མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
མ་ཅིག་ལབ་སྒྲོན་གྱི་གསུང་དང་དེར་འབྲེལ་ཆོས་ཚན་འགའ་བཞུགས།
སྙན་བརྒྱུད་ཀྱི་གདམས་པ་གོང་ཁུག་མ།
༄༅། །སྙན་བརྒྱུད་ཀྱི་གདམས་པ་གོང་ཁུག་མ་བཞུགས་སོ། །
སྙིང་པོའི་དོན་ལ་ཕྱག་འཚལ་ལོ། །ཨ་མ་ཇོ་མོའི་གདམས་པ་ཕ་རོལ་ཏུ་ཕྱིན་པའི་སྙན་བརྒྱུད་སྙིང་པོ་དོན་གྱི་གདམས་པ་འདི་ལ་དོན་རྣམ་པ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི། རྗེས་སོ། །དང་པོ་ནི། སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། ཁྱད་པར་དུ་ལྷ་ལ་ལྟུང་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆི། བྱོལ་སོང་ལ་གསོད་གཅོད་བཀོལ་སྤྱོད། ཀླུ་ལ་ཞ་གྲུམ། ཡི་དྭགས་ལ་བཀྲེས་སྐོམ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ། འདི་རྣམས་ལས་ངན་གྱི་དབང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པར་མ་ཤེས་པས་ལུས་རེ་བླངས། ལུས་རེ་ལ་བརྟེན་པའི་བག་ཆགས་རེ་བསགས་ཏེ། བག་ཆགས་ཀྱི་རྐྱེན་གྱིས་ཁམས་གསུམ་དུ་འཁོར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་མྱོང་དགོས་པ་སྙིང་རེ་རྗེ་སྙམ་དུ་བསམ། སྙིང་རེ་རྗེ་བས་འདི་རྣམས་འཁོར་བ་ལས་འདོན་པ་ལ་བདག་གི་ལུས་ཐ་མལ་པ་འདིས་མི་འོང་བས། བདག་གིས་སྒྲིབ་པ་མེད་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱས་ལ། འདི་རྣམས་འཁོར་བའི་ནང་ནས་འདོན་པ་ལ་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་འཐོབ་པར་བྱ་དགོས་སྙམ་དུ་སེམས་ལན་གསུམ་དུ་བསྐྱེད་ལ། ངག་ཏུ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །
གཉིས་པ་དངོས་གཞི་ལ་གསུམ་སྟེ། ལུས་ཀྱི་ཞེན་པ་དང་བྲལ་བ་དང་། སངས་རྒྱས་ཀྱི་དགོངས་པ་ངོས་བཟུང་བ་དང་། བདུད་ཀྱི་བཅད་ཐབས་བསྟན་པའོ། །དང་པོ་ལུས་ཀྱི་ཞེན་པ་དང་མ་ཕྲལ་ན་སྐྱོན་ཅི་ཡོད་སྙམ་ན། ལུས་འདི་འཁྱག་པ་དང་། ལྟོགས་པ་དང་། འདྲེ་བྱུང་གིས་དོགས་པ་དང་། ན་ཚ་བྱུང་གིས་དོགས་པ་དང་། ཤི་བ་དང་། རྒས་པ་དང་། གཉེན་དང་བྲལ་བ་དང་། དགྲ་དང་འཕྲད་པ་དང་།ལུས་གསོ་བའི་ནོར་རྫས་ཆུད་གསོན་གྱིས་དོགས་པ་ལ་སོགས་པའི་སྡུག་བསྔལ་གྱིས་ལུས་འདི་ལ་བརྟེན་ནས་མི་དགེ་བ་སྣ་ཚོགས་པ་ཞིག་བསགས་ནས་འཁོར་བར་འཁྱམས་པ་ཡིན། དེའི་ཕྱིར་ན་ལུས་ཀྱི་ཞེན་པ་དང་བྲལ་བ་ནི། ཕ་དང་མ་ལ་སོགས་པ་ཤི་བའི་རོ་སྣ་ཚོགས་མཐོང་ངམ་ཐོས་པའི་ཚེ། བདག་གིས་ལུས་འདི་ཡང་འདི་ལྟ་བུའི་རང་བཞིན་ཅན་མི་རྟག་པར་འདུག །འཇིག་པར་འདུག །འདི་ལྟ་བུའི་ལུས་འདིའི་དགོས་པ་མེད། དེ་བས་ལྷ་འདྲེ་དང་གནོད་བྱེད་རྣམས་ལ་ད་ལྟ་འདོད་ན་ད་ལྟ་ཁྱེར། འདྲེ་འདོད་ན་འདྲེས་ཁྱེར་བདུད་འདོད་ན་བདུད་ཁྱེར། གཅན་གཟན་འདོད་ན་གཅན་གཟན་ཁྱེར། མགོ་དང་རྐང་ལག །མིག་སྙིང་། མཁལ་མ། ཤ་རུས་ལ་སོགས་པ་གང་འདོད་པ་ཁྱེར་ཅིག་བྱ། མདོ་ལས། མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད་ཅེས་པ་དང་། གཟུགས་ལ་ཆགས་པར་མི་བྱའོ་ཞེས་པ་ནས་བླ་ན་མེད་པའི་སངས་རྒྱས་ལ་ཆགས་པར་མི་བྱའོ་ཞེས་བཤད། དེ་ལྟར་ལུས་ལ་ཞེན་པ་མེད་པར་ལུས་འདི་ལ་སེམས་མ་ལྟོས་པར་ལུས་ལ་ལུས་ཀྱི་དངོས་པོར་མི་གཟུང་། ནད་ལ་ནད་ཀྱི་དངོས་པོར་མི་གཟུང་། ལྷ་འདྲེ་ལ་ལྷ་འདྲེའི་དངོས་པོར་མི་གཟུང་། མདོ་ལས་ལུས་འདི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་དམིགས་སུ་མེད་པའོ་ཞེས་བཤད་དོ། །
གཉིས་པ་སངས་རྒྱས་ཀྱི་དགོངས་པ་ངོས་བཟུང་བ་ནི། སེམས་སྐྱེ་བ་མེད་པའི་ངང་དེ་ལས་ཤེས་པ་གང་ཡང་ཡིད་ལ་མི་བྱ་བར་དྲན་པ་མེད་པར་ཤེས་པ་གཉིས་མེད་དུ་ཧད་ཕྱལ་གྱིས་བློ་མི་འགྱུར་བར་བཞག །བློ་གང་ལའང་མི་བརྟག་པར་ཤེས་པ་ཙེན་གྱིས་བཞག །བློ་མ་འགྱུས་ན་སེམས་མི་འཕྲིག །སེམས་མ་འཕྲིག་ཙ་ན་འདུ་ཤེས་ཐམས་ཅད་བྲལ་བ་ཡིན། འདུ་ཤེས་ལས་བྲལ་ཙམ་ན། འཁྲུལ་བ་ལས་ལོག་པ་ཡིན། དེ་ལྟར་འདུ་ཤེས་ཐམས་ཅད་བྲལ་བ་བྱེད་ཅིང་ཤེས་པ་ཅིའི་ཡང་ངོ་བོར་མ་གྲུབ་པར་ཤེས་ཙ་ན་དངོས་པོ་མེད་པ་ཡིན། དངོས་པོ་མེད་པ་དེ་སྟོང་པ་ཉིད་ཡིན། དེ་སངས་རྒྱས་ཀྱི་དགོངས་པ་ཡིན། དེ་ལྟར་ཡང་ལུང་ལས། གང་དག་འདུ་ཤེས་བྲལ་བ་དེ་ནི་རྗེས་ཐོབ་པ། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཞེས་པ་དང་། མངོན་པར་མ་གྲུབ་པ་ནི་རྣམ་པར་དག་ཅེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དངོས་པོ་མེད་ཅིང་མི་དམིགས་ཞེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་གང་ཡང་མེད་དེ་ཞེས་པ་དང་། རབ་འབྱོར་ངས་ཐམས་ཅད་སྟོང་པ་ཉིད་དུ་མ་བཤད་དམ་ཞེས་གསུངས་པས། དེ་ལྟར་རྟོགས་ཙམ་ན་སྟོང་པ་ཉིད་ལ་བག་ཆགས་སྐྱེ་མི་སྲིད། གཟུང་འཛིན་འབྱུང་མི་སྲིད། རྣམ་སྨིན་ལུས་ལ་འབྱུང་མི་སྲིད། ཁམས་གསུམ་འཁོར་བར་སྐྱེ་མི་སྲིད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འབྱུང་མི་སྲིད། ལུས་ཀྱི་ཞེན་པའི་འདུ་ཤེས་དང་མི་འབྲལ་མི་སྲིད་དོ། །
རང་བཞིན་སྟོང་པ་ཉིད་དུ་མ་རྟོགས་ན་རྣམ་སྨིན་གྱི་ལུས་རེ་བླངས་པས་ཁམས་གསུམ་འཁོར་བར་འཁྱམས་པ་ཡིན་པས་བློ་སྒོམ་སྒོམ་པོར་མི་བཏང་། ལུས་འབད་འབད་པོར་མི་བཏང་། སེམས་འདོད་འདོད་པོར་མི་བཏང་། ཤེས་པ་དྲག་དྲག་པོར་མི་བཏང་། དྲན་པ་མེད་ཅིང་ཡིད་ལ་མི་བྱ་བར་བཞག །ལྷུབ་བེ་བ། འབལ་ལེ་བ། ཤིག་གེ། ལྷོད་དེ། འོལ་ལེ་བ། ཕྱལ་ལེ་བ། ཐར་རེ། ཕྲིལ་ལེ། ཡེངས་སེ། ཤེས་པ་མ་བཅོས་པར་རང་ལུགས་སུ་ལྷུག་གེ་བཞག་གོ །སེམས་མ་བཅོས་ན་བདེ། ཆུ་མ་སྙོག་ན་དྭངས། ཤེས་པ་བསྒྲིམ་ན་འཆད། གློད་ན་བདེ་བ་ཡིན་ནོ། །གང་ཡང་ཡིད་ལ་མི་འགྱུ། རྣམ་རྟོག་གང་ཡང་སེམས་ཀྱི་འཕྲིག་མ་ཞུགས་ཙམ་ན། མིག་འཛུམ་མི་ཤེས་པར་ཤེས་པ་ཧད་དེ་འོང་བ་ཡིན། དབུགས་འཇམ་ལ་ཕྲ་མེར་གྱིས་འོང་བ་ཡིན། དེ་ཙ་ན་ཆོས་སྐུ་མི་རྟོག་པ་རྒྱུད་ལ་སྐྱེས་པ་ཡིན། སང་ངེ་། སལ་ལེ། ཐར་རེ། ཕྲིལ་ལེ། འབོལ་ལེ། ཤིགས་སེ་བཞག་ཙ་ན། དེ་སྒོམ་མེད་སངས་རྒྱས་ཀྱི་དགོངས་པར་ཤར་བ་ཡིན། དེའང་ཤེས་པ་ཕྱིར་མི་བཞག །ནང་དུ་མི་དགུག །ཡུལ་གང་ལའང་མི་བསམ། རྟེན་གང་ལའང་མི་འཆའ། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། ཤེས་བྱ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་ཡིད་དྲན་མེད་བློ་ལས་འདས་པའི་ངང་དུ་ལྷན་གྱིས་མ་ཡེངས་པར་བཞག་གོ །འོ་ན་སྣང་བ་འདི་འགགས་སམ་ཞེ་ན། སྣང་བ་ལ་ཕར་བལྟས་པས་རང་གི་རྣམ་རྟོག །རྣམ་རྟོག་ལ་ཚུར་བལྟས་པས་རང་གི་སེམས། སེམས་དེ་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མ་གར་འགྲོ་ལྟོས་དང་། དང་པོའི་སེམས་འདི་འདི་ནས་བྱུང་བྱ་བ་མེད་པས་བྱུང་ས་བལྟས་པས་མ་རྙེད། བར་དུ་འདིར་གནས་མེད་པས་གནས་ས་མ་རྙེད། ཐ་མར་གར་འགྲོ་བལྟས་པས་འགྲོ་ས་མི་རྙེད། མདོ་ལས། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ། གང་ནས་ཀྱང་མ་འོང་། གང་དུ་ཡང་མི་འགྲོ། གར་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བཤད་པས་ད་ལྟར་གྱི་སེམས་སྐད་ཅིག་མ་འདི། ལུས་ཀྱི་ཕྱིར་བལྟས་པས་ཀྱང་མ་རྙེད། ནང་དུ་བལྟས་པས་ཀྱང་མ་རྙེད། ཕྱི་ནང་གི་བར་དུ་བལྟས་པས་ཀྱང་མ་རྙེད། ཁ་དོག་དང་དབྱིབས་ཀྱང་མི་འདུག །འདི་འདྲ་བ་ཞེས་སྨྲར་མེད། བསམ་དུ་མེད། བཙལ་དུ་མེད་པའི་ངང་ལ་བློ་མ་བཅོས་པར་རང་ལུགས་སུ་བཞག །ལྷུག་པ་གཏད་མེད་དུ་ཕྱལ་ལེ་ཤིགས་སེ་བཞག་གོ །མདོ་ལས། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་རོལ་དུ་ཡང་དག་པར་རྗེས་སུ་མི་མཐོང་། ཡེ་ཤེས་དེ་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མི་མཐོང་། ཡེ་ཤེས་དེ་གཟུགས་ཀྱི་ཕྱི་ནང་གཉིས་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་དེ་གཟུགས་མ་ལགས་པ་ཡང་དག་པར་རྗེས་སུ་མི་མཐོང་། ཞེས་བཤད་པས་རང་གི་ལུས་ལ་རྐྱེན་དྲག་པོ་གཞན་ཅི་བྱུང་ཡང་བློ་ཡབ་ཡོབ་ཏུ་མ་བཏང་བར་ཤེས་པ་ཐེང་ཕྲིལ་ལེ་ཚུགས་ཐུབ་པར་གྱིས། བློ་རྒྱ་བསྐྱེད་ལ་རིག་པ་ཁྱབ་གདལ་དུ་བཞག་གོ །ལུང་ཚིག་ཁ་ལ་མི་ཁྱེར། གདམས་ངག་རྐྱེན་ཁར་མི་བཏང་། སྣང་བ་ལ་རྟག་པར་མ་འཛིན། དྲན་པ་ལ་ཨ་འཐས་སུ་མ་བྱེད། འཇིག་རྟེན་གྱི་བྱ་བ་དང་རྣམ་རྟོག་དང་དྲན་པ་ཐམས་ཅད་བདུད་ཀྱི་ལས་ཡིན། བདུད་ཐམས་ཅད་དྲན་མེད་ཆོས་ཀྱི་སྐུར་གཞག་གོ །ཏུར་གྱིས་དྲན་པའི་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཀྱི་སྐུར་གཉིས་མེད་དྲན་མེད་དུ་ཕྱལ་གྱིས་བཞག །ཡིད་ལ་ཅིའང་མི་བྱ། སངས་རྒྱས་ཡུལ་མེད། ཆོས་བདག་མེད། རིག་པ་རྟེན་མེད། གསལ་བ་ཕྱོགས་མེད་ཡིན། བདུད་ཀྱི་ལེའུ་ནས་ཕ་ཡིད་ལ་བྱེད་པ་དང་། མ་དང་ཕུ་ནུ་དང་། བུ་སྲིང་དང་། རྒྱལ་པོ་དང་། བློན་པོ་དང་། གྲོང་ཁྱེར་དང་། སློབ་དཔོན་དང་མཁན་པོ་ཡིད་ལ་བྱེད་པ་ལ་སོགས་པ་ཡིད་ལ་བྱེད་པ་ཐམས་ཅད་བདུད་དུ་བཤད། དེ་བས་གཉིས་འཛིན་དང་དགའ་མི་དགའི་རྣམ་པར་རྟོག་པ་ཅི་བྱུང་ཡང་ཡིད་ལ་རྟོག་པར་མི་བྱ་བར་རང་བྱུང་རང་ཞིར་བཞག །དཔེར་ན་ཆུའི་ཆུ་བུར་ལྟ་བུ། དེ་ལྟར་བཞག་པས་རང་ལ་བདེ་བ་ངང་ངམ་ཤུགས་ཀྱིས་སྐྱེའོ། །དེ་སྐྱེས་ཙམ་ན་བདུད་དངོས་གྲུབ་ཏུ་འགྱུར་བ་ཡིན། བདུད་ཀྱི་ཆོ་འཕྲུལ་ཅི་བྱུང་ཡང་ཆོས་སྐུ་མི་རྟོག་པའི་ངང་ལ་ཕྲིལ་ལེ་བཞག་གོ །དེ་སྟོང་པ་ཕྱལ་ཆད་དུ་མ་སོང་བའི་གོ་ཡུལ་ནི། རིག་པ་ཉིད་གསལ་ལ་མ་འགགས་པར་འདུག །གསལ་ལ་མ་འགགས་པ་དེ་ཉིད་རང་བཞིན་སྟོང་པར་འདུག་སྟེ། མདོ་ལས། གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་དེ་རང་བཞིན་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་སོ། །ཡང་དེ་ཉིད་ལས། གཉིས་སུ་མེད་དེ་གཉིས་སུ་བྱར་མེད། སོ་སོར་མ་ཡིན་ཐ་མི་དད་དོ་ཞེས་སོ། །གསལ་བ་དང་སྟོང་པ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བཤད། དེ་ཙ་ན་བསམ་པའི་ཡུལ་ལས་འདས། ཡིད་ཀྱི་བློ་ལས་འདས་པ་ཡིན། ཤེས་བྱ་ཡུལ་ལས་འདས། རྗོད་བྱེད་ཚིག་ལས་འདས་པའི་དོན་གཉིས་མེད་བྱར་མེད་དུ་བློ་ལས་འདས་ཏེ། དེ་རྟོགས་ཙམ་ན་ལྟ་བ་ཡིན། དེའི་ངང་ལས་མ་ཡེངས་པར་ཕྲིལ་ལེ་གནས་པ་དེ་སྒོམ་པ། འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་རྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་བྱེད་ཅིང་། འདི་ལྟར་སྣང་བའི་དངོས་པོ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟར་བུར་བུན་ནེ། འབོལ་ལེ། ཤིགས་སེ་བ་དེ་ཉམས་སུ་མྱོང་། དེའང་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་བསམ་དུ་མེད་པ་སྒོམ་པའོ། །ཞེས་བཤད་པས། དེ་ཁོ་ན་ལ་ཉམ་ང་བག་ཚ་མེད་པ་དང་། སྙེམས་བྱེད་རློམ་སེམས་མེད་པ་དང་། བླང་བ་དང་དོར་བ་མེད་པར་སྤྱོད་པས་སྤྱོད་པ་དེའི་ངང་ལ་སེམས་ཉིད་རང་བཞིན་མེད་པར་གོ་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་རེ་བ་མ་བྱེད། འཁོར་བ་ལ་དངོས་པོ་མེད་པས་ངན་སོང་གི་དོགས་པ་མེད་པས་འབྲས་བུ་ཡིན་ནོ། །ད་ལྟར་བའི་རང་བཞིན་དངོས་པོ་མེད་པས་སྐྱོན་དུ་མི་བལྟ། གཉེན་པོ་ལ་རང་བཞིན་མེད་པས་ཡོན་ཏན་དུ་མི་གཟུང་། དེ་ཁོ་ན་ཉིད་ཀྱི་དོན་ལ་འདི་ཡིན་དང་འདི་མིན་མེད་པས་བློ་གང་ལའང་མི་བཞག །འབྲས་བུ་ལ་འཐོབ་བྱའི་དངོས་པོ་དང་ངོས་བཟུང་མེད་པས་རེ་དོགས་མི་བྱ། རང་བཞིན་མ་བཅོས་རྣལ་མར་བཞག་པས་ནུས་པ་ཐམས་ཅད་ཤུགས་ལས་འབྱུང་སྟེ། ཐུན་མོང་དུ་དངོས་གྲུབ་སྣ་ཚོགས་འབྱུང་བ་ཡིན་ནོ། །
གསུམ་པ་བདུད་ཀྱི་གཅོད་ཡུལ་ལ་བཞི་སྟེ། མི་མ་ཡིན་གྱི་བདུད་ལ་གཅོད་པ་དང། མིའི་བདུད་ལ་གཅོད་པ་དང་། ནད་དང་མི་གཙང་བ་ལ་སོགས་པ་སྙེམས་བྱེད་ཀྱི་བདུད་ལ་གཅོད་པ་དང་། ཐོགས་བཅས་ཀྱི་བདུད་ཟས་ནོར་ལ་གཅོད་པ་དང་བཞིའོ། །དང་པོ་མི་མ་ཡིན་ལ་གཅོད་པ་ནི། རི་ཁྲོད། གྲོག་ཕུག །ཁང་སྟོང་ལ་སོགས་གཉན་ས་གར་བསྒོམ་ཡང་བླ་མའི་གདམས་པ་ཁོང་དུ་ཆུད་དགོས་པ་ཡིན། གདམས་པ་ཁོང་དུ་མ་ཆུད་པར་སྤྱོད་ལམ་རྩིང་པོར་བྱས་ན་བདུད་ཀྱི་བར་ཆད་འོང་གསུངས། གཉན་ས་ལ་སོགས་པ་གར་འགྲོ་ཡང་ལུས་སེམས་གློད་ལ། ཤེས་པ་དྲན་པ་མེད་ཅིང་ཡིད་ལ་ཅིའང་མི་བྱེད་པར་བློ་གང་ལའང་མི་རྟོག་པར་བཞག །གང་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པའོ་ཞེས་པས་ཉམ་ང་བ་དང་། བག་ཚ་བ་དང་། སྙེམས་བྱེད་རྟོག་པ་མ་ཞུགས་པར་ཤེས་པ་ལྷུག་གིས་གླུགས་ལ། མི་རྟོག་པའི་ངང་ལ་ལྷན་གྱིས་བཞག་གོ །མདོ་ལས། གཟུགས་སུ་མི་རྟོག་རྣམ་པར་མི་རྟོག་གོ་ཞེས་སོ། །དབང་པོ་རབ་ཤེས་རབ་ཆེ་ན་ཆོ་འཕྲུལ་ཆེ། ཤེས་རབ་ཆུང་ན་ཆོ་འཕྲུལ་ཆུང་བ་སྟེ། ཤེས་རབ་ཆེ་ན་ལྷ་འདྲེ་རྣམས་མ་བཟོད་པས་ས་གཞི་འབིར་བ་དང་། བཏེག་པ་དང་། འགུལ་བ་དང་། གཟུགས་དངོས་སུ་སྟོན་པ་དང་། སྐད་འབྱིན་པ་དང་། ཐུ་བ་ནས་འཐེན་བྱེད་པ་དང་། བརྡེགས་པ་དང་། ཐུག་ཆོམ་དང་། འུར་སྒྲ་དང་། བཙོགས་སོས་བསྡིགས་པ་དང་། སྒུར་ཏོག་གིས་བཏེགས་པ་དང་། ཁུ་ཚུར་བརྡེགས་པ་ལ་སོགས་པ་འབྱུང་བ་ཡིན་ནོ། །གཞན་ཡང་ཤིག་དང་ལྗི་བ་དང་། ཐ་མ་རླུང་དམར་དང་འཚུབ་མ་ལ་སོགས་ཆོ་འཕྲུལ་གྱིས་སྒོམ་དུ་མི་སྟེར་བའོ། །དེ་ལྟ་བུ་བྱུང་ཙ་ན་གོང་དུ་བསྟན་པའི་ལུས་ཀྱི་ཞེན་པ་དང་བྲལ་བར་བྱས་ལ། ལུས་ལ་ལུས་སུ་མི་གཟུང་བར་རྒྱ་ཡན་དུ་བོར། ལུས་སུ་འཛིན་པའི་བློ་དང་བྲལ་བར་བྱས་ལ། འཇིགས་པ་དང་། ཉམ་ང་བ་དང་། བག་ཚ་བ་དང་། རྟོག་པ་མེད་པར་ཤེས་པ་ལྷོད་ཀྱིས་གློད་ལ་མ་བཅོས་པར་ལྷན་གྱིས་བཞག་གོ །མདོ་ལས། རིགས་ཀྱི་བུ་གང་གནོད་པར་བྱ་བ་དང་གང་ལ་གནོད་པར་བྱ་བའི་སེམས་དེ་དག་ནི་རང་བཞིན་གྱིས་སྟོང་པ་ཡིན་གྱི། རིགས་ཀྱི་བུ། གང་ལ་གནོད་པར་བྱེད་པ་ནི་གང་ཡིན། གནོད་པར་ནི་སུ་ལ་བྱ། ཅིས་ནི་གནོད་པར་བྱ་བ་དང་གནོད་པར་བྱ་བའི་ཆོས་དེ་དག་ནི། རང་བཞིན་གྱིས་སྟོང་། རང་བཞིན་གྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་ནམ་ཡང་མི་སྟོང་བར་མི་འགྱུར་ཞེས་པས་ཆོ་འཕྲུལ་ཅི་བྱུང་ཡང་ཏིང་ངེ་འཛིན་རང་གི་སེམས་ཀྱི་རྣམ་འཕྲུལ་ཡིན། སེམས་འདི་སྟོང་པ། སྟོང་པ་ཉིད་ལ་མི་མ་ཡིན་གྱིས་གླགས་ག་ལ་རྙེད། སྟོང་པ་ཉིད་ལ་མི་མ་ཡིན་ཀྱང་མེད་ལ། བདག་ཀྱང་མེད། མི་མ་ཡིན་གྱིས་བར་དུ་གཅད་རྒྱུའང་མེད། འཇིགས་པ་དང་། ཉམ་ང་བ་དང་བག་ཚ་བ་གང་ཡང་མེད་པ་ཡིན་ནོ། །བླ་མའི་གདམས་ངག་དྲན་པར་བྱའོ། །མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི། སྟོང་པ་ཉིད་དུ་ཤིན་ཏུ་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་དོ། །མཚན་མ་མེད་པ་དང་སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་ཅེས་པ་དང་། སྟོང་པ་ཉིད་སྒོམ་པའི་གང་ཟག་ལ་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་བཤད་དོ། །
ཡང་ན་མི་མ་ཡིན་དེ་ལུས་ལ་ཡོད་དམ། སེམས་ལ་ཡོད་དམ། ལུས་དང་སེམས་ཀྱི་བྱུང་ས་ཚོར་རམ། མི་མ་ཡིན་དེ་དང་པོ་གང་ནས་བྱུང་། བར་དུ་གང་ན་གནས། ཐ་མར་གར་འགྲོ་བལྟས་པས་མ་རྙེད། མི་མ་ཡིན་དེ་དང་པོ་ནས་ཡང་དག་པར་དཔྱད་ན་ཡོད་མ་མྱོང་བ་ཞིག་ཡིན། ད་ལྟ་འཁྲུལ་བའི་བློས་མིང་ཐ་སྙད་དུ་ལྷ་འདྲེར་བཏགས་པ་ཡིན། འདི་ལ་ཤེར་ཕྱིན་ལས། མིང་ནི་འཇིག་རྟེན་གྱི་ཐ་སྙད་པ་ཡིན་ཞེས་བཤད། བཏགས་པ་བ་ཡིན། གློ་བུར་བ་ཡིན། གློ་བུར་བ་མ་གྲུབ་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་ལ་མི་མ་ཡིན་གྱིས་གླགས་བཙལ་ཡང་མི་རྙེད་དོ། །མ་རྙེད་པའི་ངང་ལ་བློ་དྲན་མེད་དུ་ལྷན་གྱིས་བཞག་པས་བློ་བདེ་འབོལ་གྱིས་འགྲོ་བ་ཡིན་ནོ། །བག་དྲོ་འུར་གྱིས་འགྲོ་བ་ཡིན། ཤེས་པ་དགའ་ཡལ་གྱིས་འགྲོ་བ་ཡིན། བློ་ཇེ་བདེ་ཇེ་བདེར་འགྲོ་བ་ཡིན། ཉམས་ཇེ་བཟང་ཇེ་བཟང་ལ་འགྲོ་བ་ཡིན། དེ་ཙམ་ན་བདུད་ཆོས་ཉིད་དུ་ལོག་པ་ཡིན། འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཞེན་བྱུང་ན་བདུད་ཀྱི་སྤྱོད་ཡུལ་དུ་སོང་བ་ཡིན་པས་བཅད་དོ། །མིའི་བདུད་ལ་བཅད་པ་ནི། དགྲ་སྡང་བ་དང་འཕྲད་ནས་བརྡེགས་པ་དང་། བརྡུང་བ་དང་། འཚོག་པ་དང་། ཚིག་ངན་མང་པོ་བཟློས་པ་དང་། གསོད་པ་ལ་སོགས་པ་བྱུང་ཡང་ཤེས་པའི་མདངས་མ་ཤོར་བར་གསལ་སིང་ངེ་བྱས་ལ། ཉམ་ང་བ་དང་བག་ཚ་བ་དང་། སྙེམས་བྱེད་དང་མི་དགའ་བའི་བློ་མི་བྱ་བར་དྲན་མེད་རྟོག་མེད་དུ་མ་བཅོས་པར་རང་ལུགས་སུ་ལྷན་གྱིས་རང་བབས་སུ་བཞག་གོ །གཉེན་བྱམས་པ་རྣམས་ཀྱིས་ཀྱང་སྒོམ་པ་ལ་བར་ཆད་བྱེད་པ་ཞིག་བྱུང་ནའང་། བདུད་ཡིན་པས་མ་གཡོས་པར་ལྷན་གྱིས་བཞག་གོ །
ནད་དང་མི་གཙང་བ་ལ་བཅད་པ་ནི། འགོ་བའི་ནད་ཐམས་ཅད་ལ་འགོས་ཀྱི་དོགས་ནས་རྣམ་རྟོག་དང་ཡིད་གཉིས་དང་ཐེ་ཚོམ་སྤངས་ལ། ནད་ལ་ནད་ཀྱི་དངོས་པོར་མི་གཟུང་བར་སྙེམས་བྱེད་དང་རྟོག་པ་མ་ཞུགས་པར་བྱ། བདག་ཀྱང་ཡང་དག་པར་ན་རང་བཞིན་མི་འདུག །འགོ་བ་བྱེད་པ་ལའང་ཡང་དག་པར་ན་རང་བཞིན་མི་འདུག །རང་བཞིན་མེད་པས་རང་བཞིན་མེད་པ་ལ་འགོས་པ་མེད་པ་ཡིན། རང་བཞིན་མེད་པའི་ངང་ལ་ཤེས་པ་ལྷོད་དེ་བཞག །མི་གཙང་བ་ནི། མཛེ་ཕོ་མོ་དང་། ཡུགས་ས་ཕོ་མོ་དང་མགོ་འཛེམ་དང་མི་བསད་པ་ལ་སོགས་པ་ཐམས་ཅད། མི་གཙང་པའི་དངོས་པོར་མི་བཟུང་བར་གཙང་དང་མི་གཙང་གཉིས་ཀ་ཡིད་ལ་མི་བྱེད་པར་གཉིས་མེད་དུ་ཕྱལ་གྱིས་བཞག་གོ །མཛེ་བོ་དང་བུ་ཆུང་ལ་ཁྱད་མེད་དུ་ཤེས་པར་བྱ། ཉིན་དང་མཚན་མོ་ཁྱད་མེད་དུ་ཤེས་པར་བྱ། ཁྱིམ་དང་ལུང་སྟོང་གཉིས་ལ་ཁྱད་མེད་དུ་ཤེས་པར་བྱ། དེ་ལྟར་ཤེས་པ་གཉིས་མེད། དྲན་མེད། རང་ལུགས་སུ་ལྷུབས་སེ། ལྷུག་གེ་བཞག་གོ །ནོར་རྫས་ལ་གཅོད་པ་ནི། ཡོད་ན་དགའ། མེད་ན་མི་དགའ། འགྲངས་ན་དགའ། ལྟོགས་ན་མི་དགའ། ཟས་ཞིམ་ན་དགའ། མ་ཞིམ་ན་མི་དགའ། མིས་བསྙེན་བཀུར་བྱས་ན་དགའ། མ་བྱས་ན་མི་དགའ་བའི་འདུ་ཤེས་དང་བྲལ་བར་བྱས་ལ། ཅི་ཡང་ཡིད་ལ་མི་བྱ་བར་དྲན་མེད་དུ་མ་བཅོས་པར་ལྷུག་གེ་བཞག་གོ །དེ་ལྟར་བསྒོམས་པས་མཁའ་འགྲོ་མས་ལུང་སྟོན་པ་དང་། བདག་ལ་ལྷ་དང་ལྷ་མོས་མེ་ཏོག་གི་ཆར་འབེབས་པ་དང་། སིལ་སྙན་གྱི་སྒྲ་སྒྲོག་པ་དང་། དགའ་ལྡན་དུ་ལྷའི་སྟོན་པ་ལ་གཤེགས་ཟེར་བ་དང་། རྨི་ལམ་བཟང་པོ་སྟོན་པ་དང་། མི་མ་ཡིན་དངོས་སུ་མཐོང་བ་དང་། སྒོམ་ཉམས་བཟང་པོ་བྱུང་ནས་དེ་རྣམས་ལ་དགའ་བའི་ཞེན་ཆགས་བྱུང་ན་བདུད་ཡིན་པས་ཡོན་ཏན་དུ་མི་གཟུང་བར་སེམས་ཀྱི་རྣམ་འཕྲུལ་དུ་གོ་བར་བྱའོ། །རློམ་སེམས་དགའ་བའི་རྟོག་པ་མི་བྱ། སྒོམ་ཉམས་ཆུང་བ་ལ་ཡི་མུག་དང་སེམས་རྣལ་དུ་མི་ཕེབས་པར་ཚོལ་འགྲོ་ལ་ཞུགས་པ་དང་། བདུད་ཀྱི་ཆོ་འཕྲུལ་དངོས་དང་རྨི་ལམ་གང་བྱུང་ཡང་དེ་ལ་མི་དགའ་བའི་སེམས་བྱུང་ན་བདུད་ཀྱི་སྤྱོད་ཡུལ་དུ་སོང་བ་ཡིན་པས་དེ་ལའང་དགའ་མི་དགའི་རྣམ་རྟོག་མི་བྱ་བར་གཉིས་མེད་ཀྱི་ངང་ལ་ལྷན་ནེ་རྟོག་པ་མི་འགྱུར་བར་བཞག་གོ །མདོར་ན་བདུད་ཀྱི་ཆོ་འཕྲུལ་ཅི་བྱུང་ཡང་རང་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་པར་བྱས་ལ། འཇིགས་ཤིང་ཡ་ང་བ་དང་བག་ཚ་བ་མེད་པར་ཐེ་ཚོམ་དང་ཡིད་གཉིས་མེད་པར་སྙེམས་མེད་རྟོག་མེད་དུ་ལྷོད་དེ་ཤིགས་སེ་རང་ལུགས་སུ་བཞག་གོ །
སྤྱི་དོན་གསུམ་པ་རྗེས་ཀྱི་སྤྱོད་ལམ་རྣམ་བཞིའི་དུས་སུ་དངོས་པོར་སྣང་བ་འདི་དག་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱ་གསུངས། དེའང་མདོ་ལས། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྨི་ལམ་སྒྱུ་མ་ལྟ་བུའོ་ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པའི་སྙན་བརྒྱུད་སྙིང་པོ་དོན་གྱི་གདམས་པ་འདི་ནི། མ་ལབ་ཀྱི་སྒྲོན་མ་ཞེས་བྱ་བ་དེ་དགུང་ལོ་དགུ་བཅུ་གོ་བརྒྱད་བཞེས་པའི་དུས་སུ། སྲས་ཐོད་པ་གྲུབ་པེས་ཟངས་རི་མཁར་དམར་ནས་གཡེ་ཆུང་གླང་ལུང་གི་དགོན་པ་འོག་མར་གདན་དྲངས་ནས་སྐུ་མྱ་ངན་ལས་འདའ་ཁར། ན་བཟའི་གོང་ཁུག་ནས་སྲོ་མ་ཛ་རེ་བཏོན་ནས་སྲས་ཐོད་པ་གྲུབ་པེ་ལ་གཏད། དེས་འགྲོ་མགོན་ཐོད་སྨྱོན་བསམ་གྲུབ་ལ། དེས་སྤྲུལ་སྐུ་ལ་འདུས་ལའོ། །བདག་དང་བདག་གི་ཕ་མས་ཐོག་དྲངས་པའི། །འབྲེལ་བ་ཐོབ་པའི་སེམས་ཅན་མ་ལུས་པ། །མགོན་པོ་ཁྱེད་ཀྱིས་ཐུགས་རྗེས་མི་གཏོང་པར། །སྲིད་ཞིའི་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །
གཅོད་ཀྱི་ལག་ཁྲིད་ཆེ་ཆུང་།
༄༅། །གཅོད་ཀྱི་ལག་ཁྲིད་ཆེ་ཆུང་བཞུགས།
སྲོག་གསུམ་གནད་ཀྱི་གདམས་པ་ཡང་ཟེར། ན་མོ་གུ་རུ། གཅོད་ཀྱི་ལག་ཁྲིད་ལ་གཉིས་ཏེ། སྔོན་དུ་བླ་མའི་རྣལ་འབྱོར་དང་ཁྲིད་དངོས་སོ། །དང་པོ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་བླ་མ་ལ་བསྟེན་ནས་སྐྱེ་བས་བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ་གསུངས། དེའང་སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མའི་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་སྟེ་འཐོབ་པར་འགྱུར། །ཞེས་སོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་སངས་རྒྱས་རྡོ་རྗེ་འཆང་། །སྙིང་གི་དཀྱིལ་ལམ་སྤྱི་བོའི་གཙུག །ལག་པའི་མཐིལ་དུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ནི། །གང་ཕྱིར་དེ་ཡིས་འཛིན་པར་འགྱུར། །ཞེས་པ་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ཏེ་བྱུང་། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །གལ་ཏེ་བྱུང་ན་ལུང་དང་འགལ། །ཞེས་དང་། མདོ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ནོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་དང་། སྤྱོད་མཇུག་ལས། བདག་ཉིད་ཡོན་ཏན་ཀུན་ལྡན་ཡང་། །བླ་མ་མེད་ན་སྲིད་མཐར་མིན། །རྐྱལ་བ་འཛིན་པ་མེད་གྱུར་ན། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཞེས་གསུངས་སོ། །དེས་ན་བླ་མའི་རྣལ་འབྱོར་བསྒོམས་པར་བྱས་ཏེ། དེ་ཡང་སྟན་བདེ་བ་ལ་ལུས་གང་བདེར་བསྡད་ལ། རང་གི་སྤྱི་བོའི་སྟེང་དུ་རྩ་བའི་བླ་མ་སྐུ་གཟི་མདངས་དང་བཅས་པ་དང་། ཞལ་འཛུམ་བག་དང་བཅས་པར་བཞུགས་པར་བསམ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བརྒྱུད་པའི་བླ་མ་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་དང་། ཡི་དམ་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་དཔའ་མོ། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ལ། རྩ་བའི་བླ་མ་ལ་ཐིམ་པར་བསམ་ལ། བླ་མ་བདེ་གཤེགས་ཀུན་འདུས་སུ་བསམ། རང་གི་སྙིང་ཀ་ནས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་འདུས། རང་ལ་ཐིམ་པས་བདག་འགྲོ་དྲུག་ཀུན་འདུས་སུ་བསམ་ལ། ཡིད་ཀྱིས་མཆོད་པ་འབུལ་ལུགས་ནི། ལུས་ལོངས་སྤྱོད་འཁོར་གསུམ་ཡོངས་དག་བློ་ལིངས་ཀྱིས་ཕུལ་ལ། འགྲོ་དྲུག་སེམས་ཅན་ཀུན་འདུས་བདག །བདེ་གཤེགས་ཀུན་འདུས་བླ་མ་ཡིས། །སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་དུངས་པ་བཏབ་ལ། སྤྱི་བོའི་བླ་མ་རང་ཚར་གསུམ་ཁུག་པ་དབང་གིས་དངོས་གྲུབ་ཞུགས་ལ་གི་སྤྱི་བོར་ཐིམ་པས་བླ་མའི་ཐུགས་དབྱིངས་ཡེ་ཤེས་དབྱེར་མེད་དང་། རང་གི་སེམས་རིག་སྟོང་པ་དབྱེར་མེད་གཅིག་ཏུ་འདྲེས་ནས་དབྱེར་མེད་དུ་གྱུར་པར་བསམས་ནས་ལྷོད་ཀྱིས་གློད་ནས་བཞག་པས་གསལ་སྟོང་འཛིན་མེད་དུ་འཆར་ཏེ། འཁོར་འདས་གཉིས་སུ་མེད་པར་མཉམ་རྗེས་བསྲེ་བའི་གནད་ཡིན་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཐར་བ་བྱང་ཆུབ་ཀྱི་ལམ་དངོས་བསྟེན་པ་ལ་སྲོག་གསུམ་སྟེ། དང་པོ་བསྐྱེད། བར་དུ་བླངས། ཐ་མ་གཅོད་པའོ། །དང་པོ་ནི་གཞན་དོན་དང་འབྲེལ་བ་གཟུགས་སྐུའི་སྲོག །ཐ་མར་གཅོད་པ་ནི་རང་དོན་དང་འབྲེལ་བ་ཆོས་སྐུའི་སྲོག །བར་དུ་བླངས་བ་ནི་བདག་གཞན་གཉིས་ཀའི་དོན་དང་འབྲེལ་བས་ཏེ་སྐུ་གཉིས་ཀའི་སྲོག །དེ་ལ་དང་པོ་བསྐྱེད་ཅེས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དང་། དམིགས་པ་དང་། སྙམ་པའོ། །དང་པོ་བདག་མེད་པའོ། །དམིགས་པ་ལ་གཉིས། ཆེད་ཀྱི་དམིགས་པ་དང་། དངོས་ཀྱི་དམིགས་པའོ། །དང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དེས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པས་སོ། །དངོས་ནི། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས་སོ། །དེ་དང་དེ་ནི་མདོ་བཞིན་དུ། །ཞེས་པའོ། །དངོས་ཀྱི་དམིགས་པ་དང་། ཆེད་ཀྱི་དམིགས་པ་གཉིས་ཀ་རྒྱས་འབྲིང་བསྡུས་གསུམ་ནས་བཤད་པ་བཞིན་ནོ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་པས་ནི་བསྡུས་པ་ནི་སྨོན་འཇུག་གཉིས་ཏེ། རྒྱས་པ་ནི་འདུན་པ་དང་ལྡན་པ་ལྟ་བུ་ལ་སོགས་ཉེར་གཉིས་སོ། །དེ་ལ་རྒྱས་པ་མི་སྟོན་ནོ། །བསྡུས་པ་སྨོན་འཇུག་གཉིས་ཏེ། སྨོན་པ་ལམ་འབྲས་བུ་ལ་དམ་བཅས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་པས་ཏེ་འདུན་ཀུན་གྱི་རྟེན་བྱེད་སྐྱེ་བ་མོས་པ། རྩི་ཤིང་ནགས་ཚལ་ཐམས་ཅད་བསྐྱེད། བསམ་པ་བཟང་ཡོད་དེ་ཡོན་ཏན་ཕ་རོལ་དུ་ཕྱིན་པ་དྲུག །གྲགས་སྙན་ལོངས་སྤྱོད་ཐམས་ཅད་ལ་གྲུབ་ཏུ་འབྱུང་ངོ་པ་ལྟ་བུའི་སེམས་སོ། །འཇུག་པ་ལམ་ལ་དམ་བཅའ་བས་ཏེ། དེ་ལ་གསུམ། དང་པོ་བསྐྱེད། བར་དུ་བཟླ། ཐ་མར་གཅོད། དང་པོ་གསུམ་སྟེ། སྡུག་བསྔལ་དངོས་ལ་སྤྱོད་པ་ལས། སྙིང་རྗེ་བསྒོམ་པ་དང་། སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་ལ་སྙིང་རྗེ་བསྒོམ་པ་དང་། རྐྱེན་དང་མི་ལྡན་པའི་སེམས་ལ་སྙིང་རྗེ་བསྒོམ་པའོ། །དང་པོ་ནི་ངན་སོང་གསུམ་ལ་གང་སྡུག་བསྔལ་ཆེ་བ་ལ་སྙིང་རྗེ་བསྒོམ་པའོ། །སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་ལ་སྙིང་རྗེ་བསྒོམ་པ་ནི། དེ་ལ་བདེ་འགྲོར་སྐྱེས་ནས་འདུག་ཀྱང་། མི་དགེ་རླབས་པོ་ཆེ་བྱེད་པ་རྣམས་ལ་བསྒོམ་པའོ། །རྐྱེན་དང་མི་ལྡན་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་ནི། ཆོས་བྱེད་པར་འདོད་ཀྱང་། ཡང་དག་པའི་བླ་མ་དང་མ་འཕྲད་པར་སྡིག་པའི་གྲོགས་པོའི་དབང་དུ་སོང་བ་རྣམས་ལ་བསྒོམ་པའོ། །
གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་བསྒོམ་པ་ནི། གནས་ལུགས་བདག་མེད་པ་དེ་ལ་མེད་པར་མ་རྟོགས་པར་བདག་བཟུང་། དེས་ཉོན་མོངས་པ་ལྔ་བྱུང་། དེ་ལས་མི་དགེ་བ་བཅུ་བསགས་པ་ལས་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་ལུས། གནས་ལུགས་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ་པའོ། །དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པ་ནི། དོན་དམ་པར་བདག་དང་ཡུལ་སེམས་ཅན་གཉིས་ཀ་མི་དམིགས། སྙིང་རྗེའི་ངོ་བོ་ཡང་མི་དམིགས་པར་བསྒོམ་པའོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞར་ལས་ཤེས་པར་བྱའོ། །སྙིང་རྗེ་གསུམ་པ་དེ་ནི་བསམ་པ་བཟང་པོ་གསེར་ལྟ་བུའི་དཔེར་ན་གསེར་དེ་སའི་འོག་ན་ཡོད་རུང་། མི་འདིའི་ལག་ན་ཡོད་རུང་། མེར་སྲེག་རུང་རང་བཞིན་ལ་འགྱུར་བ་མེད་པའོ། །དེ་བཞིན་དུ་བྱང་སེམས་དེའི་རང་བཞིན་ལ་འགྱུར་བ་མེད་པའོ་སེམས་སོ། །བར་དུ་བླངས་པའི་སེམས་ནི་ལྷག་པའི་བསམ་པ་ཟླ་བ་ཚེས་སོ་ལྟ་བུའི་སེམས་སོ། །ངོ་བོ་མཐོང་བས་རྣམ་འཕེལ་བ་དུས་ཚོད་འཛིན་པའོ། །དངོས་ཆོས་གསུམ་ཟླ་བ་ཀུན་གྱིས་མཐོང་བ་ལྟར། འདུན་པ་དང་བསམ་པ་གཉིས་ཡོད་ན་སངས་རྒྱས་དང་ཁྱད་མེད་དེ། སངས་རྒྱས་ཅི་དངུལ་ཡིན་ནོ། །ཟླ་བ་དེ་གོང་ནས་གོང་དུ་འཕེལ་བ་ལྟར། བྱང་སེམས་གོང་ནས་གོང་དུ་འཕེལ་བ་ཆོས་ཉིད་ཡིན། སྦྱིན་པ་སྡུགས་ཀྱིས་མཐོངས་པ་ལ་སྡོད། ནམ་ཟླ་བཅུ་གཉིས་དུས་ཚོད་འཛིན་པ་ལྟར། བྱང་སེམས་དེ་དང་འབྲེལ་ནས་གཞན་དོན་བྱ་བའི་དུས་ལ་བབ་པ་ན་བྱེད། མ་བབས་ན་མི་བྱེད་དོ་དེ་ལ་གཉིས་ཏེ། བདག་གི་སྡུག་བསྔལ་དང་དུ་བླང་བ་དང་། གཞན་གྱི་སྡུག་བསྔལ་དང་དུ་བླང་བའོ། །དང་པོ་མགོ་གཅོད་པ་དང་། རྣ་བ་རྐང་ལག་སྣ་གཅོད་པ་ལ་སོགས་པའོ། །གཞན་གྱི་སྡུག་བསྔལ་དང་དུ་བླང་པ་ནི། བདག་གི་བདེ་བ་གཏིང་ནས་རེ་བ་མེད་སེམས་ཀྱིས་སེམས་ཅན་གཞན་གྱི་དགོས་པ་ཉིན་མཚན་མངོན་པར་བརྩོན་ཞེས་པས་ཏེ། རང་ན་བ་ལྟ་བུའི་ཉམས་དེ་ལ་དཔག་ལ། ངན་སོང་གསུམ་ལ་སོགས་པ་གང་སྡུག་བསྔལ་བའི་སེམས་ཅན་ལ་སྙིང་རྗེ་བསྒོམས་ལ། དེ་དག་གི་སྡུག་བསྔལ་ཅི་དང་ཅི་ཡོད་པ་ཐམས་ཅད། བདག་གི་ན་བའི་ས་དེར་བསྡུས་ལ་བསྒོམ། སེམས་ཅན་བདེ་བར་བསྒོམ། དེ་ལས་ལྷག་པའི་བསམ་པ་ཞེས་བྱ་བའི་རང་དོན་ལས་གཞན་དོན་ལྷག་པས་ན་ལྷག་པའི་བསམ་པའོ་ཞེས་སོ། །དེ་ལ་མང་དུ་བཤད་དང་ཅི་ཞིག་ཐུབ་པས་བདག་གི་བས་དེར་གཞན་དོན་མཛད་པ་དང་། བྱིས་པ་རང་དོན་བྱེད་པ་གཉིས། འདི་གཉིས་ཀྱི་དོན་ནི་ཁྱད་པར་ལྟོས་ཞེས་པ་དང་། ཡང་བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །འཇིག་རྟེན་ཕྱི་མ་ཕར་ཞོག་གི། ཚེ་འདིའི་དོན་ཡང་འགྲུབ་མི་འགྱུར། །ཞེས་སོ། །གཞན་གྱི་ནད་དང་སྡུག་བསྔལ་དང་བླངས་པ། ཚེ་ཐོག་མ་མེད་པ་ནས་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་དེ་དག་གི་དྲིན་ལན་ལོན་པའི་ཆེད་དུ། གཞན་གྱི་སྡུག་བསྔལ་དང་དུ་བླངས། བདག་གིས་སེམས་ཅན་ཇི་སྙེད་ཅིག་རྡེག་བཙོགས་བྱས་པའི་ལན་དུའང་གཞན་གྱི་སྡུག་བསྔལ་དང་དུ་བླང་ངོ་། །ལྷག་པའི་བསམ་པ་དེ་ལྟར་བསྒོམས་པས་མྱང་སྒོམ་ཁ་ཕྱོགས་པས་མཛེ་སོས་པའི་གཏམ་དང་། དཔག་དར་སེང་རྐང་པ་ན་བ་སོས་པའི་གཏམ་དང་། དམྱལ་བ་ལས་ཐར་པའི་གཏམ་རྒྱུད་ཀྱང་། ཁྱིམ་བདག་མཛའ་བོའི་བུ་མོའི་མགོ་ལ་རྡོག་པ་བརྒྱབས་ནས་བསད་པའི་རྣམ་སྨིན་གྱིས་དམྱལ་བར་སྐྱེས། དེའི་དུས་སུ་མཛའ་བོའི་བུ་ལ། ལྷག་པའི་བསམ་པ་སྐྱེས་ནས་ངག་ཏུ་འདི་སྐད་བརྗོད་དོ། །སྲིད་རྩེ་མན་ཆད་མནར་མེད་ཡན་ཆད་དང་། །འཇིག་རྟེན་བགྲང་དུ་མེད་པ་ཚུན་ཆད་ཀྱི། །ལྷ་དང་ལྷ་མིན་ལྟོ་འཕྱེ་ཆེན་པོ་བསྒོམ། །བདེ་བར་གྱུར་ཅིག་སྡུག་བསྔལ་བདག་ལ་སྨིན། །ཞེས་བརྗོད་པས་ལྷག་པའི་བསམ་པ་དེས་དམྱལ་བའི་སྡུག་བསྔལ་ལས་ཐར་ཏེ། ཡང་ཀླུ་སྒྲུབ་ཀྱིས། རྗེའུ་ཆོམ་སུམ་བརྒྱར་འབྲས་ཆན་དག །ཉིན་རེ་དུས་གསུམ་བྱིན་པ་བས། །བྱམས་པ་སྐད་ཅིག་ཐེངས་ཅིག་གིས། །བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་སོ། །ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུའོ། །གཅོད་ཅེས་བྱ་བ་ནི་སྐྱེད་བླང་སྔོན་དུ་སོང་བའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང་། ནམ་མཁའ་སྒོ་འབྱེད་ཀྱི་གདམས་ངག་གིས་ལུས་སེམས་གཅུད་ལ་བོར་ཏེ། བེམ་རིག་བྲལ་བ་དང་། ནམ་མཁའ་ཁོང་སྐོར་གྱི་གདམས་ངག་གིས་ལྟ་སྒོམ་གྱི་བྲལ་ཐག་བཅད་ཅིང་། དུས་གཏན་དུ་གནས་ལུགས་ཀྱི་དོན་ལ་བློ་ངེས་པར་བྱ་བ་དང་། ནམ་མཁའ་ལམ་འཁྱེར་གྱི་གདམས་ངག་གིས་ན་ཚ་དང་ཆོ་འཕྲུལ་ཅི་བྱུང་ཡང་། ཡ་ང་བ་དང་བག་ཚ་བ་མི་བྱ་བར་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་གཅོད་བྱའོ། །ནམ་མཁའ་སྒོ་འབྱེད་ཀྱི་གདམས་ངག་ནི། བླ་མ་ཡི་དམ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་དཔག་མེད་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཚིག་ལན་གསུམ་བརྗོད། ཀུན་འབྱུང་ལས་དང་ཉོན་མོངས་པ་མཐའ་དག་དང་། ཁམས་གསུམ་འཁོར་བའི་དུཿཁ་ཐམས་ཅད་ཀྱི་རྩ་བ་བདག་ཏུ་འཛིན་པ་ཡིན་པས་དེ་ཡི་གཉེན་པོར་གཅོད་འདི་བྱའོ། །རང་ཀག་ལངས་ལ། སྤྱི་བོའི་སྙིང་ཀ་གང་བདེར་ཐལ་མོ་སྦྱར་ཏེ། སྟེང་རླུང་ཅུང་ཟད་ཅིག་མནན་ཏེ། ལུས་སེམས་གཉིས་ཀ་གྲིམ་ཙེར་བསྒྲིམ་ལ། རང་གི་རིག་པ་འདི་རྐང་པའི་མཐིལ་ནས་བྱིན་ཡན་ལ་ཤིག་འགྲོལ་གསོལ་བ་དུང་པ་བཏབ་བྱིན་གྱིས་བརླབ་པར་བསམ་ལ། སློབ་དཔོན་ཀག་ལངས་ལ་ལུས་དྲངས། རིག་བྱང་སེམས་ཨ་དཀར་པོ་གཅིག་ཏུ་བསམ། མགྲིན་པར་ངལ་གསོས་ལ། བདག་གི་ལུས་འདི་སྙིང་པོ་མེད་པ་སང་མི་གཙང་བ་འཁོར་བ་སྡུག་བསྔལ་གྱི་གཞི་མ་ཡིན་སྙམ་དུ་བསམ་པ་ལ་ཞེན་པ་ཟློག་ཙམ་དུ། ཚངས་པའི་བུ་གར་ཧ་རེ་ཡོད་པར་བསམ་ལ་ཨ་དེ་འཕངས་པས་ནམ་མཁའ་ལ་སྟུག་གིས་སྤྲོའོ་དྲངས་ལ། ནམ་མཁའི་མཐོངས་ན་ཡར་འཕངས་ལ། ཆོས་ཉིད་སྤྲོས་བྲལ་དུ་རིག་པ་བཞག །ལུས་དེ་བཞིན་དུ་སྐྱུར་ལ་ཞོག །ལུས་ནི་རོ་ཡིན་གཟན་དུ་བསྐྱུར། །སྐྱུར་མཁན་སེམས་ཡིན་ཀློད་ལ་ཞོག །གཏད་མེད་དུ་བཞག་གོ །དྲན་མེད་དུ་བཞག་གོ །ཞིག་པའི་ཚུལ་དུ་བཞག །སོག་ཕོན་ཐག་པ་ཆད་པ་བཞིན་དུ་རང་བཞིན་དུ་བཞག །དེ་ཡང་ཇོ་མོའི་ཞལ་ནས། གྲིམ་གྱིས་སྒྲིམ་ལ་ལྷོད་ཀྱིས་གློད། སྒོམ་པའི་གནད་ཅིག་དེ་ན་གདའ་གསུངས་སོ། །
བེམ་རིག་ཕྲལ་མ་ཕྲལ་ཀྱི་ཚད་ནི། ལུས་འདར་བ་དང་། འགྱེལ་བ་དང་། འཕར་བ་ལ་སོགས་པའོ། །དེ་ལྟར་མ་བྱུང་ན་རིག་པ་མ་བསྒྲིམས་པ་ཡིན་པས་སྐྱུར་བ་ལ་སོགས་པ་ཆོ་ག་བྱའོ། །བེམ་རིག་ཕྲལ་ན་སློབ་དཔོན་གྱིས་སེམས་བཅོས་ཏེ། སེམས་ཅན་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་སྤྱི་བོར་ལག་པ་བཅབ་བཅབ་བྱས་ལ། བླ་མ་ལ་སོགས་པའི་སྐུ་གསུང་ཐུགས་བསྟིམ་མོ་ནི་འོད་གསལ་བའོ་ཞེས་གནས་ལུགས་ཀྱི་དོན་ལ་ངོ་སྤྲོད་བྱའོ། །འདིས་རིག་པ་བཀོལ་དུ་མི་བཏུབ་པ་བྱུང་ནས་རི་ཁྲོད་དབེན་པར་ཕྱིན། ལུས་དེ་བླ་མ་དང་དཀོན་མཆོག་ལ་ཚོགས་འཁོར་གྱི་ཚུལ་དུ་འབུལ་བར་གཅེར་བུ་བྱས་ལ་གོང་ལྟར་རིག་པ་ནམ་མཁའ་ལ་འཕངས་ཏེ། ཌ་མ་རུ་དཀྲོལ་ཞིང་ཅི་ཐ་དོད་ཀྱི་སྤྱོད་པ་བྱའོ། །གཞན་གྱིས་མ་མཐོང་བ་གལ་ཆེ་གསུངས་སོ། །བྱའོ། །སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱའོ། །དེ་ལྟར་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས། སེམས་སྤྲོས་བྲལ་དུ་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །ནམ་མཁའ་ཁོང་སྐོར་གྱི་ལྟ་བ་སྒོམ་བྲལ་བཅད་པ་ལ་བཞི་སྟེ། སྤྱོད་པ་སྐྱབས་འགྲོ་སེམས་བསྐྱེད་ལྟར་བཤད་པ་དང་། བྱིན་རླབས་བེམ་རིག་ཕྲལ་ཏེ་བཤད་པ་དང་། སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བར་བྱའོ། །དང་པོ་ནི་གོང་དུ་བསྟན་ཏོ། །བྱིན་རླབས་ལུས་སེམས་ཕྲལ་ཏེ་བཤད་པ་ནི། གནས་གཞི་ལ་སོགས་པར་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་ནས་བེམ་རིག་ཕྲལ་ཏེ། ཕུང་པོ་གཟན་དུ་བསྐྱུར་ལ་གཅོད་བྱས་ནས་བསྒོམས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །བྱིན་རླབས་ལ་ཐོགས་པ་མེད་པར་འགྱུར་རོ། །
སྒོམ་པ་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པ་ནི། ཕར་ཕྱིན་ལས། གང་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པ་དེ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་དང་དགེ་འདུན་ལ་ཡང་དེས་འགྲེའོ། །འདས་དང་མ་འོངས་ད་ལྟར་གསུམ་གྱི་སྤྲོས་པ་བཅད་པར་བྱས་ཏེ། འདས་པ་ཡིད་ལ་མི་བྱ་བ་ནི། འདས་པའི་ཤེས་པ་རྗེས་མི་གཅད་དེ། མགྲོན་པོ་སྔར་སོང་བ་ལ་ཐན་ཕྱི་ནས་མི་ཐོ་ལྟ་བུའོ། །མ་འོངས་པ་ཡིད་ལ་བྱ་བ་ནི། མ་འོངས་པའི་སྔུན་མི་བསུ་སྟེ། སང་འདི་བྱ་སྙམ་པའི་སྤྲོས་པ་བཅད་པའོ། །ད་ལྟར་བ་ཡིད་ལ་མི་བྱ་བ་ནི། དངོས་པོ་ཅིར་ཡང་མི་བཟུང་། མི་འགག་མི་སྤྱད་ཅིར་ཡང་མི་བསམ་པའོ། །དེའང་རྣམ་རྟོག་དགྲར་མི་བལྟ། དུག་ལྔ་སྨན་དུ་ཤར་བས་དུག་ལྔའི་མདོག་མི་བསྒྱུར། སྐྱེ་ཤི་རྩད་ནས་ཆོད་པས་དགེ་སྡིག་ལ་ལྟོས་པ་མི་བྱ། མི་མཐུན་པ་ལམ་དུ་བླངས་པས་དགག་སྒྲུབ་ཡུལ་མེད་དུ་སོང་། སྣང་བ་ཆོས་སྐུར་ཤེས་པས་ཉམས་ལེན་གྱི་མཐར་ཐུག་ཡིན། འཐོབ་བྱའི་འབྲས་བུ་མེད་པས་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་མི་རེ་བས་ཏེ། དེའང་ལྟ་བ་སྔོན་མཚན་གྱི་རྒྱམ་དང་བྲལ། སྒོམ་པ་རྣམ་རྟོག་གི་ཁོང་གཟེར་དབྱུང་། སྤྱོད་པ་འགལ་བས་ལམ་དུ་བླངས། འབྲས་བུ་རེ་དོགས་ཀྱི་ཐག་པ་བཅད་ཅེས་སོ། །སྤོང་ལེན་གྱི་སྤྲུལ་པའི་སྐུ་དང་སྲིན་པོ་མི་ཟན་ལའང་མེད། བཟང་ངན་དུ་འཛིན་པ་སངས་རྒྱས་དང་སེམས་ཅན་ལ་མེད། སྐྱོན་ཡོན་དུ་འཛིན་པ་སྒྲིབ་པ་དང་ཡེ་ཤེས་ལ་ཡང་མེད། འདོད་ཆགས་འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་མི་སྐྱེ། ཞེ་སྡང་ཕ་བསད་པའི་མི་དངོས་ལ་ཡང་མི་སྐྱེད། བག་ཚ་ངན་སོང་གསུམ་གྱི་གཡང་ས་ལ་ཡང་མེད། ཡ་ང་བ་བདུད་ཀྱི་སྤྱོད་ཡུལ་ལ་ཡང་མེད། རྟོག་པ་ནི་མཐོང་བ་དུག་ཅན་གྱི་ཀླུ་ལ་ཡང་མི་སྐྱེ། དངོས་པོར་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་མི་འཛིན། བདེ་སྡུག་གི་མཚན་མ་སངས་རྒྱས་དང་དམྱལ་བ་ལ་ཡང་མེད། བླང་དོར་གྱི་མཚན་མ་འཁོར་འདས་ལ་ཡང་མེད། འབད་རྩོལ་གྱི་རྟོག་པ་མེད། ཐམས་ཅད་དེ་བཞིན་ཉིད་དུ་རྟོགས་པས་ཉོན་མོངས་པ་ཆོས་ཅན་གང་ལ་ཡང་མི་སྐྱེ། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་ཞེས་བྱ་བ་ནི། བདུད་བཞི་སྟེ། ཐོགས་བཅས་ཐོགས་མེད། དགའ་བྲོད། སྙེམས་བྱེད་ཞུ་ལན་ན་གསལ་ལོ། །ནམ་མཁའ་ལམ་འཁྱེར་གྱི་གདམས་ངག་གིས་ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་གཅོད་བྱ་བ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དབང་པོ་རབ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཅོད་པ་ཀུན་འབྱུང་དང་སྡུག་བསྔལ་དེ་ཉིད་ལ་སྟོང་པ་མི་བཙལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་དེ་རང་སྟོང་ཉིད། བདེ་གསལ་དུ་ལྷག་ལྷག་འདུག་པའོ་ནི། བེམ་རིག་ཕྲལ་ཏེ་སེམས་མཚན་མ་མེད་པའི་ངང་ལ་བཞག་པ་སྟེ། མི་མཐུན་པ་དང་། གཉེན་པོ་གཉིས་ཀ་ཞི་བས་སྟེ། གང་ལ་ཡང་མི་དམིགས་པའོ། །དབང་པོ་འབྲིང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྒོ་ནས་གཅོད་བྱ་བ་ནི། ཀུན་འབྱུང་དང་སྐུལ་ཏེ་གནས་དང་དུས་གང་དུ་འབྱུང་བ་ལ། དཔའ་བོས་དགྲ་མཐོང་བ་འདོད་ཐོག་ཏུ་བྱེད་པ་ལྟར་སྟོང་ཞིང་བདག་མེད་པར་འོད་གསལ་དུ་འཁྱེར་བའོ། །དེ་ལྟར་ཐམས་ཅད་ཀྱི་དཔའ་བར་འགྲོ་མ་ནུས་ཏེ། ཡ་ང་དང་བཅས་པའོ། །ན་ཡིས་དོགས། ཤི་ཡིས་དོགས། སྡུག་གིས་དོགས། སྐྱིད་དུ་རེ་བ་ལ་སོགས་པ་འདི་ནི་དཔའ་བར་འགྲོས་ཏེ། ཅི་ལ་ཡང་ཉམ་ང་བའམ། ཐོགས་རྡུགས་མེད་པར་གདེང་འཁྱེར་བས་ན་དཔའ་བར་འགྲོ་བའོ། །འཁོར་འདས་ཐམས་ཅད་སྒྱུ་མ་ལྟ་བུའམ་རྨི་ལམ་ལྟ་བུའི་སྣང་བའི་དུས་ཉིད་ན་མ་གྲུབ་པར་ཤེས་སོ་གཉན་ས་ལ་སོགས་པའི་གནས་གང་ཡང་རུང་བར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བའི་སྒོ་ནས་བེམ་རིག་ཕྲལ་ཏེ་ཕུང་པོ་གཟན་དུ་བསྐྱུར་ལ། ལྷ་འདྲེ་ལ་སོགས་པ་རྣམས་ལ་བདག་གི་ལུས་འདི་སྦྱིན་གྱིས། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཤ་འདོད་ན་ཤ །ཁྲག་འདོད་ན་ཁྲག །མགོ་འདོད་པ་ལ་མགོ །ཡན་ལག་འདོད་པ་ལ་ཡན་ལག་ཁྱེར་སྙམ་དུ་བསམ། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཕྲལ་ལ་སྦྱིན་པར་བྱའོ། །
དེ་ཡང་ལུས་པོ་གཏུབ་ལ་ཚོགས་སུ་འབུལ། རྣམ་རྟོག་ཆོས་ཉིད་གཏེར་དུ་སྦ། དེ་ཡང་ལན་གྲངས་མང་དུ་བྱ། སོས་ན་དགའ་བའི་བློ་མི་སྐྱེ་ཞེས་པ། ན་བ་དང་གཅོད་བྱེད་དུས་དེ་ལྟར་བསྒོམ་པར་བྱའོ། །དབང་པོ་ཐ་མས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པ་ལ་གཉིས། འཇིག་མཁན་ངོས་བཟུང་བ་དང་གཅོད་ལམ་དུ་འཁྱེར་བའོ། །དང་པོ་གཉན་ས་ལ་སོགས་པར་གཅོད་བྱེད་པའི་དུས་སུ་བདག་འཇིག་སྙམ་པའི་རྟོག་པ་བྱུང་ན། བདག་གི་ལུས་འཇིག་གམ་སེམས་འཇིག །སེམས་མེད་པའི་ལུས་འཇིག་ན་མི་རོའམ་ཤ་ཁོག་ལ་སོགས་པའང་འཇིག་པར་འགྱུར། ལུས་མེད་པའི་སེམས་དངོས་མེད་འདི་འཇིག་ན་ནམ་མཁའ་འཇིག་པར་འགྱུར། དེས་ན་གང་ཡང་མི་འཇིག་གོ །འོ་ན་གང་འཇིག་ན། དངོས་པོ་མེད་པ་ལ་མངོན་པར་ཞེན་པའི་བག་ཆགས་འཇིག་སྟེ། དེ་བཅད་པའི་ཕྱིར་ཕུང་པོ་གཟན་དུ་བསྐྱུར་ཅིང་གཅོད་བྱའོ། །
གཅོད་ལམ་ལམ་དུ་འཁྱེར་བ་ལ་གཉིས་ཏེ། སྣང་བ་སྒྱུ་མར་བསྒོམ་པ་དང་། རང་རིག་སྒྱུ་མར་བསྒོམ་པའོ། །དང་པོ་ནི་རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན་ཐོས་པ་ཐམས་ཅད། གྲག་སྟོང་དབྱེར་མེད་བྲག་ཆ་ལྟ་བུར་བསྒོམས་པའོ། །དམིགས་པའི་ཡུལ་ཐམས་ཅད་སྣང་སྟོང་དབྱེར་མེད་གཟུགས་བརྙན་ལྟ་བུར་བསྒོམ། སེམས་ཀྱི་ཡུལ་ཚོར་བ་བདེ་སྡུག་གང་ཡང་སེམས་རིག་སྟོང་དབྱེར་མེད་རྨི་ལམ་ལྟ་བུ་སྟེ། སྒྱུ་མར་ཤེས་པར་བྱའོ། །མདོར་བསྡུས་ན། ལུས་ཀྱང་སྒྱུ་མའི་ལུས། ནད་ཀྱང་སྒྱུ་མའི་ནད། གདོན་ཡང་སྒྱུ་མའི་གདོན། གནས་ཀྱང་སྒྱུ་མའི་གནས་ཏེ། དེ་ལྟར་མ་ཤེས་པས་འཁོར་བ་ཡིན། དེའང་དངོས་པོར་འཛིན་པའི་དུག་ཅན་འདིས་གཅེས་པའོ། །དེ་ལྟར་སྒྱུ་མར་ཤེས་ནས་མི་འཆིང་བ་ནི། སྒྱུ་མ་ལྟ་བུའི་བདུད་རྩི་ཡིས། །སྦྱངས་ནས་འཆིང་བར་མི་འགྱུར་ཏེ། །དུག་ཉིད་བདུད་རྩིའི་མཆོག་ཏུ་འགྱུར། །དང་པོར་འཛིན་པའི་དུག་ཅན་འདིས། །ཞེས་པའོ། །དེ་ལྟར་སྒྱུ་མར་ཤེས་ནས་མི་འཆིང་བ་ནི། སྒྱུ་མ་ལྟ་བུའི་བདུད་རྩི་ཡིས། །སྦྱངས་ནས་འཆིང་བར་མི་འགྱུར་ཏེ། །དུག་ཉིད་བདུད་རྩིའི་མཆོག་ཏུ་འགྱུར། །ཞེས་པའོ། །རགས་རིམ་སྒྱུ་མར་བསྒོམ་པ་ནི། ཕར་ཕྱིན་ལས། རྨི་ལམ་རློམ་སེམས་སུ་མི་བྱེད། རྨི་ལམ་གྱིས་རློམ་སེམས་སུ་མི་བྱེད། རྨི་ལམ་ལ་རློམ་སེམས་སུ་མི་བྱེད། སྒྱུ་མ་རློམ་སེམས་སུ་མི་བྱེད་ཅེས་པ་ལ་སོགས་པ་དང་། འཁོར་བའི་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུའམ་སྒྱུ་མ་ལྟ་བུའོ། །མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། དེ་བས་ལྷག་པའི་ཆོས་གཅིག་ཡོད་ནའང་། རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་གསུངས་པས། རང་གི་སེམས་འདི་རིག་སྟོང་དབྱེར་མེད་སྒྱུ་མ་ལྟ་བུར་བསྒོམ་པའོ། །དེས་འཆིང་བ་རྣམ་པ་མེད་པར་བསྟན། གཅོད་ཉམས་སུ་ལེན་པའི་གནས་རྣམ་པ་བཞི་དང་། དམ་ཚིག་རྣམ་པ་བཞི་དང་། གོལ་ས་རྣམ་པ་བཞི་དང་། བདུད་རྣམ་པ་བཞི་དང་། གྲོལ་བ་རྣམ་པ་བཞི་དང་། ལྟ་བ་རྟོགས་པའི་གདེངས་བཅོ་ལྔའོ། །དང་པོ་ནི་མཛེ་པོ་ཡུགས་ས་ལ་སོགས་པའི་ཉམ་ང་བའོ། །དམ་ཚིག་བཞི་ནི། དྲག་སྔགས་མི་བཟླ་བ། འདྲེ་མི་བརྡུང་། ཚད་མེད་པ་བཞི་བསྒོམ། ཟླ་བ་རེ་རེ་ལ་གནས་བཞི་པོ་གང་ཡང་རུང་བར་གཅོད་ཞག་བདུན་བདུན་བྱའོ། །གོལ་བ་བཞི་ནི། དང་པོ་མེ་མར་འདྲེ་བརྡུང་། འདོད་ཆགས་པར། དབྱིབས་ཐ་མལ་པར་གོལ་བའོ། །བདུད་བཞི་ནི་གཞན་དུ་ཤེས་པར་བྱའོ། །གྲོལ་བ་རྣམ་པ་བཞི་ནི། ཕྱི་གོས་ཧྲུལ་ལྟ་བུ་ཉེ་རིང་ལས་གྲོལ་བའོ། །ནང་ན་བུན་ལྟར་གཟུང་འཛིན་ལས་གྲོལ། དེ་ཁོ་ན་ཉིད་ནམ་མཁའ་ལྟར་ཕྱོགས་རིས་ལས་གྲོལ་བའོ། །ལྟ་བ་རྟོགས་པའི་གདེངས་བཅོ་ལྔ་གཞན་དུ་ཤེས་པར་བྱའོ། །ཐ་མ་ཀུན་ལས་བཟློག་པར་བྱ་ཞེས་པ་ནི། ཆོས་ཐམས་ཅད་ཀྱིས་བཅིངས་ཏེ་དམིགས་པར་སོང་། ཆོས་མི་ཤེས་པའི་ཐབས་མེད། ཤེས་ན་མི་བཞག་པའི་ཐབས་མེད། ཤེས་པའི་ཐ་སྙད་དང་མ་བྲལ་ན། ཐམས་ཅད་མཁྱེན་པ་མི་རྟོགས། འདྲེས་ཁྱེར་ན་འཕགས་ལམ་དང་འཕྲད། གཉེན་པོ་དང་བྲལ་ན་ལམ་བདེ། ཆོས་སྟེར་ན་ཐམས་ཅད་མཁྱེན་པ་མཉེས། དམིགས་པའི་ས་རུ་དག །སྤྱོད་རེ་བའི་སར་དགྲ་དང་། དོགས་པའི་སར་བདུད་འཇུག །ཆགས་ན་འཁོར། གནས་ན་ལྷུང་གསུངས། ཆོས་ཀྱང་སྤང་བར་བྱ་ན། ཆོས་མ་ཡིན་པ་ལྟ་སྨོས་ཅི་དགོས་ཞེས་སོ། །ཡང་ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་རྒྱལ་བས་དེ་ལྟར་གསུངས། །ཞེས་སོ། །བདུད་ཀྱི་སྤྱོད་ཡུལ་ཨ་མ་ཇོ་མོས་མཛད་པ་རྫོགས་སོ།། །།
༈ སེམས་བསྐྱེད་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །གསོལ་བ་གདབ་པ། དགོངས་སུ་གསོལ་སྤྱི་དང་འདྲ། བདག་གི་ལུས་ལ་ནད་ཀྱིས་གནོད་པ་མི་འབྱུང་བར་མཛད་དུ་གསོལ། སེམས་ལ་ཉོན་མོངས་པའི་རྐྱེན་མི་འབྱུང་བར་མཛད་དུ་གསོལ། གནས་ལུགས་ཀྱི་རྟོགས་པ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བདེ་བ་ཆེན་པོ་ཆོས་སྐུའི་ངོ་བོ་རྟོགས་པར་མཛད་དུ་གསོལ། སེམས་ཉིད་གཉིས་སུ་མེད་པའི་འོད་གསལ་ཆེན་པོའི་ངོ་བོར་རྟོགས་པར་མཛད་དུ་གསོལ། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྣལ་འབྱོར་བདག་ལ་བསྩལ་དུ་གསོལ་ཞེས་གསོལ་བ་བཏབ་ནས། སེམས་བསྐྱེད་མདོར་བསྡུས་ནི། བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆིའོ། །བདག་གིས་སྦྱིན་སོགས་བགྱིས་པའི་དགེ་བའི་རྩ་བ་འདི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཤུ་བྷཾ།
གཉན་སར་ཉལ་བའི་བདུད་གཅོད།
༄༅། །གཉན་སར་ཉལ་བའི་བདུད་གཅོད་བཞུགས་སོ། །ན་མོ་གུ་རུ། གདམས་པ་གཅོད་ཡུལ་འདི་རི་ལ་སྒོམ་ཁར་ཐོག་མར་གར་ཐོད་ཐོད་ཀྱིས་མི་འོང་། གདམས་ངག་ཁོང་དུ་ཆུད་དགོས། གཉན་སར་རང་དུ་ཉལ་ཀྱང་རུང་སྟེ། ལུས་བོར་ལ་སེམས་མི་ལྟོས་པ་ཆོས་ཉིད་ལུགས་སུ་གཏང་ངོ་། །ཉམ་ང་བག་ཚ་མེད་པར་ཤེས་པ་བདེ་ལྷན་ནེ་མ་ཡེངས་པར་བཞག །དེའི་བྱིན་རླབས་ཀྱིས་ལྷ་འདྲེ་ཐམས་ཅད་མ་བཟོད་ནས་ས་གཞི་འགུལ་དུ་འོང་། དེ་ལྟར་བྱུང་ཙམ་ན་ཤེས་པ་ཨེན་ཙམ་ཡེངས་པ་ཡིན། ལུས་འདར་ཡང་འོང་བའོ། །
དེའི་སྟེང་ལ་ཤེས་པ་ལྷོད་ཀྱིས་གློད་ལ་ཡ་ང་བ་དང་བག་ཚ་བ་གང་ཡང་མེད་པར་ཤེས་པ་རང་ལུགས་སུ་ལྷུག་པར་བཞག །བག་དྲོ་བས་ཤེས་པ་བདེ་སིང་གིས་འོང་བ་ཡིན་ནོ། །དེ་ཙམ་ན་བདུད་ཆོས་ཉིད་དུ་སློངས་པ་ཡིན་ནོ། །རྣམ་རྟོག་ཡེ་ཤེས་སུ་ལྡོག །དུག་ལྔ་སྨན་དུ་ལྡོག །ཆོས་ཉིད་ལས་མ་ཡེངས་པར་ལྷན་ནེ་བཞག །ཐུག་ཆོམ་དང་སྒྲ་ལ་སོགས་པ་འོང་། དེ་ལྟར་བྱུང་ཙམ་ན་ལུས་ཡན་པར་བོར་ལ་ཆོས་ཉིད་ལ་ཤེས་པ་ལྷན་གྱིས་བཞག །ཡ་ང་བ་མེད་བག་ཚ་བ་མེད་པར་ལྷན་གྱིས་བཞག་པས་དེས་ཉམས་མང་པོ་སྐྱེའོ། །ཐུ་བ་ནས་འཐེན་པ་དང་། རྒྱབ་ཏུ་ཁུ་ཚུར་རྡེག་པ་དང་། གམ་དུ་རྡོ་བརྡེག་ཏུ་འོང་། དེ་ལ་ཡ་ང་བ་མེད་པར་ཤེས་པ་གློད་ལ་བཞག །དེས་ཤེས་པ་དགའ། བྲོ་རྡུང་འདོད་པ་འོང་དེ་ལ་ཤེས་པ་མི་གནས་པར་བུན་གྱིས་གཏོང་། དེ་ནས་ཡང་ཤེས་པ་ལྷན་གྱིས་ཕབ་ལ་མ་གཡོས་པར་ལྷན་གྱིས་ཕབ་ལ་གསོད་པའི་ཚུལ་དུ་བྱེད་ཀྱང་ཆོས་ཉིད་ལས་མ་གཡོས་པར་བཞག །ལུས་ཡེངས་པ་མེད་པར་བོར་ལ་བཞག །ལྷང་གིས་བོས་ནས་ཁྱོད་ཀྱི་དེ་ཆོས་མིན་ཟེར་བ་བྱུང་ཡང་བདེན་སྙམ་པའི་ཤེས་པ་མེད་པར་བདེ་འབོལ་ལེ་བཞག་གོ །དེས་ཤེས་པ་དགའ་བ་དང་། སྡོད་བདེ་སིང་ངེ་བ་ནང་དུ་འོང་། ནམ་མཁའ་ལྟར་སྟོང་པ་གསལ་བ་འོང་། དེ་ལ་དུག་ལྔ་ཡེ་ཤེས་ལྔ་རུ་རྣམ་རྟོག་ཆོས་ཉིད་དུ་བདུད་རང་ལོག་ཏུ་ཁམས་གསུམ་ལ་སྐུ་གསུམ་འཁོར་འདས་དབྱེར་མེད་བདེ་བ་ཆེན་པོར་གྱུར་པ་ཡིན་ནོ། །གཉན་སར་ཉལ་བའི་བདུད་གཅོད་ཟབ་མོ། ཨྠྀི།
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམས་ངག་བདུད་ཀྱི་གཅོད་ཡུལ་ལ་གནས་གཉན་ས་རི་ཁྲོད་འགྲིམ་ན། སེམས་གཉིས་མེད་ལྟ་བའི་གདེང་གིས་སྤྱོད་པ་ཡིན། གདོན་གནོད་སྦྱིན་གྱིས་བར་ཆད་བྱུང་ཙམ་ན། །ཕུང་པོ་གཟན་དུ་བསྐྱུར་བ་ཡིན། །ལུས་ལ་ན་ཚ་བྱུང་ཙམ་ན། །རིག་པ་རྟེན་དང་བ་ཡིན། །གཡའ་གོང་དང་གངས་གོང་འགྲིམ་ཙམ་ན། །རོ་སྙོམས་ཀྱི་སྤྱོད་པ་བྱེད་པ་ཡིན། །མང་པོའི་གསེབ་ཏུ་བསྡད་ཙམ་ན། །སྣ་ཚོགས་གཅིག་ཏུ་བསྲེ་བ་ཡིན། །རང་ཉིད་གཅིག་པུར་འདུག་ཙམ་ན། །མ་ཡེངས་དོན་ལ་བལྟ་བ་ཡིན། །རིག་པ་ཕུར་ཞིང་རྒོད་ཙམ་ན། །དོན་གནས་ལུགས་ཀྱི་སྟེང་དུ་འཇོག་པ་ཡིན། །བྱིང་རྨུགས་འཐིབ་གསུམ་བྱུང་ཙམ་ན། །སེམས་དང་ནམ་མཁའ་བསྲེ་བ་ཡིན། །རང་འཇིགས་པའི་གནས་སུ་ཉལ་ཙམ་ན། །སེམས་ཀྱི་ཁུ་འཕྲིག་གཅོད་པ་ཡིན། །ལྷ་འདྲེའི་ཆོ་འཕྲུལ་བྱུང་ཙམ་ན། །ཉམས་ལེན་གྲོགས་སུ་འཁྱེར་བ་ཡིན། །སྙེམས་དང་རྟོག་པ་ཤར་ཙམ་ན། །དེ་ཡི་སྟེང་དུ་བསྐྱུར་བ་ཡིན། །མི་གཙང་འཁོན་བཙོག་བྱུང་ཙམ་ན། །མཛེ་བོའི་མཆན་དུ་ཉལ་བ་ཡིན། །ལྟ་བའི་གདེང་གིས་ཆོད་ཙམ་ན། །ལྷ་འདྲེ་རང་སར་གྲོལ་བ་ཡིན། །སྒོམ་པ་ཉམས་སུ་ལོངས་ཙམ་ན། །རྣམ་རྟོག་ཐོག་རྫིས་བྱེད་པ་ཡིན། །རྟོག་མེད་ཀྱི་སྤྱོད་པ་བྱེད་ཙམ་ན། །མཛེ་ཀླད་དྲོད་མོ་ལྡག་པ་ཡིན། །སྐུ་གསུམ་འབྲས་བུ་ཚོལ་ཙམ་ན། །ཐེ་ཚོམ་མདུད་པ་གྲོལ་བ་ཡིན། །རྐྱེན་ངན་གྲོགས་སུ་ཤར་ཙམ་ན། །ལྟས་ངན་གཡང་དུ་ཁུག་པ་ཡིན། །རྒྱལ་ཁམས་ཕྱོགས་མེད་བསྐོར་ཙམ་ན། །ཕ་ཡུལ་གྱི་འཁྲི་བ་གཅོད་པ་ཡིན། །མཛེ་མོའི་དཔོན་པོ་བྱེད་ཙམ་ན། །བྱམས་དང་སྙིང་རྗེ་བསྒོམ་པ་ཡིན། །ལོག་སྤྱོད་གཡང་ལ་བསྐྱུར་ཙམ་ན། །ཕྱོགས་ངན་དུས་ངན་ཟ་བ་ཡིན། །རིགས་དྲུག་གཡང་ས་གཅོད་ཙམ་ན། །བདུད་བཞིའི་དཔུང་རྣམས་འཇོམས་པ་ཡིན། །སངས་རྒྱས་རང་ལ་འཚོལ་ཙམ་ན། །མཉམ་ཉིད་ངང་ལ་འཇོག་པ་ཡིན། །གཉན་སར་སྤྱོད་པ་བྱེད་ཙམ་ན། །རྟེན་ཅན་སྤྱི་བོར་ཁུར་བ་ཡིན། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །ངོ་བོ་གཅིག་ཏུ་འདུས་པ་ཡིན། །གེགས་སེལ་ཉི་ཤུ་རྩ་བཞི་འདི། །མ་ཅིག་ལབ་སྒྲོན་གྱི་གདམས་ངག་ཡིན། །
༈ ཨེ་མ་ཧོ། ནད་པ་འདྲེ་ལ་གཏད་པས་གཉིས་མེད་རང་སར་གྲོལ། ལམ་འཁྱེར་རྐྱེན་ལ་བྱས་པས་འགལ་རྐྱེན་བར་ཆད་སངས། རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ངན་གནོད་པ་མེད། འཛིན་པ་དགྲ་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན། སེམས་ཉིད་ནམ་མཁའ་ཡིན། ནམ་མཁའ་དངོས་མེད་ཡིན། ལུས་པོ་རོ་ཡིན་གཟན་དུ་བསྐྱུར། སྐྱུར་མཁན་སེམས་ཡིན་གློད་ལ་ཞོག །
༈ ཨེ་མ་ཧོ། ཞོགས་དང་གསལ་གྱིས། བརྡོལ་དང་བདེ་ཡིས། ཐུགས་ཀྱི་སྙིང་པོ། ཨྠྀི།
༈ ཡང་མའི་ཞལ་ནས། འདྲེ་ལ་མི་འཇིགས་པའི་ལྟ་བ། ནད་ལ་མི་འཇིགས་པའི་སྒོམ་པ། རྐྱེན་ལ་མི་འཇིགས་པའི་སྤྱོད་པ། སྡུག་བསྔལ་ལ་མི་འཇིགས་པའི་ཉམས་ལེན་ནོ། །ཡང་མའི་ཞལ་ནས། འདྲེ་སེམས་སུ་ཤེས་པའི་ལྟ་བ། ནད་སློབ་དཔོན་དུ་ཤེས་པའི་སྒོམ་པ། རྐྱེན་ངན་དངོས་གྲུབ་ཏུ་ཤེས་པའི་སྤྱོད་པ། སྡུག་བསྔལ་ཆོས་ཉིད་དུ་ཤེས་པའི་ཉམས་ལེན་ནོ། །ཡང་མའི་ཞལ་ནས། དང་པོ་ལྟ་བའི་ཐག་ཆོད་པ། བར་དུ་སེམས་མཉམ་པར་བཞག་པ། ཡིད་ཆེས་ཐ་མ་ཆོས་ཉིད་སེམས་སུ་འཁྱེར་ཤེས་པ་གཅིག་དགོས་གསུངས། ཚིག་གསུམ་རྟ་དྲུག་ནི། ཞོག་ཐོངས། ལྷུག་ཐོངས། ཆོད་ཐོངས། བཞག་པའི་དྲན་རིག་སྣ་ཚོགས་སྐྱེ་ཡི་འདུག་པ་བྱས་པ་ལ། ཏུར་གྱིས་དྲན་ལ་ཕྱལ་གྱིས་ཐོངས། སྒོམ་གྱི་བཞག་པ་དེ་ན་གདའ། །གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྷུང་བའི་སྐྱོན་ཅི་ཡོད། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུའི་བྱང་ཆུབ་ཐེ་ཚོམ་མེད། །སེམས་དཔའ་མེད་དེ་རྡོ་བ་འདྲ། །དེ་ལ་གནས་པ་དགོངས་པའི་མཆོག །ཡང་ན་གཅིག་ཆོད་དུ་བཞག་པ་ནི། སྙེམས་བྱེད་བཀུར་མེད་དེ་ལ་ཞོག །རྟེན་མེད་འབྲེལ་མེད་དེ་ལ་ཞོག །རང་བྱུང་རང་ཞིར་ཞོག །སལ་ལེ་སེང་ངེ་བློ་བདེ་ལྷན་ནེ་ཞོག །བག་དྲོ་འུ་རེ་ཞོག །ཤེས་པ་བྲོད་དུང་ངེ་བའོ། །
མི་མངའ་བ་གསུམ་ནི། སྐུ་མི་མངའ་བ་སྟོང་གསུམ་ཟིལ་གྱིས་མནན། གསུང་མི་མངའ་བ་བསྟན་པ་རྒྱས་པར་མཛད་དོ། །ཐུགས་མི་མངའ་བ་ཅིར་ཡང་ས་ལེ་མཁྱེན་ནོ། །ལྷོག་པ་རྣམ་གསུམ་ནི། གཉན་ཆེན་གཡང་ལ་གཏད་པ། སྐར་ཆེན་མཐེབ་འོག་ཏུ་གཞུག་པ། ཐེག་ཆེན་གྱི་གནན་པའོ། །མ་ཡིས་གསུངས་པ། ཨྠྀི།
གསལ་བྱེད་རིན་ཆེན་འཕྲེང་བ།
༄༅། །གསལ་བྱེད་རིན་ཆེན་འཕྲེང་བ་བཞུགས་པ་ལགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདོད་ནས་རྣམ་དག་ཆོས་སྐུའི་མཁའ་དབྱིངས་ལ། །འཇའ་ཚོན་ལྟ་བུའི་གཟུགས་སྐུ་རང་ཤར་གྱིས། །འགྲོ་རྣམས་བདེ་ལམ་མཆོག་ལ་འགོད་མཛད་པ། །དུས་གསུམ་སངས་རྒྱས་བླ་མའི་ཞབས་ལ་འདུད། །ཟབ་རྒྱས་དབྱེར་མེད་ཕ་རོལ་ཕྱིན་པའི་དོན། །གནད་རྣམས་འཐོར་ཞིང་ཞལ་གདམས་གབ་པ་རྣམས། །བྲི་སྣོན་མེད་པར་བླ་མའི་གསུངས་བཞིན་དུ། །རང་གཞན་རྣམས་ཕན་ཕྱིར་འབྲི་བར་བྱ། །ཤེས་རབ་ཕ་རོལ་ཕྱིན་འདི་ལ། །སྤྱི་དོན་རྣམ་པ་གསུམ་ཡིན་ཏེ། །ཁུངས་བཙུན་བརྒྱུད་པའི་ལོ་རྒྱུས་དང་། །དངོས་གྲུབ་འབྱུང་བའི་གདམས་པ་དངོས། །རྩིས་ཆེ་བཀའ་རྒྱས་གདབ་པའོ། །བརྒྱུད་པ་ལ་ཡང་གསུམ་དུ་འདོད། །རིང་བརྒྱུད་ཉེ་བརྒྱུད་ཤིན་ཏུ་ཉེ། །རིང་བརྒྱུད་ཤེས་རབ་ཐབས་གཉིས་སོ། །ཤེས་རབ་བརྒྱུད་ལ་ཡུམ་ཆེན་མོས། །སྒྲོལ་མ་སུ་ཀ་དམ་པའོ། །
གཉིས་པ་ཐབས་ཀྱི་བརྒྱུད་པ་ནི། །སངས་རྒྱས་སྨྲ་བའི་སེང་གེ་ལ། །ཨཱརྱས་བྱིན་རླབས་མི་ཕམ་མགོན། །བསོད་ནམས་བླ་མ་ལབ་སྒྲོན་མ། །ཁུ་སྒོམ་དོལ་པ་ཟང་ཐལ་དང་། །རྒྱ་ནག་རབ་སྟོན་ཟལ་མོ་བ། །རས་པ་དྷརྨ་བཛྲ་སྟེ། །ཐབས་དང་ཤེས་རབ་བརྒྱུད་པའོ། །གཉིས་པ་ཉེ་བརྒྱུད་བླ་མ་དེ། །མདོ་དང་རྒྱུད་སྡེ་ཐམས་ཅད་ནས། །བླ་མས་རྒྱས་པར་མིན་པར་གསུངས། །ཤིན་ཏུ་ཉེ་བརྒྱུད་རང་སེམས་ཡིན། །སེམས་རྟོགས་སངས་རྒྱས་ཡིན་ནོ་ཞེས། །འདའ་ཀ་ཡེ་ཤེས་མདོ་ལས་གསུངས། །དེ་རྣམས་བརྒྱུད་པའི་རིམ་པའོ། །གཉིས་པ་དངོས་གཞི་ལ་ཡང་གསུམ། །དབང་པོ་རབ་འབྲིང་ཐ་མའོ། །དབང་པོ་ཡང་རབ་གང་ཟག་དེ། །བདུད་ལ་ཆོས་ཀྱི་སྐུར་ལྟ་སྟེ། །དཔེར་ན་གསེར་གླིང་ཕྱིན་པ་ཡིས། །ས་རྡོ་བཙལ་གྱིས་མི་རྙེད་ལྟར། །དེ་བཞིན་མཉམ་ཉིད་ཆོས་དབྱིངས་ལ། །སྤང་བླང་གཉེན་པོ་མ་མཆིས་ཤིང་། །བདུད་ཅེས་བྱ་བ་ག་ལ་སྲིད། །རི་དང་ནགས་ཚལ་ཆུ་ཀླུང་སོགས། །དབེན་པ་བསྟེན་ཞིང་ལྡོམ་པའི་ཚེ། །རྣལ་འབྱོར་པ་ཡིས་ཉམས་སུ་བླང་། །འབྲིང་གིས་བདུད་ལ་སྤངས་པའི་བློ། །མི་བྱ་བསྲེས་ལ་སྒོམ་པ་ནི། །སྟོང་གསུམ་གང་བའི་བདུད་ཚོགས་རྣམས། །མཚོན་ཆའི་ཆར་པ་བབ་གྱུར་ཀྱང་། །བྱང་ཆུབ་སེམས་ལ་བཅད་དུ་མེད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ལ། །བདུད་ཀྱིས་ཚུགས་པ་ག་ལ་སྲིད། །སྐྱོབས་པ་ཤཱཀྱ་སེང་གེ་ལ། །བདུད་ཀྱི་དམག་ཚོགས་བྱུང་པའི་ཚེ། །བྱང་ཆུབ་སེམས་ཀྱིས་བྱིན་རླབས་ཀྱིས། །མཚོན་སོགས་མེ་ཏོག་ཆར་བབས་ནས། །གདུལ་བྱའི་སྲས་སུ་འགྱུར་བ་ཡིན། །དེ་བཞིན་བར་ཆད་འབྱུང་མི་སྲིད། །དེ་ཡང་འཕགས་པ་སྡུད་པ་ལས། །འདུ་ཤེས་རྣམ་པར་བཤིག་ནས་ནི། །སྤོང་བ་ཕ་རོལ་འགྲོ་ཞེས་གསུངས། །དབང་པོ་ཐ་མ་ལ་ཡང་གསུམ། །སྦྱོར་བ་དངོས་གཞི་རྗེས་ཀྱི་ཆོས། །སྦྱོར་བ་ལ་ཡང་རྣམ་པ་གཉིས། །ཉམས་སུ་བླང་བའི་རིམ་པ་དང་། །མགྲིན་པ་གནས་ཀྱི་མཚན་ཉིད་དོ། །དང་པོ་ཉམས་ལེན་ལ་ཡང་གསུམ། །ཚད་མེད་སེམས་བསྐྱེད་བྱ་བ་དང་། །བླ་མ་བསྒོམ་དང་གསོལ་བ་གདབ། །དང་པོ་གཉན་སར་འགྲོ་བའི་ཚེ། །གནོད་བྱེད་གཉན་སའི་གདོན་ཚོགས་ཀྱིས། །གཙོ་བྱས་མཁའ་མཉམ་མ་རྣམས་ཀྱི། །དོན་དུ་བདག་གིས་གཉན་ཁྲོད་དུ། །ཕྱིན་ལ་སངས་རྒྱས་ས་ལ་འགོད། །སྙམ་དུ་ཚད་མེད་སེམས་བསྐྱེད་བྱ། །གཉིས་པ་རང་གི་སྤྱི་གཙུག་ཏུ། །རྩ་བ་བརྒྱུད་པའི་བླ་མ་བསྒོམ། །རང་གི་ལུས་དང་ལོངས་སྤྱོད་ཀུན། །ལྟོས་པ་མེད་པར་ཕུལ་ནས་ཀྱང་། །གསུམ་པ་གསོལ་བ་གདབ་པ་ནི། །རྟོགས་པ་མཆོག་གྱུར་བསྐྱེད་དུ་གསོལ། །སྐྱེས་པ་གོང་ནས་གོང་དུ་འཕེལ། །འཕེལ་བ་མཐར་ཕྱིན་མཛད་དུ་གསོལ། །ཞེས་པའི་གསོལ་བ་རྒྱུན་དུ་གདབ། །གཉིས་པ་གནས་ཀྱི་མཚན་ཉིད་གསུམ། །རྫས་གཟུགས་འཆོལ་ས་མ་ངེས་སོ། །རྫས་ནི་རིན་ཆེན་འབར་བའམ། །བཀྲ་ཤིས་རྫས་བརྒྱད་ལ་སོགས་པའོ། །གཉིས་པ་གཅན་གཟན་གཟུགས་འདྲ་ཡི། །ཁ་འཛུམ་དག་ཏུ་ཉལ་བར་བྱ། །འདབ་ཆགས་འདྲ་བའི་སྙིང་ཁ་མནན། །སྦལ་པ་རུས་སྦལ་ལྕོང་མོའི་སྟེང་། །ཉ་ཡི་རྐེད་པ་སྦྲུལ་གྱི་མགོ །རྭ་ཅན་འདྲ་བའི་རྭ་ཁྲག་གོ །རྨ་བྱའི་མདོངས་དང་ཆུ་སྲིན་ཁ། །ཆུ་མིག་མགོ་དགུ་བདུན་ལྔ་གསུམ། །རིམ་པས་དམངས་བྲམ་ཟེ་རྒྱལ་རིགས། །རིགས་བཞིའི་ཀླུ་གནས་ཤིན་ཏུ་གཉན། །ཤིང་རྟེགས་པ་ཡི་ལྟེ་བ་དང་། །ཕ་ཝང་སྟག་སྦྲུལ་བྱ་ཕག་འདྲ། །གཉན་ཆེན་སྡེ་བཞི་གནས་པའི་སར། །ས་རལ་སྙེ་མ་འཁྱིལ་འདྲའི་སྤང་། །རི་བྲག་རུས་སྦལ་སྡིག་པའི་གཟུགས། །དེ་ནི་ས་བདག་གནས་ཡིན་ནོ། །བྲག་དམར་མི་རེངས་རལ་གྲི་འདྲ། །སྤྲེའུ་གདོང་འདྲ་ཁྲག་རལ་འདྲ། །ལམ་གྱི་འགག་ན་ཆུ་བྲག་འཐབ། །རྒྱ་གྲམ་དཀྱིལ་དང་དེ་རྣམས་བཙན། །ལྷ་ཁང་དུར་ཁྲོད་ཕྱུགས་ལྷས་དང་། །དཀོར་ཁང་ལམ་སྲང་དཀའ་ཐུབ་གནས། །ཁང་སྟོང་རོ་བསྲེག་ཚོང་དུས་དབུས། །ཐང་ཆེན་དཀྱིལ་དང་ཤིང་གཅིག་དྲུང་། །རིའི་སུལ་དང་རྒྱ་མཚོའི་འགྲམ། །དེ་རྣམས་ཉམས་བླང་གནས་སུ་ཤེས། །གསུམ་པ་མ་ངེས་འཆོལ་ས་ནི། །རྩུབ་པའི་འཇམ་པ་འཇམ་པའི་རྩུབ། །ཚང་ཚིང་ཕུག་དང་མེ་ཏོག་འཁྲུངས། །མདོར་ན་ཡིད་འོང་གནས་རྣམས་ཡིན། །གཉན་ས་སྟོད་སྨད་བར་གསུམ་ལ། །གང་ཉལ་ནོན་ཏེ་གཞན་མི་ནོན། །དེ་ལ་ཉེ་ཆུང་འཕར་མའི་ལུགས། །གནད་ཀྱི་གདམས་པ་འདི་ལྟར་བྱ། །རང་གི་ལུས་ནི་ཆེན་པོར་བསྒོམ། །དེ་ཡིས་གཉན་ས་ཁྱབ་པར་མནན། །ཉ་ཡི་སྐེད་ནས་བཟུང་བ་འདྲ། །ལྷ་འདྲེ་རྣམས་ཀྱིས་འཁྱོག་མི་ནུས། །དང་པོ་ཇི་ལྟར་ཉལ་བ་ལས། །ཚར་ཚད་མ་བྱུང་སྤོ་མི་བྱ། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །འདུག་ས་འདི་ལས་སྤོ་མི་བྱ། །ཞེས་པས་ངག་བརྗོད་ཡིད་ལ་བསམ། །དེ་ཡིས་ལྷ་འདྲེ་བྲོས་པ་དང་། །མགོ་བསྐོར་ཚར་ཚད་མི་འོང་གསུངས། །དེ་ནི་ཁྱད་འཕགས་གདམས་པའོ། །
གཉིས་པ་དངོས་གཞི་ལ་ཡང་དྲུག །བདུད་གཉིས་བཅད་དང་ཤ་ཁྲག་ཁྱེར། །ལྟ་བ་བཙལ་དང་གོལ་སྒྲིབ་བསྟན། །སྐྱབས་འགྲོ་ཉམས་བླངས་འབྲས་བུའོ། །དང་པོ་ལ་ནི་གཉིས་ཡིན་ཏེ། །ཐོགས་བཅས་དང་ནི་ཐོགས་མེད་དོ། །ཐོགས་བཅས་དབང་པོ་ལྔ་ཡིན་ཏེ། །མིག་གི་དབང་པོ་གཟུགས་ལ་ཐོགས། །དེ་བཞིན་རྣ་བ་སྣ་ལྕེ་ལུས། །ལུས་འདི་རེག་བྱ་དག་ལ་ཐོགས། །བསྡུས་པས་ཆགས་སྡང་གཉིས་ཡིན་ཏེ། །བུ་ནོར་ལ་སོགས་ཆགས་པའོ། །དགྲ་དང་གཅན་གཟན་མི་རྒོད་སོགས། །གནོད་ཅིང་འཚེ་བ་བྱུང་བའི་ཚེ། །ཤེས་རབ་ཕར་ཕྱིན་ཉམས་བླངས་ནས། །གང་གིས་ཀྱང་ནི་མི་ཚུགས་པས། །ང་ཡི་བླ་མ་གངས་བ་ལ། །དགྲ་ཡིས་གཤེད་མ་བཀྲལ་བྱས་ནས། །སྐུག་ཁ་གསུམ་དུ་ཚུད་པའི་ཚེ། །གཉིས་མེད་ཕར་ཕྱིན་ཉམས་བླངས་པས། །དཔོན་གཡོག་ཐམས་ཅད་མི་སྣང་གྱུར། །དགྲ་རྣམས་རེངས་རྒྱལ་ཤི་བ་བྱུང་། །གཅིག་པུར་གཉན་ཁྲོད་འགྲིམ་པའི་ཚེ། །སྤྱང་ཀི་མི་རྒོད་མི་ཚུགས་ཀྱིས། །ཐེ་ཚོམ་མེད་པར་ཉམས་སུ་ལོངས། །འདི་ནི་བྱིན་རླབས་བརྒྱུད་པ་ཡིན། །གཉིས་པ་ཐོགས་མེད་གཅོད་ལ་གསུམ། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །དང་པོ་ལ་ཡང་དྲུག་ཏུ་འདོད། །གཉན་ཐོག་གཉན་ནི་དབབ་པ་དང་། །མེ་བཙའ་ཨ་ན་ཚུགས་སུ་བཞག །གསུམ་པ་སྐྱབས་སུ་འགྲོ་བ་དང་། །སྐྱ་རེངས་སྐར་ཆེན་ཐིབས་འོག་གཞུག །ཉེ་རིང་སྤང་ཞིང་མཐའ་གཏད་དོ། །གཉན་གྱི་ཐོག་ཏུ་གཉན་དབབ་པ་ནི། །གཉན་ནི་དུག་ལྔ་དུག་གསུམ་དང་། །ལྷ་འདྲེའི་ཚོགས་རྣམས་ཐམས་ཅད་དོ། །དེ་ནས་སྐྱེ་མེད་ཡུམ་གྱི་དོན། །ཉམས་སུ་ལེན་པ་གཉན་ས་ཡིན། །ཅི་སྟེ་མཆོག་གནས་མཐར་ཐུག་ཡིན། །དབབ་པ་གཉན་སར་བྱོན་པས་སོ། །བདག་ཉིད་གཉན་སར་བྱོན་པའི་ཚེ། །གནས་རེངས་ཤེས་དང་འདུལ་བ་གཅེས། །མི་ཤེས་ཅོལ་ཆུང་བཞག་པ་མེད། །བློ་སྣ་མང་ལ་སྐོད་སྲན་ཆུང་། །བར་ཆད་བདུད་ཁྱེར་ཆོས་མ་དྲན། །དེ་གྲིབ་གནས་ལ་ཕོབ་པ་ཡིས། །སུས་སྡད་དེའི་དབང་དུ་འགྲོ། །གོས་ལ་ཞི་གནས་ལྡེངས་ལ་ཆགས། །རྨོངས་པ་གླེན་བསྒོམ་བྱེད་པས་བསྡད། །གྲིབ་ཕོག་སྡད་ཚད་དེ་དབང་འགྲོ། །དད་ལྡན་ཐོས་ཆུང་གོལ་ས་ཡོད། །དེ་སྤོང་གནས་རེངས་འདི་བཞིན་གདུལ། །སེམས་བསྐྱེད་གཉིས་མེད་ཡུལ་དོན་ལ། །སྐད་ཅིག་མ་ཡེངས་ནན་ཏན་བྱ། །མི་དེས་ཞག་ལྔ་བཅུ་ལ་སོགས། །ཇི་ཙམ་བསྡད་པ་བརྟགས་ནས་སུ། །གྲིབ་དེ་ངེས་བཟུང་ལམ་དུ་གཟུད། །དེས་ནི་སྲན་ཆུང་ཡབ་ཡེབ་ཞི། །རེངས་ཐུལ་ཡོན་ཏན་སྣ་ཚོགས་སྐྱེ། །གཉིས་པ་ཤ་ཐོག་མེ་བཙའ་ནི། །ཨ་ན་ཚུགས་སུ་བཞག་པའི་དོན། །དཔེར་ན་སྨན་པ་མཁས་པ་ཡིས། །ནད་པར་མེ་བཙའ་ཏོག་ཙེར་ཡར། །དེ་བཞིན་གང་གཉན་ས་དམིགས་དེར། །མགོ་གཏད་ཉལ་ནས་བསྡད་པ་ཡིས། །མ་བཟོད་ཆོ་འཕྲུལ་ཟིངས་ཀྱིས་འོང་། །གནད་ཡོད་དེ་ལྟར་ཡིན་པ་ལ། །གོ་བ་མེད་པར་སྙིང་ཁམས་ཆེ། །གདམས་ངག་མེད་པས་དུག་གསུམ་རྒྱས། །རང་གནོད་གདོན་རེངས་ལུས་ནད་འཕེལ། །མཛེ་དང་མི་མཐུན་ཕྱོགས་རྣམས་འཕེལ། །གདོན་རྣམས་རེངས་པའི་ཉེས་པ་དེ། །ཞི་བར་འདོད་པས་འདི་བཞིན་བྱ། །མཚན་ལྡན་བླ་མ་རིན་ཆེན་ལ། །མ་ཡེངས་གདུངས་བས་གསོལ་བ་གདབ། །ཉོན་མོངས་དུག་ལྔ་གང་སྐྱེས་ལ། །མི་སྤོང་ཤེས་པས་སྟོང་ཉིད་དུ། །མ་ཡེངས་ཉམས་སུ་བླང་པ་གཅེས། །དེས་ནི་དུག་གསུམ་དབྱིངས་སུ་གྲོལ། །གདོན་གྱི་ཆོ་འཕྲུལ་ཅི་བྱུང་ཡང་། །དེར་འཛིན་མེད་པས་ལྷན་གྱིས་ཞི། །གསུམ་པ་སྐྱབས་སུ་འགྲོ་བ་ནི། །གདོད་ནས་དག་པའི་ཆོས་སྐུ་དེ། །མ་བཅོས་དོན་གྱི་སངས་རྒྱས་ཡིན། །མ་སྤངས་དབྱིངས་སུ་གྲོལ་བའི་ཆོས། །མི་འབྲལ་བརྩོན་པ་དགེ་འདུན་ཏེ། །བླ་མེད་དཀོན་མཆོག་གསུམ་པོ་ལ། །ཕན་འདོད་ར་མདར་མ་སོང་བའི། །སྙིང་ནས་སྐྱབས་སུ་འགྲོ་བར་བྱ། །ལན་གསུམ་བྱེད་པ་གསུང་སྒྲོས་ཡིན། །བཞི་པ་སྐར་ཆེན་ཐིབས་འོག་ནི། །སྐར་མ་ཟླ་བ་མེས་ཁྱེར་རྣམས། །ཉི་མ་ཤར་བས་མི་སྣང་ལྟར། །དེ་བཞིན་མཉམ་ཉིད་དོན་རྟོགས་པས། །དཀར་བ་གཉེན་པོ་དགེ་བའི་སེམས། །ཆགས་པ་དེ་ཡི་རྒྱུན་རྣམས་སོ། །འཐིབས་འོག་ཆོས་སྐུའི་གནས་ལུགས་ཡིན། །དེ་རྟོགས་དགེ་བའི་སེམས་ལས་གྲོལ། །ནག་པོའི་སྡིག་པའི་སེམས་རྣམས་ཀྱང་། །སྐྱེ་འགག་མེད་པ་ཡུམ་གྱི་དོན། །འཁོར་འདས་མཉམ་པ་ཉིད་དུ་གྲོལ། །དེ་ལྟར་མ་རྟོགས་གང་ཟག་གིས། །སྐྱེ་འགག་མེད་པ་ཡུམ་གྱི་དོན། །ཉམས་ལེན་གཉེན་པོ་རེངས་པ་ཡིས། །ཉོན་མོངས་ཆོ་འཕྲུལ་གང་བྱུང་ལ། །གནད་ཀྱི་གདམས་པས་མ་ཟིན་པར། །མི་སྟོ་ཟེར་ཞིང་གར་དགར་བསྡད། །ཉོན་མོངས་ཆོ་འཕྲུལ་དཔག་མེད་རྒྱས། །ཆོས་མེད་གདོན་གྱི་དབང་དུ་སོང་། །སྨྲ་མཁས་ངན་སྤྱོད་སྣ་ཚོགས་བྱེད། །འཐས་པའི་ཉམས་ལ་ཞེན་ཅིང་ཆགས། །དེ་གྲིབ་གནས་ལ་ཕོག་པ་ཡིས། །བསྡད་ཚད་དེའི་གྲིབ་ཀྱིས་ཕོག །དེ་སེལ་བ་ཡི་གདམས་པ་ནི། །ཉམས་ལ་ཆགས་པ་དུག་གསུམ་ཡོད། །ཉམས་བཤིག་དོན་ལ་ངོ་སྤྲོད་པས། །འཐས་ཤིང་ཆགས་པའི་རྟོག་པ་དག །ལྷག་མཐོང་རྗེན་པའི་ཡེ་ཤེས་དེ། །རང་གི་སེམས་སུ་ད་གདོད་ཤེས། །བག་ཆགས་བཟང་ངན་དྲི་མ་བྲལ། །ཚོགས་གཉིས་དཔག་མེད་བརྒྱན་པ་ཡི། །འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ། །ལྔ་པ་ཉེ་རིང་སྤང་བ་ནི། །ལྷ་རུ་འཛིན་པ་རང་གི་སེམས། །སེམས་ནི་སྐྱེ་འགག་གཉིས་དང་བྲལ། །ཆོས་རྣམས་སྟོང་པ་ཉིད་དུ་ཤེས། །དེ་ལ་ཉེ་རྒྱུ་རྡུལ་ཙམ་མེད། །འདྲེ་རུ་འཛིན་པ་རང་གི་སེམས། །སེམས་ནི་དངོས་པོའི་མཚན་མས་སྟོང་། །དེ་ལ་རིང་རྒྱུ་ག་ལ་ཡོད། །དོན་གྱིས་ཉེ་རིང་ག་ལ་སྲིད། །ལྷ་མ་ཉེ་རྒྱུ་མི་འདུག་སྟོང་། །ཆོས་སྐྱོང་བདུད་དུ་བབས་པ་དང་། །ཁྱིམ་དུ་བསྡད་པས་འཆི་བར་འགྱུར། །འདྲེ་ལ་རིང་རྒྱུ་མི་འདུག་སྟེ། །གཉན་སར་ཕྱིན་པས་འཁྱེར་བ་སྟེ། །མི་འཁྱེར་བཞིན་དུ་སྔར་བས་བདེ། །དངོས་གྲུབ་ཀླུ་དང་བདུད་ལས་འབྱུང་། །ཡོན་བདག་བཙན་དང་རྒྱལ་པོས་བྱས། །དེས་ན་ཉེ་རིང་ཆགས་སྡང་སྤངས། །རྐྱེན་ངན་སྣ་ཚོགས་ཅི་བྱུང་ཡང་། །གྲོགས་སུ་འཁྱེར་བ་གདམས་པའི་མཆོག །
དྲུག་པ་གཉན་ཆེན་མཐའ་གཏད་ནི། །འབད་དེ་འདི་ལྟར་ཤེས་པར་གྱིས། །གཉན་ནི་ང་དག་བདག་ཡིན་ནོ། །མཐའ་ནི་ཁོའི་རང་བཞིན་སྟོང་། །གཏད་ནི་མཚན་ཉིད་རང་སར་གྲོལ། །དེ་ནི་སྤྱི་ཡིན་དབྱེ་ན་གསུམ། །ཕྱི་དང་ནང་དང་གསང་བ་སོགས། །ཕྱི་ལ་གསུམ་སྟེ་གདོན་བགེགས་གདུལ། །སྡང་བའི་དགྲ་འདུལ་སེམས་ཅན་སྐྱབས། །དང་པོ་ལ་ཡང་གསུམ་ཡིན་ཏེ། །ཏིང་འཛིན་ཕྲན་ཚེགས་དངོས་སུ་འདོད། །གཉན་སར་ཞག་གསུམ་ཉལ་བ་ཡིས། །མ་སློངས་གནད་བཞིས་བླང་བར་བྱ། །རྒྱུན་ཆད་མེད་པ་གསོལ་བ་གདབ། །བསྐྱེད་རིམ་ཆོས་ཉིད་དམིགས་པས་སློངས། །དང་པོ་ཏིང་འཛིན་མཐའ་གཏད་ནི། །ཆུ་མིག་ཁ་གཏིང་སྤོ་བ་དང་། །དཀྲུག་སློང་རྦབ་གཏོང་ཤིང་གཅོད་སོགས། །བྱས་པས་ཆོ་འཕྲུལ་ཟིངས་ཀྱིས་འོང་། །གཉིས་པ་ལ་སློངས་ཕྲན་ཚེགས་ནི། །ཆུ་ལ་ཁྲུས་བྱ་བཏུང་ཡང་བཏུང་། །ཤིང་གཅད་ན་རྐོ་བྲག་རྣམས་བརྡུངས། །དེ་ཡི་ཐམས་ཅད་སློངས་པར་བྱེད། །ཕྱིར་སློངས་ལྷ་འདྲེའི་ཆོ་འཕྲུལ་འོང་། །ནང་སློངས་ལུས་ཀྱི་ན་ཚ་འོང་། །གསང་སློངས་སེམས་ཀྱི་ཟུག་རྔུ་འབྱུང་། །ཆོ་འཕྲུལ་དེ་རྣམས་མ་སྙོལ་ན། །ཕྱི་སློངས་འདི་ལྟར་སྤྱད་པར་བྱ། །ཆོ་འཕྲུལ་ཐམས་ཅད་རང་སྣང་ཡིན། །སེམས་ནི་སྐྱེ་འགག་སྤྲོས་དང་བྲལ། །སྤང་བླང་གཉིས་མེད་རང་སར་གྲོལ། །དེ་ནས་ནང་སློངས་བཅད་པ་ནི། །ཐོག་མེད་དུག་ལྔའི་རྣམ་སྨིན་བསགས། །ན་ཚ་དུཿཁ་འཐས་རྣམས་ལངས། །སྤང་བླང་མི་བྱ་སྡིག་པ་རྣམས། །འདག་པའི་ཐབས་ཡིན་སྡིག་པ་སྒོམ། །དེས་ནི་ནང་སློངས་ཐམས་ཅད་དག །གསང་བ་སེམས་ཀྱི་ཟུག་རྔུ་སྟེ། །རང་བཞིན་གཅིག་ཀྱང་མ་གྲུབ་སྟེ། །ཟུག་རྔུ་དེ་ཉིད་སྟོང་པ་ཉིད། །སྐྱེས་པ་ཉིད་ནས་རང་བཞིན་མེད། །སློངས་རིགས་གང་དང་གང་བྱུང་ཡང་། །སློངས་ཆོད་དུས་གཅིག་འོང་པ་ཡོད། །སློངས་ནས་རྦད་ཀྱིས་ཆོད་པ་ཡོད། །སློངས་ནས་མ་ཆོད་རེངས་པར་ཡོད། །སློངས་རེངས་ཆོ་འཕྲུལ་མ་ཞི་ན། །ཆོ་འཕྲུལ་བྱུང་སྟོང་ཤེས་པས་གྲོལ། །འཐས་ནས་ཆོ་འཕྲུལ་མ་བྱུང་ན། །འདུག་ས་སྤོ་དང་ཁྱིམ་དུ་འགྲོ། །དེ་ནས་འོང་པས་ཆོ་འཕྲུལ་འོང་། །ཚར་ཚད་ཆོ་འཕྲུལ་འདྲེས་གྱུར་ན། །ཕྲན་ཚེགས་ལས་མཐའ་བྱ་བར་གསུངས། །
གསུམ་པ་དངོས་ཀྱི་མཐའ་གཏད་ནི། །གདོན་ནི་ཐེབས་གཅིག་ཐོན་ནས་ཡང་། །ཆོས་ཤོར་འདྲེ་ལངས་ལོག་བྱུང་ན། །གཉན་ས་ཆེན་པོ་དྲུག་བདུན་དུ། །ཕྱིན་ནས་བསྙེན་པ་བྱེད་པ་ཡིན། །དེ་ཡིས་གདེངས་དང་ལྡན་པར་འགྲོ། །དེ་ནས་རང་གནོད་སར་ཕྱིན་ཏེ། །སྙེམས་མེད་ཉམ་ང་བྲལ་བ་ཡིས། །ཤིང་གཅད་རྦབ་བསྐྱུར་ན་ཡང་རྐོ། །ཆུ་ནང་རྫས་དང་མཛེ་རོ་བསྐྱུར། །བཅག་དཀྲུགས་རྫས་རྣམས་སྔས་འོག་ཏུ། །བཅུག་ནས་ཉལ་བས་སློངས་པ་དང་། །ཆོད་ཚད་ཚར་ཚད་དུས་གཅིག་འོང་། །དེས་མ་ནོན་ན་ཕོ་བྲང་གདབ། །དེའང་ཕྱི་ནང་གཉིས་སུའོ། །ནང་དུ་ཕོ་བྲང་གདབ་པ་ནི། །རྟོག་པ་སྐྱེས་པས་རེངས་པ་ལ། །རྟོག་ཉིད་སྟོང་པ་ཉིད་དུ་ཤེས། །རང་རྟོག་དག་པས་ཐུལ་ཞེས་བྱ། །མ་འོངས་སྤྱོད་ལམ་ཐམས་ཅད་དུ། །སྐྱེ་འགག་མེད་པའི་ཕོ་བྲང་གདབ། །ཕྱིའི་ཕོ་བྲང་གདབ་པའི་དུས། །གདོན་རེངས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །དེ་དུས་འདི་ལྟར་འཐོར་བ་བསྡུ། །གཉན་སའི་སྟེང་དུ་སྦྲ་ཡང་གདབ། །ཉིན་མཚན་མེད་པར་ཉལ་ལ་བསྡད། །ལྟོ་བ་གཡོ་བ་གནད་དུ་ཆེ། །ཆོ་འཕྲུལ་སྣ་ཚོགས་བྱུང་བ་ལ། །མི་བསྒོམ་རྒྱང་བསྐྱུར་གློད་པས་ཞི། །དེས་ཀྱང་མ་ཞི་དཀྲུག་སློང་བྱ། །ཕན་འདོད་བསམ་པ་སྤང་བ་ཞེས། །ཆོ་འཕྲུལ་བརྒྱུད་མར་བྱུང་ན་ཡང་། །དངོས་ཀྱི་མཐའ་གཏད་བྱས་པས་ཞི། །གཉིས་པ་དགྲ་བགེགས་ཚར་གཅད་ནི། །བསྟན་འཇིག་སྐུ་དགྲ་བདག་ལ་སྡང་། །དེ་ཡི་མིང་རུས་ལིང་ག་གཟུགས། །བྱས་ལ་དགུག་འདྲེན་ཡིད་ཆེས་ཆེ། །གཉན་སར་གཅོད་བྱས་དམ་ལ་ཐོགས། །དབང་འདུས་ཚར་ཚད་བྱུང་ཚེ་གཏད། །གཏད་ཀྱི་མཆོག་ཡིན་ལོ་མི་འགོར། །རྗེས་ཉལ་ཚར་ཚད་བྱུང་ན་སློངས། །མ་སློངས་ཏིང་འཛིན་མཐའ་གཏད་བྱ། །དེས་ནི་ལེན་པ་ཐེ་ཚོམ་མེད། །གསུམ་པ་སེམས་ཅན་སྐྱབས་པ་ལ། །ནད་གསོ་ཚར་དབབ་གཉིས་སུ་འདོད། །དང་པོ་མཛེ་པོ་གསོ་བ་ནི། །ཞི་དང་དྲག་པོ་ཞི་མ་དྲག །ཞི་བ་གཉན་སར་མི་བསྒོམ་པར། །ཐ་མལ་ལྟ་བུར་བཞག་པར་བྱ། །ཞི་མ་དྲག་ལ་བྱམས་པ་དང་། །བླ་མ་ལ་ནི་གསོལ་བ་གདབ། །བ་སུ་ཀི་དང་ཆུ་གཏོར་གཏང་། །དྲག་པོའི་གནས་སྐབས་འདི་ལྟར་བྱ། །རང་གཞན་གློ་བུར་ན་བའི་ཚེ། །གང་ན་གཉན་སའི་སར་ཕྱིན་ལ། །ལུས་ཀྱི་ཤ་ཁྲག་དཔག་མེད་སྤྲུལ། །གནོད་བྱེད་གཙོ་བྱས་གདོན་ལ་བྱིན། །དེ་རྣམས་རྩེ་ཤིང་མགོ་ལ་བཀལ། །ནད་པ་ཤི་ན་གཉན་ཁྲོད་སར། །རོ་བསྲེགས་ཆུ་དཀྲུགས་དུད་ངན་གཏོང་། །དེ་བས་བདག་གི་འཕྲིན་ལས་བསྒྲུབས། །ཞེས་པས་ཁོ་ལ་མཐའ་གཏད་བྱ། །མི་གཙང་དུད་པ་བཏང་པ་དང་། །ལས་བཀྲུ་དྲི་མ་རྡོ་ཤིང་རྣམས། །ཆུ་མིག་ནང་དུ་བླུག་པ་སོགས། །མཐའ་གཏད་དྲག་ལ་མྱུར་བར་བྱ། །དེས་ནི་ཕན་ཡོན་རང་གནོད་འདྲེའི། །ཆོ་འཕྲུལ་གཉན་སའི་གནོད་ལ་ཕོག །རང་གདོན་མ་ཟུག་ཅུར་གྱིས་འཐོན། །རང་ལ་མི་གནོད་འདྲེ་གཉིས་ཞི། །ཡུམ་གྱི་བྱིན་རླབས་ཚར་ཚད་སླེབས། །མཐའ་གཏད་མ་བྱས་གཉན་ས་ཡི། །གཞི་བདག་མ་སློངས་རང་གནོད་རེངས། །དེས་ནི་བར་ཆད་འབྱུང་པ་ཡིན། །དང་པོ་གྲིབ་ཕོག་གདོན་ལངས་ཚེ། །མི་ཤེས་ཉེན་དུ་སོང་བ་ཡོད། །དེ་ནས་གཅོད་ཀྱི་གདམས་ངག་ལ། །བླ་མ་མཁས་པ་བསྟེན་པར་བྱ། །ཐེ་ཚོམ་ཡིད་གཉིས་བྲལ་བའི་ཚེ། །ཞེན་མེད་ལུས་སེམས་བསྐྱུར་ལ་བཏང་། །སྐད་ཅིག་དེ་ལ་འདྲེ་རྟོག་རྣམས། །ཚེགས་མེད་ཡུམ་གྱི་ངང་དུ་ཞི། །དེ་རྣམས་ནད་སེལ་ཕྱིའི་གནད། །བྱེ་བྲག་ཚ་གྲང་བད་ཀན་གསུམ། །སེལ་བའི་གདམས་པ་འདི་ལྟར་བྱ། །ནད་དང་སྡུག་བསྔལ་གང་ལ་ཡང་། །སྤང་བློ་མི་བྱ་ལས་ངན་རྣམས། །འཛད་པའི་ཐབས་ཡིན་བློ་སྦྱོང་བྱ། །ནད་རྣམས་འབྱུང་བའི་རྒྱུ་མཚན་ནི། །སེམས་དང་འབྱུང་བཞི་འཁྲུགས་པའོ། །ཞེ་སྡང་ཚད་པ་འདོད་ཆགས་གྲང་། །གཏི་མུག་བད་ཀན་ང་རྒྱལ་དུག །དེ་རྣམས་མྱུར་དུ་སོས་པའི་ཐབས། །དང་པོ་ཚད་པ་མེ་འབར་ལ། །བུར་འཆང་གཉིད་ལོག་ཉི་མ་བསྲོ། །གནོད་དོ་སྙམ་པའི་རྟོག་པ་ཀུན། །སྤངས་ཏེ་ཅི་ནུས་ཐོག་འགེལ་བྱ། །ཞེ་སྡང་ནད་དང་གདོན་རྣམས་ལ། །རང་བཞིན་མ་གྲུབ་ཡུམ་གྱི་དོན། །དེ་མཐོང་ནད་གདོན་ཀུན་ལས་གྲོལ། །གྲང་བའི་ནད་ལ་ཆུ་འཁྱགས་བཏུང་། །ཕོ་བ་ན་ན་གངས་ལ་རླན། །ཤི་ནུས་ཐོག་འགེལ་གནད་དུ་ཆེ། །བད་ཀན་ནད་རྒྱུ་སེམས་ལ་ཡོད། །སེམས་ཀྱི་རང་བཞིན་ཤེས་པ་དང་། །ཤི་མོད་སྙམ་པའི་ཁེལ་ཚན་གྱིས། །ནད་སོས་དངོས་གྲུབ་འབྱུང་བ་ཡིན། །ཆོད་དང་ཚར་བའི་ཚད་དུ་སླེབས། །ང་རྒྱལ་རྒྱུ་བྱས་དུག་གི་ནད། །འཇིགས་སུ་རུང་བའི་ཚད་པ་ཡང་། །མེ་སྟེང་ཆུ་འབབ་སོས་པར་འགྱུར། །དེའི་མཐུན་ཕྱོགས་བསིལ་གནས་སུ། །གངས་ཆུ་ལ་སོགས་བཏང་པར་བྱ། །གོང་མ་དེ་ལས་བཟློག་སྟེ་བསྒོམ། །ངའི་བླ་མ་གངས་པ་དེས། །ཞག་བདུན་བསྒོམས་པས་དུག་ནད་སོས། །ཚད་མེད་གསུངས་པས་ངེས་ཤེས་སྐྱེས། །དེ་ཡང་ཚར་དང་ཚད་དུ་སླེབས། །བུ་ཆུང་གསོ་ན་ཤ་ཁྲག་རྣམས། །གནོད་བྱེད་རྣམས་ལ་ཞེན་མེད་སྦྱིན། །ན་ན་གཉན་སར་མཐའ་གཏད་བྱ། །ཁྱད་པར་གོས་རྣམས་ཆུ་ལ་བཀྲུ། །རིལ་མ་མེར་བསྲེགས་མཛེ་ཀླད་སྦྱིན། །མཛེ་ཕོ་མཛེ་མོའི་མཆིལ་སྣབས་བླུད། །དེས་ནི་འཚོ་བར་ཐེ་ཚོམ་མེད། །ཚར་གཅད་བྱུང་ནས་ཁྱིམ་དུ་འགྲོ། །ཤིང་དང་ས་གཉན་ལོངས་སྤྱད་ན། །ཚར་ཚད་མ་བྱུང་བར་དུ་བསྡད། །དེ་ནས་ཤིང་གཅད་དེ་རྗེས་ཉལ། །དུལ་ནས་གནོད་པ་ཡོང་མི་སྲིད། །ཀླུ་ཆེན་གནས་སར་ཆར་པ་དབབ། །གཏོར་མ་ཆུ་གཏོར་དཀར་གསུམ་དང་། །མངར་གསུམ་བྱིན་ལ་ཆར་པ་བླང་། །དེས་མ་ཕེབས་ན་དྲག་པོས་དབབ། །མཛེ་ཁྲག་ཀླད་པ་དོར་རྟ་རྣམས། །བསྲེགས་ནས་ཆུ་མིག་ནང་དུ་བླུག །དྲག་ཆར་ཡུལ་གྲུར་ཕེབས་པར་འགྱུར། །སེར་སྤྲིན་ཕུལ་གདབ་དམིགས་པས་སྟོར། །དེ་རྣམས་གཞན་ཕན་རིམ་པའོ། །
གཉིས་པ་ནང་གི་མཐའ་གཏད་ནི། །གཉེན་པོ་བསྟེན་ཅིང་བཟང་པོ་རུ། །བཟུང་པ་དེ་ཉིད་སྒྲིམ་པ་ཡིན། །གཉེན་པོ་རྩ་བྲལ་རྟོགས་པ་འདི། །གདོད་ནས་དག་པའི་མཐའ་གཏད་ཡིན། །གཉིས་པ་དངོས་གཞི་ལ་ཡང་དྲུག །གཅད་བྱ་གསུམ་ལ་གཅོད་བྱེད་གསུམ། །གཅད་བྱའི་ཆོ་འཕྲུལ་ལ་ཡང་གཉིས། །སྤྱི་དང་བྱེ་བྲག་དག་ཏུ་འདོད། །སྤྱི་ནི་རྫི་གྲིབ་ཆོ་འཕྲུལ་གསུམ། །བདུད་གཉིས་ཉོན་མོངས་འདྲེ་སྟེང་རྫི། །དགའ་འཇམ་བདེ་བ་དཀར་འཁྲིའོ། །ཉོན་མོངས་བདུད་ནི་དུག་གསུམ་སྟེ། །རེ་རེ་ལ་ཡང་གསུམ་གསུམ་མོ། །དང་པོ་རྫས་དང་སེམས་ཅན་ནོ། །རྫས་ཀྱི་རྫི་ནི་ནོར་ལ་ཆགས། །གྲིབ་ནི་ནོར་ལ་བསྣབ་སེམས་བྱེད། །ཆོ་འཕྲུལ་རྐུ་དང་འཕྲོག་པའོ། །སེམས་ཅན་རྫི་ནི་ཡིད་གཡོ་བདེ། །གྲིབ་ནི་ལུས་ངག་ཆགས་པ་སྟེ། །ཆོ་འཕྲུལ་དངོས་སུ་སྤྱོད་པར་བྱེད། །ཞེ་སྡང་རྫི་ནི་ཅུང་ཟད་རྩུབ། །གྲིབ་ནི་ཚིག་རྩུབ་ལུས་ལ་བསྐྱེད། །ཆོ་འཕྲུལ་དངོས་སུ་འཐབ་དང་བརྡེག །གཏི་མུག་རྫི་ནི་ཤེས་པ་རྨོངས། །གྲིབ་ཀྱི་ཕྲ་རགས་མི་ཤེས་ཏེ། །ཆོ་འཕྲུལ་མི་ཤེས་དེ་དབང་འགྲོ། །
གཉིས་པ་ཐོགས་མེད་བདུད་ལའང་བཞི། །ཕོ་གདོན་མོ་གདོན་ལྷ་ཀླུའོ། །ཕོ་ནི་རྩུབ་རྒོད་དངོས་སུ་རྩུབ། །མོ་ནི་འཇམ་འཁྲི་འཁངས་གཅད་དཀའ། །ལྷ་ནི་བདེ་འཐིབས་ཡིད་གཡེངས་ཞེན། །ཀླུ་རིགས་ལྔ་ལ་གོང་བཞིན་དུ། །རྒྱལ་རིགས་འཐིབས་འཐས་གོང་དུ་འོང་། །རྗེ་རིགས་ཚ་ལ་རྩུབ་པ་འོང་། །དམངས་རིགས་གཡོ་བ་རླུང་སྟོད་བརྫངས། །བྲམ་ཟེ་ཆད་འདར་འདོད་ཆགས་སྐྱེ། །གྲང་བའི་ནད་རྣམས་ལྡང་བར་བྱེད། །གདོལ་པ་གྱེན་གཏུབ་ཤེས་པར་འཕྱོ། །རྒྱལ་པོ་བག་དྲང་སྙིང་མི་དགའ། །འཚིག་ཅིང་ཤེས་པ་དབང་མི་ཐོབ། །ཁྲོ་དང་བརྡིག་པ་དངོས་སུ་འོང་། །མི་གདོན་ཐུན་མོང་བྱིང་དང་འཚོམ། །གྲིབ་ཀྱིས་འདོད་ཆགས་རྟོག་པ་སྐྱེ། །ཆོ་འཕྲུལ་འདོད་ཆགས་དངོས་སུ་འོང་། །གདོན་རིགས་ཐམས་ཅད་ཤེས་པར་བྱ། །ཐ་མ་དག་འཇམ་དཀར་པོ་ལ། །འཁྲིས་པའི་རྫི་གྲིབ་ཆོ་འཕྲུལ་གསུམ། །རྫི་ནི་དགའ་ལ་ཡིད་གཏིང་བཅུ། །རྫི་གྲིབ་ཆོ་འཕྲུལ་ངོས་བཟུང་ལ། །དགེ་སྦྱོར་གནད་དུ་བསྣུན་པ་གཅེས། །གནད་དུ་མ་བསྣུན་གདོན་གྲིབ་འབྱུང་། །དེ་གྲིབ་གནས་ལ་ཕོག་པ་ཡིས། །དེར་སོང་ཞག་གི་དུས་སུ་ནི། །གྲིབ་དེ་སངས་ཞེས་བླ་མ་གསུངས། །དེ་རྣམས་གདོན་གྱི་ཡིན་མོད་ཀྱི། །ནངས་པར་མི་གཅིག་འོང་བ་ཡི། །དོ་ནུབ་གདོན་དང་ཉོན་མོངས་ཀྱི། །རྫི་གྲིབ་ཆོ་འཕྲུལ་སྣ་ཚོགས་འོང་། །ཡང་ན་ཉི་ཤར་མི་འོང་པའི། །ཐོ་རེངས་ནམ་ལངས་དུས་སུ་ཡང་། །གོང་བཞིན་ཉམས་སམ་དངོས་སུ་འོང་། །དེ་དུས་གང་བྱུང་ངོས་བཟུང་ལ། །དགེ་སྦྱོར་གནད་དུ་བསྣུན་པ་གཅེས། །དེའི་གནད་ཀྱིས་ཕྱི་དང་ནང་། །ཀུན་ལ་དེ་ལྟར་ཤེས་པར་བྱ། །གཉིས་པ་བྱེ་བྲག་མངོན་སུམ་གཟི་བྱིན་དང་། །རྨི་ལམ་གསུམ་དུ་ཤེས་པར་བྱ། །མངོན་སུམ་ཆོ་འཕྲུལ་འདི་ལྟར་འབྱུང་། །ཀླུ་རིགས་འཁོར་བཅས་ཆོ་འཕྲུལ་རྣམས། །རྒྱས་པར་གཞན་དུ་ཤེས་པར་བྱ། །འདིར་ནི་བསྡུས་ཏེ་བསྟན་པ་ནི། །བདུད་དང་སྲིན་པོ་ལ་སོགས་པའི། །ཕོ་བདུད་བྱེ་བ་དཔག་མེད་ཀྱིས། །རི་བོ་འཕང་ཞིང་ཉི་ཟླ་བརྡེབ། །མི་ནག་མིག་དམར་མཆེ་བ་གཙིགས། །རལ་པ་གྱེན་བརྫེས་མཚོན་བྱ་ཐོགས། །འཇིགས་པའི་གཟུགས་ཅན་མ་རུངས་པ། །གད་མོ་འབྲུག་ལྟར་ཆེམ་ཆེམ་སྒྲོག །ནད་ཡམས་ཁ་རླངས་རླུང་ལྟར་འཚུབ། །སེང་གེ་ཞོན་ནས་ཕྱོགས་བཅུ་རུ། །རྒྱུག་ཅིང་ཞགས་པ་དམར་ནག་འཕེན། །མ་རུངས་ལྕེ་སྤྱང་མགོ་དགུ་པ། །ཁ་ནས་མེ་འབར་རོལ་དུ་འཁྲིད། །སྡོམ་སྡིག་སྦལ་པ་ཆར་དུ་འབེབས། །གཤིན་རྗེའི་གཟུགས་ཅན་མ་རུངས་པ། །ལ་ལས་མིག་འབྱིན་མགོ་བོ་གཅོད། །ཡན་ལག་ནང་ཁྲོལ་སྙིང་སོགས་འཁྱེར། །ལ་ལས་རུས་མུར་ལྷ་བ་འཇིབ། །རིགས་གཅིག་སེམས་ལ་གནོད་པ་སྐྱེལ། །བདུད་མོ་བྱེ་བ་དུང་ཕྱུར་རྣམས། །མཛེས་པའི་ལྷབ་ལྷུབ་དར་གྱིས་བརྒྱན། །ཆགས་པའི་མདངས་ཅན་འཛུམ་བག་ཅན། །སྙན་པའི་གླུ་ལེན་དགའ་བའི་གཏམ། །སྣ་ཚོགས་སྒྲོག་ཅིང་ཤེས་པ་བསྒྱུར། །དྲི་མེད་ཚུལ་ཁྲིམས་འཕྲོག་པའི་གཟུགས། །དེ་སོགས་དངོས་སུ་འོང་པར་འགྱུར། །རིགས་གཅིག་ཌཱ་ཀིའི་གཟུགས་བཟུང་ནས། །རློམ་སེམས་བར་ཆད་བསྐྱེད་པའི་ཕྱིར། །ལུང་སྟོན་མང་པོ་བྱེད་པར་འགྱུར། །མོ་བདུད་མཆེ་གཙིགས་ཁྲོ་གཉེར་ཅན། །སྣ་ཚོགས་སྐད་འདོན་ཀུན་ལ་བསྡིགས། །ཚེ་སྲོག་སྐད་ཅིག་ཉིད་ལ་སྡུད། །དེ་སོགས་བསམ་གྱིས་མི་ཁྱབ་འབྱུང་། །གཉིས་པ་གཟི་བྱིན་བ་སྤུ་གཡོ། །ལུས་འདར་རྔུལ་གཡོ་འཕུར་ལ་ཁད། །དངངས་སྐྲག་སྐད་མི་ཐོན་པ་འོང་། །གསུམ་པ་བག་ཆགས་རྨི་ལམ་དུ། །བཟང་ངན་གཉིས་ཀྱི་ཆོ་འཕྲུལ་ཀུན། །གོང་འོག་གཉིས་ནས་བཤད་པ་ལྟར། །སྣ་ཚོགས་བརྗོད་ལས་འདས་པ་འོང་། །གཉིས་པ་གཅོད་བྱེད་རྣམ་གསུམ་པོ། །རབ་ཀྱིས་དྲན་མེད་ངང་དུ་གཅད། །ཆོ་འཕྲུལ་ངོ་བོ་སྐྱེས་པ་དང་། །སྟོང་པ་དུས་གཅིག་གྲོལ་བའོ། །འབྲིང་གི་ཆོ་འཕྲུལ་དེ་རང་ལ། །གཏད་པས་ཆོ་འཕྲུལ་རང་དག་གོ །ཐ་མས་ཆོ་འཕྲུལ་གང་བྱུང་ཡང་། །དཔེ་དོན་གཉིས་ཀྱིས་ཤེས་པར་བྱ། །ཁུག་སྣ་སྤྲིན་དང་ཆར་པ་གསུམ། །མཁའ་ལ་བྱུང་ཞིང་མཁའ་ལ་ཐིམ། །དེ་བཞིན་འདྲེར་འཛིན་འདྲེར་སྣང་ཀུན། །བྱུང་ཡང་སེམས་བྱུང་སེམས་ལ་ཐིམ། །སེམས་ཉིད་གདོད་ནས་དག་པ་འདི། །སངས་རྒྱས་བཟང་དུ་བཅོས་སུ་མེད། །བདུད་ཀྱིས་ངན་པར་བསྒྱུར་དུ་མེད། །སེམས་ནི་སྐྱེ་འགག་གསུམ་དང་བྲལ། །བྲལ་བའི་དོན་ཤེས་པར་གྱིས། །གསུམ་པ་རྗེས་ཀྱི་ཆོས་དྲུག་ལ། །ཆོད་དུས་ཆད་ཚད་ཚར་བའི་དུས། །ལྡོག་རྟགས་མི་ལྡོག་སྒོ་གཏན་དང་། །ལོག་ནོན་གཟེར་བུ་ལྟ་བུའོ། །དང་པོ་གཅོད་ནི་ཆོད་པའི་དུས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས། །ལུས་པོ་བཏེག་ནས་འཁྱེར་བ་དང་། །ཀླད་ནད་གཟེར་གྱིས་ན་བ་དང་། །སྙིང་ནི་བཅུར་གྱིས་བཏོན་པ་ལ། །ཉམ་ང་བག་ཚ་མི་འདུག་ན། །གཅོད་ནི་ཆོད་པའི་དུས་སུ་སླེབ། །གཉིས་ཆོད་ཚད་ཉམ་ང་བྲལ། །དངོས་སུ་འདྲེ་ནི་ཆེན་པོ་གཅིག །མགོ་ནས་ཆོམ་ཆོམ་ཟ་བ་དང་། །ཤ་ཟོས་རུས་པ་འཆོས་ཀྱང་རུང་། །ཉམ་ང་བག་ཚ་མི་འདུག་ན། །ཆོད་པའི་ཚད་ཡིན་ངོ་མཚར་ཆེ། །མདོར་ན་གཅེས་འཛིན་བློ་ཡིས་ཐོང་། །མཛེ་ཁྲེས་བཞིན་དུ་བསྐྱུར་ལ་ཞོག །ལུས་ཀྱི་གཅེས་འཛིན་བྲལ་ན་ཆོད། །ཚར་ཚད་ཆོ་འཕྲུལ་རང་ལ་ཞི། །གསུམ་པ་ཚར་ཚད་ལ་ཡང་དྲུག །མངོན་སུམ་གཟི་བྱིན་ཐུན་མོང་དང་། །དམ་ཐོགས་དབང་འདུས་ཁྱད་པར་རོ། །དང་པོ་དངོས་སུ་བརྡེགས་པ་དང་། །སྐྲ་ནས་འཐེན་དང་མེ་འབར་དང་། །མི་ལྟར་ཀྲོངས་ཀྱིས་བྱུང་ནས་སུ། །ལམ་ལོག་ཟེར་ནས་ཤེས་པ་བསྒྱུར། །དེ་འདྲའི་ཆོ་འཕྲུལ་སྣ་ཚོགས་ལ། །གདམས་པའི་དོན་དྲན་རང་ཞི་འོ། །གཉིས་པ་གཟི་བྱིན་གྱི་ཟིང་འཛུགས། །མཁའ་ལ་ཡེངས་ཁྱེར་བ་སྙམ། །དེ་ལ་གནད་གསུམ་གང་དྲན་ཡང་། །ཆོ་འཕྲུལ་དེ་མ་ཐག་ཏུ་ཞི། །ཡང་ན་འདི་ཉིད་ཉམས་སུ་བླང་། །ཆུ་ལ་ཁྲུས་བྱ་བཏུང་ཡང་བཏུང་། །གོས་ཕུད་གཅེར་བུ་བྱས་པ་ཡིས། །སྐྱི་ཟིང་གར་སོང་ཆ་ཡང་མེད། །ཤེས་པ་བག་དྲོ་ཉམས་དགའ་བ། །འབོལ་ཤིག་གེ་ལྷུག་པ་འབྱུང་། །དེ་ནི་དེའི་ཚར་ཚད་དོ། །
གསུམ་པ་ཐུན་མོང་ལ་ཡང་དྲུག །འདྲེས་པ་དབྱེ་བའི་གདམས་པ་དང་། །དངོས་གྲུབ་གདོན་ནད་ཐོན་པ་དང་། །ཆོ་འཕྲུལ་འདྲ་བའི་ཚར་ཚད་དང་། །ཚར་ཚད་འདྲ་བའི་ཆོ་འཕྲུལ་ལོ། །གཉན་སའི་འདྲེ་དང་རང་གདོན་འདྲེ། །བྱེ་བྲག་ཕྱེད་པ་ཤིན་ཏུ་གཅེས། །སྔར་གྱི་ཆོ་འཕྲུལ་མི་འགྱུར་བར། །བརྟན་པར་སོང་ན་རང་གནོད་འདྲེ། །ངོ་སྦས་འགྱུར་ལྡོག་མང་པོ། །ཆོ་འཕྲུལ་གང་སྟོན་རྟག་པ་གཅེས། །དེས་ནི་རང་གདོན་གཉན་སའི་གདོན། །ཆོ་འཕྲུལ་མ་ནོར་ཕྱེད་པ་ཡིན། །གཉན་སའི་ཆོ་འཕྲུལ་མ་བྱུང་བར། །རང་ལ་གནོད་པའི་ཆོ་འཕྲུལ་ནི། །ཆེན་པོ་བྱུང་ན་དེ་མི་གཉན། །སྲོད་ལ་གཉན་སའི་ཆོ་འཕྲུལ་འབྱུང་། །གནོད་པའི་ཆོ་འཕྲུལ་ནམ་སྨད་འབྱུང་། །གཉན་སའི་ལྷ་འདྲེ་འབྲིང་པོ་ཡིན། །གཉན་སའི་ཆོ་འཕྲུལ་ཉི་ཚེ་ལས། །གནོད་པ་གཅིག་ཀྱང་མ་བྱུང་ན། །ལྷ་འདྲེ་དེ་ནི་ཆེན་པོ་ཡིན། །དེ་རུ་གཅོད་མཁན་ཉལ་ལ་བསྡད། །ཀླུ་རིགས་གང་གནས་ཤེས་པར་བྱ། །རྒྱལ་རིགས་འཐིབས་ཤིང་གཏི་མུག་འདྲེ། །རྗེ་རིགས་ཚ་ཞིང་ཞེ་སྡང་ལ། །བྲམ་ཟེ་གྲང་ཞི་འདོད་ཆགས་ཁྲེ་ཁྲོ། །དམངས་རིགས་རྩུབ་ཅིང་ཕྲག་དོག་ཆེ། །གདོལ་པ་བྱིང་རྒོད་ང་རྒྱལ་ཁྲེ་ཁྲོ། །འཁྲི་པ་ལྔ་དང་གཅད་ཐབས་གཉིས། །རེ་རེར་བཅད་དང་བསྡོམས་ནས་གཅད། །དང་པོ་གང་ཡིན་ངོས་བཟུང་ལ། །རྒྱལ་རིགས་དུག་གིས་བྱིན་པ་དང་། །རང་གི་གཏི་མུག་བྱིང་པ་གཉིས། །མ་ནོར་བྱེ་བྲག་ཕྱེད་པ་གཅེས། །རང་བྱིང་ཉོན་མོངས་རྐྱེན་དབང་མིན། །དྲན་དང་ཤེས་བཞིན་ཉམས་བླང་གཅེས། །ཉོན་མོངས་བྱིང་པ་ཆོ་འཕྲུལ་མིན། །དེ་ལ་གཡེངས་པས་ཆོད་པ་ཡིན། །ཀླུ་རིགས་སོ་སོའི་དུག་ངོས་བཟུང་། །དེ་ལ་གནད་ཟིན་རང་སར་གྲོལ། །གཉིས་པ་བསྡོམས་ཏེ་གཅད་པ་ནི། །འཁྲིས་པའི་ཉོན་མོངས་དུག་ལྔ་སྟེ། །མ་སྐྱེས་དོན་ལ་ངོ་སྤྲད་པས། །ཆོས་ཉིད་ངང་དུ་ལྷན་གྱིས་ཞི། །གཅོད་ཆོད་ཚར་བའི་ཚད་དུ་སླེབ། །གཉིས་པ་དངོས་གྲུབ་འབྱུང་བ་ནི། །གཉན་སར་ཆོ་འཕྲུལ་སྣ་ཚོགས་འབྱུང་། །སྡོམ་དང་སྡིག་པ་སྦལ་བ་དང་། །སྲིན་དང་མི་ནག་འཇིགས་པའི་གཟུགས། །སྲིན་མོ་རལ་བ་བསིག་པ་དང་། །འདྲེ་ཚོགས་འདུས་ནས་འདྲད་པ་དང་། །སྲོག་ཆགས་ལུས་ལ་ཞུགས་པ་དང་། །སྙིང་བཏོན་དམར་ནི་ཙར་རེ་བ། །ལག་ཏུ་ཁྱེར་ནས་སོང་བ་དང་། །བཏེག་ནས་རྦབ་ཏུ་བསྐྱུར་བ་དང་། །སྡིག་པ་ལུས་ལ་ཞུགས་ནས་ནི། །རྭ་གཉིས་མཆན་ཁུང་དག་ཏུ་བཏོན། །སྦྲུལ་ནག་རྐང་པའི་མཐིལ་ནས་ཞུགས། །མགོ་བོ་ཚངས་པའི་བུ་གར་བཏོན། །དེ་འདྲའི་ཆོ་འཕྲུལ་བྱུང་བའི་ཚེ། །གཉིད་ནི་ཕྲད་ཀྱི་སད་པའི་དུས། །ཆོ་འཕྲུལ་རྟོག་དཔྱོད་མི་སེམས་པར། །ཆོས་ཉིད་རང་དུ་ལྷན་གྱིས་ཞི། །སྙེམས་མེད་ངང་དུ་ཉལ་བསྡད་པས། །བཟའ་རྒྱུ་འདྲེན་དང་ཆང་སྟེར་དང་། །དར་འདོགས་དགའ་ཚོར་བྱེད་པ་དང་། །རིན་ཆེན་ལ་སོགས་འབུལ་བའོ། །གསུམ་པ་སྡོམ་སྡིག་ལ་སོགས་པ། །ལུས་ལ་ཐོན་པ་ཚར་ཚད་ཡིན། །བཞི་པ་ལུས་ལ་རྣག་ཁྲག་འཛག །རྔུལ་ཐོན་ཁྲུས་བྱེད་ལ་སོགས་དང་། །ཁྱད་པར་ཉི་མ་ཤར་བ་དང་། །གྱེན་འགྲོ་ནམ་ལངས་ཁྲུས་བྱེད་པ། །དྲི་མེད་གོས་གོན་སྐས་ལ་འཛེག །ཁང་ཐོག་ཕྱིན་དང་གངས་རྩེར་ཕྱིན། །ནད་གདོན་ཚར་ཚད་ཡིན་ནོ་གསུངས། །ལྔ་པ་གྲི་མདུང་བརྒྱབ་པ་དང་། །མཛོ་གཡག་བརྡུངས་དང་གཅན་གཟན་རྨུགས། །ཆོ་འཕྲུལ་འདྲ་བའི་ཚར་ཚད་དོ། །ཚར་ཚད་འདྲ་བའི་ཆོ་འཕྲུལ་ནི། །ཁྲབ་གོན་བུ་རམ་སྟེར་ལ་སོགས། །དེ་ལ་ད་རུང་ཉལ་ལ་བསྡད། །བཞི་པ་དམ་ཐོགས་ཚར་ཚད་ནི། །སྙེམས་མེད་བསྐྱུར་ནས་ཉལ་བསྡད་པས། །ལ་ལ་ཕྱག་འཚལ་སྐོར་བ་བྱེད། །གུས་པས་ཆོས་ཞུ་བྱེད་ལ་སོགས། །སྐྱབས་འགྲོ་སེམས་བསྐྱེད་བྱེད་པ་དང་། །ཟ་ཁྲིམས་སྡོམ་པ་འབོགས་པ་རྨི། །ཕོ་བྲང་བཏབ་ནས་གཟིམས་ལགས་ན། །སྲོག་བསྔགས་འབུལ་བ་འོང་པ་ནས། །ལྔ་པ་དབང་འདུས་ཚར་ཚད་ནི། །སྲོག་བསྔགས་འབུལ་བའི་དུས་ཚོད་ན། །དུག་ལྔའི་དབང་དུ་མ་ཤོར་བར། །ཆོས་ཉིད་དོན་ལ་གནད་བསྣུན་པས། །དུག་ལྔ་ཚུར་ལ་དབང་དུ་འདུས། །མཆོག་དང་ཐུན་མོང་ཡོན་ཏན་རྣམས། །བསམ་གྱིས་མི་ཁྱབ་འབྱུང་བ་ནི། །དྲི་མ་མེད་པའི་ཤེས་རབ་ཀྱིས། །གཏི་མུག་ཆོད་པའི་ཡོན་ཏན་ནི། །ས་བདག་རྒྱལ་རིགས་མ་བསྐྲད་བྲོས། །མཁས་པའི་ཚོགས་རྣམས་དབང་དུ་འདུད། །ཉོན་མོངས་ཞེ་སྡང་རང་སར་གྲོལ། །རྗེ་རིགས་ནད་སོས་སྡང་པ་ཡི། །དགྲ་བོ་ཐམས་ཅད་དབང་དུ་འདུད། །ནང་དུ་ཆགས་པའི་སྲེད་པ་ཆོད། །བྲམ་ཟེའི་ནད་གྲོལ་བཙུན་པོ་འདུད། །བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས། །ང་རྒྱལ་གདོན་ནད་རང་སར་གྲོལ། །ཆེན་པོའི་རིགས་རྣམས་དབང་དུ་འདུད། །འཁོར་འདས་མཉམ་ཉིད་ཡེ་ཤེས་ཀྱིས། །ཕྲག་དོག་དམངས་རིགས་ནད་ལས་གྲོལ། །སྐྱེ་བོའི་ཚོགས་རྣམས་དབང་དུ་འདུ། །ཉོན་མོངས་དབང་དུ་མ་སོང་པར། །གཉེན་པོ་དུག་ལྔ་དབང་དུ་འདུས། །དེ་ཡིས་ཕྱི་རོལ་ཐམས་ཅད་གཡོ། །གསེར་དངུལ་ཟས་གོས་ལ་སོགས་པའི། །འཇིག་རྟེན་ནོར་རྫས་ཐམས་ཅད་དང་། །བསགས་པ་ཅན་རྣམས་དབང་དུ་འདུ། །ཡིད་ལ་ཅི་བསམ་ཀུན་འབྱུང་བའི། །དངོས་གྲུབ་ཐམས་ཅད་བྱུང་པའི་ཚེ། །དད་ཅན་དབུལ་ཕོངས་སེམས་ཅན་ལ། །ལྟོ་གོས་ཆོས་ཀྱིས་སྐྱོང་པ་གཅེས། །དེ་དང་དེའི་ཁྱད་པར་ཆོས། །ཉམས་སུ་བླངས་པའི་གདམས་ངག་དང་། །སོ་སོའི་ཚར་དང་ཚད་རེ་ཡོད། །དྲུག་པ་ཁྱད་པར་ཚར་ཚད་ལ། །དག་དང་མ་དག་མཆོག་དང་གསུམ། །དང་པོ་དག་པའི་ཚར་ཚད་ནི། །ཆོས་ཉིད་དོན་དེ་ཉམས་བླངས་པས། །ཐོག་མེད་དུས་ནས་བསགས་པ་ཡི། །ཤ་རྐང་བར་གྱི་ནད་གདོན་སློངས། །དེ་ལ་ལོག་ལྟ་མི་བྱ་བར། །བླ་མའི་བྱིན་རླབས་མཉམ་ཉིད་དོན། །རང་གི་བརྩོན་འགྲུས་གསུམ་པོ་དེས། །སློང་དཀའི་ནད་སློངས་མྱུར་འདག་པའི། །ཐབས་མཆོག་འདི་ལ་དགའ་བར་བྱ། །སློངས་པའི་ཆོ་འཕྲུལ་ཚར་བ་ལ། །དྲི་མ་དག་པའི་ཚད་དུ་སླེབ། །གཉིས་པ་མ་དག་ཚར་ཚད་ནི། །གཉན་སར་གཉེན་པོས་ཉམས་བླངས་པས། །ཆོ་འཕྲུལ་ཆེན་པོ་བྱུང་པ་ལ། །མི་བསྒོམ་བཞག་སྟེ་ཞི་བས་ཚར། །ཚད་ནི་མ་དག་དྲི་མའོ། །
གཉེན་པོས་བསྒོམ་དང་རྗེན་པར་སྒོམ། །རྗེན་སྒོམ་ཆོ་འཕྲུལ་ཆེ་བ་སྟེ། །དེ་སྟེང་གཉེན་པོས་བསྒོམས་པ་ཡིས། །ཆོ་འཕྲུལ་ཞི་བས་ཞི་བ་སྟེ། །ཞི་བ་དངོས་ནི་མ་ཡིན་གསུངས། །གསུམ་པ་མཆོག་གི་ཚར་ཚད་ནི། །སྙེམས་མེད་སྐྱེ་མེད་ཉལ་བསྡད་པས། །ཆོ་འཕྲུལ་དཔག་མེད་བྱུང་བ་དང་། །གཉན་ས་མ་འཁྲུལ་དེ་རང་ཤེས། །རང་གིས་གཅོད་བྱེད་སྙམ་པ་དྲན། །རྨི་ལམ་དུ་ཡང་སལ་གྱིས་ཟིན། །དེ་ཚེ་ཆོས་ཉིད་ཉམས་བླངས་པས། །ཆོ་འཕྲུལ་རང་སར་ཉལ་གྱི་ཞི། །གཉིད་ཀྱིས་མ་བསྒྲིབས་ཆོས་སུ་སོང་། །གཉིད་སད་དེ་ཀ་བཞིན་དུ་འདུག །བླ་མའི་བྱིན་རླབས་ཞུགས་པ་ཡིན། །བསོད་ནམས་བསགས་པ་ཡིན་པར་བཤད། །བཟླ་སུ་མི་རུང་གསང་པ་ཡིན། །དེ་ནི་ཚར་བའི་ཚད་ཡིན་གསུངས། །མཐར་ཕྱིན་མཆོག་གི་ཚར་ཚད་ནི། །ཆོ་འཕྲུལ་བྱུང་བའི་གཉན་ས་དེར། །འདྲེ་གདོན་ཡོད་པར་ཕོ་བྲང་གདབ། །ཉིན་མཚན་མེད་པར་ཉལ་ལ་བསྡད། །ལྷ་འདྲེའི་ཆོ་འཕྲུལ་ཆ་ལ་ཞི། །ལུས་ཀྱི་ན་ཚ་ཟུག་རྔུ་སངས། །སེམས་ཀྱི་ཟུག་རྔུ་ཉོན་མོངས་ལྔ། །གདོད་ནས་དག་པའི་ངང་དུ་ཞི། །གཉིས་མེད་ཡུམ་གྱི་ངང་དུ་དྭངས། །སྒྲིབ་མེད་གཡོ་མེད་དེ་ལ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་དུ། །རྟོགས་ལྡན་མཁས་པ་རྣམས་ཀྱིས་གསུངས། །དེ་ལྟར་ཉམས་སུ་བླངས་པ་ཡིས། །སྲོད་ལ་ཆོ་འཕྲུལ་བྱུང་ནས་ནི། །ཐོ་རངས་ཚར་བའི་རིགས་ཀྱང་ཡོད། །ནུབ་གཅིག་ཆོ་འཕྲུལ་སྣ་ཚོགས་བྱུང་། །ཕྱི་དེ་ནུབ་མོ་ཚར་བའང་ཡོད། །ཕལ་དུ་ཞག་གསུམ་དགོས་པ་འབྱུང་། །དེ་ཚད་ཐོག་ཏུ་ཕེབས་པ་ནི། །མང་པོའི་ཚོགས་སུ་འོང་བར་འབྱུང་། །ཚད་མེད་པ་ཡི་རིགས་ཀྱང་ཡོད། །བྱིན་རླབས་ཐད་ཀར་འོང་གིན་འདུག །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །རྟོག་པ་ཉམ་ང་མི་འདུག་ཀྱང་། །འདས་འདི་ལ་གཏད་པ་མེད། །སྙམ་པའི་ཁྱད་གསོད་མི་བྱ་བར། །གཉན་སར་ཆུ་སྦྱིན་གཏོར་མ་སོགས། །རང་གནོད་གཉེན་པོའི་ལྷ་འདྲེ་ཡིས། །གཙོ་བྱས་སེམས་ཅན་དོན་དུ་བྱ། །དེ་ལྟར་མ་བྱས་སྡོམ་གསུམ་དང་། །འགལ་བའི་ཉེས་པ་ཡོད་པས་སྤངས། །ཐབས་དང་ཤེས་རབ་བྲལ་གྱུར་ན། །ཉན་ཐོས་ཉིད་དུ་ལྷུང་ངོ་ཞེས། །བཅོམ་ལྡན་ཤཱཀྱ་ཐུབ་པས་གསུངས། །ཐབས་དང་ཤེས་རབ་སྐད་ཅིག་ཀྱང་། །མ་བྲལ་དོན་ལ་འབད་པར་བྱ། །
བཞི་པ་གཅོད་ལྡོག་དངངས་ནས་བྲོས། །བརྟག་དང་ལོག་པ་ཉིད་གསུངས་པ། །སྙིང་མི་དགའ་ཞིང་ཤེས་པ་འདར། །ཕར་ལ་འགྲོ་སྙིང་མི་འདོད་པར། །གནོད་འདྲེས་བསྒྱུར་དང་སྐལ་བ་མེད། །བྱེ་བྲག་ཕྱེད་པ་ཤིན་ཏུ་གཅེས། །ལོག་ལྟ་ང་ནི་འདྲེས་ཁྲིད་ཟེར། །བྲེད་ཅིང་དངངས་ཏེ་བསྐྲག་ནས་བྲོས། །གཅོད་ནི་ལོག་པ་བྱ་བ་ཡིན། །རིགས་གཅིག་ལ་ནི་འདི་ལྟར་འོང་། །ཐོས་བསམ་སྒོམ་པའི་ཉམས་ལེན་རྣམས། །བདག་དང་བདག་གིར་འཛིན་པ་ཡིས། །ཉོན་མོངས་གཉེན་པོར་མ་སོང་པར། །མཁས་རློམ་སེམས་ཅན་དུག་གསུམ་རྒྱས། །གཞན་མ་ཁྱད་བསད་བླ་མ་དང་། །ཆོས་ལ་མ་གུས་ཐེ་ཚོམ་ཟ། །དེ་ཡིས་གཉན་ཁྲོད་ཕྱིན་པ་ཡིས། །ནད་གདོན་ཐམས་ཅད་ལངས་ནས་བྲོས། །བསྔངས་སྐྲག་གཞན་པས་ཆེ་བ་འབྱུང་། །ཆོས་མེད་ནེ་ཙོ་འདྲ་བ་དེས། །དམ་ཆོས་རེངས་སར་བྱས་པ་ཡིས། །ཉེས་པས་དེ་འདྲ་དཔག་མེད་འབྱུང་། །
ལྔ་པ་མི་ལྡོག་སྒོ་གཏན་ནི། །ཡས་ཀྱིས་མ་ལེགས་སྲད་མ་བྱས། །ཞག་ནི་བདུན་ནམ་བཅུ་གཅིག་ན། །བཙན་ཏོགས་ཀླད་ནད་གཟེར་གྱིས་འཆི། །དེ་བས་ལོག་ལ་གཅོད་ལ་སོང་། །བསྐྱར་ནས་གཉན་སར་ཕྱིན་པ་ཡིས། །གོམས་དང་ཡུམ་གྱི་བྱིན་རླབས་ཀྱིས། །དེ་མ་ཐག་ཏུ་ཆོ་འཕྲུལ་ཞི། །རང་སེམས་སྐྱེ་མེད་གདེངས་དང་ལྡན། །བཏུད་དེ་དེ་ལ་ནན་ཏན་བྱ། །འཆི་བས་མི་རྫི་ངོ་མཚར་ཆེ། །དཔེར་ན་སྒོ་གཏན་བསྡམས་པ་འདྲ། །
དྲུག་པ་ལོག་ནོན་གཟེར་བུ་ནི། །གཅོད་ཀྱི་ལས་མཐའ་རྣམ་གསུམ་སྟེ། །ཡ་ནི་ང་བ་ང་ཐོག་བཏང་། །སྐྱུག་ནི་བྲོ་བ་བྲོ་ཐོག་བཏང་། །འཇིགས་པ་འཇིགས་ཐོག་ཉིད་དུ་བཏིང་། །དང་པོ་གག་ལྷོག་ལ་སོགས་རིམས། །ནད་ངན་སྣ་ཚོགས་གཅོད་པ་ལ། །གསེབ་ཏུ་འགྲོ་དུས་ཡ་ང་བ། །འགོས་སུ་སྙམ་པའི་སེམས་བྱུང་ན། །ནད་པ་དེ་དང་ཁ་ཡང་བསྲེ། །མལ་དུ་ཉལ་དང་དྲི་སྣོམ་བྱ། །སྣ་ནི་དྲིའི་སྒོ་ཡིན་ཏེ། །དེ་སྟེང་སྟོང་པ་ཉིད་དུ་བསྒོམ། །སྙེམས་རྟོག་མ་ཆོད་བར་དུ་བྱ། །རྟོག་པ་ཆོད་དང་བྱིན་རླབས་ཞུགས། །རྣམ་རྟོག་ཡུམ་གྱི་ངང་དུ་ཞི། །འགོས་དང་མི་འགོས་རྩིས་ལས་འདས། །དེ་རྟོགས་ནད་རྣམས་འགོས་མི་སྲིད། །ཚད་མེད་སྙིང་རྗེ་ཆེན་པོ་ཡིས། །ནད་པ་རྣམས་ལ་ཕན་འདོགས་བྱ། །གཉིས་པ་སྐྱུག་བྲོ་གཅད་པ་ནི། །མཛེ་པོའི་ཕོ་བྲང་ཡུགས་དང་ཉམས། །མི་གཙང་སྣ་ཚོགས་བྱུང་དོགས་ལ། །དེའི་སྙེམས་རྟོག་གཅད་པ་ནི། །སྐྱུག་བྲོ་རང་གི་སེམས་སུ་ཤེས། །སེམས་ཀྱིས་དེ་ཉིད་མཐོང་བ་ཡིས། །སྐྱུག་བྲོ་མི་གཙང་ཐམས་ཅད་ཀྱང་། །སྤང་མ་དགོས་པར་གཉིས་མེད་དག །སྐྱེ་འགག་བྲལ་བའི་ཡུམ་དང་འཕྲད། །མི་གཙང་ཡུམ་གྱི་ངང་དུ་ཞི། །
གསུམ་པ་འཇིགས་པ་འཇིགས་ཐོག་བཏང་། །འདྲེའམ་ཕྱོགས་འཇིགས་པའི་གཟུགས། །གཅན་གཟན་མ་རུངས་པ་ལ་སོགས། །འཇིགས་པ་སྐྱེས་ན་དེ་ཐོག་བསྐྱུར། །ཕར་ལ་བཏུད་དེ་བསྲེས་པ་ཡིས། །བར་ཆད་མི་འབྱུང་ཡོན་ཏན་འཕེལ། །དེ་རྣམས་རྩ་བའི་འཕྲིན་ལས་ཡིན། །བྱེ་བྲག་མཐའ་ཡས་གསུངས་མོད་ཀྱང་། །ཆགས་ལ་འདྲེ་བྱུང་འདྲེ་འོང་པའི། །མི་དེ་རང་ལག་ལེན་གཞོལ། །ལམ་ཆེན་རྒྱ་གྲམ་དཀྱིལ་དུ་བཙོ། །ཞོ་ཤིའི་འོ་མ་ཐབ་ཏུ་བརྡེག །ཚོན་མ་ལུད་ན་ཐབ་ལན་བྱ། །སྲེའུ་ཕྲིན་ལས་མཎྜལ་བྱ། །རྡེ་ཤིང་རྣམ་ཐར་བྱིན་རླབས་གདགས། །ན་ན་མཛེ་སྐྲའི་སྲུང་བ་བྱ། །དེས་མ་ཐུབ་ན་མཛེ་ཀླད་ལྡག །སེར་བ་བྱུང་ན་སེར་རྐང་གི །སྟེང་དུ་སྐྱེ་མེད་བསྒོམས་པས་ཐུབ། །མི་གཙང་འགོ་འམ་གདོན་གནོད་ལ། །མཛེ་པོའི་གསེབ་ཏུ་ཉལ་བར་བྱ། །ཕུར་ཁ་གནོད་ན་གཏོར་བཏེགས་འོག །ཀླུ་ཆེན་མཛེ་བསེན་རྒྱལ་པོ་གནོད། །ཀླུ་ཆེན་གནས་པའི་ས་རུ་ཉལ། །བསེན་མོ་གནོད་ན་ཕུག་སྟོང་སྟེ། །འགོང་མོ་གནོད་ན་མཛེ་སྐྲས་དཀྲི། །དེས་མ་ཐུབ་ན་མཛེ་ཀླད་བྱུག །དེ་རྣམས་མཛད་པའི་འཕྲིན་ལས་སོ། །
གཉིས་པ་ཤ་འཁྱེར་ཁྲག་འཁྱེར་ནི། །གཉན་སར་ཆོ་འཕྲུལ་མ་བྱུང་ན། །བཞག་པའི་ཆོད་དེ་བསྒོམ་མི་དགོས། །ཆོ་འཕྲུལ་སྣ་ཚོགས་བྱུང་བའི་ཚེ། །སྙེམས་ཐག་བཅད་དེ་ལུས་འདི་ལ། །ཕ་རོལ་ཕྱིན་དྲུག་རྫོགས་པ་ཡི། །ལག་ལེན་འདི་ལྟར་ཤེས་པར་བྱ། །ཕུང་པོ་ཞེན་མེད་བསྒྱུར་བ་འདི། །སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །སྡུག་དང་མ་འདྲེས་ཚུལ་ཁྲིམས་དེ། །ཡ་ང་མེད་པས་བཟད་པའོ། །མྱུར་དུ་བཏོང་བས་བརྩོན་འགྲུས་ཡིན། །དེ་ལ་མ་ཡེངས་བསམ་གཏན་ཏེ། །དེ་རྣམས་རང་བཞིན་མ་གྲུབ་པར། །ཤེས་པས་ཤེས་རབ་ཕར་ཕྱིན་ཡིན། །དུས་དང་གནས་སྐབས་ཐམས་ཅད་དུ། །ལུས་སེམས་གཉིས་ཀྱི་ཞེན་པ་འདི། །ལྟས་མེད་གཏིང་ནས་བསྐྱུར་བ་ན། །ཕོ་བདུད་བྱེ་བ་དུང་ཕྱུར་གྱིས། །མགོ་ནས་ཟ་དང་རྐང་ནས་འཆང་། །ནང་ཁྲོལ་ཆུ་སེར་ཁྲག་ལ་སོགས། །དངོས་སུ་ཟ་བའི་ཆོ་འཕྲུལ་ཀུན། །སྣ་ཚོགས་བྱུང་ཡང་མི་དགའ་བ། །སྐད་ཅིག་ཙམ་ཡང་མི་འདུག་ན། །ཐེག་ཆེན་ཆོས་རྣམས་གོ་བ་ཡིན། །སྲུང་སེམས་མེད་པ་གནད་དུ་ཆེ། །ཆགས་ཐོག་བྱུང་ན་སྦྱིན་པ་མིན། །སྙེམས་ཆོད་ཞེན་པའི་སེམས་དང་ཕྲོལ། །འཕངས་བློའི་འཁྲིས་དེ་ཆོད་པ་ན། །ལུང་སྟོང་བསྐྱུར་བའི་རོ་བཞིན་དུ། །བེམ་དང་སུམ་དང་རུས་པ་ལ། །རོ་མྱགས་དྲི་ལོག་འདམ་དང་མཚུངས། །ཤ་ཁྲག་རུས་པ་སོ་སོར་གྱེས། །རུས་པ་སྔོ་ཧམ་ཐི་བའི་མདོག །མཐོང་ན་འཇིགས་ཤིང་ཡ་ང་བ། །དད་ཅན་དབང་མེད་ཡིད་ཀྱང་འབྱུང་། །དེ་ལ་ཆགས་ཤིང་ཞེན་པ་ཡི། །མི་ནི་གཅིག་ཀྱང་མི་འདུག་ན། །དེ་དང་རང་ལུས་བསྲེས་ལ་བསྐྱུར། །འཁྲིས་སེམས་གཅིག་ཀྱང་མི་འདུག་ན། །ཞེན་མེད་ལུས་ཐོངས་ཚད་དུ་སླེབས། །མི་འཁྱེར་སྙམ་པའི་ངན་གོམས་ལ། །ཕན་དུ་རེ་བ་ཆགས་པ་ཡིན། །ཆགས་མེད་སྙེམས་བྲལ་ཁྲེས་ཀྱིས་སོང་། །དྲི་མེད་ཕན་པའི་སེམས་དང་ལྡན། །དེ་ནི་གནས་སྐབས་འབྲས་བུའོ། །སེམས་དང་ནམ་མཁའ་བསྲེས་དང་འདྲེས། །རང་སེམས་ཞེན་མེད་མཁའ་དང་མཉམ། །སྤྲིན་མེད་ནམ་མཁའི་ཆོས་སྐུ་ཐོབ། །གཞན་སྣང་གཟུགས་སྐུ་རྣམ་གཉིས་འབྱུང་། །ཡང་ན་འདི་ལྟར་ཉམས་སུ་བླང་། །སྤྱི་གཙུག་བླ་མའི་ཐུགས་ཀ་ནས། །འོད་ཟེར་བྱུང་བས་རང་ལུས་འདི། །ཆེ་ཞིང་རྒྱས་པས་རང་ལུས་ཁྱབ། །གང་ལ་གང་འདོད་སྤྲུལ་ནས་ཀྱང་། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན། །མདུན་དུ་བཀུག་ཅིང་བོས་ནས་ནི། །ཆགས་མེད་རང་ལུས་སྦྱིན་པར་བཏང་། །ཟོས་འཐུང་ཚིམ་ཞིམ་རྒྱས་པ་ཡིས། །འཁོར་བ་ཐོག་མ་མེད་པ་ནས། །ལན་ཆགས་ཇི་སྙེད་ཡོད་པ་རྣམས། །བྱང་ཞིང་དག་པར་གྱུར་པར་བསམ། །དཔེར་ན་རྒྱལ་པོ་བྱམས་པ་ཡིས། །གནོད་སྦྱིན་ཤ་ཟ་སྤུན་ལྔ་ལ། །རང་གི་ཤ་བྱིན་སྨོན་ལམ་གྱིས། །འབྲེལ་བ་བཞག་པས་འཁོར་དུ་འདུས། །དེ་བཞིན་རང་ལ་གནོད་པ་ཡི། །ལྷ་འདྲེས་གཙོ་བྱས་བགེགས་ཚོགས་ལ། །གཅེས་འཛིན་མེད་པར་རང་ལུས་སྦྱིན། །རང་གིས་དགེ་སྦྱོར་བྱས་པ་རྣམས། །ཐམས་ཅད་ཁོང་གི་དོན་དུ་བྱ། །དག་པའི་སྨོན་ལམ་གདབ་པ་གཅེས། །མདོར་ན་དབང་པོ་རབ་འབྲིང་གསུམ། །གཉན་སར་དགེ་སྦྱོར་བྱེད་པའི་ཚེ། །སེམས་བསྐྱེད་ཚད་མེད་བཞི་པོ་དང་། །དངོས་གཞིའི་དོན་བསྒོམ་དེ་རྗེས་སུ། །བསྔོ་བ་བྱེད་པ་གནད་དུ་ཆེ། །ཁྱད་པར་ཚར་ཚད་བྱུང་ནས་སུ། །འགྲོ་བའི་དུས་སུ་སྨོན་ལམ་དང་། །བསྔོ་བ་བྱ་བ་མཆོག་ཏུ་བསྔགས། །གསུམ་པ་ལྟ་བའི་མཐར་ཐུག་ནི། །ཚོལ་བ་པོ་ཡིས་བཙལ་བའི་དོན། །ནད་གདོན་རྟོག་པ་རྣམ་གསུམ་པོ། །དང་པོ་ནད་དེ་ལུས་སེམས་གཉིས། །གང་ལས་བྱུང་བ་འདི་ལྟར་བརྟག །ལུས་ནི་རོ་ཡིན་བེམ་པོ་ལ། །ན་རྒྱུ་གཅིག་ཀྱང་མི་འདུག་ན། །སེམས་ནི་མཁའ་ཡིན་ན་རྒྱུ་མེད། །གདོན་ནི་རང་གི་རྟོག་པས་བརྟགས། །བྱེད་མཁན་རྩ་བ་རང་སེམས་ཡིན། །སེམས་སུ་མ་ཤེས་བདུད་དུ་བྱུང་། །སེམས་ནི་ཁ་དོག་དབྱིབས་མ་གྲུབ། །སེམས་ལ་རྒྱུ་རྐྱེན་ངོས་བཟུང་ཀུན། །མ་གྲུབ་ལྟ་བ་གཏན་ལ་ཕེབས། །དེ་ལྟར་རྟོགས་པའི་དོན་དེ་ལ། །སྐྱེ་འགག་གནས་གསུམ་བྲལ་བ་ཡིན། །དེ་ཡིས་སྒོམ་པ་གཏན་ལ་ཕེབས། །སྤྱོད་ལམ་རྣམས་བཞི་ཐམས་ཅད་དུ། །བྱ་བ་བྱེད་པ་གང་ལ་ཡང་། །སྐྱེ་འགག་བྲལ་བའི་ཆོས་ཉིད་ལ། །མ་ཡེངས་སྤྱོད་པ་འདི་ལྟར་རོ། །མཐར་ཐུག་དོན་ལ་སངས་རྒྱས་དང་། །འཁོར་བར་འཁྱམ་རྒྱུ་མ་རྙེད་ཅིང་། །རེ་དོགས་བྲལ་བས་འབྲས་བུ་མཆོག །དོན་རྟོགས་བཟང་ངན་རྟོགས་པ་ཡིས། །མོ་བསྐྱོད་དགེ་མེད་སྡིག་མེད་དོ། །དེ་ལ་གཞི་ལམ་འབྲས་བུ་གསུམ། །གཞི་ནི་རང་བཞིན་རྣམ་དག་ཁམས། །དེ་ལ་སྤང་བླང་མ་གྲུབ་པས། །གཞི་ནི་དགེ་མེད་སྡིག་མེད་དོ། །ལམ་ནི་ཉོན་མོངས་སྟེང་དུ་བསྒོམ། །ལམ་ཡང་མེད་པར་གྲོལ་བ་ཡིས། །ལམ་ལ་དགེ་སྡིག་མེད་པའོ། །ལམ་གྱི་དུས་ཀྱི་གཡའ་གཅིག་པོ། །དུས་དེར་རྣམ་དག་གྲོལ་བ་ཡིས། །འབྲས་བུ་དགེ་མེད་སྡིག་མེད་ཡིན། །དཔེར་ན་མཁའ་ལ་རྫས་མི་ཆགས། །དེ་བཞིན་སེམས་ཉིད་སྟོང་པ་ལ། །དགེ་སྡིག་བག་ཆགས་གནས་པ་དང་། །ཆགས་པའི་ས་ནི་མ་གྲུབ་པའོ། །དེས་ན་གནས་ཀྱང་ཆོས་ཉིད་དོ། །ཤར་ཡང་ཆོས་ཉིད་རང་ལ་ཤར། །གྲོལ་ཡང་ཆོས་ཉིད་རང་ལ་གྲོལ། །དེ་དོན་དམིགས་མེད་ཕྱག་རྒྱ་ཆེ། །གདོད་ནས་རྣམ་དག་ལྷུན་གྲུབ་བོ། །བཞི་པ་དེ་ལྟར་གཅོད་བྱེད་ལ། །གོ་སྒྲིབ་གནས་ལུགས་བསྟན་པ་ནི། །སྡིག་པ་མི་འཛེམ་བསོད་སོགས་གོལ། །དེ་ནས་དང་པོ་སྡིག་ལས་བཟློག །བར་དུ་དགེ་བ་དམན་ལས་བཟློག །ཐ་མར་ཀུན་ལས་བཟློག་པའོ། །དང་པོ་སྡིག་པ་མི་དགེ་བཅུ། །ལུས་གསུམ་ངག་བཞི་ཡིད་གསུམ་མོ། །ལུས་ཀྱི་གསུམ་ནི་སྲོག་གཅོད་དང་། །མ་བྱིན་ལེན་དང་འདོད་ལོག་གོ །སྲོག་གཅོད་གསུམ་ནི་འདོད་ཆགས་དང་། །ཞེ་སྡང་གཏི་མུག་སྲོག་གཅོད་དོ། །མ་བྱིན་ལེན་གསུམ་གཡོ་སྒྱུ་དང་། །མཐུ་སྟོབས་འཇབ་བུས་ལེན་པའོ། །འདོད་ལོག་གསུམ་ལ་བདག་པོས་བཟུང་། །དེ་བཞིན་ཁྲིམས་དང་རིས་ཀྱིས་སོ། །ངག་བཞི་རྫུན་དང་ཕྲ་མ་དང་། །ངག་འཁྱལ་དང་ནི་ཚིག་རྩུབ་བོ། །རྫུན་ལ་གསུམ་སྟེ་ཕན་པ་དང་། །གནོད་དང་ཕན་གནོད་མེད་པའོ། །ཕྲ་མ་བཙན་ཕྲ་གཞོགས་ཕྲ་དང་། །ལྐོག་ཕྲ་དང་ནི་རྣམ་གསུམ་མོ། །ངག་འཁྱལ་གསུམ་ནི་འཇིག་རྟེན་དང་། །ལོག་ལྟ་དང་ནི་ཡང་དག་གོ །ཚིག་རྩུབ་རྒྱུ་དང་ལན་དུ་རྩུབ། །ཡོན་ཏན་བལྟས་ཏེ་རྩུབ་པའོ། །ཡིད་ཀྱི་གསུམ་ནི་བརྣབ་སེམས་དང་། །གནོད་སེམས་ལོག་པར་ལྟ་བའོ། །བརྣབ་སེམས་གསུམ་ནི་རང་ལ་བརྣབ། །གཞན་དང་གཉིས་ཀ་ལ་བརྣབ་པའོ། །གནོད་སེམས་གསུམ་ལ་ལོག་ལྟ་དང་། །ཕྱོགས་སུ་གནག་དང་སྡོང་ཟླ་ཚོལ། །ལོག་ལྟ་གསུམ་ལ་རྟག་ཆད་ལ། །སོ་སོ་ཡིས་ནི་སྐྱེ་བོར་འདོད། །སྲོག་གཅོད་གཏི་མུག་སྡིག་པོ་ཆེ། །མ་བྱིན་བླ་མ་དཀོན་མཆོག་དཀོར། །རྫུན་ལ་མི་ཆོས་བླ་མ་དེ། །ཚིག་རྩུབ་བླ་མའི་གདོང་ཟློག །ཕྲ་མ་སློབ་དཔོན་དགེ་འདུན་དབྱེན། །ངག་འཁྱལ་དཀོན་མཆོག་མི་བདེན་ཟེར། །ཆགས་སེམས་བླ་མ་དཀོན་མཆོག་རྫས། །གནོད་སེམས་བླ་མ་དགེ་འདུན་གནག །ལོག་ལྟ་ཐེག་ཆེན་སྐུར་འདེབས་སོ། །དེ་ལྟར་མི་དགེ་བཅུ་སྤྱད་པས། །མཐོང་དང་མ་མཐོང་འབྲས་བུ་འབྱུང་། །ལུས་ཀྱི་མི་དགེ་གསུམ་སྤྱད་པས། །མཐོང་ཆོས་འབྲས་བུ་ཚེ་ཐུང་ཞིང་། །མ་མཐོང་ཚ་བའི་དམྱལ་བར་སྐྱེ། །ངག་གི་མཐོང་ཆོས་ངག་མི་བཙུན། །མ་མཐོང་གྲང་བའི་དམྱལ་བར་སྐྱེ། །ཡིད་ཀྱི་མཐོང་ཆོས་སེམས་ངན་ཞིང་། །མ་མཐོང་འབྲས་བུ་ཡི་དྭགས་སྐྱེ། །སྨྱོ་འབོག་ཅན་དུ་སྐྱེ་བར་འགྱུར། །སྡིག་བཟློག་དགེ་བཅུ་སྤྱད་པར་བྱ། །ལུས་ཀྱི་མི་དགེ་གསུམ་སྤངས་ནས། །དགེ་བ་གསུམ་པོ་སྤྱད་པ་ཡིས། །མཐོང་ཆོས་ཀུན་གྱི་ཡིད་དུ་འོང་། །མ་མཐོང་མཚན་བཟང་དཔེ་བྱད་ཐོབ། །ངག་གི་དགེ་བ་བཞི་སྤྱད་པས། །མཐོང་ཆོས་འབྲས་བུ་ཀུན་གྱིས་ཉན། །མ་མཐོང་གསུང་དབྱངས་དྲུག་ཅུར་ལྡན། །ཡིད་ཀྱི་དགེ་བ་གསུམ་སྤྱད་པས། །མཐོང་ཆོས་ཏིང་འཛིན་ལས་སུ་རུང་། །མ་མཐོང་ཏིང་འཛིན་དཔག་མེད་ཐོབ། །དེ་ཡང་རྒྱལ་བའི་ཡུམ་ལས་གསུངས། །བདག་ཀྱང་སྲོག་གཅོད་སྤང་པར་བྱ། །གཞན་ཡང་སྲོག་གཅོད་སྤོང་ལ་བསྐུལ། །དེ་དག་ལེགས་པ་བརྗོད་པར་གསུངས། །གཉིས་པ་དེ་ལས་བཟློག་པ་ནི། །འཇིག་རྟེན་ཁེ་གྲགས་དགེ་བ་དང་། །ལུས་ངག་དམན་དང་སྡིག་འབྲེལ་ལོ། །ལུས་ཀྱི་དམན་ས་ལུས་བདེ་རེ། །ངག་གི་དམན་ས་ངག་བཙུན་རེ། །སེམས་ཀྱི་དམན་ས་རེ་དགོས་སོ། །མདོར་ན་ལན་རེ་འཇིགས་སྐྱོབས་དང་། །འཇིག་རྟེན་ཆོས་བརྒྱད་དགེ་བ་སྤངས། །འོ་ན་དགེ་སྦྱོར་གང་སྤྱོད་ན། །ཆོས་གསུམ་ལྡན་པས་བསྒྲུབ་པར་བྱ། །སྦྱོར་བ་ཚད་མེད་སེམས་བསྐྱེད་བཞི། །དངོས་གཞི་ཕ་རོལ་ཕྱིན་དྲུག་སྟེ། །རྗེས་ནི་བསྔོ་བ་རྣམ་དག་གོ །དངོས་གཞི་ལ་ཡང་དོན་བརྒྱད་དེ། །ཕ་རོལ་ཕྱིན་དྲུག་དབྱེ་བསྡུ་དང་། །མི་མཐུན་ཕྱོགས་དང་དགོས་པ་དང་། །ཉམས་སུ་བླང་ཐབས་གནད་སོང་སློངས། །ལམ་དུ་ཆུ་དང་དབང་འདུས་ལུགས། །གནས་སྐབས་མཐར་ཐུག་འབྲས་བུའོ། །དང་པོ་དབྱེ་བ་བསྡུ་ན་གསུམ། །ཐབས་ཀྱི་ཕ་རོལ་ཕྱིན་པ་དང་། །གྲོགས་དང་ཤེས་རབ་ཕ་རོལ་ཕྱིན་ནོ། །བཞི་ཐབས་གཅིག་ནི་ཤེས་རབ་སྟེ། །བརྩོན་འགྲུས་གཉིས་ཀའི་གྲོགས་སུ་འདོད། །རྒྱས་པར་ཕ་རོལ་ཕྱིན་དྲུག་ལ། །རེ་རེ་ལ་ཡང་གསུམ་གསུམ་མོ། །སྦྱིན་པ་གསུམ་ནི་གཏོང་བ་དང་། །ཡོངས་སུ་གཏོང་དང་གཏོང་བ་ཆེ། །གཏོང་བ་རྫས་དང་ལོངས་སྤྱོད་ཡིན། །ཡོངས་སུ་གཏོང་བ་ཆུང་མ་བུ། །གཏོང་བ་ཆེན་པོ་རང་གི་ལུས། །འདི་དང་ཤ་འཁྱེར་ཁྲག་འཁྱེར་སྦྱར། །གཞན་དོན་བཏང་པས་བསོད་ནམས་ཚོགས། །ལུས་ཞེན་མེད་པས་ཡེ་ཤེས་ཚོགས། །ཚོགས་གཉིས་རྫོགས་པས་སྐུ་གཉིས་ཐོབ། །ཚུལ་ཁྲིམས་གསུམ་ནི་སྡོམ་པ་དང་། །དགེ་བ་ཆོས་སྡུད་སེམས་ཅན་དོན། །བཟོད་གསུམ་སྡུག་བསྔལ་དང་དུ་ལེན། །ཇི་མི་སྙམ་དང་ཆོས་ལ་དམིགས། །བརྩོན་པ་ལེ་ལོ་མེད་པ་སྟེ། །འགྲུས་པ་ཉམས་ལེན་རྒྱུན་དུ་བསྲིང་། །ངང་དལ་སྦུགས་སུ་ཚུད་པར་བྱེད། །བསམ་གཏན་ཐབས་དང་ཤེས་རབ་དང་། །ཟུང་འཇུག་དང་ནི་གསུམ་དུ་འདོད། །ཤེས་རབ་ཐོས་བསམ་སྒོམ་གསུམ་མོ། །གསུམ་པ་དགོས་པ་གང་ཞེ་ན། །སྦྱིན་པ་སེར་སྣའི་གཉེན་པོ་སྟེ། །ཚུལ་ཁྲིམས་འཆལ་བའི་གཉེན་པོ་ལ། །བཟོད་པ་ཁོང་ཁྲོའི་གཉེན་པོར་འདོད། །བརྩོན་འགྲུས་ལེ་ལོའི་གཉེན་པོ་སྟེ། །བསམ་གཏན་གཡེང་བའི་གཉེན་པོ་ལ། །ཤེས་རབ་རྨོངས་པའི་གཉེན་པོར་འདོད། །བཞི་པ་ཉམས་སུ་བླང་ཐབས་ནི། །ཕ་རོལ་ཕྱིན་དྲུག་རེ་རེ་ལ། །དྲུག་ལྡན་ཉམས་སུ་བླང་བྱ་སྟེ། །དང་པོ་སྦྱིན་པ་ལྟ་བུ་ལ། །སེར་སྣ་མེད་པར་གཏོང་བ་ནི། །སྦྱིན་པ་སྦྱིན་པའི་ཕ་རོལ་ཕྱིན། །སྡིག་དང་མ་འདྲེས་ཚུལ་ཁྲིམས་ཡིན། །དཀའ་བ་བཟོད་པས་བཟོད་པའོ། །རྩེ་གཅིག་གཏོང་པས་བསམ་གཏན་ཏེ། །ཕྱི་བཤོལ་མེད་པར་བརྩོན་འགྲུས་ལ། །ལྔ་པ་སློངས་ནི་ཉོན་མོངས་དང་། །ལས་ངན་མ་ལུས་སློངས་འགྱུར་ཏེ། །སྦྱིན་པ་གནད་དུ་སོང་བ་ཡིས། །དབུལ་བ་དང་ནི་ཕོངས་འབྱུང་པ། །ཁྲིམས་ཀྱིས་ཉོན་མོངས་ཆོལ་གྱིས་སྐྱེ། །བཟོད་པ་གནད་སོང་ཁྲོ་འཁྲུགས་འབྱུང་། །བརྩོན་འགྲུས་གནད་སོང་ལེ་ལོ་འབྱུང་། །བསམ་གཏན་གནད་སོང་རྟོག་སྤྲུན་སྐྱེ། །ཤེས་རབ་གནད་དུ་སོང་བའི་རྟགས། །བརྗེད་ངས་མི་ཤེས་པ་དག་འོང་། །སྦྱིན་སློངས་གཟུགས་ཅན་སྙིང་པོ་ཡིས། །སྦྱིན་པ་བཏང་བས་ལྟོགས་གྲིར་ཤི །ཚུལ་ཁྲིམས་སློངས་ནི་པུ་ཏོ་བའི། །སློབ་མ་སྣེ་ཟུར་ཆེན་པོ་ལ། །མཆེད་མོ་བཞིའི་བུད་མེད་དང་། །སྐུར་བ་བཏབ་པ་ལྟ་བུའོ། །སྔོན་བྱུང་ཤཱཀྱ་ཐུབ་པ་ལ། །བྲམ་ཟེའི་བུ་མོ་དྲེགས་བྱེད་མས། །གཞོང་པ་ལྟོ་བར་བཅིངས་ནས་ནི། །སྐུར་པ་བཏབ་པ་ལྟ་བུའོ། །
དྲུག་པ་ལམ་དུ་གཟུད་པ་ནི། །རང་ཁ་མའི་ཉོན་མོངས་དང་། །སློངས་པའི་ཉོན་མོངས་རྣམ་པ་གཉིས། །བླ་མ་མཁས་པས་རབ་བརྟགས་ལ། །རང་ཁ་མའི་ཉོན་མོངས་དེ། །གནད་དུ་བཙུད་ནས་བསྒོམས་པས་ཞི། །སློངས་པའི་ཉོན་མོངས་དེ་ཉིད་ནི། །དེ་རང་ཉམས་སུ་བླངས་པས་ཞི། །སློངས་སུ་ཤེས་པས་གྲོལ་བར་འགྱུར། །བསོད་ནམས་བསགས་པ་ཡིན་ཞེས་བརྗོད། །དགའ་བློ་སྐྱེས་པས་གྲོལ་བར་འགྱུར། །དེས་ན་བླ་མ་མཁས་པ་བསྟེན། །བདུན་པ་དབང་དུ་འདུས་ལུགས་ནི། །སྦྱིན་སློངས་སེར་སྣ་ཆོད་པ་ཡིས། །ཕྱུག་པོའི་ལོངས་སྤྱོད་དབང་དུ་འདུ། །ཚུལ་ཁྲིམས་སློངས་འཆལ་དག་པ་ཡིས། །བཙུན་པ་ཁྲིམས་ཡོད་འདུ་བར་འགྱུར། །བཟོད་སློང་ཁོང་ཁྲོ་ཆོད་པ་ཡིས། །མཐུ་ཆེན་མ་རུངས་དབང་དུ་འདུ། །བརྩོན་འགྲུས་ལེ་ལོ་ཆོད་པ་ཡིས། །བརྩོན་འགྲུས་རྩོམ་པའི་བློ་ཅན་འདུ། །བསམ་གཏན་སློངས་ཀྱི་གཡེང་བ་ཆོད། །མི་འཁྲུག་གཡེང་བ་ཅན་རྣམས་འདུ། །ཤེས་རབ་སློངས་ཀྱིས་རྨོངས་པ་ཆོད། །དེ་ཡིས་ཤེས་རབ་ཅན་རྣམས་དང་། །གཏི་མུག་ཅན་རྣམས་དབང་དུ་འདུ། །བརྒྱད་པ་འབྲས་བུ་ལ་ཡང་གཉིས། །གནས་སྐབས་དང་ནི་མཐར་ཐུག་གོ །དང་པོ་མི་ནོར་དཔག་མེད་འབྱུང་། །དེ་དུས་ཟང་ཟིང་མི་གཡེངས་པར། །ཆོས་ཉིད་རྩི་ཡིས་ཟིན་པར་བྱ། །གཡེངས་ན་ཆོས་ཤོར་བདུད་ཡིན་གསུངས། །འདུས་ཚད་འཕུང་པས་བདུད་ཅེས་བྱ། །བདུད་མེད་ཆོས་ཀྱིས་འདུས་པ་ན། །མི་དང་མི་མ་ཡིན་རྣམས་འདུ། །དེ་དུས་རློམ་སེམས་མེད་པ་དང་། །རང་འདོད་མེད་པས་གཞན་དོན་བྱ། །གཉིས་པ་མཐར་ཐུག་འབྲས་བུ་ནི། །བྱང་ཆུབ་སེམས་ཀྱིས་ཟིན་བྱས་ནས། །ཕ་རོལ་ཕྱིན་པ་དྲུག་སྤྱད་པས། །བསོད་ནམས་ཚོགས་ཀྱི་བྲེ་ཁ་ཁེངས། །ལམ་ལྔ་ས་བཅུ་མ་ལུས་བགྲོད། །རང་གཞན་དོན་རྣམས་མ་ལུས་གྲུབ། །དེས་ན་བདག་འཛིན་དང་བཅས་པའི། །དགེ་བ་ཀུན་ལས་བཟློག་བྱ་སྟེ། །དེ་སྐད་དུ་ཡང་ཡུམ་ལས་ནི། །བྱིན་པ་རློམ་སེམས་སུ་མི་བྱེད་དོ། །ཞེས་གསུངས་ཟག་མེད་དགེ་བ་ཡིས། །འཁོར་གསུམ་ཡོངས་སུ་དག་ལ་འབད། །ཐ་མ་ཀུན་ལས་བཟློག་པ་ནི། །སྡིག་པ་ངན་པར་ལྟ་བ་དང་། །དགེ་ལ་བཟང་པོར་ལྟ་བ་ཡི། །རྟོག་པ་ཆགས་སྡང་གཉིས་ཡིན་ཏེ། །གཉིས་སྣང་དྲི་མེད་དོན་མི་རྟོག །དེས་ན་གཉིས་མེད་ཡེ་ཤེས་ཀྱིས། །བཟང་ན་རྟོག་པ་ཀུན་ལས་སྒྲོལ། །མཐར་ཐུག་དོན་ལ་འཁོར་བ་དང་། །མྱ་ངན་འདས་པ་མ་གྲུབ་སྟེ། །ཡོད་མེད་བཟང་ངན་སྐྱེ་འཆི་དང་། །དགག་སྒྲུབ་རེ་དོགས་ཀུན་ལས་གྲོལ། །སྒྲིབ་པ་ལྟ་བའི་མཐའ་ལ་ཞེན། །གནས་ལུགས་བཟང་ངན་རྟོག་པ་རྣམས། །ཡིད་ལ་མི་བྱེད་རང་སར་གྲོལ། །འདི་ལ་གོལ་ས་ཡོད་སྙམ་ན། །ངོ་བོ་ཉིད་ཀྱིས་དག་པའི་དོན། །དེ་ནི་གོལ་མ་གོལ་ལས་གྲོལ། །རྟོགས་མ་རྟོགས་ཀྱི་ཁྱད་པར་ལ། །གོལ་སྒྲིབ་གཉིས་སུ་སྣང་བའོ། །ལྔ་པ་སྐྱབས་འགྲོ་བྱིན་རླབས་ནི། །སེམས་བསྐྱེད་ལ་སོགས་གནས་ལུགས་ཀྱི། །གདེངས་དང་ལྡན་པས་བྱའོ། །སྐྱབས་འགྲོ་ཐུན་མོང་ཁྱད་པར་ལས། །འདི་ནི་ཁོ་ན་ཉིད་ཀྱིའོ། །གཞན་དོན་ནད་གདོན་གསོ་ལ་སོགས། །གང་བྱེད་བདག་གཞན་ནད་གདོན་ཞི། །མ་གྲུབ་སྟོང་པ་ཉིད་དུ་བསམ། །དེ་ལྟར་ཉམས་སུ་བླངས་པ་ལས། །བར་ཆད་བདུད་རྣམས་མི་འབྱུང་སྟེ། །བདེན་པའི་བྱིན་གྱིས་རླབས་ཀྱིས་ནི། །མེ་དཔུང་ཞི་ཞིང་མི་ལྡོག་པའི། །ལུང་བསྟན་ཡིན་པར་ཤེས་པར་བྱ། །ཉིན་མཚན་ཤེས་རབ་དོན་ལ་ལྟ། །བདུད་ཀྱིས་གླགས་རྙེད་མི་འགྱུར་གསུངས། །
དྲུག་པ་འབྲས་བུ་ལ་ཡང་གཉིས། །ཐུན་མོང་དང་ནི་མཐར་ཐུག་གོ །ཚངས་པ་བརྒྱ་བྱིན་ལ་སོགས་པའི། །སྟེང་གི་ལྷ་རྣམས་དམ་ལ་ཐོགས། །འདོད་ཡོན་ལྔ་པོ་ཆར་དུ་འབེབས། །བདག་གི་ཕྲིན་ལས་སྣ་ཚོགས་སྒྲུབས། །ཉིན་མཚན་མེད་པར་མཆོད་པ་ཡི། །ཚོགས་རྣམས་མ་ལུས་འབུལ་བར་བྱེད། །དགའ་བོ་འཇོག་པོ་ལ་སོགས་པའི། །འོག་གི་ཀླུ་རྣམས་དམ་ལ་ཐོགས། །གསེར་དངུལ་རིན་ཆེན་སྣ་ཚོགས་ཀྱིས། །རྣལ་འབྱོར་ཞབས་འབྲང་ཞབས་ཏོག་བྱེད། །སེར་དབབ་གཅད་གཏད་ལ་སོགས། །བདག་གིས་ཅི་བཅོལ་ཐམས་ཅད་ཀུན། །གུས་པའི་ཚུལ་གྱིས་ཉན་པར་བྱེད། །སེམས་ཉིད་ལས་སུ་རུང་གྱུར་ཅིང་། །ཡེངས་མེད་སྒྲུབ་པའི་གང་ཟག་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་གིས། །མ་རྣམས་བུ་ལ་བརྩེ་བ་ལྟར། །གཡེལ་བ་མེད་པར་སྤྲིན་ལྟར་འཐིབས། །ཐོགས་བཅས་ཆགས་སྡང་བདུད་ཆོད་པས། །དགྲ་སྡང་མེད་པ་བདེ་ཆེན་ངང་། །ཐོགས་མེད་སྙེམས་ཀྱི་བདུད་ཆོད་པས། །གནོད་སྦྱིན་ཕོ་མོས་ཅི་དགོས་བསྒྲུབ། །ནད་དང་མི་གཙང་མི་ཚུགས་ཤིང་། །གཞན་གྱི་སྡུག་བསྔལ་གྲོལ་བར་བྱེད། །རང་ཉིད་མཐོང་ངམ་ཐོས་གྱུར་ཚེ། །སྐྱེ་འགྲོ་ཐམས་ཅད་དགའ་ཞིང་འདུན། །
ལྔ་པ་མཐར་ཐུག་འབྲས་བུ་ནི། །གདོད་ནས་དག་པའི་སངས་རྒྱས་དེ། །བླ་མས་ངོ་སྤྲད་ཉམས་བླངས་པས། །འཁོར་བར་འཁྱམས་བྱེད་ཉོན་མོངས་རྣམས། །མཁའ་ལ་འཇའ་ཚོན་དྭངས་པ་བཞིན། །རྟོག་པ་ཆོས་ཀྱི་དབྱིངས་སུ་ཐིམ། །མཐར་ཐུག་འབྲས་བུ་ཆོས་སྐུ་ལ། །སྔོན་གྱི་སྨོན་ལམ་སེམས་བསྐྱེད་དང་། །ཚོགས་གཉིས་བསགས་པས་གཟུགས་སྐུར་འཆར། །དེ་ནི་ནོར་བུ་དཔག་བསམ་ཤིང་། །འགྲོ་རྣམས་དགོས་འདོད་ཆར་བཞིན་འབེབ། །རྒྱལ་པོ་ལོངས་སྤྱོད་རྫོགས་པ་ཡི། །བདེན་པ་མཐོང་བ་གཅིག་གནས་ནས། །བཟུང་སྟེ་ས་བཅུ་ཤེས་བྱ་ཡི། །སྒྲིབ་པ་ཅན་རྣམས་མཆོག་ལ་འགོད། །སྤྲུལ་སྐུའི་འགྲོ་བ་སེམས་ཅན་ལ། །གང་ལ་གང་འདུལ་དཔག་མེད་ཀྱིས། །འཁོར་བའི་རྒྱ་མཚོ་མ་སྟོངས་བར། །གཞན་དོན་དཔག་མེད་འབྱུང་བར་འགྱུར། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །དེ་རྣམས་མཐར་ཐུག་འབྲས་བུའོ། །གསུམ་རྩིས་ཆེའི་བཀའ་རྒྱ་ནི། །གདམས་པ་གཞན་རྣམས་འཆི་དུས་འཐེབས། །འདི་ནི་ད་ལྟ་ཉིད་དུ་བསྲེ། །དེས་ན་འདི་འདྲའི་གདམས་པ་དཀོན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འདི་ལས་མ་གསུངས་གསུང་མི་འགྱུར། །བླ་མ་གོང་མ་རྣམས་ཀྱིས་ཀྱང་། །འཐོར་ཞིང་གབ་ཏུ་བཅུག་པ་ལས། །ཆིག་བརྒྱུད་གནད་འདི་གསུངས་པ་མེད། །སྣོད་ལྡན་གཅིག་ལས་སྦྱིན་མི་བྱ། །མང་ན་མཁའ་འགྲོའི་བཀའ་ཆད་འབྱུང་། །འདི་ལས་ཟབ་པ་ཡོད་རི་ཞེས། །བླ་མས་དབུ་སྙུང་ལན་གསུམ་བཞེས། །ཨུ་དུམ་བཱ་ར་ལྟ་བུ་འདི། །རང་གི་སྲོག་ལྟར་གཅེས་པར་བཟུང་། །བླ་མ་རྣམ་གསུམ་བྱིན་བརླབས་པའི། །དགེ་སློང་བིརྱ་སིང་ཧ་ཡིས། །ཉམས་ལེན་ཕ་རོལ་ཕྱིན་པ་འདི། །གོང་འོག་འཁྲུགས་བསྡེབས་ཞལ་གདམས་རྣམས། །བླ་མས་ཇི་ལྟར་གསུངས་བཞིན། །ལྷག་ཆད་མེད་པར་ཡི་གེར་བཀོད། །དེ་ལ་ཡུམ་ཆེན་མཁའ་འགྲོའི་ཚོགས། །གོང་མ་རྣམས་ཀྱིས་བཟོད་པར་མཛོད། །རང་གི་ཉམས་མྱོང་བསྐྱངས་པ་དང་། །དད་ལྡན་འདི་ལ་མོས་རྣམས་ཀྱི། །དོན་དུ་ཆིག་བརྒྱུད་ནོར་བུའི་མཆོག །རིན་ཆེན་ཕྲེང་བ་བདག་གིས་བཀོད། །དགེ་བ་གངས་རི་ལྟར་དཀར་དེས། །འགྲོ་རྣམས་བྱང་ཆུབ་མཆོག་ཐོབ་ཤོག །གསལ་བྱེད་རིན་ཆེན་འཕྲེང་བ་ཞེས་བྱ་བ་གཞན་ལ་ཕན་པའི་བློ་ཁོ་ནས་ཡི་གེར་བཀོད་པའོ། །རྫོགས་སོ།། །།
བཀའ་ཚོམས་སུམ་ཅུ་རྩ་ལྔ་པ།
༄༅། །བཀའ་ཚོམས་སུམ་ཅུ་རྩ་ལྔ་པ་བཞུགས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སྲས་ཐོད་པ་དོན་གྲུབ་ཀྱིས་མ་ཅིག་ལབ་ཀྱི་སྒྲོན་མའི་ཐུགས་ཀྱི་གསང་མཛོད་བསྐུལ་ཏེ། ཕྱི་རབས་ཀྱི་དོན་དུ་བཀའ་ཚོམས་ཀྱི་དྲི་བ་སུམ་ཅུ་རྩ་ལྔ་ཞུས་པས་མཁའ་འགྲོ་མས་དགོངས་ཉམས་ཀྱི་གསང་ཚིག་བཀའ་ཚོམས་སུམ་ཅུ་རྩ་ལྔ་ཚིགས་སུ་བཅད་དེ་བཀའ་བསྩལ་པ་ནི། དང་པོ་སྲས་ཀྱིས་ཡུམ་ལ་ཞུས་པ། ཀྱེ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །སྔོན་ཚེ་ཐོག་མ་མེད་པ་ནས། །ཁམས་གསུམ་འཁོར་ཞིང་རིགས་དྲུག་ཏུ། །འཁྱམས་པའི་སྐྱོན་ནི་ཅི་ལས་བྱུང་། །ཞུས་པས་ཡུམ་གྱིས་སྲས་ལ་བཀའ་བསྩལ་པ། ཨེ་མ་ལེགས་སོ་རིགས་ཀྱི་བུ། །རྒྱུད་དྲུག་འཁོར་བའི་རྩ་བ་ནི། །མ་རིག་གཏི་མུག་ཆེན་པོ་སྟེ། །དེ་སྐྱེས་འཁོར་བའི་རྟེན་འབྲེལ་ཤར། །འདུ་བྱེད་ལས་ནི་རྣམ་ཤེས་བྱུང་། །དེ་ལས་མིང་གཟུགས་སྐྱེ་མཆེད་དྲུག །རེག་པ་ཚོར་བ་སྲེད་པ་འཕེལ། །སྲེད་པའི་མཐའ་ནི་ལེན་དང་སྲིད། །སྐྱེ་རྒས་ན་འཆིའི་འབྲས་བུ་སྨིན། །མྱ་ངན་སྡུག་བསྔལ་བསམ་མི་ཁྱབ། །མགལ་མེའི་འཁོར་ལོ་ལྟ་བུར་འཁོར། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །རང་ངོ་རང་གིས་མ་ཤེས་པས། །རྒྱལ་པོ་དམངས་སུ་འཁྱམས་པ་འདྲ། །གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ། །རིགས་དྲུག་འཁོར་བའི་གྲོང་ཁྱེར་ནས། །མི་ལུས་ཐོབ་པ་ཇི་ལྟར་དཀའ། །མི་རྟག་འགྱུར་བ་ཇི་ལྟ་བུ། །ཞུས་པས་མའི་ཞལ་ནས། སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། །ཁ་འཐོར་ཙམ་གྱི་ལུས་མཐོང་ནས། །མི་ལུས་ཐོབ་པ་སྲིད་པ་ཙམ། །སེམས་ཅན་གཞན་ལ་ལྟོས་པ་ན། །འཁོར་ལོས་བསྒྱུར་རྒྱལ་བས་ཀྱང་དཀོན། །དེ་ཡང་མི་རྟག་གཉེན་པོའི་ཚུལ། །མགྲོན་པོ་མགྲོན་ཁང་ཉལ་བ་དང་། །རི་གཟར་འབབ་ཆུ་མྱུར་འགྲོ་དང་། །རྫིང་རྟོལ་ལྟག་ཆུ་བཅད་པ་བཞིན། །མི་རྟག་འགྱུར་བའི་ཆོས་ཅན་ཡིན། །གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །དམ་ཆོས་བྱེད་པ་ཇི་ལྟར་དཀོན། །སྡིག་པ་བྱེད་པ་ཇི་ལྟར་འགྱུར། །ཞེས་ཞུས་པས་མའི་ཞལ་ནས། ཁ་འཐོར་ཡུལ་གྱི་མི་རྣམས་དང་། །ཆོས་མི་དྲན་ལ་ཚད་གཙུགས་ན། །དམ་ཆོས་བྱེད་པའི་མི་རྣམས་ནི། །ཨུ་དུམ་ཝ་ར་བས་ཀྱང་དཀོན། །ཀུན་ཀྱང་མི་ཡི་ཆོས་ལ་སྤྱོད། །བུ་ཆུང་མེ་ལ་འཇུ་བ་དང་། །གླེན་པ་བཙན་དུག་ཟ་བ་དང། །སྨྱོན་པ་གཡང་ལ་མཆོང་བ་དང་། །འདྲེ་ཅན་རང་སྲོག་གཅད་པ་བཞིན། །རང་སྡུག་རང་གིས་བྱེད་པར་ཟད། །བསྐལ་བར་བདེ་བ་འཐོབ་མི་འགྱུར། །རྟག་ཏུ་སྐྱེ་འཆིའི་འདམ་ན་གནས། །ལས་སུ་སྡུག་བསྔལ་ལས་ལ་སྤྱོད། །ཟོ་ཆུན་འཁྱུད་མོ་བཞིན་དུ་འཁོར། །སྔ་མའི་རྣམ་སྨིན་མ་ཟད་པར། །ཕྱི་མའི་ལས་ཀྱི་སྒྲིབ་པ་སོག །འཁོར་བར་རྟག་ཏུ་འཁོར་བར་འགྱུར། །གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །རང་ངོ་རང་གིས་ཤེས་བྱས་ནས། །འཁོར་བ་ལུགས་ནས་བཟློག་པ་ལ། །རྒྱུ་རྐྱེན་རྟེན་འབྲེལ་ཇི་ལྟར་འཚལ། །ཞེས་པས། ཨེ་མ་ལེགས་སོ་རིགས་ཀྱི་བུ། །རྒྱུ་ནི་རང་གི་བྱང་ཆུབ་སེམས། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །སེམས་ཅན་ཀུན་ལ་ཁྱབ་པར་གནས། །རྐྱེན་ནི་དགེ་བའི་བཤེས་གཉེན་ཏེ། །ལམ་ལོག་ས་མཁན་རྟེན་པ་བཞིན། །བཤེས་གཉེན་དམ་པ་བསྟེན་པར་བྱ། །གཞི་ནི་དད་པ་རྣམ་གསུམ་སྟེ། །དཔེར་ན་ཞིང་ས་གཤིན་པོ་བཞིན། །དད་པ་ལམ་གྱི་རྟེན་པ་ཡིན། །གྲོགས་ནི་བརྩོན་འགྲུས་རྣམ་གསུམ་སྟེ། །སྐྱེད་བྱེད་ཆུ་ལུད་བརྟེན་པ་བཞིན། །ལེ་ལོ་མེད་པའི་བརྩོན་འགྲུས་བརྩམ། །ཨེ་མ་ཧོ་རིགས་ཀྱི་བུ། འཁོར་དང་མྱ་ངན་འདས་པའི་ཆོས། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ལས་བྱུང་། །རྒྱུ་རྐྱེན་རྟེན་འབྲེལ་མི་ལྡན་ན། །འབྲས་བུ་གང་ཡང་འབྱིན་མི་ནུས། །དཔེར་ན་ལྕགས་ནག་མེ་དང་འདྲ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །དགེ་བའི་བཤེས་ཀྱི་མཚན་ཉིད་གང་། །ཞེས་ཞུས་པས། བཤེས་གཉེན་ལ་ཡང་རྣམ་གསུམ་སྟེ། །གང་ཟག་བཀའ་ལུང་རང་རིག་གསུམ། །གང་ཟག་དགེ་བའི་བཤེས་གཉེན་ནི། །སྐྱེ་བ་མེད་པའི་དོན་རྟོགས་ཤིང་། །འཇིག་རྟེན་སྤྱོད་པའི་དྲི་མ་བྲལ། །སྣ་ཚོགས་གཅིག་ཏུ་རོ་མཉམ་པས། །བརྩེ་བའི་སེམས་ཀྱིས་གཞན་དོན་བརྩོན། །བཤེས་གཉེན་དེ་ནི་ལྷག་པའི་བཤེས། །གང་ཞིག་བདག་དོན་སྒྲུབ་ལ་བརྩོན། །དེ་བཞིན་གཞན་ཡང་ལམ་ལ་སྦྱོར། །དེ་ཡང་དགེ་བའི་བཤེས་གཉེན་ཡིན། །མཚན་མོ་མེ་ལོང་བསྟན་པ་བཞིན། །དགེ་བའི་བཤེས་ཀྱིས་རང་ངོ་མཐོང་། །བཀའ་ལུང་དགེ་བའི་བཤེས་གཉེན་ནི། །དོན་མེད་དོན་ལོག་དོན་དམན་དང་། །དྲང་དོན་དགོངས་བཤད་མ་ཡིན་པའི། །བཀའ་ལུང་ཕྱོགས་མེད་བཏགས་བྱས་ནས། །དྭ་ཕྲུག་མ་དང་འཕྲད་པ་བཞིན། །རང་རིག་དགེ་བའི་བཤེས་གཉེན་ནི། །སྣ་ཚོགས་སེམས་སུ་སྒྲོ་འདོགས་ཆོད། །སྤྲོས་པའི་མཚན་མ་ནང་དུ་ཞི། །རྣམ་ཤེས་རང་སོར་ཆུད་ཙམ་ན། །རང་རིག་བཤེས་དང་མཇལ་བ་ཡིན། །མེ་དང་རྩྭ་ཤིང་འཕྲད་པ་ལྟར། །སྣང་བ་གྲོགས་སུ་ངང་གིས་འཆར། །མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དད་བརྩོན་ཡོན་ཏན་ཇི་ཙམ་ལགས། །ཞུས་པས། དད་པ་ཞིང་ས་གཤིན་པོ་འདྲ། །བརྩོན་འགྲུས་ཆུ་ལུད་བཟང་པོ་འདྲ། །དད་པ་ཚོང་བྱེད་མཁས་པ་འདྲ། །བརྩོན་འགྲུས་དེད་དཔོན་བཟང་པོ་འདྲ། །དད་པ་གཡང་མོ་ལུག་དང་འདྲ། །བརྩོན་འགྲུས་བུད་མེད་མཛངས་མ་འདྲ། །དད་པ་ཡིད་བཞིན་ནོར་བུ་འདྲ། །བརྩོན་འགྲུས་མཆོད་གསང་བསྙེན་བཀུར་འདྲ། །དད་བརྩོན་ལྡན་པས་མི་འགྲུབ་མེད་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །དད་པ་ཆེ་ལ་བརྩོན་འགྲུས་ཆུང་། །ཡོན་ཏན་འབྱུང་ངམ་མི་འབྱུང་ལགས། །ཞུས་པས། དད་ལྡན་བརྩོན་འགྲུས་ཆུང་བ་ནི། །གྱི་ལིང་སྒྲོག་ཏུ་ཚུད་པ་འདྲ། །ཞིང་བཟང་སོ་ནམ་ཆག་པ་འདྲ། །ཆང་ལ་ཕབས་རྩི་བརྗེད་པ་འདྲ། །རྒྱུ་ལ་ཡོད་ཀྱང་རྐྱེན་མེད་པས། །དད་པ་ཆེ་བཞིན་ཐ་མལ་ལུས། །འཕགས་པར་མི་ནུས་དོན་མེད་འགྱུར་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །དད་བརྩོན་འཛོམས་ན་ཡོན་ཏན་ཅི། །ཞུས་པས། དད་པ་ཞིང་ས་གཤིན་པོ་ལ། །བརྩོན་འགྲུས་སོ་ནམ་བྱས་གྱུར་ན། །བླ་མེད་བྱང་ཆུབ་མྱུར་འཐོབ་འགྱུར། །རང་ལ་རང་དྲིན་ཆེ་བར་འགྱུར། །གཏན་གྱི་སོ་ནམ་ཟིན་པར་འགྱུར་གསུངས།
མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཆོས་རྣམས་མཆོག་ཏུ་གྱུར་པ་གང་ཞུས་པས། རྫོགས་པའི་སངས་རྒྱས་གསུངས་པའི་བཀའ། །ཡུམ་ཆེན་ཕ་རོལ་ཕྱིན་པ་འདི། །ཆོས་ཀྱི་ནང་ནས་མཆོག་ཏུ་གསུངས། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །དེ་ལ་ཡོན་ཏན་ཅི་ཙམ་ཆེ། །ཞུས་པས་མའི་ཞལ་ནས། ཡུམ་ཆེན་དེ་ཡི་དོན་རྟོགས་ནས། །མཚན་མར་ཡིད་ལ་མི་བྱེད་དེ། །ས་ལམ་རིམ་པས་མ་སྦྱངས་ཀྱང་། །ཡུམ་དེའི་ཀློང་ན་གནས་པར་འགྱུར། །རྩོལ་བའི་ནད་རྣམས་ཞི་བར་འགྱུར། །རྩོལ་བ་མེད་པ་དེ་ཡིས་ནི། །དུས་གསུམ་སངས་རྒྱས་གདུང་ཟིན་ནས། །སྐྱེ་མེད་ས་ལ་གནས་པར་འགྱུར། །གང་ཞིག་སྐྱེ་མེད་རབ་ཤེས་ཤིང་། །དམིགས་མེད་དོན་ལ་གང་འཇོག་པ། །བདུད་རྣམས་ཟིལ་གྱིས་གནོན་པར་འགྱུར། །ཞེས་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །དམིགས་མེད་ངང་ལ་ཇི་ལྟར་བཞག །བདུད་ཅེས་བྱ་བ་ཇི་ལྟ་བུ། །ཞེས་ཞུས་པས་མའི་ཞལ་ནས། ཅི་ཡང་ཡིད་ལ་མ་བྱས་ན། །དམིགས་མེད་ངང་ལ་བཞག་པ་ཡིན། །ཡིད་དང་བྲལ་བའི་དོན་ལ་ཡང་། །ཞེ་འདོད་དམིགས་པ་མ་བཅས་ན། །ངེས་པར་དམིགས་མེད་སྒོམ་པ་ཡིན། །བདུད་ལ་དབྱེ་ན་རྣམ་པ་བཞི། །ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །རང་ལས་བྱུང་ནས་རང་ལ་གནོད། །དཔེར་ན་སྲིན་བུའི་ཁ་ཆུ་འདྲ། །ཞེས་གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །བདུད་བཞིའི་མཚན་ཉིད་ཇི་ལྟར་ལགས། །གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་ཞུས་པས། མིག་གི་དབང་པོ་གཟུགས་ལ་ཐོགས། །སྡུག་དང་མི་སྡུག་རང་བཞིན་གྱིས། །ཆགས་སྡང་གཉིས་སུ་བཟུང་པས་བདུད། །གཉིས་སུ་འཛིན་པའི་སེམས་ཉིད་ལ། །གཞི་རྩ་ངོ་བོ་མ་གྲུབ་པས། །རྩ་བྲལ་བཞིན་དུ་རང་བཞག་ན། །གཟུགས་ལ་ཐོགས་པ་ཟིལ་གནོན་པས། །སླར་ཡང་ཡེ་ཤེས་ཉིད་དུ་འཆར། །མ་བཅིངས་མ་གྲོལ་བཀའ་དང་མཐུན། །དེ་བཞིན་རྣ་བའི་དབང་པོ་སོགས། །གོང་དུ་བསྟན་པ་བཞིན་དུ་ཤེས། །དངོས་སུ་ཐོགས་པ་དང་བཅས་པ། །ཕྱི་ཡི་བདུད་དུ་ཤེས་པར་བྱ། །དངོས་པོ་ཡུལ་དུ་མི་སྣང་བ། །ཞེ་ལ་གནག་པ་འཆང་བ་དང་། །ཡིད་མེད་ཡིད་ལ་འདོད་པ་དང་། །མན་ངག་མེད་པར་དམིགས་པ་དང་། །ཞེ་ལ་རང་རེ་མཐོང་བ་དང་། །ཕྲག་དོག་ཞེ་ལ་འཇོག་པ་དང་། །ལྷ་འདྲེ་ཡིད་ལ་བྱེད་པ་རྣམས། །ཐོགས་པ་དངོས་སུ་མི་སྣང་ཡང་། །ཡིད་ལ་གནོད་པ་སྐྱེལ་བས་ན། །ཐོགས་མེད་བཞིན་དུ་བདུད་དུ་འབྱུང་། །ཨེ་མ་ཧོ། ངའི་གདམས་ངག་བདུད་ཀྱིས་གཅོད། །འགྱུ་བ་ཅི་བྱུང་ཅི་ཤར་ཡང་། །ཆེད་ཆེར་གང་ཡང་མི་བྱེད་པས། །ཐོགས་མེད་བདུད་རྣམས་ཟིལ་གནོན་འགྱུར། །ཡིད་ཡུལ་བྱུང་བ་བདུད་ཡིན་ཏེ། །གཟུངས་སུ་འཛིན་པ་སྣ་ལེན་ཡིན། །གཟུངས་སུ་མ་འཛིན་རིགས་ཀྱི་བུ། །བྱུང་ཚོར་མ་འགོག་རིགས་ཀྱི་བུ། །ལུས་སེམས་མ་བཅོས་རིགས་ཀྱི་བུ། །འདུ་ཤེས་མ་འཇུག་རིགས་ཀྱི་བུ། །གང་ལ་དགའ་ཞིང་བྲོད་པ་དེ། །དམིགས་སུ་མེད་པས་མ་ཟིན་ན། །ཕ་རོལ་ཕྱིན་པའི་དོན་མེད་པས། །བདུད་ཀྱི་དབང་དུ་སོང་བ་ཡིན། །ད་ལྟར་རང་ཉིད་བདུད་ཡིན་ཏེ། །རང་ཞི་ཙམ་ན་བདུད་ཀྱང་ཞི། །རང་གནས་ཙམ་ན་བདུད་ཀྱང་གནས། །རང་ལ་རང་བཞིན་མ་གྲུབ་ན། །དེ་བཞིན་བདུད་ཀྱང་གྲུབ་མིན་འགྱུར། །གཞི་རྩ་བྲལ་བའི་ཆོས་ཉིད་ཀྱང་། །རང་གི་འཛིན་པ་ཟིལ་གནོན་ནས། །མྱ་ངན་ཀུན་ལས་འདས་པར་འགྱུར། །དགའ་བྲོད་སྐྱེ་མེད་རང་སར་དག །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ། །སྙེམས་བྱེད་སྙེམས་བྱེད་ཞེས་བྱ་བ། །རང་རྟོགས་འཛིན་པའི་སེམས་ཡིན་ཏེ། །སྣང་སྲིད་འཁོར་འདས་རང་སེམས་ཡིན། །ལྷ་དང་འདྲེ་ལ་སོགས་པ་ཡང་། །དེ་ཡང་རང་གི་སེམས་ཙམ་ཡིན། །སྙེམས་མེད་ཉམ་ང་མེད་ཙམ་ན། །སྙེམས་བྱེད་རྟོག་པས་འགྱུ་མི་ཤེས། །དཔེར་ན་ཆུ་མེད་ཉ་དང་འདྲ། །དྲན་པ་འགགས་མ་ཐག་ཡིན་ནོ། །ཐམས་ཅད་སྙེམས་བྱེད་ཡིན་ཤེས་ན། །འཛིན་མེད་ཆོས་ཀྱིས་གཟུང་མི་ཐུབ། །དཔེར་ན་རྐུན་མ་མཐོང་བ་འདྲ། །རིགས་ཀྱི་བུ་ཡིས་དེ་དགོངས་ན། །བདུད་རྣམས་མ་ལུས་ཟིལ་གནོན་འགྱུར། །རྩོལ་བ་མ་ལུས་སྤོང་པར་འགྱུར། །རྩོལ་བྲལ་ངང་ལ་གནས་པར་འགྱུར། །དེ་བས་ཐམས་ཅད་རང་སེམས་ཡིན། །བདུད་ཅེས་བྱ་བ་ལོགས་ན་མེད། །མདུན་དང་རྒྱབ་ཏུ་མ་ལྟ་བར། །གང་ལ་ཞེན་པ་དེ་ཐོངས་ལ། །སེམས་ལ་ལྟོས་ཤིག་རིགས་ཀྱི་བུ། །གང་ལ་སྙམ་བྱེད་དེ་ཆོད་ལ། །རི་ཁྲོད་འགྲིམས་ཤིག་རིགས་ཀྱི་བུ། །ཞེས་གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །གཉན་ས་རི་ཁྲོད་འགྲིམ་པ་ལ། །དགོངས་པ་ཅི་མཆིས་ཞུས་པས། ཨེ་མ་ཧོ། ཐོག་ཏུ་བྱུང་བའི་རྐྱེན་སྣང་དེ། །གློ་བུར་གྲོགས་སུ་འགྲོ་བ་དཀའ། །དེ་བས་ལྟ་བས་ཐག་བཅད་ལ། །གཉན་ས་རི་ཁྲོད་ལ་སོགས་པ། །ཉམ་ངའི་གནས་སུ་བསྒོམ་པ་གཅེས། །ཉམ་ངའི་རྐྱེན་གྱིས་གདམས་ངག་དྲན། །སེམས་ཅན་ལུས་ལ་འཕངས་པ་དང་། །སྲོག་ལ་བར་ཆད་བྱུང་དོགས་ནས། །ཉམས་སུ་བླངས་པས་རིག་པ་ཆུན། །རིག་པ་འཆུན་པས་ཉམས་མྱོང་སྐྱེ། །རྟོགས་པ་ཉམས་དང་ལྡན་གྱུར་པས། །ཐོག་ཏུ་བྱུང་བའི་རྐྱེན་ལ་ཡང་། །ཤུགས་ཀྱིས་རང་དབང་འཐོབ་པར་འགྱུར། །རྐྱེན་གྱིས་ཆོས་ཀྱི་བསྐུལ་འདེབས་འགྱུར། །དེ་བས་གཉན་ས་འགྲིམ་པ་གཅེས། །དེ་ལྟར་རྟོགས་པའི་ཁལ་བཀལ་བས། །ནད་དང་གདོན་ལ་སོགས་པ་ཡི། །འཚེ་བ་རྣམས་ཀྱང་འབྱུང་མི་འགྱུར། །དོགས་པ་མེད་པའི་སེམས་ཉིད་ལ། །སྣང་མུན་མེད་ཕྱིར་འདྲེ་མི་འབྱུང་། །གལ་ཏེ་འབྱུང་ཡང་ཉམས་ལེན་གྲོགས། །ཞེས་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལྟ་བའི་ངང་ཚུལ་ཇི་ལྟར་བལྟ། །རྟོགས་པའི་ཚད་ནི་གང་ལ་བགྱི་ཞུས་པས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟས་པས་རང་གི་སེམས་མི་མཐོང་། །མཐོང་བ་ཆོས་ཉིད་དོན་མ་ཡིན། །དེ་བས་བལྟ་བར་བྱ་བ་ནི། །རྡུལ་ཙམ་ཡོད་པ་མ་ཡིན་པས། །ལྟ་རུ་མེད་པའི་ཚུལ་དུ་བལྟ། །མ་མཐོང་ཆིག་ཆོད་རྟོགས་ཚད་ཡིན། །དེ་ལས་གཞན་ཞིག་རྙེད་མི་འགྱུར། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །གཉན་སར་ལུས་སེམས་ཇི་ལྟར་བཞག །རྣམ་རྟོག་བྱུང་ན་ཇི་ལྟར་བགྱི་ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། ལུས་ནི་རོའི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །སེམས་ནི་ནམ་མཁའི་ཚུལ་དུ་བཞག །དམིགས་པ་མེད་པའི་ཚུལ་དུ་བཞག །སེམས་ཀྱི་རང་བཞིན་སྐྱེ་མེད་པས། །རེ་དོགས་མེད་པར་བཞག་པ་ཡིན། །སྐྱེ་མེད་བྱ་བ་བྲལ་བའི་ཕྱིར། །མ་བཅོས་ལྷུག་པར་བཞག་པ་ཡིན། །ཆོས་ཉིད་བློ་ལས་འདས་པའི་ཕྱིར། །རྩིས་མེད་ཡན་པར་བཞག་པ་ཡིན། །རེས་འགའ་མི་མགོ་སྐམ་པོ་བཞིན། །སྒོ་ལྔ་ཧར་བར་བཞག་པ་ཡིན། །རེས་འགའ་བུ་ཆུང་གཉིད་ལོག་བཞིན། །ལྷན་ནེ་ཉལ་ལེ་བཞག་པ་ཡིན། །གཡས་མེད་ངང་དུ་བཞག་པ་ཡིན། །དུན་མེད་ངང་དུ་བཞག་པ་ཡིན། །ཞིག་པོའི་ཚུལ་དུ་བཞག་པ་ཡིན། །རང་ཐང་དུ་བཞག་པ་ཡིན། །གཟའ་གཏད་མེད་པར་བཞག་པ་ཡིན། །གོ་བའི་གནད་ཀྱིས་ཟིན་པ་ན། །ཇི་ལྟར་བཞག་རུང་མ་བཞག་རུང་། །ཐ་མལ་རྐྱེན་གྱིས་ཤེས་པ་ཡེངས་མེད་ལ། །བཅོས་བསླད་ཀྱི་དྲི་མས་མ་གོས་པར། །རང་གྲོལ་རང་སར་གནས་པ་ལ། །རྣམ་རྟོག་བྱུང་ན་ཆོས་ཉིད་གྲོགས། །ཕྱི་ནང་ཆོས་ལ་ཤེས་རབ་འཕེལ། །རྟོགས་པ་ཐོབ་པས་སངས་རྒྱས་འབྱུང་། །དེ་ཕྱིར་རྣམ་རྟོག་བཤེས་གཉེན་གྲོགས། །མི་རྟོག་ལྡེངས་པོས་ལམ་མི་བགྲོད། །རྣམ་རྟོག་མ་འགགས་རིགས་ཀྱི་བུ། །གོ་བའི་གནད་ཀྱིས་མ་ཟིན་ན། །གང་ལྟར་བྱས་ཀྱང་འཁྲུལ་བའི་རྒྱུ། །ཇི་ལྟར་བཅོས་ཀྱང་རྣམ་རྟོག་འཇུག །འོན་ཀྱང་དེ་ལྟར་བསླབ་པར་བྱ། །ཞེས་གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །གཅོད་པའི་བཅད་ཐབས་ཇི་ལྟར་བཅད། །གཅོད་ཅེས་བྱ་བ་ཇི་ལྟར་ལགས་ཞུས་པས། དོན་ལ་གཅོད་རྒྱུ་མ་དམིགས་ཀྱང་། །མི་མཐུན་གྲོགས་སུ་འཁྱེར་བའི་ཕྱིར། །རྟོགས་མེད་ཡག་པ་བཞིན་དུ་གཅོད། །ཞེན་མེད་བུ་ཆུང་བཞིན་དུ་གཅོད། །གང་ལ་སྙེམས་བྱེད་ཞུགས་པ་ན། །བྱིས་པ་མགོ་ཐུག་བྱེད་པ་ལྟར། །སླར་ལ་དེ་ཡི་ཐོག་ཏུ་བསྐྱུར། །རྐྱེན་སྣང་ཅི་བྱུང་ཅི་ཤར་ཡང་། །རང་གྲོལ་དགོངས་པས་ཟིན་པར་གཅད། །འདི་གཅད་ཁོ་ནའི་ཕྱོགས་མ་མཆིས། །འདི་ག་ཡིན་གྱི་འདམ་ཁ་མེད། །རྫུན་པར་རྟོགས་ན་ཅི་དགར་གཅོད། །འོན་ཀྱང་ཉམས་ལ་གར་ཕན་ཡིན། །ཕན་པར་བྱུང་ན་བདུད་ཀྱང་བསྟེན། །གནོད་པར་བྱུང་ན་ཅི་ཡང་སྤང་། །འཁོར་བའི་ཆོས་ལ་སྐྱོ་བ་བསྐྱེད། །ཉམས་དང་སྦྱར་བའི་གླུ་ཆུང་བླང་། །ཡི་མུག་པོ་ཡི་སེམས་བཞིན་དུ། །ང་ལ་ཅིས་ཀྱང་བྱ་བ་མེད། །ང་ལ་སུས་ཀྱང་དགོས་པ་མེད། །ཆོད་དུ་བྱ་བ་ཀུན་བཞག་ན། །བག་ཆགས་ཀུན་ལས་གྲོལ་བར་འགྱུར། །གཅོད་པའི་གཅད་ཐབས་མཆོག་ཡིན་ནོ། །ཨེ་མ་ཧོ་རིགས་ཀྱི་བུ། དེ་གཅོད་པ་ཡི་རྣལ་འབྱོར་པས། །གོ་བ་ལོངས་པར་བྱ་བ་ལས། །ཆེད་དུ་དོན་ལ་བཅད་དུ་མེད། །མི་རྫི་བ་ནི་གཅོད་དུ་བཤད། །ཐམས་ཅད་རྗེས་སུ་རྟོགས་ཙམ་ན། །གཅད་བྱའི་ཡུལ་གཅིག་ལོགས་ན་མེད། །སེམས་ཉིད་སྟོང་པར་ཞི་ཙམ་ན། །གཅད་བྱ་གཅོད་བྱེད་གཉིས་སུ་མེད། །གཉིས་མེད་ཉམས་སུ་མྱོང་ཙམ་ན། །བདུད་རྣམས་མ་གཅད་གོང་ནས་ཆོད། །དཔེར་ན་ཁང་སྟོང་རྐུན་མ་བཞིན་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ། །མི་ཕོད་རྫི་བ་ལ་དགོས་པའི་དོན་ཅི་མཆིས་ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། ངའི་གདམས་པ་འདི་གོ་ན། །ཉམ་ང་མེད་ཅིང་ཤུགས་ལས་འབྱུང་། །ང་ཡི་ཡོན་ཏན་འདི་འདོད་ན། །མི་ཕོད་རྫི་བ་མཆོག་ཏུ་བཤད། །སྐྱིད་ལ་འབྲལ་བར་མི་ཕོད་དང་། །སྡུག་ལ་སྤྱོད་པར་མི་ཕོད་དང་། །ལྷ་རྣམས་སྤོང་བར་མི་ཕོད་དང་། །འདྲེ་ལ་ལུས་བསྐྱུར་མི་ཕོད་དང་། །རྩོག་སྤྱོད་བྱེད་པར་མི་ཕོད་དང་། །གཉན་སར་འགྲིམ་པར་མི་ཕོད་དང་། །ནད་དང་རིམས་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་རྫིས་ནས། །རོ་སྙོམས་སྤྱོད་པ་ཁྱད་པར་འཕགས། །ཀུན་ཀྱང་ལམ་གྱི་གྲོགས་སུ་འགྱུར། །དགག་སྒྲུབ་ལ་སོགས་གཉིས་འཛིན་རྣམས། །གཉིས་མེད་མཉམ་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། ལུས་དང་སྲོག་ལ་ཆགས་བྱུང་ན་མི་ཕོད་རྫི་བར་མ་ནུས་ན་ཇི་ལྟར་བགྱི་ཞུས་པས། མི་ཕོད་རྫི་བར་མ་ནུས་ཤིང་། །ལུས་སྲོག་རོ་བཞིན་མ་བསྐྱུར་ན། །བདུད་བཞིའི་འཇིགས་པ་སེལ་ནུས་མེད། །འཁོར་དང་མྱ་ངན་འདས་པ་ཡི། །མི་མཐུན་གེགས་བྱེད་ཆགས་ཞེན་ཏེ། །རེ་དོགས་དགག་སྒྲུབ་བྱེད་བྱེད་ནས། །ཐོག་མ་མེད་ནས་སྡུག་བསྔལ་མྱོང་། །དེ་བས་བདུད་བགེགས་ལུས་དང་སེམས། །ཕྱི་ནས་གནོད་པའི་ཡུལ་མེད་དེ། །རང་སྲོག་རང་གིས་མ་བཅད་ན། །སྟོང་པས་སྟོང་པ་གཞོམ་མི་ནུས། །རང་ངོ་ཤེས་པས་སྣང་སྲིད་རང་། །དཔེར་ན་སྨིག་རྒྱུ་ཆུར་མཐོང་ལ། །ཐོག་ཏུ་ཕྱིན་པས་ཆུ་མེད་བཞིན། །ལྷ་ཀླུ་ཉམས་གྲིབ་ལ་སོགས་ལ། །ཐོག་ཏུ་བསྐྱུར་ན་ཡོད་མི་སྲིད། །དེ་བས་སྙེམས་མེད་ལྷུག་པར་ཞོག །ཨེ་མ་ཧོ། རིགས་ཀྱི་བུ། བདག་སྣང་བར་དུ་ཀུན་ཀྱང་སྣང་། །བདག་མ་གྲུབ་པར་ཀུན་མ་གྲུབ། །སྣ་ཚོགས་བཀག་པས་མི་ཁེགས་སོ། །དཔེར་ན་རྨི་ལམ་ཡུལ་བཞིན་དུ། །སད་པའི་དུས་ན་མི་སྣང་བཞིན། །བདག་མེད་རྟོགས་པས་དངོས་འཛིན་གྲོལ། །ཕྱི་རོལ་འདྲེ་བཟུང་རང་སེམས་འཁྲུལ། །བཏགས་པ་ཙམ་དེ་བཞིན་བྱས་ལ། །མི་ཕོད་གང་ཡིན་ཐོག་ཏུ་བསྐྱུར། །དུད་ནད་དུག་གིས་འབྱིན་པ་དང་། །རྨ་བྱུང་སྲེག་གཏར་བྱེད་པ་ལྟར། །ལོག་ཅིང་མཐའ་ལ་གཏད་པ་གཅེས། །ནད་པ་འདྲེ་ལ་གཏད་པས་གནོད་བྱེད་རང་སར་གྲོལ། །སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་མེད། །རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། །འཛིན་པ་བདུད་ཡིན། རྩོལ་བ་ནད་ཡིན། དོགས་པ་འདྲེ་ཡིན། སེམས་ཉིད་གར་བཞག་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན། སེམས་ཉིད་ནམ་མཁའ་ཡིན། ཕུང་པོ་རོ་ཡིན་གཟན་དུ་བསྐྱུར། སྐྱུར་མཁན་སེམས་ཡིན་གློད་ལ་ཞོག །གློད་མཁན་སེམས་ཡིན་ཆོད་ལ་ཐོངས་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ་སངས་རྒྱས་བགྱི་བ་ཇི་ལྟར་ལགས་དེ་རུ་འགྲོ་ན་ཇི་ལྟར་འགྲོ་ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། སངས་རྒྱས་བྱ་བའི་ཡིན་ཚུལ་ནི། །འཛིན་པ་བྱ་བ་ཀུན་སངས་ནས། །སྐྱེ་མེད་རང་བཞིན་ཡེ་ནས་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །དེ་རུ་འགྲོ་ལུགས་བསྟན་པ་ནི། །སངས་རྒྱས་བྱ་བའི་མཚོན་པ་ནི། །འཁོར་བ་འཇིག་པའི་ཐབས་སུ་བཤད། །སངས་རྒྱས་སྐྱེ་མེད་བླ་དྭགས་ཡིན། །སྔ་རབས་འདས་པ་རྣམས་ཀྱིས་ཀྱང་། །འཛིན་པ་རང་སར་གྲོལ་བ་ལས། །སངས་རྒྱས་ས་ལ་ཕྱིན་པ་མེད། །ད་ལྟར་བཞུགས་པ་རྣམས་ཀྱིས་ཀྱང་། །སངས་རྒྱས་ས་ལ་འགྲོ་ལྡོག་མེད། །སླད་ནས་འབྱོན་པ་རྣམས་ཀྱིས་ཀྱང་། །སངས་རྒྱས་ས་ལ་འགྲོ་ལྡོག་མེད། །རིགས་ཀྱི་བུ་སངས་རྒྱས་ཐོབ་བྱར་མ་བྱེད་ཅིག །བྱིས་པའི་བློ་ཕྱིར་མ་འབྲང་ཞིག །སྐྱེ་མེད་དམིགས་པར་མ་བྱེད་ཅིག །འཁོར་བར་དོགས་པར་མ་བྱེད་ཅིག །རྣམས་རྟོག་ཟུང་དུ་མ་འཛིན་ཅིག །མི་རྟོག་སྒོམ་པར་མ་བྱེད་ཅིག །ཡེ་ནས་སེམས་ཉིད་སྐྱེ་མེད་ལ། །སྐྱེ་བར་དོགས་པར་མ་བྱེད་ཅིག །མི་སྐྱེ་རེ་བར་མ་བྱེད་ཅིག །ཡེ་ནས་ཆོས་ཉིད་བྱར་མེད་ལ། །རྩོལ་བས་ཉམས་སུ་མ་ལེན་ཅིག །ཆོས་ཉིད་བདལ་བ་ཆེན་པོ་ལ། །དམིགས་པས་སྡུད་པར་མ་བྱེད་ཅིག །འཁོར་འདས་གཉིས་སུ་མེད་པ་ལ། །རེ་དོགས་བསམ་པར་མ་བྱེད་ཅིག །འཁོར་བ་འཛིན་མེད་མྱ་ངན་འདས། །མྱང་འདས་འདོད་པ་འཁོར་བ་ཡིན། །མ་རེ་མ་དོགས་རིགས་ཀྱི་བུ། །མ་སྒོམ་མ་འཛིན་རིགས་ཀྱི་བུ། །མ་འགོག་མ་སྤྱོད་རིགས་ཀྱི་བུ། །ཞེས་གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །འོ་ན་མི་བལྟ་མི་བསྒོམ་མི་སྤྱོད་མི་བསྒྲུབ་ལགས་སམ་ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། དོན་ལ་ལྟ་རྒྱུ་མེད་པ་ལ། །ལྟ་བྱེད་གྲོལ་བའི་གང་ཟག་དེ། །མ་ནོར་ལྟ་བ་ཡིན་པར་གསུངས། །དོན་ལ་སྒོམ་ཡུལ་མ་མཆིས་པས། །བསྒོམ་བྱ་མཁན་པོ་གྲོལ་བ་དེ། །མ་ནོར་སྒོམ་པ་ཡིན་པར་གསུངས། །དོན་ལ་སྤྱད་པའི་ཡུལ་མེད་དེ། །སྤྱོད་བྱེད་མཁན་པོ་གྲོལ་བ་དེ། །མ་ནོར་སྤྱོད་པ་ཡིན་པར་གསུངས། །ཕ་རོལ་ཕྱིན་པའི་འབྲས་བུ་ལ། །གྲུབ་པ་ཏིལ་ཙམ་ཡོད་མིན་པས། །སྒྲུབ་བྱེད་མཁན་པོ་གྲོལ་བ་དེ། །མ་ནོར་འབྲས་བུ་ཡིན་པར་གསུངས། །དེ་ལྟ་བུ་ཡི་དོན་རྙེད་ན། །རེ་དོགས་འཆིངས་པས་འཆིངས་མི་དགོས། །ཇི་ལྟར་བྱས་ཀྱང་ཆོས་ཉིད་ཀློང་། །ཞེས་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ་འོ་ན་དུས་གསུམ་སངས་རྒྱས་ལ་གཞན་དོན་གྱི་ཡོན་ཏན་མི་འབྱུང་ངམ་ཞུས་པས། རྟོག་པ་དང་བཅས་པ་གཞན་དོན་དེ། །སེམས་ཅན་ནུས་པའི་སྟོབས་སུ་གསུངས། །སངས་རྒྱས་སེམས་ཅན་དོན་བྱེད་པ། །དཔེར་ན་ནོར་བུ་རིན་ཆེན་བཞིན། །རྟོག་པ་མེད་བཞིན་གཞན་དོན་འབྱུང་། །རང་རྟོག་འཛིན་པ་མེད་པ་ལ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །སེམས་ཅན་རྣམས་ཀྱི་བདེ་སྐྱིད་དང་། །དམ་པའི་ཆོས་ལས་ལོངས་སྤྱོད་དང་། །སྒྲུབ་པ་པོ་ཡི་དངོས་གྲུབ་དང་། །རྟོགས་ལྡན་རྣམས་ཀྱི་ཉམས་མྱོང་དང་། །ལོ་ཏོག་ཆར་ཆུ་དུས་སུ་འབྱུང་། །མདོར་ན་ལོངས་སྤྱོད་ཐམས་ཅད་ཀྱང་། །སངས་རྒྱས་རྣམས་ཀྱི་ཡོན་ཏན་ཡིན། །ཞེས་གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། རང་ལ་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བར་བགྱི་ན་ཇི་ལྟར་བགྱི་ཞུས་པས། སངས་རྒྱས་རྣམས་ཀྱིས་གསུངས་པ་བཞིན། །ཉམས་སུ་བླངས་ན་བྱིན་རླབས་འབྱུང་། །དུས་གསུམ་སངས་རྒྱས་སྐུ་གཟུགས་ལ། །མོས་པ་བྱས་པས་དོན་འབྱུང་ན། །ཉམས་སུ་བླངས་པ་ལྟ་ཅི་སྨོས། །གསུང་མདོ་བཟླས་པས་དོན་འབྱུང་ན། །དོན་ཉམས་སུ་བླངས་ན་ལྟ་ཅི་སྨོས། །ཉམས་སུ་ལོངས་ཤིག་རིགས་ཀྱི་བུ། །རྒྱུད་ལ་ཟུངས་ཤིག་རིགས་ཀྱི་བུ། །བྱིན་རླབས་འབྱུང་ངོ་རིགས་ཀྱི་བུ། །སྐལ་ལྡན་དྲོངས་ཤིག་རིགས་ཀྱི་བུ། །ཞེས་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཉམས་སུ་ལེན་པ་ལ་གནད་ཀྱི་གདམས་པ་ཅི་ཞིག་འཚལ་ཞུས་པས། ཨེ་མ་ཧོ། རིགས་ཀྱི་བུ། གནས་གནད་རི་ཁྲོད་འགྲིམ་པ་གཅེས། །ལུས་གནད་རྩ་བཞི་གློད་པ་གཅེས། །ངག་གནད་ཉམས་དབྱངས་བླང་པ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །ཉམས་མྱོང་གནད་ཀྱིས་བསྐྱངས་པ་ཡིན། །མཉམ་རྗེས་གཉིས་སུ་མེད་པར་བདེ་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །མཉམ་རྗེས་གཉིས་སུ་མེད་པར་ལམ་དུ་འཁྱེར་བ་ལ་ཇི་ལྟར་བགྱི་ཞུས་པས། ཨེ་མ་ཧོ། རིགས་ལྡན་པའི་རྣམ་འབྱོར་པས། །ད་ནི་བཙལ་རྒྱུ་ཅི་ཡང་མེད། །ཉིན་མོ་གསལ་ལ་འཛིན་མེད་འཁྱེར། །མཚན་མོ་ལྟར་ཉལ་འཕྲིག་མེད་ཉལ། །རྟག་ཏུ་ཚོགས་དྲུག་ལྷུག་པར་བཞག །དེ་ནི་ང་ཡི་འཁྱེར་སོ་ཡིན་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཅིག་དགོངས་པ་ཇི་ལྟར་གཤེགས། །འདའ་ཁའི་ལམ་འཁྱེར་ཇི་ལྟར་བགྱི་ཞུས་པས། སྐྱེ་མེད་ངང་ལ་དོགས་པ་མེད། །བདག་མེད་ངང་ལ་གཤེགས་ཡུལ་མེད། །འཛིན་མེད་ངང་ལ་དུས་གསུམ་མེད། །ལྷན་ནེ་ལྷང་ངེ་ལྷམ་མེ་ཙམ། །རིགས་ཀྱི་བུ་ཡིས་དེ་དགོངས་ནས། །སྐྱེ་མེད་དོན་ལ་འཕོ་འགྱུར་མེད། །སྒྱུ་ལུས་ཞིག་ཀྱང་གསལ་འདེབས་ཡིན། །འཆི་ཁའི་གདམས་ངག་ལྟོས་པ་མེད། །གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཡིས་གནང་བའི་གདམས་ངག་འདི། །ཐོས་པ་ཙམ་གྱིས་གྲོལ་བ་ཇི་ལྟར་མཆི་ཞུས་པས། གང་ཞིག་སྐལ་ལྡན་ལས་ཅན་ལ། །ལན་ཅིག་ཙམ་གྱིས་གྲོལ་བར་ངེས། །འགའ་དང་འགའ་ཡི་སྤྱོད་ཡུལ་མིན། །དེ་བས་ནན་ཏན་བྱ་བ་གཅེས། །བཤེས་གཉེན་དམ་པ་བསྟེན་པ་གཅེས། །གདམས་ངག་ཁོང་དུ་ཆུད་པ་གཅེས། །གོ་ས་གདེངས་དུ་མ་ལོངས་པར། །ཚིག་ཉན་ཙམ་ལ་ཐག་མ་བཅས། །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ། །ང་ཡི་གདམས་ངག་མདུང་སློང་འདི། །སྐལ་ལྡན་རྣམས་ཀྱི་རྐྱེན་དུ་ཆེ། །སྐལ་མེད་རྣམས་ཀྱི་སྡིག་མོར་ཆེ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཞལ་ལས་གསུངས་པའི་བདུད་རྩི་འདི། །སྐལ་ལྡན་ཉམས་སུ་བླངས་པ་ལ། །འབྱོངས་པའི་ཚད་ནི་ཇི་ལྟར་ལགས་ཞུས་པས། ཨེ་མ་ཧོ་རིགས་ཀྱི་བུ། བག་ལ་ཉལ་དང་མངོན་དུ་རྒྱུ། །ཐོག་བྱུང་པའི་རྐྱེན་རྣམས་ལ། །ང་ཡི་མན་ངག་གནད་འདི་ཡིས། །མི་ཕོད་རྫིས་ཏེ་གཅོད་བྱས་ན། །བར་དོ་གསུམ་གྱི་འཇིགས་པ་སེལ། །བདུད་རྣམས་རང་སར་ཞིག་པར་འགྱུར། །དེ་ཉིད་འབྱོངས་པའི་རྟགས་བསྟན་པ། །དགྲ་གཉེན་གཉིས་སུ་མི་ཕྱེད་དང་། །འཇིག་རྟེན་ཆོས་བརྒྱད་མི་ཕྱེད་དང་། །གཉིད་ལོག་སད་པར་མི་ཕྱེད་དང་། །རྨི་ལམ་སྒྱུ་མར་མི་ཕྱེད་དང་། །དྲན་དང་མ་དྲན་མི་ཕྱེད་དང་། །སྲིད་པའི་བར་དོ་དེས་མི་མཐོང་། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །དེ་བས་སྐྱེ་མེད་ངོས་བཟུང་ན། །མི་ཕོད་འཁྲུལ་པའི་བག་ཆགས་སྦྱངས། །ཨེ་མ་ཧོ། རང་ཉིད་ཆོད་པས་བདུད་རྣམས་ཞི། །རྩ་བྲལ་རྟོགས་པས་མངོན་སངས་རྒྱས། །ཉམ་ཐག་ཆོད་པས་ལྷུག་པར་ཞོག །དང་པོའི་སེམས་ལ་བདུད་ངོས་བཟུང་། །གཉིས་འཛིན་གྱི་རྟོག་པ་སྐྱེས་སུ་ཆུག །ཡེ་ནས་འཁོར་འདས་གཉིས་སུ་མེད། །འཛིན་པས་སོ་སོར་མ་ཕྱེད་ཅིག །བློ་ཡིས་མ་འགོག་མ་སྒྲུབ་ཅིག །ཅིར་ཡང་གཟུངས་སུ་མ་འཛིན་ཅིག །ཞེན་མེད་སྤྱོད་པས་ལྷུག་པར་སྐྱོངས། །གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ། །དད་ལྡན་བློ་གྲོས་དམན་པ་ལ། །ཉམས་ཀྱི་འཁྲིད་ཐབས་ཇི་ལྟར་བགྱི་ཞུས་པས། དད་ལྡན་བློ་གྲོས་དམན་པ་ལ། །རིམ་གྱིས་འཁྲིད་པར་བྱ་བའི་ཕྱིར། །དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཙམ། །དེ་ནས་ཐབས་ཀྱི་ཡན་ལག་ལ། །རྟེན་འཇོག་སོ་བཙལ་བར་བྱ། །བརྟན་པར་གྱུར་ནས་སུན་ཕྱུང་ལ། །ང་ཡི་འཁྱེར་སོ་བསྟན་པར་བྱ། །མི་གཅིག་སྐལ་ལྡན་བློ་རྣོ་ལ། །ཐོགས་བཅས་མན་ངག་བསྟན་པར་བྱའོ། །དད་ལྡན་གཡང་ལ་མི་བསྐྱུར་ཞིང་། །བློ་ལྡན་སྒྲོག་ཏུ་གཞུག་མི་བྱ་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། །བློ་དམན་ཐབས་ཀྱི་ཡན་ལག་ལ། །བསླབ་ཚུལ་ཇི་ལྟར་བསླབ་པར་བགྱི་ཞུས་པས། སྔོན་གྱི་རྫོགས་པའི་སངས་རྒྱས་ཀྱིས། །ཤེར་ཕྱིན་ཨ་རུ་བསྡུས་ཏེ་གསུངས། །རང་སེམས་སྐྱེ་མེད་དོན་གྱི་ཨ། །གནས་ནི་ཟག་བཅས་ལུས་ལ་གནས། །ཁྱབ་ནི་སྣང་སྲིད་ཀུན་ལ་ཁྱབ། །འབྱུང་ནི་སྐྱོན་ཡོན་ཐམས་ཅད་འབྱུང་། །བླ་མ་ལ་གུས་སློབ་མ་ཡིས། །འཁོར་བ་དག་ལ་སྐྱོ་བ་བསྐྱེད། །སྐྱེ་མེད་དོན་ལ་གདུང་བ་བསྐྱེད། །ལུས་སྒྲིམ་སེམས་དགུག་དམིགས་པ་བཅས། །ཨ་དང་ཐིག་ལེ་དཀར་དམར་ལ། །ཕྱི་ནང་སྤྲོས་ཤིང་དྲག་ཏུ་གཏད། །རེས་འགའ་སྐྱེས་པ་མདའ་འཕངས་བཞིན། །མཁའ་ལ་འཕངས་ཏེ་ལུས་སེམས་བྲལ། །རེས་འགའ་རྒྱུ་སྐར་ནམ་མཁར་བསྐོར། །རེས་འགའ་ཕུང་པོ་ཨར་བསམས་ཏེ། །བསྐྱེད་རྫོགས་པ་ཡི་རྒྱས་གདབ་ཅིང་། །སྐྱེ་མེད་བཟླས་པའི་རྣལ་འབྱོར་བྱ། །དེ་ལ་སོགས་པ་ཉམས་དང་སྦྱར། །གནད་དུ་འགྲོ་ན་འདི་ཡིན་མོད། །གོམས་པར་བྱས་ན་རང་ཉམས་སྐྱེས། །གནས་ལ་མ་ཞེན་བྱང་ཆུབ་ལམ། །ཞེས་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ། །གང་ཞིག་དམིགས་མེད་བསྒོམ་པ་ལ། །བྱིང་རྒོད་བྱུང་ན་ཇི་ལྟར་བགྱི། །ཞུས་པས། ཨེ་མ་ལེགས་སོ་རིགས་ཀྱི་བུ། །དཔེར་ན་རྐ་ཡུར་གསར་པ་ལ། །ཆུ་ནི་ལེགས་པར་དྲངས་པའི་ཚེ། །དང་པོ་ཐོགས་རྡུགས་མེད་མོད་ཀྱང་། །ས་རྒལ་སྦངས་ནས་རྐོང་ཆག་དེ། །དེ་ཉིད་མ་གསོས་དོན་མེད་འགྱུར། །དེ་བཞིན་གང་ཟག་ལམ་བསྒོམ་པ། །བླ་མའི་བྱིན་གྱིས་ཐོག་མར་བདེ། །ངེས་ཤེས་ཐོབ་ནས་ཐེ་ཚོམ་སྐྱེ། །ཉམས་སུ་མྱོང་ནས་བྱིང་རྒོད་འབྱུང་། །བྱིང་པ་ལ་ཡང་རྣམ་པ་གཉིས། །འབྱུང་བཞི་སྟོབས་ཀྱིས་བྱིང་པ་ནི། །ས་དང་ཆུ་དང་མེ་དང་རླུང་། །གང་ལྟར་བྱིང་པར་གྱུར་ཀྱང་ནི། །རི་བོའི་རྩེ་ལ་ལུས་བསྲང་སྟེ། །རྐང་བཤིབས་ལག་གཉིས་སྤྱི་བོར་སྦྱར། །སྣོད་བཅུད་ཕྱི་ཡི་འབྱུང་བ་བཞི། །རིམ་གྱིས་བསྡུས་ཏེ་ལུས་ལ་བསྟིམ། །ལུས་ཀྱང་མེ་ལོང་ཧས་བཏབ་བཞིན། །སྙིང་ཁ་ཙམ་དུ་སེམས་ལ་བསྟིམ། །སེམས་ནམ་མཁར་རབ་གྲོལ་ཏེ། །སྤྱོད་ལམ་རྣམ་བཞི་གང་བྱེད་དུ། །ནམ་མཁའི་ངང་དང་མ་བྲལ་བསླབ། །དེ་ལྟར་བྱས་པས་བྱིང་པ་སེལ། །ལོག་འདྲེན་བགེགས་ཀྱི་བྱིང་པ་ནི། །གཉིད་དང་རྨུགས་པས་མྱོས་བྱེད་ཅིང་། །ཤེས་པ་འཐིབས་ཤིང་སྙིང་མི་དགའ། །དེ་ལྟར་བྱུང་ན་ཡི་དགས་ཡིན། །དེ་ཉིད་ངོས་བཟུང་འདྲེ་རྩད་བཅད། །ཡི་དྭགས་ཡོད་སར་ཉལ་བས་སེལ། །རྒོད་པ་ལ་ཡང་རྣམ་གཉིས་ཏེ། །རླུང་གི་སྟོབས་ཀྱིས་འཕྲོ་བ་དང་། །བར་ཆད་བགེགས་ཀྱིས་རྒོད་པའོ། །ཇི་ལྟར་འཕྲོ་རྒོད་ཅི་སྣང་ཡང་། །ཁང་པ་སྟོང་པའི་རྐུན་མོ་དང་། །བར་སྣང་སྟོང་པའི་སྤྲིན་བཞིན་དུ། །གཞི་རྩ་མེད་པར་རྟོགས་པས་ཞིག །ཡང་ན་སླར་ནི་རབ་སྤྲོས་ཏེ། །ཁ་ཤ་རྨུགས་ཤར་རྩལ་སྦྱང་པས། །འཕྲོ་བ་རང་སར་ཞི་བར་ངེས། །གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །བྱིང་རྒོད་གཉིས་སྐྱོན་གང་ཆེ་ཞུས་པས། བྱིང་བ་དང་ནི་རྒོད་པ་གཉིས། །བྱིང་བ་གཏི་མུག་ཤས་ཆེ་བས། །ལྷག་མཐོང་ཡེ་ཤེས་མི་སྐྱེ་སྟེ། །དགུན་དུས་ཉལ་བའི་འཕྱི་བ་བཞིན། །ཞི་གནས་གླེན་སྒོམ་ལམ་མི་བགྲོད། །རྒོད་པ་ཡེ་ཤེས་ཤས་ཆེ་བས། །རྩེ་གཅིག་དོན་ལ་མི་གནས་ཀྱང་། །སེམས་ཉིད་གསལ་ལ་དྭངས་པ་དེ། །རྣམ་རྟོག་འཕྲོ་ཡང་ཡོན་ཏན་སྐྱེ། །དྲི་མས་དྲི་མ་འཁྲུད་པ་ལྟར། །རྟོག་པས་རྟོག་པ་སེལ་བར་འགྱུར། །རྟོག་མེད་རང་གསལ་ཤུགས་ཀྱིས་འཆར་གསུངས། མི་མིན་ཡེ་ཤེས་མཁའ་འགྲོ་མ། ལུས་ལ་ན་ཚ་བྱུང་ན་ཇི་ལྟར་བགྱི། སེམས་ལ་སྡུག་བསྔལ་བྱུང་ན་ཇི་ལྟར་བགྱི་ཞུས་པས། ལུས་ལ་ན་ཚ་བྱུང་སྲིད་ན། །སྒྱུ་མའི་ལུས་ལ་ཆགས་པ་ཕྲལ། །སོས་ན་དགའ་བའི་སེམས་མི་བསྐྱེད། །གཉན་སར་སོང་ལ་རྣལ་འབྱོར་ཀུན། །ལུས་པོ་གཏུབ་ལ་ཚོགས་སུ་དབུལ། །རྣམ་རྟོག་ཆོས་ཉིད་གཏེར་དུ་སྦ། །བསྒོམས་ཀྱང་སྐུ་དྲིན་ཆེ་བར་བལྟ། །སེམས་ལ་སྡུག་བསྔལ་བྱུང་སྲིད་ན། །གནས་དང་དབྱིབས་དང་ཁ་དོག་བརྟག །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །མེད་བཞིན་དུཿཁ་འཛིན་པ་འཁྲུལ། །མོ་གཤམ་བུ་ཡི་བཞིན་དྲུང་དང་། །རི་བོང་རྭ་ཅོ་རྣོ་བརྟུལ་འདྲ། །དེ་ཉིད་མེད་པས་དེ་འབྱུང་མེད། །སེམས་ཀྱི་གཞི་རྩ་ཆོད་ཙམ་ན། །བདེ་སྡུག་བྱ་བ་ཡོད་མི་འདྲ། །རྣམ་སྨིན་བག་ཆགས་ཀུན་ལས་གྲོལ། །འཁོར་བའི་མཐའ་མ་དེ་རུ་ཐུག །རིགས་ཀྱི་བུ་ཡིས་དེ་དགོངས་ན། །རྐྱེན་སྣང་རབ་རིབ་གཟུགས་བརྙན་འདྲ། །དཔེར་ན་ནམ་མཁའི་ཆོ་འཕྲུལ་བཞིན། །ན་ཚ་སྡུག་བསྔལ་ཅི་བྱུང་ཡང་། །རྩལ་སྦྱོངས་རེ་རེར་ཤེས་པར་བྱ། །རྐྱེན་རྣམས་གྲོགས་སུ་མ་གོ་ན། །ལྟ་བ་མཐོ་ཡང་གོལ་ས་ཡིན། །རྐྱེན་སྣང་ཅི་བྱུང་ཅི་ཤར་ཡང་། །དབེན་པར་སོང་ལ་རྣལ་འབྱོར་ཀུན། །ལུས་གློད་སེམས་དལ་ཉམ་ང་ཐོངས། །འདོད་དང་སྒྲུབ་པའི་ཡིད་མ་འཆའ། །བག་དྲོ་ངང་དལ་ཤེས་པ་བདེ། །རང་བག་རང་གིས་བསྲོ་བ་ལས། །གཞན་ལ་ལྟོས་ན་རྣལ་འབྱོར་མིན། །ཞེས་གསུངས་སོ། །
མི་མིན་ཡེ་ཤེས་མཁའ་འགྲོ་མ། །གཞན་ལ་བྱིན་རླབས་ཇི་ལྟར་བགྱི། །ཞུས་པས། བྱིན་རླབས་ལ་ནི་རྣམ་གསུམ་སྟེ། །དང་པོ་ཕྱི་ཡི་བྱིན་རླབས་ནི། །སེམས་བསྟོད་ཉམས་དབྱངས་བླང་པ་དང་། །སྤྱོད་ལམ་རླིང་པར་བྱས་པ་ཡིས། །མོས་གུས་བསྐྱེད་པས་བྱིན་རླབས་འབྱུང་། །ནང་གི་བྱིན་རླབས་བྱ་བ་ནི། །འདྲེ་དང་ནད་པ་རང་གི་སེམས། །གཉིས་མེད་གཅིག་གི་ངང་བཞག་པས། །དུཿཁ་ཞི་བའི་བྱིན་རླབས་འབྱུང་། །གསང་བའི་བྱིན་རླབས་བྱ་བ་ནི། །བྱིན་ནི་འགྱུར་བ་མེད་པ་ཡིན། །རླབས་ནི་དགག་སྒྲུབ་ཤུགས་ལ་འབྱུང་། །རང་ཉིད་ཉམས་དང་བྲལ་བྱས་ནས། །རྩོལ་བྲལ་དམིགས་མེད་ངང་བཞག་ན། །བྱིན་རླབས་འབད་པ་མེད་པར་འབྱུང་། །བདག་དང་བཅས་པའི་བྱིན་རླབས་ནི། །བྱིན་དང་མི་ལྡན་ནུས་པ་ཙམ། །གཞན་དོན་བྱས་ཀྱང་འཁོར་བའི་རྒྱུ། །ཞེས་གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །ཉམས་ལ་ཡར་སྐྱེད་ཆུང་ཤེས་པའི། །སྣ་ཁ་འཁོར་ན་ཇི་ལྟར་བགྱི། །ཞུས་པས། ཨེ་མ་ཧོ་རིགས་ཀྱི་བུ། ཐམས་ཅད་མ་ལུས་ཆོས་ཉིད་ངང་། །ཆོས་ཉིད་ངང་ལ་སྐྱེ་བ་མེད། །སྐྱེ་མེད་ནམ་མཁའི་དཀྱིལ་དང་འདྲ། །ཆོས་ཉིད་ངང་ལ་འགགས་པ་མེད། །འགག་མེད་ནམ་མཁའི་ཀློང་དང་འདྲ། །ཆོས་ཉིད་ངང་ལ་འཕོ་འགྱུར་མེད། །འགྱུར་མེད་ནམ་མཁའི་དབྱིངས་དང་འདྲ། །ཆོས་ཉིད་ངང་ལ་སྒྲིབ་པ་མེད། །སྒྲིབ་མེད་ཉི་མའི་སྙིང་པོ་འདྲ། །ཆོས་ཉིད་ངང་ལ་རྩོལ་སྒྲུབ་མེད། །རྩོལ་མེད་ནམ་མཁའི་ཁྱུང་ཆེན་འདྲ། །རྟོགས་ན་ཡེ་ཤེས་ཆིག་ཆོད་ཡིན། །རྣལ་འབྱོར་གྱིས་ས་ལམ་ཤུགས་ཀྱིས་བགྲོད། །བློ་གཟུང་གི་ངང་ལ་རྩིས་གདབ་མེད། །ཡེ་སྟོང་གི་ཀློང་དུ་བློ་གྲོལ་བས། །རིག་པའི་སྣ་ཁ་འཆོར་དོགས་མེད། །དེ་ལྟར་དགོངས་ཤིག་རིགས་ཀྱི་བུ། །གང་ཞིག་སྐལ་དམན་བྱིས་པའི་ཚོགས། །མ་རིག་རིག་པ་མ་ཤེས་པས། །མ་རིག་སྤངས་པའི་ཕ་རོལ་ན། །རིག་པ་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །རྣམ་རྟོག་ཡེ་ཤེས་སུ་མ་ཤེས་པས། །ཆོས་ཅན་ཆོས་ཉིད་དུ་མ་ཤེས་པས། །ཆོས་ཅན་སྤངས་པའི་ཕ་རོལ་ནས། །ཆོས་ཉིད་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །རྣམ་རྟོག་སྤང་པའི་ཕ་རོལ་ནས། །ཡེ་ཤེས་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །སྡུག་བསྔལ་བདེ་བར་མ་ཤེས་པས། །སྡུག་བསྔལ་སྤངས་པའི་ཕ་རོལ་ན། །བདེ་བ་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །སེམས་ཅན་སངས་རྒྱས་སུ་མ་ཤེས་པས། །སེམས་ཅན་སྤངས་པའི་ཕ་རོལ་ན། །སངས་རྒྱས་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །འཁོར་འདས་གཉིས་མེད་མ་ཤེས་པས། །འཁོར་བ་སྤངས་པའི་ཕ་རོལ་ན། །མྱང་འདས་འཚོལ་བ་སྙིང་རེ་རྗེ། །བཙལ་བས་མི་རྙེད་ཉོན་རེ་མོངས། །མ་རིག་རྒན་མོ་ལོང་མ་འདྲ། །མཚན་ལྡན་བླ་མ་ཤིན་ཏུ་གཅེས། །མ་རྟོག་ཤེས་པ་སྤྲེའུ་འདྲ། །རྒྱུད་པའི་མན་ངག་ཤིན་ཏུ་གཅེས། །ཚིག་གི་ཁ་ལྟ་ནེ་ཙོ་འདྲ། །ཉམས་སུ་བླང་པ་ཤིན་ཏུ་གཅེས། །བློས་བྱས་ཀྱི་ཉམས་རྟོགས་ན་བུན་འདྲ། །རིག་པ་གཅུན་པ་ཤིན་ཏུ་གཅེས། །འཁྲུལ་བའི་བག་ཆགས་གཅོང་ནད་འདྲ། །ཐོག་ཏུ་འགེལ་བ་ཤིན་ཏུ་གཅེས། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་འདྲ། །ཟུང་དུ་འཇུག་པ་ཤིན་ཏུ་གཅེས། །གསུངས་སོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །སྤྱོད་ཡུལ་འདི་གཞན་ལ་སྤེལ་ལམ་མི་སྤེལ་ཇི་ལྟར་བགྱི་ཞུས་པས། ཁྱོད་ཀྱིས་སྤེལ་བས་མི་འཕེལ་གྱི། །དད་ལྡན་བརྩོན་འགྲུས་ཆེ་བ་དང། །དམ་ཚིག་བསྲུང་ཞིང་བློ་ལྡན་རྣམས། །དད་ཅིང་འདུན་ན་བརྟན་པར་མཛོད། །རྐྱེན་གྱིས་དེད་པའི་གང་ཟག་ལ། །ཞལ་གྱི་གདམས་པ་མ་རྟོགས་པ། །ནད་སོས་ཅིར་འགྱུར་ཆ་མེད་པས། །ལག་ལེན་བསྟན་པར་མི་བྱའོ། །གང་ཟག་སྣོད་ལ་བརྟག་པ་གཅེས། །ནོར་གྱི་ཕྱི་རུ་བཀའ་དགོས་མིན། །འདི་ཕྱིར་སྟོང་པར་མི་ནུས་ན། །ངེས་པར་སྐལ་མེད་རྨོངས་པའི་རིགས། །འཇུག་སྒོ་ཙམ་ཞིག་མ་རྟོགས་པ། །ཐོག་བབས་གདམས་ངག་བསྟན་མི་བྱ། །བརྟགས་ཀྱི་འབྲེལ་བ་བཞག་པར་མཛོད། །བླ་མ་ལ་གུས་སྙིང་རྗེར་ལྡན། །གཏོང་བ་ཆེ་ཞིང་བློ་ཆེ་བ། །བྱ་བ་བཏང་ཞིང་ཐ་སྙད་སྤངས། །དེ་ནི་སྐལ་ལྡན་ལས་ཅན་ཡིན། །བསྡུ་བ་བཞི་ཡིས་གཞན་དོན་བྱ། །ཞེས་གསུངས་སོ། །བཀའ་ཚོམས་ཀྱི་ཞུ་ལན་སུམ་ཅུ་རྩ་ལྔ་པ་མ་མཁའ་འགྲོ་མའི་ཡང་གསང་ཐུགས་ཀྱི་ཉིང་ཁུ་ཞེས་བྱ་བ་བཀའ་ཚོམས་ཆེན་མོ་རྫོགས་སོ།། །།མན་ངག་འདི་ཆིག་རྒྱུད་ཡིན་གསུངས། ཟབ་ཨྠྀི།
ཞུས་ལན་ཆེ་ཆུང་གཉིས།
༄༅། །ཞུས་ལན་ཆེ་ཆུང་གཉིས་བཞུགས་སོ། །
ན་མོ་གུ་རུ། སྲས་ཀྱིས་ཡུམ་ལ་ཞུས་པ། མ་ཅིག་སྤྲུལ་པའི་མཁའ་འགྲོ་མ། ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་རྟོགས་ཀྱང་། བློ་གཟུང་འཛིན་ལས་གྲོལ་དུ་མ་བཏུབ་ན། ཇི་ལྟར་བགྱི་ཞུས་པས། མའི་ཞལ་ནས། བློ་གཟུང་འཛིན་ལས་གྲོལ་བར་འདོད་ན་ང་དང་ང་ཡིར་འཛིན་པ་ཐོངས། ཡིད་རྟོག་པ་དང་ཕྲོལ། སྣང་བ་རང་སར་ཞོག་གསུངས། ཡང་སྲས་ཀྱིས་ཡུམ་ལ་ཞུས་པ། ཡིན་པ་ལ་ཡིན་པར་ངོ་ཤེས་ངེས་པ་ཐོབ་ཀྱང་། རྐྱེན་བག་ཙམ་རེས་བློ་འཕྲོག་པར་གདའ་ན་ཇི་ལྟར་བགྱི་ཞུས་པས་མའི་ཞལ་ནས། རྐྱེན་ངན་གྱིས་བློ་མི་འཕྲོག་པར་འདོད་ན། རྟགས་དང་ཆ་ལུགས་བསྒྱུར། དགེ་བའི་བཤེས་གཉེན་བསྟེན། ཡུལ་ཉེ་བ་སྤོངས་འཁྲུལ་བ་ལས་མཚམས་ཆུག །ལུས་དུམ་བུར་གཏུབ་ལ། སྤྱོད་ལམ་རྣམ་བཞིར་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་གྱིས་གསུངས། ཡང་སྲས་ཀྱིས་ཡུམ་ལ་ཞུས་པ། སྐྱེ་མེད་ལྟ་བ་རྟོགས་པས་ཕྱིས་སྐྱེ་བ་མི་ལེན་པ་མ་ལགས་སམ་ཞུས་པས་མའི་ཞལ་ནས། སྐྱེ་མེད་ཀྱི་ལྟ་བ་རྟོགས་པས་མི་ཆོག །ལྟ་བ་རྒྱུད་ལ་སྐྱེ་དགོས། དེ་བསྐྱེད་པ་ལ་རང་གི་བསོད་ནམས་དང་བླ་མའི་བྱིན་རླབས་འཛོམས་དགོས་པར་གདའ་གསུངས། བླ་མའི་བྱིན་རླབས་འཇུག་པར་འདོད་པ་ལ་ཇི་ལྟར་བགྱི་ཞུས་པས་མའི་ཞལ་ནས། བླ་མའི་བྱིན་རླབས་འཇུག་པར་འདོད་ན་མོས་པ་གུས་པས་གསོལ་བ་དྲག་ཏུ་ཐོབ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཕྱོགས་མེད་དེ་གསོལ་བ་མ་བཏབ་ན་དགོས་འདོད་མི་འབྱུང་། རིགས་ཀྱི་བུ། ཡོན་ཏན་བསྐྱེད་པར་འདོད་ན་བླ་མ་ལ་མོས་གུས་བསྐྱེད། བར་ཆད་སེལ་བར་འདོད་ན་བླ་མ་ལ་གསོལ་བ་ཐོབ། བླ་མ་ལ་དད་གུས་ཡོད་ན་རྟེན་འབྲེལ་གྱི་ཆེ་བ་ཐམས་ཅད་སྒྲིག་ཏུ་བཏུབ་གསུངས། ཡང་སྲས་ཀྱིས་ཡུམ་ལ་ཞུས་པ། ལྟ་བ་རྒྱུད་ལ་སྐྱེས་ན་ཇི་ལྟ་བུ་མཆི་ཞུས་པས་མའི་ཞལ་ནས། ལྟ་བ་རྒྱུད་ལ་ལྷངས་ལྟར་སྐྱེས་ན། བྱིས་པའི་སྦུབས་ནས་ཐོན་ནས་ང་རྒྱལ་དམའ་ཤོངས་ཀྱིས་འགྲོ། བློ་བདེ་འབོལ་གྱིས་འགྲོ། རྒྱུད་འཇམ་ཉལ་གྱིས་འགྲོ། ཤེས་པ་ཡང་ཆད་ཀྱིས་འགྲོ། བླ་མ་བཀའ་དྲིན་ཆེ་སྙམ་པ་འབྱུང་། མ་རྟོགས་པའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་བཙན་ཐབས་སུ་སྐྱེ། ལས་རྒྱུ་འབྲས་ལ་ངོ་བོ་ཉིད་ཀྱིས་འཛིན་པ་གཅིག་འོང་། ལུས་ངག་ལ་བདེ་བ་འབར་བས་བྲོ་དང་གླུ་འབྱུང་། སེམས་ལ་རྟོགས་པ་ཤར་བས་སྡེ་སྣོད་ཐམས་ཅད་ཀྱི་དོན་ལ་མ་བསླབ་པར་འཆར། ལུས་གཟི་བརྗིད་དང་ལྡན། ངག་ནུས་པ་དང་ལྡན། སེམས་དགའ་བདེ་དང་ལྡན་ཏེ། རེས་འགའ་བུ་ཆུང་བྱེད། རེས་འགའ་སྨྱོན་པ་བྱེད་པ་གཅིག་འབྱུང་གསུངས། ཡང་ལྟ་བ་རྒྱུད་ལ་སྐྱེས་པའི་དོན་དེ་ལ་སྒོམ་རྒྱུ་བདོག་གི་མི་བདོག་ཞུས་པས།
མའི་ཞལ་ནས། སྐྱེ་མེད་ལམ་དུ་འཁྱེར་བའི་རྣལ་འབྱོར་པ་ནི་ལམ་སྤྱོད་ལམ་མི་དམིགས་པ་བཞིན་དུ་སྤྱོད་དེ། སྒོམ་དུ་མེད་པའི་དོན་དང་མི་འབྲལ་གསུངས། འབྲལ་མེད་ཉམས་སུ་བླངས་པས་རིག་པ་ལ་དབང་ཐོབ་པ་མ་ལགས་སམ་ཞུས་པས། མའི་ཞལ་ནས། རང་གི་བློ་ཚོད་གང་ན་གནས་པ་དེ་འབྲལ་མེད་དུ་རྒྱུན་དུ་བསྟེན་པས་སྐྱེད་བོགས་རང་བཞིན་གྱིས་འབྱུང་། རིག་པ་ལས་སུ་རུང་བས་ཉོན་མོངས་པའི་སྡུག་བསྔལ་རྐྱེན་ངན་གྱིས་མི་གོས་ཏེ། རབ་ལྟ་བས་ཞི། འབྲིང་སྒོམ་པས་ཞི། ཐ་མ་བརྟུལ་ཞུགས་ཀྱི་སྤྱོད་པས་ཞི་བར་བྱེད་ཅིང་། རང་དབང་རང་གིས་ཐོབ་པར་བྱེད་པ་ཡིན་གསུངས། རིག་པ་ལས་སུ་རུང་པའི་ཚད་གང་ལགས་ཞུས་པས། མའི་ཞལ་ནས། ཤེས་པ་རང་བཞིན་གསལ་ལ་དམིགས་རྣོ་བ། དམིགས་པ་སྣ་ཚོགས་བསྒྱུར་ཤེས་པ། གར་བཞག་ཏུ་སྡོད་ཅིང་། བཏང་སྙོམས་ལས་ལོག་པ། བཏང་སར་འགྲོ་ཞིང་མི་འབྱམས་པ། དགོས་དུས་སུ་སླེབ་ཅིང་རིག་པ་གཉེན་པ་དེ་ནི་རིག་པ་ལས་སུ་རུང་བའི་ཚད་ཡིན་གསུངས་སོ། །
ཡང་སྲས་ཀྱིས་ཡུམ་ལ་ཞུས་པ། སྤྱིར་རྟེན་གྱི་གང་ཟག་གཅིག་སངས་རྒྱས་པར་བྱེད་པ་ལ། ལམ་ཐག་གང་ནས་ཉེ་ཞུས་པས། མའི་ཞལ་ནས་རང་སེམས་སངས་རྒྱས་སུ་མ་ཤེས་ན། ཐར་པའི་ལམ་ལ་བགྲོད་ཐག་ཆད། མཚན་ལྡན་གྱི་བླ་མ་དང་མ་འཕྲད་ན་ཆོས་ལ་སྙིང་ལས་འོང་། སྐྱེ་མེད་ཆིག་ཆོད་ཀྱི་གདམས་པ་མེད་ན། དྲང་དོན་བྱིས་པའི་ཚུལ་གྱིས་བསླུ། རྣམ་རྟོག་ཆོས་སྐུར་མ་ཤེས་ན། གཉེན་པོའི་ཡེ་ཤེས་ཨ་ཐང་ཆད། སྐབས་སུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་རྦད་ཁམས་མ་བསྲེས་ན། ལས་རྒྱུ་འབྲས་ཀྱི་རྩིས་གདབ་ཀྱིས་ཉམས་མྱོང་སྣ་འཁྱག །ཐར་པའི་རྩ་བ་རང་སེམས་ལ་གཏུགས་ན་ཉེ་སྟེ་མཆི་གསུངས། ཡང་སྲས་ཀྱིས་ཡུམ་ལ་ཞུས་པ། རྩ་བ་རང་སེམས་ཨ་ལ་གཏུགས་ནས་ཉམས་སུ་ལེན་པ་ལ་སྤྱོད་པ་ཇི་ལྟར་བྱས་ན་བདེ་ཞུས་པས། མའི་ཞལ་ནས། བུ་ཆུང་གི་སྤྱོད་པ་བྱས་ན་བདེ། སྨྱོན་པའི་སྤྱོད་པ་བྱས་ན་བདེ། མཛེ་ཅན་གྱི་སྤྱོད་པ་བྱས་ན་བདེ། རི་དྭགས་ཀྱི་སྤྱོད་པ་བྱས་ན་བདེ་གསུངས། ཡང་སྲས་ཀྱིས་ཡུམ་ལ་ཞུས་པ། སེམས་ཀྱིས་སེམས་ཉིད་ཉམས་སུ་བླངས་པ་ལ་འབྲས་བུའི་ཡོན་ཏན་ཇི་ལྟར་འབྱུང་ཞུས་པས། མའི་ཞལ་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཀྱིས་སེམས་རྣམ་པར་དཔྱད་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ་མཛད་པ་ཕྲིན་ལས་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ། དེ་བས་ན་སེམས་ཀྱི་གནས་ལུགས་ཡེ་ནས་སྐྱེ་བ་མེད་པའི་དོན་ལ་དཔྱད་ལགས་ན། མཆོག་དང་ཐུན་མོང་གི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་། དཔག་ཏུ་མེད་པ་ལྷུན་གྲུབ་ཏུ་འབྱུང་སྟེ། འདིར་བརྗོད་ཀྱིས་མི་ལང་། བཀའ་རྒྱས་འབྲིང་གི་སེམས་བསྐྱེད་ཀྱི་ལེའུར་ལྟོས། གཞན་ཡང་ནོར་བཟང་གིས་ཞུས་པའི་མདོ་ལ་སོགས་པར་ལྟོས་གསུངས་སོ། །ཡུམ་སྲས་ཀྱི་ཞུས་ལན་གདམས་ངག་བཅུ་གཅིག་མ་ཞེས་བྱ་བ་རྫོགས་སོ།། །།
༈ ན་མོ་གུ་རུ། ཡུམ་ལ་སྲས་ཀྱིས་ཞུས་པ། མི་མིན་ཡེ་ཤེས་མཁའ་འགྲོ་མ། སྙིང་པོ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འདི། དབྱིངས་སྟོང་པ་ཤས་ཆེ་བར་གདའ་བས་ཆད་ལྟར་མི་འགྲོའམ་ཞུས་པས། མའི་ཞལ་ནས། ཆོས་ཐམས་ཅད་རང་གི་སེམས་ཡིན། སེམས་ཆོས་ལྔ་ལྡན་དུ་གནས་པས་རྟག་ཆད་ལ་སོགས་པའི་མཐའ་གང་དུ་ཡང་མ་ལྷུང་པ་ཡིན་ཏེ། འོན་ཀྱང་མ་རིག་པའི་དབང་གིས་སེམས་ཅན་འཁྲུལ་བ་དང་བཅས་པའི་སེམས་འདི་ནི། སྣང་བ་དང་གསལ་རིག་གི་བདེ་བ་བསྒྲིབས་ནས་སྣང་བ་རང་རྒྱུད་རིག་པ་རང་རྒྱུད་པར་ཤོར་ནས་སེམས་ཅན་རྣམས་འཁོར་བར་འཁྱམས་པ་ཡིན་ཏེ། དེའི་གཉེན་པོར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་གཏན་ལ་དབབ་པ་གལ་ཆེ། སྟོང་པ་གཏན་ལ་ཕེབས་ཙ་ན། སྟོང་པའི་ངང་བདེ་བར་འཆར་བས་དེར་སྣང་སྟོང་། གསལ་སྟོང་། རིག་སྟོང་། བདེ་སྟོང་ཟུང་འཇུག་གི་ཉམས་ངང་གིས་འཆར་ཏེ། རིག་པ་གསལ་ཀྱང་དགག་གིས་མི་ཁོགས། ད་ལྟ་སེམས་ཅན་ཐམས་ཅད་རྟག་ལྟ་འབའ་ཞིག་པ་ཡིན། དེའི་གཉེན་པོར་སྟོང་ཉིད་སྒོམ་པ་ཁོ་ན་གནད་དུ་ཆེ་གསུངས། མ་ཅིག་ལགས། སྤྱོད་པ་ལོག་སྒྲུབ་གཉན་ཐོག་ཏུ་གཉན་འབེབས་པ་འདི་ལ། ལུས་སྲོག་ལ་བར་ཆད་མི་འབྱུང་ལགས་སམ་ཞུས་པས། མའི་ཞལ་ནས། ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན། བར་དུ་གཅོད་མཁན་དང་གཅད་བྱ་གཉིས་གཤིས་ལ་འདུག་གམ་མི་འདུག་ལྟོས་དང་། བར་དུ་གཅད་བྱ་ལུས་སྲོག་ཆོས་དང་གསུམ་ནི་ཀུན་ཏུ་བཏགས་པ་ཙམ། གནས་ལུགས་རྟོགས་པའི་རྣལ་འབྱོར་པ་ལ་བར་ལ་གཅད་རྒྱུ་མེད་ཅིང་། གཅོད་མཁན་མེད་གསུངས། འོ་ན་གནས་ལུགས་སྟོང་པས་དེ་ལྟར་བྱར་མི་རུང་ངམ་ཞུས་པས། མའི་ཞལ་ནས་གལ་ཏེ་གནས་ལུགས་མངོན་སུམ་དུ་མ་རྟོགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལོག་སྒྲུབ་ཀྱི་དགོངས་པ་ཅན་ཡིན་པས་མོས་པ་དང་གོ་ཡུལ་གྱི་ལྟ་བ་ལ་བརྟེན་ནས་ཀྱང་། བདག་གཞན་ལོག་སྒྲུབ་ཀྱི་སྤྱོད་པ་བྱེད་པའི་རྣལ་འབྱོར་པ་ལ་བར་ཆད་མི་འབྱུང་སྟེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བསྲུང་བ་མཛད་ལ། ཁྱད་པར་ངའི་ཆོས་སྲོལ་འདི་ལག་ཏུ་ལོངས་ལ། བདེན་པའི་མཐུ་དང་བྱིན་རླབས་འདུག་གམ་མི་འདུག་ལྟོས་དང་གསུངས་སོ། །གདམས་ངག་གཏིང་ཟབ་གཏགས་ཤ་ཆེ་ཞལ་གསལ་ལག་ཏུ་བླང་བདེ་བྱིན་རླབས་ཆེ། ངོ་མཚར་ཆེ། བསྟན་པ་ཙམ་གྱིས་ཉམས་དང་བྲོད་པ་སྐྱེ་སྐལ་མེད་ལ་བྱིན་རླབས་ཡལ་ནས་འགྲོ་བསྟན་དུ་ཕངས་པའོ། །སེམས་ཀྱི་སྒྲོན་མ་ཆེ་བ་ལགས་སོ་སྐལ་ལྡན་ལ་སྦ་རུ་ཕངས་པའོ།། །།ཨྠྀི།
གཅོད་ཀྱི་བརྗོད་བྲལ་གྱི་སྡོམ་ཚིག
༄༅། །གཅོད་ཀྱི་བརྗོད་བྲལ་གྱི་སྡོམ་ཚིག་བཞུགས། ཆོས་དབྱིངས་རྣམ་དག་ཞིང་ཁམས་སུ། །བླ་མ་ཡི་དམ་མཁའ་འགྲོ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བརྗོད་བྲལ་སྟོན་པའི་སྡོམ་ཚིག་ནི། །འཇུག་པ་སྐྱབས་འགྲོ་སེམས་དབྲལ་བ་དང་། །ངོ་སྤྲོད་དབྱིངས་དང་རིག་པ་བསྲེ། །གཉན་ཁྲོད་རང་གི་ལུས་སུ་བསྟན། །ལྟ་བ་དགེ་མེད་སྡིག་པ་མེད། །སྒོམ་པ་འཛིན་མེད་ཡེངས་པ་མེད། །སྤྱོད་པ་རོ་སྙོམས་ཐོག་ཏུ་རྫིས། །བྱ་ཆ་ཤ་འཁྱེར་ཁྲག་འཁྱེར་ཡིན། །ལམ་འཁྱེར་ན་དགའ་ཤི་སྐྱིད་ཡིན། །རིམ་གྲོ་ཕུང་པོ་གཟན་དུ་བསྐྱུར། །དམ་ཚིག་ལྷ་མེད་འདྲེ་མེད་དོ། །འབྲས་བུ་གཉིས་མེད་ལྷུན་གྱིས་གྲུབ། །མཇུག་བསྡུ་བསྔོ་བ་སྨོན་ལམ་གདབ། །འཁྲུལ་སྣང་ཞིག་པའི་རྣལ་འབྱོར་ལ། །བླང་དོར་རེ་དོགས་མེད་ན་ཡང་། །རྗེས་འཇུག་སྤྲོས་པ་གཅད་པའི་ཕྱིར། །གཉན་ཁྲོད་ཡ་ང་སྐྱི་ཟིང་དུ། །བརྗོད་བྲལ་ལྟ་བ་བརྟན་པོས་འཇུག །དགེ་བ་སྒྲུབ་ཅིང་སྡིག་པ་སྦྱང་། །མཚན་མོ་འབྱར་ཉལ་འཕྲིག་མེད་ལ། །སློངས་རྟགས་རྣམ་གསུམ་མ་བྱུང་ན། །རྣལ་འབྱོར་མཚོན་ཆ་ཏིང་འཛིན་གྱིས། །མི་འཚམ་ལས་ལོག་དུ་མ་བྱ། །སློངས་རྟགས་བྱུང་དུས་འཁྲུལ་རྟོག་ཆོད། །ཚར་ཚད་འཁྲུལ་སྣང་སེམས་སུ་ཤེས། །ཚར་ཚད་ཆོ་འཕྲུལ་རང་ཞིར་སོང་། །ལྷོང་ཚད་སྐྲག་ཅིང་བྲོས་པས་འོང་། །སྒོམ་རྟེན་མི་ལྡོག་གཅེས་འཛིན་གཏོང་། །ལོག་གནོན་གང་འཇིགས་སྟེང་དུ་འཕྱོང་མཆོང་། །དེ་དག་ཀློང་དུ་གྱུར་པ་ལས། །ཡོན་ཏན་ཆོས་དྲུག་འདི་ལྟ་སྟེ། །བདེ་བ་གསུམ་དང་གདེངས་གསུམ་མོ། །བག་ཡངས་བཞག་པས་ལུས་བདེ་ཞིང་། །སྨྲ་བརྗོད་སྤངས་པས་ངག་བདེ་ལ། །འཁྲུལ་སྣང་ཆོད་པས་སེམས་བདེའོ། །དེ་ལས་བྱུང་བའི་གདེང་གསུམ་ནི། །སྤྲོས་པ་ཆོད་པ་ལྟ་བའི་གདེང་། །དེ་བཞིན་བསྒོམས་པས་སྒོམ་པའི་གདེང་། །བརྟན་པ་ཐོབ་པས་རྟོགས་པའི་གདེང་། །དེ་སྟོན་སློབ་དཔོན་རྣམ་གསུམ་ནི། །གསུང་རབ་ལུང་གི་སློབ་དཔོན་ལ། །གསུང་སྒྲོས་མན་ངག་སློབ་དཔོན་ཏེ། །ཉམས་མྱོང་ཡིད་ཆེས་སློབ་དཔོན་ནོ། །ཡེ་ཤེས་མཁའ་འགྲོའི་ཞལ་གདམས་ལས། །བཅད་ཐབས་གསུམ་དང་བཞག་ཐབས་གསུམ། །གཅེས་པ་གསུམ་དང་ལམ་འཁྱེར་གསུམ་སྟེ། །མིང་དོན་ལྔ་དང་འབྲས་བུ་བཞི། །མཇུག་སྡུད་གཉིས་དང་དམ་ཚིག་ལྔ། །དེ་ལྟར་ཉི་ཤུ་རྩ་བརྒྱད་དུ། །འཁྲུལ་སྣང་སྤྱོད་ཐབས་བསྡུས་ནས་བསྟན། །དེ་དག་རིམ་བཞིན་བཤད་པར་བྱ། །ཕྱི་སྣང་བ་ཡུལ་གྱི་རི་མོ་བཅད། །ནང་འཛིན་པ་སེམས་ཀྱི་འཁྲི་བ་བཅད། །བར་ལུས་སེམས་གཉིས་ཀྱི་གཅེས་འཛིན་བཅད། །ཕྱི་སྣང་བ་རྒྱ་ཡན་དུ་བཞག །ནང་རིག་པ་རྟེན་མེད་དུ་བཞག །བར་ཚོགས་དྲུག་ལྷུག་པར་བཞག །ཕུང་པོ་འབྱུང་བཞི་ཡིན་པས་བོར་བར་གཅེས། །འབོར་མཁན་རང་སེམས་ཡིན་པས་བརྟག་པ་གཅེས། །རྟོག་མཁན་སྟོང་ཉིད་ངང་ལ་བཞག་པ་གཅེས། །སྒོམ་མེད་ངང་ནས་སྒོམ་པ་ལམ་དུ་འཁྱེར། །བྱར་མེད་ངང་ནས་བྱ་བ་ལམ་དུ་འཁྱེར། །གཉིས་མེད་ངང་ནས་བརྗོད་བྲལ་ལམ་དུ་འཁྱེར། །རེ་བ་མེད་པས་སངས་རྒྱས་ཆོད། །དོགས་པ་མེད་པས་དམྱལ་བ་ཆོད། །འཁྲུལ་མེད་སྣང་པའི་འཁོར་བ་ཆོད། །སྙེམས་འཕྲིག་མེད་པས་འགྲོ་དོན་ཆོད། །འཛེམ་དོགས་མེད་པས་ནད་རིམས་ཆོད། །ཡེ་ཤེས་རང་ཤར་ཡིན་པས་སྐུ་གསུམ་ཆོད། །རྣམ་རྟོག་རྩ་བྲལ་ཡིན་པས་ཁམས་གསུམ་ཆོད། །གཉིས་མེད་རང་གྲོལ་ཡིན་པས་དུག་གསུམ་ཆོད། །གཅད་བྱ་ཁུ་འཕྲིག་ཡིན་པས་བདུད་བཞི་ཆོད། །མི་རྟོག་པ་སྒོམ་རྒྱུ་མེད་པས་རྟོག་པའི་རྩ་བ་ཆོད་ལ་ཞོག །སངས་རྒྱས་ལོགས་ནས་བཙལ་མི་དགོས་པས་སེམས་ཀྱི་མཚན་ཉིད་རྟོགས་པར་གྱིས། དེ་ལྟར་བརྗོད་བྲལ་གྱི་རྟོགས་པ་རྒྱུད་ལ་སྐྱེ་ན་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བས་དཔལ་ཕྱག་ན་རྡོ་རྗེ་ཡིན་ཀྱང་བྱིན་རླབས་མི་ཞུ། ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཡིན་ཀྱང་རྩིས་མི་བྱེད། སྟོན་པ་གཤེན་རབ་ཡིན་ཀྱང་བོན་མི་བྱེད། འཚོ་བྱེད་གཞོན་ནུ་ཡིན་ཀྱང་རྩ་མི་སྟོན། བྲམ་ཟེ་སེ་ན་ཡིན་ཀྱང་མོ་མི་འདེབས་སོ། །
ཉུང་གསལ་བསྒྲིགས་པའི་ཡིག་ཆུང་འདི། །རྨོངས་པ་ཆ་གན་ཞེས་བྱ་བས། །རང་གི་དྲན་པ་གསོ་ཕྱིར་བྲིས། །འགལ་འཁྲུལ་བཤགས་ཤིང་དགེ་བ་བསྔོ། །ཀུན་གྱིས་ཀུན་མཁྱེན་ཐོབ་པར་ཤོག །མེ་ཕག་སྨིན་དྲུག་ཚེས་ལྔ་ལ། །ཝ་ལུང་བདུན་མ་སྣང་དུ་སྡེབས། །
དབང་པོ་སྒོ་ལྔའི་ཁྲིད།
༄༅། །དབང་པོ་སྒོ་ལྔའི་ཁྲིད་ཀྱང་བཞུགས། ཨོཾ་སྭ་སྟི། འཇིག་རྟེན་གསུམ་ན་གནོད་པའི་འདྲེ། །བདག་འཛིན་རྩ་བ་བཅད་པས་མཐུས། །འདྲེ་ཚོགས་ཐམས་ཅད་ཆོད་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེན་པ་ལོག་པའི་ངེས་འབྱུང་ཅན། །སྟོང་ཉིད་སྒོམ་པའི་དད་པ་ཅན། །འདྲེ་རྟོག་དཔྱོད་པའི་རྣལ་འབྱོར་པ། །བདག་འཛིན་ཆོད་པར་བྱིན་གྱིས་རློབས། །རང་ལུས་རི་གཉན་བྲག་ཕུག་ནང་། །བདག་གཞན་འཛིན་པའི་འདྲེ་རྒོད་ཡོད། །གནས་ཆེན་དེ་རུ་གཅོད་ཅིག་མཛོད། །བདག་གཞན་སྒྱུ་མ་བཞིན་དུ་སྒོམས། །མིག་གི་དབང་པོའི་མཚོ་གཉན་མ། །གཟུགས་ལ་ཞེན་པའི་འདྲེ་རྒོད་ཡོད། །གནས་ཆེན་དེ་རུ་གཅོད་ཅིག་མཛོད། །གཟུགས་སྣང་གཟུགས་བརྙན་བཞིན་དུ་སྒོམས། །རྣ་བའི་དབང་པོའི་གྲོང་ཁྱེར་དུ། །སྒྲ་ལ་ཞེན་པའི་འདྲེ་རྒོད་ཡོད། །གནས་ཆེན་དེ་རུ་གཅོད་ཅིག་མཛོད། །སྒྲ་སྣང་སྒྲ་བརྙན་བཞིན་དུ་སྒོམས། །སྣ་ཡི་དབང་པོའི་ཡུལ་སྟོང་ན། །དྲི་ལ་ཞེན་པའི་འདྲེ་རྒོད་ཡོད། །གནས་ཆེན་དེ་རུ་གཅོད་ཅིག་མཛོད། །དྲི་སྣང་ནམ་མཁའི་དྲི་ལྟར་སྒོམས། །ལྕེ་ཡི་དབང་པོའི་གཞི་མདོ་ན། །རོ་ལ་ཞེན་པའི་འདྲེ་རྒོད་ཡོད། །གནས་ཆེན་དེ་རུ་གཅོད་ཅིག་མཛོད། །རོ་སྣང་སྨིག་རྒྱུའི་རོ་ལྟར་སྒོམས། །ལུས་ཀྱི་དབང་པོའི་དུར་ཁྲོད་ན། །རེག་ལ་ཞེན་པའི་འདྲེ་རྒོད་ཡོད། །གནས་ཆེན་དེ་རུ་གཅོད་ཅིག་མཛོད། །རེག་སྣང་རྨི་ལམ་རེག་ལྟར་སྒོམས། །རྟག་ཏུ་འགྲོ་ལ་སྙིང་རྗེ་སྒོམས། །འཇིག་རྟེན་ཆོས་ལ་ཞེན་པ་ཐོངས། །རང་གི་ལུས་ལ་གཅེས་འཛིན་ཐོངས། །ཅི་སྣང་སྐྱེ་མེད་ངང་ལ་ཞོག །འདྲེ་རྒོད་དེ་རྣམས་ཆོད་ལགས་ན། །འདྲེ་གཞན་ལོགས་ན་བཅད་མི་འཚལ། །ཁོ་བོའི་གཅོད་ལུགས་དེ་ལྟར་ལགས། །གཞན་གྱི་གཅོད་ལུགས་ཅི་ཆ་མཆིས། །ཐེག་པ་ཆེན་པོའི་རྣལ་འབྱོར་པ། །དགེ་སློང་བློ་གྲོས་བརྟན་པ་ལ། །སྒོམ་པའི་ཉམས་མྱོང་མི་བདོག་ཀྱང་། །ཐོས་པའི་གོ་བ་དེ་ལྟར་ལགས། །གཅོད་ཀྱི་བྱེད་ལུགས་འདྲི་བའི་དགེ་བ་དཔལ་ལ་གདམས་པ་ཡིན། །སེམས་ལ་འཕྲོད་ན་ཉམས་སུ་ལོངས། །ཉམས་མྱོང་འཕྲལ་ལ་སྐྱེ་བ་ཡིན་ཞེས་སོ།། །། ཨྠྀིཿ
ཨ་མ་ཇོ་མོའི་ངོ་སྤྲོད་ཡང་ཁོལ་ཐུགས་ཀྱི་ཉིང་ཁུ།
༄༅། །ཨ་མ་ཇོ་མོའི་ངོ་སྤྲོད་ཡང་ཁོལ་ཐུགས་ཀྱི་ཉིང་ཁུ་བཞུགས་སོ། །མ་ཅིག་གིས་གཞི་ལམ་དུ་སློང་པ་འདི་གསུངས་སོ། །དང་པོ་བླ་མའི་གདམས་ངག་གིས་རྒྱུད་ཐེབས་པར་བྱས་ལ། རྣལ་འབྱོར་མ་མ་བཅོས་པ་དེ་ཆོས་ཉིད་ཡིན་པར་རིག་པར་བྱས་ལ། རྣལ་འབྱོར་པ་དེ་ལ་འཁོར་བའི་སྡུག་བསྔལ་ལམ་སངས་རྒྱས་ཀྱི་བདེ་བའམ་ལྷ་ཀླུའམ་ནད་རིམས་སམ། ཉམས་གྲིབ་ལ་སོགས་པ་ཅི་ཡང་མི་འདུག་པར་རིག་པར་བྱས་ལ་ཡང་ནས་ཡང་དུ་རྩལ་སྦྱང་བར་བྱའོ། །
དེ་ཡང་ལྟ་བས་གཉིས་མེད་དུ་ཤེས་ནས་ཅིས་ཀྱང་མ་གོས་པར་གོ་ཡང་སྤྱོད་པའི་དུས་སུ་ཐ་མལ་བཞིན་དུ་སོང་ནས་གཙང་བཙོག་གམ་ལྷ་ལ་བཟང་པོར་བལྟས་ནས་དངོས་གྲུབ་རེ་བའམ། འདྲེ་བདུད་ལ་ཞེ་སྡང་པར་བྱས་ནས་འགལ་བར་བྱེད་པས་དེས་ན་ལྟ་སྤྱོད་འདྲེར་མ་བཏུབ་པས་གཅོད་དགོས་པར་འདུག །ལུས་སྲོག་ལ་གཟན་བྱས་ནས་བསྲེ་དགོས་པར་འདུག །སྔ་མ་ཡང་ལུས་སྲོག་ལ་ཕངས་ནས་ལུས་སྲོག་གི་ཚིས་བྱས་པས་འཁོར་བར་འཁྱམས་པ་ཡིན། ད་ནི་ནན་ཏན་གྱི་དུས་ཆེན་ཞིག་ལ་བབས་པ་ཡིན་པས་མཉམ་བཞག་ཉམས་སུ་བླངས་ནས་ལན་ཅིག་རྟོག་མེད་དམ་གཉིས་མེད་དུ་བཞག་སྒོམ་སྙམ་པ་འདིས་མི་ཡོང་པས་ད་ལྟར་བསྲེ་གཅོད་མྱུར་དུ་སྦྱང་དགོས་པ་ཡིན་པས་འདི་ལྟར་གོ་བར་བྱའོ། །
རྒྱ་གར་ན་ཡང་དུར་ཁྲོད་ཀྱི་གནས་མི་དང་མི་མ་ཡིན་ནམ། ལྕེ་སྤྱང་སྤྱོད་པའི་སར་འགྲོ་བ་ཡིན་པས་དེ་བཞིན་དུ་ངེད་ཀྱང་གཉན་སའམ་མཛེ་གསེབ་བམ་འགོ་ནད་ལ་སོགས་པའི་སར་གཅོད་བྱའོ། །དེ་ཡང་སེམས་རྟོག་པ་ཆེ་བའམ་རང་ལུས་ལ་གཅེས་པར་མཐོང་བས་དང་པོ་ཉམ་ང་བའམ་བག་ཚ་བའམ་ཤེས་པ་སྐྱི་ཟིང་ཟིང་པ་འོང་པ་ཡིན། དེ་ཙམ་ན་ལྟ་བས་ཀྱང་རང་གི་རྟོག་པ་ཡིན་པས་རང་ལ་རང་འཇིགས་སུ་མེད་པས་སླར་ལ་ལུས་སེམས་གློད་ལ་ཞོག །མ་བཅོས་པར་བཞག་གོ །མི་བསྒོམ་པར་བཞག་གོ །ཁུ་འཕྲིག་ཉམས་ཆོ་འཕྲུལ་ཅི་བྱུང་རང་ལས་བྱུང་པར་ཤེས་དགོས། ཆོ་འཕྲུལ་སྣ་ཚོགས་འོང་བ་ཡིན། རྐྱེན་མི་མཐུན་པ་སྣ་ཚོགས་ཀྱང་འོང་བ་ཡིན་ནོ། །དེ་ནི་རྟག་ཏུ་བྱས་ན་བཟང་བ་ཡིན། དཔེར་ན་སྐྲ་བཀྲུས་པས་དྲི་མ་ལྷུག་བྱུང་ན་དག་པའི་རྟགས་ཡིན། དེ་བཞིན་དུ་བདུད་དང་ཆོ་འཕྲུལ་སྣ་ཚོགས་བྱུང་བ་དེ་ཆོས་ཉིད་གནས་པའི་རྟགས་ཡིན། འཇིགས་པར་མི་བྱ་གློད་ལ་ཉལ། བསྒོམ་པར་མི་བྱ་འཛིན་པ་བཏང་། ཆོ་འཕྲུལ་ཅི་ཡང་མ་བྱུང་ན་རེ་བ་མི་བྱ། བྱུང་བ་དང་མ་བྱུང་བ་དོན་ལ་ཡོན་ཏན་མཉམ་པའོ། །འགོ་བའི་ནད་ལ་ཕྱི་སྲུང་དང་ནང་སྲུང་རྫས་སྲུང་མང་ཡང་། ལྡོས་པའི་སྲུང་བ་ཡིན་པས་སངས་མི་རྒྱ། ཆོས་ཉིད་དོན་གྱི་སྲུང་བ་འདི། བདུད་བཞི་སྲུང་བའི་སྲུང་མཆོག་ཡིན་པས་མ་བཅོས་རྩོལ་བྲལ་གྱི་གདེང་དང་ལྡན་པར་བྱས་ནས་ཆོས་ཉིད་བརྟགས་པ་ཐམས་ཅད་རང་སར་གྲོལ་བ་ལ་གནོད་བྱ་གནོད་བྱེད་དམ་འགོ་བའི་རྒྱུ་མེད་ཀྱི་སྙམ་ན་ཞུགས་པར་ཡེངས་སེ་བྱས་པས་གཅོད་པ་ཡིན། དེ་ཡང་རེ་མེད་པས་སངས་རྒྱས་གཅོད། འཛེམ་དོགས་མེད་པས་ནད་རིམས་གཅོད། ཉམ་ང་མེད་པས་འདྲེ་བདུད་གཅོད། བྱ་བྱེད་མེད་པས་ཀུན་གྱི་གཅོད། དེ་ཡང་ཤེས་པ་ཆོས་ཉིད་ལ་གནས་ཐབས་ནི། མི་གནས་པས་ན་དེ་གནས་སོ། །ཡེངས་སེ་བྱ་དགོས་གང་ལ་ཡང་། །དམིགས་པ་མེད་པར་བུན་ནེ་ཙམ། །ཞེ་འདོད་མེད་པར་ལྷམ་མེ་བ། །ཉམ་ང་མེད་པར་འབོལ་ལེ་བ། །འདི་བྱ་མེད་པར་ཟི་སེ་བ། །སྒོམ་པའི་གཞུང་ཡང་མེད། མི་བསྒོམ་པའི་གཞུང་ཡང་མེད་པར་ཐེམས་སེ་བ། ངང་དལ་བ་ལ་བག་ཡངས་པ་རིག་པ་སེམས་འཛིན་གྱི་ལས་མི་འཆོལ། སེམས་ཀྱི་བྱུང་ཚོར་ལ་བཟང་ངན་དུ་མི་ལྟ་བ། མི་ཆོས་སྤང་པའི་རྣལ་འབྱོར་པ་ལ་ཆོས་བདུད་ཆེ་བས་ཆོས་མེད་དུ་ཁྲེས་སེ་བ། ལྟ་བ་རྟོགས་པའི་རྣལ་འབྱོར་པ་ལ་རློམ་སེམས་ཀྱི་བདུད་ཆེ་བས་གཡས་ཀ་མེད་པར་ཁྲེས་སེ་བ། སངས་རྒྱས་དྲང་དོན་གྱི་བྲོད་ཀ་ཡིན། རང་སེམས་རྟོགས་པའི་རྣལ་འབྱོར་པས་བྲོད་ཀའི་ཆོས་ལ་ད་མ་ཉན། འཁོར་བ་གཡང་ས་བསྐྱུར་བ་ལ། དེ་ལ་ཡ་ང་བར་མ་བྱེད་ཅིག །མི་མཐུན་པ་དང་བསྲེ་དགོས་པ་ཡིན། འགྲོ་སྙིང་མི་འདོད་པའི་སར་སོང་ལ་གཅོད་བྱ། གོན་སྙིང་མི་འདོད་པའི་གོས་སླར་ལ་བགོ །ཟ་སྙིང་མི་འདོད་པའི་ཟས་སླར་ལ་ཟོ། འགྲོགས་སྙིང་མི་འདོད་པ་དང་སླར་འགྲོགས་ལ་གཅོད་གྱིས། རྟོགས་པའི་རོ་སྙོམས་བྱ་བ་གཅེས། །མཐུན་པར་འགྲོགས་པའི་དུས་བདེ་ཡང་། །མི་མཐུན་བྱུང་ན་སྤོང་བགེགས་འོང་། །དེས་ན་མི་མཐུན་རྐྱེན་རྣམས་ཆོད། །སྐྱིད་སྡུག་ཆོད་པས་བདུད་ཡང་རྩོལ་མེད་དུ་འབྱོངས་སོ། །ཤེས་རབ་ཆུང་ལ་སྡིག་སྤོང་དཀའ། །ཤེས་རབ་ཆེ་ལ་ཆོས་མེད་དཀའ། །ཐ་མལ་ལྟ་བུའི་ལུས་སེམས་ལ། །འཛིན་པ་མེད་པར་གང་གནས་པ། །དེ་ཉིད་ཡིན་པར་ང་ཡིས་དགོངས། །ལར་ཆོས་ཤེས་པ་ལ་ཆོས་ཀྱིས་མ་གོས་པ་ཞིག་དགོས། དོན་རྟོགས་པ་ལ་ལྟ་བས་མ་གོས་པ་ཞིག་དགོས། སྒོམ་ཡོད་པ་ལ་སྒོམ་གྱིས་མ་གོས་པ་ཞིག་དགོས། མང་སར་བསྡད་ནས་མ་གོས་པ་ཞིག་དགོས། ཆོས་འདིའི་ལུགས་ཀྱི་གཡས་དང་མེད་དེ་ལུགས་མེད་གཡས་མེད་གཅིག་ཏུ་འདུག་པ་ཞིག་པོ་རྣམས་ལ་ཡང་གཡས་མེད་དུ་འདུག་པ་དེ་ཡིན་ཞིང་། འོན་ཀྱང་མ་རྟོགས་པར་དྲང་ཕྱིར་སྤྱོད་ཡུལ་ལུགས་བརྡ་རུ་བསྟན་པ་དེ་ལྟར་ལགས། གཞི་ལམ་དུ་སློང་པ་རྫོགས་སོ།། །།
༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་སྐྱབས་སུ་མཆི། སྐལ་ལྡན་ཀུན་ལ་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ་པས་གདམས་ངག་གནང་བ་བརྗེད་ཐོར་བྲིས། ཕོ་ལ་མོ་བདུད་སྙེམས་ཀྱི་མོར་འཛིན་སྙེམས་བྱེད་ཐོངས། མོ་ལ་ཕོ་བདུད་གནོད་ཀྱི་ཕོའི་སྙེམས་ཐག་ཆོད། ཕོ་མོ་གཉིས་སུ་མེད་ཀྱི་སེམས་ཀྱི་ངང་ལ་ལྟོས། ཡིན་པ་ཡེ་ནས་ཡིན་གྱི་ཡིན་མིན་རྟོགས་པར་མཛོད། བརྟགས་པས་རྟོགས་པ་ཡིན་གྱི་མཁན་པོ་ཞི་བར་མཛོད། བྱས་པ་ལས་རོ་ཡིན་གྱི་བྱར་མེད་ལྷུག་པར་ཞོག །ངང་ནས་ཅི་ཡང་འཆར་གྱི་ཆགས་སྡང་མེད་པར་མཛོད། ཆགས་སྡང་རང་སར་གྲོལ་བའི་སྒོ་ལྔ་སྒོམ་པའི་གྲོགས། སྙེམས་ནི་དུམ་བུ་སྐད་ཅིག་མ་ཡིན་པར་རྟོགས་ན་ཆགས་མ་མྱོང་དེ་ལྟར་རིག་ན་ནམ་ཡང་བདེ། ཨེ་མ་ཧོ། གློད་དང་ཡིན་གྲོལ་གྱིས། ཞོག་དང་དཔལ་དལ་གྱིས། དོལ་དང་བདེ་ཡིས། ཨེ་མ་ཧོ། བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ། །མཚོན་པ་ཡིན་པར་མ་རྟོགས་ན། །ཚིག་ལ་ཞེན་ན་ཆགས་པས་འཆིང་། །བཀའ་རྣམས་ཀྱི་ན་རེ་ཞིག་ཙམ། །ལུང་ཡང་དེ་བཞིན་ཡིན་པར་བྱོས། །མན་ངག་སྙིང་པོའི་རྩོད་བྲལ་ཡིན། །དོན་མ་མཐོང་བར་ཞི་གནས་སྒོམས། །མེ་འདག་ཐལ་བས་བྱིབས་པ་འདྲ། །རྟོགས་པས་ཆོག་བྱ་བྱེད་མ་མང་། །རྟ་རྒོད་སྲབ་སྐྱོགས་ཆད་པ་འདྲ། །མཐོང་ནས་མ་ལེགས་འཇོག་ལེགས་ན། །བླ་མེད་བྱང་ཆུབ་རིང་པོ་མེད། །སེམས་ཀྱི་ངོ་བོ་རྟོགས་གྱུར་ན། །རྒྱུད་དྲུག་འཁོར་བ་སྤང་བྱ་མིན། །དེས་ན་རྟོག་དཔྱོད་མ་བྱེད་ཞོག །བརྟག་པའི་ཡུལ་ཡིན་དོན་མ་ཡིན། །བསམ་པའི་ཡུལ་ནས་སངས་རྒྱས་མེད། །མེད་པར་བསམ་པས་ཚེ་རེ་ཆད། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །གཞི་རྩ་ངོ་བོ་གཅིག་པ་ལ། །མ་བཅིངས་ཡེ་ཤེས་གྲོལ་བ་མེད། །གཅིག་ཡིན་གཉེན་པོས་བཅོས་སུ་མེད། །མ་བཅོས་རང་ལུགས་སངས་རྒྱས་ལམ། །བཅོས་མེད་རང་ལུགས་སངས་རྒྱས་གནས། །འདས་དང་མ་བྱོན་ད་ལྟར་ཀུན། །མ་བཅོས་ཞེ་འདོད་བྲལ་ལས་བྱུང་། །རྟོག་པ་མེད་པར་ཆོས་སྤྱོད་བརྩོན། །རེ་བ་དང་བཅས་དོན་ལ་བསྒྲིབས། །བདེ་འདོད་བསྒོམས་པས་མ་ཆོད། །རེ་ན་སངས་རྒྱས་རེ་ཡང་བདུད། །དོགས་ན་དམྱལ་བར་དོགས་ཀྱང་བདུད། །རང་ལ་མ་ཕངས་རང་ནི་འཁྲུལ་བ་ཡིན། །གཞན་ལ་མ་སྡང་གཞན་ནི་རང་སེམས་སུ། །ཀྱེ་མ་ཧོ། ནད་པ་འདྲེ་ལ་གཏད་པས་གཉིས་མེད་རང་སར་གྲོལ། །སྐྱེལ་མ་དགྲ་ལ་གཏད་པས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་འཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་བྲལ། །རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། །འཛིན་པ་བདུད་ཡིན། རྩོལ་བ་ནད་ཡིན། དོགས་པ་འདྲེ་ཡིན། བཞག་པ་གཞི་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན། སེམས་ཉིད་ནམ་མཁའ་ཡིན། ལུས་ནི་རོ་ཡིན་གཟན་དུ་བསྐྱུར། སྐྱུར་མཁན་སེམས་ཡིན་གློད་ལ་ཞོག །ཐུགས་ཀྱི་སྙིང་པོ་རྫོགས་སོ།། །།
༈ རིག་འཁྲུལ་བེམ་པོར་འབྲེལ་བ་ལ། །རིང་བུའི་ངོ་སྤྲོད་བླ་མའི་ཞལ། །ཡོན་ཕུལ་ནས་ནི་ངོ་སྤྲོད་བྱ། །རིག་པ་འཁྲུལ་པ་མ་རིག་པ། །ཡེ་ཤེས་པ་ལ་སོགས་པས། །དཔེར་ན་སྤོས་རང་མེ་བཏང་པས། །དྲི་དང་དུ་བ་དབྱེར་མེད་པས། །དུ་ཡལ་ཙམ་ན་དྲི་སངས་པ་ལྟར། །གདམས་ངག་ཅན་གྱི་རྣལ་འབྱོར་པ། །དབུགས་དང་རིག་པ་དབྱེར་མེད་པས། །རླུང་ཡལ་ཙམ་ན་རིག་འཁྲུལ་དེངས། །འབྱུང་བ་ཐལ་བཞིན་འཁྲུལ་དུད་དེངས། །མ་བྱས་པ་གཞི། མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུ། དེ་ལས་སུས་ཀྱང་བོགས་མི་ཐོན། ཨ་མ་ཇོ་མོའི་ངོ་སྤྲོད་ཡང་ཁོལ་ལོ། །ཐུགས་ཀྱི་ཉིང་ཁུ། ཨྠྀི།
གནད་ཐེབས།
༄༅། །གནད་ཐེབས་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནད་ཐེབས་འདི་ལ་བཞི་སྟེ། གནས་གནད་ལུས་གནད་ངག་གནད་ཡིད་གནད། དང་པོ་ནི། གང་དུ་གནས་པའི་ཉམས་རྟོགས་སྐྱེ་ཞིང་འཕེལ་བར་འགྱུར་བའི་གནས་ནི། ཆོས་འདིའི་ལུགས་ཀྱི་སྤྱིར་རི་ཁྲོད་དམ་ཁྱད་པར་དུར་ཁྲོད་དམ་གཉན་ཁྲོད་དམ་མཛེ་གནས་ལ་སོགས་ཁང་སྟོང་འདྲེ་ཅན་དང་རི་རུལ་པ་དག་ཏུ་ཡ་ང་བ་ལ་སོགས་པ་འབྱུང་ལ། དེ་བྱུང་པས་ལྟ་བུག་འཕྲུས་ཏེ་ཉམས་ལེན་ཤུགས་རིག་པ་ཆུན་པ་ཀྱིས་འོང་པ་ཡིན་པས་དེ་དག་ཏུ་གནས་པར་བྱའོ། །
གཉིས་པ་ལུས་གནད་ནི། ལུས་འདི་བདག་པོ་མེད་པའི་ཁང་སྟོང་ལྟར་གཉེར་མེད་དུ་ཁྲེས་སེ་བཞག་པས་ལུས་ལ་ཆེད་འཛིན་གྱི་བློ་མི་འབྱུང་། ཡང་ལུས་འདི་མི་དབང་ལྟར་རྩ་གཞི་ཉྭ་བཞི་ཐམས་ཅད་གློད་པས་ཤེས་པ་ཡང་ལྷོད་ཀྱིས་འགྲོ་བ་ཡིན། དྲན་རྟོག་འགྱུས་ཀྱང་ནུས་པ་ཆུང་དུ་འགྲོ་བས་ལྷོད་དེ་བ་གལ་ཆེའོ། །མདོར་ན་སྤྱོད་ལམ་ཇི་ལྟར་བདེ་བས་ལུས་ཆ་བཞི་ནས་གློད་པར་བྱའོ། །
གསུམ་པ་ངག་གནད་ནི། ངག་གི་སྨྲ་བརྗོད་ཐམས་ཅད་སྤང་བར་བྱ་སྟེ། ངག་མ་སྨྲས་པས་ངག་གི་ཀུན་ནས་བསླང་པའི་སྡིག་པ་ཐམས་ཅད་ཁེགས་པས་སོ། །ཡང་གཞན་གྱི་སྒྲ་ཐོས་ཙམ་ན་ཡང་བྲག་ཆ་ལྟར་གྲག་སྟོང་དུ་ཤེས་པར་བྱ་ཞིང་། དེ་ལས་གོ་བ་བླང་རྒྱུ་ཞིག་འོང་པས་ཅི་ལྟར་དུ་ཡིན་སྙམ་དུ་བསམ་པས་དགྲ་གཡས་མེད་དུ་འགྲོ་བ་ཡིན་ནོ། །ཡང་ན་དབང་ཆུང་བ་དང་། སུ་ཤི་བ་དང་། སུ་པུགས་ཕྱུག་པ་དང་། སུ་གཏོང་ཕོད་ཆེ་བ། སུ་སྒོམ་པ་དང་། སུ་རི་ཁྲོད་འགྲིམ་པ་དང་། སུ་ཞིག་པ་དང་། ཕཊ་བྱ་བ་ལ་སོགས་པ་བྱས་ན་ཡང་། འཁོར་བ་ལ་བློ་ལྡོག་ནུས་པ་ཡིན་ནོ། །མདོར་ན་རང་སྨྲ་བརྗོད་སྤང་ཞིང་སྒྲ་གཞན་ཡང་གྲག་སྟོང་དུ་ཤེས་པར་བྱའོ། །
བཞི་པ་སེམས་ཀྱི་གནད་ནི་སེམས་ཀྱི་དྲན་རྟོག་ཐམས་ཅད་རྒྱུན་བཅད་ནས་དྲན་མེད་དུ་གནས་པའམ་བེམ་རིག་བྲལ་ནས་རིག་པ་ཆུ་ཆད་པའི་རང་འཐག་གམ། སྙིང་ཕྱུང་པའི་མི་རོ་ལྟར་བཞག་ན་རང་གྲོལ་དུ་འགྲོ་བ་ཡིན། ལར་བྱ་བ་བཏང་ན་སེམས་ངང་གི་དལ་བ་ཡིན། སེམས་འདི་དང་འདི་བྱ་བ་རྣོ་བ་ལ་སོགས་པའི་ལས་མི་འཆོལ་བར་ཧེད་བཞག་ན་སྤྲོས་པ་ངང་གིས་ཞི་ནས་འགྲོ་བ་ཡིན། སྒོམ་སྒོམ་པོ་དང་སྟོང་སྟོང་པོ་ཞིག་འདོད་ནའང་སླར་རྣམ་རྟོག་འཇུག་པ་ཡིན་ཏེ། དེ་ཉིད་རང་འདུ་ཤེས་ཡིན་ནོ། །དེས་ན་གང་དུ་ཡང་མི་སེམས་ཅི་ཡང་མི་རྟོག་དམིགས་མེད་ཞེན་མེད་དུ་འཇོག་པ་ཡིན། དེ་ལ་རྟོག་པ་འགྱུས་ན་ཡང་དེ་ལོགས་སུ་སྤང་དུ་མེད་ཀྱི། དེ་ཉིད་རང་ལ་ཅེར་གྱིས་བལྟས་པས་ན་བུན་ལྟར་གཟུང་མི་ཐུབ་པར་རྩ་བྲལ་དུ་བུན་གྱིས་ཡལ་ནས་འགྲོ་བ་ཡིན། དེས་ན་འདུ་ཤེས་ཐམས་ཅད་བཤིག་དགོས་ཏེ། འདུ་ཤེས་རྣམ་པར་ཞིག་ནས་སྤོང་བ་ཕ་རོལ་འགྲོ་ཞེས་གསུངས་སོ། །མདོར་ན་གནས་གནད་རི་ཁྲོད་འགྲིམ་པ་གཅེས། ལུས་གནད་རྩ་བཞི་གློད་པ་གཅེས། ངག་གནད་སྨྲ་བརྗོད་སྤང་བ་གཅེས། སེམས་གནད་འདུ་ཤེས་བཤིག་པ་གཅེས་ཞེས་གསུངས་སོ། །ཡང་གར་གནས་ཉམས་རྟོགས་འཕེལ་བ་གནས་ཀྱི་གནད། །གཟུང་འཛིན་མཐའ་དབུས་མེད་པ་ལྟ་བའི་གནད། །མ་ཡེངས་ཡིད་ལ་མི་བྱེད་སྒོམ་པའི་གནད། །ཅིར་སྣང་གྲོགས་སུ་ཁྱེར་བ་སྤྱོད་པའི་གནད། །རེ་དོགས་གཉིས་དང་བྲལ་བ་འབྲས་བུའི་གནད་དོ།། །།ཨྠྀི།
ཐུན་མོང་གི་ལེ་ལག་བརྒྱད་པ།
༄༅། །ཐུན་མོང་གི་ལེ་ལག་བརྒྱད་པ་བཞུགས་སོ། །ཨ་མ་ཇོ་མོ་མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དམ་པའི་ཞལ་ནས་གསུངས་པར་གྱི་ཉོན་མོངས་པའི་ནད་གསོ་པའི་ཐེག་ཆེན་གྱི་བདུད་རྩི་འདི། །སྐལ་མེད་རྣམས་ཀྱིས་མི་རྟོགས་བསྟན་གྱི་ཀྱང་། །སྐལ་ལྡན་ཐེག་ཆེན་གྱི་ལས་དང་རྣམས་ལ་ཕན་པའི་ཡུན་དུ་བྱ་བའི་ཕྱིར་ཕྱིར། །ལེ་ལག་ནང་དོན་བརྒྱད་པ་རྣམས་བཤད་ནི་ཐབས་སྣ་ཚོགས་ཀྱིས་མཉེས་པར་བྱ། །སྔོན་དུ་འགྲོ་བའི་ལེའུ་འདི་ལ་གསུམ་ལས། ལམ་ལ་འཇུག་པའི་རིམ་པ་ནི། །དང་པོར་བླ་མ་ལམ་འཇུག་པའི་མཉེས་བྱས་ལ། །གནད་ཀྱི་གདམས་པ་འཐོབ་པར་བྱ། །བར་དུ་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུངས་བར་བྱས་ལ་རྣམ་པར། །མི་འབྲལ་མཉམ་རྗེས་ཐམས་ཅད་དུ་རྒྱུན་དུ་གསོལ་བ་རྟག་ཏུ་གདབ། །ཐ་མ་འཇིག་རྟེན་དེ་ནས་བློས་བཏང་ལ་བློས་དེ་ནས་བྱ་བ་བཏང་ལ། །སྒྲུབ་ཉམས་ལེན་མིན་ནོ་ལ་རྟག་ཏུ་བརྩོན་པར་བྱ། །གཉིས་པ་ཞུགས་པ་ལམ་གྱི་རིམ་པ་བསྟན་པ་ནི། དེ་ལྟར་བྱས་ནས་སྒྲུབ་པའི་བྱེད་པ་རྣལ་འབྱོར་པ། །འཁོར་བར་བསྐྱུར་བར་བྱེད་པའི་རང་གི་བདུད་ངོས་བཟུང་སྟེ། །ཐོགས་བཅས་དགྲ་ལ་སོགས་པ་དབང་པོ་ལ་སྣང་བ་ལ་ཆགས་དང་༼སྡང་༽དུ་ཞེན་པས་ཡིད་ཡུལ་གྱི་བྱུང་ཚོར་ཆགས་དང་༼སྡང་༽དུ་ཞེན་པ་བདུད་དང་ཐོགས་མེད་བདུད། །འོན་ཀྱང་སྙེམས་བྱེད་བདུད་དུ་འདུས། །སྣང་དང་དེ་ཡི་ཆོས་ཅན་སྟོང་པ་ཆོས་ཉིད་ལ། །ཡིད་བླང་དོར་ཀྱི་རེ་སྙེམས་མ་ཞུགས་ན། །བདུད་རྣམས་ཐམས་ཅད་རྩད་ནས་ཆོད། །སྙེམས་ནི་སེམས་ལ་བརྟེན་ནས་བྱུང་ལ། །སེམས་བསྐྱེད་པས་ནི་སྐྱེ་མེད་ཀྱི་དབྱིངས་སུ་ཡལ་ཞིང་འགྲོའོ། །མ་རྟོགས་བདུད་ཀྱི་རྩ་བ་སེམས་ཡིན་ལ། །སེམས་ཀྱི་རྩ་བ་བཙལ་ན་ཅིར་ཡང་མ་གྲུབ་པས། །སྣང་དང་སྟོང་དང་ལྷ་དང་འདྲེ་དང་། །དགྲ་དང་གཉེན་དང་གཙང་དང་བཙོག་པ་དང་། །བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀུན་ཀྱང་། །ངོ་བོ་བདེན་པར་མ་ཐོབ་པས་རང་སར་གློད་པས་དེ་ཉིད་གྲོལ། །སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་མེད་དུ་མཐོང་ནས། །ཆགས་སྡང་གི་ཐོག་ཏུ་སྐྱུར་བ་མན་ངག་ཡིན་ཏེ་སྟེ། །བླ་མའི་ཞལ་ལས་ཤེས་པར་བྱ་བ་ནི་སྐྱོན་མ་སྲེས་ནས་གློད་ནས་འཇོག་པའོ། །སྣང་སྲིད་འཁོར་འདས་ཁམས་གསུམ་མྱ་ངན་ལས་འདས་ཆོས་རྣམས་ཐམས་ཅད་ཀུན། །ཤེས་བདེན་འཛིན་གྱི་སར་འཛིན་མེད་པ་འཁྲི་མེད་ཡལ་པོར་འཁྱེར་ཤེས་པར་གྱིས་ཤིག །ཆེད་དུ་བྱས་ལ་མ་སྒོམ་དམིགས་པ་གཏད་ལ་སེམས་མ་འཛིན། །དབང་པོ་ཚོགས་དྲུག་དང་རྒྱ་ཡན་ལྷུག་པར་བཞག་པས་ཆོས་ཉིད་སེམས་ཉིད་ཞོག །རང་ལ་རང་ཆས་ཡིན་པ་ལ། །ཡིན་ལུགས་ལྟར་རང་ངོ་ཤེས་པས་རང་གྲོལ་དུ་འགྱུར། །དཔེར་ན་ཐག་པ་སྦྲུལ་མཐོང་བ་ལ། །ངེས་ལེགས་པར་པར་བརྟགས་ནས་སྦྲུལ་མེད་པར་ཐག་པར་ཤེས་ལྟར། །ལྷ་ཀླུ་དང་ནད་གདོན་ཙང་ལ་སོགས་པ་ལ་དེ། །ཐོག་ཏུ་རང་བསྐྱུར་བས་གནོད་མི་སྲིད་དོ། །ཅི་ཕྱིར་སེམས་འཁྲུལ་པ་ལས་མ་གཏོགས་པས་གཞན་མེད་པའི་ཕྱིར། །གཅིག་སེམས་ལ་གནོད་བྱ་བྱེད་གཉིས་མེད་དེ། །དཔེར་ན་རལ་གྲིའི་བྱེད་པ་བཞིན། །དེ་ཕྱིར་ཅིར་སྣང་ཅི་དྲན་ཐམས་ཅད་རང་སྣང་སེམས་ཡིན་པས། །སྙེམས་མེད་བདེན་འཛིན་གྱི་རང་རང་དང་ཡིན་པས་ལྷུག་པར་ཞོག །གསུམ་པ་དོན་བསྡུ་བ་ནི། ཨེ་མ་ཧོ། རང་ལས་བྱུང་བའི་ཆོས་རྣམས་ལ། །ཆགས་མ་སྐྱེས་དང་འཇིག་སྣང་པ་ངོ་མཚར་ཆེ། །འོན་ཀྱང་འཁོར་བ་ཐོག་མ་མེད་པ་ནས་རང་སེམས་འཁྲུལ་ལས་བྱུང་བ་ཡིན་པས། །འཁྲུལ་པའི་བག་ཆགས་ཡོད་ཀྱི་བར་དུ་སྤྱི། །ཡུལ་སྣང་བཀག་པས་མི་ཁེགས་ཀྱི། །ཞེན་པ་སྙེམས་ཀྱི་རྩ་བ་ཆོད་པར་བྱས། །དཔེར་ན་ས་བོན་ཡོངས་སུ་ཚིག་པ་ལྟར། །སྣང་ཡུལ་ཞེན་པ་མེད་པས་ཡང་འཁོར་བར་བསྐྱུར་མི་ནུས། །དེས་ན་སྙེམས་སེམས་རང་ཡིན་པས། །རང་ལ་འཇིགས་ཀྱང་རང་འཇིགས་འཇིགས་པ་ཡིན་པས་རང་བདུད་ལ་ལང་པ་ཡིན་དང་། །སེམས་ལ་ཡུལ་དུ་བརྟགས་པས་འཁྲུལ་པ་ཡིན་ནོ། །དོན་བསྡུས་ཏེ་རང་བཞག་ན་རང་གྲོལ་དུ་བསྟན་པ་ཆེད་དུ་མི་སྤང་རང་སར་ཞོག །རང་ངོ་ཤེས་པས་རང་གྲོལ་དུ་འགྱུར། །སྔོན་དུ་འགྲོ་བའི་ལེ་ལག་སྟེ་དང་པོ། །གཉིས་པ་གཉེན་པོས་གཟུང་དུ་མེད་པའི་ལེའུ་འདི་ལ་གསུམ་ལས། དང་པོ་ཆོས་འདི་གང་ལ་བསྟན། ཨེ་མ་ཧོ། ཡུམ་མ་ཅིག་སྲས་གཉིས་ལ་གདམས་ངག་གཅོད་བདག་གིས་ཞུས། །ཞུས་པས་བདུད་ལ་ཐོག་བརྫིས་བྱས། །གཉིས་པ་དེས། གསུམ་པ་ཆོས་ཀྱི་རང་བཞིན་བསྟན་པ་ནི། བདུད་དང་ལྷ་གཉིས་གཞི་གཅིག་པ། །ལྷ་མཆོད་པ་དང་བདུད་སྤང་ག་ལ་སྲིད། །མི་སྲིད་པ་ཡི་ཆོས་འདི་ཅིར་ཡང་ཡིན། །མ་ཤེས་པ་ཡི་དེ་ཀ་རང་ངོ་ཤེས་པ་ཡིན། །སེམས་ཅན་གྱི་སེམས་ལ་རྒྱུད་དེ་ཀ་སངས་རྒྱས་ཀྱི་ཐུགས། །རྒྱུ་ཡིན་མི་སྲིད་སྙམ་པའི་བློ་སྐྱེས་པ་ལ་ཡེ་སྲིད་དུ་ངོ་སྤྲད་དེས། །དེ་ལྟར་ཉིད་དུ་གཏན་མེད་དུ་ཕབ་བོ། །དཔེར་ན་སོལ་དུད་དང་ནི་ནག་པོ་སོལ་བ་གཉིས། །དབྱེར་མེད་གཅིག་ཏུ་བསྟན་པ་ལྟར་དུ། །སངས་རྒྱས་སེམས་ཅན་ཀྱང་དེ་བཞིན་ནོ། །འོ་ན་གཉིས་མེད་ལ་གཉིས་སུ་སྣང་བ་དེ་ཅི་དང་འདྲ་ན་སྙེམས་མེད་ཆོས་སྐུ་རྒྱ་མཚོ་འདྲ། །སེམས་ནི་དེ་ཡི་རླབས་བཞིན་ནོ། །དེ་ལྟར་ཅི་རྟོག་རིག་པའི་རྣལ་འབྱོར་པས། །སྙེམས་དང་མི་སྙེམས་ཐ་མི་དད། །སྒོམ་བརྒྱད་ཁྲི་བཞི་སྟོང་གི་ཆོས་རྣམས་ཀྱང་། །རང་བཞིན་དབྱེར་མེད་རོ་གཅིག་མོད་ཀྱང་། །སེམས་ཅན་བློ་ཆེ་ཆུང་ལགས་པ་ཡི་ཁྱད་པར་གྱིས། །ཆོས་ཀྱང་དུ་མ་ཉིད་དུ་བསྟན་པར་ངེས། །མཐར་ཐུག་ཐེག་པ་གཅིག་ཉིད་ལ། །གནས་སྐབས་བྱུང་བ་དེ་རྣམས་མཐར་ཐུག་གི་ལམ་གྱི་གསུམ་མམ་དགུ། །ཟབ་མི་ཟབ་ཏུ་བྱུང་བ་ཡང་། །ཐབས་གང་ལ་གང་འདུལ་གྱི་ལ་མཁས་པའི་ཁྱད་པར་གྱིས། །གནས་སྐབས་ཐ་དད་ལྟ་བུར་བསྟན་པ་ཡིན། །དེ་རྣམས་ཀུན་ཀྱང་སེམས་གཅིག་པུ། །ཡིན་པས་སེམས་ལ་མ་རྟོགས་མེད། །སེམས་ནི་ཡེ་ནས་སངས་རྒྱས་ཡིན་པས་དེ་བཟོད། །ཆོས་བྱས་པ་ལ་སངས་རྒྱས་ཐོབ་ཏུ་རེ་ན་འཆིང་བ་ཡིན། །ཕྱིན་ཟིན་ལམ་ལ་ལྟོས་མེད་ལྟར། །སེམས་ཉིད་གདོད་ནས་དག་པ་སྟོང་པ་ཡིན་པ་ལ། །ཕྲལ་དུ་བློས་དཔྱད་པས་སྟོང་དང་ཞི་གནས་བསྒོམ་མི་དགོས། །སེམས་ཉིད་ཡེ་ནས་རང་སྟོང་ལ། །དྲི་མ་ཡེ་ནས་ཞི་བ་དང་། །ཡོན་དེ་ལྟར་ཡང་ནམ་མཁའ་རིན་པོ་ཆེའི་མདོ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད་ཅེས་སོ། །ཏན་ཡེ་ནས་གནས་པའི་ཕྱིར་རོ། །སྣང་དང་སྟོང་དུ་འཛིན་པ་ཡི། །ཐག་པ་བཅད་ནས་དབྱིངས་སུ་གྲོལ། །མེ་ཡིས་མེ་གསོད་མི་སྲིད་པས། །རྟག་པ་གཉེན་པོ་མི་གཞོམ་པར། །རང་སར་བཞག་པས་རང་གྲོལ་ངེས། །དཔེར་ན་རྔ་མའི་མདུད་པ་བཞིན། །ངེས་པར་སྣང་བ་དངོས་པོར་གྲུབ་པ་གཅིག་ཡོད་ན། །ཤི་ཡང་སྣང་སྣང་བ་ལས་ལྡོག་ཀྱི་འདུག་པ་དངོས་པོར་གྲུབ་པ་མེད་ལྡོག་མི་སྲིད་དོ། །སེམས་ཀྱི་རང་བཞིན་སྟོང་པ་འདི་འདྲ་ནི། །སངས་རྒྱས་ཀྱིས་ནི་མཐོང་མི་སྲིད། །མ་མཐོང་པ་ཉིད་དེ་ཀ་ཁོ་ན་ཉིད་མཐོང་ཡིན། །དེས་ན་འཁོར་འདས་ཀྱི་ཆོས་རྣམས་བཏགས་པ་སྟེ། །དེ་ནས་བཏགས་པ་ཙམ་ཉིད་བརྗོད་དུ་མེད། །བཏགས་པའི་ཆོས་དང་སྨིག་རྒྱུའི་ཆུ་ལ་བདེན་པར་བཟུང་ན། །བསླུ་བར་ངེས་ཀྱི་ཡང་དག་པར་བདེན་ཀྱང་དེར་མ་འཛིན། །
གསུམ་པ་དེ་དག་གི་དོན་བསྡུ་བ་ནི། སྣང་སྟོང་པ་དང་གཉིས་མེད་མཐའ་བྲལ་ལམ། །རྟག་ཏུ་མི་བཏུབ་དངོས་པོར་སྣང་བ་ལ་ནུབ་མེད་ལ། །ཆད་པ་ཡིན་ཏེ་ཅི་ཡང་གསལ་བའི་ཕྱིར་རོ། །དེས་ན་གཉིས་མེད་རང་གྲོལ་ཡིན། །གཉེན་པོ་གཟུང་དུ་མེད་པའི་ལེའུ་སྟེ་གཉིས་པའོ། །གསུམ་པ་ཉམས་སུ་བླངས་པས་དངོས་གྲུབ་འབྱུང་བར་བསྟན་པའི་ལེ་ལག་འདི་ལ་དོན་གསུམ་ལས། ཚིག་གི་བར་ལ་སྟེ་དོན་ཉམས་སུ་བླངས་པར་བསྟན་པ་ནི། ཨེ་མ་ཧོཿ ཡུམ་མ་ཅིག་སྲས་གཉིས་ཀྱི་གདམས་ངག་འདི། །ཚིག་ཏུ་བརྗོད་པ་ཐམས་ཅད་བརྡ་ཐ་སྙད་ཙམ་ཡིན། །རྒྱུད་ལ་ཉམས་སུ་བླངས་ནས་དོན་དུ་འཆར། །གཉིས་པ་བླང་བྱ་དོན་གྱི་རང་བཞིན་བསྟན་པ་ནི། ཉམས་སུ་ལེན་པ་དེའི་དོགས་པས་འཕྲིག་པ་ལྷ་འདྲེ་ཡོངས་ཀྱི་འཕྲིག །ཐུན་མོང་གི་དངོས་གྲུབ་བདུད་དང་ཀླུ་ལས་བྱུང་དབང་དུ་འདུས་པ། །ཡོན་བདག་བཙན་དང་རྒྱལ་པོས་བྱས། །ཆགས་སྡང་སྐྱེ་བའི་རྐྱེན་ནི་སྣ་ཚོགས་ཅི་བྱུང་ཡང་། །ཆོས་ཉིད་ཙམ་དུ་ཤེས་པ་གྲོགས་སུ་འཁྱེར་བའི་གདམས་ངག་མཆོག །སེམས་རྒྱུད་རང་བཞིན་དབྱིངས་རིག་དབྱེར་མེད་པས་གཅིག་ཉིད་ལ། །དགེ་དང་སྡིག་པ་གཉིས་བདོག་པ། །དེ་ཡི་ཡང་དག་དོན་གཉིས་མེད་མ་མཐོང་། །གཅིག་ལ་གཉིས་སུ་ཕྱེ་བས་འཁྲུལ་པའོ། །དགེ་སྡིག་གཉིས་ཀ་ཡེ་ནས་སྟོང་ལ། །འཕྲལ་དུ་སྟོང་པར་སྒོམ་ན་འཁྲུལ། །ཅི་སྟེ་ཞེ་ན་སྟོང་པ་སྒོམ་འདོད་ལ་སྙེམས་པའི་སྙེམས་གློ་བུར་བས། །དེ་ནི་ཕུགས་ཀྱི་དོན་མེད་པའི་སྒོམ་པས་བཅིངས་པ་ཡིན། །དེས་ན་གྲོལ་བྱེད་ཀྱི་གདམས་ངག་སྲོག་གི་བསླུ། །སྣང་བ་བཀག་པའི་སྟོང་པ་མི་བསྒོམ་བར་སྣང་ལ་དངོས་འཛིན་བྲལ་བ། །དེ་སྣང་ཡང་འཛིན་པ་མེད་ནི་མ་བཅོས་བདེ་བ་ཆེ་བ་པོ་ཡིན་ནོ། །རང་རིག་ཅིར་སྣང་ཡིན་ཟེར་གྱིན་གཞན་དུ་བདེན་པ་ལ་སེམས། །རྟེན་མེད་ཀྱི་རིག་པ་སྙེམས་དང་བྲལ་ན། །རྟེན་དང་བརྟེན་པ་གཉིས་མེད་མཚུངས། །ལྷ་ལྷར་བཏགས་པས་ཡང་སེམས་ལ་འདྲེ་ཡང་ལྷར་བཏགས་སེམས། །སེམས་ལ་ངོ་བོ་མ་གྲུབ་སེམས་ལས་འདས། །རང་གི་རང་བྱད་བལྟས་ཀྱང་མི་མཐོང་མི་མཐོང་བཞིན། །སེམས་ཀྱིས་སེམས་ལ་བལྟས་ཀྱང་ཅིར་ཡང་མི་མཐོང་སྟེ། །དབྱེར་མེད་གཏི་མུག་ཆེན་པོ་དེ་ཀ་ལ། །སངས་རྒྱས་བརྡ་ཙམ་དུ་བཏགས་པ་ཡིན་ནོ། །སེམས་ཅན་ཡང་དག་པར་མི་དམིགས་ན་སངས་རྒྱས་ཡིན་ཏེ་དམ་པའོ་གང་། །འོན་ཀྱང་དེ་དག་ཏུ་སྣང་བཏགས་པ་ཙམ་དུ་གསུངས་སོ། །ཉོན་མོངས་དུག་ལྔ་རང་བཞིན་མེད་ཤེས་ལ། །ཡེ་ཤེས་བཙལ་དུ་མི་བཏགས་པ་ཡིན་ནོ། །འདོག་མཁན་རང་གི་བློ་ཡིན་གྱི་དེ་ཉིད་དུ་རང་རྒྱུད་པ་ཞིག་ཡོད་པ་ཡིན་ནོ་མིན། །ཐ་སྙད་ཀྱི་ཚིག་བཟང་པོ་ལ་རེ་མ་ཆེ། །བསམ་པ་བློ་ཡུལ་གྱི་སྒོམ་ལ་རྟ་མ་འཆའ་བཟང་པོ་ལ། །སྒྲ་རྟོགས་པ་བརྗོད་པ་དང་ཡུལ་ནི་ཀུན་བཏགས་ཡིན། །ཡང་དག་པའི་དོན་ནི་དེ་ལས་འདས་པ་ཡིན། །བསམ་མེད་སྙེམས་བྲལ་གྱི་དོན་ལ་གདེངས་ལྡན་ན། །སངས་རྒྱས་ཉིད་དུ་འགྱུར་བ་ལ་ཐེ་ཚོམ་མེད། །གཉན་སར་སོང་ལ་ཤེས་པ་ཁོ་དོལ་ལ། །དེའི་ས་ལ་མ་ཡེངས་གློད་ན་གྲོལ་བར་ངེས། །ཆོ་འཕྲུལ་བྱུང་བས་འཇིགས་སོ་སྙམ་པའི་སྙེམས་བྱུང་ན། །སྙེམས་དེ་འདྲེ་དེ་ན་ཡིན་གློད་ལ་ཞོག །འདྲེ་དེ་ཀ་སེམས་ཡིན་གཞན་མ་ཡིན། །སེམས་གཞི་མེད་དང་ནི་རྩ་བྲལ་སྟོང་པ་ཞེས་རྟོགས་པར་བགྱི། །སྙེམས་འཛིན་གྱི་ཐག་རྦད་ཀྱིས་སྙེམས་མེད་དུ་ཆོད་ལ་ཞོག །བཞག་པས་རང་སེམས་ཆོས་སྐུར་མཐོང་བ་ཡིན། །
གསུམ་པ་དོན་མཐར་ཕྱིན་པའི་འབྲས་བུ་བསྟན་པ་ནི། དེ་ལྟར་ཡང་དང་ཡང་བསྒོམ་ན། །མ་བསྒོམས་ལྷུན་གྱིས་གྲུབ་པ་ཡིན། །དེ་ལས་བདག་གཞན་འདུས་པ་ཡི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཉམས་སུ་བླངས་ན་དངོས་གྲུབ་འབྱུང་བར་བསྟན་པའི་ལེའུ་སྟེ་གསུམ་པའོ། །བཞི་པ་རྩོལ་བ་བྲལ་བའི་ལེ་ལག་ལ་གསུམ་སྟེ། དང་པོ་ཀུན་དང་ཐུན་མོང་མ་ཡིན་པར་བསྟན་པ་ནི། ཨེ་མ་ཧོཿ ངོ་མཚར་ཆེཿ ཡུམ་སྲས་མ་ཅིག་གཉིས་ཀྱི་གདམས་ངག་འདིའི་མཚན། །བདུད་ཀྱི་སྤྱོད་ཡུལ་ཞེས་པ་ཡིན་སྟེ། །སྐལ་བ་མེད་པ་རྣམས་ཀྱི་སྙིང་སྲེག་སྟེ། །སྐལ་ལྡན་ཐེག་ཆེན་གྱི་ཀུན་གྱི་དང་རྒྱུད་འཛིན་པ་ལས་གྲོལ་བར་བྱེད་པ་ཡིན་ནོ་ཡིན། །
གཉིས་པ་དོན་བླང་དོར་གྱི་མཐའ་ངོས་བཟུང་བ་ནི། ཁེ་ནི་རང་སེམས་ཆོས་སྐུར་རྟོགས་ན་ཆེ། །ཉེན་ནི་ལྟ་དེ་དངོས་པོར་འཛིན་བ་ལོག་ན་ཆེ། །དགྲ་ནི་དམ་ཚིག་ཉམས་ན་ངན་འགྲོ་གསུམ་གྱི་ཁར་འབྱུང་བས་ཉམས་ན་གནད། །གཉན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསག་ན་བཟང་། །ཐར་པའི་སྲིད་པས་དུག་ནི་དངོས་འཛིན་བསམ་པས་ཏེ། །སྨན་ནི་དངོས་འཛིན་མེད་རྣམ་པར་གྲོལ་བ་ཡིན། །བར་དུ་གཅོད་པའི་བདུད་ནི་བདེན་འཛིན་སྙེམས་དང་འཕྲིག་པ་སྟེ། །ལྷ་ནི་སྙེམས་མེད་ཆོས་སྐུ་ཡིན། །འཁོར་བ་བའི་རྒྱུ་ནི་དུག་ལྔའི་རྣམ་རྟོག་སྟེ། །དུག་ལྔ་འཛིན་པའི་རང་གྲོལ་མྱ་ངན་ལས་འདས་པའོ། །དེ་ཡང་གདམས་པའི་གནད་ཚང་བ་ཡིན་པས། །གནད་ཀྱི་གདམས་པའི་དོན་རྟོགས་པར་མཛོད། །སངས་རྒྱས་ཀ་སེམས་མ་བཅོས་པ་དེ་ཡིན་པས་དེའི་དོན་ལ་བལྟར་མེད་ཀྱི། །དེ་བས་སེམས་ཅན་གྱི་སེམས་ཀྱི་མཚན་ཉིད་སྟོང་ཉིད་དུ་རྟོགས་པའི་རྟོགས་པར་གྱིས་ཤིག །མི་རྟོག་པ་ལ་བློས་བྱས་ལ་སྒོམ་དུ་མེད་ཀྱི། །རྟོག་པའི་རྩ་བར་རྟོག་མེད་དུ་ཆོད་པར་མཛོད། །དངོས་གྲུབ་ལོགས་ནས་སྒྲུབ་ཏུ་མེད། །བར་ཆད་ཅི་བྱུང་ཡང་སེམས་སུ་ཤེས་པར་གྱིས། །ཅི་ནས་ཀྱང་འདི་ཡིན་བྱར་མེད་ཀྱིས། །ཚད་འཛིན་མེད་པར་གྱི་ན་ཙམ་དུ་བཞག་པར་གྱིས། །སྣང་བའི་ཆོས་གློ་བུར་མ་ཡིན་པ་འདི་རེ་ཞིག་ཙམ། །ཡང་དག་དོན་ནི་བློ་ཡུལ་ལས་འདས། །སྙེམས་ཐག་བཅད་དགོས་སྙམ་སླར་ལ་སྙེམས་དུ་འོང་བས། །དེ་བས་བྱུང་བ་མ་གཙེས་ཞོག །གཙེས་ན་དུག་སྦྲུལ་བཞིན་དུ་འཆར་འཕེལ་ལོ། །མ་འགགས་པས་མི་འགོག་པས་མ་བྱས་པས་འཕྱལ་བ་ཡན་པ་ལྷུག་པ་ལ། །བློས་མ་བཅོས་པ་ནི་སྤྱོད་པའི་ཚོགས། །སྣང་བ་རྩིས་གདབ་མ་བྱེད་པར། །སྣང་བ་ལ་སྟོང་པའི་དོན་རྩིས་ཟིན་པར་གྱིས། །སྣང་བ་རྩིས་བྱས་ཡིན་མིན་གྱི་རྩིས་ཤོར་མ་ཚར་བར། །དོན་མེད་འཕྲལ་དུ་རང་དལ་བས་རང་གིས་རང་བསླུས་པར་འགྱུར། །དེས་ན་ངེས་དོན་ཞལ་གྱི་གདམས་པ་བཅས། །ཡང་དག་པའི་དོན་ཉིད་ལ་དམིགས་ནས་ཆེད་ཚོལ་བ། །ལག་འབྲས་བྱུང་བ་དེ་གསལ་བ་མིག་འབྲས་བྱུང་བ་བཞིན། །དངོས་པོར་ཡོད་པ་དེ་སྤངས་ནས་སྟོང་ཉིད་ཡིན་པས་སེམས་སྟོང་ཉིད་ལ་མངོན་ཞེན་པ། །དེ་ནི་ལྷ་མེད་པར་བདུད་ཀྱིས་ཟིན་པ་ཡིན་པས། །དེ་ཀ་རང་བདུད་རང་ལ་ལངས་པ་ཡིན་ལ། །གཞན་གྱིས་གཞོམ་དུ་ག་ལ་ཡོད་དེ་མེད་དོ། །དེས་ན་ཡོད་མེད་ཀྱི་མཐར་མཐར་ལྟ་བའི་སྙེམས་སོ་ལ། །སྣང་བ་ལ་མ་ཞེན་སྟོང་ཉིད་དུའང་མ་སྒོམ། །གཉིས་མེད་མ་རྟོགས་བར་དུ་མང་སར་མ་འདུག་གཅིག་པུར་འདུག །རང་གི་ཡོན་ཏན་རྟོགས་ན་བདུད་ཡིན། །གཞན་གྱི་སྐྱོན་རྟོགས་ནའང་དེ་བཞིན་ནོ་བདུད་ཡིན་མདོར་ན། །དྲན་རྟོག་ཐམས་ཅད་དང་བདུད་ཡིན་པས། །དྲན་མེད་དབྱིངས་ཀྱི་ངང་དུ་ཞོག །
གསུམ་པ་མཐའ་བྲལ་རྩོལ་མེད་དུ་ལ་བཟླ་བ་ནི། བློས་བྱས་པའི་ཆོས་དང་འཕྲལ་དུ་བསགས་པའི་ནོར་གཉིས་འདུས་བྱས་ཡིན་པས། །གཏན་དུ་འགྲོགས་པ་ཁར་རྗེ་ཁ། །དེ་བས་མ་བྱེད་གློད་ལ་ཞོག །གློད་ན་གྲོལ་བར་འགྱུར་བས་ཐེ་ཚོམ་མེད། །རྩོལ་དང་བྲལ་བའི་ལེ་ལག་སྟེ་བཞི་པའོ། །
ལྔ་པ་སངས་རྒྱས་ཚེ་གཅིག་ལ་ངོ་སྤྲོད་པའི་ལེའུ་འདི་ལ་གསུམ་ལས། གདམས་པ་ཁྱད་པར་འཕགས་པའི་མཚན་ཉིད་བསྟན་པ་ནི། ཨེ་མ་ཧོ། ཡུམ་སྲས་གཉིས་ལ་གདམས་ངག་གྲངས་ནན་གྱིས་ཞུས། །དམ་ཆོས་བདུད་ཀྱི་སྤྱོད་ཡུལ་དུ་གྲགས་པ་འདི། །གདམས་པ་གཞན་དང་མི་མཚུངས་ཏེ། །གཞན་ནི་འབྲས་བུ་སངས་རྒྱས་ལ་འཆི་དུས་འདེབས་བདུད་ཙིས་པ། །འདི་ནི་ད་ལྟ་ཉིད་དུ་བསྲེ། །གཉིས་པ་རྒྱུ་མཚན་གྱི་བཤད་པ་ནི། ད་ལྟར་སྙེམས་ཐག་པ་མ་ཆོད་ན། །ཕྱིས་ཀྱི་འབྲས་བུ་རེ་རེས་བླུ་འཇོག་པའི་ནོར་བུ་ལྟར་སློང་བར་འདོད་ཀྱང་ཐོབ་པར་མི་ནུས་པས། །ཐོབ་ཏུ་འབྲས་བུ་འདོད་ཀྱང་པར་མི་ནུས་ཡིད་སྨོན་ཙམ། །འབྲས་བུའི་གེགས་ནི་རེ་དོགས་ཀྱི་བློ། །སྔར་གྱི་ལས་ལ་བསགས་མ་ཟད་པ་དང་ཕྱིས་ཀྱང་གསོག་པ་ཡིན་ནོ། །དེས་ན་འབྲས་བུ་རྒྱང་རིང་དུ་གནས། །འབྲས་བུ་སངས་རྒྱས་བྱ་བའི་སྒྲ་བོ་ཆེ་ཡིན་པར་མ་ཤེས་པ། །ཡུལ་དུ་གཞན་དུ་སྒོམ་རྣམ་པ་གཞན་འགྱུར་བ། །གཅིག་ཀྱང་ཡོད་མིན་རང་གི་སེམས། །འོན་ཀྱང་ཡིན་པར་ཤེས་པས་གློ་བུར་དྲི་མས་བསྟུམས། །སྒྲིབ་བྱེད་ཀྱི་དྲི་མ་རགས་པ་གཉེན་པོ་ཡིས་སྤངས་པས། །ཅུང་ཟད་ཀྱང་བསལ་བར་ནུས་མོད་ཀྱིས། །ཤིན་ཏུ་ཕྲ་མོ་རྩི་ལྟར་ཞེན། །ཡོད་ཡོད་ཀྱང་པར་མ་རྟོགས་པས་རྣམ་གྲོལ་ཐོབ་ཏུ་རེ་ཡང་ཏེ། །དེ་ལ་བྱང་ཆུབ་རྒྱང་བསྲིང་དུ་གནས། །ཆོས་འདིར་ནི་དྲི་མ་གློ་བུར་བ། །ཀུན་གཞི་རྒྱུ་ལ་ཡོད་པ་རྐྱེན་དེ་དང་འཕྲད་པའི་དབང་གྱིས་ལྡང་། །རྐྱེན་སྣང་ཡུལ་དང་ཡུལ་ཅན་སེམས། །མཉམ་དུ་འཕྲད་པས་སྡང་ཆགས་སྡང་བར་འགྱུར། །ཕུགས་པ་ན་དྲི་མའི་ཐག་བཅད་ཕྱིར་རྐྱེན་བསྟན་པ་གལ་ཆེ་བས། །དུར་ཁྲོད་དམ་ནི་གཉན་ཁྲོད་དམ། །མཛེ་གནས་འགོ་ནད་ལ་སོགས་པའི། །གནས་སུ་འཇིགས་པ་ལ་སོགས་པའི་སྙེམས་ཏེ་ལངས་པར་འགྱུར་ལ། །སྙེམས་དེ་ཀ་བདུད་ཡིན་པས་དེ་བཅད་པའི་ཕྱིར། །སྙེམས་བྱེད་དབྱིངས་སུ་སྐུར་ལ་ལྷོད་གློད་པ་གཞག་གོ །གཅད་བྱ་དང་གཅོད་བྱེད་གཉིས་སུ་ནུབ་པ་མེད་ཀྱི། །མ་བཅོས་རང་གྲོལ་ཆེན་པོར་གློད་ལ་ཞོག །ཡུལ་རྐྱེན་གང་ལ་བརྟེན་ནས་ཡང་སྙེམས་བྱུང་བ། །དེ་ཉིད་བདུད་ཡིན་ཆོད་པར་གྱིས། །དང་པོར་སྙིང་ཁམས་རྐྱེན་ཐོག་ཏུ་བསྲེ་བ་ལ་ཆེ་ཡང་དགོས། །རིག་པ་གསལ་བར་ངར་དང་ལྡན་པ་ཡིས། །སྙེམས་ཐག་མ་ལུས་རྦད་ཀྱིས་ཆོད་པར་གྱིས། །ཡིད་ཡུལ་གྱི་དོན་སྤྱིར་རྟོག་པས་མི་ཆོད་ཉམས་མྱོང་དགོས། །གཉན་སར་སོང་ལ་ཤེས་པ་ལོང་རྟོལ་ལ། །མ་ཡེངས་གློད་ན་གྲོལ་བར་བཞག་པས་རྟོགས་སོ་ངེས། །སྒོམ་བསྒོམས་པ་ཡིས་མ་ཐེབས་པར། །ལུས་གློད་ལ་སེམས་ཀྱི་འདུ་ཤེས་བཤིགས་ལ་བཞག་གོ །ཅིར་སྣང་གྲོགས་ཡིན་བླང་དོར་མཐོང་ལ་མ་བྱེད། །གལ་ཏེ་སེམས་ལ་བག་ཆགས་བྱུང་གྱུར་ཀྱང་། །རང་བག་རང་གིས་སྲོ་བ་མ་རྟོགས་པའི་ཐབས་ལས། །གཞན་ལ་ལྟོས་ན་རྣལ་འབྱོར་མིན། །དེ་བས་ཅིར་སྣང་ཐམས་ཅད་རང་ཡིན་གཞན་མ་ཡིན། །ཐ་དད་འཛིན་པའི་རྣམ་རྟོག་དེ། །རིག་པ་ངར་དང་ལྡན་པ་ཡིས་འཕགས་བྱས་ལ། །རིག་མེད་གཏི་མུག་དབྱིངས་སུ་བསྐྱུར་ལ་ཞོག་གི །
གསུམ་པ་དེ་དག་གི་དོན་བསྡུ་བ་ནི། སྔར་བསྟན་པ་དེ་དེ་ལྟར་སྙེམས་ཐག་ཆོད་པ་དེ་ཀ་ལ། །འབྲས་བུ་སངས་རྒྱས་ཞེས་ནི་བཏགས་པ་ཡིན། །སངས་རྒྱས་ཚེ་གཅིག་ལ་ངོ་སྤྲོད་པའི་ལེ་ལག་སྟེ་ལྔ་པའོ། །དྲུག་པ་གོལ་ས་བཅད་པ་རྒྱ་གད་ཀྱི་ལེའུ་འདི་ལ་བཞི་ལས། འཁོར་བ་རང་གྲོལ་དུ་ངོ་མ་ཤེས་ན། ཆོས་བྱས་ཀྱང་བློས་སྐྱོན་གྱིས་འཆིང་བར་བསྟན་པའོ། །ཨེ་མ་ཧོཿ ཨ་མ་ཇོ་མོའི་ཞལ་སྔ་ནས། །སྟོན་པ་ཐུགས་རྗེ་ཆེན་པོ་དེས། །འཁོར་འདས་གཉིས་མེད་གཅིག་ལ་ཐབས་མཁས་ཀྱིས། །ཆོས་རྣམས་སྣ་ཚོགས་གསུངས་ན་ཡང་། །སེམས་ཅན་རང་གི་བློ་སྐྱོན་གྱིས། །སྦུར་བ་བལ་དུ་འཐུམས་པ་བཞིན། །ཆོས་པ་རྣམས་ཀྱང་ཆོས་ཀྱིས་བཅིངས། །གྲོལ་བར་འདོད་ཀྱང་སླར་ལ་བྱ་བྱེད་དུ་ཞེན་པས་འཆིང་། །
གཉིས་པ་འཆིང་ཚུལ་གྱི་དབྱེ་དོན་ལ་སྦྱར་ཏེ་རྒྱས་པར་བཤད་པ་ནི། ངན་སོང་གི་འཇིགས་པ་མང་ལགས་ཏེ། འཁོར་བས་སྤྱིའི་སྡུག་བསྔལ་གྱི་འཇིགས་པ་སྲིད་པ་ཙམ། །འཁོར་བ་རང་དོན་དུ་བསྒོམ་པ་ལ་སྤངས་པ་ཞི་བ་མྱང་འདས་ཐོབ་པ་མང་ལགས་ཀྱང་། །མི་གནས་པའི་མྱང་འདས་ཐོབ་པ་སྲིད་པ་ཙམ། །སྡུག་བསྔལ་སྤོང་བ་མང་ལགས་ཀྱང་། །བདེ་བ་འདོད་ཡོན་ལ་ཞེན་པས་སྤོང་བ་སྲིད་པ་ཙམ། །མི་དགེ་སྤོང་བ་མང་ལགས་ཀྱང་། །དགེ་བ་སྤོང་བ་སྲིད་པ་ཙམ། །ཞེན་པ་ལོག་པ་མང་ལགས་ཀྱང་། །དངོས་འཛིན་ཐོང་པ་སྲིད་པ་ཙམ། །རྟོག་པའི་འཕྲལ་གྱི་གཙང་བཙོག་ཆོས་པ་མང་ལགས་ཀྱང་། །སྙེམས་ཐག་ཆོད་པ་སྲིད་པ་ཙམ། །ངན་རྟོག་ཆོད་པ་མང་ལགས་ཀྱང་། །བཟང་རྟོག་ཆོད་དགེ་བ་དང་སྲེད་པ་པ་སྲིད་པ་ཙམ། །ཕ་ཡུལ་སྤང་བ་མང་ལགས་ཀྱང་། །གཟུང་འཛིན་ཐོང་བ་སྲིད་པ་ཙམ། །ནད་གདོན་གསོས་པ་མང་ལགས་ཏེ། །དུག་ལྔ་གསོས་པ་སྲིད་པ་ཙམ། །ལྟ་བ་རྟོགས་པ་མང་ལགས་ཏེ། །མཐའ་དང་བྲལ་བ་སྲིད་པ་ཙམ། །མི་རྟོག་སྒོམ་པ་མང་ལགས་ཏེ། །ཡིད་ལ་མི་བྱེད་སྲིད་པ་ཙམ། །ཚུལ་འཆོས་ཀྱི་སྤྱོད་པ་བཟང་བ་མང་ལགས་ཀྱང་། །འཕྲད་ཉམ་ང་ལ་འཇོམས་བྱེད་པ་སྲིད་པ་ཙམ། །ཉམས་ལེན་རེས་འགའ་བཟང་བ་མང་ལགས་ཀྱང་། །རྒྱུན་ཆད་མེད་པར་སྲིད་པ་ཙམ། །འབྲས་བུ་ཐོབ་པ་མང་ལགས་ཏེ། །རེ་དོགས་མེད་པ་སྲིད་པ་ཙམ། །ཐོས་པ་ཆེ་བ་མང་ལགས་ཏེ། །སྒྲོ་འདོགས་ཆོད་པ་སྲིད་པ་ཙམ། །གདམས་པ་ཆེ་བ་མང་ལགས་ཏེ། །ཉམས་ལེན་བྱེད་པ་སྲིད་པ་ཙམ། །ཤེས་རབ་ཆེ་བ་མང་ལགས་ཏེ། །སེམས་ངོ་ཤེས་པ་སྲིད་པ་ཙམ། །མི་ཆོས་སྤང་བ་མང་ལགས་ཏེ། །ལྷ་ཆོས་སྤང་བླང་གཉིས་འཛིན་སྤོང་བ་སྲིད་པ་ཙམ། །འཁོར་བ་སྤང་བ་མང་ལགས་ཏེ། །མྱང་འདས་རང་གཅིག་པུ་ཞི་བདེའི་སྤོང་བ་སྲིད་པ་ཙམ། །
གསུམ་པ་བྱར་མེད་ཀྱི་དོན་མ་རྟོགས་ན་བྱས་པའི་ཆོས་ཀྱི་སངས་མི་རྒྱ་བར་བསྟན་པ་ནི། ལར་རྒན་མོ་ང་ཡིས་ཆོས་བཤད་ཀྱང་། །སེམས་འབྲལ་མེད་དུ་ཉལ་དུ་མ་བཏུབ་ཉལ་མ་ནུས། །ཉལ་བས་ཆོག་པའི་ཆོས་ལགས་ཏེ། །སེམས་ཉལ་དུ་མི་འདོད་བྱ་བྱེད་མང་། །བྱས་པ་མི་རྟག་འདུས་བྱས་ཏེ། །འདུས་བྱས་བསླུ་བའི་ཆོས་ཅན་ཡིན། །བསླུ་བའི་ཆོས་ལ་ཡིད་མ་གཏོད། །བཞི་པ་དོན་བསྡུས་ཏེ་མ་བཅོས་པར་བཞག་ན་རང་གྲོལ་དུ་བསྟན་པ་ནི། དེ་བས་རྒྱུ་དང་རྐྱེན་བྲལ་བས། །རང་སེམས་རང་བཞིན་སྟོང་པ་ལ། །བཅས་བཅོས་མ་བྱེད་རང་སར་ཞོག །བཞག་ན་རང་གྲོལ་བདེ་བ་ཆེན་པོ་ཡིན། །གོལ་ས་གཅོད་པའི་ལེ་ལག་དྲུག་པའོ། །
བདུན་པ་རྒྱུ་རྐྱེན་དང་བྲལ་བ་དེ་བཞིན་ཉིད་ཀྱི་ལེའུ་འདི་ལ་གསུམ་ལས། ཆོས་ཐམས་ཅད་ཀྱི་སྙིང་པོ་འདི་ཡིན་པས་འབད་པར་གདམས་པ་ནི། ཨེ་མ་ཧོཿམ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྗེ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཡུམ་སྲས་གཉིས་ཀྱི་གདམས་ངག་འདི་འགའ་ལ་ཕན་ཕྱིར་ཡི་གེར་བཀོད།
གཉིས་པ་འབད་ཚུལ་གྱི་དབྱེ་བ་བྱེ་བྲག་ཏུ་བཤད་པ་ནི། ཕོ་མོ་དང་འཕྲད་པ་བྱ་སྙམ་པ་ལ་མོ་བདུད་གནོད་ཀྱིས་མོར་འཛིན་སྙེམས་ཐག་ཐོངས། །མོ་ལ་ཕོ་བདུད་གནོད་ཀྱིས་ཕོའི་སྙེམས་ཐག་ཆོད། །ཕོ་མོ་སེམས་ཀྱི་གནས་ལུགས་ལ་གཉིས་སུ་མེད་ཀྱི་སེམས་ཀྱིས་སེམས་ལ་ལྟོས། །ཡིན་པ་ཡེ་ནས་ཡིན་གྱི་ཡེ་ཡིན་རྟོགས་པར་གྱིས། །རྟོགས་མཁན་ཞི་བ་མཛོད། བྱས་པ་ལས་རོ་ཡིན་གྱིས་བྱར་མེད་ལྷུག་པར་ཞོག །དབྱིངས་སྟོང་ཉིད་ལ་རིག་པ་ལ་ཅིར་ཡང་འཆར་གྱིས་ཆགས་སྡང་མེད་པར་མཛོད། །ཨེ་མ་ཧོཿ སེམས་གློད་དང་འཁོར་བ་ཙམ་གྲོལ་གྱིས། ཞོག་དང་དལ་གྱིས་ཉམ་ང་གྱི་དོལ་དང་ཞལ་རྟགས་མེད་དུ་བདེ་ཡིས། ཨེ་མ་ཧོཿབརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀྱང་། །མཚོན་པ་པའི་བརྡ་ཙམ་ཡིན་པར་མ་རྟོགས་ན། །ཚིག་ལ་ཞེན་ན་བརྟགས་པས་འཆིང་། །བཀའ་ནི་སེམས་རང་བཞིན་བརྡ། གློ་བུར་ལུང་ཡང་དེ་བཞིན་ཤེས་པར་གྱིས། །མན་སེམས་འབད་རྩོལ་ངག་སྙིང་པོ་རྩོད་བྲལ་ཡིན། །དོན་མ་སྟོང་ཉིད་ཐལ་བ་ཡོད་ཀྱི་བར་མི་ཚིག་ཀྱང་མཐོང་བར་ཞི་གནས་སྒོམས། །མེ་མདག་མེད་པ་དང་ཚིག་པ་ལྟར་སེམས་གནས་ཀྱི་བར་འདི་ཡང་ལང་པ་དང་ཆགས་སྡང་སྐྱེའོ། །ཐལ་བས་གཡོགས་པ་འདྲ། །རྟོག་པས་ཆོས་ཟེར་བྱ་བྱེད་མང་། །རྟ་རྒོད་སྲབ་མདའ་ཆད་པ་འདྲ། །མཐོང་བས་མ་ཡེངས་བཞག་ལེགས་ན། །བྱང་ཆུབ་ཆོས་སྐུ་ཐེ་ཚོམ་མེད། །སེམས་ཀྱི་ངོ་བོ་མཐོང་གྱུར་ན། །རྒྱུད་དྲུག་མཚན་མ་རང་སར་དག །དེ་ན་མི་སྨྲ་མི་བསམ་བཞག །
གསུམ་པ་དོན་བསྡུས་ཏེ་འཁོར་འདས་དབྱེར་མེད་དུ་བཞག་ན་རང་གྲོལ་བར་བསྟན་པ་ནི། བསམ་པ་བློ་ཡིན་དོན་མ་ཡིན། །བསམ་པའི་ཡུལ་ལ་སངས་རྒྱས་མེད། །མེད་པར་སེམས་ན་ཡི་རེ་ཆད། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །གཅིག་ཡིན་སྤང་བླང་མེད་པར་འཇོག །མ་བཅོས་རང་བྱུང་སངས་རྒྱས་ཏེ། །འདུ་ཤེས་བདེན་འཛིན་ཕྱིར་རྣམ་པར་བཤིགས་ལས་བྱུང་། །བདེ་འདོད་སྒོམ་པས་རེ་སྙེམས་ཞུགས། །རེ་བ་དང་བཅས་དོན་ལ་བསྒྲིབས། །དེས་ན་ཡིད་སྤྲུལ་རེ་དོགས་ཕྲོལ། །ཨེ་མ་ཧོཿ ནད་པ་འདྲེ་ལ་གཏད་པས་གནོད་པ་རང་སར་གྲོལ། །སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་མཐའ་རུ་བསྐྱལ། །རྐྱེན་ངན་གྲོགས་སུ་ཤར་བས་ཉམས་ཀྱི་རྩལ་སྣང་འབྱོངས། །སྙེམས་པ་བདུད་ཡིན་ཡིད་ཀྱི་འགྱུར་བ་ཆོད། །འཛིན་པ་དུག་ཡིན་འདུ་ཤེས་རྣམ་པར་ཤིགས། །རྩོལ་བ་ནད་ཡིན་བྱ་བྱེད་མ་མང་ཞོག །སངས་རྒྱས་སེམས་ཡིན་གཞན་དུ་རེ་མ་ཆེ། །ལུས་འདི་རོ་ཡིན་མ་ཆགས་གཟན་དུ་སྐྱུར། །སྐྱུར་མཁན་སེམས་ཡིན་ཁྱབ་བརྡལ་ཆེན་པོར་ཞོག །རྒྱུ་རྐྱེན་བྲལ་བ་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བདུན་པའོ། །
བརྒྱད་པ་ཉམས་སུ་བླང་པ་ལག་ཁྲིད་ཀྱི་ལེའུ་འདི་ལ་གསུམ་ལས། དང་པོ་ཞུ་ལན་གྱི་སྒོ་ནས་གདམས་ངག་གི་བྱུང་ཚུལ་ནི། ཨེ་མ་ཧོཿ མ་མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མ་ཅིག་ཡེ་ཤེས་མཁའ་འགྲོ་ལ། །སྲས་ཀྱིས་གཅོད་ཀྱི་གདམས་པ་ཞུས། །ཡུམ་གྱི་ལག་ལེན་དམར་ཁྲིད་བསྟན། །སྲས་ཀྱིས་གཞན་དོན་ཡི་གེར་བཀོད། །གཉིས་པ་ཉམས་སུ་ལེན་པའི་གང་ཟག་གི་ཚོགས་བསྟན་པ་ནི། འདི་དོན་ཉམས་སུ་ལེན་པ་ལ། །དད་བརྩོན་ཤེས་རབ་ལྡན་པ་དང་། །བྱམས་དང་སྙིང་རྗེའི་རྒྱུན་ཐག་རིང་། །ཞེན་པ་ཆུང་ཞིང་གཏོང་ལ་མོས། །བླ་མ་ལ་གུས་ལྡན་པ་ཡིས། །
གསུམ་པ་ཉམས་སུ་བླང་བྱ་ལམ་གྱི་རིམ་པ་བསྟན་པ་ལ་གསུམ་ལས། དང་པོ་ངོ་སྤྲོད་ཀྱི་གདམས་ངག་གི་སེམས་རྒྱུད་ལ་ཐེབ་པར་བྱ་བ་ནི། དང་པོར་ངོ་སྤྲོད་གདམས་ངག་ཅེས། །ཡང་དང་ཡང་དུ་གདབ་པར་བྱ། །གཉིས་པའི་པ་ཐེབས་དོན་ཉམས་སུ་བླངས་པ་ཡང་གསུམ་ལས། དང་པོ་སྔོན་འགྲོ་ཐབས་ཀྱི་རིམ་པ་ནི། དེ་ནས་ལག་ཏུ་ལེན་པ་ལ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ། །བླ་མ་བསྒོམས་ལ་གསོལ་བ་གདབ། །གཉིས་པ་དངོས་གཞི་ཤེས་རབ་ཀྱི་རང་བཞིན་སྟོན་པ་ནི། དེ་ནས་དབང་རབ་ཀྱིས་སྨྲ་བསམ་བརྗོད་མེད་བསྒོམ། །ཡང་ན་འབྲིང་གིས་བེམ་རིག་ཕྲལ་ལ་བཞག །ཡང་ན་ཐ་མས་ཕུང་པོ་གཟན་བསྐྱུར་ལ། །དེ་ནས་མཉམ་ཉིད་ངང་དུ་གཞག་པར་བྱ། །དེ་ནས་ཆོ་འཕྲུལ་ལ་སོགས་པ། །བརྟེན་ནས་དྲན་རྟོག་སྐྱེས་པ་ན། །རིག་པ་ངར་དང་ལྡན་པ་ཡིས། །ཕཊ་ལ་སོགས་པ་ཡིས་ཧུར་བྱུང་ལ། །དེར་རྗེས་བློ་དྲན་མེད་ངང་དུ་བཞག་པས་སྔར་གྱི། །འཁྲུལ་རྟོག་རང་གྲོལ་ཆོས་སྐུ་ཡིན། །
གསུམ་པ་རྗེས་འཇུག་ཐབས་ལ་མཁས་པའི་གཅོད་ལ་ལྔ་ལས། དང་པོ་མཉམ་བཞག་གི་དགེ་བ་བསྔོ་ཞིང་རྗེས་ལ་ཡང་དགེ་བ་ཅི་ནུས་སུ་བསགས་པ་ནི། རྗེས་ལའང་སྒྱུ་མ་ལྟ་བུའི་བློས། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཐུན་མཚམས་སུའང་གནས་ལུགས་ཀྱི། །ངང་ནས་སྙིང་རྗེ་ཆེན་པོ་ཡིས། །སྐྱབས་འགྲོ་ཡན་ལག་བརྒྱད་དང་ཆུ་གཏོར་དང་གསུང་རབ་ཀློག་པ་ལ་སོགས། །ཚོགས་གཉིས་བསགས་ལ་འབད་པར་བྱ། །
གཉིས་པ་རྐྱེན་གྲོགས་སུ་འཁྱེར་ན་རྟོགས་པ་ལྷུན་གྲུབ་ཏུ་འབྱུང་བར་བསྟན་པ་ནི། གཞན་ཡང་རང་གཞན་ལ་བརྟེན་པའི་ཡོན་ཏན། །ཆགས་སྡང་རྣམ་རྟོག་སྐྱེས་པ་ན། །ངོ་སྤྲོད་དྲན་པས་ལྷོད་ཀྱིས་གློད། །རང་གྲོལ་བདེ་བ་ཆེན་པོ་ཡིན། །གསུམ་པ་ངོས་ཟིན་པའི་དོན་དང་མ་བྲལ་ན། ཆེད་དུ་བྱས་ལ་བསྒོམ་མི་དགོས་པར་བསྟན་པ་ནི། ཐུན་དུ་སྤྱད་ལ་བསྒོམ་མི་དགོས། །མ་ཡེངས་དྲན་པས་རྩི་ཡིས་ཟུང་། །བཞི་པ་ཉམས་རྟོགས་མཐའ་ཡས་ན་བོགས་དབྱུང་བ་ནི། འཐས་ན་རྐྱེན་སྣང་སྣ་ཚོགས་ལ། །བརྟེན་ལ་ཉམས་རྟོགས་བོགས་དབྱུང་བྱ། །ལྔ་པ་ལོག་གནོན་གཟེར་བུ་བསྟན་པ་ལ་ནི། ལོག་ན་ལོག་གནོན་དེ་སྟེང་བསྲེ། །མི་འདོད་སྣ་ཚོགས་ལ་རྩལ་སྦྱང་། །གསུམ་པ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་ནི། བློ་ལ་སྙེམས་མེད་རྟོགས་པའི་གདེང་ལྡན་འབྲས་བུ་རེ་དོགས་མེད། །ཚེ་འདི་ཉིད་ལ་མངོན་སངས་རྒྱས། །ནང་དོན་ལག་ཏུ་བླང་བའི་ལེ་ལག་སྟེ་བརྒྱད་པའོ། །རྫོགས་སོ།། །།མཁྱེན་པ་སངས་རྒྱས་ཐོབ་པར་ཤོག །
བཀའ་བརྒྱུད་ཆེན་མོ།
༄༅། །བཀའ་བརྒྱུད་ཆེན་མོ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་ཐོག་ཏུ་བཞག་པ་སྐྱེ་མེད་ཅིག་ཆོད་དུ་བསྟན་པ། བཀའ་དངོས་དང་མི་འགལ་བར་བཤད་པ། གདམས་ངག་བདུད་ཀྱི་གཅོད་ཡུལ་འདི་ལ་གཉིས་ཏེ། མ་རྟོགས་པ་བདུད། རྟོགས་པ་ཆོས་ཉིད་ཀྱི་སྤྱོད་ཡུལ་ལོ། །སྤྱིར་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་པ་ལ། རྒྱུ་སེམས་ཅན་ནི་བདག་ལྟ་འཛིན་པ། མངོན་ཞེན་བཞི་ལ་མ་རིག་པ་དང་བཅས་པའི་ཕྱིར་རོ། །དེ་དང་པོ་རྒྱུ་ངན། བར་དུ་རྐྱེན་ངན། ཐ་མར་འབྲས་བུ་ངན་ནོ། །དང་པོ་རྒྱུ་ངན་པ་ནི་མ་རིག་པའོ། །བར་རྐྱེན་ངན་པ་ནི་ཉོན་མོངས་པ་ལྔ་ལ་སྤྱད་པའོ། །ཐ་མར་འབྲས་བུ་ངན་པ་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ལོ། །འབྲས་བུ་སངས་རྒྱས་སྒྲུབ་པ་ལ། སངས་རྒྱས་དེ་དང་པོ་རྒྱུ་བཟང་སྟེ་ཐོས་བསམ་གྱི་ཤེས་རབ། བར་དུ་རྐྱེན་བཟང་སྟེ་སྒོམ་པའི་ཤེས་རབ། ཐ་མ་འབྲས་བུ་བཟང་སྟེ་སྐུ་ལྔ་ཡེ་ཤེས་ལྔའོ། །
སངས་རྒྱས་སྒྲུབ་པ་ལ། གྲུབ་མཐའ་བསམ་གྱིས་མི་ཁྱབ་སྟེ། ཕྱི་ནང་གཉིས་ལས། ནང་པ་དེ་ལ་ཐེག་པ་ཆེ་ཆུང་གཉིས་ལས། ཐེག་པ་ཆེན་པོ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་གཉིས་ལས་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་གཞུང་ལམ་དོན་གསུམ་ལས། དེ་ཡང་དོན་ལ་གཞུང་ལམ་གཉིས་ལྡན་པ་ཡིན་ཏེ། ཉི་ཁྲི་དག་ལྡན་གྱི་ལེའུ་ལས། ཤེར་ཕྱིན་གཉིས་མེད་བསྒྲུབ་བྱ་དག་ནི་དེ་དང་ལྡན་ཏེ། ཡེ་ཤེས་དེ་ནི་དེ་བཞིན་གཤེགས། གཞུང་ལམ་གཉིས་ཏེ་སྒྲ་ཡིན་ཞེས་གསུངས་དོན་ནོ། །དེ་ལ་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་བུ། མངོན་སྐྱེད་པར་བྱེད་པའི་ཡུམ་ལྟ་བུ། སྔོན་འབྱུང་དུ་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་ནུས་པ། རྗེས་འཇུག་སློབ་མ་རྣམས་ལ་ཡིན་ལུགས་གཏན་ལ་ཕབ། རྟོགས་པ་རྒྱུད་ལ་བཀལ། མཚན་ཉིད་ངོས་བཟུང་། གོལ་སར་མ་སོང་བར་སྟོང་ཉིད་དེ་ཡང་ཕྱི་ནི་ལུས་ཀྱི་ཕྱག་དང་སྐོར་བ་ལ་སོགས་ངག་གི་འདོན་ཀློག་སོགས་ཡིད་འཁོར་ལ། ནང་དོན་ལ་སེམས་པ་སྤྱད། རྒྱུད་དང་ཡི་དམ་ལ་ཡིད་ཀྱི་མོས་གུས་སུ་སྔགས་པ་གཉིས་མེད་དོ། །དེ་ཉིད་ལམ་དུ་སྐུར་ཤེས་པའི་ཕྱིར་ན་བླ་མའོ། །དམ་པ་ནི་སྐྱབས་འགྲོ་རྣམ་པ་གསུམ་དང་ལྡན། དབང་བཞི་དོན་དང་ལྡན་པ། རྟོགས་པ་དང་ཉམས་དང་མཚན་ཉིད་རྗེ་བྱིན་རླབས་དང་ལྡན་པ། རྟོགས་པ་ལ་འགྱུར་བ་མེད་པ། དགོངས་པ་ལ་ཕུལ་འཐེན་མེད་པའོ། །རྣམ་ནི་བརྒྱུད་རྣམས་ཏེ། ཤཱཀྱ་ཐུབ་པ་ཡང་ན་ཡུམ་ཆེན་མོས་སྒྲོལ་མ་ལ། དེས་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ། སྨྲ་བའི་སེང་གེ། ཨརྱ་དེ་བ། དམ་པ་སངས་རྒྱས། སྐྱོ་ཆུང་པ་དོལ་པོ་ཡེ་ཤེས་བླ་མ་ལྔ་ཟེར། བསོད་ནམས་བླ་མ། མ་ཅིག་ལབ་ཀྱི་སྒྲོན་མ། ཁུ་སྒོམ་བུ་སྒོམ་ཁུ་སྒོམ་གསུམ་ལས་དོན་གྱི་ཚུལ། ཆོས་སེང་། དམ་པ་ཟང་ཐལ། རྗེ་བཙུན་ཅེར་སོ། །རྗེ་བཙུན་རི་པ་སངས་རྒྱས་རལ་སྒོམ། སྐྱེ་མེད་དོ་པ། སྐྱོ་མེད་སྟོན་ཤེ། རལ་པ་ཚུལ་བསྟན་ནོ་རྣམས་སོ། །ཕྱག་བཙལ་བས་ནི་ཚེ་འདིའི་བར་ཆད་སེལ་བ་དང་། ཕྱི་མ་བྱང་ཆུབ་ཀྱི་རྒྱུར་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་ཐོག་ཏུ་བཞག་པ། སྐྱེ་མེད་ཆིག་ཏུ་བསྟན་པ། བཀའ་དངོས་དང་མི་འགལ་བར་བཤད་པའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀའ་ཐོག་ཏུ་བཞག་པ་ནི། བཀའ་ནི་རྣམ་པར་ཐར་པའི་སྒོ་གསུམ་མམ། སྟོང་པ་ཉིད་བཅོ་བརྒྱད་དམ། ཆོས་ཉིད་རྟོགས་དེ་ཡང་དོན་ལ་བཞག་འཇོག་གཉིས་མེད་ཀྱང་ཐབས་ཀྱི་དབང་དུ་བརྗོད་པའོ་གསུངས་པའི་ཐོག་ཏུ་རིག་པ་འཇོག་པའོ། །དེ་ལ་དབྱིངས་དང་རིག་པ་བསྲེ་བའི་དུས་དང་རང་འདྲེས་པའི་དུས་གཉིས་ལས། འདྲེས་པ་ནི་བཀའ་ཐོག་ཏུ་གནས་པའི་རིག་པ། དེ་ལ་བསྒོམ་པར་བྱ་བའི་ཡུལ་མེད། སྒོམ་པར་བྱ་བའི་མཁན་པོ་མེད། བསྒོམ་བྱ་སྒོམ་བྱེད་ཀྱི་གཉེན་པོ་ལས་འདས། དེ་ལ་ངང་གིས་གནས་པ། ཤུགས་ཀྱིས་གནས། ཆུ་ཆད་པའི་རང་ཐག་བཞིན་གནས། རིག་པ་ཁྱབ་བརྡལ་ཆེན་པོར་གནས་པའི་དོན་དེ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཕྱིན་ལྡན་ན་བྱེད་པོ་ཡང་མི་དམིགས། ཆོས་ཐུན་མི་དམིགས་ཏེ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་སྡུད་པ་ལས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་ལས། ངོ་བོ་མེད། རང་བཞིན་མེད། དམིགས་པ་མེད། གནས་མེད། དངོས་པོ་མེད། སྐྱེ་མེད་ཅིག་ཆོད་དུ་བསྟན་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན། སེམས་བཀའ་ཐོག་ཏུ་གནས་པའི་རིག་པ་སྐྱེ་མེད་སྟོང་པ་དེ་ཀ་སྐྱེ་བ་མེད་པའོ། །རང་བཞིན་མེད་པ་དེ་ཡིན། དེ་ལ་རྒྱུ་མེད། རྐྱེན་མེད། སྐྱེ་མེད་སྟོང་པ་དེ་ཀ་སྐྱེ་བ་མེད་པའོ་རང་བཞིན་མེད་པ། གནས་ཅིག་ཆོད་ནི་ལུགས་དེ་ཉིད་འཁོར་འདས་སྣ་ཚོགས་སུ་འཆར་མི་གནས་པ་ཤར་ཡང་སྐྱེ་མེད་སྟོང་པ་རང་བཞིན་མེད་པ། རིག་བར་མཚམས་མེད་པ་ཟེར་བ་པ་ཁྱབ་བརྡལ་ཆེན་པོ་ལས་མ་འདས་པར་ཤེས་ཤིང་། ཐག་ཆོད་པས་ནི་ཆིག་ཆོད་དོ། །བཀའ་ལུང་ནས་སེམས་ཅན་ཁམས་ཀྱི་ལྷ་རྣམས་ཆེན་པོ་གཅོད་པ་དེ་ཞེས་སོ། །དེ་ཙ་ན་ཆོས་བཞི་ལ་མ་ལུས། དེ་སྤྱིར་རྣམ་པ་དུ་མ་ལས་བཀའ་དངོས་ཡིན་ནོ། །དེ་སྤྱིར་སྡེ་སྣོད་གསུམ། བྱེ་བྲག་བཀའ་རྒྱས་འབྲིང་གསུམ་ལ་སོགས་ཡོད་ཀྱང་མི་ལང་པས་འདི་དང་མི་འགལ་བར་གཏན་ལ་དབབ་པ་ལ་གསུམ་སྟེ། ཐབས་ངེས་པའི་ལམ་གྱི་སྔོན་དུ་འགྲོ་བ་དང་། ཤེས་རབ་ངེས་པ་ལམ་གྱི་ཉམས་སུ་བླངས་པ་དང་། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བའོ། །ཆོས་འདིའི་སྒོ་ནས་འཇུག་པ་ལ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་སྒོ་དབྱེ་དགོས་ལ། དེ་མཆོད་པ་རྣམ་པ་གསུམ་ལ་བརྟེན་ནས་བྱེད་པས། དངོས་སུ་བཤམས་པའི་པུ་ཙ་རྣམ་ལྔ་དང་། ཚོགས་གཏོར་ལ་སོགས་ཡིད་ཀྱིས་སྤྲུལ་པ། ར་དང་གླང་པོ་སོགས་བློས་བླངས་པའི་པུ་ཙ་རང་ལ་ཡོད་པའི་དངོས་པོ་རྣམས་ཀྱང་བློས། དང་པོ་ནི་མཆོད་པ་རྣམ་པ་གསུམ་མམ། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་དགེ་བའི་རྩ་བ་ཅི་ནུས་ཚད་བྱའོ། །དེ་ཡང་ཐབས་དང་ལྡན་པ་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར་ཞེས་གསུངས་སོ། །
དང་པོ་སྡིག་པ་ལས་ལྡོག་པར་བྱ་བ་དང་། བར་དུ་དགེ་ལས་ལྡོག་པར་བྱ་བ་དང་། ཐ་མར་ཀུན་ལས་ལྡོག་པར་བྱའོ། །དང་པོ་སྡིག་པ་མི་དགེ་བ་སྤངས་ནས་དགེ་བ་བཅུ་དང་དུ་བླང་ངོ་། །ལུང་ལས་རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་བདག་ཀྱང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་ལོ། །སྲོག་གཅོད་པ་སྤོང་བའི་ལེགས་པར་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །ཞེས་སོ། །བར་དུ་དགེ་བ་ལས་ལྡོག་པ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ལ་སོགས་པའི་དགེ་བའི་རྩ་བ་ལས་ཅི་བྱས་པ་ལ་རློམ་སེམས་མེད་པར་བྱའོ། །ལུང་ལས་སྦྱིན་པ་རློམ་སེམས་སུ་མི་བྱ། སྦྱིན་པས་རློམ་སེམས་སུ་མི་བྱ། སྦྱིན་པ་ལ་རློམ་སེམས་སུ་མི་བྱའོ། །ཞེས་སོ། །ཐ་མ་ཀུན་ལས་ལྡོག་པར་བྱ་བ་ནི། དགེ་བ་བཅུ་ལ་ཇི་ལྟར་བརྩོན་ཀྱང་ལྷ་དང་མིའི་གོ་འཕང་ལས་མི་ཐོབ་སྟེ། དེ་ཚེ་ལས་ལྡོག་པར་བྱའོ། །འཁོར་འདིར་ལྟ་བ་འདས་གཉིས་མེད། སྣང་སྟོང་གཉིས་དེ་ཡང་སེམས་ཅན་ཡིན་པས་མེད། རྟག་ཆད་གཉིས་མེད། རྒྱུ་འབྲས་གཉིས་མེད། ཡུལ་སེམས་གཉིས་མེད། ལྟ་བའི་དུས་སུ་དགེ་སྡིག་གང་ཡང་ཡིད་ལ་མི་བྱེད་པའོ། །ལྟ་བ་གཏན་ལ་ཕེབས་ན་དཀར་ནག་གཉིས་ཀ་གཞི་རྩ་དང་བྲལ་བར་ཤེས་དགོས་པའོ། །ལུང་ལས། གང་ཚེ་འདུས་བྱས་དེ་ཡང་དགེ་བ་ཡང་རང་གི་སེམས་སུ་འདུག །སེམས་ཀ་ཐོག་ཏུ་གནས་པའི་རིག་པ་སྐྱེ་མེད་སྟོང་པ་རང་བཞིན་མེད་པར་འདུག་པས་དགེ་བ་ལ་གཞི་རྩ་མི་འདུག་སྡིག་པ་དང་། དེ་མ་ཡིན་པ་ཅིག་འདུག་ན་ཡང་དཔེ་འགྲེ་འདུས་བྱས་དགེ་བ་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །ཞེས་སོ། །
གཉིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངེས་པའི་དོན་གྱིས་ཉམས་སུ་བླངས་ལ་དོན་དྲུག་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་དགོངས་པ་དང་། དེ་འཐོབ་པར་བྱ་བའི་ཐབས་དང་། དོན་དེ་ཉམས་སུ་བླངས་པའི་གནས་དང་། ཉམས་སུ་བླངས་པའི་ཐབས་དང་། ཉམས་སུ་བླངས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། འོ་ན་སངས་རྒྱ་བ་བྱ་བ་ཞིག་རང་ཡོད་དམ་མེད། མེད་ན་ཉམས་སུ་བླངས་པ་ལ་དོན་མེད་པས་ན་ཡོད་དགོས། འོ་ན་གང་ཡིན་ན་གཞན་མེད་པ་སེམས་ཉིད་རྒྱུ་རྐྱེན་དང་བྲལ་བ་དེ་སངས་རྒྱས་ཡིན་པས་དེ་དྲན་པར་བྱའོ། །ཇི་ལྟར་དྲན་པར་བྱ་ན། ཡིད་ལ་དྲན་རྟོག་གམ་ཤེས་རིག་སོགས་ཅི་ཡང་ཡིད་ལ་མི་འོང་པའོ། །ལུང་འབུམ་ལས་གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་དང་དགེ་འདུན་རྗེས་སུ་དྲན་པའོ། །
གཉིས་པ་སངས་རྒྱས་ཀྱི་དགོངས་པ་ནི། མཐའ་དབུས་མེད་པ་རང་གི་ལྟ་བ་དེ་ཀ་སྟེ་འཁོར་འདས་གཉིས་མེད། རྟག་ཆད་གཉིས་མེད། རྒྱུ་འབྲས་གཉིས་མེད། ཡུལ་སེམས་གཉིས་མེད། ཕྱི་ནང་གཉིས་མེད། སྣང་སྟོང་གཉིས་མེད་དོ། །དེ་ཡང་སྡུད་པ་ལུང་ལས། འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །དམིགས་པ་རྣམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །སེམས་ཅན་རྣམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །ནམ་མཁའི་ཁམས་ཀྱི་རང་བཞིན་དེ་ཡང་ཕ་མཐའ་མེད། །འཇིག་རྟེན་མཁྱེན་པའི་རང་བཞིན་དེ་ཡང་ཕ་མཐའ་མེད། །ཅེས་སོ། །གསུམ་པ་དེ་ཐོབ་པར་བྱེད་པའི་ཐབས་ནི། ལུས་སེམས་འབྲེལ་བའི་ངོ་སྤྲོད་བྱ་སྟེ། དཔེར་ན་བསམ་པས་ཐོས་པ་ལ་བརྟེན་ནས་བལྟས་པས་མཐོང་ན་འོ་ན་སངས་རྒྱས་ཀྱི་ངོ་བོ་དྲན་མེད་དུ་འདུག །དགོངས་པ་གཉིས་མེད་དུ་འདུག་པས་དེས་ཆོག་མོད་སྙམ་ན་མི་ཆོག་སྟེ་དེ་ནི་སྤྱིར་རྣམ་པ་གོ་ཡུལ་ཙམ་ཡིན་པས་དེ་རང་གི་རྒྱུད་ལ་ཐོབ་དགོས་ཀྱི་དགོས་པ་ཡིན་འོང་པ་ལུས་ཀྱི་གནད་གསུམ་བཞིན་དུ། དབྱིངས་དང་རིག་སེམས་ཀྱི་གནད་གསུམ་ངག་གི་གནད་གཉིས་ཏེ་བརྒྱད་དོ་པ་བསྲེས་པ་ལ་བརྟེན་ནས་འདྲེས་པའི་དུས་སུ་བསྒོམ་བྱ་བྱེད་ཀྱི་རྟོག་པ་མེད་པར་ཕྱེད་བུན་ནེ་གནས་པ་དེ་ནི་བཀའ་ཐོག་ཏུ་གནས་པ་དོན་སྤྱི་ཡིད་ལ་ཤར་བ་དེ། སེམས་རྫོགས་པའི་འབུ་ར་འབུ་ར་གཞན་དུ་མ་འཚོལ་ཅིག་ཅེས་པས་ཡིན་ཏེ་གར་སོང་སྤྱད་དོ། །དེ་ཀ་སངས་རྒྱས་ཀྱི་དགོངས་པ་ཐོབ་པ་ཡིན་ནོ། །དེ་ཀ་མཐོང་ལམ་གྱི་ཡེ་ཤེས་བྱ་བ་ཡིན་ཏེ། སྔར་མ་མཐོང་གི་དོན་གཉིས་བ་དེ་རེས་མཐོང་ན་མཐོང་། དེ་ཉིད་སངས་རྒྱ་བའི་ལམ་ཡིན་པས་ན་ལམ། ཡེ་ནས་གནས་པའི་དོན་ཤེས་ཡེ་ཤེས་པའི། དོན་དེ་ཡོན་ཏན་མ་རྫོགས་པའི་མཐོང་ལམ་ཡིན། སངས་རྒྱས་ཀྱི་དགོངས་པའི་ངོ་བོ་ཡིན་དེ་ལ་དངོས་པོ་ལ་མཚན་མ་ཅི་ཡང་མེད་པར་ངོ་སྤྲད་ཏེ། དཔེར་ན་སྤྲིན་བར་གྱི་ཚེས་གསུམ་གྱི་ཟླ་བའམ་ཉི་མ་འམ། རྒྱལ་པོའི་སྲས་དང་ཤིང་སྣ་མའི་མེ་ཏོག་ལྟ་བུའོ། །དེ་ལྟར་ཉམས་སུ་མྱོང་ནས་དབྱིངས་རིག་ཀྲུག་གིས་འདྲེས་པའི་དོན་དེ་ལ་རྣམ་ཐར་སྒོ་གསུམ་མམ། ལམ་ལྔ། ས་བཅུ། ཕ་རོལ་ཏུ་ཕྱིན་པ་བཅུ། དོན་གྱི་ཙི་ན་འདིར་ཙི་ནས་འདིར་ཙིའོ། །དེ་ལྟར་བླ་མས་ངོ་སྤྲད། རང་གི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སྤྱད་པ་ཡིད་ཆེས། རྒྱལ་བའི་བཀའ་ལུང་ནས། གཟུགས་རྣམས་མི་དེ་དག་འགགས་པ་མ་ཡིན་རང་རྒྱུད་པར་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ཅིང་སེམས་ཡིད་མཐོང་བ་མེད། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །ཡོན་ཏན་རྫོགས་པའི་མཐོང་ལམ་ནི། ས་དང་ལམ་དེ་ཀའི་ངང་ལ་སྐལ་པར་སྤྱད་ཅིང་ཚོགས་བསགས་པ་ལས་འབྱུང་ཕྱིས་ངོ་། །
དེ་ལྟ་བུའི་སྔར་ཡོན་ཏན་མ་རྫོགས་པའི་མཐོང་ལམ་ནི། བཀའ་བརྒྱུད་དོན་གྱི་མན་ངག་གནད་ལས་འབྱུང་སྟེ། སྦྱངས་པ་སྔོན་དུ་སོང་བའི་རྟགས་ཡིན་ཏེ་དེ་ནི་སངས་རྒྱས་ཀྱི་དགོངས་པ་ཐོབ་པའོ། །དེ་ལྟ་ཡང་ཡོན་ཏན་རྫོགས་དང་མ་རྫོགས་ཀྱི། །མཐོང་ལམ་རྣམ་པ་གཉིས་སུ་གསུངས། །ཞེས་སོ། །དོན་དེ་དེ་ལྟ་བུའི་མཐོང་ལམ་གྱི་ཡེ་ཤེས་ཀྱི་རང་གནས་པ་ཇི་ལྟར་གནས་ན། རང་གི་རིག་པ་དེ་ཕྱི་རོལ་ཡུལ་ལ་གནས་སམ། དབང་པོ་དོན་སྙིང་ནང་ཁྲོལ་ལྔ་ལ་གནས་སམ་ཞེ་ན་ལྔ་ལ་གནས་སམ་མི་གནས་ཏེ། འདི་ལ་གནས་དང་འདི་ལ་མི་གནས་མེད་པ་ཡིན་ཏེ། ས་གཞི་ཁྱབ་ཚད་ནམ་མཁས་ཁྱབ། ནམ་མཁས་ཁྱབ་ཚད་ཆོས་ཉིད་ཀྱིས་ཁྱབ། ཆོས་ཉིད་ཀྱིས་ཁྱབ་ཚད་རིག་པས་ཁྱབ་པས་ན་ནམ་མཁའ་ལ་མཐའ་དབུས་དང་ཕྱོགས་རིས་མེད་པ་ལྟར་རིག་པ་ལ་ཡང་དེ་གཉིས་མེད་པར་ཁྱབ་བརྡལ་ཆེན་པོར་གནས་པའོ། །དེས་ན་བཀའ་དང་མི་འགལ་ཏེ། །གང་ཞིག་གཟུགས་ལ་མི་གནས་ཚོར་བ་ལ་མི་གནས་ཏེ། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་པར་ཤེས་པ་གང་ལ་མི་གནས་པ་ཆོས་ཉིད་གནས་པའོ། །ཞེས་སོ། །ལག་བཞག་ཐབས་དེའི་དོན་ལ་གནས་ན་ནི་རང་གི་རིག་པ་ནམ་མཁའི་ངང་ལ་སེང་ངེ་ཡེ་རེ་ལ་བཞག་གོ །ནམ་མཁའི་ངང་ལ་རང་གི་རིག་པ་སོག་ཕོན་ཐག་པ་ཆད་པ་ལྟར་ཀློད་ལ་བཞག །འབོལ་ལེ་བཞག །ཤིག་གེ་བཞག །མ་བཅོས་པར་བཞག །ཤེས་པ་རྒྱ་བསྐྱེད་ལ་ཁྱབ་བདལ་དུ་བཞག །དེ་ལྟར་བཞག་པས་ཉམས་རྣམ་པ་བཞི་སྐྱེས་ཏེ། སྣང་སྟོང་གཉིས་ཐམས་ཅད་རིག་པ་རང་རིག་པ་སྐྱེ་མེད་སྟོང་པར་བཞིན་ཕྱ་ལེ་བ་ཀྱི་ཉམས་སོ། །རིག་ཐམས་ཅད་ཡེ་ཤེས་སུ་སྟོང་དབྱེར་མེད་ཀྱི། བདེ་སྟོང་དེ་ལ་གཟུགས་སུ་མེད་པས་གཉིས་མེད་ཀྱི། ཐམས་ཅད་སེམས་ཉིད་དུ་གསལ་སྟོང་དེ་ལ་སེམས་སྐྱེ་མེད་སྟོང་པར་འདུག་པས་གཉིས་མེད་ཀྱི་ཉམས་སོ། །དེ་མིང་གདགས་ན་ལྟ་བ་སྐྱེ་མེད་སྟོང་པའི་རང་བཞིན་ལ། སྒོམ་པ་ཁྱབ་བརྡལ་ཆེན་པོ། ལམ་འཁྱེར་གནས་ཤར་གྲོལ་གསུམ། སྤྱོད་པ་ཉམ་ང་ཐོག་འཇོམས་འབྲས་བུ་སངས་རྒྱས་ཀྱི་རོལ་དུ་ཕྱིན་པ་དེ་ལ་ལྷའི་དབང་དུ་བྱས་ན། དྲི་མེད་དག་པའི་ལྷ། ཏིང་ངེ་འཛིན་གྱི་དབང་དུ་བྱས་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། འདས་པའི་དབང་དུ་བྱས་ན་ཡང་དག་དོན་གྱི་འདས་པའོ། །འདྲེའི་གནོད་པ་ལ་ཡང་ཟླ་བཞི་བཟླས་པ་བྱས་ནས་གཅོད་ཞག་བཞི་བྱིན་རླབས་ཆེ་བ་གསུངས་སྐད།
བཞི་པ། དོན་དེ་ཉམས་སུ་བླངས་པའི་གནས་ནི་དུར་ཁྲོད་དམ་གཉན་ས་ལ་སོགས་དབེན་པའི་གནས་དེར་ཉམས་སུ་བླངས་ངོ་། །དེ་ཡང་ལུང་ལས། རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་རི་སུལ་དང་། །དགོན་པ་དབེན་པ་ནགས་ཁྲོད་རབ་ཏུ་རྟེན་བྱེད་ཅིང། །ཞེས་སོ། །ལྔ་པ་ཉམས་སུ་བླང་བའི་ཐབས་ནི། ཉམས་སུ་གང་བླང་ན། ངོ་སྤྲད་པ་རིག་པ་ཁྱབ་བརྡལ་གྱི་དོན། མ་བཅོས་པའི་ཤེས་པ་དེ་ཉིད་ཉམས་སུ་བླང་ངོ་། །ཐབས་གང་གིས་བླང་ན་སྤྱོད་ལམ་རྣམ་པ་བཞིས་བླང་སྟེ། ལུང་སྡུད་པ་ལས། འགྲོ་འཆགས་ཉལ་དང་འདུག་དང་ཤེས་བཞིན་རབ་ཏུ་ལྡན་ཞེས་སོ། །དེ་ཆོས་ཀྱང་ཞེས་པ་ལ་བར་ཆད་མི་འོང་ངམ་ཞེ་ན། མི་འོང་སྟེ་ལུང་ལས། ཤེར་ཕྱིན་ཉམས་སུ་ལེན་པའི་གང་ཚེ་མཁས་པ་དེ་དག་བསམ་ཉམས་བག་ཚ་མེད་པར་པ་རབ་བརྟན་ཞིང་། །ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་དེ། །དེ་ཚེ་ལུས་སེམས་ངག་ནི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་སོ། །ཆོས་ཉིད་སྟོང་པ་རབ་ནི་ཆོས་ཉིད་སྟོང་པ་ཉིད་དངོས་ལ་གནས་པས་བར་ཆད་མི་འོང་ལ། འབྲིང་ཐ་གཉིས་ལ་ཤེར་ཕྱིན་བྲི་བ་དང་ཀློག་པ་དང་། འཆད་པ་བདུད་ཀྱིས་ཞུགས་ན་འདིར་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་ལྟ་ཅི་སྨོས་པའོ། །ཤེར་ཕྱིན་ལ་བློ་བསྐལ་པའི་ཕྱིར་གསུངས་ཉིད་ལ་གནས་པ་ཡིན།
དྲུག་པ་ཉམས་སུ་བླངས་པའི་འབྲས་བུ་ནི། སྒོ་ལྔ་ལ་ཤར་བའི་ཡུལ། གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་ཐམས་ཅད་སྟོང་པ་ཉིད་དུ་ཤེས། ནང་གི་ནམ་མཁའི་ཁམས་དང་མཚུངས་ཏེ་སེམས་ལ་རྣམ་རྟོག་ཅི་བྱུང་སྤངས། སྟོང་པར་ཤེས་པའོ། །ལུང་ལས་གཟུགས་གཟུགས་ཀྱིས་སྟོང་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་སྟོང་ཞེས་སོ། །དེ་ལྟར་ཤེས་པ་ཕྱིར་བལྟས་པ་དང་། ཕྱི་གཟུང་བའི་ཡུལ་ལ་རང་བཞིན་མེད་པར་ཤེས་ཏེ། ཐམས་ཅད་སྟོང་པར་ཤེས་པའོ། །ལུང་ལས་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་ཅེས་སོ། །ཤེས་པ་ལ་ཁ་ནང་དུ་བལྟས་པས་ནང་འཛིན་པའི་སེམས་རང་བཞིན་མེད་པར་ཤེས་ཏེ། སེམས་རང་བཞིན་མེད་པ་དེ་ཀ་སྣ་ཚོགས་སུ་འཆར་བ་ཡིན། སེམས་སྣ་ཚོགས་སུ་ཤར་ཡང་། རང་བཞིན་མེད་པར་ཤེས་ཙམ་ན། སྒོ་ལྔ་ལ་ཡུལ་འཁྲུལ་པར་འཆར་རྒྱུ་མེད། མིག་གི་གཟུགས་མཐོང་ན་ཡང་མིག་གིས་སམ་སེམས་ཀྱིས་མཐོང་བ་ཡིན། མིག་རང་གིས་མཐོང་ན་རོའི་དབང་པོས་ཀྱང་མཐོང་བར་རིག་སྟེ་མི་མཐོང་ངོ་། །སྲོག་གི་དབང་པོ་མ་འགགས་ཙམ་ན་མཐོང་སྟེ། སྲོག་ཆད་ནས་མཐོང་བ་མེད་པ་བཞིན་དུ། མ་རྟོགས་ཙམ་ན་རྣམ་པར་རྟོག་པ་རང་རྒྱུད་ལ་ཡོད་དེ། རྟོག་པ་ལ་རང་རྒྱུད་པ་མེད། སྒོ་ལྔ་ལ་འཆར་ན་ཆོས་ཉིད་འཆར། དེས་ན་ལུང་ལས་ཀྱང་། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའང་མེད་དོ། །འགགས་པ་མེད་ཅེས་སོ། །སྤྱོད་ཡུལ་གཉིས་གཅད་བྱ་གཅོད་བྱེད་མེད་པས་ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་ལས་ཆོས་གྱུར་པ་ཉིད་ཀྱི་སྤྱོད་ཡུལ་ལོ། །དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །དེ་ནི་གང་ཟག་དབང་པོ་རབ་ཀྱི་འབྲས་བུ་ཡིན་པས་དེ་ལ་གཅད་བྱ་དང་གཅོད་བྱེད་ཀྱི་ཡུལ་དེ་དག་སེམས་ཉིད་ཡིན་ལ་སེམས་སྐྱེ་མེད་སྟོང་པར་རང་བཞིན་མེད་པའི་ཕྱིར་རོ་མེད་དོ། །ཆོས་དེ་ལྟར་སོང་ན་ཆོས་ཉིད་སྤྱོད་ཡུལ་ལོ། །ཆོས་དེ་ལྟར་ཡིན་ཡང་གང་ཟག་དེ་ལྟར་མ་སོང་ན། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་སོང་བ་ཡིན་པས་སོ། །
དབང་པོ་རབ་འབྲིང་ཐ་གསུམ་སྤྱི་དོན་གསུམ་པ་ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་སོང་བར་བྱ་བ་ལ་དྲུག་སྟེ། བདུད་གཉིས་ལ་གཅད་པ་བསྟན་པ་དང་། ཤ་འཁྱེར་ཁྲག་འཁྱེར་བསྟན་པ་དང་། ལྟ་བའི་མཐར་ཐུག་ཚོར་བ་པོས་ལྟ་བ་དང་། སེམས་ཀྱིས་གོལ་སྒྲིབ་གནས་བསྟན་པ་དང་། འགྲོ་དོན་ཁྱབ་འགྲོའི་བྱིན་རླབས་བསྟན་པ་དང་། ཉམས་སུ་བླངས་པའི་ཕན་ཡོན་དང་འབྲས་བུ་བསྟན་པའོ། །དང་པོ་ནི་སྤྱིར་རྣམ་རྟོག་བློ་ཡུལ་དུ་གྱུར་ཚད་པ་ཐམས་ཅད་རང་བདུད་ཡིན་ཏེ། ཆོས་གོང་མ་དེ་ཙུག་སོང་ན་མངོན་པར་ཤེས་པ་ལ་སོགས་པ་ཤར་ན་དེ་ལ་ཆགས་པ་དང་། རྣམ་བློའི་ཡུལ་དུ་གྱུར་ཚད་རྟོག་ཕྲ་མོ་ཡན་ཆད་ཐམས་ཅད་བདུད་དོ། །དེ་ཅིའི་ཕྱིར་ཞེ་ན། མངོན་ཤེས་ལ་སོགས་པ་ཤར་ན་ཆགས་པ་དེ་ཤེས་སྒྲིབ་པ་ཡིན་པས་གྲོལ་དུ་མི་སྟེར་བའི་ཕྱིར་རོ། །དཔེར་ན་སྤྲིན་དཀར་པོའམ་སྨན་རོ་ནད་དུ་སོང་བ་བཞིན་ནོ། །དེ་ཡང་ལུང་ལས། ཕུང་པོ་འདི་སྟོང་རྟོགས་ན་བྱང་ཆུབ་སེམས་དཔའ་སྟེ། །ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན་ཞེས་སོ། །དེ་ཙམ་ན་རྣམ་རྟོག་གཞན་བདུད་ཀྱི་སྤྱོད་ཡུལ་ཡིན་པར་གཞན་ལྟ་ཅི་སྨོས། དེ་ལ་དབྱེ་ན་བདུད་བརྒྱད་ཕྱིའི་བདུད་བཞི་ཐོགས་བཅས་ཐོགས་མེད་གཉིས། གཟུགས་ཅན་གཟུགས་མེད་གཉིས་ཏེ་བརྒྱད་དོ་དམ་དྲུག་ནི་སྤྱིའི་བཞི་ཉམས་དགའ་བྲོད་བློ་ཉམས་བྱེད་གཉིས་སོ་གསུངས་གོ །དེ་དག་བསྡུ་ན་གཉིས་ཏེ། ཐོགས་བཅས་དང་ཐོགས་མེད་དོ། །དང་པོ་རྣམ་པར་རྟོག་པ་བློའི་ཡུལ་དུ་གྱུར་ཚད་དོ། །ཐ་དེ་ཀ་གོང་མའི་ཁོངས་སུ་འདུའོ་མ་ནི་ཡི་དྭགས་སོ། །
དང་པོ་བཅད་པའི་ཐབས་ནི། དཔེར་ན་གཅད་བྱ་ནགས། གཅོད་བྱེད་ཤིང་དོན་དུ་གཉེར་བའི་སྐྱེས་བུ་དེས་གཅོད་པའི་ལག་ཆ་སྟ་རེ་རྣོན་པོས་གདོང་དུ་བྱུང་ཚད་གཅད་པའི་ཤིང་ལ་ལོངས་སྤྱད་དུ་འོང་པའོ། །དཔེ་དེ་བཞིན་དུ་གཅད་བྱའི་ཡུལ་ཉོན་མོངས་དང་རྣམ་རྟོག་གང་བློའི་ཡུལ་དུ་སྐྱེས་དེའོ། །སྐྱེས་བུ་གཅོད་མཁན་རྣལ་འབྱོར་འཁོར་བ་ལ་བློ་ལོག་པ་དེ་པས་གཅོད་པའི་ལག་ཆ་དང་ཐབས་བླ་མའི་གདམས་ངག་གིས་ཉོན་མོངས་རྣམ་རྟོག་གང་སྐྱེས་ལ། ཉམས་རབ་ཀྱིས་དྲན་མེད་དུ་བཞག །འབྲིང་གིས་དེ་ལ་གཏད། ཐ་མ་དེ་ལ་བརྟགས་པ་གསུམ་གྱིས་བཅད་པས་ཐམས་ཅད་སྟོང་པར་ཤེས་ཏེ་ཆོས་ཉིད་ཀྱི་ཡུལ་དུ་འགྱུར་རོ། །གཅོད་ཀྱི་གོ་བ་ནི། ལུས་ལ་ཞེན་པ་གཅོད་པས་ན་གཅོད། སེམས་ཉིད་ཀྱི་རྩ་བ་གཅོད་པས་ན་གཅོད། བློ་ཡི་སྙེམས་བྱེད་གཅོད་པས་ན་གཅོད། ཡང་ན་ལྟ་བ་དུ་མ་ཐམས་ཅད་འདིར་སྐྱེ་མེད་དུ་རྟོགས་པས་རྡུལ་བདུད་གཅོད་པ། སྤྱོད་པ་ཉམ་ང་ནས་ཐོག་ཏུ་སྟོང་པས་གཅོད་འདི་ཉིད་ཡིན་པས་པ། འབྲས་བུ་རེ་འདི་ཉིད་ཡིན་པས་དོགས་གཅོད་པས་ན་གཅོད་དོ། །ཧྲིལ་གྱིས་དྲིལ་ན་ཉོན་མོངས་རྣམ་རྟོག་ལ་སོགས་པ་ཐོགས་བཅས་ཀྱི་བདུད་ལ་གཅོད་པ་ན་གཅོད་དོ། །
གཉིས་པ་ཐོགས་མེད་ཀྱི་བདུད་གཅད་ཉམས་ཐོག་ཏུ་བཏང་བ་པ་ནི། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མ་ཤོར་བ་གཉན་ས་ཐམས་ཅད་དུ་བསྒོམས་པས་རྣལ་འབྱོར་པས་གཟི་བརྗིད་མ་བཟོད་ནས་ལྷ་འདྲེ་ཐམས་ཅད་ཟིང་ལང་ནས་ཡོངས་ཏེ། ལྷ་འདྲེའི་ཆོ་འཕྲུལ་རྨི་ལམ་དང་། མངོན་སུམ་དང་། གཟི་བྱིན་གསུམ་དུ་འོང་པའོ། །དེ་ལ་སྤྱད་པ་ལ་དྲུག་སྟེ། གཉན་ཐོག་ཏུ་གཉན་དབབ་པ་དང་། ཤ་ཐོག་ཏུ་མེ་བཙའ་ཨན་ཚུགས་སུ་བཞག་པ་དང་། སྐྱབས་དཀོན་མཆོག་གསུམ་ལ་འགྲོ་བ་དང་། སྐར་ཆེན་ཐིབས་འོག་ཏུ་ཞུགས་པ་དང་། ལྷ་འདྲེ་གཉིས་ལ་ཉེ་རིང་མི་བྱ་བ་དང་། གཉན་ཆེན་མཐའ་ལ་གཏད་པའོ། །དང་པོ་གཉན་ནི་སྲིད་པ་ཁུངས་ཀྱི་འདྲེ་དང་རང་ལ་གནོད་པའི་བགེགས་ཡོད་པ་དེའི་སའོ། །དེའི་ཐོག་ཏུ་དེ་བས་ཀྱང་གཉན་ས་ཤེར་ཕྱིན་གྱི་གདོང་ཅན་ནམ་རྣལ་འབྱོར་པ་དེ་འགྲོ་བའོ། །གཉིས་པ་ནི་གང་ན་བའི་ཐོག་ཏུ་མེ་བཙའ་བཞག་ན་མི་སྡོད་པར་ཡར་ནས་འགྲོ་བའོ། །དེ་བཞིན་དུ་ས་ཕྱོགས་དེ་རང་གི་ཡང་གང་གནད་སར་བསྡད་པས་གེགས་དེས་སྡོད་མི་ནུས་པར་འབྱེར་བའོ། །
གསུམ་པ་ནི་དེར་ཕྱིན་ནས་སྐྱབས་འགྲོ་ལན་གསུམ་བརྗོད་པའོ། །བཞི་པ་ནི་དཔེར་ན་ཉི་མའི་འོད་ཟེར་གྱི་སྐར་ཕྲན་དང་ཟླ་ཙན་བ་མན་ཆད་ཀྱི་འོད་ཟིལ་གྱིས་གནོན་པ་ལྟར། ལྟ་བའི་སྒྱུར་སྟངས་ཀྱི་རྟོག་པ་ཐམས་ཅད་ཟིལ་གྱིས་མནན་ནས་ཐིབས་འོག་ཏུ་བཅུག་ནས་སྡོད་པའོ། །ལྔ་པ་ནི་ལྷར་འཛིན་ཡང་སེམས་འདྲེར་འཛིན་ཡང་སེམས། སེམས་ཀ་ཐོག་ཏུ་གནས་པའི་ཤེས་པ་སྐྱེ་མེད་སྟོང་པ་རང་བཞིན་མེད་པར་འདུག་པས་དེ་ལ་གཉིས་མ་གྲུབ་པར་འདུག་པ་དང་། ལྷ་བདེན་ན་ཁྱིམ་དུ་མི་འཆི་ཞིང་། འདྲེ་བདེན་ན་གཉན་སར་འགྲོར་མི་བཏུབ་ཏུ་ཤར་བ་ལས། དེ་གཉིས་ལས་བཟློས་ནས་འདུག་པས་ཀྱང་དེ་གཉིས་མེད་པས་ཉེ་རིང་བྱར་རྒྱུ་མེད་དོ། །ཐ་མ་ནི་གཅོད་གཞུང་ན་མར་ཤིང་གཅོད་པ་དང་བྲག་གཤག་པ་ལ་སོགས་བྱེད་པའོ། །དེ་ལྟར་དྲུག་པོ་དེའི་སྒོ་ནས་གཉན་ས་ཐམས་ཅད་དུ་བསྒོམས་པས་གཟི་བྱིན་མ་བཟོད་ནས་ཆོ་འཕྲུལ་ཟིང་ནས་འོང་སྟེ། གོང་ལྟར་རྨི་ལམ་དང་མངོན་སུམ་དང་། གཟི་བྱིན་གསུམ་གང་བྱུང་ཡང་། རབ་ལྟ་རྨི་ལམ་གྱི་ཚེ་བའི་སྐྱུར་སྟངས་ཀྱིས་དྲན་མེད་དུ་བཞག །ཡིད་ལ་མི་བྱེད་པར་བཞག །ཉམ་ང་བ་མེད་པར་བག་ཚ་བ་མེད་པར་སྙེམས་བྱེད་མེད་པ་རྣམ་རྟོག་མེད་པར་རིག་པ་ཁྱབ་བརྡལ་ཆེན་པོར་བཞག །འབྲིང་དེ་ལ་གཏད། ཐ་མ་དེ་ལ་བརྟགས་ཤིང་བཞག་པས་དེ་ལ་ཆོད་པའི་ཚད་གསུངས་རེ་ཆོད་ནས་འོང་པའི་རྟགས་སུ་འགྲོ་གསུངས་ཚར་བའི་ཚད། ལོག་པའི་རྟགས་ཚད་ལྡོག་མི་སྲིད་པའི་སྒོ་གཏན་ལྟ་བུའི་གདམས་ངག །ལོག་ནོན་གཟེར་བུ་ལྟ་བུའི་གདམས་ངག་དང་ལྔའོ། །དོན་འཆིངས་བརྒྱད་པར་གསོལ་ཡང་གཉན་སར་ཉལ་བའི་ཚེ། ལྷ་འདྲེའི་ཆོ་འཕྲུལ་ཤེར་ཕྱིན་བདུད་ཀྱི་ལེའུ་ནས་བཤད་པ་ལྟར་ཕ་མ་དང་མཁན་པོ་སློབ་དཔོན་གྱི་ཆ་བྱད་ལ་སོགས་གང་ལྟར་བྱུང་ཡང་། ཉམ་ང་བ་མེད། བག་ཚ་བ་མེད། སྙམ་བྱེད་མེད། རྟོག་པ་མེད་པ་སྔར་ལྟར་བཞག་པས་ཤེས་པ་བདེ་སེང་འགྲོ་བ་ཡིན། བག་དྲོ་འུར་འགྲོ་བ་ཡིན། ཉམས་མྱོང་བ་དེ་སེང་ལ་འགྲོ་བ་ཡིན་ནོ། །དེ་ལྟར་ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། དེ་དག་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་ཆོ་འཕྲུལ་ཡིན་ཏེ། དང་པོ་བྱུང་ཡང་དེ་ཉིད་ལས་བྱུང་། ཐ་མ་ཐིམ་ཡང་སེམས་ཉིད་སྐྱེ་བ་མེད་པའི་ཀློང་དུ་ཐིམ་པས་ན། ཐམས་ཅད་སེམས་ཉིད་སྐྱེ་མེད་སྟོང་པ་རང་བཞིན་མེད་པ་ཡིན། དེ་བས་ན་དེ་ཚོ་ཐམས་ཅད་སློབ་དཔོན་དུ་བཀུར་རོ། །
གཉིས་པ་ཤ་འཁྱེར་ཁྲག་འཁྱེར་གྱི་གདམས་ངག་བསྟན་པ་ནི། གཉན་སར་ཕྱིན་ནས་ལྷ་འདྲེའི་ཆོ་འཕྲུལ་བྱུང་ན། ལུས་བེམ་པོར་འདུག་པ་འདི་ལ་གནོད་རུང་མ་གནོད་རུང་། སེམས་དངོས་མེད་སྟོང་པ་འདི་ལ་སུས་ཅི་ཞིག་གནོད་བྱས་ལ་ཆོས་ཉིད་ལ་ལྷན་ནེ་བཞག །ཉམ་ང་དང་བག་ཚ་མེད་པར་བཞག་གོ །དེས་ནུབ་གསུམ་བཞི་ཚུན་ཆད་ལ་ཆོ་འཕྲུལ་འབྱུང་ངོ་། །དེ་ན་ཉམ་ང་བག་ཚ་མེད་པར་གང་གནས་ཀྱི་སྟེང་དུ་འབོལ་བཞག་པས་དེ་ནས་ཡེ་མི་ཡོང་བ་ཡིན་ནོ། །ལྷ་འདྲེས་ལུས་འཁྱེར་ནས་སོང་བ་སྙམ་བྱེད་ཀྱང་སྔར་གྱི་འདུག་ས་ལས་མི་འགུལ་བར་འོང་བ་ཡིན་ནོ། །
དེས་ན་ཆོ་འཕྲུལ་ཅི་བྱུང་ཡང་ཉམ་ང་དང་བག་ཚ་མེད་པར་བཞག་གོ །དེ་དག་ཐམས་ཅད་ལ་འབྲིང་གིས་དེ་རང་ལ་གཏད། དེ་ལྟར་གནས་ལུགས་ལ་གཏད་པ་རང་གི་བདུད་དང་རྣམ་རྟོག་གང་སྐྱེས་དེ་དག་གཞི་མེད་རྩ་བྲལ་དུ་ཤེས་པས་སྟོང་པར་གྲོལ་བའོ། །ཐ་མས་ཕུང་པོ་གཟན་དུ་བསྐྱུར་ཏེ། རང་གི་ལུས་ཆེན་པོ་གཅིག་ཏུ་བསམ། སེམས་ཀྱི་ཤ་ཁྲག་རུས་པ་ནང་ཁྲོལ་ཐམས་ཅད་སོ་སོར་སྤུངས་ལ། གནོད་བྱེད་ཀྱིས་ཐོག་དྲངས་པའི་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ལ་ཤ་སྤུ་ལས་ཐེག་ཚད་དང་། ཁྲག་དང་རུས་པ་དང་། ནང་ཁྲོལ་ལ་སོགས་པ་བྱིན་པས་ཐམས་ཅད་ཀྱིས་ཤ་ཟོས་ཁྲག་འཐུང་རུས་པ་འཆོས་པས་དགའ་དྲགས་ནས་འདི་ཙམ་པའི་སྟོན་མོ་བཟང་བ་ཟེར་ནས་ཀུ་ཐེག་ཐེག་འདུག་པར་བསམ་མོ། །དེ་ནས་རིག་པ་ཁྲིམ་བྱས་ཏེ། ཕཊ་འཕར་བྱས་ཏེ་བདག་ཀྱང་ཡིད་ལ་མི་བྱའོ། །སྟོན་མོ་ཡང་ཡིད་ལ་མི་བྱའོ། །ལྷ་འདྲེ་ཡང་ཡིད་ལ་མི་བྱ་བར་སྟོང་ཉིད་མ་བཅོས་པའི་ངང་ལ་བཞག་གོ །ཡང་ཐུར་དྲན་པ་དང་ལུས་སོ་མ་གཅིག་བྱས་ལ་གཟན་དུ་སྐྱུར་གྱིན་ཀློད་ལ་བཞག་གོ །
དེ་ལྟར་ལུས་གཟན་དུ་བསྐྱུར་བས་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་ཉོན་མོངས་པའི་སྒྲིབ་པ་འདག །སེམས་ལས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་ཤེས་བྱའི་སྒྲིབ་པ་འདག་སྟེ། དེ་ལྟར་ཚོགས་གཉིས་རྫོགས་ཏེ་སྒྲིབ་པ་དང་ལན་ཆགས་ཐམས་ཅད་འཁྱེར་ཏེ། རང་གི་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་ལྟར་མདོ་ལས། མགོ་དང་ཡན་ལག་སྟོང་ཞིང་ཞུམ་པའི་སེམས་ཀྱང་མེད། །བདོག་པ་ཐམས་ཅད་གཏོང་ཞིང་རྟག་ཏུ་ཞེན་པ་མེད། །ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་བར་ཞུམ་པའི་སེམས་མེད་ན། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །ཞེས་པས། དཀོན་བརྩེགས་ནས་བྱང་ཆུབ་སེམས་དཔའ་བདག་གི་ལུས་སེམས་ཅན་གྱི་དོན་ལ་དེངས་པར་བྱ་སྟེ་ཞེས་བྱ་བས་ད་ལྟ་ཡིད་ཀྱིས་བཏང་བས་ནམ་ཞིག་ན་རང་གི་རྒྱུད་འབྱོངས་ཏེ་དངོས་སུ་གཏོང་ནུས་ཤིང་སེམས་ཅན་ལ་ཕན་པའི་རྣམ་པར་འགྱུར་རོ། །དེ་ལྟར་ཉམས་སུ་བླངས་པས་བདུད་ལྷ་རུ་འགྱུར། བར་ཆད་དངོས་གྲུབ་ཏུ་ཤེས་པ། ལྟས་ངན་གཡང་དུ་ལོན་པ། དགྲ་སྲི་ཆོད་པ་འོང་ངོ་། །དེ་ལ་སྙེམས་ཞུགས་གཅོད་ལོག་པ་ཡིན་པས་སླར་དེ་ཐོག་རང་དུ་བསྲེ་སྐྱུར་བྱང་རེ་དོགས་ཕྲལ་ལ་ཨ་འུ་ཙིར་བཞག་གོ །ལུས་གཅེས་འཛིན་མེད་པ་མི་རོ་ལྟར་བསྐྱུར། སེམས་རྟེན་མེད་ནམ་མཁའ་ལྟར་བསྐྱུར་བས་བཟློག་མི་སྲིད། སྔར་གྱི་ཉམས་ལེན་གནས་ཤར་གྲོལ་གསུམ་ངང་ལ་བཞག་པས་རྟོག་པ་ཤུགས་ཀྱིས་འཆར་རོ། །
གསུམ་པ། ལྟ་བའི་མཐར་ཐུག་འཚོལ་བ་པོས་བཙལ་བར་བསྟན་པ་ནི། ལུས་གཟན་དུ་བསྐྱུར་ནས་སེམས་དབྱེར་མེད་དུ་བཞག་པའི་ཚེ་ན། དགེ་སྡིག་དང་འཁོར་འདས་གང་གིས་ཀྱང་མ་གོས་པ་ནམ་མཁའ་དང་འདྲའོ། །དཔེར་ན་ནམ་མཁའ་ལ་ཡང་དཀར་རྩི་ནག་རྩི་གང་ཡང་མི་ཆགས་སོ། །སེམས་སྐྱེ་མེད་ལ་བག་ཆགས་བཟང་ངན་གང་གིས་ཀྱང་གོས་པ་མེད་དོ། །དེ་ཀ་ལ་དཀར་པོ་ཅིག་ཐུབ་ཅེས་ཀྱང་བྱ། སེམས་ཀྱི་གནས་ལུགས་རྟོག་པའམ་གཞི་རྩ་ཆོད་པ་ཞེས་ཀྱང་བྱའོ། །དེ་ལྟར་མདོ་ལས། འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་དང་། གང་དག་འདུ་ཤེས་བྲལ་བའི་རྗེས་ཐོབ་པ། །དེ་དག་ཕ་རོལ་ཕྱིན་གནས་སྟོན་པའི་བཀའ་ལ་གནས། །ཞེས་སོ། །
བཞི་པ། སེམས་ཀྱི་གོལ་སྒྲིབ་ནི། ད་ལྟར་གྱི་སྣང་བ་རིག་ཙམ་ཤར་ཙམ་ལ་དངོས་དང་མཚན་མར་ཞེན་ན་རྟག་པའི་གོལ་ས་ཡིན་ཏེ། མདོ་ལས། རྟག་ཅེས་བྱ་བར་མི་སྤྱོད་དོ་ཞེས་དང་སྟོང་པ་དངོས་མེད་དུ་ཞེན་ན་ཆགས་པའི་གོལ་ས་ཡིན་ཏེ། མདོ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན་ཞེས་དང་། སྒྲིབ་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་ལ། ཇི་ལྟར་ཤར་བ་ལྟར་སྤྱོད་ཅིང་ཞེན་ན་རིགས་དྲུག་གི་རྒྱུ་བྱེད་པའི་སྒྲིབ་པ་ཡིན་ནོ། །ཤེས་བྱའི་སྒྲིབ་པ་ནི། ལྟ་རྟོག་པ་ཉམས་མྱོང་ལ་ཞེན་ན་ཡང་ཁམས་གསུམ་ལས་མི་འཕགས་པས་སྒྲིབ་པ་ཡིན་ནོ། །དེའི་གནས་ལུགས་ནི་མ་འགག་ཅིང་འཆར་བས་མེད་པའི་མཐའ་དང་བྲལ། ངོ་བོ་ངོས་བཟུང་མེད་པར་ཡོད་པའི་མཐའ་དང་བྲལ། རང་བཞིན་ཅིར་ཡང་མ་གྲུབ་དངོས་པོ་ཀུན་དང་བྲལ། གནས་ལུགས་འདི་ཡིན་མེད་པས་བརྗོད་པའི་ཚིག་དང་བྲལ་བའོ། །དེ་ལྟར་ཤེར་ཕྱིན་ཉམས་སུ་ལེན་པའི་ཚེ། འདོད་ཆགས་ཡིད་ལ་བྱེད་པ། ལུས་ཡིད་ལ་བྱེད་པ་དང་། རྒྱལ་པོ་སོགས་ཡིད་ལ་བྱེད་པ་ན་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་དང་གང་རྙེད་པ་དེ་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་དང་། རྟག་ཅེས་བྱ་བར་མི་སྤྱོད། མི་རྟག་ཅེས་བྱ་བར་མི་སྤྱོད། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཡོད་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་མི་སྤྱོད་དོ། །ཞེས་གསུངས་སོ། །
ལྔ་པ། འགྲོ་དོན་སྐྱབས་འགྲོ་བྱིན་རླབས་བྱ་བ་ནི། གཞན་ནད་པ་ལྟ་བུ་ལ་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ། རབ་ལྟ་ཐོག་གི་བྱིན་རླབས་སྟོང་པའི་ངང་ལས་བྱའོ། །འབྲིང་སྒོམ་ཐོག་གི་བྱིན་རླབས་ནད་པ་དང་། གནོད་པའི་འདྲེ་དང་། བདག་ཐམས་ཅད་སྟོང་པའི་ངང་ནས་རང་འདོད་མེད་པར་ནད་པའི་ལུས་དེ་སྦྱིན་པར་བཏང་ལ། གནོད་བྱེད་ཁོའི་སྒྲིབ་པ་དང་། བག་ཆགས་མ་དག་བར་དུ་འདིར་སྡོད་ཅིག་བྱས་ལ་གདམས་པའི་སྟེང་དུ་བཞག་གོ །ཐ་མ་སྤྱོད་ཐོག་ནི་རང་གི་སྤྱི་བོའི་གཙུག་ན་ཡར་བཀའ་བརྒྱུད་ཀྱི་བླ་མ་རྣམས་མཐོ་བརྩེགས་པ་བཞིན་དུ་བསམ་ལ་རིམ་པས་བྱིན་གྱིས་བརླབས་ཏེ། དེ་ནས་ཕུ་ཕུ་དང་ཅབ་ཅབ་ལ་སོགས་པ་བྱའོ། །དེ་ལྟར་མདོ་ལས། བདེན་པའི་བྱིན་གྱིས་རླབས་བྱའོ། །འབྲིང་སྒོམ་ཐོག་གི་བྱིན་རླབས་ནད་པ་དང་། གནོད་པའི་འདྲེ་དང་། བདག་ཐམས་ཅད་སྟོང་པའི་ངང་ནས་ཀྱིས་མེའི་ཕུང་པོ་ནི་ཞེས་དང་། སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱིས་མཐུས་མ་ཡིན་ཞེས་སོ། །
དྲུག་པ། ཉམས་སུ་བླངས་པའི་ཕན་ཡོན་ནི། གནས་སྐབས་སུ་སྟེང་གི་ལྷ་རྣམས་དམ་ལ་ཐོགས་ཏེ་ལས་ཅི་བཅོལ་བ་སྒྲུབ། འོག་གི་ཀླུ་རྣམས་ཟིལ་གྱིས་ནོན་ཏེ་གནོད་མི་ནུས། བར་གནོད་སྦྱིན་ཕོ་མོ་ཐམས་ཅད་བྲན་དུ་ཁོལ་ལས་ཕྲིན་ལས་བཞི་ལ་ཐོགས་པ་མེད་པར་འབྱུང་ངོ་། །མཐར་ཐུག་གི་འབྲས་བུ་རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་སྣ་ཚོགས་ལྷུན་གྲུབ་རྒྱུན་མི་ཆད་པའི་སྒོ་ནས་དོན་གཉིས་འབྱུང་ངོ་། །མདོ་ལས་སངས་རྒྱས་ཞིང་དང་སེམས་ཅན་དག་པ་འཛིན་ཅེས་སོ། །སངས་རྒྱས་རྒྱུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན་ཅེས་སོ། །དེ་བཞིན་དགེ་འདུན་རྒྱུད་ཀྱང་ཡོངས་སུ་འཛིན་ཞེས་དང་། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལ་ཡང་དག་འདའ་བར་འགྱུར། །ཞེས་སོ། །དེ་ལྟར་ན་དེ་རྣམས་ཀྱི་བཀའ་བརྒྱུད་དོན་གྱི་མན་ངག་རྫོགས་སོ།། །།བཀྲ་ཤིས།
ཨ་མ་ལབ་སྒྲོན་ཡུམ་སྲས་ཀྱི་རྣམ་ཐར་གཅོད་ཀྱི་ལོ་རྒྱུས་ཆེན་མོ།
༄༅། །ཨ་མ་ལབ་སྒྲོན་ཡུམ་སྲས་ཀྱི་རྣམ་ཐར་གཅོད་ཀྱི་ལོ་རྒྱུས་ཆེན་མོ་བཞུགས་སོ། །ཕ་རོལ་ཕྱིན་ཡུམ་ཐུབ་དབང་སྲས་དང་བཅས། །ཡེ་ཤེས་མཁའ་འགྲོ་གྲུབ་ཐོབ་བརྒྱུད་པ་ཡི། །བླ་མ་རྣམས་ཀྱི་ཞབས་ལ་གུས་པས་འདུད། །རྗེས་འཇུག་བུ་རྣམས་བྱིན་གྱིས་བརླབ་ཏུ་གསོལ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྒྱུད། མ་ལབ་ཀྱི་སྒྲོན་མའི་གདམས་ངག་སྐྱེ་མེད་ཆིག་ཆོད་ཀྱི་ངོ་སྤྲོད། བདུད་ཐམས་ཅད་རང་སར་གྲོལ་བར་བྱེད་པའི་གནད་མཐར་ཐུག་དོན་གྱི་མན་ངག་འདི་ལ། སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། ཐོག་མར་ཡིད་ཆེས་ལོ་རྒྱུས་ཀྱི་དོན་ལ། ཐུབ་པའི་བསྟན་པ་སྤྱི་བབས་ཇོ་མོ་ཡུམ་སྲས་ཀྱི་ལོ་རྒྱུས། བརྒྱུད་པ་བཀའ་གསུམ་ལས། དང་པོ་ཐུབ་པའི་བསྟན་པ་སྤྱི་བབས་ནི། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་ཏེ། ལམ་ལྔ་ས་བཅུ་བགྲོད་ནས་ཐུགས་ཞི་བ་ཆེན་པོར་ཆོས་སྐུར་སངས་རྒྱས་ཏེ། གདུལ་བྱ་དག་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་ལོངས་སྤྱོད་རྫོགས་པའི་སྐུར་བསྟན། མ་དག་པའི་དོན་དུ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་གདུལ་བྱའི་དོན་མཛད་དེ། དང་པོ་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་སྤྲུལ་ནས་གཟིགས་སྟངས་བཞིས་འཛམ་བུ་གླིང་དུ་དགོངས། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པར་སྤྲུལ་ནས་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས། ལུམ་བིའི་ཚལ་དུ་རྩིབ་མའི་གོ་བར་ནས་སྐུ་བལྟམས། གཞོན་ནུ་ལ་རྩིས་དང་ཡི་གེ་དང་སྒྱུ་རྩལ་ལ་མཁས་པར་སྦྱངས། ཤཱཀྱ་ས་འཚོ་ལ་སོགས་ཏེ་བཙུན་མོ་དང་རྒྱལ་སྲིད་བཞེས་ཏེ་དགྱེས་པར་རོལ། སྐྱེ་རྒ་ན་འཆི་གཟིགས་ཏེ་སེར་སྐྱ་ནས་མཆོད་རྟེན་རྣམ་དག་ལ་རབ་ཏུ་བྱུང་། ཆུ་བོ་ནེེ་རཉྫ་ནར་ལོ་དྲུག་དཀའ་དུབ་མཛད་དེ་བཀའ་བ་སྤྱད། རྩྭ་འཚོང་བཀྲ་ཤིས་ལ་རྩྭ་བསླངས་ཏེ་རྡོ་རྗེ་གདན་དུ་བྱོན། སྲོད་ལ་བདུད་ཀྱི་དམག་ཚོགས་ཀྱིས་མཚོན་ཆའི་ཆར་ཕབ་པས་སྙེམས་དང་ཐེ་ཚོམ་བཅད་དེ་བཏུལ། ཐོ་རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་སྟེ། ཡེ་ཤེས་ཡོངས་སུ་རྫོགས་པར་སངས་རྒྱས། དེ་ནས་ལྷ་ཚངས་པས་ཞུས་ཏེ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་བར་མ་ལ། མ་ག་དྷ་རྡོ་རྗེ་གདན་དང་བྱ་རྒོད་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའ་དང་དགེ་སློང་གི་དགེ་འདུན་རྣམས་ལ། ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་དུ་མ་གསུངས་ཤིང་། ཀུན་དགའ་བོ་ལ་གཏད། ཐ་མ་རྩྭ་མཆོག་གི་གྲོང་དུ་རྟག་ཏུ་རེ་སུན་དབྱུང་བའི་ཕྱིར་མྱ་ངན་ལས་འདས་ཤིང་སྐུ་གདུང་བཞག་གོ །རྗེས་སུ་བཀའ་བསྡུ་བ་ལན་གསུམ་དུ་མཛད་ཅིང་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཕྱོགས་ནས་བྱང་ཕྱོགས་སུ་རྒྱས་པར་ལུང་བསྟན། ཉིས་སྟོང་བདུན་བརྒྱ་ཙམ་ན། མངའ་རིས་བོད་དུ་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་དབུ་བརྙེས། སྲོང་བཙན་སྒམ་པོས་སྲོལ་བཏོད། ཁྲི་སྲོང་ལྡེའུ་བཙན་གྱིས་དར་རྒྱས་སུ་མཛད། རལ་པ་ཅན་གྱིས་གཏན་ལ་ཕབ་སྟེ་འཆད་ཉན་འབྲི་ཀློག་དར་ཞིང་རྒྱས་སོ། །
གཉིས་པ་ཇོ་མོ་ཡུམ་སྲས་ཀྱི་ལོ་རྒྱུས་ནི། དེ་ལྟར་བོད་དུ་བསྟན་པ་དར་ཡང་། ཚིག་ཡི་གེའི་ཐ་སྙད་ཙམ་ལས་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པ་ཉུང་པར་དགོངས་ནས། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་སྙིང་པོ་དོན་དང་གསང་སྔགས་དར་བར་བྱ་བའི་ཕྱིར་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་ཐུགས་དམ་གྱི་བརྒྱུད་བསྐུལ་བས་ཟབ་དོན་ཐམས་ཅད་རྒྱ་རང་གྲོལ་ཅིང་། ཁྱད་པར་རྗེ་བཙུན་མ་སྒྲོལ་མའི་སྤྲུལ་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྷ་མོ་ལེགས་སེ་མ་ཉིད་བོད་དུ་ཕ་རོལ་ཏུ་ཕྱིན་པའི་དོན་རྒྱུད་དར་བར་བྱ་བའི་ཕྱིར་དང་། གདུལ་བྱ་དུས་ལ་བབས་པར་དགོངས་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྒྱ་གར་ནས་བོད་དུ་བྱོན་ཏེ། མི་ལུས་སུ་བླངས་པ་མ་ཇོ་མོ་ལབ་སྒྲོན་འདི་ནི། ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ལ་དགེ་བསྙེན་མཁའ་རིས་ཞུས་པ། ཀྱེ་མ་གུ་རུ་ཆེན་པོ་ལགས། །མ་ཅིག་ཇོ་མོ་མཚོ་རྒྱལ་འདི། །དང་པོ་གང་གི་སྤྲུལ་པ་ཡིན། །དོན་བྱེད་གང་ལ་དགོངས་ནས་བྱོན། །འདས་གྲོང་མངའམ་རྣམ་ཐར་གང་། །ཞེས་ཞུས་པས། ཨོ་རྒྱན་གུ་རུས་བཀའ་བསྩལ་པ། །མཚོ་རྒྱལ་མ་ཅིག་འདུག་པ་འདི། །དང་པོ་སྒྲོལ་མའི་སྤྲུལ་པ་ཡིན། །དོན་བྱེད་ང་ཡི་གསང་སྔགས་སྡུད། །ཕྱི་རབས་ལས་ཅན་ཀུན་གྱི་མ། །ཞེས་པ་དང་། ཡང་མ་བཞི་མ་བཞི་ནི་ཤར་གྱི་དཀར་མོ་ལས་བྱེད། ལྷོ་ཡི་ཤེལ་མོ་རྒྱལ་ལྕམ། ནུབ་ཀྱི་མ་ཇོ་ཞང་ཆུང་། བྱང་གི་ཞང་མོ་ཀྱང་མཐིང་ངོ་འདུས་པའི་མཚོ་རྒྱལ་ནི། །རང་བཞིན་གནས་པས་མ་གཡོས་བཞིན། །ལོ་ནི་དྲུག་ཅུ་ཁ་རལ་ཚེ། །ལབ་ཀྱི་སྒྲོལ་མ་བྱ་བར་སྤྲུལ། །ཕར་ཕྱིན་སྙིང་པོའི་དོན་བཀྲལ་ནས། །སེམས་ཅན་ཆོས་ཀྱི་དབྱིངས་སུ་འགོད། །རྣམ་རྟོག་ཀུན་བྲལ་སྤྱོད་པ་བྱེད། །དཔེ་དཀར་ནག་པོས་བྱིན་བརླབས་པའི། །རྒྱལ་ལྕམ་མ་དང་ནོར་ར་རེ། །ཞེས་ལུང་བསྟན་པའོ། །
དེ་ཡང་གང་དུ་སྐུ་འཁྲུངས་ན་བོད་ཡུལ་དབུས་ཀྱི་ས་ཆ། གཡོ་རུ་ངམ་ཤོད་གཡེའི་གྲབས་རོངས་ལབ་ཅེས་བྱ་བའི་འདམ་གྲོང་མཚོ་མེར་དུ་གདུང་རུས་ཁེར་གད་ཡབ་ཆོས་ལྷ་ཡུམ་ཀླུ་མོ་བཟའ་འབུམ་ལྕམ། དེ་ལ་མིང་སྲིང་གསུམ་ཡོད་དེ། མིང་པོ་འཁོར་ལོ། ཨ་ཅེ་ཉག་གེ་ཕྱིས་འབུམ་མེར་གྲགས་མ་ཅིག་ཆུང་ཤོས་ཡིན་ཏེ། དང་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ་ཡང་། ཡུམ་གྱི་ལུས་ཡང་ཞིང་བདེ་བ་དང་ཏིང་ངེ་འཛིན་ཤུགས་ལས་སྐྱེ་བ་བྱུང་། དངོས་ཉམས་གཉིས་ཀར་ཞག་གསུམ་དུ་ལུང་པ་ཐམས་ཅད་མེ་ཏོག་ཁ་ཕྱེ་བ་བཞིན་དུ་འོད་ཀྱིས་ཉིན་མཚན་མེད་པར་གང་བ་བྱུང་། ཡུམ་གྱི་ལྟ་བ་ཡངས་པའི་རྟགས་རྨི་ལམ་དུ་ཡང་ནམ་མཁའ་གོས་སུ་གོན། ས་གཞི་ཐེག་པ་ཆེན་པོའི་གདན་དུ་བྱས། ལྟོ་བ་ན་དགོས་འདོད་འབྱུང་བའི་རྟགས་རིན་པོ་ཆེ་གནས་པ། སྨིན་མཚམས་ནས་ཡེ་ཤེས་ལྔའི་འགྲོ་དོན་འབྱུང་བས་འོད་ཁ་དོག་ལྔ་ཤར་བ་རྨིས། སྐུ་འཁྲུངས་ཁར་ཡང་རིན་པོ་ཆེ་ཞིག་སྐྱེས་ཏེ། དེ་ལས་བརྒྱུད་པ་དར་བའི་རྟགས་རིན་པོ་ཆེ་མང་པོར་འཕེལ་བ་ཞིག་རྨིས་ནས་ཞག་གསུམ་ནས་བཙས་ཏེ། སྒྲ་དང་འོད་དང་ས་གཡོ་བ་ལ་སོགས་པ་བྱུང་། ཡབ་ཡུམ་གཉིས་ལ་ཞག་གསུམ་དུ་འཁྲུལ་བའི་སྣང་བ་མ་བྱུང་། ཡུམ་ན་རེ་བུ་མོ་ཞིག་ལས་མི་འདུག་སྟེ། ལྟས་བཟང་འདི་ལ་ཆོས་པ་ཞིག་ཡོང་ཟེར། ཡབ་ཀྱིས་མིང་སྐྱིད་དགེར་བཏགས། ཡུམ་གྱིས་མེ་ཏོག་སྒྲོན་དུ་བཏགས། ལོ་བདུན་བརྒྱད་ལོན་ནས་ཕ་མས་བུ་མོ་གཉིས་པོ་སློབ་དཔོན་རྒྱལ་འབྱུང་ལ་ཀློག་ཡིག་སློབ་ཏུ་བཏང་བས་ངོ་སྤྲད་པ་ཙམ་གྱིས་ཤེས་ཏེ་ལོ་བཅུ་གཉིས་ནས་ཀློག་མཁས་པར་གྲགས་སོ། །བཀའ་ཕ་རོལ་ཏུ་ཕྱིན་པ་ཀློག་པ་ཙམ་གྱིས་དགོངས་པ་ཐུགས་སུ་ཆུད་ཀྱང་གཞན་གྱི་བློར་མི་ཚུད་པས་ཐ་མལ་དུ་ཞུགས་ཏེ། ཕ་མས་ར་ལུག་འཚོར་བཅུག་པས་གྲོད་པ་ན་རེ་ལྷ་མོ་ཁྱེད་ཀྱི་བུ་མོ་འདིས་ར་ལུག་འཚོ་བ་མི་ཡོང་། མོ་རང་རྡེའུ་ལ་རྩེ། ར་ལུག་ཡན་དུ་འཇུག་དགྲ་རྐུན་འོང་ངོ་ཟེར་ནས་ལྟར་ཕྱིན་པས་དེ་ཙུག་འདུག་ནས་ཕ་མས་རྡེའུ་འདི་ཚོས་ཅི་བྱེད་མོ་འདེབས་སམ་བྱས་པས་ཆོས་ཀྱི་འགྲེལ་རྐང་བརྒྱ་རྩ་བརྒྱད་བགྲང་པ་ཡིན་གསུངས། ཁྱོད་ཀྱིས་ཆོས་ཤེས་སམ་བྱས་པས་ཤེས་ཟེར། ཕྱུགས་ཡན་དུ་བཅུག་པས་མི་ཚང་ངོ་བྱས་པས་མཁའ་འགྲོ་མས་གཉེར་ར་བྱེད་པས་མ་ཚང་བ་མི་ཡོང་ཟེར། འོ་ན་ཁྱོད་ཀྱིས་ཆོས་ཇི་ལྟར་རྟོགས། རྒྱལ་འགོང་གིས་བྱིན་གྱིས་བརླབས་པ་མིན་ནམ་བྱས་པས་ལོག་ཆོས་མིན་ཏེ། སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་གཅིག་ཏུ་ཤེས་ཏེ། སྡེ་སྣོད་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་སུ་འདུས། དེ་ཡང་སྒྱུ་མ་ལྟ་བུར་ཤེས་ཏེ། གཟུང་འཛིན་གྱི་བློ་བར་རྟོགས་ཟེར། དེ་ངོས་གང་ཙུགས་འཛིན་བྱས་པས་བར་སྣང་གི་ནམ་མཁའ་དག་པ་ལ་ལྟོས་དང་། སྐྱེ་འགགས་མེད་པ་དེར་ངོས་འཛིན་ཟེར་བས་ཕ་ན་རེ་འོ་ན་ངས་སྡིག་པ་མང་པོ་བསགས་འདུག་ད་ར་ལུག་མ་འཚོ་ཟེར་ནས། བུ་མོ་གཉིས་ཕ་མས་སློབ་དཔོན་ལྷུང་དཀར་གྱི་སྤྱན་སྟོན་ཞི་བའི་སར་ཆོས་སྒོར་བཅུག་སྟེ། མ་ཅིག་ལ་དད་པའི་སྒྲོན་མེ། ཨ་ཅེ་ལ་དད་པའི་ལྷ་མོར་བཏགས། ཆོས་ཕར་ཕྱིན་གསན་ཅིང་ལོ་འགར་ཀློག་འདོན་ཤས་ཆེར་མཛད།
ལོ་བཅུ་དྲུག་ལོན་ཙ་ན་ཅེ་ཅན་སྒང་དུ་ལྟད་མོ་ལ་བྱོན་པས། དེར་ཚོགས་པ་ལ་སྐྱེ་གཟུགས་ལེགས་པ་བྱུང་བས་ཁྲོམ་ཐོག་ཆོད། མི་རྣམས་ན་རེ་ལབ་ན་སྒྲོན་མེ་ཞིག་འདུག་གོ་ཟེར་བས་མཚན་ཡང་ལབ་ཀྱི་སྒྲོན་མར་གྲགས་སོ། །དེ་ནས་སྐབས་ཤིག་ན་གཡོ་རུ་འདམ་ཕུ་ན་ཡོན་བདག་ཅིག་གི་ཀློག་མཛད་ཅིང་ཡོད་པ་ལས་ཁོང་གི་རིམ་གྲོ་ལ་ལྕེ་གྲོང་ན་དགེ་བཤེས་ཐོད་པ་ནམ་སྙིང་བྱ་བ། མི་རབས་ཉི་ཤུར་དགེ་བཤེས་རྒྱུན་མ་ཆད་པ་ཞིག་གི་སྲས་ཐོད་པ་འབ་རེ་བྱ་བའི་དགེ་བཤེས་ཤིག་གདན་དྲངས་ནས་མདོས་བཏང་བས་དགེ་བཤེས་ཆོ་ག་མི་བྱེད་པར་འདུག་ནས་ཡོན་བདག་པས་ཅི་ཙུག་ལགས་དྲིས་པས། དོ་ནུབ་གཏད་མེད་ཤེས་པ་འགའ་ཞིག་བྱུང་། ཅི་ཡང་བྱེད་སྙིང་མི་འདོད་གསུངས་པས་དེ་ཚོ་ཡང་བློ་བདེ་འཕེལ་བྱས་ནས་ལས་ཅི་ཡང་བྱེད་སྙིང་མ་འདོད། འདི་མི་རུང་པ་མིན་ནམ་བྱས་པས་དགེ་བཤེས་ན་རེ། མཆོད་གནས་མ་འདི་བྱིན་རླབས་ཅན་ཞིག་འདུག །འདིའི་བྱིན་རླབས་ཡིན་པ་འདྲ། བཀྲ་ཤིས་སོ་གསུངས་འདི་ཅི་འདྲ་ཡིན་གསུངས་པས། ལབ་ཀྱི་ཁེར་གད་ཆོས་ལྷའི་བུ་མོ་ཡིན་བྱས་པས། དེར་ཁོང་གིས་ཕ་མ་ལ་བུ་མོ་བསླང་པས་ཕ་ན་རེ་དེ་རང་གི་མཆོད་གནས་བྱེད་ཟེར་བྱས། མ་ན་རེ་བུ་མོ་ཡོན་ཏན་ཅན་ལ་མི་གཏོང་ན་སུ་ལ་གཏོང་། བུ་མེད་ཀྱིས་ཆོས་མཐར་མི་ཕྱིན་ཟེར་ནས་ལོ་བཅུ་དགུ་ལ་བག་མར་བཏང་། དེར་ཁོང་གཉིས་སོང་ནས་ཀོང་པོར་རྙེད་འཚོལ་ལ་བྱོན་པས་ལོ་བདུན་ན་རྟ་བཅུ་བཞི་ཁལ་དང་བཅས་པ་རྙེད། སྲས་མོ་གཅིག་ཀོང་པོར་སྐྱེས་པས་ཀོང་ལྕམ་གཅིག་ལ་བར་དུ་སྐྱེས་པས་ལས་ལྕམ་དུ་བཏགས་ཏེ་འདས་སྐད། དེ་ནས་ཁང་པ་སྤེ་ཅིག་མར་བཞུགས་ཏེ། སྲས་ཤིག་འཁྲུངས་པ་ལ་སྙིང་པོའི་དོན་འགྲུབ་པར་ཡོང་གསུངས་ནས་སྙིང་པོ་གྲུབ་བཏགས། དེ་དང་གྲུབ་ཆུང་དང་ཡང་གྲུབ་གཉིས་ཏེ་སྲས་གསུམ་འཁྲུངས། དེ་ནས་མ་ཅིག་ལོ་ཀའི་བྱ་བ་བྱེད་སྙིང་མི་འདོད་པར་བཟའ་མི་བཟང་གྱེས་བྱས་ཏེ་ཆོས་རང་བྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་མཁས་པ་ཞིག་གི་སར་འགྲོ་བ་ཡིན་བྱས་པས་ཚགས་པ་མོ་ཞིག་ན་རེ། གྲྭ་ཐང་སྐྱ་མོ་ན་དགེ་བཤེས་མངོན་ཤེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་འཆད་ཉན་སྒོམ་གསུམ་བྱེད་པ་ཞིག་འདུག་ཟེར་བས། དེར་མ་ཇོ་གཡག་མོ་བྱ་བ་འབྲི་ཀློག་ཤེས་པ་ཞིག་ཁྲིད་དེ། གསེར་སྲང་བཅུ་བཞི་ཁྱེར་ཏེ་བྲོས་ནས་བྱོན། གྲྭ་ཐང་དུ་དགེ་བཤེས་ཕར་ཕྱིན་གསུང་བ་དང་མཇལ་ཏེ། གསན་པར་མཛད་པས་དགེ་བཤེས་གྲྭ་པའི་ཞལ་ནས། ཁྱོད་ཉན་པ་བྱེད་པ་རྟེན་རབ་ཏུ་བྱུང་ན་འཐད་གསུངས་ནས་རབ་ཏུ་བྱུང་སྟེ། མཚན་ཚུལ་ཁྲིམས་རྒྱན་དུ་བཏགས། ལོ་བདུན་དུ་ཉི་ཁྲི་ལེ་བརྒྱད་མ་མངོན་རྟོགས་རྒྱན་ནས་ཡི་གེ་གཅིག་མ་ཡན་ཕར་ཕྱིན་མང་དུ་ཉན་པས་མཁན་པོ་གྲྭ་པའི་ཞལ་ནས་ཉན་པ་དེ་ཙམ་ཡིན། ད་ལྟ་རྟོག་གྱིས་གསུངས་ནས་ཡང་ལོ་བདུན་དུ་མདོ་སྲས་ཡུམ་བཅུ་བདུན་པོ་དང་ཉི་ཁྲི་ལྕགས་ཟེར་ཅན། ཁྱད་པར་དུ་ཡང་ཡུམ་བར་མ་ཀློག་ཅིང་ལྟ་རྟོག་མཛད་པས་སྤྲོས་པ་ཆོད། ཡང་མཁན་པོ་གྲྭ་པའི་ཞལ་ནས་ཉན་པ་དང་ལྟ་རྟོག་དེ་ཙམ་ཡིན། ད་ཇི་ལྟར་རྟོགས་གསུངས་མ་ཅིག་གི་ངས་ཆོས་ཐམས་ཅད་སེམས་སུ་རྟོགས། སེམས་ལ་བལྟས་པས་སྣང་བ་སྣ་ཚོགས་སུ་ཤར་བ་ཐམས་ཅད་ངོ་སྤྲོད་འབའ་ཞིག་ཏུ་ལྷག་ལྷག་ཤར། རྟོགས་པའི་དོན་ལ་ཐེ་ཚོམ་མེད་པའི་ངེས་ཤེས་ཐོབ། ཆོས་འདྲི་ཚད་ཀྱི་ལན་དོན་ཐོག་ནས་ཐེབས་པར་གདའ་ཞུས་པས། འོ་དེ་རྟོགས་པ་ནང་ནས་ཤར་བ་བྱ་བ་ཡིན། གཞན་ལ་སོང་དང་སེམས་ཅན་ལ་ཕན་འདོགས་པ་ལ་དབང་ཞིག་ཐོབ་དགོས་པ་ཡིན་གསུངས། འོ་ན་དབང་ཞིག་ཞུ་བྱས་པས་ཁྱོད་ལ་དབང་བསྐུར་བའི་སློབ་དཔོན་ཉིད་མིན། གཙང་ན་ཟུར་གྱི་བཀའ་བབས་བཞི་བྱ་བ་ཡོད། ཁྱད་པར་སྐྱོ་སྟོན་རྣམ་གཉིས་བྱ་བ་ཡོད། དེར་སོང་ལ་དབང་ཞུས་ཤིག་གསུངས་ནས་ལུང་བསྟན། དེར་གསེར་ལྷག་མ་སྲང་འགའ་ཁྱེར་ནས་མ་ཇོ་གཡག་མོ་ཁྲིད་ནས་གཙང་སྟོད་ར་ས་གོང་བུར་བྱོན། སྐྱོ་ཤཱཀ་ཡེས་དང་མཇལ་ནས་གསེར་སྲང་གསུམ་ཕུལ་ནས་དབང་ཞིག་ཞུ་བ་ཡིན་བྱས་པས་ངས་དོ་ནུབ་ལྷ་ལ་དྲིའོ་གསུངས་ནས་ནངས་པར་སྔ་བར་གསེར་ཁྱེར་བྱོན་ཏེ། ཁྱོད་ལ་དགོས་པའི་དབང་དེ་མཁའ་འགྲོ་སུ་ཀ་སིདྡྷིས་རྗེ་དམ་པ་བྱིན་གྱིས་བརླབས། དམ་པས་བདག་བྱིན་གྱིས་བརླབས། ངས་བསོད་ནམས་བླ་མ་བྱིན་གྱིས་བརླབས་པ་ཡིན། འདི་ལ་ཆིག་རྒྱུད་ལས་མེད་པས་ཁྱོད་བསོད་ནམས་བླ་མས་བྱིན་གྱིས་བརླབ་པར་འགྱུར། ངས་དབང་མ་སྐུར་བའི་དབང་ཡོན་མི་འདོད་གསུངས་ནས་གསེར་གཏད། ཁོང་ག་ན་བཞུགས་ཞུས་པས། ཁོ་ཁམ་གསུམ་པ་རེ་ཤོད་དུ་བུ་སློབ་ཅིག་གིས་གདན་འདྲེན་བྱུང་བ་ཡིན། ད་ལྟ་དབུ་རུ་ན་ཡོད་དེ་མཆི། དེར་ཞུས་ཤིག་གསུངས། མ་ཅིག་དཔོན་གཡོག་གིས་དབུ་རུ་ལུང་ལ་བྱོན་པས་བྱ་ཡུལ་ན་སྐོར་བ་བྱེད་པ་ཞིག་དང་མཇལ། དེར་སྔར་གྱི་གསེར་ཕུལ་ལོ་རྒྱུས་བརྗོད་ནས་ཞུས་པས། ངས་དོ་ནུབ་ལྷ་ལ་དྲིའོ་གསུངས། ནངས་པར་བྱོན་ནས་ངོ་ཅིག་དབང་བསྐུར་བའི་སྐབས་ལ་མ་བབས་པར་འདུག །ངས་ཁམ་འཁོར་ནས་སང་ཕོད་གང་བར་དངོས་ལ་འོང་ལ་དབང་བསྐུར་ཅིག་གསུངས། དེའི་བར་དུ་གསོལ་བ་དྲག་ཏུ་ཐོབ་ཅིག་གསུངས་ནས་ཡང་ཞུས་པས། ཆོས་ཟབ་མོ་ལ་སྐད་ཅིག་ཡུད་ཙམ་ལ་བར་ཆད་ཡོང་ན་བར་ཆད་མི་འོང་བའི་ཐབས་ཤིག་ཞུ་བྱས་པས་འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ཚིག་རྐང་བཅྭོ་བརྒྱད་གནང་སྟེ། འཕྲོ་རྣམས་མ་ཅིག་ཉིད་ཀྱིས་མཛད། བྱིན་རླབས་ལུས་སེམས་བྲལ་བ་ཕོག་སྒོམ་པ་ཡིད་ལ་མི་བྱེད་པར་ངོ་སྤྲད། ལྟ་བ་བདུད་ཀྱི་སྤྱོད་ཡུལ་དུ་མི་འགྲོ་བ་བསྟན་ཏེ། བཞི་པོ་དེ་ལ་སྲུང་བ་གྱིས་ཤིག་གསུངས། ཆོས་འདི་ཐུགས་ལ་འཁྲུངས་པ་ཡིན་ནོ། །
བརྒྱུད་པའི་སློབ་དཔོན་བདག་གོ་ཞུས་པས་རྗེ་དམ་པ་ནས་སྐྱོ་ཤཱཀ་ཡེས་ལ་བརྒྱུད་པ་ཡིན། མ་ཐོག་བྱ་བ་འབར་གྱི་སྟ་རེས་ཤིང་ཆེན་བཅད་པ་ཡང་། འདིའི་གནད་ལ་བརྟེན་པ་ཡིན། གདམས་པའི་རྩ་བ་འདིར་མ་འདུས་པ་མེད་ཅིག་གསུངས། དེ་ནས་ཚུར་བྱོན་པར་སང་ཕོད་བླ་མ་ཁམས་ནས་འོལ་ཁ་ལ་བྱོན། མ་ཅིག་ཟངས་རིར་ལྟ་རྟོག་ཀློག་བྱེད་ཀྱིན་ཡོད། བླ་མ་དང་མཇལ་བས་ཇོ་མོས་མི་ཟས་ཟོས་ནས་རང་སྡིག་མ་བསགས་སམ་གསུངས་པས། ངས་ཚེ་སྟོད་དགེ་བཤེས་གྲྭ་པ་ལ་ཉི་ཁྲིའི་འགྲེལ་པ་མན་ཆད་གཞུང་འཆད་ཤེས་པར་བསླབས། ཀློག་འདི་ཀུན་ལྟ་རྟོག་གི་ཚུལ་དུ་བྱེད་པ་ལགས་ཞུས་པས། འོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞུང་ལམ་འབྲས་བུ་གསུམ་ཡོད་པ་ཡིན་ཤོད་དང་གསུངས། གཞུང་ལམ་གཉིས་བཤད་ནས་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩལ་གྱི་དབང་ཁྱེད་ལ་ཞུ་བ་ལགས་ཞུས་པས། དེར་ཆིག་བརྒྱུད་ཀྱི་གདམས་པ་ངོ་སྤྲོད་དང་བཅས་པ་གདན་ཐོག་གཅིག་ལ་གསུངས་པས་དགོངས་པ་གཅིག་ཏུ་ཁྲིག་གེ་བྱུང་བས་བླ་མ་མཉེས་སྐད། དེ་ནས་ཡར་ལམ་གང་བར་ལྷ་ཁང་རྙིང་མར་ཞང་སྟོན་འོད་དཔལ། ཀློག་སྐྱ་ལྷས་སྐྱབས། བྱ་ཁྲོམ་པོ། འཇི་ལྷ་བཟོ་རྣམས་ཀྱིས་དབང་གི་ཞུ་བ་ཕུལ་བ་ལ། མ་ཅིག་བྱོན་པ་དང་ད་དབང་བསྐུར་བའི་དུས་ལ་བབས་སོ་གསུངས་ནས། ཕྱག་ཕྱི་བ་བླ་མ་ཡང་རྩེ་བ། བླ་མ་འདུང་པ་ལ་སོགས་པ་དང་དབང་ཞུ་རྣམས་ཚོགས་ཏེ། སྒྱུ་འཕྲུལ་གྱི་དབང་མོ་ཆེ་མཛད་པའི་སྟ་གོན་གྱི་ནུབ་མོ། མ་ཅིག་ལ་བྱིན་ཕེབས་ཤིང་ཉམས་འབར་ཏེ་ཞི་བའི་གར་སྣ་ཉི་ཤུ་རྩ་བདུན་མཛད། གསུང་ཐམས་ཅད་ཀྱང་སཾསྐྲྀ་ཏའི་སྒྲ་འབའ་ཞིག་ཏུ་བྱུང་། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཕྱེས་ཏེ། ན་བཟའ་བཞག་ནས་རྩིག་པ་ལ་ཡང་ཐོགས་པ་མེད་པར་བྱོན་ཏེ། སྡོང་པོ་གསེར་ལག་ཅན་བྱ་བ་ཀླུ་ལག་སྐྱོང་དྲག་པོ་གནས་པ་དེར་བཞུགས་པས་དག་པའི་སྣང་བ་མང་པོ་བྱུང་། ཞག་གཉིས་ན་བླ་མའི་སྤྱན་སྔར་བྱོན་ཙམ་ན། མཆེད་རྣམས་ན་རེ། སྟང་ཞན་ངེད་ཚོ་དབང་ཐོབ་ཙམ་ན། ཁྱོད་ཀྱི་དབང་མ་ཐོབ་ཟེར་བས་བླ་མས་མ་ཅིག་ལ་ཅེར་རེ་གཟིགས་ནས་ཞལ་འཛུམ་མཛད་ནས། ཁྱེད་རྣམས་དེ་སྐད་མ་ཟེར་ཅིག །སྤྱིར་དབང་བསྐུར་ཀྱང་མ་ཐོབ་པ། མ་བསྐུར་ཀྱང་ཐོབ། བསྐུར་ཀྱང་བསྐུར་ལ་ཐོབ་ཀྱང་ཐོབ་པ་ལས། མ་བསྐུར་ཀྱང་ཐོབ་པ་འདི་ཡིན་དགོད་བྲོ་གསུངས། ཁྱེད་ཚོ་ཐོབ་པའི་དབང་དེ་ཆུ་ཐིགས་པ་རེ་ཙམ་གྱི་ཚོད་ཡིན། འདིས་རིག་པ་རྩལ་གྱི་དབང་ཐོབ་པ་བུམ་པ་ཆུ་གང་བྱོ་བྱས་པ་ལྟ་བུ་ཡིན་གསུངས།
མ་ཅིག་ལ་ཁྱེད་ལ་ཉམས་མྱོང་ཅི་འདྲ་བྱུང་གསུངས་པས། མ་ཅིག་ན་རེ་གཞན་ཅི་ཡང་མ་དྲན། ཕྱིར་སྡོང་པོའི་རྩར་བསྡད་ཙམ་ན། སྐད་ཅིག་ལ་དཔལ་ཨོ་རྒྱན་གྱི་གནས་སུ་ཕྱིན། མཁའ་འགྲོ་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བྱས། ཟས་སྣ་དང་བཏུང་བ་མང་པོ་འདུག །ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ཆོས་མང་པོ་གསུངས་ཏེ། ད་ལྟ་བློ་ལ་ཡང་འདུག་རྗེ་བཙུན་མ་སྒྲོལ་མ་དང་མཇལ་ཏེ། རྣལ་འབྱོར་མ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དེའི་སྟེང་ནས་སྤྱོད་པ་རྐྱེན་ངན་ལ་ཐོག་རྫིས་གྱིས། གཉན་ས་བརྒྱ་རྩ་བརྒྱད་འགྲིམས་དང་ཕྱིར་མི་ལྡོག་པར་འགྱུར། ཁྱོད་ཀྱི་རྗེས་སུ་ཞུགས་པ་ཡང་མང་དུ་གྲོལ་བར་འགྱུར་རོ་གསུངས་ཞུས་པས། བླ་མའི་ཞལ་ནས། ཌཱ་ཀི་མས་གསུངས་པའི་ཆོས་ཇི་སྐད་བྱ་བ་ཡོད་གསུངས་པས། ལྟ་བ་ནམ་མཁའ་སྤྲོས་བྲལ། སྒོམ་པ་སེམས་ཉིད་དྲི་མེད། སྤྱོད་པ་སེང་གེ་རྩལ་རྫོགས། འབྲས་བུ་ཉི་མ་མུན་སེལ། མན་ངག་མེ་ལོང་ཉི་ཤུ་རྩ་གཅིག་དང་བཅས་པ་ཡོད་ཞུས་པས། མཆེད་རྣམས་ན་རེ་ཁྱེད་ཀྱིས་དབང་ཇི་ལྟར་ཐོབ་ཟེར་བས། ངས་དབང་བཞི་ཀ་གཅིག་ལ་རྫོགས་པར་ཐོབ་སྟེ། ཕྱི་བུམ་པའི་དབང་ལུས་ལ་བདེ་བར་འབར། བསྐྱེད་རིམ་མ་བསྒོམས་ཀྱང་གཟུགས་རང་སྣང་དུ་གྲོལ་ནས་ཡི་དམ་ཌཱ་ཀིའི་རང་བཞིན་གྱིས་བྱིན་གྱིས་རློབས་པར་གདའ། ནང་གསང་བའི་དབང་ངག་ལ་ནུས་པ་ཐོབ། སྒྲ་གྲག་སྟོང་དུ་ཤེས་པས་བསྙེན་སྒྲུབ་དྲག་སྔགས་མ་འདས་ཀྱང་། ལྷ་འདྲེ་ངང་གིས་ཆུན་པར་གདའ། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་སེམས་ལ་བདེ་བ་སྐྱེས། རྩ་རླུང་ཐིག་ལེ་དབྱེར་མེད་དུ་ཤེས། ཐབས་ཤེས་དབྱེར་མེད་པས་ཁ་སྦྱོར་ལ་མ་བརྟེན་ཀྱང་བདེ་སྟོང་རྒྱུན་མི་ཆད། དེ་ཁོ་ན་ཉིད་ཚིག་དབང་རིན་པོ་ཆེ་ལྡེ་མིག་གི་དབང་ཐོབ་པས་ཆོས་ཉིད་སྤྲོས་བྲལ་གྱི་དོན་མཐོང་། བདེ་གསལ་མི་རྟོག་པ་རང་བྱུང་དུ་ཤར། མཆོག་ཐུན་མོང་གི་དངོས་གྲུབ་རང་ཤུགས་སུ་འབྱུང་། ཆོས་དྲིས་ཚད་ལ་ལན་ཐེབ་པར་གདའ་གསུངས་སོ། །
དེར་སྐྱོ་བསོད་ནམས་བླ་མའི་ཞལ་ནས། ཁྱེད་ཡེ་ཤེས་མཁའ་འགྲོ་མའི་རིགས་ཡང་རབ་ཐོད་རྒལ་རྟོགས་གྲོལ་དུས་གཅིག་ཏུ་ཡིན། ཁྱེད་ཀྱི་ཞལ་མཐོང་། གསུང་ཐོས་པ་ཡང་ངན་སོང་དུ་མི་འགྲོ་བས་གསང་སྤྱོད་བྱ་བ་ཕངས་པས་འགྲོ་དོན་མཛོད་ཅིག་གསུངས་ནས། རྫོགས་པ་ཆེན་པོའི་རྒྱུད་ཉི་ཤུ་རྩ་ལྔ་པ། རྒྱ་མཚོ་རློང་ཀློང་ལ་སོགས་པ་རྣམས་མཛུབ་འཁྲིད་དུ་གསུངས་སོ། །དེ་ནས་བྱིན་རླབས་ཀྱི་དྲོད་ཀྱིས་འགའ་རེ་ལ་ཕན་པར་གྱུར་ཀྱང་། འགའ་ཞིག་ན་རེ་འདི་ལ་འདི་ཙམ་པའི་བྱིན་རླབས་ཡོང་བ། མུ་སྟེགས་ཀྱི་མཁའ་འགྲོ་མའི་རིགས་ཡིན་ནམ་ཟེར་བ་མང་དུ་བྱུང་བ་ལ། མ་ཇོ་གཡག་མོས་བླ་མ་བསྟེན་ལུགས་ལུང་བསྟན་རྣམས་བཤད་པས། ཡིད་ཆེས་པ་མང་དུ་བྱུང་ཡང་ལན་གཅིག་ཡར་ལུང་རོག་པ་ཙ་ན། རྒྱ་གར་གྱི་རྣལ་འབྱོར་པ་ཞིག་འདུག་ཟེར་བ་ཐོས་པས། དེ་རྗེ་དམ་པ་ཡིན་པར་མཁྱེན་ནས་མ་ཇོ་གཡག་མོ་ལ་གྲུབ་ཐོབ་ཀྱི་དྲུང་དུ་འདེང་ངོ་ཟེར་ནས། དཔོན་གཡོག་གཉིས་ཀ་རོག་ཙར་བྱོན་པས་དམ་པས་ཀྱང་མཁྱེན་ནས་གདོང་བསུ་རུ་བྱོན། གསུང་མ་འདྲེས་པ་ལ་དབུ་ཐུག་མཛད། མི་མིན་ཡེ་ཤེས་མཁའ་འགྲོ་མ། །རྣམ་ཐར་གསུམ་གྱི་སྒོ་ཕྱེས་ནས། །བདུད་ཀྱི་དཔུང་རྣམས་འཇོམ་མཛད་མ། །ལབ་སྒྲོན་ཁྱེད་ལ་བདག་ཡིད་རང་གསུངས། མ་ཅིག་གིས་ཆོས་ཤིག་ཞུ་བྱས་པས་དམ་པའི་ཞལ་ནས། ཁྱོད་ལ་ཆོས་བཤད་མི་དགོས། ཁྱོད་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན། ང་དང་ཁྱེད་དབྱེར་མེད་དུ་ཆུ་ལ་ཆུ་བླུག་པ་དང་འདྲ། ཁྱོད་རང་གི་རྟོགས་པའི་དོན་ལ་ནན་ཏན་གྱིས། ཐེ་ཚོམ་ཟ་བའི་མི་འགའ་རེ་འོང་བས། གཞན་དོན་དུ་ཆོས་འདི་ལྟར་བསྟན། མངོན་མཐོ་ལྷ་མིའི་ལམ་དང་ངེས་ལེགས་ཁྱད་པར་བྱང་ཆུབ་ཀྱི་ལམ་གཉིས་ཡིན་ནོ་གསུངས།
དེ་གཉིས་ཀྱི་ལག་ལེན་གང་ལགས་ཞུས་པས། དམ་པའི་ཞལ་ནས། ལྷ་མིའི་ལམ་སྐྱབས་འགྲོ་སེམས་བསྐྱེད་བྱེད། མི་དགེ་བཅུ་སྤོང་དགེ་བ་བཅུ་དང་དུ་ལེན་པ་ཡིན། ལམ་ལ་བྱིན་རླབས་ནམ་མཁའ་སྒོ་འབྱེད། སྒོམ་པ་དྲན་མེད་བློ་བྲལ། ལྟ་སྤྱོད་བདུད་ཀྱི་ལམ་འཁྱེར་དང་གསུམ་ཡིན་མོད་གསུངས། ཆོས་འདིའི་བརྒྱུད་པ་ཇི་ལྟར་ལགས་ཞུས་པས་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇམ་དཔལ་སྨྲ་བའི་སེང་གེ་ལ་དེས་ཌཱ་ཀི་མ་སུ་ཀ་སིདྡྷི་ལ་དེས་ང་ལ་ངས་སྐྱོ་སྟོན་རྣམ་གཉིས་ལ་བརྒྱུད་ནས། དེས་ཀྱང་ཁྱོད་རང་ལ་བསྟན་པ་དེ་ཡིན་མོད་གསུངས། ཡང་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བརྒྱུད་ཀུན་དགའ་བོས་བསྡུས། དོན་བརྒྱུད་མགོན་པོ་བྱམས་པས་ཐོགས་མེད་ལ། དེས་དབྱིག་གཉེན་ཨརྱ་དེ་བ་དེས་ང་ལ་བརྒྱུད་པ་ཡང་ཡིན་གསུངས་སོ། །དེར་ཐེ་ཚོམ་ཟ་བ་ཀུན་ཀྱང་ངེས་ཤེས་སྐྱེས་སོ། །དམ་པའི་ཞལ་ནས་མ་ཇོ་མཆོད་གནས་མ་འདི་དང་སྙིང་གཏམ་ཚིག་གཅིག་ལས་མ་བྱས་ཏེ། མ་ཐོད་རྒལ་བ་ཡིན་གསུངས། གཞན་བླ་མ་ཞི་བ་སྤྱན་སྟོན། བླ་མ་ཡང་རྩེ་བ་བླ་མ་མདུང་པ། ཨ་ཅེ་འཁྱེར་སྟོན་མ་ལ་སོགས་དང་དགོངས་པ་བསྡུར་བས། དེ་དག་ཕལ་ཆེར་ཚིག་གི་ཐ་སྙད་ལས་དགོངས་པ་དོན་སྤྱིར་ལུས་འདུག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རང་ཆས་སུ་ཡོད་པ། སྤང་ཐབས་རྩོལ་སྒྲུབ་དང་བྲལ་བ། བྱིན་རླབས་ཤུགས་ལས་འབྱུང་བ། ཉོན་མོངས་རྣམ་རྟོག་གིས་མི་གོས་ཤིང་། རྐྱེན་ངན་གྲོགས་སུ་འཆར་བ་རི་ཁྲོད་ཆིག་སྐྱ་ཐུབ་པ། ཉམ་ང་བག་ཚ་མེད་པ། འཁོར་བའི་ཁྲོད་ན་གནས་ཀྱང་སྐྱོན་གྱིས་མ་གོས་པ། འདི་བསྟན་ཀྱང་མི་གོ་བ། ཕྱི་དུས་འདེབས་པ་ལ་སྤྱོད་པར་གོ་མ་ཅིག་འཁྲུལ་ཞིག་གཏད་དུ་གྱུར་ཀྱང་གསང་སྤྱོད་དུ་དགོངས་ཏེ། གང་སར་ཕུག་མོ་ཆེར་བཞུགས་པའི་ཚེ། ནུབ་ཅིག་ཆོ་འཕྲུལ་གྲོད་པ་པོ་ཆེན་ཅིག་གིས་མཚན་མ་ལ་གདམས་པས། མ་ཅིག་གི་སེམས་སྟོང་པ་ཉིད་ལ་འགྱུར་བ་མི་འདུག་ལུས་འབྱུང་བཞིའི་གཡར་པོར་འདུག་པས། ཤ་འདོད་ན་ཤ །ཁྲག་འདོད་ན་ཁྲག་ཁྱེར་བྱས་ལ། རང་གྲོལ་ལ་སོང་སྟེ། གདམས་ངག་ཤ་འཁྱེར་ཁྲག་འཁྱེར་དུ་གྲགས། ཐམས་ཅད་སྟོང་པ་ཉིད་ཆོས་སྐུར་ངོ་སྤྲད་པས་སྐྱེ་མེད་ཆིག་ཆོད་དུ་གྲགས། བདུད་དང་རྣམ་རྟོག་གཞི་མེད་དུ་ཐག་ཆོད་པས་བདུད་ཀྱི་གཅོད་ཡུལ་དུ་གྲགས། འཛིན་མེད་སྤྲོས་བྲལ་དུ་སྟོན་པས་ཐུགས་ཀྱི་སྙིང་པོར་གྲགས་སོ། །
དེ་ནས་ཡང་ཟངས་རི་ཏ་ལ་ཕུག་ཏུ་བཞུགས་པའི་དུས་སུ། ལོ་གསར་ཟླ་བའི་ཚེས་བརྒྱད་ལ་མཁའ་འགྲོ་མ་དང་མི་མ་ཡིན་མང་པོས་དབང་ཞུས། ཚོགས་ཀྱི་འཁོར་ལོ་བསྐོར་བས་ཉིན་ཞག་བདུན་དུ་བདུད་རྩིའི་རྒྱུན་བབས་ཏིང་ངེ་འཛིན་གསལ་བ་དང་། མཁའ་འགྲོ་མ་དངོས་སུ་འཁྲབ་པ་དང་། དགོད་པ་དང་སྒྲ་སྐད་ཐོས་པ་དང་མཆོག་ཐུན་མོང་གི་དངོས་གྲུབ་དངོས་སུ་བྱུང་སྐད། དེ་ནས་གཉན་ས་ཐམས་ཅད་དུ་བཞུགས་ཤིང་། མཛེ་ཅན་ཡུགས་ས་ཕོ་མོ་ལ་སོགས་པ་ཐམས་ཅད་ལ་གཙང་བཙོག་གི་རྟོག་པ་མེད་པར་ཉམས་སུ་བླངས་པས་རྐྱེན་ངན་ཐམས་ཅད་གྲོགས་སུ་ཤར། བྱིན་རླབས་རྟོགས་པ་ཉམས་མྱོང་རང་ཤུགས་ལ་ཤར་ཏེ། ཡོན་ཏན་དཔག་ཏུ་མེད་པ་བྱུང་ངོ་། །ཡང་ལན་ཅིག་གང་བར་དུ། བུ་ཁྱོད་ཡུལ་དུ་བྱོན་ཙམ་ན་ཚགས་མོ་ཞིག་ན་རེ། མེ་ཏོག་སྒྲོན་ཡུལ་ནས་བྲོས་བཙུན་མ་ཡང་བྱས་ནས་ད་ལྟ་འདིར་འོང་པ་ཕོད་པ་རེ་ཆེ་ཟེར་བས། ཐོད་པ་འབའ་རེ་ན་རེ་མོ་ཁྱོ་ག་གཞན་ལ་ནི་མ་སོང་ཆོས་ལ་སོང་པ་ལ་རྒྱགས་དགོས་ནའང་ང་རང་གི་སྟེར། བུ་ཀུན་གྱི་མ་ཡིན་ཟེར་སྲས་གྲུབ་པེ་སྲང་ངའི་དཔོན་བྱེད་ཀྱི་ཡོད་པ་ལས། ཚགས་པ་མོས་ཁྱེད་རང་ཕད་སད་བོར་བ་ཡིན་བྱས་སྦུད་པས། དབུ་ཞྭ་བཤུས་ན་བཟའ་འཕྲོག །ནས་ཆང་སྟེར་བཅུག་དེར་ན་བཟའ་མེད་པ་ལ་མ་ཇོ་གཡག་མོས་ཁྱི་ཐུལ་གོག་པོ་ཞིག་ཕུལ་ཅི་བྱུང་གསོལ་བས་བཙུན་མའི་ཆ་ལུགས་ཞིག་རྣལ་འབྱོར་མར་སོང་། དེ་ནས་གྲབ་རོང་ནས་མར་བྱོན་ཏེ། འཕེང་སེ་ར་ཞིག་ཏུ་མགུར་གསུངས་པས། བུ་མོ་དད་པ་ཅན་གཉིས་ཀྱིས་གཅིག་གིས་དུང་ཤེལ་ཕུལ། གཅིག་གིས་མེ་ལོང་ཕུལ་དེའི་ཁང་སྟོང་འདྲེ་ཅན་ཞིག་ཏུ་གཟིམས་ཏེ་ཀ་བ་ལ་མེ་ལོང་དང་དུང་ཤལ་གཟེད་པས་ཀྲ་ཀྲོག་སྤོག་པ་བརྐུར་ཡོང་པས་ཀ་བ་དེ་ནི་ནག་པོའི་མིག་འོད་དུ་ཡོད་ལ་མཆེ་བ་གཙིགས་པ་ཞིག་ཏུ་མཐོང་སྟེ། ལ་ལ་ན་གཅིག་ཙམ་ཤི་དེར་མ་ཅིག་གིས་རྣམ་རྟོག་ཟོས་པར་མཁྱེན་ནས་འདྲེ་མིན་པར་ངོ་སྤྲད་པས་ན་བ་ཀུན་འཕྲལ་ལ་སོས་སོ། །དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། དུག་དེ་ཁོང་དུ་སོང་པ་མེད་ཀྱང་བརྒྱལ་བར་འགྱུར་གསུངས་ནས་སྙན་བརྒྱུད་ལ་ཟླ་བ་གསུམ་གསུངས། དེར་མི་རྣམས་ངེས་ཤེས་སྐྱེས་ཏེ། མ་ཇོ་སྨྱོན་མ་ལ་གཟའ་གཏད་མེད་སྙམ་ཙ་ན། ཁྱེད་གྲུབ་པ་ཐོབ་པར་འདུག །འོ་ཅག་དང་མཇལ་བ་བསོད་ནམས་བསགས་ཟེར་ནས་ཞབས་ནས་འདེགས་པ་མང་དུ་བྱུང་། འདི་ཕྱིར་བདེ་བ་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་གདམས་ངག་དེ་ཞུ་ཟེར་བས། མ་ཅིག་གི་ཞལ་ནས་ཡུམ་ཆེན་ཕ་རོལ་ཕྱིན་པའི་དོན་ཡོད་དང་མེད་པའི་མཐའ་སྤངས་ནས་བདེ་བ་ཆེན་པོར་དེ་མྱུར་འགྲོ། རྣམ་རྟོག་ཡེ་ཤེས་སུ་ཤར་ཙམ་ན། དུག་ལྔ་སངས་རྒྱས་དངོས་སུ་མཐོང་། དེ་ནས་ཟངས་རིར་བཞུད་པ་ལ་གཙང་ཁར་བྱོན་པས་གྲུ་གཟིངས་མེད་པས་མཉན་པས་གྲུ་མ་བཏང་པས་ཁྱི་ཐུལ་གཙང་པོ་ལ་འདིང་པའི་སྟེང་དུ་བཞུགས་ཏེ། ཆུའི་ཕ་ཁར་བྱོན་པ་མཐོང་པས་མཉན་པ་རྣམས་འགྱོད་དེ། ཁྱེད་གྲུབ་ཐོབ་ཡིན་པ་ངོ་མ་ཤེས། བཟོད་པར་གསོལ་ཟེར་ཞབས་སྤྱི་བོར་བླངས། དེ་ནས་ཡོན་བདག་ཅན་དུ་མ་བྱོན་པར། ལྷན་རྟགས་དཔེ་མར་བྱ་བ་རེ་རུལ་འདྲེ་ཅན་དེར་ཞག་འགའ་གཟིམས་ཤིང་བཞུགས་པས་སྐྱི་སྒང་དུ་ཡོན་བདག་འབུམ་པ་ན་བ་ལ། ཡོན་བདག་མཁན་གཞན་མ་རྙེད་པར་ཆུང་མ་ན་རེ། རེ་རུལ་ཁྲོད་ཕ་ཀི་ན་སྒོམ་ཆེན་མ་ཅིག་འདུག་དེ་བོས་པ་དྲག་གམ་བྱས་པས་བོས་ཟེར། གདན་དྲངས་ཏེ་མ་ཅིག་གིས་ཕ་རོལ་ཕྱིན་དྲུག་གི་བྲོ་བརྡུངས་པས། ཡོན་བདག་དང་བ་གཉིས་པོ་དྲག་སྟེ་ཞབས་ནས་བཏེག །སླར་རི་རུལ་དེ་རང་དགེ་སྦྱོར་འཕེལ་བ་བྱུང་ནས། དེར་བཞུགས་པས་མཁའ་འགྲོ་མ་ལས་དང་ཡེ་ཤེས་ལས་གྲུབ་པ་མང་པོ་འདུས་ཏེ། ས་དུལ་བྱིན་ཆགས་པར་འགྱུར་རོ། །དེར་ལྷན་ལྷག་པའི་བཙུན་པ་རྣམས་ཀྱིས་ཕྲག་དོག་གིས་ཆོས་ཀྱི་གླེང་འདྲིར་བྱུང་བ་ལ། མགུར་རིན་པོ་ཆེ་ཀློག་དབྱངས་དང་ལྟ་སྒོམ་ཟུར་ཙམ་གསུངས། བཙུན་ཆེན་ཟིལ་གནོན་གྱིས་མགུར་རེ་སྐྱིད་མ་གསུངས་པས། བན་རྒན་ཞིག་རིག་པ་འུར་ཏེ་ཉན་རིང་ལ་བྲོ་འཁྲབ་སྐད། དེར་ལྷན་རྟགས་པས་བླ་མཆོད་ཞུས་ཏེ་ཡོན་མཆོད་དུ་གྱུར། ཡང་སྔར་གྱི་དུང་ཤེལ་ཕུལ་བའི་བུ་མོ་དད་པ་ཅན་དེ་ཕ་མས་ཁྱིམ་ཐབ་ལ་བཏང་སྟེ། ཕྱིས་བུ་ཁྱོ་བཞག་ནས་མ་ཅིག་གི་དྲུང་དུ་ཆོས་ལ་བྲོས་བྱུང་པས། མ་ཅིག་གི་ཞལ་ནས་དམར་མོ་འོང་བསམ། སེར་མོ་འོང་བསམ་ནམ་མཁའི་གོས་ཅན་འོང་བསམ། ཉི་མའི་འོད་ཟེར་ཅན་འོང་བསམ་གསུངས་པས། མོ་བརྒྱལ་ཐབས་སུ་འོང་བརྒྱལ་བ་སངས་ཙ་ན། ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཐུགས་སུ་ཆུད། དེ་མིང་ཡང་ནམ་མཁའ་གསལ་དུ་བཏགས། ཕྱིས་དམ་པ་དང་ཡང་མཇལ། མ་ཅིག་གི་ཉེ་གནས་མ་ལོ་བཅུ་གསུམ་མཛད། ལན་ཅིག་མ་ཅིག་དང་སྣུབས་མོ་ནམ་མཁའ་གསལ་མ་ཇོ་གཡག་མོ་དང་གསུམ། གཡེབ་ཏུ་བྱོན་པས་ལམ་གྲིབ་སྣ་རུ་སྐྱེལ་མཛད་པས་མའི་ཞལ་ནས། ནམ་མཁའ་གསལ་ལ་ཁྱོད་ལྟད་མོ་ལྟ་བ་འདོད་དམ་བྱས་པས་ལྟ་བ་ཞུ་བྱས་པས། ཐུ་བ་ལ་ལྔ་རྫུ་བ་མིག་ཚུམས་ཤིག་གསུངས་ནས་དེ་ལྟར་བྱས་པས། དེ་བཞིན་གཤེགས་པ་ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས་སྐད་ཅིག་ལ་ཨོ་རྒྱན་གྱི་དུར་ཁྲོད་གསང་བ་འབྱུང་གནས་སུ་ཕྱིན་ཏེ། མཁའ་འགྲོ་བདུན་ཅུ་རྩ་ལྔ་གསེར་གྱི་གོ་ཆ་ཅན་སུམ་ཅུ་རྩ་དྲུག་ལ་སོགས་འདུས་པའི་ཚོགས་གྲལ་དུ་བྱོན་ཏེ། ཚོགས་ཀྱི་འཁོར་ལོ་ཆེན་པོ་མཛད། ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་དག་གིས་ཞལ་གྱི་གདམས་པ་རེ་རེ་གསུངས་ཏེ། དེ་དག་གི་བཀའ་བབས་སྣུབས་མོ་ལ་ཡོད་དོ། །དེ་ནས་དཔོན་གཡོག་གསུམ་གྱིས་གཡེའི་ཚ་ཐང་རིང་མོ་ལ་བྱོན་ཏེ། མགུར་མ་མང་དུ་གསུངས།
ཡང་ཐང་དཀར་བྲག་ལ་བཞུགས་པའི་ཚེ། དུས་བཟང་ཞིག་གི་ཐོ་རངས་ཁ་བར་སྣང་ལ་སིལ་སྙན་དང་བྲོ་དབྱངས་ཀྱི་སྒྲ་མང་པོ་གྲགས་ནས། ཉེ་གནས་མ་གཉིས་ཀྱིས་སྟབས་སྟབས་ལ་ལངས་ནས་མ་ཅིག་ལ་ཕྱག་འཚལ་བས་སྙེད་ཙ་ན། བར་སྣང་ལ་རིན་པོ་ཆེའི་ལྡིང་ཁང་པདྨའི་གདན་ལ་མ་ཅིག་བཞུགས་ཏེ། མཁའ་འགྲོ་མ་མང་པོས་མཁའ་འགྲོ་བྱིན་འབེབས་ཀྱི་མགུར། དགོངས་སྐྱོད་གསོལ་འདེབས་མཛད་པ་མཐོང་ནས། ཕྱག་འཚལ་སྐོར་བ་བྱས། མཚན་མ་བཀྲབས། དྲན་པ་རྙེད་ཙམ་ན། མ་ཅིག་གཟིམས་མལ་ན་གཟིམས་གདའ་སྐད། དེས་ན་མ་ཅིག་འདི་ངེས་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་ཏེ། འགྲོ་བ་ལ་གདོན་བགེགས་ཀྱི་བར་ཆད་ནད་འདུ་བ་རྣམ་བཞི། རྐྱེན་ངན་ཐམས་ཅད་ལ་སྤྱན་གྱིས་གཟིགས་པའམ་ཕྱག་རེག་པ། ཐུགས་གཏད་པ་ཙམ་གྱིས་བདེན་པའི་བྱིན་རླབས་ཀྱིས་གསོས་པ་ནི་གྲངས་མེད། ཞལ་མཇལ་བ་ཙམ་གྱིས་བྱིན་རླབས་ཞུགས་པ་དང་། ཡོན་ཏན་སྐྱེས་པ་དུ་མ་འབྱུང་ངོ་། །མ་ཅིག་གི་ཡོན་བདག་ནི་གཡེ་ཆུང་ན་ཐོད་པ་མོན་གྲགས། གང་བར་ན་ཐོད་པ་འབུམ་མེ། ལྷུང་དཀར་ན་སྙོས་རྟོག་གེ་ཟངས་རི་རྦ་ལེ་པོ་ལ་སོགས་པས་ཞབས་རེག་གོ །ཟངས་རིར་སྦ་ལེ་པོའི་གམ་དུ་བཞུགས་པའི་དུས་སུ། ཉིན་པར་ཀློག་མཛད། མཚན་མོ་གཉན་སར་གཟིམས་པ་ལས། ནུབ་ཅིག་ཁྱིམ་དུ་གཟིམས་པས་དེའི་ནུབ་མོ་མོའི་ཉེ་ཕྱོགས་ཀྱི་བུ་མེད་ཅིག་འདུག་པ། མོ་ངུ་ཞིང་འདར་ཞིང་བརླམས་ཏེ་ངའི་ཟ་འཕྲོ་ཁ་སྒོག་གམ་ཟེར། ཁྱོད་སུ་ཡིན་བྱས་པས། ང་རྒྱལ་པོའི་སྲོག་བདག་བྱ་བ་ཡིན། སྦ་ལེ་པོའི་བུ་ཚ་བྱུང་ཚད་ངའི་ཟ་རྒྱུ་ཡིན་པ་ལ། ད་མ་ཇོ་འདིས་ཁ་བཀག་ནས་ཟ་རྒྱུ་མི་ཡོང་པ་འདྲ་ཟེར་བས། དེར་སྦ་ལེ་པོ་ངེས་ཤེས་སྐྱེས་ནས་མ་ཅིག་ཁྱེད་བྱིན་རླབས་ཅན་ཞིག་འདུག་པ་ལ། ངེད་ཀྱིས་ཀློག་མཁན་མ་ཙམ་ལས་མ་གོ་ད་ཀློག་མཛད་པ་འོ་བརྒྱལ། ངའི་བུད་མེད་འདིའི་རིམ་སྲུང་མཛད་པ་ཞུ་ཟེར་ནས་ཞབས་ཏོག་བསྙེན་བཀུར་བྱས། མ་ཅིག་གིས་ཉིན་མོ་ཆབ་གཏོར་སྔགས་དྲུག་མ་མཛད། ནུབ་མོ་གཉན་ས་འགྲིམས་ཤིང་བཞུགས་པས་ཡོན་བདག་མོ་ལ་བུ་ཞིག་སྐྱེས་ཏེ། མིང་རྡོ་རྗེ་གྲགས་སུ་བཏགས། དེས་སྣ་དྲངས་བུ་སྤུན་བདུན་ཚར་སྐད་དོ། །
དེ་ནས་མ་ཅིག་ལ་བུ་ཆེན་ནི། དྲེ་ལྔའི་ཤོད་པོ་ཙྪ་བ། ཡར་སྟོད་ན་སྙགས་གྲགས་པ་རྒྱལ་མཚན། ཡར་སྨད་ན་ཨན་སྟོན་རིན་འབར། བར་གྱི་ར་ཛ་རླུངས་པ་དང་བཞིས་ཞུས་པ། ཇོ་མོ་ཁྱེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན། མ་ནོར་བ་ཞིག་མངའ་བར་གདའ་བས་དེ་ངེད་རྣམས་ལ་གནང་བར་ཞུ་ཞུས་པས། ཕ་རོལ་ཏུ་ཕྱིན་པ་གཅོད་ཀྱི་གདམས་ངག་བྱ་བ་གསུངས་ཏེ། འདིས་ནི་གཟུང་འཛིན་བཙན་ཐབས་སུ་བཟློག །འཁོར་བ་གཞི་མེད་དུ་སྤོང་། ཞེན་པ་གློ་བུར་དུ་བྲལ། ཚོགས་དྲུག་རང་གྲོལ་དུ་གཏོང་། འཁྲི་བ་བཙན་ཐབས་སུ་བྲལ། འགྲོ་དྲུག་སྐྱེ་སྒོ་གཅོད། རིག་པ་གཅེར་བུར་སྟོན་པ་སྟེ། མའི་ཞལ་ནས་ང་དང་རྒྱལ་བའི་ཡུམ་ཆེན་གྱི། །རྗེས་སུ་འཇུག་པའི་གང་ཟག་རྣམས། །གནས་ཀྱི་རྒྱལ་པོ་འཇིགས་སུ་རུང་བ་རུ། །གདམས་ངག་རྒྱལ་པོ་སྐྱེ་མེད་ཆིག་ཆོད་འདིས། །བདུད་ཀྱི་རྒྱལ་པོའི་རྣམ་རྟོག་རྩ་ནས་ཆོད། །ཉམས་ལེན་རྒྱལ་པོ་སྐྱེ་མེད་འཕྲིག་མེད་འདིས། །ནད་པ་འདྲེ་ལ་གཏད་པ་གཉིས་མེད་རང་སར་གྲོལ། །སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་འཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་བྲལ། །རྐྱེན་ངན་སྲིད་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། །ཨེ་མ་ཧོཿ སླད་ཀྱིས་བྱོན་པའི་བུ་སློབ་ཀུན། །ལྷོད་ཀྱིས་གློད་ལ་ཅོག་གིས་ཞོག །བྱར་མེད་དོན་ལ་གོམས་འདྲིས་གྱིས། །གོ་བ་ལོངས་ལ་འགྲོ་དོན་འབུངས། །དུས་གསུམ་རྒྱལ་བའི་དགོངས་པ་དེ། །བཙལ་བས་མི་རྙེད་དེ་རང་ཡིན། །གསུངས་སོ། །
གཞན་ཡང་དགེ་བཤེས་བཞི་པོ་དེ་ལ། དགེ་བཤེས་ཤུགས་སུ་ལ་ལྟ་བའི་མཐར་ཐུག་གསུངས། དགེ་བཤེས་གཉགས་ལ་བདུད་ལས་རྒྱལ་བ་གསུངས། དགེ་བཤེས་དྲེ་ལྔ་ཇོ་སྲས་ལ་སྡེངས་གདེང་ཆེན་གསུམ་གསུངས། ཨན་སྟོན་ལ་ལྟ་སྒོམ་ལ་ལྟོས་གསུངས། གཞན་ཡང་ཉེ་གནས་མ་མ་ཇོ་གཡག་མོས་ཞུས་པ། དམ་ཚིག་མང་པོ་ལ་དོན་མི་གདའ། ཆོས་ཐམས་ཅད་ཀྱི་དོན་བསྡུས་པ་ཞིག་ཞུ་ཞུས་པས་བཀའ་ཚོམས་ཆེན་མོ་བྱུང་། སྣུབས་མོ་ནམ་མཁའ་གསལ་གྱིས་ཞུས་པས་ལེ་ལག་ངོ་སྤྲད་བྱུང་། སྲས་གྲུབ་པེས་ཞུས་པས་ཡང་ཚོམས་ཉི་ཤུ་རྩ་ལྔ་པ་བྱུང་ངོ་། །སློབ་པ་སྒྲུབ་པ་པོ་བཞི་ལ་སངས་རྒྱས་གཉན་ལ་བཞག་ཐབས་གསུམ་གསུངས་སོ། །ངོམ་སྒོམ་ལ་གློད་ཐབས་གསུམ་གསུངས། གྲུབ་པེ་ལ་གཅོད་ཐབས་གསུམ་གསུངས། རྟོགས་ལྡན་རྟོལ་པོ་ལ་ཟློག་ཐབས་གསུམ་གསུངས་སོ། །
མ་ཇོ་སྣུབས་མོས་མ་ཅིག་ལ་སྐྱེ་བ་འདིའི་གོང་དུ་གར་བཞེས་ཞུས་པས། འདི་བཤད་དུ་མི་རུང་པ་ཞིག་ཡིན་ཏེ་ཁྱོད་ལ་བཤད་དོ། །རྒྱ་གར་ཡུལ་གྱི་ནུབ་ཕྱོགས་ཨོ་རྒྱན་ཡུལ་ན། དུར་ཁྲོད་ཆེན་པོ་གསང་བ་འབྱུང་གནས་ཞེས་བྱ་བ་ཡོད། དེ་ན་མཁའ་འགྲོ་མ་འབུམ་ཕྲག་བཅུ་གཅིག་ཡོད་དེ། དེ་རྣམས་ཀྱང་སེམས་ཅན་གྱི་ལུས་དང་སྲོག་ལ་འཚེ་བ་མང་པོ་ཡོད་པས། དེ་རྣམས་ཀྱི་རྒྱུད་ཞི་བར་བྱེད་པ་ལ། རྡོ་རྗེ་ཕག་མོས་བཀའ་བསྒོས་ཤིང་ལུང་བསྟན་ནས་གསང་སྔགས་དོན་གྱི་ཐིག་ལེ་འོད་ཟེར་གྱི་ལེའུ་བྱ་བ་དེ་རྣམས་བཤད་ནས། མཁའ་འགྲོ་མ་རྣམས་ཀྱི་རྒྱུད་གྲོལ་བར་བྱས་པའི་དུས་སུ། རྗེ་བཙུན་མའི་ཞལ་ནས། བོད་ཡུལ་མུན་པའི་དམག་རུམ་འདྲ་བ་ལ་སོང་ལ་འགྲོ་དོན་གྱིས་ཤིག་གསུངས་ནས། འདིར་སྐྱེ་བ་བླངས་པ་ཡིན་པ་ལ། འགྲོ་བ་ལ་ཕན་ཐོགས་ཆེ་བ་མ་བྱུང་གསུངས་ཏེ། སྔོན་གྱི་སྐྱེ་གནས་མཁྱེན། ཡང་ལན་ཅིག་སྒྲུབ་པ་ཁོ་རྟ་ཁྱེར་ནས་ཞག་གཉིས་ནས་བསུར་འོང་པ་འདུག་གསུངས་ཏེ། སྤྱན་གྱི་མངོན་པར་ཤེས་པ་མངའ། ཡང་ལན་ཅིག་འོན་པའི་མ་ཇོ་ཞིག་ནད་དམ་པོས་ཟིན་ནས་བྱིན་རླབས་ཞུར་འོང་པས་གསོས་པས། མོ་ན་རེ་ང་ལ་བྲེ་གང་སྤྱད་རྒྱུ་ཡང་མེད་ཡོད་ན་མ་ཅིག་ལ་གཏང་རག་གཏོང་རྒྱུ་ཡིན་པ་ལ་ཟེར་བས་ཁྱེད་རང་མར་ལ་སོང་། སྒྲོམ་གཅིག་ན་ནས་ཁལ་གསུམ་ཙམ་དང་མར་ཚིད་ཅིག་འདུག་པ། དེ་ལ་གསོས་གྱིས་གསུངས་པས། མོ་བྲང་ལ་སྦར་བྱབས་ནས་ངུ་ཡིན་འདུག །དེ་ནས་ནས་ཁལ་གཉིས་དང་མར་ཚིད་འབུལ་དུ་བྱུང་པས་མ་བཞེས་སྐད། དེ་ཕ་རོལ་གྱི་སེམས་ཤེས་པ་ཡིན། ཡང་ལན་ཅིག་ཞག་གསུམ་གཟིམས་ཙམ་ན། སྣུབས་མོ་ལ་ང་སངས་རྒྱས་ཀྱི་ཞིང་ཁམས་མང་པོར་ཕྱིན། དེ་ཡང་མཐོ་དམན་མེད་པ་མེ་ལོང་ལྟར་མཉམ་པ་མེ་ཏོག་བཀྲམ་པ་འདུག་བདེ་བར་གཤེགས་པ་མང་པོའི་ཞལ་མཐོང། དེ་རྣམས་ལ་ཆོས་ཉན་པ་ཡིན་གསུངས་ཏེ། ཞིང་ཁམས་གཟིགས་གཞན་ཡང་ཆུ་ལ་མི་འབྱིད་པ་ལ་བྱི་བ་ལྟར་འཛུལ། རྩིག་པ་ལ་ཐོགས་རྡུགས་མེད་པ་ལ་སོགས་པ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ། ཐ་མ་ལན་ཅིག་སྣུབས་མོ་ལ་ད་ཞག་བདུན་ན་ཨོ་རྒྱན་གྱི་ཡུལ་དུ་འགྲོ་དགོས་པར་འདུག་རྟེན་འདི་དང་ད་རེས་ལས་མི་འཕྲད། ཕྱི་མ་ཨོ་རྒྱན་དུ་འཕྲད་ནས་འོང་གི་གསུངས་ཏེ་འཆི་འཕོ་དང་སྐྱེ་བ་མཁྱེན་ནོ། །དེ་ལྟ་བུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ལགས་སོ། །
གཞན་ཡང་གྲྭ་བའི་བུ་སློབ་ཁུ་སྒོམ་ཆོས་སེང་ལ། ཕ་རོལ་ཏུ་ཕྱིན་པའི་དོན་གསུངས། བྱ་སྟོན་ཀླུ་སྒྲུབ་ལ་ཉམ་ང་མེད་པའི་དོན་ལ་སོགས་པ་གསུངས་ཏེ་གཞན་དུ་ཤེས་སོ། །རྫོགས་པ་ཆེན་པོའི་འགིང་དབྱངས། ཇོ་བོ་ཟིལ་མནོན་གྱིས་རེ་སྐྱིད། སྲས་ལ་གསུངས་པའི་བསྐུལ་བ། ཉ་མས་ཞུས་པའི་མཆོད་འཁྲིགས། བྱས་ཡོན་ཏན་གྱིས་ཞུས་པའི་འཇིགས་མེད་རིན་པོའི་ཀློག་དབྱངས། བྱིན་དབྱངས་ཆེན་མོ་ལ་སོགས་པའི་མགུར་ཀྱང་དུ་མ་གསུངས། སྲས་གྲུབ་པེ་ཡང་མི་ལོ་བཞི་བཅུའི་བར་དུ་ཆོས་ལ་མ་ཚུད་པར་རྐུན་མའི་དཔོན་པོ་བྱས་ཏེ་མི་ངན་གྱི་རྣམ་ཐར་བྱས། དགེ་འདུན་སྟེང་ཁ་བ་སྡེ་བའི་ར་མང་པོ་བརྐུས་ཀྱིན་ཟོས་པས་ར་དགྲ་གྲུབ་པེར་གྲགས། དེ་ནས་གནས་མི་མངོན་བྱ་བ་ན་སྔགས་པ་ཡོད་པས་ར་ཡང་ཕྱགས་པས་དེར་སྔགས་པས་མཐུ་བྱས། བཙུན་པས་རྒྱགས་སྦྱར་བས་སྤྲང་ཟླ་བོ་རེ་ཡོད་པ་ཤི། རང་ཡང་ཆོ་འཕྲུལ་ཆེན་པོ་བྱུང་བ་ལ་བྲེད་ནས་ཚ་ཐང་རིང་མོ་ན་མ་ཅིག་བཞུགས་པའི་དྲུང་དུ་ཕྱིན་ནས། ང་ལ་འདི་ཙུག་བྱུང་བས་སྲུང་བ་དང་ཕྱིར་ཟློག་ཞུ་དགོས་པར་འདུག་བྱས་པས། ཁྱོད་འདྲ་བ་ཆོས་ནི་མི་བྱེད་ཤི་རུང་གསུངས་ནས། མ་ཅིག་རི་ལ་བྲོས་པས་གྲུབ་པེས་ཕྱིར་འབྲངས་པས་གངས་སེའི་རི་ཐམས་ཅད་བསྐོར་བས་རྗེས་ཆོད་དེ། དགོང་མོ་ཚ་ཐང་ཕུག་པར་ཉམས་འཁྲིགས་བྱུང་བས་མ་ཅིག་གི་ཞལ་ནས། ཁྱོད་ཀྱང་སྐལ་བ་མེད་པོར་མི་འདུག་ཅིང་གསུངས་ནས་གདམས་ངག་གནང་ཕུང་པོ་གཟན་སྐྱུར་བསླབས་ནས་སྔགས་པའི་གཏོར་སྟེགས་འོག་ཏུ་ཞག་ཉི་ཤུ་རྩ་གཅིག་ཉོལ་ཅིག་གསུངས། དེར་ཉལ་བས་ཞག་བཅུ་བདུན་ནས་མཐུ་ལོག་སྟེ། སྔགས་པ་འགའ་ཤི་ཉེས་པ་ཆེན་པོ་བྱུང་སྐད། ཡང་ཟློག་པ་བྱེད་པ་ལ་མ་ཇོ་ཞིག་མ་ཅིག་གི་ལྷ་རྩད་གཅོད་དུ་བཏང་བས། ལྟ་བ་མཁའ་ཁྱབ་ཀྱི་ལྷ་ལ་བྱེད་གསུངས་པས་བྱས་པ་མ་རྙེད་སྐད། དེར་སྲས་ཀྱི་ཆོ་འཕྲུལ་དང་མཐུ་ཟློག་པའི་གདམས་ངག་སྲུང་ཟློག་ཟབ་པ་ཞིག་འདུག་སྙམ་དུ་གོ་ཉམས་ལེན་ཤས་འགའ་བྱས་ཀྱང་། རང་རྒྱུད་འདུལ་དུ་མ་བཏུབ་མི་ངན་གྱི་བློ་མ་འགྱུར། བློ་བཟློག་པ་དེ་རང་བློ་བཞི་བཅུ་ཞེ་གཅིག་ལས་མ་བྱུང་སྟེ། དེའི་རྒྱུ་མཚན་ངེད་སྤྲང་ང་རྣམས་ཀྱིས་གནས་བཞི་སྟེང་ཁ་བ་འཇོམས་པར་བྱས་ཏེ། ང་གད་སླེ་མོའི་མདུན་ན་ཉི་མ་ལྡེ་ཡིན་ཡོད་ཙ་ན། ལྷུང་དཀར་གྱི་མགར་ལྕེ་སེ་འབར་གྱིས་སྟེང་ཁ་བའི་བཙུན་པ་རྣམས་གདན་དྲངས་ཆོས་སྟོན་འབུལ་བ་བྱས་ནས། སེར་ཤར་རེ་སོང་བས་དེ་ལ་བསམ་པས་ཁོ་དད་པ་ཅན་ཆོས་སྟོན་དང་ཞབས་ཏོག་ཀྱང་བྱེད་པར་འདུག །ངེད་ཁོང་རྣམས་འཇོམས་པ་ཡིན་ཏེ། རེ་འཁྲུལ་སྣམ་བློ་ལོག་གིས་བཟློག །ཆུང་མ་ཞང་ཟ་སྐྱེ་དམན་གྱིས་བརྡུངས་པས་སྐྱོ་བ་སྐྱེས་ཏེ་ཅིག་ཅར་མའི་སྤྱན་སྔར་ཆས་ཏེ། གྲོང་དང་མཁར་མཐོང་མི་མཐོང་གི་མཚམས་སུ་མ་ཆགས་མ་ཞེན་པའི་མགུར་བླངས་པ་འདི་སྐད་དོ། །
ང་འདི་རུ་མི་སྡོད་ཟངས་རིར་འགྲོ། །ཟངས་རི་ན་ཨ་མ་ཇོ་མོ་ཡོད། །ཡུལ་སེ་ཆུང་ཁྱེད་ཇི་ལྟར་དགྱེས་པ་མཛོད། །མཁར་རླུང་འབྲུག་ཁྱོད་ཇི་ལྟར་དགྱེས་པ་མཛོད། །གྲོགས་ཁྱེ་སྨན་ཁྱོད་ཇི་ལྟར་དགྱེས་པ་མཛོད། །ཅེས་མ་ཆགས་མ་ཞེན་པའི་མགུར་བླངས་ནས་ཕྱིན་ཏེ་མའི་དྲུང་དུ་བརྟོལ་པ་དང་། བུའི་ལས་ཟད་པར་མཁྱེན་ནས་ད་ནི་ཁྲམ་པ་ལ་ཆོས་འོང་གསུངས་ནས་དབུ་སྐྲ་བཏུངས། གོས་སྲིངས། དབུ་ཞྭ་ནག་འཕྱལ་བསྐོན། གདམས་པ་ལ་ཡང་ནན་ཏན་མཛད་དེ། རི་ཁྲོད་གཉན་ས་འགྲིམས་ལ་ཆོས་རང་གྱིས་གསུངས། དེར་སྒྲུབ་པ་སྐུ་ཉམས་སུ་བཞེས་ལ་ངེས་ཤེས་སྐྱེས་ཏེ། ངའི་ཨ་མའི་ཆོས་འདི་བཀའ་བསྟན་བཅོས་ཐེག་པ་མཐོ་དམན་སྡེ་སྣོད་དང་རྒྱུད་སྡེ་མདོར་ན་ཆོས་ཐམས་ཅད་ཀྱི་སྐྱེལ་སོ་ཆེན་མོ་ཡིན་པས་སྦྲ་དཀར་གྱི་སྤྱིལ་བུ་དང་འདྲ་བ་འདུག་གསུངས་སོ། །
ཡང་ང་ལ་ཨ་མས་ཆོས་གང་ཡང་མི་སློབ་ཅིང་ཅི་ཡང་མི་ཤེས་པ་འདི་སློབ་པ་ཡིན། སྔར་ཁྲམ་པ་ཡིན་ཏེ་གཡས་མེད་འདི་ལ་བསླབ་པས་རང་གཞན་གཉིས་ཀ་ལ་ཕན་པ་བྱུང་། མི་ཆེན་མ་བྱས་པས་ང་རེ་བྲིན་བྱུང་གསུངས། གཞན་བུ་སློབ་དང་བཀའ་བརྒྱུད་རྣམས་ཀྱི་གདམས་ངག་གི་ཆེ་བ་དང་ངོ་མཚར་བརྗོད་པ་དུ་མ་ཡོད་དོ། །དེ་ན་སྲས་རྒྱལ་བ་གྲུབ་པེས་ཡུམ་གྱི་ཐུགས་གཉེར་མཛད། ལན་ཅིག་གང་བ་སྤེ་ཆུང་མོའི་ཡང་ཆུང་དུ་ཚོགས་ཀྱི་འཁོར་ལོ་ཞིག་ཞུས་པའི་དུས་སུ་བྱིན་དབྱངས་ཆེན་མོ་གསུངས། ཚོགས་ཀྱི་མཆོད་པ་རྒྱ་ཆེན་འདིས། །བླ་མ་ཡི་དམ་མཁའ་འགྲོའི་ཐུགས་དམ་བསྐངས། །གནས་སྐབས་རྐྱེན་དང་བར་ཆད་བསལ་ལོ། །ད་དུང་ལོ་འགའ་སྡོད་པ་འདྲ་གསུངས། ཡང་གྲུབ་པེ་ཁྱོད་ཀྱིས་སྡིག་པ་ཆེ་བ་གཅིག་བསགས། ད་སྟེ་ལོ་གསུམ་ན་འགྲོ་བ་ལ། ཚོགས་འཁོར་དེས་ལན་ནམ་ཚེ་གཅིག་བསྲིངས་འདུག་གསུངས། དེ་དགེ་བ་འཕེལ་བ་ལགས་མོད་ཞུས་པས་མི་འཕེལ་ང་ལ་བརྟེན་ནས་སྡིག་པ་མང་པོ་བསགས། ངའི་ལུས་འདི་དགེ་འདུན་ཡིན། ངའི་ངག་ཡང་དག་པའི་ཆོས་ཡིན། ངའི་སེམས་ཡང་སངས་རྒྱས་ཀྱི་དགོངས་པ་ཡིན་ང་ལ་སྐུར་བ་བཏབ་པས་དཀོན་མཆོག་གསུམ་ལ་སྐུར་བ་བཏབ་པར་འགྲོ། ང་ཕ་རོལ་ཏུ་ཕྱིན་པའི་དོན་ཉམས་སུ་ལེན་པ་ལ། ཆོས་མཛད་འགའ་ཞིག་ལོག་ཆོས་ཡིན་ཞེས་སྐུར་བ་བཏབ་སྟེ། བརྒྱད་སྟོང་པ་ལས། ཕ་རོལ་ཏུ་ཕྱིན་པ་ལ་སྐུར་བ་བཏབ་ན། ཐམས་ཅད་མཁྱེན་པ་དུས་གསུམ་སངས་རྒྱས་ལ་སྐུར་བ་བཏབ་པར་གསུངས་ཏེ་འགྲོ་ས་ངན་སོང་ལས་མེད་གསུངས། དེ་ནས་ལོ་འགའ་བཞུགས་ཏེ་དགུ་བཅུ་རྩ་ལྔ་བཞེས་པའི་དུས་སུ་ཟངས་རི་མཁར་དམར་ནས་ནམ་ཟླ་སྟོན་སེར་ལོ་ཐོག་སེ་ཆོམ་མེ་བའི་དུས་སུ། མགུར་བློ་མགུལ་གློ་ཞིག་བསྙུངས་ནས་སྒྲུབ་མོ་ནམ་མཁའ་གསལ་གྱིས་ཆིབས་སྣ་བྱས་ནས། ཨེ་ཆུང་གླང་དུ་གདན་དྲངས་ཅུང་ཟད་སྙུང་སྟེ་མི་ཕན་པར་ཤེས་ནས། སྲས་ཀྱིས་ཡུམ་ལ་ཞུས་པས། མི་རྟག་དགོངས་པ་འགྱུར་དུས་སུ། །མ་ཅིག་དགོངས་པ་ཇི་ལྟར་གཤེགས། །ཞེས་ཞུས་པས། སྐྱེ་མེད་ངང་ལ་དགོངས་པ་མེད། །བདག་མེད་ངང་ལ་གཤེགས་ཡུལ་མེད། །ལྷན་ནེ་ལྷང་ངེ་ལྷམ་མེ་ཙམ། །ཞེས་གསུངས་སོ། །ཡང་སྤྲོས་པ་གཅོད་པའི་དོན་ཞུས་པས། མ་ཅིག་ཡེ་ཤེས་མཁའ་འགྲོ་མ་སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་དམ་མེད། གྲུབ་པ་ཐོབ་ན་རྩོལ་སྒྲུབ་དགོས་སམ་མི་དགོས། ལམ་སྣ་ཟིན་ན་ཕྱིར་ལྡོག་གམ་མི་ལྡོག་ཞུས་པས་མའི་ཞལ་ནས། སངས་རྒྱས་གཞན་སྣང་ལ་ཡོད་རང་སྣང་ལ་མེད། རྟོག་པ་ཤར་ཀྱང་ཀུན་རྫོབ་འདི་ལྟར་སྣང་བའི་དུས་ན། རྒྱུ་འབྲས་ཤ་མོའི་སུལ་བཞིན་ཡོད་པ་ཡིན། གྲུབ་པ་ཐོབ་ནས་རང་དོན་དུ་རྩོལ་བས་དགོས་པ་མེད། ལམ་སྣ་ངེས་པར་ཟིན་ན་ཕྱིར་མི་ལྡོག་གསུངས་སོ། །
ཡང་ཐོ་རངས་ཁ་བུ་སློབ་རྣམས་ལ་གཟིགས་ནས་མགུར་གསུངས་པ། སེམས་ཉིད་མཐོང་བས་མཐོང་བ་འདི། །མཐོང་བ་གཞན་གྱིས་དོན་ཟླ་མིན། །སྐྱེ་མེད་རྟོགས་པའི་རྟོག་པ་འདི། །རྟོག་པ་གཞན་གྱི་དོ་ཟླ་མིན། །དྲན་མེད་ཉམས་སུ་མྱོང་བ་འདི། །མྱོང་བ་གཞན་གྱི་དོ་ཟླ་མིན། །འགྱུར་མེད་ཐག་ཆོད་འབྲས་བུ་འདི། །འབྲས་བུ་གཞན་གྱི་དོ་ཟླ་མིན། །སྒྱུ་ལུས་གསུམ་པོ་འཁོར་བ་ལ། །ཉམ་ང་བག་ཚ་མི་བདོག་གསུངས། །ཡང་ཉེ་གནས་མ་ལ་གཟིགས་ནས། དམ་ཆོས་སྐྱེ་མེད་ཆིག་ཆོད་འདི། །གདམས་ངག་གཞན་ལས་ཁྱད་པར་འཕགས། །བྱིན་རླབས་ལུས་སེམས་བྲལ་བ་འདི། །འཕོ་བ་གཞན་ལས་ཁྱད་པར་འཕགས། །ང་རང་རྒན་མོ་ལབ་སྒྲོན་འདི། །མི་མོ་གཞན་ལས་ཁྱད་པར་འཕགས་གསུངས་སོ། །དེར་དགུན་ཟླ་འབྲིང་པོའི་ཚེས་བཅུ་གསུམ་གྱི་གདུགས་ཤར་དྲོས་ལ། ཐུགས་ཚངས་པའི་བུ་ག་ན་ཡར་བྱུང་སྟེ། འོད་ཁ་དོག་ལྔར་ཕུལ་གྱིས་གཤེགས་སོ། །
དེ་ནས་ཉིན་ཞག་གསུམ་དུ་གདུང་མཆོད་ཕུལ། ཚོགས་ཀྱི་འཁོར་ལོ་མཛད། སྤུར་སྤུར་ཁང་དུ་གདན་དྲངས། སྲས་ཀྱིས་སྤྱན་ཆབ་བསིལ་ཞིང་གསོལ་བ་བཏབ་པས། མ་བཞུགས་པའི་དུས་ན་དགའ་མ་ཚོར། །གཤེགས་པའི་དུས་ན་སྙིང་མ་དགའ། །བུ་ད་རུང་བློ་ཡི་ཐག་མ་ཆོད། །ད་དུང་སྙེམས་ཀྱི་ལ་མ་ཐག་མ་ཆོད་པའམ་དོར། །མས་ད་དུང་བྱིན་གྱིས་བརླབ་ཏུ་གསོལ་གསུངས། དེ་ནས་ཞུགས་སྤར་ཏེ། སྲས་རྒྱལ་བ་ལ་སོགས་པ་རྣལ་འབྱོར་ཕ་རྣམས་དང་སྣུབས་མོ་ལ་སོགས་རྣལ་འབྱོར་མ་རྣམས་དང་བུ་སློབ་རྣམས་ཀྱིས་ཤར་ཕྱོགས་ནས་མར་ཁུ་ཟངས་བུ་གང་ཕུལ་ནས་སྐུ་བཞི་དབྱེར་མེད་ཀྱི་བསྟོད་པ་མཛད། ལྷོ་ཕྱོགས་ནས་གླ་རྩི་འགོར་བུ་བདུན་ཕུལ་ནས་སྐུ་ལྔ་ཡོན་ཏན་ལྔའི་བསྟོད་པ་མཛད། ནུབ་ཕྱོགས་ནས་ག་བུར་ཐུན་དྲུག་ཕུལ་ནས་ཡོན་ཏན་བཅུའི་བསྟོད་པ་མཛད། བྱང་ཕྱོགས་ནས་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་དྲི་སྨན་སྣ་ཚོགས་ཕུལ་ནས་ཕ་རོལ་ཕྱིན་དྲུག་གི་བསྟོད་པ་མཛད་དོ། །དེའི་ཚེ་ནམ་མཁའ་དྭངས་པ་ཉི་འོད་གསལ་བ་དང་མཁའ་འགྲོ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། སྒྲ་དང་དྲི་ལ་སོགས་རྟགས་ཁྱད་པར་ཅན་མང་པོ་བྱུང་ངོ་། །ཕྱིས་སྲས་རྒྱལ་བའི་སློབ་མ་གྲ་པ་ཧག་སྟོན་གྱིས་གཡེའི་ཐང་བྲག་དཀར་ལ་ལོ་ཁྱུར་པ་གསུམ་བཞུགས་པས་ཐོ་རངས་ཁར་སྔར་ཉེ་གནས་མ་གཉིས་ཀྱིས་མཐོང་བ་ལྟར་མ་ཅིག་གི་ཞལ་གཟིགས། དགོངས་སྐྱོད་གསོལ་འདེབས་མཁའ་འགྲོ་མ་རྣམས་ཀྱིས་མཛད་པ་ཐོས་ཏེ། གླང་ལུང་དུ་སྲས་རྒྱལ་བའི་དྲུང་དུ་བཤད་བསྲིངས་ནས་ཕྱིན་ཙམ་ན། གདོང་བསུས་ནས་ཁྱོད་ཀྱིས་མདང་ཨ་མའི་ཞལ་མཐོང་ངམ་གསུངས་ཏེ་དགོངས་པ་གཅིག་ཏུ་བྱུང་སྐད། ངའི་ཨ་མ་ནི་འདས་གྲོང་མི་མངའ་བར་སྐལ་ལྡན་བྱིན་གྱིས་རློབ་ཅིང་བཞུགས་ཡོད་གསུངས་སྐད། དབྱངས་ཆེན་པོ་བཞི་པོ་འདི་དང་དགོངས་སྐྱོད་གསོལ་འདེབས་རྣམས་ཚོགས་མཆོད་དང་། ཉམས་མྱོང་སྐྱོང་བ་བྱིན་རློབས་འབེབས་པའི་དུས་རྣམས་སུ་མཛད་པ་ལགས་སོ། །
གསུམ་པ་གྲུབ་ཐོབ་བརྒྱུད་པའི་བྱུང་ཚུལ་ནི། སྤྱིར་གཅོད་ཀྱི་གདམས་པ་འདི། མ་ཇོ་མོ་ནས་གྲགས་པ་ཡིན་ཀྱང་དེ་གོང་གི་བརྒྱུད་པ་ཡོད་མེད་གཉིས་ལས། བརྒྱུད་པ་ཅན་བཀའ་བརྒྱུད་དོན་གྱི་གདམས་པ་དང་། བརྒྱུད་པ་མེད་པར་ཁ་འཐོར་ཉམས་ཀྱི་གདམས་པ་གཉིས་ཡིན། དེ་ལ་བརྒྱུད་པ་ཅན་ནི་ཡུམ་ཆེན་མོས་ཡང་དག་པར་རྫོགས་པའི་སངས་རྒྱས། དེས་འཇམ་དཔལ་སྨྲ་བའི་སེང་གེ། དེས་མཁའ་འགྲོ་སུ་ཀ་སིདྡྷི། དེས་དམ་པ་རྒྱ་གར། དེས་སྐྱོ་ཤཱཀྱ་ཡེ་ཤེས། དེས་སྐྱོ་སྟོན་བསོད་ནམས་བླ་མ་ལ། དེས་མ་ཇོ་ལ་བརྒྱུད་ཅིང་དམ་པ་ཉིད་དང་ཡང་མཇལ། གྲྭ་པ་མངོན་ཤེས་ལ་ཡང་ཕར་ཕྱིན་གསན་པས་དེ་བརྒྱུད་པ་ཅན་ཡིན་ནོ། །བརྒྱུད་པ་གོང་མ་མི་བཞེད་པའི་ལུགས་ནི། མ་ཅིག་ཉིད་ཀྱི་བཀའ་ཕ་རོལ་ཏུ་ཕྱིན་པ་ཀློག་པ་ཙམ་གྱིས་དགོངས་པ་ཐུགས་སུ་ཆུད་དེ། སངས་རྒྱས་དང་ང་རང་གི་བར་ན་བཀའ་པོ་ཏི་གླེགས་བམ་ཙམ་ལས་མེད། སྲས་རྒྱལ་བ་བགྲེས་བཞུགས་ཡིན་པས་ཕ་རོལ་ཏུ་ཕྱིན་པའི་གདམས་པ་སྙིང་གཏམ་ལག་ལེན་དུ་གསུངས་པ་ཡིན་ནོ། །
དེ་ནས་ཇི་ལྟར་བརྒྱུད་པ་ནི་མ་ཅིག་གི་སྲས་གསུམ་ལས། ཆེ་ཤོས་རྒྱལ་བ་གྲུབ་པེ་ཡིན་ཏེ་མ་ཅིག་རྗེས་སུ་བཟུང་བའི་བྱིན་རླབས་བཀའ་བབས་ཅིང་། སྒྲོ་འདོགས་སེམས་ལ་ཆོད་པ་རྟོགས་པ་མཐར་ཕྱིན་པ་ཡིན་ནོ། །ནུས་པ་ལྷ་སྲིན་ཟིལ་གྱིས་གནོན་ཅིང་གཉན་ས་གདན་གྱིས་ཁྱབ་སྟེ། དང་པོ་གཞོན་པའི་དུས་སུ་མཆོད་རྟེན་ལ་འཁོར་ལོ་སྐྱོན་པ་དང་ཉི་ཟླ་ལ་ཞོན་པ་དང་ནམ་མཁའ་ལ་འཕུར་བ་དང་། ཁ་ནས་བདུད་རྩི་འབབ་པ་གཉིས། ད་ལྟ་ཆོས་ཀྱི་འཁོར་ལོ་བསྐོར། འགྲོ་བའི་མུན་པ་བསལ། སྐྱེ་མེད་དོན་ལ་སྤྱོད་ཞལ་གདམས་བདུད་རྩིས་འགྲོ་བ་ལ་འཆར་འབེབས་པའི་དོན་ཡིན་པར་འདུག་གསུངས་སོ། །སྲས་གྲུབ་པེས་དགུང་ལོ་བདུན་ཅུ་ལ་སེའུ་སྐྱེས། བུ་སློབ་ཀྱང་གྲྭ་པ་ཧག་ཐོན། སངས་རྒྱས་སྒོམ་བྱུང་། རིག་པ་དོལ་ཆུང་། ངོམ་སྒོམ་ཆེན་པོ་ལ་སོགས་པ་གྲྭ་པ་ཡང་མང་དུ་བྱུང་། དགུང་ལོ་བརྒྱད་ཅུ་རྩ་བདུན་ཙམ་དུ་གླང་གི་ལོ་ལ་གཞན་དོན་ལ་གཤེགས་སོ། །རྟགས་ལ་སོགས་པ་མང་དུ་བྱུང་། མདོར་ན་མ་ཇོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་སྲས་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པའི་བཀའ་ཕ་རོལ་ཏུ་ཕྱིན་པའི་དོན་ཐུགས་སུ་ཆུད་པས། བདེ་བར་གཤེགས་པའི་དོན་རྒྱུན་མ་ཆད་པ་རྗེ་དམ་པ་དང་མཇལ་ཞིང་སྐྱོ་སྟོན་ནས་བརྒྱུད་པས་གྲུབ་ཐོབ་རྣམས་ཀྱིས་བརྒྱུད་པ་ལ་སྟོན་པ། རྗེ་བཙུན་སྒྲོལ་མ་དང་ཨོ་རྒྱན་ཌཱ་ཀིས་རྗེས་སུ་གནང་བའི་མཁའ་འགྲོ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དགེ་བཤེས་གྲྭ་པ་མངོན་ཤེས་ལ་སོགས་པ་ལ་ཐོས་བསམ་མཛད་པས་མཁས་པའི་ཆིག་བརྒྱུད་དོན་ཐོག་ཏུ་ཆོད་ནས་ཐེ་ཚོམ་གྱི་སེལ་མེད་དོ། །
དེ་ལྟར་བརྒྱུད་པ་བཞི་ལྡན་གྱི་གདམས་པ་འདི། འཇུག་པ་སྐྱབས་འགྲོ་སེམས་བསྐྱེད་ལ་གཞི་བྱས་པས་ལམ་མི་ནོར། བྱིན་རླབས་ལུས་སེམས་བྲལ་བས་ཚེ་འདིའི་ཞེན་པ་ཟློག་ཅིང་རྒྱུད་སྨིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ངོ་སྤྲད་པས་ལྟ་བ་ལ་གོལ་ས་མེད། བློ་བྲལ་ཉམས་སུ་ལེན་པས་སྒོམ་པ་རྩོལ་བའི་ནད་དང་བྲལ། འགལ་རྐྱེན་ལམ་དུ་བསླངས་པས་མི་མཐུན་པ་གྲོགས་སུ་འཆར་བས་སྤྱོད་པ་ཡུལ་ཆོམས་ཕུ་ཐག་ད་ལྟར་གྱི་གནང་ས་ལ་བཅད་པས་འབྲས་བུ་ཡིད་དཔྱོད་དོན་ཕྱིར་མི་འདུས་པས། ཆོས་ཐམས་ཅད་ཀྱི་རྩ་བ་ཉམས་ལེན་ཐམས་ཅད་ཀྱི་གནད། ཟབ་དོན་ཐམས་ཅད་ཀྱི་མཐར་ཐུག་པ། མ་ཇོའི་གདམས་ངག་སྐྱེ་མེད་ཆིག་ཆོད། ངེས་དོན་ཞལ་གྱི་གདམས་པ་རྣམ་རྟོག་ལས་ཡེ་ཤེས་སྐྱེ་བ། དུག་ལྔ་སྨན་དུ་བསྒྱུར་བ། ལྟས་ངན་གཡང་དུ་བཀུག་པ། བདུད་ལས་རྣམ་པར་རྒྱལ་བ་གཅོད་ཀྱི་གདམས་ངག་ཅེས་གྲགས་པའི་བརྒྱུད་པའི་ལོ་རྒྱུས་འདི་བཤད་པས་བྱུང་ཁུངས་ལ་ཡིད་ཆེས། མན་ངག་ཁུངས་བཙུན། རྣམ་ཐར་ངོ་མཚར། དཀའ་སྤྱད་ལ་དང་བ་སྤྲོ་ངེས་ཤེས་གཏིང་ནས་ཐོབ། དང་བ་ནང་ནས་འདྲེན། དད་གུས་དབང་མེད་སྐྱེ། བྱིན་རླབས་ཤུགས་ཀྱིས་འཇུག །གོ་རྟོགས་ངང་གིས་འཕེལ། ཉམས་མྱོང་ལྷུག་པར་འཆར། ཉོན་མོངས་པ་རང་སར་གྲོལ། འཁྲུལ་པ་བཙན་ཐབས་སུ་འཇིག །དོན་ཆེན་པོ་དང་ལྡན་པར་འགྱུར་རོ། །ཇོ་མོ་ཡུམ་སྲས་ཀྱི་རྣམ་ཐར་འདི་ཉལ་འགྲོ་གངྒཱའི་རྒྱུན་གྱི་མིང་འཛིན་པས་བྲིས་པས། འགྲོ་རྣམས་བྱང་ཆུབ་མྱུར་ཐོབ་ཤོག །
གཅོད་བཀའ་བརྒྱུད་ཀྱི་ལོ་རྒྱུས།
༄༅། །གཅོད་བཀའ་བརྒྱུད་ཀྱི་ལོ་རྒྱུས་བཞུགས་སོ། །
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་མེད་ཆིག་ཆོད་དུ་བསྟན་པ། བཀའ་དངོས་དང་མི་འགལ་བར་བཤད་པ། བཀའ་བརྒྱུད་དོན་གྱི་གདམས་ངག་འདི་ལ་གཉིས་ཏེ། བླ་མ་བརྒྱུད་པའི་ལོ་རྒྱུས་གདམས་པ་དངོས་སོ། །དང་པོ་ལ་གཉིས་ཏེ་ཤེས་རབ་ཀྱི་བརྒྱུད་པ་ཐབས་ཀྱི་བརྒྱུད་པའོ། །
དང་པོ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། སེམས་ཅན་གྱི་དོན་དུ་རྗེ་བཙུན་མ་སྒྲོལ་མས་གསོལ་བ་བཏབ་པས་ཆོས་དབྱིངས་ནམ་མཁའ་ལྟ་བུ་དེ་ལ། འཇའ་ཚོན་ལྟ་བུའི་གཟུགས་སྐུ་ཞལ་གཅིག་ཕྱག་བཞི། བཙོ་མའི་གསེར་ལྟ་བུ་རིན་ཆེན་སྣ་ཚོགས་པས་བརྒྱན་པ་ཞིག་བྱོན་ནས། གཉིས་སུ་མེད་པའི་དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྗེ་བཙུན་སྒྲོལ་མ་ལ་གསུངས་སོ། །དེས་མཁའ་འགྲོ་མ་སུ་ཀ་སིདྡྷི་ལ་གསུངས་སོ། །དེས་དམ་པ་རིན་པོ་ཆེ་ལ་གསུངས།
༈ གཉིས་པ་ཐབས་ཀྱི་བརྒྱུད་པ་ནི་རྒྱལ་བ་ཤཱཀྱ་ཐུབ་པས་གཞུང་རྣམས་ཀུན་དགའ་བོ་ལ་གཏད་དེ། ཀུན་དགའ་བོ་ངས་ཆོས་ཇི་སྙེད་ཅིག་བཤད་པ་ཐམས་ཅད་ཆུད་ཟོས་ཀྱང་བླའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཆུད་ཟོས་སུ་མི་འགྱུར་བར་ཁྱོད་ལ་ལན་གཉིས་ལན་གསུམ་དུ་གཏད་དོ། །རྗེས་སུ་གཏད་དོ་ཞེས་གསུངས་སོ། །དོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇམ་དཔལ་སྨྲ་བའི་སེང་གེ་ལ་གཏད་དོ། །སྨྲ་བའི་སེང་གེའི་ཐུགས་ཀ་ནས་རལ་གྲི་བཏོན་ནས་སངས་རྒྱས་ལ་གདེངས་པས་ཐུབ་པའི་ཞལ་ནས་བསད་ཟིན་གྱི། སེམས་ཅན་སྐྱེ་འགགས་དང་བྲལ་བའི་ངང་དུ་སོད་ཅིག་གསུངས་ནས་དོན་ཕར་ཕྱིན་གྱི་རྗེས་སུ་གནང་བ་མཛད་དོ། །དེས་སློབ་དཔོན་ཨརྱ་དེ་བ་ལ་གསུངས། གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལུས་པ་མཁྱེན་ཅིང་དོན་ཕར་ཕྱིན་ལེགས་པར་རྟོགས་ཏེ། དོན་མི་ཉམས་པ་དང་སྙིགས་མར་ཕན་ཐོགས་པར་གཟིགས་ནས་གཅོད་ཀྱི་གཞུང་ཡང་མཛད་དོ། །དེས་དམ་པ་རིན་པོ་ཆེ་བདེ་བར་གཤེགས་པ་དཔག་ཏུ་མེད་པའི་ཞལ་གཟིགས་པ། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ། འགྲོ་བ་སྒྲོལ་བའི་དེད་དཔོན། ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་སྤྱིར་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད་པ། བྱེ་བྲག་ཏུ་སྙིགས་མའི་སེམས་ཅན་གདུལ་བྱ་གདུག་པ་ཅན་བྱང་ཕྱོགས་ཁ་བ་ཅན་པའི་དོན་དུ་གཞུང་དང་། དོན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཁོང་དུ་ཆུད་ཅིང་མཁྱེན་པའི་སྣང་བ་རྒྱས་པ། སཾསྐྲྀ་ཏའི་སྐད་ལ་ལོ་ཙཱ་བའི་ཚིག་གིས་ལྷད་མ་ཞུགས་པ། གསུང་དབྱངས་དྲུག་ཅུས་རང་རང་གི་སྐད་དུ་ཆོས་སྟོན་པར་མཛད་པ་དེ་ལ་གསུངས་སོ། །དམ་པ་རིན་པོ་ཆེ་དེས་དོན་ཕ་རོལ་ཏུ་ཕྱིན་པ་ལ། སྐྱེ་བ་མེད་པའི་ཆིག་ཆོད་དུ་བསྟན་པའི་སྣོད་ལྡན་གཟིགས་པས། ཟུར་པོ་ཆེ་ཤཱཀ་འབྱུང་གི་དབོན་པོ་སྐྱོ་ཆུང་བསོད་ནམས་བླ་མ་སྣོད་སྐལ་ལྡན་དུ་གཟིགས་ནས་དམ་པས་བསོད་ནམས་བླ་མ་ཁྱེད། སྔགས་མཚན་ཉིད་ཐམས་ཅད་ལ་མཁས། སློབ་མ་དཔག་ཏུ་མེད་པ་འདུས་ཀྱང་། དོན་ཁོང་དུ་མ་ཆུད་པས་འཁོར་བ་ལས་སྔ་འབྲེས་གང་ཡང་མ་འཕགས་པས་ལོང་བས་ལོང་བ་ཁྲིད་ནས་འདུག་པ་གསུངས་པས། འོ་ན་བདག་ལ་དོན་གྱི་ཕ་རོལ་ཏུ་ཕྱིན་པ་གནང་བར་ཞུ་ཟེར་ནས། རྟ་དང་གསེར་གཡུ་ལ་སོགས་པ་ལོངས་སྤྱོད་ཆེན་པོ་ཕུལ་ནས། སེམས་བསྐྱེད་ནམ་མཁའ་སྒོ་འབྱེད་དང་། གདམས་ངག་མ་ལུས་པར་གནང་ནས་གཉན་ཁྲོད་འགྲིམས་པས་གཉིས་སུ་མེད་པའི་དོན་ཁོང་དུ་ཆུད། གྲྭ་པ་མང་པོས་བསྐོར་བའི་མཁས་པ་ཆེན་པོ་ཡིན་ཡང་། ཆོས་བརྒྱད་ཅིག་སྣང་བའི་བདེན་འཛིན་ཐམས་ཅད་དང་བྲལ་ནས་ལྭ་བེར་ཆེན་པོ་གསོལ་ནས་རྒྱལ་ཁམས་ཕྱོགས་མེད་དུ་བྱོན་ནས་མ་ཅིག་ལབ་ཀྱི་སྒྲོན་མ་ལ་དོན་གྱི་གདམས་ངག་འདི་གསུངས་སོ། །མ་ཅིག་ཡེ་ཤེས་མཁའ་འགྲོ་མའི་ལོ་རྒྱུས་ལ་གཉིས་ཏེ། འཇིག་རྟེན་ལས་འདས་པ་དང་གང་འདུལ་འཇིག་རྟེན་པའི་ཚུལ་བཟུང་བའོ། །
དང་པོ་ནི་ཕལ་ཆེན་ལས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པ་ཡི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས། ལྷ་མོ་སྒྱུ་འཕྲུལ་མར་སྤྲུལ་ནས་ཐུབ་པ་ཆེན་པོ་སྐུ་བལྟམས་སོ། །དེ་མྱ་ངན་ལས་འདས་ནས་རྒྱ་གར་གྱི་མུ་སྟེགས་མཁའ་འགྲོ་མཁའ་འགྲོ་མ་འདུལ་བའི་དོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་སྒྲོལ་མའི་དབྱངས་སུ་སྤྲུལ་ནས་ཐམས་ཅད་ནང་པ་ལ་བཙུད་དོ། །དེ་ནས་བོད་དུ་མུ་སྟེགས་ཀྱི་མཁའ་འགྲོ་མ་བཞི་འདུལ་བ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞིར་སྤྲུལ་ལོ། །མུ་སྟེགས་ཀྱི་མཁའ་འགྲོ་མ་བཞི་ནི་ཡར་ལུང་གི་སྦལ་བ་དཀར་མོ། སྟོད་ལུང་གི་ཆད་མོ་ནམ་མཁའ། གཙང་བཤེལ་མོ་རྒྱལ་ལྕམ་དང་། ཞང་མོ་བརྒྱན་མཐིང་ངོ་། །དེ་རྣམས་འདུལ་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་ནི། ཨེའི་ལབ་སྒྲོན། གླང་བུ་དུར་ལུང་གི་མ་ཇོ་རྒྱལ་ལྕམ། ལ་སྟོད་ཀྱི་ཞང་མོ་ལྷ་རྗེ་དང་། ཞ་མ་བཟའ་རྒྱལ་མོ་སྐྱིད་དོ། །དེ་ལས་ཀྱང་དོན་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བྱ་བའི་ཕྱིར་མ་ཅིག་ལབ་ཀྱི་སྒྲོན་མར་སྤྲུལ་ལོ། །འབུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། བྱང་ཕྱོགས་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ་གསུངས་པ་དང་། འབྲི་བར་བྱ། བཀླག་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ་གསུངས་པ་ནི། དོན་ཉམས་སུ་ལེན་པ་ལ་ཟེར་ཏེ། ཁ་བ་ཅན་གྱི་བཟང་ངན་འབྲིང་གསུམ་ཕལ་ཆེར་གྱིས་རི་དང་གཉན་ས་དང་གར་གནས་ཐམས་ཅད་དུ་སྙིང་པོ་དོན་གྱི་ཕར་ཕྱིན་འདི་ཉམས་སུ་ལེན་པ་མེད་དོ། །
དེ་ལྟར་མདོ་སྡེ་དྭངས་སྙིགས་འབྱེད་པའི་ལེའུ་བརྒྱད་ཅུ་རྩ་གསུམ་པ་ལས། སྙིགས་མ་རྩོད་པ་རྒྱས་པའི་དུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །ཤེས་རབ་ཕ་རོལ་ཕྱིན་མ་ཡི། །སྤྲུལ་བ་ལབ་སྒྲོན་ཞེས་པ་འབྱུང་། །ཞེས་པ་དང་འཇམ་དཔལ་རྩ་རྒྱུད་རྒྱས་པ་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །རྒྱལ་བའི་ཡུམ་གྱི་སྤྲུལ་བ་ནི། །སྒྲོལ་མའི་མིང་ཅན་འབྱུང་བར་འགྱུར། །སྐྱེ་མེད་སྙིང་པོའི་དོན་སྟོན་ཅིང་། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉལ། །དེ་ཡི་ཆོས་ནི་རྒྱས་པར་འགྱུར། །ཞེས་གསུངས་སོ། །གཉིས་པ། གང་འདུལ་འཇིག་རྟེན་པའི་ཚུལ་བཟུང་བ་ནི། ཡུལ་ཨེའི་ལབ་ཀྱི་འདབས་གྲོང་། རུས་ཁེར་གད་ཡབ་ཆོས་ལྷ། ཡུམ་ཀླུ་མོ་འབུམ་ལྕམ་མོ། དེ་ཡང་ཡུམ་ལ་ལབ་སྒྲོན་བཙའ་བའི་དུས་མའི་རྨི་ལམ་ན་མེ་ཏོག་ཅིག་བཏོགས་པས་རྒྱལ་ཁམས་ཐམས་ཅད་མཐོང་ཞིང་འོད་ཀྱིས་ཁེངས་པ་ཞིག་རྨིས་སོ། །དེ་ནས་མིང་སྲིང་གསུམ་བཙས་པ་ལས། མ་ཅིག་གི་མཚན་སྐྱིད་གེ། ནུ་མོ་ཉག་གེ། མིང་པོར་འཁོ་འོ་བཏགས་སོ། །དེ་ནས་ཕ་མས་བུ་མོ་གཉིས་ལ་ཡིག་རྩིས་བསླབས་པས། མ་ཅིག་གིས་བརྡ་བསྟན་པ་ཙམ་གྱིས་ཤེས་པས་སློབ་དཔོན་དགྱེས་ནས་ཤེས་རབ་སྒྲོན་མེར་བཏགས་སོ། །ལོ་བརྒྱད་ལ་འབྲི་ཀློག་མཁས་པར་ཤེས། བཅུ་གཉིས་ལ་མིའི་ཀློག་རྒྱས་འབྲིང་ཀློག་འདོན་མཛད། བཅུ་བདུན་ལ་གང་པར་དབྱེའི་ཆུ་ཚན་ཁར་ལྟད་མོ་ལ་བྱོན་པས་སྒེག་ཅིང་སྐྱེ་ལེགས་པའི་ཐོག་ཆོད་ནས། ཁྲོམ་ཐམས་ཅད་ཀྱིས་འདི་ལྷ་མོ་ལས་ལེགས་པར་འདུག་ཟེར་ནས་ལབ་ཀྱི་སྒྲོན་མེར་བཏགས་སོ། །ལོ་བཅྭོ་བརྒྱད་ནས་སུམ་ཅུའི་བར་དུ་གྲྭ་པ་མངོན་ཤེས་ལ་ཉི་ཁྲི་ལེ་བརྒྱད་མ་དང་། འབུམ་རིགས་མན་ཆད་ནས་ཡི་གེ་གཅིག་མ་ཡན་ཆད་དང་། བྱམས་ཆོས་དང་འབྲེལ་ཆུང་ལ་མཁས་པར་བསླབ། བཤད་པར་བྱས་གཙང་དུ་སྒྱུ་འཕྲུལ་དང་རྫོགས་ཆེན་གསན། དེ་ནས་ཐོད་པ་འབར་དང་སྡེབས་ནས་ཀོང་པོར་བྱོན་པས་སྲས་གསུམ་བྱུང་སྟེ་གྲུབ་པེ། གྲུབ་ཆུང་། ཡང་གྲུབ་བོ། །ཡབ་འབའ་རེ་དེར་འདས་སོ། །དེ་ནས་སྐྱོ་བ་སྐྱེས་ནས་གྲྭ་བའི་དགེ་བསྙེན་མ་མཛད་ནས་ཀློག་རྟ་ཀློག་པའི་ཚུལ་དུ་སྟོན་པས། དྲི་མ་མེད་པའི་དོན་ཁོང་དུ་ཆུད་ནས་གསང་སྤྱོད་མཛད་ཀྱིན་བཞུགས་ཙ་ན། སྐྱོ་ཆུང་བསོད་ནམས་བླ་མ་བྱོན་ནས་དགེ་བསྙེན་མ་མི་ཟས་ཟོས་ནས་རང་སྡིག་མ་བསོག་གསུངས་པ་ལ། ཕར་ཕྱིན་ཐམས་ཅད་ཉན་ད་ལྟ་ཡང་ལྟ་རྟོག་གི་ཚུལ་དུ་འདོན་པ་ཡིན་བྱས་པས། དེ་གཞུང་ཕར་ཕྱིན་བྱ་བ་ཡིན། རང་རྒྱུད་སྨིན་པར་བྱེད་ཅིང་གཞན་གྲོལ་བར་བྱེད་པ་ལ་དོན་ཕ་རོལ་ཏུ་ཕྱིན་པ་དགོས་པ་ཡིན་གསུངས་ནས། དེ་ཞུ་དགོས་བྱས་པས། ཕྱིས་སྐྱེས་ཆེན་པོ་འཁྱེར་ལས་ཤོག །བཀའ་དང་གདམས་ངག་མང་པོ་བྱ་ཡི་གསུངས། དེ་ནས་ཨེའི་གང་པར་ལྷ་ཁང་དུ་ཞང་སྟོན་འོད་དཔལ། ཀློག་སྐྱ་ལྷས་སྐྱབས། བྱ་ཁྲོམ་པ། འཇི་ལྷ་བཟོ། མ་ཅིག་དང་ལྔ་ལ། ཐོག་མར་གཅོད་ཀྱི་ཆོས་དབང་སེམས་ལ་བསྐུར། དེ་ནས་སྒྱུ་འཕྲུལ་གྱི་དབང་བསྐུར་ནས་བྱིན་རླབས་ཕབ་པའི་དུས་སུ། མ་ཅིག་གིས་ཞབས་ས་ལ་མ་རེག་པར་ཞི་བའི་གར་སྣ་ཉི་ཤུ་རྩ་ལྔ་མཛད། གསུང་གིས་སཾསྐྲྀ་ཏའི་སྐད་སྟོན། ཐུགས་མི་རྟོག་པའི་ཏིང་ངེ་འཛིན་དུ་གྱུར་ནས་དབང་ལྷག་མ་ཐོན་པ་ལ། ཀླུ་དྲག་པོ་ལག་སྐྱོང་གནས་པའི་ཤིང་སྡོང་གསེར་ལག་ཅན་ན་བཞུགས་པས་རྗེ་བཙུན་མ་སྒྲོལ་མ་དང་མཁའ་འགྲོ་མ་བཞིས་དཔལ་སྐོར་དང་ཁ་འཐད་དོ་རྣམས་གནང་ནས། ཡུམ་ཆེན་མོའི་སྤྲུལ་པ་ཁྱོད་ཀྱིས་དོན་ཕ་རོལ་ཏུ་ཕྱིན་པ་འདིས་དབང་པོ་རབ་འབྲིང་དང་། ཁྱད་པར་དུ་དབང་པོ་ཐ་མ་ནད་གདོན་གྱི་སྡུག་བསྔལ་གྱིས་ཉེན་པ་རྣམས་ཀྱི་དོན་གྱིས་ཤིག །བསྟན་པ་རྒྱས་ཤིང་ཡུན་རིང་དུ་གནས་པར་འགྱུར་རོ། །ཕྱི་རབས་འདྲེན་པའི་ཕྱིར་གཉན་ས་བརྒྱ་རྩ་བརྒྱད་འགྲིམས་ཤིག་གསུངས་ནས། ཁྱད་པར་གྱི་དབང་བཀའ་དུག་ལྔ་ཞི་ཞིང་ཀླུ་ལྔ་འདུལ་བ་དེ་གནང་ངོ་། །དེ་ནས་ཚོགས་འཁོར་དུས་སུ། མཆེད་གྲོགས་རྣམས་ཀྱིས་མ་ཅིག་བཙལ་བས་གསེར་ལག་ཅན་ནས་རྙེད་དེ་ནང་དུ་བྱོན་པ་དང་། ཉོན་མོངས་གོས་མེད་གཅེར་བུ་ལས། །ངོ་ཚ་རང་གྲོལ་ཕྱག་གཅིག་བྱེད། །གསུངས་ནས་བླ་མ་ལ་ཕྱག་མཛད་པས། སྟོན་པ་བཞི་ན་རེ། དབང་ལྷག་མ་ལ་མི་བཞུགས་པར་ཟེར་བ་ལ། བླ་མའི་ཞལ་ནས། བླངས་པ་བརྡ་ལས་བྱུང་པའི་རྫས་དབང་ཁྱེད་ཚོས་ཐོབ། ཆོས་ཉིད་ཀྱིས་ཐོབ་པའི་ཆོས་དབང་སེམས་ལ་བསྐུར་བ་མཁའ་འགྲོ་མས་ཐོབ་པ་ངོ་མཚར་ཆེ་གསུངས་སོ། །
དེ་ནས་བཀའ་བརྒྱུད་ཀྱི་གཞུང་གདམས་ངག་དྲོད་ཚད་ཞལ་ཤེས་དང་བཅས་པ་ཐམས་ཅད་མ་ལུས་པར་གནང་ནས། ཁྱེད་ཀྱི་དེ་སྔའི་དེ་རྣམས་གཞུང་ངམ་ཚིག་ཕ་རོལ་ཏུ་ཕྱིན་པ་ཡིན། འདི་དོན་ཕ་རོལ་ཏུ་ཕྱིན་པ་ཡིན་པས་སེམས་ཅན་ལ་ཕན་ཐོགས་པ་ཞིག་འོང་གསུངས། དེ་ནས་གཉན་ས་བརྒྱ་རྩ་བརྒྱད་བསྐོར་བའི་དུས་སུ། ཉིན་པར་བླ་མའི་གསོལ་འདེབས། ཆུ་གཏོར་འཇམ་དཔལ་མ་ཕར་ཕྱིན་གཏོར་མ་དང་གསུམ་ལ་འབད། ནུབ་མོ་དབྱིངས་རིག་བསྲེ་བ་དང་ཤ་འཁྱེར་ཁྲག་འཁྱེར་བརྒྱ་རྩའི་དམ་བཅའ་མཛད། བཤུད་པུ་ལོ་ཙཱ་བ་དང་བླ་མ་ཡ་དུང་དང་སྤྱན་རྔབ་རྫོགས་པ་ལ་སོགས་པ་དགེ་བཤེས་ལྔ་བཅུས་བགྲོ་གླེང་བྱས། རྟོག་པ་རྒྱུ་བས་ཆོས་གཞི་ཐོག་ཏུ་ལུས། ཉམས་ལེན་ལེ་ལོས་འཁྱེར། འབྲས་བུ་ཡིད་སྨོན་དུ་ལུས། སེམས་དང་ཆོས་སུ་མ་འདྲེས་པར། ཚིག་རྐྱང་དུ་སོང་འདུག་ནས་ཁོང་རྣམས་ལ་དེ་སྐད་བྱས་པས། ཁོང་རྣམས་ན་རེ། དེ་ཁོ་ན་ལྟར་སོང་ཆོས་ཇི་ཙམ་ཤེས་ཀྱང་རྒྱུད་ལ་འབྱར་དུ་མ་འདོད་པས་མ་ཅིག་གིས་དོན་གཉིས་སུ་མེད་པའི་ལྟ་བ་ཐུགས་ལ་འཁྲུངས་པ་ཞིག་ཞུ་ཟེར་བ་ལ། གདེང་ཐོབ་ཀྱི་མགུར་གསུམ་མཛད་ནས་ད་ལྟ་གདུལ་བྱ་དུས་ལ་མ་བབས་པས་རེ་རེ་ཙམ་ལ་དཔག་ཏུ་བྱ་ཡི་གསུངས་ནས་གྲོལ་བར་མཛད་དོ། །
དེ་ནས་མ་ཅིག་གྲྭ་ཐང་ན་བཞུགས་པའི་དུས་སུ། དམ་པ་རིན་པོ་ཆེ་འཕན་ཡུལ་ཉི་ཁུད་དགོན་པ་ན་བཞུགས་པ་ལ། ཞིང་སྐྱོང་གི་མཁའ་འགྲོ་མ་མང་པོ་བྱོན་ནས་ཡུམ་ཆེན་མོའི་སྤྲུལ་བ་རྒྱ་གར་ཤར་ཕྱོགས་ཀྱི་མུ་སྟེགས་མཁའ་འགྲོ་མ་ཐམས་ཅད་བཏུལ་ནས་ད་ལྟ་བོད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞིར་སྤྲུལ་ནས་མུ་སྟེགས་ཀྱི་མཁའ་འགྲོ་མ་བཞི་འདུལ་ཞིང་། ཕ་རོལ་ཏུ་ཕྱིན་པའི་དོན་རྒྱས་པར་བྱ་བའི་ཕྱིར་ལབ་སྒྲོན་ཞེས་བྱ་བར་སྐྱེ་བ་བཞེས་ནས་ད་ལྟ་གྲྭ་ཐང་ན་ཡོད་ཀྱི་བསྟོད་ཅིང་རྗེས་སུ་ཡི་རངས་ཕུལ། ཕྱི་རབས་ཀྱི་ལོག་ལྟ་བསལ་བའི་ཕྱིར་ཕར་ཕྱིན་དོན་གྱི་བཀའ་དང་གདམས་པ་མ་ལུས་པ་སྟོན་ཅིག །སྙིགས་མའི་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་རྣམས་སྨིན་ཅིང་གྲོལ་བར་བྱེད་དོ་ཞེས་ལུང་བསྟན་བྱུང་ནས་དམ་པ་གྲྭ་ཐང་དུ་བྱོན་པ་དང་། མ་ཅིག་གནས་ལ་བསྐོར་བ་མཛད་པ་ཐུག་འཕྲད་ནས། ཤེས་རབ་ལྔ་དང་ལྡན་པ་ཡི། །ཡུམ་ཆེན་ཁྲོ་མོའི་སྤྲུལ་བ་ཁྱོད། །རྣམ་ཐར་གསུམ་གྱི་སྒོ་ཕྱེས་ནས། །བདུད་ཀྱི་དཔུང་རྣམས་འཇོམས་བྱེད་པའི། །ལབ་ཀྱི་སྒྲོན་མ་ཁྱོད་ལ་ནི། །བདག་དང་ལྷར་བཅས་ཕྱག་འཚལ་ལོ། །བདག་ཀྱང་ཁྱོད་ལ་ཡི་རངས་འབུལ། །ཁྱོད་ཀྱི་སྒོམ་པའི་ཉམས་མྱོང་གིས། །སྙིགས་མའི་འགྲོ་རྣམས་སྨིན་གྲོལ་བྱེད། །ཕྱི་རབས་དོན་དུ་གདམས་ངག་བཤད། །གསུངས་ནས་ཆོས་དབང་སེམས་ལ་བསྐུར་བ་དང་། ཕར་ཕྱིན་དོན་གྱི་གཞུང་གདམས་པ་དྲོད་ཚད་ཞལ་ཤེས་དང་བཅས་པ་ཐམས་ཅད་གནང་། དེ་ནས་ཡང་མ་ཅིག་གིས་གཉན་ཁྲོད་མང་པོ་བསྐོར་བས་ཀླུ་མ་དྲོས་པ་དང་། ཡར་ལྷ་ཤམ་པོ་དང་། འོ་དེ་གུང་རྒྱལ་ལ་སོགས་པ་ལྷ་འདྲེ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། ཆོས་ལ་བཙུད་ནས་བྲན་བཞིན་ཉན་ནོ། །
ཟངས་རི་ཏལ་བུའི་བྲག་ལ་བཞུགས་ཙ་ན་རྒྱལ་པོ་ཆེན་པོ་བཞིས་ཆོས་ཞུས། ཡེ་ཤེས་དང་འཇིག་རྟེན་པའི་མཁའ་འགྲོ་མ་དཔག་ཏུ་མེད་པས་ཚོགས་འཁོར་བྱས་པ་ལ་སོགས་བརྗོད་ལས་འདས་སོ། །དེ་ནས་སྲས་ཐོད་པ་གྲུབ་པེས་ཡར་ལུང་གི་སྣས་པོ་ཆེ་བྱ་བའི་ར་ལུག་མང་པོ་དང་། གནག་རྟ་ཐམས་ཅད་འཕྲོག་བརྐུས་ནས་བསད་ཅིང་ཟོས་པས་ར་དགྲ་གྲུབ་པེར་ཐོགས་སོ། །དེར་སྔགས་པས་མཐུ་བྱས་པས་ཟླ་བོ་ཐམས་ཅད་ཤི་ནས་སྲས་ཀྱང་རྨི་ལམ་བཟློག་དོགས་པ་ཟོས་ནས་ཁོང་གི་མཐུ་རུ་བཏབ་པ་དང་ད་འཆི་ངོ་ཤེས་པས་མ་ཅིག་ལ་གདམས་པ་ཞིག་ཞུ་དགོས་སྙམ་ནས། ཟངས་རི་མཁར་དམར་དུ་བྱོན་པས་ད་ངའི་ཟླ་བོ་ཐམས་ཅད་ཤི་ང་ཡང་འཆི་བ་ཡོད། གདམས་ངག་ཞུ་བྱས་པས་མ་ཅིག་གི་ཞལ་ནས། ཁྱོད་འཆི་བ་རིངས་པའི་མི་ཡིན་ངའི་རྩར་མ་སྡོད་གསུངས་སོ། །དེ་ནས་སྲས་ཀྱི་ཐེམ་པ་ལ་ཞག་བདུན་སྔས་བྱས་ནས་གསོལ་བ་བཏབ་པས་ང་ལས་ཟད་པ་ཡིན་སྙམ་ནས་སྐྲ་བཅད་མནའ་བགག་ནས། བཀའ་ཐམས་ཅད་ཀྱི་ཁོང་དཀྲོགས། སྡེ་སྣོད་ཐམས་ཅད་ཀྱི་སྙིང་ཕྱུང་། ཉམས་མྱོང་ཐམས་ཅད་ཀྱི་མཚོ་བརྟོལ་ནས་ནམ་མཁའ་སྒོ་འབྱེད་བྱས་ནས། གདམས་ངག་བཏབ་ནས་མི་ཕོད་པ་རྫིས། འཁྲི་བ་ཆོད་གང་བྱུང་སྒོམ་དུ་ཁྱེར། ལུས་ཀྱི་གཅེས་འཛིན་ཆོས་གསུངས་ནས་ཉིན་པར་རི་ལ་བསྒོམས་མཚན་མོ་གཏོར་སྟེགས་འོག་ཏུ་ཉལ་ནས་གཏོར་ཟན་དང་ཤ་ཁྲག་ལ་བཟའ་བཏུང་བྱས་པས་མཐུ་བྱེད་བདུན་ནུབ་ཅིག་ལ་ཁྲག་སྐྱུགས་ནས་ཤི། གཞན་ཐམས་ཅད་ཟླ་བ་ནས་ཤིའོ། །དེར་སྲས་ཀྱི་ཐུགས་ལ་སྔར་སྡིག་པ་མང་པོ་བྱས། ད་མ་ཅིག་གིས་གདམས་ངག་བསྟན་པ་འདི་ཉམས་སུ་བླང་དགོས་སྙམ་ནས་གཉན་ཁྲོད་ཤ་སྟག་མཛད་པས་དྲི་མ་མེད་པའི་དོན་མངོན་དུ་གྱུར་པ་དང་། མ་ཅིག་གི་ཞལ་ནས་ཁྱོད་ལ་དོན་གྲུབ་བྱ་བ་ཡིན་གསུངས་སོ། །
དེ་ནས་མ་ཅིག་སྐུ་གནས་སུ་བྱོན་ནས་གང་པར་ཨེ་ཆུང་དུ་ཚོགས་འཁོར་མཛད་པའི་དུས་སུ། བྱིན་དབྱངས་ཆེན་མོ་མཛད་ནས་ང་དགུ་བཅུ་གོ་གསུམ་ལ་འགྲོ་སྙམ་ཙ་ན་ཚོགས་འཁོར་དེས་ལོ་ལྔ་སྡོད་པར་འདུག་གསུངས་སོ། །དེ་ནས་སྲས་རྒྱལ་བ་དོན་གྲུབ་ཀྱིས་མ་ཅིག་གླང་ལུང་དགོན་པར་གདན་དྲངས་ནས་བཞུགས་པའི་ཐོ་རངས་མ་ཅིག་གི་ཞལ་ནས། སེམས་ཉིད་མཐོང་པའི་མཐོང་ལུགས་འདི། །མཐོང་བ་ཕལ་གྱི་དོ་ཟླ་མིན། །སྐྱེ་མེད་རྟོགས་པའི་རྟོག་པ་འདི། །རྟོག་པ་ཕལ་གྱི་དོ་ཟླ་མིན། །དྲན་དུ་མེད་པའི་ཉམས་མྱོང་འདི། །ཉམས་མྱོང་གཞན་གྱི་དོ་ཟླ་མིན། །འགྱུར་མེད་ཐོབ་པའི་འབྲས་བུ་འདི། །འབྲས་བུ་གཞན་གྱི་དོ་ཟླ་མིན། །ཕུང་པོ་འབོར་ཡང་ཉམ་ང་མེད། །ང་ནི་ཆོས་ཀྱི་དབྱིངས་སུ་འགྲོའོ་གསུངས་སོ། །
དེ་ནས་སྲས་ཀྱིས་མ་ཅིག་སེམས་ཅན་རེ་རེའི་མདུན་དུ་བྱོན་ནས་འདུལ་མོད་ཀྱི། འོན་ཀྱང་ཞིང་ཁམས་གང་དུ་བཞུགས་གསོལ་བ་གང་དུ་གདབ། གཅོད་ཀྱི་བསྟན་པ་སུས་རྒྱས་པར་བྱེད་ཞུས་པས། ང་ནི་འཁོར་བ་མ་སྟོང་བར། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད། །ཞིང་ཁམས་ཆོས་ཀྱི་དབྱིངས་སུ་འགྲོ། །གསོལ་བ་དག་སྣང་སྦྱོངས་ལས་ཐོབ། །ལུས་ཀྱི་བཀོད་པ་དཔག་ཏུ་མེད་ཀྱང་། ད་སྟེ་མི་གསུམ་ཙམ་ན་ལན་ཐོས་ཞེས་བྱར་མཚན་གཟུང་ནས། ང་རང་གི་ཆོས་འདི་རྒྱས་པར་བྱེད་གསུངས་སོ། །ཆོས་ཀྱི་དབྱིངས་སུ་གཤེགས་སོ། །མ་ཅིག་ལ་སྐུའི་སྲས་དང་། ཐུགས་ཀྱི་སྲས་གཉིས་ལས། སྐུའི་སྲས་རྒྱལ་བའི་དོན་གྲུབ། དེ་ལ་སྲས་སྔ་ཚར་དང་ཕྱི་ཚར་དང་གཉིས་ལས། སྔ་ཚར་ལ་གསུམ་བྱུང་པའི་ཆེ་ཤོས་སྟོན་པ་གཟུངས་དཔལ་མགོན། འབྲིང་པོ་གང་པ་བསམ་གྲུབ། ཆུང་བ་བླ་མ་སྐྱེ་མེད་དོ། །ཕྱི་ཚར་གྱི་སྲས་ཁམ་བུ་ཡ་ལེའོ། །ཐོད་སྨྱོན་བསམ་གྲུབ་ལ་སྲས་གང་པ་སེང་དང་། ལ་སྟོད་ཀྱི་མ་ཉག་གེའོ། །
གཉིས་པ་ཐུགས་ཀྱི་སྲས་ཡར་ལུང་གི་ཁུ་སྒོམ་ཆོས་སེང་དང་། ལ་སྟོད་ཀྱི་མ་ཇོ་ཉག་གེའོ། །དེ་ནས་ཁུ་སྒོམ་མ་ཅིག་གི་ཐུག་ཟིར་དུ་གྱུར་ནས་ཕྱག་ཕྱིར་ལོ་མང་པོ་བཞུགས། ཁ་འཐོར་ཉམས་ཀྱི་གདམས་པ་རྣམས་མ་ལུས་པར་ཞུས་ནས། གདམས་ངག་འདི་ལ་གོང་ནས་བརྒྱུད་པའི་གདམས་ངག་མི་བདོག་ཞུས་པས་བཀའ་བརྒྱུད་དོན་གྱི་གདམས་ངག་བྱ་བ་སངས་རྒྱས་ནས་བརྒྱུད་པ་ཟམ་མ་ཆད་པ་དེས་ཞལ་གདམས་དང་བཅས་པ་ཡོད་གསུངས། དེ་ཞུ་དགོས་བྱས་པས་རྩིག་གསེབ་ཕ་ཀི་ན་ཡོད་ཅེས་གསུངས་ནས་བལྟས་པས་དབྱར་གོས་དྲེག་པ་ཅན་ཞིག་གིས་དྲིལ་ནས་འདུག་པ་བལྟས་པས། བཀའ་བརྒྱུད་དོན་གྱི་གདམས་ངག་གཞུང་ཆུང་གདམས་ངག་དང་བཅས་པ། དྲོད་ཚད་ཞལ་ཤེས་དང་བཅས་པ་བྱུང་ནས་དགུ་བཅུ་རྩ་གསུམ་ནས་གོ་ལྔའི་བར་དུ་གདམས་ངག་རྣམས་མ་ལུས་པར་ཚང་བར་ཞུས་སོ། །མ་ཅིག་གྲོངས་ཁར་སྲས་ཀྱིས་གདམས་ངག་ཚང་བ་སུ་ཡོད་བྱས་པས། བཙུན་པ་ཁུ་སྒོམ་དང་མ་ཇོ་ཉག་མོ་འདི་ཕྱིས་ཁུ་སྒོམ་གྱི་སྲས་ལ། མ་ཅིག་གི་ཕྱག་ནས་བཀའ་བརྒྱུད་དྲོད་ཚད་ཞལ་ཤེས་དང་བཅས་པ་འདི་གནང་པ་མི་འབྲིའམ་བྱས་པས། སྲས་ཀྱི་ཞལ་ནས་ངའི་མ་དེ་དང་པོ་ལུས་སྐྱེད་པའི་མ། བར་དུ་ཟང་ཟིང་འབོགས་པའི་མ། ཐ་མ་གདམས་ངག་སྟོན་པའི་མ་ཡིན་པས་མས་ང་ལ་སྙིང་སྲིང་མི་བྱེད་ཁ་འཐོར་ཉམས་ཀྱི་གདམས་ངག་འདི་ལས་ཟབ་པ་མེད་ཀྱང་། ངས་ཡི་གེ་ཡང་མི་ཤེས་གསུངས་ནས་མ་བཞེད་དོ། །ཁུ་སྒོམ་ཆོས་སེང་གིས་དོལ་པ་ཟང་ཐལ་ལ་གནང་སྟེ། དོལ་པས་དང་པོ་ཉང་སྟོད་ཀྱི་འབྲེ་ཤཱཀྱ་ལ་བྱམས་ཆོས་དང་དབུ་མ་ཚར་གསུམ་ནས་མཁས་པར་བསླབ། དཔེ་རྣམས་བྲིས་ནས་སྤུན་ཟླ་ལ་ང་བཤད་པ་བྱེད་པ་ཡིན་བྱས་པས། མ་སྨད་གཉིས་ཀོང་པོར་བྲོས་ནས་མ་བྱུང་པས་སྐྱོ་བ་སྐྱེས་ཏེ། དཔེ་རྣམས་མཆེད་གྲོགས་ལ་སྤོང་དག་བྱས་ནས་རེ་ཐུལ་གསོལ་ཏེ་ཁྱམ་དུ་བྱོན་པས། ཁུ་སྒོམ་ཆོས་སེང་དང་མཇལ་ནས་ཁ་འཐོར་རྣམས་ཞུས། ཕྱིས་བཀའ་བརྒྱུད་པ་མཐོང་ནས་ཞུས། སྟོན་ཁ་ཆ་རྐྱེན་ཁྱེར་ནས་ཡར་ལུང་དུ་ཤོག །སྒོ་འབྱེད་བྱས་ལ་བྱིན་ཅིག་གསུངས་ནས་སྟོན་ཁ་ལོངས་སྤྱོད་ཅི་ཡོད་ཕུལ་ནས་ཞུས་པས། གདམས་ངག་ཞལ་ཤེས་དང་བཅས་པ་ཐམས་ཅད་གནང་། ཡང་རྒྱལ་ཁམས་ན་གཅོད་སུ་མཁས་དྲིས་པས་སྨད་ན་རྒྱ་དར་སེང་། སྟོད་ན་རྒྱ་གཅེར་བུ་མཁས་ཟེར། རྒྱ་དར་སེང་དང་ལབ་པས་གདམས་ངག་ཁོ་ཆེ་བར་འདུག །རྒྱ་ནག་གཅེར་བུ་ཡར་ལུང་དུ་བྱོན་པ་དང་གླེང་པས་ཞི་བྱེད་རྨ་ལུགས་ཁོས་མི་ཆེ་བར་འདུག །དེ་ནས་བླ་མས་གཅེར་བུར་ཆོས་བཤད་ཀྱིན་འདུག་ནས་སློབ་མ་ཀུན་ལ་དྲིས་པའི་གཅོད་ཡིན་ཟེར། བླ་མ་རང་ལ་དྲིས་པས་ངའི་འདི་བདུད་ཀྱི་གཅོད་ཡུལ་ཡིན་ཟེར་ནས་སུ་ལ་ཞུས་བྱས་པས་བླ་མ་ཐོད་པ་ལ་ཞུས་བྱས་ཟེར། གཅོད་ལ་གླེང་པས་གདམས་ངག་གི་གནད་རྣམས་མི་འདུག་ནས། ཁྱེད་ཀྱི་རྣམས་ཀྱང་ལེགས་པར་འདུག་སྟེ། བཀའ་བརྒྱུད་ཀྱི་གདམས་ངག་བྱ་བ་གེགས་སེལ་དྲོད་ཚད་ཞལ་ཤེས་ཀྱི་བྱ་ར་བ་དང་བཅས་པ་བྱ་བ་ཡོད་པ་ཡིན་ཏེ་མི་གདའ་བྱས་པས། དེ་རྣམས་ཞུ་དགོས་བྱས་ནས་ལོངས་སྤྱོད་ཆེན་པོ་ཕུལ་ཏེ། ད་ངའི་རྩ་བའི་བླ་མ་ཞུ་བ་ཡིན་ཟེར། གདམས་ངག་མ་ལུས་པར་ཞུས་སོ། །དེ་ནས་ངེས་ཤེས་ཐུན་མོང་མ་ཡིན་པ་སྐྱེས་ནས་དེ་ཀ་ཙུག་ཡར་ལུང་གི་ན་སྦལ་འདྲའི་ཆུ་མིག་ནག་པོ་ལ་གཅོད་མཛད་པས་ཆུ་མིག་དངོས་སུ་ཁོལ་བ་དང་། མི་ནག་པོས་དྲུད་པ་དང་གྲིས་བརྒྱབས་པ་ལ་སོགས་པ་དངོས་སུ་བྱུང་ནས་མཛེ་དངོས་སུ་ཐོན་པ་དང་། ལྷ་འདྲེ་དམ་ལ་ཐོགས་པ་བྱུང་ངོ་། །དེའི་དུས་ཆོ་འཕྲུལ་ཐམས་ཅད་སེམས་སུ་ཤེས་སེམས་ཉིད་སྟོང་པར་རྟོགས་སོ། །དེ་ནས་ལྷ་འདྲེའི་བར་ཆད་ཀྱིས་མི་ཚུགས་པས་ལྷ་འདྲེ་རྣམས་སླར་མོས་ནས་ལོངས་སྤྱོད་ཆེན་པོ་ཕུལ་བས་བསོད་ནམས་མེ་འབར་བཞིན་སོང་ནས་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་བྱུང་ངོ་། །བླ་མ་ཆར་ཆེན་ཆར་ཆུང་ལ་ཡང་གདམས་ངག་མང་པོ་ཞུས། དབུ་སྔས་ལ་འཇོག་མ་མྱོང་བར་ཐུགས་དམ་རྩེ་གཅིག་ཏུ་མཛད་པས་ལྷ་འདྲེ་དམ་ལ་ཐོགས་ཤིང་དྲི་མ་མེད་པའི་དོན་ཇི་ལྟ་བ་མངོན་དུ་གྱུར་ཏོ། །བླ་མ་གཅེར་བུ་ལ་སློབ་མ་དཔག་ཏུ་མེད་ཀྱང་། གདམས་པ་རྣམས་བླ་མ་སངས་རྒྱས་རབ་སྟོན་ལ་གནང་ངོ་། །བླ་མ་རབ་དེ་སྐུ་རབ་བཟད་གྲོང་དུ་འཁྲུངས། སྔགས་གསར་རྙིང་མང་པོ་མཁྱེན་ཡང་། གདམས་པ་རྩད་བཅད་པས་ལག་ལེན་གྱི་ཆོས་ལ་གཅོད་ཟབ་པར་འདུག་ཟེར་ནས། བླ་མ་གཅེར་བུ་ལ་ཆོས་ཞུས་པས་རྟོགས་པ་འཁྲུངས། ལྷ་འདྲེ་ཐམས་ཅད་དམ་ལ་ཐོགས། ཕྱིས་ཐུགས་ཟིན་དུ་གྱུར་ནས། གདམས་ངག་རྣམས་ཀྱང་མ་ལུས་པར་གནང་། དགོན་པ་གཏད་ནས་བུའི་དམ་པ་མཛད་དོ། །སངས་རྒྱས་རབ་སྟོན་གྱི་བླ་མ་ཟལ་མོ་ལ་གནང་། བླ་མ་ཟལ་མོ་བ་དེས་འཕགས་ཡོག་དུས་གསུམ་དང་ཕར་ཕྱིན་དང་དགྱེས་རྡོར། བདེ་མཆོག་ལ་སོགས་པ་བཀའ་པོད་གདམས་ངག་མང་པོ་མཁྱེན་ཡང་སྔོན་གྱི་ལས་འཕྲོས། ཨརྱ་དེ་བའི་གཞུང་དེ་གཟིགས་པས་མོས་ནས་འདི་སུས་ཤེས་བྱས་དྲིས་པས་བླ་མ་རབ་མཁས་ཟེར་ནས། ལྷ་རྗེ་དོན་གྲུབ་དང་གཉིས་ཀྱིས་བྱོན་ནས་གཞུང་འདི་གདམས་ངག་མ་ལུས་པ་ཞིག་དགོས་བྱས་པས་ཆ་རྐྱེན་དྲག་ཏུ་འཁྱེར་ལ་ཤོག་གསུངས་ནས། དེ་དུས་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་བརྡེག་ལ་ཆོས་འབྲེལ་མཛད། དེ་ནས་ཆ་རྐྱེན་བསླངས་ནས་སེམས་བསྐྱེད་དང་གདམས་པ་རྣམས་ཞུས། ཚར་གཉིས་ལ་བླ་མས་གསུང་ཚད་ཐུགས་སུ་ཆུད། ཡང་ཚར་གཉིས་དང་བཞི་ཞུས། ཕྱག་དཔེ་ཡང་གནང་ནས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག་པས་སེམས་ཅན་གྱི་དོན་ཅི་འགྲུབ་གྱིས་ཤིག་གསུངས་སོ། །དེའི་ནུབ་མོ་རྨི་ལམ་ན་བླ་མས་བརྒྱད་སྟོང་པ་ཞིག་གནང་ནས་ཐུགས་དམ་གྱིས་གསུངས་པ་ལ། དགའ་ནས་ཞལ་ཕྱེ་བས་ཐམས་ཅད་རླུང་གིས་འཁྱེར། དབུས་གཙང་ཐམས་ཅད་དུ་ཁྱབ་པ་ཞིག་རྨིས་ནས་བླ་མ་ལ་ཞུས་པས་དབུས་གཙང་གཉིས་ཁྱོད་ཀྱི་གཅོད་ཀྱི་ལུགས་ཀྱིས་མ་ཁྱབ་པ་མི་ཡོང་བར་འདུག་གསུངས་ནས། ཞབས་དབང་ཞུ་བྱས་པས་ང་ལ་བརྙས་པ་མི་བྱེད་པར་འདུག་པས་བྱིན་རླབས་ཀྱི་བཀའ་ཐམས་ཅད་ཁྱོད་ལ་འབབ་པར་འདུག་གསུངས་སོ། །
དེ་ལ་ཁ་འཐོར་ཤེས་ཀྱང་གཉན་སར་འགྲོ་མ་ནུས་པ་ལ། བཀའ་བརྒྱུད་འདི་ཞུས་ནས་དགེ་བཤེས་སྟོན་གྲགས་དང་དཀར་སྟོན་གཉིས་གཉན་སར་ཁྲིད་ནས་གཅོད་བྱས་པས། ངེད་གསུམ་གྱི་མཛེ་དུས་ཅིག་ཐོན། ལྷ་འདྲེ་དམ་ལ་ཐོགས་ནས་དགོན་པ་ཕུལ། ནད་གདོན་སེལ་བ་ལ་ཚེགས་མེད་པ་བྱུང་། དྲི་མ་མེད་པའི་དོན་ཁོང་དུ་ཆུད། དེ་ནས་སེམས་ཅན་ལ་ཕན་ཐོགས་ཆེན་པོ་བྱུང་གསུངས་སོ། །བླ་མ་ཟལ་མོ་བས་གདམས་ངག་ཆིག་བརྒྱུད་རྣམས། བླ་མ་སུམ་པ་ཁ་རག་ཤར་གྱི་རས་པ་ལ་གནང་ནས་མཛེ་ཐོན། སྐྱེ་མེད་ཀྱི་དོན་ཁོང་ཆུད་ནས་སེམས་ཅན་མང་པོའི་སྨིན་གྲོལ་མཛད་དོ། །བླ་མ་རས་པ་བདག་གིས་ཐུགས་བསྐྱེད་ལན་བཅུ་གསུམ་དང་གཅོད་ཚར་བཅུ་གསུམ་ཞུས། ལོངས་སྤྱོད་ཉམས་ལེན་གྱིས་མཉེས་པར་བྱས་པས་ཞལ་གདམས་ཆིག་བརྒྱུད་རྣམས་མ་ལུས་པར་གནང་ལུང་བསྟན་ཡང་མཛད་དོ། །
བླ་མ་སྤང་པོ་བ་ལ་འཕྲུལ་གཅོད་ཞུས། སློབ་དཔོན་ཇོ་གདན་པ་ལ་ངོར་ལུགས་ཞུས། སློབ་དཔོན་གཙང་པ་ལ་གྲ་པ་ཉག་སྟོན་ལུགས་རྣམས་ཞུས། སྲས་མོ་ལན་ཐོས་ལ་གླང་ཞིག་བུར་ལྟང་ཞིག་རེ་སྣམ་ཞིག་ཕུལ་ནས་ཐུན་མོང་མ་ཡིན་པའི་དབང་བཀའ་དང་། ཉམས་བརྒྱུད་ཀྱི་གདམས་པ་རྣམས་མ་ལུས་པར་ཞུས། དེ་ལྟར་བླ་མ་བཞི་རྩ་བའི་བླ་མ་གསུམ་གྱི་གདམས་ངག་རྣམས་གཉན་ཁྲོད་དུ་ལོ་ལྔ་ཤི་ནུས་ཀྱི་ཐོག་འགེལ་བྱས་ནས་ཉམས་སུ་བླངས་པས་མཛེ་ནད་བུ་ཚབས་ཆེན་ཐོན་པས་བླ་མ་ལ་མོས་གུས་ཐོབ་ཅིང་ཆོས་ལ་ངེས་ཤེས་གཏིང་ནས་སྐྱེས་པ་ཡིན། དེ་ལ་གདམས་ངག་འདི་ལ་བླ་མ་གོང་མ་རྣམས་ཀྱི་ཉམས་ལེན་བྱས་པས་གྲོལ། ངས་ཀྱང་ཉམས་ལེན་བྱས་པས་བྱུང་། ཕྱི་རབས་རྣམས་ཀྱིས་ཀྱང་ཉམས་ལེན་བྱས་པས་ཇི་ལྟར་བཞིན་དུ་འོང་ངོ་། །
དེ་ཡང་གདམས་ངག་མཚན་ཉིད་གསུམ་ལྡན་ནི། བྱས་སམ་བྱུང་ངམ་འོང་ངམ་གསུམ་ཡིན་ནོ། །བླ་མ་རྣམས་ཀྱིས་རང་གཞན་གྱི་ནད་གདོན་བསལ་བ་དང་། གཉན་སའི་ཆོ་འཕྲུལ་དང་དམ་ཐོགས་དང་དབང་འདུས་ཚར་ཚད་ཀྱི་རྣམ་ཐར་དང་རྟོགས་པ་འཁྲུངས་པ་དང་། གན་རྟོག་ལ་འཁོད་པ་ལ་སོགས་པ་མི་དང་མི་མ་ཡིན་དཔག་ཏུ་མེད་པའི་སྨིན་གྲོལ་མཛད་པ་རྣམས་ནི། རྣམ་ཐར་རྒྱས་པ་ལས་ཤེས་པར་བྱའོ། །བླ་མའི་རྣམ་ཐར་བསྡུས་པ་རིན་ཆེན་ཤེལ་འཕྲེང་ཞེས་བྱ་བ་སློབ་མའི་དོན་དུ་བཀོད་པའོ། །འགྲོ་བའི་མགོན་པོ་སངས་རྒྱས་སྟོན་པ་ལ། མཁས་གྲུབ་ཆོས་རྗེས་ཞུས། དེ་ལ་མཁས་བཙུན་སངས་རྒྱས་ཀྱིས་ཞུས། དེ་ལ་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་བདག་གིས་དཔལ་བསམ་སྡིངས་ཀྱི་རི་ཁྲོད་དུ་ཞུས་པའོ།། །།མངྒ་ལཾ།
སྒོ་འབྱེད་བཅུ་པ།
༄༅། །སྒོ་འབྱེད་བཅུ་པ་བཞུགས་སོ། །ཆོས་དབྱིངས་དམིགས་མེད་སྤྲོས་བྲལ་མི་དམིགས་ནམ་མཁའ་ལ། །སྨོན་ལམ་བྱམས་བརྩེ་ཚད་མེད་གཟུགས་སྐུའི་ཉི་ཟླ་རྒྱས། །དྲི་མེད་ཕན་བདེའི་འོད་ཀྱིས་འགྲོ་རྣམས་ལམ་སྟོན་པའི། །རྒྱལ་བ་རྒྱལ་སྲས་ཆོས་རྒྱལ་བླ་མའི་ཞབས་ལ་འདུད། །བདུད་དང་འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས། །ཆོས་ཀྱི་རྟོགས་པས་ལམ་དུ་འཁྱེར་བྱས་ནས། །དེ་ཡི་དོན་ཆེན་དངོས་གྲུབ་ཐོབ་བྱེད་པའི། །ལམ་མཆོག་མཐར་ཕྱིན་གཅོད་ཀྱི་ཞལ་གདམས་བྲི། །གཅོད་ཀྱི་གདམས་པ་འདི་ལ་སྤྱི་ཁྲིད་དང་། ཉམས་ཁྲིད་དང་། ཞལ་གདམས་གསུམ་དུ་ཡོད་པ་ལས། སྤྱི་ཁྲིད་སྔོན་དུ་སོང་བས་ཉམས་ཁྲིད་ལེགས་པར་བསྐྱང་པར་བྱ། ཉམས་ཁྲིད་སྔོན་དུ་བསྐྱངས་ནས་ཞལ་གདམས་སྒོ་འབྱེད་བཅུ་པ་བསྟན་པར་བྱའོ། །དབང་བསྐུར་ཆོས་ཀྱི་སྒོ་འབྱེད། ངོ་སྤྲོད་ནམ་མཁའ་སྒོ་འབྱེད། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད། རྨི་ལམ་ཉི་ཟླ་སྒོ་འབྱེད། བར་དོ་འོད་གསལ་སྒོ་འབྱེད། གེགས་སེལ་རྟེན་འབྲེལ་སྒོ་འབྱེད། བོགས་འདོན་ཡོན་ཏན་སྒོ་འབྱེད། གཞན་དོན་ཕྲིན་ལས་སྒོ་འབྱེད། གྲུབ་མཐའ་ཁྱད་འཕགས་སྒོ་འབྱེད་དང་བཅུའོ། །
དབང་བསྐུར་དང་པོ་ངོ་སྤྲོད་གཉིས་ནི་གདམས་པའི་གོ་རིམ་གྱིས་འདིར་བསྟན་ཡང་ལག་ལེན་གྱི་རིམ་པས་ཐོག་མ་ཉིད་དུ་འབྱུང་ངོ་། །དང་པོ་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ནི། ཏིང་ངེ་འཛིན་གྱི་དབང་ལ་བརྟེན་ནས་ཆོས་སྒོ་འབྱེད་པར་བྱས་ཏེ། དེ་ལ་མཚན་ཉིད་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་རྗེས་སུ་བཟུང་བར་འདོད་པས་དབེན་པའི་གནས་སུ་ཕྱགས་དར་བྱས་ལ་བླ་རེའི་དང་ཡོལ་བ་དབུབ། སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། རས་གཙང་མའི་སྟེགས་བུའི་ཁར་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་པ་རྣམ་པ་ལྔ་བཤམ། གཏོར་མ་ཆེ་བ་གཅིག་འབྲིང་པོ་གསུམ་དང་བཞི་བཤམ། ཚོགས་ཀྱི་ཡོ་བྱད་ཅི་ཙམ་འབྱོར་པ་བཤམས་ལ། དབང་ཞུ་བ་རྣམས་ཕྱི་རོལ་དུ་ཁྲུས་བྱས་ལ་སྒོ་གདོང་དུ་གུ་གུལ་གྱི་དུད་པས་བདུག །ཐུན་རྡེག །བགེགས་བསྐྲད་བྱས་ལ་ནང་དུ་གཏང་། དེ་ནས་མཆོད་པ་རྣམ་པ་ལྔ་འབུལ་ལོ། །
དེ་ནས་བླ་མས་འདི་སྐད་བྱས་ཏེ། འོ་ན་ཐུགས་ལ་འདི་ལྟར་གཞག་པར་ཞུ། དུས་ད་རེས་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ལ་སྐྱེས། རྟེན་མི་ལུས་གཙང་མ་ཐོབ། དབང་པོ་ལྔ་ཚང་། རྒྱུད་ལ་དད་པ་བརྟན་པོ་ཡོད། ཡུལ་བླ་མ་མཚན་ཉིད་དང་ལྡན་པ་མཇལ། ཐེག་པ་ཆེན་པོའི་བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་བདུད་ཀྱི་གཅོད་ཡུལ་ལྟ་བུ་ཉམས་སུ་བླང་དུ་ཡོད་པ་འདི་འོ་སྐོལ་རྣམས་བསོད་ནམས་བསགས་པ་ཡིན་ཏེ། དེ་ལྟ་བུའི་གཅོད་འདི་ཉམས་སུ་ལེན་པར་བྱ་བ་ལས། ཕྱི་ལྟར་ན་ཕ་རོལ་ཕྱིན་པའི་དགོངས་པ་ཡིན། ནང་ལྟར་གསང་སྔགས་དོན་གྱི་དགོངས་པ་དང་ལྟ་བ་ཡང་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ཉམས་ལེན་ཡང་ཡིན་པས་འདིའི་ངོ་སྤྲོད་འབོགས་པའི་སྔོན་དུ་རྒྱུད་སྨིན་པར་བྱེད་ཅིང་། ཟབ་མོ་ཉན་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་དབང་བསྐུར་དགོས་པས་སྔར་ཐོབ་ན་ཡང་ཤིན་ཏུ་ལེགས། སྔར་མ་ཐོབ་ན་ཡང་འདིར་ཐོབ་པར་བྱེད་པ་ཡིན་ནོ། །དེ་ལ་ཆོ་གའི་སྦྱོར་དངོས་རྗེས་གསུམ་དུ་ཡོད་པ་ལས། སྦྱོར་བ་ལ་སྔོན་དུ་སྐྱབས་འགྲོ་དང་། སྡོམ་པ་དང་། སེམས་བསྐྱེད་འབོགས་པའི་ཕྱིར་བླ་མ་ལ་ཕྱག་འཚལ། མེ་ཏོག་གཏོར། རྗེས་བཟློས་བྱའོ། །སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་ལ། །བྱང་ཆུབ་བར་དུ་བདག་ཉིད་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར། །དཀོན་མཆོག་གསུམ་གྱིས་རྗེས་སུ་གཟུང་དུ་གསོལ། །ལན་གསུམ་བྱ་བ་ནི་སྐྱབས་འགྲོའི་ཆོ་གའོ། །
སྡོམ་པ་འབོགས་པ་ནི། རིགས་ཀྱི་བུ་ཁྱེད་རྣམས་སོ་སོ་ཐར་པའི་རིགས་བདུན་ལས་གང་ཡང་རུང་བའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་། རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སྔར་བརྟེན་ནམ་ད་གཟོད་བརྟེན་པར་སྤྲོའམ་བྱ། སྤྲོ་ལགས་སོ་བྱའོ། །དེ་སྡོམ་པ་གསུམ་ཀྱི་ཆོ་ག་བླང་བ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། འཁོར་བའི་སྡུག་བསྔལ་ལས་བསྒྲལ་བྱའི་ཕྱིར། མི་དགེ་སྤོང་བའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། བདག་གིས་རྟག་ཏུ་གཟུང་བར་བགྱིའོ། །དེང་ནས་བརྩམ་སྟེ་མི་སྤང་ཞིང་། གུས་པའི་ཚུལ་གྱིས་སློབ་པར་བགྱིའོ། །ཞེས་ལན་གསུམ་བྱའོ། །དེ་ནས་དབང་ཞུ་བའི་ཕྱིར་གསོལ་བ་གདབ་པ་ནི། འགྲོ་བའི་བླ་མ་སྟོན་པ་པོ། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ལ། །མགོན་པོ་ཁྱེད་ནི་དཔལ་དུ་བྱོན། །དེ་རིང་བཀའ་དྲིན་གནང་དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས་སློབ་དཔོན་གྱི་འདི་སྐད་བརྗོད། འོ་ན་འདི་ལྟར་ཐུགས་ལ་གཞག་པར་ཞུ། སློབ་མ་རྣམས་རྗེས་སུ་བཟུང་བའི་ཕྱིར་བདུད་ཀྱི་གཅོད་ཡུལ་གྱི་ངོ་སྤྲོད་འདེབས་པའི་སྔོན་དུ་རྒྱུད་སྣོད་དུ་རུང་བར་བྱེད་པ་དབང་བསྐུར་བར་བྱེད་པའི་སྐབས་ཡིན་པས་དེ་ལ་གསུམ། དབང་ཐོབ་པའི་ཕན་ཡོན་དང་། མ་ཐོབ་པའི་ཉེས་དམིགས་དང་། ཇི་ལྟར་བསྐུར་ཚུལ་གསུམ་ལས་ཐོབ་པའི་ཕན་ཡོན་ནི། གནས་སྐབས་སུ་གདམས་པ་ཟབ་མོ་ཉན་པའི་སྣོད་དུ་རུང་བ། ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་གདབ་ཏུ་བཏུབ་པ། མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ཕྲིན་ལས་བཞིའི་ངོ་བོར་སངས་རྒྱས་པ་ཡིན་ནོ། །དཔལ་དེ་ཉིད་འདུས་པ་ལས། ཡོངས་སུ་རྫོགས་པའི་དབང་ཐོབ་ནས། །སངས་རྒྱས་གོ་འཕང་རྒྱང་མི་རིང་། །ལག་ན་རིན་ཆེན་ཐོབ་པའི་མིས། །ལོངས་སྤྱོད་རྒྱང་མི་རིང་པ་བཞིན། །ཞེས་སོ། །དབང་མ་ཐོབ་པའི་ཉེས་དམིགས་ནི། སྣོད་དུ་མི་རུང་པས་གདམས་པ་ཉན་པ་ལ་མི་དབང་སྐལ་བ་མེད་པ་ལ་ངོ་སྤྲོད་གདབ་ཏུ་མི་རུང་། རྗེས་གནང་མེད་པས་ཉམས་སུ་བླང་དུ་མི་རུང་པས་སོ། །དུས་ཀྱི་འཁོར་ལོ་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བའི་མར་དང་འདྲ། །དེས་ན་དབང་བསྐུར་དམ་པ་ཡིན། །རབ་ཏུ་འབད་དེ་བླང་བར་བྱ། །ཞེས་སོ། །
ཇི་ལྟར་དབང་བསྐུར་ཚུལ་ལ་གཉིས་ལས། རྒྱུད་སྣོད་དུ་རུང་བའི་བུམ་དབང་བསྐུར་བ་དང་། འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་བསྐུར་བའོ། །དང་པོ་ནི་མཎྜལ་གྱི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་པ་གཅིག་བསམ། དབུས་ཀྱི་ལྟེ་བ་ལ་མ་ཅིག་ལབ་ཀྱི་སྒྲོན་མ་ངོ་བོ་བླ་མ་རྣམས་དང་། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་སྐུ་གཅེར་བུ་སྐུ་མདོག་མཐིང་ག །སྐུ་ལ་དུར་ཁྲོད་ཀྱི་རྒྱན་དྲུག་གསོལ་བ་མི་མགོའི་དོ་ཤལ་ཐོད་པའི་དབུ་རྒྱན་མཛད་པ། ཕྱག་གཡས་ན་གྲི་གུག་གཡོན་ན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ། གདན་མི་རོའི་སྟེང་ན་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། སྙན་ཆ་རུས་པའི་ཝཾ་མིག་བཅུག་པ། ཞབས་གཡོན་བརྐྱང་པ། གཡས་བསྐུམ་པ། རྟིང་པ་བྷ་ག་ལ་གཏད་པ། སྐུ་ལ་མེ་རི་དང་མེ་དཔུང་འབར་བ་གཅིག་བསྒོམ་མོ། །དེའི་ཤར་གྱི་འདབ་མ་ལ་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཆ་ལུགས་གཙོ་མོ་དང་མཐུན་པར་བསྒོམ། ནུབ་ཀྱི་འདབ་མ་ལ་པདྨ་རིགས་ཀྱི་མཁའ་འགྲོ་མ་དམར་མོ། ལྷོའི་འདབ་མ་ལ་ཏིང་ངེ་འཛིན་རིགས་ཀྱི་མཁའ་འགྲོ་སེར་མོ། བྱང་གི་འདབ་མ་ལ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ། དེ་ཐམས་ཅད་རྒྱན་དང་ཆ་ལུགས་ཕྱག་མཚན་བཞུགས་ལུགས་གཙོ་མོ་ལྟར་བསྒོམ་མོ། །
དེ་ནས་གཙོ་མོས་བུམ་པ་བདུད་རྩིས་གང་བ་ཕྱག་ཏུ་བསྣམས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ཞལ་ནས་ཚིག་འདི་སྐད་གསུངས་པར་སྒོམས་ཤིག །རྡོ་རྗེ་མཁའ་འགྲོ་ཆུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་སྒྲུབ་ཕྱིར། །རྡོ་རྗེ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་བཛྲ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ་ཞེས་སློབ་དཔོན་གྱིས་བརྗོད་ཀྱིས་ཏིང་ངེ་འཛིན་གྱི་དབུས་ཀྱི་གཙོ་མོས་བརྗོད་པར་བསྒོམས་ལ། སྟེང་གི་ནམ་མཁའ་ལ་བརྒྱུད་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བདུད་རྩིའི་ཆར་བཞིན་འབེབས། རོལ་མོའི་སྒྲ་སྒྲོག །བཀྲ་ཤིས་ཀྱི་དབྱངས་ལེན། འདོད་ཡོན་གྱི་མཆོད་པར་འབུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་སྟེར་བར་སྒོམས་ཤིག་བྱས་ལ་རོལ་མོའི་སྒྲ་སྒྲོག་ཡུན་ཐུང་པ་ཅིག་འུར་རྩེར་སྒྲོག །དེ་རྣམས་དབང་ལྔ་ཆར་ལ་བྱའོ། །དེས་རྡོ་རྗེ་མཁའ་འགྲོའི་ཆུའི་དབང་བསྐུར་བའི་རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་སུ་དག །ཉོན་མོངས་པའི་ཞེ་སྡང་མེ་ལོང་ཡེ་ཤེས་སུ་གནས་གྱུར། འབྱུང་བ་ཆུའི་ལྷ་མོ་མ་མ་ཀིའི་ངོ་བོར་དག་པའོ། །
དེ་ནས་ལྷོའི་འདབ་མའི་སྟེང་ན་བཞུགས་པའི་རིན་ཆེན་མཁའ་འགྲོས་རིགས་ལྔའི་དབུ་རྒྱན་ཁྱེད་རང་རྣམས་ཀྱི་དབུ་ལ་བསྐོན་པར་བསྒོམས་ལ་ཚིག་འདི་གསུངས་པར་སྒོམས་ཤིག །རིན་ཆེན་མཁའ་འགྲོ་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཡོན་ཏན་རབ་སྒྲུབ་ཕྱིར། །རིན་ཆེན་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་རཏྣ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱི་རིན་ཆེན་མཁའ་འགྲོས་བརྗོད་པར་བསྒོམ། སྟེང་གི་ནམ་མཁའ་མན་ཆད་སྔར་དང་འདྲ། དེ་ལྟར་རིན་ཆེན་མཁའ་འགྲོའི་དབུ་རྒྱན་གྱིས་དབང་བསྐུར་བས་ཚོར་བའི་ཕུང་པོ་རིན་ཆེན་རིགས་ཀྱི་ལྷ་ཚོགས་སུ་དག་ང་རྒྱལ་མཉམ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར་འབྱུང་བ་སའི་ལྷ་མོ་སངས་རྒྱས་སྤྱན་དུ་དག་པའོ། །
དེ་ནས་ནུབ་ཀྱི་འདབ་མའི་སྟེང་ན་བཞུགས་པའི་པདྨ་མཁའ་འགྲོས་གསེར་གྱི་རྡོ་རྗེ་ཁྱེད་རང་གི་སྤྱི་བོར་བཞག་པར་བསྒོམ་ལ། པདྨ་མཁའ་འགྲོ་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་གསུང་ནི་རབ་སྒྲུབ་ཕྱིར། །པདྨ་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་པདྨ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ་སློབ་དཔོན་གྱིས་བརྗོད་ཀྱང་ཏིང་ངེ་འཛིན་གྱིས་པདྨ་མཁའ་འགྲོས་བརྗོད་པར་བསྒོམ་མོ། །དེ་ལྟར་པདྨ་མཁའ་འགྲོས་རྡོ་རྗེའི་དབང་བསྐུར་བས་འདུ་ཤེས་ཀྱི་ཕུང་པོ་པདྨ་རིགས་ཀྱི་ལྷ་ཚོགས་སུ་དག །འདོད་ཆགས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སུ་གནས་གྱུར། འབྱུང་བ་མེའི་ལྷ་ཚོགས་གོས་དཀར་མོར་དག་པའོ། །དེ་ནས་བྱང་གི་ལས་ཀྱི་མཁའ་འགྲོས་དངུལ་གྱི་དྲིལ་བུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསྒོམས་ལ། ལས་ཀྱི་མཁའ་འགྲོའི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཕྲིན་ལས་རབ་སྒྲུབ་ཕྱིར། །ལས་ཀྱི་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་ཀརྨ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ་ཚིག་དང་སྔགས་གཉིས་སློབ་དཔོན་གྱིས་བརྗོད་ཀྱང་ལས་ཀྱི་མཁའ་འགྲོས་བརྗོད་པར་བསྒོམ། དེ་ནས་ལས་ཀྱི་མཁའ་འགྲོས་དྲིལ་བུའི་དབང་བསྐུར་བས་འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་སུ་དག །ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་གནས་གྱུར། འབྱུང་བ་རླུང་དམ་ཚིག་སྒྲོལ་མར་དག་པའོ། །དེ་ནས་ཤར་གྱི་དེ་བཞིན་རིགས་ཀྱི་མཁའ་འགྲོས་ཅོད་པན་གསང་མཚན་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་བསམ་ལ། སངས་རྒྱས་མཁའ་འགྲོ་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་སྐུ་ནི་རབ་སྒྲུབ་ཕྱིར། །སངས་རྒྱས་མཁའ་འགྲོར་ཁྱོད་གྱུར་ཅིག །ཨོཾ་བུདྡྷ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ་ཚིག་རྡོ་རྗེ་སློབ་དཔོན་གྱིས་བརྗོད་ཀྱང་དེ་བཞིན་རིགས་ཀྱི་མཁའ་འགྲོས་བརྗོད་པར་བསྒོམ། དེ་ལྟར་སངས་རྒྱས་མཁའ་འགྲོའི་མིང་གི་དབང་བསྐུར་བས་གཟུགས་ཀྱི་ཕུང་པོ་དེ་བཞིན་རིགས་ཀྱི་ལྷ་ཚོགས་སུ་དག །གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་གྱུར། ནམ་མཁའ་སངས་རྒྱས་མཁའ་འགྲོར་དག་པའོ། །དེ་རྣམས་ནི་མ་རིག་པ་ལྔ་རིག་པར་བྱེད་པས་ན་ཐུན་མོང་གི་རིག་པའི་དབང་ཞེས་བྱའོ། །
གཙོ་བོ་བདག་པོའི་དབང་བསྐུར་བ་ནི། མཁའ་འགྲོ་སྡེ་ལྔའི་ཐང་སྐུ་དང་སྒྲུབ་ཐབས་དང་མེ་ལོང་རྣམས་བླ་མས་བཞག་པར་སྒོམས་ཤིག་སྤྱི་བོར་བྱས་ལ་ཚིག་འདི་བརྗོད། སངས་རྒྱས་ཀུན་གྱིས་བྱིན་རླབས་པའི། །རྡོ་རྗེ་མཁའ་འགྲོའི་སྐུ་གསུང་ཐུགས། །བླ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཨོཾ་བཛྲ་ཌཱ་ཀི་ནི་ཀ་ཡ་ཝཀ་ཙིཏྟ་དྷ་ར་ཧཱུྃ་ཞེས་བྱའོ། །དེས་གཙོ་བོ་བདག་པོའི་དབང་ཐོབ་པ་ཡིན་པས་གཅོད་ཀྱི་ཆོས་སྐོར་ཉན་པ་དང་། ཉམས་སུ་ལེན་པ་ལ་དབང་བ་ཡིན་ནོ། །རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ནི། ངས་ཁྱེད་རྣམས་ཀྱི་ཕྱག་གཡས་སུ་རྡོ་རྗེ་གཏད། གཡོན་དུ་དྲིལ་བུ་གཏད། མགོ་ལ་དབུ་རྒྱན་བསྐོན། མཆན་ཁུང་དུ་ཁ་ཊྭཱཾ་ག་གཏད་པར་སྒོམས་ཤིག་བྱས་ལ། རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པས། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཏེ། །རྡོ་རྗེ་སེམས་དཔར་ཁྱོད་གྱུར་ཏོ། །སློབ་དཔོན་ཡོངས་སུ་བསྐུར་བར་བགྱིས། །ཨོཾ་བཛྲ་ཌཱ་ཀི་ནི་མ་ཧ་མ་གུ་ཧཱུྃ་ཞེས་བརྗོད་དོ། །དེ་ནི་སློབ་མའི་ཚོགས་བསྡུས་ནས་གཞན་དོན་བྱེད་པ་ལ་དབང་བའོ། །
འབྲས་བུ་ཡེ་ཤེས་སྐྱེ་བའི་མཆོག་དབང་གསུམ་བསྐུར་བ་ལ་གསུམ་ལས། གསང་དབང་སྒྲུབ་པ་ལས། ཕྱོགས་བཞིའི་མཁའ་འགྲོ་མ་བཞི་དབུས་ཀྱི་གཙོ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་ཐིམ། ཁ་ཊྭཱཾ་ག་ཡབ་ཏུ་གྱུར་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་ཐིག་ལེ་དཀར་དམར་གཙོ་མོའི་བྷ་གའི་ནང་དུ་བབས་ཏེ་ཚུར་ལ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་ལྕེ་འོག་ཏུ་བྱུང་བར་སྒོམས་ཤིག་བྱས་ལ་སློབ་དཔོན་གྱི་ཚིག་འདི་བརྗོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་གནས་ལས་ལེགས་བྱུང་པའི། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་བཛྲ་ཤུ་ཏྲ་རཀྟ་ཨ་མྲྀ་ཏ་ཧཱུྃ་ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཐིག་ལེ་དཀར་དམར་གྱི་རྣམ་པར་ཞུ་ནས་རང་གི་མགྲིན་པར་ཐིམ་པར་སྒོམ་དེ་ནི་གསང་དབང་ངོ་། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དབུས་ཀྱི་གཙོ་མོ་ཕོ་བྲང་གི་དབུས་ནས་བྱོན་ཏེ་སྐྱེས་པ་རྣམས་ཀྱི་དོན་དུ་རྡོ་རྗེ་མཁའ་འགྲོར་གྱུར། བུད་མེད་རྣམས་ཀྱི་དོན་དུ་རྡོ་རྗེ་རིགས་ཀྱི་ཧེ་རུ་ཀར་གྱུར་ཏེ་རང་དང་ཞལ་སྦྱར་བར་སྒོམས་ཤིག་བྱས་ལ་སློབ་དཔོན་གྱིས་བརྗོད་དོ། །སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པའོ། །བདེ་ཆེན་ཐབས་དང་ཤེས་རབ་འདི། །ལོངས་སྤྱོད་རྟག་ཏུ་བརྟན་པར་གྱིས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །ཨོཾ་བཛྲ་མ་ཧཱ་སུ་ཁ་ཤུ་ནྱེ་ཏ་ཧཱུྃ་ཞེས་སྙོམས་པར་ཞུགས་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་རྒྱུད་ལ་སྐྱེ་བར་བསྒོམ་མོ། །
ཚིག་དབང་བསྐུར་བ་ནི། ཡུམ་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དེ་རང་ལ་ཐིམ། དབང་སྐུར་མཁན་གྱི་སློབ་དཔོན་ཡང་རང་ལ་ཐིམ། སྣོད་བཅུད་ཐམས་ཅད་རང་ལ་ཐིམ་སྟེ་རང་ཡང་འཇའ་ཡལ་བ་བཞིན་དུ་སྟོང་པ་ཉིད་དུ་སོང་ནས་དབང་སྐུར་མཁན་གྱི་སློབ་དཔོན་དང་ལེན་པའི་སློབ་མ་བསྐུར་བྱའི་དབང་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པར་སྒོམས་ཤིག་བྱས་ལ་སློབ་དཔོན་འདི་སྐད་བརྗོད་དོ། །
འདི་ལྟར་ཁྱོད་དང་བརྟན་གཡོའི་ཚོགས། །སྒྱུ་འཕྲུལ་ཆེན་པོའི་རང་བཞིན་ཅན། །ཐམས་ཅད་ཆོས་སྐུ་མཉམ་པ་ཉིད། །རིགས་ཀྱི་བུ་ཁྱོད་དབང་བསྐུར་རོ། །ཨོཾ་སྭ་བྷ་ཝ་ཤུདྡྷ་དྷརྨ་སྭ་བྷ་བ་ཤུདྡྷྭ་ཧཾ་ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་སེམས་ཀྱི་ཆོ་འཕྲུལ་དག་པ་སྐུ་གསུམ་གྱི་ངོ་བོ་སྐྱེ་མེད་སྟོང་པའི་རང་བཞིན་ཡིན་སྙམ་དུ་བསམ་མོ། །དེ་ཉམས་ནི་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བའི་ཆོ་གའོ། །དབང་ཐོབ་པའི་ཕན་ཡོན་དང་མ་ཐོབ་པའི་ཉེས་དམིགས་ཇི་ལྟར་འབྱུང་ཚུལ་ལོ། །དེ་ནས་བླ་མར་ཅི་འབྱོར་པའི་ཡོན་ཕུལ་དབང་བཞིར་རྫོགས་སུ་གནང་བ་བཀའ་དྲིན་ཆེ་ལགས་སོ་བྱའོ། །དེ་ནས་ཚོགས་ལ་རོལ་རྡོ་རྗེའི་གླུ་བླངས་གར་བྲོ་བྱ། གཏོར་མ་དང་པོ་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབ་ལ་བླ་མ་ཡི་དམ་ལ་འབུལ། གཏོར་མའི་དབང་བསྐུར་བའི་དམིགས་པ་གཅོད་གཞན་ནས་བཤད་པ་བཞིན་བྱ། ཚོགས་རོལ། གཉིས་པ་མཁའ་འགྲོ་ལ་འབུལ། གསུམ་པ་ཆོས་སྐྱོང་ལ་འབུལ། བཞི་པ་གཞི་བདག་དཀར་ཕྱོགས་སྐྱོང་བ་སྤྱི་ལ་འབུལ། དེ་ནས་གཤེགས། ཚོགས་བསྡུ་མཆོད་པ་བསྡུ་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གཅོད་ཀྱི་སྔོན་འགྲོ་སློབ་མའི་རྒྱུད་དག་པར་བྱེད་ཅིང་ཟབ་མོ་ཉན་པའི་སྣོད་དུ་རུང་བར་བྱེད་པ་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བའི་ཆོ་ག་རྫོགས་སོ། །
ཡེ་ཤེས་དབབ་པ་ནི། སྟེང་གི་ནམ་མཁའ་ལ་མ་ཅིག་ལབ་ཀྱི་སྒྲོན་མ་བརྒྱུད་པའི་བླ་མ་རྣམས་དང་ཐ་དད་མེད་པ་སྐུ་གཅེར་བུར་བཞུགས་པ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་ཐོད་སྐམ་གྱི་དབུ་རྒྱན་ཅན། མི་མགོའི་དོ་ཤལ་ཕྱག་གཡས་ན་གསེར་གྱི་ཌ་མ་རུ་སྟོང་གསུམ་ཁྱབ་པའི་སྒྲ་སྒྲོག་པ། གཡོན་དངུལ་གྱི་དྲིལ་དཀྲོལ་བ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་གཡོན་བརྐྱང་པའི་རོའི་སྙིང་ཁར་མནན་པ། གཡས་བསྐུམ་པ་གཡོན་པའི་བརླ་ལ་གཏད་པ། ཁམས་གསུམ་ཟིལ་གྱིས་གནོན་ནུས་པའི་བདག་ཉིད་ཅན། འཁོར་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་ལ་ལ་བྲོའི་གར་བྱེད། ལ་ལ་རྡོ་རྗེ་བྲོ་ཁྲབ་པའི་དབུས་ན་མ་ཅིག་སྤྱན་གསུམ་གྱེན་གྱིས་ནམ་མཁའ་ལ་གཟིགས་ཤིང་། གར་ཐབས་སུ་ལིང་ལིང་འཁྲབ་ཅིང་འདུག་པར་བསྒོམས་ལ། མོས་གུས་དུང་པ་གྱིས་བྱས་ལ་སློབ་དཔོན་བདག་ཉིད་རིག་པ་སྐྱེ་མེད་ཀྱི་ཀློང་ནས་ཉམས་འགག་མེད་ཀྱི་ངར་དང་ལྡན་པས་ཌ་མ་རུ་དཀྲོལ་ཅིང་། བརྒྱུད་པའི་བླ་མ་བྱིན་རླབས་ཅན། །རྩ་བའི་བླ་མ་བཀའ་དྲིན་ཅན། །འདྲེན་པའི་བླ་མ་ཐུགས་རྗེ་ཅན། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་གསོལ་བ་དྲག་ཏུ་གདབ་ལ། དེ་རྣམས་བྱོན་ནས་སློབ་མ་རྣམས་ཀྱི་སྤྱི་བོ་ལ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་ལ་ཟག་པ་མེད་པའི་བདེ་བ་སྟེམས་སྟེམས་ཞུ་ཞིང་སྐྱེས་པར་བསྒོམ། དེ་ལྟར་བྱས་པས་སྐུ་ཕེབས་ནས་གར་བྱེད་པ་འཁྲབ་ཅིང་ཕྱག་རྒྱ་སྒྱུར་དུ་འོང་། གསུང་ཕེབས་ནས་སྔགས་བཟླས་རྒྱ་སྐད་སྨྲ་བ་དང་ཧ་ཧ་དང་ཧི་ཧིའི་སྒྲ་སྒྲོག་ཏུ་འོང་ངོ་། །ཐུགས་ཕེབས་ནས་གསལ་སྟོང་འཛིན་མེད་ཀྱི་ཉམས་བུན་ལོང་ལོང་འཆར་བློ་བདེ་འབོལ་འབོལ་ལོང་། ཉམས་དགའ་ཡལ་ཡལ་འབྱུང་ངོ་། །གཏོར་དབང་བྱེད་ན་གཏོར་མ་ཆེ་ཤོས་དེ་བྱིན་རླབས་བྱས་ཏེ་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ལ། འོ་གཏོར་མ་འདི་མ་ཅིག་ལབ་ཀྱི་སྒྲོན་མ་ལང་ཚོ་དར་བབས་པ་ལོ་བཅུ་དྲུག་ལོན་པ། གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་སྔར་བཞིན་དུ་དམིགས་པ་རྣམས་ཕོག་ལ། རང་གི་སྤྱི་བོར་བྱོན་སྙིང་ཁར་ཐིམ་པར་སྒོམས་ཤིག་བྱའོ། །ཨྠྀི།
༈ བརྒྱུད་པའི་གསོལ་འདེབས་ལ་བརྟེན་ནས་ཚོགས་བསགས་པ་ནི། སྒོམ་སྐྱེ་བར་བྱེད་པ་ལ་ཚོགས་བསག་ཅིང་སྒྲིབ་པ་སྦྱོང་བ་ཞིག་དགོས་ཏེ། སྔོན་འགྲོ་བསགས་སྦྱང་མ་བྱས་པར་སྒོམ་འདེབས་པ་དེ་སྣམ་བུ་དྲི་མ་ཅན་ཚོས་སུ་འཚོད་པ་དང་འདྲ་བས་སྒོམ་གཤའ་མ་སྐྱེ་རུ་མི་འདོད། མདོ་ལས། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་འཐོབ་མི་འགྱུར། །གསུངས་པས་ཚོགས་བསགས་པ་ནི། ཡར་བླ་མ་དང་དཀོན་མཆོག་ལ་ཞབས་ཏོག་ཏུ་ཅི་འགྱུར་བྱེད་པས་ཏེ། རབ་སྒྲུབ་པའི་ཞབས་ཏོག་མོས་གུས་དང་གསོལ་འདེབས་བྱས། འབྲིང་ལུས་ངག་གི་ཞབས་ཏོག་ཡར་གོང་མའི་ཐུགས་དགོངས་ཅི་རྫོགས་དང་། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཅི་འདག་གི་ཐབས་ལ་འབད་པར་བྱ། ཐ་མ་ཟང་ཟིང་གི་ཞབས་ཏོག་ནི། ཡོད་ན་ནི་དངོས་པོ་འབུལ། མེད་ན་ཡིད་ཀྱིས་སྤྲུལ་ལ་འབུལ་ལོ། །མར་སེམས་ཅན་ལ་ལུས་ངག་ཡིད་གསུམ་མམ། ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕན་ཅི་ཐོགས་བྱ། ཚོགས་མ་རྫོགས་ན་བྱིན་རླབས་མི་འབྱུང་སྟེ། རྫ་དྲང་མོ་ལ་ལ་ཆ་མི་འབྱར་བ་དང་འདྲ། སྒྲིབ་པ་སྦྱང་པ་ནི། སྤྱིར་ཚོགས་བསགས་པ་ཁོ་ནས་སྒྲིབ་པ་འདག་སྟེ། དགེ་སྡིག་གཉིས་ལྷན་ཅིག་ཏུ་མི་གནས་པ་ཡིན། དཔེར་ན་ནམ་ལངས་པ་དང་མུན་པ་སངས་བས་འགྲོ་བ་དང་འདྲ། འོན་ཀྱང་བྱེ་བྲག་ཏུ་སྒྲིབ་པ་སྦྱོང་ན། ཡར་གོང་མ་དང་མར་སེམས་ཅན་ལ་ཕན་པ་མ་བྱུང་ཡང་། རང་གི་ལུས་ངག་ཡིད་གསུམ་གྱི་ཡིད་ཆོས་སུ་འགྲོ་བའི་སྒོ་ནས་གཟན་ལ་གཏང་དགོས་པ་ཡིན་པས། དཀའ་དུབ་དཀའ་སྤྱད་ཆུ་འཐུང་སྟེ་ཆ་ནས་ཀྱང་དགོས་པ་ཡིན་ཏེ། ཕྱག་དང་སྐོར་བ་བྱས་པས་གཞན་ལ་མ་ཕན་ཡང་རང་གི་སྒྲིབ་པ་བཀྲེས་སྐོམ་དང་ངལ་དུབ་མྱོང་བས་འཛད་པ་ཡིན། དཔེར་ན་སྣམ་བུའི་དྲི་མ་དག་ནས་ཚོས་གང་དུ་བཙོས་ཀྱང་ཁ་དོག་དྭངས་མོ་དང་རང་མདོག་ལེགས་པར་འོང་བ་ཡིན། དེ་བཞིན་དུ་རང་གི་རྒྱུད་ཀྱི་དྲི་མ་དག་ན་ཆོས་གང་གི་སྒོར་ཞུགས་ཤིང་བླ་མ་སུ་ལ་སྒོམ་ཞུས་ཀྱང་གཤའ་མ་ཞིག་སྐྱེ་རུ་མ་འདོད་པ་ཡིན་ལས་པས་ལུས་ངག་ཡིད་གསུམ་ཚོགས་བསག་ཅིང་སྒྲིབ་པ་སྦྱང་བ་གཉིས་ལ་འབད་པ་གལ་ཆེའོ། །དེའི་རྒྱུའི་གཙོ་བོར་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ལུང་འབོག་པར་བགྱི་བས་མདུན་གྱི་ནམ་མཁའ་ལ་ཡུམ་ཆེན་མོ་མན་ཆད་ཀྱི་རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་དཔའ་བོ་དང་མཁའ་འགྲོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་གཏིབ་པ་བཞིན་བཞུགས་པར་བསྒོམས་ལ་ངའི་ལད་མོ་མཛོད་ཅིག །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་ཉིད་གུས་པས་སྐྱབས་སུ་མཆིའོ། །བདག་གི་རྒྱུད་ལ་ཕ་རོལ་ཏུ་ཕྱིན་པའི་རྒྱུད་ཆོས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་དེ་དུས་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་བྱའོ། །
དེ་ནས་ཞག་བདུན་གསལ་འདེབས་སྔར་གྱི་ཚིག་བཞི་སེམས་བསྐྱེད་བསྐྱར་ཞིང་བྱ། ཉིན་མོ་ཉིད་ཁྲི་རེ་གསོལ་བ་གདབ། མཚན་མོ་ཅི་ནུས་ནུས་གདབ། ཕྱག་དང་སྐོར་བ་སྤྱི་ལས་གཡོག་པོ་ནུས་ཚད་བྱའོ། །དེ་ལྟར་བྱས་པས་སྒྲིབ་པ་ཟད་པའི་རྟགས་བློ་སྣ་ཐུང་པ། སྐྱོ་བ་སྐྱེ་བ། དད་གུས་ཆེ་བ། འཆི་བ་དྲན་པ་འབྱུང་ངོ་། །རྨི་ལམ་དུ་ཡང་ཁྲུས་བྱས་པ་དང་། སྐྱུགས་ཀྱིས་རྨི་བ་བཤལ་བ་དང་། ནམ་མཁའ་ལ་འཕུར་བ་རྨི་བ་དང་། གོས་དཀར་པོ་གསར་པ་གོན་པ་རྨི་བ་ལ་སོགས་པ་འབྱུང་ངོ་། །ཨྠྀི།
༈ རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་ནི། སྒོམ་འདེབས་པའི་སྔོན་དུ་སློབ་མས་སེམས་བཙལ་བ་གལ་ཆེ་སྟེ། སེམས་ཀྱི་ཕུགས་ཐག་མ་བཅད་པར་སྒོམ་བཏབ་ཀྱང་མི་ཐེབས། ཐེབས་ཀྱང་ཡིད་ཆེས་མི་སྐྱེ། དཔེར་ན་ནད་པའི་རྩ་མ་བལྟས་པར་སྨན་གཏོང་པའམ་འབེན་མ་བཙུགས་པར་མདའ་རྡེག་པ་དང་འདྲ་བས་གཏད་ས་ཞིག་དགོས་པ་ཡིན། དེ་ལ་སེམས་ཀྱི་འཚོལ་ལུགས་འདི་ལྟར་དུ་བྱས་ཏེ། འོ་ན་སྔོན་ཆད་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམས། བདེ་སྡུག་སྣ་ཚོགས་མྱོང་བ་དེ་གང་གིས་ལན། རང་སེམས་འཁྲུལ་བས་ལན་པ་ཡིན། ད་འཁྲུལ་བ་འདི་རྩད་གཅོད་དགོས་པ་ཡིན་པས་བློ་ཞེས་བྱ་བ། རིག་པ་ཞེས་བྱ་བ། སེམས་ཞེས་བྱ་བ། ཤེས་པ་རྣམ་རྟོག་མིང་དུ་མ་བཏགས་ཀྱང་། དོན་ལ་སེམས་ཉིད་གཅིག་པུ་ཡིན། དེའི་ངོ་བོ་དེ་གྱ་གྱུ་མང་པོ། སྤྲ་སྤྲོ་ཐལ་ཐོལ་ཕྲང་ཕྲེང་མི་དྲན་དགུ་དྲན་རྣམ་རྟོག་སྣ་ཚོགས་སུ་དྲན་པ་འདི་ཡིན་པས་འདི་མི་བཙལ་བས་སྣ་མེད་སྒོམ་སེམས་ལ་བྱེད་པ་ཡིན་པས་སེམས་རང་ལ་ཡོད་པས་འདིའི་རྩ་གདར་མ་ཆོད་ན་སྒོམ་སྐྱེ་རུ་མི་འདོད། དཔེར་ན་བཟོ་བོ་ཇི་ལྟར་བཟོ་མཁས་ཀྱང་བཟོ་རྒྱུ་མེད་པས་བཟོ་མི་ཤེས། བྱན་མོ་ཇི་ལྟར་གཡོ་མཁས་ཀྱང་གཡོ་རྒྱུ་མེད་པས་གཡོ་མི་ཤེས་པ་ཡིན། དེ་བཞིན་དུ་བླ་མ་ཆོས་མཁས་གདམས་ངག་ཟབ། ངོ་སྤྲོད་བཟོ་ཡང་སློབ་མས་སེམས་མ་བཙལ་བར་བླ་མས་ངོ་སྤྲོད་མི་ཤེས་པས་སེམས་འཚོལ་དགོས། དགོས་པའི་རྒྱུ་མཚན་བདེ་སྡུག་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་ཀྱང་སེམས་འཚོལ་དགོས། སངས་རྒྱས་སེམས་ལ་བྱེད་པ་ཡིན་པས་ཀྱང་སེམས་འཚོལ་དགོས། སློབ་མས་སེམས་མ་བཙལ་ན་བླ་མས་ངོ་སྤྲོད་མི་ཤེས་པ་ཡིན་པས་ཀྱང་སེམས་བཙལ་དགོས། སེམས་དེ་འཚོལ་ལུགས་ཇི་ལྟར་དུ་བཙལ་ན། དེ་ནུབ་ནས་ཞག་བདུན་དུ་ཚིག་གསུམ་པོ་འདི་ཉམས་སུ་ལོངས་ཤིག །སེམས་ཀྱི་གནས་ས་ག་ན་འདུག་ལྟ་བ་དང་གཅིག །གཟུགས་ཇི་ལྟར་འདུག་ལྟ་བ་དང་གཉིས། ཁ་དོག་ཇི་ལྟར་འདུག་ལྟ་བ་དང་གསུམ་མོ། །དང་པོ་ནི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་དྲན་པ་འདི། དང་པོ་ག་ནས་བྱུང་ན་རང་ལས་བྱུང་། བར་དུ་ག་ན་གནས་ན་རང་ལ་གནས། ཐ་མ་གང་དུ་ཐིམ་ན་རང་ལ་ཐིམ་པས་དེས་ན་རང་གི་ལུས་གང་པོ་ལས་འོས་མི་འདུག་པས། ཡ་གི་སྤྱི་གཙུག་ནས་མ་གི་རྐང་པའི་མཐིལ་ཡན་ཆད་དུ་ག་ན་འདུག་འཚོལ། མགོ་དང་ཡན་ལག་ཏུ་བྱེད་ལས་འཚོལ། ལྷུ་དང་དུམ་བུ་སིལ་ལས་འཚོལ། པགས་པ་ལ་འདུག་གམ། ཤ་ལ་འདུག་གམ། རུས་པ་ལ་འདུག་གམ། ནང་ཁྲོལ་ལ་འདུག་གམ། དོན་སྙིང་ལ་འདུག་གམ། ཁྲག་དང་ཆུ་སེར་ལ་འདུག་གམ། རྩ་དང་ཆུ་རྒྱུས་ལ་འདུག་གམ། དབང་པོ་ལྔ་ལ་འདུག་གམ། མལ་ས་དང་སྡོད་ས་དང་གོས་ཀྱི་གསེབ་དང་ག་ན་འདུག་ལྟོས། སེམས་ཀྱི་གཟུགས་ཇི་ལྟར་འདུག་ལྟ་བ་ནི། དགའ་མི་དགའ་དང་། བདེ་སྡུག་དང་། སྐྱེ་བ། འཆི་བ། ན་བ་ལ་སོགས་པ་བྱེད་མཁན་ཐམས་ཅད་སེམས་ཁོ་རང་འདུག །ཁོའི་ངོ་བོ་དེ་གཟུགས་ཅི་འདྲ་འདུག་ལྟོས། གྲུ་བཞིར་འདུག་གམ། ཟླུམ་པོར་འདུག་གམ། རི་ལུར་འདུག་གམ། ནར་མོར་འདུག་གམ། སོག་ཁར་འདུག་གམ། ནས་འདྲར་འདུག་གམ། ཟུར་གསུམ་དུ་འདུག་གམ། ཟླ་གམ་དུ་འདུག་གམ་ལྟོས་ཤིག །སེམས་ཀྱི་ཁ་དོག་ཅི་འདྲ་འདུག་ལྟ་བ་ནི། རྣམ་རྟོག་སྣ་ཚོགས་འཆར། དྲན་རྟོག་དུ་མ་རུ་འཕྱོ། རྟོག་ཚོགས་ཇི་སྙེད་ཅིག་འོང་གི་འདུག་པ་དེས་ན་སེམས་ལ་དངོས་པོ་ཡོད་པའི་རྟགས་ཡིན། དངོས་མེད་ཅིག་ཡིན་ན་འདི་ཚོ་མི་འཆར། དངོས་པོ་ཞིག་ཡོད་ན་ཁ་དོག་ཅིག་ཡོད་པས་སེམས་ཁ་དོག་ཇི་འདྲ་འདུག་ལྟོས། དཀར་པོ་དང་དམར་པོར་འདུག་གམ་ལྟོས། སེར་པོ་དང་དམར་པོ་འདུག་གམ། སྔོན་པོ་དང་ལྗང་ཁུར་འདུག་གམ། ཁྲ་བོ་དང་མཐིང་གར་འདུག་གམ་ལྟོས། སེམས་ལ་ཡར་ལྟ་གྱིས། ཕུ་འདེད་མདའ་འདེད་གྱིས། རིག་པ་རྐྱང་འདེད་གྱིས། ལྟ་ཡུལ་རེམ་དུ་གྱིས་ལ་ལྟོས་ཤིག །སེམས་མ་རྙེད་ན་འགྱུ་རྩེར་འགྱུ། ཐུར་རྩེར་དྲན། ཐོལ་གྱིས་སྐྱེ་བ་འདི་ལ་ལྟོས། འགྱུ་བྱུང་བ་དང་ལྟོས། ཡང་འགྱུ་བྱུང་བ་དང་ལྟོས། འགྱུ་བྱུང་བ་དེ་བྱུང་ཚད་ཀྱིས་མ་ཡོང་པ་འགྱུ་མཁན་དེ་ག་ན་འདུག་ལྟོས། ཅི་འདྲ་འདུག་ལྟོས། བལྟས་པས་མ་མཐོང་བ་བཙལ་བའི་མ་རྙེད་ན། ཆད་པ་ངལ་གསོ་བ་དང་སྟབས་ཅིག་ཏུ་ལྷོད་དེ་ཞོག་ཅིག །ཞག་གསུམ་མམ་བདུན་དུ་གསོལ་འདེབས་ལ་སོགས་པའི་དགེ་སྦྱོར་གཞན་དུ་ཞོག་ལ་སེམས་འཚོལ་བ་ཉག་ཅིག་ཏུ་དྲིལ་བ་ཉམས་སུ་ལོངས་ཤིག །ཉིན་གྱི་རིང་ལ་ཚིག་གསུམ་པོ་དེ་གསལ་འདེབས་པས་ང་ཅན་དུ་ཤོག་ཅིག་བྱས་ལ། ནངས་པར་ནས་ཀྱང་སློབ་དཔོན་གྱི་འགྱུ་བ་དེ་བཙལ་ལམ་རྙེད་དམ་ཇི་འདྲ་འདུག་དྲིས་ལ་སྔར་བཞིན་གསལ་རེ་བཏབ་བོ། །
ཞག་གསུམ་པོ་འདི་ལ་ང་ལ་ཚིག་གསུམ་པོ་འདི་ལས་བཤད་རྒྱུ་མེད། ཁྱེད་ལའང་འཚོལ་བ་ལས་བྱ་རྒྱུ་མེད་དོ། །ཚིག་གསུམ་པོ་འདི་གསལ་འདེབས་པ་ཡིན་པས་ངལ་བ་དང་། ཆད་པ་དང་། ཡེངས་པ་དང་། བརྗེད་པ་དང་། གཉིད་འགྲོ་བ་བྱུང་ན་ཅི་ལ་བཏང་བ་ཡིན། ཅི་ལ་འོང་བ་ཡིན། འཁོར་འདས་ཀྱི་འཁྲུལ་ཤན་འབྱེད་དུས་འདིར་ལ་བར་བསྡད་པ་སྣ་མེད། སེམས་སངས་རྒྱས་ཐོབ་པའི་ཕྱིར་སྒོམ་སྐྱེ་དགོས་པར་འདུག །སྒོམ་སྐྱེ་བ་ལ་སེམས་བཙལ་དགོས་པར་འདུག །སེམས་མི་འཚོལ་ན་འོང་མ་འོང་མེད་སྙམ་པ་བྱས་ལ། རང་ལ་རང་གི་གྲོས་བཏབ། བློ་སྐྱེད་བཏོན་ལ་བྱའོ། །སེམས་འཚོལ་བ་རབ་ལ་སྒོམ་རབ། འཚོལ་བ་འབྲིང་ལ་སྒོམ་འབྲིང་། སེམས་འཚོལ་བ་ཐ་མ་ལ་སྒོམ་ཐ་མ་སྐྱེ་བས་འཚོལ་བ་རེམ་ལ་ཡུན་རིང་ཚད་སྒོམ་བཟང་ནས་འོང་པ་ཡིན་ནོ་བྱའོ། །ཨྠྀི།
༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་སེམས་ངོ་སྤྲད་པ་ནི། དང་པོ་དབང་གི་སྣོད་དུ་རུང་བར་བྱས་ལ་སྔོན་འགྲོའི་ལུང་ཕོག་ལ་བསགས་སྦྱང་གི་ལས་ལ་འབད་པར་བྱའོ། །དེ་ལ་ཚོགས་རྫོགས་པ་དང་སྒྲིབ་པ་ཟད་པའི་རྟགས་སུ་བྱུང་བ་དང་། རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་འཚོལ་དུ་གཞུག །དེ་ནས་སེམས་འཚོལ་མཁན་རྣམས་ཀྱི་བསམ་པ་ལ་སེམས་དེ་རང་བལྟས་པས་མ་མཐོང་། བཙལ་བས་མ་རྙེད་དངོས་པོ་མེད་པ་ཅིག་རང་ཡིན་ནམ་སྙམ་པའི་འཕྲིག་ཚུད་པ་དང་གཟོད་ངོ་སྤྲད་པར་བྱའོ། །
དེ་ལ་གསུམ། དོན་ཁྲིད་དུ་ངོ་སྤྲད་པ་དང་། ཆིག་ཁྲིད་དུ་སྒོམ་རྟེན་དབབ་པ་དང་། ཉམས་ཁྲིད་དུ་སྒོམ་བསྐྱང་པར་བྱའོ། །དང་པོ་ལ་གསུམ། བཅའ་བ་ལུས་ཀྱི་གནད། འབྱུང་འཇུག་དབུགས་ཀྱི་གནད། དམིགས་པ་སེམས་ཀྱི་གནད་དོ། །
དང་པོ་ནི་དབེན་པའི་གནས་སུ་ཕྱིན་ལ། སེམས་ཅན་གྱི་དོན་དུ་བདག་གིས་ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་ཞུ་སྙམ་པའི་ངོ་བོར་སེམས་བསྐྱེད་བརྟན་པར་བྱའོ། །དེ་ནས་རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག །སྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཡུད་ཙམ་སྒུར། མཆུ་རང་སར་བཞག །མིག་གཉིས་མདུན་གྱི་ནམ་མཁའ་བར་སྣང་སྟོང་པ་འདི་ལ་ཅེར་གྱིས་གཏད་དོ། །འབྱུང་འཇུག་དབུགས་ཀྱི་གནད་རིག་པ་འདི་ལ་འཇུ་གཟུང་ཡེ་མི་དགོས། གདམས་ཡང་མ་དགོས། བུད་ཀྱང་མི་དགོས་པར་རང་སར་ལྷོད་དེ་བཞག་གོ །དམིགས་པ་སེམས་ཀྱི་གནད་ནི། རིག་པ་འདི་ལ་བཟོ་དང་བཅས་བཅོས་མ་བྱེད་པར་ཧ་རེར་བཞག་གོ །དེ་ལ་ངོ་སྤྲད་ཐབས་གསུམ་ཡོད་དེ། སྒྲིམས་ལོངས་གཟུང་བ། བློ་ལ་ངོ་སྤྲད་པ། བཤིགས་པ་ལ་ལ་བཟླ་བའོ། །དང་པོ་ནི་མ་ཡེངས་པར་སེམས་འཚོལ་དུ་བཅུག་པ་དེའི་དོན་གོ་འདི་ཡིན་པས་མིག་ཐུར་ལ་ཞོལ་རྩེར་ཕབ། སྣ་རྩེ་ལ་ཅེར་ཅེར་གཏད་ལ་རིག་པ་འགྱུ་བ་དེ་ཁ་ནང་དུ་ལོག་ཅེར་ཅེར་ལྟོས་ཤིག །འགྱུ་ན་འགྱུ་མཁན་ཅི་འདྲ་འདུག །དྲན་ན་དྲན་མཁན་ཅི་འདྲ་འདུག་ལྟོས་དང་། བལྟས་པས་མ་མཐོང་། བཙལ་བས་མ་རྙེད། བཟུང་བས་མ་ཟིན་པ་དེ་ཀའི་ངང་དུ་བརྩེན་ཞོག་ཅིག །སེམས་འདི་ཡིན་བྱ་བ་མེད། འདི་ན་གནས་བྱ་བ་མེད། འདིར་འདུག་བྱ་བ་མེད་པ་འདི་ཀའི་ངང་དུ་འབོལ་ལྷོད་དེ་ཞོག་ཅིག །དེའི་དུས་སུ་མིག་གིས་གཟུགས་མཐོང་ཡང་སྣང་སྟོང་ཡིན། རྣ་བས་སྒྲ་ཐོས་ཀྱང་གྲག་སྟོང་ཡིན། ཡིད་ཅི་དྲན་ཀྱང་དྲན་སྟོང་ཡིན་པས་བདེན་པར་བཟུང་མི་དགོས། དངོས་པོ་དང་མཚན་མ་མེད་པའི་ངང་དུ་ལྷོད་དེ་ཞོག་ཅིག །འདི་སྒོམ་ཡིན་ནམ་མིན་ནམ་སྙམ་པ་བྱ་མི་དགོས། ཡིན་ན་ཡང་ཡིན་ཆུག །མིན་ན་ཡང་མིན་དུ་ཆུག་ལ། རིག་པ་དངོས་མེད་དེ་ཀའི་ངང་ལ་ལྷོད་དེ་ཞོག །སེམས་དྲན་རྟོག་མེད། གྱ་གྱུར་མེད། སྤྲ་སྤྲོ་མེད། བསམ་དང་བྲལ་བ་དེ་ཀའི་ངང་ལ་ལྷོད་དེ་ཤིག་གེ་ཞོག་ཅིག །མ་ཅིག་གི་ཞལ་ནས་ཀྱང་། གྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། །སྒོམ་པའི་གནད་ཅིག་དེ་ན་གདའ། །གསུངས་སོ། །
གློད་ལ་ངོ་སྤྲད་པ་ནི། མིག་བར་སྣང་འདི་ལ་ཅེར་གྱིས་ལྟོས། ད་ཅི་ནས་སྒོམ་དེ་ཅོག་གིས་ཞོག །མཚམས་ཤིག་འཚོལ་ལ་ཡང་འདི་བཞིན་དུ་མཛོད་ཅིག །ལུས་གནད་སྔར་གྱི་དེས་མཆིས། མིག་སྣ་རྩེ་ལ་ཅེར་ཅེར་ལྟོས་ལ་ཤེས་པ་ལྷོད་ཀྱིས་གློད་ལ་ཅོག་གེར་ཞོག །ཁྲེས་ཀྱིས་བོར། རྒྱངས་རྩེར་སྐྱུར་ལ་ཞོག །སྒོམ་སྒོམ་པའི་བློ་དང་ཁྲོལ་ལས་ཞོག །མི་མནོ་མི་བསམ་བསམ་བརྗོད་དང་བྲལ་བའི་ངང་དུ་འབོལ་ལེ་ཞོག །བལྟ་ན་བལྟ་རྒྱུ་མེད། སྒོམ་ན་སྒོམ་རྒྱུ་མེད། བསམ་ན་བསམ་རྒྱུ་མེད། མ་བཅོས་པའི་ངང་དུ་ཕྱེམ་ཕྱེམ་ཞོག །བརྟག་དཔྱད་བཏང་མི་དགོས། རྩིས་གདབ་བྱ་མི་དགོས། སྤང་བླང་དགག་སྒྲུབ་མེད་པའི་ངང་དུ་བུན་ནེ་ཤིག་གེ་ཞོག །སྟོང་བྱེད། དྭངས་སེང་། རྗེན་ཡེར། གཟའ་གཏད་མེད་པའི་ངང་དུ་བུན་ནེ་ཤིག་གེ་ཞོག །སེམས་ལ་རང་བཞིན་མེད་པ་ཡིན། ངོས་བཟུང་མེད་པ་ཡིན། དངོས་པོ་མེད་པ་ཡིན་པས་དེ་ཀའི་ངང་ལ་བུན་ནེ་བཞག་པ་ཡིན། རྟེན་མེད་ཀྱི་ཤེས་པ་ནམ་མཁའ་དང་འདྲེས་པ་བྱ་བ་ཡིན། བྱར་མེད་ཀྱི་རིག་པ་ཀློང་དུ་ཐིམ་པར་བྱ་བ་ཡིན། དངོས་མེད་ཀྱི་རིག་པ་རྟེན་དང་བྲལ་བར་བྱ་བ་ཡིན་པས་སེམས་ཀྱི་བདག་པོ་ལུས་ལ་མི་བཅོལ། ལུས་ཀྱི་གཉེར་ཁ་སེམས་ལ་མི་བཅོལ། ལུས་བདག་མེད་སེམས་དངོས་མེད་ཡིན་པས་ལུས་སེམས་འབྲེལ་མེད་ཀྱི་ངང་ལ་ལྷོད་དེ་ཞོག་ཅིག །མ་ཅིག་གི་ཞལ་ནས། སངས་རྒྱས་དོན་ལ་བལྟ་རྒྱུ་མེད། །སེམས་ཅན་མཚན་ཉིད་རྟོགས་པར་མཛོད། །མི་རྟོག་པ་ལ་སྒོམ་རྒྱུ་མེད། །རྟོག་པའི་རྩ་བ་ཆོད་པར་མཛོད། །ཅེས་གསུངས་སོ། །
བཤིག་ལ་བཟླ་བ་ནི། སྔར་གྱི་སྒོམ་དེ་འཕྲོ་ཆོད། ལུས་ཅུང་ཟད་ཅིག་བསྒུལ། མིག་བར་སྣང་ལ་བལྟ། རྔམ་རིངས་སངས་ཀྱིས་འཐོན་ལ་འདི་བཞིན་དུ་མཛོད་ཅིག །ལུས་འདུག་སྟངས་མི་ལྟོས། ངག་རླུང་ལ་མི་ལྟོས། རིག་པ་རྟེན་ལ་མི་ལྟོས་པར་སྔར་འདས་པའི་རྣམ་རྟོག་ཐམས་ཅད་ཐལ་བ་ཡིན། འདས་པ་ཡིན། ཡལ་བ་ཡིན། འགགས་པ་ཡིན་པས་ཕར་ལ་ཆོད་ཅིག །ཕྱི་མ་འོངས་པའི་རྣམ་རྟོག་ཐམས་ཅད་མ་བྱུང་བ་ཡིན། མ་སྐྱེས་པ་ཡིན། མ་གྲུབ་པ་ཡིན་པས་ཚུར་ལ་ཆོད་ཅིག །ད་ལྟར་གྱི་རྣམ་རྟོག་ཤར་ཚད། སྣང་ཚད་དྲན་ཚད་འགྱུ་ཚད་དངོས་མེད་ཡིན། སྟོང་པ་ཡིན། སྐྱེ་མེད་བློ་འདས་ཡིན། རྗེས་མེད་ཤུལ་མེད་ཡིན། གཏད་མེད་བདེན་མེད་ཡིན་པས་སེམས་ངོས་བཟུང་མེད་པའི་ངང་དུ་ལྷོད་དེ་གཞག་གོ །སེམས་ལ་ཅི་དྲན་ཅི་ཤར་ཡང་། དེ་ལ་དངོས་པོ་དང་མཚན་མར་གྲུབ་པ་རྡུལ་ཙམ་ཡང་མི་འདུག །བདེན་པ་དང་རྟག་པར་གྲུབ་པ་ཅི་ཡང་མི་འདུག་པས་རྣམ་རྟོག་ཐོལ་གྱིས་སྐྱེས། སྤྲངས་ཀྱིས་ཤར། ཐུར་རྩེར་དྲན་པ་དང་དེ་ཀ་ལ་ཅེར་གྱིས་ལྟོས། རྩིར་གྱིས་ཟུངས། ཅོག་གིས་ཞོག་དང་ཁོ་རང་ཧྲུལ་གྱིས་ཞིག་འགྲོ། ཆད་ཅེར་ཡལ་འགྲོ། བུན་ཅེར་སྟོར་འགྲོ། དེ་ཀ་སྒོམ་གྱི་ངོ་བོ་ཡིན་པས་དེ་ཀའི་ངང་དུ་ཞོག །རྟོག་པ་དྲན་དུ་མ་གཞུག །འགྱུ་རུ་མ་འཇུག །འཕྲོ་རུ་མ་འཇུག །དེ་ཚོ་བྱུང་བ་དང་བཙན་གྱིས་ཞོག །ལིངས་ཀྱིས་བོར་རྒྱང་ཅེར་བསྐྱུར་བ་ཡིན་ནོ། །དེའི་དུས་སུ་ཡིན་མིན་གྱི་རྣམ་རྟོག་ཅི་ཤར་ཡང་། དེའི་རྗེས་སུ་ཤེས་པ་མི་འབྲང་བར་རང་ཡལ་རང་གྲོལ་དུ་ཐོང་། རྣམ་རྟོག་འཕྲོ་མི་མཐུད། དྲན་པ་རྒྱུན་མི་བསྲིང་། རིག་པ་རྒྱ་མི་སྐྱེད་པར་ཕཊ་ཅེས་བརྗོད་ལ་རྟོག་པ་འགྱུ་འཕྲོ་རྦད་ཀྱིས་བཅད་ལ་བཞག །ཤེས་པ་རྩིས་གདབ་མེད་པ་ཡིན་བསམ་བརྗོད་དང་བྲལ་བ་བློ་བྱ་རྩོལ་དང་བྲལ་བ། སེམས་རྟོག་མེད་པའི་ངང་དུ་ཞོག་ཅིག །མ་ཅིག་གི་ཞལ་ནས། སེམས་ལ་གཉིས་སུ་མ་མཆིས་པས། །བལྟ་རྒྱུ་མེད་པའི་ཚུལ་གྱིས་བལྟ། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །ཞེས་སོ། །ཆིག་ཁྲིད་སྒོམ་གཏན་དབབ་ལ། སློབ་དཔོན་གསུམ་ལ་བརྟེན་ནས་ངོ་སྤྲད་པ་ནི། གསུང་རབ་ལུང་གི་སློབ་དཔོན།
གསུང་སྒྲོས་མན་ངག་གི་སློབ་དཔོན། ཉམས་མྱོང་ཡིད་ཆེས་ཀྱི་སློབ་དཔོན་ཡིན་ནོ། །དང་པོ་ནི་སྔར་བླ་མས་ངོ་སྤྲད་པའི་དོན་སེམས་ཉིད་སྟོང་པ་སྐྱེ་བ་མེད་པ་དེ་ནོར་བའམ་འཁྲུལ་བ་མེད་དེ། དངོས་པོའི་གཤིས་ལ་སེམས་ཀྱི་འདུག་ཚུལ་དེ་ལྟར་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་ཡང་དེ་ལྟར་གནས་སོ། །མདོ་སྡུད་པ་ལས། ཕུང་པོ་འདི་དག་གདོད་ནས་སྟོང་ཞིང་སྐྱེ་མེད་ཤེས། །མཉམ་པར་མ་བཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །ཅེས་པ་དང་། དཔེར་ན་མདའ་ཡིས་རྒྱ་མཚོའི་གཏིང་མཐའ་འཚོལ་བ་ལྟར། །ཤེས་རབ་ཀྱིས་ནི་བརྟག་ན་ཕུང་པོའི་གཏིང་མི་རྙེད། །གསུངས་པས་གདོད་ནས་ཡེ་སྟོང་ཡིན་ནོ། །དེ་བླ་མའི་མན་ངག་གི་ངོ་སྤྲད་པས་དངོས་མེད་དུ་བརྟག་སྟེ། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་གནས་ནི་རྡུལ་ཙམ་ཡོད་མ་ཡིན། །ཞེས་སོ། །དེ་ལྟ་བུའི་སེམས་ཉིད་དེ་མ་རྟོགས་པའི་དུས་ན་དང་པོ་སྣང་ཡང་རྟོགས་པའི་དུས་ན་སྟོང་ཉིད་ཡིན་ཏེ། གང་ཞིག་ཡོད་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་རྟོགས་ཡོད་དམ་མེད་པར་ཤེས། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ནོ། །རྣམ་རྟོག་འདིའི་ངོ་བོ་མ་གྲུབ་པས། །བཙལ་བས་མ་རྙེད་གནས་པ་གང་ན་ཡང་མེད་དེ། །གང་ཞིག་གཟུགས་ལ་མི་གནས་ཚོར་བ་ལའང་མི་གནས་ཤིང་། །གང་ཞིག་འདུ་ཤེས་མི་གནས་སེམས་པར་མི་གནས་ལ། །རྣམ་ཤེས་གང་མི་གནས་པར་ཆོས་ཉིད་གནས་པས་ཏེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོ། །དེ་ལྟར་མཐོང་རྒྱུ་མེད། སྒོམ་རྒྱུ་མེད་ལ་རྒྱུད་མེད་པ་དེས་སྒོམ་གྱི་གོ་ཆོད་དམ་སྙམ་ན། དེ་ཁོ་ན་སྒོམ་གྱི་མཐར་ཐུག་ཡིན་ཏེ། གཟུགས་ཀྱང་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་པ་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །དེ་ལྟར་སེམས་སྟོང་ཉིད་དུ་གནས་པ་དེ་བདག་ཉིད་གཅིག་པུར་མ་ཟད། རྟོགས་ན་སེམས་ཅན་ཐམས་ཅད་ལ་གནས་སོ། །བདག་ཅི་འདྲ་དེ་འདྲའི་སེམས་ཅན་ཐམས་ཅད་ཤེས། སེམས་ཅན་ཐམས་ཅད་ཅི་འདྲ་བ་དེ་འདྲར་ཆོས་ཀུན་ཤེས་ཞེས་སོ། །དེ་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ་འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་སོ། །གསུང་སྒྲོས་མན་ངག་གི་སློབ་དཔོན་ནི། བཀའ་ཚོམས་ལས། གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ལ་ལྟུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སྒོམ་གྱི་ནང་ན་འདི་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་གསུངས་སོ། །སྲས་རྒྱལ་བ་དོན་གྲུབ་ཀྱི་ཞལ་ནས། བྱས་པས་ཕུངས། བསྒོམས་པས་གོལ། བསམ་པས་བརླག །སྐྱུར་ལ་ཐོང་། གློད་ལ་ཞོག་གསུངས་སོ། །བཀའ་ཚོམས་ལས། གང་ཡང་ཉམས་སུ་མ་བླངས་ན། །དེ་ཉིད་ཉམས་སུ་བླངས་པ་ཡིན། །ཉམས་ནི་ཤེས་བྱ་ཡིན་པའི་ཕྱིར། །ཡང་དག་དོན་ལ་མྱོང་རྒྱུ་མེད། །ཅེས་པ་དང་། ཡང་དེ་ཉིད་ལས། ལུས་ངག་ཡིད་གསུམ་དག་པ་ལས། །སྐུ་གསུམ་འབྲས་བུར་བརྟགས་པ་ཡིན། །འཁོར་བ་རང་སར་གྲོལ་བ་ཡིན། །མྱང་འདས་ལོགས་སུ་སྒྲུབ་ཏུ་མེད། །ཅེས་པ་དང་། ཡང་དེ་ཉིད་ལས། མ་བྱས་འདུས་མ་བྱས་ཡིན་པས། །མི་བྱེད་ལམ་དུ་ངེས་པར་གྲོལ། །སྣང་སྟོང་ཡིད་ལ་མ་བྱས་ན། །རྟག་ཆད་མེད་པར་ལམ་དུ་སློངས། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །གསུངས་སོ། །
ཉམས་མྱོང་ཡིད་ཆེས་ཀྱི་སློབ་དཔོན་ནི། སྔོན་འགྲོའི་སྐབས་སུ་རང་གི་སེམས་བཙལ་བས་མ་རྙེད། བལྟས་པས་མ་མཐོང་། བཟུང་བས་མ་ཟིན་པ་དེ་དངོས་གཞིའི་སྐབས་སུ་རང་གི་བླ་མས་དངོས་མེད་དུ་ངོ་སྤྲད་ནས་བཙལ་བས་མ་རྙེད་པ་དེ་སེམས་ལ་དངོས་པོ་ཡོད་ནས་མ་རྙེད་པ་མིན། བལྟས་པས་མ་མཐོང་བ་དེ་སེམས་གཟུགས་སུ་གྲུབ་ནས་མ་མཐོང་བ་མིན་ཏེ། དཔྱོད་པས་སངས་རྒྱས་ཀྱིས་ཀྱང་མ་མཐོང་། ང་བས་སངས་རྒྱས་ཀྱིས་ཀྱང་མ་མཐོང་། སྤྱོད་འཇུག་ལས། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །ཞེས་པས་དངོས་མེད་དེ་ལ་ཡིད་ཆེས་པར་བྱའོ། །མ་མཐོང་བ་དེས་ཆོས་ཉིད་མཐོང་པའི་གོ་ཆོད་དོ་སྙམ་ན་དེ་ཁོ་ན་ཆོས་ཉིད་མཐོང་བ་ཡིན་ཏེ། བདེན་གཉིས་ལས། མ་མཐོང་བ་ནི་ཆོས་མཐོང་ཡིན། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །སྣང་མེད་ཚུལ་གྱིས་གནས་པ་ན། །བདེན་པ་མཐོང་ཞེས་དེ་ལ་བྱ། །གསུངས་སོ། །སེམས་ཉིད་དམ་ཆོས་ཉིད་དེ་གཟུགས་ཅན་རྣམས་དངོས་ཞེན་གཅིག་ཏུ་མཐོང་ན་ནི་ནོར་བ་ཡིན་པས་འདིར་གཟུགས་མེད་དང་དངོས་མེད་དུ་རྟོགས་པར་བྱའོ། །
རྡོ་རྗེ་གཅོད་པའི་མདོ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་སྟེ། །སྐྱེས་བུ་གང་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་འདྲ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་པ་དང་། དབུ་མ་ལས་ཀྱང་། སངས་རྒྱས་གཟུགས་སུ་མ་ཡིན་སྒྲ་དང་ནི། །རྣམ་ཤེས་ཡིད་ཀྱི་ཕྱིར་ན་ཡོད་པ་མ་ཡིན། །སངས་རྒྱས་དངོས་ནི་ཆོས་ཀྱི་སྐུ་ལ་བྱ། །གཟུགས་སྐུ་རྣམ་གཉིས་འགྲོ་བའི་མོས་རྟོགས་ཡིན། །ཞེས་སོ། །བརྒྱད་སྟོང་པ་ལས་ཀྱང་། རིགས་ཀྱི་བུ། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུ་རུ་བལྟ་བར་བྱ་ཡི། གཟུགས་ཀྱི་སྐུ་རུ་བལྟ་བར་མི་བྱའོ་ཞེས་སོ། །དེ་ནས་སེམས་ཉིད་སྟོང་པ་ཡིན་ཕྱིར་ན་སེམས་བྱུང་དྲན་པའི་རྣམ་རྟོག་དགའ་མི་དགའ་བདེ་སྡུག་མཐོ་དམན་ཆགས་སྡང་ཆོས་བརྒྱད་ཅི་ཤར་ཡང་སྟོང་ཉིད་སྐྱེ་བ་མེད་པ་ཡིན་ནོ། །དེ་ལྟར་བླ་མེད་རྒྱུད་ཐམས་ཅད་ནས་ཀྱང་སེམས་ཉིད་འདི་དངོས་མེད་དུ་བཤད། བླ་མས་ཀྱང་དངོས་མེད་དུ་ངོ་སྤྲོད། རང་གིས་བལྟས་པས་ཀྱང་དངོས་མེད་དུ་འདུག་པའི་ཕྱིར་ཆོས་ཉིད་མ་ནོར་བ་ཡིན་པར་ཐག་ཆོད་པའོ། །འཇམ་དཔལ་རྩ་རྒྱུད་ལས། ནོར་བ་ཐམས་ཅད་རྣམ་པར་སྤང་། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་སོ། །
ཉམས་ཁྲིད་དུ་སྒོམ་བསྐྱང་པར་བྱ་བ་ལ། མཉམ་བཞག་ཉམས་སུ་བླངས་པས་རྗེས་ཐོབ་ཏུ་ཉམས་སུ་བླངས་པས་ཟུང་འཇུག་ཏུ་ཉམས་སུ་བླངས་པའོ། །དང་པོ་ནི་སྔར་ངོ་སྤྲད་པའི་སྐབས་སུ་ངོ་སྤྲད་པའི་གོ་བ་ཙམ། མྱོང་བ་ཙམ། ཤེས་པ་ཙམ། དྲན་པ་ཙམ་གྱིས་མི་ཆོག་སྟེ། ཉམས་སུ་བླངས་ལ་གོམས་སུ་གཞུག །འདྲིས་སུ་བཅུག །བརྟན་པ་ཐོབ་པར་བྱས་ལ་དེའི་ངང་ལས་གཞན་དུ་མ་ཡེངས་པར་དྲན་པ་རྒྱུན་ཆགས། ཉམས་ལེན་ཡེངས་མེད། གཉེན་པོ་རྗེས་མེད་དུ་ཉམས་སུ་བླངས་པར་བྱས་ཏེ། གཡེང་བ་མེད་པའི་ཕྱོགས་སུ་རླུང་དམར་མེད་པའི་ཕྱོགས་སུ་ཁ་བལྟས་ཏེ། སེམས་ལུས་གནད་སྔར་བཞིན་ནམ། ཡང་ན་གང་བདེ་བར་བྱས་ལ་མིག་གཉིས་སྣ་རྩེའམ་མིག་སྔར་ཅི་སྣང་བའམ། མདུན་གྱི་བར་སྣང་སྟོང་པ་འདི་ལ་གཏད་ལ། སེམས་ལ་ཅི་ཡང་མི་སྣང་། ཡིད་གང་ཡང་མི་དྲན། རྟོག་པ་གང་ལ་ཡང་མི་བསམ་པའི་ངང་ལ་འབོལ་ལེ་ལྷོད་དེ་སྔར་བཞིན་དུ་བཞག །དེའི་དུས་སུ་གློ་བུར་དུ་རྣམ་རྟོག་ཐལ་ཐོལ་དུ་བསྐྱངས། ཆུ་དང་རླབས་སམ་ནམ་མཁའི་སྤྲིན་ཕུང་བཞིན་དུ་སྟོང་པ་ཉིད་དུ་ཤེས་པར་བྱས་ལ་ཆམ་མེ་བཞག །དྲན་རྟོག་ཅི་ཤར་ཡང་སེམས་ཀྱི་ཆོ་འཕྲུལ་ཡིན། སེམས་སྟོང་པ་ཡིན་སྙམ་དུ་ཤེས་པར་བྱས་ཏེ། མཉམ་བཞག་ཏུ་ཆོས་ཐམས་ཅད་སྣང་ཡང་སྟོང་པ་ནམ་མཁའི་དཀྱིལ་དུ་བུ་ཡུལ་ཅིར་ཡང་མི་དམིགས་པ་བློས་གང་དུ་ཡང་མི་འཛིན་པར་བཞག་གོ །
རྗེས་ཐོབ་ཏུ་ཉམས་སུ་བླངས་པ་ནི། ཆོས་ཐམས་ཅད་སྣང་ལ་བདེན་པ་མེད་པའི་སྒྱུ་མའི་དཔེ་བཅུ་དྲུག་དང་འདྲ་བར་ཤེས་པར་བྱས་ཏེ། སེམས་ལ་དྲན་རྟོག་ཅི་ཤར་ཡང་དྲན་སྟོང་བདེན་མེད་དུ་ཤེས་པར་བྱས་ལ། དབང་པོ་དྲུག་ཏུ་ཚོགས་དྲུག་གང་ཤར་ཡང་རྟོག་པ་ཡུལ་གྱི་རྗེས་སུ་མི་འབྲང་པར་བདེན་སྟོང་སྒྱུ་མ་ལྟ་བུ་ཤེས་པར་བྱས་ནས་སྣང་སྟོང་ཟུང་འཇུག་བདེ་སྟོང་དབྱེར་མེད། དྲན་སྟོང་གཉིས་མེད་ངང་དུ་ཤེས་པར་བྱས་ལ། དུས་ནམ་ཡང་དངོས་པོ་དང་བདེན་པའི་ཚོགས་ཀྱིས་མ་གོས་པར་བྱས་ལ་ཉམས་སུ་བླངས།
ཟུང་འཇུག་ཏུ་ཉམས་སུ་བླངས་པ་ནི། སྣང་ལ་བདེན་པ་མེད་པའི་ངང་ནས་ལྷ་བསྒོམ། སྔགས་བཟླས་པ། ཕྱག་དང་སྐོར་བ་ཁ་འདོན་མདོ་མདོས་མཆོད་དང་གཏོར་མ་འདུས་བྱས་ཀྱི་ཆོས་སྤྱོད། ལུས་ངག་གི་བྱ་བ་ཐམས་ཅད་བྱ་བ་མ་འགགས་གསལ་བྱེད་པ་མ་གྲུབ་པར་ཤེས་པར་བྱས་ལ། ཉམས་ལེན་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ངང་ནས་སྟོང་ཉིད་སྙིང་རྗེས་ཟིན་པར་བྱས་ལ་ཉམས་སུ་བླངས་སོ། །ངོ་སྤྲོད་ནམ་མཁའ་སྒོ་འབྱེད་རྫོགས་སོ། །སྐྱེ་མེད་དབྱིངས་ཀྱི་ཡུམ་ཆེན་ལ། ཕྱག་འཚལ་མཁའ་འགྲོའི་སྒྲུབ་ཐབས་འབྲི། མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བ་དང་། བྱིན་རླབས་ཁྱད་པར་ཅན་འཇུག་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་རྒྱ་ཆེན་པོ་སྒྲུབ་པའི་ཕྱིར། བླ་མ་ཡི་དམ་དབྱེར་མེད་དུ་གནས་པ། མཁའ་འགྲོ་སྡེ་ལྔ་བསྒྲུབ་པར་བྱའོ། །དེ་ལ་གསུམ་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དུར་ཁྲོད་དམ་དབེན་པའི་ས་ཕྱོགས་སུ་ཟླ་བ་གཅིག་ཞག་བདུན་སྒྲུབ་པ་བྱས་ཏེ། གནས་དེར་ཕྱགས་དར་དང་ཆག་ཆག་གདབ་བླ་བྲེས་ལ་སོགས་ཡོལ་བ་བཏང་ལ་མཎྜལ་མདའ་གང་གྲུ་བཞི་བྱ། དེ་ལ་པདྨ་འདབ་མ་བཞི་པ་བྲི། དབུས་མཐིང་ག་བྱ། མུ་ཁྱུད་དཀར་པོ་མཚམས་ཐམས་ཅད་ཕྱོགས་མཚོན། དབུས་དང་འདབ་མ་བཞི་ལ་བཾ་ཧ་རི་ནི་ས་བྲི། མེ་ཏོག་གི་ཚོམ་བུ་བཀོད། དབུས་སུ་མཎྜལ་སྟེང་དུ་ཟངས་གཞོང་ནས་ཀྱིས་བཀང་བའི་སྟེང་དུ་ཐོད་པ་ཆང་གིས་བཀང་བ་བཞག །དེའི་ནང་དུ་བདུད་རྩིའི་རི་ལུ་བཞག །དེའི་ཁར་མེ་ལོང་སིནྡྷུ་ར་བྱུགས་ལ། དེ་ལ་ཨ་མ་ཇོ་མོའི་སྐུ་ཁྲོས་མ་ནག་མོའི་ཆ་ལུགས་སུ་བྲིས་ལ་བཞག །མཆོད་པ་རྣམ་པ་ལྔ་བཤམས། ཚོགས་ཇི་ཙམ་འབྱོར་པ་བཤམ། རྔ་དང་དུང་དང་ཌ་རུ་ལ་སོགས་པའི་རོལ་མོའི་བྱེ་བྲག་རྣམས་ཀྱང་བཤམ་མོ། །
དངོས་གཞི་ལ་གསུམ། ལྷ་སྒོམ་པ་དང་སྔགས་བཟླས་པ་དང་། ཐུན་མཚམས་སུ་མཆོད་པ་འབུལ་བའོ། །དང་པོ་ལྷ་སྒོམ་པ་ནི། རང་ཉིད་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་འགྲོ་དང་སེམས་བསྐྱེད་བྱ། དེ་ནས་རང་གི་སྙིང་ཁར་ཡི་གེ་ཨ་སྔོན་པོ་གཅིག་བསྒོམ། དེ་ལས་འོད་འཕྲོས། དེ་སྤྱི་བོ་ནས་ཡར་སོང་སྟེ། བར་སྣང་དང་མེ་ལོང་གི་ནང་དུ་ཡུམ་ཆེན་མོ་ཨ་མ་ཇོ་མོའི་ངོ་བོ་བླ་མ་དེ་རྣམ་པ་ཡིད་དུ་བསྒོམ། ཉི་ཟླའི་སྟེང་དུ་སྐུ་མདོག་མཐིང་ག་ཞལ་འཛུམ་ཞིང་ཁྲོ་བ་སྤྱན་གསུམ་པ་སྐྲ་ཁྲོལ་བ། སྤྱི་བོ་ན་ཕག་ཞལ་འཐོན་པ། སྐུ་གཅེར་བུ་རྒྱན་དྲུག་གསོལ་བ། ཕྱག་གཡས་ཅང་ཏེའུ་ཏིང་ཤག་བཏགས་པ། གཡོན་པ་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། ཁ་ཊྭཱཾ་ག་མཆན་ཁུང་དུ་བཅུག་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་བརྐྱང་པ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟར་བསྒོམ། མེ་ལོང་གི་ནང་དུ་ཡང་དེ་བཞིན་བསྒོམ་མོ། །དེའི་ཕྱོགས་བཞིར་རྡོ་རྗེ་མཁའ་འགྲོ་སྔོན་མོ། རིན་ཆེན་སེར། པདྨ་དམར། ལས་ཀྱི་ལྗང་ཁུ་ཆ་ལུགས་གཙོ་མོ་དང་མཐུན་པར་བསྒོམ། དེ་ལ་འཇིག་རྟེན་མཁའ་འགྲོ། ཤ་ཟའི་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། རང་རང་གི་འཁོར་འབུམ་དང་བཅས་པས་བསྐོར་བ་བསྒོམ། མཁའ་འགྲོ་ལྔ་ལ་རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་སྟིམ། དབང་བསྐུར་ལ་མི་བསྐྱོད་པས་དབུ་བརྒྱན་པར་བསམ། མཁའ་འགྲོ་ལྔ་དང་རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་ཁར་ཧཱུྃ། ལྟེ་བར་བཾ་བཀོད། དེ་ཐམས་ཅད་ཀྱི་ཐ་མ་ཧ་རི་ནི་སས་བསྐོར་བར་བསྒོམ། དེའི་ཐ་མ་ལྷའི་སྙིང་པོ་ཡིག་འབྲུ་བཅུ་གསུམ་གྱིས་བསྐོར་བར་བསྒོམ། སྔགས་བཟླས་པ་ནི། ཨོཾ་ཨཱཿཧཱུྃ། བཾ་རུ་ལུ་ཧ་རི་ནི་ས་པ་རི་ཧཱུྃ་ཞེས་པ་ནི་སྙིང་པོ་དམ་པའོ། །རིག་བཙལ་བསྐྱེད་པ་ཟླ་བ་གཅིག་དང་ཞག་བདུན་བཟླས། རང་གི་སྙིང་ཁའི་སྔགས་ལས་འོད་འཕྲོས་པས་མཁའ་འགྲོ་ལྔ་དང་མེ་ལོང་གི་མཁའ་འགྲོ་ལ་ཕོག་པས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཚུར་འདུས་ཏེ་རང་གི་ལུས་ངག་ཡིད་གསུམ་ལ་ཞུགས་པར་བསྒོམ། རྫོགས་རིམ་སྒོམ་པའི་དུས་སུ་བར་གྱི་ལྷ་དང་། མེ་ལོང་གི་ལྷ་རྣམས་རང་ལ་ཐིམས་ཏེ་སེམས་རང་བཞིན་མེད་པའི་ངང་དུ་བཞག་གོ །ལྷ་སྒོམ་པ་དང་སྔགས་བཟླས་པ་དང་། ཐུན་མཚམས་སུ་མཆོད་པ་འབུལ་བ་དངོས་གཞིའོ། །ཐུན་མཚམས་སུ་མཆོད་པ་འབུལ་བ་ནི། རང་ལྷའི་ང་རྒྱལ་ལ་གྲོལ་བས་ཚོགས་བདུད་རྩི་རྣམ་གསུམ་དུ་བྱིན་གྱིས་བརླབས་ལ་རོལ། མཆོད་པ་ནམ་མཁའ་ལྷ་ཡིས་གང་བ་ལ། ཕྱི་སྣོད་ཀྱི་ལོ་ཀ་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་ལོངས་སྤྱོད་འདོད་ཡོན་ལྔའི་ཚོགས་སྣང་སྲིད་གཞིར་བཞེངས་སུ་ལྟོས་པ་མེད་པར་འབུལ། རང་གི་མིག་གཟུགས་རྡོ་རྗེ་མེ་ཏོག་མ། རྣ་བ་སྒྲའི་རྡོ་རྗེ་སིལ་སྙན་མ། སྣ་ལས་དྲི་རྡོ་རྗེ་བདུག་སྤོས་མ། ལྕེ་ལས་རོ་རྡོ་རྗེ་ཞལ་ཟས་མ། ལུས་ལས་རེག་བྱ་རྡོ་རྗེ་དྲི་ཆབ་མ། ཡིད་ལས་ཆོས་དབྱིངས་རྡོ་རྗེ་བདེན་མར་སྤྲོས་མ། ཨོཾ་མ་ཧཱ་གུ་རུ་རཏྣ་ཌཱ་ཀི་ནི་ལ་པུཥྤེ་བཏགས་ལ་མོས་གུས་ཀྱིས་རང་སྐྱེད་ལ་ཅང་ཏེའུ་ཁྲོལ། མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས། སིལ་སྙན་རོལ་མོ་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །བླ་མ་མཁའ་འགྲོའི་ཚོགས་ལ་འབུལ། །ཞེས་པས་འབུལ་ལོ། །གཏོར་མ་ལ་རྒྱན་རབ་ཤ་དང་ཤ་ཆེན། ཉ་ཤ་འབྲིང་། མར་དང་བུ་རམ་ཐ་མ་སྒོག་པ་ལ་ཕུག་ལ་སོགས་བཅུག །ཁྲག་གམ། ཆང་ངམ་ཞོས་བྲན་ལ། བདུད་རྩི་ལྔ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་མ་ཧཱ་གུ་རུ་ཌཱ་ཀི་ནི་ལབ་ལིམ་བཏགས་ལ་འབུལ་ལོ། །ཁམས་གསུམ་མ་ལུས་ཞིང་ཁམས་ན། །སྐུ་གསུམ་འཁོར་བཅས་ཐུགས་རྗེའི་མགྲོན། །སྟོང་གསུམ་བདུད་རྩིས་ཁེངས་པའི་རྫས། །གཏོར་མ་འདོད་ཡོན་ལྔ་རུ་བསྔོ། །ཞེས་པས་འབུལ་ལོ། །
མེ་མཆོད་བྱ་བ་ནི། མཎྜལ་མདའ་གང་གྲུ་བཞི་ལ། པདྨ་དམར་པོ་འདབ་མ་བརྒྱད་པ་བྲིས་ལ་ཤིང་རྩེགས་མེ་སྦར་བའི་ནང་དུ་བླ་མ་ཡི་དམ་མཁའ་འགྲོ་བསྒོམས་ལ་སྨན་ལྔ་འབྲུ་ལྔ། རིན་ཆེན་ལྔ། དར་ཟབ། མེ་ཏོག་བཟའ་བཏུང་དང་ཚོགས་ཕུད། གཏོར་མ་ཕྱེ་མར་ཁུ་བ་ལ་སོགས་མེ་ནང་དུ་འབུལ་ཞིང་། ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནི་བཾ་ཧ་རི་ནི་ས་ཛྭ་ལ་རཾ་ཨ་ག་ནི་པུ་ཙ་ཧཱུྃ། ཡེ་ཤེས་མེ་ཡི་དཀྱིལ་འཁོར་དུ། །བླ་མ་ཡི་དམ་མཁའ་འགྲོ་ལ། །འདོད་ཡོན་སྲེག་རྫས་མེ་མཆོད་འབུལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ནད་དང་སྡུག་བསྔལ་ཞི་གྱུར་ཅིག །ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཚེ་དང་བསོད་ནམས་རྒྱས་གྱུར་ཅིག །པུཥྚིཾ་ཀུ་རུ་ཡེ་སྭ་ཧཱ། མི་ནོར་ཟས་གསུམ་རྒྱས་གྱུར་ཅིག །ཝ་ཤཾ་ཀུ་རུ་ཡེ་སྭ་ཧཱ། དགྲ་བགེགས་ཕུང་ཞིང་བརླག་གྱུར་ཅིག །མ་ར་ཡ་རྦད། དེ་ནས་བསྟོད་པ་བྱ་བ་ནི། ཆོས་དབྱིངས་རྣམ་དག་སྐྱེ་མེད་དབྱིངས་ཀྱི་ཡུམ། །འགག་མེད་རྩལ་བྲལ་སེམས་ཉིད་དོན་གྱི་ཡུམ། །མཐའ་དབུས་མེད་པ་མཐའ་བྲལ་དོན་གྱི་ཡུམ། །ཡུམ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །འགྱུར་བ་མེད་པ་རྡོ་རྗེ་སྐུ་སྤྲུལ་མ། །སྐྱོན་གྱིས་མ་གོས་པདྨའི་སྐུ་སྤྲུལ་མ། །འདོད་དོན་སྒྲུབ་པ་ལས་ཀྱི་སྐུ་སྤྲུལ་མ། །ཡུམ་ཆེན་སྐུ་ལ་ལྷུན་གྲུབ་ཕྱག་འཚལ་བསྟོད། ཕཊ་བྱའོ། །
མཇུག་གི་བྱ་བ་ནི། མེ་ལོང་གི་ནང་དུ་ནམ་མཁའ་ལ་སྒོམ་པའི་མཁའ་འགྲོ་ལྔ་པོ་བསྟིམ་ལ། མེ་ལོང་ཆང་གིས་བཀྲུས་ལ་བཏུང་། །མེ་ལོང་སྙིང་ཁར་གཏུག་སྟེ་ལྷ་ལྔ་སྙིང་ཁར་ཐིམ་པར་བསྒོམ། དེ་ནས་གསང་གཅོད་ཞག་བདུན་བསྐྱངས་པ་ནི། བདག་ཉིད་མཁའ་འགྲོ་མ་ནག་མོར་བསྒོམ། སྤྱི་བོར་དཀོན་མཆོག་གསུམ་པོ་མགྲིན་པར་བླ་མ། སྙིང་ཁར་ཡི་དམ་མཁའ་འགྲོ་སྡེ་ལྔ། ལྟེ་བར་ལས་ཀྱི་མཁའ་འགྲོ་བསྒོམ། བདག་ཉིད་མཁའ་འགྲོ་ཡིན་སྙམ་པའི་རིག་པ་ངར་བསྐྱེད་ལ་གཅེར་བུར་བྱུང་སྟེ་ཅང་ཏེའུ་བཀྲོལ་ལ་རྒྱུག་ཅིང་མཆོང་བར་བྱའོ། །ཟས་སུ་དྲི་ཆེན་དྲི་ཆུ་མི་ཤ་ཁྱི་ཤ་ལ་སོགས་པ་གཙང་བཙོག་མེད་པ་གང་རྙེད་པ་བཟའ། བང་རྒྱུག་འཁྲབ་དང་བྲོ་བྱ། གར་བྱེད་རྟོག་མེད་སྨྱོན་པའི་ཚུལ་གྱིས་སྙིང་ལ་ཅི་དྲན་བྱའོ། །གསང་གཅོད་ཡིན་པས་མཚན་མོ་མིས་དབེན་པའི་ཕྱོགས་སུ་བྱེད་པ་ཡིན་ནོ། །དེ་ལྟར་བྱས་པས་ལུས་ལ་བྱིན་རླབས་ཞུགས་པས་བདེ་སྟོང་དྲོད་འབར་ཏེ། མེ་དང་ཆུ་དང་གཡང་ལ་མཆོང་ཡང་ཉེ་ཞོ་མི་འོང་། དུག་ཟ་མཚོན་ལ་རྩེད་མོ་བྱེད་ཀྱང་ཉེས་པ་མི་འོང་། རྒྱང་ལ་བརྡུང་ནུས་པ་ལ་སོགས་གང་ལ་ཡང་མི་ནུས་པ་མེད། ཚམ་ཚོམ་མེད་པར་ནུས་པ་འབྱུང་། ངག་ཏུ་གླུ་དང་དབྱངས་བླངས་འོ་དོད་འབོད་པ་ངུ་བ་དགོད་པ་སྣ་ཚོགས་བྱ་སྟེ། དེ་ལྟར་བྱས་པས་ངག་ལ་བྱིན་རླབས་ཞུགས་ཏེ་ཅི་སྨྲས་ཀྱང་ཀུན་ལ་ཕན་པ་བདེན་པར་འཛིན་པ་ནུས་པ་མཐུ་དང་ལྡན་པ་འབྱུང་ངོ་། །
ཡིད་ལ་དགའ་མི་དགའ་བདེ་མི་བདེ་ཅི་དྲན་ཡང་གཏད་མེད་བདེན་མེད་དུ་བསྒོམས་པས་ནང་དུ་བདེ་སྟོང་གསལ་སྟོང་སྣང་སྟོང་ཉིད་སྙིང་རྗེའི་ཉམས་རྟོགས་ཁྱད་པར་ཅན་སྐྱེས་ནས་ཕྱི་རུ་ངོ་ཚ་བ་དང་། ཡ་ང་བ་དང་བག་ཚ་བ་མེད་པ་འབྱུང་། ནང་དུ་སྣང་བ་བདེན་ཞེན་ལོག་ནས་ཆགས་སྡང་དང་ཆོས་བརྒྱད་བདེ་སྡུག་ཐམས་ཅད་རང་ཞི་རང་གྲོལ་དུ་སོང་ནས་འཁོར་འདས་ཁྱད་མེད་དགྲ་གཉེན་ཁྱད་མེད། གསེར་དང་བོང་བ་ཁྱད་མེད་པ་འབྱུང་སྟེ། དེ་ཙམ་ན་རྟོག་པ་ཤར་གྲུབ་པ་ཐོབ་པའི་འཁོར་འདས་ཀྱི་ཁུག་གཤེན་ཕྱེད། རང་དོན་ཚར་གཞན་དོན་བྱ་རན་པའི་ཚད་ཡིན་ནོ། །ཨེ་མ་ཧོཿ རྟེན་མེད་སེམས་ཀྱིས་བཞག་པ་དེ། །ཆོས་ལ་སོགས་ལ་སྤང་སྐྱངས། མཆོག་དང་ཐུན་མོང་དངོས་གྲུབ་སྟེ། །གྲུབ་པས་འབྱུང་གི་སྙིང་པོ་བཟློས། །རེ་དོགས་མེད་པའི་ཉམས་ལེན་དེ། །བཞག་པས་གྲོལ་གྱིས་ཕྲེས་སེ་ཞོག །བྱུར་བུས་བཅིངས་པའི་སེམས་ཉིད་དེ། །གློད་ན་གྲོལ་གྱིས་རང་སར་ཞོག །རང་སེམས་སྐྱེ་མེད་སྤྲོས་བྲལ་དེ། །སྒོམ་དུ་མེད་ཀྱི་གོམས་སུ་ཆུག །གདམས་ངག་སྟོན་པའི་བླ་མ་དེ། །སངས་རྒྱས་ལགས་པས་གསོལ་བ་ཐོབ། །ང་ལ་འགྲོ་འོང་མི་བལྟས་ཏེ། །ང་བསྒོམ་གསོལ་བ་འདེབས་པ་དང་། །ཡིག་འབྲུ་བཅུ་གསུམ་བཟླས་པ་དང་། །སྟོང་ཉིད་སྙིང་རྗེ་བསྒོམ་པ་ལ། །དུས་གསུམ་སངས་རྒྱས་སྲས་བཅས་དང་། །དབྱིངས་ཀྱི་ཡུམ་ཆེན་ང་ཉིད་དང་། །ཡེ་ཤེས་མཁའ་འགྲོ་དཔའ་བོའི་ཚོགས། །ཞེ་ནས་བྱིན་གྱིས་མི་བརླབ་སྟེ། །དངོས་གྲུབ་རྣམ་གཉིས་མི་སྟེར་རི། །ཅི་བསམ་དགོས་འདོད་མ་འབྱུང་རི། །དོན་ཆེན་གྲུབ་བོ་མི་ཡི་བུ། །རང་ཉིད་འཆི་བའི་དུས་ཀྱི་ཚེ། །མ་ཡི་ཐུགས་དང་དབྱེར་མེད་པས། །ཆོས་ཉིད་ངང་དེ་ཆེད་འགྲོ། །དགའ་བ་བསྒོམས་ལ་ཉམས་སུ་ལོངས། །བཀའ་དྲིན་སོམས་ལ་གསོལ་བ་ཐོབ། །སྐྱེད་པར་བསོམ་སོམས་ལ་བཞུགས་སྒྲོ་སྒྲོད། །ང་དང་འབྲལ་མེད་འགྲོགས་པའི་སྒྲུབ་ཐབས་སྙིང་པོ་བཅུ་གསུམ་གྱི་སྲུང་སྒྲུབ་བྱིན་རླབས་དངོས་ཀྱི་རྩ་བ་འཆུག་མེད་གནད་ཀྱི་གདམས་ངག་བཀའ་རྒྱ་ཅན་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་རྫོགས་སོ། །
༈ རྨི་ལམ་ཉི་ཟླ་སྒོ་འབྱེད་ནི། བསགས་སྦྱང་ལས་དང་བག་ཆགས་འདུན་པའི་རྨི་ལམ་བཟུང་ཞེས་པ་དེ་ལ་གསུམ། སྔོན་དུ་བསགས་སྦྱང་ལ་འབད་པ་དང་། ཉིན་མོ་བག་ཆགས་གོམས་སུ་གཞུག་པ་དང་། གཉིད་དུ་འགྲོ་ཁར་འདུན་པ་གཏོང་བའོ། །ད་ནི་རྨི་ལམ་འཛིན། སྔོན་དུ་ཞག་བདུན་གྱི་གོང་ནས་ཚོགས་དང་གཏོར་མ་དང་། མཆོད་པ་བཤམས་ལ་བླ་མ་ལ་རྨི་ལམ་ཟིན་པར་གསོལ་བ་དྲག་པོ་གདབ་བོ། །ཆོས་སྐྱོང་ལ་གཏོར་མ་བཏང་ངོ་། །མཁའ་འགྲོ་ལ་ཚོགས་འཁོར་སྐོར་ལ་རྨི་ལམ་ཟིན་པར་གསོལ་བ་གདབ། ཡི་གེ་བརྒྱ་པ་བགྲང་། ཉིན་མོའི་བག་ཆགས་གོམས་སུ་གཞུག་པ་ནི། ཉིན་མོའི་དུས་སུ་འགྲོ་འདུག་སྤྱོད་ལམ་ལ་སོགས་གང་བྱེད་ཀྱང་རྨི་ལམ་ཡིན། བདེན་པ་ཡང་དག་པ་མ་ཡིན་སྙམ་པ་བྱ། ཉིན་མོའི་བྱ་བ་ཐམས་ཅད་རྨི་ལམ་དུ་ཤེས་ན་མཚན་མོའི་རྨི་ལམ་ཟིན་པ་ཚེགས་མི་འབྱུང་། གཉིད་དུ་འགྲོ་ཁར་འདུན་པ་བཏང་བ་ནི། མཚན་མོའི་དུས་སུ་རང་ཡི་དམ་དུ་སྒོམ་པའི་དུས་སུ་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ་བསྒོམ། དེའི་ལྟེ་བ་ལ་བླ་མའི་སྐུ་ཚོན་གང་བ་བསྒོམ། དེའི་ཐུགས་ཀར་ཧཱུྃ་ལ་དམིགས་པ་གཏད་ལ་དུས་དོ་ནུབ་ནས་རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་དང་ཡང་དུ་གཉིད་དུ་མ་སོང་བ་ལ་བྱའོ། །དེ་ནས་གཉིད་དུ་ཐུམ་སོང་བ་དང་། ཡུད་ཅིག་བརྒྱལ་འགྲོ་བརྒྱལ་སངས་པ་དང་རྨི་ལམ་ངོས་ཟིན་ལོང་རྩེར་འཆར། དེ་ཤར་བ་དང་སྔར་གྱི་ཉམས་ལེན་འཚོའི་རྟེན་འབྲེལ་གྱི་རྨི་ལམ་ཟིན་པ་འབྱུང་སྟེ། ང་གཉིད་དུ་སོང་འདུག་འདི་རྨི་ལམ་ཡིན་པར་འདུག་སྙམ་པ་འབྱུང་། དེ་ཙ་ན་འོད་གསལ་གཟུང་བར་བྱ་སྟེ།
འོད་གསལ་ནི། རིག་སྟོང་བསལ་འཛིན་མེད། བདེ་སྟོང་ཟུང་གི་ངང་དུ་བཙན་གྱིས་བཞག་པས་དེ་རིང་ཉིན་མོའི་སྒོམ་དེ་དོ་ནུབ་གཉིད་གུང་དུ་འོང་སྟེ། རིག་པ་གསལ་སྟོང་མཐའ་དབུས་མེད་པའི་ངང་དུ་བཞག་པས་ཉིན་མོའི་སྒོམ་དེ་མཚན་མོ་གཉིད་དུ་སོང་བའི་དུས་སུ་བྱུང་ན་དེ་ནི་འོད་གསལ་གྱི་ངོ་བོ་ཡིན་པས་གཉིད་སྤྲད་ཀྱིས་སད་པ་དང་ཤེས་པ་སྒོམ་ཐོག་ན་བཙན་གནས་པ་འབྱུང་ངོ་། །གལ་ཏེ་ནུབ་དང་པོ་ལ་མ་ཟིན་ན་གཉིས་པ་དང་གསུམ་པ་ལ་སོགས་པ་ཞག་བདུན་དང་བཅུ་བཞི་དང་བཞི་བཅུ་ཞེ་དགུའི་བར་དུ་ཡང་དེ་བཞིན་ཉམས་སུ་བླངས་བར་བྱའོ། །ཆང་དང་སྒོག་པ་ལ་སོགས་པའི་ཁ་ཟས་མི་ཟ། གོས་ཀྱི་ཐེབས་ཆག་མི་བགོ །གྲོགས་སྡིག་ཅན་དང་མི་འགྲོགས་སོ། །ཨྠྀི།
༈ འཕོ་བ་ཐར་པའི་སྒོ་འབྱེད་ནི། རླུང་དང་རྣམ་ཤེས་དྲག་གྱེན་དུ་འདྲེན་པ་འཕོ་བའི་ལམ་ཞེས་བྱ་བ་ནི། འཆི་བའི་དུས་སུ་གཅད་པར་བྱ་བ་འཕོ་བའི་གདམས་པ་འདི་ལ་གསུམ་ལས། སྔོན་འགྲོ་ནི་ནམ་འཆི་ཁ་མའི་དུས་སུ་འདི་ལྟར་བྱས་ཏེ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། ལུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་མཆོད་པ་ཡོངས་རྫོགས་སུ་བསྒོམ། ལུས་འདི་དཔག་བསམ་གྱི་སྡོང་པོ་འདོད་ཡོན་གྱི་ཡལ་ག་རྒྱས་པ་གཅིག་ཏུ་བསྒོམས་ལ། མིག་འདི་མེ་ཏོག་གི་ཕུང་པོ་པདྨ་ཨུཏྤལ་པུཎྜ་རི་ཀ །ཀུ་མུ་ད། མནྡ་ར་ལ་སོགས་མེ་ཏོག་མཆོད་པ་དཔག་ཏུ་མེད་པར་བསྒོམ། རྣ་བ་སིལ་སྙན་གྱི་རང་བཞིན། རྔ་དང་། རྫ་རྔ་དང་། དུང་དང་། ཆ་ལང་། པི་ཝཾ། གླིང་བུ། རོལ་མོའི་བྱེ་བྲག་དཔག་ཏུ་མེད་པར་བསྒོམ། སྣ་དྲིའི་རང་བཞིན། ཨ་ཀ་རུ། རྒྱ་སྤོས། ག་བུར། ཙནྡན། བདུག་སྤོས་ཀྱི་བྱེ་བྲག་དཔག་ཏུ་མེད་པར་བསྒོམ། ལྕེ་རོའི་རང་བཞིན་འབྲུ་དང་འབྲས་ཆན་གྱི་ལྷ་བཤོས། རོ་མཆོག་བརྒྱད་དང་ལྡན་པའི་བཟའ་བ་བཏུང་བ་དཔག་ཏུ་མེད་པར་བསྒོམ། པགས་པ་རེག་བྱའི་ངོ་བོ། མཉེན་པ་འཇམ་པ། འཁྲིལ་བ་རེག་ན་བདེ་བར་བསྒོམས་ལ། ཨོཾ་པདྨ་རུ་པ་པུཥྤེ། དྷུཥྤེ། ཨ་ལོ་ཀེ། ནེ་ཝི་ཏི། ཤཔྟ། གནྡྷེ་ཨཱཿཧཱུྃ་ཞེས་བརྗོད་ལ་འབུལ་ལོ། །དེ་ནས་སྡིག་པ་མི་དགེ་སོ་སོར་གཤགས། །དགེ་བ་བྱེད་ལ་ཡི་རང་ངོ་། །མྱ་ངན་མི་འདའ་བདག་གསོལ་འདེབས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །དགེ་བ་རྫོགས་པའི་བྱང་ཆུབ་བསྔོ། །ཞེས་ནུས་ན་ཙོག་གིས་ལངས་ལ་ངག་ཏུ་བྱ། མ་ནུས་ན་ཉལ་ལ་ཡིད་ཀྱིས་བསྒོམ་མོ། །དངོས་གཞི་ནི་འདི་ལྟར་བསམ་སྟེ། བདག་གི་ལུས་འདི་ནི་མི་གཙང་པའི་ཕུང་པོར་འདུག །རྣག་ཁྲག་དང་ཆུ་སེར་གྱི་རྐྱལ་བར་འདུག །རུས་པའི་དུམ་བུ་མཐུད། རྩ་རྒྱུས་ཀྱི་དྲ་བ་སྦྲེལ། པགས་པའི་རྒྱ་ཡིས་བསྡམས། ཤ་ཁྲག་རུས་པའི་ཕུང་པོ་གསོ་དཀའ་ལ་གུད་པ་སླ། ཐོབ་དཀའ་ལ་ཉམས་པ་སྐྱེན། དེ་ལྟ་བུའི་ལུས་འདི་ལ་ཆགས་ཞེན་རི་ལུ་ཙམ་ཡང་མི་བྱེད་དོ་སྙམ་དུ་བསམས་ལ། ལུས་སྐྱིལ་ཀྲུང་བཅས། ལག་པ་གཉིས་པུས་མོའི་སྟེང་དུ་བཀབ་ལ། མིག་འདོམ་གང་ཙམ་གྱིས་བར་སྣང་ལ་ཧ་རེ་བཞག་གོ །དེ་ནས་རྐང་པ་གཉིས་ཀྱི་དཀྱིལ་དུ་སེམས་ཀྱི་ངོ་བོ་དཀར་པོ་ཐེ་བོང་ཙམ་རེ་བསམ་ལ། འོག་རླུང་ཡར་ལ་འཐེན་གྱིས་འཐེན་པས་འོད་དེ་གཉིས་ཡར་བོལ་གོང་ནས་ཡར་ཧྲིལ་ལི་བྱུང་། ངར་གདོང་གཉིས་ན་ཡར་ལ་ཧྲི་ལི་ལི་བྱུང་ནས་ཆུ་སོའི་ཐད་ཀར་གཅིག་ཏུ་འདྲེས་ཏེ་སྙིང་ཁ་ན་ཡར་བྱུང་། མགྲིན་པ་ན་ཡར་བྱུང་། སྤྱི་བོའི་ཚངས་བུག་ན་ཡར་ལ་རྩལ་པོ་ཆེས་མདའ་འཕངས་པ་ལྟར་སྟེང་གི་ནམ་མཁའ་ལ་རླུང་གི་རང་བཞིན་དུ་སྔོ་བུན་གྱིས་ཐོན་ནས་ནམ་མཁའ་སྟོང་པའི་ངོ་བོར་ཕྱད་ཀྱིས་འདྲེས་པར་བསྒོམ། དེངས་པར་བསྒོམ། ལུས་སེམས་ཤགས་ཀྱིས་འཕྲལ། ལུས་ཅི་དགའ་རུ་བཞག །སེམས་ཉིད་འདི་རྟེན་མེད་ཀྱི་རིག་པ་ནམ་མཁའ་ལ་འཕངས་ལ་རིག་པ་ཧ་རེ་ཧེད་བསམ་བརྗོད་དང་བྲལ་བའི་ངང་དུ་བཞག་པས་དུས་དེ་ཉིད་དབུག་ཁྲོག་གིས་འགྲོ་བ་ཡིན་ནོ། །
འཇུག་ཏུ་ཕོབ་པའི་དགོས་པ་ནི། འཕོ་བ་བྱེད་པའི་གང་ཟག་དེ། རྫོགས་རིམ་ཆོས་ཉིད་དོན་ལ་ཉམས་ལེན་བྱས་ནས་སངས་རྒྱ་བ་ཡིན་ནོ། །བསྐྱེད་རིམ་དང་ལྷ་དང་ལྷ་མོའི་རྣམ་པར་བསྒོམས་ནས་འོག་མིན་ནམ་མངོན་པར་དགའ་བ་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམ་པར་དག་པར་ལྷའི་ངོ་བོར་སྐྱེ་བ་ཡིན། ཉན་ཐོས་ཀྱི་སྡོམ་པ་འདུས་བྱས་ཀྱི་ཆོས་སྤྱོད་ལ་གནས་པ་གཅིག་གིས་འཕོ་བ་བྱས་ན་ལྷ་དང་མིའི་གོ་འཕང་འཐོབ་པར་འགྱུར་རོ། །ལུང་ཡོད་ན་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་སྔོན་འགྲོ་དེ་རྣམས་བྱས་ཏེ་ལུང་མེད་ན་དངོས་གཞི་རང་བྱའོ། །གལ་ཏེ་དེས་འཕོ་རུ་མ་འདོད་ན། ཀོག་རྩེར་ལངས་ལ་རྐང་གཉིས་ཤིབ་ཙེར་བཤིབས་ལ་ཐལ་མོ་སྤྱི་བོར་སྦྱར་ལ་རླུང་དང་བསྟུན་ལ་སྔར་གྱི་དམིགས་པ་དེ་བསྒོམ། དེ་ལྟར་བྱས་པས་ངེས་པར་འཕོའོ། །གཅོད་ཀྱི་ལུགས་ཀྱི་སྦྱང་པ་དང་ལས་སྦྱོར་དུས་མཉམ་ཡིན་ནོ། །ཨྠྀིཿ
༈ བར་དོ་འོད་གསལ་སྒོམ་འབྱེད་ནི། ཕྲ་རགས་ཐིམ་བྱེད་འོད་གསལ་འཆར་བ་བར་དོ་ཡིན་ཞེས་བྱ་ནི། ཤི་བའི་དུས་སུ་སྲིད་པ་བར་དོ་ལ་སྤྱད་པར་བྱས་ཏེ། དེ་ལ་གསུམ། འཆི་ཚུལ་གྱི་རིམ་པ་དང་། འོད་གསལ་འཆར་བའི་དུས་དང་། བར་དོར་འཁྱམས་པའི་ཚུལ་ལོ། །དང་པོ་ནི། ཐིམ་ཚུལ་བཞི་ཐིམ་པས་ཕྱི་དབུགས་ཆད། སྣང་མཆེད་ཐོབ་གསུམ་ཐིམ་པས་ནང་དབུགས་ཆད། ཨ་ཧཾ་འཕྲད་པ་གྱེས་པས་ཟག་བཅས་ཀྱི་བདེ་བ་ཡལ། རྩ་ཁམས་ཡིག་འབྲུ་ཐམས་ཅད་འཁྲུགས་པས་རིག་པ་བརྒྱལ་འགྲོ་བས་ཏེ། དཔེར་ན་ཆུ་སྙོགས་པས་ཆུ་ནང་དུ་ཤར་བའི་ཉི་ཟླ་ཡལ་ནས་མི་གསལ་བ་བཞིན་དུ་ཞག་གསུམ་མམ་བཞི་ལ་སོགས་པ་ཅི་རིགས་སུ་བརྒྱལ་འགྲོ་བའོ། །འོད་གསལ་འཆར་བའི་དུས་སུ་ནི། བརྒྱལ་བ་སངས་བའི་རྗེས་ལ་ཆུ་དྭངས་བས་ཉི་ཟླ་གསལ་བ་བཞིན་དུ་འོད་གསལ་འཆར་བ་ཡིན་ཏེ། འོད་གསལ་གྱི་ངོ་བོ་ནི། བར་དོའི་དུས་སུ་ཕྱག་རྒྱ་ཆེན་པོའི་སྒོམ་སྐྱེ་བ་ཡིན་ཏེ། སྣང་སྟོང་ཟུང་འཇུག་བདེ་སྟོང་དབྱེར་མེད། གསལ་སྟོང་འཛིན་མེད་ཀྱི་དོན་རྒྱུད་ལ་ཤར་བ་ཡིན་ཏེ། དེ་ཁོ་ནའི་དོན་དུ་རྩེན་བཞག་པས་སྔར་ནས་ཉམས་ཡོད་པའི་གང་ཟག་དེ་སྔར་འདྲེས་ཀྱི་མི་དང་འཕྲད་པ་བཞིན་དུ་དེའི་དུས་སུ་རང་ངོ་ཤེས། རང་དབང་ཐོབ། རང་ས་ཟིན་ནས་གཉིས་མེད་ཆོས་ཀྱི་སྐུའི་ངོ་བོར་སངས་རྒྱའོ། །སྔར་ནས་བསྐྱེད་རིམ་སྒོམ་པ་ལ་བརྟེན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། བྱམས་སྙིང་རྗེ་སྒོམ་པ་ལས་སྤྱིར་ཡང་སྤྲུལ་པའི་སྐུ་འབྱུང་སྟེ་སྐུ་གསུམ་ཕྲིན་ལས་དང་བཅས་པ་དེའི་དུས་སུ་ཐོབ་བོ། །
གལ་ཏེ་སྔར་གྱི་སྦྱང་བ་ཆུང་བས་བར་དོ་དང་པོ་ལ་སངས་རྒྱས་མ་ནུས་ན། གཉིས་པ་ལ་མངལ་ཁ་བཀག་པ་བྱས་ཏེ། དེ་ལ་བཀག་ཐབས་གསུམ་སྟེ། ལྷ་དང་བླ་མར་བསྒོམས་ལ་མངལ་ཁ་བཀག་པ། ཆགས་སྡང་རྩད་བཅད་ལ་མངལ་ཁ་བཀག་པ། ལས་ཀྱི་རླུང་དམར་ལ་མི་སྐྲག་མི་དངངས་པར་བསྒོམས་ལ་མངལ་ཁ་བཀག་པའོ། །དང་པོ་ནི། མངལ་དུ་འཇུག་པའི་རྒྱུ་རང་གི་རྒྱུད་ལ་ཆགས་སྡང་ཡོད་པ་རྐྱེན་ཕོ་མོ་ཕན་ཚུན་ཆགས་པ་སྤྱོད་པ་མཐོང་བ་ལ་བརྟེན་ནས་མིག་སེར་སྐྱེས་ནས་འཕྲལ་བུ་མོ་ལ་ཆགས་ཕོ་ལ་སྡང་ན་བུ་རུ་སྐྱེ། ཕོ་ལ་ཆགས་མོ་ལ་སྡང་ན་བུ་མོར་སྐྱེ་བས་ཆགས་པ་སྤྱོད་པ་གང་མཐོང་ཡང་གསང་དབང་བསྐུར་བའི་བླ་མ་ཡབ་ཡུམ་དུ་བསྒོམས་ལ་གསང་དབང་བསྐུར་བ་ཡིན་སྙམ་བྱས་ལ་ཆགས་སྡང་ཡོང་ངོ་། །ཡང་ན་ཡི་དམ་ཡབ་ཡུམ་དུ་བསྒོམས་ལ་ཆགས་སྡང་སྤང་ངོ་། །ཆགས་སྡང་རྩད་བཅད་ལ་མངལ་ཁ་བཀག་པ་ནི། ཕྱི་རུ་ཆགས་པ་སྤྱོད་པ་མཐོང་བའི་ཚེ། ནང་དུ་ཆགས་སྡང་སྐྱེས་པའི་དུས་ན། ཆགས་མཁན་ལ་ཆགས་པའི་ངོ་བོ་དེ་ག་ན་འདུག་ཅི་འདྲ་འདུག་བལྟས་པས་ཆགས་པ་མེད་པའི་སྟོང་པ་ཉིད་ཀྱི་ངང་དུ་བཞག་གོ །ཆགས་མཁན་སྟོང་པ་ཉིད་དུ་ཤེས་ན་ཆགས་སྡང་རང་གྲོལ་ལ་སོང་ནས་མངལ་ཁེག་པའོ། །ལས་ཀྱི་རླུང་དམར་ལ་མི་སྐྲག་པར་བྱས་ལ་མངལ་ཁ་བཀག་པ་ནི། མངལ་དུ་འཇུག་པའི་རྒྱུ་བག་ཆགས་ཀྱི་ལུས། རྐྱེན་ལས་ཀྱི་རླུང་དམར། ངོ་བོ་རླུང་དང་བུ་ཡུག་དྲག་ཆར་དང་སེར་བ། མེ་འབར་བ་དང་ཤྭ་ལོག་རི་གཟར་གྱི་རྦབ་དང་གླང་པོ་ཆེ་སྨྱོས་པ་དམག་དང་རྒྱལ་པོ་བྱུང་བ་སྙམ་བྱེད་ནས་དངངས་སྐྲག་སྟེ་བྲོས་ནས་གནས་གཅིག་ཏུ་ཡིབ་ཏུ་ཕྱིན་པ་སྙམ་བྱེད་པ་ལ་བརྟེན་ནས་མངལ་དུ་ཚུད་ནས་དེ་ལ་ལས་ཀྱི་རླུང་བཅུས་བདས་པའི་ཚེ་ན་སྔར་གྱི་ལུས་ནི་སྤངས། ཕྱིས་ཀྱི་ལུས་ནི་མ་བླངས། ད་ལྟར་གྱི་ལུས་འདི་བག་ཆགས་ཡིད་ལུས་ཡིན་པས་འདི་ལུས་སུ་སྣང་བ་ཅུག་འདུག་གི་རྟེན་པར་གྲུབ་པ་མེད་པས་འདི་མེ་དང་ཆུ་ལ་སོགས་པས་གནོད་མི་ནུས་ཏེ། ནང་ན་ལུས་དངོས་པོ་གྲུབ་པ་མེད་པ་ལ། ཕྱི་ན་ལས་ཀྱི་རླུང་བཅུ་བདེན་པར་གྲུབ་པ་མེད་པ་འདི་ཀ་ལ་གཅོད་བྱ་དགོས་པ་ཡིན་སྙམ་པའི་རྟགས་མཚན་བསྐྱེད་ནས་བསྡད་པས་དེ་ཐམས་ཅད་བདེན་པར་གྲུབ་པ་མེད། སེམས་ཀྱི་ཆོ་འཕྲུལ་ཡིན་པས་རང་ཡལ་རང་དག་ལ་འགྲོའོ། །
བར་དོར་འཁྱམ་པའི་ཚུལ་ནི། ཐ་མལ་པའི་བར་དོ་དང་། རྣལ་འབྱོར་པའི་བར་དོ་གཉིས་ལས། དང་པོ་ནི། ཡུན་རིང་ཤོས་ཞག་བཞི་བཅུ་ཞེ་དགུའི་བར་དུ་བག་ཆགས་ཀྱི་ལུས་མཚན་ཉིད་དྲུག་དང་ལྡན་པར་བཟུང་བས་བདེ་སྡུག་སྣ་ཚོགས་ལ་སྤྱོད་དོ། །རྣལ་འབྱོར་པའི་བར་དོ་ནི། གདམས་ངག་ཡོད་པས་མངལ་ལ་བཟང་ངན་བདམས་པར་བྱས་ཏེ། སྔར་གྱི་རླུང་བཅུ་པོ་གང་ཡང་རུང་བས་བདས་པའི་ཚེ་ན་ཡིབ་པ་བཟང་པོ་བདམས་པར་གལ་ཆེ། དེ་ཡང་ངམ་གྲོག་དང་། གཅོང་རོང་དང་། གཡང་ས་ཟབ་མོར་ཡིབ་པ་སྙམ་བྱེད་ན་ཁྱི་དང་ཕག་པ་ལ་སོགས་པ་དུད་འགྲོའི་མངལ་དུ་སྐྱེའོ། །རྩྭ་དང་སྤང་དང་ལོ་མའི་སྤྱིལ་བུར་ཡིབ་པ་སྙམ་བྱེད་ན་རྒྱལ་རིགས་སུ་སྐྱེའོ། །རེ་ཧྲུལ་འོག་ཁང་དང་ཁང་པ་ངན་པར་ཕྱིན་པ་སྙམ་བྱེད་ན་དམངས་རིགས་དང་གདོལ་བའི་མངལ་དུ་སྐྱེའོ། །ཁང་ཆེན་དང་། ཁང་བཟང་དང་། རགས་ཁང་དང་བསིལ་ཁང་དང་། ཁང་པ་བརྩེགས་པར་ཡིབ་པ་སྙམ་བྱེད་ན་རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེའི་རིགས་ཀྱི་མངལ་དུ་སྐྱེའོ། །གཙུག་ལག་ཁང་དང་། ལྷ་ཁང་དང་། རྟེན་གྱི་དྲུང་དུ་ཡིབ་པ་སྙམ་བྱེད་ན་དགེ་བའི་བཤེས་གཉེན་དང་། ཆོས་མཛད་དང་། ཆོས་དང་ལྡན་པའི་མངལ་གྱི་རིགས་སུ་སྐྱེ་བས་ན་དེ་རྣམས་བདམས་པར་བྱའོ། །ཨྠྀིཿ
༈ དེ་ལྟར་ཉིན་མོ་སྒྱུ་ལུས་འབྱོངས་ན་མཚན་མོ་རྨི་ལམ་འབྱོངས། བར་དོ་འོད་གསལ་ཟིན་པས་དང་པོ་འཕོ་བ་སྦྱང་བར་བྱའོ། །གེགས་སེལ་རྟེན་འབྲེལ་སྒོ་འབྱེད་ལ། གེགས་དང་བར་ཆད་ཅི་བྱུང་ཡང་། འདོན་ཐབས་གསུམ་ལས་མེད་དེ། ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་འདོན་པ་དང་། སྒོམ་པ་གསལ་སྟོང་ཐབས་ཀྱིས་འདོན་པ་དང་། སྤྱོད་པ་ཟབ་མོ་རྟེན་འབྲེལ་གྱིས་འདོན་པས་ཏེ། སྤྱི་ཁྲིད་རང་ལ་གསལ་ལོ། །ཁྱད་པར་བཀའ་བསྡུ་གནད་དབབ་པ་ནི། ནད་པའམ་གེགས་བྱུང་བ་དེའི་དྲུང་དུ་རྟེན་འབྲེལ། མཆོད་པ་དང་། ཚོགས་དང་གཏོར་མས་མཆོད་པ་དང་། ཚོགས་གཏོར་བཤམ་ལ་ཨ་མའི་སྐུ་ཞིག་བླ་མའི་ཞལ་རྗེས་སྤྱོད་ཀྱི་དེས་ནད་པའི་སྤྱི་བོ་ན་སར་བཞག་ལ། དེ་ལ་བཀའ་བརྒྱུད་ཀྱི་བླ་མ་སྤྱན་དྲངས་ལ་ན་མོ་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་བླ་མ་ཡི་དམ་མཁའ་འགྲོ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་ཕྱག་འཚལ་ལོ། །རྩ་བའི་བླ་མ་བཀའ་དྲིན་ཅན། བརྒྱུད་པའི་བླ་མ་བྱིན་རླབས་ཅན། འདྲེན་པའི་བླ་མ་ཐུགས་རྗེ་ཅན། ད་རེས་ཡོད་ན་ད་རེས་ཡོད། ད་རེས་མེད་ན་ད་རེས་མེད། ཐུགས་རྗེ་བྱིན་རླབས་སྐྱེད་ཅིག་དཀོན་མཆོག་མི་བདེན་ནམ། བླ་མ་བཀའ་བརྒྱུད་གདམས་པ་བདུད་ཀྱི་སྤྱོད་ཡུལ། རྒྱུ་འབྲས་དགེ་སྡིག་མོས་གུས་བྱིན་རླབས་བདེན་ནམ་ད་རེས་བལྟའོ། །དད་པ་ཅན་ཡིད་མ་གཅད། མོས་གུས་ཅན་བློ་བཟློག་ཏུ་མ་གཞུག །ཉམས་ལེན་བྱེད་པ་ཚོ་ཆོས་ལ་ལོག་ལྟ་སྐྱེ་རུ་མ་གཞུག །དགེ་སྡིག་སྤྱོད་པ་ཚོ་རྒྱུ་འབྲས་ལ་ཐེ་ཚོམ་ཟ་རུ་མ་གཞུག །རྒྱུ་ལས་ངན་སྒྲིབ་པ་རྐྱེན་ངན་གདོན་བགེགས་ན་ཚ་སྡུག་བསྔལ་དུས་ད་ལྟ་ཉིད་དུ་ས་འདི་ཉིད་དུ་ཐབས་འདི་ལ་བརྟེན་ནས་གསོས་པར་བྱིན་གྱིས་རློབས་ཤིག །ཡུམ་ཨ་མ་ཇོ་མོ། ཡི་དམ་མཁའ་འགྲོ། ཁྲོས་མ་ནག་མོ། བཀའ་ཕ་རོལ་ཏུ་ཕྱིན་མ། གདམས་ངག་བདུད་ཀྱི་གཅོད་ཡུལ། བྱིན་རླབས་ཡོད་དམ་མེད། ཐུགས་རྗེ་ཆེའམ་ཆུང་། ཕན་ནམ་མི་ཕན། བདེན་ནམ་མི་བདེན་ད་རེས་བལྟའོ་བྱའོ། །བྱིན་རླབས་གནད་འབེབས་ཟབ་མོ། ཨྠྀིཿ
༈ བོགས་འདོན་ཡོན་ཏན་སྒོ་འབྱེད། ཡར་བླ་མའི་མོས་གུས་ལ་བརྟེན་ནས་བོགས་འདོན་པ་དང་། མར་སེམས་ཅན་ལ་སྙིང་རྗེ་ལ་བརྟེན་ནས་བོགས་འདོན་པ། བར་སྤྱོད་པ་ཐོག་རྫིས་ལ་བརྟེན་ནས་ཡོན་ཏན་གྱི་བོགས་འདོན་པ་དང་གསུམ་དུ་ཤེས་པར་བྱས་ཏེ། སྤྱི་ཁྲིད་ན་གསལ་ལོ། །དེ་གཉིས་ལོགས་སུ་བཀོལ་ཡང་དེ་བས་ཟབ་པ་བཤད་དུ་མེད་དོ། ཨྠྀིཿ
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གནད་དོན་ཕྲིན་ལས་སྒོ་འབྱེད་ཀྱི་གདམས་པ་འདི་ལ་བཞི། ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་ལས་དང་། དྲག་པོའི་ལས་སོ། །དང་པོ་ལ། མཛེ་ཕོ་གསོ་བ་དང་། ནད་པ་གསོ་བ། ཁམས་འདུས་ཅན་གསོ་བ་དང་། སྲིའུ་གསོ་བའོ། །དང་པོ་གསུམ། སྔོན་འགྲོ་བརྟག་པར་བྱ་བ་དང་། དངོས་གཞི་ཉམས་ལེན་བྱ་བ་དང་། རྗེས་གཏང་རག་བཏང་བའོ། །དང་པོ་ལ་གསུམ། གང་ཟག་གང་གིས་བྱ་བའི་རིགས། བརྟག་པ། གདོན་གང་གིས་ཟིན་པའི་རིགས་བརྟག་པ། ལྷ་འདྲེ་གང་ན་གནས་བརྟག་པའོ། །དང་པོ་ནི། བརྟག་པ་མཁན་པོ་ཐམས་ཅད་ཀྱིས་སྤངས་པ། གདོན་གྱི་ལོགས་སུ་འཁྱེར་བ། སུས་ཀྱང་ཁས་ལེན་མ་ནུས་པ་འཇིག་རྟེན་པའི་ལས་ཐམས་ཅད་ཚར་བཅད་པ་ཞིག་གིས་ཉམས་སུ་བླངས་པར་བྱས་ཏེ། དེ་ལ་རེ་དོགས་ཀྱི་བློ་འབྱོང་བ། ལུས་སྲོག་གི་གཏོང་ཕོད་ཆེ་བ། ཚུར་ལ་ལོག་གིས་དོགས་པའི་ཟོན་མི་དགོས་པས་ཏེ། མཛེ་ཕོ་གསོ་བའི་ཆོས་སུ་མི་འགྲོ་བ་ལ་སྤྲང་པོ་བས་རྟོགས་སུ་མི་འགྲོ་བའི་ཕྱིར་རོ། །
གདོན་གང་གིས་ཟིན་པའི་རིགས་བརྟག་པ་ནི། དང་པོ་ནི། མིག་བལྟས། བར་དུ་ཉམས་བལྟས། ཐ་མ་ལུས་ཀྱི་སྒོ་ལེགས་སུ་བརྟག་ལ་ཀུ་རེ་བཀྱལ་གྱི་ཆེད་དུ་ཞུགས་ཡིན་ནམ། ཡས་འདོད་ཐག་ཆོད་ཀྱི་ཕྱིར་དུ་ཞུགས་པ་ཡིན་ནམ། ཚེ་རབས་ལས་ཀྱི་སྒོས་ཞུགས་པ་ཡིན་ནམ། ཀླུ་རྒྱལ་རིགས། རྗེ་རིགས། དམངས་རིགས། བྲམ་ཟེའི་རིགས། གདོལ་བ་གང་ཞུགས་ངོས་བཟུང་བར་བྱའོ། །ལྷ་འདྲེ་ག་ན་གནས་པའི་གནས་བརྟག་པ་ནི། གཅོད་བྱེད་ས་དེའི་ལྷ་འདྲེ་དེས་རང་ལ་གནོད་པའི་ལྷ་འདྲེ་དེ་ཆུན་པ་གཅིག་དགོས་ཏེ། རྒྱལ་རིགས་ཀླུའི་བཙད་པོ་ཡིན། རྗེ་རིགས་ཀླུ་ཡི་དྲི་བོ་ཡིན། བྲམ་ཟེའི་རིགས་ཀླུའི་དགེ་སློང་ཡིན། དམངས་རིགས་ཀླུའི་ཆེ་ཀྱང་ཡིན། གདོལ་བ་ཀླུའི་ཤན་པ་ཡིན་པས་དེ་རྣམས་ཆུ་མིག་ལ་སོགས་པའི་ཁ་བལྟས་པ་དང་ཕྱོགས་ཁ་དོག་དང་དབྱིབས་ཀྱི་སྒོ་ནས་ཤེས་པར་བྱས་ཏེ། ཀླུ་རིགས་གསུམ་ཡང་དམངས་རིགས་ཀྱིས་ཆུན་ལ། དམངས་རིགས་གདོལ་པས་ཆུན་ཏེ། དཔེར་ན། མི་འགའ་ཞིག་གིས་མི་གཅིག་ལ་གནོད་པ་ན། གནོད་པ་སྐྱེལ་མཁན་གྱི་ཕྱོགས་ནས་དེ་ཆུན་པའི་མི་གཅིག་བཙོན་དུ་ཟིན་ན་དེས་ཆུན་མ་ཆུན་མི་ནག་ཅན་བཙོན་དུ་གཟུང་ན་ཡང་མི་ཆུན་ཏེ། བཟུང་མ་བཟུང་མེད་པ་བཞིན་ནོ། །
དངོས་གཞི་ཉམས་ལེན་བྱ་བ་ནི། དང་པོ་དབང་དང་ངོ་སྤྲོད་ཐེབས་པར་གདབ། དེ་ནས་ཉམས་ཁྲིད་བསྐྱངས་ཏེ། ལག་ལེན་ལ་ཐེབས་པར་བྱ། སྤྱི་ཁྲིད་ཉན་ལ་ཆོས་ཀྱི་མཐའ་ཆོད་པར་བྱའོ། །དེ་ནས་མཐའ་བཞི་འབེབས་སེ་སྙིས་མ་བཀོད་ན་ཀླུ་རྣམས་འབྲོས་པར་འགྱུར་རོ། །ཕྱོགས་བཞི་གྱད་ཀྱིས་མ་བསྲུངས་ན། །ཀླུ་རྣམས་བཀུག་ཏུ་ཚུད་མི་འགྱུར། །མཚམས་བཞི་གཟེར་གྱིས་མ་བཏབ་ན། །ཀླུ་རྒྱལ་ལས་ལ་ཚུད་མི་ནུས། །བདག་པོ་བཙོན་དུ་མ་བཟུང་ན། །ཉེས་བྱེད་གནས་ལ་ཕེབས་མི་འགྱུར། །ཀླུ་ཆེན་གཙོ་བོ་མ་གཟིར་ན། །གནོད་བྱེད་ཀླུ་རྣམས་ཆུན་མི་འགྱུར། །ས་སྟེ་གཙུགས་ནས་མ་བསྒྲུབས་ན། །ང་ས་ཚོད་ཡུན་རིང་འཐོབ་པར་འགྱུར་ཞེས་པས་གཉན་ས་དེ་རུ་ཕྱིན་ལ། རོ་རས་དང་། རོ་སོལ་དང་། གུ་གུལ་དང་། གླ་རྩི་དང་། ཤུ་དག་གི་ཆུ་མིག་དེའི་ཐ་མ་འདོམ་གསུམ་ཚུན་ཆད་བསྐོར་བར་བྱ་སྟེ། དེ་ལྟར་མ་བྱས་ན་སྒྲུབ་པ་པོའི་གནད་མ་ཐེག་པར་ཀླུ་དེ་གཞན་དུ་འབྲོས་སུ་འོང་ངོ་། །ཕྱག་ན་རྡོ་རྗེའི་སྐུ་བཞི་བྲིས་ལ་ཤིང་གི་ཕུར་བ་བཞི་ལ་བཏགས་ལ་ཆུ་མིག་གི་ཕྱོགས་བཞིར་ཐལ་རྒྱའི་ནང་ཙམ་དུ་བཙུགས་སོ། །དེ་ཀླུ་རྒྱལ་ཏི་ཙ་ལས་ལ་ཚུད་པ་བཞིན་ཡིན། ཀླུ་རྒྱལ་ཏི་པ་ཙའི་ཙཀ་ལི་དྲི་ལྡན་ལ་གནས་པའི་ཀླུ་དེ་བྲིས་ལ་ཏི་ཙའི་ནང་དུ་དྲིལ། རེ་རྭའམ་ལ་ཆའི་ནང་དུ་བཏུམས་ལ་ཆུ་མིག་དེའི་ནང་དུ་བཞག་གོ །དེ་ནས་བདག་ཉིད་ཆུ་མིག་དེའི་ནང་དུ་མལ་བཅས་འདུག་སྟེ་འདི་སྐད་དུ་བྱའོ། །ཀླུ་རྒྱལ་ནག་པོ་ཏི་པ་ཙ་ཁྱེད་ཀྱིས་གནོད་པའི་ཀླུ་འདི་བཅུན་ནས་ངའི་མཛེ་འདི་ཟླ་བ་གསུམ་དང་ཞག་བདུན་གྱིས་གསོ་བར་གྱིས་ཤིག །གལ་ཏེ་མི་བྱེད་ན། ང་འདི་ཉིད་དུ་བྱམས་པའི་བསྟན་པ་མ་ཤར་བར་དུ་ཀླུ་ཆེན་ཁྱེད་ཀྱི་སྒོ་གནན་འདུག་པ་ཡིན་ནོ་བྱས་ལ་སུམ་ཡར་དུ་ས་སྟེ་གཟུགས་སོ། །དེ་ལྟར་བྱས་ཀྱང་སྐྱེད་མ་བྱུང་ན། མི་ཁྱི་ཕག་གསུམ་གྱི་ལུད་དང་། མཛེ་པོའི་ལྷམ་འབོབ། གདན་ཧྲལ་ཧྲུལ་སྐྲ་ཧྲུལ། ཡུགས་ས་མོའི་དོར་རྟ། སྐྲ། མི་ཐོང་པོའི་ལྷམ་ཀྲད། གླང་རོག་པོའི་རྭ། ཤུ་དག །གླ་རྩི། ཐ་རམ་གྱི་ཕྱེ་མ། དར་ཕོན་པོ། མཛེ་ཁྲག །མངལ་ཁྲག །གྲི་ཁྲག །མཛེ་ཀླད་དེ་རྣམས་བསགས་ལ་ཆུ་མིག་གི་ཁར་བྲ་མའི་ཧམ་ཅིག་བཙུགས་ལ་རྫས་དེ་རྣམས་མདུན་དུ་མངགས་ལ། ཀླུ་ཁྱོད་ངའི་མཛེ་འདི་ཟླ་བ་གསུམ་ཞག་གསུམ་གྱི་ཁོངས་སུ་གསོ་བར་གྱིས་ཤིག །དེ་མི་བྱེད་ན་རྫས་འདི་ཚོ་མི་སྲེག་རི། ན་ར་ཀན་བྱས་ལ་སྡིགས་པར་བྱའོ། །
དེ་ལའང་སྐྱེད་མ་བྱུང་ན། ཆུ་མིག་ཏུ་བཅུག་པའི་ཀླུའི་ལིང་ག་ཡོད་པའི་རྭའམ་རྫའི་གྭའུ་ལ་ཆའི་ཐམ་བུ་དེ་ན་ཀླུའི་གཟུགས་དེ་སྟོན་ལ། ཀླུའི་རྒྱལ་པོ་དང་གནོད་པའི་ཀླུ་གཉིས་མེ་ལ་སྲེག་ཚུལ་དུ་བྱས་ལ། ངའི་མཛེ་འདི་གཏོང་མཁན་ཁྱེད་ཡིན་པས་འདི་ད་ལྟ་ཉིད་དུ་གསོ་བར་གྱིས་ཤིག །དེ་མི་བྱེད་ན་ཁྱེད་གཉིས་ལ་མཉམ་དུ་མི་སྲེག་རི། ན་ར་ཀན་བྱས་ལ་ས་སྟེ་གཟུགས་སོ། །དེ་ཟླ་བ་གསུམ་སོང་ནས་ཞག་བདུན་གྱི་བར་དུ་དུས་གསུམ་པར་བྱའོ། །དེ་ལྟར་བྱས་པས་ཀླུ་ཆེན་དེ་སྐྲག་ནས་བདག་ལ་གནོད་པའི་བྲན་དེ་ལ་ཁོའི་ནད་འདི་ད་ལྟ་ཉིད་དུ་གསོ་བར་གྱིས་ཤིག །ང་འགུམ་པ་ལ་ཐུག་གོ །དེ་ལྟ་མི་བྱེད་ན་ཀླུ་བྲན་ཁྱེད་ད་ལྟ་ཉིད་དུ་གསོད་པར་བྱེད་དོ་ཞེས་གནད་བོར་ནས་བཅུན་པར་བྱེད། དེས་མྱུར་དུ་གསོ་བར་བྱེད་དོ། །ཡང་དཔལ་ཕྱག་ན་རྡོ་རྗེའི་ལྟོ་བར་བྱ་ཁྱུང་བྲི། བྱ་ཁྱུང་གི་ལྟོ་བར་ཀླུ་རྒྱལ་བྲི། དེའི་ལྟོ་བར་རང་ལ་གནོད་པའི་ཀླུ་དེ་བྲིས་ལ། འཁོར་ལོ་གསུམ་སྦྲག་ཏུ་ཀླུ་དེ་བཅུག་ནས་གཟིར་བར་བྱའོ། །དེ་ལྟར་བྱས་པས་རྨི་ལམ་དུ་ལུང་པ་མེ་རུ་འབར་བ་དང་། དུད་འགྲོ་བསད་པ་ལ་སོགས་པའོ། །ཉམས་ལྟས་སུ་ཤེས་པ་ཡངས་པ་ཁམས་བདེ་བའོ། །ལུས་ལྟས་སྣ་གོང་ཤོར་བ་སོར་ཆུད། སྐྲ་དང་སྨིན་མ་རིམ་གྱིས་སྐྱེ་ནས་མཛེ་སོས་པར་འགྱུར་རོ། །
མཇུག་ཏུ་གཏང་རག་བཏང་བ་ནི། དཔལ་ཕྱག་ན་རྡོ་རྗེ་དང་། བྱ་ཁྱུང་ལ་གཏོར་མ་བཏང་ལ་བཀའ་དྲིན་དྲན་པའི་གསོལ་བ་གདབ། ཀླུ་རྒྱལ་ལ་གཏོར་མ་བ་སུ་ཀི་བཏང་ལ་བུ་ལོན་དུ་བསྔོ། ལན་ཆགས་སུ་བཅལ། བདེན་པ་བརྡར་ལ་ཁོ་རང་གི་གནས་སུ་སོང་བར་སྒོམ་མོ། །ཁྲུས་ཆོག་འདོན་བཀོད་པ་ལྔ་གསོལ་བར་བྱ། གནོད་པའི་ཀླུ་ལ་ཀླུ་གཏོར་དང་བ་སུ་ཀི་རང་སྔོན་འགྲོ་བརྟག་པ་བྱ། དངོས་གཞི་ཉམས་བྱ་བ། རྗེས་ལ་གཏང་རག་བཏང་པ་མཛེ་གསོ་བའོ། །གཅོད་ཀྱི་གདམས་པ་ལ་བརྟེན་ནས་མཛེ་གསོ་བའི་ཐབས་ཡིན་ནོ། །ནད་པ་གསོ་བ་ནི། སྐྲན་དང་དམུ་ཆུ་ལ་སོགས་ནད་གང་གིས་ཟིན་ཀྱང་རིགས་གསུམ་ལས་མི་འདའ། རྒྱུ་ལས་ངན་སྒྲིབ་པ། རྐྱེན་ལྷ་འདྲེས་བསྐྱོད་པ། འབྲས་བུ་ན་ཚ་སྡུག་བསྔལ་དུ་སྨིན་པའོ། །དཔེར་ན་མདའ་གཞི་ལག་དང་འབྲེལ་ཏེ་མདས་རྣོ་བྱེད་གཞུས་སྟོབས་སྐྱེད་ལག་པས་རྩོལ་བ་བྱེད་པ་བཞིན་ནད་ཀྱིས་རྣོ་འདོན། གདོན་གྱིས་ཚད་སྐྱེད། ལས་ངན་སྒྲིབ་པས་རྒྱབ་བྱེད་པའོ། །དེ་སྒྲིབ་སྦྱོང་ཚོགས་བསགས་པ། གདོན་གནོད་ལ་དུ་བས་བདུག །ནད་ཕན་པ་སྨན་བཏང་པའོ། །དང་པོ་ནི། ཕྱི་རུ་ཚོགས་བསགས། སྤོང་དག་སྟོན་མོ། ཆོས་ཀྱི་སྣོད་གསུང་སྒྲོས་རྣམས་བྱ། ནང་དུ་ཆུ་འཐུང་རྡེའུ་འཆའ། དེ་བཞག་ཕྱག་དང་བསྐོར་བ་ཁ་འདོན་བྱ། གསང་བ་སྒྱུ་ལུས་ཚོགས་སུ་འབུལ་བ་དང་། བྱམས་སྙིང་རྗེ་སྒོམ་པ། བླ་མའི་མོས་གུས་རྣམས་བྱའོ། །གདོན་ལ་དུད་པས་བདུག་པ་ནི། ཁང་པ་གྲུ་བཞི་འདོམ་གང་པ་ཞལ་བ་ལེགས་པར་བྱས་པ། རྒྱ་མཐོངས་མེད་པ། བློ་དཀར་ཅན་ཞིག་བྱས་ཏེ་དེ་རུ་ནད་པ་བཞག་ལ། བློ་དཀར་ས་མཚམས་སུ་བྱས་ཏེ། དེ་ནས་དུ་བས་བདུག་པར་བྱ་སྟེ། གླ་རྩི་ཤུ་དག་ཀླུའི་དུག །གྲི་ཁྲག་མཛེ་ཁྲག་བཙན་གྱི་དུག །གུ་གུལ་སྒོག་སྐྱ་རྒྱལ་པོའི་དུག །བཙན་དུག་མངལ་ཁྲག་མ་མོའི་དུག །ཐ་རམ་མུ་ཟི་དྲི་བོའི་དུག །སྟག་ཤ་རྭ་གཞོབ་དམུ་ཡི་དུག །དོར་རྟ་སྐྲ་སྙིང་གཟའི་དུག་སྟེ། དེ་རྣམས་བསྡོང་ལ་མི་ཁྱི་ཕག་གསུམ་གྱི་ལུད་ཀྱི་ཁུ་བས་བསྲེས་ལ། སྐྱེར་པ། སྐྱི་བ། སེ་བ། ཤིང་མཚེར་མ་ཅན་བརྡར་བའི་ལྡེ་གུ་ལ་རི་ལུ་བྱས་ཏེ་བློ་དཀར་གྱི་བུ་ག་ནས་ཡར་བརྡུག་པར་བྱའོ། །དེ་ལྟར་བྱས་པས་ལས་ངན་སྒྲིབ་པ་འཛད། གདོན་གྱི་གནོད་པ་ཞི་ནས་ནད་ཀྱང་སར་ངོ་ཡེར་གྱིས་འགྲོ། དེ་ཙ་ན་ནད་གཅིག་པོ་བཅོས་པས་མཆོག་སྟེ། ནད་ལ་ཕན་པའི་སྨན་བཏང་བ་ནི། གཞན་དུ་ཤེས་པར་བྱའོ། །དེ་ལ་སྒྲིབ་སྦྱོང་དུ་ཚོགས་བསགས་པ་བདུན་ལ་དུ་བ་བདུག་པ། ནད་ལ་ཕན་པའི་སྨན་བཏང་བ་ནད་གསོ་བའོ། །ཨྠྀིཿ
ཁམས་འདུས་ཅན་གསོ་བ་ནི། ཁམས་འདུས་དེ་རླུང་གི་སྐྱོན་ནམ་སེམས་སྐྱོན་ཡིན་ནམ། གདོན་གྱི་སྐྱོན་ནམ། རྩ་དང་ཆུ་ཉམས་སྣང་དང་རྨི་ལམ་གོ་ནས་ལེགས་པར་བརྟག །རླུང་སྐྱོན་ཡིན་ན་ཧ་བགྲང་། སེམས་སྐྱོན་ཡིན་ན་དམིགས་པ་བསྒོམ། གདོན་སྐྱོན་ཡིན་ན་གདོན་བཅོས་བྱའོ། །དེ་ལ་གསུམ། གདོན་གང་ཡིན་གང་ནས་གནོད་ངོས་བཟུང་དེ་ཚར་བཅད་ཐབས་སོ། །དང་པོ་ནི། རང་བཞིན་གྱིས་གནོད་པ་དང་། རྐྱེན་ས་གཉན་བརྐོས་པའི་གནོད་པ་ངོས་བཟུང་ངོ་། །གན་གྱིས་རྦད་པའི་གནོད་པ་དང་། གཅོད་བྱས་པས་ཕྱི་འབྲང་མ་མཆོད་པར་གནོད་པས་ཏེ། དེ་རྣམས་རྩ་དང་ཆུ་ཉམས་རྨི་ལམ་གྱི་སྒོ་ནས་བརྟག་པར་བྱའོ། །
གནོད་པ་གང་ནས་གནོད་བཟུང་བ་ནི། ན་ལུགས་བརྟག་པའི་གདོན་ངོས་འཛིན། གདོན་ལ་བརྟག་པས་གནོད་པ་ངོས་འཛིན་ཏེ། སྤྱི་ཁྲིད་ཀྱི་གནས་སྐབས་སུ་བཤད་པ་བཞིན་ནོ། །དེ་ཚར་བཅད་ཐབས་ནི། སྔར་མཛེ་གསོ་བའི་ཐབས་ནས་བཤད་པ་བཞིན་མཐའ་བཞི་འབོས་ཀྱིས་བསྐོར་བ་ལ་སོགས་པ་བྱ་སྟེ། དེ་གཅོད་ཞག་བདུན་བྱ་སྟེ། དེས་ཆོད་དམ་ལྟ། ཆོད་ན་གཉན་སའི་ས་དང་ཆུ་ལ་ལྷ་འདྲེའི་ལིང་ག་བྱས་ཏེ། ཁོ་སྟིམ་ལ་མཛེ་ཐོད་དུ་བཅུག་ལ་ཁ་སྦུབ་སྟེ་དེའི་འོག་ན་ཡར་ལ་རྫས་དེ་རྣམས་ཀྱི་དུ་བས་བདུག་པར་བྱའོ། །ཚར་གཅོད་ཉམས་དང་རྨི་ལམ་ལྟ། མ་ཆོད་ན་ཚེར་མ་ཅན་གྱི་ཤིང་ལ་མེ་སྤར་ལ་སྲེག་རྫས་དེ་རྣམས་གདབ། དེས་ཆོད་པར་འགྱུར་རོ། །གཅོད་ཀྱི་གདམས་པས་ནད་གསོ་བའི་ཐབས་སོ། །ཨྠྀིཿ
རྒྱས་པའི་ལས་དང་དབང་གི་ལས་ལ་གསུམ། རྫས་བསགས་པ་དང་། འཁོར་ལོ་བཅའ་བ་དང་སྒྲིབ་པ་བྱ་བའོ། །དང་པོ་ནི། གཅོད་བྱས་པས་ལྷ་འདྲེ་གཉན་ས་བསླངས་ནས་ནོན་པའི་ས་དེ་ནས་སའམ་ཤིང་ངམ་ཆུ་བླངས་ལ་དེ་རང་གནས་གཞི་དགོན་པ་རྩད་པོའི་ཁབ་ཀྱིས་ཐེན་པའི་ས་ཞིང་གི་དཀྱིལ། ཁྲོམ་དཀྱིལ། ཕྱུག་པོའི་ནང་གི་ས། གླང་རྭ་དང་རྟ་འདྲེས་ས། བྲེ་སྤྲ་བྲག་པ་རྣམས་ཞིབ་པར་བརྡུང་ལ་ལྷ་འདྲེའི་གཟུགས་ཚད་སོར་བཅུ་གཉིས་པ་བྱའོ། །འཁོར་ལོ་བཅའ་བ་ནི། ཤོག་བུའམ་རས་དཀར་ལ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་གཟུགས་བྲི། ནོར་ལྷའི་སྔགས་དང་གང་དབང་དུ་འདུ་བར་འདོད་པ་དེའི་མིང་བྲི། མཐའ་རྟེན་དག་གི་ཟས་ནོར་ལོངས་སྤྱོད་ཚེ་དང་བསོད་ནམས་འཁོར་དང་བུ་སློབ་ཐམས་ཅད་རྒྱས་གྱུར་ཅིག །པུཥྚིཾ་ཀུ་རུ་ཡེ་ཧྲིཿཛཿཆེ་གེ་མོ་དབང་དུ་འདུ་བར་གྱུར་ཅིག །ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ་ཞེས་པ་བྲིས་ལ། དེའི་ནང་འབྲུ་སྣ། སྨན་སྣ་དར་སྣ། མངར་གསུམ། རིན་པོ་ཆེ་སྣ་ལྔ། ཤ་མར། ཇ་བུ་རམ་རྣམས་དྲིལ་ལ། དེ་སྔར་གྱི་ལྷ་འདྲེ་དེའི་ལྡེར་གཙོ་དེའི་ལྟོ་བར་གཞུག་གོ །བསྒྲུབ་པ་བྱ་བ་ནི་རང་གི་ཁང་པར་སྒྲུབ་ན། ལྷ་འདྲེ་དེའི་རིགས་ཤེས་པར་བྱ་སྟེ། དེའི་སྙིང་ཁར་ལས་ཀྱི་ཤམ་བུ་བརྟགས་ལ་བཟླས། ཁོ་གནས་པའི་ས་རུ་སྒྲུབ་ན་གཅོད་ཀྱི་གདམས་པ་ཉམས་སུ་བླངས། ཞག་ཉེར་གཅིག་ཏུ་སྒྲུབ། སྐབས་སུ་ཆུ་གཏོར་དང་ཀླུ་གཏོར་བཏང་ནས་ཟས་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་ཞུའོ། །གྲུབ་ནས་ཀྱང་རང་གི་ཁང་མཛོད་དུ་སྦས་ལ་རྟེན་དུ་བཟུང་། གྲུབ་རྟགས་དང་དབང་དུ་འདུས་པའི་རྟགས་ནི། རབ་འབྲིང་ཐ་མ་གསུམ་གྱི་དངོས་ཉམས་ཡང་རྨི་ལམ་དུ་འབྱུང་ངོ་། །ལས་འདི་ཐམས་ཅད་གཅོད་མཐར་ཕྱིན་པ་ཉམས་ཀྱི་དྲོད་ཚད་ཐོབ་པ། ཉམས་ལེན་ལ་གདེང་ཐོབ་པ་ཞིག་གིས་བྱའོ། །གཅོད་ཀྱི་གདམས་པ་ལ་བརྟེན་ནས་རྒྱས་པ་དང་དབང་གི་ལས་རྫོགས་སོ། །ཨྠྀིཿ
རྫས་བསགས་པ་དང་། འཁོར་ལོ་བཅའ་བ་དང་། བསྒྲུབ་པ་བྱ་བའོ། །རྒྱས་པའི་ལས་དང་དབང་གི་ལས་ཐལ་ལོ། །སྲིའུ་གསོ་བའི་གདམས་ངག་བྱེད་ན། བཅེས་འཕྲོང་ནས་བཤད་པ་བཞིན་བྱ། གཅོད་ཀྱི་གདམས་ངག་གིས་གསོ་ན་འདི་ལྟར་བྱའོ། །དེ་ལ་གསུམ། རབ་ཀྱིས་བུ་ཆུང་གཉན་སར་ཁྱེར་བ། འབྲིང་གིས་བུ་ཆུང་ཏིང་ངེ་འཛིན་གྱིས་འདྲེ་ལ་སྦྱིན་པ། ཐ་མས་བུ་ཆུང་འཆི་འཕྲོ་ཅན་གཞན་གྱིས་མ་གསོས་པ་ཞིག་ལ་གཅོད་ཀྱིས་གསོ་ན་ཨ་མ་ཇོ་མོ་ལ་སོགས་པའི་བརྒྱུད་པའི་བླ་མ་རྣམས་དང་། ཡུམ་ཆེན་མོ་དང་། ཁྲོས་མ་ནག་མོ་ལ་སོགས་པའི་ཡི་དམ་རྣམས་བསྒོམ་ལ། བུ་ཆུང་དེ་མཛེས་ཤིང་གཙང་བ་ཡིད་དུ་འོང་བ་མཆོད་པ་བཞིན་རྫོགས་སུ་འབུལ་ལོ། །བུ་ཆུང་འདི་ངེད་མི་དབང་། བླ་མ་དང་དཀོན་མཆོག་གསུམ་པོ་དབང་བ་ཡིན་ནོ་སྙམ་པར་བྱའོ། །དེ་ནས་བུ་ཆུང་དེ་འདྲེས་གཉན་ཁྲོད་དུ་འཁྱེར་ནས་སྤྱིར་ལྷ་འདྲེ་ཐམས་ཅད་གསོ་ལ། སྒོས་སུ་བུ་ཆུང་ལ་གང་གནོད་པ་བོས་ཏེ་མདུན་ན་འདུག་པར་བསྒོམས་ལ། བུ་ཆུང་འདིའི་བླ་དང་དབུགས་འཕྲོག་པ། ཚེ་དང་སྲོག་གཅོད། ལུས་ངག་ཡིད་གསུམ་ལ་གནོད་པར་བྱེད་པའི་འབྱུང་པོ་ཁྱོད་ལ་བུ་ཆུང་འདིའི་ལུས་སྦྱིན་པར་གཏོང་བས་ཤ་འདོད་པ་ཚོས་ཤ་ཁྱེར། ཁྲག་འདོད་པ་ཚོས་ཁྲག་ཁྱེར་ཅིག །འདིའི་བུ་ལོན་ལན་ཆགས་དག་པར་བསྔོའོ་བྱས་ཏིང་ངེ་འཛིན་གྱིས་བུ་ཆུང་དེའི་ལུས་དུམ་བུ་སྟོང་དུ་གཏུབ་ལ། གང་ལ་གང་འདོད་དུ་བཏང་བས་དེ་རྣམས་ཀྱིས་ཟོས་པས་ངོམས་ཤིང་ཚིམ་པར་བསམ། དེ་ལྟ་བུ་ཞག་གསུམ་དུ་བརྒྱ་བརྒྱར་བྱའོ། །རྗེས་ལ་བུ་ཆུང་སྡིག་སྒྲིབ་དག །ལྷ་འདྲེའི་ལན་ཆགས་འཁོར་ཏེ་རང་རང་སོ་སོའི་གནས་སུ་གྱེས་པར་བསྒོམ་མོ། །
བློ་འབྲིང་པོ་ཏིང་ངེ་འཛིན་བྱ་བ་ནི། གཉན་ཁྲོད་དུ་འགྲོ་བ་མ་གྲུབ་ན། མལ་ས་ནས་དམིགས་པ་སྔར་བཞིན་བྱའོ། །ཐ་མ་བུ་ཆུང་གི་གླུད་བཏང་པ་ནི། བུ་ཆུང་བཀྲུས་པའི་ཆུ་ལ་ཟན་བཀྲུས་ཏེ་དེ་ལ་བུ་ཆུང་དང་སྙམ་པའི་གཟུགས་བྱས་ལ་གླུད་དངོས་ལྷ་ལ་སྦྱིན་ནོ། །དེས་སྲིའུ་གསོ་བ་སོང་། རབ་ཀྱིས་བུ་ཆུང་གཉན་སར་འཁྱེར་བ་དང་། འབྲིང་གིས་ཏིང་ངེ་འཛིན་བུ་ཆུང་འདྲེ་ལ་སྦྱིན་པ། ཐ་མས་བུ་ཆུང་གི་གླུད་བཏང་བའོ། །དེ་སྲིའུ་གསོ་བ་ཐལ་ལོ། །མཛེ་གསོ་བ་དང་ནད་པ་གསོ་བའོ། །ཁམས་འདུས་ཅན་གསོ་བ་དང་སྲིའུ་གསོ་བའོ། །དེ་ཚོས་ཞི་བ་ཐལ་ལོ། །ཨྠྀིཿ
དྲག་པོའི་ལས་ནི། སྤྱིར་གཅོད་མཁན་ལ་གནོད་པ་སུས་བསྐྱལ་ཡང་ལག་པ་མགོ་ལ་བཀབ་ལ་བཟོད་པ་བསྒོམ་དགོས། དེ་མ་བྱས་ན་ཐོགས་བཅས་ཀྱི་བདུད་མ་ཆོད་པར་འགྱུར་ཏེ། ལེ་ལག་ལས། འདྲེ་གདོན་ཐུལ་པ་མང་ལགས་ཏེ། །རང་རྒྱུད་ཐུལ་པར་མི་གདའ་བས། །ཞེས་གསུངས། འོན་ཀྱང་སྡིག་ཅན་ཚོགས་མ་བསགས་པ་ཀླན་ཀ་དབང་མེད་གོ་བ་བསྒྲལ་བའི་ཞིང་བཅུ་ཚང་བ་ཞིག་འདུག་ན། གཅོད་མཁན་འདྲེའི་དཔོན་པོ་ཡིན་པས་དམ་ཉམས་དེ་མཛེ་ལ་སྐུར་བའི་ཕུང་གཏད་འདི་བྱའོ། །དེ་ལ་གསུམ། ས་དམིགས་བརྟག་པ་དང་། འཁོར་ལོ་བཅའ་བ་དང་། དགྲ་བོ་འདྲེ་ལ་གཏད་པ་དང་། དང་པོ་ནི་གཉན་ས་མང་དུ་གཉན་ཁྲོད་འགྲིམ་པ་དང་། ཆོ་འཕྲུལ་གང་ན་ཆེ་བ་ཚར་གཅོད་པ་གང་ན་གཉིས་ཀ་བའི་ས་དེ་ན་ལྷ་འདྲེའི་རིགས་གང་གནས་ངོས་བཟུང་བར་བྱས་ལ་དེ་རུ་བཞག་གོ །གཏད་གཞུག་པ་གཅིག་ལ་སྔགས་པ་བས་ཀྱང་གཅོད་མཁན་གྱིས་བཅུག་པ་འདི་སླ་བ་ཡིན་ནོ། །དེ་གང་གཉན་རྟེན་ལ་དབབ་ཏུ་བཏུབ་པས་ཚུར་རང་ལ་མི་ལྡོག་ཕར་དགྲ་ལ་ཐེབས་པ་ཡིན། སྲུང་འཁོར་གདག་མི་དགོས་པ་ཡིན་གསུངས། འཁོར་ལོ་བཅའ་བ་ནི། འཇམ་གཏད་དང་རྩུབ་གཏད་གཉིས་ལས། འཇམ་གཏད་དུ་བྱེད་ན་ཀླུ་གཏོར་གྱི་སྨན་ཕུལ་གང་ཞིབ་པར་བརྡུངས་ནས་དཀར་གསུམ་མངར་གསུམ་གྱིས་བསྲེས་ལ་དགྲ་བོའི་ལིང་ག་སོར་བརྒྱད་པ་གཅིག་བྱ་སྟེ། དེ་ལ་དགྲ་བོའི་དྲི་ཆུ་དྲི་ཆེན་གང་རྙེད་པ་གཅིག་བྱུགས་ལ་རས་སམ་གྲོ་ག་ལ་འཁོར་ལོའི་དཔེ་ཆུང་བཞིན་བྲིས་ལ་དེའི་སྙིང་གར་བཞག་གོ །དེའི་རྫས་བུམ་པ་སོ་ལེགས་པར་བཏང་པ་གཅིག་ཏུ་བཅུག་ལ་བུམ་པའི་ནང་དུ་སྨན་ལྔ་འབྲས་བུ་སྣ་ལྔ། རིན་པོ་ཆེ་བརྡར་ལ་སྤྲ་ཚིལ་གྱིས་གདམས་སོ། །
དགྲ་བོ་འདྲེ་ལ་གཏད་པ་ནི། ལིང་ག་དེ་སྔར་ནས་བརྟགས་པའི་ས་དམིགས་གཉན་པོ་དེར་འཁྱེར་ལ་དེ་རུ་ཆུ་གཏོར་བཏང་ལ་ཆུ་མིག་ནས་འདོམ་གང་བཅལ་བའི་གོང་དུ་དོང་ཟླུམ་པོ་ཁྲུ་གང་བྲུས་ལ་དེར་བུམ་པ་དེ་བཅུག་ལ་ཀླུ་གཉན་པོ་ཁྱོད་ལ་ཡུམ་ཆེ་གེ་མོའི་མི་ཆེ་གེ་མོ་འདི་ཁྱེད་ཀྱི་ཟས་སྐལ་དུ་གཏད་དོ། །ལྟོ་སྐལ་དུ་གཏད་དོ། །རྒྱགས་སྐལ་དུ་གཏད་དོ། །ཟོ་ཞིག་རོལ་ཅིག །གསོལ་ཅིག །འདི་ལོ་དང་ཟླ་བ་ཙམ་དུ་མ་བཞག་དང་ཟ་མ་ལ་ཟོ་ཞིག་ན་རཱ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་ལ་ལེགས་པར་བྱིབས་ལ་རྫི་ཆགས་ཐེམས་པར་བྱས་ཏེ། ཆུ་མིག་དེ་ནས་ཆུ་གྲོད་པ་གང་ཁྱེར་འོང་ལམ་ཁ་ན་ཕར་ལ་དགྲའི་ཐེམ་པ་ན་ཕར་ལ་མ་སླེབས་བར་དུ་གྲོད་པ་ལ་ཁ་ཚག་ཕུག་ལ་ཆུ་ཐུག་གིས་གཏད་ལམ་བསྟན། སྐམ་གཏད་ཀྱི་གཏད་ཡིན་ན། བསྡད་ས་དེ་ནས་བླངས་ནས་ཡོང་ནས་ལམ་ཁ་ན་ཕར་ལ་འདེབས་ཀྱིན་ཡོང་ལ་ལྷ་འདྲེ་ལ་ལམ་བསྟན་ཏོ། །དྲག་གཏད་དུ་བྱེད་ན་ལིང་ག་སྔར་དང་འདྲ། དེའི་ལྟོ་བར་དྲག་གཏད་ཀྱི་འཁོར་ལོ་དཔེ་ཆུང་ལྟར་གཞུག །ལིང་གའི་ལག་ཏུ་ཁེབ་བམ། སྙུང་བུའམ། མཚོན་རྩེ་མོ་ཆག་པ་སོར་ཅིག་ལ་དུག་དང་། ཤུ་དག་དང་། གླ་རྩི་བྱུགས་ལ་གཏད་དོ། །དེ་མཛེ་ཐོད་དང་བྱི་རིལ་ཨ་རྩེར་བཅུག་ལ་རེ་བས་དྲིལ་ལ་སྔར་གྱི་ཆུ་མིག་གཉན་པོ་དེར་འཁྱེར་ལ་ཆུ་མིག་ནས་འདོམ་གང་བཅལ་བའི་འོག་ཏུ་དོང་གྲུ་གསུམ་པ་ཟུར་གཅིག་དགྲའི་ཕྱོགས་སུ་བསྟན་པར་བསྒོམས་ལ་མཛེ་ཐོད་ཀྱི་སྟོང་པ་ཆུ་མིག་ལ་ཁ་བསྟན་པར་གཞུག་གོ །ཀླུ་གཉན་པོ་ཁྱོད་ལ་ཡུལ་ཆེ་གེ་མོའི་མི་ཆེ་གེ་མོ་འདི། དོ་བདོ་ཡོང་། བརྙས་པ་བྱེད་དོ་ཀླུ་ཁྱེད་ལ་ནུས་པ་ཅི་མཆིས་པ་ད་རེས་ཐོན། ཆེ་གེ་མོའི་མི་བརླག་པར་གྱིས་ཤིག །ཀླུ་ལ་མཐོང་བའི་དུག །བལྟས་པའི་དུག་ཁ་རླངས་ཀྱི་དུག་དང་བཞི་ཡོད་པ་ལས་དེ་རྣམས་ཁོ་ལ་ཐོངས་ཤིག །མ་བཏང་ན་ཁོས་ཀླུ་ཁྱོད་གསོད་པར་འདུག་གོ་བྱས། དགྲ་དང་ཀླུའི་བར་དུ་དབྱེན་བཅུག་གཏད་ལམ་སྔར་བཞིན་བསྟན་ཏོ། །
དེ་ནས་རང་ཆུ་མིག་དེའི་ལྟག་ཏུ་ཉལ་ལ་ང་ཡུལ་ཆེ་གེ་མོའི་མིང་རུས་ཆེ་གེ་མོས་བཏང་བ་ཡིན་པས་ཀླུ་ཁྱོད་ཚར་མ་བཅད་པར་ལོག་མ་ཡོང་ཟེར་ནས་འདི་རུ་མི་འོང་པའི་དབང་མ་བྱུང་བས་ཀླུ་ཁྱོད་རང་ནུས་པ་ཅི་ཡོད་ཐོན་ལས་ཞག་བདུན་གྱི་ནང་ཁོངས་སུ་ཁོ་སོད་ཅིག །ཁོ་མ་ཤི་ན་ང་ལ་ལྡོག་དབང་མེད་པས་ང་བསྐལ་བའི་བར་དུའང་འདིར་བསྡད་དོ། །ཁོ་ཤི་ན་ནམ་ཤི་དང་ལོག་འགྲོ་བ་ཡིན་ནོ། །ང་འགྲོ་མི་འགྲོ་ཁོ་རག །ཁོ་འཆི་མི་འཆི་ཀླུ་ཁྱོད་ལ་རག་པས་ཁོ་མ་ཤི་བར་ང་འདི་རུ་སྒོ་མནན་ཅིང་སྡོད་པ་ཡིན་ཞེས་ཚིག་དེ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་རྣམས་བརྗོད་ཅིང་། གཅོད་ཀྱི་ཉམས་ལེན་རྣམས་ཀྱི་ངང་དུ་ཉལ་བས་རབ་ཞག་བདུན། འབྲིང་ཞག་བཅུ་བཞི་ཐ་མ་ཞག་ཉི་ཤུ་རྩ་གཅིག་ནས་དགྲ་བོ་དེ་ཕོ་གླང་གིས་བཏབ་ནས་འཆི་བའམ། མཛེ་ཐོག་གླང་འཐབ་ཏུ་འབྱུང་ངོ་། །གལ་ཏེ་རང་ཉལ་དུ་མ་ཁོམ་ན་ཡང་རང་གི་དྲི་ཆེན་དྲི་ཆུ་བསྲེས་པ་དང་ས་བསྲེས་ལ་རང་གི་གཟུགས་སོར་བཞི་པ་གཅིག་བྱས་ལ་རང་གི་གོས་ཀྱི་རས་ལྭ་དུམ་ཞིག་བསྐོན་ལ་སྔར་གྱི་ཚིག་དེ་རྣམས་ཡི་གེ་ལ་བྲིས་ལ་སྐེ་ལ་བཏགས་ལ་ཆུ་མིག་ལྟག་གི་ལམ་མི་བཤིག་པར་བསྙལ་ལ་བཞག་གོ །དེ་ལྟར་བྱས་པས་རང་ཉལ་བ་དང་འདྲ་བའི་ནུས་པ་ཁྱད་མེད་པ་འབྱུང་ངོ་། །མཐུ་བྱེད་ན་སྟེང་གདོན་གནས་པའི་ས་དམིགས་བཙལ་ལ་གལ་ཆེ་བའི་ལྷ་ཁང་དང་དུར་ཁྲོད་ལ་སོགས་པ་གང་གཉན་པའི་སར་ཉལ་ལ་རྒྱལ་པོ་དང་། དཔེ་ཀར་(༡)རམ་བཙན་ནམ་བདུད་དམ་དེ་ལ་སོགས་པ་ལ་ཁྱོད་ཡུལ་ཆེ་གེ་ལྷ་འདྲེ་གང་ནས་གནས་འདུག་བལྟས་ལ་གང་འདུག་པ་དེ་རུ་སྔར་གྱི་ཚིག་རྣམས་བརྗོད་ཅིང་གཅོད་ཀྱི་ཉམས་ལེན་གྱི་ངང་དུ་ཉལ་ལོ། །སྐྱབས་སུ་རྒྱལ་པོའམ་དཔེ་ཀར་རམ། བཙན་ནམ། བདུད་ལ་སོགས་པ་ལ་ཁྱོད་ཡུལ་ཆེ་གེ་མོའི་འདི་ད་ལྟ་ཉིད་དུ་ཕུང་པ་དང་བརླག་པར་མི་བྱེད་ན་ད་ལྟ་ཉིད་དུ་ཁྱོད་ཀྱི་གནས་འདི་མི་བཤིག་རི། རྟེན་འདི་མི་སྲེག་རི། ཁྱོད་རང་ཡང་མི་གསོད་རི། ད་ནམ་ཤི་ཡང་སངས་རྒྱས་ཐོད་པ་བོར་ཆོག །བཅར་ཉལ་འཕྲོག་མེད། མཐའ་མེད་རླུང་འཁྱེར་གྱི་མི་ཡིན། ནད་མེད་ལས་འདས་ཀྱི་མི་ཡིན། ཕུང་ཤི་སྡུག་ཟད་ཀྱི་མི་ཡིན། ཞག་རྡོག་འགའི་ཚེ་ལ་རིང་ཐུང་མེད་དོ་བྱས་ལ་ལྷ་འདྲེ་དེ་བཙུད་ལ་བདེ་ལ་བཞག་གོ །
དེ་ལྟར་བྱས་པས་ཁོ་ལ་མི་འགྲོ་བའི་དབང་མེད་དེ་དགྲ་མྱུར་འཆིའོ། །འདི་ནི་ལྷ་འདྲེ་སྒྲུབ་ཅིང་སྲོག་སྔགས་ནས་འདྲེན་པ་བས་ཀྱང་ཚུབ་ཆེ། ཇོ་བོ་སྔགས་པ་ཀུན་གྱིས་འདི་བྱེད་མི་ནུས་པ་ཡིན། ནུས་ན་ཚེགས་མེད་གསུངས། སེར་བ་འབེབས་ན་དགྲའི་ཞིང་ས་ལ་སོགས་པའི་གཟུགས་བྱས་ལ་འཁོར་ལོ་དང་སྦྲགས་ནས་ཆུ་མིག་གི་ནང་དུ་བཞག །སྔོ་ཐབ་ལུད་པ་ཡིན། ཐོག་འབེབས་ན་དགྲའི་རྐང་རྗེས་ཀྱི་ས་ལ་ལིང་ག་བྲིས་ནས་དེའི་ནང་ཐོག་གིས་ཤི་བའི་རུས་པ་དང་ཐོག་མདེའུ་བཅུག་ནས་ཁོའི་ཁང་པ་ལ་སྦས་ཏེ་ཆུ་མིག་གཉན་པོར་ཐོག་འབེབས་པའི་ཆོ་ག་བྱས་པ་ཡིན་ནོ། །དྲག་པོའི་ལས་བཞི་ཡོད་དོ། །སྤྱིར་ཡང་ཆོས་པའི་ལས་ཐམས་ཅད་ལྷ་འདྲེས་བསྒྲུབས་ལ། སྒོས་སུ་གཅོད་མཁན་གྱི་ཕྲིན་ལས་བཞི་ཆར་ལྷ་འདྲེས་བསྒྲུབས་པས་དང་པོར་གཅོད་མཐར་ཕྱིན་པར་བྱའོ། །ཨ་མ་ཇོ་མོ་ལ་སྡོང་པོ་གསེར་ལག་ཅན་དུ་ཀླུའི་རྒྱལ་པོ་ལག་སྐྱོང་གིས་ལས་བཞི་པོ་འདི་དངོས་གྲུབ་ཏུ་གནང་བ་ཡིན་པས་གཅོད་མཁན་ཐམས་ཅད་འདི་མེད་པས་ཤིན་ཏུ་དམ་པར་བྱའོ། །ས་དམིགས་མ་བརྟག་པ་དང་དགྲ་འདྲེ་ལ་གཏད་པའོ། །དེས་གང་སོང་ན་དྲག་པོའི་ལས་བྱ་བ་ཐལ་ལོ། །ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་ལས་དང་། དྲག་པོའི་ལས་སོ། །དེ་ཚོས་གང་སོང་ན་གཞན་དོན་ཕྲིན་ལས་སྒོ་འབྱེད་བྱ་བ་ཐལ་ལོ། །ཨྠྀིཿ
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གྲུབ་མཐའ་ཁྱད་འཕགས་སྒོ་འབྱེད་ནི། རྣལ་འབྱོར་པ་རྫོགས་སངས་རྒྱས་སྒྲུབ་པ་ལ་ལམ་གྱི་འགལ་རྐྱེན་བར་ཆད་ཞི་བར་བྱ་བ་གལ་ཆེ་བས་དེས་འབྱོང་པར་བྱེད་པ་གཅོད་ཀྱི་གདམས་ངག་ཡིན་ཏེ། གཅོད་རང་ལ་ཡང་བདུད་བཞི་ཡོད་པས་དེ་འཇོམས་དགོས། དེ་ལ་བཞི། བདུད་བཞི་ངོས་བཟུང་པ་དང་། བདུད་བཞི་ལམ་དུ་འཁྱེར་ཐབས་དང་། ལམ་དུ་འཁྱེར་ཤེས་ནས་བདུད་མ་ཡིན་པར་བསྟན་པ་དང་། གཅོད་ཀྱི་ཆོས་ལ་རྩོད་པ་སྤང་པའོ། །དང་པོ་ནི། བདུད་ཀྱི་དབྱེ་བ་ལ་བཞི་སྟེ་ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད་དང་། དགའ་བྲོད་ཀྱི་བདུད་དང་། སྙེམས་བྱེད་ཀྱི་བདུད་དོ། །བདུད་ཀྱི་ངོ་བོ་ནི། ཐོགས་བཅས་ཀྱི་བདུད་ནི་མེ་དང་ཆུ། དུག་དང་མཚོན། གཅན་གཟན་དང་གཡང་ས་ལ་སོགས་པའི་དབང་པོ་ལྔའི་ཡུལ་དུ་སྣང་བའི་དངོས་པོ་ཅན་འདི་རྣམས་ཡིན་ནོ། །ཐོགས་མེད་ཀྱི་བདུད་ནི། ཕྱི་ལྷ་འདྲེ་དང་། མི་ཁ་གཤེ་སྐུར་དང་། ངོ་ཚ་བ་སྐྱུག་བྲོ་བ་དང་། ནང་གི་བདུད་ཉོན་མོངས་པ་དང་། ན་ཚ་སྡུག་བསྔལ། ཆགས་པ་དང་། ཆོས་བརྒྱད། ཉམ་ང་བག་ཚ་ལ་སོགས་པའི་ཡིད་ཡུལ་གྱི་མྱོང་ཚོར་ཕྲ་རགས་དངོས་པོ་མེད་པ་ལ་སེམས་ལ་གཟན་པ་འདི་རྣམས་ཡིན་ནོ། །
དགའ་བྲོད་ཀྱི་བདུད་ནི། གཅོད་ཀྱི་གདམས་ངག་ཉམས་སུ་བླངས་པ་ལ་བརྟེན་ནས་ཕྱི་རུ་བདུད་ཀྱིས་མི་ཚུགས་པ་དང་། ན་ཚ་དང་སྡུག་བསྔལ་ཞི་བ་དང་། ནུས་པ་དང་བྱིན་རླབས་འབྱུང་བ་དང་། ནད་དང་མཛེ་གསོ་བ་དང་། ཁམས་འདུས་ཅན་སྙིང་རླུང་དྲག་པ་དང་། ཟང་ཟིང་དང་བསོད་ནམས་འབྱུང་བ་དང་། སྙན་པ་དང་གྲགས་པ་འབྱུང་བ་དང་། ཕྱི་ནང་གི་ཡོན་ཏན་རྒྱ་ཆེན་པོ་འབྱུང་བ་ལ་དགའ་བ་དང་བྲོད་པ་སྐྱེས་པ་དང་། ད་གཟོད་བྱུང་བ་ལ་རེ་བ་བཅའ་བ་དང་། ཕྱི་ནང་གི་ཡོན་ཏན་རྒྱ་ཆེན་པོ་འབྱུང་སྙམ་ནས་ཕན་ཡོན་ནམ་འབྲས་བུ་ལ་དམིགས་ནས་གཅོད་པར་བྱེད་པའོ། །སྙེམས་བྱེད་ཀྱི་བདུད་ནི། དུར་ཁྲོད་དང་། ལུང་སྟོང་འབྲོག་དགོན་པ་ལ་སོགས་པའི་གཉན་ཁྲོད་རྣམས་སུ་ཕྱིན་ན་ཡང་། བདག་ལ་བར་ཆད་གནོད་པ་མི་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་ལྷ་དང་བླ་མའི་སྤྱན་གྱིས་གཟིགས། དཀོན་མཆོག་གི་ཐུགས་རྗེས་སྐྱབས། དཔའ་བོ་དང་མཁའ་འགྲོས་སྲུང་བར་བྱེད་སྙམ་པའི་སྙེམས་འཆའ་བ་དང་། གཅོད་ཀྱི་གདམས་པ་ཟབ་མོ་ཡོད་སྙམ་པའི་གདེང་འཆའ་བ་དང་། ནང་ན་ལྷ་མེད་འདྲེ་མེད་ཀྱི་དོན་སྟོང་ཉིད་རྟོགས་པའི་ཉམས་ལེན་ཡོད་སྙམ་པའི་སྙེམས་པ་དང་། ལྷ་འདྲེའི་ཆོ་འཕྲུལ་བྱུང་ཡང་ལུས་སྦྱིན་པའི་མཆོག་སྟེར་ནུས་ན་འདྲེ་འོང་མི་ནུས། འཁྱེར་མི་ནུས། ཟ་མི་ནུས། ཁོ་རང་འགྲོ་བས་དེ་ལྟར་དུ་བྱས་པས་ཆོག་སྙམ་པའི་བསམ་པས་གཅོད་བྱེད་པའོ། །
བདུད་བཞིས་བར་དུ་གཅོད་ཚུལ་ནི། ཐོགས་བཅས་ཐོགས་མེད་གཉིས་ཀྱིས་ནི། རྒྱུ་ལས་ཀྱི་བདུད་ཡིན་པས་ཉམས་ལེན་གྱི་བོགས་བྱུང་པ་ལ་བར་དུ་གཅོད་དོ། །དགའ་བྲོད་ནི་འབྲས་བུའི་དུས་ཀྱི་བདུད་ཡིན་པས་འབྲས་བུ་སྐྱེ་བ་ལ་བར་དུ་གཅོད་དོ། །བདུད་སྔ་མ་གཉིས་ནི་ལམ་གྱི་དུས་སུ་སྤོང་ལ། ཕྱི་མ་གཉིས་ནི་འབྲས་བུ་ཐོབ་ཁར་སྤོང་ངོ་། ཕྱི་མ་གཉིས་བདུད་དུ་འདོགས་པ་ནི། ལམ་གྱི་དུས་སྙེམས་དང་བཅས་ནས་ལུས་སྲོག་ཐད་ལ་བོར་མ་ནུས་པས་བདག་འཛིན་ཐོང་བར་ཡོན་ཏན་གྱི་བོགས་མི་འཐོན་པའི་ཕྱིར་རོ། །གཅོད་ཀྱི་འབྲས་བུ་ལ་དགའ་བྲོད་སྐྱེས་ནས་ཡོན་ཏན་འགགས་པས་དགའ་བྲོད་མེད་པར་ཉམས་སུ་བླང་། དེ་བས་སངས་རྒྱས་ལ་ཡང་འདོད་པ་རེ་བ་མེད་པ་ཞིག་གིས་ཐོབ་པའོ། །དེ་ནས་དགའ་བྲོད་སྙེམས་བྱེད་གཉིས་སྐྱེས་ན་དངོས་པོར་ཞེན་གྱིས་དོགས་ནས་སྤང་བར་བྱས་པའོ། །བདུད་ལམ་དུ་འཁྱེར་ཐབས་ནི། ཡ་རི་ནས་དགྲ་ལས་བདུད་ཅེས་ཟེར། མ་རིག་པའི་དགྲའི་ལམ་ཞེས་བྱ་སྟེ། མ་རྟོགས་བར་དུ་སྐྱོན་བདུད་ལ་རྟོགས་ན་ཡོན་ཏན་སྡུད་པར་བྱེད་དོ། །གཅོད་པའི་དུས་ན་ས་ཐོབ་པའི་གང་ཟག་ཚོགས་ལམ་སྦྱོར་ལམ་ན་གནས་པའི་གང་ཟག་རྣམས་ཀྱི་འཇིག་རྟེན་པའི་ལམ་ཡིན་པས། དེའི་དུས་སུ་རྟེན་ལུས་དབང་ཆེ། བརྟེན་པ་སེམས་བསྐྱེད་ཀྱི་དབང་མ་ཐོབ་པ་ནད་དང་སྡུག་བསྔལ་ལ་སོགས་པ་མི་འདོད་བཞིན་འོང་། ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད་དང་། དགའ་བྲོད་ཀྱི་བདུད་དང་། སྙེམས་བྱེད་ཀྱི་བདུད་དང་། དེས་བདུད་བཞི་ངོ་བོ་ངོས་གཟུང་པར་ཐལ་ལོ། །རྫུ་འཕྲུལ་དང་མངོན་ཤེས་མ་ཐོབ་པས་འབྱུང་བ་བཞི་ལ་ཐོགས་ཏེ། དེའི་དུས་སུ་ཐོགས་བཅས་ཀྱི་བདུད་ལ་བཅད་པར་དཀའ་བས་ཐོགས་མེད་ཀྱི་བདུད་གཅད་པར་བྱ་སྟེ། ལྷ་འདྲེ་དང་ན་ཚ་སྡུག་བསྔལ་ལ་སོགས་པ་དང་། ཆོས་བརྒྱད་ལ་སོགས་པའི་ཡུལ་གྱི་མྱོང་ཚུལ་ཕྲ་རགས་རྣམས་སྨིན་ཏེ་དེ་ནི་ས་མ་ཐོབ་ཀྱང་གང་ཟག་གཉེན་པོ་དང་ལྡན་པས་ཚོགས་སྦྱོར་དུས་བཅད། མཐོང་ལམ་ནས་ས་ཐོབ་འཇིག་རྟེན་ལས་འདས་པའི་ལམ་ཡིན་པས་ཐོགས་བཅས་ཀྱི་བདུད་ལ་འབྱུང་བ་དང་། དུག་དང་མཚོན་ལ་སོགས་པ་ལ་གཅོད་པར་ནུས། འོན་ཀྱང་ད་དུང་སངས་རྒྱས་ཀྱི་ས་རུ་མ་སླེབས་པས་སྦྱང་དགོས་ཏེ་ལམ་དུ་དཀའ་བ་སྤྱོད་ཀྱང་ན་ཚ་དང་སྡུག་བསྔལ་མི་ཉུང་པས་དཀའ་སྤྱད་ལྟར་སྣང་ཙམ་ཡིན་ཏེ་ངལ་བ་དུབ་པ་མེད་དོ། །དཔེར་ན་རྟག་ཏུ་ངུས་ལུས་སྦྱིན་པར་བཏང་པའམ། ན་རོ་པས་མེ་དང་ཆུ་དང་གཡང་ལ་མཆོང་པ་ལྟ་བུ་ཡིན་ཏེ་བར་ཆད་མི་འགྱུར་བས་ས་ཐོབ་འཇིགས་པ་ལྔ་དང་བྲལ་ཞེས་དུས་སུ་ཐོགས་བཅས་ཀྱི་བདུད་ཆོད་དོ། །རྟོགས་པ་མ་ཤར་གྱི་བར་དུ་གཉེན་པོའི་སྙེམས་འོང་པས་སྙེམས་བྱེད་ཀྱི་བདུད་ལ་གཅད་དགོས་པས་སོ། །རྟོགས་པ་ཤར་ནས་ཡོན་ཏན་ལ་དགའ་བ་དང་བྲོད་པ་སྐྱེ་བས་དགའ་བྲོད་ཀྱི་བདུད་ལ་གཅད་དགོས་སོ། །དེས་བདུད་བཞི་ལམ་དུ་འཁྱེར་ཚུལ་དེ་ཐལ་ལོ། །
ལམ་དུ་འཁྱེར་ཚུལ་ཤེས་ན་བདུད་མ་ཡིན་པར་བསྟན་པ་ནི། ཐོགས་མེད་ཀྱི་དུས་སུ་གང་ལ་གཅོད་བྱས་ནས་ཆོད་པ་དང་། ཡོན་ཏན་གྱི་སྒོ་འབྱེད་པས་ཏེ། ནང་དུ་བདེ་སྡུག་རོ་སྙོམས་སོ། །ཕྱི་རུ་འཁོར་འདས་རོ་སྙོམས་པར་འགྱུར་ཏེ། ཡོན་ཏན་གྱི་སྣ་འདྲེན་པའི་ཕྱིར་བདུད་མ་ཡིན། ཐོགས་བཅས་ཀྱི་བདུད་སོ་སོར་སྣང་བ་རྣམས་ལ་ཉམས་ལེན་གྱི་དྲོད་ཐོབ། ཉམས་ཀྱི་དྲོད་ངར་དང་བཅས་དང་རྟོགས་པའི་གདེང་དང་ལྡན་པས་མེ་དང་ཆུ་ལ་སོགས་པའི་འབྱུང་བ་བཞི་ལ་གཅོད་ནུས་ཏེ། དེ་ཙ་ན་རྫུ་འཕྲུལ་འཆར་བའི་སྣ་འདྲེན། གཞན་དོན་འབྱུང་བའི་གྲོགས་བྱེད་པའི་ཕྱིར་བདུད་མ་ཡིན་ནོ། །
སྙེམས་བྱེད་ཀྱི་བདུད་ནི། ནང་དུ་ཉམས་ལེན་གྱི་གདེང་ཐོབ་དགའ་བྲོད་སྐྱེས་ཉམས་ཀྱི་ནུས་པ་རྙེད་པ་དེ་ཡིན་ཏེ། སྙེམས་དེ་མེད་ན་གཅོད་ཀྱི་གདམས་ངག་དང་ཉམས་ལེན་མེད་པའི་ཕྱིར་གཅོད་ལ་འགྲོ་མི་ནུས་པས་ལས་དང་པོ་པ་རྣམས་ཀྱིས་གཅོད་བྱེད་པའི་དུས་སུ་སྙེམས་དགོས་ཏེ། ཆོ་འཕྲུལ་བྱུང་པའི་དུས་སུ་སྟོང་ཉིད་ཀྱི་རྒྱབ་བཙན་དགོས་པས་དེ་ཁོ་ན་སྙེམས་ཡིན་ཏེ་བདུད་མ་ཡིན་ནོ། །དགའ་བྲོད་ཀྱི་བདུད་ནི་གཅོད་བྱེད་པའི་དུས་སུ་ན་ཚ་དང་སྡུག་བསྔལ་མཐོ་དམན་འགལ་རྐྱེན་བར་ཆད་ཅི་བྱུང་ཡང་དགའ་བར་ལྟ་སྟེ། འགལ་རྐྱེན་དེས་ཚོགས་རྫོགས་སྒྲིབ་པ་བྱང་ལས་ངན་ཟད། དགེ་སྦྱོར་གྱི་བོགས་ཐོན། ལམ་གྱི་གེགས་སེལ། ཆོས་པའི་ཕོ་ཤན་ཆོད་པ་ཡིན། སྔོན་གྱི་གྲུབ་ཐོབ་རྣམས་ཀྱང་འགལ་རྐྱེན་ལམ་དུ་འཁྱེར་བ་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་ཐོབ་པ་ཡིན་པས་བདག་གིས་ཀྱང་བདེ་སྡུག་རོ་སྙོམས་ལམ་དུ་འཁྱེར་བས་རྫོགས་པའི་བྱང་ཆུབ་ཐོབ་ཀྱིས་སྙམ་པ་བྱ། དེ་ནི་དགའ་བྲོད་ཀྱི་བདུད་དོ། །དེས་ན་ཇི་སྲིད་རྟོགས་པ་མ་ཤར། སྣང་བ་བདེན་འཛིན་མ་ལོག་གི་བར་དུ་དགའ་བྲོད་དང་སྙེམས་བྱེད་གཉིས་སྤངས་ཀྱང་མི་སྤོང་ལ་སྤང་ཡང་མི་དགོས། རྟོགས་པ་ཤར་སྣང་བ་བདེན་འཛིན་ལོག་ནས་མ་སྤངས་ཀྱང་རང་སྤངས་ལ་འགྲོ་སྟེ། དཔེར་ན་དགུན་ཁ་འཁྱག་པ་བཞུ་ཡང་འཁྱགས་འགྲོ་ལ་སོས་ཀ་མ་བཞུ་ཡང་ཞུ་འགྲོ་བ་བཞིན་ནོ། །ཐོགས་བཅས་ཐོགས་མེད་གཉིས་སྤང་བྱ་ཡིན་ལ། དགའ་བྲོད་སྙེམས་བྱེད་གཉིས་སྤོང་བྱེད་ཡིན་ནོ། །འབྲས་བུ་མཐར་ཕྱིན་པའི་སྐབས་སུ་སྤང་བྱ་སྤོང་བྱེད་གཉིས་ཀ་ལས་གྲོལ་དགོས། དཔེར་ན་སྤང་བྱ་མི་དགེ་བཅུའི་གཉེན་པོར་སྤོང་བྱེད་དགེ་བཅུ་བརྟེན་པས་ལམ་གྱི་དུས་ན་དེ་གཉིས་དགྲ་ཟིན་ཡིན་ཏེ། འབྲས་བུའི་དུས་ན་དགེ་སྡིག་གཉིས་ཀ་མི་འདོད་པ་བཞིན་ནོ། །ལམ་དུ་འཁྱེར་ཤེས་ན་བདུད་མ་ཡིན་པར་བསྟན་པ་ཐལ་ལོ། །གཅོད་ལ་རྩོད་པ་སྤངས་པ་ལ་གསུམ། གཅོད་ཀྱི་རྣམ་བཞག་དང་། གནས་ཚུལ་དང་། གཅོད་ལ་རྩོད་པ་འགོད་པའོ། །
དང་པོ་གཅོད་ཀྱི་ངོ་བོ་ནི། སྤང་བྱ་ཕྱི་ནང་གི་སྐྱོན་ཐམས་ཅད་འཇོམས་པའི་གཉེན་པོ་དང་ལེན་པའོ། །དབྱེ་བ་ནི། གཅོད་ཡུལ། དབྱེ་ན་ཕྱི་བདུད་འདྲེ་ལ་བཅད་པ། ནང་བདུད་སེམས་ལ་བཅད་པ། གསང་བའི་བདུད་འགལ་རྐྱེན་ཐམས་ཅད་བཅད་པའོ། །གཅོད་བྱེད་ཀྱི་གཉེན་པོ་ལ་དབྱེ་ན། ཀུན་རྫོབ་ཐབས་ཀྱིས་གཅོད་པ་དང་། དོན་དམ་ཤེས་རབ་ཀྱིས་གཅོད་པའོ། །གཅོད་ཀྱི་གནས་ཚུལ་ནི། སྤང་བྱ་དང་། གཉེན་པོ་རང་བཞིན་མེད་པ་འདི་མཚན་གཞི་གཅོད་ཀྱི་ཐ་སྙད་དུ་མཚོན་ཏེ། གཅད་ཡུལ་དང་གཅོད་བྱེད་རང་བཞིན་མེད་པར་རྟོགས་པའི་བློ་གྲོས་དང་ལྡན་པའོ། །བདུད་ཀྱི་གཅོད་ཡུལ་འདི་ཆོས་ཅན་འགལ་རྐྱེན་ཐམས་ཅད་འཇོམས་པའི་གཉེན་པོ་ཡིན་ཏེ། གཅོད་བྱེད་རང་བཞིན་མེད་པར་རྟོགས་པའི་བློས་གཅད་ཡུལ་སྟོང་པར་ཤེས་པའི་ཕྱིར། དཔེར་ན་རྡོ་རྗེ་ཕ་ལམ་གྱིས་དངོས་པོ་གཞན་འཇོམས་པ་བཞིན་ནོ། །གཅོད་ལ་རྩོད་པ་འགོད་པ་ནི། གཅོད་ཉམས་སུ་ལེན་པའི་ཚེ་གཅད་ཡུལ་དེ་གཅོད་པའི་གཉེན་པོ་ཞིག་ཡོད་དམ་མེད། ཡོད་ན་བདུད་བཞི་ཆོས་ཅན། བཅད་ཀྱང་མ་ཆོད་པར་ཐལ། གཅོད་པའི་གཉེན་པོ་ཡོད་པའི་ཕྱིར་རོ། །འདོད་ན་ཁྱོད་ཀྱི་དམ་བཅའ་བུད། མི་གཅོད་པའི་ཕྱིར་རོ། །གཉེན་པོ་ཡོད་པས་མ་ཆོད་པའི་གཏན་ཚིགས་མ་གྲུབ་ཞེ་ན། གཏན་ཚིགས་གྲུབ་སྟེ། གཉེན་པོ་ཁ་ན་སྙེམས་བྱེད་ཀྱི་བདུད་ཡིན། གཞུང་ཡིན་ནོ། །ཕྱིར་རོ། །མེད་ན་བཅད་ཀྱང་མི་ཆོད་པར་ཐལ། གཅོད་བྱེད་ཀྱི་གཉེན་པོ་མེད་པའི་ཕྱིར་རོ། །དཔེར་ན་མེ་དང་བྲལ་བའི་བུད་ཤིང་བཞིན་ནོ་ཞེ་ན། འདིར་གཉེན་པོ་ཡོད་པས་མི་ཆོད་པའི་སྐྱོན་མེད་དེ། གཉེན་པོ་དེ་ལམ་གྱི་དུས་སུ་གཅད་བྱ་མ་ཡིན་ཏེ་ཉམས་ལེན་གྱི་གདེང་མེད་པའི་ཕྱིར་རོ། །
འོ་ན་སྙེམས་ཀྱི་བདུད་མ་ཡིན་པར་ཐལ་ཞེ་ན། ལམ་གྱི་དུས་ན་བདུད་མ་ཡིན་པའི་འདོད་ཐོག་འབྲས་བུའི་བདུད་མ་ཡིན་པའི་ཁས་ལེན་གྲུབ་བོ། །གཅོད་ལ་འགྲོ་བའི་སྔོན་དུ་སྐྱབས་འགྲོ་བྱས་ནས་བདག་བསྲུང་དུ་གསོལ་ཟེར་རམ་མི་ཟེར། སྐྱབས་སུ་གསོལ་ཟེར་ན་བདུད་བཞི་ཆོས་ཅན། གཅད་ཀྱང་མི་ཆོད་པར་ཐལ། གཅོད་མཁན་གྱི་ཕུང་པོ་གཟན་སྐྱུར་མ་ནུས་པའི་ཕྱིར། གཏན་ཚིགས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་ནས་བསྲུང་དུ་གསོལ་བསྐྱབ་ཏུ་གསོལ་ཟེར་བའི་ཕྱིར་རོ། །དཔེར་ན་ཁད་ཉེན་པོ་སྐྱེལ་མ་འཚོལ་བ་བཞིན་ནོ། །མི་ཟེར་ན་ལུང་ནས་བཤད་པ་བཞིན། བཀའ་ཚོམས་ལས། བདག་རི་ཧྲུལ་དང་ཁང་སྟོང་ངམ། དུར་ཁྲོད་དམ། བླ་གབ་མེད་པ་ན་འདུག་ཀྱང་བསྲུང་དུ་གསོལ་བསྐྱབ་ཏུ་གསོལ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། འདིར་སྐྱབས་འགྲོ་བྱས་པ་ལ་འགལ་བ་མེད་དེ། བསྲུང་དུ་གསོལ་བསྐྱབ་ཏུ་གསོལ་མི་ཟེར། ལུས་ཀྱི་བདག་འཛིན་ཐོང་པར་བདེ་སྡུག་རོ་སྙོམས་པར་འགལ་རྐྱེན་ལམ་དུ་སློང་པར་གཅོད་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ་ཟེར་རོ། །འོ་ན་ག་ནས་བསྲུང་དུ་གསོལ་ལ་སོགས་པ་བཤད་པས་འགལ་ལོ་ཞེ་ན་མི་འགལ་ཏེ། བློ་ཐ་མ་གཅོད་ཐོག་ནས་གཅོད་བྱེད་པ་ལ་དགོངས་པའོ། །གཅོད་ཀྱི་གདམས་པ་ཉམས་སུ་ལེན་པའི་སྔོན་དུ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་འཐོབ་པར་བྱའོ། །
དེའི་ཕྱིར་དུ་བདག་གིས་གཅོད་ཀྱི་གདམས་པ་ཉམས་སུ་བླང་སྙམ་པའི་སེམས་བསྐྱེད་བྱེད་དམ་མི་བྱེད། བྱེད་ན་གཅོད་མཁན་ཆོས་ཅན། དགའ་བྲོད་ཀྱི་བདུད་མི་ཆོད་པར་ཐལ། འབྲས་བུ་རྫོགས་པའི་སངས་རྒྱས་ལ་དམིགས་པ་དེ་དགའ་བྲོད་ལ་དམིགས་པའི་ཕྱིར། འདོད་ན་གཅོད་ཀྱི་དམ་བཅའ་བུད། དགའ་བྲོད་ཀྱི་བདུད་མ་ཆོད་པའི་ཕྱིར། སེམས་བསྐྱེད་མི་བྱེད་ན། གཅོད་ཀྱི་གདམས་པ་འདི་ཆོས་ཅན། ཐེག་ཆེན་གྱི་ལམ་མ་ཡིན་པར་ཐལ། གཞན་དོན་དུ་སངས་རྒྱ་འདོད་པའི་སེམས་བསྐྱེད་མི་བྱེད་པའི་ཕྱིར། འདིར་སེམས་བསྐྱེད་བྱེད་ཀྱང་འགལ་བ་མེད། རྫོགས་པའི་སངས་རྒྱས་ལ་དགའ་བྲོད་འཆའ་བ་དེ་ལམ་གྱི་དུས་སུ་གཅད་བྱ་ཡི་བདུད་མ་ཡིན་ཏེ་ཉམས་སུ་བླང་པའི་དགོས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་དགའ་བྲོད་དེ་བདུད་མ་ཡིན་པར་ཐལ། འདོད་ན། ཨ་མ་ཇོ་མོས་བདུད་དུ་བཤད་པར་འགལ་ཞེ་ན། ལམ་ཉམས་སུ་ལེན་པའི་དུས་ཀྱི་བདུད་མ་ཡིན་པ་འདོད་ཐོག་འབྲས་བུའི་ཕན་ཡོན་ལ་བསམ་པས་ལམ་ལ་འཇུག་པ་སྤྲོ་བའི་ཕྱིར། འབྲས་བུའི་དུས་ཀྱི་བདུད་མ་ཡིན་པའི་ཁས་ལེན་མ་གྲུབ། སངས་རྒྱས་ཐོབ་པར་བྱེད་པ་ལ་རེ་བ་མེད་པ་ཞིག་དགོས་པའི་ཕྱིར་རོ། །གཅོད་ཀྱི་གདམས་པ་ཉམས་སུ་ལེན་པའི་སྔོན་དུ་སྣོད་རུང་གི་དབང་བསྐུར་རམ་མི་བསྐུར། བསྐུར་ན་ཕ་རོལ་ཏུ་ཕྱིན་པའི་ཆོས་མ་ཡིན་པར་ཐལ། རྒྱས་འབྲིང་རྣམ་གསུམ་ནས་དབང་བསྐུར་བ་མ་བཤད་པའི་ཕྱིར། འདོད་ན། ཕ་རོལ་ཏུ་ཕྱིན་པའི་ཆོས་སུ་གསལ། ལུང་ཐམས་ཅད་ཕར་ཕྱིན་ནས་དྲངས་འདུག་པའི་ཕྱིར། དབང་མི་བསྐུར་ན་ནམ་མཁའ་སྒོ་འབྱེད་ཀྱི་སྒོམ་ཆོས་ཅན། ངོ་སྤྲོད་དུ་མི་ཐུབ་པར་ཐལ། ཚིག་དབང་མ་ཐོབ་པའི་ཕྱིར་རོ། །
གཏན་ཚིགས་དབང་མ་ཐོབ་པའི་ཆོས་ཉིད་ངོ་སྤྲད་དུ་མི་བཏུབ་པར་ལུང་གིས་གྲུབ་པའོ་ཞེ་ན། འདིར་ཕ་རོལ་ཏུ་ཕྱིན་པ་ནས་མ་བཤད་ཀྱང་དབང་དགོས་ཏེ། ཐབས་གསང་སྔགས་དང་འབྲེལ་བའི་ཕྱིར་རོ། །ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་པའི་སྐབས་སུ་ཆོས་ཉིད་རྩོལ་མེད་མ་བཅོས་པ་ཞིག་ངོ་སྤྲོད་དམ། རྩོལ་བཅས་བཅོས་མ་ཞིག་ངོ་སྤྲད་དོ། །དང་པོ་ལྟར་ན་ངོ་སྤྲོད་ཆོས་ཅན། རྩོལ་མེད་དུ་འདོད་ཀྱང་རྩོལ་བཅས་སུ་ཐལ། ངོ་སྤྲོད་ཀྱི་སྐབས་སུ་ལུས་གནད་བཀག ལག་ཐལ་མོ་སྤྱི་བོར་སྦྱར་བ་དང་། ངག་ཏུ་ཕཊ་འདེབས་པའི་ཕྱིར་འདོད་ན། རྩོལ་མེད་མ་བཅོས་པ་ངོ་སྤྲོད་པའི་དམ་བཅའ་བུད། རྩོལ་བཅས་བཅོས་མ་ངོ་སྤྲོད་པའི་ཕྱིར། གཏན་ཚིགས་རྩོལ་མེད་ངོ་སྤྲོད་པ་ལུས་གནད་ཀག་ལངས་པ་དང་། ཐལ་མོ་སྤྱི་བོར་སྦྱར་མི་དགོས་པའི་ཕྱིར་རོ། །དམིགས་པའི་གནད་སེམས་ཉིད་ལུས་ལ་གྲམ་ནས་གནས་སོ་ཞེས་སྙིང་ཁར་སྡུད་དམ་མི་སྡུད། སྡུད་ན་སེམས་ཉིད་ཆོས་ཅན། དངོས་པོ་ཅན་དུ་ཐལ། བསྡུ་རྒྱུ་ཞིག་འདུག་པའི་ཕྱིར་རོ། །དཔེར་ན་ཐང་སྨན་བཏང་པས་རྩ་སྒོའི་ནད་སྡུད་པ་བཞིན་ནོ། །འདོད་ན་དངོས་པོ་མེད་པར་གསལ། དངོས་པོ་མེད་ཀྱང་སྡུད་དགོས་ན། སྡུད་རྒྱུ་འདུག་ཀྱང་དངོས་པོ་ཅན་གྱི་ཁྱབ་པ་མ་གྲུབ་ཅེ་ན། དངོས་པོ་མེད་པ་ལ་བསྡུ་མི་དགོས་པར་ཁྱབ་སྟེ། བསྡུ་རྒྱུ་མེད་པའི་ཕྱིར་རོ། །དཔེར་ན་ནམ་མཁའ་བསྡུས་ཀྱང་དངོས་མེད་དུ་གནས་པ་བཞིན། རིག་པ་གང་དུ་གྲམ་ཀྱང་དེ་ཉིད་དུ་བཞག་པས་ཆོག་སྟེ་སྟོང་པ་ཉིད་དུ་གནས་པའི་ཕྱིར་རོ། །
སེམས་ཉིད་སྤྱི་བོ་ནས་འཕངས་ནམ་མཁའ་དང་བསྲེ་བར་འདོད་དམ་མི་འདོད། འདོད་ན། སེམས་ཉིད་ཆོས་ཅན། དངོས་པོ་རྫས་སུ་གྲུབ་པར་ཐལ། སྤྱི་བོ་ནས་འཕངས་རྒྱུ་ཞིག་ཡོད་པའི་ཕྱིར་རོ། །འདོད་ན། རྫས་སུ་མ་གྲུབ་པར་ཐལ། སྟོང་ཉིད་དུ་འདུག་པའི་ཕྱིར་རོ། །འཕངས་རྒྱུ་མེད་ན་འཕེན་པའི་དམ་བཅའ་བུད། འཕངས་རྒྱུ་མེད་པའི་ཕྱིར་རོ། །ནམ་མཁའ་དང་བསྲེ་བར་འདོད་དམ་མི་འདོད། འདོད་ན། སེམས་ཉིད་ཆོས་ཅན། དངོས་པོ་ཅན་དུ་ཐལ། བསྲེ་རྒྱུ་ཡོད་པའི་ཕྱིར་རོ། །དངོས་པོ་མེད་པ་ལ་བསྲེ་རྒྱུ་མེད་དེ། ནམ་མཁའ་དང་ནམ་མཁའ་བཞིན་ནོ། །བསྲེས་པས་འདྲེའམ་མི་འདྲེ་བར་འདོད་ཀྱང་མི་འདྲེ་བར་ཐལ། སེམས་ལ་བདེ་ཆ་དང་སྟོང་ཆ་ཡོད་དེ། ནམ་མཁའ་ལ་སྟོང་པ་ཙམ་ཞིག་ཡོད་ཀྱང་བདེ་བ་མེད་པའི་ཕྱིར་རོ། །མི་འདྲེ་ན་བསྲེས་པ་དོན་མེད་དུ་ཐལ། བསྲེས་ཀྱང་མི་འདྲེ་བའི་ཕྱིར། ནམ་མཁའ་དང་བསྲེ་བར་མི་འདོད་ན། ངོ་སྤྲོད་ཀྱི་སྐབས་སུ་སེམས་ཉིད་སྤྱི་བོ་ནས་འཕངས་ནས་ནམ་མཁའ་དང་བསྲེ་བའི་དམ་བཅའ་བུད། ནམ་མཁའ་སྒོ་འབྱེད་འདི་གཅོད་ཀྱི་ངོ་སྤྲོད་དུ་འདོད་དམ་བཙན་ཐབས་ཀྱིས་འཕོ་བར་འདོད། དང་པོ་ལྟར་ན། ནམ་མཁའ་སྒོ་འབྱེད་ཆོས་ཅན། ཆོས་ཉིད་ངོ་སྤྲོད་དུ་འདོད་ཀྱང་བཙན་ཐབས་ཀྱིས་འཕོ་བར་ཐལ། ཉམས་ལེན་འཕོ་བ་ཁོ་ནར་འདུག་པའི་ཕྱིར། འདོད་ན། ངོ་སྤྲོད་ཡིན་པའི་དམ་བཅའ་བུད། ངོ་སྤྲོད་དང་འཕོ་བ་གཉིས་གཅིག་པས་ཁྱབ་པ་མ་གྲུབ་ཅེ་ན། གཅིག་པར་འདོད་ཀྱང་ཐ་དད་དུ་ཐལ། ངོ་སྤྲོད་ནང་དུ་རིག་པ་སྟོང་ཉིད་དུ་ངོ་སྤྲོད་པ་ཡིན་པ་ལ་འཕོ་བ་རིག་པ་རྟེན་མེད་དུ་ཕྱིར་ལ་ཕན་པའི་ཕྱིར་རོ། །བཙན་ཐབས་ཀྱིས་འཕོ་བར་འདོད་ན། ནམ་མཁའ་སྒོ་འབྱེད་ཀྱི་ངོ་སྤྲོད་འདི་ཆོས་ཅན། ཡང་དག་པའི་ལམ་མ་ཡིན་ཏེ་ཕུང་པོ་ལ་བརྙས་པའི་ཕྱིར་རོ། །
གཏན་ཚིགས་ཕྱི་བལྟས་མ་བྱུང་བའི་སྔོན་དུ་འཕོ་བ་བྱེད་པའི་གྲུབ་བོ་ཞེ་ན། འདིར་དེ་རྣམས་གང་ཡང་མི་འདོད་པས་སྔར་གྱི་སྐྱོན་དེ་རྣམས་མེད་དོ། །གཅོད་ཀྱི་གདམས་པ་འདི་ཕྱི་ཕ་རོལ་ཏུ་ཕྱིན་པའི་གདམས་པ་ཡིན་ནམ། ནང་གསང་སྔགས་ལྟར་གྱི་གདམས་པ་ཡིན། དང་པོ་ལྟར་ན་གཅོད་ཀྱི་གདམས་པ་འདི་ཆོས་ཅན། ཕ་རོལ་ཏུ་ཕྱིན་པའི་གདམས་ངག་ཏུ་འདོད་ཀྱང་། གསང་སྔགས་ཀྱི་གདམས་ངག་ཏུ་ཐལ། ཉམས་ལེན་ཐམས་ཅད་གསང་སྔགས་སུ་འདུག་པའི་ཕྱིར་རོ། །དེ་འདོད་ན། ཕ་རོལ་ཏུ་ཕྱིན་པའི་གདམས་ངག་ཡིན་པའི་དམ་བཅའ་བུད། ནང་གསང་སྔགས་ཀྱི་གདམས་ངག་ཡིན་ཞེ་ན། གཅོད་ཀྱི་གདམས་པ་ཆོས་ཅན། གསང་སྔགས་ཀྱི་གདམས་པར་འདོད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཆོས་སུ་ཐལ། ལུང་ཐམས་ཅད་ཕར་ཕྱིན་ནས་དྲངས་འདུག་པའི་ཕྱིར་རོ། །འདོད་ན་གསང་སྔགས་ཀྱི་ཆོས་ཡིན་པའི་དམ་བཅའ་བུད། དེ་གཉིས་གཅིག་པའི་ཁྱབ་པ་མ་གྲུབ་ཅེ་ན། ཁྱབ་པར་བྱས་ཏེ་རྗོད་བྱེད་ཀྱི་ལམ་ཐ་དད་པའི་ཕྱིར་རོ་ཞེ་ན། འདིར་ཀུན་རྫོབ་ཀྱི་ཁྱད་པར་གསང་སྔགས་དང་འབྲེལ་བ་ལ་དོན་དམ་ཤེས་རབ་ཀྱི་ངོ་བོ་ཕར་ཕྱིན་དང་འབྲེལ་བ་ཡིན་ནོ་བྱའོ། །གཉན་ཁྲོད་དུ་ལྷ་འདྲེ་ལ་ལུས་སྟེར་བའི་ཚེ་ན་ངའི་ལུས་མི་གཙང་པའི་ཐུམ་བུ། རྣག་ཁྲག་གི་རྐྱལ་བ། ངར་སྣབས་ཀྱི་སྡོང་པོ་འདི་ཁྱོད་ལ་སྟེར་བས་ཁྱོད་ཁྱེར་ཅིག་ཟེར་རམ་མི་ཟེར། ཟེར་ན་ལུས་ཀྱི་སྦྱིན་པ་དེ་ཆོས་ཅན། བཏང་ཡང་བསོད་ནམས་མི་འབྱུང་བར་ཐལ། བདག་ལ་མི་མཁོ་བའི་དངོས་པོ་མ་དག་པའི་སྦྱིན་པ་བཏང་པའི་ཕྱིར། མི་ཟེར་ན་ལུང་གིས་བསལ། ཡང་མཚམས་ལས་བཤད་པའི་ཕྱིར་རོ། །འདིར་ངའི་ལུས་མཛེས་ཤིང་གཙང་བ་ཡིད་དུ་འོང་བ་གཅེས་ཤིང་མཁོ་བའི་མེད་ཐབས་མེད་པ་འདི་ཁྱོད་ལ་སྦྱིན་པར་བཏང་ངོ་བྱས་ནས་སྟེར་བའམ། གཅོད་ཉམས་སུ་ལེན་པའི་ཚེ་ན་དགའ་བྲོད་དང་། སྙེམས་བྱེད་ཀྱི་བདུད་སྤོང་ངམ། སྤོང་ན་སྙེམས་བྱེད་ཀྱི་བདུད་ཆོས་ཅན། སྤངས་ཀྱང་མི་སྤོང་པར་ཐལ། སྤོང་བྱེད་ཀྱི་གཉེན་པོ་དེ་ཉིད་སྤང་བྱའི་བདུད་ཡིན་པའི་ཕྱིར་རོ། །
དཔེར་ན་ནད་ཐམས་ཅད་སྨན་གྱིས་སྤོངས་ཏེ། སྨན་མ་ཞུ་དུག་ཏུ་འགྱུར་བ་བཞིན་ནོ། །མི་སྤོང་ན་གཅོད་ཀྱི་གདམས་ངག་ཉམས་སུ་བླངས་པས་དོན་མེད་དུ་ཐལ། བདུད་དེ་ཉིད་མ་སྤོངས་པའི་ཕྱིར་རོ། །གཅོད་བྱེད་པའི་ཚེ་ན་འགལ་རྐྱེན་བྱུང་བའི་དུས་སུ་གཉེན་པོ་བརྟེན་ནམ་མི་བརྟེན། བརྟེན་ན་སྙེམས་བྱེད་ཀྱི་བདུད་མ་ཆོད་པར་ཐལ། གཉེན་པོ་ཁོ་ན་སྙེམས་བྱེད་ཡིན་པའི་ཕྱིར། མི་བརྟེན་ན་འབྱུང་པོས་བར་ཆད་བྱེད་དུ་བྱུང་ན་ཇི་ལྟར་བྱེད། བྱིན་ནས་སྟོང་སྟེ་ཟེར་པ་ཡིན་ཞེ་ན་གཉེན་པོ་མི་བརྟེན་པའི་དམ་བཅའ་བུད། སྟེར་བ་དེ་ཁོ་ན་གཉེན་པོ་ཡིན་པའི་ཕྱིར་རོ། །གཅོད་བྱེད་པའི་ཚེ་ཉམས་སུ་བླང་རྒྱུ་ཡོད་དམ་མེད། ཡོད་ན་དེ་ཉིད་སྙེམས་བྱེད་ཀྱི་བདུད་དུ་ཐལ། གདམས་ངག་དེ་ཁོ་ན་སྙེམས་བྱེད་ཡིན་པའི་ཕྱིར་རོ། །མེད་ན་གཅོད་ཉམས་སུ་ལེན་པའི་དམ་བཅའ་བུད། གཅོད་བྱེད་ཀྱི་གདམས་པ་མེད་པའི་ཕྱིར། འདིར་དགའ་བྲོད་སྙེམས་བྱེད་གཉིས་ལམ་གྱི་དུས་སུ་སྤང་བྱར་མི་འདོད་པས་སྐྱོན་དེ་རྣམས་དང་འབྲལ་ལོ། །ཐོགས་བཅས་ཐོགས་མེད་གཉིས་ནི་སྤང་བྱའི་ཆོས་བདུད་ཡིན་ལ། དགའ་བྲོད་སྙེམས་བྱེད་གཉིས་ནི་ལམ་གྱི་དུས་སུ་སྤོང་བྱེད་ཀྱི་གཉེན་པོ་ཡིན་ལ། དེ་གཉིས་ལ་མཆོག་ཏུ་ཞེན་ན་བདུད་ཡིན་ཏེ་འབྲས་བུ་མཐར་ཕྱིན་པའི་དུས་སུ་སྤང་བྱ་སྤོང་བྱེད་གཉིས་ཀ་ལས་གྲོལ་ཏེ། དཔེར་ན་སྤོང་བྱེད་མི་དགེ་བ་བཅུ་བརྟེན་པས་ལམ་གྱི་དུས་ན་དེ་གཉིས་དགྲ་ཟིན་ཡིན་ཡང་འབྲས་བུ་མཐར་ཕྱིན་པའི་དུས་སུ་དགེ་སྡུག་གཉིས་ཀ་མི་འདོད་པ་བཞིན་ནོ། །ནང་ལྷ་འདྲེ་སློངས་རྟགས་དང་། ལྷོག་རྟགས་དང་། ལོག་གནོན། ཚར་ཚད་ལ་སོགས་པ་ལ་མི་འཐད་པའི་སྐྱོན་བཀག་པ་དང་། འཐད་པའི་འདོད་པ་དགོད་པ་ལ་སོགས་རྩོད་གཞི་མང་དུ་སྣང་སྟེ་ཡི་གེ་མང་གིས་དོགས་ནས་རྒྱ་ཆེར་མ་སྤྲོས་སོ། །འདི་དག་ནི་གལ་ཆེ་བ་ཉུང་འགའ་ཞིག་ཉུང་ཤས་བྱས་ཙམ་གཅིག་བཀོད་པའོ། །གྲུབ་མཐའ་ཁྱད་འཕགས་སྒོ་འབྱེད་རྫོགས་སོ།། །།
བདུད་བཞི་ངོས་བཟུང་བ། བདུད་བཞི་ལམ་དུ་འཁྱེར་ཐབས་དང་། ལམ་དུ་འཁྱེར་ཤེས་ནས་བདུད་མ་ཡིན་པར་བསྟན་པ། གཅོད་ཀྱི་ཆོས་ལ་དེ་ཚོས་གང་སོང་ན་གྲུབ་མཐའ་ཁྱད་འཕགས་སྒོ་འབྱེད་ཐལ་ལོ། །གཅོད་མཛད་དོན་དུ་གཅོད་མཁན་རྒྱལ་པོ་ངས། །ཟབ་རྒྱས་ཉུང་འདུས་གཅོད་ཀྱི་སྙིང་པོ་འདི། །གཅོད་ལ་བརྟེན་ནས་གཅོད་ཀྱི་གདམས་པ་བརྩམས། །གཅོད་འདི་ཉམས་བླངས་གཅོད་དོན་རྟོགས་པར་ཤོག །བཀའ་བརྒྱུད། ཉམས་བརྒྱུད། ཡུམ་ལུགས། སྲས་ལུགས། བཀའ་མ། གཏེར་མ། གཞུང་འཁྲིགས་ཅན། ཁ་འཐོར་འཁྲིགས་མེད་ཀྱི་དགོངས་པ་ལྷན་ཅིག་ཏུ་བསྡུས་ནས་ཞལ་གདམས་སྒོ་འབྱེད་བཅུ་པའི་ཆོས་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་མཉྫུ་གྷོ་ཥ་ནཱ་ཐས་ཉེ་བར་སྦྱར་བ་རྫོགས་སོ།། །།རྒྱ་རྒྱ་ཨྠྀིཿ དཔེ་འདི་རྣམས་རང་ལ་བརྩམ་པའི་བླ་མར་འཛིན་པ་མ་གཏོགས་གཞན་ལ་བསྟན་ན་བཀའ་རྒྱ་ཡོད་པ་ལགས་སོ། ། མཆན། (༡)དཔེ་དཀར་རམ་དཔེ་ཀར་ནི་བི་ཧཱ་ར་གཙུག་ལག་ཟུར་ཆགས་པ་ཡིན་ཞེས་འབེ་ལོས་གསུངས་པ་བདེན་སྙམ། ཁམས་སྤྲུལ་པས་བཏབ།
གཅོད་ཀྱི་གདམས་པ་རིན་ཆེན་སྒྲོན་མ།
༄༅། །གཅོད་ཀྱི་གདམས་པ་རིན་ཆེན་སྒྲོན་མ་བཞུགས་སོ། །ཨེ་མ་ཧོ། མཁའ་ལྟར་ཀུན་ཁྱབ་སྤྲོས་དང་བྲལ། །ཕ་རོལ་ཕྱིན་བཅུ་སྐུ་ལ་རྫོགས། །བདག་དོན་སྐྱེ་མེད་ཆོས་ཀྱི་སྐུ། །བདག་གཞན་དོན་གཉིས་རྫོགས་པའི་སྐུ། །གང་འདུལ་ཐབས་མཁས་སྤྲུལ་པའི་སྐུ། །སྐུ་གསུམ་ལྷུན་རྫོགས་མ་ཅིག་ལ། །གུས་པའི་ལུས་དང་དང་པའི་ཡིད། །སྙན་པའི་དབྱངས་ཀྱིས་ཕྱག་འཚལ་ལོ། །གང་ཞིག་གཉན་ཁྲོད་འགྲིམ་པའི་མིས། །རྟོག་པ་ཁོང་དུ་མ་ཆུད་པར། །ཡིག་ནག་གཟུང་ཞིང་བདག་མཁས་བྱེད། །མཁས་འདོད་ང་རྒྱལ་དྲེགས་པ་ཡིན། །རང་ཡང་འཕུང་ལ་གཞན་ཡང་བརླག །རང་འཕུང་གཞན་བརླག་བྱེད་པ་ལ། །མ་ཅིག་ཞལ་གྱི་གདམས་པ་འདི། །དུག་ལ་སྨན་གཏོང་བདུད་རྩི་འདྲ། །བདུད་རྩི་འདྲ་བའི་ཞལ་གདམས་འདི། །བརྒྱུད་པ་འཛིན་པའི་བུ་ཡིས་ཀྱང་། །རང་གི་ཉམས་སུ་ལེན་བྱེད་ཅིང་། །ཡིག་བྲིས་མ་གཏོགས་ཞལ་གདམས་གྱིས། །ཞེས་གསུངས་སོ། །གང་ཞིག་གཉན་ཁྲོད་འགྲིམ་པའི་བུས། །གཉན་ས་དག་ཏུ་ཕྱིན་པའི་ཚེ། །གཡང་སའི་ལས་སྤྱོད་དོར་བྱ་ཞིང་། །བྱང་ཆུབ་ཚོགས་དང་སེམས་བསྒོམ་ཞིང་། །གཞི་བདག་འདི་ཡིས་མ་རིག་པས། །དམ་པ་ཆོས་ཀྱི་ལས་འབྲེལ་བྱ། །སྙམ་དུ་སེམས་བསྒོམ་བྱ་བ་ནི། །དེ་ནས་བསམ་པ་འདི་ལྟར་བྱ། །བདག་གཟུང་མ་རིག་ལྷ་འདིས། །བྱང་ཆུབ་སེམས་ནི་བསྒོམ་པར་མ་བྱུང་བྱ། །འདི་རུ་ཤི་རུང་མ་ཤི་རུང་། །ཅིས་ཀྱང་བསྡད་པར་བརྟག་བསྒོམ་ཞིང་། །ལུས་མཆོད་ལ་སོགས་བྱས་ན་ནི། །སྟོང་ཉིད་དབྱིངས་ལས་མ་ཡེངས་སྒོམས། །འདི་ནས་ཞག་གམ་ཟ་མ་ལ། །འགྲོ་སེམས་མི་སྐྱེ་ཁར་མི་བརྗོད། །ཆོ་འཕྲུལ་མ་རུངས་ཅི་བྱུང་ཡང་། །རིག་པ་རྩལ་སྦྱང་ཡང་དག་བྱ། །གང་ཞིག་རྣལ་འབྱོར་གདེང་མ་ཐོབ། །བྲེད་ཅིང་སྐྲག་ན་བར་ཆད་འབྱུང་། །དེ་ཕྱིར་གདམས་པ་ཁོང་དུ་ཆུད། །གངས་བྲག་ལ་སོགས་རི་ཡི་རྩེ། །མ་ཉལ་ནོན་པར་མི་འགྱུར་གྱི། །གང་གཉན་རྩེ་ལ་ཉལ་བར་གྱིས། །རྩེ་ལ་འགྲོ་ས་མེད་གྱུར་ན། །རྟོག་སློངས་ཤིང་གི་རྩེ་མོ་བཅད། །རང་གི་ཞབས་སུ་བཅུག་པ་ཡིན། །དེས་ནི་ལྷ་འདྲེ་ནོན་པ་ཡིན། །ཡང་ན་གངས་དཀར་བྲག་གི་རྩེར། །འགྲོ་ས་མེད་ཅིང་མ་ཕྱིན་ན། །སྟེང་དུ་ཉལ་བར་དམིགས་པ་བྱ། །དང་པོ་གཉན་སར་འགྲོ་དུས་ནི། །རང་ལུས་ལྕགས་ཀྱི་རྡོ་རྗེ་ཡིས། །གཉན་སའི་རི་དེ་བསྙིལ་བར་དམིགས། །དེ་ནས་དེ་རུ་ཕྱིན་ཙ་ན། རང་ལུས་སེང་གེ་རྔམ་བརྗིད་ཅན། །མགོ་བོས་རི་རྒྱལ་རྩེ་མོ་མནན། །གཞོགས་གཡས་གཡོན་གྱིས་གཡས་གཡོན་མནན། །མཇུག་མས་ལུང་པ་མདོ་སུམ་མནན། །དེ་ལྟར་དམིགས་པ་བྱས་པ་ཡིན། །ཡང་ཅིག་ཀླུ་གནས་མཚོའམ་ཆུ། །ཇི་ལྟར་ལྷ་འདྲེ་གར་གནས་པ། །བྱ་ཁྱུང་བསམ་སྟེ་མནན་པར་བསམ། །གཉན་ས་གཞན་དག་གར་ཕྱིན་སར། །རང་གིས་ལན་གསུམ་ཅབ་ཅབ་བྱ། །བྲོས་པའི་དབང་མེད་ཆོས་ཉན་ཞིང་། །ཐར་པ་ཐོབ་པར་འདུག་པར་བསམ། །དེ་ནི་ནོན་ཞིང་མཆོག་ཐུན་རྫོགས། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གལ་ཏེ་གཉན་སའི་རི་ཁྲོད་དང་། །ས་ཆུ་ལ་སོགས་གྲངས་མང་ཡང་། །ལ་ལར་ཆོད་ཀྱང་ལ་ལར་ནི། །ཆོ་འཕྲུལ་མི་འདྲ་དཔག་མེད་འབྱུང་། །དེ་ཕྱིར་རི་བྲག་ཐམས་ཅད་ཀྱི། །རྡོ་སྡུས་རྩི་ཤིང་གང་ཡིན་དང་། །ས་ཆུ་ལ་སོགས་བསྡུས་ནས་ཀྱང་། །ཉམས་ལེན་བྱས་པས་དུས་ཤིག་ཏུ། །མཆོག་ཐུན་དངོས་གྲུབ་འཐོབ་པར་འགྱུར། །ཡང་ན་བྱ་བའི་ལས་ཀྱིས་གཡེང་། །མ་ཆོད་འགྲོ་དགོས་བྱུང་བ་ན། །གཉན་སའི་ས་རྡོ་ལ་སོགས་ལ། །ཧཱུྃ་བྲིས་རང་གི་ལུས་ལ་བཅིངས། །གར་ཉལ་ཞབས་བཅུག་ཉམས་ལེན་བྱ། །གཉན་ས་སྔར་གྱི་སྟེང་དུ་ནི། །ཉམས་ལེན་བྱས་པར་དམིགས་པ་དང་། །ཤ་ཁྲག་མཆོད་བྱེད་མན་ངག་གོ །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །གལ་ཏེ་རྣལ་འབྱོར་མཆོག་ཐུན་འདོད། །གཉན་ས་དེ་རུ་ཉལ་བའི་ཚེ། །ཏིང་འཛིན་སྟོབས་དང་མ་ལྡན་ཞིང་། །རྨི་ལམ་ཆོ་འཕྲུལ་གོ་མ་ཕྱེད། །རང་གི་ཁང་ཁྱིམ་རྡིབ་རྨིས་ན། །ཁང་ཁྱིམ་ལ་སོགས་ས་མལ་དུ། །རང་གིས་ཉམས་སུ་བླངས་བ་ཡིན། །གལ་ཏེ་བུད་མེད་ལ་སོགས་པ། །ཆགས་པ་སྤྱོད་པ་བྱུང་བ་ན། །ཐུ་བ་བཟུང་ལ་ང་ཡི་ནི། །བཟའ་རོགས་གྱིས་ཤིག་བྱས་ནས་ནི། །གར་ཡང་མ་འགྲོ་བྱ་བ་ནི། །ཡིད་ལ་བསམ་ལ་ཡང་ཡང་བྱ། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །གང་ཞིག་རྣལ་འབྱོར་རི་ཁྲོད་འགྲིམ། །དམིགས་པའི་གནད་འདི་མ་ཤེས་ན། །ཟབ་མོའི་དོན་ལ་མ་འབྱོངས་ན། །དངོས་གྲུབ་མི་འབྱུང་བར་ཆད་མང་། །དེ་ཕྱིར་འདི་བཞིན་ཉམས་སུ་ལོངས། །ཞེས་སོ། །རང་ཉིད་གཉན་ཁྲོད་ཕྱིན་པའི་དུས། །མགོ་བོ་ན་ཞིང་གས་ལ་ཐུག །ཇི་ལྟར་བྱས་ཤིང་མ་ཕན་ན། །མགོ་བོ་པདྨ་འདབ་བརྒྱད་བཞིན། །ཁ་ཁར་གྱེས་པར་ཤེས་པ་གཏད། །ཀླད་པ་ཁྲག་དང་སྤྲིས་མ་བཅས། །བྱ་ཁྱུང་གྲངས་མེད་བསམ་འདས་ཀྱིས། །ཟོས་ཤིང་མལ་ཡང་མེད་པར་དམིགས། །བར་བར་ཤེས་པ་གླིང་བཞི་སྐོར། །བར་བར་མགོ་བཅད་གཡང་ལ་བཏང་། །བར་བར་སྐྱེ་མེད་ངང་ལ་བཞག །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །མིག་གི་འབྲས་སམ་ལིང་ཐོག་གམ། །འཕྲལ་དུ་མི་བདེའི་བར་ཆད་ནི། །འཇིགས་པའི་གཟུགས་ཅན་འདྲེ་ཞིག་གིས། །མིག་འབྲས་བྲུས་ཤིང་བྱ་ལ་བྱིན། །མལ་དུ་ཕུར་བུ་བཏབ་ལ་ནི། །ལྟག་གི་བདུད་སྒོ་བར་ལ་ཡང་། །བུ་ག་སེང་ངེ་འདུག་པར་དམིགས། །ཡང་ན་ཤེས་པ་གླིང་བཞི་བསྐོར། །ཟུག་རྔུ་ན་ཚ་དེ་ཞི་ནས། །ལྷན་སྐྱེས་དྲི་མེད་དོན་རྟོགས་འགྱུར། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །ཆམ་པ་ལ་སོགས་སྲིན་བུ་རྣམས། །ཡང་ན་ལྷ་འདྲེའི་གདུག་པ་ཡིས། །རྣ་བུག་སུབ་པར་འགྱུར་ནས་ཀྱང་། །རྣལ་འབྱོར་ཏིང་འཛིན་བར་དུ་གཅོད། །དེ་ལ་གདམས་པ་འདི་ལྟར་བྱ། །སྦྲུལ་ནག་གདུག་པ་གཉིས་ཀྱིས་ནི། །སྣ་བུག་གཉིས་ནས་འཛུལ་ནས་སུ། །མཚུལ་ཁུང་ལ་སོགས་རོ་སྟོད་ཀྱི། །ནད་དམ་དངོས་པོ་ཚང་བྱེད་རྣམས། །སྦྲུལ་ནག་གཉིས་ཀྱིས་འཇིབ་ཟོས་ནས། །རང་སར་བུན་བུན་སོང་བ་རུ། །ཡང་དང་ཡང་དུ་དམིགས་པ་དང་། །ཤེས་པ་གླིང་བཞི་བསྐོར་ནས་ཀྱང་། །སྐྱེ་མེད་སྤྲོས་བྲལ་ངང་ལ་བཞག །ནད་ཀྱིས་འཁུན་བཅུག་གྲོགས་ལ་བསལ། །ཡང་ཡང་བྱས་པས་སྡུག་བསྔལ་ཞི། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །གག་པ་ལ་སོགས་ལོག་གག་དང་། །ལྕེ་འབབ་ལ་སོགས་ཅི་བྱུང་ཡང་། །ནད་ཀྱི་ཞེན་པ་བྲལ་བ་དང་། །བྱ་ཁྱུང་མེ་ཡི་གཤོག་པ་ཅན། །སྤྱང་ཀི་སྔོན་པོ་ལྕགས་ཀྱི་མགོ །ཕོ་རོག་ནག་པོ་གསེར་མིག་ཅན། །སྦྲུལ་ནག་གདུག་པ་ལྕེ་དུག་ཅན། །དེ་བཞིན་མགོ་བོ་བྱ་ཁྱུང་དང་། །སྤྱང་ཀི་ཕོ་རོག་སྦྲུལ་ལ་སོགས། །འབུམ་ཕྲག་བསམ་གྱིས་མི་ཁྱབ་ཀྱིས། །མ་ལུས་ནད་དང་བཅས་པ་དེ། །ཤ་ཟོས་རུས་པ་འཆའ་བར་དམིགས། །བར་བར་ཤེས་པ་གླིང་བཞི་བསྐོར། །ཡང་ན་ཕྱི་རུ་འཕུལ་ལ་བོར། །ཕྱག་རྒྱ་ཆེན་པོའི་ངང་ལ་བཞག །རྗེས་ལ་སྐྱེ་མེད་སེང་ཆད་ནས། །ཕྱག་རྒྱ་ཆེན་པོ་རྟོགས་པར་འགྱུར། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །སྲིན་བུ་ལ་སོགས་སོ་ནད་ཀུན། །འཇིགས་པའི་ལྷ་འདྲེ་ཆེན་པོ་ཡིས། །སོ་སོའི་འཕྲེང་བ་བྱས་ནས་ཀྱང་། །ཁོ་ཡིས་གླིང་བཞི་བསྐོར་བར་དམིགས། །བར་ཆད་དགེ་སྦྱོར་ཕྱོགས་སུ་འཆར། །ཉམས་མྱོང་དྲོད་ཚད་འཕྲལ་དུ་འབྱུང་། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །གང་ཞིག་གློ་བ་ལུས་སོགས་ལ། །རྣག་གིས་ཁེངས་ཤིང་རྒྱས་གྱུར་ན། །གློ་བ་པདྨ་འདབ་བརྒྱད་ལ། །རྣག་དང་ཆུ་སེར་རྒྱས་པ་དེ། །མི་ནག་ལྷུ་ཐུང་གསུས་པོ་ཆེ། །ཨོལ་ཁུང་ཁ་ནས་ཁོས་འཇིབ་ཅིང་། །ཁྲག་རྣག་ཆུ་སེར་མ་ལུས་པ། །ཁོད་དག་རང་སར་བུན་ནེ་ལ། །ཤེས་པ་གཏད་ཅིང་ཏིང་འཛིན་སྦྱངས། །བར་བར་སྟོད་ཀྱི་གཟེར་ས་རུ། །དཔེར་ན་ཚག་དང་འདྲ་བ་ཡི། །བུག་པ་བྱུང་ནས་ག་སླངས་རྣམས། །སྔོ་དམར་དག་ཏུ་ཐོན་པར་དམིགས། །བར་དུ་ཤེས་པ་གླིང་བཞི་བསྐོར། །སྐྱེ་མེད་སྤྲོས་བྲལ་ངང་དུ་བཞག །ལུད་པ་མཆིལ་སྣབས་གང་བྱུང་རྣམས། །ཡི་དྭགས་གདོན་ལ་བསྔོས་ལ་བཏང་། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །གང་ཞིག་མཆིན་པ་ནའམ་སྐྱེ། །ཡང་ན་ཁྲག་རྒྱས་སྐྲན་ལ་སོགས། །ཇི་ལྟར་ན་བ་བྱུང་ན་ཡང་། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས། །མཆིན་པ་དཀྱིལ་དུ་བསྐོར་བ་ཡིས། །ནད་དང་སྐྲན་ལ་སོགས་པ་རྣམས། །མར་ལ་ལྕགས་སྲེག་རྒྱབ་པ་བཞིན། །ལམ་ལམ་ལམ་གྱིས་ཞུས་བར་བསམ། །ཡང་ན་བར་དུ་འདི་ལྟར་དམིགས། །མཆིན་པ་ཞུ་ནས་ཁྲག་ཏུ་གྱུར། །ཁ་ལ་འཇིགས་པའི་ལྷ་འདྲེ་ཡིས། །ཟངས་མའི་སྦུ་གུས་སྦྱར་ནས་འཐུངས། །འགའ་ལ་བར་ཆད་རང་སར་གྲོལ། །མཆིན་པའི་ཐད་ཀར་ཟངས་མ་ཡིས། །སྦུག་གཙུགས་ཁྲག་ཏུ་རད་པ་དེ། །ཁྱི་ནག་འབུམ་གྱིས་འཐུང་བ་དམིགས། །མཆིན་པ་སྙེ་ཞིང་ཉམས་ལེན་བྱ། །ཟུག་རྔུ་ན་ཚ་ཕྲལ་ཕྱོགས་ནས། །སྐྱེ་མེད་རྟོག་ཐོབ་གྲོགས་སུ་འགྱུར། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །ཕོ་རྡོལ་རེད་ཅིང་ཟས་འཇུ་དཀའ། །སྐྱུག་ལོག་ན་ཞིང་འཕར་གྱུར་ན། །ཕོ་བའི་དཀྱིལ་དུ་ལྕགས་ཀྱུ་གཙུགས། །སྐན་གྲག་མི་འཐུང་འཇིག་པ་ཡིས། །འཇིབ་ཅིང་རླུང་ཡང་ཁ་སྦྱོར་སྒོམ། །ནང་དུ་ཤ་ཟ་མང་པོ་ཡིས། །རློག་ཅིང་ཟོས་པར་དམིགས་པ་ཡིས། །སྔར་བས་སྐུག་གམ་ཐུ་བར་འགྱུར། །རིག་པ་གཟེངས་བསྟོད་རྩལ་སྦྱང་བྱ། །གདེང་ཐོབ་སྐྱེ་མེད་རྟོགས་འཐོབ་འགྱུར། །ཞེས་སོ། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །གང་ཞིག་རྒྱུ་མ་ན་འགྱུར་ཞིང་། །ཁྲག་གམ་སྐྱ་བཤལ་ཁྲོག་ལ་སོགས། །ཇི་ལྟར་བཟོད་གླགས་མེད་པའི་དུས། །རང་ཉིད་སྤྲོས་བྲལ་ངང་ལ་བཞག །རྒྱུ་མ་གཉེ་མ་ལ་སོགས་པ། །རང་གི་མདུན་དུ་གང་རུང་ལ། །ཁྱི་སྤྱང་བྱ་རོག་ལ་སོགས་ཀྱིས། །ཕར་འཐེན་ཚུར་འཐེན་བྱེད་པ་ལ། །ཤེས་པ་གཏད་དང་དམིགས་པ་ཡིན། །གཞན་ཡང་རང་གི་རྒྱུ་མ་ནི། །རྩི་ཤིང་བྲག་ཟུར་ཐམས་ཅད་ལ། །དཀྲིས་ཤིང་གནར་བ་བྱས་པར་དམིགས། །ཧཱུྃ་གཉིས་ཁ་སྦྱོར་མཆོང་འཁྲབ་བྱ། །བཤལ་དང་སྦོས་ནི་མྱུར་དུ་འབྱུང་། །ཤེས་གསལ་རིག་པ་རྩལ་སྦྱང་བྱ། །ཇི་ལྟར་རྒྱུ་གཟེར་ཁྲག་བཤལ་སོགས། །ཕན་འགྱུར་བསྟན་པ་འཐོབ་འགྱུར་གསུངས། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །རྐང་ལག་རྒྱུ་ཚིགས་ན་ཞིང་ཁོལ། །ཇི་ལྟར་མ་ལུས་བྱུང་གྱུར་ན། །སྦྲུལ་ནག་འདོམ་དགུ་པ་ཞིག་གིས། །གར་ན་རྐང་ལག་བཅིངས་ཤིང་བསྡམས། །གཞན་ཡང་ལྷ་འདྲེ་འཇིགས་པ་ལ། །གནམ་ལྕགས་སྟྭ་རྣོན་ལ་སོགས་ཀྱིས། །རྐང་བཅད་ལྷ་འདྲེ་ཀུན་ལ་སྦྱིན། །དགྱེས་ཤིང་ཚིམ་པར་བསམ་པ་ཡིན། །ཟུག་དང་ཁོལ་བ་ཞི་ནས་ཀྱང་། །འགག་མེད་རྩལ་སྦྱོང་དག་ཏུ་འགྲོ། །མ་ཅིག་ཞལ་གྱི་བདུད་རྩི་ཡིན། །གང་ཞིག་ཏིང་འཛིན་སྒོམ་པའི་དུས། །ཡིད་མི་དགའ་ཞིང་འཕྱོ་སངས་འཁྱེར། །སྙིང་འཕར་འགྲོ་སྙིང་འདོད་པར་འགྱུར། །དེ་ལ་ཞལ་གདམས་མ་ཤེས་ན། །སྨྱོ་རུ་འགྲོ་བས་ཞལ་གདམས་གཅེས། །རང་གི་སྟེང་དུ་འདི་ལྟར་བསམ། །འཇའ་ཚོན་སྣ་ལྔའི་གུར་ཕུབ་ནས། །རང་གི་སྙིང་གི་དཀྱིལ་དུ་ནི། །མར་མེ་གསལ་བ་ཞིག་ལ་ནི། །ཤེས་པ་གཏད་ཅིང་སྒོམ་པ་ཡིན། །ཤེས་པ་ཕྱི་ལ་མི་སྤྲོ་ཞིང་། །ཞི་གནས་མཉམ་བཞག་ལ་སོགས་བསྒོམ། །སྙིང་ནད་ཞི་ནས་ཆོས་སྐུ་རྟོགས། །འཕྱོ་སངས་གཅོད་པའི་ཞལ་གདམས་འདི། །མ་ཅིག་ཞལ་གདམས་བདུད་རྩི་ཡིན། །མི་མིན་མཁའ་འགྲོ་ཞལ་གདམས་འདི། །དོན་གྲུབ་ལ་སོགས་སྲས་རྣམས་ལ། །སྙན་ནས་སྙན་དུ་བརྒྱུད་པ་ཡིན། །སྣོད་ལྡན་ལས་ཅན་གཅིག་ལ་བསྟན། །གཞན་ལ་བསྟན་པར་མ་གསུངས་སོ། །མ་ཅིག་ཞལ་གདམས་བཅུ་གསུམ་པ་ཞེས་བྱའོ། །ཨྠྀིཿ
༈ མ་ཅིག་ལབ་སྒྲོན་སྤྲུལ་པའི་སྐུ་ཡི་ཡུམ། །རིགས་ལྔ་མཁའ་འགྲོ་ལ་སོགས་ཏེ། །མཁའ་འགྲོ་ཀུན་གྱི་ངོ་བོ་ཉིད། །རྒྱལ་བའི་ཡུམ་ལ་ཕྱག་འཚལ་འདུད། །གང་ཞིག་རྣལ་འབྱོར་རི་ཁྲོད་འགྲིམ། །སྐྱེ་མེད་ཆོས་སྐུ་མངོན་འགྱུར་རྟོགས། །འགགས་མེད་ཐུགས་རྗེས་འགྲོ་དོན་མཛད། །གཅོད་ཀྱི་བརྒྱུད་པ་གྲུབ་ཐོབ་ལ། །མོས་པའི་སེམས་ཀྱིས་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འབྲང་རྣལ་འབྱོར་གྱིས། །ཞལ་གདམས་བདུད་རྩི་མ་ཤེས་ན། །སྨན་མཁན་སྨན་མེད་དག་དང་མཚུངས། །དེ་ཕྱིར་ཞལ་གདམས་ཐུགས་ལ་ཞོག །དེ་ནས་འདི་བཞིན་ཉམས་ལེན་གྱིས། །ཞེས་སོ། །གང་ཞིག་འགྲོ་བའི་དོན་བྱེད་ཅིང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཆར་དབབ་གདམས་པ་འདི་བཞིན་བྱ། །ཆུ་མིག་མཚོ་སོགས་གཉན་སར་ཕྱིན། །ཕྱོགས་ཀྱི་ཕྱེ་ཕུད་འོ་ཕུད་སོགས། །གང་ཚོགས་མཆོད་གཏོར་རྒྱ་ཆེར་བྱ། །སེམས་བསྐྱེད་སྐྱབས་འགྲོ་འདི་ལྟར་བྱ། །སྤྱིར་ཡང་ཁམས་གསུམ་སེམས་ཅན་དང་། །སྒོས་སུ་ཡུལ་འདིའི་སེམས་ཅན་རྣམས། །མུ་གེས་གདུངས་པ་སྙིང་རེ་རྗེ། །བདག་གི་ལུས་སོགས་འདི་དག་ནི། །ལྷ་རྣམས་ཀུན་ལ་སྦྱིན་པར་བཏང་། །དེ་ཡིས་དངོས་གྲུབ་དམ་པ་ནི། །ཡུལ་ཕྱོགས་འདི་རུ་ཆར་འབེབས་ཤིང་། །བདུད་རྩིས་ལྟེམ་གྱིས་ཁེངས་པར་བསམ། །ལུས་ནི་བརྒྱ་སྟོང་གྲངས་མེད་དབུལ། །བར་དུ་སྤྲོས་བྲལ་བསྒོམ་པར་བྱ། །ཆར་པ་འབབ་འགྱུར་ཐེ་ཚོམ་མེད། །གལ་ཏེ་ཞག་གསུམ་ལྔ་བདུན་སོགས། །བསྡད་ཀྱང་ཆར་པ་མེད་གྱུར་ནས། །ཡིད་ཆད་ཐང་ཆད་མ་ཕེབས་ན། །གནད་ཀྱི་གདམས་པ་འདི་ལྟར་བྱ། །རང་ཉིད་གཅེར་བུ་ཕཊ་ཀྱིས་བཏབ། །རིག་པ་ངར་བསྐྱེད་བརྟུལ་ཞུགས་བྱ། །གདེང་ཐོབ་རྣལ་འབྱོར་གཞན་ཞིག་གིས། །ཁྱུང་གི་ཏིང་འཛིན་བཟུང་བྱས་ལ། །ཀླུ་དང་ས་བདག་ལ་སོགས་རྣམས། །འདར་ཞིང་ཆར་པ་དབབ་པར་དམིགས། །རིག་པ་ངར་བསྐྱེད་ཕཊ་ཀྱིས་བཏབ། །ཡང་ན་རྫས་སྦྱོར་ཨར་ལ་གཏད། །ཆར་ཕབ་བྱ་ཞིང་མཆོང་འཁྲབ་བྱ། །དེས་ནི་མི་ཕེབས་མི་སྲིད་དོ། །ཆར་འབབ་ཀླུ་གཉན་ས་བདག་ལ། །མཆོད་གཏོར་ལུས་མཆོད་བྱམས་སེམས་བྱ། །ཆར་འབེབས་ཞལ་གདམས་བདུད་རྩི་ཡིན། །གང་ཞིག་རྣལ་འབྱོར་གཅོད་མཁན་རྣམས། །འགྲོ་བ་གཞན་གྱི་དོན་དགོངས་ནས། །སྲིའུ་ལ་སོགས་ནད་པ་ནི། །གང་གཉན་ས་རུ་ཁྱེར་བྱས་ལ། །བུ་ཆུང་ལ་སོགས་ནད་པ་ནི། །གོས་ཀྱིས་བཏུམས་ལ་ཐུ་བ་རུ། །རྡོ་ཡིས་མནན་ལ་སེམས་བསྐྱེད་ནི། །ནད་འདྲེས་གཙོ་བྱས་སེམས་ཅན་རྣམས། །སངས་རྒྱས་ས་ལ་འགོད་སྙམ་དུ། །སེམས་བསྐྱེད་སྐྱབས་འགྲོ་དཔག་མེད་བྱ། །རྣལ་འབྱོར་བདག་གི་ཏིང་འཛིན་གྱིས། །བུ་ཆུང་ནད་པའི་སེམས་དང་ནི། །རང་སེམས་གཉིས་མེད་ངང་ལ་བཞག །ཤ་ཁྲག་ལྷ་སྲིན་སྡེ་བརྒྱད་དང་། །གདོན་གྱིས་གཙོ་བྱས་གཞི་བདག་ལ། །འབུལ་བ་ཞལ་གདམས་མན་ངག་ཡིན། །གལ་ཏེ་དེས་ཀྱང་མ་ཕན་ཞིང་། །ན་བ་སྐྱེ་མེད་ཕྱིར་ཞི་ཐུ། །དེ་ཡི་ཞལ་གདམས་འདི་ཡིན་ནོ། །མཛེ་པོས་འཁྱེར་ན་མཛེ་པོ་ཡི། །ཤ་ལ་སྣམ་བུ་གསར་པས་དཀྲིས། །དྲོད་ནི་མ་ཡལ་འབར་བ་ཡི། །སྲིའུ་ནད་པའི་ལུས་པོ་དཀྲི། །མཆན་དུ་ཉལ་ཞིང་ཤ་འཁྱེར་ཁྲག །དེ་ཡི་སྲིའུ་ཅི་འདྲ་ཞིང་། །ནད་འདྲེ་གང་གི་རིགས་ཡིན་ཡང་། །མི་གསོ་མི་སྲིད་ཞལ་གྱིས་གདམས། །བདུད་རྩི་འདྲ་བའི་མན་ངག་ཡིན། །སྲིའུ་གསོ་བའི་མན་ངག་ཡིན། །གང་ཞིག་གཅོད་ཀྱི་མཁན་བྱེད་ལ། །རང་དང་གཞན་གཉིས་གང་རུང་ལ། །སྔགས་མཁན་དག་དང་འདྲས་འགྱུར་ཏེ། །རྦད་འདྲེ་ལ་སོགས་མནན་ཏ་ལོག །མ་རུངས་ཆོ་འཕྲུལ་བྱུང་བའི་ཚེ། །ཞལ་གདམས་བདུད་རྩི་འདི་ཉིད་དགོས། །དེ་ཕྱིར་འདི་ལ་ནན་ཏན་བྱ། །གང་ཞིག་གནོད་བྱེད་བྱད་མའམ། །གཏད་ཁྲམ་གང་བྱས་ས་ཕྱོགས་སམ། །ཡང་ན་གཉན་ཁྲོད་གང་ཡང་རུང་། །ནད་འདྲེ་གང་གིས་སེམས་བསྐྱེད་དེ། །མ་རིག་འཁྲུལ་བའི་སྔགས་མཁན་གྱིས། །ཆོས་ཉིད་མ་རྟོགས་འཁྲུལ་བའི་ལས། །བདག་གཟུང་རོགས་སུ་འཛིན་པ་ཡི། །བདུད་ཅན་སྲིན་པོ་ལ་སོགས་པ། །མ་རུངས་སྡེ་བརྒྱད་དངོས་གྲུབ་པས། །ཐར་པའི་བར་ཆད་བྱས་ནས་ཀྱང་། །མནར་མེད་དམྱལ་བར་སྐྱེ་བར་འགྱུར། །ཞེས་སོ། །དེ་ཕྱིར་ཁོ་ཡི་སྲུང་མ་དང་། །ཁོ་དང་བཅས་ལ་སྙིང་རྗེ་བསྐྱེད། །དེ་ནས་ལུས་ཀྱི་མཆོད་པ་འབུལ། །ཁོ་ཡི་སྲུང་མའི་སེམས་དང་ནི། །རང་སེམས་གཉིས་མེད་སྤྲོས་བྲལ་ངང་། །མ་ཡེངས་ལྷན་གྱིས་བཞག་ནས་ཀྱང་། །ཁོ་ཡི་སྲུང་མ་ཐམས་ཅད་ལ། །ཤ་ཁྲག་དམར་གྱིས་ཚིམ་པར་བསམ། །དེ་ལྟར་བྱས་པའི་ཡོན་ཏན་གྱིས། །རང་ལ་ཚུགས་པར་མི་འགྱུར་ཞིང་། །གཉིས་མེད་དོན་རྟོགས་རྣམ་རྟོག་ཞི། །སྤྲོས་བྲལ་བདག་མེད་རྟོགས་པ་འཆར། །མཆོག་ཐུན་དངོས་གྲུབ་རྫོགས་པར་འགྱུར། །གལ་ཏེ་དེ་ལྟར་བྱས་གྱུར་ཀྱང་། །ཆོ་འཕྲུལ་ཉམས་སོད་མ་བྱུང་ངམ། །ཇི་ལྟར་ཆོ་འཕྲུལ་ཆེར་བྱུང་ན། །གནད་ཀྱི་གདམས་པ་འདི་བཞིན་གྱིས། །རང་སེམས་སྐྱེ་མེད་ངང་ལ་བཞག །ལྷ་འདྲེའི་ཆོ་འཕྲུལ་ཅི་བྱུང་ཡང་། །འཇིགས་བྱེད་ཆེན་པོར་རང་གི་སེམས། །ངོ་བོ་སྤྲོས་བྲལ་ནམ་མཁའ་བཞིན། །དེ་ལྟར་སེམས་ཆུད་གློད་གྱུར་ན། །མཐུ་བྱེད་མཁན་པོས་མི་ཚུགས་སོ། །ཡང་ན་སེམས་སྤྲོས་བྲལ་བཞག །ཐུན་དང་ཕུར་བ་ལ་སོགས་དང་། །མ་མོ་ལ་སོགས་རྦད་འདྲེ་ཡི། །ལུས་ལ་དབང་བསྐུར་ཐོབ་བསམ་ཞིང་། །ཁོ་ཡི་གཏོར་སྟེགས་འོག་ཏུ་ནི། །གཏོར་ཟན་ཟ་ཞིང་ཉམས་ལེན་བྱ། །ཇི་ལྟར་རྦད་འདྲེ་ཡིན་ཡང་། །སེམས་ལ་དོན་གནས་གདེང་ཐོབ་འགྱུར། །ཞེས་སོ། །རྦད་འདྲེ་སེལ་བྱེད་བདུད་རྩི་ཡིན། །གང་ཞིག་རྣལ་འབྱོར་གནས་བཟུང་ནས། །ཀླུ་ཡི་ཕོ་བྲང་བཟློག་གམ་བརྐོས། །མ་རུངས་ཀླུ་ཡི་གདུག་པ་ཡི། །ཆོ་འཕྲུལ་ཇི་ལྟར་འགྱུར་བའང་ཡོད། །སྦལ་བ་ཉ་སྦྲུལ་རྟ་གླང་སོགས། །གཟུགས་བྱུང་ཡིད་ཀྱིས་མཐུ་ཐོབ་ན། །དེ་དག་བར་ཆད་འབྱུང་འགྱུར་བས། །གང་བྱུང་བ་ནི་བསླུ་བྱས་ལ། །མེད་དུ་བཅུག་ལ་བདག་ཉིད་ཀྱིས། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་སོགས། །ཉམས་ལེན་དྲག་པོ་བྱས་པ་ཡིས། །རང་རྟོག་ཞི་ནས་མཆོག་ཐུན་རྫོགས། །མལ་དུ་མཁར་ལེན་བྱས་པས་མཆོག །རྟོག་བཅོས་ཞལ་གདམས་བདུད་རྩི་ཡིན། །རང་གཞན་གང་ཡང་རུང་བ་ཡིས། །སྔར་ནས་ལྷ་འདྲེའི་གནས་མལ་དུ། །ཤིང་བཅད་ས་བརྐོས་ཆུ་བསྒྱུར་གྱིས། །རང་དང་གན་དང་འཁོར་རྣམས་ལ། །ཐུབ་ཚོད་ནུས་ནུས་བྱས་པ་ལ། །རྐང་ལག་ཞ་གྲུམ་གྱོལ་ལ་སོགས། །བུ་ཚ་རིགས་བརྒྱུད་ཐམས་ཅད་ལ། །ཀླུ་ཡི་ནད་དང་གཉན་གྱི་ནད། །ཞ་རེངས་གྲུམ་པ་ཅི་བྱུང་ཡང་། །སྔར་གྱི་གནས་མལ་ས་བརྐོས་སམ། །ཤིང་བཅད་གར་བྱས་ས་རུ་འགྲོ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་འབུལ། །ས་བརྐོས་ལ་སོགས་མཐའ་མ་རུ། །བོང་མེས་བསྐོར་ཞིང་རྫས་མེས་བསྲེགས། །ནད་པའི་ལུས་པོ་སྲེག་པར་བསམ། །གཅེར་བུར་ཕཊ་བཏབ་མཆོང་འཁྲབ་བྱ། །དེས་ནི་ཞི་བར་འགྱུར་བ་ཡིན། །སྔར་གདོན་གདོན་གཅོད་ཞལ་གདམས་ལས། །བདུད་རྩི་འཕྲེང་བ་ཞེས་བྱ་བའི། །བཅུ་གསུམ་ལ་སོགས་བཅྭོ་བརྒྱད་འདི། །མ་ཡི་ཞལ་གདམས་མེད་པའི་མིས། །གཅོད་མཁན་ཡིན་ཞིག་མ་ཟེར་ཅིག །གན་གྱི་དོན་བྱེད་མ་ཟེར་ཅིག །བདུད་རྩི་འཕྲེང་བ་ཞེས་བྱ་བའི། །ཞལ་གདམས་ལེའུ་བཅྭོ་བརྒྱད་པ་འདི། །མ་ཅིག་ཡུམ་སྲས་ལ་སོགས་ཐམས་ཅད་སྙན་ནས་གཅིག་རྒྱུད་མ་ཡིན་པ་ལ་སུ་ལའང་འཕེལ་བ་མེད། ཀུན་ལ་མི་སྟོན་གཅིག་ལ་མི་སྟོན་དེ་མིན་བླ་མའི་བཀའ་རྒྱ་ཡོད། །ཨྠྀིཿ
༈ འཁྲུལ་བའི་སྒོ་ལྕགས་འབྱེད་མཛད་པ། །མ་རིག་འབྱེད་པའི་ལྡེ་མིག་སོགས། །བཀའ་དྲིན་ཅན་གྱི་གསུང་དབྱངས་ལ། །གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ལྔ་བརྒྱའི་དུས་འདིར་ཨུཏྤལ་བཞིན། །དྲི་མེད་སྤྲོས་བྲལ་ལབ་སྒྲོན་གྱིས། །གདུལ་བྱ་དཔག་མེད་སར་བཀོད་ནས། །མི་ནུབ་རྒྱལ་མཚན་འཕྱར་བ་ལ། །ལས་ཅན་སྐྱེས་བུ་ཐམས་ཅད་ཀྱིས། །རང་དོན་ཆོས་སྐུ་ཐོབ་ནས་ནི། །གཞན་དོན་གཟུགས་སྐུས་འགྲོ་བ་འདྲེན། །འཁོར་བའི་ཆུ་ལ་སྐམ་གྲུམ་ཞི། །སྡུག་བསྔལ་མྱ་ངན་སེལ་མཛད་ཅིང་། །གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ལ། །གུས་པའི་ཡིད་དང་དང་བའི་སེམས། །ཚངས་པའི་དབྱངས་ཀྱིས་ཕྱག་འཚལ་འདུད། །ལྔ་བརྒྱ་གྱུར་པའི་སེམས་ཅན་རྣམས། །རང་གི་རང་བསླུས་སྡུག་བསྔལ་སྤྱོད། །ཐར་བའི་དུས་མེད་འཁོར་བར་འཁྱམས། །དཀར་བའི་དགེ་སྒོར་ཞུགས་པ་ལ། །རང་གྲོལ་གདམས་ངག་མི་ཤེས་ཤིང་། །དམན་པའི་ལས་སྤྱོད་བྱིས་པའི་ལས། །སངས་རྒྱས་ཐོབ་པར་མི་འགྱུར་ཞིང་། །རང་བཅིངས་གཟུང་འཛིན་ཐག་པས་བསྡམས། །རིག་མེད་ལྟ་བས་མ་ཕྱེད་པས། །རྟོག་པ་ཁས་ལེན་དགེ་སྡིག་བསྲེས། བདག་མེད་འོད་ཟེར་མ་ཤར་བའི། །སྒོམ་པར་ཁས་ལེན་གྲོལ་དུས་མེད། །རང་དོན་སྤྱོད་པས་དོན་མ་ཁུགས། །ཆགས་སྡང་འཁྲུལ་བའི་ལས་སྤྱོད་བྱེད། །རིག་པའི་གྲོལ་ཚུལ་མི་ཤེས་པར། །སངས་རྒྱས་སྒྲུབ་པའི་ཁས་ལེན་བྱེད། །རྣམ་རྟོག་རང་སར་མ་ཆོད་པར། །གཅོད་མཁན་ཡིན་ཞེས་ལྷ་འདྲེ་རྣམས། །ཨར་ལ་གཏད་ཅིང་སྡིག་པ་སྤྱོད། །གནད་ཀྱི་ཞལ་གདམས་མ་ཚོར་བར། །གོ་བ་མེད་པའི་གཟུ་ལུམ་གྱིས། །མཐར་ཐུག་འབྲས་བུ་མེད་པའི་ཕྱིར། །འཇིག་རྟེན་འདིར་ཡང་བཀྲ་མི་ཤིས། །བར་ཆད་འོང་ཞིང་བསམ་མི་འགྲུབ། །ནད་རྣམས་སྣ་ཚོགས་ཕྱིར་ཕྱིར་རྒྱས། །དེ་ཕྱིར་རིན་ཆེན་སྒྲོན་མ་འདི། །མ་ཅིག་ཡུམ་སྲས་སྙན་བརྒྱུད་རྣམས། །འགྲོ་བའི་དོན་དུ་ཡི་གེར་བྲིས། །ཡུམ་སྲས་རྣམས་ལ་བཟོད་པར་གསོལ། །ལོག་ལྟ་དམ་ཉམས་ཆོས་མི་སྤྱོད། །སློབ་དཔོན་སྦ་ཞིང་རང་མཐོང་བྱེད། །འཇིག་རྟེན་དོན་གཉེར་ཕྱི་མ་བོར། །རང་མཁས་གཞན་སྨད་མི་ནག་བྲིད། །གཡོ་དང་སྒྱུ་ལ་རྒྱབ་རྟེན་བྱེད། །དགྲ་དང་ལྷ་འདྲེ་ཐམས་ཅད་ལ། །བྱམས་དང་སྙིང་རྗེའི་སེམས་སྤངས་ནས། །ཐུབ་ཆོད་རི་བཤིག་ཤིང་བཅད་དང་། །བྲག་རྡུང་རྫས་སྦྱར་ཨར་ལ་གཏད། །གཅོད་མཁན་ཡིན་ཞེས་ཁས་ལེན་བྱེད། །ཤན་པ་སྲིན་པོ་དག་དང་མཚུངས། །མནར་མེད་དམྱལ་བར་ལྟུང་བར་ངེས། །དེ་ལྟར་བྱེད་པའི་གང་ཟག་ལ། །གདམས་པ་གནད་འདི་བསྟན་གྱུར་ན། །མ་ཅིག་ཡུམ་སྲས་ཐུགས་འགལ་ནས། །མུ་མེད་འཁོར་བར་འཁྱམས་པར་འགྱུར། །དེ་ཕྱིར་ཆིག་བརྒྱུད་མ་ཡིན་པའི། །གཉིས་སམ་གསུམ་ལ་བསྟན་མི་བྱ། །ཞེས་སོ། །གསུང་གི་སྒྲོན་མ་དམ་མེད་རྣམས་ལ་མི་བསྟན་པའི་བཀའ་རྒྱའོ། །
༈ མན་ངག་རྒྱལ་པོ་དུག་ལྔ་གཅོད་པའི་མཆོག །གཟུང་འཛིན་རང་སར་གཅོད་པའི་ཡུམ་སྲས་ལ། །གུས་པའི་ཡིད་དང་བའི་སེམས། །སྤྲོ་བའི་དབྱངས་ཀྱིས་ཕྱག་འཚལ་ལོ། །རྣལ་འབྱོར་རི་ཁྲོད་འགྲིམ་པ་ཡིས། །ཞལ་གདམས་གསུང་གི་སྒྲོན་མ་ནི། །ཁོང་དུ་ཆུད་ཅིང་གདེང་ཐོབ་ནས། །རང་གཞན་གང་ཡང་རུང་བ་ལ། །དུག་ལྔ་མ་རིག་འཁྲུལ་བ་ཡི། །འབྲས་བུ་ན་ཚ་སྡུག་བསྔལ་རྣམས། །སྒྱུ་ལུས་ཕུང་པོ་མ་ཞིག་ཅིང་། །འཇིག་རྟེན་སྒྱུ་མར་མ་མཐོང་ན། །རྨི་ལམ་དུས་ཀྱི་མཚན་མ་བཞིན། །ཅིས་ཀྱང་ན་ཚ་འབྱུང་འགྱུར་ཞིང་། །གནད་ཀྱི་ཞལ་གདམས་གསུང་སྒྲོས་དགོས། །བདག་གཞན་གང་ཡང་རུང་བ་ལ། །ནད་ཀྱི་མཚན་ཉིད་མང་གྱུར་ཀྱང་། །བཞི་བརྒྱ་རྩ་བཞིའི་ནད་ལ་ཡང་། །འཚོ་བྱེད་གཞོན་ནུ་མ་ཡིན་པའི། །རང་བྱུང་རིག་པའི་སྨན་མཁན་སྟོན། །བཞི་བརྒྱ་རྩ་བཞི་གྲངས་བཤད་ཀྱང་། །བསྡུས་ན་རྣམ་པ་གསུམ་དུ་འདུས། །ཚད་པ་དང་ནི་གྲང་བ་དང་། །རླུང་དང་རྣམ་པ་གསུམ་དུ་འདུས། །དེ་ཡང་རྣམ་རྟོག་འཁྲུལ་བའི་ནད། །དེ་ལ་ཚ་བ་བརྟག་པ་ནི། །རོ་སྟོད་ཡན་ཆོད་གང་དུ་ཡང་། །གཟེར་གྱི་རིགས་བྱེད་མདའ་བརྒྱབ་འདྲ། །དབུགས་རྒོད་ལུད་པ་ཁམ་ནག་འོང་། །དེ་ལ་དམིགས་པ་འདི་བཞིན་བྱ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་འབུལ། །གྲངས་ནི་བརྒྱའམ་ལོ་གྲངས་ཤིག །ཡང་ན་ཉི་ཤུ་རྩ་རེ་བྱས། །དེར་རྗེས་གཟེར་ས་གང་ན་སར། །འཇིགས་བྱེད་ལྷ་འདྲེ་མ་རུངས་ཀྱིས། །ལག་ན་གནམ་ལྕགས་ཕུར་ཆུང་གིས། །དལ་གྱིས་ཕུག་གམ་ནས་ཁྲག་གི་ནད། །ཟངས་ཀྱི་སྦུབ་མས་བཟུང་ནས། །ཁོང་ཁྲག་ནད་དང་བཅས་པ་དེ། །འཇིགས་པའི་ལྷ་འདྲེས་འཇིབ་པར་དམིགས། །དེ་ནི་ཐབ་ཆོད་བར་དུ་བྱ། །གཞན་ཡང་རང་གི་མདུན་ཉིད་དུ། །མཚན་མའི་རྫས་ལ་རིག་པ་གཏད། །རིག་པ་ནང་དཀྱིལ་ཕྱིར་མི་ཕྱུང་། །བར་བར་གླིང་བཞི་བསྐོར་བར་དམིགས། །བར་བར་སྟོང་ཉིད་སྤྲོས་བྲལ་ལ། །མ་ཡེངས་སེམས་ལ་རིག་གེ་བཞག །ཇི་ལྟར་གཟེར་ཐུང་གར་བཙུགས་ཀྱང་། །དམིགས་པས་འདིས་ནི་གསོས་པར་འགྱུར། །ཚད་པའི་ནད་བཅོས་ཞལ་གདམས་ཡིན། །བར་བར་ཆུ་ཡི་འཁོར་ལོ་ཡིས། །རོ་སྟོད་མན་ཆོད་གང་ན་ནི། །འཁྱག་ཅིང་འདར་ལ་སེམས་གཏད་ལ། །དམིགས་པ་བསྒྱུར་ཞིང་བྱས་གྱུར་ན། །ཚད་པའི་རིགས་བྱེད་འཇོམས་གྱུར་ནས། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་འོང་། །རང་ཡང་གདེང་ཐོབ་ངོ་མཚར་སྐྱེ། །ཉམས་སུ་བླངས་པའི་གདམས་ལ། །ཚད་པའི་ནད་འཇོམས་སྨན་པའི་མཆོག །ཙགས་ཐོག་སྨན་པ་སུན་ཕྱུང་འདི། །མན་ངག་གསུང་གི་སྒྲོན་མ་ཡིན། །ཨྠྀིཿ
༈ གྲང་པའི་ནད་སེལ་གསུང་སྒྲོས་ནི། །སྨད་དུ་ན་ན་གྲང་བ་ཡིན། །རྒྱུ་ལོང་ན་ཞིང་མཁལ་སྐེད་ན། །སྦོས་ཤིང་ན་ན་སྐྲན་ལ་སོགས། །དེ་དམིགས་པ་འདི་ཡིན་ཏེ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་འབུལ། །ལན་གྲངས་བརྒྱའམ་ཉི་ཤུ་འམ། གང་ཡང་རུང་ཚོགས་དུ་མ་བྱས། །དེ་རྗེས་ལྟེ་འོག་སོར་བཞིའི་སར། །འཇིགས་བྱེད་ལྷ་འདྲེ་མ་རུངས་པས། །ལུས་པོ་ལྕགས་སྲེག་ཚ་བ་ཡིས། །དྲ་བའི་རིགས་བྱེད་ཐམས་ཅད་ཉམས། །རྩི་སྦུར་མེ་ལ་སྲེག་པ་བཞིན། །བསྲེགས་ནས་ནད་ཀྱང་མ་ལུས་ཏེ། །རུས་པ་སྔོན་པོར་གྱུར་པ་ལ། །མ་ཡེངས་རིག་པ་དེ་ལ་གཏད། །རླུང་གཉིས་ཁ་སྦྱོར་དག་ཏུ་བྱ། །གཞན་ཡང་མེ་འོད་དཀྱིལ་འཁོར་དུ། །བདག་ཉིད་ཚུད་པར་བསམ་བྱས་ལ། །རིག་པ་ནང་དུ་གཅུན་པར་བྱ། །རིག་པ་ཕྱི་རུ་མ་ཕྱུང་ཞིག །དམིགས་པའི་ཏིང་འཛིན་གསལ་གྱུར་ན། །ཇི་ལྟར་གྲང་བའི་རིགས་བྱེད་ཀྱང་། །མ་ལུས་སེལ་བར་འགྱུར་བ་ཡིན། །ཚ་བ་གསུམ་སོགས་མེ་བཙའ་དང་། །རྩི་སྨན་ལུམས་སོགས་སྨན་པ་རྣམས། །སུན་ཕྱུང་གསུང་གི་སྒྲོན་མ་ཡིན། །རླུང་གི་ནད་སེལ་སྒྲོལ་མ་ནི། །མགོ་དང་ཡན་ལག་ན་བ་དང་། །ལུས་པོ་ན་ཞིང་ཕྱོངས་ས་ཁྱེར། །བར་དུ་སྤྱི་ལུས་ཀུན་ཡི། །ལོག་ཅིང་ལྡོག་པ་ལ་སོགས་ཏེ། །འགྲོ་འདོད་ཟས་ལ་མི་དགའ་བར། །དེ་ནི་རླུང་གི་གཅོད་པའི་ཐབས། །རིག་དང་ཕུང་པོ་ལ་སོགས་པ། །ཆགས་པའི་སེམས་ཀྱང་མི་བྱ་ལ། །སེམས་བསྐྱེད་སྐྱབས་འགྲོ་ལུས་མཆོད་འབུལ། །གྲངས་མེད་བརྒྱའམ་ཉི་ཤུ་རྩ་གཅིག །གང་ནུས་ལོ་གྲངས་བྱས་ནས་ནི། །རིག་པ་དང་པོར་ལྷོད་ལ་བཞག །མ་རུངས་གདུག་པའི་གཟུགས་ཀྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ས་ཡི་འོག་ནས་འཁྱེར་ནས་ནི། །ཕཊ་བཏགས་པ་འཇིགས་པ་བརྒྱའམ་སྟོང་། །གྲངས་མེད་བསམ་གྱིས་མི་ཁྱབ་པས། །ཟོས་ཤིང་གཏད་པ་བསམ་བྱས་ལ། །ཤེས་པ་ཀུན་ཏུ་མི་སྤྲོ་བར། །དབང་པོ་གདིང་སྨས་གཞན་གནས་ལ། །སེམས་འདི་མ་བཅོས་གློད་ལ་བཞག །ཛ་ཏི་ཞོ་ཤ་ལ་སོགས་པ། །རླུང་གི་ནད་རྣམས་སུན་ཕྱུང་པས། །རླུང་གཅོད་སྨན་གྱི་སྒྲོན་མ་ཡིན། །ཞེས་པ་ནད་བཞི་བརྒྱ་རྩ་བཞིའི་བསྡུས་དོན་ཞེས་པ་ཡུམ་སྲས་གཉིས་ཀྱི་ཞལ་གདམས་ཨེའི་ཡི་གེ་བཀོད་པའོ། །ཨྠྀིཿ
༈ ཉོན་མོངས་སྡུག་བསྔལ་ཉེ་བར་ཞི། །དྲི་མ་སེལ་ལ་ཕྱག་འཚལ་འདུད། །ཞལ་གདམས་གཉེར་ནི་བྲི་བར་བྱ། །ཀླུ་གཉེན་ས་བདག་གསུམ་མམ་གཅིག །བདག་བཟུང་གདོས་བཅས་སྒྱུ་ལུས་ལ། །གནོད་ཅིང་བགེགས་བྱེད་ཉོན་མོངས་ལ། །རང་གྲོལ་དོན་གྱི་གནོད་མ་ཤེས། །དཀར་དང་བཅོས་དང་ནད་གཟེར་བྱེད། །རྣམ་སྨིན་ཆེ་ཞིང་ཕན་མི་འགྱུར། །དེ་ཕྱིར་ཉེར་ཞིའི་གདམས་པའི་གནད། །ཀླུ་བདུད་ལ་སོགས་ཀླུ་རིགས་ཀྱིས། །ནད་ཀྱིས་ཟིན་པའི་ལས་ངན་ཏེ། །མཚོའམ་ཆུ་མིག་ནེའུ་གསེང་ལ། །སྦྲུལ་དང་ལྕོང་མོ་སྡོམ་སྡིག་སོགས། །ཀླུ་ཡི་ཆོ་འཕྲུལ་བསམ་མི་ཁྱབ། །ལུས་པོ་ཟ་འཕྲུག་འགུལ་འཕྲིགས་མང་། །ཤ་བཀྲ་བལ་ལྡག་གླ་ཤུ་དང་། །ཤ་རོ་རྨ་མང་ཤེར་ཀ་འབྱུང་། །གཉིད་ཆེ་སེམས་ཀྱང་མི་དགའ་ཞིང་། །འགྲོ་སྙིང་འདོད་ཅིང་རྟགས་མཚན་རྣམས། །གྲོགས་ལ་གསང་ཞིང་ཡིད་མི་ཆེས། །དེ་ནི་ཀླུ་བདུད་ཀྱིས་ཟིན་པའོ། །གཉན་གྱིས་ཟིན་པའི་གནོད་པ་ནི། །ཕག་དང་ཆུ་རྟ་བ་གླང་དང་། །གཅན་གཟན་རྣམ་པ་སྣ་ཚོགས་རྨི། །རང་ཡང་ལུས་ཀྱི་ཚིགས་རྣམས་ཁོལ། །རོ་སྟོད་གཟེར་ཞིང་ཤེས་པ་འཕྱོ། །འཐབ་སྙིང་འདོད་པ་ལ་སོགས་ཏེ། །རྨི་ལམ་མཚན་རྟགས་ཀུན་བྱུང་ན། །གཉན་གྱི་ཆོ་འཕྲུལ་ཡིན་པའོ། །ས་བདག་གདུག་པའི་ཆོ་འཕྲུལ་ནི། །སྦལ་བ་འཕྱི་བ་ལུག་ལ་སོགས། །སྡོམ་སྡིག་རི་དྭགས་ལ་སོགས་རྣམས། །གཉན་དང་ས་བདག་ཆོ་འཕྲུལ་ཏེ། །ཁྱད་པར་ས་བདག་ཆོ་འཕྲུལ་ཡིན། །རྐང་ལག་རུས་པ་ཀུན་ན་ཞིང་། །ཁྱད་པར་ལུས་པོ་ལྗིད་པ་དང་། །ཤེས་པ་འཐིབས་ཤིང་བྱིང་བ་ནི། །ས་བདག་དྲག་པོའི་རྟགས་ཡིན་པས། །ཀླུ་གཉན་གདུག་པའི་ས་བདག་ལ། །སུམ་སྦྱོར་ཉེར་ཞི་རིན་སྒྲོན་བྱ། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་དང་། །ལུས་པོ་ཚོགས་འཁོར་རྒྱ་ཆེན་དང་། །རང་གནོད་གདོན་གྱིས་གཙོ་བྱས་པས། །སྣང་སྲིད་ལྷ་འདྲེ་ཀུན་ལ་བྱ། །རང་ཉིད་གདོས་བཅས་ཕུང་པོ་ནི། །སྦྲུལ་ནག་མགོ་དགུ་ཟེ་བ་ཅན། །སྦལ་པ་ཁྲ་བོ་ཆེན་པོ་ཞིག །གཞན་ཡང་སྦལ་སྦྲུལ་འབུམ་ཕྲག་གིས། །གླང་དམར་རྭ་ཡི་བརྡུངས་ནས་ནི། །སྦལ་པ་སྦྲུལ་ལ་སོགས་པ་ཡིས། །སྲོག་ཆགས་ཐམས་ཅད་མ་ལུས་ཀྱིས། །སྒྱུ་ལུས་གདོས་བཅས་ཕུང་པོ་ལ། །མལ་ཡང་མ་བཞག་ཡེངས་ཀྱིས་ཟོས། །མ་ཡེངས་རིག་པ་གཏད་དུ་བཅུག །རྣལ་འབྱོར་བདག་གི་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་ནི། །སྤྲོས་བྲལ་ནམ་མཁའི་ངང་དུ་བཞག །དམིགས་པ་དྲག་གཅུན་གྱིས་ཕཊ་བསད། །རྨ་ཤུ་ལ་སོགས་གང་ན་སར། །ཆུ་ཡི་ཀླུ་ཞིང་གཉན་སར་གཏོར། །ནད་པའི་ཤ་ཁྲག་མ་ལུས་པ། །གཉན་ས་དེ་ཡི་གཞི་བདག་ལ། །གུས་པའི་སེམས་ཀྱིས་ཕུལ་དམིགས། །ཀླུ་ཡི་གནས་སའམ་མཛེ་ཅན་ནམ། །གཉན་ནས་ལྷ་ཁང་ལ་སོགས་པ། །གཉན་སར་ཉམས་ལེན་བྱ་བར་གཅེས། །དུག་སྦྲུལ་འབུ་དང་རྣག་ཁྲག་འཛག །དྲི་མ་བཀྲུས་ནས་གོས་དཀར་གྱོན། །ན་ཚ་ཟུག་རྔུ་ཞི་གྱུར་ནས། །གདོན་གསུམ་ནད་ལས་གྲོལ་འགྱུར་ཞིང་། །སླར་ཡང་བྱང་ཆུབ་སེམས་རྟོགས་ནས། །འབྲས་བུ་མངོན་འགྱུར་གདེང་རྙེད་འགྱུར། །སྡུག་བསྔལ་ནད་ཞི་རིན་སྒྲོན་འདི། །རྟོགས་ལྡན་གདེང་ཐོབ་རྣལ་འབྱོར་གྱིས། །འགྲོ་བའི་ཟུག་རྔུ་འཇོམས་པའི་ཕྱིར། །མན་ངག་བདུད་ཀྱི་གཅོད་ཡུལ་འདི། །ཉེར་ཞིའི་ཞལ་གདམས་རིན་ཆེན་འདི། །ཡུམ་སྲས་ཐོད་པ་སྙན་བརྒྱུད་ཀྱིས། །ཕྱག་ལེན་སྙན་བརྒྱུད་དམར་ཁྲིད་འདི། །ལོག་ལྟ་བ་ལ་མ་སྤེལ་ཅིག །འཁོར་བའི་ཆུ་ལས་སྒྲོལ་བྱེད་པ། །སྐམ་སར་ཕྱིན་པ་རིན་པོ་ཆེ། །སྐྱེ་འཆི་མེད་པ་བྱང་ཆུབ་སེམས། །རང་དང་དད་པས་སྐྱབས་སུ་མཆི། །དྲུག་ཅུ་ཁ་རལ་འགྲོ་བ་ལ། །དགྲ་དང་ཐན་དང་མུ་གེ་དང་། །ཐོག་སེར་ལྕེ་འབེབ་མུ་གེ་བྱེད། །གཟའ་གདོན་གདུག་པས་སྲོག་གཅོད་བྱེད། །འཁོར་བའི་སེམས་ཅན་བདེ་རུ་རེ། །མི་དེ་སྲོག་གཅོད་ལ་སོགས་པ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བྱེད། །ཁྱད་པར་དྲང་སྲོང་བདུད་དུ་འབེབས། །དེ་ལས་རང་གྲོལ་མི་ཤེས་པར། །བཅོས་དང་སྨན་སོགས་སྣ་ཚོགས་བྱེད། །རེ་ཞིག་བདེ་ཡང་ལྡོག་པར་བྱེད། །ཡར་སྐྱོད་མར་དབྱུང་ཐ་མར་ནི། །སྲོག་ལ་བར་དུ་གཅོད་པར་བྱེད། །དེ་ཕྱིར་ཉེར་ཞིའི་ཞལ་གདམས་འདི། །ལས་ཅན་བུ་ཡི་ཐུགས་ལ་ཞོག །གཟའ་བདུད་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ལ་སོགས་ཉི་ཤུ་སྟེ། །ཀླུ་གཉན་ས་བདག་ཀུན་འདོངས་པས། །དེ་ལ་དྲོད་ཚད་འདི་ལྟར་བྱ། །ཐོག་དང་མདའ་རྡོ་གྲི་ལ་སོགས། །ཁ་བ་བུ་ཡུག་འཚུབ་པ་ཡིས། །རང་ཉིད་གཡོགས་སམ་འཁྱེར་བའམ། །སྤྲིན་འཐིབས་པ་དང་སྤྱང་ཀི་རྨི། །འོད་ལ་སོགས་པ་ཆོ་འཕྲུལ་ཡིན། །ཐེབས་པའི་རྟགས་ནི་འདི་ལྟར་ཏེ། །ཁ་ཡོ་མིག་སླེ་མི་རིག་དང་། །ཆུ་བུར་ལ་སོགས་ཞེ་རེངས་དང་། །གཏམ་ཁ་ཁ་ཆུ་མིག་ཆུ་འཛག །བརྒྱལ་དང་ལྐུགས་པ་ལ་སོགས་རྣམས། །གཟའ་བདུད་གདུག་པའི་ཟིན་རྟགས་ཡིན། །གདུག་པ་གཟའ་ཡི་བརྔན་སེམས་ལ། །ཉེར་ཞི་རང་སྟོན་ཞལ་གདམས་བྱ། །ནམ་མཁའ་ཁྱབ་ཚད་སེམས་ཅན་དང་། །རང་གནོད་གདོན་གྱི་གཙོ་བྱས་ལ། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པ། །ལུས་མཆོད་སྣ་ཚོགས་བྱས་ནས་ནི། །མ་ལུས་ལྷ་འདྲེ་དགྱེས་པར་དབུལ། །རང་གི་སྒྱུ་ལུས་ཕུང་པོ་ལ། །གཟའ་བདུད་འཇིགས་པ་མགོ་དགུ་དང་། །ཉི་མ་ལ་སོགས་གཟའ་བརྒྱད་དང་། །རྒྱུ་སྐར་ལ་སོགས་ཉེར་བརྒྱད་དང་། །གདོང་སྨེ་མཆེ་བདུན་ལ་སོགས་པ། །སྟོང་ཟླ་ལྷ་སྲིན་སྡེ་བརྒྱད་ལ། །ཤིན་ཏུ་ཡིད་མོས་སྐྱེས་བུ་ཡིས། །ལུས་པོ་གཏུབས་ནས་ཡང་ཡང་དབུལ། །བར་དུ་སྤྲོས་བྲལ་ངང་ལ་བཞག །རྣལ་འབྱོར་ཆོས་མཁན་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེས་ཏེ་ནམ་མཁར་འཕངས། །ནད་དང་སྒྱུ་ལུས་ཕུང་པོ་ནི། །གཟའ་བདུད་ལ་སོགས་ལྷ་འདྲེ་ཡིས། །མ་བཞག་ལྷ་འདྲེས་ཟོས་འཁྱེར་དམིགས། །གཞན་ཡང་མ་ལུས་ལྷ་འདྲེ་ཡིས། །ཟོས་ཤིང་རང་སར་བུན་སོང་ནས། །དགའ་ཡལ་འདོད་པ་གྲུབ་པར་བསམ། །གོས་བཟང་གྱོན་པ་གྱོན་དུ་སོང་། །བཤལ་དང་སྐྱུག་དང་རྣག་ཁྲག་བུད། །ནམ་ལངས་ཉི་མ་ཤར་རྨིས་དང་། །ཞ་རེངས་འཁུམ་དང་གཟེར་མང་ཞི། །ཉེར་ཞི་རིན་ཆེན་སྒྲོན་མེ་ཡིས། །གཟའ་གདོན་ནད་ལས་གྲོལ་བ་དང་། །སྐྱེ་མེད་ཆོས་སྐུ་རང་རྙེད་གསུངས། །ཀླུ་གནས་ས་དང་ལྷ་ཁང་དང་། །དུར་ཁྲོད་མཛེ་ཅན་དག་ཏུ་གཅོད། །ཨྠྀིཿ དམ་ཉམས་ལས་རྒྱའོ། །ལས་དང་ཉོན་མོངས་རབ་ཞི་བའི། །གཉུག་མའི་སེམས་ལ་ཕྱག་འཚལ་ལོ། །སྙིགས་མར་གྱུར་པའི་སེམས་ཅན་རྣམས། །ཐར་བའི་དུས་མེད་སྐམ་སར་སྦྱོངས། །མ་མོ་མཁའ་འགྲོ་མན་ཆོད་ནས། །དམ་སྲི་བསེན་མོ་ཡན་ཆོད་ཀྱི། །ཚེ་དང་བསོད་ནམས་དབང་ཐང་འཕྲོག །མཆོད་སྤོངས་འདས་དང་རྡུང་གནས་ཀྱིས། །ཕན་པར་མི་འགྱུར་རྣམ་རྟོག་སྐྱེ། །དེ་ཕྱིར་རིན་ཆེན་སྒྲོན་མ་འདི། །མཁས་པས་བསྟན་པ་འདི་ལྟར་རོ། །ཨེ་ཀ་ཛ་ཏི་ལ་སོགས་པ། །མ་མོ་མཁའ་འགྲོ་ཤ་ཟ་དང་། །བསེན་མོ་གྲོང་རྒྱུ་ཐི་བྲང་དང་། །ལྟས་ངན་ཆོ་འཕྲུལ་འདི་ལྟ་སྟེ། །མོ་རིགས་དྲེའུ་འམ་མཛོ་ལ་ཞོན། །སྦྲ་ནག་ཕུབ་ཅིང་ཤ་ཁྲག་སྤྱོད། །བདག་ལ་སྲེད་ཅིང་ཤ་ཁྲག་རྡོགས། །གཞན་ཡང་བུད་མེད་མང་འདུས་ཏེ། །མི་སྡུག་ཆོ་འཕྲུལ་སྟོན་པ་དང་། །ཆགས་པ་སྦྱོར་བ་རྨི་བ་དང་། །མ་མོའི་ཆོ་འཕྲུལ་གདུག་པ་ཡིན། །རང་ཉིད་ཁྲག་སྐྱུག་རྣག་ཁྲག་འཛག །ཁྲག་སྐྱུག་ནད་དང་རིམས་ནད་དང་། །སྒོ་ཡི་ནོར་ལ་གནོད་ཡམས་འོང་། །དེ་རྣམས་མ་མོའི་ཆོ་འཕྲུལ་རྟགས། །མ་མོའི་དམ་སྲི་བསེན་ཚོགས་ཀྱིས། །གདུག་རྩུབ་ཉོན་མོངས་ཉེར་ཞིའི་སྨན། །ཞལ་གྱི་གདམས་པ་འདི་ལྟ་སྟེ། །མཁའ་མཉམ་འགྲོ་བ་ཐམས་ཅད་ལ། །རང་གནོད་གདོན་གྱིས་གཙོ་བྱས་ལ། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པ། །ལུས་མཆོད་ལ་སོགས་བསམ་མི་ཁྱབ། །གཉན་ཆེན་དཔག་ཏུ་མེད་པ་ཡིས། །སྣང་སྲིད་ལྷ་འདྲེ་ལ་སོགས་པ། །མ་མོ་མཁའ་འགྲོ་སྨན་བཙུན་དང་། །གནོད་སྦྱིན་སྲིན་མོ་ལ་སོགས་པ། །དམ་སྲི་བསེན་མོ་ཕུང་འདྲེ་མོ། །མ་ལུས་ཐམས་ཅད་འདུས་པ་ལ། །ཤ་ཁྲག་དམར་གྱིས་ཚིམས་བྱས་ལ། །རང་རང་དགའ་མགུ་གནས་སུ་བསྐྱེད། །ནད་པས་དམིགས་པ་ཡང་ཡང་བྱ། །སློབ་དཔོན་རྣལ་འབྱོར་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེས་ཤིང་མཁའ་ལ་བསྲེས། །ཤ་ཟ་མཁའ་འགྲོ་ལ་སོགས་པ། །སྣང་སྲིད་ལྷ་འདྲེ་མ་ལུས་དང་། །ལྕེ་སྤྱང་སྟག་གཟིག་དོམ་དྲེད་དང་། །གནས་ཀྱི་ལྷ་འདྲེ་ལ་སོགས་ཀྱིས། །བུན་གྱིས་ཟོན་ནས་གྱེས་པ་རུ། །རང་དང་ནད་པ་གཉིས་ཀས་དམིགས། །གོས་ནག་སྐྱུར་དང་སྐྱུག་བཤལ་དང་། །མ་སྲིང་མཛའ་མོ་ལ་སོགས་ཀྱིས། །དར་ཟབ་ཕྲ་དང་མུ་ཏིག་སོགས། །ཞལ་ཟས་བདུད་རྩི་སྣ་ཚོགས་འདྲེན། །འཁྲུལ་དག་བག་གྲོ་ཤེས་པ་བསལ། །ཟུག་རྔུ་ན་ཚ་ཐམས་ཅད་ཞི། །ཉེར་ཞི་རིན་ཆེན་སྒྲོན་མའོ། །འདྲེ་རྣམས་ཚོགས་པ་དག་ཏུ་འབྱུང་། །མ་མོ་མཁའ་འགྲོ་འདུས་པ་ནི། །མཚོ་འམ་ཚོང་འདུས་དུར་ཁྲོད་དང་། །དབེན་གནས་རྙིང་པ་ལ་སོགས་ཏེ། །ཁྱད་པར་མི་གཙང་མཛེ་ཡུགས་དང་། །དམེ་བོ་དམ་ཉམས་སྡིག་ཅན་དང་། །འདི་ཡིས་གཅོད་བྱས་མཆོད་འགྱུར་གསུངས། །ཨྠྀིཿ
༈ སྐྱེ་མེད་འགག་མེད་སྟོང་པ་ཉིད། །སྤྲོས་དང་བྲལ་ལ་ཕྱག་འཚལ་བསྟོད། །ལར་ཡང་མ་རིག་འཁྲུལ་པའི་ལུས། །བདེན་འཛིན་ངོས་བཟུང་མི་དགེའི་རྟེན། །སྒྱུ་ལུས་གཟུགས་ཀྱི་ཕུང་པོ་འདི། །ཁམས་གསུམ་འཁོར་བའི་རྒྱུ་རྩ་ནི། །ཁོ་ལ་བསྟན་པར་འབྱུང་བ་ཡིན། །དེ་ཕྱིར་ལྷ་འདྲེ་མ་ལུས་ལ། །ཕྱོགས་མེད་སྦྱིན་པ་རྒྱུན་དུ་ཐོངས། །གཉན་ས་རི་ཁྲོད་རྒྱུན་དུ་འགྲིམས། །མ་ཡེངས་སེམས་འདི་ངང་ལ་ཞོག །འཁྲུལ་རྟོག་བགེགས་རིགས་བརྒྱད་ཅུ་གཉིས། །རང་གིས་མ་རྟོགས་འཁྲུལ་པ་ཡིན། །འཁྲུལ་པའི་ངོ་བོ་རིག་ན་མེད། །རང་བྱུང་རང་ཞིའི་ཡུལ་དུ་ནི། །སྤྲོས་བྲལ་དོན་ལ་གནས་གྱུར་ན། །ལྷ་འདྲེ་རང་གི་སེམས་སུ་འདུས། །སེམས་ནི་ཡེ་ནས་སྟོང་པ་ཡིན། །དེ་ལྟར་རྒྱུད་ལ་ཐིབས་པ་གྱིས། །བགེགས་རིགས་བརྒྱད་ཅུ་རྩ་གཉིས་ཀྱིས། །རང་སར་ཡལ་ནས་གནོད་མི་འགྱུར། །རྒྱ་ལ་གནོད་ཅིང་བྱུང་གྱུར་ན། །བྱང་ཆུབ་སྒྲུབ་པའི་སྐུལ་མ་གྱིས། །ཉེར་ཞི་རིན་ཆེན་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།
༈ མ་སྐྱེས་མི་འགགས་དེ་བཞིན་ཉིད། །མཚན་མ་ཉོན་མོངས་ཉེར་ཞི་བའི། །མ་ཡི་མཆོག་གྱུར་འགྲོ་བའི་མགོན། །བཀའ་དྲིན་ཅན་ལ་ཕྱག་འཚལ་བསྟོད། །གདམས་པ་རིན་ཆེན་སྒྲོན་མ་འདི། །དོན་གོ་མང་དུ་གསུངས་ལགས་ཀྱང་། །གང་ལ་གང་ཕན་མི་ཤེས་པས། །ཚད་པའི་ནད་ལ་གྲང་བའི་སྨན། །གྲང་བའི་ནད་ལ་ཚད་པའི་སྨན། །འབྱུང་བའི་ནད་ལ་གདོན་གྱིས་བཅོས། །གདོན་གྱི་ནད་ལ་སྨན་བཅོས་བྱེད། །རྒྱས་པའི་སངས་རྒྱས་ཐོབ་འདོད་པས། །ལོག་པ་གཅད་ཆད་མི་རྟག་བཞིན། །ལེགས་པའི་ལམ་བྱེད་ག་ལ་བ། །དེ་ཕྱིར་ཉེར་ཞི་དུག་འཇོམས་པའི། །ཉེར་ཞི་རིན་ཆེན་སྒྲོན་མ་བསྟན། །ཞེས་པ་ཉོན་མོངས་དུག་ལྔའི་ནད། །མ་རིག་འཁྲུལ་པ་ལས་བྱུང་བའི། །གདོན་རིགས་སྟོང་ཕྲག་བརྒྱད་ཅུ་གཉིས། །རང་རྟགས་འཁྲུལ་པའི་སྣང་ངོར་ཡིན། །དེ་ཕྱིར་རང་སྣང་འཁྲུལ་བ་འདི། །སྐྱེ་མེད་ཆོས་སྐུར་རྟོགས་ནས་གྲོལ། །དེ་བས་བླ་མ་མཚན་ལྡན་གྱིས། །གསུངས་པའི་ངོ་སྤྲོད་དམ་པ་འདི། །མ་ཡེངས་ཁྲ་ལེ་ཉམས་སུ་ལོངས། །རྣལ་འབྱོར་གཞན་དོན་བྱེད་འདོད་པས། །ཉེར་ཞི་རིན་ཆེན་སྒྲོན་མ་ལ། །ནན་ཏན་བྱ་ཞིང་ཉམས་སུ་ལོངས། །ལྔ་བརྒྱར་གྱུར་པའི་སེམས་ཅན་གྱིས། །ཀླུ་ཡི་གྲོགས་དན་བྱེད་པ་སྟེ། །ཀླུ་ཡི་དུག་གིས་ཟིན་གྱུར་ཏེ། །ཕན་འདོགས་གྲགས་དང་སྨན་དཔྱད་དགོས། །རྟོག་པ་འཕེལ་ཞིང་ཕན་དུས་མེད། །དེ་ཕྱིར་རྟོག་པ་ཞི་བྱེད་དམ། །མཛེ་གསོ་རིན་ཆེན་སྒྲོན་མ་ནི། །རང་དོན་འདྲེ་ཡི་གཙོ་བྱས་པས། །ནམ་མཁའ་ཁྱབ་པའི་སེམས་ཅན་རྣམས། །རྫོགས་པའི་སངས་རྒྱས་ཐོབ་དོན་དུ། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པ། །ཤ་ཁྱེར་ཁྲག་ཁྱེར་རྟག་ཏུ་བྱ། །དེ་ནས་དམིགས་པ་རིན་ཆེན་སྒྲོན་མ་ནི། །རང་གི་ལུས་ཀྱི་མགོ་མཇུག་ནས། །སྦྲུལ་ནག་ལྕགས་ཀྱི་ཟེ་བ་ཅན། །གཡས་གཡོན་སྦྲུལ་ནི་སྔོ་སེར་གཉིས། །མདུན་དུ་སྦལ་པ་དཀར་ནག་གཉིས། །བྱ་ཁྱུང་བསམ་གྱིས་མི་ཁྱབ་ཀྱིས། །རེས་ཤིང་སེམས་ཅན་ལྔ་པ་དང་། །ཁྱུང་གིས་རེས་ཤིང་ཟོས་ནས་ཀྱང་། །ལུས་པོ་སྔོ་དམར་བཞུས་བཞིན་དུ། །རང་སར་བུན་ནེ་སོང་བར་བསམ། །གཞན་ཡང་གཅན་གཟན་བསམ་འདས་ཀྱིས། །ཟོས་ནས་རང་སར་བུན་ནེ་ལ། །ཤེས་པ་སྟངས་སུ་བཅུག་པ་དང་། །རང་ཉིད་སློབ་དཔོན་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །དབྱེར་མེད་མཁའ་ལྟར་ཕྱོགས་མེད་བཞག །ལུས་ནི་ཤ་ཁྲག་སྦྱིན་པར་འགྱེད། །རི་གཉན་ཤིང་གཉན་བྲག་ལ་སོགས། །དུར་ཁྲོད་རོ་གནས་ཐམས་ཅད་བཅད། །དང་པོ་ཞི་མཆོད་བྱེད་པར་གསུངས། །གཉན་སའི་ཆུ་ཀླུང་སྦ་ཤུལ་ལ། །བམ་བ་བྲི་བར་སྒྲུས་ནས་ནི། །གཉན་སའི་རི་ལ་གཏོར་བར་བྱ། །ཀླུ་ཡི་གདུག་པའི་ནད་པ་ནི། །སྔར་དུ་མཚོ་གཉན་ཆུ་ལ་སོགས། །ནད་པ་ཁྱེར་བར་ཡིད་བྱ་ཞིང་། །སྒོམ་གཅོད་བྱམས་དང་སྙིང་རྗེ་བསྒོམ། །དུས་བབ་ཆུ་མིག་མཚོ་ལ་སོགས། །དེ་དུས་རང་སྣང་གཅོད་བྱའོ། །མཛེ་གཅོད་ཉེར་ཞི་རིན་སྒྲོན་འདི། །དད་ལྡན་སེམས་ཅན་དོན་དགོངས་ནས། །རང་དོན་ལྷུན་གྱིས་གྲུབ་པའི་མིས། །འགྲོ་བའི་དོན་དུ་འདི་བཞིན་གྱིས། །ཡང་ན་ཀླུ་ཡི་ནད་སོགས་ཀྱང་། །མཛེ་པོ་ཕག་ཏུ་གཅོད་པས་མཆོག །ཅེས་གསུངས་སོ། །ཨུ་ཡ་ཨག་ཐལ། ཉེར་ཞི་ཉོན་མོངས་གཅོད་མཛད་པའི། །དུག་ལྔ་གཅོད་མཛད་སེམས་དཔའ་ལ། །གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ། །ལྔ་བརྒྱ་དུས་ཀྱིས་ཐ་མ་ལ། །རྒྱལ་འགོང་དམ་སྲི་དར་བའི་དུས། །མི་ལ་གནོད་པ་བསམ་མི་ཁྱབ། །དེ་ཕྱིར་གནོད་པ་གྲངས་མང་ཡང་། །ཁྱད་པར་རྒྱལ་འགོང་དམ་སྲིའི་ནད། །ཕན་འདོད་འཚོ་བ་སྡུས་གཟེར་ནད། །ལོག་པའི་ནད་རྣམས་ཀྱིས། །རྒྱལ་འགོང་ནད་པའི་ཆོ་འཕྲུལ་ཡང་། །རང་གྲོལ་ཉེར་ཞི་རིན་སྒྲོན་བསྟན། །རྒྱལ་འགོང་འདུག་པ་གནོད་པའི་ཕྱིར། །ལྷ་སྐུ་རྟེན་གསུང་འབགས་ལ་སོགས། །གསེར་གཡུ་རིན་ཆེན་གནས་དང་འཁོར། །བཙུན་པ་བུ་ཆུང་སྤྲེའུ་སོགས། །ཆུ་དང་ཤ་ཕུད་ཤ་རུས་དང་། །རྟ་ཕྱུགས་བྱ་དཀར་ཁྱི་ནག་སོགས། །བསམ་གྱིས་མི་ཁྱབ་རྨི་དུས་སུ། །མགོ་དང་རྐང་ལག་ཡན་ལག་སོགས། །སྐམ་འཁོལ་བྱེད་ཅིང་ལྷུ་ཚིགས་ན། །ལུས་རུལ་ཡིད་ནི་མི་དགའ་ཞིང་། །ཁྲོ་གཏུམ་བྱེད་འདོད་ཚིག་པ་ཟ། །རྒྱལ་འགོང་ནད་དུ་བཤད་པ་ཡིན། །དེ་གཅོད་རིན་ཆེན་སྒྲོན་མ་ཡིན། །རང་གི་གནོད་འདྲེས་གཙོ་བྱས་པའི། །ནམ་མཁའ་ཁྱབ་ཚད་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་ཐོབ་དོན་དུ། །སེམས་བསྐྱེད་སྐྱབས་འགྲོ་ལ་སོགས་པ། །སྔོན་འགྲོའི་ལུས་མཆོད་ལ་སོགས་རྣམས། །སྣང་སྲིད་ལྷ་འདྲེའི་དོན་ལ་དམིགས། །དེ་ནས་དམིགས་པ་འདི་བཞིན་བྱ། །རང་གི་ལུས་ཀྱི་བདག་པོ་ནི། །བཙུན་པ་བརྒྱ་དང་མི་རེང་འབུམ། །ཤན་པ་སྤུ་གྲི་རྣམས་ཐོགས་ཏེ། །མ་ལུས་བསམ་ལས་འདས་པ་ཡི། །སྔར་རྨིས་སྐུ་གདུང་ལ་སོགས་པས། །རང་གནོད་འདྲེ་ལ་ཚིམ་བགྱིས་ནས། །རང་སར་དགའ་ཡལ་སོང་བ་རུ། །བརྒྱ་འམ་ཁྲི་འམ་འབུམ་ལ་སོགས། །དམིགས་པ་གྲངས་མེད་བསམ་འདས་བྱ། །དྲི་མེད་རིག་པ་མཁའ་དང་བསྲེ། །གཞན་ཡང་སྟག་གཟིག་ལྕེ་སྤྱང་སོགས། །བསམ་གྱིས་མི་ཁྱབ་ཚོགས་འདུས་ནས། །ལུས་ཟུང་མེད་པར་སེང་ངེ་སོང་། །རྗེས་ལ་ནད་དང་གནོད་པ་རྣམས། །རང་སར་ཡལ་ཡལ་སོང་བ་ལ། །ཤེས་པ་གཏད་དུ་བཅུག་པ་ཡིན། །རང་ཉིད་རྣལ་འབྱོར་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་ཉིད་སེམས། །སྐྱེ་མེད་སྤྲོས་བྲལ་ངང་ལ་བཞག །ལུས་ནི་ལྷག་མ་མ་ལུས་ཀྱིས། །ཀུན་གྱིས་ཧབ་ཐོབ་བྱེད་པར་བསམ། །ལྷ་ཁང་འདྲེ་ཅན་དུར་ཁྲོད་དང་། །ཀླུ་གཉན་རི་གཉན་མ་ཡིན་པས། །རྣམ་རྟོག་ཆོད་པར་མི་འགྱུར་རོ། །དེ་ཕྱིར་གཉན་སར་འགྲོ་བར་གྱིས། །བཙུན་པ་བུ་ཆུང་གྱིས་ལ་སོགས། །ཐམས་ཅད་འདྲེ་ཡིས་ཐལ་རྨིས་ན། ལུས་སེམས་ཁོང་གློད་ཤེས་པ་བདེ། །གདོན་གསུམ་ནད་ཀྱིས་གདེང་དང་ལྡན། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཉེར་ཞི་རིན་ཆེན་སྒྲོན་མ་རྟགས། །དམ་སྲི་མ་དང་རྒྱལ་པོ་སོགས། །བགེགས་རིགས་བརྒྱ་བཅུ་རྩ་གཉིས་ལས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཉེར་ཞི་རིན་ཆེན་སྒྲོན་མ་འདི། །ཕྱི་མ་དོན་དུ་གཉེར་བ་ཡིན། །ལས་ཅན་དོན་ལྡན་སྐྱེས་བུ་ཡིས། །རང་གི་ལམ་གྱི་བར་ཆད་དང་། །འགྲོ་བ་ནད་ཀྱིས་གང་གདུངས་པ། །སེམས་ཅན་དོན་དུ་འདི་འགྱུར་བས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨུ་པ། འཁྲུལ་པའི་དྲ་བ་སེལ་བྱེད་ཅིང་། །སྐྱེ་མེད་ཆོས་སྐུའི་ངོ་བོ་སྟོན། །ཉེར་ཞི་བྱང་ཆུབ་སེམས་ལ་གཏོད། །དུས་མཐར་གྱུར་པའི་སེམས་ཅན་ལ། །དམུ་བདུད་བཙན་གསུམ་ལ་སོགས་པ། །རང་གྲོལ་བགེགས་རིགས་བྱེ་བ་དུང་ཕྱུར་གྱིས། །བར་གཅོད་གདོན་བགེགས་བྱེད་པ་ལ། །རང་གནོན་གདོན་མི་ཁུམས་པ་ཡིས། །མཆོག་དང་དཀར་དང་གནས་བསྡུས་སོགས། །སྡུག་བསྔལ་ལས་ལས་གྲོལ་མི་འགྱུར། །དེ་ཕྱིར་རིན་ཆེན་སྒྲོན་མ་བསྟན། །གང་ཞིག་དམུ་ཡི་ནད་གྱུར་ན། །ལུས་ལྗིད་སྐྱུག་དང་ཟས་མི་འཕྲོད། །སྨྱོ་དང་འབོག་དང་འཐིབ་ལ་སོགས། །ཤེས་པ་ལྗིད་ཅིང་འཐིབ་པར་འགྱུར། །གང་ཞིག་ནད་པའི་རྨི་ལམ་དུ། །རྟ་ཁྱུ་ལུག་ཁྱུ་ཕུག་རོན་དང་། །སྐྱ་མི་མང་དུ་སྨུག་སྨུག་པོ། །ཤེས་པ་མི་གསལ་འཐིབ་པར་འགྱུར། །དེ་ཕྱིར་དམུ་ཡི་གདུག་པ་ཡིན། །བདུད་ཀྱི་རྟགས་ཀྱང་འདི་ལྟ་སྟེ། །མགོ་ལུས་མེད་པར་ཁོལ་ཞིང་ན། །ཕ་མ་ཉེ་དུ་སྤུན་ལ་སོགས། །ཤེས་པ་འཕྱོ་ཞིང་གཉིད་མི་ཕེབས། །ནུབ་མོ་གཉིད་པའི་རྨི་ལམ་དུ། །མུན་པས་གཡོག་དང་རྟ་ནག་ཞོན། །གོས་ནག་གྱོན་དང་གཡག་གིས་བརྡུངས། །སྐྱ་མི་མང་པོས་ཁྲིད་པ་རྨིས། །དེ་འབྱུང་བདུད་ཀྱི་གདུག་པ་ཡིས། །བཙན་གྱི་རྟགས་རྣམས་འདི་ལྟར་སྟོན། །ལུས་པོ་ཁོལ་པོར་གཟེར་བ་དང་། །ཆུ་བུར་སྣད་མེད་སློང་བ་དང་། །མི་དམར་བྱ་ཁྱུང་དམར་པོ་ཡིས། །ཁྲིད་ཅིང་རྒྱལ་ཁམས་བསྐོར་བ་རྨིས། །དེ་ནི་བཙན་གྱིས་ཆོ་འཕྲུལ་ཡིན། །ཉེར་ཞི་རིན་ཆེན་སྒྲོན་མ་མཆོག །དམུ་བདུད་བཙན་གསུམ་ཆོ་འཕྲུལ་དང་། །ནད་དང་བར་ཆད་གདུག་པ་རྣམས། །གསུམ་སྦྱོར་རིན་ཆེན་སྒྲོན་མ་བསྟེན། །རང་གདོན་གྱིས་གཙོ་བྱས་པ། །ནམ་མཁའ་ཁྱབ་ཚད་སེམས་ཅན་རྣམས། །སངས་རྒྱས་ས་ལ་བཀོད་སྙམ་དུ། །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ། །སྔོན་འགྲོ་ལུས་ཀྱི་མཆོད་པ་ཡིན། །བརྒྱའམ་དཔག་ཏུ་མེད་པ་བྱ། །དེ་ནས་གསུམ་སྦྱོར་འདི་ལྟ་སྟེ། །རང་གི་ལུས་ཀྱི་བདག་པོ་ནི། །ལྐུག་བསྟན་སྨྲ་བར་མི་འགྱུར་བས། །གྲི་ཐོགས་ཤན་པ་དཔག་མེད་པ། །མི་ནག་གྲི་ཐོགས་བསམ་འདས་པ། །གཡག་ནག་རྭ་ལ་མེ་སྟག་འཕྲོ། །དེ་རབ་མི་དམར་གྲི་ཐོགས་ནི། །སྣང་སྲིད་གང་བ་ཙམ་བྱུང་ནས། །ཤ་རུས་འཁྱེར་ནས་དགའ་མགུར་ལྡན། །རང་སར་བུན་བུན་སོང་བར་དམིགས། །རྣལ་འབྱོར་བདག་གི་ཏིང་འཛིན་གྱིས། །ནད་པའི་སེམས་དང་རང་སེམས་གཉིས། །གཅིག་ཏུ་བསྲེས་ནས་མཁའ་ལ་བསྲེ། །ལུས་པོ་ལྷ་འདྲེ་མ་ལུས་ལ། །མཆོད་པར་འབུལ་བ་མན་ངག་ཡིན། །རང་ཡང་ནད་ལས་གྲོལ་བ་དང་། །སྔར་གྱི་རྨི་ལམ་ཆོ་འཕྲུལ་རྣམས། །རང་སར་ལྷན་གྱིས་གྲོལ་བར་འགྱུར། །རིག་པ་གཅེར་བུ་སྒྲེན་བུད་ནས། །འགག་མེད་ཆོས་སྐུའི་སྣང་བ་འཆར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །སྡུག་བསྔལ་ན་ཚ་བར་ཆད་ཞི། །འཁྲུལ་པའི་མུན་པ་རང་སར་སངས། །གཅོད་མཆོག་དོན་ཉིད་རང་ལ་རྙེད། །ཉེར་ཞི་རིན་ཆེན་སྒྲོན་མའོ། །ལས་ཅན་སྙིང་འགྲོ་མ་གཏོགས་པའི། །ཀུན་ལ་མ་སྤེལ་ཆིག་བརྒྱུད་གྱིས། །ཨྠྀིཿ
༈ བཙན་གནས་བྲག་དང་བདུད་གནས་སོགས། །གོང་གསུམ་མདའ་སྟོང་འདྲ་བ་དང་། །ཆུ་བོ་ཆེན་པོའི་འགྲམ་དུ་གཅོད། །ཉེར་ཞི་རིན་ཆེན་སྒྲོན་མ་ཡི། །གནད་ཀྱི་ལག་ལེན་བདུད་རྩི་འདི། །ཀུན་སྤངས་ཆོས་རྗེ་མཉེས་པའི་ཕྱིར། །ནམ་མཁའ་རིན་ཆེན་བྲིས་པ་ལགས། །བདག་ཀྱང་རྗེས་སུ་གཟུང་དུ་གསོལ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ།
བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ།
༄༅། །བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་བཞུགས་སོ། །ཁྲིད་ཡིག་རྒྱས་པའང་ཡིན། བཀའ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས། བྱང་ཆུབ་ལམ་གྱི་སྒྲོན་མའི་ཐུགས་དམ་གྱི་སྙིང་པོ། གཅོད་ཡུལ་བཀའ་མ་དང་གཏེར་མ་ལ་སོགས་པ་ཟུང་བཞི་ཡ་བརྒྱད་ཡོད་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་ལ་སོགས་པ་ཆོས་སྤྱོད་ཉམས་ལེན་གྱི་རིམ་པ་ནོར་བུ་བསམ་འཕེལ་ཞེས་བྱ་བ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་། ཡི་དམ་ཞི་ཁྲོ་རབ་འབྱམས། ཡེ་ཤེས་མཁའ་འགྲོ་སྡེ་ལྔ། ཆོས་མཛད་གྲུབ་ཐོབ་ཕོ་མོ། དཔལ་མགོན་ཆོས་སྐྱོང་སྲུང་མ་དང་བཅས་པས་བསྐོར་བའི་ཕྱག་འོས་ཀུན་ལ་སྒོ་གསུམ་གུས་པས་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །མན་ངག་ནོར་བུའི་བསམ་འཕེལ་འདི་ལ་དོན་རྣམ་པ་ལྔ་སྟེ། ཟུག་པ་རྩ་བ་ལྟ་བུའི་ཆོས། འགྲིལ་བ་སྡོང་པོ་ལྟ་བུའི་ཆོས། རྒྱས་པ་ལོ་འདབ་ལྟ་བུའི་ཆོས། མཛེས་པ་མེ་ཏོག་ལྟ་བུའི་ཆོས། སྨིན་པ་འབྲས་བུ་ལྟ་བུའི་ཆོས་དང་ལྔའོ། །ཟུག་པ་རྩ་བ་ལྟ་བུའི་ཆོས་ལ་ཆོས་སྐོར་བདུན་ཡོད་པ་ལ། དང་པོ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་རྒྱུ་འབྲས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བའི་ཁྲིད། སྡིག་པ་སྦྱོང་བ་ཡི་གེ་བརྒྱ་པའི་ཁྲིད། ཚོགས་བསགས་པ་མཎྜལ་གྱི་ཁྲིད། ལམ་ཟབ་མོ་རྣལ་འབྱོར་གྱི་ཁྲིད་དང་བདུན་ནོ། །
དང་པོ་དལ་འབྱོར་རྙེད་དཀའ་བསམ་པ་ནི། རྒྱུ་དང་དཔེ་དང་གྲངས་ཀྱི་སྒོ་ནས་བསམ་པར་བྱའོ། །འཆི་བ་མི་རྟག་པ་བསམ་པ་ནི། །དེ་རིང་ཙམ་ཡང་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་སོགས་ཀྱི་དོན་དྲན་པར་བྱའོ། །ལས་རྒྱུ་འབྲས་བསམ་པ་ནི། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་སོགས་ཀྱི་དོན་དྲན་པར་བྱའོ། །
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཁྲིད་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་གྱུར་པའི་དབུས་སུ་ནམ་མཁའི་དབྱིངས་སུ་སེང་གེ་བརྒྱད་དང་བཅས་པས་བཏེག་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་ཡངས་ཤིང་རྒྱ་ཆེ་བ་དར་སྣ་ཚོགས་ཀྱིས་བཀླུབས་པའི་པདྨ་ཉི་ཟླ་བརྩེགས་པའི་དབུས་སུ་ཨ་ཡོངས་སུ་གྱུར་པ་ལས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོའི་གཉིས་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འཛིན་པ། གཡོན་གྱི་གཉིས་པ་ན་གསེར་གྱི་པདྨའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་ཏི་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ། དོ་ཤལ། སྐ་རགས་ལ་སོགས་པ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། མཚན་དང་དཔེ་བྱད་འབར་བ། འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་མངའ་བ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཞིང་རབ་འབྱམས་ན་བཞུགས་པའི་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དཀོན་མཆོག་གསུམ། མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་འོད་ཟེར་གྱི་སྣེ་མོ་ལ་སྤྱན་དྲངས། མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། སྟེང་གི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཤར་དུ་ཡི་དམ་ཁྲོས་མ་ནག་མོ་ལ་ཞི་ཁྲོ་རབ་འབྱམས་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་དང་བཅས་པས་བསྐོར་བ། ལྷོར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། ནུབ་ཏུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པུ་ཏི་གླེགས་བམ་གྱི་ཚུལ་དུ་བཞུགས་པ། བྱང་དུ་དཔལ་མགོན་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཐམས་ཅད་ཁྲོམ་ཚོགས་སུ་ཡུམ་ཆེན་མོ་ལ་འདུད་པའི་ཚུལ་གྱིས་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པ། པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་ན་བཞུགས་པ་དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པས་དམ་ཚིག་པ་དང་ཡེ་ཤེས་པ་ཐམས་ཅད་དབྱེར་མེད་དུ་གྱུར་པ་ལས་རིགས་ལྔས་དབང་བསྐུར། ཆུའི་ལྷག་མ་ཡར་ལུད་པས་རྩེ་མོ་ལ་རིན་པོ་ཆེ་འབྱུང་གནས་གཞན་ཐམས་ཅད་ལ་རང་རང་གི་རིགས་བདག་གིས་དབུ་བརྒྱན་པར་བསམ། དེ་རྣམས་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་སྐྱབས་འགྲོ་ལ་འཇུག་པ་རྣམས་འདི་ལྟར་བྱའོ། །
དྲིན་ཆེན་ཕ་མ་དང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་གཙོ་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །རང་སེམས་རྣམ་དག་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ། །རྒྱ་གར་ཌཱ་ཀི་དཀར་མོ་དེ་ལ་སྐྱབས་སུ་མཆིའོ། །བོད་ཡུལ་བྱང་ཆུབ་ལབ་སྒྲོན་དེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་སྟོང་གི་ཡུམ་ཆེན་དེ་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཡོངས་ཀྱི་གཙོ་མོ་དེ་ལ་སྐྱབས་སུ་མཆིའོ། །འགྲོ་དྲུག་ཡོངས་ཀྱི་ཡར་འདྲེན་དེ་ལ་སྐྱབས་སུ་མཆིའོ། །སྐལ་ལྡན་ཡོངས་ཀྱི་བླ་མ་དེ་ལ་སྐྱབས་སུ་མཆིའོ། །བུདྡྷ་རིགས་ཀྱི་མཁའ་འགྲོ་དེ་ལ་སྐྱབས་སུ་མཆིའོ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །པདྨ་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །སྣ་ཚོགས་རིགས་ཀྱི་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །ཕ་ཅིག་དམ་པ་སངས་རྒྱས་དེ་ལ་སྐྱབས་སུ་མཆིའོ། །དམ་པ་སངས་རྒྱས་འགྲོ་བའི་མགོན་ལ་སྐྱབས་སུ་མཆིའོ། །བླ་མ་གུ་རུ་མཚན་བརྒྱད་དེ་ལ་སྐྱབས་སུ་མཆིའོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་སྐྱབས་སུ་མཆིའོ། །བྱང་ཆུབ་ལབ་ཀྱི་སྒྲོན་མ་དེ་ལ་སྐྱབས་སུ་མཆིའོ། །རང་རིག་ཡེ་ཤེས་སྟོན་མཛད་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་ངེས་པར་སྟེར་བའི་ཡི་དམ་ལྷ་ལ་སྐྱབས་སུ་མཆིའོ། །སྤངས་ཐོབ་ཕུན་སུམ་ཚོགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་གྱུར་འདོད་ཆགས་བྲལ་བའི་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །གང་ལ་ཕུལ་ན་དོན་ཆེ་བའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །མཐུ་སྟོབས་ཆེན་པོས་གདུག་པ་འདུལ། །རྡོ་རྗེ་འཛིན་ལ་སྐྱབས་སུ་མཆིའོ། །སྙིང་རྗེས་ངེས་པར་གང་བའི་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །གཞོན་ནུའི་ཚུལ་མཛེས་ཡོན་ཏན་ཅན། །འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆིའོ། །འགྲོ་བ་ཀུན་གྱི་སྐྱབས་གཅིག་མ། །སྒྲོལ་མ་ཡུམ་ལ་སྐྱབས་སུ་མཆིའོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆི། །འདོད་ཡོན་ལྔ་པོ་མཆོད་པར་འབུལ། །བདག་གི་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །དེ་ནས་སེམས་ཅན་གྱི་དོན་དུ། །བྱམས་སོགས་ཚད་མེད་པ་བཞི་བསྒོམ། །འཁོར་འདས་ཀྱི་ཆོས་ཐམས་ཅད་སྭ་བྷ་ཝས་སྟོང་པར་སྦྱངས། ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཀོ྅་ཧཾ་ཞེས་པས་རྣམ་ཐར་སྒོ་གསུམ་གྱི་རྒྱས་བཏབ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ཏེ། ངག་སྨྲ་བ་བཅད་ནས་སེམས་མི་རྟོག་པའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག །དགེ་བ་འདི་ཡིས་མྱུར་དུ་བདག །དཀོན་མཆོག་གསུམ་པོ་འགྲུབ་གྱུར་ཏེ། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་མང་དུ་བཏབ། ཡི་གེ་བརྒྱ་པ་དང་། མཎྜལ་གྱི་ཁྲིད་ཡིག་སྤྱི་དང་མཐུན།
མཎྜལ་ལ་སོགས་མཆོད་པ་རྒྱ་ཆེན་པོ་བཤམས་ནས་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་བརྗོད་པར་བྱའོ། །
དེ་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཉམས་སུ་བླངས་པའི་རིམ་པ་ནི། མདུན་གྱི་མཁའ་དབྱིངས་སུ་སེང་གེ་བརྒྱད་དང་བཅས་པས་བཏེག་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དར་ཟབ་སྣ་ཚོགས་ཀྱིས་བཀླུབས་པ། པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། མཾ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དྲིན་ཆེན་རྩ་བའི་བླ་མ་ཐམས་ཅད་འདུས་པའི་སྐུ། མ་ཅིག་ལབ་ཀྱི་སྒྲོན་མའི་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་མ། གཡས་པ་ཐོད་པའི་ཌ་མ་རུ་སྟོང་གསུམ་ཁྱབ་པའི་སྒྲ་སྒྲོག་པ་བསྣམས་པ། གཡོན་པ་དངུལ་དཀར་གྱི་དྲིལ་བུ་འཁྲོལ་བ། སྐུ་ལ་རུས་པའི་རྒྱན་དྲུག་གསོལ་ཞིང་། འོད་ཟེར་ཕྱོགས་བཅུར་འཕྲོ་བ། པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་འགྱིང་པའི་སྟབས་ཀྱིས་བཞུགས་པ། དེའི་སྤྱི་གཙུག་ཏུ་ཉི་ཟླ་པདྨའི་སྟེང་དུ། གྲུབ་ཆེན་རྡོ་རྗེ་སངས་རྒྱས་པ། དེའི་སྤྱི་གཙུག་ཉི་ཟླའི་སྟེང་དུ། རིག་འཛིན་དབང་ཕྱུག་བརྒྱད། དེའི་སྤྱི་གཙུག་ཉི་ཟླའི་སྟེང་དུ། སངས་རྒྱས་མཁའ་འགྲོ་འགན་དྷོ་རྡོ་རྗེ། དེའི་སྤྱི་གཙུག་ཉི་ཟླའི་སྟེང་དུ། མཉམ་མེད་ཁྱབ་བརྡལ་ཆེན་པོ། དེའི་སྤྱི་གཙུག་ཉི་ཟླའི་སྟེང་དུ། མཚན་ལྡན་གང་པ་སྨུག་སང་། དེའི་སྤྱི་གཙུག་ཉི་ཟླའི་སྟེང་དུ་འཁྲུལ་ཞིག་ཐོད་སྨྱོན་བསམ་གྲུབ། དེས་རིགས་སོགས་འགྲེ། སྲས་མཆོག་ཐོད་པ་དོན་གྲུབ། བྱང་ཆུབ་ལབ་ཀྱི་སྒྲོན་མ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་མ། གཡས་ཐོད་པའི་ཌ་མ་རུ་སྟོང་གསུམ་ཁྱབ་པར་སྒྲ་སྒྲོག་པར་བསྣམས་པ། གཡོན་པ་བདུད་རྩིས་བཀང་པའི་ཐོད་པ་ཐུགས་ཀར་འཛིན་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་འཛིན་པ། གཅེས་བུ་རུས་པའི་རྒྱན་དྲུག་དང་ལྡན་པ། པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་གཡས་ཅུང་ཟད་བརྐྱང་ཞིང་། གཡོན་བསྐུམས་པས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་སྣང་ལ་རང་བཞིན་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ། དེའི་དབུའི་སྟེང་དུ་སྣ་ཚོགས་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ། ཡངས་ཤིང་རྒྱ་ཆེ་བའི་གཞི་དེ་རྣམས་ཀྱི་དབུས་སུ་ཉི་ཟླ་བརྩེགས་པའི་གདན་བཞི། མ་ཅིག་ཚངས་བུག་གཡས་པའི་པད་སྡོང་ཉི་ཟླ་བརྩེགས་པའི་སྟེང་དུ་སྤྲུལ་སྐུ་དམ་པ་སངས་རྒྱས། རིག་འཛིན་ཨརྱ་དེ་བ། གྲུབ་ཐོབ་དབེར་བཱིར་པ་ཆེན་པོ། འཇམ་དཔལ་སྨྲ་བའི་སེང་གེ། ཡང་དག་རྫོགས་པའི་སངས་རྒྱས་དེ་རྣམས་ཐོ་བརྩེགས་པ་ལྟར་བཞུགས་པ་ཕོ་སྤྱོད་བརྡའི་བརྒྱུད་པ་ཡིན། མ་ཅིག་ཚངས་བུག་གཡོན་པའི་སོགས་འགྲེ། བླ་མ་སྐྱོ་སྟོན་རྣམ་གཉིས། ཕ་དམ་པ་སངས་རྒྱས། སྤྲུལ་སྐུ་སུ་ཀ་སིདྡྷི། ལོངས་སྐུ་རྗེ་བཙུན་མ་སྒྲོལ་མ། ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་རྣམས་མོས་སྤྱོད་བྱིན་རླབས་ཀྱི་བརྒྱུད་པ་ཡིན། རྣ་བ་གཡས་པའི་སྟེང་དུ། ཕ་དམ་པ་སངས་རྒྱས། མཁས་པ་ཨརྱ་དེ་བ། མཁས་པ་ཐོགས་མེད་སྐུ་མཆེད། རྗེ་བཙུན་བྱམས་པ་མགོན་པོ། བཀའ་བརྒྱུད་བཅོམ་ལྡན་ཤཱཀ་ཐུབ་རྣམས་བཀའ་བརྒྱུད་དོན་གྱི་བརྒྱུད་པ་ཡིན། རྣ་བ་གཡོན་པའི་སྟེང་དུ་དམ་ཆོས་ཕ་རོལ་ཏུ་ཕྱིན་པ། བཀའ་བརྒྱུད་བཅོམ་ལྡན་ཤཱཀ་ཐུབ། ཐུབ་པ་ནས་རྩ་བའི་བླ་མའི་བར་ནི་བཀའ་བབ་བྱིན་རླབས་ཀྱི་བརྒྱུད་པ་ཡིན། འདི་མ་ཅིག་ལབ་སྒྲོན་གྱི་ཐུན་མོང་མ་ཡིན་པའི་རྣལ་འབྱོར་སྡོང་པོ་བཀོད་པ་བརྒྱུད་པ་རིན་ཆེན་རྣམ་བཞིར་གྲགས་པ་དེ་ལགས། ཡི་དམ་སངས་རྒྱས་ཆོས་དགེ་འདུན་རྣམས་སྐྱབས་འགྲོའི་ཡུལ་བཀོད་པ་དང་མཐུན། འདི་ལ་གསོལ་བ་འདེབས་པ་དང་། བྱིན་རླབས་དངོས་གྲུབ་ཡར་མར་ཞུ་བ་གཉིས་ཕྱག་ལེན་གྱི་མཐིལ་ཡིན་པ་ལས། དང་པོ་རྩ་བའི་བླ་མ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་མས་རིམ་པས་གསོལ་བ་གདབ།
དེ་ནས་བྱིན་རླབས་དངོས་གྲུབ་ཡར་མར་ཞུ་བ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས་སོ། །འཇམ་དཔལ་སྨྲ་བའི་སེང་གེ་ལ་གསོལ་བ་འདེབས་སོ། །གྲུབ་ཐོབ་བཱིར་པ་ཆེན་པོ་གསོལ་བ་འདེབས་སོ། །རིག་འཛིན་ཨརྱ་དེ་བ་ལ་གསོལ་བ་འདེབས་སོ། །སྤྲུལ་སྐུ་དམ་པ་སངས་རྒྱས་ལ་གསོལ་བ་འདེབས་སོ། །བྱང་ཆུབ་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས་སོ། །ཕོས་སྤྱོད་བརྡའི་བརྒྱུད་པ་ལ་གསོལ་བ་འདེབས་སོ། །བརྡའི་དོན་ཁོང་དུ་ཆུད་པར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨཱཿཧཱུྃ་ཧོཿ ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་ལ་གསོལ་བ་འདེབས་སོ། །ལོངས་སྐུ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་སོ། །སྤྲུལ་སྐུ་སུ་ཀ་སིདྡྷི་ལ་གསོལ་བ་འདེབས་སོ། །ཕ་དམ་པ་སངས་རྒྱས་ལ་གསོལ་བ་འདེབས་སོ། །བླ་མ་སྐྱོ་སྟོན་རྣམ་གཉིས་ལ་གསོལ་བ་འདེབས་སོ། །མ་ཅིག་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས་སོ། །མོས་སྤྱོད་བྱིན་རླབས་བརྒྱུད་པ་ལ་གསོལ་བ་འདེབས་སོ། །སྟོང་ཉིད་སྙིང་རྗེ་འབྱོངས་པར་གསོལ་བ་འདེབས་སོ། །ཨོཾ་ཨཱཿཧཱུྃ་ཧོཿ བཀའ་བརྒྱུད་བཅོམ་ལྡན་ཤཱཀ་ཐུབ་ལ་གསོལ་བ་འདེབས་སོ། །རྗེ་བཙུན་བྱམས་པ་མགོན་པོ་ལ་གསོལ་བ་འདེབས་སོ། །འཕགས་པ་ཐོགས་མེད་སྐུ་མཆེད་ལ་གསོལ་བ་འདེབས་སོ། །མཁས་པ་ཨརྱ་དེ་བ་ལ་གསོལ་བ་འདེབས་སོ། །ཕ་དམ་པ་སངས་རྒྱས་ལ་གསོལ་བ་འདེབས་སོ། །བྱང་ཆུབ་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས་སོ། །བཀའ་བརྒྱུད་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་སོ། །དོན་གྱི་དགོངས་པ་ལོངས་པར་གསོལ་བ་འདེབས་སོ། །ཨོཾ་བཀའ་བརྒྱུད་བཅོམ་ལྡན་ཤཱཀ་ཐུབ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཕ་རོལ་ཏུ་ཕྱིན་པ་ལ་གསོལ་བ་འདེབས་སོ། །བྱང་ཆུབ་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས་སོ། །སྲས་མཆོག་ཐོད་པ་དོན་གྲུབ་ལ་གསོལ་བ་འདེབས་སོ། །འཁྲུལ་ཞིག་ཐོད་སྨྱོན་བསམ་གྲུབ་ལ་གསོལ་བ་འདེབས་སོ། །མཚན་ལྡན་གང་པ་སྨུག་སང་ལ་གསོལ་བ་འདེབས་སོ། །མཉམ་མེད་ཁྱབ་གདལ་ཆེན་པོ་ལ་གསོལ་བ་འདེབས་སོ། །སངས་རྒྱས་འགྲོ་མགོན་རྡོ་རྗེ་ལ་གསོལ་བ་འདེབས་སོ། །རིག་འཛིན་དབང་ཕྱུག་ཆེན་བཙན་ལ་གསོལ་བ་འདེབས་སོ། །གྲུབ་ཆེན་རྡོ་རྗེ་སངས་རྒྱས་ལ་གསོལ་བ་འདེབས་སོ། །མཁས་བཙུན་བྱང་ཆུབ་མཆོག་ལྡན་ལ་གསོལ་བ་འདེབས་སོ། །བསྐྱེད་རྫོགས་ཟུང་དུ་ཆུད་པར་གསོལ་བ་འདེབས་སོ། །བཀའ་བབས་བྱིན་རླབས་བརྒྱུད་པ་ལ་གསོལ་བ་འདེབས་སོ། །གདུལ་བྱ་དུས་སུ་སྨིན་པར་གསོལ་བ་འདེབས་སོ། །ཨོཾ་བཀའ་བརྒྱུད་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་སོ། །བླ་མའི་རྣམ་ཐར་འཁྱོངས་པར་གསོལ་བ་འདེབས་སོ། །ཡི་དམ་ཞི་ཁྲོ་རབ་འབྱམས་ལ་གསོལ་བ་འདེབས་སོ། །དངོས་གྲུབ་རྣམ་གཉིས་ཐོབ་པར་གསོལ་བ་འདེབས་སོ། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ལ་གསོལ་བ་འདེབས་སོ། །ཕྲིན་ལས་རྣམ་བཞི་གྲུབ་པར་གསོལ་བ་འདེབས་སོ། །ཆོས་མཛད་སྒྲུབ་པ་ཕོ་མོ་ལ་གསོལ་བ་འདེབས་སོ། །དག་སྣང་ཕྱོགས་མེད་འབྱོངས་པར་གསོལ་བ་འདེབས་སོ། །དཔལ་མགོན་ཆོས་སྐྱོང་སྲུང་མ་ལ་གསོལ་བ་འདེབས་སོ། །རྐྱེན་ངན་ལམ་དུ་བསླང་པར་གསོལ་བ་འདེབས་སོ། །རྒྱལ་ཁམས་ཕྱོགས་མེད་འགྲིམ་པར་གསོལ་བ་འདེབས་སོ། །གཅོད་ཡུལ་བསྟན་པ་དར་བར་གསོལ་བ་འདེབས་སོ། །གཉན་ས་རི་ཁྲོད་འགྲིམ་པར་གསོལ་བ་འདེབས་སོ། །ཕུང་པོ་གཟན་དུ་སྐྱུར་བར་གསོལ་བ་འདེབས་སོ། །མི་རྟག་འཆི་བ་དྲན་པར་གསོལ་བ་འདེབས་སོ། །དགོས་མེད་རྒྱུད་ལ་སྐྱེ་བར་གསོལ་བ་འདེབས་སོ། །བདག་འཛིན་རྩད་ནས་ཆོད་པར་གསོལ་བ་འདེབས་སོ། །རྟོགས་པ་ནང་ནས་འཆར་བར་གསོལ་བ་འདེབས་སོ། །ལས་ངན་སྡིག་སྒྲིབ་དག་པར་གསོལ་བ་འདེབས་སོ། །ཚོགས་གཉིས་མྱུར་དུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །གྲུབ་པའི་རྒྱལ་མཚན་ཚུགས་པར་བྱིན་གྱིས་རློབས། །རྫོགས་པའི་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱཿཧཱུྃ་ཧོཿ ཞེས་གསོལ་བ་ཉིན་མཚན་རྟག་ཏུ་རྒྱུན་མི་ཆད་པར་བཏབ་ནས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་ཞིང་། ངག་སྨྲ་བ་བཅད། ཐོས་བསམ་གྱི་ཤེས་རབ་རྣམ་དག་གིས་སྒྲོ་འདོགས་ལེགས་པར་བཅད་པའི་དོན་ལ་ཡིད་རྩེ་གཅིག་ཏུ་ཡང་ཡང་མཉམ་པར་བཞག་གོ །ཐུན་མཚམས་སུ་དགེ་རྩ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་གལ་ཆེའོ། །འདི་ནི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡོངས་སུ་རྫོགས་པར་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར། འདི་བྲིས་དགེ་བ་གང་དེས་བདེ་ལེགས་ཤོག །མངྒ་ལཾ།
གཅོད་ཡུལ་གཏེར་མའི་བླ་མ་བརྒྱུད་པ།
༄༅། །གཅོད་ཡུལ་གཏེར་མའི་བླ་མ་བརྒྱུད་པ་བཞུགས་སོ། །གཅོད་ཡུལ་གཏེར་མའི་བླ་མ་བརྒྱུད་པ་ལ། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གྲུབ་ཐོབ་སྙན་ཁུངས་བརྒྱུད་པ་དང་གསུམ་ཡོད་པ་ལས། རྒྱལ་བ་དགོངས་པའི་བརྒྱུད་པ་ནི། སངས་རྒྱས་འཁོར་བ་འཇིག །སངས་རྒྱས་གསེར་ཐུབ། སངས་རྒྱས་འོད་སྲུང་། སངས་རྒྱས་མར་མེ་མཛད། སངས་རྒྱས་ཤཱཀྱ་ཐུབ་པ་དང་སངས་རྒྱས་ལྔ་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ཡིན།
རིག་འཛིན་རིག་པའི་བརྒྱུད་པ་ནི། འཕགས་པ་ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་རིག་བྱེད་གཞོན་ནུ། བྲམ་ཟེ་ཤང་ཀ་ར། བྲམ་ཟེ་བདེ་ལྡན། བྲམ་ཟེ་འོད་ལྡན། བྲམ་ཟེ་བློ་ལྡན་མཆོག་སྲེད་དྲུག་པོ་དེ་རིག་འཛིན་རིག་པའི་བརྒྱུད་པའི་བླ་མ་ཡིན། གྲུབ་ཐོབ་སྙན་ཁུངས་བརྒྱུད་པ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། སྐྱོ་སྟོན་བསོད་ནམས་བླ་མ། བྱང་ཆུབ་ལབ་ཀྱི་སྒྲོན་མ། རྒྱལ་སྲས་ཁམ་ཞིག་ཆེན་པོ། སངས་རྒྱས་ཇོ་སྲས། སྤྲུལ་སྐུ་སྐྱིད་འབུམ། བླ་མ་ལྷུན་གྲུབ་རྒྱལ་མཚན། བླ་མ་ནམ་མཁའ་རྒྱལ་མཚན། བླ་མ་མཁའ་འགྲོ་སྤྱན་སྤྱན། ཇོ་བདེན་བྱང་ཆུབ་མཆོག་ལྡན་འདི་རྣམས་གང་ཟག་སྙན་ཁུངས་བརྒྱུད་པའི་བླ་མ་ཡིན། སྲོག་འཛིན་རྣམ་པ་གསུམ་ནི། ལྟ་བའི་སྲོག་ལུང་རིགས་ཀྱིས་འཛིན་པ། སྒོམ་པའི་སྲོག་ཉམས་མྱོང་གིས་འཛིན་པ། སྤྱོད་པའི་སྲོག་དྲན་པས་འཛིན་པ།
དཔང་པོ་རྣམ་པ་གསུམ་ནི། རྒྱལ་པོའི་ཁྲིམས་ཆགས་པ་ལྟ་བུའི་དཔང་པོ། རྐུན་མ་ངོས་འཛིན་པ་ལྟ་བུའི་དཔང་པོ། རྒྱལ་པོས་བཤེད་མ་བསྐོས་པ་ལྟ་བུའི་དཔང་པོ། གྲོལ་བ་རྣམ་པ་བཞི་ནི། ནམ་མཁའ་ལྟར་ཕྱོགས་མེད་དུ་གྲོལ་བ། ཉི་ཟླ་ལྟར་འོད་གསལ་དུ་གྲོལ་བ། ཕྱི་གློག་འགྱུ་བ་ལྟར་ཉེ་རིང་ལས་གྲོལ་བ། ནང་ན་བུན་ལྟར་གཟུང་འཛིན་ལས་གྲོལ་བ་ལྟར་བཞག་གོ། །།
གཅོད་ཀྱི་ཕྲིན་ལས་ཀྱི་རིམ་པ།
༄༅། །གཅོད་ཀྱི་ཕྲིན་ལས་ཀྱི་རིམ་པ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འཇིག་རྟེན་གྱི་གཏོར་གཞོང་དུ། །ནང་བཅུད་སེམས་ཅན་གཏོར་མས་བཀང་། །སྐྱེ་འཆི་མེད་པར་མཆོད་པ་འབུལ། །ཕྱི་ནམ་མཁའ་ཡངས་པའི་གཏོར་གཞོང་དུ། །ནང་འབྱུང་བ་བཞི་ཡི་གཏོར་མས་བཀང་། །རང་གསལ་རང་དག་མཆོད་པར་བཞེས། །བཀའ་ཕ་རོལ་ཕྱིན་པའི་གཏོར་གཞོང་དུ། །ས་བཅུ་དག་པའི་གཏོར་མས་བཀང་། །མྱ་ངན་འདའ་བར་མཆོད་པར་བཞེས། །བཀའ་རྫོགས་པ་ཆེན་པོའི་གཏོར་གཞོང་དུ། །ཐེག་པ་བརྒྱད་ཀྱི་གཏོར་མས་བཀང་། །མ་འདྲེས་ཡོངས་རྫོགས་མཆོད་པར་བཞེས། །ཀུན་བཟང་ཡངས་པའི་གཏོང་གཞོང་དུ། །རྣམ་ཤེས་ཚོགས་དྲུག་གི་གཏོར་མས་བཀང་། །འཕེལ་འགྲིབ་མེད་པར་བཞེས་སུ་གསོལ། །རང་སེམས་གཉུག་མའི་གཏོར་གཞོང་དུ། །ལུས་ངག་དག་པའི་གཏོར་མས་བཀང་། །བརྗོད་དུ་མེད་པར་མཆོད་པར་བཞེས། །སྐྱེ་མེད་དག་པའི་བཞུགས་གནས་སུ། །རིག་པ་རྟེན་མེད་ཀྱི་གཏོར་མས་བཀང་། །འབྱུང་བ་རང་གྲོལ་གྱི་མཆོད་པར་བཞེས། །ཆོས་སྐུ་དག་པའི་གཏོར་གཞོང་དུ། །གཟུགས་སྐུ་རྣམ་གསུམ་གཏོར་མས་བཀང་། །འགྲོ་དོན་ཕྱོགས་མེད་དུ་མཆོད་པར་བཞེས། །སྟོང་པ་ཉིད་ཀྱི་གཏོང་གཞོང་དུ། །སྣང་བ་དཀར་དམར་གྱི་གཏོར་མས་བཀང་། །སྣང་མེད་ཆེན་པོར་མཆོད་པར་བཞེས། །རང་རྒྱུད་དག་པའི་གཏོང་གཞོང་དུ། །གཉིས་མེད་ངང་གི་གཏོར་མས་བཀང་། །བདེ་བ་ཆེན་པོར་བཞེས་སུ་གསོལ། །ཆོས་ཉིད་དག་པའི་གཏོར་གཞོང་དུ། །བདེ་གསལ་མི་རྟོག་གཏོར་མས་བཀང་། །ངོས་འཛིན་མེད་པར་མཆོད་པར་བཞེས། །རང་ལུས་རྒྱལ་བའི་གཏོར་གཞོང་དུ། །སེམས་མོས་གུས་དད་པའི་གཏོར་མས་བཀང་། །རེ་དོགས་མེད་པར་མཆོད་པར་བཞེས། །ཀ་པཱ་ལ་ཡི་གཏོར་གཞོང་དུ། །ཤ་ཁྲག་དོན་སྙིང་གཏོར་མས་བཀང་། །ཆགས་མེད་འཛིན་བྲལ་མཆོད་པར་བཞེས། །ཤཱཀྱ་ཐུབ་པ་མན་ཆད་དང་། །དམྱལ་ཁམས་བཅྭོ་བརྒྱད་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམས་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །ཀུན་ཏུ་བཟང་པོ་མན་ཆད་དང་། །འཇག་མིག་སྲིན་བུ་ཡན་ཆད་ལ། །བསྔོས་པ་བཞིན་དུ་ཚིམས་གྱུར་ཅིག །བསམ་པ་བཞིན་དུ་འགྲུབ་གྱུར་ཅིག །གཏོར་མ་འདི་ཡི་ཡོན་ཏན་གྱིས། །བདག་དང་ཁམས་གསུམ་སེམས་ཅན་གྱི། །ལུས་ལ་བདེ་བར་བྱིན་གྱིས་རློབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །སེམས་ལ་རྟོགས་པར་བྱིན་གྱིས་རློབས། །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་གྱུར་ཅིག །དགེ་བས་བྱང་ཆུབ་ཐོབ་པར་ཤོག་ལེགས་སོ། །
༈ ན་མོ་གུ་རུ། གནས་ཆོས་དབྱིངས་རྣམ་དག་གི་གཏོར་གཞོང་དུ། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་པ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་བུ་སློབ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་བར་ཆད་ཞི་བར་མཛོད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་བྱིན་གྱིས་རློབས། །གནས་བྱ་རྒོད་ཕུང་པོའི་རི་བོ་ནས། །ཕ་ཡང་དག་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས། །གནས་སེང་ཆེན་སྣོལ་བའི་ཁྲི་སྟེང་ནས། །འཇམ་དབྱངས་སྨྲ་བའི་སེང་གེ་ལ་གསོལ་བ་འདེབས། །གནས་རྒྱ་གར་སྤྱིལ་པོ་ཁ་སྦྱོར་ནས། །ཨརྱ་དེ་བ་ལ་གསོལ་བ་འདེབས། །གཙང་ལས་སྟོད་དིང་རིའི་དགོན་པ་ནས། །རྗེ་དམ་པ་རྒྱ་གར་ལ་གསོལ་བ་འདེབས། །གནས་དབུས་གཙང་གཉིས་ཀྱི་ས་མཚམས་ནས། །སྐྱོ་སྟོན་བསོད་ནམས་བླ་མ་ལ་གསོལ་བ་འདེབས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ནས། །མ་ཇོ་མོ་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ནས། །སྲས་རྒྱལ་བ་ཐོད་པ་དོན་གྲུབ་ལ་གསོལ་བ་འདེབས། །གནས་ཆུ་བོ་རོང་གི་དགོན་པ་ན། །རྗེ་དྷརྨཿསེང་ཧ་ལ་གསོལ་བ་འདེབས། །གནས་པོ་ཏ་ལ་ཡི་དགོན་པ་ན། །རྗེ་དམ་པ་ཟང་ཐལ་ལ་གསོལ་བ་འདེབས། །གནས་ཆུ་བོ་རི་ཡི་དགོན་པ་ན། །རྗེ་རྒྱ་ནག་གཅེར་པོ་ལ་གསོལ་བ་འདེབས། །གནས་རབ་གྲོང་ཆོས་ཀྱི་ཕོ་བྲང་ན། །སངས་རྒྱས་རབ་སྟོན་ལ་གསོལ་བ་འདེབས། །གནས་ཟལ་མོ་བྲག་གི་དགོན་པ་ན། །རྗེ་སངས་རྒྱས་དགེ་སློང་ལ་གསོལ་བ་འདེབས། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ནས། །རྗེ་སངས་རྒྱས་རས་པ་ལ་གསོལ་བ་འདེབས། །གནས་རི་གོང་དཔལ་གྱི་དགོན་པ་ནས། །རྗེ་གྲུབ་ཐོབ་ཆེན་པོ་ལ་གསོལ་བ་འདེབས། །གནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་ནས། །བོ་དྷི་བི་དྲ་ལ་གསོལ་བ་འདེབས། །ཁ་རག་དཔལ་གྱི་རི་ཁྲོད་ནས། །རྗེ་འཁྲུལ་ཞིག་ཆེན་པོ་ལ་གསོལ་བ་འདེབས། །གནས་ཤམ་པོ་གངས་ཀྱི་ར་བ་ནས། །རྟོགས་ལྡན་ཞེན་མེད་རས་པ་ལ་གསོལ་བ་འདེབས། །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་རི་ཁྲོད་ནས། །ཆོས་ཕར་ཕྱིན་གཅོད་ཡུལ་གྱི་བརྒྱུད་པ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་ཉི་ཤུ་རྩ་བཞིའི་གཞལ་ཡས་ནས། །དཔལ་འཁོར་ལོ་སྡོམ་པ་ལ་གསོལ་བ་འདེབས། །གནས་ནུབ་ཕྱོགས་ཨོ་རྒྱན་གྱི་གཞལ་ཡས་ནས། །ཡུམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དཔལ་མ་མགོན་གཉིས་ལ་གསོལ་བ་འདེབས། །བདག་གསོལ་འདེབས་བུ་སློབ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་བར་ཆད་ཞི་བར་མཛོད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །བཀའ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བདག་དང་མཁའ་མཉམ་སེམས་ཅན་གྱི། །ལུས་ལ་བདེ་དྲོད་རྙེད་གྱུར་ཅིག །ངག་ལ་ནུས་པ་འཆར་གྱུར་ཅིག །སེམས་ལ་རྟོགས་པ་འཆར་གྱུར་ཅིག །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །དགེ་བས་བྱང་ཆུབ་ཐོབ་པར་ཤོག །ཕཊ་ཕཊ། གསོལ་བ་མ་བཏབ་ན་བྱིན་རླབས་མི་འཇུག་གསུངས་སོ། །རྗེ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཀའ་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་རློབས། །སྒོས་དྲིན་ཆེན་རྗེ་ལ་སྐྱབས་སུ་མཆི། །གནས་ཡ་གི་བདེ་ཆེན་གྱི་ཞིང་ཁམས་ན། །ཕྱི་སྐོར་གཅིག་སྐོར་གཉིས་སྐོར་དང་གསུམ། །ཕྱི་སྐོར་ལྕགས་ཀྱི་མུ་ཁྱུད་ལ། །ནང་སྐོར་དིང་རི་གླང་འཁོར་ན། །རི་འཁན་པ་ཁྲོད་ཀྱི་དགོན་པ་ན། །ཉི་ཟླ་པདྨའི་གདན་སྟེང་ན། །གནས་དེ་ན་གང་བཞུགས་གང་མི་བཞུགས། །གནས་དེ་ན་དམ་པ་རྒྱ་གར་བཞུགས། །ཁོང་སྐུ་འཁྲུངས་ས་དེ་རྒྱ་གར་ཡུལ་དུ་འཁྲུངས། །གསུང་སྒྲོག་པ་དེ་བོད་ཡུལ་དབུས་སུ་བསྒྲགས། །རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། །སྨྲ་བའི་མགོན་པོ་མཚུངས་པ་མེད། །ཨརྱ་དེ་བ་སྒྲ་ཚད་མཁན། །དམ་པ་མི་རྟོག་རྒྱུད་སྡེ་མཁན། །དཔལ་ཆེན་འབིར་བ་གྲོད་ཚད་མཁན། །རྗེ་མི་ཕམ་མགོན་པོ་བཅོམ་ལྡན་འདས། །འཛམ་བུ་གླིང་གི་རྒྱན་གཅིག་པོ། །འགྲོ་དྲུག་ཡོངས་ཀྱི་རྒྱན་གཅིག་པོ། །མཁའ་འགྲོ་སྡེ་ལྔའི་བུ་གཅིག་པོ། །འགྲོ་བའི་མགོན་པོ་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །རྗེ་དམ་པ་རྒྱ་གར་རིན་པོ་ཆེ། །ཁོང་སྟེང་དེར་བཀའ་བརྒྱུད་ཐིབས་སེ་ཐིབ། །གཡས་དེར་དཔའ་བོ་གར་དང་བཅས། །གཡོན་དེར་དཔའ་མོ་མདངས་དང་ལྡན། །མདུན་དེར་དམ་ཅན་སྤུངས་སེ་སྤུང་། །རྒྱབ་དེར་ཌཱ་ཀི་ཤིགས་སེ་ཤིག །འོག་དེར་གདོན་ཚོགས་ཉ་ལ་ལ། །དེར་བཞུགས་དམ་པ་ལ་གསོལ་བ་འདེབས། །དེར་བཞུགས་དམ་པས་བྱིན་གྱིས་རློབས། །བྱིན་རླབས་ཆུ་བོ་ཡི་རྒྱུན་མ་ཆད། །རྗེ་རྒྱང་ན་བཞུགས་ན་རྒྱང་ཕྱག་འཚལ། །དྲུང་ན་བཞུགས་ན་དྲུང་ཕྱག་འཚལ། །མོས་གུས་ཕྱག་ལ་ཉེ་རིང་མེད། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ། །ཆོས་སྐུའི་བྱིན་རླབས་ལུས་ལ་ཞུགས། །ལུས་ལ་བདེ་དྲོད་འབར་དུ་གསོལ། །ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་། །སྤྲུལ་སྐུ་ཐོབ་པར་མཛད་དུ་གསོལ། །གསུང་གི་བྱིན་རླབས་ངག་ལ་ཞུགས། །ངག་ལ་ནུས་པ་འབར་དུ་གསོལ། །ངག་གི་སྒྲིབ་པ་དག་ནས་ཀྱང་། །ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཐུགས་ཀྱི་བྱིན་རླབས་སེམས་ལ་ཞུགས། །སེམས་ལ་རྟོགས་པ་འཆར་དུ་གསོལ། །ཡིད་ཀྱི་སྒྲིབ་པ་དག་ནས་ཀྱང་། །ཆོས་སྐུ་ཐོབ་པར་མཛད་དུ་གསོལ། །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་མཛོད། །རྐྱེན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རྣམ་རྟོག་ཡལ་དུ་བྱོལ། །ནད་རླུང་མཁྲིས་བད་ཀན་འདུ་བ་བཞི། །ནད་བཞི་ངང་གིས་ཞི་བར་མཛོད། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །སྐུ་གསུམ་མངོན་དུ་འཆར་དུ་གསོལ། །གཞན་དོན་དཔག་མེད་མཛད་དུ་གསོལ། །ཕཊ་ཕཊ།
༈ ཧཱུྃ་ནག་པོ་ཆེན་པོ་གཟི་མདངས་ཅན། །སྐུ་མདོག་ནག་ལ་སྣུམ་པ་སྟེ། །ཆོས་ཉིད་ལ་འགྱུར་བ་མེད་པའི་བརྡ། །སྐུ་སྟོད་སེང་ཆེན་འགྱིང་པ་འདྲ། །དེ་བདུད་བཞི་ཟིལ་གྱིས་གནོན་པའི་བརྡ། །སྐེད་པ་རྡོ་རྗེ་འཁྲིལ་མ་འདྲ། །དེ་འཁྲུལ་གཞི་རྩ་ནས་གཅོད་པའི་བརྡ། །ཞབས་གཉིས་སྦ་བྲན་གཤིབ་པ་འདྲ། །དེ་བྱང་ཆུབ་ལམ་ལ་བཞུགས་པའི་བརྡ། །དབུ་སྐྲ་ནག་སྣུམ་གྱེན་ལ་འབར་བ་དེ། །མཐོ་རིས་ཐར་ལམ་འབྱེད་པའི་བརྡ། །སྤྱན་མིག་དམར་ལ་སྤྱན་རྩ་འཁྲུག །དེ་སྟོང་གསུམ་ཟིལ་གྱིས་གནོན་པའི་བརྡ། །ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོ། །དེ་སྐྱེ་ཤི་རྩད་ནས་གཅོད་པའི་བརྡ། །ཕྱག་སོར་རིང་ལ་ཕྱག་སེན་རྣོ། །དེ་སྐལ་ལྡན་ཐུགས་རྗེས་འཛིན་པའི་བརྡ། །ཞབས་སོར་སེང་ཕྲུག་བཀྲམ་པ་འདྲ། །དེ་སེར་སྣའི་མདུད་པ་ཀྲོལ་བའི་བརྡ། །རྗེ་རེས་འགའ་ཉིན་མཚན་མེད་པར་གཟིགས། །ཉིན་མཚན་མེད་པར་གཟིགས་ཙ་ན། །ཆོས་གཉུག་མ་ལ་རྒྱུན་ཆད་མེད་པའི་བརྡ། །རྗེ་རེས་འགའ་སྨྱོན་པའི་བརྟུལ་ཞུགས་འཆང་། །སྨྱོན་པའི་བརྟུལ་ཞུགས་མཛད་ཙ་ན། །བཀའ་འཁོར་བྱིན་གྱིས་རློབས་པའི་བརྡ། །རྗེ་རེས་འགའ་རྟེན་འབྲེལ་སྣ་ཚོགས་མཛད། །རྟེན་འབྲེལ་སྣ་ཚོགས་མཛད་ཙ་ན། །བཀའ་འཁོར་བར་ཆད་སེལ་བའི་བརྡ། །རྗེ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །རྗེ་འགྲོ་བའི་མགོན་པོས་བྱིན་གྱིས་རློབས། །ཕ་ཀུན་མཁྱེན་ཀུན་རིག་དམ་པ་པོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྲས་མཆོག་རིན་པོ་ཆེ། །མི་ཕམ་མགོན་པོ་འགྲོ་བའི་དཔལ། །སྨྲ་བའི་སེང་གེས་བྱིན་བརླབས་ཤིང་། །ཨཱ་ལི་ཀ་ལཱིའི་སྒྲ་དོན་རྟོགས། །བཀའ་དང་མདོ་རྒྱུད་བསྟན་བཅོས་ཀྱི། །དགོངས་པ་ཐུགས་ཆུད་རིན་པོ་ཆེ། །སྐུ་བརྟུལ་ཞུགས་སྤྱོད་པ་འགྲོ་བའི་མགོན། །གསུང་ཚངས་པའི་དབྱངས་ཀྱིས་དམ་ཆོས་གསུངས། །ཐུགས་བྱང་ཆུབ་སེམས་ཀྱིས་ལམ་སྣ་འདྲེན། །ཡོན་ཏན་ཀུན་འབྱུང་ནོར་བུས་རེ་འདོད་བསྐངས། །ཕྲིན་ལས་རྟེན་འབྲེལ་ཆེ་བས་བར་ཆད་སེལ། །སྐུ་ལྔ་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །ཕ་དམ་པ་རྗེ་ལ་ཕྱག་འཚལ་བསྟོད། །ཕ་དགོས་འདོད་འབྱུང་ལ་ཕྱག་འཚལ་ལོ། །ཕ་འགྲན་ཟླ་མེད་ལ་ཕྱག་འཚལ་ལོ། །ཕ་འདུས་མ་བྱས་ལ་ཕྱག་འཚལ་ལོ། །ཕ་སྐྱེ་འཆི་མེད་ལ་ཕྱག་འཚལ་ལོ། །ཕ་དམ་པ་རྒྱ་གར་རིན་པོ་ཆེ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། །ཕཊ་ཕཊ།
༈རྗེ་དེ་ཡི་བརྒྱུད་པ་འཛིན་པའི་མ། །དུས་གསུམ་སངས་རྒྱས་ཡུམ་གྱུར་པ། །མཚན་ནི་ཇོ་མོ་ལབ་སྒྲོན་མ། །མ་ནི་བདག་གཞན་འགྲོ་བ་སྒྲོལ། །ཇོ་མོ་བདེ་གཤེགས་ཀུན་གྱི་ཡུམ། །ལབ་ནི་འཁྲུངས་ཡུལ་རྒྱལ་བའི་ཞིང་། །སྒྲོན་ནི་མ་རིག་མུན་པ་སེལ། །མ་མཚན་དང་ལྡན་ལ་ཕྱག་འཚལ་ལོ། །མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འཕྲོ། །སྐྱེ་བ་དམན་ལ་དགོངས་པ་མཐོ། །དུས་གསུམ་སངས་རྒྱས་གདུང་འཛིན་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སེར་སྣ་མེད་པའི་དོན་རྟོགས་ཤིང་། །ཀུན་ཁྱབ་སྦྱིན་པ་བློས་གཏོང་མ། །རང་བྱུང་ཡེ་ཤེས་དོན་རྟོགས་ཤིང་། །ཉམ་ང་མེད་པའི་ཁྲིམས་སྲུང་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་བདག་གཞན་གཉིས་མེད་དོན་རྟོགས་ཤིང་། །སྐྱེ་མེད་བཟོད་པ་སྒོམ་མཛད་པ། །མ་བྱ་རྩོལ་མེད་པའི་དོན་རྟོགས་ཤིང་། །འགག་མེད་བརྩོན་འགྲུས་རྩོམ་མཛད་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་གཡོ་བ་མེད་པའི་དོན་རྟོགས་ཤིང་། །ཡེངས་མེད་བསམ་གཏན་སྒོམ་མཛད་མ། །མ་ཀུན་གྱི་རང་བཞིན་རྟོགས་མཛད་མ། །བདག་མེད་ཤེས་པའི་རྣལ་འབྱོར་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕྱོགས་མེད་འདས་པའི་ཞེན་པ་གྲོལ། །མ་མཉམ་ཉིད་བསྒོམས་པས་དམིགས་པ་གྲོལ། །རྟོག་མེད་སྤྱོད་པས་ཉམ་ང་གྲོལ། །སྐྱེ་མེད་རྟོགས་པས་འཁོར་བ་གྲོལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་མཉམ་ཉིད་ངང་ལ་གཟིམས་ཙམ་ན། །ཉོན་མོངས་སྤངས་ནས་ཡེ་ཤེས་རྒྱས། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །མ་སྐུ་ཡི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དུ་སེངས་སེ་སེང་། །བདེ་ཆེན་ཀློང་དེར་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་མཉམ་ཉིད་ངང་ལས་བཞེངས་ཙམ་ན། །རྗེས་ཐོབ་རྟོགས་པའི་ཉམས་དང་ལྡན། །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་ཡི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །སྟོང་ཉིད་ངང་དུ་སེངས་སེ་སེང་། །བདེ་ཆེན་ཀློང་དེར་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ཤར་དུ་སྐྱོད་ཙམ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་ཡི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་ཆར་པ་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དེར་སེངས་སེ་སེང་། །བདེ་ཆེན་ཀློང་དེར་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ལྷོ་རུ་སྐྱོད་ཙམ་ན། །ཡོན་ཏན་རྫོགས་པའི་ཉམས་དང་ལྡན། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་ཡི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་ཀྱི་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དེར་སེངས་སེ་སེང་། །བདེ་ཆེན་ཀློང་དུ་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་ནུབ་ཏུ་སྐྱོད་ཙམ་ན། །སྐྱེ་མེད་དག་པའི་ཉམས་དང་ལྡན། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་ཡི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དེར་སེངས་སེ་སེང་། །བདེ་ཆེན་ཀློང་དུ་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་བྱང་དུ་སྐྱོད་ཙམ་ན། །དོན་འགག་པ་མེད་པའི་ཉམས་དང་ལྡན། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུའི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དེར་སེངས་སེ་སེང་། །བདེ་ཆེན་ཀློང་དེར་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དགོངས་པ་སྟེང་དུ་སྐྱོད་ཙམ་ན། །དོན་མཐའ་དབུས་མེད་པའི་ཉམས་དང་ལྡན། །བདེ་གཤེགས་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུའི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དེར་སེངས་སེ་སེང་། །བདེ་ཆེན་ཀློང་དུ་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་གཉན་ས་རི་ཁྲོད་འགྲིམ་ཙ་ན། །སྙེམས་བྱེད་རྟོག་པ་ཡ་ལ་ལ། །བདེ་སྟོང་རྒྱུད་ལ་ཁྲི་ལི་ལི། །ཌཱ་ཀི་མང་པོ་ཤིགས་སེ་ཤིག །སྐུའི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །སྟོང་ཉིད་ངང་དེར་སེངས་སེ་སེང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །བདེ་ཆེན་ཀློང་དེར་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་འགྲོ་བའི་དོན་ལ་སྐྱོད་ཙ་ན། །གནད་ཀྱི་གདམས་པ་ཤར་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །མཁའ་འགྲོ་མང་པོ་ཐིབས་སེ་ཐིབ། །སྐུའི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དེར་སེངས་སེ་སེང་། །བདེ་ཆེན་ཀློང་དུ་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་སྐྱེ་མེད་དབྱིངས་ལ་སྐྱོད་ཙ་ན། །གཟུང་འཛིན་གྱི་མདུད་པ་ཁྲོ་ལོ་ལོ། །ཉམས་དང་རྟོགས་པ་ཡ་ལ་ལ། །སྣང་བ་བན་མ་བུན་མ་ལ། །སྐུའི་གར་བྱེད་ཁྱུགས་སེ་ཁྱུག །ཉམས་དབྱངས་མགུར་མ་འུ་རུ་རུ། །བྱིན་རླབས་འོད་ཟེར་སྤུངས་སེ་སྤུང་། །དངོས་གྲུབ་ཆར་རྒྱུན་སི་ལི་ལི། །སྟོང་ཉིད་ངང་དེར་སེངས་སེ་སེང་། །བདེ་ཆེན་ཀློང་དུ་ཡ་ལ་ལ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །མ་དབྱིངས་ན་བསྐྱོད་པ་མི་མངའ་ཡང་། །དོན་འགག་མེད་ཤུགས་འབྱུང་ཐུགས་རྗེ་ཡིས། །རྫུ་འཕྲུལ་མྱུར་བར་འདིར་གཤེགས་ལ། །མ་རིག་འཁོར་བའི་སེམས་ཅན་ལ། །ངེས་པར་ཐུགས་རྗེས་གཟུང་དུ་གསོལ། །མ་རང་བཞིན་རྣམ་དག་ཐུགས་སུ་ཆུད། །ཐུགས་ནི་དབྱིངས་དང་མཐུན་པར་མཁྱེན། །ཐོག་མཐའ་གཉིས་པོ་གཞི་ལ་དབང་། །བདག་ཏུ་འཛིན་པ་རང་སར་གྲོལ། །མ་ངོ་བོ་ཉིད་ཀྱི་སྐུ་ལ་ཕྱག་འཚལ་ལོ། །མ་ཤེས་རབ་ནམ་མཁའི་དབྱིངས་ནས་ཤར། །སྤྱོད་ལམ་རྣམ་བཞི་རྟོག་མི་མངའ། །སྙེམས་མེད་ཉམ་ང་གཞི་ལ་དག །རྣམ་པར་རྟོག་པ་རང་སར་གྲོལ། །མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །མ་མངོན་ཤེས་དྲུག་པོ་ཤེས་བྱར་མཁྱེན། །ཟག་མེད་བདེ་སྟོང་རྒྱུད་ལ་སྐྱེ། །ཆགས་སྡང་གཉིས་པོ་གཞི་ལ་དག །ཟོལ་ཟོག་གཉིས་པོ་རང་སར་གྲོལ། །མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །སྐྱེ་བ་བུད་མེད་སྐུ་རུ་སྤྲུལ། །བཟང་ངན་མེད་པའི་འགྲོ་དོན་མཛད། །སྒོམ་མཚན་མར་འཛིན་པ་གཞི་ལ་དག །དགྲ་ཉིད་ལྷ་འདྲེ་རང་སར་གྲོལ། །མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་སེར་སྣ་མེད། །མ་སྦྱིན་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ཆགས་པ་མེད། །མ་ཚུལ་ཁྲིམས་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ཁོང་ཁྲོ་མེད། །མ་བཟོད་པ་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ལེ་ལོ་མེད། །མ་བརྩོན་འགྲུས་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་ཡེངས་པ་མེད། །མ་བསམ་གཏན་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཅིག་སྟོང་པ་ཉིད་ལ་གནས། །སྟོང་པ་ཉིད་ལ་གཏི་མུག་མེད། །མ་ཤེས་རབ་རྫོགས་ལ་ཕྱག་འཚལ་བསྟོད། །མ་ཕ་རོལ་ཕྱིན་དྲུག་སྐུ་ལ་བརྒྱན། །རྒྱན་བཟང་མ་ལ་ཕྱག་འཚལ་བསྟོད། །ཕཊ་ཕཊ། མ་སྒྲིབ་པ་དག་ནས་སེམས་ཉིད་རྟོགས། །མ་འཁོར་བ་སྤང་ལ་ཕྱག་འཚལ་བསྟོད། །མ་སྐྱེ་མེད་སྒོམ་ལས་མངོན་ཤེས་ཤར། །མ་ཤེས་རབ་ཅན་ལ་ཕྱག་འཚལ་བསྟོད། །མ་སྟོང་ཉིད་སྒོམ་ལས་ས་ལམ་རྫོགས། །མ་ཚོགས་གཉིས་རྫོགས་ལ་ཕྱག་འཚལ་བསྟོད། །མ་བདུད་རྣམས་བྱང་ཆུབ་ལམ་དུ་སློང་། །མ་རྟོགས་པ་ཅན་ལ་ཕྱག་འཚལ་བསྟོད། །མ་ལུས་སེམས་ཕྲལ་ནས་སྟོང་ཉིད་སྟོན། །མ་གདམས་ངག་ཅན་ལ་ཕྱག་འཚལ་བསྟོད། །མ་མན་ངག་ལུང་དང་བསྟུན་ནས་སྟོན། །སྒྲ་དོན་རྟོགས་ལ་ཕྱག་འཚལ་བསྟོད། །མ་གཉན་ས་འགྲིམས་པས་བགེགས་རྣམས་ཞི། །མ་མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །མ་ཉམས་འགྱུར་བཞེངས་ཀྱིན་ཡེ་ཤེས་བསྐྱེད། མ་བྱིན་རླབས་ཅན་ལ་ཕྱག་འཚལ་བསྟོད། །མ་ཞེན་ལོག་དགོས་འདོད་ཆར་ལྟར་འབྱུང་། །མ་དངོས་གྲུབ་ཅན་ལ་ཕྱག་འཚལ་ལོ། །མ་ཞབས་དྲུང་བསྡད་ན་ཐར་ལམ་སྟོན། །མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །སྐུ་ལ་བདེ་སྟོང་རྒྱུན་ཆད་མེད། །ཐུགས་ལ་འོད་གསལ་རྒྱུན་ཆད་མེད། །གསུང་ལ་ཉམས་དབྱངས་རྒྱུན་ཆད་མེད། །བུ་དད་མོས་སྙིང་ནས་གསོལ་བ་འདེབས། །མ་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །མ་རྟག་ཆད་ཀྱི་མཐའ་ལ་མི་གཟིགས་པས། །བཀའ་རྫོགས་པ་ཆེན་པོའི་སྒོ་རུ་ཞུགས། །ཐེག་དམན་ལོག་པ་ཟིལ་གྱིས་ནོན། །ཆོས་ལྟ་བའི་ཕུ་ཐག་ཆོད་པའི་མ། །བུ་དད་མོས་སྙིང་ནས་གསོལ་བ་འདེབས། །མ་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །བྱིང་རྒོད་ཀྱི་སྐྱོན་ལ་མི་འཇིགས་པས། །སྡུག་བསྔལ་ཞི་བྱེད་ཀྱི་སྒོ་རུ་ཞུགས། །ཉོན་མོངས་རྣམ་རྟོག་ཟིལ་གྱིས་ནོན། །མ་སྒོམ་མངོན་དུ་གྱུར་པའི་མ། །བུ་དད་མོས་སྙིང་ནས་གསོལ་བ་འདེབས། །མ་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །མ་བར་དོའི་རྐྱེན་ལ་མི་འཇིགས་པའི། །བདུད་ཀྱི་སྤྱོད་ཡུལ་སྒོ་རུ་ཞུགས། །ལོག་འདྲེན་གྱི་གདོན་བགེགས་ཟིལ་གྱིས་ནོན། །ཆོས་སྤྱོད་པ་ལམ་དུ་སློངས་པའི་མ། །བུ་དད་མོས་ཅན་ལ་ཐུགས་རྗེས་གཟིགས། །མ་བདག་འཛིན་འཁོར་བ་མི་འཇིགས་པའི། །འཁོར་འདས་རོ་གཅིག་སྒོ་རུ་ཞུགས། །རེ་དོགས་འཇིགས་པ་ཟིལ་གྱིས་ནོན། །འབྲས་བུ་ལྷུན་གྱིས་གྲུབ་པའི་མ། །བུ་དད་མོས་སྙིང་ནས་གསོལ་བ་འདེབས། །མ་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །མ་ངན་སོང་གསུམ་ལ་མི་འཇིགས་པའི། །ཆོས་དགེ་བ་བཅུ་ཡི་སྒོ་རུ་ཞུགས། །མི་དགེ་བཅུ་པོ་ཟིལ་གྱིས་ནོན། །དགེ་སྡིག་རང་སར་གྲོལ་བའི་མ། །བུ་དད་མོས་སྙིང་ནས་གསོལ་བ་འདེབས། །མ་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །མ་བག་ཆགས་དྲི་མས་མ་གོས་པའི། །ཆོས་སྐུ་དངོས་གཞིའི་སྒོ་རུ་ཞུགས། །སྐལ་མེད་སེམས་ཅན་ཟིལ་གྱིས་ནོན། །གདུལ་བྱ་སྨིན་གྲོལ་མཛད་པའི་མ། །བུ་དད་མོས་སྙིང་ནས་གསོལ་བ་འདེབས། །མ་ཐུགས་རྗེས་གཟིགས་ལ་བྱིན་གྱིས་རློབས། །མ་དམན་པའི་ལུས་ལ་རྒྱལ་བའི་ཐུགས། །ལུས་སྲོག་གཟན་དུ་བོར་ན་མ། །རིག་པ་གཞི་ལ་ཤར་བའི་མ། །དང་པོ་ལུས་སེམས་བསྐྱེད་པའི་མ། །བར་དུ་ལོངས་སྤྱོད་སྤེལ་བའི་མ། །ཐ་མར་སྐྱེ་མེད་རྟོགས་པའི་མ། །མ་བཞུགས་པའི་དུས་ན་དགའ་མ་ཚོར། །གཤེགས་པའི་དུས་ན་ཉམས་མ་དགའ། །སྐོམ་པ་ཆུ་ལ་གདུང་པ་བཞིན། །མ་ཡང་ཡང་དྲན་ནོ་ཐུགས་རྗེས་གཟིགས། །མ་སྤྲོས་བྲལ་མཁའ་ལྟར་དག་ལགས་ཀྱང་། །བུ་ད་དུང་རིག་པའི་རྩལ་མ་རྫོགས། །མ་གཉིས་མེད་རང་སར་གྲོལ་ལགས་ཀྱང་། །བུ་ད་དུང་སྙེམས་ཀྱི་ཐག་མ་ཆོད། །མ་དོན་གཉིས་ལྷུན་གྱིས་གྲུབ་ལགས་ཀྱང་། །བུ་ད་དུང་སྒྲོ་འདོགས་གཟུང་མ་ཆོད། །མ་མི་མངོན་དབྱིངས་ནས་གཟིགས་མཛོད་ལ། །ཐུགས་བརྩེ་བའི་བྱང་ཆུབ་སེམས་དཔའ་ཡི། །བདག་འགྲོ་དྲུག་སློབ་མར་བཅས་པ་རྣམས། །གནས་མཐོ་རིས་སྐམ་སར་མྱུར་དུ་དྲོངས། །རྐྱེན་མི་མཐུན་གྲོགས་སུ་གྱུར་པ་དང་། །བདུད་བར་དོ་ལམ་དུ་སློངས་པ་དང་། །སྙེམས་རྣམ་རྟོག་ཆོས་སྐུར་འཆར་བ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པ་རུ། །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །མཐར་སྐྱེ་མེད་རྒྱལ་སྲས་མཆོག་ཐོབ་ཤོག །ཕཊ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མ་དེ་ཡི་སྲས་མཆོག་རིན་པོ་ཆེ། །རྗེ་རྒྱལ་སྲས་ཆེན་པོ་གླང་ལུང་པ། །མ་ཡུམ་ཆེན་སྐུའི་བྱིན་བརླབས་པས། །སྐུ་མདངས་དང་ལྡན་ལ་གཟི་བརྗིད་ཆེ། །ཡུམ་ཆེན་གསུང་གིས་བྱིན་བརླབས་པས། །གསུང་ནུས་པ་འབར་ཞིང་གདམས་ངག་ཆེ། །ཡུམ་ཆེན་ཐུགས་ཀྱིས་བྱིན་བརླབས་པས། །ཐུགས་ལ་མཁྱེན་གཉིས་རབ་རྒྱས་པ། །ཡུམ་ཆེན་ཡོན་ཏན་ཞུགས་གྱུར་པས། །ཆོས་གདམས་པ་རིན་ཆེན་ཆར་ལྟར་འབེབས། །ཡུམ་ཆེན་ཕྲིན་ལས་ཞུགས་པ་ཡིས། །འགྲོ་རྣམས་སྐྱེ་མེད་དབྱིངས་སུ་འདྲེན་མཛད་པ། །རྗེ་ཡོན་ཏན་འབྱུང་གི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྗེ་ཐོགས་བཅས་བདུད་ཀྱི་དོན་རྟོགས་པས། །དངོས་པོ་སྒྱུ་མ་ལྟ་བུར་མཁྱེན། །ཐོགས་མེད་བདུད་ཀྱི་དོན་རྟོགས་པས། །ཉོན་མོངས་རང་སར་གྲོལ་བ་མཁྱེན། །དགའ་བྲོད་བདུད་ཀྱི་དོན་རྟོགས་པས། །ཡོན་ཏན་སེམས་སུ་སྙམ་པར་མཁྱེན། །སྙེམས་བྱེད་བདུད་ཀྱི་དོན་རྟོགས་པས། །འཁོར་བ་རང་སར་གྲོལ་བར་མཁྱེན། །རྗེ་མཁྱེན་པ་ཀུན་ལྡན་གྱི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཡུམ་ཆེན་སྲས་སུ་གྱུར་པའི་རིགས་རྒྱུད་ཅན། །འཁོར་འདས་གཉིས་མེད་རྟོགས་པའི་ལྟ་བ་ཅན། །སེམས་འཛིན་སྤྲོས་དང་བྲལ་བའི་སྒོམ་པ་ཅན། །ཆོས་བརྒྱད་གཞི་ལྟར་ལྟ་བའི་སྤྱོད་པ་ཅན། །རེ་དོགས་ཀུན་བྲལ་རང་གནས་ཅན། །སྒྲོ་འདོགས་སེམས་སུ་ཆོད་པའི་ཐོས་པ་ཅན། །ཞེ་འདོད་དམིགས་པ་ཡངས་པའི་མཁྱེན་པ་ཅན། །དངོས་གྲུབ་ཆར་ལྟར་འབབ་པའི་བྱིན་རླབས་ཅན། །རླུང་སེམས་ལས་སུ་རུང་བའི་རྫུ་འཕྲུལ་ཅན། །ཁ་བ་ཅན་དུ་གྲགས་པའི་ཐོས་པ་ཅན། །འགྲོ་ཀུན་བདེ་ཅན་ངང་དུ་འགོད་མཛད་པའི། །རྗེ་ཡོན་ཏན་ཀུན་འབྱུང་གི་གླང་ལུང་པ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འཁྲུལ་པ་རང་སར་དག་པར་བྱིན་གྱིས་རློབས། །ཉོན་མོངས་ཡེ་ཤེས་སུ་འཆར་བ་བྱིན་གྱིས་རློབས། །བར་ཆད་ལམ་དུ་སློངས་པར་བྱིན་གྱིས་རློབས། །རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །རྣམ་རྟོག་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་འཆར་བར་བྱིན་གྱིས་རློབས། །སྐུ་གསུམ་མངོན་དུ་འཆར་བར་བྱིན་གྱིས་རློབས། །ཕཊ།
དེ་ནས་གཤེགས་པར་བྱ་བ་ནི། བདེ་གཤེགས་སེམས་ལ་རྙེད་པ་དེ། །རྩ་བའི་བླ་མར་མ་ཤེས་པའི། །དངོས་གྲུབ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་རྩ་བ་ཆོད་པ་དེ། །ཆོས་སྐུ་ཡིན་པར་མ་ཤེས་ན། །སངས་རྒྱས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རྣམ་རྟོག་རང་བཞིན་ཤེས་པ་དེ། །སྐྱེ་མེད་ཡིན་པར་མ་ཤེས་ན། །གཉེན་པོ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །རང་སེམས་ཡིད་བཞིན་ནོར་བུ་ལ། །དགོས་འདོད་འབྱུང་པར་མ་ཤེས་ན། །འབད་རྩོལ་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ང་བདག་རྩ་བ་ཆོད་པ་དེ། །སྙེམས་བྱེད་རྩ་བ་མ་ཤེས་ན། །དགྲ་བགེགས་གཞན་དུ་བཙལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་ཐམས་ཅད་དེ། །ཕ་མ་ཡིན་པར་མ་ཤེས་ནས། །གཞན་ལ་གནོད་པ་བསྐྱལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །གདམས་པ་བདུད་ཀྱི་གཅོད་ཡུལ་དེ། །སྣོད་ལྡན་གཅིག་པར་མ་ཤེས་ནས། །རྒྱལ་ཁམས་ཡོངས་ལ་སྤེལ་བ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཕཊ།
དེ་ནས་བྲོ་འཁྲབ་པ་ནི། བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་སྦྱིན་པ་ཆེན་པོའི་བྲོ། །སྦྱིན་པ་ཆེན་པོའི་བྲོ་བརྡུངས་པས། །དགྲ་སེར་སྣའི་མགོ་ལ་ཆེམས་སེ་ཆེམ། །ཕྱི་སྟོང་པ་ཉིད་དུ་སེངས་སེ་སེང་། །ནང་བདེ་བ་ཆེན་པོར་ཡ་ལ་ལ། །བར་མཉམ་པ་ཉིད་དུ་ཕི་ལི་ལི། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཚུལ་ཁྲིམས་ཆེན་པོའི་བྲོ། །ཚུལ་ཁྲིམས་ཆེན་པོའི་བྲོ་བརྡུངས་པས། །དགྲ་འཆལ་པའི་མགོ་ལ་ཆེམས་སེ་ཆེམ། །ཕྱི་སྟོང་པ་ཉིད་དུ་སེངས་སེ་སེང་། །ནང་བདེ་བ་ཆེན་པོར་ཡ་ལ་ལ། །བར་མཉམ་པ་ཉིད་དུ་ཕི་ལི་ལི། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་བཟོད་པ་ཆེན་པོའི་བྲོ། །བཟོད་པ་ཆེན་པོའི་བྲོ་བརྡུངས་པས། །དགྲ་ཁོང་ཁྲོའི་མགོ་ལ་ཆེམས་སེ་ཆེམ། །ཕྱི་སྟོང་པ་ཉིད་དུ་སེངས་སེ་སེང་། །ནང་བདེ་བ་ཆེན་པོར་ཡ་ལ་ལ། །བར་མཉམ་པ་ཉིད་དུ་ཕི་ལི་ལི། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་བརྩོན་འགྲུས་ཆེན་པོའི་བྲོ། །བརྩོན་འགྲུས་ཆེན་པོའི་བྲོ་བརྡུངས་པས། །དགྲ་ལེ་ལོའི་མགོ་ལ་ཆེམས་སེ་ཆེམ། །ཕྱི་སྟོང་པ་ཉིད་དུ་སེངས་སེ་སེང་། །ནང་བདེ་བ་ཆེན་པོར་ཡ་ལ་ལ། །བར་མཉམ་པ་ཉིད་དུ་ཕི་ལི་ལི། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་བསམ་གཏན་ཆེན་པོའི་བྲོ། །བསམ་གཏན་ཆེན་པོའི་བྲོ་བརྡུངས་པས། །དགྲ་གཡེང་པའི་མགོ་ལ་ཆེམས་སེ་ཆེམ། །ཕྱི་སྟོང་པ་ཉིད་དུ་སེངས་སེ་སེང་། །ནང་བདེ་བ་ཆེན་པོར་ཡ་ལ་ལ། །བར་མཉམ་པ་ཉིད་དུ་ཕི་ལི་ལི། །བྲོ་འདི་གང་དང་གང་གི་བྲོ། །བྲོ་འདི་ཤེས་རབ་ཆེན་པོའི་བྲོ། །ཤེས་རབ་ཆེན་པོའི་བྲོ་བརྡུངས་པས། །དགྲ་གཏི་མུག་གི་མགོ་ལ་ཆེམས་སེ་ཆེམ། །ཕྱི་སྟོང་པ་ཉིད་དུ་སེངས་སེ་སེང་། །ནང་བདེ་བ་ཆེན་པོར་ཡ་ལ་ལ། །བར་མཉམ་པ་ཉིད་དུ་ཕི་ལི་ལི། །ཞེས་དཔའ་བོས་བྲོ་འཁྲབ་པས་གདོན་བགེགས་ཐལ་བའི་རྡུལ་དུ་བརླག་པར་བསམ། གྷུ་དྷ།
ན་མོ་གུ་རུ། རང་རིག་ཡུམ་ཆེན་ཡེ་ཤེས་ངོ་བོ་ཉིད། ཡེ་ཤེས་ལྔ་ཡི་རང་བཞིན་མཁའ་འགྲོའི་ཚོགས་དང་བཅས་ནས་བརྒྱུད་ནས་དེ་མཉེས་པའི་མཆོད་པའི་ཚོགས་ཅུང་ཞིག་བརྩམ་པར་བྱ། དེ་ལ་སློབ་དཔོན་དང་སློབ་མས་ཇི་སྐད་བཤད་པའི་མཚན་ཉིད་ཚོགས་ནས་དངོས་འབྱོར་བཤམ་སྤྲུལ་ཏིང་འཛིན་བསྐྱེད་བྱས་ལ། གནས་ཆོས་དབྱིངས་རྣམ་དག་གི་གཞལ་ཡས་ནས། །ཡུམ་ཆེན་ཕར་ཕྱིན་རིན་པོ་ཆེ། །ཁོང་དཔའ་བོ་མཁའ་འགྲོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་གཏོར་མ་བཞེས། །ཚོགས་ཁང་གཞལ་ཡས་ཕོ་བྲང་འདིར། །ཨོ་རྒྱན་ཡུལ་གྱི་གནས་སུ་བྱིན་གྱིས་རློབས། །ཚོགས་དང་གཏོར་མ་རྒྱ་ཆེན་འདི། །ཟག་མེད་བདུད་རྩིར་བྱིན་གྱིས་རློབས། །འདིར་ཚོགས་ཀྱི་རྣལ་འབྱོར་ཕོ་མོ་ཀུན། །དཔའ་བོ་དཔའ་མོར་བྱིན་གྱིས་རློབས། །མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཌཱ་ཀི་མ། །ཡང་དག་བདེ་ཆེན་གྱི་མཁའ་འགྲོ་འབུམ། །མ་ཅིག་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེ་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་གྱི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་དབུས་ཕྱོགས་དེ་བཞིན་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། །རིགས་ལྔ་འགྲོ་དོན་བྱེད་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེ་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཅིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ནི། །འདུ་བྱེད་ལྔ་བཅུ་དག་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །ཁ་ཊྭཱཾ་རྩེ་གསུམ་གྲུ་ཁུག་བཅུག་པ་ནི། །ཁམས་གསུམ་དབང་དུ་སྡུད་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ཐོད་པ་གསུམ་བརྩེགས་རབ་ཏུ་བརྒྱན། །སྲིད་གསུམ་ཟིལ་གྱིས་གནོན་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ཌཱ་རུ་ཅང་ཏེའུ་གསེར་གྱི་དྲིལ་ཆུང་ཅན། །དོན་དམ་སྙན་བརྒྱུད་སྟོན་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་དར་གྱི་འཕུར་ལྡས་རབ་ཏུ་བརྒྱན་པ་འདི། །མཁའ་ལ་འགྲོ་ཞིང་འགྲིམ་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་གྱི་མཁའ་འགྲོ་འབུམ། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མ་ཡེ་ཤེས་མཁའ་འགྲོ་ཨུ་རྒྱན་མཁའ་འགྲོ་དང་། །ཐམས་ཅད་མཁའ་འགྲོ་སྣ་ཚོགས་མཁའ་འགྲོ་རྣམས། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །མཁའ་ལ་འགྲོ་བའི་མཁའ་འགྲོ་དང་། །དབྱིངས་ན་བཞུགས་པའི་ཐུགས་འགྲོ་དང་། །དེ་འོག་ཞིང་སྐྱོང་མཁའ་འགྲོའི་ཚོགས། །མ་གནས་འདིར་བྱོན་ལ་ཐུགས་རྗེས་གཟིགས། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་བཞུགས་སུ་གསོལ། །ཚོགས་ཁང་འདི་ལ་བྱིན་གྱིས་རློབས། །མཎྜལ་འདི་ལ་རྟེན་ཞིག་འཆོལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །མར་མེ་འདི་ལ་མདངས་ཤིག་ཕྱུང་། །སློབ་མ་འདི་ལ་དབང་ཞིག་སྐུར། །ཕཊ། ཨོཾ་ཨཱཿཧཱུྃ། དཀར་པོ་ཨོཾ་གྱིས་བྱིན་གྱིས་བརླབས། །དཀར་པོ་ཨོཾ་གྱིས་བྱིན་བརླབས་པས། །གཞོང་པ་ཉི་ཟླའི་དཀྱིལ་འཁོར་དུ། །ཚོགས་ཀྱང་འོད་ཀྱིས་ལྟེམ་གྱིས་གང་། །འོད་ཕུང་འབར་བའི་འཕྲོ་འདུ་འོད་ཟེར་གྱིས། །འདོད་ཡོན་མཉེས་ཚིམ་མཆོད་པར་སྦྱར། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་མཉེས་གྱུར་ཅིག །རྒྱལ་བ་རྒྱ་མཚོ་དགྱེས་གྱུར་ཅིག །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །དམར་པོ་ཨཱཿཡིས་བྱིན་བརླབས་པས། །ཚོགས་ཀྱང་འོད་ཀྱི་ལྟེམ་གྱིས་གང་། །འོད་ཕུང་འབར་བའི་འཕྲོ་འདུ་ཡིས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་མཉེས་གྱུར་ཅིག །རྒྱལ་བའི་དཀྱིལ་འཁོར་དགྱེས་གྱུར་ཅིག །དམ་ཅན་སྲུང་མའི་ཚོགས་རྣམས་བསྐང་གྱུར་ཅིག །སྔོན་པོ་ཧཱུྃ་གིས་བྱིན་གྱིས་རློབས། །སྔོན་པོ་ཧཱུྃ་གིས་བྱིན་བརླབས་པས། །གཞོང་པ་ཉི་ཟླའི་དཀྱིལ་འཁོར་དུ། །ཚོགས་རྣམས་འོད་ཀྱིས་ལྟེམ་གྱིས་གང་། །འོད་ཕུང་འབར་བའི་འཕྲོ་འདུ་ཡིས། །བླ་མ་ཡི་དམ་མཁའ་འགྲོ་ཚོགས་རྣམས་མཉེས་གྱུར་ཅིག །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགྱེས་གྱུར་ཅིག །དམ་ཅན་སྲུང་མའི་ཚོགས་རྣམས་ཐུགས་དམ་བསྐང་གྱུར་ཅིག །མ་ཡེ་ཤེས་མཁའ་འགྲོ་ཨུ་རྒྱན་མཁའ་འགྲོ་དང་། །སྣ་ཚོགས་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་རྣམས། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་ཁོ་ན་ཉིད་ཀྱི་ཚོགས་ལ་རོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་མཉེས་གྱུར་ཅིག །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་དགྱེས་གྱུར་ཅིག །དམ་ཅན་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག །ཅེས་ཚོགས་འབུལ་ཞིང་བཏབ་བོ། །གཏོར་མ་བསྔོ་ཞིང་གསོལ་བ་བཏབ་བཤགས་པ་བྱེད་ཅིང་བཀྲ་ཤིས་བརྗོད། སྨོན་ལམ་གདབ་ཅིང་བསྔོ་བ་བྱེད་པའོ། །གསོལ་འདེབས་ཚོགས་འཁོར་གསལ་བར་བཀོད་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཀྲ་ཤིས་པར་གྱུར་ཅིག །
༈ ཤར་ཕྱོགས་ཡེ་ཤེས་རྡོ་རྗེ་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ནུབ་ཕྱོགས་པདྨ་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །
མི་མགོ་གསུམ་རྩེགས་རབ་ཏུ་འབར་བས་བརྒྱན་པ་ནི། །དུས་གསུམ་འགྲོ་དོན་མཛད་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཐོད་པ་སྐམ་རློན་ལྔ་ཡིས་དབུ་རྒྱན་མཛད་པ་ནི། །རིགས་ལྔ་དབུ་ལ་བརྒྱན་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཐོད་པ་སྐམ་རློན་ལྔ་བཅུ་རྩ་གཅིག་དོ་ཤལ་མཛད་པ་ནི། །འཁྲུལ་པའི་འདུ་བྱེད་ལྔ་བཅུ་རྩ་གཅིག་བསད་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཁ་ཊྭཱཾ་རྩེ་གསུམ་རབ་ཏུ་བརྒྱན་པ་ནི། །སྟོང་གསུམ་ཟིལ་གྱིས་གནོན་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །ཌ་རུ་ཅང་ཏེའུ་གསེར་གྱི་རྔེའུ་ཆུང་ཅན། །དོན་དམ་སྙན་བརྒྱུད་འཛིན་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །དར་གྱི་ཕུར་ལྕེས་རབ་ཏུ་བརྒྱན་པ་ནི། །འཕྲི་ཞིང་ཡུལ་ཡང་འགྲིམ་པའི་ཌཱ་ཀི་མ། །ཡང་དག་བདེ་ཆེན་བསྐྱེད་པའི་མཁའ་འགྲོ་མ། །དད་མོས་དྲག་པོའི་སྟོབས་ཀྱིས་གསོལ་བ་འདེབས། །ཐུགས་རྗེའི་འབྲི་ཀོལ་མེད་པར་དགོངས་མཛོད་ལ། །ལས་ཅན་ཕོ་མོ་རྣམས་ལ་བྱིན་གྱིས་རློབས། །དོན་ལྡན་སྐྱེས་བུ་རྣམས་ལ་བཅུད་དུ་ཕོབ། །མ་ཤར་དུ་གོམ་གསུམ་བྱོན་པའི་ཚེ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྐུ་མདོག་དཀར་མོ་འབུམ་གྱིས་བསྐོར། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཐུགས་རྗེས་ཟུང་ཞིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །སྣང་པའི་ན་བུན་ཡ་ལ་ལ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཅང་ཏེའུ་པི་ཝང་ལྷངས་སེ་ལྷང་། །རྔ་སྒྲ་དུང་སྒྲ་དི་རི་རི། །དར་གྱི་རྒྱན་ཆ་ལྷུབས་སེ་ལྷུབ། །མི་རྐང་གླིང་བུ་པུ་རུ་རུ། །ཤ་ཆེན་དུད་པ་ཐུ་ལུ་ལུ། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ལྷོ་རུ་གོམ་གསུམ་བྱོན་པའི་ཚེ། །སྐུ་མདོག་སེར་མོ་འོད་ཟེར་འབར། །སྐུ་མདོག་སེར་མོ་འབུམ་གྱིས་བསྐོར། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་ཟུང་ཞིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །སྣང་བའི་ན་བུན་ཡ་ལ་ལ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཅང་ཏེའུ་པི་ཝང་ལྷངས་སེ་ལྷང་། །རྔ་སྒྲ་དུང་སྒྲ་དི་རི་རི། །དར་གྱི་རྒྱན་ཆ་ལྷུབས་སེ་ལྷུབ། །མི་རྐང་གླིང་བུ་པུ་རུ་རུ། །ཤ་ཆེན་དུད་པ་ཐུ་ལུ་ལུ། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ནུབ་ནས་གོམ་གསུམ་བྱོན་པའི་ཚེ། །སྐུ་མདོག་དམར་པོ་འབུམ་གྱིས་བསྐོར། །མ་སྤྱི་གཙུག་རྒྱན་དུ་བཞུགས་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་ཟུང་ཞིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །སྣང་བའི་ན་བུན་ཐུ་ལུ་ལུ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཅང་ཏེའུ་པི་ཝང་ལྷངས་སེ་ལྷང་། །རྔ་སྒྲ་དུང་སྒྲ་དི་རི་རི། །དར་གྱི་རྒྱན་ཆ་ལྷུབས་སེ་ལྷུབ། །མི་རྐང་གླིང་བུ་པུ་རུ་རུ། །ཤ་ཆེན་དུད་པ་ཐུ་ལུ་ལུ། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་བྱང་དུ་གོམ་གསུམ་བྱོན་པའི་ཚེ། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །སྐུ་མདོག་ལྗང་མོ་འབུམ་གྱིས་བསྐོར། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཐུགས་རྗེས་ཟུང་ཞིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །སྣང་པའི་ན་བུན་ཡ་ལ་ལ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཅང་ཏེའུ་པི་ཝང་ལྷངས་སེ་ལྷང་། །རྔ་སྒྲ་དུང་སྒྲ་དི་རི་རི། །དར་གྱི་རྒྱན་ཆ་ལྷུབས་སེ་ལྷུབ། །མི་རྐང་གླིང་བུ་པུ་རུ་རུ། །ཤ་ཆེན་དུད་པ་ཐུ་ལུ་ལུ། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་སྟེང་དུ་གོམ་གསུམ་བྱོན་པའི་ཚེ། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །སྐུ་མདོག་སྔོན་མོ་འབུམ་གྱིས་བསྐོར། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཐུགས་རྗེས་ཟུང་ཞིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །སྣང་བའི་ན་བུན་ཡ་ལ་ལ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །ཅང་ཏེའུ་པི་ཝང་ལྷངས་སེ་ལྷང་། །རྔ་སྒྲ་དུང་སྒྲ་དི་རི་རི། །དར་གྱི་རྒྱན་ཆ་ལྷུབས་སེ་ལྷུབ། །མི་རྐང་གླིང་བུ་པུ་རུ་རུ། །ཤ་ཆེན་དུད་པ་ཐུ་ལུ་ལུ། །མ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་ཐུགས་རྗེས་ཟུང་ཞིག་མ་ཅིག་མ། །ལམ་སྣ་དྲོངས་ཤིག་མ་ཅིག་མ། །བར་ཆད་སོལ་ཅིག་མ་ཅིག་མ། །དང་པོ་རང་ཉིད་རྟེན་སར་འགྲོ་དུས་སུ། དུང་ཞིག་འབུད་ཕཊ་ཅིག་བྱ། རང་རིག་པའི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་གྱུར་ནས་སྐད་ཅིག་གིས་བར་སྣང་ལ་མདའ་འཕང་པ་བཞིན་སོང་ནས་ཕ་རོལ་གཉན་སའི་ལྷ་འདྲེ་འཁོར་དང་བཅས་ཏེ། བལ་འདབ་ལྟེབས་མནན་པ་བཞིན་རང་དབང་མེད་པར་ཐིབས་ཀྱིས་མནན་ནས་ཡོད་པར་བསམ། ས་དེར་དཔེར་ན་བྲང་འཛིན་བཏང་བ་ལྟ་བུ་ཡིན། དེ་ནས་གཉན་ས་དེར་ཕྱིན་པ་དང་། རང་ཉིད་རྗེ་བཙུན་མ་ཁྲོས་མ་ནག་མོ་གཅེར་བུ་རུས་པས་བརྒྱན་པ། ཤིན་ཏུ་འཇིགས་པ་རྔམ་པ་རི་རབ་ཙམ་ཞིག་ཏུ་བསམ་ལ། བྲོ་འཁྲབ་ཅིང་རྒྱུག་རྒྱུག་པའི་དུས་སུ་རང་སྐྱི་ཟིང་པའམ། འཇིགས་ནུབ་པའམ། ཉམས་དགའ་བའམ། ཉམས་སྔར་མི་འདྲ་བ་ཞིག་བྱུང་བ་དེ། གར་ཡིན་དེར་གཉན་དམིགས་ཡིན་པས་དེར་ཉལ་ལོ། །ཕྱོགས་བཞིར་ཐོ་བཞི་བརྩེགས་ལ། རྗེ་བཙུན་མ་སྔར་འདྲ་བཞི་རུ་བསམ་ལ། དེའི་རྫུ་འཕྲུལ་ལས་འོད་ཟེར་གྲངས་མེད་པ་འཕྲོས་ནས་སྟོང་གསུམ་གྱི་ལྷ་འདྲེ་ཐམས་ཅད་བསྡུས་ནས་གཉན་ས་དེ་རུ་ཡོད་པར་བསམ་ལ། འཁོར་བ་མ་སྟོང་བར་བདག་དང་མི་འབྲལ་བར་བསམ། ཡང་རང་ཉིད་སེང་གེ་རྔམ་བརྗིད་ཅན་མགོ་བོ་རི་རབ་རྩེ་མོ་ཕྱུང་། རྔམ་པས་རྔ་མས་ལུང་པའི་མདོ་གསུམ་མནན། རྩིབ་ལོགས་གཡས་གཡོན་གྱིས་ལུང་པའི་གཡས་གཡོན་མནན་པར་བསམ། དེ་ནས་ལུས་གནད་བཅའོ། །སྐྱབས་འགྲོ་སེམས་བསྐྱེད་བྱ། གཉན་ས་ཆོད་མ་ཆོད་གང་ཡང་རུང་པ་ལ་ཁྱད་པར་མ་ཆོད་པ་ལ་གཅེས། གཉན་ནེས་ཏིག་ནས་ལ་ཁ་མིག་རྒྱང་གང་ཙམ་ལ་བདག་ཉིད་ཀྱིས་ཕྱིར་བལྟས་ལ་ཕཊ་བྱས་པས་རང་ཉིད་མ་ཇོའི་ཐུགས་ཀ་ནས་གཉན་སའི་གཞི་བདག་དང་བཅས་པ་གཞལ་ཡས་ཁང་དུ་ཚུད་པར་བསམ། ཡང་ཕཊ་བྱས་པས་གཞལ་ཡས་ཁང་སྒོ་འདན་པར་བསམ། དམིགས་པ་སྒོ་གཏན་ལྟ་བུའི་མན་ངག་གོ །
༈ བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྡང་དགྲ་གནོད་བྱེད་བར་ཆད་གསུམ་འཇུག་པ་སྐྱབས་འགྲོ་སྤྱི་དང་མཐུན། གོང་བཞིན་ཉམས་སུ་ལྡན་པའི་རིམ་པ་ལ། སྤྱི་གཙུག་དཔག་ཚད་ཅིག་གིས་བཅད་པའི་སར་རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་བྱི་རུའི་མདོག་འདྲ་བ། སྐུ་གར་སྟབས་ཀྱིས་ཚུལ། ཡེ་ཤེས་ཀྱི་སྤྱན་ལྔ་ཤར་བ། སྤྱན་གསུམ་ཁྲོ་བོའི་ཚུལ་དུ་གཟིགས་པ། ཞབས་དཀྱིལ་དུ་སྤྱན་གཉིས་དོད་པ། གིང་དང་ས་སི་ལ་གཟིགས་པ། མི་མགོ་གསུམ་ཐོད་ཚལ་དབུ་ལ་བརྒྱན་པ། མི་མགོ་ལྔའི་དབུ་འཆིང་བྱས་པ། ཐོད་པ་ལྔ་བཅུ་རྩ་གཅིག་ལ་དོ་ཤལ་བྱས་པ། ཁ་ཊྭཱཾ་རྩེ་གསུམ་གྱི་རྒྱན་གྱིས་སྤྲས་པ། ཐོད་སྐམ་རློན་གསུམ་གྱིས་བརྒྱན་པ། ཕྱག་གཡས་པ་རྡོ་རྗེ་གྲི་གུག་འཕྱར་བ། གཡོན་ན་ཀ་པཱ་ལ་དམར་ལམ་མེ་བ་ཞིག་བསྣམས་པ། འཁོར་མཁའ་འགྲོ་མ་གྲངས་མེད་པས་བསྐོར་བ། ཕྱག་གཡས་ན་ཐོད་པའི་ཌ་མ་རུ་དཀྲོལ་བ། གཡོན་རྐང་དུང་འབུད། སྐུ་གར་སྟབས་ཀྱི་ཚུལ། འཁོར་དེ་འདྲ་གྲངས་མེད་པས་བསྐོར་བ། གཡོན་ན་ཇོ་མོ་ལབ་ཀྱི་སྒྲོན་མ་སྐུ་མདོག་དུང་ཕྱིས་པ་འདྲ་བ་གྲངས་མེད་པས་བསྐོར་བ། སྐུ་ཤ་རྒྱས་པ་ནི་བཅུ་དྲུག་ལོན་ཚོད། དབུ་སྐྲ་སིལ་མ་སོག་རྒྱབ་ན་སླེབས་པ། གཡས་ན་ཐོད་པའི་ཌ་རུ་དཀྲོལ་བ། གཡོན་ན་དྲིལ་བུ་གཡེར་ཁ་བསྣམས་པ། མཁའ་འགྲོ་མ་དེ་འདྲ་གྲངས་མེད་པས་བསྐོར་བ། དེའི་རྒྱབ་ན་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ནི། སྐུ་མདོག་སེར་པོའི་རང་བཞིན་དུ་ཡོད་པ། ཕྱག་མཚན་གོང་དང་འདྲ་བའོ། །དེའི་རྒྱབ་ཀྱི་དབུས་ན་དེ་བཞིན་རིགས་ཀྱི་མཁའ་འགྲོ་མ་སེར་མོ་འབུམ། ཤར་ཕྱོགས་ན་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་དཀར་མོ་འབུམ། ལྷོ་ཕྱོགས་ན་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སེར་མོ་འབུམ། ནུབ་ཕྱོགས་ན་པདྨ་རིགས་ཀྱི་མཁའ་འགྲོ་མ་དམར་མོ་འབུམ། བྱང་ཕྱོགས་ན་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ལྗང་མོ་འབུམ། ཕྱག་མཚན་གོང་ལྟར་རོ། །དེ་རྣམས་ལ་མོས་གུས་དུང་དུང་པ་ཞིག་བསྒོམ། གསོལ་བ་གདབ་བྱིན་རླབས་ཀྱིས་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཆུ་བོ་ལ་སོགས་གོང་དང་མཐུན། ཚོགས་ཀྱི་དུས་ལ་གཏོར་མ་གསུམ་བྱས། ཡང་གཅིག་ལ་མ་སྦྱངས་གསུམ། དབུ་ཟླུམ་ལ་གཡས་གཡོན་གཉིས་ན་ཟུར་གསུམ་སྟེ། གཡས་ཡི་དམ། དབུས་བླ་མ། གཡོན་མཁའ་འགྲོ་གསུམ་དུ་བསྐྱེད། ཚོགས་ཀྱི་གཏོར་མ་ཅི་འཛོམས་ལ། ཐོད་པ་གཏོར་གཞོང་གཉིས་སུ་ཕྱི་རིན་ཆེན་སྣ་ལྔ་ལས་གྲུབ་པ། ཕྱི་དཀར་ལ་ནང་དམར་བ། ཕྱག་མཚན་གྲི་གུག་གིས་བདག་གི་མཆིན་ཁྲི་ཡན་ཆད་འཁོར་རེ་ལ་གཏོར་མའི་ནང་ན་ཡར་ཞུགས་པར་བསམ། ཕཊ་གཅིག་ཡི་དམ། གཉིས་བླ་མ། གསུམ་མཁའ་འགྲོ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ། རིགས་ལྔ་མཁའ་འགྲོ་མ། མཆིན་ཁྲི་མན་ཆད། རྡོ་རྗེ་གྲི་གུག་གིས་གཏུབས་ནས་གཏོར་མའི་ནང་བཙལ་ནས། ཨོཾ་ཨཱཿཧཱུྃ། ན་ག་ཨུ་ཙ་ཏ་ཡ་ཕཊ་ཅེས་པ་ལན་གསུམ་བརྗོད་ལ། འདོད་པའི་ཡོན་ཏན་ལོངས་སྤྱོད་ལྔ་དང་ལྡན་པར་དམིགས་ལ་བར་གཅོད་པའི་བགེགས་རིགས་རྣམས་སྦྱིན་པས་མཉེས་ནས་མཐའི་ལྕགས་རི་བྲིས་པར་དམིགས། སྐྱབས་འགྲོ་སེམས་བསྐྱེད་གོང་དང་འདྲ། སེམས་བསྐྱེད་ནམ་མཁའ་སྒོ་འབྱེད་ལ། རྡོ་རྗེ་སྐྱིལ་ཀྲུང་ཡང་ན་བཞེངས་ནས་ཐལ་མོ་སྤྱི་བོར་སྦྱར་ལ། ཡང་ཅིག་སྐྱིལ་ཀྲུང་ས་གནོན་བྱས་ལ། དབྱིངས་རིག་ལུས་ཤ་འཁྱེར་ཁྲག་འཁྱེར་རོ། །གཉན་སར་འགྲོ་བའི་དུས་སུ་རང་གི་གབ་ཆ་ཁྲེས་པོ་ལ་སོགས་སྒོར་ཕྱུང་ལ། ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་རང་གི་རིག་པའི་ངོ་བོ་འདི། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་དམིགས་ལ། ཕཊ་གཅིག་གིས་རྩེ་གསུམ་བུད། ཕཊ་གཉིས་ཀྱིས་རྩེ་དྲུག །ཕཊ་གསུམ་གྱིས་རྩེ་དགུ་བུད། རང་གི་གར་དམིགས་གྲོལ། དེ་སྟེང་རྒྱབ་ལོགས་གཞི་བདག་རྣམས་རྡོ་རྗེའི་འོད་ཟེར་གྱི་མཐའི་མུན་རུབ་ཚུན་ཆད་ཆོད་པར་བསམ། བྱིན་གྱིས་བརླབས་ནས་དྭངས་མས་བླ་མ་མཉེས། ཁུ་བས་དཔལ་མགོན་དམ་ཅན་བསྐང་། རྩིབ་མས་འདོད་ཡོན་ལྷ་སྲིན་སྡེ་བརྒྱད་ཞི། ལྷག་མས་རིགས་དྲུག་སེམས་ཅན་ཚིམས་ནས་འགྲོ་བ་རིགས་དྲུག་རྗེ་བཙུན་གཉིས་མེད་དུ་གྱུར། མདུན་དུ་བྲམ་ཟེའི་བམ་ཞིག་དངོས་གྲུབ་ཏུ་བཅའ། རྗེ་བཙུན་མས་ཐོད་པ་བཅད་ནས་གོང་གི་གཞལ་ཡས་ནང་དུ་བཞུགས་ནས་འོད་དུ་ཞུ་ནས་གཉིས་སུ་མེད་པར་གྱུར། གྲི་གུག་གིས་བྲམ་ཟེའི་བམ་བླངས་ནས་བནྡྷའི་ནང་དུ་བཅུག་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས་གང་བས་འབོ་ས་མེད་པར་དམིགས། ཚར་ནས་ཚུར་འོང་པའི་དུས་སུ་རྗེས་ཤེས་ནི་ཁྲེས་པོ་བྱ་ལ་མཆོད་གཏོར་བཏང་། ཉལ་ས་བཤིག་སྨོན་ལམ་བཏབ་ལ། རང་གི་རིག་པའི་ངོ་བོ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་དམིགས་པས་ཕཊ་གཅིག་བྱས་པས་རྩེ་གསུམ་བུད། ཕཊ་གཉིས་བྱས་ཏེ་ལྔ་བུད། ས་འོག་ནས་ཉི་མ་ཤར་བ་བཞིན་དུ། འདུག་པའི་གཞི་ལ་སོགས་ཐམས་ཅད་མུན་པའི་སྡུག་བསྔལ་ལས་ཐར་བར་དམིགས། ལུས་འདོད་ཡོན་ལྔ་སྤྲུལ། གནས་མཚམས་ཀྱི་ཚོམ་བུ་བཞིན་ལ་དགའ། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དད་པ་སྐྱེས་ལ་མོས་གུས་བསྒོམ། མཆོད་པ་འབུལ་གསོལ་བ་བཏབ། དེའི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ན་ཡེ་ཤེས་ཀྱི་ཆུ་བོ་བསམ་གྱིས་མི་ཁྱབ་པ་བྱུང་ནས་སྒྲིབ་གཉིས་སངས་ཀྱིས་དག་པར་བསྐྱེད། བདག་གཞན་གཉིས་སུ་མེད་པར་གྱུར་པར་བསམ། མི་དམིགས་པའི་རྒྱས་བཏབ། གཉན་ཁྲོད་འགྲིམ་པའི་རྣལ་འབྱོར་པས་གླང་པོ་ཆེ་གདན་དུ་མི་བཅུག་ས་བདག་རྒྱལ་རིགས་མི་བསྐྲད། བྲོས་པ་རི་བོ་ཆེན་པོ་ལ་དུས་མི་གདབ། གཉན་ས་འགྲིམ་ཚེ་བྲེལ་པོ་བྱུང་ན། ཁྱིམ་དུ་འོང་དགོས་བྱུང་ན། ཚར་ཚད་མ་བྱུང་བར་དུ་ས་དེའི་རྡོ་གཉིས་བླང་ལ། ཚར་ཚད་མ་བྱུང་བར་དུ་ཞབས་སུ་བཅུག་དམིགས་པ་བཟུང་ལ། ཚར་ཚད་བྱུང་བ་དང་ཕྱིར་རྗེས་མལ་དུ་སྐྱེལ་བ་གལ་ཆེའོ། །འདི་ནི་ཤིན་ཏུ་གཉན་པས་གར་ཐོད་ཐོད་མི་བྱ། རྒྱལ་པོ་བཙུན་མོ་གཉིས་ཀྱི་ཚུལ་བཙོན་དུ་གཟུང་བའོ། །འདུ་ཤེས་བསྐྱེད་པར་བྱའོ། །ཕྱི་ཆུན་ལ་ཕཊ་བྱས་པས་རིག་ངོ་བོ་དེ་མཁའ་འགྲོ་མ་སྐུ་མདོག་དམར་མོ། གཡས་གྲི་གུག་གཡོན་ཀ་པཱ་ལི་བསྣམས་པ་ཞིག་བསམ་ལ། དེའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་འདྲ་བ་གྲངས་མེད་པ་འཕྲོས་པས་གནོད་བྱེད་ཀྱིས་གཙོ་བྱས་པའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་བཀུག་ནས་སྤྲིན་འཐིབ་པ་ལྟར་བསྒོམ།
དེ་ནས་མཁའ་འགྲོ་མ་དེས་རང་གི་བེམ་པོ་གྲི་གུག་གིས་གཏུབས་ནས་ཀ་པཱ་ལར་བཅུག་ནས་མགྲོན་རིགས་ཀུན་ལ་འགྱེད་པར་བསམ། ཀུན་ཀྱང་དགའ་མགུ་ཡི་རངས་ནས་མཁའ་འགྲོ་མ་གྲངས་མེད་པར་བསམ། རྗེས་ལ་མི་དམིགས་པའི་རྒྱས་བཏབ། གྲིབ་སྲུང་ལ་རང་ཉིད་ལུས་ཀྱི་མགོ་མཇུག་བསྒྱུར། གོས་ཀྱིས་མགོ་བགབ་སྒྱུར་ལ་བྱོན། ལྟས་ངན་སྣ་ཚོགས་རང་ལ་ཕབ། བེམ་རིག་འཕྲལ་ལོ། །ཀླུ་ནད་ལ་སོགས་ཆམ་རིམས་ལ། རང་གི་སྣ་བུག་གཉིས་ནས་ཡར་ལ་སྦྲུལ་ནག་མགོ་དགུ་པ་ཞིག་གིས་སྣ་བུག་གཉིས་ལ་ཡར་འཛུལ་ནས་ཀླད་པ་ལ་སོགས་གློ་སྙིང་ནང་ཁྲོལ་ཀུན་ཟོས་ནས་ལུས་ནི་དྲ་བའི་ཚུལ་དུ་བཏང་རྐང་པའི་ཐུལ་བུད་ནས་གར་སོང་ཆ་མེད་པར་དམིགས། ཡང་ནས་ཡང་དུ་གཅུན་པར་བྱའོ། །རྗེ་བཙུན་མ་དང་འདྲ་བའི་གཅོད་ཀྱི་ཞལ་གདམས་མཚོ་མ་སློངས་ན་རང་ཉིད་རྗེ་བཙུན་མས་རྒྱ་མཚོ་ཧུབ་ཀྱིས་འདེབས་གཏིང་ནས་སྐམ་པར་བསམ། ཁ་ཞག་ལོག་པར་ཡང་ནས་ཡང་དུ་བྱ། རི་བོ་མ་སློངས་ན། རང་གི་རིག་པའི་ངོ་བོ་དེ་རྣམས་ལྕགས་ཞུན་མའི་རྡོ་རྗེ་ཞིག་ཏུ་དམིགས་ལ། ཕཊ་བྱས་པས་དཔེར་ན་དྲ་བའི་ཚུལ་དུ་བསམ་ལ་གྲངས་མང་བར་བྱའོ། །ཆུ་མིག་མ་སློངས་ན་རང་རྗེ་བཙུན་མས་ཧུབ་ཀྱིས་བཏབ་ནས་ཡུལ་ཕྱོགས་མི་གཅིག་པ་རུ་འཕོས་པར་དམིགས། ལ་ལ་ཡང་གྲམ་པ་བཞིན་སོང་པར་དམིགས། གྲངས་མང་བར་བྱའོ། །མི་དམིགས་པའི་ངང་དུ་བཞག་གོ །ཚར་ཚད་མ་བྱུང་ན་ནི་ཆོ་འཕྲུལ་ཆེ་འོང་ན་རང་གི་བེམ་པོ་ནི་ཤ་རུལ་གྱིས་བསགས་ནས། དཔེར་ན་འདམ་མཚོའི་ནང་དུ་ཕྱིང་རུལ་སྐྱུར་བ་བཞིན་དུ་དམིགས་ལ་གྲངས་མང་བར་བྱའོ། །ཆོ་འཕྲུལ་ལ་སོགས་མགོ་སྐོར་ན་རྗེ་བཙུན་མའི་བེམ་པོའི་རྐང་ལག་གསུམ་བཅད་ནས་སྒྱེད་པུ་བྱས། ཐོད་པ་བཅད་ནས་གཞལ་ཡས་སུ་བྱས་ལ་བཙུགས། རི་བོ་ལ་སོགས་གྲི་གུག་གིས་མཚོ་དང་ཆུ་མིག་ཀ་པཱ་ལ་བེམ་པོ་དང་བཅས་པ་བླངས་ནས་སྤྱན་སྦྱངས་བྱས་ནས་མགྲོན་རིགས་ཐམས་ཅད་མཁའ་འགྲོ་དམིགས་ལ་མཆོད་སྦྱིན་འགྱེད། མ་སློངས་པ་སློང་པ་མ་ཆོད་པ་ཆོད་པ། ཆོད་པ་ཆོ་འཕྲུལ་དང་ཚར་ཚད་ཆེ་བའི་གདམས་ངག་དགོས། རྒྱལ་པོ་ལ་སྟག་ལྟར་བ་ནི། ཕཊ་བྱས་པས་འོ་ཁྱོད་ཚུར་ལ་མ་ཡོང་མི་དགོས་པའི་ལུས་འདི་ཁྱོད་ལ་སྦྱིན་བྱས་ལ་ཁ་ནས་ཀྱང་འདས་ལ་བེམ་པོ་ཁོའི་ཁར་ཐགས་ཐགས་བསྐྱུར་བར་བསམ། གྲངས་མང་བར་བྱའོ། །
བཙན་ལ་གློག་ལྟར་འགྱུ་བ་ནི། དཔེར་ན་བཙན་ལས་མྱུར་མགྱོགས་ཆེ་བ་མེད་དེ། དེ་བས་ཀྱང་བར་སྣང་ལ་གློག་འགྱུ་མགྱོགས། བེམ་རིག་མི་འཕྲལ་རིམ་སྐྱུར་བྱ། མྱུར་མགྱོགས་གློག་དང་འདྲ་བའོ་ཞེས་གྲངས་མང་པར་བྱའོ། །འཆི་མ་ཇོ་མོའི་ཉལ་ལུགས་ཀྱང་ཟེར། འཆི་བདག་མ་གཡུ་འབྲུག་ལྟར་སྐད་ཆེ་བ་ནི། ཕཊ་བཏང་ཕྱེ་ཤིང་ཤ་འཁྱེར་ཁྲག་འཁྱེར་བྱ་གྲངས་མང་ངོ་། །ས་བདག་ལ་སེང་གེ་རལ་པ་ཅན་ལྟ་བུ་ནི། དཔེར་ན་རི་བོའི་ཁ་ནས་སེང་གེ་མཐོང་བ་མེད་དེ། དེའི་ཁ་ནས་གཡུ་རལ་མཐོང་ངོ་། །དེ་བཞིན་དུ་ས་བདག་ཀླུ་གཉན་ལ་སོགས་པ་རྣམས། རང་གི་ཁ་འོག་ཏུ་མ་ཚུད་པ་གཅིག་ཀྱང་མེད་དེ། རིག་པ་ཁྱབ་གདལ་གྱིས་ཟིལ་གནན་པར་བྱའོ་གྲངས་མང་ངོ་། །འབྱུང་པོ་ལ་དུང་དང་ཆུ་སྲིན་ཚུལ་ནི་མང་བྱས་པས་རིག་པའི་ངོ་བོ་དེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ཞིག་ཏུ་དམིགས་ལ། འབྱུང་པོ་གནས་པའམ་འབྱུང་པོའི་ངོ་བོ་ཐམས་ཅད་ཕར་རྫུར་ཚུར་རྫུར་བྱེད་པར་བསམ་གྲངས་མང་པར་བྱའོ། །སྐྱེ་མེད་དུ་བཞག་སྲིན་མོ་འགྲིགས་ལྟ་བུ་ནི། ཞལ་ཁྲོ་བའི་ཚུལ་སྤྱན་ཟུར་ལྟ་བས་ཡང་མི་དང་བཀྲ་ཤིས་ཀྱིས་གཏམས་པ་ནི། དྲན་པས་མི་གཏམས་བཀྲ་ཤིས་ཀྱིས་གཏམས། སྐད་ཅིག་ཙམ་ཡང་མེད་ཀ་མེད། མ་ཡིག་མི་གསལ་ངག་ཏུ་ཡང་བརྗོད་དོ། །ལྟག་པ་ལ་མགར་ཚང་མཐོང་དང་སུལ་པ་རྨིས། ཚྭ་ཚྭ་འཕྲོ་བ་མགར་བྱས་པས། ལྕགས་སྲེག་པ་དེར་རྗེས་སྦྲང་བུའི་སྐད་ལྟར་ཟིར་སྒྲ་གྲགས་པས་ཟིར་སྒྲ་རྣ་བར་གྲགས་ན་ད་ལྟ་ཉིད་དུ་འོང་ངོ་ཞེས་གྲགས་པ་ལ། རང་ཉིད་གསེར་གྱི་རྡོ་རྗེར་དམིགས་ལ། ཕཊ་བྱས་པས་བཤད་ཀྱིས་ནམ་མཁའ་ལ་སོང་པས་ཐོག་དང་ཐོག་གི་མཁན་པོ་དང་བཅས་པ་ཐམས་ཅད། ཕར་འཛུལ་ཚུར་འཛུལ་ཡར་འཛུལ་མར་འཛུལ། དྲ་བའི་ཚུལ་དུ་བྱས་ནས་རྡོ་རྗེ་འོད་ལ་ཐིམ་པར་བསམ། ཡང་རང་ཉིད་རྗེ་བཙུན་མའི་ཐུགས་ཀ་ན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་ནམ་མཁའ་ལ་ཤར་གྱིས་སོང་བར་བསམ། ཐོག་དང་ཐོག་བྱེད་ཐམས་ཅད་རྡོ་རྗེ་ལ་ཐིམ་པར་བསམ། རྡོ་རྗེ་མར་འཛུལ་བས་རང་འདུག་སའི་གཞི་གང་ཡིན་པ་དེ་ནས་ཕུང་སྟེང་དུ་གད་རྒྱབ་པ་ལྟར་ཉོག་གིས་བཏང་པར་བསམ་གྲངས་མང་བར་བྱ། འོད་དང་འོད་ཕུང་འཕྲོ་བར་བསམ། རང་ཉིད་བླ་མ་ཡི་དམ་མཁའ་འགྲོ་གསུམ་བསམ་ལ། ལུས་འགུལ་བསྐྱོད་བྱ་མཁན་ཐམས་ཅད་འོད་ལ་ཐིམ་པར་བསམ། ཡང་རང་ཉིད་ཀྱི་ལུས་དེ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཞིག་བསམ། འོད་ཟེར་གྲངས་མེད་འཕྲོ་བ། ཡར་རྩེ་རིགས་ལྔར་བསམ་མར་རྩ་བ་རྐང་དུང་ཚུལ་དུ་མཐའི་རྒྱ་མཚོ་ལ་ཟུག་པར་བསམ། ལུས་སྒུལ་བསྐྱོད་བྱ་ལུས་རྐང་ཚུགས་བྱས་པ་བཞིན་ལྷུབ་ལྷུབ་ཉོལ་ཉོལ་བཏང་པར་བསམ། མཁན་བདག་ཐམས་ཅད་འདི་ལ་ཐིམ་པར་བསམ། བེམ་རིག་ཕྲལ་ལ་རིག་པའི་ངོ་བོ་དེ་ཡེ་ཤེས་ཀྱི་སྐར་མདའ་ཞིག་ཏུ་གྱུར་ནས་མཁན་བདག་ཐམས་ཅད་ཕར་ཚུར་ཡར་མར་དལ་ཆུང་འཛུལ་ཆུང་བྱས་པས་འཕྲལ་ལ་རིག་པའི་ངོ་བོ་དེ་མཁའ་འགྲོ་མ་གོང་འདྲ་བ་ཞིག་ཏུ་དམིགས་ལ། དེའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས་ནས། ནམ་མཁའི་དབྱིངས་རྒྱ་མཚོའི་གཏིང་རི་རབ་ཀྱི་ཟོམ་གྱི་བཅུད་དང་ནོར་ཐམས་ཅད་བསྡུས་ནས་མདུན་དུ་སྤྲིན་འཐིབ་པ་བཞིན། ཡེ་ཤེས་སྐར་མདའ་མཁན་བདག་འོད་ལ་ཐིམ་གྲངས་མང་དུ་བྱའོ། །ཕྱི་ཚུན་ལ་ཕཊ་བྱས་པས་རིག་པའི་ངོ་བོ་དེ་མཁའ་འགྲོ་མ་སྐུ་མདོག་དམར་མོ། གཡས་གྲི་གུག་གཡོན་ཀ་པཱ་ལ་བསྣམས་པ་ཞིག་ཏུ་གྱུར་ནས་ཞལ་ཚུར་གྱུ་ནས་སྤྱན་གྱིས་བེམ་པོ་ལ་ཧྲིག་གེ་གཟིགས་ནས་གྲི་གུག་གིས་བེམ་པོ་ཉོག་ཉོག་ཏུ་གཏུབས་ནས་ཀ་པཱ་ལར་བཅུག་ཅིང་ལྷ་འདྲེ་ཀུན་ལ་བཀྱེ་བར་བསམ། ཀུན་ཀྱང་དགའ་མགུ་ཡི་རངས་པར་བསམ། རིག་པ་ལྕགས་ཀྱི་རྡོ་རྗེ་འོད་འཕྲོ་བ་ཞིག་ཏུ་བསམ། དེ་ནི་དམིགས་པ་མི་འབྲོས་སོ། །རིག་པ་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཞིག་ཏུ་བསམ། དེ་བསྙེག་མི་འོང་དངོས་གྲུབ་སྟེར་འོང་། ཡང་སྐྱི་བུང་གི་རིགས་ཤིག་ལ་རང་གི་གང་ན་བའི་སར་རྡོ་རྗེ་རྒྱ་གྲམ་ཞིག་དམིགས་ལ། རྡོ་རྗེ་རྒྱ་གྲམ་གྱི་དཀྱིལ་དུ་ཁུལ་བཤན་གྱིས་སྦུད་པ་ལྟར། གྲོད་པའི་ནང་དུ་ཤ་རོལ་ཁྲག་རོལ་ཆུ་སེར། ལུས་ཀྱི་སྒུལ་བསྐྱོད་བྱ། མི་མིན་ཡེ་ཤེས་མཁའ་འགྲོའི་བཀའ་འབུམ་འདི་སྟག་ཟླའི་ཡར་ཚེས་དྲག་པོའི་ཉིན་གྲོ་བར། གཟའ་ཚེས་འཕྲོད་སྦྱོར་ལེགས་པར་ལེགས་པར་གྲུབ། བཀྲ་ཤིས།
གཅོད་ཐོར་བུའི་གདམས་པ་བཞི་བཅུ་པ།
༄༅། །གཅོད་ཐོར་བུའི་གདམས་པ་བཞི་བཅུ་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཅོད་ཐོར་བུའི་གདམས་པ་བསྟན་པ་ནི། མ་ཇོ་མོའི་ཞལ་ནས། ལུས་རྩོལ་སྒྲུབ་དང་བྲལ་བ་རྐང་ལག་ཆད་པ་ལྟར་ཞོག །ངག་སྨྲ་བརྗོད་དང་བྲལ་བ་ལྕེ་ཆད་པ་ལྟར་ཞོག །སེམས་བསམ་མནོ་དང་བྲལ་བ་སྙིང་ཕྱུང་པ་ལྟར་ཞོག་གསུངས། ཞོག་གསུམ་གྱི་གདམས་པ་ཨྠྀི།
༈ ལུས་ཤིར་ཆུག །ངག་ལྐུགས་སུ་ཆུག །སེམས་གཏོར་དུ་ཆུག་གསུངས། འཇུག་ཐབས་གསུམ་གྱི་གདམས་པ་ཨྠྀི།
༈ ལུས་མི་རོ་ལྟར་སེམས་མེད་དུ་གནས་པ། ངག་ལྐུགས་པ་ལྟར་སྒྲ་མེད་དུ་གནས་པ། སེམས་ཆུ་རྡོ་ལྟར་འཕྲིག་མེད་དུ་གནས་པ་ཡིན། གནས་ཐབས་གསུམ་གྱི་གདམས་པ་ཨྠྀི།
༈ དོན་གྱིས་གནས་པ་གཅིག་ཡིན། ངང་གིས་བསལ་བ་གཅིག་ཡིན། ཤུགས་ཀྱིས་བདེ་བ་གཅིག་ཡིན་གསུངས། ཡིན་པ་གསུམ་གྱི་གདམས་པ་ཨྠྀི།
༈ ཕྱི་སྣང་བ་ལ་བཟོ་མ་བྱེད། ནང་རིག་པ་ལ་ལས་མ་འཆོལ། བར་དམིགས་པའི་རྟེན་མ་འཚོལ་གསུངས། ཕྱི་ནང་བར་གསུམ་གྱི་གདམས་པ་ཨྠྀི།
༈ ཉིན་མོ་བསལ་བ་འཛིན་མེད་དུ་བཞག་པས་ཉོན་མོངས་ཆགས་སྡང་རང་སར་གྲོལ། ནུབ་མོ་འབྱར་ཉལ་འཕྲིག་མེད་དུ་ཉལ་བས་སྣང་སྲིད་ཀྱི་ལྷ་འདྲེ་རང་སར་གྲོལ། དུས་རྒྱུན་དུ་ཚོགས་དྲུག་ལྷུག་པར་བཞག་པས་ལས་ངན་གྱི་རྣམ་སྨིན་རང་སར་གྲོལ་གསུངས། གྲོལ་བ་གསུམ་གྱི་གདམས་པ་ཨྠྀི།
བལྟས་པས་དཔེ་ལ་ཤོར། བཤད་པས་ཚིག་ཏུ་ཤོར། བསམས་པས་བློ་རུ་ཤོར་གསུངས། ཤོར་བ་གསུམ་གྱི་གདམས་པ་ཨྠྀི།
བཤད་པས་འཆལ། བསྒོམས་པས་གོལ། ཤེས་པས་ཕོངས་གསུངས། གོ་བཟློག་གསུམ་གྱི་གདམས་པ་ཨྠྀི། བདག་འཛིན་སྐྱུར་ལ་ཐོངས། བྱ་བྱེད་ཞོག་ལ་ཐོངས། འགྱུ་བྱེད་ཆོད་ལ་ཐོངས། སྒྲིམ་པ་གློད་ལ་ཐོངས་གསུངས། གཏོང་ཐབས་བཞིའི་གདམས་པ་ཨྠྀི།
ལུས་འདི་རོ་ཡིན་པས་འབོར་དགོས། འབོར་མཁན་སེམས་ཡིན་པས་འཇོག་དགོས། འཇོག་མཁན་སྙེམས་ཡིན་པས་གཅོད་དགོས་གསུངས། དགོས་པ་གསུམ་གྱི་གདམས་པ་ཨྠྀི།
བདེན་མེད་རྨི་ལམ་ལྟ་བུའི་གནད་དང་། གང་བྱུང་ཐད་ཀར་གཅོད་པའི་གནད་དང་། བྱ་བྱེད་ཡེངས་སུ་མེད་པའི་གནད་དང་། སྒོམ་མེད་རང་སར་འཇོག་པའི་གནད་གསུངས། གནད་བཞིའི་གདམས་པ་ཨྠྀི།
ལུས་གནད་གཉན་ས་འགྲིམ་ལ་གཅད། ངག་གནད་ཉམས་དབྱངས་བླངས་ལ་གཅད། སེམས་གནད་འདུ་ཤེས་བཤིག་ལ་གཅད་གསུངས། གནད་གསུམ་གྱི་གདམས་པ་ཨྠྀི།
བྱ་རྒྱུ་མེད་པས་ལུས་བདེ། བརྗོད་དུ་མེད་པས་ངག་བདེ། བསམ་དུ་མེད་པས་སེམས་བདེ་གསུངས། བདེ་བ་གསུམ་གྱི་གདམས་པ་ཨྠྀི།
བྱ་བ་བཏང་བའི་རྣལ་འབྱོར་པ་ལ་བྱ་བྱེད་བདུད་དུ་ཆེ་བས་བྱར་མེད་དུ་ཁྲེས་སེ་བ། ལྟ་བ་རྟོགས་པའི་རྣལ་འབྱོར་པ་ལ་སྒོམ་བདུད་དུ་ཆེ་བས་སྒོམ་མེད་དུ་ཁྲེས་སེ་བ། རྟོག་པ་ཆོམ་པའི་རྣལ་འབྱོར་པ་རློམ་སེམས་བདུད་དུ་ཆེ་བས་གཡས་མེད་དུ་ཁྲེས་སེ་བ། རྩོལ་སྒྲུབ་བྲལ་བའི་རྣལ་འབྱོར་པ་ཆོས་བདུད་དུ་ཆེ་བས་ཆོས་མེད་དུ་ཁྲེས་སེ་བ་གཅིག་དགོས་པ་ཡིན་གསུངས། ཁྲེས་སེ་བཞིའི་གདམས་པ་ཨྠྀི།
ལྟ་བ་གཉའ་མ་ཆགས་པར་གཟེངས་གྱིས། སྒོམ་རློམ་སེམས་སུ་མ་བྱེད་པར་ནེམ་གྱིས། སྤྱོད་པ་ཁོང་མ་དོགས་པར་ཤིགས་གྱིས། ལྟ་སྒོམ་སྤྱོད་པའི་གདམས་པ་ཨྠྀི།
རིག་པ་འདི་རྩ་བ་ནས་ཧག་ཁོགས་པ་གཅིག་དགོས། སྣང་བ་འདི་ཁ་གང་ལ་ཡེངས་ཁྱེར་བ་གཅིག་དགོས། ཤེས་པ་འདི་གཡས་མེད་དུ་ཟོབས་ལ་འཇོག་པ་གཅིག་དགོས་གསུངས། དགོས་པ་གསུམ་གྱི་གདམས་པ་ཨྠྀི།
འདོད་པའི་བློ་ཕྱིར་མི་གཏོང་། དགོས་པའི་བློ་ནང་དུ་མི་གཞུག །ཆེད་འཛིན་གྱི་རྟོག་པ་བར་དུ་མི་གཉེར་གསུངས། ཕྱི་ནང་བར་གསུམ་གྱི་གདམས་པ་ཨྠྀི།
ནད་པ་འདྲེ་ལ་གཏད་པས་གཉིས་མེད་རང་སར་གྲོལ། སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་གནས་སུ་བསྐྱལ། ལམ་འཁྱེར་རྐྱེན་ལ་བྱས་པས་མི་མཐུན་གྲོགས་སུ་ཤར། རྐྱེན་ངན་གྲོགས་སུ་ཆོད་པས་བླང་དོར་མཐའ་དང་བྲལ་གསུངས། ཚིག་བཞི་གནད་ཀྱི་གདམས་པ་ཨྠྀི།
འཛིན་པ་ཡིད་ཀྱི་བདུད་ཡིན། རྩོལ་བ་ལུས་ཀྱི་ནད་ཡིན། དོགས་པ་རྟོག་པའི་འདྲེ་ཡིན། བཞག་པ་སེམས་ཀྱི་གནད་ཡིན་གསུངས། ཡིན་པ་བཞིའི་གདམས་པ་ཨྠྀི།
ཕྱི་སྣང་བ་ཡུལ་གྱི་གཅོད། ནང་རིག་པ་སེམས་ཀྱི་གཅོད། བར་འབྱུང་བ་ལུས་ཀྱི་གཅོད། དོན་ཆོས་ཉིད་རྟོགས་པའི་གཅོད་གསུངས། གཅོད་བཞིའི་གདམས་པ་ཨྠྀི།
གང་ལ་ཡང་མ་ཆགས་པ། སུ་ལ་ཡང་མི་འཕྲེང་བ། ཅི་ལ་ཡང་མི་འཛིན་པ། གང་དུ་ཡང་མི་དམིགས་པ་གཅིག་དགོས་གསུངས། མན་ངག་བཞིའི་གདམས་པ་ཨྠྀི།
རབ་ལྟ་བས་ཐག་ཆོད་པས་ཕྱོགས་འཛིན་ཡང་མི་བསྒོམ་པ་དང་གཅིག །འབྲིང་སྒོམ་པས་ཉམས་སུ་ལོན་པས་རྐྱེན་གང་གིས་ཀྱང་མི་ཚུགས་པ་དང་གཉིས། ཐ་མ་ཕུང་པོ་གཟན་དུ་བསྐྱུར་བས་གཅེས་འཛིན་གྱི་རེ་དོགས་ཆོད་པ་དང་གསུམ། དོན་གང་ལ་ཡང་མ་བསྒྲུབ་པར་ཕུགས་འཁྲུས་པས་འཁོར་འདས་ཀྱི་སྙེམས་ཟད་པ་དང་བཞི་ཡིན་གསུངས་གདམས་པའི་གནད་ཨྠྀི།
སེམས་ལ་སེམས་ཀྱིས་བལྟས་པ་ལ་རྟོག་པ་གཞན་མ་སྐྱེས་པ་ནི་མ་ངེས་པའི་ཚད། སེམས་ཉིད་ཅི་ཡང་ངོ་བོར་མ་གྲུབ་པ་ལ་བྱིང་རྒོད་མེད་པར་རྟོགས་པ་ནི་གསལ་བའི་ཚད། སེམས་མ་བཅོས་མ་བསླད་པ་ལ་དུས་རྒྱུན་དུ་གནས་པ་ནི་སྒོམ་པའི་ཚད། སེམས་གཏད་མེད་གཏོད་མེད་དུ་རྟོགས་ནས་སྒོམ་རྒྱུ་དང་འཁྲུལ་རྒྱུ་མེད་པར་གྲོལ་ན་སྒོམ་པ་མཐར་ཕྱིན་པའི་ཚད་ཡིན་གསུངས། ཚད་བཞིའི་གདམས་པ་ཨྠྀི།
སངས་རྒྱས་ཀྱི་དགོངས་པ་དེ་གཡས་མེད་གཅིག་ལས་མེད་འདོད་ན་མི་མྱོང་། བྱས་ན་མ་ཡིན། བཅོས་པ་ལ་ཅིར་ཡང་མི་བཏུབ་གསུངས། སྙིང་གཏམ་བཞིའི་གདམས་པ་ཨྠྀི།
སྙེམས་ཐག་ཕྱོགས་མེད་དུ་བཅད་ནས་གང་ལ་ཡང་ཐེ་ཚོམ་མི་ཟ་བ་དང་གཅིག །རྟོག་པ་ཕྱོགས་མེད་དུ་བཅད་ནས་གང་ལ་ཡང་དགའ་མི་དགའི་བློ་མི་སྐྱེ་བ་དང་གཉིས། བདུད་ཕྱོགས་མེད་དུ་བཅད་ནས་ཅི་ལ་ཡང་ཁུ་འཕྲིག་གི་སྙེམས་ཟད་པ་དང་གསུམ། དགོངས་པ་ཕྱོགས་མེད་དུ་རྟོགས་ནས་ཤེས་པ་གཉེར་མེད་དུ་ཁྲེལ་སོང་བ་དང་བཞི་ཡིན་གསུངས། མན་ངག་གནད་ཀྱི་གདམས་པ་ཨྠྀི།
ལྷ་དང་འདྲེ་ལ་བཟང་ངན་མེད་པར་ཤེས་པ་དང་། གསེར་དང་བོང་བར་ཁྱད་མེད་པར་ཤེས་པ། འཁོར་འདས་གཉིས་ལ་རེ་དོགས་མེད་པར་ཤེས་པ་གཅིག་དགོས་གསུངས། བསླབ་བྱའི་གདམས་པ་ཨྠྀི།
ལྟ་བ་ལ་གཟའ་གཏད་མེད་པར་ཡིད་ཆེས། སྒོམ་པ་ལ་དམིགས་གཏད་མེད་པར་ཡིད་ཆེས། སྤྱོད་པ་ལ་སྤང་ལེན་མེད་པར་ཡིད་ཆེས། འབྲས་བུ་ལ་རེ་དོགས་མེད་པར་ཡིད་ཆེས་གསུངས། ཡིད་ཆེས་བཞིའི་གདམས་པ་ཨྠྀི།
འདོད་འཛིན་གྱི་སྣང་བ་འདི་འཁྲུལ་པ་ཡིན་པར་ཐག་ཆོད། གནས་ལུགས་ཀྱི་དོན་ལ་སྒོམ་རྒྱུ་མེད་པར་ཐག་ཆོད། སྒོམ་རྒྱུ་བྱུང་ན་གནས་ལུགས་ཀྱི་དོན་མེད་པར་ཐག་ཆོད། བསམ་སྒོམ་བློའི་ཆོས་ཀྱིས་སངས་མི་རྒྱ་བར་ཐག་ཆོད་གསུངས། ཐག་ཆོད་བཞིའི་གདམས་པ་ཨྠྀི།
ཤེས་པས་འཕུང་། མཁས་པས་བསླད། མཁས་ལེན་ཤེས་མིན་གྱི་རྩ་ནས་སངས་རྒྱས་ཀྱི་དགོངས་ས་ལེ་སིང་ངེ་བ་གཅིག་འཛིན་པའི་བློ་མ་སྐྱེས་པ་གཅིག་དགོས་པ་ཡིན་ཏེ་གསུངས། སངས་རྒྱས་འདོད་པའི་ཆོས་མ་འཁྲུལ་ཞེན་པ་གང་ལ་ཞེན་ཀྱང་འཆིང་སྟེ། ཟབ་མོར་འཛིན་པའི་ཆོས་པ་འཁྲུལ། དོན་ལ་བསམ་བརྗོད་དང་བྲལ་བར་གཅིག་པ་ལ། བློ་བཤད་བྱེད་པའི་ཆོས་པ་འཁྲུལ། འཁོར་བའི་མཐའ་སེམས་ཡུགས་གཏད་མེད་གཅིག་ཏུ་མ་ཆོད་ན། མན་ངག་ཟབ་ཏུ་རེ་བའི་མཐའ་ལ་ཐུག་པ་མི་འོང་གསུངས། མན་ངག་དམ་པའི་གདམས་པ་ཨྠྀི།
འཇོག་ཚོད་དང་འཁྱེར་ཕྱོགས་གཉིས་ལས། ཆོས་གང་ལ་ཡང་བསྔོ་བགྲང་མེད་པར་གཡས་མེད་དུ་ཁྲེས་སེ་འཇོག་ན་འཇོག་ཚོད། ལེགས་ཉེས་དང་ཕོངས་འཚེངས་མེད་པར་གཏོད་མེད་ཡེངས་མེད་དུ་འཁྱེར་བ་ནི་འཁྱེར་ཕྱོགས་ཡིན་གསུངས་ཨྠྀི།
དགོས་པ་དང་དགོངས་པ་གཉིས་ལས། རྐྱེན་སྣང་གང་བྱུང་བའི་དུས་སུ་བླ་མའི་གདམས་ངག་གིས་ཀྲིལ་ལེ་སླེབ་པ་དེ་དགོས་པ་ཆོས་ཉིད་བསམ་བརྗོད་དང་བྲལ་བའི་ངང་ལ་སྙེམས་མེད་རང་གྲོལ་དུ་འཇོག་པ་དེ་དགོངས་པ་ཡིན་གསུངས། ཨྠྀི།
འཛིན་ཤེས་དང་གཏོང་ཤེས་གཉིས་ལས། དགོས་པའི་དུས་སུ་གདམས་ངག་བསྟན་པས་རྩིར་ཟིན་པ་དེ་འཛིན་ཤེས། གང་ལ་ཡང་ལེགས་ཉེས་ཀྱི་རྩིས་གདབ་མེད་པར་བློ་ལིངས་གཏོད་པ་དེ་གཏོང་ཤེས་ཡིན་གསུངས། ཨྠྀི།
ཀག་ལངས་དང་བཅར་ཕོག་གཉིས་ལས། རྐྱེན་གློ་བུར་བ་གཅིག་གིས་རྣམ་པར་རྟོག་པ་ཀག་གིས་བླངས་པ་དེ་ཀག་ལངས། དེ་ཉིད་དྲན་པའི་རྩིས་ཟིན་ནས་གཏད་མེད་གཡས་མེད་དུ་ཁྲེས་འཇོག་པ་དེ་བཅར་ཕོག་ཡིན་གསུངས། ཨྠྀི།
ཧར་ལངས་དང་ཧུར་སྤྲུགས་གཉིས་ལས། ཉམས་ལེན་གྱི་དུས་སུ་འཇིགས་ཆུམ་པའམ་འདར་ཡང་པའམ་སྐྱི་ཟིང་བྱུང་ནས་བྲེད་པ་དེ་ཧར་ལངས། དེ་རྣམས་ཐམས་ཅད་དོན་གཏད་མེད་སྙེམས་མེད་དུ་ལྷག་རྟོགས་པ་དེ་ཧུར་སྤྲུགས་ཡིན་གསུངས། ཨྠྀི།
ཕག་སྣ་འབུར་དང་གཏུན་བུ་ཆངས་གཉིས་ལས། དུག་ལྔ་གློ་བུར་དུ་རམས་སྐྱེས་པ་དེ་ཕག་སྣ་འབུར། དེ་ཉིད་ཆོས་ཉིད་དུ་དྲན་པས་ཟིན་ནས་དོན་ཐོག་ཏུ་ལྷན་འཇོག་པ་དེ་གཏུན་བུ་ཆངས་ཡིན་གསུངས། ཨྠྀི།
ལྟོས་དང་མཐོང་གིས། ཞོག་དང་གསལ་གྱིས། གློད་དང་ཡིན་གྱིས། དོལ་དང་བདེ་ཡིས་གསུངས། ཨྠྀི།
རྣམ་རྟོག་འདྲེ་ཡིན། རྩོལ་བ་ནད་ཡིན། འཛིན་པ་དུག་ཡིན། བཞག་པ་གཞི་ཡིན། སྣང་བ་གྲོགས་ཡིན། སངས་རྒྱས་སེམས་ཡིན་གསུངས། ཨྠྀི།
ལྟ་རུ་མེད་དེ་རྟོགས་སུ་ཡོད་པས་ཤེས་རབ་ཆུང་ལ་ཨ་རེ་དགའ། སྒོམ་དུ་མེད་དེ་གོམས་སུ་ཡོད་པས་གཟུང་འཛིན་ཅན་ལ་ཨ་རེ་དགའ། དཔྱད་དུ་མེད་དེ་བྲལ་དུ་ཡོད་པས་ཆགས་ཞེན་ཅན་ལ་ཨ་རེ་དགའ། ཐོབ་ཏུ་མེད་དེ་སྒྲུབ་ཏུ་ཡོད་པས་རེ་དོགས་ཅན་ལ་ཨ་རེ་དགའ་གསུངས། ཨྠྀི།
གྲིམ་གྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། །སྒོམ་པའི་བཞག་པ་དེ་ན་ཡོད། །ཏུར་གྱིས་དྲན་ལ་ཕྱལ་གྱིས་ཐོངས། །སྒོམ་པའི་བཞག་པ་དེ་ན་ཡོད། །བཏུགས་ཀྱིས་ཐུགས་ན་ལྷོད་ཀྱིས་གློད། །སྒོམ་པའི་བཞག་པ་དེ་ན་ཡོད། །ལྷུགས་ཀྱིས་བླུག་ལ་ཅོག་གིས་ཞོག །སྒོམ་པའི་བཞག་པ་དེ་ན་ཡོད་གསུངས། ཨྠྀི།
བསམ་མེད་ཀྱི་སྒོམ་པ་མ་ནོར་ན། ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད་གསུངས། ཨྠྀི།
ལྟ་བའི་དུས་སུ་སྟོང་པ་བློས་མི་བསྒོམ། སྒོམ་པའི་དུས་སུ་རིག་པ་བཙོན་དུ་མི་གཟུང་། སྤྱོད་པའི་དུས་སུ་ཞེན་མེད་ཕྱོགས་ཆར་མི་གཏོང་། འབྲས་བུའི་དུས་སུ་ལྷུན་གྲུབ་ཁ་འབྱམས་སུ་མི་གཏོང་གསུངས།ཨྠྀི།
རིག་པ་རང་གྲོལ་དུ་སོང་ན་ལྟ་བའི་གནད། ཉམས་མྱོང་བཙན་ཐབས་སུ་བྱུང་ན་སྒོམ་པའི་གནད། སྣང་བ་རང་གྲོལ་དུ་སོང་ན་སྤྱོད་པའི་གནད། ཡེ་ཤེས་སྤྱི་བླུགས་སུ་ཤར་ན་འབྲས་བུའི་གནད། ཤེས་བྱ་རང་གྲོལ་དུ་སོང་ན་གདམས་ངག་གི་གནད། ཚིག་རྣམས་དོན་དུ་འདྲིལ་ན་ཤེས་རབ་ཀྱི་གནད་ཡིན་གསུངས། ཨྠྀི།
ཐོས་པའི་ཤེས་རབ་སྐོམ་པ་ཆུས་གདུངས་པ་ལྟ་བུ། བསམ་པའི་ཤེས་རབ་ཟས་ཀྱི་དུག་སེལ་བ་ལྟ་བུ། སྒོམ་པའི་ཤེས་རབ་རྒྱ་མཚོའི་གཟིངས་ལྟ་བུ། གཅོད་ཐོར་བུའི་གདམས་པ་བཞི་བཅུ་ཨྠྀི།
༈ མ་ཅིག་གིས་ན་ཉི་ཤུ་པ་འདི་གསུངས་པ། བདུད་གཅོད་འདྲེ་ལ་བྱས་རློམ་སེམས་བདུད་དང་འགྲོགས་པ་འདིས་ཀྱང་མི་འོང་ན། རང་བདུད་རང་ལ་བཞག་ནས་བདུད་གཅོད་གཞན་དུ་བྱེད་པ་འདིས་ཀྱང་མི་འོང་ན། སངས་རྒྱས་རང་ལ་བཞག་ནས་ཡིད་ཀྱི་མཉམ་བཞག་འདིས་ཀྱང་མི་འོང་ན། རང་རྒྱུད་བྱིན་གྱིས་མ་བརླབས་པར་གཞན་ལ་བྱིན་རླབས་བྱེད་པ་འདིས་ཀྱང་མི་འོང་ན། སངས་རྒྱས་རང་ལ་བཞག་ནས་ཡིད་ཀྱི་མཉམ་བཞག་འདིས་ཀྱང་མི་འོང་ན། རང་གྲོལ་ངོ་ཤེས་པར་རྟོགས་པ་བཙན་ཆོད་འདིས་ཀྱང་མི་འོང་ན། རང་སེམས་འདྲེ་རུ་བཞག་ནས་དྲག་སྔགས་གཞན་དུ་བརྡེག་པ་འདིས་ཀྱང་མི་འོང་ན། རང་རྒྱུད་བྱིན་གྱིས་མ་བརླབས་པ་ལ་བྱིན་རླབས་བྱེད་པ་འདིས་ཀྱང་མི་འོང་ན། རང་སར་འཇོག་མ་ནུས་པར་སེམས་ཀྱིས་སེམས་ཚོལ་བ་འདིས་ཀྱང་མི་འོང་ན། ལྟ་སྒོམ་བློ་འདས་ཟེར་ཞིང་དངོས་པོའི་ཁ་འཛིན་འདིས་ཀྱང་མི་འོང་ན། གཉིས་མེད་དོན་རྟོགས་ཟེར་ཞིང་རང་གི་ཁ་འཛིན་འདིས་ཀྱང་མི་འོང་ན། མཚོན་བྱེད་ཚིག་ལ་ཞེན་པའི་ཁེངས་པ་ཨང་ལྡིར་འདིས་ཀྱང་མི་འོང་ན། རིག་པ་བཙོན་དུ་བཟུང་ནས་ཞི་གནས་ལྡེངས་པོ་འདིས་ཀྱང་མི་འོང་ན། སྟོང་པ་ཙམ་དུ་ཞེན་ནས་འདོད་ཡོན་རང་དགའ་འདིས་ཀྱང་མི་འོང་ན། སེམས་ཀྱི་ཞེན་མ་ཐོངས་པའི་ཚིག་སྤྲང་པོ་འདིས་ཀྱང་མི་འོང་ན། ཡེ་ནས་ཡིན་ཤེས་མེད་པར་སངས་རྒྱས་གསར་བུ་འདིས་ཀྱང་མི་འོང་ན། འདི་ལ་ཡིན་པར་མི་ཤེས་བར་དོའི་ཟབ་ཆོས་འདིས་ཀྱང་མི་འོང་ན། འཁོར་བའི་རང་བཞིན་མི་ཤེས་མྱང་འདས་ལེགས་པ་འདིས་ཀྱང་མི་འོང་ན། འཁྲུལ་པ་བརྟན་པོར་བཟུང་བའི་ཞིག་པོའི་ཁ་སྐད་འདིས་ཀྱང་མི་འོང་ན། རང་སེམས་ནོར་བུ་བཞག་ནས་དངོས་གྲུབ་ལྷ་ལ་རེ་བ་འདིས་ཀྱང་མི་འོང་ན། ཁོང་གོལ་གནད་ཀྱི་གདམས་པ་ཡིན་མིན་གོལ་ས་བཅད་པའོ། །
༈ ན་མོ་གུ་རུ། གཅོད་ཀྱི་ངོ་སྤྲོད་ལ་བཞག་ཐབས་གསུམ། འཕྲིག་ཆོད་གསུམ། ལ་བཟླ་བ་གསུམ་དགོས་སོ། །བཞག་ཐབས་གསུམ་ནི། ཕྱི་སྣང་བ་རང་གྲོལ་དུ་བཞག །ནང་རིག་པ་རྟེན་མེད་དུ་བཞག །བར་ཚོགས་དྲུག་ལྷུག་པར་བཞག་གོ །འཕྲིག་ཆོད་གསུམ་ནི། གྲིམ་གྱིས་བསྒྲིམ་ལ་ལྷོད་ཀྱིས་གློད། །རྒྱངས་ཀྱིས་བསྐྱུར་ལ་ཕྱད་ཀྱིས་ཐོངས། །གདམས་པའི་གནད་གཅིག་དེ་ན་ཡོད། །ལུས་སེམས་རོ་དང་ནམ་མཁའ་འདྲ། །ལ་བཟླ་བ་གསུམ་ནི། ལོག་ཆེན་མཐའ་ལ་གཏད། སྐར་ཆེན་ཐིབས་འོག་ཏུ་གཞུག །ཐེག་ཆེན་ཟིལ་གྱིས་མནན་པའོ། །གཅོད་ཀྱི་མཐར་དོན་བཞི་པ་ཀུན་ལ་གཅེས། ཕུང་པོ་ཤ་ཁྲག་ཡིན་པས་སྐྱུར་ལ་ཐོངས། སྐྱུར་མཁན་རྣམ་རྟོག་ཡིན་པས་ཆོད་ལ་ཐོངས། གཅོད་མཁན་སེམས་ཉིད་ཡིན་པས་ཞོག་ལ་ཐོངས། འཇོག་མཁན་སྟོང་ཉིད་ཡིན་པས་ལྷུག་པར་ཐོངས། གཅོད་ཀྱི་དོན་གོ་ནི། དོགས་པ་མེད་པས་འཁོར་བ་ཆོད། །རེ་བ་མེད་པས་སངས་རྒྱས་ཆོད། །སྙེམས་བྱེད་མེད་པས་འདྲེ་གདོན་ཆོད། །འཛེམ་རྟོག་མེད་པས་ནད་རིམས་ཆོད། །ཅེས་གསུངས་སོ། །ཨྠྀི།
༈ ན་མོ་གུ་རུ། གཅོད་ཀྱི་གདམས་པ་མཐར་ཐུག་འདི་ཁོ་ནའོ། །འཇུག་པ་སྐྱབས་འགྲོ་སེམས་བསྐྱེད། བྱིན་རླབས་ལུས་སེམས་སོ་སོར་བྲལ་བ། གདམས་ངག་གནས་ལུགས་ལ་བཞག་པའོ། །རྩ་བ་ཚིག་གསུམ་མོ། །ཐ་མལ་འགྲེལ་པ་གསུམ། ཆོད་ཐོངས། ཞོག་ཐོངས། ལྷུག་ཐོངས། འགྲེལ་པ་དེ་ལ་ཊཱིཀྐ་དགུའོ། །ཆོད་ཐོངས་ལ་རྣམ་པ་གསུམ་སྟེ། ཕྱི་སྣང་བ་ཡུལ་གྱི་བདུད་རི་མོ་ཆོད། ནང་འཛིན་པ་སེམས་ཀྱི་བདུད་འཁྲི་བ་ཆོད། བར་གནས་པ་ལུས་ཀྱི་བདུད་གཅེས་འཛིན་ཆོད། ཞོག་ཐོངས་ལ་གསུམ་སྟེ། ལུས་སོག་ཕོན་ཐག་པ་ཆད་པ་བཞིན་དུ་ཞོག །ངག་པི་ཝང་རྒྱུད་བཅད་པ་བཞིན་དུ་ཞོག །སེམས་ཆུ་བཅད་པའི་རང་འཐག་བཞིན་དུ་ཞོག །ལྷུག་ཐོངས་ལ་གསུམ་སྟེ། ཕྱོགས་མེད་ཀྱི་ལྟ་བ་འཛིན་མེད་ཀྱི་ངང་དུ་ལྷུག་ཐོངས། མཉམ་མེད་ཀྱི་སྒོམ་པ་མ་བཅོས་པའི་ངང་དུ་ལྷུག་ཐོངས། རྟོག་མེད་ཀྱི་སྤྱོད་པ་རྒྱ་ཡན་གྱི་ངང་དུ་ལྷུག་ཐོངས། ཡང་གཅོད་མཐར་བསྐྱལ་བའི་འབྲས་བུ་ནི། རྣམ་རྟོག་རྩ་བྲལ་ཡིན་པས་ཁམས་གསུམ་ཆོད། ཡེ་ཤེས་རང་ཤར་ཡིན་པས་སྐུ་གསུམ་ཆོད། གཉིས་མེད་རང་གྲོལ་ཡིན་པས་དུས་གསུམ་ཆོད། གཅད་བྱ་ཡེ་དག་ཡིན་པས་བདུད་གསུམ་ཆོད་གསུངས་སོ། །ཨྠྀི།
༈ ཕྱག་རྒྱ་ཆེན་པོ་བརྡ་བརྒྱུད་གསང་བའི་སྒྲོན་མའི་བརྡ་བཤད་པའི་དགོས་པ་གཏམ་རྒྱུད་ལས་ཇི་ལྟར་དབུལ་བའི་ནོར་བུ་རྒྱལ་འཕྲོག་ཅེས་པ་ནི། དབུལ་པོ་གཅིག་གིས་ནོར་བུ་རིན་པོ་ཆེ་གཅིག་རྙེད་ནས་ཡོད་པ་ལ་དེ་ཉིད་གསང་མ་ཐུབ་སྟེ། གྲོགས་པོ་གཅིག་ལ་སྨྲས་པ་གྲོགས་པོས་ཀྱང་གསང་མ་ཐུབ་སྟེ། གཅིག་ནས་གཉིས་སུ་བརྒྱུད་དེ་ཡུལ་གྱི་རྒྱལ་པོས་ཐོས་ནས་ཕྲོགས་སོ། །དེར་རྒྱལ་པོས་ནོར་བུ་བང་མཛོད་དུ་སྦས་སོ། །བང་མཛོད་ལ་རྐུན་མ་བྱུང་ནས་ནོར་བུ་ཁྱེར་ཏེ་ཆུ་བརྒལ་བས་ནོར་བུ་ཆུ་དཀྱིལ་དུ་ལྷུང་སྟེ་སུ་ལ་ཡང་ཕན་མ་ཐོགས་སོ། །དེ་བཞིན་དུ་བླ་མ་དམ་པས་གནང་བའི་གདམས་ངག་ཟབ་མོ་དང་། རང་རྒྱུད་ལ་སྐྱེས་པའི་རྟོགས་པ་ཁྱད་པར་ཅན་དེ་གང་ཟག་སྣོད་མིན་སུ་ཐོད་ཐོད་ལ་བསྟན་ན་དམ་ཚིག་ཉམས་པས་བདུད་ཀྱི་བར་ཆད་འབྱུང་ཞིང་དངོས་གྲུབ་ཉམས་པར་འགྱུར་བས། དེས་ན་གདམས་ངག་ཟབ་མོ་དང་ཉམས་རྟོགས་གསང་ཐུབ་པར་བྱའོ་ཞེས་གསུངས་སོ། །
ཆོས་རྗེ་རྨོག་ཅོག་པའི་གསུང་ནས་ཅི་བྱས་སེམས་བསྐྱེད་ཀྱིས་ཟིན་ན་བྲེལ་ན་ཡང་བྲེལ། སེམས་གདེངས་ཐོབ་གཅིག་འདུག་ན་ཤི་ན་ཡང་ཤི། རྐྱེན་ངན་གྲོགས་སུ་འགྲོ་ན་ན་ན་ཡང་ན། དཀའ་ཐུབ་ཆོས་ཕྱོགས་སུ་ནུས་ན་སྡུག་ན་ཡང་སྡུག་གསུངས་སོ། །འཇམ་དབྱངས་བྱ་སྡེར་བའི་ཞལ་ནས། གསལ་ལ་འཛིན་མེད་འོད་གསལ་ཡིན་གྱིས་མ་བཅོས་ལྷུག་པར་ཞོག །ཉམས་ཀྱི་སྣང་བ་སྣ་ཚོགས་འཆར་ཀྱིས་རྩིས་མེད་བྱུང་རྒྱལ་གྱིས་གསུངས་སོ།། །།ཤུ་བྷཾ།