེད། ཞག་བདུན་ན་ལུས་ཀྱི་འདོར་ལེན་བྱེད་དོ། །དགེ་སྡིག་ཆ་སྙོམ་པའི་སེམས་ཅན་བར་དོ་ཡུན་རིང་བ་གཅིག་ཞག་བདུན་ཕྲག་བདུན་སྡོད་དོ། །
བར་དོའི་སེམས་ཅན་དེའི་མཚན་ཉིད་ནི། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་སོ། །དེ་ཡང་དང་པོ་ཞག་ཕྱེད་དང་བཞི་ཡན་ཆད་སྔ་མའི་ལུས་སུ་ཡོད་དོ། །དེའི་ཉེ་འབྲེལ་ལ་སོགས་པའི་སྣང་བ་རྣམས་རྨི་ལམ་དུ་འཕྲད་པའི་ཚད་ཙམ་དུ་ཡིད་ཡུལ་དུ་འོང་ངོ་། །ཞག་ཕྱེད་དང་བཞི་ཕན་ཆད་གར་སྐྱེ་བའི་ཡུལ་གྱི་སྣང་བ་འཆར་ཏེ། དམྱལ་བར་སྐྱེ་ན་མགོ་བོ་ཐུར་ལ་བསྟན་ནས་འགྲོ་ཞིང་། སྣང་བ་ཐམས་ཅད་མེ་དང་ཆུའི་སྣང་བ་འོང་། སྔ་མ་ཤི་བའི་སྣང་བ་ཡི་དྭགས་སུ་སྐྱེ་ན་ཟས་སྐོམ་འཚོལ་འདོད་པའི་སྣང་བ་འོང་ངོ་། །དུད་འགྲོར་སྐྱེ་ན་དུད་འགྲོའི་སྣང་བ་འོང་སྟེ། ཁྱི་བ་གླང་བྱ་བྱིའུ་ལ་སོགས་པའི་སྣང་བ་འོང་ངོ་། །མི་ལ་སོགས་པའང་དེས་འགྲེའོ། །བར་དོའི་འཆི་རྐྱེན་གཤིན་རྗེའི་སྣང་བ་མི་ཟད་པའང་མཐོང་བས་དེ་ལ་འཇིགས་ཤིང་སྐྲག་སྟེ། མེ་དོང་དུ་བསྐྱུར་བ་སྙམ་བྱེད་ཙ་ན་འཆི་འཕོའོ། །ཡང་སེམས་ཅན་ཆགས་པ་སྤྱོད་པ་ལ་ཆགས་སྡང་དྲག་པོ་སྐྱེས་པས་རྐྱེན་བྱས་ནས་འཆི་འཕོས་ཏེ་མའི་མངལ་དུ་འཇུག་གོ །དེ་བས་ན་བར་དོ་ངོས་བཟུང་བའི་གདམས་ངག་གལ་ཆེ་བས། དེ་ཡང་རྣལ་འབྱོར་པ་ཆོས་རང་གི་མཚན་ཉིད་ནམ་མཁའི་དཀྱིལ་ལྟར་ཆུད་པའི་སྦྱངས་པའི་འོད་གསལ་དེ་དང་། འཆི་ཁར་རང་བཞིན་གྱི་འོད་གསལ་དེ་གཉིས་རོ་གཅིག་ཏུ་འདྲེས་ཏེ། རྟོག་མེད་ནམ་མཁའི་དབྱིངས་ལྟ་བུ་དེས་བག་ཆགས་ཐམས་ཅད་དུས་གཅིག་སངས་ནས་སངས་རྒྱས་ཏེ་བར་དོ་མི་འབྱུང་ངོ་། །དཔེར་ན་མཚོ་ལ་འཁྱག་པ་ཞི་བའམ། ནམ་མཁའ་སྤྲིན་དྭངས་པ་ལྟར། འཁྲུལ་བ་དྲན་སྣང་གི་རྟོག་པ་ཐམས་ཅད་ཆོས་ཉིད་དྲན་མེད་ཀྱི་དབྱིངས་སུ་ཐིམ་ནས་ཆོས་སྐུ་ཟང་ཐལ་དུ་འགྲོའོ། །
དེ་ནི་རྣལ་འབྱོར་པ་རབ་ཀྱི་སྤྱོད་ཡུལ་ནི། སྔོན་སྦྱང་པ་ཞན་པ་རྣམས་འཆི་འཕོས་མ་ཐག་འོད་གསལ་མ་ཟིན་པར་ལས་ཀྱི་རླུང་ལངས་ཏེ། བར་དོ་ཡིད་ཀྱི་ལུས་སུ་དཀྲོང་གིས་གྲུབ་ནས་ཁམས་གསུམ་གྱི་གནས་མཐོ་དམན་ཐམས་ཅད་དུ་སྐད་ཅིག་མ་རེ་རེ་ལ་ཁྱབ་པར་རྒྱུ་བའི་དུས་སུ། དེ་ཉིད་བར་དོ་ཡིན་པར་ཤེས་པར་བྱས་ལ། གཤིན་རྗེ་ལ་སོགས་པའི་འཇིགས་པའི་སྣང་བ་ཇི་སྙེད་པ་དང་། ཕ་མ་འདུ་འཕྲོ་བྱེད་པ་ལ་སོགས་པའི་ཆགས་པ་སྐྱེ་བའི་ཡུལ་དང་། རིགས་དྲུག་ཏུ་སྐྱེ་བ་ལ་སོགས་པ་ཇི་སྙེད་ཅིག་ཤར་ཡང་། དུས་དེར་བླ་མའི་གདམས་ངག་དྲན་པར་བྱ་སྟེ། མའི་མངལ་མི་གཙང་བའི་རླབས་སུ་བསམས་ལ་དེར་ལུས་ཡི་དམ་གྱི་ལྷར་དྲན་པ། སྤྱི་བོར་བླ་མ་དྲན་པ། སེམས་ཆོས་ཉིད་དྲན་པར་བྱས་ལ། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་ཤེས་པར་བྱ་བ་དང་། ཤེས་པ་དེ་ཉིད་ལ་ངོས་བཟུང་མེད་པར་ཤེས་པར་བྱ་སྟེ། དེ་ཁོ་ན་ཉིད་ལ་བསྒོམ་པར་བྱའོ། །མདོར་ན་རང་གི་རིག་པའི་འཇོག་སོ་འཁྱེར་སོའི་གནད་དྲན་པ་ཙམ་གྱིས་མངལ་སྒོ་ཁེགས་ནས་བར་དོ་སངས་རྒྱའོ། །གལ་ཏེ་སངས་མ་རྒྱས་ནའང་བར་མ་དོར་ཤེས་པའི་དུས་སུ་ཤར་ཕྱོགས་མངོན་པར་དགའ་བའམ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་གང་འདོད་པའི་སར་ཡིད་ཀྱི་འཕེན་པ་གང་མང་བཏང་ཞིང་། དེར་སྨོན་ལམ་བཏབ་པས་དེར་སྐྱེའོ། །དེའང་ད་ལྟ་སྔོན་དུ་འཕེན་པ་གལ་ཆེ་སྟེ། ཅི་ནས་ཀྱང་བདག་གིས་མ་འོངས་པའི་དུས་ཀྱི་སྲིད་པ་བར་མ་དོའི་ཤེས་པའི་གཟུགས་དེ་ངོ་ཤེས་པར་བྱ། དེའི་དུས་སུ་བླ་མའི་གདམས་ངག་དྲན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་གཏད་པ་ཤིན་ཏུ་གལ་ཆེའོ། །བར་དོའི་གདམས་ངག་ཟབ་མོ་རྫོགས་སོ།། །།
༈ ན་མོ་གུ་རུ། བར་དོ་བཞི་ནི། རང་བཞིན། རྨི་ལམ། འཆི་ཁ། སྲིད་པ་བར་དོ་དང་བཞིའོ། །རང་བཞིན་བར་དོ་ད་ལྟ་ཡིན་ཏེ། འདི་ལ་བསྒོམ་དགོས། སེམས་ཀྱི་དོན་དེ་ལ་ཡང་ལྟ་ཡང་ལྟ་བྱས་པས་སེམས་ལས་སུ་རུང་ནས། སེམས་ལ་བཟང་རྟོག་ངན་རྟོག་གང་ཡང་མེད་པར་ཆོས་ཉིད་ཀྱི་ངང་ལ་རྣམ་རྟོག་གི་མཚན་མ་གང་ཡང་མེད་པར་ཐམས་ཅད་རང་བཞིན་སར་རང་སར་གྲོལ་བ་ལ་བཞག་གོ །དེ་ཡང་སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །དེ་ཙམ་ན་ད་ལྟའི་བར་དོ་འབྱོངས་པ་ཡིན་ནོ། །རྨི་ལམ་ནི་སེམས་ལ་ལྷན་གྱིས་གོམས་ནས་སེམས་དང་ཆོས་ཉིད་འདྲེས། སེམས་ལ་བརྟན་པ་ཐོབ་ནས་རྨི་ལམ་གྱི་དུས་ན་ཡང་སེམས་གང་དུ་འཕྲོ་བར་ལྷན་གྱིས་གནས་པའོ། །དེ་ཙམ་ན་རྨི་ལམ་བར་དོ་འབྱོངས་པ་ཡིན་ནོ། །འཆི་ཁ་བར་དོའི་དུས་སུ་ཕྱི་དབུགས་ནི་ཆད་ནས་ནང་དབུགས་ནི་མ་ཆད་ཙམ་ན་མི་ངོ་མི་ཤེས་སྣང་བ་མ་ནུབ་ཙམ་ན། དབུགས་ངར་ངར་བའི་དུས་ན་དྲན་དགོས་པ་ཡིན། ཆོས་དགོས་པ་ཡིན་ནོ། །དེ་ཙམ་ན་རྐྱེན་ཁར་མ་ཤོར་བར་ཆོས་ཉིད་དོན་ལས་གཡོས་པ་མེད་པར་ལྷན་གྱིས་ཟིན་ནས་ཉམ་ང་བ་བག་ཚ་བ་མེད་པར་གནས་ལུགས་ཀྱི་དོན་དེ་རྟོགས་པ་དང་། རློམ་སེམས་ཀྱིས་མ་བསླད་པར་ཆོས་ཉིད་ཀྱི་ངང་ལ་རང་སར་ཅོག་གིས་ཟིན། དབུགས་སད་ཀྱིས་ཆད་པའི་སྟེང་ལ་དངོས་པོའི་གནས་ལུགས་སྐྱེ་འགག་མེད་པའི་ངང་ལ་རང་ས་ཟིན་ནས་ནམ་མཁའི་རང་བཞིན་དུ་གནས་པ་ཡིན་ནོ། །དེ་ཙམ་ན་འཆི་ཁ་བར་དོ་འབྱོངས་པ་ཡིན་ནོ། །རབ་ཀྱིས་དེ་ལྟར་གྲོལ་ངོ་ཤེས་པའི་ཆོག་པ་ཡིན་ནོ། །སྲིད་པ་བར་དོ་མི་འབྱུང་ངོ་། །
འབྲིང་མན་ཆོད་ལ་སྲིད་པ་བར་དོ་འབྱུང་བ་སྟེ། དེ་ཡང་ལུང་ལས། བར་དོ་མི་ཤེས་པས་སུ་ནི། །སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཐོགས་མེད་ཀུན་སྣང་རྒྱུ། །དྲི་ཟས་ཟ་ཞིང་ཐོགས་མེད་པས། །མ་ཤི་པ་ལྟར་སྣང་བ་ཡིན། །མངལ་དུ་ཞུགས་ནས་སྐྱེ་བ་ལེན། །ཞེས་གསུངས་པས་ན། གོང་དུ་བར་དོ་ཆོད་པའི་སེམས་ཉིད་སྐྱེ་བ་མེད་པ་དེ་ངོ་ཤེས་པར་བྱའོ། །ཤེས་པ་ཙམ་གྱིས་གྲོལ་ལོ། །ལར་འདིའི་བར་དོ་འབྱོངས་བ་གལ་ཆེའོ། །འདིར་འབྱོངས་པས་རྨི་ལམ་བར་དོ་ཟིན། དེས་འཆི་ཁ་ཟིན། དེས་བར་དོ་འཆི་ཁ་བར་མི་ཟིན་མི་སྲིད་དོ། །དེ་ཙམ་བྱ་བ་བྱས་པ་ཡིན་ནོ། །ཟག་པ་ཟད་པ་ཡིན། ཁུར་བོར་བ་ཡིན། ཨ་ར་ཧན་པ་ཡིན། དོན་གྲུབ་པ་ཡིན། དྲོད་གསུམ་བར་དོའི་གདམས་པ་ཤིན་ཏུ་ཟབ་བོ། །
ཚིགས་སུ་བཅད་པ་ཆེན་མོ།
༄༅། །ཚིགས་སུ་བཅད་པ་ཆེན་མོ་བཞུགས་སོ། །
རྒྱ་གར་སྐད་དུ། པྲཛྙ་པ་ར་མི་ཏ་ཡ་ག་ཐ་མ་ཧཱ་ན་མ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ཆེན་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྟོགས་པའི་ཉི་ཟླས་མ་རིག་ལོག་རྟོག་བཅོམ། །ཐུགས་རྗེའི་དབང་གིས་འགྲོ་རྣམས་སྨིན་གྲོལ་མཛད། །དོན་གཉིས་མཐར་ཕྱིན་སྨྲ་བའི་སེང་གེ་ལ། །ལུས་ངག་ཡིད་གསུམ་དང་ཞིང་མོས་པས་འདུད། །བརྗོད་བྱའི་སྙིང་པོ་རྩ་བ་བྲལ་བ་བའི། །གཉིས་མེད་ཤེས་རབ་ཕ་རོལ་ཕྱིན་འདི་ལ། །རྟག་ཆད་དམིགས་པའི་མཐའ་ལས་གྲོལ་བ་ནི། །ཅི་ནུས་པས་ནི་འགྲོ་ལ་ཕན་ཕྱིར་བཤད། །བཅའ་བཞི་གསུམ་གྱི་དཀའ་ཡི་ཐོག་རྡོ་རྗེ་སྐྱིལ་ཀྲུང་རྡོ་རྗེ་ཐལ་སྦྱར་ཏུ་བཞག །མ་བཅོས་མ་བསླད་མེད་པར་རིག་པ་ངོས་བཟུང་རླུང་སེམས་རིག་པ་ཁྱབ་བརྡལ་ལོ་བྱ། །འཁོར་འདས་གཉིས་ཀྱི་རྩ་བར་གྱུར་པ་སེམས། །དེ་ལ་རྒྱུ་རྐྱེན་གང་ཡང་མ་གྲུབ་པའི། །སྐྱེ་མེད་ཆིག་ཆོད་རང་བཞིན་སྟོང་པ་ཉིད། །དེ་ལྟར་རྟོགས་ན་སྡོང་པོ་རྩད་བཅད་བཞིན། །རྟོག་པའི་ཡལ་ག་ནམ་ཡང་སྐྱེ་མི་འགྱུར། །དངོས་དང་འབྱོར་པའི་དངོས་དང་དངོས་མེད་ཀྱི་མཆོད་པ་བློ་ལ་སྣང་བ་ཡི། །རྒྱ་ཆེའི་མཆོད་པ་བླ་མ་དཀོན་མཆོག་མཆོད། །ཕྱག་འཚལ་མཆོད་པ་ཕུལ་བྱས་ནས། །གུས་པས་སྐྱབས་འགྲོ་སེམས་བསྐྱེད་བླང་། །སྲོག་གཅོད་ལ་སོགས་ལུས་ངག་མི་དགེ་བཅུ། །བདག་སྤོང་བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཀྱང་སྲོག་གཅོད་པ་སྤོང་ལ། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་ལོ་གཞན་ཡང་དེ་དག་བསྐུལ། །སྲོག་གཅོད་སྤོང་བ་དེ་དག་གི །མཐུན་འགྱུར་ལེགས་པར་བརྗོད་པར་བྱ། །མི་དགེ་བཅུ་པོ་སྤངས་ཙམ་གྱིས། །ལམ་མཆོག་རྙེད་པར་མི་འགྱུར་ཏེ། །ཕ་རོལ་ཕྱིན་པ་དྲུག་ལ་ནི། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་བདག་སྤྱོད་གཞན་གཞན་ཡང་སྦྱིན་པ་གཏོང་བ་ལ་ཡང་དག་པར་བསྐུལ་ལ་སྦྱིན་པ་གཏོང་བ་དེ་དག་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་སྤྱོད་པ་ཡིན་ཞེས་སོ་ཡང་དེ་ལ་བསྐུལ། །དགེ་བའི་ལས་ལ་སྤྱོད་གྱུར་པའི། །རློམ་ཡུལ་ལས་སྦྱིན་པ་རློམ་སེམས་སུ་མི་བྱེད། སྦྱིན་པ་ལ་རློམ་སེམས་སུ་མི་བྱེད། སྦྱིན་པས་རློམ་སེམས་སུ་མི་བྱེད་ཅེས་སོ་སེམས་སྐྱེས་ན་དེ་ལས་བཟློག །གཉིས་མེད་ཕ་རོལ་ཕྱིན་པའི་དོན། །དགེ་སྡིག་སྤང་བླང་རེ་དོགས་ཀྱིས། །མཐའ་དང་བྲལ་བར་མ་རྟོགས་ན། །འདུས་བྱས་དགེ་རྩ་བྱས་གྱུར་ཀྱང་། །ཚེ་འདི་ཉིད་ལ་གྲོལ་མི་འགྱུར། །དེ་ལས་འདུས་བྱས་འདུས་མ་བྱས། །དཀར་དང་གནག་པའི་ཆོས་རྣམས་ཀུན། །རྡུལ་ཙམ་དམིགས་པར་མི་འགྱུར་མདོ་ལུང་ལས། འདུས་བྱས་འདུས་མ་བྱས་དང་དཀར་གནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །ཞེས་སོ་རོ། །འོན་ཀྱང་ཐབས་ལ་མ་བརྟེན་པའི། །ཤེས་སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་འཐོབ་མི་འགྱུར། །ཞེས་སོ། །རབ་དོན་དུ་མི་མངོན་འགྱུར། །སོ་ནམ་སྔོན་དུ་མ་སོང་ལོ་ཐོག་མི་འབྱུང་དག་དང་མཚུངས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །དོན་ལ་ངེས་པར་མ་སྤྱད་ན། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་སྤྱད་གྱུར་ཀྱང་། །ལོང་བ་སྣ་འཇུག་སྟོང་པ་བཞིན། །ལམ་རྒྱུས་རྙེད་པར་ག་ལ་འགྱུར། །སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པར་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །དེ་བཞིན་དམིགས་མེད་ཤེས་རབ་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པའི་བྱང་ཆུབ་རེག་པར་ག་ལ་ནུས། །ཞེས་སོ། །གཞན་ནས་མ་འཚོལ་རང་ལ་ཡོད། །དངོས་དང་མཚན་མ་མ་གྲུབ་པའི། །རང་བཞིན་འོད་གསལ་ཆེན་པོའི་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་གྱིས་འོད་གསལ་བའོ་ཞེས་སོ་དོན། །ཡིད་ལ་བྱེད་པ་ཀུན་དང་བྲལ། །དྲན་རྟོག་རང་བཞིན་གྱིས་སངས་པའི། །སངས་རྒྱས་རྗེས་སུ་དྲན་པ་བསྒོམ། །ཡུམ་ལས་གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་དང་དགེ་འདུན་རྗེས་སུ་དྲན་པའོ། །ཕྱི་ནང་ལྷ་འདྲེ་འཁོར་དང་བཅས། །སྣང་དང་སྟོང་པ་ལ་སོགས་པའི། །གཉིས་སྣང་བྲལ་བའི་སངས་རྒྱས་ཀྱིས། །དགོངས་པ་མ་ནོར་མ་བཅོས་པའོ། །དཔེར་ན་ནམ་མཁའི་དབྱིངས་དང་ཐེག་པ་ཆེན་པོ་འདི་ནི་ནམ་མཁའ་མཚུངས་པའོ་མཚུངས། །ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་དང་རིག་པ་བསྲེ་བའོ། །སྡུད་པ་ལས། འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །དམིགས་པ་རྣམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་སོ། །དབྱིངས་རིག་འདྲེས་པའི་དུས་དག་ཏུ། །དངོས་དང་མཚན་མ་དགག་པ་དང་། །དམིགས་པར་འཛིན་པ་རང་སངས་ཏེ། །གཟུང་དང་འཛིན་པ་གཉིས་བྲལ་བའི། །ཆོས་ཉིད་དོན་ལ་གནས་(གཟུགས་རྣམས་མི་མཐོང་ཚོར་བ་རྣམས་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་ཡིད་མཐོང་བ་མེད། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཅེས་སོ། །)པའོ། །
དེ་ལྟར་ལུས་མ་བཅོས་པ་ནམ་མཁའ་སྟོང་པས་གར་ཁྱབ་པར་ནི། རྒྱ་བསྐྱེད་ཁྱབ་བརྡལ་ཆེན་པོར་བཞག །དེ་ཚེ་རིག་པ་བཞི་པ་གཞི་རྩ་དང་། །བྲལ་བར་ཉམས་སུ་མྱོང་པས་ན། །དབང་པོ་ལ་དང་ཕྱི་རོལ་ཡུལ། །རིག་པ་གང་ལ་མི་གནས་སོ། །གཡའ་གངས་དུར་ཁྲོད་གཉན་ས་དང་། །གྲོང་དང་གྲོང་ཁྱེར་ཆེན་པོ་སྡུད་པ་ལས། རབ་ཏུ་དབེན་པ་གྲོང་ཁྱེར་རི་སུལ་དང་། །དགོན་པ་དབེན་པ་ནགས་ཁྲོད་རབ་བརྟེན་ན། །ཞེས་སོ་དང་། །ཕུག་པ་དབེན་གནས་ཕུག་དག་ཏུ། །གཉིས་སུ་མེད་པར་བསྒོམ་པར་བྱ། །བླ་མས་སྟོན་པའི་སྐྱེ་མེད་དོན། །སྤྱོད་ལམ་འགྲོ་འཆགས་ཉལ་འདུག་སར་ཤེས་བཞིན་རབ་ཏུ་བརྟེན་ཅེས་སོ་རྣམ་བཞིར་ཉམས་སུ་བླང་། །དེ་ལྟར་ཉམས་སུ་ལེན་པ་ལ། །ཕ་རོལ་ཏུ་སྡུད་པ་ལས། བདེན་པའི་བྱིན་རླབས་ཀྱིས་མེའི་ཕུང་པོ་ཞི་ཞེས་སོ། །ཕྱིན་པའི་བྱིན་རླབས་དང་། །ཆོས་རྣམས་སྟོང་པར་རྟོགས་པ་དེས། །བར་ཆད་འབྱུང་པར་མི་འགྱུར་ཏེ། །སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་རྙེད་པ་ག་ལ་སྡུད་པ་ལས། གང་ཞིག་མཁས་པ་དེ་དག་བསམ་པ་རབ་བརྟན་ཞིང་། །ཉིན་མཚན་ཕ་རོལ་ཕྱིན་པའི་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་ངག་ནི་མཁའ་འགྲོ་བྱ་ལྟར་འགྱུར། །དེ་ལ་ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་སོ་སྲིད། །ཆོས་ཉིད་སྟོང་པའི་དོན་རྟོགས་ནས། །རྟགས་སམ་འབྲས་བུ་ཕྱི་རོལ་ཏུ། །སྒོ་ལྔའི་ཡུལ་དུ་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མ་ལུས་པ། །སྟོང་པ་ཉིད་དུ་ཤེས་རབ་སྙིང་པོ་ལས། མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །སྟོང་པ་ཉིད་ལ་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་ཅེས་སོ། །རབ་བསམས་ཏེ། །ནང་དུ་ཉོན་མོངས་རགས་པ་དང་། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང་། །གཉིས་མེད་རང་གྲོལ་རྩིས་ལས་འདས། །དེ་ལྟར་རྟོགས་ན་ཆོས་ཉིད་ཀྱིས། །གནས་ཤར་གྲོལ་བར་འགྱུར་བ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། །སྐྱེས་བུ་སྲོག་རྩ་བཅད་གྱུར་ན། །མིག་ལ་སོགས་པ་དབང་པོ་ཡིས། །ཆེད་དུ་སྒོ་ནི་དགག་མི་དགོས། །དེ་བཞིན་སེམས་ཉིད་རྩད་གཅོད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། །སེམས་ཉིད་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་གཅོད་པ་དང་། །ལྟ་མཐའ་སྒོམ་པའི་འགྱུ་བྱེད་དང་། །སྤྱོད་ཉམས་འབྲས་བུའི་རེ་དོགས་དང་། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །མངོན་ཤེས་ཆགས་སྡང་ཐོགས་པའི་བདུད། །དེ་ཇི་ལྟ་བར་བཅད་ཅེ་ན། །ཉམས་མཚན་རབ་འབྲིང་ཐ་མ་ཡིས། །དྲན་མེད་ངང་ལ་བཞག་པ་དང་། །དེ་ལ་གཏད་དེ་བསྒོམ་པ་དང་། །བརྟགས་ཤིང་བཅད་ལ་གཏན་ལ་དབབ། །དཔེར་ན་ནགས་ཚལ་སྟུག་པོ་དང་། །སྟོབས་དང་ལྡན་པའི་སྐྱེས་བུ་དང་། །སྟ་རེ་རྣོན་པོ་ཇི་བཞིན་ནོ། །དེ་འདྲའི་ཆོ་འཕྲུལ་སྙེམས་བྱེད་ནི། །ཐོགས་མེད་བདུད་ཅེས་བྱ་བ་དེ། །གཉན་ཐོག་གཉན་དབབ་ཤ་ཐོག་ཏུ། །མེ་བཙའ་ཨ་ན་ཚུགས་སུ་བཞག །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སྐར་ཆེན་ཐེབ་འོག་དག་ཏུ་གཞུག །ལྷ་འདྲེ་གཉིས་ལ་ཉེ་རིང་སྤང་། །གཉན་ཆེན་མཐའ་ལ་གཏད་པར་བྱ། །གཅོད་ཆོད་ཚར་ཚད་ཉམ་ང་བྲལ། །ཚར་ཚད་ཆོ་འཕྲུལ་རང་ཞི་ལ། །ལྡོག་ཚད་སྐྲག་ཅིང་སྔངས་ནས་བྲོས། །མི་ལྡོག་སྒོ་གཏན་ལྟ་བུ་ནི། །སྐྲག་ཅིང་སྔངས་ཡང་མི་འབྲོས་སོ། །ལོག་གནོན་གཟེར་བུ་ལྟ་བུ་ནི། །བཏུད་དེ་དེ་ལ་ནན་ཏན་བསྐྱེད། །དེ་ནི་མན་ངག་དམ་པའོ། །གཉིས་མེད་ཕ་རོལ་ཕྱིན་བསྒོམས་པས། །འཇིག་རྟེན་ལྷ་འདྲེས་མ་བཟོད་ནས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །མངོན་སུམ་གཟི་བྱིན་རྨི་ལམ་སོགས། །དེ་དག་ཀུན་ལ་ཉམས་རབ་ཀྱིས། །གཉིས་སུ་མེད་པའི་དོན་ལ་བཞག །འབྲིང་གིས་དེ་ལ་གཏད་དེ་བསྒོམ། །ཐ་མས་དེ་ལ་བརྟག་དཔྱད་བྱ། །དེ་རྗེས་རིག་པ་བློ་རྟེན་དང་། །བྲལ་བའི་ཉམས་ནི་སྐྱེ་བར་འགྱུར། །གཉན་སར་ཕྱིན་པ་ལྷ་འདྲེ་ཡི། །གཟི་བྱིན་བྱུང་ན་བེམ་རིག་བྲལ། །ལུས་ནི་བེམ་པོ་རྡོ་དང་འདྲ། །དེ་ལ་གནོད་པར་མི་འགྱུར་རོ། །སེམས་ནི་དངོས་མེད་ནམ་མཁའ་འདྲ། །དེ་ལ་སུ་གནོད་སུ་ལ་གནོད། །དེ་ལྟར་བསམས་ཏེ་ཆོས་ཉིད་ལ། །ཉམ་ང་བག་ཚ་མེད་པར་བཞག །ལྷ་འདྲེས་རང་ལུས་བེམ་པོ་འདི། །ཁྱེར་ནས་སོང་བ་སྙམ་བྱེད་ཀྱང་། །སྔར་གྱི་ས་ལས་མི་འགུལ་བས། །གང་ལའང་ཉམ་ང་མི་བྱའོ། །རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི་རང་གི་སེམས་ལས་བྱུང་། །སེམས་ལ་བྱུང་ས་གནས་ས་དང་། །འགྲོ་ས་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་རྡུལ་ཙམ་མེད། །འཁྲུལ་ནས་འཁོར་བར་འཁྱམས་མི་སྲིད། །དེ་སྡིག་ལས་ཀུན་རྣམ་པར་དག །ཡེ་ནས་ཡེ་གྲོལ་ཡེ་སངས་རྒྱས། །སྡིག་ལ་མི་འཛེམ་གོལ་ས་ཡིན། །གྲུབ་པའི་མཐར་ཞེན་སྒྲིབ་པ་ཡིན། །གཉིས་མེད་རང་གྲོལ་གནས་ལུགས་ཡིན། །ཆོས་ཉིད་ངང་ལས་སྐྱབས་འགྲོ་དང་། །སེམས་བསྐྱེད་གསོལ་བ་གདབ་པར་བྱ། །རང་ལ་བར་ཆད་བྱུང་བ་ན། །གཉན་སར་ཕྱིན་ལ་གཉིས་མེད་བསྒོམ། །སེམས་ཅན་གཞན་ལ་ཕན་འདོགས་ན། །སྙིང་རྗེ་སྔོན་དུ་འགྲོ་བ་ཡིན། །བདག་དང་ནད་པ་གདོན་དང་ནད། །ཐམས་ཅད་སྟོང་པར་ཤེས་བྱས་ལ། །ཕྱག་བྱབས་བྱ་ཞིང་སྟོང་ཉིད་བསྒོམ། །དེས་ཀྱང་ཞི་བར་མ་གྱུར་ན། །གཉན་སར་སྐྱབས་འགྲོ་སེམས་བསྐྱེད་བྱ། །ལན་གསུམ་ལོག་ལ་མཐའ་བྲལ་བསྒོམ། །མཎྜལ་བྱས་ལ་ཤིང་བུ་དང་། །རྡེའུ་བྱིན་རླབས་བྱས་པ་ལ། །སྟེང་གི་ལྷ་རྣམས་དམ་ལ་ཐོགས། །འོག་གི་ཀླུ་རྣམས་ཟིལ་གྱིས་གནོན། །ཀླུ་ལ་ལས་ནི་གང་བཅོལ་སྒྲུབ། །ལྷ་རྣམས་རང་ས་ནས་གྲོགས་བྱེད། །ཀླུ་རྣམས་མ་ལུས་བྲན་དུ་ཁོལ། །བླ་མ་ཡི་དམ་ཌཱ་ཀི་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་ལྟར་འཚོ། །ཐོགས་བཅས་བདུད་ལ་ཆོད་པ་ཡིས། །སྣང་བ་དགྲར་ནི་སྡང་མི་འགྱུར། །ཐོགས་མེད་དུས་ལས་ཆོད་པ་ཡིས། །གནོད་སྦྱིན་ཕོ་མོ་དམ་ལ་ཐོགས། །ཉོན་མོངས་དགྲ་ལས་རྒྱལ་བར་འགྱུར། །དེ་ལ་སོགས་པའི་ཕན་ཡོན་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །སྐྱེ་མེད་ཆིག་ཆོད་བཀོད་པའི་དགེ་བ་དེས། །འགྲོ་བ་ཀུན་གྱིས་ཚེ་རིང་ནད་མེད་ཡུམ་གྱི་དོན་རྟོགས་ཤོག །དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ཆེན་མོ་ཞེས་བྱ་བ་བྲམ་ཟེ་འཕགས་པ་ཨ་རྒྱ་དྷ་ཨརྱ་དེ་བས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོས་རང་འགྱུར་དུ་མཛད་པའོ། །མཁས་བཙུན་སངས་རྒྱས་ཀྱི་དྲུང་དུ་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་བདག་གིས་དཔལ་ལྡན་བསམ་སྡིངས་སུ་ཞུས་པའོ་དགེའོ།། །།
སྙན་བརྒྱུད་ཆེན་མོ།
༄༅། །སྙན་བརྒྱུད་ཆེན་མོ་བཞུགས་སོ། །
བདེ་བའི་འབྱུང་གནས་ཡིད་བཞིན་ནོར་བུའི་སྐུ། །དག་པའི་འོད་འཕྲོ་ཚངས་པའི་གསུང་དབྱངས་ལྡན། །མཉམ་ཉིད་མི་གཡོ་བྱམས་པའི་ཐུགས་མངའ་བའི། །འགྲོ་མགོན་བླ་མ་རྣམས་ལ་ཕྱག་འཚལ་ནས། །བཀའ་ཡི་དགོངས་པ་རྒྱ་མཚོ་ལྟ་བུ་ལས། །ལག་ལེན་སྙན་བརྒྱུད་མན་ངག་མདོ་ཙམ་དགོད། །སྤྱིར་ན་སློབ་དཔོན་མཚན་ཉིད་བརྒྱུད་པར་ལྡན། །བརྒྱུད་པ་མེད་ན་རང་བཟོའི་སྐྱོན། །སློབ་མའི་མཚན་ཉིད་དད་གུས་ལྡན། །དད་གུས་མེད་ན་སྐལ་ཆད་སྐྱོན། །གདམས་ངག་མཚན་ཉིད་བརྡ་དོན་ལྡན། །བརྡ་དོན་མེད་ན་ཐ་སྙད་སྐྱོན། །ཞེས་གསུངས་པས། དང་པོ་སློབ་དཔོན་གྱི་མཚན་ཉིད་ནི། རྟེན་གྱི་གང་ཟག་སོ་སོའི་སྐྱེ་བོའི་ས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། དེ་དང་པོ་ཁོ་ན་མཚོན་པར་བྱེད་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་གཅིག་དང་མཇལ་དགོས། དེ་ཡང་མཚན་ཉིད་ནི་བཞི་སྟེ། རང་ཐར་པ་དོན་དུ་གཉེར་ཞིང་འཇིག་རྟེན་པ་དང་བློ་མི་མཐུན་པ། གཞན་ཡང་ཐར་པ་ལ་འགོད་ཅིང་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བ། ཐུགས་རྗེ་ཆེན་པོས་གདུལ་བྱ་མི་འདོར་ཞིང་སེམས་ཅན་གྱི་འཁྲུལ་པ་ལ་བཟོད་པ་རྟོགས་པའི་མཆོག་ཏུ་གྱུར་པ་མངའ་ཞིང་གཞན་གྱི་ཉོན་མོངས་པ་ཟིལ་གྱིས་གནོན་ནུས་པའོ། །བཀའ་ལས་ཀྱང་། བདག་བྱང་ཆུབ་ལ་ནན་ཏན་བྱེད་པས། གཞན་ཡང་བྱང་ཆུབ་ལ་ནན་ཏན་བྱེད་དུ་འཇུག་པས་ཏེ། དེ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ་ཞེས་སོ། །
དེ་ཡང་བརྒྱུད་པ་མ་ནོར་བ་གཅིག་དང་ལྡན་དགོས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྩ་བའི་བླ་མ་ཡན་ཆོད་དུ། བརྒྱུད་པ་བར་མ་ཆད་པ་མ་ནོར་བ་གཅིག་དགོས། དེ་མེད་ན་རྟོགས་ལྡན་གྱི་གང་ཟག་ཐེ་ཚོམ་ཟ་བས་རང་བཟོ་དང་གཟུ་ལུམ་གྱི་སྐྱོན་ཡོད། བཀའ་ལས་ཀྱང་། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ནོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པས། དང་པོར་ཉན་བྱེད་ཀྱི་སློབ་མ་ཡིད་ཆེས་བསྐྱེད་པར་བྱ་བའི་ཕྱིར་བརྒྱུད་པ་བསྔོ་བ་ནི། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ་དེས། གདུལ་བྱ་ཁམས་གསུམ་གྱི་བསམ་པ་ལ་དགོངས་ནས་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། ཕལ་ཆེར་དྲང་དོན་ནམ་དགོངས་པ་ཅན་ཡིན་ཏེ། མདོ་སྡེ་ཉི་མའི་སྙིང་པོ་ལས། བྱིས་པ་བློ་གྲོས་དམན་པ་དག །ཟབ་མོའི་ཚུལ་གྱིས་སྐྲག་པ་ལ། །རིམ་གྱིས་འབྲིད་པར་བྱ་བའི་ཕྱིར། །ཕུང་པོ་ལ་སོགས་དངོས་རྣམས་བརྟེན། །དབུགས་དང་མི་གཙང་སྒོམ་པ་དང་། །བདེན་བཞི་ལ་སོགས་ལམ་གྱི་ཆོས། །ཐམས་ཅད་དྲང་བའི་དོན་དུ་གསུངས། །ཞེས་པས་ན་ཕལ་ཆེར་གདུལ་བྱ་དམན་པ་དྲང་བའི་དོན་དུ་རང་རང་གི་སྒོ་བསྟུན་ཏེ་གསུངས་ཏེ། དཔེར་ན་ཐང་ཆད་པའི་མི་ལམ་རིང་པོར་འགྲོ་བ་ལ་རྫུན་བྱས་ཏེ་ཁད་འདྲེན་པ་ལྟ་བུའོ། །ངེས་དོན་གྱི་བཀའ་དྲི་མ་མེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ནར་གསུངས་ཏེ། བཀའ་ལས་ཀྱང་། རབ་འབྱོར་འདི་ནི་ཁྱོད་ལ་ངེས་པའི་དོན་དུ་བཤད་པ་ཡིན་གྱི་དྲང་བའི་དོན་དུ་ནི་མ་ཡིན་ནོ་ཞེས་གསུངས་པས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཇི་ལྟ་བར་ལྡན་པའོ། །དེ་ཡང་ཇི་ལྟར་གསུངས་ན་གནས་བྱ་རྒོད་སྤུང་པོའི་རི་ལ། འཁོར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་བྱམས་པ་འཇམ་དཔལ་སྤྱན་རས་གཟིགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པའི་ཉན་ཐོས་གནས་བརྟན་ཆེན་པོ་ཤཱ་རིའི་བུ་དང་། རབ་འབྱོར་ལ་སོགས་པ་རྣམས་ལ། ཞལ་ནས་གསུངས་པས་བྱིན་གྱིས་བརླབས་པ་སྟེ། ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་མཐར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཡོངས་སུ་གཏད། བྱམས་པ་ལ་ལུང་བསྟན་རེ་རྗེས་སུ་གནང་བར་མཛད་དོ། །དེ་ནས་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་འཕགས་པ་སྡུད་པ་པོ་རྣམས་ཀྱིས་བཀའ་བསྡུས་ཏེ། འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གཞུང་ཚིག་དང་ཡི་གེ་ཚོགས་སུ་བཀོད་པ་སྲས་ཡུམ་བཅུ་བདུན་ལ་སོགས་པར་བྱོན་པའོ། །དེ་ནས་སངས་རྒྱས་ཀྱི་མདོ་དུ་མ་ནས་ལུང་བསྟན་པའི་སློབ་དཔོན་ཀླུ་སྒྲུབ་དང་། ཐོགས་མེད་དང་ག་ག་དྷ་ར་ལ་སོགས་པ་རྣམས་ཀྱི་བཀའི་རྗེས་སུ་འབྲངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ནན་ཏན་མཛད་ཅིང་ཐེ་ཚོམ་དང་སྒྲོ་འདོགས་ཐམས་ཅད་མགོན་པོ་བྱམས་པ་ལ་བཅད་དོ། །
སློབ་དཔོན་ཆེན་པོ་ག་ག་དྷ་རས་རྗེ་དམ་པ་རྒྱ་གར་ལ་བཤད། དམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཁོང་དུ་ཆུད། གཞན་ཡང་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་དགོངས་པ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟོགས་ཏེ། སློབ་དཔོན་ཆེན་པོ་འཛམ་བུའི་གླིང་གི་རྒྱན་པར་འགྱུར་རོ། །རྗེ་ནག་པོ་ཆེན་པོ་འཛམ་གླིང་ཡོངས་ཀྱི་རྒྱན་མཆོག་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་པ་སངས་རྒྱས་གཉིས་པ་དེས། གྲྭ་པ་མངོན་ཤེས་དང་། སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ལ་གདམས་པ་གནང་ཞིང་རྒྱུད་བྱིན་གྱིས་བརླབས། དེ་གཉིས་ཀ་ལ་མ་ཅིག་ལབ་ཀྱི་སྒྲོན་མས་ཞུས་ཏེ། མ་ཅིག་འདི་ཡི་ལོ་རྒྱུས་ནི། དང་པོ་སྐུ་འཁྲུངས་ས་ཨེ་གངས་པ་སྒོས་ལབ་ལུང་པ། གདུང་ཁྱེར་གད། སྐུ་བྱད་མཚར་བས་སྒྲོན་མའོ། །དེ་ནས་དང་པོ་ཨེ་ཆུང་ཐོད་པའི་མི་རིགས་ལ་ཁྱིམ་ཐབ་ལ་བྱོན། སྲས་གཅིག་འཁྲུངས། དེ་ནས་ཁྱོ་ཤི་ནས་མི་ཆོས་ཀྱི་ཞེན་པ་ལོག་སྟེ། མི་ནོར་ཐམས་ཅད་བོར་ནས་གྲྭ་པ་མངོན་ཤེས་དང་། སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ལ་གདམས་ངག་ཞུས། དེ་ནས་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱི་སྲས་སྐྱེ་ཆུང་བསོད་ནམས་བླ་མ་རི་ཁྲོད་པ་དེ་ལ་སྔགས་ཀྱི་དབང་བསྐུར་ཞུས་ནས་རི་ཁྲོད་དང་གཉན་ས་འགྲིམ་ཞིང་། བདག་གཞན་གྱི་འཁྲུལ་པ་བཅད་གཅོད་མཛད་དོ། །མཁའ་འགྲོ་མ་དེས་སྲས་ཐོད་པ་དོན་གྲུབ་དང་སངས་རྒྱས་གཉན་ཆུང་པའི་རྒྱུད་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བའོ། །རྗེ་བཙུན་གཉན་གྱིས་ཉེ་གནས་པ་གསེར་ཁུང་ལ་གནང་། བླ་མ་གསེར་ཁུང་པས་རྗེ་བཙུན་ཐོད་པ་དོན་གྲུབ་ཀྱི་དབོན་པོ་ཐོད་པ་བསམ་གྲུབ་ལ་ཡང་ཐིག་གསུངས། གསེར་ཁུང་པས་རིན་པོ་ཆེ་ལྕེ་སྒོམ་ལ། དེས་རོང་པ་ལྷ་སྟོན་ལ་དེས་སྲས་པོ་ལ།
ཡང་རྗེ་བཙུན་གང་པ་ནི། གོང་གི་བརྒྱུད་པ་ལ་མ་ཅིག་འདེད་དེ། མ་ཅིག་དེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་རིགས་ཀྱི་སྤྲུལ་པ་ཡིན་ཏེ། སྙིགས་མའི་དུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཕྱོགས་སུ་རྒྱས་པར་དར་ཀྱང་བཀའི་དགོངས་པ་ཟབ་ཅིང་རྟོགས་པར་དཀའ་བར་དགོངས་ནས། གདུལ་བྱ་དབང་པོ་རྣོན་པོ་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ངོ་སྤྲད་དེ། འཁྲུལ་པ་ལ་རྩད་གཅོད་བྱ་བའི་ཕྱིར་ཐ་མལ་གྱི་བུད་མེད་དུ་སྤྲུལ་ཏེ། དེ་ཡང་མ་མཁའ་འགྲོ་མ་གདུལ་བྱ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་གྲྭ་པ་མངོན་ཤེས་ཀྱི་བླ་མཆོད་མཛད་ནས། ཕ་རོལ་ཏུ་ཕྱིན་པའི་གསུང་བསྒྲགས་པས་རྒྱུད་གྲོལ་བའི་ཚུལ་བསྟན་ནས་བཀའི་དོན་ཐོག་མ་ནས་ལག་ལེན་འདི་མཛད་པས་ཆོས་སྲོལ་འདི་བྱུང་བ་ཡིན་གསུངས་སོ། །རྗེ་བཙུན་གཉན་ནི་དམ་པའི་བརྒྱུད་པའི་སྟེང་དུ་ཕ་རོལ་ཏུ་ཕྱིན་པའི་གསུང་བསྒྲགས་པས་རྒྱུད་གྲོལ་ཏེ། གོང་གི་གདམས་ངག་བཀའི་ལག་ལེན་དུ་མཛད་པ་ཡིན་གསུངས། སྤྱིར་རྒྱ་གར་ན་ཡང་ཆོས་འདིའི་ལག་ལེན་མེད་པར་དུར་ཁྲོད་དུ་རྒྱུ་མི་ནུས་གསུངས་སོ། །དེ་ཡན་ཆད་ཀྱིས་སྐལ་ལྡན་ངེས་ཤེས་བསྐྱེད་པ་སློབ་དཔོན་མཚན་ཉིད་ཟུར་ཙམ་བཤད་པའོ། །ཡུམ་ཆེན་མོ་ཐུབ་པ་བྱམས་པ་ཐོགས་མེད་གྷ་གྷ་དྷ་ར་དམ་པ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་སྐྱོ་ཆུང་བསོད་ནམས་བླ་མ་མ་ཅིག་ཐོད་པ་དོན་གྲུབ། རྗེ་བཙུན་གཉན་དམ་པ་གསེར་ཁུང་པ་ལྕེ་སྒོམ་ཞིག་པོ། ལྷ་བཙུན་སྐུ་མཆེད་ཡེ་ཤེས་རྡོ་རྗེ། བླ་མ་འཇམ་དབྱངས་བླ་མ་ཤཱཀྱ་སེང་གེ་ལ་བདག་གིས་ཞུས་པའོ། །
ད་ནི་གཉིས་པ་སློབ་མའི་མཚན་ཉིད་ནི། ཆོས་འདིའི་སྒོ་རུ་འཇུག་པར་འདོད་པའི་རྟེན་གྱི་གང་ཟག་ནི། མཚན་ཉིད་དང་ལྡན་དགོས་ཏེ། ཚེ་འདི་བློ་ཡིས་བཏང་ལ་ཐར་པ་བྱང་ཆུབ་འཚོལ་བའི་གདམས་པ་དང་མ་བྲལ་བ། བླ་མ་ལ་སངས་རྒྱས་སུ་མཐོང་བས་ཉིན་དང་མཚན་དུ་གདུང་བ་རྒྱུན་མི་ཆད། གདམས་ངག་ལ་ཡིད་ཆེས་པས་ཐེག་པ་གཞན་ལ་བློ་དཀྲི་རུ་མི་ཚུགས་པ། གནས་ལ་ཞེན་པ་ལོག་པས་རི་ཁྲོད་དམ་དབེན་པ་བརྟེན་པ། གྲོགས་ལ་འཁྲི་བ་ཆོད་པས་རང་གཅིག་པུར་གནས་པའོ། །དེ་ཡང་གླང་པོ་ཆེ་ཆུ་རུ་འཇུག་པ་ལྟར། ལམ་ལ་ཐེ་ཚོམ་མེད་པར་འཇུག་པ་ཞིག་ལ་དད་གུས་དང་ལྡན་པ་ཞེས་བྱའོ། །བཀའ་ལས་ཀྱང་། དགའ་དང་གུས་དང་དད་པའི་མཆོག་ནི་ཉེར་བཞག་སྟེ་ཞེས་པ་ལ་སོགས་པ་གསུངས་པས་ན། མཚན་ཉིད་དེ་དག་དང་མི་ལྡན་ན། སྐལ་ཆད་ཀྱི་སྐྱོན་ཡིན་པས་འཇུག་སྒོ་སྐྱབས་སུ་འགྲོ་བ་ཙམ་བསྟན་ལ། ཟབ་མོ་ལག་ལེན་གསང་བར་བྱའོ། །
གསུམ་པ་གདམས་ངག་གི་མཚན་ཉིད་ནི། སློབ་དཔོན་མཚན་ཉིད་དང་ལྡན་ཞིང་བརྒྱུད་པ་མ་ནོར་བ་གཅིག་གིས་སློབ་མ་དད་གུས་དང་ལྡན་པ་དེ་ལ། བཀའི་གཞུང་བསྟན་པ་ཙམ་གྱིས་མི་གྲོལ་བས་བླ་མའི་སྙན་བརྒྱུད་ཀྱི་ལག་ལེན་གྱིས་བརྡ་དོན་སྤྲད་དགོས། དེ་ཡང་བརྡ་ནི་ཚིག་དང་ཡི་གེའི་ཚོགས་ཡིན་པས་དེ་བླ་མའི་སྙན་བརྒྱུད་ཀྱི་ངོ་སྤྲད་པས་སློབ་མའི་དོན་གྱི་མཚང་གོ་སྟེ། སངས་རྒྱས་ཀྱི་དགོངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བསམ་བརྗོད་དུ་མེད་པར་རྟོགས་པས་ཚིག་དང་ཡི་གེ་ལས་གྲོལ་བ་དེ་དོན་ཡིན་ནོ། །བཀའ་ལས་ཀྱང་། ཡང་དག་དོན་ལ་ཡི་གེ་མེད། །ཆོས་རྣམས་བརྡ་ཡིས་རྟོགས་པར་བྱེད། །ཅེས་སོ། །དེས་ན་བརྡ་བརྒྱུད་འབྱོར་པ་བརྡ་དོན་ལྡན་ཞེས་བྱའོ། །དེ་བས་ན་ཚིག་དང་ཡི་གེ་ཙམ་བརྟེན་ཅིང་། གོ་བ་རྒྱུད་ལ་སྐྱེ་ངེས་མེད་པས་ཐ་སྙད་ཀྱི་སྐྱོན་ཡོད་པས་བླ་མ་དམ་པའི་སྙན་བརྒྱུད་ཀྱི་ལག་ལེན་ལ་ནན་ཏན་དུ་བྱའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ། བཀའི་ངོ་སྤྲོད་པར་བྱེད་པ་བླ་མའི་སྙན་བརྒྱུད་ཀྱི་གདམས་པ་འདི་ལ་མཚན་ཇི་ལྟར་གདགས་ན། མ་མཁའ་འགྲོ་མའི་ཞལ་ནས། འདི་ནི་བདུད་རང་གྲོལ་གྱི་གདམས་ངག་གསལ་ལ་འཛིན་མེད་ཀྱི་དགོངས་པ་སྐྱེ་མེད་ཆིག་ཆོད་དུ་ཉམས་སུ་བླངས། ཚེ་གཅིག་ལུས་གཅིག་གི་སངས་རྒྱ་བའི་གདམས་ངག་བདུད་ཀྱི་གཅོད་ཅེས་བཏགས་པས་ཆོག་གསུངས་སོ། །དེ་ལྟ་བུའི་གདམས་པ་འདི་ལ། སྤྱི་དོན་གཉིས་ཏེ། འཇུག་སྒོ་སྔོན་དུ་འགྲོ་བ་ལྷ་མིའི་ལམ་ལ་སློབ་པ་དང་། དངོས་གཞི་ཐར་བ་བྱང་ཆུབ་ཀྱི་ལམ་ལ་སློབ་པའོ། །རྗེ་བཙུན་གང་པ་ནི། དད་པ་ཅན་གཡང་ལ་མི་བསྐྱུར་བ། ཤེས་རབ་ཅན་སྒྲོག་ཏུ་མི་གཞུག་པ་ཞེས་བྱ་བར་ཡང་གསུངས་སོ། །དང་པོ་འཇུག་སྒོ་སྔོན་དུ་འགྲོ་བ་ལྷ་མིའི་ལམ་ལ་སློབ་པ་དད་པ་ཅན་གཡང་ལ་མི་བསྐྱུར་བའི་གདམས་ངག་ནི། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དེ་ཡང་སོ་སོར་ཐར་པ་རིགས་བརྒྱད་དང་། བྱང་ཆུབ་སེམས་དཔའི་སྨོན་འཇུག་གཉིས་དང་། གསང་སྔགས་ཀྱི་སྨིན་གྲོལ་གཉིས་ལ་སོགས་པ་ཐར་པའི་ལམ་ཐམས་ཅད་ཀྱི་སྔོན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས། དེ་ལྟར་མ་བྱས་ན་སྡོམ་པ་གསུམ་དུ་ཁས་བླངས་ཀྱང་། ངོ་བོ་ལ་སྡོམ་པ་གསུམ་པོ་གང་ཡང་མི་ལྡན་ཏེ། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་སོ། །དེས་ན་ཐར་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག་སངས་རྒྱས་ཀྱི་དགོངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པར་འདོད་པས། དང་པོར་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྒོར་འཇུག་དགོས་པས་ན་འཇུག་སྒོ་སྔོན་དུ་འགྲོ་བ་ཞེས་བྱ།
དེ་ལྟར་འཇུག་སྒོ་སྐྱབས་འགྲོའི་སྒོར་ཞུགས་ཤིང་བསླབས་པས་སྡོམ་པ་གསུམ་ཁས་བླངས་ཀྱང་ངོ་བོ་ལ་སྡོམ་པ་གསུམ་དང་མི་འགལ་ཞིང་དེའི་ཆ་དང་མཐུན་ཏེ། གནས་སྐབས་ལྷ་མིའི་ཕུན་སུམ་ཚོགས་པའི་གོ་འཕང་ཐོབ་ལ། མཐར་ཐུག་སངས་རྒྱས་ཐོབ་པའི་རྒྱུ་རུ་གྱུར་ཏེ། མདོ་ལས། གང་ལ་སྐྱབས་སུ་འགྲོ་བ་དེ་ནི་ངན་འགྲོར་མི་འགྲོ་སྟེ། ལྷའི་ལུས་ནི་སྤངས་ནས་ཀྱང་ལྷ་ཡི་ལུས་སུ་སྐྱེ་བར་འགྱུར་ཞེས་པས་ན་ལྷ་མིའི་ལམ་ཞེས་བྱའོ། །དེ་ལ་སློབ་པ་ལ་དོན་གསུམ་སྟེ། སྔོན་དུ་འཁོར་བའི་ཉེས་དམིགས་རྟོགས་ཤིང་སྐྱབས་གནས་ཀྱི་ཡོན་ཏན་དྲན་པའི་སྒོ་ནས་ལྷ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། དེའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལ་དགོངས་ཤིང་ལུས་ངག་ཡིད་གསུམ་ཡང་དང་ཡང་དུ་སྐྱབས་སུ་འགྲོ་ཞིང་མི་འབྲལ་བ་ལ་སློབ་པ་དང་། དེ་ཡང་རང་ངམ་གཞན་འགའི་དོན་དུ་མ་ཡིན་ཏེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་སུ་འགྲོ་བའོ། །དང་པོ་ལ་གསུམ་སྟེ། རང་དོན་དུ་འཁོར་བའི་ཉེས་དམིགས་རྟོགས་པར་བྱ་བ་དང་། དེ་ལས་སྐྱོབ་པའི་སྐྱབས་གནས་ཀྱི་ཡོན་ཏན་དྲན་པར་བྱ་བ་དང་། སྐྱོབ་པའི་ནུས་པ་དང་ལྡན་པ་དེ་ལ་སྐྱབས་སུ་འགྲོ་བ་དངོས་སོ། །དང་པོ་འཁོར་བའི་ཉེས་དམིགས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །
དེ་ཡང་དང་པོ་འཁོར་བའི་ཉེས་པའམ་སྡུག་བསྔལ་དེ་དག་རིག་ཅིང་རྟོགས་པའི་སྒོ་ནས་ཡང་དང་ཡང་དུ་བསམས་པས་འཁོར་བ་འདི་ལ་སྐྱུག་བྲོ་ཏིང་གིས་སོང་། འཇིགས་ཆུམ་གྱིས་སོང་སྟེ། དཔེར་ན་ཚལ་ཚིག་པའི་བྱའམ། མཚོ་འཁྱགས་པའི་ངང་པ་བཞིན། འཁོར་བ་འདི་ལ་སྡོད་ས་མེད་ལ། སྡོད་དབང་མེད་ཅིང་བསྡད་ཐིས་མེད་པས་ད་འདི་ནས་ཐར་ན་ཅི་མ་རུང་སྙམ་པའི་བློ་དུངས་དུངས་པ་ཞིག་སྐྱེས་པ་དང་། འཁོར་བའི་འཇིགས་པ་མཐའ་དག་ལས་སྐྱོབ་ནུས་པའི་སྐྱབས་གནས་གཅིག་འཚོལ་བའི་བློ་དུངས་པ་ཞིག་སྐྱེས་པ་དང་། ཚེ་འདི་ལྷུར་ལེན་ཕྱི་མ་ལྟ་ཟེར་རྫུན། །འཇིགས་པ་མེད་པར་སྐྱབས་སུ་འགྲོ་ཟེར་རྫུན། །ཞེས་པས། དཔེར་ན་འཇིགས་པ་དྲན་པས་སྐྱེལ་མ་འཚོལ་བ་ལྟ་བུའོ། །སྐྱབས་གནས་ལྷ་དཀོན་མཆོག་གསུམ་མིན་པ་འཇིག་རྟེན་པ་གཞན་གྱིས་སྐྱོབ་མི་ནུས། སྤྱིར་སྐྱབས་གནས་ཀྱི་མཚན་ཉིད་ནི་རང་འཇིགས་པ་དང་བྲལ་བ། གཞན་སྐྱོབ་པའི་ནུས་པ་དང་ལྡན་པའོ། །དེ་ལྷ་དཀོན་མཆོག་གསུམ་ལ་ཚང་བར་ཤེས་པས་སྐྱབས་གནས་ལ་དམ་པར་འཛིན་པ་གཅིག་ཡོང་། དེ་ཡང་ལོང་ཡོད་དུ་གོ་ལོ་སོས་དལ་བྱ་ལོང་མེད་པས་དུས་གློ་བུར་བ་གཅིག་གིས་མ་སླེབ་པའི་གོང་ནས་ལེ་ལོ་དང་སྙོམས་ལས་སྤངས་ཏེ། དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ལ། དུས་དེ་རིང་ཉིད་ནས་སྐྱབས་སུ་འགྲོ་བར་བྱའོ། །གཉིས་པ་སྐྱབས་གནས་ཀྱི་ཡོན་ཏན་དྲན་པར་བྱ་བ་ནི། སྤྱིར་དཀོན་མཆོག་གསུམ་གྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་གི་ཡོན་ཏན་ཡང་བརྗོད་ཀྱིས་མི་ལང་། དེའི་ཞལ་ནས་གསུངས་པའི་ཆོས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ། ཆོས་ཉམས་སུ་ལེན་མཁན་གྱི་དགེ་འདུན་གྱི་ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ། ཇི་ལྟར་ནམ་མཁའ་འདོམ་གྱིས་ཚད་བཟུང་མེད་པ་ལྟར། །དཀོན་མཆོག་གསུམ་གྱི་ཡོན་ཏན་ཚད་བཟུང་མེད། །ཅེས་སོ། །
གསུམ་པ་དེ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པ་དེ་ལ་སྐྱབས་སུ་འགྲོ་བ་དངོས་ལ་གཉིས་ཏེ། ལུང་བླང་པ་དང་སྦྱང་བའོ། །ལུང་བླང་པ་ནི་བླ་མ་ལས་ཤེས་པར་བྱའོ། །སྦྱང་པ་ནི་ལུང་ཐོབ་ནས་རྟག་ཏུ་ལྷ་དང་བླ་མ་དྲན་པས་སྐྱབས་སུ་འགྲོ་བའི་ཆོ་ག་དང་བཅས་པ་ནར་མར་བརྗོད་པར་བྱའོ། །གཉིས་པ་དེའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལ་དགོངས་ཤིང་། ལུས་ངག་ཡིད་གསུམ་ཡང་དང་ཡང་དུ་སྐྱབས་སུ་འགྲོ་ཞིང་། མི་འབྲལ་བར་སློབ་པ་ལ་གཉིས་ཏེ། དང་པོ་ཕན་ཡོན་དྲན་པར་བྱ་བ་ནི། དེ་ལྟར་སྐྱབས་སུ་ཕྱིན་པ་ལ་ཕན་ཡོན་རང་ཇི་ཙམ་ཡོད་སྙམ་ན། སྤྱིར་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་སྟེ། གུས་པའི་སྒོ་ནས་སྐྱབས་སུ་མཆིའོ་ཞེས་ངག་ཏུ་ལན་གཅིག་བརྗོད་པའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་སྟེ། མདོ་ལས། སྐྱབས་སོང་བསོད་ནམས་འདི་ལ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང་། །ཞེས་གསུངས་སོ། །མདོར་བསྡུ་ན་གཉིས་ཏེ། སྡིག་པ་ཐམས་ཅད་མྱུར་དུ་བྱང་ཞིང་། ལམ་གྱི་མི་མཐུན་པ་ཞི་བ་དང་། ཚོགས་ཐམས་ཅད་མྱུར་དུ་རྫོགས་ཤིང་ཟབ་མོའི་དོན་མྱུར་དུ་རྒྱུད་ལ་སྐྱེ་བའོ། །
གཉིས་པ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོ་བ་ནི། དེ་ལྟར་ཕན་ཡོན་ཆེན་པོ་ལ་དགོངས་ཤིང་། ལུས་ཀྱི་སྒོ་ནས་ཕྱག་དང་སྐོར་བ་མཆོད་པ་དང་བསྙེན་བཀུར་དང་། ལྡང་བ་དང་འདུད་པ་ལ་སོགས་པ་དགེ་བ་ལ་འབད་པ་ནི། ལུས་ཀྱི་སྐྱབས་འགྲོའོ། །ངག་གི་སྒོ་ནས་མཚན་བརྗོད་ཅིང་སྐྱབས་སུ་འགྲོ་བ་དང་། བསྟོད་པའི་སྙིང་པོ་ཁ་འདོན་ཀློག་ལ་སོགས་པ་གང་གི་སྒོ་ནས་དགེ་བ་ལ་འབད་པ་ནི་ངག་གི་སྐྱབས་སུ་འགྲོ་བའོ། །ཡིད་ཀྱི་སྒོ་ནས་མོས་པ་དད་པ་གུས་པ་གདུང་བ་འདུན་པ་ལ་སོགས་པ་ཡིད་ཀྱི་སྒོ་ནས་དགེ་བ་ལ་འབད་པ་ནི། ཡིད་ཀྱི་སྐྱབས་སུ་འགྲོ་བའོ། །བཀའ་ལས་ཀྱང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན་ཞེས་སོ། །དེ་ཡང་ལུས་ངག་ཡིད་གསུམ་ཀའི་སྒོ་ནས་དགེ་བ་ལ་འབད་པ་ཙམ་གྱིས་མི་ཆོག་སྟེ། མི་དགེ་བཅུ་ཤུགས་ཀྱིས་སྤང་དགོས། དཔེར་ན་རྒྱལ་པོ་གང་ལ་བསྟེན་པ་དེའི་བྱ་བ་བྱེད་ཅིང་། ཁྲིམས་སུ་བྱ་བ་རྣམས་བསྲུང་དགོས། དེ་ལྟར་མ་བྱས་ན་སླར་རྒྱལ་པོས་རང་ལ་ཆད་པ་འོང་། དེ་བཞིན་དུ་ལྷ་དཀོན་མཆོག་ལ་སྐྱབས་སུ་ཕྱིན་ཕན་ཆད་དུ། དེའི་ལས་སུ་བྱ་བ་ནི་དགེ་བ་བཅུ་པོ་ཡིན་ལ། ཁྲིམས་སུ་བྱ་བ་ནི་མི་དགེ་བ་བཅུ་པོ་ཕྲ་ཞིང་ཕྲ་བ་ཚུན་ཆད་བསྲུང་དགོས། དེ་ལྟར་མ་བྱས་ན་དཀོན་མཆོག་གསུམ་ལ་བསྟེན་ནས་སླར་ངན་སོང་དུ་ལྟུང་བའོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི། བུ་གཅིག་པོ་ལ་མ་བྱམས་པ་ལྟ་བུའི་ཐུགས་བརྩེ་མངའ་བས་སེམས་ཅན་བརྟེན་པའི་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤང་ཞིང་། གཞན་དོན་གྱི་བརྩེ་བའི་ལས་དགེ་བ་ལ་འབད་པར་བྱ། སེམས་ཅན་མགུ་བྱ་མ་གཏོགས་པའི། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་སོ། །དེས་ན་སེམས་ཅན་གྱི་དོན་བྱ་བ་མ་གཏོགས་པ་སྒོས་སུ་ལྷ་ལ་མཆོད་པ་བྱ་མི་དགོས། སེམས་ཅན་བློས་བཏང་ན་ལྷ་ལ་པུ་ཙ་ལ་སོགས་པ་བྱས་ཀྱང་མི་ཕན། དེས་ན་སེམས་ཅན་གྱི་དོན་བྱས་པས་རང་སྐྱབས་འོག་དམ་པར་ཚུད་ཅིང་། བདེན་པའི་བྱིན་རླབས་ཀྱིས་སེམས་ཅན་གཞན་གྱི་སྐྱབས་གནས་ཀྱང་བྱར་བཏུབ་བོ། །གཞན་ཡང་མི་མཐུན་པ་ན་ཚ་ལ་སོགས་པ་ཅི་བྱུང་ཡང་། ལྷ་དཀོན་མཆོག་གསུམ་ལ་རང་སྐྱབས་སུ་འགྲོ་ཞིང་མི་འབྲལ་བ་ལ་བསླབས་པར་བྱས་ཏེ། བློ་ལིངས་ཀྱིས་བཀལ་ལ་ཐབས་གཞན་མི་བཙལ། སྐྱབས་གཞན་དུ་མི་གཞོལ་བར་ཤི་རུང་མ་ཤི་རུང་ལྷ་ཁྱེད་མཁྱེན་སྙམ་པས་བླ་མ་དང་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། བཀའ་ཕར་ཕྱིན་བསྒྲགས། ཆོས་སྐྱོང་འབྱུང་པོ་ལ་གཏོར་མ་བཏང་། རེ་དོགས་ཀྱི་མཐའ་སྤང་བར་བྱའོ། །
གསུམ་པ་རང་ངམ་གཞན་འགའི་དོན་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་སུ་འགྲོ་བ་ནི། རང་གཅིག་པུའི་དོན་བྱེད་དམ་རང་གི་ཉེ་འཁོར་ཙམ་གྱི་དོན་མ་ཡིན་ཏེ། ནུས་པ་ཆུང་གཞན་ཕན་གཙོ། དེ་ཕྱིར་མཁས་པས་དེ་བཏང་ཞེས་གསུངས་པས། སྒོ་གསུམ་གྱི་དགེ་བ་ཅི་བྱེད་ཐམས་ཅད་ལ་རང་འདོད་ཀྱི་འཁྲི་བ་མེད་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། ཡོངས་སུ་བསྔོ་ཞིང་དམིགས་པ་དང་མཚན་མའི་འདུ་ཤེས་སྤང་པ་ནི། ཐེག་པ་ཆེན་པོའི་རིགས་ཡིན། བྱང་ཆུབ་སེམས་དཔའི་བྱ་བའི་ཆ་ཡིན། མགོན་པོ་བྱམས་པའི་ཞལ་ནས་ཀྱང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་གསུངས་སོ། །དེ་བས་སྒོ་གསུམ་གྱི་དགེ་བ་ཅི་བྱེད་ཀྱང་། སྦྱོར་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པར་བྱའོ། །དངོས་གཞི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པས་བསྒྲུབ། རྗེས་འཁོར་གསུམ་ཡོངས་སུ་དག་པ་མི་དམིགས་པའི་རྒྱས་གདབ་པར་བྱའོ། །དེ་ལྟར་འཇུག་སྒོ་སྐྱབས་འགྲོའི་སྒོར་མ་ཞུགས་ཀྱང་། སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱི་རང་བཞིན་ཅན་ཡིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཅིག་རྟོགས་སུ་བཏུབ་མིན་ནམ་ཞེ་ན། གང་ཟག་དབང་པོ་ཡང་རབ་སྔོན་སྦྱང་པའི་ལས་འཕྲོ་སད་པ་མ་ཡིན་པ་རྣམས་ལ། སྔོན་དུ་ཚོགས་མ་རྫོགས་སྒྲིབ་པ་མ་སྦྱང་པར་ཆོས་ཉིད་ཀྱི་དོན་མི་རྟོགས་ཏེ། བཀའ་ལས་ཀྱང་། གང་དག་ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་པ་དང་། རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར་ཞེས་གསུངས་པས་སྔོན་དུ་བསགས་སྦྱང་གལ་ཆེ། དཔེར་ན་རྡོ་ལ་རིན་པོ་ཆེས་ཁྱབ། ཉུངས་དཀར་ལ་མར་ཁུས་ཁྱབ་ཀྱང་། རྐྱེན་རྩོལ་བ་ལ་མ་བརྟེན་པ་དང་། རྩོལ་བ་མ་རྫོགས་པ་ལས་རིན་པོ་ཆེ་དང་མར་ཁུ་མི་འབྱུང་། དེ་བཞིན་དུ་དངོས་པོའི་གནས་ལུགས་རྟོགས་པར་བྱེད་པ་ལ། སྤང་བྱ་མ་ལུས་པར་སྤང་ཞིང་། འཐོབ་བྱ་མཐའ་དག་ཐོབ་དགོས་པས་དེ་ཉིད་རྐྱེན་གྱི་རྩོལ་བ་ལ་རག་ལས་པས་ལུས་ངག་ཡིད་གསུམ་བརྩོན་འགྲུས་ཀྱི་གོ་ཆ་གོན་ལ། དོན་ཆེན་པོ་དང་ལྡན་པར་བྱའོ། །དེ་ཡན་ཆད་ཀྱི་ལས་དང་པོའི་འཇུག་སྒོ་སྔོན་དུ་འགྲོ་བ་ལྷ་མིའི་ལས་ལམ་ལ་བསླབ་པའོ། །དེ་ཉིད་ལ་དད་པ་ཅན་གཡང་ལ་མི་བསྐྱུར་བ་ཞེས་བྱའོ། །
ད་ནི་ལས་འཕྲོ་ཅན་དངོས་གཞི་ཐར་པ་བྱང་ཆུབ་ཀྱི་ལམ་ལ་བསླབ་པ་ནི། ཤེས་རབ་ཅན་སྒྲོག་ཏུ་མི་གཞུག་པའི་གདམས་ངག་དེ་ལྟར་སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཐུན་མོང་བ་དེ་དག་ལ་བསླབས་ཀྱང་། རེ་དོགས་དང་དགག་སྒྲུབ་ལ་སོགས་པ་གཉིས་སྣང་གི་བློ་མ་འདས། བློ་རྣམ་རྟོག་ཡིན་རྣམ་རྟོག་ལ་གཉིས་ལས་བཟང་རྟོག་ཡིན། དེ་རྒྱུད་ལ་གོམས་པ་བག་ཆགས་ཡིན། དེ་ཉིད་ལྷ་མིའི་རྒྱུ་ཡིན། ལྷ་མི་འཁོར་བ་ཡིན། འཁོར་བ་རྩད་ནས་བཅད་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ། ལམ་ཐུན་མོང་མ་ཡིན་པ། དངོས་གཞི་ཐར་པ་བྱང་ཆུབ་ཀྱི་ལམ་ལ་བསླབ་དགོས། དེ་ཡང་ཆོས་ཐམས་ཅད་ཀྱི་རྒྱུ། ལམ་མཐར་ཐུག་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་རྒྱུ་རྐྱེན་གང་ལ་ཡང་རག་མ་ལས་ཏེ། སེམས་ཐམས་ཅད་ལ་རང་ལ་རང་ཆས་སུ་གནས་པ། དེ་ཁོ་ན་ཉིད་ལམ་དུ་བྱས་ཏེ། སེམས་ཀྱི་སེམས་ལམ་དུ་བྱེད་པ་ནི་ཐུན་མོང་མ་ཡིན་པའི་ལམ་ཞེས་བྱ། ལམ་གྱི་དངོས་གཞི་ཞེས་བྱ་བ། དེ་ལྟར་ལམ་དུ་བྱས་པས་དངོས་པོ་དང་མཚན་མར་འཛིན་པའི་རྒྱ་ལས་ཐར་ནས། ཅི་བྱས་བྱང་ཆུབ་ལམ་འབའ་ཞིག་ཏུ་གྱུར་བས་ན། ཐར་པ་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །
དེ་ལ་བསླབ་པར་བྱ་བ་ལ་དོན་གསུམ་སྟེ། འཇོག་སོ་འཁྱེར་སོ་དགོས་པའོ། །དེ་ཡང་གདམས་ངག་འདི་ནི། སྔགས་ཀྱི་དབང་དུ་བྱས་ན་དབང་བཞི་སྤྱིའི་ལམ་ཡིན་ཏེ། རྒྱ་གར་ན་ཕ་རྒྱུད་མ་རྒྱུད་པས་ཀྱང་ཆོས་འདི་གཉན་པར་བྱེད་པས་གང་ཟག་སྣོད་དང་མི་ལྡན་པ་ལ་བཤད་ན། དཔོན་སློབ་གཉིས་ཀ་ལ་བར་ཆད་འབྱུང་བས་སྔོན་དུ་གང་སྣོད་དུ་རུང་བར་བྱ་བའི་ཕྱིར་ཚར་གསུམ་ཁུག་པ་དབང་གི་གདམས་ངག་གདབ་པར་བྱའོ། །ལག་ལེན་གཞན་དུ་ཤེས་པར་བྱའོ། །དབང་དང་གདམས་ངག་འདེབས་པའི་དུས་ན་གནས་རི་ཁྲོད་དུ་འདེབས་ཤིང་། གང་ཟག་གཅིག་ལས་མི་བཤད་པར་བྱའོ། །དེ་ནས་དང་པོ་འཇོག་སོ་ལ་བསླབ་པར་བྱ་བ་ལ་གཉིས་ཏེ། དབང་པོ་རབ་གནས་ལུགས་ཀྱི་སྤྱི་འཇོག་ལ་བསླབ་པར་བྱ་བ་དང་། དབང་པོ་འབྲིང་དང་ཐ་མས་ཐམས་ཅད་ཁྱད་པར་ཅན་གྱི་སྒོ་ནས་ཡེ་ཤེས་ངོས་བཟུང་བའོ། །རབ་གནས་ལུགས་སྤྱི་འཇོག་པ་ལ་བསླབ་པ་ནི། སྔོན་དུ་ཞེན་པ་གསུམ་ལས་བཟློགས་ཏེ། དང་པོ་སྡིག་པ་བར་དུ་དགེ་བ་ཐ་མ་ཀུན་ལས་བཟློག་པར་བྱ།
དང་པོ་སྡིག་པ་ལས་བཟློག་པར་བྱ་བ་ནི། ཚེ་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆོད་ཀྱི་སྡིག་པ་མི་དགེ་བ་ཅི་བསགས་པ་ཐམས་ཅད་བླ་མའི་མདུན་དུ་བཤགས་ཤིང་། ཕྱིན་ཆད་ཀྱང་བསྡམ་པར་བྱའོ། །བར་དུ་དགེ་བ་ལས་བཟློག་པར་བྱ་བ་ནི། སྔར་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་བློས་བླངས་ལ་དྲིན་ཅན་གྱི་བླ་མ་ལ་དབུལ་བར་བྱའོ། །ད་ཕྱིན་ཆད་ཀྱི་དགེ་བ་ཅི་དང་ཅི་བྱེད་པ་ལ་རེ་བའམ་ཞེན་པ་ལས་བཟློག་པར་བྱའོ། །ཐ་མ་ཀུན་ལས་བཟློག་པར་བྱའོ། །ཐ་མ་ཀུན་ལས་བཟློག་པར་བྱ་ཞེས་པ་ནི། སྔར་ཡན་ཆད་ཀྱི་དགེ་སྡིག་གི་ལས་ཐམས་ཅད་རྗེས་མེད་རྩ་བྲལ་ཤེས་པར་བྱས་ལ། དགེ་སྡིག་མཚན་མར་འཛིན་པ་ལས་བཟློག་པར་བྱའོ། །དེ་ལྟར་ཞེན་པ་གསུམ་ལས་བཟློགས་ནས་ལུས་རྣམ་སྣང་གི་ཆོས་བདུན་གྱི་གནད་ལ་ཕབ་སྟེ། སེམས་ཀྱི་དོན་དྲུག་ཏུ་བཞག་པ་ནི། མ་ལུས་སེམས་བཅོས་པ། མ་བློ་ཡིས་བསླད་པ། མ་འདུ་ཤེས་ཀྱིས་རྟོག་པ་བསྒྱུར་བ། བཟང་པོར་མ་བཅོས་སོ་མ་གཅིག་པུ་གཉུག་མ། དོན་བློའི་ཡུལ་ལས་འདས་པའོ། །མ་བཅོས་པར་བཞག་པ་ནི། ཐ་མལ་གྱི་ཤེས་པ་ཡེངས་མེད་ལ་བཅོས་བསླད་ཀྱི་དྲི་མས་མ་གོས་པས་ལུས་གཞི་ས་ལ་ཤིགས་ཀྱིས་བཤིག །རྩ་གཞི་དང་ཉྭ་བཞི་ལྷོད་ཀྱིས་གློད། ཤེས་པ་རྟོག་མེད་དུ་ལིངས་ཀྱིས་བོར་ལ་བཞག་གོ །མ་བསླད་པར་བཞག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་བློས་མ་བསླད་རང་གྲོལ་དུ་ཤིག་གེ་བཞག་པའོ། །མ་བསྒྱུར་བར་བཞག་པ་ནི། སྔར་འདས་ཤེས་པ་དྲན་མི་བྱ། མ་སྐྱེས་དྲན་པ་བླང་མི་བྱ། ད་ལྟ་རྩེ་གཅིག་ལྷན་ནེ་བཞག་གོ །སོ་མར་བཞག་པ་ནི། འདི་སྒོམ་མེད་ཅིང་འདོད་པ་མེད་པར་སེམས་སོ་རང་ཉིད་དུ་གནས། སོ་མར་རང་ཐད་དུ་བཞག་གོ །གཉུག་མ་ནི་ཀུན་གཞི་མ་བཅོས་པ་རྣལ་མ་སྟེ། ཡིད་ནི་གཉུག་མ་ཁོ་ནར་བཞག །གཅིག་པུ་རུ་ཧུ་རེ་བཞག་གོ །
དོན་བློའི་ཡུལ་ལས་འདས་པར་བཞག་པ་ནི། ཡིན་མིན་མཐའ་དབུས་རྩིས་གདབ་མེད། བདེ་བ་དང་སྟོང་པའི་ཉམས་མི་ལྟ། གཏད་མེད་དུ་བུན་ནེ་བཞག་གོ །དེ་ལྟར་དོན་དྲུག་ཐུན་གཅིག་གམ། །ཡང་ན་རིམ་གྱིས་སྦྱང་པར་བྱ། །དང་པོའི་དུས་སུ་ཐུང་པར་བྱ། །ཁམས་སོ་ཡུལ་ལ་ལྟད་མོ་བལྟ། །ཐུང་ངུ་རྒྱུན་དུ་མཐུད་དེ་བསྐྱངས། །གོམས་ན་མཉམ་བཞག་ཆེན་པོས་ཏེ། །དྲུག་པོ་དབྱེར་མེད་རོ་གཅིག་ཏུ་འགྱུར། །དེ་ནི་སྒོམ་པ་དྲན་པ་མེད། །ཡིད་ལ་བྱ་རུ་མེད་པས་ཏེ། །ཅི་ཡང་ཡིད་ལ་མ་བྱས་པས། །བྱིང་རྒོད་ལ་སོགས་བཅོས་སུ་མེད། །གོལ་སར་ལྟུང་པ་ཅི་ཞིག་ལྟུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཆུ་མ་སྙོགས་ན་དྭངས། སེམས་མ་བཅོས་ན་བདེ། ཀ་ར་ན་ཅིངས་ཕན་ཡོན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །དེས་ན་མིག་ཀྱང་མི་བཙུམ་སྟེ། །ལྟོས་མེད་དྲང་པ་ཉིད་དུ་བལྟ། །རྟག་ཏུ་ཚོགས་དྲུག་ལྷུག་པར་བཞག །མི་ཆགས་འགྲོ་ན་མི་བཟུང་བཏང་། །ཡུལ་གྱི་རོ་ལ་མྱོང་དུ་གཞུག །སྣ་ཚོགས་དྲུག་ཏུ་རོ་གཅིག་བཞག །དེ་ནི་མཁའ་འགྲོ་མའི་ཉལ་ལུགས། །སེམས་ཀྱི་སྤྱི་འཇོག་ཆེན་མོའོ། །དབང་པོ་འབྲིང་དང་ཐ་མའི་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཡེ་ཤེས་ངོས་བཟུང་བ་ལ་གཉིས་ཏེ། ཐབས་ཁྱད་པར་ཅན་གྱིས་ངོ་སྤྲད་པ་དང་། བྱིན་རླབས་ཁྱད་པར་ཅན་གྱིས་ངོ་སྤྲད་པའོ། །དེའི་ཐབས་ལ་བཞི་སྟེ། སྐར་ཆེན་མཐེབ་ལ་གནན་པ་རིག་པ་མདུང་ཚུགས་ཀྱི་གདམས་ངག་དང་། ནམ་མཁའ་ཁོང་སྐོར་གྱི་གདམས་ངག་དང་། ཡི་གེ་ཨ་ཡིག་གདམས་ངག་དང་། ནམ་མཁའ་ལམ་འཁྱེར་གྱི་གདམས་ངག་བཞིའོ། །བྱིན་རླབས་ཁྱད་པར་ཅན་གྱི་ངོ་སྤྲད་པ་ལ་གཉིས། བྱིན་རླབས་ལུས་སེམས་བྲལ་བ་ནམ་མཁའ་སྒོ་འབྱེད་ཀྱི་གདམས་ངག་དང་། བླ་མ་བརྒྱུད་པའི་བྱིན་རླབས་ཀྱིས་ངོ་སྤྲད་པའོ། །དེ་དག་ནི་ལག་ལེན་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་འཇོག་སོ་ལ་བསླབ་པའི་མན་ངག་གོ །
ད་ནི་འཁྱེར་སོ་བསྟན་པར་བྱ་སྟེ། དེ་ལྟར་འཇོག་སོ་ལ་བཞག་པས་ཆོག་གམ་ཞེ་ན་མི་ཆོག་སྟེ། མཉམ་བཞག་གི་དུས་སུ་སེམས་གནས་པ་ཚན་པོ་སྐྱེས་ཀྱང་། རྗེས་ལ་འཁྱེར་སོ་གཅིག་མེད་ན། རྐྱེན་མི་ཐུབ་པས་ཐབས་ཤེས་རབ་ཟུང་དུ་འབྲེལ་དགོས། བཀའ་ལས་ཀྱང་། དེ་ལྟར་བྱང་ཆུབ་སེམས་དཔའ་དད་པས་ཡོངས་བསྒོམས་ཀྱང་། །ཤེས་རབ་མེད་ན་བྱང་ཆུབ་ལས་ནི་མྱུར་ཉམས་འགྱུར། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན་པའི་མཆོག་ལྡན་ན། །མ་རྨས་མ་ཉམས་རྒྱལ་བའི་བྱང་ཆུབ་རེག་པར་འགྱུར། །ཞེས་སོ། །གཞན་ཡང་འཇིག་རྟེན་དག་ན་ཏིང་ངེ་འཛིན་སྒོམ་བྱེད་ཀྱང་དེ་ཡིས་བདག་ཏུ་འཛིན་པ་བཤིག་མི་བྱེད་གསུངས་པས་ན། ཞི་གནས་ཀྱི་ཏིང་ངེ་འཛིན་བཟང་པོ་ཡོད་ཀྱང་། ཤེས་རབ་ཀྱི་འཁྱེར་སོ་གཅིག་མེད་ན། ཡིད་རྐྱེན་དབང་དུ་འཆོར་ཏེ། ཆགས་སྡང་གི་ཡུལ་མངོན་དུ་གྱུར་པའམ། རྣ་བར་མི་སྙན་པ་ཐོས་པའམ། མིག་གིས་མི་སྡུག་པ་མཐོང་བའམ། མཐུན་རྐྱེན་འཛོམ་པའམ། མཛེ་ཅན་དང་རོ་བག་ལ་སོགས་པའི་མི་གཙང་བ་དང་འཕྲད་པའམ། དམ་ཚིག་ཉམས་པ་ལ་སོགས་པ་གྲིབ་ཅན་དང་འཕྲད་པའམ། གཉན་ས་དང་རི་ཁྲོད་འགྲིམ་པའམ། ཚོང་འདུས་དང་གྲོང་མཐའ་བགྲོད་པའམ། མདོར་བསྡུས་ན་མི་དང་མི་མ་ཡིན་པའི་རྐྱེན་མི་མཐུན་པ་དང་འཕྲད་པ་ན། ཤེས་བཞིན་རྟོགས་བཞིན་དུ་ཤེས་པ་འགྲོགས་ནས་མཐུར་དུ་མི་ཚུད་དེ། ཐེ་ཚོམ་རེ་དོགས་སྤོང་ལེན་བྱེད་པས་དེས་བར་དོའི་ལམ་མི་བགྲོད་པས་ད་ནི་འཁྱེར་སོ་ལ་བསླབ་པ་གལ་ཆེའོ། །འཁྱེར་སོ་ལ་གཉིས་ཏེ། ལམ་གྱི་མི་མཐུན་པའི་བགེགས་དུས་ཆད་ངོས་བཟུང་བ་དང་། རྩ་བ་ཐོག་འགེལ་གྱི་གཅོད་བྱའོ། །
དང་པོ་བདུད་ངོས་བཟུང་བ་ལ་ལྔ་སྟེ། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་དེ། དང་པོ་ཐོགས་བཅས་ཀྱི་བདུད་ནི། དགྲ་ལ་ཞེ་སྡང་གིས་ཆགས་པ་དང་། གཉེན་ལ་གདུང་སེམས་ཀྱིས་ཆགས་པ་དང་། ཟས་ནོར་ལོངས་སྤྱོད་ལ་ཆགས་ནས་ལམ་ལས་ལོག་པར་བྱེད་པས་ན་ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད་ནི། ལོ་ཀ་པའི་ལྷ་མ་དགའ་བས་བཅིངས་པ་དང་། འདྲེ་གདོན་གནོད་པས་བཅིངས་པ་དང་། ན་ཚ་ཕྲ་མོ་ཙམ་གྱིས་བཅིངས་པ་དང་། ཐར་པའི་ལམ་ལས་ཟློག་པར་བྱེད་པས་ནི་ཐོགས་མེད་ཀྱི་བདུད་དོ། །དགའ་བྲོད་ཀྱི་བདུད་ནི། དང་པོ་བླ་མ་གཅིག་གིས་བསྐྱེད་རིམ་ལ་སོགས་པའི་གདམས་ངག་གཅིག་ཕོག་ནས་འདིར་ཉམས་སུ་བླངས་པས་ཐུན་མོང་གི་དངོས་གྲུབ་འདི་ལྟ་བུ་དང་། མཆོག་གི་དངོས་གྲུབ་འདི་ལྟ་བུ་མྱུར་དུ་ཐོབ་བོ་ཞེས་འདོད་པ་ཆེར་བཀུར་བས་ཁོ་དགའ་ཞིང་བྲོད་པས་དངོས་གྲུབ་མྱུར་དུ་ཐོབ་ལ་རེ་བའི་སྒོ་ནས་བསྒྲུབས་པས་ཆོས་ལམ་དུ་མ་སོང་སྟེ། དངོས་གྲུབ་མྱུར་དུ་ཐོབ་པར་ནི་འདོད། ཐོབ་དུས་ནི་མེད་པས་མཐར་ཆོས་དང་བླ་མ་ལ་ཐེ་ཚོམ་ཟོས་ཏེ། ང་ལ་བླ་མས་རང་གདམས་ངག་གཤའ་མ་མ་གནང་ངམ། འོན་ཏེ་ཆོས་ཀྱང་མི་བདེན་ནམ་ཟེར་ནས། ཆོས་སྤོང་བའི་ལས་ལ་སོགས་པས་དེ་ནི་དགའ་བྲོད་ཀྱི་བདུད་དོ། །སྙེམས་བྱེད་ནི་ལམ་ལ་བརྩོན་འགྲུས་བག་རེ་བྱས་པའི་སྟོབས་ཀྱིས་རྒྱུད་ལ་ཡོན་ཏན་བག་ཙམ་ཐོབ་སྟེ། ང་ལས་མཁས་པའམ་བཙུན་པའམ་ནུས་པ་ཆེ་བ་མེད། སུས་མ་ཤེས་གཅིག་ངས་ཤེས་ངས་རིག་ངས་རྟོགས། སུ་ལ་མེད་པ་གཅིག་ང་ལ་ཡོད་སྙམ་ནས་ལུས་ཀྱི་རྫུ་འཕྲུལ་སྙེམས། ངག་གི་ནུས་པ་སྙེམས། སེམས་ཀྱི་རྟོགས་པ་སྙེམས་པས་དོན་ལས་རིང་དུ་གྱུར་ཏེ། སྔར་གྱི་ཡོན་ཏན་བག་ཙམ་དེ་ཡང་ན་བུན་བཞིན་ཡལ་ནས་ཕྱིའི་ཡོན་ཏན་སྐད་ཅིག་ཀྱང་མི་སྐྱེ་བས་ན་སྙེམས་བྱེད་ཀྱི་བདུད་དོ། །
སྙམ་བྱེད་ཀྱི་བདུད་ནི། རྣམ་རྟོག་གློ་བུར་བའི་རྗེས་སུ་འབྲངས་ཏེ། ཡིད་སྙམ་ཟོས་པ་ལ་ཟེར་ཏེ། དེ་ཡང་གཉིས་ལས། བཅུག་པའི་སྙམ་ནི་གཞན་གྱིས་རྨི་ལམ་ངན་པ་བཟླས་པས་རྟོགས་པ་ཞུགས་ཏེ། སྙམ་ཟོས་པ་ལ་སོགས་པའོ། །ཞུགས་པའི་སྙམ་ནི་རང་གི་རྨི་ལམ་ངན་པ་རྨིས་པས་རྟོགས་པས་རྟོག་པ་ཟོས་པ་ལ་སོགས་པའོ། །མདོར་བསྡུས་ན་རང་ངམ་གཞན་གྱིས་རྐྱེན་གྱིས་རྣམ་རྟོག་འཕྱན་པ་གློ་བུར་བ་གཅིག་བྱུང་བའི་དུས་ན་ཡིད་རྟོག་ཟོས་ཏེ་ཐེ་ཚོམ་སྐྱེས་སྙམ་ཞུགས་པས་གང་ཡང་བྱེད་མ་ཤེས་ཏེ་སེམས་སུམ་མདོར་ལུས་པ་ན་སྙམ་བྱེད་ཀྱི་བདུད་དོ། །དེ་ཡང་བདུད་ལྔ་པོ་དེ་ཡང་གཉིས་སུ་འཛིན་པ་འདི་ཁོ་ན་བདུད་དོ། །དེ་ལ་རྩ་བ་ཐོག་འགེལ་གྱི་གཅོད་ཅེས་བྱ་བ་ལ་ལྔ་སྟེ། གཅད་བྱའི་ཡུལ་གཅོད་བྱེད་ཀྱི་གཉེན་པོ། གཅོད་པའི་དུས་ཆོད་པའི་དུས་ཆོད་པའི་རྟགས་སོ། །དང་པོ་གང་གཅད་བྱའི་ཡུལ་ནི་གང་དུ་ངོས་བཟུང་བའི་བདུད་དེ་དག་ཡིན་ལ། དེ་ཡང་སྣང་སྟོང་གཉིས་ཀྱི་རྐྱེན་དུ་འདུས་ལ། སྣང་བའི་རྐྱེན་ནི་དགྲ་གཉེན་ནོར་རྫས་གྲོགས་བླ་མ་ལ་སོགས་པའི་རྐྱེན་གྱིས་ལམ་ལོག་པར་ཁྲིད་པའོ། །སྟོང་པའི་རྐྱེན་འདྲེ་ཉམས་རྟོགས་ནུས་པ་ལ་སོགས་པའི་རྐྱེན་གྱིས་སེམས་མཉམ་པ་ཉིད་དུ་གནས་པའི་ཉམས་འཕྲོག་པའོ། །མདོར་ན་ཕྱི་ནང་གི་བཟང་རྐྱེན་གྱིས་ཀུན་ནས་བསླང་པའི་རྟོག་པ་བཟང་རྟོག་ངན་རྟོག་ཐམས་ཅད་ལ། གཅོད་བྱེད་ཀྱི་གཉེན་པོ་རང་གི་རིག་པའི་ཤེས་རབ་ལ་བླ་མ་དམ་པའི་གདམས་ངག་གིས་ངར་བརྟགས་ལ། རྟོག་པ་གཞི་མེད་རྩ་མེད་རྩ་མེད་ཀྱི་ཀློང་དུ་རྦད་ཀྱིས་བཅད་པའོ། །གཅོད་པའི་དུས་ནི་སྐད་ཅིག་མ་དང་པོ་ལ་རྣམ་རྟོག་གི་འཕྲིག་སྐྱེས་པ་ལ། སྐད་ཅིག་མ་གཉིས་པ་ལ་ཐད་ཀར་རྦད་ད་བཅད་དེ། འཕྲིག་རྟིང་མས་མ་སླེབ་པ་ལ་རུག་གིས་བསྲེས་པས་མཚེར་ཕྱིད་སྙམ་མི་ངེས་པས་སོ། །ཆོད་པའི་དུས་ན་རང་གི་རིག་པ་རྩ་བྲལ་དུ་ཤེས་ཕྱི་ནང་གི་ཆོས་ཐམས་ཅད་གཟའ་གཏད་མེད་པར་བུན་གྱིས་སོང་བའོ། །
ཆོད་པའི་རྟགས་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྷུག་གིས་རྟོགས་ཏེ་མ་བཅད་པའི་གོང་ནས་རང་ཆོད་ཆེན་པོར་སོང་བའོ། །གཅོད་བྱེད་ཀྱི་གཉེན་པོར་རང་གི་རིག་པ་ལ་བླ་མ་དམ་པའི་གདམས་ངག་གིས་ངར་བརྟགས་པ་ནི་སྤྱིར་འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོ་རང་གི་སེམས་ཡིན། སེམས་ཉིད་དེ་ནི་ལུང་དུ་མ་བསྟན་པར་གནས་པས་ཕྱོགས་གཅིག་ཏུ་མ་ངེས་ཏེ། རྐྱེན་ཁར་འགྲོ་བས་དེ་ལ་བླ་མ་དམ་པའི་མན་ངག་གི་རྐྱེན་གྱིས་ཐར་པའི་ཕྱོགས་སུ་རིག་པའི་ཁ་ལོ་བསྒྱུར་ཏེ། མ་རིག་པ་རིག་པར་བྱེད། མ་ཤེས་པ་ཤེས་པར་བྱས། ཤེས་རིག་དང་བཅས་པའི་འཁྲུལ་པ་རྩད་ནས་གཅད་དགོས་སོ། །དེ་ཡང་བླ་མ་དམ་པའི་གདམས་ངག་ལ་གཉིས་ཏེ། དབང་པོ་རབ་ཀྱིས་གཅོད་ཚུལ་ཇི་ལྟར་བཅད་པ་དང་། དབང་པོ་འབྲིང་དང་ཐ་མའི་ཐབས་ཇི་ལྟར་བསྲེ་བའོ། །དང་པོ་ལ་གཉིས་ཏེ། རྟོགས་པར་བྱ་བ་ལྟ་བས་ཐག་བཅད་ནས། དེ་ཉིད་ཏིང་ངེ་འཛིན་གསུམ་དུ་ལམ་དུ་འཁྱེར་བའི་ཚུལ་གྱིས་བཅད་པའོ། །
རྟོགས་པར་བྱ་བའི་ལྟ་བ་ནི་བཞི་སྟེ། ཐམས་ཅད་སེམས་སུ་ཤེས་པར་བྱ། སེམས་སྟོང་པར་ཤེས་པར་བྱ། སྟོང་པ་གཉིས་མེད་དུ་ཤེས་པར་བྱ། གཉིས་མེད་ཕྱོགས་རིས་དང་བྲལ་བར་ཤེས་པར་བྱའོ། །དང་པོ་ནི་འཁོར་འདས་ཀྱིས་བསྡུས་པའི་ཆོས་སྣང་ཚད་གྲགས་ཚད་འདི་དག་ཐམས་ཅད་སེམས་ལ་ཐ་དད་པའི་ཕྱི་རོལ་གྱི་དོན་བདེན་པ་བརྟན་པོ་གཅིག་མེད་དེ། རང་གི་སེམས་ཉིད་སྣང་བ་ཚོགས་སུ་ཤར་བའོ། །དེ་ལྟར་ཅིས་ཤེས་ན། བཀའ་ལས་ཀྱང་། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་སོགས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པས་ཡང་བཤད་པའི་རིག་པས་ཀྱང་གྲུབ་སྟེ། གུ་རུ་འཕགས་པས་ཀྱང་། ཕྱི་རོལ་ནང་ན་གནས་འདི་ཀུན། །ཡང་དག་ཏུ་ནི་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བའི་ཕྱིར་ན་མེད་སྣང་ངོ་། །ཞེས་སོ། །འོ་ན་མེད་པར་སྣང་བ་མི་རིགས་སོ་སྙམ་ན། ཐོགས་མེད་སྐུ་མཆེད་ཀྱིས་ཀྱང་། འདི་དག་རྣམ་པ་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །དཀར་ཟླ་ལ་སོགས་མེད་སྣང་བཞིན། །ཞེས་པས་ན་སེམས་ཉིད་རང་འཁྲུལ་ནས་མེད་པ་ལ་ཡོད་པར་སྣང་སྟེ། དཔེར་ན་མིག་གི་དབང་པོ་བད་ཀན་གྱིས་རབ་རིབ་དུ་སོང་བའི་མིས། ནམ་མཁའ་སྐྲ་ཤད་འཛགས་པ་དང་། ཟླ་བ་གཉིས་སྣང་དང་དུང་སེར་པོ་ལ་སོགས་པ་མེད་པར་སྣང་བ་ཡིན་ནོ། །གཞན་ཡང་དཔེར་ན་ཆུ་ལྟ་བུ་གཅིག་ལ། འགྲོ་བ་རིགས་དྲུག་སྣང་བ་ལ་སོ་སོར་སྣང་ལ། དོན་བྱེད་ཀྱང་སོ་སོར་བྱེད་པས་ཀྱང་ཐམས་ཅད་རང་གི་སེམས་ཡིན། དེར་མ་ཟད་དེ་རང་གིས་ཉམས་སུ་མྱོང་བས་ཀྱང་ཤེས་ཏེ། མདང་གི་རྨི་ལམ་ན་རི་དང་ཆུ་དང་སྐྱེས་པ་དང་བུད་མེད་དང་དགྲས་འདེད་པ་ལ་སོགས་པ་རྨིས་པ་དེ། མེད་བཞིན་དུ་སྣང་བ་མི་འགག་པར་འདུག །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན་པར་ཤེས་པར་བྱའོ། །
གཉིས་པ་ནི། འོ་ན་སེམས་མ་གཏོགས་པའི་ཕྱི་ནང་གི་དོན་གཅིག་གུད་ན་མེད་པར་ལུང་རིགས་དང་ཉམས་མྱོང་ཤེས་ནས་སེམས་རང་བདེན་པར་ཡོད་དམ་སྙམ་ན། སེམས་ཉིད་དེ་ཡང་གཞི་རྩ་དང་བྲལ་བས་དུས་གསུམ་གྱི་ང་བདག་དང་ནས་མ་གྲུབ་སྟེ་བཀའ་ལས་ཀྱང་། བདག་ཅེས་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་དམིགས་སུ་མེད་དོ་ཞེས་སོ། །སེམས་འདི་ལ་རིག་པས་ཅི་སྣང་སྤྱད་ཀྱང་། དྲན་པ་མེད་དེ། དཀར་པོ་ལ་སོགས་པའི་ཁ་དོག་གམ། གྲུ་བཞི་ལ་སོགས་པའི་དབྱིབས་སུ་མ་གྲུབ། རང་གི་ཉམས་སུ་མྱོང་ནས་བལྟས་ཀྱང་ཡིན་པ་མེད་དེ། ད་ལྟའི་རིག་རིག་པོ་འདི་ཡང་འདས་པ་འགགས། མ་འོངས་པ་མ་སྐྱེས་པ་ད་ལྟ་བ་སྐད་ཅིག་མའི་རྒྱུན་ཙམ་དུ་ཡང་མི་གནས་པས་ན། སེམས་ཉིད་དེ་ཡེ་ནས་སྟོང་པར་ཤེས་པར་བྱའོ། །གསུམ་པ་ནི་འོ་ན་སེམས་ཉིད་དེ་ལུང་རིགས་ཉམས་སུ་མྱོང་བའི་སྒོ་ནས་བརྟགས་ཤིང་དཔྱད་ན། གདོད་མ་ནས་ཡོད་མ་མྱོང་བ། སྟོང་པ་ནམ་མཁའ་ལྟ་བུ་ཡིན་ན། ད་ལྟའི་རང་རིག་རིག་པོ་ཉམས་སུ་མྱོང་བ་འདི་དང་། ཕྱིའི་སྣང་བ་སྣ་ཚོགས་སྣང་བ་འདི་ཇི་ལྟར་ཡིན་སྙམ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་འདི་དག་ཐམས་ཅད་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར་རང་བྱུང་ཡིན་ཏེ། སྟོང་པར་སྐྱེས་སྟོང་པར་གནས་སྟོང་པར་འགགས་པས་དེ་དག་ལ་རང་བྱུང་གི་ཡེ་ཤེས་ཞེས་བྱས་ཏེ། མཚན་ཉིད་སྣ་ཚོགས་སུ་ཤར་ཡང་དབྱིངས་ནས་ཤར་ཞིང་དབྱིངས་སུ་ནུབ་པས་ངོ་བོ་ལ་འགྱུར་བ་མེད་དེ། དཔེར་ན་བར་སྣང་གི་ཆོ་འཕྲུལ་དང་འདྲ་སྟེ། སེམས་སྟོང་པ་ཉིད་ཡིན་པས་སྣང་བ་སྣ་ཚོགས་སུ་མི་འགགས་ལ། སེམས་ལས་བྱུང་བའི་སྣང་བ་ལ། གཞི་རྩ་མེད་པས་སྟོང་པ་ལས་མ་འདས་སོ། །དེས་ན་ནང་སེམས་ཀྱི་རྣམ་པར་རྟོག་པ་དང་། ཕྱི་རོལ་སྒོ་ལྔའི་ཡུལ་དུ་སྣང་བ་འདི་དག་ལ་གཉིས་སུ་མེད་ཅིང་ཐ་དད་མེད་དེ། བཀའ་ལས་ཀྱང་། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །རབ་འབྱོར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན། ཁྱོད་ཡོད་པ་དང་མེད་པ་གཉིས་སུ་རྟོག་གམ་ཞེས་པ་དང་། ཆོས་ཐམས་ཅད་ཡེ་ནས་སྟོང་ཉིད་ཡིན་པས་སྟོང་པ་ཉིད་ལ་ཐ་དད་གང་ཡང་མེད་པས་སྟོང་པ་ཉིད་དུ་ཤེས་པར་བྱའོ། །
བཞི་པ་ནི་གཉིས་མེད་ཀྱི་དོན་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་ནམ་སྙམ་ན། གཉིས་མེད་ཙམ་གྱི་དོན་ལ་ཡང་ཞེན་དུ་མེད་ཅིང་ཡིད་ལ་བྱར་མེད་དེ། བཀའ་ལས། གང་ཡིད་ལ་བྱེད་པས་ནི་ཁམས་གསུམ་དུ་འགྲོ་བར་འགྱུར་རོ། །ཡིད་ལ་མི་བྱེད་པས་ནི་གང་དུ་ཡང་འགྲོ་བར་མི་འགྱུར་རོ། །ཞེས་པས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིད་ལ་བྱར་མེད་དེ། ཡོད་པར་མི་དམིགས་པའི་ཕྱིར། མེད་པར་ཡང་དམིགས་སུ་མེད་ལ། གཉིས་ཀར་མི་དམིགས་པའི་ཕྱིར། གཉིས་མེད་དུ་ཡང་དམིགས་སུ་མེད་དོ། །གང་ལ་ཡང་མི་དམིགས་ཙམ་ན། དམིགས་མེད་སྟོང་པ་ཉིད་ཀྱི་དོན་ལ་འགྱུར་བ་མེད་དེ། ཇི་ལྟར་བྱས་ཀྱང་གྲོལ་བས་སེམས་ཕྱོགས་རིས་དང་བྲལ་ཏེ། དོན་ལ་གཟའ་གཏད་མེད་དོ། །དེ་ལྟར་སེམས་ཕྱོགས་རིས་བྲལ་བས་ཁས་ལེན་ནམ། དམིགས་གཏད་དམ་གཟའ་གཏད་མེད་པར་རང་གི་བུན་ལ་སོང་སྟེ། ཁ་ཙམ་ཚིག་ཙམ་མ་ཡིན་པར་ལྷངས་ཀྱིས་རྟོགས་པ་དེ། སངས་རྒྱས་ཀྱི་དགོངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟ་བས་ཐག་བཅད་ནས་དེ་ཉིད་ཏིང་ངེ་འཛིན་གསུམ་གྱི་ལམ་དུ་འཁྱེར་བ་ནི། སྤྱིར་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་ཀྱང་། ཁྱད་པར་དུ་ཏིང་ངེ་འཛིན་བརྒྱ་རྩ་བཅུ་གཉིས་ཀྱི་ནང་ནས་གཙོ་བོ་གསུམ་གྱིས་ལམ་དུ་འཁྱེར་བས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐོང་སྣང་མེད་ན་སངས་རྒྱས་ཡིན་ཞེས་བྱ་སྟེ། སེམས་དངོས་པོའི་གནས་ལུགས་དེ་རྒྱུ་རྐྱེན་དང་བྲལ་བས་སྐྱེ་འཇིག་མེད་པ་རྡོ་རྗེ་ལྟ་བུའོ། །དེ་དང་དུས་ཐམས་ཅད་དུ་བྲལ་མ་མྱོང་བར་རྟོགས་ཤིང་མྱོང་བའི་ཏིང་ངེ་འཛིན་ནོ། །རྟོགས་པ་དེ་ལམ་དུ་འཁྱེར་བ་ལ་མཐོང་སྣང་ངམ་རྟོགས་རྒྱུ་ཅི་ཡང་མེད་ཅིང་། དེ་ཉིད་ལས་གཞན་དུ་མི་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། ལུང་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཞེས་གསུངས་སོ། །
དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། དམིགས་པ་མེད་ན་སངས་རྒྱས་ཡིན་ཞེས་བྱ་སྟེ་སེམས་ཉིད་འཇིག་མེད་པ་རྡོ་རྗེ་ལྟ་བུ་དེས། འཁོར་བ་དང་ངན་སོང་གི་རྒྱུ་བློ་ཡུལ་གྱི་བཟང་རྟོག་ངན་རྟོག་ཐམས་ཅད་འཇོམས་པས་ན་དཔའ་བར་འགྲོ་བའོ། །རྟོག་པ་དེ་དག་སྔར་ཡན་ཆད་ཀྱང་སྐྱེ་མེད་ཀྱི་ཀློང་དུ་བཅོམ་ལ་ད་ཡང་སྐད་ཅིག་མ་གཉིས་པར་མི་གནས་པས་འཇོམས་པར་རྟོགས་པ་ནི་ཏིང་ངེ་འཛིན་ནོ། །རྟོག་པ་དེ་ལམ་དུ་འཁྱེར་བ་ལྷ་སྒོམ་རྒྱུའམ། དམིགས་པ་གཏད་རྒྱུའམ་པ་མཐོང་སྣང་ངམ་བློའི་བྱས་ཀྱི་སྙེམས་མེད་ཅིང་། དེ་ལས་གཞན་དུ་མི་ཡེངས་པར་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། བཀའ་ལས། གང་ཞིག་གཟུགས་མིན་ཚོར་མིན་འདུ་ཤེས་སེམས་དཔའ་མིན། །ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་གྱིས་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །
སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རློམ་སེམས་མེད་ན་སངས་རྒྱས་ཡིན་ཞེས་བྱ་སྟེ། འཁོར་བ་བསྐྱེད་པའི་རྒྱུ་རྣམ་པར་རྟོག་དེ་དག་ཀྱང་། དངོས་པོ་མཚན་མ་ཅན་གཅིག་ལ། གཉེན་པོ་དངོས་པོ་མཚན་མ་ཅན་སྲ་ལ་མཁྲེགས་པ་གཅིག་གིས་འཇོམས་པ་མ་ཡིན་ཏེ། བློ་ཡུལ་དུ་གང་སྣང་བ་དེ་ཉིད་གཞི་རྩ་དང་བྲལ་བས་རྩོལ་མེད་རང་སར་གྲོལ་བས་སྒྱུ་མ་ལྟ་བུའོ། །དེ་ཡང་རང་གྲོལ་རང་ཆས་སུ་རྟོགས་ཤིང་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ནོ། །རྟོག་པ་དེ་ལམ་དུ་འཁྱེར་བ་ལ་ང་རྒྱལ་ལམ་རློམ་སེམས་བྱ་རྒྱུ་མེད་ཅིང་། དེ་ཉིད་གཞན་དུ་ཡང་ཁྱད་པར་མེད་ན། སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། བཀའ་ལས། མིའི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་རྗེར་ལྡན་པའི་བདེན་པའི་བྱིན་གྱིས་ཞི། །འོན་ཀྱང་རློམ་སེམས་མེད་ཅིང་ང་རྒྱལ་སྐྱེ་མེད་པ། །འདི་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཞེས་པས་དཔེར་ན་མེ་གྲུབ་ན་དུ་བ་ཤུགས་ཀྱིས་འབྱུང་བ་ལྟར། དོན་རྟོགས་ཤིང་ཉམས་སུ་མྱོང་བའི་རྣལ་འབྱོར་པ་ལ་ནུས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཅིག་ཤུགས་ལ་འབྱུང་སྟེ་རང་བཞིན་གྱིས་ནད་གདོན་རྩོལ་མེད་དུ་ཞི་ནུས་ཀྱང་། དེ་ལ་རློམ་སེམས་བྱར་མེད་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དོ། །དེ་ལྟ་བུའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཏན་ལ་ཕབ་ནས་དེ་ཉིད་ཏིང་ངེ་འཛིན་གསུམ་གྱི་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པའི་ཚུལ་གྱིས་ལམ་དུ་ཁྱེར་ཏེ་སྤྱོད་པའོ། །དེ་ནི་དྲང་དོན་རྫུན་གྱིས་བསླུ་བ་མ་ཡིན་ཏེ། ངེས་དོན་མ་ནོར་བ་བསྟན་པའི་གདམས་ངག་ཡིན། ལྷ་དབང་ལུས་ལ་བསྐུར་བ་མ་ཡིན་ཏེ། ཆོས་དབང་སེམས་ལ་བསྐུར་བ་ཡིན། གཉེན་པོ་སྟོབས་ཀྱི་ལྷ་མ་ཡིན་ཏེ། ལྟ་བ་གྱད་ཀྱི་ལྷ་ཡིན་ནོ། །དབང་པོ་འབྲིང་དང་ཐ་མའི་ཐབས་ཇི་ལྟར་བསྲེ་བ་ནི། སྤྱིར་ཉམས་སུ་ལེན་པའི་དུས་དང་། ལོན་པའི་དུས་གཉིས་ཏེ། དབང་པོ་རབ་ཉམས་སུ་ལེན་པའི་གང་ཟག་ལ་ལྷ་སྒོམ་གྱི་བརྡ་ཙམ་བསྟན་པས་རྟོགས་ཤིང་གྲོལ་ཏེ། ཐབས་ཀྱིས་དཀྲི་མི་དགོས་པར་ཅིར་སྣང་གྲོགས་སུ་འཆར་ཏེ། གཉེན་པོ་བསྲེ་མི་དགོས་སོ། །དབང་པོ་འབྲིང་གིས་ལྷ་སྒོམ་གྱིས་གཏན་ལ་ཕབ་པས་ཡིན་པ་ལ་ཡིན་པར་ཤེས་ཤིང་ཉམས་སུ་མྱོང་ཡང་ད་རུང་གཉིས་འཛིན་གྱི་མདུད་པ་གྲོལ་ནས་མི་འདོད་དེ། གོམས་པ་ཆུང་བའི་དབང་གིས་རྐྱེན་དང་འཁྲུལ་པ་གཉིས་ཀྱི་རྗེས་ཕྱིར་ཡིད་འཆོར་ཏེ། དཔེར་ན་སྤྲིན་བར་གྱི་ཉི་མ་དང་འདྲ་བས་ད་ནི་རྐྱེན་མི་མཐུན་པ་ལ་གཅོད་བྱེད་དགོས་པ་ལ་བསྲེ་དགོས་པས་དེ་ལ་ཐབས་གོ་ཆ་བཞི་གོན་ལ་བསྲེ་བ་ནི། ལྟ་བའི་གོ་ཅིར་སྣང་བདེན་མེད་དུ་ཤེས་པ་ན་དུག་སྦྲུལ་ཟས་འཚོལ་བ་དུག་ཐམས་ཅད་འཇོམས་ཆ། ཤེས་རབ་ཀྱི་རྣམ་རྟོག་ཐད་ཀར་བཅད་གོ་དཔེར་ན་གྲི་དང་མདའ་འདྲ་ཆ། འཇུག་པའི་གོ་གླང་པོ་ཆེ་ཆུར་འཇུག་པ་ལམ་ལ་ཐེ་ཚོམ་མེད་ཆ། ལྡོག་པའི་གོ་མགྲོན་པོ་ལམ་ནོར་བ་དང་འདྲའོ་ཆའོ། །དང་པོ་ལྟ་བའི་གོ་ཆ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་སྟོང་ཡེ་བྲལ་དུ་ཤེས་པར་བྱས་ལ། རྐྱེན་ལ་ཇི་མི་སྙམ་པའི་འཁྲ་འཛུགས་ཏེ། མཁར་བཙན་པོ་དང་འདྲའོ། །ཤེས་རབ་ཀྱི་གོ་ཆ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི་སྣ་ཚོགས་སུ་སྣང་ཡང་གཞི་མེད་རྩ་མེད་དུ་ཆམ་ལ་ཕབ་ལ། སྔོན་དུ་རྒྱུ་བའི་རྣམ་རྟོག་ཐད་ཀར་བཅད་དེ། རལ་གྲི་ངར་མ་དང་འདྲའོ། །འཇུག་པ་ནི་སྔར་ཡན་ཆད་རྐྱེན་ལ་སྙམ་ཟོས་པས་རྣམ་རྟོག་འགོ་རྒྱལ་དུ་ཤོར་བས་ད་ནི་དུས་ད་རེས་ཤི་རུང་གཉེན་པོ་ཡུལ་ཐོག་ཏུ་བསྲེ་སྟེ། གླང་པོ་ཆེ་ཆུར་འཇུག་པ་དང་འདྲའོ། །ལྡོག་པའི་གོ་ཆ་བགོ་བ་ནི། ཆོས་ཐམས་ཅད་དངོས་པོ་དང་མཚན་མར་འཛིན་པ་ལས་བཟློག་ལ། སྒྱུ་མའམ་རྨི་ལམ་ལྟ་བུ་རྗེས་འགྱོད་པ་མེད་ཅིང་། རློམ་སེམས་མེད་པས་ཀྱང་སྟེ། རོ་ལངས་ཀྱི་བརྟུལ་ཞུགས་དང་འདྲའོ། །དེ་ལྟར་གོ་ཆ་བཞི་པོ་དེ་ཡང་གོ་ཆ་ཆེན་པོ་གཅིག་ཏུ་འདུ་སྟེ། བཀའ་ལས། གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། དེའི་ཕྱིར་ན་སེམས་དཔའ་ཆེ་ཞེས་རབ་ཏུ་བརྗོད་ཅེས་གསུངས་པས།
གོ་ཆ་ཆེན་པོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ལ་བྱས་ཏེ། དེ་རྣལ་འབྱོར་པས་ལག་ཏུ་བླངས་པ་ནི་ཉིན་མོ་གསལ་བ་འཛིན་མེད་ཀྱི་ལམ་དུ་འཁྱེར། མཚན་མོ་འབྱར་ཉལ་འཕྲིག་མེད་ལུས་སེམས་ཕྲལ། དུས་རྟག་ཏུ་ཚོགས་དྲུག་ལྷུག་པའི་ངང་ལ་གནས་པས་རང་གཞན་གྱིས་ཀུན་ནས་བསླང་པའི་རྐྱེན་ངན་རྣམ་རྟོག་ཆགས་སྡང་གི་རྗེས་ཕྱིར་འབྲངས་པ་དང་། ངན་རྟོག་ལམ་དང་གྲུབ་མཐའི་རྗེས་འབྲང་པའི་བདུད་ལས་བསྲེའོ། །ངན་ལ་བསྲེ་ན། བཟང་རྟོག་ལ་བསྲེ་དགོས་སོ་ཞེ་ན། དཔེར་ན་གསེར་གྱི་སྒྲོག་དང་། དྲེས་མའི་སྒྲོག་གཉིས་ཀས་བཅིངས་པའི་སྒོ་ནས་མཉམ། དེ་བཞིན་དུ་དགྲ་གཉེན་ལ་སོགས་པ་ལ་བརྟེན་ནས་ཆགས་སྡང་སྐྱེས་པས་ཀྱང་འཁོར་བར་འཆིང་ལ། ཉམས་རྟོགས་བཟང་པོ་ལ་བརྟེན་ནས་མངོན་ཞེན་སྐྱེས་པས་འཁོར་བར་འཆིང་པས་དངོས་པོ་བཟང་ངན་ཁྱད་ཆེ་ཡང་འཁོར་བར་འཆིང་པའི་སྒོ་ནས་ཁྱད་མེད། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བསམ་བརྗོད་དུ་དགོངས་པས་འཁོར་བའི་ལམ་དངོས་པོ་རང་རྒྱུད་དུ་ཞེན་པ་དང་། མྱ་ངན་ལས་འདས་པའི་ལམ། དངོས་མེད་རྩ་བྲལ་ཞེན་པའི་རྩད་ནས་བཅད་ལ། འཁོར་འདས་གཉིས་མེད་དུ་བསྲེས་ལ། བློའི་འཛིན་པ་བཅད་དོ། །དབང་པོ་ཐ་མས་ལག་ལེན་གོ་ཡུལ་དུ་ལུས་ན། དང་པོའི་དོན་དེ་རང་རྒྱུད་ལྷག་གིས་རྟོགས་པ་མེད། སྒོ་གསུམ་ཐ་མལ་མ་ལས་འདས་ཏེ། དཔེར་ན་བསམ་ཡས་ཀྱི་ལོར་རྒྱུད་ཐོས་པ་འདྲ་སྟེ། ལམ་གྱི་ཆོས་གང་ཟག་གང་གི་རྒྱུད་ལ་མ་ཁེལ་བ་རྐྱེན་མི་ཐུབ་པས་ད་ནི་བླ་མ་དམ་པའི་གདམས་ངག་ཐབས་ཀྱི་ཆོས་བཞིའི་སྒོ་ནས་ཁྲིད་དེ་བསྲེ་བ་ནི། བདོག་པའི་དངོས་པོ་ཐམས་ཅད་བླ་མའི་ཐུབ་པ་གསུམ་མ་གཏོགས་ཕྱོགས་སུ་བཏང་བ་དང་། གནས་གཉན་ས་དང་། རི་ཁྲོད་བརྟེན་པ་ལུས་ལྷས་འཁྱེར་ཀླུས་འཁྱེར་དུ་བསྐྱུར་ཏེ་དེ་ཡང་སྐྱུར་སོ་གསུམ་ལས་ཕུང་པོ་རོ་ཡིན་གཟན་དུ་སྐྱུར། སྐྱུར་མཁན་སེམས་ཡིན་གློད་ལས་ཞོག་གློད་མཁན་སེམས་ཡིན་ཆོད་ལ་ཐོངས། སྲོག་གི་ཞེན་པ་བཅད་པ་དང་། རྣམ་རྟོག་གི་འཕྲིག་བཅད་པའོ། །དེ་ལྟར་ཏིང་ངེ་འཛིན་གྱི་ཡིད་མཉམ་པར་བཞག །ཤེས་སྟོང་གསལ་གྱི་ཉམས་སྐྱེས་པས་རང་གི་ཤེས་རབ་བླ་མའི་གདམས་ངག་གི་རང་ངོ་ཤེས་པས་བདག་གཞན་གྱི་སྲོག་དགྲ་གཉེན་ཟས་ནོར་ན་ཅུང་བཟང་ངན་རྟོག་པ་ཐམས་ཅད་རབ་ཀྱི་འཁྱེར་སོ་ལམ་དུ་བྱེད་པའི་དགོས་པ་རང་གང་ཡིན་ཞེ་ན། དགོས་པ་ནི་ལྔ་སྟེ། དམིགས་མེད་བླ་མ་དམ་པའི་གདམས་ངག་གིས་སྒོམ་མེད་པའི་ལྷུག་པ་ལ་ཡེངས་མེད་བཙལ་བས་རང་རྒྱུད་ཐ་མལ་གྱི་ཞེན་པ་ལྡོག་པའི་དགོས་པ་ཡོད། གཉིས་སྣང་གཉིས་མེད་དུ་སེམས་ཐག་ཆོད་པས་ཕྱི་ནང་གི་བདུད་ཐམས་ཅད་རང་སར་གྲོལ་བའི་དགོས་པ་ཡོད། གཉིས་མེད་ཐུགས་འཕྲད་དུ་བསྲེས་པས་བར་དོ་གསུམ་གྱི་འཇིགས་པ་དང་བྲལ་བའི་དགོས་པ་ཡོད། ཐུགས་འཕྲད་རྗེས་གང་ལ་ཡང་དགྲ་གཉེན་དུ་བསལ་ཡང་། ཆགས་སྡང་རྗེས་ཕྱིར་མི་འབྲང་། འཆི་ཁ་བར་དོ་ཕྱི་མ་ལ་མི་ལྟོས་པར་རྗེས་མེད་དུ་བསྐྱངས་པས་ཤེས་པ་ཡུལ་གྱི་རྗེས་ཕྱིར་མི་འབྲང་པའི་དགོས་པ་ཡོད་དེ། སྐྱེ་མེད་ཆིག་ཆོད་དུ་ཉམས་སུ་བླངས་པས་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་དགོས་པ་ཡོད་དོ། །དེ་ལྟར་འཇོག་སོ་དང་འཁྱེར་སོ་དགོས་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ལམ་ཐར་པ་བྱང་ཆུབ་ཀྱི་ལམ་ལ་བསླབ་པའོ། །མ་མཁའ་འགྲོ་ལབ་ཀྱི་སྒྲོན་མའི་གདམས་པ་སྐྱེ་མེད་ཆིག་ཆོད་དུ་ཉམས་སུ་བླངས་པ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱ་བ་བྱེད་ངོ་བྱེད་དོ་ངོ་ཤེས་པའི་ལག་ལེན། ཐོས་པའི་ཆོག་པའི་གདམས་ངག་བར་མ་ཆད་པའི་བརྒྱུད་པ། རྒྱུར་འགྱུར་པའི་བྱིན་རླབས། ཕ་རོལ་ཕྱིན་པ་བཀའི་དོན་ཐོག་ཏུ་བཞག་པའི་ལག་ལེན་གསལ་ལ་འཛིན་པའི་དགོངས་པ། སྙན་ནས་སྙན་དུ་བརྒྱུད་པ། རྣལ་འབྱོར་མདུང་སློངས་ཀྱིས་གདམས་པ་རྫོགས་སོ།། །།དགེའོ་བཀྲ་ཤིས་སོ། །ཨཾ་ཧོ།
རྩལ་སྦྱོང་།
༄༅། །རྩལ་སྦྱོང་བཞུགས་སོ། །
མ་ཆོས་ཀྱི་དབྱིངས་ཀྱི་སྤྲུལ་པ་འདིའི་བརྒྱུད་པ་ནི། མཁའ་འགྲོ་མས་སྲས་རྗེ་བཙུན་རིག་པའི་རྡོ་རྗེ་ལ་གནང་། དེས་རྗེ་བཙུན་དབུས་པ་ཤེས་རབ་འབུམ་ཁ་ལ་གནང་། དེས་རྗེ་བཙུན་ལྕེ་སྒོམ་རྫོང་པ་ལ་གནང་། དེས་རྗེ་བཙུན་ཀྱོ་ཇོ་སྲས་ལ་གནང་། དེས་ཉང་ཆུ་བདག་ལ་གནང་ངོ་། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མ་སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བུ་སྦྱོར་རིག་པའི་རྡོ་རྗེ་ལ། སྙིང་པོ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བདུད་ཀྱི་གཅོད་ཡུལ་ལྟ་སྒོམ་སྤྱོད་གསུམ་ཅིག་ཆར་དུ་བསྟན་པའི་མན་ངག །རིགས་ཀྱི་བུ་ཁྱོད་ཡེ་ནས་སེམས་མེད་སྲོག་མེད་གཞིའི་གནས་ལུགས་ཀྱི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་སེམས་སྲོག་གཉིས་སུ་འཁྲུལ་ནས་འདུག་པས་སེམས་དང་སྲོག་འཛིན་པའི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ། ཤེས་རབ་ཀྱི་མཚོན་གྱིས་སེམས་དང་སྲོག་ཏུ་འཛིན་པ་རྩད་ནས་ཆོད་ལྟ་བས་ཐག་བཅད་ལ། གནས་སྒོམ་དང་སྤྱོད་པས་དོན་ཉམས་སུ་བླངས་པས་ལུགས་སེམས་མེད་ཀྱི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་ང་མེད་བདག་མེད་ཀྱི་སངས་རྒྱས་ཡིན་པ་ལ་ཁྱེད་རང་ངོ་རང་གི་མ་ཤེས་པས་ང་དང་བདག་ཏུ་འཁྲུལ་ནས་འདུག་པས། ང་དང་བདག་ཏུ་འཛིན་པའི་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་ངར་བཏགས་རྟོག་པའི་བདུད་རྩད་ནས་ཆོད་ལ། གནས་ལུགས་ང་བདག་མེད་ཀྱི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་སྐྱེ་ཤི་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་རིག་པ་སྐྱེ་ཤི་ཅན་དུ་འཁྲུལ་འདུག་པས། སྐྱེ་ཤི་ལ་ཡ་ང་བའི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་ཡ་ང་རྩད་ནས་ཆོད་གནས་ལུགས་སྟོང་པ་ཉིད་ལ་བདེ་སྡུག་མེད་པ་ལ་སྒྱུ་མ་ཙམ་གྱིས་བདེ་སྡུག་ལ་དངོས་པོ་མེད་པར་རྟོགས་པའམ་ལ། གནས་ལུགས་སྐྱེ་ཤི་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་དགྲ་གཉེན་གཉིས་སུ་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་རང་གིས་མ་ཤེས་པས་དགྲ་གཉེན་གཉིས་སུ་འཁྲུལ་ནས་དགྲ་གཉེན་ལ་ཆགས་སྡང་གི་མཚན་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་ཆགས་སྡང་རྩད་ནས་ཆོད་ལ། གནས་ལུགས་དགྲ་གཉེན་གཉིས་སུ་མེད་པའི་ངང་ལ་རྩལ་སྦྱོངས་ཤིག །རིགས་ཀྱི་བུ་ཁྱོད་ཡེ་ནས་ལྷ་འདྲེ་གཉིས་སུ་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་ལྷ་འདྲེའི་ཕན་གནོད་འཁྲུལ་ནས་འདུག་པས། ལྷ་འདྲེ་རེ་དོགས་ཀྱི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ། ཤེས་རབ་ཀྱི་མཚོན་གྱིས་ལྷ་འདྲེ་ཁུ་འཕྲིག་རྩད་ནས་ཆོད་ལ་ཕུང་པོ་གཟན་དུ་སྐྱུར་ལ་གནས་ལུགས་ལྷ་མེད་འདྲེ་མེད་ཀྱི་ངང་ལ་རྩལ་སྦྱོངས་ཤིག །རིགས་ཀྱི་བུ་ཁྱོད་ཡེ་ནས་ཕྱོགས་རིས་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་གཉིས་སྣང་སྣ་ཚོགས་ཕྱོགས་རིས་ཅན་དུ་འཁྲུལ་ནས། གཉིས་སྣང་ལ་ཕྱོགས་རིས་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་གཉིས་སྣང་གི་ཕྱོགས་རིས་རྩ་བ་ནས་ཆོད་ལ། གནས་ལུགས་ཕྱོགས་མེད་རིས་མེད་ཀྱི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་རྟོགས་མ་རྟོགས་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་རྟོགས་མ་རྟོགས་སུ་འཁྲུལ་ནས་འདུག་པས། རྟོགས་མ་རྟོགས་གཉིས་སུ་འཛིན་པའི་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་རྟོགས་སྙམ་མ་རྟོགས་སྙམ་པའི་ཤེས་པ་རྩད་ནས་ཆོད་ལ། གནས་ལུགས་རྟོགས་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་སྒོམ་དང་མི་སྒོམ་མེད་པའི་སངས་རྒྱས་ཡིན་པ་ལ་རང་ངོ་རང་གིས་མ་ཤེས་པས་ཁྱོད་སྒོམ་དང་མི་སྒོམ་གཉིས་སུ་འཁྲུལ་ནས་འདུག་པས། སྒོམ་དང་མི་སྒོམ་གཉིས་སུ་འཛིན་པའི་གློ་བུར་བ་འདི། བདུད་དུ་ཤེས་པར་གྱིས་ལ། ཤེས་རབ་ཀྱི་མཚོན་གྱིས་སྒོམ་དང་མ་བསྒོམས་ཡེངས་དང་མ་ཡེངས་གཉིས་སུ་འཛིན་པ་རྩད་ནས་ཆོད་ལ། གནས་ལུགས་སྒོམ་དང་མི་སྒོམ་མེད་པའི་ངང་ལ་རྩལ་སྦྱོངས་ཤིག །རིགས་ཀྱི་བུ་ཁྱོད་ཡེ་ནས་བཅོས་མ་བཅོས་མེད་པའི་སངས་རྒྱས་ཡིན་པ་ལ། ཁྱོད་རང་ངོས་ཀྱིས་མ་ཤེས་པས་བཅོས་ཐབས་ཀྱི་དམིགས་པ་ལ་སོགས་པ་མ་སྣ་ཚོགས་སུ་འཁྲུལ་ནས་འདུག་པ་ལ། བཅོས་ཐབས་ཀྱི་དམིགས་པ་ལ་སོགས་པ་མའི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ། ཤེས་རབ་ཀྱི་མཚོན་གྱིས་བཅོས་མའི་རྣམ་རྟོག་རྩད་ནས་ཆོད་ལ། གནས་ལུགས་བཅོས་སྒྱུར་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་དགག་སྒྲུབ་མེད་པའི་སངས་རྒྱས་ཡིན་པ་ལ། ཁྱོད་རང་ངོ་རང་གི་མ་ཤེས་པས་སྤྱོད་པ་དགག་སྒྲུབ་ཅན་དུ་འཁྲུལ་འདུག་པས། དགག་སྒྲུབ་ཀྱི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་དགག་སྒྲུབ་བླང་དོར་རྣམ་རྟོག་རྩད་ནས་ཆོད་ལ་གནས་ལུགས་དགག་སྒྲུབ་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་། རིགས་ཀྱི་བུ་ཁྱོད་ཡེ་ནས་ཡང་ཐོབ་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་སྤང་བྱ་འཐོབ་བྱ་གཉིས་སུ་འཁྲུལ་ནས་འདུག་པས་སྤང་ཐོབ་ཏུ་འཛིན་པའི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་སྤང་ཐོབ་ཀྱི་རྣམ་རྟོག་རྩད་ནས་ཆོད་ལ་གནས་ལུགས་སྤང་ཐོབ་མེད་པའི་ངང་ལ་སྦྱོངས་བཅལ་གྱིས་ལ་རིགས་ཀྱི་བུ་ཁྱོད་ཡེ་ནས་བར་ཆད་དངོས་གྲུབ་མེད་པའི་སངས་རྒྱས་ཡིན་པ་ལ། ཁྱོད་རང་ངོ་རང་གིས་མ་ཤེས་པས་བར་གཅོད་དངོས་གྲུབ་ཅན་དུ་འཁྲུལ་ནས་འདུག་པས་བར་གཅོད་དངོས་གྲུབ་ཀྱི་རེ་དོགས་གློ་བུར་བདུད་དུ་ཤེས་པར་གྱིས་ལ། ཤེས་རབ་ཀྱི་མཚོན་གྱིས་བར་གཅོད་དངོས་གྲུབ་ལ་རེ་དོགས་རྩད་ནས་ཆོད་ལ་གནས་ལུགས་ལ་བར་ཆད་དངོས་གྲུབ་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་གྲོལ་བ་དང་མ་གྲོལ་བ་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་གྲོལ་བ་དང་མ་གྲོལ་བ་གཉིས་སུ་འཁྲུལ་ནས་འདུག་པས། གྲོལ་བ་དང་མ་གྲོལ་བ་གཉིས་སུ་འཛིན་པ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་གྲོལ་མ་གྲོལ་གཉིས་སུ་འཛིན་པ་འདི་རྩད་ནས་ཆོད་ལ། གནས་ལུགས་གྲོལ་བ་དང་མ་གྲོལ་བ་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་ང་རྒྱལ་རློམ་སེམས་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་ང་རྒྱལ་རློམ་སེམས་ཅན་དུ་འཁྲུལ་ནས་འདུག་པས། ང་རྒྱལ་རློམ་སེམས་ཀྱི་རྣམ་རྟོག་གློ་བུར་བ་ནི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་ང་རྒྱལ་རློམ་སེམས་ཀྱི་རྣམ་རྟོག་རྩད་ནས་ཆོད་ལ། ང་རྒྱལ་རློམ་སེམས་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་། རིགས་ཀྱི་བུ་ཁྱོད་ཡེ་ནས་དུས་གསུམ་དུ་དུས་མེད་ཀྱི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་འདས་དང་མ་འོངས་ད་ལྟར་དུས་གསུམ་དུ་འཁྲུལ་ནས་འདུག་པས། དུས་གསུམ་གྱི་རྩིས་གདབ་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་དུས་གསུམ་གྱི་འཛིན་པ་རྩད་ནས་ཆོད་ལ་གནས་ལུགས་དུས་གསུམ་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་། རིགས་ཀྱི་བུ་ཁྱོད་ཡེ་ནས་འཁྲུལ་བ་དང་མ་འཁྲུལ་བ་མེད་པའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་འཁྲུལ་དང་མ་འཁྲུལ་གཉིས་སུ་འཁྲུལ་ནས་འདུག་པས། འཁྲུལ་མ་འཁྲུལ་རིག་དང་མ་རིག་གཉིས་ཀྱི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་འཁྲུལ་དང་མ་འཁྲུལ་གྱི་འཛིན་པ་རྩད་ནས་ཆོད་ལ་རྣམ་རྟོག་འཁྲུལ་དང་མ་འཁྲུལ་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཡེ་ནས་ལམ་ལ་སྦྱོང་དང་མ་སྦྱོང་མེད་པའི་སངས་རྒྱས་ཡིན་པ་ལ། ཁྱོད་རང་ངོ་རང་གིས་མ་ཤེས་པས་ལམ་ལ་བློ་སྦྱོང་མི་སྦྱོང་གཉིས་སུ་འཁྲུལ་ནས་འདུག་པས། ལམ་ལ་སྦྱོང་སྙམ་མི་སྦྱོང་སྙམ་པའི་རྣམ་རྟོག་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ། ཤེས་རབ་ཀྱི་མཚོན་གྱིས་ལམ་ལ་སྦྱོང་མི་སྦྱོང་སྙམ་པའི་འཛིན་པ་རྩད་ནས་ཆོད་ལ་གནས་ལུགས་སྦྱོང་དང་མི་སྦྱོང་མེད་པའི་ངང་ལ་རྩལ་སྦྱོངས་ཤིག་ཨང་། རིགས་ཀྱི་བུ་ཁྱོད་ཡེ་ནས་ཆོས་ཉིད་སྤྲོས་བྲལ་གྱི་ངང་ནས་སྒྱུ་མ་ལྟ་བུའི་སྤྱོད་པ་སྣ་ཚོགས་ཀྱི་འགྲོ་དོན་ལྷུན་གྲུབ་ཏུ་བྱེད་པའི་སངས་རྒྱས་གཅིག་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་རང་འདོད་ཀྱི་དབང་གིས་གཞན་དོན་ཡལ་བར་དོར་ཏེ་འཁྲུལ་ནས་འདུག་པས། རང་འདོད་ཀྱིས་སེམས་ཅན་ལ་ཡལ་བར་དོར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་རང་འདོད་རྩད་ནས་ཆོད་ནས་གནས་ལུགས་མཉམ་པ་ཉིད་ཀྱི་ངང་ནས་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་ལ་སོགས་པའི་རྩིས་གདབ་སྣ་ཚོགས་སུ་འཆར་བའི་གློ་བུར་བ་འདི་བདུད་དུ་ཤེས་རྩལ་སྦྱོངས་ཤིག་ཨང་། རིགས་ཀྱི་བུ་ཁྱོད་ཡེ་ནས་རྩིས་མེད་ཁེན་པོའི་སངས་རྒྱས་ཡིན་པ་ལ་ཁྱོད་རང་ངོ་རང་གིས་མ་ཤེས་པས་རྩིས་གདབ་སྣ་ཚོགས་སུ་འཁྲུལ་ནས་འདུག་པས། བདག་གཞན་ཡིན་མིན་ལ་སོགས་པའི་རྩིས་གདབ་སྣ་ཚོགས་སུ་འཆར་བའི་གློ་བུར་བ་འདི་བདུད་དུ་ཤེས་པར་གྱིས་ལ་ཤེས་རབ་ཀྱི་མཚོན་གྱིས་ཕྱི་ནང་གི་རྩིས་གདབ་སྣ་ཚོགས་རྩད་ནས་ཆོད་ལ་གནས་ལུགས་འཁོར་གསུམ་དམིགས་མེད་ཀྱི་ངང་ལ་རྩལ་སྦྱོངས་ཤིག་ཨང་།
རིགས་ཀྱི་བུ་ཁྱོད་ཉོན་ཅིག་མདོར་ན་ཇི་ལྟར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་སེམས་ཉིད་གསལ་ཙམ། རིག་ཙམ། དེ་ལ་དངོས་པོ་མེད་པར་བརྟགས་པ་ཙམ་དུ་ཤེས་པར་གྱིས་ལ་སེམས་སྣང་ལ་དོན་དུ་མ་འཛིན་སེམས་ཉིད་ལ་བདག་ཏུ་མ་ལྟ། ཅིར་སྣང་ལ་ཕྱོགས་སུ་མ་གཅོད། གང་ཤར་ལ་དགག་སྒྲུབ་མ་བྱེད། རེ་དོགས་ཀྱི་ཐག་པས་མ་བཅིངས། དམིགས་འཛིན་གྱིས་སྟོད་ཕུར་མ་འཛུགས། རང་ལུགས་ལ་བཅས་བཅོས་མ་བྱེད། ངར་མེད་ལས་གཞན་དུ་མ་འཚོལ། ད་ལྟར་གྱི་རིག་པ་སོ་མ་འདི་ག་ཆོས་སྐུ་ཡིན་ནོ་ཨང་། དེ་ངོ་ཤེས་པ་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། སྤྱིར་སྣང་གི་ཐོག་ཏུ་ཁེལ་བ་དེ་སྤྱོད་པ་ཉམ་ང་འཁྲི་བ་ཆོད་པ་བྲོད་རྟགས། དེའི་ངང་དུ་གྲོལ་བས་འབྲས་བུ་དེ་ཉིད་གཞན་ལ་སྟོན་པ་གཞན་དོན་ཡིན་ནོ་ཨང་། མ་ཡེ་ཤེས་ཀྱི་མཁའ་འགྲོ་མས་བུ་རྣལ་འབྱོར་རིག་པའི་རྡོ་རྗེ་ལ་ཐུགས་ཀྱི་སྙིང་པོ་སྔོན་དུ་ཕྱུང་ནས་གནང་ལ་གཅོད་ཀྱི་རྩལ་ཉི་ཤུ་པ་རྫོགས་སོ།། །།དགེའོ། །
ཕུང་པོ་གཟན་ལ་སྐྱུར་བའི་མན་ངག་ཟབ་མོ།
༄༅། །ཕུང་པོ་གཟན་ལ་སྐྱུར་བའི་མན་ངག་ཟབ་མོ་བཞུགས་སོ། །
ན་མོ་གུ་རུ། འཁོར་བ་ཐོག་མ་མེད་པ་ནས། །རིགས་དྲུག་སྲིད་པའི་གྲོང་ཁྱེར་དུ། །ཉི་ཟླ་རྒྱུ་སྐར་བཞིན་དུ་འཁོར། །འཁོར་བར་འཁོར་ཚེ་ཐམས་ཅད་དུ། །མི་གཙང་རྫས་ལ་སྲིན་བུ་བཞིན། །ཟག་བཅས་ལུས་ལ་རྗེས་སུ་ཆགས། །སྲོག་གི་དབང་པོ་མི་ལྟོས་ཀྱི། །དགོས་འདོད་རེ་བ་སྐོང་བར་ནུས། །རབ་ཏུ་ཕངས་ཀྱང་དབང་མེད་དུ། །འཆི་བདག་ལས་ཀྱི་གཤིན་རྗེ་ཡིས། །རིག་པ་རྟེན་དང་འབྲེལ་བའི་ཕྱིར། །སྔོན་མེད་དོན་མེད་ཐོབ་པར་གསུངས། །ད་རེས་ཐོབ་རེས་མི་ཡི་ལུས། །ཆུ་རྒྱུས་ལས་ཀྱི་དྲ་བ་ཅན། །ཤ་དང་རུས་པ་རྣམ་ཤེས་སོགས། །སོ་སོར་གྱེས་པའི་ཆོས་ཅན་འདི། །དོན་མེད་འགྱུར་ན་མི་རུང་གིས། །ཨོཾ་ཨཱཿཧཱུྃ། རིགས་ལྔ་ཡབ་ཡུམ་ལྔ་ཡི་གཙོ། །མ་མཱ་ཀིའི་དམ་ཚིག་སྟེ། །ཡེ་ཤེས་ལྔའི་ངོ་བོ་ཉིད། །མི་ཤ་ཁྲག་གི་མཆོད་སྦྱིན་འདི། །རང་གི་བླ་མ་རྗེ་བཙུན་པས། །ཡེ་ཤེས་ལྷ་དང་མཁའ་འགྲོ་ལ། །རབ་ཏུ་གུས་པས་འབུལ་ལགས་ན། །དགྱེས་པའི་གར་གྱིས་རོལ་བར་མཛོད། །འདོད་ཁམས་ཡང་རྩེ་ལྷ་ཡི་ཡུལ། །གཞན་ཡང་གཞན་འཕྲུལ་དབང་བྱེད་ནས། །གཤིན་རྗེའི་འཇིག་རྟེན་ཡན་ཆད་དུ། །ཞེ་རིངས་གདུག་པའི་སེམས་ལྡན་ཞིང་། །ལས་ཀྱིས་མི་ལ་གནོད་པ་ཡིས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །སྒོས་ཀྱིས་བདག་ལ་སེམས་སྡང་པ། །ཐེའུ་རང་རྒྱལ་པོ་ལྷ་དང་ཀླུ། །ས་འོག་ས་བདག་དམ་སྲི་ལ། །གཟུགས་ཀྱི་ཕུང་པོ་རིལ་པོ་ཡིས། །ཤ་ཁྲག་དམར་གྱི་སྦྱིན་པ་བྱེད། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རྒྱ་མཚོ་ཆེ་དང་རི་རབ་ཙམ། །ལྷ་རྫས་ལྟ་བུའི་འདོད་ཡོན་དང་། །རོ་བརྒྱ་ལྡན་པའི་ཁ་ཟས་སུ། །བྱིན་གྱིས་བརླབས་ནས་བསྔོ་ལགས་ཀྱིས། །མགོ་དང་རྐང་ལག་བྱང་ཁོག་རྣམས། །ལྷུ་དང་བསྡུ་དུ་ལྷུ་རུ་བསིལ་ལ་ཁྱེར། །རྒྱུ་མ་གཉེ་མ་གྲོད་པ་དང་། །མཚེར་པ་མཆིན་པ་སྙིང་ལ་སོགས། །ནང་ཁྲོལ་ལྔ་དང་དོན་སྙིང་ལྔ། །གནོད་སྦྱིན་ཕོ་མོ་སོ་སོ་ཡིས། །སྙིམ་པ་རབ་ཏུ་ཁོང་ལ་ཟོ། །ཁྲག་དང་ཆུ་སེར་ངར་སྣབས་དང་། ཞག་དང་ཁོང་ཁྲག་ཀླད་པ་རྣམས། །རྗེན་པ་དྲོད་དང་ལྡན་པ་ལ། །རྔམ་པའི་ང་རོ་དྲག་པོས་རྔུབས། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་མདངས་དང་ལྔ། །གང་ལ་གང་དགོས་རང་རང་གིས། །ལོངས་ལ་འཐབ་རྩོད་མེད་པར་གྱིས། །སྐྲ་དང་པགས་པ་སེན་མོ་རྣམས། །དཔུང་རྒྱན་རུ་དར་བཞིན་དུ་ཕྱོར། །ད་རེས་གཤིན་རྗེའི་ཕོ་ཉ་རྣམས། །བར་ཆད་གཡུལ་ངོ་རྒྱལ་ལོ་ཞེས། །སྙན་པ་ཕྱོགས་ཕྱོགས་སྒྲོག་ཅིང་རྒྱུག། སྒྱུ་མའི་གཟུགས་ཀྱི་ཕུང་པོ་ལ། །རྨི་ལམ་སྒས་ཏོན་གཡོས་པ་དེ། །ཁམས་གསུམ་འགྲོ་དྲུག་བགེགས་ཀྱི་ཚོགས། །བུ་དང་ཚ་བོར་བཅས་པ་རྣམས། །ཡིད་ཀྱི་དབང་པོ་ཚིམས་གྱུར་ནས། །བདག་དང་ཕ་མ་བླ་མ་དང་། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །བུ་ལོན་འབྲེལ་ཐག་ཆོད་པར་གྱིས། །སྔོན་ཆད་སྨོན་ལམ་མ་དག་པས། །ད་རེས་ངེས་དོན་མི་གོ་ཡང་། །ཟང་ཟིང་ཆོས་དང་མཐུན་པ་ཡིས། །ལས་འབྲེལ་བག་ཆགས་བཞག་དོན་དུ། །གསང་གཏམ་རྣ་བར་བཤད་ཀྱིས་ཉོན། །ལྟོས་ཤིག་རང་གི་སེམས་ལ་ལྟོས། །དངོས་མེད་སེམས་ཀྱི་མཚན་ཉིད་འདི། །མཚན་ཉིད་མེད་པར་ཐུབ་པས་གསུངས། །འདི་ནི་རང་རིག་ཡེ་ཤེས་ཏེ། །ཁ་དོག་དབྱིབས་མེད་བསྟན་པ་མེད། །ལྷ་དང་གཉེན་དང་སྣོན་པ་དང་། །ཡིད་ཀྱི་ཡུལ་ལས་འདས་པའི་ཕྱིར། །སྦྱིན་པ་ལྡན་དང་སྟོང་པ་དང་། །འཁོར་དང་མྱ་ངན་འདས་པ་ཀུན། །སྤྲོས་བྲལ་ནམ་མཁའི་དཀྱིལ་དང་འདྲ། །ཟབ་མོ་ཟབ་ངར་ཀྱོལ་བ་འདི། །ལྕེ་སྒོམ་ཞིག་པོའི་དགོངས་པ་ཡིན། །དོན་ཆེན་འབྱུང་གནས་ཆེན་པོའི་སྟེ། །མཐོང་ངམ་ལས་ངན་འདྲེ་ཡི་བུ། །མ་མཐོང་རྒྱུད་ནས་མཐོང་བའི་ཕྱིར། །ལྕགས་ཀྱུས་ཟིན་པའི་ཉ་དང་འདྲ། །ང་དང་འཕྲད་པས་འཐོ་ལེ་རྒྱལ། །ད་རེས་ལྷ་འདྲེའི་ཞེ་སྣར་ལ། །བྱང་སེམས་བཟོད་པའི་གོ་གོན་ནས། །ཡོངས་ཀྱི་གླུད་དུ་བསྔོས་པ་ཡིས། །ཟང་ཟིང་ལུས་ཀྱི་སྦྱིན་པ་འདི། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་དང་། །བུམ་པ་བཟང་པོའི་དངོས་གྲུབ་བཞིན། །བདུད་དང་བདུད་རིགས་ཡི་དྭགས་སོགས། །ཀུན་གྱིས་སྤྱད་པས་མི་རྫི་ཞིང་། །ཚེ་འདི་ཇི་སྲིད་གནས་སྲིད་དུ། །འདི་ཡིས་ཉེ་བར་འཚོ་བར་ཤོག །མཆོད་སྦྱིན་རྒྱལ་པོའི་དགེ་བ་འདིས། །ལུས་འདི་བོར་བའི་འོག་ཉིད་དུ། །པདྨ་ཐོད་འཕྲེང་རྒྱལ་པོ་བཞིན། །རང་རིག་རྩལ་ལ་དབང་ཐོབ་ནས། །མཐུ་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས། །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །བྱང་ཆུབ་ལམ་ལ་འགོད་པར་ཤོག །མཆོད་སྦྱིན་ཡོངས་ཀྱི་རྒྱལ་པོ་འདིས། །ལྕེ་སྒོམ་ཐུགས་ཀྱི་བང་མཛོད་ལ། །ཕུང་པོ་གཟན་སྐྱུར་ལག་ལྡན་འདི། །མཐའ་འཁོབ་སྐྱེས་པའི་བཀྲེན་པས་བྲིས། །ཉེས་པའི་ཚོགས་རྣམས་བཟོད་པར་གསོལ། །ཕུང་པོ་གཟན་དུ་སྐྱུར་བའི་མན་ངག་ཤིན་ཏུ་ཟབ་པ་འདི་རེ་ཞིག་རྫོགས་སོ།། །།ས་མ་ཆས་བྷ་ཤུ་བྷཾ།
གདན་ཐོག་གཅིག་མ་དང་གེགས་སེལ།
༄༅། །གདན་ཐོག་གཅིག་མ་དང་གེགས་སེལ་བཞུགས་སོ། །རྒྱལ་བའི་ཡུམ་གྱུར་དེ་ལ་ཕྱག་འཚལ་ལོ། །གཅོད་ཀྱི་ཉམས་ལེན་བསྡུས་པ་འབྲི་བར་བྱ། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དོན་གསུམ་སྟེ། སྦྱོར་བ་དངོས་གཞི། རྗེས་སོ། །དང་པོ་ནི། རང་ལ་གནོད་པ་དང་གཉན་སའི་གདོན་གྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པར་བྱའོ། །དེའི་ཆེད་དུ་གཉན་ཁྲོད་དུ་འགྲོ་སྙམ་པའི་སེམས་བསྐྱེད་པར་བྱའོ། །
དེ་ནས་རང་གི་སྤྱི་བོའི་གཙུག་ཏུ་པད་ཟླའི་སྟེང་དུ་ཡུམ་ཆེན་མོ་དང་གཉིས་སུ་མེད་པའི་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཡས་ཌ་མ་རུ། གཡོན་དྲིལ་བུ་གཡེར་ཁ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། དེ་ལ་བརྒྱུད་པའི་བླ་མ་མཐོ་བརྩེགས་སུ་བཞུགས་པ་ལ། སྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་བསམ། དེ་ལ་རང་གི་ལུས་དང་ལོངས་སྤྱོད་ཕུལ་ནས་གསོལ་བ་གདབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློ་ཡིས་ཐོང་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རང་སེམས་སྐྱེ་མེད་ཆིག་ཆོད་དུ་རྟོགས་པར་མཛད་དུ་གསོལ་ཞེས་བྱས་ལ་གསོལ་བ་འདེབས་ཀྱིན་འགྲོའོ། །དེ་ནས་གནས་ཀྱི་མཚན་ཉིད་བརྟག་པར་བྱས་ཏེ། དེ་ལ་གསུམ། རྫས། གཟུགས། མ་ངེས་པའོ། །དང་པོ་རྫས་ནི། ས་ཕྱོགས་དེ་རིན་པོ་ཆེ་འབར་བ་ལྟ་བུར་འདུག་ན་དེའི་སྟེང་དུ་ཉལ་བར་བྱ། དེ་བཞིན་དུ་གདུགས་ལྟ་བུའི་ཏོག་ཉའི་སྐེད་པ། དུང་གི་ལྟེ་བ། པདྨའི་ལྟེ་བ། བུམ་པའི་ལྟོ་བའམ། དཔལ་བེའུ་དཀྱིལ། རྒྱལ་མཚན་འདྲ་བའི་ཏོག་ལའོ། །གཉིས་པ་གཟུགས་ལ་ནི། སེང་གེ་འདྲ་བའི་སྡེར་མོ། སྟག་འདྲ་བའི་མཇུག་མ། གཟིག་དང་། དོམ་དང་། སྤྱང་ཀི་དང་། ཅི་འདྲ་བ་རྣམས་ཀྱི་སྡེར་མོ། འདབ་ཆགས་འདྲ་བའི་སྙིང་ཁ། སྦལ་པ་རུས་སྦལ་འདྲ་བའི་སྟེང་དུ་ཉལ། ལྕོང་མོ་འདྲ་བའི་སྟེང་དུ་ཉལ། ཉའི་སྐེད་པ་སྦྲུལ་གྱི་མགོ་གཡག་དང་སྡིག་པ་འདྲ་བའི་ར་བར་དུ། ཆུ་མིག་མགོ་གཅིག་པའི་འགོ །འགོ་གཉིས་པ། འགོ་གསུམ་པ། འགོ་ལྔ་པ། འགོ་བདུན་པ་ལས་སོགས་པའི་ཆུ་འདུས་པའོ། །ས་རལ་བའི་མདོ། ལམ་རྒྱ་གྲམ་གྱི་དཀྱིལ། ལྷ་ཁང་དང་ཕྱུགས་ལྷས་ཀྱི་སྒོ། དུར་ཁྲོད་དང་ཚོང་འདུས་ཀྱི་དཀྱིལ། རི་སུལ། རྒྱ་མཚོའི་འགྲམ་ལ་སོགས་པ་འདི་རྣམས་གཉན་སར་འདུག་སྙམ་པའི་ས་ཕྱོགས། གསུམ་པ་མ་ངེས་པ་ནི། ནགས་ཚལ་མཐུག་པོའི་ནགས་སྲབ་པ་ནི་རྩུབ་པའི་འཇམ་པའོ། །ནགས་དང་བྲག་མེད་པའི་སར་ཤིང་རྩིའམ་བྲག་དུམ་རེ་ཡོད་པ་ནི་འཇམ་པའི་རྩུབ་པ། མདོར་ན་འདི་གཉན་སར་འདུག་སྙམ་པའི་སར་མལ་བཅས་ཏེ་དེ་རྣམས་སྔོན་འགྲོའོ། །
དེ་ནས་དངོས་གཞི་ནི། ཉལ་ས་དེར་ལུས་གནད་གང་བདེ་བའི་སྤྱི་བོར་སྔར་བཞིན་མ་ཅིག་ལབ་ཀྱི་སྒྲོན་མ་སྒོམ། མདུན་དུ་གནོད་བྱེད་གཞི་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་གསོལ་བ་འདེབས་པར་བསམས་ནས་གོང་བཞིན་གསོལ་བ་གདབ་པར་བྱའོ། །དེ་ནས་ཉྭ་བཞི་རྩ་གཞི་གློད་ལ་ཉལ་ལ། རང་གི་ལུས་ཆེན་པོ་གཅིག་གི་མགོ་བོ་རི་རྩེ། རྐང་པ་ལུང་པའི་མདའ། རྩིབ་ལོགས་གཡས་གཡོན་གྱི་ལུང་པའི་གཡས་གཡོན་གནན་པར་བསྒོམས་ལ། ངག་ཏུ་འཁོར་བའི་རྒྱ་མཚོ་སྟོངས་པར་མ་གྱུར་གྱི་བར་དུ་འདུག་ས་འདི་ལས་གཡོ་བར་མི་བྱའོ་ཞེས་བརྗོད་ཅིང་ཡིད་ལ་བྱའོ། །དེས་ལྷ་འདྲེ་འབྲོས་པ་དང་མགོ་སྐོར་གྱི་ཚར་ཚད་མི་ཡོང་ངོ་། །དེ་ནས་རང་གི་རྐང་མཐིལ་གཉིས་ནས་རྣམ་ཤེས་བྱ་ཡི་སྒོ་ང་ཙམ་རེ་བྱུང་ནས་ལྟེ་འོག་ཏུ་འདྲེས་ཏེ་སྤྱི་བོར་དོན། སྤྱི་བོ་ནས་ནམ་མཁའ་ལ་འོད་དུ་ཡལ་ཏེ་ནམ་མཁས་གར་ཁྱབ་ཏུ་རིག་པས་ཁྱབ་པར་བསམ་མོ། །དེ་ནས་རང་གི་ལུས་དུམ་བུ་བརྒྱ་སྟོང་དུ་བྱས་ནས་གཞི་བདག་དང་གནོད་བྱེད་ཀྱིས་གཙོ་བྱས་པའི་གདོན། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་ལ་བྱིན་ནས་བདག་གིས་ཚེ་འཁོར་བ་ཐོག་མཐའ་མེད་པ་ནས་ད་ལྟ་ལ་ཐུག་པའི་བར་དུ། ཅི་དང་ཅི་བུ་ལོན་ཁྱེར་ལན་ཆགས་བྱང་བར་གྱུར་ཅིག་སྙམ་དུ་བསམ་ཞིང་ངག་ཏུ་བརྗོད་དོ། །དེ་ལྟར་གཉིད་དུ་མ་སོང་གི་བར་ལ་བྱའོ། །གཉིད་སད་ནས་ཀྱང་ཡེངས་མེད་དུ་ཤ་འཁྱེར་ཁྲག་འཁྱེར་བྱའོ། །དེ་ལྟར་ཉམས་སུ་བླངས་པས་ཆོ་འཕྲུལ་གསུམ་བྱུང་སྟེ། མངོན་སུམ་གཟི་བྱིན་རྨི་ལམ་གསུམ་མོ། །
དང་པོ་ནི་མངོན་སུམ་དུ་བདུད་དང་བཙན་དང་རྒྱལ་པོ་དང་། ཕོ་བདུད་བྱེ་བ་དཔག་ཏུ་མེད་པས་རི་བོ་འཕང་པ་དང་། ཉི་ཟླ་སྡེབ་པ་དང་། མི་ནག་པོ་ཁ་གདངས་པ་དང་། མཆེ་བ་གཙིགས་པ་དང་། སྟག་དང་སེང་གེ་དང་། ལྕེ་སྤྱང་མགོ་དགུ་པ་ཞོན་ནས་ལག་ན་ཐོག་དང་སྦྲུལ་ཞགས་ཐོགས་ནས་མ་རུངས་པའི་གད་མོ་འབྲུག་ལྟར་ཆེམ་ཆེམ་སྒྲོག་ཅིང་། ནད་ཀྱི་ཁ་རླངས་རླུང་ལྟར་འཚུབ་པ། སྡོམ་དང་སྡིག་པ་ཆར་ལྟར་འབེབས་པ་ལས་ཀྱི་གཤིན་རྗེའི་གཟུགས་ཅན། མ་རུངས་པ་དཔག་ཏུ་མེད་པས་མཐའ་ལ་བསྐོར་ནས་ལ་ལས་མགོ་གཅོད། ལ་ལས་སྙིང་འབྱིན་པ། ནང་ཁྲོལ་དང་ཡན་ལག་དུམ་བུར་བྱས་ནས་ཕྱོགས་བཅུར་འཁྱེར་བ་དང་། སྲིན་མོ་རལ་པ་གསིག་པ་དང་། འདྲེ་ཐམས་ཅད་འདུས་ནས་ཚོགས་པ་དང་། སྡིག་པ་ལུས་ལ་ཞུགས་ནས་རྭ་གཉིས་མཆན་ཁུང་དུ་སྟོན་པ་དང་སྦྲུལ་ནག་པོ་རྐང་པའི་མཐིལ་ནས་ཞུགས་ནས་མགོ་བོའི་ཚངས་བུག་ཏུ་དོན་པ་དང་། འདྲེ་ཐམས་ཅད་འདུས་ནས་རྦབ་ཏུ་སྐྱུར་བ་དང་། སྟག་དང་ལྕེ་སྤྱང་མགོ་དགུ་པ་ལ་ཁལ་དུ་འགེལ་བ་དང་། ལུས་ལ་མེ་དཔུང་འབར་བ་དང་། སེར་བ་དང་ཐོག་འཕེན་པ་དང་། གྲི་དང་མདུང་དང་མདའ་སྡེབ་པ་དང་། སྒྱོགས་འཕེན་པ་ལ་སོགས་པའི་ཆོ་འཕྲུལ་མི་འདྲ་བ་འཇིགས་སུ་རུང་བ་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །གཉིས་པ་གཟི་བྱིན་གྱི་ཆོ་འཕྲུལ་ནི། གཉན་ས་དེར་ཕྱིན་པ་དང་། ལྷ་འདྲེའི་གཟི་བྱིན་གྱིས་བ་སྤུ་གཡོ་བ་དང་། ལུས་འདར་བ་དང་། རྔུལ་ཡོང་བ་དང་། ལུས་འཕུར་ལ་ཁད་པ་དང་། དངངས་པ་འདྲ་བ་དང་། སྐད་མི་ཐོན་པ་དང་། དཔྲལ་བ་ཚ་ཐང་ཐང་པ་དང་། དེ་ལ་སོགས་པ་འབྱུང་བར་འགྱུར་རོ། །
གསུམ་པ་རྨི་ལམ་གྱི་ཆོ་འཕྲུལ་ནི། གོང་གི་ཆོ་འཕྲུལ་དེ་རྣམས་རྨི་ལམ་དུ་འབྱུང་བར་འགྱུར་རོ། །དོན་གཅད་བྱའི་ཆོ་འཕྲུལ་རྣམ་པ་གསུམ་མོ། །གཅོད་བྱེད་ཀྱི་གདམས་པ་རྣམ་པ་གསུམ་ལ། གཅོད་རབ་དྲན་མེད་ནི་ཆོ་འཕྲུལ་གང་བྱུང་ཡང་རྟོག་དཔྱོད་མི་བྱེད་པར་དྲན་མེད་ཡིད་ལ་བྱར་མེད་དུ་བཞག་གོ །གཉིས་པ་འབྲིང་དེ་ལ་གཏད་དེ་སྒོམ་པ་ནི། ཆོ་འཕྲུལ་དེ་ལ་གཏད་དེ་བསྒོམས་པས་འདྲེ་སྣང་རང་དག་རང་སངས་ལ་འགྲོའོ། །གསུམ་པ་ནི་ཁུ་རླངས་སྤྲིན་དང་ཆར་བ་གསུམ་བྱུང་ཡང་ནམ་མཁའ་རང་ལས་བྱུང་ཐིམ་ཡང་ནམ་མཁའ་རང་ལ་ཐིམ་པ་ལྟར། དེ་བཞིན་འདྲེ་སྣང་དང་འདྲེ་འཛིན་འདྲེ་རྟོག་གསུམ་ཐམས་ཅད་བྱུང་ཡང་སེམས་ལས་བྱུང་། ཐིམ་ཡང་རང་གི་སེམས་ལ་ཐིམ། ཐམས་ཅད་སེམས་ཉིད་གདོད་ནས་དག་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ནི། སངས་རྒྱས་ཀྱིས་ཀྱང་བཟང་དུ་བཅོས་སུ་མེད་ཅིང་། བདུད་ཀྱིས་ནད་ངན་དུ་བསྒྱུར་དུ་མེད། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་དེ་ལ་བཞག་ལ་ཤ་འཁྱེར་ཁྲག་འཁྱེར་བྱའོ། །
རྫས་ཀྱི་ཚར་ཚད་ལ་ཡང་བཞི་སྟེ། ཐུན་མོང་གི་ཚར་ཚད་དང་། ཁྱད་པར་གྱི་ཚར་ཚད། ལྷ་འདྲེ་དམ་ལ་ཐོགས་པའི་ཚར་ཚད་དང་། མཆོག་གི་ཚར་ཚད་དོ། །དང་པོ་ལ་གསུམ་སྟེ། དངོས་གྲུབ་ཀྱི་ཚར་ཚད་དང་། གདོན་དོན་པའི་ཚར་ཚད་དང་། ནད་དོན་པའི་ཚར་ཚད་དོ། །དང་པོ་དངོས་གྲུབ་ཀྱི་ཚར་ཚད་ནི། ཟས་སྟེར་བ་དང་། གོས་སྐོན་པ་དང་། ཆེ་སྟེར་བ་དང་། དར་འདོགས་པ་དང་། གསེར་དངུལ་ལ་སོགས་པ་འབུལ་བ་དང་། རྟ་དང་གནག་ལུག་འབུལ་བ་དང་འབྲུ་འབུལ་བ་ལ་སོགས་པ་འབྱུང་ངོ་། །གཉིས་པ་གདོན་དོན་པའི་ཚར་ཚད་ནི། ལུས་ལ་སྦལ་པ་ཐོན་པ་དང་། ལྕོང་མོ་དང་ཉ་དང་སྡོམ་སྡིག་པ་ཐོན་པ་དང་། རྟ་དང་གླང་སྦྲུལ་དང་། གྲོག་མ་དང་འབུ་སྲིན་ལ་སོགས་པ་དོན་པའོ། །གསུམ་པ་ནད་དོན་པའི་ཚར་ཚད་ནི། ཁྲག་སྐྱུགས་པ་དང་། སྐྱུག་པ་སྐྱུགས་པ་དང་། ལུས་ལ་རྣག་ཁྲག་འཛག་པ་དང་། ནད་ཀྱི་ཁ་དོག་སྔོ་དམར་དུ་ཐོན་པ་དང་། དེ་ལ་སོགས་པ་འབྱུང་བར་འགྱུར་རོ། །
གཉིས་པ་ཁྱད་པར་གྱི་ཚར་ཚད་ནི། ཉི་ཟླ་ཤར་བ་དང་ནམ་ལངས་པ་དང་། ཁྲུས་བྱས་པ་དང་། གྱེན་ལ་འགྲོ་བ་དང་སྐས་ལ་འཛེགས་པ་དང་། གངས་ལ་འཛེགས་པ་དང་མཆོད་རྟེན་ལ་སྐོར་བ་བྱེད་པ་དང་། གོས་དྲི་མ་མེད་པ་གོན་པ་དང་། ནམ་མཁའ་ལ་འཕུར་བ་དང་། ངོ་ཚ་མེད་པར་གཅེར་བུར་འགྲོ་བ་དང་། མེ་ཏོག་དཀར་པོ་དང་སེར་པོ་འཐུ་བ་ལ་སོགས་འབྱུང་བར་འགྱུར་རོ། །གསུམ་པ་ལྷ་འདྲེ་དམ་ལ་ཐོགས་པའི་ཚར་ཚད་ནི། སྲོག་གི་སྙིང་པོ་འབུལ་བ་དང་། ཆོས་ཞུ་བ་དང་། བྱིན་རླབས་ཞུ་བ་དང་། སྐྱབས་འགྲོ་སེམས་བསྐྱེད་ཞུ་བ་དང་། དེ་ལྟར་ལ་སོགས་པ་འབྱུང་བར་འགྱུར་རོ། །བཞི་པ་མཆོག་གི་ཚར་ཚད་ནི། ནད་གདོན་ལ་སོགས་པའི་ཆོ་འཕྲུལ་ཐམས་ཅད་རང་གི་སེམས་སུ་རྟོགས་སེམས་སྐྱེ་མེད་ཆོས་སྐུར་རྟོགས་པ་ནི། མཐར་ཕྱིན་ཆོག་པའི་ཚར་ཚད་དོ། །དེ་ལྟར་ཚར་ཚད་བྱུང་ན། གཉན་ས་དེ་ནས་འགྲོ་བའི་དུས་སུ་སྨོན་ལམ་བཏབ། བསྔོ་བ་བྱ། གཅོད་གདན་ཐོག་གཅིག་མ་ཉམས་སུ་བླང་བའི་གདམས་ངག་རྫོགས་སོ།། །།
༈ བླ་མ་ཡུམ་ཆེན་ཞབས་བཏུད་ནས། །གཅོད་ཀྱི་གེགས་སེལ་ཞལ་གདམས་བྲི། །དེ་ཡང་གཉན་སར་ཞག་གསུམ་མམ། ལྔའམ་བདུན་ལ་སོགས་པ་བསྡད་ཀྱང་ཆོ་འཕྲུལ་མ་བྱུང་ན། གསོལ་བ་འདེབས་པ་དང་། ཁྲོ་བོའི་དྲག་སྔགས་བཟླས་པ་དང་། ཆུ་མིག་དཀྲུགས་པ་དང་། ཤིང་གཅོད་པ་དང་། ན་རྐོ་བ་དང་། བྲག་རྡུང་པ་ལ་སོགས་པ་བྱས་པས་ཆོ་འཕྲུལ་དངོས་སམ། གཟི་བྱིན་རྨི་ལམ་གསུམ་གང་རུང་བྱུང་བ་ནི། མ་སློངས་པ་སློངས་པར་བྱ་བའི་སྣོད། ཚར་ཚད་མེད་པར་ཆོ་འཕྲུལ་བསྟན་དུ་བྱུང་ན་ཡང་། དེ་བཞིན་དུ་བྱས་པས་ཚད་དུ་འགྲོ་སྟེ། མ་སྙོལ་པ་སྙོལ་པར་བྱས་པའི་སྣོད། ཆོ་འཕྲུལ་སྒོངས་སྣ་རེ་འོང་པ་བྱུང་ནའང་གོང་བཞིན་བྱས་པས་ཚར་ཚད་དུ་འགྲོའོ། །ཚར་ཚད་འདྲ་བའི་ཆོ་འཕྲུལ་བྱུང་ན་ནི་གོས་ནག་སྟེར་བ་དང་། བལ་ནག་སྟེར་བ་དང་། མར་ནག་དང་། སྒོག་སྔོན་དང་། ཁྲག་དང་། བུ་རམ་ནག་འདུར་སྟེར་བ་བྱུང་ན། དེ་རྣམས་ནི་ཚར་ཚད་འདྲ་བར་འདུག་ཀྱང་། ཆོ་འཕྲུལ་ཡིན་པས་ཉལ་ལ་བསྡད་པར་བྱའོ། །དེས་ཚར་ཚད་འབྱུང་བར་འགྱུར་རོ། །ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། དགྲས་མདུང་རྒྱབ་པ་དང་། གཅན་གཟན་གྱིས་རྨུགས་པ་དང་། མཛོ་གཡག་གིས་བརྡུང་པ་དང་། ཆོ་འཕྲུལ་འདྲ་ཡང་རྣག་ཁྲག་ལུས་ལ་ཐོན་པ་ནི་ཚར་ཚད་ཡིན་ཚོད་མ་ལུད་ན་ཐབ་མན་བྱ། ཞེས་པ་གཉན་སར་དཀར་ཐབ་མར་ཐོབ། སྔོ་ཐབ་ཤོར་ན་མཛེ་ཤི་དང་། དམུ་ཆུ་དང་ནད་གློ་བུར་བ་འབྱུང་བས་ནོ། །དེར་ལུས་སེམས་འབྲལ། དབྱིངས་རིག་བསྲེས་ལ། ཤ་འཁྱེར་ཁྲག་འཁྱེར་བྱའོ་ནས་མེ་ཆེར་བུས་པས་སྔར་གྱི་འོ་མ་ལ་སོགས་པའི་ཐབ་གང་ཤོར་བ་དེ་ཐབ་ཏུ་བླུག་ལ། ན་རུ་ཆུག་ཤི་རུ་ཆུག་མཛེ་ཤི་ལ་སོགས་པ་ཀུན་ཐོངས་ཤིག་སྙམ་དུ་ཡིད་ལ་བསམས། ངག་ཏུ་ཡང་བརྗོད་པར་བྱའོ། །
དེས་ཐབ་ཤོར་བའི་ཉེས་པ་མི་འབྱུང་པར་འགྱུར་རོ། །ཡང་ལམ་འཕྲང་གཉན་པོ་ལ་མཚན་འགྲོས་བྱེད་ན། ཕྱིར་ཐོན་མ་ཐག་སྤྱི་བོར་ཡུམ་ཆེན་མོ་མ་ཅིག་དང་དབྱེར་མེད་པ་ལ་གསོལ་བ་གདབ། རང་གི་མདུན་དུ་ལམ་འཕྲང་གི་གདོན་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཀུག་ནས་དབྱིངས་རིག་བསྲེས་ལ། ཤ་འཁྱེར་ཁྲག་འཁྱེར་བྱས་ཏེ་ནར་ཆུག་ཤིར་ཆུག་སྙམ་དུ་ཡང་བསམ། ངག་ཏུ་ཡང་བརྗོད་དོ། །དེས་ལམ་འཕྲང་གི་ཀླུ་བདུད་བཙན་ལ་སོགས་པ་ཞགས་པས་འདེབས་པ་དང་། ཕོག་ཐུག་ལ་སོགས་པ་མི་འབྱུང་ཞིང་སྡོང་གྲོགས་བྱེད་པར་འགྱུར་རོ། །
ཡང་རྨི་ལམ་ངན་པ་བཟློག་པར་འདོད་ན། གཉིད་སད་མ་ཐག་སྤྱི་བོར་མ་ཅིག་བསམ་ལ་གསོལ་བ་གདབ། མལ་ས་མགོ་མཇུག་ལོག་ལ་ཉལ་ཏེ། མདུན་དུ་གནོད་བྱེད་བགེགས་རིགས་ཐམས་ཅད། ཁྱད་པར་དུ་རྨི་ལམ་ངན་པ་སྟོན་བའི་གདོན་དེ་བསམ་ལ། ཤ་འཁྱེར་ཁྲག་འཁྱེར་བྱས་ལ། ནར་ཆུག་ཤིར་ཆུག །མི་ཁ་ལ་སོགས་པ་སྔར་བས་རྨི་ལམ་ངན་པ་ཐོངས་ཤིག་སྙམ་དུ་བསམ། ངག་ཏུ་ཡང་དེ་བརྗོད་ལ་ཉལ་བར་བྱའོ། །དེ་ཡང་རྨི་ལམ་ངན་པ་ལ་སོགས་པ་རྟོག་དཔྱོད་མི་བྱ་བར་སྙེམས་མེད་དྲན་མེད་ཀྱི་ངང་ལ་གཉིད་ལོག་པར་བྱའོ།། །།གཅོད་གདན་ཐོག་གཅིག་མ་གེགས་སེལ་དང་བཅས་པ་ཡོད་ལགས་སོ། །དགེའོ། །
ནམ་མཁའ་སྒོ་འབྱེད།
༄༅། །ནམ་མཁའ་སྒོ་འབྱེད་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བེམ་རིག་དབྲལ་བའི་གདམས་པ་འདི་ལ་དང་པོ་ཚོགས་དང་གཏོར་མ་བཟང་དུ་བཤམས་ལ། མཆོད་པ་འབུལ། གསོལ་བ་བཏབ་ལ། དེ་ནས་སློབ་མ་དེ་མདུན་དུ་དགུག །བླ་མ་ལ་གསོལ་བ་གདབ། ཆོ་ག་ཡན་ལག་བདུན་པ་བྱ། དེ་ནས་ཕུང་པོ་གཞིག་འབྲེལ་བྱ་སྟེ། བདག་གི་ལུས་འདི་ཤིག་སྲོའི་རྩི་འབྲོག །འབུ་སྲིན་གྱི་གྲོང་ཁྱེར། རུས་པའི་དུམ་ཁྲིག །ཆུ་རྒྱུས་ཀྱི་དྲ་བ། རྣག་ཁྲག་གི་ཐུམ་པོ། ཆུ་སེར་གྱི་རྐྱལ་པ། བུ་ག་དགུ་ནས་མི་གཙང་བ་སྣ་ཚོགས་འཛག་པ། ཕྱི་པགས་པ་ལབ་ལེབ། ནང་ཤ་ཀམ་ཀོམ། བར་རྩ་རྒྱུས་བྲང་བྲེང་། རྣམ་པར་བམ་པ། རྣམ་པར་གནག་པ། རྣམ་པར་སུམ་པའི་རང་བཞིན་ཅན། ཁྱོད་ལ་སྔར་ཡང་ཆགས་པས་འཁོར་བར་འཁྱམས། ད་ཡང་ཆགས་ན་འཁོར་བར་འཁྱམ་སྟེ། འཁོར་བའི་སྡུག་བསྔལ་ལ་བཟོད་གླགས་མེད་པས་ད་ནི་ལུས་ཁྱོད་ལ་ཆགས་པར་མི་བྱའོ་སྙམ་དུ་བསམ། དེ་ནས་བླ་མའི་མདུན་དུ་ལངས་ལ་ཐལ་མོ་སྦྱར་རྐང་པ་གཉིས་གཤིབས་ལ་སྟེང་རླུང་བག་ཙམ་མནན། འོག་རླུང་བག་ཙམ་འཐེན་ལ། སྒལ་ཚིགས་བསྲང་ལ་འདི་ལྟར་བསམ་སྟེ། འོ་སྐོལ་གྱི་སེམས་འདི་གླང་ཆེན་སྨྱོན་པ་དང་འདྲ་སྟེ། བཏང་ན་མི་འགྲོ། མ་བཏང་ན་འཆོར། དེ་རིག་པ་མ་ཆུན་པའི་ལན་པ་ཡིན་པས་ད་སེམས་དང་པོ་ཕར་བཏང་སྟེ་བློས་ཆུད་ཚད་ན་ཕར་བཏང་། དེ་ནས་ཚུར་ཆི་ལི་ལི་བསྡུ། དེ་ནས་རྐང་པའི་དཀྱིལ་མོ་དཀྲུང་གི་འོག་ཏུ་ཤེས་པའི་རང་བཞིན་གྱི་འོད་མེ་ལོང་ཙམ་དུ་འུབ་ཀྱིས་བསྡུ། དེ་ནས་དཀྱིལ་མོ་དཀྲུང་ཁ་ཤག་ཀྱིས་ཕྱེ་ལ། བྱིན་པའི་ཤ་ཐང་བར་ན་ཡར་ཝལ་ཝལ་ཁྱུག་ཁྱུག་ཧྲི་ལི་ལི་བྱུང་བར་བསམ། དེ་ནས་བརླའི་རྩ་བོ་ཆེ་ན་ཡར། དེ་ནས་གསང་གནས། ཨ་བ་དྷུ་ཏི་སྦ་ལྕག་ཕྲེང་བའམ་ཐིག་གདབ་པ་བཞིན་ཡོད་པའི་ནང་ན་ཡར་ཧྲི་ལི་ལི་བྱུང་བར་བསམ་ལ། སྤྱི་བོ་ཚངས་པའི་བུ་ག་ཤག་གིས་ཕྱེས་ལ་རིག་པ་ནམ་མཁའ་ལ་རྒྱང་སོང་བར་བསམ་ལ། དེ་ཡང་ས་གཞིས་ཁྱབ་ཚད་ནམ་མཁས་ཁྱབ། ནམ་མཁས་ཁྱབ་ཚད་ལ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ། དེས་ཁྱབ་ཚད་དུ་རིག་པས་ཁྱབ། དབྱིངས་རིག་པ་དབྱེར་མེད་པར་ཁྱབ་གདལ་ཆེན་པོའི་ངང་ལ་འབོལ་ལེ། ཤིག་གེ། ལྷོད་དེ། མ་ཡེངས་པར་བཞག་པ་ནི་བེམ་རིག་དབྲལ་བའོ། །དེ་ཡང་ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་ནམ་མཁའ་བསྒོམས་པའོ། །ཞེས་གསུངས་སོ། །འདིའི་མན་ངག་ལ་ལུས་ཀྱི་གནད་དྲང་པོར་བསྲང་ལ་སྤྱི་བོར་བུན་གྱིས་བཏང་། སེམས་ནམ་མཁའ་དང་ཀྲུག་གིས་བསྲེས། དེའི་ངང་ནས་སྨྲ་སྙིང་འདོད་ན་སྨྲ། འཁྲབ་སྙིང་འདོད་ན་འཁྲབ་ཏུ་གཞུག །དེ་རྣམས་སློབ་མའི་སྤྱོད་པའོ། །སློབ་དཔོན་གྱི་བྱེད་པ་ནི། རང་ཡང་ཆོས་ཉིད་ཀྱི་དོན་བསྒོམ། སློབ་མ་ཡང་ཆོས་ཉིད་ཀྱི་དོན་བསྒོམ་དུ་གཞུག །བྱིན་རླབས་ཀྱི་ཚན་ཁ་བསྐྱེད། མཁའ་འགྲོ་ལ་གཏོར་མ་བཟང་དུ་བཏང་། རོལ་མོའི་སྒྲ་བསྒྲག །མ་ཇོ་མོ་ལ་གསོལ་བ་དྲག་ཏུ་གདབ་པ། བྱིན་རླབས་རབ་ཞུགས་ན་ཉམས་རྟོགས་རབ་འཆར་རོ། །མོས་གུས་རབ་གལ་ཆེའོ། །འདིའི་དུས་སུ་མེ་ཏོག་ཞད་གཅིག་རྟེན་ཡིན་པས་དབུལ་བར་བྱའོ། །འདིའི་མཚན་ནི། བྱིན་རླབས་ལུས་སེམས་དབྲལ་བ་ཞེས་ཀྱང་བྱ། ལུས་ལ་སེམས་ཀྱི་རྩལ་སྦྱོང་ཞེས་ཀྱང་བྱ། དོན་ཆོས་ཉིད་ནམ་མཁའི་སྒོ་འབྱེད་ཅེས་ཀྱང་བྱའོ། །དཔེ་ཆ་ཤོག་ལྡེབ་བཅུ་གཉིས་པོ་འདི་ཉིད་ངག་དབང་བརྟན་པའི་རྡོ་རྗེའི་ཕྱག་བྲིས་དངོས་མ་ལས་ཞལ་བཤུས་ནས་ལན་གྲངས་ཞུས་སོ།། །།
ཨ་མ་ཇོ་མོའི་སྙན་བརྒྱུད་བཅུ་བདུན་པ།
༄༅། །ཨ་མ་ཇོ་མོའི་སྙན་བརྒྱུད་བཅུ་བདུན་པ་བཞུགས་སོ། །མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གདམས་ངག་བདུད་ཀྱི་གཅོད་ལ་བཤད་སྲོལ་མང་ཡང་མ་དང་སྲས་ནས་བརྒྱུད་པ་ཡིན་ནོ། །མ་ཅིག་ཡུམ་སྲས་ཀྱི་གདམས་ངག་འདི་ལ་ངོ་སྤྲོད་གསུམ་གྱི་གནས་ལུགས་རང་གི་རྒྱུད་ལ་སྐལ་བར་བསྟན་པ་དང་གཅིག །ཤེས་པར་བྱ་བ་གསུམ་གྱིས་གནས་ལུགས་ལམ་དུ་བླངས་པ་དང་གཉིས། བདུད་བཞི་ངོས་བཟུང་བ་དང་གསུམ། བདུད་བཞིའི་གཉེན་པོར་ཏིང་ངེ་འཛིན་བཞི་བསྒོམས་པ་དང་བཞི། དེ་ལྟར་བསྒོམས་ཀྱང་མ་བཟློག་མ་ཆད་ན། གནད་ལ་དབབ་པ་གསུམ་གྱིས་ལ་བཟླ་བར་སྟོན་པ་དང་ལྔའོ། །དེ་ལ་དང་པོ་ངོ་སྤྲད་པ་ནི། ལུས་སེམས་བཅུད་ཕུར་གཅུད་འཕུར་དང་། ནམ་མཁའ་སྒོ་འབྱེད་དང་། གནས་ལུགས་གཞི་ལ་ངོ་སྤྲད་པ་དང་གསུམ་མོ། །དང་པོ་ནི་ཀག་ལངས་ལ་རྐང་པ་གཤིབས་ལ། ལག་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ། སྐྱབས་འགྲོ་སེམས་བསྐྱེད་བྱ། ཚད་མེད་བཞི་བསྒོམ། བདག་གི་ལུས་འདི་མི་གཙང་བའི་སྣོད། རྣག་ཁྲག་དང་ཆུ་སེར་གྱི་རྐྱལ་བ། རུས་པའི་དུམ་བུ་རྩའི་དྲ་བ་ཡིན་སྙམ་དུ་བསམ་ལ། སེམས་ཡས་མར་ཕབ་ལ་རྐང་མཐིལ་དུ་བསམ་མོ། །ནམ་མཁའ་སྒོ་འབྱེད་ནི། དེ་ནས་ཡར་ཇེ་མཐོ་ཇེ་མཐོ་ལ། སྤྱི་བོ་ཚངས་པའི་བུ་ག་ན་ཡར་ལ་དྲངས་པས་ནམ་མཁའ་ལ་གཞུ་འགེང་ཙམ་དུ་འཕངས་སོ། །གནས་ལུགས་གཞི་ལ་ངོ་སྤྲད་པ་ནི། སེམས་ནམ་མཁའི་ངང་ལ་ཆལ་ཆལ། དགའ་ཡལ་ཡལ། བག་དྲོ་འུར་འུར། སོལ་སོལ། ཧྲིག་ཧྲིག་མ་བཅོས་མ་བསླད་པར་ཅི་ཡང་ཡིད་ལ་མི་བྱ། བཟང་རྟོག་ངན་རྟོག་མཐོ་དམན་ཐམས་ཅད་གནས་ལུགས་གཞི་སྐྱེ་མེད་འགག་མེད་ཕྱོགས་རིས་མེད་པར་ནམ་མཁའ་ལྟ་བུ། འགྲོ་ཡང་ནམ་མཁའི་ངང་ལ་འགྲོ། སྡོད་ཀྱང་ནམ་མཁའི་ངང་ལ་སྡོད། འགྲོ་འཆག་ཉལ་དང་ཤེས་བཞིན་རབ་ཏུ་ལྡན་ཞེས་སོ། །དེའི་ངང་ལ་གསུམ་ལས་དང་པོ་ལྟ་བའི་ངོ་སྤྲད་དོ་ལྟ་བ་ནི་ལྟ་བའོ། །གནས་ལུགས་དང་སེམས་གཉིས་འདྲེས་ནས་བསྒོམ་རྒྱུ་གཞན་མེད་པ་ནི་སྒོམ་པའོ། །ཅི་བྱེད་ཆོས་ཉིད་ངང་ལ་བྱེད་པ་གསུམ་པ་སྤྱོད་པའོ། །མ་བསྒྲུབས་ཐམས་ཅད་གྲུབ་པས་འབྲས་བུའོ། །
སྤྱི་དོན་གཉིས་པ་ཤེས་པར་བྱ་བ་གསུམ་ནི། རབ་ཆོས་ཉིད་དུ་ཤེས་པར་བྱ་བ་དང་གཅིག །འབྲིང་སེམས་སུ་ཤེས་པར་བྱ་བ་དང་གཉིས། ཐ་མ་འཁྲུལ་བར་ཤེས་པར་བྱ་བ་དང་གསུམ་མོ། །དེ་ལ་དང་པོ་རབ་ཆོས་ཉིད་དུ་ཤེས་པར་བྱ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྐྱེ་འགག་གནས་གསུམ་དང་བྲལ་བ། དམིགས་པའི་རྟེན་མེད་དོགས་པའི་ས་མེད། བཟང་པོ་སྒྲུབ་ཏུ་མེད་ངན་པ་སྤང་དུ་མེད། བློའི་ཡུལ་དུ་བཟུང་དུ་མེད་པ་སྟེ། ཇི་ལྟར་སྣང་བ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་དུ་ཤེས་པའོ། །
འབྲིང་སེམས་སུ་ཤེས་པ་ནི། དགའ་བར་བྱེད་པ་ཡང་སེམས། མི་དགའ་བར་བྱེད་པ་ཡང་སེམས། ཐམས་ཅད་སེམས་ལས་བྱུང་སེམས་ལ་ཐིམ། སེམས་ཀྱིས་བྱས། སེམས་མིན་ལོགས་པ་མེད་དོ། །སེམས་རང་ལ་དངོས་པོ་མེད་དབྱིབས་མེད་ཁ་དོག་མེད་ཕྱོགས་མེད། ཐམས་ཅད་སེམས་སུ་ཤེས་པས་བར་ཆད་བཟློག །ཐ་མ་འཁྲུལ་བར་ཤེས་པ་ནི། ཆོས་ཉིད་མ་རྟོགས་སེམས་སུ་འཛིན། །སེམས་ཉིད་ངོ་བོ་མཚན་མང་པོ། །དངོས་འཛིན་ཆགས་སྡང་བག་ཆགས། །ལྷ་དང་འདྲེ་དང་དགྲ་དང་གཉེན། །ཕྱོགས་འཛིན་ང་བདག་བཟང་ངན་འཁྲུལ། །ཞེས་པས་ཐམས་ཅད་སེམས་སུ་ཤེས་པར་བྱ། སེམས་ཀྱིས་ཆགས་སྡང་སྤྱད་པས་འཁོར་བར་འཁྱམས། དེ་ལས་བཟློག་ལ། དེ་ལྟར་ཤེས་པར་བྱས་ལ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། སེམས་འཁྲུལ་བ་ཡིན། འཁྲུལ་སྣང་སྣ་ཚོགས་ཤར་བ་ལ། །བདེན་པར་གྲུབ་པ་གང་ཡང་མེད། །ཡོད་ནས་འགྱུར་ན་ག་ལ་འགྲོ། །འགྱུར་མེད་ཀྱི་བཙན་ས་བཟུང་རེ་རན། །ཡེངས་མེད་ཀྱི་བྱ་ར་བྱེད་རེ་རན། །སེམས་འཁྲུལ་སྣང་མེ་ལོང་ལྟ་བུ་ལ། །ཕྱིས་པས་མི་ལངས་ཀྱི། ལྟ་བ་ཐག་ཆོད་སེམས་ལ་ལྟོས། །མཐོང་རྟོགས་བྱུང་ན་ཕྱོགས་ཆ་ཡིན། །ཕྱོགས་བྲལ་གྱི་སེམས་ལ་བླང་དོར་མེད། །འཁྲུལ་སྣང་ཀུན་བྱི་ཇི་ལྟར་དགེས་དགྱེས་མཛོད། །དེ་ལྟར་བསྒོམས་པས་འཁྲུལ་བ་བཟློག །དེས་ཀྱང་བཟློག་པར་མ་གྱུར་ན། །སེམས་ལ་རྟོག་པ་སྣ་ཚོགས་བྱུང་། །སྣ་ཚོགས་བྱུང་བ་སེམས་ཉིད་ཡིན། །སེམས་སུ་འཛིན་ན་འཁྲུལ་བའི་བློ། །འཛིན་མེད་ལྷུག་པར་གནས་ན་འཁྲུལ་བ་བཟློག་གོ །གསུམ་པ་བདུད་བཞི་ངོས་བཟུང་བ་ནི། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད་དོ། །
དེ་ལ་དང་པོ་ཐོགས་བཅས་ནི། མིག་གཟུགས་ལ་ཆགས། རྣ་བ་སྒྲ་ལ། སྣ་དྲི་ལ། ལྕེ་རོ་ལ། ལུས་རེག་བྱ་ལ། ཡིད་དགའ་མི་དགའ་ལ་ཐོགས་པས་ཐོགས་བཅས་སོ། །དེ་ན་ཡང་ཕྱིའི་ནོར་རྫས་དང་ནང་ཉེ་དུ་གཉེན་འབྲེལ་ལ་ཆགས་ནས་ཆོས་བྱེད་མི་ཁོམ་པས་ཐོགས་བཅས་སོ། །གཉིས་པ་ཐོགས་མེད་ནི། ལྷ་འདྲེ་གཉིས་སོ། །དངོས་པོ་མེད་པར་ཡིད་འགྱུར་ནས་ཏིང་ངེ་འཛིན་སྐྱེ་རུ་མི་སྟེར་བས་ན་ཐོགས་མེད་བདུད་དོ། །གསུམ་པ་དགའ་བྲོད་བདུད་ནི། འཇིག་རྟེན་འདིའི་བུ་དང་བུ་མོ་དང་ཟླ་རོགས་ཁང་པ་ཞིང་དང་རྟ་བཟང་གཡུ་ཆས་བཟང་པོ་འཛོམ་པ་སྐྱིད་པ་རྒྱགས་པ་དང་། དེ་རྣམས་ལ་ཆགས་ནས་ཆོས་མ་དྲན་པའོ། །ཡང་ན་བསོད་ནམས་ཅན། བུ་སློབ་དང་ཡོན་བདག་ཕོ་མོའི་བསྙེན་བཀུར་ལ་ཆགས་པའམ། སྒོམ་ཆེན་པ་ཟས་ཞིམ་པོའམ། མལ་གོས་སམ། ཡོན་ཏན་ནུས་པའམ། ཏིང་ངེ་འཛིན་བཟང་པོ་ལ་དགའ་ཞིང་ཆགས་པའོ། །དགའ་བྲོད་བདུད་དོ། །བཞི་པ་སྙེམས་བྱེད་བདུད་ནི། དགའ་སྙམ་མི་དགའ་སྙམ། བདེ་བ་སྙམ་སྐྱིད་པ་སྙམ་སྡུག་པ་སྙམ། ཡིན་པ་སྙམ་མིན་པ་ལྷ་འགོ་བ་འདྲེའི་གནོད་པ་དགྲའི་གནོད་པ་སྙམ། གཉེན་གྱིས་ཕན་པ་སྙམ་བྱེད་པས་སྙེམས་བྱེད་བདུད་དོ། །དེ་རྣམས་བཅད་པས་གཅོད་ཅེས་བྱའོ། །
བཞི་པ་བདུད་བཞིའི་གཉེན་པོ་ཏིང་ངེ་འཛིན་བཞི་ནི། དང་པོ་ཐོགས་བཅས་ཀྱི་གཉེན་པོར་དཔའ་བོ་ལྟ་བུའི་ཏིང་ངེ་འཛིན། དཔེར་ན་སྡར་མ་མང་པོའི་གསེབ་ན་དཔའ་བོ་ཡོད་པ་དེ་ཉམ་ང་མེད་པར་སླར་ལག་ཆ་འཕྲོག་ནས་སྟེག་བརྡེག་གོ །དཔེ་དེ་བཞིན་དུ་གང་ལ་ཐོགས་པ་དེ་ལ་ཉམ་ང་མེད་པར་བཅད་དོ། །གཉིས་པ་ཐོགས་མེད་ཀྱི་གཉེན་པོར་སེང་གེ་རྣམ་པར་འགྱིངས་པའི་ཏིང་ངེ་འཛིན་ནོ། །གཅན་གཟན་གྱི་རྒྱལ་པོ་སེང་གེ་དེ་རྩལ་གསུམ་ལུས་ལ་རྫོགས་པས་གང་ལ་ཡང་ཡིད་ཚམ་ཚོམ་མེད་པར་ཉམ་ང་བག་ཚ་མེད་པར་འདུལ་ལོ། །དཔེ་དེ་བཞིན་དུ་ཡིད་ལ་ཉོན་མོངས་པ་གང་སྐྱེས་ཀྱང་ཉམ་ང་བག་ཚ་མེད་པར་གཅོད། གསུམ་པ་དགའ་བྲོད་བདུད་ཀྱི་གཉེན་པོར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྒྱུ་མའི་མཁན་པོས་སྐྱེས་པ་བུད་མེད། ནོར་རྫས་བྱི་བདར་བྱས་ཀྱང་། སྒྱུ་མ་མི་བདེན་འཇིག་པས་གང་ལ་ཡང་ཞེན་པ་མེད་དོ། །དཔེ་དེ་བཞིན་དུ་གང་ལ་དགའ་ཞིང་ལེགས་པ་དེ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་བཅད་དོ། །བཞི་པ་སྙེམས་བྱེད་བདུད་ཀྱི་གཉེན་པོར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། དཔེ་རྡོ་རྗེ་ཕ་ལམ་དང་འདྲའོ། །ཕར་ལ་འབིགས་ཤིང་གཅོད་ལ། ཚུར་ལ་གང་གིས་ཀྱང་མི་ཚུགས་སོ། །དཔེ་དེ་བཞིན་དུ་རྡོ་རྗེ་ནི་སྟོང་པ་ཉིད་དོ། །ཕ་ལམ་ནི་འབིགས་ཤིང་བཅད་པའོ། །ཉམ་ང་བ་དང་བག་ཚ་བ་སྙམ་བྱེད་པ་དེ་རང་གི་སེམས་ཡིན། སེམས་རྡོ་རྗེ་ལྟ་བུ་སྟོང་པ་ཉིད་ཡིན། མེས་མི་ཚིག་ཆུས་མི་ཁྱེར་བརྡུང་ཞིང་གཅོག་ཏུ་མེད། ལྷས་སྐྱོབ་ཏུ་མེད་འདྲེས་འཁྱེར་དུ་མེད་པར་ཤེས་པར་བྱས་ལ་བཅད་དོ། །དེ་ལྟར་བཅད་ཀྱང་མ་ཆོད་མ་བཟློག་ན། ལ་བཟླ་བ་གསུམ་ནི། དང་པོ་གཉན་ཐོག་ཏུ་གཉན་དབབ། གཉིས་པ་ཤིང་ཆེན་རྩད་ནས་གཅོད། གསུམ་པ་ཐེག་པ་ཆེན་པོས་ཟིལ་གྱིས་མནན་པའོ། །
དེ་ལ་དང་པོ་གཉན་ཐོག་ཏུ་གཉན་དབབ་པ་ནི། རང་ཉམ་ང་བ་བཅད་དོ། །འདྲེའི་གནོད་ན་འདྲེ་ཆེ་སར་ཉལ་ལོ། །མི་གཙང་བ་བྱུང་ན་གང་མི་གཙང་བ་བྱུང་བ་དེ་ཟས་ཟ། གོས་བགོ་ཁ་བསྲེའོ། །གཉེན་དང་འཐབ་རྩོད་བྱས་པ་ལ་བཅད། དགྲ་དང་མཐུན་འཇུག་བྱས་པ་ལ་བཅད། སྲིའུ་དམ་སྲི་མོ་ལ་གཏད། འགལ་བ་ལམ་དུ་བླང་ལ་མི་མཐུན་པ་གྲོགས་སུ་བསྒོམ་མོ། །གཉིས་པ་ཤིང་ཆེན་རྩད་ནས་བཅད་པའི་གདམས་ངག་ནི། ཤིང་ཆེན་པོ་གཅིག་བཅད་ན་རྩ་བ་ནས་མ་བཅད་ན་ཡལ་ག་ནས་གཅོད་ཀྱིས་མི་ལངས། རྩ་བ་ནས་བཅད་པས་ཡལ་འདབ་ཐམས་ཅད་དུས་གཅིག་ལ་ཆོད་དོ། །དཔེ་དེ་བཞིན་དུ་རྣམ་པར་རྟོག་པ་རེ་རེ་ནས་སྤངས་པས་མི་ཡོང་བས་རྣམ་རྟོག་རྩ་བ་བཅད་ལ་བདུད་རང་གྲོལ་དུ་བསྒོམ་མོ། །གསུམ་པ་ཐེག་ཆེན་ཟིལ་གྱིས་གནན་པ་ནི། སུམ་པ་ནིས་བགེགས་མི་བསྐྲད། ཕྱག་ན་རྡོ་རྗེ། མི་གཡོ་བ། རྟ་མགྲིན། རྡོ་རྗེ་གཞོན་ནུ་ལ་སོགས་པའི་དྲག་སྔགས་འདྲེ་ལ་མི་བརྡེག །ལྷ་ཞི་བ་སྒོམ། ཕྱི་མའི་དོན་བྱ། ཕུང་པོ་གཟན་དུ་ཤ་འཁྱེར་ཁྲག་འཁྱེར་ལ་བྱིན་ལ། ལན་ཆགས་འོང་ན་ལན་ཆགས་འཇལ། མི་འོང་ཚོགས་གསོག་སྦྱིན་པར་བསྔོས་ལ། ལུས་དང་སེམས་གཉིས་འབྲེལ་བ་མེད། ལུས་བེམ་པོ་རྣམས་ཀྱང་འབོར་སྙམ་དུ་བསྒོམས་ལ། ལུས་སེམས་ཕྲལ། ལུས་ས་ལ་བོར་ཐབས་སུ་བཞག །ངག་སྨྲ་བ་བཅད་ཐབས་སུ་བཞག །སེམས་ནམ་མཁའ་ལ་ཡལ་ཐབས་སུ་བསྒོམ་མོ། །ཆོས་ཉིད་མཉམ་པ་ཉིད་དུ་བསྒོམ་མོ། །དམིགས་པའི་རྟེན་མི་བཅའ། དོགས་པའི་སུན་མི་སྟང་ལྡང་། གལ་མ་མཆིས་སུ་སྒོམ། གཏད་མེད། འཛིན་མེད། རྩོལ་མེད་རང་ཐང་དུ་བཅས་བཅོས་མེད་པར་རང་སེམས་ཆོས་ཉིད་དུ་བསྒོམ། ཤར་རིག་ཐམས་ཅད་ཆོས་ཉིད་ཀྱི་རྒྱན་དུ་བསྒོམ། ལྟ་བ་ཕྱོགས་མེད་མཐའ་བྲལ། སྒོམ་པ་མི་རྟོག་ཡེངས་མེད། སྤྱོད་པ་ཞེན་མེད་རང་གྲོལ། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་ནོ། །རང་ཆས་ཡིད་བཞིན་ནོར་བུ་ལྟ་བུའོ། །ཨ་མ་ཇོ་མོའི་སྙན་བརྒྱུད་བཅུ་བདུན་པ་རྫོགས་སོ།། །།
གཅོད་ཀྱི་གེགས་སེལ་དྲུག་གསུམ་བཅྭོ་བརྒྱད།
༄༅། །གཅོད་ཀྱི་གེགས་སེལ་དྲུག་གསུམ་བཅྭོ་བརྒྱད་བཞུགས་སོ། །
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཞལ་གྱི་གདམས་པ་བྲི་བར་བྱ། གཅོད་ཀྱི་ངེས་ཚིག་ནི། ཐམས་ཅད་སེམས་སུ་ཐག་གཅོད་པའི་ཕྱིར་ན་གཅོད་ཅེས་སེམས་གཞི་མེད་རྩ་བྲལ་དུ་གཅོད་པའི་ཕྱིར་ན་གཅོད། སེམས་གཞི་མེད་རྩ་བྲལ་དེ་སངས་རྒྱས་སུ་ཐག་གཅོད་པའི་ཕྱིར་ན་གཅོད། སངས་རྒྱས་གཞན་ན་མེད་ཅིང་རང་ལ་ཡོད་པར་ཐག་གཅོད་པའི་ཕྱིར་ན་གཅོད། རང་ཡང་ངོ་བོ་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཐག་གཅོད་པའི་ཕྱིར་ན་གཅོད་ཅེས་བྱའོ། །མ་རྟོགས་པ་བདུད་ཀྱི་སྤྱོད་ཡུལ་དང་། རྟོགས་པ་ཆོས་ཉིད་ཀྱི་ཡོ་ལང་དུ་གཅོད་པའི་ཕྱིར་ན་གཅོད། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་ཆེ་ཆུང་མེད། བདེ་སྡུག་གཉིས་མེད་མཉམ་པ་ཉིད་དུ་གཅོད་པའི་ཕྱིར་ན་གཅོད་ཅེས་བྱའོ། །དཔེར་ན་རིན་པོ་ཆེའི་གསེར་གླིང་ན་ས་རྡོ་མེད་པ་ལྟ་བུའོ། །ལག་ལྡན་ཞལ་ཤེས་ནི། རྟོག་པས་བརྟགས་པའི་གཉན་ས་རུ། །འདྲེ་མེད་ཀྱི་སྙེམས་ཐག་གཅོད་དུ་ཕྱིན། །ཞེས་པས་མ་རྟོགས་པ་བདུད་ཀྱི་གཅོད་ཡུལ་དེ། རྟོགས་པ་ཆོས་ཉིད་ཀྱི་ཡོ་ལང་དུ་ཤེས་པར་བྱའོ། །
ཡང་ཐོགས་མེད་བདུད་ལ་དྲུག་གསུམ་གྱི་གཅོད་དེ། དབང་པོ་སྔོན་འགྲོའི་ཆོས་དྲུག །དངོས་གཞིའི་ཆོས་དྲུག །རྗེས་ཀྱི་ཆོས་དྲུག །དང་པོ་གཉན་ཐོག་ཏུ་གཉན་དབབ་པ། ཤ་ཐོག་ཏུ་མེ་བཙའ་ཨན་ཚུགས་སུ་བཞག་པ། སྐྱབས་དཀོན་མཆོག་གསུམ་ལ་འགྲོ་ཞིང་། སེམས་བསྐྱེད་བསྔོ་བ་བྱ་བ། སྐར་ཆེན་མཐེབ་འོག་ཏུ་གཞུག་ཅིང་ཐེག་ཆེན་ཟིལ་གྱིས་མནན་པ། ལྷ་འདྲེ་གཉིས་ལ་ཉེ་རིང་སྤངས་པ། གཉན་ཆེན་མཐའ་ལ་གཏད་པ་དང་དྲུག་གོ །དང་པོ་གཉན་ཐོག་ཏུ་གཉན་དབབ་པ་ནི། རྟོག་པས་བརྟགས་པའི་གཉན་ས་དེ་གཉན་པ་ཡིན། དེ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་གཉན་པ་ཡིན་པས་གཉན་ཐོག་ཏུ་གཉན་དབབ་པའོ། །ཤ་ཐོག་ཏུ་མེ་བཙའ་ཨན་ཚུགས་སུ་བཞག་པ་ནི། སའི་སྨིག་རྩལ་མིག་བཙལ་ལ་ཉལ་ལོ། །སྐྱབས་དཀོན་མཆོག་གསུམ་ལ་འགྲོ་ཞིང་སེམས་བསྐྱེད་བསྔོ་བ་བྱའོ། །ཐུན་མོང་གི་ཆོས་གསུམ་མོ། །སྐར་ཆེན་མཐེབ་འོག་ཏུ་གཞུག་ཅིང་ཐེག་ཆེན་ཟིལ་གྱིས་གནན་པ་ནི། ཉི་མ་ཤར་བའི་དུས་སུ་ཟླ་བ་དང་སྐར་མ་ལ་སོགས་གསལ་བྱེད་རྣམས་མི་གསལ་བ་བཞིན་དུ། ཐེག་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲེ་བདུད་མི་མཐུན་པའི་ཚོགས་རྣམས་ཟིལ་གྱིས་མནན་ནས་ནུས་སྦུངས་མེད་པར་རང་ཞི་ལ་འགྲོ། ལྷ་འདྲེ་གཉིས་ལ་ཉེ་རིང་སྤང་པར་བྱ་བ་ནི། མ་མགུ་ན་ལྷས་ཀྱང་གནོད་པ་བྱེད། མགུ་ན་འདྲེས་ཀྱང་ཕན་པ་བྱེད་པས་ཉེ་རིང་སྤང་པའོ། །
གཉན་ཆེན་མཐའ་ལ་གཏད་པ་ནི། ཕྱི་གཉན་ཆེན་མཐའ་ལ་གཏད་པ། ནང་གཉན་ཆེན་མཐའ་ལ་གཏད་པ། གསང་བ་གཉན་ཆེན་མཐའ་ལ་གཏད་པ། དེ་ཁོ་ན་ཉིད་གཉན་ཆེན་མཐའ་ལ་གཏད་པའོ། །དངོས་གཞིའི་ཆོས་དྲུག་ནི། གཅོད་ཀྱི་ཡུལ་གསུམ་ནི། གཅོད་བྱེད་ཀྱི་གདམས་ངག་གསུམ། དང་པོ་རབ་གཉན་སར་དངོས་སུ་འོང་། འབྲིང་གཟི་བརྗིད་ཅན་དུ་འོང་། ཐ་མ་རྨི་ལམ་དུ་ཆོ་འཕྲུལ་འོང་། དེ་གསུམ་གཅོད་ཀྱི་ཡུལ་གསུམ་མོ། །གཅོད་བྱེད་ཀྱི་གདམས་ངག་གསུམ་ནི། རབ་དྲན་མེད། འབྲིང་དེ་ལ་གཏད་པ། ཐ་མ་རྟོགས་པ་གསུམ་གྱིས་ཕུང་པོ་གཟན་དུ་བསྐྱུར་བའོ། །ཆོ་འཕྲུལ་མ་བྱུང་ན་དེ་ཁོ་ན་ཉིད་ཀྱི་མཐའ་གཏད་བྱའོ། །སྙམ་རྟོགས་ཉམ་ང་མེད་པའོ། །དེ་བཞིན་བྱས་ཀྱང་མ་བྱུང་ན། གསང་བའི་མཐའ་གཏད་ཀྱི་ཏིང་ངེ་འཛིན། དེ་བཞིན་བྱས་ཀྱང་མ་བྱུང་ན། ནང་གི་མཐའ་གཏད་ཕྲན་ཚགས་སོ། །དེ་ཙུག་བྱས་ཀྱང་མ་བྱུང་ན། ཕྱི་མཐའ་གཏད་དྲག་པོ་དེ་བཞིན་བྱས་པས་འོང་ངེས་སོ། །ཡུལ་གསུམ་གདམས་ངག་གོང་མའི་འདྲེ། མ་ཉོལ་ན་ཇི་ལྟར་སྙོལ་བ་ནི། མཐའ་གཏད་མི་བྱ་ཐ་མལ་གཏད། བྱེར་ན་ཇི་ལྟར་བདའ་བ་ནི། ཉེའུ་ཆུང་འཕར་མ་ལྟ་བུའི་གདམས་ངག་གིས་སྐེད་པ་མནན། བྱ་ཤོར་ན་གེགས་ཇི་ལྟར་བསལ་བ་ནི་ཁ་རོག་བསྡད། འབྱམས་པ་འགུགས་ན་མཐའ་གཏད། འཐས་པ་འཇིག་ན་རིག་པ་ལ་ངར་བཏགས། ལྟེངས་པོ་རྒྱལ་ན་ལྟ་སྟངས་ནམ་མཁའ་ལ་ལྟ། རིག་པ་གཟེངས་བསྟོད་ལ་ཕཊ་བྱ། ཡུན་སོ་གཅོད་ན་རིག་པ་སྣ་རྩེ་ལ་དགུག །གྲིབ་ལྔ། གདོན་ལྔ། ནད་ལྔ། བསལ་ཐབས་གོ་ལོག་ལྔ་ངག་དོན་དུ་ཤེས་པར་བྱའོ། །
རྗེས་འཇུག་གི་ཆོས་དྲུག་ནི། གཅོད་ཆོད་པའི་ཚད། ཚར་བའི་ཚད། བཟློག་པའི་དུས། བཟློག་མི་སྲིད་པ་སྒོ་གཏན་ལྟ་བུའི་གདམས་ངག། །ལོག་གནོན་གཟེར་བུ་ལྟ་བུ། ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བསྐྱལ་བ་དང་དྲུག་གོ །དང་པོ་གཅོད་ཆོད་པའི་ཚད་ནི། སྙེམས་རྟོགས་ཡ་ང་བ། བག་ཚ་བ་མེད་པ། སེང་གེ་ལྟ་བུའི་རྣལ་འབྱོར་པའམ། དེའི་དུས་སུ་ཆོས་ཅན་གཏན་ཕེབས་པས་འཕྲུལ་ཆེན་གྱི་རྟོག་པ་རང་སར་གྲོལ་ལོ། །གཅོད་ཚར་བའི་ཚད་བཞི་ནི། ཐུན་མོང་གི་ཚར་ཚད་དང་གཅིག །ཁྱད་པར་གྱི་ཚར་ཚད་དང་གཉིས། ལྷ་འདྲེ་དམ་ལ་ཐོགས་པའི་ཚར་ཚད་དང་གསུམ། མཆོག་གི་ཚར་ཚད་དང་བཞིའོ། །ཐུན་མོང་གི་ཚར་ཚད་ལ་གསུམ། དངོས་གྲུབ་ཀྱི་ཚར་ཚད་དང་གཅིག །གདོན་དོན་པའི་ཚར་ཚད་དང་གཉིས། ནད་དོན་པའི་ཚར་ཚད་དང་གསུམ་མོ། །དང་པོ་དངོས་གྲུབ་ཀྱི་ཚར་ཚད་ནི། ཟས་སྟེར་བ་དང་། གོས་གོན་པ་དང་། ནོར་རྫས་ལ་སོགས་པ་སྟེར་བའོ། །གདོན་དོན་པའི་ཚར་ཚད་ནི། ལུས་ལ་སྦལ་ལྕོང་དང་། ཉ་དང་སྡིག་པ་དང་། གྲོག་སྦུར་དང་། འབུ་སྲིན་ལ་སོགས་པ་དོན་པའམ། ནད་དོན་པ་ནི་ཁྲག་སྐྱུག་པ་དང་། སྐྱུག་པ་སྐྱུག་པ་དང་། ལུས་ལ་ཁྲག་དང་རྔུལ་ཐོན་ལ་སོགས་པའོ། །ཁྱད་པར་དུ་ཉི་ཟླ་ཤར་བ་དང་། ནམ་ལངས་པ་དང་། ཁྲུས་བྱེད་པ་དང་། གྱེན་ལ་འགྲོ་བ་དང་། གོས་དྲི་མ་མེད་པ་གོན་པ་དང་། སྐས་ལ་འཛེགས་པ་དང་། ཁང་སྟེང་དུ་ཕྱིན་པ་ལ་སོགས་པའོ། །
ལྷ་འདྲེ་དམ་ལ་ཐོགས་པའི་ཚར་ཚད་ནི། སྲོག་སྙིང་འབུལ་བ་དང་། ཆོས་ཞུ་བ་དང་། བྱིན་རླབས་ཞུ་བའོ། །བྱིན་རླབས་མི་བྱའོ། །མཆོག་གི་ཚར་ཚད་ནི། རྟོགས་པ་རྒྱུད་ལ་ཤར་བའོ། །རྟོགས་པ་དེ་ལ་ཉོན་མོངས་པས་མི་གནོད་པའོ། །གཅོད་བཟློག་པ་བཞི་སྟེ། རང་གི་ལྷ་འདྲེས་བསྒྱུར་ཏེ་བཟློག་པ་དང་གཅིག །གཞི་ཕ་གིའི་ལྷ་འདྲེས་བསྒྱུར་ཏེ་བཟློག་པ་དང་གཉིས། སྤྱོད་པས་བཟློག་པ་དང་གསུམ། སྟན་བཟློག་ཆེན་མོ་དང་བཞིའོ། །རང་གི་ལྷ་འདྲེས་བསྒྱུར་ཏེ་བཟློག་པ་ནི། འགྲོ་སྙིང་མི་འདོད་པར་འཇིགས་ཆུམ་ཆུམ་པ་འོང་། གཞི་ཕ་གིའི་ལྷ་འདྲེ་བསྒྱུར་ཏེ་བཟློག་པ་ནི། གཉན་སར་ཕྱིན་ནས་འཇིགས་ཆུམ་ཆུམ་པ་འོང་པས་སྙིང་རུས་བསྐྱེད་ལ་བསྒོམ་མོ། །སྤྱོད་པ་ལྡོག་པས་བཟློག་པ་ནི། སྡོམ་པ་དང་དམ་ཚིག་ལ་གནས་པར་བྱའོ། །སྟན་བཟློག་ཆེན་མོ་ནི། ཆོས་དང་བླ་མ་ལ་མོས་པ་བཟློག་པའོ། །དེ་ལ་མོས་གུས་བྱ། གསོལ་བ་གདབ་ཚོགས་འཁོར་བྱའོ། །གཅོད་བཟློག་མི་སྲིད་པ་སྒོ་གཏན་ལྟ་བུའི་མན་ངག་ནི། གཉན་སར་ན་ཚ་བྱུང་ན། ཁྱིམ་དུ་ལོག་མི་འགྲོ་བར་སྒོ་གནན་ལ་བསྡད་དོ། །ལོག་གནོན་གཟེར་བུ་ལྟ་བུའི་མན་ངག་ནི། ཡ་ང་ན་ང་ཐོག་ཏུ་ཐོངས། འཇིགས་ན་འཇིགས་ཐོག་ཏུ་ཐོངས། སྐྱུག་བྲོ་ན་བྲོ་ཐོག་ཏུ་ཐོངས།
ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བསྐྱལ་བ་ནི། རྡོ་རྗེ་ནི་སྐྱེ་ཤི་མེད་པར་འགྱུར་ལྡོག་མེད་པ་རྡོ་རྗེ་ཕ་ལམ་ལྟ་བུའོ། །དེ་ཆོས་ཉིད་དོན་གྱི་རྡོ་རྗེའོ། །ཕར་ལ་ལས་དང་ཉོན་མོངས་རྟོག་ཚོགས་ལ་སོགས་པའི་ཆོས་གང་ལ་ཡང་རྒོལ་བ། ཚུར་ལ་གང་གིས་ཀྱང་མི་ཚུགས་པས་ཆོས་ཉིད་དོན་གྱི་རྡོ་རྗེའོ། །ཞལ་གྱི་གདམས་པ་དྲུག་གསུམ་བཅྭོ་བརྒྱད་འདི། མི་མ་ཡིན་གྱི་གྲོང་ཁྱེར་དུ་ཆོས་ཉིད་ཀྱི་གྲུར་ཀར་དབུབས་པ་དང་གཅིག །ལྟས་ངན་གྱི་རེ་ཧྲུལ་དུ་བཀྲ་ཤིས་ཀྱི་མཁར་བརྩིགས་པ་དང་གཉིས། གཉན་ཐོག་ཏུ་གཉན་དབབ་པ་དང་གསུམ། ནད་ཐོག་ཏུ་ནད་དང་པ་དང་བཞི། ལོག་ཆེན་མཐའ་ལ་གཏད་པ་དང་ལྔ། རྐྱེན་མི་མཐུན་པ་ལམ་དུ་འཁྱེར་བ་དང་དྲུག་གོ །བར་ཆད་དངོས་གྲུབ་ཏུ་ཤེས་པར་བྱ་བ་འདི་དང་གཅིག །བདུད་ཆོས་ཉིད་དུ་ལྡོག་པ་དང་གཉིས། ལྟས་ངན་གཡང་དུ་ལེན་པ་དང་གསུམ། (༡)རོལ་བརྒྱ་ཤལ་ཐེབས་གཅིག་གིས་བཤལ་བ་དང་བཞི། བྱ་བརྒྱ་འུར་རྡོ་གཅིག་གིས་བདའ་བ་དང་ལྔ། བྱ་བརྒྱ་ཁ་ཤར་དུ་ལྟ་ན་ཕ་ཝང་ཁ་ནུབ་ཏུ་ལྟ་བ་དང་དྲུག་གོ །
ཐམས་ཅད་སེམས་སུ་ཐག་གཅོད་པ་དང་གཅིག །སྟོང་པ་ཉིད་དུ་ལ་བཟླ་བ་དང་གཉིས། ཅིས་ཀྱིས་ཨའུ་ཙི་བ་དང་གསུམ། ནགས་ལ་མེ་འབར་ན་རླུང་གིས་མི་གནོན་པར་གྲོགས་སུ་འགྲོ་བ་དང་བཞི། རྡོ་སོལ་གྱི་རི་ལ་ཆར་བབས་པས་སླར་མེ་འབར་བ་དང་ལྔ། རིན་ཆེན་གསེར་གླིང་ན་གསེར་མིན་པ་རྡོ་སོལ་མེད་པ་དང་དྲུག་གོ །ཞལ་མཐུན་སྡེབས་དྲུག་གསུམ་བཅྭོ་བརྒྱད་པ་ཞེས་བྱ་བ་རྫོགས་སོ།། །།
མཆན། (༡)རོལ་བརྒྱ་ཤལ་ཐེབས་གཅིག་ཅེས་པ་ཐོང་གཤོལ་གྱིས་ཞིང་རྨོས་པའི་ཤུལ་གྱི་མིང་སྟེ། སི་ཏ་ལ་རོལ་རྙེད་མ་ལྟ་བུའོ། །ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་བཏབ།
གཅོད་ཀྱི་བཀའ་ཚོམས་ཆེན་མོ།
༄༅། །གཅོད་ཀྱི་བཀའ་ཚོམས་ཆེན་མོ་བཞུགས་སོ། །
མི་སྨྲ་མི་བསམ་བསམ་དུ་མེད་མ་བཅོས་པའི་ངང་། །ཡུལ་འདས་དམིགས་མེད་དབྱིངས་ལ་ཕྱག་འཚལ་ལོ། །གཅོད་ཀྱི་བཀའ་ཚོམས་ཆེན་མོ་འདི། །འགའ་ལ་ཕན་ཕྱིར་ཡི་གེར་བཀོད། །བདུད་ཀྱི་རྩ་བ་རིག་པའི་སེམས། །ཡུལ་སྣང་ཅི་ཡང་རིག་པའི་དངོས་པོ་མེད་པ་ལས། །ཞེན་ཅིང་ཆགས་པའི་བདུད་ཀྱིས་ཟིན། །སེམས་ལ་ཡུལ་དུ་བཟུང་བས་བསླད། །བདུད་ལ་རྣམ་པ་བཞི་རུ་འབྱེད། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཐོགས་བཅས་བདུད་ཀྱི་བྱུང་ཚུལ་ནི། །དབང་པོའི་ངོ་ལ་སྣང་བ་དང་། །དགག་སྒྲུབ་བྱས་པས་ཐོགས་བཅས་བདུད། །ངེས་པར་བཟུང་བས་འཁོར་བར་བཅིངས། །གཟུགས་ནི་གཟུགས་ཀྱི་ངོ་བོས་སྟོངས། །གཟུགས་ལ་མ་ཆགས་སྟོང་པ་བསྒོམས། །གཟུགས་ལ་ངེས་པར་མ་ཆགས་པས། །རྟག་པར་དངོས་པོ་མེད་པར་འཛིན་པའི་བདུད་ལས་གྲོལ། །སྟོང་པ་ཡིད་ལ་མ་བསྒོམ་མོ། །གཟུགས་ལ་ངེས་པར་མ་ཆགས་པ། །རྟག་པར་འཛིན་པའི་བདུད་ལས་གྲོལ། །སྟོང་པ་ཡིད་ལ་མ་བསྒོམས་པས། །ཆད་པའི་བདུད་ལས་ངེས་པར་གྲོལ། །གཟུགས་སྣང་དགག་ཏུ་མི་བཏུབ་སྟེ། །ངེས་པར་མ་བཟུང་རང་སྣང་འོད། །སྒྲ་དང་དྲི་དང་རོ་དང་རེག །ཡིད་ལ་སོགས་པ་དེ་བཞིན་གྲོལ། །ཡིད་ནི་ཐོགས་མེད་བདུད་ཡིན་ཏེ། །དབང་པོ་ལྔ་ལས་བྱུང་བས་ན། །ཐོགས་བཅས་བདུད་དུ་འདུས་པ་ཡིན། །དབང་པོའི་ངོ་ལ་སྣང་བ་རྣམས། །རང་གྲོལ་དགོངས་པས་ཐད་ཀར་བཅད། །དབྱེར་མེད་གཏི་མུག་ཆེན་པོར་བསྒྱུར། །ཐོགས་མེད་བདུད་ཀྱི་བྱུང་ཚུལ་ནི། །ཡིད་ཡུལ་བྱུང་ཚོལ་བཟང་དང་ངན། །རང་གི་རྟོག་པས་ཕྱེ་བ་རྣམས། །ཐོགས་མེད་བདུད་དུ་བསྟན་པ་ཡིན། །རང་བྱུང་སེམས་ལས་མ་གཏོགས་པའི། །ལྷ་བཟང་ལྷ་རུ་འཛིན་པ་དང་། །འདྲེ་ངན་འདྲེ་རུ་འཛིན་པ་དང་། །ཡིད་ཀྱི་འགྱུ་བྱེད་རེ་དོགས་རྣམས། །རང་བདུད་རང་ལ་ལངས་པ་ཡིན། །ཆོས་དབྱིངས་ཀློང་ཆེན་ངང་གསལ་བས། །དྲན་རྟོག་ཅིར་ཡང་འཆར་བ་ཡིན། །དཔེར་ན་རྒྱ་མཚོ་གཡོ་མེད་ལས། །རྦ་རླབས་ལ་སོགས་འབྱུང་བ་བཞིན། །དེ་ལྟར་རྟོགས་པའི་སྐྱེས་བུ་ནི། །བཅས་བཅོས་མི་དགོས་རང་སར་བཞག །ཕན་གནོད་མི་འབྱུང་རང་སར་བཞག །ཆོས་ཉིད་དབྱིངས་ནས་ཉམས་ཤར་བས། །ཕྲག་དོག་དགག་སྒྲུབ་བྱར་མི་རུང་། །དགག་སྒྲུབ་མ་བྱས་རང་བྱུང་སེམས། །དགའ་བྲོད་བདུད་ཀྱི་བྱུང་ཚུལ་ནི། །ཐུན་མོང་བདུད་དང་མཆོག་གི་བདུད། །རིག་འཁྲུལ་སེམས་ལས་བྱུང་བ་ཡི། །གཉན་སར་འདྲེ་ཡིས་མ་ཚུགས་པས། །རློམ་སེམས་སྐྱེས་པས་དགའ་བྲོད་བདུད། །བྱིན་རླབས་ནུས་པའི་རྟགས་བྱུང་བས། །བསོད་ནམས་ནོར་རྫས་གཡེང་བའི་བདུད། །ཁེ་གྲགས་དགྲ་གཉེན་སྤྲོ་བའི་བདུད། །ལྷ་འདྲེས་དངོས་གྲུབ་སྟེར་བ་དང་། །བུ་དང་མཛའ་བཤེས་འཁོར་འདུས་ལ། །དགའ་ཞིང་བྲོད་པས་དགའ་བྲོད་བདུད། །ཡོན་ཏན་ཅི་བྱུང་ཅི་ཤར་ཡང་། །ཡུལ་སེམས་གཉིས་སུ་མེད་པའི་བློས། །ཡོན་ཏན་དག་ཏུ་མི་བཟུང་བར། །རྨི་ལམ་དག་གི་ཡུལ་བཞིན་དུ། །རང་བཞིན་ཞེན་པ་མེད་པར་སྤྱད། །མཚར་མོའི་བྱད་ཀྱིས་རང་མཛེས་ལྟར། །རང་བྱུང་རང་ལ་བརྒྱན་པ་ཡིན། །དེ་ལ་རློམ་སེམས་སྐྱེ་རུ་མེད། །སྐྱེས་ན་རིག་འཁྲུལ་འཛིན་པས་བསླད། །འཛིན་མེད་རང་ལུགས་གཅོད་མཆོག་འདི། །བློ་ལྡན་རྣམས་ཀྱི་ཐུགས་ལ་སྦོས། །མཆོག་གི་བདུད་ལ་རྣམ་པ་གཉིས། །ལམ་དང་འབྲས་བུ་གཉིས་སུ་བསྟན། །སྤྲོས་བྲལ་བལྟས་ནས་བྲོད་པ་དང་། །མཉམ་ཉིད་བསྒོམས་ནས་བྲོད་པ་དང་། །རྟོག་མེད་སྤྱོད་པའི་བྲོད་པ་དང་། །ཉམས་ལེན་ལམ་གྱི་བྲོད་པ་ནི། །བག་ཙམ་ཡུལ་དུ་སྤྱད་པས་ན། །ལམ་དུ་མི་འགྲོ་བདུད་ཀྱི་ལས། །ལྟ་སྒོམ་བརྡ་རུ་བསྟན་པ་ལ། །ངེས་པར་ཡིད་ལ་བྱ་རུ་མེད། །མ་འགགས་ཅིར་ཡང་འཆར་བ་ལ། །ལྟ་བའི་བསམ་པ་མ་འཆར་བར། །ཉམས་ཤར་ཆོས་ཉིད་དབྱིངས་སུ་སྒྱུར། །མི་ལྟ་བ་ནི་གཅོད་ཀྱི་མཆོག །ཀུན་ཀྱང་རང་བྱུང་སེམས་ཡིན་པས། །སྒོམ་མཁན་ཅི་ཞིག་བསྒོམ་དུ་མེད། །ཅི་བྱུང་རང་ཤར་བྱུང་ཚོར་རྣམས། །ལྷན་ནེ་ལྷང་ངེ་ལྷམ་མེར་བཞག །དོན་མི་འགྱུར་བས་ལྷན་ནེ་བ། །ངེས་པར་རྟོགས་པས་ལྷང་ངེ་བ། །རང་སར་གྲོལ་བས་ལྷམ་མེ་བ། །དཔེར་ན་མར་ལ་མར་བཞག་བཞིན། །མི་བསྒོམ་པ་ཡི་བསམ་གཏན་ཏེ། །དེ་ནི་སྒོམ་པའི་མཆོག་ཡིན་ནོ། །རང་སྤྱོད་ཤུགས་འབྱུང་རང་གྲོལ་ལ། །ཆེད་དུ་བྱས་ནས་གཅོད་དུ་མེད། །ཉམས་ཤར་གཉེན་པོས་བཟུང་དུ་མེད། །བདུད་ཀྱང་རང་བྱུང་ཡིན་ཤེས་ན། །རང་ལ་རང་གྲོལ་འགག་པ་མེད། །རྟོག་པའི་ཁྱད་པར་བཙན་པས་ན། །ངེས་པར་སྤྱོད་པ་དགག་ཏུ་མེད། །མ་རྟོགས་སྤྱོད་པ་མི་བྱ་སྟེ། །གདམས་ངག་འདི་ཡི་བཞེད་ལུགས་ཀྱིས། །དམ་པའི་བྱིན་རླབས་གདེངས་ལྡན་གྱི། །རྣམ་རྟོག་དག་ལ་ཐོག་རྫིས་བྱ། །རིམ་གྱིས་བྱིན་རླབས་ཞུགས་ནས་ནི། །ངེས་པར་རྟོག་པར་ཆེ་བར་འགྱུར། །ངེས་པར་གསུངས་པའི་གདམས་ངག་ནི། །སྤྱོད་ཡུལ་ཀུན་ལས་འདས་པ་ཡིན། །མི་གཅོད་པ་ཡི་མཆོག་ཏུ་གསུངས། །ཉམས་སུ་གང་ཡང་མི་ལེན་ན། །དེ་ཉིད་ཉམས་སུ་བླངས་པ་ཡིན། །ཉམས་ནི་ཤེས་བྱ་བློ་ཡི་ཉམས། །ཡང་དག་དོན་ལ་མྱོང་དུ་མེད། །སྐྱེ་མེད་ལོགས་ནས་བླང་དུ་མེད། །ཉམས་སུ་བླངས་པས་ཆོས་ཉིད་ཉམས། །བློ་སྣང་ཡུལ་དུ་བཅད་པས་སོ། །བསྐལ་པ་བྱེ་བ་དུ་མར་ཡང་། །ཡུལ་དུ་མ་ཆད་ཉམས་ལེན་ནི། །ཐར་པའི་ལམ་མཆོག་བླ་མའི་ཞལ། །འབྲས་བུའི་བདུད་ལ་འདི་བཞིན་ནོ། །ཉན་ཐོས་རང་རྒྱལ་ལ་སོགས་པའི། །གྲུབ་མཐའ་འབྲས་བུའི་ཐེག་པ་ནི། །སྐུ་གསུམ་ངེས་པར་ཐོབ་འདོད་པས། །འདོད་པ་དང་བཅས་བྲོད་པ་ཡི། །ལུས་ངག་ཡིད་གསུམ་རང་བཞིན་ལས། །སྐུ་གསུམ་འབྲས་བུར་བརྟག་པ་ལས། །སངས་རྒྱས་ལོག་ནས་སྒྲུབ་ཏུ་མེད། །རང་ལས་དཔག་ནས་བཙལ་གྱུར་ན། །བསྐལ་པ་བྱེ་བ་དུ་མར་ཡང་། །བསྒྲུབས་པས་ཐོབ་པར་མི་འགྱུར་བས། །མི་བཙལ་མི་བསྒྲུབ་རང་བཞིན་བཞག །རེ་བ་མེད་པ་གཅོད་ཀྱི་མཆོག །མི་རེ་དོགས་པའི་མཐའ་དང་བྲལ། །འཛིན་པའི་ཐག་པ་གཅོད་པ་ལས། །ངེས་པར་སངས་རྒྱས་ག་ལ་མཆིས། །བདུད་ལ་བཞི་རུ་ཕྱེ་ལགས་ཀྱང་། །སྙེམས་བྱེད་བདུད་དུ་འདུས་པ་ཡིན། །དངོས་པོའི་ཡུལ་ལ་སྙེམས་ཞུགས་པས། །ཐོགས་བཅས་བདུད་དུ་བཏགས་པ་ཡིན། །དངོས་པོའི་ཡུལ་གྱི་ཆགས་སྡང་རྣམས། །རྩ་བ་སྙེམས་སུ་རྟོགས་ཙམ་ན། །དཔེར་ན་རྩིགས་གསེབ་དུ་བ་ཡང་། །ཐབ་ཀྱི་མེ་བསད་རང་ཞི་ལྟར། །སྙེམས་ཐག་བཅད་པས་དངོས་འཛིན་བྲལ། །འགོག་པ་བཞིན་དུ་ཡུལ་མི་དགག །རྩ་བྲལ་རྟོགས་པས་ཐོགས་བཅས་བདུད། །ངེས་པར་བདུད་རྣམས་ཆོད་པ་ཡིན། །དཔེར་ན་སྒྱུ་མའི་མཁན་པོ་བཞིན། །སྣང་ཡང་ཆགས་སེམས་མི་འབྱུང་ངོ་། །དེ་བས་སྙེམས་ཀྱི་ཐག་པ་ཆོད། །བཅད་པས་ཆོད་པ་མ་ཡིན་ཡང་། །རྩ་བྲལ་རྟོགས་ན་ཟུང་མི་ཐུབ། །ཆོས་དབྱིངས་ངང་དུ་གྲོལ་བར་ངེས། །རྩིས་གདབ་མེད་པའི་ལ་བཟླ་གཅེས། །ཐོགས་མེད་བདུད་ཀྱང་སྙེམས་སུ་འདུས། །དུག་ལྔ་ལ་སོགས་ཉོན་མོངས་དང་། །མཐོང་མེད་འདྲེ་ལ་འཇིགས་པ་དང་། །དངོས་མེད་ལྷ་ལ་རེ་བ་དང་། །དེ་བཞིན་ཡིད་ཡུལ་རེ་དོགས་རྣམས། །སྙེམས་བྱེད་ལས་བྱུང་སྙེམས་ཀྱི་བདུད། །ཞེ་སྡང་རང་སར་གྲོལ་བ་ཡང་། །སྙེམས་བྱེད་རྩ་བ་ཆོད་ལས་བྱུང་། །བཙོ་བསྲེག་དམྱལ་བའི་བདུད་ལས་ཐར། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། །འདོད་ཆགས་རང་སར་གྲོལ་བ་ཡང་། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང་། །བཀྲེས་སྐོམ་ཡི་དྭགས་བདུད་ལས་གྲོལ། །སོ་སོར་རྟོགས་པའི་ཡེ་ཤེས་ཐོབ། །གཏི་མུག་རང་སར་གྲོལ་བ་ཡང་། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང་། །བཀོལ་སྤྱོད་བྱོལ་སོང་བདུད་ལས་གྲོལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། །ཕྲག་དོག་རང་སར་གྲོལ་བ་ཡང་། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང་། །འགྱུར་བྱེད་མི་ཡི་བདུད་ལས་གྲོལ། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། །ང་རྒྱལ་རང་སར་གྲོལ་བ་ཡང་། །སྙེམས་ཀྱི་ཐག་པ་ཆོད་ལས་བྱུང་། །འཐབ་རྩོད་ལྟུང་བའི་བདུད་ལས་གྲོལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ། །སྙེམས་ཐག་མ་ཆད་དུག་ལྔ་ལ། །སྙེམས་ཆོད་རང་གྲོལ་ཡེ་ཤེས་སོ། །དེ་བས་ཐམས་ཅད་སྙེམས་སུ་འདུས། །གངས་དཀར་སྟོད་ཀྱི་སེངྒེ་བཞིན། །ཉམ་ང་བག་ཚ་མ་བྱས་པར། །སྙེམས་མེད་གདེངས་དང་ལྡན་གྱུར་ན། །སྣང་སྲིད་ལྷ་འདྲེས་སྡང་མི་ནུས། །བརྒྱ་ལ་ལངས་ཀྱང་གདམས་ངག་གསལ། །རང་གི་ཆོ་འཕྲུལ་ཡིན་ཤེས་ན། །ངེས་པར་རྩལ་སྦྱོང་ཆེན་པོར་འགྲོ། །དྲན་པ་རྒྱུན་གཅད་མི་དགོས་ཏེ། །རང་ཤར་རྟོགས་པས་ཆོད་པ་ཡིན། །ནད་རིམས་ལ་སོགས་དེ་བཞིན་མཚུངས། །རྩ་བྲལ་རྟོགས་ནས་གཅོད་པ་འདི། །གདམས་ངག་ཀུན་ལས་ཁྱད་པར་འཕགས། །རྟོགས་ཀྱང་ཐད་ཀར་མ་བཅད་ན། །མཚོན་རྣོན་ཚ་ངར་བོ་བ་བཞིན། །ལྟ་བས་མི་སྐྱོངས་ཉམ་ངས་བཅིངས། །ལྟ་སྤྱོད་འཛོམས་པའི་རྣལ་འབྱོར་ཅན། །དཔའ་བོ་སྟག་ལ་མཚོན་བསྐུར་བས། །དགྲ་དཔུང་ཐམས་ཅད་འཇོམ་པ་བཞིན། །བདུད་རྣམས་སྙེམས་མེད་དབྱིངས་སུ་འཇོམས། །ཨེ་མ་ཧོ། རང་སྙེམས་ཆོད་པས་བདུད་རྣམས་ཞི། །རྩ་བྲལ་རྟོགས་པས་མངོན་སངས་རྒྱས། །རང་སོ་རང་དྭངས་ལྷུག་པར་ཞོག །ཀུན་ཀྱང་དེ་བཞིན་བཞག་པར་བྱོས། །དགའ་བྲོད་བདུད་ཀྱང་སྙེམས་སུ་འདུས། །ཐུན་མོང་ཆོས་ལ་དགའ་བྲོད་དང་། །འབྲས་བུའི་ཆོས་ལ་དགའ་བྲོད་དང་། །རང་གི་སྙེམས་ལས་བྱུང་བ་ཡིན། །ངེས་པར་ཆགས་ན་བདུད་དུ་འགྱུར། །ཆགས་པ་མེད་པའི་རང་ཤར་ནི། །སྙེམས་མེད་ཆོས་སྐུའི་རྒྱན་དུ་གསུངས། །སྐུ་གསུམ་འབྲས་བུ་རང་ཡིན་པས། །གཞན་དུ་བྲོད་པ་སྐྱེ་མི་དགོས། །འཁོར་བ་རང་སར་གྲོལ་བ་ལས། །མྱང་འདས་ལོགས་ནས་བཙལ་དུ་མེད། །རྟོག་པ་རང་གཟུགས་ཤར་བ་ལས། །རྟོག་མེད་ཆེད་དུ་བསྒོམ་དུ་མེད། །དེ་བས་ཐམས་ཅད་སྙེམས་ཡིན་པས། །སྙེམས་ཐག་བཅད་པ་ང་ཡིས་སྨྲ། །དྭངས་མར་བཞག་པ་ཀུན་ནས་གསུངས། །དྭངས་མའི་སེམས་ལ་བདུད་ངོས་བཟུང་། །དཔེ་ཡིས་གཏན་ལ་དབབ་པ་ནི། །གདམས་ངག་ཐོས་པའི་རྣལ་འབྱོར་ལ། །བྱེའུས་བྱེ་ཕྲུག་གསོ་བཞིན་དུ། །གདམས་ངག་མཆུ་བསྐྱེལ་བྱས་གྱུར་ན། །སྟོན་བྱེའུ་ལྟོགས་གྲིར་ཤི་བ་བཞིན། །རང་ཉིད་འཁོར་བར་འཁྱམས་པར་ངེས། །འབྲི་བཟང་བེའུ་ཆུང་གསོ་བ་བཞིན། །གདམས་ངག་མཆུ་བསྐྱེལ་བྱས་གྱུར་ན། །རང་འགྲངས་རང་གི་དོན་བྱས་ན། །བེའུ་ཆུང་ལ་སོགས་འཚོ་བཞིན་དུ། །རང་གི་སྙེམས་ཐག་ཆོད་གྱུར་ན། །སེམས་ཅན་ངེས་པར་གྲོལ་བར་འགྱུར། །གཞན་དོན་འགྲུབ་འགྱུར་ཐེ་ཚོམ་མེད། །ཁྱུང་ཆེན་ནམ་མཁར་ལྡིང་བ་ནི། །གླིང་བཞི་བྱ་རྩོལ་མེད་པར་མཐོང་། །ངམ་གྲོག་གཡང་ས་ཉམ་མི་ང་། །བྱ་བྲན་ལ་སོགས་ཟིལ་གྱིས་གནོན། །དེ་བཞིན་སྙེམས་ཀྱི་ཐག་ཆོད་པས། །བདུད་བཞིའི་རྩ་བ་ལེགས་པར་རྟོགས། །འདྲེ་བདུད་ལ་སོགས་ཟིལ་གྱིས་གནོན། །ངན་སོང་གནས་གསུམ་ཉམ་མི་ང་། །ངེས་པར་རྩ་བྲལ་མ་ཤེས་པར། །རྒྱུ་འབྲས་ཆོས་ལ་སྤྱོད་པ་ནི། །སྡོང་བཞག་ཡལ་ག་བཅད་པ་འདྲ། །རྩ་བྲལ་རྟོགས་པའི་རྣལ་འབྱོར་ནི། །དྲན་རྟོག་གློ་བུར་ཡིན་ཤེས་ན། །སྤང་བླང་མེད་པའི་ཆོས་ལ་སྤྱོད། །གཟུགས་མཐོང་སེམས་ཀྱི་སྐུ་རུ་བལྟ། །སྒྲ་ཐོས་སེམས་ཀྱི་གསུང་དུ་བལྟ། །ཅི་སེམས་སེམས་ཀྱི་ཐུགས་སུ་བལྟ། །གནས་ལུགས་སྒོམ་གྱི་བཞག་ཐབས་ནི། །རྒྱུ་འབྲས་མེད་པའི་དོན་དུ་བལྟ། །བཞག་ཐབས་སྒོམ་པའི་གནས་ལུགས་ནི། །ལྷ་ཁང་ནང་གི་ལྡེར་སོ་བཞིན། །འདུག་ཚུལ་བཟང་དང་ཞལ་འཛུམ་ཡང་། །མི་སེམས་སེམས་པའི་ཚུལ་མེད་བཞིན། །རང་ལུས་གང་བདེར་འདུག་བྱས་ནས། །མི་བསམ་བསམ་པར་མི་བྱའོ། །བསམ་པ་ཡུལ་ཡིན་དེ་ཉིད་མིན། །དེས་ན་མི་བསམ་ངང་ལ་བཞག །བྱུང་ཚོར་རྟོག་པའི་རྗེས་མི་བཅད། །མཁའ་ལ་གློག་འགྱུ་རང་ལོག་ལྟར། །རྣམ་རྟོག་བྱུང་བ་དེ་བཞིན་བཞག །རྒྱ་མཚོ་ཆེན་པོའི་རླབས་བཞིན་དུ། །གཡོ་བ་མེད་པའི་ངང་ལ་བཞག །རྐྱེན་སྣང་རྟོག་པ་རླབས་བཞིན་དུ། །ངང་གིས་ཆོས་ཉིད་དབྱིངས་སུ་འགྱུར། །བཅོས་བསླད་མེད་པ་རྒྱལ་བའི་བཀའ། །བཅོས་ན་འཆོས་བྱེད་བདུད་ཡིན་པས། །ངེས་པར་རང་སར་བཞག་པ་ཡིན། །སྐྱེས་བུ་ནད་ཀྱིས་ཟིན་པ་བཞིན། །ཚོགས་དྲུག་ལྷུག་པའི་ཚུལ་དུ་བཞག །བྱ་བ་ཟིན་པའི་སྐྱེས་བུ་བཞིན། །བློ་བདེ་ངང་དལ་ཅོག་གིས་བཞག །བུ་ཆུང་མ་མ་མཐོང་བ་བཞིན། །སྣང་བ་ནུབ་པ་མེད་པར་བཞག །རིག་པས་རང་ལུས་རོ་འཁུར་ལ། །གཉན་ས་ལ་སོགས་འཚེ་གནས་སུ། །ཆགས་མེད་ཚུལ་གྱིས་བསྐྱུར་བར་བྱ། །སེམས་ཉིད་ཡུམ་ཆེན་ཀློང་དུ་གཞུགས། །དྲན་རྟོག་ཤེས་བྱེད་ཅི་བྱུང་ཡང་། །ཡུམ་ཆེན་སྤྲུལ་པ་ཉིད་དུ་དགོངས། །ཡུམ་སྤྲུལ་འཁོར་བའི་གནས་མི་འཛིན། །གླེན་པ་ལྟོ་བ་འགྲངས་པ་བཞིན། །འདུ་ཤེས་རྣམ་པར་བཤིག་ལ་ཞོག །འཁོར་སྤང་མྱ་ངན་འདའ་པར་ངེས། །ཨེ་མ་ཧོ། བྱ་རྩོལ་མེད་དོ་དགོངས་པ་ལོངས། །སྤྱོད་པ་དེ་ཡིས་བསྟན་པ་ནི། །སྒོ་སྲུང་ཁྲོ་བོ་ཀིང་དང་ཀང་། །ཁྲོ་ཞིང་གཏུམ་པ་འདྲ་ན་ཡང་། །རྒྱུད་ལ་ཉོན་མོངས་སྐྱེ་མེད་བཞིན། །བརྟུལ་ཞུགས་སྤྱོད་པས་བར་ཆད་འདུལ། །ཞེ་འདོད་རྟོག་པ་མེད་པར་སྤྱད། །མཚོ་ལ་ཉ་མོ་འཕྱོ་བ་བཞིན། །འཛིན་ཆགས་མེད་པར་ཕབ་ལ་སྤྱོད། །སྐྱི་སེར་རི་རྩིབས་གཅོད་པ་བཞིན། །ཆགས་སྡང་རྗེས་མེད་རྩིས་ལས་འདས། །རང་གིས་རང་ལ་གཅོད་པ་ལ། །སྙེམས་བྱ་སྙེམས་བྱེད་གཞུག་མི་དགོས། །རང་ལ་འཇིགས་པ་མེད་པར་གཅད། །རྨི་ལམ་ཡུལ་གྱི་སྒྲ་དེ་ཡང་། །རང་ལས་བྱུང་བར་མ་དགོངས་སམ། །ཡི་དམ་ལྷ་ཡི་དངོས་གྲུབ་ཀྱང་། །སེམས་ཀྱི་སེམས་ལ་སྒོམ་ལས་བྱུང་། །དེས་ན་རང་མིན་གཞན་མ་ཡིན། །རང་སྣང་རང་ལ་གནོད་པ་ལས། །གཞན་ཡུལ་འབྲེལ་མེད་གནོད་མ་ནུས། །དཔེར་ན་རྒྱ་གར་དུག་སྦྲུལ་བཞིན། །འབྲས་བུ་དཔེ་ཡིས་བསྟན་པ་ནི། །མར་ལ་དཀར་པོ་མ་བསྒྲུབས་ཀྱང་། །མར་ངོ་ཤེས་པས་དཀར་པོར་གྲུབ། །ངེས་པར་མར་ངོ་ཤེས་ཙ་ན། །དཀར་པོ་གཞན་ནས་བསྒྲུབ་མི་དགོས། །དེ་བཞིན་རང་སེམས་ངོ་ཤེས་ནས། །སེམས་ལ་སངས་རྒྱས་མ་བསྒྲུབས་ཀྱང་། །སེམས་ངོ་ཤེས་པས་སངས་རྒྱས་འགྲུབ། །ངེས་པར་སེམས་ངོ་ཤེས་ཙམ་ན། །སངས་རྒྱས་གཞན་ནས་བསྒྲུབ་མི་དགོས། །སྙེམས་སངས་རྩ་བྲལ་ཀུན་ལ་རྒྱས། །དེས་ན་ལོགས་ནས་སྒྲུབ་ཏུ་མེད། །དེ་ལྟར་རྟོགས་ན་བདུད་རྣམས་ཞི། །དེ་ཡང་རང་བྱུང་རང་ཞི་ཡིན། །རིག་མེད་གཏི་མུག་ཆོས་དབྱིངས་ལ། །ཡུལ་དུ་རིག་ཅིང་བཟུང་བས་འཁྲུལ། །བྱར་མེད་གཅིག་ལ་རིག་བྱུང་བས། །ཁམས་གསུམ་གནས་སུ་འཁྲུལ་བ་ཡིན། །རིགས་དྲུག་གནས་སུ་འཁོར་བ་ཡིན། །དེ་ཡང་རང་བཞིན་རིག་འཁྲུལ་ལོ། །ལྟོས་ཆོས་ཐེག་པའི་རིམ་པ་ཡང་། །ལྟ་སྒོམ་སྤྱོད་པས་རིག་པ་འཁྲུལ། །ཆད་པས་ཅང་མེད་ཡུལ་དུ་རིག །རྟག་པས་འགྱུར་མེད་ཡུལ་དུ་རིག །ཉན་ཐོས་གཟུང་འཛིན་ཡུལ་དུ་རིག །རང་རྒྱལ་རྟེན་འབྲེལ་སྟོང་བར་རིག །སེམས་ཙམ་རང་རིག་སེམས་སུ་རིག །དབུ་མས་སྤྲོས་བྲལ་ཡིན་པར་རིག །ཕ་རྒྱུད་བདེ་གསལ་ཀློང་དུ་རིག །མ་རྒྱུད་བདེ་སྟོང་རྒྱས་འདེབས་རིག །ཐབས་དང་ཤེས་རབ་གཅིག་ཏུ་རིག །ཕྱག་ཆེན་བློ་ལས་འདས་པར་རིག །རྫོགས་ཆེན་ཡེ་ཡིན་ཆེན་པོར་རིག །དེ་ལྟར་རིག་པ་ཐམས་ཅད་ནི། །ཡུལ་དུ་རིག་པའི་རིག་པ་ཡིན། །ཡུལ་ཅན་རྣམས་ནི་དེ་ཉིད་མིན། །ཡུལ་མེད་སེམས་ལ་རིག་པ་མེད། །གང་རིག་པ་ཡི་རིག་པས་འཆིང་། །དེ་བས་རིག་མེད་གཏི་མུག་འདི། །ཡེ་ཤེས་ཆེན་པོར་རྒྱལ་བས་གསུངས། །མ་རིག་ཡུལ་མེད་འཁྲུལ་བ་སངས། །ཡུལ་སྣང་བློ་ཡིས་བཏང་ཙམ་ན། །སྙེམས་ཐག་མ་ལུས་ཆོད་པ་ཡིན། །ཡུལ་མེད་རིག་པ་ཅི་ལ་སྙེམས། །རིག་པ་འཁྲུལ་བར་ཤེས་ཙམ་ན། །འཁྲུལ་བའི་ཆོས་ལ་མི་འཛིན་པས། །འཛིན་མེད་རིག་པ་ཅིར་ཡང་སྣང་། །ཆེད་དུ་མ་བྱས་རང་བྱུང་ཡིན། །དེ་ལྟར་དགོངས་ན་ནམ་ཡང་ཡིན། །ཡང་དག་དོན་གྱི་ཡུམ་ཆེན་དང་། །འཁོར་འདས་ཀུན་གྱི་གཞི་ཡང་ཡིན། །དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་། །མ་མཛད་སྐྱེ་མེད་བཞི་རུ་བྱུང་། །མ་བྱས་འདུས་མ་བྱས་ཡིན་པས། །སྐྱེ་བ་མེད་པར་ཡིད་ཆེས་ནས། །སྐྱེ་བའི་གཞི་མ་བྱེད་མཁན་མེད། །མ་བྱས་གཞི་ཡི་གོལ་ས་ཆོད། །མ་བྱས་འདུས་མ་བྱས་པ་ཡིན། །མི་བྱེད་ལམ་དུ་ངེས་པར་འགྲོ། །སྣང་སྟོང་ཡིད་ལ་མ་བྱས་པས། །རྟག་ཆད་མེད་པའི་ལམ་དུ་སློངས། །གཉིས་མེད་ཡིད་ལ་མ་བྱས་པས། །སྐྱེ་མཆེད་མུ་བཞིའི་བདུད་ལས་གྲོལ། །ཤེས་བྱའི་སྒྲིབ་པ་རང་སར་དག །གཟུགས་དང་ཚོར་བ་འདུ་ཤེས་སོགས། །ངེས་པར་ཡིད་ལ་མ་བྱས་ན། །ཁམས་གསུམ་གནས་ལས་གྲོལ་བར་འགྱུར། །འཁོར་བར་འགྲོ་བར་མི་འགྱུར་རོ། །གང་ཡང་ཡིད་ལ་མི་བྱེད་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཡིད་ལ་མ་བྱས་ལམ་མཆོག་ནི། །རྒྱལ་བའི་བཀའ་ནས་གསུངས་པར་ངེས། །ཡིད་ལ་མ་བྱས་རྟོགས་གྱུར་ན། །ཡིད་ཀྱི་འགྱུ་བ་དགག་མི་དགོས། །སྨིག་རྒྱུ་བཞིན་དུ་རང་སར་གྲོལ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ། །བག་ཡང་སྤྱོད་པ་དགག་མི་དགོས། །གང་ལྟར་བྱས་ཀྱང་ལམ་དུ་འགྲོ། །མི་བྱེད་པས་ན་ལམ་ཡིན་ནོ། །མ་གྲུབ་འབྲས་བུར་གསུངས་པ་ཡིན། །སྐུ་གསུམ་འབྲས་བུར་གསུངས་པ་ཡང་། །དྲང་བའི་དོན་དུ་གསུངས་པ་ལས། །མཚན་དང་དཔེ་བྱད་ལ་སོགས་པ། །ངེས་པར་གྲུབ་པ་རྡུལ་ཙམ་མེད། །གྲུབ་ན་གང་འགྲུབ་མཐར་ལྟུང་རྒྱུ། །འཁོར་བའི་ཕ་རོལ་འདས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །བློ་ཡི་ཡུལ་དུ་གྲུབ་པ་མེད། །བློ་ནི་གྲུབ་པ་འཁོར་བའི་ཆོས། །སྒྲུབ་མེད་འབྲས་བུར་མ་རྟོགས་ན། །སྒྲུབ་འདོད་རྩོལ་བ་ཅི་བྱས་ཀྱང་། །ཐར་པ་འཐོབ་པར་མི་འགྱུར་རོ། །ཆོས་ཀྱི་ཞེན་བློ་མ་ཞིག་པར། །ཞེན་པ་བློ་ཡི་ཆོས་སྤྱད་པས། །ཆོས་ཀྱང་འཆིང་བའི་གྲོགས་སུ་འགྲོ། །དེས་ན་གདམས་ངག་སྲོག་གིས་བསླུ། །སངས་རྒྱས་འདུས་མ་བྱས་ཡིན་པས། །འདུས་བྱས་རྩོལ་བས་ག་ལ་འགྲུབ། །འདུས་བྱས་ཆོས་ལ་ཡིད་མ་ཆགས། །བྱས་པའི་ཆོས་ལ་རེ་མ་ཆེ། །ལུས་ལ་འཛིན་མེད་རྒྱལ་བའི་སྐུ། །ངག་ལ་འཛིན་མེད་རྒྱལ་བའི་གསུང་། །ཡིད་ལ་འཛིན་མེད་རྒྱལ་བའི་ཐུགས། །འཛིན་མེད་འོད་གསལ་མ་གཏོགས་པ། །རྒྱལ་བའི་དགོངས་པ་གཞན་མི་ཚོལ། །ཨེ་མ་ཧོ། གཅོད་ནི་རྣམ་རྟོག་རང་སར་གཅོད། །བཀའ་ནི་རང་བཞིན་འགྱུར་བ་མེད། །ཚོམས་ནི་བཤད་པའི་ཚོམས་སུ་བསྟན། །ནན་ཏན་ཉམས་མྱོང་བསྟན་པ་ནི། །དམིགས་པའི་ཡུལ་ལས་འདས་པས་ན། །ཉམས་སུ་མྱོང་བའི་བློ་དང་བྲལ། །གཉན་ས་ལ་སོགས་གཅོད་པའི་དུས། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱི་གདུང་པ་བཞིན། །སླར་གཅོད་ལོག་གནོན་གདམས་པའི་གནད། །རྨད་བྱུང་མེ་ཡིས་བསྲེག་པ་བཞིན། །རྐྱེན་སྣང་རྣམ་རྟོག་ལ་ཐོག་རྫིས་བྱེད་ཁལ་དུ་བཀལ་བ་ཡིན། །ཁལ་འགེལ་གནད་ཡིན་གོ་བ་ལོངས། །ཆོས་ཀུན་ཁལ་དུ་མ་ཁེལ་ན། །གཞི་དེ་གཉེན་པོས་གྲོལ་མི་ནུས། །གཉན་ས་རི་ཁྲོད་འགྲིམས་ཤིག་ཨང་། །དཔེ་ལ་མ་བཞག་དཔེ་ཚིག་གིས། །བྱིན་རླབས་མི་འབྱུང་ཚིག་དྲེད་ཁྱེར། །དེ་བས་དབེན་པར་ཉམས་སུ་ལོངས། །བཀའ་ཚོམས་ཆེན་མོ་རྫོགས་སོ།། །།
བཀའ་ཚོམས་ཀྱི་ས་མ་འབྲེལ།
༄༅། །བཀའ་ཚོམས་ཀྱི་ས་མ་འབྲེལ་བཞུགས་སོ། །
རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །བཀའ་ཚོམས་ཆེན་མོ་འདི་ལ་དོན་གསུམ་སྟེ། ཀླད་ཀྱི་དོན་དང་གཞུང་གི་དོན་དང་མཇུག་གི་དོན་དང་རྣམ་པ་གསུམ་མོ། །དང་པོ་ལ་གསུམ་སྟེ། བརྗོད་མེད་མི་སྨྲ་མི་བསམ་སེམས་ཀྱི་དབྱིངས་ལ་ཕྱག་འཚལ་བ་དང་། གཅོད་ཀྱི་བཀའ་ཚོམས་མཚན་བསྟན་པ་དང་། གཞན་དོན་དུ་ཡི་གེར་འགའ་ལ་བཀོད་པའོ། །གཞུང་ལ་གཉིས་ལས། མདོར་བསྟན་པ་དང་། རྒྱས་པར་བཤད་བདུད་ལ་རྣམ་པ་བཞི་རུ་པའོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། བདུད་བཞི་བྱེ་བྲག་བསྟན་པ་དང་། དཔེའི་སྒོ་བདུད་ཀྱི་རྩ་ནས་གཏན་ལ་ཕབ་པ་དང་། དཔེ་དང་བྲལ་བའི་སྒོ་ནས་གཏན་ལ་ཕབ་པ་དང་གསུམ་མོ། །བདུད་བཞི་བྱེ་བྲག་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །རྒྱས་པ་ལ་གཟུགས་ན་བཞི་སྟེ། ཐོགས་བཅས་བདུད་དང་། ཐོགས་མེད་བདུད། དགའ་བྲོད་བདུད། ཐམས་ཅད་སྙེམས་སུ་འདུས་པ་དང་བཞིའོ། །ཐོགས་བཅས་བདུད་ལ་གཉིས། བདུད་རང་ལས་བྱུང་བར་ངོས་བཟུང་བ་དང་། དེའི་ངོ་བོ་སྟོང་པར་གཏན་ལ་ཕབ་པའོ། །ཐོགས་མེད་བདུད་ལ་ཡང་གཉིས་ཏེ། བྱུང་ཚོར་ལ་ཞེན་པ་བྱུང་ཚོར་བདུད་དུ་ངོས་བཟུང་བ་དང་། རྟོག་པའི་བློ་ཤར་བས་བཅས་སེམས་ཉིད་ཀློང་བཅོས་དགག་སྒྲུབ་མེད་པར་རང་གྲོལ་དུ་བསྟན་པའོ། །དགའ་བྲོད་བདུད་ལ་ཡང་གཉིས་ཏེ། ཐུན་མོང་དང་མཆོག་གཉིས་སོ། །ཐུན་མོང་ལ་གཉིས་ཏེ། ཡོན་ཏན་ལ་ཆགས་པ་དགའ་བྲོད་བདུད་དུ་བསྟན་པ་དང་། གཉིས་སུ་ཡོན་ཏན་ཅི་བྱུང་ཅི་ཤར་མེད་པའི་ལྟ་བ་རྨི་ལམ་ལྟ་བུར་མི་ཆགས་པར་བསྟན་པ་དང་། མཆོག་གི་བདུད་ལ་གཉིས་མ་གོ་ན་ལམ་བདུད་དུ་བསྟན་པ་དང་། བློས་བཞག་པའི་འབྲས་བུ་བདུད་དུ་བསྟན་པའོ། །ལམ་བདུད་དུ་བསྟན་པ་ལ་གཉིས། བདུད་ངོས་བཟུང་བ་དང་། བདུད་བརྡ་རུ་ཤེས་ནས་གྲོལ་བར་བསྟན་པའོ། །བདུད་ངོས་བཟུང་བ་ལ་བཞི་སྟེ། ལྟ་བ་ཡུལ་དུ་སྤྲོས་བྲལ་བལྟས་པ་དང་། སྒོམ་པ་མཉམ་ཉིད་དམིགས་ཅན་དུ་སྒོམ་པ་དང་། སྤྱོད་པ་ཆེད་རྟོག་མེད་དུ་སྤྱད་པ་དང་། ཉམས་ལྡན་ཉམས་མྱོང་མྱོང་བྱ་དང་བཅས་པའོ། །བརྡ་རུ་ཤེས་ནས་གྲོལ་བར་ལྟ་སྒོམ་བརྡ་རུ་བསྟན་པ་ལ་བཞི་སྟེ། ལྟ་སྒོམ་རང་ཤར་ལ་ལྟ་བ་ལྟ་བྱེད་མེད་ན་ཡིན་པར་བསྟན་པ་དང་། སྒོམ་མཁན་མེད་པར་རང་རང་བྱུང་སར་བཞག་ན་ཡིན་པར་བསྟན་པ་དང་། ཤུགས་རང་སྤྱོད་ཤུགས་འབྱུང་རང་གི་ལྟ་བས་ཟིན་ན་སྤྱོད་པ་རང་གི་རོལ་པ་ཡིན་པར་བསྟན་པ་དང་། ཉམས་སུ་མྱོང་པ་ལས་ང་ཉམས་སུ་འདས་པར་བསྟན་པའོ། །བློས་བཞག་འབྲས་བུ་ལ་གཉིས་ཏེ། འདོད་པ་དང་བཅས་པའི་གྲུབ་མཐའ་འབྲས་བུའི་བདུད་དུ་བསྟན་པ་དང་། རང་ཡིན་པར་མ་རྟོགས་ན་སྒྲུབ་མེད་པར་རེ་དོགས་དང་བྲལ་བར་བསྟན་པའོ། །ཐམས་ཅད་སྙེམས་སུ་འདུས་པ་ལ་གསུམ་སྟེ། ཐོགས་བཅས་ཀྱི་བདུད་སྙེམས་སུ་འདུས་པ་དང་ཐོགས་མེད་ཀྱི་བདུད་སྙེམས་སུ་འདུས་པ་དང་། དགའ་བྲོད་ཀྱི་བདུད་སྙེམས་སུ་འདུས་པ་དང་གསུམ་མོ། །ཐོགས་བཅས་བདུད་སྙེམས་སུ་འདུས་པ་ལ་གཉིས་ཏེ། ལྟ་བས་མ་ཟིན་ན་དངོས་པོ་བདུད་བདུད་བཞི་རུ་དུ་བསྟན་པ་དང་། རྩ་བྲལ་དུ་ཤེས་ན་ཀུན་གྲོལ་དངོས་པོའི་ཡུལ་དུ་བསྟན་པ་དང་། ཐོགས་བཅས་བདུད་ལ་ཡང་ལྔ་སྟེ། རྩ་བ་སྙེམས་བྱུང་པའི་དུག་ཐོག་མ་ལྔ་བདུད་དུ་ངོས་བཟུང་བ་དང་། སྙེམས་ཡིན་ཡང་རང་གྲོལ་དུ་གོ་ན། རིགས་དྲུག་ལས་ཞེ་སྡང་རང་སར་རྟོགས་ཀྱང་ཐད་ཀར་ཐར་ཞིང་ཡེ་ཤེས་ལྔ་དང་ལྡན་པ་དང་། དཔེ་མཚོན་འདའ་ཁ་བའི་སྒོ་ནས་ཉམ་མི་ང་བར་བསྟན་པ་དང་། རྟོགས་ཀྱང་སྤྱོད་མེད་ན། ལྟ་བས་འཆིང་བར་བསྟན་པ་དང་། སྙེམས་ཨེ་མ་ཧོ་ཆོད་ན་སངས་རྒྱས་ཤིང་ཚོགས་དྲུག་ལྷུག་པར་བཞག་པ་དང་ལྔའོ། །དགའ་བྲོད་ཀྱི་བདུད་སྙེམས་སུ་འདུས་པ་ལ་ཡང་གཉིས་ཏེ། ཐུན་མོང་བདུད་དང་མཆོག་གཉིས་སོ། །ཐུན་མོང་ལ་གཉིས། དངོས་གྲུབ་ལ་ཆགས་ན་བདུད་དུ་ངོས་བཟུང་བ་དང་། མ་ཆགས་ན་ཅི་བྱུང་ཡང་རྒྱན་དུ་གསུངས་པའོ། །མཆོག་གི་བདུད་ལ་གཉིས། འབྲས་བུ་ཡུལ་དུ་བཞག་ནས་བྲོད་ན་བདུད་དུ་བསྟན་པ་དང་། བདུད་རང་དུ་ཤེས་ན་གཞན་དུ་སྙེམས་མི་འཇུག་པར་བཅོས་མེད་དུ་བསྟན་པའོ། །དཔེའི་སྒོ་ནས་གཏན་ལ་ཕབ་པ་ལ་ལྔ་སྟེ། དཔེས་བཤད་པ་གཏན་ལ་ཕབ་པ་དང་། དཔེས་ལྟ་བ་གཏན་ལ་ཕབ་པ་དང་། དཔེས་སྒོམ་པ་གཏན་ལ་ཕབ་པ་དང་། དཔེས་སྤྱོད་པ་གཏན་ལ་ཕབ་པ་དང་། དཔེས་འབྲས་བུ་གཏན་ལ་ཕབ་པ་དང་ལྔའོ། །
དང་པོ་ལ་གཉིས་(གདམས་ངག་ཐོས་པ་)ཁ་ཆོས་སུ་སོང་ན་བཤད་ཀྱང་འཆིངས་བར་བསྟན་པ་དང་། རང་ཉམས་སུ་འདོད་ནས་བཤད་པས་བདག་གཞན་གྱི་དོན་དུ་འགྱུར་བར་བསྟན་པའོ། །ལྟ་བ་ལ་གཉིས་ཏེ། དཔེའི་སྒོ་ནས་བདུད་བཞི་རྩ་བྲལ་དུ་ཟིལ་གྱིས་གནན་པ་དང་། རྩ་བྲལ་རྟོགས་ན་ཐམས་ཅད་སྐུ་གསུང་ཐུགས་སུ་ཆོད་པར་བསྟན་པའོ། །སྒོམ་པ་ལ་བཞག་ཐབས་གསུམ། དཔེའི་སྒོ་ནས་བསམ་དུ་མེད་པར་བཞག་པས་བྱུང་ཚོར་དགོས་རང་ལོག་ཏུ་བསྟན་པ་དང་། མ་བཅོས་པ་ཀ་ནས་གསུངས་པས་ཚོགས་དྲུག་ལྷུག་པར་བསྟན་པ་དང་། གཉན་སར་སྐྱུར་ན་དྲན་རྟོག་སྤྲུལ་པར་ཤེས་ཤིང་མྱ་ངན་ལས་འདས་པར་བསྟན་པ་དང་གསུམ་མོ། །སྤྱོད་པ་ལ་ཡང་གཉིས་ཏེ། ཉོན་མོངས་པ་དང་འབྲས་བུའི་སྤྱོད་པའི་དཔེ་ཡིས་བརྟུལ་ཞུགས་བསྟན་པ་དང་། ཐམས་ཅད་རང་གི་རང་ལ་རང་གཅོད་ཡིན་པར་བསྟན་པས་དངོས་གྲུབ་རང་ལས་བྱུང་ཞིང་གཞན་ཡུལ་མི་གནོད་པར་དཔེས་བསྟན་པའོ། །འབྲས་བུ་དཔེས་བསྟན་པ་ལ་གཉིས་ཏེ། རང་འབྲས་བུའི་དཔེས་ངོ་ཤེས་ན་སྒྲུབ་ཏུ་མེད་པར་བསྟན་པ་དང་། རང་སངས་རྒྱས་སྙམ་སངས་སུ་ངེས་པའི་ཚིག་བསྟན་པའོ། །དཔེ་དང་བྲལ་བ་ལ་ལྔ་སྟེ། རིག་པ་འཁྲུལ་བ། མ་རིག་པ་ཡེ་ཤེས་མ་བྱས་པ་གཞི། མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུ། རིག་པ་འཁྲུལ་བ་ལ་གཉིས། འཁྲུལ་པའི་ཁུངས་བསྟན་རིག་མེད་པ་འཁྲུལ་བའོ། །འཁྲུལ་པ་ལ་གཉིས། རང་བཞིན་འཁྲུལ་བ་དང་། ལྟོས་ཏེ་འཁྲུལ་བའོ། །རང་བཞིན་འཁྲུལ་བ་ནི། ཡུལ་དུ་སྣང་བ་ལ་ཡུལ་དུ་རིག་ཅིང་བཟུང་བས་རིགས་དྲུག་ཏུ་འཁོར་བའོ། །ལྟོས་ཏེ་འཁྲུལ་བ་ནི། གྲུབ་མཐའ་ལ་སྤྱོད་པ་རྣམས་ཀྱིས་ལྟ་སྒོམ་ཡུལ་དུ་རིག་པས་འཁྲུལ་ལྟོས་ཆོས་བའོ། །མ་རིག་པ་ཡེ་ཤེས་ལ་གཉིས། ཡུལ་མེད་གཏི་མུག་མ་བྱེ་ཕྱེ་བས་ཡེ་ཤེས་སུ་ངོས་བཟུང་བ་དང་། དེ་ལྟར་རིག་པ་འཁྲུལ་བར་ཤེས་ན་ཅིར་ཤར་རང་བྱུང་ཡིན་པར་བསྟན་པ་གཉིས་སོ། །
མ་བྱས་པ་གཞི་ལ་གཉིས། འབུ་དྷས་བུདྡྷས་མ་བྱས་པར་འདུས་མ་བྱས་སུ་ཡིད་ཆེས་པ་དང་། ད་གང་ཟག་བྱེད་པར་མི་བཟློག་པས་གཞིའི་གོལ་ས་ཆོད་པ་གཉིས་སོ། །མི་བྱེད་ལམ་ལ་ཡང་གཉིས། ཡིད་ལ་མི་བྱེད་པ་རྟོགས་ན། གང་ཡང་ལམ་དུ་འགྲོ་ཞིང་། མུ་བཞིའི་ཤེས་བྱ་གྲོལ་བསྟན་པ་དང་། སྣང་ཡང་ཞེན་པ་དང་བྲལ་ན་ཁམས་གསུམ་ལས་གྲོལ་བར་བསྟན་པའོ། །མ་གྲུབ་པ་འབྲས་བུ་ལ་བཞི་སྟེ། བློ་ཆུང་བ་ལ་སྐུ་གསུམ་བྲང་ཐབས་བསྟན་པ་དང་། གྲུབ་གུ་གཅིག་བྱུང་ན་བློ་ཡིན་པས་ཕ་རོལ་ཏུ་གྲུབ་ན་གང་ཕྱིན་པའི་དོན་མེད་པར་བསྟན་པ་དང་། ཆོས་ཀྱི་བློ་མ་ཆེ་ཀྱི་ཁབ་བློང་གྲོལ་དོན་ཆད་པར་བསྟན་པ་དང་། འཛིན་མེད་རྟོགས་ན། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་ཆོད་པར་བསྟན་པ་དང་བཞིའོ། །
མཇུག་བསྡུ་བ་ལ་རྣམ་པ་གསུམ་སྟེ། ཨེ་མ་ཧོ། མཚན་དོན་གྱི་སྒོ་ནས་བསྟན་པ་དང་། ཉམས་བསྟན་པ་བཀའ་རྒྱའི་དཔེ་ལ་མ་ཀར་ཚོད་བཟུང་བའོ། །ཉམས་ལ་གསུམ་སྟེ། ནན་ཏན་བློ་དང་བྲལ་བའི་ཉམས་བསྟན་པ་དང་། རྟོགས་པ་ཁལ་དུ་བཀལ་ནས་རང་གྲོལ་དུ་བསྟན་པ་དང་། ཁལ་དུ་མ་ཁེལ་ན་ཞི་གནས་བསྒོམས་པས་མི་གྲོལ་བས་གཉན་ས་འགྲིམ་པ་གལ་ཆེ་བར་བསྟན་པའོ། །ས་མ་འབྲེལ་དུ་བསྟན་པ་འདིས། གང་ཟག་གི་བློ་ཆོས་ཀྱིས་གྲོལ་བར་ཤོག །དགེའོ།། །།
སྙན་བརྒྱུད་རིན་པོ་ཆེ།
༄༅། །སྙན་བརྒྱུད་རིན་པོ་ཆེ་བཞུགས་སོ། །དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མ་བྱང་ཆུབ་ལབ་སྒྲོན་གྱིས་གསུངས་པའི་བདུད་ཀྱི་གཅོད་ཡུལ་འདི་ལ། བདུད་རང་བྱུང་དུ་ངོས་བཟུང་བ། གཅོད་རང་གྲོལ་གཏན་ལ་ཕབ་པ། ཡུལ་དམིགས་མེད་དུ་ཐག་བཅད་པ་དང་གསུམ་ལས། དང་པོ་བདུད་རང་བྱུང་དུ་ངོས་བཟུང་བ་ནི། བློ་འུར་གྱི་དོགས་པ་ཅིར་ཡང་འཆར་བ་འདི་ལ། བདེན་པར་ཞེན་པ་ལ་བརྟེན་ནས་ལས་དང་ཉོན་མོངས་པ་དཔག་ཏུ་མེད་པ་བྱུང་བས་དེ་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་བས་ན། ད་ལྟར་གྱི་འཁྲུལ་རྟོག་ལ་བདུད་ཅེས་བྱའོ། །བདུད་དེ་ཡང་གཞན་ནས་བྱུང་བ་མ་ཡིན་ཏེ། རང་སེམས་སྐྱེ་མེད་ཀྱི་དོན་མ་རྟོགས་པས་འཁྲུལ་པའི་རྟོག་པ་སྣ་ཚོགས་རང་ལ་བྱུང་ཞིང་། རང་འཁྲུལ་བའི་ཕྱིར་ན་བདུད་རང་བྱུང་ཞེས་བྱའོ། །རང་ལས་བྱུང་ཞིང་རང་འཁྲུལ་བའི་བདུད་དེ་ལ་དབྱེ་ན། ཐོགས་བཅས་དང་ཐོགས་མེད་དང་། དགའ་བྲོད་དང་། སྙེམས་བྱེད་དང་བཞིར་གསུངས་ཀྱང་། སྙེམས་བྱེད་འཛིན་རྟོག་གི་བདུད་དུ་འདུས་པ་ཡིན་ཏེ། དེ་ཡང་ཡིད་དུ་འོང་སྙམ་པ་ཆགས་པར་འཛིན་པ་དང་། ཡིད་དུ་མི་འོང་སྙམ་པ་ལ་ཞེ་སྡང་བར་འཛིན་པ་དང་། ཕངས་སྙམ་པ་ལ་སེར་སྣ་འཛིན་པ་དང་། ཕན་པ་དང་གནོད་པ་ལ་ལྷ་དང་འདྲེར་འཛིན་པ་དང་། ནད་ཡིན་སྙམ་པ་ལ་འགོས་ཀྱི་དོགས་པར་འཛིན་པ་དང་། ངན་རྟོག་འཁོར་བའི་ཆོས་ལ་སྤང་སྙམ་པ་དང་། བཟང་རྟོག་མྱ་ངན་ལས་འདས་པའི་ཆོས་ལ་བསྒོམ་ཞིང་བསྒྲུབ་སྙམ་པ་ལ་སོགས་ཏེ། དེ་ལྟར་དྲན་རིག་རྟོག་པའི་བྱུང་ཚོར་གང་ཡིན་པ་དེ་ལ་བདེན་པར་འཛིན་པ་ནི། སྙེམས་བྱེད་འཛིན་རྟོག་གི་བདུད་ཅེས་བྱའོ། །
གཉིས་པ་གཅོད་རང་གྲོལ་དུ་གཏན་ལ་ཕབ་པ་ནི། སྙེམས་བྱེད་འཛིན་རྟོག་གི་བདུད་འདི་ཉིད་དམིགས་མེད་ཡུལ་དུས་ཀྱི་ལྟ་བ་གཏན་ལ་དབབ་པ་དང་གཅིག །རྩོལ་མེད་རྩོལ་བྲལ་བྱར་མེད་ཀྱི་སྒོམ་པ་ལམ་དུ་འཁྱེར་བ་དང་གཉིས། མི་ཕོད་ཐོག་རྫིས་སྤྱོད་པས་གཉན་ཐོག་ཏུ་གཉན་དབབ་པ་དང་གསུམ། རྒྱུ་འབྲས་དབྱེར་མེད་ཀྱི་འབྲས་བུར་ལ་བཟླ་བ་དང་བཞིར་ཤེས་པར་བྱའོ། །དེ་ལ་དང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱལ་བའི་དགོངས་པ། དམིགས་མེད་ཡུལ་མེད་ཡུལ་ལས་འདས་སུ་གཏན་ལ་དབབ་པ་ནི། སྤང་བྱ་ཁམས་གསུམ་རིགས་དྲུག་གི་སྡུག་བསྔལ་དུ་བསྟན་པ་དང་། ལམ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་བརྟགས་པ་དང་། འབྲས་བུ་སངས་རྒྱས་ཀྱི་སྐུ་གདུང་ཡེ་ཤེས་སུ་བརྟགས་པ་ཡང་། སྙེམས་བྱེད་འཛིན་དོགས་ཀྱི་བློ་འདི་ལ་འདི་ལྟར་སྣང་ཞིང་བརྟགས་པ་ཙམ་ཡིན། བློ་ལ་འདི་ལྟར་སྣང་བ་དེ་རང་གི་སེམས་ཡིན། སེམས་ཉིད་དོན་གྱི་གནས་ལུགས་དེ་ངོས་བཟུང་ཐམས་ཅད་ལས་འདས་པ། ངོ་བོ་གང་དུ་ཡང་མ་གྲུབ་པ། སེམས་ཉིད་སྐྱེ་མེད་ཆོས་སྐུའི་དོན་ལ་དམིགས་པར་བྱེད་པ་ཐམས་ཅད་ལས་འདས་པ་གཅིག་ཡིན་ནོ། །དེ་ཡང་སྙེམས་བྱེད་འཛིན་དོགས་ཀྱི་བློ་ངོར་སྣང་ཞིང་སྲིད་པའི་འཁོར་འདས་ཀྱི་ཆོས་སྣ་ཚོགས་སུ་སྣང་ཞིང་བརྟགས་པ་ཡང་། ཆོས་སྐུ་སྐྱེ་མེད་གནས་ལུགས་རང་བཞིན་ལས་འདས་པས། ཅིར་སྣང་ཅིར་སྲིད་ཐམས་ཅད་ཆོས་སྐུ་སྐྱེ་མེད་ཀྱི་རང་བཞིན་པར་ཤེས་པར་བྱའོ། །
གཉིས་པ་རྩོལ་བྲལ་བྱར་མེད་ཀྱི་སྒོམ་པས་ལམ་དུ་འཁྱེར་བ་ལ་གཉིས་ཏེ། དང་པོ་ལུས་འབྱུང་བ་བེམ་པོར་གཏན་ལ་ཕབ་པ་ལ། ལུས་ལ་གཅེས་འཛིན་གྱི་བློ་དང་བྲལ་བ་གཅིག །གཉིས་པ་སེམས་ཉིད་སྟོང་པའི་ངང་དུ་འཛིན་དོགས་པའི་ཐག་པ་བཅད་པའོ། །དེ་ལ་དང་པོར་ལུས་འབྱུང་བཞི་བེམ་པོར་གཏན་ལ་ཕབ་པ་ལ་ལུས་ལ་གཅེས་འཛིན་གྱི་བློ་དང་བྲལ་བ་ནི། རང་གི་ལུས་འདི་ལ། ཆགས་སྡང་། བདེ་སྡུག་དང་། ལྷ་འདྲེས་ཕན་གནོད་དང་། ནད་དང་། ནད་འཛིན་གྱི་དོགས་པ་ལ་སོགས་པ། སྙེམས་བྱེད་རེ་དོགས་ཀྱི་འཛིན་རྟོག་གང་བྱུང་ཡང་རང་གི་ལུས་འདི་ཐོག་མར་ཡང་རྒྱུ་འབྱུང་བ་བཞི་འདུས་པ་ལས་བྱུང་བ་ཡིན་པར་འདུག །བར་ལུས་ཀྱི་ངོ་བོ་ཡང་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་བཀང་པའི་བེམ་པོའི་རང་བཞིན་དུ་འདུག །ཐ་མར་ཡང་བེམ་པོ་ལ་བདག་འཛིན་གྱི་རྟོག་པ་གང་ཡང་མེད་པའི་རོ་དང་། ད་ལྟར་གྱི་ལུས་འདི་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པས་ན་བདག་རོའི་ཚུལ་དུ་རྒྱངས་ཀྱིས་སྐྱུར་ལ་བཞག་གོ །
དེ་ནས་གཉིས་པ་སེམས་ཉིད་སྟོང་པའི་ངང་དུ་འཛིན་རྟོག་པའི་ཐག་པ་བཅད་པ་ནི། རང་གི་ཤེས་པ་ལ་ཉོན་མོངས་པ་དུག་ལྔ་དུག་གསུམ་སྣང་བ་དང་། ལྷ་ཡིས་ཕན་དུ་རེ་བ་དང་། འདྲེ་ཡིས་གནོད་ཀྱིས་དོགས་པ་དང་། ནད་འགོས་ཀྱིས་དོགས་པ་དང་། མི་འགོས་ལ་རེ་བ་དང་རྟོག་པ་སྤོང་དུ་རེ་བ་དང་། མ་སྤོངས་ཀྱིས་དོགས་པ་ལ་སོགས་པའི་སྙེམས་བྱེད་འཛིན་རྟོག་ནི་རྣམ་གྲངས་གང་དུ་ཡང་། རང་གི་སེམས་ཡིན། སེམས་ཀྱི་རང་བཞིན་འདི་ཡིན་འདི་མིན་གྱི་ངོས་བཟུང་ལས་འདས། ངོ་བོ་ཅིར་ཡང་མ་གྲུབ་པས་དཔེ་ནམ་མཁའ་ལྟ་བུ་ཡིན་པས་ན། འདི་དགག་འདི་སྒྲུབ་ཀྱི་རྩོལ་བ་མེད་པར་བྱར་མེད་རང་ལུགས་སུ་བློ་ལ་བཞག་གོ །བློ་ཡི་བསམ་པ་ཐམས་ཅད་འཛིན་རྟོག་ཡིན། སེམས་ཉིད་དོན་གྱི་གནས་ལུགས་དེ་འཛིན་དོགས་ཡུལ་ལས་འདས་པས་ན། འདི་བསམ་འདི་མི་བསམ་གྱི་རྩིས་གདབ་མེད་པར་བཞག །སྒོམ་དང་མི་སྒོམ་གཉིས་སུ་སྣང་བ་ཡང་སྙེམས་བྱེད་འཛིན་རྟོག་གི་བློ་ཡིན། སེམས་ཉིད་དོན་གྱི་གནས་ལུགས་དེ་འཛིན་རྟོག་བློའི་ཡུལ་མ་ཡིན་པས་སྒོམ་དང་མི་བསྒོམ་གཉིས་ཀྱི་རྩིས་གདབ་མེད་པར་བཞག །སྣང་བ་དང་སྟོང་པ་དང་། རྟོགས་པ་དང་མི་རྟོགས། བདེ་བ་དང་སྡུག་བསྔལ་བ་དང་། ལྷ་དང་འདྲེར་འཛིན་ལ་སོགས་པའི་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་སེམས་ཡིན། སེམས་ལ་གཉིས་འཛིན་གང་ཡང་གྲུབ་པ་མེད་པས་རེ་བ་དང་དོགས་པ་གཉིས་ཀྱི་དངོས་འཛིན་མེད་པར་བཞག་གོ །
དེ་ནས་གསུམ་པ། མི་ཕོད་ཐོག་རྫིས་ཀྱི་སྤྱོད་པས་གཉན་ཐོག་ཏུ་དབབ་པ་ནི། ལུས་འབྱུང་བ་བེམ་པོར་གཏན་ལ་ཕབ་ལ་གཅེས་འཛིན་གྱི་བློ་དང་འཕྲལ་ལ་བཞག །སེམས་ལ་འཁོར་བ་དང་མྱ་ངན་ལས་འདས་པར་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་བཅད། རང་གི་སེམས་ཡིན་པ་ཐག་བཅད། སེམས་དེ་ལ་ལྟ་བ་དམིགས་མེད་ཡུལ་འདས་སུ་ཐག་བཅད། སྒོམ་པ་རྩོལ་བྲལ་བྱར་མེད་དུ་ཐག་བཅད། སྤྱོད་པ་མི་ཕོད་ཐོག་རྫིས་བྱས་ཏེ། གཉན་ཐོག་ཏུ་གཉན་དབབ་པ་ནི། སྙེམས་བྱེད་འཛིན་རྟོག་གི་བློ་འདི་ཡིས་གནས་སྐབས་ཀྱི་བདེ་བ་བག་ཙམ་དང་། དགའ་བ་ལ་འབྲལ་མི་ཕོད་པ་དང་། མི་དགའ་བའི་སྡུག་བསྔལ་ལ་ཐོག་འགེལ་མི་ཕོད་པ་དང་། ལྷ་ཡིས་ཕན་དུ་རེ་ནས་སྤོང་མི་ནུས་པ་དང་། འདྲེས་གནོད་ཀྱིས་དོགས་ནས་འཁོར་དང་ལོངས་སྤྱོད་འདྲེ་ལ་བསྐུར་མི་ནུས་པ་དང་། ནད་འགོས་ཀྱིས་དོགས་ནས་ནད་ལ་ཐོག་འགེལ་བྱེད་མི་ནུས་པ་དང་། གཉེན་ལ་གཅེས་པར་བཟུང་ནས་བྱམས་སེམས་དང་དུང་སེམས་སྤོང་མི་ཕོད་པ་དང་། ཟས་ནོར་དང་ཡུལ་འཁོར་ལ་བདག་འཛིན་དང་སེར་སྣས་བཅིངས་ནས་སྦྱིན་པ་དང་མཆོད་པར་གཏོང་མི་ཕོད་པ་དང་། ལུས་དང་སྲོག་ལ་གཅེས་པར་བཟུང་ནས་གཉན་སར་བསྐུར་མི་ནུས་པ་དང་། རང་གཙང་ཞིང་བཟང་བར་བཟུང་། གཞན་ངན་ཞིང་མི་གཙང་བར་བཟུང་ནས་མཛེ་སྤྲང་ལ་སོགས་པ་དང་མི་གཙང་བ་གཉིས་སུ་འཛིན་པ་དེ་རྣམས། དེ་ལྟར་མཉམ་པ་ཉིད་དུ་གཉིས་མེད་དུ་བློ་ཡིས་ཐག་བཅད་མི་ཕོད་པ་ལ་ཐོག་རྫིས་བྱ་བ་ནི། བདེ་དང་དགའ་བ་འབྲལ་མི་ཕོད་པ་དེ་ཡང་རང་གི་སྙེམས་བྱེད་འཛིན་རྟོག་གི་བློ་ལ་སྣང་བ་ཙམ་ཡིན། འཛིན་རྟོག་གི་བློ་དེ་རང་གི་སེམས་ཡིན། སེམས་སྐྱེ་མེད་དེ་ཆོས་སྐུའི་རང་བཞིན་ལ། བདེ་དང་དགའ་བའི་རྟོག་པ་མ་གྲུབ་པས་ན། དགའ་བདེའི་རྟོག་པ་ལ་ངོས་བཟུང་དང་དམིགས་གཏད་བྱར་མི་འདུག་པས་ན་རྗེས་མེད་རང་གྲོལ་དུ་ཐག་བཅད། དེ་བཞིན་དུ་སྡུག་བསྔལ་ཞིང་མི་དགའ་བ་ཡང་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་ཆོས་སྐུ་ལ་སྡུག་བསྔལ་དང་མི་དགའི་རྟོག་པ་གང་ཡང་མི་འདུག་པས་སྡུག་བསྔལ་རང་གྲོལ་རྗེས་མེད་ཐག་བཅད། ལྷ་ཡིས་ཕན་འདྲེ་ཡིས་གནོད་སྙམ་པ་ཡང་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་ཆོས་སྐུ་ལ་ལྷ་དང་འདྲེ་ཡང་གྲུབ་པ་མེད། ཕན་གནོད་ཀྱང་གྲུབ་པ་མེད་པས་ན་ལྷ་འདྲེ་རང་གྲོལ་རྗེས་མེད་དུ་ཐག་བཅད། དེ་བཞིན་དུ་དགྲ་དང་གཉེན་དང་བྱམས་སྡང་དུ་འཛིན་པ་དང་། ཆགས་སེམས་དང་བཟང་ངན་གཙང་མི་གཙང་དུ་འཛིན་པའི་རྟོག་པ་ཅི་བྱུང་བ་ཆེད་དུ་ཐོག་འགེལ་དང་ཐོག་རྫིས་བྱས་ལ། གང་མི་ཕོད་པ་དེ་རང་ལ་བློ་གཏད་ལ། རྟོག་པ་དེ་རང་གི་སེམས་སུ་འདུག་མི་འདུག་བལྟས་པས་སེམས་མ་ཡིན་པའི་རྟོག་པ་ཞིག་ལོགས་ན་མེད། སེམས་ཀྱི་རང་བཞིན་སྐྱེ་མེད་ཆོས་སྐུའི་རང་བཞིན་ལ། ཆགས་སྡང་དང་བདེ་སྡུག་དང་། ལྷ་དང་འདྲེར་འཛིན་པ་ལ་སོགས་པའི་རྟོག་པ་གང་ཡང་གྲུབ་པ་མེད་པས་རྟོག་པ་ཐམས་ཅད་རྗེས་མེད་རང་གྲོལ་དུ་ཐག་བཅད་ལ། གང་ལ་ཡང་ཉམ་ང་དང་བག་ཚ་མེད་པ་སེང་གེ་ལྟ་བུའི་སྤྱོད་པ་བྱའོ། །དགག་སྒྲུབ་བླང་དོར་དག་ལ་ཡང་ཆེད་དུ་མི་བསྒྲུབ་པས་ངོས་བཟུང་མེད་པ་སྨྱོན་པ་ལྟ་བུའི་སྤྱོད་པ་བྱའོ། །མི་ཕོད་ཐོག་རྫིས་ཀྱི་སྤྱོད་པས་གཉན་ཐོག་ཏུ་གཉན་དབབ་པ་ལ་ཞུམ་པ་མེད་པས་དཔའ་བོ་ལྟ་བུའི་སྤྱོད་པ་བྱ།
དེ་ནས་བཞི་པ་རྒྱུ་འབྲས་གཉིས་མེད་ཀྱི་འབྲས་བུར་ལ་བཟླ་བ་ནི། ཆོས་ཐམས་ཅད་དམིགས་མེད་བློ་འདས་ཀྱི་ལྟ་བར་གཏན་ལ་དབབ། རྩོལ་བྲལ་བྱར་མེད་ཀྱི་སྒོམ་པ་ལམ་དུ་བགྱེར། མི་ཕོད་ཐོག་རྫིས་ཀྱི་སྤྱོད་པས་བཅོས་བྱས་ན། འབྲས་བུ་ཇི་ལྟ་བུ་གཅིག་བྱུང་ན། འབྲས་བུ་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི། རྒྱུ་སེམས་ཅན་གྱི་སེམས་ལ་ཐ་དད་པ་གཅིག །གཞན་ནས་བཙལ་དུ་ཡོད་པ་མ་ཡིན་ཏེ། སྙེམས་བྱེད་འཛིན་རྟོག་གི་བློ་ཐམས་ཅད་སེམས་སུ་ཐག་བཅད། སེམས་སྐྱེ་མེད་ཆོས་སྐུའི་དོན་ངོས་བཟུང་། མཚན་མའི་ཆོས་ཐམས་ཅད་ལས་འདས་པར་ཐག་ཆོད་པར་བྱེད་པ་དེ་ལ། རང་བཞིན་དོན་གྱི་སངས་རྒྱས་ཞེས་བྱའོ། །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། དེ་ལས་ལྷག་པའི་སངས་རྒྱས་བཙལ་བ་མེད། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། དེ་ལས་གཞན་དུ་སངས་རྒྱས་ཞེས་བྱ་བ་འཚོལ་བར་མི་འགྱུར་བས་ན། སེམས་ཉིད་ཆོས་སྐུར་གཏན་ལ་ཕབ་པ་དེ་ལས་གཞན་དུ་སངས་རྒྱས་བྱ་བ་རེ་ཞིང་བཙལ་དུ་མེད་པར་ཐག་བཅད་དོ། །སེམས་ལས་ཐ་དད་པའི་རིགས་དྲུག་འཁོར་བའི་སྡུག་བསྔལ་དང་། དམྱལ་བ་ན་བཙོ་བསྲེག་གི་དུཿཁ་དང་། བཀྲེས་སྐོམ་ཡི་དྭགས་ཀྱི་སྡུག་བསྔལ་དང་། བསད་གཅོད་བྱོལ་སོང་གི་སྡུག་བསྔལ་དང་། མི་ལ་སྐྱིད་སྡུག་ཆགས་སྡང་གི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་དང་། ལྷ་ལ་ལོངས་སྤྱོད་འཕོ་ལྟུང་ལ་སོགས་པ་སྣང་ཡང་སེམས་ཀྱི་སྣང་ངོ་ཙམ་ཡིན། སེམས་ཉིད་སྐྱེ་མེད་ཆོས་སྐུའི་རང་བཞིན་ལ། རིགས་དྲུག་འཁོར་བའི་སྡུག་བསྔལ་གང་ཡང་གྲུབ་པ་མེད་པས་འཁོར་བ་སྤང་དུ་མེད་པར་ཐག་ཆོད་པ་ཡིན་ནོ། །སྤྱི་དོན་གསུམ་པ་ཡུལ་དམིགས་མེད་དུ་ཐག་བཅད་པ་ལྟ་སྒོམ་སྤྱོད་པའི་འབྲས་བུ་བཞིར་མཐར་ཐུག་བསྟན་པ་ལས། དེ་ཡང་དང་པོ་ལྟ་བའི་མཐར་ཐུག་པ་ནི། སྙེམས་བྱེད་འཛིན་རྟོག་གི་ཆོས་ཐམས་ཅད། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་རང་བཞིན་དུ་ཐག་བཅད་ནས། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་རང་ངེས་པར་གྲུབ་པ་གཅིག་ཡོད་དམ་སྙམ་ན་གཞིའི་དངོས་པོ་གཤིས་ཀྱི་གནས་ལུགས། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་སེམས་ཉིད་སྐྱེ་མེད་ཆོས་སྐུའི་རང་བཞིན། དེ་དག་རྡུལ་ཙམ་ཡང་གྲུབ་པ་མེད་དེ། ལྟ་བ་དམིགས་མེད་ཡུལ་འདས་སུ་མིང་བཏགས་ཀྱང་། སྐྱེ་མེད་གནས་ལུགས་ཀྱི་དོན་ལ། དམིགས་མེད་ཡུལ་འདས་ཙམ་དུ་ཡང་གྲུབ་པ་མེད་པས་བལྟ་བྱ་ལྟ་བྱེད་ལས་གྲོལ་ན་ལྟ་བའི་མཐར་ཐུག་ཡིན། སྒོམ་པ་གཉིས་པ་སྒོམ་གྱི་མཐར་ཐུག་བསྟན་པ་རྩོལ་བྲལ་བྱར་མེད་དུ་བརྟགས་ཀྱང་། སྐྱེ་མེད་གནས་ལུགས་ཀྱི་དོན་ལ་རྩོལ་བྲལ་བྱར་མེད་ཙམ་དུ་ཡང་གྲུབ་པ་མེད་པས་ན་བསྒོམ་བྱ་སྒོམ་བྱེད་ལས་གྲོལ་ན་སྒོམ་པའི་མཐར་ཐུག་ཡིན། སྤྱོད་པ་གསུམ་པ་སྤྱོད་པའི་མཐར་ཐུག་བསྟན་པ་མི་ཕོད་ཐོག་རྫིས་སུ་མིང་བཏགས་ཀྱང་། སྐྱེ་མེད་གནས་ལུགས་ཀྱི་དོན་ལ་མི་ཕོད་ཐོག་རྫིས་ཙམ་དུ་ཡང་གྲུབ་པ་མེད་པས་ན། གཅད་བྱ་གཅོད་བྱེད་ལས་གྲོལ་ན། སྤྱོད་པའི་མཐར་ཐུག་ཡིན་ནོ། །འབྲས་བུ་བཞི་པ་འབྲས་བུའི་མཐར་ཐུག་བསྟན་པ་རྒྱུ་འབྲས་གཉིས་མེད་དུ་བཏགས་ཀྱང་། སྐྱེ་མེད་གནས་ལུགས་ཀྱི་དོན་ལ། རྒྱུ་འབྲས་གཉིས་མེད་ཙམ་དུ་གྲུབ་པ་མེད་པས་ན་འཐོབ་བྱ་ཐོབ་བྱེད་དང་། རེ་དོགས་གཉིས་འཛིན་གྱི་མཐའ་ལས་གྲོལ་ན། འབྲས་བུའི་མཐར་ཐུག་ཡིན་ནོ། །མ་མི་མིན་ཡེ་ཤེས་མཁའ་འགྲོས་གསུངས་པའི་སྙན་བརྒྱུད་ཀྱི་གདམས་ངག་རིན་པོ་ཆེའི་མན་ངག་རྫོགས་སོ།། །།
གཅོད་མདོར་བསྡུས།
༄༅། །གཅོད་མདོར་བསྡུས་བཞུགས་སོ། །
ན་མོ་གུ་རུ། མཁའ་འགྲོ་མའི་གདམས་ངག་ལ་གཉིས་ཏེ། བདུད་དང་གཅོད་དོ། །བདུད་ལ་གསུམ་སྟེ། ཕྱིའི་བདུད་ནི་དགྲ་གཉེན་ལོངས་སྤྱོད་ཡུལ་ཁང་ཁྱིམ་ལ་ཞེན་ཅིང་ཆགས་པའོ། །ནང་གི་བདུད་ནི་བདག་འཛིན་ལས་བྱུང་བའི་ཉོན་མོངས་པ་དུག་ལྔ་དང་ཁུ་འཕྲིག་གི་རྣམ་པར་རྟོག་པ་ལ་སོགས་པའོ། །གསང་བའི་བདུད་ནི་ཉམས་རྟོགས་དང་ཡོན་ཏན་དང་། དངོས་གྲུབ་དང་ནུས་མཐུ་ལ་རློམ་སེམས་སྐྱེས་པའོ། །
དེ་དག་ལ་གཅོད་བྱ་བ་ནི། ཕྱིའི་བདུད་ཐམས་ཅད་རྨི་ལམ་སྒྱུ་མར་ཤེས་པས་ཆགས་ཞེན་བཙན་ཐབས་སུ་བཅད་པའོ། །ནང་གི་བདུད་དེ་དག་ཐམས་ཅད་བདག་མེད་རྩ་བྲལ་དུ་ཤེས་པས་ཉོན་མོངས་རྣམ་རྟོག་བཙན་ཐབས་སུ་བཅད་པའོ། །གསང་བའི་བདུད་དེ་དག་ཐམས་ཅད་ཆོས་ཉིད་དུ་མཉམ་པར་ཤེས་པས་རློམ་སེམས་བཙན་ཐབས་སུ་བཅད་པའོ། །གཅོད་མདོར་བསྡུས་པའོ།། །།
ནང་རིག་འཁྲུལ་གཅོད།
༄༅། །ནང་རིག་འཁྲུལ་གཅོད་བཞུགས་སོ། །
ཨ་མ་ལབ་ཀྱི་སྒྲོན་མ་དེ་ལ་ཕྱག་འཚལ་ལོ། །སྐལ་ལྡན་གྲོལ་བར་བྱེད་པ་ཡེ་ཤེས་མཁའ་འགྲོའི་ལམ། ལྟ་བ་འཁོར་འདས་སྙེམས་སུ་ཆོད་ནས་ཕུང་པོ་གཟན་དུ་བསྐྱུར་བ་ལ་མཁས་པ། སྒོམ་པ་ཡིད་ལ་བྱར་མེད་དུ་ཤེས་ནས་དྲན་པ་མ་ཉམས་པ་བརྟེན་པ་ལ་མཁས་པ། སྤྱོད་པ་རོ་མཉམ་ཐུག་འཕྲད་དུ་རྟོགས་ནས་ཐབས་ཀྱིས་གཞན་དང་བསྟུན་པ་ལ་མཁས་པ། འབྲས་བུ་གདོད་ནས་ལྷུན་གྲུབ་ཏུ་ཤེས་ནས་བསོད་ནམས་བསགས་པ་ལ་མཁས་པའི་ཆོས་གྲུབ་མཐའ་སྣང་སེམས་ན་མེད་སྒྱུ་མ་མངོན་སུམ་སྟོན་པ། བྱིན་རླབས་ནམ་མཁའ་སྒོ་འབྱེད་ཀྱི་ཉམས་མྱོང་མངོན་སུམ་འཆར་བ། སྐྱེལ་མ་དགྲ་ལ་འཆོལ། རྐྱེན་ངན་སྲིད་དུ་གཅོད་པ། སྙེམས་བྱེད་ཟས་སུ་ཟ་བའི་ཆོས་གཉན་ཐོག་ཏུ་གཉན་དབབ་པ། དུག་ཐོག་ཏུ་དུག་འདུག་པ། ན་ན་འཆིར་འཇུག་པ། མེ་བཙའ་ཨན་ཚུགས་སུ་སྲེག་པའི་ཆོས་རྣལ་འབྱོར་ནང་རིག་པའི་འཁྲུལ་གཅོད་ཅེས་བྱ་བ་འདི་ལ་སྤྱི་དོན་ལྔ་སྟེ། ཁུངས་བཙུན་ཞིང་ཡིད་ཆེས་སྐྱེས་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ཉམས་སུ་བླངས་ནས་ཡིད་ཆེས་སྐྱེས་པ་གདམས་ངག་དངོས། དཀོན་ལ་རྩིས་ཆེ་བ་བླ་མ་དམ་པའི་བཀའ་རུ་རྒྱས་གདབ་པའོ། །
དང་པོ་ནི་མ་ཇོ་མོས་དགེ་བཤེས་ཨ་སྟོན་ལ་རྫོགས་ཆེན་གསན། དམ་པ་རྒྱ་གར་ལ་ཞི་བྱེད་གསན། གྲྭ་པ་མངོན་ཤེས་ལ་ཉི་ཁྲི་ལ་སོགས་པ་གསན་ནོ། །དེ་ཚོ་ནི་སྤྱིའི་བརྒྱུད་པའོ། །སྤྱིའི་བརྒྱུད་པ་ནི་ཡོད་ཀྱི་བདུད་ཀྱི་གཅོད་ཡུལ་དུ་གྲགས་པའི་བརྒྱུད་པ་ནི་མེད་དོ། །མ་ཇོ་མོ་དེ་ཨེ་ཆེན་མོའི་ལབ་ཏུ་སྐུ་འཁྲུངས། སྐུ་ཚེ་སྟོད་ལ་ཀློག་ཤིན་ཏུ་མཁས་པར་མཁྱེན་ནས་ངེས་འབྱུང་གི་དད་པ་སྐྱེས་ནས་གྲྭ་པ་མངོན་ཤེས་ཀྱི་སྤྱན་སྔར་བྱོན་པས་སེམས་ཅན་ལ་ཕན་ཐོགས་པའི་སྐལ་བ་ཅན་དུ་གཟིགས་ནས་བཀའ་རྒྱས་འབྲིང་བསྡུས་གསུམ་འདོན་པའི་མཆོད་གནས་སུ་བསྟེན་ནོ། །དེར་ཀློག་གིས་གྲོལ་ནས་བླ་མ་ལ་རྟོགས་པ་ཕུལ་བས་ཤིན་ཏུ་མཉེས་ཏེ་ཁྱོད་ཀྱིས་ཆོས་ཐམས་ཅད་གོ་ནས་འོང་གསུངས་ནས་ཡི་གེ་གཅིག་མ་ཡན་ཆད་བཤད་དོ། །དེ་ནས་བླ་མ་ལ་དབང་ཞིག་ཞུ་བྱས་པས་དབང་དགེ་བཤེས་སྐྱོ་བསོད་ནམས་བླ་མ་ལ་ཞུས་གསུངས་ནས་ལུང་བསྟན་ནོ། །དེར་མ་ཇོ་མོས་སྐྱོ་བསོད་ནམས་བླ་མ་ལ་དབང་ཡོན་ནས་ཁལ་སུམ་ཅུ་གཡག་ཕྱུགས་བདུན་ཕུལ་ནས་བདག་ལ་དབང་སྐུར་ཞིག་ཞུ་འཚལ། རྗེ་གྲྭ་པ་མངོན་ཤེས་ཀྱིས་ཀྱང་བསྟན་པ་ལགས་ཞུས་པས་དགེ་བཤེས་ཀྱིས་སྣོད་ལྡན་དུ་གཟིགས་ནས་ཨེ་གངས་བར་ལྷ་ཁང་དུ་དབང་བཞི་རྫོགས་པར་གནང་ངོ་། །
དེའི་དུས་སུ་ལུས་ཁྲུ་གང་ཙམ་གྱིས་ས་ལ་མ་རེག་པར་ནམ་མཁའ་ལ་ཞི་བའི་གར་སྣ་ཉི་ཤུ་རྩ་ལྔ་མཛད་དོ། །གསུང་སཾ་སྐྲྀ་ཏའི་སྐད་དུ་སྨྲས་སོ། །ཐུགས་ཐོགས་པ་མེད་པའི་ཏིང་ངེ་འཛིན་ཏུ་གྱུར་ནས་ཁང་པའི་རྩིག་པ་ལ་ཐལ་ཏེ། སྡོང་པོ་གསེར་བླག་ཅན་བྱ་བ་ན་ཀླུ་དྲག་པོ་ལག་སྐྱོང་ཞེས་བྱ་བ་གནས་པའི་ས་ལ་བཞུགས་སོ། །དེར་མཆེད་རྣམས་ཀྱིས་ཚོགས་འཁོར་མཛད་པའི་དུས་སུ། མ་ཇོ་མོ་མ་རྙེད་ནས་ནངས་པར་ཕྱི་རོལ་ཏུ་བཙལ་བས་སྡོང་པོ་གསེར་བླག་ཅན་གྱི་རྩ་བ་ན་བཞུགས་པ་རྙེད་དོ། །དེར་མ་ཇོ་མོའི་ཞལ་ནས། འདུས་བྱས་རྫས་ཀྱི་དབང་དེ་ཁྱེད་ཚོས་ཐོབ། ཆོས་ཉིད་དོན་གྱི་དབང་དེ་ངས་ཐོབ་གསུངས་སྐད། དེར་ཇོ་མོ་སྒྲོལ་མའི་ཞལ་གཟིགས་ཏེ། སྒྲོལ་མའི་ཞལ་ནས། རྣལ་འབྱོར་མ་ཁྱོད་ཀྱི་བསྟན་པ་ཡུན་རིང་དུ་འབྱུང་གིས་ཆུ་མིག་གཉན་པོ་བརྒྱ་རྩ་བརྒྱད་ཚོལ་ལ་སྒྲུབ་མཐར་སྐྱོལ་ཅིག། །ཕྱིར་མི་ལྡོག་པའི་ས་གདོད་ནོན་པར་འགྱུར་གསུངས་སྐད། དེ་ལྟ་བུའི་མ་ཅིག་དེས་འཕན་ཡུལ་གྱི་ཀ་བ་ནང་བའི་བླ་མ་རྩི་དར་མ་བ་གདམས་ལ་ཨེ་ཤར་ལྷ་ཁང་དུ་བཤད། དེས་བླ་མུང་པ་ལ་སྲས་ཡིན་བཤད། དེས་དགེ་སློང་སྙལ་སེ་བ་ལུང་པ་པ་ལ་བཤད། དེས་བླ་མ་མལ་གྲོ་བ་ལ་དམ་པ་སེང་གེ་བཤད། དེས་སློབ་དཔོན་སྒྲུབ་པ་འབར་ལ་ཉང་བྲག་དམར་བ་བཤད། དེས་བླ་མ་རིན་པོ་ཆེ་ཟ་ལུང་པ་ལ་བཤད། དེས་མཁན་པོ་ཟ་ལུང་པ་ལ་བཤད། དེས་སློབ་དཔོན་ཇོ་བཙུན་ལ་བཤད་དོ། །
གཉིས་པ་གདམས་ངག་དངོས་ལ་གསུམ། རབ་ལ་ཆོས་ཉིད་ལྟ་བའི་གཅོད། འབྲིང་དབང་རྒྱུད་དྲན་པའི་གཅོད། ཐ་མ་རྣམ་རྟོག་སྤྲོས་པའི་གཅོད། རྣམ་པ་གསུམ་དུ་བསྟན་པ་ལས། རབ་ཀྱིས་རང་ལུས་ཀེང་གཅོད་ཡུལ་གྱི་གང་ཟག་རུས་ཀྱི་རྣམ་པ་དུར་ཁྲོད་འདྲེ་ཅན་འདིར། ཀྱེ་སྐྱེ་མེད་སད་ལ་བསྐུར་བ་ཡི། །བདག་འཛིན་ཉོན་མོངས་དུག་གཅད་བྱའི་ཡུལ་ལྔ་དང་། །མ་ཚོར་རྒྱབ་ནས་འཇབ་པ་ཡི། །བཟང་པོར་རྟོགས་པ་ཐམས་ཅད་དང་། །ཚོར་ཡང་ཆོད་པར་དཀའ་བ་ཡི། །འཁོར་བའི་རིགས་བརྒྱུད་འཕེལ་བ་ཡི། །ཟས་ལ་རྔམས་ཤིང་སྲེད་པ་ཡིས། །ཞིམ་པའི་རོ་ཡིས་གདུངས་པ་དང་། །ལོག་པའི་རྟེན་འབྲེལ་འགྲིག་བྱེད་པའི། །ཕུང་འདྲེ་ཅན་གྱི་སྙམ་སྙོམ་དང་། །དྲན་ཉམས་སྙིང་རྗེ་མེད་པ་ཡིས། །ལུས་ངག་ཡིད་ཀྱི་བྱ་བ་དང་། །འདུན་པའི་ས་ལ་ལོག་པ་ཡི། །བླ་མའི་སྐྱོན་ལ་གཅོད་བྱེད་ཀྱི་གཉེན་པོ་རྟོག་པ་དང་། །མདོར་ན་ཆོས་སུ་མི་འགྲོ་བའི། །བདུད་ཀྱི་ཞགས་པ་ནག་པོ་རྣམས། །ཤེས་རབ་ཐབས་མཁས་སྙིང་རྗེ་ཡིས། །མཚན་ཉིད་མེད་པར་ཤེས་གྱིས་ལ། །མཁས་པས་ཆུ་ཟླ་མཐོང་བ་བཞིན། །བདེན་རྫུན་སྤང་པའི་མཚོན་གྱིས་བཅད། །རེ་ཞིག་འདུས་སུ་མཐོང་བ་འདི། །བདག་པོ་ཤི་བའི་ཁང་སྟོང་བཞིན། །སྙེར་ཁ་མེད་པར་ཁྲེས་སེ་བཞག །དུར་ཁྲོད་བོར་བའི་མི་རོ་བཞིན། །བསམ་མེད་གལ་མ་མཆིས་སུ་བཞག །རིག་པ་ཁྲོས་རུང་མ་ཁྲོས་རུང་། །གྱི་ན་ཙམ་དུ་བུན་ནེ་བཞག །གང་ཡང་ཡིད་ལ་མི་བྱེད་ཅིང་། །སྤྱོད་ལམ་རྣམ་བཞིར་རྩོལ་བཞག་ན། །དབང་པོའི་ཡུལ་དུ་རོ་སྙོམས་ན། །གོང་གི་གཅད་བྱ་དེ་རྣམས་ཆོད། །ཇི་སྲིད་ཡིད་ལ་བྱར་བྱུང་ན། །དེ་སྲིད་ཁོང་ན་དུག་རོ་ཡོད། །དྲན་མེད་ཡིད་ལ་བྱར་མེད་ན། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །མི་མིན་ཡེ་ཤེས་བཤགས་པ་ཡིས། །སྟོང་ལམ་ཆེན་པོ་དེ་རུ་སླེབ། །ཡིད་བྱེད་དྲི་མས་ལོག་པར་གཅོད། །བདུད་གཅིག་བྲལ་བས་བདུད་གཅིག་འཇུག །ཡིད་བྱར་བྲལ་བ་དྲི་མེད་སེམས། །གོལ་སར་ལྷུང་གི་དོགས་པ་མེད། །ཅི་ཡང་ཡིད་ལ་མ་བྱས་པར། །གོལ་སར་ལྷུང་བ་ཅི་ཞིག་ལྷུང་། །གཉིས་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །དེ་བཞིན་གཤེགས་པའི་བཀའ་ལས་ཀྱང་། །དྲན་མེད་ཡིད་ལ་བྱར་མེད་ན། །སངས་རྒྱས་རྗེས་སུ་དྲན་པར་གསུངས། །དེ་ཕྱིར་རང་སེམས་དྲི་མེད་འདི། །ཡིད་ལ་རྩོལ་བས་མི་སླད་པར། །བྱར་མེད་དངངས་མེད་སྐྲག་པ་མེད། །ཉམ་ང་བག་ཚ་བྲལ་བ་ཡི། །རྣལ་འབྱོར་སེང་གེ་ལྟ་བུར་ལྟ། །སྲུང་བ་གསུམ་ལས་ཐེག་ཆེན་ཟིལ་གནན་གྱིས་བསྲུངས་པའོ། །
༈ མ་མི་མིན་ཡེ་ཤེས་མཁའ་འགྲོ་ལ། །འདོམས་འམས་བུ་རྩི་སྟོན་དར་མ་བདག །ལུས་ངག་ཡིད་གསུམ་དག་པ་ཡི། །ཤིན་ཏུ་གུས་པས་ཕྱག་འཚལ་ལོ། །འབྲིང་གི་རང་ཉིད་གར་འཐད་པའི། །གནས་དེར་མཁའ་འགྲོ་མ་འདུ་བའི། །ཆེད་དུ་གཉན་ས་འགྲིམ་མི་འཚལ། །ཐམས་ཅད་རྟོག་པའི་རྒྱུར་ལོག་ཡིན། །ཆེད་དུ་དགག་བྱ་མི་གཅོད་བྱེད་ཀྱི་གཉེན་པོ་འཚལ་ལོ། །ཡིད་ལ་འཐད་པའི་གནས་དེ་གཉན། །འདོད་འདོད་གཅད་བྱའི་ཡུལ་པོ་དང་ལེགས་ལེགས་པོ། །གཅོད་གཅོད་པོ་དང་ཆོད་ཆོད་པོ། །ཕྱོགས་ལྷུང་རྟོགས་པ་གྱུར་ཚད་རྣམས། །མཁའ་ལ་མདའམ་བྱ་བཞིན་དུ། །ཤེས་རབ་ཐབས་དང་ལྡན་པ་ཡི། །དམིགས་པ་མེད་པའི་དྲན་པས་བཅད། །ཕྱོགས་གཅིག་ཉེ་བར་མཚོན་པ་ན། །གཉན་སར་འགྲོ་བའི་དོན་གོ་མེད། །སངས་རྒྱས་སྒྲུབ་པར་མ་ཤེས་པར། །འདྲེ་ནད་གཉིས་ལ་ཕན་སྙམ་ནས། །རེ་དང་བཅས་པ་བདུད་ཡིན་པས། །དྲན་པས་དབང་བསྒྱུར་ཚུར་ལ་ཟློག །གཉན་སྤང་ལ་རང་ལུས་འདི། །འདྲེ་ལ་བྱིན་ལ་ན་རུ་གཞུག །དེས་ཀྱང་ཕན་དུ་རེ་བ་ན། །ཕར་ལོག་གང་འཐད་གཉན་ས་རུ། །ལུས་སེམས་འདྲེ་ལ་ལྟོས་མེད་སྦྱིན། །ལུས་ལ་མ་ཆགས་ཕན་རེ་ན། །ཚུར་ལྡོག་ཤིན་ཏུ་གཅེས་པར་བྱ། །དེས་ཀྱང་ཕན་དུ་རེ་བ་ན། །རང་ལུས་མཛེ་རོ་སྐྱུར་བ་བཞིན། །སྐྱུག་བྲོ་ཞེན་པ་མེད་པར་བཞག །ཤི་ན་དོན་ཅན་གསེར་དུ་ཤི །གཞན་ཡང་བྱང་ཆུབ་སེམས་དཔའ་ཡི། །གཉན་ས་དེ་ན་འདྲེ་ཡོད་པའི། །རྟོག་པ་རང་ལ་འདུག་མི་འདུག །བརྟག་ཞིག་གཏོང་ལ་འདུག་པ་ན། །དེ་ལ་གནོད་པའི་བསམ་སྦྱོར་གྱིས། །ཅི་བྱས་དུག་གམ་ཁྲག་གིས་འཚོ། །མ་ཚོར་མུ་སྟེགས་འཁྲུལ་པའི་ཆོས། །དེས་ན་འདི་ལ་གོལ་ས་ཕྱེ། །ཕར་ལ་གནོད་པའི་བསམ་སྦྱོར་གྱིས། །གཅོད་བྱས་རང་གི་ནད་སོས་པས། །ཅི་རུབ་སྐྱེ་བོ་མི་ནག་ཆོས། །དཔེར་ན་རང་གི་བུ་བསད་ནས། །ཤ་ཟོས་འགྲངས་པའི་ཅི་ཞིག་བྱ། །སངས་རྒྱས་ནས་ཀྱང་སེམས་ཅན་གྱི། །དོན་མིན་བྱ་བ་གང་ཡང་མེད། །བྱང་ཆུབ་སེམས་དཔའི་བྱ་བ་ནི། །སེམས་ཅན་བདེ་ན་བདག་རང་ཉིད། །འདྲེས་ཁྱེར་དམྱལ་བར་བསྲེག་ཀྱང་བཟོད། །དེ་ལྟར་ཤེས་པའི་སྐྱེས་བུ་དེས། །དུས་གསུམ་སངས་རྒྱས་འབྱུང་བ་ཡི། །བྱང་ཆུབ་སེམས་ཀྱི་ཤར་ཉམས་བལྟ། །གོལ་བ་ཐམས་ཅད་ངེས་པར་ཁེགས། །གཞན་ཡང་རང་གི་རྟོག་པ་ལ། །ཆགས་ཆེ་རིམ་གྲོ་བྱ་སྙམ་ན། །སྙེམས་དེ་འདྲེ་རུ་ཟིན་པར་གྱིས། །འདྲེ་དེ་སྙིང་རྗེའི་ངང་དུ་སྐྱོལ། །རིམ་གྲོ་གཞན་གྱི་དོན་དུ་བསྒྱུར། །དོན་ལ་ལམ་དུ་མི་འགྲོ་བའི། །རེ་དང་དོགས་པ་ཐམས་ཅད་གཅོད། །ཤེས་རབ་དྲན་པ་དམིགས་མེད་ཀྱི། །ཕྱི་ནང་འཁྲོལ་ནི་ཤེས་གྱིས་ལ། །དྲན་པས་དབང་བསྒྱུར་འཕྲུལ་གཅོད་བྱའོ། །དེ་བཞིན་གཤེགས་པའི་བཀའ་ལས་ཀྱང་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སེམས་ནི་གང་ཞེ་ན། གང་ལ་དམིགས་པ་མེད་པ་དྲན་པས་དབང་བསྒྱུར་བ། ཞི་བའི་རྣམ་པ་ཅན་མཚན་ཉིད་མེད་པའི་མཚན་ཉིད་དོ་ཞེས་གསུངས་སོ། །སྲུང་བ་གསུམ་ལས་སྐར་ཆེན་མཐེབ་འོག་གནོན་པའི་སྲུང་པའོ། །
༈ མི་མིན་ཡེ་ཤེས་མཁའ་འགྲོ་ལ། །ཕྱག་འཚལ་འཕྲུལ་གྱི་གཅོད་ཡུལ་འདི། །ཡི་གེར་བྲི་བར་མི་རིགས་ཀྱང་། །མ་ཡིས་གསུངས་པའི་གསེར་ཆོས་འདི། །བུ་ཆེན་གཞན་ལ་མི་འདུག་པས། །དྲན་པ་གསོ་ཕྱིར་བྲི་བར་བྱ། །དབང་པོ་ཐ་མ་སྤྲོས་པ་ཡི། །གཅོད་ལ་དུམ་བུ་བཅུ་དྲུག་སྟེ། །སློབ་མའི་སྣོད་དང་ས་དམིགས་དང་། །ཉམས་སུ་བླངས་དང་ཆོ་འཕྲུལ་དང་། །ཚུར་ལ་ལྡོག་དང་ཉམས་སད་དང་། །ཕྱིར་མི་ལོག་དང་ལོག་ནོན་དང་། །ཆུན་པའི་རྟགས་དང་གོལ་ས་དང་། །བུ་ཆུང་སྐྱེ་བ་ཕྱུགས་ལས་སོགས། །གདམས་ངག་གནད་ཀྱི་བསྒྱུར་ཀ་དང་། །བདུད་ཀྱི་དབྱེ་བ་བསྟན་པ་དང་། །གཞན་ལ་བྱིན་གྱིས་བརླབས་པ་དང་། །ནད་པའི་དམིགས་པ་བསྟན་པ་དང་། །སྲོག་གི་དབང་པོ་འགགས་པ་ལ། །འཆི་ཁ་མ་ཡི་གདམས་པ་དང་། །དབུགས་འབྱུང་བ་དང་སྟོར་མའོ། །དང་པོ་སློབ་མའི་སྣོད་བསྟན་པ། །དད་དང་ཤེས་རབ་བརྩོན་འགྲུས་དང་། །སྙིང་ཁམས་སྙིང་རུས་སྡུག་བསྲན་ཆེ། །ང་རྒྱལ་སེར་སྣ་གཡོ་སྒྱུ་དང་། །ཕྲག་དོག་འདོད་ཆགས་ཞེ་སྡང་ཆུང་། །སྐྱེ་དང་འཆི་འཇིགས་བླ་མ་གུས། །དེ་རྣམས་གསེར་དངུལ་སྣོད་ཡིན་ནོ། །ཡང་ན་གང་ཟག་སྡུག་བསྔལ་ཅན། །ལུས་སེམས་ན་ཚ་སྡུག་བསྔལ་གྱིས། །གནོན་ཏེ་ཤི་ལ་ཐུག་པ་དང་། །སྨན་པས་བོར་ཞིང་བྱར་མ་བཏུབ། །དེ་ཡང་ཆོས་འདིའི་སྣོད་དུ་ཤེས། །ཡང་ན་སྐྱེ་བོ་མི་ནག་ཀྱང་། །ཤེས་པ་བཀྲ་ཞིང་བླ་མ་ལ། །གུས་ཤིང་བཟང་པོར་མཐོང་བ་དང་། །འདི་ཡི་སྣོད་དུ་རུང་བ་ཡིན། །དེ་རྣམས་སློབ་མའི་སྣོད་བསྟན་པའོ། །
ས་དམིགས་གཉན་པོ་བཙལ་བ་ནི། །ཆུ་མིག་མགོ་དགུ་བདུན་ལྔ་གསུམ། །རིམ་པས་གདོལ་བྲམ་རྗེ་རྒྱལ་རིགས། །རིགས་བཞིའི་ཀླུ་གནས་ཤིན་ཏུ་གཉན། །ཤིང་གཅིག་དང་ནི་ས་ཡི་སྟེང་། །ཕ་བོང་སྟག་སྦྲུལ་བྱ་ཕག་འདྲ། །གཉན་ཆེན་སྡེ་བཞིའི་རིགས་གནས་པས། །ཉམས་ལེན་གནས་སུ་ཤིན་ཏུ་བཟང་། །ནེའུ་གསིང་ཆུ་གླིང་ས་ཕུག་དང་། །ས་རལ་སྙེ་མ་འཁྱིལ་འདྲའི་སྤང་། །རི་བྲག་སྦྲུལ་སྦལ་སྡིག་པའི་གཟུགས། །ས་བདག་གནས་པས་ཉམས་ལེན་འཕེལ། །བྲག་དམར་མི་རེང་རལ་གྲི་འདྲ། །སྤྲེའུའི་གདོང་འདྲ་ཁྲག་རལ་འདྲ། །ལམ་གྱི་འགག་ན་ཆུ་བྲག་འཐབ། །བཙན་གནས་ཉམས་སུ་བླང་པར་ཤེས། །ལྷ་ཁང་བདག་མེད་བད་སྔོན་ཅན། །དགོན་གནས་བདག་མེད་གྲོང་པས་དབེན། །རྒྱལ་པོ་གནས་པས་ཉམས་ལེན་འཕེལ། །ལམ་པོ་ཆེ་དང་འདུན་ས་དང་། །དུར་ཁྲོད་ཕྱུགས་ལྷས་མཆོད་རྟེན་དྲུང་། །སྐོར་ཁང་ལམ་སྲང་ཁང་སྟོང་དང་། །དཀའ་ཐུབ་གནས་དང་རོ་སྲེག་པ། །སྣ་ཚོགས་མི་མ་ཡིན་འདུ་བས། །སྲོད་ལ་མུན་པ་དང་འགྲོགས་ནས། །རབ་ཀྱིས་ཆོམ་ཆོམ་མེད་པར་འགྲོ། །འབྲིང་གིས་ཉིན་པར་འགྲོ་བར་བྱ། །ཐ་མ་གྲོགས་དང་སྡོང་པའོ། །དེ་རྣམས་ས་དམིགས་འཚལ་བའོ། །
ཉམས་སུ་བླང་པའི་ཐབས་གཅོད་ཀྱི་གཉེན་པོ་བསྟན་པ། །དང་པོ་བསམ་མནོ་འདི་ལྟར་གཏོང་། །འཁོར་བ་ཐོག་མེད་ཡུན་རིང་ནས། །ལུས་ངག་ཡིད་གསུམ་བདག་བཟུང་ཞིང་། །གཅེས་འཛིན་བྱས་པས་ཇི་ཙམ་ཞིག །འདྲེས་ཁྱེར་འཁོར་བར་ཡུན་རིང་འཁྱམས། །ད་ནི་མི་ཆགས་སུ་འདོད་ཁྱེར། །སྙམ་དུ་བསམ་ནས་ཕུང་པོ་ལ། །ཞེན་པའི་ཕྲེང་ཕྲེང་མི་བྱེད་པར། །མཆིལ་སྣབས་བཞིན་དུ་གཟན་ལ་སྐྱུར། །ཀུན་གྱིས་ཧབ་ཤ་བྱས་པར་བསམ། །སེམས་ཉིད་དྲི་མ་མེད་པ་དེ། །སྙེམས་འཕྲལ་སྙེམས་ཚིག་གལ་མཆིས་སར་ཉམ་ང་མེད་པ་རུ། །མ་བཅོས་ཙེན་གྱིས་གཞག་པར་བྱ། །མི་གཅིག་ཟན་ཟ་ཙམ་པ་ལ། །ཉམས་དགའ་བག་དྲོ་འུར་གྱིས་འགྲོ། །ཐོགས་མེད་རིག་པ་ངར་དང་བཅས། །དེ་ལ་དུག་ལྔའི་སྨན་ཞེས་བྱ། །འགལ་བ་ལམ་དུ་བློལ་ཁྱེར་ཞེས་བྱ། །བདུད་རྣམས་ཆོས་ཉིད་ཆོས་ཞེས་བྱ། །དངོས་གྲུབ་ཀླུ་གཉན་ས་བདག་དང་། །རྒྱལ་པོའི་ལག་ནས་བྱུང་ཞེས་བྱ། །དེ་རྣམས་ཉམས་སུ་བླང་བར་བྱ། །ཆོ་འཕྲུལ་བྱུང་ལུགས་བསྟན་པ་ནི། །རབ་འབྲིང་གསུམ་དུ་ཤེས་པར་བྱ། །རབ་ནི་དངོས་སུ་མི་བཞིན་འབྱུང་། །དེ་ལ་བདེན་འཛིན་བྱར་མི་རུང་། །ལུང་ལས་ཀྱང་། རྫུ་འཕྲུལ་སྣ་ཚོགས་རབ་ཏུ་བྱེད་མཐོང་ཡང་། །དེ་ལ་ལུས་མེད་སེམས་མེད་མིང་ཡང་ཡོད་མ་ཡིན། །ཞེས་སོ། །ནང་དུ་བྱང་ཆུབ་སེམས་འབྱོངས་ན། །སྐྱེལ་མ་དགྲ་ལ་འཆོལ་ཕྱི་རོལ་མཚོན་ཆ་པདྨར་འགྱུར། །གནོད་སེམས་བྱམས་པར་ལོག་ནས་འགྱུར། །འབྲིང་ནི་ཉམས་ཡིན་བཤད་མི་ལང་། །སྙིང་འདོན་དངོས་སུ་ཟ་བ་དང་། །ཁྱེད་ཀྱི་ཆོས་ནོར་ཟེར་བ་དང་། །མཛེས་པས་བསླུ་བྲིད་བྱེད་པ་དང་། །ཕ་མར་བརྫུས་ཏེ་འོང་ལ་སོགས། །ཐུག་པ་མེད་པར་འོང་ལགས་པས། །སྙེམས་མ་ཞུགས་ན་གཉིད་སད་འདྲ། །སྙེམས་ཞུགས་རྣལ་འབྱོར་འདྲེ་མོས་འཁྱེར། །སྙེམས་ཟས་སུ་ཟ་བ་ཐ་མ་རྨི་ལམ་རྩུབ་པ་འོང་། །དེ་རྣམས་ཆོ་འཕྲུལ་བྱུང་ལུགས་སོ། །
ཚུར་ལ་ལོག་དང་ཉམས་སད་ནི། །ན་ཚ་དྲག་པོ་བྱུང་བ་དང་། །ཆོ་འཕྲུལ་ཆེ་ནས་མ་ཟུག་པ། །དྲི་འོ་གནས་འདིར་འོང་པས་ནོར། །སྙེམས་ཞུགས་ཆོས་ལ་བློ་མ་ཁེལ། །ཚུར་ལ་རང་གི་ཁྱིམ་དུ་བྲོས། །སེམས་ལ་སྨྱོ་འབོག་ཚིག་པ་དང་། །ངག་ལ་སྨྲ་རྡོལ་སྣ་ཚོགས་བྱུང་། །ཚེ་ཡི་དུས་བྱས་ངན་འགྲོར་འགྲོ། །དེས་ན་ཤི་ལ་ཐུག་ཀྱང་གཏད། །ཚུར་ལ་ལོག་ཚུལ་བསྟན་པའོ། །
༈ ཕྱིར་མི་ལྡོག་པའི་མན་ངག་ནི། །ཆོ་འཕྲུལ་ཉལ་གྱིས་མ་སོང་བར། །སྙིང་རུས་བསྐྱེད་ལ་ཉམས་ནན་བྱ། །ཉལ་གྱིས་སོང་ནས་ཞག་བདུན་བསྡད། །ངག་ཏུ་རྟེན་འབྲེལ་སྙིང་པོ་དང་། །ཕ་རོལ་ཕྱིན་པའི་སྙིང་པོ་བཟླས། །ཤིང་ཐོག་ལ་སོགས་སྟེར་བ་འོང་། །དེ་རྣམས་ཕྱིར་མི་ལྡོག་པའི་རྟགས། །དེ་རྣམས་མི་ལྡོག་མན་ངག་གོ །
༈ ལོག་ནོན་བསྟན་པའི་མན་ངག་གཉན་ཐོག་ཏུ་གཉན་འབེབས་པ་ཐུབ་པའི་མཐུ་བཟློག་པའི་དོན་དུ་མཛད་པ་ཡིན་ནི། །གནས་འདིར་མགོ་མཇུག་ལོག་ལ་ཉལ། །སྐེ་ལ་ཐ་གུ་མི་རོའི་སྐྲ་ལས་བྱས་ནག་པོ་བཏགས། །ཆུ་མིག་ཤིང་ངམ་བྲག་ལ་བཏགས། །རིག་པ་དྲི་མེད་མ་བཅོས་པའི། །ངང་ལ་སྙེམས་མེད་བུན་ནེ་བཞག །ཐམས་ཅད་བྱིས་པའི་རྩེད་མོར་ལྟ། །དེ་དུས་ཆོ་འཕྲུལ་བསམ་མི་ཁྱབ། །སྐད་ངན་ཆེན་པོ་འཐོན་པ་བྱུང་། །དེ་དུས་སྙིང་མི་དགའ་བ་དང་། །སྙེམས་དོགས་བག་ཙམ་བྱུང་ལགས་ཏེ། །གསོབ་ཡིན་གསོག་ཡིན་དེ་ལྟར་བྱས་པའི་རྟེན་འབྲེལ་གྱི་ལྷག་གཟི་བརྗིད་ཆེ་བ་དགེ་དར་འོངས་ནས་ཉམས་སད་པས་རང་ལ་གནོད་པའི་ལྷ་འདྲེ་གཟི་བརྗིད་ཆུང་བ་དག་གིས་རང་ལ་གནོད་པའི་སྐབས་མི་རྙེད་དེ་ཕྱག་བྱས་ནས་འགྲོའོ་ཡ་མ་བརླ། །སྙིང་པོ་མེད་ཅེས་ཐུབ་པས་གསུངས། །དེ་ཕྱིར་མ་བྲེད་འབལ་གྱིས་བཏང་། །དོན་ལ་ཤི་རུ་འཇུག་པ་ཡིན། །རང་གི་ལུས་ངག་ཡིད་གསུམ་ལ། །གཅེས་པར་བཟུང་ཞིང་སྙེམས་ཞུགས་ན། །རྟེན་འབྲེལ་ཟློག་པའི་སྡུག་བསྔལ་དང་། །དུས་མིན་སྲོག་གི་དབང་པོ་འགགས། །མ་ཆགས་མ་ཞེན་སྙེམས་བྲལ་ན། །བདུད་རིགས་བྱེ་བ་དུང་ཕྱུར་གྱིས། །སྤྲིན་བཞིན་གཏིབས་ཀྱང་ལྡོག་མི་འགྱུར། །ལོག་གནོན་བསྟན་པའི་མན་ངག་གོ །
༈ ཆུན་པའི་རྟགས་དང་མཚན་མ་བསྟན་པ་དང་། །སྙན་པའི་ནུས་པ་ཅི་ཡོད་པ། །རབ་ཀྱིས་ཞག་གསུམ་བསྡད་པས་སློངས། །འབྲིང་གིས་ལྔའམ་བདུན་ནས་སློངས། །ཐ་མས་བཅུ་ནས་སློངས་པར་འགྱུར། །སྐྱེ་མེད་གདེངས་དང་ལྡན་པ་དང་། །ལྷ་ཡི་རྣལ་འབྱོར་བརྟན་པ་དང་། །ཡི་དྭགས་གནོད་ཚབས་ཆེ་བ་དང་། །ཁུ་འཕྲིག་སྙེམས་ཞུགས་བྲེད་དང་བཞིས། །ཞག་གཅིག་ལ་ཡང་སློངས་པར་འགྱུར། །ཆོ་འཕྲུལ་ཇི་ལྟར་རྩུབ་གྱུར་ཀྱང་། །མ་ཆགས་མི་གཡོའི་གདམས་པ་ཡི། །ཏིང་འཛིན་སྒྱུ་མ་ལྟར་ཤེས་ན། །བྱ་སྒྲོ་མེ་ལ་ཤོར་བ་བཞིན། །ཆོ་འཕྲུལ་རྟོག་པ་ཉེར་ཞི་ནས། །རྟོག་པ་ཅན་ལྷ་རྫས་དང་། །ཀླུའི་མཆོད་པ་སྣ་ཚོགས་འོང་། །གདམས་པ་ཅན་ལ་གསེར་སྐྱེམས་དང་། །མིའི་ལོངས་སྤྱོད་སྣ་ཚོགས་པ་འོང་། །དེ་ལ་དགའ་སེམས་སྐྱེས་པ་ན། །སྨན་དེ་དུག་ཏུ་འགྱུར་བ་ཡིན། །དེ་ཕྱིར་ཡིད་བརྟན་བྱར་མི་རུང་། །དེ་རྣམས་ཆུན་པའི་རྟགས་ཚད་ཡིན། །གཅོད་ཀྱི་གོལ་ས་ཐོ་ཅོ་བྱེད་པ་དང་ལོག་པར་གཅོད་པ་རྣམས་ལ་བསྡམ་བསྟན་པ་ནི། །བྱང་ཆུབ་སྒྲུབ་པར་མ་ཤེས་པར། །འདྲེ་ནད་གཉིས་ལ་ཕན་རེ་ནས། །ཕ་གི་ཚར་གཅད་རང་བདེ་འདོད། །ཉན་ཐོས་བྱིས་པའི་གཅོད་དུ་གོལ། །མི་མིན་ཡེ་ཤེས་གདམས་པ་འདི། །ཐམས་ཅད་མཁྱེན་པ་སྒྲུབ་པ་ལ། །ནང་གི་རྟོག་པ་མི་གཅོད་པར། །འདྲེ་ཡི་ཐོག་ཏུ་སྟོང་པའི་གོལ། །མ་འདྲེས་ཡོངས་སུ་རྫོགས་པ་ཡི། །གོ་བ་ནང་ནས་མ་སྐྱེས་པར། །བདག་དང་འདྲེ་དང་གཉན་ས་གསུམ། །སོ་སོར་རྟོགས་པར་འཕྲུལ་བར་གོལ། །གདམས་པའི་གནད་གཅིག་མ་གོ་བར། །བ་ལང་ཁམས་ལ་བསྟན་ནས་སུ། །ལྷོག་པ་ལ་སོགས་འགོས་ནད་སར། །གཅོད་བྱས་མ་འགོས་ཀྱི་ནི་གོལ། །དཔེར་ན་ལོང་བའི་དབྱུག་འཐབ་བཞིན། །ནང་རིག་འཁྲུལ་གཅོད་མ་ཤེས་པར། །ངན་གོམས་ཤུགས་ལ་བསྟན་ནས་སུ། །སྨྱོན་གཅོད་རྡོལ་ཆོས་ཐམས་ཅད་གོལ། །གཅོད་ཀྱི་གོལ་ས་བསྟན་པའོ། །
༈ བུ་ཆུང་སྐྱེ་བོ་ཕྱུགས་ལ་ན་ན་འཆུན་ཆུག་པའོ་སོགས། །མན་ངག་སྦྱོར་བ་འདི་ལྟར་བྱ། །སློབ་དཔོན་དེའི་ཏིང་ངེ་འཛིན་གྱིས། །ཕྱུགས་སོགས་ལུས་པོ་ཀེང་རུས་སུ། །བསམ་ལ་དེ་དང་རང་སེམས་གཉིས། །གཉིས་སུ་མེད་པར་མཉམ་པར་བཞག །སྡུག་བསྔལ་ཞི་བར་ཐེ་ཚོམ་མེད། །མན་ངག་གནད་ཀྱི་བརྒྱུད་པའོ། །
༈ བདུད་ཀྱི་དབྱེ་བ་བསྟན་པ་ནི། །བསམ་གྱིས་མི་ཁྱབ་གསུངས་ན་ཡང་། །བདུད་རིགས་བཞི་རུ་དབྱེ་བ་ཡིན། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད་ལས་མེད། །ཐོགས་བཅས་བདུད་ནི་དབང་པོ་ཡི། །ངོ་ལ་སྣང་བའི་རགས་པ་ལས། །དེར་འཛིན་རྟོག་པས་སྣ་བླངས་ནས། །ཉོན་མོངས་དུག་གསུམ་ངན་སོང་གི། སྒོ་མོ་གསུམ་དུ་ཤར་བའི་བདུད། །དེར་གཅོད་སྣང་བ་དབང་འདུས་འཚལ། །ཐོགས་མེད་བདུད་ནི་ཡིད་ཡུལ་གྱི། །བྱུང་ཚོར་རངས་པ་ཆགས་སྡང་སོགས། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་དང་། །འགྱུ་བ་རགས་པའི་འཁོན་འཛིན་བདུད། །དེར་གཅོད་རྟོག་པ་ཅེར་ལྟ་འཚལ། །དགའ་བྲོད་བདུད་ནི་གཉན་ས་ཡི། །འདྲེ་ཡིས་མ་ཚུགས་ནད་ཞི་དང་། །ནུས་པ་བྱུང་དང་ཟང་ཟིང་འདུས། །ལྷ་འདྲེས་དངོས་གྲུབ་བྱིན་པ་དང་། །མི་རྣམས་བཟང་དང་སྙན་གྲགས་དང་། །བུ་སྨད་ལ་སོགས་ཉེ་དུ་ལ། །དགའ་ཞིང་བྲོད་པས་དགའ་བྲོད་བདུད། །དེ་སྤྱོད་མ་ཆགས་མ་ཞེན་འཚལ། །སྙེམས་བྱེད་བདུད་ནི་ཀུན་ཏུ་རྒྱུ། །དབང་པོའི་ཡུལ་དང་ཡིད་ཡུལ་དང་། །ཉོན་མོངས་ཀུན་ལ་སྙེམས་ཞུགས་པས། །སྙེམས་བྱེད་བདུད་དུ་ཤར་བ་ཡིན། །སྙེམས་ཀྱི་རྩ་བ་ཆོད་པས་ན། །འཁོར་འདས་སྙེམས་སུ་ཆོད་པ་ཡི། །རེ་དོགས་སྤང་བླང་རྟོག་པ་འགགས། །སྙེམས་བྲལ་ཆོས་སྐུ་རྒྱ་མཚོ་འདྲ། །བདུད་ཀྱི་དབྱེ་བ་བསྟན་པའོ། །
༈ གཞན་ལ་བྱིན་གྱིས་བརླབས་པ་ནི། དེ་ཡི་མིང་བྲིས་ཕྱག་གཡས་ཀྱིས་པད་མོ་མགོ་ལ་ཉལ་མཛད་ལ་མིང་འདི་ཞེས་བྱ་སངས་རྒྱས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཆོས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགེ་འདུན་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་ལ་བསྟེན་ནོ། །ཆོས་ལ་བསྟེན་ནོ། །དགེ་འདུན་ལ་བསྟེན་ནོ། །ལུས་དགེ་བར་གྱུར་ཅིག །ངག་དགེ་བར་གྱུར་ཅིག །ཡིད་དགེ་བར་གྱུར་ཅིག །དེ་རྣམས་ངག་ཏུ་བརྗོད་དུས་སུ། །རང་ཉིད་རྒྱལ་བའི་ཡུམ་དུ་བསྒོམ། །ཡུམ་དེ་ཤཱཀྱ་ཐུབ་པར་བསྒོམ། །འདོད་དོན་གྲུབ་པར་ཐེ་ཚོམ་མེད། །གཞན་ལ་བྱིན་གྱིས་བརླབས་པའོ། །
༈ ནད་པའི་དམིགས་པ་བསྟན་པ་ནི། །རང་ལུས་དུམ་བུར་གཏུབ་པ་ཡི། །བླ་མ་མཁའ་འགྲོ་ཆོས་སྐྱོང་མཆོད། །སེམས་ཉིད་དྲི་མེད་ངང་དུ་བཞག །ཡང་ཡང་བྱས་པས་སྡུག་བསྔལ་སེལ། །རང་ཉིད་བློ་ལ་སྐྱེད་གཅིག་འོང་། །ཡང་ན་ལུས་རྣམས་གཏུབ་ཅིང་སྦྱིན། །རང་གི་ཁང་པའི་མདུན་ན་ཕར། །ཁྱི་སྤྱང་བྱ་རོག་ལ་སོགས་ཀྱིས། །རྒྱུ་མ་ཕར་འཐེན་ཚུར་འཐེན་ལ། །ཤེས་པ་གཏོད་དུ་བཅུག་པ་ཡིས། །སྡུག་བསྔལ་ཞི་ནས་ཏིང་ངེ་འཛིན་རྣམས། །ཡང་ན་ནད་པའི་སྐོར་ལེ་དེ། །གྲི་ཡིས་སྐོར་ལ་ལྐོག་ལ་སྐྱུར། །ཤུལ་དེ་སྟོང་པར་བསམ་པ་ཡིས། །ནང་དུ་དགེ་བའི་བཤེས་གཉེན་བསམ། །ཡང་ན་རི་གཟར་སྟེང་བསྡད་ལ། །རང་ལུས་རྦབ་ཏུ་སྐྱུར་ལ་བཏང་། །ཤེས་པ་ནམ་མཁའི་ཕྱོགས་སུ་འཕང་། །གླིང་བཞི་ཀུན་ཏུ་ཉལ་བ་ཡི། །སྡུག་བསྔལ་དང་བཅས་གཟེར་ཟུག་དེ། །ཡུལ་དང་ཕྱོགས་སུ་མི་ཉེ་བར། །ཤེས་པ་གསལ་སྟོང་ཆོས་སྐུར་གནས། །དེ་ལ་ན་ཚ་སྡུག་བསྔལ་ཀུན། །ལམ་དུ་སློངས་ཞེས་བྱ་བ་ཟེར། །ནད་པའི་དམིགས་པ་བསྟན་པའོ། །
༈ འཆི་ཁའི་གདམས་པ་ནི། ཡི་དམ་བླ་མ་གང་ཡིན་བྲི། །དེ་ལ་མོས་གུས་བྱེད་དུ་གཞུག །སེམས་ཉིད་དྲི་མེད་འཆི་བ་མེད། །ལྷོད་ཀྱིས་གློད་ལ་ཙེན་གྱིས་བཞག །ས་ལེ་ཧྲིག་གེ་ཡེ་རེ་བ། །སིང་ངེ་བུན་ནེ་ཆི་ལེ་བ། །དུས་གསུམ་སངས་རྒྱས་བྱོན་ལགས་ཀྱང་། །འདི་ལས་ལྷག་པར་བསྟན་དུ་མེད། །མ་ཅིག་དགོངས་པ་དེ་ལྟར་ཡིན། །སྡོང་པོ་གསེར་བླག་ཅན་གྱི་རྩར། །མ་ཡིས་ཕུག་ཐག་དེ་ལྟར་ཆོད། །ཁྱོད་ཀྱང་དེ་ལས་བློ་མ་འཕྲོ། །མ་བྲེད་མ་དོགས་ཉམ་ང་ཐོངས། །བློ་དེ་ཉལ་བའི་ཆོས་ཡིན་པས། །འཁོར་བར་འཁྱམས་ན་ང་རང་ཤེས། །ཐེ་ཚོམ་མ་ཟ་ཨ་བསམ་བུ། །འཆི་ཁ་མའི་གདམས་པའོ། །
༈ བློ་དམན་གང་ཟག་དབུགས་འབྱུང་བ། །ནང་རིག་འཕྲུལ་གྱི་གཅོད་ཡུལ་འདི། །ཐོས་སམ་ཤེས་པ་ཙམ་གྱིས་ཀྱང་། །རིགས་ངེས་རྒྱལ་བའི་ཞིང་དུ་སྐྱེ། །རིག་ཅིང་རྟོགས་པར་གྱུར་པ་ན། །རྐང་གཉིས་གཙོ་བོ་མངོན་དུ་འགྱུར། །གོལ་ས་བཀག་ནས་ཉམས་བླངས་ནས། །བླ་གདན་ས་འདི་ཉིད་དུ་སངས་རྒྱའོ་མེད་བྱང་ཆུབ་རིང་པོ་མིན། །ངེས་པར་ཀླུ་གནས་ས་ཡི། །ཆུ་མིག་བརྒྱ་རྩ་རྙེད་ནས་སུ། །ཞག་རེ་གཉིད་ཐུན་རེ་ཉལ་ན། །ཕྱིར་མི་ལྡོག་པའི་ས་གདམས་པ་འདི་ཡི་གནད་ཀྱི་ལ་གནས། །མ་ཡི་ཐུགས་དམ་ཞལ་གཟིགས་ནས། །ལྷ་ཡི་སྒྲོལ་མས་ལུང་བསྟན་དེ་ལྟར་བྱུང་། །དབུགས་འབྱུང་བ་ཡི་གདམས་ངག་གོ །
༈ གཏོར་མ་བཏང་བའི་མན་ངག་དཀར་དམར་གཉིས་ལས་དཀར་གཏོར་རྒྱའི་ནི། །གཙང་མའི་དམར་གཏོར་རང་གི་ལུས་ལ་བྱའོ་སྣོད་དུ་ཅི་འབྱོར་པའི། །རྫས་བསགས་འབྲུ་ཨོཾ་ཨཱཿཧཱུྃ་གསུམ་བྱིན་གྱིས་བརླབས། །ཡེ་ཤེས་ལྔ་དང་ལྡན་པ་ཡི། །འདོད་པའི་ཡོན་ཏན་ལྔ་རུ་བསམ། །ཁ་འབར་སྔགས་ནི་ཉི་ཤུ་གཅིག །ག་ཏེ་ཤམ་བུར་བཏགས་པ་ཡི། །སྣོད་ནི་རིན་ཆེན་གཞལ་ཡས་ཁང་། །ནམ་མཁས་གར་ཁྱབ་པར་བསམ། །བཅུད་ཀྱང་ནམ་མཁའ་གར་ཁྱབ་ཏུ། །སྲིད་ཞི་འཕགས་པའི་མགྲོན་རྣམས་ལ། །མཆོད་པའི་སྤྲིན་གྱིས་མཉེས་པར་བསམ། །ཆེ་བ་ཡོན་ཏན་མགྲོན་རྣམས་དང་། །འགྲོ་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །གནོད་བྱེད་ལན་ཆགས་མགྲོན་རྣམས་ཀུན། །ཐད་ཀ་ཐད་ཀར་ཚིམ་པར་བསམ། །དེ་ནས་འདོད་དོན་སྨོན་ལམ་གདབ། །རྟེན་འབྲེལ་སྙིང་པོས་ཆོས་སྤྱོད་བྱ། །གཏོར་མ་བཏང་བའི་མན་ངག་གོ །སྲུང་བ་གསུམ་ལས་ལོག་ཆེན་མཐའ་ལ་གཏད་པའི་བསྲུང་བའོ། །
༈ གསུམ་པ་བཀའ་རྒྱས་བཏབ་པ་ནི། དམ་པའི་ཕྱག་ན་རྡོ་རྗེ་གྲྭ་པ་མངོན་ཤེས་ཀྱི་རྡོ་རྗེ་བདུད་འདུལ། སྐྱོ་བསོད་ནམས་བླ་མའི་གྲི་ཁུག་མའོ་ཆོས་སྐྱོང་གསུམ་ལ་གཏོར་མ་འབུལ། །དེ་ནས་ངག་ཏུ་འདི་སྐད་བརྗོད། །དེ་རིང་གཟུ་དང་དཔང་མཛོད་ཅིག །བདག་གིས་འདི་ལ་ཆོས་གཏད་པས། །རང་གི་སློབ་མ་མ་ཡིན་པ། །གཞན་ལ་དཔེ་འདི་གཏད་གྱུར་ན། །བླ་མའི་བཀའ་རྒྱ་བཤིག་གྱུར་པས། །དེ་ཡི་གཟུགས་ལ་ཆད་པ་ཆོད། །བཛྲ་ཁ་ཐམ་ཞེས་བརྗོད་དོ། །རྣལ་འབྱོར་ནང་རིག་པའི་འཕྲུལ་གཅོད་ཅེས་བྱ་བ་རྫོགས་སོ།། །།ཕྱག་དཔེ་ཉང་གིས་ཤོག་དྲིལ་ལ་བྲིས་སོ། །དཔེ་ལ་ཤིན་ཏུ་དམ་པར་བྱེད་ཀྱིན་གདའོ། །གཞན་དུ་ཐོད་ཐོད་ལ་མ་སྟོན་ཅིག །མ་ཇོ་མོས་སྲས་ཐོད་པ་དོན་གྲུབ་ལ་གྲོངས་ཁར་གསུངས་པའི་གདམས་ངག་གོ