མཁའ་འགྲོའི་ཆོས་མཛོད་ཆེན་མོ་ལས་འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་ཐར་ཕྱོགས་བསྒྲིགས་པདྨ་དཀར་པོའི་ཕྲེང་བ།
ཇོ་མོ་སྨན་མོ་དང་མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་གཏེར་ཆོས།
ཇོ་མོ་སྨན་མོའི་གཏེར་ཆོས།
མཁའ་འགྲོ་གསང་བ་ཀུན་འདུས་ལས་ཕག་མོ་འདུས་པའི་དབང་བསྐུར།
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལསཿ ཕག་མོ་འདུས་པའི་དབང་བསྐུར་བཞུགས༔
རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་འདུས་པའི་དབང་བསྐུར་གྱི་རིམ་པ་འདི་ལ་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་སོ༔ དང་པོ་སྔོན་འགྲོ་སྟ་གོན་དུ་བྱ་བ་ནི༔ སྣོད་དང་མི་ལྡན་པའི་སྐྱེ་བོས་དབེན་པ་དུར་ཁྲོད་ལ་སོགས་པའི་གནས་སུ་གཞི་བདག་ལ་གཏོར་མ་སྦྱིན༔ མ་རྡལ་མདའ་གང་གྲུ་བཞི་པ་བརྩིག༔ བདུད་རྩི་ལྔས་ཆག་ཆག་གདབ༔ མཚན་མའི་དཀྱིལ་འཁོར་ཇི་ལྟར་རིགས་པར་བྱ༔ དབུས་སུ་ཐོད་པ་བདུད་རྩི་ལྔས་བཀང་བའི་ཁར་སིནྡྷུ་རའི་མེ་ལོང་ཆོས་འབྱུང་ས་བོན་སྔགས་ཀྱིས་བརྒྱན་པ་དང་༔ རང་བྱུང་གི་ཤེལ་རྡོ་བཀོད་ལ༔ ལྷ་གནས་རྣམས་སུ་སྐུའི་རྟེན་བཞུགས་སུ་གསོལ༔ སྨན་རཀ་གཏོར་ཚོགས་སོགས་མཆོད་པ་བཟང་དུ་བཤམ༔ ཕྲིན་ལས་ཀྱི་གཞུང་བསྲངས་ལ་བཟླས་བརྗོད་མང་དུ་བྱ༔ ཁྱད་པར་བྷནྡྷའི་སྣོད་གཞལ་ཡས་ཁང་དང་༔ བཅུད་མཁའ་འགྲོ་མའི་ལྷ་ཚོགས་སུ་གསལ༔ སྔགས་བཟླས་པས་བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ་བར་མོས༔ དེ་ནས་ཚོགས་ཀྱི་འཁོར་ལོས་ཉམས་ཆག་སྐོང་ཞིང་དགྱེས་པ་བསྐྱེད༔ བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་དབང་བསྐུར་བ་བླངས་ཤིང་༔ སློབ་མ་སྐལ་བ་དང་ལྡན་པར་བྱ་བའི་ཕྱིར་གསོལ་བ་བཏབ་བས་སྐབས་དབྱེ་བ་དང་བཅས་པ་རྣམས་ནི་སྔོན་དུ་འགྲོ་བའོ༔ ས་མ་ཡ༔ དེ་ནས་དངོས་གཞི་ལ༔ སློབ་མའི་རྒྱུད་དག་པར་བྱ་བ་ནི༔ དམ་ཚིག་སྲུང་བར་ནུས་པའི་སློབ་མ་ལྔའམ༔ བདུན་ནམ༔ བཅུ་གསུམ་ལ་སོགས་པ་དཀྱིལ་འཁོར་གྱི་ཁང་པའི་སྒོ་དྲུང་དུ་བོས་ལ་ཁྲུས་ནས་དབྱུང་༔ ནང་དུ་འཇུག་པ་ན་བགེགས་བསྐྲད༔ གྲལ་ལ་འཁོད་པ་དང་མཚམས་བཅད༔ ལོ་རྒྱུས་ཀྱིས་ངེས་ཤེས་བསྐྱེད༔ མཎྜལ་འབུལ་དུ་གཞུག༔ མིག་དར་འཆིང་ཞིང་མེ་ཏོག་ལག་ཏུ་གཏད་ལ་གསོལ་བ་གདབ་པ་ནི༔ ཧོ༔ རྡོ་རྗེ་ཕག་མོའི་ཡེ་ཤེས་སྐུ༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གསང་བའི་དམ་ཚིག་འཚལ་ལགས་ན༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་གནང་བ་སྦྱིན་པ་ནི༔ རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ཆེ༔ བཀའ་གཉན་མཐུ་བཙན་བྱིན་རླབས་མྱུར༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ འོན་ཀྱང་དད་དང་བརྩོན་འགྲུས་དང་༔ བརྟུལ་ཞུགས་ཟབ་མོ་སྤྱོད་ནུས་ན༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཁྱེད་རྣམས་ཡོངས་སུ་སྨིན་པར་བྱ༔ དེ་ཕྱིར་དམ་ཚིག་སྲོག་ལྟར་སྲུངས༔ ས་མ་ཡ་རཱཀྵནྟུ༔ ཞེས་བརྗོད་ཅིང་དམ་ཚིག་གི་བདུད་རྩིའི་ཆུ་ནན་བྱིན་པ་བུ་རྣམས་ཀྱིས་ཀྱང་༔ ས་མ་ཡ་ཨི་དན་ཏེ་ན་ར་ཀན༔ ཞེས་རྡོ་རྗེའི་བྲོ་བོར་བ་དང་བཅས་པས་ལྷག་མེད་དུ་འཐུང་བར་བྱའོ༔ དེ་ནས་སྐྱབས་འགྲོ༔ སེམས་བསྐྱེད༔ སྡོམ་གཟུང་རྣམས་ཕྲིན་ལས་ལྟར་འཕོགས༔ གསང་སྔགས་ནང་གི་སེམས་བསྐྱེད༔ སླར་ཡང་གསང་བར་གདམས་པ་ནི༔ ཧོ༔ བླ་མེད་གསང་བའི་དཀྱིལ་འཁོར་འདི༔ དམ་ཚིག་ཉམས་དང་མེད་པ་ལ༔ ནམ་ཡང་སྨྲ་བར་བྱ་བ་མིན༔ ཚུལ་མིན་སྨྲས་ན་ཉམས་པར་འགྱུར༔ གུ་ཧྱ་ས་མ་ཡ་རཱཀྵནྟུ༔ ཞེས་ནན་ཏན་དུ་གདམས༔ དེ་ནི་ཕྱི་ལྟར་འཇུག་པའོ༔ ནང་ལྟར་འཇུག་པའི་སླད་དུ༔ གསོལ་བ༔ ཧོ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནས༔ ཚད་མེད་བཞི་ལྡན་མཁའ་འགྲོ་མས༔ རྣམ་ཐར་བཞི་ཡི་སྒོ་ཕྱེས་ལ༔ སྐུ་བཞིའི་ཡེ་ཤེས་བསྟན་དུ་གསོལ༔ ཛྙཱ་ན་དྷཱ་ཀི་ནཱི་ས་མ་ཡ་ཧཱུྃ༔ ཞེས་གསོལ་ཞིང་སློབ་དཔོན་གྱིས་དབྱེ་བའི་རྒྱ་དང་བཅས་ཏེ༔ བྷྲཱུྃ་ཛྙཱ་ན་མཎྜ་ལ་བྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་སྟེ་སློབ་མ་རྣམས་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་དུ་འཁོད་པར་མོས་ལ་གཡོན་སྐོར་གྱིས་ཕྱིན༔ སྐུ་གསུང་ཐུགས་ཀྱི་ཕྱག་བྱས་པར་མོས༔ ཨོཾ་ཨཱཿཧཱུྃ་ཧོ༔ རྡོ་རྗེ་བཙུན་མོའི་དཀྱིལ་འཁོར་པའི༔ སྐུ་གསུང་ཐུགས་ཀྱི་གསང་བ་ནི༔ བསམ་གྱིས་མི་ཁྱབ་ཡེ་ཤེས་ཚུལ༔ མངོན་སུམ་མཐོང་ཕྱིར་ཕྱག་འཚལ་ལོ༔ ཨོཾ་བཛྲ་བཱ་རཱ་ཧཱི་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་ན་མཱ་མི༔ ཞེས་ཕྱག་བྱ༔ སླར་ཡང་ཤར་སྒོའི་ཐད་དུ་ཞིང་ཆེན་གྱི་གདན་ལ་ཧེ་རུ་ཀའི་ཆས་ཀྱིས་འཁོད་པར་མོས༔ དམ་ཚིག་གསང་བའི་བདུད་རྩི་སྦྱིན༔ ཧོ༔ འདི་ནི་དངོས་གྲུབ་མཆོག་གི་རྒྱུ༔ རྡོ་རྗེ་ཕག་མོའི་བྱང་སེམས་ཏེ༔ ཉམས་ན་འབར་བའི་མེ་ཡིས་སྲེག༔ བསྲུང་ན་བདེ་ཆེན་ཡེ་ཤེས་འགྲུབ༔ བྃ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ༔ དེ་ལྟར་བྱིན་པའི་བྱང་སེམས་ཀྱི་བདུད་རྩི་དེ་ཉིད་སློབ་མའི་སྙིང་གར་བྃ་ཡིག་གི་རྣམ་པར་གྱུར་པ་ལས་འོད་ཟེར་འཕྲོས༔ རིག་འཛིན་བླ་མའི་ལྷ་ཚོགས་རྣམས་བྱིན་ཐིབས་སེ་བྱོན་པར་བསམས་ལ་ཐོད་པའི་རྔ་བརྡུང་ཞིང་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ པདྨ་འོད་ཀྱི་ཕོ་བྲང་ནས༔ མཁའ་འགྲོ་འདུས་པའི་ཚོགས་ཀྱི་རྗེ༔ རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ དཔའ་བོ་དྷཱ་ཀིའི་ཚོགས་དང་བཅས༔ རང་བཞིན་དབྱིངས་ནས་སྐུར་སྐྱོད་ཅིག༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསུང་གི་ཛབ་སྒྲ་འུ་རུ་རུ༔ ཐུགས་ཀྱི་ཡེ་ཤེས་ལམས་སེ་ལམ༔ རྡོ་རྗེའི་མེ་འོད་ལྷབས་སེ་ལྷབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སལ་ལྡན་རྣམས་ཀྱི་བག་ཆགས་སྲེག༔ ཉམས་ཆག་རྟོག་སྒྲིབ་ཐམས་ཅད་སྦྱོངས༔ མ་བཅོས་སྤྲོས་མེད་འོད་གསལ་ངང་༔ ཁྱབ་གདལ་ཆེན་པོའི་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་དང་ཧཱུྃ་གི་སྣང་གླུ་མང་དུ་བརྗོད་པས་རིག་འཛིན་བླ་མའི་སྐུ་ལས་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ཤིང་སྦྱངས༔ རྣམ་པར་ཤེས་པའི་དྭངས་མ་རྡུལ་བྲལ་བྃ་ཡིག་མཐིང་གར་གྱུར་པ་ཧེ་རུ་ཀ་པདྨ་ཐོད་ཕྲེང་རྩལ་གྱི་ཞལ་དུ་དྲངས༔ ཐུགས་ཀར་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ༔ སྐུ་ཡི་དབྱིབས་བརྒྱུད༔ གསང་བའི་ལམ་ནས་ཡུམ་གྱི་མཁར་བབས་པ་སྦྱོར་མཚམས་ནས་ཕྱིར་སྤྲོས་པ་ལས་སློབ་མ་རྣམས་སྐད་ཅིག་གིས་ཕག་མོ་ཁྲོས་མའི་སྐུར་གྱུར་པར་བསམས་ལ་མངོན་རྟོགས་ལྟར་གསལ་གདབ༔ སྐུ་གསུང་ཐུགས་བྱིན་གྱིས་བརླབ༔ སློབ་དཔོན་དང་སློབ་མའི་སྙིང་གའི་འོད་ཀྱིས་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་བསམས་ལ་ཤ་ཆེན་གྱི་སྤོས་བདུག༔ གསང་བའི་རོལ་མོའི་སྒྲ་སྦྱར་བ་དང་བཅས་སྤྱན་དྲངས་པའི་མཐར༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ར་ར་ར་ར༔ ཙ་ལ་ཡ་ཙ་ལ་ཡ༔ ཧཱུྃ་ཨཱ༔ ཧ་ཛྷེཾ༔ ཞེས་དབབ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབྱེར་མེད་དུ་བསྟིམ༔ ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ་སྟྭཾ༔ ཞེས་བརྟན་པར་བྱ༔ དེ་ནས་མེ་ཏོག་དོར་བ་ནི༔ ཧོ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་འདི་ཕུལ་བས༔ སྔོན་ནས་ལས་འབྲེལ་བཞག་པའི་ལྷ༔ གང་ཡིན་དེ་ལ་འབབ་པར་ཤོག༔ ཛྙཱ་ན་པུཥྤེ་ས་མ་ཡ་སྟྭཾ༔ ཞེས་ཕུལ་བས་རིགས་ངེས་པར་བྱས་ཏེ་སླར་ཡང་མེ་ཏོག་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་ལ༔ ཧོ༔ འདི་ནི་ཁྱོད་ཀྱི་ལྷག་པའི་ལྷ༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་སྟེ༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བྱིན་གྱིས་བརླབ་ཕྱིར་དབང་བསྐུར་རོ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་པུཥྤེ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་ཅིང་སྤྱི་བོར་བསྟིམ༔ དེ་ནས་གསེར་གྱི་ཐུར་མ་དང་བཅས་མིག་རས་བསལ་ལ༔ ཧོ༔ མ་རིག་པ་ཡི་ལིང་ཏོག་ནི༔ རིག་པ་མཆོག་གི་ཐུར་མས་བསལ༔ ཡེ་ཤེས་ཆེན་པོའི་མིག་ཐོབ་པས༔ རང་བྱུང་དཀྱིལ་འཁོར་མཐོང་གྱུར་ཅིག༔ ཛྙཱ་ན་ཙཀྵུ༔ ཧཱུྃ་ཨཱ༔ ཞེས་བརྗོད་ཅིང་མིག་དར་དགྲོལ༔ དེ་ནས་དཀྱིལ་འཁོར་རྡོ་རྗེས་མཚོན་པར་བྱས་ཏེ༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་ཡེ་ཤེས་བྱིན་རླབས་ཞུགས༔ གསང་བའི་དཀྱིལ་འཁོར་འདི་ལྟོས་ལ༔ མཆོག་གི་དངོས་གྲུབ་བསྒྲུབ་པར་གྱིས༔ ཞེས་བསྐུལ་ནས་བརྡ་སྤྲད་པ་ནི༔ ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ འདི་ན་བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ༔ སྐུ་མཚན་མ༔ གསུང་བདུད་རྩི༔ ཐུགས་སིནྡྷུ་ར༔ ཡེ་ཤེས་རྡོ་རྗེ་སེམས་དཔའི་མེ་ལོང་གི་དཀྱིལ་འཁོར་རྣམས་དབྱེར་མི་ཕྱེད་པའི་ངོ་བོ་ཡུམ་ལྔའི་མཁའ་ཀློང་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་རྡོ་རྗེའི་སྲུང་འཁོར་དུར་ཁྲོད་བརྒྱད་རབ་ཏུ་འཇིགས་པའི་གཞལ་མེད་ཁང་གི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ༔ ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་བཞི༔ བར་ཁྱམས་སུ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ༔ སྒོ་དང་གྲུ་ཆད་རྣམས་སུ་ཕྲ་མེན་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དང་དབྱེར་མི་ཕྱེད་པར་བཞུགས་པ་མངོན་སུམ་དུ་མཐོང་ཞིང་༔ དེ་ཐམས་ཅད་ཀྱང་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་གདོད་མ་ནས་རྣམ་པར་དག་པའི་རང་བཞིན་ཅན་དུ་ཡེ་ནས་རང་རང་ལ་བཞུགས་པ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་གདམས་པ་ལ་སློབ་མ་རྣམས་ཀྱིས་ཀྱང་དེ་ཁོ་ན་ཉིད་མངོན་དུ་མཐོང་བའི་བློས༔ ཧོ༔ གསང་བའི་དཀྱིལ་འཁོར་ཆེན་པོར་ཞུགས༔ དམ་ཚིག་དཀྱིལ་འཁོར་ཆེན་པོ་མཐོང་༔ ཡེ་ཤེས་དཀྱིལ་འཁོར་མངོན་སུམ་ཕྱིར༔ སྐལ་བ་མཆོག་ཏུ་ད་གྱུར་ཏོ༔ ཛྙཱ་ན་ས་མ་ཡ་ཧོ་ཧོ་ཧོ༔ ཞེས་ཆེད་དུ་བརྗོད་པར་བྱའོ༔ དེ་རྣམས་ནི་རྒྱུད་དག་པར་བྱེད་པ་སྟེ་འཇུག་པའི་ཆོ་གའོ༔ ཞུགས་པ་ལ་དབང་བསྐུར་བ་ལ་བཞི་སྟེ༔ ཕྱི་ཡི་དབང་དང་༔ ནང་གི་དབང་དང་༔ གསང་བའི་དབང་དང་༔ དེ་ཁོ་ན་ཉིད་ཀྱི་དབང་ངོ་༔ དང་པོ་ལའང་གསུམ་སྟེ༔ ཕན་པའི་དབང་དང་༔ ནུས་པའི་དབང་དང་༔ ནུས་པ་མཆོག་གི་དབང་ངོ་༔ དེ་ལ་དང་པོ་ཐུན་མོང་དུ་མཎྜལ་ཕུལ༔ གསོལ་བ་གདབ་པ་ནི༔ བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ བདེ་གཤེགས་རིགས་ལྔའི་སངས་རྒྱས་ལ༔ དབང་བསྐུར་ཇི་ལྟར་སྩལ་བ་བཞིན༔ བདག་ཀྱང་རྗེས་སུ་གཟུང་མཛད་གསོལ༔ ཞེས་གསོལ་བ་བཏབ་པས༔ སློབ་དཔོན་རྡོ་རྗེ་ཕག་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པར་བསམས་ལ་སློབ་དཔོན་གྱིས་མཆོད་བསྟོད་གསོལ་བ་གདབ༔ དེ་ནས་ཕན་པའི་དབང་གི་སླད་དུ༔ རང་བྱུང་བདེ་སྟོང་གི་བུམ་པ་སྤྱི་བོའི་གནས་ལྔར་བཞག་སྟེ་འདི་སྐད་དོ༔ ཨོཾ༔ སྣོད་ནི་ཆོས་དབྱིངས་ཡེ་ཤེས་ཀློང་༔ བཅུད་ནི་རྡོ་རྗེ་ཁྲོས་མ་ཆེ༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ བདེ་གཤེགས་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷཱི་ཀཱ་ལཱི་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སྣོད་ནི་མེ་ལོང་ཡེ་ཤེས་ཀློང་༔ བཅུད་ནི་བཛྲ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ རྡོ་རྗེའི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཏྲཱྃ༔ སྣོད་ནི་མཉམ་ཉིད་ཡེ་ཤེས་ཀློང་༔ བཅུད་ནི་རཏྣ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ རིན་ཆེན་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཏྲཱྃ༔ ཧྲཱི༔ སྣོད་ནི་སོར་རྟོག་ཡེ་ཤེས་ཀློང་༔ བཅུད་ནི་པདྨ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ པདྨའི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧྲཱི༔ ཨཱ༔ སྣོད་ནི་བྱ་གྲུབ་ཡེ་ཤེས་ཀློང་༔ བཅུད་ནི་ཀརྨ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ ལས་ཀྱི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྤྱི་བོའི་གནས་ལྔ་ནས་ཞུགས༔ ཉོན་མོངས་པ་ལྔ་བདེ་ཆེན་དུ་དག༔ ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར༔ ཆུ་བོའི་རྦ་རླབས་སྤྱི་བོར་བརྟན་པ་ལས་ཧེ་རུ་ཀ་རིགས་ལྔས་དབུར་བརྒྱན་པར་བསམ་མོ༔ དེ་ནི་ཕན་པ་སློབ་མའི་དབང་ངོ་༔ ནུས་པ་སློབ་དཔོན་གྱི་དབང་གི་སླད་དུ༔ སླར་ཡང་བྷནྡྷ་སྙིང་ག་མགྲིན་པ་སྤྱི་བོ་རྣམས་སུ་བཞག་ལ༔ ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་རྡོ་རྗེ་མཁའ་འགྲོ་མས༔ ཡིད་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཙིཏྟ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་རྡོ་རྗེ་མཁའ་འགྲོ་མས༔ ངག་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེ་གསུང་དུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཝཱ་ཀ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཨོཾ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་རྡོ་རྗེ་མཁའ་འགྲོ་མས༔ ལུས་ལ་མངོན་པར་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཀཱ་ཡ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ ཞེས་དབང་བསྐུར་བས་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་ཐུགས་གསུང་སྐུའི་གསང་བ་དང་སློབ་མའི་སྒོ་གསུམ་དབྱེར་མེད་པར་གྱུར་ཏེ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་གོ་འཕང་ལ་དབང་བསྒྱུར་བར་བསམ་མོ༔ དེ་ནི་ནུས་པ་སློབ་དཔོན་གྱི་དབང་ངོ་༔ དེ་ནས་ནུས་པ་མཆོག་གི་དབང་ལ༔ ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་སློབ་མ་ལ་ཐིམ་ཞིང་གནས་སོ་སོར་བཞུགས་པར་བསམས་ལ༔ རྡོ་རྗེ་ཁྲོས་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ༔ བདེ་གཤེགས་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷཱི་ཀཱ་ལཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཞེས་བརྗོད་ཅིང་སློབ་མའི་སྤྱི་བོར་བསྟིམ་མོ༔ དེ་བཞིན་དུ་རྡོ་རྗེ་མཁའ་འགྲོའི་སྐུ་སྙིང་གར་བཞག་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་བཛྲ་མཁའ་འགྲོ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ རིན་ཆེན་མཁའ་འགྲོའི་སྐུ་ལྟེ་བར་བཞག་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རཏྣ་དྷཱ་ཀི་ནཱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ པདྨ་མཁའ་འགྲོའི་སྐུ་མགྲིན་པར་བཞག་ལ༔ ཧཱུྃ༔ པདྨ་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་པདྨ་དྷཱ་ཀི་ནཱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ལས་ཀྱི་མཁའ་འགྲོ་མའི་སྐུ་གསང་བར་བཞག་ལ༔ ཧཱུྃ༔ ལས་ཀྱི་རིགས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་ཀརྨ་དྷཱ་ཀི་ནཱིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་སྐུ་འགྲུབ་ཤོག༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དཔའ་བོ་དཔའ་མོ་ཉེར་བཞིའི་སྐུ་གནས་སོ་སོར་བཞག་ལ༔ ཧཱུྃ༔ སྨིན་མཚམས་བུལླི་ར་མ་ལར༔ ཐོད་པའི་དུམ་བུ་རབ་གཏུམ་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཁཎྜ་ཀ་པཱ་ལ་པྲ་ཙཎྜ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ལྟག་པའི་གནས་མཆོག་ཨརྦུ་དར༔ མཆེ་བ་རྣམ་གཙིགས་སྣ་ཆེན་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་དཾཥྚ་མ་ཧཱ་ནཱ་སཱ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ རྣ་བ་གཡས་པ་ཨོོཌཱི་ཡར༔ ཀདྐཱ་ལ་དང་འོད་ལྡན་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཀངྐཱ་ལ་ཕྲབྷཱ་ཝ་ཏཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སྤྱི་གཙུག་ཛཱ་ལནྡྷ་ར་རུ༔ མ་ཧཱ་ཀངྐ་གཏུམ་མིག་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀངྐ་ཙཎྜ་ཨཀྵི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ རྣ་བ་གཡོན་པ་གོ་དཱ་ཝར༔ སུ་ར་ཝཱི་ར་བློ་ཅན་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སུར་ཝཱིར་མ་ཏཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སྨིན་དབུས་ར་མེ་ཤྭ་ར་རུ༔ འོད་དཔག་མེད་དང་མིའུ་ཐུང་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཨ་མི་ཏ་བྷཱ་ཁ་རྒ་རཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ མིག་གཉིས་དེ་བཱི་ཀོ་ཊི་རུ༔ རྡོ་རྗེའི་འོད་ཅན་ལངྐ་མ༔ དཔའ་བོ་མཁའ་འགྲོ་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བྷཱ་ལངྐེ་ཤྭ་རཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ཕྲག་པའི་གནས་མཆོག་མ་ལ་ཡར༔ རྡོ་རྗེའི་སྐུ་དང་ཤིང་གྲིབ་མ༔ དཔའ་བོ་མཁའ་འགྲོ་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀཱ་ཡ་དྲུ་མ་ཙྪ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ མཆན་གཉིས་ཀཱ་མ་རཱུ་པ་རུ༔ ཨངྐུ་རི་དང་ཨེ་རཱ་ཝ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཨངྐུ་རི་ཨེ་རཱ་ཝ་ཏཱི༔ ཧཱུྃ༔ སྣ་རྩེའི་གནས་མཆོག་ཀོ་ས་ལར༔ རྡོ་རྗེ་ཧཱུྃ་མཛད་ཆང་འཐུང་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཧཱུྃ་ཀཱ་ར་སུ་ར་བྷ་ཀྵཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ལྟེ་བ་ཏྲི་ཤ་ཀུ་ནེ་རུ༔ དཔའ་བོ་ཆེན་མོ་རླུང་ཤུགས་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་བཱི་ར་ཝཱ་ཡུ་བེ་གཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ནུ་མ་གཉིས་གནས་ཨོ་ཊེ་རུ༔ རྡོ་རྗེ་རལ་ཅན་འཇིགས་བྱེད་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཛཱ་ཊཱི་མ་ཧཱ་བྷེེ་ར་ཝཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ཁ་ཡི་གནས་མཆོག་ཀ་ལིངྐར༔ རབ་ཏུ་བཟང་པོ་ཤྱཱ་མ་དེ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་སུ་བྷ་དྲ་ཤྱཱ་མ་དེ་ཝཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ མགྲིན་པའི་གནས་མཆོག་ལམྦ་ཀར༔ རྡོ་རྗེ་བཟང་པོ་ཤིན་ཏུ་བཟང་༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་བྷ་དྲ་སུ་བྷ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སྙིང་གའི་གནས་མཆོག་ཀཱཉྩི་རུ༔ འཇིགས་བྱེད་ཆེན་པོ་རྟ་རྣ་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་བྷེེར་ཝ་ཧ་ཡ་ཀརྞི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ འདོམ་པར་ཧི་མཱ་ལ་ཡ་རུ༔ མིག་མི་བཟང་དང་ཁ་གཱ་ན༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བི་རུ་པཱཀྵ་ཁ་གཱ་ན་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ མཚན་མ་པྲེ་ཏ་པུ་རི་རུ༔ སྟོབས་ཆེན་འཁོར་ལོའི་ཤུགས་འཆང་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་པཱ་ལ་ཙཀྲ་བེ་གཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ བྱིན་པ་སུ་བརྞཱ་དཱི་པར༔ ནམ་སྙིང་འཁོར་ལོའི་གོ་ཆ་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཁ་གརྦྷ་ཙཀྲ་ཝ་རྨི་ཎཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ བརླ་གཉིས་སོོ་རཱཥྚ་རུ༔ དཔའ་བོ་རྟ་མགྲིན་ཤོོཎྜི་ནཱི༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཧ་ཡ་གྲཱི་བ་ཤོོཎྜི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ བཤང་ལམ་གྲྀ་ཧ་དེ་བ་རུ༔ རིན་ཆེན་རྡོ་རྗེ་དུམ་སྐྱེས་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་རཏྣ་བཛྲ་ཁཎྜ་རོ་ཧཱ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སོར་མོ་བཅུ་དྲུག་ནཱ་ག་རར༔ ཧེ་རུ་ཀ་དང་ཤིན་ཏུ་དཔའ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཧེ་རུ་ཀ་སུ་བཱི་རཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ བོལ་གོང་གནས་མཆོག་སིནྷཱུའི་གྲོང་༔ པདྨ་གར་དབང་སྟོབས་ཆེན་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་པདྨ་ནིརྟཱི་ཤྭ་ར་མ་ཧཱ་བཱ་ལཱ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ མཐེ་བོང་བཞི་གནས་མ་རུ་ཏར༔ རྣམ་པར་སྣང་མཛད་འཁོར་སྒྱུར་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བེེ་རོ་ཙ་ན་ཙཀྲ་ཝརྟི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ པུས་མོའི་གནས་མཆོག་ཀུ་ལུ་ཏར༔ རྡོ་རྗེ་སེམས་དཔའ་བརྩོན་ཆེན་མ༔ དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ས་ཏྭ་མ་ཧཱ་བིརྻཱ་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཕྲ་མེན་མ་བཞི་ཡན་ལག་བཞིར་བཞག་ལ༔ ཧཱུྃ༔ བྱམས་པ་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་ཁྲ་གདོང་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཞི་བའི་ལས་ཀུན་ལྷུན་གྲུབ་ཤོག༔ ཨོཾ་ཀཱ་ཀཱ་མུ་ཁཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ སྙིང་རྗེ་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་ཕག་གདོང་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྒྱས་པའི་ལས་ཀུན་ལྷུན་གྲུབ་ཤོག༔ ཨོཾ་སཱུ་ཀ་རཱ་མུ་ཁཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ དགའ་བ་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་ཁྱི་གདོང་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་གི་ལས་ཀུན་ལྷུན་གྲུབ་ཤོག༔ ཨོཾ་ཤྭན་མུ་ཁཱི་ཀཱ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ བཏང་སྙོམས་ཚད་མེད་ངོ་བོ་ཉིད༔ ཕྲ་མེན་ཆེན་མོ་འུག་གདོང་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དྲག་པོའི་ལས་ཀུན་ལྷུན་གྲུབ་ཤོག༔ ཨོཾ་ཨུ་ལཱུ་ཀ་མུ་ཁཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དམ་ཚིག་གི་མཁའ་འགྲོ་བཞི་དཔུང་མགོ་གཉིས་དང་པུས་མོ་གཉིས་སུ་བཞག་ལ༔ ཧཱུྃ༔ དགའ་བའི་ཡེ་ཤེས་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་གཤེར་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་གཡོ་བར་ཤོག༔ ཨོཾ་ཛ་ལ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ མཆོག་ཏུ་དགའ་བའི་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་བརྟན་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་འབར་བར་ཤོག༔ ཨོཾ་སྠཱ་ན་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ཁྱད་པར་དགའ་བའི་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་སྲེག་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་ཐིམ་པར་ཤོག༔ ཨོཾ་ཛྭ་ལ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཧཱུྃ༔ ལྷན་སྐྱེས་དགའ་བའི་ངོ་བོ་ཉིད༔ དམ་ཚིག་མཁའ་འགྲོ་གཡོ་བྱེད་མས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདེ་ཆེན་ཡེ་ཤེས་མཐར་ཕྱིན་ཤོག༔ ཨོཾ་ཙ་ལན་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཞེས་རིམ་པ་ལྟར་གནས་སོ་སོར་བསྟིམ་མོ༔ དེས་ཁམས་གསུམ་གྱི་སྣང་བ་ཐམས་ཅད་དང་༔ རྡོ་རྗེ་ཕུང་བོའི་གྲོང་ཁྱེར་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལྷ་ཚོགས་སུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་བར་བྱའོ༔ བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ནི༔ སློབ་དཔོན་དང་དབྱེར་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང་༔ སློབ་མའི་གནས་སོ་སོར་བཞུགས་པའི་ལྷ་རྣམས་ཀྱི་ཐུགས་སྲོག་གི་མཐར་འཁོད་པར་མོས་ལ་བཟླས་པའི་དམིགས་པ་དང་བཅས་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ༔ དེས་སྒྲ་སྐད་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་འཁོར་ལོའི་གསུང་དུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་ངོ་༔ ཐུགས་ཀྱི་དགོངས་པ་ངོ་སྤྲད་པ་ནི༔ དཔོན་སློབ་གཉིས་ཀས་མཉམ་པར་བཞག་ལ༔ ཕྲིན་ལས་ནས་འབྱུང་བ་ལྟར་དགོངས་པ་ངོ་སྤྲད་ཅིང་ངེས་ཤེས་བསྐྱེད༔ དེས་ནི་རྟོག་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་འཁོར་ལོའི་ཐུགས་སུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་ངོ་༔ དེ་ལྟར་ན་སྐུ་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ༔ འདོད་ཁམས་དང་ལུས་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་སྐུ་བསྒོམ་པ་ལ་དབང་ཞིང་འབྲས་བུ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེ་ནས་ནང་གི་དབང་བསྐུར་བ་ལ་མཎྜལ་ཕུལ༔ བླ་མ་རྡོ་རྗེ་ཕག་མོ་ཡིས༔ བུམ་པའི་དབང་བསྐུར་སྩལ་ལགས་ན༔ ད་ནི་དམ་ཚིག་གསང་ཆེན་གྱི༔ དབང་བསྐུར་བཀའ་དྲིན་མཛད་དུ་གསོལ༔ ཞེས་གསོལ་བ་གདབ༔ སློབ་མ་རྟོག་པ་ཆུང་བའི་སྐབས་དང་ལྡན་པ་ལ༔ བླ་མ་ཡབ་ཡུམ་དངོས་སུ་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་སམ༔ གཞན་དུ་བྱང་སེམས་ཀྱི་རྫས་དང་སྦྱར་བའི་བདུད་རྩི་སྦྱིན་པར་བྱ་སྟེ༔ དེའང་སློབ་དཔོན་ཧེ་རུ་ཀར་གསལ་བ་ཤེས་རབ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའི་བདེ་བའི་རོལ་མོས་ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས༔ ཞལ་དུ་ཞུགས༔ འདོད་ཆགས་ཆེན་པོའི་མེས་བཞུ་བའི་བྱང་ཆུབ་སེམས་དཀར་དམར་འདྲེས་པའི་རྒྱུན་ཡུམ་གྱི་པདྨ་ནས་ཕྱིར་སྤྲོས༔ ཐོད་པའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཐིམ༔ བདེ་བ་ཆེན་པོའི་མཆོད་པས་མཉེས་ཏེ་འོད་དུ་ཞུ་བ་སློབ་མ་རྣམས་ཀྱི་ཁར་ཕྱིན་པར་མོས་ཏེ༔ ཧཱུྃ༔ ཐབས་ཀྱི་རང་བཞིན་བྱང་ཆུབ་སེམས༔ མུ་ཏིག་ལྟར་དཀར་དྲི་མ་མེད༔ ཤེས་རབ་མཆོག་གི་རཀྟ་ནི༔ དམར་གསལ་ཆགས་པ་ཆེན་པོའི་ཚུལ༔ དབྱེར་མེད་ལྷན་ཅིག་མཉམ་སྦྱར་བའི༔ ཀུན་ཏུ་ཚིམ་བྱེད་བདུད་རྩི་ཆེ༔ འཐུངས་ཤིག་འཐུངས་ཤིག་བརྟུལ་ཞུགས་ཅན༔ དཔའ་བོའི་དམ་ཚིག་འདི་སྤྱོད་ཅིག༔ ཨོཾ་བྷོ་དྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩཱ་མི༔ ཞེས་བདུད་རྩི་མྱངས་བ་ལ་བརྟེན་ནས་གསལ་སྟོང་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེ་པའི་མཐུས༔ རྩ་གསུམ་འཁོར་ལོ་ལྔ་ལྷག་པར་གསལ་བར་བྱས༔ རྩ་ནང་གི་ཁམས་རྣམས་གནས་གྱུར་ཏེ་སྤྱི་བོར་སངས་རྒྱས༔ མགྲིན་པར་པདྨ༔ སྙིང་གར་རྡོ་རྗེ༔ ལྟེ་བར་རིན་ཆེན༔ གསང་བར་ལས་ཀྱི་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ཤིན་ཏུ་གསལ་བར་བསམས་ལ་སེམས་གཟུང་༔ དེ་དང་རྗེས་སུ་འབྲེལ་བར་ཁྱད་པར་གྱི་བྱིན་རླབས་དྲུག་བྱ་བ་ནི༔ ཐོག་མར་རླུང་རོ་བསལ༔ ལྟེ་བའི་ལྷ་ཚོགས་རྣམས་ལ་སེམས་གཏད་དེ་བུམ་པ་ཅན་བཟུང་བས་དེ་རྣམས་ལས་འོད་ཟེར་འཕྲོས༔ གཏུམ་མོའི་མེ་ལ་རེག་པས་དམར་ཁྱུག་གིས་འབར༔ རྩ་འཁོར་ལྔ་དང་ལུས་ཕྱི་ནང་ཐམས་ཅད་གང་༔ ཁམས་སྙིགས་མ་རྣམས་བསྲེགས༔ དྭངས་མ་རྣམས་ཆེས་ཆེར་འབར་ཞིང་རྒྱས༔ བདེ་དྲོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་བསམ༔ ཨོཾ་སརྦ་རཏྣ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ རྃ་རྃ་རྃ༔ ཞེས་བརྗོད་ཅིང་བྱིན་དབབ༔ དཔལ་འབར་གྱི་མེ་སྦར་བ་ལུས་ལ་བསྐོར་བའི་བརྡ་ཐབས་དང་བཅས༔ ཧཱུྃྃ༔ རིན་ཆེན་མཁའ་འགྲོའི་བྱིན་རླབས་ཀྱིས༔ གཏུམ་མོའི་མེ་ལྕེ་སྦར་བ་ལས༔ མཚན་འཛིན་རྣམ་རྟོག་བག་ཆགས་བསྲེགས༔ བདེ་དྲོད་ཡེ་ཤེས་འབར་བར་ཤོག༔ ཨོཾ་ཛྙཱ་ན་ཛྭ་ལ་རཾ་ཨདྷིཥྛཱ་ན་ཨདྷིཥྛི་ཏེ་སྭཱ་ཧཱ༔ རྃ་རྃ་རྃ༔ ཞེས་བརྟན་པར་རྒྱས་གདབ་བོ༔ སྤྱི་བོའི་སངས་རྒྱས་མཁའ་འགྲོ་མའི་ལྷ་ཚོགས་ལ་སེམས་གཏད་པས༔ དེ་ལས་འོད་ཟེར་འཇའ་ཚོན་ལྟ་བུ་འཕྲོས༔ ཞུ་བདེ་དང་དབྱེར་མེད་པའི་ལུས་དཀྱིལ་ལྷ་ཚོགས་རྣམས་ལ་རེག་པ་ཙམ་གྱིས་དེ་ཐམས་ཅད་ཀྱང་དྭངས་གསལ་འཇའ་ཚོན་གྱི་རང་བཞིན་དུ་བྱས༔ སླར་ཡང་འོད་ཟེར་དེས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཅིར་སྣང་རྡོ་རྗེ་ཕག་མོའི་ལྷ་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་ལམ་ལམ་གྱུར་པར་བསམས་ལ་རླུང་སེམས་རྩེ་གཅིག་ཏུ་གཟུང་༔ ཨོཾ་སརྦ་བུདྡྷ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བྱིན་དབབ༔ ལྷ་སྐུའི་གཟུགས་བརྙན་མེ་ལོང་དུ་ཤར་བ་བསྟན་ལ༔ ཧཱུྃ༔ སངས་རྒྱས་མཁའ་འགྲོའི་ཡེ་ཤེས་ཀྱིས༔ ཐ་མལ་སྣང་ཞེན་དངོས་པོ་སྦྱངས༔ སྒྱུ་མ་ཆུ་ཟླ་གཟུགས་བརྙན་ལྟར༔ ཟུང་འཇུག་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་མཱ་ཡཱ་ཛྙཱ་ན་ཨདྷིཥྛཱ་ན་ཨདྷིཥྛི་ཏེ་སྭཱ་ཧཱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྒྱས་གདབ་བོ༔ སྙིང་གའི་རྡོ་རྗེ་མཁའ་འགྲོ་མའི་ལྷ་ཚོགས་རྣམས་ལ་སེམས་གཏད་པས༔ དེ་ལས་འོད་ཟེར་འཕྲོས༔ འཁོར་རྣམས་འོད་དུ་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་ཐུགས་ཀའི་དབུས་སུ་ཆོས་ཐམས་ཅད་ཀྱི་གནས་ལུགས་འོད་གསལ་བའི་ངོ་བོ་ཨ་ཡིག་མཐིང་ག་ཤིན་ཏུ་ཕྲ་བ་ལ་སེམས་གཏད་པ་ལ་སྣང་བ་མཆེད་པ༔ མཆེད་པ་ཐོབ་པ༔ ཐོབ་པ་ཉེར་ཐོབ༔ ཉེར་ཐོབ་འོད་གསལ་ལ་ཐིམ་ནས་རང་རིག་དྲི་མ་མེད་པའི་གནས་ལུགས་མངོན་དུ་བྱེད་པར་མོས༔ རླུང་སེམས་རྩེ་གཅིག་གཟུང་༔ ཨོཾ་སརྦ་བཛྲ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨ་ཨ་ཨ༔ ཞེས་བྱིན་དབབ༔ མེ་ལོང་དྲི་མ་མེད་པ་བསྟན་ལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོའི་བྱིན་རླབས་ཀྱིས༔ སྣང་གསུམ་དབྱིངས་སུ་ཐིམ་པ་ལས༔ དྭངས་ཤིང་གསལ་ལ་མི་རྟོག་པའི༔ འོད་གསལ་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཨ་ཨ་ཨ༔ ཞེས་རྒྱས་གདབ་བོ༔ མགྲིན་པའི་པདྨ་མཁའ་འགྲོ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ འཁོར་རྣམས་འོད་དུ་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་མགྲིན་པར་ཨྃ་དམར་པོ་འབར་བ་ལ་སེམས་གཟུང་༔ རྨི་ལམ་ཡིན་སྙམ་དུ་བསམ༔ ཉམས་སྐྱེས་པ་ན་རླུང་སེམས་དྲག་ཏུ་གཅུན༔ ཨོཾ་སརྦ་པདྨ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨྃ་ཨྃ་ཨྃ༔ ཞེས་བྱིན་དབབ༔ མེ་ལོང་དུ་གཟུགས་བརྙན་སྣ་ཚོགས་ཤར་བ་བསྟན་ལ༔ ཧཱུྃ༔ པདྨ་མཁའ་འགྲོའི་བྱིན་རླབས་ཀྱིས༔ རྨི་ལམ་སྤྲུལ་བསྒྱུར་འབྱོངས་བ་ལས༔ ཆོས་ཀུན་སྟོང་པའི་གཟུགས་བརྙན་ལྟར༔ ཡང་དག་ངེས་དོན་རྟོགས་པར་ཤོག༔ ཨོཾ་ཤཱུནྱ་ཏཱ་རཱུ་པ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཨྃ་ཨྃ་ཨྃ༔ ཞེས་རྒྱས་གདབ་བོ༔ ལྟེ་འོག་སོར་བཞིའི་ཐད་ཀྱི་དབུ་མའི་ནང་ཟླ་དཀྱིལ་གྱིས་ཁྲིགས་སེ་བཀག་པའི་དབུས་སུ་ཐིག་ལེ་སྔོ་སྐྱ་སྲན་ཆུང་ཙམ་གསལ་གདབ༔ གསང་གནས་ཀྱི་ཀརྨ་དྷཱ་ཀིའི་ལྷ་ཚོགས་རྣམས་ལ་སེམས་གཏད་པ་དང་༔ འོག་རླུང་གིས་བསྐུལ་བའི་རྐྱེན་གྱིས་འོད་ཟེར་རླུང་དང་བཅས་པ་གྱེན་དུ་བྱུང་༔ ཟླ་དཀྱིལ་ལ་རེག་པས་ཐིག་ལེ་སྐར་མདའ་འཕང་བ་བཞིན་སོང་༔ དབུ་མའི་ལམ་བརྒྱུད༔ འཁོར་ལོ་གསུམ་གྱི་གཙོ་མོ་རྣམས་ལ་བསྐོར་ཏེ༔ སྤྱི་བོའི་སངས་རྒྱས་མཁའ་འགྲོ་མའི་ཐུགས་ཀར་ཐིམ་པར་བསམ༔ རླུང་རིག་བསྲེས་ཏེ་སེམས་བཟུང་༔ ཨོཾ་སརྦ་ཀརྨ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཕཊ་ཕཊ་ཕཊ༔ ཅེས་བྱིན་དབབ༔ མདའ་གཞུའི་འཁྲུལ་འཁོར་གྱིས་མཚོན་པར་བྱས་ལ༔ ཧཱུྃ༔ ལས་ཀྱི་མཁའ་འགྲོའི་བྱིན་རླབས་ཀྱིས༔ རླུང་སེམས་ཐིག་ལེ་མདའ་ལྟར་འཕངས༔ དབྱིངས་དང་རིག་པ་དབྱེར་མེད་ངང་༔ མཁའ་སྤྱོད་གནས་སུ་འཕོ་བར་ཤོག༔ ཨོཾ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ ཕཊ་ཕཊ་ཕཊ༔ ཅེས་རྒྱས་གདབ༔ སངས་རྒྱས་མཁའ་འགྲོའི་ཐུགས་ཀ་ནས་རླུང་སེམས་ཀྱི་ཐིག་ལེ་མར་བྱུང་༔ ལྟེ་བའི་ཟླ་དཀྱིལ་གྱི་སྟེང་དུ་ལྕི་ཐེང་ངེ་གནས་པར་བསམ༔ སླར་ཡང་རང་ཉིད་བར་དོའི་རླུང་སེམས་ཙམ་ལས་གྲུབ་པའི་ངོ་བོ་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་སེམས་གཏད་དེ༔ འོད་ཟེར་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཁྱབ༔ དེ་ཐམས་ཅད་བར་དོའི་སྣང་བ་སྒྱུ་མའི་རོལ་པ་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ལམ་གྱིས་སད་པར་བསམས་ལ་རྩལ་སྦྱང་༔ ཨོཾ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷཱི་ཀཱ་ལཱི་སརྦ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ བྃ་བྃ་བྃ༔ ཞེས་བྱིན་དབབ༔ མཐར་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམ༔ དེ་ལས་ཟུང་འཇུག་སྒྱུ་མའི་ལྷ་སྐུ་ཁྲོས་མ་ནག་མོའི་ཕྱག་རྒྱར་ལམ་གྱིས་གསལ་གདབ༔ མར་མེའི་བརྡས་མཚོན་པར་བྱས་ཏེ༔ ཧཱུྃ༔ རྡོ་རྗེ་ཕག་མོའི་བྱིན་རླབས་ཀྱིས༔ ལྷ་སྔགས་ཆོས་སྐུའི་སྣང་བ་འབར༔ བར་དོའི་འཁྲུལ་པའི་མུན་པ་བསལ༔ སྐུ་གསུམ་གོ་འཕང་མངོན་གྱུར་ཤོག༔ ཨོཾ་མ་ཧཱ་སུ་ཁ་ཀཱ་ཡ་ཛྙཱ་ན་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ༔ བྃ་བྃ་བྃ༔ ཞེས་རྒྱས་གདབ་བོ༔ དེ་ལྟར་ན་གསུང་བྱང་སེམས་བདུད་རྩིའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ༔ གཟུགས་ཁམས་དང་ངག་གི་དྲི་མ་དག༔ རྡོ་རྗེ་ཕག་མོའི་རླུང་སྔགས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་ཞིང་༔ འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེ་ནས་གསང་བའི་དབང་བསྐུར་བ་ལ་མཎྜལ་ཕུལ༔ དཔལ་ལྡན་བླ་མའི་བཀའ་དྲིན་གྱིས༔ རྩ་ཁམས་རླུང་ལ་ནུས་པ་སྨིན༔ ད་ནི་གྲོལ་བ་མངོན་འགྱུར་ཕྱིར༔ གསང་བའི་ཡེ་ཤེས་དབང་བསྐུར་སྩོལ༔ ཞེས་གསོལ་བ་གདབ༔ སློབ་མ་སྐད་ཅིག་གིས་ཧེ་རུ་ཀ་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པ་ལ༔ སིནྡྷུ་རའི་མནྜལ་གཏད་དེ༔ ཧཱུྃ༔ ལས་ཀྱི་ཕྱག་རྒྱའི་ཆུ་སྐྱེས་མཆོག༔ རྣམ་ཐར་གསུམ་ལྡན་ཆོས་འབྱུང་དབུས༔ བདེ་ཆེན་ཡེ་ཤེས་མཆོག་སྟེར་བ༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེས་མཚན༔ སྙོམས་འཇུག་ཆགས་པ་ཆེན་པོའི་མེ༔ དམ་ཚིག་ཕྱག་རྒྱའི་དམར་འོད་འབར༔ དྭངས་གསལ་རྙོག་མེད་མེ་ལོང་ལྟར༔ ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ ཨོཾ་ཀརྨ་མུ་དྲཱ་སརྦ་ཛྙཱ་ན་མ་ཧཱ་སུ་ཁ་ཧོ༔ ཞེས་རིག་མའི་བརྟུལ་ཞུགས་བྱིན༔ སིནྡྷུ་རའི་ཐིག་ལེ་སྨིན་མཚམས་སུ་དགོད༔ དངོས་གཞིའི་སླད་དུ༔ སིནྡྷུ་རའི་དཀྱིལ་འཁོར་ལས་ཕྱག་རྒྱ་པདྨ་ཅན་གྱི་མཚན་ཉིད་ཅན་གྱི་རྡོ་རྗེ་ཕག་མོའི་ངོ་བོ་ཅན་རེ་བྱུང་སྟེ་ལས་རྒྱ་ལ་ཐིམ་པའམ༔ མདུན་དུ་ཆགས་པའི་མདངས་ཀྱིས་འཁོད་པས༔ ཨེ་མ་གསང་བ་ཆེན་པོའི་རིགས༔ སྔགས་ཀྱི་དམ་ཚིག་ལ་གནས་ན༔ རྡོ་རྗེ་རྗེས་སུ་ཆགས་པ་ཡི༔ དམ་ཚིག་མཆོག་གི་དུས་ལ་བབ༔ ས་མ་ཡ་ཧོ༔ ཞེས་བསྐུལ་པ་ལ༔ ཨེ་མ་ཡིད་འོང་ལྷ་མོ་ཆེ༔ བདག་ནི་ལམ་ལ་སོམ་ཉི་མེད༔ སྔགས་ཀྱི་དམ་ཚིག་ཆེན་པོ་ཡི༔ ལོངས་སྤྱོད་དགའ་སྟོན་ཁྱོད་ཀྱིས་མཛོད༔ ས་མ་ཡ་སྟཱཾ༔ སླར་ཡང་༔ རྗེས་སུ་ཆགས་པ་ཆེན་པོ་ཡི༔ སྤྱོད་པ་མཆོག་ལ་རྣམ་རོལ་པས༔ ལྷན་སྐྱེས་ཡེ་ཤེས་སྒྲུབ་བྱེད་པའི༔ ངོ་མཚར་ཆེན་པོ་དེ་སྤྱོད་ཅིག༔ ཨ་ནུ་རཱ་ག་ཡ་ཧོ༔ ཞེས་བསྐུལ་བ་ལ༔ ཨེ་མ་ཧོ༔ བདེ་བའི་འབྱུང་གནས་ཆེ༔ རྡོ་རྗེ་རྗེས་སུ་ཆགས་པ་ཡི༔ བརྟུལ་ཞུགས་རོལ་པར་བདག་སྤྲོ་ན༔ བདེ་བའི་པང་དུ་ད་ལྟར་བྱོན༔ ཨ་ནུ་རཱ་ག་ཡཱ་མི༔ ཞེས་ལན་བཏབ་པས་མཆོག་ཏུ་དགྱེས་ཏེ༔ ཧོ༔ དགའ་བའི་ཡན་ལག་རེག་པ་དང་༔ མཆོག་དགའི་ཕྱག་རྒྱས་ཉེ་བར་འཁྱུད༔ ཁྱད་པར་དགའ་བའི་ངང་དུ་སྡོམས༔ ལྷན་ཅིག་སྐྱེས་པས་རྗེས་སྤྱོད་ཅིག༔ ཛ༔ཧཱུྃ་བྃ་ཧོ༔ ཞེས་སྙོམས་པར་ཞུགས་པས་དགའ་བ་བཞིའི་རོས་རྒྱུད་ཡོངས་སུ་གང་ཞིང་ཚིམ་པར་བསམས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཧོ༔ སླར་ཡང་ཐིག་ལེ་གྱེན་དུ་བཟློག་སྟེ་མས་བརྟན་གྱི་དགའ་བ་བཞིའི་མཐར་སོན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་ངང་ལ་མཉམ་པར་བཞག༔ ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་ང་རྒྱལ་གཟུང་༔ དེ་ལྟར་ན་ཐུགས་ཕྱག་རྒྱའི་ཆུ་སྐྱེས་མཚོན་པའི་སིནྡྷུ་རའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ གཟུགས་མེད་ཁམས་དང་ཡིད་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་ཐུགས་བདེ་ཆེན་གྱི་ཡེ་ཤེས་བསྒོམ་པ་ལ་དབང་ཞིང་༔ འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེ་ནས་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་པ་ལ་མཎྜལ་ཕུལ༔ གཙོ་བོ་ཆེ་ཁྱོད་བཀའ་དྲིན་གྱིས༔ ཤེས་རབ་ཡེ་ཤེས་རྒྱུད་ལ་སྐྱེས༔ ད་ནི་གནས་ལུགས་དེ་ཁོ་ན༔ བཞི་བའི་དབང་མཆོག་བདག་ལ་སྩོལ༔ སློབ་མ་ལུས་གནད་དང་བཅས་བདེ་ཆེན་གྱི་ངང་དུ་དུས་གསུམ་གྱི་སྤྲོས་པ་བཅད་དེ་མཉམ་པར་བཞག་པ་ལ༔ རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་ཐབས་ཀྱིས་མཚོན་ཏེ༔ ཧོ་ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྣང་བའི་ངོ་བོ་ཧེ་རུ་ཀ༔ སྟོང་པའི་བདག་ཉིད་ཕག་མོ་ཡུམ༔ མཉམ་སྦྱོར་བདེ་བ་ཆེན་པོའི་ངང་༔ དུས་གསུམ་རྟོག་པས་མ་བསླད་པར༔ རྩེ་གཅིག་མཉམ་པར་བཞག་པ་ལས༔ ངོ་བོ་སྟོང་པ་ཤེལ་ལྟ་བུ༔ རྡོ་རྗེ་ཕག་མོ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་འཇའ་ཚོན་ལྟར༔ ལོངས་སྤྱོད་རྫོགས་སྐུའི་རོལ་པར་ཤར༔ ཟུང་འཇུག་རྩལ་སྣང་མ་འགགས་པ༔ ཐུགས་རྗེའི་རྣམ་རོལ་སྤྲུལ་པའི་ཚུལ༔ དེ་གསུམ་ངོ་བོ་དབྱེར་མེད་པའི༔ བློ་འདས་ཆེན་པོའི་རང་ཞལ་སྐྱོངས༔ དོན་གྱི་བཛྲ་ཝཱ་རཱ་ཧཱི༔ ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་ཨ་ཨ༔ ཞེས་ཚིག་གིས་ངོ་སྤྲོད་དེ་དོན་ལ་མཉམ་པར་གཞག་གོ༔ དེ་ལྟར་ན་ཡེ་ཤེས་དབྱིངས་རིག་དབྱེར་མེད་མཚོན་པའི་རྡོ་རྗེ་བཙུན་མོའི་མེ་ལོང་གི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ༔ ཁམས་གསུམ་དང་སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཐམས་ཅད་དག༔ རྡོ་རྗེ་ཕག་མོའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་བསྒོམ་པ་ལ་དབང་ཞིང་༔ འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ དེས་ནི་དངོས་གཞིའི་དབང་བསྐུར་བ་ཡོངས་སུ་རྫོགས་པའོ༔ མཇུག་གི་བྱ་བ་ལ་གསུམ་སྟེ༔ རྗེས་སུ་གནང་བ༔ དམ་ཚིག་དབོག་པ༔ གཏང་རག་འབུལ་བའོ༔ དང་པོ་ལ་ལས་དྲུག༔ ཐོག་མར་སྐུ་དང་སྔགས་ཕྲེང་གཏད་ལ༔ ཧོ་དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ རྡོ་རྗེ་ཕག་མོ་བསྒོམ་པ་དང་༔ བཟླས་བརྗོད་སྔགས་ཀྱིས་ཐུགས་དམ་བསྐུལ༔ དངོས་གྲུབ་རྣམ་གཉིས་སྒྲུབ་པར་གྱིས༔ ཨོཾ་ཀཱ་ཡ་ཛ་བ་ཨ་བྷི་ཥིཉྩཱ་མི༔ དུང་དང་གླེགས་བམ་གཏད་ལ༔ ཧོ་དེ་རིང་ཕྱིན་ཆོད་བུ་ཁྱོད་ཀྱིས༔ གསང་སྔགས་རྒྱུད་རྣམས་ཉན་པ་དང་༔ གཞན་དོན་འཆད་ཅིང་སྟོན་པ་ཡིས༔ རང་གཞན་དོན་ཀུན་སྒྲུབ་པར་གྱིས༔ ཨོཾ་དྷརྨ་བྷཱཥ་ཨ་བྷི་ཥིཉྩཱ་མི༔ དུར་ཁྲོད་རོལ་པའི་ཆས་གཏད་ལ༔ ཧོ་དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ ཧེ་རུ་ཀ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་སྤྱོད་པ་ཡིས༔ ཁམས་གསུམ་འགྲོ་ཀུན་དབུགས་ཕྱུང་ཞིག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཙརྱ་ཨ་བྷི་ཥིཉྩཱ་མི༔ ཤ་ལྔ་བདུད་རྩི་ལྔ་གཏད་ལ༔ ཧོ་དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ གཙང་རྨེ་མེད་པར་དང་དུ་ལོངས༔ སྤྱོད་པའི་བརྟུལ་ཞུགས་རྫོགས་པར་གྱིས༔ ཨོཾ་མ་ཧཱ་ཨ་མྲྀ་ཏ་ཨ་བྷི་ཥིཉྩཱ་མི༔ རིག་མ་གཏད་ལ༔ ཧོ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ པདྨ་ཅན་ལ་སོགས་པ་ཡི༔ ཕྱག་རྒྱའི་ཚོགས་དང་དགྱེས་རྒུར་རོལ༔ རིག་མའི་བརྟུལ་ཞུགས་རྫོགས་པར་གྱིས༔ ཨོཾ་ཀརྨ་མུ་དྲཱ་ཨ་བྷི་ཥིཉྩཱ་མི༔ རྡོ་རྗེ་དང་མེ་ལོང་བསྟན་ལ༔ ཧོ་དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ ཡེ་ཤེས་གསལ་བ་མེ་ལོང་བཞིན༔ མཉམ་པའི་བརྟུལ་ཞུགས་རྫོགས་པར་གྱིས༔ ཨོཾ་བཛྲ་ཛྙཱ་ན་ཨ་བྷི་ཥིཉྩཱ་མི༔ ཞེས་རྗེས་སུ་གདམ་མོ༔ གཉིས་པ་ལ༔ ཐོག་མར་དམ་ཚིག་བསྒྲག་པ་ནི༔ ཧོ་དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ གསང་སྔགས་རྒྱུད་ལས་གང་གསུངས་པའི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་སྡོམ་པ་རྟག་ཏུ་ཟུངས༔ སངས་རྒྱས་མཁའ་འགྲོའི་དམ་ཚིག་ཏུ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ མི་འབྱེད་མཉམ་པའི་བརྟུལ་ཞུགས་བྱ༔ གཏི་མུག་འོད་གསལ་ཆེན་པོར་ལྟོས༔ རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ༔ ཕྱག་རྒྱ་རྣམ་བཞི་རྟག་ཏུ་ཟུངས༔ བྱང་ཞིང་ཞི་བའི་བརྟུལ་ཞུགས་སྤྱོད༔ ཞེ་སྡང་གསལ་སྟོང་ཆེན་པོར་ལྟོས༔ རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ༔ སྦྱིན་པ་དུས་རྣམས་རྟག་ཏུ་སྦྱིན༔ རལ་གཏོར་འབོ་གཅོག་བརྟུལ་ཞུགས་སྤྱོད༔ ང་རྒྱལ་རིག་སྟོང་སྒྱུ་མར་ལྟོས༔ པདྨ་མཁའ་འགྲོའི་དམ་ཚིག་ཏུ༔ ཐེག་པ་མཐའ་ཡས་ཐབས་ཚུལ་སྟོན༔ བུད་མེད་ལ་གུས་བརྟུལ་ཞུགས་སྤྱོད༔ འདོད་ཆགས་བདེ་སྟོང་ཆེན་པོར་ལྟོས༔ ལས་ཀྱི་མཁའ་འགྲོའི་དམ་ཚིག་ཏུ༔ མཆོད་དང་ཕྲིན་ལས་ནར་མར་བརྩོན༔ དྲག་ཤུལ་རྩུབ་པའི་བརྟུལ་ཞུགས་སྤྱོད༔ ཕྲག་དོག་ཚོར་སྟོང་ཡངས་པར་ལྟོས༔ མདོར་ན་སྤྱི་དང་ཁྱད་པར་གྱི༔ རྒྱུད་དང་མན་ངག་ལས་གསུངས་པའི༔ དམ་ཚིག་སྡོམ་ལ་རབ་བརྩོན་པས༔ དངོས་གྲུབ་ཚེ་འདིར་འགྲུབ་པར་གྱིས༔ ཞེས་གདམས་པ་ལ་སློབ་མས༔ ཇི་སྐད་གསུང་བཞིན་བསྒྲུབ་ལགས་ན༔ ཡེ་ཤེས་ཐུགས་རྗེས་རྟག་ཏུ་སྐྱོངས༔ ཞེས་ཁས་བླང་ངོ་༔ གསུམ་པ་ནི༔ མནྜལ་དང་ལུས་ལོངས་སྤྱོད་འབུལ༔ ཚོགས་ཀྱི་འཁོར་ལོས་ལྷ་དང་བླ་མ་མཉེས་པར་བྱའོ༔ དབང་བསྐུར་བ་འདི་ལན་གཅིག་ཐོབ་ནས་དམ་ཚིག་མ་ཉམས་པ་ཁོ་ནས་ཚེ་འདིའམ༔ འཆི་ཁའམ་བར་དོ་ཚུན་ཆད་དུ་ཕོ་ཉ་གསུམ་གྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་བར་ཐེ་ཚོམ་མེད་པས༔ སྣོད་མིན་ལ་ཤིན་ཏུ་གསང་༔ སྣོད་ལྡན་ལ་ལྷུག་པར་སྟོན༔ གསང་བ་ཆེན་པོའི་ཕྱག་རྒྱས་གདབ་བོ༔ ས་མ་ཡ༔ ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཆེན་པོར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོས་པདྨ་བདག་ལ་མ་རྒྱུད་གསང་བ་མཆོག་གི་སྨིན་གྲོལ་དང་མན་ངག་མཐའ་ཡས་པ་བསྩལ་བ་རྣམས་ཀྱི་ནང་ནས་གསང་བ་ཀུན་འདུས་སྙིང་པོར་དྲིལ་བའི་དབང་བསྐུར་གྱི་ཆོ་ག་ཟབ་མོ་འདིའང་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར་བཀའ་ཡི་བསྡུ་བ་གཟུངས་མ་ཡེ་ཤེས་མཚོ་རྒྱལ་ལ་རྗེས་སུ་གདམས་པའོ༔ ས་མ་ཡ༔ མཚོ་རྒྱལ་བདག་གིས་ཉམས་སུ་བླངས་གུ་རུའི་བཀའ་བཞིན་མ་འོངས་སྐྱེ་མཐའ་སྦས་ཚུལ་པདྨའི་མིང་ཅན་འབྱུང་བར་གསུངས་པའི་དོན་དུ་ཨེ་གཟར་མོ་ལུང་གི་བྲག་བདེ་ཆེན་གསང་བ་ཕུག་ཏུ་བརྡ་ཡིག་རིགས་ལྔར་བྲིས་ཏེ་ལས་ཅན་མ་དང་འཕྲད་པའི་སྨོན་ལམ་དང་བཅས་གཏེར་དུ་སྦས༔ གཏེར་བདག་དུར་ཁྲོད་ཀྱི་མ་མོ་དྲག་ཤུལ་ཅན་སྤྱང་ཞོན་མཆེད་གསུམ་ལ་བཅོལ་ལོ༔ གསང་བ་ཆེན་པོའི་དབང་བསྐུར་སྩྱོོགས་སྩྱོོགས་སྩྱོོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཨེ་གཟར་མོ་ལུང་གི་བྲག་གུ་རུའི་སྒྲུབ་གནས་བདེ་ཆེན་གསང་བ་ཕུག་ཏུ་མཚོ་རྒྱལ་གྱི་རྣམ་འཕྲུལ་རང་གྲོལ་གྱི་རྣལ་འབྱོར་མ་ཇོ་མོ་སྨན་མོའམ་མཚན་དངོས་པདྨ་མཚོ་སྐྱིད་དུ་གྲགས་པ་ལ་མཁའ་འགྲོ་རྡོ་རྗེ་ཕག་མོས་གཏེར་དཔེ་དངོས་སུ་གཏད་ཅིང་བྱིན་གྱིས་བརླབས། སྦས་ཚུལ་གྱིས་འགྲོ་དོན་ཅི་རིགས་མཛད། ཐུགས་ཉམས་སུ་རྩེ་གཅིག་བཞེས་པ་ལ་བརྟན། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཀྱི་གོ་འཕང་བརྙེས་པའི་ཟབ་ཆོས་ངོ་མཚར་ཅན་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བ་ཡིན་ནོ། །རྨད་དུ་བྱུང་བའི་གསང་བ་ཆེན་པོ་འདི་ཉིད་རེ་ཞིག་མཁའ་འགྲོའི་ཕྱག་ཏུ་བཞུགས་ཤིང་ཕལ་པའི་སྤྱོད་ཡུལ་དུ་མ་གྱུར་པ། རྩོད་དུས་ཀྱི་ཐ་མར་འདུལ་བའི་སྐབས་སུ་བབས་ཤིང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་ལས། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། སྔོན་ཆོས་དབང་རིན་པོ་ཆེའི་གསང་གྲོགས་སུ་གྱུར་པའི་རྒྱུ་དང་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་ཀྱི་རྐྱེན་ལ་བརྟེན་ཏེ་ཚིག་དོན་གྱི་བཀའ་བབས་ཤིང་རྗེས་སུ་དྲན་པའི་ཆོ་འཕྲུལ་ཆེན་པོས་གཏན་ལ་ཕབ་པར་མཛད་པའི་ཡི་གེ་པ་ནི་སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གུས་པས་བགྱིས་པ་ཡེ་ཤེས་མཁའ་འགྲོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་གཏོར་དབང་།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་གཏོར་དབང་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་གཏོར་མ་ལ་བརྟེན་ནས་བྱིན་རླབས་དོན་གྱི་དབང་བཞི་བསྐུར་བར་འདོད་ན༔ དུར་ཁྲོད་ལ་སོགས་པའི་གནས་སུ་མཁའ་འགྲོ་འདུ་བའི་དུས་གཉན་གྱི་ཚེ་འབྲུ་སྣའི་ཕྱེ་མ་དང་༔ རིན་ཆེན་སྨན་སྣ་ལ་ཕུག་སོགས་མཁའ་འགྲོ་འདུ་བའི་རྫས་བཏབ༔ བདུད་རྩི་ཆེན་པོས་བྲན༔ མ་ད་ན་བཟང་པོས་བརྫིས་པའི་ཟན་ལས་གཏོར་མ་རི་རབ་བང་རིམ་བཞི་པའི་སྟེང་དུ་མཁའ་འགྲོ་མའི་དཔལ་གཏོར་ཕྲ་ལ་བརྗིད་ཅིང་ཕག་མགོས་མཚན་པ་པད་འདབ་བཞིས་བསྐོར་བ༔ ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་མའི་དཔལ་གཏོར་ཆུང་ངུ་རེ༔ བང་རིམ་འོག་མ་གསུམ་ལ་ཕྱོགས་མཚམས་བརྒྱད་དུ་འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོ་ཟུང་འཇུག་གི་གཏོར་ཆུང་ཉེར་བཞི༔ རྩ་བར་ལས་དང་དམ་ཚིག་གི་མཁའ་འགྲོ་མའི་གཏོར་ཆུང་བརྒྱད༔ བར་མཚམས་རྣམས་སུ་མཐེབ་ཀྱུ་གང་མང་དང་༔ ཤ་ཁྲག་འབྲུ་སྨན་སྒོག་ཙོང་ལ་དུ་ལ་ཕུག་མྱོས་བྱེད་སོགས་ཀྱིས་བསྐོར༔ དཀར་གྱིས་ཐིག་གདབ༔ དམར་གྱི་གུར་ཕུབ༔ དར་གདུགས་དང་བྲིས་སྐུས་བརྒྱན་པ་དཀྱིལ་འཁོར་གྱི་དབུས་སུ་བཤམ༔ གཞན་ཡང་སྨན་རག་གཏོར་ཚོགས་ཉེར་སྤྱོད་སོགས་མཆོད་པའི་ཡོ་བྱད་ཀྱིས་བརྒྱན༔ ཕྲིན་ལས་ཀྱི་གཞུང་བསྲངས་ལ་སྒོམ་བཟླས་ནུས་ལྡན་དུ་བསྒྲུབ༔ ཚོགས་དང་གཏོར་མས་མཆོད༔ དེ་ནས་རྒྱུད་དག་པའི་སློབ་མ་ཁྲུས་ནས་དབྱུང་༔ བགེགས་བསྐྲད་ཅིང་མཚམས་གཅད༔ མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི༔ ཧེ་རུ་ཀ་དང་དབྱེར་མེད་པའི༔ སློབ་དཔོན་ཆེན་པོ་བདག་ལ་དགོངས༔ དཔལ་ལྡན་རྡོ་རྗེ་ཁྲོས་མ་ཡི༔ བྱིན་རླབས་དབང་བསྐུར་སྩལ་དུ་གསོལ༔ སྐྱབས་སེམས་དང་སྡོམ་པ་འབོགས༔ སློབ་མ་དམ་ཚིག་པ་རྡོ་རྗེ་ཁྲོས་མའི་སྐུར་བསྐྱེད་པ་ལ་ཡེ་ཤེས་དབབ་ཅིང་བརྟན་པར་བྱས་ནས༔ གཏོར་མ་ཐོགས་ལ༔ གཏོར་སྣོད་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོར་གཏོར་མའི་ངོ་བོ་རྡོ་རྗེ་ཁྲོས་མ་ནག་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་བཞིན་དུ་གསལ་བ་སློབ་མའི་མདུན་གྱི་ནམ་མཁར་བྱོན་པ་ལ་མོས་གུས་བྱས་པས་ཐུགས་ཀ་ནས་སྤྲུལ་པའི་དཀྱིལ་འཁོར་བ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར༔ ལུས་ཀྱི་ནང་གང་༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ བུམ་པའི་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ལ༔ གཏོར་མ་སྤྱི་བོར་བཞག༔ ཨོཾ༔ གཏོར་མའི་རྣམ་པ་ཡེ་ཤེས་མཁའ་འགྲོ་མའི༔ དཀྱིལ་འཁོར་ལྷ་ལས་ནམ་མཁའ་གང་བར་འཕྲོས༔ བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས༔ སྣང་སྟོང་བུམ་པའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་བྃ་བཛྲ་བྷ་རཱ་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་དྷཱ་ཀི་ནཱི་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མའི་ལྷ་ཚོགས་རྣམས་རིགས་ཀྱི་ཡབ་ཧེ་རུ་ཀ་དང་མཉམ་པར་སྦྱོར་བའི་མཁའ་གསང་ནས་བདུད་རྩི་དཀར་དམར་གྱི་རྒྱུན་དཔག་ཏུ་མེད་པ་བབས༔ སློབ་མའི་མགྲིན་པ་ནས་ཞུགས༔ རྩ་ཁམས་ཐམས་ཅད་ལ་ཁྱབ་པས་གསང་བའི་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས༔ བདུད་རྩི་ཆེན་པོའི་རྒྱུན་གཏོར་མ་ལ་བྲན་པའི་ཞམ་ཆུ་སྦྱིན་ཞིང་༔ གཏོར་མ་མགྲིན་པར་བཞག༔ ཨཱ༔ གཏོར་མའི་རིག་རྩལ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྙོམས་པར་ཞུགས་པའི་དཀར་དམར་བདུད་རྩིའི་རྒྱུན༔ རྩ་ཁམས་ཡི་གེའི་འཁོར་ལོར་ཐིམ་པ་ཡིས༔ གསལ་སྟོང་གསང་བའི་དབང་མཆོག་ཐོབ་པར་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་བཟླས་ལུང་ཡང་བྱ༔ གཏོར་མའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་བདེ་བའི་ཐིག་ལེ་དྲོད་ཀྱི་རང་བཞིན་ཅན་བྱུང་༔ སློབ་མའི་ཁ་ནས་ཞུགས༔ གནས་བཞིའི་ཐིག་ལེ་ལ་ཐིམ་པས་དགའ་བ་བཞིའི་རང་བཞིན་ཅན་གྱི་དབང་གསུམ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ༔ གཏོར་མའི་མཐར་བསྐོར་ནས་དངོས་གྲུབ་ཀྱི་རྫས་སྦྱིན་ཞིང་སྙིང་གར་བཞག༔ ཧཱུྃ༔ གཏོར་མའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཟག་མེད་དགའ་བ་བཞི་ལྡན་ཐིག་ལེའི་གཟུགས༔ སློབ་མའི་གནས་བཞིར་དབྱེར་མེད་ཐིམ་པ་ཡིས༔ བདེ་སྟོང་ཤེས་རབ་དབང་མཆོག་ཐོབ་པར་ཤོག༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་གཏོར་མའི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ༔ སློབ་མ་ལ་ཐིམ༔ ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར་བྱིན་གྱིས་བརླབས༔ དབང་བཞི་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ་གཏོར་མ་སྤྱི་བོར་བཞག༔ ཧྲཱི༔ གཏོར་མའི་ངོ་བོ་གདོད་ནས་སྐྱེ་བ་མེད༔ ཤིན་ཏུ་རྣམ་དག་ཡེ་ཤེས་མཁའ་འགྲོ་མའི༔ གསང་གསུམ་བྱིན་རླབས་ནུས་པ་རྒྱུད་ལ་སྨིན༔ རིག་སྟོང་དོན་གྱི་དབང་མཆོག་ཐོབ་པར་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་བརྗོད་ཅིང་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག༔ དེ་ལྟར་ན་རྡོ་རྗེ་མཁའ་འགྲོ་མ་གཏོར་མའི་དབང་བསྐུར་བ་ལ་བརྟེན་ནས་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག༔ སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས༔ ལུས་སྣང་སྟོང་༔ རླུང་གསལ་སྟོང་༔ ཐིག་ལེ་བདེ་སྟོང་༔ སེམས་རིག་སྟོང་དུ་ངོ་སྤྲད་པ་ཡིན་པས་ཉམས་སུ་ལོངས་ཤིག༔ སྐུ་བཞི་དབྱེར་མེད་རྗེ་བཙུན་རྡོ་རྗེ་ཕག་མོའི་གོ་འཕང་ཐོབ་པར་འགྱུར་བ་ཡིན་ནོ༔ ཞེས་རྟོག་པ་བསྐྱེད་པས་དབུགས་དབྱུང་༔ བཀྲ་ཤིས་ཀྱི་མེ་ཏོག་འཐོར་བས་མངའ་གསོལ༔ རྗེས་དམ་ཚིག་ཁས་བླངས་པ་སོགས་ཇི་ལྟར་རིགས་པར་བྱའོ༔ དེས་ནི་དབང་བཞི་ཆིག་རྫོགས་སུ་ཐོབ༔ མཁའ་འགྲོ་མའི་བྱིན་རླབས་ཞུགས༔ ཉམས་དང་རྟོགས་པའི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བར་འགྱུར་རོ༔ ས་མ་ཡ༔ མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་བྱིན་རླབས་གཏོར་མའི་དབང་བསྐུར་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་གཟུངས་མ་མཁར་ཆེན་མཚོ་རྒྱལ་ལ་རྗེས་སུ་གདམས་ཤིང་གཏད་པ་སྩྱཽགས་སྩྱཽགས་སྩྱཽགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ས་མ་ཡ༔ ཡེ་ཤེས་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་སྐལ་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་ཕྲིན་ལས།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་ཕྲིན་ལས་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་འདུས་པའི་སྒྲུབ་ཐབས་ཕྲིན་ལས་ཀྱི་རིམ་པ་འདི་ལ་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ༔ དུར་ཁྲོད་ལ་སོགས་པའི་གནས་དབེན་ཞིང་ཟིལ་དང་ཆོ་འཕྲུལ་ཆེ་བར་དབང་ཐོབ་ཅིང་མཁའ་འགྲོ་མའི་དམ་ཚིག་ལ་གནས་པའི་སྔགས་པས༔ མ་དྷ་ལ་རྟེན་རྫས་མཆོད་ཚོགས་ཅི་འབྱོར་པ་བཤམས་ལ༔ དིང་གི་ལགས་པའི་སྟན་ལ་བསྡད༔ སྐྲ་སིལ་བུར་བསིལ་ཏེ༔ གདོང་རོ་སོལ་གྱིས་བྱུག༔ ཁ་ནུབ་ཏུ་བལྟས་ལ་སྐབས་སུ་ཐོད་རྔ་བརྡུང་ཞིང་གྱེར་བར་བྱའོ༔ དེ་ལ་སྐྱབས་སུ་འགྲོ་བ་ནི༔ ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བར་སད་པའི་སྤྱན་སྔར༔ ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན་༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ རྩ་བ་གསུམ་གྱིས་བྱིན་གྱིས་རློབས༔ སྐུ་གསུམ་ངང་དུ་གནས་གྱུར་ཅིག༔ སེམས་བསྐྱེད་པ་ནི༔ བདག་གིས་སེམས་ཅན་ཐམས་ཅད་རྣམས༔ སངས་རྒྱས་ས་ལ་འགོད་པའི་ཕྱིར༔ མཁའ་འགྲོ་མ་ཡི་བསྐྱེད་བཟླས་དང་༔ མཆོད་བསྟོད་སྒྲུབ་ལ་བརྩོན་པར་བགྱི༔ སྡོམ་པ་གཟུང་བ་ནི༔ ཧོ༔ བླ་མ་མཁའ་འགྲོའི་ལྷ་ཚོགས་དགོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ སོ་སོར་ཐར་པའི་འདུལ་བ་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་འཛིན་གསང་སྔགས་སྡོམ་པའི་ཚོགས༔ ཚུལ་བཞིན་བཟུང་ཞིང་བསྲུང་བར་བགྱི༔ བགེགས་བསྐྲད་པ་ནི༔ ཧཱུྃ་ཧཱུྃ༔ ང་ནི་ཕག་མོ་ཁྲོས་མ་སྟེ༔ སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ གསུང་གི་དྲག་སྔགས་སྟོང་གསུམ་གང་༔ ཐུགས་རྗེ་དྲག་ཤུལ་འབར་བ་ཡིས༔ འདུ་བའི་ལྷ་ནི་མ་གཏོགས་པ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ བགེགས་དང་ལོག་འདྲེན་རྡུལ་དུ་རློག༔ ཁྱེད་ཅག་འདུག་པའི་སྐབས་མེད་པས༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་སརྦ་བིགྷྣན་ཨུ་ཙཊྚཱ་ཡ་ཕཊ་ཕཊ༔ མཚམས་གཅད་པ་ནི༔ ཧཱུྃ་ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ནི༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཀུན༔ སྣང་བ་རྡོ་རྗེ་ཁྲོས་མའི་སྐུ༔ གྲགས་པ་རྡོ་རྗེ་ཁྲོས་མའི་གསུང་༔ དྲན་རྟོག་རྡོ་རྗེ་ཁྲོས་མའི་ཐུགས༔ མེ་རླུང་ཆུ་ཡི་རྦ་རླབས་གཡོ༔ རྡོ་རྗེ་མདའ་གུར་ར་བས་བྲེས༔ བར་ཆད་གདོན་བགེགས་འབྱུང་པོའི་ཚོགས༔ ནམ་ཡང་འཇུག་པའི་སྐབས་མེད་པ༔ མཚམས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་རྃ་ཡྃ་ཁྃ་བཛྲ་སཱ་ར་ཎ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་བའི་སྒོམ་བཟླས་བྱ༔ མཎྜལ་ཕུལ༔ ཁྱད་པར་བྱིན་རླབས་དབབ་པའི་ཕྱིར་བླ་མའི་རྣལ་འབྱོར་གསལ་བཏབ་ལ༔ ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་གདབ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས༔ བདག་ཅག་རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་རྣམས༔ མཐའ་ཡས་སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ བྱང་ཆུབ་སྙིང་པོ་བསྒྲུབ་པར་དམ་བཅས་ནས༔ ཁས་བླངས་གཏན་ནས་ཡལ་བར་མི་འདོར་ཡང་༔ ཉོན་མོངས་ཤུགས་དྲག་གཉེན་པོ་སྟོབས་ཆུང་ཞིང་༔ གྲོགས་ངན་རྐྱེན་དང་ལེ་ལོའི་གཞན་དབང་དང་༔ གསང་བ་ཟབ་མོ་ཁོང་དུ་མ་ཆུད་པས༔ ལྟ་བ་ཕྱོགས་ལྷུང་ཤོར་བ་མཐོལ་ལོ་བཤགས༔ སྒོམ་པ་བྱིང་རྒོད་འཆལ་བར་གྱུར་པ་བཤགས༔ སྤྱོད་པ་དུས་ཚོགས་གནང་བཀག་ལོག་པ་བཤགས༔ འབྲས་བུ་ཕྱི་དུས་ཡིད་སྨོན་གྱུར་པ་བཤགས༔ བླ་མ་རྣམས་ལ་མོས་གུས་ཆུང་བ་བཤགས༔ ཡི་དམ་ལྷ་ལ་བསྙེན་སྒྲུབ་གཡེལ་བ་བཤགས༔ མཁའ་འགྲོ་རྣམས་ལ་ཚོགས་གཏོར་དམན་པ་བཤགས༔ ཆོས་སྐྱོང་སྲུང་མ་དུས་སུ་མ་བསྐངས་བཤགས༔ ཐུན་མོང་སྤྱི་ཡི་དམ་ཚིག་ཉམས་པ་བཤགས༔ ཁྱད་པར་ནང་གི་དམ་ཚིག་ཉམས་པ་བཤགས༔ སྒྲུབ་པ་ལྷག་པའི་དམ་ཚིག་ཉམས་པ་བཤགས༔ རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ མི་འཆབ་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ མཐོལ་ལོ་བཤགས་སོ་རྩ་གསུམ་ལྷ་ལ་བཤགས༔ ཕྱིན་ཆད་མི་བགྱིད་བསྡམ་པར་དམ་བཅའ་ན༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་༔ འཕྲལ་དང་ཡུན་གྱི་སྒྲིབ་པར་མི་འགྱུར་བར༔ དངོས་གྲུབ་རྒྱ་མཚོའི་སྣོད་དུ་འགྱུར་བ་དང་༔ སྒྲུབ་པའི་འབྲས་བུ་མཆིས་པར་བྱིན་གྱིས་རློབས༔ ཞེས་ཡི་གེ་བརྒྱ་པ་དང་བཅས་སྙིང་ཐག་པ་ནས་བཤགས༔ དམ་བཅའ་བ་ནི༔ ཨོཾ༔ དུས་གསུམ་རིག་འཛིན་མཁའ་འགྲོའི་གདུང་འཚོབ་ཕྱིར༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཡེ་ཤེས་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ༔ ཐུགས་དམ་བསྙེན་ཅིང་ཉེ་བར་བསྙེན་པ་དང་༔ དངོས་གྲུབ་སྒྲུབ་དང་སྒྲུབ་པ་ཆེན་པོ་ཡིས༔ རླུང་སེམས་ལས་རུང་ལྷ་སྐུར་རྣམ་པར་སྨིན༔ ཚེ་ལ་དབང་ཐོབ་ཕྱག་རྒྱའི་རིགས་སུ་ཤར༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་བརྟེན་ནས༔ རང་དང་གཞན་དོན་ཕུན་སུམ་ཚོགས་པ་ཡི༔ གོ་འཕང་མཆོག་ཏུ་བསྒྲུབ་པར་དམ་བཅའ་ན༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ མངོན་སུམ་བྱིན་བརླབ་ཡེ་ཤེས་སྩལ་དུ་གསོལ༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་བཛྲ་ས་མ་ཡ་ཨ༔ ཞེས་རྩེ་གཅིག་ཏུ་གཟུང་༔ དབང་བླང་ཞིང་ཐུགས་ཡིད་བསྲེས་ལ་ལྡ་བ་༼ངོ་བོ་༽བསྐྱང་ངོ་༔ དེ་ནས་བྱིན་ཆེན་དབབ་པའི་སླད་དུ་སྒྲུབ་པ་པོ་རྣམས་དུར་ཁྲོད་ལ་སོགས་པའི་ཆས་དང་ལྡན་པས་དགོངས་པ་དང་གདུང་བའི་ཤུགས་བསྐྱེད༔ ཤ་ཆེན་གྱི་སྤོས་བསྲེག༔ ཐོད་རྔ་དང་རྐང་གླིང་གི་སྒྲ་སོགས་རོལ་མོ་དང་དབྱངས་ཀྱི་འགྱུར་བ་དང་བཅས་ཐུགས་དམ་བསྐུལ་བ་ནི༔ རང་གི་སྙིང་ག་ནས་བདེ་བ་ཆེན་པོའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་རྩ་གསུམ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་གང་བར་སད་པར་བསམ་ལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛ༔ ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཧཱུྃ་ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་ཞིང་ཁམས་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་ཡིས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞི་ཁྲོ་འབར་བའི་ཕོ་བྲང་ནས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་རྡོ་རྗེ་རྣལ་འབྱོར་མས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་ཕོ་བྲང་ནས༔ འགྱུར་མེད་རྡོ་རྗེ་མཁའ་འགྲོ་མས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས༔ རེ་སྐོང་རིན་ཆེན་མཁའ་འགྲོ་མས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སོར་རྟོགས་ཡེ་ཤེས་ཕོ་བྲང་ནས༔ ཆགས་མེད་པདྨ་མཁའ་འགྲོ་མས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས༔ ཐོགས་མེད་ཕྲིན་ལས་མཁའ་འགྲོ་མས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉི་ཤུ་རྩ་བཞིའི་གནས་ཡུལ་ནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་མས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་བྱུང་དུར་ཁྲོད་གནས་བརྒྱད་ནས༔ ལས་དང་དམ་ཚིག་དྷཱ་ཀི་ནཱིས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བསྟན་པ་སྲུང་བའི་ཕོ་བྲང་ནས༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོ་ཡིས༔ གནས་འདིར་དབང་བསྐུར་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ༔ བརྡལ་བ་ཆེན་པོ་ཆོས་སྐུ་ཡུམ་གྱི་མཁར༔ འགག་མེད་འོད་གསལ་ལོངས་སྐུའི་གཟི་བྱིན་འབར༔ སྤྲུལ་པའི་རྣམ་རོལ་རྩ་གསུམ་རབ་འབྱམས་ལྷ༔ འདིར་དགོངས་འདིར་གཤེགས་བྱིན་གྱིས་བརླབ་ཏུ་གསོལ༔ བདེ་ཆེན་སྐུ་ཡི་གར་སྟབས་ཁྱུགས་སེ་ཁྱུག༔ རྡོ་རྗེའི་གླུ་དབྱངས་སྔགས་སྒྲ་འུ་རུ་རུ༔ མཁྱེན་བརྩེའི་དགོངས་པའི་ཡེ་ཤེས་ལམས་སེ་ལམ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ དུར་ཁྲོད་གནས་མཆོག་འོག་མིན་གསང་ཆེན་ཞིང་༔ རྣལ་འབྱོར་ཕོ་མོ་ཧེ་རུ་ཀ་ཡི་གདུང་༔ ཕྱི་ནང་གསང་བའི་མཆོད་ཚོགས་མ་ལུས་ཀུན༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བྃ་ཧ་རི་ནི་ས་སརྦ་ས་མ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོ༔ ཞེས་བདག་དང་༔ གནས་དང་༔ ཡོ་བྱད་ལ་བྱིན་ཕབ་ནས༔ བྱེ་བྲག་ཏུ་མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ གནས་ཁང་དུར་ཁྲོད་ཆེན་པོའི་གཞལ་མེད་ཁང་༔ ཡེ་ཤེས་བཀོད་པ་འབྱམས་ཀླས་འོད་འབར་དབུས༔ ཉེར་སྤྱོད་འདོད་ཡོན་དྲག་པོའི་ལོངས་སྤྱོད་ཀུན༔ བདེ་སྟོང་མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནེེ་བི་དྱཱ་ཤཔྡ་པཉྩ་ཀཱ་མ་གུ་ཎ་དྷརྨཱ་དྷཱ་ཏུ་སརྦ་པཱུ་ཛ་ཨཱ༔ ཧཱུྃ༔ ཧཱུྃ༔ རླུང་མེ་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་༔ དབྱིངས་ཀྱི་བྷནྡྷར་ཤ་ལྔ་བདུད་རྩི་ལྔ༔ ཡེ་ཤེས་རིགས་ལྔ་དབྱེར་མེད་བྱང་ཆུབ་སེམས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་བདུད་རྩིར་འཁྱིལ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱི༔ ཨཱཿམཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྜ་ལཱི་ཧཱུྃ་ཧྲིཿཋཱ༔ ཧཱུྃ༔ ལྕང་ལོར་བཅས་པའི་དུང་ཆེན་སྣོད་ཡངས་སུ༔ ཁམས་གསུམ་གདུག་པ་བསྒྲལ་བའི་ཁྲག་མཚོར་བསྐྱིལ༔ གཱིརྟིའི་མཁའ་ནས་ཡེ་ཤེས་བདེ་བའི་རྒྱུན༔ མི་ཕྱེད་སོ་སོར་རྟོག་པའི་ལྦུ་ཕྲེང་གཡོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཀ་པཱ་ལ་རཀྟ་ཛྭ་ལ་མནྜལ་ཧཱུྃ་ཧྲཱིཿཋཱ༔ ཧཱུྃ༔ གཏོར་སྣོད་རིན་ཆེན་བྷནྡྷ་སྟོང་གསུམ་ཁྱབ༔ གཏོར་མའི་ངོ་བོ་བླ་མེད་དམ་ཚིག་རྫས༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ ལྷ་ཚོགས་དགྱེས་སྐོང་མཆོད་པའི་ལྷུན་པོར་སྤུངས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་སརྦ་ཀཱ་མ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ བཛྲ་སྥ་ར་ཎ་ཁྃ༔ ཞེས་རྒྱ་ཆེར་སྤེལ་ལོ༔ དེ་རྣམས་ནི་སྔོན་དུ་འགྲོ་བའི་ལས་རིམ་མོ༔ ས་མ་ཡ༔ དེ་ནས་གཉིས་པ་དངོས་གཞི་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི༔ ཨོཾ་སྐྱེ་མེད་ཆོས་སྐུ་ཀུན་བཟང་མོ༔ འོད་གསལ་ཡེ་ཤེས་སྙིང་པོའི་སྤྲིན༔ འཁོར་འདས་ཀུན་ལ་ཁྱབ་པར་བརྡལ༔ གདོད་ནས་སྤྲོས་བྲལ་ཐིག་ལེར་རྫོགས༔ ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཨཱ༔ འགག་མེད་ལོངས་སྐུ་ཝཱ་རཱ་ཧཱི༔ དམིགས་བསམ་ལས་འདས་སྙིང་རྗེའི་གདངས༔ རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ༔ སྒྱུ་མའི་རོལ་པ་ཅིར་ཡང་འཆར༔ ཨཱཿ མ་ཧཱ་ཀཱ་རུ་ཎི་ཀ་སྭ་བྷ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ༔ གནས་མེད་སྤྲུལ་སྐུ་འབྱུང་བའི་རྒྱུ༔ བྃ་དང་ཧ་རི་ནི་སའི་སྔགས༔ སྒྲ་དང་བཅས་པའི་ཆོ་འཕྲུལ་གྱིས༔ གཟུང་འཛིན་ཆོས་ཀུན་སྟོང་པར་སྦྱངས༔ ཧཱུྃ་བཾ་ཧ་རི་ནི་ས་སརྦ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཧཱུྃ་ཧཱུྃ༔ སྟོང་པའི་ངང་ལས་རྡོ་རྗེའི་སྔགས༔ ཨེ་ཡིག་རྣམ་ཐར་གསུམ་གྱི་དངོས༔ ཡོངས་གྱུར་དབྱིངས་ཕྱུག་ནམ་མཁའི་ཀློང་༔ ཡྃ་ལས་རླུང་དཀྱིལ་དམ་ཚིག་སྒྲོལ༔ རྃ་ལས་གོས་དཀར་འབར་བའི་དབུས༔ བྃ་ལས་མཱ་ཀའི་རྒྱ་མཚོར་བསྐྱིལ༔ ལྃ་ལས་སྤྱན་མ་གསེར་གྱི་ས༔ ཀྃ་ལས་རུས་པའི་རི་རབ་སྟེང་༔ རྃ་ལས་བསྐལ་པའི་མེ་ཕུང་གཡོ༔ ཧཱུྃ་ལས་རྡོ་རྗེ་སྲུང་བའི་གུར༔ ཤུགས་དྲག་མདའ་ཡི་དྲྭ་བས་མཚན༔ དེ་དབུས་རང་བྱུང་དུར་ཁྲོད་བརྒྱད༔ གཏུམ་དྲག་དབང་ཕྱུག་ནགས་ཀྱི་ཚལ༔ འཇིགས་བྱེད་ཐོད་པ་མུན་པ་ཅན༔ འུར་འུར་འབར་བ་ཅ་ཅོ་སྒྲོག༔ ཚང་ཚིང་འཁྲིགས་པ་དྲག་ཏུ་དགོད༔ དུར་ཁྲོད་འཇིགས་པའི་བཀོད་པས་བརྗིད༔ མ་མོ་མཁའ་འགྲོ་འདུས་པའི་གཞིར༔ བྷྲཱུྃ་ལས་དྲག་པོའི་གཞལ་མེད་ཁང་༔ ཐོད་པའི་རྩིག་པ་རིམ་གསུམ་སྟེང་༔ མི་མགོའི་བ་གམ་བརྗིད་དང་ལྡན༔ རྒྱུ་མ་རུས་པའི་དྲྭ་བས་མཛེས༔ རྐང་ལག་མདའ་ཡབ་ཤར་བུ་ཅན༔ རྩིབས་མའི་ཐོག་དང་པུ་ཤུས་བསྐོར༔ དབུས་ཕྱུར་ཐོད་རློན་ཙིཏྟའི་ཏོག༔ རབ་འཇིགས་རྣམ་ཐར་བཞི་ལྡན་པའི༔ སྒོ་དང་རྟ་བབས་བང་རིམ་བཞི༔ ཞིང་གི་གདུགས་འཕན་བ་དན་འཕྱར༔ གནམ་ལྕགས་འབར་བའི་འཁོར་ལོས་མཚན༔ དྲག་པོ་ལྷ་ཀླུ་འཇིགས་བྱེད་ཚོགས༔ ཀ་གདུང་གྲལ་ཕྱམ་ཚུལ་གྱིས་བཏེག༔ ཤ་རུས་རཀྟའི་འདོད་སྣམ་ལ༔ འདོད་ཡོན་མཆོད་པའི་ལྷ་མོས་བསྐོར༔ ཕྱི་གསལ་ནང་གསལ་འོད་ལྔའི་ཀློང་༔ འོག་མིན་དྲག་པོའི་གཞལ་མེད་ཁང་༔ རང་བྱུང་ལྷུན་གྲུབ་བཀོད་པ་རྫོགས༔ བྷྲཱུྃ་རུ་དྲ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ ཨེ་པདྨ་སཱུ་རྱ་ཏི་ར་བྃ༔ དེ་དབུས་རྣམ་ཐར་གསུམ་རྫོགས་པའི༔ ཆོས་ཀྱི་འབྱུང་གནས་བསྣོལ་མ་དང་༔ སྣ་ཚོགས་པདྨ་འདབ་བཞི་པའི༔ ལྟེ་བར་པད་ཉི་བམ་རོའི་སྟེང་༔ བདེ་སྟོང་ཡེ་ཤེས་རྡོ་རྗེའི་སྔགས༔ བྃ་ཡིག་མཐིང་ནག་ཡོངས་གྱུར་ལས༔ རྡོ་རྗེའི་གྲི་གུག་བྃ་གྱིས་མཚན༔ དེ་ལས་བདེ་ཆེན་འོད་ཟེར་གྱིས༔ རྩ་གསུམ་རབ་འབྱམས་བྱིན་རླབས་ཀུན༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག༔ དུས་ཀྱི་མུན་པ་ལྟ་བུའི་མདོག༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར༔ གཡོན་པས་བྷནྡྷ་ཁྲག་བཀང་བསྣམས༔ གྲུ་མོ་གཡོན་དུ་ཁ་ཊྭཱྃ་ག༔ ཧེ་རུ་ཀ་ཡི་ངོ་བོར་འཁྱུད༔ རལ་པ་དམར་ནག་སྤྲིན་ལྟར་གཏིབས༔ རྣ་ལྟག་གཡོན་དུ་ཕག་གི་ཞལ༔ རྡོ་རྗེའི་ངུར་སྒྲས་ས་གསུམ་གཡོ༔ སྐུ་ལ་རུས་བའི་ཕྱག་རྒྱ་དང་༔ ཐོད་སྐམ་ལྔ་ཡིས་དབུར་བརྒྱན་ཅིང་༔ ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་༔ ཞབས་གཉིས་བརྐྱངས་བསྐུམས་གར་སྟབས་ཀྱིས༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང་༔ སྲིད་ཞིའི་སྤྱི་དཔལ་ཆེན་པོར་བཞེངས༔ ཧཱུྃ༔ ཕྱོགས་བཞིའི་པདྨ་འདབ་བཞིའི་དབུས༔ དགའ་བ་བཞི་ཡི་ཡེ་ཤེས་གཟུགས༔ ཧ་རི་ནི་སའི་ཡིག་འབྲུ་ལས༔ ཤར་དུ་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་བཞད་ཅིང་ཞི་བའི་ཉམས༔ ལྷོ་རུ་རིན་ཆེན་མཁའ་འགྲོ་མ༔ སེར་གསལ་སྒེག་ཅིང་རྒྱས་པའི་ཉམས༔ ནུབ་ཏུ་པདྨ་མཁའ་འགྲོ་མ༔ དམར་སྨུག་འཛུམ་ཞིང་ཆགས་པའི་ཉམས༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ༔ ལྗང་ནག་ཁྲོ་ཞིང་གཏུམ་པའི་ཉམས༔ ཀུན་ཀྱང་ཕྱག་གཡས་གྲི་གུག་ནི༔ སོ་སོའི་རིགས་ཀྱི་མཚན་མ་ཅན༔ གཡོན་པས་ཐོད་པ་ཁྲག་བཀང་བསྣམས༔ གྲི་མོ་གཡོན་ན་ཁ་ཊྭཱྃ་འཆང་༔ རྣ་ལྟག་ཕག་ཞལ་ངུར་སྒྲ་སྒྲོག༔ རུས་པའི་རྒྱན་ལྡན་གར་སྟབས་ཀྱིས༔ པད་ཉིད་བམ་རོའི་སྟེང་ན་རོལ༔ གཙོ་དང་འཁོར་བཅས་ཐམས་ཅད་ཀྱང་༔ ཞིང་གི་པགས་པས་སྟོད་གཡོགས་ཤིང་༔ གླང་ཀོའི་སྐེད་དཀྲིས་སྟག་ཤམ་སོགས༔ དུར་ཁྲོད་བརྗིད་པའི་ཆས་ལྡན་པ༔ གཟི་བརྗིད་འོད་སྐུར་ལམ་མེར་གསལ༔ ཧེ་རུ་ཀ་དང་མཉམ་སྦྱོར་བའི༔ བདེ་ཆེན་ཡེ་ཤེས་སྣང་བ་ཡིས༔ རང་བྱུང་གཞལ་མེད་ཕྱོགས་མཚམས་ཁྱབ༔ དྭངས་མ་ཐིག་ལེར་འདྲིལ་བ་ལས༔ ཧཱུྃ༔ ཤར་སྒོར་རྡོ་རྗེ་ཕྲ་མེན་དཀར༔ ཁྭ་གདོང་རྡོ་རྗེ་བྷནྡྷ་བསྣམས༔ ལྷོ་སྒོར་རིན་ཆེན་ཕྲ་མེན་སེར༔ ཕག་གདོང་རིན་ཆེན་བྷནྡྷ་བསྣམས༔ ནུབ་སྒོར་པདྨ་ཕྲ་མེན་དམར༔ ཁྱི་གདོང་པདྨ་བྷནྡྷ་བསྣམས༔ བྱང་སྒོར་ལས་ཀྱི་ཕྲ་མེན་ལྗང་༔ འུག་གདོང་རལ་གྲི་བྷནྡྷ་བསྣམས༔ མཚམས་བཞིར་དམ་ཚིག་མཁའ་འགྲོ་མ༔ ཕྱེད་གཟུགས་གྲི་གུག་ཐོད་ཁྲག་བསྣམས༔ ཀུན་ཀྱང་དུར་ཁྲོད་རུས་པས་རྒྱན༔ ཞིང་རྐྱང་གདན་ལ་གར་སྟབས་འགྱིང་༔ བར་མཚམས་བླ་མ་ཡི་དམ་དང་༔ ཁྱད་པར་གནས་གསུམ་མཁའ་འགྲོའི་ཚོགས༔ ཏིལ་གྱི་གོང་བུ་ཁ་བྱེ་ལྟར༔ མ་འདྲེས་གསལ་རྫོགས་འོད་ཀྱི་སྐུ༔ བྱིན་རླབས་ཕྲིན་ལས་དཔལ་དུ་འབར༔ སྣང་སྟོང་ཟུང་འཇུག་ཆེན་པོ་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་མཎྜ་ལ་མ་ཧཱ་སུ་ཁ་ཨཏྨ་ཀོ྅་ཧཾ༔ དེ་ལྟར་དམ་ཚིག་གི་ལྷ་བསྐྱེད་ནས་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ ལུས་ནི་ཡེ་ཤེས་མཁའ་འགྲོའི་སྐུ༔ བརྗོད་པའི་ངག་ཀུན་མཁའ་འགྲོའི་གསུང་༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེ༔ སྐུ་གསུང་ཐུགས་སུ་བྱིན་བརླབ་བོ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་ཀཱ་ཡ་བཛྲ་ཨོཾ༔ ཝཱ་ཀ་བཛྲ་ཨཱ༔ ཙིཏྟ་བཛྲ་ཧཱུྃ༔ དབང་བསྐུར་བ་ནི༔ ཧཱུྃ༔ ཐབས་ཀྱི་སྤྱོད་པ་རྨད་པོ་ཆེས༔ ཕུང་པོ་འབྱུང་བ་ཉོན་མོངས་ཀུན༔ ཡེ་ཤེས་ལྔ་རུ་དབང་བསྐུར་བས༔ བདེ་གཤེགས་རིགས་ལྔའི་ཕྱག་རྒྱར་འབར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱི༔ ཨཱཿཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་ནི༔ ཤ་ཆེན་གྱི་སྤོས་བསྲེག༔ ཞིང་ཆེན་གྱི་ཧ་སྟས་གཡབ༔ གསང་བའི་རྔེའུ་ཆུང་དང་གླིང་བུའི་སྒྲས་བསྐུལ་ཏེ་གདུང་ཤུགས་དྲག་པོ་བསྐྱེད་ལ་གྱེར་ཚིག་ནི༔ ཧཱུྃ་ཧཱུྃ༔ བཞེངས་ཤིག་བླ་མ་ཡི་དམ་ལྷ༔ དགོངས་ཤིག་གནས་གསུམ་མཁའ་འགྲོའི་ཚོགས༔ དམ་ཚིག་གསང་བའི་བརྡས་བསྐུལ་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ ཞི་ཁྲོ་འབར་བའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ མཁའ་སྤྱོད་ས་སྤྱོད་གནས་ཡུལ་ནས༔ དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ བཀའ་ཉན་དམ་ཚིག་དཀྱིལ་འཁོར་ནས༔ ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ འོད་གསལ་ཆེན་པོའི་དངོས་གྲུབ་སྩོལ༔ མེ་ལོང་ཡེ་ཤེས་ཕོ་བྲང་ནས༔ འགྱུར་མེད་རྡོ་རྗེ་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ཀ་དག་ཆེན་པོའི་དངོས་གྲུབ་སྩོལ༔ མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས༔ རྩོལ་མེད་རིན་ཆེན་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ཁྱབ་བརྡལ་ཆེན་པོའི་དངོས་གྲུབ་སྩོལ༔ སོར་རྟོག་ཡེ་ཤེས་ཕོ་བྲང་ནས༔ ཆགས་མེད་པདྨ་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས༔ ཐོགས་མེད་ཀརྨ་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ལྷུན་གྲུབ་ཆེན་པོའི་དངོས་གྲུབ་སྩོལ༔ ཕྱོགས་མཚམས་དུར་ཁྲོད་ཆེན་པོ་ནས༔ ཕྲ་མེན་དམ་ཚིག་མཁའ་འགྲོ་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ ལས་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ ཐབས་ཤེས་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་འཁོར་དང་བཅས་ཏེ་གཤེགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ གནས་ཡུལ་དག་པའི་ཞིང་དུ་སྒྱུར༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ རྣལ་འབྱོར་ཕོ་མོའི་ཉམས་རྟོགས་སྤོར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ རྩ་རླུང་ཐིག་ལེའི་ཉམས་ཆག་སྦྱོངས༔ མཐར་ཐུག་མཆོག་གི་དངོས་གྲུབ་དང་༔ གནས་སྐབས་ཐུན་མོང་ཕྲིན་ལས་སྒྲུབས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ གློག་ལྟར་མྱུར་བའི་ཡེ་ཤེས་ཀྱིས༔ མངོན་སུམ་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་བྃ་ཧ་རི་ནི་ས་སརྦ་དྷཱ་ཀི་ནཱི་མཎྜ་ལ་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བསྐུལ་བས་ལུས་ཀྱི་བ་སྤུ་ཟིངས་པ་དང་༔ འཇིགས་པའི་ཟིལ་དང་༔ བདེ་བའི་ཉམས་དང་༔ གནས་དང་རྟེན་རྣམས་བྱིན་ཐིབས་སེ་འོང་བར་འགྱུར་རོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃྃ༔ བདེ་བར་གཤེགས་སོ་དྷཱ་ཀི་ནཱི༔ ཐུགས་རྗེའི་དབང་གིས་བྱོན་པ་ལེགས༔ དུར་ཁྲོད་རོལ་པའི་དཀྱིལ་འཁོར་དུ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བྃ་ཧ་རི་ནི་ས་སརྦ་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ༔ དགྱེས་པ་སྐྱེད་པའི་མཆོད་པ་འབུལ་བ་ལ༔ ཐོག་མར་ཕྱག་འཚལ་བར་བསམ་ཞིང་༔ ཧོ༔ རྡོ་རྗེ་ཁྲག་འཐུང་དེ་བཞིན་གཤེགས༔ རིགས་ལྔ་སྒྱུ་མའི་ཡུམ་གྱི་ཚུལ༔ བྱིན་རླབས་དངོས་གྲུབ་གཏེར་གྱི་མཛོད༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ ཞེས་ཕྱག་འཚལ་བས༔ པྲ་ཏི་ཙྪ་ཧོ༔ ཞེས་ལན་མཛད་བར་བསམ༔ དེ་ནས་ཕྱི་ཉེར་སྤྱོད་འཛིན་པའི་ལྷ་མོ་ནམ་མཁའ་གང་བས་མཆོད་པར་བསམས་ལ༔ ཧཱུྃ༔ ཡན་ལག་བརྒྱད་དང་ལྡན་པ་ཡི༔ བདུད་རྩིའི་མཆོད་ཡོན་རྒྱ་མཚོར་འཁྱིལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ༔ དག་བྱེད་གཙང་མ་ཡིད་དུ་འོང་༔ ཞབས་བསིལ་ཆུ་བོའི་རྒྱུན་ལྟར་འབེབས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་སོགས་པཱདྱཾ་པྲ་ཏི་ཙྪ་སྭཱ་ཧཱ༔ ལྷ་དང་མི་ཡི་ཞིང་ཀུན་ན༔ མཚར་སྡུག་ཡིད་འཕྲོག་མེ་ཏོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ པུཥྤེ་པྲ་ཏི་ཙྪ་སྭཱ་ཧཱ༔ ལྷན་ཅིག་སྐྱེས་པའི་དྲི་ཞིམ་དང་༔ སྦྱར་བའི་བདུག་སྤོས་ཇི་སྙེད་པས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ དྷཱུ་པེ་པྲ་ཏི་ཙྪ་སྭཱ་ཧཱ༔ འབྲུ་མར་རྩི་མར་ཤིང་རས་འོད༔ ཉི་ཟླ་ནོར་བུའི་སྣང་གསལ་གྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨཱ་ལོ་ཀེ་པྲ་ཏི་ཙྪ་སྭཱ་ཧཱ༔ ག་བུར་གུར་གུམ་ཙནྡན་སོགས༔ དྲི་བཟང་སྦྱར་བའི་ཆབ་རྒྱུན་གྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ གནྡྷེ་པྲ་ཏི་ཙྪ་སྭཱ་ཧཱ༔ བཟའ་བཅའ་བཏུང་བ་རོ་མཆོག་ལྡན༔ ཟག་མེད་བཅུད་མཆོག་ཞལ་ཟས་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ནེ་བིདྱཱ་པྲ་ཏི་ཙྪ་སྭཱ་ཧཱ༔ ལྷ་ཡི་རྔ་ཆེན་སིལ་སྙན་སོགས༔ སྒྲ་དབྱངས་རོལ་མོའི་བྱེ་བྲག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ༔ དེ་ནས་ནང་གི་མཆོད་པ་ནི༔ ཧཱུྃ༔ དབང་པོའི་མེ་ཏོག་ལ་སོགས་པ༔ རྔམ་ཞིང་བརྗིད་ལྡན་གཟུགས་མཆོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་རཱུ་པ་པྲ་ཏི་ཙྪ་སྭཱ་ཧཱ༔ ཧཱུྃ༔ རྐང་ཆེན་དུང་གི་གླིང་བུ་དང་༔ གསང་བའི་རྔེའུ་ཆུང་ལ་སོགས་སྒྲས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་གསང་བའི་དྲི་ཆུ་དང་༔ མཁྲིས་པའི་ཆུ་རྒྱུན་དྲི་མཆོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ གནྡྷེ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧཱུྃ༔ ཤ་ཆེན་ལྔ་དང་བདུད་རྩི་ལྔ༔ མྱོས་བྱེད་ལ་སོགས་རོ་མཆོག་གིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ རཱ་ས་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧཱུྃ༔ མི་དང་གླང་ཆེན་སྟག་ལྤགས་སོགས༔ ཁྲག་འཛག་འཇམ་འཁྲིལ་རེག་བྱ་ཡིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་སྤརྴེ་པྲ་ཏི་ཙྪ་སྭཱ་ཧཱ༔ དེ་ནས་གསང་བའི་མཆོད་པ་ནི༔ ཧཱུྃ༔ ཧེ་རུ་ཀ་དཔལ་ཁྲག་འཐུང་ཆ༔ ནམ་མཁའ་གང་བར་མཉམ་སྦྱོར་བས༔ རྟོག་ཚོགས་སྐྱེ་མེད་དབྱིངས་སུ་བསྒྲལ༔ གསང་བ་མཆོག་གི་མཆོད་པ་བཞེས༔ ཨོཾ་བཛྲ་ཏ་ན་ག་ཎ་པཱུ་ཛ་ཧོ༔ ཁྱད་པར་གྱི་མཆོད་པ་ནི༔ ཧཱུྃ༔ བཀྲ་ཤིས་མཚན་ལྡན་བནྡྷ་རུ༔ སྣང་སྲིད་ཐམས་ཅད་བདུད་རྩིར་བསྐྱིལ༔ རྡོ་རྗེ་ཁྲོས་མའི་ལྷ་ཚོགས་མཆོད༔ མཐུ་དབང་ནུས་པའི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ ཧཱུྃ༔ ལྕང་ལོར་བཅས་པའི་བནྡྷ་རུ༔ སྣང་སྲིད་དམར་གྱི་རྒྱ་མཚོར་བསྐྱིལ༔ རྡོ་རྗེ་ཁྲོས་མའི་ལྷ་ཚོགས་མཆོད༔ བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་བནྡྷ་རུ༔ བཅུད་ཀྱི་སེམས་ཅན་གཏོར་མར་སྤུངས༔ རྡོ་རྗེ་ཁྲོས་མའི་ལྷ་ཚོགས་མཆོད༔ འདོད་འབྱུང་དཔལ་གྱི་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆེ་བའི་ཡོན་ཏན་ལ་བསྟོད་པ་བྱ་སྟེ༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་དབྱིངས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག་མོར་བཞེངས༔ གཏི་མུག་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་མེ་ལོང་ཡེ་ཤེས་དབྱིངས༔ བཅོམ་ལྡན་འགྱུར་མེད་རྡོ་རྗེ་མཁའ་འགྲོར་བཞེངས༔ ཞེ་སྡང་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་མཉམ་ཉིད་ཡེ་ཤེས་དབྱིངས༔ བཅོམ་ལྡན་རྩོལ་མེད་རིན་ཆེན་མཁའ་འགྲོར་བཞེངས༔ ང་རྒྱལ་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་སོར་རྟོག་ཡེ་ཤེས་དབྱིངས༔ བཅོམ་ལྡན་ཆགས་མེད་པདྨ་མཁའ་འགྲོར་བཞེངས༔ འདོད་ཆགས་རྩལ་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་བྱ་གྲུབ་ཡེ་ཤེས་དབྱིངས༔ བཅོམ་ལྡན་ཐོགས་མེད་ལས་ཀྱི་མཁའ་འགྲོར་བཞེངས༔ ཕྲག་དོག་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་གང་འདུལ་ཡེ་ཤེས་དབྱིངས༔ དམ་ཚིག་ལས་ཀྱི་མཁའ་འགྲོའི་སྐུར་བཞེངས་ནས༔ རྟོག་ཚོགས་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་བདེ་སྟོང་ཡེ་ཤེས་དབྱིངས༔ གནས་ཡུལ་དཔའ་བོ་མཁའ་འགྲོའི་གཟུགས་སུ་ཤར༔ གཟུང་འཛིན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ དྷཱ་ཀི་འབུམ་གྱི་ཚོགས་དང་བཅས་ལ་བསྟོད༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང་༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ ཅེས་བསྟོད་ཅིང་ལྷ་སྐུའི་ངོ་བོ་དང་༔ རྣམ་འགྱུར་ལ་སེམས་གཟུང་ཞིང་སྣང་བ་ཐམས་ཅད་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ་རང་ཤར་བའི་ཚུལ་ལ་བསླབ་པར་བྱའོ༔ དེ་ནས་ཐུགས་རྒྱུད་བསྐུལ་ཞིང་ཡེ་ཤེས་འབེབས་པ་ཆེན་པོའི་ཕྱིར་སྔགས་ཀྱི་བཟླས་པ་བྱ་བ་ནི༔ ཧཱུྃ་ཧཱུྃ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ བཟླས་པའི་ཕྲིན་ལས་དུས་ལ་བབ༔ ཛཔྲ་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན༔ ཡེ་ཤེས་ཆེན་པོའི་བྱིན་དབབ་གསོལ༔ མནྟྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ༔ མཁའ་འགྲོ་མ་རྣམས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ས་བོན་མཚན༔ གསང་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྣོད་བཅུད་ལྷ་ཡི་འཁོར་ལོར་ཤར༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ བདེ་ཆེན་གཟི་བྱིན་འབར་བར་གྱུར༔ ཨོཾ་བྃ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ སྒྲ་ཀུན་སྔགས་ཀྱི་རང་སྒྲར་འུར༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ གྲགས་སྟོང་ནུས་པའི་མཐུ་དབང་ཐོབ༔ ཨོཾ་བྃ་བཛྲ་བེེ་རོ་ཙཱ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ དྲན་རྟོག་བདེ་སྟོང་ངོ་བོར་ཤར༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས༔ རིག་སྟོང་ཡེ་ཤེས་ཐིག་ལེར་རྫོགས༔ ཨོཾ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ རིགས་བཞི་མཁའ་འགྲོའི་ཐུགས་ཀ་ནས༔ སྔགས་ཀྱི་སྒྲ་དང་འོད་ཟེར་འཕྲོས༔ སྡིག་སྒྲིབ་ཞི་ཞིང་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་བསྒྲལ༔ མཆོག་གི་ཕྲིན་ལས་ལྷུན་གྲུབ་གྱུར༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཧཱུྃ༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཏྲཱྃ༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཧྲཱི༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཕཊ༔ སླར་ཡང་གཙོ་མོའི་འོད་ཟེར་གྱིས་༔ ལས་དང་དམ་ཚིག་མཁའ་འགྲོ་བསྐུལ༔ དེ་རྣམས་འོད་ཟེར་མཁའ་ཁྱབ་སྤྲོས༔ ཐུན་མོང་ཕྲིན་ལས་ཀུན་འགྲུབ་བསམ༔ ཨོཾ་སརྦ་ཀརྨ་ས་མ་ཡ་དྷཱ་ཀི་ནཱི་ཧཱུྃ༔ ཨོཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ བྷྲཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧྲཱིཿཝཱ་ཤིཾ་ཀུ་རུ་ཧོ༔ ཧཱུྃ་མཱ་ར་ཡ་ཕཊ༔ ཅེས་གཙོ་མོའི་སྐུའི་བསྙེན་པ་འབུམ་ཕྲག་བཞི༔ གསུང་འབུམ་ཕྲག་གསུམ༔ ཐུགས་འབུམ་ཕྲག་གཅིག༔ འཁོར་རྣམས་ལ་འབུམ་ཕྲག་བཟླས་པས་མཁའ་འགྲོ་མའི་ཞལ་མཐོང་བ༔ གསུང་ཐོས་པ༔ བདེ་ཆེན་གྱི་ཡེ་ཤེས་སྐྱེ་བ་སོགས་མཆོག་གི་དངོས་གྲུབ་དང་༔ བྲིས་སྐུ་བཞད་པ༔ བདུད་རྩི་ཁོལ་བ༔ འདུ་བ་གསུམ་དང་འབར་བ་གསུམ་སོགས་རྟགས་ཀྱི་དངོས་གྲུབ་དང་༔ ཐུན་མོང་གི་ལས་བཞི་གང་ལའང་ནུས་པ་ཐོགས་པ་མེད་པར་འགྱུར་རོ༔ གཞན་ཡང་ཉམས་དང་རྨི་ལམ་དུའང་མཁའ་འགྲོ་འདུ་བའི་རྟགས་དང་ཆོ་འཕྲུལ་ཅི་རིགས་པ་འབྱུང་ཞིང་༔ ཁྱད་པར་ཉམས་ལེན་ལ་བློ་བཀོལ་དུ་བཏུབ་པ་བྱུང་ན་དགོངས་པའི་གདིང་བསྐྱེད་དེ་དངོས་གྲུབ་བླང་བ་སོགས་བྱའོ༔ དེ་ནས་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་ཐུགས་ཀྱི་དགོངས་པ་གསལ་འདེབས་པ་ནི༔ ཛཔྲ་དབྱངས་དང་བཅས་ཏེ་འདི་ལྟར་གསལ་གདབ་བོ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ༔ རང་རིག་དྲི་མེད་སྟོང་པ་ཡིན༔ སྟོང་ཉིད་དགོངས་པ་མངོན་གྱུར་ན༔ རྡོ་རྗེ་ཕག་མོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ མེ་ལོང་ལྟ་བུའི་ཡེ་ཤེས་དེ༔ རང་རིག་གསལ་བའི་མདངས་འོད་ཡིན༔ འོད་གསལ་དགོངས་པ་མངོན་གྱུར་ན༔ རྡོ་རྗེ་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དེ༔ རང་རིག་དུས་གསུམ་འགྱུར་མེད་ཡིན༔ ཁྱབ་གདལ་དགོངས་པ་མངོན་གྱུར་ན༔ རིན་ཆེན་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ སོ་སོར་རྟོག་པའི་ཡེ་ཤེས་དེ༔ རང་རྩལ་སྣ་ཚོགས་སྣང་བ་ཡིན༔ མ་འདྲེས་དགོངས་པ་མངོན་གྱུར་ན༔ པདྨ་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ བྱ་བ་གྲུབ་པའི་ཡེ་ཤེས་དེ༔ རང་རིག་ལྷུན་གྱིས་གྲུབ་པ་ཡིན༔ མཐའ་བྲལ་དགོངས་པ་མངོན་གྱུར་ན༔ ལས་ཀྱི་མཁའ་འགྲོ་ལོགས་ན་མེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ངོ་བོ་སྟོང་པ་ཕག་མོ་ཡུམ༔ རང་བཞིན་གསལ་བ་མཁའ་འགྲོ་བཞི༔ ཐུགས་རྗེའི་རིག་རྩལ་སྤྲུལ་པའི་སྐུ༔ དམ་ཚིག་ལས་ཀྱི་མཁའ་འགྲོ་དང་༔ གནས་ཡུལ་དཔའ་བོ་དཔའ་མོའི་ཚོགས༔ མ་འགགས་རང་ཤར་ཅིར་ཡང་སྣང་༔ སྐྱེ་བ་མེད་ལ་འགག་པ་མེད༔ གནས་མེད་དམིགས་མེད་འགྲོ་འོང་མེད༔ རྣམ་ཐར་གསུམ་གྱི་བདག་ཉིད་ཅན༔ མཁའ་འགྲོ་རྒྱ་མཚོའི་འཁོར་ལོར་རྫོགས༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་དགོངས་པ་ཆོས་ཉིད་བློ་འདས་ཀྱི་དབྱིངས་སུ་མཉམ་པར་བཞག་ཅིང་ཧཱུྃ་གི་སྣང་གླུས་རྟོགས་པའི་ཉམས་སྦར་བས་མཆོག་གི་ཡེ་ཤེས་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བར་ཐེ་ཚོམ་མེད་དོ༔ ས་མ་ཡ༔ མཁའ་འགྲོ་སྒྲུབ་པ་ལ་ཚོགས་དང་གཏོར་མས་མཉེས་པར་བྱ་བ་དམ་ཚིག་ཡིན་པས༔ ཐུན་མཚམས་སུ་གཏོར་མ་འབུལ་བ་ནི་ཐོད་སྣོད་ལ་སོགས་པར་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བ་ཕུན་སུམ་ཚོགས་པར་བཤམ༔ བསངས་ཆུ་དང་བདུད་རྩིས་བྲན་ལ༔ རྃ་ཡྃ་ཁྃ༔ གཏོར་མའི་ཉེས་སྐྱོན་མ་དག་ཐམས་ཅད་ཀུན༔ ཡེ་ཤེས་མེ་རླུང་ཆུ་ཡིས་བསྲེགས་གཏོར་བཀྲུས༔ བནྡྷའི་སྣོད་དུ་དམ་ཚིག་རྫས་ཀྱི་བཅུད༔ ཡེ་ཤེས་སྤྲིན་ཕུང་མཁའ་ཁྱབ་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱི༔ ཧཱུྃ༔ དབྱིངས་ནས་སྐུ་བསྐྱོད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་རབ་འབྱམས་ཚོགས༔ དུར་ཁྲོད་མ་མོ་སྤྱང་ཞོན་མཆེད་སྡེ་འབུམ༔ ཐུགས་དམ་དབང་གིས་འདིར་གཤེགས་བརྟན་པར་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧྲཱི༔ གཏོར་སྣོད་བནྡྷ་ཆོས་ཀྱི་དབྱིངས་དང་མཉམ༔ གཏོར་མའི་ངོ་བོ་ཤ་ལྔ་བདུད་རྩི་ལྔ༔ ཟག་མེད་ཡེ་ཤེས་རང་བཞིན་ལྷུན་པོར་སྤུངས༔ ཀུན་ཏུ་དགྱེས་ཚིམ་འོད་ཟེར་རྣམ་པར་འཕྲོ༔ བཟའ་བཅའ་བཏུང་བ་མཆོག་གི་དམ་ཚིག་རྫས༔ གསེར་གྱི་རི་དང་རོལ་མཚོ་ལྟ་བུར་བསྐྱིལ༔ ཐུགས་དམ་གཉན་སྐོང་འདོད་ཡོན་བསམ་མི་ཁྱབ༔ གླིང་བཞི་མུ་ཁྱུད་ཁོར་ཡུག་བརྡལ་བ་འདི༔ བླ་མ་ཡི་དམ་ཚོགས་ལ་མཆོད་པར་འབུལ༔ གནས་གསུམ་མཁའ་འགྲོ་རབ་འབྱམས་དགྱེས་པར་བཞེས༔ ཆོས་སྲུང་དམ་ཅན་མཉེས་པའི་ཕུལ་གྱུར་ནས༔ བྱིན་རླབས་དབང་དང་དངོས་གྲུབ་ཆར་ལྟར་ཕོབ༔ བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་༔ མཆོག་དང་ཐུན་མོང་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷི་ཀཱ་ལཱི་བཛྲ་རཏྣ་པདྨ་ཀརྨ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཧོ་པི་པ་ཧོ་མ་ཏི་ཀྲ་མ་ཏི༔ མ་མ་སརྦ་ཀརྨ་ཀུ་རུ་ཧོ༔ མ་བྷྱོ་ཛཿས་པཱ་རཱི་བཱ་ར་ཨི་དཾ་བ་ལིཾ་ཏ་བྷཱུཉྫ་ཧོ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་རྒྱ་མཚོའི་ཚོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྨད་བྱུང་བར༔ མངོན་པར་བསྟོད་ཅིང་དམ་ཚིག་ཉམས་ཆག་བཤགས༔ ཐུགས་དམ་དགྱེས་སྐོང་དངོས་གྲུབ་མ་ལུས་སྩོལ༔ ཞེས་རྨད་དུ་བྱུང་བ་གཏོར་མའི་མཆོད་སྤྲིན་གྱིས་མཉེས་ཤིང་ཕྲིན་ལས་ཐམས་ཅད་མཛད་པར་བསམ་མོ༔ གཞན་ཡང་ཚོགས་དང་མཆོད་སྐོང་ཇི་ལྟར་རིགས་པ་རྒྱུན་གྱི་དུས་དང་༔ ཁྱད་པར་མཁའ་འགྲོ་འདུ་བའི་དུས་གཉན་རྣམས་སུ་མ་ཆག་པར་བརྩོན་པས་བར་ཆད་ཐམས་ཅད་ཞི་ཞིང་༔ འདོད་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ རྟགས་མཐོང་བ་སོགས་ཀྱི་ཚེ་དངོས་གྲུབ་དྲངས་བ་ནི༔ དཀྱིལ་འཁོར་གྱི་ཤར་སྒོར་བྷནྡྷ་བཟང་པོ་ཆང་གིས་བཀང་ལ་ཨ་མྲྀ་ཏ་བཏབ་པ་བཤམ༔ མཁའ་འགྲོ་མའི་དཀྱིལ་འཁོར་པ་རྣམས་ནམ་མཁའ་གང་བའི་ཧེ་རུ་ཀ་དང་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་ཟེར་དང་བཅས་པ་ཆར་དྲག་ཏུ་བབས་པ་བཞིན་བྱུང་༔ ཐོད་པའི་བདུད་རྩི་ལ་སིབ་སིབ་ཐིམ་པས་གྲུབ་པའི་རྒྱ་མཚོ་ཆེན་པོར་འཁྱིལ་བར་བསམས་ལ༔ ཨོཾ་ཨཱཿཧཱུྃ་བཛྲ་བྷཱ་རཱ་ཧེ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་མང་དུ་བཟླ༔ དེ་ནས་ཐོད་པ་གནས་གསུམ་དུ་གཏུགས་ཤིང་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ནམ་མཁར་སྒྱུར༔ སྣང་སྟོང་སྐུ་ཡི་བྱིན་རླབས་ཀྱིས༔ ལུས་ལ་གཟི་བརྗིད་བསྐྱེད་དུ་གསོལ༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས༔ གསུང་གི་ཛཔྲ་སྒྲས་བར་སྣང་གང་༔ གྲགས་སྟོང་གསུང་གི་བྱིན་རླབས་ཀྱིས༔ ངག་ལ་ནུས་པ་བསྩལ་དུ་གསོལ༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས༔ ཐུགས་ཀྱི་ཡེ་ཤེས་ཉི་ལྟར་ཤར༔ དྲན་རྟོག་ཐུགས་ཀྱི་བྱིན་རླབས་ཀྱིས༔ ཡིད་ལ་བདེ་ཆེན་སྦར་དུ་གསོལ༔ མཁའ་ཁྱབ་འདུས་པའི་ཧེ་རུ་ཀ༔ རྡོ་རྗེ་བཙུན་མོར་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ དངོས་གྲུབ་ཆར་ལྟར་དབབ་ཏུ་གསོལ༔ ཕྲིན་ལས་བཞི་ཡི་དངོས་གྲུབ་སྩོལ༔ གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སྩོལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ སྔགས་ཀྱི་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ལོ་ཀ་སརྦ་སིདྡྷཱི་མ་ཧཱ་པཉྩ་ཨ་མྲྀ་ཏ་བོ་དྷི་ཙིཏྟ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་བདུད་རྩི་རོལ་བས་རྩ་ཁམས་ཐམས་ཅད་ཡེ་ཤེས་ཀྱི་གཟི་བྱིན་གྱིས་ཁྱབ༔ ལས་ཀྱི་དངོས་གྲུབ་ཐོབ༔ མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་དང་སྐལ་པ་མཉམ་པར་བསམས་ལ་རིག་སྟོང་གཉུག་མ་ཁྱབ་གདལ་གྱི་ངང་དུ་མཉམ་པར་བཞག་གོ༔ དེ་ནས་གཏང་རག་གི་སླད་དུ་མཆོད་བསྟོད་རྒྱས་པར་བྱ༔ ནོངས་པ་བཟོད་པར་གསོལ༔ རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར་འོད་གསལ་མཁའ་ཁྱབ་ཀྱི་དགོངས་པར་ལ་བཟླ་ཞིང་༔ ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་ལྡང་བ་ནི༔ ཧཱུྃ་ཧཱུྃ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ མཁའ་ལ་སྤྲིན་ལྟར་དབྱིངས་སུ་ཐིམ༔ གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་༔ དོན་གྱི་ཕག་མོའི་རང་ཞལ་བལྟ༔ ཨ་ཨ་ཨ༔ ཨོཾ་ཨཱཿཧཱུྃ༔ སླར་ཡང་གཟུགས་སྒྲ་དྲན་རྟོག་ཀུན༔ རྡོ་རྗེ་ཁྲོས་མའི་སྐུ་གསུང་ཐུགས༔ ཡེ་ཤེས་སྒྱུ་མར་མཉམ་སྦྱོར་བས༔ མཐའ་ཡས་འགྲོ་བའི་དོན་ལ་འཇུག༔ ཨོཾ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ རྣལ་འབྱོར་ཟབ་མོའི་དགེ་ཚོགས་ཡོངས་སུ་བསྔོ་ཞིང་ཧེ་རུ་ཀའི་སྨོན་ལམ་གྱིས་རྒྱས་གདབ་བའི་འདུན་པ་རྩེ་གཅིག་པས༔ ཧོ༔ དགེ་བ་འདི་དང་དགེ་བའི་རྩ་བ་གཞན༔ མ་ལུས་བློ་ཡིས་ཕྱོགས་གཅིག་བསྡོམས་བྱས་ཏེ༔ མཐའ་ཡས་འགྲོ་བ་ཀུན་གྱི་དོན་གྱི་ཕྱིར༔ ཀུན་མཁྱེན་ཡེ་ཤེས་ཆེན་པོར་བསྔོ་བར་བགྱི༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ གསང་ཆེན་སྔགས་ཀྱི་ཐེག་པའི་རིགས་གྱུར་ཏེ༔ དཔལ་ཆེན་རྡོ་རྗེ་མཁའ་འགྲོའི་ལྷ་ཚོགས་ཀྱིས༔ ཁ་སྦྱོར་བདེ་བས་རྗེས་སུ་འཛིན་པར་ཤོག༔ བརྟན་གཡོའི་དངོས་ཀུན་བདེ་ཆེན་ལྷ་སྐུར་དག༔ ལྡང་འཇུག་རླུང་རྣམས་སྐྱེ་མེད་སྔགས་སུ་རྫོགས༔ དྲན་རྟོག་འོད་གསལ་ཐིག་ལེ་ཆེན་པོར་སྨིན༔ རྡོ་རྗེ་བཙུན་མོའི་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་གསོལ་བ་ནི་དབྱངས་སྙན་པོ་དང་བཅས་མེ་ཏོག་འཐོར་ཞིང་༔ ཨོཾ༔ བྱིན་རླབས་གཟི་བརྗིད་དཔལ་དུ་འབར༔ རྡོ་རྗེ་སྐུ་ཡི་བཀྲ་ཤིས་ཤོག༔ ནུས་པ་སྔགས་ཀྱི་སྒྲ་ཆེན་སྒྲོག༔ བདེ་ཆེན་གསུང་གི་བཀྲ་ཤིས་ཤོག༔ ཡེ་ཤེས་སྣང་བ་རྨད་པོ་ཆེ༔ འོད་གསལ་ཐུགས་ཀྱི་བཀྲ་ཤིས་ཤོག༔ གསང་བ་གསུམ་གྱི་དཀྱིལ་འཁོར་དུ༔ དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག༔ ཅེས་གྱེར་ཚིག་རོལ་མོའི་སྒྲ་སྙན་ཅིང་བརྗིད་ཆགས་པར་བྱའོ༔ ས་མ་ཡཿམཁའ་འགྲོ་འདུས་པའི་ཕྲིན་ལས་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་འཕྲེང་གིས་བཀའི་སྡུད་པ་མོ་རིགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་ལ་རྗེས་སུ་གདམས་ཤིང་མ་འོངས་ཕྱི་མ་ཕྱི་མའི་དོན་དུ་རིན་པོ་ཆེའི་གཏེར་དུ་སྦས་པ༔ སྩྱོོགས་སྩྱོོགས་སྩྱོོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱཿ ཁ་ཐཾ་གུ་ཧྱ༔ ཡེ་ཤེས་ཀྱི་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་གཏེར་སླད་ནས་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་རིག་འཛིན་ཡོངས་ཀྱི་རྒྱལ་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་དཔའ་བོ་དཔའ་མོའི་སྒྲུབ་ཐབས།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ དཔའ་བོ་དཔའ་མོའི་སྒྲུབ་ཐབས་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ དཔའ་བོ་དཔའ་མོའི་སྒྲུབ་ཐབས་ནི༔ ཕྲིན་ལས་ཀྱི་གཞུང་བསྲངས་ལ༔ ཕག་མོ་ལྷ་ལྔའི་བསྐྱེད་རིམ་མཐར་ཐུག་པའི་བར་གསལ་གདབ༔ དེ་ནས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ་བསྐྱེད་པར་བྱ་སྟེ༔ ཧཱུྃ༔ སྙིང་པོ་འཁོར་ལོ་པད་འདབ་བཞིའི༔ ཕྱི་རོལ་མུ་ཁྱུད་གསུམ་ལྡན་གྱི༔ ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ༔ ཨིནྡྲ་ནཱི་ལའི་མདངས་ལྡན་པའི༔ ཤར་རྩིབས་པུལླཱི་ར་མ་ཡར༔ ཁཎྜ་ཀ་པཱ་ལ་གཏུམ་མོ༔ ལྷོ་རྩིབས་ཨརྦུ་ད་ཡི་དབུས༔ མཆེ་བ་རྣམ་གཙིགས་སྣ་ཆེན་མ༔ ནུབ་རྩིབས་ཨཽཌཱི་ཡཱ་ན་རུ༔ ཀཾ་ཀཱ་ལ་དང་འོད་ལྡན་མ༔ བྱང་རྩིབས་ཛ་ལནྡྷ་ར་རུ༔ མ་ཧཱ་ཀཾ་ཀཱ་གཏུམ་མིག་མ༔ ཤར་ལྷོར་གོ་དཱ་ཝཱ་རི་རུ༔ སུ་ར་བཱི་ར་བློ་ཅན་མ༔ ལྷོ་ནུབ་རཱ་མེ་ཤྭ་རི་རུ༔ འོད་དཔག་མེད་དང་མི་ཐུང་མ༔ ནུབ་བྱང་དེ་བཱི་ཀོ་ཊི་རུ༔ རྡོ་རྗེའི་འོད་ཅན་ལངྐ་མ༔ བྱང་ཤར་མཱ་ལ་ཡ་ཡི་དབུས༔ རྡོ་རྗེའི་སྐུ་དང་ཤིང་གྲིབ་མ༔ ཀུན་ཀྱང་ཁྲོ་ཉམས་སྐུ་མདོག་སྔོ༔ མཁའ་ལ་སྤྱོད་པའི་ཚུལ་གྱིས་རོལ༔ དེ་ཕྱིར་གསུང་གི་འཁོར་ལོ་བརྒྱད༔ པདྨ་རཱ་གའི་མདངས་ལྡན་པའི༔ ཤར་རྩིབས་ཀཱ་མ་རཱུ་པ་རུ༔ ཨཾ་ཀུ་རཱི་དང་ཨེ་རཱ་ཝ༔ ལྷོ་རྩིབས་ཀོ་སཱ་ལ་ཡི་དབུས༔ རྡོ་རྗེ་ཧཱུྃ་མཛད་ཆང་འཐུང་མ༔ ནུབ་རྩིབས་ཏྲི་ཤ་ཀུ་ནེ་རུ༔ དཔའ་བོ་ཆེན་པོ་རླུང་ཤུགས་མ༔ བྱང་རྩིབས་ཨོ་ཊེ་ཝཱ་ན་རུ༔ རྡོ་རྗེ་རལ་ཅན་འཇིགས་བྱེད་མ༔ ཤར་ལྷོར་ཀ་ལངྒ་ཡི་དབུས༔ རབ་ཏུ་བཟང་པོ་ཤྭ་མ་དེ༔ ལྷོ་ནུབ་ལམྤ་ཀ་ཡི་དབུས༔ རྡོ་རྗེ་བཟང་པོ་ཤིན་ཏུ་བཟང་༔ ནུབ་བྱང་ཀཉྩའི་རྩིབས་དབུས་སུ༔ འཇིགས་བྱེད་ཆེན་མོ་རྟ་རྣ་མ༔ བྱང་ཤར་ཧི་མ་ལ་ཡ་རུ༔ མིག་མི་བཟང་དང་ཁ་གཱ་ན༔ ཀུན་ཀྱང་ཆགས་ཉམས་སྐུ་མདོག་དམར༔ ས་སྟེང་སྤྱོད་པའི་ཚུལ་གྱིས་བཞུགས༔ དེ་ཕྱིར་སྐུ་ཡི་འཁོར་ལོ་བརྒྱད༔ ཟླ་བའི་འོད་ལྟར་དྭངས་བའི་དབུས༔ ཤར་རྩིབས་པྲེ་ཏ་པཱུ་རི་རུ༔ སྟོབས་ཆེན་འཁོར་ལོའི་ཤུགས་འཆང་མ༔ ལྷོ་རྩིབས་སུ་ཝརྞ་དྭཱི་པར༔ ནམ་སྙིང་འཁོར་ལོའི་གོ་ཆ་མ༔ ནུབ་རྩིབས་སཽ་ར་ཥྚ་རུ༔ རྟ་མགྲིན་དཔའ་བོ་ཥོོཎྜི་ནཱི༔ བྱང་རྩིབས་གྲྀ་ཧ་དེ་བ་རུ༔ རིན་ཆེན་རྡོ་རྗེ་དུམ་སྐྱེས་མ༔ ཤར་ལྷོར་ན་ག་རཱ་ཡི་རྩིབས༔ ཧེ་རུ་ཀ་དང་ཤིན་ཏུ་དཔའ༔ ལྷོ་ནུབ་སིནྡྷུ་ར་ཡི་རྩིབས༔ པདྨ་གར་དབང་སྟོབས་ཆེན་མ༔ ནུབ་བྱང་མ་རུ་ཏཱ་ཡི་རྩིབས༔ རྣམ་པར་སྣང་མཛད་འཁོར་སྒྱུར་མ༔ བྱང་ཤར་ཀུ་ལུ་ཏཱ་ཡི་རྩིབས༔ རྡོ་རྗེ་སེམས་དཔའ་བརྩོན་ཆེན་མ༔ ཀུན་ཀྱང་ཞི་ཉམས་སྐུ་མདོག་དཀར༔ ས་འོག་སྤྱོད་པའི་ཚུལ་གྱིས་འགྱིང་༔ དཔའ་བོ་དཔའ་མོ་ཐམས་ཅད་ཀྱང་༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྟག་གི་པགས་པའི་ཤམ་ཐབས་གྲོལ༔ ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ༔ གཡས་བརྐྱངས་པད་ཉི་རོ་སྟེང་བཞེངས༔ ཡུམ་རྣམས་ཁ་ཊྭཱཾ་ཐོད་ཁྲག་གིས༔ ཡབ་ལ་འཁྱུད་ཅིང་བརྐྱངས་བསྐུམས་རོལ༔ ཡེ་ཤེས་མེ་ཕུང་འཕྲོ་བའི་དབུས༔ ཁྲོ་འཛུམ་ཞི་ཆགས་ཉམས་འགྱུར་རྫོགས༔ རང་རང་རིགས་ཀྱི་ཚོམ་བུ་འབུམ༔ ཉི་དང་འོད་ཟེར་བཞིན་དུ་འཕྲོ༔ བདེ་ཆེན་གཟི་བརྗིད་འབར་བར་བཞུགས༔ ཞེས་གསལ་གདབ་ཅིང་༔ དེ་ནས་སྒོ་བཞིར་ཕྲ་མེན་བཞི༔ མཚམས་བཞིར་དམ་ཚིག་གི་མཁའ་འགྲོ་བཞི་བསྐྱེད་པ་སོགས་ཕྲིན་ལས་ལྟར་བྱའོ༔ བཟླས་པའི་སྐབས་སུ་བབ་པ་ན༔ ཐུགས་ཀྱི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཧཱུྃ་གི་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་སྦྱངས༔ ཡེ་ཤེས་དགོངས་པ་མངོན་གྱུར་བསམ༔ ཨོཾ་ཙིཏྟ་ཙཀྲ་པུ་ཛ་ཨོ་ཨཱ་གོ་ར་དེ་མཱ་ཧཱུྃ་ཧཱུྃ་ཕཊ༔ གསུང་གི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨཱ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ གསུང་གི་དམ་ཚིག་ཉམས་ཆག་སྦྱངས༔ སྔགས་ཀྱི་ནུས་པ་འབར་བར་བསམ༔ ཨོཾ་ཝཱ་ཀ་ཙཀྲ་ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི་ཧཱུྃ་ཧཱུྃ་ཕཊ༔ སྐུ་ཡི་ལྷ་ཚོགས་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཨོཾ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ སྐུ་ཡི་དམ་ཚིག་ཉམས་ཆག་སྦྱངས༔ བདེ་ཆེན་གཟི་བྱིན་རྒྱས་པར་བསམ༔ ཨོཾ་ཀཱ་ཡ་ཙཀྲ་པྲེ་གྲྀ་སོ་སི་ནཱ་སི་མ་ཀུ་ཧཱུྃ་ཧཱུྃ་ཕཊ༔ དེ་ལྟར་དམིགས་པ་གསལ་པའི་འབུམ་ཕྲག་རེ་བཟླས་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་༔ ལུས་བདེ་ཆེན་གྱི་གཟི་བརྗིད༔ ངག་སྔགས་ཀྱི་ནུས་པ༔ ཡིད་ཡེ་ཤེས་ཀྱི་དགོངས་པ་རྣམས་མངོན་དུ་འགྱུར་ཞིང་ཚེ་འདིར་ཡུལ་དང་ཡུམ་ཆེན་རྣམས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ལམ་གྱི་གྲོགས་མཛད་དེ་མྱུར་དུ་བདེ་བ་མཆོག་རྡོ་རྗེ་བཙུན་མོའི་གོ་འཕང་ལ་སྤྱོད་པར་འགྱུར་རོ༔ ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་བདེ་མཆོག་རོལ་བའི་རྒྱུད་ལས་བཏུས་ཏེ་རིགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་གྱི་དོན་དུ་གདམས་ཤིང་གཏད་པ་སྩྱོགས་སྩྱོགས་སྩྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཊཾ༔ གུ་ཧྱ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་སྨན་མོའི་ཟབ་གཏེར་སླད་ནས་འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་པད་མ་འོད་གསལ་མདོ་སྔགས་གླིང་བ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་མཆོད་སྐོང་།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་མཆོད་སྐོང་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ རྡོ་རྗེ་ཕག་མོའི་ཚོགས་དང་སྐོང་བཤགས་ཀྱི་ཆོ་ག་ནི༔ དཀྱིལ་འཁོར་ཚུལ་བཞིན་དུ་བཤམས་པའི་མཐར་ཚོགས་དང་༔ སྨན་གཏོར་རཀྟ་མར་མེ་འདོད་ཡོན་རིགས་བརྒྱ༔ སོགས་ཀྱིས་བསྐོར༔ གཞན་ཡང་ཐུགས་དམ་སྐོང་བའི་རྫས་མཛེས་ཤིང་ཟིལ་ཆེམ་བརྗིད་ཆགས་པས་གནམ་ས་བར་སྣང་ཐམས་ཅད་ཁྱབ་པར་དགྲམ༔ དམ་ཚིག་ལ་གནས་པའི་རྣལ་འབྱོར་ཕོ་མོ་ཚོགས་པས་ལས་ཀྱི་གཞུང་བསྲང་༔ ཛབ་བསྙེན་མང་དུ་བྱ༔ དེ་ནས་མཆོད་ཚོགས་རྣམས་ལ་བསང་ཆུ་དང་བདུད་རྩི་འཐོར་ལ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ མཆོད་པའི་མདངས་འཕྲོག་བར་ཆད་བགེགས༔ ཐམས་ཅད་རྡོ་རྗེ་བདུད་རྩིས་བསང་༔ དཔག་ཚད་རྒྱང་གྲགས་མ་གནས་པར༔ རང་རང་གནས་སུ་བདེ་བར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ དྲག་སྔགས་བརྗོད་ཅིང་བསྐྲད༔ ཧཱུྃ༔ བདག་ཉིད་རྡོ་རྗེ་ཁྲོས་མ་ཡི༔ ཐུགས་ནས་རང་བྱུང་ཡི་གེ་ནི༔ རྃ་སྤྲོས་ཡེ་ཤེས་མེ་འབར་བས༔ ཚོགས་ཀྱི་མི་གཙང་ཐམས་ཅད་བསྲེགས༔ ཡྃ་སྤྲོས་ཡེ་ཤེས་རླུང་བྱུང་བས༔ ཚོགས་ཀྱི་བག་ཆགས་ཐམས་ཅད་གཏོར༔ ཁྃ་སྤྲོས་ཡེ་ཤེས་ཆུ་བྱུང་བས༔ ཚོགས་ཀྱི་གཟུང་འཛིན་མཚན་མ་སྦྱངས༔ ཐམས་ཅད་སྟོང་ཉིད་འོད་གསལ་ངང་༔ བྷྲུྃ་ལས་དུར་ཁྲོད་གཞལ་མེད་ཁང་༔ རྔམ་བརྗིད་འཇིགས་ཤིང་ཡངས་པའི་དབུས༔ ཨོཾ་ལས་བདེ་ཆེན་ཀ་པ་ལར༔ ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་༔ ཨཱཿལས་ཡེ་ཤེས་བདུད་རྩི་ཆེ༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ ཧཱུྃ་གིས་གཟུགས་སྒྲ་དྲི་རོ་རེག༔ འདོད་པའི་ཡོན་ཏན་ཅི་ཡང་འཆར༔ ཏྲཱྃ་ལས་མཆོད་སྐོང་སྒྲུབ་པའི་རྫས༔ ཀུན་ཏུ་བཟང་པོའི་རྣམ་ཐར་རྫོགས༔ ཧྲཱིཿཡིས་ལྷ་ཚོགས་མ་ལུས་ཀུན༔ ཟག་མེད་བདེ་ཆེན་སྐྱེད་བྱེད་པ༔ མཁའ་ཁྱབ་གནས་གསུམ་དྷཱ་ཀིའི་ཚོགས༔ དམ་ཚིག་ཆེན་པོས་རོལ་པར་གྱུར༔ རྃ་ཡྃ་ཁྃ་བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱི༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་ཚོགས་མགྲོན་སྤྱན་དྲངས་པའི་ཕྱིར་གསང་བའི་རོལ་མོ་དང་དབྱངས་ཀྱིས་བསྐུལ་ཏེ༔ ཧཱུྃ་ཧཱུྃ༔ བཞེངས་ཤིག་འོག་མིན་གསང་ཆེན་རོལ་པ་ནས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག་མོ་ལ༔ ལྷན་ཅིག་སྐྱེས་པའི་མཁའ་འགྲོ་འབུམ་གྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཞེངས་ཤིག་ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ དཔའ་བོ་ཆེན་པོ་མཁའ་འགྲོའི་ཚོགས་བཅས་ལ༔ ཞིང་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཞེངས་ཤིག་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ནས༔ ཤེས་རབ་རིགས་ཅན་རིགས་ལྔའི་ཕྱག་རྒྱ་ལ༔ སྔགས་ལས་སྐྱེས་པའི་མཁའ་འགྲོ་འབུམ་གྱིས་བསྐོར༔ དམ་ཚིག་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ ཆོས་སྐྱོང་སྲུང་མ་གཏེར་གྱི་བདག་པོ་ཀུན༔ དམ་ཚིག་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཐུགས་རྗེ་ཐུགས་དམ་དབང་གིས་ད་ཚུར་གཤེགས༔ ཡུལ་སྣང་དུར་ཁྲོད་གསང་བ་མཆོག་གི་ཞིང་༔ ཐབས་ཤེས་བཟའ་བཏུང་དམ་ཚིག་རྡོ་རྗེའི་རྫས༔ འདོད་ཡོན་བདེ་ཆེན་རྣམ་འགྱུར་ཐམས་ཅད་པ༔ མཆེད་ལྕམ་ཡེ་ཤེས་སྙིང་པོར་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་བྷ་རཱ་ཧེ་སརྦ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི༔ ཛྙཱ་ན་ཨཱ་བེ་ཤ་ཡ་ས་མ་ཡ་སྟྭཾ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་མ་ཧཱ་སུ་ཁ་ཨེ་ཨཱ་རལླི་ཧོ༔ ཞེས་ཡང་ཡང་བརྗོད་པས་གནས་དང་ཡོ་བྱད་རྣམས་བྱིན་ཐིབས་སེ་འོང་བར་འགྱུར་རོ༔ དེ་ནས་ཐུན་མོང་གི་མཆོད་པས་བསྐང་བ་ནི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ དངོས་བཤམ་ཡིད་ཀྱིས་རབ་སྤྲུལ་པའི༔ མེ་ཏོག་མཛེས་པ་ཚར་དུ་དངར༔ དྲི་ཞིམ་བདུག་པའི་སྤྲིན་ཕུང་འཐུལ༔ སྣང་གསལ་མར་མེ་ཉི་ལྟར་འབར༔ བསིལ་ཞིང་དྲི་ལྡན་ཆབ་རྒྱུན་འབེབས༔ ཞལ་ཟས་རོ་མཆོག་བརྒྱ་དང་ལྡན༔ སྙན་བརྗིད་ཡིད་འཕྲོག་རོལ་མོ་སོགས༔ ནམ་མཁའ་གང་བའི་མཆོད་སྤྲིན་གྱིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང་༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆག་ཉམས་འགལ་དང་རལ་བ་དང་༔ ཉམས་དང་འདྲེས་ཤིང་སྐོང་བ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ན༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ དབྱིངས་ཀྱི་དགོངས་པ་མ་གཡེལ་ཞིག༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་འཇུག་པས་མ་གཏོང་ཞིག༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཁྲོས་འཁྲུགས་རྣམ་རྟོག་མ་མཛད་ཅིག༔ ཉམས་ཆག་ཐམས་ཅད་དབྱིངས་སུ་བསྐང་༔ རྟོག་སྒྲིབ་བག་ཆགས་རང་སར་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ནང་གི་མཆོད་པ་འབུལ་བ་ནི༔ དངོས་བཤམས་ཡིད་ལས་སྤྲུལ་པ་ཡི༔ གཟུགས་མཛེས་ཡིད་འོང་གར་སྟབས་སྒྱུར༔ སྒྲ་སྙན་པི་ཝཾ་གླིང་བུ་འཁྲོལ༔ དྲི་མཆོག་བསིལ་བའི་ཆར་རྒྱུན་གཡོ༔ རོ་ལྡན་བཟའ་བཏུང་རྒྱ་མཚོར་བསྐྱིལ༔ རེག་བྱ་འཇམ་འཁྲིལ་བདེ་བ་སྐྱེད༔ འདོད་ཡོན་རྣམ་པ་ཐམས་ཅད་པས༔ བསྐང་ངོ་སོགས། ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ དྲག་པོའི་མཆོད་པ་འབུལ་བ་ནི༔ གདུག་པ་ཅན་རྣམས་བསྒྲལ་བ་ཡི༔ དབང་པོའི་མེ་ཏོག་འདར་ཞིང་འཕྲིག༔ ཚིལ་ཆེན་གསུར་དུད་ལང་ལིང་འཐུལ༔ ཞུན་ཆེན་མར་མེ་རབ་ཏུ་འབར༔ མཁྲིས་ཆེན་དྲི་ཆུའི་བྱུག་པ་དང་༔ ཤ་རུས་ཞལ་ཟས་ལྷུན་པོར་སྤུངས༔ རྐང་གླིང་ཐོད་རྔས་ས་གསུམ་གཡོ༔ མི་བཟད་དྲག་པོའི་མཆོད་སྤྲིན་གྱིས༔ བསྐང་ངོ་སོགས། ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཐུན་མོང་མཆོད་པ་འབུལ་བ་ནི༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རིན་ཆེན་འབྲུ་སྨན་དར་ཟབ་སོགས༔ གླིང་བཞི་རི་རབ་ལྕགས་རི་བཅས༔ ལྷ་མིའི་འབྱོར་པས་ཡོངས་གང་བ༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་སྟོབས༔ བྱང་ཆུབ་སེམས་དཔའི་སྨོན་ལམ་དང་༔ འཇིག་རྟེན་ལས་ལས་གྲུབ་པ་ཡི༔ དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་ཀྱིས༔ བསྐང་ངོ་སོགས། དེ་ནས་རྨད་དུ་བྱུང་བའི་མཆོད་པ་ནི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ འདོད་པའི་ཡོན་ཏན་རྣམ་མང་པོས༔ ཆོས་དབྱིངས་རྒྱས་པར་གང་བ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ སོགས་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ བདུད་རྩིའི་མཆོད་པ་འབུལ་བ་ནི༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་༔ རྒྱུ་གཉིས་རྐྱེན་བཞི་མཉམ་པར་སྦྱར༔ ཡེ་ཤེས་འགུགས་པའི་ལྕགས་ཀྱུ་དང་༔ བདེ་ཆེན་སྟོབས་རྫོགས་སྒྲོན་མ་ལྔ༔ སྣང་སྲིད་རྣམ་དག་ཨ་མྲྀ་ཏ༔ དམ་ཚིག་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ སོགས། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ རཀྟའི་མཆོད་པ་འབུལ་བ་ནི༔ ཁམས་གསུམ་གདུག་ཅན་རུ་ཊའི་ཚོགས༔ སྙིང་རྗེ་ཁྲོས་པའི་ཤུགས་ཀྱིས་བསྒྲལ༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ གིརྟིའི་གསང་བའི་ཁྲག་ཆེན་འབེབས༔ ཆགས་བྲལ་སོར་རྟོག་ཡེ་ཤེས་དངོས༔ གཟི་བརྗིད་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ སོགས། མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ གཏོར་མའི་མཆོད་པ་འབུལ་བ་ནི༔ རོ་དྲུག་ནུས་པ་བརྒྱད་ལྡན་པའི༔ བཟའ་བཅའ་བཏུང་བ་ཇི་སྙེད་ཀུན༔ དཔལ་གྱི་བཤོས་བུ་ལྷུན་པོར་སྤུངས༔ ཁ་དོག་དྲི་དང་ནུས་བཅུད་འབར༔ གང་བཞེད་ཅིར་ཡང་འཆར་བ་ཡི༔ འདོད་ཡོན་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ སོགས། མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་ལ༔ སྣང་གསལ་མཆོད་པ་འབུལ་བ་ནི༔ རིན་ཆེན་གཟི་ལྡན་གོང་བུ་རུ༔ ཡེ་ཤེས་སྲོག་གི་སྡོང་བུ་བཙུགས༔ བྱང་སེམས་ཐིག་ལེའི་ཞུན་མར་བསྐྱིལ༔ བདེ་གསལ་མི་རྟོག་མར་མེ་སྦར༔ ཁམས་གསུམ་འཁོར་བའི་མུན་པ་སེལ༔ ངོ་མཚར་ཆེན་པོའི་མཆོད་པ་འདིས༔ བསྐང་ངོ་མཆོད་དོ་ཐུགས་དམ་བསྐང་༔ སོགས་མ་ཧཱ་དི་པེ་པྲ་ཏི་ཙྪ་སྭཱ་ཧཱ༔ ཚོགས་ཀྱི་ཆ་བར་པ་བཤགས་པའི་ཆེད་དུ་འབུལ་བ་ནི༔ ཧོ༔ དགོངས་ཤིག་རྡོ་རྗེ་ཕག་མོ་ཡུམ༔ གཟིགས་ཤིག་འབུམ་ཕྲག་མཁའ་འགྲོའི་ཚོགས༔ ཞལ་ཟས་འདོད་པའི་ཡོན་ཏན་གཏེར༔ དགྱེས་མཆོད་ཆེན་པོར་བཞེས་སུ་གསོལ༔ བདག་ཅག་འཁོར་བ་ཐོག་མེད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ མི་ཤེས་གཏི་མུག་དབང་དུ་གྱུར༔ ཉོན་མོངས་ཤུགས་དྲག་གཉེན་པོ་ཆུང་༔ བག་མེད་དབང་གིས་དམ་དང་འགལ༔ མ་གུས་བསླབ་པ་ཁྱད་དུ་བསད༔ ལེ་ལོ་སྙོམས་ལས་ཆེ་བ་དང་༔ གྲོགས་ངན་རྐྱེན་གྱི་གཞན་དབང་ལ༔ བརྟེན་ནས་རང་བཞིན་སྡིག་པ་དང་༔ བཅས་པའི་ལྟུང་བ་ཆར་བཞིན་བབས༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ལས་འགལ་ཞིང་ཉམས་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་ལེགས་པར་བསྡམ་ལགས་ན༔ འགྱོད་བཤགས་དང་དུ་བཞེས་ནས་ཀྱང་༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་བཤགས་ཤིང་ཡི་གེ་བརྒྱ་པ་མང་དུ་བཟླའོ༔ དེ་ནས་ཚོགས་ཕུད་ཐ་མ་ལ་དམིགས་རྟེན་འབེམ་དུ་བཅས་ཏེ་བསྒྲལ་མཆོད་བྱ་བ་ནི༔ ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོས་མ་དབྱིངས་ནས་བཞེངས༔ འཁོར་གྱི་མཁའ་འགྲོ་གཟི་བརྗིད་སྐྱེད༔ ལས་ཀྱི་དྷཱ་ཀི་བྱེ་བའི་ཚོགས༔ ཁྲོས་འཁྲུགས་རྔམས་པའི་ཕོ་ཉ་སྤྲོས༔ འགྲོ་བའི་བདེ་སྐྱིད་འཕྲོག་པའི་དགྲ༔ སངས་རྒྱས་བསྟན་པ་བཤིགས་པའི་བགེགས༔ རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་དམ་སྲིའི་ཚོགས༔ ཁུག་ཅིག་ཕོབ་ཅིག་རྟེན་ལ་བཅིངས༔ ལྷ་དང་ཕྲོལ་ལ་མྱོས་སུ་ཆུག༔ ཚེ་བསོད་སྒྲུབ་མཆོག་རྣམས་ལ་སྟིམས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཕུང་པོ་ཚོགས་ཀྱི་འཁོར་ལོར་གཏུབས༔ རྔམ་བརྗིད་རོལ་པའི་ཞལ་དུ་བཞེས༔ གཟུང་འཛིན་འཁྲུལ་པའི་རྣམ་རྟོག་ཀུན༔ ཀ་དག་ཆེན་པོའི་ཀློང་དུ་ཟློག༔ ཨོཾ་བཛྲ་བྷཱ་རཱ་ཧི་ཀྲོ་དྷཱི་ཀཱ་ལཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་དྲཱུན་བིགྷཱན་ཛཿཧཱུྃ་བྃ་ཧོ༔ མཱ་ར་ཡ་རྦད༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྟོབ་བོ༔ སླར་ཡང་ཕུད་དང་མཆོད་གཏོར་རྒྱ་ཆེར་འབུལ་ལ་ཐུགས་དམ་སྐོང་བ་ནི༔ རྃ་ཡྃ་ཁྃ༔ སྐོང་བའི་གནས་མཆོག་འོག་མིན་དུར་ཁྲོད་ཞིང་༔ རྟེན་གྱི་རྫས་རྣམས་རྡོ་རྗེ་བཙུན་མོའི་ཚོགས༔ དམ་ཚིག་ལོངས་སྤྱོད་འདོད་ཡོན་རྒྱན་གྱི་སྤྲིན༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོར་རྫོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་ཀཱ་མ་གུ་ཎ་སྥ་ར་ཎ་ཁཾ༔ ཞེས་པས་རྒྱ་ཆེར་སྤེལ་ལ་དབྱངས་དང་རོལ་མོར་བཅས་ཏེ་གྱེར་རོ༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས༔ བདེ་གཤེགས་བཛྲ་ཝཱ་རྭཱ་ཧཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ ཉེར་སྤྱོད་མཆོད་པས་ཐུགས་དམ་བསྐང་༔ འདོད་ཡོན་རྒྱན་གྱིས་ཐུགས་དམ་བསྐང་༔ དུར་ཁྲོད་རྫས་ཀྱིས་ཐུགས་དམ་བསྐང་༔ ཀུན་བཟང་རོལ་མོས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ དམར་ཆེན་རཀྟས་ཐུགས་དམ་བསྐང་༔ རྨད་བྱུང་གཏོར་མས་ཐུགས་དམ་བསྐང་༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ གཞན་ཡང་རྟེན་རྫས་སྐོང་རྫས་དང་༔ སྒྲུབ་རྫས་མཐུན་པའི་དམ་རྫས་སོགས༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང་༔ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་དང་༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ ཚེ་དང་བསོད་ནམས་ཡེ་ཤེས་དང་༔ འཁོར་སློབ་རིགས་རྒྱུད་རྒྱས་པར་སྤེལ༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང་༔ རླུང་སེམས་སྣང་བ་དབང་དུ་སྡུས༔ བྱད་ཕུར་ལྟས་ངན་སུན་ཁ་དང་༔ ཚེ་འཕྲང་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ གསང་བའི་དགྲ་གསུམ་དབྱིངས་སུ་ནོན༔ འཇིགས་པའི་བདུད་བཞི་ཀློང་དུ་སོད༔ བར་ཆད་འཕྲང་གསུམ་ཐལ་བར་རློག༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་དེ༔ འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས༔ འབར་བ་གསུམ་གྱི་ཡེ་ཤེས་ཀྱི༔ ལྷན་སྐྱེས་གྲུབ་བའི་དངོས་གྲུབ་སྩོལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་ཕོ་བྲང་ནས༔ འགྱུར་མེད་རྡོ་རྗེ་དྷཱ་ཀི་ནཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས༔ དོན་གྲུབ་རཏྣ་དྷཱ་ཀི་ནཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ སོར་རྟོག་ཡེ་ཤེས་ཕོ་བྲང་ནས༔ སྒྲ་སྒྲོགས་པདྨ་དྷཱ་ཀི་ནཱི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས༔ སྣ་ཚོགས་ལས་ཀྱི་དྷཱ་ཀི་ནི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ གནས་མཆོག་པུལླཱི་ར་མ་ནས༔ ཐོད་པའི་དུམ་བུ་རབ་གཏུམ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཨརྦུ་དཱ་ནཱ་ནས༔ མཆེ་བ་རྣམ་གཙིགས་སྣ་ཆེན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཨཽ་ཌཱི་ཡཱ་ན་ནས༔ ཀཾ་ཀཱ་ལ་དང་འོད་ལྡན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཛ་ལནྡྷ་ར་ནས༔ མ་ཧཱ་ཀཾ་ཀཱ་གཏུམ་མིག་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་གོ་ད་ཝ་རི་ནས༔ སུ་ར་པཱི་ར་བློ་ཅན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ར་མེ་ཤྭ་རི་ནས༔ འོད་དཔག་མེད་དང་མི་ཐུང་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་དེ་ཝཱི་ཀོ་ཊ་ནས༔ རྡོ་རྗེའི་འོད་ཅན་ལངྐ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་མ་ལ་ཡ་ཞེས་ནས༔ རྡོ་རྗེའི་སྐུ་དང་ཤིང་གྲིབ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཀཱ་མ་རཱུ་པ་ནས༔ ཨོཾ་ཀུ་རཱི་དང་ཨ་རཱ་ཝ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཀོ་སཱ་ལཱ་ཡ་ནས༔ རྡོ་རྗེ་ཧཱུྃ་མཛད་ཆང་འཐུང་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཏྲི་ཤ་ཀུ་ནེ་ནས༔ དཔའ་བོ་ཆེན་པོ་རླུང་ཤུགས་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཨོ་ཊེ་སྠཱ་ནས༔ རྡོ་རྗེ་རལ་ཅན་འཇིགས་བྱེད་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཀ་ལིངྒ་ཡ་ནས༔ རབ་ཏུ་བཟང་པོ་ཤྱཱ་མ་དེ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ལམྤ་ཀ་ཞེས་ནས༔ རྡོ་རྗེ་བཟང་པོ་ཤིན་ཏུ་བཟང་༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་དམ་པ་ཀཉྩི་ནས༔ འཇིགས་བྱེད་ཆེན་པོ་རྟ་རྣ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཧི་མ་ལ་ཡ་ནས༔ མིག་མི་བཟང་དང་ཁ་གཱ་ན༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་པྲེ་ཏ་པུ་རི་ནས༔ སྟོབས་ཆེན་འཁོར་ལོའི་ཤུགས་འཆང་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་སུ་བརྞ་དྭཱི་ནས༔ ནམ་སྙིང་འཁོར་ལོའི་གོ་ཆ་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་སཽ་རཥྚ་ནས༔ རྟ་མགྲིན་དཔའ་བོ་ཥཽཎྜི་ནཱི༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་གྲྀ་ཧ་དེ་བ་ནས༔ རིན་ཆེན་རྡོ་རྗེ་དུམ་སྐྱེས་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ནཱ་ག་ར་ཡ་ནས༔ ཧེ་རུ་ཀ་དང་ཤིན་ཏུ་དཔའ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་སིནྡྷུའི་གྲོང་ཁྱེར་ནས༔ པདྨ་གར་དབང་སྟོབས་ཆེན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་མཱ་རུ་ཏ་ཞེས་ནས༔ རྣམ་པར་སྣང་མཛད་འཁོར་སྒྱུར་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ གནས་མཆོག་ཀུ་ལུ་ཏཱ་ན་ནས༔ རྡོ་རྗེ་སེམས་དཔའ་བརྩོན་ཆེན་མ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ ཐུགས་དམ་སོགས། ཧཱུྃ༔ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ ཕྲ་མེན་ཆེན་མོ་ཁྭ་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ ལྷོ་ཕྱོགས་གད་རྒྱངས་སྒྲོག་པ་ནས༔ ཕྲ་མེན་ཆེན་མོ་ཕག་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ ཕྲ་མེན་ཆེན་མོ་ཁྱི་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ བྱང་ཕྱོགས་ཅ་ཅོ་སྒྲོག་པ་ནས༔ ཕྲ་མེན་ཆེན་མོ་འུག་གདོང་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ ཤར་ལྷོ་རབ་འཇིགས་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་གཤེར་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ ལྷོ་ནུབ་རབ་གཏུམ་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་བརྟན་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ ནུབ་བྱང་རབ་རྒྱུའི་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་སྲེག་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ བྱང་ཤར་དྲག་ཤུལ་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་སྐྱོད་བྱེད་མ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ སོགས། ཧཱུྃ༔ གཞན་ཡང་ཕྱོགས་བཅུ་དུས་གསུམ་ན༔ བཞུགས་པའི་རྩ་བརྒྱུད་བླ་མ་དང་༔ དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ༔ ཕྲིན་ལས་མངའ་བདག་མཁའ་འགྲོ་མ༔ དབྱིངས་ནས་ཡེ་ཤེས་ལས་འཇིག་རྟེན༔ གང་འདུལ་སྐུར་སྟོན་བདེ་ཆེན་གཟུགས༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་དང་༔ ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ ལེགས་ཉེས་སྟངས་འཛིན་བསྟན་པ་སྐྱོང་༔ རྡོ་རྗེའི་སྲུང་མ་རྒྱ་མཚོར་བཅས༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང་༔ ཉེར་སྤྱོད་མཆོད་པས་ཐུགས་དམ་བསྐང་༔ འདོད་ཡོན་རྒྱན་གྱིས་ཐུགས་དམ་བསྐང་༔ དུར་ཁྲོད་རྫས་ཀྱིས་ཐུགས་དམ་བསྐང་༔ ཀུན་བཟང་རོལ་མོས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ དམར་ཆེན་རཀྟས་ཐུགས་དམ་བསྐང་༔ རྨད་བྱུང་གཏོར་མས་ཐུགས་དམ་བསྐང་༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ གཞན་ཡང་རྟེན་རྫས་སྐོང་རྫས་དང་༔ སྒྲུབ་རྫས་མཐུན་པའི་དམ་རྫས་སོགས༔ དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང་༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་ཉམས་ཆག་ཉེས་ལྟུང་དང་༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ ཚེ་དང་བསོད་ནམས་ཡེ་ཤེས་དང་༔ འཁོར་སློབ་རིགས་བརྒྱུད་རྒྱས་པར་སྤེལ༔ འཁོར་འདས་ཀུན་གྱི་ལེགས་ཚོགས་དང་༔ རླུང་སེམས་སྣང་བ་དབང་དུ་སྡུས༔ བྱད་ཕུར་ལྟས་ངན་སུན་ཁ་དང་༔ ཚེ་འཕྲང་འབྱུང་བཞིའི་གཡོ་འཁྲུགས་བཟློག༔ གསང་བའི་དགྲ་གསུམ་དབྱིངས་སུ་ནོན༔ འཇིགས་པའི་བདུད་བཞི་ཀློང་དུ་སོད༔ བར་ཆད་འཕྲང་གསུམ་ཐལ་བར་རློག༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་དེ༔ འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས༔ འབར་བ་གསུམ་གྱི་ཡེ་ཤེས་ཀྱིས༔ ལྷན་སྐྱེས་གྲུབ་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དུས་གསུམ་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་༔ དབྱིངས་ཡུམ་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ བདེ་ཆེན་རྡོ་རྗེ་མཁའ་འགྲོའི་ཐུགས་དམ་བསྐང་༔ དོན་གྲུབ་རིན་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་༔ སྒྲ་སྒྲོག་པདྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ སྣ་ཚོགས་ལས་ཀྱི་མཁའ་འགྲོའི་ཐུགས་དམ་བསྐང་༔ ཞིང་སྐྱེས་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང་༔ ལས་མཛད་ཕྲ་མེན་མཁའ་འགྲོའི་ཐུགས་དམ་བསྐང་༔ གང་འདུལ་དམ་ཚིག་མཁའ་འགྲོའི་ཐུགས་དམ་བསྐང་༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང་༔ སྣང་སྲིད་དག་པ་རབ་འབྱམས་ཐུགས་དམ་བསྐང་༔ སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང་༔ ཉེར་སྤྱོད་ཀུན་བཟང་རོལ་མོས་ཐུགས་དམ་བསྐང་༔ འདོད་ཡོན་བདེ་ཆེན་རྒྱན་གྱིས་ཐུགས་དམ་བསྐང་༔ དུར་ཁྲོད་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ སྦྱོར་སྒྲོལ་བརྟུལ་ཞུགས་མཆོག་གིས་ཐུགས་དམ་བསྐང་༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་ཐུགས་དམ་བསྐང་༔ དམར་ཆེན་རཀྟའི་རྒྱ་མཚོས་ཐུགས་དམ་བསྐང་༔ རྨད་བྱུང་ཤ་ཁྲག་གཏོར་མས་ཐུགས་དམ་བསྐང་༔ ཟག་མེད་འདོད་འབྱུང་ཚོགས་ཀྱིས་ཐུགས་དམ་བསྐང་༔ རང་བྱུང་འོད་གསལ་ཞུན་མེས་ཐུགས་དམ་བསྐང་༔ གཞན་ཡང་མཆོད་རྫས་སྐོང་རྫས་སྒྲུབ་པའི་རྫས༔ མ་ཚང་མེད་པའི་མཆོད་སྤྲིན་རྒྱ་མཚོ་འདིས༔ ཐུགས་དམ་གཉེན་པོ་ཆོས་ཀྱི་དབྱིངས་སུ་བསྐང་༔ བདག་ཅག་དམ་ཚིག་ཉམས་ཆག་བཟོད་པར་བཞེས༔ ནད་རིམས་གདོན་བགེགས་མི་མཐུན་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་འཁོར་སློབ་སྙན་གྲགས་སྤེལ༔ རྡོ་རྗེ་གསང་མཆོག་ལམ་གྱི་གྲོགས་མཛད་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཞེས་བསྐང་ཞིང་ཡི་གེ་བརྒྱ་པ་ཛཔྲ་ཏུ་བཟླ༔ དེ་རྣམས་ནི་ཕྱི་ནང་གསང་བ་མཆོག་གི་མཆོད་པས་སྤྱིར་བསྐང་བའོ༔ དེ་ནས་བྱེ་བྲག་ཏུ་སྐོང་བ་བྱ་བར་འདོད་ན་དྲུག་སྟེ༔ དང་པོ་རྡོ་རྗེ་མཁའ་འགྲོ་ཆུའི་སྐོང་བ་ནི༔ དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་དང་ལྔའམ༔ དབུས་སུ་རིན་པོ་ཆེའི་བུམ་པ་བཙའ་བ་དང་ནག་པོ་མེད་པ་རྒྱུན་འབབས་ཀྱི་ཆུས་སུམ་གཉིས་ཙམ་དགང་༔ བདུད་རྩི་ཆེན་པོའང་བཏབ༔ ཁ་ཤིང་ལོ་གསར་པས་བརྒྱན༔ རང་གི་མདུན་དུ་ཆུ་གཙང་དང་བདུད་རྩི་སྦྱར་བ་བཤམས་ལ༔ ཐོག་མར་ལྷ་བསྐྱེད་པ་ནི༔ ཧཱུྃ༔ རང་བྱུང་ཡེ་ཤེས་ཕྱག་རྒྱའི་འཕྲུལ༔ བུམ་པ་ལྷ་ཡི་གཞལ་མེད་ཁང་༔ བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས༔ བཅོམ་ལྡན་རྡོ་རྗེ་ཁྲོས་མ་ནག༔ རིགས་བཞི་དཔའ་བོ་དཔའ་མོའི་ཚོགས༔ ལས་དང་དམ་ཚིག་མཁའ་འགྲོ་སོགས༔ འབུམ་ཕྲག་ཡངས་པའི་ཚོགས་ཀྱིས་བསྐོར༔ ཞལ་ཕྱག་རྒྱན་དང་ཆ་ལུགས་རྫོགས༔ སྣང་སྟོང་བདེ་ཆེན་སྒྱུ་མའི་སྐུའི༔ གནས་གསུམ་ཡི་གེའི་འོད་ཟེར་གྱིས༔ འོག་མིན་གནས་ཡུལ་དུར་ཁྲོད་ནས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསམ༔ སྤྱན་འདྲེན་དང་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་པ་བྱ༔ ཐུགས་དམ་བསྐུལ་བར་མོས་ལ༔ ཨོཾ་བཛྲ་བྷཱ་རཱ་ཧི་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླ༔ དེ་ནས་རང་གི་མདུན་གྱི་ཆུ་བུམ་པའི་ནང་དུ་འབུལ་ལ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི༔ རླན་གཤེར་ཆུ་ཡི་དངོས་པོ་ཀུན༔ ངོ་བོ་རྡོ་རྗེ་མཱ་མ་ཀི༔ རང་བཞིན་བཛྲ་དྷཱ་ཀི་ནཱི༔ རྣམ་པ་བདུད་རྩིའི་རྒྱ་མཚོ་ཆེ༔ ཕྲ་རབ་རྡུལ་གྱི་ཟེགས་མ་རེར༔ ཡེ་ཤེས་འདོད་འབྱུང་ལོངས་སྤྱོད་གཏེར༔ བླ་ན་མེད་པའི་མཆོད་པ་འདིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་ཞི་བར་མཛོད༔ ནད་རིམས་འབྱུང་བཞིའི་གཡོ་འཁྲུགས་ཟློག༔ ཚེ་བསོད་འཁོར་སློབ་བརྒྱུད་འཛིན་སྤེལ༔ དགྲ་བགེགས་འབྱུང་པོའི་འཚེ་བ་ཆོད༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས༔ རྩ་རླུང་ཐིག་ལེའི་བར་ཆད་སོལ༔ ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ཞེས་བསྐང་༔ སྔགས་ཀྱི་མཐར༔ ཨོཾ་བྃ་བཛྲ་མཱ་མ་ཀི་ཛྭ་ལ་ཨ་མྲྀ་ཏ་པཱུ་ཛ་ས་མ་ཡ་ཧོ༔ ཞེས་བཏགས་ལ་བརྒྱ་རྩ་སོགས་ཀྱིས་འབུལ༔ སྐབས་སུ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ༔ བྱེ་བྲག་ཡམས་རིམས་ཞི་བར་འདོད་ན༔ མེ་ཏོག་དམར་པོ་ཀུ་ཤའི་མྱུ་གུ་ཅན་གྱི་ཆུ་དང་བཅས་ལྷ་ཚོགས་རྣམས་ཀྱི་གཙུག་ཏོར་དུ་ཕུལ་བར་མོས་ལ༔ སརྦ་ཛྭ་ར་པྲ་ཤ་མ་ན་སྭཱ་ཧཱ༔ དུས་འཁྲུགས་ཞི་བར་འདོད་ན༔ ཀླུ་ཤིང་འོ་མའི་ཆུ་དང་བཅས་པ་ཕུལ་ལ༔ སརྦ་བྱཱ་དྷི་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་སྤེལ་བར་འདོད་ན༔ མེ་ཏོག་སེར་པོ་དཱུརྦའི་མྱུ་གུ་དྲི་བཟང་གི་ཆུ་དང་བཅས་པ་ཕུལ་ལ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཡེ་ཤེས་རྒྱས་པར་འདོད་ན༔ བ་ལང་གི་ཤ་དང་མངར་བའི་ཤིང་བདུད་རྩི་ཆེན་པོའི་ཆུ་དང་བཅས་ཕུལ་ལ༔ མ་ཧཱ་སུ་ཁ་ཛྙཱ་ན་པུཥྚིཾ་ཨོཾ༔ ཞེས་སྤེལ་ལོ༔ དེ་ནི་ལས་ཀྱི་བྱེ་བྲག་གོ༔ ཏིང་ངེ་འཛིན་ནི༔ དེ་ལྟར་ཕུལ་བས་ལྷ་ཚོགས་ཐམས་ཅད་ཟག་མེད་ཀྱི་བདེ་བས་དགྱེས༔ ལས་དང་མཐུན་པའི་འོད་ཟེར་འཕྲོས་པས་སོ་སོའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་བསམ་མོ༔ མཐར་མཆོད་ཅིང་བསྟོད་ལ་ནོངས་པ་བཤགས༔ སརྦ་དྷཱ་ཀི་ནཱི་ཨཱཏྨ་ཀོ་ཛཿཧཱུྃ་བྃ་ཧོ༔ བུམ་པའི་ཡེ་ཤེས་པ་རང་ལ་ཐིམ་ཞིང་༔ དམ་ཚིག་པ་འོད་དུ་ཞུ་བ་ལས་ཆུ་རྡོ་རྗེ་ཕག་མོ་མཱ་མ་ཀི་བདེ་བ་ཆེན་པོའི་རང་བཞིན་དུ་འཁྱིལ་བར་བསམས་ལ་རང་གཞན་གྱིས་འཐོར་འཐུང་ཉེ་རེག་ལ་སོགས་བྱ་བ་དང་༔ གནས་དང་རྟེན་ལ་གཏོར་བས་དམ་ཚིག་ཉམས་ཆག་གི་སྐྱོན་སོགས་མི་མཐུན་པ་ཐམས་ཅད་ཞི་བ་དང་༔ ཚེ་དང་བདེ་ཆེན་རྒྱས་པར་འགྱུར་རོ༔ རྒྱུན་དུ་ཆུའི་མཆོད་པ་མ་ཆགས་པར་ཉམས་སུ་བླངས་ན་བར་ཆད་ཐམས་ཅད་ཞི་ཞིང་སྲུང་བའི་མཆོག་གོ༔ དེ་ནི་རྡོ་རྗེ་མཁའ་འགྲོ་མའི་ཆུའི་སྐོང་བའོ༔ གཉིས་པ་རིན་ཆེན་མཁའ་འགྲོ་སའི་སྐོང་བ་ནི༔ རིན་པོ་ཆེ་དང་སྨན་སྣ་ཚོགས་སྦྱར་བའི་ས་སྤྱིན་གཙང་མ་བདུད་རྩི་ཆེན་པོས་བྲན་ལ་སཱཙྪ་ཁ་དོག་ལྔ་ལྡན་བརྒྱ་རྩ་སོགས་བཏབ་ལ་རབ་ཏུ་གནས་པ་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཞག༔ ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ རིན་ཆེན་ལས་གྲུབ་ཆོས་སྐུའི་རྟེན༔ རྡུལ་ཕྲན་སྙེད་ཀྱི་ཞིང་བཀོད་པར༔ འདོད་པའི་ཡོན་ཏན་སྤྲིན་ཕུང་འཕྲོ༔ དམ་ཚིག་ཉམས་ཆག་སྦྱོང་བ་དང་༔ ལྷ་ཚོགས་དགྱེས་སྐོང་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་དྷརྨཱ་ཀཱ་ཡ་བཛྲ་སྥ་ར་ཎ་ཁཾ༔ ཞེས་བྱིན་གྱིས་བརླབས་ལ་འབུལ་བ་ནི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ སྲ་ཞིང་བརྟན་པའི་དངོས་པོ་ཀུན༔ ངོ་བོ་མི་འགྱུར་སངས་རྒྱས་སྤྱན༔ རང་བཞིན་རིན་ཆེན་དྷཱ་ཀཱི་ནི༔ རྣམ་པ་བདེ་གཤེགས་ཆོས་སྐུའི་རྟེན༔ ཡངས་ཤིང་རྒྱ་ཆེ་འོད་ཟེར་འཕྲོ༔ ཕྲ་རབ་རྡུལ་གྱི་གྲངས་སྙེད་ཀུན༔ དག་པའི་ཞིང་གི་རྟེན་བརྟེན་པ༔ ལོངས་སྤྱོད་བཀོད་པ་ཁྱད་འཕགས་པ༔ ངོ་མཚར་ཆེན་པོའི་མཆོད་པ་འདིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཁོར་གྱི་མཁའ་འགྲོ་སོགས་དང་། སྔགས་ཀྱི་མཐར༔ ཨོཾ་ཨཱྃཿཧཱུྃ་ལྃ་བཛྲ་ལོ་ཙ་ན་དྷརྨཱ་ཀཱ་ཡ་ས་མ་ཡ་པཱུ་ཛ་ཧོ༔ ཞེས་ཅི་མང་དབུལ༔ སྐབས་སུ་སྤེལ་ཚིག་སྦྱར༔ ཁྱད་པར་དམ་ཚིག་ཉམས་ཆག་སྐོང་བ་དང་དམ་གྲིབ་སེལ་བ་ལ་སཱཙྪ་དཀར་པོ་གཙོ་བོར་འབུལ་ཞིང་༔ ལྃ་བཛྲ་ས་མྃ་ཡ་ཤུདྡྷེ་ཨ་ཨཱ༔ བདག་ཅག་གི་དམ་ཚིག་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྤེལ་ཚིག་དང་བཅས་ཏེ་དབུལ༔ དེ་བཞིན་དུ་ཚེ་བསྲིང་བ་ལ་སཱཙྪ་སེར་པོ་དང་༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དགེ་འདུན་སོགས་དབང་དུ་བྱ་བ་ལ་སཱཙྪ་དམར་པོ་དང་༔ ཧྲཱིཿསརྦ་ཀཱ་མ་ཝ་ཤཾ་ཀུ་རུ་ཧོ༔ དགྲ་བགེགས་ཚར་བཅད་པ་ལ་སཱཙྪ་ནག་པོ་དང་༔ སརྦ་ཤཱ་ཏྲུན་མཱ་ར་ཡ་རྦད་ཕཊ༔ མཆོག་གི་དོན་དུ་སཱཙྪ་མཐིང་ག་དང་༔ མ་ཧཱ་སུ་ཁ་ཛྙཱ་ན་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་སོ་སོའི་ཁ་དོག་དང་མཐུན་པའི་མེ་ཏོག་འཐོར༔ ཏིང་ངེ་འཛིན་ནི༔ ལྷ་ཚོགས་རྣམས་མཆོག་ཏུ་དགྱེས་པའི་འོད་ཟེར་ལས་དང་མཐུན་པ་མཁའ་ཁྱབ་ཏུ་འཕྲོས་པས་སོ་སོའི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ༔ ཁྱད་པར་སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་ཐམས་ཅད་དང་༔ ཉམས་པ་དང་འགྲོགས་པ་ལ་སོགས་པའི་གྲིབ་མས་མཁའ་འགྲོ་མ་ཁྲོས་འཁྲུགས་མི་དགྱེས་པའི་སྐྱོན་དག་པར་བསམ༔ སྤྲོ་ན་མཁའ་འགྲོ་མའི་སྨྲེ་བཤགས་ཀྱང་བྱའོ༔ མཐར་མཆོད་བསྟོད་བྱ༔ མཁའ་འགྲོ་མའི་དཀྱིལ་འཁོར་ལས་གཉིས་པ་ཆད༔ སཱཙྪ་ཐིམ་པས་སཱཙྪ་མཁའ་འགྲོ་མའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམས་ལ་སྤྱི་བོར་བཞག་ཅིང་ཡི་གེ་བརྒྱ་པ་བཟླས་པས་དེ་ལས་བདུད་རྩིའི་རྒྱུན་བྱུང་༔ རང་གི་སྤྱི་བོ་ནས་ཞུགས༔ དམ་ཚིག་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ལྷག་མེད་དུ་བྱང་༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཀྱི་ཡོན་ཏན་རྒྱས་པར་བསམས་ལ༔ ཨོཾ་ལྃ་ལོ་ཙ་ན་དྷརྨཱ་ཀཱ་ཡ་བཛྲ་ཝཱ་རཱ་ཧཱི་སརྦ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཤུདྡྷེ་སིདྡྷི་སིདྡྷི་ཀུ་རུ་ཧཱུྃ༔ ཞེས་བརྗོད་ཅིང་ལྷ་རང་ལ་བསྟིམ༔ ཉམས་པ་ཆེན་པོའི་སྐྱོན་བྱུང་བ་དང་༔ ནད་འཚེ་སོགས་མངན་རང་གི་སྐྲ་སེན་སོགས་ཚུལ་བཞིན་དུ་བསྲེགས་ཤིང་སྦྱངས་པས་སཱཙྪ་བཏབ་སྟེ་འབུལ་བའང་མན་ངག་གོ༔ འདི་ནི་དམ་ཚིག་ཉམས་ཆག་དང་གྲིབ་སེལ་དང་ཚེ་བསྲིང་བ་ལ་མཆོག་ཏུ་བསྔགས་སོ༔ དེ་ནི་རིན་ཆེན་མཁའ་འགྲོ་མའི་སའི་སྐོང་བའོ༔ གསུམ་པ་པདྨ་མཁའ་འགྲོ་མའི་མེའི་སྐོང་བ་ནི༔ དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་ལས་སོ་སོ་དང་མཐུན་པའི་ཐབ་འདུ་བྱ་བའམ༔ ལས་མཐུན་གྱི་ཤིང་བུ་བརྩིག༔ ཡང་མདུན་ཁོ་ནར་ལས་ཐམས་ཅད་པའི་ཐབས་སམ་བུད་ཤིང་བརྩིགས་པ་དང་༔ རང་གི་མདུན་དུ་བསྲེག་རྫས་དགང་བླུགས་སོགས་འདུ་བྱས་ལ༔ ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་བསྲེག་བྱའི་རྫས༔ ངོ་བོ་བདུད་རྩིའི་རང་བཞིན་ལ༔ རྣམ་པ་སོ་སོའི་མཚན་ཉིད་རྫོགས༔ བྱེད་ལས་ལྷ་ཚོགས་དགྱེས་སྐོང་གྱུར༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨ་མྲྀ་ཏ་ཛྙཱ་ན་པཱུ་ཛ་སྥ་ར་ཎ་ཁཾ༔ ཞེས་པས་བརླབ༔ ཐབ་ལ་བདུད་རྩིའི་བསང་སྦྱང་༔ ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་ཐབ་ཁུང་དུ༔ རིག་པ་རྡོ་རྗེའི་མེ་འོད་འབར༔ དེ་དབུས་རྡོ་རྗེ་ཁྲོས་མ་ནག༔ རིགས་བཞི་དཔའ་བོ་ཡབ་ཡུམ་དང་༔ ལས་དང་དམ་ཚིག་དྷཱ་ཀི་ནཱི༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ བདེ་ཆེན་ཡེ་ཤེས་རབ་འབར་བའི༔ དགྱེས་པ་ཆེན་པོའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསམ༔ སྤྱན་འདྲེན་མཆོད་བསྟོད་སོགས་བྱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་དྷཱ་ཀ་དྷཱ་ཀི་ནཱི་ཛྙཱ་ན་ཛྭ་ལ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བཟླ༔ དེ་ནས་དགང་བླུགས་མར་ཁུ་དང་བདུད་རྩི་བསྲེས་པས་བཀང་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ རྡོ་རྗེའི་དགང་བླུགས་བདེ་བ་ཆེས༔ ཡེ་ཤེས་བདུད་རྩིའི་ཆར་ཆེན་ཕབ༔ མཁའ་འགྲོའི་ལྷ་ཚོགས་དགྱེས་གྱུར་ཅིག༔ སྔགས་ཀྱི་མཐར་མ་ཧཱ་ཛྙཱ་ན་ཨ་མྲྀ་ཏ་སརྦ་པཱུ་ཛ་ཧོ༔ ཞེས་ཅི་རིགས་པ་དང་༔ ལས་མཐུན་གྱི་ཡམ་ཤིང་འབུལ༔ དེ་ནས་བསྲེག་རྫས་རྣམས་ཕུལ་ལ༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ཚ་ཞིང་སྲེག་པའི་དངོས་པོ་ཀུན༔ ངོ་བོ་བདེ་ཆེན་གོས་དཀར་མོ༔ རང་བཞིན་པདྨ་དྷ་ཀཱི་ནི༔ རྣམ་པ་འབར་བ་ཆེན་པོའི་འོད༔ ལྷ་ཡི་ཞལ་དང་གཉིས་མེད་པར༔ བསྲེག་རྫས་བདུད་རྩིའི་འདོད་ཡོན་ཆེ༔ ཡུལ་དང་དབང་པོ་གཉིས་མེད་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཁོར་གྱི་མཁའ་འགྲོ་སོགས༔ ཨོཾ་ཨཱཿཧཱུྃ་པྃ་པཎྜ་ར་བ་སི་མ་ཧཱ་ཛྙཱ་ན་ཨ་མྲྀ་ཏ་སརྦ་པཱུ་ཛ་ཧོ༔ ཞེས་དབུལ༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་མ་དང་མཁའ་འགྲོ་འཁྲུགས་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ བྱེ་བྲག་བགེགས་ཞི་བ་ལ་ཡུངས་ཀར་དང་༔ སརྦ་བིགྷྣན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ནད་ཞི་བ་ལ་སྨན་སྣ་དང་༔ སརྦ་རོ་ག་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཚེ་རྒྱས་པ་ལ་དུར་བ་སྦྲང་རྩིར་བཅས་པ་དང་༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བསོད་ནམས་རྒྱས་པ་ལ་ཟས་མཆོག་དང་༔ མ་ཧཱ་པུཎྱེ་པུཥྚིཾ་ཀུ་རུ་ཨོཾ༔ ཡེ་ཤེས་དབང་དུ་བསྡུ་བ་ལ་སྦྲང་རྩི་ཨ་མྲྀ་ཏས་སྦགས་པ་དང་༔ སརྦ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ འཇིག་རྟེན་དབང་དུ་བསྡུ་བ་ལ་མེ་ཏོག་དམར་པོ་མྱོས་བྱེད་ཀྱིས་སྦགས་པ་དང་༔ སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧོ༔ དགྲ་ཚར་བཅད་པ་ལ་དུག་ཁྲག་གི་གཏོར་མ་དང་༔ སརྦ་ཤཱ་ཏྲཱུན་མཱ་ར་ཡ་ཕཊ༔ བགེགས་ཚར་བཅད་པ་ལ་ཡུངས་ཀར་དུག་ཁྲག་གིས་སྦགས་པ་དང་༔ སརྦ་བིགྷྣན་ཡུ་ཙྪ་ཊ་ཡ་ཕཊ༔ མཆོག་གི་དངོས་གྲུབ་ཀྱི་ཆེད་དུ་བ་ལང་གི་ཤ་བདུད་རྩི་ཆེན་པོས་སྦགས་པ་དང་༔ མ་ཧཱ་སུ་ཁ་ཛྙཱ་ན་ཛྭ་ལ་པུཥྚིཾ་ཀུ་རུ་ཀུ་རུ་ཨོཾ༔ ཞེས་སྤེལ་ལ་ཕུལ༔ དེ་དག་གི་ཚེ་ཏིང་ངེ་འཛིན་ནི༔ མཁའ་འགྲོའི་ལྷ་ཚོགས་རྣམས་ཟག་མེད་བདེ་བས་དགྱེས༔ ཡེ་ཤེས་ཀྱི་མེ་དང་བཅས་པའི་ལས་མཐུན་གྱི་འོད་ཟེར་འཕྲོས་པས་མཆོག་དང་ཐུན་མོང་གི་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་ལ༔ མཆོད་བསྟོད་ནོངས་བཤགས་བྱ༔ སརྦ་ཌཱ་ཀི་ནཱི་ཨཱཏྨ་ཀོ་ཛཿཧཱུྃ་བྃ་ཧོ༔ ཐབས་ཀྱི་ཡེ་ཤེས་པ་རང་ལ་ཐིམ༔ དམ་ཚིག་པ་འབར་བའི་རྣམ་པར་བསམ་མོ༔ དེ་ནི་པདྨ་མཁའ་འགྲོ་མེའི་སྐོང་པའོ༔ བཞི་པ་ལས་ཀྱི་མཁའ་འགྲོའི་རླུང་གི་སྐོང་བ་ནི༔ དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་སྤོས་སྣོད་མེ་དང་བཅས་པ་བཞག༔ སྦྱར་བའི་སྤོས་བསྲེག༔ དེའང་དབུས་སུ་ཤ་ཆེན་དང་བྱང་སེམས་དཀར་པོ༔ ག་བུར༔ ཤར་དུ་རྟ་ཤ་དང་དྲི་ཆུ༔ ཛྭ་ཏི༔ ལྷོར་ཁྱིའི་ཤ་དང་དྲི་ཆེན༔ ཀ་ཀོ་ལ༔ ནུབ་ཏུ་བ་ལང་གི་ཤ་དང་བྱང་སེམས་དམར་པོ༔ རུ་རྟ༔ ལི་ཤི༔ བྱང་དུ་གླང་པོ་ཆེའི་ཤ་དང་ཀླད་པ༔ ཤུ་དག་ནག་པོ༔ ཐམས་ཅད་ལ་ཅུ་གང་དང་སིནྡྷུ་ར༔ གུར་གུམ༔ ཙནྡན་དཀར་དམར༔ གུ་གུལ་དཀར་ནག༔ གླ་རྩི་སོགས་དྲིའི་རྫས༔ ལ་ཕུག་རྣམས་སྦྱར་རོ༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཡེ་ཤེས་རང་བཞིན་ཁྱད་པར་སྤྲོས༔ ཁ་དོག་དྲི་བསུང་ཕུན་སུམ་ཚོགས༔ འདོད་པའི་ཡོན་ཏན་ཆར་འབེབས་པས༔ ལྷ་ཚོགས་ཐུགས་དམ་བསྐུལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་སུ་ཁ་དྷཱུ་པ་པཱུ་ཛ་སྥ་ར་ཎ་ཁཾ༔ དེ་ནས་རླུང་གཡབ་ཀྱིས་ཕྱོགས་སོ་སོ་ནས་གཡོབ་ཅིང་༔ ཧཱུྃ༔ འཇིག་རྟེན་རབ་འབྱམས་ཐམས་ཅད་ཀྱི༔ ཡང་ཞིང་གཡོ་བའི་དངོས་པོ་ཀུན༔ ངོ་བོ་ཀུན་ཁྱབ་དམ་ཚིག་སྒྲོལ༔ རང་བཞིན་ཀརྨ་དྷཱ་ཀཱི་ནཱི༔ རྣམ་པ་ཡེ་ཤེས་ཤུགས་ཀྱི་རླུང་༔ བདེ་ཆེན་བདུག་པའི་དམ་ཚིག་དང་༔ མཉམ་སྦྱོར་མཁའ་ཁྱབ་འཕྲོ་བའི་སྤྲིན༔ འདོད་ཡོན་རྒྱ་མཚོའི་ཆར་འབེབས་པས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཁོར་གྱི་སོགས༔ སྔགས་ཀྱི་མཐར༔ ཨོཾ་ཨཱཿཧཱུྃ༔ ཏཱྃ་བཛྲ་ར་ཏི་མ་ཧཱ་སུ་ཁ་དྷཱུ་པེ་པཱུ་ཛ་ས་མ་ཡེ་ཧོ༔ ཞེས་དང་༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་དྷཱུ་པཾ་ཤུདྡྷེ་ཤོ་དྷ་ཡ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་བདེ་བ་ཆེན་པོའི་ཡེ་ཤེས་ཐམས་ཅད་དྷཱུ་པཾ་བྷནྡྷ་ནཾ་ཀུ་རུ་ཨོཾ༔ ཞེས་སྤེལ་ཚིག་ཀྱང་སྦྱར༔ ལས་སོ་སོར་ཞི་བ་ལ་ཤེལ་དཀར་པོ༔ ག་བུར༔ སྤོས་དཀར༔ མཁན་དཀར་སོགས་ཤར་གྱི་རྫས་དང་ལྷན་ཅིག་ཏུ་བསྲེགས་ལ༔ སརྦ་པཱ་པཾ་དུཿཁ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པར་སྤོག་ཤེལ༔ ཨ་གར་སེར་པོ༔ གི་ཝཾ༔ མཁན་སེར་སོགས་ལྷོའི་རྫས་དང་བཅས་བསྲེག༔ སརྦ་ཨཱ་ཡུར་པུཎྱེ་བརྡྷ་ནཾ་པུཥྚིཾ་ཀུ་རུ་ཨོཾ༔ དབང་ལ་བྱེ་རུ༔ ནཱ་གི༔ ཏོང་ཀུན༔ སིཧླ་སོགས་ནུབ་རྫས་དང་བཅས་བསྲེག༔ སརྦ་ཛྙཱ་ན་ལོ་ཀ་ཝཱ་ཤཾ་མཱ་ན་ཡ་ཨོཾ༔ དྲག་པོ་ལ་ཕ་ལམ༔ མུ་ཟི་ནག་པོ༔ ཨ་གར་ནག་པོ༔ བཙན་དུག་སོགས་བྱང་རྫས་དང་བཅས་བསྲེག༔ སརྦ་ཤཱ་ཏྲུན་བིགྷཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཕཊ༔ མཆོག་ལ༔ ཚུལ་བཞིན་དུ་བསྒྲུབས་པའི་བདུད་རྩི་ཆེན་པོ་དང་༔ རྟག་ཏུ་ངུ་༔ བླ་མ་ཡབ་ཡུམ་གྱི་བྱང་སེམས༔ ཤིན་ཀུན༔ བྱ་རྒོད་ཀྱི་ཤ༔ གླ་རྩི་སོགས་དབུས་ཀྱི་སྤོས་དང་སྦྱར་ལ༔ སརྦ་མ་ཧཱ་སུ་ཁ་ཛྙཱ་ན་ཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་ཕུལ་བས་ལས་སོ་སོ་འགྲུབ་ཅིང་མཁའ་འགྲོའི་བདེ་བ་ཆེན་པོའི་ཡེ་ཤེས་འབེབས་པས་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ ཏིང་ངེ་འཛིན་ནི༔ དེ་ལྟར་དགྱེས་མཆོད་ཕུལ་བས་མཁའ་འགྲོའི་ལྷ་ཚོགས་རྣམས་བདེ་བ་ཆེན་པོས་མཆོག་ཏུ་དགྱེས་པའི་འོད་ཟེར་བདུག་པའི་སྤྲིན་དང་རོ་གཅིག་ཏུ་གྱུར་པས་ཀུན་ཏུ་ཁྱབ༔ ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་གང་འདོད་པ་འགྲུབ་པར་བསམ༔ མཐར་མཆོད་བསྟོད་ནོངས་པ་བཤགས༔ ལྷ་རྣམས་འོད་ཟེར་འཕྲོས་པ་བདུག་པའི་སྤྲིན་དང་རོ་གཅིག་པར་གྱུར༔ རང་ཉིད་ལ་བསང་བདུག་བྱས་པས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས༔ དམ་ཚིག་ཉམས་ཆག་གྲིབ་དང་མི་གཙང་བ་ཐམས་ཆད་དག༔ ཡེ་ཤེས་དང་རིག་པའི་རྩལ་ཁ་རྒྱས་ཤིང་བདེ་བ་ཆེན་པོར་འཕེལ༔ ལས་ཐམས་ཅད་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་མོ༔ འདི་ནི་གྲིབ་སེལ་དང་༔ ལས་མྱུར་དུ་འགྲུབ་པ་ལའང་ཁྱད་པར་དུ་འཕགས༔ འགོ་བའི་རིམས་དང་ནད་ཀྱིས་མི་ཚུགས༔ མཁའ་འགྲོའི་བྱིན་རླབས་རང་བཞིན་གྱིས་འབེབས་པར་འགྱུར་རོ༔ དེ་ནི་ཀརྨ་མཁའ་འགྲོ་མའི་རླུང་གི་སྐོང་བའོ༔ ལྔ་པ་རྡོ་རྗེ་ཕག་མོ་མར་མེའི་སྐོང་བ་ནི༔ ཚིལ་དང་ཞུན་མར་སྦྱར་བའི་མར་མེ་ཨ་མྲྀ་ཏས་སྦགས་པ་བརྒྱ་རྩ་སོགས་ཀྱིས་དཀྱིལ་འཁོར་གྱི་དབུས་དང་མཐའ་བསྐོར༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་དབྱིངས་ཀྱི་ཀོང་བུ་རུ༔ སྲིད་གསུམ་ཡེ་ཤེས་མར་མེ་སྦར༔ རིགས་དྲུག་འཁོར་བའི་མུན་སེལ་ཞིང་༔ འོད་གསལ་སྣང་བ་རྒྱས་པར་གྱུར༔ ཨོཾ་མ་ཧཱ་ཛྙཱ་ན་ཨཱ་ལོ་ཀེ་བཛྲ་སྥ་ར་ཎ་ཁཾ༔ ཞེས་སྤེལ༔ ཧཱུྃ༔ སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ སྣང་བའི་དངོས་པོ་ཐམས་ཅད་ཀུན༔ ངོ་བོ་འོད་གསལ་དབྱིངས་ཕྱུག་མ༔ རང་བཞིན་བཛྲ་ཝཱ་རཱ་ཧཱི༔ རྣམ་པ་སྣང་གསལ་རིན་ཆེན་ཕྲེང་༔ འོད་ཀྱི་བྱེ་བྲག་མཐའ་ཡས་པས༔ འཁོར་འདས་ཀུན་གྱི་མུན་པ་སེལ༔ ཡེ་ཤེས་སྣང་བ་ལམ་མེ་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོའི་མཆོད་བའི་སྤྲིན༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཁོར་གྱི་མཁའ་འགྲོ་སོགས། སྔགས་མཐར༔ ཨོཾ་ཨཱཿཧཱུྃ་བྃ་བཛྲ་བྷཱ་རཱ་ཧི་ཛྙཱ་ན་ཨཱ་ལོ་ཀེ་སརྦ་པཱུ་ཛ་ས་མ་ཡེ་ཧོ༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་རྟོག་སྒྲིབ་ཉམས་ཆག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བདེ་ཆེན་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་སྤེལ་ཚིག་བཅས་འབུལ༔ ལས་སོ་སོར་ཤར་གྱི་མར་མེ་ལ་དམིགས་ཏེ༔ སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ལྷོ་ལ་དམིགས་ཏེ༔ སརྦ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ ནུབ་ལ་དམིགས་ཏེ༔ མ་ཧཱ་སུ་ཁ་ཝཱ་ཤཾ་ཀུ་རུ་ཧོ༔ བྱང་ལ་དམིགས་ཏེ༔ སརྦ་ཀླེ་ཤ་ད་ཧ་ད་ཧ་ཕཊ༔ ཅེས་མཆོག་གི་ལས་བཞིའི་སྤེལ་ཚིག་དང་༔ དབུས་ལ༔ མ་ཧཱ་སུ་ཁ་ཛྙ་ན་དྷཱ་ཏུ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྒྱས་པར་བསམ་མོ༔ ཁྱད་པར་མར་མེའི་སྐོང་བས་དམ་ཚིག་ཉམས་ཆག་སྦྱོང་བ་ལ་བསྔགས་པས༔ རྣལ་འབྱོར་པ་རིག་པ་ཧུར་ཕྱུང་༔ གཟེངས་བསྟོད་ལ༔ ཨོཾ་བཾ་བཛྲ་བྷཱ་རཱ་ཧི་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་དྷཱ་ཀ་དྷཱ་ཀི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཛཔྲ་དབྱངས་སུ་གྱེར་ཞིང་ཕུང་པོ་རྟེན་གྱི་སྐོང་བ་ནི༔ ཧཱུྃ༔ བདེ་ཆེན་འཁོར་ལོའི་ཀོང་བུ་རུ༔ སྣང་བ་སྣ་ཚོགས་མར་ཁུས་གཏམས༔ དགའ་བའི་ཡེ་ཤེས་སྡོང་བུ་བཙུགས༔ ཆོས་ཀུན་སྟོང་པའི་མར་མེ་སྦར༔ སྣང་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་རིགས་བཞིའི་ཡུམ༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོམ་བུར་བཅས༔ མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང་༔ བུམ་དབང་དམ་ཚིག་ཉམས་ཆག་བཤགས༔ ལུས་དང་རྩ་ཡི་སྒྲིབ་པ་སྦྱོངས༔ གཟི་བརྗིད་ཆེན་པོས་བྱིན་ཕོབ་ལ༔ རྡོ་རྗེའི་སྐུ་ཡི་དབང་མཆོག་སྐུར༔ རྣམ་སྨིན་རིག་འཛིན་འགྲུབ་བ་དང་༔ སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས༔ མ་ཧཱ་ཀཱ་ཡ་ཛྙཱ་ན་དཱི་བེ་ས་མ་ཡ་པཱུ་ཛ་ཧོ༔ ཧཱུྃ༔ ལོངས་སྤྱོད་འཁོར་ལོའི་ཀོང་བུ་རུ༔ རྨི་ལམ་སྒྱུ་མའི་མར་ཁུས་གཏམས༔ མཆོག་དགའི་ཡེ་ཤེས་སྡོང་བུ་བཙུགས༔ ཤིན་ཏུ་སྟོང་པའི་མར་མེ་སྦར༔ གྲགས་སྟོང་ཟུང་འཇུག་མཆོད་སྤྲིན་འདིས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ༔ རྡོ་རྗེ་ཕག་མོ་རིགས་བཞིའི་ཡུམ༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མ༔ འབུམ་ཕྲག་ཡངས་པའི་ཚོམ་བུར་བཅས༔ མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང་༔ གསང་དབང་དམ་ཚིག་ཉམས་ཆག་བཤགས༔ ངག་དང་རླུང་གི་སྒྲིབ་པ་སྦྱོངས༔ ནུས་པ་སྔགས་ཀྱི་བྱིན་ཕོབ་ལ༔ གསུང་གི་རྡོ་རྗེའི་དབང་མཆོག་སྐུར༔ ཚེ་དབང་རིག་འཛིན་འགྲུབ་པ་དང་༔ ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས༔ མ་ཧཱ་ཝཱ་ཀ་ཛྙཱ་ན་དཱི་པེ་ས་མ་ཡ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་ཀྱི་འཁོར་ལོའི་ཀོང་བུ་རུ༔ རྟོག་མེད་ཉམས་ཀྱི་མར་ཁུས་གཏམས༔ ཁྱད་པར་དགའ་བའི་སྡོང་བུ་བཙུགས༔ སྟོང་པ་ཆེན་པོའི་མར་མེ་སྦར༔ རིག་སྟོང་ཟུང་འཇུག་སྣང་བ་འདིས༔ རྩ་བརྒྱུད་བླ་མ་སོགས། མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང་༔ ཤེར་དབང་དམ་ཚིག་ཉམས་ཆག་བཤགས༔ ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱོངས༔ འོད་གསལ་ཆེན་པོའི་བྱིན་ཕོབ་ལ༔ ཐུགས་ཀྱི་རྡོ་རྗེའི་དབང་མཆོག་སྐུར༔ ཕྱག་རྒྱའི་རིག་འཛིན་འགྲུབ་པ་དང་༔ ཆོས་ཀྱི་སྐུ་རུ་བྱིན་གྱིས་རློབས༔ མ་ཧཱ་ཙིཏྟ་ཛྙཱ་ན་དཱི་བེ་ས་མ་ཡ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ སྤྲུལ་པའི་འཁོར་ལོའི་ཀོང་བུ་རུ༔ སྙོམས་འཇུག་བདེ་བའི་མར་ཁུས་གཏམས༔ ལྷན་སྐྱེས་དགའ་བའི་སྡོང་བུ་བཙུགས༔ རབ་ཏུ་སྟོང་པའི་མར་མེ་སྦར༔ དབྱིངས་རིག་ཟུང་འཇུག་སྣང་བ་འདིས༔ རྩ་བརྒྱུད་བླ་མ་སོགས། མཁའ་འགྲོ་རབ་འབྱམས་ཐུགས་དམ་བསྐང་༔ ཚིག་དབང་དམ་ཚིག་ཉམས་ཆག་བཤགས༔ ཀུན་གཞི་ཤེས་བྱའི་སྒྲིབ་པ་སྦྱོངས༔ རྣམ་ཀུན་མཆོག་ལྡན་བྱིན་ཕོབ་ལ༔ ཡེ་ཤེས་རྡོ་རྗེའི་དབང་མཆོག་སྐུར༔ ལྷུན་གྲུབ་རིག་འཛིན་ཐོབ་པ་དང་༔ བདེ་ཆེན་སྐུ་རུ་བྱིན་གྱིས་རློབས༔ མ་ཧཱ་སུ་ཁ་ཛྙཱ་ན་དཱི་པེ་སརྦ་ས་མ་ཡ་པཱུ་ཛ་ཧོ༔ ཞེས་བསྐང་ཞིང་བཤགས་པས༔ བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་ཐམས་ཅད་མཆོག་ཏུ་དགྱེས༔ ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་བྱུང་༔ མར་མེ་ལ་ཐིམ༔ དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་རྟོག་སྒྲིབ་ཉམས་ཆག་རྒྱུ་དང་བཅས་པ་སྦྱངས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ༔ འོད་གསལ་གྱི་དགོངས་པ་མཁའ་ཁྱབ་ཏུ་ཤར་བར་བསམ་ལ་མར་མེ་སྙིང་གར་བསྐོར་ཞིང་༔ ཨོཾ་བཛྲ་ཛྙཱ་ན་མ་ཧ་སུ་ཁ་དཱི་པེ་སིདྡྷི་སིདྡྷི་ཧཱུྃ༔ ཨ་ཨ་ཨ༔ ཞེས་དགོངས་པ་བསྐྱང་༔ དེ་ནས་མར་མེ་སྨིན་མཚམས་སུ་བཏེགས་ལ་གསང་བ་ཆེན་པོའི་སྨོན་ལམ་འདི་རྩེ་གཅིག་ཏུ་གདབ་པར་བྱའོ༔ ཧོ༔ དུར་ཁྲོད་གསང་མཆོག་མཁའ་འགྲོའི་དཀྱིལ་འཁོར་དུ༔ བདག་ཅག་རྡོ་རྗེའི་རྣལ་འབྱོར་ཚོགས་རྣམས་ཀྱིས༔ འོད་གསལ་མར་མེའི་མཆོད་སྤྲིན་འདི་ཕུལ་བས༔ སྐུ་དང་ཡེ་ཤེས་དབྱེར་མེད་འགྲུབ་བར་ཤོག༔ དཀྱིལ་འཁོར་ཁྱབ་བདག་རྡོ་རྗེ་སློབ་དཔོན་དང་༔ ཚོམ་བུ་གཅིག་ཏུ་འདུས་པའི་མཆེད་ལྕམ་རྣམས༔ དམ་ཚིག་ཉམས་ཆག་ཉེས་པ་ཀུན་བྱང་ནས༔ བྱང་ཆུབ་བར་དུ་མི་འབྲལ་འགྲོགས་པར་ཤོག༔ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ༔ འཆི་ཁ་བར་དོའི་འཁྲུལ་པའི་མུན་པ་ཀུན༔ ཡེ་ཤེས་སྒྲོན་མེའི་སྣང་བས་རབ་བསལ་ནས༔ རང་རིག་འོད་གསལ་རང་ངོ་འཕྲོད་པར་ཤོག༔ ཞེ་སྡང་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ ཚ་གྲང་དམྱལ་བའི་མུན་པ་འཆར་སྲིད་ན༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ རྡོ་རྗེའིརིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ འདོད་ཆགས་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བཀྲེས་སྐོམ་ཡི་དྭགས་མུན་པ་འཆར་སྲིད་ན༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ པདྨའི་རིགས་ཀྱི་ས་ལ་དབུག་དབྱུང་ཞིག༔ གཏི་མུག་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བླུན་རྨོངས་དུད་འགྲོའི་མུན་པ་འཆར་སྲིད་ན༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ བདེ་གཤེགས་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ཕྲག་དོག་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ འཐབ་རྩོད་ལྷ་མིན་མུན་པ་འཆར་སྲིད་ན༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ ལས་ཀྱི་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ང་རྒྱལ་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ འཕོ་ལྟུང་ལྷ་ཡི་མུན་པ་འཆར་སྲིད་ན༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ རིན་ཆེན་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ཐེ་ཚོམ་གཟུང་འཛིན་ལས་ཀྱི་གཞན་དབང་གིས༔ བྲེལ་ཕོངས་མི་ཡི་མུན་པ་འཆར་སྲིད་ན༔ བདེ་ཆེན་ཡེ་ཤེས་གསལ་བའི་འོད་ཕྱུངས་ལ༔ དབྱེར་མེད་རིགས་ཀྱི་ས་ལ་དབུགས་དབྱུང་ཞིག༔ ཁམས་གསུམ་འཁོར་བའི་མུན་པ་སྟུག་པོ་ལས༔ ཡེ་ཤེས་མར་མེའི་སྣང་བས་ཤུལ་མཚོན་ཏེ༔ འབྲེལ་ཚད་རྡོ་རྗེའི་མཆེད་དང་ལྕམ་དྲལ་རྣམས༔ བླ་མ་ཡི་དམ་དྷཱ་ཀིའི་བྱིན་རླབས་ཀྱིས༔ སྟོང་ཉིད་མཁའ་འགྲོའི་ཚོགས་ཀྱིས་མདུན་ནས་བསུས༔ བདེ་ཆེན་དཔའ་བོའི་ཚོགས་ཀྱིས་མཐའ་བརྟེན་ཏེ༔ ཡིད་འཕྲོག་སྙན་པའི་གླུ་དང་མཆོད་སྤྲིན་བཅས༔ མཁའ་སྤྱོད་དག་པའི་ཞིང་དུ་དབུགས་དབྱུང་ཞིག༔ དེར་ནི་རྡོ་རྗེ་བཙུན་མོའི་ཞལ་མཐོང་ཞིང་༔ རྣལ་འབྱོར་དབང་ཕྱུག་ཚོགས་དང་ལྷན་ཅིག་ཏུ༔ རིག་འཛིན་རྣམ་བཞིའི་གོ་འཕང་ལ་བརྟེན་ནས༔ བདེ་ཆེན་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག༔ ཅེས་རྩེ་གཅིག་ཏུ་སྨོན་ལམ་བཏབ་པས་ཚོམ་བུ་གཅིག་ཏུ་འདུས་པ་ཐམས་ཅད་མཁའ་སྤྱོད་ཀྱི་གནས་སུ་ཕྱིར་མི་ལྡོག་པའི་ས་ལ་དབུགས་ཕྱིན་པར་འགྱུར་རོ༔ དེ་ནི་རྡོ་རྗེ་ཕག་མོའི་མར་མེའི་སྐོང་བ་མཐར་ཐུག་པའོ༔ དྲུག་པ་མཁའ་འགྲོ་ཡོངས་རྫོགས་མདོས་ཀྱིས་སྐོང་བ་ནི་གཞན་དུ་ཤེས་པར་བྱའོ༔ དེ་ལྟ་བུའི་ཁྱད་པར་གྱི་སྐོང་བ་རྣམས་དཀྱུས་གཅིག་ཏུ་བྱེད་ན་ཐོག་མ་ནས་སོ་སོའི་སྐོང་རྫས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ལེགས་པར་འདུ་བྱས་ལ་མཐར་ཆགས་སུ་གཏང་༔ སོ་སོ་ཁོལ་འདོན་དུ་བྱས་ཀྱང་ཆོག༔ རྒྱུན་གྱི་ཕྲིན་ལས་ནར་མ་སོགས་ལ་ཕྱི་ནང་གསང་བ་མཆོག་གི་མཆོད་པས་སྤྱིར་སྐོང་བ་ཙམ་བྱས་ཀྱང་རུང་༔ འོན་ཀྱང་མར་མེའི་སྐོང་བ་ནི་རྣམ་པ་ཀུན་ཏུ་གཅེས་སོ༔ དེ་ནས་སླར་ཡང་མཆོད་པ་རྒྱ་ཆེན་པོ་དང་བཅས་བརྐྱང་ཕྱག་འཚལ་ཞིང་ཡེ་ཤེས་མཁའ་འགྲོའི་སྨྲེ་བཤགས་ཀྱང་བྱའོ༔ མཐར་དོན་དམ་སྤྲོས་མེད་རིག་པ་འོད་གསལ་གྱི་ངང་དུ་མཉམ་པར་བཞག་སྟེ་དོན་གྱི་སྐོང་བཤགས་ཚིག་གིས་གསལ་འདེབས་པ་ནི༔ ཧཱུྃ༔ དངོས་པོ་སྟོང་ཉིད་ཆོས་སྐུའི་ཀློང་དུ་བསྐང་༔ སྣང་བ་འོད་གསལ་ལོངས་སྐུའི་ཀློང་དུ་བསྐང་༔ རིག་རྩལ་འགགས་མེད་སྤྲུལ་སྐུའི་ཀློང་དུ་བསྐང་༔ འཁོར་བའི་བག་ཆགས་མྱ་ངན་འདས་པར་བསྐང་༔ སྡུག་བསྔལ་ཐམས་ཅད་བདེ་བ་ཆེན་པོར་བསྐང་༔ གཟུང་འཛིན་རྣམ་རྟོག་སྤྲོས་བྲལ་ཀློང་དུ་བསྐང་༔ ཀུན་རྫོབ་དོན་དམ་སྐྱེ་མེད་ཀློང་དུ་བསྐང་༔ ལྟ་དང་རྟོག་པ་རོ་མཉམ་ཆེན་པོར་བསྐང་༔ ཡུལ་དང་དབང་པོ་གཉིས་མེད་ངང་དུ་བསྐང་༔ བསྐང་དུ་མེད་དེ་རྫོགས་པ་ཆེན་པོར་བསྐང་༔ མཆོད་དུ་མེད་དེ་བདེ་ཆེན་རོལ་པས་མཆོད༔ སྦྱོར་དུ་མེད་དེ་ཀ་དག་དབྱིངས་སུ་སྦྱོར༔ སྒྲོལ་དུ་མེད་དེ་ལྷུན་གྲུབ་ཐིག་ལེར་བསྒྲལ༔ ཡེ་སྦྱོར་ཡེ་སྒྲོལ་དོན་གྱི་དགྱེས་མཆོད་འབུལ༔ བུམ་དབང་ཉམས་ཆག་སྣང་སྟོང་སྒྱུ་མར་བཤགས༔ རྩ་རླུང་ཉམས་ཆག་གསལ་སྟོང་ཐིག་ལེ་ཟླུམ༔ འཕོ་བའི་ཉམས་ཆག་ལྷན་སྐྱེས་དབྱིངས་སུ་སྟིམས༔ རྟོག་པའི་ཉམས་ཆག་རིག་སྟོང་བློ་འདས་ངང་༔ བསྐང་དང་བཤགས་བྱ་བཤགས་ཡུལ་མཐའ་ལས་འདས༔ མ་བཅོས་སྤྲོས་མེད་ཀློང་དུ་དག་གྱུར་ཅིག༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨ༔ ཞེས་དགོངས་པ་བསྐྱང་ངོ་༔ དེ་ནི་མཐར་ཐུག་དོན་གྱི་སྐོང་བཤགས་སོ༔ དེ་ནས་རྣལ་འབྱོར་པ་རྣམས་ནང་གི་ཚོགས་ལ་རོལ་པ་ནི༔ རྡོ་རྗེ་སློབ་དཔོན་ནས་བཟུང་ཐབས་ཤེས་ཀྱི་རྫས་རིམ་པར་སྟོབ་ལ༔ ཧོ༔ རྡོ་རྗེ་རྣལ་འབྱོར་མཆེད་དང་ལྕམ་དྲལ་རྣམས༔ ཐབས་དང་ཤེས་རབ་འདོད་ཡོན་མཆོད་པའི་ཚོགས༔ སྤང་ལེན་མཉམ་པའི་བརྟུལ་ཞུགས་ཆེན་པོ་ཡིས༔ བདེ་ཆེན་རོ་གཅིག་ངང་དུ་བཞེས་སུ་གསོལ༔ ཨ་ལ་ལ་ཧོ༔ ཞེས་བརྗོད༔ སྒྲུབ་པ་པོ་རྣམས་ཀྱིས༔ ཧོ༔ ཡེ་ཤེས་མཁའ་འགྲོའི་དམ་ཚིག་བླ་ན་མེད༔ ཤ་ལྔ་བདུད་རྩི་རིགས་ལྔ་ཡེ་ཤེས་ལྔ༔ ཟག་མེད་བདུད་རྩིའི་ཚོགས་ཀྱི་ལོངས་སྤྱོད་མཆོག༔ ཕུང་ཁམས་སྐྱེ་མཆེད་ལྷ་ཚོགས་མཆོད་ཕྱིར་བླངས༔ ཨ་ཧོ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ ཞེས་བླངས་ལ་ནང་གི་སྦྱིན་སྲེག་གིས་རོལ༔ ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་ལ་མ་ད་ན་དང་བཅས་ཏེ་སྣོད་དུ་བླུགས་ལ་བཞག་གོ༔ དེ་ནས་ལྷག་མའི་ཆོ་ག་ལ༔ དང་པོ་ཚོགས་ཕུད་ཆ་བཞི་པས་མཆོད་པ་ནི༔ བདུད་རྩིས་བྲན་ལ༔ ཨོཾ་ཨཱ་ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ་ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ བཞུགས་ནི་ཆོས་ཀྱི་དབྱིངས་ན་བཞུགས༔ སྒྲུབ་མཆོག་རྗེས་སུ་འཛིན་པའི་ཕྱིར༔ རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས༔ ལྷག་ཕུད་མཆོད་པ་འདི་བཞེས་ལ༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་དང་རིམས་དང་བར་ཆད་སྲུངས༔ དམ་ཚིག་ཉམས་ཆག་ཞི་བར་མཛོད༔ ཕྱི་ནང་མཁའ་འགྲོའི་སུན་མ་དང་༔ འབྱུང་བཞི་འཇིག་པའི་གཡོ་འཁྲུགས་ཟློག༔ ཚེ་བསོད་བདེ་ཆེན་ཡེ་ཤེས་སྤེལ༔ ལེགས་ཚོགས་ཐམས་ཅད་དབང་དུ་བསྡུས༔ ཉམས་པའི་དགྲ་བགེགས་ཚར་ཆོད་ལ༔ མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ༔ ཨོྃ་བཛྲ་བྷ་རཱ་ཧི་སརྦ་དྷ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བདེ་ཆེན་རྡོ་རྗེ་མཁའ་འགྲོ་མ༔ བཞུགས་ནི་མེ་ལོང་དབྱིངས་ན་བཞུགས༔ སྒྲུབ་མཆོག་རྗེས་སུ་འཛིན་སོགས། ཨོཾ་བཛྲ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དོན་གྲུབ་རིན་ཆེན་མཁའ་འགྲོ་མ༔ བཞུགས་ནི་མཉམ་ཉིད་དབྱིངས་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་རཏྣ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྒྲ་སྒྲོག་པདྨ་མཁའ་འགྲོ་མ༔ བཞུགས་ནི་སོར་རྟོག་དབྱིངས་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་པདྨ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ མཐར་ཕྱིན་ལས་ཀྱི་མཁའ་འགྲོ་མ༔ བཞུགས་ནི་བྱ་གྲུབ་དབྱིངས་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་ཀརྨ་སརྦ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ བདེ་སྟོང་དཔའ་བོ་དཔའ་མོའི་ཚོགས༔ བཞུགས་ནི་ཉེར་བཞིའི་ཡུལ་ན་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་སརྦ་ཝི་ར་ཡོ་གི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ཕྲིན་ལས་དམ་ཚིག་མཁའ་འགྲོ་མ༔ བཞུགས་ནི་དུར་ཁྲོད་གནས་བརྒྱད་བཞུགས༔ སྒྲུབ་མཆོག་སོགས། ཨོཾ་སརྦ་ཀརྨ་ས་མ་ཡ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་མཆོད་དོ༔ དེ་ནས་ཕུད་ལྷག་དང་རྣལ་འབྱོར་པའི་ལྷག་མ་བསྲེས་ལ་ཞལ་ཆབ་ཀྱིས་བྲན་ཏེ༔ ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་འཁོར་འདས་རོ་མཉམ་གྱི་འདོད་ཡོན་དུ་བརླབས་ལ༔ སརྦ་ཀརྨ་ལོ་ཀ་སྨཱ་ཤ་ནཱི་བི་ཤཱ་ཙཱི་དྷཱ་ཀ་དྷཱ་ཀི་ནཱི་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་རྐང་གླིང་དང་བཤུགས་པའི་སྒྲ་སོགས་ཀྱིས་འཇིག་རྟེན་པའི་ལྷག་སྡུད་སྤྲིན་ལྟར་གཏིབས་པ་སྤྱན་དྲངས་ལ༔ ཧཱུྃ༔ དང་པོར་ཕུད་ཀྱིས་ལྷ་ཚོགས་མཆོད༔ བར་དུ་རྣལ་འབྱོར་དམ་ཚིག་རོལ༔ ཐ་མ་ཕུད་ལྷག་ཐམས་ཅད་ཀུན༔ ཆོས་ཉིད་མཉམ་པའི་ངང་དུ་བསྲེས༔ འཇིག་རྟེན་དུར་ཁྲོད་དྷཱ་ཀིའི་ཚོགས༔ མཁའ་འགྲོ་དགྱེས་པའི་ལྷག་མ་དང་༔ རྣལ་འབྱོར་དམ་ལྡན་ཕ་འབབས་འདི༔ བཞེས་ཤིག་རོལ་ཅིག་དགྱེས་པར་མཛོད༔ ཧཱུྃ་ཧཱུྃ༔ དུར་ཁྲོད་འཇིགས་པའི་གནས་བརྒྱད་ནས༔ མཁའ་འགྲོ་ཤུགས་འགྲོ་ཕྲ་མེན་མ༔ ཞིང་སྐྱོང་དབང་ཕྱུག་གིང་ལངྐ༔ མ་མོ་གནས་ཉུལ་ཕོ་ཉ་མོ༔ འདོད་རྒུར་སྒྱུར་བའི་འཕྲུལ་མོ་ཆེ༔ ཤ་ཁྲག་བདུད་རྩིའི་ལྷག་ལ་གདུང་༔ རྣལ་འབྱོར་དྲོད་ཉུལ་ཚོགས་ཁང་འགྲིམ༔ རྡོ་རྗེ་ཕག་མོའི་བཀའ་ཉན་ཀུན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་དང་གནོད་པ་ཐམས་ཅད་སོལ༔ ཡུལ་འཁོར་ཀུན་སྲུང་དགྲ་བགེགས་སྒྲོལ༔ མི་མཐུན་འགལ་རྐྱེན་བར་ཆད་སོལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ ཧཱུྃ༔ མ་ངེས་གནས་དང་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་མི་སྲུན་མ༔ ཀེང་རུས་ཤིན་ཏུ་འཇིགས་པའི་གཟུགས༔ རུས་པའི་རྒྱན་ལྡན་གཡེར་ཁ་འཁྲོལ༔ རྐན་སྒྲ་དྲག་པོ་འབྲུག་ལྟར་སྒྲོག༔ དགྲ་བགེགས་སྙིང་ཁྲག་ཧུབ་ཀྱིས་འཐུང་༔ རྫུ་འཕྲུལ་མྱུར་བའི་རླུང་ཤུགས་ཀྱིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པར་འཇུག༔ རྡོ་རྗེ་ཕག་མོའི་སོགས། ཧཱུྃ༔ འཇིག་རྟེན་མ་ངེས་ཐམས་ཅད་ནས༔ གློག་ལྟར་མྱུར་བའི་མཁའ་འགྲོ་མ༔ སྲིན་མོའི་ལུས་ལ་ཅེ་སྦྱང་གདོང་༔ ལྗགས་ནི་སྦྲུལ་ནག་ལྟ་བུར་འཁྱུག༔ སྤྱན་མིག་འཇིགས་པའི་གློག་སྟོང་འགྱུ༔ ཁ་རླངས་ནད་མཚོན་དུག་སྤྲིན་འཐུལ༔ ལེགས་ཉེས་སྟངས་འཛིན་དགྲ་བགེགས་སྒྲོལ༔ དྲག་ཤུལ་ཆེན་པོའི་དཔུང་དང་བཅས༔ རྡོ་རྗེ་ཕག་མོའི་སོགས། ཧཱུྃ༔ རོ་གནས་འདུ་གླིང་ཐམས་ཅད་ནས༔ ཤ་ཟ་མཁའ་འགྲོ་སྟོབས་ཀྱི་བདག༔ ཡི་དྭགས་འཇིགས་པའི་གཟུགས་འཆང་ཞིང་༔ དུར་བྱ་ནག་པོའི་གདོང་པ་ཅན༔ ཤ་ཁྲག་ནང་རོལ་ཐོད་པས་བརྒྱན༔ འདྲེ་སྲིན་མ་མོའི་འཁོར་དང་བཅས༔ སྤུ་གྲི་ཐོགས་ཤིང་ཕྱོགས་བཅུར་རྒྱུག༔ རྡོ་རྗེ་ཕག་མོའི་སོགས། ཨོཾ་སརྦ་ཀརྨ་ལོ་ཀ་སྨཱ་ཤ་ནཱི་པི་ཤཱ་ཙཱི་དྷཱ་ཀ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁ་ཧི༔ ཞེས་སོ་སོར་འབུལ༔ སླར་ཡང་༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་གནས་ཡུལ་བདག༔ ལས་དང་དམ་ཚིག་མཁའ་འགྲོ་མ༔ བཀའ་ཉན་འཇིག་རྟེན་ཕོ་ཉའི་སྡེ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་ཀུན༔ ཕུད་ལ་དགྱེས་པ་ཕུད་ཀྱིས་མཆོད༔ ལྷག་ལ་དབང་བ་ལྷག་མས་བསྐང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རྣམ་བཞིའི་ལས་ཀུན་འགྲུབ་པར་མཛོད༔ སརྦ་དྷཱ་ཀི་ནཱི་མ་མ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྤྱི་སྟོབ་ལ་གཙང་སར་སྤུངས༔ བཤལ་ཆུས་ཀྱང་མཆོད་དོ༔ དེ་ནས་སྨོན་ལམ་གདབ་པ་ནི༔ འདུན་པ་རྩེ་གཅིག་ཏུ་བྱས་ལ༔ ཧོ༔ བདག་ཅག་རྡོ་རྗེའི་རྣལ་འབྱོར་མཆེད་ལྕམ་གྱིས༔ སང་མཆོག་མཁའ་འགྲོ་འདུས་པའི་གྲོང་ཁྱེར་དུ༔ ལོངས་སྤྱོད་ཆེན་པོས་མཆོད་ཅིང་བསྐངས་པའི་མཐུས༔ བདག་གཞན་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ དམ་ཚིག་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཞི༔ རྡོ་རྗེ་སེམས་དཔའི་ཚེ་དང་ཡེ་ཤེས་རྒྱས༔ བརྟན་གཡོའི་ཕུན་ཚོགས་དབང་དུ་འདུ་བ་དང་༔ གཟུང་འཛིན་འབྱུང་པོ་ཟིལ་གྱིས་གནོན་པར་ཤོག༔ སྐྱེ་བ་འདི་དང་སྐྱེ་བ་ཐམས་ཅད་དུ༔ བླ་མ་ཡེ་ཤེས་མཁའ་འགྲོས་རྗེས་སུ་བཟུང་༔ གསང་ཆེན་ལམ་གྱི་སྤྱོད་པ་མཐར་ཕྱིན་ནས༔ མཁའ་ཁྱབ་འགྲོ་ཀུན་ཕྱམས་གཅིག་གྲོལ་བར་ཤོག༔ སྤྲོ་ན་རྡོ་རྗེའི་གླུ་དང་གར་ལ་སོགས་པ་བདེ་བ་ཆེན་པོའི་ཀུན་སྤྱོད་ལ་བསླབ་བོ༔ དེ་ནས་གཏོར་མ་རྒྱ་ཆེ་བ་ཤ་ཁྲག་སྒོག་ཙོང་ལ་ཕུག་ཆང་སོགས་ཀྱིས་བརྒྱན་པ་བཤམས་ལ་མཁའ་འགྲོ་མའི་བསྟོད་བསྐུལ་བྱ༔ ཞི་རྒྱས་དབང་གི་ཕྲིན་ལས་གསོལ་བའམ༔ དྲག་པོ་ཟོར་དུ་འཕང་༔ བཤལ་ཆུ་དང་གཏོར་མས་བརྟན་མ་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ་རཏཱ་བ་ལིཾ་ཏ་སྥ་ར་ཎ་ཁཾ༔ ཧཱུྃ༔ ཚོགས་དང་བཀའ་ཡི་འཁོར་ལོས་བསྒྱུར༔ ཁྲག་འཐུང་དེ་བཞིན་ཉིད་ཀྱི་དབྱིངས༔ རྡོ་རྗེ་ནམ་མཁའི་སྐུ་བརྙེས་པ༔ སློབ་དཔོན་པདྨ་ཐོད་ཕྲེང་དང་༔ སློབ་མ་རླངས་ཆེན་དཔལ་སེང་གིས༔ མ་མོ་རོལ་པའི་དཀྱིལ་འཁོར་དུ༔ དབང་དུ་བསྡུས་ཤིང་བཀའ་ལ་བཏགས༔ བོད་ཁམས་སྐྱོང་བར་དམ་མནོས་པའི༔ བརྟན་མ་ཆེན་མོ་བཅུ་གཉིས་དང་༔ སྐྱོང་མ་ཡ་མ་འབུམ་གྱི་ཚོགས༔ ཚུར་གཤེགས་དམ་སྐོང་གཏོར་མ་ལོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ ནག་མོ་མི་སྡུག་དྲག་ཤུལ་ཅན༔ གསོད་ལ་དགའ་ཞིང་གཅོད་ལ་རྔམས༔ བདག་ཉིད་ཆེན་མོ་ལ་སོགས་པའི༔ བདུད་མོ་མཆེད་བཞི་འཁོར་དང་བཅས༔ དཔལ་གྱི་གཏོར་མའི་བཤལ་ཆུ་བཞེས༔ བོད་ཁམས་སངས་རྒྱས་བསྟན་པ་སྐྱོངས༔ མཐའ་དམག་གདུག་པའི་འཚེ་བ་སྲུངས༔ ནད་ཁ་ཆོད་ལ་དལ་ཁ་སྒྱུར༔ དུས་འཁྲུགས་ཟློག་ལ་མཚོན་རྩེ་རྟུལ༔ ཆར་དང་འབྲུ་ནོར་ལོངས་སྤྱོད་སྤེལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ དུ་ཏྲི་རཀྴ་སཱི་ས་པ་རི་ཝཱ་ར་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དམར་མོ་ཁྲོ་གཉེར་མཆེ་བ་གཙིགས༔ གཏུམ་ཆེན་རྔམས་པའི་ཤུགས་འཆང་བའི༔ གངས་དཀར་ཤ་མེད་ལ་སོགས་པའི༔ གནོད་སྦྱིན་མོ་བཞི་འཁོར་དང་བཅས༔ དཔལ་གྱི་སོགས། བཛྲ་ཡཀྴ་སཱི་ས་པ་རི་བཱ་ར་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དཀར་ཤམ་བཞིན་བཟང་ཆགས་པ་ཆེ༔ ཞི་འཛུམ་སྒེག་པའི་ཚུལ་འཆང་བ༔ ཀོང་བཙུན་དེ་མོ་ལ་སོགས་པ༔ སྨན་བཙུན་མཆེད་བཞི་འཁོར་དང་བཅས༔ དཔལ་གྱི་གཏོར་མའི་བཤལ་ཆུ་སོགས། སརྦ་ཨ་མྲྀ་ཏ་དེ་ཝཱི་ས་པ་རི་བཱ་ར་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྤྱི་དང་སོ་སོར་བསྔོས་ལ་གཙང་སར་འབུལ་ལོ༔ ལས་ཀྱི་མཐའ་བསྡུ་བའི་ཕྱིར་གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་དམ་སྲི་དགུག་གཟིར་བྱས་ལ༔ ཧཱུྃ༔ མཁའ་འགྲོའི་འདུས་པའི་དཀྱིལ་འཁོར་དུ༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དཔལ་ཆེན་རྟ་མཆོག་ཧེ་རུ་ཀ༔ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོར༔ གཉིས་མེད་སྤྲུལ་པའི་ཚོགས་དང་བཅས༔ རྟ་གདོང་ཕག་ཞལ་རྔམས་བཞད་འཚེར༔ མཁའ་ལ་བདེ་བའི་གར་སྟབས་སྒྱུར༔ ས་ལ་སྟོང་པའི་རྟ་བྲོ་རྡུང་༔ བདེ་སྟོང་དབྱེར་མེད་ཨེ་ཡི་ཀློང་༔ དམ་སྲི་འབྱུང་པོའི་དཔུང་དང་བཅས༔ གཟིར་མནན་དྲག་པོའི་ལས་མཛད་པས༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ ཨོཾ་བཛྲ་ཀྲོ་དྷཱ་ཧ་ཡ་གྲཱི་བ་ཧྲཱི༔ བྃ་ཧཱུྃ་ཕཊ༔ ཨེ་ལྃ་སྟྭཾ་བྷ་ཡ་ནན༔ ཞེས་དམིགས་མེད་དུ་རྒྱས་གདབ༔ དེ་ནས་མཆོད་བསྟོད་དངོས་གྲུབ་བླང་བ་སོགས་ཅི་རིགས་པས་ལས་ཀྱི་རྗེས་མཐར་དབྱུང་བར་བྱའོ༔ མཁའ་འགྲོ་འདུས་པའི་མཆོད་སྐོང་གི་རིམ་པ་འདི་ལ་འབད་པས་དམ་ཚིག་ཉམས་ཆག་བྱང་༔ མ་མོ་མཁའ་འགྲོ་འཁྲུགས་པ་ཞི༔ ཚེ་དང་བདེ་ཆེན་གྱི་ཡེ་ཤེས་རྒྱས༔ འབྲེལ་ཚད་མཁའ་འགྲོ་མས་རྗེས་སུ་བཟུང་ནས་མཁའ་སྤྱོད་ཀྱི་གྲོང་དུ་རྡོ་རྗེའི་རིག་པ་འཛིན་པའི་ས་ཐོབ་པར་འགྱུར་བས་དྷཱ་ཀི་ནཱི་འདུ་བའི་དུས་སོགས་སུ་ལྷག་པར་འབད་པ་གལ་ཆེའོ༔ ས་མ་ཡ༔ མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མཆོད་སྐོང་གི་ཆོ་ག་སྔོན་ཆད་གཞན་དུ་མ་བསྟན་པ༔ རྒྱུད་དང་མན་ངག་གི་དགོངས་པ་ལྟར་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་བསྡུས་ཏེ་མཁའ་འགྲོ་མཚོ་རྒྱལ་ལ་གདམས༔ མ་འོངས་ཕྱི་མ་ཕྱི་མའི་དོན་དུ་གཏད་པ་སྩྱཽགས་སྩྱཽགས་སྩྱཽགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཡེ་ཤེས་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་ཚེ་སྒྲུབ།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་ཚེ་སྒྲུབ་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོའི་ཚེ་སྒྲུབ་འདི་ལ་གསུམ་སྟེ༔ ཕྱི་ཡི་དམ་གྱི་ལྷ་བསྙེན་སྒྲུབ་ལ་བརྟེན་ནས་ཚེ་བསྲིང་བ༔ ནང་ཕྱག་རྒྱ་པདྨ་ཅན་གྱི་བཅུད་ལེན་པ༔ གསང་བ་རླུང་སེམས་དབྱེར་མེད་ཀྱི་སྲོག་བསྒྲུབ་པའོ༔ དང་པོ་ནི༔ བཀྲ་ཤིས་པའི་གནས་སུ་མ་རྡལ་མཆོད་ཚོགས་ལེགས་པར་བཤམ༔ ཁྱད་པར་སྙིང་པོ་ལྔ་ལས་གྲུབ་པའི་ཚེའི་འབྲང་རྒྱས་དང་༔ ཚེའི་བདུད་རྩི༔ བཅུད་ལེན་གྱི་རིལ་བུ་རྣམས་རྟེན་དུ་བཅའ༔ སྔོན་འགྲོ་དངོས་གཞི་རྗེས་ཀྱིས་འཇུག་པར་བྱའོ༔ ས་མ་ཡ༔ དང་པོ་སྔོན་འགྲོ་ལ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ ཡེ་ཤེས་མཁའ་འགྲོ་ཚེ་ཡི་ལྷར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ འཆི་མེད་རིག་འཛིན་བསྒྲུབ་པར་བགྱི༔ བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་མཉམ་ཉིད་ངང་གིས་ཁྲོ༔ ཐུགས་རྗེ་འབར་བའི་དཀྱིལ་འཁོར་འདིར༔ བགེགས་ཚོགས་འདུག་པའི་སྐབས་མེད་པས༔ རྒྱ་ཚོའི་ཕ་མཐར་བྱེར་ཞིང་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཨུཙྪ་ཊ་ཡ་ཕཊ༔ མཚམས་བཅད་པ་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ ཡེ་ཤེས་ལྔ་ལྡན་མཚོན་ཆའི་གུར༔ འབར་བའི་མེ་འོད་དང་བཅས་པས༔ ཚེ་བདུད་བར་ཆད་མཚམས་བཅད་དོ༔ ཛྙཱ་ན་པཉྩ་རཀྵ་བྷྲཱུྃ༔ བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ ཡེ་ཤེས་སྒྱུ་འཕྲུལ་ལྷ་ཚོགས་ཀྱིས༔ གནས་འདིར་བྱིན་ཕོབ་དབང་མཆོག་སྐུར༔ མཆོད་རྫས་བདུད་རྩིའི་རྒྱ་མཚོར་སྐྱིལ༔ ཨོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་དྷཱ་ཀི་ནི་ཨ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ༔ ཞེས་བྱིན་གྱིས་བརླབ་བོ༔ གཉིས་པ་དངོས་གཞི་ལ༔ དམ་ཡེ་དབྱེར་མེད་ཀྱི་ལྷ་བསྒོམ་པ་ནི༔ ཧཱུྃ༔ སྟོང་ཉིད་ངང་ལས་སྙིང་རྗེའི་རྩལ༔ རིག་པའི་ཡེ་ཤེས་ཧ་དཀར་པོ༔ འབར་བ་ཆེན་པོའི་ཆོ་འཕྲུལ་གྱིས༔ སྣོད་བཅུད་འོད་གསལ་དབྱིངས་སུ་སྦྱོངས༔ དེ་ཡི་ངང་ལས་འབྱུང་རིམ་གཞིར༔ རྡོ་རྗེའི་སྲུང་འཁོར་དུར་ཁྲོད་དབུས༔ རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ལྟེ་བར་པད་ཉི་བམ་རོའི་སྟེང་༔ རང་རིག་ཧ་ཡིག་ཡོངས་གྱུར་ལས༔ འཆི་མེད་བདེ་ཆེན་དྷཱ་ཀི་ནཱི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་མ༔ ཞི་འཛུམ་ཁྲོ་ཆགས་གཟི་བྱིན་འབར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ བདུད་བཞི་སྐྱེ་མེད་དབྱིངས་སུ་གཅོད༔ གཡོན་པས་བདུད་རྩིའི་ཐོད་པ་བསྣམས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ གྲུ་མོ་གཡོན་ན་ཁ་ཊྭཱྃ་ག༔ ཧེ་རུ་ཀ་དང་གཉིས་སུ་མེད༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོག༔ སྣང་སྲིད་དབང་སྡུད་ཟིལ་གྱིས་གནོན༔ དབུ་སྐྲ་གནག་སྣུམ་སིལ་བུར་གྲོལ༔ དར་དང་རིན་ཆེན་རུས་པས་བརྒྱན༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་དབུས༔ བདེ་སྟོང་སྒྱུ་མའི་གར་གྱིས་རོལ༔ རྡོ་རྗེ་གསུམ་གྱི་བདག་ཉིད་ཅན༔ ཡེ་ཤེས་ལྔ་ལྡན་དབང་སྐུར་རྫོགས༔ ཨོཾ་ཨཱཿཧཱུྃ་ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱ༔ ཧཱུྃ༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ འོད་གསལ་མེ་ལོང་ལྟ་བུའི་དབྱིངས༔ ཡེ་ཤེས་སྒྱུ་མའི་སྐུར་སྣང་བ༔ འཆི་མེད་རྡོ་རྗེ་དྷཱ་ཀི་ནཱི༔ རྩ་གསུམ་ཚེ་ལྷ་རབ་འབྱམས་དང་༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་ཚོགས༔ སྔོན་གྱི་ཐུགས་དམ་ཞལ་བཞེས་བཞིན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱི་ནང་བདུད་བཞིའི་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དབང་མཆོག་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བྃ་ཧོ༔ ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཞེས་དམ་ཚིག་ཡེ་ཤེས་དབྱེར་མེད་དུ་བརྟན་པར་བཞུགས་སུ་གསོལ་ནས་ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་བཟུང་༔ འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པོར་བསྐྱེད༔ སེམས་དང་ལྷ་སྐུ་རོ་མཉམ་པའི་གཉུག་མ་མི་ཤིགས་པའི་ངང་དུ་མཉམ་པར་བཞག་གོ༔ དེ་ནི་བསྐྱེད་རིམ་བསྒོམ་པ་ལ་བརྟེན་ནས་ཚེ་སྲིང་བའོ༔ དེ་ནས་ལས་ཀྱི་ཡན་ལག་ཏུ་ཕྱག་མཆོད་བསྟོད་པ་འབུལ་བ་ནི༔ ཧོ༔ ཆོས་སྐུའི་དབྱིངས་ལས་ལོངས་སྤྱོད་རྫོགས༔ འཆི་མེད་རྡོ་རྗེ་མཁའ་འགྲོ་མ༔ འཁོར་དང་བཅས་པ་ཐམས་ཅད་ལ༔ གུས་པའི་བློ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཨོཾ་ཨཱ་ཧཱུྃ༔ ཉེར་སྤྱོད་འདོད་པའི་ཡོན་ཏན་དང་༔ སྨན་གཏོར་རཀྟ་ཚོགས་མཆོད་སོགས༔ བདེ་ཆེན་མཆོག་གི་མཆོད་པར་འབུལ༔ འཆི་མེད་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱཱ་ཤཔྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ མི་ཤིགས་གཉུག་མ་རྡོ་རྗེའི་དབྱིངས༔ བདེ་ཆེན་ཡེ་ཤེས་མཁའ་འགྲོར་ཤར༔ རྩ་གསུམ་ཚེ་ཡི་དཀྱིལ་འཁོར་ལྷར༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཞེས་པས་ཀྱང་ཐུགས་དམ་བསྐུལ་ཞིང་གཟི་བྱིན་བསྐྱེད་དོ༔ བཟླས་པ་བྱ་བ་ནི༔ རང་ཉིད་འཆི་མེད་དྷཱ་ཀི་ནཱིའི༔ ཐུགས་ཀར་པད་ཟླའི་གདན་གྱི་སྟེང་༔ ཚེ་དཔག་མེད་མགོན་སྐུ་མདོག་དཀར༔ མཉམ་གཞག་ཚེ་བུམ་ཡུམ་དང་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ དེ་ཡི་ཐུགས་དབུས་འོད་ཀྱི་ཀློང་༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧ༔ མཐའ་སྐོར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ འོད་ཟེར་སྣང་བ་འབར་བར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ལྷ་སྔགས་གསལ་སྣང་ཐོན་པ་དང་༔ སྔགས་ཕྲེང་ཡེ་ཤེས་སེམས་དཔའ་ཡི༔ ཡབ་ཡུམ་ཞལ་དང་གསང་བར་བརྒྱུད༔ མགལ་མེ་ལྟ་བུར་འཁོར་བ་ལས༔ བདེ་ཆེན་འོད་ཟེར་ཕྱོགས་བཅུར་འཕྲོས༔ འཕགས་པ་མཆོད་ཅིང་བྱིན་རླབས་འདུས༔ འགྲོ་ཀུན་དུས་མིན་འཆི་བ་བསལ༔ སྣོད་བཅུད་དྭངས་མ་རང་ལ་ཐིམ༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས༔ གཟུགས་སྒྲ་དྲན་རྟོག་ཐམས་ཅད་ཀུན༔ ལྷ་སྔགས་ཆོས་སྐུའི་ངོ་བོར་བསམ༔ རྩེ་གཅིག་ཡིད་ཀྱིས་བཟླས་པ་བྱ༔ དེ་ནི་བཟླས་བརྗོད་ལ་བརྟེན་ནས་ཚེ་བསྲིང་བའོ༔ དེ་ལྟ་བུའི་རིམ་པས་སྔགས་འབུམ་ཕྲག་བཞི་བཟླས་ན་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ངེས་པར་ཞི་ཞིང་༔ མང་དུ་བཟླས་ན་ཡེ་ཤེས་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་རོ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ ཐུགས་དམ་བསྐུལ་བ་ནི༔ ཚེ་མདའ་གཡོབ་ཅིང་༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་བདེ་ཆེན་ཚེ་དཔག་མེད༔ འཆི་མེད་མཆོག་སྩོལ་རྡོ་རྗེ་མཁའ་འགྲོ་མ༔ རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་ཀུན༔ ཐུགས་དམ་བསྐུལ་ལོ་ཡེ་ཤེས་གཟི་བྱིན་སྐྱེད༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་ཁུག༔ འཁོར་འདས་ཚེ་བཅུད་མི་འགྱུར་ཐིག་ལེར་སྐྱིལ༔ ཚེ་དང་ཡེ་ཤེས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲིཿཧ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ༔ སྤྲུལ་པའི་ཕོ་ཉས་ཚེ་བཅུད་བསྡུས་པ་བདག་དང་སྒྲུབ་རྫས་ལ་བསྟིམ༔ ཨ༔ དྭངས་མ་འོད་ལྔའི་གའུའི་དབུས༔ མི་འགྱུར་ཐུགས་སྲོག་ཧ་ཡིག་ལ༔ འཁོར་འདས་བཅུད་དང་དགེ་མཚན་འདུས༔ འགྱུར་མེད་རྡོ་རྗེས་རྒྱས་གདབ་བོ༔ བཛྲ་རཀྵ་ཨ་ཨ༔ ཞེས་རྒྱས་གདབ་བོ༔ དེ་ནས་ཚོགས་ཀྱི་ཡོ་བྱད་བཤམ་ཞིང་བསང་ཆུ་འཐོར༔ རྃ་ཡྃ་ཁྃ༔ མཚན་ལྡན་བྷནྡྷའི་སྣོད་ཡངས་པར༔ ཚོགས་རྫས་གཟུང་འཛིན་ལས་འདས་པའི༔ འདོད་ཡོན་བདུད་རྩིའི་གཏེར་ཆེན་པོ༔ དམ་ཚིག་གསང་བའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་བརླབས་ལ་ཚོགས་ཞིང་སྤྱན་དྲངས་ཏེ་འབུལ་བ་ནི༔ ཧཱུྃ༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་དང་༔ གནས་ཡུལ་དུར་ཁྲོད་ཞིང་རྣམས་ནས༔ བཞུགས་པའི་རྩ་གསུམ་ཚེ་ཡི་ལྷ༔ འཆི་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་ལ༔ དགྱེས་པར་དགོངས་ཏེ་གཤེགས་སུ་གསོལ༔ བདེ་བ་མཆོག་གི་བྱིན་ཆེན་ཕོབ༔ འགྱུར་མེད་རྟག་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛཿཛ༔ ཨོཾ་ཨཱཿཧཱུྃ༔ བདུད་རྩི་ཚོགས་ཀྱི་མཆོད་པའི་སྤྲིན༔ རང་བྱུང་བདེ་ཆེན་འདོད་ཡོན་གཏེར༔ འཆི་མེད་རྡོ་རྗེ་དྷཱ་ཀི་ནཱི༔ རྩ་གསུམ་ཚེ་ལྷ་རབ་འབྱམས་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ དགྱེས་པའི་ལོངས་སྤྱོད་ཆེན་པོར་འབུལ༔ ཐུགས་རྗེ་ཐུགས་དམ་གཉན་པོ་བསྐང་༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ ཚེ་བདུད་བར་ཆད་དབྱིངས་སུ་སྒྲོལ༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ བདེ་ཆེན་མཆོག་གི་ཡེ་ཤེས་དང་༔ ཚེ་དབང་ལོངས་སྤྱོད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་བཛྲ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་དགྱེས་པར་བསྐང་ཞིང་༔ ཡི་གེ་བརྒྱ་པས་ཀྱང་ཉམས་ཆག་བཤགས༔ ནང་གི་ཚོགས་མཆོད་རོལ༔ ལྷག་མ་བདུད་རྩིས་བྲན་ལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཕེཾ་ཕེཾ༔ ཡེ་ཤེས་མཁའ་འགྲོའི་བཀའ་ཉན་པའི༔ གནས་ཡུལ་ཞིང་སྐྱོང་ལྷག་སྡུད་ཀུན༔ ལོངས་སྤྱོད་ཚོགས་ཀྱི་ལྷག་མ་བཞེས༔ རྣམ་བཞིའི་ལས་ཀུན་མྱུར་འགྲུབ་མཛོད༔ མ་མ་དྷཱ་ཀི་ནཱི་ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ་ལོ༔ རྟགས་བྱུང་བ་སོགས་ཀྱི་ཚེ་དངོས་གྲུབ་གསོལ་བ་ནི༔ ཧཱུྃ༔ འཆི་མེད་མཁའ་འགྲོའི་ལྷ་ཚོགས་རྣམས༔ སྒོམ་བཟླས་ཏིང་འཛིན་མཐར་ཕྱིན་ནས༔ དངོས་གྲུབ་གསོལ་བའི་དུས་ལགས་ན༔ བདེ་ཆེན་དགྱེས་པའི་དམ་ཚིག་གིས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ལྷ་སྔགས་ཡེ་ཤེས་བྱིན་ཆེན་པོ༔ མི་འགྱུར་མི་ཤིགས་འོད་གསལ་དབྱིངས༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཧ་བཛྲ་དྷཱ་ཀི་ནཱི་ཨ་ཡུ་ཥེ་སྭཱ་ཧཱ༔ ཀྭ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙ་ན་སིངྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ༔ ཞེས་བསྐུལ་ཞིང་རྟེན་རྫས་ལས་དངོས་གྲུབ་བླང་ངོ་༔ དེ་ནས་མཆོད་བསྟོད་བཟོད་གསོལ་བྱ༔ རྟག་ཆད་ཀྱི་མཐའ་བསལ་བའི་ཕྱིར༔ ཨཱ༔ འཁོར་འདས་སྣོད་བཅུད་ཐམས་ཅད་ཀུན༔ དྭངས་མ་མི་ཤིགས་ཐིག་ལེར་འདུས༔ དེ་ཡང་དོན་གྱི་དྷཱ་ཀི་ནཱི༔ འཆི་མེད་རྟག་པའི་དབྱིངས་སུ་ཐིམ༔ ཨ་ཨ་ཨ༔ ཧཱུྃ༔ སྟོང་ཉིད་རྣམ་ཀུན་མཆོག་ལྡན་ལས༔ བདེ་ཆེན་ཡེ་ཤེས་སྒྱུ་མའི་སྐུ༔ རྡོ་རྗེའི་སྔགས་ཀྱི་རང་སྒྲ་དང་༔ ཆོས་ཉིད་ཁྱབ་གདལ་ངང་ནས་སྤྱོད༔ ཛྙཱ་ན་དྷཱ་ཀི་ནཱི་ཨོཾ་ཨཱཿཧཱུྃ༔ ཞེས་ལྷ་སྐུ་ཕྱག་རྒྱ་གཅིག་པའི་རང་གཟུགས་སུ་ལྡངས་ལ༔ ཧོ༔ དགེ་བའི་རྩ་བ་འདི་ཡིས་བདག་གཞན་ཀུན༔ འཆི་བདག་ལ་སོགས་བདུད་བཞིའི་གཡུལ་ལས་རྒྱལ༔ ཚེ་དང་ཡེ་ཤེས་དབང་བཅུའི་འབྱོར་པ་རྒྱས༔ འཆི་མེད་མཁའ་འགྲོའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ༔ མཆོག་གསུམ་དབྱེར་མེད་རྩ་གསུམ་རྒྱ་མཚོའི་བདག༔ བདེ་ཆེན་དཔལ་སྟེར་རྡོ་རྗེ་མཁའ་འགྲོ་མས༔ འགྲོ་ཀུན་ཁ་སྦྱོར་བདེ་བས་རྗེས་བཟུང་ནས༔ དངོས་གྲུབ་དགའ་སྟོན་འཕེལ་བའི་བཀྲ་ཤིས་ཤོག༔ ཅེས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་ཅིང་བཀྲ་ཤིས་སྣང་བས་ཁྱབ་པར་བྱའོ༔ དེ་ནི་ཕྱི་སྒོམ་བཟླས་ལ་བརྟེན་ནས་ཚེ་བསྲིང་བའི་རིམ་པའོ༔ ས་མ་ཡ༔ གཉིས་པ་ནང་ཕྱག་རྒྱ་པདྨ་ཅན་གྱི་བཅུད་བླང་བ་ནི༔ རྩ་རླུང་ལ་དྲོད་ཐོབ་པས་ཞིང་དང་སྔགས་ལས་སྐྱེས་པའི་བུ་མོ་ལུས་བོང་འཚམས་པ༔ བྱད་དམར་བའི་མདངས་ཅན་སྣུམ་བག་ཆགས་པ༔ མཐིལ་བཞི་འཇམ་པ༔ སྐྲ་ལི་བ༔ མིག་དཀར་ནག་ཕྱེད་ཅིང་དཀྱུས་རིང་བ༔ བདེ་དྲོད་ཆེ་ཞིང་པདྨས་རྡོ་རྗེ་འཇིབ་པ་ལྟར་སྣང་བ༔ གསང་རྩ་པདྨ་ལྟར་རྒྱས་ཤིང་དྲི་ཞིམ་པོ་མནམ་པ༔ སྐབས་ཅི་རིགས་པར་རཀྟ་འོ་མའི་མདོག་ཏུ་འབབས་པ༔ དད་ལྡན་གསང་ཐུབ་ཆགས་སྤྱོད་ལ་མཁས་པ་ནི་པདྨ་ཅན་མཆོག་གི་མཚན་ཉིད་ཡིན་པས༔ ལོ་བཅུ་གཉིས་ནས་བཅུ་དྲུག་མན་ཆད་ལེགས་པར་བཙལ༔ ཐབས་ཀྱིས་དགུག༔ རྒྱུད་སྦྱང་༔ འོས་སུ་གྱུར་པ་ན་རང་དང་ཕྱག་རྒྱ་ཁམས་རྒྱས་པའི་བཟའ་བཏུང་དང་བཅུད་ལེན་གྱིས་བྱང་སེམས་འཕེལ་ཞིང་རྒྱས་པར་བྱ༔ ཤིན་ཏུ་དབེན་པར་བདེ་བའི་འབོལ་ལ་འཁོད་དེ་འདོད་པའི་སྒྱུ་རྩལ་དུ་མས་ཆགས་པ་བསླང་༔ དེ་ནས་རང་ཉིད་དཔལ་ཧེ་རུ་ཀ་དམར་པོ་དང་༔ རིག་མ་རྡོ་རྗེ་མཁའ་འགྲོ་མར་གསལ་གདབ༔ བརྡ་དང་ལན་གྱིས་བསྐུལ་ཏེ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས༔ བྱང་ཆུབ་ཀྱི་སེམས་གསུམ་མངོན་དུ་བྱས་ཏེ་དམ་དུ་འཁྱུད༔ མཁའ་གསང་སྤྲད༔ གསོར་དང་བསྐྱོད་པས་བདེ་བ་དལ་བུར་དབབ༔ རླུང་སྦྱོར་དང་བཅས་བདེ་ཆེན་ལ་སེམས་བཟུང་༔ ཐིག་ལེ་ཅུང་ཟད་ཀྱང་མ་ཉམས་པར་བྱས་ཏེ་ནོར་བུའི་རྩེ་ནས་སླར་ལྡོག༔ འདྲེན་འགྲེམས་ཀྱི་སྦྱོར་བས་བདེ་བའི་ཡེ་ཤེས་མཆོག་ཏུ་གོམས་པར་བྱའོ༔ དེ་ལྟར་འཛིན་འགྲེམས་ལ་དབང་ཐོབ་ནས༔ རྩ་བཙལ་བ་ནི༔ ཕྱག་རྒྱ་སྟེགས་ལྟ་བུར་གན་རྐྱལ་དུ་བསྙལ༔ སྲིན་ལག་གི་རྩེར་སྒྲང་སྨྱོན༔ མེ་ཏོག་དམར་པོ་ཁ་བྱེ་མ་ཐག་པའི་ཟེའུ་འབྲུ༔ གཡེར་མ་རྣམས་ཅུང་ཟད་བྱུགས་ལ་དཀྲུགས་པས་རྩ་སྣ་ནར་གྱིས་བྱུང་བ་ན་ལྕགས་ཕྱེ་ཅུང་ཟད་སྦྱར༔ རྡོ་རྗེའི་བུ་གར་ཁབ་ལེན༔ ལྕགས་ཀྱུ་ཅན་གྱི་མེ་ཏོག༔ སྦྲང་སྨྱོན་རྣམས་བྱུགས་ལ་གསང་རྩ་སྤྲད་དེ་གཏིང་ཕྱིན་པར་ཕུལ་བས་རྩ་འཕྲད་པའི་རྟགས་སུ་ཕྱག་རྒྱས་མི་བཟོད་པའི་ཧ་སྒྲ་བསྟུད་མར་འབྱུང་ཞིང་༔ རང་གི་ནོར་བུ་སྦྲིད་ཆིལ་བ་དང་༔ ལུས་འདར་བ་ལྟ་བུའི་འཕར་གཡོ་འབྱུང་བའི་ཚེ་དལ་བུས་དལ་བུས་བསྐྱོད༔ དེའི་ཚེ་ཏིང་ངེ་འཛིན་ནི༔ རང་དང་ཕྱག་རྒྱ་གཉིས་ཀའི་ལུས་དབུས་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་དྭངས་གསལ་རྙོག་མེད་དུ་གསལ་བའི་གནས་ལྔར་ཚེ་དཔག་མེད་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་ཞིང་༔ རྩ་འདབ་ཀྱི་གྲངས་དང་མཉམ་པའི་འཆི་མེད་མཁའ་འགྲོའི་ལྷ་ཚོགས་གསལ་གདབ༔ རང་དང་ཕྱག་རྒྱ་མཉམ་པར་སྦྱར་བ་དང་ལྷན་ཅིག་ལུས་དཀྱིལ་གྱི་ལྷ་རྣམས་ཀྱང་སྙོམས་པར་ཞུགས༔ བདེ་བའི་སྒྲ་དང་འོད་ཟེར་གྱིས་བརྟན་གཡོ་ཐམས་ཅད་ལ་ཁྱབ༔ འཁོར་འདས་ཐམས་ཅད་རང་དབང་མེད་པར་གཡོས༔ ཡེ་ཤེས་དང་ལས་ཀྱི་འབྱུང་བ་ལྔའི་དྭངས་བཅུད་འོད་ཟེར་བདུད་རྩི་དང་བཅས་པ་དཀར་དམར་མཐིང་སེར་ལྗང་གུའི་མདོག་ཅན་བདེ་བ་ཆེན་པོའི་གཟི་བྱིན་འབར་བཞིན་པ་ཡུམ་གྱི་སྣ་བུག་གཉིས་ནས་ཞུགས༔ སྟེང་རླུང་རྔུབས་པས་རོ་རྐྱང་གི་ལམ་བརྒྱུད་གནས་ལྔའི་ཚེ་དཔག་མེད་ཀྱི་ཞལ་ནས་ཞུགས༔ སྦྱོར་མཚམས་ནས་རིམ་གྱིས་ཐོན༔ གསང་རླུང་ཕྱིར་ཕུལ་པ་དང་ཡེ་ཤེས་ལྔའི་དྭངས་བཅུད་དང་༔ ཕྱག་རྒྱའི་ཁམས་དམར་ཆའི་སྙིགས་མ་རང་སར་འགགས་པའི་དྭངས་བཅུད་དང་རོ་གཅིག་ཏུ་འདྲེས་པ་རྩ་མཆོག་གི་ཟེ་བར་རྩི་སྐྱའི་ཁར་ཟིལ་པ་ཆགས་པ་བཞིན་འོད་ཕྲམ་མེར་གནས་པ་ཉིད་རང་ཉིད་ཀྱི་རྡོ་རྗེ་ནོར་བུའི་རླུང་གི་ལྕགས་ཀྱུས་སོག་སྦུབས་ནས་ཆུ་དྲངས་པ་བཞིན་གྱེན་དུ་དྲངས་པས་གསང་གནས༔ ལྟེ་བ༔ སྙིང་ག༔ མགྲིན་པ༔ སྤྱི་བོའི་རྩ་འཁོར་ལྔའི་ལྟེ་བ་ན་བཞུགས་པའི་ཚེ་དཔག་མེད་རིགས་ལྔ་འོག་མ་འོག་མའི་སྦྱོར་མཚམས་ནས་ཞུགས༔ ཞལ་ནས་ཐོན༔ གོང་མ་གོང་མའི་སྦྱོར་མཚམས་སུ་ཞུགས་པ་སོགས་ལ་རིམ་བཞིན་དུ་སེམས་གཏད་ཅིང་འཁོར་ལོ་ལྔའི་བུམ་ཅན་གྱི་སྦྱོར་བས་བརྟན་པར་བྱས་པས་རླུང་དང་༔ ས་དང་༔ ནམ་མཁའ་དང་༔ མེ་དང་༔ ཆུའི་ཁམས་ནས་ཚེ་ཉམས་པ་གསོས༔ གནས་པ་འཕེལ༔ འཕེལ་བ་བརྟན་ཅིང་ཡེ་ཤེས་ཀྱི་ནུས་པ་མཆོག་ཏུ་གྱུར་པས་རྩ་ཁམས་ཐམས་ཅད་ལ་ཁྱབ་སྟེ་འཇའ་ཚོན་ལྟ་བུའི་ལུས༔ ནམ་མཁའ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱས་པར་བསམས་ལ་འོག་རླུང་སྲིན་ཞལ་དུ་བསྡིག༔ ཐུར་སེལ་གྱེན་དུ་དྲང༔ མིག་ནམ་མཁར་ལྡོག༔ ལྟོ་བ་སྒལ་ཚིགས་ལ་སྦྱར༔ སྟེང་རླུང་གྱེན་དུ་འཕུལ༔ ལག་པའི་སྲིན་རྩ་མནན་ཅིང་རྐང་ལག་གི་སོར་མོ་རྣམས་བསྐུམ༔ ཧཱུྃ་རིང་དང་ཧཱུྃ་ཐུང་གི་སྦྱོར་བས་དགའ་བ་བཞི་རིམ་གྱིས་དྲང་ཞིང་༔ མཐར་སྤྱི་བོའི་ཧྃ་ཡིག་ལ་བསྟིམས་བསམ་གཏན་གྱི་དགའ་བཞི་མཐར་སོན་ཏེ་འཆི་མེད་དྭངས་མ་གསུམ་ལྡན་གྱི་ཡེ་ཤེས་མངོན་དུ་བྱས་པར་བསམས་ལ༔ རིག་པ་ཀ་དག་སྤྲིན་ཐག་ཆད་པའི་ནམ་མཁའ་ལྟ་བུའི་ངང་དུ་བཟོ་མ་བཅོས་པར་བཞག༔ འདི་དག་གི་ཚེ་དུད་འགྲོའི་འགྱུར་བ་བཞི་དང་༔ སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་སོགས་འདྲེན་དང་དགྲམ་པའི་སྒྱུ་རྩལ་ལ་བསླབ་བོ༔ དེ་ལྟར་འབད་པས་ཕྱག་རྒྱའི་དྭངས་མ་འདྲོངས་པའི་རྟགས་སུ་རིག་མས་རྟ་སྐད་འཚེར་བ་དང་༔ རང་ཉིད་རྡོ་རྗེའི་མགོ་བོ་འཁྱོགས་པ་དང་ཚ་ཆིལ་བ་སོགས་འབྱུང་༔ ལུས་ལ་ཁྲེམས་པའི་རྟགས་སུ་བདེ་དྲོད་དང་གཟི་བྱིན་འབར༔ བཟའ་བཏུང་གིས་ཚིམ་པ་ལྟ་བུའི་ཉམས་འཆར༔ ཁྱད་པར་གསང་བའི་རྩ་གཉིས་ཁ་སྦྱར་བས་བ་སྤུའི་ཁུང་བུ་ཚུན་བདེ་བའི་ཟིལ་གྱིས་ཁྱབ་པ་དང་༔ རླུང་ཁ་སྦྱར་བས་རགས་རླུང་གི་རྒྱུན་རེ་ཞིག་ཆད་པ་དང་༔ ཐིག་ལེ་ཁ་སྦྱར་བས་བདེ་བ་ལ་སེམས་ཟིན་ཏེ་དུས་གསུམ་གྱི་སྤྲོས་པས་མ་གོས་པའི་དཔེ་ཡི་ཡེ་ཤེས་ཉམས་སུ་མྱོང་ཡང་བརྗོད་མི་ཤེས་པའི་གནས་ལུགས་རྗེན་པར་མཐོང་བར་འགྱུར་རོ༔ དེ་ལྟ་བུའི་ལམ་འདི་ལ་ཡང་ནས་ཡང་དུ་གོམས་པས་ཡེ་ཤེས་ཀྱི་རྩ་ཁ་བྱེ༔ གཟུང་འཛིན་གྱི་མདུད་པ་གྲོལ༔ རྩ་ཐིག་རླུང་གསུམ་དབུ་མར་འདུས༔ སྤྱན་དང་མངོན་ཤེས་འཆར༔ སྙིགས་མའི་ལུས་དག༔ དྭངས་མ་འཆི་མེད་འཇའ་ཚོན་གྱི་སྐུ་ཐོབ༔ ཚེ་ལ་དབང་བའི་རིག་པ་འཛིན་པའི་རྟེན་ལས་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་ཡིན་ནོ༔ དམ་ཚིག་ཏུ་ཕྱག་རྒྱ་མའི་ལུས་ཟུངས་ཉམས་པར་གྱུར་ན་བཅུད་ལེན་ལ་སོགས་པའི་སྨན་དང་རླུང་སྦྱོར་སོགས་ཀྱིས་གསོ༔ རིག་མ་དམ་གྲིབ་དང་བུ་ཚ་ཅན༔ ཉོན་མོངས་ཤུགས་དྲག་པ༔ རིགས་དང་དབང་པོ་ལ་སྐྱོན་ཆགས་པ་སོགས་མི་བསྟེན༔ མཚན་དང་ལྡན་ཡང་ཟླ་མཚན་གྱི་དུས་སུ་མི་དྲང་༔ ནད་ན་བ་དང་སྙིགས་མ་རུལ་བ་སོགས་མི་དྲང་༔ ཟླ་མཚན་རྫོགས་པ་དང་༔ ཁམས་དང་ལང་ཚོ་རྒྱས་ཤིང་ཡིད་བདེ་བའི་དུས་སུ་དྭངས་མ་རྒྱ་སྐྱེགས་ཀྱི་ཉིང་ཁུ་ལྟར་འབབས་པ་དྲང་བར་བྱ་བ་ཡིན་ནོ༔ མཚན་ཉིད་ཕུན་སུམ་ཚོགས་པའི་ཕྱག་རྒྱ་མ་མཐོང་བ་ན༔ དངོས་སུ་སྦྱོར་བ་མ་བྱུང་ཡང་༔ ལུས་ཀྱི་ཆ་ཤས་ལ་རེག་པའམ༔ ཆགས་པའི་ལྟ་སྟངས་དང་བཅས་ཏེ་ཏིང་ངེ་འཛིན་གསལ་བཏབ་ལ་ཡིད་ཀྱིས་དྲངས་པས་ཀྱང་ཚེའི་བར་ཆད་སེལ་བའི་རྟེན་འབྲེལ་ངེས་པར་འབྱུང་ཞིང་༔ རང་ལུས་ཐབས་ལྡན་གྱི་དམིགས་པ་གསལ་པོས་ཉམས་སུ་བླང་ནའང་རྗེས་མཐུན་གྱི་ཡོན་ཏན་ཅི་རིགས་རྒྱུད་ལ་འཆར་བར་ངེས་པ་ཡིན་ནོ༔ མཆོག་གི་ཡོན་ཏན་གོང་དུ་བཤད་པ་ལྟར་དང་༔ ཐུན་མོང་དུའང་ནད་ཉུང་༔ རྒས་སྲ༔ གཉེར་མ་དང་སྐྲ་དཀར་མི་འབྱུང་༔ ལུས་ཡང་ཞིང་གཞོན་ཤ་ཆགས༔ ཤེས་རབ་ཕྱོགས་མེད་དུ་རྒྱས༔ རང་སྣང་དབང་དུ་འདུས༔ གཞན་སྣང་ཟིལ་གྱིས་ནོན་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་བ་ཡིན་པས་གསང་བ་ཟབ་མོ་ལ་སྤྱོད་པའི་སྐལ་ལྡན་རྣམས་ཀྱིས་འདི་ཁོ་ན་ལ་བརྩོན་པར་བྱའོ༔ དེ་ནི་ནང་ཕྱག་རྒྱ་པདྨ་ཅན་གྱི་བཅུད་ལེན་ལ་བརྟེན་ནས་བདེ་ཆེན་གྱི་ཚེ་སྒྲུབ་པའི་རིམ་པའོ༔ ས་མ་ཡ༔ གསུམ་པ་གསང་བ་རླུང་སེམས་དབྱེར་མེད་ཀྱི་སྲོག་བསྒྲུབ་པ་ནི༔ ར་བ་བཞི་གང་ཡང་རུང་བའི་ཚེས་གཅིག་ནས་མགོ་བརྩམས་ཏེ་གནས་དབེན་ཞིང་ཉམས་དགའ་བ༔ ཤར་གྱི་ནམ་མཁའ་ཐག་རིང་དུ་མཐོང་བའི་སར་ནམ་ལངས་ཀྱི་དུས་བདེ་བའི་སྟན་ལ་ལུས་སྐྱིལ་ཀྲུང་དྲང་པོར་བསྲངས་ཏེ་ཁ་ཤར་དུ་ཕྱོགས་པས་འཁོད༔ རླུང་རོ་བསལ༔ སེམས་མི་རྟོག་པའི་ངང་དུ་དར་ཅིག་བཞག༔ དེ་ནས་འཆི་མེད་རྡོ་རྗེ་མཁའ་འགྲོའི་བསྐྱེད་རིམ་གསལ་བཏབ༔ ངག་བཟླས་ཀྱང་ཅི་རིགས་པར་བྱས་རྗེས༔ རང་ཉིད་མཁའ་འགྲོའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས༔ འཁོར་འདས་བརྟན་གཡོའི་ཁམས་ཐམས་ཅད་ལ་ཁྱབ༔ དེ་རྣམས་ཀྱི་ཡེ་ཤེས་དང་ལས་ཀྱི་འབྱུང་བའི་དྭངས་བཅུད་མ་ལུས་པ་ནམ་མཁའི་དྭངས་མར་འདུས༔ འོད་སྔོན་པོའི་རྣམ་པར་ནམ་མཁའ་གང་བར་གྱུར༔ རང་ཉིད་ཀྱི་ཁ་སྒོ་ནས་ཞུགས༔ དབུ་མའི་ནང་སྔོ་མེར་གྱིས་ཁེངས༔ དྭངས་མ་སྙིང་གའི་དབུ་མའི་ནང་དུ་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཨ་ཡིག་མཐིང་གར་གསལ་བ་ལ་སིབ་སིབ་ཞུགས༔ འཆི་མེད་གཉུག་མའི་སྲོག་འགྲུབ་པར་བསམ༔ རླུང་ཁ་ནས་ཧུབ་ཀྱིས་བཟའ་ཞིང་འཇམ་རླུང་བུམ་པ་ཅན་ཁ་སྦྱར་དུ་བཟུང་༔ རིག་པ་མིག་ལ་གཏད༔ མིག་ནམ་མཁའ་ལ་ཆེར་རེ་གཏད་དེ་ཕྱི་ནང་གི་ནམ་མཁའ་རོ་གཅིག་ཏུ་འདྲེས་པའི་ཀ་དག་བྱ་རྩོལ་དང་བྲལ་བའི་ངང་ལ་ཡུན་རིང་དུ་མཉམ་པར་བཞག༔ རྣམ་རྟོག་གང་སྐྱེས་ཀྱང་བརྟག་དཔྱད་བསམ་གཞིག་ཅི་ཡང་ཡིད་ལ་མི་བྱེད་པར་རིག་སྟོང་བསམ་བློ་དང་བྲལ་བའི་ངང་བསྐྱང་༔ དེ་ལྟ་བུའི་རླུང་སྦྱོར་དང་གནས་ལུགས་ཀྱི་ངང་དུ་འཇོག་པ་སྤེལ་མར་བྱས་ཏེ་ཉི་མ་རྩེ་ཤར་གྱི་བར་དུ་ཉམས་སུ་བླང་༔ རྗེས་ཐོབ་བསྔོ་སྨོན་གྱིས་མཚམས་སྦྱར་ལ་སྤྱོད་ལམ་བྱ་བའམ༔ དགེ་སྦྱོར་གཞན་གྱི་ཐུན་ལ་འཇུག༔ དེ་ལྟ་བུའི་རིམ་པས་ཚེས་བཅོ་ལྔའི་པར་ཡར་ངོ་རྣམས་སུ་ཉམས་སུ་བླང་༔ ཉམས་ཅུང་ཟད་སྐྱེས་པ་ན༔ གནས་དུས་ལ་མ་ལྟོས་པར་རང་གི་མདུན་གྱི་ནམ་མཁར་དྭངས་པ་ཙམ་དམིགས་རྟེན་དུ་གཅོད་ལ་བསྒོམ༔ རགས་པའི་ཟས་རིམ་གྱིས་སྤང་༔ མཐར་ནམ་མཁའ་ཟས་སུ་ཟ་བའི་བཅུད་ལེན་ཁོ་ནས་ཆོག་ཤེས་པར་བྱས་ཏེ་ཉམས་སུ་བླངས་པས་རིང་པོར་མི་ཐོགས་པར་རགས་པ་ཕྲ་བའི་རླུང་དུ་འགྱུར༔ ཕྲ་བའི་རླུང་སེམས་དང་འདྲེས༔ སེམས་བྱུང་གི་རྙོག་མ་རིག་པ་ཀ་དག་གི་དབྱིངས་སུ་དྭངས་པ་ལ་བརྟེན་ནས་འཆི་མེད་རྡོ་རྗེའི་སྐུ་དང་ནམ་མཁའ་ལྟ་བུའི་ཡེ་ཤེས་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་ཡིན་ནོ༔ དེ་ནི་གསང་བ་རླུང་སེམས་དབྱེར་མེད་ཡེ་ཤེས་ཀྱི་སྲོག་བསྒྲུབ་པའི་རིམ་པའོ༔ ས་མ་ཡ༔ ཞར་བྱུང་རང་དོན་དུ་ཚེའི་དབང་བླང་བ་དང་༔ གཞན་ལ་དབང་བསྐུར་བར་འདོད་ན༔ མཎྜལ་ཕུལ༔ རྣལ་འབྱོར་མ་དང་དབྱེར་མེད་པའི༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ བདག་ལ་རྡོ་རྗེ་མཁའ་འགྲོ་མའི༔ འཆི་མེད་ཚེ་ཡི་དབང་བསྐུར་སྩོལ༔ ཞེས་གསོལ་བ་གདབ་ཅིང་རྒྱུད་སྦྱང་༔ སློབ་མ་ལྷར་གསལ་གདབ་ཅིང་ཡེ་ཤེས་པ་དབབ་པས་བརྟན་པར་བྱ༔ ཚེ་འགུགས་ཀྱིས་ཐུགས་དམ་བསྐུལ༔ དེ་ནས་ཚེའི་འབྲང་རྒྱས་སྤྱི་བོར་བཞག་ལ༔ གཏོར་མ་ལྷར་གསལ་བ་སྤྱི་བོར་བྱོན༔ ཐུགས་ཀ་ནས་འོད་ཟེར་འཕྲོས༔ འཁོར་འདས་ཀྱི་དྭངས་བཅུད་ཕྱག་གི་ཐོད་པའི་ནང་དུ་འཁྱིལ་པ་ལས་ཆེས་ཆེར་འཕེལ་ཞིང་ལུད༔ རང་གི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ དུས་མ་ཡིན་པ་འཆི་བའི་འཇིགས་པ་སྦྱངས༔ ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ༔ དྭངས་མ་སྙིང་གའི་ཚེ་རྟེན་ས་བོན་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པར་བསམས་ལ༔ ཨོཾ༔ མི་འགྱུར་རང་བཞིན་སྐུ་ཡི་ཚེ༔ འཁོར་འདས་དྭངས་བཅུད་ཐིག་ལེར་འཁྱིལ༔ གཟི་བརྗིད་ཆེན་པོའི་དབང་བསྐུར་བས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཧ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཀཱ་ཡ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་མྱངས་པས་རྩ་ཁམས་ཡེ་ཤེས་ཀྱི་དྭངས་མས་ཁྱབ༔ རླུང་དབུ་མར་ཐིམ༔ མི་ཤིགས་པའི་སྲོག་ཐོབ་པར་བསམས་ལ༔ ཨཱ༔ འགག་མེད་སྒྲ་དབྱངས་གསུང་གི་ཚེ༔ རླུང་སྔགས་དབུ་མའི་དབྱིངས་སུ་རྫོགས༔ ནུས་པ་མཆོག་གི་དབང་བསྐུར་བས༔ རྡོ་རྗེའི་གསུང་དུ་འགྲུབ་པར་ཤོག༔ ཝཱ་ཀ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་སྙིང་གར་གཏུགས་ཤིང་མྱང་༔ འཆི་མེད་མཁའ་འགྲོའི་ཡེ་ཤེས་འོད་ཀྱི་ཐིག་ལེ་འཁོར་འདས་སྟོང་སྲོག་མི་ཤིགས་པའི་བདག་ཉིད་ཅན་རང་གི་ཞལ་ནས་ཞུགས༔ འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པས་གཟུང་འཛིན་འཆི་འཕོའི་རྟོག་པ་སྦྱངས༔ དྭངས་མ་སྙིང་གའི་ཚེ་རྟེན་ལ་ཐིམ་པས་མི་འགྱུར་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱས་པར་བསམས་ལ༔ ཧཱུྃ༔ འོད་གསལ་ཁྱབ་གདལ་ཐུགས་ཀྱི་ཚེ༔ རང་བྱུང་བརྟན་གཡོ་ཀུན་ལ་ཁྱབ༔ རྟག་པ་དམ་པའི་དབང་བསྐུར་བས༔ རྡོ་རྗེའི་ཐུགས་སུ་འགྲུབ་པར་ཤོག༔ ཙིཏྟ་ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་སུ་རྒྱས་གདབ་ཅིང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་བརྟན་པར་བྱའོ༔ འདི་ལྟ་བུའི་དབང་བསྐུར་བ་ལན་གཅིག་ཐོབ་པས་ཀྱང་ཚེ་ཡར་བ་ཁུག༔ ཉམས་པ་སོས༔ ཟད་པ་སྲིང་༔ ཚེ་དང་ཡེ་ཤེས་རྒྱས་པར་འཕེལ་བ་སོགས་ཕན་ཡོན་དཔག་ཏུ་མེད་པས་དམ་ཚིག་ལྡན་པ་རྣམས་ཀྱིས་ཡང་ནས་ཡང་དུ་བསྐྱར་ཉེ་བྱའོ༔ ས་མ་ཡ༔ རྡོ་རྗེ་མཁའ་འགྲོ་མའི་ཚེ་སྒྲུབ་པའི་གདམས་པ་སྔོན་དུ་མ་བསྟན་པ༔ ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་མཁའ་འགྲོ་གསང་པའི་རྒྱུད་ལས་བཏུས་ཏེ་བཀའི་སྡུད་པ་མོ་མཁར་ཆེན་བཟའ་ལ་གདམས་ཤིང་མ་འོངས་ཕྱི་མ་ཕྱི་མའི་དོན་དུ་གཏད་པ་སྩྱོོགས་སྩྱོོགས་སྩྱོོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཡེ་ཤེས་ཀྱི་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་བབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་ནོར་སྒྲུབ།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་ནོར་སྒྲུབ་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་འདུས་པའི་ནོར་སྒྲུབ་ཀྱི་གདམས་པ་ལ་གསུམ་སྟེ༔ ཕྱི་རྟེན་དང་བསྐྱེད་བཟླས་ཀྱིས་ཐུན་མོང་གི་ནོར་སྤེལ་བ༔ ནང་རླུང་གི་ལྕགས་ཀྱུས་ཁྱད་པར་གྱི་ནོར་དགུག་པ༔ གསང་བ་དགོངས་པ་མི་འགྱུར་བའི་ཡེ་ཤེས་ཀྱིས་དོན་གྱི་འདོད་རྒུ་སྨིན་པར་བྱེད་པའོ༔ དང་པོ་ལ་གཉིས༔ རྟེན་དང་༔ སྒྲུབ་ཐབས་སོ༔ དང་པོ་ལ་གཉིས་ཏེ༔ གཏོར་མ་ལ་བརྟེན་པ་ནི༔ ཕྱྭ་གཡང་ཆགས་ཤིང་དམ་ཚིག་སོགས་ཀྱི་སེལ་མེད་པའི་ལག་ནས་བྱུང་བའི་རིན་ཆེན་འབྲུ་སྨན་དཔལ་ཅན་གྱི་རྫས་སྙིང་པོ་ལྔ་རྣམས་ཞུན་མར་དང་མེད་ན་བཟང་པོས་སྤྲས་པའི་གཏོར་མ་རིན་པོ་ཆེ་འབར་བའི་དབྱིབས་ཅན་གྱི་ནང་དུ་སྔགས་གསོལ་བྱང་དང་བཅས་པ་གཞུག༔ མཐའ་ནོར་བུ་མིག་གསུམ་པ་མང་པོས་བསྐོར་རྟེན་འབྲེལ་ཕུན་སུམ་ཚོགས་པའི་རྒྱན་བཀོད་དར་སེར་པོའི་གདུགས་དང་བཅས་ཏེ་མ་རྡལ་གྱི་དབུས་སུ་བཞག༔ གཞན་ཡང་ཕྱྭ་གཡང་གི་རྟེན་རྫས་ཅི་རིགས་པ་དང་མཆོད་ཚོགས་བཟད་དུ་བཤམ་མོ༔ ཐོད་པ་ལ་བརྟེན་པ་ནི༔ ཐོད་པ་དུམ་བུ་གཅིག་པའམ་གསུམ་པ་མར་ཁུ་དྭངས་པའི་མདོག་ཅན༔ ཆེ་ཞིང་ལྗིད་པ་དང་ལྡན་པ༔ མཐོང་བས་ཡིད་འཕྲོག་པ༔ མི་ས་དང་ནོར་ས་མཐུག་པ༔ སྲོག་གི་ཀ་བ་ཚུགས་པ༔ མར་ཁུའི་ཐིག་ལེས་བརྒྱན་པ༔ དགོས་འབྱུང་གཤོངས་དང་ཤིང་ལོ་འབྲས་བུ་དང་བཅས་པ་རང་སར་དུད་པ༔ ཁྱད་པར་རང་གི་ལག་ཏུ་འབྱོར་བའི་རྟེན་འབྲེལ་ལེགས་པར་འགྲིགས་པ་ཞིག་དྲི་བཟང་གི་ཆུས་བཀྲུ༔ ནང་དུ་སྨན་སྣ་ལྔ་དང་བདུད་རྩི་ཆེན་པོས་བྱུག༔ ཕྱྭ་གཡང་གི་རྫས་ཀྱིས་ཕྱུར་བུར་གཏམས༔ ཁྱད་པར་ཐོད་པའི་འཁོར་ལོ་གཞུག༔ དེ་ལ་འཁོར་ལོ་ནི་ལྟེ་བར་མུ་ཁྱུད་དང་བཅས་པའི་དབུས་སུ་རི༔ དེའི་མཐར་རྩ་སྔགས༔ གོང་རས་ལ༔ ཀ་པཱ་ལ་མ་ཎི་རཏྞ་སརྦ་སིདྡྷི་སིདྡྷི་ཀུ་རུ་ཧཱུྃ༔ མུ་ཁྱུད་དང་པོ་ལ་འདབ་མ་༼མ་ཡིག་མི་གསལ་༽པའི་སྒྲུབ་པའི་སྔགས་ཚན་བཞི༔ གཉིས་པར་ནོར་ལྷ་སྤྱིའི་སྔགས་ཇི་ལྟར་འཐད་པ༔ གསུམ་པར་དབྱངས་གསལ་གྱི་མཐར༔ མིའི་ནོར་བུ་ཐོད་པ་རིན་ཆེན་འབར་བ་ལ་བརྟེན་ནས་ཡེ་ཤེས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཟས་ནོར་ལོངས་སྤྱོད་ཆོས་དང་སྲིད་ཀྱི་འདོད་རྒུའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ༔ ཞེས་པ་དང་རྟེན་འབྲེལ་སྙིང་པོས་མཐའ་བསྐོར༔ མཐའ་ནོར་བུའི་པ་ཏྲས་མཛེས་པར་བྱ༔ དཔལ་ཅན་གྱི་རྫས་དང་བདུད་རྩི་ཆེན་པོས་བྱུགས་ལ་གཞུག༔ མཎྜལ་གྱི་སྙིང་པོར་གཞུག༔ དེ་ནི་རྟེན་བཅའ་བའོ༔ གཉིས་པ་སྒྲུབ་པའི་ཐབས་ནི༔ ར་བ་བཞི་གང་ཡང་རུང་བའི་ཡར་ངོའི་གཟའ་སྐར་ཚེས་གྲངས་བཟང་པོ་ནས་འཇུག་སྟེ༔ སྒྲུབ་པ་པོ་ཆས་གོས་བཟང་པོས་བརྒྱན༔ རོལ་མོའི་ཆ་བྱད་དང་༔ དྲི་ཞིམ་པོའི་བདུག་སྤོས་སྦྱར༔ མཁའ་འགྲོ་འདུས་པའི་ཕྲིན་ལས་ཀྱི་གཞུང་བསྲང་༔ བཟླས་བརྗོད་ཇི་ལྟར་འོས་པ་བྱའོ༔ དེ་ནས་མདུན་རྟེན་ལ་བསང་ཆུས་ཁྲུས་གསོལ་ཞིང་༔ ཧཱུྃ༔ ནོར་ལྷ་འདུས་པའི་རྟེན་མཆོག་ལ༔ དག་ཅིང་དྲི་མ་མེད་པ་ཡི༔ བདུད་རྩི་ཆུ་ཡི་ཁྲུས་གསོལ་བས༔ མི་གཙང་ཉམས་གྲིབ་དག་གྱུར་ཅིག༔ ཅེས་དང་༔ རྣམ་འཇོམས་སྨེ་བརྩེགས་འབྱུང་བ་ལྔའི་གྲིབ་སེལ་གྱི་སྔགས་དང་བཅས་པས་བཀྲུ་ཞིང་བསང་གཏོར་བྱས་ལ་ལྷ་གསལ་བ་ནི༔ ཧཱུྃ༔ སྟོང་པའི་ངང་ལས་མདུན་གྱི་རྟེན༔ འཁོར་འདས་དཔལ་ཀུན་འདུས་པའི་གཏེར༔ རིན་ཆེན་གཞལ་མེད་ཉམས་དགའ་བ༔ བཀོད་པ་ཁྱད་པར་འཕགས་པའི་དབུས༔ ལྷ་དང་མི་ཡི་ལོངས་སྤྱོད་དང་༔ བྱང་ཆུབ་སེམས་དཔའི་ཏིང་འཛིན་གྱིས༔ རྣམ་པར་འཕྲུལ་པའི་འདོད་རྒུའི་ཚོགས༔ མི་ཟད་སྤྲིན་ལྟར་གཏིབས་པའི་གཞིར༔ པད་ཉི་བམ་རོའི་གདན་སྟེང་དུ༔ མཉམ་ཉིད་ཡེ་ཤེས་ཐིག་ལེའི་སྤྲིན༔ རིཿཡིག་སེར་པོའི་འཕྲོ་འདུ་ལས༔ ནོར་ལྷ་བྱེ་བའི་རིགས་ཀྱི་ཡུམ༔ དོན་ཀུན་གྲུབ་མཛད་དྷཱ་ཀི་ནཱི༔ སྐུ་མདོག་བཙོ་མ་གསེར་གྱི་མདོག༔ ཡེ་ཤེས་འོད་ཟེར་གཟི་བརྗིད་འབར༔ སྒེག་འཛུམ་ཆགས་དང་ཁྲོ་བའི་ཉམས༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ༔ ཕྱག་གཡས་རིན་ཆེན་གྲི་གུག་གིས༔ སྲིད་དང་ཞི་བའི་དཔལ་འབྱོར་འགུགས༔ གཡོན་པས་ནོར་བུའི་ཐོད་པ་ཡིས༔ སྒྲུབ་ལ་འདོད་རྒུའི་ཆར་ཆེན་འབེབས༔ གྲུ་མོར་རྡོ་རྗེའི་ཁ་ཊྭཱཾ་ག༔ རིགས་ཀྱི་ཡབ་དང་གཉིས་སུ་མེད༔ རྣ་ལྟག་ཕག་ཞལ་ངུར་སྒྲ་ཡིས༔ འཁོར་འདས་ཐམས་ཅད་དབང་དུ་སྡུད༔ དར་དང་རིན་ཆེན་རུས་པས་བརྒྱན༔ དབུ་སྐྲ་སྣུམ་འབོལ་གྱེན་དུ་བརྫེས༔ རྩ་གསུམ་ནོར་ལྷ་རབ་འབྱམས་དང་༔ འབུམ་ཕྲག་རིན་ཆེན་དྷཱ་ཀིའི་དབུས༔ དགྱེས་པ་ཆེན་པོའི་གར་གྱིས་རོལ༔ གནས་གསུམ་རྡོ་རྗེའི་ཡི་གེས་མཚན༔ སྐུ་གསུང་ཐུགས་ལྡན་རིགས་མཆོག་ལྔས༔ ཁ་སྦྱོར་བདེ་བའི་དབང་བསྐུར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཏྲཱྃ་ཨོཾ་ཧཱུྃ་ཧྲཱིཿཨཱ༔ ཨ་བྷི་ཥིཉྩ་ས་མ་ཡ་སྟཱཾ༔ ཞེས་གསལ་བར་བསྒོམས་ལ་ལྷ་སྐུའི་གསལ་སྣང་ལ་སེམས་བཟུང་༔ གསལ་སྣང་བརྟན་པ་ན༔ སླར་ཡང་བདག་མདུན་གྱི་ཐུགས་སྲོག་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དོན་གྲུབ་རིན་ཆེན་མཁའ་འགྲོ་རྩ་གསུམ་ནོར་ལྷ་བྱེ་བའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ༔ ཧཱུྃ་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ འདོད་འབྱུང་མཉམ་ཉིད་ཡེ་ཤེས་དབྱིངས༔ རིན་ཆེན་མཁའ་འགྲོའི་སྐུར་བཞེངས་ལ༔ རྩ་གསུམ་ནོར་ལྷའི་ཚོགས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ དཔལ་འབྱོར་ལོངས་སྤྱོད་བྱིན་ཆེན་ཕོབ༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ འདོད་རྒུའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་རཏྣ་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ས་མ་ཡ་ཛཿ ས་མ་ཡ་ཧོཿ ས་མ་ཡ་སྟཱཾ༔ ཞེས་སྤྱན་དྲངས༔ ཧཱུྃ༔ བཀྲ་ཤིས་ཡིད་འོང་གནས་མཆོག་འདིར༔ རིན་ཆེན་གཞལ་མེད་ཁང་ཆེན་དབུས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ འཕྲིན་ལས་མཛད་ཕྱིར་བརྟན་པར་བཞུགས༔ ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ༔ དེ་ནས་ཕྱག་མཆོད་བསྟོད་པ་འབུལ་བ་ནི༔ ཧོ༔ ཆོས་ཀུན་མཉམ་པ་ཉིད་ཀྱི་དབྱིངས༔ ཡེ་ཤེས་སྒྱུ་མའི་སྐུར་སྣང་བ༔ རིན་ཆེན་མཁའ་འགྲོའི་ལྷ་ཚོགས་ལ༔ གུས་པའི་བློ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཨོཾ་ཨཱཿཧཱུྃ༔ འདོད་འབྱུང་མཁའ་འགྲོའི་ལྷ་ཚོགས་ལ༔ དགྱེས་པའི་མཆོད་པ་འབུལ་བ་ནི༔ ཡིད་འཕྲོག་ནོར་བུའི་ཁང་བཟང་ཆེར༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ ལྷ་མིའི་ལོངས་སྤྱོད་བསམ་མི་ཁྱབ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི༔ ཏིང་འཛིན་སྒྱུ་འཕྲུལ་ལས་བྱུང་བའི༔ ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིན༔ མཁའ་ཁྱབ་འཁོར་ལོར་འཆར་བ་འདི༔ བདེ་ཆེན་ཡེ་ཤེས་དྷཱ་ཀི་ནཱི༔ རྩ་གསུམ་ནོར་ལྷའི་ཚོགས་བཅས་ལ༔ རབ་དྭངས་གུས་པའི་ཡིད་ཀྱིས་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང་༔ དཔལ་འབྱོར་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་རཏྣ་དྷཱ་ཀི་ནཱི་ས་པ་རི་བཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནེེ་བི་དྱཱ་ཤབྡ་སརྦ་པཱུ་ཛ་ཧོ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་ཁྱབ་གདལ་ཆེན་པོའི་དབྱིངས༔ སྒྱུ་མའི་སྐུར་སྣང་དོན་གྲུབ་མཁའ་འགྲོ་མ༔ རྩ་གསུམ་ནོར་ལྷ་འདུས་པའི་དཀྱིལ་འཁོར་ལྷར༔ གུས་པས་བསྟོད་དོ་དབང་བཅུའི་དངོས་གྲུབ་སྩོལ༔ ཞེས་བསྟོད་ཅིང་འདོད་དོན་གསོལ༔ མདུན་གྱི་ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་བཟུང་༔ མཁའ་འགྲོའི་དཀྱིལ་འཁོར་དངོས་ཡིན་སྙམ་དུ་དག་སྣང་གི་ང་རྒྱལ་བསྐྱེད་ཅིང་༔ ཡིད་ཀྱིས་གསོལ་བ་བཏབ་པ་ལས་སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལ་བདེ་ཆེན་གྱི་མཆོད་པ་འབུལ༔ འགྲོ་བ་ཀུན་གྱི་སེར་སྣའི་རྒྱུ་འབྲས་དྲུང་ནས་ཕྱུང་སྟེ་རིན་ཆེན་མཁའ་འགྲོ་མའི་གོ་འཕང་ལ་བཀོད༔ འོད་ཟེར་གསེར་མདོག་བརྗིད་ཅིང་ལྷུན་ཆགས་པ་ནམ་མཁར་སྤྲིན་ལྟར་དཀྲིགས༔ དེ་ལས་འདོད་རྒུའི་ལོངས་སྤྱོད་ཟད་མི་ཤེས་པའི་ཆར་ཆེན་པོ་ཕབ་པས་རང་གཞན་ཐམས་ཅད་དབང་བཅུའི་དཔལ་འབྱོར་ལ་སྤྱོད་པར་བསམ་མོ༔ དེ་ནི་བསྐྱེད་པའི་གསལ་སྣང་ལ་བརྟེན་ནས་ནོར་སྤེལ་བའི་རིམ་པའོ༔ དེ་ནས་བཟླས་པ་བྱ་བ་ནི༔ མདུན་བསྐྱེད་མཁའ་འགྲོའི་ཐུགས་ཀ་རུ༔ རིན་ཆེན་ཟུར་བརྒྱད་སེར་པོའི་དབུས༔ རིཿཡིག་གསེར་མདོག་སྔགས་ཀྱིས་བསྐོར༔ འོད་ཟེར་གཟི་བརྗིད་དཔལ་དུ་འབར༔ བདག་གི་ཐུགས་ནས་འོད་འཕྲོས་པས༔ ལྷ་ཚོགས་འཁོར་བཅས་ཐུགས་རྒྱུད་བསྐུལ༔ དཔག་ཡས་བདེ་ཆེན་འོད་ཟེར་དང་༔ ལས་བྱེད་ཕོ་ཉས་འཁོར་འདས་ཁྱབ༔ སྲིད་ཞིའི་དཔལ་འབྱོར་ཡེ་ཤེས་ཀུན༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ འདོད་འབྱུང་རིན་ཆེན་སྣ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་རྟེན་ལ་ཐིམ༔ འདོད་རྒུ་འབྱུང་བའི་གཏེར་དུ་བསམ༔ ཨོཾ་ཨཱཿཧཱུྃ་རི་རཏྣ་དྷཱ་ཀི་ནཱི་སརྦ་བ་སུ་སིདྡྷི་སྭཱ་ཧཱ༔ ཞེས་རྩེ་གཅིག་ཏུ་བཟླ༔ གཞན་ཡང་༔ ཏདྱ་ཐཱ༔ ཨོཾ་རཏྣ་ཨུཥྞཱི་ཥཱ་ཡ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ ཛྙཱ་ན་སིདྡྷི༔ ལོ་ཀ་སིདྡྷི༔ བཱ་སུ་སིདྡྷི་ནཱ་ནཱ་ཁ་དྷེ་སིདྡྷི༔ ཏེ་ཛོ་བ་སུ་སིདྡྷི༔ སརྦ་ཨརྛ་སིདྡྷི་ཕ་ལ་པུཥྚཾ་ཀུ་རུ་སྭཱ་ཧཱ༔ ཞེས་ལས་སྒྲུབ་པའི་སྔགས་ཀྱང་ཅི་རིགས་པར་བཟླའོ༔ ཐོད་པའི་རྟེན་ཡོད་ན་ཁྱད་པར་དུ་བྱིན་དབབ་པ་ནི༔ ཧཱུྃ༔ དངོས་གྲུབ་འབྱུང་བའི་ཡིད་བཞིན་ནོར༔ འདོད་འབྱུང་མཚན་ལྡན་ཀ་པཱ་ལ༔ ཕྱི་ལྟར་རིན་ཆེན་གཞལ་མེད་ཁང་༔ ནང་ལྟར་ཡེ་ཤེས་མཁའ་འགྲོའི་དལ༔ གསང་བ་མཉམ་པ་ཉིད་ཀྱི་དབྱིངས༔ དབྱེར་མེད་དགོས་འདོད་འབྱུང་བའི་གཏེར༔ སྒྲུབ་པའི་རྫས་མཆོག་འདི་ལགས་པས༔ རྩ་གསུམ་ནོར་ལྷ་རབ་འབྱམས་ཀྱིས༔ རྡོ་རྗེའི་སྐུ་ཡི་བྱིན་ཆེན་ཕོབ༔ གཟི་བརྗིད་འབར་བའི་རྟགས་མཚན་ཕྱུང་༔ ནུས་མཐུ་སྔགས་ཀྱི་བྱིན་ཆེན་ཕོབ༔ ཡིད་བཞིན་འདོད་འཇོའི་ཆོ་འཕྲུལ་སྟོན༔ གཉིས་མེད་དགོངས་པའི་བྱིན་ཆེན་ཕོབ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ མ་གཡེལ་མ་གཡེལ་དྷཱ་ཀིའི་ཚོགས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ རྣལ་འབྱོར་བདག་ལ་བརྩེར་དགོངས་ནས༔ སྒྲུབ་པའི་ལས་འབྲས་མཆིས་པར་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་རི་རཏྣ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ རཏྣ་ཀ་པཱ་ལ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོ༔ ཞེས་སྤོས་རོལ་དབྱངས་དང་བཅས་པས་བྱིན་དབབ་ཅིང་གཟི་བྱིན་བསྐྱེད་ལ༔ སྔགས་ཀྱི་མཐར༔ ཀ་པཱ་ལ་མ་ཎི་རཏྣ་སརྦ་སིདྡྷི་སིདྡྷི་ཀུ་རུ་ཧཱུྃ༔ ཞེས་བཏགས་པ་གཙོ་བོར་བཟླ་ཞིང་༔ རཏྣ་པུཎྱེ་སིདྡྷི་སིདྡྷི་ཧཱུྃ༔ དྷ་ན་མེ་དྷཱིཿ སིདྡྷི་སིདྡྷི་ཧཱུྃ༔ ནཱ་ནཱ་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ དྷཱ་ན་སཾ་བྷོ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་ལས་སྒྲུབ་པའི་སྔགས་ཀྱང་ཅི་རིགས་པར་བཟླ༔ དེ་ནི་སྔགས་ཀྱི་བཟླས་བརྗོད་ལ་བརྟེན་པ་ནོར་སྤེལ་བའོ༔ ཐུན་མཐར་དབྱངས་གསལ་རྟེན་སྙིང་གིས་ནུས་པ་བརྟན༔ གཏོར་མ་ནོར་བུའི་དབྱིབས་ཅན་རིན་ཆེན་འབྲུ་སྨན་དར་ཟབ་ཁ་ཟས་བཟང་རྒུས་བསྐོར་བ་ལ་བསང་ཆུས་བྲན༔ རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་ནོར་བུའི་སྣོད༔ འོད་འབར་རབ་ཏུ་ཡངས་པའི་ནང་༔ གཏོར་མ་ཟག་མེད་བདུད་རྩིའི་བཅུད༔ འདོད་རྒུའི་སྤྲིན་ཕུང་འཕྲོ་བར་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་འབུལ་བ་ནི༔ ཧཱུྃ༔ སྣོད་ཀྱི་འཇིག་རྟེན་རིན་ཆེན་གཏོར་གཞོང་དུ༔ བཅུད་ཀྱི་འབྱོར་པ་འདོད་འབྱུང་གཏོར་མར་བཤམས༔ ནོར་བུའི་བ་གམ་བརྗིད་དང་ལྡན་པ་ནི༔ རི་རབ་ལྷུན་པོ་བས་ཀྱང་དཔངས་རེ་མཐོ༔ མཁའ་འགྲོའི་གཏོར་མ་རྒྱན་གྱིས་སྤྲས་པ་ནི༔ གསེར་གྱི་རི་བདུན་བས་ཀྱང་བརྗིད་རེ་ཆེ༔ ཟག་མེད་བདུད་རྩིའི་ཕུད་ཀྱིས་བྲན་པ་ནི༔ རོལ་པའི་མཚོ་བདུན་ལས་ཀྱང་འཇིངས་རེ་ཟབ༔ བཟའ་བཅའ་བཏུང་བའི་ཚོགས་ཀྱིས་བསྐོར་བ་ནི༔ གླིང་བཞི་གླིང་ཕྲན་ལས་ཀྱང་བཀོད་རེ་ལེགས༔ དར་ཟབ་སྣ་ཚོགས་དཀོར་ཆས་གཏམས་པ་ནི༔ ལྕགས་རི་མུ་ཁྱུད་ལས་ཀྱང་ལྷུན་རེ་སྟུག༔ ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་མཉམ་པའི༔ འདོད་རྒུ་ཀུན་འབྱུང་གཏོར་མའི་ལོངས་སྤྱོད་ཆེ༔ རོ་བཅུད་ནུས་པ་ཁ་དོག་ཕུན་སུམ་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱ་བསམ་མི་ཁྱབ༔ ཏིང་འཛིན་དགོངས་བརྒྱུད་དག་པའི་རིག་རྩལ་གྱིས༔ སྲིད་ཞིའི་འབྱོར་ཚོགས་ནམ་མཁའ་མཛོད་ཀྱི་སྒོ༔ གཏན་པ་མེད་པའི་མཆོད་སྤྲིན་ཆེན་པོ་འདི༔ རྩ་བརྒྱུད་བླ་མའི་ཚོགས་ལ་མཆོད་པར་འབུལ༔ མཁའ་འགྲོ་ནོར་ལྷ་རབ་འབྱམས་ཐུགས་དམ་བསྐང་༔ འབུམ་ཕྲག་ཡངས་པའི་འཁོར་ཚོགས་དགྱེས་གྱུར་ནས༔ ནད་གདོན་སྡིག་སྒྲིབ་དབུལ་ཕོངས་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ལེགས་ཚོགས་རྒྱས་པར་མཛོད༔ སྙན་གྲགས་གཟི་བརྗིད་ནུས་སྟོབས་ཆེ་བར་མཛོད༔ འཁོར་འདས་ཕྱྭ་གཡང་དབང་དུ་འདུ་བར་མཛོད༔ མི་མཐུན་འགལ་རྐྱེན་བར་ཆོད་ཚར་བཅད་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་རབ་འབྱམས་ཀྱིས༔ དབང་བཅུའི་མངའ་ཐང་འཕེལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་རཏྣ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་ཀརྨ་སིདྡྷི་ཀུ་རུ་ཧཱུྃ༔ ཞེས་ལན་མང་དུ་འབུལ༔ གཞན་ཡང་མཆོད་སྐོང་གི་རིམ་པ་ཇི་ལྟར་རིགས་པར་བྱ༔ ཐུགས་དམ་སྐུལ་བ་ནི༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དགྱེས་པ་ཆེན་པོའི་གཟི་བྱིན་མཆོག་ཏུ་འབར༔ འོད་ཟེར་དང་ཕོ་ཉའི་ཚོགས་ཀྱིས་འཁོར་འདས་ཀྱི་ཁམས་ཐམས་ཅད་ལ་ཁྱབ༔ སྲིད་ཞིའི་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བཀུག་སྟེ་བདག་དང་རྟེན་རྫས་ལ་ཐིམ་པས་འདོད་རྒུ་འབྱུང་བའི་ནུས་པ་དང་ལྡན་པར་བྱས༔ གནས་ཁང་ཡུལ་འཁོར་ཐམས་ཅད་འདོད་རྒུའི་དཔལ་གྱི་འབྱོར་པ་ཟད་མི་ཤེས་པས་ཡོངས་སུ་གང་བར་བསམས་ལ་མདའ་དར་གཡབ༔ སྤོས་ཀྱི་དུད་སྤྲིན་འཐུལ༔ དབྱངས་དང་རོལ་མོའི་སྒྲ་སྙན་པར་སྦྱར་ཏེ༔ ཧཱུྃ་ཧྲཱི༔ རིག་འཛིན་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ནོར་ལྷ་རབ་འབྱམས་ཚོགས་རྣམས་ཀུན༔ རྩེ་གཅིག་མོས་པའི་གདུང་བས་རྒྱུད་བསྐུལ་ན༔ ཡེ་ཤེས་མཆོག་གི་ཐུགས་དམ་དུས་ལ་བབ༔ ཧཱུྃ༔ རིན་ཆེན་བདེ་གཤེགས་མཁའ་འགྲོ་རབ་འབྱམས་ཀྱིས༔ དབུས་ཕྱོགས་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་༔ ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་རྣམས༔ བར་སྣང་ཁམས་ཀྱི་ཆར་བཞིན་གནས་འདིར་ཕོབ༔ འཆི་མེད་ཚེ་ཡི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ རྒས་མེད་སྟོབས་ཀྱི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ ནད་མེད་རྩལ་གྱི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ བཅུད་ཅན་ཟས་ཀྱི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ བརྗིད་ལྡན་གོས་ཀྱི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ དཔལ་ཅན་ནོར་གྱི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ བང་མཛོད་འབྲུ་ཡི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ རྟ་ཕྱུགས་རྐང་བཞིའི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ གོ་མཚོན་དབྱིག་གི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ རིགས་བརྒྱུད་འཁོར་སློབ་ཕྱྭ་གཡང་ལོངས་སྤྱོད་ཁུག༔ སྙན་གྲགས་ནུས་མཐུའི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ བསོད་ནམས་དཔལ་གྱི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ དབང་ཐང་ཀླུང་རྟའི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ འདོད་རྒུའི་འབྱོར་བའི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ ཡེ་ཤེས་ཆེན་པོའི་ཕྱྭ་གཡང་ལོངས་སྤྱོད་ཁུག༔ ཕྱྭ་ཁུག་གཡང་སྐྱོབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཧཱུྃ༔ རིན་ཆེན་རྡོ་རྗེའི་མཁའ་འགྲོ་རབ་འབྱམས་ཀྱིས༔ ཤར་ཕྱོགས་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་༔ ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་རྣམས༔ ཉི་ཟླ་བཞིན་དུ་གནས་འདིར་འཆར་བར་མཛོད༔ འཆི་མེད་སོགས། ཧཱུྃ༔ རིན་ཆེན་འདོད་འབྱུང་མཁའ་འགྲོ་རབ་འབྱམས་ཀྱིས༔ ལྷོ་ཕྱོགས་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་༔ ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་རྣམས༔ སྤྲིན་ཕུང་བཞིན་དུ་གནས་འདིར་གཏིབས་པར་མཛོད༔ འཆི་མེད་སོགས། ཧཱུྃ༔ རིན་ཆེན་པདྨའི་མཁའ་འགྲོ་རབ་འབྱམས་ཀྱིས༔ ནུབ་ཕྱོགས་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་༔ ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་རྣམས༔ ཆུ་བོའི་རྒྱུན་བཞིན་གནས་འདིར་འདུ་བར་མཛོད༔ འཆི་མེད་སོགས། ཧཱུྃ༔ རིན་ཆེན་ལས་ཀྱི་མཁའ་འགྲོ་རབ་འབྱམས་ཀྱིས༔ བྱང་ཕྱོགས་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་༔ ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་རྣམས༔ སྐྱི་སེར་བཞིན་དུ་གནས་འདིར་འདྲིལ་བར་མཛོད༔ འཆི་མེད་སོགས། ཧཱུྃ༔ རིན་ཆེན་དམ་ཚིག་མཁའ་འགྲོ་རབ་འབྱམས་ཀྱིས༔ མཚམས་བཞིའི་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་༔ ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་རྣམས༔ བར་སྣང་རླུང་བཞིན་གནས་འདིར་གཡོ་བར་མཛོད༔ འཆི་མེད་སོགས། ཧཱུྃ༔ རིན་ཆེན་ཕོ་ཉའི་མཁའ་འགྲོ་རབ་འབྱམས་ཀྱིས༔ སྟེང་འོག་འཁོར་འདས་བརྟན་གཡོའི་དྭངས་བཅུད་དང་༔ ཕྱྭ་གཡང་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་རྣམས༔ ལོ་ཏོག་བཞིན་དུ་གནས་འདིར་སྨིན་པར་མཛོད༔ འཆི་མེད་སོགས། ཧཱུྃ་ཧྲཱི༔ གཡང་ཁང་བཀྲ་ཤིས་ཕོ་བྲང་ཉམས་རེ་དགའ༔ གཡང་རྫས་འདོད་རྒུའི་དཔལ་འབྱོར་བརྗིད་རེ་ཆེ༔ གཡང་རྟེན་ནོར་བུའི་བ་གམ་བཀོད་རེ་ལེགས༔ གཡང་བཤོས་ཉི་ཟླ་ནོར་བུ་བཀྲག་རེ་ཆེ༔ འཇིག་རྟེན་སྣོད་བཅུད་སྲིད་པའི་ཕྱྭ་དང་གཡང་༔ རབ་འབྱམས་དག་པའི་ཞིང་གི་དཔལ་དང་སྟོབས༔ འཁོར་འདས་ཀུན་གྱི་བཅུད་དང་དྭངས་མ་ཀུན༔ སྒྲུབ་པའི་རྫས་མཆོག་འདི་ལ་དབྱེར་མེད་སྟིམས༔ སྒྲུབ་མཆོག་རྣལ་འབྱོར་རྒྱུད་ལ་བྱིན་ཆེན་ཕོབ༔ གྲུབ་པའི་རྟགས་དང་མཚན་མ་མྱུར་དུ་ཕྱུངས༔ འདོད་རྒུའི་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ༔ མཆོག་ཐུན་བཀྲ་ཤིས་བདེ་ལེགས་བསྩལ་དུ་གསོལ༔ ཅེས་གྱེར་ཞིང་རྩ་བའི་སྔགས་དང་ལས་སྒྲུབ་པའི་སྔགས་མང་དུ་བཟླ༔ དེ་ལྟར་ཡང་ཡང་བསྐྱར་བས་གནས་ཁང་ཉམས་དགའ༔ སྒྲུབ་རྫས་བྱིན་ཆགས༔ རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ལ་བདེ་སྟོང་གི་ཉམས་འཆར་བ་སོགས་བྱུང་ན་ཚེ་གཡང་ཁུག་པའི་རྟགས་སུ་ངེས་པར་བྱས་ནས་རྟེན་འབྲེལ་སྙིང་པོའི་སྔགས་བཟླ་ཞིང་མེ་ཏོག་འཐོར་བས་ཀྱང་བརྟན་པར་བྱའོ༔ རྗེས་སུ་མཆོད་ཅིང་བསྟོད་ལ་དངོས་གྲུབ་གསོལ་བ་ནི༔ ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱད༔ ལྷག་མ་བཏང་༔ མཆོད་བསྟོད་རྒྱས་བསྡུས་གང་རུང་བྱ༔ རྟེན་རྫས་ཐོགས་ལ༔ ཧཱུྃ༔ བདེ་མཆོག་མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་ནས༔ གང་འདུལ་འདོད་རྒུའི་གར་སྒྱུར་འཕྲུལ་མོ་ཆེ༔ སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཐུགས་དམ་ཅན༔ རིན་ཆེན་མཁའ་འགྲོ་རྩ་གསུམ་ནོར་ལྷའི་ཚོགས༔ ཆོས་ཀྱི་དབྱིངས་ནས་གནས་འདིར་བརྩེ་དགོངས་ལ༔ བྱིན་རླབས་ནུས་རྩལ་གཟི་བྱིན་བསྐྱེད་དུ་གསོལ༔ འགྱུར་མེད་སྐུ་ཡི་དངོས་གྲུབ་ལུས་ལ་སྩོལ༔ འགག་མེད་གསུང་གི་དངོས་གྲུབ་ངག་ལ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཡིད་ལ་སྩོལ༔ དབྱེར་མེད་ཡེ་ཤེས་དངོས་གྲུབ་རྒྱུད་ལ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ འཛད་མེད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ བཅུད་ལྡན་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བཀྲག་ཅན་གོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ འཁོར་སློབ་རིགས་བརྒྱུད་དངོས་གྲུབ་བསྩལ་དུ་གསོལ༔ སྙན་གྲགས་སྟོབས་རྩལ་དངོས་གྲུབ་བསྩལ་དུ་གསོལ༔ དཔལ་འབྱོར་ལོངས་སྤྱོད་དངོས་གྲུབ་བསྩལ་དུ་གསོལ༔ ཡིད་བཞིན་འདོད་རྒུའི་དངོས་གྲུབ་བསྩལ་དུ་གསོལ༔ རིན་ཆེན་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ མཆོག་ཐུན་དངོས་གྲུབ་མ་ལུས་དེང་འདིར་སྩོལ༔ ཞེས་ཐུགས་དམ་བསྐུལ་ཞིང་༔ སྔགས་ཀྱི་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ ཛྙཱ་ན་སིདྡྷི་ཧྲཱི༔ ལོ་ཀ་སིདྡྷི་ཨཱཿསརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་རང་གི་གནས་ལྔར་རེག་པས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོབ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་སྐལ་བ་མཉམ་པར་བྱས༔ དངོས་གྲུབ་ཀྱི་རྫས་ལ་རོལ་པས་ཀྱང་འདོད་རྒུའི་ནུས་པའི་གཟི་བྱིན་གོང་ནས་གོང་དུ་འཕེལ་ཞིང་བརྟན་པར་བསམ་མོ༔ དེ་རྣམས་ནི་ཕྱྭའི་ཕྲིན་ལས་ལ་བརྟེན་ནས་གཡང་སྤེལ་བའི་རིམ་པའོ༔ དེ་ནས་སླར་ཡང་མཆོད་ཅིང་བསྟོད༔ ནོངས་པ་བཤགས༔ ཡེ་ཤེས་པ་བརྟན་པར་བཞུགས༔ བདག་ཉིད་ལྷར་གསལ་བ་ཆོས་ཀྱི་དབྱིངས་སུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་༔ བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ༔ དེ་ལྟ་བུའི་ཚུལ་གྱིས་རྩེ་གཅིག་ཏུ་བརྩོན་པས་དངོས་སུ་ཟས་ནོར་ལོངས་སྤྱོད་འདུ་བ་དང་༔ ཉམས་ཀྱི་སྣང་ཆར་བུད་མེད་དང་སྐྱེ་བོའི་ཚོགས་མང་པོས་བདག་ཉིད་ལ་འདུད་བསྟོད་བྱེད་པ༔ ལོངས་སྤྱོད་འབུལ་བ༔ རྨི་ལམ་དུ་ཉི་ཟླ་ཤར་བ༔ ཆར་བཟང་པོ་འབབས་པ༔ རྩི་ཤིང་ལོ་ཏོག་ཆུ་བོ་རྒྱས་པ་སོགས་བྱུང་ན་གྲུབ་པའི་རྟགས་སུ་ཤེས་པར་བྱས་ནས་དངོས་གྲུབ་བླངས་བས་ཚེ་རིང་བ་དང་༔ ནད་མེད་པ་དང་༔ དཔལ་འབྱོར་ལོངས་སྤྱོད་རྒྱས་པ་དང་༔ འདོད་རྒུའི་བསམ་པ་འགྲུབ་པ་དང་༔ མཐར་ཐུག་བདེ་ཆེན་གྱི་ཡེ་ཤེས་འཕེལ་པས་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ༔ སྒྲུབ་རྫས་རྣམས་མཛོད་ཀྱི་ཕུག་ཏུ་བཀུར་སྟི་དང་བཅས་ཏེ་བཞག༔ ཟས་གོས་ནོར་སྣའི་ཕུད་ཀྱིས་མཆོད༔ མི་ལ་མི་སྨྲ་བར་སྐབས་སུ་སྒྲུབ་པ་བསྐྱར༔ སྒྲུབ་རྫས་དམན་པ་རྣམས་ཀྱང་ནང་འཁོར་ཁོ་ནས་ལོངས་སྤྱད་པ་མ་གཏོགས་ཕྱིར་མི་གཏོང་བ་དམ་ཚིག་ཡིན་ནོ༔ དེ་ལྟར་ན་དེ་རྣམས་ནི་ཕྱི་རྟེན་དང་བསྐྱེད་བཟླས་ཀྱིས་ཐུན་མོང་གི་ནོར་སྤེལ་བའི་གདམས་པའོ༔ ས་མ་ཡ༔ གཉིས་པ་ནང་རླུང་གི་ལྕགས་ཀྱུས་ཁྱད་པར་གྱི་ནོར་དགུག་པ་ནི༔ རྣལ་འབྱོར་དང་ལྡན་པས་ལུས་གནད་བསྲང་༔ རླུང་རོ་བསལ༔ དགའ་ཞིང་དང་བའི་བསམ་པས་རང་སྐད་ཅིག་གིས་རིན་ཆེན་མཁའ་འགྲོ་མར་བསྐྱེད༔ རྩའི་སྟོང་ར་གསལ་གདབ༔ རྩ་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་བསམ༔ ཁྱད་པར་ལྟེ་འོག་རྩ་གསུམ་སྦུབས་གཅིག་པའི་དབུས་རིན་ཆེན་ཟུར་བརྒྱད་ཀྱི་ལྟེ་བར་གཏུམ་མོའི་མེ་དང་དབྱེར་མེད་པའི་ལས་བྱེད་ཀྱི་དྷཱ་ཀི་དམར་སེར་རིན་པོ་ཆེའི་ལྕགས་ཀྱུ་དང་ནོར་བུའི་ཐོད་པ་བསྣམས་པ་བདེ་དྲོད་ཀྱི་གཟི་བྱིན་ཉི་མ་ལྟར་འབར་བར་བསམ༔ ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་རོ་མའི་རླུང་དང་ལྷན་ཅིག་ཕྱིར་སོང་༔ འཁོར་འདས་བརྟན་གཡོའི་ཁམས་ཐམས་ཅད་ལ་ཁྱབ༔ སྲིད་ཞིའི་ཕྱྭ་གཡང་ལོངས་སྤྱོད་ཀྱི་དཔལ་དང་བཅུད་ཀྱི་དྭངས་མ་ཐམས་ཅད་འོད་སེར་པོའི་རྣམ་པར་བསྡུས༔ སྣ་གཡོན་ནས་རྐྱང་མའི་ལམ་བརྒྱུད༔ ལྟེ་བའི་མཁའ་འགྲོ་མ་ལ་ཐིམ་པས་གཟི་བརྗིད་ལྷག་པར་རྒྱས༔ བདེ་ཆེན་གྱི་ཉམས་འབར་བར་བསམས་ལ་བུམ་ཅན་ཁ་སྦྱོར་དུ་བཟུང་༔ དེ་ལྟ་བུ་ལན་གྲངས་མང་དུ་བྱ༔ མཐར་ལས་ཀྱི་ཕོ་ཉ་ལས་གཏུམ་མོའི་མེ་ཆོས་བཞི་ལྡན་དུ་འབར༔ དབུ་མའི་ནང་ནས་ཐལ་གྱིས་སོང་༔ འཁོར་ལོ་བཞིའི་ལྷ་ཚོགས་རྣམས་མཆོད༔ བདེ་དྲོད་ཀྱི་ཡེ་ཤེས་བསྐུལ༔ སྤྱི་བོའི་ཧྃ་ལ་རེག་པས་བདུད་རྩི་པདྨའི་སྣལ་མ་ལྟ་བུ་ནར་གྱིས་འབབས༔ འཁོར་ལོ་བཞི་གང་༔ གནས་སྐབས་བཞིའི་བག་ཆགས་དག༔ ཁྱད་པར་དེས་བསྐྱེད་པའི་ཉོན་མོངས་པ་སེར་སྣའི་རྒྱུ་དང་དབུལ་བའི་འབྲས་བུའི་ཉེར་ལེན་ལྷག་མེད་དུ་སྦྱངས༔ ཡེ་ཤེས་བཞིའི་དངོས་གྲུབ་ཐོབ་པར་བསམ༔ སོ་སོར་བུམ་ཅན་གྱིས་བརྟན༔ དེ་ལྟར་ཉམས་སུ་བླངས་པའི་མཐར་སྲིད་ཞིའི་དྭངས་བཅུད་ལྟེ་བའི་མཁའ་འགྲོ་མར་འདུས༔ དེ་གདན་དང་བཅས་པ་ཐིག་ལེ་སེར་པོར་གྱུར༔ ཡར་བྱུང་སྙིང་གའི་ས་བོན་རིཿཡིག་དང་དབྱེར་མེད་དུ་འདྲེས༔ དེ་ཉིད་ཀྱང་རང་རིག་པའི་ཀློང་དུ་ཐིམ་པས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་རཏྣ་དྷཱ་ཀི་ནཱི་དང་དབྱེར་མེད་པའི་གོ་འཕང་བརྙེས་པར་བསམས་ལ་འཇམ་རླུང་བཟུང་ཞིང་༔ སྟོང་གསལ་མཉམ་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་གོ༔ དེ་ལྟ་བུ་རྩེ་གཅིག་ཏུ་ཉམས་སུ་བླངས་པས་གནས་སྐབས་ལུས་གཟི་བརྗིད་ལྡན༔ ངག་ནུས་པ་འབར༔ ཡིད་རྟོགས་པ་ཐོབ་པས་སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་ལ་བརྟེན་ནས་འདོད་རྒུའི་འབྱོར་པ་ཆར་བཞིན་དུ་འབབས༔ བསམ་དོན་ཐམས་ཅད་འགྲུབ༔ ཚེ་རིང་༔ ནད་ཉུང་༔ གང་དུ་གནས་པར་བཀྲ་ཤིས་ཤིང་བྱིན་ཆགས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ༔ མཐར་ཐུག་ཡེ་ཤེས་དྲི་མ་མེད་པ་མངོན་དུ་འགྱུར་བ་ཡིན་ནོ༔ དེ་ནི་ནང་རླུང་གི་ལྕགས་ཀྱུས་ཁྱད་པར་གྱི་ནོར་དགུག་པའི་རིམ་པ་ཟབ་མོའོ༔ ས་མ་ཡ༔ གསུམ་པ་གསང་བ་དགོངས་པ་མི་འགྱུར་བའི་ཡེ་ཤེས་ཀྱིས་དོན་གྱི་འདོད་རྒུ་སྨིན་པར་བྱེད་པ་ནི༔ བསྐྱེད་བཟླས་རླུང་གི་རྣལ་འབྱོར་ལ་ཅི་རིགས་པར་གོམས་པའམ༔ དབང་པོ་རྣོན་པོ་ཅིག་ཅར་བའི་རིགས་ཅན་རྣམས་ཀྱིས་འདི་ལྟར་ཉམས་སུ་བླངས་ཏེ༔ དུས་དང་རྒྱུན་གྱི་སྐབས་རྣམས་སུ་ལུས་བསྲང་ཞིང་ཁོང་ཀློད༔ རླུང་འགྲོ་འོང་རང་བབས་སུ་བཞག༔ སེམས་དུས་གསུམ་གྱི་སྤྲོས་པ་བཅད༔ ཕྱི་རོལ་པའི་སྣང་བ་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱྭ་གཡང་ལོངས་སྤྱོད་དྭངས་བཅུད་དགེ་མཚན་དུ་བཏགས་པ་ཐམས་ཅད་རང་གི་སེམས་ཀྱི་སྣང་ཆ་རྟེན་འབྲེལ་གྱི་རོལ་པར་ཐག་བཅད༔ སེམས་འདས་པའི་རྟོག་པ་འགགས༔ མ་འོངས་པ་མ་སྐྱེས༔ ད་ལྟའི་ཤེས་པ་སྐད་ཅིག་མ་དུས་གསུམ་མཉམ་ཉིད༔ སྲིད་ཞི་མཉམ་ཉིད༔ སྤྲོས་པའི་མཐའ་ཐམས་ཅད་མཉམ་པ་ཉིད་དུ་ངེས་ཤེས་བསྐྱེད༔ དེའི་ངང་བསྐྱང་༔ བར་རླུང་ཐད་ཀར་བཟུང་༔ རླུང་སེམས་རིག་པ་དྲིལ་ཏེ་ཀ་དག་ཟང་ཐལ་རྗེན་པར་བསྐྱང་བ་ལ་བརྟན་པ་ཐོབ་པས་སྣང་བས་ཤེས་པ་མ་བསླུས་པས་སྣང་བ་དབང་དུ་འདུས༔ ཤེས་པས་རིག་པ་མ་བསླད་པས་རིག་པ་རང་སོ་ཟིན༔ རིག་གདངས་རླུང་སེམས་དང་འདྲེས་པས་རླུང་རིག་དྭངས་མར་སྨིན༔ དྭངས་མ་ཡེ་ཤེས་སུ་ཤར་བས་འཁོར་འདས་བརྟན་གཡོ་ཀུན་ལ་དབང་བསྒྱུར་བས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་མངོན་དུ་འགྱུར་བ་ཡིན་ནོ༔ དེ་ནི་གསང་བ་དགོངས་པ་མི་འགྱུར་བའི་གཟེར་གྱིས་དོན་གྱི་འདོད་རྒུ་སྨིན་པར་བྱེད་པའི་རིམ་པ་མཐར་ཐུག་པའོ༔ ས་མ་ཡ༔ ཞར་བྱུང་དངོས་གྲུབ་བླང་བའམ༔ སློབ་མ་ལ་དབང་བསྐུར་ན་མཎྜལ་ཕུལ༔ རྣལ་འབྱོར་མ་དང་དབྱེར་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ལ་རིན་ཆེན་མཁའ་འགྲོ་མའི༔ དངོས་གྲུབ་མཆོག་གི་དབང་བསྐུར་སྩོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ༔ རྒྱུད་སྦྱང་༔ ཡེ་ཤེས་དབབ་བརྟན་བྱ༔ ཐུགས་དམ་བསྐུལ༔ གཏོར་མ་རིན་ཆེན་མཁའ་འགྲོ་མ་རྩ་གསུམ་ནོར་ལྷ་རབ་འབྱམས་མཁའ་འགྲོ་འབུམ་གྱིས་བསྐོར་བ་མངོན་སུམ་དུ་གསལ་བ་སྤྱི་བོར་བྱོན༔ བདེ་བ་ཆེན་པོའི་གཟི་བརྗིད་འབར༔ ཡེ་ཤེས་ཀྱི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས༔ འཁོར་འདས་བརྟན་གཡོའི་ཕྱྭ་གཡང་ལོངས་སྤྱོད་དྭངས་བཅུད་ཐམས་ཅད་ཆར་བཞིན་དུ་བབས་ནས་འདོད་རྒུའི་འབྱོར་པ་ཟད་མི་ཤེས་པ་ལ་དབང་བསྒྱུར་བར་བསམས་ལ་གཏོར་མ་སྤྱི་བོར་བཞག༔ ཨོཾ་གཏོར་སྣོད་རིན་ཆེན་གཞལ་མེད་ཁང་༔ གཏོར་མ་ལྷ་ཡི་ངོ་བོར་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདོད་དགུའི་དཔལ་འབྱོར་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་རི་རཏྣ་དྷཱ་ཀི་ནཱི་སརྦ་བ་སུ་སིདྡྷི་སྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་དབྱེར་མེད་དུ་ཐིམ་པས་རིན་ཆེན་མཁའ་འགྲོ་མ་འཁོར་དང་བཅས་པའི་ཡེ་ཤེས་རྒྱུད་ལ་ཞུགས་པར་བསམ༔ བདུད་རྩིའི་སྣོད་ཐོགས་ལ༔ སྲིད་ཞིའི་དྭངས་བཅུད་བདུད་རྩིའི་རྒྱུན་མགྲིན་པར་བཞག་ཅིང་མྱངས་བས་རྩ་ཁམས་ཐམས་ཅད་གང་༔ ཉོན་མོངས་པའི་རྟོག་པ་འགགས༔ རླུང་སེམས་ལ་དབང་བསྒྱུར་བས་འཁོར་འདས་བདེ་ཆེན་གྱི་ཐིག་ལེར་དག་པར་བསམ༔ ཨཱ༔ རྩ་རླུང་ཐིག་ལེའི་སྣོད་མཆོག་ཏུ༔ སྲིད་ཞིའི་དྭངས་བཅུད་ཐིག་ལེར་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བདེ་ཆེན་འདོད་རྒུ་རྒྱས་པར་ཤོག༔ ཝཱ་ཀ་སིདྡྷི་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་བདུད་རྩི་སྦྱིན༔ ཐོད་པའི་རྟེན་སྙིང་གར་བཞག་ལ༔ དབྱིངས་རིག་མཚོན་པའི་ཐོད་པ་སྣོད་བཅུད་ཡོངས་རྫོགས་རིན་ཆེན་མཁའ་འགྲོ་མའི་རང་བཞིན་དུ་བཞུགས་པ་སྙིང་གར་བཞག་པས་མཉམ་ཉིད་ཁྱབ་གདལ་ཆེན་པོའི་རྟོགས་པ་བསྐྱེད་ཅིང་༔ ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་དབང་བསྒྱུར་བར་བསམས་ལ༔ ཧཱུྃ༔ མཉམ་ཉིད་ཁྱབ་གདལ་ཀ་པཱ་ལར༔ ཡེ་ཤེས་ཆེན་པོའི་བཅུད་ཀྱིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རིག་རྩལ་ཏིང་འཛིན་རྒྱས་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད༔ མཐར་མེ་ཏོག་འཐོར་བ་དང་བཅས༔ ཨོཾ༔ རྩ་གསུམ་ནོར་ལྷ་རབ་འབྱམས་བདེན་སྟོབས་ཀྱིས༔ འཁོར་འདས་ཕྱྭ་གཡང་འདོད་རྒུའི་དཔལ་འབྱོར་རྒྱས༔ རླུང་སེམས་དབང་འདུས་དགོངས་པའི་རྩལ་ཆེན་རྫོགས༔ བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་དང་རྟེན་འབྲེལ་སྙིང་པོས་བརྟན་པར་བྱའོ༔ དངོས་གྲུབ་དང་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱད་དོ༔ དེ་ལྟར་བྱས་པས་ཡེ་ཤེས་མཁའ་འགྲོ་མའི་བྱིན་རླབས་ཞུགས༔ འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་དབང་དུ་འདུ༔ ལས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བཀའ་ཉན་ཅིང་གནས་སྐབས་སུ་འདོད་རྒུའི་དཔལ་འབྱོར་རྒྱས༔ ཅི་བསམ་འགྲུབ༔ མཐར་ཐུག་ཕོ་ཉས་གྲོགས་མཛད་དེ་བདེ་ཆེན་གྱི་སྐུ་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ མཁའ་འགྲོ་འདུས་པའི་ནོར་སྒྲུབ་ཀྱི་མན་ངག་གཞན་ལས་ཁྱད་པར་དུ་འཕགས་པ་ཨོ་རྒྱན་བདག་གིས་རྒྱུད་དང་མན་ངག་ལས་བཏུས་ཏེ་རྡོ་རྗེའི་གཟུངས་མ་མཁར་ཆེན་བཟའ་ལ་གདམས༔ མ་འོངས་ཕྱི་མ་ཕྱི་མའི་དོན་དུ་གཏད་པ་སྩྱོོགས་སྩྱོོགས་སྩྱོོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཡེ་ཤེས་ཀྱི་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་དབང་སྡུད།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་དབང་སྡུད་བཞུགས༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་དབང་གི་ཕྲིན་ལས་བརྩམ་པའི་ཚུལ་ལ་དོན་གསུམ་སྟེ༔ ཕྱི་འཇིག་རྟེན་དབང་དུ་བསྡུ་བ༔ ནང་རླུང་སེམས་དབང་དུ་བསྡུ་བ༔ གསང་བ་སྣང་སེམས་དབང་དུ་བསྡུ་བའོ༔ ས་མ་ཡ༔ དེ་ལ་དང་པོ་བསྐྱེད་བཟླས་ཕྲིན་ལས་ལ་བརྟེན་ནས་ཕྱི་འཇིག་རྟེན་དབང་དུ་བསྡུ་བ་ནི༔ དབེན་པའི་གནས་སུ་ཤིན་ཏུ་གསང་བས་ཚུལ་འདི་བསྒྲུབ་པར་བྱ་སྟེ༔ སྨད་འཚོང་མས་ཉལ་པོ་བྱས་པའི་ས་ལ་སྟེགས་བུ་བརྩིགས༔ བྱང་སེམས་ཀྱིས་ཆག་ཆག་གདབ༔ མཚན་མའི་དཀྱིལ་འཁོར་ཇི་ལྟར་རིགས་པ་བཞེངས༔ ཁྱད་པར་དུ་སྐུའི་རྟེན་བྲིས་སྐུ༔ གསུང་གི་རྟེན་སྲོག་འཁོར༔ ཐུགས་ཀྱི་རྟེན་མཚན་ལྡན་བནྡྷའི་སྣོད་དུ་རིལ་བུ་བཤམ་པར་བྱས་ཏེ༔ བྲིས་སྐུ་ནི༔ གཞོན་ནུ་མའི་དང་པོའི་རྡུལ་གྱིས་གོས་པའི་རས་ལ༔ ལྷ་བཟོ་མཛེས་ཤིང་ལང་ཚོ་ལ་བབས་པས༔ རང་བྱུང་གི་མེ་ཏོག༔ སིནྟུ་ར༔ གི་ཝཾ༔ རྒྱ་སྐྱེགས༔ ཙནྡན་དམར་པོ་དང་བཅས་པའི་ཚོན་སྦྱར༔ བདུད་རྩི་ཆེན་པོའང་གདབ༔ དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་དམ་ཚིག་གི་བྲིས་སྐུ་ཚད་དང་ལྡན་པ༔ ཉམས་འགྱུར་ཕུན་སུམ་ཚོགས་པ་བྲི༔ རྒྱབ་ཏུ་སྔགས་དང་གསོལ་བྱང་དགོད༔ རབ་ཏུ་གནས་པ་བྱ༔ སྲོག་འཁོར་ནི༔ གོང་དང་འདྲ་བའི་གཞི་དམར་པོར་འཁོར་ལོ་མུ་ཁྱུད་གསུམ་ལྡན་གྱི་ལྟེ་བར་ས་བོན་སྔགས་ཀྱིས་བསྐོར་བ༔ གོང་རས་ལ་ལས་སྔགས༔ མུ་ཁྱུད་དང་པོ་ལ་འདབ་མ་བཞིར་བྱས་པའི་ཤར་ནས་རིམ་པར༔ ཧ་བཛྲ་དྷཱ་ཀུ་ནཱི་སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧོ༔ དེ་བཞིན་དུ༔ རི་རཏྣ་དྷ་ཀི་ནཱི་དང་༔ བཾ་བུདྡྷ་དྷཱ་ཀི་ནཱི་དང་༔ ས་ཀརྨ་དྷཱ་ཀི་ནཱི་རྣམས་ལ་སརྦ་སོགས་སྤེལ༔ གཉིས་པར་པད་འདབ་བཅུ་དྲུག་ལ་ཧྲཱིཿབཅུ་དྲུག༔ གསུམ་པར་དབྱངས་གསལ་འདོད་གསོལ་རྟེན་སྙིང་སོགས་དགོད༔ འོད་ཟེར་གྱི་པ་ཏྲས་མཛེས་པར་བྱ༔ རིལ་བུའི་རྫས་ཀྱིས་བྱུགས་ལ་རབ་ཏུ་གནས་པར་བྱའོ༔ རིལ་བུ་ནི༔ པདྨ་རཱ་ག༔ གི་ཝཾ༔ ཙནྡན་དམར་པོ༔ ལན་ཚྭ༔ མེ་ཏོག་གླང་སྣ༔ ཨུཏྤལ་དམར་པོ༔ སེ་འབྲུ༔ ཤིང་ཀུན༔ ག་བུར༔ དྲི་བཟང་༔ ལི་ཤི༔ རྡོ་མཚལ༔ ཁྱད་པར་ཁྱེའུ་ཕོ་མོ་མགོ་གཙང་གི་དང་པོའི་ཁམས་དཀར་དམར་བདུད་རྩི་ཆེན་པོ་མྱོས་བྱེད་སྦྲང་རྩི་བཅས་སྦྱར་བའི་ཆུའི་རིལ་བུ་ཆེ་ཆུང་སྲན་ཟླུམ་ཙམ་དུ་དྲིལ༔ རབ་ཏུ་གནས༔ དར་དམར་པོས་ཐུམས་ལ་བྷནྡྷ་མཚན་བཟང་གི་ནང་དུ་འབྲུ་སྨན་མེ་ཏོག་མདོག་དམར་སྣུམ་དྲི་བཟང་པོའི་རིགས་ཀྱི་འབྲས་བུ་དང་བཅས་ལྷན་ཅིག་ཏུ་གཞུག་གོ༔ དེ་རྣམས་ས་རྡུལ་གྱི་དབུས་སུ་རྟེན་བཅའ༔ གཏོར་ཚོགས་མཆོད་པ་བཟང་དུ་བཤམ༔ དེ་ནི་སྟ་གོན་གྱི་རིམ་པའོ༔ དེ་ནས་ཆོ་ག་དངོས་ལའང་སྔོན་དངོས་རྗེས་གསུམ་ལས༔ སྔོན་འགྲོ་སྐྱབས་སེམས་ནི༔ ཧྲཱི༔ བདེ་ཆེན་དབང་མཛད་མཁའ་འགྲོ་མར༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ རབ་འབྱམས་དབང་གི་ཕྲིན་ལས་བསྒྲུབ༔ བགེགས་བསྐྲད་པ་ནི༔ ཧཱུྃ་དབང་ཆེན་འབར་བའི་དཀྱིལ་འཁོར་འདིར༔ བགེགས་ཚོགས་འདུག་པའི་སྐབས་མེད་པས༔ རང་རང་གནས་སུ་བདེ་བར་དེངས༔ བཀའ་ལས་འདས་ན་རྡུལ་དུ་བརླག༔ ཧྲཱིཿ པདྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ མཚམས་བཅད་པ་ནི༔ ཧཱུྃ༔ པདྨ་འབར་བའི་གཞལ་ཡས་ཁང་༔ བདེ་ཆེན་ཐིག་ལེ་གཅིག་ཏུ་འཁྱིལ༔ རྡོ་རྗེ་སྲུང་བའི་གུར་གྱིས་གཏམས༔ མཚམས་ཀྱི་ཕྱག་རྒྱ་ཆེན་པོར་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་ཛྙཱ་ན་བྷྲཱུྃ༔ བྱིན་དབབ་པ་ནི༔ ཧྲཱི༔ རྩ་གསུམ་པདྨ་དྷཱ་ཀི་ནི༔ མཁའ་འགྲོ་རབ་འབྱམས་ལྷ་ཚོགས་ཀྱིས༔ གནས་འདིར་དབང་བསྐུར་བྱིན་གྱིས་རློབས༔ མཆོད་རྫས་ཡེ་ཤེས་རོལ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་པདྨ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཛྙཱ་ན་ཨཱ་བེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་སརྦ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་ཐོག་མར་ལྷ་བསྐྱེད་པ་ནི༔ ཧྲཱིཿ སོ་སོར་ཀུན་རྟོག་དེ་བཞིན་ཉིད༔ ཡེ་ཤེས་རྗེས་ཆགས་སྙིང་རྗེའི་རྩལ༔ ཟུང་འཇུག་ནིཿཡིག་རཱ་གའི་མདངས༔ མཁའ་ལས་སྤྲིན་ལྟར་ངང་གིས་ཤར༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ གཟུང་འཛིན་སྟོང་ཉིད་ཆེན་པོར་སྦྱངས༔ སྟོང་པའི་ངང་ལས་ཡུམ་ལྔའི་མཁའ༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ རྡོ་རྗེའི་སྲུང་འཁོར་དུར་ཁྲོད་དབུས༔ དབང་གི་ཕོ་བྲང་ཟླ་གམ་ཆེ༔ འོད་ཟེར་དམར་པོ་རབ་ཏུ་འཁྲུགས༔ ཐིག་ལེའི་སྒོ་གཅིག་ནུབ་ཏུ་བསྟན༔ དེ་དབུས་པདྨ་འདབ་བཞི་པའི༔ ལྟེ་བར་ཉི་ཟླ་བམ་རོའི་སྟེང་༔ ནིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ དབང་མཛད་པདྨ་དྷཱ་ཀི་ནི༔ དམར་གསལ་ཉི་གཞོན་འཆར་ཁའི་མདངས༔ ཞི་འཛུམ་ཤིན་ཏུ་ཆགས་པའི་ཉམས༔ དབུ་སྐྲ་སིལ་བུ་མེ་ཏོག་བརྒྱན༔ རྣ་ལྟག་བདེ་ཆེན་ཕག་གི་སྒྲས༔ ས་གསུམ་གཡོ་ཞིང་ཟིལ་གྱིས་གནོན༔ ཕྱག་གཡས་པདྨའི་གྲི་གུག་གིས༔ འཁོར་འདས་ཐམས་ཅད་དབང་དུ་སྡུད༔ གཡོན་པས་ཐོད་པ་ཁྲག་བཀང་གིས༔ རབ་འབྱམས་དབང་གི་དངོས་གྲུབ་སྩོལ༔ མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག༔ པདྨ་ཁྲག་འཐུང་ངོ་བོར་འཁྱུད༔ སྤྱན་གསུམ་དམར་ཟླུམ་ཟུར་མིག་གིས༔ བརྟན་གཡོའི་དངོས་ཀུན་ཐོགས་མེད་འགུགས༔ ཐོད་སྐམ་དབུ་རྒྱན་དོ་ཤལ་དང་༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཨུཊྤལ་དམར་པོའི་ཕྲེང་བ་སོགས༔ གཞོན་ནུ་མྱོས་མའི་སྒེག་པ་འཆང་༔ འོད་ཟེར་དམར་པོ་འཁྲུགས་པའི་ཀློང་༔ བརྐྱང་བསྐུམ་གར་གྱི་བདེ་བས་རོལ༔ ཤར་སོགས་ཕྱོགས་བཞིའི་འདབ་མ་ལ༔ རྡོ་རྗེ་རིན་ཆེན་བདེ་གཤེགས་ལས༔ རིགས་བཞིའི་མཁའ་འགྲོ་ཐམས་ཅད་ཀྱང་༔ དམར་གསལ་ཁྲོ་འཛུམ་ཆགས་ཉམས་འབར༔ གཡས་རྣམས་རང་རྟགས་གྲི་གུག་གདེངས༔ གཡོན་པས་ཐོད་པ་ཁྲག་བཀང་བསྣམས༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ གཞན་ཡང་བླ་མ་ཡི་དམ་ལྷ༔ གནས་གསུམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ རབ་འབྱམས་དབང་གི་ཕྲིན་ལས་ལ༔ བདེ་ཆེན་གར་བསྒྱུར་སྤྲིན་ལྟར་གཏིབས༔ དབང་ཆེན་རྟ་མཆོག་སྐུ་མདོག་དམར༔ པདྨ་ཐོད་འཛིན་ཡུམ་དང་སྦྱོར༔ ཁྲོ་བོའི་ཆས་རྫོགས་ནུབ་ཀྱི་སྒོར༔ དངོས་གྲུབ་བར་ཆད་བསྲུང་ཕྱིར་བཞུགས༔ སྟོང་པའི་རང་གཟུགས་ལྷ་ཡི་ཚུལ༔ སྣང་བ་སྒྱུ་མ་ཕྱག་རྒྱའི་ལྷ༔ རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔ ཁ་སྦྱོར་བདེ་བའི་ཅོད་པན་འཆང་༔ ཧྲཱིཿ པདྨ་དྷ་ཀི་ནཱི་མཎྜ་ལ་ཨཱཏྨ་ཀོ྅་ཧ༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿ ཨོཾ་ཏྲཱྃ་ཧཱུྃ་ཨཿ སྤྱན་འདྲེན་བཞུགས་གསོལ་ནི༔ ཧྲཱིཿཧྲཱིཿ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ སྒྲ་སྒྲོག་པདྨ་དྷཱ་ཀི་ནཱི༔ རྩ་གསུམ་རྒྱལ་བ་རབ་འབྱམས་དང་༔ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས༔ བདེ་སྟོང་རོལ་པས་གནས་འདིར་གཤེགས༔ བདེ་བ་ཆེན་པོའི་དབང་མཆོག་སྐུར༔ རབ་འབྱམས་དབང་གི་དངོས་གྲུབ་སྩོལ༔ དམ་ཡེ་དབྱེར་མེད་བརྟན་པར་བཞུགས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་པདྨ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན༔ ཕྱག་མཆོད་བསྟོད་པ་ནི༔ ཧྲཱིཿ གང་ཞིག་ཡིད་ལ་དྲན་པས་ཀྱང་༔ འཁོར་འདས་དངོས་ཀུན་དབང་དུ་སྡུད༔ ཆགས་མེད་པདྨ་མཁའ་འགྲོ་མའི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ་ཨཱཿཧཱུྃ༔ ཡིད་འཕྲོག་བཀོད་པ་ཕུན་སུམ་ཚོགས་པའི་གཏེར༔ ཉེར་སྤྱོད་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྨན་གཏོར་རཀྟའི་ལོངས་སྤྱོད་བསམ་མི་ཁྱབ༔ འབུལ་ལོ་བཞེས་ནས་དབང་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷཱ་ཀི་ནཱི་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེེ་བི་དྱཱ་ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ ཀུན་རྟོག་ཡེ་ཤེས་ཕྱག་རྒྱའི་གཟུགས་སུ་ཤར༔ ཞི་འཛུམ་བདེ་ཆེན་ཆགས་པའི་ཉམས་འགྱུར་རྒྱས༔ འཁོར་འདས་དབང་མཛད་པདྨ་དྷཱ་ཀི་ནཱི༔ རྩ་གསུམ་རབ་འབྱམས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་གསལ་བཏབས་པས་ལྷ་སྐུ་རྗེས་ཆགས་དབང་གི་ཉམས་འགྱུར་མཆོག་ཏུ་འབར་བ་ལ་གཞོན་ནུ་མ་ལང་ཚོ་ལ་བབ་པ་བདེ་བས་སིམ་པ་བཞིན་ཡིད་རྩེ་གཅིག་ཏུ་འཇོག༔ གསལ་སྣང་འདོན༔ རྩལ་སྣ་ཚོགས་སུ་སྦྱང་༔ ང་རྒྱལ་བརྟན་པོར་གཟུང་༔ དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་ལ་བསླབས་པས་ཐ་མལ་གྱི་སྣང་ཞེན་ངང་གིས་འགོག་ནུས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ལ༔ དེ་ལྟ་བུའི་བཟླས་བརྗོད་དང་ལས་ཀྱི་སྦྱོར་བ་གཞན་ལ་མ་བརྟེན་པར་འཁོར་འདས་ཐམས་ཅད་ངང་གིས་དབང་དུ་འདུ་བར་འགྱུར་རོ༔ དེའི་ཡན་ལག་ཏུ་བཟླས་པ་བྱ་བ་ནི༔ རང་ཉིད་པདྨ་དྷཱ་ཀི་ནཱིའི༔ ཐུགས་ཀར་པད་ཉི་བམ་རོའི་སྟེང་༔ ལས་ཀྱི་མཁའ་འགྲོ་རིག་བྱེད་མ༔ དམར་གསལ་ཞལ་གཅིག་ཕྱག་བཞི་མ༔ ཁྲོ་ཆགས་སྒེག་ལྡན་སྤྱན་གསུམ་གཡོ༔ ཨུཏྤལ་དམར་པོའི་མདའ་གཞུ་འགེངས༔ ལྕགས་ཀྱུ་གདེངས་ཤིང་ཞགས་པ་འཕེན༔ རིན་ཆེན་རུས་རྒྱན་སྟག་ཤམ་འཕྱང་༔ གཡས་བསྐུམས་གཡོན་བརྐྱངས་གར་ཐབས་ཀྱིས༔ ཡེ་ཤེས་མེ་ཕུང་དབུས་ན་འགྱིང་༔ དེ་ཡི་ཐུགས་ཀའི་པདྨོ་རུ༔ ཉི་མའི་གདན་ལ་ནིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བཟླས་པའི་རྐྱེན་གྱིས་འོད་ཟེར་འཕྲོས༔ འཁོར་འདས་བརྟན་གཡོའི་ཁམས་ཀུན་ཁྱབ༔ འཕགས་པ་མཆོད་ཅིང་ཐུགས་དམ་སྐུལ༔ སེམས་ཅན་མ་དག་དྲི་མ་སྦྱངས༔ ཚུར་འདུས་སྲིད་ཞིའི་ཕུན་ཚོགས་ཀྱིས༔ དྭངས་བཅུད་འོད་དམར་རྣམ་པར་བསྡུས༔ ས་བོན་ལ་ཐིམ་བདེ་སྟོང་འབར༔ སྣང་སེམས་དབང་འདུས་ཡེ་ཤེས་ཀྱིས༔ གཟུགས་སྒྲ་དྲན་རྟོག་ཐམས་ཅད་ཀུན༔ རབ་འབྱམས་པདྨ་མཁའ་འགྲོ་མའི༔ སྐུ་གསུང་ཐུགས་ཀྱི་རོལ་པར་ཤར༔ ཞེས་དགོངས་པའི་གདིང་བསྐྱེད་ལ༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཞེས་འབུམ་ཕྲག་བཞི་བཟླས་པས་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ སྐབས་སུ་ལས་ཀྱི་སྔགས་སྤེལ་བ་ནི༔ སརྦ་ཛྙཱ་ན་ཧྲཱིཾ་ཧྲཱིཾཿ སརྦ་ལོ་ཀ་ཛཿཛཿ སརྦ་སིདྡྷི་སིདྡྷི་ཧཱུྃ་ཧཱུྃ༔ སརྦ་ཨརྠ་ཝཱ་ཤཾ་ཀུ་རུ་ཧོ༔ སླར་ཡང་གཙོ་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ འཁོར་གྱི་མཁའ་འགྲོ་རིགས་བཞིའི་ཐུགས་རྒྱུད་བསྐུལ༔ དགེས་པ་ཆེན་པོའི་གཟི་བྱིན་བསྐྱེད༔ བདེ་བ་ཆེན་པོའི་འོད་ཟེར་མཆོག་ཏུ་འབར་བས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཡེ་ཤེས་དང་༔ ལྷ་ཀླུ་མིའི་སྣང་བ་ཐམས་ཅད་འོད་དམར་པོའི་རྣམ་པར་བསྡུས་ནས་རང་གི་ཐུགས་སྲོག་ས་བོན་ལ་ཐིམ་པས་སྣང་སེམས་དབང་དུ་འདུས་པར་བསམས་ལ༔ ཨོཾ་བཛྲ་དྷཱ་ཀི་ནཱི་སརྦ་ཛྙཱ་ན་ཝཱ་ཤཾ་ཀུ་རུ་ཧྲཱིཾ་ཧྲཱིཾ༔ ཨོཾ་རཏྣ་དྷཱ་ཀི་ནཱི་སརྦ་དེ་བ་ཝཱ་ཤཾ་ཀུ་རུ་ཧོ༔ ཨོཾ་བུདྡྷ་དྷཱ་ཀི་ནཱི་སརྦ་མ་ནུ་ཥྱ་ཝ་ཤཾ་ཀུ་རུ་ཛ་ཛཿ ཨོཾ་ཀརྨ་དྷཱ་ཀི་ནཱི་སརྦ་ནཱ་ག་ཝཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ༔ ཞེས་འབུམ་ཕྲག་རེ་བཟླའོ༔ བསྒོམས་པ་དང་བཟླས་པས་དངོས་སུ་ཞལ་མཐོང་བ༔ གསུང་ཐོས་པ༔ བདེ་ཆེན་གྱི་ཉམས་སྐྱེ་བ༔ ཉམས་སུ་དེ་རྣམས་ཅི་རིགས་པ་འབྱུང་བ༔ རྨི་ཉམས་ཐམས་ཅད་དུ་སྣང་སྲིད་དབང་དུ་འདུ་བའི་རྟགས་མཐོང་བར་འགྱུར་རོ༔ ཐུན་མཚམས་སུ་ལས་མྱུར་བའི་ཕྱིར་སིནྡྷུ་ར་དང་ཅང་རྒོད་ཀྱི་ཕུད་སྦྱར་བ་དང་༔ མེ་ཏོག་དམར་པོ་འབུལ་ཞིང་༔ ཨོཾ་ཨཱཿཧཱུྃཿ འཁོར་འདས་བརྟན་གཡོའི་དྭངས་བཅུད་འདུས་པའི་རྒྱུན༔ བདེ་མཆོག་ཆགས་པ་ཆེན་པོའི་དམར་འོད་འབར༔ ཡེ་ཤེས་འོད་ཟེར་མེ་ཏོག་ཆར་འབེབས་པའི༔ ཟག་མེད་བདུད་རྩི་ཕུད་ཀྱི་མཆོད་པ་འདི༔ བླ་མ་ཡི་དམ་པདྨ་དྷཱ་ཀི་ནཱི༔ རབ་འབྱམས་དབང་གི་ལྷ་ཚོགས་རྣམས་ལ་འབུལ༔ རྗེས་ཆགས་བདེ་སྟོང་རོལ་པའི་གཟི་བྱིན་སྐྱེད༔ ལས་ཀྱི་དངོས་གྲུབ་མ་ལུས་མྱུར་དུ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་པདྨ་དྷཱ་ཀི་ནི་སརྦ་ས་མ་ཡ་མ་ཧཱ་སུ་ཁ་མ་དན་ཨ་མྲྀ་ཏ་པཱུ་ཛ་ཨཱཿཧཱུྃ༔ སརྦ་ཀརྨ་སིདྡྷི་ཀུ་རུ་ཀུ་རུ་ཧོཿ ཞེས་ལན་མང་དུ་དབུལ༔ ཚོགས་ཀྱི་ཡོ་བྱད་སྤྱི་དང་༔ མྱོས་བྱེད་དང་ཡིད་སྒྱུར་ཅན་གྱི་ལོངས་སྤྱོད་བདུད་རྩིས་བསང་༔ རྃ་ཡྃ་ཁྃ༔ བདེ་བ་ཆེནཔོའི་སྣོད་མཆོག་ཀ་པཱ་ལར༔ སྟོང་ཉིད་ཟག་མེད་ཡེ་ཤེས་བདུད་རྩིའི་བཅུད༔ རྗེས་ཆགས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འཕྲོག་བཀོད་པ་ནམ་མཁའ་མཛོད་ཀྱི་སྤྲིན༔ ཕྱོགས་དུས་ཀུན་ཏུ་རྒྱས་པར་ཁྱབ་པ་འདིས༔ བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་མཆོད༔ བདེ་ཆེན་པདྨ་མཁའ་འགྲོའི་ཐུགས་དམ་བསྐང་༔ འབུམ་ཕྲག་ཡངས་པའི་འཁོར་ཚོགས་དགྱེས་པར་རོལ༔ ཉམས་ཆགས་རྟོག་སྒྲིབ་ཆོས་ཉིད་དབྱིངས་སུ་སྦྱོངས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་ནོན༔ འཁོར་འདས་ཀུན་གྱི་དྭངས་བཅུད་ཐིག་ལེར་སྟིམས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་པདྨ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ག་ཎ་ཙཀྲ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཞེས་འབུལ་ཞིང་ཡི་གེ་བརྒྱ་པའང་ཛབ་ཏུ་བཟླའོ༔ དེ་ནས་ནང་གི་ཚོགས་ལ་རོལ༔ ལྷག་མ་བདུད་རྩིའི་ཁ་ཕྲུས་བྲན་ལ༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ པདྨ་མཁའ་འགྲོའི་བཀའ་ཉན་ཞིང་༔ ཕྱི་འཁོར་སྐྱོང་བའི་ཕོ་ཉའི་ཚོགས༔ ལྷག་མའི་འདོད་ཡོན་འདི་བཞེས་ལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ཞེས་འབུལ་ལོ༔ གསུམ་པ་རྗེས་ཀྱི་ལས་རིམ་ལ་མཆོད་བསྟོད་སྔོན་དུ་འགྲོ་བས་དངོས་གྲུབ་གསོལ་བ་ནི༔ ཧྲཱིཿ པདྨ་དབང་གི་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ཀྱིས༔ མཐུ་རྩལ་ནུས་པའི་རྟགས་ཕྱུངས་ལ༔ མཆོག་ཐུན་ཕྲིན་ལས་དངོས་གྲུབ་སྩོལ༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་མཎྜ་ལ་ཀཱ་ཡ་ཝཱཀ་ཙིཏྟ་ཝཱ་ཤཾ་མ་ནཱ་ཡ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བརྗོད་ཅིང་བྲིས་སྐུ་སྤྱི་བོར་བཞག༔ བླ་རྡོ་འབྲལ་མེད་དུ་འཆང་༔ རིལ་བུ་བཟའ་ཞིང་བཅིང་ངོ་༔ སླར་ཡང་མཆོད་བསྟོད་ནོངས་བཤགས་བྱ༔ ཨཿ སྣོད་བཅུད་དྭངས་མ་རང་ལ་ཐིམ༔ རང་ཡང་འོད་གསལ་དབྱིངས་ཀྱི་ངང་༔ རིག་པ་པདྨ་དྷཱ་ཀི་ནཱིའི༔ གསང་བ་གསུམ་གྱི་རོལ་པར་ཤར༔ ཧྲཱི་ཧྲཱི་ཧྲཱིཿ ཞེས་ལྷར་སྣང་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་༔ ཧྲཱིཿ རྡོ་རྗེ་བཙུན་མོའི་ཡེ་ཤེས་སྒྱུ་མ་ཡིས༔ ཁམས་གསུམ་དྭངས་མའི་ཐིག་ལེར་དབང་དུ་འདུ༔ ཞི་བསིལ་བླ་ན་མེད་པའི་བདེ་བ་ཆེས༔ འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བསྐྱང་ངོ་༔ བསྙེན་པ་ལས་སུ་རུང་བས་ཕྲིན་ལས་ཀྱི་ནུས་པ་གློག་ལྟར་མྱུར་བ་མེའི་ལས་སྒྲུབ་པ་ནི༔ ར་བ་བཞི་གང་ཡང་རུང་བའི་ཚེས་བརྒྱད་དམ༔ མཁའ་འགྲོ་འདུ་བའི་དུས་གཉན་ལ་སྨད་འཚོང་མས་ཉལ་པོ་བྱས་པའི་སའི་སྟེགས་བུ་དམར་པོ་ཟླ་གམ་དུ་བྱ༔ དབང་གི་ཐབ་ཚུལ་བཞིན་དུ་འབྲི་ཙན་དན་དམར་པོའམ་མཛོ་མོ་ཤིང་ལྟ་བུའི་དམར་ཞིང་སྐྱུར་བའི་བུད་ཤིང་བརྩིག༔ ཏིང་ལོ་དམར་པོའང་བཞག༔ ཉེ་ལོགས་སུ་མཆོད་སྲེག་གི་རྫས་ཐམས་ཅད་ཁ་དོག་དམར་པོ་སྣུམ་བག་དང་ལྡན་པར་བཤམ་མོ༔ དེ་ནས་དགོངས་མོའི་དུས་སྒྲུབ་པ་པོ་ཆས་གོས་དམར་པོ་དང་ལྡན་པས་རིག་སྟོང་བརྗོད་མེད་ཀྱི་གདངས་རྗེས་སུ་ཆགས་པའི་སེམས་དང་བཅས་པདྨའི་སྐྱིལ་མོ་ཀྲུང་གིས་འཁོད༔ པདྨ་མཁའ་འགྲོ་མའི་ཏིང་ངེ་འཛིན་དང་བཟླས་བརྗོད་སྔོན་དུ་འགྲོ་བས་རྫས་བསང་སྦྱང་༔ རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་བདེ་བ་ཆེའི༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ མཆོད་དང་བསྲེག་བྱའི་དམ་ཚིག་རྫས༔ དབང་གི་ལས་ཀུན་སྒྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མ་ཧཱ་སུ་ཁ་བི་སྥོ་ཊ་ས་མ་ཡ་ཁཾ༔ ཞེས་བརྗོད་ཅིང་རྒྱ་ཆེར་སྤེལ༔ ཨོཾ་པདྨ་ཛྙཱ་ན་ཛཱོ་ལ་རྃ་རྃ༔ ཞེས་མེ་སྤར༔ ཐབ་བསང་སྦྱང་༔ སྟོང་པའི་ངང་ལས་པདྨའི་ཡུམ༔ བདེ་ཆེན་གོས་དཀར་འབར་བའི་མེ༔ རྗེས་ཆགས་འོད་ཟེར་འཕྲོ་བ་ཡི༔ དབང་གི་ཐབ་ཁུང་མཚན་ཉིད་རྫོགས༔ པདྨ་རཱ་ག་ལས་གྲུབ་པའི༔ ཕོ་བྲང་ཟླ་གམ་སྒོ་གཅིག་པ༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས༔ དེ་དབུས་པདྨ་འདབ་བཞི་པའི༔ ལྟེ་བར་པད་ཉི་བམ་རོའི་སྟེང་༔ ཞེས་སོགས་ལྷ་བསྐྱེད་ནས་རྩ་བའི་བཟླས་པའི་བར་བྱ༔ དེ་ནས་དགང་བླུགས་མར་དང་བཅས་པ་ཁ་སྦྱར་ལ༔ ཧྲཱི༔ ཐབས་ཤེས་དབང་གི་དགང་བླུགས་ནི༔ ཁ་སྦྱོར་བདེ་བའི་འདུད་རྩིའི་སྤྲིན༔ རྗེས་སུ་ཆགས་པའི་མཆོད་སྤྲིན་གྱིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཨོཾ་བཛྲ་རཱ་ག་ཨགྣ་ཡེ་སྭཱ་ཧཱ༔ ཞེས་ཅི་རིགས་པ་འབུལ༔ ཨོཾ་བཛྲ་རཱ་ག་བྲྀཀྵཱ་ཡ་སྭཱ་ཧཱ༔ ཞེས་ཡམ་ཤིང་༔ སླར་ཡང་མར་ཁུ་ཕུལ་རྗེས༔ རྫས་ཀྱི་གཙོ་བོ་རིལ་བུའི་རྫས་དང་སྦྱར་བའི་མངར་གསུམ་གྱི་རིལ་བུ་དམར་པོ༔ མེ་ཏོག་ལྕགས་ཀྱུ་ཅན་མ་ད་ནས་སྦགས་པ༔ ལན་ཚྭ་དང་བཅས་ཕུལ་ཞིང་༔ ཧྲཱི༔ རྡོ་རྗེ་རྗེས་སུ་ཆགས་པའི་རྫས༔ དམ་ཚིག་མཆོག་གི་ལོངས་སྤྱོད་ལ༔ པདྨ་དྷཱ་ཀིས་དགྱེས་པར་བཞེས༔ རབ་འབྱམས་དབང་གི་དངོས་གྲུབ་སྩོལ༔ ཨོཾ་པདྨ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱི༔ སྭཱ་ཧཱ༔ ཨོཾ་བཛྲ་རཱ་ག་ས་མ་ཡ་སྭཱ་ཧཱ༔ སརྦ་ཛྙཱ་ན་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧོ༔ ཁྱད་པར་གང་དབང་དུ་བྱ་བའི་མིང་གི་མཐར༔ སརྦ་ཝཱ་ཤཾ་མ་ན་ལ་ཀུ་རུ་ཀུ་རུ་ཧོ༔ ཞེས་བཏགས་པས་དབུལ༔ དམིགས་གསལ་སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་ན༔ སྤྲ་ཚིལ་ལས་རཱུ་པ་སྐྱེ་མཆེད་དོད་པ་བཅོས་པའི་སྙིང་གར་སྐྲ་སེན་ནམ་མིང་རུས་དགོད༔ ཟངས་ཀྱི་སྣོད་དུ་བཞག༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ལས་ཀྱི་ཕོ་ཉ་དམར་མོ་ལྕགས་ཀྱུ་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་དམིགས་བྱ་དེའི་སྙིང་གའམ་སྐྱེ་གནས་ནས་ལྕགས་ཀྱུས་དྲངས༔ ཞགས་པས་བཅིངས༔ གཟུགས་བརྙན་དང་དབྱེར་མེད་དུ་གྱུར་བར་བསམ་ལ་ལས་སྔགས་མང་དུ་བཟླ༔ ཏིང་ངེ་འཛིན་གསལ་པོ་བྱུང་བའི་ཚེ་ཟངས་སྣོད་མེ་ལ་གདུངས་པས་བསྒྲུབ་བྱ་ཤིན་ཏུ་ཆགས་པས་ཡིད་མྱོས༔ འོད་ཟེར་དམར་པོའི་རྣམ་པས་རང་མཁའ་འགྲོ་མར་གསལ་བའི་བྷ་ག་ནས་ཞུགས༔ སྙིང་གའི་ས་བོན་དང་འདྲེས་པས་ནམ་ཡང་མི་ཕྱེད་པར་བསམ་ལ་ལས་སྔགས་དྲག་ཏུ་བཟླ་ཞིང་ཞུ་ལ་ཁད་དུ་བསྲེའོ༔ གཞན་ཡང་ཟས་གོས་ནོར་སོགས་གང་དབང་དུ་བསྡུ་བར་འདོད་པ་དེ་ཉིད་དབང་གི་རྫས་དང་སྦྱར་བ་གཙོ་བོར་འབུལ་ལོ༔ རྗེས་སུ་མཆོད་བསྟོད་དང་བདུད་རྩི་དང་ཚོགས་ཀྱིས་མཆོད༔ ལྷག་མ་ཕུལ༔ བསྲེག་རྫས་ཀྱི་ལྷག་མའང་ཅི་རིགས་དབུལ༔ ནོངས་པ་བཟོད་པར་གསོལ༔ ཧྲཱི༔ བདེ་ཆེན་ཡེ་ཤེས་འོད་འབར་བའི༔ ཐབ་ཀྱི་ལྷ་ཚོགས་རང་ལ་ཐིམ༔ འཁོར་འདས་དབང་མཛད་དྷཱ་ཀི་ནཱི༔ དབྱེར་མེད་ཐིག་ལེའི་ཀློང་དུ་རྫོགས༔ ཧྲཱི་ཧྲཱི་ཧྲཱི༔ ཞེས་ཐབ་ཀྱི་ལྷ་རང་གི་ཐུགས་སྲོག་ལ་བསྟིམས༔ ཨོཾ་པདྨ་དྷ་ཀི་ནཱི་ཀུ་རུ་ཀུལླེ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ༔ ཞེས་ང་རྒྱལ་བཟུང་༔ བསྔོ་སྨོན་ཤིས་བརྗོད་སོགས་བྱ༔ ཐལ་བ་རི་རྩེའམ་ཆུ་ཀླུང་ཆེན་པོར་དོར༔ འདི་ལྟ་བུའི་ལས་ཀྱི་སྦྱོར་བས་ཚངས་པའི་བུ་མོའང་དགུག་པར་ནུས་ན་གཞན་ལྟ་ཅི་སྨོས༔ གཞན་ཡང་ཕུན་སུམ་ཚོགས་པ་ཐམས་ཅད་ངང་གིས་འདུ་བར་འགྱུར་རོ༔ དེ་ནི་ལས་ཀྱི་གཙོ་བོའོ༔ བྱེ་བྲག་ལེགས་པར་བསྒྲུབས་པའི་རིལ་བུ་གི་ཝཾ་དང་སྦྱར༔ རྩ་བ་དང་ལས་སྔགས་ཀྱི་མཐར༔ ཏདྱ་ཐཱ༔ ཨོཾ་ཨུཥྞཱི་ཥཱ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ༔ ཞེས་སྟོང་བཟླས༔ ལག་མཐིལ་གཡོན་པས་རང་གི་ཁམས་སམ་མཆིལ་མས་སྦྱངས་ཏེ་དཔྲལ་བར་ཐིག་ལེ་བྱས་པས་གང་གིས་མཐོང་བ་དེ་དབང་དུ་འགྱུར་རོ༔ མིག་སྨན་དང་སྦྱར་ཏེ་མིག་ལ་བྱུགས་ན་གང་བལྟས་པ་དེ་དབང་དུ་བྱེད་དོ༔ གླིང་བུ་དང་རོལ་མོ་སོགས་ལ་རྫས་ཀྱིས་བདུག༔ སྔགས་བཏབ་པ་འཁྲོལ་པས་ཐོས་པ་ཐམས་ཅད་དབང་དུ་བྱེད་དོ༔ རིལ་བུ་དང་རྒྱ་སྤོསཿསྤང་སྤོས༔ སྤོས་དཀར༔ ཏོང་ཀུ༔ སིགླ་སོགས་དྲི་ཞིམ་པོ་དང་སྦྱར་ཏེ༔ སྔགས་ཀྱི་མཐར༔ སརྦ་ལོ་ཀ་ར་ར་ར་ར༔ ཙཱ་ལ་ཡ་ཙཱ་ལ་ཡ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཞེས་སྟོང་བཟླས་པའི་སྤོས་ཀྱིས་བདུག་ན་དྲི་ཚོར་བ་ཐམས་ཅད་དབང་དུ་བྱེད་དོ༔ རང་གི་ལུས་ལ་བྱུགས་པའམ་གོས་ལ་དྲི་བསྒོས་པས་ཀྱང་རུང་ངོ་༔ རིལ་བུ་དང་སྦྲང་རྩི༔ སོ་རྩི༔ ལ་ཕུག༔ མྱོས་བྱེད༔ ལན་ཚྭ་རྣམས་སྦྱར་བ་ཟས་དང་སྦྱར་ཏེ༔ དིནྡུ་ར་བ་དྷ་བ་དྷ་ཧེ་ཧ་ས་ཧེ་ཧ་ས་སརྦ་ལོ་ཀ་ཝཱ་ཤཾ་མ་ན་ཡ་ཧོཿ ཞེས་སྟོང་བཟླས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར༔ དར་དམར་པོ་ལ་འཁོར་ལོ་བྲིས༔ རྟེན་དུ་གཟུང་༔ སྐབས་སུ་རིལ་བུའི་རྫས་ཀྱིས་བདུག༔ སྔགས་ཀྱི་མཐར༔ ཨ་ནྲྀ་ཏྲི་པཱ་ཤཾ་ཀུ་རུ་ཙ་ལཱ་ཡ་ཙ་ལ་ཡ་ཧེ་ཧེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླས་ལ་གཡོགས་པས་གང་འདོད་པ་མྱུར་དུ་དབང་དུ་འགྱུར་རོ༔ དེ་ལྟ་བུའི་ལས་ཀྱི་རིམ་པའང་བསྙེན་སྒྲུབ་སྔོན་དུ་སོང་བས་བྱའོ༔ གང་ལྟར་ཡང་རྒྱལ་བློན་བཙུན་མོ་སོགས་སྐྱེས་པ་དང་བུད་མེད་དབང་དུ་འདུས་ན་ཆོས་ལ་སྦྱར༔ ཟས་ནོར་ལོངས་སྤྱོད་དབང་དུ་འདུས་ན་ཚོགས་བསགས་མཆོད་སྤྲིན་དུ་སྤེལ༔ ཕུན་སུམ་ཚོགས་པ་གང་དབང་དུ་འདུས་ཀྱང་མ་ཆགས་མ་ཞེན་པར་རྨི་ལམ་སྒྱུ་མ་ལྟ་བུའི་ངང་ནས་བྱང་ཆུབ་ཆེན་པོའི་ལམ་དུ་བསྒྱུར་བ་ལ་བསླབ་བོ༔ དེ་ནི་ཕྱི་འཇིག་རྟེན་དབང་དུ་བསྡུ་བའི་རིམ་པ་ཟབ་མོའོ༔ ས་མ་ཡ༔ གཉིས་པ་ནང་རླུང་སེམས་དབང་དུ་བསྡུ་བ་ནི༔ རླུང་དང་གཏུམ་མོ་ལ་གོམས་པས༔ རང་ཉིད་པདྨ་མཁའ་འགྲོར་གསལ་པའི་སྐུ་ལ་རྩ་ཡི་སྟོང་ར་གསལ་གདབ༔ ལྟེ་འོག་རྩ་གསུམ་འཛོམ་པར་ཁམས་དམར་པོའི་དྭངས་མ་གཏུམ་མོའི་མེ་དང་དབྱེར་མེད་པའི་ལས་ཀྱི་ཕོ་ཉ་ཀུ་རུ་ཀུལླེའི་བདེ་ཆེན་ཡེ་ཤེས་ཀྱི་སྐུ་སོར་གང་བ་གསལ་གདབ༔ རླུང་རོ་བསལ༔ བུམ་པ་ཅན་བཟུང་༔ དེ་ལྟ་བུ་ཅི་རིགས་པས་ལམ་སྦྱང་༔ དེ་ནས་རླུང་གིས་བསྐུལ་བས་ལྟེ་བའི་ཕོ་ཉ་མོའི་ཐུགས་ཀ་ནས་བདེ་དྲོད་ཀྱི་རང་བཞིན༔ འཁོར་འདས་ཀྱི་དྭངས་མ་རང་དབང་མེད་པར་སྡུད་ནུས་པའི་ཡེ་ཤེས་ཀྱི་འོད་ཟེར་ཚ་ཞིང་བདེ་བ་དམར་ཁྱུག་གིས་བྱུང་༔ སྤྱི་བོ་ནས་གཡོན་སྐོར་གྱིས་རྣ་བ་གཡས་པ་ནས་ཐོན༔ ཕྱག་གི་མདའི་ལྟོང་ནས་བརྒྱུད་པདྨའི་མདེའུ་རྒྱས་པ་ལས་འཕྲོས༔ རོ་མའི་ལམ་བརྒྱུད༔ རླུང་དང་འགྲོགས་ཏེ་སྣ་གཡས་པ་ནས་སོང་༔ འཁོར་འདས་ཐམས་ཅད་ལ་ཁྱབ༔ རང་དབང་མེད་པར་གཡོས༔ དྭངས་མ་འོད་དམར་པོའི་རྣམ་པས་བྱུང་༔ རླུང་དང་འགྲོགས་ཏེ་སྣ་གཡོན་པ་ནས་རྐྱང་མའི་ལམ་བརྒྱུད༔ ཕོ་ཉ་མོའི་མདའི་མདེའུ་ནས་ཞུགས༔ ལྟོང་ནས་ཐོན༔ རྣ་བ་གཡས་པ་ནས་ཞུགས༔ གཡས་སྐོར་གྱིས་ཐུགས་ཀའི་ཧྲཱིཿལ་ཐིམ་པས་འཁོར་འདས་ཀྱི་སྣང་བ་རླུང་སེམས་དང་བཅས་པ་དབང་དུ་བྱས་པར་བསམས་ལ་བུམ་པ་ཅན་གྱི་སྦྱོར་བས་བརྟན་པར་བྱའོ༔ དེ་ནི་རླུང་དབང་དུ་བསྡུ་བའོ༔ དེ་ནས་ལྟེ་བའི་ཕོ་ཉ་མོ་ལས་གཏུམ་མོའི་མེ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མེ་ལྕེ་ཤིན་ཏུ་ཕྲ་བ་གསང་གནས་ནས་བྱུང་༔ རོ་མ་ནས་སྣ་བུག་བརྒྱུད་ཐལ་གྱིས་སོང་༔ འཁོར་འདས་ཐམས་ཅད་ལ་ཁྱབ༔ མཚན་འཛིན་ཐམས་ཅད་སྦྱངས༔ དྭངས་མ་བདེ་བ་ཆེན་པོའི་རང་བཞིན་དུ་བཞུ་བཏུལ་བྱས་པ་བདུད་རྩི་མེ་དང་བཅས་པ་སྣ་གཡོན་ནས་རྐྱང་མའི་ལམ་བརྒྱུད༔ ཕོ་ཉ་མོའི་བྷ་ག་ནས་ཞུགས༔ ཐུགས་ཀའི་ས་བོན་ལ་ཐིམས་པས་བདེ་དྲོད་ཀྱི་ཉམས་འགྱུར་ལྷག་པར་གཡོས༔ འཁོར་འདས་ཐམས་ཅད་ཐིག་ལེ་གཅིག་ཏུ་རྫོགས་པར་བསམ༔ རླུང་ཁ་སྦྱོར་དུ་བཟུང་༔ དེ་ལ་གསལ་སྣང་སྐྱེས་པ་ན་ཡེ་ཤེས་ཀྱི་མེ་ལྕེ་དབུ་མའི་ལམ་ནས་ཐོགས་མེད་དུ་ཞུགས༔ འཁོར་ལོ་བཞིའི་ལྷ་ཐམས་ཅད་བདེ་དྲོད་ཀྱིས་མཉེས༔ རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ལྷག་པར་འབར༔ སྤྱི་གཙུག་ཁམས་དཀར་པོའི་དྭངས་མ༔ བདེ་བ་ཆེན་པོའི་རང་བཞིན་ཧྃ་པདྨ་ཧེ་རུ་ཀའི་རང་གཟུགས་ལ་རེག་པས་བདེ་བ་ཆེན་པོའི་བདུད་རྩི་དམར་མདངས་ཆགས་པ་དཔག་ཏུ་མེད་པ་བྱུང་༔ འཁོར་ལོ་བཞི་བརྒྱུད་ལྟེ་བའི་ཕོ་ཉ་མོ་ལ་རེག་པས་རྗེས་ཆགས་བདེ་ཆེན་ལྷུག་པར་འབར༔ སླར་ཡང་མེ་ཆེར་སྦར་ཏེ་བདེ་དྲོད་ཀྱི་ཡེ་ཤེས་སྤེལ༔ མཐར་འཁོར་འདས་ཀྱི་སྲོག༔ བདེ་ཆེན་གྱི་རང་བཞིན་དཀར་དམར་གྱི་སྣང་ཆ་སྙིང་གའི་ནིཿཡིག་ལ་ཐིམ་པས་རླུང་སེམས་དབྱེར་མེད་དུ་འདྲེས་ཏེ༔ བདེ་བའི་རང་བཞིན༔ སྟོང་པའི་ངོ་བོ༔ རྗེས་ཆགས་རྣམ་པ་ཐམས་ཅད་པར་འཆར་བས་བརྟན་གཡོ་ཐམས་ཅད་དབང་དུ་བྱེད་པའི་མི་ཤིགས་པའི་ཐིག་ལེར་རོ་མཉམ་པར་བསམས་ལ་འཇམ་རླུང་བཟུང་ཞིང་བརྗོད་བྲལ་བློ་འདས་ཀྱི་ངང་བསྐྱང་ངོ་༔ དེ་ནི་སེམས་དབང་དུ་བསྡུ་བའོ༔ དེ་ལ་གོམས་པས་པདྨ་ཅན་གྱི་ཕྱག་རྒྱ་དབང་གི་གཟུངས་མའི་མཚན་ཉིད་ཅན་འདུ་བྱས་ལ༔ རང་པདྨ་ཧེ་རུ་ཀ་དང་རིག་མ་པདྨ་དྷཱ་ཀི་ནཱིར་གསལ་ཞིང་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་རྗེས་ཆགས་ཀྱི་འོད་ཟེར་གྱིས་འཁོར་འདས་ཐམས་ཅད་རང་དབང་མེད་པར་གཡོས༔ འོད་དམར་པོ་བདེ་བ་ཆེན་པོའི་རྣམ་པས་ཡུམ་ལ་ཞུགས༔ དེའི་དམར་ཆའི་དྭངས་མ་དང་དབྱེར་མེད་པ་རྡོ་རྗེའི་ལྕགས་ཀྱུས་དྲངས་ཤིང་སྙིང་གའི་ཐིག་ལེར་སྟིམས༔ འདྲེན་འགེམས་སོགས་འཁྲུལ་འཁོར་གྱིས་མཚམས་སྦྱར༔ དེ་ནི་བོགས་འདོན་པའི་རིམ་པའོ༔ དེ་རྣམས་ནི་ནང་རླུང་སེམས་དབང་དུ་བྱས་ཏེ་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོར་བསྡུ་བའི་རིམ་པ་ཁྱད་པར་ཅན་ནོ༔ ས་མ་ཡ༔ གསུམ་པ་གསང་བ་སྣང་སེམས་དབང་དུ་བསྡུ་བ་ནི༔ ལུས་བསྲང་༔ རླུང་རོ་བསལ༔ རང་ལྷག་པའི་ལྷ་དང་སྤྱི་བོར་བླ་མ་བསྒོམ༔ གསོལ་བ་གདབ༔ དབང་བླང་ཞིང་ཐུགས་ཡིད་བསྲེས་ཏེ་དར་ཅིག་མཉམ་པར་བཞག༔ དེ་ནས་ཕྱི་རོལ་དབང་དུ་བསྡུ་བའི་ཡུལ་དུ་བཏགས་པ་འཁོར་འདས་སྣ་ཚོགས་སུ་སྣང་བ་རང་སེམས་ཁོ་ནའི་སྣང་ཆ་ཙམ་དུ་བལྟ༔ རྨི་ལམ་དང་སྒྱུ་མ་ལྟ་བུར་བསྒོམ༔ འཛིན་མེད་ངང་བསྐྱང་༔ དེ་ནི་སྣང་བ་སེམས་ཀྱིས་དབང་དུ་བསྡུ་བའོ༔ སེམས་དེའང་བརྟགས་ན་དབྱིབས་ཁ་དོག༔ གཅིག་དུ་མ༔ གཟུང་འཛིན་དུ་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད༔ མེད་བཞིན་སོ་སོར་རྟོག་པའི་རྣམ་པ་ཅིར་ཡང་འཆར༔ ཤར་བའི་དུས་ཉིད་ནས་སྟོང་པ་ཆེན་པོའི་རང་བཞིན་ལས་མ་འདས་པར་ཤེས་པར་བྱས་ལ་ངང་བསྐྱང་༔ དེ་ནི་སེམས་སྟོང་པའི་དབང་དུ་བསྡུ་བའོ༔ སྟོང་པ་དེའང་རང་རིག་པ་དང་དབྱེར་མི་ཕྱེད་པ༔ རྣལ་འབྱོར་གྱིས་ཉམས་སུ་མྱོང་བ༔ ཉམས་མྱོང་གི་རང་བཞིན་བརྗོད་མི་ཤེས་པ༔ བརྗོད་བྲལ་བློ་འདས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་མ་འདྲེས་ཡོངས་རྫོགས་རིག་སྟོང་ཀ་དག་གི་ངང་བསྐྱང་ངོ་༔ དེ་ནི་སྟོང་པ་རིག་པའི་དབང་དུ་བསྡུས་ཏེ་རིག་སྟོང་དབྱེར་མེད་དུ་ལ་བཟླ་བའོ༔ དེ་ལྟ་བུའི་དགོངས་པ་མི་འགྱུར་བའི་ངང་ནས་མིག་ནམ་མཁར་གཏད༔ བར་རླུང་ཐད་ཀར་བརྒྱང་༔ འཇམ་རླུང་རང་བབས་སུ་བཟུང་༔ སྣང་བ་གང་ཤར་ཡང་དེར་འཛིན་མེད་པའི་ངང་དུ་མཉམ་པར་བཞག་པས་འཁོར་འདས་ཐམས་ཅད་རང་རིག་འོད་གསལ་གྱི་ངང་དབང་དུ་འདུས༔ གཟུང་འཛིན་གྱི་མདུད་པ་གྲོལ༔ ཡུལ་ཤེས་དབྱེར་མེད་དུ་རྫོགས༔ ས་ལམ་གྱི་ཡེ་ཤེས་ཐམས་ཅད་ལྷུན་གྱིས་གྲུབ་སྟེ་གདོད་མའི་སར་དབང་ཐོབ་པར་འགྱུར་རོ༔ དེ་ནི་གསང་བ་རང་རིག་པ་དབང་དུ་བསྡུ་བ་མཐར་ཐུག་པའི་རིམ་པའོ༔ ས་མ་ཡ༔ དེ་ལྟ་བུའི་ལམ་ཉམས་སུ་ལེན་པའི་སྣོད་དུ་རུང་བ་དང་༔ དངོས་གྲུབ་ཁྱད་པར་ཅན་བླང་བ་སོགས་ཀྱི་ཕྱིར་དབང་གི་ཆོ་ག་ནི༔ སྣོད་ལྡན་གྱི་སློབ་མ་ལ་ཁྲུས་བྱ༔ བགེགས་བསྐྲད་ཅིང་མཚམས་བཅད༔ མཎྜལ་ཕུལ༔ རྣལ་འབྱོར་མ་དང་དབྱེར་མེད་པའི༔ སློབ་དཔོན་ཆེན་པོ་བདག་ལ་དགོངས༔ བདེ་ཆེན་པདྨ་དྷཱ་ཀི་ནཱིའི༔ སྨིན་གྲོལ་དབང་བསྐུར་བསྩལ་དུ་གསོལ༔ ཞེས་གསོལ་བ་གདབ༔ རྒྱུད་སྦྱང་༔ ལྷར་བསྐྱེད་ཅིང་ཡེ་ཤེས་དབབ་ཅིང་བརྟན༔ བདུད་རྩིའི་མཆོད་པས་དགྱེས་པར་བྱའོ༔ དེ་ལྟར་བདུད་རྩིའི་ཕུད་ཀྱིས་མཆོད་པ་དང་༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་བྲིས་སྐུ་ལྷར་གསལ་རྗེས་ཆགས་དགེས་པའི་ཆོ་འཕྲུལ་མཐའ་ཡས་པ་དང་བཅས་སློབ་མའི་སྤྱི་བོར་བྱོན༔ བདེ་བ་ཆེན་པོའི་འོད་ཟེར་གྱིས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་དམར་ལམ་གྱིས་བསྡུས་ཏེ་སློབ་མ་ལ་ཐིམ་པས་ཁམས་གསུམ་གྱི་དབང་ཕྱུག་ཆེན་པོར་གྱུར༔ མཐར་ལྷ་འོད་དུ་ཞུ་ནས་ཐིམ་པས་པདྨ་དྷཱ་ཀི་ནཱི་འཁོར་དང་བཅས་པའི་སྐུའི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་རྒྱུད་ལ་ཞུགས་པར་བསམས་ལ་སྐུ་སྤྱི་བོར་བཞག་ཅིང་༔ ཧྲཱི༔ རྗེས་ཆགས་བདེ་ཆེན་ཡེ་ཤེས་སྐུ༔ བཅོམ་ལྡན་པདྨ་མཁའ་འགྲོ་མ༔ དབང་མཛད་རྩ་གསུམ་ལྷ་ཚོགས་ཀྱི༔ སྐུ་ཡི་བྱིན་རླབས་ལུས་ལ་ཞུགས༔ མཐོང་བས་ཁམས་གསུམ་སྣོད་བཅུད་ཀུན༔ དབང་སྒྱུར་ཟིལ་གྱིས་ནོན་པར་ཤོག༔ ཨོཾ་ཨཱཿཧཱུྃ་ནི་པདྨ་དྷཱ་ཀི་ནཱི་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཀཱ་ཡ་སིདྡྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཛབྲ་དགོངས་ལྟར་བཟླས་པའི་དམིགས་པ་སྦྱིན་ཞིང་སྔགས་ཀྱི་རྗེས་བཟློས་བྱ༔ ལས་ཀྱི་རྗེས་སུ་གནང་བའི་སླད་དུ༔ ཐབ་དང་རྫས་སོགས་འདུ་བྱས་ལ༔ ཡོ་བྱད་བརླབ༔ མེ་སྦར༔ ལྷ་བསྐྱེད་སོགས་བྱ༔ དེ་ནས་སློབ་མ་ལ་དགང་བླུགས་གཏད༔ ཧྲཱི༔ ཤེས་རབ་ཨེ་དབྱིངས་དགང་གཟར་དང་༔ ཐབས་མཆོག་རྡོ་རྗེ་བླུགས་གཟར་ཚུལ༔ མཉམ་སྦྱོར་བདེ་ཆེན་མཆོད་སྤྲིན་གྱིས༔ རབ་འབྱམས་ལས་རྣམས་སྒྲུབས་པར་གྱིས༔ ཨོཾ་སརྦ་ཀརྨ་སཱ་དྷ་ནཾ་ཀུ་རུ་ཧོ༔ དེས་ཀྱང་གུས་པས་བླངས་ཏེ་མར་སོགས་བསྲེག་རྫས་འབུལ་བ་ནས་བརྩམས་ཕྲིན་ལས་ལྟར་བྱའོ༔ དེ་ནས་སྲོག་འཁོར་མགྲིན་པར་བཞག༔ རྡོ་རྗེའི་སྔགས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་གཟི་བརྗིད་འབར་བཞིན་པ་མགྲིན་པར་ཐིམ་པས་རྩ་རླུང་ཐིག་ལེ་དབང་དུ་འདུས༔ སྣང་སེམས་རོ་གཅིག་ཏུ་འདྲེས༔ བདེ་བ་ཆེན་པོ་རྡོ་རྗེ་ཆགས་པའི་ནུས་པ་ལྷག་པར་རྒྱས་པར་བསམས་ལ༔ ཧྲཱི༔ བཅོམ་ལྡན་པདྨ་མཁའ་འགྲོ་མ༔ དབང་མཛད་རྩ་གསུམ་ལྷ་ཚོགས་ཀྱི༔ ལྷ་སྔགས་དབྱེར་མེད་ནུས་པའི་གཏེར༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ཐོས་པས་སྣང་སེམས་དབྱེར་མེད་འདྲེས༔ བདེ་ཆེན་ཐིག་ལེར་དབང་སྒྱུར་ཤོག༔ ཝཱ་ཀ་སིདྡྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ རིལ་བུ་སྙིང་གར་བཞག་ཅིང་སྦྱིན་ལ༔ པདྨ་མཁའ་འགྲོ་མའི་ལྷ་ཚོགས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་རྗེས་ཆགས་རིལ་བུའི་གཟུགས་ཅན་མྱང་པ་སྙིང་གའི་ས་བོན་དང་དབྱེར་མེད་དུ་གྱུར༔ རང་བྱུང་དགོངས་པའི་བྱིན་རླབས་ཞུགས༔ གནས་ལུགས་རིག་སྟོང་ཀ་དག་དོན་གྱི་མཁའ་འགྲོའི་རང་ཞལ་མངོན་དུ་གྱུར་པ་ལ་བརྟེན་ནས་འཁོར་འདས་ཐམས་ཅད་རང་རིག་པའི་དབང་དུ་གྱུར་པར་བསམས་ལ༔ ཧྲཱི༔ བཅོམ་ལྡན་པདྨ་མཁའ་འགྲོ་མ༔ དབང་མཛད་རྩ་གསུམ་ལྷ་ཚོགས་ཀྱིས༔ བསམ་གྱིས་མི་ཁྱབ་ཡེ་ཤེས་ཆེ༔ ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས༔ དྲན་པས་འཁོར་འདས་དྭངས་བཅུད་ཀུན༔ རིག་པའི་ཀློང་དུ་དབང་སྒྱུར་ཤོག༔ ཙིཏྟ་སིདྡྷི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་རྒྱས་པར་སྤེལ་ལོ༔ དབང་འདི་ཐོབ་པ་ཙམ་གྱིས་སྣང་བ་དབང་སྒྱུར་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་པར་འགྱུར་བས་ནན་ཏན་དུ་བྱའོ༔ ས་མ་ཡ༔ རྡོ་རྗེ་ཕག་མོའི་དབང་གི་ལས་རིམ་ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་རྩལ་ལ༔ དཀྱིལ་འཁོར་གྱི་གཙོ་མོས་རྗེས་སུ་གནང་བ་ལྟར་རྒྱུད་དང་མན་ངག་གི་དགོངས་པ་སྙིང་པོར་དྲིལ་ཏེ་རིགས་ཀྱི་གཟུངས་མ་བཀའི་སྡུད་པ་མོ་མཚོ་རྒྱལ་ལ་གདམས་ཤིང་མ་འོངས་ཕྱི་མ་ཕྱི་མའི་དོན་དུ་གཏད་པ་སྩོོགས་སྩོོགས་སྩོོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་ཟོར་ལས།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་ཟོར་ལས་བཞུགས་སོ༔ རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་མ་གསང་བ་ཀུན་འདུས་ཀྱི་དྲག་པོ་ཟོར་གྱི་ལས་རིམ་ལ་གསུམ་སྟེ༔ ཕྱི་འགལ་རྐྱེན་བར་ཆད་གཏོར་མས་ཟློག་པ༔ ནང་འབྱུང་བ་འཁྲུགས་པ་དབྱིངས་ལྔས་ཟློག་པ༔ གསང་བ་ཉོན་མོངས་པ་བག་ཆགས་ཡེ་ཤེས་ལྔས་ཟློག་པའོ༔ དང་པོ་ནི༔ དུར་ཁྲོད་སོགས་དྲག་པོའི་གནས་སུ་གཟའ་སྐར་རྩུབ་མོའི་སྐབས་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་གསུམ་པ་བཅའ༔ དུག་ཁྲག་གིས་ཆག་ཆག་གདབ༔ མ་ཏྲཾ་གི་ཁོག་པར་འཇིགས་པའི་ཆོས་འབྱུང་ཁྲག་མཚོ་དང་བཅས་པ་བྲིས་པའི་དབུས་སུ་ཧོམ་ཁུང་དུ་གཟས་པོའི་ལིངྒ་གཞུག༔ དེའི་སྟེང་དུ་ཟངས་ལྕགས་ཀྱི་སྣོད་དུ་དུག་ཁྲག་འབྲུ་ནག་གི་རྗེན་ཕྱེ་ལས་ཟོར་གཏོར་ཁྲོ་མོའི་ཞལ་ཅན་གཏོར་ཆུང་ལྷ་གྲངས་ཀྱིས་བསྐོར༔ ཟོར་རྫས་རྣམས་ཀྱང་བྱང་ཕྱོགས་མཚམས་སུ་དགོད༔ མཚོན་ཆ་མཚེ་ཡུངས་རྩངས་དང་ཤ་ཁྲག་སོགས་ཀྱིས་བརྒྱན༔ རྒྱུ་མའི་དྲ་བས་སྦྲེལ༔ དུར་ཁྲོད་ཀྱི་རས་ནག་པོའི་གདུགས་ཕུབ༔ དྲག་པོའི་ཉེར་སྤྱོད་དང་མཆོད་གཏོར་སོགས་ཀྱིས་གཡོན་སྐོར་དུ་བཤམ༔ གཞན་ཡང་སྒྲོལ་ཆས༔ ཐུན་རྫས༔ དྲག་པའི་རོལ་ཆ་སོགས་རྔམས་ཤིང་འཇིགས་ཟིལ་དང་ལྡན་པ་འདུ་བྱ༔ དེ་ནས་སྲོད་ཀྱི་དུས་ནས་མགོ་བརྩམས་ཏེ་མཁའ་འགྲོ་འདུས་པའི་ཕྲིན་ལས་ཀྱི་གཞུང་བསྲང་༔ བཟླས་པའི་བར་བྱ༔ གཏོར་མ་ཕུལ༔ མདུན་རྟེན་ལ་བསང་ཆུ་འཐོར་ཞིང་༔ རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་མདུན་དུ་དུར་ཁྲོད་དྲག་པོའི་གནས་དང་ཐོད་མཁར་ཟུར་གསུམ་འཇིགས་ཤིང་སྐྱི་གཡའ་བ་དུག་ཁྲག་ནད་མཚོན་གྱི་བུ་ཡུག་འཚུབས་པའི་ཀློང་དུ༔ པདྨ་ཉི་མ་དགྲ་བགེགས་ཀྱི་སྙིང་གར་རྡོ་རྗེའི་ཡེ་ཤེས་སཿལྗང་ནག་ཡོངས་སུ་གྱུར་པ་ལས་ཡེ་ཤེས་དྷཱ་ཀི་ནཱི་དྲག་མོ་ཤིན་ཏུ་ཁྲོས་པའི་ཉམས་འགྱུར་ཅན༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲག་ལྟར་ཁོལ་བ༔ མཆེ་བ་བཞི་གཙིགས་ཤིང་ལྗགས་གློག་ལྟར་གཡོ་བ༔ ཁྲོ་གཉེར་ཆུའི་རླབས་བཞིན་དུ་འཁྲུགས་པ༔ གནམ་ལྕགས་ཀྱི་རལ་པ་སྲིད་རྩེར་སྒྲེང་བ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུའི་དབལ་ཅན་མེའི་ཚྭ་ཚྭ་སྐར་ལྟར་འཕྲོ་བས་དགྲ་བགེགས་ཀྱི་སྙིང་གར་གཟིར་བ༔ ཕྱག་གཡས་པ་བདུད་བཞི་འཇིགས་པ་རྩད་ནས་གཅོད་པའི་ཡེ་ཤེས་ཀྱི་གྲི་གུག་མེ་འབར་བ་འཕྱར་ཐབས་སུ་བསྣམས་པ༔ གཡོན་ཐོད་པ་དགྲ་བགེགས་ཀྱི་སྙིང་ཁྲག་དྲོན་མོ་རླངས་པ་འཕྱུར་བས་གཏམས་པ་བསྣམས་པ༔ དེའི་ཕྱི་རོལ་ཏུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པའི་ཤར་ནས་རྡོ་རྗེ༔ རིན་ཆེན་པདྨ༔ དེ་བཞིན་གཤེགས་པའི་དྷཱ་ཀི་ནཱི་རབ་ཏུ་ཁྲོས་པ་སྐུ་མདོག་དུས་ཀྱི་མུན་པ་ལྟར་གནག་པ་མཐིང་སེར་དམར་དང་ལྗང་བའི་འོད་ཟེར་འཕྲོ་བ༔ གཡས་རིགས་ཀྱི་ཕྱག་རྒྱས་མཚན་པའི་གྲི་གུག་དང་༔ གཡོན་ཐོད་ཁྲག་བསྣམས་པ༔ སྐུ་སྨད་ཕུར་བུའི་དབལ་ཅན༔ དེ་ཐམས་ཅད་ཀྱང་ཐོད་སྐམ་གྱི་དབུ་རྒྱན༔ ཐོད་རློན་གྱི་དོ་ཤལ༔ རུས་པའི་རྒྱན་དང་༔ ཞིང་གི་སྟོད་གཡོགས་ཅན༔ རྣ་ལྟག་གཡོན་དུ་རྡོ་རྗེའི་ཕག་ཞལ་ནམ་མཁར་འཚེར་བས་ཁམས་གསུམ་འདར་ཞིང་གཡོ་བ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀ་ཁ་ཊྭཱཾ་གྱི་རྣམ་པ་ཅན་ལ་འཁྱུད་པ༔ གར་དགུའི་ཉམས་འགྱུར་མི་བཟད་པས་ཡེ་ཤེས་ཀྱི་མེ་ཕུང་དུས་མཐའ་འཐོར་རླུང་གིས་འཁྲུགས་པའི་ཀློང་ན་འགྱིང་བ༔ དེའི་ཕྱི་རོལ་དུ་མཚོན་ཆའི་འཁོར་ལོ་རྩིབས་བརྒྱད་པའི་ཤར་དུ་ལྷའི་ཕྲ་མེན་མ་དཀར་སྨུག་བྱ་རྒོད་ཀྱི་གདོང་ཅན་རྡོ་རྗེ་དང་ཉུང་ཟོར་ཐོགས་པ༔ ལྷོར་གཤིན་རྗེའི་ཕྲ་མེན་མ་སྨུག་ནག་དུར་བྱའི་གདོང་ཅན་ཁྲམ་ཤིང་དང་རྩང་ཟོར་ཐོགས་པ༔ ནུབ་ཏུ་ཀླུའི་ཕྲ་མེན་མ་དམར་སྨུག་བཞད་གདོང་ཅན་སྦྲུལ་ཞགས་དང་དུག་ཆུའི་ཟོར་ཐོགས་པ༔ བྱང་དུ་གནོད་སྦྱིན་གྱི་ཕྲ་མེན་མ་ལྗང་སྨུག་བྱ་རོག་གི་གདོང་ཅན་བེ་ཅོན་དང་རྡོ་ཟོར་ཐོགས་པ༔ ཤར་ལྷོར་མེ་ལྷའི་ཕྲ་མེན་མ་དམར་ནག་འུག་པའི་གདོང་ཅན་རྩེ་གསུམ་དང་མེ་ཟོར་ཐོགས་པ༔ ལྷོ་ནུབ་ཏུ་སྲིན་པོའི་ཕྲ་མེན་མ་ནག་མོ་སྲིན་བྱའི་གདོང་ཅན་མདུང་ཐུང་དང་ཀོང་ཟོར་ཐོགས་པ༔ ནུབ་བྱང་དུ་རླུང་ལྷའི་ཕྲ་མེན་མ་ལྗང་ནག་ཁྲ་ཡི་གདོང་ཅན་བ་དན་དང་མདའ་ཟོར་ཐོགས་པ༔ བྱང་ཤར་དུ་བགེགས་ཀྱི་ཕྲ་མེན་མ་སྔོ་ནག་ཁྭ་ཏའི་གདོང་ཅན་དབྱུག་པ་དང་ཕུང་ཟོར་ཐོགས་པ༔ དེ་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ༔ འཇིགས་རུང་དྲག་ཤུལ་གྱི་གཟི་བྱིན་འབར་བ༔ ཞིང་ལྤགས་ཀྱི་སྟོད་གཡོགས་དང་གཟིག་ཤམ་ཅན༔ རྡོ་རྗེའི་གཤོག་པ་གདེངས་ཤིང་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་ན་དམོད་པའི་གད་རྒྱངས་སྒྲོག་ཅིང་གར་སྟབས་ཀྱིས་དགྲ་བགེགས་ཀྱི་སྙིང་གར་རོལ་པ༔ གཞན་ཡང་སྟེང་གི་ཆར་བླ་མ་ཡི་དམ་དྲག་པོའི་དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་འཆར་བ༔ འདབས་འཁོར་དུ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད༔ མ་མོ་ཤ་ཟ་འབུམ་སྡེ་སོགས་སྲིད་པའི་མ་མོ་སྡེ་བརྒྱད་འབྱུང་པོ་ཤ་ཟ་ཐམས་ཅད་ཀྱིས་བསྐོར་བ༔ ཤ་ལ་དགའ་བ༔ ཁྲག་ལ་རྔུབས་པ༔ གསོད་གཅོད་ཀྱི་ལས་ལ་བརྩོན་པ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པས་རྡོ་རྗེ་ཅན་ཡང་འཇིགས་པའི་དྲག་ཤུལ་གྱི་འདུན་ས་ཆེན་པོར་གྱུར་པ༔ དེ་རྣམས་ཀྱི་ཐུགས་ཀ་དང་༔ རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་ཕྱོགས་བཅུར་འཕྲོས་པས༔ བསྐྱེད་པ་དང་འདྲ་བའི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་པར་བསམས་ལ༔ ཤ་ཆེན་གྱི་སྤོས་བསྲེག༔ ཞིང་ལྤགས་ཀྱིས་གཡབ༔ དྲག་པོའི་དབྱངས་རོལ་དང་བཅས༔ ཧཱུྃ་ཧཱུྃ༔ སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས༔ རིག་འཛིན་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དྲག་ཤུལ་འབར་བ་ཆེན་པོའི་རྣམ་རོལ་གྱིས༔ རྣལ་འབྱོར་བྱིན་གྱིས་བརླབ་ཕྱིར་དབྱིངས་ནས་བཞེངས༔ ཧཱུྃ་བྷྱོ༔ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་དང་༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ཐམས་ཅད་ནས༔ འབར་བའི་ཡེ་ཤེས་ཀརྨ་དྷཱ་ཀི་ནཱི༔ རིགས་བཞིའི་མཁའ་འགྲོ་ཕྲ་མེན་ཆེན་མོ་བརྒྱད༔ མ་མོ་ཤ་ཟ་སྡེ་བརྒྱད་འབྱུང་པོའི་ཚོགས༔ བྱང་ཆུབ་ལམ་གྱི་བར་ཆད་ཟློག་པ་དང་༔ བསྟན་པ་བཤིགས་པའི་དགྲ་བགེགས་བསྒྲལ་པའི་ཕྱིར༔ སྒེག་དཔའ་མི་སྡུག་གཟི་བྱིན་ཡ་ལ་ལ༔ རྒོད་གཤེ་དྲག་ཤུལ་གད་རྒྱངས་འུ་རུ་རུ༔ སྙིང་རྗེ་རྔམ་ཞིའི་དགོངས་པ་ལམས་སེ་ལམ༔ ཧེ་རུ་ཀ་ཡི་དམ་ཚིག་ཆེན་པོ་ཡིས༔ དུར་ཁྲོད་མེ་རླུང་འཁྲུགས་པའི་ཕོ་བྲང་འདིར༔ ཞིང་བཅུའི་དགྲ་བོ་བསྒྲལ་ཕྱིར་གཤེགས་སུ་གསོལ༔ བར་ཆད་གདོན་བགེགས་འདུལ་ཕྱིར་གཤེགས་སུ་གསོལ༔ བྱད་ཕུར་རྦོད་གཏོང་བཟློག་ཕྱིར་གཤེགས་སུ་གསོལ༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་ད་ཚུར་བྱོན༔ ཨོཾ་ཤྲཱི་ཀརྨ་དྷཱ་ཀི་ནཱི་མ་ཧཱ་ཀྲོ་དྷཱི་ས་པ་རི་བཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་དབང་དྲག་རོལ་པ་དབྱིངས་ཀྱི་གཞལ་ཡས་འདིར༔ ཡེ་ཤེས་སྒྱུ་འཕྲུལ་ཀརྨ་དྷཱ་ཀི་ནཱི༔ རབ་འབྱམས་དྲག་ཤུལ་ཆེན་མོའི་ལྷ་ཚོགས་རྣམས༔ རྔམ་ཞིང་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་མཆོད་བསྟོད་པ་ནི༔ ཧཱུྃ༔ ཞི་བ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་༔ ལོངས་སྤྱོད་ཡོངས་རྫོགས་འབར་བ་ཆེན་པོའི་ཚུལ༔ གདུག་པ་འདུལ་ཕྱིར་ཅིར་ཡང་སྤྲུལ་པའི་གར༔ ཁྲག་འཐུང་ཆེན་མོའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཧཱུྃ༔ གདུག་ཅིང་གཏུམ་པའི་དགྲ་བགེགས་བསྒྲལ་བ་ཡི༔ ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་གཡོ༔ ཚིལ་ཆེན་དུད་སྤྲིན་ཞུན་མེའི་སྣང་བས་ཁྱབ༔ མཁྲིས་པའི་དྲི་ཆབ་ཤ་ཁྲག་རུས་པའི་ཟས༔ རྐང་གླིང་ཐོད་པའི་རོལ་མོས་ས་གསུམ་འདར༔ རྔམ་བརྗིད་དུར་ཁྲོད་རོལ་པའི་མཆོད་སྤྲིན་གྱིས༔ ཀརྨ་དྷཱ་ཀིའི་དཀྱིལ་འཁོར་ལྷ་ཚོགས་མཆོད༔ དགྱེས་པར་བཞེས་ནས་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་ཤྲཱི་ཀརྨ་དྷཱ་ཀི་ནཱི་མ་ཧཱ་ཀྲོ་དྷཱི་ས་པ་རི་བཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེེ་བི་དྱཱ་ཤབྡ་སརྦ་མ་ཧཱ་མུ་དྲཱ་པཱུ་ཛ་ཧོ༔ ཧཱུྃ༔ གཏི་མུག་རྣམ་དག་བྱང་སེམས་ཨ་མྲྀ་ཏ༔ འདོད་ཆགས་རང་གྲོལ་ཁྲག་གི་རྒྱ་མཚོར་བསྐྱིལ༔ ཞེ་སྡང་དཔལ་གྱི་གཏོར་མ་རི་ལྟར་སྤུངས༔ དུག་གསུམ་ཆེན་པོའི་མཆོད་པས་དགྱེས་པར་མཛོད༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ སྒེག་དཔའ་འཇིགས་རུང་གར་གྱིས་ས་གསུམ་གནོན༔ རྒོད་གཤེ་དྲག་ཤུལ་གད་རྒྱངས་ཁམས་གསུམ་གཡོ༔ སྙིང་རྗེ་རྔམ་ཞིང་དུག་གསུམ་རྩད་ནས་གཅོད༔ མཁའ་འགྲོ་འབར་བའི་དཀྱིལ་འཁོར་ལྷ་ལ་བསྟོད༔ དེ་ནས་བཟླས་པས་རྒྱུད་བསྐུལ་བ་ནི༔ མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་གདན་ལ་ས་བོན་གྱིས་མཚན་པའི་མཐར་རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར་བ༔ རང་གི་ཐུགས་ཀ་ནས་འོད་ཟེར་དང་ཞལ་ནས་སྔགས་ཀྱི་སྒྲས་བསྐུལ་བ་ལས་ཚ་ཞིང་རྩུབ་པའི་འོད་དང་མཚོན་ཆའི་ཆར་གཟེངས་ཤིང་འབེབས་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་དྲག་པོའི་ཐུགས་དམ་བསྐུལ༔ སྣང་སྲིད་མ་མོ་མཁའ་འགྲོ་སྡེ་བརྒྱད་དྲག་ཤུལ་ཅན་རྣམས་དམ་ལ་གཟིར༔ མ་རུངས་པའི་དགྲ་བགེགས་ཐམས་ཅད་ཚར་བཅད་དེ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་བསམས་ལ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དྲག་ལ་འདྲིལ་བ་སེར་ཆེན་འབབ་པ་ལྟར་གཙོ་བོར་བཟླ༔ གཞན་ཡང་༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ནི་པདྨ་དྷཱ་ཀཱི་ནཱི་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་བྃ་བུདྡྷ་དྷཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་སརྦ་ཀརྨ་རཀྴ་སཱིདྷཱ་ཀི་ནཱི་མ་མ་བྷྱོ་སརྦ་བིགྷྣན་ཤཱ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སོ་སོར་བཟླ༔ དེ་ནི་རྩ་བའི་བཟླས་པའོ༔ ཡན་ལག་སྲུང་བ་ནི༔ སླར་ཡང་ཐུགས་ཀ་ནས་འོད་ཟེར་མཚོན་ཆའི་རྣམ་པར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཚར་བཅད༔ ཚུལ་འདུས་པ་ཕྱོགས་མཚམས་སྟེང་འོག་ཐམས་ཅད་མཚོན་ཆ་ལྔ་དང་མདའི་དྲ་བ་མེ་རླུང་ཆུའི་གུར་ཁང་སྲ་ཞིང་བརྟན་པ་ལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བྱིན་གྱིས་བརླབས་པས་ཅིས་ཀྱང་མི་ཆོད་མི་ཤིགས་པར་བསམས་ལ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་སརྦ་བཛྲ་རཀྵ་རཀྵ་མཱྃ༔ ཟློག་པ་ནི༔ ཡང་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་མོ་ནམ་མཁའ་གང་བར་སྤྲོས༔ དྲག་ཤུལ་ཆེན་པོའི་གཟི་བྱིན་འབར༔ དམོད་པའི་སྔགས་ཀྱི་རང་སྒྲ་དང་བཅས་རྡོ་རྗེ་ཉི་ཟླའི་ཐལ་མོ་གནམ་ས་ཁ་འཐབ་པ་ལྟར་བརྡབས་པས་བྱད་ཕུར་རྦོད་གཏོང་དགྲ་བགེགས་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཐལ་བའི་རྡུལ་ཕྲན་ལྟར་བརླག༔ རིག་སྔགས་ཆེན་པོའི་རླུང་གིས་ཕྱིར་བཟློག༔ དམིགས་མེད་ཀ་དག་གི་དབྱིངས་སུ་ཐིམ༔ སྤྲུལ་པ་རྣམས་སླར་འདུས་ཏེ་སྲུང་བའི་འཁོར་ལོ་ལ་ཐིམ་པས་སྲ་ཞིང་བརྟན་པར་བསམས་ལ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལཱ་ཡ་སརྦ་དུཥྚཱན་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲོཾ་ཟློག༔ རཀྨོ་ཁྲོཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་བཟླ༔ བསད་པ་ནི༔ མདུན་བསྐྱེད་རྣམས་ཆེས་ཁྲོས་ཤིང་འཁྲུགས་པས་རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས༔ མ་རུངས་པའི་གདུག་ཅིང་གཏུམ་པ་ཐམས་ཅད་ཕྱག་རྒྱ་བཞིས་རྟེན་ལ་དགུག་གཞུག་བཅིང་མྱོས་པར་བྱས༔ ལྷ་དང་ཕྲལ༔ གཟུགས་ལ་དབབ༔ སྐུ་སྨད་ཕུར་པའི་དབལ་གྱིས་གཟིར་བས་ཚེ་བསོད་རང་ལ་ཐིམ༔ རྣམ་ཤེས་དབྱིངས་སུ་སྤར༔ ཕུང་པོ་ཉལ་ཉལ་གཏུབས་པའི་ཤ་ཁྲག་ལས་ཀྱི་མཁའ་འགྲོ་འཁོར་དང་བཅས་པ་རྔམ་པའི་གད་མོ་དང་བཅས་ཚོགས་སུ་བཞེས་པར་བསམས་ལ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལཱ་ཡ་སརྦ་བིགྷྣན་ཤཱ་ཏྲཱུཾ་མཱ་ར་ཡ་ཨེ་ས་བྷྱོ་རྦད༔ ཅེས་བཟླའོ༔ དེ་ལྟ་བུའི་དམིགས་པ་གསལ་ཞིང་བརྟན་པས་སྔགས་ཀྱི་སྦྱོར་བ་ཁོ་ནས་མངོན་སྤྱོད་ཀྱི་ལས་ཚར་ཕྱིན་པར་འགྱུར་ཏེ་ཏིང་ངེ་འཛིན་གྱི་དྲག་པོའི་ལས་རིམ་མོ༔ མཐར་མཆོད་ཅིང་བསྟོད༔ ཚོགས་ཀྱི་མཆོད་སྐོང་སོགས་ཀྱིས་དགྱེས་པར་སྐྱེད༔ དེ་ནས་བསད་པའི་ལས་ལ༔ ཐོག་མར་ཕུད་མཆོད་ཅིང་༔ ཨོཾ་ཨཱཿཧཱུྃ༔ རྩ་གསུམ་རྒྱལ་བ་ལས་ཀྱི་དྷཱ་ཀི་ནཱི༔ རབ་འབྱམས་མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ དྲག་པོ་སྔགས་ཀྱི་གཟི་བྱིན་བསྐྱེད་དུ་གསོལ༔ མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་གྲུབ་པར་མཛོད༔ ཕོ་རྒྱུད་མོ་རྒྱུད་གཉིས་མེད་དྲེགས་པའི་སྡེ༔ རྡོ་རྗེའི་ཆོས་སྲུང་དམ་ཚིག་འཆང་བ་རྣམས༔ གསེར་སྐྱེམས་སོགས། ས་བདག་ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ༔ མགོན་སྐྱབས་རྒྱབ་རྟེན་དཔུང་གཉེན་གྱུར་པ་རྣམས༔ གསེར་སྐྱེམས་སོགས། དེ་ནས་འཐུབ་ཁུང་དང་དམིགས་བྱ་བསྐྱེད་བསྟིམ་ནི༔ ཨེ་ཡྃ་རྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨེ་ལས་ཐར་མེད་གནམ་ལྕགས་གཤིན་རྗེའི་སྒྲོམ༔ ཟུར་གསུམ་མེ་འབར་ལས་ཀྱི་རླུང་ཤུགས་གཡོ༔ དེ་དབུས་གནོད་བྱེད་དགྲ་དང་འགལ་རྐྱེན་བགེགས༔ ཉམ་ཐག་སྐྱབས་བྲལ་མངོན་སུམ་གསལ་བར་གྱུར༔ ནྲི་ཏྲི་སརྦ་ཤཱ་ཏྲཱུཾ་བིགྷྣན་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ ཕྲིན་ལས་མཁའ་འགྲོ་དྲག་མོའི་དཀྱིལ་འཁོར་དུ༔ བྱང་ཆུབ་སྒྲུབ་དང་བསྟན་ལ་འཚེ་བ་ཡི༔ དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཚར་བཅད་ཕྱིར༔ འབར་བ་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ༔ བྱམས་པ་ཁྲོས་པའི་ལྕགས་ཀྱུས་སྙིང་ནས་ཟུངས༔ སྙིང་རྗེ་ཁྲོས་པའི་ཞགས་པས་མགུལ་ནས་ཆིངས༔ དགའ་བ་ཁྲོས་པའི་སྒྲོག་གིས་ཡན་ལག་སྡོམས༔ བཏང་སྙོམས་ཁྲོས་པའི་དྲིལ་བུས་མྱོས་སུ་ཆུག༔ སྟོང་ཉིད་ཁྲོས་པའི་ཕྱག་རྒྱས་ལྷ་དང་ཕྲོལ༔ བདེ་ཆེན་ཁྲོས་པའི་ཤུགས་ཀྱིས་གཟུགས་ལ་ཕོབ༔ སྡང་བའི་དགྲ་དང་གནོད་པར་བྱེད་པའི་བགེགས༔ འདིར་ཁུག་འདིར་སྟིམས་བསྒྲལ་བའི་ཞིང་དུ་མཛོད༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་བཛྲ་ཨཾ་གུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གནྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ བྱད་ཐག་གིས་འཆིང་ཞིང་༔ ཧཱུྃ་བྷྱོ༔ ལུས་ངག་ཡིད་གསུམ་རེངས་ཤིང་རྨོངས་བྱེད་པ༔ ལས་ཀྱི་མཁའ་འགྲོའི་མཐུ་སྟོབས་ནུས་པ་རྫོགས༔ སྔོ་དམར་བྱད་ཐག་སྦྲུལ་གྱི་ཞགས་པ་ཡིས༔ དགྲ་བགེགས་འབྱུང་པོ་བྱད་དུ་གཞུག་པར་གྱིས༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལཱ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་ཧ་ས་ར་ཡ་ཧ་ས་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ སྨྱོ་བྱེད་ཀྱི་རྫས་དང་ཁྲག་ཆར་དབབ་ཅིང་༔ ཧཱུྃ་བྷྱོ༔ ལུས་ངག་ཡིད་གསུམ་སྨྱོ་ཞིང་འཁྲུགས་བྱེད་པ༔ ཤ་ཟ་མཁའ་འགྲོའི་མཐུ་སྟོབས་ནུས་པ་རྫོགས༔ དུག་ཁྲག་རྒྱ་མཚོ་འབར་བའི་ཆར་ཕབ་པས༔ དགྲ་བགེགས་འབྱུང་པོ་སྨྱོ་ཞིང་འབོག་ཏུ་ཆུག༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་ཛྭ་ལཱ་པ་ཡ་ཛྭ་པ་ལཱ་ཡ་ཧཱུྃ་ཕཊ༔ ལས་ཕུར་བླངས་ཤིང་༔ ཕུར་པ་གསོད་བྱེད་ལས་ཀྱི་མཁའ་འགྲོ་ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་བསྣམས་པ་སྐུ་སྨད་ཕུར་པའི་དབལ་ཅན་དུ་གྱུར་པར་བསམས་ལ༔ ཧཱུྃ༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་པ༔ དྲག་ཤུལ་གསོད་བྱེད་དྷཱ་ཀི་ནཱི༔ ཐོགས་མེད་བཛྲ་ཀཱི་ལ་ཡ༔ སྟེང་དུ་གདེངས་པས་ལྷ་རྣམས་བསྐུལ༔ བར་དུ་བསྐོར་བས་འཇིག་རྟེན་གཡོ༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་གཟིར༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་འདར༔ དབུས་སུ་བསྒྲིལ་བས་གཉིས་མེད་ཐུལ༔ བཏབ་ན་ལྷ་ཡང་རླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཡེ་ཤེས་དྲག་མོའི་སྟོབས་སྐྱེད་ཅིག༔ དགྲ་བགེགས་ཚེ་བསོད་དྭངས་མ་ཀུན༔ སྒྲུབ་ལ་སྟིམས་ཤིག་ཀཱི་ལ་ཡ༔ རྣམ་ཤེས་རྡོ་རྗེ་བཙུན་མོ་ཡི༔ སྲས་སུ་སྤོར་ཅིག་ཀཱི་ལ་ཡ༔ དུག་གསུམ་ཕུང་ཁམས་སྐྱེ་མཆེད་རྟེན༔ དུམ་བུར་གཏུབས་ཤིག་ཀཱི་ལ་ཡ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་རྃ༔ ཨཱ་ཡུར་བིནྡུ་བྷྲཱུྃ༔ ཨ་ཡཾ་སྥ་ར་ཎ་ཕཊ༔ སརྦ་ཤཱ་ཏྲཱུཾ་བིགྷྣན་མཱ་ར་ཡ་ཕཊ༔ ཅེས་གདབ་ཀའི་ལས་ཀྱིས་གཟས་པོའི་ཚེ་བསོད་རང་ལ་བསྟིམ༔ རྣམ་ཤེས་དབྱིངས་སུ་སྤར༔ ཕུང་པོའི་གནས་རྣམས་སུ་ཕུར་བུས་གདབ༔ དེ་ནས་རྩེ་གསུམ་གྱིས་དབུག༔ གྲི་གུག་གིས་གཏུབ༔ ཐོད་པའི་ཐུན་ཁྲག་ཕབ་ལ༔ ཧཱུྃ་བྷྱོ༔ རྩེ་གསུམ་མཚོན་ཆས་ཕུང་པོ་ཐལ་མར་ཕུག༔ གྲི་གུག་འབར་བས་ཏིལ་བཞིན་དུམ་བུར་གཏུབས༔ ཐུན་རྫས་ཁྲག་གིས་ལྡོག་མེད་རྒྱས་ཐོབ་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཐར་ཕྱིན་མཛོད༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་བྷིནྡྷ་བྷིནྡྷ་ཙྪིནྡ་ཙྪིནྡ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧོམ་གཟར་གྱིས་ཞལ་དུ་བསྟབས་ཏེ༔ ཧཱུྃ་བྷྱོ༔ དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ འཇིགས་བྱེད་ཁྲག་འཐུང་ཆེན་མོའི་ཞལ་དུ་སྦྱོར༔ འཁོར་གྱི་མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ དགྲ་འགེགས་འབྱུང་པོའི་བདུན་རྒྱུད་རྩད་ནས་ཆོད༔ སརྦ་ཤཱ་ཏྲཱུཾ་བིགྷྣན་མཱ་ར་ཡ་མཱཾ་ས་རཀྟ་ཀི་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་བས༔ ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་དགྱེས་པའི་བཞད་སྒྲ་དང་བཅས་ལྷག་མེད་དུ་བཞེས་ཟག་མེད་བདེ་ཆེན་དྲག་ཤུལ་གྱི་ཡེ་ཤེས་ལྷག་པར་རྒྱས་ཤིང་ངོ་མཐོན་དུ་བཞུགས་པར་བསམས་ལ་ཟློག་སྒྱུར་གྱི་ཕྲིན་ལས་གསོལ་བ་ནི༔ ཤ་རུས་ཀྱི་གཏོར་མ་འབུལ༔ ཁྲག་སྐྱེམས་སྦྲེང་༔ ཐོད་རྔ་བརྡུང་ཞིང་དྲག་པོའི་ངར་དང་ལྡན་པས༔ ཧཱུྃ་བྷྱོ༔ ཞི་བ་ཆེན་པོའི་ངང་ལས་མ་གཡོས་ཀྱང་༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ རྩ་གསུམ་མཁའ་འགྲོ་འབར་བའི་ལྷ་ཚོགས་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐོགས་མེད་བྱ་གྲུབ་ཡེ་ཤེས་ཕོ་བྲང་ནས༔ ཁྲག་འཐུང་གཙོ་མོ་ཀརྨ་དྷཱ་ཀི་ནཱི༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ་དང་བཅས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ ཕྱི་ནང་གསང་བའི་འགལ་རྐྱེན་མི་མཐུན་ཕྱོགས༔ ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རིགས་དགྲ་ལ་ཟློག༔ སུམ་བརྒྱ་དྲུག་ཅུའི་གདོན་ཚོགས་དགྲ་ལ་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང་དགྲ་ལ་ཟློག༔ བརྒྱད་ཅུ་རྩ་གཅིག་ལྟས་ངན་དགྲ་ལ་ཟློག༔ གློ་བུར་ཡེ་འདྲོག་འཚུབས་འགྱུར་དགྲ་ལ་ཟློག༔ དུས་མིན་འཆི་བའི་བར་ཆད་དགྲ་ལ་ཟློག༔ ཡས་ཀྱི་བདུད་དཔུང་གཡོས་པ་དགྲ་ལ་ཟློག༔ མས་ཀྱི་སྲི་རུ་ལྡངས་པ་དགྲ་ལ་ཟློག༔ བར་གྱི་འཕྲལ་རྐྱེན་ངན་པ་དགྲ་ལ་ཟློག༔ ནད་མུག་མཚོན་གྱི་འཁྲུལ་འཁོར་དགྲ་ལ་ཟློག༔ མཐའ་དམག་གདུག་པའི་འཚུབས་འགྱུར་དགྲ་ལ་ཟློག༔ རྒྱ་འདྲེ་འགོང་པོའི་ཆོ་འཕྲུལ་དགྲ་ལ་ཟློག༔ བྱད་ཁ་ཕུར་ཁ་རྦོད་གཏོང་དགྲ་ལ་ཟློག༔ ཡེ་ཤེས་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ ལས་ཀྱི་མཁའ་འགྲོའི་སུན་མ་དགྲ་ལ་ཟློག༔ ཤ་ཟ་མཁའ་འགྲོའི་དལ་ཡམས་དགྲ་ལ་ཟློག༔ ཕྲ་མེན་མཁའ་འགྲོའི་གཏད་ཁྲམ་དགྲ་ལ་ཟློག༔ མུ་སྟེགས་མཁའ་འགྲོའི་དམོད་ཚིག་དགྲ་ལ་ཟློག༔ རྒྱལ་ཁམས་ཕོ་མོའི་མི་ཁ་དགྲ་ལ་ཟློག༔ གྲིབ་དང་མི་གཙང་གཡེང་བ་དགྲ་ལ་ཟློག༔ བཟློག་གོ་དམར་ཆེན་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར༔ བྷྱོ་ཟློག་དམོད་པའི་མཚོན་ཆར་དགྲ་ལ་ཕོབ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཟློག་སྔགས་བཟླའོ༔ ཧཱུྃ་བྷྱོ༔ འགྱུར་མེད་མེ་ལོང་ཡེ་ཤེས་ཕོ་བྲང་ནས༔ ཁྲག་འཐུང་འབར་མ་བཛྲ་དྷཱ་ཀི་ནཱི༔ རྡོ་རྗེ་རིགས་ཀྱི་ཁྲོ་མོ་འབུམ་དང་བཅས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ རྩོལ་མེད་མཉམ་ཉིད་ཡེ་ཤེས་ཕོ་བྲང་ནས༔ འཕྲུལ་བཞད་འབར་མ་རཏྣ་དྷཱ་ཀི་ནཱི༔ རིན་ཆེན་རིགས་ཀྱི་ཁྲོ་མོ་འབུམ་དང་བཅས༔ དགྲ་བགེགས་སོགས། ཧཱུྃ་ཧྲཱི༔ བདེ་ཆེན་སོར་རྟོག་ཡེ་ཤེས་ཕོ་བྲང་ནས༔ རྗེས་ཆགས་འབར་མ་པདྨ་དྷཱ་ཀི་ནཱི༔ པདྨ་རིགས་ཀྱི་ཁྲོ་མོ་འབུམ་དང་བཅས༔ དགྲ་བགེགས་སོགས། ཧཱུྃ་ཧྲཱི༔ ཀུན་ཁྱབ་ཆོས་དབྱིངས་ཡེ་ཤེས་ཕོ་བྲང་ནས༔ གཏུམ་རྔམ་འབར་མ་བུདྡྷ་དྷཱ་ཀི་ནཱི༔ བདེ་གཤེགས་རིགས་ཀྱི་ཁྲོ་མོ་འབུམ་དང་བཅས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ དྲག་རྩུབ་བརྒྱ་བྱིན་ཁྲོས་པའི་གྲོང་ཁྱེར་ནས༔ སྟོང་ཉིད་ནམ་མཁར་སྤྱོད་པའི་བྱ་རྒོད་གདོང་༔ ལྷ་ཡི་ཕྲ་མེན་འབུམ་སྡེའི་དུས་ལ་བབས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ གསོད་གཅོད་འཇིགས་རུང་བཤན་པའི་གྲོང་ཁྱེར་ནས༔ གཟུང་འཛིན་སྐོས་སུ་འདེབས་པའི་དུར་བྱའི་གདོང་༔ གཤིན་རྗེའི་ཕྲ་མེན་འབུམ་སྡེའི་དུས་ལ་བབས༔ དགྲ་བགེགས་སོགས། ཧཱུྃ་བྷྱོཿ དུག་ལྔའི་རྒྱ་མཚོ་འཁྱིལ་པའི་གྲོང་ཁྱེར་ནས༔ ཉོན་མོངས་ཡུལ་ལ་འཚེར་བ་བཞད་ཀྱི་གདོང་༔ ཀླུ་ཡི་ཕྲ་མེན་འདུས་སྡེའི་དུས་ལ་བབས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ གཏུམ་ཆེན་གཞན་གྱིས་མི་ཐུབ་གྲོང་ཁྱེར་ནས༔ རྡོ་རྗེའི་ཏོང་སྐད་སྒྲོགས་པའི་བྱ་རོག་གདོང་༔ གནོད་སྦྱིན་ཕྲ་མེན་འབུམ་སྡེའི་དུས་ལ་བབས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ ཁམས་གསུམ་ཐལ་བར་སྲེག་པའི་གྲོང་ཁྱེར་ནས༔ འོད་གསལ་ཁུང་ནས་འབྱིན་པ་འུག་པའི་གདོང་༔ མེ་ལྷའི་ཕྲ་མེན་འབུམ་སྡེའི་དུས་ལ་བབས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ ཤ་ཁྲག་ཟན་དུ་རོལ་པའི་གྲོང་ཁྱེར་ནས༔ ཉག་གཅིག་ཤུགས་གླུ་ལེན་པ་སྲིན་བྱའི་གདོང་༔ སྲིན་པོའི་ཕྲ་མེན་འབུམ་སྡེའི་དུས་ལ་བབས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ སྲིད་གསུམ་གཏོར་ཞིང་དཀྲུག་པའི་གྲོང་ཁྱེར་ནས༔ ཐོག་མེད་རིག་རྩལ་རྫོགས་པ་ཁྲ་ཡི་གདོང་༔ རླུང་ལྷའི་ཕྲ་མེན་འབུམ་སྡེའི་དུས་ལ་བབས༔ དགྲ་བགེགས་སོགས། ཧཱུྃ་བྷྱོ༔ གནོད་འཚེའི་མཚོན་ཆ་གཟེངས་པའི་གྲོང་ཁྱེར་ནས༔ བདེ་སྟོང་མུ་ཅོར་དགོད་པ་ཁྭ་ཏའི་གདོང་༔ བགེགས་ཀྱི་ཕྲ་མེན་འབུམ་སྡེའི་དུས་ལ་བབས༔ དགྲ་བགེག་སོགས། ཧཱུྃ་བྷྱོ༔ གཞན་ཡང་དུར་ཁྲོད་དྲག་པོའི་ཕོ་བྲང་འདིར༔ ཐུགས་རྗེ་དམ་ཚིག་དབང་གིས་བཞུགས་པ་ཡི༔ དབང་ཕྱུག་ཕྲ་མེན་མ་མོ་བྱེ་བ་འབུམ༔ གིང་དང་ལངྐ་སྡེ་བརྒྱད་འབྱུང་པོའི་ཚོགས༔ ཀུན་ཀྱང་དགྲ་བགེགས་གསོད་གཅོད་བརྟུལ་ཞུགས་ཅན༔ རྡོ་རྗེ་བཙུན་མོའི་བཀའ་ཉན་བྲན་དང་གཡོག༔ དྲག་ཤུལ་འབར་བ་ཆེན་པོའི་ཚོམ་བུ་ཀུན༔ དགྲ་བགེགས་སོགས། ཁྱད་པར་ཟོར་དགུའི་ཟློག་པ་ནི༔ ཧཱུྃ་བྷྱོ༔ རི་རབ་འབར་བ་སྟོབས་ཆེན་སྲིན་མོའི་གདོང་༔ ལས་ཀྱི་མཁའ་འགྲོ་གཙོ་འཁོར་ནུས་སྟོབས་རྫོགས༔ སྲིད་པ་གསུམ་གྱི་སྣོད་བཅུད་གཏིང་ནས་གཡོ༔ ཁམས་གསུམ་ཐལ་པར་རློག་པའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་འཕྱང་གྱེར༔ ཟློག་སྔགས་ཀྱི་མཐར༔ སརྦ་བཛྲ་རཏྣ་པདྨ་བུདྡྷ་དྷཱ་ཀི་ནཱི་ཀྲོ་དྷཱི་ཀཱི་ལི་ཀཱི་ལ་ཡ་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་ཧཱ་ཛྭཱ་ལ་བྷ་ལིཾ་ཏ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ དྲག་པོ་ཡུངས་ཀར་རྒྱལ་པོ་ཤཱ་རི་རཾ༔ ལྷ་ཡི་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ བརྒྱ་བྱིན་ཁྲོས་པའི་རྡོ་རྗེའི་ཤུགས་འཆང་བས༔ དགྲ་བགེགས་རྩད་ནས་གཅོད་པའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་ཟློག་སྔགས་དང་༔ སརྦ་དྷེ་ཝ་ཀྲོ་དྷཱི་དྷཱ་ཀི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་མ་ཤཱ་རི་རཱཾ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་དཱ་རུ་ཎ་དཱ་རུ་ཎ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ ཐོགས་མེད་ཤུགས་དྲག་རྣོན་པོ་རྩངས་ཀྱི་ཟོར༔ གཤིན་རྗེའི་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ ཡ་མ་ཁྲོས་པའི་བེ་ཅོན་ཤུགས་འཆང་བ༔ དགྲ་བགེགས་བདུན་རྒྱུད་གཅོད་པའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་སརྦ་ཡ་མ་ཀྲོ་དྷཱི་དྷཱ་ཀི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་ཧཱ་ཏཱིཀྵྞ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་བྷིནྡྷ་བྷིནྡྷ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ འཇིག་རྟེན་རྨོངས་ཤིང་མྱོས་བྱེད་དུག་གི་ཟོར༔ ཀླུ་ཡི་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ ནཱ་ག་ཁྲོས་པའི་དུག་གི་ཤུགས་འཆང་བས༔ དགྲ་བགེགས་རྨོངས་ཤིང་བརྒྱལ་བའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་སརྦ་ནཱ་ག་ཀྲོ་དྷཱི་དྷཱ་ཀི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་ཧཱ་བི་ཥ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་མོ་ཧ་ཡ་མོ་ཧ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ སྟོབས་ཆེན་ཤུགས་དྲག་སྲ་མཁྲེགས་རྡོ་ཡི་ཟོར༔ གནོད་སྦྱིན་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ གཏུམ་པོ་ཁྲོས་པའི་གྱད་ཀྱི་ཤུགས་འཆང་བས༔ དགྲ་བགེགས་ཕྱེ་མར་འཐག་པའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་སརྦ་ཡཀྴ་ཀྲོ་དྷཱི་དྷཱ་གི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་ཧཱ་བཱ་ལ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་ཙྪིནྡ་ཙྪནྡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ འཇིག་རྟེན་ཐལ་བར་བྱེད་པ་མེ་ཡི་ཟོར༔ མེ་ལྷའི་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ ཨགྣི་ཁྲོས་པའི་རྩལ་གྱི་ཤུགས་འཆང་བས༔ དགྲ་བགེགས་འབར་ཞིང་སྲེག་པའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་སརྦ་ཨགྣི་ཀྲོ་དྷཱི་དྷཱ་ཀི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་ཧཱ་ཛྭཱ་ལ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་ད་ཧ་ད་ཧ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ རེག་པས་ཕུང་བྱེད་དུག་ཁྲག་ཀོང་གི་ཟོར༔ སྲིན་པོའི་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ ཤ་ཟ་ཁྲོས་པའི་མཚོན་གྱི་ཤུགས་འཆང་བས༔ དགྲ་བགེགས་སྲོག་རྩ་གཅོད་པའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་སརྦ་རཀྴ་ཀྲོ་དྷཱི་དྷཱ་ཀི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་ཧཱ་རཀྟ་ཛྭ་ལ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་མ་མ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ ཤུགས་དྲག་ཐོགས་མེད་འགྲོ་བ་མདའ་ཡི་ཟོར༔ རླུང་ལྷའི་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ གཡོ་བྱེད་ཁྲོས་པའི་འཚུབས་འགྱུར་ཤུགས་འཆང་བས༔ དགྲ་བགེགས་གཏོར་ཞིང་གཡེང་པའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་སརྦ་བཱ་ཡུ་ཀྲོ་དྷཱི་དྷཱ་ཀི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མཱ་ཧཱ་ས་ར་ཎ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔ ཡུལ་ཁམས་བརླག་ཅིང་ཕུང་བྱེད་ས་ཡི་ཟོར༔ བགེགས་ཀྱི་ཕྲ་མེན་བྱེ་བའི་ནུས་སྟོབས་རྫོགས༔ བདེན་བྲལ་ཁྲོས་པའི་གཡོ་འཁྲུགས་ཤུགས་འཆང་བས༔ དགྲ་བགེགས་ཁ་ཕུང་གཏོང་བའི་དམ་ཚིག་གིས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་སོགས་སརྦ་བིགྷྣན་ཀྲོ་དྷཱི་དྷཱ་ཀི་ནཱི་ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ མ་ཧཱ་སྟཱཾ་བྷཱ་ཡ་ས་མ་ཡ་སརྦ་ཤཱ་ཏྲཱུཾ་བིགྷྣན་མ་ཐ་མ་ཐ་ཧཱུྃ་ཧཱུྃ་ཕཊ༔ དེ་རྣམས་ཀྱང་སྤྲོས་པ་དང་འབྲེལ་ན་སྔགས་པ་བདུད་ཆས་སུ་ཞུགས༔ ཟོར་རྫས་རྣམས་སོ་སོ་ནས་ཐོགས་སོ་སོ་ནས་འཆམ་སྟབས་དང་བཅས་བྱ༔ གང་ལྟར་ཡང་དེའི་ཚེ་ཟོར་རྫས་རེ་རེའི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་ཆར་བཞིན་དུ་བབ་པ་མཁའ་འགྲོ་ཁྲོས་མའི་ལྷ་ཚོགས་རྣམས་ཀྱིས་ཐོགས་ཏེ་དགྲ་བགེགས་ཀྱི་སྟེང་དུ་བསྣུན་པས་མི་མཐུན་པའི་ཕྱོགས་ཐམས་ཅད་སྐད་ཅིག་གིས་ཕྱིར་བཟློག༔ མ་རུངས་པ་ཐམས་ཅད་ཁ་ཕུང་རྗེས་མེད་དུ་སོང་བར་བསམས་ལ་དགོངས་པའི་གདིང་བསྐྱེད་དོ༔ སླར་ཡང་ཤ་ཁྲག་གི་གཏོར་མ་འབུལ་ཞིང་༔ ཧཱུྃ་བྷྱོ༔ འོད་གསལ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཟུང་འཇུག་སྙིང་རྗེ་ཁྲོས་པའི་ཤུགས་འཆང་བ༔ མ་རུངས་གདུལ་དཀའ་འདུལ་བའི་ཐུགས་དམ་ཅན༔ མཁའ་འགྲོ་འབར་བའི་ལྷ་ཚོགས་དུས་ལ་བབས༔ བླ་མ་རིག་འཛིན་ཡི་དམ་དྲག་པོའི་ལྷ༔ ལས་ཀྱི་དྷཱ་ཀི་རིགས་བཞིའི་མཁའ་འགྲོ་མ༔ ཕྱོགས་མཚམས་དབང་སྒྱུར་ཕྲ་མེན་ཆེན་མོ་བརྒྱད༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ མཁའ་འགྲོ་སོ་གཉིས་གིང་དང་ལངྐའི་ཚོགས༔ སུམ་བརྒྱ་དྲུག་ཅུ་སྣང་སྲིད་མ་མོའི་ཚོགས༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་འཁོར་དང་བཅས༔ དགྲ་བགེགས་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ ཞེས་སོགས་འཕྱང་དང་ཟློག་སྔགས་བརྗོད་པ་ནི་སྤྱིར་ཕྲིན་ལས་གསོལ་བའོ༔ དེ་ནས་ལྷག་མ་གཏོང་བ་སོགས་རྗེས་ཀྱི་རིམ་པ་མཐར་དབྱུང་ངོ་༔ དེ་ལྟ་བུ་འབད་པས་དགྲ་བགེགས་དངོས་སུ་ཐུལ་བ༔ ཉམས་སུ་མཁའ་འགྲོ་འབར་མ་རྣམས་ཀྱིས་མངོན་སྤྱོད་ཀྱི་ལས་མཛད་པ༔ རྨི་ལམ་དུ་བསད་ཟློག་གི་རྟགས་ཁྱད་པར་ཅན་བྱུང་བ་སོགས་ཀྱི་ཚེ་ལས་ཀྱི་མཇུག་བསྡུ་བ་ལ༔ བསད་པའི་ལས་འཇུག་བསྡུ་བ་ནི༔ དྲག་པོའི་ཐབ་དུག་ཤིང་དུག་ཁྲག་གིས་སྦགས་པ་ཟུར་གསུམ་དུ་བརྩིག༔ ལིང་རོ་དང་དྲག་པོའི་ཐུན་རྫས་ཤ་ཆེན་ཚིལ་ཆེན་གུ་གུལ་སོགས་སྦྱར་བ་བཞག༔ ཨེ་ཛྭ་ལ་རྃ་སྥ་ར་ཎ༔ སཾ་ཧ་ར་ཎ་ཧཱུྃ༔ མདུན་དུ་དྲག་པོའི་ཐབ་ཁུང་དྲག་མེ་དམར་ནག་འབར་ཞིང་འཁྲུགས་པའི་དབུས་དུར་ཁྲོད་དྲག་པོའི་གནས་རྟེན་དང་བརྟེན་པར་བཅས་པ་མདུན་སྐྱེད་ལྟར་བསྐྱེད་པ་ནས་བསྟོད་པའི་བར་བྱ༔ དེ་ནས་ལིང་རོ་དང་དྲག་རྫས་དགྲ་བགེགས་དངོས་སུ་གསལ་བ་ལྕགས་ཀྱི་ཧོམ་གཟར་གྲུ་གསུམ་པས་དབུལ་ཞིང་༔ ཧཱུྃ༔ མཁའ་འགྲོ་འབར་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དྲག་པོ་སྟོབས་ཀྱི་ཡེ་ཤེས་གཟི་བྱིན་སྐྱེད༔ དགྲ་བགེགས་བདུན་རྒྱུད་དཔུང་བཅས་ལྷག་མེད་བཞེས༔ མངོན་སྤྱོད་རོལ་པའི་ཕྲིན་ལས་མཐར་ཕྱིན་མཛོད༔ ཨོཾ་སརྦ་ཀརྨ་བཛྲ་རཏྣ་པདྨ་བུདྡྷ་ཀྲོ་དྷཱི་དྷཱ་ཀི་ནཱི་རཀྴ་སཱི་མ་མ་བྷྱོ་སརྦ་ཤཱ་ཏྲཱུཾ་བིགྷྣན་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་ཡ་ཛྲ་ལ་རྃ་བྷསྨི་ཀུ་རུ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲུག་ཅུ་རྩ་བཞི་ཕུལ༔ དགྲ་བགེགས་དཔུང་བཅས་ལྷག་མེད་བསྲེག་ཅིང་སྦྱང་༔ མཐར་མཆོད་བསྟོད་བཟོད་པར་གསོལ༔ བཛྲ་མུཿས་ཡེ་ཤེས་པ་མདུན་བསྐྱེད་དང་དབྱེར་མེད་དུ་བཞུགས༔ དམ་ཚིག་པ་འབར་བ་ཆེན་པོའི་རྣམ་པས་ཁམས་གསུམ་ཐམས་ཅད་ཁྱབ་ཅིང་༔ གདུག་ཅིང་གཏུམ་པ་སྡེ་རིས་དང་བཅས་པ་ལྷག་མེད་དུ་བསྲེག་པར་བསམ་མོ༔ ཟློག་པའི་མཐའ་བསྡུ་བ་ནི༔ ཨོཾ་སརྦ་དྷཱ་ཀི་ནཱི་ཛྙཱ་ན་ས་ཧ་ར་ཎ་ཧཱུྃ༔ ཟོར་ཆེན་གྱི་ཡེ་ཤེས་པ་རྣམས་རང་ལ་ཐིམ་པས་མཁའ་འགྲོ་མའི་མཐུ་སྟོབས་ཐམས་ཅད་རྫོགས་པར་བསམ༔ བཟླས་པས་བརྟན་པར་བྱ༔ སྒོ་དབྱེ་བ་ནི༔ ཧཱུྃ༔ ཕྲིན་ལས་བཞི་རྫོགས་སྒོ་སྲུང་ཚོགས༔ ཐབས་དང་ཤེས་རབ་ཡེ་ཤེས་ཀྱིས༔ དྲག་པོའི་ཕོ་བྲང་སྒོ་ཕྱེས་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཛཿཧཱུྃ་བྃ་ཧོཿས་མ་ཡ་པྲ་བེ་ཤ་ཡ་ཕཊ་བྷྱོཿ སླར་ཡང་གཏོར་མ་འབུལ་ཞིང་སྤྱི་དྲིལ་གྱི་ཟློག་པས་ཐུགས་དམ་སྐུལ༔ རིགས་ཀྱི་མ་མོ་རྣམས་ལ་ཟ་ལམ་བསྟན༔ འཕང་སར་གསེར་སྐྱེམས་ཕུལ༔ དགྲ་བགེགས་དམིགས་རྟེན་དུ་བཅས་ལ༔ ཧཱུྃ་བྷྱོ༔ བཞེངས་ཤིག་དྲག་ཤུལ་སྟོབས་ལྡན་དྷཱ་ཀི་ནཱི༔ ལས་ཀྱི་ཁྲོ་མོ་རབ་འབྱམས་དབྱིངས་ནས་བཞེངས༔ བསྒྲལ་བའི་ཞིང་བཅུ་ཉམས་པའི་གང་ཟག་བདུན༔ བར་ཆད་བགེགས་དང་འབྱུང་པོའི་སྟེང་དུ་ཆོས༔ ལྷ་ཀླུ་གནོད་སྦྱིན་ཐམས་ཅད་སྐུ་བཟུར་ལ༔ ཟོར་རྫས་རྡོ་རྗེའི་མཚོན་ཆས་དགྲ་ལ་རྒྱོབ༔ བྷྱོ་ཟློག་དམོད་པའི་ཐོག་ཆེན་བགེགས་ལ་ཕོབ༔ དགྲ་བགེགས་བདུན་རྒྱུད་རྩད་ནས་ཚར་ཆོད་ཅིག༔ སརྦ་ཀྲོ་དྷཱི་དྷཱ་ཀི་ནཱི་ཡ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཅིང་ཐལ་མོ་དང་དུལ་མོ་བརྡབས༔ དེ་ནས་བྱང་ཤར་གྱི་ས་ཟོར་ནས་བརྩམས་ཏེ་ཟློག་ཚིག་སྔགས་དང་བཅས་པས་རྔམ་སྟབས་སུ་འཕང་༔ མཐར་ཨོཾ་སརྦ་དྷཱ་ཀི་ནཱི་ས་མ་ཡ་ཨུཥྞི་ཥ་སྟཱཾ༔ ཟོར་ཆེན་གྱི་དམ་ཚིག་གི་འཁོར་ལོ་ནམ་མཁར་བཞུགས་པར་བསམ༔ གཏོར་ཟོར་གྱི་ཟློག་ཚིག་སྔགས་དང་བཅས་པའི་ཟློག་པ་བྱ༔ ཟོར་ཆེན་བཏེགས་ལ་དམོད་པ་གདབ༔ ཧཱུྃ་བྷྱོ༔ མཁའ་འགྲོ་འབར་བའི་ལྷ་ཚོགས་དྲག་ཤུལ་སྐྱེད༔ ཟོར་ཆེན་རྫས་ཀྱི་མཐུ་སྟོབས་གཟི་བྱིན་སྐྱེད༔ ནད་མཚོན་དུག་གི་ཆར་ཆེན་དགྲ་ལ་ཕོབ་༔ མི་བཟད་མངོན་སྤྱོད་བགེགས་ཀྱི་དཔུང་ལ་ཕྱུང་༔ དགྲ་དཔུང་བདུན་རྒྱུད་མ་ལུས་རྩད་ནས་ཆོད༔ བགེགས་དཔུང་མིང་མེད་ཐལ་བའི་རྡུལ་དུ་རློག༔ སྡང་དགྲ་གནོད་བགེགས་བྱད་ཕུར་སྟེང་དུ་བྷྱོ༔ དྲག་པོ་ཟོར་གྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཟློག་སྔགས་བཟླ་བཞིན་རྔམ་སྟབས་དྲག་པོའི་ང་རོ་དང་བཅས་ཟོར་ཆེན་འབེམ་དུ་བཅས་པ་ལ་བརྡེགས་པས༔ ནམ་མཁར་བཞུགས་པའི་དམ་ཚིག་འཁོར་ལོ་ཁྲོས་འཁྲུགས་རྔམ་པས་ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་པོ་བབས་པའི་རྗེས་སུ་རྒྱུག༔ དགྲ་དཔུང་བསད༔ བགེགས་དཔུང་བཅོམ༔ མི་ལྡོག་པར་རྒྱས་བཏབ་པར་བསམས་ལ་དགོངས་པའི་གདིང་བསྐྱེད༔ བསྟན་མ་བསྐྱང་༔ བསྲུང་བའི་མཐའ་བསྡུ་བ་ནི༔ ཐོད་ངན་དུ་དགྲ་བགེགས་ཀྱི་ལིངྒ་བཅུག་པ་དུག་ཁྲག་ཐུན་རྫས་ཀྱིས་གཏམས༔ ཕུང་རེས་དྲིལ༔ རྩངས་ཀྱིས་གཟེར༔ དམིགས་བྱ་འགུགས་བསྟིམ་དྲག་ཏུ་བྱས་ལ༔ སྒོ་ཐེམ་གྱི་འོག་གམ༔ ལམ་གྱི་བཞི་མདོ་སོགས་ས་གཉན་དུ་དོང་གྲུ་གསུམ་གཏིང་ཟབ་པར་བྲུས་པའི་ནང་དུ་འཕངས་ལ༔ ཧཱུྃ་ཧཱུྃ༔ ས་འོག་དགུ་རིམ་མུན་པའི་གཏིང་རུམ་ནས༔ འཆི་བདག་ཆུ་སྲིན་གདོང་ཅན་ལས་ལ་བཞེངས༔ བར་ཆད་དགྲ་བགེགས་དམ་སྲི་དཔུང་དང་བཅས༔ གཏད་པ་ཡིན་གྱི་ནམ་ཡང་མ་གཏོང་ཞིག༔ ཡ་མ་རུ་ཏྲ་སརྦ་ཤཱ་ཏྲཱུཾ་བིགྷྣན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏད༔ མེ་ཆུས་རྒྱས་བཏབ་པའི་སྟེང་དུ་རྟ་བྲོ་བརྡུང་༔ ཧཱུྃ་ཧཱུྃ་ཧཱུྃ་ཨེ་ས་བྷྱོ་བྷྱོ་ཟློག་ཟློག་སརྦ་དྷཱ་ཀི་ནཱི་ཀྲོ་དྷ་ཛཱ་ལ་རྃ་རྃ༔ ཞེས་མཚམས་བཅད༔ ནང་དུ་ལོག་ནས་ཚེའི་ཆོ་ག་དང་དངོས་གྲུབ་བླང་བ་སོགས་བྱའོ༔ འདི་ལྟ་བུའི་ལས་ཀྱི་རིམ་པ་ཟབ་མོ་ཉམས་སུ་བླངས་པས༔ དགྲ་སོད་བགེགས་ཐུལ༔ བྱང་ཆུབ་ལམ་གྱི་བར་ཆད་ཐམས་ཅད་ཞི༔ བསྟན་པའི་སྲོག་ཤིང་ཚུགས༔ རང་གཞན་འཚེངས་པ་གསུམ་གྱིས་བྱང་ཆུབ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པ་སོགས་དགོས་པ་བསམ་གྱིས་མི་ཁྱབ་པས་རྣལ་འབྱོར་བ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་རང་གི་ལམ་སྒྲུབ་པ་དང་༔ བསྟན་པ་སྤྱིའི་ཆེད་དུ་ཡང་ནས་ཡང་དུ་བསྐྱར་ཏེ་བསྒྲུབ་པར་བྱ༔ སྦྱིན་བདག་དང་རང་དོན་ཉི་ཚེ་བའི་ཆེད་དུ་བྱས་ན་མཁའ་འགྲོ་མ་མོ་རྣམས་འཁྲུགས་པར་འགྱུར་བས་ཤིན་ཏུ་དམ་པར་བྱའོ༔ དེ་ནི་ཕྱི་འགལ་རྐྱེན་བར་ཆད་གཏོར་མས་ཟློག་པའི་རིམ་པའོ༔ ས་མ་ཡ༔ གཉིས་པ་ནང་འབྱུང་བ་འཁྲུགས་པ་དབྱིངས་ལྔས་ཟློག་པ་ནི༔ ཕྱི་རོལ་འབྱུང་བ་སའི་ཁམས་དགྲ་གཤེད་དུ་འཁྲུགས་པ་ལ་བརྟེན་ནས་བྱད་ཕུར་རྦོད་གཏོང་གཏད་ཁྲམ་ས་གཡོས་སོགས་བར་ཆད་ཀྱི་རྐྱེན༔ ནང་ཤའི་ཁམས་མ་སྙོམས་པས་ལྕི་ཞིང་འཐིབས་པ་ལྡན་འདུས་ཀྱི་ནད་དང་ང་རྒྱལ་གནོད་སྦྱིན་གཏུམ་པོའི་གདོན་གྱི་འཚེ་བ་སོགས་འཆི་བདག་གི་བདུད་དུ་སྣང་བ་ཐམས་ཅད༔ སྣང་ཙམ་ནས་རང་བཞིན་རྣམ་པར་དག་པ་རིག་པ་བདེ་བར་གཤེགས་པའི་སྙིང་པོ་ལས་མ་གཡོས་པར་ཤེས་པས་རྐྱེན་དང་བར་ཆད་ཐམས་ཅད་བཙུན་མོ་དམ་པ་སྲ་བའི་དབྱིངས་སངས་རྒྱས་སྤྱན་མའི་ངོ་བོར་སྦྲུལ་མདུད་བཞིན་ངང་གིས་གྲོལ་བའི་གནས་ལུགས་སུ་ངོ་ཤེས༔ ཐག་ཆོད༔ བརྟན་པ་ཐོབ་པས་ཕྱི་ནང་གི་བགེགས་རྐྱེན་ཐམས་ཅད་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དག་པའི་དགོངས་པ་མི་འགྱུར་བར་རྒྱས་གདབ༔ དེ་བཞིན་དུ་ཆུ་དང་ཁྲག་གི་ཁམས་དགྲ་གཤེད་དུ་འཁྲུགས་པའི་ནད་གདོན་གནོད་པ་ཐམས་ཅད་གཤེར་བའི་དབྱིངས་མཱ་མ་ཀི༔ མེ་དང་དྲོད་ཀྱི་ཁམས་དགྲ་གཤེད་དུ་འཁྲུགས་པའི་ནད་གདོན་གནོད་པ་ཐམས་ཅད་སྲེག་པའི་དབྱིངས་གོས་དཀར་མོ༔ རླུང་དང་དབུགས་ཀྱི་ཁམས་དགྲ་གཤེད་དུ་འཁྲུགས་པའི་ནད་གདོན་གནོད་པ་ཐམས་ཅད་གཡོ་བའི་དབྱིངས་དམ་ཚིག་སྒྲོལ་མ༔ ནམ་མཁའ་དང་སེམས་ཀྱི་ཁམས་དགྲ་གཤེད་དུ་འཁྲུགས་པའི་ནད་གདོན་གནོད་པ་ཐམས་ཅད་སྣང་བའི་དབྱིངས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་ཤེས་པར་བྱས་ལ་ལ་བཟླ་ཞིང་བརྟན་པ་ཐོབ་པར་བྱའོ༔ མདོར་ན་ཕྱི་ནང་གི་འབྱུང་བ་འཁྲུགས་པའི་ནད་གདོན་བྱད་ཕུར་རྦོད་གཏོང་སོགས་རྐྱེན་དང་བར་དུ་གཅོད་པ་ཅི་བྱུང་ཡང་དགོངས་པའི་གདིང་བསྐྱེད་ལ་ཐམས་ཅད་རིག་པ་ཡུམ་ལྔའི་ངོ་བོ་སྐད་ཅིག་མ་སྟོང་གསལ་འདུས་མ་བྱས་པ་བཞིན་དུ་ཤེས་པར་བྱས་ལ་ངང་བསྐྱང་༔ འཇམ་རླུང་བཟུང་༔ དབྱིངས་རིག་བསྲེས་ལ་མཉམ་པར་བཞག༔ སྐབས་སུ་ཕྱི་འབྱུང་བ་ལྔ་འོད་ལྔའི་དྭངས་མ་ནང་གི་འབྱུང་པ་ཤ་ཁྲག་དྲོད་དབུགས་སེམས་ཀྱི་ཁམས་ལ་ཐིམ༔ དེ་རྣམས་སྐད་ཅིག་གིས་དབྱིངས་ཕྱུག་ལྔའི་རྣམ་པར་ཤར༔ དེ་ལ་རིག་པ་གཏད་པ་འོད་ལྔའི་ཕུང་པོར་གྱུར༔ ཤིན་ཏུ་རྣམ་པར་དག་པ་ཡེ་ཤེས་ཀྱི་དབྱིངས་སུ་ཐིམ་པར་བསམ་ལ་དགོངས་པ་བསྐྱངས་ཤིང་ཧཱུྃ་གི་སྣང་གླུ་བླངས་ཏེ་མི་ཕོད་པ་ཐམས་ཅད་ལ་ཐོག་བརྫིས་སུ་བྱས་པས་རྐྱེན་ངན་ལམ་དུ་ལོངས༔ བར་ཆད་དངོས་གྲུབ་ཏུ་འགྱུར་ལྟས་ངན་གྲོགས་སུ་ཁུགས་ཏེ་ཕྱིར་ཟློག་པ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ༔ དེ་ལྟ་བུའི་དོན་བརྗོད་ཚིག་གིས་གསལ་གདབ་པའང་བྱ་སྟེ༔ ཧཱུྃ་ཧཱུྃ༔ འབྱུང་བ་ས་ལས་གྱུར་པའི་འགལ་རྐྱེན་དང་༔ ཤ་ཡི་ཁམས་ཀྱི་ནད་གདོན་བར་ཆད་ཀུན༔ སྣང་སྟོང་དབྱེར་མེད་རྡོ་རྗེའི་ཟོར་ཆེན་པོས༔ བཙུན་མོ་དམ་པ་སྲ་བའི་དབྱིངས་སུ་ཟློག༔ འབྱུང་བ་ཆུ་ལས་གྱུར་བའི་འགལ་རྐྱེན་དང་༔ ཁྲག་གི་ཁམས་ཀྱི་ནད་གདོན་བར་ཆད་ཀུན༔ རིག་སྟོང་དབྱེར་མེད་བདེ་གཤེགས་ཟོར་ཆེན་པོས༔ བཙུན་མོ་དམ་པ་གཤེར་བའི་དབྱིངས་སུ་ཟློག༔ འབྱུང་བ་མེ་ལས་གྱུར་པའི་འགལ་རྐྱེན་དང་༔ དྲོད་ཀྱི་ཁམས་ཀྱི་ནད་གདོན་བར་ཆད་ཀུན༔ གསལ་སྟོང་དབྱེར་མེད་པདྨའི་ཟོར་ཆེན་པོས༔ བཙུན་མོ་དམ་པ་སྲེག་པའི་དབྱིངས་སུ་ཟློག༔ འབྱུང་བ་རླུང་ལས་གྱུར་པའི་འགལ་རྐྱེན་དང་༔ དབུགས་ཀྱི་ཁམས་ཀྱི་ནད་གདོན་བར་ཆད་ཀུན༔ བདེ་སྟོང་དབྱེར་མེད་ལས་ཀྱི་ཟོར་ཆེན་པོས༔ བཙུན་མོ་དམ་པ་གཡོ་བའི་དབྱིངས་སུ་ཟློག༔ འབྱུང་བ་ནམ་མཁའ་ལས་གྱུར་འགལ་རྐྱེན་དང་༔ སེམས་ཀྱི་ཁམས་ཀྱི་ནད་གདོན་བར་ཆད་ཀུན༔ དྲན་སྟོང་དབྱེར་མེད་ཆོས་དབྱིངས་ཟོར་ཆེན་པོས༔ བཙུན་མོ་དམ་པ་སྣང་བའི་དབྱིངས་སུ་ཟློག༔ ཨོཾ་ཀྲོ་དྷཱི་དྷཱ་ཀི་ནཱི་སརྦ་ས་མ་ཡ་ལྃ་བྃ་རྃ་ཡྃ་ཨ་དྷརྨ་དྷཱ་ཏུ་བྷྱོ་བྷྱོ་ཟློག་ཟློག༔ ཨ་ཨ་ཨ་ཨ་ཨ༔ ཞེས་བརྗོད་ཅིང་ཐལ་མོ་བརྡབས༔ དགོངས་པའི་གདིང་བསྐྱེད་ལ་བཞག་གོ༔ ཕྱི་ནང་གི་ཟློག་པ་སྤྲེལ་ཏེ་བྱེད་ན་སྤྱིའི་ཟློག་པའི་མཇུག་ཏུ་འདི་བྱའོ༔ དེ་ནི་ནང་འབྱུང་བ་ལྔ་དབྱིངས་སུ་ཟློག་པའི་མཆོག་གི་ཟོར་གྱི་གདམས་པའོ༔ ས་མ་ཡ༔ གསུམ་པ་ཉོན་མོངས་བག་ཆགས་དང་བཅས་པ་ཡེ་ཤེས་སུ་ཟློག་པ་ནི༔ ཉོན་མོངས་པ་གཏི་མུག་གི་རྟོག་པའི་རྒྱུ་ལས་ཀླུ་གདོན་དང་བད་ཀན་གྱི་ནད་སོགས་སྐྱེད༔ དེ་བཞིན་དུ་ཞེ་སྡང་ལས་ཕོ་གདོན་དང་ཚད་རིམས་མཁྲིས་པའི་ནད༔ ང་རྒྱལ་ལས་གནོད་སྦྱིན་གྱི་གདོན་དང་སྲིན་ཕོལ་གཟེར་ཐབས་ཀྱི་ནད༔ འདོད་ཆགས་ལས་མོ་གདོན་དང་ཆུ་སེར་གྲང་བའི་ནད༔ ཕྲག་དོག་ལས་བཙན་འགོང་ཐེའུ་རང་གི་གདོན་དང་ལྡན་འདུས་རླུང་ཁམས་ཀྱི་ནད༔ གཞན་ཡང་དེ་ལྟ་བུའི་ཉོན་མོངས་པ་ཕྲ་རགས་ཀྱི་རྟོག་པ་ལ་བརྟེན་ནས་ཕྱི་འབྱུང་བཞིའི་གཡོ་འཁྲུགས༔ ནད་མུག་མཚོན་ཁ༔ བྱད་ཕུར་ལྟས་ངན༔ ནང་ལུས་ཀྱི་ན་ཚ༔ གསང་བ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་སྐྱེད་པ་ཡིན་ཏེ༔ གཟུང་བའི་ཡུལ་ལ་བརྟེན་ནས་དེར་འཛིན་པའི་ཉོན་མོངས་ཀྱི་རྣམ་རྟོག་ཚོགས་སུ་ཤར༔ རྟོག་པ་སྔ་མས་ས་བོན་བཞག༔ ཕྱི་མས་གསོས་བཏབ༔ དེ་ཇེ་རགས་སུ་གྱུར་པས་སྣང་བ་ཐམས་ཅད་དགྲ་བོར་ཤར་ཏེ་རྨི་ལམ་གྱི་འཇིགས་སྐྲག་བདེ་སྡུག་ལྟར་ཤར་ཞིང་བདེན་པར་བཟུང་བས་བསླུས་ཏེ་གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་བར་ཆད་ཐམས་ཅད་མེད་བཞིན་དུ་སྣང་བའི་མཚང་ཆེན་པོ་འདི་ཤེས་པར་བྱས་ཏེ༔ དགྲ་བོ་ལྟ་བུའི་མིག་ལམ་དུ་སྣང་བའམ་ཡིད་ལ་དྲན་པས་རྐྱེན་བྱས་ཏེ་ཞེ་སྡང་གི་ངན་རྟོག་ལམ་གྱིས་ཤར་བའི་ཚེ་རྟོག་པ་དེ་ཉིད་ཆེད་དུ་མི་སྤང་༔ མི་དགག༔ མི་བསྒྱུར་བར་ནམ་མཁའ་ལ་སྤྲིན་རྡོལ་བ་དང་༔ གནས་པ་དང་༔ ཐིམ་པ་ལྟར་རིག་པའི་ཀློང་ལས་འདའ་ས་མེད་པར་ཤེས་པར་བྱས་ཏེ་ངང་བསྐྱངས་པས་ཞེ་སྡང་ཁོ་རང་གསལ་སྟོང་དུ་ལྷང་གིས་གྲོལ་བ་ན་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར༔ བག་ཆགས་མི་བཞག༔ ལས་མི་གསོག༔ དེ་ལས་བྱུང་བའི་འགལ་རྐྱེན་ཐམས་ཅད་རང་སར་གྲོལ་བར་འགྱུར་རོ༔ དེ་བཞིན་དུ་ཉོན་མོངས་གཞན་རྣམས་ཀྱང་ལམ་དུ་ཁྱེར་བས་གཏི་མུག་འོད་གསལ་ཆོས་དབྱིངས་ཡེ་ཤེས༔ ང་རྒྱལ་ཚོར་སྟོང་མཉམ་ཉིད་ཡེ་ཤེས༔ འདོད་ཆགས་བདེ་སྟོང་སོར་རྟོག་ཡེ་ཤེས༔ ཕྲག་དོག་རིག་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་ནས་ཉོན་མོངས་པའི་རྒྱུ་འབྲས་རྐྱེན་སྣང་ཐམས་ཅད་ཡེ་ཤེས་ལྔའི་ཀློང་དུ་ཟློག་པར་གདོན་མི་ཟའོ༔ སྐབས་སུ་སྤྱིར་རིགས་དྲུག་དང་༔ ཁྱད་པར་འགལ་རྐྱེན་བར་ཆད་རྩོམ་པའི་དགྲ་བགེགས་ཀྱི་ཉོན་མོངས་པ་ཐམས་ཅད་རང་རྒྱུད་ཀྱི་དུག་ལྔ་ལ་ཐིམ་པར་བསམ༔ དེ་ཉིད་བདེ་བར་གཤེགས་པ་རིགས་ལྔའི་སྐུར་ལམ་གྱིས་གསལ་ཞིང་སེམས་བཟུང་༔ སེམས་ཟིན་པ་ན་ཡེ་ཤེས་ལྔའི་ཀློང་དུ་བསྟིམ་ཞིང་ལམ་དུ་ཁྱེར༔ བར་རླུང་ཐད་ཀར་བཟུང་༔ མིག་ནམ་མཁར་ལྟ་སྟངས་གཡོ་མེད་དུ་འཆིང་༔ རིག་པ་བཟོ་མ་བཅོས་པར་བཞག་པས་ཁམས་གསུམ་གྱི་རྣམ་པར་རྟོག་པ་ཐམས་ཅད་རིག་པ་ཀ་དག་གི་དབྱིངས་སུ་ཟློག་པར་འགྱུར་ན་འགལ་རྐྱེན་ཉི་ཚེ་བའི་ཚོགས་བཟློག་པར་འགྱུར་བ་ལྟ་ཅི་སྨོས༔ དེ་ལྟ་བུའི་དོན་རྗོད་ཚིག་གི་སྒོ་ནས་གསལ་གདབ་པ་ནི༔ ཧཱུྃ་ཧཱུྃ༔ གཏི་མུག་མུན་ལྟར་འཐིབ་པའི་རྣམ་རྟོག་དང་༔ དེ་ལས་བྱུང་བའི་འགལ་རྐྱེན་བར་ཆད་ཀུན༔ སྣང་སྟོང་དབྱེར་མེད་རིག་པའི་ཟོར་ཆེན་པོས༔ ཆོས་དབྱིངས་ཡེ་ཤེས་ངང་དུ་ཟློག་ཅིང་སྒྱུར༔ ཞེ་སྡང་མེ་ལྟར་འབར་བའི་རྣམ་རྟོག་དང་༔ དེ་ལས་བྱུང་བའི་འགལ་རྐྱེན་བར་ཆད་ཀུན༔ གསལ་སྟོང་དབྱེར་མེད་རིག་པའི་ཟོར་ཆེན་པོས༔ མེ་ལོང་ཡེ་ཤེས་ངང་དུ་བཟློག་ཅིང་སྒྱུར༔ ང་རྒྱལ་རི་ལྟར་ཁེངས་པའི་རྣམ་རྟོག་དང་༔ དེ་ལས་བྱུང་བའི་འགལ་རྐྱེན་བར་ཆད་ཀུན༔ ཚོར་སྟོང་དབྱེར་མེད་རིག་པའི་ཟོར་ཆེན་པོས༔ མཉམ་ཉིད་ཡེ་ཤེས་ངང་དུ་བཟློག་ཅིང་སྒྱུར༔ འདོད་ཆགས་ཆུ་ལྟར་འཁྲུགས་པའི་རྣམ་རྟོག་དང་༔ དེ་ལས་བྱུང་བའི་འགལ་རྐྱེན་བར་ཆད་ཀུན༔ བདེ་སྟོང་དབྱེར་མེད་རིག་པའི་ཟོར་ཆེན་པོས༔ སོར་རྟོག་ཡེ་ཤེས་ངང་དུ་བཟློག་ཅིང་སྒྱུར༔ ཕྲག་དོག་རླུང་ལྟར་འཚུབས་པའི་རྣམ་རྟོག་དང་༔ དེ་ལས་བྱུང་བའི་འགལ་རྐྱེན་བར་ཆད་ཀུན༔ མྱོང་སྟོང་དབྱེར་མེད་རིག་པའི་ཟོར་ཆེན་གྱིས༔ བྱ་གྲུབ་ཡེ་ཤེས་ངང་དུ་བཟློག་ཅིང་སྒྱུར༔ ཡུལ་སྣང་ཐམས་ཅད་སེམས་ཀྱི་སྟེང་དུ་ཟློག༔ སེམས་ཉིད་རིག་སྟོང་གཉུག་མའི་དབྱིངས་སུ་སྒྱུར༔ རིག་པ་བྱར་མེད་ནམ་མཁའ་ལྟ་བུའི་ངང་༔ ཆོས་ཀུན་ཟད་སར་འཁྱོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཀྲོ་དྷཱི་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཀླེ་ཤ་དྷཱ་ཏུ་ཛྙཱ་ན་བྷྱོ་བྷྱོ་ཟློག་ཟློག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་ཅིང་ཐལ་མོ་བརྡབས༔ རིག་སྟོང་བྱར་མེད་ཀྱི་ངང་དུ་དགོངས་པའི་སྲོག་བཟུང་ལ་མཉམ་པར་བཞག་གོ༔ དེ་ནི་གསང་བ་ཉོན་མོངས་པ་ཡེ་ཤེས་ལྔས་ཟློག་པའི་རིམ་པ་མཐར་ཐུག་པའི་གདམས་པའོ༔ ས་མ་ཡ༔ དེ་ལྟ་བུའི་གདམས་པ་ཟབ་མོ་ཉམས་སུ་ལེན་པ་ལ༔ སྔོན་དུ་དབང་བསྐུར་བ་གལ་ཆེ་བས༔ རྒྱུད་དག་པའི་སློབ་མ་ཁྲུས་ནས་དབྱུང་༔ བགེགས་ཕྲལ༔ མཚམས་བཅད༔ མཎྜལ་ཕུལ༔ རྣལ་འབྱོར་མ་དང་དབྱེར་མེད་པའི༔ སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ ལས་ཀྱི་མཁའ་འགྲོ་ཀཱི་ལ་ཡའི༔ དྲག་པོའི་དབང་བསྐུར་རྗེས་གནང་སྩོལ༔ ལན་གསུམ་གྱིས་གསོལ་བ་གདབ༔ རྒྱུད་སྦྱང་༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ་བརྟན་པར་བྱ༔ དེ་ནས་ཟོར་གྱི་གཏོར་མ་ལྷར་གསལ༔ སློབ་དཔོན་རྡོ་རྗེ་ཁྲོས་མ་ནག་མོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས༔ ཟོར་གྱི་གཏོར་མ་ལྷར་གསལ་བ་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ༔ འབར་བ་ཆེན་པོའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་སློབ་མ་ལྷར་གསལ་བའི་མདུན་དུ་བྱོན་ཏེ༔ འོད་ཟེར་སྤྲོ་བསྡུས་མངོན་སྤྱོད་ཀྱི་ལས་རབ་འབྱམས་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་ཅིང་རྗེས་སུ་གནང་བར་མོས་ལ༔ གཏོར་མ་ལག་ཏུ་གཏད་ཅིང་༔ ཧཱུྃ་ཧཱུྃ༔ ཞི་བ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་༔ གདུག་པ་འདུལ་ཕྱིར་ལས་ཀྱི་ཁྲོ་མོའི་ཚུལ༔ རིག་ལྔ་གསོད་བྱེད་རྔམ་པའི་བརྟུལ་ཞུགས་ཅན༔ ཕྲ་མེན་དབང་ཕྱུག་མ་མོ་འབུམ་ཕྲག་ཚོགས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་གཟི་བྱིན་སྐྱེད༔ རྡོ་རྗེ་སློབ་མ་རྣམས་ལ་རྗེས་སུ་དགོངས༔ སྲུང་ཟློག་བསད་མནན་ཕྲིན་ལས་རབ་འབྱམས་ཀྱིས༔ མངོན་སྤྱོད་དམོད་པའི་མཐུ་དབང་ཡོངས་རྫོགས་ཤོག༔ ཨོཾ་སརྦ་ཀྲོ་དྷཱི་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རུ་དྲ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ ཞེས་བརྗོད་ཅིང་༔ མཐར་གཏོར་མའི་ལྷ་ལས་རང་འདྲ་གཉིས་པ་བྱུང་༔ སློབ་མ་དང་དབྱེར་མེད་དུ་གྱུར༔ ལས་ཀྱི་མཁའ་འགྲོ་འཁོར་དང་བཅས་པའི་སྐུའི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་ཏེ་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་ང་རྒྱལ་བསྐྱེད་པའི་ལག་ཏུ་ཕུར་བ་གཏད་ལ༔ ཧཱུྃ་སངས་རྒྱས་ཕྲིན་ལས་ཡོངས་རྫོགས་པ༔ ལས་ཀྱི་དྷཱ་ཀིའི་ནུས་སྟོབས་རྫོགས༔ མངོན་སྤྱོད་གྲུབ་པའི་མཚོན་ཆེན་པོ༔ བདུད་བཞིའི་བར་ཆད་འདུལ་ཕྱིར་གཏད༔ ཕྱར་བས་ཁམས་གསུམ་གཡོ་ཞིང་འགུལ༔ བསྒྲིལ་བས་ས་གསུམ་གདུག་པ་སྡངས༔ བཏབ་ན་ལྷ་ཡང་བརླག་འགྱུར་ན༔ གནོད་བྱེད་བགེགས་ལ་སྨོས་ཅི་དགོས༔ རྡོ་རྗེའི་མཁར་དུ་སྲུང་བ་དང་༔ ཉམས་པ་ཁ་སྦྱོར་དབྱེ་བ་དང་༔ བྱད་ཕུར་རྦོད་གཏོང་ཟློག་པ་སོགས༔ དྲག་པོའི་ལས་ཀུན་སྒྲུབ་པར་གྱིས༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེས་ཀྱང་རྔམ་པའི་ཚུལ་གྱིས་བླངས་ཞིང་གདབ་ཀའི་ལས་བྱ༔ ཕྱིར་ཟློག་ཇི་ལྟར་རིགས་པ་དང་༔ བསད་པའི་ཕྲིན་ལས་བསྒྲུབས༔ འཕང་བས་མཇུག་བསྡུའོ༔ དེས་ནི་དྲག་པོའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ༔ དེ་ནས་སྔགས་བྱང་མགྲིན་པར་བཞག་པས༔ རྡོ་རྗེའི་སྔགས་ཀྱི་ཕྲེང་བ་མགྲིན་པ་ནས་ཞུགས༔ སྙིང་གའི་ས་བོན་ལ་ཐིམ༔ དེ་ལས་བྱུང་བའི་འོད་ཟེར་གྱིས་རྩ་གནས་ཡི་གེའི་སྤྲིན་ལ་ཐིམ་པས་དྲག་པོའི་སྔགས་ཀྱི་ནུས་སྟོབས་རྫོགས༔ ཡེ་ཤེས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པས་ཕྱི་ནང་གི་འབྱུང་བ་ཐམས་ཅད་དབང་དུ་འདུས་ཏེ་རླུང་སྔགས་དབྱེར་མེད་པའི་ནུས་སྟོབས་མེ་ལྟར་འབར་བར་བསམས་ལ༔ ཧཱུྃ་ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེ་ཁྲོས་པའི་སྔགས༔ ཡེ་ཤེས་འོད་ཟེར་གཟི་བརྗིད་འབར་བ་ཡིས༔ སྐལ་ལྡན་སློབ་མའི་ངག་ལ་བྱིན་བརླབས་པས༔ ཕྱི་ནང་འབྱུང་བའི་བར་ཆད་དབྱིངས་སུ་ཟློག༔ མཁའ་འགྲོ་རིགས་ལྔའི་ངོ་བོར་མི་ཕྱེད་པའི༔ ནུས་པ་མཆོག་ཏུ་འབར་བའི་དབང་ཐོབ་ཤོག༔ མ་ཧཱ་རུ་དྲ་ཝཱ་ཀ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ སྔགས་རྣམས་ཀྱི་རྗེས་བཟློས་ཀྱང་བྱའོ༔ དེ་ནས་གནམ་ལྕགས་རྡོ་རྗེ་སྙིང་གར་བཞག་ཅིང་༔ མཁའ་འགྲོ་རབ་འབྱམས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་མེ་འོད་འབར་བའི་རྣམ་པ་ཅན་དུ་བྱུང་སྟེ་སློབ་མའི་སྙིང་གར་ཐིམ་པས་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་ཡེ་ཤེས་ལྔར་ཤར་ནས་གཟུང་འཛིན་འཁྲུལ་པའི་བདུད་དང་བར་དུ་གཅོད་པ་ཐམས་ཅད་རིག་སྟོང་ཀ་དག་གི་དབྱིངས་སུ་བཟློག་ཅིང་གཟིར་བའི་དོན་གྱི་ཕྲིན་ལས་ལ་དབང་འབྱོར་བར་བསམས་ལ༔ ཧཱུྃ་ཧཱུྃ༔ ཉོན་མོངས་དུག་ལྔའི་རྟོག་ཚོགས་ཇི་སྙེད་ཀུན༔ རང་བྱུང་རིག་པའི་ཀློང་ལས་མི་འདའ་བས༔ ཡེ་ཤེས་ལྔ་ལྡན་ཕྱག་རྒྱའི་དམ་ཚིག་གིས༔ མཐར་ཐུག་དོན་གྱི་མངོན་སྤྱོད་གྲུབ་གྱུར་ཅིག༔ མ་ཧཱ་རུ་དྲ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱ༔ ཞེས་བརྗོད་ཅིང་ཧཱུྃ་ལྔའི་སྣང་གླུ་བླངས་ལ་ཆོས་རྣམས་ཟད་སར་འཁྱོལ་བའི་ལྟ་གདིང་བསྐྱེད༔ མཐར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མངའ་གསོལ་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་ལམ་དུ་བསླང་བར་བྱའོ༔ འདི་ལྟ་བུའི་དབང་བསྐུར་བས་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཞི༔ དྲག་པོའི་ལས་རབ་འབྱམས་ལ་དབང་༔ མཐར་ཐུག་ཡེ་ཤེས་ལྔ་ལྡན་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བས་ན་ནན་ཏན་དུ་བྱའོ༔ ས་མ་ཡ༔ མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཟོར་ལས་ཟབ་གཉན་ཁྱད་པར་དུ་འཕགས་པ་སྔོན་ཆད་གཞན་དུ་མ་བསྟན་པའི་ལས་རིམ་འདིའང་༔ ཨོ་རྒྱན་གྱི་མཁན་པོ་པདྨ་ཐོད་ཕྲེང་གིས་དབྱིངས་ཀྱི་གཙོ་མོས་རྗེས་སུ་གནང་བ་ལྟར་སྙིང་པོར་དྲིལ་ཏེ་མ་འོངས་ཕྱི་མ་ཕྱི་མའི་དོན་དུ་ལས་ཀྱི་གཟུངས་མ་བཀའི་སྡུད་པ་ཡེ་ཤེས་མཚོ་རྒྱལ་ལ་གདམས་ཤིང་གཏད་པ་སྩྱོགས་སྩྱོགས་སྩྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཡེ་ཤེས་ཀྱི་མཁའ་འགྲོ་མ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་གཏེར་ཆོས།
རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་བླ་མའི་གསུང་འགྲོས་ཁྲིད་ཀྱི་ཟིན་བྲིས།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལསཿ བླ་མའི་གསུང་འགྲོས་ཁྲིད་ཀྱི་ཟིན་བྲིས་བཞུགས་སོ། །
མཁའ་འགྲོ་མ་ཀུན་དགའ་འབུམ་གྱི་གཏེར་ཆོས། མཚན་ལྡན་བླ་མའི་གསུང་འགྲོས་འདི་ཡིད་ལ་ལེགས་པར་འཛིན་པར་ཞུ་ལགས། ཆུ་ཡུལ་ལ་ལོན་མཛོད་ཨང་། ན་མོ་གུ་རུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གདམས་པ་ཉམས་སུ་བླང་སྙམ་པའི་སྒོ་ནས་ཐུགས་བསྐྱེད་ནས་ལེགས་པར་གསན་འཚལ། དེ་ལ་ཐོག་མར་བླ་མ་ཡི་དམ་མཉེས་པའི་ཚོགས་གཏོར་དང་། མཆོད་པའི་བྱེ་བྲག་རྣམས་རྒྱས་པར་བཤམས་ལ། སློབ་མ་རྣམས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡི་གེ་བརྒྱ་པ་འདྲེན་ཞིང་ཕྱིར་གཏོང་། བླ་མས་རྡོ་རྗེ་ཕག་མོ་ཐུགས་རྗེས་ཁྲོས་མ་ནག་མོའི་འཕྲིན་ལས་གཞུང་བསྲིངས། བླ་མ་རྡོ་རྗེ་ཕག་མོ་རྟ་ཕག་ཡབ་ཡུམ་གྱི་བསྐྱེད་རིམ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ལ། ལས་ཀྱི་རྡོ་རྗེའི་སློབ་དཔོན་ཞིག་གིས་ཁྲུས་ཆུ་སྟོང་ཞིང་སྒོ་བསྲུངས་ལ། བཀའ་རྡོ་རྗེ་རྒྱལ་པོ་ལགས་ཞེས་ལན་གསུམ་གྱི་མཐར། བླ་མས་ལན་གནང་། སློབ་མས་ངེད་རྣམས་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་རྣམས་ཞུ་བསམ་པས་བཀའ་གནང་བར་ཞུ་ལགས་ཞུས་སོ། །བླ་མས་ཁྱེད་རྣམས་རྒྱུད་སྡོམ་པ་གསུམ་དང་ལྡན་པ་གཅིག་ཡིན་ནམ། ལས་དང་སྐལ་པ་ལྡན་པ་གཅིག་ཡིན་ནམ། གསང་སྔགས་སྨིན་གྲོལ་གྱི་སྣོད་དང་ལྡན་པ་གཅིག་ཡིན་ནམ་ཞེས་སོ། །བགེགས་བསྐྲད་མེ་མཆོད་དང་ཆུ་དང་རོལ་མོ་ལ་སོགས་པ་མཚམས་བཅད་དོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྤྱན་འདྲེན་ཕྱག་འཚལ་མཎྜལ་ཡིག་བརྒྱ་བཤགས་པ་བཟོད་གསོལ་གསོལ་འདེབས་བར་དོ་གསོལ་འདེབས་རྣམས་གོང་དུ་སོང་ནས་བླ་མས་ཆོས་བཤད་པ་ནི། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་འོ་སྙམ་པའི་སྒོ་ནས་ལེགས་པར་གསན་འཚལ། དེ་ལ་སྣོད་ཀྱི་སྐྱོན་གསུམ་སྤང་པ། འདུ་ཤེས་རྣམ་པ་དྲུག་བརྟེན་པ། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་ལེགས་པར་གསན་དགོས་ལ། གང་དུ་མི་འགྲོའི་སེམས་ཀྱིས་ནི། །འདི་ཉིད་ལྟ་བུའི་ཚུལ་གྱིས་ཉོན། །ཡུལ་ཅན་བློ་ནི་འགྲོ་བ་ཡིས། །བསྐལ་པར་ཉན་ཡང་འབྲས་བུ་མེད། །ཅེས་པས་ལུས་སྟན་ཐོག་དང་སེམས་ཚོང་དུས་སུ་མ་སོང་པར་ལེགས་པར་གསན་དགོས། དེ་ལ་འདིར་ཆོས་དང་ཆོས་མ་ཡིན་པ་གཉིས་ཡོད་པ་ལས། འདི་ཆོས་རང་ཡིན། ཆོས་ལ་བཀའ་བསྟན་ཆོས་གཉིས་ཡོད་པ་ལས། འདི་རྒྱལ་བས་གསུངས་པའི་བཀའ་རང་ཡིན། བཀའ་ལ་ཐེག་པ་ཆེ་ཆུང་གཉིས་སུ་ཡོད་པ་ལས། འདི་ཐེག་པ་ཆེན་པོའི་ཆོས། ཐེག་པ་ཆེན་པོ་ལ་ཡང་རྒྱུད་སྡེ་ཆེན་པོ་བཞི་བཞུགས་པ་ལས། འདི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན། རྣལ་འབྱོར་བླ་ན་མེད་པ་ལའང་། ཕ་བླ་ན་མེད་པ་ཐབས་ཀྱི་རྒྱུད། མ་བླ་ན་མེད་པ་ཤེས་རབ་ཀྱི་རྒྱུད་གཉིས་ལས། འདིར་མ་རྒྱུད་གཙོ་བོར་བྱས་ཏེ། དེ་ལའང་སྨིན་བྱེད་དང་འབྲེལ་པ་དབང་གཙོ་བོར་སྟོན་པ་དང་། གྲོལ་བྱེད་ཁྲིད་ཀྱི་ངོ་སྤྲོད་གཉིས་ལས། འདི་སྨིན་གྲོལ་གཉིས་ཀྱི་ལམ་ལ་བརྟེན་ནས་སྟོན་པ་ཡིན་ནོ། །དེ་ལ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་བླ་མ་བརྒྱུད་པའི་རིམ་པ་དང་། བརྒྱུད་པ་དེ་ལས་བྱུང་པའི་གདམས་པ་དངོས་སོ། །ཐོག་མར་བླ་མ་བརྒྱུད་པའི་ལོ་རྒྱས་ནི། ༈ ཨོ་རྒྱན་དཔའ་བོའི་སྐད་དུ་དྷ་ར་ཙི་ཏ་ཞེས་པ་ནས། རྩ་བའི་བླ་མའི་བར་རོ། །དེ་ནས་ཁྲོས་མ་ནག་མོའི་གཏོར་མས་སྨིན་བྱེད་དབང་གི་ཆོས་སྒོ་དབྱེ་བ་ནི། གཏོར་དངོས་གོང་བཞིན་ལ། སྐད་ཅིག་གིས་བླ་མ་དང་། གཏོར་མ་དང་། སློབ་མ་རྣམས་ལ། རྡོ་རྗེ་ཕག་མོ་ཐུགས་ཀྱི་ཁྲོས་མ་ནག་མོའི་བསྐྱེད་རིམ་མངོན་རྟོགས་དག་པ་དང་སྦྱར་ནས་བཤད་པ་ཁྲིད་གཞུང་ལྟར་ལ། སྐུ་གསུང་ཐུགས་ཀྱི་མཚན་མ་དགོད་པ། སྡོམ་པ་བཟུང་བ་ལ། སོ་སོ་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་པ། རིག་པ་འཛིན་པ་གསང་སྔགས་ཀྱི་དམ་ཚིག་ལ་སོགས་འབོགས། ཨ་ཧ་རི་ནི་ས་བརྗོད་ཅིང་། གཏོར་མ་སློབ་མའི་གནས་ལྔར་འཇོག་ཅིང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་མ་ལུས་པ་དག སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཞུགས། ལམ་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་རིག་པ་རྩལ་གྱི་དབང་བསྒོམས་ལ། དབང་འབྲས་བུ་ཀ་དག་ཀུན་ཏུ་བཟང་པོའི་དགོངས་པ་སྔོན་དུ་བྱས། དུས་ད་ནས་བཟུང་ནས་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་ང་རྒྱལ་བརྟན་པོ་དང་མ་བྲལ་བ་མཛོད་ཅིག །སྐྱབས་འགྲོ་ལ་ཐུན་མོང་པའི་བསླབ་བྱ། ཐུན་མོང་མ་ཡིན་པའི་བསླབ་བྱ། ཁྱད་པར་གྱི་བསླབ་བྱ་རྣམས་ཁྲིད་གཞུང་ལྟར་རོ། །སེམས་བསྐྱེད་སྤྱན་འདྲེན་ཕྱག་འཚལ་མཎྜལ་ཡིག་བརྒྱ་བཤགས་པ་བཟོད་གསོལ་བླ་མའི་རྣལ་འབྱོར་གསོལ་འདེབས། སྐུ་གསུང་ཐུགས་ཀྱི་དབང་བཞི་ལྡན་པ། རྗེས་བསྔོ་བས་རྒྱས་འདེབས་པ་སོགས། ཁྲིད་གཞུང་ལྟར་གསལ་ལོ། །དེར་ཚོགས་དང་གཏོར་བསྔོས་བྱའོ། །དེ་ནུབ་དང་པོའི་ཆོས་ཐུན་སོགས་མདུན་དུ་མི་རྟག་པའི་བརྡ་རྣམས་དངོས་སུ་བཤམས་ལ། སྐྱེ་བ་རྒས་པ་འཆི་བ་རོ་རྣམ་པར་བམ་པ། རོ་འབུས་ཞིག་པ། རོ་རྣམ་པར་གནག་པ། རྐང་རུས་སྐྱ་ཐོ་རེ་ལ་སོང་པ། རོ་བྱ་ཁྱི་དང་ལྕེ་སྤྱང་དང་གཅན་གཟན་བྱ་རོག་དང་འུག་པ་དང་དུར་བྱ་དང་རྒོད་ལ་སོགས་པ་དུར་ཁྲོད་ཀྱི་རྣམ་འགྱུར་མི་རྟག་པའི་ངོ་སྤྲོད་འདི་རྣམས་ལ་ཁྱེད་རང་རྣམས་ཅེར་གྱིས་ལྟོས་ཤིག་བྱས་ལ། བླ་མས་ངོ་སྤྲད་པ་ནི། འོ་ན་སེམས་ཅན་ཐམས་ཅད་སྐྱེས་ནས་མ་ཤི་བ་དང་། མི་འཆི་བ་གཅིག་ཀྱང་མེད་དེ། སྔར་སྐྱེས་པ་རྣམས་ཀྱང་ཤི །ད་སྐྱེ་བ་རྣམས་ཀྱང་འཆི་བ་ལས་མ་འདས། ད་ལྟ་གནས་པའི་དགྲ་གཉེན་གྲོགས་དགའ་མཛའ་གཉེན་ཉེ་འབྲེལ་ཕ་མ་བུ་ཚ་ཐམས་ཅད་ཀྱང་འཆི་བ་ལས་མ་འདས་ཏེ། མདོ་ལས། གང་ཞིག་སྐྱེས་ནས་མ་ཤི་བ། །འོན་ཏེ་ཁྱོད་ཀྱིས་མཐོང་ངམ་ཐོས། །གལ་ཏེ་ཐོས་ན་ཐེ་ཚོམ་ཟ། །ཞེས་པའི་དོན་དེ་ལ་འཆི་ངེས་པ་ནམ་འཆི་ཆ་མེད་པ། འཆི་བའི་ཚེ་ཅིས་ཀྱང་མི་སྟོང་པ་གསུམ་བསྟན། འཆི་ངེས་པ་ལའང་གསུམ། སྔར་མ་ཤི་བར་ལུས་པ་མེད་པས་ཀྱང་འཆི་ངེས། ལུས་འདུས་བྱས་ཡིན་པས་ཀྱང་འཆི་ངེས། མཐའ་མ་ཚེ་སྐད་ཅིག་ཀྱང་སྡོད་ལོང་མེད་པས་ཀྱང་འཆི་ངེས་ཏེ། མདོ་ལས། ཁ་ཅིག་མ་ཡི་མངལ་དུ་འཆི། །དེ་བཞིན་ལ་ལ་བཙས་པའི་ས། །དེ་བཞིན་ལ་ལ་གོག་ཙམ་ན། །ལ་ལ་རྒས་དང་ལ་ལ་འཆི། །ལ་ལ་དར་ལ་བབ་ནས་འཆི། །དེ་ལ་མི་ནི་གཞོན་ཞེས་ན། །གསོན་པོའི་གདེང་ཚོད་སུ་ཞིག་འཆའ་ཞེས་སོ། །ཕ་དམ་པའི་ཞལ་ནས། སྐྱེས་པའི་ནངས་པར་འཆི་བའི་བྱ་བྱུང་པས། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ་ཞེས་སོ། །སྤྱོད་འཇུག་ལས། མི་ཚེ་མི་རྟག་ལང་ཚོ་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱི་ཉེན་གྱུར་པ། །འདོད་པའི་ཡོན་ཏན་དགའ་ནས་ཅི་ཞིག་སྐྱེ་ཞེས་གསུངས། ཚེ་ལ་སྣོན་མཁན་མེད་པའི་སྟེང་དུ་ཞག་རེ་བཞིན་དུ། མི་ཚེ་ནུར་ཕུལ་ལ་ཟད་ནས་གར་འགྲོ་ཆ་མེད་དེ། ནམ་འཆི་ཆ་མེད་པ་གསུམ་བསྟན། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་པས་ཀྱང་ནམ་འཆི་ཆ་མེད་དོ། །དེ་ལྟར་ཚེ་ལ་ངེས་པ་མེད་དེ། རྒྱལ་བ་ཡང་མགོན་པའི་ཞལ་ནས། ཚེ་ངེས་མེད་ལ་འཆི་བའི་དུས་སྟབས་མེད། བདུད་འཆི་བདག་ལ་བྲེལ་ཁོམ་གྱི་དུས་མི་རྩི། དུས་ད་ལྟ་འབྱུང་བཞི་དང་རྣམ་ཤེས་གྱེས་གྱུར་ན། གདེང་བློ་བདེ་ཚགས་སུ་ཚུད་དམ་སོམས་ཤིག །འབའ་ར་བས། རྒན་འཆི་གཞོན་འཆི་ལྟུས་མི་ཐིངས། མདང་སྐྱེས་བུ་ཆུང་དེ་རིང་ཤི་ཙ་ན། །ན་སོ་གཞོན་ཡང་རྒས་རྒས་ཐུབ་པ་དཀའ་ཞེས་གསུངས་སོ། །ལུས་ལ་སྙིང་པོ་མེད་པས་ཀྱང་འཆི་ངེས་ཏེ། མདོ་ལས། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་ཤུན་པ་ལྟ་བུ་ཡི། །ལུས་ཅན་རྣམས་ལ་སྨོས་ཅི་དགོས་ཞེས་སོ། །འདུལ་བ་ལུང་ལས། ལུས་འདི་འབད་ནས་གསོས་བྱས་ཀྱང་། །རྐང་དང་རུས་པ་བྱ་ཁྱིས་ཟ། །ཡུལ་འཁོར་བསྲུང་ཞིང་སྡིག་བྱས་ཀྱང་། །ཤི་མ་ཐག་ཏུ་སྒོ་རུ་འདོན། །བུད་མེད་གསོ་ཕྱིར་སྡིག་བྱས་པས། །རྣམ་སྨིན་ཁྲེས་པོ་རང་གིས་ཁུར་ཞེས་སོ། །མ་ཅིག་ཇོ་མོའི་ཞལ་ནས་ཀྱང་། ལུས་ལ་ཕྱི་ནས་བལྟས་ན་ལྤགས་པའི་རྒྱ། །བར་དུ་བལྟས་ན་རུས་པའི་ཁྲི། །ནང་དུ་བལྟས་ན་མི་གཙང་སྣོད། །ནད་བཞི་བརྒྱ་རྩ་བཞི་འབྱུང་བའི་གནས། །གདོན་སྟོང་ཕྲག་བརྒྱད་ཅུ་འཁོར་བའི་ས། །མི་གཙང་རྫས་ཀྱི་རྐྱལ་པ་འདི། །ཅིས་ཀྱང་འཆི་བའི་ཆོས་ཅན་ཡིན་ཞེས་སོ། །འཆི་བའི་རྐྱེན་མང་པས་ཀྱང་འཆི་ངེས་ཏེ། རྩ་རྟ་རྔ་ཙམ་ཆད་པ་དང་། རྨ་ཁབ་མིག་ཙམ་བྱུང་པ་དང་། ཁྲག་འཇི་ཁྲག་ཙམ་ཐོན་པས་ཀྱང་། འཆི་བའི་རྐྱེན་བྱེད་དེ། འཆི་བའི་རྐྱེན་ནི་མང་པ་དང་། །གསོན་པོའི་རྐྱེན་ནི་ཉུང་པ་ཡིན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །འཆི་བའི་ཚེ་ཅིས་ཀྱང་མི་སྟོང་པ་གསུམ་ནི། བསགས་པའི་ནོར་གྱིས་མི་སྟོང་སྟེ། ཕ་དམ་པའི་ཞལ་ནས་ཀྱང་། ནོར་རྫས་མི་རྟག་དགྲ་འདྲེའི་གཡབ་ཤིང་ལ། །སེར་སྣའི་མདུད་པས་མ་བཅིང་དིང་རི་བ། །འདུལ་བ་ལུང་ལས། བརྩིགས་པའི་མཐའ་མ་འཇིག་པ་དང་། །བསགས་པའི་ཐ་མ་མཐར་འཛད་ཅིང་། །སྐྱེས་པའི་ཐ་མ་འཆི་བ་ཡིན། །མཐོན་པོའི་མཐའ་མ་མཐར་ལྷུང་འགྱུར་ཞེས་སོ། །ཡང་རྗེའི་ཞལ་ནས་ཀྱང་། མི་རྟག་གཤིན་རྗེའི་དམག་དཔུང་ལ། །དཔའ་བོས་རལ་ཁ་སྐྲད་པ་མེད། །སྡར་མས་ཝ་གྲོས་བྱེད་པ་མེད། །འཛངས་མས་བློ་ཁྲིད་བྱེད་པ་མེད། །ཕྱུག་པོས་ནོར་གྱིས་བསླུས་པ་མེད། །དེ་དུས་དེ་འདྲ་ཡ་རེ་ཆ་ཞེས་སོ། །འདུས་པའི་གཉེན་གྱིས་མི་སྟོང་སྟེ། །འདུལ་བ་ལུང་ལས། ལྗོན་ཤིང་སྡིབ་པར་གྱུར་པ་ལ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །འཁོར་གཡོག་མང་པོས་ཅི་ཞིག་བྱ། །ཡང་དེ་ཉིད་ལས། ནམ་ཞིག་འཆི་བའི་དུས་ཀྱི་ཚེ། །བུ་རྣམས་སྐྱབས་སུ་མི་འགྱུར་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན་ཞེས་སོ། །རང་ཉིད་གཅིག་པོར་འཆི་བ་ནི་མིན། སེམས་ཅན་ཐམས་ཅད་འཆི་བ་ལས་མ་འདས་ཏེ། དེའི་དུས་སུ་རྟ་བཟང་པོ་ཞོན་ནས་བྲོས་སུ་མེད། མཁར་བཟང་པོའི་ནང་དུ་བསྡད་དུ་ནི་མེད། དཔེར་ན་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ། ཅི་ཡོད་ཐམས་ཅད་ཐ་ན་ལྟོ་ཕོར་ཚུན་པ་ལོང་ངེ་བཞག་ནས། གར་འགྲོ་དང་འདིར་འགྲོ་མེད་པའི་ཕྱོགས་སུ་དགེ་སྡིག་གི་ཁྲེས་པོ་ཁུར་ནས་འགྲོ། ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་ཕུལ། འཇིགས་པའི་མུན་པ་འཐུག་པོས་མདུན་ནས་བསུས། གཤིན་རྗེའི་ཕོ་ཉའི་ཚོགས་ཀྱི་རྣམ་སྨིན་གྱི་ལས་ཚོགས་དཔག་མེད་དང་། རྒྱོབ་སོད་དང་། ང་རོའི་སྒྲ་སྐད་དཔག་ཏུ་མེད་པ་ཡོད་དེ། དེའི་དུས་དམ་པའི་ཆོས་མིན་པ་ཅིས་ཀྱང་མི་ཕན་པར་ཐག་ཆོད། འདིར་དང་པོར་གལ་ཆེ། ཆོས་ལ་འཇུག་པར་བྱེད་པའི་རྒྱུ་བྱེད། བར་དུ་གལ་ཆེ་བརྩོན་འགྲུས་ཀྱི་ལྕགས་བྱེད། ཐ་མར་གལ་ཆེ་རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་བསྒོམས་པ་དང་། འཆི་བ་མི་རྟག་པ་ལའང་ཁྱད་པར་རོ། །འདི་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །དེས་སྔོན་འགྲོ་གཙོ་ཆེར་བསྟན་ཟིན་ཏོ། །ད་ནི་དངོས་གཞིའི་སྔོན་འགྲོ་ལ། མི་རྟག་སྒྱུ་མའི་དཔེ་བརྒྱད་ཀྱི་དམིགས་པ་སྟོན་པ་ནི། ཐང་ཆེན་པོ་ཞིག་གི་དཀྱིལ་ན་མེ་ཏོག་གཅིག་སྐྱེས་འདུག་པ་ལ། ཞེས་པས་ངོ་སྤྲད་དོ། །དམ་ཚིག་དང་ལྡན་པའི་བླ་མས། སྣོད་དང་ལྡན་པའི་སློབ་མ་ལ་ཕྱི་འབྱུང་པ་འཇའ་ཁྲིད་ཀྱི་ངོ་སྤྲོད། ཕྱི་སྲིད་པ་ཆགས་པའི་ཡབ་ཡུམ་སོགས། དབང་པོ་རབ་ལ་དབྱེར་མེད་ཀ་དག་གི་ངོ་སྤྲོད་རྣམས་ཞིབ་ཏུ་ངོ་སྤྲོད་དོ། །སེམས་ཀྱི་བྱུང་གནས་འགྲོ་ས་སོགས། དབང་པོ་འབྲིང་ལ་སེམས་ཙམ་པའི་དམིགས་པ། རྡོ་རྗེ་ཕག་མོའི་དུག་ལྔ་ལམ་ཁྱེར། རྡོ་རྗེ་རྣལ་འབྱོར་མའི་རྣམ་རྟོག་ཆོས་སྐུའི་ལམ་ཁྱེར། ཡེ་ཤེས་མཚོ་རྒྱལ་གྱི་སྒྱུ་ལུས་ཚོགས་འཁོར། ཆོས་སྐུ་ནམ་མཁའ་ལ་ངོ་སྤྲོད། ལོངས་སྐུ་ཤེལ་ལ་ངོ་སྤྲོད། སྤྲུལ་སྐུ་ཉི་ཟེར་ལ་ངོ་སྤྲོད་དོ། །རྫོགས་པ་ཆེན་པོ་ཀུན་རྫོབ་དང་དོན་དམ་གྱི་ཤན་འབྱེད། ཕྱག་རྒྱ་ཆེན་པོ་ཞི་གནས་དང་ལྷག་མཐོང་གིས་ཤན་འབྱེད། སྦྱོར་བ་ཡན་ལག་དྲུག་པ་རང་སྟོང་དང་གཞན་སྟོང་གིས་ཤན་འབྱེད་དེ། དབྱེར་མེད་ཀ་དག་ལྟར་དུ་ངོ་སྤྲད་ཅིང་ཉམས་སུ་ཡང་དེ་ལྟར་དུ་བྱའོ། །དམིགས་པ་ནོར་བུ་སྐོར་གསུམ་ལའང་ཁྲིད་བཞིན་ལས་ཤེས་སོ། །རྨི་ལམ་འོད་གསལ། འཕོ་བ་ལ་སོགས་ལག་ཁྲིད་གཞུང་ལྟར་བྱའོ། །བར་དོ་ངོ་སྤྲོད་ནི། སྒྲ་འོད་ཟེར་གསུམ་ལ་ངོ་སྤྲད་དོ། །མདོ་ལེ་མའི་གཟུགས་བྱས་ལ། བླ་མས་ངོ་སྤྲད་པ་ནི། གཉིས་པ་ལས་རྒྱུ་འབྲས་སྟོན་པ་ལ་གསུམ་ལས། འཆི་ངེས་པ་དང་གཅིག ནམ་འཆི་ཆ་མེད་པ་དང་གཉིས། འཆི་བའི་ཚེ་ཅིས་ཀྱང་མི་སྟོངས་པ་ལས། ཐོག་མར་འཆི་ངེས་པ་ལྷ་ལ་འཆི་ལྟས་ཕོག་པ་ལྟ་བུ་དང་གཅིག ནམ་འཆི་ཆ་མེད་པས་ས་མདའ་ཚང་སྒོ་ན་ཡོད་པ་ལྟ་བུ་དང་གཉིས། འཆི་བའི་ཚེ་ཅིས་ཀྱང་མི་སྟོངས་པ་རྒྱལ་པོའི་ཆད་པ་ཕོག་པ་ལྟ་བུ་དང་གསུམ་ལས། གོང་གི་ལས་འབྲས་རྣམས་འདིར་རྒྱས་པར་བཤད་དོ། །གཞན་ཡང་རྒྱ་ཆེ་རོལ་པའི་མདོ་ལས། ཁྲིད་སྲིད་མ་རིག་དབང་གི་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་རྣམ་པ་གསུམ། །འགྲོ་བ་ལྔ་པོ་དག་ཏུ་མ་རིག་འཁོར། །དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན་ཞེས་སོ། །རྣལ་འབྱོར་པ་རབ་ལྟ་བ་རྟོགས་པས་འཆི་རྒྱུ་མེད། འབྲིང་རྨི་ལམ་འཇོངས་པས་བར་དོ་མེད། ཐ་མ་སྤྱོད་པས་གྲོལ་བ་རྣམས་ནི། བར་དོའི་སྣང་བ་བདེན་མེད་དུ་འབྱོམས་ནུས། དེ་ལྟར་མ་རྟོགས་པའི་སེམས་ཅན་གཉིས་འཛིན་འཁྲུལ་པའི་དབང་དུ་སོང་བ་རྣམས། འཁོར་བ་ཉམས་དགའ། རིག་པ་ཅོལ་ཆུང་། སྣང་བ་བསླུ་བྲིད་མཁས། མི་ཚེ་ཡེངས་མ་ལམ་ལ་བསྐྱལ་ནས། ཚེ་ཟད་པ་མ་ཚོར་བའི་ངང་ལ། འཆི་བདག་གི་བདུད་ཁོ་རྒལ་ཐོག་ཏུ་རྩེར་གྱིས་སླེབ་དུས། འཕོ་སྐྱས་འདེགས་དགོས་ཏེ། དེའི་དུས་སུ་ཕ་ནི་སུས་བྱེད། མ་ནི་སུས་བྱེད། གནས་ཁང་ནི་གང་འདྲ་གཅིག་ཏུ་བྱེད། ལྟོ་གོས་ནི་སུ་ལ་སློང་། སྐྱབས་ནི་སུས་བྱེད། འཇིག་རྟེན་གྱི་ཁམས་གང་འདྲ་གཅིག་ཏུ་བྱེད། ཟླ་གྲོགས་ཀྱི་གྲོགས་སུ་སུ་ཡོད། དེའི་དུས་སུ་ཆོས་མིན་པ་ཅིས་ཀྱང་མི་ཕན་ཏེ། མི་ཁ་ཅིག་ན་རེ། མི་ས་འོག་ཏུ་སོང་ཡང་གཏམ་ས་སྟེང་དུ་སྡོད། ཁྲེལ་དང་ངོ་ཚ་རྒས་ཀྱང་དགོས། གཏམ་དང་གྲགས་པ་ཤི་ཡང་དགོས། དགྲ་འདུལ་དགོས། གཉེན་བསྐྱང་དགོས། བུ་འབོགས། བུ་མོ་རྫོང་། ནོར་བསོག་དགོས་ཟེར་ཏེ། འདུལ་བ་ལུང་ལས། རང་ཉིད་མལ་ན་གནས་པའི་ཚེ། །འཁོར་གཡོག་མང་པོས་མཐའ་བསྐོར་ཡང་། །སྲོག་གཅད་པ་ཡི་སྡུག་བསྔལ་ནི། །རང་ཉིད་གཅིག་པོས་འཁུར་དགོས་ཏེ། །རང་ཉིད་མལ་གྱི་ཐ་མ་ནི་ཉལ། གཏམ་གྱི་ཐ་མ་ནི་ཁ་ཚོམས་འབོགས། ཟས་ཀྱི་ཐ་མ་ནི་ཟོས། སྐོམ་གྱི་ཐ་མ་ནི་ཆུ་ཁྲོག་པ་གཅིག་བཏུང་ནས་གར་འགྲོ་དང་འདིར་འགྲོ་མེད་པའི་ས་ཕྱོགས་སུ་འགྲོ་དགོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ནས་རྒྱལ་པོ་འགྲོ་འགྱུར་ཏེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །ལས་ནི་གྲིབ་མ་བཞིན་དུ་མྱུར་དུ་འབྲང་ཞེས་སོ། །ལུས་ལ་ན་ཚ་དང་ཟུག་གཟེར་སྐད་ངན་འདོན་ཅིང་མལ་དུ་འགྲེ་ལོག་ལིང་ལིང་། ལྕེ་ར་རུ་བཞིན་དུ་སོང་། སུག་བཞི་ཤིང་བཞིན་དུ་རེངས། རང་ཁར་འགྲོ་བ་ནི་ཆུ་ལས་མེད། ཕན་དུ་རེ་བས་སྨན་པས་གྲོས། མོ་བོན་དང་རིམ་འགྲོ་བ་རྣམས་ཀྱིས་བོར། རང་གིས་འཆི་བར་ངོ་ཤེས། འབེལ་པོར་བརྩིགས་པའི་སྔས་ནི་རྡོ་ལས་མཁྲེགས། བདེ་མོར་བཏིངས་བའི་གདན་ནི་ཆུ་ལས་གྲང་། དབུགས་ནི་གཡག་རྒོད་གསོད་པ་ལྟ་བུར་འཁུན། ཉལ་ན་ནི་སློངས་ཟེར། སླང་ན་ནི་ཉོལ་ཟེར། ཁ་དྲེག་དང་སོ་དྲེག་ནི་ཆགས། མིག་གྱེན་ལ་བསྒྲད་ནས། ཀྱེ་ཧུད་ང་ལ་འདི་འདྲ་ཡོང་བ་ཟེར་སྐད་ངན་བཏོན་ཀྱང་རམ་མདའ་བྱེད་མཁན་ནི་སུ་ཡང་མེད་དེ། དེའི་དུས་སུ་ཕ་མ་བུ་ཚ་རྣམས་ཀྱིས། ང་སླེབ་ཡོད་བྱས་ཀྱང་། ས་ཆུ་ལ་ཐིམ་པའི་སྟོབས་ཀྱི། ལུས་ཀྱིས་འགུལ་སྐྱོད་མི་ཤེས། མིག་གིས་གཟུགས་ལ་སོགས་པ་མི་མཐོང་། ཁྱེད་སུ་ཡིན་ངས་ནི་ཅི་ཡང་མི་མཐོང་པར་འདུག་ཟེར། དེའི་དུས་སུ་མིག་གི་དབང་པོ་གཟུགས་རབ་འབྲིང་ཐ་མ་གསུམ་ཡང་ཐིམ་སོང་། གཏམ་ལེགས་ཉེས་ལ་སོགས་པ་ཅི་ལབ་ཀྱང་། ཆུ་མེ་ལ་ཐིམ་པའི་སྟོབས་ཀྱིས། ཁ་ཆུ་སྣ་ཆུ་སྐམས། ལུས་ཀྱི་སྟོབས་ཤོར། དེའི་དུས་སུ་རྣ་བའི་སྒྲ་རབ་འབྲིང་ཐ་མ་གསུམ་ཐིམ་སོང་། སྤོས་བཟང་དྲུག་སྨན་ལ་སོགས་པའི་དྲི་བྱུང་ཡང་མི་ཚོར་ཏེ། དེའི་དུས་སུ་མེ་རླུང་ལ་ཐིམ་པའི་སྟོབས་ཀྱིས། ལུས་ཀྱི་མདངས་ཤོར། དྲོད་མཐའ་ནས་སྡུད། དེའི་དུས་སུ་སྣའི་དྲི་རབ་འབྲིང་ཐམས་ཅད་ཐིམ་སོང་ངོ་། །ཟས་ཀ་ར་བུ་རམ་ལ་སོགས་པ་ལྕེའི་ཐོག་ཏུ་བཞག་ཀྱང་རོ་མི་ཚོར་ཏེ། དེའི་དུས་རླུང་ནམ་མཁའ་ལ་ཐིམ་པའི། ཕྱིའི་རྟགས་སྟོན་ཁའི་ནམ་མཁའ་དྭངས་པ་ལྟ་བུ་ལ་ནང་དུ་རིག་པ་དྲན་མེད་དུ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་ཡོང་སྟེ། དེའི་དུས་སུ་ནད་པ་ཤོར་ཟེར། བྲང་རྡུང་འོ་དོད་འབོད་དེ། ཕན་པ་ནི་མེད། ལ་ལ་ནི་གཟའ་དང་སྐར་མ་རྩི། ལ་ལ་ནོར་ལ་ཧབ་ཤ་བྱེད་དེ། ཁོ་ལ་ནི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས། ལྟེ་བ་ན་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་མར་བབས། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ་འབྱུང་། དེའི་དུས་སུ་ཞེ་སྡང་ལ་སོགས་པའི་རྟོག་པ་གསུམ་སུམ་ཅུ་སོ་གསུམ་འགགས། ལྟེ་བ་ན་རྩ་འདབ་མ་དྲུག་ཅུ་རྩ་བཞི། ལྟེ་བ་ན་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་ཡར་བྱུང་སྙིང་ཁར་སླེབ་པས། ཕྱིར་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་། དེའི་དུས་སུ་འདོད་ཆགས་ལ་སོགས་པའི་རྟོག་པ་བཞི་བཅུ་འགགས། སྙིང་ཁ་ན་རང་ལ་ཡོད་པའི་ཐིག་ལེ་སྒྲ་ཅན་གྱི་རྣམ་པ་ལྟ་བུ་དེ། སྙིང་ཁར་ཐིག་ལེ་དཀར་དམར་གཉིས་ཀྱིས་འཐིམ་པས། ཕྱི་རྟགས་མུན་རུབ་པ་ལྟ་བུ་འབྱུང་། དེའི་དུས་སུ་གཏི་མུག་ལ་སོགས་པའི་རྟོག་པ་བདུན་འགགས་ཏེ། རང་བཞིན་བརྒྱ་བཅུའི་རྟོག་པ་ཐམས་ཅད་འགགས་ནས། སྣང་པ་ཕྱེད་པ་ཐོན་པ་ཉེར་ཐོབ་ལ་སོགས། རྫོགས་པ་ཆེན་པོ་རིག་པ་ཟང་ཐལ་ཀ་དག་གི་ངོ་བོ་གཅིག་འཆར་ཏེ། དེ་ངོ་ཤེས་པར་གྱིས་ཤིག དེ་ལྟར་མ་རྟོགས་ན་སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་མ་སུམ་ཅུ་རྩ་གཉིས་རྒྱ་ཁྱོམས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་མ་བཅུ་དྲུག་ནི་རལ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་མ་བརྒྱད་ནི་ཞིག །ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་མ་དྲུག་ཅུ་རྩ་བཞི་ནི་གྱེས། གསང་གནས་བདེ་སྐྱོང་གི་འཁོར་ལོའི་རྩ་འདབ་མ་སུམ་ཅུ་རྩ་གསུམ་སྡིབ་ནས། རྩ་དབུ་མའི་ནང་ནས་སྤྱི་བོའི་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་ནང་ནས་ཡར་ལ་རིག་པ་དྲི་མེད་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་ཏེ། མཁའ་སྤྱོད་བདེ་ཆེན་ཆོས་འབྱུང་གི་ཕོ་བྲང་ལ། ཡར་རྒྱང་སོང་ངོ་། །དེ་ལྟར་མ་ཡིན་པའི། ཆོས་པ་ཡིན་ན་དམ་ཚིག་དང་སྡོམ་པ་ཉམས། བཀའ་ལ་རས་བཅོད་བྱས་པ། སོ་སོའི་སྐྱེ་བོ་འཇིག་རྟེན་པ་ཡིན་ན་རྨེ་ཧམ་དུག་གསུམ། གཡོ་ཁྲམ་ཟོལ་གསུམ། ས་རྐུ་རྡོ་རྐུ་བྱས་པ་རྣམས་ན་རག་དམྱལ་བའི་གནས་སུ་ཙག་སྡི་རི་རི་སོང་ངོ་། །ཨེ་མ་བདག་ལ་སྐྱེས་གནས་ཞེས་བར་དོ་གསོལ་འདེབས་བྱེད་དོ། །བར་དོ་རྩ་ཚིག་གི་ངོ་སྤྲོད་དོ། །༈ ན་མོ་དབང་བསྐུར་བ་ནི་སློབ་མས་ཁྲུས་བྱས། བླ་མ་ཡབ་ཡུམ་ཧེ་རུ་ཀའི་ཆས་སུ་ཞུགས་ཤིང་སྔོན་འགྲོ་གཏོར་མ་སོང་ནས། མཎྜལ་ཕུལ་ལ། བླ་མས་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་འཆི་བ་མི་རྟག་པ་ལ་སོགས་པའི་ཆོས་སྐབས་དང་སྦྱར་ལ་བཤད་དོ། །དེ་ནས་ལག་ཏུ་མེ་ཏོག་བཟུང་ནས་སྙིམ་པ་མེ་ཏོག་དང་བཅས་ནས། ཉན་སོགས་འདོད་ན་གསོལ་གསུམ་ཐོབ་ཅེས་པའི་དོན་ཡིན་པས། གསོལ་བ་བཏབ་པ་ལ་འདིའི་རྗེས་བཟློས་མཛོད་ཅིག །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་བགྱི། །རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་བགྱི། །མ་ལུས་བཀའ་དྲིན་རྗེས་གནང་རྩོལ་ཅེས་ལན་གསུམ། སྡིག་བཤགས་སྡོམ་པ་བཟུང་བ་ལ་འདིའི་རྗེས་ཟློས་མཛོད་ཅིག །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བྱང་ཆུབ་སེམས་གསུམ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་སྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད་ཅེས་ལན་གསུམ་མདོད། འོ་ན་སངས་རྒྱས་ལ་སྐྱབས་སུ་སོང་ནས། སངས་རྒྱས་ཀྱི་འཁོར་དང་འབངས་སུ་འགྱུར། །ཆོས་ལ་སྐྱབས་སུ་སོང་ནས། ལམ་ལ་ཞུགས་པར་འགྱུར། དགེ་འདུན་ལ་སྐྱབས་སུ་སོང་ནས། དམ་པའི་གྲོགས་དང་འགྲོག་པར་འགྱུར་བ་ཡིན། སྡོམ་པ་ཐམས་ཅད་ཀྱི་རྩ་བར་འགྱུར་བ་ཡིན་ཏེ། སྐྱབས་སུ་བདུན་ཅུ་པོ་ལས། གསུམ་ལས་སྐྱབས་འགྲོའི་དགེ་བསྙེན་ནི། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན་ཞེས་དང་། ཕྱི་ནང་ཁྱད་པར་ཡང་སྐྱབས་འགྲོས་འབྱེད་དེ། སྐྱབས་སུ་མ་སོང་པ་ལ་སྡོམ་པ་མེད་ཅེས་སྐྱབས་སུ་འགྲོ་བ་གལ་ཆེ་སྟེ། སྐྱབས་སུ་འགྲོ་བ་བྱས་ཀྱང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་མེད་ན། སངས་རྒྱས་ཀྱི་ས་བོན་དང་མི་ལྡན་པས། མགོན་པོ་བྱམས་པའི་ཞལ་ནས་ཀྱང་། སེམས་མ་བསྐྱེད་པའི་གང་ཟག་ཉོན་མོངས་ཅན་དེའི་འོད་ཀྱི་རང་བཞིན་བསྲེག་པར་བྱེད། སེམས་བསྐྱེད་ནས་ནི་རང་བཞིན་ཐམས་ཅད་བདེ་ཞེས་གསུངས། སེམས་བསྐྱེད་པའི་འབྲས་བུ་ཡང་གསུམ་ཡིན། སྐྱེས་ཐོབ་ཀྱི་འབྲས་བུ་ངོ་མཚར་ཅན་ནི་མིང་འཕོ་བ་དང་། དོན་འཕོ་བ་རྣམ་པ་གཉིས་ཡིན་པ་ལ། མིང་འཕོ་བ་ནི་སྔར་སེམས་མ་བསྐྱེད་པའི་གོང་དུ་ཕ་མས་རྟགས་པའི་མིང་གང་ཡིན་པ་དེ་ལས་མེད་པ་ལ། སེམས་བསྐྱེད་ཐོབ་ནས་རྒྱལ་བའི་སྲས་པོའམ། བྱང་ཆུབ་སེམས་དཔའ་ལྟ་བུའི་མིང་ཐོབ་པ་ཡིན་ནོ། །དོན་འཕོ་བ་ནི་སེམས་མ་བསྐྱེད་གོང་དུ། ལྷ་ཀླུ་བཙན་བདུད་མཐུ་བོ་ཆེ་ལ་སོགས་པ་རྣམས་ལ་ཕར་ཕྱག་འཚལ་དགོས་པ་ཡིན་པ་ལ། སེམས་བསྐྱེད་ཐོབ་ནས། ལོ་ཀ་ལྷ་མིར་བཅས་པའི་ཕྱག་འཚལ་བའི་འོས་སུ་རང་ཉིད་གྱུར་པ་ཡིན་ཏེ། ཞི་བ་ལྷའི་ཞལ་ནས་ཀྱང་། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱིས་སྲས་སུ་བརྗོད་བྱ་ཞིང་། །ལོ་ཀ་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར་ཞེས་གསུངས་སོ། །མཐར་ཐུག་གི་འབྲས་བུ་ངོ་མཚར་ཅན་གསུམ་ནི། སྡིག་ལྟུང་མི་དགེ་བའི་ཆོས་མཐའ་དག་ཟིལ་གྱིས་གནོན་ཞིང་། དགེ་བའི་ཆོས་མཐའ་དག་མྱུར་དུ་བསྡུད་པར་བྱེད། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་བྱུང་པ་ཡིན། མགོན་པོ་བྱམས་པའི་ཞལ་ནས་ཀྱང་། འདི་ནི་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། རང་དོན་ཡང་དག་སྒྲུབ་པ་ཡང་འདི་ཉིད་ཡིན། སེམས་ཅན་སྨིན་པར་བྱེད་པ་ཡང་འདི་ཉིད་ཡིན་ཞེས་གསུངས་སོ། །རང་ངམ་གཞན་གྱི་དོན་རྒྱ་ཆེན་པོ་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་བྱུང་པ་ཡིན། ཞི་བ་ལྷའི་ཞལ་ནས་ཀྱང་། རང་ངམ་གཞན་གྱི་དོན་གྱི་ཕྱིར། །བླ་མེད་བྱང་ཆུབ་ཐོབ་བྱེད་པ། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བསྟན་ལྟར་ཞེས་གསུངས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བར་བྱེད། མདོ་ལས་རྡོ་རྗེ་ཐེག་པ་ལ་འཇུག་པ་ཡིན་ཏེ། ཡེ་ཤེས་སྙིང་པོའི་རྒྱུད་ལས། ངའི་གསང་སྔགས་ཐེག་པ་ལ་འཇུག་པའི་སྒོ་ནི་དབང་ཡིན་ཏེ། གལ་ཏེ་འདི་ལ་མ་ཞུགས་ན། །གསང་སྔགས་སྤྱོད་པ་དོན་མེད་ཡིན་ཞེས་སོ། །ཚུལ་གསུམ་སྒྲོན་མེ་ལས་ཀྱང་། དོན་ཅི་ལ་ཡང་མ་རྨོངས་པ་དང་། །ཐབས་མང་དཀའ་བ་མེད་པ་ཡིས། །དབང་པོ་རྣོན་པོའི་དབང་བྱས་ན། །གསང་སྔགས་ཐེག་པ་ཁྱད་པར་འཕགས་ཞེས་སོ། །གཤིན་རྗེའི་སྒྲ་ནག་གི་རྒྱུད་ལས། བསྐལ་བ་མང་པོར་ཚོགས་བསགས་པས། །རིན་ཆེན་སྣོད་དུ་བདུད་རྩི་འཛག་ཅེས་སོ། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་བསྐུར་བ་ལས་དངོས་གྲུབ་ནི། ཐེ་ཚོམ་མེད་པར་རྙེད་པར་འགྱུར་ཞེས་སོ། །དབང་མ་བསྐུར་ན་དངོས་གྲུབ་ཀྱི་རྩ་བ་ཆད་པ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས་ཀྱང་། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་ཙིར་ལ་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་ལྟུང་། །དེ་བས་འབད་པ་དང་བཅས་ནས། །བླ་མ་ལ་ནི་དབང་བསྐུར་ཞུས་ཞེས་སོ། །སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོངས་པར་འགྱུར། །དེ་བཞིན་དབང་མ་བསྐུར་བའི་ལུས། །ཡེ་ཤེས་ཀྱིས་ནི་སྟོངས་པར་འགྱུར་ཞེས་སོ། །མདོ་ཧ་ལས། རིན་ཆེན་དབང་དང་བྲལ་བའི་སྐྱེས་བུ་ནི། །གདོལ་པ་སྨན་པ་ཞིག་གིས་བྲམ་ཟེ་རེ་མོས་ཀྱང་། །རིག་པ་འཛིན་པའི་རྒྱུད་རྣམས་དེར་སྤངས་ནས། །མཁའ་འགྲོའི་འཆད་པ་དང་བཅས་རྡོ་རྗེ་དམྱལ་བར་ལྟུང་། །ཞེས་གསུངས་པའི་དོན་ཡིན་པས། དེ་ལ་ཅིག་ཆར་དུ་འཇུག་པ་དང་། རིམ་གྱིས་འཇུག་པ་གཉིས་ལས། ཐོག་མར་རིམ་གྱིས་འཇུག་པ་ནི། ཀྱེ་རྡོ་རྗེའི་རྒྱུད་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན་ཞེས་སོ། །ཨ་བྷི་ཤིཉྩའི་སྒྲ་ལ་དྲངས་ནས། དྲི་མ་འཁྲུད་པ་དང་། ནུས་པ་བཞག་པ་གཉིས་ལས། བུམ་དབང་གིས་ལུས་ཀྱི་དྲི་མ་འཁྲུད། གསང་པའི་དབང་གིས་ངག་གི་དྲི་མ་འཁྲུད། ཤེས་རབ་ཡེ་ཤེས་ཀྱིས་ཡིད་ཀྱི་དྲི་མ་འཁྲུད། བཞི་པ་ཚིག་དབང་རིན་པོ་ཆེས་སྒོ་གསུམ་གྱི་དྲི་མ་འཁྲུད་པར་བྱེད་དོ། །ནུས་པ་བཞག་པ་ནི་བུམ་དབང་གིས་ལུས་ལྷ་སྒོམ་པའི་ནུས་པ་བཞག །གསང་དབང་གིས་ངག་རྡོ་རྗེའི་འདས་པ་ལྟ་བུ་མོ་ཙན་ཏྲ་ལི་སྒོམ་པའི་ནུས་པ་བཞག །ཤེས་རབ་ཡེ་ཤེས་ཀྱིས་དགའ་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་པའི་ནུས་པ་བཞག །ཚིག་དབང་རིན་པོ་ཆེས་རྫོགས་པ་ཆེན་པོ་རིག་པ་ཟང་ཐལ་སྒོམ་པའི་ནུས་པ་བཞག་པ་ཡིན་ཏེ། རང་ལ་ཡོད་པ་དེ་གསལ་བར་བྱས་པ་ཡིན་ནོ། །དཔེར་ན་ཕས་བུ་ལ་ཕོགས་གཏད་པ་ལྟ་བུ་ཡིན་ནོ། །ད་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་ཕག་མོ་ཐུགས་རྗེས་ཁྲོས་མ་ནག་མོར་གསལ་བའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱི་མཚན་པ། མགྲིན་པར་ཨ་ལས་པདྨ་དམར་པོ་ཨའི་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གི་མཚན་པ་རེ་སྒོམས་ཤིག །ཅེས་ལ། བླ་མས་དྲི་བཟང་པོས་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་མཚན་མ་དགོད་དོ། །ཨཱོཾ་ཨ་ཧཱུྃ། ཧཱུྃ་ཨ་ཨོཾ། སླར་ཡང་དེ་དང་དེ་དག་གི་མཚན་པ་གཅིག་ཏུ་གྱུར། དུས་སུ་རྒྱུའི་དམ་ཚིག་སེམས་དཔའ་གསལ་བཏབ་པ་ཡིན་ནོ། །དངོས་གཞི་ནི་དམིགས་པའི་རྟེན་གྱིས་ཙ་ཀ་ལི་ཕྱག་ཏུ་བསྣམས་ནས། འོ་ན་ཁྱོད་རང་རྣམས་སེམས་དེས་འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མ་བསུ། ད་ལྟར་གྱི་ཤེས་པ་ལ་བཟོ་བཅོས་མ་བྱེད་པར་རང་ལུགས་སུ་བཞག་མཛོད་ཨང་། ཞེས་བརྗོད་ལ་ཤོག་སེར་ནས་བྱུང་པའི། ཚིག་གིས་ངོ་སྤྲོད་པར་བྱའོ། །ང་ནི་སྣང་བ་ཡབ་ཡིན་ཏེ། །ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ། །སྣང་སྟོང་དབྱེར་མེད་ཡབ་ཡུབ་དབང་བསྐུར་བས་ཞེས་སོ། །ཤོག་སེར་ལྟར་བྱའོ། །གཏོར་མ་འདི་ཡང་རྗེ་བཙུན་རྡོ་རྗེ་ཕག་མོ་ཐུགས་རྗེས་ཁྲོས་མ་ནག་མོ་གོང་བཞིན་བསྐྱེད་ལ། དེའི་གཏོར་མགོ་ལ་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་བསྒོམས་ལ། ཁྱེད་རང་རྣམས་ཀྱང་བཅོམ་ལྡན་རྡོ་རྗེ་ཕག་མོར་བསྒོམས་ལ། བླ་མ་ལའང་དེ་བཞིན་ཡིན་བསམ་དུ་བསྒོམས་ལ། འདིའི་འཛབ་འདྲེན་ནོ། །ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨཱོཾ་ཨ་ཧཱུྃ། ཞེས་བརྗོད་ལ། གཏོར་མ་སྤྱི་བོར་སླེབ་པས་བུམ་དབང་། མགྲིན་པར་སླེབ་པས་གསང་དབང་། སྙིང་ཁར་སླེབ་པས་དབང་གསུམ་པ། ལྟེ་བར་སླེབ་པས་དབང་བཞི་པ་ཐོབ་པར་བསམ་མོ། །དེ་ནས་བུམ་ཆུ་འདྲེན། གཏོར་མ་ཡང་འདྲེན་ཞིང་། ཆོས་སྐུ་སྐྱེ་མེད་སྐུ་ལ་འགག་མེད་གསུང་། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་རྩལ་དུ་གསོལ་ཞེས་བརྗོད་དོ། །དེར་ཚོགས་འཁོར་སྨོན་ལམ་སོགས་གོང་ལྟར་རོ། །ཤོག་སེར་ལྔའི་ལུང་དང་། མཚོ་རྒྱལ་གྱི་རྣམ་ཐར། ཕག་མོ་མངོན་ཕྱུང་གི་བརྒྱུད་སོགས། ལུང་གིས་ཡིད་ཆེས་པའི་རྒྱབ་ཆོས་སུ་བྱའོ། །རྗེས་ཀྱི་ཆོས་ནི། མཎྜལ་གྱི་ཁར་སིན་དྷུ་རའི་དཀྱིལ་འཁོར་ཆོས་འབྱུང་གི་ནང་དུ། པདྨ་འདབ་མ་བཞིའི་ལྟེ་བ་ལ་ཨ། ཤར་དུ་ཧ། ལྷོ་རུ་རི། ནུབ་ཏུ་ནི། བྱང་དུ་ས་རྣམས་བཀོད། སློབ་མའི་མིག་ལ་དར་དམར་པོ་བཀབ་ལ། དཀྱིལ་འཁོར་ཁ་དོག་དཀར་པོར་འདུག་གམ། དམར་པོར་འདུག་གམ། སེར་པོར་འདུག་གམ། ལྗང་ཁུར་འདུག་ཅེས་དྲིས་ལ། དཀར་པོ་རྡོ་རྗེ་མཁའ་འགྲོ། སེར་པོ་རིན་ཆེན་མཁའ་འགྲོ། དམར་པོ་པདྨ་མཁའ་འགྲོ། ལྗང་ཁུ་ལས་ཀྱི་མཁའ་འགྲོའི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་གསུངས། དེ་ལ་མེ་ཏོག་རེ་ཡང་སྦྱིན་ནོ། །རྗེས་ལ་སིན་དྷུ་རའི་དཀྱིལ་འཁོར་བདུད་རྩིའི་ཆང་གིས་བསྡུས་ལ། སློབ་མའི་གནས་ལྔ་རུ་སྲིན་ལག་གིས། ཨ་ཧ་རི་ནི་ས་ཞེས་པས་ཐིག་ལེས་བྱུག་གོ །བཀའ་རྒྱ་ནི་འོ་ན་དང་པོར་འདིར་བཀའ་རྡོ་རྗེ་རྒྱལ་པོ་སོགས་ནང་དུ་ཚུད་ནས། རང་གི་གྲོགས་མཆེད་མ་ལ་རྟོགས་གཞན་རྣམས་ལ་གསང་པ་རྒྱུ་ཡིན་ནོ། །ཞེས་པས་གཏོར་མ་མགོ་ཐོག་ཏུ་བཞག་ལ། བླ་མའི་བཀའ་ལས་མ་འདའ་ཞིག །མཁའ་འགྲོའི་བཀའ་ལས་མ་འདའ་ཞིག །ཅེས་སོ། །སློབ་མས་ལེགས་ཞེས་བརྗོད་དོ། །བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་ལོ། །བཀའ་ལུང་སྟེར་བ་ནི། སྣོད་དང་ལྡན་པ་བྱུང་ན། མཛེ་པོ་དང་སྤྲང་པོ་ལའང་སྟེར། སྣོད་དང་མི་ལྡན་ན་རྒྱལ་པོ་དང་བློན་པོ་ལའང་མི་སྟེར། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱི་ཡེ་ཤེས་མཚོ་རྒྱལ་ལ་ལུང་བསྟན། དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་ཡབ་ཡུམ་རྡོ་རྗེ་ཕག་མོས་སྣང་ཡེ་ཤེས་མཚོ་རྒྱལ་གྱིས་སྒྲགས་ཡང་རྫོང་དུ་གཏེར་དུ་སྦས། ཀུན་དགའ་འབུམ་གྱི་གཏེར་ནས་བཏོན་པའི་ཤོག་སེར་མ་བུ་བཀའ་ལུང་རྗེས་གནང་ཐམས་ཅད་ཁྱོད་ལ་སྟེར་བ་ཡིན། ཁྱོད་ཀྱི་སེམས་ཅན་ཐམས་ཅད་ལ་བཤད་པ་དང་། སྟོན་པ་དབང་བསྐུར་བ། སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད་པ་རྒྱ་ཆེན་པོ་མཛོད་ཅིག །ཅེས་ཀ་པ་ལི་ཆང་གི་བཀང་པ་འདི་ཁ་དང་མ་བྲལ་བར་འཐུང་། པུ་ཏི་ཤོག་སེར་ཙ་ཀ་ལི། འདི་རྣམས་ཕྱག་ཏུ་བསྣམས་ལ། སེམས་ཅན་གྱི་དོན་དུ་བཤད་སྒྲུབ་ཀྱི་སྙིང་པོ་ལྷུར་ལེན་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་འདིའི་གྲོགས་མཛོད་ཅིག་ཅེས་བཀྲ་ཤིས་སྨོན་ལམ་ཡང་དག་པར་བྱའོ། །མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ཟིན་བྲིས་ལྷན་ཐབས་བླ་མའི་གསུང་སྒྲོས་འདི། བློ་དམན་འགུན་པ་རི་བདག་གིས་བཀོད། ནོར་འཁྲུལ་བྱུང་ན་བླ་མའི་ཐུགས་ལ་བཤགས། དགེའོ། །དགེའོ། །བཀྲ་ཤིས། རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ཀྱི་ཁྲི་དཔེ་ལེགས་པ་གཅིག་འདུག་འདི་ལ་གཅེས་སྤྲས་ཐོན་པ་རང་གཅིག་མཛོད་ལགས།
རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་ཁྲིད་གཞུང་།
༄༅། །རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་ཁྲིད་གཞུང་བཞུགས་སོ༔
སྣོད་ལྡན་མིན་པ་ལ་གསང་ངོ་༔ ཨོ་རྒྱན་དཔའ་བོའི་སྐད་དུ༔ དྷ་ར་ཙི་ཏ༔ དཔའ་མོ་མཁའ་འགྲོའི་སྐད་དུ༔ ན་མོ་དྷེ་བ་ཌཱཀྐི་ནི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་བྱུང་ཁུངས་ལོ་རྒྱུས་འདི་ལྟར་རོ༔ ཨོ་རྒྱན་གྱི་དུར་ཁྲོད་སོ་སའི་གླིང་ན༔ ཡུམ་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ཚོགས་འཁོར་མཛད་ཀྱིན་བཞུགས་པའི་དུས་སུ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་བྱ་བ་དེ༔ མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས༔ དཔལ་བསམ་ཡས་དབུ་རྩེ་རིགས་གསུམ་ལ་རབ་གནས་བྱེད་པ་དང་༔ ལྷ་སྲིན་གདུག་པ་ཅན་འདུལ་བ་དང་༔ བོད་མུན་པའི་མི་རྣམས་ལ་ཆོས་སྟོན་པ་ལ་གདན་དྲངས་པའི་དུས་སུ༔ སློབ་དཔོན་དང་རྒྱལ་པོ་གཉིས་ཀྱིས་བསམ་ཡས་མཆིམས་ཕུར་སྐྱོ་སངས་ལ་བྱོན་ནས་བཞུགས་པའི་དུས་སུ༔ བུ་མོ་ན་ཆུང་མ་མི་ལོ་བཅུ་དྲུག་ཙམ་ལོན་པ༔ མཁའ་འགྲོའི་མཚན་ཚང་བ་ཡེ་ཤེས་མཚོ་རྒྱལ་ཟེར་བ་ལུང་ནས་ཟིན་པ་ཞིག་གིས༔ སློབ་དཔོན་མཇལ་དུ་བྱུང་པས་སློབ་དཔོན་གྱི་ཐུགས་དགོངས་ལ༔ བདག་ལ་ཌཱཀྐི་མས་ལུང་བསྟན་བྱུང་བ་དེ་ཡིན་པར་གདའ་བས༔ བདག་གི་ཕྱག་རྒྱ་མོར་བྱའོ་སྙམ་པའི་དགོངས་པ་བྱུང་ནས༔ སློབ་དཔོན་གྱིས་མཚོ་རྒྱལ་ལ་སྙན་རྒྱུད་ཀྱི་གདམས་པ་ཐམས་ཅད་གནང་ནས་ལུང་འདི་ལྟར་བསྟན་ཏོ༔ བུ་མོ་ཁྱོད་ཀྱིས་རྣལ་ལམ་གྱི་རྟོགས་པ་ལ་ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོ་སོ་སའི་གླིང་ཞེས་བྱ་བ་ན༔ ཡུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་བདེ་གཤེགས་ཐམས་ཅད་ཀྱི་ཡུམ་མཁའ་འགྲོ་ཐམས་ཅད་ཀྱི་གཙོ་མོ་དེ་ལ་ཌཱཀྐི་མ་སྟོང་གིས་བསྐོར་ནས་བཞུགས་ཡོད་པས་དེ་ལ་གསང་སྔགས་མ་རྒྱུད་ཀྱི་བཀའ་ལུང་ཐམས་ཅད་སྣང་བ་ཡོད་པས་ཞུས་ཤིག༔ ཉམ་ང་བ་དང་ཐེ་ཚོམ་པ་མ་བྱེད་པར་སོང་ཞིག༔ དེ་ནས་ཡུམ་རྡོ་རྗེ་ཕག་མོ་གྲུ་གསུམ་འཐིང་ནག་འབར་བའི་གཞལ་ཡས་ན་རྟོག་མེད་རོའི་གདན་སྟེང་ན་བཞུགས་ནས༔ མ་རྒྱུད་ཡོངས་རྫོགས་ཀྱི་དབང་མཛད་པའི་དུས་སུ༔ ཌཱཀྐི་ཡེ་ཤེས་མཚོ་རྒྱལ་གྱིས་ཡུམ་ཆེན་མོ་སྐུ་ཁམས་བཟང་ངམ་བྱས་ནས་དྲི་བ་མཛད་པའི་དུས་སུ༔ གཙོ་མོ་མཁའ་འགྲོ་ཡོངས་རྫོགས་ཀྱི་ཞལ་ནས་ཌཱཀྐི་མ་བཀའ་དང་གདམས་པ་འདོད་པ་ལ་ཡོངས་པ་ཡིན་ནམ་གསུངས་པ་དང་༔ དེ་བཞིན་ལེགས་ཞུས་པས༔ དེ་ནས་གཙོ་མོའི་ཞལ་ནས་ཁྱོད་ནི་ངའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པས་མ་རྒྱུད་ཡོངས་རྫོགས་ཀྱི་གདམས་པ་གནང་བ་ཡིན་པས༔ ཁྱད་པར་དུ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གདམས་པ་འདི༔ སྐལ་ལྡན་རིགས་ཀྱི་ཌཱཀྐི་མ་ཁྱོད་ཀྱིས་ཆོངས་ཤིག༔ མཁའ་འགྲོའི་སྙིང་ཁྲག་ཕོ་བ་ལྟ་བུ་ཡིན་པས༔ ཁྱོད་ཀྱིས་ཟུང་ཞིག་ཅེས་གསུངས་ནས་གདམས་པ་གནང་བས༔ དེ་ནས་ཡེ་ཤེས་ཌཱཀྐི་མས་ཞུས་པ༔ གཙོ་མོ་གསན་པར་ཞུ༔ ངེད་བོད་ཁ་བ་ཅན་གྱི་མི་རྣམས་ནི་ཚེ་ཐུང་ལ་ལོག་ལྟ་ཆེ༔ སྙིང་རུས་ཆུང་ལ་བློ་རྟུལ༔ ཡིད་འཇོག་ཆུང་ལ་བསམ་པ་ངན་དེ་ལྟ་བུའི་དམུས་ལོང་རྣམས་ལ༔ གོ་སླ་ལ་སྒྲུབ་ཐག་ཉེ་བ༔ མ་བསྒོམ་པར་སངས་རྒྱས་པའི་ཆོས་གཅིག་ཞུའོ་ཞུས་པས༔ རྡོ་རྗེ་ཕག་མོ་མཁའ་འགྲོ་རྣམས་ཀྱིས་ཞལ་ནས་མཁའ་འགྲོ་ཐམས་ཅད་ཀྱི་ཡང་གསང་༔ གསང་བ་ལམ་ཁྱེར་བྱ་བ་དོན་དམ་པར་མཁའ་འགྲོ་ཐམས་ཅད་ཀྱི་ཙིཏྟ་དམར་པོ་ཐང་ལ་ཕོ་བའི་གདམས་པ་འདི་ཌཱཀྐི་ཁྱོད་ལ་གནང་བར་རིག་པས་རྒྱལ་པོ་རྒྱལ་ཁྲིམས་མ་སྤངས་པར་སངས་རྒྱས་པའི་ཆོས་ཡིན་ནོ༔ བཙོན་མོ་ཡོ་ལང་མ་སྤངས་པར་སངས་རྒྱས་པའི་ཆོས་ཡིན་ནོ༔ སྐྱེས་པ་སྟག་དོང་མ་སྤངས་པར་སངས་རྒྱ་བའི་ཆོས་ཡིན་ནོ༔ བཙུན་པ་འདུལ་ཁྲིམས་ཉམས་པ་སངས་རྒྱས་པའི་ཆོས་ཡིན་ནོ༔ སྔགས་པ་དམ་ཚིག་ཉམས་པ་སངས་རྒྱས་པའི་ཆོས་ཡིན་ནོ༔ གཙོ་བོ་གྲོས་མ་སྤངས་པར་སངས་རྒྱས་པའི་ཆོས་ཡིན་ནོ༔ བྱིས་པ་རྩེད་མོ་མ་སྤངས་པར་སངས་རྒྱས་པའི་ཆོས་ཡིན་ནོ༔ གདམས་པ་འདི་ལྟ་བུ་ཨོ་རྒྱན་གྱི་ལུང་དང་མཐུན་པར་ཡོད་པས༔ ད་ལྟའི་སྐལ་པ་བཟང་བའི་དུས་ཚོད་འདིར༔ ཨོ་རྒྱན་གྱི་བཀའ་མ་དང་༔ རྫོགས་པ་ཆེན་པོ་ཕ་རྒྱུད་ཀྱི་གདམས་པས་ཆོག༔ སྒོམ་ལོང་ནི་ཡོད༔ མཁའ་འགྲོའི་ཡང་གསང་འདི་ནི་སྐལ་པ་དུས་ཀྱི་སྙིགས་མ༔ ལོ་ནི་ལྔ་བཅུ་ཁ་རལ་གྱི་དུས་སུ༔ བཤད་གྲྭ་དང་སྒོམ་གྲྭ་ནུབ་ཆོས་ལུང་མ་བསྟན་པར་བཤད༔ རྒྱལ་ཁམས་ཟོག་པོས་གང་༔ སྔར་གྱིས་གདམས་ངག་བཀའ་མ་ཀུན་ལ་གང་ཟག་ལ་ལས་མང་དུ་བཏང་༔ ལ་ལས་ཉུང་དུ་བཏང་ནས་གདམས་པ་ལ་ལྷག་ཆད་མང་པོ་བཅོས་པས༔ བཀའ་རྒྱུད་གོང་མ་རྣམས་དང་དཔའ་བོ་མཁའ་འགྲོ་རྣམས་མ་མཉེས་པས་བྱིན་རླབས་མི་འབྱུང་ངོ་༔ དེའི་དུས་སུ་ལག་པ་གཡོན་ནས་འཐབ༔ སྡུག་བསྔལ་དང་ཁོང་ཁྲོས་དམྱལ་བ་དང་ངན་སོང་གསུམ་དུ་ལྟུང་བའི་ས་བོན་བྱེད༔ དེའི་དུས་སུ་གདམས་པ་མཐོང་གྲོལ་ཐོས་གྲོལ་གོ་གྲོལ་བཤད་གྲོལ་འདི་དགོས་པ་ཡིན་ཏེ་ཌཱཀྐི་མཚོ་རྒྱལ་ཁྱོད་ཀྱིས་གཞན་ལ་མ་སྤེལ་བར་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་གི་ཤར་ཕྱོགས་ཕ་བོང་སྦལ་པ་འདྲ་བའི་འོག་ཏུ་འདོམ་གང་སྐོས་ལ༔ ཤོག་དྲིལ་ཟངས་ཀྱི་གའུའི་ནང་དུ་བཅུག་ལ༔ ལ་ཆ་དང་སྤྲ་ཚིལ་གྱིས་དམ་པོར་བསྡམས་ལ་ལ་དམ་བྱའོ༔ དེ་ནས་འདོམ་གང་ཙམ་དུ་དངུལ་གྱིས་གའུར་གསང་ཁྲིད་སྦ༔ དེ་ནས་ཁྲུ་གང་ཙམ་དུ་ལྕགས་ཀྱི་གའུར་གསང་མཛོད་སྦ༔ དེ་ནས་ལུང་ནས་ཟིན་པའི་གནས་བསམ་ཡས་དབུར་རྩེའི་ཤར་ཕྱོགས་བཀྲ་ཤིས་འོན་ཞེས་བྱ་བའི་ཕོ་བྲང་ན༔ ཡབ་ནི་རྒྱལ་པོའི་རིགས༔ ཡུམ་ནི་བཙུན་མོའི་རིགས་དེ་ལ་བུ་མོ་ནི་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་རྟགས་ཚང་བ་མའི་མངལ་ན་ཡོད་ཙམ་ན་ཉི་ཟླ་ཤར་བ་དང་ཨོ་རྒྱན་དང་ཞིང་ཁམས་རྣམས་ལ་ཕྱིན་པ་རྨི་བ་བྱུང་ངོ་༔ བུ་མོ་དེ་སྐྱེས་པ་དང་འཇིག་རྟེན་པའི་འདོད་པ་དང་༔ ཉོན་མོངས་པའི་སྣང་བ་མེད་པ་ལོ་ལྔ་ནས་ཡི་གེ་དང་འབྲི་ཀློག་ལ་ཐོག་པ་མེད་པ༔ ཆོས་བྱའོ་སེམས་ཅན་གྱི་དོན་བྱ་དགོས་སྙམ་པ་གཅིག་བྱུང་ངོ་༔ དེ་ནི་ཡེ་ཤེས་མཁའ་འགྲོའི་རྟགས་ཚང་བ་སྐུ་གསུང་ཐུགས་ཀྱི་རྨེ་བ་ཡོད་པ་རྣལ་འབྱོར་མའི་གསུང་གི་སྤྲུལ་པ་ཌཱཀྐི་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་པ་ཡིན་པས༔ བུ་མོའི་མིང་ནི་ལྷས་སྐྱིད་དཔལ་འཛོམ་ཟེར༔ ཆོས་མིང་ནི་སློབ་དཔོན་མ་ཀུན་དགའ་འབུམ་ཞེས་ཀྱང་གྲགས༔ གདམས་པ་འདི་ནི་མོའི་ཆོས་སྐལ་ཡིན་ཏེ༔ མོའམ་ཆོས་ཀྱང་ལུང་ནས་ཟིན་པ༔ དེ་ནས་སྐལ་ལྡན་ལས་འཕྲོ་ཅན་ཨོ་རྒྱན་གྱི་སྤྲུལ་པ་མངའ་བདག་ཉང་གི་སྐུའི་སྤྲུལ་པ༔ དུང་ཚོ་རས་པ་ཞེས་སུ་གྲགས་པ་ཨོ་རྒྱན་གྱི་གནས་ཕྲན་སྲིན་པོ་རྫོང་ཞེས་གྲགས་པ་བདེ་མཆོག་དང་ཁོ་མོའི་གཟིགས་སྣང་ཡོད་པ་གཅིག་སྒོ་ཕྱེ་བ་ལ༔ སྦས་པའི་རྣལ་འབྱོར་པ་གཅིག་ཡོང་པས་དེ་ལ་ཌཱཀྐི་མའི་ལུང་བསྟན་ཡོང་པས༔ དེ་ལ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཁྱོད་ཀྱིས་ཁོའི་ཆོས་སྐལ་དུ་བྱིན་ཅིག༔ དེའི་མིང་ཉི་ཟླ་ལ་གྲགས་པ་རྣལ་འབྱོར་པ་ལུས་པོ་སྒེག་ལ་བསུས་ཁྱིམ་འདིར་བ་མིག་རྩ་དམར་བ་ཤ་མདོག་སྨུག་པ་ཁུར་ཚོས་གཡོན་པའི་སྟེང་ན་སྨེ་བ་ཡོད་པ་བླ་ཤ་ལ་སྟག་ཤམ་གྱི་བརྡ་ཡོད་པ༔ མ་དང་མཁའ་འགྲོས་བྱིན་གྱིས་རླབས་པ་གསང་སྔགས་པའི་སྣོད་དུ་རུང་བ་གཅིག་ཡོད་པས་དེ་ལ་སྦྱིན་ཅིག༔ དེས་སྐལ་ལྡན་སྣོད་ལྡན་ཡོངས་ལ་སྤེལ་ཅིག༔ དུ་ཆུག་ག༔ དེ་ནས་ཌཱཀྐི་མ་མཚོ་རྒྱལ་ཁྱོད་ཀྱི་བཀའ་རྒྱ་དང་སྨོན་ལམ་ཐོབ་ལས་གཏེར་དུ་སྦོས་ཤིག་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ གཏེར་བདག་སྤྱང་ཞོན་སྤུན་གསུམ་དང་ཌཱཀྐི་རྣམས་ཀྱིས་མཛོད༔ སྐལ་ལྡན་ལས་ཅན་རིམ་པ་གསུམ་དང་འཕྲད་པར་ཤོག༔ ཟབ་རྒྱ༔ གཏེར་རྒྱ༔ གབ་རྒྱ༔ སྦས་རྒྱ༔ ཨྠྀི༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་འོན་བཀྲ་ཤིས་ཡང་དགོན་དུ་རྫོགས་པ་ཆེན་པོ་ཀློང་གསལ་ཉི་མའི་རྒྱུད་སྒོམ་གྱིན་བཞུགས་ནས་ཡོད་པ་ལ༔ ནུབ་ཅིག་སྲོད་འཁོར་ཙ་ན་ནམ་མཁའི་དབྱིངས་ནས་སྐད་ཀྱི་སྒྲ་གཅིག་བྱུང་ནས་ཀྱེ་ཀྱེ་སྐལ་ལྡན་ལས་ཅན་མ་ཁྱོད༔ སྒྲགས་ཀྱི་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཅེས་བྱ་བར་ཟླ་བ་བདུན་ཞག་པོ་བདུན་ན་མ་བདུན་སྒྲུབ་པ་མཛོད་ཅིག༔ ཌཱཀྐིའི་ལུང་བསྟན་དང་མཁའ་སྤྱོད་ལ་མཇལ་བ་ཡོང་ངོ་ཟེར་ནས་གར་སོང་ཆ་མེད་པར་ཡལ་ནས་སོང་ངོ་༔ ས་མ་ཡཱ་རྒྱ་རྒྱ་རྒྱ་ཁ་ཐམ༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱི་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ༔ ཏིང་ངེ་འཛིན་ལ་སྒྲུབ་པ་མཛད་ཀྱིན་བཞུགས་པས༔ རྨི་ལམ་གསལ་བ་གཅིག་གི་རྟགས་ཀྱང་མ་བྱུང་པས༔ ད་ནི་ཟླ་དུས་དང་ཞག་དུས་དང་ན་མའི་དུས་ཀྱང་ནངས་པར་ཐེམ་པ་ཡིན༔ ཌཱཀྐིའི་ལུང་བསྟན་མིན་པ་འདྲ༔ མི་མ་ཡིན་གྱི་བར་ཆོད་རྩོམ་མཁན་ཡིན་པ་འདྲ་སྙམ་ནས༔ སྐྱོ་ཤས་དྲག་པོ་གཅིག་སྐྱེས་ནས་ནང་ཁོད་འགྲོ་དགོས་སྙམ༔ དོ་དགོང་ཉལ་བའི་ཐོ་རངས་ཁ་ཙམ་ན༔ བླ་མའི་རྣལ་འབྱོར་གཅིག་བསྒོམ་གྱིན་ཡོད་ཙམ་ན༔ ནམ་མཁའི་དབྱིངས་ནས་འདི་ལྟ་བུའི་སྒྲ་ཐོས་པས༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཟེར་བའི་སྒྲ་གཅིག་བྱུང་པས༔ དེ་མ་ཐག་ཏུ་དད་པ་དང་མོས་གུས་ཀྱི་རིག་པ་དྲན་མེད་དུ་བརྒྱལ་ནས་གདའ་བས༔ འབྱུང་བཞི་སྒྱུ་ལུས་ནི་བྲག་ཕུག་ཏུ་ལུས༔ རིག་པ་སྟོང་གསལ་ནི་མཁའ་སྤྱོད་བདེ་ཆེན་ཆོས་འབྱུང་གི་ཕོ་བྲང་དུ་ཡེ་རེ་སིང་ངེ་སླེབ་འདུག་པས༔ ཕོ་བྲང་དེ་ཡང་དབུས་བེེ་ཌཱུརྱ་མཐིང་ཁ་ལས་གྲུབ་པ༔ སྒོའི་རི་བཞི་ཐམས་ཅད་རྒྱལ་པོ་ཆེན་པོ་བཞི་ལས་བྱས་པ༔ མ་ཐེམ་ཀླུ་ཆེན་པོ་བརྒྱད་ལ་བྱས་པ༔ ཡ་ཐེམ་གཟའ་ཆེན་པོ་བརྒྱད་ལ་བྱས་པ༔ ནང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ རྟ་བབས་དུ་མས་བརྒྱན་པ་གཅིག་མཐོང་བྱུང་པ་དང་༔ ཡུམ་རྡོ་རྗེ་ཕག་མོ་དེ་ནི༔ ཕོ་བྲང་གི་དབུས་ན་མི་རོའི་རྩིག་པ་ཆེན་པོ་གཅིག་བརྩིགས་ནས་དེའི་སྟེང་ན་སྐུ་གཟི་བརྗིད་དང་ལྡན་པར་བཞུགས་འདུག་པ་ལ༔ དེ་ལ་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་ནས་མ་རྒྱུད་ཡོངས་རྫོགས་ཀྱི་དབང་མཛད་པ་དང་༔ ཚོགས་འཁོར་ཆེན་པོ་མཛད་ཀྱིན་འདུག་པས༔ ང་ནི་མཁའ་འགྲོའི་གཟི་བརྗིད་ཀྱི་འཇིགས་པ་དང་དངངས་པ་བྱུང་སྟེ༔ ཡིན་ཀྱང་གཙོ་མོའི་དྲུང་དུ་ཕྱིན་ནས་ཕྱག་རྡོག་གསུམ་ཕུལ་ནས་བདག་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་ཐུགས་ལ་འདོགས་པར་ཞུ་བྱས་པས༔ གཙོ་མོའི་ཞལ་ནས་ཌཱཀྐི་མ་ཁྱོད་དང་ང་གཉིས་འདུ་འབྲལ་མེད་དེ༔ ཁྱོད་ལ་འཇིག་རྟེན་མིའི་དྲི་མ་ཡོད་པས༔ ཁྱོད་ཀྱི་ང་ངོ་མི་ཤེས་པ་ཡིན༔ དངངས་པ་དང་འཇིགས་པ་དང་སྐྲག་པ་མི་དགོས༔ ཌཱཀྐི་མ་འདི་ཚོ་ཁྱོའི་སླའོ་ཡིན་ཟེར་ནས༔ དེ་ནས་གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ནི་ངའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན༔ ང་ནི་ཕྱི་ལྟར་དུ་སངས་རྒྱས་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་ཁྲོས་མ་ནག་མོ་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་ཆོས་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར་རོ༔ གཙོ་མོའི་ཞལ་ནས་སྐལ་ལྡན་མ་ཁྱོད་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་མ་རིག་གཏི་མུག་གི་དབང་དུ་སོང་ན་འཁོར་བ་དང་ངན་སོང་གི་རྒྱུ་བསྒྲུབས་ནས་ཐར་མེད་དམྱལ་བར་འགྲོ་སྟེ༔ དེ་རྣམས་ལ་གཏི་མུག་སྣང་སྟོང་དུ་འཁྱེར་བའི་དབང་དང་༔ གདམས་པ་ཐམས་ཅད་ཁྱོད་ལ་གནང་བ་ཡིན་པས༔ སེམས་ཅན་ཐམས་ཅད་བདེ་བ་ལ་ཁོད་ཅིག༔ ཁྱད་པར་ཤོག་སེར་ནང་དུ་གསལ༔ སྐལ་ལྡན་ལས་འཕྲོ་ཅན་གཅིག་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ད་རུང་ཕོ་བྲང་ལ་ལྟད་མོ་བྱེད་ཅིང་༔ གདམས་པ་འདྲ་བ་ཞུས་ཤིག་ཟེར་བ་དང་༔ སྒོ་མ་ལྕགས་ཀྱུ་མ་ཟེར་བ་གཅིག་གིས་ཕོ་བྲང་གི་ཤར་ལ་ལྟད་མོ་ལ་གཤེགས་སོ་ཟེར་ནས་ཕྱིན་པས༔ ཤར་ཆོས་འབྱུང་དཀར་པོའི་གཞལ་ཡས་ཕྱི་འབྱུང་པ་ཤེལ་ལས་གྲུབ་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཞིག་གི་དབུས་ན༔ གཙོ་མོ་བདེ་ཆེན་དཀར་མོ་ཟེར་བ་གཅིག་མི་རོའི་གདན་སྟེང་ན༔ སྐུ་གཟི་བརྗིད་དང་ལྡན་པ༔ རྒྱན་གཙོ་མོ་དང་མཐུན་པ་གཅིག་བཞུགས་པ་དེ་ལ་འཁོར་དུ་དཀར་མོ་འབུམ་གྱིས་བསྐོར་ནས་ཤར་ཞི་བའི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ དེར་བདག་གིས་ཀྱང་ཞུ་བ་ལ་ཕྱིན༔ ང་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་གཅིག་ཞུའོ་བྱས་པས༔ མཁའ་འགྲོའི་ཞལ་ནས་སྐལ་ལྡན་མ་ཁྱོད་ཉོན་ཅིག༔ ང་ནི་ཕྱི་ལྟར་དུ་རྡོ་རྗེ་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་བདེ་ཆེན་དཀར་མོ་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་མེ་ལོང་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་བོད་ཁ་བ་ཅན་གྱི་མི་རྣམས་ནི༔ ཉོན་མོངས་པ་ཞེ་སྡང་གི་དབང་དུ་སོང་ནས་དམྱལ་བ་མནར་མེད་སྒྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་ལ་མཁའ་སྤྱོད་བདེ་ཆེན་དུ་འགྲོ་བའི་ཞེ་སྡང་ལམ་དུ་ཁྱེར་བ་རིག་སྟོང་དབྱེར་མེད་དུ་གདམས་པ་འདི་སྣང་བ་ཡིན་པས༔ འགྲོ་བ་རྣམས་བདེ་བ་ལ་ཁོད་ཅིག༔ ཁྱད་པར་ཤོག་སེར་ནང་དུ་གསལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤར་གྱི་གཙོ་མོའི་ཞལ་ནས༔ ལྷོའི་ཕོ་བྲང་ལ་ལྟད་མོ་འདྲ་གྱིས་ཟེར་བ་དང་སྒོ་མ་ཞགས་པ་མ་ཟེར་བ་ཞིག་གིས་སྐལ་ལྡན་ལྷོའི་ཕོ་བྲང་ལ་ལྟད་མོ་ལ་གཤེགས་སོ་ཟེར་ནས་ཁྲིད་བྱུང་པ་དང་༔ ལྷོ་ཕྱོགས་ཆོས་འབྱུང་སེར་པོའི་ཕོ་བྲང་ཟེར་བ་ཕྱི་རིན་པོ་ཆེ་གསེར་ལ་བྱས་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་འདུག༔ ཕོ་བྲང་དེའི་དབུས་ན་མི་རོའི་གདན་སྟེང་ན༔ གཙོ་མོ་སེར་མོ་དོན་གྲུབ་མ་ཟེར་བ་སྐུ་གཟི་བརྗིད་དང་ལྡན་པ་ཞིག༔ རྒྱན་གཙོ་མོ་དང་མཐུན་པ་གཅིག་བཞུགས་འདུག་པ་ལ༔ དེ་འཁོར་སེར་མོ་འབུམ་གྱིས་བསྐོར་ནས་ལྷོ་ཕྱོགས་རྒྱས་པའི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པ་ལ༔ དེར་བདག་གིས་ཀྱང་དབང་དང་ཚོགས་འཁོར་ཐུགས་ལ་འདོགས་པར་ཞུ་བྱས་པས༔ གཙོ་མོའི་ཞལ་ནས༔ ང་ཕྱི་ལྟར་དུ་རིན་ཆེན་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་སེར་མོ་དོན་གྲུབ་ཅེས་ཀྱང་ཟེར༔ གསང་བ་ལྟར་དུ་མཉམ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་ཁྱོད་ཚུར་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ཉོན་མོངས་པ་ང་རྒྱལ་གྱི་དབང་དུ་སོང་ནས༔ དམྱལ་བ་དང་ཉོན་མོངས་པའི་རྒྱུ་བསྒྲུབས་ནས་མཐར་ངན་སོང་གསུམ་དུ་འགྲོ་སྟེ༔ དེ་རྣམས་ལ་ང་རྒྱལ་བདེ་སྟོང་དུ་འཁྱེར་བའི་གདམས་པ་འདི་སྟོན་ལ་ཐར་པ་ཆེན་པོ་མཁའ་སྤྱོད་དུ་ཁྲིད་ཅིག༔ གསལ་བར་ཤོག་སེར་ནང་ན་ཡོད༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཙོ་མོའི་ཞལ་ནས༔ བུ་མོ་ནུབ་ཀྱི་ཕོ་བྲང་ལ་སྟད་མོ་འདྲ་ལྟོས༔ གདམས་པ་འདྲ་ཞུས༔ ཟེར་བ་དང་༔ སྒོ་མ་ལྕགས་སྒྲོག་མ་ཟེར་བ་ཞིག་གིས་སྐལ་ལྡན་མ་ཕོ་བྲང་ལ་ལྟད་མོ་ལ་འགྲོ་ཟེར་བས་ཕྱིན་པས༔ ཕོ་བྲང་ཕྱི་པདྨ་ར་ག་ལས་གྲུབ་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་འདུག༔ ཕོ་བྲང་དེའི་དབུས་ན་མི་རོའི་གདན་སྟེང་ན་གཙོ་མོ་དམར་མོ་སྒྲ་སྒྲོག་མ་ཟེར་བ་གཅིག་སྐུ་གཟི་བརྗིད་དང་ལྡན་པ་རྒྱན་གཙོ་མོ་དང་མཐུན་པ་གཅིག་བཞུགས་འདུག༔ དེ་ལ་འཁོར་དམར་མོ་འབུམ་གྱིས་བསྐོར་ནས་ནུབ་ཕྱོགས་སྐུ་གསུམ་གྱི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པ་དེར་ངས་ཞུ་བ་བྱས༔ བདག་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་ཞུ་བྱས་པས༔ མཁའ་འགྲོའི་ཞལ་ནས་སྐལ་ལྡན་མ་ཁྱོད་དང་ང་གཉིས་འདུ་འབྲལ་མེད༔ ང་ནི་ཕྱི་ལྟར་པདྨ་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་དམར་མོ་སྒྲ་སྒྲོག་ཅེས་ཀྱང་ཟེར༔ གསང་བ་ལྟར་དུ་སོར་རྟོགས་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ དེ་ནས་མཁའ་འགྲོའི་ཞལ་ནས་སྐལ་ལྡན་མ་ཁྱོད་ཚུར་ཉོན་དང་༔ བོད་ཁ་བ་ཅན་གྱི་མི་རྣམས༔ ཉོན་མོངས་པ་འདོད་ཆགས་ཀྱི་དབང་དུ་སོང་ནས༔ ངན་སོང་མཐར་མེད་དམྱལ་བ་སྒྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་མཁའ་སྤྱོད་བདེ་ཆེན་དུ་འཁྲིད་པ་ལ་འདོད་ཆགས་ལམ་དུ་འཁྱེར་བ༔ གསལ་སྟོང་དབྱེར་མེད་ཀྱི་གདམས་པ་འདི་སྐལ་ལྡན་མ་ཁྱོད་སྣང་བར་ངེས་པས་འགྲོ་བ་ལ་ཕན་ཐོགས་པར་གྱིས་ཤིག༔ ཁྱད་པར་དུ་ཤོག་སེར་ནང་དུ་གསལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ དེ་ནས་ནུབ་ཀྱི་གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་བྱང་གི་ཕྱོགས་ལ་ལྟད་མོ་འདྲ་ཀྱིས་གདམས་པ་འདྲ་ཞུས་ཟེར་བ་དང་༔ སྒོ་མ་དྲིལ་བུ་མ་ཟེར་བ་ཞིག་གིས༔ སྐལ་ལྡན་མ་ཁྱོད་བྱང་ཕྱོགས་ཀྱི་ཕོ་བྲང་ལ་ལྟད་མོ་ལ་འགྲོའོ་ཟེར་བ་དང་ཕྱིན་པས༔ ཕོ་བྲང་གི་ཕྱི་ཨིནྡྲ་ནཱི་ལ་ལས་བྱས་པ་ནང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་འདུག༔ ཕོ་བྲང་དེའི་དབུས་ན་མི་རོའི་གདན་སྟེང་ན་གཙོ་མོ་སྣ་ཚོགས་མཐར་ཕྱིན་ཟེར་བ༔ སྐུ་འོད་ཟེར་དང་ལྡན་པ་རྒྱན་གཙོ་མོ་དང་མཐུན་པ་གཅིག་བཞུགས་འདུག༔ དེ་ལ་འཁོར་དུ་སྔོན་མོ་འབུམ་གྱིས་བསྐོར་ནས་བྱང་ཕྱོགས་དྲག་པོའི་དབང་དང་༔ ཚོགས་འཁོར་མཛད་ཅིང་འདུག་པས་དེར་བདག་གིས་ཀྱང་ཞུ་བ་ལ་ཕྱིན་ནས༔ ང་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་པ་གཅིག་ཞུའོ་བྱས་པས༔ མཁའ་འགྲོའི་ཞལ་ནས་སྐལ་ལྡན་མ་ཁྱོད་དང་ང་གཉིས་འདུ་འབྲལ་མེད༔ ང་ནི་ཕྱི་ལྟར་ལས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་སྣ་ཚོགས་མཐར་ཕྱིན་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་བྱ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ ད་ནི་བུ་མོ་ཁྱོད་ཚུར་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི༔ ཁོང་ཁྲོ་དང་ཕྲག་དོག་གི་དབང་དུ་སོང་ནས༔ མཐར་མེད་དམྱལ་བ་དང་ངན་སོང་གསུམ་སྒྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་བདེ་ཆེན་མཁའ་སྤྱོད་གྱི་གནས་ལ་འཁྲིད་པ་ལ༔ ཕྲག་དོག་ལམ་དུ་འཁྱེར་བ་ལ༔ རིག་པ་གྲགས་སྟོང་དབྱེར་མེད་དུ་འཁྱེར་བའི་གདམས་པ་འདི་སྐལ་ལྡན་མ་ཁྱོད་ལ་སྣང་བར་ངེས་པས༔ འགྲོ་བ་ལ་ཕན་ཐོགས་པར་གྱིས་ཤིག༔ ཁྱད་པར་ཤོག་སེར་ནང་དུ་གསལ་ལོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈དེ་ནས་བྱང་གི་མཁའ་འགྲོའི་ཞལ་ནས༔ བུ་མོ་ཁྱོད་ད་རུང་དབུས་ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་སུ་སྐུ་གསུམ་གྱི་མཁའ་འགྲོ་ཡེ་ཤེས་ཀྱི་རིགས་རྣམས་ལ་ད་རུང་གདམས་པ་འདྲ་ཞུས་པ་དྲག་ཟེར་བ་དང་༔ ཞིང་སྐྱོང་གི་ཌཱཀྐི་མ་གཉིས་གྱི་ཁྲིད་བྱུང་པ་དང་ཕྱིན་པས༔ གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས་སུ༔ རྟོག་མེད་རོའི་གདན་སྟེང་ན༔ དབུས་ན་རྡོ་རྗེ་ཕག་མོ་བཞུགས༔ གཡས་ན་རྡོ་རྗེ་རྣལ་འབྱོར་མ་བཞུགས༔ གཡོན་ན་ཡེ་ཤེས་མཚོ་རྒྱལ་བཞུགས་པ་ལ༔ དེ་རྣམས་ལ་ཌཱཀྐི་མ་བྱེ་བ་འབུམ་གྱིས་བསྐོར་ནས་གསང་སྔགས་བླ་མེད་ཀྱི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ བདག་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་གཅིག་ཞུའོ་བྱས་པས༔ རྡོ་རྗེ་ཕག་མོའི་ཞལ་ནས་སྐལ་ལྡན་མ་ཁྱོད་ཉོན་ཅིག༔ ཁྱོད་ནི་ངའི་སྐུའི་སྤྲུལ་པ་ཡིན༔ རྡོ་རྗེ་རྣལ་འབྱོར་མའི་གསུང་གི་སྤྲུལ་པ་ཡིན༔ མཚོ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་པ་ཡིན༔ ཁྱོད་དང་ང་གཉིས་འདུ་འབྲལ་མེད༔ འོན་ཀྱང་ཌཱཀྐི་བྱེ་བ་འབུམ་ཡང་ངའི་སྤྲུལ་པ་ལ་མ་ཐེ་བ་གཅིག་ཀྱང་མེད་པས༔ ད་ནི་སྐལ་ལྡན་མ་ཁྱོད་མ་ཡེངས་པར་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི༔ འཁྲུལ་སྣང་དང་ལོག་ལྟ་ཆེ་བས་དུག་ལྔ་ཡེ་ཤེས་སུ་འཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ རྣལ་འབྱོར་མའི་ཞལ་ནས༔ ཁ་བ་ཅན་གྱི་མི་རྣམས་རྟོག་པ་རགས་པས༔ རྣམ་རྟོག་ཆོས་སྐུར་འཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱིས་གསུངས་ནས༔ ཁ་བ་ཅན་གྱི་མི་རྣམས་ནི༔ འབྱུང་བཞི་ལ་གཅེས་འཛིན་ཆེ་བས༔ སྒྱུ་ལུས་ཚོགས་འཁོར་གྱི་གདམས་པ་འདི་ཆོངས་ཤིག་གསུངས་སོ༔ དེ་ནས་ཕོ་བྲང་ཁྱམས་ཀྱི་མཁའ་འགྲོ་ཡོངས་རྫོགས་ཀྱི་ཞལ་ནས་སྐལ་ལྡན་མ་ཁྱོད་ད་རུང་ཚུར་ལ་ཉོན་ཅིག༔ ཁ་བ་ཅན་གྱི་མི་རྣམས་གཏི་མུག་གཉིད་དད་ཆེ་བས་གཏི་མུག་འོད་གསལ་དུ་འཁྱེར་བའི་གདམས་པ་འདི་ཆོངས་ཤིག༔ བོད་ཁ་བ་ཅན་གྱི་མི་རྣམས་མ་རིག་མུན་པས་བཏུམས་ནས་ངན་སོང་འཁོར་བར་འཁྱམས་ཉེན་ཡོད་པས་རིག་པ་མཁའ་སྤྱོད་དུ་འཕོ་བའི་གདམས་པ་འདི་ཆོངས་ཤིག་གསུངས་སོ༔ བོད་ཁ་བ་ཅན་གྱི་མི་རྣམས་ཚེ་འདི་ལ་འཁོར་བ་ངན་སོང་གི་སྡུག་བསྔལ་བསགས་ནས༔ བེམ་རིག་བྲལ་ཙ་ན་འཇིགས་སྣང་གི་གཤིན་རྗེའི་དངངས་སྐྲག་མང་བས༔ བར་དོ་ལམ་དུ་འཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས་སོ༔ དེ་ནས་ཡུམ་རྡོ་རྗེ་ཕག་མོའི་ཞལ་ནས༔ སྐལ་ལྡན་མ་ལས་འཕྲོ་ཅན་ཁྱོད༔ ལུས་གུས་པས་དུང་པས་གྱིས་ཤིག་གསུངས་ནས༔ གསང་སྔགས་མ་རྒྱུད་ཀྱི་དབང་དང་བཀའ་ཐམས་ཅད་རྫོགས་པའི་ལུང་སྣང་ངོ་༔ དེ་ནས་ཕག་མོའི་གསུངས་ནས༔ བུ་མོ་ཁྱོད་ཀྱི་གསང་མཚན་ནི་སྐལ་ལྡན་མ་ཌཱཀྐི་ཙཀྲ་ཞེས་སུ་གྲགས་སོ༔ ད་བུ་མོ་ཁྱོད་རང་ཉལ་བའི་གཡས་ཟུར་དེ་ན་ཕ་ཝོང་རྦལ་པ་འདྲ་བ་ལུག་ཙམ་གཅིག་ཡོད༔ དེ་ནས་མར་ལ་ཁྲུ་གང་ཙམ་སྐོས་པའི་ས་ན་ལྕགས་ཀྱི་གའུའི་ནང་ན་གསང་མཛོད་ཡོད༔ དེ་ནས་མདའ་གང་ཙམ་ན་དངུལ་གྱི་གའུའི་ནང་ན་གསང་ཁྲིད་ཡོད༔ དེ་ནས་འདོམ་གང་ཙམ་ན་རྫོགས་ཆེན་མ་རྒྱུད་གསང་བ་ལམ་ཁྱེར་བྱ་བ་ལོ་རྒྱུས་བཀའ་ལུང་ལག་ལེན་ལུང་བསྟན་དང་བཅས་པ་ཡོད༔ འདིར་བཀའ་ལུང་ཐོབ་པ་བས་རྒྱས་པ་ཤོག་སེར་དང་བཅས་པ་གཏེར་ན་ཡེ་ཤེས་མཚོ་རྒྱལ་གྱིས་སྨོན་ལམ་བཏབ་ནས་སྦས་ཡོད་པས༔ དེ་ཁྱོད་ཀྱིས་ཐོན་ལས་ལུང་ནས་ཟིན་པའི་རྣལ་འབྱོར་པ་དུང་ཚོ་རས་པ་ཟེར་བ་གཅིག་ཡོང་པ་ཡོད་པས༔ དེ་ལ་བཀའ་ལུང་རྗེ་གནང་དང་བཅས་པ་སྦྱིན་ཅིག༔ དེས་ཀྱང་སྐྱེས་བུ་ལས་འཕྲོ་ཡོད་པ་སྔར་ནས་ལུང་ནས་ཟིན་པ་གཅིག་ཡོང་པ་ཡོད་པས་དེ་ལ་གཏེར་དུ་ཆུག་ཅིག༔ དེས་སྐལ་ལྡན་ལས་ཅན་སྣོད་ལྡན་ཀུན་ལ་སྤེལ་ཅིག༔ འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོག་པ་ཡོད་དོ༔ མཐོང་ཐོས་དྲན་གསུམ་གྲོལ་བ༔ མ་བསྒོམས་པར་སངས་རྒྱས་པའི་གདམས་པ་འདི༔ མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་ཐོབ༔ ཌཱཀྐི་ཆོས་སྐྱོང་རྣམས་ལ་ཚོགས་འཁོར་ཤོམས༔ གཞི་བདག་ལྷ་འདྲེ་རྣམས་དང་༔ གཏེར་བདག་རྣམས་ལ་གཏོར་མ་བཤམས་ལས་བདེན་པ་བརྡར༔ ལས་འཕྲོ་ཡོད་པས་སྐད་ཅིག་ཡུད་ལ་སྣང་བར་ངེས་སོ༔ ཟེར་ནས་མཁའ་འགྲོའི་ཚོགས་ཐམས་ཅད་ཆོས་དབྱིངས་གནས་ལ་ཡལ་སོང་ངོ་༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གབ་རྒྱ༔ ཨྠྀི༔ ༈ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་དེ་ཉིད་ཉི་མ་དྲོས་དལ་ཙམ་ལ་གཟིམ་མལ་ནས་གཉིད་སད་པ་བཞིན་དུ་བྱུང་༔ ལུས་སེམས་གཉིས་ལ་བདེ་སྟོང་གི་ཉམས་བཟང་པོ་ཡང་སྐྱེས་བྱུང་ངོ་༔ དེ་ནས་མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་བཏབ༔ ཌཱཀྐི་དཔའ་མོའི་ཚོགས་ལ་ཚོགས་འཁོར་བཤམས༔ ཆོས་སྐྱོང་གཏེར་བདག་རྣམས་ལ་གཏོར་མ་བཤམས༔ གཞི་བདག་ལྷ་འདྲེ་རྣམས་ལ་བདེན་པ་བརྡར༔ དེ་ནས་སྐལ་ལྡན་མ་ཀུན་དགའ་འབུམ་གྱིས་སྨོད་པ་བོར་ནས༔ ང་ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་ན༔ ཕ་ཝོང་འདི་ལ་རྫ་མའི་ཁ་ཅོད་བཤུས་པ་བཞིན་དུ་ཡེངས་ཀྱིས་ཤོག་ཅིག་བྱས་པས༔ ཅི་བཞིན་དུ་བྱུང་ངོ་༔ དེའི་དུས་སུ་ནམ་མཁའ་དང་བར་སྣང་ཐམས་ཅད་འཇའ་འོད་ཀྱིས་གང་བ་དང་༔ ཌ་དྲིལ་དང་རོལ་མོའི་སྒྲ་བསམ་གྱིས་མི་ཁྱབ་པ་བསྒྲགས་སོ༔ ཕུ་འདའ་མེད་པའི་མི་རྣམས་དང་བསམ་ཡས་འོན་ཡར་ལུང་གྲ་དོལ་གཞུང་གསུམ་ན་མི་ཆེ་བའི་བླ་མ༔ སློབ་དཔོན་དགེ་བཤེས་དཔོན་སྐྱ་མི་དཔོན༔ ཆུང་པའི་ངན་སློང་ལ་སོགས་པ༔ ཁྲོམ་དམར་ནག་འཁྲིགས་པ་ཡོད་པས༔ ཐམས་ཅད་ཀྱི་མཐོང་པར་བྱུང་པས་ཐམས་ཅད་ཡིད་ཆེས་ནས༔ ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་གཏེར་སྟོན་མ་ཀུན་དགའ་འབུམ་དུ་གྲགས་སོ༔ ཕྱོགས་ཐམས་ཅད་ནས་འབུལ་བ་དང་༔ ཞབས་ཏོག་བྱེད་མཁན་དང་༔ ཆོས་དང་གདམས་ངག་ཞུ་བ་ལ༔ ཆེ་བའི་བླ་མ་སློབ་དཔོན༔ དགེ་བའི་བཤེས་གཉེན་སྒོམ་ཆེན་པ་དང་བྱ་བྲལ་བ་དཔོན་སྐྱ་མི་དཔོན་མི་ནག་པ་ལ་སོགས་པའི་ཆོས་ཞུ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་༔ དེ་ནས་འོན་བཀྲ་ཤིས་ཡང་དགོན་དུ་སྒྲུབ་པ་དང་འཚམས་ལ་ལོ་གསུམ་བཞུགས་ནས༔ དེ་ནས་དབུས་གཙང་ལ་འགྲོ་དོན་ཕྱོགས་མེད་དུ་མཛད་དོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གཏེར་ནས་བཏོན་པའི་གདམས་པ་ཨྠྀི༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ དེ་ནས་རྣལ་འབྱོར་པ་དུང་ཚོ་རས་པ་དེ་ཉིད་སྐྱེས་ས་དབུས་གཙང་གི་ཕྱོགས་ལ་བྱས༔ སྒྲུབ་པ་ཀོང་ལོང་གི་ཕྱོགས་ལ་མཚོ་དཀར་གངས་ཀྱི་ར་བར་བསྡད་པའི་དུས་སུ༔ མཁའ་འགྲོའི་ལུང་བསྟན་བྱུང་ནས༔ ནམ་མཁའི་དབྱིངས་ནས་འབོད་མཁན་གཅིག་བྱུང་༔ ཀྱེ་ཀྱེ་དུང་ཚོ་རས་པ་ཁྱོད་ཆོས་ཀྱི་སྐལ་བ་ལེན་དུ་མི་འགྲོ་བ་ཨེ་ཡིན༔ འོན་བཀྲ་ཤིས་ཡང་དགོན་ན་སློབ་དཔོན་མ་ཀུན་དགའ་འབུམ་དེ༔ དབུས་གཙང་གི་ཕྱོགས་ལ་འགྲོ་དོན་ལ་འབྱོན་པ་ཡོད་པས་ཁྱོད་ལ་སྒུག་གི་བསྡད་ཡོད་པས༔ ཁྱོད་བློ་ཐེ་ཚོམ་མ་བྱེད་པར་མྱུར་དུ་སོང་ཟེར་བ་དང་༔ དེ་མཁའ་འགྲོའི་ལུང་བསྟན་ཡིན་སྙམ་ནས་མྱུར་དུ་ཕྱིན་པས༔ མཁའ་འགྲོའི་ཆོས་གསུང་གིན་འདུག་པས༔ དེར་མཇལ་བ་དང་ཁྱེད་བྱོན་པ་ཡིན་ནམ༔ ངས་ཁྱེད་ལ་སྒུག་ཀྱིན་བསྡད་ཡོད་པ་ཡིན་ཟེར་ནས༔ ནང་དུ་བོས་བྱུང་པ་དང་ད་ཁྱོད་ལ་ཚོགས་འཁོར་གྱི་མཐུན་རྐྱེན་ཅི་ཡོད་ཟེར་བ་དང་༔ གཡུ་ཆུང་གཅིག་དང་གླ་རྩི་སྒོ་གཉིས་ཡོད་ཞུས་པས༔ དེ་ཕུལ་ཅིག་གསུངས་ནས༔ ད་ནང་ནས་ཚོགས་འཁོར་ཤོམས་ཤིག་གསུངས་ནས༔ ད་སྐལ་ལྡན་བུ་ཁྱོད་ཉོན་ཅིག་གསུངས༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ཟེར་བ་མ་བསྒོམས་པར་སངས་རྒྱ་བ༔ མཐོང་གྲོལ་ཐོས་གྲོལ་གྱི་མཁའ་འགྲོའི་ལུང་བསྟན་ཁྱོད་ལ་ཡོད་པས་གདམས་པ་འདི་ཉམས་སུ་ལོངས་ཤིག་གསུངས་ནས༔ ཤོག་སེར་བཀའ་ལུང་ལག་ལེན་རྗེ་གནང་ལ་སོགས་པ་བྱས་ནས༔ ལོ་རྒྱུས་ནང་ན་ཡོད་པ་བཞིན་དུ་རྟགས་དང་མཚན་མ་ཅན་ཞིག་ཡོང་བ་ཡོད་པས་དེ་ལ་བཀའ་ལུང་རྗེས་གནང་དང་བཅས་པ་སྦྱིན་ཅིག༔ དེས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པ་ཡོད་དོ་གསུངས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ དེས་འགྲོ་བ་སེམས་ཅན་མ་ལུས་འདྲེན་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཉི་མ་རང་གྲོལ་ང་ཁྱེ་སྤང་སོ་ཨོ་མའི་རི་ཁྲོད་ན་ཡོད་པའི་དུས་སུ༔ ལྷོ་རྒྱུད་ནས་བྱ་བྲལ་བ་གསུམ་བྱུང་པས་གཏམ་དྲིས་ནས༔ གནས་ཆེན་ཙམ་སྐོར༔ བླ་མ་བཟང་པོ་ཙམ་མཇལ་བྱས་པས༔ ཁོང་གསུམ་ན་རེ་བླ་མ་དང་གནས་ངོ་མཚར་ཆེ་བ་མོན་ཁྱུང་རྫོང་གངས་གསར་ན་དུང་ཚོ་རས་པ་ཟེར་བ་གཅིག་བཞུགས་འདུག༔ དེ་ལ་དད་པ་སོང་ཟེར་བས༔ དེ་རང་ལ་དྲན་མེད་ཀྱི་དད་པ་ཐོབ༔ དེ་ནས་ཐེ་ཚོམ་མ་བྱས་པར་ཐལ་བུད་ཕྱིན་པས་སུང་མཁར་ཆག་སྟོད་དུ་སླེབ་དེར་དྲི་རྟོག་ལ་སོགས་པ་བཏང་ནས་མཇལ་དུ་འགྲོ་བསམ་བྱུང་ཙམ་ན༔ བླ་མའི་རྣལ་ལམ་དུ་བུ་མོ་ལྔ་བྱུང་ནས༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལེན་མཁན་གཅིག་སུང་མཁར་ན་སླེབ་ཡོད༔ ཁོ་ཐེ་ཚོམ་འདུག་པས་བཟུར་འགྲོ་ཟེར་བའི་སྒྲ་གཅིག་བྱུང་བ་དང་༔ དེ་མཁའ་འགྲོའི་ལུང་བསྟན་ཡིན་སྙམ་ནས་ཕྱིན་པ་དང་༔ ཁོང་མཇལ་བ་དང་ཡང་བྱས༔ དེ་ནས་ཁོང་གི་གསུང་ནས་གནས་སྐོར་བ་ཡང་བྱོན༔ ང་ལ་མཁའ་འགྲོའི་ལུང་བསྟན་མང་བྱུང་༔ ཤོག་སེར་གྱི་ནང་ན་ཡང་ཁ་གསལ་པོ་ཡོད་ཟེར་བ་དང་༔ རྫོགས་ཆེན་གསང་བ་ལམ་ཁྱེར་གྱི་བཀའ་ལུང་ལག་ལེན་རྗེས་གནང་ལ་སོགས་པ་ཞུས་པ་དང་ཁོང་གི་གསུང་ནས་ཁྱོའི་ཆོས་སྐལ་ཡིན་པས༔ སྐལ་ལྡན་ལས་ཅན་ཡོངས་ལ་སྤེལ་ཅིག་གསུངས་སོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་བྱུང་ཁུངས་ལོ་རྒྱུས་གྱི་གདམས་པ་ཆོས་ཐུན་དང་པོའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གདམས་པ་སྔོན་འགྲོ་སྐྱབས་འགྲོའི་གདམས་པ་འདི་ལྟར་རོ༔ དང་པོ་དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མས་ཚོགས་འཁོར་དང་མཆོད་པ་བཤམས་ནས་ནི༔ རྡོ་རྗེ་སློབ་དཔོན་གྱིས་སྣོད་དང་ལྡན་པའི་སློབ་མ་ལ༔ བགེགས་བསྐྲད་མེ་མཆོད་བྱས་ནས་ནི༔ རྡོ་རྗེ་ཕག་མོ་མཁའ་འགྲོ་ཡོངས་རྫོགས་ཀྱི་འཕྲིན་ལས་གཞུང་བསྲིངས་ནས༔ བསྐྱེད་རིམ་ལ་སོགས་པའི་དམིགས་པ་ཕོག་ནས་རོལ་མོའི་སྒྲ་སྒྲོག་ཅིང་གཏོར་དབང་བྱའོ༔ དེ་ནས་སྐྱབས་འགྲོའི་སླབ་བྱ་འདི་ལྟར་བཤད༔ ཐུན་མོང་གི་བསླབ་བྱ་དྲུག་ནི༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་སྤང་༔ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་དང་སྲོག་གཅོད་པ་སྤང་བའོ༔ དགེ་འདུན་ལ་སྐྱབས་སུ་སོང་ནས་མི་མུ་སྟེགས་ཅན་སྤང་བའོ༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་བཞིན་གཤེགས་པའི་སྐུ་གདུང་དང་༔ སངས་རྒྱས་ཀྱི་སྐུ་བྲིས་སུ་བྲིས་སམ༔ ལུགས་སུ་བླུག་གམ༔ འབུར་དུ་ཐོན་ནམ༔ ལམ་པོ་ཆེ་ན་ཚྭ་ཚྭ་རྡོག་པོ་གཅིག་འདུག་ནའང་༔ དེ་བཞིན་གཤེགས་པའི་སྐུ་ཡིན་པས་དད་པ་དང་མོས་པ་བྱེད་དགོས༔ ཆོས་ལ་སྐྱབས་སུ་སོང་ནས་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཙམ་ལ༔ དད་པ་དང་མོས་པ་བྱེད༔ ལམ་པོ་ཆེའི་གཞུང་ན་ཚྭ་ཚྭ་རྡོག་པོ་གཅིག་འདུག་ནའང་འགོམ་ཡུག་མི་གཏོང་༔ ས་དང་ཆར་ཐིགས་མི་ཡོང་པར་རང་གི་ཁྱིམ་ན་བཀའ་ཤེས་རབ་སྙིང་པོ་ཙམ་གཅིག་ལས་མེད་ན་ཡང་༔ ཉ་སྟོང་བརྒྱད་གསུམ་ལ་མཆོད་པ་འབུལ་མོས་པ་བྱེད༔ དགེ་འདུན་ལ་སྐྱབས་སུ་སོང་ནས༔ བན་དེ་སེར་མོའི་རིགས་ཙམ་ལ་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཡིན་སྙམ་ནས་དད་པ་དང་མོས་པ་བྱེད༔ ཟས་འབྲེལ་འདྲ་འདོགས༔ བསྔོ་བ་དང་སྨོན་ལམ་ཞུའོ༔ སེར་མོའི་ན་བཟའ་ལ་འགོམ་ཡུག་མི་གཏོང་༔ མཐོང་བ་ཙམ་གྱིས་དད་པ་དང་མོས་གུས་བྱེད་དོ༔ དེ་རྣམས་ནི་ཐུན་མོང་གི་བསླབ་བྱ་རྣམ་པ་དྲུག་གོ༔ ༈ ད་ཁྱད་པར་གྱི་བསླབ་བྱ་རྣམ་པ་ལྔ་ནི༔ རང་ཅི་ཟ་ཅི་འཐུང་གི་སྒོ་ནས་དཀོན་མཆོག་ལ་མཆོད་པ་དང་གཅིག༔ ད་བྱད་ཁ་དང་སྐྱལ་ཁའི་ཆེད་དུ༔ དཀོན་མཆོག་མི་སྤང་པ་དང་གཉིས༔ དོན་གལ་པོ་ཆེའི་དུས་སུ༔ སྐྱབས་དཀོན་མཆོག་མིན་པ་ལ་བློ་མི་གཏོད་པ་དང་གཞན་ནས་མི་འཚོལ་བ་དང་གསུམ༔ བཞི་པ་དུས་གསུམ་གྱི་མཆོད་པ་ལ་བརྩོན་པ་ནི་དུས་གཏན་དུ་མ་ཡེངས་པར་བྱའོ༔ ལུས་ལ་ན་ཚ་ཅི་བྱུང་ཡང་ཡིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཕྱག་འཚལ་མ་ཡེངས་པར་བྱའོ༔ ལྔ་པ་རང་གར་འགྲོའི་ལྷ་ལ་ཕྱག་འཚལ་བ་དང་ལྔའོ༔ རང་ཕྱོགས་གར་འགྲོ་ཡང་བླ་མའི་རྣལ་འབྱོར་སྒོམ་པ་དང་༔ དཀོན་མཆོག་གསུམ་གྱི་ཐུགས་རྗེ་འབྲལ་མེད་བཟུང་ཡོད་པ་དང་༔ རིགས་སྔགས་ལ་སོགས་པའི་ཡི་དམ་རྣམས་སྤྱི་བོར་བསྒོམ་གྱིན་ཕྱིན་པས་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་གནོད་པ་དང་མི་རྒོད་ཇག་པ་རྣམས་ཀྱིས་བཅོམ་པ་མི་ཡོང་ངོ་༔ དེ་ལ་ཁྱད་པར་གྱི་བསླབ་བྱ་རྣམ་པ་ལྔ་ཟེར་བ་ཡིན༔ ད་གཉིས་པ་ཐུན་མོང་གི་བསླབ་བྱ་རྣམ་པ་གསུམ་ནི༔ སངས་རྒྱས་ལ་གུས་པ་སྒྲུབ་ཅིང་མི་གུས་པ་སྤང་༔ ཆོས་ལ་གུས་པ་སྒྲུབ་ཅིང་མི་གུས་པ་སྤང་༔ དགེ་འདུན་ལ་གུས་པ་སྒྲུབ་ཅིང་མི་གུས་པ་སྤང་ངོ་༔ དེ་རྣམས་སྐྱབས་འགྲོའི་བསླབ་བྱའོ༔ ལར་སྐྱབས་འགྲོའི་བསླབ་བྱ་དང་རྒྱུ་འབྲས་ལ་འཛེམ་པར་ཞུ༔ རྒྱུ་འབྲས་ལ་མ་འཛེམ་པའི་ཆོས་ཀྱིས་སངས་རྒྱས་པ་མེད་དོ༔ ༈ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་སྐྱབས་འགྲོའི་ལག་ལེན་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ་སྐྱབས་འགྲོའི་དེ་ལྟར་བསླབ་པར་བྱའོ༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྣང་སྟོང་གི་བླ་མ་སངས་རྒྱས་ལ་སྐྱབས་སུ་མཆིའོ༔ དེས་འདྲེའོ༔ སེམས་ཅན་ཐམས་ཅད་རིག་སྟོང་གི་བླ་མ་རྡོ་རྗེ་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ སེམས་ཅན་ཐམས་ཅད་བདེ་སྟོང་གི་བླ་མ་རིན་ཆེན་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ གསལ་སྟོང་གི་བླ་མ་པདྨ་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ གྲགས་སྟོང་གི་བླ་མ་ལས་ཀྱི་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ ཆོས་སྐུའི་བླ་མ་རྡོ་རྗེ་ཕག་མོ་ལ་སྐྱབས་སུ་མཆིའོ༔ ལོངས་སྐུའི་བླ་མ་རྡོ་རྗེ་རྣལ་འབྱོར་ལ་སྐྱབས་སུ་མཆིའོ༔ སྤྲུལ་སྐུའི་བླ་མ་ཡེ་ཤེས་མཚོ་རྒྱལ་ལ་སྐྱབས་སུ་མཆིའོ༔ སྐུ་གསུམ་གྱི་བླ་མ་དྲིན་ཅན་ཀུན་དགའ་འབུམ་ལ་སྐྱབས་སུ་མཆིའོ༔ བཀའ་རྒྱུད་བླ་མ་དུང་ཚོ་རས་པ་ལ་སྐྱབས་སུ་མཆིའོ༔ སྒྲུབ་རྒྱུད་ཀྱི་བླ་མ་བྱ་བཏང་རང་གྲོལ་ལ་སྐྱབས་སུ་མཆིའོ༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ སྙན་རྒྱུད་ཀྱི་བླ་མ་ཉི་ཟླའི་མཚན་ཅན་ལ་སྐྱབས་སུ་མཆིའོ༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ་སེམས་བསྐྱེད་ཀྱི་གདམས་པ་བསླབ་བྱ་འདི་ལྟར་བྱའོ༔ དང་པོ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ ཡུལ་པའི་གཅེས་ཕྲུག་ཕོ་མོ་དང་༔ ཕ་མ་རྒན་རྒོན་རྣམས་ཡིན་ཏེ༔ ལུས་ཀྱི་འགྲོ་འོང་མ་ཡིན་ཏེ༔ སེམས་སངས་རྒྱས་ལ་སྨོན་པའོ༔ གཉིས་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ སངས་རྒྱས་བསྟན་པའི་སྒོར་ཞུགས་པ་བན་དེ་སེར་བ་རྣམས་དང་༔ ཡོན་བདག་ཕོ་མོ༔ ཡར་བླ་མ་སློབ་དཔོན་ལ་ཞབས་ཏོག་བྱེད༔ མར་ངན་སློང་རྣམས་ལ་སྦྱིན་པ་གཏོང་བ༔ གསང་སྔགས་ཀྱི་ཁྲིད་ཟབ་མོ་ཞུ་བ་དང་༔ དབང་ཟབ་མོ་ཞུ་བ་དང་༔ ཡི་དམ་ལྷའི་བསྐྱེད་རིམ་དང་རྫོགས་རིམ་ཞུ་བ་དང་༔ སངས་རྒྱས་ཀྱི་གསུང་ལ་བྲིས་ཀློག་བྱེད་པ་དང་༔ མདོར་ན་དཀར་པོ་དགེ་བའི་ལས་ལ་འབུང་བ་ཐམས་ཅད་སངས་རྒྱས་ལ་འཇུག་པ༔ ཆོས་ལ་འཇུག་པ༔ དགེ་འདུན་ལ་འཇུག་པའོ༔ དེ་ནི་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ༔ ད་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ སྐྱེས་བུ་ལས་འཕྲོ་ཅན་གཞོན་ནུ་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་འདུལ་ཁྲིམས་དང་ལྡན་པ༔ གསང་སྔགས་ཀྱི་དམ་ཚིག་དང་ལྡན་པ༔ ཆོས་ཉིད་ཀྱི་དོན་མཐོང་བས་བདག་གཞན་ཐམས་ཅད་ཀྱི་དོན་འགྲུབ་པ་དེས༔ དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ༔ ད་སེམས་བསྐྱེད་དང་སྙིང་རྗེ་ལ་དབྱེར་མེད་པས༔ བདག་གཅིག་པུའི་དོན་དུ་བྱ་བ་མ་ཡིན་ཏེ༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ༔ བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད༔ དགྲ་དང་གཉེན་དུ་མ་གྱུར་པ་གཅིག་ཀྱང་མེད༔ ཐམས་ཅད་སྙིང་རེ་རྗེ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་པར་བྱ་སྙམ་དུ་བསམ་མོ༔ དེའི་ངང་ནས་སེམས་བསྐྱེད་ལག་ལེན་ངག་ཏུ་འདི་ལྟར་བརྗོད་དོ༔ ན་མོ་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་གྱུར་ཀྱང་༔ མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས༔ རྒྱལ་སྲས་རྣམས་དང་འཕགས་པའི་ཚོགས་རྣམས་ཀྱིས༔ འགྲོ་བ་རྣམས་ཀྱི་དོན་མཛད་དུ༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བྱའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྐྱབས་འགྲོ་སེམས་བསྐྱེད་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་གཉིས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ གབ་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ན་མོ་དྷེ་བ་ཌཱཀྐི་ནི༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ གསང་བ་ལམ་ཁྱེར་གྱི་སྤྱན་འདྲེན་དམིགས་པ་འདི་ལྟར་ཕོག་གོ༔ ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དུ་བསྐྱེད༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མིག་གིས་གཟུགས་མཐོང་ཚད༔ རྣ་བས་སྒྲ་ཐོས་ཚད༔ བླ་མ་དང་མཁའ་འགྲོ་དཔའ་བོ་དཔའ་མོ་རྣམས་སུ་བསྒོམས༔ དེ་ནས་སྤྱན་འདྲེན་བྱས་པ་ཙམ་གྱིས་མདུན་གྱི་ནམ་མཁའི་དབྱིངས་སུ་བླ་མ་ཡི་དམ་མཁའ་འགྲོ་དཔའ་བོ་དཔའ་མོ་ཆོས་སྐྱོང་ཐམས་ཅད་སྤྲིན་ཕུང་འཐིབས་པ་བཞིན་དུ་བྱོན་པར་བསམ་ལ་ངག་ཏུ་འདི་ལྟར་བརྗོད་དོ༔ སྣང་བ་ཆོས་སྐུའི་གཞལ་ཡས་ནས༔ བཀའ་རྒྱུད་བླ་མ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདེ་ཆེན་སྐུའི་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣ་ཚོགས་སྤྲུལ་སྐུའི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནི་སྤྱན་འདྲེན་གྱི་གདམས་པའོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ ཕྱག་འཚལ་དམིགས་པ་འདི་ལྟར་ཕོག་གོ༔ ཕྱག་འཚལ་བ་ལ་དད་པ་དང་མོས་གུས་དགོས་ཏེ༔ དེ་ཡང་དད་པ་རབ་ལ་བྱིན་རླབས་རབ༔ དད་པ་འབྲིང་ལ་བྱིན་རླབས་འབྲིང་༔ དད་པ་ཐ་མ་ལ་བྱིན་རླབས་ཀྱང་ཐ་མའོ༔ དད་པ་ཡེ་ནས་མེད་ན་བྱིན་རླབས་ཀྱང་ཡེ་ནས་མི་ཡོང་ངོ་༔ དེ་ལ་དད་པ་གལ་ཆེ་སྟེ༔ དད་པ་ལ་སྤང་བྱ་བཞི༔ བླང་བྱ་གསུམ་སྟེ༔ དེ་ཡང་སྤང་བྱ་རྣམ་པ་བཞི་ནི༔ འབར་སླ་ལ་ཡལ་འགྱོགས་པ་ཙའི་སྒྲོན་མེ་ལྟ་བུའི་དད་པ་དེ་སྤང་ངོ་༔ དད་པ་ལན་གཅིག་སྐྱེས་ནས་ཕྱིས་ཡལ་བ་དེ་ནི་རྟག་མི་ཐུབ་པའོ༔ ཕྱི་དཀར་ལ་ནང་ནག་པ་སྣག་བུམ་ལྟ་བུའི་དད་པ་དེ་སྤང་ངོ་༔ མདུན་དྲོ་ལ་རྒྱབ་མ་དྲོས་པ་སྒྱེད་པུ་ལྟ་བུའི་དད་པ་དེ་སྤང་ངོ་༔ ཁ་ཆོས་ཆེ་ལ་དོན་ལ་མེད་པའོ༔ འཐིབ་སླ་ལ་མུན་བརྗིད་པ་ན་བུན་དད་པ་དེ་སྤང་ངོ་༔ ད་ནི་དད་པའི་བླང་བྱ་གསུམ་ནི༔ གདུང་བའི་དད་པ་སྐོམ་པ་ཆུ་དང་འཕྲད་པའོ༔ མོས་པའི་དད་པ་བུ་ཚ་ཕ་མ་ལ་གྲོས་དྲིས་པ་དང་འདྲའོ༔ ཡིད་ཆེས་པའི་དད་པ་སྨན་པས་ནད་པ་ལ་སྨན་བཏང་བ་དང་འདྲའོ༔ དེ་ནས་བླ་མ་དང་ཡི་དམ་མཁའ་འགྲོའི་ཚོགས་ལ་ལུས་ངག་ཡིད་གསུམ་དད་པ་དང་མོས་པའི་སྒོ་ནས་ཕྱག་འཚལ་ཞིང་ངག་ཏུ་འདི་ལྟར་བརྗོད་དོ༔ གཏི་མུག་སྣང་སྟོང་དུ་འཁྱེར་མཛད་པའི༔ སངས་རྒྱས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ དེས་འགྲེའོ༔ ཞེ་སྡང་རིག་སྟོང་དུ་ཁྱེར་མཛད་པའི༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ ང་རྒྱལ་བདེ་སྟོང་དུ་འཁྱེར་མཛད་པའི༔ རིན་ཆེན་མཁའ་འགྲོ་སྐུ་ལ་ཕྱག་འཚལ་ལོ༔ འདོད་ཆགས་གསལ་སྟོང་དུ་འཁྱེར་མཛད་པའི༔ པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ ཕྲག་དོག་གྲག་སྟོང་དུ་འཁྱེར་མཛད་པའི༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ དུག་ལྔ་ཡེ་ཤེས་ལྔ་རུ་འཁྱེར་མཛད་པའི༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ༔ རྣམ་རྟོག་ཆོས་སྐུར་འཁྱེར་མཛད་པའི༔ རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་ཕྱག་འཚལ་ལོ༔ སྒྱུ་ལུས་ཚོགས་འཁོར་དུ་འཁྱེར་མཛད་པའི༔ ཡེ་ཤེས་མཚོ་རྒྱལ་གྱི་སྐུ་ལ་ཕྱག་འཚལ་ལོ༔ རྨི་ལམ་འོད་གསལ་དུ་འཁྱེར་མཛད་པའི༔ དྲིན་ཅན་ཀུན་དགའ་འབུམ་གྱི་སྐུ་ལ་ཕྱག་འཚལ་ལོ༔ སེམས་ཉིད་མཁའ་སྤྱོད་དུ་འཕོ་མཛད་པའི༔ བཀའ་རྒྱུད་དུང་ཚོ་རས་པའི་སྐུ་ལ་ཕྱག་འཚལ་ལོ༔ བར་དོ་ལམ་དུ་འཁྱེར་མཛད་པའི༔ བྱ་བཏང་རང་གྲོལ་གྱི་སྐུ་ལ་ཕྱག་འཚལ་ལོ༔ སེམས་ཉིད་མ་བུར་སྤྲོད་མཛད་པའི༔ དྲིན་ཅན་རྩ་བའི་བླ་མའི་སྐུ་ལ་ཕྱག་འཚལ་ལོ༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར་མཛད་པའི༔ གཏེར་བདག་ཌཱཀྐིའི་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྤྱན་འདྲེན་ཕྱག་འཚལ་གྱི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མཎྜལ་འབུལ་བའི་དམིགས་པ་འདི་ལྟར་ཕོག་གོ༔ སྤྲུལ་སྐུའི་མཎྜལ་ལ་ཚོམ་བུ་བཅོ་ལྔ་བཀོད་ལ༔ རྒྱལ་སྲིད་སྣ་བདུན༔ བཀྲ་ཤིས་རྫས་བརྒྱད༔ འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ༔ ཨཱོཾ་ཨཿཧཱུྃ༔ རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ རྒྱལ་བའི་ཡོན་ཏན་དཔག་མེད་དང་ལྡན་པ༔ དཔག་ཡས་ནམ་མཁའི་བརྒྱན་གྱུར་འདི་ཕུལ་བས༔ རང་བྱུང་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་གསུམ་བརྗོད་དོ༔ དེ་ནས་ལོངས་སྐུའི་མཎྜལ་ལ་ཚོམ་བུ་དགུ་བཀོད་ལ༔ ལོངས་སྐུའི་ཞིང་ཁམས་སྟུག་པོ་བཀོད་པ་རྒྱ་ནམ་མཁའ་དང་མཉམ་པ༔ གཞལ་ཡས་ཁང་ཆེན་པོ་སྒོ་བཞི་གྲུ་བཞི་ལྟ་བབས་བཞི་དང་ལྡན་པ་ལ༔ མཆོད་པའི་ལྷ་མོ་བཅུ་དྲུག་དང་བཅས་པ༔ མཆོད་པའི་སྤྲིན་ཕུང་དང་བཅས་པ༔ འཁོར་བ་མ་སྟོངས་ཀྱི་བར་དུ༔ རྟག་ཏུ་རྒྱུན་མི་འཆད་པར་དམིགས་ལ་ངག་ཏུ་འདི་སྐད་དོ༔ ཨཱོཾ་ཨཿཧཱུྃ༔ འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་རེས་ཅན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་གསུམ་བརྗོད༔ དེ་ནས་ཆོས་སྐུའི་མནྜལ་ལ་ཚོམ་བུ་ལྔ་བཀོད་ལ༔ དུས་གསུམ་གྱི་འཁྲུལ་པ་ཐམས་ཅད་སྤངས་ཏེ༔ མ་བཅོས་འཛིན་མེད་ཀྱི་ངང་ནས༔ རྟོག་མེད་དུ་འབུལ་བར་བྱའོ༔ ཨཱོཾ་ཨཿཧཱུྃ༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་༔ སྐུ་དང་ཐིག་ལེས་ཡེ་ནས་རྒྱན་པ་འདི༔ རང་སྣང་དག་པར་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་གསུམ་བརྗོད་དོ༔ དེ་རྣམས་ནི་མཎྜལ་གྱི་དམིགས་པའོ༔ མཎྜལ་ཕུལ་བའི་རྟགས་ལ་འདི་ཡོང་ངོ་༔ རྨི་ལམ་ལ་རོལ་མོ་སྣ་ཚོགས་སྒྲོག་པ་དང་༔ རིན་པོ་ཆེ་སྣ་ཚོགས་བཏུས་པ་དང་༔ ཞིང་ཁམས་རྣམས་སུ་ཕྱིན་པ་རྨིས་པའོ༔ ཚེ་རྟིང་མ་ཡང་གཟུགས་བཟང་བ༔ དབྱངས་སྙན་པ༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོང་ངོ་༔ ད་ནི་སྡིག་པ་དག་པར་བྱ་བའི་ཕྱིར༔ ཡི་གེ་བརྒྱ་པའི་སྒོམ་བཟླས་འདི་ལྟར་བྱའོ༔ རང་ཐ་མལ་པའི་སྤྱི་བོ་པད་ཟླའི་གདན་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ༔ ལྟེ་བ་ལ་ཧཱུྃ་གིས་མཚན་པ་གཅིག་སྒོམ༔ དེ་ལས་འོད་ཕར་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྣམས་པ༔ གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ༔ ཞབས་སེམས་དཔའི་དཀྱིལ་ཀྲུང་དུ་བཞུགས་པ༔ ཞབས་གཡས་པའི་མཐེ་བོང་རང་གི་སྤྱི་བོ་ཚངས་པའི་བུ་གར་རེག་པ༔ དེའི་ཐུགས་ཀྱི་དཀྱིལ་ནས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ༔ དེའི་ཐ་མ་ལ་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས༔ ཚུར་འདུས་རྡོ་རྗེ་སེམས་དཔའི་ཞལ་དུ་ཐིམ་པ་ལས༔ སྐུ་ལུས་ཐམས་ཅད་ཡེ་ཤེས་ཀྱིས་བདུད་རྩིས་གང་༔ ཞབས་ཀྱི་མཐེ་བོང་ནས་མར་ཐོན་ཏེ༔ རང་གི་སྤྱི་བོ་ཚངས་པའི་བུ་གར་བབས་ནས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག༔ འོག་སྒོ་གཉིས་དང་སེན་མོའི་རྩེ་མོ་དང་བ་སྤུའི་བུ་ག་རྣམས་ལ་སྣག་ཚིག་ལྟ་བུ་དང་༔ སོལ་ནག་གི་ཁུ་བ་ལྟར་ནག་འདུ་རུ་རུ་སོང་ནས༔ དབང་ཆེན་གསེར་གྱི་ས་གཞིའི་སྟེང་ན་མར་སོང་བར་བསྒོམས་ཤིང་༔ ཡི་གེ་བརྒྱ་པ་ཅི་མང་དུ་བཟླས་སོ༔ ཐུན་འཇོག་ཁར་རྡོ་རྗེ་སེམས་དཔའི་ཞལ་ནས༔ རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པ་ཡིན་ཨང་གསུངས་ནས༔ རྡོ་རྗེ་སེམས་དཔའི་ཐུགས་ཁར་རང་ཐིམ་པར་བསམ༔ རང་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་ངང་ནས༔ རིག་པ་སྟོང་གསལ་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག་གོ༔ རང་རྡོ་རྗེ་སེམས་དཔའི་འཁོར་ལོ་ལྔ་ལ་མཁའ་འགྲོ་རྣམས་བསྒོམ་མོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཎྜལ་དང་༔ ཡི་གེ་བརྒྱ་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཞི་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཨྠྀི༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ བཤགས་པ་འབོགས་པ་ནི༔ མདུན་གྱི་ནམ་མཁའ་ལ་བཀའ་རྒྱུད་བླ་མ་དང་༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་ཐམས་ཅད་སྤྲིན་ཕུང་འཐིབས་པ་བཞིན་དུ་བཞུགས་པར་བསམ་ལ༔ རང་གིས་སྔར་བྱས་ཀྱི་སྡིག་པ་ལ་དུག་ཟོས་པ་བས་ཀྱང་འགྱོད་པ་དང་༔ ཕྱིས་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་དམ་བཅས་ལ༔ ངག་ཏུ་འདི་ལྟར་བརྗོད་དོ༔ དཀོན་མཆོག་འཕགས་པའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ༔ བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆོད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བྱས་པ༔ དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ༔ བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆོད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བྱས་པ༔ དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་རྣམས་བདག་ལ་དགོངས་སུ་གསོལ༔ བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆོད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བསགས་པ༔ དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ དེ་ནི་བཤགས་པའི་གདམས་པའོ༔ ད་བཟོད་གསོལ་གྱི་དམིགས་པ་གོང་བཞིན་བསམས་ལ༔ བདག་གིས་བླ་མ་ལ་བསྐུར་བ་བཏབ་པ༔ ལོག་ལྟ་བྱས་པ༔ གསང་སྔགས་ཀྱི་དམ་ཚིག་ཉམས་པ་དང་༔ མཁའ་འགྲོ་ལ་ཚོགས་འཁོར་ཆུང་པ་དང་༔ གཏེར་བདག་རྣམས་ལ་གཏོར་མ་ཆག་པ་དང་༔ གསང་སྔགས་ཀྱི་ཆོས་སྣོད་མིན་རྣམས་ལ་བསྟན་པ་དང་༔ གཞན་ཡང་མཁའ་འགྲོའི་བཀའ་ལ་འགལ་བ་རྣམས་བཟོད་པར་གསོལ་བ་ནི༔ ལུས་ངག་ཡིད་གསུམ་དད་པའི་སྒོ་ནས༔ ངག་ཏུ་འདི་ལྟར་བརྗོད་པར་བྱའོ༔ རིགས་ལྔ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ རང་སེམས་སྐྱེ་མེད་ཆོས་སྐུ་ཡིན་པ་ལ༔ ཡེ་ཤེས་མཁའ་འགྲོ་ལྔ་དང་ཞལ་མ་མཇལ༔ རང་སེམས་མཁའ་འགྲོར་མ་རྟོགས་སྒྲིབ་པས་བསྒྲིབས༔ རིགས་ལྔ་མཁའ་འགྲོའི་སྐུ་གསུང་ཐུགས་ལ་བཟོད་པར་གསོལ༔ སྐུ་གསུམ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་གཉིས་མེད་ཁྱབ་བརྡལ་ཆེན་པོ་ལ༔ རང་རིག་རང་གསལ་ལྷུན་གྲུབ་ཡིན་པ་ལ༔ བདག་འཛིན་ཕྱོགས་རེས་བྱས་པས་དོན་མ་འགྲུབ༔ སྐུ་གསུམ་མཁའ་འགྲོའི་སྐུ་གསུང་ཐུགས་ལ་བཟོད་པར་གསོལ༔ བཀའ་རྒྱུད་བླ་མ་གསན་ཅིང་དགོངས་སུ་གསོལ༔ སྟོང་ཉིད་དོན་རྟོགས་རང་གྲོལ་ངོ་སྤྲད་ཀྱང་༔ བདེ་གསལ་མི་རྟོག་ཤར་བའི་དུས་མ་བྱུང་༔ བཀའ་རྒྱུད་བླ་མའི་སྐུ་གསུང་ཐུགས་ལ་བཟོད་པར་གསོལ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བཤགས་པ་བཟོད་གསོལ་གྱི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ལྔ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ན་མོ་དྷེ་བ་ཌཱཀྐི་ནི༔ བླ་མའི་རྣལ་འབྱོར་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ བླ་མའི་རྣལ་འབྱོར་འདི་ལྟར་ཕོག་གོ༔ སློབ་མས་མཎྜལ་ཕུལ་ལ༔ བཤགས་པ་བཟོད་གསོལ་འདི་ལྟར་བྱའོ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་བར་བྱ༔ སྡུག་བསྔལ་དང་བྲལ་བར་བྱ༔ མ་ཡེངས་པར་ཉོན་ཅིག༔ བླ་མ་རབ་ཆོས་བཅུ་དང་ལྡན་པ་གཅིག་སྟེན༔ འབྲིང་ཆོས་དྲུག་དང་ལྡན་པ་གཅིག་སྟེན༔ ཐ་མ་ཆོས་བཞི་དང་ལྡན་པ་གཅིག་སྟེན༔ བླ་མ་བསྟེན་པ་ལ་ཡོན་ཏན་ཅི་ཡོད་ན༔ ཚེ་འདི་ལ་ཡང་གློ་བུར་ཡེ་འབྲོག་དང་༔ ནད་དང་གདོན་གྱིས་མི་ཚུགས་པའི་དགོས་པ་ཡོད་དོ༔ ཚེ་རྟིང་མ་འཁོར་བ་ངན་སོང་དུ་མི་གཏོང་བ་བླ་མའི་ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་འདུ་འབྲལ་མེད་པར་མཁའ་སྤྱོད་ཐར་པ་ཆེན་པོར་འགྲོ་བའི་ཡོན་ཏན་ཡོད་དོ༔ བླ་མ་ལ་ཞབས་ཏོག་ཅི་འབུལ་ན༔ རབ་སྒྲུབ་པའི་ཞབས་ཏོག༔ འབྲིང་ལུས་ངག་གི་ཞབས་ཏོག༔ ཐ་མ་ཟང་ཟིང་ནོར་རྫས་ཀྱི་ཞབས་ཏོག་གོ༔ ད་བླ་མ་ལ་དབང་ཅི་ལྟར་ཞུ་ན༔ བུམ་པ་མགོ་ཐོག་ཏུ་འཇོག་པ་ཕྱིའི་དབང་ཞུ༔ ལུས་བསྐྱེད་རིམ་དུ་སྒོམ་པ་ནང་གི་དབང་ཞུ༔ ངག་སྔགས་སུ་འདྲེན་པ་གསང་བའི་དབང་ཞུ༔ སེམས་སྟོང་གསལ་དུ་འཆར་པ་དོན་གྱི་དབང་ཞུའོ༔ མཉམ་པ་བྱེད༔ མདོ་ཨ་ཏི་བཀོད་པའི་རྒྱུད་ལས༔ དྲིན་དང་ལྡན་པའི་བླ་མ་འདི༔ སྤྱི་བོའི་གཙིག་གམ་སྙིང་གི་དཀྱིལ༔ ཡན་ལག་མཐིལ་དུ་སྒོམ་པ་དང་༔ སྐལ་པ་སྟོང་གི་སངས་རྒྱས་ཀྱང་༔ བླ་མ་དག་ལ་བསྟེན་ནས་བྱུང་༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ སྐལ་པ་སྟོང་གི་སངས་རྒྱས་པས༔ བླ་མའི་བ་སྤུ་གཅིག་མཆོད་པ་བསོད་ནམས་ཆེ་གསུངས༔ གསང་སྔགས་ཀྱི་ཆོས་ཟབ་མོ་ཞུ་བ་ལ༔ བླ་མ་ལ་འདུ་ཤེས་བཞི་སྒོམ་དགོས༔ བླ་མ་ལ་སྨན་པའི་འདུ་ཤེས་སྒོམ༔ རང་ལ་ནད་བྱུང་པའི་འདུ་ཤེས་སྒོམ༔ ཆོས་ལ་སྨན་གྱི་འདུ་ཤེས་སྒོམ༔ བླ་མས་སེམས་ཉིད་སྟོང་གསལ་ངོ་སྤྲད་ཙ་ན༔ འཁོར་བ་སྡུག་བསྔལ་ལ་ནད་དྲག་པོའི་འདུ་ཤེས་སྒོམ་ལ༔ དེའི་ངང་ནས་རང་ཉིད་སྟན་བདེ་བ་ལ༔ ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་མདུན་གྱི་ནམ་མཁའི་དབྱིངས་སུ༔ བཅོམ་ལྡན་འདས་མ་ཁྲོས་མ་ནག་མོ་སྐུ་མདོག་འཐིང་ནག་བཻཌཱུརྱའི་མདོག་འོད་ཟེར་དང་ལྡན་པ༔ དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པ༔ ཐོད་པ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ༔ ཞལ་གདངས་འཆེ་བ་གཙིགས་པ༔ སྤྱན་གསུམ་ཡོད་པ་དམར་བ༔ དཔྲལ་བའི་མཛོད་སྤུ་རུ་ཁྲོ་གཉེར་གསུམ་ཡོད་པ༔ སྤྱི་གཙུག་ཏུ་ཕག་ཞལ་ངུར་བས་ཁམས་གསུམ་དབང་དུ་སྡུད་པ༔ རལ་པ་དམར་ནག་སྤྲིན་ལྟར་འཐིབས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་གྱོན་པ༔ མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ རག་ཏའི་ཐིགས་ལེས་བརྒྱན་པ༔ རུས་པའི་རྒྱན་དྲུག་གསོལ་བ༔ ཕྱག་གཡས་གྲི་གུག་བསྣམས་པ༔ གཡོན་ན་ཐོད་ཁྲག་བསྣམས་པ༔ ཞབས་གཡས་བསྐུམ་པ༔ རྟིང་པ་བྷ་ག་ལ་གཏད་པ༔ གཡོན་བརྐྱང་བསྐུམ་བམ་རོའི་སྙིང་ཁ་མནན་པ༔ གཡོན་པའི་འཆན་ཁུང་ན་ཁ་ཊྭཱཾ་བཅུག་པ༔ སྐལ་པའི་མེ་འབར་བའི་དཀྱིལ་ན་བཞུགས་པར་བསྒོམ་མོ༔ དེའི་ཐུགས་ཁའི་ཧཱུྃ་མཐིང་ནག་གཅིག་ལས་འོད་ཟེར་ཕར་འཕྲོས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་ཕོག༔ དེ་རྣམས་ཚུར་འདུས་ཕག་མོ་ལ་ཐིམ༔ ཕག་མོའི་ཐུགས་ཁ་ནས་ཀྱང་འོད་ཟེར་འཕྲོས་པས་སངས་རྒྱས་མཁའ་འགྲོ་ལ་ཕོག༔ དེས་འགྲེ༔ གསང་བ་རྒྱུད་པའི་བླ་མ་རྣམས༔ མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་རྩ་བའི་བླ་མ་ལ་ཐུག་པར་བསམ༔ རྩ་བའི་བླ་མ་ཡང་ཐ་མལ་པ་མ་ཡིན་པར་རྡོ་རྗེ་ཕག་མོའི་ངོ་བོར་བསམ་ལ༔ དེ་ནས་རང་གི་སྤྱི་བོ་ཉི་མ་དང་ཟླ་བ་པདྨ་འདབ་བརྒྱད་ཀྱི་སྟེང་ན་བཞུགས་པར་བསམས་ལ༔ དེ་ནས་བླ་མའི་ཐུགས་རྗེའི་ལྕགས་ཀྱུས་འོད་ཟེར་ཧཱུྃ་མཐིང་ཁ་གཅིག་སྤྱི་བོ་ནས་མར་ཞུགས་ནས༔ རང་གི་སྙིང་ཁར་སེམས་ཉིད་ཀྱི་ངོ་བོ་ཨ་དཀར་པོ་དེ་ལ་བཟུང་ནས༔ མཁའ་སྤྱོད་དུ་ཁྲིད་པར་བསམས་ལ༔ བླ་མ་དང་རང་གཉིས་འདུ་འབྲལ་མེད་པར་བསམ་ལ༔ བཀའ་རྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འུར་སྡིར་གྱིས་འདེབས་པར་བྱའོ༔ གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ རྟོགས་པ་གསུམ་ཡོང་སྟེ༔ ངག་ལ་བྱིན་རླབས་ཞུགས་པ་ལ༔ ས་ཾསྐྲྀ་ཏའི་སྐད་དང་༔ ཨོ་རྒྱན་གྱི་སྐད་ཡོང་ངོ་༔ ལུས་ལ་བྱིན་རླབས་ཞུགས་པ་ལ༔ ལུས་འཁྲབ་པ་དང་འདར་བ་དང་འཕྲིག་པ་ལ་སོགས་པ་ཡོང་ངོ་༔ སེམས་ལ་བྱིན་རླབས་ཞུགས་པ་ལ༔ བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ཡོང་ངོ་༔ འཕྲོ་གཅོད་པའི་དུས་སུ་བླ་མ་རིམ་པ་བཞིན་དུ་གཅིག་ལ་གཅིག་ཐིམ༔ དེ་རྩ་བའི་བླ་མ་ལ་ཐིམ༔ རྩ་བའི་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ༔ རང་དང་བླ་མ་གཉིས་སུ་མེད་པར་རིག་པ་སྟོང་གསལ་གྱི་ངང་ལ་བཞག་གོ༔ གསོལ་འདེབས་ངག་ཏུ་འདི་ལྟར་བརྗོད་དོ༔ སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ༔ ཆོས་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ སྣང་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལས་ཐུགས་རྗེས་ཟུང་༔ དེས་འགྲེའོ༔ རིག་སྟོང་གི་བླ་མ་རྡོ་རྗེ་མཁའ་འགྲོ༔ མེ་ལོང་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ རིག་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བདེ་སྟོང་གི་བླ་མ་རིན་ཆེན་མཁའ་འགྲོ༔ མཉམ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ བདེ་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ གསལ་སྟོང་གི་བླ་མ་པདྨ་མཁའ་འགྲོ༔ སོར་རྟོགས་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ གསལ་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ གྲགས་སྟོང་གི་བླ་མ་ལས་ཀྱི་མཁའ་འགྲོ༔ བྱ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ གྲགས་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ ཆོས་སྐུའི་བླ་མ་རྡོ་རྗེ་ཕག་མོ༔ ཆོས་ཀྱི་སྐུའི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ ཆོས་སྐུ་སྐྱེ་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ ལོངས་སྐུའི་བླ་མ་རྡོ་རྗེ་རྣལ་འབྱོར༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ ལོངས་སྐུ་འགག་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ སྤྲུལ་སྐུའི་བླ་མ་ཡེ་ཤེས་མཚོ་རྒྱལ༔ སྤྲུལ་པ་སྐུའི་མཁའ་འགྲོ་ལ་གསོལ་བ་འདེབས་སོ༔ སྤྲུལ་སྐུའི་འགྲོ་དོན་ཕྱོགས་མེད་དུ་སྤྱོད་པར་བྱིན་གྱིས་རློབས༔ སྐུ་གསུམ་གྱི་བླ་མ་བདག་མེད་མ༔ དྲིན་ཅན་ཀུན་དགའ་འབུམ་ལ་གསོལ་བ་འདེབས༔ མཁའ་འགྲོའི་ལུང་བསྟན་འབྱུང་བར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལས་ཐུགས་རྗེས་ཟུང་༔ བཀའ་རྒྱུད་ཀྱི་བླ་མ་དུང་ཚོ་རས་པ༔ མི་སྐྱོད་རྒྱལ་པོའི་སྐུ་ལ་གསོལ་བ་འདེབས༔ ཕ་བླ་མའི་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས༔ སྒྲུབ་རྒྱུད་ཀྱི་བླ་མ་བྱིན་རླབས་ཅན༔ བྱ་བཏང་རང་གྲོལ་གྱི་སྐུ་ལ་གསོལ་བ་འདེབས༔ ངོ་བོ་ཀ་ནས་དག་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལས་ཐུགས་རྗེས་ཟུང་༔ རྩ་བའི་བླ་མ་བཀའ་དྲིན་ཅན༔ སྒྲུབ་ཆེན་ཆོས་རྡོར་གྱི་སྐུ་ལ་གསོལ་བ་འདེབས༔ སེམས་ཉིད་མ་བུ་འཕྲོད་པར་བྱིན་གྱིས་རློབས༔ དུག་ལྔ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས༔ རྣམ་རྟོག་ཆོས་སྐུར་ལྷོངས་པར་བྱིན་གྱིས་རློབས༔ རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས༔ ངོ་བོ་ཀ་ནས་དག་པར་བྱིན་གྱིས་རློབས༔ འོད་གསལ་ངོ་བོ་མཐོང་བར་བྱིན་གྱིས་རློབས༔ སྒྱུ་ལུས་འཇའ་འོད་དུ་ཡལ་བར་བྱིན་གྱིས་རློབས༔ བར་དོ་གསོལ་འདེབས་ཀྱང་བྱའོ༔ ཨེ་མ་བདག་ལ་སྐྱེ་གནས་བར་དོ་ཤར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཉོན་མོངས་འཁོར་བའི་དབང་དུ་མ་བཏང་ཞིག༔ ཨེ་མ་བདག་ལ་རྨི་ལམ་བར་དོ་ཤར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པའི་མངོན་ཤེས་འཆར༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱོང་༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ ཉིན་མོའི་ལས་དང་འདྲ་བའི་ཉམས་ལེན་ཆོས་ལ་འབུངས༔ ཨེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་ཞོག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་སྒོམ་དུས་འདིར༔ མ་རིག་འཁྲུལ་པའི་དབང་དུ་མ་བཏང་ཞིག༔ ཨེ་མ་བདག་ལ་འཆི་ཁའི་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་སེམས་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕང་༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱའོ༔ ཨེ་མ་བདག་ལ་ཆོས་ཉིད་བར་དོ་ཤར་དུས་འདིར༔ ཀུན་ལ་དངངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱའོ༔ དོན་ཆེན་གེགས་ལ་ཐུག་པའི་དུས་གཅིག་ཡོང་༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཨེ་མ་བདག་ལ་སྲིད་པ་བར་དོ་ཤར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་བགགས་ནས་རུ་ལོག་དྲན་པར་བྱའོ༔ སྙིང་རུས་དག་སྣང་དགོས་པའི་དུས་ཚོད་ཡིན༔ ལོག་ལྟ་སྤངས་ནས་བླ་མ་ཡབ་ཡུམ་སྒོམ༔ འཆི་བ་ཡོང་སྙམ་མེད་པའི་བློ་རིངས་པོ༔ དོན་མེད་ཚེ་འདིའི་འདུན་མ་སྒྲུབ་སྒྲུབ་ནས༔ ད་རེས་སྟོང་ལོག་བྱས་ན་འདུན་མ་འཁྲུལ༔ དགོས་ངོས་ཤེས་པ་དམ་པའི་ཆོས་ཡིན་པས༔ ད་ལྟ་ཉིད་དུ་ལྷ་ཆོས་མི་སྒྲུབ་བམ༔ དྲིན་ཅན་བླ་མའི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ༔ རྩ་བའི་བླ་མ་སྤྱི་བོའི་གཙུག་ཏུ་བསྒོམས༔ ཨེ་མ་བདག་ནི་མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ སྟོང་ཉིད་སྙིང་རྗེས་ཐུགས་རྗེས་རྒྱུན་བཟུང་ནས༔ དྲིན་ཅན་རྩ་བའི་བླ་མས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་གཏི་མུག་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིག་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དེས་འགྲེའོ༔ ཨེ་མ་བདག་ནི་ཞེ་སྡང་དབང་གིས་འཁོར་བར་འཁྱིམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་རྡོ་རྗེ་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ང་རྒྱལ་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རིན་ཆེན་འབྱུང་གནས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་རིན་ཆེན་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་འདོད་ཆགས་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོགས་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་པདྨ་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ཕྲག་དོག་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་ལས་ཀྱི་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་བག་ཆགས་ངན་པའི་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ དངངས་སྐྲག་འཇིགས་སྣང་སྤངས་པའི་དོན་རྟོགས་ནས༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་དཔའ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ལ་ནམ་མཁའི་ཁམས་རྣམས་དགྲ་རུ་མི་སྡང་ཞིང་༔ སངས་རྒྱས་མཐིང་ཁའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་རྣམ་པར་སྣང་མཛད་དང་ཞལ་ཡང་མཇལ་བར་ཤོག༔ དེས་འགྲེའོ༔ ཨེ་མ་བདག་ལ་ཆུའི་ཁམས་རྣམས་དགྲ་རུ་མི་སྡང་ཞིང་༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་སའི་ཁམས་རྣམས་དགྲ་རུ་མི་སྡང་ཞིང་༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་སེར་པོ་དང་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་མེའི་ཁམས་རྣམས་དགྲ་རུ་མི་སྡང་ཞིང་༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་དམར་པོ་དང་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་རླུང་གི་ཁམས་རྣམས་དགྲ་རུ་མི་སྡང་ཞིང་༔ སངས་རྒྱས་ལྗང་ཁུའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་དོན་ཡོད་གྲུབ་པ་དང་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སྣ་ཚོགས་མཁའ་འགྲོའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་སྣ་ཚོགས་མཁའ་འགྲོ་དང་ཞལ་ཡང་འཇལ་བར་ཤོག༔ སྒྲ་ཐམས་ཅད་རང་དགྲ༔ གཟུགས་ཐམས་ཅད་རང་གཟུགས༔ འོད་ཐམས་ཅད་རང་འོད༔ སྣང་བ་བདེན་མེད་ཆོས་ཉིད་མངོན་སུམ་དུ་མཐོང་བར་གྱུར་ཅིག༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བླ་མའི་རྣལ་འབྱོར་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་དྲུག་པའོ༔ སྐལ་ལྡན་ལས་ཅན་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐ༔ ༁༔ ན་མོ་དྷེ་བ་ཌཱཀྐི་ནི༔ ད་ནི་དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ འཆི་བ་མི་རྟག་པའི་གདམས་པ་འདི་ལྟར་དུ་བསྟན་ཏོ༔ མདུན་དུ་མི་རྟག་པའི་བརྡ་དོན་བཞག་ལ༔ ངག་ཏུ་འདི་ལྟར་བརྗོད་དོ༔ སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ༔ སྡུག་བསྔལ་དང་བྲལ་བར་བྱ༔ དེའི་ཆེད་དུ་འཆི་བ་མི་རྟག་པ་སྒོམ་དགོས་པ་ཡིན་ཏེ༔ དེ་ཡང་སའི་སྟེང་ན་སྔར་སྐྱེས་པ་རྣམས་ཀྱང་ཤི༔ ད་ལྟ་སའི་སྟེང་ན་བསྡད་པ་རྣམས་ཀྱང་འཆི་བར་ཐག་ཆོད༔ དེ་ཡང་བརྩིགས་པའི་ཐ་མ་ནི་འཇིག༔ བསགས་པའི་ཐ་མ་ནི་འཛད༔ འགྲོགས་པའི་ཐ་མ་ནི་འབྲལ་བར་ཐག་ཆོད༔ སྐྱེས་པའི་ཐ་མ་ནི་འཆི་བར་ཐག་ཆོད་དོ༔ དཔེར་ན་ཕྱི་སྣང་བའི་ཡུལ་འདི་ཀུན་ཀྱང་མི་རྟག༔ མིག་གིས་གཟུགས་མཐོང་ཚད༔ རྣ་བས་སྒྲ་ཐོས་ཚད༔ ས་གཞི་རི་རབ་རྩི་ཤིང་༔ ནགས་ཚལ༔ ཆུ་ལ་སོགས་པ་འདི་ཀུན་ཀྱང་༔ སྣང་བའི་ཡུལ་དུ་མཐོང་ཙམ་མིན་པ་མི་རྟག༔ ནང་འཛིན་པ་དབུགས་དང་ལུས་ཀྱང་མི་རྟག༔ དཔེར་ན་ལུས་འདི་བར་སྣང་གི་འཇའ་ཚོན་དང་འདྲ་སྟེ་ཡལ་རྒྱུ་ཡིན་ཏེ་མི་རྟག༔ ལུས་སོས་ཀའི་མེ་ཏོག་དང་འདྲ་སྟེ་མི་རྟག༔ ཉི་མ་ནུབ་ཁའི་གྲིབ་སོ་དང་འདྲ་སྟེ་མི་རྟག༔ རྩྭ་ཁའི་ཐོག་གི་ཟིལ་བ་དང་འདྲ་སྟེ་མི་རྟག༔ གོང་འོག་དབུས་གསུམ་རིགས་གཅིག་གོ༔ བོང་སྤུ་འདྲིལ་ལོག་དང་འདྲ་སྟེ་མི་རྟག༔ ངན་སྟེགས་ཁར་ངལ་གསོས་པ་དང་འདྲ་སྟེ་མི་རྟག༔ ནམ་ཟླ་དགུན་ཁའི་འཁྱག་པ་དང་འདྲ་སྟེ་མི་རྟག༔ སེན་མོའི་ཁའི་རྡུལ་དང་འདྲ་སྟེ་མི་རྟག༔ དཔེར་ན༔ རང་གི་ཕ་མ་རྒན་ཁོག༔ གཉེན་ཉེ་བོ་མཛའ་བོ་གྲོང་པ་ཁྱིམ་མཚེས་རྣམས་ཀྱང་མི་རྟག་གོ༔ ལུས་ལ་གནས་པ་མེད་པས་ནམ་འཆི་ཆ་མེད༔ ཚེ་ལ་སྲིད་པ་མེད་དབུགས་ལ་བཟུང་པ་མེད་རྩ་རྟ་རྔ་ཙམ་ཆད་པ་ལ་བརྟེན་ནས་ཀྱང་འཆི༔ རྨ་ཁབ་མིག་ཙམ་བྱུང་པ་ལ་བརྟེན་ནས་ཀྱང་འཆི༔ ཐོད་པ་སྲན་འབྲུ་ཙམ་ལ་བརྟེན་ནས་འཆི་བར་གདའོ༔ ལོ་གཅིག་སོང་ཡིན་འཆི་བ་ལ་ཐག་ཉེར་རེད༔ ཟླ་གཅིག་ཞག་གཅིག་ན་མ་གཅིག་སོང་གིན་འཆི་བ་ལ་ཐག་ཉེར་རེད༔ ཁ་ཅིག་མའི་མངལ་དུ་འཆི༔ ཁ་ཅིག་སྐྱེས་མ་ཁད་ཀྱང་འཆི༔ ཁ་ཅིག་གཞོན་པ་ལ་འཆི༔ ཁ་ཅིག་དར་ལ་བབས་ནས་འཆི༔ ཁ་ཅིག་རྒས་ཤིང་ཁོག་ནས་འཆི་བར་འདུག་པས༔ དུས་དེར་དམ་པའི་ཆོས་མིན་པ་ཅིས་ཀྱང་ཕན་པ་མེད་པས་འཆི་བ་མི་རྟག་པ་ཡང་དག་པ་སྒོམ་པར་ཞུ༔ འདིར་ནི་དུས་མ་ཡིན་ཏེ༔ མདོ་རྒྱུད་ཐམས་ཅད་ནས་རྒྱས་པར་བཤད་ལ༔ འཆི་བ་མི་རྟག་པ་ཡང་དག་པ་སྒོམ་དུ་བཅུག་གོ༔ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ རྫོགས་ཆེན་མ་རྒྱུད་གསང་བ་ལམ་ཁྱེར་ལས༔ འཆི་བ་དང་མི་རྟག་པ་སྒོམ་པ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བདུན་པའོ༔ དེ་སྔོན་འགྲོའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ དེ་ནས་ཚོགས་འཁོར་གཅིག་བཤམས་ལ༔ གཏེར་བདག་ཌཱཀྐི་རྣམས་ལ་དམར་གཏོར་བཤམས༔ དེ་ནས་སློབ་མའི་ཚོགས་རྣམས་ཀྱིས་མཎྜལ་ཕུལ་ནས༔ དམ་ཚིག་དང་ལྡན་པའི་བླ་མས༔ སློབ་མའི་ཚོགས་ལ༔ མཁའ་འགྲོའི་ཁྲིད་ཕྱི་སྣང་བ་མི་རྟག་པ༔ སྒྱུ་མའི་དཔེ་བརྒྱད་ཀྱི་ངོ་སྤྲོད་འདི་ལྟར་བྱའོ༔ ཐང་ཆེན་པོ་གཅིག་ལ་མེ་ཏོག་སྐྱེས་ཡོད་པ་ལ་ཆར་ཞོད་ཆེན་པོ་གཅིག་བྱུང་ཙ་ན་མེ་ཏོག་དེ་ཡལ་ག་ལོ་འདབ་རྒྱས་ནས་གནམ་ལ་སླེབ་པ་ལྟ་བུ་སོང་༔ ཐན་པ་བྱུང་ཙ་ན་མེ་ཏོག་དེ་སྐམས་ནས་འགྲོ་སྟེ༔ མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་ཐོགས་ཤོག༔ བྱས་ལ་སློབ་མ་ལ་སྒོམ་དུ་བཅུག་ལ༔ བླ་མས་ངོ་སྤྲད་དོ༔ ཡང་ཆབ་དཀར་དང་༔ ཆབ་ནག་གཉིས་ལ་ཁ་བ་མཉམ་པོར་བབ་པ་ལ༔ ཆབ་དཀར་གྱི་ཁ་བ་དེ་ཆིར་མིན་ཞུ༔ ཆབ་ནག་གི་ཁ་བ་དེ་མ་ཞུ་བར་ཁ་བ་བརྩེགས་པས་གངས་སུ་རེད༔ གངས་རི་དེའི་རྩ་བ་ན་མཚོ་ཆེན་པོ་གཅིག་ཡོད་པ་ལ༔ ནམ་ཟླ་སོས་ཀར་ཉི་མ་དྲོན་པོ་བྱུང་ཙམ་ན་གངས་དེ་ཞུ་ནས་མཚོའི་ནང་དུ་ལྷུང་ངོ་༔ དེ་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་སྒོམ་བྱས་ལ་ངོ་སྤྲད་དོ༔ ཡང་ཤར་གྱི་རི་གཉིས་ཀྱི་ཕྲག་ནས་ནམ་ཞོགས་སྔ་མོ་ཉི་མ་རྩེར་ཤར་བ་དང་༔ ནམ་མཁའ་ལ་སྤྲིན་པ་བྱིའུ་ཙམ་མེད་པར་ནམ་མཁའ་གཡའ་དག་པ་ལ་ཉི་མ་རྒས་འགྲོ་བ་ཡང་ཡོད༔ རིམ་པ་གཅིག་ལ་སྔ་དྲོ་ཉི་མ་དྲོན་པོ་བྱས་ནས་ཕྱི་དྲོ་སྤྲིན་པས་ཆོད་ནས་ནུབ་ཁར་ཉི་མའི་སྙིང་པོ་མི་མཐོང་པ་ཡང་ཡོད༔ ཡང་རིམ་གཅིག་སྔ་དྲོ་ཉི་མ་སྤྲིན་པས་ཆོད་ནས༔ ཕྱི་དྲོ་ཐ་ཡལ་ལ་སོང་ནས་ནམ་མཁའ་དག་པ་ལ་ཉི་མ་རྒས་འགྲོ་བ་ཡང་ཡོད་དོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེ་གང་ཡིན་སྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཆོས་ཐུན་གསུམ་པའོ༔ ཡང་བྲག་རི་གཟར་པོ་གཅིག་གི་རྩ་བ་ན༔ མཚོ་ཆེན་པོ་གཅིག་ཡོད༔ བྲག་རི་དེའི་སྐེད་པ་ན་སྦྲང་མའི་སྦྲང་རྩི་ཡོད་པ་ལ༔ མི་གཅིག་གིས་རྩྭ་ཕུང་པོ་གཅིག་ལ་རྐང་རྟེན་བྱས་ནས༔ སྦྲང་རྩི་ཟ་ཞིང་བསྡད་ཡོད་པ་ལ༔ བྲག་རི་དེའི་སྟེང་ན་མི་མང་པོ་འགྲོ་ཡིན་འདུག་པས༔ མི་དེ་ཀུན་གྱིས་ཞགས་པ་རིང་པོ་གཅིག་མར་ལ་བཏང་ནས༔ ཞགས་པ་དེ་ལ་འཇོར་ལ་ཤོག༔ ཡར་ལ་འཐེན་ནོ་བྱས་པས༔ ཁོ་སྦྲང་རྩི་དེ་ལ་ཆགས་ནས་མིག་ཀྱང་ལྟ་མ་ཕོད་དོ༔ དེ་ནས་བྱི་བ་དཀར་པོ་གཅིག་ཡས་ནས་བྱུང་ཙམ་ན་ཉག་མ་རེ་བཏོག་འགྲོའོ༔ བྱི་བ་ནག་པོ་གཅིག་བྱུང་ནས་རྩ་ཉག་མ་རེ་བཏོག་འགྲོའོ༔ ཉི་མ་ཡང་དགོང་མོར་སོང་པ་དང་༔ སྦྲང་རྩི་དེ་ཡང་ཟད་རྐང་རྟེན་གྱི་རྩྭ་དེ་ཡང་ཟད་ལུས་ནི་འདར་ཞིང་འཕྲིག༔ ད་བྱིན་གྱི་མི་དེ༔ མདུན་དུ་བྱུང་ན་འཐེན་དུ་འཇུག་པ་ཡིན་པ་ལ༔ ད་མཚོ་མ་གིར་ལྷུང་བ་འདྲ་སྙམ་ནས་མཚོ་ནང་དེར་ལྷུང་ངོ་༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ནོ༔ དེའི་དོན་གང་ཡིན་སྒོམ་དུ་བཅུག་ལ༔ བླ་མས་ངོ་སྤྲད་དོ༔ ཆོས་ཐུན་བཞི་པའོ༔ ཡང་བྲག་མཐོན་པོ་གཅིག་གི་རྩེ་ནས༔ མི་དཀར་པོ་གཅིག་གིས་ཆུ་བུམ་པ་གང་མར་ལ་བབ་སོང་པས༔ བྲག་ལ་ཟིམ་མ་ཕོད་པས་བྲག་དེའི་གཤམ་ལ་མཚོ་གཅིག་ཡོད་པས་ཁོ་དེར་ལྷུང་སོང་ངོ་༔ བྲག་དེའི་རྩེ་མོ་ནས་རྔ་རྡུང་དུང་འབུད་དྲིལ་བུ་དཀྲོལ་བྱེད་ཅིང་༔ རྒྱ་མཚོ་དེ་རི་རྩེ་ལ་འདྲེན་པ་ཡིན་ཟེར༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་སྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཆོས་ཐུན་ལྔ་པའོ༔ ཡང་བྱེ་མའི་རི་ལ་དོ་ནུབ་ཆར་པ་བབས་པས་བྱེ་མ་ལ་ཐིམ་ནས་འགྲོ༔ སང་ཉི་མ་དྲོན་པོ་བྱུང་ན་བྱེ་མའི་དཀྱིལ་ནས༔ ཆར་པའི་རླངས་པ་ནམ་མཁའི་དབྱིངས་ལ་འགྲོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ནོ༔ དེའི་དོན་གང་ཡིན་སྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ ཆོས་ཐུན་དྲུག་པའོ༔ ཡང་ཐང་ཆེན་པོ་གཅིག་ལ་ཕྱོགས་བཞི་ནས་ཆུ་ཆེན་པོ་བཞིས་ཐང་བསྐོར་ནས་ཡོད་པའོ༔ ཐང་དེའི་དཀྱིལ་ན་མི་གཅིག་འདུག་ནས་ཡོད་པ་ལ༔ མི་དཀར་པོ་གཅིག་གོང་ནས་བྱུང་ནས༔ ཁྱོད་ཡར་ལ་འགྲོ་ཟེར་ནས་ཡར་ལ་ཁྲིད་ནས༔ མི་ནག་པོ་གཅིག་འོག་ནས་བྱུང་ནས་ལྡེ་མིག་སྤར་བ་གང་གཏད་ནས་ཁྱོས་འདི་ཡི་གཉེར་གྱིས༔ ངའི་ཕྱི་ལ་མར་ལ་འགྲོའོ་ཟེར་ནས་འཁྲིད་འདུག༔ དེ་གཉིས་ཡར་འཐེན་མར་འཐེན་གྱི་བར་ལ་ཐང་ཆེན་པོ་དེ་ཆུ་བཞི་པོ་དེས་བརྡས་སོང་ངོ་༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་སྒོམ་དུ་བཅུག་ནས་བླ་མས་ངོ་སྤྲད་དོ༔ ཐུན་བདུན་པའོ༔ ཡང་མི་གཅིག་ཆུ་ཆེན་པོ་ཞིག་གི་ཕར་ག་དེ་ན་ལུས་ནས༔ དེ་མི་ཤ་ཆགས་པ་རང་བྱག་པ་དང་དངངས་སྐྲག་འཇིགས་སྣང་ཆེན་པོ་ཡོད་པ་ལ༔ ཆུ་དེ་ལ་ཐར་པའི་ཐབས་གཅིག་བྱས་ན་དྲག་བསམ་ནས་ཡོད་དོ༔ ད་ཆུ་ཆེན་པོ་དེ་ལ་བརྒལ་བ་ལ་ཀོ་བ་གཅིག་དགོས༔ ཞུགས་མཁན་གཅིག་དགོས༔ མཉན་པ་གཅིག་དགོས༔ རྐྱལ་བ་གཅིག་དགོས༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན་ཏེ༔ དེའི་དོན་གང་ཡིན་སྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་བརྡ་ཁྲིད་ཕྱིའི་སྣང་བ་མི་རྟག་སྒྱུ་མའི་དཔེ་བརྒྱད་ཀྱི་ཁྲིད་ཞལ་གདམས༔ ཆོས་ཐུན་བརྒྱད་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ ཕྱི་འབྱུང་པའི་ཁྲིད་འདི་ལྟར་བཤད་དོ༔ དང་པོ་ནམ་མཁའ་འདི་ག་ནས་བྱུང་༔ རིག་པ་སྟོང་པའི་རང་མདངས་ཀྱི་ངང་ནས་བྱུང་ཟེར་ན་ངོ་སྤྲད་དོ༔ ཆུ་འདི་ག་ནས་བྱུང་ཟེར༔ ཆུ་འདི་གྲང་གྲགས་པའི་ངང་ལས་བྱུང་ཟེར་ནའོ༔ ས་འདི་ག་ནས་བྱུང་དྲིའོ༔ རྡུལ་ཙམ་ལ་བརྟེན་པ་མ་གཏོགས་པ་གཞན་ག་ནས་ཀྱང་མ་བྱུང་ཟེར་ན་སྟེང་དུ་ཐོན་པའོ༔ ཡང་མེ་འདི་གང་ནས་བྱུང་དྲིའོ༔ མེ་འབྱུང་པ་ཐམས་ཅད་འདུས་པ་ལ་དྲོད་ཚོར་མི་ཚོར་ཙམ་ཞིག་ལ་བྱུང་པ་འདྲ་ཟེར་ན་སྟེང་དུ་ཐོན་ནོ༔ ཡང་རླུང་འདི་གང་ནས་བྱུང་ལྟོས་ཞེས་འཚོལ་དུ་བཏང་ངོ་༔ ནམ་མཁའ་སྟོང་གྲགས་པའི་གྲགས་པ་ལ་བརྟེན་ནས་བྱུང་ཟེར་ན་སྟེང་དུ་ཐོན་པའོ༔ དེ་ཡན་ཆད་ཕྱི་འབྱུང་པའི་ཁྲིད་དོ༔ ད་འཇའ་ཁྲིད་ལ་འཇའ་ཚོན་མཐིང་ག་འདི་ག་ནས་བྱུང་ཟེར་ན་འབྱུང་པ་ལྔ་ལ་ངོ་སྤྲད་དོ༔ གསང་བ་ལམ་ཁྱེར་ལས༔ ཕྱི་འབྱུང་པ་ལྔའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་དགུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༁ཾ༔ ན་མོ་དྷེ་བ་ཌཱཀྐི་ནི༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ལུས་སེམས་དབྱེར་མེད་ཡེ་ཤེས་ལྔར་ངོ་སྤྲོད་པའི་གདམས་པ་ནི༔ དང་པོ་དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ་ཚོགས་འཁོར་དང་དམར་གཏོར་བཤམ་དུ་བཅུག་ལ༔ དེ་ནས་སྔོན་འགྲོའི་ཆོས་ཐུན་རྣམས་རིམ་གྱིས་བྱེད་དུ་བཅུག་ལ༔ དེ་ནས་བླ་མས་གདམས་པ་འདི་ལྟར་སྤྲད་དོ༔ ཕྱི་སྲིད་པ་ཆགས་པའི་ཡབ་ཡུམ་གང་ཡིན༔ འཚོལ་དུ་བཅུག་ལ་རྙེད་བྱུང་ན་རབ་མ་བྱུང་ན་བླ་མ་སྟེང་འོག་གཉིས་སུ་ངོ་སྤྲད་དོ༔ ད་ནང་རིག་བཅས་ཀྱི་ཡབ་ཡུམ་གང་ཡིན་འཚོལ་དུ་བཏང་ངོ་༔ སྣང་སྟོང་དབྱེར་མེད་དུ་ངོ་སྤྲད་དོ༔ ད་ལུས་ཀྱི་སེམས་རྩལ་ལམ༔ སེམས་ཀྱིས་ལུས་རྩལ༔ ལུས་སེམས་གཉིས་གང་སྔ༔ ལུས་གང་ནས་བྱུང་༔ སེམས་གང་ནས་བྱུང་༔ ལུས་སེམས་གཉིས་ཐ་དད་ཡིན་ནམ་དབྱེར་མེད་ཡིན་འདྲིའོ༔ ཐ་དད་ཡིན་ཟེར་ན༔ ཡིན་ལུགས་ག་ཚུལ་ཡིན་ཐག་གཅད༔ དབྱེར་མེད་ཡིན་ཟེར་ན་ཐག་ལེགས་པར་བཅད་དོ༔ མཁའ་འགྲོ་གསང་བ་ལྔ་ལ་ཕྱག་འཚལ་ལོ༔ དེ་ནས་བླ་མས་དབྱེར་མེད་མངོན་བྱང་ལྔར་ངོ་འདི་ལྟར་སྤྲད་དོ༔ དེ་ལ་ཕྱི་མངོན་བྱང་ལྔ་ནི་འབྱུང་པ་ལྔའོ༔ ནང་གི་མངོན་པར་བྱང་ཆུབ་པ་ལྔ་ནི་དུག་ལྔའོ༔ གསང་བའི་མངོན་པར་བྱང་ཆུབ་པ་ལྔ་ནི་ཡེ་ཤེས་ལྔའོ༔ དེ་ལ་བརྟེན་ནས་ལུས་སེམས་གྲུབ་པ་ཡིན་ཏེ༔ དྭངས་མ་ལྔའི་ངོ་སྤྲོད་ནི་འདི་ལྟར་རོ༔ འབྱུང་པ་ནམ་མཁའི་དྭངས་མ་ནི་སེམས་རིག་པ་གསལ་ལ་དྭངས་པ་འདི་ཡིན་ནོ༔ འབྱུང་པ་ཆུའི་དྭངས་མ་ནི་ཁྲག་དང་ཆུ་སེར་རླན་རྣམས་ཡིན་ནོ༔ འབྱུང་པ་སའི་དྭངས་མ་ནི་ཤ་དང་རུས་པ་ལྤགས་རྣམས་ཡིན་ནོ༔ འབྱུང་པ་མེའི་དྭངས་མ་ནི་དྲོད་དང་མདངས་རྣམས་ཡིན་ནོ༔ འབྱུང་པ་རླུང་གི་དྭངས་མ་ནི་དབུགས་དང་འགྱུ་བ་ཡིན་ནོ༔ དེ་ལ་དྭངས་མ་ལྔ་ཡང་ཟེར༔ ཡེ་ཤེས་མཁའ་འགྲོ་ལྔ་ལ་བཟོད་པར་གསོལ༔ ད་ནི་རྣམ་དག་དབྱེར་མེད་ལྔའི་ངོ་སྤྲོད་འདི་ལྟར་རོ༔ ནམ་མཁའི་ཁམས་རྣམ་པར་དག་པས༔ གཟུགས་རྣམས་བྱ་བ༔ གཟུགས་རྣམ་པར་དག་པས༔ གཏི་མུག་རྣམ་པར་དག་པས༔ ངོ་བོའི་ཀ་ནས་དག་པའོ༔ དེ་སྟོང་པ་ལྔའི་ནང་ནས་གང་ཡིན་ན༔ སྣང་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་གང་ཡིན་ན༔ ཕྱི་ལྟར་དུ་ཡབ་རྣམ་པར་སྣང་མཛད༔ ཡུམ་སངས་རྒྱས་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་ཆོས་དབྱིངས་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་མཐིང་ག་ཡིན༔ འཕྲིན་ལས་ལྔའི་ནང་ནས་འགྱུར་མེད་ཡིན༔ ཞིང་ཁམས་ལྔའི་ནང་ནས་ཆོས་འབྱུང་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཆུའི་ཁམས་རྣམ་པར་དག་པས་ཚོར་བ༔ ཚོར་བ་རྣམ་པར་དག་པས་ཞེ་སྡང་༔ ཞེ་སྡང་རྣམ་པར་དག་པས་མ་བཅོས་ལྷུན་གྱིས་གྲུབ་པའོ༔ དེ་སྟོང་པ་ལྔའི་ནང་ནས་གང་ཡིན་ན༔ རིག་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་གང་ཡིན་ན༔ ཕྱི་ལྟར་ཡབ་རྡོ་རྗེ་སེམས་དཔའ༔ ཡུམ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་མེ་ལོང་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་འོད་དཀར་པོ་ཡིན༔ འཕྲིན་ལས་ལྔའི་ནང་ནས་ཞི་བའི་ལས་འགྲུབ་པ་ཡིན༔ ཞིང་ཁམས་ལྔའི་མངོན་པར་དགའ་བ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ སའི་ཁམས་རྣམ་པར་དག་པས་འདུ་ཤེས༔ འདུ་ཤེས་རྣམ་པར་དག་པས་ང་རྒྱལ༔ ང་རྒྱལ་རྣམ་པར་དག་པས་འགག་མེད་མཐའ་བྲལ༔ སྟོང་པ་ལྔའི་ནང་ནས་གང་ཡིན་ན༔ བདེ་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་གང་ཡིན་ན༔ ཕྱི་ལྟར་དུ་ཡབ་རིན་ཆེན་འབྱུང་གནས༔ ཡུམ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་གང་ཡིན་ན༔ མཉམ་ཉིད་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་འོད་སེར་པོ་ཡིན༔ འཕྲིན་ལས་ལྔའི་ནང་ནས་རྒྱས་པའི་འཕྲིན་ལས་ཡིན༔ ཞིང་ཁམས་ལྔའི་ནང་ནས་དཔལ་དང་ལྡན་པ་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཊ༔ ཁ་ཐམ༔ མེའི་ཁམས་རྣམ་པར་དག་པས་འདུ་བྱེད༔ འདུ་བྱེད་རྣམ་པར་དག་པས་འདོད་ཆགས༔ འདོད་ཆགས་རྣམ་པར་དག་པས་བདེ་གསལ་མི་རྟོག་པའོ༔ སྟོང་པ་ལྔའི་ནང་ནས་གང་ཡིན་ན༔ གསལ་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་གང་ཡིན་ན༔ ཕྱི་ལྟར་དུ་ཡབ་སྣང་བ་མཐའ་ཡས་ཡིན༔ ཡུམ་པདྨ་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་གང་ཡིན་ན༔ སོར་རྟོགས་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་འོད་དམར་པོ་ཡིན༔ འཕྲིན་ལས་ལྔའི་ནང་ནས་དབང་གི་འཕྲིན་ལས་གྲུབ་པ་ཡིན༔ ཞིང་ཁམས་ལྔའི་ནང་ནས་བདེ་བ་ཅན་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ རླུང་གི་ཁམས་རྣམ་པར་དག་པས༔ རྣམ་པར་ཤེས་པ༔ རྣམ་པར་ཤེས་པ་རྣམ་པར་དག་པས་ཕྲག་དོག༔ ཕྲག་དོག་རྣམ་པར་དག་པས༔ དྲི་མེད་རང་གསལ༔ སྟོང་པ་ལྔའི་ནང་ནས་གང་ཡིན་ན་གྲགས་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་གང་ཡིན་ན༔ ཕྱི་ལྟར་དུ་ཡབ་དོན་ཡོད་གྲུབ་པ་ཡིན༔ ཡུམ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་བྱ་གྲུབ་ཡེ་ཤེས་ཡིན་ནོ༔ འོད་ལྔའི་ནང་ནས་གང་ཡིན་ན༔ འོད་ལྗང་ཁུ་ཡིན༔ འཕྲིན་ལས་ལྔའི་ནང་ནས་དྲག་པོའི་འཕྲིན་ལས་སྒྲུབ་པའོ༔ ཞིང་ཁམས་ལྔའི་ནང་ནས་གང་ཡིན་ན༔ ལས་རབ་རྫོགས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གཏི་མུག་རྡོ་རྗེ་མཐིང་ག་སྟེ༔ རྟོགས་ན་རྡོ་རྗེ་ཕག་མོ་སྟེ༔ མ་རྟོགས་འདོད་ཁམས་ལྷ་རུ་གོལ༔ ཞེ་སྡང་རྡོ་རྗེ་དཀར་བ་སྟེ༔ རྟོགས་ན་བདེ་ཆེན་དཀར་མོ་སྟེ༔ མ་རྟོགས་ཐར་མེད་དམྱལ་བར་ལྟུང་༔ ང་རྒྱལ་རྡོ་རྗེ་སེར་མོ་སྟེ༔ རྟོགས་ན་སེར་མོ་དོན་གྲུབ་སྟེ༔ མ་རྟོགས་མ་རིག་དུད་འགྲོར་ལྟུང་༔ འདོད་ཆགས་རྡོ་རྗེ་དམར་མོ་སྟེ༔ རྟོགས་ན་དམར་མོ་སྒྲ་སྒྲོག་སྟེ༔ མ་རྟོགས་ཉོན་མོངས་ཡི་དྭགས་ལྷུང་༔ ཕྲག་དོག་རྡོ་རྗེ་ལྗང་ཁུ་སྟེ༔ རྟོགས་ན་སྣ་ཚོགས་མཐར་ཕྱིན་ཏེ༔ མ་རྟོགས་ཁོང་ཁྲོ་ལྷ་མ་ཡིན་དུ་ལྷུང་༔ དེ་ལྟར་ཕྱི་འབྱུང་པ་ལྔ་ལ་བརྟེན་པ་དང་༔ ནང་དུག་ལ་བརྟེན་པ་དང་༔ གསང་བ་ཡེ་ཤེས་ལྔ་ལ་བརྟེན་ནས༔ ལུས་སེམས་དབྱེར་མེད་ཆོས་སྐུར་ངོ་སྤྲད་པའོ༔ ད་ནང་གི་འབྱུང་བཞི་ལུས་ལ་བརྟེན་ནས༔ དུག་ལྔ་ཡེ་ཤེས་ལྔ་རུ་གྱུར་པ་འདི་ལྟར་རོ༔ ཕ་ལས་ཐོབ་པ་ཟླ་བ་དཀར་མོ་ཆུའི་ཁམས་དང་གཅིག༔ མ་ལས་ཐོབ་པ་ཉི་མ་དམར་ཆ་མེའི་ཁམས་དང་གཉིས༔ མའི་མངལ་དྲི་མ་མེད་པ་ཙམ་དག་པ་སའི་ཁམས་དང་གསུམ༔ བར་དོའི་རྣམ་པར་ཤེས་པ་སེམས་རླུང་གི་ཁམས་དང་བཞི༔ དེ་རྣམས་གཅིག་ཏུ་དྲིལ་ནས་ལུས་ཡོངས་སུ་རྫོགས་པའོ༔ ད་སྐུ་ལྔ་ནི་གང་ཡིན་ན༔ ཟླ་བ་དཀར་ཆ་སྤྲུལ་པའི་སྐུ་དང་གཅིག༔ ཉི་མ་དམར་ཆ་ལོངས་སྤྱོད་རྫོགས་པའི་སྐུ་དང་གཉིས༔ མའི་མངལ་དྲི་མ་མེད་པ་ཡོན་ཏན་སྐུ་དང་གསུམ༔ བར་དོའི་རྣམ་པར་ཤེས་པའི་སེམས་ཉིད་འཕྲིན་ལས་ཀྱི་སྐུ་དང་བཞི༔ ལུས་ཡོངས་སུ་རྫོགས་པ་ཆོས་ཀྱི་སྐུ་དང་ལྔའོ༔ དེ་ལ་བརྟེན་པའི་ཡེ་ཤེས་ལྔ་ནི༔ ཟླ་བ་དཀར་ཆ་མེ་ལོང་ཡེ་ཤེས༔ ཉི་མ་དམར་ཆ་སོ་སོར་རྟོགས་པའི་ཡེ་ཤེས༔ མའི་མངལ་དྲི་མ་མེད་པ་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས༔ བར་དོའི་སེམས་རྣམ་པར་དག་པའི་སེམས་ཉིད་དེ༔ བྱ་བ་གྲུབ་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་ཆོས་ཀྱི་སྐུའི་ཡེ་ཤེས༔ ནང་འབྱུང་བཞིའི་ལུས་ལ་བརྟེན་ནས་ལུས་སེམས་དབྱེར་མེད་དོ༔ དུག་ལྔ་ཡེ་ཤེས་སུ་གྱུར་པ་ཡང་དེ་བཞིན་ཡིན་ནོ༔ ལར་དེ་ལ་བརྟེན་ནས་ལུས་སེམས་དབྱེར་མེད་དུ་ཐག་ལེགས་པར་བཅད་པ་གལ་ཆེའོ༔ རྫོགས་ཆེན་གསང་བ་ལམ་ཁྱེར་ལས༔ ལུས་སེམས་དབྱེར་མེད་དུ་ངོ་སྤྲད་པའི་ཆོས་ཐུན་བཅུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ དབང་པོ་རབ་ཀྱི་ངོ་སྤྲོད་ཡིན༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ཁ་ཐམ༔ ཨྠྀི༔ ༁ཾ༔ ན་མོ་དྷེ་བ་ཌཱཀྐི་ནི༔ དེ་རྣམས་ནི་དབྱེར་མེད་ཀ་དག་གི་ངོ་སྤྲོད་དོ༔ ད་ནི་དབང་པོ་འབྲིང་ལ་སེམས་ཙམ་པའི་ངོ་སྤྲོད་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ་དྲི་བ་འདི་ལྟར་བྱའོ༔ སེམས་དང་རིག་པ་གང་སྔ་དྲིའོ༔ དབྱེར་མེད་དུ་ངོ་སྤྲད་དོ༔ ད་ཡང་བླ་མས་དྲི་བ་འདི་ལྟར་བྱའོ༔ ས་རྡོ་རྩི་ཤིང་ཆུ་རྣམས་ལ་ཡང་བྱུང་ཁུངས་ཡོད༔ སྨན་དང་རིན་ཆེན་མི་རྣམས་ལ་ཡང་བྱུང་ཁུངས་ཡོད་དོ༔ དེ་བཞིན་དུ་རང་གི་སེམས་འདི་ལ་ཡང་ཤར་ལྷོ་ནུབ་བྱང་༔ སྟེང་འོག་རིའི་ཁོང་སང་༔ བྲག་གི་སེར་ཀ་ག་ནས་བྱུང་༔ ལེགས་པར་རྩད་གཅོད་དུ་བཅུག་གོ༔ དེ་ནས་བླ་མས་ངོ་འདི་ལྟར་དུ་སྤྲད་དོ༔ དང་པོ་སེམས་ལ་བྱུང་ས་མེད་དེ་གསལ་སྟོང་དབྱེར་མེད་ཀྱི་ངང་ལས་བྱུང་༔ བྱུང་ས་མེད་པའི་སྟོང་པ་བྱང་ཆད་མ་ཡིན༔ ཡང་བླ་མས་འདི་ལྟར་དྲི་བར་བྱའོ༔ དཔེར་ན་ཕྱི་འབྱུང་པ་འཇའ་ཚོན་ལ་ཡང་ཁ་དོག་ཡོད་དོ༔ རྩི་ཤིང་ནགས་ཚལ་མེ་ཏོག༔ གོས་དར་རྣམས་ལ་ཡང་ཁ་དོག་ཡོད་དོ༔ དེ་བཞིན་དུ་རི་དང་ས་གཞི་མཁར་ཁང་རིན་ཆེན་རྣམས་ལ་ཡང་ཁ་དོག་དང་གཟུགས་ཡོད་དོ༔ དཔེ་དེ་བཞིན་དུ་རང་གི་སེམས་ཉིད་འདི་ལ་ཡང་ཁ་དོག་དང་བཟོའོ་ཨེ་འདུག་ལེགས་པར་ཐག་བཅད་དོ༔ དེ་ནས་ཀུན་རྫོབ་ལ་ཁ་དོག་དང་བཟོའོ་ཡོད་པར་ངོ་སྤྲད་དོ༔ ཡང་དག་པའི་སྒོ་ནས་ཁ་དོག་དང་བཟོའོ་གང་ཡང་མ་གྲུབ༔ སྟོང་པ་བྱང་ཆད་མ་ཡིན་པ༔ རིག་པ་སྟོང་གསལ་དབྱེར་མེད་ཆོས་ཉིད་དུ་ངོ་སྤྲད་དོ༔ ཡང་བླ་མས་འདི་ལྟར་དྲིའོ༔ དཔེར་ན་རྩི་ཤིང་རི་རྡོ་ཆུ༔ མཁར་ཁང་མི་རྣམས་ལ་ཡང་རིང་ཐུང་སྦོམ་ཕྲ་ཡོད་དོ༔ དེ་བཞིན་དུ་རང་གི་སེམས་ཉིད་འདི་ལ་ཡང་༔ རིང་ཐུང་སྦོམ་ཕྲ་ཆེ་ཆུང་ཨེ་འདུག་ལེགས་པར་ཐག་བཅད་དོ༔ འོ་ན་ཀུན་རྫོབ་ཀྱི་སྒོ་ནས་རིང་ཐུང་སྦོམ་ཕྲ་ཆེ་ཆུང་ཡོད་པར་ངོ་སྤྲད་དོ༔ དོན་དམ་པར་དབྱེར་མེད་སྟོང་ཉིད་དུ་ངོ་སྤྲད་དོ༔ ཡང་བླ་མས་འདི་ལྟར་དྲི་བར་བྱའོ༔ དཔེར་ན་ནམ་མཁའི་བྱ༔ ས་གཞིའི་འབུ་སྲིན༔ གྲོག་སྦུར་ཆུ་ནང་གི་ཉ༔ ལུང་གི་རི་དྭགས༔ བ་གླང་ར་ལུག་འདི་རྣམས་ལ་ཡང་གནས་ས་ཡོད་དེ༔ དཔེ་དེ་བཞིན་དུ་རང་གི་སེམས་ཉིད་འདི༔ རྩི་ཤིང་ནགས་ཚལ་གར་གནས་ཐག་ལེགས་པར་བཅད་དོ༔ གར་ཡང་མ་གནས་ཟེར་ན༔ ལུས་ལ་ན་ཚ་མཚོན་དང་མེ་ལ་སོགས་པ་ལུས་ལ་བཙུགས་སོ༔ ལུས་ལ་གནས་ཟེར་ན་ལུས་ཀྱི་གར་གནས་དྲིའོ༔ ལུས་ཀྱི་སྙིང་ལ་གནས་ཆ་ཆེའོ༔ གཞན་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་མ་ཁྱབ་པ་མེད་ཟེར་ན༔ ཀུན་རྫོབ་ཀྱི་སྒོ་ནས་ལུས་ལ་གནས་ཟེར་ན་ཡང་ཡིན༔ ཡང་དག་པའི་སྒོ་ནས་གནས་པ་མེད་པ༔ སྟོང་པ་བྱང་ཆད་ཅིག་མ་ཡིན་ཏེ༔ བར་དུ་གནས་པ་མེད༔ དེ་རིག་པ་སྟོང་གསལ་དབྱེར་མེད་ངང་ལ་གནས༔ ལུས་ལ་མ་གནས་པའི་ཁོལ་ཚེ་གཉིས་ཡོད་དོ༔ བླ་མའི་ཞལ་ནས་ཤེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ད་དབང་པོ་ཚོགས་དྲུག་གི་ཁྲིད་ལ༔ བླ་མས་སློབ་མ་ལ་འདི་དྲིའོ༔ རྣ་བས་སྒྲ་ཐོས་པ་འདི་རྣ་བས་ཐོས་སམ་སེམས་ཀྱིས་ཐོས་དྲིའོ༔ སེམས་ཀྱིས་ཐོས་ཟེར་ན༔ འོན་པ་ལ་ཡང་སེམས་ཡོད༔ རྣ་བས་ཐོས་ཟེར་ན་ལྡེར་བཟོ་ལ་ཡང་རྣ་བ་ཡོད་ཐོས་སམ༔ འདུས་བྱས་དང་འདུས་མ་བྱས་གཉིས་རྟེན་འབྲེལ་འཛོམས་པས་ཐོས་ཟེར་ནས་ངོ་སྤྲད་དོ༔ དེས་འགྲེའོ༔ མིག་གིས་གཟུགས་མཐོང་བ་འདི༔ མིག་གིས་མཐོང་ངམ་སེམས་ཀྱིས་མཐོང་དྲིའོ༔ སེམས་ཀྱིས་མཐོང་ཟེར་ན༔ ལོང་པ་ལ་ཡང་སེམས་ཡོད་མཐོང་ངམ༔ མིག་གིས་མཐོང་ཟེར་ན་ལྡེར་བཟོ་ལ་ཡང་སེམས་ཡོད་མཐོང་ངམ༔ འོ་ན་ཀུན་རྫོབ་དོན་དམ་རྟེན་འབྲེལ་འཛོམས་པས་མཐོང་ཟེར་ན་ངོ་སྤྲད་དོ༔ སྣས་དྲི་ཚོར་བ་འདི་སྣས་ཚོར་རམ་སེམས་ཀྱིས་ཚོར་དྲིའོ༔ སྣས་ཚོར་ཟེར་ན་རོ་ལ་ཡང་སྣ་ཡོད་ཚོར་རམ༔ སེམས་ཀྱིས་ཚོར་ཟེར་ན་རང་གི་སྣ་བཀག་ན་ཚོར་རམ༔ ཐབས་ཤེས་རབ་གཉིས་ཀྱི་རྟེན་འབྲེལ་འཛོམས་པས་ཚོར་ཟེར་ན་ངོ་སྤྲད་དོ༔ ལྕེས་རོ་མྱོང་བ་འདི༔ ལྕེས་མྱོང་ངམ་སེམས་ཀྱིས་མྱོང་དྲི༔ ལྕེས་མྱོང་ཟེར་ན་རོ་ལ་ཡང་ལྕེ་ཡོད་མྱོང་ངམ༔ སེམས་ཀྱིས་མྱོང་ཟེར་ན་རང་གཉིད་དུ་སོང་དུས་ལྕེ་ཐོག་ཏུ་ཟས་ཞོག་དང་མྱོང་ངམ་དྲི༔ དབྱེར་མེད་ངང་ནས་མྱོང་ངོ་ཟེར་ན་ངོ་སྤྲད་དོ༔ ལུས་ཀྱི་རེག་བྱ་འཇམ་པོ་འདི་ལུས་ཀྱིས་མྱོང་ངམ་སེམས་ཀྱིས་མྱོང་དྲིའོ༔ ལུས་ཀྱིས་ཚོར་ཟེར་ན་རོས་ཚོར་རམ༔ སེམས་ཀྱིས་ཚོར་ཟེར་ན་རྣམ་ཤེས་འཁྱམས་པོས་ཀྱང་ཚོར་རམ༔ བེམ་རིག་མ་བྲལ་གྱི་བར་ལ་ལུས་སེམས་དབྱེར་མེད་ཀྱིས་ཚོར་ཟེར་ངོ་སྤྲད་དོ༔ ད་སེམས་ཀྱི་འཆར་སྒོ་འདི་སེམས་ལ་འཆར་རམ༔ ལུས་ལ་འཆར༔ ལུས་ལ་འཆར་ན་རོ་ལ་ཡང་འཆར་སྒོ་འདུག་གམ༔ སེམས་ལ་འཆར་ན་དེ་ལ་ཁྱབ་པ་ཨེ་གྲུབ༔ རིག་པ་སྟོང་གསལ་ཆོས་ཉིད་དུ་གྲུབ་ན་ཁྱབ་པ་གྲུབ༔ རྣ་བས་སྒྲ་ཐོས་པ་འདི་ལ་བསྟོད་ར་བཏང་བ་དང་༔ སྨད་ར་བཏང་བ་གཉིས་ལ་ཁྱད་པར་ཨེ་འདུག༔ ད་ལྟའི་སྣང་ཚུལ་ལ་ཁྱད་པར་འདུག༔ དོན་དམ་ཆོས་ཉིད་ལ་ཁྱད་པར་མི་འདུག་ཟེར་ན་ངོ་སྤྲད་དོ༔ མིག་གིས་མཐོང་བ་ལ་འཛེ་པོ་དང་༔ འབྲས་བཅག་ལེགས་པོ་གཉིས་ཁྱད་པར་ཨེ་འདུག༔ ཀུན་རྫོབ་མ་གོ་བའི་དུས་སུ་ཁྱད་པར་འདུག་གམ༔ དོན་དམ་ཆོས་ཉིད་སྤྲོས་དང་བྲལ་བའི་དུས་སུ་ཁྱད་པར་མི་འདུག་ན་ངོ་སྤྲད་དོ༔ སྣས་དྲི་ཞིམ་པོ་ཚོར་བ་དང་དྲི་མ་ཞིམ་པ་ཚོར་བ་གཉིས་ལ་ཁྱད་པར་ཨེ་འདུག༔ ཀུན་རྫོབ་མ་གོ་བའི་དུས་ན་ཁྱད་པར་འདུག༔ སེམས་ཉིད་དོན་དམ་སྤྲོས་དང་བྲལ་བའི་དུས་ན་ཁྱད་པར་མི་འདུག་ཟེར་ན་ངོ་སྤྲོད་དོ༔ ལྕེ་ཐོག་ཏུ་རོ་ཞིམ་པ་དང་མ་ཞིམ་པ་ལ་ཁྱད་པར་ཨེ་འདུག༔ ཀུན་རྫོབ་འཁྲུལ་པའི་དུས་ན་ཁྱད་པར་འདུག༔ སེམས་ཉིད་སྤྲོས་བྲལ་གྱི་ངང་ལ་ཁྱད་པར་མི་འདུག་ཟེར་ན་ངོ་སྤྲད་དོ༔ ལུས་འདི་ལ་གོས་ཡག་པོ་གོན་པ་དང་༔ མ་ཡག་པ་གོན་པ་ལ་ཁྱད་པར་ཨེ་འདུག༔ ཀུན་རྫོབ་མ་གོ་བའི་དུས་ན་ཁྱད་པར་འདུག༔ དོན་དམ་སེམས་ཉིད་སྟོང་གསལ་སྤྲོས་དང་བྲལ་བ་ལ་ཁྱད་པར་མི་འདུག་ཟེར་ན་ངོ་སྤྲད་པའོ༔ དེ་རྣམས་ནི་དབང་པོ་ཚོགས་དྲུག་གི་ཁྲིད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཟབ་རྒྱ༔ ད་ནི་འཛིན་པ་རང་གྲོལ་གྱི་ཁྲིད་ལ༔ དང་པོ་སྲིད་པ་ཆགས་པའི་དུས༔ ལྷ་འདྲེ་མི་གསུམ་ག་ནས་བྱུང་ལྟོས༔ ལྷ་འདྲེ་དང་མི་གཉིས་གང་སྔ་ལྟོས༔ ལྷ་འདྲེ་དང་མི་གསུམ་དུས་མཉམ་དུ་བྱུང་ཟེར་ན་ངོ་སྤྲད་དོ༔ ལྷ་འདྲེ་ལ་ལྷ་ཁྲིད་འདྲེ་ཁྲིད་ཟེར་བ་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཟབ་རྒྱ༔ ད་རྩལ་སྦྱང་ལུས་ཀྱི་ཁྲིད་ལ་ལས་ཀ་ལ་སོགས་པའི་བྱ་བ་འདི་ཀུན་ལུས་ཀྱིས་བྱེད་དམ་སེམས་ཀྱིས་བྱེད་དྲི༔ སེམས་ཀྱིས་བྱེད་ཟེར་ན༔ ལུས་ཉལ་སར་སྡོད་ལས༔ ལས་ཀ་ལ་སོགས་པའི་བྱ་བ་འདི་ཀུན་སེམས་ལ་བྱེད་དུ་ཆུག་དང་༔ འོ་ན་ལུས་ཀྱི་བྱེད་ཟེར་ན༔ བྱིས་པ་སྐྱེས་མ་ཁད་དང་རོ་ལ་ཡང་ལུས་ཡོད༔ བྱེད་དུ་ཆུག་དང་༔ ལུས་སེམས་དབྱེར་མེད་ཀྱིས་བྱེད་ཟེར་ན་ངོ་སྤྲོད་དོ༔ ན་བ་འདི་ལུས་ནའམ་སེམས་ན༔ ལུས་སེམས་དབྱེར་མེད་དུ་ན་ཟེར་ནའོ༔ ཤི་བ་འདི་སེམས་ཤིའམ་ལུས་ཤི་དྲིའོ༔ སེམས་ཉིད་སྟོང་གསལ་དབྱེར་མེད་འདི་ལ་ཤི་རྒྱུ་མེད༔ ལུས་སྒྱུ་ལུས་གོག་པོ་འདི་འོ་ན་མེ་ལ་སྲེག༔ ཡང་ན་ཆུ་ལ་སྐྱུར༔ ཡང་ན་འབུ་སྲིན་གྱིས་ཟ་བས་ལུས་འདི་ཤི་བ་ཡིན་ཟེར་ན་ངོ་སྤྲད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ཁ་ཐམ༔ ཨྠྀི༔ དཔེར་ན་ནམ་མཁའི་བྱ༔ ས་སྟེང་གི་འབུ་སྲིན༔ ལུང་སྟོང་གི་རི་དྭགས༔ དུད་འགྲོ་བ་གླང་ར་ལུག་འཛོ་རྟ་ལ་སོགས་པ་རྣམས་ལ་ཡང་འགྲོ་ས་ཡོད༔ དེ་བཞིན་དུ་སེམས་ཉིད་སྟོང་གསལ་འདི་ཡང་༔ བེམ་རིག་བྲལ་བའི་ཚེ་ན་གར་འགྲོ་དྲི༔ དགེ་སྡིག་གཉིས་ཀྱི་ས་ལ་འགྲོ་ཟེར་ནའོ༔ དེ་རྣམས་ནི་སེམས་ཉིད་བརྡར་ཤ་བཅད་པའོ༔ རྫོགས་ཆེན་མ་རྒྱུད་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་བརྡར་ཤ་བཅད་པའི་ཆོས་ཐུན་བཅུ་གཅིག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཨྠྀི༔ ད་དུག་ལྔ་ཡེ་ཤེས་སུ་འཆར་བའི་ངོ་སྤྲོད་ནི་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ་དྲིའོ༔ གཏི་མུག་འདི་རང་གིས་ཕར་ཕྱིན་ནས་གཏི་མུག་བཙལ་བ་ཡིན་ནམ་གཏི་མུག་གིས་ཚུར་ཡོང་ནས་རང་བཙལ་བ་ཡིན་ནམ༔ གཏི་མུག་ལ་གཟུགས་ཅི་འདུག༔ ཁ་དོག་ཅི་འདུག༔ དངོས་ཅི་འདུག༔ ལར་ཐག་ལེགས་པར་བཅད་དོ༔ དཔེར་ན་སྤྲིན་དང་ན་བུན་ཆར་པ་གསུམ༔ བྱུང་ཡང་ནམ་མཁའ་རང་ལ་བྱུང་༔ ཐིམ་ཡང་ནམ་མཁའ་རང་ལ་ཐིམ༔ དེ་དཔེར་ན་གཏི་མུག་བྱུང་ཡང་རང་གི་སེམས་ཉིད་ལས་བྱུང་༔ ཐིམ་ཡང་རང་གི་སེམས་ཉིད་རང་ལ་ཐིམ༔ མ་གོ་བར་དུ་གཏི་མུག་ཡིན༔ གོ་ན་ཆོས་ཉིད་ཡེ་ཤེས༔ དེ་བཞིན་དུ་ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་རྣམས་ཀྱང་ཐག་ལེགས་པར་བཅད་ལ་མ་གོ་བར་དུ་དུག་ལྔ་ཡིན༔ གོ་ན་ཡེ་ཤེས་ལྔ་ཡིན་པས་གོ་བར་བགྱི༔ དུག་ལྔ་ཡེ་ཤེས་སུ་ངོ་སྤྲོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་གཉིས་པའོ༔ ཨྠྀི༔ ས་མ་ཡཱ༔ ཁ་ཐམ༔ རྣམ་རྟོག་ཆོས་སྐུའི་ངོ་སྤྲོད་འདི་ལྟར་བྱའོ༔ སེམས་ཉིད་ངོ་བོ་འདི་ལ་དགའ་བ་དང་སྐྱིད་པ་དང་སྡུག་པ་དང་ལེགས་པ་དང་ཉེས་པ་དང་ཞིམ་པ་དང་མ་ཞིམ་པ་དང་སྐྱུག་ལོག་པ་དང་སྐྱུག་མ་ལོག་པ་དང་བཟང་རྟོགས་དང་ངན་རྟོགས་དང་ལྷ་འདྲེ་དང་སྣང་བ་ལ་གང་ཤར་བ་དེ་དང་སེམས་ཉིད་ལ་རྣམ་པར་རྟོག་པ་གང་ཤར་པ་དེ་ཆོས་ཉིད་ཀྱི་སྟེང་དུ་འཁྱེར་ཤེས་པ་གཅིག་དགོས་པ་ཡིན༔ དཔེར་ན་ཁ་བ་རྡོ་ཚན་གྱི་སྟེང་དུ་ཞུ་བའམ༔ འོ་མ་སྦོས་པ་ལ་ཆུ་བཏབ་པའམ་ལྕགས་ཚན་མོ་སྟ་རེས་གསེས་པའམ་མེ་འབར་བ་ལ་ཆུ་བཏབ་པའམ་དཔེར་ན་རྣམ་པར་རྟོག་པ་གང་ཤར་བ་ཐམས་ཅད་ཆོས་ཉིད་དུ་འཁྱེར་ཤེས་པ་དགོས་པ་ཡིན༔ རྣམ་རྟོག་བྱ་བ་ལོགས་ན་མེད༔ ཐམས་ཅད་སེམས་ཉིད་རིག་པ་སྟོང་གསལ་གྱི་ཆོ་འཕྲུལ་ཡིན༔ སྣང་བ་ལ་གང་ཤར་བ་ཐམས་ཅད་ཆོས་ཉིད་དུ་རྟོགས་ཤིང་གསང་བ་ལམ་ཁྱེར་ལས་རྣམ་རྟོག་ཆོས་སྐུར་འཆར་བའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་གསུམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཨོ༔ ན་མོ་དྷེ་བ་ཌཱཀྐི་ནི༔ གསང་བ་ལམ་ཁྱེར་ལས་ཁན་པོ་རྩད་གཅོད་འདི་ལྟར་རོ༔ སྐབས་འདིར་ཚོགས་འཁོར་བྱེད་དོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ་གདམས་པ་འདི་ལྟར་ཕོག་གོ༔ ད་གཞི་སྐྱབས་འགྲོ་སེམས་བསྐྱེད་སྤྱན་འདྲེན་ཕྱག་འཚལ་ཡིག་བརྒྱ༔ མཎྜལ་བཤགས་པ་བཟོད་གསོལ༔ བླ་མའི་རྣལ་འབྱོར་སྒོམ་པ་དང་༔ འཆི་བ་མི་རྟག་པ་སྒོམ་པ་དང་༔ ཕྱི་སྣང་བ་སྒྱུ་མ་ལ་ངོ་སྤྲོད་པ་དང་༔ ནང་སེམས་ཉིད་ཀྱི་བརྡར་ཤ་འདི་ཙམ་གཅིག་གཅོད་དགོས་པའི་རྒྱུ་དེ་གང་ཡིན༔ རྐྱེན་དེ་གང་ཡིན་ཐག་ལེགས་པར་བཅད་དོ༔ དེའི་རྒྱུ་མ་གོ་མ་རིག་པས་ལན་པ་ཡིན༔ དཔེར་ན་ཀུན་ཏུ་བཟང་པོ་རང་རིག་རང་ལ་ཤར་བས་གཞི་ཐོག་ནས་གྲོལ་བ་ཡིན༔ ཁོང་ལ་བླ་མ་དང་སློབ་དཔོན་གྱི་ངོ་སྤྲོད་མཁན་མེད༔ རང་རིག་རང་ལ་ཤར་བས་རང་སར་གྲོལ་བ་ཡིན༔ རང་སྣང་མ་གོ་མ་རིག་པ་ལས་ངོ་སྤྲོད་དགོས་བྱུང་པ་ཡིན༔ འོ་ན་རང་རིག་རང་ལ་ཤར་མཁན་གང་ཡིན་ཟེར་ནས་དྲིས་བྱུང་ན༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད་མ་བཅོས་ལྷུན་གྲུབ༔ ངོ་བོ་ཀ་དག་ཆོས་ཉིད་མཐའ་བྲལ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཡིན༔ འོ་ན་ཡིད་བཞིན་གྱི་ནོར་བུ་དེ་ཟེར་བའི་དོན་གང་ཡིན༔ སེམས་ཉིད་མ་བཅོས་ལྷུན་གྲུབ་ངོ་བོ་ཀ་དག་ཏུ་རྟོགས་ཙ་ན༔ མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་པས་ན༔ ཡིད་བཞིན་གྱི་ནོར་བུ་རིན་ཆེན་དེ་ལ་ཟེར་བ་ཡིན༔ འོ་ན་ཡིད་བཞིན་གྱི་ནོར་བུ་དེ་ལེགས་པར་ཚགས་བྱ་དགོས་པ་ཡིན༔ དེ་ལ་འབྲལ་མེད་ཀྱི་དཀོར་གཉེར་གཅིག་ཡོད་དེ་གང་ཡིན་འཚོལ་དུ་བཅུག་གོ༔ དྲན་པ་འོ་ན་ནོར་བུ་དེ་ལ་ཆར་པ་དང་སད་སེར་བྱུང་ན་ནོར་བུ་དེ་ཆུད་ཟོས་ཡོང་པས༔ དེ་ལ་ན་བཟའ་བཟང་པོ་གཅིག་དགོས་ཏེ༔ དེ་གང་ཡིན་འཚོལ་དུ་བཅུག་གོ༔ བཟོད་པ་ཆར་པ་དང་སད་སེར་གང་ཡིན་ལྟ་རུ་བཅུག་གོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ རིག་པ་སྟོང་གསལ་ངོ་བོ་ཀ་དག་མ་བཅོས་ལྷུན་གྲུབ་ཡིད་བཞིན་ནོར་བུར་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ གཞི་གནས་ལུགས་ཁྲེགས་ཆོད་ཀྱི་དམིགས་པ་འབོགས་པ་ནི༔ སློབ་མའི་ཚོགས་ཀྱིས་མཁའ་འགྲོའི་ཚོགས་ལ་ཚོགས་འཁོར་བཤམས་ལ༔ གཏེར་བདག་རྣམས་ལ་དམར་གཏོར་བཤམས་ལ༔ ཁྲིད་ཀྱི་སྔོན་འགྲོ་ཚོ་རིམ་པ་བཞིན་བྱས་ལ༔ དེ་ནས་བླ་མས་དམིགས་པ་འདི་ལྟར་ཕོག་གོ༔ ལུས་ནི་རྣམ་སྣང་ཆོས་བདུན་བྱས་ལ༔ རིག་པ་སྟོང་གསལ་ཀ་དག་ལྷུན་གྲུབ་ཀྱི་ངོ་བོ་འདི༔ སྔར་འདས་པའི་རྗེས་མ་སྙོགས༔ མ་འོངས་པའི་སྔུན་མ་བསུ༔ ད་ལྟའི་ཤེས་པ་ལ་བཟོ་མ་བྱེད༔ ལུས་འཇོག་པ་བཞིའི་ངང་ནས་ཤེས་པར་བྱའོ༔ འཇོག་པ་བཞི་ནི༔ ལུས་ནི་དུར་ཁྲོད་ཀྱི་རོ་བཞིན་དུ་གཅེས་འཛིན་དང་ཕྲག་ཕྲིག་མེད་པའི་ངང་ལ་འཇོག༔ ངག་ནི་རང་ཐག་ཆུ་བཅད་པ་བཞིན་ལྷན་ནེའི་ངང་ལ་བཞག་གོ༔ མིག་ནི་ལྷང་ནང་གི་ལྡེར་བཟོའི་མིག་བཞིན་དྭངས་བཙུམ་མེད་པར་ལྟ་སྟངས་གཅིག་ལ་ལྷན་ནེའི་ངང་ལ་བཞག་གོ༔ སེམས་ནི་རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ༔ རྣམ་རྟོག་སྤྲོས་པ་ཐམས་ཅད་ཁྲེགས་ཆོད་ནས་རིག་པ་ཆོས་ཉིད་སྟོང་གསལ་མ་བཅོས་ལྷུན་གྲུབ་ངང་ལ་ལྷན་ནེའི་བཞག་གོ༔ ཡིད་ལ་ཅི་ཡང་མི་འགྱུ་བ༔ ཕྱིའི་ས་རྡོ་རྩི་ཤིང་ནགས་ཚལ༔ རི་རྣམས་ཀྱང་བདེན་པར་མ་གྲུབ༔ སྟོང་པར་འཆར་རོ༔ ནང་གི་ལུས་ཀྱང་བདེན་པར་མ་གྲུབ་སྟོང་པར་འཆར་རོ༔ སེམས་ཉིད་སྟོང་གསལ་འདི་ཡང་བདེན་པར་མ་གྲུབ་སྟོང་པར་འཆར་བ༔ རིག་པ་སྟོང་གསལ་གྱི་ངང་ལ་གནས་པ༔ དེ་ལ་གཞི་ཁྲེགས་ཆོད་ཅེས་ཀྱང་ཟེར༔ དེ་ཡང་གནས་པའི་ངང་ནས་འགྱུ་བ་ཨེ་འདུག༔ འགྱུ་བའི་ངང་ནས་གནས་པ་ཨེ་འདུག༔ དེ་ཡང་ཡང་གནས་པའི་ངང་ནས་འགྱུ་བ་ཡོད་དོ༔ དེ་ལ་འགྱུ་བ་རྩད་གཅོད་པ་ལ་རྣམ་པ་བཞི༔ དེ་ཡང་ཞི་མིས་བྱི་བ་ལ་སྒུག་པ་བཞིན་འགྱུ་བའི་ངོ་བོ་ལ་ཅེར་གྱིས་བལྟའོ༔ བྲམ་ཟེས་སྐུད་པ་འཁལ་བ་བཞིན༔ རིག་པ་སྒྲིམ་ལྷོད་བྱེད་ཅིང་འགྱུ་བའི་ངོ་བོ་ལ་བལྟའོ༔ སོ་ཁང་ནས་སོ་པས་བྱ་ར་བྱེད་པ་བཞིན༔ རིག་པ་མ་ཡེངས་པའི་ངང་ནས་འགྱུ་བ་ལ་བལྟའོ༔ མདའ་མཁན་མདའ་ཀྲོང་བ་བཞིན༔ རིག་པ་རྩེ་གཅིག་གི་ས་ལ་འགྱུ་བ་ལ་བལྟའོ༔ ད་གནས་འགྱུ་འདྲེས་པ་ནི་སེམས་ཉིད་སྟོང་གསལ་གྱི་ངང་ལ་ལྷན་ནེ་བཞག་པ་གནས་པ་ཡིན༔ དེའི་ངང་ནས་རྣམ་རྟོག་གཅིག་ཐོལ་གྱིས་འགྱུའོ༔ དེའི་ངང་ལ་ཅེར་གྱིས་བལྟས་པས༔ ཆོས་ཉིད་ཀྱི་ངང་ལ་ལྷན་གྱིས་འཆར་རོ༔ དེ་ནི་གནས་འགྱུ་ཆོས་ཉིད་ཀྱིས་མ་འདྲེས་པ་ཟེར་བ་ཡིན༔ གསང་བ་ལམ་ཁྱེར་ལས་གཞི་ཁྲེགས་ཆོད་གནས་འགྱུ་དབྱེར་མེད་ཆོས་ཉིད་ངང་ལ་འདྲེས་པ༔ ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅོ་ལྔ་པའོ༔ ལག་ལེན་བླ་མའི་ཞལ་ལས་ཤེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་བ་ལམ་ཁྱེར་ལས་ཐོད་རྒལ་ལྷག་མཐོང་གི་གདམས་པ་འདི་ལྟར་རོ༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད་འདི༔ བྱ་ནམ་མཁའ་ལ་འཕུར་བ་བཞིན༔ རིག་པ་བྱར་མེད་རྟོག་མེད་ཀྱི་ངང་ལ་བཞག༔ ཆུ་ལ་རལ་གྲིས་རྒྱབ་པ་བཞིན་ནི༔ རྣམ་རྟོག་རྩད་གཅོད་ཀྱི་ངང་ལ་བཞག༔ སེང་གེ་གནམ་ལ་མཆོང་བ་བཞིན༔ རྣམ་རྟོག་ཐོག་བརྫིས་ཀྱི་ས་ལ་བཞག༔ ཤིང་སྡོང་རྩ་བ་བཅད་པ་བཞིན༔ རིག་པ་གཞི་མེད་རྩ་བྲལ་གྱི་ངང་ལ་བཞག༔ དངུལ་དཀར་མེ་ལོང་ཕྱིས་པ་བཞིན༔ རིག་པ་གང་ཤར་རང་གྲོལ་གྱི་ངང་ལ་བཞག༔ རིག་པ་ནམ་མཁའ་གཡའ་དག་པ་བཞིན༔ སྟོང་ཉིད་མཐའ་བྲལ་ཆོས་སྐུའི་ངང་ལ་བཞག༔ སྣང་བ་ལ་ཅི་ཤར་ཡང་ཅི་འགྱུ་ཡང་རིག་པ་སྟོང་གསལ་བློ་བྲལ་ཆོས་སྐུའི་ངང་ལ་བཞག༔ རིག་པ་ལ་ཅི་ཤར་ཅི་འགྱུ་ཡང་ཆོས་སྐུར་ཐག་ཆོད་ཅིག༔ ཡང་དག་ལ་བསྒོམས་པས་བཟང་དུ་མ་སོང་༔ མ་བསྒོམས་པས་ངན་དུ་མ་སོང་༔ བཟང་ངན་གྱི་མཐའ་ཐམས་ཅད་དང་བྲལ་བ༔ སྐྱིད་སྡུག་གི་མཐའ་ཐམས་ཅད་དང་བྲལ་བ༔ ལེགས་ངན་གྱི་མཐའ་ཐམས་ཅད་དང་བྲལ་བ༔ མཐོ་དམན་གྱི་མཐའ་ཐམས་ཅད་དང་བྲལ་བ༔ དགའ་ལོད་ཀྱི་མཐའ་ཐམས་ཅད་དང་བྲལ་པ༔ གཅེས་འཛིན་གྱི་མཐའ་ཐམས་ཅད་དང་བྲལ་བ༔ མངོན་ལྐོག་གི་མཐའ་ཐམས་ཅད་དང་བྲལ་བ༔ ཆོས་བརྒྱད་ཀྱི་མཐའ་ཐམས་ཅད་དང་བྲལ་བ༔ དགེ་སྡིག་གི་མཐའ་ཐམས་ཅད་དང་བྲལ་བ༔ སྲུང་སྡོམ་གྱི་མཐའ་ཐམས་ཅད་དང་བྲལ་བ༔ སྟོང་གསལ་འཛིན་མེད་རང་གྲོལ་འདི་ཡིན་ནོ༔ ཡང་དག་པ་རྟོགས་ན་སངས་རྒྱས་སྒྲུབ་ཏུ་མེད༔ སྡིག་པ་སྤང་དུ་མེད༔ རིག་པ་སྟོང་གསལ་ལྷུན་གྲུབ་ཆོས་སྐུ་འདི་ཡིན་ནོ༔ ལག་ལེན་བླ་མའི་ཞལ་ལས་ཤེས༔ རྫོགས་ཆེན་མ་རྒྱུད་གསང་བ་ལམ་ཁྱེར་ལས༔ ཐོད་རྒལ་ལྷག་མཐོང་རང་གྲོལ་གྱི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ རྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཨྠྀི༔ སློབ་མ་རྣམས་ཀྱིས་མཁའ་འགྲོ་ལ་ཚོགས་འཁོར་བཤམས་ལ༔ སྔོན་འགྲོ་གཞུང་བཞིན་བྱས་ལ༔ བླ་མས་གསང་བ་ལམ་ཁྱེར་གྱི་ཆོས་སྐུའི་ངོ་སྤྲོད་ལྟ་སྟངས་དམིགས་པ་འདི་ལྟར་ཕོག་གོ༔ རང་རྣམས་ནི་ནམ་མཁའ་གཡའ་དག་པའི་དུས་སུ་ལུས་ནི་རྡོ་རྗེ་དཀྱིལ་ཀྲུང་བྱས་ལ༔ ཁ་ནི་ནུབ་ལ་གཏད༔ ལག་པ་གཉིས་ནི་ཁུ་ཚུར་བཅངས་ལ༔ བརླ་ཁུག་གཉིས་ལ་མནན་ལ་སྐྱེད་དྲང་པོར་བསྲངས་པས་ལུས་དྲང་༔ ལུས་དྲང་པས་རྩ་དྲང་༔ རྩ་དྲང་པས་རླུང་དྲང་༔ རླུང་དྲང་པས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་འབྱུང་ངོ་༔ དཔུང་པ་རྒོད་གཤོག་བཞིན་དུ་བརྒྱངས་པས༔ རྩ་བཞིའི་ཀ་བ་ཚུགས༔ མིག་ནི་ཁྲོ་བོའི་སྤྱན་བཞིན་དུ་ནམ་མཁའི་དབྱིངས་སུ་ཧྲིག་གི་ལྟ་སྟངས་ལ་བཞག༔ དེ་ལ་ཉམས་ཀྱི་མཐོང་ཉམས་རྣམ་པ་གསུམ་འབྱུང་སྟེ༔ དབང་པོ་རབ་བཀའ་རྒྱུད་ཀྱི་ཕོ་བྲང་དང་ཡི་དམ་དང་མཁའ་འགྲོའི་སྐུ་དངོས་སུ་ཆོས་ཉིད་ཀྱི་ངང་ལ་མཐོང་ངོ་༔ དབང་པོ་འབྲིང་གིས་ནམ་མཁའི་དབྱིངས་ལ་ཞི་ཁྲོ་དང་རིགས་ལྔའི་ཕོ་བྲང་དངོས་སུ་མཐོང་ངོ་༔ དབང་པོ་ཐ་མས་དྲ་བ་དང་དྲ་ཕྱེད་རྡོ་རྗེ་དྲིལ་བུ་དང་༔ ཨོ་རྒྱན་དང་མཆོད་རྟེན་ཐིག་ལེ་དང་ལུ་གུ་རྒྱུད་ལ་སོགས་པ་མཐོང་ངོ་༔ དེ་རྣམས་མཐོང་བ་ལ་ཡོན་ཏན་ཅི་ཡོད་ན་བེམ་རིག་བྲལ་བའི་ཚེ་ན༔ བར་དོ་མེད་པར་རིག་པ་སྟོང་གསལ་ཆོས་ཉིད་ཀྱི་ངང་ལ་ནམ་མཁའ་གཡའ་དག་པ་དང་བཅས་ནས་ཐོད་པ་མི་འགེབས་པར་ཆོས་སྐུའི་ཞིང་ཁམས་ལ་སངས་རྒྱས་སོ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས་ཆོས་སྐུ་མངོན་སུམ་དུ་མཐོང་བ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་བདུན་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈༔ ལོངས་སྐུའི་ངོ་སྤྲོད་ནི་དམ་ཚིག་དང་ལྡན་པའི་བླ་མས་ཁྲི་སྟན་མཐོན་པོའི་སྟེང་དུ༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ དབུ་ལ་རིགས་ལྔ་གསོལ༔ ཕྱག་གཉིས་ན་མདའ་དྲིལ་བསྣམས༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་མཛད༔ དེའི་སྤྱི་བོར་ཡེ་ཤེས་མཁའ་འགྲོ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་བསམ༔ བླ་མའི་ཐུགས་ཀའི་ཐད་ཀར་ཕག་མོའི་སྐུ་མཁའ་འགྲོས་བསྐོར་བ་གཅིག་བཞག་ལ༔ དེ་ནས་ནམ་མཁའ་གཡའ་དག་པ་ལ༔ ཉི་མ་རྩེ་ཤར་བ་དང་༔ སློབ་མའི་ཚོགས་ཀྱིས་སྔོན་འགྲོ་མཎྜལ་ལ་སོགས་པ་ཕུལ་ནས༔ ལས་ཀྱི་སློབ་དཔོན་ཞིག་གིས་མེ་ཤེལ་གཡའ་དག་པ་གཅིག་ལ་ལྟར་བཅུག་གོ༔ དེ་ནས་བླ་མའི་སྐུ་དང་ཡི་དམ་གྱི་སྐུ་གཅིག་ལ་གཅིག་བརྩེགས་པ༔ མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ༔ མཁའ་སྤྱོད་བདེ་བ་ཅན་གྱི་གནས་སུ་དྭངས་སང་ངེ་མཐོང་ཡོང་ངོ་༔ དེ་ནས་བླ་མས་དམིགས་པ་འདི་ལྟར་ཕོག་གོ༔ སྐལ་ལྡན་རིགས་ཀྱི་བུ་ཚོ་ཉོན་ཅིག༔ མེ་ཤེལ་སུས་ཀྱང་བཅོས་པ་མེད་པ་བཞིན་དུ༔ ལོངས་སྐུ་རིག་པ་སྟོང་གསལ་རང་བཞིན་ལྷུན་གྲུབ་ཏུ་ཤེས་པར་གྱིས་ཤིག༔ མེ་ཤེལ་ཕྱི་ནང་མེད་པར་དག་པ་ཟང་ཐལ་ལེ་བ་བཞིན་དུ༔ ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་རིག་པ་སྟོང་གསལ་ཕྱི་ནང་མེད་པར་དག་པ་ཟང་ཐལ་ལེ་བར་ཤེས་པར་གྱིས་ཤིག༔ མེ་ཤེལ་ལ་ནང་མེད་པའི་ནང་ནས༔ འོད་ལྔ་ཕྱི་རུ་ཤར་བ་བཞིན་དུ༔ ལོངས་སྐུའི་ཀློང་ནས་རིག་པ་སྟོང་གསལ་ལ༔ གཟུགས་སྐུ་གཉིས་ཕྱིར་འགྱེད་ནུས་པར་ཤེས་པར་གྱིས་ཤིག༔ མེ་ཤེལ་ལ་རྒྱབ་མདུན་མེད་པ་བཞིན་དུ་ལོངས་སྐུ་རིག་པ་སྟོང་གསལ་ལ༔ རྒྱབ་མདུན་མེད་པར་ངོ་བོ་ཀ་ནས་དག་པར་ཤེས་པར་མཛོད་ཅིག༔ མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ལོངས་སྐུ་འགག་མེད་དུ་ངོ་སྤྲོད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅྭོ་བརྒྱད་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྤྲུལ་སྐུའི་ངོ་སྤྲོད་འདི་ལྟར་བྱའོ༔ ནམ་མཁའ་དང་པོ་ལ་ཉི་མ་རྩེ་ཤར་བ་དང་༔ སློབ་མའི་ཚོགས་རྣམས་གྲལ་ལ་བཀོད་ལ༔ ཉི་མ་ལ་ཁ་བསྟན་ལ༔ ལུས་ནི་ཕྱེད་རྙེས་བྱས་ལ་མིག་དར་བཀབ་ལ༔ ཉི་མའི་དཀྱིལ་འཁོར་རྩེ་གཅིག་མ་ཡེངས་པར་ལྟར་བཅུག་གོ༔ དེ་ནས་བླ་མས་ངོ་སྤྲོད་འདི་ལྟར་བྱའོ༔ ཉི་མའི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེ་སེམས་དཔའི་སྐུ་ཡོད་པས༔ དེ་མཐོང་ན་སྐད་ཅིག་གཅིག་ལ་སྤྲུལ་སྐུའི་སྐུ་ཐོབ་བོ༔ གཞན་ཡང་འཇའ་ཚོན་ལྔ་ནི༔ རིགས་ལྔའི་ཞིང་ཁམས་སུ་ངོ་སྤྲད་ལ༔ དེ་རྣམས་སྤྲུལ་པ་སྐུར་སངས་རྒྱས་ནས་འགྲོ་བའོ༔ དོན་ཆེན་པོ་མཛད་ནས་མཐར་ཆོས་སྐུའི་ཞིང་ཁམས་སུ་སངས་རྒྱས་པའོ༔ གཞན་ཡང་ཐིག་ལེ་དང་ལུ་གུ་རྒྱུད་དང་དྲ་བ་དྲ་ཕྱེད་དང་པ་ཏྲ་དང་པདྨ་དང་མེ་ཏོག་གི་ཚོམ་མཐོང་བ་ན་སངས་རྒྱས་སུམ་སྟོང་གི་སྐུ་མཐོང་པས༔ བར་དོ་མེད་པར་སྤྲུལ་པ་སྐུར་སངས་རྒྱས་སོ༔ གཞན་ཡང་མཆོད་རྟེན་རིགས་དང་༔ རྡོ་རྗེ་དྲིལ་བུ་དང་༔ རྒྱལ་མཚན་དང་བ་དན་ཕྱེ་མ་ཕུར་མ་ལ་སོགས་པ་འདི་རྣམས་མཐོང་བ་ནི༔ དེ་བཞིན་གཤེགས་པའི་ཞིང་ཁམས་ཁྲི་སྟོང་མཐོང་པས༔ བར་དོ་མེད་པར་སྤྲུལ་སྐུའི་ཞིང་ཁམས་སུ་སངས་རྒྱས་སོ༔ གསང་བ་ལམ་ཁྱེར་ལས༔ སྤྲུལ་སྐུ་རིག་པ་སྟོང་གསལ་དབྱེར་མེད༔ ཡི་དམ་གྱི་ཞིང་ཁམས་སུ་ངོ་སྤྲད་པ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་དགུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ གབ་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྒྱུ་ལུས་ཚོགས་འཁོར་གྱི་གདམས་པ་འདི་ལྟར་རོ༔ སློབ་མའི་ཚོགས་ཀྱིས་མཁའ་འགྲོ་ལ་ཚོགས་འཁོར་བཤམས་ནས༔ གཏེར་བདག་ལ་དམར་གཏོར་བཤམས༔ དེ་ནས་ཐམས་ཅད་ལུས་ནི་སེམས་དཔའི་སྐྱིལ་ཀྲུང་དུ་འདུག་ཏེ༔ བཀའ་རྒྱུད་ཀྱི་བླ་མ་རྣམས་དང་༔ ཡི་དམ་ལྷ་ཚོགས་མཁའ་འགྲོ་རྒྱ་མཚོ་ཆོས་སྐྱོང་སྲུང་མ་རྣམས་སྤྱན་དྲངས༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་གཞི་བདག་ལྷ་འདྲེ་གནོད་བྱེད་འབྱུང་པོ་དྲི་ཟ༔ ཡི་དྭགས་ཁྱད་པར་དུ་སྡང་པར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ སྒྲུབ་པ་པོའི་ས་ལམ་ཚེ་སྲོག་ལ་བར་དུ་གཅོད་པའི་གདོན་བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་ཕྱོགས་བཞིའི་ལྷ་འདྲེ་ཐམས་ཅད་ལ་སྙིང་རྗེའི་སྟོབས་ཀྱིས་མགྲོན་ལ་གདན་དྲངས་ནས༔ དེ་ནས་བྱང་ཆུབ་མཆོག་ཏུ་སྙིང་རྗེ་དང་སེམས་བསྐྱེད་ཡང་དག་པ་མཛད་ནས༔ དེ་ནས་མདུན་གྱི་ནམ་མཁའི་དབྱིངས་མཁའ་སྤྱོད་ཀྱི་གནས་ནས་བཀའ་རྒྱུད་ཀྱི་བླ་མ་ཡི་དམ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་སྤྲིན་ཕུང་འཐིབ་པ་ལྟར་བཞུགས་པར་བསམས་ནས༔ རང་གི་སྒྱུ་ལུས་འདི་ལ་གཅེས་འཛིན་མི་བྱེད་པར༔ རང་གི་སེམས་རིག་པ་སྟོང་གསལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་ནས༔ སྙིང་ཁ་ཆོས་ཀྱི་ཕོ་བྲང་ན་གནས་པ་ལ༔ རྩ་དབུ་མ་ནི་ལུག་གི་རྒྱུ་མ་ཕུས་བཏབ་པ་བཞིན་དྭངས་སེང་པར་ཡོད༔ དེའི་ནང་ནས་རིག་པ་དེ་ཡར་ཞུགས་ནས༔ རླུང་རོ་རྐྱང་ནས་རྒྱུ་བས་སྤྱི་བོ་ཚངས་པའི་བུ་ག་བྱེ་ནས་རིག་པའི་ངོ་བོ་གསེར་གྱི་རྡོ་རྗེ་དེ༔ ཐེ་ཚོམ་མེད་པར་ནམ་མཁའི་དབྱིངས་སུ་རྒྱངས་ཀྱིས་བླ་མ་ཡི་དམ་མཁའ་འགྲོའི་ཐུགས་ཀར་སོང་ནས་རིག་པ་མ་བཅོས་ལྷུག་པའི་ངང་ལ་བཞག༔ རང་གི་མདུན་དུ་མི་མགོའི་སྒྱེད་པུ་རི་ཙམ་པ་གསུམ་བཙུགས་ལ༔ རང་གི་སྨིན་མཚམས་ནས་ལས་ཀྱི་ཌཱཀྐི་མ་ཞིག་གིས་གྲུ་གུག་གིས་ཐོད་པ་སྦད་ཀྱིས་བཅད་པར་བསམ་མོ༔ དེ་སྒྱེད་པུའི་སྟེང་དུ་རྫ་མ་བཙུག་པ་ལྟར་བཞག་ལ༔ དེའི་ནང་དུ་བདུད་རྩི་དཀར་མེར་གྱིས་བཀང་བར་བསམས་ལ༔ ལས་ཀྱི་ཌཱཀྐི་མ་གཞོན་པ་ཞིག་གིས་ལག་བདེ་བྱས་ནས༔ བཀའ་རྒྱུད་ཀྱི་བླ་མ་རྒྱ་མཚོ་ཡི་དམ་དཔའ་བོ་རྒྱ་མཚོ་ཡེ་ཤེས་ཀྱི་མཁའ་འགྲོ་རྒྱ་མཚོ་རྣམས་ལ་ལེགས་པར་འབུལ་བར་བསམ༔ ཡང་ཌཱཀྐི་མ་ཞིག་གིས་གྲི་གུག་གིས་བྲང་ནས་གཤགས་ནས་ལྤགས་པ་དེ་ཕྱལ་ཏིང་བར་བསམ༔ དེ་ནས་རང་གི་བློས༔ སྙིང་ནང་གྲོལ་དབང་པོ་ལྔ་ཤ་ལྔ་རྣམས་ཌཱཀྐིའི་བཀའ་ཕུང་རྒྱོ་གཏེར་བདག་རྒྱ་མཚོ་རྣམས་ལ་འབུལ་བར་བསམ༔ ཡན་ལག་ཁོག་སྟོད་ཁོག་སྨད་ལུས་ཀྱི་ཤ་བྱིན་པོ་དཀར་གསུམ་མངར་གསུམ་རྟ་གླང་པོ་གོས་དར་མིག་གི་དུས་སུ་གཟུགས་སྡུག་པ༔ རྣ་བར་སྒྲ་སྙན་པ༔ སྣར་དྲི་ཞིམ་པ༔ ལྕེའི་སྟེང་དུ་རོ་མངར་བ༔ འདོད་པའི་ཡོན་ཏན་ལྔ་སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཁེངས་པར་བྱིན་གྱིས་རླབས་ནས་ལྷ་མ་སྲིན་སྡེ་བརྒྱད༔ བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་འབྱུང་པོ་དྲི་ཟ་གཤིན་རྗེ་ཀླུ་བདུད་གནོད་སྦྱིན་ཡི་དྭགས་ཁ་ཉེན་ལ་དབང་ཆུང་པ་རྣམས་ལ༔ ཚོགས་འཁོར་དུ་བྱིན་གྱིས་རླབས་ནས་བསྔོ༔ ཐམས་ཅད་ངོམས་ཤིང་ཚིམས་པའི་སྐལ་བ་དང་ལྡན་པར་བསམས་ལ༔ དེ་ནས་ལས་ཀྱི་ཌཱཀྐི་ཞིག་གིས་ལྤགས་པ་དེ་སྤྲུག་པ་བྱས་ནས་མཁའ་སྤྱོད་གནས་སུ་ཐོགས་སོང་པར་བསམས་ལ༔ ད་དུང་ཤུལ་ན་ལྷག་མ་ཟ་ཚར་ཡོད་པར་བསམས་ལ༔ ངན་ལོང་སྟོན་མོ་ལ་འདུ་བ་ལྟ་བུ༔ སྦྲང་མ་རྩི་ལ་འདུ་བ་ལྟ་བུ་འཛད་མེད་བསམ༔ འབུ་ཤ་ལ་འདུ་བ་ལྟ་བུ་འཛད་མེད་བསམ་ལ༔ ད་དུང་ཤར་དུ་བདུད་རྩིའི་ཕུང་པོ་རི་ཙམ་བསམ༔ ལྷོར་རུས་པའི་ཕུང་པོ་རི་ཙམ་བསམ༔ ནུབ་ཏུ་ཤའི་ཕུང་པོ་རི་ཙམ་བསམ༔ བྱང་དུ་ཁྲག་གི་རྒྱ་མཚོ་སྟོང་གསུམ་ཙམ་དུ་བསམ་ལ༔ དེ་རྣམས་ལ་འཛད་མེད་ཡོད་པར་བསམས་པས༔ རང་རྣམས་ལ་ཚེ་འདིར་ཡང་གློ་བུར་ཡེ་འགྲོག་གི་ནད་དང་གནོད་པ་མི་ཡོང་༔ ལྷ་འདྲེ་རྣམས་ཀྱིས་གཙོ་བྱས་ནས་གང་ཤོགས་ཀྱི་རོགས་དན་དང་༔ ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་བསྐྱེད་པའི་འཕྲིན་ལས་སྒྲུབ་པའོ༔ རྟིང་མ་ནི་བར་དོ་མེད་པར་བླ་མ་དང་ཡི་དམ་མཁའ་འགྲོའི་ཞིང་ཁམས་མཁའ་སྤྱོད་ཐར་པ་ཆེན་པོར་ཐེ་ཚོམ་མེད་པར་ཐལ་ལེ་འགྲོའོ༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྒྱུ་ལུས་ཚོགས་འཁོར་དུ་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉི་ཤུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཨྠྀི༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ རྨི་ལམ་འོད་གསལ་དུ་ཁྱེར་བའི་གདམས་པ་འདི་ལྟར་རོ༔ རང་ལུས་འདོམ་གང་གྲུ་བཞི་ལ༔ སྙིང་ཁ་ཆོས་ཀྱི་ཕོ་བྲང་གི་དབུས་སུ་པདྨ་འདབ་མ་བཞི་པ་གཅིག་བསམ༔ འདབ་མ་དེ་ཡང་དབུས་མཐིང་ག་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་༔ དེའི་དབུས་སུ་རང་གི་སེམས་ཉིད་ཀྱི་ངོ་བོ་དེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་བསམ༔ རྡོ་རྗེ་དེའི་དབུས་སུ་ཨཿམཐིང་ག་གཅིག་བསམ༔ ཤར་གྱི་འདབ་མ་ལ་ཧ་དཀར་པོ་གཅིག་བསམ༔ ལྷོའི་འདབ་མ་ལ་རི་སེར་པོ་གཅིག་བསམ༔ ནུབ་ཀྱི་འདབ་མ་ལ་ནི་དམར་པོ་གཅིག་བསམ༔ བྱང་གི་འདབ་མ་ལ་ས་ལྗང་ཁུ་གཅིག་བསམ༔ རང་ཉིད་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་རིམ་པ་བཞིན་བྱ༔ བསྐྱེད་རིམ་ལེགས་པར་བསྒོམས་ལ་ཉལ་བའི་དུས་སུ་གཞོགས་གཡས་འོག་ཏུ་ཕབ་ལ༔ མགོ་བྱང་དུ་བསྟན་ཁ་བྱང་དུ་བསྟན་ལག་པ་གཡས་པ་འགྲམ་པའི་འོག་ཏུ་བཅུག་ལ༔ སྲིན་ལག་གིས་རྩེ་ཆུང་གི་འཕར་རྩ་མནན༔ ལུས་སེང་གེའི་ཉལ་སྟངས་ཀྱིས་ཉལ༔ ལག་པ་གཡོན་པས་དཔྱི་མགོའི་སྟེང་དུ་མནན་ལ་རང་གི་ལུས་རྡོ་རྗེ་ཕག་མོར་བསྒོམ༔ སྤྱི་བོར་ཨོ་རྒྱན་བྷེེ༔ འཁོར་ལོ་ལྔ་ལ་མཁའ་འགྲོ་སྡེ་ལྔ་བྷཻ་ལ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྨི་ལམ་འོད་གསལ་སྦྱོང་སྙམ་པའི་འདུན་པ་ཆེར་བསྐྱེད་ལ༔ ངག་ཏུ་ཡང་རྒྱུ་རྨི་ལམ་འོད་གསལ་དུ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ༔ འོད་གསལ་ཏིང་ངེ་འཛིན་དུ་འཆར་བར་བྱིན་གྱིས་རློབས༔ ཚེ་འདི་ཉིད་ལ་རྡོ་རྗེ་ཕག་མོའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས་ཤིག༔ བྱས་ལ་དམིགས་པ་དང་པོ་བྱས་ཀྱི་མཐིང་ག་ལ་གཏད༔ དེ་ནས་གཉིད་མཉམ་པ་ཉིད་ལ་ཤར་གྱི་ཧ་ལ་རིག་པ་གཏད༔ གཉིད་དུ་ཟིམ་འགྲོ་ཙ་ན་ལྷོའི་རི་ལ་རིག་པ་གཏད༔ དེ་ནས་གཉིད་ཆེར་འགྲོ་ཙ་ན་ནུབ་ཀྱི་ནི་ལ་རིག་པ་གཏད༔ གཉིད་དུ་ཐིམ་འགྲོ་ཙ་ན་བྱང་གི་ས་ལ་རིག་པ་གཏད༔ རིག་པ་སྟོང་གསལ་གྱི་ངང་ལ་ལྷན་ནེ་བཞག་པས༔ རྨི་ལམ་ངོ་ཤེས་པར་འབྱུང་༔ དེ་ནས་རྨི་ལམ་བཟུང་༔ དེ་ནས་འོད་གསལ་དུ་འཆར༔ དང་པོ་སྙིང་གི་པད་མ་འདབ་བཞི་ལ་དཀྱིལ་འཁོར་གྱི་ཁ་དོག་བཞིན་དུ་འཆར༔ དབུས་མཐིང་ག་ཤར་དཀར་པོ་ལྷོ་སེར་པོ་ནུབ་དམར་པོ་བྱང་ལྗང་ཁུ༔ དེ་བཞིན་དུ་ཁ་དོག་ཐམས་ཅད་ཁྲ་ཡལ་གྱིས་འཆར་རོ༔ དེ་ནས་ཕར་སྦྱངས་པས་རང་གི་ཉལ་མལ་ལ་སོགས་ཁྲ་ཡལ་གྱིས་འཆར༔ དེ་ནས་གནས་ཁང་ལ་སོགས་པ་ཁྲ་ཡལ་གྱིས་འཆར་རོ༔ དེ་ནས་རྟོགས་པ་མཐོ་རུ་སོང་ཙ་ན་ས་གཞི་རི་རབ་གླིང་བཞི་ལ་སོགས་པ་ཁྲ་ཡལ་གྱིས་འཆར༔ དེ་ནས་མ་ཡེངས་པར་སྦྱངས་ན༔ རིགས་ལྔའི་ཞིང་ཁམས་ཐམས་ཅད་འོད་གསལ་གྱི་ངང་ལ་ཁྲ་ཡལ་གྱིས་འཆར་རོ༔ དེ་ལྟར་རྟོགས་པའི་རྣལ་འབྱོར་པས༔ བར་དོ་བགྲོད་ནས་མཁའ་སྤྱོད་བདེ་ཆེན་གྱི་ཞིང་ཁམས་སུ་འགྲོ་བ་ལ་ཐེ་མི་ཚོམ་མོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་རྨི་ལམ་འོད་གསལ་དུ་འཁྱེར་བའི་ཆོས་ཐུན་ཉི་ཤུ་རྩ་གཅིག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ ཁ་ཐམ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་མཁའ་སྤྱོད་དུ་འཕོ་བའི་གདམས་པ་འདི་ལྟར་རོ༔ དང་པོ་དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ དམིགས་པ་འདི་ལྟར་ཕོག་གོ༔ བཀའ་རྒྱུད་ཀྱི་བླ་མ་རྣམས་དང་༔ ཡི་དམ་མཁའ་འགྲོ་རྣམས་མདུན་གྱི་ནམ་མཁའི་དབྱིངས་ལ་བཞུགས་པར་བསམ་ལ༔ རང་ཉིད་སྟན་བདེ་བ་ལ་སེམས་དཔའི་དཀྱིལ་ཀྲུང་བྱས༔ ལུས་གནད་དྲང་པོར་བསྲང་༔ ལག་གཉིས་པུས་མོ་གཉིས་ཀྱི་ཁར་བཀབ༔ རོ་སྟོད་རྒྱངས་ལ་རྩ་གསུམ་དང་འཁོར་ལོ་ལྔའི་གསལ་བཏབ༔ དེ་ཡང་རྩ་གསུམ་ནི་དབུས་མཐིང་ག་ཆོས་སྐུ༔ རྐྱང་མ་དཀར་པོ་ལོངས་སྐུ༔ རོ་མ་དམར་མོ་སྤྲུལ་སྐུ༔ འཁོར་ལོ་ལྔ་ནི་གསང་གནས་རྡོ་རྗེ་མཁའ་འགྲོའི་ཕོ་བྲང་དཀར་པོ༔ ལྟེ་བ་རིན་ཆེན་མཁའ་འགྲོའི་ཕོ་བྲང་སེར་མོ༔ སྙིང་ཁ་པདྨ་མཁའ་འགྲོའི་ཕོ་བྲང་དམར་མོ༔ མགྲིན་པ་ལས་ཀྱི་མཁའ་འགྲོའི་ཕོ་བྲང་ལྗང་ཁུ༔ སྤྱི་བོར་སངས་རྒྱས་མཁའ་འགྲོའི་ཕོ་བྲང་མཐིང་ཁར་གསལ་བཏབ་བོ༔ དེ་ནས་རང་གི་སེམས་ཉིད་རིག་པ་སྟོང་གསལ་གྱི་ངོ་བོ་འདི་གསེར་གྱི་རྡོ་རྗེ་རྩེ་གཅིག་པ་གཅིག་ཏུ་གྱུར་ཏེ༔ གསེར་གྱི་རྡོ་རྗེ་དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་ཡིན་པར་བསམ་མོ༔ རང་གི་རིག་པ་སྟོང་གསལ་དེ་དང་ཡེ་ཤེས་མཁའ་འགྲོ་རྣམས་དབྱེར་མེད་པར་བསམ༔ དེ་ནས་རྩ་གསུམ་འདུས་པའི་མདོ་དབུ་མའི་རྩའི་རྩེ་ན་སེམས་ཉིད་ཀྱི་ངོ་བོ་གསེར་གྱི་རྡོ་རྗེ་དེ་ཡོད་པར་བསམས་ལ༔ དབུ་མ་དེ་ལུག་གི་རྒྱུ་མ་ཕུས་བཏབ་པ་བཞིན་དྭངས་སང་ངེར་བསམས་ལ༔ རོ་རྐྱང་གཉིས་ནས༔ རླུང་རྔུབས་ལ་འོག་སྒོ་བསྡམས་ལ་རླུང་གིས་ཡར་ཕུལ༔ ཨིག་གིས་ཡར་འདྲེན་པ་སྦུགས་ཀ་དེ་མ་ལ་དྲག་པོ་རྒྱང་རྒྱང་ཙམ་བྱ༔ སངས་རྒྱས་མཁའ་འགྲོའི་ཕོ་བྲང་ལ་ཐུག་ཐུག་སྟང་༔ ཚངས་བུག་རང་གིས་བཀག་པར་བསམ་མོ༔ དེ་འཕོ་བ་སྦྱོངས་པའི་རྟགས་ལ་སྤྱི་བོ་སྐྲངས་པ་དང་ན་བ་དང་ཁྲག་དང་ཆུ་སེར་ཐོན་པ་དང་དྲོད་འཁོར་བ་དང་ཟ་བ་དང་གཡེང་བ་དང་མགོ་འཁོར་བྱེད་པ་དང་མིག་ཕུག་ན་བ་དང་མགོ་གས་ལ་ཁད་པ་དང་སྐྱུག་མེར་བ་དེ་རྣམས་བྱུང་ན་འཕོ་བ་འབྱོངས་པའི་རྟགས་ཡིན༔ ཟླ་བ་རེ་ལ་མ་བརྗེད་ཙམ་ཐུན་རེ་སྒོམ༔ དྲན་པས་ཆོག་པའི་འཕོ་བ་ཡིན༔ ལུས་ལ་ནད་དམ་པོས་བཟུང་ཁར་ཅེ་ཟ་ཐང་ཆུང་༔ ཚེ་འདིའི་འདུག་སྐལ་རྫོགས༔ རྟིང་མའི་སར་འགྲོ་དགོས་པས༔ ལུས་ཀྱི་འབྱུང་པའི་རྟགས་རྣམས་རྫོགས༔ བེམ་རིག་བྲལ་བའི་དུས་སུ༔ ཀུན་ལ་ཆགས་སེམས་དང་ཞེན་འཛིན་ང་རྒྱལ་ཁེ་གྲགས་ཚེ་འདིའི་འདུན་མ་བུ་ཕོ་མོ་གྲོགས་བཟའ་ཟླ༔ གཉེན་ཉེ་མོ་རྒྱུ་ནོར་ཟས་ཐམས་ཅད་སྤངས་ནས༔ བླ་མའི་གདམས་ངག་མ་ཡེངས་པར་སེམས་ལ་ཁྲལ་ནས་འཕོ་བ་ཀ་གཅིག་རྫོགས་སངས་རྒྱས་པ་འདི་སྒོམ་དགོས་ཏེ༔ དེ་ཡང་སེམས་ཉིད་ཀྱི་ངོ་བོ་གསེར་གྱི་དོང་ཙེ་ལྔ་པ་སྟེ༔ སུམ་མདོ་ན་ཡོད་པ་ལ་སྔར་བཞིན་དུ་འོག་སྒོ་བསྡམས་ནས་རླུང་གིས་ཡར་ཕུལ༔ ཨིག་གིས་ཡར་འདྲེན༔ ཡར་བྱུང་པས་གསང་གནས་སུམ་མདོ༔ མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེགས༔ ཡར་བཏེགས་ཏེ་ལྟེ་བར་སླེབ༔ རིན་ཆེན་མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེགས་སྙིང་ཁར་སླེབ༔ པདྨ་མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེགས་མགྲིན་པར་སླེབ༔ ལས་ཀྱི་མཁའ་འགྲོའི་ཚོགས་ཀྱིས་ཡར་བཏེགས་སྤྱི་བོར་སླེབ༔ སངས་རྒྱས་མཁའ་འགྲོའི་ཚོགས་དང་དབྱེར་མེད་དུ་འདྲེས་ནས་ཚངས་བུག་གི་སྟེང་དེ་གསལ་ནས་རྩལ་པོ་ཆེས་མདའ་འཕང་པ་ལྟ་བུ༔ རྒྱང་མདའ་བུག་གུ་ལ་ཉི་ཟེར་ཤར་བ་ལྟ་བུ༔ རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ་མཁའ་འགྲོའི་ཚོགས་དང་དབྱེར་མེད་དུ་རོལ་མོའི་སྒྲ་དང་༔ རིག་པ་དགའ་བ་དང་སྤྲོ་བ་དང་བཅས་ནས་དབང་པོ་རབ༔ རིག་པ་སྤྲོས་བྲལ་གྱི་ངང་ལ་ཆོས་སྐུའི་ཞིང་ཁམས་སྟུག་པོ་བཀོད་པར་རྒྱང་གིས་འཕོའོ༔ དབང་པོ་འབྲིང་རིག་པ་འགག་མེད་ཀྱི་ངང་ལ་ལོངས་སྤྱོད་སྐུའི་ཞིང་ཁམས་མཁའ་སྤྱོད་དུ་རྒྱང་གིས་འཕོའོ༔ དབང་པོ་ཐ་མ་རིག་པ་འཛིན་མེད་ཀྱི་ངང་ལ་སྤྲུལ་སྐུའི་ཞིང་ཁམས་བདེ་བ་ཅན་དུ་རྒྱང་གིས་འཕོའོ༔ དབང་པོ་རབ་འབྲིང་ཐ་མ་གསུམ་སྐད་ཅིག་ཡུད་ཙམ་ལ་སངས་རྒྱས་ཀྱི་ཞིང་ཁམས་སུ་བགྲོད་པའི་གདམས་པ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་རིག་པ་སྟོང་གསལ་མཁའ་སྤྱོད་དུ་འཕོ་བ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་རྩ་གཉིས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ བར་དོའི་ངོ་སྤྲོད་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ བར་དོའི་ངོ་སྤྲོད་འདི་ལྟར་བྱའོ༔ བློས་ཀར་གྱི་ཉི་མ་དང་མདོ་ལེ་མའི་ངོ་སྤྲོད་བླ་མའི་ཞལ་ལས་ཤེས༔ དེ་ནས་ངོ་སྤྲོད་ཆོས་ཐུན་འདི་ལྟར་ཕོག་གོ༔ ཨེ་མ་སྐྱེ་གནས་བར་དོ་དེ་ལ་སྙིང་རུས་ཕྱུང་པས་རྨི་ལམ་བར་དོ་ལ་རང་སྣང་འཁྲུལ༔ བསམ་གཏན་བར་དོར་སྒོམ་ཆུང་པས༔ འཆི་ཁའི་བར་དོར་དོན་མ་རྟོགས༔ ཆོས་ཉིད་བར་དོ་ལ་བརྟན་པ་མ་ཐོབ་སྟེ༔ སྲིད་པ་བར་དོའི་ཡིད་ཀྱི་ལུས་འདི་རྨི་ལམ་ལྟ་བུ་གཅིག་བྱུང་སྟེ༔ རང་གི་སྔར་གྱི་ལུས་དེ་ཡོད་པ་སྙམ་བྱེད་དོ༔ ལུས་དངོས་པོ་མེད་ཀྱང་དབང་པོ་ཀུན་ཚང་བ༔ ས་རྡོ་རི་རབ་བར་སྣང་ལ་ཐོག་པ་མེད་པར་འགྲོ་སྟེ༔ གར་བསམ་པའི་གནས་དེར་ཐལ་གྱིས་སླེབ་བོ༔ ལས་དགེ་བ་བྱས་པས་མཐོ་རིས་སུ་སྐྱེའོ༔ སྡིག་པ་བྱས་པས་ངན་སོང་དུ་སྐྱེ༔ རིགས་གར་འགྲོ་བ་དེར་འོད་སྣ་རེས་འཁྲིད་དོ༔ འོད་ནག་པོས་དམྱལ་བར་སྐྱེ༔ འོད་དམར་པོས་ཡི་དྭགས་སུ་སྐྱེ༔ འོད་སྔོན་པོས་དུད་འགྲོར་སྐྱེ༔ འོད་སེར་པོས་མིར་སྐྱེ༔ འོད་ལྗང་ཁུས་ལྷ་མ་ཡིན་དུ་སྐྱེ༔ འོད་དཀར་པོས་ལྷར་སྐྱེས༔ འོད་དེ་རྣམས་ལས་འདམ་ན་སེར་པོ་ལ་གདམ་མོ༔ དེ་དུས་སུ་བར་དོའི་སྣང་བ་ཤར་རྒྱུ་ཡོད་དོ༔ ཤུལ་གྱི་ཉེ་འབྲེལ་གྱིས་རང་ལ་ངུ་འབོད་བྱས་པས༔ རང་ཤི་དགོངས་ནི་མ་བཅུག༔ ཁྱེད་རྣམས་དེ་ཙུག་མ་བྱེད༔ ང་མ་ཤི་བ་ཡོད་བྱས་པས༔ རང་ལ་ལུས་པོ་མེད་པས་ཁོང་རྣམས་ཀྱིས་མ་མཐོང་པར༔ རང་ལ་ཁྲོས་པ་འདྲའོ༔ ཁོང་རྣམས་ང་ལ་གཏམ་མི་སྨྲ་བ་ཅི་ཡིན༔ ད་རང་ཤི་བ་རང་ཡིན་ནམ་སྙམ་ནས་ཆུ་དང་མེ་ལོང་གི་ནང་དུ་བལྟས་པས༔ ཤར་མ་བྱུང་བ་དང་ཤི་བར་ངོ་ཤེས་ཏེ༔ དེར་བླ་མའི་ངོ་སྤྲོད་དྲན་ནས་ད་ང་ཉེ་འབྲེལ་དང་ནོར་རྫས་ཐམས་ཅད་ལ་མ་ཆགས་པར་བྱའོ༔ ཡི་དམ་ལྷ་ལ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ༔ རིག་པ་སྟོང་གསལ་གྱི་ངང་ལ་བཞག་གོ༔ དེར་ཡིད་ཀྱི་སྣང་བ་ཤར་ནས་ཡར་གྱི་ཟང་ཐལ་ལ་སངས་རྒྱས་པའོ༔ དབང་པོ་ཐ་མའི་རབ་སྲིད་པ་བར་དོ་ལ་གྲོལ༔ དབང་པོ་ཐ་མའི་འབྲིང་ནི་དེའི་དུས་སུ་དྲན་པ་བདུན་འགྱུར་གྱིས་གསལ་ཏེ༔ སྐྱབས་འགྲོ་ལ་སོགས་པ་ངོ་སྤྲོད་རྣམས་མི་དྲན་མི་སྲིད་པས༔ ག་རེ་ངས་བླ་མའི་གདམས་ངག་ཀྱང་མ་དྲན་པར་འདུག༔ འོད་གསལ་གྱི་དཀྱིལ་འཁོར་ཡང་ངོ་མ་ཤེས་པར་འདུག་སྙམ་ནས་བླ་མ་མཁའ་འགྲོ་སྡེ་ལྔ་དང་༔ རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་འགྲོ་བ་བྱས་པས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས༔ ཡུམ་མཁའ་འགྲོ་སྡེ་ལྔ་དང་༔ རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཇལ་ནས༔ ཡུམ་མཁའ་འགྲོ་སྡེ་ལྔ་དང་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་རང་གི་སྙིང་ཁར་འོད་ཟེར་ཁ་དོག་རྣམ་པ་ལྔར་ཟང་ཐལ་བསྒྲེངས་ནས་རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་སྡེ་ལྔའི་ཞལ་ནས༔ ཀྱེ་རིགས་ཀྱི་བུ་བླ་མའི་གདམས་ངག་དང་འོད་གསལ་གྱི་སྣང་བ་རང་ངོ་ཤེས་པར་གྱིས་ཤིག༔ ཅེས་གསུང་པ་འབྱུང་པའོ༔ དེར་རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་སྡེ་ལྔའི་ཐུགས་ཀར་རང་གི་ཤེས་པ་བཏང་པས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་མེ་ཏོག་པདྨའི་སྡོང་པོ་ལ་བརྫུས་ཏེ་སྐྱེས་ནས༔ ལོ་ལྔ་བརྒྱར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱད་ནས༔ བར་དོ་མེད་པར་ཡར་གྱི་ཟང་ཐལ་ལ་སངས་རྒྱས་སོ༔ དེ་བཞིན་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ རིན་ཆེན་འབྱུང་གནས་ཡབ་ཡུམ་བཞུགས༔ དེར་སངས་རྒྱས་སོ༔ ནུབ་ཕྱོགས་པདྨ་རྩེགས་པ་ན༔ སྣང་བ་མཐའ་ཡས་ཡབ་ཡུམ་བཞུགས༔ བྱང་ཕྱོགས་ལས་རབ་རྫོགས་པ་ན་དོན་ཡོད་གྲུབ་པ་ཡབ་ཡུམ་བཞུགས༔ དབུས་ཕྱོགས་ཆོས་དབྱིངས་ཀྱི་ཞིང་ཁམས་ན༔ རྣམ་པར་སྣང་མཛད་ཡབ་ཡུམ་བཞུགས༔ ལར་རང་གང་མོས་པའི་ཞིང་ཁམས་དེར་རིག་པ་སྟོང་གསལ་ཀྱི་ངང་ལ་སངས་རྒྱས་སོ༔ མོས་པ་བྱས་པས་སྐྱེ་བར་ཐེ་ཚོམ་མེད་དོ༔ དབང་པོ་ཐ་མའི་ཐ་མ༔ སྐྱེ་བ་གཅིག་ལེན་དགོས་ཏེ༔ ཕ་མ་དད་པ་ཅན་གྱི་བུ་ཚའམ་བླ་མ་རྒྱུད་པ་ཅན་གྱི་སྲས་པོའམ༔ ཆོས་པའི་རིགས་སུ་སྐྱེ་སྟེ༔ ལོ་བཅྭོ་ལྔའམ་ཉི་ཤུ་རྩ་གཉིས་སམ་སུམ་ཅུ་རྩ་གཉིས་ལ་ཆོས་འདི་དང་འཕྲད་ནས་ལོ་ལྔ་བཅུ་རྩ་ལྔའམ༔ དྲུག་ཅུ་རྩ་གཉིས་སམ་བདུན་ཅུ་རྩ་བདུན་ལ་བར་དོ་མེད་པར་ཡར་གྱི་ཟང་ཐལ་ལ་སངས་རྒྱའོ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ བར་དོ་ཟང་ཐལ་དུ་སངས་རྒྱས་པའི་ཞིང་ཁམས་སུ་ངོ་སྤྲད་པ་ཆོས་ཐུན་རྩ་གསུམ་པའོ༔ དཔལ་རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་སྡེ་ལྔ་ལ་ཕྱག་འཚལ་ལོ༔ སྡེ་ལྔས་གསུངས་པ་སྒྲོན་མ་རྣམ་པ་ལྔའི་གདམས་པ་འདི་ལྟར་རོ༔ དེ་ལ་གནས་པ་གཞིའི་སྒྲོན་མ་དང་གཅིག༔ གཞི་རིག་པའི་སྒྲོན་མ་དང་གཉིས༔ འགྱུ་བ་ལམ་གྱི་སྒྲོན་མ་དང་གསུམ༔ རྒྱང་ཞགས་ཆུའི་སྒྲོན་མ་དང་བཞི༔ ནམ་མཁའ་དྭངས་པའི་སྒྲོན་མ་དང་ལྔའོ༔ དེ་ལ་གནས་པ་གཞིའི་སྒྲོན་མ་ལ༔ བྱང་ཁོག་ཀུན་དགའི་ར་བ་ན༔ ཙིཏྟ་རིན་པོ་ཆེའི་ཆོས་ལས༔ ལྷའི་སྙིང་རྩེ་གྱེན་ལ་བསྟན་པ་ནི༔ ལྷ་མངོན་པར་ཤེས་པ་དང་ལྡན་པའི་རྟགས་སུ༔ མིའི་སྙིང་རྩེ་འཕྲེད་ལ་བསྟན་པ་ནི༔ མི་ཤེས་རབ་རྒྱས་པའི་རྟགས་སུ༔ བྱོལ་སོང་གི་སྙིང་རྩེ་ཐུར་ལ་བསྟན་པ་ནི༔ བྱོལ་སོང་དུད་འགྲོ་བླུན་ཅིང་རྨོངས་པའི་རྟགས་སོ༔ སྙིང་ཟུར་གསུམ་དུ་འདུག་པ་ནི༔ རང་སྐུ་གསུམ་བཞུགས་པའི་རྟགས་སོ༔ རྩ་ཆེན་པོ་བཞིས་རྒྱངས་པ་ནི༔ སྲོག་ཏུ་གྱུར་པའི་རླུང་ཡན་ལག་བཞི་དང་ལྡན་པའི་རྟགས་སོ༔ སྙིང་རྩ་བ་དཀར་ལ་རྩེ་མོ་སྨུག་པོར་གནས་པ་ནི༔ རིག་པ་སྟོང་གསལ་དབྱེར་མེད་དུ་བཞུགས་པའི་རྟགས་སོ༔ སྙིང་འཕར་ཞིང་སྟེག་པར་འདུག་པ་ནི༔ རིག་པ་སྙིང་དང་དབྱེར་མེད་བཞུགས་སོ༔ སྙིང་གཞན་ལས་སྙན་པར་འདུག་པ་ནི་རིག་པ་སྟོང་གསལ་ཡེ་ཤེས་བཞུགས་པའི་རྟགས་སོ༔ འབྱུང་པ་ཁྲག་མེད་སྟོང་པར་སྣང་བ་ནི༔ ཆོས་རྣམས་སྟོང་པ་ཉིད་དུ་བཞུགས་པའི་རྟགས་སོ༔ ད་གཞི་རིག་པའི་སྒྲོན་མ་ལ་གསུམ་སྟེ༔ གནས་ལུགས་དང་གཅིག་འཁྲུལ་ལུགས་དང་གཉིས་གྲོལ་ལུགས་དང་གསུམ༔ དེ་གནས་ལུགས་ནི་རིགས་ལྔ་ཁ་དོག་ལྔ་ལ་ངོ་སྤྲད་པ་བཞིན་རྟོག་པ་རྣམས་རང་ལ་གནས་སོ༔ དེ་ངོ་མ་ཤེས་པ་རྣམས་ལ༔ སྲོག་ཏུ་གྱུར་པའི་རླུང་བཞིའི་རྗེས་སུ་འབྲངས་ནས༔ འོད་མཐིང་ག་རིག་པའི་མདངས་སུ་ངོ་མ་ཤེས་པས༔ གཏི་མུག་དུད་འགྲོར་འཁྲུལ༔ འོད་དཀར་པོ་རིག་པའི་མདངས་སུ་ངོ་མ་ཤེས་པས༔ ཞེ་སྡང་དམྱལ་བར་འཁྲུལ༔ འོད་སེར་པོ་རིག་པའི་མདངས་སུ་ངོ་མ་ཤེས་པས༔ ང་རྒྱལ་མི་རུ་འཁྲུལ༔ འོད་དམར་པོ་རིག་པའི་མདངས་སུ་ངོ་མ་ཤེས་པས༔ འདོད་ཆགས་ཡི་དྭགས་སུ་འཁྲུལ༔ འོད་ལྗང་ཁུ་རིག་པའི་མདངས་སུ་ངོ་མ་ཤེས་པས༔ ཕྲག་དོག་ལྷ་མིན་དུ་འཁྲུལ༔ འོད་སྣ་ཚོགས་རིག་མདངས་སུ་ངོ་མ་ཤེས་པས༔ ཁོང་ཁྲོ་ལྷ་རུ་འཁྲུལ༔ ད་བླ་མའི་གདམས་ངག་ཉམས་སུ་བླངས་ནས་གྲོལ་ལུགས་འདི་ལྟར་རོ༔ འོད་མཐིང་ག་རིག་པའི་མདངས་སུ་ངོ་ཤེས་པས༔ གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་ཤར་བས༔ དུད་འགྲོའི་མཚན་མ་རང་སར་དག༔ འོད་དཀར་པོ་རིག་པའི་མདངས་སུ་ཤེས་པས་ཞེ་སྡང་མེ་ལོང་ཡེ་ཤེས་སུ་ཤར་བས༔ དམྱལ་བའི་མཚན་མ་རང་སར་དག༔ འོད་སེར་པོ་རིག་པའི་མདངས་སུ་ངོ་ཤེས་པས༔ ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་ཤར་བས༔ མིའི་མཚན་མ་རང་སར་དག༔ འོད་དམར་པོ་རིག་པའི་མདངས་སུ་ངོ་ཤེས་པས༔ འདོད་ཆགས་སོར་རྟོགས་ཡེ་ཤེས་སུ་ཤར་བས༔ ཡི་དྭགས་ཀྱི་མཚན་མ་རང་སར་དག༔ འོད་ལྗང་ཁུ་རིག་པའི་མདངས་སུ་ཤེས་པས༔ ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་བས༔ ལྷ་མ་ཡིན་གྱི་མཚན་མ་རང་སར་དག༔ འོད་སྣ་ཚོགས་རིག་པའི་མདངས་སུ་ཤེས་པས༔ ཁོང་ཁྲོ་རང་རིག་པའི་ཡེ་ཤེས་སུ་ཤར་བས༔ ལྷའི་མཚན་མ་རང་སར་དག་གོ༔ ད་འགྱུ་བ་ལམ་གྱི་སྒྲོན་མ་ནི༔ སྙིང་ཙིཏྟའི་ནང་ནས་རྩ་གྲོ་སོག་གི་བུ་ག་ལྟ་བུ་གཅིག་ཡོད༔ མགྲིན་པའི་ཨོལ་སྟོང་ནང་གི་རྒྱུས་པ་ལ་ཞུགས་ནས༔ གླད་པ་དུང་ཁང་གི་གཞལ་ཡས་ནས་ཚུར་ཚངས་བུག་ལ་གནས་སོ༔ རྩ་དེའི་ནང་ནས་ཡར་རླུང་དང་ཁྲག་གང་ཡང་མི་འགྱུའོ༔ དེ་ལ་རིག་པ་སྟོང་གསལ་ཡེ་ཤེས་ཀྱི་རང་འོད་མཚོན་སྐུད་སྒྲིམས་པ་ལ་ལྕགས་ལ་དངས་པ་བཞིན་དུ་འགྱུ༔ དེ་ཡེ་ཤེས་ཀྱི་སྣང་བ་ཡིན༔ ད་རྒྱང་ཞགས་ཆུའི་སྒྲོན་མ་ནི༔ ནམ་མཁའི་དཀྱིལ་ན་ཟླ་བ་གནས་པ་ལ་འོད་རྒྱ་མཚོའི་ནང་དུ་ཤར་བ་བཞིན་དུ༔ འདིར་ཡང་ཡང་གསང་ཡེ་ཤེས་ཀྱི་ངོ་སྤྲོད་བྱས་ལ༔ ཆོས་ཉིད་འོད་གསལ་དུ་གནས་ཏེ༔ དེ་ཡང་རྒྱོ་མདངས་ཀྱི་སྒྲོན་མ་བཞིན༔ འོད་གསལ་ཐམས་ཅད་མིག་ལ་ཤར་བའོ༔ ད་ནམ་མཁའ་དྭངས་ཀྱི་སྒྲོན་མ་ནི༔ བེམ་རིག་བྲལ་བའི་ཚེ་ན་བར་དོའི་སྣང་བ་ལ༔ སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཅི་བྱུང་ཡང་༔ རང་བྱུང་རིག་པ་སྟོང་གསལ་ལྷུན་གྲུབ་གསལ་དྭངས་སུ་ངོ་སྤྲད་དོ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ སྒྲོལ་མ་རྣམ་ལྔའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་རྩ་བཞི་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ ཁ་ཐམ༔ ད་སྒྲོན་མ་དྲུག་གི་གདམས་པ་ནི༔ ཀུན་ཏུ་བཟང་མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ དེ་ལ་གནས་པ་གཞིའི་སྒྲོན་མ་ནི་ཐིག་ལེ་གདམས་པའི་ཚུལ་དུ་གནས་ཏེ༔ དཔེ་ཅི་དང་འདྲ་ན་འོ་མ་ལ་མར་གྱིས་ཁྱབ་པ་ལྟར་གནས་སོ༔ ཙིཏྟ་ཤའི་སྒྲོན་མ་ནི་ཐིག་ལེ་སྤུང་པའི་ཚུལ་དུ་གནས་ཏེ༔ དཔེ་ཅི་དང་འདྲ་ན་འོད་ཁང་དུ་མར་མེ་བཅུག་པ་དང་འདྲའོ༔ དཀར་འཇམ་རྩའི་སྒྲོན་མ་ནི་ཐིག་ལེ་ཞུར་དུ་ཤར་བ་སྟེ༔ དཔེ་ཅི་དང་འདྲ་ན་རྒྱས་ཀར་གྱི་བུ་གའི་ནང་ནས་ཉི་མ་ཤར་བ་དང་འདྲའོ༔ རྒྱང་ཞགས་ཆུའི་སྒྲོན་མ་ནི་ཐིག་ལེ་མདངས་སུ་ཤར་བ་སྟེ༔ དཔེ་ཅི་དང་འདྲ་ན་ཤར་གྱི་ལ་ཁ་ནས་ཉི་མ་ཤར་བ་ལྟར་གནས་སོ༔ བར་དོ་དུས་ཀྱི་སྒྲོན་མ་ནི༔ ཐིག་ལེ་སྔོན་དུ་གྱུར་པ་སྟེ༔ དཔེ་ཅི་དང་འདྲ་ན་སྔར་འདྲིས་ཀྱི་མི་དང་ཕྱིས་འཕྲད་པ་ལྟར་གནས་སོ༔ མཐར་ཐུག་འབྲས་བུའི་སྒྲོན་མ་ནི༔ ཐིག་ལེ་བཅུད་དུ་སྨིན་པ་སྟེ༔ དཔེ་ཅི་དང་འདྲ་ན་སྟོན་ཁའི་ལོ་ཐོག་སྨིན་པ་ལྟར་གནས་སོ༔ ད་སྒྲོན་མ་དྲུག་གི་འབྲེལ་པ་འདི་ལྟར་རོ༔ གནས་པ་གཞིའི་སྒྲོན་མའི་འབྲེལ་པ་འདི་ལྟར་རོ༔ འོ་མ་བཞོས་མ་ཐག་དེ་ལ་མར་གྱི་ཁ་ཐིལ་མེད་པར་ཁྱབ་པ་བཞིན་དུ༔ ཐོག་མའི་གཞི་དེས་ཀྱང་ཡར་གྱི་རྒྱལ་བའི་དགོངས་པ་མན་ཆད་མ་གི་ན་རག་དམྱལ་བ་ཡན་ཆད་དུ༔ འཇག་མའི་སྲིན་པོ་ཚུན་ཆད་ལ་མཉམ་རྐད་གྱིས་ཁྱབ་བོ༔ དེ་ལྟར་ལུང་ཡང་བདེ་བར་གཤེགས་པས་འགྲོ་ཀུན་ཡོངས་ལ་ཁྱབ་ཅེས་སོ༔ ད་ཙིཏྟ་ཤའི་སྒྲོན་མའི་འབྲེལ་པ་ནི༔ འོད་ཁང་ནང་གི་མར་མེ་དེ༔ ཕྱི་ན་མི་གསལ་ནང་ན་གསལ༔ གསལ་ལེ་སིང་ངེ་ཡེ་རེ་གནས་པ་བཞིན་དུ༔ སྐུ་དང་རིག་པ་སྟོང་གསལ་ཡེ་ཤེས་ཀྱི་རང་མདངས་དེ་ཡང་སྙིང་ཙིཏྟའི་ནང་ན་ཚོམ་བུར་ཤིག་གེ་གནས་སོ༔ ཕྱི་ན་མི་གསལ་ནང་ན་གསལ་ལ་རྟོག་པ་མེད་པ་སྣང་ལ་རང་བཞིན་མེད་པ་གསལ་ལེ་སིང་ངེར་གནས་སོ༔ དཀར་འཇམ་རྩའི་སྒྲོན་མའི་འབྲེལ་པ་ནི༔ ཁང་པའི་ཤར་ཕྱོགས་ལོགས་ཀྱི་མདའ་ཕུགས་ནས༔ ཉི་མའི་ཟེར་གྱི་ཐག་པས་ཁང་པའི་ནང་དུ་སྐྱ་ཞུགས་ཀྱིས་བསྒྲལ་བ་བཞིན་དུ་རིག་པ་སྟོང་གསལ་ཡེ་ཤེས་སྙིང་དུ་གནས་ཏེ༔ འགྲོ་བའི་ལམ་རྩ་དར་དཀར་གྱི་སྐུད་པ་ཙམ་གྱི་ནང་ནས་ཡར་ལ་ཟང་ཐལ་གྱིས་འཆར་པ་ཡིན་ནོ༔ ད་རྒྱང་ཞགས་ཆུའི་སྒྲོན་མའི་འབྲེལ་པ་ནི༔ ཤར་གྱི་ལ་ཁ་ནས་ཉི་མ་ཤར་བས༔ ནུབ་ཀྱི་རི་ལ་ཟང་ཐལ་དུ་ཤར་བ་བཞིན་དུ༔ རིག་པ་སྟོང་གསལ་ཡེ་ཤེས་དེ་གནས་པ་སྙིང་གི་ནང་དུ་གནས་པ་ལ༔ ལམ་རྩ་དར་དཀར་གྱི་སྐུད་པ་ཙམ་ཞུགས་ཏེ༔ སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལ་ཐོན་ནས་རིག་པ་སྟོང་གསལ་ཡེ་ཤེས་ལྷུག་པུར་ཟང་ཐལ་གྱིས་སྣང་བ་ཐམས་ཅད་འོད་ཀྱི་རང་བཞིན༔ སྐུ་དང་ཡེ་ཤེས་འོད་ཀྱི་ཁ་དོག་ཐིག་ལེ་དང་༔ ཕོ་བྲང་དང་བཅས་གསལ་ལེ་སིང་ངེ་འཆར་བ་ཡིན་ཏེ༔ དེ་ཡེ་ཤེས་དངོས་ཡིན་ཏེ༔ ད་ལྟའི་ཤེས་པས་མ་བསླད་པ་རིག་པ་སྟོང་གསལ་འདི་ཡིན་ཏེ༔ ཆོས་ཉིད་དག་པའི་ཡེ་ཤེས་ཀྱང་ཟེར༔ དཔེར་ན་ཞོག་པ་ལྟ་བུའི་ཉི་མ་ལ་དྲོད་མ་ཐོག་ན་མདངས་མི་ཡོང་༔ དཔེར་ན་ཉི་མ་ཤར་བས་ཐམས་ཅད་དྲོས་པ་བཞིན་ཡེ་ཤེས་ཉམས་ལ་ཡོད་དེ༔ ངོ་མ་ཤེས་པའོ༔ ཉམས་སུ་བླངས་པས་འབྲེལ་པའོ༔ ད་བར་དོ་དུས་ཀྱིས་སྒྲོན་མའི་འབྲེལ་པ་ནི༔ དཔེར་ན་སྔར་འདྲིས་ཀྱི་མི་དང་༔ ཕྱིས་མི་སྟོང་ཚོའི་ཁྲོད་དུ་འཕྲད་ཀྱང་ངོ་ཤེས་པ་ཡིན༔ དེ་བཞིན་དུ་ད་ལྟ་ངོ་སྤྲད་པས་ཕྱི་མ་ཆོས་ཉིད་བར་དོ་ལ་རང་སྣང་ལ་དཀྱིལ་འཁོར་ཤར་བའི་དུས་སུ༔ ཞི་ཁྲོའི་ལྷ་ཚོགས་རྣམས་དང་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ངོ་མི་ཤེས་མི་སྲིད་དོ༔ རང་སར་གྲོལ་བའོ༔ མཐར་ཐུག་འབྲས་བུའི་སྒྲོན་མའི་འབྲེལ་པ་ནི༔ དཔེར་ན་མྱུ་གུ་སྔོན་པོའི་འབྲས་བུ་རྩལ་རྫོགས་པ་བཞིན་དུ༔ འདིར་ཡང་རང་ངོ་ཤེས་སངས་རྒྱས་པ་ཡིན་ནོ༔ ནས་བརྔོས་ནས་བཏགས་པས་ཆེར་སོང་སྟེ༔ ནས་སུ་མི་འདོགས་སོ༔ འདིར་ད་ལྟ་བླ་མས་ངོ་སྤྲད་ངོ་ཤེས་ཡིད་ཆེས་པས་ཕྱིས་ཆོས་ཉིད་བར་དོར་རང་སྣང་གི་དཀྱིལ་འཁོར་ངོ་ཤེས་པས་འཁོར་བར་ཕྱིར་མི་ལྡོག༔ རིག་པ་སྟོང་གསལ་ལྷུན་གྲུབ་ཀྱི་ངང་ལ༔ སངས་རྒྱས་པ་འདི་བས་ལྷག་པའི་ངོ་སྤྲོད་སངས་རྒྱས་ལོགས་ན་མེད་དོ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ སྒྲོན་མ་དྲུག་གི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་རྩ་ལྔ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈༔ ༁ཾ༔ མ་རྒྱུད་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་དོན་གྱི་ངོ་སྤྲོད་འདི་ལྟར་རོ༔ གདམས་པ་ཚིག་གཅིག༔ དགོངས་པ་ཐུན་གཅིག༔ དུས་སྐད་ཅིག༔ སངས་རྒྱས་ཉག་གཅིག༔ གདམས་པ་ཚིག་གཅིག༔ དོན་ངོ་ཤེས་པས་ཆོག༔ དགོངས་པ་ཐུན་གཅིག༔ འཆི་ཁར་དྲན་པས་ཆོག༔ དུས་སྐད་ཅིག༔ ཆོས་ཉིད་བར་དོ་རང་ངོ་ཤེས་པས་ཆོག༔ སངས་རྒྱས་ཉག་གཅིག༔ རང་རིག་སྟོང་གསལ་ལྷུན་གྲུབ་ངོ་ཤེས་པས་ཆོག༔ ལིང་གིས་བསྐྱུར་བ་སྒྱུ་ལུས་ཀྱི་ཕུང་པོ༔ ཐིབ་ཀྱིས་འགགས་པ་འགྱུ་བྱེད་ཀྱི་སེམས༔ དལ་གྱིས་འཆར་བ་རང་སྣང་གི་དཀྱིལ་འཁོར༔ ཧྲིག་གིས་རིག་པ་རང་བྱུང་གི་ཡེ་ཤེས༔ སྒྱུ་ལུས་གཡར་པོ་ཡིན་པས་སྟོང་པ་ཡིན༔ རྣམ་རྟོག་འཁྲུལ་པ་ཡིན་པས་འགག་པ་ཡིན༔ ཡེ་ཤེས་རང་ལ་ཡོད་པས་འཆར་པ་ཡིན༔ འབྲས་བུ་རང་ངོ་ཤེས་པས་གྲོལ་བ་ཡིན༔ གཞི་ཡེ་སངས་རྒྱས་པས་སྐུ་གསུམ་རང་ལ་གནས་པ་སྟེ༔ ལམ་སྔོན་སངས་རྒྱས་པའི་གདམས་ངག་ཉམས་སུ་བླངས་པ་སྟེ༔ འབྲས་བུ་རྫོགས་སངས་རྒྱས་པའི་རང་ངོ་རང་གི་ཤེས༔ གཞི་སྐུ་གསུམ་རང་ལ་གནས་པས་འགྱུར་བ་མེད་པའོ༔ ལམ་གདམས་ངག་གིས་ངོ་སྤྲད་པས་གྲོལ་བའོ༔ འབྲས་བུ་རང་ངོ་ཤེས་ཏེ་སངས་རྒྱས་པའོ༔ གཞི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་སམ༔ ལམ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས༔ འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཏེ༔ གཞི་སྐུ་གསུམ་ལྷུན་གྲུབ༔ ལམ་སྐུ་གསུམ་རང་ཤར༔ འབྲས་བུ་སྐུ་གསུམ་རང་གྲོལ་ལོ༔ གཅིག་ཏུ་དྲིལ་བ་གཞི་ཡེ་ཤེས་སངས་རྒྱས་སོ༔ རང་བཞིན་འགྱུར་མེད་ལྷུན་གྱིས་གྲུབ་པའོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་སྒོམ་དོན་གདམས་པ་ཁྲིད་ཀྱི་ཆོས་ཐུན་རྩ་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་ཁྱད་པར་ལྔ་ནི་འདིའོ༔ སྟོང་ཉིད་མཁའ་ལྟར་གོལ་ཙ་ན༔ གཙོ་བོ་གསུམ་གྱི་སྐྱོན་འཛིན་ཡོད་པའི་ཁྱད་པར་དང་གཅིག༔ ཉམས་ལེན་ལ་ཆེས་བཤོལ་བྱུང་ཙ་ན༔ གཅེས་པ་བཞིའི་སྐུལ་མཁན་ཡོད་པའི་ཁྱད་པར་དང་གཉིས༔ ཡིན་མིན་གྱི་ཐེ་ཚོམ་བྱུང་ཙ་ན༔ ཐ་ཚིག་བཞི་ལ་འདྲེས་པ་ཡོད་པའི་ཁྱད་པར་དང་གསུམ༔ རྡོ་རྗེ་ཚིག་བཞི་ཁྲོས་ཙ་ན༔ སེམས་ཉིད་ལ་ངོ་སྤྲོད་ཐེབས་པའི་ཁྱད་པར་དང་བཞི༔ མཉམ་རྗེས་འགྱུར་ཁྱད་རྟོགས་ཙ་ན༔ ཆོས་ཉིད་ཟད་སར་འཁྱོལ་བའི་ཁྱད་པར་དང་ལྔའོ༔ ཁྱད་པར་ལྔའི་འགྲོལ་འདི་ལ༔ གཙོ་བོ་ལྔ་ཞེས་བྱ་བ་ཡོད་དེ་གང་ཡིན་ན༔ སྒོམ་མེད་གོ་བ་རྙེད་ནས་ཀྱང་༔ ཡེངས་མེད་དྲན་པ་གཙོ་བོ་ཡིན༔ རང་སེམས་བླ་མར་གོ་ནས་ཀྱང་༔ མོས་གུས་དུང་སེམས་གཙོ་བོ་ཡིན༔ བྱར་མེད་ལྷུག་པར་གོ་ནས་ཀྱང་༔ བྱ་བྱ་ཆོས་སྤྱོད་གཙོ་བོ་ཡིན༔ འགག་མེད་མཐའ་བྲལ་གོ་ལེགས་ཀྱང་༔ ངོ་བོ་ཀ་དག་ལ་གནས་པ་གཙོ་བོ་ཡིན༔ བཟང་ངན་གཉིས་མེད་རྟོགས་ལེགས་ཀྱང་༔ རྒྱུ་འབྲས་ལ་འཛེམ་པ་གཙོ་བོ་ཡིན༔ དེ་རྣམས་ནི་གཙོ་བོ་ལྔའོ༔ ད་གཅེས་པ་བཞི་ནི༔ ཚེ་འདིར་སངས་རྒྱས་འདོད་པ་ལ༔ ལོང་མེད་ཀྱི་བརྩོན་འགྲུས་གཅེས་པ་ཡིན༔ ངོ་བོ་རྒྱུན་དུ་བསྲིང་པ་ལ༔ ཉམས་ལེན་ལྔ་པ་གཅེས་པ་ཡིན༔ ཚོགས་དྲུག་བླ་མར་ཤར་བ་ལ༔ རིག་པ་གཅེར་གཏད་གཅེར་འཇོགས་གཅེས་པ་ཡིན༔ རྐྱེན་ངན་གྲོགས་སུ་ཤར་ཙ་ན༔ དྲག་པོའི་ཉམས་ལེན་གཅེས་པ་ཡིན༔ དེ་ནི་གཅེས་པ་བཞིའོ༔ ད་ཉམས་ལེན་ལྔ་པ་ནི༔ ཐོག་མར་སེམས་བསྐྱེད་སེམས་ལ་བསྒོམས་སྐྱེ་ཤི་མེད༔ བཟང་ངན་རྣམ་རྟོག་བྱུང་ན་བྱུང་པ་སྟོང་ལས་ཕཊ་གཅིག་རྒྱོབ༔ རིག་པ་འཛིན་མེད་ངང་ལ་ཞོག༔ མཉམ་རྗེས་མཚམས་སུ་བསྔོ་བ་གྱིས༔ དེ་ནི་ཉམས་ལེན་ལྔ་པའོ༔ ད་ཡིན་མིན་ཐེ་ཚོམ་གྱི་འབྲེལ་པ་ནི༔ སྒོམ་མེད་གང་ཡིན་མ་ཤེས་ན༔ སྒོམ་པའི་མཁན་པོ་རྩད་བཅད་པས༔ འགྱུ་བའི་རྣམ་རྟོག་རང་སར་ཡལ༔ མཉམ་བཞག་གང་ཡིན་མ་ཤེས་ན༔ བྱུང་གནས་འགྲོ་གསུམ་མེད་པ་ཡིན༔ རིག་པ་རང་སར་འཇོགས་པ་ཡིན༔ བློ་འདས་གང་ཡིན་མ་ཤེས་ན༔ བློ་བེམ་རིག་གཉིས་ཀྱི་རྩ་བ་ཆོད༔ རྣམ་རྟོག་རྩ་བ་ཀུན་ཀྱང་གཅོད༔ རྩད་གཅོད་ཀྱི་རྩ་བ་གཅོད་པ་འདི༔ ཟབ་པའི་ནམ་མཁའ་སྟོང་པ་འདྲ༔ དེ་ནི་ཡིན་མིན་གྱི་ཐེ་ཚོམ་ཞིག་འགྲོ་ཡིན་ནོ༔ རྡོ་རྗེ་ཡི་ཚིག་བཞི་ནི༔ སྐྱེ་མེད་དུ་ཐག་ཆོད༔ ཡེངས་མེད་དུ་རྒྱུན་བཟུང་༔ འགག་མེད་དུ་རྩལ་སྦྱོངས༔ བློ་འདས་ལ་མ་སྡར༔ དེ་རྡོ་རྗེའི་ཚིག་བཞི་ཡིན་ནོ༔ མཁའ་འགྲོའི་གསང་ཚིག་ཐག་ཆོད་གསུམ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་དང་༔ མ་རིག་སེམས་ཅན་གྱི་འཁྲུལ་པའི་རང་འདོད་གཉིས༔ གཞི་སྟོང་ཉིད་གྱི་ངང་ལ་གཅིག་པར་ཐག་བཅད་དོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྣང་སྟོང་དབྱེར་མེད་ཟང་ཐལ་དང་༔ སེམས་ཅན་ཐམས་ཅད་ཀྱི་མ་རིག་པ་རྗེས་མེད་གཉིས༔ འབྲས་བུ་གཏན་མེད་ཀྱི་དོན་དུ་གཅིག་པར་ཐག་བཅད་དོ༔ དེ་ནི་ཐག་ཆོད་གསུམ་པའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་ཉམས་ལེན་སུམ་ཅུ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་རྩ་བདུན་པའོ༔ ༈ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྲིད་འདི་ཡི་རྒྱབ་ཆོས་ནི་ཤོག་དྲིལ་ལྔ་དང་ཨོ་རྒྱན་རྣམ་ཐར་དང་མཚོ་རྒྱལ་རྣམ་ཐར་དང་ཕག་མོ་སྔོན་ཆུང་དང་གསང་སྔགས་ཀྱི་ཕ་རྒྱུད་མ་རྒྱུད་གང་བཤད་པས་ཆོག་གོ༔ ཁྲིད་འདི་ལ་བློ་བཟོ་དང་འཕྲི་སྣོན་མ་བྱེད་ཅིག༔ དད་པ་དང་མོས་གུས་ཀྱིས་ཤིག༔ ཡེ་ཤེས་མཁའ་འགྲོ་མའི་ཚོགས་རྣམས་མངོན་སུམ་དུ་མཇལ་བ་ལ་ཐེ་ཚོམ་མེད་དོ༔ ཁྲིད་ཐོབ་ནས་བླ་མ་གསང་པ་དང་༔ དམ་ཉམས་ལོག་ལྟ་སྐུར་པ་འདེབས་པ་རྣམས་ལ་གཏེར་བདག་ལྕང་ཞོན་སྤུན་གསུམ་དང་ཌཱཀྐིའི་ཚོགས་ཀྱིས་སྲོག་ཆོད་སྙིང་ཁྲག་འཐུངས་ཤིག༔ གནས་ཆེན་ཁྱུང་རྫོང་གངས་ཀྱི་ར་བ་རུ༔ གྲུབ་ཐོབ་དུང་ཚོ་རས་པ་ལ༔ ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཕྱག་རྟེན་ལ་གསེར་ཞོ་གང་དང་ཐེར་སྒམ་གཅིག་བཏང་ནས༔ བྱ་བཏང་ཉི་མ་རང་གྲོལ་གྱིས་ཞུས་པའོ༔ གནས་ཆེན་རི་ཁྲོད་མཁའ་འགྲོ་འདུ་བའི་བསམ་བསྟན་ཕུག་ཏུ༔ གསང་བ་ལམ་ཁྱེར་གྱི་ཁྲིད་ཀྱི་རྐང་གྲངས་ལག་ལེན་རིམ་པ་རྣམས༔ སྦས་པའི་རྣལ་འབྱོར་ཉི་མ་རང་གྲོལ་གྱིས་བཀོད་པའོ༔ བླ་མ་ཉི་མ་རང་གྲོལ་ལ་རྟོགས་ལྡན་ཉི་ཟླ་ཡོན་ཏན་གྱིས་བླ་མ་མཉེས་པའི་ཞབས་ཏོག་བྱས༔ ཟབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར༔ ཆོས་རྒྱགས་ཞིང་ཞོ་གཅིག་ཡོད་པ་དེ་ཕུལ་ནས༔ གསང་བ་ལམ་ཁྱེར་གྱི་ཁྲིད་སྐོར་མ་ལུས་པ་བཀའ་ལུང་རྗེས་གནང་དང་བཅས་པ་ཞུས་སོ༔ བདག་སྐལ་ལྡན་ཆོས་གསལ་གྱིས༔ གསང་བ་ལམ་ཁྱེར་གྱི་ཁྲིད་སྐོར་མ་ལུས་པ་ཞུས་སོ༔ གྲུབ་པ་ཐོབ་པའི་རྩ་བའི་བླ་མ་ཆོས་གསལ་རྡོ་རྗེའི་དྲུང་དུ་བདག་སྐལ་ལྡན་ཆེའི་མིང་ཅན་གྱིས་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དབང་ཁྲིད་ལུང་བཀའ་ལུང་རྗེས་གནང་དང་བཅས་པ་དབེན་པའི་གནས་མཆོག་དགོན་མཁར་ཞེས་བྱ་རུ༔ ཐུགས་སྤྲོ་བ་ཆེན་པོའི་ངང་ནས་གནང་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ འདི་ལས་བྱུང་བའི་དགེ་བ་དྲི་མེད་ཀྱིས༔ རྣམ་མཁྱེན་བགྲོད་པའི་ས་རྣམས་མྱུར་ཐོབ་ནས༔ སེམས་ཅན་ཀུན་གྱི་དོན་རྣམས་མ་ལུས་པ༔ རྟག་ཏུ་འགྲོ་བ་སྒྲོལ་བའི་ལུས་ཐོབ་ཤོག༔ གཞན་ཡང་བདག་གིས་དགེ་བ་གང་བསགས་རྣམས༔ གཅིག་ཏུ་བསྡུས་ནས་སེམས་ཅན་དོན་བྱེད་ཤོག༔ དགེའོ༔ དགེའོ༔ དགེའོ༔ བཀྲ་ཤིས༔
རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དབང་གི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་གྱིི་དབང་གི་ཤོག་དྲིལ་བཞུགས༔
རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གསང་དབང་བསྐུར་བའི་སྔོན་འགྲོ་ནི༔ མདོ་ལེ་མར་མེའི་ངོ་སྤྲོད་ལས༔ བར་དོ་ངོ་སྤྲོད་མཐར་ཐུག་བྱས་ལ༔ སློབ་མ་རྣམས་ཁྲུས་དང་བགེགས་བསྐྲད༔ མེ་མཆོད་སྔོན་འགྲོ་རྟ་ཕག་གསང་བ་ཡབ་ཡུམ་གྱི་བསྐྱེད་རིམ་རྣམས་སྒོམ་དུ་བཅུག་ལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཡབ་ཡུམ་དབྱེར་མེད་ལྔའི་དམིགས་པ་ཕོག་ལ༔ རྡོ་རྗེ་སློབ་དཔོན་ལས་ཀྱི་ཡུམ་དང་བཅས་དངོས་གཞིའི་དབང་བསྐུར་བ་ནི༔ དམིགས་རྟེན་གྱི་ཙ་ཀ་ལི་ཕྱག་ཏུ་བསྣམས་ནས་འདི་སྐད་དུ༔ ང་ནི་སྣང་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ སྣང་སྟོང་ཡབ་ཡུམ་དབང་བསྐུར་བས༔ གཏི་མུག་རང་སར་དག་ནས་ནི༔ ལྷུན་གྲུབ་ཞིང་ཁམས་མཐོང་པ་དང་༔ ཐུགས་ཀྱི་རང་བཞིན་ཐོབ་པར་ཤོག༔ བྷུད་ས་འོ་ཛ་ཛ༔ ང་ནི་རིག་པ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ རིག་སྟོང་དབྱེར་མེད་དབང་བསྐུར་བས༔ ཞེ་སྡང་རང་སར་དག་ནས་ནི༔ མངོན་དགའི་ཞིང་ཁམས་མཐོང་བ་དང་༔ ཆོས་སྐུའི་རང་བཞིན་ཐོབ་པར་ཤོག༔ བཛྲ་སཱ་འོ་ཛ་ཛ༔ ང་ནི་བདེ་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ བདེ་སྟོང་དབྱེར་མེད་དབང་བསྐུར་བས༔ ང་རྒྱལ་རང་སར་དག་ནས་ནི༔ དཔལ་གྱི་ཞིང་ཁམས་མཐོང་བ་དང་༔ ལོངས་སྐུའི་རང་བཞིན་ཐོབ་པར་ཤོག༔ རཏྣ་སཱ་འོ་ཛ་ཛ༔ ང་ནི་གསལ་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ གསལ་སྟོང་དབྱེར་མེད་དབང་བསྐུར་བས༔ འདོད་ཆགས་རང་སར་དག་ནས་ནི༔ བདེ་ཆེན་ཞིང་ཁམས་མཐོང་བ་དང་༔ སྤྲུལ་སྐུའི་རང་བཞིན་ཐོབ་པར་ཤོག༔ པདྨ་སཱ་འོ་ཛ་ཛ༔ ང་ནི་གྲག་པ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ གྲག་སྟོང་དབྱེར་མེད་དབང་བསྐུར་བས༔ ཕྲག་དོག་རང་སར་དག་ནས་ནི༔ ལས་རབ་ཞིང་ཁམས་མཐོང་པ་དང་༔ ངོ་བོ་ཉིད་རང་བཞིན་ཐོབ་པར་ཤོག༔ ཀརྨ་སཱ་འོ་ཛ་ཛ༔ གསང་བ་བུམ་པའི་དབང་བསྐུར་བ་ནི༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ སངས་རྒྱས་མཁའ་འགྲོས་བྱིན་རླབས་པའི༔ སྣ་ཚོགས་བུམ་པའི་གཞལ་ཡས་ཁང་༔ སྣང་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ གཏི་མུག་དྲི་མ་དག་གྱུར་ནས༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨོཾ་བྷྲུཾ༔ རྡོ་རྗེ་མཁའ་འགྲོས་བྱིན་རླབས་པའི༔ ཞི་བའི་བུམ་པ་གཞལ་ཡས་ཁང་༔ རིག་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ ཞེ་སྡང་དྲི་མ་དག་ནས་ནི༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ བཛྲ་ཀ་ལ་ཤ་ཧཱུྃ་བྷྲུཾ༔ རིན་ཆེན་མཁའ་འགྲོས་བྱིན་རླབས་པའི༔ རྒྱས་པའི་བུམ་པ་གཞལ་ཡས་ཁང་༔ རིག་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ ང་རྒྱལ་དྲི་མ་དག་ནས་ནི༔ མཉམ་ཉིད་ཡེ་ཤེས་གསལ་བའི་དབང་ཐོབ་ཤོག༔ རཏྣ་ཀ་ལ་ཤ་ཏྲཾ་བྷྲུཾ༔ པདྨ་མཁའ་འགྲོས་བྱིན་རླབས་པའི༔ དབང་གི་བུམ་པ་གཞལ་ཡས་ཁང་༔ གསལ་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ འདོད་ཆགས་དྲི་མ་དག་གྱུར་ནས༔ སོར་རྟོག་ཡེ་ཤེས་གསལ་བའི་དབང་ཐོབ་ཤོག༔ པདྨ་ཀ་ལ་ཤ་ཧྲི་བྷྲུཾ༔ ལས་ཀྱི་མཁའ་འགྲོས་བྱིན་རླབས་པའི༔ དྲག་པོའི་བུམ་པ་གཞལ་ཡས་ཁང་༔ དྲག་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ ཕྲག་དོག་དྲི་མ་དག་གྱུར་ནས༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཀ་ལ་ཤ་ཧ་བྷྲུཾ༔ གསང་བ་ཤོག་དྲིལ་དབང་བསྐུར་ནི༔ ཞེ་སྡང་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ ཞེ་སྡང་ལམ་ལོངས་ནས༔ དམྱལ་བའི་འཁྲུལ་སྣང་རང་དག་སྟེ༔ རྩེ་གཅིག་རིག་འཛིན་ཐོབ་པར་ཤོག༔ བཛྲ་ཌཱཀྐི་ནི་ཧཱུྃ༔ འདོད་ཆགས་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ འདོད་ཆགས་ལམ་ལྷོངས་ནས༔ ཡི་དྭགས་འཁྲུལ་སྣང་རང་དག་སྟེ༔ བདེ་གསལ་རིག་འཛིན་ཐོབ་པར་ཤོག༔ པདྨ་ཌཱཀྐི་ནི་ཧྲཱི༔ གཏི་མུག་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ གཏི་མུག་ལམ་ལྷོངས་ནས༔ དུད་འགྲོའི་འཁྲུལ་སྣང་རང་དག་སྟེ༔ སྤྲོས་བྲལ་རིག་འཛིན་ཐོབ་པར་ཤོག༔ ཀརྨ་ཌཱཀྐི་ནི་ལཱ༔ ང་རྒྱལ་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ ང་རྒྱལ་ལམ་ལྷོངས་ནས༔ ལྷའི་འཁྲུལ་སྣང་དག་པ་དང་༔ འགྱུར་མེད་རིག་འཛིན་ཐོབ་པར་ཤོག༔ རཏྣ་ཌཱཀྐི་ནི་ཏྲཾ༔ མེ་ཏོག་དར་གྱི་ཅོད་པན་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྡེ་ལྔའི་དབང་ཐོབ་ཤོག༔ རྣམ་རྒྱལ་བུམ་པའི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཾ་ཧྲི་ཨཱ༔ ཀ་ལ་ཤ་བྷྲུཾ་བྷྲུཾ་བྷྲུཾ༔ ཛ་ཛ་ཛ༔ ཆོས་ཉིད་སྟོང་པའི་དབང་ལག་པ་གཉིས་ཁོང་སྟོང་རྡོ་རྗེའི་ཐལ་མོ་སྤྱི་བོར་འཛེའོ༔ བསྐུར་བས༔ སྐུ་ལྔ་ལྷུན་འགྲུབ་དབང་ཐོབ་ཤོག༔ རྩ་བ་གསུམ་གྱི་ཡང་སྙིང་འདྲེན་པར་བྱའོ༔ དེ་ནས་ལམ་འཕང་༔ མེ་ཏོག་བསྐུར༔ དཀྱིལ་འཁོར་ངོ་སྤྲོད་བྱ༔ བཀྲ་ཤིས་དང་བསྔོ་བ་སྨོན་ལམ་འདེབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཤུབྷ༔ ཨྠྀི༔ དགེའོ༔
རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གཏི་མུག་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གཏི་མུག་རྡོ་རྗེའི་ཤོག་དྲིལ་བཞུགས༔
བུདྡྷ་ཌཱཀྐི་ནི༔ དཔལ་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ གཏི་མུག་ལམ་དུ་འཁྱེར་བའི་གདམས་ངག་འདི་ལ་དོན་གསུམ་སྟེ༔ དངོས་གཞི་རང་ལ་བརྟེན་ནས་གནས་ལུགས་ཀྱི་གཏི་མུག་དང་༔ ཕྱི་ཡུལ་རྐྱེན་ལ་བརྟེན་ནས་འཁྲུལ་པ་མ་རིག་པའི་གཏི་མུག་གོ༔ དངོས་གཞི་ལ་བརྟེན་པའི་གཏི་མུག་ནི༔ ཡེ་གདོད་མའི་རང་སེམས་ཆོས་ཀྱི་སྐུ་འདི་ཡིན༔ ཡར་སངས་རྒྱས་ཀྱིས་མ་བཅོས༔ མར་སེམས་ཅན་གྱིས་མ་བསླད༔ བར་གློ་བུར་གྱི་དྲི་མས་མ་གོས་པ་ཡིན་པ་ལ༔ དེ་ངོ་མ་ཤེས་པས་གཏི་མུག་རང་གར་སོང་སྟེ༔ མ་རིག་འཁྲུལ་པའི་གཏི་མུག་ཏུ་སོང་༔ དེ་ལ་བརྟེན་ནས་ཕྱི་ཡུལ་རྐྱེན་གྱི་གཏི་མུག་ཤར་ཏེ༔ དུག་ལྔ་དུག་གསུམ་བྱུང་བ་ལས༔ རང་སེམས་འཁོར་བར་འཁྱམས་སོ༔ གཞི་རང་ལ་བརྟེན་པའི་གཏི་མུག་མཁན་ནོ༔ རྩད་བཅད་པ་ནི༔ ཕྱི་ཡུལ་སྣང་དུ་གཏི་མུག་སྐྱེས་པའི་རྒྱུ་དགའ་མི་དགའམ༔ ཆོས་བརྒྱད་ཀྱི་ངོ་བོ་ཉོན་མོངས་པ་ཅི་ལ་བརྟེན་ནས་ཅི་བྱུང་སྟེ༔ གཏི་མུག་དེ་ལ་ངོ་བོ་ཅི་འདུག༔ གཏི་མུག་དེ་རང་གི་ངོ་བོ་ལ་རྐྱང་འདེད་བྱས་ལ་དངོས་པོ་ཅི་འདུག༔ ལེགས་པར་ཐག་བཅད་པས་གཏི་མུག་གི་ངོ་བོ་ལ་གཟུགས་དང་ཁ་དོག་དངོས་པོ་མ་རྙེད་པར༔ གཏི་མུག་སྐྱེས་པ་དེ་རང་གི་སེམས་སུ་ཐག་ཆོད་ཅིང་༔ ངོ་ཤེས་ཙ་ན་ཕྱི་ཡུལ་རྐྱེན་ལ་བརྟེན་ནས་གཏི་མུག་བྱུང་བ་ཐམས་ཅད༔ རང་སྣང་གི་སེམས་ཀྱི་ཆོ་འཕྲུལ་མ་རྟོགས་པ༔ དོན་ལོགས་ན་གཅིག་ཀྱང་མེད་པར་ཤེས་ཏེ༔ ཕྱི་ཡུལ་རྐྱེན་ལས་ཚུར་ཡོང་ནས་གཏི་མུག་བྱུང་བ་ཡང་མེད༔ ནང་དུ་རང་གིས་ངོ་མ་ཤེས་པ་ཡིན༔ ད་གཏི་མུག་གི་ངོ་བོ་རང་སེམས་སུ་ཐག་ཆོད་ཙ་ན༔ ངོ་རང་ཐོག་ཏུ་འཕྲོད་ནས་གཏི་མུག་གི་ངོ་བོ་རང་སྟོང་དུ་ངོས་བཟུང་མེད་པར་འཆར་རོ༔ དེ་ཙ་ན་གཏི་མུག་མཁན་པོ་རྩད་ཆོད་པ་ཡིན་ནོ༔ མཁན་པོ་རྩད་ཆོད་ཙ་ན་ཕྱི་རོལ་ཏུ་གཏི་མུག་རིགས་ཅི་ཤར་ཡང་སེམས་སུ་ངོ་འཕྲོད༔ དབྱེར་མེད་དུ་ཁྲོལ་གྱིས་འགྲོ༔ གཏི་མུག་རང་སེམས་སུ་རྟོགས་པས་ཕྱི་ཡུལ་སྣང་སེམས་སུ་ངོ་འཕྲོད་པས༔ གཏི་མུག་སྐྱེ་བའི་རྒྱུ་དང་རྐྱེན་ཐམས་ཅད་རང་སར་དག༔ རང་ངོ་ཤེས་ཕྱི་ཡུལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་ཏེ༔ སྤང་བླང་གི་མཐའ་དང་བྲལ་ཏེ་གཏི་མུག་འོད་གསལ་དུ་འཆར༔ གཞི་རང་ལ་བརྟེན་པའི་གཏི་མུག་རྩད་ཆོད་པའོ༔ ད་ཡུལ་རྐྱེན་ལ་བརྟེན་པའི་མ་རིག་འཁྲུལ་པའི་གཏི་མུག་རྩད་བཅད་པ་ནི༔ དབང་པོ་སྒོ་ལྔ་ལ་བརྟེན་ནས་གཟུགས་ལེགས་མི་ལེགས་སྒྲ་སྙན་མི་སྙན་དྲི་ཞིམ་མི་ཞིམ་རོ་མངར་མི་མངར་རེག་བྱ་འཇམ་རྩུབ་དགའ་མི་དགའ་ལ་སོགས་པ་གཅིག་ལ་བརྟེན་ནས་གཏི་མུག་འཆར་རོ༔ དེ་ཡང་ལུས་ངལ་དུབ་ཀྱི་གཏི་མུག་དང་སེམས་ཉོན་མོངས་ཀྱི་གཏི་མུག་དང་༔ འཁྲུལ་པ་བག་ཆགས་ཀྱི་གཏི་མུག་སྐྱེས་པ་ལ་ཅེར་གྱིས་བལྟས་ལ་ངོ་བོ་གཟུགས་ཁ་དོག་ཅི་འདུག་བལྟའོ༔ དེ་ལ་ངོ་བོ་མ་རྙེད་ན་དེ་རང་གི་ངང་ལ་དར་གཅིག་བཞག་གོ༔ ཡང་ནས་ཡང་དུ་བལྟ་ཞིང་རྩད་བཅད་དོ༔ བལྟས་པས་ངོ་བོ་མ་མཐོང་ན་ཕྱི་ཡུལ་རྐྱེན་ཐམས་ཅད་རང་གི་སེམས་སུ་ཐག་བཅད་དོ༔ སེམས་སྟོང་ཉིད་དུ་ཐག་བཅད་དོ༔ དེ་ལྟར་ཆོད་པས་གཏི་མུག་འོད་གསལ་དུ་འཆར་རོ༔ དེ་ཤར་ཙ་ན་ཕྱི་སྣང་བ་ལ་བརྟེན་པའི་གཏི་མུག་ཐམས་ཅད་གྲོགས་སུ་འཆར་ཏེ༔ སྤང་རྒྱུ་སྐད་ཅིག་ཀྱང་མེད་དོ༔ གཏི་མུག་སེམས་སུ་ཤེས་པས་གཏི་མུག་གི་ངོ་བོར་ཤར༔ གཉིས་གཅིག་ཏུ་ཤེས༔ དེ་ཙ་ན་ཕྱི་རོལ་ཡུལ་སྣང་ཐམས་ཅད་རང་སེམས་ཀྱི་རྩལ་དུ་མ་གྱུར་པ་མེད་དོ༔ གཏི་མུག་མུན་ལྟར་དུ་འཐིབས་ཀྱང་མཆོག་ཏུ་ཆེ༔ དུས་དེ་ཙ་ན་ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལང་ཡིན་ནོ༔ དཔེར་ན་ཆུ་དང་ཆུ་འདྲེས་པའམ༔ མེ་ལ་ཤིང་བུས་པ་བཞིན་ནོ༔ གཏི་མུག་གི་རང་བཞིན་འོད་གསལ་བ༔ འོད་གསལ་གྱི་རང་བཞིན་ནི་ཆོས་ཀྱི་སྐུ༔ གཏི་མུག་ཐམས་ཅད་བདེ་བའི་མཆོག༔ དེ་ཙ་ན་གཏི་མུག་གི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་མེད་ས་ལེ་སིང་ངེ་བ༔ ངོས་བཟུང་མེད་པ་ཆོས་ཀྱི་སྐུའོ༔ ནང་རིག་པ་འོད་གསལ་དུ་ཤེས་ཙ་ན༔ ཕྱི་ནང་སྐྱེས་པའི་གཏི་མུག་ཐམས་ཅད༔ ནང་ཡེ་ཤེས་ཀྱི་རྩལ་ཡིན་ནོ༔ དེ་གཉིས་གཅིག་ཏུ་ལོངས་ཙ་ན་གཏི་མུག་ལམ་དུ་གྱུར་པ་ཡིན་ནོ༔ དུག་ལྔའི་ནང་ནས་གཏི་མུག་འབྱུང་ལྔ་དང་སྦྱར་ན༔ ནམ་མཁའི་ཁམས་ཡིན་ནོ༔ འོད་ལྔའི་ནང་ནས་མཐིང་ག༔ ཡེ་ཤེས་ལྔའི་ནང་ནས་ཆོས་དབྱིངས་ཡེ་ཤེས༔ དེ་ཙ་ན་གཏི་མུག་འོད་གསལ་དུ་འཆར༔ མ་བསྒོམས་སངས་རྒྱས་སྒྲུབ་ཏུ་མེད༔ བདེ་ཆེན་ཞིང་དུ་མ་གྱུར་གཅིག་ཀྱང་མེད༔ གཏི་མུག་ལམ་མྱུར་གྱི་གདམས་པ་འདི༔ མ་བསྒོམས་སངས་རྒྱས་རང་ངོ་ཤེས་དུས་གྲོལ༔ གཞན་མེད་གདམས་པའི་ཁྱད་པར་གཏི་མུག་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་གསང་བའི་ལམ་དུ་ཁྱེར་བའི་རིམ་པ་ཁོལ་དུ་བྱུང་༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་སཱའི་གླིང་དུ་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་ཕུག་ཏུ་སྦས༔ སློབ་དཔོན་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན༔ དེས་དུང་ཚོ་རས་པ་ལ༔ དེས་ཉི་མ་རང་གྲོལ༔ དེས་ཉི་ཟླ་མཚན་ཅན༔ དེས་ཆོས་གསལ་རྡོ་རྗེ༔ དེས་མྱང་པོ་དོན་འགྲུབ་རྒྱལ་པོ༔ དེས་སྤྲུལ་སྐུ་བྱང་ཆུབ་གླིང་པ༔ དེས་དྲིན་ཅན་སྣ་ཚོགས་རང་གྲོལ༔ དེས་བདག་ལའོ༔ སྐལ་ལྡན་རིམ་པར་འཕྲད་པར་ཤོག༔ བཀའ་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ཞེ་སྡང་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ཞེ་སྡང་རྡོ་རྗེའི་ཤོག་དྲིལ་བཞུགས༔
ན་མོ་དྷེ་ཝ་ཌཱཀྐི་ནི༔ དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཞེ་སྡང་ལམ་ཁྱེར་འདི་ལ་དོན་གཉིས་ཏེ༔ སྔོན་འགྲོ་དངོས་གཞི་གཉིས་ཀྱི་སྒོ་ནས་སྟོན༔ ཐོག་མར་རི་ཁྲོད་དམ་ནགས་ཁྲོད་དབེན་པའི་གནས་སུ༔ ཉིན་མཚན་འཁོར་ཡུག་ཏུ་བླ་མ་ལ་གསོལ་བ་བཏབ༔ མཎྜལ་ཕུལ༔ མཁའ་འགྲོ་ལ་ཚོགས་དང་གཏོར་མ་བཤམ༔ གཞི་བདག་ལ་བདེན་པ་བརྡར༔ ལན་ཆག་གཏོར་མས་སྦྱང་༔ འཁོར་བའི་ཉེས་དམིགས་སྒོམ༔ བླ་མ་གྲུབ་ཐོབ་ཀྱི་རྣམ་ཐར་བསམ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་༔ རྟོགས་ལྡན་གྱི་བླ་མ་དམ་པ་གཅིག་ལ་གདམས་པ་ཉམས་སུ་ལེན་པར་བྱ་སྟེ༔ སྔོན་འགྲོ་འདི་རྣམས་ལ་ནན་ཏན་སླབ་པ་གལ་ཆེའོ༔ དངོས་གཞི་ལ༔ དང་པོ་ཞེ་སྡང་སྐྱེ་བའི་མཁན་པོ་གཅིག་ཡོད་པ་དེ་རྩད་བཅད་པ་ལ་གཉིས༔ ཀུན་གཞི་དང་རང་རང་ལ་བརྟེན་པའི་ཞེ་སྡང་གཉིས༔ དང་པོ་རང་ལ་སྐྱེ་བའི་ཞེ་སྡང་གི་མཁན་པོ་རྩད་བཅད་པ་ནི༔ ཞེ་སྡང་གི་ངོ་བོ་ལ་ཅེར་གྱིས་བལྟས་ཏེ༔ ངོ་བོ་གཟུགས་ཁ་དོག་མཚན་མའི་དངོས་པོ་ཅིར་འདུག་ཐག་བཅད་དོ༔ ཞེ་སྡང་སྐྱེ་བའི་མཁན་པོ་དེ་རང་སྐྱེ་བ་ཡིན་ནམ༔ མཁན་པོ་དེ་ལ་ངོས་བཟུང་ཁ་དོག་སོགས་ཅི་ཡང་མ་རྙེད་ན༔ ཡེ་མེད་པ་གཅིག་ཡིན་ནམ་ལྟར་འཇུག༔ དེ་མ་རྙེད་ན་དར་ཅིག་དེ་རང་བཞག་ལ་དེ་གའི་ངང་ནས་ཐག་ཆོད་ཅིག༔ ཅིས་ཀྱང་མ་རྙེད་ན་ཡར་སངས་རྒྱས་དང་མར་འཁོར་བའི་སེམས་ཅན་ལ་སྐྱོན་ཡོན་གཉིས་སུ་མེད་ཐང་པ་ལ་འདི་གཉིས་སུ་གང་ནས་བྱུང་༔ དེ་ལྟར་བྱས་ཀྱང་ངོས་བཟུང་མ་རྙེད་ན༔ ཁ་ཚུར་ལོག་ལ་ཡེ་ནས་ཡོད་པ་ཡིན༔ ཡེ་གདོད་མ་ནས་ངོ་བོ་རང་བཞིན་གྱིས་གསལ༔ ཡེ་ནས་མ་སྐྱེས་མི་འགག་པ་གཅིག་ཡིན་པ་ལ༔ དེ་དེ་ལྟར་དུ་མ་ཤེས་པས་མ་རིག་འཁྲུལ་པ་བྱུང་པ་ལགས་མོད༔ དེས་ན་འཁོར་བར་འཁྱམས༔ སྡུག་བསྔལ་མྱོང་༔ རང་གི་ངོ་བོ་ཞེ་སྡང་དུ་ངོ་བོ་སྟོང་པ་རང་ཐོག་ཏུ་འཕྲོད་ནས༔ ཐམས་ཅད་ཞེ་སྡང་གི་རང་བཞིན་ཆོས་ཉིད༔ མདོར་ན་ཞེ་སྡང་གི་རིགས་ཐམས་ཅད་རང་བཞིན་གསལ༔ ཐུགས་རྗེ་འགག་པ་མེད་པ་དེ་ཙ་ན་ཞེ་སྡང་རང་སེམས་སྟོང་པའི་ཆོ་འཕྲུལ་དོན་རང་ལས་ལོགས་ན་གཅིག་ཀྱང་མེད་མོད༔ རང་ཡང་ཞེ་སྡང་ཡིན༔ ཞེ་སྡང་ཡང་རང་ཡིན༔ ངོ་བོ་གཅིག་རྣམ་པ་གཉིས༔ གཉིས་པོ་ནམ་བྱུང་བ་ན་སྟོང་པར་ཤེས་པས་ཞེ་སྡང་གི་ངོ་བོ་བློ་བྲལ་གཉིས་མེད་ཀྱི་དོན་རྟོགས་ཏེ༔ ཐམས་ཅད་རང་སེམས་སུ་ངོ་འཕྲོད༔ ཞེ་སྡང་སྐྱེ་བའི་ཡུལ་གཟུགས་སོགས་ཕྱིའི་སྐྱེ་མཆེད་དགྲ་དང་གཉེན་སོགས་ཐམས་ཅད་ལ་རང་ངོ་སྤྲད་ཅིང་གཉིས་འཛིན་ཞིག་པས་དགག་སྒྲུབ་སྤང་བླང་ཕྱོགས་རིགས་ཀུན་དང་བྲལ༔ མཁན་པོ་དེ་རྩད་ཆོད་པ་ཡིན་ནོ༔ ཕྱི་རོལ་ཡུལ་རྐྱེན་ལ་བརྟེན་ནས་མ་རིག་འཁྲུལ་པའི་ཞེ་སྡང་རྩད་གཅད་པ་ནི༔ བཟོད་པར་དཀའ་བའི་རྐྱེན་དྲག་པོས་ཞེ་སྡང་ལོང་སྟེ་སྐྱེས་ཡོང་༔ དེ་རྣམས་རང་ལས་སྐྱེས་པ་ཡིན་ནམ༔ དགྲ་སོགས་ཕ་རོལ་ལས་སྐྱེས་པ་ཡིན་ལེགས་པར་ཐག་བཅད༔ དེ་ལྟར་མ་ཤེས་པས་ཞེ་སྡང་སྐྱེས་པ་ཡིན༔ ངོ་རང་ཐོག་ཏུ་འཕྲོད་ན་ཞེ་སྡང་རང་སར་གྲོལ༔ དགྲ་སོགས་མི་འཚམས་པ་ཅི་བྱས་ཀྱང་ཞེ་སྡང་མི་སྐྱེ༔ གལ་ཏེ་སྐྱེས་ཀྱང་ངོ་བོ་ལ་བལྟས་པ་ཙམ་གྱིས་གྲོལ༔ ཕྱི་རོལ་དུ་ཞེ་སྡང་སྐྱེ་བའི་ཡུལ་རྐྱེན་ཐམས་ཅད་རང་སེམས་ཀྱི་ངོ་བོར་ཤེས་ཙམ་ན༔ ཕྱི་ཡུལ་ཞེ་སྡང་སྐྱེ་བའི་རྣམ་པ་ཅི་ཤར་ཡང་༔ ཐམས་ཅད་མེ་ལ་ཤིང་གྲོགས་སུ་བྱུང་བ་བཞིན་དུ་ཨ་ལ་ལར་སོང་༔ ཇི་ལྟར་མཚོ་ལ་རླབས་གཡོས་ཀྱང་༔ མཚོ་མིན་གཞན་ཞིག་གང་ན་གདའ༔ ཤིང་སྐྱེས་སྡོང་པོའི་ཡལ་འདབ་ཀྱང་༔ ཤིང་ལས་ལོགས་ཤིག་གང་ན་ཅི༔ ཕྱི་རོལ་ཡུལ་རྐྱེན་ཞེ་སྡང་ཡང་༔ ཆོ་འཕྲུལ་སེམས་ལས་གཞན་སུ་དག༔ ཕྱི་རོལ་ཡུལ་རྐྱེན་མེ་ལོང་ནང་༔ མ་རིག་ནང་གི་ཞེ་སྡང་ཤར༔ དེས་ན་སེམས་ངོ་ཤེས་ཙམ་ན༔ ཐམས་ཅད་རང་སེམས་སྟོང་པ་འདིར༔ མཚན་འཛིན་སྤང་བླང་ཀུན་དང་བྲལ༔ ཐམས་ཅད་གསལ་སྟོང་རྗེན་པ་ཐལ༔ སྐྱེས་ཚད་ཞེ་སྡང་ཆོས་ཀྱི་སྐུ༔ ཆོས་སྐུ་སྐྱེ་འགག་གཉིས་དང་བྲལ༔ ལམ་དུ་འཁྱེར་བ་ལ་ཚོང་འདུས་ལ་སོགས་པའི་ཇི་ལྟར་འཚོགས་ཆེ་བའི་སར་ཕྱིན༔ མི་དང་མི་མཐུན་པའི་སྤྱོད་པ་བྱས་ལ་བརྟུལ་ཞུགས་སྐྱོང་༔ དེ་ནས་མིས་ཞེ་སྡང་ལོངས་འདུག་པ་དང་༔ སྔར་གྱི་ཉམས་ལེན་ལ་འཇོགས་མི་འདོད་ན་ཉམས་རོ་འབྱམས་པ་ཡིན་པས་ད་དུང་ནན་དུ་བྱེད༔ གཞན་ཡང་སྔར་དགྲ་གཉེན་གཉིས་ཀྱི་ཅི་བྱེད༔ བྱས་པའི་ངོ་བོ་གཉིས་སུ་མེད་པར་གཉིས་མེད་དུ་སྔར་ལྟར་ཉམས་ཡང་དག་པ་སྐྱོང་༔ ཡེ་ཤེས་ཀྱི་ཡོ་ལང་ཆོས་སྐུའི་རང་བཞིན༔ ཡུལ་རྐྱེན་གྱིས་རྒྱུ་བྱས༔ རིག་པ་ཆོས་སྐུའི་ངང་དུ་ཀྲོང་གྲོལ༔ དེ་ཙ་ན་ཞེ་སྡང་ལམ་དུ་ལོངས་པ་ཡིན་ནོ༔ དུག་ལྔའི་ནང་ནས་ཞེ་སྡང་འདི་འབྱུང་པ་ལྔ་དང་སྦྱར་ན་ཆུ༔ ཁམས་ཀྱང་ཆུ་རུ༔ སྐུ་དང་སྦྱར་ན་རྡོ་རྗེ་སེམས་དཔའ༔ ཡེ་ཤེས་ལྔ་དང་སྦྱར་ན་མེ་ལོང་ཡེ་ཤེས༔ སྟོང་པ་ལྔ་ལ་སྦྱར་ན་རིག་སྟོང་༔ འོད་ལྔའི་ནང་ནས་དཀར་པོ༔ ཞེ་སྡང་ལམ་ཁྱེར་གྱི་གདམས་པ་འདི་མ་སྒོམས་མྱུར་དུ་སངས་རྒྱས་ཞིང་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པའོ༔ གདམས་པ་ཁྱད་པར་ཅན་ཞེ་སྡང་རྡོ་རྗེའི་ཤོག་དྲིལ་ལགས་སོ༔ མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་ས་གླིང་དུ་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་ཕུག་ཏུ་སྦས༔ སློབ་དཔོན་ཀུན་འབུམ་གྱིས་སྟོན༔ གྲུབ་ཐོབ་དུང་ཚོ་རས་པ་ལ་གནང་༔ དེས་བྱ་གཏང་ཉི་མ་རང་གྲོལ༔ དེས་ཉི་ཟླ་མཚན་ཅན༔ དེས་ཆོས་གསལ་རྡོ་རྗེ༔ དེས་ཉང་པོ་འཁྲུལ་ཞིག༔ དེས་བྱང་ཆུབ་གླིང་པ༔ དེས་རྩ་བའི་བླ་མ་སྣ་ཚོགས་རང་གྲོལ༔ དེས་བདག་ལའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ང་རྒྱལ་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ང་རྒྱལ་རྡོ་རྗེའི་ཤོག་དྲིལ་བཞུགས༔
ན་མོ་རཏྣ་ཌཱཀྐི་ནི༔ དཔལ་རིན་ཆེན་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ང་རྒྱལ་ལམ་དུ་འཁྱེར་བའི་གདམས་པ་འདི་ལ་དོན་གཉིས་ཏེ༔ གཞི་རང་རྒྱུད་ཀྱི་ང་རྒྱལ་དང་༔ རྐྱེན་ཡུལ་སྣང་ལ་བརྟེན་པའི་ང་རྒྱལ་གཉིས༔ དང་པོ་རྩད་གཅད་པ་ནི༔ ཡེ་གདོད་མ་ནས་བདེ་བར་གཤེགས་པའི་སྙིང་པོ༔ གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ གཞི་རང་རྒྱུད་ཀྱི་ང་རྒྱལ་བྱུང་༔ གཉིས་པ་རྐྱེན་ཡུལ་སྣང་ལ་བརྟེན་པའི་ང་རྒྱལ་ནི༔ གཞི་རང་རྒྱུད་ཀྱི་ང་རྒྱལ་ངོ་མ་ཤེས་པས་རྐྱེན་ཡུལ་སྣང་ལ་ཆགས་ནས༔ མ་རིག་འཁྲུལ་པའི་ང་རྒྱལ་བྱུང་ངོ་༔ རང་རྒྱུད་ཀྱི་ང་རྒྱལ་ཁམས་འཁྲུགས་སོགས་སྐྱེ་བའི་དུས༔ དེའི་ངོ་བོ་ཅི་འདུག་ཁ་དོག་དབྱིབས་སོགས་ལེགས་པར་ཐག་བཅད་དོ༔ དེའི་མཚན་མའི་དངོས་པོ་གང་དུ་མ་རྙེད་ན༔ དེ་རང་གི་ངང་དུ་དར་གཅིག་བཞག་ལ༔ ཡང་ང་རྒྱལ་དེ་རང་ཡིན་ནམ༔ གཞན་ཡིན་ནམ༔ ཕྱི་ནས་བྱུང་ངམ་ནང་ནས་བྱུང་ད་རུང་ཐག་གཅད་དོ༔ བྱུང་ཁུངས་ཁ་དོག་གཟུགས་སོགས་མ་རྙེད་ན༔ འོ་ན་ཅི་ཡང་མེད་པའི་སྟོང་པ་གཅིག་ཡིན་ནམ་ལེགས་པར་ཐག་བཅད༔ དེ་ལྟར་བྱས་ཀྱང་ངོ་བོ་མ་རྙེད་ན༔ མ་རྙེད་པའི་ངང་ནས་ཁ་ནང་དུ་ལོག་ལ་དར་གཅིག་བཞག་གོ༔ དེ་ཡང་ཡོད་པ་གཅིག་ཡིན་ནམ་ལྟོས་དང་མེད་པ་གཅིག་མིན༔ མེད་ན་ང་རྒྱལ་སྐྱེ་བའི་དོན་མེད༔ ཡོད་ན་གཟུགས་དང་ཁ་དོག་དངོས་པོ་ཅི་འདུག༔ མེད་བཞིན་དུ་མ་འགགས་པར་ང་རྒྱལ་སྐྱེ་བ་འདི་ཡོད་པ་ཡིན་མོད༔ དེས་ན་ང་རྒྱལ་སྐྱེས་པ་ཐམས་ཅད་སྟོང་པ་ཡིན༔ སྟོང་ཉིད་ཆོས་སྐུ་རུ་ངོ་མ་ཤེས༔ སེམས་རིག་པ་སྟོང་པ་འདི་ལ་ང་མེད་ལ་ང་རུ་བཟུང་༔ བདག་མེད་ལ་བདག་ཏུ་བཟུང་བའི་ང་རྒྱལ་དུ་སོང་པ་ཡིན་མོད༔ སྟོང་པའི་ངོ་བོ་ཆོས་ཉིད༔ ཆོས་ཉིད་ཀྱི་ངོ་བོ་ཅིར་ཡང་མ་འགགས་པ་ས་ལེ་སིང་ངེ་མེད༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡིན་མོད༔ དེ་རང་ལ་ཡོད་པའི་ངོ་མ་ཤེས་པས་ལན༔ ད་ཕྱིན་ང་རྒྱལ་སྟོང་ཉིད་ཆོས་སྐུར་ངོ་ཤེས་ཙ་ན༔ ང་རྒྱལ་རི་ལྟར་སྤུངས་ཀྱང་སྐྱོན་མེད་དེ༔ ང་རྒྱལ་གྱི་རང་བཞིན་སྟོང་པ་ཡིན༔ སྟོང་པའི་རང་བཞིན་ཆོས་ཉིད་ཡིན༔ ང་རྒྱལ་གྱི་རང་བཞིན་སྟོང་པ་ཡིན་པས་སྤོང་པའི་ཡུལ་མེད༔ ངོ་བོ་རང་སྤང་ཡིན་པས་སྤང་རྒྱུ་ཅི་ཡང་མེད༔ གཉིས་ཀ་དབྱེར་མེད་དུ་རྟོགས་ཙ་ན༔ ང་རྒྱལ་གྱི་མཁན་པོ་རྩད་ཆོད་པས་གཞི་རང་རྒྱུད་ཀྱི་ང་རྒྱལ་ངོ་ཤེས་པ་ཡིན་ནོ༔ དཔེར་ན་ནོར་བདག་གི་རྐུན་མ་རྩད་ཆོད་པ་དང་འདྲ༔ ད་ང་རྒྱལ་སྐྱེས་ཚད་སེམས་སུ་ཤེས་པས་ཆོག་གོ༔ གཉིས་པ་ཡུལ་རྐྱེན་ལ་བརྟེན་ནས་མ་རིག་འཁྲུལ་པའི་ང་རྒྱལ་རྩད་གཅད་པ་ལ༔ གཅོད་ལུགས་གོང་ལྟར་དགྲ་གཉེན་བཟོད་པར་དཀའ་བའི་རྐྱེན་གྱིས་ང་རྒྱལ་འཁྲུགས་པ་རིམ་པ་གཅིག་བྱུང་ན༔ དེ་གའི་ངོ་བོ་ལ་ཅེར་ལྟོས༔ སྔོན་དུ་མཁན་པོ་རྩད་བཅད་པའི་དོན་གྱིས་འདིར་ཡང་ང་རྒྱལ་གྱི་རང་བཞིན་སྟོང་པར་ངོ་སྤྲོད༔ རང་སེམས་ཀྱི་ང་རྒྱལ་སྟོང་པར་ངོ་ཤེས་ཙ་ན༔ ཕྱི་ཡུལ་རྐྱེན་གྱི་རྣམ་པ་གཟུང་འཛིན་སྐྱེ་བའི་རྐྱེན་ཐམས་ཅད་ངོ་ཤེས་ཏེ༔ སྤང་བླང་བྲལ༔ དེ་ཙ་ན་ང་རྒྱལ་གྱི་མཁན་པོ་རྒྱུ་རྐྱེན་ཡུལ་ཅན་ངོ་བོ་གཅིག་ཏུ་ཤེས༔ ང་རྒྱལ་ལམ་དུ་གྱུར་པ་ཡིན་ནོ༔ སེམས་ཉིད་བདེ་ཆེན་དུ་འཆར༔ སངས་རྒྱས་ཀྱི་དགོངས་པ་ཤེས༔ ང་རྒྱལ་གྱི་སྡོང་པོ་ལ་ཆོས་ཉིད་ཀྱི་ལོ་འདབ་རྒྱས་པ་ཡིན༔ ང་རྒྱལ་རགས་ན་ཆོས་སྐུ་རགས༔ ང་རྒྱལ་ལམ་དུ་གྱུར་པའི་ཚད་ཡིན་ནོ༔ དུག་ལྔའི་ནང་ནས་ང་རྒྱལ་འདི་འབྱུང་བ་ལྔ་དང་སྦྱར་ན་ས་ཡིན་ནོ༔ ཁམས་ལྔ་དང་སྦྱར་ན་སའི་ཁམས༔ སྟོང་པ་ལྔ་དང་སྦྱར་ན་བདེ་སྟོང་༔ སྐུ་ལྔ་དང་སྦྱར་ན་རིན་ཆེན་འབྱུང་ལྡན༔ ཡེ་ཤེས་ལྔ་དང་སྦྱར་ན་མཉམ་ཉིད་ཡེ་ཤེས༔ འོད་ལྔ་དང་སྦྱར་ན་སེར་པོ༔ ང་རྒྱལ་ལམ་དུ་འཁྱེར་བའི་གདམས་པ་ཐོས་པ་དང་གྲོལ་བ་དུས་མཉམ༔ མ་བསྒོམས་སངས་རྒྱས་པའི་གདམས་པ་ནི༔ རྡོ་རྗེ་ཕག་མོས་དུར་ཁྲོད་སོ་ས་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་ཕུག་ཏུ་གཏེར་དུ་སྦས༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་ཏེ༔ རྟོག་ལྡན་དུང་ཚོ་རས་པ་ལ་གནང་༔ ཁོང་གིས་བྱ་གཏང་ཉི་མ་རང་གྲོལ་ལ་གནང་༔ ཁོང་གིས་བླ་མ་ཉི་ཟླ་གཏེར་ཆེན་ལ༔ ཁོང་གིས་མཚུངས་མེད་ཆོས་གསལ་རྡོ་རྗེ་ལ་གནང་༔ ཁོང་གིས་དྲིན་ཅན་དོན་གྲུབ་རྒྱལ་པོ་ལ་གནང་༔ ཁོང་གིས་སྤྲུལ་སྐུ་བྱང་ཆུབ་གླིང་པ་ལ་གནང་༔ དེས་རྩ་བའི་བླ་མ་སྣ་ཚོགས་རང་གྲོལ་ལ་གནང་༔ དེས་བདག་ལ་གནང་ནས་ཕྱག་དཔེ་ལས་ཞལ་བཤུས་པའོ༔ དགེ་འདིས་སྐལ་ལྡན་རིམ་པར་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་འགྲུབ་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ་བཞུགས༔
པདྨ་ཌཱཀྐི་ནི༔ དཔལ་པདྨ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ འདོད་ཆགས་ལམ་དུ་འཁྱེར་བ་ལ་གཉིས་ཏེ༔ དེ་རྒྱུ་རང་ལ་བརྟེན་པའི་འདོད་ཆགས་དང་༔ རྐྱེན་དངོས་པོ་ལ་ཆགས་པའི་འདོད་ཆགས་དང་གཉིས༔ རྒྱུ་རང་ལ་བརྟེན་པའི་འདོད་ཆགས་ལ་གཉིས་ཏེ༔ གཞིའི་ཉོན་མོངས་ཀུན་གཞིའི་འདོད་པ་དང་༔ དེ་ལ་བརྟེན་ནས་མ་རིག་འཁྲུལ་པའི་འདོད་པའོ༔ ཉོན་མོངས་ཀུན་གཞིའི་འདོད་པ་ནི༔ ཡེ་གདོད་མ་ནས་རང་བཞིན་ཏེ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ༔ སངས་རྒྱས་ཀྱིས་མ་བཅོས་སེམས་ཅན་གྱིས་མ་བསླད༔ གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་ཉོན་མོངས་པའི་འདོད་པ་སྐྱེས་པས༔ འཁྲུལ་པ་མ་རིག་པའི་འདོད་པ་བྱུང་༔ འཁྲུལ་པ་དེ་ལ་བརྟེན་ནས་ཕྱི་རོལ་ཡུལ་སྣང་གི་དངོས་པོ་ལ་འདོད་པ་སྐྱེ་སྟེ༔ དུག་ལྔ་དུག་གསུམ་དུ་ཤར་ཏེ་འཁོར་བར་འཁྱམས༔ དང་པོ་གཞི་རང་ལ་བརྟེན་པའི་འདོད་པ་མཁན་པོ་རྩད་གཅོད་པ་ནི༔ ཕྱི་འདི་ཡུལ་སྣང་ཡིད་དུ་འོང་བ་མཛེས་པ་དང་༔ བློ་མཐུན་པ་ལྟ་བུ་དང་འཕྲད་པ་དང་མཐོང་དུས་དེའི་ངོ་བོ་ཅིར་འདུག༔ གཟུགས་ཁ་དོག་དངོས་པོ་ཅིར་འདུག་གཅད༔ དེ་མཐོང་མ་མཐོང་ལ་ཁྱད་པར་ཐོབ་ཤོར་ཅི་འདུག༔ གཟུགས་དངོས་ཅི་འདུག༔ མཐར་མ་རྙེད་པ་འདོད་པའི་མཁན་པོ་རང་གི་སེམས་སུ་ཐག་ཆོད་ཅིང་ངོ་ཤེས་ཙ་ན༔ ཕྱི་རོལ་གྱི་ཡུལ་སྣང་ལ་འདོད་པ་སྐྱེས་པ་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་མ་རྟོགས་པ་དོན་ལོགས་ན་མེད་པར་ཤེས་ཏེ༔ ཕྱི་རོལ་གྱི་ཡུལ་སྣང་ཚུར་ཡོང་ནས་རང་ལ་གནོད་པ་བསྐྱལ༔ རང་གི་ཕྱིར་ཕྱིན་ནས་ཕྱི་རོལ་དུ་ཕན་མ་བཏགས༔ རང་ཐོག་ཏུ་ངོ་སྤྲོད་པས་འདོད་པའི་མཁན་པོ་ངོ་བོ་རང་སྟོང་དུ་ངོས་བཟུང་མེད་པར་འཆར༔ དེ་ཙ་ན་འདོད་པའི་མཁན་པོ་རྩད་ཆོད་ཙ་ན༔ མཛེས་མ་སོགས་ཅི་མཐོང་ཡང་རང་སྣང་དུ་ངོ་ཤེས་པས་རང་གྲོལ་དུ་འོང་༔ སྣང་བ་འདོད་པའི་མཁན་པོ་རང་སྟོང་དུ་རྟོགས་པས༔ ཕྱི་ཡུལ་རྐྱེན་སེམས་སུ་ངོ་འཕྲོད་པས་སྤང་བླང་དང་དགག་སྒྲུབ་རང་དག་སྟེ༔ ཕྱི་ཡུལ་རྐྱེན་སྣང་གྲོགས་སུ་ཤར་ནས༔ རང་ལ་བརྟེན་པའི་འདོད་པ་འཕྲོ་ཆོད་པའོ༔ ངོ་འཕྲོད་པའོ༔ སྤོང་ལེན་གྱི་མཐའ་དང་བྲལ༔ རྐྱེན་ཡུལ་སྣང་ལ་བརྟེན་ནས་ཆགས་པ་ནི༔ དོན་ལྔ་སྟེ༔ དང་པོ་སྒོ་ལྔ་ལ་བརྟེན་ནས་མིག་གིས་གཟུགས་རྣ་བས་སྒྲ་སྣས་དྲི་ལྕེས་རོ་ལུས་ཀྱིས་རག་བྱ་འཇམ་པ་ལ་རིམ་གྱིས་ཆགས་པས༔ ཕྱི་ཡུལ་རྐྱེན་དུ་སྣང་བ་ལ་ཆགས་པ་ཐམས་ཅད་ནང་སྒོ་ལྔའི་རིག་པའི་རྩལ་དུ་མ་ཤེས་པས༔ དེ་ལ་ཆགས་པས་རིགས་དྲུག་གི་སྡུག་བསྔལ་མྱོང་༔ ངོ་མ་ཤེས་པས་དེ་ལྟར་འཁོར་བར་འཁྱམས༔ དེ་ལ་དང་པོ་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་རང་སེམས་སུ་ཐག་བཅད་དོ༔ དེ་ཡང་སྟོང་ཉིད་དུ་ཐག་བཅད༔ དེ་ཆོད་ཙ་ན་ཕྱིའི་ཡུལ་རྐྱེན་ཐམས་ཅད་དེར་ཤེས་སོ༔ གཉིས་ཀ་གཉིས་མེད་དུ་ཤེས༔ དེས་ན་ཕྱི་རོལ་སྣང་བའི་ཆགས་རིགས་ཐམས་ཅད་རང་རིག་སེམས་ཁོ་ནའི་རྩལ་དུ་མ་གྱུར་པ་མེད་དོ༔ འདོད་ཆགས་ཆུ་ལྟར་གཡོས་ཀྱང་ཨའུ་རྩི༔ ཐམས་ཅད་སེམས་ཀྱི་རང་བཞིན་མེ་འབར་ཞིང་མནན་མཚོན་དུའོ༔ འདོད་ཆགས་རང་བཞིན་ཆོས་ཀྱི་སྐུ༔ འདོད་ཆགས་རང་བཞིན་བདེ་བ་ཆེ༔ འདོད་ཆགས་རང་བཞིན་ཡེ་ཤེས་ཆེ༔ དུས་དེར་ཕྱི་རོལ་ཆགས་པ་ཡིས༔ འདོད་ཆགས་སྤུ་ཙམ་སྤང་དུ་མེད༔ ནང་རིག་པའི་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་འགགས་པ་མེད་པ༔ གསལ་བ་དེ་ཆོས་སྐུ་ཡིན༔ ཕྱི་ཡུལ་སྣང་དུ་འདོད་ཆགས་སྐྱེས་པ་ཐམས་ཅད༔ ནང་རིག་པ་ཆོས་སྐུའི་རྩལ་ཡིན་ནོ༔ དེ་ངོ་ཤེས་ཙ་ན་འདོད་ཆགས་ཀྱི་ལམ་ཀློང་དུ་གྱུར་པ་ཡིན་ནོ༔ འདོད་ཆགས་དུག་ལྔའི་ནང་ནས༔ འབྱུང་བ་ལྔ་དང་སྦྱར་ན་མེ༔ ཁམས་ལྔ་དང་སྦྱར་ན་མེའི་ཁམས༔ སྟོང་པ་ལྔའི་ནང་ནས་གསལ་སྟོང་༔ ཡེ་ཤེས་ལྔའི་ནང་ནས་སོ་སོར་རྟོག་པའི་ཡེ་ཤེས༔ འོད་ལྔའི་ནང་ནས་དམར་པོ༔ ཞིང་ཁམས་ལྔའི་ནང་ནས་བདེ་བ་ཅན༔ སྐུ་ལྔའི་ནང་ནས་སྣང་བ་མཐའ་ཡས༔ འདོད་ཆགས་ལམ་དུ་འཁྱེར་བའི་གདམས་པ་འདི་ལམ་མྱུར་བས་མ་སྒོམས་པར་སངས་རྒྱས༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ་གདམས་པའི་ཁྱད་པར་རོ༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་ལེགས་སོ༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་ས་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་ཕུག་ཏུ་གཏེར་དུ་སྦས༔ དེ་ནས་སློབ་དཔོན་ཀུན་དགའ་འབུམ་གྱིས་སྟོན༔ ཁོང་གིས་གྲུབ་ཐོབ་དུང་ཚོ་རས་པ་ལ་གནང་༔ དེས་ཉི་མ་རང་གྲོལ༔ དེས་ཉི་ཟླ་མཚན་ཅན༔ དེས་ཆོས་གསལ་རྡོ་རྗེ་ལ༔ དེས་དོན་གྲུབ་རྒྱལ་པོ་ལ༔ དེས་བྱང་ཆུབ་གླིང་པ་ལ༔ དེས་རྩ་བའི་བླ་མ་ལའོ༔ དེས་བདག་ལ་གནང་བའོ༔ ལས་ཅན་གཅིག་དང་འཕྲད་ནས་སེམས་ཅན་ཀུན་ལ་ཕན་ཐོགས་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ཕྲག་དོག་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལསཿ ཕྲག་དོག་རྡོ་རྗེའི་ཤོག་དྲིལ༔
ན་མོ་ཀརྨ་ཌཱཀྐི་ནི༔ དཔལ་ལས་ཀྱི་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཕྲག་དོག་ལམ་དུ་འཁྱེར་བ་ལ་གཉིས་ཏེ༔ རྒྱུ་དང་རྐྱེན་གཉིས་ལས་དང་པོ་རང་རྒྱུད་ལ་བརྟེན་པའི་སེམས་ཉོན་མོངས་ཀྱི་ཕྲག་དོག་དང་མ་རིག་པའི་ཕྲག་དོག༔ དེ་ནི་རང་གི་སེམས་ལས་བྱུང་༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ཀུན་ལ་ཁྱབ་པ་འདི་ཡང་ཡར་སངས་རྒྱས་ཀྱིས་མ་བཅོས༔ མར་སེམས་ཅན་གྱིས་མ་བསླད༔ བར་གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་པས་འཁྲུལ་པ་མ་རིག་པའི་ཕྲག་དོག་བྱུང་ངོ་༔ དེ་ལ་བརྟེན་ནས་སེམས་ཅན་འཁོར་བ་ནས་འཁོར་བར་འཁོར་རོ༔ དང་པོ་རང་རྒྱུད་ལ་བརྟེན་པའི་ཕྲག་དོག་རྩད་གཅོད་པ་ནི༔ ཕྱི་ཡུལ་སྣང་རང་གི་གྲོགས་དང་དགའ་མཛའ་ཉེ་རིང་གཏམ་གྱི་གླེང་སློང་གཅིག་ལ་བརྟེན་ནས་ཕྲག་དོག་འཚུབས་བྱུང་བའི་དུས་སུ་ཕྲག་དོག་དེ་ལ་ངོ་བོ་ཅི་འདུག༔ གཟུགས་ཁ་དོག་སོགས་མཚན་མའི་དངོས་པོ་གང་འདྲ་གཅིག་འདུག་ཐག་གཅད་དོ༔ གང་དུ་ཡང་མ་རྙེད་པའི་ངང་ལ་དར་ཅིག་འཇོག༔ དེ་གའི་ངང་ནས་ཀྱང་བལྟ་ཞིང་གཅད་དོ༔ ཡེ་མ་རྙེད་ན་དངོས་པོ་ཡོད་པ་ལ་མ་རྙེད་པ་ཡིན་ནམ༔ མེད་པ་རང་ཡིན་བལྟས་པས་ངོ་བོ་རང་སྟོང་དུ་ཁྲོལ་གྱི་ངོས་བཟུང་མེད་པར་རང་སེམས་ཁོ་ནར་ཐག་ཆོད་ན་གཞི་རང་རྒྱུད་ཀྱི་ཕྲག་དོག་རྩད་ཆོད་པའོ༔ དེ་ཙ་ན་ཕྱི་ཡུལ་རྐྱེན་དུ་སྐྱེ་བའི་རྒྱུ་ཐམས་ཅད་རང་སར་དག་ནས་རང་གི་སེམས་ཀྱི་ཆོ་འཕྲུལ་མ་རྟོགས་དོན་ལོགས་ན་དགའ་བ་དང་མི་དགའ་བ་སྟེ༔ ཕྲག་དོག་སྐྱེ་བའི་རྒྱུ་མེད༔ རྐྱེན་མེད་གང་སྐྱེས་ཀྱང་སྐྱེ་བའི་མཁན་པོ་རང་སྟོང་ངོས་བཟུང་མེད་པ་དེ་རང་ཡིན༔ དེ་ཙ་ན་རང་ལ་བརྟེན་པའི་ཕྲག་དོག་གི་མཁན་པོ་རྩད་ཆོད་པས༔ གཉིས་པ་འཁྲུལ་རྐྱེན་ཕྱི་ཡུལ་སྣང་ལ་བརྟེན་པའི་རྩད་གཅོད་ལ༔ གཅོད་ལུགས་གོང་དང་འདྲ་བས༔ དང་པོར་ཕྲག་དོག་གཅིག་འོང་ཞིང་ནམ་བྱུང་བ་དང་དེ་རང་གི་ངོ་བོ་ལ་དར་ཅིག་བལྟས་ཏེ༔ ཕྲག་དོག་དེ་ཕྱི་ནང་གང་ནས་བྱུང་༔ རང་ངམ་གཞན་ཡིན་བལྟས་པས་སྔར་མཁན་པོ་རྩད་བཅད་པའི་སྟོབས་ཀྱིས༔ འདིར་ཡང་ཕྱི་ཡུལ་རྐྱེན་གྱི་ཕྲག་དོག་སྐྱེ་བའི་རྐྱེན་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ཏེ༔ རང་སར་གྲོལ་ནས་དོན་ལེགས་ན་སྤང་རྒྱུ་སྐད་ཅིག་ཀྱང་མེད༔ དེ་ཙ་ན་ཕྲག་དོག་སྐྱེ་བའི་རྒྱུ་རྐྱེན་ཡུལ་སྣང་ཐམས་ཅད༔ ནང་མཁན་པོས་སྟོང་༔ ཕྱི་ཡུལ་གྱིས་སྟོང་༔ བར་དུ་དངོས་པོས་སྟོང་༔ སྤང་བླང་གི་མཐའ་དང་བྲལ༔ ཕྲག་དོག་གི་མཁན་པོ་མེད་པས་ཕྲག་དོག་རླུང་ལྟར་འཚུབ་ཀྱང་ཨའུ་རྩི༔ ཕྲག་དོག་གི་ངོ་བོ་རང་སེམས༔ རང་སེམས་ཀྱི་ངོ་བོ་སྟོང་པ༔ སྟོང་པའི་ངོ་བོ་སྐུ༔ དེ་ཙ་ན་ཕྲག་དོག་ངོ་བོ་སྟོང་༔ རང་བཞིན་གསལ༔ ཐུགས་རྗེ་འགག་པ་མེད་པ་ས་ལེ་སིང་ངེ་༔ བློ་འདས་ངོས་བཟུང་མེད་པ་དེ་ཀ་ཆོས་སྐུའོ༔ ནང་རིག་པ་ཆོས་སྐུར་ངོ་ཤེས་ཙ་ན༔ ཕྱི་ཡུལ་གྱི་ཕྲག་དོག་སྐྱེས་པ་ཐམས་ཅད་ནང་རིག་པ་ཆོས་སྐུའི་རྩལ་ཁོ་ནར་ཤེས༔ དེ་ཙ་ན་ཕྲག་དོག་ལམ་དུ་གྱུར་རང་ངོ་ཤེས༔ གཞི་རང་ལ་བརྟེན་པའི་ཆོས་སྐུ་བླང་དུ་མེད༔ ཕྱི་ཡུལ་རྐྱེན་ལ་བརྟེན་པའི་ཕྲག་དོག་སྤང་རྒྱུ་མེད༔ ཐམས་ཅད་རང་སེམས་ཆོས་སྐུའི་ཡོ་ལང་༔ དུག་ལྔའི་ནང་ནས་ཕྲག་དོག་འདི་འབྱུང་བ་ལྔ་དང་སྦྱར་ན་རླུང་ཡིན༔ ཁམས་ལྔའི་ནང་ནས་རླུང་ཁམས་སོ༔ སྐུ་ལྔའི་ནང་ནས་དོན་ཡོད་གྲུབ་པ༔ སྟོང་པ་ལྔའི་ནང་ནས་གྲག་སྟོང་དབྱེར་མེད་དམ༔ ཡེ་ཤེས་ལྔའི་ནང་ནས་བྱ་གྲུབ་ཡེ་ཤེས༔ འོད་ལྔའི་ནང་ནས་ལྗང་ཁུ༔ ཕྲག་དོག་ལམ་དུ་འཁྱེར་བའི་གདམས་པ་ལམ་མྱུར་བས་མ་སྒོམས་པར་སངས་རྒྱས་པ༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ༔ གདམས་པའི་ཁྱད་ཆོས་སྒྲུབས༔ རྒྱུད་ཁུངས་མ་འདི་ཀུན་ལ་མེད་པའི་ཁྱད་ཆོས་སོ༔ ཀུན་ལ་ཡོད་ན་ཚད་རྒྱུ་མེད༔ ཕྲག་དོག་རྡོ་རྗེའི་ཤོག་དྲིལ་འདི༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ༔ ཚེ་གཅིག་སངས་རྒྱས་སྒྲུབ་པ་འདི༔ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ཡིས༔ སོ་ས་གླིང་གི་དུར་ཁྲོད་དུ༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གདམས༔ ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ༔ སྨོན་ལམ་བཀའ་སྲུང་གཏད་ནས་སྦས༔ སྤྲུལ་སྐུ་སློབ་དཔོན་ཀུན་དགའ་འབུམ༔ ལུང་བསྟན་བཀའ་བཞིན་གཏེར་ནས་སྟོན༔ རྣལ་འབྱོར་དུང་ཚོ་རས་ཆེན་ལ༔ ལུང་བསྟན་བཀའ་གཏད་མ་ལུས་གནང་༔ དེས་བྱ་གཏང་ཉི་མ་རང་གྲོལ༔ དེས་ཉི་ཟླ་ཡོན་ཏན༔ དེས་ཆོས་གསལ་རྡོ་རྗེ༔ དེས་ཁྱུང་པོ་འཁྲུལ་ཞིག་ལའོ༔ དེས་སྤྲུལ་སྐུ་བྱང་ཆུབ་གླིང་པ་ལ༔ དེས་རྩ་བའི་བླ་མ་ལ༔ དེས་བདག་ལའོ༔ དམ་ཆོས་གསང་བ་ལམ་ཁྱེར་གྱི༔ དོན་གཉིས་མཐའ་རུ་ཕྱིན་ནས་སུ༔ འགྲོ་ཕན་སངས་རྒྱས་མྱུར་ཐོབ་ཤོག༔ འདིའི་དགེ་བས་གང་ཐོབ་པ་རྒྱལ་བའི་བསྟན་པ་ལུང་རྟོགས་ཀྱི་བསྡུས་དངོས་རབ་རྒྱས་ནས་འགྲོ་ལ་ཕན་བདེ་འབྱུང་བར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མངྒ་ལཾ༔
མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དྲི་བའི་འགྲོལ་ཚིག་ཞལ་ཤེས་སྐོར།
༄༅། །མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དྲི་བའི་འགྲོལ་ཚིག་ཞལ་ཤེས་སྐོར་བཞུགས་སོ། །
མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དྲི་བའི་འགྲོལ་ཚིག་ཞལ་ཤེས་དང་༔ ཕྱག་ལེན་རིན་ཆེན་མུ་ཏིག་འཕྲེང་བ་བསྟར་ལ་བརྒྱུས་པ་ཞེས་ཀྱང་བྱ༔ རྣམ་ངེས་དོན་གསལ་སྒྲོན་མེ་ཞེས་ཀྱང་བྱ༔ ཕྱག་ལེན་འཆུག་དགོས་ངེས་ཚིག་ཏུ་ཡིག་ཆུང་དུ༔ དུས་ཕྱིས་བྱམས་པ་བསོད་ནམས་ཆོས་སྐྱོང་གི་བླ་མའི་གསུང་ལས་ཟིན་བྲིས་སུ་བྱས་སོ༔ ཕུད་ཕྱེ་གཙང་མ་བསྡུས་ལ་གཏོར་མ་ཆ་ལྔ༔ དངོས་གྲུབ་གཏོར་མ་འཕྲལ་གྱི་དབང་གཏོར་གཅིག་དང་ཕྱིས་ཀྱི་གཅིག་དང་གཉིས་བཤམས༔ ཕྱི་མ་དེ་དཔལ་གཏོར་བླ་མ་ཞི་ཁྲོའི་གཏོར་མ་འདྲ་བ་བརྗིད་དང་ལྡན་པ་པདྨ་འདབ་བཞི་ཀྱུ་ཀྱུ་བཞི་ཟེ་འབྲུ་ལ་དྲིལ་བུ་བཅུ་ལྷག་གིས་བསྐོར་བ་སྟེང་ནས་མར་ལ་རྡོ་རྗེ་རྒྱ་གྲམ་ཉི་ཟླས་བརྒྱན་པ་གཟུགས་ཡང་ཤིང་རྒྱ་གྲམ་ལ་མཁའ་འགྲོ་སྡེ་ལྔ་བུམ་པ་ལྔ་ཕྱོགས་མདོག་ཏུ་བཞེངས་པའི་རྩ་ཀ་ལི་བཅུས་གྲུར་ཐབས་སུ་འབུགས༔ དབང་དང་ལམ་ཁྱེར་གྱི་ཤོག་དྲིལ་དྲུག་བསགས༔ ཐུར་ཁ་སྤྲད་ལ་སྐྱོན་ནས་གཟུར༔ ཡང་མེ་ཏོག་འཕེན་ཐབས་སུ་བརྩུགས་པ་བཤམས༔ གནས་དང་མཆོད་པའི་བྱེ་བྲག་ཅི་འབྱོར་པ་བཤམས༔ ལས་བུམ་དང་རྣམ་རྒྱལ་བུམ་པ་གཉིས་ཡོད་ན་རབ༔ གཅིག་ལའང་རུང་༔ བུམ་རྫས་གཙོ་བོར་སིན་དྷུ་ར་ལ་བྱས་གང་འགྲུབ་བླུག་པ་བཤམས༔ དེ་ནས་འབྱུང་ལྔའི་གཏོར་མ་མཚམས་ཡན་གྱི་མཁའ་འགྲོ་ལས་གཞུང་བསྲིངས༔ དེ་ཚར་བ་དང་སློབ་མ་ལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཕོག༔ ཡིག་བརྒྱ་འདྲེན་དུ་ཕྱིར་གཏང་༔ བུམ་ཆུའི་ཕུད་སྣོད་གཞན་དུ་བཅད་ལ༔ ཞབས་འོ་མས་སྲེས༔ ལས་ཀྱི་བུམ་པ་བླ་མས་ཐོགས་ནས་སླར་ཡང་སྒོམ་བཟླས་ཀྱི་གསལ་བསྡུས་པ་རེ་བཏབ༔ ལག་འཐིལ་དུ་ཁྲུས་ཆུ་བླུག་ཁྲུས་བྱེད་དུ་བཅུག༔ སྤྱི་བོར་ཡང་མཐོར༔ བླ་མ་ནང་དུ་ལོག༔ ཁྲིའུ་ཤིང་ལྟ་བུའི་གནས་ལ་སྒོ་དྲུང་གི་ནང་ངམ་སྐས་སམ་བཞུགས་པའི་ཁྲི་གང་འཐད་ལ་འཁོད༔ ལས་ཀྱི་རྡོ་རྗེས་ཁྲིད་ཞུ་རྣམས་རྗེས་ལ་ཁྲིད་དེ་སྒོ་དྲུང་ནས་སྒོ་ལན་གསུམ་རྟོག་རྟོག་པ་གཅིག་བརྡུངས་ནས༔ བླ་མ་ལ་འདི་སྐད་འབོད༔ ཀྱེེ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལགས༔ ཞེས་ལན་གསུམ༔ ནང་ནས་བླ་མས༔ དམ་ཚིག་དང་སྐལ་བ་ལྡན་པའི་ལས་ཅན་སྣོད་དང་ལྡན་པའི་སློབ་མ་ཞིག་ཡིན་ནམ༔ ཞེས་བརྗོད་ལ༔ སློབ་མས༔ དེ་ལྟར་ཡིན་ལགས་ཞེས་སྒོ་ཕྱེ་ནས་ཐེ་ཚོམ་མེད་པར་ནང་དུ་འོང་༔ འཆམས་རྔམ་ལ་ཁྲོ་བོའི་ཞལ་འབག་དང་ཕྱག་མཚན་མཚོན་ཆའི་སྡིག་སྣ་ཚོགས་དང་༔ ཧོམ་ཁུང་རྫས་བཟང་པོ་དང་ཆུ་མདའ་བཞིན་དང་རོལ་མོའི་སྒྲ་དྲག་པོ་དང་༔ ཧཱུཾ་དང་ཕཊ་ཀྱི་སྒྲ་དང་བཅས་པ་རྡོ་རྗེའི་སློབ་མའི་ཆོས་ལ་བར་དུ་གཅོད་པའི་གདོན་བགེགས་རིགས་འབྱུང་པོ་ཐམས་ཅད་ཕྱིའི་རྒྱ་མཚོའི་ཁོར་ཡུག་ལྕགས་རིའི་བར་སྐྲད་པར་བསམ༔ དེ་ནས་གྲལ་ལ་འཁོད་ནས༔ དབང་གཏོར་གྱི་དབང་བསྐུར༔ དེ་ནས་བླ་མས་སྐྱབས་འགྲོའི་སླབ་བྱ་བཤད༔ སང་ནས་བཟུང་ནས་ནང་ཞོགས་སྔ་མོར་ཤིང་སྣ་ཚོགས་ཀྱི་བསངས་ཆིལ་ཆིལ་བཏང་ལ་བདུགས༔ དེ་ལ་གྲལ་ལ་འཁོད༔ སྐྱབས་འགྲོ་ཆོས་སྤྱོད་བྱ༔ ཁྱད་པར་ཕྱག་དང་མཎྜལ་ལངས་ནས་འབུལ༔ མཎྜལ་གཅིག་ཕུལ་ལ་ལོ་རྒྱུས་ནས་བླ་མའི་རྣལ་འབྱོར་བར་གསུང་བཞིན་རྣལ་འབྱོར་སྒོམ་དུ་འཇུག༔ ཚ་བ་གྲོལ་བ་དང་སློབ་མ་རྣམས་ཕྱིར་ཕུད་ལ་ནང་དུ་མི་རྟག་པའི་སྒོམ་ཐབས་ཀྱི་བརྡ་སྟོན༔ དུར་ཁྲོད་ཀྱི་རྣམ་འགྱུར་ཆ་ཚང་བ་སྣ་ཚོགས་པ་མི་ལག་གིས་བྱེད་པའམ༔ ཡས་སོགས་ཀྱི་གཟུགས་འཆོས་པའམ༔ མི་མོ་ལ་ཉམས་དོད་པ་བྲིས་པ་སོགས་དངོས་སུ་བསྟན་ལ༔ འདི་ནི་ཅིའི་ཆ་བྱད་ཡིན་པར་འདུག་དྲི༔ མི་རྟག་པའི་བརྡ་ཡིན་ཟེར་ན༔ བརྡ་ཆོས་མཚོན་པ་མི་རྟག་པའི་ཆོས་ཐུན་སེམས་ལ་འཕྲོད་པ་ལུང་ཁུངས་དང་སྦྱར་ནས་རྒྱས་པར་བཤད༔ དེ་ནས་དྲི་བ་སོ་བདུན་པོ་རྣམས་གཞུང་བཞིན༔ དྲི་ལན་ཇི་ལྟར་བྱུང་ཡང་༔ ངོ་འདི་ལྟར་སྤྲད་དོ༔ དང་པོ་ཐང་ཆེན་པོ་དེ་རང་གི་ལུས༔ མེ་ཏོག་དེ་རང་གི་སེམས༔ ཆར་ཞོད་ཆེན་པོ་དེ་བླ་མའི་གདམས་ངག༔ མེ་ཏོག་ཡལ་ག་ལོ་འདབ་རྒྱས་པ་དེ་ཉམས་སུ་བླངས་པས་སེམས་ཉམས་རྟོགས་ཀྱི་ཡོན་ཏན་ཆེར་རྒྱས་པ༔ གནམ་དུ་སླེབ་པ་དེ་དག་པའི་མཁའ་སྤྱོད་དུ་འགྲོ་བར་ངོ་སྤྲད་དོ༔ མེ་ཏོག་ཡལ་ག་ལོ་འདབ་རྒྱས་པ་དེ་མཛད་དག་པའི་མཁའ་སྤྱོད་དུ་འགྲོ་དགོས་སོ༔ ཞེས་ངོ་སྤྲོད་དབུགས་དབྱུང་གཟེང་བསྟོད་པར་བྱེད་དོ༔ གཉིས་པ་ཁ་བ་མཉམ་དུ་འབབ་པ་དེ་མོས་གུས་མཉམ་དུ་ཐོབ་པ་ལས༔ ཉིན་རིའི་ཁ་བ་ཕྱིར་དེ་ཞུ་བ་དེ༔ ཚུལ་ཁྲིམས་གཙང་མ་བསྲུངས༔ ཟབ་མོའི་ཉམས་ལེན་གྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བས་སྡིག་སྒྲིབ་རང་བཞིན་གྱིས་དག་པ་དེ་ཡིན༔ སྲིབ་རིའི་ཁ་བ་མ་ཞུའི་ཁར་ཁ་བ་བརྩེགས་པ་དེ་དང་པོ་མ་ཞུ་བའི་སྟེང་དུ་ཕྱིས་ཀྱང་མ་རིག་པས་སྡིག་པ་བྱས༔ སྡིག་པའི་ཁར་སྡིག་པ་བརྩེགས་པས་རྣམ་སྨིན་ལྕི་པོ་རེད་པ་དེ་ཡིན༔ དེ་ལ་ནམ་ཟླ་སོས་ཀྱི་ཉི་མ་དེ་འཆི་བདག་གི་བདུད་ཀྱིས་སླེབ་པ་དེ་ཡིན༔ གངས་ཞུ་ནས་རྒྱ་མཚོར་རུང་བ་དེ་ཤི་ནས་ངན་སོང་དུ་འགྲོ་བའམ༔ ལྷུང་བར་ངོ་སྤྲད་དོ༔ ཉིན་རེ་བཞིན་དུ་སྡིག་སྒྲིབ་རང་བཞིན་གྱི་དག་པ་དེ་མཛད་མཚལ༔ གསུམ་པ་རི་གཉིས་པོ་དེ་རང་གི་ཕ་མ་ཡིན༔ ཉི་མ་དེ་རང་ཉིད༔ དང་པོ་ནས་སྤྲིན་བྲལ་དག་པའི་ནམ་མཁའ་གཞི་ཚུལ་ཁྲིམས་ལ་སྐྱོན་མེད་ཅིང་༔ ཟབ་མོའི་རྣལ་འབྱོར་མཐར་ཕྱིན་པས་སྒྲིབ་མེད་ཆོས་ཉིད་ཀྱི་དོན་མངོན་དུ་གྱུར་པ་ཡིན༔ སྔ་དྲོ་ཉི་མ་གསལ་ཡང་ཕྱི་དྲོ་སྤྲིན་འཁྲིགས་ཉི་མ་མི་གསལ་བར་རྒས་པ་དེ༔ དང་པོ་ཆོས་བྱས་ཀྱང་དམ་ཚིག་དང་སྡོམ་པ་ཉེས་ལྟུང་གིས་གོས་ནས་དེའི་དབང་གིས་ངན་སོང་དུ་ལྷུང་བ་ཡིན༔ སྔ་དྲོ་སྤྲིན་གྱིས་ཆོད་ཉི་མ་མི་གསལ་རུང་༔ ཕྱི་དྲོ་སྤྲིན་ཐམས་ཅད་དེངས་གཡའ་དག་ཉི་མ་དྲོ་བ་རྒས་པ་དེ༔ ཚེ་སྟོད་གཞོན་རིང་བསམ་མེད་ཀྱི་སྡིག་བྱས་ཀྱང་༔ ཚེ་མཇུག་ལ་འགྱོད་པ་སྐྱེས་ཆོས་བྱས༔ བླ་མ་བཟང་པོ་ལ་ཆོས་ཟབ་ཞུས་པའི་ཉམས་ལེན་གྱིས་སྡིག་པ་དག་ནས་མཁའ་སྤྱོད་ལ་ཕྱིན་པའི་བརྡ་ཡིན༔ སྡིག་པ་མེད་པར་ཆོས་བྱས་པའི་ངང་ནས་སངས་རྒྱས་པ་ནམ་མཁའ་དག་པའི་ངང་ནས་ཉི་མ་བཞུད་པ་ལྟ་བུར་མཛད་དོ༔ བཞི་པ་ནི་བྲག་རི་མཐོན་པོ་དེ་ཡུལ་ཁང་༔ མཚོ་དེ་ངན་སོང་གི་རྒྱ་མཚོ༔ མི་དེ་རང་༔ སྦྲང་རྩི་ནི་འདོད་པའི་ཡོན་ཏན་ལ་སྤྱོད་པའོ༔ རྩ་ཕུང་དེ་རང་གི་ཚེ༔ བྲག་གི་སྟེང་ནས་ཞགས་པ་སྟོང་པ་དེ་བླ་མའི་གསུང་གིས་ཆོས་ལ་བསྐུལ༔ ཁོ་མིག་རྩ་ཡང་ལྟ་མི་དྲན་པ་དེ་འཁོར་བའི་འདོད་ཡོན་ལ་ཆགས་ནས་བཀའ་བཞིན་ཆོས་མ་བྱས་པ༔ བྱི་བ་དཀར་ནག་གཉིས་ཀྱིས་རྩ་གཅད་པ་དེ་ཉིན་མཚན་གཉིས་ཀྱིས་ཚེ་ཟད་པར་བྱས༔ ཉི་མ་རྒས་པ་དེ་ག་རེ༔ ད་ཕྱིས་མི་དེ་བྱུང་ན་འཐེན་དུ་འཇུག་པས་མཉམ་པ་དེ་ཆོས་དྲན་ཀྱང་མཆིས་པས༔ མཚོ་དེར་ལྷུང་དོགས་པ་བཞིན་ལྷུང་བ་དེ་ཤི་ནས་ངན་སོང་གི་རྒྱ་མཚོར་ལྷུང་བར་ངོ་སྤྲད༔ དེ་ལྟར་མི་འགྱོད་པ་བླ་མའི་གདམས་ངག་ཞགས་པ་དེ་ལ་འཇུས་ནས་མཁའ་སྤྱོད་ལ་འགྲོ་བར་བྱེད་དོ༔ ལྔ་པ་བྲག་རི་གཟར་པོ་དེ་རང་ཉིད༔ མི་དཀར་པོ་དེ་བླ་མ༔ ཆུ་བྲག་ལ་མི་སིམ་པ་དེ༔ གདམས་ངག་གི་ཆོས་ཟབ་རང་གིས་མ་བྱས་པའམ་མ་བྱུང་པ༔ བྲག་རྩའི་མཚོ་ངན་སོང་༔ བྲག་དང་ཆུ་གཉིས་ཀ་མཚོ་ནང་དུ་ལྷུང་བ་དེ༔ གདམས་ངག་ཆུད་གཟན་ནས་ངན་སོང་དུ་ལྷུང་བའོ༔ དེ་ནི་སྣོད་ཀྱང་ཆག༔ བཅུད་ཀྱང་ཕོ་བ་དེ་ཡིན༔ རི་མཐོན་པོའི་རྩེ་མོ་ནས་མི་མང་པོས་རྔ་རྡུང་དུང་འབུད་པ་དེ༔ བླ་མ་དང་མཆེད་གྲོགས་ཀྱིས་རང་ཤི་བའི་རྗེས་ལ༔ ཆོ་ག་སོགས་ཀྱི་དགེ་བ་བྱེད་པ་དེ་ཡིན༔ དེ་ལ་མ་ལྟོས་པར་གདམས་ངག་གསར་དུ་ཉམས་སུ་བླངས་ནས་དག་པའི་ཞིང་དུ་འགྲོ་བར་མཛོད་ཅེས་ཉི་མ་གཉིས་པའི་ཆོས་ཐུན་འདིའི་འཕྲོ་ལ་ལམ་བཞག༔ ཡང་ནི་དམིགས་པ་བཞི་པ་ལ་འཕྲོ་བཅད༔ ཡང་དྲུག་པ་ལ་སྙགས་ལ་འཕྲོ་བཅད་གསུངས༔ དྲུག་པ་ནི་བྱེ་མའི་རི་དེ་རང་ཉིད༔ ཆར་པ་དེ་བླ་མའི་གདམ་ངག༔ ཆར་བྱེ་མ་ལ་སིམ་པ་དེ་གདམ་ངག་ཉམས་སུ་ལེན་པ༔ ནང་པར་ཉི་མ་ཚ་པོ་བྱུང་པ་དེ་འཆི་བདག་གི་བདུད༔ བྱེ་མའི་དཀྱིལ་ནས་ཆར་པའི་རླུང་མཁའ་དབྱིངས་སུ་བརྒྱང་སོང་བ་དེ༔ རིག་པ་སྟོང་གསལ་མཁའ་སྤྱོད་དུ་རྒྱངས་འགྲོ་བར་ངོ་སྤྲད་དོ༔ འདི་ཕྱི་སྔ་ཕྱི་ཐམས་ཅད་དུ་ངོ་སྤྲད་ཅེས་པའི་ཚིག་རྣམས་དང་ཡིན་ནོ་ཞེས་པ་བཅུག་ལ་ཤུལ་རྗེའོ༔ ཡིན་ནོ་ཟེར་རྒྱུ་ཡིན༔ གདམས་ངག་འདི་ཉམས་སུ་བླངས་ནས་རིག་པ་སྟོང་གསལ་དབྱེར་མེད་རང་དེངས་ལས་ཀྱི་འབྲེལ་པ་ཚོམ་བུ་དང་མཁའ་སྤྱོད་དུ་འགྲོའོ་ཞེས༔ བདུན་པ་ཐང་ཆེན་པོ་དེ་རང་ལུས་ངོ་སྤྲད༔ ཆུ་ཆེན་པོ་བཞིས་མཐའ་བསྐོར་བ་དེ་སྐྱེ་རྒས་ན་འཆི༔ མི་དེ་རང་གི་སེམས༔ ཡས་བྱུང་གི་མི་དཀར་བླ་མས་ཡར་ཁྲིད་པ་དེ་ཆོས་སྟོན་པ༔ མས་ཀྱི་མི་ནག་ཉེ་བ་ལྡེ་མིག་བློ་མ་གང་ནི་འཇིག་རྟེན་ཁྱིམ་ཐབ་ལ་སྦྱོར་བ༔ དེས་མཐར་ངན་སོང་གི་སྒོ་འབྱེད༔ མར་ཁྲིད་པ་འཁོར་བ་ན་མར་རོ༔ ཡར་འཐེན་མར་འཐེན་འདི་སོང་གི་བར༔ ཆུ་བཞིས་མི་དང་ཐང་གཉིས་ཁྱེར་བ་དེ༔ ཆོས་དང་འཇིག་རྟེན་གང་དྲག་བསམ་པའི་རིང་ལ༔ སྐྱེ་རྒས་ན་འཆི་བཞིས་འཁོར་བར་ཁྱེར་བའོ༔ མི་དཀར་བླ་མ་དེས་གདམས་ངག་བསྟན་པ་ཉམས་སུ་བླངས་མཁའ་སྤྱོད་དུ་འགྲོ་བར་བྱེད་དོ༔ ཞེས་བརྒྱད་པ་ནི་ཆུ་ཆེན་པོ་དེ་བར་དོ༔ འདར་བ་དེ་མི་རང་གི་རྣམ་ཤེས༔ དགྲ་མི་ཤ་བ་དང་ཇག་པ་དང་འཇིགས་སྣང་དངངས་སྐྲག་རྣམས་ལས་ཀྱི་གཤིན་རྗེ་ཨ་ཝ་གླང་མགོ་སོགས༔ འདི་ལས་ཐར་བའི་ཐབས་ཅི་ཡོད་སྙམ་པ་དེ༔ བར་དོ་དེ་ལས་ཐར་འདོད༔ ཐར་བ་ལ་གྲུ་གཅིག་དགོས་པ་དེ༔ བརྟེན་མི་ལུས་རྣམ་དག་གཅིག་དགོས་པ༔ གྲུའི་པའི་ནང་དུ་འཇུག་པ་ནི་དད་པ་མོས་གུས༔ མཉན་པ་བླ་མ་མཚན་ལྡན་གཅིག་ལ་བསྟེན་པ་དེ༔ རྐྱལ་གཅིག་དགོས་པ་བླ་མའི་གདམས་ངག་ཟབ་མོའི་ཉམས་ལ་བརྟེན་པ་དེ་ཡིན་པས༔ གདམས་ངག་ཟབ་མོ་འདིས་འཁོར་བའི་ཆུ་བོ་ཆེན་པོ་འདི་ལས་ཅིས་ཀྱང་ཐར་བར་མཛོད་ཅེས་སོ༔ འབྱུང་པ་ལྔའི་ཁྲིད་ཀྱི་སྔོན་འགྲོ་ལ༔ ནམ་མཁའ་རིག་སྟོང་ལས་བྱུང་བར༔ གཉིས་པ་ཆུ་རྒྱ་མཚོ་ལས་ཐིག་པ་ཟེག་མ་ཡང་ཟེར་ལྷག་ཟིམ་ལས༔ ལྷགས་གྲང་གྲགས་པ་ལས་བྱུང་བར༔ གསུམ་པ་ས་རྡུལ་ཕྲ་རགས་ལ་བརྟེན་ནས༔ བཞི་པ་མེ་ནི་ངར་རང་འཐབ་པ་ལས༔ ལྔ་པ་རླུང་ནི་ནམ་མཁའ་ཧཾ་སྟོང་གྲགས་པའི་རང་ཤུགས་ལས༔ ཞེས་འཇའ་ཁྲིད་ལ༔ འཇའ་ཚོན་མཐིང་གར་ནམ་མཁའ་ལས༔ ནམ་མཁའི་མདངས་མཐིང་གར་ཡོད་པས་འཇའ་ཚོན་མཐིང་ག་ཡོང་བ་ཡིན༔ དེ་བཞིན་དུ་དཀར་པོ་ཆུ་ལས་སེར་པོ་ས་ལས་དམར་པོ་མེ་ལས་ལྗང་ཁུ་རླུང་ལས་རླུང་མདངས་ལྗང་ཁུར་ཡོད་པས༔ འཇའ་ལྗང་ཁུར་འབྱུང་བ་ཡིན༔ གོང་མ་བཞི་སྙིགས་མ༔ འོག་མ་བཞི་དྭངས་མ༔ དེ་གཉིས་དྭངས་སྙིགས་ཡིན་ནོ་ཞེས་སོ༔ སྲིད་པ་ཆགས་པའི་ཡབ་ནམ་མཁའ༔ ཡུམ་ས་གཞི༔ རང་རིག་བཅས་ཀྱི་ཡབ་སྣང་བ༔ ཡུམ་སྟོང་པ༔ ད་སྣང་སྟོང་གཉིས་མེད་དུ་སྒོམས་ཤིག༔ དེ་བཞིན་དུ་རིག་སྟོང་བདེ་སྟོང་གསལ་སྟོང་གྲག་སྟོང་རྣམས་ལ་སྣང་གི་བདེན་པ་སྒྱུར་ཤེས་སོ༔ ལུས་སེམས་གཉིས་པོ་གང་གིས་གང་རྩལ་ལ༔ སེམས་ཀྱིས་རྩལ༔ ད་ལྟ་གཉིས་མེད་དུ༔ ལ་འུར་ལུས་བེམ་པོ་འཇིག༔ སེམས་རིག་སྟོང་གསལ་དག་པའི་མཁའ་སྤྱོད་ལ་འགྲོ་དགོས་པས༔ ངེས་པར་ཐ་དད་དུ་ཐག་བཅད་དོ༔ ཞེས་པས་དམིགས་སྐོར་བཅུ་བདུན་སོང་༔ སྐབས་འདིར་སྔོན་བྱང་ཕྱི་ནང་གསང་གསུམ་ལ་ལྔ་ལྔའི་ངོ་སྤྲོད༔ དྭངས་མ་ལྔའི་ངོ་སྤྲོད་དོ༔ དབང་པོ་རབ་ལ་དབྱེར་མེད་ཀ་དག་གི་ངོ་སྤྲོད༔ ནང་འབྱུང་བཞིའི་ལུས་ལ་བརྟེན་ནས་དུག་ལྔ་ཡེ་ཤེས་ལྔར་གྱུར་བའི་ངོ་སྤྲོད༔ མངོན་བྱང་མན་ཆད་ཀུན་དྲིལ་བས་དབང་པོ་རབ་ལ་ལུས་སེམས་དབྱེར་མེད་ཀ་དག་ཏུ་ངོ་སྤྲོད་པ་འདི་ལ་དྲི་བའི་ཕྱག་སྲོལ་མེད་པས༔ འདི་རྣམས་སྤྲོད་པའི་ཐོག་མར་ད་ཡང་ངའི་རེ་མོས་ཡིན་པས༔ ཁྱེད་རང་རྣམས་རང་ས་རང་སར་བཞུགས་ཤིག་བྱས་ལ་ངོ་སྤྲོད་དོ༔ འདི་དྲི་བ་མེད་པའི་དམིགས་པ་ཡིན་པས་དྲང་ལས་མི་དྲང་ངོ་༔ དབང་པོ་འབྲིང་སེམས་ཙམ་ལ་ངོ་སྤྲོད་པ་ནི༔ ལྔ་བ་སེམས་ལྔ༔ དགོས་པ་རིག་པ་དགོས་པ་ཐག་ཆོད་ཅིག༔ སེམས་ཉིད་རིག་པ་སྟོང་པའི་ངང་ལས་གསལ་བ་འདི་བྱུང་༔ སླར་གསལ་བ་ལས་སྟོང་པ་བྱུང་༔ གསལ་སྟོང་དབྱེར་མེད་ཀྱི་ངོ་བོར་ཐག་ཆོད་ཅིག༔ ཀུན་རྫོབ་འཁྲུལ་བའི་སྣང་ངོར་སེམས་ལ་ཁ་དོག་དང་གཟུགས་ཡོད༔ ཡང་དག་དོན་དམ་ངོ་བོར་དེ་ལྟར་མི་དམིགས༔ དེ་ཡང་མེད་པའི་སྟོང་པ་བྱང་ཆད་མིན་ཏེ༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད་ཆོས་ཉིད་ཀྱི་ངང་དུ་ངོ་སྤྲད་པ་ཡིན་པས༔ རིག་པ་སྟོང་གསལ་དབྱེར་མེད་ཆོས་ཉིད་དུ་བསྒོམ་མཛོད་ཅིག༔ ཅེས་ཀུན་རྫོབ་ཏུ་སེམས་ལ་སྦོམ་ཕྲ་དང་རིང་ཐུང་སྣང་དོན་དམ་དུ་མེད༔ མེད་ཀྱང་གི་སྟོང་པ་བྱང་ཆད་ནི་མ་ཡིན་པས༔ སེམས་ཉིད་རིག་པ་སྟོང་གསལ་ཆོས་ཉིད་ངང་སྟོང་ཉིད་དབྱེར་མེད་དུ་ཐག་ཆོད་ལ་སྒོམས་ཤིག་ཅེས༔ སེམས་ད་ལྟ་ཀུན་རྫོབ་ཏུ་གནས་པ་སྙིང་གི་དཀྱིལ་དུ་གནས༔ ཁྱབ་པ་རྐང་འཐིལ་ནས་སྤྱི་བོའི་བར་ཚོགས་དྲུག་གི་ཡུལ་དང་ཡུལ་ཅན་དུ་ཁྱབ༔ དོན་དམ་དུ་སེམས་གསལ་བ་ལས་སྟོང་པ༔ སྟོང་པ་ལས་གསལ་བ༔ དེ་གཉིས་དབྱེར་མེད་པར་གནས་ཡོད་པས་ཐག་དེ་ལྟར་ཆོད་ལ༔ ཞེས་སེམས་མི་གནས་པའི་ལུས་ཀྱི་ཁུལ་བུ་གཉིས་ནི་སྐྲ་དང་སེམས་ཅན་མོ་ཡིན་པར་ཐག་ཆོད་ཅིག་ཅེས་དམིགས་པའི་ངོ་སྤྲོད་ཉེར་གཅིག་པའོ༔ རྣ་བས་སྒྲ་ཐོས་པ་དེ་རྣ་བ་གཅིག་པོའང་མིན༔ སེམས་གཅིག་པོས་ཐོས་པའང་མིན༔ དེ་གཉིས་འདུས་པའི་དབང་རྟེན་དང་དེའི་སེམས་ཞེས་འདུས་མ་བྱས་རྟེན་འབྲེལ་གྱི་གཟུང་ངུ་འཇུག་པ་ལས་ཐོས་སོ༔ ཞེས་དེ་བཞིན་དུ་གཟུགས་མིག་ཁོ་ནས་ཀྱང་མིན༔ སེམས་ཁོ་ནས་ཀྱང་མིན༔ ཀུན་རྫོབ་དང་དོན་དམ་རྟེན་འབྲེལ་འཛོམ་པར་བྱས་པས་མཐོང་པར་ཐག་ཆོད་ཅིག་ཅེས་ཚོགས་དྲུག་ལྷག་མ་བཞི་པོ་ཡང་དེས་འདྲེས་པར་ཤེས་སོ༔ རྣ་བས་ཐོས་པའི་སྒྲ་སྙན་མི་སྙན་ཀུན་རྫོབ་ཏུ་ཁྱད་པར་ཡོད༔ དོན་དམ་དུ་ཡེ་མེད་པའི་ཧ་ཅང་དུ་མ་ཐལ་ཞིང་༔ མཐའ་ལས་འདས་པ་ཞེས༔ དེ་ལྟར་མཐོང་བའི་གཟུགས་ལ་ལེགས་ཉེས་ཀུན་རྫོབ་དང་དོན་དམ་དུ་ཁྱད་པར་ཡོད་མེད་ཡང་གོང་ལྟར་ཤེས༔ དབང་ཡུལ་ལྷག་མ་རྣམས་ཀྱང་དེར་ཤེས་སོ༔ ལྷ་མི་འདྲེ་གསུམ་པ་ལྷ་ཞེས་ཐ་སྙད་ཀྱིས་བཅོས་པ་ལས༔ འདྲེ་བྱུང་བས་ན་མི་སྔ་མ་འདྲ་པོ་ཡོད་ཀྱང་དོན་ལ་སྔ་ཕྱི་མེད་པར་ཤེས་མོད་དེར་ཐག་ཆོད་ཅེས་ལུས་མེད་ན་སེམས་ཀྱིས་ལས་མི་འགྲུབ༔ སེམས་མེད་ན་ལུས་ཀྱིས་ཀྱང་མི་འགྲུབ་པར་ཤེས༔ དེ་གཉིས་དབྱེར་མེད་པས་དེས་དོན་བཟང་པོ་སྒྲུབས་ཤིག་ཅེས་ན་བ་འདི་ལུས་ཁོ་ནའང་མིན༔ སེམས་གཅིག་པུའང་མིན༔ ལུས་ན་ན་སེམས་ལའང་སྡུག་བསྔལ་བྱུང་༔ སེམས་སྡུག་ལུས་གཟི་མདངས་ཉམས་པ་འོང་༔ དེ་ཡང་དབྱེར་མེད་དུ་ཐག་ཆོད་ཅིག༔ འཆི་བ་སེམས་ཉིད་རིག་པའི་ངོ་བོ་སྟོང་གསལ་འདི་ལ་མེད༔ འདི་ཡང་གཉིས་ཀའི་སྟེང་ན་ཁྱད་པར་ཤིན་ཏུ་ཆེ༔ བླ་མ་དགེ་བའི་བཤེས་གཉེན་བཀའ་བཅུ་རབ་འབྱམས་སོགས༔ ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པས༔ གྲོལ་བ་ཐོབ་པ་དང་༔ སྒོམ་ཆེན་ཚེ་དང་བསྒྲུབ་པ་མཉམ་པར་བྱས་པས་འཇའ་ལུས་དང་མཁའ་སྤྱོད་འགྲུབ་པ་དང་༔ སྐྱེ་བོ་ཡར་མར་ལ་མཆོད་སྦྱིན་བྱས༔ གསོ་སྦྱོང་སྣ་རེ་ཙམ་དང་༔ དབང་ཁྲིད་དང་དགེ་བ་སྒྲུབ་འབྲས་ཀྱིས་མཐོ་རིས་ཐོབ་ཙམ་པའི་རིས་དང་༔ དེ་ལས་བཟློགས་ནས་འདུལ་ཁྲིམས་དང་༔ དམ་ཚིག་ཉམས་པ༔ སྐྱེ་བོ་སྡིག་ལས་རིགས་མི་འདྲ་བ་ཚན་ཆེན་པོ་ལ་སོགས་པ་ངན་སོང་དུ་རྡོ་སྐྱུར་བ་ལྟར་འགྲོ་དགོས་པ་སོགས་ཁྱར་པར་ཆེ་མོད༔ བེམ་རིག་བྲལ་བ་དང་སྒྱུ་ལུས་འདི་རོ་ཞེས་ཡུལ་ཞེས་མི་འདྲ་བ་མང་པོའི་སྒོ་ནས་མེད་པར་ཆོས་མེད་དོ༔ འདུས་བར་ཐག་ཆོད་ཅེས་རྣམ་སྨིན་ལུས་ལ་མ་ལྟོས་པར་འཁོར་ཚོམ་བུ་ལྔ་དང་བཅས་དག་པའི་ཞིང་ཁམས་སུ་ཐེག་དགོས་ཞེས་དམིགས་སྐོར་སོ་གཉིས་པའོ༔ རང་གིས་གཏི་མུག་རྩལ་བ་ཡང་མིན༔ གཏི་མུག་གིས་རང་རྩལ་བ་ཡང་མིན༔ སེམས་ལ་རྨོངས་པའི་རྣམ་པ་མ་གོ་མ་རིག་པས་གཏི་མུག་བྱུང་བ་ཡིན༔ དེ་ཡང་དཔེར་ན་སྤྲིན་དང་ན་བུན་ཆར་པ་གསུམ༔ བྱུང་ཡང་ནམ་མཁའ་རང་ལས་བྱུང་༔ ཐིམ་ཡང་ནམ་མཁའ་རང་ལ་ཐིམ༔ དེ་བཞིན་དུ་གཏི་མུག་འདིའང་བྱུང་ཐིམ་སེམས་ཉིད་རང་ལས་ཤེས༔ མ་གོ་གཏི་མུག་ཅེས་བྱར་བཏགས༔ གོ་ན་ཆོས་དབྱིངས་ཡེ་ཤེས་སོ༔ དེ་ལྟར་རིག་པའི་གོ་བ་ཡིས༔ ཞེ་སྡང་མེ་ལོང་ཡེ་ཤེས་ཏེ༔ ང་རྒྱལ་མཉམ་ཉིད་ཡེ་ཤེས༔ འདོད་ཆགས་སོར་རྟོག་ཡེ་ཤེས༔ ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ༔ གོ་ཞིང་སྒྲོ་འདོགས་འགྱུར་བ་ཡིན༔ དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས་ཡུམ་ཆེན་རྡོ་རྗེ་ཕག་མོ་བོད་ཁ་བ་ཅན་པའི་མི་རྣམས་ལ་དུག་ལྔ་ཡེ་ཤེས་ལྔར་འཁྱེར་བའི་གདམས་པ་འདི་གནང་བ་ཡིན་པས༔ ད་ཕྱིན་ཆད་དུག་ལྔའི་རྣམ་རྟོག་ནམ་སྐྱེས་པ་དང་༔ ཡེ་ཤེས་ལྔར་གསལ་ལམ་ལམ་བསྒོམ་ཞིང་དྲན་དགོས་སོ༔ ཞེས་རང་གི་སེམས་ལ་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་འདི་དང་༔ རང་གིས་སེམས་ཐོལ་རེ་སྐྱེས་པ་འདི་ལ་རིག་པ་སྟོང་གསལ་ལ་གནས་དུས་ཀྱི་ཁྱད་པར་མེད་ཅིང་༔ མི་གནས་པའི་དུས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་པས༔ རྟག་ཏུ་རིག་པ་སྟོང་གསལ་གྱི་ངང་ལ་གནས་པའི་རྣམ་རྟོག་དང་དེའི་ངོ་བོ་གཤིས་གང་དུའང་མ་གྲུབ་པ་སྨྲ་བསམ་བརྗོད་དུ་མེད་པའི་ཆོས་སྐུ་དེ་དང་དབྱེར་མེད་པར་ཤེས་པར་མཛོད་ཅེས་བསྐྱར་ནན་གྱི་ཚུལ་དུ་འོག་གི་གཞི་ཁྲེགས་ཆོད་ཀྱི་ངོ་སྤྲོད་དེ་འདིར་བསླངས་ཀྱང་སྟུབ་བཏུབ༔ གཞུང་གི་ཁྲིད་ཆགས་ལྟར་དུ་བྱས་ཀྱང་ཆོག་གསུངས་སོ༔ མཁན་པོ་རྩད་གཅོད་ལ༔ རྩད་གཅོད་དུ་བྱེད་དགོས་བྱུང་པའི་མཁན་པོ༔ རྒྱུ་རྐྱེན་མ་གོ་མ་རིག་པ་འདི་ཡིན༔ གོ་ཞིང་རིག་ན་མི་དགོས་ཏེ༔ ཀུན་ཏུ་བཟང་པོས་རང་ངོ་རང་གིས་རིག་པས༔ གཞི་ཐོག་ནས་རང་ཤར་རང་གྲོལ་དུ་རྟོགས་ནས་གདོད་མར་སངས་རྒྱས་ཡིན༔ གཞན་གྱིས་ངོ་སྤྲོད་དང་བླ་མ་དགོས་པ་མ་བྱུང་༔ ད་ལྟར་མ་རྟོགས་པ་རྣམས་ལ་རྩད་གཅོད་ངོ་སྤྲོད་དགོས་པ་བྱུང་པ་ཡིན༔ འོ་ན་ཀུན་ཏུ་བཟང་པོའི་རང་རིག་རང་ལ་ཤར་ནས་རང་ངོ་ཤེས་མཁན་དེ་གང་ཡིན་སྙམ་ན༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད༔ མ་བཅོས་ལྷུན་གྲུབ༔ ཆོས་ཉིད་མཐའ་བྲལ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཡིན༔ ཡིད་བཞིན་ནོར་བུ་ཟེར་བའི་དོན་དེ་གང་ཡིན་སྙམ་ན༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད་ངོ་བོ་ཀ་དག་ཏུ་རྟོགས་ཙ་ན༔ མཆོག་གི་དངོས་གྲུབ་དེས་འགྲུབ་པས༔ དེས་ན་ཡིད་བཞིན་གྱི་ནོར་བུར་རྟག་པ་ཡིན་ཞེས་ཡིད་བཞིན་གྱི་ནོར་བུ་དེ་ལ་དཀོར་གཉེར་འབྲལ་མེད་གཅིག་ཡོད་པ་དེ་ཡོངས་སུ་མེད་པའི་དྲན་པ་རུ་རེ་བ་འདི་ལ་ཟེར༔ དེ་ཡང་ཨ་མ་ཇོ་མོའི་ཞལ་ནས་དྲན་པ་མེད་ན་གོ་ཡུལ་ཡིན༔ སངས་རྒྱས་ལོགས་ནས་འགྲུབ་མི་འགྱུར༔ དྲན་པ་མཁས་ན་སྒོམ་པ་མཁས་ཞེས་གསུངས༔ དེ་ལྟར་ངོ་སྤྲོད༔ ནོར་བུ་དེའང་ཆུད་གཟོན་པའི་ཐོག་སེར༔ ཁྱད་པར་བཟོད་པ་ལ་སོགས་སུ་གྱུར་པའི་མི་དགེ་བ་མཐའ་དག་ལ་ཤེས་པར་བྱའོ༔ ཆུད་མི་ཟ་བར་བྱེད་པའི་གོས་བཟང་པོ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་སོགས༔ སྟོབས་ལྡན་གྱི་གཉེན་པོ་རྐྱེན་ཐམས་ཅད་རང་ཤར་རང་གྲོལ་ཆེན་པོར་བྱེད་ནུས་པ་དེས༔ ཡིད་བཞིན་ནོར་བུ་ལ་གནོད་པས་མ་གོས་པར་བྱུང་བས་ན་དེ་ལ་བྱའོ༔ དེ་དྲི་བ་སོ་བདུན་ཡོད་པ་ལས་རྫོགས་སོ༔ ༈ དེ་ནས་ཆོས་སྐུའི་ངོ་སྤྲོད་ནི་སྔ་དྲོ་བྱ༔ ཉི་མ་རྟག་ཁུང་དུ་ཕོག་པར་བྱས་ལ༔ ནུབ་ཕྱོགས་ཀྱི་ནམ་མཁའ་དྭངས་པ་ལ་བལྟ༔ དེ་ནས་ལོངས་སྐུའི་ངོ་སྤྲོད་བྱ༔ དེ་ནས་སྤྲུལ་སྐུའི་ངོ་སྤྲོད་བྱ༔ གསུམ་པོ་ནམ་མཁའ་དྭངས་པ་དང་བསྟུན་ལ་ངོ་སྤྲོད༔ དེ་ནས་གཞུང་ལྟར་ཁྲེགས་ཆོད་ངོ་སྤྲད་དེ༔ ཞལ་ལས་ཤེས་པ་ནི་ལུས་རྣམ་སྣང་ཆོས་བདུན་བཅའ་བ་ཡིན༔ གཞན་མེད་གསུངས་སོ༔ དེ་ནས་ཐོད་རྒལ་ལྷག་མཐོང་རང་དུ་ངོ་སྤྲོད༔ གོང་གི་སྐུ་གསུམ་ངོ་སྤྲོད་དང་༔ ཁྲེགས་ཆོད་ཐོད་རྒལ་གཉིས་གོང་རྗེས་བྱེད༔ དེ་ནས་སྒྱུ་ལུས་ཚོགས་འཁོར་དུ་ངོ་སྤྲོད༔ དེ་ནས་རྨི་ལམ་འོད་གསལ་དུ་ངོ་སྤྲོད༔ དེ་ནས་འཕོ་བའི་ངོ་སྤྲོད་བྱ༔ དེ་ནས་བར་དོའི་ངོ་སྤྲོད་ལ༔ ཁྲིད་ཞུ་མང་ན་སྔོན་ལ་བློ་རྣོ་བ་བཞིན་གཉིས་གསུམ་ལག་ལེན་རྣམས་བསླབ་ལ་ངོ་སྤྲོད༔ དེ་ནས་དེ་རྣམས་ཀྱི་རོགས་བྱས་ལ་དན་པོ་བྱ་གསུངས༔ འཕོ་དལ་འདོགས་པ་ཡིན་ནོ༔ མདོ་ལེའི་ཕྱག་ལེན་ནི༔ མི་གཟུགས་ཁོག་སྟོང་པའི་དབང་པོའི་སྒོ་ལ་ནང་དེ་ནས་མར་མེའི་འོད་ཕྱིར་འོང་བྱང་༔ ཕྱིའི་བཞོགས་དེར་ལས་ཀྱི་རྡོ་རྗེ་གཅིག་གིས་ཨ་ཙ་མ་འདི་འདྲ་བའི་དུས༔ འཆི་བ་ཞེས་བྱ་བ་ཅི་རང་གྲག༔ ཀྱེ་ཧུད་ཀྱེ་ཧུད་ཅེས་སྨྲེ་སྔགས་ཀྱི་སྐད་བཞིན་དུ་ཉོན་མོངས་པའི་རྣམ་པ་སྐྱོ་བ་སྐྱེ་བའི་རང་བཞིན་གསལ་པོ་བྱེད༔ བྱང་ཕྱོགས་སུ་མེ་ལོང་ལ་ཉི་མ་ཕོག༔ སྐར་ཁུང་འབོག་ལྟོས་བཀག་པ་འབྱེད་སྤྱོད་མྱུར་པོ་ལན་བརྒྱད་དགུ་ཞིག་བྱེད༔ ཉམས་ཐག་པའི་སྐད་འབྱིན༔ རོལ་མོའི་སྒྲ་དྲག་པོ་སྒྲོག༔ ཁྲིད་པ་རྣམས་དེའི་དུས་རྣ་བའི་བུ་ག་མཛུབ་མོས་འབྱེད་གཅོད་ཡང་དང་ཡང་དུ་མྱུར་བར་བྱེད་དུ་འཇུག༔ གྲུབ་ན་གཤིན་རྗེ་དང་ཁྲོ་བོའི་ཞལ་འབག་གྱོན་པ་མང་པོས་མཐའ་སྐོར༔ ཧཱུྃ་སྒྲ་དང་ཕཊ་སྒྲ་དང་རྒྱོབ་དང་སོད་དང་སྐྲོད་ཅེས་པའི་སྒྲ་དྲག་ལ་མྱུར་བ་མཚོན་ཆ་མང་པོ་ཐོགས་པ་འགོད༔ གོང་དུ་ཤི་ལད་འབྱིན་པའི་སྟེང་༔ རིམ་པ་ལྟར་དབང་པོ་སྡུད་མི་མོའི་ཐིམ་དང་བསྟུན་ནས༔ མིག་རྣ་བ་སྣ་དང་ཁའི་བུ་ག་ཟན་གྱིས་བགེགས༔ དེ་ནས་སྒྲ་དང་འོད་དང་ཟེར་དང་བཅས་བར་དོའི་རྣམ་འགྱུར་སྟོན་པའི་གོང་བཤད་མ་ཐག་པ་བསྒྲིགས་ནས་མར་མེའི་གསལ༔ དཔེ་དེ་ཡར་ནུར་དུ་འཐེན་སེམས་དེ་དག་པའི་མཁའ་སྤྱོད་དུ་འགྲོ་བའི་བརྡ་དང་ངོ་སྤྲོད༔ དགེ་བ་སྒྲུབས་སྡིག་པ་སྤོངས་ཞེས་ཟེར༔ དེ་ལྟར་བྱས་ན་སེམས་ཉིད་མཁའ་སྤྱོད་དུ་འདི་ལྟར་འགྲོ་བ་ཡིན་ལ༔ སྣོད་དུ་ཆུ་ཡོད་པའི་ནང་དུ་འགྲོ་བར་བྱས་ལ༔ ཐག་པ་ལྷོད་བཏང་༔ ཆུས་ཐིམ་སུབ་ཏུ་བཅུག༔ དེའི་ཚེ་རོལ་མོ་སོགས་ཀྱིས་དེར་བཤད་པ་དྲན་པར་བྱས་ལ༔ ཚིམ་པའི་ངང་ནས་འདི་ནི་སྡིག་པ་སྣ་ཚོགས་བྱས་པའི་ལས་ངན་གྱིས་ངན་སོང་དམྱལ་བའི་གནས་སུ་རྡོ་སྐྱུར་བ་བཞིན་འགྲོ་བའི་བརྡ་ཡིན༔ སྡིག་ལ་འཛེམས༔ དགེ་བ་དང་ཆོས་བགྱིས༔ ཙ་མ་སྐྱོ་བ་ལ་ཨང་སྐྱོ་བ་ལ་ཨ་སྐྱོ་བ་རང་སྐྱེས་བླ་མ་དཀོན་མཆོག་གསུམ་ཞེས་སོ༔ སྐྱོ་ཤས་དེའི་ངང་ལ་བར་དོའི་གསལ་འདེབས་གཅིག་བྱ༔ དེ་ནས་དེ་རྣམས་མི་མངོན་པར་བྱས་ལ༔ རྒྱ་མཐོངས་དང་ཕུག་པ་རྣམས་གསལ་པོར་ཕྱེ༔ ཆོས་ལེགས་པོ་བགྱིས༔ འཆི་བ་ནི་གཅིག་ལ་འོང་པ་ཡང་མིན་གཉིས་ལ་འོང་བ་ཡང་མིན༔ ཁ་དྲག་ཞན་ནོར་ལྟོགས་ཕྱུགས༔ རྒན་གཞོན་ཕོ་མོ་སུ་ལའང་ཡོང་དེའི་དུས་ངེས་པར་བར་དོ་ཞེས་བྱ་དེ་ལྟ་བུ་ཞིག་འོང་༔ ཆོས་མ་བྱས་ན་ངན་སོང་དུ་ད་ཕྱི་བཤད་པ་ལྟར་འགྲོ་ཞིང་༔ བར་དོའི་སྡུག་བསྔལ་ཡང་ཆེར་མྱོང་༔ ཆོས་བྱས་ན་མཐོ་རིས་དང་དག་པའི་ཞིང་ལ་འགྲོ་ཞིང་༔ བར་དོར་ཡང་གཟུགས་ཐམས་ཅད་མཐོང་སྣང་ཡིན་པས་སྣང་སྟོང་ཟུང་འཇུག་ཏུ་ཤེས༔ སྒྲ་འོད་ཟེར་གསུམ༔ སེམས་ཉིད་ཆོས་སྐུ་རང་ཁོ་ནའི་རང་གདངས༔ སྒྲ་ཐམས་ཅད་རང་སྒྲ༔ འོད་ཐམས་ཅད་རང་འོད༔ ཟེར་ཐམས་ཅད་རང་ཟེར་ཁོ་ནར་ཤེས༔ དེ་ལྟར་རང་ངོ་ཤེས་པས་བར་དོ་ལ་སོགས་པའི་མ་རིག་འཁྲུལ་པའི་མུན་པ་རང་སང་བ་དཔེར་ན་ད་ཕྱི་མུན་པ་དང་རྣམ་འགྱུར་བར་དོ་འོང་ཚུལ་དེ་ཐམས་ཅད་རང་སར་ཞི་བ་དང་སང་པ༔ དར་དཀར་ལམ་དེ་གྱུར་པ་འདི་ལྟར་མཁྱེན་ཅིང་ཤེས་པར་མཛོད་ཅིག་ཅེས༔ དེ་ནས་དབང་རྣམས་ཤོག་དྲིལ་ལྟར་རིམ་པར་བསྐུར༔ བླ་མའི་རིག་མ་ལ་བུ་མོ་གཙང་མ་དང་གཞོན་པ་དང་མཛེས་པ་སྐྱེས་པའི་འདབས་མ་ཕོག་པ་སྟ་གོན་བྱ༔ རབ་མཚན་དང་ལྡན་པ༔ ཐ་མའང་དབང་པོ་ལ་སྐྱོན་མེད་པ༔ མ་རྒས་པ་བྱུང་ན་ཡབ་ཡུམ་གཉིས་ལོངས་སྐུའི་ཆས་ཞུགས་པ་དངོས་དབང་དུ་བཤད་པ་ལྟར་འདུག་པས༔ འདི་ཡང་སྣོད་ལྡན་ཐེག་པ་ཆེ་བའི་རིགས་ལ་བསྐུར་ཆོག༔ དེའི་ནུབ་རང་རང་གི་སྡིག་པ་གང་བྱས་ཁར་སྟོན་པའི་བཤགས་པ་བྱེད་ཅིང་༔ བསྔོ་བ་ལྟ་བུའི་རམ་འགྱོགས་ཀྱང་ཕྱག་དང་བཅས་པ་བྱེད༔ སང་སྒྲུབ་གཏོར་ཆེ་བ་དེ་དང་༔ དེས་མེ་ཏོག་ཅོད་པན་གྱི་དབང་བྱེད༔ དེ་ནས་ཆོས་སྤྱོད་ཙམ་མ་གཏོགས་ཁྲིད་དངོས་གཞིའི་ཕྱག་ལེན་དང་༔ ཁྲིད་འདིའི་ཚིག་ཙམ་ཡང་འདི་ཐོབ་པའི་མཆེད་ལྕམ་མ་གཏོགས་པ་ལ་མཆུའི་སྒོར་དབྱུང་རི་ཞེས༔ སྤྱང་ཞོན་སྤུན་གསུམ་གྱི་གཏོར་མ་སྤྱི་བོར་བཞག་ལ་འཇིག་རྟེན་པའི་མནའ་ཁོ་ན་སྐྱེལ་དུ་འཇུག༔ དེའི་རྗེས་བླ་མ་ཆོས་སྐྱོང་བཀའ་བསྡུ༔ བུ་ཡིས་གཡེལ་བ་མེད་པར་སྒྲུབས༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་འགྲུབ༔ བཀའ་འདས་ན་རག་དམྱལ་བར་ལྷུང་༔ རྡོ་རྗེ་བདུད་རྩིའི་ཆུ་འདི་ནི༔ འཐུངས་ནས་བསྲུངས་ན་དངོས་གྲུབ་ཐོབ༔ གལ་ཏེ་ཉམས་ན་མནར་མེད་ལྷུང་༔ དེ་གཉིས་བུ་ཡིས་དྲན་པར་བགྱིས་ཞེས་གཏེར་བདག་སྤྱང་ཞོན་ཌཱཀྐིའི་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་ཆོས་ཀྱི་མཐུན་རྐྱེན་སྒྲུབས༔ བར་ཆད་བསྲུངས༔ ཡེངས་མེད་བཀའི་བྱ་ར་ཚུལ་བཞིན་བགྱིས་ཤིག་ཅེས་རྒྱུད་པ་ཟིན་པའི་བཀའ་སྲོལ་བྱེད་པ་ཡོད་ན་བུ་སློབ་སུ་འདྲ་ཞིག་ཡོད་ཀྱང་བྱིན་གྱིས་རླབས་པའི་བདུད་རྩི་ཀ་པ་གང་བྱིན༔ འོག་ཏུ་ཤིང་ངམ་ཁྲི་གདན༔ བླ་མས་དབང་བསྐུར་བའི་དུས་ཀྱི་ལོངས་སྐུའི་ཆས་སྤྲད༔ བླ་མ་དང་མཁའ་འགྲོ་གཏེར་བདག་སྲུང་མའི་ཚོགས་ལ་གཏོར་མ་ཕུལ༔ གསོལ་བ་བཏབ༔ དཔོན་སློབ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་པར་གཉིས་ཀ་སྒོམ་ཞིང་༔ བདུད་རྩི་དེ་བླ་མས་སྤྱི་བོ་འགྲིན་པ་སྙིང་ཁ་ལྟེ་བ་གསང་གནས་སུ་གསུམ་དུ་གཏུགས་པ་དང་༔ སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོ་དང་ཆོས་ཐམས་ཅད་ཀྱི་དོན་སེམས་ཉིད་ཐིག་ལེ་ཉག་གཅིག་གི་ངོ་བོར་རྫོགས་པ་ཡང་གསང་སྙིང་པོའི་ཆོས་མ་རྒྱུད་མཁའ་འགྲོའི་གསང་བ་ལམ་ཁྱེར་ཀྱི་བཤད་སྒྲུབ་ཀྱི་བསྟན་པ་བུ་ཁྱོད་ཀྱིས་ཟུང་ཞིག་སྤེལ་ཅིག་རྒྱས་པར་མཛོད་ཅིག༔ སྐུ་ཚེ་དང་བསྟན་པ་དར་རྒྱས་འབྱུང་བར་འགྱུར་བས་སྙིང་པོའི་བདུད་རྩི་ཟབ་པའི་གནད་འདི་མ་ལུས་པར་འཐུང་ཞིག༔ ཅེས་བདུད་རྩི་འཐུང་དུ་འཇུག་གོ༔ ཡང་དེ་སྐད་བརྗོད་པའི་མཐར་གནས་གསུམ་དུ་སྔར་ལྟར་བྱས་གླེག་བམ་གཏད་ནས༔ སྙིང་པོའི་པོ་ཏི་གླེག་བམ་ཤོག་སེར་ལས་མ་འཆུགས་པ་འདི་སྙིང་ལ་ཟུང་ཞིག་ཆོངས་ཤིག་དར་རྒྱས་སུ་སྤེལ་ཅིག༔ དེ་ལྟར་བྱེད་པ་ལ་མཁའ་འགྲོ་གཏེར་བདག་རྣམས་ཀྱི་ལུས་དང་དྲི་མ་བཞིན་མ་དང་བུ་བཞིན་ཙནྡ་དང་དྲི་བཞིན་འབྲལ་མེད་མཛོད་ཅིག༔ ཅེས་བརྗོད་ལ་ལག་ཏུ་གཏད་ལ་བཅིང་དུ་བཅུག་གོ༔ གཉིས་ཀས་དེ་ལྟར་འོང་ཐག་ཆོད་བསམ་པ་དང་༔ སློབ་མས་དེ་ཁོ་ན་བཞིན་བྱེད་བསམ་ནས་དེ་ལགས་སོ༔ བཀའ་དྲིན་ཆེ་བརྗོད༔ དེ་ནས་དགའ་སྟོན་དང་ཚོགས་ལ་རོལ༔ རྡོ་རྗེའི་གླུ་ལེན༔ དཔའ་བོ་དང་དཔའ་མོ་མཁའ་འགྲོའི་བརྡ་དབྱངས་འཐེན༔ དགེ་བ་བླ་མེད་བསྔོ༔ གཏང་རག་གི་ཡོན་དང་མཎྜལ་འབུལ༔ རྗེས་བཀྲ་ཤིས་ཀྱི་ཚིགས་བཅད་ཀྱང་བརྗོད༔ མེ་ཏོག་འཐོར༔ ཕྱི་ནང་གཏོར་མ་བསྐང་བསོ་སྤང་ཟུགས་སོགས་ཀྱང་བྱེད༔ བཟོད་གསོལ་དང་ཡེ་ཤེས་པ་དཀྱིལ་འཁོར་ལ་བརྟེན་ཡོད་ན་དེ་ལ་སྟིམ༔ མེད་ན་སླར་ཡང་འབྱོན་པ་དང་འགྲོ་དོན་དུ་བསྟན་པ་དང་འཕྲིན་ལས་དར་བའི་སྨོན་ལམ་གྱིས་གསོལ་བ་བཏབ༔ ལས་ཀྱི་རྗེས་མེ་ལོང་ཧས་བཏབ་པ་ཡལ་བ་བཞིན་མི་མངོན་པའི་མཐར༔ དམིགས་མེད་བློ་འདས་ཆེན་པོར་རྗེན་ནེ་བཞག་ལ་སླར་ཡང་འཁོར་གསུམ་མི་རྟོག་པའི་བསྔོ་བ་དང་སྨོན་ལམ་དམིགས་མེད་དམིགས་པའི་མཆོག་དེ་བྱེད༔ བླ་མའི་གསུང་ལ༔ སེང་གེ་ཉལ་སར་ཁྱི་མ་འདོགས༔ སྔོན་འགྲོ་གཙོ་བོར་བྱས་ནས༔ དངོས་གཞི་ཕྱེད་མེད་མ་བྱེད༔ ཕྱིར་གང་ལའང་ཡིན་ཁྱད་པར་འདི་ལ་རང་གཞུང་མ་ཡིན་པའི་ལེགས་ལེགས་ཀྱི་བཤད་པ་མི་བྱེད་པ་གནད་ཡིན་ཚིག་སྣ་མང་ན་དོན་མཐོར་བ་ཡོང་གསུངས་སོ༔ སྐུ་གསུམ་གྱི་ངོ་སྤྲོད་སེམས་གནས་པ་རྩལ་ཟིན་ནས༔ འགྲོ་ས་འཚོལ་བ་ཡན་ལ་ནམ་མཁའ་དྭངས་པ་དང་བསྟུན་ནས་ངོ་སྤྲོད་པ་ཡིན་གསུངས༔ གཤེགས་པ་ཡང་དཀྱིལ་འཁོར་ལ་སྟུས་པ་བྱེད་དོ་ཨང་གསུངས༔ བར་དོའི་ངོ་སྤྲོད་ལ་དང་པོ་ཁྲིད་ཞུ་རྣམས་ཕུད་ལ༔ རྒྱུས་མེད་བྱས༔ མུན་ཁང་ཉི་ཞུར་འོང་བའི་སྟ་གོན་ཟབ་ཏུ་བྱེད༔ དེ་ནས་ལས་བྱེད་སྙིང་པ་མེད་ན༔ བློ་གསལ་བའི་གང་དགོས་སྔོན་ལ་ངོ་སྤྲད༔ དགོས་པའི་ལག་ལེན་འདི་བྱེད་སླབས་ནས་འཆོལ༔ མེ་སྒྲོན་གཉིས་ཡོད་པའི་གཅིག་དང་པོར་མི་གཟུགས་ཀྱི་ནང་དུ་བཅུག་ཀུན་མཐོང་བར་སྦ༔ གཅིག་ལས་མ་བཀོད་པའི་ཕྱིར༔ དེ་ནས་ལས་ཀྱི་དེ་དག་སྦུབ༔ གཞན་དེ་དབང་པོའི་སྒོའི་སྐར་ཁུང་མིན་པར་མི་གསལ་བར་བྱས༔ དེ་ནས་བླ་མས་ཉམས་ཐག་པའི་རྣམ་ཐར་འཆི་བ་ཞེས་བྱ་བདག་ལ་འདི་འདྲའི་དུས་གཅིག་འབྱུང་ངོ་༔ ཟླ་བོ་དང་གྲོགས་ནི་མེད༔ ཆོས་མིན་པ་ཅིས་ཀྱང་ཕན་པ་མེད༔ ཀྱེ་ཧུད་ཅི་དྲག་གང་དྲག༔ ཙ་མ་ཉམས་ཐག་པའི་སྒྲ་འབྱིན༔ གཟུགས་སྒྲ་ལ་ཐིམ་པས་མི་མཐོང་ཞིང་མི་གསལ་ཞེས༔ མིག་འགེགས༔ ད་རྣ་བའི་ཡུལ་གཟུགས་སྒྲ་དྲི་ལ་ཐིམ་པས༔ རིམ་པ་བཞིན་དུ་ད་དེ་རྣ་བས་མི་ཐོས་པར་སོང་གདའ༔ རྣ་བའི་བུ་ག་འགེགས༔ དེ་ནས་རིམ་པ་བཞིན་དུ་གཟུགས་དྲི་ལ་ཐིམ་པས༔ ལྕེ་ལ་རོ་མི་ཤེས་རོ་མི་མྱོང་བ་དང་བྲལ་ལོ་ཞེས༔ ཁའི་བུ་ག་འགེགས༔ དེ་བཞིན་དུ་དྲི་འགེགས༔ རོ་དང་རེག་བྱ་སོགས་འབྱུང་པ་དབང་པོར་ཐིམ་རིམ་ངོ་སྤྲད་དོ༔ དེ་ནས་ངོ་ཤེས་པས་ཆོས་ལ་འདི་ལྟར་དུ་རླུང་སེམས་དབུ་མར་གནས་པས་ཕྱིར་མི་མངོན་པ་ལས༔ ནང་དུ་གསལ་བ་ཤི་བའི་འོད་ཅེས་བྱ་བ་འདི་འདྲ་བ་གཅིག་འོང་ངོ་༔ ཤི་བའི་དུས་བླ་མ་དང་གྲོགས་མཆེད་ཀྱིས་གསལ་བཏབ་པ་གལ་ཡང་དེ་ན་ཆེ་བ་ཡིན༔ རྣལ་འབྱོར་ཁོ་རང་བཟང་བས་སྒྲུབ་པའི་གསལ་ཐེབས་པ་རྣམས་སེམས་ཉིད་འོད་གསལ་བའི་ངོ་བོ་དེ་འདི་ལྟར་དག་པའི་མཁའ་སྤྱོད་ལ་སྒྲིབ་པ་མེད་པ་གཅིག་ཡིན་ན་དགེ་བའི་མཐུས་འགྲོ་བར་འདུག་གོ༔ འབུངས་ཤིག་འབུངས་ཤིག་ཅེས་འགྲོ་ས་རྩད་བཅད་པའི་སྒོ་ནས་ངོ་སྤྲད་དོ༔ བླ་མ་དགེ་བའི་བཤེས་གཉེན་རྣམས་དང་༔ རྣལ་འབྱོར་ཕོ་མོ་ཕོ་སྐྱེས་དང་མོ་སྐྱེས་རྒྱབ་པ་འགའ་ཚོ་འདི༔ དག་པའི་ཞིང་ལ་འགྲོ༔ རྒྱུ་འབྲས་ལ་རྩི་འཇོག་མ་བྱས༔ ཆོས་པ་དམ་ཚིག་དང་སྡོམ་པ་ཉམས༔ སྐྱེ་བོ་མི་ནག་པ་གསོད་རྒྱུ་ཞིག་ལས་མ་བྱུང་སེམས་ཅན་ཕ་མ་ཡིན་པ་བསད༔ རྡུང་རྒྱུ་ཁྱི་དང་སྲང་པོ་ལས་མ་བྱུང་ཡང་རྡུངས༔ འཕྲོག་རྒྱུ་བྲེ་གང་དང་ཕུར་གང་ལས་མ་བྱུང་ཡང་ཕྲོགས༔ རྐུ་རྒྱུ་དངོས་པོ་ཁབ་ཙམ་ལས་མ་བྱུང་ཡང་བརྐུས༔ དགེ་བ་སྤྲང་ཡོན་བློས་བཏང་པ་གཅིག་ཀྱང་མེད༔ སེར་མོ་དང་དཀོན་མཆོག་གསུམ་ལ་རྣ་བས་ཐོས་པས་སེམས་མི་དགའ་བ་བྱས༔ མིའི་མཐོང་རུང་སྙིང་མི་སྡུག་པ་བྱས༔ ལས་ངན་ཅན་རྣམས་འདི་ལྟར་གཤིན་རྗེའི་སྐྱེས་བུས་ངན་སོང་ཁྲིད་ཅིང་ལྟུང་བ་དང་འགྲོ་ཞེས་ཚིག་རྒྱུ་འབྲས་ཀྱི་ངོ་སྤྲོད༔ སྤྱང་ཐག་ཆུ་ནང་ལྷོད་བཏང་ནས་ནུབ༔ དེའི་དུས་སྟེང་ཉི་མ་སྐར་ཁུང་ཞིག་ཕྱེ༔ ཤེལ་བཟང་པོ་ལ་ཕོག་པ་དང་༔ སྐར་ཁུང་གཞན་འབྱེད་གཅོད་དྲག་ཏུ་བྱ༔ ཉི་འོད་མེ་ལོང་ལ་ཕོག་པ་ཡང་འོད་འཁྱུག་ཏུ་བཅུག༔ གཟུགས་བརྙན་རྣམས་ཀྱི་སྡིག་སྒྲ་དང་༔ སྒྲ་མི་སྙན་པ་མང་དུ་བརྗོད༔ རོལ་མོ་ཤིན་ཏུ་དྲག་པོ་སྒྲོག༔ ཁོ་ནི་བར་དོའི་འཇིགས་སྣང་དང་བཅས་དམྱལ་བར་སོང་ངོ་ཞེས་མར་འགྲོ་བའི་དངངས་སྐྲག་དང་བཅས་སྐྱོ་བའི་ངོ་སྤྲོད༔ དེ་ལྟར་སྒྲ་འོད་ཟེར་གསུམ་ལ་རང་ངོ་ཤེས་པ་མཛད་དགོས་ཞེས༔ གསོལ་འདེབས་བྱེད༔ དེ་ནས་ཕུག་པ་ཕྱེ་ལ༔ གཞུང་ཁྲིད་མཁའ་འགྲོའི་གསང་ཁྲིད་ཡན་ཆད་ཡིག་ཆུང་དང་བཅས་པ་རྫོགས་པར་སྟོན༔ དེ་ནས་དབང་རྣམས་རིམ་པར་བསྐུར་རོ༔ སངས་རྒྱས་ཀྱི་ཟླས་རྗེས་གསུམ་གྱི་འདས་རྗེས་ཐ་མ་ལས༔ སེམས་གནད་གཟིགས་སྟངས་བཅུན་ཏེ༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལས༔ སྒོ་གནད་ལོགས་ཕབ་ཟུར་གྱིས་བལྟ༔ རླུང་གནད་ཤིན་ཏུ་དལ་ལ་སླབ༔ དེ་ལྟར་གནད་བཞི་གཟིར་བ་ཡིས༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང་༔ མངོན་གསུམ་གནད་མཐོང་ཟློག་པ་མེད༔ ཆོས་འདི་མངོན་གསུམ་སྣང་བ་ཡིས༔ ཡིད་སྤྱོད་འཛིན་པའི་ལྟ་བ་ནུབ༔ ཉམས་སྣང་གོང་འཕེལ་སྣང་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་གཞི་ལ་མཐར་ཕྱིན་ནས༔ མྱང་འདས་གཞན་དུ་རྩལ་མི་དགོས༔ མི་འགུལ་གསུམ་ལ་གཞི་བྱས་པས༔ སྡོད་པ་གསུམ་གྱི་ཚད་ཟིན་ཏེ༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང་༔ ཐོབ་པ་གསུམ་གྱི་གཟེར་ཡང་ཐེབས༔ འདི་ལས་བསྟན་དུ་མེད་ཅེས་གསུངས༔ བླ་མ་དགྱེས་བཞིན་གནང་བའི་ཆོས༔ མ་རྒྱུད་གསང་བ་ལམ་ཁྱེར་གྱི༔ ཞལ་ཤེས་འཕྲ་མོ་ཟབ་མོའི་གནད༔ གཅད་དྷར་ལེགས་པའི་གསེར་ཞུན་ཡིན༔ ཀུན་ལ་མེད་དེ་གསང་བ་གནད༔ ཕྱོགས་བཅུར་རྒྱུ་བའི་སྤྲང་པོ་ངས༔ བྱ་འཕུར་རྙེད་པ་འཚོལ་བ་འདྲ༔ བླ་མའི་གསུང་རྒྱུན་བདུད་རྩིའི་རྒྱུན༔ ངལ་མེད་དགེ་བའི་བསམ་པས་རྩལ༔ ཉང་པོའི་རྣལ་འབྱོར་བློ་བདེ་བ༔ དོན་འགྲུབ་རྒྱལ་པོ་སེམས་བསྐྱེད་ཅན༔ དབུ་སྙིང་བཞེས་ནས་གདམས་པ་འདི༔ མ་ལུས་བུ་ལ་གཏད་པ་ཡིན༔ སྐྱེས་བུ་ཁྱོད་ཀྱིས་འགྲོ་བ་ལ༔ ཕན་དང་འདི་ཡི་བཤད་བསྒྲུབ་ཀྱིས༔ བསྟན་པ་ཟུང་ཞེས་བཀའ་བསྟོད་གནང་༔ སྙིང་གི་ཟུངས་ཁྲག་དེས་ན་ནི༔ རང་གིས་དེ་ལྟར་དམ་བཅས་པ༔ སྐལ་དམན་གསང་ཞིང་སྐལ་ལྡན་ལ༔ བླ་མའི་གསུང་བཞིན་བསྒྲུབ་པ་བྱ༔ དགེ་འདིས་བསྟན་པ་འབར་གྱུར་ཅིག༔ ཟབ་མོའི་གླེག་བམ་ཚང་བ་འདི༔ སྲིན་ཞོལ་མཐའ་ཕུག་གནས་ཆེན་དུ༔ གྲུབ་པར་བགྱིས་པའི་དགེ་བ་འདིས༔ འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་ཁྲིད་གཞུང་དེའི་དབང་དང་ངོ་སྤྲོད༔ རྗེ་གནང་བཀའ་ལུང་ཞལ་ཤེས་ཕྱག་ལེན༔ ཆ་ཚང་བའི་གླེགས་བམ་བླ་མའི་ཕྱག་དཔེ་ལས་ཤཱཀྱའི་བཀའ་འབངས་ཕྱོགས་བཅུར་རྒྱུ་ཞིང་༔ ཆོས་དོན་གཉེར་གྱི་བསམ་པ་ཅན་བྱ་བྲལ་བ་དགེ་སློང་བྱམས་པ་བསོད་ནམས་ཆོས་སྐྱོང་ཞེས་བྱ་བའི་སྤྲང་བན་གྱིས་བླ་མ་མཉེས་པར་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ལ་བསྒྲུབ་པ་བཀྲ་ཤིས་དཔལ་འབར་སངས་རྒྱས་འགྲུབ་གྱུར་ཅིག༔ མངྒལཾ༔ ཤུབྷཾ༔ བྷ་ཝནྡུ༔ ཁོ་བོའི་སྙིང་གྲོགས་བསོད་ནམས་གྲགས་པ་ཁྱེད༔ ལྷ་ཆོས་སྙིང་ནས་མཛད་པའི་བསམ་པ་ཅན༔ དོན་མེད་སྤོང་ཞིང་དོན་ཆེན་བསྒྲུབ་པའི་གྲོགས༔ ཆོས་མིན་སྤོང་ཞིང་དམ་ཆོས་མཛད་བསམ་པ༔ ཁོ་བོ་བདག་ཀྱང་སྙིང་གི་པད་མོ་འཛུམ༔ ཨེ་མ་ངོ་མཚར་ཆེའོ་སྙིང་གི་གྲོགས༔ འཆི་བ་སྙིང་ཟུག་བླ་མ་སྤྱི་བོར་སྒོམས༔ མཆེད་གྲོགས་གྲགས་ཞན་ཀུན་ལ་དག་སྣང་སྦྱོངས༔ ཕ་མ་སེམས་ཅན་དོན་དུ་སྙིང་རྗེ་སྒོམས༔ བསྔོ་བ་སྨོན་ལམ་དམིགས་མེད་ངང་ནས་མཛོད༔ མི་ཤེས་རྨོངས་པའི་ཁ་དལ་ཕུལ་བ་ལ༔ དགོངས་པའི་ཀློང་དུ་མི་བདེ་བཟོད་པར་གསོལ༔ སརྦཌཱཀིམནྟྲསྐནྡསྨནྲ བཛྲབརཱཧིནཱམཱམྭཱཡཏིསྨ༔
མཁའ་འགྲོ་གསང་བ་ཀུན་འདུས་ལས་རྡོ་རྗེ་ཕག་མོའི་ཟབ་ཁྲིད།
མཁའ་འགྲོ་གསང་བ་ཀུན་འདུས་ལསཿ རྡོ་རྗེ་ཕག་མོའི་ཟབ་ཁྲིད་བཞུགས༔
རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ མཁའ་འགྲོ་འདུས་པའི་ཟབ་མོའི་ཁྲིད་ཀྱི་རིམ་པ་འདི་ལ་གསུམ་སྟེ༔ རྒྱུད་སྦྱང་བ༔ ཉམས་སུ་བླང་བ༔ མཐར་དབྱུང་བའོ༔ དང་པོ་ནི༔ རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས༔ སློབ་མ་དད་བརྩོན་དང་ལྡན་པ་རྗེས་སུ་འཛིན་པ་ལ༔ གསང་སྔགས་དབང་གི་མཐའ་ཅན༔ དབང་ཁྲིད་ཀྱི་མཐའ་ཅན་ཡིན་པས་ཐོག་མར་འདི་ལྟར་གདམས་པར་བྱའོ༔ ཀྱེ་སྐལ་བ་དང་ལྡན་པ་རྣམས་ཉོན་ཅིག༔ དལ་འབྱོར་གྱི་ལུས་རྟེན་འདི་ནི་རྙེད་དཀའ་ལ་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པས་ཆུད་མ་ཟོས་པར་སྙིང་པོ་ལེན་དགོས༔ སྙིང་པོ་གང་གི་སྒོ་ནས་ལེན་ན་དམ་པའི་ཆོས་རྣམ་པར་དག་པ་ལ་བརྟེན་ནས་ལེན་དགོས༔ ཆོས་དེ་ཡང་ལེ་ལོ་དང་ཕྱི་བཤོལ་དུ་མ་སོང་བར་ད་ལྟ་ལག་ལེན་དུ་བཏབ་དགོས༔ དེ་ལྟར་དགོས་པའི་རྒྱུ་མཚན་གང་ཡིན་སྙམ་ན༔ སྐྱེས་ཚད་ཐམས་ཅད་འཆི་བའི་ཆོས་ཅན་དང་༔ འཆི་བ་ཆོས་ཉིད་ལས་མ་འདས༔ འཆི་བ་དེའང་ནམ་འོང་ཆ་མེད༔ ཤི་བའི་ཚེ་ལུས་ལོངས་སྤྱོད་མཛའ་བཤེས་སོགས་གང་ཡང་རྗེས་སུ་མི་འབྲང་བར་རང་གཅིག་པུ་ལས་ཀྱི་ཕྱི་བཞིན་དུ་འགྲོ་བས་ད་ལྟ་ཉིད་དུ་འཆི་ཆོས་གཤའ་མ་ཞིག་བྱ་དགོས༔ ཆོས་ཀྱི་རྩ་བའང་ལས་འབྲས་ལ་རག་ལས་པས་མི་དགེ་བའི་ལས་ཐམས་ཅད་དུག་བཞིན་དུ་སྤང་༔ དགེ་བའི་ལས་སྨན་བཞིན་དུ་བསྟེན་ནས་སྤང་བླང་ཕྱིན་ཅི་མ་ལོག་པ་ཞིག་བྱ་དགོས༔ དེ་ཐམས་ཅད་ཀྱང་ངེས་འབྱུང་གི་བསམ་པས་ཟིན་པ་ཐར་ལམ་གྱི་རྩ་བ་ཡིན་པས་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་མེ་ཡི་འོབས་ལྟ་བུར་མཐོང་ནས་དེ་ལས་ཐར་པའི་སླད་དུ་ལམ་ལ་བསླབ་པར་བགྱིའོ་སྙམ་པའི་བསམ་པ་ཤུགས་དྲག་ཏུ་བསྐྱེད་དགོས༔ དེ་ལྟ་བུའི་བློ་སྦྱོང་གི་རིམ་པས་ལམ་གྱི་གཞི་ཐིངས་པར་གྱིས་ཤིག་ཅེས་གདམས་ནས་ངེས་འབྱུང་གི་རྟོགས་པ་ཁྱད་པར་ཅན་མ་སྐྱེས་ཀྱི་བར་དུ་བསྒོམ་མོ༔ ས་མ་ཡ༔ དེ་ནས་དབང་གི་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་མཎྜལ༔ གསོལ་འདེབས་སོགས་བྱས་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ཕོག་པའི་རྗེས་དམིགས་པ་གསལ་གདབ་པ་ནི༔ ཀྱེ་སྐལ་ལྡན་རྣམས་ཉོན་ཅིག༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་བར་བྱེད་པ་ལ་ཐོག་མ་ཁོ་ནར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས༔ དེ་ལ་གསང་སྔགས་བླ་ན་མེད་པའི་སྐྱབས་ཡུལ་ཐམས་ཅད་བླ་མ་ལ་ཚང་བ་ཡིན་ཏེ༔ རང་ཉིད་འདུག་པའི་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་པདྨ་ཉི་མ་བྃ་རོའི་སྟེང་དུ་རྩ་བའི་བླ་མ་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོའི་སྐུ་ཞལ་ཕྱག་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་མེ་ཕུང་འབར་ཞིང་འོད་ཟེར་བསམ་གྱིས་མི་ཁྱབ་པའི་ཀློང་ན་བཞུགས་པར་ལམ་གྱིས་གསལ་གདབ༔ དེ་ཉིད་དཀོན་མཆོག་གསུམ་གྱི་ངོ་བོ་རྩ་གསུམ་རྒྱ་མཚོའི་བདག་ཉིད༔ སྐུ་གསུམ་དབྱེར་མི་ཕྱེད་པ་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་ཆེན་པོར་ཡིད་ཆེས་མོས་གུས་ཀྱི་གདུང་བས་བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་འདུན་པ་གཅིག་ཏུ་དྲིལ་ཏེ་ཅི་མཛད་ཁྱེད་ཁོ་ན་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་སུ་འགྲོ་བ་ལན་བརྒྱ་སྟོང་དུ་མའི་བར་དུ་བརྗོད༔ སླར་ཡང་མོས་འདུན་ཤུགས་དྲག་ཏུ་བྱས་པས་བླ་མའི་སྐུ་ལས་འོད་ཟེར་འཕྲོས༔ རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག༔ སྡིག་སྒྲིབ་བག་ཆགས་དང་བཅས་པ་དག༔ སྐྱབས་གནས་མ་ལུས་པའི་བྱིན་རླབས་རྒྱུད་ལ་ཞུགས༔ མཐར་འོད་དུ་ཞུ་བ་རང་ལ་ཐིམ་པར་བསམས་ལ་རྣམ་པར་མི་རྟོག་པའི་ངང་དུ་བློ་བཞག༔ དེ་ནི་སྐྱབས་སུ་འགྲོ་བའི་དམིགས་པའོ༔ དེ་ནས་སྨོན་འཇུག་གི་སེམས་བཟུང་བའི་རྗེས་སུ་གདམས་ངག་འབོགས་པ་ནི༔ ཀྱེ་སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ སྨོན་འཇུག་གི་སེམས་གཟུང་ནས་དེའི་དམིགས་པ་རྒྱུན་དུ་ཡིད་ལ་བྱ་བ་ནི་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་ཡིན་པས་འདི་ལྟར་བསམ་པར་བྱ་སྟེ༔ འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་རང་ཉིད་གཅིག་པུ་ཐར་བས་མི་ཕན༔ སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན༔ དེ་ཐམས་ཅད་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པས་སྡུག་བསྔལ་ཁོ་ནའི་རྒྱུ་འབྲས་ལ་ལོངས་སྤྱོད་པ་སྙིང་རེ་རྗེ༔ འདི་ཐམས་ཅད་སྡུག་བསྔལ་ཆ་དང་བཅས་པ་ལས་གྲོལ་བའི་ཕན་བདེ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ལ་བདག་ཁོ་ནས་དགོད་པའི་སླད་དུ་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱ་དགོས་སྙམ་པ་དང་༔ དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་དེའང་སྤྱིར་ཐེག་པ་ཆེན་པོའི་ལམ་ལ་བརྟེན་དགོས༔ དེའི་ནང་ནས་ཀྱང་དུས་མྱུར་དུ་ཚེགས་ཆུང་ངུས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ནི་གསང་ཆེན་བླ་ན་མེད་པའི་ལམ་མཆོག་འདི་ཁོ་ན་ཡིན་པས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་འདི་ལ་བརྟེན་ནས་ཚེ་གཅིག་ལུས་གཅིག་ཁོ་ནས་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ཏེ་སེམས་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ཀ་ལ་མི་གནས་པའི་བྱང་ཆུབ་མཆོག་གི་ས་ལ་དགོད་པར་བགྱིའོ་སྙམ་དུ་ཡང་ནས་ཡང་དུ་བསམ་ཞིང་ཚིག་གིས་གསལ་གདབ༔ ཅི་བྱེད་གཞན་དོན་དུ་འགྱུར་བ་ལ་བསླབ་པར་བྱའོ༔ དེ་ནི་སེམས་བསྐྱེད་པའི་དམིགས་པའོ༔ ས་མ་ཡ༔ སྡོམ་པ་བཟུང་བའི་རྗེས་སུ་གདམས་ངག་འབོགས་པ་ནི༔ ཀྱེ་སྐལ་པ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་ལམ་ལ་བསླབ་པ་རྣམས་ཀྱིས་སྡོམ་པ་གསུམ་པོ་ཚུལ་བཞིན་དུ་བཟུང་དགོས༔ གལ་ཏེ་དམ་ཚིག་ཉམས་ཆག་གི་སྐྱོན་ཅུང་ཟད་བྱུང་ཡང་བཤགས་སྡོམ་བྱ་བ་དང་༔ སྤྱིར་ཡང་ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་ལྟུང་སྦྱང་བ་དང་༔ མཐུན་རྐྱེན་ཚོགས་བསགས་པའི་ཐབས་ལ་སྒོ་དུ་མ་ནས་འབད་དགོས་པས་ཐོག་མར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་བརྟེན་ནས་སྡིག་ལྟུང་སྦྱོང་བའི་དམིགས་པ་གསལ་བཏབ་པ་ནི༔ ཨཱཿ བདག་གི་སྤྱི་བོར་པད་ཟླའི་སྟེང་༔ དྲིན་ཆེན་རྩ་བའི་བླ་མ་ཉིད༔ རྣམ་པ་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྙེམས་མ་གྲི་ཐོད་འཛིན་པས་འཁྱུད༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ཟེར་ཀློང་ན་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་གསལ༔ ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ གསུང་གི་བྱིན་རླབས་འདུས་པར་བསམ༔ ཞེས་སྡིག་ལྟུང་བཤགས་པའི་རྟེན་གསལ་བཏབ་ནས༔ སྔར་བྱས་ཀྱི་ཉེས་པ་ལ་གནོང་འགྱོད་དང་༔ ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་དྲག་པོས༔ ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མགོན་མེད་བདག་ལ་དགོངས་སུ་གསོལ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ ཐ་མ་ད་ལྟར་ཐུག་གི་བར༔ སྡིག་ལྟུང་ལས་རྣམས་ཅི་བསགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆོད་མི་བགྱིད་དམ་བཅའ་ན༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ༔ ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩིའི་རྒྱུན་སྐྱ་ནར་གྱིས་བབས༔ སྦྱོར་མཚམས་ནས་བྱུང་༔ རང་གི་ཚངས་བུག་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང་༔ ནད་གདོན་སྡིག་ལྟུང་ཐམས་ཅད་ལྷག་མེད་དུ་སྦྱངས་པར་བསམས་ལ་ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ མཐར་སྡིག་སྒྲིབ་དག་པའི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ཉིད་ལ་ཐིམ་པར་བསམ་ལ་རིག་པ་སྤྲོ་བསྡུ་མེད་པའི་ངང་དུ་མཉམ་པར་བཞག་གོ༔ དེ་ལྟ་བུ་དེ་ཐུན་དུ་བཅད་ལ་རྟགས་མ་བྱུང་བར་ཉམས་སུ་བླང་༔ རྒྱུན་དུའང་མ་ཆག་པར་གྱིས་ཤིག༔ དེ་ནས་ཚོགས་བསགས་པའི་སླད་མཎྜལ་དབུལ་བར་བྱ་སྟེ༔ མདུན་གྱི་ནམ་མཁར་ཚོགས་ཞིང་བླ་མ་རྡོ་རྗེ་ཕག་མོར་སྐྱབས་གནས་ཀུན་འདུས་སུ་གསལ་བཏབ་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་པས་འཁོད་པར་མོས༔ མཚན་ཉིད་དང་ལྡན་པའི་མཎྜལ་ཕྱི་དོར་ལེགས་པར་བྱ༔ དྲི་ལྔས་ཆག་ཆག་གདབ༔ རིན་ཆེན་འབྲུ་སྨན་ལ་སོགས་པའི་ཚོམ་བུ་དགོད་ཅིང་ངག་ཏུ༔ ཨོཾ་ཨཱཿཧཱུྃ༔ རི་རབ་གླིང་བཞི་མུ་ཁྱུད་བཅས༔ སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང་༔ འདོད་རྒུའི་འབྱོར་ཚོགས་བསམ་མི་ཁྱབ༔ བླ་མ་སྤྲུལ་པའི་སྐུ་ལ་འབུལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རང་བྱུང་ལྷུན་གྲུབ་ཡིད་བཞིན་གཏེར༔ བཀོད་པ་ཚད་མེད་ཡོན་ཏན་རྒྱན༔ བླ་མ་ལོངས་སྤྱོད་རྫོགས་ལ་འབུལ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ རིག་པ་མི་འགྱུར་འོད་ལྔར་ཤར༔ འཁོར་འདས་ཀུན་ཁྱབ་མཆོད་པའི་སྤྲིན༔ བླ་མ་ཆོས་ཀྱི་སྐུ་ལ་འབུལ༔ བླ་མ་སྐུ་གསུམ་ལྷ་ཚོགས་རྣམས༔ ཟག་མེད་བདེ་བས་རབ་མཉེས་ནས༔ བདག་དང་སེམས་ཅན་ཐམས་ཅད་ཀུན༔ ཚོགས་གཉིས་རྫོགས་པའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་ཧོ༔ ཞེས་ཕྱི་སྣོད་བཅུད་ཀྱི་འབྱོར་པ༔ ནང་རང་ལུས་ཕུང་ཁམས༔ གསང་བ་དབྱིངས་རིག་དབྱེར་མེད་མཎྜལ་གྱི་ཚུལ་དུ་ཕུལ་བས་བླ་མ་སྐྱབས་གནས་ཀུན་འདུས་ཀྱིས་དགྱེས་པ་ཆེན་པོས་བདག་གིར་མཛད༔ རང་གཞན་སེམས་ཅན་ཐམས་ཅད་སྐུ་གསུམ་ཞིང་ཁམས་རྒྱ་མཚོ་ལ་ལོངས་སྤྱོད་པའི་ཚོགས་གཉིས་ཀྱི་ས་བོན་ཐེབས་པར་བསམ༔ མཐར་ཚོགས་ཞིང་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པར་མོས༔ དོན་དམ་ཡེ་ཤེས་ཀྱི་ངང་དུ་མཉམ་པར་གཞག༔ དེ་ལྟར་དུས་དང་རྒྱུན་དུ་ཉམས་སུ་བླང་བ་ལ་བརྩོན་པར་གྱིས་ཤིག༔ དེ་ནི་མཎྜལ་གྱི་དམིགས་ཁྲིད་ཡིན་ནོ༔ ས་མ་ཡ༔ འཇུག་པའི་རྗེས་སུ་གདམས་ངག་འབོགས་པ་ནི༔ ཀྱེ་སྐལ་བ་དང་ལྡན་པ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ནི་བླ་མའི་རྣལ་འབྱོར་ཁོ་ན་ཡིན༔ དེའང་སྨིན་བྱེད་དབང་གི་སྐབས་སུ་བླ་མའི་བྱིན་རླབས་ལ་བརྟེན་ནས་ཡེ་ཤེས་དབབ་ཅིང་བྱིན་གྱིས་བརླབས་པས་མཚོན་ཏེ་སངས་རྒྱས་ཀྱི་མཛད་པ་དངོས་སུ་སྒྲུབ་པའི་ཡེ་ཤེས་ཀྱི་རྒྱུན་གསོས་བཏབ་པའི་སླད་དུ་མྱུར་ལམ་ཟབ་མོ་བསྒོམ་པ་ལ་ཐོག་མར་རྟེན་བསྐྱེད་པ་ནི༔ ཧཱུྃ༔ རང་ལུས་དེར་འཛིན་མེད་པའི་ངང་༔ སྣང་སྲིད་རྣམ་དག་འོག་མིན་ཞིང་༔ བཀོད་པ་ཚད་མེད་ཡོན་ཏན་རྫོགས༔ མདུན་གྱི་ནམ་མཁར་འཇའ་ཟེར་ཀློང་༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ ཧེ་རུ་ཀ་དཔལ་པདྨ་འབྱུང་༔ དམར་སྨུག་རྣལ་འབྱོར་སྤྱོད་པའི་ཚུལ༔ སྣང་སྲིད་ཟིལ་གནོན་གཟི་བརྗིད་འབར༔ ཕྱག་གཉིས་རྡོ་རྗེ་ཐོད་ཞལ་བསྣམས༔ གྲུ་མོ་གཡོན་ན་ཁ་ཊྭཱྃ་བསྒྲེངས༔ དར་གྱི་ན་བཟའ་རིན་ཆེན་རྒྱན༔ རུས་རྒྱན་སྟག་ཤམ་དྲིལ་གཡེར་འཁྲོལ༔ ཐོད་སྐམ་དབུ་རྒྱན་རལ་པའི་རྩེར༔ རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན༔ སྤྱན་གསུམ་ཉི་ཟླ་ལྟ་བུར་འཁྱིལ༔ ཞལ་རས་ཁྲོ་འཛུམ་གཟི་བརྗིད་འབར༔ ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས༔ རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ༔ སྐྱབས་ཀུན་འདུས་པའི་ངོ་བོར་གྱུར༔ ཞེས་གསལ་བཏབ་ལ༔ རང་གཞན་སེམས་ཅན་ཐམས་ཅན་ཀྱིས་ཁ་ཙམ་མིན་པའི་མོས་གུས་གདུང་ཤུགས་དྲག་པོས་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་འདེབས་པར་བསམས་ལ་ངག་ཏུ༔ ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་བླ་མ་ལ༔ སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ༔ སྡིག་ལྟུང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་༔ སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་འདི་དང་དགེ་བའི་རྩ་བ་ཀུན༔ འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཨེ་མ་ཧོ༔ ངོ་བོ་བློ་འདས་འོད་གསལ་ཆོས་ཀྱི་སྐུ༔ རང་བཞིན་ཟུང་འཇུག་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་འགྲོ་འདུལ་སྤྲུལ་སྐུ་པདྨ་འབྱུང་༔ སྐུ་གསུམ་དབྱེར་མེད་དྲིན་ཆེན་བླ་མ་ལ༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ མགོན་མེད་བདག་ལ་རེ་ལྟོས་ཁྱེད་ལས་མེད༔ ཐུགས་རྗེས་གཟིགས་ཤིག་འགལ་རྐྱེན་བར་ཆད་སོལ༔ བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ༔ ཞེས་མོས་གུས་ཀྱི་གདུང་བ་དྲག་པོས་ཐུགས་རྒྱུད་བསྐུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨ༔ ཞེས་རྩེ་གཅིག་ཏུ་བསྙེན༔ མཐར་དབང་བླང་བ་ནི༔ མཁའ་ཁྱབ་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་༔ ཡེ་ཤེས་མཆོག་གི་ཐུགས་རྗེའི་ཤུགས་ཕྱུང་ལ༔ འོད་ཟེར་ཆེན་པོའི་ཆོ་འཕྲུལ་རྨད་བྱུང་བས༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་ཅིག་ཅར་དུ་བྱུང་བ་རང་གི་གནས་གསུམ་དུ་རིམ་དང་ཅིག་ཅར་དུ་ཞུགས་ཤིང་ཐིམ༔ དབང་བཞིའི་ནུས་པ་རྒྱུད་ལ་སྨིན༔ མཐར་བླ་མ་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ༔ རང་ལ་ཐིམ་པས་རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པར་བསམས་ལ་ཐུགས་ཡིད་བསྲེས་ཏེ་བླ་མ་ཆོས་སྐུའི་རང་ཞལ་བལྟ་བའི་ངང་དུ་མཉམ་པར་བཞག༔ འདི་ནི་ལམ་ཐམས་ཅད་ཀྱི་རྩ་བ་དུས་རྟག་ཏུ་ཉམས་སུ་ལེན་པར་གྱིས་ཤིག༔ དེས་བྱིན་རླབས་བཙན་ཐབས་སུ་འབེབས་པ་བླ་མའི་རྣལ་འབྱོར་ཀྱི་དམིགས་ཁྲིད་ཚར༔ རྒྱུད་སྦྱོང་བའི་རིམ་པ་རྫོགས་པ་ཡིན་ནོ༔ ས་མ་ཡ༔ གཉིས་པ་དངོས་གཞི་ཉམས་སུ་བླང་བ་ལ་བཞི་ལས༔ དང་པོ་བུམ་དབང་གི་ལམ་སྐུ་རྡོ་རྗེ་བསྐྱེད་རིམ་སྤྲུལ་པའི་སྐུའི་ཉམས་ལེན་ནི༔ བུམ་པའི་དབང་རྫོགས་པའི་རྗེས་སུ༔ ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ནི་དབང་བསྐུར་བ་ཡིན་ལ༔ དབང་དོན་གྱི་ཡེ་ཤེས་གསོས་འདེབས་པར་བྱེད་པ་ནི་སོ་སོའི་ལམ་ཁྱེར་ལ་བསླབ་པར་བྱ་དགོས༔ དེ་ལ་དང་པོ་བུམ་དབང་གི་ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་གསུམ་སྟེ༔ ཐུན་མོང་གི་བསྐྱེད་རིམ༔ ཁྱད་པར་གྱི་བསྐྱེད་རིམ༔ ཞར་བྱུང་བཟླས་པའི་རིམ་པའོ༔ དང་པོ་ནི༔ ཕྲིན་ལས་ནས་ཇི་ལྟར་འབྱུང་བའི་སྦྱོར་བ་རྣམས་ཚུལ་བཞིན་དུ་བྱ༔ དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་གཞི་བཟུང་༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་བཟུང་༔ དེའང་ཐོག་མར་རང་ཉིད་གཙོ་མོ་གཅིག་པུའི་གསལ་སྣང་ལ་བློ་བཞག༔ ཅུང་ཟད་སེམས་ཟིན་པ་ན་སྤྱན་དབུས་མ་ནས་བཟུང་སྐུའི་ཆ་ཤས་རེ་རེ་ནས་གསལ་སྣང་མཐར་འདོན༔ དེ་བཞིན་དུ་ཕྱག་མཚན་གྲི་གུག༔ ཐོད་ཁྲག༔ ཁ་ཊྭཱྃ་ག༔ རུས་པའི་ཕྱག་རྒྱ༔ ཐོད་སྐམ་གྱི་དབུ་རྒྱན༔ ཐོད་རློན་གྱི་དོ་ཤལ༔ རྡོ་རྗེའི་ཕག་ཞལ༔ སྐུའི་ཉམས་འགྱུར༔ གསུང་གི་གདངས་སྐད༔ ཐུགས་ཀྱི་དགོངས་པ༔ ཡེ་ཤེས་ཀྱི་མེ་འོད༔ པད་ཉི་རོ་གདན་སོགས་རྒྱན་གྱི་བྱེ་བྲག་ལ་སེམས་གཟུང་༔ དེའང་ལས་དང་པོ་པས༔ མདུན་དུ་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཤམ༔ དེ་ཉིད་ལྷ་དངོས་སུ་བསམ༔ ཡིད་མིག་རླུང་གསུམ་མདུང་ཚུགས་སུ་གཏད༔ གསལ་སྣང་ཁྱད་པར་ཅན་ཤར་བ་ན་མདུན་གྱི་ལྷ་རང་ལ་བསྟིམ༔ རང་ཉིད་དེ་ལྟ་བུའི་ལྷ་སྐུར་གསལ་བཏབ་ཅིང་སེམས་བཟུང་༔ སྐབས་རེར་བརྗོད་ཚིག་གི་སྒོ་ནས་ཀྱང་གསལ་སྣང་འདོན༔ སྐབས་རེར་དམིགས་པ་རྩེ་གཅིག་པས་སེམས་གཟུང་ངོ་༔ གཙོ་མོའི་སྐུ་ལ་སེམས་ཟིན་པའམ༔ དེ་ཙམ་མ་ཟིན་ཀྱང་རུང་སྟེ༔ སྐབས་སུ་རང་ཉིད་རྡོ་རྗེ་ཕག་མོ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་བྱ༔ རེས་འགའ་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་ཕག་མོའི་གསང་བ་གསུམ་དུ་ཤར་བ་དེ་ཉིད་ཀྱང་༔ དོན་དམ་པར་སངས་རྒྱས་ཆོས་ཀྱི་སྐུའི་ཡོན་ཏན༔ ཀུན་རྫོབ་ཏུ་གཟུགས་སྐུ་ཞལ་ཕྱག་གི་རྣམ་པར་ཤར་པ་ཡིན་ནོ་སྙམ་དུ་དག་པ་དྲན༔ གཙོ་མོ་ལ་སེམས་ཟིན་ནས༔ རིགས་བཞིའི་མཁའ་འགྲོ༔ དཔའ་བོ་དང་དཔའ་མོ༔ ཕྲིན་ལས་དང་དམ་ཚིག་གི་མཁའ་འགྲོ༔ རྟེན་གཞལ་ཡས་ཁང་མེ་རིའི་བར་རེ་རེ་བཞིན་དུ་སེམས་གཟུང་༔ གསལ་སྣང་སྐྱེས་པ་ན༔ རྟེན་དང་བརྟེན་པ་ཕྱི་ནས་ནང་༔ ནང་ནས་ཕྱི༔ རགས་པ་ཕྲ་བ༔ ངེས་པ༔ མ་ངེས་པ་སོགས་སྣ་ཚོགས་སུ་རྩལ་སྦྱང་༔ མཐར་གྱིས་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་འཆར་བ་ལ་བསླབ༔ བྱིང་རྒོད་ཀྱི་སྐྱོན་བསལ༔ ལེ་ལོའི་འཕྲང་བཅད༔ རྣམ་རྟོག་གི་རྙོགས་མས་མ་བསླད་པར་རྩེ་གཅིག་ཏུ་བསྒོམས་པས་དང་པོར་ཡིད་ཀྱི་ཡུལ་དུ་རྟེན་དང་བརྟེན་པའི་གསལ་སྣང་མ་འདྲེས་པར་སྐད་ཅིག་གིས་འཆར་ཞིང་ཡུན་རིང་དུ་སེམས་ཟིན་པ་འབྱུང་༔ བར་དུ་རླུང་སེམས་ལྷ་སྐུ་ལ་ཟིན་པས་སྟོང་གཟུགས་ཀྱི་ལྷ་སྐུ་དབང་པོའི་མངོན་སུམ་དུ་མཐོང་༔ མཐར་རླུང་སེམས་ལྷ་སྐུར་སྨིན་པས་རེ་འགའ་རགས་པའི་ལུས་རྟེན་ལྷར་འཆར་བ་འབྱུང་༔ དེ་ལྟ་བུའི་གསལ་བ་གསུམ་ཚད་དུ་ཕྱིན་ནས་རིང་པོར་མི་ཐོགས་པར་རྣམ་པར་སྨིན་པའི་རིག་འཛིན་ཐོབ་པར་འགྱུར་རོ༔ གཉིས་པ་ཁྱད་པར་གྱི་བསྐྱེད་རིམ་ནི༔ སྔོན་འགྲོས་རྒྱུད་སྦྱང་བ་ཇི་ལྟར་རིགས་པའི་རྗེས་དངོས་གཞི་བརྗོད་ཚིག་གི་སྒོ་ནས་གསལ་གདབ་པར་བྱ་སྟེ༔ ཨཱཿ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་ཚུལ༔ གསལ་བའི་ཡེ་ཤེས་ཀུན་ཏུ་སྣང་༔ དབྱེར་མེད་ཟུང་འཇུག་གཉུག་མའི་རྩལ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ མེ་ཕུང་རྡོ་རྗེའི་སྲུང་འཁོར་དང་༔ དུར་ཁྲོད་གཞལ་མེད་ཁང་ཆེན་དབུས༔ རང་ལུས་ལྷུན་གྲུབ་ཕོ་བྲང་ཆེ༔ རང་སེམས་དག་པ་ཝ་རཱ་ཧཱི༔ དུས་ཀྱི་མུན་པ་ལྟ་བུར་གནག༔ སྤྱན་གསུམ་མཆེ་གཙིགས་བཞད་འཛུམ་སོགས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ རལ་པ་དམར་ནག་སྤྲིན་ལྟར་གཏིབ༔ གྲི་གུག་ཐོད་ཁྲག་ཁ་ཊྭཱྃ་འཆང་༔ ཕྱག་རྒྱ་ལྔ་དང་མགོ་བོས་བརྒྱན༔ བརྐྱངས་བསྐུམ་གར་སྟབས་རོལ་པ་ཡིས༔ པདྨ་ཉི་མ་བམ་རོའི་སྟེང་༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ ཕྱི་གསལ་ནང་གསལ་འོད་ཀྱི་སྐུ༔ འཇའ་ཚོན་ལྟ་བུའི་ལུས་དབུས་སུ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི༔ སྤྱི་བོ་རྩེ་མོ་རྣམ་པར་བཀོད༔ རྩ་འདབ་སོ་གཉིས་ལྟེ་བ་རུ༔ སངས་རྒྱས་མཁའ་གྲོ་སྐུ་མདོག་དཀར༔ ཕྱག་གཡས་འཁོར་ལོའི་གྲི་གུག་འཕྱར༔ མགྲིན་པར་རོ་རྣམས་འདུས་པ་ཡི༔ འཁོར་ལོ་རྩ་འདབ་བཅུ་དྲུག་པའི༔ ལྟེ་བར་པདྨ་མཁའ་འགྲོ་དམར༔ ཕྱག་གཡས་པདྨའི་གྲི་གུག་འཕྱར༔ སྙིང་གར་དྲན་པ་རྣམ་བཀོད་ཀྱི༔ འཁོར་ལོ་རྩ་འདབ་བརྒྱད་པ་ཡི༔ ལྟེ་བར་རྡོ་རྗེ་མཁའ་འགྲོ་མཐིང་༔ ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར༔ ལྟེ་བར་སྲིད་པ་སྐྱེད་བྱེད་ཀྱི༔ འཁོར་ལོ་རྩ་འདབ་རེ་བཞི་པའི༔ ལྟེ་བར་རིན་ཆེན་མཁའ་འགྲོ་སེར༔ ཕྱག་གཡས་རིན་ཆེན་གྲི་གུག་འཕྱར༔ གསང་གནས་བདེ་བ་མྱོང་བྱེད་ཀྱི༔ འཁོར་ལོ་རྩ་འདབ་སོ་གཉིས་དབུས༔ ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་༔ ཕྱག་གཡས་རལ་གྲིའི་གྲི་གུག་འཕྱར༔ ཀུན་ཀྱང་གཡོན་པས་ཐོད་ཁྲག་དང་༔ གྲུ་མོ་གཡོན་ན་ཁ་ཊྭཱྃ་འཁྱུད༔ རྒྱན་དང་ཆ་ལུགས་གཙོ་མོ་ལྟར༔ འོད་ཟེར་གཟི་བརྗིད་འབར་བ་ཡི༔ རྩ་འདབ་རྣམས་སུ་རང་འདྲའི་འཁོར༔ མ་འགག་བདེ་ཆེན་རོལ་པར་ཤར༔ སྨིན་མཚམས་པུལླི་རཱ་མ་སོགས༔ ཡུལ་ཆེན་ཉེར་བཞིའི་རྩ་མདུན་རྣམས༔ ཞིང་ལས་སྐྱེས་པའི་དཔའ་བོ་དང་༔ དཔའ་མོ་ཉེར་བཞི་སྙོམས་འཇུག་སྦྱོར༔ ཡན་ལག་བཞི་དང་ཚིགས་ཆེན་བཞིར༔ ཕྲ་མེན་ལས་ཀྱི་དྷཱ་ཀི་དང་༔ དམ་ཚིག་འབྱུང་བའི་མཁའ་འགྲོ་རྣམས༔ བདེ་བའི་གར་སྟབས་ཅིར་ཡང་སྒྱུར༔ ཀུན་ཀྱང་ཉི་དང་འོད་ཟེར་བཞིན༔ རིགས་ཀྱི་ཚོམ་བུ་འབུམ་སྡེ་སྤྲོ༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ རྩ་གསུམ་ལྷ་ཚོགས་ངོ་བོར་བཞུགས༔ རྡོ་རྗེ་གསུམ་དུ་གདོད་ནས་དག༔ ཡེ་ཤེས་ལྔ་ལྡན་རང་དབང་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་ཨཱཏྨ་ཀོ྅་ཧཾཿལྷུན་གྲུབ་དམ་ཚིག་དཀྱིལ་འཁོར་ཆེར༔ ཡེ་ཤེས་འཁོར་ལོ་དབྱེར་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡ་ཡིས་ཕྱག་བགྱིའོ༔ ཨོཾ་ཛྙཱ་ན་བྷ་རཱ་ཧེ་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོཿ ཨ་ལ་ལ་ཧོཿ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ ཅེས་ལས་ཀྱི་རིམ་པ་མདོར་བསྡུས་པས་གསལ་བཏབ་ནས༔ གཙོ་མོ་དང་ལུས་དཀྱིལ་གྱི་ལྷ་ངོ་བོ་སྟོང་པ༔ རང་བཞིན་བདེ་བ༔ རྣམ་པ་གསལ་བ༔ བདེ་སྟོང་གི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་རྩེ་གཅིག་ཏུ་སེམས་གཟུང་༔ ཆེ་བའི་ང་རྒྱལ་བསྐྱེད༔ ཡེ་ཤེས་ཀྱི་དག་པ་དྲན་པས་ཅིར་སྣང་ལྷ་སྐུ་བདེ་བ་ཆེན་པོའི་རོལ་མོར་འཆར་བ་ལ་བསླབ་པར་བྱའོ༔ ཞར་བྱུང་བཟླས་པ་བྱ་བར་འདོད་ན༔ གནས་ལྔའི་ཕག་མོའི་ཐུགས་ཀ་རུ༔ ཉི་ཟླ་ཁ་སྦྱོར་ཐུགས་བྃ་ནི་ཧ་རི་ནི་ས་སྲོག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ ཐ་མལ་སྣང་ཞེན་ཀུན་སྦྱངས་ཏེ༔ བདེ་ཆེན་ཡེ་ཤེས་བརྟན་པར་གྱུར༔ ཅེས་གསལ་བཏབ་ལ༔ ཨོཾ་བྃ་བཛྲ་བྷ་རཱ་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷཱི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་བཟླས་བརྗོད་ཆུ་བོའི་རྒྱུན་ལྟར་བྱའོ༔ གསུམ་པ་བསྐྱེད་པའི་བོགས་འབྱིན་པ་སོགས་ཀྱི་སླད་དུ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི༔ འཛབ་ཀྱི་ཐུགས་དམ་བསྐུལ་ཞིང་དགོངས་པ་ཕྲིན་ལས་ལྟར་གསལ་གདབ༔ སྐུ་གསུང་ཐུགས༔ ཡེ་ཤེས་ཀྱི་མཁའ་འགྲོ་བཞི༔ དཔའ་བོ་དང་དཔའ་མོ༔ ལས་དང་དམ་ཚིག་གི་དྷཱ་ཀི་ནཱི་རྣམས་ཀྱི་བཟླས་པ་སྐྱོན་བཅུ་སྤངས་ལ་རྩེ་གཅིག་ཏུ་བསྙེན༔ ལྷ་སྐུའི་གསལ་སྣང་གཞིར་བཞག་སྟེ༔ སྔགས་ཀྱི་ཡིག་འབྲུ༔ འོད་ཟེར་སྤྲོ་བསྡུ༔ བདེ་བ་ཆེན་པོའི་ཡེ་ཤེས་སྟོང་ཉིད་རང་རིག་པ་རྣམས་ལ་སེམས་བཟུང་སྟེ་བཟླས་བརྗོད་ཆུ་བོའི་རྒྱུན་ལྟ་བུ་ལ་བསླབ་པས་ཡེ་ཤེས་ལ་ཅུང་ཟད་དབང་བ་དང་༔ ཆེས་ཆེར་བརྟན་པ་དང་༔ བརྟན་པ་མཐར་ཕྱིན་པ་རྣམས་རིམ་གྱིས་འབྱུང་བ་ཡིན་པས་ལྷ་སྔགས་ཀྱི་བསམ་གཏན་ལ་རྩེ་གཅིག་ཏུ་བརྩོན་པར་གྱིས་ཤིག༔ དེ་ལྟ་བུའི་རིམ་པས་ཐུན་བཞི་ལ་སོགས་པར་ཉམས་སུ་བླང་༔ ཐུན་ཐམས་ཅད་ཀྱི་མཐར་ཐུགས་ཀྱི་དགོངས་པ་མི་འགྱུར་བའི་གསལ་འདེབས༔ ལྷ་དང་སེམས་ཉིད་དབྱེར་མེད་ཀྱི་ངང་ཡུན་རིང་དུ་མཉམ་པར་བཞག༔ དེ་ལས་ལྡང་བ་ན་མཆོད་ཅིང་བསྟོད་པ་སོགས་ཅི་རིགས་པ་བྱས་ཏེ་ནོངས་པ་བཟོད་པར་གསོལ༔ རྟག་ཆད་ཀྱི་མཐའ་བསལ༔ བསྔོ་བ་དང་སྨོན་ལམ་བཀྲ་ཤིས་ཀྱིས་མཚམས་སྦྱར༔ ཐུན་མཚམས་ཐམས་ཅད་དུ་སྣོད་བཅུད་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྡོ་རྗེ་གསུམ་དུ་རྣམ་པར་དག་པའི་ངང་ནས་ཚོགས་དང་༔ གཏོར་མ་དང་༔ མཆོད་སྐོང་དང་༔ སྦྱིན་སྲེག་སོགས་ཕྱི་ནང་གི་མཁའ་འགྲོ་མ་རྣམས་མཉེས་པའི་བརྟུལ་ཞུགས་ལ་དུས་རྟག་ཏུ་བསླབ་པར་བྱའོ༔ ས་མ་ཡ༔ བསྐྱེད་བཟླས་ཟུང་དུ་འཇུག་པས་བསྙེན་སྒྲུབ་བྱ་བར་འདོད་ན༔ ཐོག་མར་རྟེན་བཅའ་བར་བྱ་སྟེ༔ དུར་ཁྲོད་ཀྱི་རས་སམ༔ གཞོན་ནུ་མའི་རྡུལ་གྱིས་གོས་པའི་རས་ལ་བླ་མ་ཡབ་ཡུམ་གྱི་བྱང་སེམས་ཀྱིས་བྱུག༔ ལྷ་བཟོ་དམ་ཚིག་དང་ལྡན་པས་བྲིས་སྐུ་མཚན་ཉིད་རྫོགས་པ་སོར་བཞི་པ་བྲིས་པའི་རྒྱབ་ཏུ་སྔགས་དང་གསོལ་བྱང་དགོད༔ དེ་ནི་སྐུའི་རྟེན་ནོ༔ གཞི་གོང་དང་འདྲ་བའམ༔ གྲོ་ཤོག་ལ་འཁོར་ལོ་ལྟེ་བ་མུ་ཁྱུད་དང་བཅས་པའི་དབུས་སུ་བྃ༔ མཐའ་སྐོར་དུ་ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་སྟྭཾ༔ གོང་རས་ལ་སྐུ་གསུང་ཐུགས་སྔགས༔ མུ་ཁྱུད་དང་པོ་ལ་འདབ་མ་བཞིར་མཁའ་འགྲོ་རིགས་བཞིའི་སྔགས༔ དེ་རྒྱབ་མུ་ཁྱུད་གསུམ་ལ་འཁོར་ལོ་རྩིབས་བརྒྱད་རེར་དཔའ་བོ་དཔའ་མོའི་སྔགས༔ དེ་རྒྱབ་མུ་ཁྱུད་ལྔ་པར་འདབ་མ་བརྒྱད་ལ་ལས་དང་དམ་ཚིག་གི་མཁའ་འགྲོའི་སྔགས་རྣམས་ལྷ་གནས་མ་འཆོལ་བར་དགོད༔ རྩིབས་མཆན་རྣམས་སུ་སརྦ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་སྟྭཾ༔ ཞེས་བྲི༔ མུ་ཁྱུད་དྲུག་པར་དབྱངས་གསལ༔ གསོལ་བྱང་༔ རྟེན་འབྲེལ་སྙིང་པོ་རྣམས་དགོད༔ དེ་རྒྱབ་རྡོ་རྭ་དང་མེ་རིས་མཛེས་པར་བྱ༔ སྔགས་ཐམས་ཅད་ཡིག་མགོ་ཕྱིར་བསྟན༔ བླ་མ་ཡབ་ཡུམ་གྱི་བྱང་སེམས་གཙོ་བོར་གྱུར་པའི་བདུད་རྩི་ཆེན་པོས་བྱུག༔ མཚན་ཉིད་དང་ལྡན་པའི་མཁའ་འགྲོའི་རིགས་ཅན་གྱི་སྐྲ་དང་སེན་མོ༔ གསང་གོས་བཅས་ལྷན་ཅིག་ཏུ་བཞག་གོ༔ དེ་ནི་གསུང་གི་རྟེན་ནོ༔ ཐོད་པ་མཚན་ལྡན་དཔྱད་ལེགས་པ་རྟེན་འབྲེལ་བཟང་པོ་ཅན་གྱི་ནང་དུ་བདུད་རྩི་ལྔས་བྱུག༔ རང་བྱུང་གི་ཤེལ་ཟུར་མ་ཉམས་པ༔ དུང་སྲིན་མེད༔ མགྲོན་བུ་བུ་མ༔ མེ་ལོང་གཡའ་བྲལ༔ གྲི་གུག༔ ཁ་ཊྭཱྃ༔ རྡོ་རྗེ་དྲིལ་བུ༔ ཅང་ཏེའུ་རྣམས་ཀྱི་གཟུགས་བརྙན༔ ཅུ་གང་༔ སིནྡྷུ་ར༔ ལ་ཕུག་སོགས་མཁའ་འགྲོ་འདུ་བའི་རྫས་དང་༔ ཁྱད་པར་ཤ་ལྔ་བདུད་རྩི་ལྔའི་རིལ་བུའམ་ཕུར་མ༔ རིན་ཆེན་འབྲུ་སྨན་སོགས་ཀྱིས་ཕྱུར་བུར་གཏམས༔ དེ་ནི་ཐུགས་ཀྱི་རྟེན་ནོ༔ དེའི་ནང་དུ་སྐུ་དང་གསུང་གི་རྟེན་བཞུགས་སུ་གསོལ༔ རབ་གནས་ལེགས་པར་བྱ༔ དར་དམར་པོས་དྲིལ་ཏེ་དཀྱིལ་འཁོར་གྱི་དབུས་སུ་གཞུག༔ བགེགས་བསྐྲད༔ ཡེ་ཤེས་ཀྱི་གཟི་བྱིན་ལེགས་པར་དབབ་བོ༔ དེ་ནས་མཚམས་དམ་པར་བཅད་ལ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་འཇུག་པར་བྱ་སྟེ༔ དང་པོ་བསྙེན་པ་ནི༔ ལས་ཀྱི་གཞུང་བསྲངས་ལ༔ རང་ཉིད་གཙོ་མོའི་ལྷ་སྐུའི་གསལ་སྣང་ལྷག་པར་བློ་བཞག་སྟེ་སྐུ་གསུང་ཐུགས་ཀྱི་བཟླས་པ་མཐར་ཕྱིན་པར་བྱའོ༔ གཉིས་པ་ཉེ་བསྙེན་ནི༔ དཀྱིལ་འཁོར་ཡོངས་རྫོགས་ལ་སེམས་བཟུང་༔ རིགས་བཞིའི་མཁའ་འགྲོ་མ་ལ་དམིགས་ཏེ་བཟླས་བརྗོད་འབུམ་ཕྲག་རེ་བྱའོ༔ གསུམ་པ་སྒྲུབ་པ་ནི༔ ཕྲིན་ལས་ཀྱི་གཞུང་བསྲང་༔ བཟླས་པའི་སྐབས་སུ་བབ་པ་ན༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་མཎྜ་ལ་སྥ་ར་ཎ་ཕཊ༔ ཅེས་པས་རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོས༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམས་ལ༔ མཁའ་འགྲོ་ལྔའི་སྔགས་ཇི་ལྟར་རིགས་པ་དང་༔ གཙོ་བོར་དཔའ་བོ་དང་དཔའ་མོའི་སྔགས་འབུམ་ཕྲག་རེ་བཟླའོ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ ལས་དང་དམ་ཚིག་གི་མཁའ་འགྲོ་ལ་དམིགས་ཏེ་ཕྲིན་ལས་སྐུལ་བའི་སྔགས་འབུམ་ཕྲག་རེ་བཟླས་པ་སྔོན་དུ་འགྲོ་བས་ཚོགས་དང་གཏོར་མའི་མཆོད་པ་རྒྱ་ཆེན་པོ་བཅས་དངོས་གྲུབ་བླང་བའི་ཆོ་ག་ཚུལ་བཞིན་དུ་བྱའོ༔ དེ་ལྟར་བརྩོན་པས་རབ་རླུང་སེམས་ལྷ་སྐུར་དངོས་སུ་ལྡང་ནུས༔ འབྲིང་འདུ་བ་གསུམ་དང་འབར་བ་གསུམ་ཅི་རིགས་པར་འབྱུང་༔ ཐ་མའང་ལས་གང་བརྩམས་ཐོགས་མེད་དུ་འགྲུབ༔ སྤྱིར་བསྙེན་སྒྲུབ་ལན་གཅིག་བགྱིས་པས་ཀྱང་དབྱིངས་དང་ཡེ་ཤེས་ལས་ཀྱི་མཁའ་འགྲོ་མ་རྣམས་ལུས་དང་གྲིབ་མ་ལྟར་འགྲོགས་ནས་རྩ་ཁམས་བྱིན་གྱིས་བརླབས་པའི་མཐུས༔ ཚེ་རིང་༔ ནད་ཉུང་༔ རྒས་པ་སྲ༔ ཉམས་རྟོགས་ཁྱད་པར་ཅན་སྐྱེ༔ འབྲེལ་ཚད་སྣང་བ་འགྱུར་ཞིང་མཁའ་འགྲོ་མས་རྗེས་སུ་དགོངས༔ འཆི་ཁའམ༔ བར་དོར་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཐུགས་རྗེའི་ཕྱག་གིས་བཟུང་སྟེ་མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་འགྱུར་བས་ན་ཐེ་ཚོམ་མེད་པའི་དད་པ་དང་ངེས་ཤེས་བརྟན་པོས་གསང་བའི་ལམ་འདི་ལ་རྟག་ཏུ་བརྩོན་པར་བྱའོ༔ ས་མ་ཡ༔ གཉིས་པ་གསུང་རྡོ་རྗེ་རྫོགས་རིམ་གྱི་སྔོན་འགྲོ་ཐབས་ཀྱི་ཉམས་ལེན་ནི༔ གསང་དབང་རྫོགས་པར་བསྐུར་བའི་རྗེས་སུ༔ ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ གསང་བའི་དབང་བསྐུར་བ་དང་རྗེས་སུ་འབྲེལ་བའི་གདམས་ངག་བསྒོམ་པ་ལ་དྲུག་ལས༔ དང་པོ་གཏུམ་མོས་གཞི་བཅའ་བ་ནི༔ གནས་དབེན་པར་བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང་༔ ཡན་ལག་དང་ཉིང་ལག་རྣམས་འཕེན་ཅིང་བཅུད་པ་དང་འཕུར་བཤུད་ལ་སོགས་པས་མཉེན་བཙལ༔ རླུང་རོ་སངས་ཀྱིས་བུས༔ རིག་པ་མ་བཅོས་པའི་ངང་ནས་སྔོན་འགྲོ་ཇི་ལྟར་རིགས་པའི་རྗེས༔ རང་ཉིད་ཕྱི་དབྱིབས་ཀྱི་ཕག་མོ་རྩ་གསུམ་འཁོར་ལོ་ལྔ་ལྷ་དང་བཅས་པ་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ལྟར་གསལ་གདབ༔ སེམས་གཟུང་༔ སེམས་ཟིན་པ་ན་ཐོག་མར་འོག་རླུང་ཅུང་ཟད་བསྐུལ༔ སྟེང་རླུང་དལ་བར་མནན༔ འོག་རླུང་གྱེན་དུ་དྲང་༔ ལྟེ་འོག་ཏུ་ཁ་སྦྱར༔ དགང་ཞིང་གཞིལ༔ མི་ཐུབ་པ་ན་དལ་བུས་ལྷག་མེད་དུ་གཏང་༔ བུམ་པ་ཅན་འབྱོངས་པར་བྱའོ༔ དེ་ནི་རླུང་གི་ཉམས་ལེན་ནོ༔ དེ་ནས་རླུང་གི་རེག་བྱས་ལྟེ་བའི་མཁའ་འགྲོ་རྣམས་བསྐུལ༔ དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ལྟེ་འོག་སོར་བཞི་རྩ་གསུམ་འཛོམས་པའི་དབུས་ཀྱི་ཨ་ཐུང་མེ་འབར་ལ་ཁད་པ་ལ་རེག་པས་དམར་ཁྱུག་གིས་འབར༔ བདེ་གསལ་དྲོད་ཀྱི་རང་བཞིན་ཅན་གྱིས་ལྟེ་བའི་ལྷ་ཚོགས་རྣམས་ལ་རེག་པས་འབར་འཛག་གི་ཡེ་ཤེས་སྐྱེས༔ ཁམས་སྙིག་མ་སྐམས༔ དྭངས་མ་ཆེར་འཕེལ༔ རིམ་པ་དེ་ཉིད་ཀྱིས་སྙིང་ག༔ མགྲིན་པ༔ སྤྱི་བོ༔ མེ་ལྕེ་མར་འཕྲོས་པས་གསང་གནས་རྣམས་སུ་ཞུགས༔ དེ་ལས་ཆེར་འབར་བས་རྩ་ཁམས་ཐམས་ཅད་དང་༔ བ་སྤུའི་བུ་ག་ཚུན་ཁྱབ༔ དྲོད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམས་ལ་རླུང་བཟུང་༔ དེ་ནི་གཏུམ་མོའི་ཉམས་ལེན་ནོ༔ དེ་ནས་མེ་ལྕེ་སྤྱི་བོའི་རྩ་འཁོར་སྟེང་གི་ཧྃ་ཐུར་བསྟན་ལ་རེག་པས་བདེ་བའི་རྒྱུན་བབས༔ སྤྱི་བོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཞུགས༔ སྐུའི་ནང་གང་༔ བདེ་ཆེན་གྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་སྐྱེས༔ བུམ་པའི་དབང་ཐོབ༔ སྐུའི་དམ་ཚིག་ཉམས་ཆག་སྦྱངས༔ བྱིན་རླབས་ཞུགས་པར་བསམ༔ དེ་བཞིན་དུ་མགྲིན་པ་ནས་གསང་གནས་ཀྱི་བར་སོ་སོར་བབས་པས༔ དབང་གོང་མ་གསུམ་དང་རིག་པ་རྩལ་གྱི་དབང་ཆེན་ཐོབ༔ གསུང་དང་༔ ཐུགས་དང་༔ ཡོན་ཏན་དང་༔ ཕྲིན་ལས་ཀྱི་དམ་ཚིག་ཉམས་ཆག་བྱང་ཞིང་བྱིན་རླབས་ཞུགས་པར་བསམ༔ སོ་སོར་བུམ་པ་ཅན་གྱིས་བརྟན་པར་བྱ༔ མཐར་བྱང་ཆུབ་སེམས་ཀྱིས་ལུས་དཀྱིལ་ཐམས་ཅད་ལ་ཁྱབ་པས་ལས་དང་ཡེ་ཤེས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བསམ༔ དེ་ནི་ཐིག་ལེའི་ཉམས་ལེན་ནོ༔ དེ་ནས་ཕྲིན་ལས་ལྟར་དགོངས་པ་གསལ་བཏབ་སྟེ་བདེ་རླུང་སེམས་དང་ལྷ་སྐུ་དབྱེར་མེད་པའི་ངང་དུས་གསུམ་གྱི་སྤྲོས་པ་བཅད་ལ་སེམས་བཟུང་༔ དེ་ནི་མི་རྟོག་པའི་ཉམས་ལེན་ནོ༔ གཉིས་པ་སྒྱུ་ལུས་ཀྱི་རྩལ་སྦྱང་བ་ནི༔ རླུང་བུམ་ཅན་གྱི་སྦྱོར་བ་དང་བཅས་སྤྱི་བོའི་ལྷ་ཚོགས་ལ་སེམས་གཏད་པས༔ དེ་རྣམས་ལས་འོད་ཟེར་འཇའ་ཚོན་ལྟ་བུ་མེའི་རང་བཞིན་ཅན་བྱུང་༔ ཞུ་བདེ་དང་དབྱེར་མེད་པའི་ལུས་དཀྱིལ་གྱི་ལྷ་རྣམས་ལ་རེག་པ་ཙམ་གྱིས་ལྕགས་ལ་གསེར་འགྱུར་གྱི་རྩིས་བཏབ་པ་ལྟར་ལྷ་སྐུ་སྒྱུ་མ་འཇའ་ཚོན་ལྟ་བུར་གྱུར༔ སླར་ཡང་འོད་ཟེར་དེས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས༔ བརྟན་གཡོའི་དངོས་པོ་མཐའ་དག་བདེ་ཆེན་གྱི་རང་བཞིན༔ སྒྱུ་མའི་གཟུགས་བརྙན༔ མཁའ་འགྲོ་མའི་དཀྱིལ་འཁོར་དུ་ལམ་ལམ་ཤར་བ་ལ་སེམས་གཏད༔ རླུང་ཡིད་སེམས་གསུམ་གཅིག་ཏུ་དྲིལ༔ མཐར་དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་སྣོད་བཅུད་གཞི་ལུས་དང་བཅས་པ་འོད་གསལ་དུ་བསྡུ༔ ཡང་སྒྱུ་མའི་སྐུར་ལྡང་༔ དགྲ་གཉེན་བར་མའི་སྣང་བ་དང་ཆགས་སྡང་རྨོངས་པའི་རྟོག་པ་གང་ཤར་ཡང་སྒྱུ་མ་ལྟ་བུའི་ལྷ་སྐུ༔ རྨི་ལམ་གྱི་རང་གཟུགས༔ སྣང་སྟོང་དབྱེར་མེད་ཀྱི་ངང་དུ་རྩལ་སྦྱང་ཞིང་ལམ་དུ་བླང་ངོ་༔ དེ་ནི་སྒྱུ་མའི་ཉམས་ལེན་ནོ༔ གསུམ་པ་འོད་གསལ་གྱི་སྙིང་པོའི་གནས་ལུགས་མངོན་དུ་བྱ་བ་ནི༔ རླུང་སྦྱོར་དང་བཅས་སྙིང་གའི་ལྷ་ཚོགས་རྣམས་ལ་སེམས་གཏད་པས་འཁོར་རྣམས་བདེ་ཆེན་གྱི་ངོ་བོར་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་ཐུགས་ཀར་ཨ་ཡིག་མཐིང་ག་ཤིན་ཏུ་ཕྲ་བ་ལ་སེམས་གཏད༔ རླུང་ཡིད་སེམས་གསུམ་བརྒྱལ་ཐབས་སུ་བཞག་པ་ལ་བརྟེན་ནས་རྟོག་པ་རགས་པ༔ ཕྲ་བ༔ ཤིན་ཏུ་ཕྲ་བའང་འགགས་ནས་རིག་པ་མ་བཅོས་པའི་ངོ་བོ་རྗེན་ལྷང་གིས་ཤར་བའི་ངང་དུ་བཞག༔ དེ་ལྟར་ཡང་ཡང་གོམས་པས་གཉིད་དུ་འགྲོ་ཁར་ལུས་གནད་ཙོག་པུར་བྱས་ལ་དམིགས་པ་དྲག་ཏུ་གཅུན་པས་ཉམས་དང་རྟོགས་པའི་ཡེ་ཤེས་འཆར་བར་འགྱུར་རོ༔ དེ་ནི་འོད་གསལ་གྱི་ཉམས་ལེན་ནོ༔ བཞི་པ་རྨི་ལམ་གྱི་ཚད་བཟུང་བ་ནི༔ སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ༔ ཉམས་སྐྱེས་པ་ན་སྒྱུ་ལུས་ཀྱི་རྩལ་སྦྱང་༔ ཁྱད་པར་གཉིད་དུ་འགྲོ་ཁར་ལུས་ཙོག་པུར་བྱས་ལ༔ རླུང་སྦྱོར་དང་བཅས་པས་མགྲིན་པའི་ལྷ་ཚོགས་ལ་སེམས་གཏད་པས༔ འཁོར་རྣམས་བདེ་གསལ་གྱི་ངོ་བོར་འོད་དུ་ཞུ༔ གཙོ་མོ་ལ་ཐིམ༔ གཙོ་མོའི་མགྲིན་པར་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་བདེ་གསལ་གྱི་རང་བཞིན་ཅན་ལ་སེམས་གཏད༔ འདི་རྨི་ལམ་རྨི་བ་ཡིན་འདུག་སྙམ་དུ་བསམ༔ མཐར་ཐིག་ལེ་ཁོ་ན་ལ་སེམས་བཟུང་ཞིང་༔ འཇམ་རླུང་བཅས་གཉིད་ལོག་པས་དང་པོ་རྨི་ལམ་ནམ་འདོད་དུ་ངོ་ཤེས་པ་འབྱུང་༔ དེ་ནས་སྒྱུ་ལུས་དང་བསྲེས་ཏེ་ལྷ་སྐུར་ལྡང་༔ འོད་གསལ་དང་བསྲེས་ཏེ་མི་རྟོག་པའི་ངང་དུ་བཞག༔ སྤྲུལ་བསྒྱུར་དང་བསྲེས་ཏེ་ཞིང་ཁམས་ལྟ་བ་སོགས་བསླབ་པར་བྱའོ༔ དེ་ནི་རྨི་ལམ་གྱི་ཉམས་ལེན་ནོ༔ ལྔ་པ་འཕོ་བའི་ཉམས་ལེན་ནི༔ དབུ་མའི་ནང་ལྟེ་འོག་སོར་བཞིའི་ཐད་སྨྱུག་མའི་ཚོགས་པ་ལྟར་ཟླ་དཀྱིལ་གྱིས་ཁྲིགས་སེ་བཀག་པའི་སྟེང་དུ་རིག་པའི་ངོ་བོ་ཐིག་ལེ་དཀར་པོ༔ རླུང་གི་རང་བཞིན་སྔོ་མདངས་ཆགས་པ་འཕར་ལིང་ལིང་བྱེད་པ་ལ་སེམས་གཏད༔ ཟིན་པ་ན་རླུང་སྦྱོར་གྱིས་བསྐུལ་བས་གསང་གནས་ཀྱི་ལྷ་ཚོགས་རླུང་འོད་ཟེར་དང་བཅས་པ་ཤུགས་དྲག་ཏུ་ལངས༔ ཟླ་དཀྱིལ་གྱི་འོག་ལ་རེག་པས་རྐྱེན་བྱས༔ ཐིག་ལེ་སྦར་ཏེ་འཕར༔ འཁོར་ལོ་བཞིའི་གཙོ་མོ་རྣམས་ལ་གཡོན་དུ་བསྐོར་ཏེ་སྤྱི་བོའི་སངས་རྒྱས་མཁའ་འགྲོའི་ཐུགས་ཀར་ཐིམ་པར་བསམ༔ འོག་རླུང་བསྐྱོད༔ སྟེང་རླུང་ཕྱིར་གཏང༔ མིག་གྱེན་དུ་ལྡོག༔ ཕཊ་ཅེས་བརྗོད༔ རླུང་སེམས་བསྲེས་ཏེ་མཉམ་པར་བཞག༔ ཡང་ཨ་ཞེས་བརྗོད་པས་ཐིག་ལེ་མར་བྱུང་ལྟེ་བར་ལྕི་ཐིང་ངེ་གནས་པར་མོས༔ དེ་ལྟར་ཡང་ཡང་དུ་རྩལ་སྦྱང་༔ རྟགས་མ་བྱུང་བར་འབད༔ ལས་ལ་སྦྱར་བའི་ཚེ་ཐིག་ལེ་སྤར་བ་དང་ལྷན་ཅིག་ཏུ་གཞི་ལུས་དང་བཅས་པ་སངས་རྒྱས་མཁའ་འགྲོ་མ་ལ་ཐིམ༔ དེ་ཚངས་བུག་རྒྱ་མཐོངས་ཁ་བྱེ་བ་ལྟར་ཡོད་པ་ནས་བྱ་འཕུར་བ་བཞིན་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པར་བསམས་ལ་རིག་པ་སྤྲོ་བསྡུ་མེད་པའི་ངང་དུ་མཉམ་པར་བཞག་གོ༔ དེ་ནི་འཕོ་བའི་ཉམས་ལེན་ནོ༔ དྲུག་པ་བར་དོའི་ཉམས་ལེན་ནི༔ སྣང་བ་འདི་ཐམས་ཅད་བར་དོའི་གནས་སྐབས་ཡིན་སྙམ་དུ་བསམ༔ དེ་ལ་ཉམས་སྐྱེས་པ་ན༔ རང་ཉིད་བར་དོའི་རླུང་སེམས་ཙམ་དང་དབྱེར་མི་ཕྱེད་པའི་རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ལ་སེམས་གཏད་པས་བདེ་སྟོང་གི་རང་བཞིན་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཁྱབ༔ ཆགས་སྡང་རྨོངས་པའི་རྟོག་པ་སྦྱངས༔ སེམས་ཀྱི་ངོ་བོ༔ རླུང་གི་རང་བཞིན༔ བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བའི་མཁའ་འགྲོ་མའི་སྐུ་སྣང་སྟོང་༔ གསུང་གྲག་སྟོང་༔ ཐུགས་རིག་སྟོང་གི་རང་བཞིན་དུ་ལམ་གྱིས་ཤར་བར་བསམས་ལ་སེམས་བཟུང་༔ རྟོག་པ་ཐམས་ཅད་རྡོ་རྗེ་གསུམ་དང་བསྲེ་ཞིང་འཕོ་བས་རྩལ་སྦྱང་༔ དེ་ལྟ་བུ་བསྒོམ་མི་དགོས་པར་ཤུགས་ཀྱིས་འཆར་ན་བར་དོ་འབྱོངས་བ་ཡིན་ནོ༔ དེ་ནི་བར་དོའི་ཉམས་ལེན་ནོ༔ དེ་རྣམས་ཀྱི་ཡན་ལག་ཏུ༔ གཏུམ་མོའི་སྐབས་སུ་ནུབ་མོ་ཉལ་བའི་ཚེ་ཙོག་པུ་མེ་ཐབ་དྲུག་གི་ཆིངས་དང་ལྡན་པས་ལྟེ་བར་ཁ་རླངས་ཕོག་པར་བྱས་ཏེ༔ ཨ་ཐུང་ལ་སེམས་གཏད་ཅིང་གཉིད་ལོག་པས་དྲོད་ཀྱི་རྒྱུན་བརྟན༔ སྐབས་སུ་རླུང་བཟུང་ཞིང་ལྟོ་བ་རྒལ་ཚིགས་ལ་བརྡབ་པའི་འཁྲུལ་འཁོར་བྱ༔ དེས་དྲོད་གློ་བུར་དུ་འབར༔ སྐབས་དེར་ལུས་གཅེར་བུར་ཕྱུངས་ལ་འདག་རྫས་དང་ཆུ་གྲང་གིས་བཀྲུ༔ ཞུན་ཆེན་གྱི་བསྐུ་མཉེ་བྱ༔ ཞུན་ཆེན་གྱི་དཔལ་འབར་མདུན་དུ་བཙུགས༔ པདྨ་ཕག་མོའི་རང་བཞིན་དུ་བསྐྱེད་བསྟིམ་བྱ༔ སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ཁྱབ༔ བདེ་དྲོད་བསམ་གྱིས་མི་ཁྱབ་པ་སྐྱེས་པར་བསམས་ལ་དཔལ་འབར་ལུས་ལ་བསྐོར་ཞིང་༔ ཨོཾ་པདྨ་ཝ་རཱ་ཧཱི་ཛྙཱ་ན་ཛྭ་ལ་རྃ་རྃ་རྃ༔ དེས་དྲོད་ཀྱི་རྩལ་འབྱོང་ངོ་༔ དབང་པོ་ཐ་མ་རྫས་ཀྱི་གཏུམ་མོ་ནི༔ གཡག་རྒོད་ཀྱི་མཁྲིས་པ་དྲོད་མ་ཡལ་བར་སྨན་ཚ་བ་གསུམ༔ སྔོ་ཚ་བ་གསུམ༔ ཛཱ་ཏི༔ རྒྱ་གཡེར༔ ཆིང་ཕབས་རྣམས་བཏབ་ལ་བསྐམ༔ ཕྱེ་མ་ཞིབ་མོ་ཚིལ་ཆེན་དང་༔ ཨ་རག་གིས་རིལ་བུར་དྲིལ༔ གོང་ལྟར་པདྨ་མཁའ་འགྲོར་བསྐྱེད་ཅིང་སྔགས་བཟླ༔ ལྷ་འོད་དུ་ཞུ་བའི་རིལ་བུ་ཆང་བཟང་པོ་དང་སྦྱར་ཏེ་བཏུང་༔ རླུང་སྦྱོར་དང་འཁྲུལ་འཁོར་བྱ༔ དབང་པོའི་སྒོ་དང་རྨེན་བུ་མ་གཏོགས་པར་བྱུགས་ཤིང་བསྐུ་མཉེ་དྲག་ཏུ་བྱས་པས་རྩོལ་མེད་དུ་དྲོད་སྐྱེའོ༔ སྤྱིར་གཏུམ་མོའི་དམ་ཚིག་ལ་མེ་དང་ཉི་མ་ལ་མི་སྡོད་༔ གོས་སྲབ་ཏུ་བྱ༔ གྲང་བའི་སྣང་བ་མི་བྱེད༔ དངོས་པོ་ཐམས་ཅད་གཏུམ་མོའི་མེའི་རང་བཞིན་དུ་ལོངས་སྤྱད་དོ༔ སྒྱུ་ལུས་ལ་སོགས་འབྱིན་པ་ནི༔ སྔ་དྲོ་ཉི་མ་ཤར་བའི་ཚེ་ཁ་ནུབ་ཏུ་བལྟས༔ རང་གི་མདུན་དུ་མེ་ལོང་དྭངས་པ་ཞིག་བཙུགས༔ རབ་ཏུ་དྭངས་པ་བཞག༔ ཕག་མོའི་སྐུ་འགྱིང་ལོག་ཏུ་བྲིས་པ་འཆར་དུ་བཅུག༔ འཇའ་ཤེལ་མིག་ལ་བཀབ༔ ངོ་བོ་སྟོང་པ༔ རྣམ་པ་གསལ་བ༔ སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུ་ལ་སེམས་རྩེ་གཅིག་ཏུ་བཟུང་༔ དེ་ལ་སེམས་ཟིན་པ་ན་དེ་ལྟ་བུའི་ལྷ་སྐུ་གྲངས་མེད་པ་སྤྲོས་ཏེ་རྩལ་སྦྱོང་ངོ་༔ མེ་ལོང་དང་བྲིས་སྐུ་དམ་ཡེ་དབྱེར་མེད་དུ་བྱས་ཏེ་མི་འབྲལ་བའི་བླ་རྡོར་འཆང་༔ དམ་ཚིག་ཏུ་ཆགས་སྡང་རྨོངས་གསུམ་གྱི་ཡུལ་གང་སྐྱེས་ཀྱང་བདེན་ཞེན་མ་ཞུགས་པར་སྒྱུ་མ་ལྟ་བུར་བལྟས་ཏེ་ཕཊ་ཅེས་འཛིན་པ་རྦད་ཀྱིས་གཅད་དོ༔ འོད་གསལ་གྱི་ཉམས་འཆར་སླ་བའི་ཕྱིར་གནས་དབེན་པར་སྒྲུབ་པའི་ཁང་བུ་བྱ༔ ཚིལ་ཆེན་གྱི་ཞུན་མར་གསལ་པོ་སྦྱར༔ དེ་ཉིད་བླ་མ་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་བསྟིམ་མཆོད་བསྟོད་བྱ༔ ཨོཾ་གུ་རུ་བཛྲ་དྷཱ་ཀི་ནཱི་ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨ༔ ཞེས་བཟླ༔ དམ་ཚིག་ཉམས་ཆག་བཤགས༔ དབང་བླང་༔ གསང་བའི་ཁྲུས་ཆུས་འཐོར་འཐུང་ཉེ་རེག་བྱ༔ མེ་ལོང་ཤིན་ཏུ་དྭངས་པ་ལྟེ་བར་ཨ་ཡིག་ཕྲ་མོས་མཚན་པ་མར་མེའི་སྣང་བས་མཚོན་པར་བྱས་ཏེ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད༔ རིག་པ་བཟོ་མེད་དུ་འཇོག༔ གཉིད་དུ་འགྲོ་ཁར་ལྷག་པར་སེམས་བཟུང་༔ དམ་ཚིག་ལུས་ངག་ཡིད་གསུམ་ཅི་ལའང་བྲེལ་དུ་མི་གཞུག༔ དམ་ཚིག་ཉམས་ཆག་ཅན་གྱི་མི་དང་མི་འགྲོགས༔ ཟས་མི་ཟ༔ བཅུད་དང་ལྡན་པའི་བཟའ་བཏུང་ཉུང་ངུ་རེ་ཁྲིགས་སུ་བཅད་ལ་བྱ༔ ཤ་ཆེན་གྱི་སྤོས་དང་ཚོགས་གཏོར་གྱིས་མཁའ་འགྲོ་ལྷག་པར་མཆོད༔ ཉིན་མོ་གཉིད་མི་ལོག༔ ཁམས་ཐིག་ལེ་ཅུང་ཟད་ཀྱང་མ་ཉམས་པར་བྱའོ༔ རྨི་ལམ་རྩོལ་མེད་དུ་ཟིན་པའི་གནད་ཉིན་པར་སྤྱི་དང་༔ འཇིགས་སྐྲག་སོགས་གློ་བུར་དུ་སྐྱེས་པའི་སྐབས་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ༔ ཤེལ་གྱི་མེ་ལོང་ལ་གཟུགས་བརྙན་སྣ་ཚོགས་མ་ངེས་པར་འཆར་དུ་གཞུག་ཅིང་རྨི་ལམ་ཡིན་སྙམ་དུ་བསམ༔ སྣང་སྟོང་བདེན་མེད་དུ་རྩལ་སྦྱང་༔ མཚན་དུས་ཀྱི་རྨི་ལམ་གང་རྨིས་པ་ཡིད་ལ་གསལ་ཚད་དྲན་དུ་བཅུག་ལ༔ མདང་རྨི་ལམ་དེ་ལྟར་རྨིས་ཀྱང་ངོ་མ་ཤེས༔ དོ་ནུབ་ངེས་པར་ངོས་ཟིན་པར་བྱ་སྙམ་པའི་འདུན་པ་ཡང་ཡང་བཏང་༔ དམ་ཚིག་ཏུ་སྣང་བ་ལ་བདེན་ཞེན་སྤང་༔ རྟོག་པའི་རྗེས་སུ་མི་འབྲང་༔ གང་ཤར་ངོས་ཟིན་པར་བྱས་ལ་བདེན་མེད་དུ་བུན་ལོང་ངེའི་ངང་བསྐྱང་༔ རྨི་ལམ་ཟིན་པ་ན༔ སྤྲུལ་བསྒྱུར་དང་༔ ཞིང་ཁམས་ལྟ་བའི་འདུན་པ་སོགས་ལ་ཉིན་པར་ཡང་རྩལ་སྦྱང་ངོ་༔ འཕོ་བའི་སྐབས༔ རླུང་གནད་དུ་ཚུད་པ༔ སེམས་དམིགས་པ་རྩེ་གཅིག་པ༔ ལུས་སྟོད་སྒྲིམ་པ་རྣམས་གནད་ཡིན༔ དམ་ཚིག་ཏུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་༔ རྟག་ཏུ་སྐྱོ་ཤས་བརྟེན༔ ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་བསྟུང་༔ ལུས་ལོངས་སྤྱོད་མཛའ་བཤེས་གང་ལའང་ཡིད་མི་འཕྲེང་༔ དམ་ཚིག་དང་སྡོམ་པ་ཤིན་ཏུ་དག་པར་བྱ༔ རང་གང་ལ་མོས་པའི་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ཏེ་དེར་འཕོ་བའི་འདུན་པ་དང་སྤྲོ་བ་རྩེ་གཅིག་ཏུ་བྱ༔ དབང་པོ་ཐ་མ་རྫས་ཀྱི་འཕོ་བའི་གདམས་པ་ནི༔ སྔོ་རྟག་ཏུ༔ རྡོ་ཁབ་ལེན༔ མགྲོན་བུ་བསྲེགས་པའི་ཐལ་བ༔ སྨན་དང་སྔོའི་ཚ་བ་གསུམ༔ རྒྱ་གཡེར༔ ཤིང་ཀུན༔ རྒྱ་ཚྭ༔ བྱང་སེམས་དཀར་དམར་རྣམས་དང་༔ ཁྱད་པར་སྐྱེ་བདུན་གྱི་གདུང་༔ རིང་བསྲེལ༔ བདུད་རྩི་ཆེན་པོ་རྣམས་སྦྲང་རྒོད་ཀྱིས་རིལ་བུ་དྲིལ་བའམ་ཕུར་མ་བྱ༔ གཞོན་ནུ་མའི་ཐོད་པ་མཚན་ལྡན་གྱི་ནང་དུ་བླུགས༔ ལས་ཀྱི་མཁའ་འགྲོ་མ་བསྐྱེད་བསྟིམ་བྱས་ལ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མང་དུ་བཟླས་པས་འོད་དང་དུ་བ་འཐུལ་བ་སོགས་རྟགས་བྱུང་ན་ངེས་པར་འགྲུབ་པ་ཡིན༔ གང་ལྟར་ཡང་ལྷ་འོད་དུ་ཞུ་བའི་རྫས་སུ་བསམ༔ དབུགས་ཆད་པའི་སྐབས་སྤྱི་བོར་ཆང་བཟང་པོ་དང་སྦྱར་ནས་བྱུགས་པས་རྣམ་ཤེས་ཚངས་བུག་ནས་ཐོན་ཏེ་མཁའ་ལ་སྤྱོད་པའམ༔ མཐོ་རིས་ཀྱི་རྟེན་སོགས་སྐལ་བ་དང་མཚུངས་པར་འཕོ་བར་འགྱུར་རོ༔ བར་དོའི་སྐབས༔ ད་ལྟའི་སྣང་བའི་བར་དོར་འཆར་བ་ལ་རྩལ་སྦྱངས་པས་ཉམས་སྐྱེས་པ་ན་གཟུགས་སྣང་ལྷ་སྐུ་དང་བསྲེ༔ སྒྲར་གྲགས་སྔགས་དང་བསྲེ༔ དྲན་རྟོག་འོད་གསལ་དང་བསྲེ༔ དེ་བཞིན་དུ་འདོད་ཆགས་བདེ་སྟོང་༔ ཞེ་སྡང་གསལ་སྟོང་༔ གཏི་མུག་རིག་སྟོང་༔ ང་རྒྱལ་མི་རྟོག་པ༔ ཕྲག་དོག་དག་སྣང་དང་བསྲེ་ཞིང་གོ་འཕོ་བ་སོགས་རྩལ་སྦྱང་༔ རླུང་སེམས་རྩེ་གཅིག་ཏུ་གཅུན༔ མཚན་མོ་ཞུན་ཆེན་གྱི་མར་མེ་སྦར་བ་རྡོ་རྗེ་ཕག་མོ་ལུས་དཀྱིལ་གྱི་ལྷ་དང་བཅས་པ་གསལ་གདབ༔ ཨོཾ་བཛྲ་བྷ་རཱ་ཧེ་ཛྙཱ་ན་ཀཱ་ཡཱ་ཝཱ་ཀ་ཙིཏྟ་བྃ་བྃ་བྃ༔ ཞེས་བཟླས་པས་དེ་ལས་སྐུ་དཔག་ཏུ་མེད་པ་འཕྲོས༔ རང་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་བར་དོའི་ཡིད་ཀྱི་བཀོད་པར་གསལ་བ་ལ་ཐིམ་པས་དེ་ཐམས་ཅད་ཕག་མོའི་སྐུ་གསུང་ཐུགས་སུ་ལམ་ལམ་གྱུར་པར་བསམས་ལ་རྩལ་སྦྱང་ངོ་༔ དམ་ཚིག་ཏུ་ཚེ་འདིའི་སྣང་ཤས་ལ་བློ་ལྡོག༔ ཞེན་འཁྲིས་བསྒྱུར༔ ནམ་འཆི་ངེས་མེད་དང་༔ བར་དོའི་འདུན་པ་དུང་ངེ་བ་བྱའོ༔ དེ་ལྟར་ཉམས་སུ་བླང་བ་ཐམས་ཅད་ཀྱི་མཇུག་ཏུ་བསྔོ་སྨོན་གྱིས་རྒྱས་གདབ༔ ཐུན་མཚམས་ཀུན་ཏུའང་དངོས་གཞིའི་ཉམས་མྱོང་ལམ་དུ་ཁྱེར༔ རྣམ་པ་ཀུན་ཏུ་ཐབས་ལམ་གྱི་རྟོགས་པ་ཐམས་ཅད་བླ་མའི་བྱིན་རླབས་ཁོ་ན་ལས་འབྱུང་བ་ཡིན་པས་བཟོད་མེད་ཀྱི་མོས་གུས་དྲག་པོ་རྒྱུན་ཆགས་སུ་གྱིས་ཤིག༔ ས་མ་ཡ༔ གསུམ་པ་ཐུགས་རྡོ་རྗེ་རྫོགས་རིམ་གྱི་དངོས་གཞི་བདེ་བ་ཆེན་པོའི་ཉམས་ལེན་ནི༔ ཤེར་དབང་རྫོགས་པར་བསྐུར་བའི་རྗེས་སུ༔ ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང་རྗེས་སུ་འབྲེལ་བའི་འོག་སྒོ་བདེ་བ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ་བཞི་སྟེ༔ དང་པོ་ཆོས་ཀྱི་ཕྱག་རྒྱའི་ཉམས་ལེན་ནི༔ སྔོན་འགྲོའི་རྒྱུད་སྦྱང་ཇི་ལྟར་རིགས་པའི་རྗེས༔ རང་ཉིད་སྐད་ཅིག་གིས་སེམས་ཀྱི་ངོ་བོ༔ བདེ་བའི་རང་བཞིན༔ དྭངས་མ་རླུང་གི་རང་རྩལ་དཔལ་ཧེ་རུ་ཀ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རྗེས་སུ་ཆགས་པའི་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་མཆོག་ཏུ་རྒྱས་པ༔ དར་དང་རིན་པོ་ཆེ་དང་རུས་པའི་ཕྱག་རྒྱ་སོགས་ཁྲག་འཐུང་རོལ་བའི་ཆས་ཅན༔ པདྨ་དང་ཉི་མའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པར་གསལ་གདབ༔ དེ་ལྟ་བུའི་སྐུ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ༔ རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ༔ ཡར་སྣེ་སྤྱི་བོར་ཟུག་པ༔ གཡས་གཡོན་དུ་རོ་རྐྱང་གཉིས༔ ཡར་སྣེ་སྣ་བུག་ཏུ་ཟུག་པ༔ མར་སྣེ་གསང་གནས་ཀྱི་འཁོར་ལོའི་འོག་ཏུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་ཏེ་རྡོ་རྗེ་ནོར་བུའི་རྩེ་མོར་ཟུག་པ༔ འཁོར་ལོ་ལྔའི་ཐད་རྣམས་སུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་པ་ལས་རྩ་འདབ་སོ་སོ་གདུགས་ཀྱི་རྩིབས་མ་ལྟར་གསལ་བའི་སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་ཧྃ་མགོ་ཐུར་བསྟན་བྱང་ཆུབ་སེམས་ཀྱི་རང་བཞིན་ཅན༔ དབུས་སུ་ཧྃ་མགོ་གྱེན་བསྟན་དཀར་པོ༔ མགྲིན་པར་ཨོཾ་དམར་པོ༔ སྙིང་གར་ཧཱུྃ་སྔོན་པོ༔ ལྟེ་བར་ཨཱཿདམར་སེར༔ གསང་གནས་སུ་ཧོཿལྗང་གུ༔ ནོར་བུའི་རྩ་བར་ཨཱཿསྐེད་པར་ཧཱུྃ༔ རྩེ་མོར་ཨོཾ་ཡིག་འོད་འབར་བ༔ རྩ་འདབ་དང་ཡུལ་ཉེར་བཞིའི་རྩ༔ རྐང་ལག་བཞི་དང་ཚིགས་ཆེན་བཞི་རྣམས་ལ་ལྷའི་ངོ་བོ་བདེ་བའི་རང་བཞིན་བྃ་ཡིག་དཀར་དམར་འབར་བ་རེས་མཚན་པ་ལས་རྩ་ཁམས་ཐམས་ཅད་བདེ་བའི་རང་བཞིན་དུ་ཕྲིལ་གྱིས་སྲོང་བར་བསམས་ལ༔ ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཛྙཱ་ན་ཨཱ་བེ་ཤ་ཡ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་དྲག་ཏུ་བཟླ༔ བདེ་ཉམས་སྤར་སྟོང་ཉིད་ལ་བློ་བཞག༔ དེ་ནི་བདག་ཉིད་བྱིན་གྱིས་བརླབ་པའི་རིམ་པའོ༔ གཉིས་པ་དམ་ཚིག་གི་ཕྱག་རྒྱ་ལ་བསླབ་པ་ནི༔ བདག་བྱིན་རླབས་ལ་བརྟེན་ནས་བདེ་ཉམས་ཁྱད་པར་ཅན་སྐྱེས་པ་ན༔ རང་གི་མདུན་དུ་སྔར་འདྲིས་པ་ལྟ་བུའི་ཡིད་དུ་འོང་བའི་བུ་མོ་ལང་ཚོ་དར་ལ་བབ་པ༔ ཆགས་པའི་ཉམས་རྒྱས་པ༔ དྲན་པ་ཙམ་གྱིས་བདེ་བ་བཟོད་མེད་དུ་གཡོ་ནུས་པ་ཞིག་གསལ་གདབ༔ གསལ་སྣང་སྐྱེས་པ་ན༔ ཆགས་པའི་ཉམས་འགྱུར་ཅི་རིགས་སྟོན་པར་བསམ༔ ས་མ་ཡ་སྟྭཾ༔ ཞེས་ཆགས་པའི་བརྡས་བསྐུལ་བར༔ ས་མ་ཡ་ཧོཿཞེས་ལན་གདབ༔ སླར་ཡང་རཱ་ག་ཡ་ཧོཿཞེས་སྦྱོར་བའི་བརྡས་བསྐུལ་བར༔ རཱ་ག་ཡ་མི༔ ཞེས་ལན་བཏབ་པས་མཆོག་ཏུ་དགའ་བའི་སྒྲས་མིག་ཟིམ་བུར་ལྟ་བ༔ སིང་དང་ཧ་ལ་སོགས་པའི་སྒྲ་དབྱུང་བ༔ དྲི་ཞིམ་པོས་ཁྱབ་པ༔ ཡན་ལག་དང་ཉིང་ལག་ལ་རེག་ཅིང་འོ་བྱ་བ༔ མཆུ་དང་ལྕེ་འཇིབ་པ་སོགས་ཀྱིས་ཆགས་པ་ཆེས་ཆེར་བསྐུལ་ཏེ་ཆུ་སྐྱེས་མཆོག་ཏུ་རྒྱས་པའི་གསང་རྩ་ངོམ་ཞིང་བདུད་རྩི་ཟིལ་པ་དང་བཅས་ཏེ་པང་དུ་སླེབ་པ་དང་སྐད་ཅིག་གིས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་རྗེས་ཆགས་ཀྱི་ཉམས་འགྱུར་མཆོག་ཏུ་རྒྱས་ཤིང་༔ རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ སྣང་སྟོང་ཟུང་འཇུག་འོད་ཀྱི་སྐུར་ལམ་མེ་གྱུར་པ་ལ་རྩ་འཁོར་ཡི་གེ་དང་བཅས་པ་གསལ་གདབ༔ གསང་བའི་པདྨོའི་དབུས་སུ་རྩ་མཛེས་པའི་སྤྱི་བོར་ཨ་ཡིག་གིས་མཚན་པར་མོས༔ ཛཿཞེས་པས་ལུས་ཀྱི་ཆ་ཤས་རྣམས་རེག༔ ཧཱུྃ་ཞེས་པས་ལག་པ་དང་བརླ་འཁྱུད༔ བྃ་ཞེས་པས་མཁའ་གསང་དམ་དུ་སྤྲད༔ ཐབས་འདི་ཁོ་ན་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་གསལ་བཏབ་ལ༔ ཧོཿཞེས་ཡབ་ཀྱིས་གསོར༔ ཡུམ་གྱིས་བསྐྱོད་པས་སྤྱི་བོའི་ཧྃ་ལས་བདེ་བ་ཆེར་གཡོས་ཏེ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས༔ རྩ་ཁམས་གཞན་གྱི་དྭངས་མ་རྣམས་ཀྱང་ལྷན་ཅིག་ཏུ་འདུས༔ སྨིན་མཚམས་ཡན་ཆོད་ཀྱི་དབུ་མའི་ནང་གང་བས་དགའ་བའི་ཡེ་ཤེས་སྐྱེས༔ དེ་ལས་ཆེར་འཕེལ་ཏེ་སྨིན་མཚམས་ཡན་ཆོད་ཀྱི་རྩ་ཁམས་ཐམས་ཅད་ཁྱབ༔ དགའ་བ་མཐར་ཕྱིན་པར་བསམ༔ སྤྱི་བོའི་བུམ་པ་ཅན་དྲག་ཏུ་གཅུན༔ རྣམ་པར་མི་རྟོག་པའི་ངང་དུ་བཞག་གོ༔ དེ་བཞིན་དུ་བྱང་སེམས་མགྲིན་པར་བབས་པས་མཆོག་ཏུ་དགའ་བ༔ སྙིང་གར་བབས་པས་ཁྱད་པར་གྱི་དགའ་བ༔ ལྟེ་གསང་གི་རྩ་འཁོར་བརྒྱུད་ནས་ནོར་བུའི་རྩེ་མོའི་བར་སོན་པས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་༔ ཁྱབ་པར་བརྟན༔ དེའི་ཚེ་ཡབ་ཡུམ་གྱི་རྩ་དབུ་མ༔ རླུང་ལྡང་འཇུག༔ ཐིག་ལེ་དཀར་དམར༔ དབྱིངས་དང་ཡེ་ཤེས་ཞལ་སྦྱོར་བའི་ཁ་སྦྱོར་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་པར་བསམ༔ དེ་ནི་ཡས་བབས་ཀྱི་དགའ་བའོ༔ མས་བརྟན་གྱི་དགའ་བའི་སླད་དུ༔ ཧཱུྃ་གི་གདངས་དང་༔ གསང་རླུང་གྱེན་དུ་དྲངས་པ་དང་༔ རྐང་ལག་གི་ཉྭ་བཞི་སྒྲིམ་ཞིང་སོར་ཚིགས་བསྐུམ༔ ལྟོ་བ་སྒལ་པར་བརྡབ༔ ལྕེ་རྩེ་དང་མིག་གྱེན་དུ་ཕྱོགས༔ ཤེས་པ་སྤྱི་བོའི་ཧྃ་ལ་གཏད་པས་སོག་སྦུབས་ནས་ཆུ་དྲངས་པ་ལྟར་ཐིག་ལེ་གྱེན་དུ་བྱུང་༔ ལྟེ་བ་མན་ཆོད་དུ་བརྟན་པས་དགའ་བ༔ སྙིང་གར་མཆོག་དགའ༔ མགྲིན་པར་ཁྱད་པར་གྱི་དགའ་བ༔ སྤྱི་བོའི་ཧྃ་ཡིག་གི་བར་དུ་སོན་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་༔ ཁྱབ་ཅིང་བརྟན་པར་བསམ༔ འཁོར་ལོ་སོ་སོར་བུམ་པ་ཅན་དྲག་ཏུ་གཅུན༔ སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་གྱིས་ཡུར་བ་ནས་ཞིང་ས་ལ་ཆུ་འགྲིམས་པ་ལྟར་རྩ་ཁམས་ཐམས་ཅད་ལ་ཁྱབ་པར་དགྲམ༔ བདེ་བའི་ཉམས་བསྐྱང་༔ ལྟེ་བའི་བུམ་པ་ཅན་ལ་གནད་དུ་བསྣུན་ནས་རླུང་སེམས་བདེ་བ་གསུམ་དབྱེར་མི་ཕྱེད་པའི་དེ་ཁོ་ན་ཉིད་ལ་ཡུན་རིང་དུ་མཉམ་པར་བཞག་གོ༔ དེ་ནི་དམ་ཚིག་གི་ཕྱག་རྒྱའི་ཉམས་ལེན་ནོ༔ དེ་ལྟ་བུ་ཡུན་རིང་དུ་གོམས་པས་སྣང་བ་ཐམས་ཅད་བདེ་བར་འཆར༔ རྩོལ་མེད་ཀྱི་བདེ་བ༔ འཛག་མེད་ཀྱི་ཚུལ་ཁྲིམས༔ ཟག་མེད་ཀྱི་ཉམས་མྱོང་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ན་དེའི་བོགས་དབྱུང་བ་ལ་བརྟེན་ནས་དཔེའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར༔ གསུམ་པ་ལས་ཀྱི་ཕྱག་རྒྱ་ལ་བསླབ་པ་ནི༔ ཐོག་མར་རིགས་བརྟག་པར་བྱ་སྟེ༔ རབ་པདྨ་ཅན༔ འབྲིང་དུང་ཅན་མ༔ གླང་སྣ་ཅན༔ རི་དྭགས་ཅན༔ རི་མོ་ཅན་གང་ཡང་རུང་བ༔ ཐ་མ་གཟུགས་དང་ལང་ཚོ་དར་ལ་བབས་པ༔ དམེ་ཅན་གདོལ་ཤན་ཡུགས་གྲིབ་སོགས་ཀྱིས་མ་གོས་པ༔ ལྷག་པར་དམ་ཚིག་ཉམས་པའི་མི་དང་མ་འཕྲད་པ༔ ན་ཚོད་ལོ་བཅུ་གཉིས་ནས་ཉེར་ལྔ་མན་བསྟེན་དུ་རུང་བ་ཡིན་ལ༔ ཁྱད་པར་གྲུབ་པ་པོ་ལ་གུས་པ༔ གསང་བ་མཆོག་གི་ཀུན་སྤྱོད་ལ་མི་སྐྲག་ཅིང་མོས་པ་བརྟན་པ༔ སྒོ་གསུམ་འཆལ་བར་མ་ཤོར་ཞིང་གསང་ཐུབ་པ༔ མཐོང་བའམ་དྲན་པ་ཙམ་གྱིས་ཀྱང་བདེ་བ་རྩོལ་མེད་དུ་སྐྱེད་ནུས་པ༔ ཆགས་པ་ཆེ་ཞིང་སྦྱོར་ཐབས་ལ་མཁས་བ་སྟེ་དེ་རྣམས་ནི་མེད་དུ་མི་རུང་བའི་མཚན་ཉིད་ཡིན་ནོ༔ གང་ལྟར་ཡང་རང་ཉིད་དྲོད་ཐོབ་ཅིང་ལྷ་དང་བླ་མས་ལུང་བསྟན་པ་གཙོ་བོར་བཟུང་ངོ་༔ དེ་ནི་བརྟག་པའོ༔ མཚན་ཉིད་དང་ལྡན་པ་རྙེད་ནས་དགུག་པའི་རིམ་པ་ནི༔ རྩྭ་ཀུ་ཤ་མ་ཉམས་པ༔ རྡོ་ཁབ་ལེན༔ མེ་ཏོག་གླང་སྣ༔ བལ་པོའི་སེའུ༔ བྱ་ཐི་བའི་བྲུན༔ ཁྱེའུ་མགོ་གཙང་གི་ཁམས་དང་པོ༔ སྒྲུབ་པ་པོ་རང་ཉིད་ཀྱི་ལྟེ་ཁུང་གི་དྲེག་པ་བཅས་ཟངས་གཞོང་དུ་སྦྱར༔ མངར་གསུམ་གྱི་སྐྱོབས་དང་བཅས་ཏེ་བཞག༔ སྔགས་ནི༔ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཨི་ཀྱི་མ་དྷ་རི་ཙཀྵུ་ཙེར་དྷན་གུམ་སྭཱ་ཧཱ༔ ཞེས་མིང་ཚིག་གིས་བར་མ་ཆོད་ཅིང་སུས་ཀྱང་མ་མཐོང་པར་རྩེ་གཅིག་ཏུ་བསྒྲུབས་པས་རྫས་ལས་ཚག་སྒྲ་དང་འོད་དམར་པོ་འཁྱིལ་བའམ༔ ཁ་དོག་དམར་ཤས་ཅན་དུ་འགྱུར་བ་བྱུང་ན་ངེས་པར་འགྲུབ་པ་ཡིན༔ ཏིང་ངེ་འཛིན་ནི༔ རང་པདྨ་མཁའ་འགྲོར་གསལ་བའི་ལྟེ་བ་ནས་སྲིད་པ་འགུགས་བྱེད་ཀྱི་ལྷ་མོ་དམར་མོ་ཤིན་ཏུ་ཆགས་པའི་ཉམས་ཅན་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས༔ འཁོར་འདས་ཐམས་ཅད་ལ་ཁྱབ༔ བརྟན་གཡོའི་དྭངས་མ་འགུགས་བྱེད་ཀྱི་བཅུད་མཐའ་དག་འོད་ཟེར་དམར་སེར་བདུད་རྩི་དང་བཅས་པའི་རྣམ་པར་སྤྱན་དྲངས༔ རྫས་ལ་ཐིམ་པས་རེག་པ་ཙམ་གྱིས་ཚངས་པའི་བུ་མོའང་ཡིད་དགུག་པའི་ནུས་པ་དང་ལྡན་པར་བསམ་མོ༔ དེ་ལྟ་བུ་གྲུབ་པའི་རྫས་དེ་ཉིད་དབང་གི་ལས་ལ་ཤིས་པའི་གཟའ་སྐར་འཛོམ་པའམ༔ རང་གི་བླ་གཟའ་དར་བའི་སྐབས་སུ་བསྒྲུབ་བྱ་ལ་ཆང་སོགས་མྱོས་བྱེད་ཀྱི་རྫས་དང་༔ མངར་གསུམ་དང་༔ ལ་དུ་སོགས་ལ་སྦྱར་ཏེ་སྦྱིན་པའམ༔ ལུས་ལ་རེག་པའམ༔ ཐ་ན་དུད་པ་བདུག་པས་ཀྱང་དབང་དུ་འགྱུར་བ་ཡིན་ནོ༔ དེ་ནི་དགུག་པའི་རིམ་པའོ༔ དེ་ལྟར་དབང་དུ་འདུས་ནས་ཕྱི་དྲང་བ་དང་ངེས་པའི་དོན་གྱི་ཆོས་བཤད༔ ནང་ཟབ་མོའི་དབང་བསྐུར་ཞིང་དམ་ཚིག་ལ་གནས་པར་བྱ༔ གསང་བ་བསྐྱེད་རྫོགས་ཀྱི་མན་ངག་ཕོག་སྟེ་ཉམས་མྱོང་ཅི་རིགས་མ་སྐྱེས་ཀྱི་བར་དུ་སྒོམ་དུ་གཞུག་གོ༔ དེ་ནི་རྒྱུད་སྦྱང་བའི་རིམ་པའོ༔ དེ་ནས་སྐབས་སུ་བབ་པ་ན༔ ཡབ་ཡུམ་གཉིས་ཀ་ཁྲུས་བྱས༔ བསྐུ་མཉེ་བྱ༔ རོ་བཙའ་བའི་སྨན་དང་༔ བཅུད་ལེན་དང་༔ ཁ་ཟས་བཟང་པོས་ཁམས་སྤེལ༔ འབོལ་ཞིང་བདེ་བའི་གདན་ལ་འཁོད༔ གཟུགས་ལ་བལྟ་བ༔ ཆགས་པའི་གཏམ་མཉན་པ༔ ལུས་ཀྱི་དྲི་ཞིམ་པོ་སྣོམ་པ༔ ཟས་ཞིམ་མངར་གྱི་ལུམ་བུ་སྟེར་བ༔ ལུས་ཀྱི་ཆ་ཤས་རྣམས་དང་གསང་བའི་གནས་ལ་རེག་པ་སྟེ་བསླབ་པ་ལྔས་བདེ་བ་བསླང་བར་བྱ༔ དེ་ནི་སྟ་གོན་གྱི་རིམ་པའོ༔ དེ་ནས་དངོས་གཞི་ཆགས་པའི་བརྡ་དང་ལན་གྱིས་བསྐུལ་ཏེ༔ རང་པདྨ་ཧེ་རུ་ཀ་དང་༔ རིག་མ་པདྨ་དྷཱ་ཀི་ནཱིའི་སྐུར་བསྐྱེད༔ ཐ་མལ་གྱི་འདུ་ཤེས་བསྒྱུར༔ རྩ་གནས་རྣམས་ཡི་གེས་བྱིན་གྱིས་བརླབས༔ བྱང་ཆུབ་ཀྱི་སེམས་གསུམ་མངོན་དུ་བྱས་ཏེ༔ དམ་ཚིག་གི་ཕྱག་རྒྱའི་སྐབས་ཇི་སྐད་བཤད་པ་བཞིན་ཡས་བབས་དང་མས་བརྟན་གྱི་དགའ་བའི་འགྲོ་ལྡོག་གིས་བདེ་བ་བསྐྱེད༔ གོང་དུ་སྤེལ༔ ཁྱབ་པར་དགྲམ༔ གནས་སུ་བརྟན༔ མི་རྟོག་པའི་ངང་དུ་བཞག་པ་རྣམས་ཡང་ནས་ཡང་དུ་གོམས་པས་ཐབས་ཤེས་ཀྱི་རྩ་རླུང་ཐིག་ལེ་ཁ་སྦྱར་བ་ལས་བྱུང་བའི་བདེ་བས་སེམས་རྒྱུད་མཉམ་རྗེས་ཀུན་ཏུ་གང་༔ ཡུལ་ཐམས་ཅད་སྟོང་པའི་འོད་གསལ་དུ་ཤར༔ བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མཚོན་བརྗོད་ལས་འདས་པ་དཔེའི་ཚུལ་དུ་འཆར་བ་ཡིན་ནོ༔ དེ་ནི་ལས་ཀྱི་ཕྱག་རྒྱའི་ཉམས་ལེན་ནོ༔ བཞི་པ་ཕྱག་རྒྱ་ཆེན་པོ་ལ་བསླབ་པ་ནི༔ ཆོས་ཀྱི་ཕྱག་རྒྱས་རང་ལུས་བདེ་ཆེན་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་ཤར༔ དམ་ཚིག་གི་ཕྱག་རྒྱས་གཏུམ་མོ་དང་དབྱེར་མེད་པའི་ཆགས་པའི་མིས་རང་ལུས་ཐབས་ལྡན་གྱི་བདེ་བའི་རྩལ་འབྱོངས༔ ལས་ཀྱི་ཕྱག་རྒྱའི་ཉེ་རྒྱུས་མཚོན་བྱེད་དཔེའི་ཡེ་ཤེས་རྒྱུད་ལ་ཤར་བ་ན༔ དེས་མཚོན་ཏེ་མཚོན་བྱ་དོན་གྱི་ཡེ་ཤེས་སོ་སོ་རང་རིག་པའི་ཚུལ་གྱིས་ངོ་འཕྲོད༔ ཐག་ཆོད༔ བརྟན་པ་ཐོབ་པར་བྱ་བ་ནི་སློབ་པའི་འོད་གསལ་མཐར་ཐུག་པ་སྟེ༔ ཞིབ་པར་དབང་བཞི་པའི་ཁྲིད་ཀྱི་སྐབས་སུ་ཤེས་པར་གྱིས་ཤིག༔ འདི་ལྟ་བུའི་ལམ་ཟབ་མོ་ནི་མྱུར་ལམ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་པས་ཤིན་ཏུ་གསང་ནས་ཉམས་སུ་བླངས་ན་དུས་མྱུར་བ་ཉིད་དུ་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་བས་དབང་པོ་རྣོན་པོ་དྲོད་ཐོབ་པ་རྣམས་ཀྱིས་འདི་ཁོ་ན་ལ་བརྩོན་པར་བྱའོ༔ ས་མ་ཡ༔ བཞི་པ་ཡེ་ཤེས་རྡོ་རྗེ་རྫོགས་རིམ་གྱི་མཐར་ཐུག་པ་ཀ་དག་གི་ཉམས་ལེན་ནི༔ ཚིག་དབང་རྫོགས་པར་བསྐུར་བའི་རྗེས་སུ༔ ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ དབང་བཞི་པ་དང་རྗེས་སུ་འབྲེལ་བའི་གདམས་པ་ལ་གསུམ་སྟེ༔ ལྟ་བ་ཆོས་སྐུར་ཐག་གཅད༔ སྒོམ་པ་ལོངས་སྐུར་ཉམས་སུ་བླང་༔ སྤྱོད་པ་སྤྲུལ་སྐུར་རྩལ་སྦྱང་བའོ༔ དང་པོ་ཐག་གཅད་པ་ནི༔ གནས་དབེན་པར་ལུས་ངག་ཡིད་གསུམ་གྱི་བྱ་བ་གཏང་༔ སྐྱོ་ཤས་དང་ངེས་འབྱུང་ཚད་མེད་པའི་ཉམས་དང་མ་བྲལ་བར་བྱ༔ སྟན་བདེ་བ་ལ་ལུས་གནད་དྲང་པོར་བསྲང་༔ རླུང་རོ་སངས་ཀྱིས་འབུད༔ སེམས་མི་རྟོག་པའི་ངང་ལ་དར་གཅིག་བཞག༔ དེ་ནས་སྔོན་འགྲོ་སྤྱི་དང་བླ་མའི་རྣལ་འབྱོར་ཡིད་ཆེས་པར་བྱ༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུར་ཐག་གཅད་ལ་ཐུགས་ཡིད་བསྲེས་ཏེ་སེམས་བཟུང་༔ དེ་ནས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་རྨི་ལམ་གྱི་རང་གཟུགས༔ སྒྱུ་མའི་བཀོད་པ༔ ལྷ་སྐུ་བདེ་བ་ཆེན་པོའི་རང་བཞིན་སེམས་ཀྱིས་བཏགས་པའི་སྣང་ཆ་ཙམ་དུ་ཐག་བཅད༔ ནང་གི་སེམས་རིག་རིག་གྱུ་གྱུ་ཐོལ་ཐོལ་བ་བདག་དང་བདག་གིར་འཛིན་པའི་རྟོག་པ་སྣ་ཚོགས་ནམ་འཆར་བ་ན་ངོས་བཟུང་༔ རྩད་བཅད༔ མཚང་བཙལ༔ ཅི་འང་མ་རྙེད་པའི་སེམས་བྱུང་གི་ཁང་བུ་རྡིབ་པ་ན་དེ་ཉིད་དུ་ཐག་བཅད༔ དེ་ནས་གཟུང་འཛིན་གཉིས་མེད་སེམས་ཀྱི་ངོ་བོ༔ རིག་པའི་གནས་ལུགས༔ ཕུང་པོ་ལྔ་དང་བྲལ་བ༔ ཚོགས་བརྒྱད་ཀྱིས་འདུས་མ་བྱས་པ༔ སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ༔ སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་ཡང་ལྐུགས་པའི་རྨི་ལམ་ལྟར་བརྗོད་མི་ཤེས་པ༔ གཞོན་ནུ་མའི་བདེ་བ་ལྟར་བསམ་གྱིས་མི་ཁྱབ་པ༔ ཐ་མལ་གྱི་ཤེས་པ་མ་བཅོས་པའི་རིག་པ་སྐད་ཅིག་མ་འདི་ཉིད་ཀ་དག་རྫོགས་པ་ཆེན་པོའི་གནས་ལུགས་སུ་ཐག་བཅད༔ ངེས་ཤེས་བསྐྱེད༔ ཉམས་ཀྱི་ཤུན་པ་དང་ཕྲལ་ལ་བཞག་གོ༔ གཉིས་པ་ཉམས་སུ་བླང་བ་ནི༔ དེ་ལྟར་རིག་པ་དྲི་མེད་ཀྱི་ངོ་བོ་ལ་གཅིག་དང་དུ་མ་མེད༔ ཁ་དོག་དང་དབྱིབས་མེད༔ ཕྱི་དང་ནང་མེད༔ སྤྲོས་པའི་མཚན་མ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཆེན་པོ་སངས་རྒྱས་སྒམ་པས་མ་མཛད༔ སེམས་ཅན་སྒྲིན་པོས་མ་བཅོས༔ ཡེ་ནས་རང་ལ་གནས་པ༔ གདོད་མའི་གཤིས་སམ་བབས་ཀྱི་གནས་ལུགས་ཡིན་ནོ༔ དེའི་ངང་ལས་གསལ་བའི་མདངས་མ་འགགས་པར་ཤར་བ་ལམ་དུ་བྱ་སྟེ༔ རྣམ་རྟོག་གང་ཤར་ཡང་༔ འདས་པ་ལ་བློ་མི་འཕྲེང་༔ མ་འོངས་པ་བློས་མི་བསུ༔ ད་ལྟའི་ཤེས་པ་ལ་བློས་མ་བཅོས་པར་འགྱུ་བ་རང་ཐོག་ཏུ་བཞག༔ ཉམས་མྱོང་ཡིད་དཔྱོད་དང་ཕྲལ༔ ལྟ་སྒོམ་གྱི་ཞེན་པས་མ་བསླད་པའི་རང་རིག་པའི་ངང་བསྐྱངས་པས་གནས་ལུགས་གདིང་འཆོས༔ རྣམ་རྟོག་ཤར་གྲོལ་དུ་དག༔ ཉོན་མོངས་རང་སར་གྲོལ༔ སྣང་སེམས་ཡེ་ཤེས་སུ་འཆར༔ དེ་ལྟ་བུ་ལ་ཆོས་ཉིད་ཀྱི་དྲན་པས་གསལ་འདེབས་པ་ཙམ་ལས་སྤྲོས་པ་གཞན་ཐམས་ཅད་གཅད་དེ་མཉམ་རྗེས་ཀུན་ཏུ་བསླབ་པར་བྱའོ༔ གསུམ་པ་རྩལ་སྦྱང་བ་ལ་གསུམ་ལས༔ དང་པོ་ལྷ་སྐུ་དང་སེམས་བསྲེ་བ་ནི༔ རང་སྣང་བ་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུ་ལམ་གྱིས་གསལ་གདབ༔ དེ་སེམས་སུ་ཐག་བཅད༔ སེམས་དང་ལྷ་སྐུ་དབྱེར་མེད་པའི་གནས་ལུགས་སྣང་སྟོང་བརྗོད་མེད་ཀྱི་ངང་བསྐྱང་༔ གཉིས་པ་རླུང་དང་བསྲེ་བ་ནི༔ འཇམ་རླུང་བུམ་པ་ཅན་བཟུང་བས་རླུང་རོ་རྐྱང་གི་ལམ་བརྒྱུད༔ འོད་ཟེར་ལྔ་ལྡན་ཤིན་ཏུ་ཕྲ་བ་དབུ་མའི་ལམ་ནས་མདུང་ཚུགས་སུ་སོང་༔ སྙིང་གའི་ཨ་ཡིག་འོད་གསལ་བའི་ངོ་བོ་ལ་ཐིམ༔ འབྱུང་འཇུག་གནས་གསུམ་གྱི་རླུང་ཨ་སྐྱེ་བ་མེད་པའི་རང་བཞིན་དུ་གྱུར་པར་བསམས་ལ་ཡིད་བཟླས་བྱ༔ རླུང་སེམས་དབྱེར་མེད་པའི་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ༔ གསུམ་པ་བདེ་བ་དང་བསྲེ་བ་ནི༔ དངོས་སམ་ཡིད་ཀྱི་རིག་མ་ལ་བསྟེན་ནས་བདེ་བའི་ཉམས་སྐྱེས་པ་ན༔ དེ་ཉིད་སེམས་ཀྱི་ཉམས་འགྱུར་དུ་ཐག་བཅད༔ བློ་འདས་བརྗོད་མེད་དུ་ངེས་ཤེས་བསྐྱེད་ལ༔ ངོ་བོ་སྟོང་པ༔ རང་བཞིན་བདེ་བ༔ དེ་གཉིས་དབྱེར་མི་ཕྱེད་པའི་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་མཉམ་པར་བཞག༔ མཐར་རྟེན་ཐིག་ལེ་བདེ་བའི་བརྟེན་པ་དང་བཅས་པའི་དྭངས་མ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཨ་ཡིག་ལ་བསྡུས་ཏེ་རིག་པ་བྱར་མེད་དུ་འཇོག་གོ༔ འདི་རྣམས་ནི་དབང་སྔ་མ་གསུམ་གྱི་ལམ་མཆོག་གི་ཡེ་ཤེས་སུ་སྒྱུར་བའི་གནད་ཁྱད་པར་ཅན་ཡིན་ལ༔ གཞན་ཡང་དུས་དང་རྣམ་པ་ཐམས་ཅད་དུ་ཚོགས་དྲུག་གི་སྣང་བར་ཅི་ཤར་ནའང་ཡུལ་ལ་མ་འཛིན༔ ཡུལ་ཅན་ལ་མི་རྟོག༔ སྣང་ཤེས་དབྱེར་མེད་ཕྱི་ནང་ཟང་ཐལ་ཆེན་པོར་ལ་བཟླས་པས༔ ཡུལ་གྱི་སྣང་བ་མ་འགགས་ཀྱང་༔ སྣང་བས་ཤེས་པ་ལ་མ་གོས༔ ཤེས་པའི་གྲྭ་ཟུར་མ་ཉམས་ཀྱང་༔ ཤེས་པས་ངོ་བོ་ལ་མ་བཅིངས༔ གཟུང་འཛིན་གྱི་སྤྲོས་པ་ཇི་ལྟར་ཤར་ཡང་ངོ་བོ་སྤྲོས་བྲལ་གྱི་ངང་ལས་མི་འདའ་བར་རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་མཐིལ་ཕྱིན་པ་ཡིན་པས་དུས་གསུམ་དུས་མེད་ཐམས་ཅད་དུ་ཉམས་སུ་ལེན་པར་གྱིས་ཤིག༔ དེ་ལྟར་ཉམས་སུ་བླང་བས་རགས་ལུས་དྭངས་མར་འགྱུར༔ རླུང་དབུ་མར་ཐིམ༔ ཐིག་ལེ་འཕོ་མེད་དུ་དག༔ རྡོ་རྗེ་གསུམ་གྱི་དེ་ཁོ་ན་ཉིད་མངོན་དུ་བྱས་ཏེ་ཡེ་ཤེས་བླ་མའི་ས་མཆོག་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་ཡིན་ནོ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་སྟེ༔ ཐུན་སོ་སོའི་རྗེས་ཀྱི་རིམ་པ་དང་༔ ཉམས་ལེན་སྤྱིའི་རྗེས་ཀྱི་རིམ་པ་དང་༔ བཀའ་སྲུང་ལ་གཉེར་དུ་གཏད་ནས་བཀའ་རྒྱས་གདབ་པ་རྣམས་བྱ་བ་ལ༔ དབང་བསྐུར་མཐའ་རྟེན་དང་བཅས་པ་རྫོགས་པའི་རྗེས་སུ༔ ཀྱེ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་ངག་ཚང་སྤྲུགས་སུ་ཐོབ་ནས་རྗེས་ཀྱི་རིམ་པ་ལ་གདམས་པ་ནི༔ སྔོན་འགྲོ་དང་དངོས་གཞིའི་ཉམས་ལེན་ཐམས་ཅད་གང་ཟག་རིམ་གྱིས་པའི་དབང་དུ་བྱས་ཏེ་སྔ་མ་སྔ་མ་ལ་ཉམས་མྱོང་སྐྱེས་ནས་ཕྱི་མ་ཕྱི་མ་ལ་འཇུག༔ ཐོད་རྒལ་བའི་དབང་དུ་བྱས་ཏེ་ཅི་རིགས་པ་ཉམས་སུ་བླང་༔ ཅིག་ཅར་བའི་དབང་དུ་བྱས་ཏེ་བླ་མའི་རྣལ་འབྱོར་གྱི་རྗེས་སུ་རིག་པ་གཅེར་མཐོང་དུ་ངོ་སྤྲད་ནས་རྒྱུན་བསྐྱང་༔ གང་ཡང་ཐུན་གྱི་ངེས་ཅན་ངེས་མེད་ཅི་རིགས་སུ་བསྒོམ༔ ལས་དང་པོ་པས་ཐུན་ཆུང་བ༔ གྲངས་མང་བ༔ དམིགས་པ་གསལ་ཐེབས་པ་ཁག་ཆེ༔ ཐུན་ཐམས་ཅད་ཀྱི་མཐར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མངོན་དུ་བྱས་ལ་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་གདབ༔ ཉམས་མྱོང་གི་ངོ་བོ་མ་ཤོར་བས་སྤྱོད་ལམ་ལ་འཇུག༔ དེའི་གནས་སྐབས་ཐམས་ཅད་དུ་ཉམས་ལེན་གྱི་རྩི་དང་མ་བྲལ་བར་བྱ༔ ལྟ་བ་བློ་འདས་སུ་རྟོགས་ཀྱང་རྒྱུ་འབྲས་ཀྱི་འདོར་ལེན་ཕྲ་ཞིང་ཞིབ་པར་སྤྱད༔ དེས་རྒྱུ་འབྲས་རྟེན་འབྲེལ་དུ་འཆར༔ རྟེན་འབྲེལ་སྟོང་ཉིད་དུ་རྟོགས༔ ཐབས་ཤེས་ཟུང་དུ་ཚུད་པ་ཡིན་ནོ༔ ཉལ་བའི་ཚེ་སྙིང་གའི་ཨ་ཡིག་ལ་སེམས་བཟུང་༔ ལྡང་པའི་ཚེ་ལ་ཨ་སྐྱེ་བ་མེད་པའི་དབྱིངས་ལས་ལྷ་སྔགས་ཆོས་སྐུའི་ཡེ་ཤེས་སུ་བཞེངས༔ འགྲོ་འདུག་རྡོ་རྗེའི་གར་༔ སྒུལ་སྐྱོད་བདེ་ཆེན་གྱི་རང་གདངས༔ བཟའ་བཏུང་ཆོས་ཉིད་གསལ་ཁྱབ་ཆེན་པོར་ལོངས་སྤྱད་དེ༔ མདོར་ན་མཉམ་རྗེས་ཐམས་ཅད་དུ་ཐ་མལ་གྱི་སྣང་བ་ལྷ་སྔགས་བདེ་ཆེན་ཡེ་ཤེས་ཀྱི་རོལ་པར་ཤར་བར་བྱའོ༔ དེ་ནི་ཐུན་སོ་སོའི་རྗེས་ཀྱི་རིམ་པའོ༔ དེ་ལྟར་ཉམས་ལེན་ཟབ་མོ་ལ་རྩེ་གཅིག་ཏུ་བརྩོན་པས་ཕྱི་འབྱུང་བ་ལུས་འཁྲུགས་ཀྱི་གེགས༔ ནང་རྩ་རླུང་ཐིག་ལེ་བསམ་གཏན་གྱི་གེགས༔ གསང་བའི་ཏིང་ངེ་འཛིན་སེམས་འཁྲུགས་ཀྱི་གེགས་སོགས་ཉམས་མཐོ་དམན་ཅི་བྱུང་ཡང་དགག་སྒྲུབ་མི་བྱ་བར་ལམ་དུ་བསླང་༔ ཉམས་མྱོང་དང་བསྲེ༔ རིག་པ་བརྗོད་མེད་སྤྲོ་བསྡུ་བྲལ་བའི་ངང་ཚུགས་བཟུང་བས་སྦྲུལ་མདུད་ཞིག་པ་ལྟར་གེགས་རང་གྲོལ་དུ་འགྱུར༔ ཡེ་ཤེས་ཁོང་ནས་ཤར༔ ཉམས་མྱོང་ན་འཕར༔ གནས་ལུགས་ལ་བརྟན་པ་ཅི་རིགས་ཐོབ་པ་ན་བུ་ཆུང་ལྟ་བུའི་སྤྱོད་པས་སྣང་བ་ལ་རྩིས་གདབ་མི་བྱ༔ སྨྱོན་པ་ལྟ་བུའི་སྤྱོད་པས་རེ་དོགས་ཀྱི་ཐག་པ་བཅད༔ སེང་གེ་ལྟ་བུའི་སྤྱོད་པས་གང་ལའང་འཇིགས་པ་དང་བག་ཚ་བ་མེད་པར་ཡུལ་དང་ཡུལ་ཆེན་རྣམས་སུ་བགྲོད་ཅིང་༔ ཞིང་དང་ལས་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་དང་འདོད་རྒུར་རོལ་པས་བརྟུལ་ཞུགས་ཀྱི་བོགས་མཐར་ཕྱིན་པར་དབྱུང་ངོ་༔ མདོར་ན་གེགས་སེལ་དང་བོགས་འདོན་གྱི་རྒྱལ་པོ་ནི་བླ་མའི་མོས་གུས་ཁོ་ན་ཡིན་པས་ཚད་གཟུང་མེད་པའི་གདུང་ཤུགས་ཀྱིས་མོས་གུས་བྱ༔ ཞེན་འཁྲིས་མེད་པའི་འོ་དོད་ཀྱིས་གསོལ་བ་གདབ༔ རེ་དོགས་མེད་པའི་གནས་ལུགས་ཀྱི་ངང་དུ་ཐུགས་ཡིད་བསྲེ༔ གཞན་ཡང་འཁོར་བ་ལ་ངེས་འབྱུང་༔ མི་རྟག་པའི་འདུ་ཤེས༔ སྙིང་རྗེ་བྱང་སེམས༔ སྟོང་ཉིད་ཀྱི་ལྟ་བ་རྣམས་གཅིག་གྲོགས་གཅིག་གིས་བྱས་ཏེ་བོགས་དབྱུང་བར་བྱའོ༔ དེ་ལྟར་བྱས་པས་དང་པོར་ཤུན་པ་ལྟ་བུའི་ལུང་རིགས་ཀྱི་གོ་བ་འོལ་སྤྱི་འཆར༔ བར་དུ་ན་བུན་ལྟ་བུའི་བདེ་གསལ་མི་རྟོག་པའི་ཉམས་སྣ་ཚོགས་པ་འབྱུང་༔ ཐ་མར་སྟོན་ཀའི་ནམ་མཁའ་སྤྲིན་ཐག་ཆད་པ་སྟར་ཉམས་མྱོང་གི་ལྷད་མ་ཞུགས་པའི་རིག་པ་རྗེན་པར་མཐོང་༔ འཁོར་འདས་བར་ལག་ཕྱེད༔ རེ་དོགས་ཀྱི་མདུད་པ་ཞིག༔ གནས་ལུགས་ཀྱི་མཚང་བརྡོལ༔ འཁོར་འདས་དབྱེར་མེད་འོད་གསལ་རྫོགས་པ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ༔ དེ་ནི་ཉམས་ལེན་སྤྱིའི་རྗེས་ཀྱི་རིམ་པའོ༔ དེ་ལྟ་བུའི་གསང་ཆེན་ཟབ་མོ་མཐར་ཐུག་པ་འདི་ཉིད་ཐ་མལ་པའི་སྐྱེ་བོ༔ ལོག་ལྟ་མུ་སྟེགས༔ ཉན་རང་དམན་པའི་རིགས་ཅན་རྣམས་ལ་རླུང་ཕྱོགས་ཙམ་དུའང་བསྒྲག་པར་མི་བྱ༔ བྱང་ཆུབ་སེམས་དཔའ་གསང་བ་བླ་ན་མེད་པའི་མྱུར་ལམ་ལ་ཡིད་ཆེས་པ༔ ཐེ་ཚོམ་ཅུང་ཟད་ཀྱང་མེད་པ༔ ཚེ་གཅིག་གིས་བྱང་ཆུབ་སྒྲུབ་ནུས་པའི་སྐལ་ལྡན་རྡོ་རྗེའི་རིགས་ཅན་ཁོ་ན་ལ་བསྟན་པར་བྱ་བ་ཡིན་པས་རང་ཉམས་སུ་ལོངས༔ ཉམས་མྱོང་མཐར་དབྱུང་༔ གཞན་དོན་ཚོད་དང་སྦྱར་བར་གྱིས་ཤིག་ཅེས་བཀའ་རྒྱས་གདབ་པའི་སླད་དུ་དམ་ཚིག་གི་སྲུང་མ༔ ཆོས་འདིའི་གཉེར་འཛིན༔ རྡོ་རྗེ་ཕག་མོའི་བྲན་མོ༔ དུར་ཁྲོད་དྲག་པོའི་མ་མོ་མཆེད་གསུམ་འཁོར་ཤ་ཟ་འབུམ་སྡེའི་ཚོགས་དང་བཅས་པ་བྲན་དུ་གཏད་ཅིང་དཔང་པོར་གསོལ་བ་ནི༔ སྲུང་མའི་གཏོར་མ་མ་མོ་མཆེད་གསུམ་འཁོར་དང་བཅས་པ་མངོན་སུམ་དུ་གསལ་བ་སློབ་དཔོན་ཧེ་རུ་ཀའི་ང་རྒྱལ་གྱིས་སློབ་མ་ཁྲག་འཐུང་ཆེན་པོའི་ལག་ཏུ་གཏད་དེ༔ ཧཱུྃ་བྷྱོ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་ཞིང་༔ ཐོད་མཁར་འབར་བའི་གཞལ་ཡས་ནས༔ རྡོ་རྗེ་ཕག་མོའི་བཀའ་སྲུང་ཆེ༔ མ་མོ་མཆེད་གསུམ་དམ་ལ་འདུས༔ བཅོམ་ལྡན་ཧེ་རུ་ཀ་དཔལ་དང་༔ ཡུམ་ཆེན་བཛྲ་ཝཱ་རཱ་ཧཱི༔ རིག་འཛིན་བརྒྱུད་པར་བཅས་པ་ཡི༔ སྤྱན་སྔར་ཁས་བླངས་དམ་བཅས་ལྟར༔ སྐལ་ལྡན་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཇི་ལྟར་བཅོལ་བའི་ལས་ཀུན་སྒྲུབས༔ དམ་ཚིག་འདས་ན་གཤེད་དུ་ཕོབ༔ མ༔ དབྱིངས་ཀྱི་ཡུམ་ཆེན་སྤྱང་ཞོན་མ༔ རབ་ཁྲོས་གྲི་གུག་ཐོད་ཁྲག་བསྣམས༔ མ་མོ་འབུམ་སྡེའི་ཚོགས་དང་བཅས༔ རིག་འཛིན་འདི་ཡི་གྲོགས་སུ་གཏད༔ སྐལ་ལྡན་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཇི་ལྟར་བཅོལ་པའི་ལས་ཀུན་སྒྲུབས༔ དམ་ཚིག་འདས་ན་གཤེད་དུ་ཕོབ༔ མ་མ་ཏྲཀ་རཀྴ་ཧཱུྃ་བཛྲ་ས་མ་ཡ་སྟྭཾ༔ བྷྱོ༔ ཡེ་ཤེས་ཕོ་ཉ་སྟག་ཞོན་མ༔ དམར་མོ་གྲི་གུག་སྦྲུལ་ཞགས་འཛིན༔ ཤ་ཟ་འབུམ་གྱི་ཚོགས་དང་བཅས༔ རིག་འཛིན་འདི་ཡི་བྲན་དུ་གཏད༔ སྐལ་ལྡན་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཇི་ལྟར་བཅོལ་པའི་ལས་ཀུན་སྒྲུབས༔ དམ་ཚིག་འདས་ན་གཤེད་དུ་ཕོབ༔ བྷྱོ་རཀྨོ་བྷྱོ་བཛྲ་ས་མ་ཡ་སྟྭཾ༔ ཛཿལས་ཀྱི་མངག་གཞུག་འཕར་ཞོན་མ༔ སྔོན་མོ་གྲི་གུག་ལྕགས་ཀྱུ་བསྣམས༔ ལས་བྱེད་འབུམ་གྱི་ཚོགས་དང་བཅས༔ རིག་འཛིན་འདི་ཡི་འབངས་སུ་གཏད༔ སྐལ་ལྡན་རྡོ་རྗེ་སློབ་མ་འདིའི༔ ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ ཇི་ལྟར་བཅོལ་བའི་ལས་ཀུན་སྒྲུབས༔ དམ་ཚིག་འདས་ན་གཤེད་དུ་ཕོབ༔ ཛཿསྨ་ཤ་ནི་ཕཊ་བཛྲ་ས་མ་སྟྭཾ༔ དེ་ལྟར་བྱས་པས་མ་མོ་རྣམས་ཀྱིས་གཡོན་དུ་ལན་གསུམ་དུ་བསྐོར་ཞིང་མདུན་དུ་འཁོད་དེ༔ རིག་པ་འཛིན་པ་ཁྱོད་ཀྱིས་རྡོ་རྗེ་འཛིན་པའི་བཀའ་ལས་མི་འདའ་བར་བཀའ་གསང་གཞུང་བཞིན་དུ་སྤྱོད་ན་བདག་ཅག་གིས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་བྱང་ཆུབ་སྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་སེལ་བ་དང་༔ ཅི་འདོད་པའི་གྲོགས་བགྱིད་དོ་ཞེས་ཁས་བླངས་ཏེ་སོ་སོའི་ཐུགས་སྲོག་ལས་སྔགས་ཕྲེང་རང་འོད་དང་ལྡན་པ་བྱུང་༔ སློབ་མ་ཧེ་རུ་ཀར་གསལ་བའི་ཁ་ནས་ཞུགས༔ ཐུགས་སྲོག་གི་གདན་ལ་ཞུགས་པས་སྲོག་དབང་དུ་འདུས་པར་བསམས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ༔ མཐར་གཏོར་མ་མ་མོའི་ཚོགས་སུ་གསལ་བ་རྗེས་ཆགས་ཆེན་པོའི་ངང་འོད་དུ་ཞུ་སྟེ་སློབ་མའི་ལྟེ་བའི་ཨ་ཐུང་ལ་ཐིམ་པར་བསམས་ལ་འཁོར་འདས་ཟིལ་གནོན་དབྱིངས་རིག་དབྱེར་མེད་པའི་ངང་དུ་བཞག་པ་ནི་སྟོང་སྲོག་ཆོས་སྐུར་བཅད་པ་ཡིན་ནོ༔ དེ་ནི་དུར་ཁྲོད་མ་མོ་གསུམ་གྱི་སྐུ་གསུང་ཐུགས་ཀྱི་སྲོག་གཏད་པ་ཐོབ་པ་ཡིན་པས་དམ་ཚིག་ཏུ་མཆོད་གཏོར་མི་བཅག༔ རྡོ་རྗེ་ཕག་མོའི་བསྙེན་སྒྲུབ་ལ་བརྩོན༔ ཁྱད་པར་གསང་ལམ་ཟབ་མོ་འདི་ཉིད་ཤིན་ཏུ་གསང་བས་ཉམས་ལེན་མཐར་དབྱུང་བར་གྱིས་ཤིག༔ ཅེས་གདམས་དབང་གི་རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་དུ་བྱའོ༔ ས་མ་ཡ༔ སྔོན་ཚེ་འོག་མིན་གསང་ཆེན་ཞིང་༔ ཡེ་ཤེས་རང་སྣང་ཕོ་བྲང་དུ༔ དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོར་བཞེངས༔ ཆོས་ཉིད་རང་སྒྲས་གསང་ཆེན་རྒྱུད༔ དུས་གསུམ་དུས་མེད་རྟག་ཏུ་གསུངས༔ བར་དུ་མཁའ་འགྲོ་འདུ་བའི་གླིང་༔ ཨོ་རྒྱན་རང་བྱུང་དུར་ཁྲོད་དུ༔ བཅོམ་ལྡན་བཛྲ་ཝཱ་རྭ་ཧིས༔ པདྨ་ཐོད་ཕྲེང་བདག་ཉིད་ལ༔ རྒྱུད་ལུང་མན་ངག་གསང་བའི་མཛོད༔ སྨིན་གྲོལ་ཡོངས་སུ་རྫོགས་པར་བསྩལ༔ ད་ལྟ་དོན་གྱི་རྣལ་འབྱོར་མ༔ བཀའ་ཡི་སྡུད་པོ་མཚོ་རྒྱལ་ལྕམ༔ དྷཱ་ཀི་འབུམ་གྱི་ཚོགས་བཅས་ལ༔ བོད་ཡུལ་གྲུབ་པའི་གནས་ཀྱི་མཐིལ༔ དབང་ཆེན་དགྱེས་པའི་ཕོ་བྲང་དུ༔ བདག་ཉིད་མཚོ་སྐྱེས་རྡོ་རྗེ་ཡིས༔ རྡོ་རྗེ་ཕག་མོའི་གསང་བ་ཆེ༔ རྒྱུད་ཀྱི་དགོངས་པ་སྙིང་པོར་དྲིལ༔ ལུང་གི་ངེས་པས་གཏན་ལ་ཕབ༔ མན་ངག་ལག་ལེན་དམར་ཁྲིད་དུ༔ ཐུགས་ཀྱི་ཉིང་ཁུ་བརྣག་པ་བྱིན༔ རང་རང་ཉམས་ལེན་མཐར་དབྱུང་ལ༔ རིན་ཆེན་ས་ཡི་སྙིང་པོར་སྦོས༔ ནམ་ཞིག་མཁའ་འགྲོས་བྱིན་བརླབས་པའི༔ རིགས་ལྡན་བུ་མོ་སྤྲེལ་ལོ་མ༔ སྦས་ཚུལ་ཇོ་མོའི་མིང་ཅན་ལ༔ མཁའ་འགྲོ་རྣམས་ཀྱིས་ཆོས་འདི་གཏད༔ བྱིན་རླབས་རྟོགས་པས་རང་བཞིན་གྲོལ༔ དུས་དེར་གཞན་དོན་ཆེར་མི་འབྱུང་༔ འབྲེལ་ཚད་བདེ་ཆེན་ས་ལ་སྦྱོར༔ ཕུང་པོ་ལྷག་མེད་བྱང་ཆུབ་ཐོབ༔ སླར་ཡང་བོད་ཁམས་སྡུག་པའི་དུས༔ ཆོས་ཀྱི་རྒྱལ་པོའི་སྐྱེ་བའི་མཐའ༔ མཚོ་རྒྱལ་ཁྱོད་ཀྱིས་བྱིན་བརླབས་པ༔ སུས་ཀྱང་བརྟག་པར་དཀའ་བ་ཡི༔ མ་ངེས་འགྲོ་འདུལ་རིག་པ་འཛིན༔ སྒྱུ་མ་ལྟ་བུའི་སྐྱེས་བུ་ཞིག༔ མདོ་ཁམས་ཤར་ནས་འབྱུང་དང་འཕྲད༔ ལོ་ཙཱ་ཆེན་པོའི་ཡེ་ཤེས་དང་༔ གཉིས་མིན་གཉིས་སུ་སྣང་བའི་ཚུལ༔ སྔགས་ཀྱི་གདུང་མཐའ་བྱང་ཆུབ་སེམས༔ བློ་གྲོས་མི་ཟད་གཏེར་ལ་གཏད༔ གཉིས་ཀའི་སྨོན་ལམ་ལ་བརྟེན་ནས༔ སྐལ་ལྡན་འགའ་ཡི་ཉམས་ཆག་སྦྱོང་༔ ལ་ལ་སྔགས་ཀྱི་བརྟུལ་ཞུགས་སྤྱོད༔ འགའ་ཞིག་བདེ་ཆེན་ཡེ་ཤེས་རྙེད༔ དངོས་གྲུབ་དགའ་སྟོན་རྒྱས་པར་འགྱུར༔ སྩྱོོགས་སྩྱོོགས་སྩྱོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གུ་ཧྱ་ས་མ་ཡ༔ ཡེ་ཤེས་ཀྱི་མཁའ་འགྲོ་ཇོ་མོ་སྨན་མོའི་ཟབ་ཆོས་སྤྲུལ་བའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡང་གཏེར་དུ་བཀའ་བབས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་གུས་པས་བགྱིས་པ་དགེ་ལེགས་འཕེལ།
མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་གཏེར་སྟོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོངས་ཤེལ་གྱི་འོད་གསལ་ཕུག་པ་ནས་སྤྱན་དྲངས་པ་དོན་ཁྲིད་བརྡའི་བང་མཛོད་ཚེ་གཅིག་གི་སངས་རྒྱས་པའི་དགོངས་པ་ཁྲིད་ཡིག་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ཤོག་སེར་ལས་བཤུས་པ་ཤིན་ཏུ་ལེགས་པ་གཅིག
༄༅། །མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལསཿ གཏེར་སྟོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོངས་ཤེལ་གྱི་འོད་གསལ་ཕུག་པ་ནས་སྤྱན་དྲངས་པ་དོན་ཁྲིད་བརྡའི་བང་མཛོད་ཚེ་གཅིག་གི་སངས་རྒྱས་པའི་དགོངས་པ་ཁྲིད་ཡིག་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ཤོག་སེར་ལས་བཤུས་པ་ཤིན་ཏུ་ལེགས་པ་གཅིག་བཞུགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ཨོ་རྒྱན་དཔའ་བོ་སྐད་དུ༔ དྷ་ར་ཙིཏྟ༔ དཔའ་མོའི་སྐད་དུ༔ ན་མོ་དྷེ་ཝ་ཌཱཀྐི་ནི༔ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་གྱི་ལོ་རྒྱུས་འདི་ལྟར་རོ༔ ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོ་སོ་སའི་གླིང་ན༔ ཡུམ་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ཚོགས་འཁོར་མཛད་ཀྱིན་བཞུགས་ཡོད་པའི་དུས་སུ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་བྱ་བ་དེ༔ མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས༔ དཔལ་བསམ་ཡས་དབུ་རྩེ་རིམ་གསུམ་ལ་རབ་གནས་བྱེད་པ་དང་༔ ལྷ་སྲིན་གདུག་པ་ཅན་འདུལ་བ་དང་༔ བོད་མུན་པའི་མི་རྣམས་ལ་ཆོས་སྟོན་པ་ལ་གདན་དྲངས་པའི་དུས་སུ༔ སློབ་དཔོན་དང་རྒྱལ་པོ་གཉིས་ཀྱིས་མཆིམས་ཕུ་རུ་སྐྱོ་བསངས་ལ་བྱོན་ནས་བཞུགས་པའི་དུས་སུ༔ བུ་མོ་ན་ཆུང་མ་ལོ་བཅུ་ཙམ་ལོན་པ་མཁའ་འགྲོའི་མཚན་བཟང་བ༔ ཡེ་ཤེས་མཚོ་རྒྱལ་ཟེར་བ་ལུང་ནས་ཟིན་པ་གཅིག་སློབ་དཔོན་མཇལ་དུ་བྱུང་བས༔ སློབ་དཔོན་གྱི་ཐུགས་དགོངས་ལ༔ བདག་ལ་ཌཱཀྐི་མས་ལུང་བསྟན་བྱུང་བ་དེ་འདི་ཡིན་པར་འདུག་པས་བདག་གིས་ཕྱག་རྒྱ་མར་བྱའོ་སྙམ་པའི་དགོངས་པ་བྱུང་ནས༔ སློབ་དཔོན་གྱིས་མཚོ་རྒྱལ་ལ་སྙན་བརྒྱུད་ཀྱི་གདམས་པ་ཐམས་ཅད་གནང་ནས་འདི་ལྟར་ལུང་བསྟན་ཏོ༔ བུ་མོ་ཁྱོད་ཀྱི་རྨི་ལམ་གྱི་རྟོག་པ་ལ༔ ཨོ་རྒྱན་གྱི་དུར་ཁྲོད་ཆེན་པོ་སོ་སའི་གླིང་བྱ་བ་ན༔ ཡུམ་རྡོ་རྗེ་ཕག་མོ་ཞེས་བྱ་བ་བདེ་གཤེགས་ཐམས་ཅད་ཀྱི་ཡུམ༔ མཁའ་འགྲོ་ཐམས་ཅད་ཀྱི་གཙོ་མོ༔ དེ་ལ་ཌཱཀྐི་སྟོང་གིས་བསྐོར་ནས་བཞུགས་ཡོད་པས༔ དེས་གསང་སྔགས་མ་རྒྱུད་ཀྱི་བཀའ་ལུང་ཐམས་ཅད་གནང་བ་ཡོད་པས་ཞུས་ཤིག༔ ཉམ་ང་བ་དང་ཐེ་ཚོམ་པ་མ་བྱེད་པར་སོང་ཞིག༔ དེ་ནས་ཡུམ་རྡོ་རྗེ་ཕག་མོ་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ན༔ རྟོག་མེད་བམ་རོའི་གདན་སྟེང་ན་བཞུགས་ནས༔ མ་རྒྱུད་ཡོངས་རྫོགས་ཀྱི་དབང་མཛད་པའི་དུས་སུ༔ ཌཱཀྐི་ཡེ་ཤེས་མཚོ་རྒྱལ་གྱིས་ཡུམ་ཆེན་མོ་སྐུ་ཁམས་བཟང་ལགས་སམ༔ ཞེས་དྲི་བ་མཛད་པ་ལས༔ གཙོ་མོ་དང་མཁའ་འགྲོ་ཡོངས་ཀྱི་ཞལ་ནས༔ ཌཱཀྐི་མ་བཀའ་གདམས་པ་འདོད་པ་ལ་ཡོངས་བ་ཡིན་ནམ་གསུངས་པ་དང་༔ དེ་བཞིན་ལགས་ཞུས་པས༔ གཙོ་མོའི་ཞལ་ནས༔ ཁྱོད་ནི་ངའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་པས༔ མ་རྒྱུད་ཡོངས་རྫོགས་ཀྱི་གདམས་པ་གནང་བ་ཡིན༔ ཁྱད་པར་དུ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་གདམས་པ་འདི་སྐལ་ལྡན་མ་རིགས་ཀྱི་ཌཱཀྐི་ཁྱོད་ཀྱིས་ཆོངས་ཤིག༔ མཁའ་འགྲོའི་སྙིང་ཁྲག་ཕོ་བ་ལྟ་བུ་ཡིན་པས༔ ཁྱོད་ཀྱིས་ཟུངས་ཤིག་ཅེས་གདམས་པ་གནང་བས༔ དེ་ནས་ཡེ་ཤེས་ཀྱི་ཌཱཀྐི་མས་ཞུས་པ༔ གཙོ་མོ་གསན་པར་ཞུ༔ ངེད་བོད་ཁ་བ་ཅན་གྱི་མི་རྣམས་ཚེ་ཐུང་ལ་ལོག་ལྟ་ཆེ༔ སྙིང་རུས་ཆུང་ལ་བློ་རྟུལ༔ ཡིད་འཇོག་ཆུང་ལ་བསམ་པ་ངན༔ དེ་ལྟ་བུའི་དམུས་ལོང་རྣམས་ལ་གོ་སླ་ལ་སྒྲུབ་ཐག་ཉེ་བ༔ མ་བསྒོམས་པར་སངས་རྒྱ་བའི་ཆོས་གཅིག་ཞུའོ་ཞུས་པས༔ རྡོ་རྗེ་ཕག་མོ་མཁའ་འགྲོ་རྣམས་ཀྱི་ཞལ་ནས༔ མཁའ་འགྲོ་ཐམས་ཅད་ཀྱི་ཡང་གསང་༔ གསང་བ་ལམ་འཁྱེར་བྱ་བ༔ དོན་དམ་པར་མཁའ་འགྲོ་ཐམས་ཅད་ཙིཏྟ་དམར་པོ་ཐང་ལ་འཕོ་བའི་གདམས་པ༔ ཌཱཀྐི་ཁྱོད་ལ་གནང་པར་རིགས་པས༔ རྒྱལ་པོ་རྒྱལ་སྲིད་མ་སྤངས་པར་སངས་རྒྱས་པའི་ཆོས་ཡིན་ནོ༔ གཙོ་བོ་མདུན་གྲོས་མ་སྤངས་པར་སངས་རྒྱ་བའི་ཆོས་ཡིན་ནོ༔ བཙུན་མོ་ཡོ་ལང་མ་སྤངས་པར་སངས་རྒྱ་བའི་ཆོས་ཡིན་ནོ༔ སྐྱེས་པ་སྟག་དོང་མ་སྤངས་པར་སངས་རྒྱ་བའི་ཆོས་ཡིན་ནོ༔ བཙུན་མ་འདུལ་ཁྲིམས་ཉམས་ཀྱང་སངས་རྒྱ་བའི་ཆོས་ཡིན་ནོ༔ བྱིས་པ་རྩེད་མོ་མ་སྤངས་པར་སངས་རྒྱ་བའི་ཆོས་ཡིན་ནོ༔ གདམས་པ་འདི་ཨོ་རྒྱན་གྱི་ལུང་དང་མཐུན་པར་ཡོད་པས༔ ད་ལྟའི་སྐལ་པ་བཟང་པོའི་དུས་ཚོད་འདིར༔ ཨོ་རྒྱན་བཀའ་མ་དང་༔ རྫོགས་པ་ཆེན་པོ་ཕ་རྒྱུད་ཀྱི་གདམས་པས་ཆོག༔ སྒོམ་ལོང་ནི་ཡོད༔ མཁའ་འགྲོའི་ཡང་གསང་འདི་ནི་སྐལ་པ་དུས་སྙིགས་མ༔ ལོ་ནི་ལྔ་བཅུ་ཁ་རལ་གྱི་དུས་སུ་བཤད་གྲྭ་དང་སྒོམ་གྲྭ་ནུབ༔ ཆོས་ལུང་མ་བསྟན་དུ་འཆད༔ རྒྱལ་ཁམས་ཟོག་པོས་གང་༔ སྔར་གྱི་གདམས་ངག་བཀའ་མ་ཀུན་ལ་གང་ཟག་ལ་ལས་མང་དུ་གཏང་༔ ལ་ལས་ཉུང་དུ་བཏང་ནས་གདམས་པ་ལ་ལྷག་ཆད་མང་དུ་བཅོས་པས༔ བཀའ་བརྒྱུད་གོང་མ་རྣམས་དང་དཔའ་བོ་མཁའ་འགྲོ་རྣམས་མ་མཉེས་པས་བྱིན་རླབས་མི་འབྱུང་ངོ་༔ དེ་དུས་ལག་པ་གཡས་གཡོན་འཐབ༔ སྡུག་བསྔལ་དང་ཁོང་ཁྲོས་ངན་སོང་གསུམ་དུ་ལྷུང་པའི་ས་བོན་བྱེད༔ དེའི་དུས་སུ་གདམས་པ་མཐོང་གྲོལ༔ ཐོས་གྲོལ༔ གོ་གྲོལ༔ བཤད་གྲོལ་འདི་དགོས་པས༔ ཌཱཀྐི་མཚོ་རྒྱལ་ཁྱོད་ཀྱིས་གཞན་ལ་མ་སྤེལ་བར་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་གི་ཤར་ཕྱོགས༔ ཕ་ཝང་རུས་སྦལ་འདྲ་བ་ལུག་ཙམ་གྱི་འོག་ཏུ་འདོམ་གང་རྐོས་ལ༔ ཤོག་དྲིལ་ཟངས་ཀྱི་གའུའི་ནང་དུ་བཅུག་ལ༔ ལ་ཆ་དང་སྤྲ་ཚིལ་གྱིས་དམ་པོར་སྡོམས་ལ་སྦའོ༔ དེ་ནས་མདའ་གང་ཙམ་དུ་དངུལ་གྱི་གའུར་གསང་ཁྲིད་སྦ༔ དེ་ནས་མར་ཁྲུ་གང་ཙམ་དུ་ལྕགས་ཀྱི་གའུར་གསང་ཁྲིད་སྦ༔ དེ་ནས་འདོམ་གང་ཙམ་དུ་རྫོགས་པ་ཆེན་པོ་མ་རྒྱུད་གསང་བ་ལམ་ཁྱེར་ལོ་རྒྱུས་བཀའ་ལུང་ལག་ལེན་ལུང་བསྟན་དང་བཅས་པ་སྦས་སོ༔ དེ་ནས་ལུང་ནས་ཟིན་པའི་གནས་བསམ་ཡས་དབུ་རྩེའི་ཤར་བཀྲ་ཤིས་འོན་ཞེས་བྱ་བའི་སར༔ ཡབ་ནི་རྒྱལ་པོའི་རིགས༔ ཡུམ་ནི་བཙུན་མོའི་རིགས༔ དེ་ལ་བུ་མོ་ནི་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་རྟགས་ཚང་བ༔ མའི་མངལ་ན་ཡོད་ཙ་ན་ཉི་མ་ཤར་བ་དང་༔ ཨོ་རྒྱན་དང་ཞིང་ཁམས་རྣམས་ལ་ཕྱིན་པ་རྨི་བ་བྱུང་ངོ་༔ བུ་མོ་དེ་ནི་སྐྱེས་པ་དང་འཇིག་རྟེན་པའི་འདོད་པ་དང་༔ ཉོན་མོངས་པའི་སྣང་བ་མེད་པས༔ ལོ་ལྔ་ནས་ཡི་གེ་བྲིས་ཀློག་ལ་ཐོགས་པ་མེད་པ༔ ཆོས་བྱའོ༔ སེམས་ཅན་གྱི་དོན་བྱ་དགོས་སྙམ་པ་གཅིག་བྱུང་ངོ་༔ དེ་ནི་ཡེ་ཤེས་མཁའ་འགྲོའི་རྟགས་ཚང་པ༔ སྐུ་གསུང་ཐུགས་ཀྱི་སྨེ་བ་ཡོད་པ༔ རྡོ་རྗེ་ཕག་མོའི་སྐུའི་སྤྲུལ་པ༔ རྡོ་རྗེ་རྣལ་འབྱོར་མའི་གསུང་གི་སྤྲུལ་པ༔ ཌཱཀྐི་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་པ་ཡིན་པས༔ བུ་མོའི་མིང་ནི་ལྷ་སྐྱིད་དཔལ་འཛོམས་ཟེར༔ ཆོས་མིང་ནི་སློབ་དཔོན་མ་ཀུན་དགའ་འབུམ་ཞེས་གྲགས༔ གདམས་པ་འདི་ནི་མོའི་ཆོས་སྐལ་ཡིན་ཏེ༔ དེས་ཀྱང་ལུང་ནས་ཟིན་པའི་ཆོས་བདག་སྐལ་ལྡན་ལས་འཕྲོ་ཅན་ཨོ་རྒྱན་གྱི་སྤྲུལ་པ༔ མངའ་བདག་ཉང་གི་སྐུའི་སྤྲུལ་པ༔ དུང་མཚོ་རས་པ་ཞེས་སུ་གྲགས་པ༔ ཨོ་རྒྱན་གྱི་གནས་ཕྲན་སྲིན་པོ་རྫོང་ཞེས་གྲགས་པ༔ བདེ་མཆོག་དང་ཁོ་མོའི་གཟིགས་སྣང་ཡོད་པ་གཅིག་སྒོ་འབྱེད་པ་ལ་སྦས་པའི་རྣལ་འབྱོར་པ་གཅིག་ཡོད་པས༔ དེ་ལ་ཌཱཀྐི་མའི་ལུང་བསྟན་ཡོང་ངོ་༔ དེ་ལ་ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པས་ཆོས་སྐལ་དུ་སྦྱིན་ཅིག༔ དེས་མིང་ཉི་མར་གྲགས་པ༔ རྣལ་འབྱོར་པ་ལུས་པོ་སྒེག་ལ་གསུས་ཁྱིམ་ལྡིར་བ༔ མིག་རྩ་དམར་བ༔ ཤ་མདོག་སྨུག་པ༔ མཁུར་ཚོས་གཡོན་པའི་སྟེང་ན་སྨེ་བ་ཡོད་པ༔ བརླ་ཤ་ལ་སྟག་ཤམ་གྱི་བརྡ་ཡོད་པ༔ མ་དང་མཁའ་འགྲོའི་བྱིན་གྱིས་བརླབས་པ༔ གསང་སྔགས་ཀྱི་སྣོད་དུ་རུང་པ་གཅིག་ཡོད་པས་དེ་ལ་སྦྱིན་ཅིག༔ དེས་སྐལ་ལྡན་སྣོད་ལྡན་ལ་སྤེལ་དུ་ཆུག་ཅིག༔ ད་ཌཱཀྐི་མ་མཚོ་རྒྱལ་ཁྱོད་ཀྱིས་བཀའ་སྨོན་ལམ་ཐོབ་ལ་གཏེར་དུ་སྦོས་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་བདག་སྤྱང་ཞོན་སྤུན་གསུམ་དང་ཌཱཀྐི་རྣམས་ཀྱིས་མཛོད༔ སྐལ་ལྡན་ལས་ཅན་རིམ་པ་གསུམ་དང་འཕྲད་པར་ཤོག༔ ཟབ་རྒྱ༔ གཏེར་རྒྱ༔ གབ་རྒྱ༔ སྦས་རྒྱ༔ ཨྠྀི༔ ༈ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་འོན་བཀྲ་ཤིས་ཡང་དགོན་དུ་རྫོགས་པ་ཆེན་པོ་ཀློང་གསལ་ཉི་མའི་རྒྱུད་སྒོམ་གྱིན་བཞུགས་ཡོད་ཙ་ན༔ ནུབ་གཅིག་སྲོད་འཁོར་ཙམ་ན༔ ནམ་མཁའི་དབྱིངས་ནས་སྐད་ཀྱིས་སྒྲ་འདི་སྐད་བྱུང་ནས༔ ཀྱེེ་སྐལ་ལྡན་ལས་ཅན་མ་ཁྱོད་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་བྱ་བར་ཟླ་བ་བདུན༔ ཞག་བདུན༔ ན་མ་བདུན་སྒྲུབ་པ་མཛོད་ཅིག༔ ཌཱཀྐིའི་ལུང་བསྟན་དང་མཁའ་སྤྱོད་ལ་སོགས་མཇལ་བ་ཡོང་ངོ་ཟེར་ནས་གར་སོང་ཆ་མེད་པར་སོང་སྐད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་ཏུ་ཏིང་ངེ་འཛིན་ལ་སྒྲུབ་པ་མཛད་ཀྱིན་བཞུགས་པས༔ རྨི་ལམ་གསལ་བ་གཅིག་གི་རྟགས་ཀྱང་མ་བྱུང་བས༔ ད་ནི་ཟླ་དུས་དང་ཞག་དུས་དང་༔ ན་མའི་དུས་ཀྱང་ནངས་པར་ནས་ནི་ཐེམ་པ་ཡིན༔ ཌཱཀྐིའི་ལུང་བསྟན་མིན་པ་འདྲ༔ མི་མ་ཡིན་གྱིས་བར་ཆོད་རྩོམ་མཁན་ཡིན་པ་འདྲ་སྙམ་ནས༔ སྐྱོ་ཤས་དྲག་པོ་གཅིག་སྐྱེས་ནས་ནངས་པར་འགྲོ་དགོས་སྙམ༔ དེ་ནུབ་ཉལ་བའི་ཐོ་རངས་ཁ་ཙམ་ན༔ བླ་མའི་རྣལ་འབྱོར་གཅིག་སྒོམ་གྱིན་ཡོད་པའི་དུས་སུ༔ ནམ་མཁའི་དབྱིངས་ནས་སྒྲ་འདི་ཐོས༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཟེར་བའི་སྒྲ་གཅིག་བྱུང་བས༔ དེ་མ་ཐག་ཏུ་དད་པ་དང་མོས་གུས་ཀྱིས་རིག་པ་དྲན་མེད་དུ་བརྒྱལ་ནས་གདའ་བས༔ འབྱུང་བཞིའི་སྒྱུ་ལུས་ནི་བྲག་ཕུག་ཏུ་ལུས༔ རིག་པ་སྟོང་གསལ་ནི་མཁའ་སྤྱོད་བདེ་ཆེན་ཆོས་འབྱུང་གི་ཕོ་བྲང་ན་ཡེ་རེ་སེང་ངེ་སླེབ་འདུག་པས༔ ཕོ་བྲང་དེ་ཡང་དབུས་བཻཌཱུརྱ་མཐིང་ག་ལས་གྲུབ་པ༔ སྒོའི་རུ་བཞི་ཐམས་ཅད་རྒྱལ་པོ་ཆེན་པོ་བཞི་ལས་བྱས་པ༔ མ་ཐེམ་ཀླུ་ཆེན་པོ་བརྒྱད་ལ་བྱས་པ༔ ཡ་ཐེམ་གཟའ་ཆེན་པོ་བརྒྱད་ལས་བྱས་པ༔ ནང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ༔ རྟ་བབས་ཀྱིས་བརྒྱན་པ་གཅིག་མཐོང་བྱུང་བ་དང་༔ ཡུམ་རྡོ་རྗེ་ཕག་མོ་དེ་ནི༔ ཕོ་བྲང་གི་དབུས་ན་མི་རོའི་རྩིག་པ་ཆེན་པོའི་སྟེང་ན་སྐུ་གཟི་བརྗིད་དང་ལྡན་པར་བཞུགས་འདུག་པ་ལ༔ མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར་ནས་མ་རྒྱུད་ཡོངས་རྫོགས་ཀྱི་དབང་དང་༔ ཚོགས་འཁོར་མཛད་ཀྱིན་འདུག་པས༔ ང་ནི་མཁའ་འགྲོའི་གཟི་བརྗིད་ཀྱིས་འཇིགས་པ་དང་དངངས་པ་རྣམས་བྱུང་སྟེ༔ ཡིན་ཀྱང་གཙོ་མོའི་དྲུང་དུ་ཕྱིན་ནས༔ ཕྱག་གསུམ་ཕུལ༔ བདག་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་ཐུགས་ལ་འདོགས་པར་ཞུ་ཞུས་པས༔ གཙོ་མོའི་ཞལ་ནས་ཌཱཀྐི་མ་ཁྱོད་དང་ང་གཉིས་འདུ་འབྲལ་གཉིས་སུ་མེད་དེ༔ ཁྱོད་ལ་འཇིག་རྟེན་མིའི་དྲི་མ་ཡོད་པས༔ ཁྱོད་ཀྱིས་ང་ངོ་མ་ཤེས་པ་ཡིན༔ དངངས་པ་དང་འཇིགས་པ་དང་སྐྲག་པ་བྱ་མི་དགོས༔ ཌཱཀྐི་མ་འདི་མཚོ་རྒྱལ་གྱི་ཟླ་བོ་ཡིན་ཟེར་ནས༔ ཡང་གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ནི་ངའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན༔ ང་ནི་ཕྱི་ལྟར་དུ་སངས་རྒྱས་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་ཁྲོས་མ་ནག་མོ་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་ཆོས་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ གཙོ་མོའི་ཞལ་ནས་སྐལ་ལྡན་མ་ཁྱོད་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི་མ་རིག་གཏི་མུག་གི་དབང་དུ་སོང་ནས༔ འཁོར་བ་དང་ངན་སོང་གི་རྒྱུ་འབྲས་བསྒྲུབས་ནས་ཐར་མེད་དམྱལ་བར་འགྲོ་སྟེ༔ དེ་རྣམས་ལ་གཏི་མུག་སྣང་སྟོང་དུ་འཁྱེར་བའི་དབང་དང་གདམས་པ་ཐམས་ཅད་ཁྱོད་ལ་གནང་བ་ཡིན་པས༔ སེམས་ཅན་ཐམས་ཅད་བདེ་བ་ལ་ཁོད་ཅིག༔ ཁྱད་པར་ཤོག་སེར་གྱི་ནང་དུ་གསལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་ཤར་གྱི་ཕོ་བྲང་ལ་ལྟད་མོ་གྱིས་ཤིག༔ གདམས་པ་འདྲ་ཞུས་ཤིག་གསུངས་པ་དང་༔ སྒོ་མ་ལྕགས་ཀྱུ་མ་ཟེར་བ་ཞིག་གིས་ཤར་གྱི་ཕོ་བྲང་ལ་ལྟད་མོ་ལ་གཤེགས་སོ་ཟེར་ནས་ཕྱིན་པས༔ ཤར་ཆོས་འབྱུང་དཀར་པོའི་གཞལ་ཡས་ཕྱི་རིན་པོ་ཆེ་ཤེལ་ལས་གྲུབ་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་གི་དབུས་ན༔ གཙོ་མོ་བདེ་ཆེན་དཀར་མོ་ཟེར་བ་གཅིག་མི་རོའི་གདན་སྟེང་ན་སྐུ་གཟི་བརྗིད་དང་ལྡན་པ༔ རྒྱན་གཙོ་མོ་དང་མཐུན་པ་གཅིག་བཞུགས༔ དེ་ལ་འཁོར་དཀར་མོ་འབུམ་གྱིས་བསྐོར་ནས༔ ཞི་བའི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ དེར་བདག་གིས་ཀྱང་ཞུ་བ་ལ་ཕྱིན་ནས༔ ང་ལའང་དབང་དང་ཚོགས་འཁོར་ཞུའོ་བྱས་པས༔ མཁའ་འགྲོའི་ཞལ་ནས་སྐལ་ལྡན་ཁྱོད་ཉོན་ཅིག༔ ང་ནི་ཕྱི་ལྟར་ན་རྡོ་རྗེ་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་བདེ་ཆེན་དཀར་མོ་ཞེས་ཀྱང་ཟེར༔ གསང་བ་ལྟར་དུ་མེ་ལོང་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་ཁྱོད་བོད་ཁ་བ་ཅན་གྱི་མི་རྣམས་ནི༔ ཉོན་མོངས་པ་ཞེ་སྡང་གི་དབང་དུ་སོང་ནས༔ དམྱལ་བ་མནར་མེད་སྒྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་ནི་མཁའ་སྤྱོད་བདེ་ཆེན་དུ་འགྲོ་བ་ཞེ་སྡང་ལམ་དུ་འཁྱེར་བ༔ རིག་སྟོང་དབྱེར་མེད་ཀྱི་གདམས་པ་འདི་ཡིན་པས༔ འགྲོ་བ་རྣམས་བདེ་བ་ལ་ཁོད་ཅིག༔ ཁྱད་པར་ཤོག་སེར་ནང་དུ་གསལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤར་གྱི་གཙོ་མོའི་ཞལ་ནས༔ ལྷོའི་ཕོ་བྲང་ལ་ལྟད་མོ་འདྲ་གྱིས་གསུངས་པ་དང་༔ སྒོ་མ་ཞགས་པ་མ་ཟེར་བ་གཅིག་གིས༔ སྐལ་ལྡན་མ་ལྷོའི་ཕོ་བྲང་ལ་ལྟད་མོ་ལ་གཤེགས་སོ་ཟེར་ནས་ཁྲིད་བྱུང་པ་དང་༔ ལྷོ་ཕྱོགས་ཆོས་འབྱུང་སེར་པོའི་ཕོ་བྲང་༔ ཕྱི་རིན་པོ་ཆེ་གསེར་ལས་བྱས་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་འདུག༔ ཕོ་བྲང་དེའི་དབུས་མི་རོའི་སྟེང་ན༔ གཙོ་མོ་སེར་མོ་དོན་གྲུབ་ཟེར་བ༔ སྐུ་གཟི་བརྗིད་དང་ལྡན་པ༔ རྒྱན་གཙོ་མོ་དང་མཐུན་པར་བཞུགས་པ་དེ་ལ༔ འཁོར་སེར་མོ་འབུམ་གྱིས་བསྐོར་ནས༔ རྒྱས་པའི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པས༔ དེར་བདག་གིས་ཀྱང་དབང་དང་ཚོགས་འཁོར་ཐུགས་ལ་འདོགས་པར་ཞུ་ཞུས་པས༔ གཙོ་མོའི་ཞལ་ནས་སྐལ་ལྡན་མ༔ ང་ནི་ཕྱི་ལྟར་ན་རིན་ཆེན་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་དུ་སེར་མོ་དོན་གྲུབ་ཅེས་ཀྱང་ཟེར༔ གསང་བ་ལྟར་དུ་མཉམ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ སྐལ་ལྡན་མ་ཁྱོད་ཚུར་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི་ཉོན་མོངས་པ་ང་རྒྱལ་གྱི་དབང་དུ་སོང་ནས༔ དམྱལ་བ་ལ་སོགས་འཁོར་བའི་རྒྱུ་བསྒྲུབས་ནས་མཐར་ངན་སོང་དུ་འགྲོ་སྟེ༔ དེ་རྣམས་ང་རྒྱལ་བདེ་སྟོང་དུ་འཁྱེར་བའི་གདམས་པ་འདི་བསྟན་པ་ཡིན་པས༔ ཐར་པ་ཆེན་པོའི་མཁའ་སྤྱོད་དུ་ཁྲིད་ཅིག༔ གསལ་བར་ཤོག་སེར་གྱི་ནང་ན་ཡོད་དོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་ལྷོའི་གཙོ་མོའི་ཞལ་ནས༔ བུ་མོ་ནུབ་ཀྱི་ཕོ་བྲང་ལ་ལྟད་མོ་ལྟོས་ཤིག༔ གདམས་པ་འདྲ་ཞུས་ཟེར་བ་དང་༔ སྒོ་མ་ལྕགས་སྒྲོག་མ་ཟེར་བ་གཅིག་གིས་སྐལ་ལྡན་མ༔ ནུབ་ཀྱི་ཕོ་བྲང་ལ་འགྲོ་ཟེར་ནས་ཕྱིན་པས༔ ཕོ་བྲང་གི་ཕྱི་པདྨ་ར་ག་ལས་གྲུབ་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་འདུག༔ དེའི་དབུས་ན་མི་རོའི་སྟེང་ན༔ གཙོ་མོ་དམར་མོ་སྒྲ་སྒྲོག་ཟེར་བ་སྐུ་གཟི་བརྗིད་དང་ལྡན་པ༔ རྒྱན་གཙོ་མོ་དང་མཐུན་པ་གཅིག་བཞུགས་འདུག༔ འཁོར་དམར་མོ་འབུམ་གྱིས་བསྐོར་ནས་སྐུ་གསུམ་གྱི་དབང་དང་ཚོགས་འཁོར་མཛད་ཀྱིན་བཞུགས་འདུག་པ༔ དེར་བདག་གིས་དབང་དང་ཚོགས་འཁོར་གྱི་སྐལ་བ་ཞུས་པས༔ གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་དང་ང་གཉིས་སུ་མེད༔ ང་ནི་ཕྱི་ལྟར་ན་པདྨ་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་ན་དམར་མོ་སྒྲ་སྒྲོག་མ་ཞེས་ཀྱང་ཟེར༔ གསང་བ་ལྟར་ན་སོར་རྟོག་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ དེ་ནས་མཁའ་འགྲོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ཚུར་ཉོན་དང་༔ བོད་ཁ་བ་ཅན་གྱི་མི་རྣམས་ནི་ཉོན་མོངས་པ་འདོད་ཆགས་ཀྱིས་དབང་དུ་སོང་ནས༔ ངན་སོང་ཐར་མེད་དམྱལ་བ་སྒྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་མཁའ་སྤྱོད་བདེ་ཆེན་ལ་འཁྲིད་པ་ལ་འདོད་ཆགས་ལམ་དུ་འཁྱེར་བ་གསལ་སྟོང་དབྱེར་མེད་ཀྱི་གདམས་པ་འདི་སྐལ་ལྡན་མ་ཁྱོད་ལ་གནང་བར་ངེས་པས༔ འགྲོ་བ་ལ་ཕན་ཐོགས་པར་གྱིས་ཤིག༔ ཁྱད་པར་ཤོག་སེར་གྱི་ནང་དུ་གསལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ནུབ་ཀྱི་གཙོ་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད༔ བྱང་གི་ཕོ་བྲང་ལ་ལྟད་མོ་གྱིས་ཤིག༔ གདམས་པ་འདྲ་ཞུས་གསུངས་པ་ལས༔ སྒོ་མ་དྲིལ་བུ་མ་ཟེར་བ་གཅིག་གིས་སྐལ་ལྡན་མ་ཁྱོད་བྱང་གི་ཕོ་བྲང་ལ་ལྟད་མོ་ལ་འགྲོའོ་ཟེར་ནས་ཕྱིན་པས༔ ཕོ་བྲང་ཕྱི་ཨིནྡྲ་ནཱི་ལ་ལས་བྱས་པ༔ ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་དེའི་དབུས་ན་མི་རོའི་གདན་སྟེང་ན༔ གཙོ་མོ་སྣ་ཚོགས་མཐར་ཕྱིན་ཟེར་བ༔ སྐུ་འོད་ཟེར་དང་ལྡན་པ་རྒྱན་གཙོ་མོ་དང་མཐུན་པར་བཞུགས་འདུག༔ འཁོར་སྔོན་མོ་འབུམ་གྱིས་བསྐོར་ནས་དྲག་པོའི་དབང་དང་ཚོགས་འཁོར་མཛད་ཅིང་འདུག་པ་ལ༔ བདག་ལ་ཡང་སྐལ་བ་དེ་ལྟར་ཞུ་བྱས་པས༔ མཁའ་འགྲོ་མས་གསུངས་ནས་ཁྱོད་དང་ང་གཉིས་ལ་འདུ་འབྲལ་མེད༔ ང་ནི་ཕྱི་ལྟར་ན་ལས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ ནང་ལྟར་སྣ་ཚོགས་མཐར་ཕྱིན་ཞེས་ཀྱང་ཟེར༔ གསང་བ་ལྟར་ན་བྱ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་ཞེས་ཀྱང་ཟེར༔ བུ་མོ་ཚུར་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི༔ ཁོང་ཁྲོ་དང་ཕྲག་དོག་གིས་དབང་དུ་སོང་ནས༔ ཐར་མེད་དམྱལ་བ་ལ་སོགས་ངན་སོང་གསུམ་སྒྲུབ་པར་འདུག་པས༔ སེམས་ཅན་དེ་རྣམས་བདེ་ཆེན་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་པ་ལ༔ ཕྲག་དོག་ལམ་དུ་འཁྱེར་བ་རིག་པ་གྲག་སྟོང་དབྱེར་མེད་དུ་འཁྱེར་བའི་གདམས་པ་འདི་སྐལ་ལྡན་མ་ཁྱོད་ལ་གནང་བར་ངེས་པས༔ འགྲོ་བ་ལ་ཕན་ཐོགས་པར་གྱིས་ཤིག༔ ཁྱད་པར་ཤོག་སེར་གྱི་ནང་དུ་གསལ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱང་གི་མཁའ་འགྲོ་མའི་ཞལ་ནས༔ བུ་མོ་ད་རུང་དབུས་ཕྱོགས་ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་སྐུ་གསུམ་གྱི་མཁའ་འགྲོ་ཡེ་ཤེས་ཀྱི་རིགས་རྣམས་ལ་གདམས་པ་ཞུས་གསུངས་པ་ལས༔ ཞིང་སྐྱོང་གི་ཌཱཀྐི་མ་གཉིས་ཀྱིས་ཁྲིད་ནས་ཕྱིན་པས༔ གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས་སུ༔ རྟོག་མེད་རོའི་གདན་སྟེང་ན༔ དབུས་ན་རྡོ་རྗེ་ཕག་མོ༔ གཡས་ན་རྡོ་རྗེ་རྣལ་འབྱོར་མ༔ གཡོན་ན་ཡེ་ཤེས་མཚོ་རྒྱལ༔ དེ་གསུམ་ཌཱཀྐི་མ་བྱེ་བ་འབུམ་གྱིས་བསྐོར་ནས་གསང་སྔགས་བླ་མེད་ཀྱི་དབང་དང་ཚོགས་འཁོར་མཛད་ཀྱིན་འདུག་པ་ལ༔ བདག་ལ་ཡང་དབང་དང་ཚོགས་འཁོར་གྱི་སྐལ་བ་ཞུ་བྱས་པས༔ རྡོ་རྗེ་ཕག་མོའི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ཉོན་ཅིག༔ ཁྱོད་ནི་ངའི་སྐུའི་སྤྲུལ་པ༔ རྡོ་རྗེ་རྣལ་འབྱོར་མའི་གསུང་གི་སྤྲུལ་པ༔ མཚོ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་པ༔ ཁྱོད་དང་ང་གཉིས་འདུ་འབྲལ་མེད༔ འོན་ཀྱང་ཌཱཀྐི་བྱེ་བ་འབུམ་རྣམས་ཀྱང་ངའི་སྤྲུལ་པ་ལས་མ་འདས་སོ༔ ད་ནི་སྐལ་ལྡན་མ་ཁྱོད་མ་ཡེངས་པར་ཉོན་ཅིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི་འཁྲུལ་སྣང་དང་ལོག་ལྟ་ཆེ་བས༔ དུག་ལྔ་ཡེ་ཤེས་སུ་འཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ རྣལ་འབྱོར་མའི་ཞལ་ནས༔ བོད་ཁ་བ་ཅན་གྱི་མི་རྣམས་ནི་རྟོག་པ་རགས་པས༔ རྣམ་རྟོག་ཆོས་སྐུར་འཁྱེར་བའི་གདམས་པ་འདི་ཆོངས་ཤིག་གསུངས༔ ཡེ་ཤེས་མཚོ་རྒྱལ་གྱི་གསུངས་ནས་ཁ་བ་ཅན་གྱི་མི་རྣམས་ནི༔ འབྱུང་བཞི་ལ་གཅེས་འཛིན་ཆེ་བས་སྒྱུ་ལུས་ཚོགས་འཁོར་གྱི་གདམས་པ་འདི་ཆོངས་ཤིག་གསུངས་སོ༔ དེ་ནས་ཁྱམས་ཀྱི་མཁའ་འགྲོ་ཡོངས་རྫོགས་ཀྱི་ཞལ་ནས༔ སྐལ་ལྡན་མ་ཁྱོད་ད་རུང་ཉོན་ཅིག༔ ཁ་བ་ཅན་གྱི་མི་རྣམས་ནི་གཏི་མུག་གཉིད་དད་ཆེ་བས༔ གཏི་མུག་འོད་གསལ་དུ་འཆར་བའི་གདམས་པ་འདི་ཆོངས་ཤིག༔ ལར་བོད་ཁ་བ་ཅན་གྱི་མི་རྣམས་ནི༔ མ་རིག་པའི་མུན་པས་བཏུམས་ནས༔ ངན་སོང་འཁོར་བར་འཁྱམས་ཉེན་ཡོད་པས༔ རིག་པ་མཁའ་སྤྱོད་དུ་འཕོ་བའི་གདམས་པ་འདི་ཆོངས་ཤིག༔ བོད་ཁ་བ་ཅན་གྱི་མི་རྣམས་ནི༔ ཚེ་འདིར་འཁོར་བའི་ཁོལ་པོས་བཏུལ་ནས་ཚེ་འདི་ལ་འཁོར་བ་ངན་སོང་སོགས་ཀྱི་སྡུག་བསྔལ་བསགས་ནས༔ བེམ་རིག་བྲལ་ཙ་ན་འཇིགས་སྣང་དང་གཤིན་རྗེའི་དངངས་སྐྲག་ཡོང་པས༔ བར་དོ་ལམ་དུ་འཁྱེར་བའི་གདམས་པ་འདི་ཆོངས་ཤིག༔ དེ་ནས་ཡུམ་རྡོ་རྗེ་ཕག་མོའི་ཞལ་ནས༔ སྐལ་ལྡན་ལས་འཕྲོ་ཅན་ཁྱོད་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་གཞན་དུ་མ་ཡེངས་པར་དུང་བར་གྱིས་ཤིག་གསུངས་ནས༔ གསང་སྔགས་མ་རྒྱུད་ཀྱི་དབང་གདམས་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གནང་༔ བཅོམ་ལྡན་རྡོ་རྗེ་ཕག་མོའི་ཞལ་ནས༔ བུ་མོ་ཁྱོད་ཀྱི་གསང་མཚན་ནི༔ སྐལ་ལྡན་རིགས་ཀྱི་ཌཱཀྐི་མ་ཙཀྲ་ཞེས་བྱ་བར་གདགས་སོ་གསུངས་སོ༔ ད་བུ་མོ་ཁྱོད་རང་ཉལ་བའི་གཡས་ཟུར་དེ་ན༔ ཕ་ཝང་སྦལ་པ་འདྲ་བ་ལུག་ཙམ་ཞིག་ཡོད༔ དེ་ནས་མར་ལ་ཁྲུ་གང་བརྐོས་པའི་ས་ན་ལྕགས་ཀྱི་གའུའི་ནང་ན་གསང་མཛོད་ཡོད༔ དེ་ནས་མདའ་གང་ཙམ་ན་དངུལ་གྱི་གའུའི་ནང་ན་གསང་ཁྲིད་སྦས་ཡོད༔ དེ་ནས་འདོམ་གང་ཙམ་ན་རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་བྱ་བ༔ ལོ་རྒྱུས་བཀའ་ལུང་ལག་ལེན་ཆ་ལག་དང་བཅས་པ་ཡོད༔ འདིར་བཀའ་ལུང་ཐོབ་པ་བས་རྒྱས་པ་ཙམ་ཤོག་སེར་དང་བཅས་པ་གཏེར་དུ་ཡེ་ཤེས་མཚོ་རྒྱལ་གྱིས་སྨོན་ལམ་བཏབ་ནས་སྦས་ཡོད་པས༔ ཁྱོད་ཀྱིས་ཐོན་ལ་ལུང་ནས་ཟིན་པའི་རྣལ་འབྱོར་པ་དུང་མཚོ་རས་པ་ཟེར་བ་གཅིག་ཡོང་པ་ཡོད་པས༔ དེ་ལ་བཀའ་ལུང་རྗེས་གནང་དང་བཅས་པ་བྱིན་ཅིག༔ དེས་ཀྱང་སྐྱེས་བུ་ལས་འཕྲོ་ཡོད་པ༔ སྔར་ལུང་ནས་བཤད་པ་དེ་ལ་གཏེར་དུ་ཆུག་ཅིག༔ དེས་སྐལ་ལྡན་ལས་ཅན་ཀུན་ལ་སྤེལ་ཅིག༔ འགྲོ་བ་སེམས་ཅན་ལ་ཕན་ཐོགས་པ་ཡོད་དོ༔ མཐོང་ཐོས་དྲན་གསུམ་གྲོལ་བ༔ མ་བསྒོམས་པར་སངས་རྒྱ་བའི་གདམས་པ་འདི་ཉམས་སུ་ལེན་ན༔ མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་ཐོབ༔ ཌཱཀྐི་ཆོས་སྐྱོང་རྣམས་ལ་ཚོགས་འཁོར་ཤོམས༔ གཞི་བདག་ལྷ་འདྲེ་གཏེར་བདག་རྣམས་ལ༔ དམར་གཏོར་བཤམས་ལ་བདེན་པ་རྡོར༔ ལས་འཕྲོ་ཡོད་པས་སྐད་ཅིག་ཡུད་ཅིག་ལ་གནང་བར་ངེས་སོ་ཟེར་ནས་མཁའ་འགྲོའི་ཚོགས་ཐམས་ཅད་ཆོས་དབྱིངས་གནས་ལ་ཡལ་སོང་ངོ་༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ དེ་ནས་སློབ་དཔོན་མ་ཀུན་དགའ་འབུམ་དེ་ཉིད་ཉི་མ་དྲོས་དལ་ཙམ་ན་གཟིམས་མལ་ན༔ གཟིམས་སད་པ་བཞིན་དུ་བྱུང་ངོ་༔ ལུས་སེམས་གཉིས་ལ་བདེ་སྟོང་གི་ཉམས་བཟང་པོ་ཡང་སྐྱེས༔ དེ་ནས་མ་དང་མཁའ་འགྲོའི་ཚོགས་ལ་གསོལ་བ་བཏབ༔ ཌཱཀྐི་དཔའ་མོའི་ཚོགས་ལ་ཚོགས་འཁོར་བཤམས༔ ཆོས་སྐྱོང་གཏེར་བདག་རྣམས་ལ་གཏོར་མ་བཤམས༔ གཞི་བདག་ལྷ་འདྲེ་རྣམས་ལ་བདེན་པ་བདར༔ དེ་ནས་སྐལ་ལྡན་མ་ཀུན་དགའ་འབུམ་གྱིས་དམོད་བོར་ནས༔ ང་ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡིན་ན༔ ཕ་ཝཾ་འདི་རྫའི་ཁ་ཆོད་བཤུས་པ་བཞིན་དུ་ཡེངས་ཀྱིས་ཤོག་ཅིག་བྱས་པས་ཇི་བཞིན་དུ་བྱུང་ངོ་༔ དེའི་དུས་སུ་ནམ་མཁའ་དང་བར་སྣང་ཐམས་ཅད་འཇའ་འོད་ཀྱིས་གང་བ་དང་༔ ཌ་དྲིལ་དང་རོལ་མོའི་སྒྲ་བསམ་གྱིས་མི་ཁྱབ་པ་སྒྲགས་ཕུ་མདའ་ཀུན་གྱི་མི་རྣམས་དང་༔ བསམ་ཡས་འོན་ཡར་ལུང་༔ གྲ་དོལ་གཞུང་གསུམ་སོགས་ཀྱི་ཆེ་བའི་བླ་མ་སློབ་དཔོན༔ དགེ་བའི་བཤེས་གཉེན༔ དཔོན་སྐྱ་མི་དཔོན༔ ཆུང་པའི་ངན་སློང་ཡན་གྱི་ཁྲོམ་དམར་ནག་འཁྲུག་པ་ཡོད་པས༔ ཐམས་ཅད་ཀྱིས་མཐོང་པར་བྱུང་པས་ཀུན་ཡིད་ཆེས༔ དེ་ནས་ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་གཏེར་སྟོན་མ་ཀུན་དགའ་འབུམ་དུ་གྲགས་སོ༔ ཕྱོགས་ཐམས་ཅད་ནས་འབུལ་བ་དང་ཞབས་ཏོག༔ ཆོས་དང་གདམས་ངག་ཞུ་བ་ལ་ཆེ་བའི་བླ་མ་དགེ་བའི་བཤེས་གཉེན་དང་༔ སྒོམ་ཆེན་པ༔ བྱ་བྲལ་བ༔ སྡེ་དཔོན་རིགས༔ སྐྱེ་བོ་ཕལ་པའི་རིགས་བསམ་གྱིས་མི་ཁྱབ་པ་འདུས་ཤིང་བྱུང་ངོ་༔ དེ་ནས་འོན་གྱི་བཀྲ་ཤིས་ཡང་དགོན་དུ་སྒྲུབ་པའི་མཚམས་ལ་ལོ་གསུམ་བཞུགས་ནས༔ དེའི་རྗེས་དབུས་གཙང་ལ་འགྲོ་བའི་དོན་ཕྱོགས་མེད་མཛད་དོ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་གཏེར་ནས་ཇི་ལྟར་བཏོན་པའི་སྐོར་ལས་ལོ་རྒྱུས་ཀྱི་གདམས་པ་ཨྠྀི༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ དེ་ནས་རྣལ་འབྱོར་པ་དུང་མཚོ་རས་པ་དེ་ཉིད་སྐྱེ་ས་དབུས་གཙང་ཕྱོགས་ལ་བྱས༔ སྒྲུབ་པ་ཀོང་ལོང་གི་མཚམས་སུ་མཚོ་དཀར་གངས་ཀྱི་ར་བར་བསྡད་པའི་དུས་སུ༔ མཁའ་འགྲོའི་ལུང་བསྟན་བྱུང་ནས༔ ནམ་མཁའི་དབྱིངས་ནས་སྒྲ་འདི་སྐད༔ ཀྱེེ་ཀྱེེ༔ དུང་མཚོ་རས་པ་ཁྱོད་ཆོས་ཀྱི་སྐལ་བ་ལེན་དུ་མི་འགྲོ་བ་ཨེ་ཡིན༔ འོན་བཀྲ་ཤིས་ཡང་དགོན་ན་སློབ་དཔོན་མ་ཀུན་དགའ་འབུམ་དེ་དབུས་གཙང་གི་ཕྱོགས་ལ་འགྲོ་དོན་ལ་འབྱོན་པར་ཡོད་པས༔ ཁྱེད་སྒུག་གིན་ཡོད༔ བློ་ཐེ་ཚོམ་མེད་པར་མྱུར་དུ་སོང་ཟེར་བ་དང་༔ མཁའ་འགྲོའི་ལུང་བསྟན་ཡིན་སྙམ་ནས་མྱུར་དུ་ཕྱིན་པས༔ ཁྲོམ་ཆོས་གསུང་པའི་སར་མཇལ་བས་ཁྱེད་བྱོན་པ་ཡིན་ནམ༔ ངས་ཁྱེད་ལ་སྒུག་གིན་བསྡད་ཡོད་ད་ནང་ལ་བྱོན༔ ཁྱེད་ལ་ཚོགས་འཁོར་གྱི་མཐུན་རྐྱེན་ཅི་ཡོད་གསུངས༔ གཡུ་ཆུང་གསུམ་དང་གླ་རྩི་རྒོད་གཉིས་ཡོད་ཞུས་པས༔ དེ་ཕུལ་ཅིག་གསུངས་ནས༔ ད་ནང་ནས་ཚོགས་ཤོམས་གསུངས༔ དེ་ལྟར་བཤམས་ནས༔ སྐལ་ལྡན་བུ་ཁྱོད་ཉོན་ཅིག་གསུངས༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་ཟེར་བ༔ མ་བསྒོམས་ཀྱང་སངས་རྒྱ་བ༔ མཐོང་གྲོལ་ཐོས་གྲོལ་གྱི་མཁའ་འགྲོའི་ལུང་བསྟན་ཁྱོད་ལ་ཡོད་པས༔ གདམས་པ་འདི་ཉམས་སུ་ལོངས་ཤིག་གསུངས༔ ཤོག་སེར་གྱི་བཀའ་ལུང་ལག་ལེན་རྗེས་གནང་ལ་སོགས་པ་མཛད་ནས༔ ལོ་རྒྱུས་ནང་ན་ཇི་ལྟར་ཡོད་པ་བཞིན་དུ་ཁྱོད་ལ་སློབ་མ་རྟགས་དང་མཚན་མ་ཅན་གཅིག་ཡོང་པ་ཡོད་པས་དེ་ལ་བཀའ་ལུང་ལག་ལེན་དང་བཅས་པ་ཆ་ཚང་པར་བྱིན་ཅིག༔ དེས་སེམས་ཅན་ལ་ཕན་ཐོགས་པར་ཡོད་གསུངས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ དེ་ཡིས་འགྲོ་རྣམས་འདྲེན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཉི་མ་རང་གྲོལ་ང་༔ ཀྵེ་སྤང་པོ་ཨོ་མའི་རི་ཁྲོད་ན་ཡོད་པའི་དུས་སུ༔ ལྷོ་རྒྱུད་ནས་བྱ་བྲལ་གཉིས་གསུམ་བྱུང་པ་ལ་གཏམ་དྲིས༔ གནས་ཆེན་ཙམ་སྐོར༔ བླ་མ་བཟང་པོ་ཙམ་མཇལ་བྱས་པས༔ ཁོང་གསུམ་ན་རེ༔ བླ་མ་དང་གནས་ངོ་མཚར་ཆེ་བ་མོན་ཁྱུང་རྫོང་གངས་གསར་ན་དུང་མཚོ་རས་པ་ཟེར་བ་གཅིག་བཞུགས་འདུག༔ དེ་ལ་དད་པ་སོང་ཟེར་བས༔ དེ་རང་ལ་དྲན་མེད་ཀྱི་དད་པ་ཐོབ༔ དེ་ནས་ཐེ་ཚོམ་མ་བྱས་པར་ཐལ་ལེ་བུད་ཕྱིན་པས༔ གསུམ་མཁར་ཕྱག་སྟོང་དུ་སུང་མཁར་ཆག་སྟོད་སླེབ༔ དེར་དྲི་རྟོག་ལ་སོགས་པ་བཏང་ནས་མཇལ་དུ་འགྲོ་བསམས་ཙ་ན༔ བླ་མའི་རྣལ་ལམ་དུ་བུ་མོ་ལྔ་བྱུང་ནས༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལེན་མཁན་གཅིག་སུང་མཁར་ན་སླེབ་ཡོད་དེ༔ ཁོ་ཐེ་ཚོམ་ཡོད་པས་བསུ་རུ་འགྲོ་ཟེར་བའི་སྒྲ་གཅིག་བྱུང་གསུངས༔ དེའི་དུས་སུ་བདག་རང་ལ་ཡང་རིགས་ཀྱི་བུ་ཐེ་ཚོམ་མ་བྱེད་པར་བླ་མའི་དྲུང་དུ་སོང་ཟེར་བའི་སྐད་ཐོས་པས༔ འདི་མཁའ་འགྲོའི་ལུང་བསྟན་ཡིན་སྙམ་ཕྱིན་པ་དང་༔ ཁོང་མཇལ་བས་ཁོང་གིས་གསུངས་ནས༔ གནས་སྐོར་བ་ཡར་བྱོན༔ ང་ལ་མཁའ་འགྲོའི་ལུང་བསྟན་ཡང་བྱུང་༔ ཤོག་སེར་གྱི་ནང་ན་ཁ་གསལ་པོ་ཡོད༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་བཀའ་ལུང་ལག་ལེན་རྗེས་གནང་ལ་སོགས་པ་ཞུས་པ་དང་༔ ཁོང་གི་གསུངས་ནས་འདི་ཁྱོད་ཀྱི་ཆོས་སྐལ་ཡིན་པས༔ སྐལ་ལྡན་ལས་ཅན་ཡོངས་ལ་སྤེལ་ཅིག་གསུངས༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་གྱི་བྱུང་ཁུངས་ལོ་རྒྱུས་ཀྱི་གདམས་པ་ཆོས་ཐུན་དང་པོའོ༔ ཤོག་སེར་ཡང་ཚ་ལས་བཤུས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ དེས་ཀྱང་འགྲོ་བ་མ་ལུས་འདྲེན་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠྀི༔
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གདམས་པའི་སྔོན་འགྲོ་སྐྱབས་འགྲོའི་གདམས་པ།
༄༅། །རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གདམས་པའི་སྔོན་འགྲོ་སྐྱབས་འགྲོའི་གདམས་པ་བཞུགས།
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གདམས་པའི་སྔོན་འགྲོ་སྐྱབས་འགྲོའི་གདམས་པ་འདི་ལྟར་རོ༔ དང་པོ་དམ་ཚིག་དང་ལྡན་པའི་བླ་མས༔ ཚོགས་འཁོར་དང་མཆོད་པ་བཤམས་ནས་སྣོད་དང་ལྡན་པའི་སློབ་མ་ལ༔ རྡོ་རྗེ་སློབ་དཔོན་གྱི་བྱ་བས་སྣོད་ལྡན་གྱི་སློབ་མས་བགེགས་སྐྲད་མེ་མཆོད་བྱས་ནས༔ རྡོ་རྗེ་ཕག་མོ་མཁའ་འགྲོ་ཡོངས་རྫོགས་ཀྱི་འཕྲིན་གཞུང་བསྲིངས་ནས༔ བསྐྱེད་རིམ་ལ་སོགས་པའི་དམིགས་པ་ཕོག་ནས་རོལ་མོའི་སྒྲ་སྒྲོག་ཅིང་གཏོར་དབང་བྱའོ༔ དེ་ནས་སྐྱབས་འགྲོའི་བསླབ་བྱ་འདི་ལྟར་བྱ༔ ཐུན་མོང་གི་བསླབ་བྱ་དྲུག་ནི༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་སྤངས༔ ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་དང་སྲོག་གཅོད་སྤངས༔ དགེ་འདུན་ལ་སྐྱབས་སུ་སོང་ནས་མི་མུ་སྟེགས་ཅན་སྤངས་པའོ༔ སངས་རྒྱས་ལ་སྐྱབས་སུ་སོང་ནས་དེ་བཞིན་གཤེགས་པའི་སྐུ་གདུང་དང་༔ སངས་རྒྱས་ཀྱི་བྲིས་སྐུ་དང་༔ བླུགས་སྐུ༔ ཕྱེད་ཙམ་འབུར་དོད་ལ་སོགས་པ་དང་༔ ལམ་ཁ་ན་ཚྭ་ཚྭ་རྡོག་པོ་གཅིག་འདུག་ནའང་དེ་བཞིན་གཤེགས་པའི་སྐུ་གདུང་ཡིན་སྙམ་པའི་དད་པ་དང་མོས་གུས་བྱེད་དགོས༔ ཆོས་ལ་སྐྱབས་སུ་སོང་ནས་བཀའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆར་གཏོགས་སམ༔ ཡི་གེ་ན་གཅིག་ལའང་དད་པ་དང་མོས་གུས་བསྐྱེད༔ དཀོན་མཆོག་གསུམ་གྱི་ཆར་གྱུར་པའི་མཚན་མ་ལམ་ཁ་སོགས་སུ་འདུག་ཀྱང་༔ ས་དང་ཆར་ཐིགས་དང་འགོམ་ཡུག་མི་ཡོང་པའི་ཕྱོགས་སུ་དད་པ་དང་གུས་པས་འཇོག་པ་དང་བཞུགས་སུ་གསོལ༔ རང་གི་ནང་ན་ཤེར་སྙིང་ཚིགས་སུ་བཅད་པ་གཅིག་ཡོད་ཀྱང་༔ དེ་ལ་མཆོད་པ་འབུལ༔ དུས་བཟང་པོ་ལ་ཕྱག་དང་སྐོར་བ་བྱེད༔ སྨོན་ལམ་རྣམ་པར་དག་པ་ལན་མང་དུ་བཏབ༔ དགེ་འདུན་ལ་སྐྱབས་སུ་སོང་ནས༔ དགེ་འདུན་ཕོ་མོ་ལ་མི་གུས་པའི་བསམ་པ་ལྟ་ཅི་སྨོས༔ གོས་ངུར་སྨྲིག་གམ་སེར་པོའི་ཁ་དོག་ཙམ་གོན་པ་མཐོང་པའམ་འདུག་པ་ལ༔ དགེ་འདུན་དཀོན་མཆོག་དངོས་ཡིན་བཅོམ་ལྡན་འདས་ཀྱི་སྤྲུལ་པ་ཡིན་བསམ་པ་དང་༔ ཟས་འབྲེལ་འདོགས་པ་དང་༔ ཆོས་དང་མཐུན་པའི་བསྔོ་བ་དང་སྨོན་ལམ་རྣམ་དག་མང་དུ་ཞུའོ༔ ཐ་ན་ལྷན་པ་དང་སྐུད་པ་དམར་སེར་ཉག་མ་གཅིག་ཙམ་ལའང་འགོམ་ཡུག་མ་སོང་པར་བྱེད༔ མཐོང་བ་ཙམ་གྱིས་མོས་གུས་འབུལ༔ དེ་རྣམས་ཐུན་མོང་གི་བསླབ་བྱ་དྲུག་བཤད་པའོ༔ ཁྱད་པར་གྱི་བསླབ་བྱ་རྣམ་པ་ལྔ་ནི༔ རང་ཅི་ཟ་ཅི་འཐུང་གི་སྒོ་ནས་དཀོན་མཆོག་ལ་མཆོད་པ་དང་གཅིག༔ བྱ་དགའ་དང་སྐྱལ་དགའི་ཀྱལ་ཀའི་ཕྱིར་དུ་དཀོན་མཆོག་མི་སྤང་པ་དང་གཉིས༔ དོན་གལ་པོ་ཆེའི་དུས་སུ༔ སྐྱབས་དཀོན་མཆོག་མིན་པ་གཞན་གང་ལའང་བློ་མི་གཏོད༔ ཐབས་མི་འཚོལ་བ་དང་གསུམ༔ དུས་ཀྱི་མཆོད་པ་ལ་བརྩོན་པ་དང་བཞི༔ རང་གར་འགྲོའི་ལྷ་ལ་ཕྱག་འཚལ་བ་དང་ལྔའོ༔ དང་པོ་ནི་རང་ཅི་ཟ་ཅི་འཐུང་རུང་༔ སྭ་བྷ་ཝས་སྦྱངས༔ ཨོཾ་ཨཱ༔ ཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས༔ དཀོན་མཆོག་མཆོད་པའོ༔ གཉིས་པ་ནི་གཞན་གྱིས་ནོར་བཟང་པོ་རྟ་དང་གླང་པོ་སྦྱིན་བྱུང་ཡང་དཀོན་མཆོག་མི་སྤང་༔ མདོར་ན་ཀུ་རེ་བཞད་གད་ཀྱི་ཕྱིར་ཡང་དཀོན་མཆོག་མི་སྤང་ངོ་༔ གསུམ་པ་ནི་རང་གི་སྲོག་ལ་བབས་པ་བྱུང་ཡང་དཀོན་མཆོག་ལ་བློ་བཀར་ནས་སྐྱབས་འགྲོ་བྱེད་པ་མ་གཏོགས༔ མོ་རྩིས་སྨན་དཔྱད་བོན་སོགས་གཞན་གྱི་ཐབས་གང་ཡང་མི་བྱེད་པའོ༔ བཞི་པ་ནི་ཉ་སྟོང་ཚེས་བརྒྱད་ལ་སོགས་པ་དུས་བཟང་ལ་མཆོད་པ་བརྩོན་པར་བྱའོ༔ ལྔ་པ་ནི་རང་ཤར་ཕྱོགས་ལ་འགྲོ་ན༔ རྡོ་རྗེ་སེམས་དཔའ༔ རིན་འབྱུང་༔ སྣང་མཐའ༔ དོན་གྲུབ་རྣམ་སྣང་ལ་སོགས་ལ་ཕྱག་འཚལ་ཏེ༔ ཕྱོགས་དང་ཕྱག་གི་རིམ་པ་དེ་ལྟར་ཤེས་པར་བྱའོ༔ ཅི་བྱེད་གར་འགྲོ་ཡང་བླ་མ་སྤྱི་བོར་བསྒོམ༔ དཀོན་མཆོག་གི་ཐུགས་རྗེས་འབྲལ་མེད་བཟུང་ཡོད་བསམ་པ་དང་༔ ཡང་རིགས་ལྔ་ལ་སོགས་པའི་ཡི་དམ་སྤྱི་བོར་བསྒོམས་ནས་ཕྱིན་པས༔ མི་དང་མི་མ་ཡིན་གང་གིས་ཀྱང་བར་ཆད་དང་གནོད་པས་མི་ཚུགས༔ དེ་ནི་ཁྱད་པར་གྱི་བསླབ་བྱ་ལྔ་ཟེར་བ་ཡིན་ནོ༔ གཉིས་པ་ཐུན་མོང་གི་བསླབ་བྱ་རྣམ་པ་གསུམ་ནི༔ སངས་རྒྱས་ལ་གུས་པ་བསྒྲུབ་ཅིང་མི་གུས་པ་སྤང་༔ ཆོས་དང་དགེ་འདུན་ལའང་དེ་ལྟར༔ ལར་སྐྱབས་འགྲོའི་བསླབ་བྱ་ལ་འབད་ཅིང་རྒྱུ་འབྲས་ལ་འཛེམ་པར་ཞུའོ༔ རྒྱུ་འབྲས་ལ་མ་འཛེམས་པའི་ཆོས་ཡིན་ཟེར་བས་མདོ་སྔགས་དང་ཁུངས་གང་ལས་ཀྱང་སངས་རྒྱས་པ་མེད་དོ༔ ད་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་གྱི་སྐྱབས་འགྲོའི་ལག་ལེན་འདི་ལྟར་རོ༔ དེ་ལ་དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ་སྐྱབས་འགྲོ་འདི་ལྟར་བསླབ་པར་བྱ་སྟེ༔ ཁམས་གསུམ་འགྲོ་བ་རིགས་དྲུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད༔ སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ དེས་འགྲེའོ༔ རིག་སྟོང་གི་བླ་མ་རྡོ་རྗེ་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ བདེ་སྟོང་གི་བླ་མ་རིན་ཆེན་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ གསལ་སྟོང་གི་བླ་མ་པདྨ་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ གྲག་སྟོང་གི་བླ་མ་ལས་ཀྱི་མཁའ་འགྲོ་ལ་སྐྱབས་སུ་མཆིའོ༔ ཆོས་སྐུའི་བླ་མ་རྡོ་རྗེ་ཕག་མོ་ལ་སྐྱབས་སུ་མཆིའོ༔ ལོངས་སྐུའི་བླ་མ་རྡོ་རྗེ་རྣལ་འབྱོར་མ་ལ་སྐྱབས་སུ་མཆིའོ༔ སྤྲུལ་སྐུའི་བླ་མ་ཡེ་ཤེས་མཚོ་རྒྱལ་ལ་སྐྱབས་སུ་མཆིའོ༔ སྐུ་གསུམ་གྱི་བླ་མ་དྲིན་ཆེན་ཀུན་དགའ་འབུམ་ལ་སྐྱབས་སུ་མཆིའོ༔ བཀའ་བརྒྱུད་ཀྱི་བླ་མ་དུང་མཚོ་རས་པ་ལ་སྐྱབས་སུ་མཆིའོ༔ སྒྲུབ་བརྒྱུད་ཀྱི་བླ་མ་བྱ་བཏང་རང་གྲོལ་ལ་སྐྱབས་སུ་མཆིའོ༔ སྙན་བརྒྱུད་ཀྱི་བླ་མ་ཉི་ཟླའི་མཚན་ཅན་ལ་སྐྱབས་སུ་མཆིའོ༔ བཀའ་བབས་ཀྱི་བླ་མ་ཆོས་གསལ་རྡོ་རྗེ་ལ་སྐྱབས་སུ་མཆིའོ༔ འཁྲུལ་ཞིག་གི་བླ་མ་དོན་གྲུབ་རྒྱལ་པོའི་སྐུ་ལ་སྐྱབས་སུ་མཆིའོ༔ ལུང་བསྟན་གྱི་བླ་མ་བྱང་ཆུབ་གླིང་པའི་སྐུ་ལ་སྐྱབས་སུ་མཆིའོ༔ རྩ་བའི་བླ་མ་བཀའ་དྲིན་འཁོར་མེད་ལ་སྐྱབས་སུ་མཆིའོ༔ ཁམས་གསུམ་སེམས་ཅན་ཐམས་ཅད་གཏེར་བདག་ཌཱཀྐིའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ༔ ཡང་དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ་སེམས་བསྐྱེད་ཀྱི་གདམས་པ་འདི་ལྟར་སྦྱིན་ནོ༔ སྨོན་འཇུག་གཉིས་ལས༔ དང་པོ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ ཡུལ་མིའི་གཅེས་ཕྲུག་ཕོ་མོ་དང་༔ ཕ་མ་རྒན་རྒོན་དང་གཉེན་གྱི་རིགས་དང་དགྲ་གཉེན་བར་མ་དང་༔ སྐྱེ་དཀའ་བས་དགྲ་ཁོ་ན་དང་དེ་ལ་གོམས་པ་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལའོ༔ དེ་ལ་ལུས་ཀྱི་བྱེད་པ་མ་ཡིན་ཏེ་སེམས་ཅན་སངས་རྒྱས་སྨོན་པའི་ཕྱིར་བྱེད་བ་ཁོ་ནའོ་ལུས་ཀྱི་འགྲོ་འོང་མ་ཡིན་ཏེ༔ སེམས་སངས་རྒྱས་ལ་སྨོན་པས་སོ༔ གཉིས་པ་འཇུག་པ་མཆོག་ཏུ་སེམས་བསྐྱེད་པ་ནི༔ སངས་རྒྱས་བསྟན་པའི་སྒོར་ཞུགས་པའི་བན་དེ་སེར་བ་རྣམས་དང་༔ ཡོན་བདག་ཕོ་མོ༔ ཡར་བླ་མ་སློབ་དཔོན་ལ་ཞབས་ཏོག་བྱེད༔ མར་ངན་སློང་རྣམས་ལ་སྦྱིན་པ་གཏོང་༔ གསང་སྔགས་ཀྱི་དབང་ཟབ་མོ་དང་ཁྲིད་ཟབ་མོ་ཞུ་བ༔ བསྐྱེད་རིམ་དང་རྫོགས་རིམ་གཞུང་བཞིན་སྒོམ་པ༔ སངས་རྒྱས་ཀྱི་གསུང་ལ་བྲིས་ཀློག་བྱེད་པ༔ མདོར་ན་དཀར་པོ་དགེ་བའི་བྱ་བ་ལ་འབུང་ཞིང་༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བསམ་པ་ཅན་དེ་ཉིད་དཔེ་གཅིག་ཏུ་མདོར་ན་དཀར་པོ་དགེ་བའི་ལས་ལ་འབུང་བ་ཐམས་ཅད་སངས་རྒྱས་ལ་འཇུག༔ ཆོས་ལ་འཇུག༔ དགེ་འདུན་ལ་འཇུག་པའོ༔ དེ་ནི་འཇུག༔ འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ༔ དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ སྐྱེས་བུ་ལས་འཕྲོ་ཅན་གཞོན་ནུ་རབ་ཏུ་བྱུང་བ༔ ཉན་ཐོས་ཀྱི་འདུལ་ཁྲིམས་དང་ལྡན་པ༔ གསང་སྔགས་ཀྱི་དམ་ཚིག་དང་ལྡན་པ༔ གསང་སྔགས་ཀྱི་དོན་ལྟ་བ་ལ་མཆོག་ཏུ་དད་པའི་བསམ་པ་དང་ལྡན་པ་གཞན་དོན་འཕྲིན་ལས་ཡུན་དུ་སྒྲུབ་འདོད་དེས་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ༔ ད་སེམས་བསྐྱེད་དང་སྙིང་རྗེ་ལ་དབྱེར་མེད་པས༔ བདག་གཅིག་པུའི་དོན་དུ་བྱ་བ་ནི་མ་ཡིན་ཏེ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ༔ བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད༔ ཐམས་ཅད་སྙིང་རེ་རྗེ་སྙིང་རེ་རྗེ་བསམ༔ དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་སྙམ་དུ་བསམ་མོ༔ དེའི་ངང་ནས་སེམས་བསྐྱེད་ལག་ལེན་ངག་ཏུ་འདི་ལྟར་བརྗོད་དོ༔ ན་མོ་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་གྱུར་ཀྱང་༔ མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས༔ རྒྱལ་སྲས་རྣམས་དང་འཕགས་པའི་ཚོགས་རྣམས་ཀྱིས༔ ཁམས་གསུམ་འགྲོ་བ་སེམས་ཅན་ཀུན་གྱི་དོན་སླད་དུ༔ སྙིང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ དེ་ལྟར་བདག་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ་སོགས་ཅི་མང་རྒྱུད་དང་འདྲེ་བར་བྱའོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཞལ་གདམས་ཆོས་ཐུན་གཉིས་པའོ༔ ༈ ན་མོ་དྷེ་ཝ་ཌཱཀྐི་ནི༔ དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ༔ གསང་བ་ལམ་འཁྱེར་གྱི་སྤྱན་འདྲེན་དམིགས་པ་འདི་ལྟར་འབོགས་སོ༔ ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་བསྐྱེད༔ ནང་བཅུད་ཀྱི་སེམས་ཅན་མིག་གིས་མཐོང་ཚད༔ དཔའ་བོ་དཔའ་མོ་མཁའ་འགྲོ་ཆོས་སྐྱོང་སངས་རྒྱས་བྱང་སེམས༔ ཡི་དམ་ཞི་ཁྲོ་རྩ་བརྒྱུད་བླ་མའི་རང་བཞིན་དུ་མོས་པ་བྱ་སྟེ༔ དེ་ནས་སྤྱན་དྲངས་པ་ཙམ་གྱིས་མདུན་གྱི་ནམ་མཁའི་དབྱིངས་སུ་སྤྲིན་འཐིབས་པ་ཙམ་དུ་བྱོན་པར་བསམས་ལ་ངག་ཏུ་འདི་ལྟར་བརྗོད་དོ༔ སྣང་བ་ཆོས་སྐུའི་གཞལ་ཡས་ནས༔ བཀའ་བརྒྱུད་བླ་མ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདེ་ཆེན་ལོངས་སྐུའི་གཞལ་ཡས་ནས༔ ཡི་དམ་ལྷ་ཚོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྣ་ཚོགས་སྤྲུལ་སྐུའི་གཞལ་ཡས་ནས༔ དཔའ་བོ་མཁའ་འགྲོ་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དེ་ནི་སྤྱན་འདྲེན་པའི་གདམས་པའོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ ཕྱག་འཚལ་གྱི་གདམས་པ་འདི་ལྟར་འབོགས་སོ༔ ཕྱག་འཚལ་བ་ལ་དད་པ་དང་མོས་གུས་གཙོ་ཆེ་སྟེ༔ དད་པ་དང་མོས་གུས་རབ་འབྲིང་ཐ་མ་གསུམ་པོ་ལ༔ བྱིན་རླབས་དང་དངོས་གྲུབ་ཀྱང་རབ་འབྲིང་ཐ་མ་གསུམ་དུ་འོང་༔ དད་མོས་ཡེ་མེད་ན་བྱིན་རླབས་ཀྱང་ཡེ་མི་འབྱུང་ངོ་༔ དེས་ན་དད་པ་གལ་ཆེ༔ དད་པ་ལ་སྤང་བྱ་བཞི༔ བླང་བྱ་གསུམ༔ སྤང་བྱ་བཞི་ལ་དང་པོ་ནི༔ འབར་སླ་ལ་ཡལ་མྱུར་བ་རྩྭའི་སྒྲོན་མེ་ལྟ་བུའི་དད་པ་དེ་སྤང་ངོ་༔ རྩྭའི་སྒྲོན་མེ་ལྟ་བུའི་དད་པ་དེ་མྱུར་དུ་ཡལ་བས་རྟག་མི་ཐུབ་པ་ཡིན་པའོ༔ ཕྱི་དཀར་ལ་ནང་ནག་པ་སྣག་བུམ་ལྟ་བུའི་དད་པ་སྤང་ངོ་༔ མདུན་དྲོས་ལ་རྒྱབ་མ་དྲོས་བ་སྒྱེད་པུ་ལྟ་བུའི་དད་པ་སྤང་༔ དེ་ནི་ཁ་ཆོས་ཆེ་ལ་དོན་ལ་མེད་པའོ༔ འཐིབ་སླ་ལ་དོན་ལ་མེད་པ་ན་བུན་ལྟ་བུའི་དད་པ་དེ་སྤང་༔ གཉིས་པ་བླང་བྱ་གསུམ་ནི༔ དུང་བའི་དད་པ་སྐོམ་ཆུ་འདོད་པ་ལྟ་བུ༔ མོས་པའི་དད་པ་བུ་ཆུང་ཕ་མ་ལ་གྲོས་འདྲི་བ་ལྟ་བུའོ༔ ཡིད་ཆེས་པའི་དད་པ་སྨན་པ་མཁས་པས་ནད་པ་ལ་སྨན་གཏང་པ་ལྟ་བུ་བྱས་ལ༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པའི་ཚོགས་ལ་ལུས་ངག་ཡིད་གསུམ་དད་ཅིང་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་ངག་ཏུ་འདི་ལྟར་བརྗོད་དོ༔ གཏི་མུག་སྣང་སྟོང་དུ་འཁྱེར་མཛད་པའི༔ སངས་རྒྱས་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ ཞེ་སྡང་རིག་སྟོང་དུ་འཁྱེར་མཛད་པའི༔ རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ ང་རྒྱལ་བདེ་སྟོང་དུ་འཁྱེར་མཛད་པའི༔ རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ འདོད་ཆགས་གསལ་སྟོང་དུ་འཁྱེར་མཛད་པའི༔ པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ ཕྲག་དོག་གྲག་སྟོང་དུ་འཁྱེར་མཛད་པའི༔ ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་ལོ༔ དུག་ལྔ་ཡེ་ཤེས་སུ་འཁྱེར་མཛད་པའི༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ༔ རྣམ་རྟོག་ཡེ་ཤེས་སུ་འཁྱེར་མཛད་པའི༔ རྡོ་རྗེ་རྣལ་འབྱོར་མའི་སྐུ་ལ་ཕྱག་འཚལ་ལོ༔ སྒྱུ་ལུས་ཚོགས་འཁོར་དུ་འཁྱེར་མཛད་པའི༔ ཡེ་ཤེས་མཚོ་རྒྱལ་སྐུ་ལ་ཕྱག་འཚལ་ལོ༔ རྨི་ལམ་འོད་གསལ་དུ་འཁྱེར་མཛད་པའི༔ དྲིན་ཆེན་ཀུན་དགའ་འབུམ་གྱི་སྐུ་ལ་ཕྱག་འཚལ་ལོ༔ སེམས་ཉིད་མཁའ་སྤྱོད་དུ་འཁྱེར་མཛད་པའི༔ བཀའ་བརྒྱུད་དུང་མཚོ་རས་པའི་སྐུ་ལ་ཕྱག་འཚལ་ལོ༔ བར་དོ་ལམ་དུ་འཁྱེར་མཛད་པའི༔ བྱ་གཏང་རང་གྲོལ་སྐུ་ལ་ཕྱག་འཚལ་ལོ༔ སྣང་བ་སྒྱུ་མར་འཁྱེར་མཛད་པའི༔ ཉི་ཟླ་མཚན་ཅན་སྐུ་ལ་ཕྱག་འཚལ་ལོ༔ བཤད་སྒྲུབ་འཕྲིན་ལས་བཀའ་བབས་པའི༔ ཆོས་གསལ་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ འཕྲིན་ལས་རྣམ་བཞི་སྒྲུབ་མཛད་པའི༔ དོན་གྲུབ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོ༔ སྐུ་བཞིའི་ཡེ་ཤེས་ལྔ་ལྡན་པའི༔ བྱང་ཆུབ་གླིང་པའི་སྐུ་ལ་ཕྱག་འཚལ་ལོ༔ སེམས་ཉིད་མ་བུ་སྤྲོད་མཛད་པའི༔ རྩ་བའི་བླ་མའི་སྐུ་ལ་ཕྱག་འཚལ་ལོ༔ མཆོག་ཐུན་དངོས་གྲུབ་སྟེར་མཛད་པའི༔ གཏེར་བདག་ཌཱཀྐིའི་ཚོགས་ལ་ཕྱག་འཚལ་ལོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ སྤྱན་འདྲེན་ཕྱག་འཚལ་གྱི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མཎྜལ་འབུལ་བའི་དམིགས་པ་འདི་ལྟར་འབོགས་སོ༔ སྤྲུལ་སྐུའི་མཎྜལ་ཚོམ་བུ་བཅོ་ལྔ་བཀོད་ལ༔ རྒྱལ་སྲིད་སྣ་བདུན༔ བཀྲ་ཤིས་རྫས་བརྒྱད༔ འདོད་པའི་ཡོན་ཏན་ལྔ་ལ་སོགས་བསམ་གྱིས་མི་ཁྱབ་པར་དམིགས་ནས༔ ཨོཾ་ཨཱཿཧཱུྃ༔ རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན༔ རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པས༔ དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས༔ རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ལན་གསུམ། དེ་ནས་ལོངས་སྐུའི་མཎྜལ་ཚོམ་བུ་དགུ་བཀོད་ལ༔ ལོངས་སྐུའི་ཞིང་ཁམས་སྟུག་པོ་བཀོད་པ༔ རྒྱ་ནམ་མཁའ་དང་མཉམ་པ༔ གཞལ་ཡས་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་པ༔ རྒྱན་རྟ་བབས་དང་ལྡན་པ༔ མཆོད་པའི་ལྷ་མོ་བཅུ་དྲུག་དང་བཅས་པ༔ མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ༔ དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འབྱུང་པར་དམིགས་ལ༔ ཨོཾ་ཨཱཿཧཱུྃ༔ འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་༔ སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེས་བརྒྱན༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔ ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ དེ་ནས་ཆོས་སྐུའི་མཎྜལ་ཚོམ་བུ་ལྔ་བཀོད་ལ༔ དུས་གསུམ་འཁྲུལ་པ་སྤང་བའི་བསམ་པ་རྣམ་པར་དག་པའི་བློས༔ མ་བཅོས་འཛིན་མེད་ཀྱི་ངང་ནས་རྟོག་མེད་ཆེན་པོའི་ངང་དུ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་༔ སྐུ་དང་ཐིག་ལེ་ཡེ་ནས་བརྒྱན་པ་ནི༔ རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས༔ ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་ལན་གསུམ་གསུམ་བརྗོད་དོ༔ དེ་ལྟར་མཎྜལ་འབུལ་ཞིང་༔ མཎྜལ་ཕུལ་བའི་རྟགས་ལ་འདི་ལྟར་འོང་༔ རྨི་ལམ་ལ་རོལ་མོ་སྣ་ཚོགས་སྒྲོག་པ་དང་རིན་པོ་ཆེ་སྣ་ཚོགས་བརྒྱུས་སྟུས་པ་དང་༔ ཞིང་ཁམས་སྣ་ཚོགས་སུ་ཕྱིན་པ་དང་༔ ཚེ་རྟིང་མ་ལ་གཟུགས་བཟང་པ་དང་༔ དབྱངས་སྙན་པ་དང་༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་འོང་ངོ་༔ ད་ནི་སྡིག་པ་དག་པར་བྱ་བའི་ཕྱིར་ཡི་གེ་བརྒྱ་པའི་སྒོམ་བཟླས་འདི་ལྟར་བྱའོ༔ རང་ཐ་མལ་པའི་སྤྱི་བོར་པད་ཟླའི་གདན་སྟེང་དུ༔ རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་གཅིག་སྒོམ༔ དེ་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ནས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམས་པ༔ གཡོན་པ་དངུལ་གྱི་དྲིལ་བུ་སྐུ་སྐེད་ལ་བརྟེན་པ༔ ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ༔ ཞབས་གཡས་པའི་མཐེ་བོང་སྤྱི་བོ་ཚངས་པའི་བུ་ག་ལ་རེག་པ༔ དེའི་ཐུགས་ཀྱི་དཀྱིལ་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ༔ དེའི་ཐ་མ་ལ་ཡི་གེ་བརྒྱ་བའི་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ སྐུ་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་༔ ཞབས་ཀྱི་མཐེ་བོང་ནས་མར་ཐོན་རང་གི་ཚངས་བུག་ནས་ཞུགས༔ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག༔ འོག་སྒོ་གཉིས་དང་སེན་མོའི་རྩེ་མོ་བ་སྤུའི་བུ་ག་ཐམས་ཅད་ལ་རྣག་ཚིག་དང་༔ སོལ་བའི་ཁུ་བ་ལྟར་ནག་ནུར་དུ་སོང་ནས༔ དབང་ཆེན་གསེར་གྱི་ས་གཞིའི་སྟེང་ནས་ཀྱང་སོང་སྟེ༔ ཕྱིའི་རྒྱ་མཚོའི་བར་ནག་ཉིག་ཉིག་ནག་ལོང་ལོང་སོང་པར་བསྒོམས་ཤིང་ཡིག་བརྒྱ་སྒྲ་དང་བཅས་པ་ཡིད་གཞན་དུ་མ་ཡེངས་པར་ཅི་མང་དུ་བཟླས་སོ༔ ཐུན་འཇོགས་ཁར་རྡོ་རྗེ་སེམས་དཔའི་ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་དག་པ་ཡིན་ཨང་གསུངས་ནས༔ གསུང་གི་གནང་བ་དེ་ལྟར་ལྷང་ལྷང་བྱུང་ནས༔ རྡོ་རྗེ་སེམས་དཔའི་ཐུགས་ཀར་རང་ཡར་ལ་ཐིམ་པར་བསམས་ལ༔ རང་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་ངང་ནས༔ རིག་པ་སྟོང་གསལ་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག་གོ༔ རང་རྡོ་རྗེ་སེམས་དཔའི་འཁོར་ལོ་ལྔ་ལ་མཁའ་འགྲོ་ལྔ་སྒོམ་མོ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ མཎྜལ་དང་ཡིག་བརྒྱའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཞི་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ བཤགས་པའི་གདམས་པ་བསྟན་པ་ནི༔ མདུན་གྱི་ནམ་མཁའ་ལ་བཀའ་བརྒྱུད་ཀྱི་བླ་མ་དང་༔ སངས་རྒྱས་དང་བྱང་སེམས་དཔའ་བོ་དཔའ་མོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་བསམས་ལ༔ རང་གིས་སྔར་བསགས་པའི་སྡིག་པ་ལ་ཁོང་དུ་དུག་འཐུང་པ་ལྟ་བུའི་འགྱོད་པ་དྲག་པོ་དང་༔ ཕྱིས་སྲོག་ལ་བབས་ཀྱང་མི་བྱེད་བསམ་པའི་སྡོམ་པ་སེམས་སུ་དམ་བཅས་ལ༔ ངག་ཏུ་འདི་ལྟར་བརྗོད་དོ༔ དཀོན་མཆོག་འཕགས་པའི་ཚོགས་རྣམས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བསགས་པ་དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བསགས་པ་དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་རྣམས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་དུ༔ མི་དགེ་སྡིག་པའི་ལས་རྣམས་ཅི་བསགས་པ་དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས༔ དེ་ནི་བཤགས་པའི་རིམ་པའོ༔ བཟོད་གསོལ་ལ་དམིགས་པ་གོང་བཞིན་བསམས་ལ༔ བདག་གིས་དཔལ་ལྡན་བླ་མ་ལ་སྐུར་པ་བཏབ་པ་ལ་སོགས་ཏེ༔ ལོག་པར་ལྟ་བས་གསང་སྔགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས་སོ༔ ཡི་དམ་མཁའ་འགྲོའི་གསང་བ་བསྒྲགས་ཤིང་ཚོགས་སྐོང་ཆུང་བ་མཐོལ་ལོ་བཤགས་སོ༔ ཆོས་སྐྱོང་གཏེར་བདག་སྲུང་མ་རྣམས་ལ༔ གཏང་རག་བསྐང་གསོའི་གཏོར་ཚོགས་ཆག་པ་མཐོལ་ལོ་བཤགས་སོ༔ གཞན་ཡང་རྩོད་དུས་སྙིགས་མ་འདིར༔ གསང་སྔགས་སྣོད་མིན་ལ་བསྟན་པ་མཐོལ་ལོ་བཤགས་སོ༔ གཞན་ཡང་མཁའ་འགྲོའི་བཀའ་ལས་འགལ་བ་བཟོད་པར་གསོལ་བ་ནི༔ ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ངག་ཏུ་འདི་ལྟར་བརྗོད་པར་བྱའོ༔ རིགས་ལྔ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ རང་སེམས་སྐྱེ་མེད་ཆོས་སྐུ་ཡིན་པ་ལ༔ ཡེ་ཤེས་མཁའ་འགྲོ་ལྔ་དང་ཞལ་མ་མཇལ༔ རང་སེམས་མཁའ་འགྲོར་མ་རྟོགས་སྒྲིབ་པས་བསྒྲིབས༔ རིགས་ལྔ་མཁའ་འགྲོའི་སྐུ་གསུང་ཐུགས་ལ་བཟོད་པར་གསོལ༔ སྐུ་གསུམ་མཁའ་འགྲོ་གསན་ཅིང་དགོངས་སུ་གསོལ༔ ཆོས་རྣམས་གཉིས་མེད་ཁྱབ་བརྡལ་ཆེན་པོ་ལ༔ རང་རིག་རང་གསལ་ལྷུན་གྲུབ་ཡིན་པ་ལ༔ བདག་འཛིན་ཕྱོགས་རེས་བྱས་པས་དོན་མ་འགྲུབ༔ སྐུ་གསུམ་མཁའ་འགྲོའི་སྐུ་གསུང་ཐུགས་ལ་བཟོད་པར་གསོལ༔ བཀའ་བརྒྱུད་བླ་མ་གསན་ཅིང་དགོངས་སུ་གསོལ༔ མ་འགགས་རང་གསལ་སྣང་ཚུལ་སྣ་ཚོགས་འདི༔ སྟོང་ཉིད་དོན་རྟོགས་རང་གྲོལ་ངོ་སྤྲད་ཀྱང་༔ བདེ་གསལ་མི་རྟོག་ཤར་བའི་དུས་མ་བྱུང་༔ བཀའ་བརྒྱུད་བླ་མའི་སྐུ་གསུང་ཐུགས་ལ་བཟོད་པར་གསོལ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ བཤགས་པ་བཟོད་གསོལ་གྱི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ལྔ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ ན་མོ་དྷེ་ཝ་ཌཱཀྐི་ནི༔ བླ་མའི་རྣལ་འབྱོར་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ བླ་མའི་རྣལ་འབྱོར་འདི་ལྟར་དུ་འབོགས་སོ༔ སློབ་མས་མཎྜལ་ཕུལ་ལ༔ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ༔ སྡུག་བསྔལ་དང་བྲལ་བར་བྱ་བའི་ཕྱིར་མ་ཡེངས་པར་ཉོན་ཅིག༔ དེ་ལ་རབ་བླ་མ་ཆོས་བཅུ་དང་ལྡན་པ༔ འབྲིང་ཆོས་དྲུག་དང་ལྡན་པ༔ ཐ་མ་ཆོས་བཞི་དང་ལྡན་པ་བསྟེན་ནོ༔ བླ་མ་བསྟེན་པ་ལ་ཡོན་ཏན་ཅི་ཡོད་ན༔ ཚེ་འདི་ལ་ཡང་བློ་ཡིད་འགྲོག་གློ་བུར་ཡེ་འདྲོག་དང་༔ ནད་དང་གདོན་གྱིས་མི་ཚུགས་པའི་དགོས་པ་ཡོད་དོ༔ ཚེ་རྟིང་མ་ངན་སོང་དུ་མི་ལྟུང་བར་བླ་མའི་ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས༔ འདུ་འབྲལ་གཉིས་སུ་མེད་པར་དག་པ་མཁའ་སྤྱོད་ཐར་པ་ཆེན་པོར་འགྲོ་བའི་ཡོན་ཏན་ཡོད་དོ༔ བླ་མའི་ཞབས་ཏོག་ཏུ་ཅི་འབུལ་ན༔ རབ་སྒྲུབ་པའི་ཞབས་ཏོག༔ འབྲིང་ལུས་ངག་གི་ཞབས་ཏོག༔ ཐ་མ་ཟང་ཟིང་ནོར་རྫས་ཀྱི་ཞབས་ཏོག་གོ༔ ད་དབང་གི་རིམ་པ་བཤད་ཚུལ་ནི༔ དབང་རྫས་སོགས་མགོ་ཐོག་ཏུ་འཇོག་པ་ཕྱིའི་དབང་༔ དེ་མེད་པར་ལུས་ལྷ་ལ་སོགས་པའི་བསྐྱེད་རིམ་སྒོམ་པ་ནང་གི་དབང་༔ ངག་སྔགས་སུ་འདྲེན་པ་དང་ཡང་མི་འདྲེན་པར་ཡིག་འབྲུ་ལ་སོགས་ལ་དམིགས་རྟེན་བྱེད་པའམ༔ འདྲེན་པའི་གྲག་སྟོང་དུ་འཁྱེར་བ་གསང་བའི་དབང་༔ སེམས་ཀྱི་ངོ་བོ་གསལ་སྟོང་དུ་བརྡ་སྤྲོད་པ་དབང་བཞི་པ་ཡིན་པར་ཤེས་པ་དང་༔ དེའི་ཕྱིར་ན་གོ་རིམ་བཞིན་དུ་བླ་མ་མཚན་ལྡན་ལ་ཞུ་དགོས༔ དེ་སྐད་དུ་ཡང་མདོ་ཨ་ཏི་བཀོད་པའི་རྒྱུད་ལས༔ དྲིན་དང་ལྡན་པའི་བླ་མ་འདི༔ སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ༔ ལག་པའི་མཐིལ་དུ་བསྒོམས་པ་དང་༔ བསྐལ་པ་སྟོང་གི་སངས་རྒྱས་ཀྱང་༔ བླ་མ་དག་ལ་བསྟེན་ནས་བྱུང་༔ བླ་མ་མེད་པའི་གོང་རོལ་ན༔ སངས་རྒྱས་བྱ་བའི་མིང་ཡང་མེད༔ བསྐལ་པ་སྟོང་གི་སངས་རྒྱས་པས༔ བླ་མའི་བ་སྤུ་གཅིག་མཆོད་བསོད་ནམས་ཆེ༔ ཞེས་གསུངས་པས༔ གསང་སྔགས་ཀྱི་ཆོས་ཞུ་བ་ལ་བླ་མ་འདུ་ཤེས་བཞིའི་སྒོ་ནས་བསྟེན༔ རང་ལ་ནད་པའི་འདུ་ཤེས་བསྒོམ༔ བླ་མ་ལ་སྨན་པའི་འདུ་ཤེས་བསྒོམ༔ ཆོས་ལ་སྨན་གྱི་འདུ་ཤེས་བསྒོམ༔ བླ་མ་དམ་པས་སེམས་ཉིད་སྟོང་གསལ་དུ་ངོ་སྤྲད་ནས༔ ཉམས་སུ་ལེན་པའི་རིམ་པ་ལ་འཇུག་པའི་དུས་ནད་དྲག་པོ་འཚོ་བའི་འདུ་ཤེས་བསྒོམ་པ་དང་མ་བྲལ་བ་བྱེད༔ དེའི་ངང་ནས་རང་ཉིད་སྟན་བདེ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས༔ མདུན་གྱི་ནམ་མཁའི་དབྱིངས་སུ༔ རྩ་བའི་བླ་མ་དང་དབྱེར་མེད་པ་བཅོམ་ལྡན་འདས་ཁྲོས་མ་ནག་མོ༔ སྐུ་མདོག་མཐིང་ནག་ལ་སྔོ་བའི་མདངས་ཆགས་པ་བཻཌཱུརྱའི་འོད་ཟེར་དང་ལྡན་པ༔ དབུ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པ༔ ཐོད་པ་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ༔ ཞལ་གདང་པ་མཆེ་བ་གཙིགས་པ༔ སྤྱན་གསུམ་དམར་བ་དཔྲལ་བའི་མཛོད་སྤུར་ཁྲོ་གཉེར་གསུམ་ཡོད་པ༔ རལ་པ་དམར་ནག་སྤྲིན་ལྟར་འཐིབས་པ༔ སྤྱི་གཙུག་ཏུ་ཕག་ཞལ་ངུར་བས་ཁམས་གསུམ་དབང་དུ་སྡུད་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་གྱོན་པ༔ མི་ལྤགས་གྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ རཀྟའི་ཐིག་ལེས་བརྒྱན་པ༔ རུས་པའི་རྒྱན་དྲུག་གསོལ་བ༔ ཕྱག་གཡས་གྲི་གུག་བསྣམས་པ༔ གཡོན་ཐོད་ཁྲག་བསྣམས་པ༔ ཞབས་བསྐུམས་པའི་རྟིང་པ་བྷ་ག་ལ་གཏད་པ༔ གཡོན་བརྐྱངས་པས་རོའི་སྙིང་ཁ་ནས་མནན་པ༔ གྲུ་མོ་ཁ་གཡོན་ན་ཁ་ཊྭཱཾ་ག་བཅུག་པ༔ བསྐལ་པའི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ༔ དེའི་ཐུགས་ཀར་ཧཱུྃ་མཐིང་ནག་གཅིག་ལས་འོད་ཟེར་ཕར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དཔའ་མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་ཕོག༔ དེ་རྣམས་ཚུར་འདུས་ཕག་མོ་ལ་ཐིམ༔ སླར་ཡང་ཕག་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་མཁའ་འགྲོ་ལ་ཕོག༔ དེས་འགྲེའོ༔ གསང་བ་ལམ་འཁྱེར་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་ཀྱི་རིམ་པར་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་རྩ་བའི་བླ་མ་རྗེ་བཙུན་མ་དང་དབྱེར་མེད་པར་གསལ་བར་བསྒོམ༔ རང་གི་སྤྱི་བོར་ཉི་མ་དང་ཟླ་བ༔ སྣ་ཚོགས་པད་འདབ་བརྒྱད་ཀྱི་སྟེང་དུ་བཞུགས་པར་བསམས་ལ༔ བླ་མའི་ཐུགས་ཀ་ནས་ཐུགས་རྗེའི་རྣམ་སྤྲུལ་གྱི་ཐུགས་ཀའི་ཧཱུྃ་མཐིང་ག་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གཅིག་སྤྱི་བོ་ནས་མར་ཞུགས༔ རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཨ་དཀར་པོ་དེ་ལ་བཟུང་ནས༔ བླ་མ་དེ་རྣམས་དང་དབྱེར་མེད་པར་དག་པ་མཁའ་སྤྱོད་ལ་ཁྲིད༔ རང་དང་བླ་མ་ཐུགས་ཡིད་གཅིག་ཏུ་འདྲེས་པས་ཐ་དད་དམ་འདུ་འབྲལ་གཉིས་སུ་མེད་པའི་ངང་ནས༔ བཀའ་བརྒྱུད་ཀྱི་བླ་མ་རྣམས་ལ་ཕ་མ་བདག་གཞན་སེམས་ཅན་ཐམས་ཅད་གསོལ་བ་འུར་དི་རི་རི་འདེབས་སོ༔ གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ རྟོག་པ་གསུམ་འཆར་ཏེ༔ ངག་ལ་ནུས་པ་ཞུགས་པས་སཾསྐྲྀ་ཏའི་སྐད་དང་༔ ཨོ་རྒྱན་གྱི་སྐད་སྨྲ་བའི་རྟགས་འོང་༔ ལུས་ལ་བྱིན་རླབས་ཞུགས་པས༔ ལུས་ཀྱིས་འཁྲབ་པ་དང་༔ འདར་བ་དང་འཕྲིག་པ་ལ་སོགས་པ་འོང་༔ སེམས་ལ་བྱིན་རླབས་ཞུགས་རྟགས༔ བདེ་གསལ་མི་རྟོག་པའི་ཉམས་ཏིང་ངེ་འཛིན་སྐྱེས་པ་འོང་༔ གསོལ་འདེབས་ཉམས་རྟགས་གསུམ་དང་ལྡན་པའི་ཐུན་འཇོག་པའི་ཚེ༔ བླ་མ་རྣམས་རིམ་པ་བཞིན་དུ་གཅིག་ལ་གཅིག་ཐིམ་དུ་གྱུར་ནས་རྩ་བའི་བླ་མ་ལ་ཐིམ༔ རྩ་བའི་བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ༔ རང་ཡང་བླ་མ་དང་གཉིས་སུ་མེད་པ་ཟུང་དུ་འཇུག་པས་སེམས་སྟོང་གསལ་དབྱེར་མེད་ལ་བཞག་གོ༔ ངག་ཏུ་གསོལ་བ་འདེབས་པའི་རིམ་པ་ནི༔ སྣང་སྟོང་གི་བླ་མ་སངས་རྒྱས་མཁའ་འགྲོ༔ ཆོས་དབྱིངས་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས༔ སྣང་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ རིག་སྟོང་གི་བླ་མ་རྡོ་རྗེ་མཁའ་འགྲོ༔ མེ་ལོང་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས༔ རིག་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ བདེ་སྟོང་གི་བླ་མ་རིན་ཆེན་མཁའ་འགྲོ༔ མཉམ་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས༔ བདེ་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ གསལ་སྟོང་གི་བླ་མ་པདྨ་མཁའ་འགྲོ༔ སོར་རྟོག་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས༔ གསལ་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ གྲག་སྟོང་གི་བླ་མ་ལས་ཀྱི་མཁའ་འགྲོ༔ བྱ་གྲུབ་ཡེ་ཤེས་ཀྱི་མཁའ་འགྲོ་ལ་གསོལ་བ་འདེབས༔ གྲག་སྟོང་དབྱེར་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ ཆོས་སྐུའི་བླ་མ་རྡོ་རྗེ་ཕག་མོ༔ ཆོས་ཀྱི་སྐུའི་མཁའ་འགྲོ་ལ་གསོལ་བ་འདེབས༔ ཆོས་སྐུ་སྐྱེ་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ ལོངས་སྐུའི་བླ་མ་རྡོ་རྗེ་རྣལ་འབྱོར་མ༔ ལོངས་སྤྱོད་རྫོགས་སྐུའི་མཁའ་འགྲོ་ལ་གསོལ་བ་འདེབས༔ ལོངས་སྐུ་འགག་མེད་དུ་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ སྤྲུལ་སྐུའི་བླ་མ་ཡེ་ཤེས་མཚོ་རྒྱལ༔ སྤྲུལ་པ་སྐུའི་མཁའ་འགྲོ་ལ་གསོལ་བ་འདེབས༔ སྤྲུལ་སྐུའི་འགྲོ་དོན་ནུས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ སྐུ་གསུམ་གྱི་བླ་མ་བདག་མེད་མ༔ དྲིན་ཆེན་ཀུན་དགའ་འབུམ་མེ་ལ་གསོལ་བ་འདེབས༔ མཁའ་འགྲོའི་ལུང་བསྟན་འབྱུང་བར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ བཀའ་བརྒྱུད་ཀྱི་བླ་མ་དུང་མཚོ་རས་པ༔ མི་བསྐྱོད་རྒྱལ་པོའི་སྐུ་ལ་གསོལ་བ་འདེབས༔ བླ་མའི་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ སྒྲུབ་བརྒྱུད་ཀྱི་བླ་མ་བྱིན་རླབས་ཅན༔ བྱ་བཏང་རང་གྲོལ་ཞབས་ལ་གསོལ་བ་འདེབས༔ ངོ་བོ་ཀ་ནས་དག་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ སྙན་བརྒྱུད་ཀྱི་བླ་མ་འཁྲུལ་ཞིག་ལ༔ ཉི་ཟླ་མཚན་ཅན་གྱི་སྐུ་ལ་གསོལ་བ་འདེབས༔ དུག་ལྔ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ བཤད་སྒྲུབ་ཀྱི་འཕྲིན་ལས་ལྷུན་གྲུབ་པ༔ ཆོས་གསལ་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས༔ སྐུ་གསུམ་རང་ངོ་ཤེས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་འཛིན༔ དོན་གྲུབ་རྒྱལ་པོའི་སྐུ་ལ་གསོལ་བ་འདེབས༔ སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ ལུང་བསྟན་གྱི་བྱིན་རླབས་ཆར་རྒྱུན་འབེབས༔ བྱང་ཆུབ་གླིང་པའི་སྐུ་ལ་གསོལ་བ་འདེབས༔ སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ སྙིང་པོའི་བསྟན་འཛིན་ཆོས་ཀྱི་རྗེ༔ རྩ་བའི་བླ་མའི་སྐུ་ལ་གསོལ་བ་འདེབས༔ རྒྱལ་བའི་རྣམ་ཐར་འཁྱོངས་པར་བྱིན་གྱིས་རློབས༔ བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་༔ དུག་ལྔ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས༔ རྣམ་རྟོག་ཆོས་སྐུར་འཆར་བར་བྱིན་གྱིས་རློབས༔ རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས༔ འོད་གསལ་ངོ་བོ་མཐོང་བར་བྱིན་གྱིས་རློབས༔ ངོ་བོ་ཀ་དག་རྟོགས་པར་བྱིན་གྱིས་རློབས༔ སྒྱུ་ལུས་འོད་གསལ་འབྱོངས་པར་བྱིན་གྱིས་རློབས༔ གདོས་བཅས་འོད་དུ་ཡལ་བར་བྱིན་གྱིས་རློབས༔ དེ་ནས་བར་དོའི་གསོལ་འདེབས་བྱ་སྟེ༔ ཨེ་མ་བདག་ལ་སྐྱེ་གནས་བར་དོ་ཤར་དུས་སུ༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཉོན་མོངས་འཁོར་བའི་དབང་དུ་མ་བཏང་ཞིག༔ ཨེ་མ་བདག་ལ་རྨི་ལམ་བར་དོ་ཤར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་དུ་འཇུག༔ རྨི་ལམ་བཟུང་ལ་སྤྲུལ་སྒྱུར་འོད་གསལ་སྦྱོངས༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ ཉིན་སྣང་ལྟ་བུའི་ཉམས་ལེན་དུས་འདིར་འབུངས༔ ཨེ་མ་བདག་ལ་བསམ་གཏན་བར་དོ་ཤར་དུས་འདིར༔ རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་ཞོག༔ བསྐྱེད་རྫོགས་གཉིས་ལ་བསྟན་པ་ཐོབ་བྱའི་ཕྱིར༔ བྱ་བ་སྤངས་ནས་རྩེ་གཅིག་སྒོམ་པ་ལ༔ མ་རིག་འཁྲུལ་པའི་དབང་དུ་མ་བཏང་ཞིག༔ ཨེ་མ་བདག་ལ་འཆི་ཁའི་བར་དོ་ཤར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ལམ་ལ་མ་ཡེངས་པར༔ རང་སེམས་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕངས༔ འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཨེ་མ་བདག་ལ་ཆོས་ཉིད་བར་དོ་ཤར་དུས་འདིར༔ ཀུན་ལ་དངངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགག་ལ་ཐུག་པའི་དུས་གཅིག་ཡོང་༔ རང་སྣང་ཞི་ཁྲོའི་ལྷ་ལ་མ་འཇིགས་ཤིག༔ ཨེ་མ་བདག་ལ་སྲིད་པ་བར་དོ་ཤར་དུས་འདིར༔ འདུན་མ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོའི་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་དང་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་ཚོད་ཡིན༔ ལོག་ལྟ་སྤོངས་ལ་བླ་མ་ཡབ་ཡུམ་སྒོམས༔ འཆི་བ་ཡོང་སྙམ་མེད་པའི་བློ་རིངས་པོ༔ དོན་མེད་ཚེ་འདིའི་འདུན་མ་བསྒྲུབས་བསྒྲུབས་ནས༔ ད་རེས་སྟོང་ལོག་བྱས་ན་འདུན་མ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ཆོས་ཡིན་པས༔ ད་ལྟ་ཉིད་དུ་ལྷ་ཆོས་མི་བསྒྲུབ་བམ༔ དྲིན་ཅན་བླ་མའི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ༔ ཨེ་མ་བདག་ནི་འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ སྟོང་ཉིད་སྙིང་རྗེས་ཐུགས་རྗེའི་རྒྱུན་བཟུང་ནས༔ མཚུངས་མེད་དྲིན་ཅན་བླ་མས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་གཏི་མུག་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ཞེ་སྡང་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ལམ་སྣ་དྲོངས༔ ཡུམ་མཆོག་རྡོ་རྗེ་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ང་རྒྱལ་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་རིན་ཆེན་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་འདོད་ཆགས་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་པདྨ་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཨེ་མ་བདག་ནི་ཕྲག་དོག་དབང་གིས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་དོན་རྟོགས་ནས༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་ལས་ཀྱི་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ་དཔེ་ཅིག་ཤོས་ནང་ན་ཨེ་མ་བདག་ནི་བག་ཆགས་ངན་པའི་སོགས་ནས་སངས་རྒྱས་ས་རུ་སྐྱོལ་བར༔ ཨེ་མ་བདག་ལ་ནམ་མཁའི་ཁམས་ཀུན་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་མཐིང་གའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་ཆུའི་ཁམས་ཀུན་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་སའི་ཁམས་ཀུན་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་མེའི་ཁམས་ཀུན་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་རླུང་གི་ཁམས་ཀུན་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་ལྗང་ཁུའི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་དོན་ཡོད་གྲུབ་པའི་ཞལ་ཡང་མཇལ་བར་ཤོག༔ ཨེ་མ་བདག་ལ་འཇའ་ཚོན་ཁམས་ཀུན་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སྣ་ཚོགས་ཀྱི་ཞིང་ཁམས་མཐོང་བར་ཤོག༔ སངས་རྒྱས་སྣ་ཚོགས་ཀྱི་ཞལ་ཡང་མཇལ་བར་ཤོག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ གསོལ་བ་འདེབས་སོ་ཆོས་རྗེ་རིན་པོ་ཆེ༔ སྒྲ་ཐམས་ཅད་རང་སྒྲར་མཐོང་བར་གྱུར་ཅིག༔ གཟུགས་ཐམས་ཅད་རང་གཟུགས་སུ་མཐོང་བར་གྱུར་ཅིག༔ འོད་ཐམས་ཅད་རང་འོད་དུ་མཐོང་བར་གྱུར་ཅིག༔ སྣང་བ་ཐམས་ཅད་བདེན་མེད་དུ་མཐོང་བར་གྱུར་ཅིག༔ ཆོས་ཉིད་མངོན་སུམ་དུ་མཐོང་བར་གྱུར་ཅིག༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ བླ་མའི་རྣལ་འབྱོར་གྱི་ཞལ་གདམས་ཆོས་ཐུན་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ ན་མོ་དྷེ་ཝ་ཌཱཀྐི་ནི༔ ད་ནི་དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ འཆི་བ་མི་རྟག་པའི་གདམས་པ་འདི་ལྟར་བསྟན་ཏོ༔ མདུན་དུ་མི་རྟག་པའི་བརྡ་དོན་བཞག་ལ༔ ངག་ཏུ་འདི་ལྟར་བརྗོད་དོ༔ སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱ༔ སྡུག་བསྔལ་དང་བྲལ་བར་བྱ༔ དེའི་ཆེད་དུ་འཆི་བ་མི་རྟག་པ་བསྒོམ་པ་ཡིན་ཏེ༔ དེ་ཡང་སའི་སྟེང་ན་སྔར་སྐྱེས་པའི་མི་ཐམས་ཅད་ཤི༔ ད་ལྟ་སའི་སྟེང་ན་བསྡད་པ་ཐམས་ཅད་ཀྱང་མྱུར་དུ་མི་འགྱངས་བར་འཆི་བར་ཐག་ཆོད༔ ཕྱིས་སྐྱེ་བ་རྣམས་ཀྱང་འཆི་ངེས་པས༔ སྐྱེས་པའི་ཐ་མ་ནི་འཆི༔ དཔེར་ན་ཕྱི་སྣང་བའི་ཡུལ་འདི་ཀུན་ཀྱང་མི་རྟག༔ མིག་གིས་གཟུགས་མཐོང་ཚད༔ རྣ་བས་སྒྲ་ཐོས་ཚད༔ ས་གཞི༔ རི་བྲག༔ རྩི་ཤིང་ནགས་ཚལ༔ ཆུ་ལ་སོགས་པ་འདི་ཀུན་ཀྱང་སྣང་བའི་ཡུལ་དུ་ད་ལྟ་མཐོང་ཙམ་མིན་པ་མི་རྟག་འཇིག༔ ནང་དབུགས་དང་ལུས་ཀྱང་མི་རྟག༔ དཔེར་ན་ལུས་འདི་དང་ཚེ་འདི་བར་སྣང་གི་འཇའ་ཚོན་འདྲ་བས་ཡལ་རྒྱུ་ཡིན་ཏེ་མི་རྟག༔ ལུས་སྲོག་སོས་ཀའི་མེ་ཏོག་དང་འདྲ་སྟེ་མི་རྟག༔ ཉི་མ་ནུབ་འགྲོའི་གྲིབ་སོ་དང་འདྲ་སྟེ་མི་རྟག༔ རྩྭ་ཁའི་ཟིལ་པ་དང་འདྲ་སྟེ་མི་རྟག༔ འདི་ནི་གོང་འོག་དབུས་གསུམ་རིགས་གཅིག་གོ༔ བུང་བུའི་འགྲེ་ལོག་དང་འདྲ་སྟེ་མི་རྟག༔ ལམ་ཁར་ངལ་གསོས་པ་དང་འདྲ་སྟེ་མི་རྟག༔ ནམ་ཟླ་དཔྱིད་ཀྱི་འཁྱག་པ་དང་འདྲ་སྟེ་མི་རྟག༔ སྐྲ་དང་རྐང་ལག་གི་སེན་མོའི་སྟེང་དུ་རྡུལ་ཆགས་པ་དང་འདྲ་སྟེ་མི་རྟག༔ དེ་ཡང་རང་གི་ཕ་མ་རྒན་རྒོན་གཉེན་ཉེ་བ་ཟླ་བོ་གྲོང་པ་ཁྱིམ་མཚེས་རྣམས་ཀྱང་མི་རྟག༔ ལུས་འདི་ཤ་ཁྲག་གི་ཕུང་པོ༔ ནམ་འཆི་ཆ་མེད་པའི་དངོས་པོ༔ ཚེ་ལ་སྣོན་པ་མེད་ཅིང་འགྲིབ་པ་དང་བཅས་པས༔ དེ་ལྟར་དབུགས་ཀྱང་བཟུང་པ་མེད་ཅིང་༔ སྐད་ཅིག་ཀྱང་དལ་བ་མེད་པའི་འགྱུ་བ་དང་བཅས་པ༔ ལུས་ཀྱི་ཆ་ནས་རྩ་རྟ་རྔ་ཙམ་ཆད་ཀྱང་དེའི་རླུང་མེད་པར་འགྲོ་བས༔ དེ་གཉིས་ཟུང་དུ་འཇུག་པ་ལ་སྲོག་ཅེས་མིང་དུ་བཏགས་པ་ཡིན༔ རྩ་རླུང་ཟུང་དུ་འཇུག་པའི་འགྱུ་བ་རང་དབང་མེད་པར་འགགས་པ་ལ་འཆི་བ་ཟེར་བ་ཡིན༔ གསོན་པའི་རྐྱེན་ནི་ཉུང་ཞིང་༔ དུས་ལ་བབས་ཚེ་གཞན་སུས་ཀྱང་ཕན་པ་ཨེ་འདུག་ལེགས་པར་སོམས་དང་༔ ཨ་ཙ་མ་འཆི་རྐྱེན་ནི་བསམ་གྱིས་མི་ཁྱབ༔ རྨ་ཁབ་མིག་ཙམ་བྱུང་བའི་རྐྱེན་གྱིས་འཆི༔ ཐོར་པ་སྲན་འབྲུ་ཙམ་བྱུང་བའི་རྐྱེན་གྱིས་ཀྱང་འཆི༔ ལོ་གཅིག་སོང་པས་ཀྱང་འཆི་བ་ཉེ་རུ་རེད༔ ཞག་གཅིག་ལ་ཡང་མའི་མངལ་དུ་འཆི་བ་ཡང་ཡོད༔ ཁ་ཅིག་སྐྱེས་མ་ཐག་ལ་འཆི༔ ཁ་ཅིག་ནུ་ཞོ་འཐུང་བའི་བྱིས་པ་འཆི༔ ཁ་ཅིག་དར་ལ་བབས་ནས་འཆི༔ ཁ་ཅིག་རྒས་ཤིང་འཁོགས་ནས་འཆི་བར་འདུག་པས༔ ཇི་ལྟར་བྱས་ཀྱང་མི་འཆི་བའི་དཔེ་མེད་ལ་འཆི་བར་ངེས་ཤིང་ཐག་ཆོད་མོད༔ དུས་དེར་དམ་པའི་ཆོས་མིན་པ་ཅིས་ཀྱང་ཕན་པ་མེད་པས༔ འཆི་བ་མི་རྟག་པ་འདི་ཁོ་ན་སྒོམ་པར་ཞུ༔ འདི་ནི་མི་རྟག་པ་སྒོམ་ཚུལ་མདོར་བསྡུས་ཙམ་ཡིན་ལ༔ རྒྱས་པར་མདོ་རྒྱུད་ནས་ཇི་ལྟར་བཤད་པ་བཞིན་སྒོམ་དུ་བཅུག་གོ༔ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ འཆི་བ་མི་རྟག་པ་སྒོམ་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བདུན་པའོ༔ དེ་ནི་སྔོན་འགྲོའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ དེ་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས༔ གཏེར་བདག་ཌཱཀྐི་རྣམས་ལ་དམར་གཏོར༔ སློབ་མ་རྣམས་ཀྱིས་ཀྱང་མཎྜལ་སྟ་གོན་དང་བཅས་ལེགས་པར་བྱས་ཏེ་ཕུལ༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ མཁའ་འགྲོའི་ཁྲིད་ཕྱི་སྣང་བ་མི་རྟག་སྒྱུ་མའི་དཔེ་བརྒྱད་ཀྱི་ངོ་སྤྲོད་འདི་ལྟར་བྱའོ༔ ཐང་ཆེན་པོ་གཅིག་ལ་མེ་ཏོག་སྐྱེས་ཡོད་པ་ལ༔ ཆར་ཞོད་ཆེན་པོ་བྱུང་ཙ་ན་མེ་ཏོག་ཡལ་ག་ལོ་འདབ་རྒྱས་ནས་གནམ་ལ་སླེབ་པ་ཙམ་དུ་སོང་༔ ཐན་པ་བྱུང་ཙ་ན་མེ་ཏོག་བསྐམས་ནས་འགྲོ་སྟེ༔ དེ་མི་རྟག་སྒྱུ་མའི་དཔེ་གཅིག་ཡིན༔ དེའི་དོན་ཐོག་ཤོག་བྱས་ལ་སློབ་མ་བསྒོམ་དུ་བཅུག་ལ་བླ་མས་ངོ་སྤྲད་དོ༔ གཅིག༔ ཆབ་དཀར་དང་ཆབ་ནག་གཉིས་ལ་ཁ་བ་མཉམ་དུ་བབས་པ་ལ༔ ཆབ་དཀར་གྱི་ཁ་བ་དེ་ཞུ༔ ཆབ་ནག་གི་དེ་མ་ཞུ་བའི་ཁར་ཁ་བ་བརྩེགས་པས་གངས་སུ་རེད༔ གངས་དེའི་རྩ་བ་ན་མཚོ་ཆེན་པོ་གཅིག་ཡོད་པས༔ ནམ་ཟླ་སོས་ཀ་ཉི་མ་དྲོན་པོ་བྱུང་ཙ་ན་གངས་དེ་ཞུ་ནས་མཚོའི་ནང་དུ་ལྷུང་ངོ་༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན༔ དེའི་དོན་གང་ཡིན་སྒོམས་ཤོག་བྱས་ལ་ངོ་སྤྲད་དོ༔ གཉིས༔ ཡང་ཤར་གྱི་རི་གཉིས་ཀྱི་ཕྲག་ནས་ནམ་ཞོགས་སྔ་མོ་ཉི་མ་རྩེ་ཤར་ནས༔ ནམ་མཁའ་སྤྲིན་པ་བྱིའུ་ཙམ་ཡང་མེད་པ་ནམ་མཁའ་གཡའ་དག་པ་ལ་ཉི་མ་རྒས་འགྲོ་བ་ཡང་ཡོད༔ ཡང་རིམ་པ་གཅིག་ལ་སྔ་དྲོ་ཉི་མ་དྲོན་པོ་བྱས་ནས་ཕྱི་དྲོ་སྤྲིན་པས་ཆོད་དེ་ནུབ་ཁར་ཉི་མའི་སྙིང་པོ་མི་མཐོང་བ་ཡང་ཡོད༔ ཡང་རིམ་པ་གཅིག་ལ་སྔ་དྲོ་ཉི་མ་སྤྲིན་པས་ཆོད་ནས༔ ཕྱི་དྲོ་སྤྲིན་པ་ཐ་ཡལ་ལ་སོང་ནས་ནམ་མཁའ་གཡའ་དག་པ་ལ་ཉི་མ་རྒས་འགྲོ་བ་ཡང་ཡོད༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན༔ དེའི་དོན་གང་ཡིན་བསྒོམ་དུ་བཅུག་ལ་ངོ་སྤྲད་དོ༔ གསུམ༔ ཡང་བྲག་རི་མཐོན་པོ་གཅིག་གི་རྩ་བ་ན་རྒྱ་མཚོ་ཆེན་པོ་གཅིག་ཡོད༔ བྲག་དེའི་སྐེད་པ་ན་སྦྲང་མའི་སྦྲང་རྩི་ཡོད་པ་ལ༔ དེར་མི་གཅིག་གིས་རྩ་ཕུང་གཅིག་ལ་རྐང་རྟེན་བྱས་ནས༔ སྦྲང་རྩི་ཟ་ཞིང་བསྡད་ཡོད་པ་ལ་བྲག་དེའི་སྟེང་ནས་མི་མང་པོ་འགྲོ་ཞིང་འདུག་པས༔ མི་དེ་ཀུན་གྱིས་ཞགས་པ་རིང་པོ་གཅིག་མར་བཏང་ནས༔ ཞགས་པ་དེ་ལ་འཛོགས་ཤོག༔ ཡར་ལ་འཐེན་ནོ་ཟེར་བས༔ ཁོ་སྦྲང་རྩི་ལ་ཆགས་ནས་མིག་ཀྱང་ལྟ་མ་ཕོད་པ་ལ༔ བྱི་བ་དཀར་པོ་གཡས་ནས་བྱུང་ནས་རྩ་ཉག་མ་རེ་བཏོགས་འགྲོ༔ བྱི་བ་ནག་པོ་གཅིག་གཡོན་ནས་བྱུང་ནས་རྩ་ཉག་མ་རེ་བཏོགས་འགྲོ༔ ཉི་མ་ཡང་དགོང་མོར་སོང་༔ སྦྲང་རྩི་དང་རྐང་རྟེན་གྱི་རྩ་ཡང་ཟད༔ ལུས་ནི་འདར་ཞིང་འཕྲིག༔ ཁོའི་བསམ་པ་ལ་ད་ཅིའི་མི་དེ་བྱུང་ན་འཐེན་པ་ཡིན་པ་ལ༔ ད་མཚོར་ལྷུང་པ་འདྲ་བསམ་ཙ་ན་དེ་ལྟར་ལྷུང་ངོ་༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན༔ དེའི་དོན་གང་ཡིན་སྒོམ་དུ་བཅུག་ལ་ངོ་སྤྲད་དོ༔ བཞི༔ ཡང་བྲག་གཟར་པོ་གཅིག་གི་སྟེང་ནས་མི་དཀར་པོ་གཅིག་གིས་ཆུ་བླུག་པས༔ ཆུ་དེ་བྲག་ལ་མི་སིམ་པར་བྲག་དེའི་ཞོལ་ན་མཚོ་ཆེན་པོ་གཅིག་ཡོད་པ་དེར་བྲག་དང་ཆུ་གཉིས་ལྷུང་ངོ་༔ རི་མཐོན་པོའི་རྩེ་ནས་རྔ་རྡུང༔ དུང་འབུད༔ གཞན་ཡང་རོལ་མོ་རྣམས་སྒྲོག་ཅིང་༔ བྲག་རི་དེ་རྒྱ་མཚོའི་ནང་ནས་རི་བོའི་རྩེ་ལ་འདྲེན་པ་ཡིན་ཟེར་རོ༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན༔ དེའི་དོན་གང་ཡིན་བསྒོམ་ལ་ཤོག་ཅེས་བླ་མས་ངོ་སྤྲད་དོ༔ ལྔ་པའོ༔ ཡང་བྱེ་མའི་རི་ལ་དོ་ནུབ་ཆར་པ་བབས་པས་ཆར་པ་དེ་བྱེ་མ་ལ་སིམ༔ བྱེ་མའི་དཀྱིལ་ནས་རླངས་པ་ནམ་མཁའི་དབྱིངས་ལ་འགྲོ་བ་དེ་མི་རྟག་སྒྱུ་མའི་དཔེ་ཡིན༔ དེའི་དོན་དྲིས་ལ་བླ་མས་ངོ་སྤྲད་དོ༔ དྲུག་པའོ༔ ཡང་ཐང་ཆེན་པོ་གཅིག་ན་ཕྱོགས་བཞི་ནས་ཆུ་ཆེན་པོ་བཞིས་མཐའ་བསྐོར༔ ཐང་དེའི་དཀྱིལ་ན་མི་གཅིག་ཡོད་པ་ལ༔ མི་དཀར་པོ་གཅིག་ཡས་ནས་བྱུང་སྟེ་ཁྱོད་ཡར་ལ་འགྲོའོ་ཟེར་ཡར་ལ་ཁྲིད༔ མི་ནག་པོ་གཅིག་མས་ནས་བྱུང་སྟེ་ལྡེ་མིག་སྤར་བ་གང་གཏད་ལ་ཁྱེད་འདིའི་གཉེར་ཁ་གྱིས༔ ངའི་ཕྱིར་མར་འགྲོ་ཟེར་ནས་ཁྲིད༔ དེ་གཉིས་ཀྱི་ཡར་འཐེན་མར་འཐེན་གྱི་བར་ལ་ཐང་དེ་ཆུ་བཞིས་བསྡུས་སོང་༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན༔ དེ་བསྒོམས་ཏེ་དྲིས་པའི་དོན་བླ་མས་ངོ་སྤྲད་དོ༔ བདུན༔ ཡང་མི་གཅིག་ཆུ་བོ་ཆེན་པོ་གཅིག་གི་ཕ་རིར་ལུས་ནས་འདུག་པ་ལ༔ དེར་མི་ཤ་ཆགས་པ་དང་༔ ཇག་པ་དང་༔ དངངས་སྐྲག་དང་༔ འཇིགས་སྣང་ཆེན་པོས་དེ་ལ་ཐར་བའི་ཐབས་ཅི་བྱས་ན་དྲག་བསམ་ཡོད་དུས༔ ད་ཆུ་དེ་ལས་བརྒལ་བའི་གྲུ་གཅིག་དགོས༔ གྲུ་དེ་ལ་མཉན་པ་གཅིག་དང་༔ དེ་ལ་སྐྱ་བ་གཅིག་དགོས༔ མི་གཅིག་ནི་ཡོད༔ དེ་མི་རྟག་སྒྱུ་མའི་དཔེ་ཡིན༔ དེའི་དོན་བསྒོམ་དྲིས་ལ་བླ་མས་ངོ་སྤྲད་དོ༔ དམིགས་རྐང་བརྒྱད་དོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ མཁའ་འགྲོའི་བརྡ་ཁྲིད་ཕྱི་ནང་མི་རྟག་སྒྱུ་མའི་དཔེ་བརྒྱད་ཀྱི་ཞལ་གདམས་ཆོས་ཐུན་བརྒྱད་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ༔ ཕྱི་འབྱུང་པའི་ཁྲིད་འདི་ལྟར་བཤད་དོ༔ དང་པོ་ནམ་མཁའ་འདི་གང་ནས་བྱུང་༔ རིག་སྟོང་གི་ངང་ནས་བྱུང་ཟེར་ན་ངོ་སྤྲོད༔ ཆུ་འདི་གང་ལས་བྱུང་༔ གྲང་དྲག་པའི་ངང་ལས་བྱུང་ཟེར་ན་ངོ་སྤྲོད༔ ས་འདི་གང་ལས་བྱུང་ཉི་རྡུལ་ཙམ་ལ་བརྟེན་པ་མ་གཏོགས་གཞན་གང་ནས་ཀྱང་མ་བྱུང་ཟེར་ན་དེ་རང་ངོ་སྤྲོད༔ ཡང་མེ་འདི་གང་ལས་བྱུང་དྲིས༔ མེ་འབྱུང་བ་ཐམས་ཅད་འདུས་པ་ལས་དྲོད་ཚོར་མི་ཚོར་ཙམ་ལས་བྱུང་བ་འདྲ་ཟེར་ན་དེ་ལྟར་ངོ་སྤྲོད༔ ཡང་རླུང་འདི་གང་ལས་བྱུང་དྲིས་པ་ལས༔ ནམ་མཁའ་སྟོང་དྲག་པ་ལ་བརྟེན་ནས་བྱུང་ཟེར་ན་དེ་ལྟར་དུ་ངོ་སྤྲོད༔ དེ་ནི་ཕྱི་འབྱུང་པའི་ཁྲིད་དོ༔ འཇའ་ཁྲིད་ལ༔ འཇའ་ཚོན་མཐིང་ག་གང་ལས་བྱུང་དྲིས་ལ༔ གོང་གི་ནམ་མཁའ་དང་བཅས་པའི་རིམ་པས་ངོ་སྤྲད་དོ༔ མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ ཕྱི་འབྱུང་པ་ལྔའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་དགུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ ན་མོ་དྷེ་ཝ་ཌཱཀྐི་ནི༔ རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་ལུས་སེམས་དབྱེར་མེད་ཡེ་ཤེས་ལྔ་ངོ་སྤྲད་པའི་གདམས་པ་ནི༔ དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ༔ ཚོགས་འཁོར་དང་མཎྜལ་བཤམ་དུ་བཅུག་ལ༔ དེ་ནས་སྔོན་འགྲོའི་ཆོས་ཐུན་རྣམས་རིམ་པར་བྱེད་དུ་བཅུག༔ བླ་མས་གདམས་པ་འདི་ལྟར་བསྟན་ཏོ༔ ཕྱི་སྲིད་པ་ཆགས་པའི་ཡབ་ཡུམ་གང་ཡིན་འཚོལ་དུ་བཅུག་ལ༔ རྙེད་ན་རབ༔ མ་བྱུང་ན་བླ་མས་སྟེང་འོག་གཉིས་སུ་ངོ་སྤྲོད༔ ནང་རིག་པ་སེམས་ཀྱི་ཡབ་ཡུམ་གང་ཡིན་འཚོལ་དུ་བཅུག༔ སྣང་སྟོང་དབྱེར་མེད་དུ་ངོ་སྤྲོད༔ ད་ལུས་ཀྱིས་སེམས་བཙལ་ལམ་སེམས་ཀྱིས་ལུས་བཙལ༔ ལུས་སེམས་གཉིས་གང་སྔ༔ ལུས་གང་ནས་བྱུང་༔ སེམས་གང་ནས་བྱུང་༔ ལུས་སེམས་ཐ་དད་ཡིན་ནམ་དབྱེར་མེད་ཡིན་དྲིའོ༔ ཐ་དད་ཡིན་ཟེར་ན་ཡིན་ལུགས་ཅི་ཡིན་ཐག་བཅད༔ དབྱེར་མེད་ཡིན་ཟེར་ན་ཡིན་ལུགས་གང་ཡིན་ཐག་ལེགས་པར་གཅད་དོ༔ ༈ མཁའ་འགྲོ་གསང་བ་ལྔ་ལ་ཕྱག་འཚལ་ལོ༔ དེ་ནས་བླ་མས་དབྱེར་མེད་མངོན་བྱང་ལྔ་ངོ་འདི་ལྟར་སྤྲད་དོ༔ དེ་ལ་ཕྱིའི་མངོན་བྱང་ལྔ༔ ནང་གི་མངོན་བྱང་ལྔ༔ གསང་བའི་མངོན་བྱང་ལྔའོ༔ དེ་ལ་ཕྱིའི་མངོན་བྱང་ལྔ་ནི་ཕྱིའི་འབྱུང་བ་ལྔ༔ ནང་གི་མངོན་བྱང་ལྔ་ནི་དུག་ལྔ༔ གསང་བའི་མངོན་བྱང་ལྔ་ནི་ཡེ་ཤེས་ལྔ༔ དེ་ལ་བརྟེན་ནས་ལུས་སེམས་གྲུབ་པ་ཡིན་ཏེ༔ དྭངས་མ་ལྔའི་ངོ་སྤྲོད་འདི་ལྟར་རོ༔ འབྱུང་བ་ནམ་མཁའི་དྭངས་མ་ནི་སེམས་རིག་པ་གསལ་ལ་དྭངས་པ་འདི་ཡིན་ནོ༔ འབྱུང་བ་ཆུའི་དྭངས་མ་ནི་ཁྲག་དང་ཆུ་སེར་དེ་རྣམས་ཡིན་ནོ༔ འབྱུང་བ་སའི་དྭངས་མ་ནི་ཤ་དང་རུས་པ་སྐྲ་དང་སེན་མོ་ལྤགས་པ་དང་རྩ་རྒྱུས་རྣམས་ཡིན་ནོ༔ འབྱུང་བ་མེའི་དྭངས་མ་དྲོད་དང་བཀྲག་མདངས་རྣམས་ཡིན་ནོ༔ འབྱུང་པ་རླུང་གི་དྭངས་མ་སྲོག་འཛིན་པའི་དབུགས་དང་འགུལ་སྐྱོད་བྱེད་པའི་ལུས་ཀྱི་ཡང་བའི་ཆ་རྣམས་ཡིན་ནོ༔ དྭངས་མ་ལྔའི་ངོ་སྤྲོད༔ མཁའ་འགྲོ་ལ་བཟོད་པར་གསོལ༔ ད་ནི་དབྱེར་མེད་རྣམ་དག་ལྔའི་ངོ་སྤྲོད་ལ༔ ནམ་མཁའ་རྣམ་པར་དག་པས་གཟུགས་རྣམ་པར་དག་པ༔ གཟུགས་རྣམ་པར་དག་པས་གཏི་མུག་རྣམ་པར་དག་པ༔ གཏི་མུག་རྣམ་པར་དག་པས་ངོ་བོ་ཀ་ནས་དག་པའོ༔ དེ་སྟོང་པ་ལྔའི་ནང་ནས་སྣང་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་ཡབ་རྣམ་པར་སྣང་མཛད༔ ཡུམ་སངས་རྒྱས་མཁའ་འགྲོ་སྟེ་ཡབ་ཡུམ་གཉིས་སུ་དབྱེར་མེད་པ་ཞེས་བྱའོ༔ ཡེ་ཤེས་ལྔའི་ནང་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ འོད་ལྔའི་ནང་ནས་མཐིང་ག་ཡིན༔ འཕྲིན་ལས་ལྔའི་ནང་ནས་འགྱུར་མེད་ཡིན༔ ཞིང་ཁམས་ལྔའི་ནང་ནས་ཆོས་འབྱུང་གི་ཞིང་ཁམས་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཆུའི་ཁམས་རྣམ་པར་དག་པས་འདུ་ཤེས་རྣམ་པར་དག་པ༔ འདུ་ཤེས་རྣམ་པར་དག་པས་ཞེ་སྡང་རྣམ་པར་དག་པ༔ ཞེ་སྡང་རྣམ་པར་དག་པས་མ་བཅོས་ལྷུན་གྲུབ་ཅེས༔ དེ་སྟོང་པ་ལྔའི་ནང་ནས་གང་ཡིན་ན༔ རིག་སྟོང་དབྱེར་མེད་ཡིན༔ སྐུ་ལྔའི་ནང་ནས་ཡབ་རྡོ་རྗེ་སེམས་དཔའ༔ ཡུམ་རྡོ་རྗེ་མཁའ་འགྲོ་སྟེ༔ ཡབ་ཡུམ་དབྱེར་མེད༔ ཡེ་ཤེས་ལྔའི་ནང་ནས་མེ་ལོང་ལྟ་བུའི་ཡེ་ཤེས༔ འོད་ལྔའི་ནང་ནས་དཀར་པོ༔ འཕྲིན་ལས་ལྔའི་ནང་ནས་ཞི་བའི་འཕྲིན་ལས༔ ཞིང་ཁམས་ལྔའི་ནང་ནས་མངོན་པར་དགའ་བའི་ཞིང་ཁམས་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ སའི་ཁམས་རྣམ་པར་དག་པས་ཚོར་བ་རྣམ་པར་དག་པ༔ ཚོར་བ་རྣམ་པར་དག་པས་ང་རྒྱལ་རྣམ་པར་དག་པ༔ ང་རྒྱལ་རྣམ་པར་དག་པས་འགག་མེད་མཐའ་བྲལ༔ སྟོང་པ་ལྔའི་ནང་ནས་བདེ་སྟོང་༔ སྐུ་ལྔའི་ནང་ནས་ཡབ་རིན་ཆེན་འབྱུང་ལྡན༔ ཡུམ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་དབྱེར་མེད༔ ཡེ་ཤེས་ལྔའི་ནང་ནས་མཉམ་ཉིད་ཡེ་ཤེས༔ འོད་ལྔའི་ནང་ནས་སེར་པོ༔ འཕྲིན་ལས་ལྔའི་ནང་ནས་རྒྱས་པ༔ ཞིང་ཁམས་ལྔའི་ནང་ནས་དཔལ་དང་ལྡན་པའི་ཞིང་ཁམས་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མེའི་ཁམས་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ༔ འདུ་བྱེད་རྣམ་པར་དག་པས་འདོད་ཆགས་རྣམ་པར་དག་པ༔ འདོད་ཆགས་རྣམ་པར་དག་པས་བདེ་གསལ་མི་རྟོག་པ༔ དེ་ནི་སྟོང་པ་ལྔའི་ནང་ནས་གསལ་སྟོང་དབྱེར་མེད༔ སྐུ་ལྔའི་ནང་ནས་ཡབ་སྣང་བ་མཐའ་ཡས༔ ཡུམ་པདྨ་མཁའ་འགྲོ་དང་དབྱེར་མེད་ཡིན༔ ཡེ་ཤེས་ལྔའི་ནང་ནས་སོ་སོར་རྟོགས་པའི་ཡེ་ཤེས༔ འོད་ལྔའི་ནང་ནས་དམར་པོ༔ འཕྲིན་ལས་ལྔའི་ནང་ནས་དབང་གི་འཕྲིན་ལས༔ ཞིང་ཁམས་ལྔའི་ནང་ནས་བདེ་བ་ཆེན་པོའི་ཞིང་ཁམས་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ རླུང་གི་ཁམས་རྣམ་པར་དག་པས་རྣམ་པར་ཤེས་པ་རྣམ་པར་དག་པ༔ རྣམ་པར་ཤེས་པ་རྣམ་པར་དག་པས་ཕྲག་དོག་རྣམ་པར་དག་པ༔ ཕྲག་དོག་རྣམ་པར་དག་པས་དྲི་མེད་རང་གསལ་ལོ༔ དེ་སྟོང་པ་ལྔའི་ནང་ནས་གྲག་སྟོང་དབྱེར་མེད༔ སྐུ་ལྔའི་ནང་ནས་ཡབ་དོན་ཡོད་གྲུབ་པ༔ ཡུམ་ལས་ཀྱི་མཁའ་འགྲོ་དང་དབྱེར་མེད༔ ཡེ་ཤེས་ལྔའི་ནང་ནས་བྱ་བ་གྲུབ་པའི་ཡེ་ཤེས༔ འོད་ལྔའི་ནང་ནས་ལྗང་ཁུ༔ འཕྲིན་ལས་ལྔའི་ནང་ནས་དྲག་པོའི་འཕྲིན་ལས༔ ཞིང་ཁམས་ལྔའི་ནང་ནས་ལས་རབ་རྫོགས་པའི་ཞིང་ཁམས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གཏི་མུག་རྡོ་རྗེ་མཐིང་ག་དེ༔ རྟོགས་ན་རྡོ་རྗེ་ཕག་མོ་ཡིན༔ མ་རྟོགས་འདོད་ཁམས་ལྷ་རུ་གོལ༔ ཞེ་སྡང་རྡོ་རྗེ་དཀར་མོ་སྟེ༔ རྟོགས་ན་བདེ་ཆེན་དཀར་མོ་སྟེ༔ མ་རྟོགས་ཐར་མེད་དམྱལ་བར་ལྟུང་༔ ང་རྒྱལ་རྡོ་རྗེ་སེར་མོ་སྟེ༔ རྟོགས་ན་སེར་མོ་དོན་འགྲུབ་ཡིན༔ མ་རྟོགས་མ་རིག་དུད་འགྲོར་ལྟུང་༔ འདོད་ཆགས་རྡོ་རྗེ་དམར་མོ་སྟེ༔ རྟོགས་ན་དམར་མོ་སྒྲ་སྒྲོག་ཡིན༔ མ་རྟོགས་ཉོན་མོངས་ཡི་དྭགས་ཡིན༔ ཕྲག་དོག་རྡོ་རྗེ་ལྗང་ཁུ་སྟེ༔ རྟོགས་ན་སྣ་ཚོགས་མཐར་ཕྱིན་ཡིན༔ མ་རྟོགས་ཁོང་ཁྲོ་ལྷ་མིན་ལྟུང་༔ དེ་ལྟར་ཕྱི་འབྱུང་པ་ལྔ་ལ་བརྟེན་པ་དང་༔ ནང་སྐུ་ལྔ་ལ་བརྟེན་པ་དང་༔ གསང་བ་ཡེ་ཤེས་ལྔ་ལ་བརྟེན་པ་སྟེ༔ དུག་ལྔ་ཡེ་ཤེས་ལྔ་རུ་གྱུར་པ་འདི་ལྟར་རོ༔ ཕ་ལས་ཐོབ་པ་ཟླ་བ་དཀར་ཆ་ཆུའི་ཁམས་དང་གཅིག༔ མ་ལས་ཐོབ་པའི་ཉི་མ་དམར་ཆ་མེའི་ཁམས་དང་གཉིས༔ མའི་མངལ་དྲི་མ་མེད་པ་གཙང་པ་དག་པའི་ཁམས་དང་གསུམ༔ བར་དོའི་རྣམ་པར་ཤེས་པ་རླུང་གི་ཁམས་དང་བཞི༔ དེ་རྣམས་གཅིག་ཏུ་དྲིལ་བས་ལུས་ཡོངས་སུ་རྫོགས་པའོ༔ དེ་ལ་སྐུ་ལྔ་ནི་གང་ཡིན་ན༔ ཟླ་བ་དཀར་ཆ་སྤྲུལ་པའི་སྐུ༔ ཉི་མ་དམར་ཆ་ལོངས་སྤྱོད་རྫོགས་པའི་སྐུ༔ མའི་མངལ་དྲི་མ་མེད་པ་ཡོན་ཏན་གྱི་སྐུ༔ བར་དོའི་རྣམ་པར་ཤེས་པའི་སེམས་ཉིད་འཕྲིན་ལས་ཀྱི་སྐུ༔ ལུས་ཡོངས་སུ་རྫོགས་པ་ཆོས་ཀྱི་སྐུ་དང་ལྔའོ༔ དེ་ལ་བརྟེན་པའི་ཡེ་ཤེས་ལྔ་ནི༔ ཟླ་བ་དཀར་ཆ་མེ་ལོང་ཡེ་ཤེས༔ ཉི་མ་དམར་ཆ་སོ་སོར་རྟོགས་པའི་ཡེ་ཤེས༔ དྲི་མེད་མངལ་ནི་མཉམ་ཉིད་ཡེ་ཤེས༔ བར་དོའི་ཤེས་པ་བྱ་གྲུབ་ཡེ་ཤེས༔ ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས༔ ནང་འབྱུང་བཞིའི་ལུས་ལ་བརྟེན་ནས་ལུས་སེམས་དབྱེར་མེད་པའོ༔ དུག་ལྔ་ཡེ་ཤེས་ལྔ་རུ་གྱུར་པ་ཡང་དེ་ཡིན་ནོ༔ ལར་དེ་ལ་བརྟེན་ནས་ལུས་སེམས་དབྱེར་མེད་དུ་ཐག་ལེགས་པར་བཅད་པ་གལ་ཆེ༔ རྫོགས་ཆེན་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ ལུས་སེམས་དབྱེར་མེད་དུ་ངོ་སྤྲད་པའི་ཆོས་ཐུན་བཅུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ ན་མོ་དྷེ་ཝ་ཌཱཀྐི་ནི༔ དེ་རྣམས་དབྱེར་མེད་ཀ་དག་གི་ངོ་སྤྲད་ནས༔ ད་ནི་དབང་པོ་འབྲིང་ལ་སེམས་ཙམ་པའི་ངོ་སྤྲོད་འདི་ལྟར་རོ༔ དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ་འདི་ལྟར་བསྟན་ཏོ༔ སེམས་དང་རིག་པ་གང་སྔ་དྲི༔ དབྱེར་མེད་དུ་ངོ་སྤྲད་དོ༔ ཡང་བླ་མས་འདི་ལྟར་དྲི༔ ས་རྡོ་རྩི་ཤིང་ཆུ་དང་སྨན༔ རིན་ཆེན་མི་རྣམས་བྱུང་ཁུངས་ཡོད༔ དེ་བཞིན་རང་གི་སེམས་འདི་ཡང་༔ ཤར་ལྷོ་ནུབ་བྱང་སྟེང་དང་འོག༔ རི་ཁོངས་ཡུལ་གྲོང་མཚོ་ཡི་མཐིལ༔ བྱུང་ས་གང་ཡིན་རྩད་ཆོད་ཚོལ༔ ཐབས་ལ་མཁས་པའི་བླ་མ་ཡིས༔ ས་སོགས་གོང་དུ་དྲིལ་ལ་སེམས་མི་འབྱུང་༔ གསལ་སྟོང་དབྱེར་མེད་ཀྱི་ངང་ལས་གཞི་ལས་བྱུང་༔ སྟོང་ལྟའི་བྱང་ཆད་འདི་མི་འདོད༔ ཡང་ནི་བླ་མས་འདི་ལྟར་དྲི༔ དཔེར་ན་ཕྱི་ཡི་འབྱུང་བ་དང་༔ རྩི་ཤིང་ནགས་ཚལ་མེ་ཏོག་རིགས༔ རི་གླིང་ས་གཞི་མཁར་ཁང་དང་༔ རིན་ཆེན་གོས་དང་སྣམ་བུ་སོགས༔ ཀུན་ལ་ཁ་དོག་གཟུགས་དབྱིབས་ཡོད༔ དེ་ལྟར་སེམས་ལ་ཨེ་ཡོད་དྲི༔ མཁས་པའི་སྒོ་ནས་ཀུན་རྫོབ་ཀྱི༔ སྣང་བ་སྣ་ཚོགས་ཡོད་ཅེས་སྤྲོད༔ ཡང་དག་པ་ཡི་ངོ་བོ་ལ༔ ཅུང་ཟད་ཙམ་དུའང་གྲུབ་པ་མེད༔ སྟོང་པའི་ངང་ལས་གསལ་བའི་མདངས༔ མ་གྲུབ་མི་ཆགས་ཅི་ཡང་མེད༔ ཡང་ནི་བླ་མས་འདི་ལྟར་དྲི༔ རྩི་ཤིང་རི་བོ་ས་རྡོ་ཆུ༔ མཁར་ཁྱིམ་སྣོད་བཅུད་དངོས་པོ་ལ༔ ཕྲ་སྦོམ་རིང་ཐུང་མཐོ་དམན་སོགས༔ སྣ་ཚོགས་དབྱིབས་གཟུགས་མང་ཞིག་ཡོད༔ དེ་བཞིན་སེམས་ཅན་གང་ལའང་རང་གི་སེམས་ཉིད་འདི་ལྟོས་ཞེས་དྲི༔ ཀུན་རྫོབ་ཅི་ཡང་ཡོད་ཅེས་སྤྲོད༔ དོན་དམ་སྣང་སྟོང་དབྱེར་མེད་སྟོན༔ དམ་པས་དྲི་བ་འདི་ལྟར་བྱ༔ མཁའ་ལྡིང་བྱ་དང་ས་གཞི་ཡི༔ སྲིན་འབུ་གྲོག་སྦུར་ཆུ་ཡི་ཉ༔ མི་དང་བ་གླང་དུད་འགྲོ་སྟེ༔ སེམས་ཡོད་ཀུན་ལ་གནས་ས་ཡོད༔ དེ་བཞིན་རང་གི་སེམས་འདི་ནི༔ ཕྱི་ནང་གང་ན་གནས་འདུག་དྲི༔ གར་ཡང་གནས་ས་མེད་ཟེར་ན༔ དེ་མིན་ལུས་ལ་ཚོར་བ་རེག༔ བེམ་རིག་གཉིས་ལྡན་ལ་གནས༔ དེ་ཡི་གནས་ཆ་ཙིཏྟ་ལ༔ སྤྱིར་ནི་སྤྱི་བོ་རྐང་པའི་མཐིལ༔ ཕྱི་ནང་ཆ་ཤས་ཀུན་ལ་ཁྱབ༔ ད་ལྟ་ཀུན་རྫོབ་ལུས་གནས་སོ༔ དོན་དམ་ལ་ཡང་གར་མི་གནས༔ མི་གནས་སྟོང་པ་བྱང་ཆད་མིན༔ བར་དུ་གནས་པ་མེད་པར་བསྟན༔ སྟོང་གསལ་དབྱེར་མེད་ངང་ལ་ལྟོས༔ ལུས་ལ་སེམས་མི་གནས་པའི་ཁུལ༔ གཉིས་ཡོད་པ་དེ་བླ་མའི་ཞལ་ལས་ཤེས་སོ༔ ས་མ་ཡ༔ ཁ་ཐམ༔ ཚོགས་དྲུག་དྲི་བ་བླ་མས་འདི༔ ཐོས་པའི་སྒྲ་འདི་རྣ་བ་དང་༔ སེམས་ཐོས་གང་ཡིན་རེ་རེ་དྲི༔ སེམས་ཐོས་རྣ་བས་མི་ཐོས་ཤིང་༔ རྣ་བས་ཐོས་ན་རོ་དང་ནི༔ ལྡེར་བཟོ་ལ་ཡང་རྣ་བ་ཡོད༔ འདུས་བྱས་དང་ནི་འདུས་མ་བྱས་པ་ཡིས༔ འཛོམས་པའི་རྟེན་འབྲེལ་ཐོས་པ་ངོ་སྤྲད་དོ༔ འོག་ཏུ་འདི་ལྟར་འགྲོ་ཤེས་ཡིན༔ མཐོང་བའི་གཟུགས་འདི་མིག་དང་སེམས༔ སེམས་མཐོང་ཟེར་བ་ལོང་པ་ཅི༔ མིག་མཐོང་རོ་འདི་དག་གིས་ཀྱང་༔ འདི་ནི་ཀུན་རྫོབ་དོན་དམ་གྱི༔ རྟེན་ཅིང་འབྲེལ་བར་ཟབ་པས་མཐོང་༔ དྲི་ཚོར་སྣ་དང་སེམས་གཉིས་གང་༔ སྣ་ཚོར་རོ་དང་ལྡེར་སྐུ་གང་འདི་དག་གིས་ཚོར༔ སེམས་ཚོར་སྣ་བུག་བཀག་ན་ཅི༔ ཐབས་ཤེས་རྟེན་འབྲེལ་འཛོམས་ངོ་སྤྲོད༔ དེ་བཞིན་རོ་མྱོང་ལྕེ་དང་སེམས༔ ལྕེས་མྱོང་རོ་ལ་ཡང་དེ་འགྱུར་མོད༔ སེམས་མྱོང་སེམས་ཡོད་གཉིད་དང་བརྒྱལ༔ དབྱེར་མེད་ངང་ནས་མྱོང་ངོ་སྤྲོད༔ རེག་བྱ་ཚོར་བ་ལུས་སེམས་གང་༔ ལུས་ཚོར་རོ་ལ་སེམས་ཚོར་ན༔ བེམ་རིག་བྲལ་ལ་སེམས་ཡོད་གང་༔ བེམ་རིག་གཉིས་ལྡན་ལུས་དང་སེམས༔ དབྱེར་མེད་ཟབ་པའི་རྟེན་འབྲེལ་ཡིན༔ འཆར་སྒོ་སྣ་ཚོགས་ལུས་སེམས་གཉིས༔ ལུས་ལ་འཆར་ན་ཡང་ནི་རོ༔ སེམས་འཆར་ལུས་མེད་ཚོགས་དྲུག་གོལ༔ རིག་སྟོང་གསལ་སྟོང་ཆོས་ཉིད་དུ༔ འཆར་ན་ཁྱབ་པས་རང་ངོ་སྤྲོད༔ སྒྲ་ཐོས་བྱུང་ཚོར་ངོ་བོ་གསུམ༔ སྟབས་ཁྱད་ད་ལྟའི་སྣང་ཚུལ་དང་༔ དོན་དམ་ཆོས་ཉིད་ཨེ་འདུག་དྲུག༔ ཀུན་རྫོབ་ཡོད་ལ་དོན་དམ་མེད༔ ཟེར་ན་རང་ངོ་དེ་ལྟར་སྤྲོད༔ དཔེ་གཅིག་ཤོས་ན་རྣ་བས་སྒྲ་ཐོས་པ་ཡིད་ལ་བསྟོད་ར་བཏང་བ་དང་༔ སྨད་ར་བཏང་བ་གཉིས་ལ་ཁྱད་པར་ཨེ་འདུག༔ ད་ལྟའི་སྣང་ཚུལ་ལ་ཁྱད་པར་འདུག༔ དོན་དམ་ཆོས་ཉིད་ལ་ཁྱད་པར་མི་འདུག་ཟེར་ན་ངོ་སྤྲད་དོ༔ གཟུགས་མཐོང་མཛེས་སྡུག་བར་མ་གསུམ༔ ཀུན་རྫོབ་དོན་དམ་རང་ངོར་ལྟོས༔ དོན་དམ་ཆོས་ཉིད་སྤྲོས་བྲལ་ལ༔ ཁྱད་པར་མེད་ན་དེར་ངོ་སྤྲོད༔ ཞིམ་མངར་དྲིའི་ཚོར་བ་ལ༔ ཀུན་རྫོབ་དོན་དམ་ཁྱད་པར་འདྲི༔ སེམས་ཉིད་དོན་དམ་སྤྲོས་བྲལ་ལ༔ ཁྱད་པར་མེད་ན་དེར་ངོ་སྤྲོད༔ རོ་ལ་ཞིམ་མངར་སྐྱུར་ཚ་སོགས༔ གོང་ལྟར་རྣམ་པ་གཉིས་སུ་དྲི༔ འཁྲུལ་པའི་སྣང་ངོར་ཁྱད་པར་བྱུང་༔ སྤྲོས་བྲལ་ཁྱད་རིགས་མེད་ན་འཕྲོད༔ དེ་བཞིན་རེག་བྱ་འཇམ་རྩུབ་ལ༔ སྤྱོད་ཡུལ་ཁྱད་པར་ཅི་འདུག་དྲི༔ ཐ་མལ་རང་ངོར་ཁྱད་པར་མེད༔ དོན་དམ་སྤྲོས་བྲལ་ཁྱད་མེད་ཡིན༔ དེ་ནི་དབང་པོ་ཚོགས་དྲུག་ཁྲིད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཟབ་རྒྱ༔ ད་ནི་འཛིན་པ་རང་གྲོལ་གྱི་ཁྲིད་ལ༔ དང་པོ་སྲིད་པ་ཆགས་པའི་དུས་སུ་ལྷ་འདྲེ་མི་གསུམ་གང་ནས་བྱུང་༔ གང་སྔ་ཞེས་དྲིས་པ་ལས༔ སྲིད་པ་མ་ཆགས་པའི་གོང་དུ་ཅི་ཡང་དེར་མ་ཤེས༔ དེ་གསུམ་པོ་དུས་གསུམ་དུ་བྱུང་ཟེར་ན༔ རང་ངོ་འཕྲོད་པ་ཡིན་དཔེ་གཞན་དུ་དུས་མཉམ་དུ་བྱུང་ཟེར་ན་ངོ་སྤྲད་དོ་ནོ༔ ལྷ་ཁྲིད་འདྲེ་ཁྲིད་ཟེར་བ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ རྩལ་སྦྱང་ལས་ཀྱི་ཁྲིད་ལ༔ བྱ་བའི་ལས་བྱ་བྱེད་སྣ་ཚོགས་འདི༔ ལུས་སེམས་གང་གིས་བྱེད་དྲིས༔ སེམས་ཀྱིས་བྱེད་ན་ལུས་ཉལ་སར་སྡོད་ལ༔ སེམས་ཀྱིས་བྱེད་པར་ཨེ་འདུག༔ ལུས་ཀྱིས་བྱེད་ཟེར་ན་འགུལ་སྐྱོད་ཙམ་མི་ཤེས་པའི་བྱིས་པ་བཙས་མ་ཁད་དང་ནད་པ་གཉིད་ལོག་པ་སོགས་མང་མོད༔ ལུས་སེམས་དབྱེར་མེད་ཀྱིས་བྱེད་ཟེར་ན་དེ་རང་ཡིན༔ ནད་དྲག་པོ་འོང་པར་འདུག་པས་ལུས་སེམས་དབྱེར་མེད་དུ་ན་བའི་དྲི་བ་གོང་དང་འགྲེ༔ ཤི་བ་འདི་ལུས་སེམས་གང་ཤི༔ དྲིས་པ་ལས་སེམས་སྟོང་པ་དབྱེར་མེད་ལ་ཤི་རྒྱུ་མེད༔ སྒྱུ་མའི་ལུས་རྫུན་པའི་ཆོས་ཅན་འདི་ཤི་ནས༔ སྲེག༔ སྦེད༔ འཐོར༔ ཆུ་ལ་སྐྱུར་བ་སོགས་མང་པོ་བྱེད་པ་ལུས་ཁོ་ན་ཤི་བས་ལན་ཟེར་ན་ངོ་འཕྲོད་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཁ་ཐམ༔ ཡང་ནམ་མཁའི་བྱ༔ ས་གཞི་ལ་གནས་པའི་འབུ་སྲིན༔ གྲོག་བུར༔ རི་དྭགས༔ གཡུང་དྭགས༔ མི་ཕྱུགས་མང་པོ་ལ་འགྲོ་ས་རེ་ཡོད་ཅིང་འདུག༔ དེ་བཞིན་དུ་སེམས་སྟོང་གསལ་འདི་ལའང་འགྲོ་ས་ཡོད་དགོས༔ འདི་བེམ་རིག་བྲལ་བའི་ཚེ་ན་གང་དུ་འགྲོ་བར་འདུག༔ དགེ་སྡིག་གཉིས་ཀྱི་ས་ལ་འགྲོ་ཟེར་ན་དེ་རང་ཡིན༔ དེ་རྣམས་ནི་སེམས་ཉིད་བརྡར་ཤ་གཅོད་པ་ཁོ་ནའོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ སེམས་ཉིད་བརྡར་ཤ་གཅོད་པའི་ཆོས་ཐུན་བཅུ་གཅིག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ ད་ནི་དུག་ལྔ་ཡེ་ཤེས་སུ་འཆར་བའི་ངོ་སྤྲོད་འདི་ལྟར་རོ༔ དེ་ཡང་དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ་འདི་ལྟར་དྲི་སྟེ༔ གཏི་མུག་རང་གིས་ཕར་བཙལ་ལམ་གཏི་མུག་གིས་ཚུར་ཡོང་ནས་རང་བཙལ་བ་ཡིན༔ གཏི་མུག་ལ་གཟུགས་དང་ཁ་དོག་དངོས་པོའི་དབྱིབས་ཅི་འདྲ་འདུག༔ ལེགས་པར་ཐག་ཆོད༔ དཔེར་ན་སྤྲིན་དང་ན་བུན་ཆར་པ་གསུམ༔ བྱུང་ཡང་ནམ་མཁའ་རང་ལས་བྱུང་༔ ཐིམ་ཡང་ནམ་མཁའ་རང་ལ་ཐིམ༔ དེ་བཞིན་དུ་གཏི་མུག་ཀྱང་བྱུང་ཡང་རང་གི་སེམས་ཉིད་རང་ལས་བྱུང་༔ ཐིམ་ཡང་རང་གི་སེམས་ཉིད་རང་ལ་ཐིམ༔ མ་གོ་བར་དུ་གཏི་མུག་ཡིན༔ གོ་ན་ཆོས་དབྱིངས་ཡེ་ཤེས་ཡིན༔ དེ་བཞིན་དུ་ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་རྣམས་མ་གོ་བར་དུ་དུག་ལྔ་ཡིན༔ གོང་ལྟར་དྲི་བས་བརྡར་ཤ་ཆོད༔ གོ་ན་ཡེ་ཤེས་ལྔ་ཡིན་པས༔ དེ་ལྟར་ཉམས་སུ་ལེན་པ་གཅེས༔ དུག་ལྔ་ཡེ་ཤེས་ལྔ་རུ་ངོ་སྤྲད་པའི་ཆོས་ཐུན་བཅུ་གཉིས་པའོ༔ ཨྠྀི༔ ས་མ་ཡ༔ ཁ་ཐམ༔ རྣམ་རྟོག་ཆོས་སྐུའི་ངོ་སྤྲོད་འདི་ལྟར་རོ༔ སེམས་ཉིད་ངོ་བོ་འདི་ལ་དགའ་བ་དང་མི་དགའ་བ༔ སྐྱིད་སྡུག་དང་ལེགས་ཉེས༔ ཞིམ་མངར་དང་སྐྱུག་བྲོ༔ བཟང་རྟོག་དང་ངན་རྟོག༔ ལྷ་དང་འདྲེ་ཞེས་སྣང་བ་ལ་གང་ཤར་དེ༔ སེམས་ཉིད་ལ་དེ་དང་དེའི་རྣམ་པར་རྟོག་པ་ཤར་བས༔ དེ་ཐ་མལ་གྱི་རྒྱ་འབྱམས་སུ་མི་འཇུག་པར་ཆོས་ཉིད་ཀྱི་སྟེང་དུ་འཁྱེར་ཤེས་དགོས་པ་ཡིན༔ དཔེར་ན་ཁ་བ་རྡོ་ཚན་ལ་བབ་པའམ༔ མཚོ་ལ་ཁ་ཆར་བབ་པ་བཞིན༔ འོ་མ་ཐབ་ལུད་པ་ཆུ་གྲང་གིས་མནན་པ་བཞིན་དང་༔ ལྤགས་དམར་ལྕགས་ཚན་མོ་སྟ་རེས་གསེས་པ་ལྟར་རམ༔ མེ་འབར་བ་ཆུ་ཡིས་བསྣུན་པ་བཞིན་དུ༔ རྣམ་པར་རྟོག་པ་གང་ཤར་ཅི་བྱུང་བ་ཐམས་ཅད་སྐྱོན་ཡིན་བསམ་པའི་རྟོག་པས་གཉེན་པོ་བྱས་འགོག་མི་དགོས༔ གང་ཤར་ཁོ་རང་ངོ་ཤེས་ཙམ༔ དྲན་པས་ཟིན་ཙམ༔ གསལ་ཙམ་བྱས་པས༔ དཔེར་ན་རྐུན་མ་བྱུང་དུས་དོན་གྱིས་མ་ཡོང་བརྗོད་མི་དགོས་ཉེ་རང་གིས་ཁོ་མཐོང་ཙམ་དང་༔ དེ་ཁ་བཞིན་མ་ཡེངས་པར་གཅེར་ཙམ་གཅེར་ཙམ་ལྟོས་དང་༔ རྐུན་མའི་ཉེས་པ་ཡོང་མི་སྲིད༔ དེས་ན་རྣམ་རྟོག་བྱ་བ་ལོགས་ན་མེད་གང་ཤར་ཅི་བྱུང་ཐམས་ཅད་སེམས་ཉིད་རིག་པ་སྟོང་གསལ་ཁོ་ནའི་ཆོ་འཕྲུལ་ཡིན་པས༔ སྣང་བ་ཅི་ཤར་ཡང་རང་ངོ་ཤེས་པས་ཐམས་ཅད་ཆོས་ཉིད་དུ་རང་གྲོལ་ཞིང་༔ རྣམ་རྟོག་ཆོས་ཀྱི་སྐུ་སྨྲ་བསམ་བརྗོད་མེད་དུ་རྗེན་ལྷང་ལྷང་མྱོང་བ་གཅིག་ངེས་པར་འཕྲལ་དུ་ཡོང་༔ གོམས་འདྲིས་ཅུང་ཟད་མེད་པའི་རྣམ་རྟོག་ཆོས་སྐུ་བླུན་པོའི་ལག་པས་བཟུང་དུ་མེད༔ གསང་བ་ལམ་འཁྱེར་ལས་རྣམ་རྟོག་ཆོས་སྐུར་འཆར་བའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ ན་མོ་དྷེ་ཝ་ཌཱཀྐི་ནི༔ གསང་བ་ལམ་འཁྱེར་ལས་མཁན་པོ་རྩད་གཅོད་འདི་ལྟར་རོ༔ སྐབས་འདིར་ཚོགས་འཁོར་དང་བསྐང་གསོའི་རིམ་པས་མ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་མཉེས་པར་བྱེད་པ་ཤིན་ཏུ་གལ་ཆེ་བར་བཤད༔ དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ༔ གདམས་པ་འདི་ལྟར་འབོགས༔ དང་པོ་གཞི་སྐྱབས་འགྲོ་སེམས་བསྐྱེད༔ སྤྱན་འདྲེན་ཕྱག་འཚལ༔ མཎྜལ་ཡིག་བརྒྱ༔ བཤགས་པ་བཟོད་གསོལ༔ བླ་མའི་རྣལ་འབྱོར༔ འཆི་བ་མི་རྟག་པ་སྒོམ་པ༔ ཕྱི་སྣང་བ་སྒྱུ་མར་ངོ་སྤྲོད༔ ནང་སེམས་ཉིད་ཀྱི་བརྡར་ཤ་འདི་ཙམ་གཅིག་གཅོད་དགོས་པའི་མཁན་པོའི་རྒྱུ་དེ་གང་ཡིན༔ རྐྱེན་དེ་གང་ཡིན་ཐག་ཆོད་པ་གཅིག་སྒོམས་ཤོག༔ ཅེས་འབོགས་པར་བྱེད༔ དེ་སྔ་ཕན་དེའི་རྒྱུ་མ་གོ་མ་རིག་པས་ལན་པ་ཡིན༔ དེ་ཡང་ཀུན་ཏུ་བཟང་པོ་དང་རང་རིག་རང་ལ་ཤར་བས་གཞི་ཐོག་ནས་གྲོལ་བ་ཡིན་ནོ༔ དེ་ལ་བླ་མ་དང་སློབ་དཔོན་གྱིས་ངོ་སྤྲོད་མཁན་མེད༔ རང་རིག་རང་ལ་ཤར་བས་རང་སར་གྲོལ་བ་ཡིན༔ ད་དེ་ཉིད་རང་གིས་རང་སྣང་ལ་མ་གོ་མ་རིག་པ་འདི་ངོ་སྤྲོད་དགོས་པ་ཡིན༔ འོ་ན་རང་རིག་རང་ལ་ཤར་མཁན་གང་ཡིན་ཟེར་ན༔ སེམས་ཉིད་རིག་པ་སྟོང་གསལ་དབྱེར་མེད་མ་བཅོས་ལྷུན་གྲུབ་ངོ་བོ་ཀ་དག༔ ཆོས་ཉིད་མཐའ་བྲལ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་ཡིན༔ འོ་ན་བླ་མ་ཡིད་བཞིན་གྱི་ནོར་བུ་ཟེར་བའི་དོན་གང་ཡིན༔ སེམས་ཉིད་རིག་པ་མ་བཅོས་ལྷུན་གྲུབ་ཀ་དག་ཏུ་རྟོགས་ཙམ་ན༔ མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་རང་ལས་འབྱུང་བས་ན་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དེ་ལ་ཟེར་བ་ཡིན༔ འོ་ན་ཡིད་བཞིན་གྱི་ནོར་བུ་དེ་ལེགས་པར་ཚགས་བྱ་དགོས་པས༔ དེ་ལ་འབྲལ་མེད་ཀྱི་དཀོར་གཉེར་གཅིག་ཡོད་པ་དེ་གང་ཡིན་དྲན་པ་འཚོལ་དུ་འཇུག་གོ༔ འོ་ན་ནོར་བུ་དེ་ལ་ཆར་པ་དང་༔ སད་སེར་བ་བྱུང་ན་ནོར་བུ་ཆུད་ཟོས་ཡོང་པས༔ སད་སེར་དེ་གང་ཡིན༔ ཆུད་མི་ཟོས་པར་བྱེད་པ་ལ་ན་བཟའ་བཟང་པོ་གཅིག་དགོས་ཏེ་ན་བཟའ་དེ་གང་ཡིན༔ འཚོལ་དུ་འཇུག་བཟོད་པ༔ རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ རིག་པ་སྟོང་གསལ་ངོ་བོ་ཀ་དག་མ་བཅོས་ལྷུན་གྲུབ་ཡིད་བཞིན་གྱི་ནོར་བུར་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་བཞི་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ ༈ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ གཞི་གནས་ལུགས་ཁྲེགས་ཆོད་ཀྱི་དམིགས་པ་འབོགས་པ་ནི༔ སློབ་མ་རྣམས་ཀྱིས་བླ་མ་དང་མཁའ་འགྲོའི་ཚོགས་ལ་ཚོགས་འཁོར་བཤམས༔ ཆོས་སྐྱོང་དང་གཏེར་བདག་ལ་དམར་གཏོར་བཤམས་ལ༔ ཁྲིད་ཀྱི་སྔོན་འགྲོ་ཚོ་རིམ་པ་བཞིན་དུ་བཤད་ལ༔ བླ་མས་དམིགས་པ་འདི་ལྟར་འབོགས༔ ལུས་རྣམ་སྣང་གི་ཆོས་བདུན་བཅས་ཏེ༔ རིག་པ་ཀ་དག་སྟོང་གསལ་ལྷུན་གྲུབ་ཀྱི་ངོ་བོ་འདི༔ སྔར་འདས་པའི་རྗེས་མ་སྙེག༔ མ་འོངས་པའི་སྔུན་མ་བསུ༔ ད་ལྟའི་ཤེས་པ་ལ་བཟོ་མ་བྱེད༔ ལུས་འཇོག་པ་བཞིའི་ངང་ལ་ཤེས་པར་བྱའོ༔ བཞི་གང་ཞེ་ན༔ ལུས་དུར་ཁྲོད་ཀྱི་རོ་བཞིན་དུ་གཅེས་འཛིན་ཕྲག་འཕྲིག་མེད་པའི་ངང་ལ་འཇོག༔ ངག་ནི་རང་ཐག་ལྟག་ཆུ་བཅད་པ་བཞིན་དུ་ལྷན་ནེ་བའི་ངང་ལ་འཇོག༔ མིག་ནི་ལྷ་ཁང་གི་འདེར་ཚོའི་ལྡེར་བཟོའི་མིག་ལྟ་བུར་འབྱེད་འཛུམ་མེད་པར་ལྟ་སྟངས་ལ་ཧ་རེ་འཇོག་གོ༔ སེམས་ནི་རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་ཁྲིག་གིས་བཅད་ནས༔ ཆོས་ཉིད་སྟོང་གསལ་མ་བཅོས་ལྷུན་གྲུབ་ཀྱི་ངང་ལ་འཇོག༔ ཡིད་ལ་ཅི་ཡང་མི་འགྱུ་བས༔ ཕྱིའི་སྡོད་པ་ས་རྡོ་རྩི་ཤིང་ནགས་ཚལ་རྣམས་ཐམས་ཅད་བདེན་མེད་སྟོང་པར་རང་བཞིན་གྱིས་འཆར་རོ༔ ནང་གི་ལུས་ཀྱང་བདེན་པར་མ་གྲུབ་པས་སྟོང་པར་འཆར་རོ༔ སེམས་སྟོང་གསལ་འདི་ཡང་བདེན་པར་མ་གྲུབ་པས་སྟོང་པར་འཆར་རོ༔ རིག་པ་སྟོང་གསལ་གྱི་ངང་ལ་གནས་པ་དེ་ལ་གཞི་ཁྲེགས་ཆོད་ཟེར་རོ༔ དེ་ཡང་གནས་པའི་ངང་ནས་འགྱུ་བ་ཨེ་འདུག༔ འགྱུ་བའི་ངང་ནས་གནས་པ་ཨེ་འདུག༔ དེ་ལ་གནས་པའི་ངང་ལ་འགྱུ་བ་ཡོད་དོ༔ འགྱུ་བ་རྩད་གཅོད་རྣམ་པ་བཞི༔ དེ་ཡང་ཞུམ་བུ་བྱི་བ་ལ་སྒུག་པ་བཞིན་དུ་འགྱུ་བའི་ངོ་བོ་ལ་ཅེར་གྱིས་ལྟའོ༔ བྲམ་ཟེ་སྐུད་པ་འཁལ་བ་བཞིན་རིག་པ་སྒྲིམ་ལྷོད་བྱེད་ཅིང་༔ ཡང་གང་འགྱུའི་ངོ་བོ་ལ་ལྟའོ༔ སོ་ཁང་བའི་བྱ་ར་ལྟ་བ་བཞིན་མ་ཡེངས་པའི་ངང་ནས་ལྟའོ༔ མདའ་མཁན་གྱིས་མདའ་འཁྱོགས་པ་སྲོང་བ་བཞིན་རིག་པ་རྩེ་གཅིག་ཏུ་འགྱུ་བའི་ཇི་ལྟར་འདུག་ལྟའོ༔ ད་གནས་འགྱུ་གཉིས་འདྲེས་པའི་སེམས་ཉིད་སེམས་སྟོང་གསལ་གྱི་ངང་ལ་ལྷན་ནེ་འདུག་པ་འདི་གནས་པ་ཡིན༔ དེའི་ངང་ནས་རྣམ་རྟོག་ཐོལ་འགྱུ་བའོ༔ དེའི་ངང་ནས་འགྱུ་བའི་ངོ་བོ་ལ་ཅེར་གྱིས་བལྟས་པས་འགྱུ་བ་ཆོས་ཉིད་ཀྱི་ངང་ལ་ལྷན་གྱིས་འཆར་རོ༔ དེ་ནི་གནས་འགྱུ་ཆོས་ཉིད་ཀྱི་ངང་ལ་འདྲེས་པ་ཟེར་རོ༔ གསང་བ་ལམ་འཁྱེར་ལས་གཞི་ཁྲེགས་ཆོད་གནས་འགྱུ་དབྱེར་མེད་ཆོས་ཉིད་ཀྱི་ངང་ལ་འདྲེས་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅོ་ལྔ་པའོ༔ ལག་ལེན་བླ་མའི་ཞལ་ལས་ཤེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ༈ གསང་བ་ལམ་ཁྱེར་ལས་ཐོད་རྒལ་ལྷག་མཐོང་གི་གདམས་པ་འདི་ལྟར་རོ༔ སེམས་རིག་པ་སྟོང་གསལ་དབྱེར་མེད་འདི༔ བྱ་ནམ་མཁའ་ལ་འཕུར་བ་བཞིན་རིག་པ་བྱར་མེད་རྟོག་མེད་ཀྱི་ངང་ལ་བཞག༔ དཔེ་ཅིག་ཤོས་ན་ཆུ་ལ་རལ་གྲིས་བརྒྱབ་པ་བཞིན༔ རྣམ་རྟོག་རྩད་གཅོད་ཀྱི་ངང་ལ་བཞག༔ སེང་གེ་གནམ་ལ་མཆོང་པ་བཞིན༔ རྣམ་རྟོག་ཐོག་འཛིན་གྱི་ས་ལ་བཞག༔ དངུལ་དཀར་མེ་ལོང་ཕྱིས་པ་བཞིན༔ རིག་པ་གང་ཤར་རང་གྲོལ་གྱི་ངང་ལ་བཞག༔ རིག་པ་ནམ་མཁའ་གཡའ་དག་པ་བཞིན༔ སྟོང་ཉིད་མཐའ་བྲལ་ཆོས་སྐུའི་ངང་ལ་བཞག༔ ཤིང་སྡོང་རྩ་བ་ནས་བཅད་པ་བཞིན་རིག་པ་གཞི་མེད་རྩ་བྲལ་གྱི་ངང་དུ་བཞག༔ མདོར་ན་རིག་པ་ལ་ཅི་འགྱུ་ཅི་ཤར་ཡང་ཆོས་སྐུའི་ཁམས་དང་ཡོ་ལང་ལས་གཞན་མེད་དོ༔ འདི་ཡིན་གྱིས་སྒོམ་རྒྱུ་སྐད་ཅིག་མེད་དོ༔ སྣང་བ་ཅི་ཤར་བ་ཐམས་ཅད་ཆོས་སྐུར་ཐག་ཆོད་ཅིག༔ ཡང་དག་པའི་ངོ་བོ་ལ་བསྒོམས་པས་བཟང་དུ་མ་སོང་༔ མ་བསྒོམས་པས་ངན་དུ་མ་སོང་༔ བཟང་ངན་གྱི་མཐའ་ཐམས་ཅད་དང་བྲལ་བ༔ སྐྱིད་སྡུག་གི་མཐའ་ཐམས་ཅད་དང་བྲལ་བས༔ ལེགས་ཉེས་ཀྱི་མཐའ་ཐམས་ཅད་དང་ཡང་བྲལ༔ མཐོ་དམན་གྱི་མཐའ་དང་ཡང་བྲལ༔ དགའ་ལོད་ཀྱི་མཐའ་དང་ཡང་བྲལ༔ གཅེས་འཛིན་གྱི་མཐའ་དང་ཡང་བྲལ༔ ཆོས་བརྒྱད་ཀྱི་མཐའ་དང་བྲལ༔ བཟང་ངན་གྱི་དགེ་སྡིག་དང་ཡང་བྲལ༔ སྤང་བླང་གི་སྲུང་སྡོམ་དང་ཡང་བྲལ༔ སྟོང་གསལ་འཛིན་མེད་རང་གྲོལ་འདི་ཡིན་ནོ༔ ཡང་དག་པར་རྟོགས་ན་སངས་རྒྱས་གཞན་ལོགས་ནས་སྒྲུབ་ཏུ་མེད༔ སྡིག་པ་སྤང་དུ་མེད༔ རིག་པ་སྟོང་གསལ་འཛིན་མེད་འདི་ཁོ་ན་ཡིན་ནོ༔ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ ཐོད་རྒལ་ལྷག་མཐོང་རང་གྲོལ་ལས་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ སློབ་མ་རྣམས་ཀྱིས་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་སྲུང་མའི་ཚོགས་ལ་མཉེས་པའི་ཚོགས་གཏོར་བཤམས་ལ༔ བླ་མས་གསང་བ་ལམ་འཁྱེར་གྱི་ཆོས་སྐུའི་ངོ་སྤྲོད་ལྟ་སྟངས་ཀྱི་དམིགས་པ་འདི་ལྟར་འབོགས་སོ༔ རང་རང་རྣམས་ནམ་མཁའ་དག་པའི་དུས་སུ་ལུས་ནི་རྡོ་རྗེའི་སྐྱིལ་ཀྲུང་བཅས་ལ༔ ཁ་ནི་ནུབ་ཏུ་བསྟན༔ ལག་པ་གཉིས་ཁུ་ཚུར་བཅང་ལ་བརླ་ཁུག་གཉིས་མནན་སྐེད་པ་དྲང་པོར་བསྲངས་པས་ལུས་དྲང་༔ ལུས་དྲང་པས་རྩ་དྲང་༔ རྩ་དྲང་པས་རླུང་དྲང་༔ རླུང་དྲང་པས་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་འབྱུང་ངོ་༔ དཔུང་པ་རྒོད་གཤོག་བཞིན་དུ་བརྒྱངས་པས་རྩ་བཞིའི་ཀ་བ་ཚུགས༔ མིག་ནི་ཁྲོ་བོའི་སྤྱན་བཞིན་རབ་ཏུ་བསྒྲད་པས་ལྟ་སྟངས་ལ་ཧྲིག་གེ་བཞག༔ དེ་ལ་ཉམས་མཐོང་སྣང་གསུམ་འབྱུང་སྟེ༔ རབ་ལ་བཀའ་བརྒྱུད་ཀྱི་ཕོ་བྲང་དང་༔ ཡི་དམ་དང་མཁའ་འགྲོ་དངོས་སུ་ཆོས་ཉིད་ཀྱི་ངང་དུ་མཐོང་༔ དབང་པོ་འབྲིང་གིས་ནམ་མཁའི་དབྱིངས་ལ་ཞི་ཁྲོ་དང་རིགས་ལྔའི་ཕོ་བྲང་དངོས་སུ་མཐོང་༔ དབང་པོ་ཐ་མས་དྲྭ་བ་དྲྭ་ཕྱེད་དང་༔ རྡོ་རྗེ་དྲིལ་བུ་དང་༔ དབུ་རྒྱན་དང་༔ ཐིག་ལེ་དང་༔ མཆོད་རྟེན་དང་༔ འོད་ཀྱི་འཕྲེང་བའི་ལུ་གུ་རྒྱུད་ལ་སོགས་པ་མཐོང་ངོ་༔ དེ་རྣམས་མཐོང་བ་ལ་ཡོན་ཏན་ཅི་ཡོད་ན༔ བེམ་རིག་བྲལ་བའི་ཚེ༔ བར་དོ་མེད་པར་རིག་པ་སྟོང་གསལ་ཆོས་ཉིད་ཀྱི་ངང་ལ༔ ནམ་མཁའ་གཡའ་དག་པ་དང་བཅས་པ་སླར་སྲིད་པའི་འགྲོ་བ་སར་ཐོད་པ་མི་ཐེབས་པར་ཆོས་སྐུའི་ཞིང་ལ་སངས་རྒྱས་པའི་དགོས་པ་ཁྱད་པར་ཅན་ཡོད་དོ༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ ཆོས་སྐུ་མངོན་སུམ་དུ་མཐོང་བ་ཁྲིད་ཀྱི་ཞལ་གདམས༔ ཆོས་ཐུན་བཅུ་བདུན་པ་སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ ལོངས་སྐུ་ངོ་སྤྲོད་ནི༔ སྟན་ནམ་ཁྲི་མཐོན་པོའི་སྟེང་དུ་དམ་ཚིག་དང་ལྡན་པའི་བླ་མས༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ༔ དབུ་ལ་རིགས་ལྔའི་དབུ་རྒྱན་གསོལ༔ ཕྱག་གཉིས་སུ་ཌ་དྲིལ་བསྣམས༔ ལོངས་སྤྱོད་རྫོགས་པའི་ཆས་སུ་ཞུགས༔ དེའི་སྤྱི་བོར་ཡེ་ཤེས་མཁའ་འགྲོ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བསམ༔ བླ་མའི་ཐུགས་ཀར་ཕག་མོའི་བྲིས་སྐུ་མཁའ་འགྲོས་བསྐོར་བ་གཅིག་བཞུགས་ལ༔ དེ་ནས་ནམ་མཁའ་གཡའ་དག་པ་ལ་ཉི་མ་རྩེར་ཤར་བ་དང་༔ སྔོན་དུ་འགྲོ་བ་མཎྜལ་ལ་སོགས་པ་ཕུལ་ནས༔ ལས་ཀྱི་སློབ་དཔོན་གྱིས་ཤེལ་གཡའ་དག་པ་གཅིག་ལ་ལྟ་རུ་འཇུག་གོ༔ དེ་ལྟར་བླ་མའི་སྐུ་གཅིག་དང་ཡི་དམ་གྱི་སྐུ་གཅིག་ལ་གཅིག་བརྩེགས་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ༔ མཁའ་སྤྱོད་བདེ་བ་ཅན་གྱི་གནས་སུ་དྭངས་སང་ངེ་ཀྱི་བར་དང་སེང་མཐོང་ཡོང་ངོ་༔ དེ་ནས་བླ་མས་དམིགས་པ་འདི་ལྟར་འབོགས་སོ༔ འོ་སྐལ་ལྡན་རིགས་ཀྱི་བུ་ཚོ་ཉོན༔ མན་ཤེལ་འདི་སུས་ཀྱང་མ་བཅོས་པ་ཡིན་བཞིན་དུ༔ ལོངས་སྐུ་རིགས་ལྔ་སྟོང་གསལ་རང་བཞིན་ལྷུན་གྲུབ་ཏུ་ཤེས་པར་གྱིས་ཤིག༔ མན་ཤེལ་ལ་ཕྱི་ནང་མེད་པ་དག་པ་ཟང་ཐལ་ལེ་བཞིན་དུ༔ ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡང་རིག་པ་སྟོང་གསལ་ཕྱི་ནང་མེད་པར་ཟང་ཐལ་ལེ་བར་ཤེས་པར་གྱིས་ཤིག༔ དཔེ་ཅིག་ཤོས་ན་མན་ཤེལ་ལ་ཕྱི་ནང་མེད་པའི་ནང་ནས༔ འོད་ལྔ་ཕྱི་རུ་ཤར་བ་བཞིན་དུ༔ ལོངས་སྐུའི་ཀློང་ན་རིག་པ་སྟོང་གསལ་ལ༔ གཟུགས་སྐུ་གཉིས་ཕྱིར་ཕྱེད་ནུས་པར་གྱིས་ཤིག༔ མན་ཤེལ་ལ་རྒྱབ་མདུན་མེད་པ་བཞིན་དུ༔ ལོངས་སྐུ་རིག་པ་སྟོང་གསལ་རྒྱབ་མདུན་དང་ངོ་ལྐོག་མེད་པར་ངོ་བོ་ཀ་ནས་དག་པར་ཤེས་པར་གྱིས་ཤིག༔ མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ ལོངས་སྐུ་འགག་མེད་དུ་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅྭོ་བརྒྱད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མཁའ་འགྲོ་གསང་བ་ལམ་འཁྱེར་ལས་སྤྲུལ་སྐུའི་ངོ་སྤྲོད་འདི་ལྟར་བྱའོ༔ ནམ་མཁའ་དྭངས་པོ་ལ་ཉི་མ་རྩེར་ཤར་བ་དང་༔ སློབ་མའི་ཚོགས་རྣམས་གྲལ་ལ་བཀོད་ལ༔ ཉི་མ་ལ་ཁ་བསྟན༔ ལུས་ཕྱེད་སྐྱིལ་བྱས་ལ༔ མིག་དར་བཀབ་ལ་ཉི་མའི་དཀྱིལ་འཁོར་གྱི་དཀྱིལ་ལ་རྩེ་གཅིག་ཏུ་མ་ཡེངས་པར་ལྟར་འཇུག་གོ༔ དེ་ནས་བླ་མས་ངོ་སྤྲོད་འདི་ལྟར་བྱའོ༔ འོ་ཉི་མའི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེ་སེམས་དཔའི་སྐུ་ཡོད་པས༔ དེ་མཐོང་ན་སྐད་ཅིག་གཅིག་ལ་སྤྲུལ་པའི་སྐུ་ཐོབ་བོ༔ གཞན་ཡང་འཇའ་ཚོན་ལྔ་ནི་རིགས་ལྔའི་ཞིང་ཁམས་སུ་ངོ་སྤྲད་ལ༔ འདི་རྣམས་མཐོང་ནས་སྤྲུལ་པའི་སྐུར་སངས་རྒྱའོ༔ གཞན་ཡང་ཐིག་ལེ་དང་དྲྭ་བ་དྲྭ་ཕྱེད་དང་༔ པ་ཏྲ་དང་པདྨ་ལ་སོགས་པ་རིགས་ལྔའི་ཕྱག་མཚན་དང་ས་བོན༔ ཚོམ་བུ་རྣམས་མཐོང་བ་ནི༔ འཆར་སྒོ་དང་སངས་རྒྱས་སུམ་སྟོང་གི་སྐུ་མཐོང་བས་བར་དོ་མེད་པར་སྤྲུལ་པའི་སྐུར་སངས་རྒྱའོ༔ གསང་བ་ལམ་ཁྱེར་ལས༔ སྤྲུལ་སྐུ་རིགས་ལྔ་སྟོང་གསལ་དབྱེར་མེད་ཡི་དམ་གྱི་ཞིང་ཁམས་སུ་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་བཅུ་དགུ་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ སྒྱུ་ལུས་ཚོགས་འཁོར་གྱི་གདམས་པ་འདི་ལྟར་རོ༔ སློབ་མའི་ཚོགས་ཀྱིས་མཁའ་འགྲོ་ལ་ཚོགས་འཁོར་བཤམས༔ གཏེར་བདག་ལ་དམར་གཏོར་བཤམས་ལ༔ དེ་ནས་ཐམས་ཅད་ལུས་སེམས་དཔའི་སྐྱིལ་ཀྲུང་དུ་འདུག་སྟེ༔ བཀའ་བརྒྱུད་ཀྱི་བླ་མ་དང་༔ ཡི་དམ་ལྷ་ཚོགས༔ མཁའ་འགྲོ་རྒྱ་མཚོ་ཆོས་སྐྱོང་སྲུང་མ་རྣམས་སྤྱན་དྲངས༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད༔ གཞི་བདག༔ ཁྱད་པར་དུ་གནོད་བྱེད་ཀྱི་ལྷ་འདྲེ་དྲི་ཟ༔ ཡི་དྭགས་འབྱུང་པོ༔ སྡང་པར་བྱེད་པའི་དགྲ༔ གནོད་པར་བྱེད་པའི་བགེགས༔ སྒྲུབ་པ་པོའི་ཚེ་སྲོག་ལ་བར་དུ་གཅོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ གདོན་རིགས་སྟོང་ཕྲག་བདུན་ཅུ༔ ཕྱོགས་བཅུ་དང་སྟོང་གསུམ་གྱི་འགྲོ་བ་དང་ལན་ཆགས་ཐམས་ཅད་སྙིང་རྗེའི་སྟོབས་ཀྱིས་མགྲོན་དུ་སྤྱན་དྲངས་ནས༔ བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད༔ མདུན་གྱི་ནམ་མཁའ་ཐམས་ཅད་བཀའ་བརྒྱུད་ཀྱི་བླ་མ་རྒྱལ་བ་རྒྱ་མཚོ༔ ཡི་དམ་རྒྱ་མཚོ༔ རྒྱལ་བ་སྲས་དང་སློབ་མར་བཅས་པ༔ ཆོས་སྐྱོང་རྒྱ་མཚོ༔ འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ༔ ནམ་མཁའི་ཁམས་ཐམས་ཅད་སྤྲིན་ཕུང་འཐིབས་པ་ལྟ་བུར་བཞུགས་པ་ལས༔ སྒྱུ་ལུས་འདི་གཅེས་པ་སྤུ་ཙམ་ཡང་མེད་པའི་བློས་གཏང་གིས༔ རང་སེམས་རིག་པ་སྟོང་གསལ་འདི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་སྙིང་ནང་རྩ་དབུ་མ་རྒྱུ་མ་ཕུས་བཏབ་པ་སྒྱུ་ལུས་ཀྱི་དབུས་དྲང་པོ་ལ་གནས་པའི་སྙིང་གི་དབུ་མའི་ནང་དུ་གནས་པར་སྒོམ༔ དེའི་ངང་ནས་དྲག་རླུང་བུམ་པ་ཅན་བཟུང་ལ་སྣ་གཉིས་ནས་རླུང་མར་རྔུབ་པས་དབུ་མའི་མར་སྣའི་ནང་དུ༔ རོ་རྐྱང་གི་སྣེ་མོ་ཡར་བཀུག་སྟེ་ཚུད་པའི་ནང་ལ་ཡར་ཞུགས༔ དབུ་མའི་ཡར་སྣེ་ཚངས་བུག་གི་སྒོ་དཀར་ས་ལེ་ཕྱེ་ཡོད་པར་བསྒོམ༔ ཡང་དྲག་རླུང་ཁ་སྦྱོར་གཅིག་བསྒོམ་ལ་དེའི་ངང་ནས་སྙིང་ནང་ནས་དབུ་མའི་གསེར་གྱི་རྡོ་རྗེ་དྲན་པ་ལས་ཕཊ་ཅེས་བརྗོད་པས་རྒྱངས་སོང་མགྲིན་པར་སླེབ༔ ཕཊ་ཅེས་རིམ་པས་སྨིན་མཚམས་དང་༔ སྤྱི་བོ་ཚངས་བུག་གི་ཁར་སོང་ནས༔ ཕཊ་བརྗོད་པས་མདུན་གྱི་བླ་མ་རྒྱལ་བ་རྒྱ་མཚོ་ལ་སོགས་པའི་སྐུའམ་ཐུགས་ཀར་རྒྱངས་ཐིམ་དབྱེར་མེད་དུ་ཕྲུག་འདྲེས་པར་བསམ་པ་དང་༔ རིག་པ་མ་བཅོས་ལྷུན་གྲུབ་ཀྱི་ངང་ལ་བཞག༔ བླ་མ་རྣམས་ཀྱི་ཐུགས་ཀ་ནས༔ ལས་ཀྱི་ཌཱཀྐི་གྲི་ཐོད་ཐོགས་པ་གཅིག་འཕྲོས༔ བླ་མ་རྣམས་དང་ཌཱཀྐི་དེས་ཨོཾ་ཨཱཿཧཱུཾ༔ བརྗོད་པ་ལས་མདུན་གྱི་ས་གཞི་ཡངས་པའི་ཁྱོན་དང་ལྡན་པ་འདིར༔ ཐོད་པ་སྐམ་པོའི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གངས་རི་ལྟར་དཀར་ལ་འཚེར་བ་གསུམ་དུ་གྱུར༔ དེའི་སྟེང་དུ་ལས་ཀྱི་ཌཱཀྐི་མས་ཨོཾ་ཨཱཿཧཱུྃ༔ ཞེས་གྲི་གུག་གིས་རང་ལུས་ཆགས་མེད་དུ་བསྐྱུར་བའི་ཕུང་པོ་དེའི་སྨིན་མཚམས་ཡན་རྦད་དེ་བཅད་ལ་སྒྱེད་པུའི་སྟེང་དུ་ཀླད་པ་ངང་ལ་སེར་བ་བཅས་ལིང་སྟེ་བཀང་༔ སླར་ཡང་ལས་ཀྱི་ཌཱཀྐི་དེས་ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་པ་ལས་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཐབ་དེའི་འོག་ཏུ་ཡཾ་ལས་རླུང་གཡོས༔ རཾ་ལས་མེ་སྦར་ཐོད་པའི་རྫས་ཞུ་ཁོལ་བའི་རླངས་པ་ཡི་གེ་གསུམ་གྱི་འོད་ཟེར་ལྕགས་མདུན་གྱི་རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕོག༔ ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ཀ་པཱ་ལ་དང་བཅས་པ་ཀུན་དམ་ཚིག་གི་བདུད་རྩི་ཀ་པཱ་ལ་བདུད་རྩི་དང་བཅས་དབྱེར་མེད་དུ་ཐིམ༔ ཌཱཀྐི་མ་དེའི་ཐུགས་ཀ་ནས་དེ་འདྲ་བ་དཔག་མེད་སྤྲུལ་ཀ་པཱ་ལ་ལྡུམ་ལྡུམ་བཅུས༔ བླ་མ་ཡི་དམ་རྒྱལ་བ་སྲས་བཅས་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པའི་མགྲོན་ཐམས་ཅད་མཉེས་པར་བྱས་པས༔ སྔར་གྱི་རྒྱལ་བ་རྒྱ་མཚོའི་ཞལ་རྣམས་ནས་མགྲིན་གཅིག་ཏུ༔ ཨོཾ་ཨཱཿཧཱུྃ་བརྗོད་པས་ཌཱཀྐི་དེ་རྣམས་ཀྱིས་གྲི་གུག་གིས་ལྤགས་པ་ལིང་བཤུས༔ དམར་ཆལ་ཏེ་བཏང་མ་ལུས་ལྷག་དེའི་མིག་སོགས་དབང་པོ་ལྔ༔ སྙིང་སོགས་དོན་སྙིང་ལྔ་དང་སྣོད་དྲུག༔ ཡན་ལག་ཉིང་ལག༔ མདོར་ན་ཕྱི་དང་ནང་སྟེ་ཟག་རྫས་སུམ་ཅུ་སོ་དྲུག་པོ་རེ་རེ་ནས་ཇི་ལྟར་འདོད་པའི་དངོས་པོ་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་དང་༔ དཀར་གསུམ་དང་མངར་གསུམ༔ རྟ་དང་གླང་པོ༔ གོས་དར་གསེར་གཡུ་ལ་སོགས་འདོད་ཡོན་དཔག་ཏུ་མེད་པར་དམིགས་ལ༔ མགྲོན་གྱི་རིགས་ས་དང་བར་སྣང་མ་ལུས་པར་ཁྱབ་པ་ཐམས་ཅད་མཉེས་ཤིང་དགའ་མགུ་ཡི་རངས་པར་མ་གྱུར་གྱི་བར་ལོངས་སྤྱད་པས་ཚིམ་པར་བསམ༔ ཕཊ་ཅེས་བརྗོད་ལ་ལས་ཀྱི་ཌཱཀྐི་དཔག་མེད་རྣམས་སྔར་གྱི་གཅིག་པུ་ལ་སིབ་འདུས༔ ཡང་ཕཊ་བརྗོད་ཌཱཀྐི་དེ་དག་པ་མཁའ་སྤྱོད་ལ་ལྤགས་པ་དེ་ཕྲུག་སྤྲུགས་ནས་ཆགས་མེད་དུ་ཁྱེར་སོང་པར་བསྒོམ༔ ཤུལ་དུ་ལྷག་མའི་དངོས་པོ་ཤར་དུ་བདུད་རྩིའི་ཕུང་པོ་རི་རབ་ཙམ༔ ལྷོར་རུས་པའི་ཕུང་པོ་རི་རབ་ཙམ༔ ནུབ་ཏུ་ཤའི་ཕུང་པོ་རི་རབ་ཙམ༔ བྱང་དུ་ཁྲག་གི་ཕུང་པོ་རྒྱ་མཚོ་སྟོང་གསུམ་ཙམ༔ དེ་རྣམས་ལ་སྔར་མེད་ཀྱི་འབྱུང་པོ་བར་དུ་ལྷག་པ་དང་༔ ལྷག་ལྷག་སྙིང་པ་སོགས་ད་དུང་མགྲོན་དེ་ཐམས་ཅད་ཀྱིས་དུར་ཁྲོད་ཀྱི་རོ་ལ་ཟ་བའི་བྱ་འཐིབས་པ་ལྟ་བུའམ༔ ངན་སློང་སྟོན་མོ་ལ་འཐིབས་ནས་ཟ་བ་ལྟ་བུའམ༔ སྦྲང་བུ་རྩི་ཐོག་ལ་འཐིབས་པ་ལྟ་བུའམ༔ འབུས་ཤ་ཟ་བ་ལྟ་བུ་ཇི་ལྟར་འདོད་འདོད་དུ་ལོངས་སྤྱོད་པར་བསམ་མོ༔ དེ་ལྟར་སྤྱིར་སེམས་ཅན་ཐམས་ཅད་དང་༔ སྒོས་ཕ་མ༔ ཁྱད་པར་རང་ཉིད་གཅེས་འཛིན་གཅིག་གིས་བཅིངས་པ་ལ་ཆོས་བྱེད་ཀྱང་བདག་འཛིན་བློས་མ་ཐོངས་པའི་སྐྱོན་གྱིས༔ འདོད་པ་བགེགས་སུ་སོང་བས་བར་གཅོད་འོང་པ་རྣམས་བཟློག༔ དཀོན་མཆོག་གི་བྱིན་རླབས་ཞུགས་ནས་བསམས་པ་ཆོས་བཞིན་དུ་འགྲུབ༔ དངོས་གྲུབ་ཆར་ལྟར་འབབ༔ བཅོལ་བའི་འཕྲིན་ལས་ཀྱི་བྲན་མཁའ་འགྲོ་དང་གཏེར་བདག་གིས་བསྒྲུབ༔ ཚེ་དང་དཔལ་འབྱོར་ཡར་ངོ་ལྟར་འཕེལ་རྒྱས་འོང་༔ དཀོན་མཆོག་མཆོད་པས་མཉེས༔ དམ་ཅན་ཐུགས་དམ་བསྐང་༔ རིགས་དྲུག་བུ་ལོན་དང་ལན་ཆགས་བྱང་བར་འགྱུར་རོ༔ དམིགས་ཐུན་ཚར་ནས་བྱ་བ་གཞན་ལ་མི་འཇུག་པའི་སྔ་རོལ་དུ་དགེ་བ་བྱང་ཆུབ་ཏུ་བསྔོ་བས་རྒྱས་འདེབས་སོ༔ སྒྱུ་ལུས་ཚོགས་འཁོར་དུ་ངོ་སྤྲད་པའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉི་ཤུ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ རྨི་ལམ་འོད་གསལ་དུ་འཁྱེར་བའི་གདམས་པ་འདི་ལྟར་རོ༔ རང་ལུས་འདོམ་གང་གྲུ་བཞི་ལས་སྙིང་ཁ་ཆོས་ཀྱི་ཕོ་བྲང་གི་དབུས་སུ༔ སྣོད་པདྨ་འདབ་བཞིའི་དབུས་མཐིང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་༔ དབུས་སུ་རང་གི་སེམས་ཀྱི་ངོ་བོ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བའི་ནང་དུ་ཨ་མཐིང་ག༔ ཤར་གྱི་འདབ་མ་ལ་ཧ་དཀར་པོ༔ དེ་བཞིན་ལྷོར་རི་སེར་པོ༔ ནུབ་ཏུ་ནི་དམར་པོ༔ བྱང་དུ་ས་ལྗང་ཁུ་བསམས་ལ༔ སྐྱབས་འགྲོ་སེམས་བསྐྱེད་ཀྱི་རིམ་པ་གོང་བཞིན་བྱ༔ ཉལ་བའི་དུས་གཞོགས་གཡས་འོག་ཏུ་བཅུག༔ མགོ་བྱང་དུ་བསྟན༔ ལག་པ་གཡས་པ་འགྲམ་པ་ལ་བརྟེན་ནས་སྲིན་ལག་གིས་རྩེ་ཆུང་གི་འཕར་རྩ་མནན༔ ལག་པ་གཡོན་གྱིས་མགོའི་སྟེང་དུ་བཀབ༔ གཡོན་པའི་བོལ་གྱིས་གཡས་པའི་བོལ་སྟེང་མནན༔ སེང་གེའི་ཉལ་ཐབས་སུ་འདུག་ལ༔ ལུས་བསྐྱེད་པའི་རིམ་པ་རྡོ་རྗེ་ཕག་མོར་བསྒོམ༔ སྤྱི་བོར་ཨོ་རྒྱན་རྩའི་འཁོར་ལོ་ལྔ་ལ་མཁའ་འགྲོ་སྡེ་ལྔ་བསྒོམ་ལ༔ སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྨི་ལམ་འོད་གསལ་སྦྱོང་སྙམ་པའི་འདུན་པ་ཆེར་བསྐྱེད་ལ༔ ངག་ཏུ་རྨི་ལམ་སྒྱུ་མ་འོད་གསལ་དུ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ༔ འོད་གསལ་གྱི་ཏིང་ངེ་འཛིན་མྱུར་དུ་རྒྱུད་ལ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཚེ་འདི་ཉིད་ལ་རྡོ་རྗེ་ཕག་མོའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས་ཤིག༔ ཅེས་བྱས་ལ་དམིགས་པ་དང་དབུས་ཀྱི་ཨ་མཐིང་ལ་གཏད༔ དེ་ནས་གཉིད་མཉམ་པ་ཉིད་དུ་འགྲོ་ཁ་ན་ཤར་གྱི་ཧ་ལ་རིག་པ་གཏད༔ གཉིད་དུ་སིབ་སིབ་འགྲོ་ཙ་ན་ལྷོའི་རི་ལ་རིག་པ་གཏད༔ གཉིད་དུ་ཆེར་འགྲོ་ཙ་ན་ནུབ་ཀྱི་ནི་ལ་རིག་པ་གཏད༔ གཉིད་དུ་ཐིམ་འགྲོ་ཙ་ན་བྱང་གི་ས་ལ་རིག་པ་གཏད་དེ༔ རིག་པ་སྟོང་གསལ་གྱི་ངང་ལ་ལྷན་ནེ་བཞག་པས༔ རྨི་ལམ་ངོས་ཟིན་འོང་༔ དེ་ནས་རྨི་ལམ་བཟུང་བས་འོད་གསལ་འཆར༔ དང་པོ་སྙིང་གི་སྣ་ཚོགས་པདྨ་དབུས་མཐིང་ག༔ ཤར་དཀར༔ ལྷོ་སེར༔ ནུབ་དམར༔ བྱང་ལྗང་༔ དེ་ཁ་དོག་སོ་སོར་མ་འདྲེས་པར་འཆར་རོ༔ ད་དུང་སྦྱངས་པས་ཉལ་བའི་རང་གི་མལ་ལ་སོགས་ཁྲ་ཡལ་གྱིས་འཆར་རོ༔ དེ་ནས་གནས་ཁང་༔ དེ་ནས་ལུང་པ་ཙམ༔ དེ་ནས་ལུང་པ་འབྲེལ་མ་མང་པོ་གསལ་ཞིང་མཐོང་༔ དེ་ནས་གླིང་འདི་དང་གླིང་བཞི་རི་རབ་དང་བཅས་པ་གྲངས་མཐའ་ཡས་པ་མཐོང་༔ ད་དུང་མ་ཡེངས་པར་སྦྱངས་པས་རིགས་ལྔ་ལ་སོགས་པའི་ཞིང་ཁམས་དཔག་ཏུ་མེད་པ་བཀོད་པ་ཇི་ལྟ་བ་བཞིན་མཐོང་བ་དང་༔ རྒྱལ་བ་རེ་རེའི་སྤྱན་སྔར་སྤྲུལ་ནས་ཆོས་ཞུ་བ་ཐེག་པ་ཆེན་པོའི་རྣལ་འབྱོར་ཤ་སྟག་ཏུ་གྱུར་ནས༔ བར་དོར་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་རྣམ་པར་གྲོལ་བ་ལ་ཐེ་ཚོམ་མེད་དོ༔ རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ རྨི་ལམ་འོད་གསལ་དུ་འཁྱེར་བའི་ཆོས་ཐུན་ཉི་ཤུ་རྩ་གཅིག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཁ་ཐམ༔ ༈ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་མཁའ་སྤྱོད་དུ་འཕོ་བའི་གདམས་པ་འདི་ལྟར་རོ༔ དེ་ལ་དམ་ཚིག་དང་ལྡན་པའི་བླ་མས་སྣོད་དང་ལྡན་པའི་སློབ་མ་ལ་དམིགས་པ་འདི་ལྟར་འབོགས༔ བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་ཡི་དམ་མཁའ་འགྲོ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ་ལ༔ རང་ཉིད་སྟན་བདེ་བ་ལ་ལུས་སེམས་སྐྱིལ་བྱས་དྲང་པོར་བསྲངས་ལ༔ ལག་གཉིས་པུས་མོ་གཉིས་ཀྱི་ཁར་བཀབ༔ རོ་སྟོད་བརྒྱངས་རྐྱང་རྒྱངས་ལ་རྩ་གསུམ་དང་འཁོར་ལོ་ལྔ་གསལ་གདབ༔ དེ་ཡང་རྩ་གསུམ་ནི་མཐིང་ག་ཆོས་སྐུ༔ གཡས་རྐྱང་མ་དཀར་མོ་སྤྲུལ་སྐུ༔ གཡོན་རོ་མ་དམར་མོ་ལོངས་སྤྱོད་རྫོགས་པའི་སྐུ༔ འཁོར་ལོ་ལྔ་ནི་རིམ་པ་བཞིན་གསང་གནས་རྡོ་རྗེ་མཁའ་འགྲོའི་ཕོ་བྲང་དཀར་མོ༔ ལྟེ་བ་རིན་ཆེན་མཁའ་འགྲོའི་ཕོ་བྲང་སེར་མོ༔ སྙིང་ཁ་པདྨ་མཁའ་འགྲོའི་ཕོ་བྲང་དམར་མོ༔ མགྲིན་པ་ལས་ཀྱི་མཁའ་འགྲོའི་ཕོ་བྲང་ལྗང་ཁུ༔ སྤྱི་བོར་སངས་རྒྱས་མཁའ་འགྲོའི་ཕོ་བྲང་མཐིང་གར་གསལ་བཏབ༔ དེ་ནས་རང་གི་སེམས་ཉིད་རིག་པ་སྟོང་གསལ་གྱི་ངོ་བོ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་ལྔ་ཡིན༔ རྣམ་པ་གསེར་གྱི་རྡོ་རྗེ་རྩེ་གཅིག་པ་དེ་གཉིས་སུ་དབྱེར་མེད་པ༔ རྡོ་རྗེ་རྩེ་གཅིག་པ་དེ་རྩ་གསུམ་འདུས་པའི་ངོ་བོ་དབུ་མའི་མར་སྣའི་ནང་དུ་གནས་པ༔ དེ་ཡང་རྩ་གསུམ་པོ་ཁ་དོག་ཐ་དད་དུ་དབྱིབས་ལུག་གི་རྒྱུ་མ་ཕུས་བཏབ་པ་བཞིན་སྟོང་སེང་བ༔ མར་སྣེ་ནས་བལྟས་པའི་དབུ་མའི་ཡར་སྣེ་ཚངས་བུག་དཀར་ལྟེམ་མེ་མཐོང་བ་ལྟ་བུ་ཡོད་པ༔ སྣ་བུག་གཉིས་རླུང་མར་ཕྱིར་མནན་པ་དང་༔ རོ་རྐྱང་གཉིས་ལ་རྒྱུ་དེད་བཏང་བ་བཞིན་མར་སོང་༔ རྩ་གསུམ་ཡི་གེ་ཆའི་འཕོངས་ལྟར་ཡོད་པའི་དབུ་མའི་ནང་ལ་ཡར་ཞུགས༔ རླུང་གིས་ཡར་བཏེགས༔ ཧིག་ཤིན་ཏུ་དྲག་པོས་ཡར་ལ་དྲངས་ནས༔ སྦྱོང་པའི་དུས་སངས་རྒྱས་མཁའ་འགྲོའི་ཕོ་བྲང་གི་ཚངས་བུག་ཡི་གེ་ཀྵ་ནག་པོ་གཅིག་གིས་བཀག་ཡོད་པ་ལ་ཐུགས་སླེབ་པའི་མོས་པ་བྱེད་ཅིང་ཧིག་དྲག་པོ་དང་བཅས་ནས་ལན་བརྒྱ་ཙམ་འབྱུངས་པའི་ཕྱག་ལེན་ལ་བྱུང་པར་བྱེད༔ འབྱོངས་པ་ལ་སྤྱི་བོ་སྐྲངས་པ་དང་༔ ན་བ་དང་༔ ཆུ་སེར་ཐོན་པ་དང་༔ མིག་མར་མི་ཕེབས་པ་དང་༔ འཕར་བ་དང་༔ འཁྲབ་པ་དང་༔ སྤྱི་བོ་ཟ་བ་དང་༔ ལུས་སྐྱི་གཡའ་བས་གྲང་ཤུམ་བྱེད་པ་འདྲ་བ་དང་༔ མིག་ན་བ་དང་༔ མགོ་བོ་འཁོར་བ་དང་༔ མགོ་བོ་ཧ་ཅང་གས་ལ་ཁད་པ་དང་༔ དྲན་པ་ཕྲ་མོ་མི་འགྱུ་བ་དང་༔ སྐྱུག་པ་དང་༔ སྐྱུག་ལོག་ལོག་བྱེད་པ་འོང་༔ དེ་འབྱངས་པའི་རྟགས་ཐུན་མོང་མ་ཡིན་པའོ༔ སྦྱོང་བ་འདི་ཟླ་བ་རེ་ཙམ་ལན་རེ་ཙམ་དམིགས་པ་བྱང་བ་ཡོད་པ་གལ་ཆེ༔ དྲན་པས་ཆོག་པའི་འཕོ་བ་ཡིན༔ ལུས་ལ་ནད་དམ་པོས་བཟུང་༔ ཁ་རྗེ་དང་དབང་ཐང་ཉམས༔ ཚེ་འདིའི་འདུག་སྐལ་རྫོགས་ནས་རྟིང་མའི་སར་འགྲོ་དགོས་པས༔ ལུས་ཀྱི་འབྱུང་པའི་རྟགས་རྣམས་རིམ་གྱིས་རྫོགས༔ བེམ་རིག་བྲལ་བའི་དུས་ལ་བབ་པ་ན༔ ཅི་ལ་ཡང་ཆགས་ཞེན་སྤུ་རྩེ་ཙམ་ཡང་མི་བྱེད༔ ང་རྒྱལ་དང་ཁེ་གྲགས༔ ཚེ་འདིའི་འདུན་མ་བུ་དང་བུ་མོ༔ གཉེན་དང་ཉེ་འཁོར༔ གྲོགས་དང་དགའ་མཛའ༔ ནོར་དང་ལོངས་སྤྱོད་ཐམས་ཅད་རྨི་ལམ་སྒྱུ་མའི་ངོར་ཤེས་པར་བྱས་ལ༔ འཇིག་རྟེན་དེར་རྟོག་གི་བསམ་པ་རྣམས་ལིང་དོར་ནས་དགོས་ངོ་ཤེས་པ་བླ་མ་དམ་པའི་གདམས་ངག་མ་ཡེངས་པར་སེམས་ལ་བཅངས་ནས་ཁྱད་པར་འཕོ་བའི་གདམས་པ་སྐད་ཅིག་གིས་རྫོགས་སངས་རྒྱས་པ་འདི་བསྒོམ་དགོས་ཏེ༔ དེ་ཡང་ངེས་པར་དུས་ལ་བབ་པར་ཤེས་ནས༔ སེམས་འདི་གསེར་གྱི་རྡོ་རྗེ་རྩེ་གཅིག་པ་རྩ་གསུམ་འདུས་ཙམ་པའི་དབུ་མའི་སྣེ་ན་སེར་ལྷག་ཡོད་པ་དེ༔ སྔར་བཞིན་རླུང་སྣ་གཉིས་ནས་མར་མནན༔ འོག་སྒོ་ཡར་འཐེན་ཧིག་ཅེས་དྲག་ཏུ་སྒྱུར་བས་སྐུམ་སྐུམ་བྱས༔ རིམ་པ་ལྟར་རྩ་འཁོར་རྣམས་བགྲོད༔ དང་པོ་མས་ནས་ཡར་ཡོང་དུས་འཁོར་ལོ་རང་རང་གིས་མཁའ་འགྲོས་བཏེགས་ནས་འོང་པར་བསམ་ལ༔ སྤྱི་བོར་མཁའ་འགྲོ་དང་དབྱེར་མེད་སྒོམ་པ་དང་༔ སྦྱང་པའི་དུས་ཚངས་བུག་ཀྵ་ཡིག་ནག་པོས་བཀག་པ་དེ༔ འཕོ་བའི་དུས་རྡོ་རྗེ་རག་པ་ཙམ་གྱིས་སང་ཕྱེ་ནས༔ བུག་པ་དཀར་ལྟེམ་མེ་ཡོད་པ་ལས༔ རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ༔ ལྟ་རྒྱུག་བུག་རྒྱང་མདའ་བུ་གུ་ལ་ཉི་ཟེར་ཤར་བ་ལྟ་བུ་དམིགས་པ་གསལ་པོ་དེའི་ངང་ནས་རྩལ་ཆེན་གྱིས་མདའ་འཕང་བའམ༔ སྟག་བུང་མཁའ་ལ་འཕུར་བ་བཞིན་དུ་ཆགས་ཐོགས་མེད་པར་རྒྱང་སོང་༔ བན་དེ་ཆོས་ལ་དབང་བྱ་བས་རོལ་མོའི་སྒྲ་དང་བཅས་ཏེ༔ རིག་པ་དགའ་བདེ་དབྱེར་མེད་པ་དང་༔ སྤྲོ་བ་དང་བཅས་པའི་ངང་ནས་དབང་པོ་རབ་རིག་པ་སྤྲོས་བྲལ་ཆོས་སྐུའི་ཞིང་ཁམས་སྟུག་པོ་བཀོད་པར་སངས་རྒྱས་པའི་འཕོ་བར་བྱེད༔ དབང་པོ་འབྲིང་འགག་མེད་ཀྱི་ངང་ནས༔ ལོངས་སྐུའི་ཞིང་ཁམས་དག་པ་མཁའ་སྤྱོད་དུ་འཕོ་བས་བགྲོད་པར་བྱེད༔ དབང་པོ་ཐ་མ་འཛིན་མེད་ཀྱི་ངང་ལ་སྤྲུལ་སྐུའི་ཞིང་ཁམས་བདེ་བ་ཅན་དུ་རྒྱང་འཕོ༔ དབང་པོ་རབ་འབྲིང་ཐ་གསུམ་སྐད་ཅིག་མ་ལ་སྐུ་གསུམ་གྱི་ཞིང་ཁམས་སུ་བགྲོད་པའི་གདམས་པ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སེམས་ཉིད་རིག་པ་སྟོང་གསལ་མཁའ་སྤྱོད་དུ་འཕོ་བའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་གཉིས་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བར་དོའི་ངོ་སྤྲོད༔ དམ་ཚིག་དང་ལྡན་པའི་བླ་མས༔ སྣོད་དང་ལྡན་པའི་སློབ་མ་ལ༔ བར་དོའི་ངོ་སྤྲོད་འདི་ལྟར་བྱ༔ བློགས་དཀར་ཀྱི་ཉི་མ་དང་༔ མདོ་ལེ་མའི་ངོ་སྤྲོད་བླ་མའི་ཞལ་ལས་ཤེས༔ དེའི་རྗེས་ལ་ངོ་སྤྲོད་ཀྱི་ཆོས་ཐུན་འདི་ལྟར་འབོགས༔ ཨེ་མ་སྐྱེ་གནས་བར་དོ་ལ་སྙིང་རུས་ཆུང་པས༔ རྨི་ལམ་བར་དོ་ལ་རང་སྣང་འཁྲུལ༔ བསམ་གཏན་བར་དོར་སྒོམ་སྲན་ཆུང་བས་འཆི་ཁའི་བར་དོར་དོན་མ་རྟོགས༔ ཆོས་ཉིད་བར་དོ་ལ་བརྟན་པ་མ་ཐོབ་པས་སྲིད་པ་བར་དོའི་ཡིད་ལུས་འདི་རྨི་ལམ་ལྟ་བུ་གཅིག་བྱུང་སྟེ༔ སྔར་གྱི་རང་ལུས་ཡོད་པ་སྙམ་བྱེད་དོ༔ སྲིད་པའི་བསམ་པས་གར་འགྱུ་འདོད་པར་ཐལ་ཏེ་གྱིས་སླེབ་ཡོང་༔ དུས་འདི་དགེ་སྡིག་གི་ཕན་པ་གཙོ་ཆེ་བས༔ དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ༔ རིག་པ་གར་འགྲོ་བ་དེར་འོད་རེས་སྣ་ཁྲིད༔ འོད་ནག་པོས་དམྱལ་བར་སྐྱེ༔ འོད་དམར་པོས་ཡི་དྭགས་སུ་སྐྱེ༔ འོད་སྔོན་པོས་དུད་འགྲོར་སྐྱེ༔ འོད་སེར་པོས་མིར་སྐྱེ༔ འོད་ལྗང་ཁུས་ལྷ་མིན་དུ་སྐྱེ༔ འོད་དཀར་པོས་ལྷར་སྐྱེ༔ འོད་དེ་རྣམས་ལས་འདམ་ན་སེར་པོ་འདམ་མོ༔ དེའི་དུས་སུ་བར་དོའི་སྣང་བ་ཤར་དུ་ཡོང་༔ ཤུལ་གྱི་ཉེ་འབྲེལ་གྱིས་རང་ལ་ངུ་འབོད་བྱེད་པས་རང་ཤི་བ་ནི་མ་ཤེས༔ ཁྱེད་རྣམས་དེ་ཙུག་མ་བྱེད༔ ང་མ་ཤི་བར་ཡོད་བྱས་པས༔ རང་ལ་ལུས་པོ་མེད་པས་ཁོང་རྣམས་ཀྱིས་ནི་མ་མཐོང་བས་ལན་མ་བྱུང་པ་དང་༔ རང་གིས་ཁོང་རྣམས་ཁྲོས་པར་མཐོང་༔ དེར་ཁོང་རྣམས་གཏམ་མི་ལབ་པའི་རྒྱུ་ཅི་ཡིན༔ ད་ཤི་བ་ཡིན་ནམ་སྙམ་ནས་ཆུ་དང་མེ་ལོང་གི་ནང་དུ་བལྟས་པས་རང་གི་བྱད་མ་ཤར་བ་དང་ཤི་བར་ངོ་ཤེས༔ དེར་བླ་མའི་ངོ་སྤྲོད་དྲན་ནས༔ ད་ནི་ཉེ་འབྲེལ་དང་ནོར་རྫས་ལ་སོགས་པ་ལ་མ་ཆགས་པར་བྱའོ༔ ཡི་དམ་ལྷ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ༔ རིག་པ་སྟོང་གསལ་གྱི་ངང་ལ་བཞག་གོ༔ དེར་ཡི་དམ་གྱི་སྣང་བ་ཤར་ནས་ཡར་གྱི་ཟང་ཐལ་ལ་སངས་རྒྱས་འགྲོ་བར་བཤད༔ དབང་པོ་ཐ་མའི་རབ་སྲིད་པ་བར་དོར་གྲོལ༔ དབང་པོ་ཐ་མའི་འབྲིང་ནི༔ དེའི་དུས་སུ་དྲན་པ་བདུན་འགྱུར་གྱིས་གསལ་ཏེ༔ སྐྱབས་འགྲོ་ལ་སོགས་ངོ་སྤྲོད་རྣམས་མི་དྲན་མི་སྲིད་པས༔ ག་རེ་ངའི་བླ་མའི་གདམས་ངག་ཀྱང་མ་དྲན་པར་འདུག་པ༔ འོད་གསལ་གྱི་དཀྱིལ་འཁོར་ཡང་ངོ་མ་ཤེས་པར་འདུག་སྙམ་ནས༔ བླ་མ་མཁའ་འགྲོ་ལྔ་དང་༔ རྡོ་རྗེ་སེམས་དཔའ་ལ་སྐྱབས་སུ་འགྲོ་བར་བྱས་པས༔ ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་ཡུམ་མཁའ་འགྲོ་སྡེ་ལྔ་དང་༔ རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཇལ་ཏེ༔ ཡུམ་མཁའ་འགྲོ་སྡེ་ལྔ་དང་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་རང་གི་སྙིང་ཁར་འོད་ཟེར་ཁ་དོག་རྣམ་པ་ལྔ་ཟང་ཐལ་ལེ་བསྒྲེངས་ནས་རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་སྡེ་ལྔའི་ཞལ་ནས༔ ཀྱེེ་རིགས་ཀྱི་བུ་བླ་མའི་གདམས་ངག་དང་འོད་གསལ་གྱི་སྣང་བ་ངོ་ཤེས་པར་གྱིས་ཤིག༔ ཅེས་པ་ཡང་བྱུང་ངོ་༔ རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་སྡེ་ལྔའི་ཐུགས་ཀར་རང་གི་ཤེས་པ་གཏད་པས་ཤར་མངོན་པར་དགའ་བའི་ཞིང་ཁམས་སུ་མེ་ཏོག་པདྨའི་སྡོང་པོ་ལ་བརྫུས་ཏེ་སྐྱེས༔ ལོ་ལྔ་བརྒྱར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱད༔ དེ་ནས་བར་དོ་མེད་པར་ཟང་ཐལ་ལེ་སངས་རྒྱའོ༔ དེ་བཞིན་དུ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནའང་རིན་ཆེན་འབྱུང་ལྡན་ཡབ་ཡུམ་བཞུགས༔ དེར་སངས་རྒྱའོ༔ ནུབ་ཕྱོགས་པདྨ་བརྩེགས་པ་ན་སྣང་བ་མཐའ་ཡས་ཡབ་ཡུམ་བཞུགས༔ དེར་སངས་རྒྱའོ༔ བྱང་ལས་རབ་རྫོགས་པ་ན་དོན་ཡོད་གྲུབ་པ་ཡབ་ཡུམ་བཞུགས༔ དེར་སངས་རྒྱའོ༔ དབུས་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན༔ རྣམ་པར་སྣང་མཛད་ཡབ་ཡུམ་བཞུགས༔ དེར་སངས་རྒྱས་འགྲོ་བ་ཡིན་ཞིང་སངས་རྒྱས་ཀྱི་སར་གང་ཟག་གཅིག་སངས་རྒྱས་པ་དང་༔ རིགས་ལྔ་ཡབ་ཡུམ་དུ་སངས་མི་རྒྱ་མི་སྲིད་ཅིང་༔ དེར་མ་ཟད་དམ་པ་རིགས་བརྒྱའང་རྣམ་པ་སངས་རྒྱས་པའི་སྐད་ཅིག་དང་པོ་ལ་འབད་མེད་དུ་འབྱུང་བ་ཡིན་ནོ༔ ཁྱད་པར་རང་གང་མོས་པའི་སར་རིག་པ་སྟོང་གསལ་གྱི་ངང་ལ་སངས་རྒྱས་འགྲོ་བ་ཡིན་ནོ༔ དབང་པོ་ཐ་མའི་ཐ་མ་སྐྱེ་བ་གཅིག་ལེན་དགོས་ཏེ༔ ཕ་མ་དུང་བ་ཅན་གྱི་བུ་ཚའམ་བླ་མ་བརྒྱུད་པ་ཅན་གྱི་སྲས་པོའམ༔ ཆོས་པའི་རིགས་སུ་སྐྱེ་སྟེ༔ སྐྱེ་བ་དེའི་ཚེ་ལོ་བཅོ་ལྔའམ༔ ཉི་ཤུ་རྩ་གཉིས་སམ༔ སོ་གཉིས་ལ་ཆོས་འདི་དང་འཕྲད་ནས༔ ལོ་ལྔ་བཅུ་རྩ་ལྔའམ་དྲུག་ཅུ་རྩ་གཉིས་སམ༔ བདུན་ཅུ་རྩ་བདུན་ལ་བར་དོ་མེད་པར་ཡར་གྱི་ཟང་ཐལ་ལ་སངས་རྒྱའོ༔ འདི་ལ་ཐེ་ཚོམ་དང་ཡིད་གཉིས་ཟོས་ན་སྤྱིར་ཆོས་ལ་ལོག་པའི་བསམ་པ་སྐྱེ་ཞིང་༔ ཁྱད་པར་འདིའི་དམ་ཚིག་མི་ལྡན་པས༔ དངོས་གྲུབ་སྤངས་ཏེ༔ དམྱལ་བ་ཆེན་པོར་འགྲོ་བ་ཡིན་གསུངས༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ བར་དོ་ཟང་ཐལ་དུ་སངས་རྒྱས་ཀྱི་ཞིང་ཁམས་སུ་ངོ་སྤྲད་པའི་གདམས་པ་ཆོས་ཐུན་ཉེར་གསུམ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ དཔལ་རྡོ་རྗེ་སེམས་དཔའ་དང་མཁའ་འགྲོ་སྡེ་ལྔ་ལ་ཕྱག་འཚལ་ལོ༔ སྡེ་ལྔས་གསུངས་པའི་སྒྲོན་མ་རྣམ་པ་ལྔའི་གདམས་པ་འདི་ལྟར་རོ༔ གནས་པ་གཞིའི་སྒྲོན་མ་དང་གཅིག༔ གཞི་རིག་པའི་སྒྲོན་མ་དང་གཉིས༔ འགྱུ་བ་ལམ་གྱི་སྒྲོན་མ་དང་གསུམ༔ རྒྱང་ཞགས་ཆུའི་སྒྲོན་མ་དང་བཞི༔ ནམ་མཁའ་དྭངས་པའི་སྒྲོན་མ་དང་ལྔའོ༔ དེ་ལ་གནས་པ་གཞིའི་སྒྲོན་མ་ནི༔ བྱང་ཁོག་ཀུན་དགའི་ར་བ་ན༔ ཙིཏྟ་རིན་པོ་ཆེ་མཆོང་གུར་ལས༔ ལྷའི་སྙིང་རྩེ་གྱེན་ལ་བསྟན་པ་ནི༔ ལྷ་མངོན་པར་ཤེས་པ་དང་ལྡན་པའི་རྟགས༔ མིའི་སྙིང་རྩེ་འཕྲེད་ལ་བསྟན་པ་ནི༔ མི་ཤེས་རབ་རྒྱས་པའི་རྟགས་སུ་བཤད༔ བྱོལ་སོང་གི་སྙིང་རྩེ་ཐུར་ལ་བསྟན་པ་ནི༔ བྱོལ་སོང་ངམ་དུད་འགྲོ་བླུན་ཞིང་རྨོངས་པའི་རྟགས་སུ་བཤད༔ སྙིང་ཟུར་གསུམ་དུ་འདུག་པ་ནི༔ ངོ་བོ་སྐུ་གསུམ་དུ་བཞུགས་པའི་རྟགས༔ རྩ་ཆེན་བཞིས་བརྒྱངས་པ་ནི༔ སྲོག་ཏུ་འགྱུ་བའི་རླུང་ཡན་ལག་བཞི་དང་ལྡན་པའི་རྟགས༔ སྙིང་རྩ་བ་དཀར་ལ་རྩེ་མོ་སྨུག་པོར་གནས་པ་ནི༔ རིག་པ་སྟོང་གསལ་དབྱེར་མེད་དུ་བཞུགས་པའི་རྟགས་སོ༔ སྙིང་འཕར་ཞིང་སྟེག་པར་གནས་པ་ནི༔ རིག་པ་སྙིང་དང་དབྱེར་མེད་དུ་བཞུགས་པའི་རྟགས་སོ༔ སྙིང་ལུས་ཀྱི་གཞན་ལས་གཉན་པར་འདུག་པ་ནི༔ རིག་པ་སྟོང་གསལ་ཡེ་ཤེས་ཀྱི་རྒྱལ་པོ་བཞུགས་པའི་རྟགས་སོ༔ སྙིང་ནང་འབྱུང་བ་ཁྲག་མེད་སྟོང་པར་གནས་པ་ནི༔ ཆོས་རྣམས་སྟོང་པ་ཉིད་དུ་བཞུགས་པའི་རྟགས་སོ༔ གཉིས་པ་གཞི་རིག་པའི་སྒྲོན་མ་གསུམ༔ གནས་ལུགས་འཁྲུལ་ལུགས་གྲོལ་ལུགས་དང་གསུམ་ལས༔ དང་པོ་རིགས་ཁ་དོག་ལྔ་ལ་སོགས་པ་ངོ་སྤྲད་པ་བཞིན༔ རིག་པའི་ངོ་བོ་རྣམས་རང་ལ་གནས་སོ༔ དེར་ངོ་མ་ཤེས་པ་རྣམས་ལ་སྲོག་ཏུ་གྱུར་པ་རླུང་བཞིའི་རྗེས་སུ་འབྲང་ནས༔ འོད་མཐིང་ག་རིག་པའི་མདངས་སུ་མ་ཤེས་པས་གཏི་མུག་དུད་འགྲོར་འཁྲུལ༔ འོད་དཀར་པོ་རིག་པའི་མདངས་སུ་མ་ཤེས་པས་ཞེ་སྡང་གིས་དམྱལ་བར་འཁྲུལ༔ འོད་སེར་པོ་རིག་པའི་མདངས་སུ་མ་ཤེས་པས་ང་རྒྱལ་གྱིས་མི་རུ་འཁྲུལ༔ འོད་དམར་པོ་རིག་པའི་མདངས་སུ་མ་ཤེས་པས་འདོད་ཆགས་ཀྱིས་ཡི་དྭགས་སུ་འཁྲུལ༔ འོད་ལྗང་ཁུ་རིག་པའི་མདངས་སུ་མ་ཤེས་པས་ཕྲག་དོག་གིས་ལྷ་མིན་དུ་འཁྲུལ༔ འོད་སྣ་ཚོགས་རིག་པའི་མདངས་སུ་མ་ཤེས་པས་ལྷ་རུ་འཁྲུལ༔ གསུམ་པ་བླ་མའི་གདམས་ངག་ཉམས་སུ་བླངས་ནས་གྲོལ་ལུགས་འདི་ལྟར་རོ༔ འོད་མཐིང་ག་རིག་པའི་མདངས་སུ་ཤེས་པས་གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཤར༔ དུད་འགྲོའི་མཚན་མ་རང་སར་དག༔ འོད་དཀར་པོ་རིག་པའི་མདངས་སུ་ཤེས་པས་ཞེ་སྡང་མེ་ལོང་ཡེ་ཤེས་སུ་ཤར༔ དམྱལ་བའི་མཚན་མ་རང་སར་དག༔ འོད་སེར་པོ་དེ་ལྟར་ཤེས་པས་ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཤར༔ མིའི་མཚན་མ་རང་སར་དག༔ འོད་དམར་པོ་དེ་ལྟར་ཤེས་པས་འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་ཤར༔ ཡི་དྭགས་ཀྱི་མཚན་མ་རང་སར་དག༔ འོད་ལྗང་ཁུ་དེ་ལྟར་ཤེས་པས་ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར༔ ལྷ་མ་ཡིན་གྱི་མཚན་མ་རང་སར་དག༔ འོད་སྣ་ཚོགས་དེ་ལྟར་ཤེས་པས་ཁོང་ཁྲོ་རང་རིག་པའི་ཡེ་ཤེས་སུ་ཤར༔ ལྷའི་མཚན་མ་རང་སར་དག༔ ད་འགྱུ་བ་ལམ་གྱི་སྒྲོན་མ་ནི༔ སྙིང་ཙིཏྟའི་ནང་ནས་རྩ་གྲོ་སོག་གི་བུག་བུ་ག་ལྟ་བུ་གཅིག་ཡོད༔ མགྲིན་པའི་ཨོལ་སྟོང་ནང་གི་རྒྱུངས་པ་ལ་ཞུགས་ནས་ཀླད་པ་དུང་ཁང་གི་གཞལ་ཡས་ནས་ཚུར་ཚངས་བུག་ལ་གནས་སོ༔ དེའི་རྩའི་ནང་ལ་རླུང་དང་ཁྲག་གང་ཡང་མི་འགྱུའོ༔ དེ་ལ་རིག་པ་སྟོང་གསལ་ཡེ་ཤེས་ཀྱི་རང་འོད་ཚོན་སྐུད་སྒྲིལ་མ་ལྟ་བུ་གསལ་ལ་དྭངས་པ་ཞིག་འགྱུའོ༔ དེ་ཡེ་ཤེས་ཀྱི་སྣང་བ་ཡིན་ནོ༔ རྒྱང་ཞགས་ཆུའི་སྒྲོན་མ་ནི༔ ནམ་མཁའི་དཀྱིལ་ན་ཟླ་བ་གནས་པ་ལས་འོད་རྒྱ་མཚོའི་ནང་དུ་ཤར་བ་བཞིན་འདིར་ཡང་༔ གསང་བ་ཡེ་ཤེས་ཀྱི་ངོ་སྤྲོད་བྱས་པས༔ ཆོས་ཉིད་འོད་གསལ་དུ་གནས་ཏེ༔ དེ་ཡང་རྒྱ་མཚོ་མདངས་ཀྱི་སྒྲོན་མ་བཞིན༔ འོད་གསལ་གྱི་སྣང་བ་ཐམས་ཅད་མིག་ལས་ཤར་རོ༔ ད་ནི་ནམ་མཁའ་དྭངས་བའི་སྒྲོན་མ་ནི༔ བེམ་རིག་བྲལ་བའི་ཚེ་ན༔ བར་དོའི་སྣང་བ་ལ་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཅི་བྱུང་ཡང་༔ རང་བྱུང་རིག་པ་སྟོང་གསལ་ལྷུན་གྲུབ་གསལ་དྭངས་འདི་རང་དུ་ངོ་སྤྲད་དོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ སྒྲོན་མ་ལྔའི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་བཞི་པའོ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ལག་ལེན་བླ་མའི་ཞལ་ལས་ཤེས་སོ༔ ༈ སྒྲོན་མ་དྲུག་གི་གདམས་པ༔ ཀུན་ཏུ་བཟང་མོ་ཡེ་ཤེས་མཁའ་འགྲོ་ལྔ་ལ་ཕྱག་འཚལ་ལོ༔ དེ་ལ་གཞིའི་སྒྲོན་མ་ནི༔ ཐིག་ལེ་བལྟམས་པའི་ཚུལ་དུ་གནས་སོ༔ དཔེར་ན་འོ་མ་ལ་མར་ཁྱབ་པ་ལྟར་རོ༔ ཙིཏྟ་ཤའི་སྒྲོན་མ་ནི་ཐིག་ལེ་སྤུངས་པའི་ཚུལ་ལས༔ དཔེར་ན་འོད་ཁང་དུ་མར་མེ་བཅུག་པ་དང་འདྲའོ༔ དཀར་འཇམ་རྩའི་སྒྲོན་མ་ནི་ཐིག་ལེ་ཉི་ཞུར་དུ་ཤར་བ་དེ༔ དཔེར་ན་རྒྱ་གར་བུག་པའི་ནང་ནས་ཉི་ཞུར་ཤར་བ་བཞིན་ནོ༔ རྒྱང་ཞགས་ཆུའི་སྒྲོན་མ་ནི༔ ཐིག་ལེ་མདངས་སུ་ཤར་བ་འདི༔ དཔེ་ཅི་དང་འདྲ་ན་ཤར་གྱི་ལ་ཁ་ནས་ཉི་མ་ཤར་བ་བཞིན་ནོ༔ བར་དོ་དུས་ཀྱི་སྒྲོན་མ་ནི་ཐིག་ལེ་མངོན་དུ་གྱུར་པ་སྟེ༔ དཔེར་ན་སྔར་འདྲིས་ཀྱི་མི་ཕྱིས་སྟིང་འཕྲད་པ་ལྟར་རོ༔ དང་པོ༔ མཐར་ཐུག་འབྲས་བུའི་སྒྲོན་མ་ནི་ཐིག་ལེ་བཅུད་དུ་སྨིན་པས་ཏེ༔ དཔེར་ན་སྟོན་གྱི་ལོ་ལེགས་པར་སྨིན་པ་ལྟར་གནས་སོ༔ ད་ནི་སྒྲོན་མ་དྲུག་གི་འབྲེལ་པ་ལས༔ གཞིའི་སྒྲོན་མའི་རྣམ་པར་བཤད་པ༔ འོ་མ་བཞོས་མ་ཐག་དཔེ་འོ་མར་གྱི་ཁ་འཁྱིལ་བ་ཀུན་ལ་ཁྱབ་པ་བཞིན་དཔེ་གཅིག་ན་འོ་མ་བཞོས་མ་ཐག་དེ་ལ་མར་གྱི་ཁ་ཐིལ་མེད་པར་ཁྱབ་པ་བཞིན་དུ༔ ཐོག་མའི་གཞི་དེ་ཡང་ཡར་རྒྱལ་བའི་དགོངས་པ་མར་བཅད་མན་ཆད༔ མ་གི་ན་རག་དམྱལ་བ་ཡན་ཆད༔ འཇག་མིག་གི་སྲིན་འབུ་ཡན་ཆད་ལ་མཉམ་སྐད་ཁད་ཀྱིས་ཁྱབ་བོ༔ དེ་ལྟར་ལུང་ཡང་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་གསུངས་སོ༔ གཉིས་པ་ཙིཏྟ་ཤའི་སྒྲོན་མའི་བཤད་པ༔ འོད་ཁང་ནང་གི་མར་མེ་དེ༔ ཕྱི་ན་མི་གསལ་ནང་ན་གསལ༔ ནང་དེར་གསལ་ལེ་སིང་ངེ་ཡེ་རེ་གསལ་ཞིང་གནས་པ་བཞིན་དུ༔ སྐུ་དང་རིག་པ་སྟོང་གསལ་ཡེ་ཤེས་རང་མདངས་དེ༔ ནང་ཙིཏྟའི་ནང་དུ་ཚོམ་བུར་ཤིག་གེ་གནས་སོ༔ ཕྱི་ནས་མི་གསལ་ནང་ནས་གསལ་བ་ལ་རྟོག་པ་མེད་པ༔ སྣང་ལ་རང་བཞིན་མེད༔ ས་ལེ་སིང་ངེ་ཡེ་རེ་གནས་སོ༔ གསུམ་པ་དཀར་འཇམ་རྩའི་སྒྲོན་མ་ནི༔ ཁང་པའི་ཤར་ཕྱོགས་ཀྱི་རྒྱ་གར་སྐར་ནས་ཉི་མའི་ཞུར་གྱི་ཁང་པའི་ནང་དུ་སྐྱ་ཞུར་གྱིས་འབྲེལ་བ་བཞིན༔ རིག་པ་སྟོང་གསལ་ཡེ་ཤེས་སྙིང་ནང་དུ་གནས་པ་ལ༔ བར་བྱེད་པའི་ལམ་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་ནས་ཡར་ཟང་ཐལ་གྱིས་འཆར་བ་ཡིན་ནོ༔ བཞི་པ་རྒྱང་ཞགས་ཆུའི་སྒྲོན་མའི་རྣམ་བཤད༔ དང་པོ་ཤར་གྱི་ལ་ཁ་ནས་ཉི་མ་ཤར་ཏེ་ནུབ་རི་ལ་ཟང་ཐལ་དུ་ཤར་འགྲོ་བ་བཞིན་ནོ༔ རིག་པ་སྟོང་གསལ་ཡེ་ཤེས་དེ་གནས་པ་སྙིང་གི་དཀྱིལ་དུ་གནས་པ་ལས༔ གོང་གི་རྩའི་རྩ་དར་དཀར་གྱི་ལམ་ལ་ཞུགས་ནས་སྒོ་རྒྱང་ཞགས་ཆུའི་སྒྲོན་མ་ལ་ཐོན་ནས༔ རིག་པ་སྟོང་གསལ་ཡེ་ཤེས་ལྷུག་པ་རུ་ཟང་ཐལ་གྱིས་སྣང་བ་ཐམས་ཅད་འོད་ཀྱི་རང་བཞིན༔ འོད་ཀྱི་ཁ་དོག་སྐུ་དང་ཐིག་ལེ༔ ཕོ་བྲང་དང་བཅས་པ་སལ་ལེ་སིང་ངེ་འཆར་བ་ཡིན་ཏེ༔ ད་ལྟའི་ཤེས་པ་མ་བསླད་པ་རིག་པ་སྟོང་གསལ་འདི་ཡིན་ཏེ༔ ཆོས་ཉིད་དག་པའི་ཡེ་ཤེས་ཀྱང་ཟེར༔ དཔེར་ན་སྔ་ཞོགས་ལྟ་བུ་ཉི་མ་ཤར་མ་ཁད་དེ་ལ་སའི་ཐོག་ཏུ་དྲོད་དང་རྩལ་ཡོངས་སུ་མི་འཆར༔ ཤར་དལ་སོང་བས་ཐམས་ཅད་དྲོས་པ་འབྱུང་༔ དཔེ་དེ་བཞིན་དུ་ཡེ་ཤེས་ཉམས་ལ་ཡོད་དེ་ངོ་མ་ཤེས་པའོ༔ དེ་ནི་ཉམས་སུ་བླངས་པས་འབྲེལ་པའོ༔ ལྔ་པ་བར་དོ་དུས་ཀྱི་སྒྲོན་མའི་བཤད་པ་ལས༔ དེ་ཡང་དཔེར་ན་ཕྱི་སྔར་འདྲིས་ཀྱི་མི་དང་ཕྱིས་ཁྲོམ་སྟོང་ཚོའི་དཀྱིལ་དུ་འཕྲད་ཀྱང་ངོ་ཤེས་པ་ཡིན༔ དེ་བཞིན་དུ་ད་ལྟ་ངོ་སྤྲད་པས་ཕྱི་མ་ཆོས་ཉིད་བར་དོ་ལ་རང་སྣང་གི་དཀྱིལ་འཁོར་ཤར་བའི་དུས་སུ་ཞི་ཁྲོའི་ལྷ་ཚོགས་རྣམས་དང་༔ ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ངོ་མི་ཤེས་མི་སྲིད་དོ༔ ངོ་ཤེས་པ་ཙམ་གྱིས་རང་སར་གྲོལ་འགྲོ༔ དྲུག་པ་མཐར་ཐུག་འབྲས་བུའི་སྒྲོན་མའི་རྣམ་བཤད་ལས༔ དཔེར་ན་མྱུ་གུ་སྔོན་པོའི་རྩལ་རྫོགས་པའི་འབྲས་བུ་བཞིན་དུ༔ འདིར་ཡང་རང་ངོ་ཤེས་པས་སངས་རྒྱས་པ་ཡིན་ནོ༔ ནས་བརྔོས་ཏེ་བཏགས་པས་ཕྱེར་སོང་ནས་ནས་སུ་མི་ལྡོག་གོ༔ འདིར་ཡང་ད་ལྟ་བླ་མས་ངོ་སྤྲད་ནས་ངོ་ཤེས་ཡིད་ཆེས་པས༔ ཕྱིས་ཆོས་ཉིད་བར་དོར་རང་སྣང་གི་དཀྱིལ་འཁོར་ངོ་ཤེས་པས་འཁོར་བར་མི་ལྡོག་གོ༔ རིག་པ་སྟོང་གསལ་ལྷུན་གྲུབ་ཀྱི་ངང་ལ་སངས་རྒྱས་པ་འདི་བས་ལྷག་པའི་ངོ་སྤྲོད་སངས་རྒྱས་ལོགས་ན་མེད་དོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ སྒྲོན་མ་དྲུག་གི་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉི་ཤུ་རྩ་ལྔ་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོ་གསང་ཚིག་དོན་གྱི་ངོ་སྤྲོད་འདི་ལྟར་རོ༔ གདམས་པ་ཚིག་གཅིག༔ དགོངས་པ་ཐུན་གཅིག༔ དུས་སྐད་ཅིག༔ སངས་རྒྱས་ཉག་གཅིག༔ གདམས་པ་ཚིག་གཅིག་དོན་ངོ་ཤེས་པས་ཆོག༔ དགོངས་པ་ཐུན་གཅིག་འཆི་ཁར་དྲན་པས་ཆོག༔ དུས་སྐད་ཅིག་ནི་ཆོས་ཉིད་བར་དོར་ངོ་ཤེས་པས་ཆོག༔ སངས་རྒྱས་ཉག་གཅིག་རང་རིག་སྟོང་གསལ་ལྷུན་འགྲུབ་ངོ་ཤེས་པས་ཆོག༔ ལིངས་ཀྱིས་བསྐྱུར་བ་སྒྱུ་ལུས་ཀྱི་ཕུང་པོ༔ ཐིབས་ཀྱིས་འགགས་པ་འགྱུ་བྱེད་ཀྱི་སེམས༔ དལ་གྱིས་འཆར་བ་རང་སྣང་གི་དཀྱིལ་འཁོར༔ ཧྲིག་གེ་རིག་པ་རང་བྱུང་གི་ཡེ་ཤེས༔ སྒྱུ་ལུས་གཡར་པོ་ཡིན་པས་སྟོང་པ་ཡིན༔ རྣམ་རྟོག་འཁྲུལ་པ་ཡིན་པས་འགགས་པ་ཡིན༔ ཡེ་ཤེས་རང་ལ་ཡོད་པས་འཆར་བ་ཡིན༔ འབྲས་བུ་རང་ངོ་ཤེས་པས་གྲོལ་བ་ཡིན༔ གཞི་ཡེ་སངས་རྒྱས་པས་སྐུ་གསུམ་རང་ལ་གནས་ཏེ༔ ལམ་མངོན་སངས་རྒྱས་པས་གདམས་པ་ཉམས་སུ་བླངས་པ་སྟེ༔ འབྲས་བུ་རྫོགས་སངས་རྒྱས་པས་རང་ངོ་རང་གིས་ཤེས༔ གཞི་སྐུ་གསུམ་རང་ལ་གནས་པས་འགྱུ་འགྱུར་བ་མེད་པའོ༔ ལམ་གདམས་ངག་གིས་ངོ་སྤྲད་པས་རང་སར་གྲོལ་བའོ༔ འབྲས་བུ་རང་ངོ་ཤེས་ཏེ་སངས་རྒྱས་པའོ༔ གཞི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས༔ ལམ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས༔ འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས༔ གཞི་སྐུ་གསུམ་ལྷུན་གྲུབ༔ ལམ་སྐུ་གསུམ་ལྷུན་གྲུབ་རང་ཤར༔ འབྲས་སུ་སྐུ་གསུམ་རང་གྲོལ༔ གཅིག་ཏུ་དྲིལ་བ་གཞི་ཡེ་ཤེས་སངས་རྒྱས་སོ༔ རང་བཞིན་འགྱུར་མེད་ལྷུན་གྱིས་གྲུབ་པའོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་སྒོམ་དོན་གདམས་པ་ཁྲིད་ཀྱི་ཆོས་ཐུན་ཉེར་དྲུག་པའོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ༈ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་ཁྱད་པར་ལྔ་ནི༔ སྟོང་ཉིད་མཁའ་ལྟར་གྲོལ་ཙ་ན༔ གཙོ་བོ་གསུམ་གྱི་སྐྱོན་འཛིན་ཡོད་པའི་ཁྱད་པར་དང་གཅིག༔ ཉམས་ལེན་གྱི་ཕྱི་བཤོལ་བྱུང་ཙ་ན༔ གཅེས་པ་བཞིའི་སྐུལ་མཁན་ཡོད་པའི་ཁྱད་པར་དང་གཉིས༔ ཡིན་མིན་གྱི་ཐེ་ཚོམ་བྱུང་ཙ་ན༔ ཐ་ཚིག་བཞི་ལ་འདྲིས་པ་ཡོད་པའི་ཁྱད་པར་དང་གསུམ༔ རྡོ་རྗེའི་ཚིག་བཞིས་ཁྲོལ་ཙ་ན༔ སེམས་ལ་ངོ་སྤྲོད་ཐེབས་པའི་ཁྱད་པར་དང་བཞི༔ མཉམ་རྗེས་འགྱུར་ཁྱད་རྟོགས་ཙ་ན༔ ཆོས་ཉིད་ཟད་སར་འཁྱོལ་བའི་ཁྱད་པར་དང་ལྔའོ༔ ཁྱད་པར་ལྔའི་འགྲོལ་འདི་ལ་གཙོ་བོ་ལྔ་ཞེས་བྱ་བ་ནི༔ སྒོམ་མེད་ཀྱི་གོ་བ་རབ་རྙེད་ཀྱང་༔ ཡེངས་མེད་ཀྱི་དྲན་པ་གཙོ་བོ་ཡིན༔ རང་སེམས་བླ་མར་རྟོགས་ལེགས་ཀྱང་༔ དད་དང་མོས་གུས་གཙོ་བོ་ཡིན༔ བྱར་མེད་ལྷུག་པར་གོ་ནའང་༔ བྱ་བྱ་ཆོས་སྤྱོད་གཙོ་བོ་ཡིན༔ འགག་མེད་མཐའ་བྲལ་གོ་ལེགས་ཀྱང་༔ ངོ་བོ་སྐྱོང་པ་གཙོ་བོ་ཡིན༔ བཟང་ངན་གཉིས་མེད་རྟོགས་ལེགས་ཀྱང་༔ རྒྱུ་འབྲས་ལ་འཛེམ་པ་གཙོ་བོ་ཡིན༔ གཙོ་བོ་ལྔ་ནི་དེར་ཤེས་གྱིས༔ ཀ་དག་མ་བཅོས་སོ་མ་ལྷུག་པ་བྱར་མེད་སྒོམ་མེད་བཟོ་མེད་གཉེར་ཁ་མེད༔ ཐ་མལ་གྱི་ཤེས་པ་གང་གི་མཐའ་དང་ཕྱོགས་སུ་མ་ལྷུང་བ་གསལ་ལ་མ་འགགས་པ་དེ་དང་དེར་འཛིན་མཚན་མའི་རེས་མོ་བྲལ་བ་དོན་དམ་གྱི་ཆོས་ཐམས་ཅད་ཁོ་ལ་མ་རྫོགས་པ་མེད་པ༔ ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འཆར་སྒོ་མཐའ་ཡས་པ་སྣ་ཚོགས་སུ་སྣང་ཡང་༔ བདེན་ཞེན་དངོས་འཛིན་སྤུ་ཙམ་མེད་པ༔ སྣང་བ་རྟེན་འབྲེལ་དུ་ཤེས་པའི་ཟབ་མོའི་གནད་ཀྱི་རྒྱུ་འབྲས་གཙོ་བོ་བྱེད་པའི་མཉམ་བཞག་ལ་རྗེས་ཐོབ་ངན་པ་ཡོད་མི་སྲིད་པས་དེ་ལྟར་འཇོག་ཤེས་དགོས༔ གཅེས་པ་བཞི་ནི་འདི་ལྟར་ལས༔ ཚེ་འདིར་སངས་རྒྱས་འདོད་པ་ལ༔ ལོང་མེད་ཀྱི་བརྩོན་འགྲུས་གཅེས་པ་ཡིན༔ ངོ་བོ་རྒྱུན་དུ་བསྲིངས་པ་ལ༔ ཉམས་སུ་ལེན་པ་ལྔ་པ་གཅེས་པ་ཡིན༔ ཚོགས་དྲུག་བླ་མར་འཆར་བ་ལ༔ རིག་པ་གཅེར་ལྟ་གཏད་གཅེར་འཇོག་གཅེས༔ རྐྱེན་ངན་གྲོགས་སུ་འཆར་བ་ལ༔ དྲག་པོའི་ཉམས་ལེན་གཅེས་པ་ཡིན༔ གཅེས་པ་བཞི་ལ་གཅེས་སྤྲས་མཛོད༔ ཉམས་སུ་ལེན་པ་རྣམ་ལྔ་ལས༔ དང་པོ་ཐོག་མར་སེམས་བསྐྱེད་ལ༔ བཟང་ངན་རྣམ་རྟོག་གང་བྱུང་དུས༔ བྱུང་པ་ལྟོས་ལ་ཕཊ་གཅིག་རྒྱོབ༔ རིག་པ་འཛིན་མེད་ངང་ལ་ཞོག༔ མཉམ་རྗེས་མཚམས་སུ་བསྔོ་བ་གྱིས༔ དེ་ནི་ཉམས་ལེན་ཆོས་ལྔར་བཤད༔ ད་ཡིན་མིན་གྱི་ཐེ་ཚོམ་འབྲེལ་བས་ན༔ སྒོམ་མེད་གང་ཡིན་ཤེས་དཀའ་ན༔ སྒོམ་པའི་མཁན་པོ་རྩད་བཅད་པས༔ འགྱུ་བའི་རྣམ་རྟོག་རང་སར་ཡལ༔ མཉམ་བཞག་གང་ཡིན་མ་ཤེས་ན༔ བྱུང་གནས་འགྲོ་གསུམ་མེད་པ་ཡིན༔ རིག་པ་རང་སར་འཇོག་པ་ཡིན༔ བློ་འདས་གང་ཡིན་མ་ཤེས་ན༔ བེམ་རིག་གཉིས་ཀྱི་རྩ་བ་ཆོད༔ རྣམ་རྟོག་རྩ་བ་ཀུན་ཀྱང་གཅོད༔ རྩད་ཆོད་རྩ་བ་ཆོད་པ་འདི༔ ཟབ་པའི་ནམ་མཁའ་སྟོང་པ་འདྲ༔ ཡིན་མིན་ཐེ་ཚོམ་རང་སར་ཞིག༔ གཞན་མིན་རྡོ་རྗེའི་ཚིག་བཞི་ནི༔ སྐྱེ་མེད་དུ་ཐག་ཆོད༔ ཡེངས་མེད་དུ་རྒྱུན་ཟུངས༔ འགག་མེད་དུ་རྩལ་སྦྱོངས༔ བློ་འདས་སུ་ལ་བཟློས༔ མཁའ་འགྲོའི་གསང་ཚིག་ཐ་ཚིག་ཐག་ཆོད་གསུམ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་དང་༔ མ་རིག་སེམས་ཅན་གྱི་འཁྲུལ་པའི་རང་འདོད་གཉིས༔ གཞི་སྟོང་ཉིད་ཀྱི་ངང་ལ་གཅིག་པར་ཐག་བཅད་དོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྣང་སྟོང་དབྱེར་མེད་ཟང་ཐལ་དང་༔ སེམས་ཅན་ཐམས་ཅད་ཀྱི་མ་རིག་པ་རྗེས་མེད་གཉིས༔ འབྲས་བུ་གཏད་གཏན་མེད་ཀྱི་དོན་ཐོག་གཅིག་པར་ཐག་ཆོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ལས་བྱུང་བ་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་གི་དག་སྣང་དང་༔ འཁོར་བའི་ལས་སྣང་སྣ་ཚོགས་ལས་གྲུབ་པ་མ་དག་པའི་སྣོད་བཅུད་མཐའ་ཡས་འདི་རྣམས༔ ཆོས་ཐམས་ཅད་བདེན་མེད་སྟོང་པའི་གཤིས་སམ་གནས་ལུགས་སུ་གཅིག་པར་ཐག་བཅད་དོ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྣང་སྟོང་དབྱེར་མེད་ཟང་ཐལ་དང་༔ སེམས་ཅན་ཐམས་ཅད་ཀྱི་མ་རིག་པ་རྗེས་མེད་གཉིས༔ འབྲས་བུ་གཏད་མེད་ཀྱི་དོན་ཐོག་ཏུ་གཅིག་པར་ཐག་གཅད་དོ༔ རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས༔ མཁའ་འགྲོའི་གསང་ཚིག་ཉམས་ལེན་སུམ་ཅུ་ཁྲིད་ཀྱི་ཞལ་གདམས་ཆོས་ཐུན་ཉེར་བདུན་པའོ༔ ལག་ལེན་བླ་མའི་ཞལ་ལས་ཤེས༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ཟབ་མོ་ཁྲིད་ཀྱི་རྒྱབ་ཆོས་ལ༔ ཤོག་དྲིལ་ལྔ་དང་གུ་རུ་ཡི༔ མཚོ་རྒྱལ་ཡབ་ཡུམ་རྣམ་ཐར་དང་༔ ཕག་མོ་སྔོན་བྱུང་གསང་བའི་རྒྱུད༔ གསང་སྔགས་ཕ་རྒྱུད་མ་རྒྱུད་བཤད༔ འབྲི་མནན་བཅོས་མ་སྤང་པར་བྱ༔ མོས་གུས་དྲག་པོ་སྙིང་ནས་འདུད༔ ཡེ་ཤེས་མཁའ་འགྲོ་དངོས་སུ་མཇལ༔ འདི་ཐོབ་བླ་མ་གསང་བ་དང་༔ དད་ལོག་དམ་ཚིག་ཉམས་གྱུར་ན༔ གཏེར་བདག་སྤྱང་ཞོན་སྤུན་གསུམ་དང་༔ ཌཱཀྐིའི་ཚོགས་རྣམས་མ་ལུས་པས༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ཆོས་འདི་བསྲུང་བའི་ལས་མ་གཡེལ༔ གནས་ཆེན་ཁྱུང་རྫོང་གངས་ཀྱི་ར་བ་རུ༔ གྲུབ་ཐོབ་དུང་མཚོ་རས་པ་ལ་ཚོགས་ཀྱི་འཁོར་ལོ་བསྐོར༔ གསེར་ཞོ་གང་དང་༔ ཐེར་སྣམ་ལེགས་པ་གཅིག་ཕུལ་ནས་བྱ་བཏང་ཉི་མ་རང་གྲོལ་བདག་གིས་ཞུས༔ གནས་རི་ཁྲོད་མཁའ་འགྲོ་འདུ་བའི་བསམ་གཏན་ཕུག་ཏུ༔ གསང་བ་ལམ་ཁྱེར་གྱི་ཁྲིད་ཀྱི་རྐང་གྲངས་ལག་ལེན་རིམ་པ་རྣམས༔ སྦས་པའི་རྣལ་འབྱོར་ཉི་མ་རང་གྲོལ་གྱིས་ཡི་གེ་ཁྲིད་ཁྲིག་ཆགས་སུ་བཀོད་པའོ༔ དེ་ལ་རྟོགས་ལྡན་ཉི་ཟླ་ཡོན་ཏན་གྱིས་བླ་མ་མཉེས་པའི་ཞབས་ཏོག་བྱས༔ ཟབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར༔ ཆོས་རྒྱགས་ཞིང་ཞོ་གཅིག་ཡོད་པ་དེ་ཕུལ་ནས༔ གསང་བ་ལམ་ཁྱེར་གྱི་ཆོས་སྐོར་མ་ལུས་པ་ཞུས་སོ༔ དེ་ལ་སྐལ་ལྡན་ཆོས་གསལ་རྡོ་རྗེས་བཀའ་ལུང་རྗེས་གནང་དང་བཅས་པ༔ སྐལ་བཟང་དད་ལྡན་འདུ་བའི་བཀྲ་ཤིས་མཐོང་སྨོན་དགོན་པར་ཚོགས་ཀྱི་འཁོར་ལོ་དང་༔ རས་ཡུག་གཅིག་དང་༔ གསེར་ཞོ་གང་ཕུལ་ནས་ཆ་ཚང་པར་ཞུས༔ དེ་ལ་བྱ་བ་བཏང་པའི་རྣལ་འབྱོར་པ་ཆེན་པོ་དོན་གྲུབ་རྒྱལ་པོ་ལ་ཚོགས་ཀྱི་འཁོར་ལོ་དང་༔ ཡོན་གསེར་ཞོ་ཕྱེད་ཕུལ་ནས་ཆ་ཚང་པར་ཞུས༔ དེ་ལ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་མཚུངས་མེད་བྱང་ཆུབ་གླིང་པ་མཱེེ་ཏྲི་པུཎྱ་དྷརྨ་ཕ་ལས༔ ཡང་ཚོགས་དང་རས་ཡུག་དཀར་པོ་ལེགས་པ་གཅིག་བརྟན་བཞུགས་སུ་ཕུལ༔ འཇའ་ཁ་དོག་ཚང་པའི་དར་བཟང་པོ་ཁ་ཕྱེད་དོ་ཕུལ་ནས་ཚང་པར་ཞུས༔ དེའང་ལང་གྲོའི་སྐྱེ་མཐའ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས༔ སྣམ་བུའི་བརྟན་བཞུགས༔ གསང་སྔགས་ཀྱི་ཟབ་ཆོས་མང་པོའི་ཆོས་ཀྱི་ལན་དུ་ཕུལ་ནས་ཐུགས་དགྱེས་བཞིན་དུ་བཀའ་ལུང་ཚང་བར་ཞུས་ལ༔ དེ་ལ་བདག་བསོད་ནམས་གྲགས་པས་དད་པ་མོས་གུས་ཆེན་པོས་ཀུན་ནས་བསླང་ཞིང་དབང་ཁྲིད་ངོ་སྤྲོད་ལུང་དང་བཅས་པ་ཡོངས་སུ་རྫོགས་པ་ཞུས་ཤིང་ཕྱག་དཔེ་ལས་དར་རྒྱས་ཆོས་གླིང་དུ་བཤུས་པའོ༔ དགེ་འདིས་བླ་མ་དམ་པ་རབ་མཉེས་ཤིང་༔ སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཟིན་པ་དང་༔ དྲིན་ཆེན་ཕ་མའི་དྲིན་ལན་འཁོར་བ་དང་༔ མཁའ་ཁྱབ་འགྲོ་བ་ཀུན་གྱི་འདྲེན་པར་ཤོག༔ ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ཤིང་༔ ལོངས་སྐུ་འགག་པ་མེད་པའི་ཐུགས་རྗེ་ཡིས༔ སྤྲུལ་སྐུས་འགྲོ་བའི་དོན་ནི་ལེགས་བྱེད་ཅིང་༔ སྐུ་གསུམ་རྒྱལ་སྲིད་མྱུར་དུ་ཐོབ་པར་ཤོག༔ བསམ་གཏན་ཕུག་ཏུ་ཉི་མ་སྔ་རོལ་གྱི༔ གསང་བ་ལམ་ཁྱེར་བཀོད་པའི་དགེ་བ་གང་༔ བདག་གཞན་འགྲོ་བ་མྱུར་དུ་ཐོན་བྱས་ནས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ ཤུབྷཾ༔ བླ་མའི་གསུང་ལས༔ སྐུ་གསུམ་གྱི་ངོ་སྤྲོད་ནི༔ སེམས་གནས་ས་ངོ་སྤྲད་པའམ་འགྲོ་ས་ངོ་སྤྲད་པའི་བར་འདིར༔ ནམ་མཁའ་དྭངས་པའི་དུས་དང་བསྟུན་ངོ་སྤྲོད་པ་ཕྱག་སྲོལ་ལ་ཡོད་གསུངས་སོ༔ སྒྲོན་མ་རྣམ་པ་དྲུག་ཀྱང་སྐུ་གསུམ་ངོ་སྤྲོད་ཀྱི་རྒྱབ་ཆོས་སུ་བཏང་ན་ལེགས་གསུངས༔ འདིའི་དཀྱིལ་འཁོར་ལ་ཆོས་འབྱུང་དམར་པོ་བསྣོལ་མ་བྲིས་ལ༔ སྣོལ་པོའི་ནང་འཁྱམས་ལྗང་ཁུ༔ དབུས་མཐིང་ག་སྣ་ཚོགས་པདྨ་ཉི་ཟླའི་གདན་དང་བཅས་པ་ལ་ཐོད་པའི་སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་ཕྱེད་པས་ཡུ་བ་བྱས་པ་འམ་གྱིས་མཚན་པ་བྲི༔ གྲུ་ཆད་ཤར་ནས་བརྩམ་སྟེ་ཕྱོགས་མདོག་ལ་རིམ་པ་བཞིན༔ རྡོ་རྗེ་རིན་ཆེན་པདྨ་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་ཐོད་པའི་སྟེང་དུ་ཡོད་པ་འབྲི༔ མ་གྲུབ་པའམ་མ་ཐོན་ན་ཚོན་སྤུང་ཕྱོགས་མདོག་ཆོས་འབྱུང་གི་སྟེང་དུ་མཎ་འཛི་མཉྫི་ལ་མཎྜལ་བཀོད༔ ཨ་མྲྀ་ཏ་དང་སྨན་དྲི་ནང་མཆོད་སྦྱར་བས་ཁྱད་མེད་པ་འབྱུང་བའི་ངོས་ལ་ཆོས་འབྱུང་བསྣོལ་མ་འབྲི༔ ལྷའི་གནས་སུ་རང་རང་གི་ས་བོན་གྱི་ཡི་གེ་འབྲི༔ སྟེང་དུ་ཤེལ་འཇའ་བཟང་པོ་གཅིག་འཇོག༔ གཡས་སུ་པདྨ་འདབ་བཞིའི་སྟེང་དུ་འབར་བའི་ཡི་དམ་གྱི་གཏོར་མ་ལ༔ གཙོ་འཁོར་མཁའ་འགྲོ་སྡེ་ལྔའི་རྩ་མི་གཟུགས་ཙ་ཀ་ལི༔ ཤོག་དྲིལ་གྱི་ཡིག་ཆུང་ལྔ་ཡང་ཟུག༔ བུམ་པ་དངོས་སུ་གྲུབ་ན་ལྔས་ཚུལ་བཞིན་བསྐོར༔ མ་གྲུབ་ན་བྲིས་པའི་ཕྱོགས་ཟློག་ཟུག༔ གཡོན་དུ་པདྨ་འདབ་བཞི་ལ༔ ལས་བུམ་དམ་རྫས་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཀོད༔ མདུན་སོགས་ཁོར་ཡུག་ཏུ་གཏེར་བདག་ལ་དམར་གཏོར༔ གཞན་ཡང་གང་དགོས་ཀྱི་གཏོར་མ༔ གཞི་བདག་སོགས་ལ་ཆ་ཚང་བར་བཤམས་ལ༔ གནས་དང་མཆོད་པའི་ཡོ་བྱད་ཅི་འབྱོར་པ་སྤྲོ་བའི་སྟ་གོན་བྱེད་པ་ཕྱག་ལེན་ནོ༔ གཏེར་སྟོན་མ་ཀུན་དགའ་འབུམ་གྱིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་གསལ་ཕུག་པ་ནས་གདན་དྲངས་པའོ༔ དགེའོ༔ ཨྠྀི༔ ཤུབྷཾ༔
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་དབང་གི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་འཁྱེར་གྱི་དབང་གི་ཤོག་དྲིལ་བཞུགས༔
རྫོགས་པ་ཆེན་པོ་མ་རྒྱུད་མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ གསང་དབང་བསྐུར་བའི་སྔོན་འགྲོ་ནི༔ མདོ་ལེ་མར་མེའི་ངོ་སྤྲོད་ལས༔ བར་དོ་ངོ་སྤྲོད་མཐར་ཐུག་བྱས་ལ༔ སློབ་མ་རྣམས་ཁྲུས་དང་བགེགས་བསྐྲད༔ མེ་མཆོད་སྔོན་འགྲོ་རྟ་ཕག་གསང་བ་ཡབ་ཡུམ་གྱི་བསྐྱེད་རིམ་རྣམས་སྒོམ་དུ་བཅུག་ལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཡབ་ཡུམ་དབྱེར་མེད་ལྔའི་དམིགས་པ་ཕོག་ལ༔ རྡོ་རྗེ་སློབ་དཔོན་ལས་ཀྱི་ཡུམ་དང་བཅས་དངོས་གཞིའི་དབང་བསྐུར་བ་ནི༔ དམིགས་རྟེན་གྱི་ཙ་ཀ་ལི་ཕྱག་ཏུ་བསྣམས་ནས་འདི་སྐད་དུ༔ ང་ནི་སྣང་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ སྣང་སྟོང་ཡབ་ཡུམ་དབང་བསྐུར་བས༔ གཏི་མུག་རང་སར་དག་ནས་ནི༔ ལྷུན་གྲུབ་ཞིང་ཁམས་མཐོང་བ་དང་༔ ཐུགས་ཀྱི་རིག་འཛིན་ཐོབ་པར་ཤོག༔ བྷུད་བུདྡྷ་ས་འོ་ཛ་ཛ༔ ང་ནི་རིག་པ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ རིག་སྟོང་དབྱེར་མེད་དབང་བསྐུར་བས༔ ཞེ་སྡང་རང་སར་དག་ནས་ནི༔ མངོན་དགའི་ཞིང་ཁམས་མཐོང་བ་དང་༔ ཆོས་སྐུའི་རིག་འཛིན་ཐོབ་པར་ཤོག༔ བཛྲ་སཱ་འོ་ཛ་ཛ༔ ང་ནི་བདེ་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ བདེ་སྟོང་དབྱེར་མེད་དབང་བསྐུར་བས༔ ང་རྒྱལ་རང་སར་དག་ནས་ནི༔ དཔལ་གྱི་ཞིང་ཁམས་མཐོང་བ་དང་༔ ལོངས་སྐུའི་རིག་འཛིན་ཐོབ་པར་ཤོག༔ རཏྣ་སཱ་འོ་ཛ་ཛ༔ ང་ནི་གསལ་བ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ གསལ་སྟོང་དབྱེར་མེད་དབང་བསྐུར་བས༔ འདོད་ཆགས་རང་སར་དག་ནས་ནི༔ བདེ་ཆེན་ཞིང་ཁམས་མཐོང་བ་དང་༔ སྤྲུལ་སྐུའི་རིག་འཛིན་ཐོབ་པར་ཤོག༔ པདྨ་སཱ་འོ་ཛ་ཛ༔ ང་ནི་གྲག་པ་ཡབ་ཡིན་ཏེ༔ ཁྱོད་ནི་སྟོང་པ་ཡུམ་ཡིན་ནོ༔ གྲག་སྟོང་དབྱེར་མེད་དབང་བསྐུར་བས༔ ཕྲག་དོག་རང་སར་དག་ནས་ནི༔ ལས་རབ་ཞིང་ཁམས་མཐོང་བ་དང་༔ ངོ་བོ་ཉིད་རིག་འཛིན་ཐོབ་པར་ཤོག༔ ཀརྨ་སཱ་འོ་ཛ་ཛ༔ གསང་བ་བུམ་པའི་དབང་བསྐུར་བ་ནི༔ དེ་རིང་སྐལ་ལྡན་བུ་ཁྱོད་ལ༔ སངས་རྒྱས་མཁའ་འགྲོས་བྱིན་བརླབས་པའི༔ སྣ་ཚོགས་བུམ་པའི་གཞལ་ཡས་ཁང་༔ སྣང་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ གཏི་མུག་དྲི་མ་དག་གྱུར་ནས༔ ཆོས་དབྱིངས་ཡེ་ཤེས་དབང་ཐོབ་ཤོག༔ བུདྡྷ་ཀ་ལ་ཤ་ཨོཾ་བྷྲཱུཾ༔ རྡོ་རྗེ་མཁའ་འགྲོས་བྱིན་རླབས་པའི༔ ཞི་བའི་བུམ་པ་གཞལ་ཡས་ཁང་༔ རིག་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ ཞེ་སྡང་དྲི་མ་དག་ནས་ནི༔ མེ་ལོང་ཡེ་ཤེས་དབང་ཐོབ་ཤོག༔ བཛྲ་ཀ་ལ་ཤ་ཧཱུྃ་བྷྲཱུཾ༔ རིན་ཆེན་མཁའ་འགྲོས་བྱིན་རླབས་པའི༔ རྒྱས་པའི་བུམ་པ་གཞལ་ཡས་ཁང་༔ རིག་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ ང་རྒྱལ་དྲི་མ་དག་ནས་ནི༔ མཉམ་ཉིད་ཡེ་ཤེས་གསལ་བའི་དབང་ཐོབ་ཤོག༔ རཏྣ་ཀ་ལ་ཤ་ཏྲཾ་བྷྲཱུཾ༔ པདྨ་མཁའ་འགྲོས་བྱིན་རླབས་པའི༔ དབང་གི་བུམ་པ་གཞལ་ཡས་ཁང་༔ གསལ་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ འདོད་ཆགས་དྲི་མ་དག་གྱུར་ནས༔ སོར་རྟོག་ཡེ་ཤེས་གསལ་བའི་དབང་ཐོབ་ཤོག༔ པདྨ་ཀ་ལ་ཤ་ཧྲཱི་བྷྲཱུཾ༔ ལས་ཀྱི་མཁའ་འགྲོས་བྱིན་རླབས་པའི༔ དྲག་པོའི་བུམ་པ་གཞལ་ཡས་ཁང་༔ གྲག་སྟོང་དབྱེར་མེད་བུམ་པའི་དབང་༔ བདུད་རྩི་བུམ་པའི་དབང་བསྐུར་བས༔ ཕྲག་དོག་དྲི་མ་དག་གྱུར་ནས༔ བྱ་གྲུབ་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཀ་ལ་ཤ་ཧ་བྷྲཱུཾ༔ གསང་བ་ཤོག་དྲིལ་དབང་བསྐུར་ནི༔ ཞེ་སྡང་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ ཞེ་སྡང་ལམ་ལྷོངས་ནས༔ དམྱལ་བའི་འཁྲུལ་སྣང་རང་དག་སྟེ༔ རྩེ་གཅིག་རིག་འཛིན་ཐོབ་པར་ཤོག༔ བཛྲ་ཌཱཀྐི་ནི་ཧཱུྃ༔ འདོད་ཆགས་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ འདོད་ཆགས་ལམ་ལྷོངས་ནས༔ ཡི་དྭགས་འཁྲུལ་སྣང་རང་དག་སྟེ༔ བདེ་གསལ་རིག་འཛིན་ཐོབ་པར་ཤོག༔ པདྨ་ཌཱཀྐི་ནི་ཧྲཱི༔ གཏི་མུག་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ གཏི་མུག་ལམ་ལྷོངས་ནས༔ དུད་འགྲོའི་འཁྲུལ་སྣང་རང་དག་སྟེ༔ སྤྲོས་བྲལ་རིག་འཛིན་ཐོབ་པར་ཤོག༔ ཀརྨ་ཌཱཀྐི་ནི་ཨཱ༔ ང་རྒྱལ་རྡོ་རྗེ་ཤོག་དྲིལ་དབང་བསྐུར་བས༔ ང་རྒྱལ་ལམ་ལྷོངས་ནས༔ ལྷའི་འཁྲུལ་སྣང་དག་པ་དང་༔ འགྱུར་མེད་རིག་འཛིན་ཐོབ་པར་ཤོག༔ རཏྣ་ཌཱཀྐི་ནི་ཏྲཾ༔ མེ་ཏོག་དར་གྱི་ཅོད་པན་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་སྡེ་ལྔའི་དབང་ཐོབ་ཤོག༔ རྣམ་རྒྱལ་བུམ་པའི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱ༔ ཀ་ལ་ཤ་བྷྲཱུཾ་བྷྲཱུཾ་བྷྲཱཾ༔ ཛ་ཛ་ཛ༔ ཆོས་ཉིད་སྟོང་པའི་དབང་ལག་པ་གཉིས་ཁོང་སྟོང་རྡོ་རྗེའི་ཐལ་མོ་སྤྱི་བོར་འཛེའོ༔ བསྐུར་བས༔ སྐུ་ལྔ་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་བ་གསུམ་གྱི་ཡང་སྙིང་འདྲེན་པར་བྱའོ༔ དེ་ནས་ལམ་འཕང་༔ མེ་ཏོག་བསྐུར༔ དཀྱིལ་འཁོར་ངོ་སྤྲོད་བྱ༔ བཀྲ་ཤིས་དང་བསྔོ་བ་སྨོན་ལམ་འདེབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཤུབྷཾ༔ ཨྠྀི༔ དགེའོ༔
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་གྱི་གཏི་མུག་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་འཁྱེར་གྱི་གཏི་མུག་རྡོ་རྗེའི་ཤོག་དྲིལ་བཞུགས༔
བུདྡྷ་ཌཱཀྐི་ནི༔ དཔལ་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ གཏི་མུག་ལམ་དུ་འཁྱེར་བའི་གདམས་ངག་འདི་ལ་དོན་གཉིས་ཏེ༔ དངོས་གཞི་རང་ལ་བརྟེན་ནས་གནས་ལུགས་ཀྱི་གཏི་མུག་དང་༔ ཕྱི་ཡུལ་རྐྱེན་ལ་བརྟེན་ནས་འཁྲུལ་བ་མ་རིག་པའི་གཏི་མུག་གོ༔ དངོས་གཞི་ལ་བརྟེན་པའི་གཏི་མུག་ནི༔ ཡེ་གདོད་མའི་རང་སེམས་ཆོས་ཀྱི་སྐུ་འདི་ཡིན༔ ཡར་སངས་རྒྱས་ཀྱིས་མ་བཅོས༔ མར་སེམས་ཅན་གྱིས་མ་བསླད༔ བར་གློ་བུར་གྱི་དྲི་མས་མ་གོས་པ་ཡིན་པ་ལ༔ དེ་ངོ་མ་ཤེས་པས་གཏི་མུག་རང་གར་སོང་སྟེ༔ མ་རིག་འཁྲུལ་བའི་གཏི་མུག་ཏུ་སོང་༔ དེ་ལ་བརྟེན་ནས་ཕྱི་ཡུལ་རྐྱེན་གྱི་གཏི་མུག་ཤར་ཏེ༔ དུག་ལྔ་དུག་གསུམ་བྱུང་བ་ལས༔ རང་སེམས་འཁོར་བར་འཁྱམས་སོ༔ གཞི་རང་ལ་བརྟེན་པའི་གཏི་མུག་མཁན་པོ༔ རྩད་བཅད་པ་ནི༔ ཕྱི་ཡུལ་སྣང་དུ་གཏི་མུག་སྐྱེས་པའི་རྒྱུ་དགའ་མི་དགའམ༔ ཆོས་བརྒྱད་ཀྱི་ངོ་བོ་ཉོན་མོངས་པ་ཅི་ལ་བརྟེན་ནས་ཅི་བྱུང་སྟེ༔ གཏི་མུག་དེ་ལ་ངོ་བོ་ཅི་འདུག༔ གཏི་མུག་དེ་རང་གི་ངོ་བོ་ལ་རྐྱང་འདེད་བྱས་ལ་དངོས་པོ་ཅི་འདུག༔ ལེགས་པར་ཐག་བཅད་པས་གཏི་མུག་གི་ངོ་བོ་ལ་གཟུགས་དང་ཁ་དོག་དངོས་པོ་མ་རྙེད་པར༔ གཏི་མུག་སྐྱེས་པ་དེ་རང་གི་སེམས་སུ་ཐག་ཆོད་ཅིང་༔ ངོ་ཤེས་ཙམ་ན་ཕྱི་ཡུལ་རྐྱེན་ལ་བརྟེན་ནས་གཏི་མུག་བྱུང་བ་ཐམས་ཅད༔ རང་སྣང་གི་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ༔ དོན་ལོགས་ན་གཅིག་ཀྱང་མེད་པར་ཤེས་ཏེ༔ ཕྱི་ཡུལ་རྐྱེན་ལས་ཚུར་ཡོང་ནས་གཏི་མུག་བྱུང་བ་ཡང་མེད༔ ནང་དུ་རང་གིས་ངོ་མ་ཤེས་པ་ཡིན༔ ད་གཏི་མུག་གི་ངོ་བོ་རང་སེམས་སུ་ཐག་ཆོད་ཙ་ན༔ ངོ་རང་ཐོག་ཏུ་འཕྲོད་ནས་གཏི་མུག་གི་ངོ་བོ་རང་སྟོང་དུ་ངོས་བཟུང་མེད་པར་འཆར་རོ༔ དེ་ཙ་ན་གཏི་མུག་མཁན་པོ་རྩད་ཆོད་པ་ཡིན་ནོ༔ མཁན་པོ་རྩད་ཆོད་ཙ་ན་ཕྱི་རོལ་ཏུ་གཏི་མུག་རིགས་ཅི་ཤར་ཡང་སེམས་སུ་ངོ་འཕྲོད༔ དབྱེར་མེད་དུ་ཁྲོལ་གྱིས་འགྲོ༔ གཏི་མུག་རང་སེམས་སུ་རྟོགས་པས་ཕྱི་ཡུལ་སྣང་སེམས་སུ་ངོ་འཕྲོད་པས༔ གཏི་མུག་སྐྱེ་བའི་རྒྱུ་དང་རྐྱེན་ཐམས་ཅད་རང་སར་དག༔ རང་ངོ་ཤེས་ཕྱི་ཡུལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་ཏེ༔ སྤང་བླང་གི་མཐའ་དང་བྲལ་ཏེ་གཏི་མུག་འོད་གསལ་དུ་འཆར༔ གཞི་རང་ལ་བརྟེན་པའི་གཏི་མུག་རྩད་ཆོད་པའོ༔ ད་ཡུལ་རྐྱེན་ལ་བརྟེན་པའི་མ་རིག་འཁྲུལ་བའི་གཏི་མུག་རྩད་བཅད་པ་ནི༔ དབང་པོ་སྒོ་ལྔ་ལ་བརྟེན་ནས་གཟུགས་ལེགས་མི་ལེགས་སྒྲ་སྙན་མི་སྙན་དྲི་ཞིམ་མི་ཞིམ་རོ་མངར་མི་མངར་རེག་བྱ་འཇམ་རྩུབ་དགའ་མི་དགའ་ལ་སོགས་པ་གཅིག་ལ་བརྟེན་ནས་གཏི་མུག་འཆར་རོ༔ དེ་ཡང་ལུས་ངལ་དུབ་ཀྱི་གཏི་མུག་དང་སེམས་ཉོན་མོངས་ཀྱི་གཏི་མུག་དང་༔ འཁྲུལ་བ་བག་ཆགས་ཀྱི་གཏི་མུག་སྐྱེས་པ་ལ་ཅེར་གྱིས་བལྟས་ལ་ངོ་བོ་གཟུགས་ཁ་དོག་ཅི་འདུག་བལྟའོ༔ དེ་ལ་ངོ་བོ་མ་རྙེད་ན་དེ་རང་གི་ངང་ལ་དར་གཅིག་བཞག་གོ༔ ཡང་ནས་ཡང་དུ་བལྟ་ཞིང་རྩད་བཅད་དོ༔ བལྟས་པས་ངོ་བོ་མ་མཐོང་ན་ཕྱི་ཡུལ་རྐྱེན་ཐམས་ཅད་རང་གི་སེམས་སུ་ཐག་གཅད་དོ༔ སེམས་སྟོང་ཉིད་དུ་ཐག་གཅད་དོ༔ དེ་ལྟར་ཆོད་པས་གཏི་མུག་འོད་གསལ་དུ་འཆར་རོ༔ དེ་ཤར་ཙ་ན་ཕྱི་སྣང་བ་ལ་བརྟེན་པའི་གཏི་མུག་ཐམས་ཅད་གྲོགས་སུ་འཆར་ཏེ༔ སྤང་རྒྱུ་སྐད་ཅིག་ཀྱང་མེད་དོ༔ གཏི་མུག་སེམས་སུ་ཤེས་པས་གཏི་མུག་གི་ངོ་བོར་ཤར༔ དེ་གཉིས་གཅིག་ཏུ་ཤེས༔ དེ་ཙ་ན་ཕྱི་རོལ་ཡུལ་སྣང་ཐམས་ཅད་རང་སེམས་ཀྱི་རྩལ་དུ་མ་གྱུར་པ་མེད་དོ༔ གཏི་མུག་མུན་ལྟར་དུ་འཐིབས་ཀྱང་མཆོག་ཏུ་ཆེ༔ དུས་དེ་ཙ་ན་ཐམས་ཅད་ཆོས་ཉིད་ཀྱི་ཡོ་ལང་ཡིན་ནོ༔ དཔེར་ན་ཆུ་དང་ཆུ་འདྲེས་པའམ༔ མེ་ལ་ཤིང་བུས་པ་བཞིན་ནོ༔ གཏི་མུག་གི་རང་བཞིན་འོད་གསལ་བ༔ འོད་གསལ་གྱི་རང་བཞིན་ཆོས་ཀྱི་སྐུ༔ གཏི་མུག་ཐམས་ཅད་བདེ་བའི་མཆོག༔ དེ་ཙ་ན་གཏི་མུག་གི་ངོ་བོ་སྟོང་པ༔ རང་བཞིན་གསལ་བ༔ ཐུགས་རྗེ་འགག་མེད་ས་ལེ་སིང་ངེ་བ༔ ངོས་བཟུང་མེད་པ་ཆོས་ཀྱི་སྐུའོ༔ ནང་རིག་པ་འོད་གསལ་དུ་ཤེས་ཙ་ན༔ ཕྱི་ནང་སྐྱེས་པའི་གཏི་མུག་ཐམས་ཅད༔ ནང་ཡེ་ཤེས་ཀྱི་རྩལ་ཡིན་ནོ༔ དེ་གཉིས་གཅིག་ཏུ་ལོངས་ཙ་ན་གཏི་མུག་ལམ་དུ་གྱུར་པ་ཡིན་ནོ༔ དུག་ལྔའི་ནང་ནས་གཏི་མུག་འབྱུང་ལྔ་དང་སྦྱར་ན༔ ནམ་མཁའི་ཁམས་ཡིན་ནོ༔ འོད་ལྔའི་ནང་ནས་མཐིང་ག༔ ཡེ་ཤེས་ལྔའི་ནང་ནས་ཆོས་དབྱིངས་ཡེ་ཤེས༔ དེ་ཙ་ན་གཏི་མུག་འོད་གསལ་དུ་འཆར༔ མ་བསྒོམས་སངས་རྒྱས་སྒྲུབ་ཏུ་མེད༔ བདེ་ཆེན་ཞིང་དུ་མ་གྱུར་གཅིག་ཀྱང་མེད༔ གཏི་མུག་ལམ་མྱུར་ཁྱེར་གྱི་གདམས་པ་འདི༔ མ་བསྒོམས་སངས་རྒྱས་རང་ངོ་ཤེས་དུས་གྲོལ༔ གཞན་མེད་གདམས་པའི་ཁྱད་པར་གཏི་མུག་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་གསང་བའི་ལམ་དུ་འཁྱེར་བའི་རིམ་པ་ཁོལ་དུ་བྱུང་༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་སའི་གླིང་དུ་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་ཕུག་ཏུ་སྦས༔ སློབ་དཔོན་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན༔ དེས་དུང་མཚོ་རས་པ་ལ༔ དེས་ཉི་མ་རང་གྲོལ༔ དེས་ཉི་ཟླ་མཚན་ཅན༔ དེས་ཆོས་གསལ་རྡོ་རྗེ༔ དེས་མྱང་པོ་དོན་འགྲུབ་རྒྱལ་པོ༔ དེས་སྤྲུལ་སྐུ་བྱང་ཆུབ་གླིང་པ༔ དེས་དྲིན་ཅན་སྣ་ཚོགས་རང་གྲོལ༔ དེས་བདག་ལའོ༔ སྐལ་ལྡན་རིམ་པར་འཕྲད་པར་ཤོག༔ བཀའ་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་ཞེ་སྡང་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་ཞེ་སྡང་རྡོ་རྗེའི་ཤོག་དྲིལ་བཞུགས༔
ན་མོ་དྷེ་ཝ་ཌཱཀྐི་ནི༔ དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཞེ་སྡང་ལམ་འཁྱེར་འདི་ལ་དོན་གཉིས་ཏེ༔ སྔོན་འགྲོ་དངོས་གཞི་གཉིས་ཀྱི་སྒོ་ནས་སྟོན༔ ཐོག་མར་རི་ཁྲོད་དམ་ནགས་ཁྲོད་དབེན་པའི་གནས་སུ༔ ཉིན་མཚན་འཁོར་ཡུག་ཏུ་བླ་མ་ལ་གསོལ་བ་བཏབ༔ མཎྜལ་ཕུལ༔ མཁའ་འགྲོ་ལ་ཚོགས་དང་གཏོར་མ་བཤམ༔ གཞི་བདག་ལ་བདེན་པ་བདར༔ ལན་ཆགས་གཏོར་མས་སྦྱང་༔ འཁོར་བའི་ཉེས་དམིགས་བསྒོམ༔ བླ་མ་གྲུབ་ཐོབ་ཀྱི་རྣམ་ཐར་བསམ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་༔ རྟོགས་ལྡན་གྱི་བླ་མ་དམ་པ་གཅིག་ལ་བསྟེན་ནས་གདམས་པ་ཉམས་སུ་ལེན་པར་བྱ་སྟེ༔ སྔོན་འགྲོ་འདི་རྣམས་ལ་ནན་ཏན་བསླབ་པ་གལ་ཆེའོ༔ དངོས་གཞི་ལ༔ དང་པོ་ཞེ་སྡང་སྐྱེ་བའི་མཁན་པོ་གཅིག་ཡོད་པ་དེ་རྩད་བཅད་པ་ལ་གཉིས༔ ཀུན་གཞི་དང་རང་རང་ལ་བརྟེན་པའི་ཞེ་སྡང་གཉིས༔ དང་པོ་རང་ལ་སྐྱེ་བའི་ཞེ་སྡང་གི་མཁན་པོ་རྩད་བཅད་པ་ནི༔ ཞེ་སྡང་གི་ངོ་བོ་ལ་ཅེར་གྱིས་བལྟས་ཏེ༔ ངོ་བོ་གཟུགས་ཁ་དོག་མཚན་མའི་དངོས་པོ་ཅིར་འདུག་ཐག་བཅད་དོ༔ ཞེ་སྡང་སྐྱེ་བའི་མཁན་པོ་དེ་རང་སྐྱེ་བ་ཡིན་ནམ༔ མཁན་པོ་དེ་ལ་ངོས་བཟུང་ཁ་དོག་སོགས་ཅི་ཡང་མ་རྙེད་ན༔ ཡེ་མེད་པ་གཅིག་ཡིན་ནམ་ལྟར་འཇུག༔ དེ་མ་རྙེད་ན་དར་ཅིག་དེ་རང་བཞག་ལ་དེ་གའི་ངང་ནས་ཐག་ཆོད་ཅིག༔ ཅིས་ཀྱང་མ་རྙེད་ན་ཡར་སངས་རྒྱས་དང་མར་འཁོར་བའི་སེམས་ཅན་ལ་སྐྱོན་ཡོན་གཉིས་སུ་མེད་ཐང་པ་ལ་འདི་གཉིས་སུ་གང་ནས་བྱུང་༔ དེ་ལྟར་བྱས་ཀྱང་ངོས་བཟུང་མ་རྙེད་ན༔ ཁ་ཚུར་ལོག་ལ་ཡེ་ནས་ཡོད་པ་ཡིན༔ ཡེ་གདོད་མ་ནས་ངོ་བོ་རང་བཞིན་གྱིས་གསལ༔ ཡེ་ནས་མ་སྐྱེས་མི་འགག་པ་གཅིག་ཡིན་པ་ལ༔ དེ་དེ་ལྟར་དུ་མ་ཤེས་པས་མ་རིག་འཁྲུལ་བ་བྱུང་པ་ལགས་མོད༔ དེས་ན་འཁོར་བར་འཁྱམས༔ སྡུག་བསྔལ་མྱོང་༔ རང་གི་ངོ་བོ་ཞེ་སྡང་དུ་ངོ་བོ་སྟོང་པ་རང་ཐོག་ཏུ་འཕྲོད་ནས༔ ཐམས་ཅད་ཞེ་སྡང་གི་རང་བཞིན་ཆོས་ཉིད༔ མདོར་ན་ཞེ་སྡང་གི་རིགས་ཐམས་ཅད་རང་བཞིན་གསལ༔ ཐུགས་རྗེ་འགག་པ་མེད་པ་དེ་ཙ་ན་ཞེ་སྡང་རང་སེམས་སྟོང་པའི་ཆོ་འཕྲུལ་དོན་རང་ལས་ལོགས་ན་གཅིག་ཀྱང་མེད་མོད༔ རང་ཡང་ཞེ་སྡང་ཡིན༔ ཞེ་སྡང་ཡང་རང་ཡིན༔ ངོ་བོ་གཅིག་རྣམ་པ་གཉིས༔ གཉིས་པོ་ནམ་བྱུང་བ་ན་སྟོང་པར་ཤེས་པས་ཞེ་སྡང་གི་ངོ་བོ་བློ་བྲལ་གཉིས་མེད་ཀྱི་དོན་རྟོགས་ཏེ༔ ཐམས་ཅད་རང་སེམས་སུ་ངོ་འཕྲོད༔ ཞེ་སྡང་སྐྱེ་བའི་ཡུལ་གཟུགས་སོགས་ཕྱིའི་སྐྱེ་མཆེད་དགྲ་དང་གཉེན་སོགས་ཐམས་ཅད་ལ་རང་ངོ་སྤྲད་ཅིང་གཉིས་འཛིན་ཞིག་པས་དགག་སྒྲུབ་སྤང་བླང་ཕྱོགས་རིས་ཀུན་དང་བྲལ༔ མཁན་པོ་དེ་རྩད་ཆོད་པ་ཡིན་ནོ༔ ཕྱི་རོལ་ཡུལ་རྐྱེན་ལ་བརྟེན་ནས་མ་རིག་འཁྲུལ་བའི་ཞེ་སྡང་རྩད་གཅད་པ་ནི༔ བཟོད་པར་དཀའ་བའི་རྐྱེན་དྲག་པོས་ཞེ་སྡང་ལང་སྟེ་སྐྱེས་ཡོང་༔ དེ་རྣམས་རང་ལས་སྐྱེས་པ་ཡིན་ནམ༔ དགྲ་སོགས་ཕ་རོལ་ལས་སྐྱེས་པ་ཡིན་ལེགས་པར་ཐག་བཅད༔ དེ་ལྟར་མ་ཤེས་པས་ཞེ་སྡང་སྐྱེས་པ་ཡིན༔ ངོ་རང་ཐོག་ཏུ་འཕྲོད་ན་ཞེ་སྡང་རང་སར་གྲོལ༔ དགྲ་སོགས་མི་འཚམ་པ་ཅི་བྱས་ཀྱང་ཞེ་སྡང་མི་སྐྱེ༔ གལ་ཏེ་སྐྱེས་ཀྱང་ངོ་བོ་ལ་བལྟས་པ་ཙམ་གྱིས་གྲོལ༔ ཕྱི་རོལ་ཏུ་ཞེ་སྡང་སྐྱེ་བའི་ཡུལ་རྐྱེན་ཐམས་ཅད་རང་སེམས་ཀྱི་ངོ་བོར་ཤེས་ཙམ་ན༔ ཕྱི་ཡུལ་ཞེ་སྡང་སྐྱེ་བའི་རྣམ་པ་ཅི་ཤར་ཡང་༔ ཐམས་ཅད་མེ་ལ་ཤིང་གྲོགས་སུ་བྱུང་བ་བཞིན་དུ་ཨ་ལ་ལར་སོང་༔ ཇི་ལྟར་མཚོ་ལ་རླབས་གཡོས་ཀྱང་༔ མཚོ་མིན་གཞན་ཞིག་གང་ན་གདའ༔ ཤིང་སྐྱེས་སྡོང་པོའི་ཡལ་འདབ་ཀྱང་༔ ཤིང་ལས་ལོགས་ཤིག་གང་ན་ཅི༔ ཕྱི་རོལ་ཡུལ་རྐྱེན་ཞེ་སྡང་ཡང་༔ ཆོ་འཕྲུལ་སེམས་ལས་གཞན་སུ་དག༔ ཕྱི་རོལ་ཡུལ་རྐྱེན་མེ་ལོང་ནང་༔ མ་རིག་ནང་གི་ཞེ་སྡང་ཤར༔ དེས་ན་སེམས་ངོ་ཤེས་ཙམ་ན༔ ཐམས་ཅད་རང་སེམས་སྟོང་པ་འདིར༔ མཚན་འཛིན་སྤང་བླང་ཀུན་དང་བྲལ༔ ཐམས་ཅད་གསལ་སྟོང་རྗེན་པ་ཐལ༔ སྐྱེས་ཚད་ཞེ་སྡང་ཆོས་ཀྱི་སྐུ༔ ཆོས་སྐུ་སྐྱེ་འགག་གཉིས་དང་བྲལ༔ ལམ་དུ་འཁྱེར་བ་ལ་ཚོང་འདུས་ལ་སོགས་པའི་ཇི་ལྟར་འཚོགས་ཆེ་བའི་སར་ཕྱིན༔ མི་དང་མི་མཐུན་པའི་སྤྱོད་པ་བྱས་ལ་བརྟུལ་ཞུགས་སྐྱོང་༔ དེ་ནས་མིས་ཞེ་སྡང་ལང་འདུག་པ་དང་༔ སྔར་གྱི་ཉམས་ལེན་ལ་འཇོག་མི་འདོད་ན་ཉམས་རོ་འབྱམས་པ་ཡིན་པས་ད་དུང་ནན་དུ་བྱེད༔ གཞན་ཡང་སྔར་དགྲ་གཉེན་གཉིས་ཀྱི་ཅི་བྱེད༔ བྱས་པའི་ངོ་བོ་གཉིས་སུ་མེད་པར་གཉིས་མེད་དུ་སྔར་ལྟར་ཉམས་ཡང་དག་པ་སྐྱོང་༔ ཡེ་ཤེས་ཀྱི་ཡོ་ལང་ཆོས་སྐུའི་རང་བཞིན༔ ཡུལ་རྐྱེན་གྱིས་རྒྱུ་བྱས༔ རིག་པ་ཆོས་སྐུའི་ངང་དུ་ཀྲོང་གྲོལ༔ དེ་ཙ་ན་ཞེ་སྡང་ལམ་དུ་ལོངས་པ་ཡིན་ནོ༔ དུག་ལྔའི་ནང་ནས་ཞེ་སྡང་འདི་འབྱུང་བ་ལྔ་དང་སྦྱར་ན་ཆུ༔ ཁམས་ཀྱང་ཆུ་ཆུའི་ཁམས་རུ་༔ སྐུ་དང་སྦྱར་ན་རྡོ་རྗེ་སེམས་དཔའ༔ ཡེ་ཤེས་ལྔ་དང་སྦྱར་ན་མེ་ལོང་ཡེ་ཤེས༔ སྟོང་པ་ལྔ་ལ་སྦྱར་ན་རིག་སྟོང་༔ འོད་ལྔའི་ནང་ནས་དཀར་པོ༔ ཞེ་སྡང་ལམ་འཁྱེར་གྱི་གདམས་པ་འདི་མ་བསྒོམས་མྱུར་དུ་སངས་རྒྱས་ཤིང་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པའོ༔ གདམས་པ་ཁྱད་པར་ཅན་ཞེ་སྡང་རྡོ་རྗེའི་ཤོག་དྲིལ་ལགས་སོ༔ མཁའ་འགྲོ་གསང་བ་ལམ་འཁྱེར་ལས༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་ས་གླིང་དུ་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་ཕུག་ཏུ་སྦས༔ སློབ་དཔོན་ཀུན་དགའ་འབུམ་གྱིས་བཏོན༔ གྲུབ་ཐོབ་དུང་མཚོ་རས་པ་ལ་གནང་༔ དེས་བྱ་བཏང་ཉི་མ་རང་གྲོལ༔ དེས་ཉི་ཟླ་མཚན་ཅན༔ དེས་ཆོས་གསལ་རྡོ་རྗེ༔ དེས་ཉང་པོ་འཁྲུལ་ཞིག༔ དེས་བྱང་ཆུབ་གླིང་པ༔ དེས་རྩ་བའི་བླ་མ་སྣ་ཚོགས་རང་གྲོལ༔ དེས་བདག་ལའོ༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་ང་རྒྱལ་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་ང་རྒྱལ་རྡོ་རྗེའི་ཤོག་དྲིལ་བཞུགས༔
ན་མོ་རཏྣ་ཌཱཀྐི་ནི༔ དཔལ་རིན་ཆེན་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ང་རྒྱལ་ལམ་དུ་འཁྱེར་བའི་གདམས་པ་འདི་ལ་དོན་གཉིས་ཏེ༔ གཞི་རང་རྒྱུད་ཀྱི་ང་རྒྱལ་དང་༔ རྐྱེན་ཡུལ་སྣང་ལ་བརྟེན་པའི་ང་རྒྱལ་གཉིས༔ དང་པོ་རྩད་གཅད་པ་ནི༔ ཡེ་གདོད་མ་ནས་བདེ་བར་གཤེགས་པའི་སྙིང་པོ༔ གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ གཞི་རང་རྒྱུད་ཀྱི་ང་རྒྱལ་བྱུང་༔ གཉིས་པ་རྐྱེན་ཡུལ་སྣང་ལ་བརྟེན་པའི་ང་རྒྱལ་ནི༔ གཞི་རང་རྒྱུད་ཀྱི་ང་རྒྱལ་ངོ་མ་ཤེས་པས་རྐྱེན་ཡུལ་སྣང་ལ་ཆགས་ནས༔ མ་རིག་འཁྲུལ་པའི་ང་རྒྱལ་བྱུང་ངོ་༔ རང་རྒྱུད་ཀྱི་ང་རྒྱལ་ཁམས་འཁྲུགས་སོགས་སྐྱེ་བའི་དུས༔ དེའི་ངོ་བོ་ཅི་འདུག་ཁ་དོག་དབྱིབས་སོགས་ལེགས་པར་ཐག་གཅད་དོ༔ དེའི་མཚན་མའི་དངོས་པོ་གང་དུ་མ་རྙེད་ན༔ དེ་རང་གི་ངང་དུ་དར་གཅིག་བཞག་ལ༔ ཡང་ང་རྒྱལ་དེ་རང་ཡིན་ནམ༔ གཞན་ཡིན་ནམ༔ ཕྱི་ནས་བྱུང་ངམ་ནང་ནས་བྱུང་ད་རུང་ཐག་གཅད་དོ༔ བྱུང་ཁུངས་ཁ་དོག་གཟུགས་སོགས་མ་རྙེད་ན༔ འོ་ན་ཅི་ཡང་མེད་པའི་སྟོང་པ་གཅིག་ཡིན་ནམ་ལེགས་པར་ཐག་གཅད༔ དེ་ལྟར་བྱས་ཀྱང་ངོ་བོ་མ་རྙེད་ན༔ མ་རྙེད་པའི་ངང་ནས་ཁ་ནང་དུ་ལོག་ལ་དར་གཅིག་བཞག་གོ༔ དེ་ཡང་ཡོད་པ་གཅིག་ཡིན་ནམ་ལྟོས་དང་མེད་པ་གཅིག་ཡིན༔ མེད་ན་ང་རྒྱལ་སྐྱེ་བའི་དོན་མེད༔ ཡོད་ན་གཟུགས་དང་ཁ་དོག་དངོས་པོ་ཅི་འདུག༔ མེད་བཞིན་དུ་མ་འགགས་པར་ང་རྒྱལ་སྐྱེ་བ་འདི་ཡོད་པ་ཡིན་མོད༔ དེས་ན་ང་རྒྱལ་སྐྱེས་པ་ཐམས་ཅད་སྟོང་པ་ཡིན༔ སྟོང་ཉིད་ཆོས་སྐུ་རུ་ངོ་མ་ཤེས༔ སེམས་རིག་པ་སྟོང་པ་འདི་ལ་ང་མེད་ལ་ང་རུ་བཟུང་༔ བདག་མེད་ལ་བདག་ཏུ་བཟུང་བའི་ང་རྒྱལ་དུ་སོང་བ་ཡིན་མོད༔ སྟོང་པའི་ངོ་བོ་ཆོས་ཉིད༔ ཆོས་ཉིད་ཀྱི་ངོ་བོ་ཅིར་ཡང་མ་འགགས་པ་ས་ལེ་སིང་ངེ་བ་དེ་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡིན་མོད༔ དེ་རང་ལ་ཡོད་པའི་ངོ་མ་ཤེས་པས་ལན༔ ད་ཕྱིན་ང་རྒྱལ་སྟོང་ཉིད་ཆོས་སྐུར་ངོ་ཤེས་ཙ་ན༔ ང་རྒྱལ་རི་ལྟར་སྤུངས་ཀྱང་སྐྱོན་མེད་དེ༔ ང་རྒྱལ་གྱི་རང་བཞིན་སྟོང་པ་ཡིན༔ སྟོང་པའི་རང་བཞིན་ཆོས་ཉིད་ཡིན༔ ང་རྒྱལ་གྱི་རང་བཞིན་སྟོང་པ་ཡིན་པས་སྤོང་པའི་ཡུལ་མེད༔ ངོ་བོ་རང་སྤང་ཡིན་པས་སྤང་རྒྱུ་ཅི་ཡང་མེད༔ གཉིས་ཀ་དབྱེར་མེད་དུ་རྟོགས་ཙ་ན༔ ང་རྒྱལ་གྱི་མཁན་པོ་རྩད་ཆོད་པས་གཞི་རང་རྒྱུད་ཀྱི་ང་རྒྱལ་ངོ་ཤེས་པ་ཡིན་ནོ༔ དཔེར་ན་ནོར་བདག་གིས་རྐུན་མ་རྩད་ཆོད་པ་དང་འདྲ༔ ད་ང་རྒྱལ་སྐྱེས་ཚད་སེམས་སུ་ཤེས་པས་ཆོག་གོ༔ གཉིས་པ་ཡུལ་རྐྱེན་ལ་བརྟེན་ནས་མ་རིག་འཁྲུལ་བའི་ང་རྒྱལ་རྩད་གཅད་པ་ལ༔ གཅོད་ལུགས་གོང་ལྟར་དགྲ་གཉེན་བཟོད་པར་དཀའ་བའི་རྐྱེན་གྱིས་ང་རྒྱལ་འཁྲུགས་པ་རིམ་པ་གཅིག་བྱུང་ན༔ དེ་གའི་ངོ་བོ་ལ་ཅེར་ལྟོས༔ སྔོན་དུ་མཁན་པོ་རྩད་བཅད་པའི་དོན་གྱིས་འདིར་ཡང་ང་རྒྱལ་གྱི་རང་བཞིན་སྟོང་པར་ངོ་སྤྲོད༔ རང་སེམས་ཀྱི་ང་རྒྱལ་སྟོང་པར་ངོ་ཤེས་ཙ་ན༔ ཕྱི་ཡུལ་རྐྱེན་གྱི་རྣམ་པ་གཟུང་འཛིན་སྐྱེ་བའི་རྐྱེན་ཐམས་ཅད་ངོ་ཤེས་ཏེ༔ སྤང་བླང་བྲལ༔ དེ་ཙ་ན་ང་རྒྱལ་གྱི་མཁན་པོ་རྒྱུ་རྐྱེན་ཡུལ་ཅན་ངོ་བོ་གཅིག་ཏུ་ཤེས༔ ང་རྒྱལ་ལམ་དུ་གྱུར་པ་ཡིན་ནོ༔ སེམས་ཉིད་བདེ་ཆེན་དུ་འཆར༔ སངས་རྒྱས་ཀྱི་དགོངས་པ་ཤེས༔ ང་རྒྱལ་གྱི་སྡོང་པོ་ལ་ཆོས་ཉིད་ཀྱི་ལོ་འདབ་རྒྱས་པ་ཡིན༔ ང་རྒྱལ་རགས་ན་ཆོས་སྐུ་རགས༔ ང་རྒྱལ་ལམ་དུ་གྱུར་པའི་ཚད་ཡིན་ནོ༔ དུག་ལྔའི་ནང་ནས་ང་རྒྱལ་འདི་འབྱུང་བ་ལྔ་དང་སྦྱར་ན་ས་ཡིན་ནོ༔ ཁམས་ལྔ་དང་སྦྱར་ན་སའི་ཁམས༔ སྟོང་པ་ལྔ་དང་སྦྱར་ན་བདེ་སྟོང་༔ སྐུ་ལྔ་དང་སྦྱར་ན་རིན་ཆེན་འབྱུང་ལྡན༔ ཡེ་ཤེས་ལྔ་དང་སྦྱར་ན་མཉམ་ཉིད་ཡེ་ཤེས༔ འོད་ལྔ་དང་སྦྱར་ན་སེར་པོ༔ ང་རྒྱལ་ལམ་དུ་འཁྱེར་བའི་གདམས་པ་ཐོས་པ་དང་གྲོལ་བ་དུས་མཉམ༔ མ་བསྒོམས་སངས་རྒྱས་པའི་གདམས་པ་ནི༔ རྡོ་རྗེ་ཕག་མོས་དུར་ཁྲོད་སོ་ས་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་གྱི་འོད་ཕུག་ཏུ་གཏེར་དུ་སྦས༔ སློབ་དཔོན་མ་ཀུན་དགའ་འབུམ་གྱིས་གཏེར་ནས་བཏོན་ཏེ༔ རྟོགས་ལྡན་དུང་མཚོ་རས་པ་ལ་གནང་༔ ཁོང་གིས་བྱ་བཏང་ཉི་མ་རང་གྲོལ་ལ་གནང་༔ ཁོང་གིས་བླ་མ་ཉི་ཟླ་ཡོན་ཏན་ལ༔ ཁོང་གིས་མཚུངས་མེད་ཆོས་གསལ་རྡོ་རྗེ་ལ་གནང་༔ ཁོང་གིས་དྲིན་ཅན་དོན་གྲུབ་རྒྱལ་པོ་ལ་གནང་༔ ཁོང་གིས་སྤྲུལ་སྐུ་བྱང་ཆུབ་གླིང་པ་ལ་གནང་༔ དེས་རྩ་བའི་བླ་མ་སྣ་ཚོགས་རང་གྲོལ་ལ་གནང་༔ དེས་བདག་ལ་གནང་ནས་ཕྱག་དཔེ་ལས་ཞལ་བཤུས་པའོ༔ དགེ་འདིས་སྐལ་ལྡན་རིམ་པར་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ བསྟན་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་འགྲུབ་པར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་འདོད་ཆགས་རྡོ་རྗེའི་ཤོག་དྲིལ་བཞུགས༔
པདྨ་ཌཱཀྐི་ནི༔ དཔལ་པདྨ་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ འདོད་ཆགས་ལམ་དུ་འཁྱེར་བ་ལ་གཉིས་ཏེ༔ དེ་རྒྱུ་རང་ལ་བརྟེན་པའི་འདོད་ཆགས་དང་༔ རྐྱེན་དངོས་པོ་ལ་ཆགས་པའི་འདོད་ཆགས་དང་གཉིས༔ རྒྱུ་རང་ལ་བརྟེན་པའི་འདོད་ཆགས་ལ་གཉིས་ཏེ༔ གཞིའི་ཉོན་མོངས་ཀུན་གཞིའི་འདོད་པ་དང་༔ དེ་ལ་བརྟེན་ནས་མ་རིག་འཁྲུལ་བའི་འདོད་པའོ༔ ཉོན་མོངས་ཀུན་གཞིའི་འདོད་པ་ནི༔ ཡེ་གདོད་མ་ནས་རང་བཞིན་ཏེ༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ཏེ༔ སངས་རྒྱས་ཀྱིས་མ་བཅོས་སེམས་ཅན་གྱིས་མ་བསླད༔ གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་ཉོན་མོངས་པའི་འདོད་པ་སྐྱེས་པས༔ འཁྲུལ་བ་མ་རིག་པའི་འདོད་པ་བྱུང་༔ འཁྲུལ་བ་དེ་ལ་བརྟེན་ནས་ཕྱི་རོལ་ཡུལ་སྣང་གི་དངོས་པོ་ལ་འདོད་པ་སྐྱེ་སྟེ༔ དུག་ལྔ་དུག་གསུམ་དུ་ཤར་ཏེ་འཁོར་བར་འཁྱམས༔ དང་པོ་གཞི་རང་ལ་བརྟེན་པའི་འདོད་པ་མཁན་པོ་རྩད་གཅོད་པ་ནི༔ ཕྱིའི་ཡུལ་སྣང་ཡིད་དུ་འོང་བ་མཛེས་པ་དང་༔ བློ་མཐུན་པ་ལྟ་བུ་དང་འཕྲད་པ་དང་མཐོང་དུས་དེའི་ངོ་བོ་ཅིར་འདུག༔ གཟུགས་ཁ་དོག་དངོས་པོ་ཅིར་འདུག་དཔྱད་གཅད༔ དེ་མཐོང་མ་མཐོང་ལ་ཁྱད་པར་ཐོབ་ཤོར་ཅི་འདུག༔ གཟུགས་དངོས་ཅི་འདུག༔ མཐར་མ་རྙེད་པ་འདོད་པའི་མཁན་པོ་རང་གི་སེམས་སུ་ཐག་ཆོད་ཅིང་ངོ་ཤེས་ཙ་ན༔ ཕྱི་རོལ་གྱི་ཡུལ་སྣང་ལ་འདོད་པ་སྐྱེས་པ་ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ་དོན་ལོགས་ན་མེད་པར་ཤེས་ཏེ༔ ཕྱི་རོལ་གྱི་ཡུལ་སྣང་ཚུར་ཡོང་ནས་རང་ལ་གནོད་མ་བསྐྱལ༔ རང་གི་ཕྱིར་ཕྱིན་ནས་ཕྱི་རོལ་ཏུ་ཕན་མ་བཏགས༔ རང་ཐོག་ཏུ་ངོ་སྤྲོད་པས་འདོད་པའི་མཁན་པོ་ངོ་བོ་རང་སྟོང་དུ་ངོས་བཟུང་མེད་པར་འཆར༔ དེ་ཙ་ན་འདོད་པའི་མཁན་པོ་རྩད་ཆོད་ཙ་ན༔ མཛེས་མ་སོགས་ཅི་མཐོང་ཡང་རང་སྣང་དུ་ངོ་ཤེས་པས་རང་གྲོལ་དུ་འོང་༔ སྣང་བ་འདོད་པའི་མཁན་པོ་རང་སྟོང་དུ་རྟོགས་པས༔ ཕྱི་ཡུལ་རྐྱེན་སེམས་སུ་ངོ་འཕྲོད་པས་སྤང་བླང་དང་དགག་སྒྲུབ་རང་དག་སྟེ༔ ཕྱི་ཡུལ་རྐྱེན་སྣང་གྲོགས་སུ་ཤར་ནས༔ རང་ལ་བརྟེན་པའི་འདོད་པ་འཕྲོ་ཆོད་པའོ༔ ངོ་འཕྲོད་པའོ༔ སྤོང་ལེན་གྱི་མཐའ་དང་བྲལ༔ རྐྱེན་ཡུལ་སྣང་ལ་བརྟེན་ནས་ཆགས་པ་ནི༔ དོན་ལྔ་སྟེ༔ དང་པོ་སྒོ་ལྔ་ལ་བརྟེན་ནས་མིག་གིས་གཟུགས་རྣ་བས་སྒྲ་སྣས་དྲི་ལྕེས་རོ་ལུས་ཀྱིས་རེག་བྱ་འཇམ་པ་ལ་རིམ་གྱིས་ཆགས་པས༔ ཕྱི་ཡུལ་རྐྱེན་དུ་སྣང་བ་ལ་ཆགས་པ་ཐམས་ཅད་ནང་སྒོ་ལྔའི་རིག་པའི་རྩལ་དུ་མ་ཤེས་པས༔ དེ་ལ་ཆགས་པས་རིགས་དྲུག་གི་སྡུག་བསྔལ་མྱོང་༔ ངོ་མ་ཤེས་པས་དེ་ལྟར་འཁོར་བར་འཁྱམས༔ དེ་ལ་དང་པོ་ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་རང་སེམས་སུ་ཐག་གཅད་དོ༔ དེ་ཡང་སྟོང་ཉིད་དུ་ཐག་གཅད༔ དེ་ཆོད་ཙ་ན་ཕྱིའི་ཡུལ་རྐྱེན་ཐམས་ཅད་དེར་ཤེས་སོ༔ གཉིས་ཀ་གཉིས་མེད་དུ་ཤེས༔ དེས་ན་ཕྱི་རོལ་སྣང་བའི་ཆགས་རིགས་ཐམས་ཅད་རང་རིག་སེམས་ཁོ་ནའི་རྩལ་དུ་མ་གྱུར་པ་མེད་དོ༔ འདོད་ཆགས་ཆུ་ལྟར་གཡོས་ཀྱང་ཨའུ་ཙི༔ ཐམས་ཅད་སེམས་ཀྱི་རང་བཞིན་མེ་འབར་ཤིང་མནན་བསྣན་མཚོན་དུའོ༔ འདོད་ཆགས་རང་བཞིན་ཆོས་ཀྱི་སྐུ༔ འདོད་ཆགས་རང་བཞིན་བདེ་བ་ཆེ༔ འདོད་ཆགས་རང་བཞིན་ཡེ་ཤེས་ཆེ༔ དུས་དེར་ཕྱི་རོལ་ཆགས་པ་ཡིས༔ འདོད་ཆགས་སྤུ་ཙམ་སྤང་དུ་མེད༔ ནང་རིག་པའི་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་འགགས་པ་མེད་པ༔ གསལ་བ་དེ་ཆོས་སྐུ་ཡིན༔ ཕྱི་ཡུལ་སྣང་དུ་འདོད་ཆགས་སྐྱེས་པ་ཐམས་ཅད༔ ནང་རིག་པ་ཆོས་སྐུའི་རྩལ་ཡིན་ནོ༔ དེ་ངོ་ཤེས་ཙ་ན་འདོད་ཆགས་ཀྱི་ལམ་ཀློང་དུ་གྱུར་པ་ཡིན་ནོ༔ འདོད་ཆགས་དུག་ལྔའི་ནང་ནས༔ འབྱུང་བ་ལྔ་དང་སྦྱར་ན་མེ༔ ཁམས་ལྔ་དང་སྦྱར་ན་མེའི་ཁམས༔ སྟོང་པ་ལྔའི་ནང་ནས་གསལ་སྟོང་༔ ཡེ་ཤེས་ལྔའི་ནང་ནས་སོ་སོར་རྟོགས་པའི་ཡེ་ཤེས༔ འོད་ལྔའི་ནང་ནས་དམར་པོ༔ ཞིང་ཁམས་ལྔའི་ནང་ནས་བདེ་བ་ཅན༔ སྐུ་ལྔའི་ནང་ནས་སྣང་བ་མཐའ་ཡས༔ འདོད་ཆགས་ལམ་དུ་འཁྱེར་བའི་གདམས་པ་འདི་ལམ་མྱུར་བས་མ་བསྒོམས་པར་སངས་རྒྱས༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ་གདམས་པའི་ཁྱད་པར་རོ༔ འདོད་ཆགས་རྡོ་རྗེའི་ཤོག་དྲིལ་ཞེས་བྱ་བ་ལེགས་སོ༔ ཡུམ་རྡོ་རྗེ་ཕག་མོས་དུར་ཁྲོད་སོ་ས་གླིང་དུ་ཡེ་ཤེས་མཚོ་རྒྱལ་ལ་གནང་༔ ཁོང་གིས་སྒྲགས་ཡང་རྫོང་ཤེལ་ཕུག་ཏུ་གཏེར་དུ་སྦས༔ དེ་ནས་སློབ་དཔོན་ཀུན་དགའ་འབུམ་གྱིས་བཏོན༔ ཁོང་གིས་གྲུབ་ཐོབ་དུང་མཚོ་རས་པ་ལ་གནང་༔ དེས་ཉི་མ་རང་གྲོལ༔ དེས་ཉི་ཟླ་མཚན་ཅན༔ དེས་ཆོས་གསལ་རྡོ་རྗེ་ལ༔ དེས་དོན་གྲུབ་རྒྱལ་པོ་ལ༔ དེས་བྱང་ཆུབ་གླིང་པ་ལ༔ དེས་རྩ་བའི་བླ་མ་ལའོ༔ དེས་བདག་ལ་གནང་བའོ༔ ལས་ཅན་གཅིག་དང་འཕྲད་ནས་སེམས་ཅན་ཀུན་ལ་ཕན་ཐོགས་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁ་ཐམ༔
རྫོགས་ཆེན་མཁའ་འགྲོ་གསང་བ་ལམ་འཁྱེར་ལས་ཕྲག་དོག་རྡོ་རྗེའི་ཤོག་དྲིལ།
༄༅། །རྫོགས་པ་ཆེན་པོ་མཁའ་འགྲོ་གསང་བ་ལམ་འཁྱེར་ལསཿ ཕྲག་དོག་རྡོ་རྗེའི་ཤོག་དྲིལ་བཞུགས༔
ན་མོ་ཀརྨ་ཌཱཀྐི་ནི༔ དཔལ་ལས་ཀྱི་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ ཕྲག་དོག་ལམ་དུ་འཁྱེར་བ་ལ་གཉིས་ཏེ༔ རྒྱུ་དང་རྐྱེན་གཉིས་ལས༔ དང་པོ་རང་རྒྱུད་ལ་བརྟེན་པའི་སེམས་ཉོན་མོངས་ཀྱི་ཕྲག་དོག་དང་མ་རིག་པའི་ཕྲག་དོག༔ དེ་ནི་རང་གི་སེམས་ལས་བྱུང་༔ དུས་གསུམ་སངས་རྒྱས་ཀྱི་དགོངས་པ་སེམས་ཅན་ཀུན་ལ་ཁྱབ་པ་འདི་ཡང་ཡར་སངས་རྒྱས་ཀྱིས་མ་བཅོས༔ མར་སེམས་ཅན་གྱིས་མ་བསླད༔ བར་གློ་བུར་གྱི་དྲི་མ་དང་བྲལ་བ་གཅིག་ཡིན་པ་ལ༔ དེ་ངོ་མ་ཤེས་པས་འཁྲུལ་བ་མ་རིག་པའི་ཕྲག་དོག་བྱུང་ངོ་༔ དེ་ལ་བརྟེན་ནས་སེམས་ཅན་འཁོར་བ་ནས་འཁོར་བར་འཁོར་རོ༔ དང་པོ་རང་རྒྱུད་ལ་བརྟེན་པའི་ཕྲག་དོག་རྩད་གཅོད་པ་ནི༔ ཕྱི་ཡུལ་སྣང་རང་གི་གྲོགས་དང་དགའ་མཛའ་ཉེ་རིང་གཏམ་གྱི་གླེང་སློང་གཅིག་ལ་བརྟེན་ནས་ཕྲག་དོག་འཚུབས་བྱུང་བའི་དུས་སུ་ཕྲག་དོག་དེ་ལ་ངོ་བོ་ཅི་འདུག༔ གཟུགས་ཁ་དོག་སོགས་མཚན་མའི་དངོས་པོ་གང་འདྲ་གཅིག་འདུག་ཐག་གཅད་དོ༔ གང་དུ་ཡང་མ་རྙེད་པའི་ངང་ལ་དར་ཅིག་འཇོག༔ དེ་གའི་ངང་ནས་ཡང་བལྟ་ཞིང་གཅད་དོ༔ ཡེ་མ་རྙེད་ན་དངོས་པོ་ཡོད་པ་ལ་མ་རྙེད་པ་ཡིན་ནམ༔ མེད་པ་རང་ཡིན་བལྟས་པས་ངོ་བོ་རང་སྟོང་དུ་ཁྲོལ་གྱི་ངོས་བཟུང་མེད་པར་རང་སེམས་ཁོ་ནར་ཐག་ཆོད་ན་གཞི་རང་རྒྱུད་ཀྱི་ཕྲག་དོག་རྩད་ཆོད་པའོ༔ དེ་ཙ་ན་ཕྱི་ཡུལ་རྐྱེན་དུ་སྐྱེ་བའི་རྒྱུ་ཐམས་ཅད་རང་སར་དག་ནས་རང་གི་སེམས་ཀྱི་ཆོ་འཕྲུལ་མ་གཏོགས་དོན་ལོགས་ན་དགའ་བ་དང་མི་དགའ་བ་སྟེ༔ ཕྲག་དོག་སྐྱེ་བའི་རྒྱུ་མེད༔ རྐྱེན་མེད་གང་སྐྱེས་ཀྱང་སྐྱེ་བའི་མཁན་པོ་རང་སྟོང་ངོས་བཟུང་མེད་པ་དེ་རང་ཡིན༔ དེ་ཙ་ན་རང་ལ་བརྟེན་པའི་ཕྲག་དོག་གི་མཁན་པོ་རྩད་ཆོད་པའོ༔ གཉིས་པ་འཁྲུལ་རྐྱེན་ཕྱི་ཡུལ་སྣང་ལ་བརྟེན་པའི་རྩད་གཅོད་ལ༔ གཅོད་ལུགས་གོང་དང་འདྲ་བས༔ དང་པོར་ཕྲག་དོག་གཅིག་འོང་ཞིང་ནམ་བྱུང་བ་དང་དེ་རང་གི་ངོ་བོ་ལ་དར་ཅིག་བལྟས་ཏེ༔ ཕྲག་དོག་དེ་ཕྱི་ནང་གང་ནས་བྱུང་༔ རང་ངམ་གཞན་ཡིན་བལྟས་པས་སྔར་མཁན་པོ་རྩད་བཅད་པའི་སྟོབས་ཀྱིས༔ འདིར་ཡང་ཕྱི་ཡུལ་རྐྱེན་གྱི་ཕྲག་དོག་སྐྱེ་བའི་རྐྱེན་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ཏེ༔ རང་སར་གྲོལ་ནས་དོན་ལེགས་ན་སྤང་རྒྱུ་སྐད་ཅིག་ཀྱང་མེད༔ དེ་ཙ་ན་ཕྲག་དོག་སྐྱེ་བའི་རྒྱུ་རྐྱེན་ཡུལ་སྣང་ཐམས་ཅད༔ ནང་མཁན་པོ་སྟོང་༔ ཕྱི་ཡུལ་གྱི་སྟོང་༔ བར་དུ་དངོས་པོ་སྟོང་༔ སྤང་བླང་གི་མཐའ་དང་བྲལ༔ ཕྲག་དོག་གི་མཁན་པོ་མེད་པས་ཕྲག་དོག་རླུང་ལྟར་འཚུབས་ཀྱང་ཨའུ་ཙི༔ ཕྲག་དོག་གི་ངོ་བོ་རང་སེམས༔ རང་སེམས་ཀྱི་ངོ་བོ་སྟོང་པ༔ སྟོང་པའི་ངོ་བོ་སྐུ༔ དེ་ཙ་ན་ཕྲག་དོག་ངོ་བོ་སྟོང་༔ རང་བཞིན་གསལ༔ ཐུགས་རྗེ་འགག་པ་མེད་པ་ས་ལེ་སིང་ངེ་༔ བློ་འདས་ངོས་བཟུང་མེད་པ་དེ་ཀ་ཆོས་སྐུའོ༔ ནང་རིག་པ་ཆོས་སྐུར་ངོ་ཤེས་ཙ་ན༔ ཕྱི་ཡུལ་གྱི་ཕྲག་དོག་སྐྱེས་པ་ཐམས་ཅད་ནང་རིག་པ་ཆོས་སྐུའི་རྩལ་ཁོ་ནར་ཤེས༔ དེ་ཙ་ན་ཕྲག་དོག་ལམ་དུ་གྱུར་རང་ངོ་ཤེས༔ གཞི་རང་ལ་བརྟེན་པའི་ཆོས་སྐུ་བླང་དུ་མེད༔ ཕྱི་ཡུལ་རྐྱེན་ལ་བརྟེན་པའི་ཕྲག་དོག་སྤང་རྒྱུ་མེད༔ ཐམས་ཅད་རང་སེམས་ཆོས་སྐུའི་ཡོ་ལང་༔ དུག་ལྔའི་ནང་ནས་ཕྲག་དོག་འདི་འབྱུང་བ་ལྔ་དང་སྦྱར་ན་རླུང་ཡིན༔ ཁམས་ལྔའི་ནང་ནས་རླུང་ཁམས་སོ༔ སྐུ་ལྔའི་ནང་ནས་དོན་ཡོད་གྲུབ་པ༔ སྟོང་པ་ལྔའི་ནང་ནས་གྲག་སྟོང་དབྱེར་མེད༔ ཡེ་ཤེས་ལྔའི་ནང་ནས་བྱ་གྲུབ་ཡེ་ཤེས༔ འོད་ལྔའི་ནང་ནས་ལྗང་ཁུ༔ ཕྲག་དོག་ལམ་དུ་འཁྱེར་བའི་གདམས་པ་ལམ་མྱུར་བས་མ་བསྒོམས་པར་སངས་རྒྱས་པ༔ ངོ་ཤེས་པ་དང་གྲོལ་བ་དུས་མཉམ་པ༔ གདམས་པའི་ཁྱད་ཆོས་སྒྲུབ་བརྒྱུད་ཁུངས་མ་འདི་ཀུན་ལ་མེད་པའི་ཁྱད་ཆོས་སོ༔ ཀུན་ལ་ཡོད་ན་ཚད་རྒྱུ་མེད༔ ཕྲག་དོག་རྡོ་རྗེའི་ཤོག་དྲིལ་འདི༔ མ་རྒྱུད་མཁའ་འགྲོ་གསང་བ་ལམ༔ ཚེ་གཅིག་སངས་རྒྱས་སྒྲུབ་པ་འདི༔ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ཡིས༔ སོ་ས་གླིང་གི་དུར་ཁྲོད་དུ༔ ཡེ་ཤེས་མཚོ་རྒྱལ་ཉིད་ལ་གདམས༔ ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ༔ སྨོན་ལམ་བཀའ་སྲུང་གཏད་ནས་སྦས༔ སྤྲུལ་སྐུ་སློབ་དཔོན་ཀུན་དགའ་འབུམ༔ ལུང་བསྟན་བཀའ་བཞིན་གཏེར་ནས་བཏོན༔ རྣལ་འབྱོར་དུང་མཚོ་རས་ཆེན་ལ༔ ལུང་བསྟན་བཀའ་གཏད་མ་ལུས་གནང་༔ དེས་བྱ་བཏང་ཉི་མ་རང་གྲོལ༔ དེས་ཉི་ཟླ་ཡོན་ཏན༔ དེས་ཆོས་གསལ་རྡོ་རྗེ༔ དེས་མྱང་པོ་འཁྲུལ་ཞིག་ལའོ༔ དེས་སྤྲུལ་སྐུ་བྱང་ཆུབ་གླིང་པ་ལ༔ དེས་རྩ་བའི་བླ་མ་ལ༔ དེས་བདག་ལའོ༔ དམ་ཆོས་གསང་བ་ལམ་འཁྱེར་གྱི༔ དོན་གཉིས་མཐའ་རུ་ཕྱིན་ནས་སུ༔ འགྲོ་ཕན་སངས་རྒྱས་མྱུར་ཐོབ་ཤོག༔ འདིའི་དགེ་བས་གང་ཐོབ་པ་རྒྱལ་བའི་བསྟན་པ་ལུང་རྟོགས་ཀྱིས་བསྡུས་དངོས་རབ་རྒྱས་ནས་འགྲོ་ལ་ཕན་བདེ་འབྱུང་བར་ཤོག༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ ཟབ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ མངྒ་ལཾ༔