← Search

འབའ་རོམ་བཀའ་བརྒྱུད་སྒྲུབ་སྡེའི་དཔེ་ཚོགས།བཀའ་ཕྱག་བརྒྱུད་པའི་ལམ་རིམ་བྱང་ཆུབ་སེམས་སྦྱོང་གི་གདམས་སྐོར།

བློ་གྲོས་མཐའ་ཡས།

ངོས་སྦྱོར་ཆེད་བརྗོད།

p. 1

༈ འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་རྣམས་ཀུན། །
མ་འདྲེས་གསལ་བར་སྟོན་པའི་ཨ་དརྴ། །
མཁས་གྲུབ་གོང་མའི་གསུང་རབ་རིན་ཆེན་ཕྲེང་། །
ཡིད་ཀྱི་མུན་པ་སེལ་བའི་ཉི་མའང་ཡིན། །
བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གང་ཉིད་ཀྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་འཇུག་ངོགས་སུ་བསྩལ་པ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ། ཐོས་པས་མཐའ་རྒྱ་གཅོད་པ། བསམ་པས་སྒྲོ་འདོགས་སེལ་བ། སྒོམ་པས་ཉམས་སུ་ལེན་པ་སོགས་གང་ཞིག་བགྱི་བའི་སྐབས་ཡིན་ནའང་། མཛོད་ཀྱི་ལྡེའུ་མིག་ལྟ་བུ་ནི། སྔོན་གྱི་མཁས་གྲུབ་དག་གི་ཐུགས་ཀྱི་བུམ་པར་བསྐྱིལ་ཏེ། བརྩེ་བ་ཆེན་པོའི་གཞན་དབང་ལས་བྱུང་བའི་གསུང་རབ་དྲི་མ་མེད་པ་རྣམས་ཡིན་ཕྱིར།
བསྟན་པའི་ཟབ་གནད་དང་དགོས་ཕན། རང་འཁྲིའི་འོས་འགན་སོགས་རྒྱ་ཆེ་བའི་དོན་རྣམས་ལེགས་པར་ཤེས་པས། བསྟན་པ་ལ་ཤིན་ཏུ་གཅེས་ཤིང་ཕངས་པའི་སྐྱེ་བོ་དམ་པ་དག་གིས། འཁོར་འདས་ཀྱི་ཤེས་བྱ་སྤྱི་དང་། ལེགས་ཉེས་ཀྱི་ལམ་རྣམས་མ་ནོར་བ། འགྲོ་བའི་ཡིད་ཀྱི་མེ་ལོང་དུ་ཤར་བས་བླང་དོར་གྱི་བྱ་བ་དག་ལ་ཡང་དག་པར་ཞུགས་པའི་སྒོ་ནས། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པའི་ཆེད་དུ། གསུང་རབ་ཀྱི་ཚོགས་རྣམས་ཕྱོགས་དུས་ཀུན་ཏུ་ཁྱབ་སྤེལ་གནང་བའི་འབད་པ་ལྷུར་བླང་བགྱིས་པ་བཞིན།
སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་པ། སྐྱོ་བྲག་ཁང་དགོན་མདོ་སྔགས་ཉིན་བྱེད་གླིང་གི་བསྟན་བདག མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་མཆོག་དང་། རྒན་བླ་མ་བསྟན་འཛིན་ཡོངས་གྲགས་ཟུང་གིས་དབུས། བླ་སློབ་སྦྱིན་བདག་རྣམ་པས་ཀྱང་། བཀའ་བརྒྱུད་རིག་གཞུང་དཔེ་ཚོགས། ཞེས་པ་མུ་འབྲེལ་དཔེ་སྐྲུན་འགྲེམ་སྤེལ་གནང་འཆར་ཡོད་པ་ལ། ཁོ་བོས་ཡི་རང་དང་། ལེགས་ལམ་ཡོང་བའི་རེ་སྨོན་ཡོད།
བཀའ་བརྒྱུད་རིག་གཞུང་དཔེ་ཚོགས་སྐྲུན་པ་ན། །ཆགས་སྡང་དྲི་མའི་རྡུལ་གྱིས་མ་གོས་པ། །
ལྷག་བསམ་གཙང་མའི་ཆབ་ཀྱིས་བྲན་པའི་མཐུས། །ཐུབ་བསྟན་པདྨོ་རྒྱས་པའི་གཉེན་དུ་ཤོག །
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། སྤྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༨ ཉིན།

p. 2

ངོས་སྦྱོར་ཆེད་བརྗོད།
དེ་ཡང་སྲིད་ཞིའི་ལེགས་ཚོགས་ཀུན་གྱི་འབྱུང་གནས་གཅིག་པུར་གྱུར་པ་ནི། སྟོན་མཆོག་བཀའ་དྲིན་ཟླ་མེད་སྐྱོབ་པ་ཤཱཀྱ་སེང་གེས་བསྩལ་བའི་མདོ་སྔགས་ཀྱི་བསྟན་པ་ཉིད་ཡིན་ལ། དེ་ལ་ཇི་ལྟར་འཇུག་ཚུལ་ཡང་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར། ཐོག་མར་གང་ལ་ཐོས་བསམ་བྱ་བའི་གཞི། སྟོན་པ་བླ་ན་མེད་པའི་ཞལ་ཚབ་དངོས་ནི་མིང་ཚིག་གི་བརྡས་དྲངས་པའི་གསུང་རབ་ཡི་གེའི་ཚོགས་སུ་སྣང་བ་སྟེ། མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་འོང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་གདམས་པས་སོ། །དེས་ན་གཟུར་གནས་དོན་གཉེར་ཅན་དག་བདེན་བཞིའི་གནས་ལ་འཇུག་ལྡོག་ངེས་པའི་གཞི་བཀའ་བསྟན་མན་ངག་གིས་མཚོན་པའི་ཆོས་དཔེ་འཚོལ་བསྐྲུན་དང་། འཆད་ཉན་ཉམས་ལེན་ལ་ནན་ཏན་མཛད་གལ་ཆེ་བ་རྒྱུ་མཚན་དུ་བྱས་ནས། སྐབས་འདིར་རིས་མེད་ཀྱི་རྒྱལ་བསྟན་ལ་གུས་ཤིང་འགྲོ་མགོན་བཀའ་བརྒྱུད་པའི་སྲོལ་འཛིན་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་སྡེ་(སྐྱོ་བྲག་ཁང་དགོན་མདོ་སྔགས་ཉིན་བྱེད་གླིང་བཀའ་བརྒྱུད་རིག་གཞུང་དཔེ་ཚོགས་འཚོལ་སྒྲིག་ཁང་)གི་གཙོ་ཁྲིད་པ་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེ་དང་རྒན་བླ་མ་བསྟན་འཛིན་ཡོངས་གྲགས་ཟུང་གིས་དབུ་མཛད་པའི་བླ་སློབ་སྦྱིན་བདག་རྣམ་པ་དང་། མཁས་བཙུན་བཟང་པོའི་དཔལ་མངའ་ཞུ་སྒྲིག་ཆེད་ལས་པ་ལྷན་རྒྱས་ལ། ཁོ་བོས་སྙིང་ཁོང་ནས་གུས་སྤྲོ་བརྟས་པའི་ཆེད་བརྗོད་འབུལ་བར་མ་ཟད། མུ་འབྲེལ་དཔེ་བསྐྲུན་འགྲེམ་སྤེལ་གནང་སྐབས། བསྟན་འགྲོར་སྨིན་པའི་དགོངས་སྤྱོད་ཡར་ཟླའི་འགྲོས་ལ་སྙེགས་པའི་གཞེན་བསྐུལ་དང་། ལེགས་བྱས་འདི་ཉིད་མཐར་སོན་ཅིང་རྣམ་དཀར་ཕྲིན་ལས་ཀྱི་རྒྱན་མཁའ་དང་ཉི་བཞིན་ཡོངས་ཁྱབ་ཏུ་བརྡལ་བའི་རེ་སྨོན་བཅས། སྐྱོ་བྲག་གསལ་བྱེད་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་བོད་ཟླ་དང་པོའི་ཚེས་གསུམ་ལ་ཕུལ།

བཀའ་ཕྱག་བརྒྱུད་པའི་ལམ་རིམ་བྱང་ཆུབ་སེམས་སྦྱོང་གདམས་སྐོར། ༼ཨོཾ༽

p. 3

༄༅། །བཀའ་ཕྱག་བརྒྱུད་པའི་ལམ་རིམ་བྱང་ཆུབ་སེམས་སྦྱོང་གདམས་སྐོར་བཞུགས་སོ། །

p. 4

༄༅། །སྟོན་མཆོག་ཐུབ་པའི་དབང་པོ་ལ་ན་མོ།

p. 5

༄༅། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དྭགས་པོ་ཟླ་འོད་གཞིན་ནུ་ལ་ན་མོ།

བློ་སྦྱོང་བརྒྱུད་པའི་གསོལ་འདེབས་དད་པའི་གདུང་སེལ།

p. 1

༄༅། །བློ་སྦྱོང་བརྒྱུད་པའི་གསོལ་འདེབས་དད་པའི་གདུང་སེལ་ཞེས་བྱ་བ་བཞུགས་སོ། །
༄༅། །ཐུབ་པའི་དབང་པོ་རྒྱལ་ཚབ་བྱམས་པ་དང་། །འཕགས་པ་ཐོགས་མེད་མཁས་མཆོག་དབྱིག་གི་གཉེན། །གྲོལ་སྡེ་རྣམ་གཉིས་གུ་ཎ་མི་ཏྲ་དང་། །སེང་གེ་བཟང་པོའི་ཞབས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས། །གང་སྤེལ་ཀུ་སཱ་ལི་པ་ཆེ་ཆུང་དང་། །གསེར་གླིང་པ་དང་མགོན་པོ་ཨ་ཏི་ཤ །འབྲོམ་སྟོན་པོ་ཏོ་བ་དང་ཤ་ར་བ། །རྣལ་འབྱོར་འཆད་ཁ་བ་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས། །སྤྱིལ་བུ་པ་དང་འོད་ཟེར་བླ་མ་དང་། །ལྷ་སྡིངས་བྱང་ཆུབ་འབུམ་པ་ཀུན་རྒྱལ་མཚན། །ཡོན་ཏན་དཔལ་བ་མཁན་ཆེན་བདེ་བ་དཔལ། །བཀའ་བཞི་གྲགས་པ་གཞོན་ནུར་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས། །བྱང་སེམས་བསོད་གྲགས་ཐོགས་མེད་བཟང་པོ་དཔལ། །ཡོན་ཏན་བློ་གྲོས་གཞོན་ནུ་བློ་གྲོས་དང་། །པཎ་ཆེན་ཤཱཀ་མཆོག་ཀུན་དགའ་མཆོག་གྲུབ་མཚན། །རྗེ་བཙུན་གྲོལ་མཆོག་ཞབས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་

p. 2

གྱིས་རློབས། །ལུང་རིགས་རྒྱ་མཚོ་ཀུན་མཁྱེན་སྒྲོལ་བའི་མགོན། །རྒྱལ་ཚབ་རྣམ་གཉིས་རྣལ་འབྱོར་ཡོན་ཏན་མགོན། །མགོན་པོ་དཔལ་འབྱོར་མགོན་པོ་གྲགས་པའི་མཚན། །མགོན་པོ་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས། །ཚེ་དབང་ནོར་བུ་ཕྲིན་ལས་ཤིང་རྟའི་ཞབས། །བསྟན་པའི་ཉིན་བྱེད་གྲུབ་བརྙེས་བློ་གྲོས་མཚན། །ཀརྨ་ལྷག་མཐོང་གཞན་ཕན་འོད་ཟེར་རྗེ། །ཞལ་རྒྱུན་ལྟར་ན།(བློ་གྲོས་མཐའ་ཡས་རྣམས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །)མཆན། རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །བློས་བཏང་ཟློག་སྒོམ་ནུས་པར་བྱིན་གྱིས་རློབས། །ཞེན་ལོག་ངེས་འབྱུང་གཉིས་པོས་གཞི་བཟུང་ནས། །ཐེག་ཆེན་ལམ་ལས་ཕྱིར་མི་ལྡོག་པའི་གསང་། །ཡང་དག་བྱང་ཆུབ་སེམས་མཆོག་རྣམ་པ་གཉིས། །སྐྱེས་བརྟན་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཆོས་བརྒྱད་རྨང་བསྒྱེལ་བདག་འཛིན་རྩད་ནས་བཅད། །གཞན་གཅེས་གཏིང་ནས་འབྱོངས་ཏེ་ཅིར་སྣང་ཀུན། །བྱང་ཆུབ་ལམ་གྱི་གྲོགས་སུ་ཁྱེར་ནུས་པའི། །བློ་སྦྱོང་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དོན་དམ་སྐྱེ་འགག་གནས་བྲལ་སྟོང་ཉིད་ངང། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ཚུལ་རྟོགས་ནས། །སྲིད་པ་ཇི་སྲིད་མཁའ་ཁྱབ་འགྲོ་བའི་དོན། །ལྷུན་གྲུབ་ཐམས་ཅད་གཟིགས་པར་བདག་གྱུར་ཅིག །ཅེས་པ་འདིའང་བློ་སྦྱོང་ཁྲིད་ཡིག་གི་ཡན་ལག་ཏུ་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་ཤུ་བྷཾ།།

བློ་སྦྱོང་གྱེར་སྒོམ་རྡོ་རྗེའི་གླུ་དབྱངས།

p. 3

༄༅། །བློ་སྦྱོང་གྱེར་སྒོམ་རྡོ་རྗེའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །
༄༅། །ཀྭ་ཡེ་ཕ་མར་གྱུར་པའི་འགྲོ་བ་མ་ལུས་དྲང་བའི་ཕྱིར། །བདག་ལ་ཡོད་པའི་ཉོན་མོངས་དུག་ལྔ་གང་དག་གིས། །སེམས་ཅན་རྣམས་ཀྱི་དུག་ལྔ་མ་ལུས་དྲང་བར་བྱ། །འདོད་ཆགས་ལ་སོགས་མེད་པའི་དགེ་བ་གང་ཡོད་རྣམས། །འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམ་པར་བྱ། །ན་ཚ་ལ་སོགས་འབྲས་བུར་གྱུར་པའི་སྡུག་བསྔལ་གྱིས། །དེ་དང་རིགས་མཐུན་སྡུག་བསྔལ་མ་ལུས་དྲང་བར་བྱ། །ན་ཚ་ལ་སོགས་མེད་པའི་ཕན་བདེ་གང་ཡིན་དེ། །འགྲོ་དྲུག་སེམས་ཅན་རྣམས་ལ་རྟག་ཏུ་བྲིམ་པར་བྱ། །དེ་ལྟར་བྱས་ན་རང་ཉིད་འཁོར་བའི་རྒྱ་མཚོ་འདིར། །སྐད་ཅིག་ཙམ་ཡང་འཁྱམས་པའི་གོ་སྐབས་ག་ལ་སྲིད། །འོན་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། །མྱོང་གྱུར་ཉོན་མོངས་རྒྱུ་འབྲས་ཇི་སྙེད་པ། །ཐམས་ཅད་སྐྱེ་བ་འདི་ལ་ཡོངས་སུ་རྫོགས་པར་བྱ། །དེ་ཡང་ད་ལོའི་ཟླ་བ་འདི་ལ་དྲང་བར་བྱ། །དེ་ཡང་དེ་རིང་ད་ལྟ་ཉིད་དུ་རྫོགས་བྱས་ནས། །སྡུག་བསྔལ་བྲང་ཕྲེང་རབ་ཆད་ཙམ་གཅིག་ཐབས་སུ་བསྟེན། །བློ་འདི་འབྱོངས་པར་གྱུར་ཅིག་བྱམས་པའི་རྣལ་འབྱོར་པ། །ཞེས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གྱེར་སྒོམ་རྡོ་རྗེའི་གླུ་བླང་བ་འདི་བྱམས་པའི་རྣལ་འབྱོར་པ་བདག་གིས་ཡུན་དུ་ཁ་ཏོན་བྱས་ནས། རེ་ཞིག་ཆུ་བོ་གང་གཱའི་འགྲམ་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པ་ལྷའི་རྒྱལ་པོའི་ཆ་ལུགས་སུ་ཞུགས་ནས་བྱམས་པའི་རྣལ་འབྱོར་

p. 4

པ་ཅན་བྱོན་ནས་འདི་སྐད་གསུངས་སོ། །ཐོས་པ་ཙམ་གྱིས་ངན་འགྲོའི་སྡུག་བསྔལ་སེལ་བའི་གླུ། །བསམ་པ་ཙམ་གྱིས་འཁོར་བའི་ལྗོན་ཤིང་བཅད་པའི་གླུ། །སྒོམ་པ་ཙམ་གྱིས་བྱང་ཆུབ་མྱུར་དུ་འབྱིན་པའི་གླུ། །བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གླུ་འདི་མཚར། །ཉོན་མོངས་དུག་ལྔ་དགྲ་བཞིན་འཇོམས་པར་རིགས་ན་ཡང་། །ཁྱོད་ཀྱིས་འདི་ལྟར་ན་ནི་རྒྱུད་ལ་བསྟེན་པ་མཚར། །ན་ཚ་སྡུག་བསྔལ་ཀུན་ནས་བཟོད་པར་དཀའ་ན་ཡང་། །ཁྱོད་ཀྱིས་འདི་ལྟར་ན་ནི་ངོ་མཚར་རྨད་དུ་བྱུང་། །རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུར་མཛད་དེ། །རང་དབང་མེད་པར་འཁོར་བར་འཁྱམས་པ་སུ་མི་དཀའ། །དེས་ན་རང་དོན་བསམ་པ་སྐད་ཅིག་མ་འཁྲིས་པར། །གཞན་གྱིས་མི་འདོད་བདག་གིས་ལེན་པ་དམ་པ་ཡིན། །ཐེག་པ་ཆེན་པོའི་གསུང་རབ་མཐའ་ཡས་མུ་མེད་ཀྱང་། །འདི་རུ་མ་འདུས་རྡུལ་ཙམ་གང་ཡང་ཡོད་མ་ཡིན། །དེ་ཕྱིར་རྣལ་འབྱོར་ཁྱོད་ཀྱི་རྡོ་རྗེའི་གླུ་བླངས་འདི། །ཐོས་བསམ་བསམ་གཏན་བསྒོམ་པའམ་ནི་བཤད་ཀྱང་རུང་། །འཇིག་རྟེན་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་སྟེ། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་དེ། །ཁྱོད་ཀྱི་བློ་ལ་ཤར་བ་ངོ་མཚར་ཤིན་ཏུ་ཆེ། །ཤིན་ཏུ་དགྱེས་པས་རྡོ་རྗེའི་གླུ་ཚིག་གི་ལན་དུ་གསུངས་པ་དང་། བྱམས་པའི་རྣལ་འབྱོར་པ་ཤིན་ཏུ་ཉམས་དགའ་ཞིང་ཐེ་ཚོམ་གྱི་མདུད་པ་གྲོལ་ནས་དཔའ་བོ་ཆེན་པོ་རྡོ་རྗེའི་གཡུལ་དུ་ཞུགས་སོ། །ཀྱེ་ཧོ། ཡང་འདི་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་དུས་དང་གནས་སྐབས་དྲན་པ་དང་། བརྗེད་པ་མ་མཆིས་པར་ཆོས་འདི་བློ་ལ་སྦྱངས་ཤིང་ཁམས་གསོ་རྡོ་རྗེའི་གླུ་བླངས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་སྲིན་པོ་ལ་སོགས་པ་མས་རང་གི་བུ་

p. 5

གཅིག་པུ་ལ་བྱམས་པ་བཞིན་གུས་པས་དབང་དུ་འདུས་པར་གྱུར་ཏོ། །གཞན་ཡང་ཡུལ་གྱི་རྒྱལ་པོ་དང་། བཙུན་མོ་དང་། བྲམ་ཟེ་དང་། ཁྱིམ་བདག་དང་། ཁྱེའུ་བུ་མོ་དམངས་རིགས་ལ་སོགས་པ་ཐམས་ཅད་དབང་དུ་འདུས་ཏེ། དགའ་བས་རྗེས་སུ་འབྲངས་ཤིང་མཐོང་བ་དང་ཐོས་པ་ཐམས་ཅད་ཀྱང་བྱམས་པའི་རང་བཞིན་དུ་གྱུར་ཏོ། །གཞན་ཡང་རྟ་དང་གླང་པོ་ཆེ་མ་ཧེ་སྤྲེའུ་འདབ་ཆགས་ཆུ་རུ་སྐྱེས་རིའི་སེམས་ཅན་གཅན་གཟན་གྱི་ཚོགས་ཐ་ན་གྲོག་སྦུར་ཡན་ཆད་འགྲོ་བ་རིགས་དྲུག་རང་ལ་མི་འཇིགས་ཤིང་བག་ཕེབས་པ་ལྟར་རྣལ་འབྱོར་པའི་དྲུང་དུ་འཁོད་པར་གྱུར་ཏོ། །དེ་ལྟར་རྣལ་འབྱོར་པའི་ཐུགས་ཀྱི་དགོངས་པ་ལ་བདག་གིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས། ཚིག་ཁ་ཏོན་དུ་བྱས། སྙན་པ་རྡོ་རྗེའི་གླུ་བླངས་པ་ལ་བརྟེན་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པས་ཞལ་མངོན་སུམ་དུ་བསྟན། དགྱེས་པའི་གསུང་ཕྱུང་ནས་ཐེ་ཚོམ་གྱི་དྲ་བ་ཐམས་ཅད་བཅད། དེ་ལ་བརྟེན་ནས་ཁོ་བོའི་བཟོད་པ་དང་བརྩོན་འགྲུས་ལ་སོགས་པ་ཟླ་བ་ཡར་ངོ་བཞིན་དུ་འཕེལ་བར་གྱུར། དེའི་དབང་གིས་འདི་ལྟར་འགྲོ་བ་རིགས་མི་མཐུན་པ་ཐམས་ཅད་ཀྱང་མས་བུ་མཐོང་བ་བཞིན་དུ་བདག་ལ་ཀུན་དགའ་བར་གྱུར། དེ་དག་གི་བཟང་ལན་དུ་བཅོམ་ལྡན་འདས་བྱམས་པ་ལ་ཐེག་པ་ཆེན་པོའི་མཆོད་པ་ཕུལ་བར་དགོངས་ནས་རྡོ་རྗེའི་གླུ་བླངས་པ་ནི། ཐོག་མེད་དུས་ནས་ཉེ་བར་འབྲེལ་བ་ཡི། །ཕ་མར་གྱུར་པའི་སེམས་ཅན་མ་ལུས་པ། །བྱང་ཆུབ་མཆོག་ལ་འགོད་པའི་ཡིད་དམ་བསམ། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པ་བགྱི། །དེ་ཚེ་རང་དོན་སྐད་ཅིག་མ་འཁྲིས་པར། །གཞན་དོན་འབའ་ཞིག་སྙིང་ལ་གོམས་པར་བྱ། །འདི་ནི་བྱང་ཆུབ་སྒྲུབ་པའི་གཙོ་བོ་ཡིན། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །བདེ་

p. 6

སྡུག་བཏང་སྙོམས་ཚོར་བ་ཅི་བྱུང་ཡང་། །བྱང་ཆུབ་སྒྲུབ་པའི་གྲོགས་སུ་དང་དུ་བླངས། །བསྐལ་པ་དུ་མར་བསོད་ནམས་ཅི་སོག་ཀྱང་། །ཉན་ཐོས་སྡར་མའི་ཆོས་སུ་མ་ཤོར་བར། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པ་བགྱི། །དེ་ཙམ་ཞིག་ཏུ་མི་འདོད་ཅི་བྱུང་ཡང་། །བཟོད་པའི་གོ་ཆ་ཅུང་ཟད་ཤོར་མ་གྱུར། །ལྷག་པར་དྲིན་གྱིས་བསྐྱངས་པའི་སྐྱེ་བོ་ཡིས། །ལོག་སྒྲུབ་བྱེད་ཀྱང་འཛུམ་པའི་བཞིན་གྱིས་སྐྱོང་། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པ་བགྱི། །སྡང་བའི་སྐྱེ་བོའི་ཕྱོགས་ནས་སྡིག་བསགས་ཀྱང་། །ངན་པའི་བསམ་པ་སྐད་ཅིག་ཤོར་མ་གྱུར། །སྣང་སྲིད་བདུད་དང་ལྷ་འདྲེ་དགྲར་ལངས་ཀྱང་། །རང་འདོད་འཁྲིས་པའི་སྲུང་སྐྱོབ་བྱེད་མ་མྱོང་། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པ་བགྱི། །ངེས་པར་འཆི་བའི་ནད་ཀྱིས་བཏབ་གྱུར་ཀྱང་། །ཆོས་མིན་དག་ལ་ཡིད་བརྟན་བཅའ་མ་མྱོང་། །སེར་སྣ་གོམས་པའི་འབྱོར་བ་ཆུང་ན་ཡང་། །ལོག་པའི་ཆོས་ལ་ལྟོ་གོས་བྱེད་མ་མྱོང་། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པ་བགྱི། །ངན་པའི་གྲོགས་ཀྱིས་ཀུན་ནས་བསྐོར་ན་ཡང་། །གཉེན་པོའི་རང་ཚུགས་གང་ཡང་སྐྱེལ་མ་མྱོང་། །མདོར་ན་འགྲོ་འམ་འདུག་གམ་ཅི་བྱེད་ཀྱང་། །མ་བརྟགས་བྱ་བ་གང་ཡང་བྱེད་མ་མྱོང་། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པར་བགྱི། །དེ་ལྟར་ཡིན་མོད་འོན་ཀྱང་ཆོས་རྣམས་ལ། །བདེན་པར་རྟོག་པ་རྡུལ་ཙམ་ཡོད་མ་མྱོང་། །འདི་ནི་བྱང་ཆུབ་སྒྲུབ་པའི་གཙོ་བོ་ཡིན། །ཆོས་འདིས་བྱམས་པ་མགོན་ལ་མཆོད་པ་བགྱི། །དེ་ལྟར་སྒྲུབ་པའི་མཆོད་པ་དམ་པ་འདིས། །རྣལ་འབྱོར་བདག་གི་བསམ་པ་སྦྱང་བའི་ཕྱིར། །བྱམས་པའི་དཔུང་གིས་ཡོན་འདི་བཞེས་སུ་གསོལ། །བཞེས་ནས་བློ་འདི་འབྱོངས་པར་མཛད་དུ་གསོལ། །ཞེས་པའི་མཆོད་པ་དང་། བར་སྣང་ལ་མཆོད་པའི་ལྷ་མོ་ལྔ་དང་། སྒྲ་དང་འོད་ལ་

p. 7

སོགས་པ་ཡིད་དུ་འོང་བའི་མཆོད་པ་གཞན་ཡང་དཔག་ཏུ་མེད་པའི་རྣམ་པར་གྱུར་ཏོ། །དེའི་ཚེ་ཐེག་པ་ཆེན་པོ་ལ་བློ་འབྱོངས་པའི་སྐྱེས་བུ་དམ་པ་རྣམས་ཆོས་འདི་ངོ་མཚར་བའི་གནས་སུ་རིག་ནས་འདིའི་ཕྱོགས་སུ་དཀའ་བ་སྤྱོད་པ་དང་ཞུ་ཞིང་ཉམས་སུ་ལེན་པ་ཡང་དུ་མ་བྱུང་མོད། དེའི་ནང་ནས་གནས་ཆེན་པོ་བརྒྱ་དང་རྩ་བརྒྱད་ཀྱི་བདག་པོ་པཎྚི་ཏ་ལྔ་བཅུ་རྩ་གཉིས་ཀྱི་གཙུག་གི་ནོར་བུ། ཆོས་རྒྱལ་དྲུག་ཅུ་རྩ་གཉིས་ཀྱིས་མངའ་གསོལ་བའི་དཔའ་བོ། འདུལ་བ་འཛིན་པ་བསམ་གྱིས་མི་ཁྱབ་པའི་མཁན་པོ། མདོ་སྡེ་འཛིན་པ་དཔག་ཏུ་མེད་པའི་བཤེས་གཉེན། མངོན་པ་འཛིན་པ་མཐའ་ཡས་པའི་བཀུར་གནས། རིག་པ་འཛིན་པ་རྒྱ་མཚོའི་བླ་མ། མདོར་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་སྐྱེས་བུ་དམ་པ་འགྲོ་བའི་མགོན་པོ་ཨ་ཏི་ཤ་ལ་གནང་ནས་ཐུགས་རྗེ་ཆེན་པོ་དེས་ཐུགས་ཉམས་སུ་བཞེས་ཏེ། དེ་ཡང་རང་དོན་ཡལ་བར་དོར་ནས་གཞན་གྱི་དོན་ལྷུར་མཛད་པ་དེ་ནི་བདག་གི་བླ་མ་ལགས་ཞེས་པ་ལ་སོགས་པ་གསུངས་སོ། །སྐྱེས་བུ་དམ་པ་དེས་རྒྱ་བོད་ཀྱི་ས་ཆ་ལ་སྐྱེས་བུ་དམ་པ་དོན་དུ་གཉེར་བ་རྣམས་ལ་ལྐོག་ཁྲིད་དུ་གདམས་པའོ། །བརྒྱུད་པ་ནི་བྱམས་པ། བྱམས་པའི་རྣལ་འབྱོར་པ། དེས་ཇོ་བོ་རྗེ་ལའོ།།

།བླ་མ་གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆོས་སུ་གནང་བ།

p. 8

༄༅། །བླ་མ་གསེར་གླིང་པས་ཇོ་བོ་ལ་མཐའ་འཁོབ་འདུལ་བའི་ཆོས་སུ་གནང་བ་བཞུགས་སོ། །
༄༅། །མགོན་པོ་གསེར་གླིང་པའི་ཞལ་ནས།(ཇོ་བོ་རྗེ་ཨ་ཏི་ཤ་ལ། བུ་ཁྱོད་ཀྱིས་མཐའ་འཁོབ་ཀྱི་གདུལ་བྱ་འདུལ་བ་ལ་ཆོས་འདི་རྣམས་དགོས་གསུངས་ཏེ་གདམས་པ་ནི།) རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་བརྡེག་ཡིན། །འདུན་མ་ཐམས་ཅད་ཆིག་འདྲིལ་ཏེ། །ལམ་རྣམས་ཐམས་ཅད་གཅིག་ཆོད་ཡིན། །གཉེན་པོ་རྣམ་བྱང་གི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་ཤིང་ཡིན། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལངས་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །སྐྱིད་ཀྱི་གཉའ་གནོན་ཆེན་པོ་ཡིན། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །མི་མཁོ་ཤོས་ནི་འདོད་ཐོག་ཡིན། །ལྟས་ངན་གཡང་དུ་ལེན་པ་ཡིན། །གཉེན་པོ་ལོག་གནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །བདག་ནི་སྐྱོན་གྱི་རྩ་བ་སྟེ། །རྒྱངས་ཀྱིས་བསྐྱུར་བའི་ཆོས་ཤིག་ཡིན། །གཞན་ནི་ཡོན་ཏན་གྱི་འབྱུང་ཁུངས་ཏེ། །བཅངས་ཏེ་ལེན་པའི་ཆོས་ཤིག་ཡིན། །གཉེན་པོ་མཇུག་སྡུད་ཀྱི་ཆོས་གཉིས་ཏེ། །མཐའ་འཁོབ་འདུལ་
ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ལོག་ཅེར་ལོག་ལ་ཅེར་ཅེར་ལྟོས། །ཤིག་གེར་ཤིག་ལ་འབོལ་ལེ་ཞོག །དེས་ནི་མི་འཆིང་གྲོལ་བར་འདོད། །ཅེས་གསུངས་སོ།། །།

བློ་སྦྱོང་རྨ་བྱ་དུག་འཇོམས།

p. 9

༄༅། །བློ་སྦྱོང་རྨ་བྱ་དུག་འཇོམས་ཞེས་བྱ་བ་བཞུགས་སོ། །
༄༅། །བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པ་ན། །བུ་དང་བུ་མོ་རྒྱལ་སྲིད་བྱིན་པ་ལྟར། །ཤིན་ཏུ་འཕྲེང་བའི་ནོར་དང་འཁོར་ལ་སོགས། །ཕོངས་པ་མེད་པར་ཡོངས་སུ་བཏང་བར་བྱ། །རྒྱལ་བུ་སྙིང་སྟོབས་ཆེན་པོར་གྱུར་པ་ན། །སྟག་མོ་རང་གི་ཤ་ཡིས་གསོས་པ་ལྟར། །ཤིན་ཏུ་གཅེས་པའི་སྒྱུ་ལུས་ཕུང་པོ་འདི། །ཤ་ཟའི་ཚོགས་ལ་དགའ་བས་སྦྱིན་པར་བྱ། །རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པ་ན། །གནོད་སྦྱིན་རང་གི་ཁྲག་གིས་གསོས་པ་ལྟར། །བཅད་པར་དཀའ་བའི་སྙིང་ཁྲག་དྲོན་མོ་འདི། །ཁྲག་འཐུང་དག་ལ་བརྩེ་བས་སྦྱིན་པར་བྱ། །ཚོང་དཔོན་ཁྱེའུ་ཆུ་འབེབས་གྱུར་པ་ན། །བདེ་གཤེགས་མཚན་བརྗོད་ཉ་རྣམས་དྲངས་པ་ལྟར། །ཆོས་ཀྱིས་ཕོངས་པའི་སྐྱེ་བོ་ཐམས་ཅད་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་གཏོང་བར་བྱ། །རྒྱལ་བུ་དགེ་དོན་ཆེན་པོར་གྱུར་པ་ན། །སྡིག་དོན་ལོག་སྒྲུབ་ཐུགས་རྗེས་བཟོད་པ་ལྟར། །འཁོར་གྱི་ལོག་སྒྲུབ་གཤིས་ངན་འཁྲུགས་པ་ལ། །སྙིང་རྗེ་ཆེན་པོས་ལྷག་པར་བརྩེ་བར་བྱ། །བྱང་ཆུབ་སེམས་དཔའ་སྤྲེ་འུར་གྱུར་པ་ན། །སྡིག་ཅན་ཁྲོན་པའི་གནས་ནས་དྲངས་པ་ལྟར། །ངན་

p. 10

པ་དག་ལ་ཕན་གདགས་མི་ཤོངས་ཀྱང་། །བཟང་ལན་མི་འདོད་ཐུགས་རྗེས་དྲང་བར་བྱ། །ཀྱི་ཧུད་ཕ་མར་མ་གྱུར་སུ་ཡང་མེད། །འཁོར་བའི་གནས་ན་བདེ་བ་སྐད་ཅིག་མེད། །ངན་པའི་ཚོགས་ལ་ངན་ལན་བོང་རྭ་འདྲ། །ད་ནི་ཐུབ་ཆེན་དཔའ་བོའི་རྣམ་ཐར་འདི། །གུས་པས་བླངས་ནས་གཉེན་པོ་མི་སྐྱོང་ན། །དཔའ་བོ་འཇུག་པའི་ལག་ལེན་ཡོང་མི་སྲིད། །དེ་ཕྱིར་སྲོག་ལ་བསྡོས་ལ་དཀའ་སྤྱད་བསྟེན། །བདེ་བར་གཤེགས་པ་འདས་ཚུལ་བསྟན་རྗེས་སུ། །དེ་ཡི་རྗེས་སུ་སློབ་པར་འདོད་པ་རྣམས། །འདི་འདྲའི་ལག་ལེན་རྒྱུད་ལ་མ་བསྟེན་ན། །སྐྱེ་བོ་རྣམས་ཀྱི་བདེ་སྐྱིད་ཟད་དོགས་སུ། །དེ་ཕྱིར་དཔའ་བོ་རྣམས་ཀྱི་སྐྱིད་ཆོས་འདི། །ཅི་ལ་ཐུག་ཀྱང་དཀའ་སྤྱད་སྲོག་ལ་བསྡོས། །འདི་ནི་དཔའ་བོ་འཇུག་པའི་ལག་ལེན་ཏེ། །ལེའུ་དང་པོ་དུག་གི་བཅུད་ལེན་ཡིན། ། ༈ བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཆོས་འདི་གསོན་དང་དཔའ་བོ་དོན་གཉེར་ཀུན། །འཁོར་བའི་ནགས་ན་རྨ་བྱ་མཛེས་པ་དང་། །ཉོན་མོངས་དུག་ལྔ་ལྗོན་པའི་ཤིང་དྲུང་དུ། །དུག་གིས་སྨིན་པའི་སྨན་ལ་དགར་མི་ཚོར། །འདོད་ཆགས་ལྟ་བུར་གཞན་དང་མ་བསྟུན་ན། །འདོད་ཆགས་ཅན་གྱིས་ལོག་སྒྲུབ་བྱ་དོགས་ཡོད། །འདོད་ཆགས་ལྟ་བུའི་དུག་འདི་གཞོམ་པར་བྱ། །ཞེ་སྡང་དུག་གི་མེ་ཏོག་འབར་བ་ལ། །གཤིན་རྗེའི་གཤེད་ལྟར་ཁྲོ་ཚུལ་མ་བསྟན་ན། །ཞེ་སྡང་ཅན་གྱིས་བར་ཆད་བྱ་དོགས་ཡོད། །ཞེ་སྡང་ལྟ་བུའི་དགྲ་བགེགས་བསྒྲལ་བར་བྱ། །གཏི་མུག་དུག་གི་འདམ་རྫབ་སྦྱར་བ་ལ། །མི་རོ་ལྟ་བུར་བཟོད་སྲན་མ་བསྐྱེད་ན། །གཤིས་ངན་རྣམས་ཀྱིས་སྡིག་པ་གསགས་དོགས་ཡོད། །གཏི་མུག་ལྟ་བུར་མཉམ་ཉིད་བསྒོམ་པར་བྱ། །ཕྲག་དོག་

p. 11

དུག་གི་ལྗོན་ཤིང་རྒྱས་པ་ལ། །ང་ཁྱོད་ལྟ་བུར་ཕྱི་ནང་མ་ཕྱེ་ན། །མུ་སྟེགས་སོགས་ཀྱིས་བསྟན་པ་བཤིག་ཉེན་ཡོད། །དེ་ཕྱིར་ཕྲག་དོག་ལྟ་བུར་དམ་ཆོས་སྐྱོངས། །ང་རྒྱལ་དུག་གི་ལྗོན་ཤིང་འབར་བ་ལ། །ང་རྒྱལ་ལྟ་བུར་ཕོ་ཚུགས་མ་བཟུང་ན། །བདུད་ཀྱི་ཚོགས་ཀྱིས་མགོ་བསྐོར་བྱེད་ཉེན་ཡོད། །དེ་ཕྱིར་ཐུབ་བསྟན་ཟུངས་ལ་ཕས་རྒོལ་གཞོམ། །དེ་ལྟར་དུག་གི་དཔུང་ཚོགས་མ་ལུས་པ། །བདེན་མེད་སྣང་སྟོང་སྒྱུ་མ་ལྟ་བུའི་ཉམས། །ང་བདག་འཆིང་བ་གཅིག་ཏུ་ཚུར་སྡོམ་ལ། །རྨ་བྱ་ལྟ་བུར་ཟས་སུ་ཟ་བར་བྱ། །གཞན་གྱི་བློ་ལ་སྣ་ཚོགས་ཀུན་སྟོན་ཡང་། །ཕུགས་སུ་གཉེན་པོའི་བཙན་ཚུགས་མ་ཤོར་བར། །དགེ་སྡིག་དག་གི་བླང་དོར་སྲོག་ལ་བསྡོས། །སྡུག་བསྔལ་གྱུར་ཀྱང་བྱང་ཆུབ་དང་དུ་བླང་། །འདི་ལྟར་ཤེས་བྱ་ཀུན་ལ་མཁས་ན་ཡང་། །རང་གི་བདེ་སྐྱིད་ཁྱད་དུ་མ་བསད་ན། །རྙེད་པའི་དབང་གིས་ཆགས་སྡང་ཞུགས་ཉེན་ཡོད། །དེ་ཕྱིར་རང་འདོད་ཁྱི་རྐུན་བཞིན་དུ་བརྡུང་། །མཁས་པ་རྣམས་ཀྱི་དྲུང་དུ་བསྟེན་གྱུར་ཅིང། །གཞུང་ལུགས་རྣམས་ལ་བློ་གྲོས་མ་སྦྱངས་ན། །མཁས་པ་རྣམས་ལ་སྒྲོ་སྐུར་བྱས་དོགས་ཡོད། །དེ་ཕྱིར་ཤེས་བྱ་ཀུན་ལ་གོམས་པར་བྱ། །ཉིན་དང་མཚན་དུ་སྡུག་བསྔལ་གྱུར་ན་ཡང་། །འཁོར་བ་སྤྱི་ཡི་ཉེས་དམིགས་མ་བསམས་ན། །ད་དུང་སྡུག་བསྔལ་རྒྱུ་ལ་འཇུག་དོགས་ཡོད། །དེ་ཕྱིར་ལས་ཀྱི་ཉེས་དམིགས་སྙིང་ལ་གཟེར། །དེ་ལྟར་ཡིན་མོད་མི་འདོད་སྡུག་བསྔལ་རྣམས། །བདག་འཛིན་འཇོམས་པའི་གཉེན་པོར་བསྟེན་པར་བྱ། །བདུད་དམག་བྱེ་བ་དུང་ཕྱུར་དགྲར་ལངས་ཀྱང་། །ངའོ་སྙམ་པའི་འཇིགས་སྐྲག་སྤང་བར་བྱ། །གཞན་དོན་བྱས་པས་ངན་འགྲོར་ཤོར་སྲིད་ཀྱང་། །འགྱོད་པ་མེད་པས་ཉམས་དགའ་བསྟེན་པར་བྱ། །དབུགས་ལེན་གཤེད་མས་ལུས་ལ་བྲབ་གྱུར་ཀྱང་། །བདག་ལ་ཕན་པའི་རིམ་གྲོ་བསྟེན་མི་

p. 12

བྱ། །སེམས་ཅན་ཡོངས་ཀྱི་ལས་ངན་འཁུར་དགོས་ཀྱང་། །ཁུར་འོས་འཁུར་བས་སྡུག་ཡུས་ཆུང་བར་བྱ། །འགོ་བའི་ནད་ཀྱིས་ལུས་ལ་བཏབ་གྱུར་ཀྱང་། །རང་གི་ནོངས་པས་ལོག་པའི་ཐབས་མི་བྱ། །འདི་ལྟར་མི་འདོད་ཐོག་ཏུ་མ་བབས་ན། །འདོད་པའི་ཐབས་ལ་ནམ་ཡང་འཇུག་མི་སྲིད། །མཁས་པས་སྤྱད་ན་མི་འདོད་མ་ལུས་པ། །འདོད་དགུའི་འབྱུང་གནས་ཡིན་པས་དང་དུ་བླང་། །འདི་ལྟར་ལོག་སྒྲུབ་དང་དུ་ལེན་པ་ཡི། །སེམས་དཔའ་རྣམས་ཀྱིས་གོ་ཆ་མ་གྱོན་ན། །འཁོར་བ་པ་ལ་བདེ་བ་ཡོང་མི་སྲིད། །དེ་ཕྱིར་མི་འདོད་དང་དུ་བླང་བར་བྱ། །འདི་ནི་ཐུབ་པ་ཆེན་པོའི་རྣམ་ཐར་ལས། །དམ་པ་རྣམས་ཀྱིས་བསླབ་པར་བྱ་བའི་ཆོས། །དཔའ་བོ་རྣམས་ཀྱིས་འཇུག་པར་བྱ་བ་སྟེ། །ལེའུ་གཉིས་པ་དུག་གི་བཅུད་ལེན་ཡིན། ། ༈ བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །བློ་ལྡན་གང་གིས་ཉིན་མཚན་དུས་དྲུག་ཏུ། །འཁོར་བ་སྤྱི་དང་སྒོས་ཀྱི་སྐྱོན་རྣམས་ལ། །བརྟགས་ཤིང་དཔྱད་པས་ཤིན་ཏུ་སྐྲག་གྱུར་ནས། །སོ་སོར་ཐར་པའི་སྡོམ་པ་བླངས་ཏེ་བསྲུང་། །རང་ཉིད་ཐར་པའི་སྡོམ་པ་བརྟན་པ་ན། །འགྲོ་བ་འདི་དག་ཕ་དང་མར་བཅད་དེ། །དེ་དག་དོན་དུ་སྨོན་འཇུག་སྡོམ་པ་བླང་། །བྱམས་བརྩེའི་སེམས་ཀྱིས་སྨོན་པ་བརྟན་པ་ན། །རང་ཉིད་འཁོར་བའི་ནགས་སུ་སྡུག་བསྔལ་ཀྱང་། །ཅིར་ཡང་མི་སེམས་སྡུག་བསྔལ་གཞན་དོན་དུ། །སྲོག་དང་བསྡོས་ནས་དཀའ་སྤྱད་བརྟན་པར་བྱ། །དེ་ཚེ་མ་རུངས་སྐྱེ་བོ་མཐའ་ཡས་པ། །ལོག་སྒྲུབ་མཐའ་ལས་འདས་པ་མྱོང་བ་ན། །རྨི་ལམ་སྒྱུ་མ་ལྟ་བུར་སྲོག་དང་བྲལ། །རང་བཞིན་བརྟགས་ལ་ཆོས་ཀྱི་དབྱིངས་སུ་བསམ། །དེ་ལྟར་བདེན་མེད་སྣང་མེད་མངོན་གྱུར་ཏེ། །ལྷག་པར་སྤོབས་པ་བསྐྱེད་དེ་འཇིགས་སྐྲག་ལ། །ཅི་ཡང་མི་སེམས་

p. 13

གང་དུའང་མི་རྟོག་པར། །གཞན་དོན་འབའ་ཞིག་ལྷུན་གྱིས་གྲུབ་པར་བྱེད། །འདི་འདྲའི་ཉམས་ལེན་ཁུར་དུ་འཁུར་བ་ན། །ནག་པོའི་ཕྱོགས་ཀྱིས་ཆེས་ཆེར་མ་བཟོད་ནས། །བར་དུ་གཅོད་པའི་སྤྲིན་ཕུང་འཁྲིགས་པ་ན། །རྣམ་དག་མཁའ་ལ་སྔགས་ཀྱི་རླུང་གིས་གཏོར། །དྲག་པོའི་སྔགས་ཀྱི་ཧཱུྃ་སྒྲ་སྒྲོགས་པ་ན། །ཁྲོ་བོ་དྲག་པོའི་ང་རྒྱལ་སྐྱེས་སྲིད་པས། །ཕུང་པོ་སྒྱུ་མའི་གྲོང་ཁྱེར་ལྟ་བུ་ལ། །སྒྲ་ནི་སྤྲུལ་པའི་གླུ་དབྱངས་ལྟ་བུར་ཤེས། །གང་ཡང་རང་སེམས་སྣ་ཚོགས་སྤྲུལ་པ་ལས། །ངོས་བཟུང་མེད་དེ་སྤྲུལ་པའི་ཡིད་ཤེས་བཞིན། །ཡེ་ནས་ཡོད་མ་མྱོང་བས་རང་སར་ཀློད། །ཆོས་ཀྱི་དབྱིངས་གཟུགས་བདེན་པས་གྲོལ་བར་བྱ། །གང་ལྟར་ཇི་ལྟར་དགྲ་དང་འདྲེར་ལངས་ཀྱང་། །གང་དུའང་མི་སེམས་ཕྱིར་ཡང་མི་ལྡོག་པར། །རང་གཞན་ཆགས་སྡང་རྡོག་པའི་འོག་ཏུ་རྫི། །དྲན་སྣང་ཁྲོ་བོ་གཤིན་རྗེ་གཤེད་དུ་བལྟ། །དེ་ཚེ་ཕ་མ་འགྲོ་བ་མ་ལུས་པ། །ཡིན་ངེས་སྙམ་དུ་ཐེ་ཚོམ་མེད་པར་བསྡུ། །ཉེ་རིང་མེད་པར་ཐུགས་རྗེའི་དཀྱིལ་དུ་སྦ། །ཕྱོགས་རིས་མེད་པར་བདེན་པ་གཉིས་ཀྱིས་བསྐྱངས། །འདི་ལྟར་གོམས་ན་ཐུབ་པའི་རྣམ་ཐར་ཡིན། །འདི་ལྟར་བགྱིས་ན་དཀོན་མཆོག་འཛུམ་པ་འཆོར། །འདི་འདྲའི་མི་ལ་ཆོས་སྐྱོང་ངང་གིས་འཁོར། །མཁྱེན་པར་མཛོད་ཅིག་ཐུབ་པའི་སྲས་པོ་རྣམས། །བདག་གིས་ཁྲེལ་མེད་ཆོས་ལ་ཐོ་ལེས་གདབ། །བག་མེད་ཆོས་ལ་བསམས་ཏེ་སྐྱུག་བྲོ་བལྟ། །འདི་ཡང་དཔའ་བོ་འཇུག་པའི་ལག་ལེན་ཏེ། །ལེའུ་གསུམ་པ་དུག་གི་བཅུད་ལེན་ཡིན། ། ༈ བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཉེ་བར་འཁོར་ལྟར་བཙུན་པའི་མཐར་ཐུག་ཅིང་། །རྟ་ཐུལ་བཞིན་དུ་བག་ཡོད་མཛེས་གྱུར་ཀྱང་། །བྱང་ཆུབ་ལམ་ལ་ཕ་མ་མི་འདྲེན་ན། །རང་བདེའི་ཐར་པ་རྡོག་པས་རྫི་རྒྱུ་

p. 14

ཡིན། །རིག་པའི་གནས་ལ་མཁས་པའི་མཐུ་ཐོབ་ཅིང་། །སྙན་པའི་གྲགས་པས་བླུན་པོ་ཀུན་དགའ་ཡང་། །བསྟན་པའི་ཁུར་ཆེན་སྤྱི་བོས་མི་ལེན་ན། །སྨྱོན་པའི་བྲོ་རྡུང་བཞིན་དུ་དོར་བྱ་ཡིན། །བླ་མ་ལྟ་བུར་ཀུན་གྱིས་འཁུར་ན་ཡང་། །བསྟན་པ་སྤྱི་ཡི་ཁུར་ཆེན་མི་འཁུར་ཞིང་། །རང་གི་འདོད་པ་དང་དུ་ལེན་བྱེད་ན། །འཕགས་པ་རྣམས་ཀྱི་ཐོ་ལེས་བཏབ་བྱ་ཡིན། །བཟང་པོ་ལྟ་བུར་ཀུན་གྱིས་རློམ་ན་ཡང་། །ལོག་ལྟའི་ནགས་སུ་བདག་ལྟ་འཁྲུགས་པ་ཡིས། །སྟག་མོ་བུ་ཟན་བཞིན་དུ་འཇིགས་པ་སྟེ། །བཀའ་སྡོད་སྲུང་མ་རྣམས་ཀྱིས་བསྒྲལ་བྱ་ཡིན། །ངུར་སྨྲིག་གོས་ཅན་ཞི་དུལ་མཛེས་གྱུར་ཀྱང་། །བྱི་ལ་བཞིན་དུ་བསམ་པ་མ་རུངས་པའི། །དམ་པའི་གཟུགས་ཅན་གསོ་རུ་མེད་པ་འདི། །མ་མོ་རྣམས་ཀྱི་ཁ་རུ་གདབ་བྱ་ཡིན། །ཁྲི་ཕྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང་། །ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི། །ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་འདི། །གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ་བྱ་ཡིན། །འཛུམ་ཞིང་དེས་པས་ཐམས་ཅད་སྐྱོང་ན་ཡང་། །བདག་གི་རྗེས་སློབ་ཟག་པ་འཕེལ་བྱེད་པ། །མི་དད་ཅན་གྱི་གཙོ་བོར་གྲགས་པ་དེ། །གནས་ལུགས་སྡོམ་པའི་ཚང་དུ་སྤང་བྱ་ཡིན་། །ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང་། །ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང་། །བླང་དོར་ཐམས་ཅད་ཁྱད་དུ་གསོད་པ་དེ། །དྲང་སྲོང་རྣམས་ཀྱིས་དམོད་པས་བསྒྲུབ་བྱ་ཡིན། །ངུར་སྨྲིག་གྱོན་ནས་ཚུལ་ཁྲིམས་མི་བསྲུང་ཞིང་། །འདོད་པའི་ལས་ལ་སྣང་བ་འབྱམས་གྱུར་ནས། །དམ་པ་རྣམས་ལ་སྒྲོ་སྐུར་འདེབས་པ་དེ། །མཁའ་འགྲོ་རྣམས་ཀྱིས་ཕ་རོལ་བསྒྲལ་བྱ་ཡིན། །རྙེད་པའི་ཆེད་དུ་དམ་པའི་གཟུགས་བཟུང་ནས། །ཁྱི་ཕག་བཞིན་དུ་འདོད་ཡོན་སྤྱོད་བྱེད་ཅིང་། །སྔགས་སུ་ཁས་བླངས་ཐམས་ཅད་བསླུ་བ་དེ། །རྡོ་རྗེ་འཛིན་པའི་ཐབ་ཏུ་གཞུག་

p. 15

བྱ་ཡིན། །ཐེག་ཆེན་སྐད་དུ་ལས་འབྲས་ཁྱད་གསོད་ཅིང་། །སྟོང་པའི་རྦད་ཀྱིས་འཁོར་ཚོགས་བསླུ་བ་ཡིས། །འགོང་པོ་བཞིན་དུ་སྐུ་རུ་རྫུ་བ་དེ། །དམ་ཚིག་ཅན་གྱི་སྔགས་ཀྱིས་བསྒྲལ་བྱ་ཡིན། །བསྟན་པ་སྤྱི་ལ་ཡོང་ཡེ་མི་ཕན་པས། །སྔགས་དང་མན་ངག་ཟབ་མོར་རློམ་པ་དང་། །རྟོག་པས་སྦྱར་བའི་ཚིགས་བཅད་ངན་པ་རྣམས། །དམ་པ་རྣམས་ཀྱིས་དམངས་སུ་དབབ་བྱ་ཡིན། །ངེས་པར་བསྟན་པ་སྤྱི་ལ་གནོད་བྱེད་ན། །རེ་ཞིག་གང་གིས་གང་ལ་ཕན་གྱུར་ཀྱང་། །ཚད་ནད་ཅན་ལ་འབྲས་ཆང་བླུད་པ་ལྟར། །ཕན་བྱ་ངན་པ་ཆུ་ལ་བསྐུར་བྱ་ཡིན། །ཐོས་པ་ཆུང་ངུའི་གྲུབ་ཐོབ་ངན་པ་དག །ཐུན་མོང་མཐོང་བས་མཆོག་ཏུ་ང་རྒྱལ་ཏེ། །ལམ་རིམ་མེད་པས་བླུན་པོ་འཁྲིད་པ་རྣམས། །མཁས་པ་རྣམས་ཀྱིས་ཁྱི་དམའ་དབབ་བྱ་ཡིན། །སངས་རྒྱས་བསྟན་ལ་དགྲ་བོ་ལངས་པ་ན། །སོ་སོར་ཐར་ལ་བཟང་པོར་རློམ་གྱུར་ནས། །ལེགས་པར་བཤད་པའི་འབུལ་ཆོག་མི་བྱེད་པར། །བསྟན་པ་འཇིག་ལ་དམ་པ་མཚར་རེ་ཆེ། །འདི་ལྟར་སོ་སོར་ཐར་པ་ཕར་ཞོག་གི །རང་ཉིད་ངན་འགྲོ་ཆེན་པོར་འགྲོ་དགོས་པས། །བསྟན་པ་བཤིག་པའི་དགྲ་བགེགས་མི་སྒྲོལ་རེ། །དམ་ཉམས་དགྲ་བགེགས་ཕ་རོལ་བསྒྲལ་བྱ་ཡིན། །ཉོན་མོངས་ལས་ཀྱིས་བདས་པའི་གཏི་མུག་ཅན། །བསྟན་དང་སེམས་ཅན་སྤྱི་ལ་མི་སེམས་པར། །རང་ལ་གནོད་པ་བྱས་པའི་དགྲ་བོ་ལ། །ཁྲོས་ནས་སྔགས་ཀྱིས་ཕ་རོལ་སྒྲོལ་བ་དེ། །ཚུལ་ཁྲིམས་འཆལ་ལམ་མ་འཆལ་མཚར་རེ་ཆེ། །གང་ཡང་རྒྱལ་བ་རྣམས་ཀྱིས་ཁྲེལ་བ་ཡི། །རང་དོན་ལ་ནི་རྣམ་པ་ཀུན་མི་བསྟེན། །ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་བསྔགས་གྱུར་ན། །ཇི་ལྟར་གྱུར་ལ་དེ་ལྟར་སྒྲུབ་པར་རིགས། །མཁྱེན་པར་མཛོད་ཅིག་བློ་དང་ལྡན་པ་རྣམས། །ལག་ལེན་ཐམས་ཅད་ཐོག་མཐའ་དག་ནས་བྱ། །ཆོས་དང་འགལ་བ་སྲོག་དང་བསྡོས་ལ་སྤང་། །

p. 16

སྤྱི་ལ་མི་གནོད་རང་ལ་ཅི་ཕན་བྱ། །བླུན་པོས་རིམ་གྱིས་མཐོང་བར་མ་གྱུར་ཀྱང་། །མཁས་པ་རྣམས་ལ་ལྷང་ངེ་སོ་སོར་གསལ། །འདི་ཡང་དཔའ་བོ་འཇུག་པར་བྱ་བ་སྟེ། །ལེའུ་བཞི་པ་དུག་གི་བཅུད་ལེན་ཡིན། ། ༈ བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། རྗེ་བཙུན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གང་ལ་བསམ་པ་ངན་ཞིང་སྡང་ཞུགས་པའི། །ནག་པོའི་ཕྱོགས་རྣམས་མ་ལུས་དྲུང་འདིར་ཤོག །ཤ་ཟ་ཁྲག་འཐུང་བྱེ་བ་དུང་ཕྱུར་རྣམས། །ལུས་ཅན་བདག་གི་དྲུང་དུ་དེ་རིང་ཤོག །ལྷ་དང་ཀླུ་དང་གནོད་སྦྱིན་ཚོགས་རྣམས་དང་། །དྲི་ཟ་ལྷ་མ་ཡིན་དང་ལྟོ་འཕྱེའི་ཚོགས། །མཁའ་ལ་རྒྱུ་བའི་ཡི་དྭགས་མཐའ་ཡས་དང་། །ལན་ཆགས་འབྱུང་པོའི་ཚོགས་རྣམས་དྲུང་འདིར་ཤོག །ལྷན་ཅིག་སྐྱེས་པའི་ལྷ་དང་དྲང་སྲོང་དང་། །བགེགས་དང་ལོག་འདྲེན་གདོན་ཆེན་བཅོ་བརྒྱད་དང་། །མ་མོ་རྣམས་དང་ལས་མགོན་ཐམས་ཅད་དང་། །སྐྱབས་གསུམ་འཕགས་པའི་ཚོགས་རྣམས་གནས་འདིར་འཁོད། །དེ་ལྟར་མ་ཚང་མེད་པར་འཁོར་བཅས་རྣམས། །དཔང་པོ་ཉིད་དུ་དྲུང་འདིར་འཁོད་པ་ལ། །ཐེ་ཚོམ་མེད་པར་བདག་གིས་དམ་བཅས་པའི། །རླབས་པོ་ཆེ་ཡི་གཏམ་འདི་བཤད་ཀྱིས་ཉོན། །སྔོན་ཆད་རྒྱུ་རྐྱེན་སྐལ་བ་བཟང་པོ་ཡིས། །དེང་སང་འབྱོར་པ་བཅུ་ལྡན་ལུས་འདི་ཐོབ། །ཡ་མཚན་སྐྱེས་པས་ཉིན་མཚན་རངས་གྱུར་ནས། །ད་ནི་ཕན་བདེའི་དཔལ་ལ་ཅུང་མི་སྤྱོད། །སྨོན་ལམ་དག་པས་ཁྱིམ་ནས་རབ་ཏུ་བྱུང་། །རང་འདོད་སྤངས་ནས་སྨོན་འཇུག་གོས་སུ་གྱོན། །སེམས་མཆོག་རྙེད་ནས་གཞན་དོན་ཁུར་དུ་འཁུར། །ལམ་ལ་ཞུགས་ནས་བདེ་མཆོག་ཟས་སུ་ཟོ། །ཡང་འདི་གསོན་དང་ཐམས་ཅད་འདུས་པའི་ཚོགས། །ནག་པོའི་ཕྱོགས་ཀྱི་གདུག་རྩུབ་འདི་འདྲ་ཞིག །སྐལ་

p. 17

མེད་རྣམས་ཀྱི་བསོད་ནམས་འདི་འདྲ་བས། །ཁོ་བོ་བདེ་བ་ཅན་དུ་སྨོན་མ་གྱུར། །ཚོགས་མ་བསགས་པའི་འབྱུང་པོ་མཐའ་ཡས་ཤིང་། །ངན་སོང་རྣམས་གྱི་སྡུག་བསྔལ་དོས་དྲག་པས། །སྡིག་སྤྱོད་རྣམས་ཀྱི་སྤྱོད་པ་འདི་འདྲ་ན། །ཞི་བདེའི་གནས་སུ་ཁོ་བོ་དགར་མ་ཚོར། །བྱིས་པ་རྣམས་ཀྱི་གཉེན་པོ་བསྒྱུར་སླ་ཞིང་། །བདུད་སྡེ་རྣམས་ཀྱི་བསམ་སྦྱོར་འདི་འདྲ་ན། །མི་རྟག་ཚེ་ལ་སྡོད་པའི་སྐབས་མེད་པས། །དབེན་པའི་གནས་སུ་འདུག་ལ་དགར་མ་ཚོར། །བསྟན་པ་འདི་ལ་སྡང་བའི་དགྲ་མང་ཞིང་། །བཙན་སར་ཕྱིན་པའི་གྲུབ་ཐོབ་འདི་འདྲ་ལ། །སྙིགས་མའི་དུས་འདིར་སྣང་ཚུལ་ལུགས་ངན་པས། །ཁོ་བོ་མཁའ་སྤྱོད་གནས་སུ་དགར་མ་ཚོར། །ད་ནི་འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །མཐུ་ཆེན་ཐམས་ཅད་བདག་གི་དགྲར་ལངས་ཀྱང་། །ཁོ་བོ་བ་སྤུ་ཙམ་ཡང་མི་གཡོ་བར། །འཁོར་བའི་གནས་འདིར་གོ་ཆ་བགོ་བར་བྱ། །གང་ན་འགོ་བའི་ནད་ཀྱིས་ཐེབས་གྱུར་ཏེ། །རིམས་ནད་ཆེན་པོས་འཇིག་རྟེན་གཡོས་པ་ན། །སྨན་པ་ཉིད་དམ་ནད་པའི་གཡོག་དག་ཏུ། །དྲག་པོའི་གོ་ཆ་ཆེན་པོ་བགོ་བར་བྱ། །མ་ནུས་སེམས་ཅན་དྲིན་གྱིས་སྐྱོབ་པའི་ཚེ། །ལོག་སྒྲུབ་ཆེན་པོས་སྡུག་སུན་ཕྱུང་བ་ན། །ལྷག་པར་དེ་ལ་ཕན་ཞིང་བརྩེ་བ་ཡི། །དཔའ་བོ་རྣམས་ཀྱིས་གོ་ཆ་བགོ་བར་བྱ། །ནགས་ན་སྟག་མོ་མི་ཟན་འཇིགས་པ་རྣམས། །མི་ཡི་སྲོག་ལ་འཇབ་ཅིང་རྒྱུག་པ་ན། །སེམས་ཅན་དོན་དུ་ཐེ་ཚོམ་མི་ཟ་བར། །ཕྱོགས་དེར་བགྲོད་པའི་གོ་ཆ་བགོ་བར་བྱ། །འཇིག་རྟེན་དག་ན་ཤིན་ཏུ་མི་འདོད་པའི། །ལྟས་ངན་སྣ་ཚོགས་དམག་ཏུ་འཐིབས་པ་རྣམས། །དགྲ་བདག་གཤིས་ངན་རང་ཉིད་གཞོམ་པའི་ཕྱིར། །གཡང་དུ་ལེན་པའི་གོ་ཆ་བགོ་བར་བྱ། །འཇིག་རྟེན་དག་ན་ཤིན་ཏུ་མི་མཁོ་བའི། །ལས་དང་ཉོན་མོངས་སྒྱུ་མ་འཁྲུགས་པ་རྣམས། །བདག་ཏུ་འཛིན་པའི་སྲོག་དང་དབྲལ་བའི་

p. 18

ཕྱིར། །དང་དུ་ལེན་པའི་གོ་ཆ་བགོ་བར་བྱ། །ཕཊ་ཡ་ཧོ་ཡི་འཆི་བདག་མཱ་ར་ཡ། །སྐྱིད་འདོད་འགོང་པོའི་སྲོག་ལ་ཛྭ་ལ་རཾ། །སྙོམ་ལས་ལེ་ལོའི་མགོ་ལ་ཆེམས་སེ་ཆེམས། །འཁོར་བའི་སྦྲེལ་ཐག་རྦད་རྦད་ཆོད་པར་མཛོད། །བདག་ཅག་འཁོར་བ་འདི་རུ་སྡུག་བསྔལ་བས། །འདི་ཡི་ལན་རྩ་རྡོ་རུས་གཏུགས་པ་ན། །རྣམ་རྟོག་སྙིང་གི་གཞལ་ཡས་ཡ་གི་ན། །ངའོ་ཞེས་པའི་རྒྱལ་པོ་བཞུགས་པ་མཐོང་། །དེ་ལ་ལེ་ལན་བདས་ཤིང་འཐབ་པ་ན། །ཅི་ཟེར་ང་ནི་ཐོག་མེད་དུས་ནས་ཞུགས། །ཕྱི་ནང་བར་གསུམ་ཡོངས་སུ་བདག་གིས་ཁྱབ། །བདེན་བརྫུན་ཚོགས་དྲུག་གཙོ་བོ་ཡོངས་ལ་དྲིས། །བདག་ཉིད་བདག་གི་དགྲ་ཡིན་སུ་ལ་འཐབ། །བདག་ཉིད་མགོན་ཡིན་ཐམས་ཅད་སུ་ལ་སྐྱོབས། །བྱ་དང་མི་བྱ་ཡོངས་ལ་དཔང་པོ་རང་། །རང་གིས་རང་ཉིད་ཐུལ་ན་གྲོལ་བར་འགྱུར། །གཞན་གྱིས་གཞན་ཞིག་འདུལ་ན་འཐབ་རྩོད་འགྱུར། །འཐབ་ཅིང་རྩོད་པའི་དྲུང་ན་སྡིག་ཅན་མཚར། །ངེས་ཏེ་ཆགས་སྡང་ཅན་ལ་གྲོལ་སྐབས་མེད། །དེས་ན་རྟོག་པ་མེད་པའི་རྣལ་འབྱོར་བདེ། །ཨ་ལ་ལ་དེ་སྐད་བྱ་བ་ཅི་ལ་ཟེར། །ཡོད་པར་འཛིན་པའི་སྲོག་ལ་མཱ་ར་ཡ། །མེད་པར་འཛིན་པའི་སྲོག་ལ་ཛྭ་ལ་རཾ། །བདག་འཛིན་རྒྱལ་པོས་ལན་ན་གཙོ་བོ་ཆོམས། །གཙོ་བོ་ཡིད་ཀྱི་རྣམ་ཤེས་མ་ཐུལ་ན། །བདག་འཛིན་རྒྱལ་པོས་འགབ་ལ་འཁྲིད་ཉེན་ཡོད། །གཙོ་བོ་ཡིད་ཀྱི་རྣམ་ཤེས་ཐུལ་བ་ན། །མིག་སོགས་གཙོ་བོ་གཞན་ཡང་བརླག་པར་འགྱུར། །དེས་ན་ཡིད་ཀྱི་རྣམ་ཤེས་འདི་ཐུལ་དང་། །གཟུགས་སྒྲ་དྲི་རོ་ལ་སོགས་ཡོད་མ་མཆིས། །བདག་དང་བདག་གིར་འཛིན་པ་ཡོད་མི་འགྱུར། །རྣམ་རྟོག་རྒྱལ་པོ་རྐྱེན་དང་བྲལ་བར་མཆིས། །དེ་ལྟར་རྒྱལ་པོ་དེ་ལ་སྨྲས་པ་ན། །རྣམ་རྟོག་རང་གྲོལ་ཆོས་ཀྱི་དབྱིངས་སུ་གོ །ཚོགས་དྲུག་མི་བདེན་སྒྱུ་མའི་གླང་པོ་འདྲ། །གཟུང་འཛིན་མི་བདེན་སྤྲུལ་
པའི་ཕྲིན་ལས་འདྲ། །དེ་ལ་སོགས་པའི་རྣམ་རྟོག་དྲུང་ནས་ཕྱུང་། །གཟུང་འཛིན་མེད་པ་བདག་ལྟའི་དབྱིངས་སུ་བསྒྱུར། །ང་ཁྱོད་མེད་པས་ཆགས་སྡང་གཉུག་མར་ཞོག །རི་བོང་རྭ་ལྟར་རྣོ་རྟུལ་མི་མངའ་བའི། །དབང་པོ་རབ་འབྲིང་འཆི་བའི་སྲོག་དང་ཕྲོལ། །མོ་གཤམ་བུ་ལྟར་དཔྱད་གླེང་མི་མངའ་བའི། །འཁོར་འདས་ཐམས་ཅད་མཉམ་ཉིད་གཅིག་ཏུ་དྲིལ། །རུས་སྦལ་སྤུ་ལྟར་རིང་ཐུང་མི་མངའ་བའི། །སྐྱེ་འཇིག་ཐམས་ཅད་དབུ་མ་ཆེན་པོར་སློད། །བྲག་ཆ་ལྟ་བུར་ཡེ་ནས་སྟོང་པ་ཡི། །ཐ་སྙད་ཆོས་རྣམས་དམ་པ་གཅིག་ཏུ་དྲིལ། །ཨ་ཨ་སྐྱེ་མེད་ནམ་མཁའ་ལྟ་བུའི་ངང་། །ཨི་ཨི་འཇིགས་མེད་སྤྲོས་པ་བྲལ་བའི་སྐུ། །ༀ་ༀ་སྣ་ཚོགས་རྣམ་དག་ཆོས་སྐུར་ངོ་འཕྲོད་ནས། །ཀཱ་རུ་ཎི་ཀའི་ཐུགས་རྗེས་འཛིན་པར་ཤོག །འདི་ལྟར་བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ཞེས་བྱ་བ། ཤེས་བྱ་རབ་འབྱམས་ལ་བློ་གྲོས་ཀྱི་མིག་བྱང་ནས་ལས་རྒྱུ་འབྲས་ལ་བསླུ་བ་མེད་པའི་མཐུ་སྟོབས་ཐོབ་ཀྱང་ལྟ་བ་གཉིས་སུ་མེད་པའི་དོན་ལ་ཐེ་ཚོམ་མེད་པར་གྱུར་པ་རི་ནག་པོའི་ཁོང་ན་གནས་པའི་རྣལ་འབྱོར་པ་དྷརྨ་རཀྵི་ཏ་ཞེས་བྱ་བ་བདག་གིས་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ནས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།།

བློ་སྦྱོང་མཚོན་ཆའི་འཁོར་ལོ།

p. 19

༄༅། །བློ་སྦྱོང་མཚོན་ཆའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །
༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགྲ་བོ་གནད་ལ་དབབ་པ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ། ཁྲོ་བོ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ན། །སྨན་གྱི་ལྡུམ་ར་ལེགས་པར་མཛེས་གྱུར་ཀྱང་། །རྨ་བྱའི་ཚོགས་རྣམས་དགའ་བར་མི་འགྱུར་གྱི། །བཙན་དུག་བཅུད་ཀྱིས་རྨ་བྱ་འཚོ་བ་ལྟར། །དཔའ་བོ་འཁོར་བའི་

p. 20

ནགས་སུ་འཇུག་པ་ན། །བདེ་སྐྱིད་དཔལ་གྱི་ལྡུམ་ར་མཛེས་གྱུར་ཀྱང་། །དཔའ་བོ་དག་ནི་ཆགས་པར་མི་འགྱུར་གྱི། །སྡུག་བསྔལ་ནགས་སུ་སེམས་དཔའ་འཚོ་བ་ཡིན། །དེ་ཕྱིར་བདེ་སྐྱིད་དང་དུ་ལེན་པ་ཡི། །སྡར་མའི་དབང་གིས་སྡུག་ལ་སྐྱེལ་བ་ཡིན། །སྡུག་བསྔལ་དང་དུ་ལེན་པའི་སེམས་དཔའ་དེ། །དཔའ་བོའི་སྟོབས་ཀྱིས་རྟག་ཏུ་བདེ་བ་ཡིན། །ད་འདིར་འདོད་ཆགས་བཙན་དུག་ནགས་དང་འདྲ། །དཔའ་བོ་རྨ་བྱ་ལྟ་བུས་འཆུན་པར་འགྱུར། །སྡར་མ་བྱ་རོག་ལྟ་བུའི་སྲོག་ལ་འཆི། །རང་འདོད་ཅན་གྱི་དུག་འདི་ག་ལ་འཆུན། །ཉོན་མོངས་གཞན་དང་དེ་བཞིན་སྦྱར་བ་ན། །བྱ་རོག་ལྟ་བུར་ཐར་པའི་སྲོག་ལ་འབྲིབ། །དེ་ཕྱིར་སེམས་དཔའ་རྨ་བྱ་ལྟ་བུ་ཡིས། །དུག་གི་ནགས་དང་འདྲ་བའི་ཉོན་མོངས་རྣམས། །བཅུད་དུ་བསྒྱུར་ལ་འཁོར་བའི་ནགས་སུ་འཇུག །དང་དུ་བླངས་ལ་དུག་འདི་གཞོམ་པར་བྱ། །ད་ནི་རང་དབང་མེད་པར་འཁོར་བ་ཡི། །བདག་ཏུ་འཛིན་པ་བདུད་ཀྱི་ཕོ་ཉ་འདི། །རང་འདོད་སྐྱིད་འདོད་དེ་དང་ཕར་ཕྲལ་ལ། །གཞན་དོན་དཀའ་སྤྱད་དང་དུ་བླང་བར་བྱ། །ལས་ཀྱིས་བདས་ཤིང་ཉོན་མོངས་གོམས་པ་ཡིས། །རིས་མཐུན་སྐྱེ་རྒུ་རྣམས་ཀྱི་སྡུག་བསྔལ་རྣམས། །སྐྱིད་འདོད་བདག་གི་སྟེང་དུ་སྤུང་བར་བྱ། །གལ་ཏེ་རང་འདོད་འཁྲི་བ་ཞུགས་པའི་ཚེ། །ཟློག་ལ་རང་གི་བདེ་སྐྱིད་འགྲོ་ལ་སྦྱིན། །ཇི་ལྟར་བདག་ལ་འཁོར་གྱིས་ལོག་སྒྲུབ་ཚེ། །རང་གི་གཡེང་བས་ལེན་ཞེས་སྙིང་ཚིམ་བགྲང་། །ལུས་ལ་མི་བཟོད་ན་ཚ་བྱུང་བའི་ཚེ། །འགྲོ་བའི་ལུས་ལ་གནོད་པ་བསྐྱལ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ན་ཚ་མ་ལུས་རང་ལ་བླང་། །རང་གི་སེམས་ལ་སྡུག་བསྔལ་བྱུང་བའི་ཚེ། །ངེས་པར་གཞན་གྱི་སེམས་རྒྱུད་དཀྲུགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་སྡུག་བསྔལ་མ་ལུས་རང་ལ་བླང་། །རང་

p. 21

ཉིད་བཀྲེས་སྐོམ་དྲག་པོས་གཟིར་བ་ན། །ཁྲོམ་དང་རྐུ་འཕྲོག་སེར་སྣ་བྱས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བཀྲེས་སྐོམ་མ་ལུས་རང་སར་བླང་། །དབང་མེད་གཞན་གྱིས་འཁོལ་ཞིང་མནར་བའི་ཚེ། །དམན་ལ་སྡང་ཞིང་བྲན་དུ་བཀོལ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ལུས་སྲོག་གཞན་གྱི་དོན་དུ་བཀོལ། །མི་སྙན་ཚིག་རྣམས་རྣ་བར་བྱུང་བ་ན། །ཕྲ་མ་ལ་སོགས་ངག་གི་ནོངས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངག་གི་སྐྱོན་ལ་སྨད་པར་བྱ། །གང་ཡང་མ་དག་ཡུལ་དུ་སྐྱེས་པ་ན། །མ་དག་སྣང་བ་རྟག་པར་སྒོམ་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དག་སྣང་འབའ་ཞིག་བསྒོམ་པར་བྱ། །ཕན་ཞིང་མཛའ་བའི་གྲོགས་དང་བྲལ་བའི་ཚེ། །གཞན་གྱི་འཁོར་རྣམས་བདག་གིས་ཁ་དྲངས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་དག་འཁོར་དང་ཕྲལ་མི་བྱ། །དམ་པ་ཐམས་ཅད་བདག་ལ་མི་དགའ་བར། །དམ་པ་བོར་ནས་འཁོར་ངན་བསྟེན་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངན་པའི་གྲོགས་རྣམས་སྤང་བར་བྱ། །སྒྲོ་སྐུར་གཞན་གྱི་སྡིག་བསོག་བྱུང་བའི་ཚེ། །རང་གིས་དམ་པ་རྣམས་ལ་སྨད་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་སྒྲོ་སྐུར་གཞན་ལ་སྨད་མི་བྱ། །མཁོ་བའི་རྫས་ལ་ཆུད་ཟོས་བྱུང་བའི་ཚེ། །གཞན་གྱི་མཁོ་བ་ཁྱད་དུ་བསད་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་གྱི་མཁོ་བ་བསྒྲུབ་པར་བྱ། །སེམས་མི་གསལ་ཞིང་སྙིང་མི་དགའ་བའི་ཚེ། །སྐྱེ་བོ་གཞན་ལ་སྡིག་པ་བསགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་གྱི་སྡིག་རྐྱེན་སྤང་བར་བྱ། །བྱ་བ་མ་གྲུབ་སེམས་རྩ་འཁྲུགས་པའི་ཚེ། །དམ་པའི་ལས་ལ་བར་ཆད་བྱས་པ་ཡི། །ལས་ངན་མཚོན་ཆ་

p. 22

རང་ལ་འཁོར་བ་ཡིན། །ད་ནི་བར་ཆད་ཐམས་ཅད་སྤང་བར་བྱ། །གང་ལྟར་བྱས་ཀྱང་བླ་མ་མ་མཉེས་ཚེ། །དམ་པའི་ཆོས་ལ་ངོ་ལྐོག་བྱས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཆོས་ལ་ངོ་ལྐོག་ཆུང་བར་བྱ། །སྐྱེ་བོ་ཡོངས་ཀྱིས་ཁ་ལོག་བྱུང་བའི་ཚེ། །ངོ་ཚ་ཁྲེལ་ཡོད་ཁྱད་དུ་བསད་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མི་བསྲུང་བ་ལ་འཇོག་པར་བྱ། །འཁོར་རྣམས་འདུས་མ་ཐག་ཏུ་འགྲས་པའི་ཚེ། །སྡུག་གཤིས་ངན་པ་ཕྱོགས་སུ་བཙངས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་མི་གཤིས་ལེགས་པར་བྱ། །ཉེ་ཚད་ཐམས་ཅད་དགྲ་བོར་ལངས་པའི་ཚེ། །བསམ་པ་ངན་པ་ནང་དུ་བཅུག་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མུག་སྐྱོ་རྒྱུ་ནོམ་ཆུང་བར་བྱ། །བདག་གཅོང་སྐྲན་དང་དམུ་ཆུ་ངན་པའི་ཚེ། །ཁྲིམས་མེད་དཀོར་ལ་བག་མེད་འབགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དཀོར་འཕྲོག་ལ་སོགས་སྤང་བར་བྱ། །གློ་བུར་འགོ་ནད་ལུས་ལ་ཐེབས་པའི་ཚེ། །དམ་ཚིག་ཉམས་པའི་བྱ་བ་བྱས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མི་དགེའི་ལས་རྣམས་སྤང་བར་བྱ། །ཤེས་བྱ་ཀུན་ལ་བློ་གྲོས་རྨོངས་པའི་ཚེ། །བཞག་ཏུ་འོས་པ་ཆོས་ལ་བྱས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཐོས་སོགས་ཤེས་རབ་གོམས་པར་བྱ། །ཆོས་ལ་དཔྱོད་ཚེ་གཉིད་ཀྱིས་ནོན་པའི་ཚེ། །དམ་པའི་ཆོས་ལ་སྒྲིབ་པ་བསགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཆོས་ཕྱིར་དཀའ་བ་སྤྱད་པར་བྱ། །ཉོན་མོངས་ལ་དགའ་རྣམ་གཡེང་ཆེས་པའི་ཚེ། །མི་རྟག་འཁོར་བའི་ཉེས་དམིགས་མ་སྒོམ་པའི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་འཁོར་བར་ཡིད་འབྱུང་ཆེ་བར་བྱ། །ཅི་ཙུག་བྱས་ཀྱང་མར་

p. 23

འགྲོར་ཤར་བའི་ཚེ། །ལས་དང་རྒྱུ་འབྲས་ཁྱད་དུ་བསད་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བསོད་ནམས་གསོག་ལ་འབད་པར་བྱ། །རིམ་གྲོ་བྱས་ཚད་ལོག་པར་སོང་བའི་ཚེ། །ནག་པོའི་ཕྱོགས་ལ་རེ་ལྟོས་བྱས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ནག་པོའི་ཕྱོགས་ལས་བཟློག་པར་བྱ། །དཀོན་མཆོག་གསུམ་ལ་གསོལ་བ་མ་ཐེབས་ཚེ། །སངས་རྒྱས་པ་ལ་ཡིད་ཆེས་མ་བྱས་པའི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དཀོན་མཆོག་ཁོ་ན་བསྟེན་པར་བྱ། །རྣམ་རྟོག་གྲིབ་དང་གདོན་དུ་ལངས་པའི་ཚེ། །ལྷ་དང་སྔགས་ལ་སྡིག་པ་བསགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངན་རྟོོག་ཐམས་ཅད་གཞོམ་པར་བྱ། །དབང་མེད་དོམ་ལྟར་བྱེས་སུ་འཁྱམས་པའི་ཚེ། །བླ་མ་ལ་སོགས་གནས་ནས་བསྐྲད་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ཡང་ཡུལ་ནས་དབྱུང་མི་བྱ། །སད་སེར་ལ་སོགས་མི་འདོད་བྱུང་བའི་ཚེ། །དམ་ཚིག་ཁྲིམས་རྣམས་ཚུལ་བཞིན་མ་བསྲུངས་པའི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དམ་ཚིག་ལ་སོགས་གཙང་བར་བྱ། །འདོད་པ་ཆེ་ལ་འབྱོར་བས་ཕོངས་པའི་ཚེ། །སྦྱིན་དང་དཀོན་མཆོག་མཆོད་པ་མ་བགྱིས་པའི། །ལས་ངན་མཚོན་ཆ་རང་འཁོར་བ་ཡིན། །ད་ནི་མཆོད་སྦྱིན་དག་ལ་བརྩོན་པར་བྱ། །སྐྱེ་གཟུགས་ངན་ཏེ་འཁོར་གྱིས་བརྙས་པའི་ཚེ། །སྐུ་གཟུགས་མ་བཞེངས་ཁོང་ཁྲོས་དཀྲུགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ལྷ་བཞེངས་རང་རྒྱུད་རིང་བར་བྱ། །གང་ལྟར་བྱས་ཀྱང་ཆགས་དང་འཁྲུགས་པའི་ཚེ། །མ་རུང་རྒྱུད་ངན་རེངས་སུ་བཅུག་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ང་ཁྱོད་དྲུང་ནས་དབྱུང་བར་བྱ། །བསྒྲུབ་པ་གང་བྱས་དམིགས་སུ་མ་སོང་ཚེ། །ལྟ་བ་ངན་པ་ཁོག་ཏུ་

p. 24

ཞུགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཅི་བྱེད་གཞན་དོན་ཉིད་དུ་བྱ། །དགེ་སྦྱོར་བྱས་ཀྱང་རང་རྒྱུད་མ་ཐུལ་ཚེ། །ཚེ་འདིའི་ཆེ་ཐབས་དང་དུ་བླངས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཐར་པ་འདོད་ལ་བསྒྲིམ་པར་བྱ། །འདོན་པ་དག་ལ་བརྟགས་ཤིང་འགྱོད་པའི་ཚེ། །ཁྲེལ་མེད་གསར་འགྲོགས་མཐོ་ཁ་འགྲིམས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་འགྲོགས་ལུགས་གཟབས་པར་བྱ། །གཞན་གྱི་རྨུག་བཅོས་རང་ཉིད་བསླུས་པའི་ཚེ། །རང་འདོད་ང་རྒྱལ་རྟོག་འདོད་ཆེ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་མངོན་མཚན་ཆུང་བར་བྱ། །ཉན་བཤད་ཆགས་སྡང་གཡོས་སུ་སོང་བའི་ཚེ། །བདུད་ཀྱི་སྐྱོན་རྣམས་སྙིང་ལ་མ་བསམ་པའི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་འགལ་རྐྱེན་བརྟགས་ནས་སྤང་བར་བྱ། །བཟང་བྱས་ཐམས་ཅད་ངན་དུ་སོང་བའི་ཚེ། །དྲིན་ལན་ཐམས་ཅད་ལོག་པར་གཞལ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དྲིན་ལན་སྤྱི་བོས་བླང་བར་བྱ། །མདོར་ན་མི་འདོད་ཐོག་ཏུ་བབ་པ་རྣམས། །མགར་བ་རང་གི་རལ་གྲིས་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་སྡིག་པའི་ལས་ལ་བག་ཡོད་བྱ། །ངན་སོང་གནས་སུ་སྡུག་བསྔལ་མྱོང་ན་ཡང་། །མདའ་མཁན་རང་གི་མདའ་ཡིས་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །དེ་བས་སྡིག་པའི་ལས་ལ་བག་ཡོད་བྱ། །ཁྱིམ་གྱི་སྡུག་བསྔལ་ཐོག་ཏུ་བབ་པ་ཡང་། །བསྐྱངས་པའི་བུ་ཚས་ཕ་མ་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་རྟག་པར་རབ་ཏུ་བྱུང་བར་རིགས། །དེ་ལྟར་ལགས་པས་དགྲ་བོ་བདག་གིས་ཟིན། །འཇབ་ནས་བསླུས་པའི་ཆོམ་རྐུན་བདག་གིས་ཟིན། །རང་དུ་

p. 25

བརྫུན་ནས་བསླུས་པའི་ཟོག་པོ་ནི། །ཨེ་མ་བདག་འཛིན་འདི་ཡིན་ཐེ་ཚོམ་མེད། །ད་ནི་ལས་ཀྱི་མཚོན་ཆ་ཀླད་ལ་འཕྱར། །ཁྲོས་པའི་ཚུལ་གྱིས་ལན་གསུམ་ཀླད་ལ་བསྐོར། །བདེན་གཉིས་ཞབས་བགྲད་ཐབས་ཤེས་སྤྱན་མིག་དང་། །སྟོབས་བཞིའི་མཆེ་བ་གཙིགས་པ་དགྲ་ལ་བསྣུན། །དགྲ་བོ་གཟིར་བའི་རིག་སྔགས་རྒྱལ་པོ་ཡང་། །འཁོར་བའི་གནས་སུ་རང་དབང་མ་མཆིས་པར། །ལས་ཀྱི་མཚོན་ཆ་ཐོགས་ནས་རྒྱུག་བྱེད་པ། །བདག་འཛིན་འགོང་པོ་ཞེས་པའི་གདུག་རྩུབ་ཅན། །རང་གཞན་ཕུང་དུ་འཇུག་པའི་དམ་ཉམས་ཁུག །ཁུག་ཅིག་ཁུག་ཅིག་ཁྲོ་བོ་གཤིན་རྗེའི་གཤེད། །རྒྱོབ་ཅིག་རྒྱོབ་ཅིག་དགྲ་བདག་སྙིང་ལ་བསྣུན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཧཱུྃ་ཧཱུྃ་ཡི་དམ་ཆེན་པོ་རྫུ་འཕྲུལ་སྐྱེད། །ཛཿཛཿདགྲ་བོ་འདི་ནི་དམ་ལ་ཐོགས། །ཕཊ་ཕཊ་འཆིང་བ་ཐམས་ཅད་བསྒྲལ་དུ་གསོལ། །ཤིག་ཤིག་འཛིན་པའི་མདུད་པ་བཅད་དུ་གསོལ། །ཚུར་བྱོན་ཡི་དམ་ཁྲོ་བོ་གཤིན་རྗེའི་གཤེད། །འཁོར་བར་ལས་ཀྱི་འདམ་རྫབ་སྦྱོར་བ་ཡི། །ལས་དང་ཉོན་མོངས་དུག་ལྔའི་རྐྱལ་པ་འདི། །ད་ལྟ་ཉིད་དུ་ཤིག་ཤིག་དབྲལ་དུ་གསོལ། །ངན་སོང་གསུམ་དུ་སྡུག་ལ་བསྐྱལ་གྱུར་ཀྱང་། །བྲེད་མི་ཤེས་པ་རྒྱུ་ལ་རྒྱུག་པ་ཡི། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །སྐྱིད་འདོད་ཆེ་ལ་དེ་རྒྱུ་ཚོགས་མི་གསོགས། །སྡུག་བསྲན་ཆུང་ལ་འདོད་ནག་རྔམ་སེམས་ཆེ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །འདོད་ཐག་ཉེ་ལ་སྒྲུབ་ལ་བརྩོན་འགྲུས་ཆུང་། །བྱ་བྱེད་མང་ལ་གང་ཡང་མཐར་མི་འཁྱོལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །གསར་འགྲོགས་ཆེ་ལ་ཁྲེལ་

p. 26

གཞུང་ཕྱི་ཐག་ཆུང་། །ལྟོ་འདུན་ཆེ་ལ་རྐུ་འཕྲོག་ཚོལ་ཁྲོ་རེམ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཁ་བསགས་གཞོག་སློང་མཁས་ལ་ཞེ་མུག་ཆེ། །སྡུག་གསོག་རེམ་ལ་ཡོད་ཀྱང་སེར་སྣས་བཅིངས། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཀུན་ལ་བྱམས་པ་ཆུང་ལ་སྡུག་ཡོས་ཆེ། །རང་ལ་ཁྱེར་བ་མེད་ལ་རྔམ་པོ་ཆེ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །སློབ་དཔོན་མང་ལ་དམ་ཚིག་འཁུར་ཤེད་ཆུང་། །སློབ་མ་མང་ལ་ཕན་འདོགས་སྐྱོང་རན་ཆུང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཁས་བླང་ཆེ་ལ་ཕན་པའི་ཉམས་ལེན་ཆུང་། །སྙན་པ་ཆེ་ལ་བརྟགས་ན་ལྷ་འདྲེས་ཁྲེལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཐོས་རྒྱ་ཆུང་ལ་སྟོང་སྐད་རྦད་ཁམ་ཆེ། །ལུང་རྒྱ་ཆུང་ལ་མི་རྟོག་དགུ་ལ་རྟོག །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །འཁོར་གཡོག་མང་ལ་ཁུར་མཁན་སུ་ཡང་མེད། །དཔོན་པོ་མང་ལ་རྒྱབ་བརྟེན་མགོན་དང་བྲལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །གོ་ས་མཐོ་ལ་ཡོན་ཏན་འདྲེ་བས་ཆུང་། །བླ་མ་ཆེ་ལ་ཆགས་སྡང་བདུད་ལས་རྩུབ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ལྟ་བ་མཐོ་ལ་སྤྱོད་པ་ཁྱི་བས་ངན། །ཡོན་ཏན་མང་ལ་གཞི་མ་རླུང་ལ་ཤོར། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཞེ་འདོད་ཐམས་ཅད་རང་གི་ཕུགས་སུ་ཞུགས། །གྱམས་སྐོར་ཐམས་ཅད་དོན་མེད་བཞད་གད་

p. 27

བྱེད། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་མཱ་ར་ཡ། །ངུར་སྨྲིག་གྱོན་ནས་སྲུང་སྐྱོབ་འདྲེ་ལ་ཞུ། །སྡོམ་པ་བླངས་ནས་སྤྱོད་ལམ་བདུད་དང་བསྟུན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །བདེ་སྐྱིད་ལྷ་ཡིས་བྱིན་ནས་སྡུག་འདྲེ་མཆོད། །འདྲེན་པ་ཆོས་ཀྱིས་བྱས་ནས་དཀོན་མཆོག་བསླུ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །རྟག་ཏུ་དགོན་པ་བརྟེན་ནས་གཡེང་བས་ཁྱེར། །དམ་ཆོས་གཙུག་ལག་ཞུས་ནས་མོ་བོན་སྐྱོང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཚུལ་ཁྲིམས་ཐར་ལམ་བོར་ནས་ཕ་ཁྱིམ་འཛིན། །བདེ་སྐྱིད་ཆུ་ལ་ཕོ་ནས་སྡུག་ལ་བསྙེན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཐར་པའི་ལམ་ངོར་བོར་ནས་ས་མཐའ་འགྲིམ། །མི་ལུས་རིན་ཆེན་རྙེད་ནས་དམྱལ་ཁམས་སྒྲུབ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཆོས་ཀྱི་འགྱུར་ཁྱད་བཞག་ནས་ཚོང་ཁེ་སྒྲུབ། །བླ་མའི་ཆོས་གྲྭ་བཞག་ནས་གྲོང་ཡུལ་འགྲིམ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །རང་གི་འཚོ་བ་བཞག་ནས་འདུ་སྒོ་འཕྲོག །རང་གི་ཕ་ཟས་བཞག་ནས་གཞན་ལ་འཚོལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཨེ་མ་སྒོམ་སྲན་ཆུང་ལ་མངོན་ཤེས་རྣོ། །ལམ་སྣ་མ་ཟིན་དོན་མེད་རྐང་པ་མགྱོགས། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཕན་པར་བསླབ་ལ་སྡང་སེམས་དགྲ་རུ་འཛིན། །མགོ་བསྐོར་བསླུས་ན་སྙིང་མེད་དྲིན་དུ་བཟོ། །ཕུང་བྱེད་རྟོག་པའི་

p. 28

མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ནང་མིར་བསྟེན་ན་སྙིང་གཏམ་དགྲ་ལ་འཆད། །ཕབས་ཏེ་འགྲོགས་ན་ཁྲེལ་མེད་གློ་སྙིང་རྐུ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཀོ་ལོང་དམ་ལ་རྣམ་རྟོག་ཟུར་མགོ་རགས། །འགྲོགས་པར་དཀའ་ལ་གཤིས་ངན་རྒྱུན་དུ་བླང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །བཅོལ་ན་མི་ཉན་ལྐོག་ན་གནོད་པ་སྐྱེལ། །བསྟུན་ན་མི་འདུད་རྒྱང་ནས་རྩོད་པ་འཆང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །བཀའ་བློ་མི་བདེ་རྟག་པར་འགྲོགས་པར་དཀའ། །ཕོག་ཐུག་མང་ལ་རྟག་ཏུ་འཛིན་པ་དམ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །མཐོ་དམན་ཆེ་ཞིང་དམ་པ་དགྲ་རུ་འཛིན། །འདོད་ཆགས་ཆེ་བས་གཞོན་ནུ་དང་དུ་ལེན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཕྱི་ཐག་ཐུང་བས་སྔར་འགྲོགས་རྒྱང་དུ་འཕེན། །གསར་འགྲོགས་ཆེ་བས་ཀུན་ལ་ཁ་བྲོད་གཏིང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །མངོན་ཤེས་མེད་པས་བརྫུན་སྐྱོན་དང་དུ་ལེན། །སྙིང་རྗེ་མེད་པས་བློ་གཏད་སྙིང་ལ་འབྲབ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཐོས་པ་ཆུང་བས་ཀུན་ལ་སྦར་ཚོད་བྱེད། །ལུང་རྒྱ་ཆུང་བས་ཡོངས་ལ་ལོག་ལྟ་སྐྱེ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཆགས་སྡང་ཆེ་བས་གཞན་ཕྱོགས་ཡོངས་ལ་སྨོད། །ཕྲག་དོག་གོམས་པས་གཞན་ལ་སྒྲོ་སྐུར་འདེབས། །ཕུང་བྱེད་རྟོག་པའི་མགོ་ལ་

p. 29

ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །སློབ་གཉེར་མ་བྱས་རྒྱ་ཆེར་ཁྱད་དུ་གསོད། །བླ་མ་མ་བསྟེན་ལུང་ལ་སྨོད་པར་བྱེད། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །སྡེ་སྣོད་མི་འཆད་རང་བཟོ་རྫུན་དུ་བསྒྲིགས། །དག་སྣང་མ་འབྱོངས་ལབ་ཚད་འབར་ཤར་སྨྲ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཆོས་མིན་ལས་ལ་སྨོད་པར་མི་བྱེད་པར། །ལེགས་བཤད་ཡོངས་ལ་སུན་འབྱིན་སྣ་ཚོགས་བཏང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ངོ་ཚའི་གནས་ལ་ངོ་ཚར་མི་འཛིན་པར། །ངོ་མི་ཚ་ལ་ངོ་ཚའི་ཆོས་ལོག་འཛིན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །བྱས་ན་རུང་བ་གཅིག་ཀྱང་མི་བྱེད་པར། །མི་རིགས་བྱ་བ་ཐམས་ཅད་བྱེད་པ་ཡི། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམ། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཨེ་མ་བདག་ལྟའི་འགོང་པོ་འཇོམས་མཛད་པའི། །བདེ་གཤེགས་ཆོས་ཀྱི་སྐུ་མངའ་མཐུ་སྟོབས་ཅན། །བདག་མེད་ལས་ཀྱི་མཚོན་ཆ་དབྱུག་ཏོ་ཅན། །ཐེ་ཚོམ་མེད་པར་ཀླད་ལ་ལན་གསུམ་བསྐོར། །རྔམ་སྟབས་ཆེན་པོས་དགྲ་འདི་བསྒྲལ་དུ་གསོལ། །ཤེས་རབ་ཆེན་པོས་རྟོག་ངན་གཞོམ་དུ་གསོལ། །སྙིང་རྗེ་ཆེན་པོས་ལས་ལས་བསྐྱབ་ཏུ་གསོལ། །ངེས་པར་བདག་ནི་གདག་པར་མཛད་དུ་གསོལ། །འཁོར་བ་པ་ལ་དུཿཁ་ཅི་མཆིས་པ། །བདག་འཛིན་འདི་ལ་ངེས་པར་སྤུང་དུ་གསོལ། །ང་ལ་ཉོན་མོངས་དུག་ལྔ་ཅི་མཆིས་པ། །རིགས་མཐུན་འདི་ལ་ངེས་པར་སྤུང་དུ་གསོལ། །འདི་ལྟར་ཉེས་པའི་རྩ་བ་མ་ལུས་པ། །ཐེ་ཚོམ་མེད་པར་རིག་པས་ངོས་ཟིན་ཀྱང་། །ད་དུང་འདི་ཡི་ཁ་འཛིན་ཤག་འདེབས་

p. 30

ན། །འཛིན་མཁན་དེ་ཉིད་བརླག་པར་མཛད་དུ་གསོལ། །ད་ནི་ལེ་ལན་ཐམས་ཅད་གཅིག་ལ་བདའ། །སྐྱེ་བོ་ཡོངས་ལ་བཀའ་དྲིན་ཆེ་བར་བསྒོམ། །གཞན་གྱིས་མི་འདོད་བདག་གི་རྒྱུད་ལ་བླང་། །བདག་གི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ། །དེ་ལྟར་འགྲོ་བ་གཞན་གྱི་སྒོ་གསུམ་གྱིས། །དུག་གསུམ་བགྱིས་པ་བདག་གིས་བླངས་པ་ཡི། །རྨ་བྱ་དུག་གི་མདངས་དང་ལྡན་པ་ལྟར། །ཉོན་མོངས་བྱང་ཆུབ་གྲོགས་སུ་འགྱུར་བར་ཤོག །བདག་གི་དགེ་རྩ་འགྲོ་ལ་བྱིན་པ་ཡིས། །བྱ་རོག་དུག་ཟོས་སྨན་གྱིས་སོས་པ་ལྟར། །སྐྱེ་བོ་ཡོངས་ཀྱི་ཐར་པའི་སྲོག་བཟུང་ནས། །བདེ་གཤེགས་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ནམ་ཞིག་བདག་དང་ཕ་མར་གྱུར་པ་རྣམས། །འོག་མིན་གནས་སུ་བྱང་ཆུབ་མ་ཐོབ་བར། །འགྲོ་བ་དྲུག་ཏུ་ལས་ཀྱིས་འཁྱམས་ན་ཡང་། །ཕན་ཚུན་གཅིག་སེམས་གཅིག་གིས་འཛིན་པར་ཤོག །དེ་ཚེ་འགྲོ་བ་གཅིག་གི་དོན་དུ་ཡང་། །ངན་སོང་གསུམ་དུ་བདག་གིས་ཡོངས་ཞུགས་ནས། །སེམས་དཔའ་ཆེན་པོའི་སྤྱོད་པ་མ་ཉམས་པར། །ངན་སོང་སྡུག་བསྔལ་བདག་གིས་འགྲོངས་པར་ཤོག །དེ་མ་ཐག་ཏུ་དམྱལ་བའི་སྲུང་མ་རྣམས། །བདག་ལ་བླ་མའི་འདུ་ཤེས་སྐྱེས་གྱུར་ནས། །མཚོན་ཆ་དག་ཀྱང་མེ་ཏོག་ཆར་དུ་གྱུར། །གནོད་པ་མེད་པར་ཞི་བདེ་འཕེལ་བར་ཤོག །ངན་སོང་བ་ཡང་མངོན་ཤེས་གཟུངས་ཐོབ་ནས། །ལྷ་མིའི་ལུས་བླངས་བྱང་ཆུབ་སེམས་བསྐྱེད་དེ། །བདག་གིས་དྲིན་ལན་ཆོས་ཀྱིས་གསོབ་པར་ཤོག །བདག་ལ་བླ་མར་བཟུང་ནས་བསྟེན་པར་ཤོག །དེ་ཚེ་མཐོ་རིས་འགྲོ་བ་ཐམས་ཅད་ཀྱང་། །བདག་དང་མཚུངས་པར་བདག་མེད་རབ་བསྒོམས་ནས། །སྲིད་དང་ཞི་བ་རྣམ་པར་མི་རྟོག་པར། །མཉམ་པ་ཉིད་དུ་ཏིང་འཛིན་བསྒོམ་པར་ཤོག །མཉམ་པ་ཉིད་དུ་རང་ངོ་འཕྲོད་པར་ཤོག །དེ་ལྟར་བྱས་ན་དགྲ་འདི་ཆོམ་པར་འགྱུར། །དེ་ལྟར་བྱས་

p. 31

ན་རྣམ་རྟོག་ཆོམ་འགྱུར་ཏེ། །མི་རྟོག་ཡེ་ཤེས་བདག་མེད་གོམས་འགྱུར་ཏེ། །གཟུགས་སྐུའི་རྒྱུ་འབྲས་ཅི་སྟེ་ཐོབ་མི་འགྱུར། །ཀྭ་ཡེ་དེ་དག་ཐམས་ཅད་རྟེན་འབྲེལ་ཡིན། །རྟེན་འབྲེལ་རྟོག་པར་རང་ཚུགས་མེད་པ་ཡིན། །ཕར་བསྒྱུར་ཚུར་བསྐུར་རྫུན་སྣང་སྒྱུ་མ་ཡིན། །མགལ་མེ་བཞིན་དུ་སྣང་བའི་གཟུགས་བརྙན་ཡིན། །ཆུ་ཤིང་བཞིན་དུ་སྲོག་ལ་སྙིང་པོ་མེད། །ཁུག་སྣ་བཞིན་དུ་བཏུད་ན་འཇིགས་པ་མིན། །སྨིག་རྒྱུ་བཞིན་དུ་རྒྱང་ན་མཛེས་པ་ཡིན། །མེ་ལོང་གཟུགས་བརྙན་ལྟ་བུར་བདེན་བདེན་འདྲ། །སྤྲིན་དང་ན་བུན་བཞིན་དུ་སྡོང་སྡོང་འདྲ། །དགྲ་བདག་གཤེད་མ་འདི་ནི་དེ་བཞིན་དུ། །ཡོད་ཡོད་འདྲ་སྟེ་ནམ་ཡང་ཡོད་མ་ཡིན། །བདེན་བདེན་འདྲ་སྟེ་གང་དུའང་བདེན་མ་མྱོང་། །སྣང་སྣང་འདྲ་སྟེ་སྒྲོ་སྐུར་ཡུལ་ལས་འདས། །དེ་ལ་ལས་ཀྱི་འཁོར་ལོ་གང་ཞིག་ཡོད། །འདི་ནི་དེ་ལྟར་རང་བཞིན་མེད་ན་ཡང་། །ཆུ་ཕོར་གང་དུ་ཟླ་བའི་གཟུགས་བརྙན་ཤར། །ལས་འབྲས་འདི་ནི་བརྫུན་པས་སྣ་ཚོགས་བཀྲ། །སྣང་བ་ཙམ་དུ་བླང་དོར་བྱ་འོ་ཨང་། །རྨི་ལམ་ཡུལ་དུ་བསྐལ་པའི་མེ་འབར་ཚེ། །རང་བཞིན་མེད་ཀྱང་ཚ་བས་འཇིགས་སྐྲག་ལྟར། །དམྱལ་ཁམས་སོགས་ལའང་རང་བཞིན་མེད་ན་ཡང་། །བཙོ་བསྲེགས་ལ་སོགས་འཇིགས་པས་སྤང་བར་བྱ། །ཚད་པས་འཁྲུལ་ཚེ་མུན་ནག་ཡོང་མེད་ཀྱང་། །གཏིང་རིང་ཕུག་ཏུ་རྒྱུ་ཞིང་འཚུབས་པ་ལྟར། །མ་རིག་སོགས་ལ་རང་བཞིན་མེད་ན་ཡང་། །ཤེས་རབ་གསུམ་གྱིས་འཁྲུལ་པ་བསལ་བར་བྱ། །རོལ་མོ་མཁན་གྱིས་བགྱིས་པའི་གླུ་བླངས་ཏེ། །དཔྱད་ན་སྒྲ་དེའི་རང་བཞིན་མ་མཆིས་མོད། །མ་དཔྱད་ཚོགས་པའི་སྙན་པའི་སྒྲ་བྱུང་ནས། །སྐྱེ་བོའི་སེམས་ཀྱིས་གདུང་བ་སེལ་བ་ལྟར། །ལུས་དང་རྒྱུ་འབྲས་ཡོངས་སུ་དཔྱད་པ་ན། །གཅིག་དང་ཐ་དད་རང་བཞིན་མེད་ན་ཡང་། །སྣང་སྣང་ལྟ་བུའི་ཆོས་ལ་སྐྱེ་

p. 32

འཇིག་བྱེད། །ཡོད་ཡོད་ལྟ་བུའི་བདེ་སྡུག་སྣ་ཚོགས་མྱོང་། །སྣང་བ་ཙམ་དུ་བླང་དོར་བྱ་འོ་ཨང་། །ཆུ་ཡི་ཐིགས་པས་བུམ་པ་ཁེངས་པ་ན། །ཆུ་ཐིགས་དང་པོས་བུམ་པ་མི་ཁེངས་ཤིང། །ཐ་མ་ལ་སོགས་རེ་རེས་མ་ཡིན་ནོ། །རྟེན་འབྲེལ་ཚོགས་པས་བུམ་པ་གང་བ་ལྟར། །བདེ་སྡུག་འབྲས་བུ་གང་གིས་མྱོང་མ་མྱོང་། །རྒྱུ་ཡི་སྐད་ཅིག་དང་པོས་མ་ཡིན་ཞིང་། །ཐ་མའི་སྐད་ཅིག་སོགས་ཀྱིས་མ་ཡིན་ཀྱང་། །རྟེན་འབྲེལ་ཚོགས་པས་བདེ་སྡུག་མྱོང་བར་འགྱུར། །སྣང་བ་ཙམ་དུ་བླང་དོར་བྱ་འོ་ཨང་། །ཨེ་མ་མ་བརྟགས་གཅིག་པུར་ཉམས་དགའ་བའི། །སྣང་བ་འདི་ལ་སྙིང་པོ་མ་མཆིས་མོད། །འོན་ཀྱང་ཡོད་པ་ལྟ་བུར་སྣང་བ་ཡི། །ཆོས་འདི་ཟབ་སྟེ་དམན་པས་མཐོང་བ་དཀའ། །ད་ནི་འདི་ལ་མཉམ་པར་འཇོག་པ་ན། །ངེས་པར་སྣང་བ་ཙམ་ཡང་ཅི་ཞིག་ཡོད། །ཡོད་པ་ཅི་ཡོད་མེད་པའང་ཅི་ཞིག་ཡོད། །ཡིན་མིན་དམ་བཅའ་གང་དུའང་ཅི་ཞིག་ཡོད། །ཡུལ་དང་ཡུལ་ཅན་ཆོས་ཉིད་མ་མཆིས་ཤིང་། །བླང་དོར་ཀུན་བྲལ་སྤྲོས་དང་བྲལ་བ་ཡི། །གཉུག་མའི་ངང་དུ་བློ་གྲོས་མ་མཆིས་པར། །ལྷན་ནེར་གནས་ན་སྐྱེས་བུ་ཆེན་པོར་འགྱུར། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་དང་ནི། །དོན་དམ་བྱང་ཆུབ་སེམས་ལ་དཔྱད་པ་ཡིས། །ཚོགས་གཉིས་བར་ཆད་མེད་པར་མཐར་ཕྱིན་ནས། །དོན་གཉིས་ཕུན་སུམ་ཚོགས་པ་ཐོབ་པར་ཤོག །དགྲ་བོ་གནད་ལ་དབབ་པ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ་འཇིགས་པའི་གཅན་གཟན་སྣ་ཚོགས་རྒྱུ་བའི་ནགས་ཁྲོད་དུ་ལུང་རིགས་དང་རྟོགས་པའི་རྣལ་འབྱོར་པ་དྷརྨ་རཀྵི་ཏ་ཆེན་པོ་དེས་བླ་མ་དམ་པའི་གསུང་ལྟར་བསྡེབས་ནས་དུས་ཀྱི་སྙིགས་མ་ལ་འཇིགས་པ་དང་བཅས་པའི་ནགས་ཁྲོད་དུ་ཉམས་སུ་བླངས་པའོ། །དེས་ཨ་ཏི་ཤ་ལ་གནང་ནས་ཨ་ཏི་ཤས་ཀྱང་གདུལ་དཀའ་བའི་སེམས་ཅན་མང་པོ་འདུལ་བའི་ཕྱིར། ཕྱོགས་དང་ཕྱོགས་མཚམས་མེད་པར་ཉམས་སུ་བླངས་ཏེ་རྟོགས་པ་འཁྲུངས་པའི་ཚིགས་སུ་བཅད་པའང་འདི་སྐད་གསུངས་སོ། །ཁོ་བོས་རྒྱལ་སྲིད་སྤངས་ནས་དཀའ་བ་སྤྱད་པའི་ཚེ། །བསོད་ནམས་
བསགས་ནས་བླ་མ་མཆོག་དང་མཇལ། །དམ་ཆོས་བདུད་རྩི་འདི་བསྟེན་ཆོས་དབང་བསྐུར། །དེང་སང་གཉེན་པོ་ཐོབ་ནས་ཆོས་ཀྱིས་བཟུང་། །གྲུབ་པའི་མཐའ་ལ་ཕྱོགས་རིས་མ་མཆིས་པར། །བློ་གྲོས་བཀྲམ་ནས་ཀུན་ལ་བསླབ་པའི་ཚེ། །ཡ་མཚན་དཔག་མེད་བདག་གིས་མཐོང་མོད་ཀྱི། །སྙིགས་མའི་དུས་འདིར་ཆོས་འདིས་ཕན་པར་བྱུང་། །ཞེས་གསུངས་ནས་རྒྱ་བོད་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་མཆིས་པའི་ནང་ནས་བཅོམ་ལྡན་འདས་མ་སྒྲོལ་མ་ལ་སོགས་ཡི་དམ་ལྷ་དཔག་ཏུ་མ་མཆིས་པས་ལུང་བསྟན་ཅིང་སྣོད་དང་ལྡན་པའི་སློབ་མ་ཨུ་པ་སི་ཀ་ལ། བོད་མཐའ་ཡི་གདུལ་བྱ་མ་རུངས་པ་འདུལ་བའི་ཆོས་སུ་གནང་བ་སྟེ་ལོ་པཎ་ཡང་རྒྱལ་བ་ཡབ་སྲས་གཉིས་ཀྱིས་མཛད་དོ། །ཆོས་འདིའི་བརྒྱུད་པ་ནི། མཉམ་མེད་ཇོ་བོ་རྗེ་ནས་རིམ་པར། འབྲོམ་སྟོན་པ། པུ་ཏོ་བ། ཤ་ར་བ། འཆད་ཁ་བ། སེ་སྤྱིལ་བུ་པ། ལྷ་ཆེན་པོ། ལྷ་འགྲོ་བའི་མགོན་པོ། འོད་འདོ་བ། མཁོན་དམར་སྟོན། མཁན་པོ་ཤེས་རབ་རྡོ་རྗེ། དེས་མཁན་པོ་བུདྡྷ་རཏྣ་ལ། དེས་ཀཱིརྟི་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ནུབ་ཆོས་ལུང་པ་བསོད་ནམས་རིན་ཆེན་ལ། དེས་གཞོན་ནུ་རྒྱལ་མཆོག་དཀོན་མཆོག་འབངས་ལའོ། །བླ་མ་དྷརྨ་རཀྵི་ཏའི་བློ་སྦྱོང་གི་སྐོར་རོ། །ཤུ་བྷཾ།།

བྱང་ཆུབ་ལམ་གྱི་སྒྲོན་མ།

p. 33

༄༅། །བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། བོ་དྷི་པཱ་ཐ་པྲ་དཱི་པཾ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི་ཆོས་དང༌། །དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ། །སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཆུང་ངུ་འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །

p. 34

དེ་དག་མཚན་ཉིད་རབ་གསལ་བ། །སོ་སོའི་དབྱེ་བ་བྲི་བར་བྱ། །གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །སེམས་ཅན་དམ་པ་བྱང་ཆུབ་མཆོག །འདོད་པར་གྱུར་པ་དེ་དག་ལ། །བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །རྫོགས་སངས་བྲིས་སྐུ་ལ་སོགས་དང༌། །མཆོད་རྟེན་དམ་པ་མངོན་ཕྱོགས་ནས། །མེ་ཏོག་བདུག་སྤོས་དངོས་པོ་དག །ཅི་འབྱོར་པ་ཡི་མཆོད་པ་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་ཡི། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལྡོག་པ་ཡི་སེམས་དག་གིས། །དཀོན་མཆོག་གསུམ་ལ་རབ་དད་ཅིང༌། །པུས་མོའི་ལྷ་ང་སར་བཙུགས་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །དང་པོར་སྐྱབས་འགྲོ་ལན་གསུམ་བྱ། །དེ་ནས་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། །ངན་སོང་གསུམ་དུ་སྐྱེ་སོགས་དང༌། །འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི། །འགྲོ་བ་མ་ལུས་ལ་བལྟས་ཏེ། །སྡུག་བསྔལ་གྱིས་ནི་སྡུག་བསྔལ་བ། །སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས། །འགྲོ་བ་ཐར་པར་འདོད་པ་ཡིས། །ལྡོག་པ་མེད་པར་དམ་འཆའ་བའི། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ལྟར་སྨོན་པའི་སེམས་དག་ནི། །བསྐྱེད་པའི་ཡོན་ཏན་གང་ཡིན་པ། །དེ་ནི་སྡོང་པོ་བཀོད་པ་ཡི། །མདོ་ལས་བྱམས་པས་རབ་ཏུ་བཤད། །དེ་ཡི་མདོ་ཀློག་པའམ་བླ་མ་ལ་མཉན་ཏེ། །

p. 35

རྫོགས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་མཐའ་མེད་པ། །རྣམ་པར་ཤེས་པར་བྱས་ལ་དེ་ནས་རྒྱུ་མཚན་དུ། །དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ། །དཔའ་སྦྱིན་གྱིས་ཞུས་མདོ་དག་ལས། །འདི་ཡི་བསོད་ནམས་རབ་བསྟན་པ། །གང་དེ་ཚིགས་བཅད་གསུམ་ཙམ་དུ། །མདོར་བསྡུས་འདིར་ནི་བྲི་བར་བྱ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་རྣམས་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སོ། །བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི། །འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང༌། །འདི་ནི་སྐྱེ་བ་གཞན་དུའང་དྲན་དོན་དུ། །ཇི་སྐད་བཤད་པའི་བསླབ་པའང་ཡོངས་སུ་བསྲུང༌། །འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྨོན་པ་འཕེལ་འདོད་པས། །དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང༌། །སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །སོ་སོར་ཐར་པ་རིས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལ། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །བྱང་ཆུབ་སེམས་དཔའི་ས་དག་གི །ཚུལ་ཁྲིམས་ལེགས་གསུངས་ཆོ་ག་ཡིས། །ཡང་དག་མཚན་ཉིད་ལྡན་པ་ཡི། །བླ་མ་བཟང་ལས་སྡོམ་པ་བླང༌། །སྡོམ་པའི་ཆོ་ག་ལ་མཁས་དང༌། །བདག་ཉིད་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་

p. 36

བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །དེ་ལ་འབད་པས་འདི་འདྲ་བའི། །གལ་ཏེ་བླ་མ་མ་རྙེད་ན། །དེ་ལས་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨ་བ་རཱ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང༌། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ལོ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང༌། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་ནས་བྱང་ཆུབ་མཆོག །ཐོབ་ཀྱི་བར་དུ་མི་བྱ་འོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང༌། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང༌། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་གཟུང་བ་བྱས་པ་དང་། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱས། །ཡིད་ཀྱི་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱ་འོ། །རང་གི་ལུས་ངག་སེམས་ནི་རྣམ་དག་རྒྱུ། །འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པ། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་བསླབས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །དེ་བས་རྣམ་དག་རྫོགས་བྱང་ཆུབ། །སེམས་དཔའི་སྡོམ་པའི་སྡོམ་དག་ནི། །འབད་པར་བྱས་པས་རྫོགས་བྱང་ཆུབ། །ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར། །བསོད་

p. 37

ནམས་ཡེ་ཤེས་རང་བཞིན་གྱི། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག །མངོན་ཤེས་སྐྱེད་པ་ཉིད་དུ་བཞེད། །ཇི་ལྟར་འདབ་གཤོག་མ་སྐྱེས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་པ་མིན། །མངོན་ཤེས་ལྡན་པའི་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་ཏེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་བྱས་མངོན་ཤེས་དག །འགྲུབ་པར་འགྱུར་གྱི་ལེ་ལོས་མིན། །ཞི་གནས་གྲུབ་པ་མ་ཡིན་པས། །མངོན་ཤེས་འབྱུང་བར་མི་འགྱུར་བས། །དེ་ཕྱིར་ཞི་གནས་བསྒྲུབ་པའི་ཕྱིར། །ཡང་དང་ཡང་དུ་འབད་པར་བྱ། །ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་གནས། །དམིགས་པ་གང་རུང་གཅིག་ལ་ཡང༌། །ཡིད་ནི་དགེ་ལ་གཞག་པར་བྱ། །རྣལ་འབྱོར་ཞི་གནས་གྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང༌། །བྲལ་བས་སྒྲིབ་པ་ཟད་མི་འགྱུར། །དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐབས་བཅས་བསྒོམ་པར་བྱ། །ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་ཀྱང༌། །གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་ཕྱིར་གཉིས་ཀ་སྤང་མི་བྱ། །ཤེས་རབ་གང་དང་ཐབས་གང་ཞེས། །ཐེ་ཚོམ་དག་ནི་སྤང་བྱའི་ཕྱིར། །ཐབས་རྣམས་དང་ནི་ཤེས་རབ་ཀྱི། །ཡང་དག་དབྱེ་བ་གསལ་བར་བྱ། །ཤེས་

p. 38

རབ་ཕ་རོལ་ཕྱིན་སྤངས་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །དགེ་བའི་ཚོགས་རྣམས་ཐམས་ཅད་དག །རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད། །ཐབས་བསྒོམས་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམ་བསྒོམ་པ། །དེ་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པུ་བསྒོམས་པས་མིན། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །དངོས་པོ་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱིས་རང་བཞིན་མེད། །ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ནི་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །སྟོང་ཉིད་བདུན་ཅུའི་རིགས་པ་དང༌། །དབུ་མ་རྩ་བ་སོགས་ལས་ཀྱང༌། །དངོས་པོ་རྣམས་ཀྱི་རང་བཞིན་གྱི། །སྟོང་པ་ཉིད་ནི་གྲུབ་བཤད་པ། །གང་ཕྱིར་གཞུང་ནི་མང་འགྱུར་བས། །དེ་ཕྱིར་འདིར་ནི་མ་སྤྲོས་ལ། །གྲུབ་པའི་གྲུབ་མཐའ་ཙམ་ཞིག་ཏུ། །བསྒོམ་པའི་ཕྱིར་ནི་རབ་ཏུ་བཤད། །དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པར་ནི་བསྒོམ་གང་ཡིན། །དེ་ཉིད་ཤེས་རབ་བསྒོམ་པ་ཡིན། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་ཞིང༌། །ཤེས་རབ་དེ་ཉིད་རིག་བཤད་པ། །རྣམ་རྟོག་མེད་པར་དེ་བསྒོམ་བྱ། །རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོགས་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། རྣམ་རྟོག་མ་རིག་

p. 39

ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་པ། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས་ཀྱང༌། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་གསུངས་སོ། །ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །དེ་ལྟར་དེ་ཉིད་བསྒོམ་བྱས་ནས། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང༌། །སྔགས་མཐུ་ཉིད་ལས་གྲུབ་པ་ཡི། །ཞི་དང་རྒྱས་སོགས་ལས་རྣམས་ཀྱིས། །བུམ་པ་བཟང་གྲུབ་ལ་སོགས་པ། །གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང༌། །བདེ་བ་ཡིས་ནི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་པ་དང༌། །བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི། །གལ་ཏེ་གསང་སྔགས་སྤྱོད་འདོད་ན། །དེ་ཚེ་སློབ་དཔོན་དབང་བསྐུར་ཕྱིར། །བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང༌། །དཀའ་སྒྲུབ་ལ་སོགས་ཐམས་ཅད་ཀྱིས། །བླ་མ་དམ་པ་མཉེས་པར་བྱ། །བླ་མ་མཉེས་པར་གྱུར་པ་ཡིས། །ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས། །སྡིག་ཀུན་རྣམ་དག་བདག་ཉིད་ནི། །དངོས་གྲུབ་སྒྲུབ་པའི་སྐལ་ལྡན་འགྱུར། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་འགྱུར་བའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་
དག་ནི་འབྱུང་འགྱུར་ཞིང༌། །དེ་ནི་ངན་སོང་ངེས་ལྟུང་བས། །གྲུབ་པ་ཡང་ནི་ཡོད་མ་ཡིན། །རྒྱུད་ཀུན་ཉན་དང་འཆད་པ་དང༌། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང༌། །དེ་ཉིད་རིག་ལ་ཉེས་པ་མེད། །གནས་བརྟན་མར་མེ་མཛད་དཔལ་གྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །བྱང་ཆུབ་ལམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ། ཆོས་འདི་ནི་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ། །

བློ་སྦྱོང་སེམས་དཔའི་རིམ་པ།

p. 40

༄༅། །བློ་སྦྱོང་སེམས་དཔའི་རིམ་པ་ཞེས་བྱ་བ་བཞུགས་སོ། །
༄༅། །བྱམས་པའི་རྣལ་འབྱོར་པ་ལ་ཕྱག་འཚལ་ལོ། །འཁོར་བའི་གནས་སུ་དཀའ་ཐུབ་བཟོད། །སྐྱེ་བོ་ཡོངས་དེ་རང་འདོད་འཇོམས། །མི་འདོད་འཇིགས་པས་མི་བརྫི་བ། །དཔའ་བོ་རྣམས་ལ་གུས་བཏུད་ནས། །བདེ་གཤེགས་ལམ་སྲོལ་སྐྱོང་བའི་ཕྱིར། །རྒྱལ་པོ་སྙིང་སྟོབས་ཆེན་པོ་ལྟར། །གཞན་དོན་འབའ་ཞིག་རབ་བསམ་ནས། །བདག་གཞན་ངེས་པར་བརྗེ་བར་བྱ། །དེ་ལ་བདག་རྒྱུད་རེངས་པ་ངས། །བཅུད་ཀྱི་བདག་པོ་དཔའ་བོ་ལ། །བདེ་གཤེགས་གསུང་རབ་དཔང་བཞག་ནས། །ཡུས་པའི་ཚིག་གིས་གདམས་འདི་ཞུ། །ཨེ་མ་དཔའ་བོ་སྙིང་རྗེ་ཅན། །བདག་གིས་ཆགས་པའི་གནས་རྣམས་སྤངས། །འཇིགས་པའི་ལམ་

p. 41

ལ་དཀའ་བ་སྤྱད། །ཕྱོགས་ལས་རྒྱལ་ཏེ་དྲུང་འདིར་སླེབས། །ནང་ནི་ནད་ཀྱིས་མནར་བ་ཡི། །ལོག་སྒྲུབ་སྐྱེ་བོ་བཟོད་པའི་ཕྱིར། །མི་གཙང་འཁོར་བའི་འདམ་རྫབ་ཏུ། །མི་ཕོད་བརྫི་བའི་ཆོས་གཅིག་ཞུ། །སྙིང་རྗེ་ཆེན་པོས་ལན་གསུངས་པ། །དཀའ་བ་སྤྱད་ནས་འོང་བ་ལ། །འཇིགས་དང་དུབ་པ་སྤངས་པའི་ཕྱིར། །བློ་སྦྱོང་སེམས་དཔའི་རིམ་པ་ཡོད། །ཁ་སྦུབ་སྣོད་དེ་ཐོས་པས་ཟློག །ཞབས་རྡོལ་སྣོད་དེ་བསམ་པས་དྲུབས། །སྦགས་པའི་སྣོད་དེ་སྒོམ་པས་ཁྲུས། །སྣོད་ཀྱི་སྐྱོན་སྤངས་བཅུད་འདི་ལོངས། །ཀྭ་ཡེ་ཐོག་མ་མེད་དུས་ནས། །ད་དུང་བདག་རྒྱུད་མ་ཐུལ་བས། །གཤིས་ངན་བདུད་ཀྱི་ཁང་པ་ན། །ཉོན་མོངས་ལས་ཀྱི་ཕོ་ཉ་འཁོར། །ཁྱོད་ཀྱི་ཕ་མ་མ་བསམ་པས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཀྱང་། །ད་དུང་བག་ཕེབས་བདེ་གྱུར་ཏེ། །གཉེན་པོ་གོ་ཆ་མི་གོན་ཨ། །དེ་ནི་གྱོད་བརྡལ་ཆེན་པོ་ཡིན། །ཕྱིན་ཆད་བཟློག་པའི་གོ་བ་ལོང་། །བདག་རྒྱུད་འགོང་པོ་མ་ཐུལ་ན། །ཕ་མའི་སྲོག་ལ་བྲབ་བོ་ཨ། །རང་གི་བདེ་སྐྱིད་འཛོམས་ངེས་ཨ། །འཁོར་བའི་གཏིང་རྡོ་མཆི་འོ་ཨ། །གཤིས་ངན་རང་མགོ་མ་འཆིངས་ན། །ཐམས་ཅད་དགྲ་བོར་ལངས་གྱུར་ཏེ། །དུག་མདའ་སྙིང་ལ་ཟུག་པའི་ཚེ། །ངེས་པར་ཕུང་བར་མཆི་འོ་ཨ། །རང་འདོད་ཁྱི་རྐུན་མ་ཕྱུང་བར། །གཉེན་པོའི་སྒོ་ཆ་དམ་གྱུར་ཀྱང་། །ནང་དུ་ཕུང་ཁྲོལ་བྱུང་བའི་ཚེ། །སྨན་ཆང་དུག་ཏུ་འཆོར་རོ་ཨ། །དུག་ལྔའི་སྲོག་རྩ་མ་ཆོད་པར། །ལེ་ལོ་བློ་རྒྱ་བསྐྱེད་གྱུར་ཀྱང་། །ཚེ་ཐུང་རླུང་གིས་ཁྱེར་བའི་ཚེ། །སྙིང་ནས་འགྱོད་པ་མཆིས་སོ་ཨ། །དེ་ནི་བསླབ་བྱ་ཆེན་པོ་ཡིན། །ཕྱིན་ཆད་སེམས་ལ་བརྟག་གཞིག་འཚལ། །རྣམ་རྟོག་བདུད་ཀྱི་རྒྱལ་པོ་ཡིན། །གཤིས་ངན་ལས་ཀྱི་གཤིན་རྗེ་ཡིན། །རང་འདོད་དུག་གི་སྡོང་པོ་ཡིན། །སྐྱོན་རྣམས་སེམས་དང་ལེ་ལོ་ཅན། །ཚེ་འདི་ཆེ་ཐབས་བསླུ་བྲིད་ཡིན། །སྲུང་སྐྱོབ་མང་
པོ་མགོ་བསྐོར་ཡིན། །ལྷ་འདྲེ་མང་པོ་བརྫུན་བྲིད་ཡིན། །རྣམ་རྟོག་དགྲ་རུ་མ་ལངས་ཤིག །བྱས་པའི་ལས་ལ་ཟིན་པ་མེད། །སྐྱོང་བའི་འཁོར་ལ་ཁྲེལ་གཞུང་མེད། །བསགས་པའི་ནོར་ལ་སྙིང་པོ་མེད། །ཕུང་ཤིག་གཞལ་གྱིས་ཐོབ་ཅིག་ཨ། །འཆི་བདག་རང་གི་སྙིང་ལ་གནས། །སྲོག་ནི་རང་གིས་གཅོད་པར་བྱེད། །དུག་ཆུ་རང་གིས་འཐུང་བར་བྱེད། །ངེས་པར་བདུད་འདི་སོམ་ཞིག་ཨ། །འདི་ནི་ཉམས་མྱོང་ཆེན་པོ་ཡིན། །བདག་གི་ཉེས་དམིགས་བཤད་པ་ཡིན། །གཏམ་འདི་འཇིགས་པར་རབ་བསམས་ནས། །ཕྱིན་ཆད་གོ་བར་འཚལ་ལོ་ཨ། །ངེས་པར་སྙིང་ལ་བསམ་པ་ཡིན། །བྱ་བྱེད་མང་པོ་སྲོག་ལ་གཟན། །གང་ལའང་ཕན་སེམས་མ་མཆིས་པས། །སྟོན་ཆེན་མང་པོ་མི་ཁ་སྡང་། །ཕོ་ཚུགས་གཉེན་པོ་མེད་པ་ཡི། །གྲོགས་པོ་ངན་པ་ཆོས་ལ་གཟན། །འདོད་ཡོན་སྡུག་ཁ་མ་ཁེངས་པའི། །ཆོས་པའི་གཟུགས་བརྙན་རྒྱུ་ལ་གཟན། །བྱས་ཤེས་བཀའ་དྲིན་མི་བཟོ་བའི། །ཁྲེལ་མེད་དེ་ནི་ཡོངས་ལ་གཟན། །རང་དོན་ཡལ་བར་མ་དོར་བའི། །གཞན་དོན་ཚིག་གིས་བསླུ་འོ་ཨ། །བློ་སྦྱོང་སེམས་དཔའི་རིམ་པ་ལས་གཞི་ཉོན་མོངས་པ་གཏན་ལ་དབབ་པའི་ཆོས་ཡོངས་སུ་རྫོགས་སོ།། །།

བློ་སྦྱོང་སེམས་དཔའི་རིམ་པ་ལས་ལྡོག་ཕྱོགས་གཉེན་པོའི་ཆོས།

p. 42

༄༅། །བློ་སྦྱོང་སེམས་དཔའི་རིམ་པ་ལས་ལྡོག་ཕྱོགས་གཉེན་པོའི་ཆོས་བཞུགས་སོ། །
༄༅། །སྙིང་རྗེའི་གདུང་བ་སྨན་གཅིག་པོ། །བདག་ལྟ་ཐུལ་བའི་གཉེན་གཅིག་པོ། །ཆགས་སྡང་སྐྱོབ་པའི་ལྷ་གཅིག་པོ། །གཉེན་པོའི་རྩ་བ་ཆོད་ལ་འདུད། །ཉོན་མོངས་རྣམ་རྟོག་སྐྱེས་པའི་ཚེ། །རྒྱ་ཁྲས་བྱེའུ་དེད་པ་ལྟར། །དམིགས་སུ་བཀོར་ལ་བཀར་དེད་གྱིས། །ལག་ཏུ་

p. 43

ཟིན་ཏེ་བརླག་པར་གྱིས། །དོན་རྟོག་སྙིང་ལ་ཞེན་པའི་ཚེ། །དགྲ་རྐུན་ངོས་འཛིན་བྱེད་པ་ལྟར། །དབྱིབས་དང་སྤུ་རིས་ཕྱེ་མཛོད་ལ། །ཕྱིན་ཆད་རྟོག་པ་མེད་པར་གྱིས། །བཟང་རྟོག་དགྲ་རུ་ལངས་པའི་ཚེ། །གཤེད་མ་བུར་བརྫུས་ཟིན་པ་ལྟར། །ཟིན་མ་ཐག་ཏུ་མགོ་གནོན་ལ། །སྲོག་གཅོད་རྟོག་པ་མེད་པར་གྱིས། །སྐྱིད་འདོད་ལེ་ལོ་བྱུང་བའི་ཚེ། །སྟོན་གཡོག་གཉིད་ལོག་བསླངས་པ་ལྟར། །བསྡད་པའི་སྐབས་མེད་དྲག་འཆུན་གྱིས། །རྣམ་གྲོལ་ལས་ལ་འདའ་བར་བྱ། །ཚེ་འདིའི་ཆེ་ཐབས་སྒྲུབ་པའི་ཚེ། །སྲིན་མོ་མི་ཟན་མཐོང་བ་ལྟར། །སྡང་ཞིང་ལས་དེའི་འཕྲོ་བཞག་ལ། །མི་ཁོམ་ལས་ལ་རྒྱང་རིང་བྲོས། །ཟླ་དང་གཡེང་བས་ཁྱེར་བའི་ཚེ། །གཡུལ་ངོར་མི་རོ་མཐོང་བ་ལྟར། །གྲོགས་དང་བཅས་ལ་རབ་སྡང་ཞིང་། །དབེན་པའི་ནགས་ཁྲོད་བརྟེན་པར་བྱ། །ཆགས་སྡང་བདུད་ཀྱིས་གཡེངས་པའི་ཚེ། །ཁྱི་སྨྱོན་དུག་སྦྲུལ་མཐོང་བ་ལྟར། །འཁོར་བའི་བདེ་ལ་རྒྱབ་ཕྱོགས་ཀྱིས། །བཙན་པ་མྱང་འདས་དབྱིངས་སུ་བྲོས། །རྟག་འཛིན་བཙོན་རར་བསྡམས་པའི་ཚེ། །རྒྱལ་པོས་དོང་དུ་མནར་བ་ལྟར། །ནམ་འཆི་ཆ་མེད་རབ་བསམས་ལ། །ཡིད་འབྱུང་སྐྱོ་ཤས་དྲག་པོ་བསྟེན། །ཐོས་བསམ་ལོ་འདོད་ཤོར་བའི་ཚེ། །ཟློས་གར་མཁན་གྱིས་བཤད་པ་ལྟར། །ལག་ལེན་མེད་པར་རབ་བསམས་ནས། །རང་ལ་ཁྲེལ་བདས་ཆེན་པོ་བྱ། །ཉིན་མཚན་ཆོས་ལ་འབད་གྱུར་ཀྱང་། །ད་དུང་སྐྱ་དྲི་མ་ཡལ་ན། །བདུད་ཀྱིས་ཁྱེར་བར་རབ་བསམས་ལ། །བཟློག་སྟེ་གཉེན་པོ་བསྟེན་པར་བྱ། །བྱས་པ་ཆོས་ལ་བསམ་གྱུར་ཀྱང་། །ཅི་བྱས་ལོག་པར་སོང་གྱུར་ན། །འགོང་པོས་ཁྱེར་བར་རབ་བསམས་ལ། །ངེས་པར་དཀོན་མཆོག་ར་མདར་སྦྲན། །བླ་མའི་གྲྭ་སར་བསྡད་གྱུར་ཀྱང་། །མཁན་སློབ་གྲོགས་པོ་ལྟར་བཅོས་པའི། །ཆོས་ལ་ཆགས་སྡང་གསོག་གྱུར་ན། །བདུད་ལས་བསམས་ལ་
ནགས་ཁྲོད་བསྟེན། །རྩེ་གཅིག་སྒོམ་སྒྲུབ་བྱས་གྱུར་ཀྱང་། །ད་དུང་གྲོལ་ཆ་མ་རྙེད་ན། །ཐོས་པས་གོལ་ས་མ་རྙེད་སྐྱོན། །བསམས་ལ་བཟློག་སྟེ་ཟབ་མོ་བལྟ། །བློ་སྦྱོང་སེམས་དཔའི་རིམ་པ་ལས་བཟློག་ཕྱོགས་གཉེན་པོའི་ཆོས་རྣམས་ཡོངས་སུ་རྫོགས་སོ།། །།

བློ་སྦྱོང་སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་པ་དམའ་དབབ་པའི་ཆོས།

p. 44

༄༅། །བློ་སྦྱོང་སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་བཞུགས་སོ། །
༄༅། །རང་འདོད་འཁྲི་བ་མ་ཞུགས་པས། །ཐེག་དམན་ལྟ་བར་མ་ལྟུང་ཞིང་། །སྲིད་པའི་བཙོན་རར་མ་བསྡམས་པའི། །གྲོལ་བ་དེ་ལ་ཕྱག་འཚལ་ལོ། །ང་འོ་ཞེས་པ་མགོ་བསྐོར་ཡིན། །དགོས་ཞེས་བྱ་བ་ངོ་དགའ་ཡིན། །གཞན་མ་ཞེས་པ་དགྲ་ཚིག་ཡིན། །མི་དགོས་ཞེས་པ་བར་ཆད་ཡིན། །བདག་གཞན་ཞེས་པ་འབྱེད་ཚིག་ཡིན། །ཆགས་སྡང་ཞེས་པ་འཁྲུགས་པ་ཡིན། །དེ་འདྲའི་རྣམ་དབྱེ་སུ་བྱེད་པ། །དེ་ནི་ཟབ་མོའི་ཆོས་ལས་ཉམས། །མཁས་པ་དགྲ་བོ་འཇོམས་འདོད་ན། །གང་གིས་བསྐུར་པ་བཏབ་གྱུར་ཀྱང་། །དེ་ལ་དག་ཚང་རྣམས་མི་བྱེད། །གང་གིས་གནོད་པ་བསྐྱལ་གྱུར་ཀྱང་། །ཁ་འཛིན་ཤག་འདེབས་ཡང་མི་བྱེད། །ལུས་སྲོག་ལོངས་སྤྱོད་བྲལ་གྱུར་ཀྱང་། །རང་གིས་བསགས་པས་ལེན་ནོ་ཞེས། །ལྷག་པར་རང་ལ་སྙིང་ཚིམ་བགྲང། །གང་གིས་འདྲེ་གདོན་རྦད་གྱུར་ཀྱང་། །དེ་ལ་འཁུ་འཁྲིག་མི་བྱ་སྟེ། །གཞན་གྱི་བསམ་པ་ཚིམ་པར་བྱ། །མི་ཕོད་བསམ་པ་བརྫི་བ་སྟེ། །སྲིང་དང་འདྲ་བའི་འཁོར་ལ་སོགས། །ཤ་ལ་བརྩེ་བ་འཕྲོག་གྱུར་ཀྱང་། །རང་ལ་འགལ་མེད་སྙིང་ཚིམ་བགྲང། །ཡོན་བདག་དྲིན་

p. 45

ལན་ལོག་འཇལ་ཚེ། །སྐད་ཅིག་ཙམ་ཡང་མི་འཁྲུགས་པར། །བཟོད་བསྐུལ་བཀའ་དྲིན་དྲན་པར་བྱ། །ད་ནི་སྡིག་པ་སྤོང་བའི་ཐབས། །ཞེ་སྡང་མེད་པར་དགྱེ་བར་བྱ། །དེ་ལྟར་བཀར་གྱིན་བྱམས་པ་བསྒོམ། །རང་ལ་སྙིང་ཚིམ་ཐི་ལེས་བཏབ། །དེ་ལྟར་བཟོད་པ་མ་ཐོབ་བར། །གྲོགས་ནི་གཤིས་ངན་དག་དང་འགྲོགས། །དེ་ལ་དམིགས་རྐྱེན་རབ་བྱས་ནས། །འཁོར་བ་པ་ཡི་སྐྱོན་བསམ་ཞིང་། །སྙིང་རྗེ་ཆེན་པོ་ལྷག་པར་བསྒོམ། །གནས་མལ་ས་ཕུག་གད་སྐྱིབས་དང་། །ཁང་རུལ་ཐིགས་པ་འཛག་པ་དང་། །ལྷ་ཁང་ཕྱུགས་ལྷས་འབྲོག་སྟོང་དང་། །གཅོང་རོང་ཡིད་མི་དགའ་བར་བསྡད། །དེ་ཚེ་ཤེས་པ་མི་དགའ་ཞིང་། །ཀླུང་དུ་བསྡད་ན་རི་ལ་འགྲོ། །དེར་ནི་སྡོད་སྙིང་མི་འདོད་དེ། །བསེ་དང་སྐྱིབས་དང་བཟུར་ལ་སྙེགས། །ཡང་ཡང་སྡོད་ས་རབ་སྤོ་ཞིང་། །ཤེས་པ་མི་དགའ་སྐྱེ་བ་ན། །རང་ལ་ཤག་འདེབས་འདི་ལྟར་བྱ། །ཁྱོད་ཀྱི་ཤེས་སྤྱོད་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཀུན་བདེ་མོ་ཡིན། །གཞན་དུ་ཁྱོད་ཀྱི་སྡུག་བསྲན་འདིས། །དམྱལ་བར་མ་སྐྱེས་ཁར་རྗེ་ཆེ། །བཙོ་བསྲེག་མ་མྱོང་ཁར་རྗེ་ཆེ། །ཡིད་བཏགས་བཀྲེས་སྐོམ་གྲོང་ཁྱེར་དུ། །བསྐལ་པར་མ་སྐྱེས་ཁར་རྗེ་ཆེ། །མི་གཙང་སྲིན་བུའི་གྲོང་ཁྱེར་དུ། །འདབ་རྫབ་ཆེན་པོར་རབ་འཕྱོ་ཞིང་། །བསྐལ་པར་མ་སྐྱེས་ཁར་རྗེ་ཆེ། །གཞན་ཡང་འཇིགས་པ་རབ་བསམ་ཞིང་། །བདག་ལ་ཁྲེལ་བདས་ཆེན་པོ་བྱས། །ལྟོ་ལ་གྱོང་བསྐུར་དཀའ་ཐུབ་བྱ། །གོས་ལ་གྱོང་བསྐུར་དམའ་ཆ་བཟུང་། །བདེ་སྡུག་ཁྱད་བསད་གཉེན་པོ་བསྒོམ། །བྱ་བྱེད་ལིང་བསྒྱུར་བྱར་མེད་བསྟེན། །ཅི་བྱེད་བྱང་ཆུབ་གྲོགས་སུ་བསྒྱུར། །བློ་སྦྱོང་སེམས་དཔའི་རིམ་པ་ལས་རང་རྒྱུད་ངན་པ་དམའ་དབབ་པའི་ཆོས་ཡོངས་སུ་རྫོགས་སོ།། །།

བློ་སྦྱོང་སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་སྐྱེད་པའི་ཆོས།

p. 46

༄༅། །བློ་སྦྱོང་སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་སྐྱེད་པའི་ཆོས་བཞུགས་སོ། །
༄༅། །ལུས་དང་སྲོག་ལ་མི་ལྟ་ཞིང་། །རྒྱལ་སྲིད་བྱ་དགའ་མ་བརྟེན་པར། །དཀའ་སྤྱད་བཟོད་པ་བསྒོམ་པ་ཡི། །དཔའ་བོ་དེ་ལ་ཕྱག་འཚལ་ལོ། །གཏམ་འདི་ཉོན་དང་རྟག་འཛིན་ཅན། །ལས་འདི་སེམས་དང་བུར་པོ་ཅན། །སྐྱེ་བ་གཏན་གྱི་ས་བོན་དེ། །ཚེ་ཐུང་འདི་ལ་སྒྲུབ་དགོས་ན། །ལོང་ཡོད་བརྟེན་པའི་སྙིང་མེད་པ། །གདོན་འདི་གང་གིས་བསླད་པ་ཡིན། །སྔར་ཡང་སྐྱིད་འདོད་ཆེས་པས་ཕུང་། །དེ་ལྟར་ཡིན་མོད་ཟུར་མགོ་རགས། །ད་དུང་གཤིས་ངན་མ་སྤངས་ན། །རྒྱུད་འདིས་ཤིན་ཏུ་ཕུང་བ་ཡིན། །ད་དུང་གཞན་དོན་མ་བསམ་པར། །ང་དགོས་འབའ་ཞིག་བརྟེན་བྱས་ནས། །རང་གཞན་ཐམས་ཅད་མགོ་བསྐོར་ནས། །མནར་མེད་གནས་སུ་ངེས་པར་འཇུག །ཚེ་འདིའི་ཁ་འཛིན་ཤག་འདེབས་ཀྱིས། །འདྲེ་རྟོག་ཟུར་མགོ་སུ་བས་རགས། །ན་ཚ་སྡུག་བསྔལ་སུ་བས་མང་། །གཟེར་ཟུག་སྡུག་བསྔལ་ནད་དུ་ཆེ། །ཚ་གྲང་སྡུག་བསྔལ་དམྱལ་བ་འདྲ། །དབུལ་ཕོངས་སྡུག་བསྔལ་སུ་བས་ཆེ། །བཀྲེས་སྐོམ་འཇིགས་སྐྲག་ཡིད་བཏགས་འདྲ། །དུག་སྦྲུལ་ཁྱི་སྨྱོན་ཉིད་དང་མཚུངས། །ཡོད་ན་ཡོད་པས་སྐྱོང་ཕྱིར་སྡུག །མེད་ན་མེད་པས་འཚོལ་ཕྱིར་འཁྱམས། །གང་ལྟར་བྱས་ཀྱང་སྡུག་བསྔལ་གསོས། །ཇི་ལྟར་བྱས་ཀྱང་སྐབས་དོན་སྟོང་། །རྩ་བ་བདག་འཛིན་ཆེས་པས་ལན། །སྡུག་བསྲན་སྙིང་རུས་ཆུང་བས་ལན། །བྱམས་པའི་ཞིང་ས་རལ་བས་ལན། །སྙིང་རྗེའི་རྩ་བ་ཆད་པས་ལན། །

p. 47

སེམས་བསྐྱེད་དགེ་བ་སྟོར་བས་ལན། །མ་རབས་གྲོགས་ལ་བརྟེན་པས་ལན། །དེ་རྣམས་ཐམས་ཅད་འདས་པའི་ཆོས། །འདུན་མ་བརླག་ཟིན་ཡར་ལ་མཆོད། །ད་ནི་སུ་ལའང་རེ་མ་ཆེ། །ཕྱི་ནང་གང་ལའང་དོགས་མ་འཆའ། །དོན་མེད་རྟོག་པའི་སྔོན་མ་བསུ། །སྔར་བྱས་ངན་པའི་རྗེས་མ་བཅད། །བདག་འཛིན་བྱེད་རི་ཞེ་མནའ་སྐྱོལ། །ངན་ཤག་བྱེད་རི་ཞེ་མནའ་སྐྱོལ། །མི་ལ་འཇུག་རི་ཞེ་མནའ་སྐྱོལ། །འདོད་ཡོན་སེམས་རི་ཞེ་མནའ་སྐྱོལ། །ཇོ་བོ་སེམས་ཅན་མར་བསམས་ལ། །སྡུག་བྱུར་ཐམས་ཅད་རང་གིས་ཁུར། །དུཿཁ་ཐམས་ཅད་རང་གིས་ལོངས། །ཁྲེལ་བདས་ཆེན་པོ་རང་ལ་གྱིས། །སོམས་ཤིག་སོམས་ཤིག་འཇིགས་པ་སོམས། །བཟློག་ཅིག་སྔར་བས་ལས་ངན་ཟློག །དེ་ལྟར་ཉོན་མོངས་རབས་ཆོད་ལ། །ཕྱི་ནང་དུས་སྐབས་ཐམས་ཅད་དུ། །བདག་འཛིན་དུཿཁ་མ་བཟུང་ཞིག །ལས་ངན་གསོག་ན་ཁྲོམ་དུ་སྒྲོགས། །ངོ་ལྐོག་བྱས་ན་ཁ་དམན་ཕོབ། །ནང་དབྱེན་བྱས་ལ་ནང་མཚང་ཤིག །སྤྱོད་ངན་དགུག་ལ་ཐེ་ལེས་ཐོབ། །གཙང་རྟོག་སྐྱེས་ཚེ་མཛེ་རོས་འདུལ། །གདོན་རྟོག་སྐྱེས་ཚེ་གཉེན་དགུ་འགྲིམ། །སྐྱུགས་བྲོ་སྐྱེས་ཚེ་རྣག་ཁྲག་འཇིབ། །ཁ་རྒྱང་མ་ཆེ་བདག་འཛིན་བསྒྱུར། །བྱིན་རླབས་མ་ཞུ་འདྲེ་ལ་བྱིན། །མཐུ་བོ་ཆེ་ལ་བློ་མ་གཏད། །མོ་བོན་དག་ལ་བློ་མ་དབབ། །དྲག་སྔགས་དག་ལ་སེམས་མི་གཏད། །རྫས་རང་ལིངྒ་རང་ལ་བྱས། །འདྲེ་གདོན་ནས་ཀྱིས་བཏབ་པ་ན། །རྡོ་རྗེ་འཛིན་པ་ལ་སོགས་པའི། །ཁྲོ་བོ་ཐམས་ཅད་ཕྱིར་ལ་ཁྱེད། །མ་ཧཱ་ཀཱ་ལ་ལ་སོགས་པའི། །གཏུམ་པོ་ཐམས་ཅད་ཕ་ཚད་ཁྱེད། །ད་ནི་དེ་རིང་ལན་ཆགས་འཇལ། །སྲུང་སྐྱོབ་ར་མདའ་སྦྲན་རི་ཤི །དེ་རིང་འཁོར་འདས་ཤན་ཤུན་འབྱེད། །འདུས་ཤིག་འདུས་ཤིག་ཤ་ཟ་དང་། །དབུགས་ལེན་ཐམས་ཅད་རྩ་འདིར་འདུས། །ཤ་བཤུས་རོགས་ལ་སླེབས་པར་ཤོག །ཤ་

p. 48

བགོས་གྲོགས་ལ་སླེབས་པར་ཤོག །ཁྱེད་རྣམས་ང་ཡི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཤོག །ཁྱོད་ནི་དྲིན་ཅན་ཕ་མ་ཡིན། །དེ་རིང་བཟང་ལན་ལེན་དུ་ཤོག །སྔོན་ཆད་ལུས་སེམས་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །སྔོན་ཆད་བྱ་དགའ་རང་གིས་ཁྱེར། །རྒྱུ་དེས་ད་རུང་ན་ཚས་བཏབ། །སྔོན་ཆད་གནོད་པ་གཞན་ལ་བསྐྱལ། །རྒྱུ་དེས་ཁུར་བོ་རི་བས་ལྕི། །སྔོན་ཆད་བྱས་པ་འགྱོད་ལུགས་ལ། །ད་ནི་ཁུ་འཕྲིག་བྱ་རི་ཤི །སྔོན་ནི་བདག་འཛིན་བསྲུངས་བསྲུངས་ནས། །ཁ་ཙམ་ཚིག་གི་སྐྱབས་འགྲོ་དྲན། །ད་ནི་སྐྱབས་གསུམ་མཐུ་ཆེ་ཡང་། །ད་ནི་བདག་འདིའི་རྒྱབ་མི་བྱེད། །ཕུང་བྱེད་འདི་ཡི་གཏིང་མ་རྫི། །གལ་ཏེ་ཐུགས་རྗེས་སྐྱབས་བྱེད་ན། །འཛིན་པ་ནང་དུ་བརླག་པར་གྱིས། །གཟུང་བ་ཕྱི་རུ་བརླག་པར་གྱིས། །ཆགས་སྡང་རང་སར་བརླག་པར་གྱིས། །ཕྱིས་ནི་སྡང་བ་མེད་པར་གྱིས། །ད་ནི་ལན་ཆགས་སྟོན་མོ་འགྱེད། །མགྲོན་རིས་སྲིད་རྩེ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ན། །ལུས་དང་ལོངས་སྤྱོད་བྱ་དགའ་དང་། །དབུགས་དང་མདངས་དང་གཟི་བརྗིད་རྣམས། །གང་ལ་དགོས་པ་ཐམས་ཅད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །ཐོག་མེད་དུས་ནས་གཅེས་བཟུང་བའི། །ཤ་ཁྲག་འདི་ལ་དགའ་བར་རོལ། །ལན་ཆགས་ཟོ་ལ་ཕྱིས་མི་སྙེགས། །མགྲོན་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །བྱིས་པའི་གདོན་ཆེན་བཅོ་ལྔ་ཤོག །གནོད་སྦྱིན་ཤ་ཟ་འབྱུང་པོ་ཤོག །ཕོ་བདུད་བདུད་ཀྱི་ཕོ་ཉ་ཤོག །མོ་བདུད་ལས་ཀྱི་སྲིན་མོ་ཤོག །ཕོ་བདུད་རྒྱལ་འགོང་ས་བདག་ཤོག །ཐམས་ཅད་འདིར་ཤོག་ཤ་ཁྲག་རོལ། །སྤྱི་བོ་ཚངས་པའི་བུ་ག་ནས། །རྐང་མཐིལ་སོར་མོ་ཡན་ཆད་ལ། །ཁོ་བོ་ཞེན་ཆགས་མི་བྱེད་ཀྱིས། །ཐམས་ཅད་བག་ཕོབས་ཚིམ་པར་ཟོ། །ཤ་ཁྱེར་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་

p. 49

ཁྱེར། །ལྷུ་ཚིགས་ནང་ཁྲོལ་ཆུ་སེར་ཁྱེར། །མདོར་ན་ཀླད་པགས་ལ་སོགས་པའི། །ལུས་འདི་ཕྱི་ནང་ཐམས་ཅད་ཀྱི། །བཟའ་ཉན་བཅའ་ཉན་ཐམས་ཅད་ལ། །ཁུ་འཕྲིག་མ་བྱེད་ཚིམས་པར་རོལ། །ཞི་བར་གྱིས་ལ་བརླག་པར་གྱིས། །ཕུང་བར་གྱིས་ལ་རྩ་བ་ཆོད། །ཆོམ་ཆོམ་མྱོག་མྱོག་བདག་ལ་ཡ། །ཤག་ཤག་ཚལ་པ་བདག་ལ་ཡ། །རྦད་རྦད་ཐུམ་ཐུམ་བདག་ལ་ཡ། །ཧཱུྃ་ཛཿཕྱིས་འདི་མེད་པར་གྱིས། །འཁོར་བའི་འཁོར་ལོ་རྒྱུན་ཆོད་ཅིག །ལས་ངན་ཕུང་པོ་རབས་ཆོད་ཅིག །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །ད་ནི་བདག་ཉིད་བརླག་པར་མཛོད། །མ་རུངས་བརླག་པའི་མཐུ་སྟོབས་ཅན། །ཤ་ཁྲག་རོལ་པའི་གདུག་པ་ཅན། །དབུགས་ལེན་གཤེད་པོ་ས་མ་ཡ། །ཁྱེད་ཀྱིས་བདག་འདི་ཆོམ་པར་གྱིས། །དུས་གསུམ་སངས་རྒྱས་རྣམས་ལས་ལྷག །ཁྱོད་ཀྱིས་བདག་འདི་མ་ཆོམ་ན། །རང་རང་ལས་ཀྱིས་བརླག་པར་འགྱུར། །ད་ནི་ཤེས་ནས་འཇིག་པ་ཡིས། །ཚོགས་རྫོགས་བཅིང་བ་གྲོལ་བར་འདོད། །དེ་ལས་གྲོལ་བར་མ་གྱུར་ན། །འདིར་ཚོགས་གཤེད་མ་ཐམས་ཅད་ཀྱིས། །རླུང་དང་མཁྲིས་དང་བད་ཀན་དང་། །འདུས་པ་ནད་ཀྱི་ཕུང་པོ་དང་། །མི་བཟོད་སྡུག་བསྔལ་དྲག་པོ་ཐོངས། །སྣང་ཡུལ་སྲིད་པའི་འཁོར་འདས་ན། །མི་འདོད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་བདག་གི་སྟེང་དུ་ཐོངས། །འགྲོ་ཀུན་ཉོན་མོངས་ལས་དང་ནི། །སྡུག་བསྔལ་སྲིད་པ་ཁེག་པར་གྱིས། །ངེས་པར་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་རང་གི་སྙིང་ནང་དུ། །ད་ལྟ་ཉིད་དུ་སྨིན་པར་ཤོག །རྒྱུ་དེས་འགྲོ་བ་མ་ལུས་པ། །ལས་ངན་རྒྱུ་འབྲས་དྲུང་ཕྱུང་ནས། །སྤངས་རྟོགས་ཕུན་སུམ་ཚོགས་པར་ཤོག །བདག་ལ་ཡོད་པའི་དགེ་བ་རྣམས། །ཐམས་ཅད་འགྲོ་བ་ཡོངས་ལ་བསྔོ། །རྒྱུ་དེས་འགྲོ་བ་མ་ལུས་པ། །རྟོགས་པ་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་འགྲོ་བ་

p. 50

ཐམས་ཅད་ཀྱི། །སྤངས་རྟོགས་ཕུན་ཚོགས་ཐོབ་གྱུར་ཏེ། །བྱམས་དང་སྙིང་རྗེ་ཆེན་པོའི་དཔལ། །ཆོས་སུ་ཉག་གཅིག་ཐོབ་པ་ན། །དེ་ལས་བྱུང་བའི་ཚོགས་གཉིས་ཀྱིས། །བདག་ཉིད་འཁོར་བར་ག་ལ་ལུས། །གང་ཡང་བྱང་ཆུབ་མ་ཐོབ་བར། །མྱོང་འགྱུར་ཉོན་མོངས་རྒྱུ་འབྲས་རྣམས། །ཚེ་འདིར་རྒྱུད་ལ་སྨིན་པར་ཤོག །ཚེ་འདིའི་ཉོན་མོངས་རྒྱུ་འབྲས་རྣམས། །ད་ལོ་ཉིད་ལ་སྨིན་པར་ཤོག །དེ་ཡང་ཟླ་བ་འདི་ལ་ཤོག །དེ་ཡང་དེ་རིང་ཉིད་ལ་ཤོག །དེ་ཡང་སྐད་ཅིག་འདི་ལ་ཤོག །དེ་རིང་གཟེར་ཐུང་ལ་སོགས་པའི། །ཟུག་གཟེར་དྲག་པོ་མྱོང་བའི་ཚེ། །ནད་འདི་འགྲོ་བ་ཡོངས་ཀྱི་ནད། །སྒོས་ཁུར་ཉིད་དུ་བླངས་པ་ཡིན། །ད་ནི་ཐོག་ཏུ་ཕེབས་པ་ཡིན། །གཏོང་ལེན་གནད་དུ་སོང་བ་ཡིན། །ཨ་ལ་ལ་ཧོ་ང་རེ་དགའ། །ངེས་པར་སེམས་ཅན་བདེ་སྟེ་མཆི། །སྡུག་བསྔལ་བདག་གིས་ལོན་པ་ཡིན། །ད་ནི་གོ་རེ་བཅད་དོ་ཞེས། །ན་ཚ་སྐྱེས་པ་ཙམ་གྱིས་ཀྱང་། །འོས་མེད་ན་ཚ་འདུས་པ་ཡིན། །ན་གོ་བདག་གིས་ཆོད་པ་ཡིན། །ཚ་གོ་བདག་གིས་ཆོད་པ་ཡིན། །བཀྲེས་སྐོམ་འཁྱག་གོ་ཆོད་པ་ཡིན། །ལུས་ལ་ན་ཚ་སྐྱེས་གྱུར་ཀྱང་། །སེམས་ཀྱི་དགའ་བ་འཕེལ་བར་བྱ། །བློ་སྦྱོང་སེམས་དཔའི་རིམ་པ་ལས་ཟག་བཅས་དགེ་བའི་སྟོབས་སྐྱེད་པའི་ཆོས་ཡོངས་སུ་རྫོགས་སོ།། །།

བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ།

p. 51

༄༅། །བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། བོ་དྷི་ས་ཏྭ་མ་ཎྱ་བ་ལི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ཐུགས་རྗེ་ཆེན་པོ་ཕྱག་འཚལ་ལོ། །དད་པའི་ལྷ་ལ་ཕྱག་འཚལ་ལོ། །ཐེ་ཚོམ་ཐམས་ཅད་རྣམ་སྤངས་ཤིང་། །སྒྲུབ་ལ་ནན་ཏན་གཅེས་སུ་བྱ། །གཉིད་རྨུག་ལེ་ལོ་སྤང་བྱ་ཞིང་། །རྟག་ཏུ་བརྩོན་འགྲུས་འབད་པར་བྱ། །དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང་། །ཉིན་མཚན་དུས་གསུམ་ཡང་དང་ཡང་། །སེམས་ཀྱིས་རྒྱུད་ལ་བརྟག་པར་བྱ། །བདག་གི་ཉེས་པར་བསྒྲག་བྱ་ཞིང་། །གཞན་གྱི་འཁྲུལ་བ་བཙལ་མི་བྱ། །གཞན་གྱི་ཡོན་ཏན་བསྒྲག་བྱ་ཞིང་། །བདག་གི་ཡོན་ཏན་སྦ་བར་བྱ། །རྙེད་དང་བཀུར་སྟི་སྤང་བྱ་ཞིང་། །ཁེངས་དྲེགས་རྟག་ཏུ་སྤང་བར་བྱ། །བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་། །བྱང་ཆུབ་སེམས་ནི་བསྟེན་པར་བྱ། །མི་དགེ་བཅུ་པོ་སྤང་བྱ་ཞིང་། །རྟག་ཏུ་དད་པ་བརྟན་པར་བྱ། །འདོད་པ་ཆུང་ཞིང་ཆོག་ཤེས་དང་། །བྱས་པ་དྲིན་དུ་གཟོ་བ་དང་། །ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང་། །དམན་པའི་སེམས་དང་ལྡན་པར་བྱ། །ལོག་པའི་འཚོ་བ་རྣམ་སྤང་ཞིང་། །ཆོས་ཀྱི་འཚོ་བས་འཚོ་བར་བྱ། །ཟང་ཟིང་ཐམས་ཅད་རྣམ་སྤང་ཞིང་། །འཕགས་པའི་ནོར་གྱིས་བརྒྱན་པར་བྱ། །དད་པའི་ནོར་དང་ཚུལ་ཁྲིམས་ནོར། །ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། །ཐོས་པའི་ནོར་དང་གཏོང་བའི་ནོར། །ཤེས་རབ་ཉིད་ཀྱི་ནོར་བདུན་པོ། །ནོར་གྱི་རྣམ་པ་འདི་

p. 52

དག་ནི། །མི་ཟད་པ་ཡི་གཏེར་བདུན་ཏེ། །མི་མ་ཡིན་ལ་བརྗོད་མི་བྱ། །རྟག་ཏུ་འདུ་འཛི་སྤང་བྱ་ཞིང་། །དགོན་པ་ལ་ནི་གནས་པར་བྱ། །འཁྱལ་བའི་ཚིག་རྣམས་སྤང་བྱ་ཞིང་། །ངག་རྣམས་རྟག་ཏུ་བསྡམ་པར་བྱ། །བླ་མ་མཁན་པོ་མཐོང་བའི་ཚེ། །གུས་པས་རིམ་གྲོ་བསྐྱེད་པར་བྱ། །གང་ཟག་ཆོས་ཀྱི་མིག་ཅན་དང་། །ལས་དང་པོ་ཡི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། །སྡིག་པའི་གྲོགས་པོ་སྤང་བྱ་ཞིང་། །དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སྡང་དང་མི་བདེའི་ས་སྤང་ཞིང་། །གང་དུ་བདེ་བར་འགྲོ་བར་བྱ། །གང་ལ་ཆགས་པ་སྤང་བྱ་ཞིང་། །ཆགས་པ་མེད་པར་གནས་པར་བྱ། །ཆགས་པས་བདེ་འགྲོ་མི་ཐོབ་ཅིང་། །ཐར་པའི་སྲོག་ཀྱང་གཅོད་པར་བྱེད། །གང་དུ་དགེ་བའི་ཆོས་མཐོང་བ། །དེར་ནི་རྟག་ཏུ་འབད་པར་བྱ། །ཐོག་མར་བརྩམས་པ་གང་ཡིན་པ། །དང་པོ་དེ་ཉིད་བསྒྲུབ་བྱ་སྟེ། །དེ་ལྟ་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །རྟག་ཏུ་སྡིག་ལ་དགའ་བྲལ་བྱ། །གང་དུ་མཐོ་བའི་སེམས་བྱུང་ཚེ། །དེ་ཚེ་ང་རྒྱལ་བཅག་བྱ་ཞིང་། །བླ་མའི་གདམས་ངག་དྲན་པར་བྱ། །ཞུམ་པའི་སེམས་ནི་བྱུང་བའི་ཚེ། །སེམས་ཀྱི་གཟེངས་ནི་བསྟོད་པར་བྱ། །རྟག་ཏུ་སྟོང་ཉིད་བསྒོམ་པར་བྱ། །གང་དུ་ཆགས་སྡང་ཡུལ་བྱུང་ཚེ། །སྒྱུ་མའི་སྤྲུལ་པ་བཞིན་དུ་བལྟ། །མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཆ་བཞིན་དུ་བལྟ་བར་བྱ། །ལུས་ལ་གནོད་པ་བྱུང་བའི་ཚེ། །སྔོན་གྱི་ལས་སུ་བལྟ་བར་བྱ། །བས་མཐའ་དགོན་པར་རབ་གནས་ཤིང་། །རི་དྭགས་ཤི་བའི་རོ་བཞིན་དུ། །བདག་གིས་བདག་ཉིད་སྦ་བྱ་ཞིང་། །ཆགས་པ་མེད་པར་གནས་པར་བྱ། །རྟག་ཏུ་ཡི་དམ་བརྟན་བྱ་ཞིང་། །ལེ་ལོ་རྙོག་པའི་སེམས་བྱུང་ཚེ། །དེ་ཚེ་བདག་ལ་བརྔན་

p. 53

བགྲང་ཞིང་། །བརྟུལ་ཞུགས་སྙིང་པོ་དྲན་པར་བྱ། །གལ་ཏེ་གཞན་དག་མཐོང་བའི་ཚེ། །ཞི་དེས་གསོང་པོར་སྨྲ་བ་དང་། །ཁྲོ་གཉེར་ངོ་འཛུམ་སྤང་བྱ་ཞིང་། །རྟག་ཏུ་འཛུམ་བཞིན་གནས་པར་བྱ། །རྟག་ཏུ་གཞན་དག་མཐོང་བའི་ཚེ། །སེར་སྣ་མེད་ཅིང་སྦྱིན་ལ་དགའ། །རྟག་ཏུ་ཕྲག་དོག་སྤང་བར་བྱ། །གཞན་གྱི་སེམས་ནི་བསྲུང་བའི་ཕྱིར། །རྩོད་པ་ཐམས་ཅད་སྤང་བྱ་ཞིང་། །རྟག་ཏུ་བཟོད་དང་ལྡན་པར་བྱ། །ངོ་དགའ་མེད་ཅིང་གསར་འགྲོགས་མེད། །རྟག་ཏུ་གཟུངས་ནི་ཐུབ་པར་བྱ། །གཞན་ལ་བརྙས་པ་སྤང་བྱ་ཞིང་། །གུས་པའི་ཚུལ་གྱིས་གནས་པར་བྱ། །གཞན་ལ་གདམས་ངག་བྱེད་པའི་ཚེ། །སྙིང་རྗེ་ཕན་སེམས་ལྡན་པར་བྱ། །ཆོས་ལ་སྐུར་བ་གདབ་མི་བྱ། །གང་མོས་འདི་ལ་འདུན་པར་བྱ། །ཆོས་སྤྱོད་རྣམ་བཅུའི་སྒོ་ནས་ནི། །ཉིན་མཚན་མེད་པར་འབད་པར་བྱ། །མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟག །དུས་གསུམ་དགེ་རྩ་ཅི་བསགས་པ། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བསོད་ནམས་སེམས་ཅན་རྣམས་ལ་བདར། །རྟག་ཏུ་ཡན་ལག་བདུན་པ་ཡིས། །སྨོན་ལམ་ཆེན་པོ་གདབ་པར་བྱ། །དེ་ལྟར་བྱས་ན་བསོད་ནམས་དང་། །ཚོགས་ཆེན་གཉིས་ཀྱང་རྫོགས་འགྱུར་ཏེ། །སྒྲིབ་པ་གཉིས་ཀྱང་ཟད་པར་འགྱུར། །མི་ལུས་ཐོབ་པ་དོན་ཡོད་པས། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །རྒྱ་གར་གྱི་མཁན་པོ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ།། །།

བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ།

p. 54

༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་བཞུགས་སོ། །
༄༅། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ངེས་པར་ལེགས་པའི་བྱང་ཆུབ་དང་། །མངོན་པར་མཐོ་བ་མཐོ་འདོད་པ། །དཀོན་མཆོག་གསུམ་ལ་ལྷར་བཟུང་ནས། །དང་པོ་སྙིང་རྗེས་ཀུན་ལ་བལྟ། །དེ་ནས་བྱང་ཆུབ་སེམས་བསྐྱེད་དེ། །ཐབས་དང་ལྡན་པའི་སྤྱོད་པ་ཡིས། །རང་གི་སེམས་ཉིད་དང་པོ་གདུལ། །དང་པོར་རང་ཉིད་མ་དུལ་བར། །གཞན་དག་དུལ་བ་ཇི་ལྟར་ནུས། །ཇི་ལྟར་འདབ་གཤོག་མ་ཚང་བའི། །བྱ་ཡིས་མཁའ་ལ་འཕུར་མི་ནུས། །དེ་བཞིན་ལྟ་སྤྱོད་མེད་པ་ཡི། །གང་ཟག་དག་ནི་ཇི་ལྟར་གྲོལ། །དེ་ཕྱིར་དེ་གཉིས་འགྲུབ་པའི་ཕྱིར། །དཀའ་བའི་འབད་པ་ཆེན་པོས་བྱ། །དཀའ་བས་སྦྱང་བ་མ་བྱས་པར། །སླ་བའི་གོམས་པ་ཇི་ལྟར་འགྱུར། །གོ་བགོས་ཁུར་ཁྱེར་རྒྱལ་སྲས་དེས། །དགེ་བའི་བཤེས་གཉེན་བསྟེན་བྱས་ཏེ། །ཤེས་རབ་གསུམ་ལ་གཞི་བཅས་ནས། །གོ་འཕང་མཆོག་ཏུ་འགྲོ་བ་ཡི། །ལྟ་བ་ཉིད་ལ་གཙོར་སྦྱངས་ཏེ། །ཚུལ་ཁྲིམས་གཙང་མའི་གོས་གྱོན་ནས། །སྒྲུབ་ལ་ནན་ཏན་གཅེས་སུ་བྱ། །ཆོས་ཀྱི་རྗེས་སུ་བསྒྲུབ་པའི་ཕྱིར། །དུས་དང་གནས་སྐབས་ཀུན་ཏུ་ཡང་། །སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས། །ལས་རྣམས་དྲན་པས་ཟིན་པར་བྱ། །སྐྱོན་སྤངས་ལེགས་བསྒྲུབ་དོན་ཡོད་བྱ། །སྤྱོད་ལམ་དོན་མེད་དུ་མི་གནས། །རྟག་ཏུ་རང་གི་ཡོན་ཏན་སྦྱང་། །དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ། །སྤྲོ་བྱ་ཞུམ་དང་སེམས་མི་གསད། །

p. 55

ཉེས་སྤོང་ཡོན་ཏན་དགེ་འཕེལ་བའི། །གྲོགས་བཙལ་མཐུན་པ་དེ་སེམས་ཟུངས། །ཡོན་ཏན་ཅན་ལ་གུས་ཕྱག་བྱ། །ཉོན་མོངས་སྐྱེ་གྲོགས་ཐབས་ཀྱིས་སྤང་། །མཐོ་དམན་གྲོགས་ཀུན་དག་ལ་ཡང་། །ཆུ་ལས་འོ་མ་ལེན་པ་བཞིན། །ཉེས་པ་དོར་ལ་ལེགས་པ་བླང་། །བྱས་ལ་དྲིན་གཟོ་སླར་ཕན་གདགས། །གཞན་གྱི་སྡིག་རྐྱེན་མི་བྱ་ཞིང་། །དགེ་བའི་བར་ཆད་མི་བྱ་འོ། །མཐོ་ལ་ཕུན་ཚོགས་ཕྲག་དོག་མེད། །གྲོགས་དང་དམན་ལ་བརྙས་ཐབས་དང་། །ཁྱད་དུ་བསད་པ་ཉིད་མི་བྱ། །རང་སྐྱོན་གཞན་གྱི་ཡོན་ཏན་བསྒྲག །གཞན་སྐྱོན་མི་གླེང་རང་མི་བསྟོད། །འདི་བས་ཕྱི་མ་གཙོར་གཟུང་སྟེ། །བྱེད་དགུ་ཆོས་དང་བསྟུན་ཏེ་བྱ། །འདི་ཡི་ཟང་ཟིང་རྣམ་སྤངས་ཏེ། །འཕགས་པའི་ནོར་གྱིས་ལུས་བརྒྱན་བྱ། །སྡུག་བསྔལ་དག་ལ་བདེར་མི་གཟུང་། །གཉིད་རྨུགས་ལེ་ལོ་གཡེང་སྤངས་ཏེ། །ངེས་པར་འཆི་བའི་འདུ་ཤེས་བསྐྱེད། །དགེ་བ་ཆུང་ཡང་འབད་པས་བསྒྲུབ། །སྡིག་པ་ཆུང་ཡང་རྣམ་པར་སྤང་། །ཆོས་ཀྱི་ཆེད་དུ་མ་གཏོགས་པར། །ཁ་ཟས་གོས་སོགས་དོན་མི་གཉེར། །འདོད་པ་ཆུང་དང་ཆོག་ཤེས་བྱ། །འཇིག་རྟེན་ཆོས་བརྒྱད་རྣམ་པར་སྤང་། །ངོ་དགའ་གཞོག་སློང་སོགས་མི་བྱ། །སྨྲ་དགའ་ཁས་ལེན་དཔའ་བྱས་ནས། །དེ་བཞིན་མི་སྒྲུབ་སྤང་བར་བྱ། །གཡོ་དང་སྒྱུ་དག་མི་བྱ་ཞིང་། །ལོག་པའི་འཚོ་བ་རྣམ་པར་སྤང་། །ཆོས་དང་མཐུན་པས་བསྒྲུབ་པར་བྱ། །ཉེ་དུ་འབྲེལ་བ་ལ་སོགས་ལ། །ཞེན་པས་ཆགས་པར་མི་བྱ་ཞིང་། །ཕྱོགས་རིས་ཞེན་ཕྱོགས་མེད་པར་བྱ། །གཞན་ལ་རེ་བ་ཆུང་བར་བྱ། །མི་དགེའི་ལས་ལ་མི་བསྟོད་སྨད། །དགོས་པ་མེད་པའི་འདུ་འཛི་སྤང་། །བྲེ་མོའི་གཏམ་ལ་དགའ་མི་བྱ། །ཞེན་པས་འདོད་པའི་ཡིད་སྨོན་དགག །ཡོན་ཏན་ཐོབ་དང་ཚོགས་འཕེལ་བའི། །ལས་ལ་ཞུམ་དང་ངོ་ཚ་སྤང་། །ང་རྒྱལ་ཁེངས་པ་གཉེན་

p. 56

པོས་གཞོམ། །ཞེ་གདུང་ཁེངས་དྲེགས་རྣམ་པར་སྤང་། །དངོས་དང་བརྒྱུད་པའི་སེམས་ཅན་ཀུན། །ཉེ་དུ་འབྲེལ་བར་གྱུར་པས་ན། །ལུས་ངག་ཡིད་གསུམ་དྲི་མེད་པས། །དེ་དག་ཀུན་ལ་བུ་བཞིན་བལྟ། །སྙིང་རྗེས་བཞིན་འཛུམ་གསོང་པོར་སྨྲ། །དགའ་བའི་མིག་གིས་ཀུན་ལ་བལྟ། །འཁོར་གྲོགས་མཐོ་དམན་ཉེ་རིང་སྙོམས། །བསྟོད་དང་བཀུར་སྟིས་མི་དྲེགས་ཤིང་། །སྨོད་དང་བརྙས་ལ་ཞེ་མི་སྡང་། །ཕོངས་པ་རྣམས་ལ་སྙིང་རྗེ་ཡིས། །ཕན་ནི་གདགས་པ་ཉིད་དུ་བྱ། །གང་ལ་ཆགས་པ་སྤང་བྱ་སྟེ། །དམན་པ་རྣམས་ལ་སྙིང་རྗེ་དང་། །ཕན་པའི་བསམ་པས་གདམས་ངག་བྱ། །སེམས་ཅན་བསམ་པ་ཐ་དད་པས། །བྱ་བ་དོན་ཆེན་བརྟགས་ཏེ་བྱ། །ཐམས་ཅད་མགུ་བར་སུ་ཡིས་ནུས། །འོན་ཀྱང་འགྱོད་པ་མེད་པ་ཡིས། །སྡུག་བསྔལ་ཁྱད་བསད་བདེ་མ་ཆགས། །རང་གི་སེམས་སྦྱང་གཞན་སེམས་གཟུང་། །བརྙས་དང་ཉེས་པ་བྱུང་ལ་སོགས། །གཉེན་པོ་ལས་དང་བརྫུན་པས་སྦྱང་། །དེ་ལྟར་བལྟ་ཞིང་བྱང་ཆུབ་ཀྱི། །སྤྱོད་པ་ཡི་དམ་བརྟན་པར་བྱ། །མི་ལུས་རིན་ཆེན་ཆུད་མ་གསན། །ངེས་པར་འཆི་བས་ལོང་མི་སྲིད། །བརྩོན་འགྲུས་མེ་བཞིན་དྲག་ཏུ་སྤྱོད། །མངོན་ཞེན་བདག་ལྟའི་རྩ་བ་ཆོད། །དུས་གསུམ་འཁོར་བ་གཉེན་པོས་ཆོམས། །ཕྱིན་ཅི་ལོག་གི་གཡང་ས་དོར། །འཁོར་བའི་རྒྱུན་ཆོད་ལས་ཆུ་སྐོམས། །ངན་སོང་གསུམ་པོ་སྒོ་ཆོད་ལ། །སྡུག་བསྔལ་གསུམ་གྱི་ནད་ཞི་སྟེ། །མཐོ་རིས་ཐར་པའི་སྐས་ལ་འཛེགས། །སྒྲིབ་པ་གཉིས་སྦྱངས་ཚོགས་གཉིས་རྫོགས། །སྐུ་དང་ཡེ་ཤེས་ས་ཐོབ་སྟེ། །འབད་པ་མེད་པར་གཞན་དོན་འགྲུབ། །བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།

ཇོ་བོ་ཆེན་པོས་ལྷ་བཙུན་བྱང་ཆུབ་འོད་ལ་ཕུལ་བའི་ཞལ་གདམས།

p. 57

༄༅། །ཇོ་བོ་ཆེན་པོས་ལྷ་བཙུན་བྱང་ཆུབ་འོད་ལ་ཕུལ་བའི་ཞལ་གདམས་བཞུགས་སོ། །
༄༅། །ཨེ་མ་ཧོ། མཁྱེན་པ་མཐོ་ཞིང་ཐུགས་དགོངས་ཤིན་ཏུ་གསལ་བའི་གྲོགས་དག་ལ། །རང་འཁོས་མེད་པའི་བློ་དམན་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་གསོལ་བར་མི་རིགས་ཀྱང་། །སྙིང་བས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ཀྱིས་བདག་ལ་བསྐུལ་བས་ན། །བྱིས་པ་བློ་ཆུང་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ། །གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན། །གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། །ཆོས་ནི་ཤེས་པ་ཙམ་གྱིས་སངས་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས། །སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད། །བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན། །ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་བསྟེན་དེ་སེམས་བཟུང་། །ནམ་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་སྡོད། །ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས། །མན་ངག་ཡོད་པས་བསྒོམ་པ་མིན་ནམ་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས། །གུས་པ་ཆེན་པོས་བསྒྲུབས་ན་རིང་པོར་མི་ཐོགས་འབྲས་བུ་འཕྲལ་དུ་འབྱུང་། །སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག །གྲོགས་དག་འདོད་པ་རྣམས་ལ་ཚྭ་ཆུ་འཐུང་བཞིན་

p. 58

ངོམས་པ་མེད་པས་ཆོག་ཤེས་མཛོད། །དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས། །བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། །རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ། །བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར། །ད་ལྟའི་བདེ་སྐྱིད་གཉེན་གསུམ་འཛོམ་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། །འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱེར་ནོར་རྣམས་གཏེར་དུ་སྦོས། །ཐམས་ཅད་བོར་ནས་འགྲོ་བས་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་ཀྱིས། །དམན་པ་རྣམས་ལ་སྙིང་རྗེ་སྐྱེད་ལ་ཁྱད་དུ་གསོད་དང་བརྙས་པ་སྤོངས། །དགྲ་ཟིན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཕྱོགས་རིས་མེད་པར་མཛོད། །ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང་། །གཞན་སྐྱོན་མི་བརྟགས་རང་སྐྱོན་བརྟགས་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུངས། །རང་དགེ་མི་བསམ་གཞན་དགེ་བསམ་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད། །འགྲོ་བ་ཀུན་ལ་ཕ་མའི་འདུ་ཤེས་སྐྱེད་ལ་བུ་བཞིན་བྱམས་པར་གྱིས། །རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་པོར་སྨྲོས། །དོན་མེད་བྱ་བ་མང་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག །སྙིང་པོ་མེད་པའི་ལས་ལ་རྩོལ་བ་མ་ཆེ་ངལ་བ་དོན་མེད་ཡིན། །གང་ཡང་འདོད་ཁར་མི་འཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ། །ཀྭ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གཡོ་མེད་དྲང་པོར་སྲོང་། །ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལས་བྱུང་བས་གཞན་ལ་གྱོད་མི་གདབ། །བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བར་མཛོད། །རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ། །
མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད། །བསགས་པའི་ནོར་རྣམས་བཞག་ནས་འགྲོ་བར་ངེས་པས་ནོར་ཕྱིར་སྡིག་མ་གསོག །ལོངས་སྤྱོད་གཡེང་བ་འདི་ལ་སྙིང་པོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱན་པ་ཐོངས། །ཚེ་འདིར་མཛེས་ཤིང་ཕྱི་མར་བདེ་བས་རྟག་ཏུ་ཚུལ་ཁྲིམས་རྣམ་དག་སྲུངས། །སྙིགས་མའི་དུས་ན་ཞེ་སྡང་བདོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན། །ལེ་ལོའི་དབང་གིས་ད་རུང་ལུས་པས་སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྦོར། །ཡེངས་མ་ལམ་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན། །ལོག་ལྟའི་དབང་གིས་གནས་ལུགས་དོན་མི་རྟོགས་པས་ཡང་དག་དོན་ལ་གཞིག །གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་པའི་སྐམ་སར་གཤེགས། །བླ་མའི་གདམས་ངག་ཚུལ་བཞིན་སྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐོམས། །རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱིས་གྲོས་ལ་གསན་པར་རིགས། །དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཀྱང་སྐྱིད་པར་མཆིས། །རྨོངས་པ་བདག་གིས་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིས་ཀྱང་གསན་པར་ཞུ། །ཞེས་ཇོ་བོ་རྗེ་ལྷ་གཅིག་གིས་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པའོ།། །།

ཉོན་མོངས་པ་ལམ་དུ་སློང་བའི་ཆོས།

p. 59

༄༅། །ཉོན་མོངས་པ་ལམ་དུ་སློང་བའི་ཆོས་བཞུགས་སོ། །
༄༅། །ན་མོ་རཏྣ་གུ་རུ། ཆགས་སྡང་གི་རྟོག་པ་དྲག་པོ་བྱང་ཆུབ་ཀྱི་སེམས་གཉིས་ལ་བརྟེན་ནས་ལམ་དུ་སློང་བའི་མན་ངག །སྔགས་ནས་ཉོན་མོངས་པ་ལམ་དུ་སློང་ཚུལ་བཤད་ཟེར་ཏེ། ཉོན་མོངས་པ་རང་ག་མ་འདི་ལམ་དུ་འགྲོ་མི་སྲིད། ཉོན་མོངས་པས་དམིགས་པར་

p. 60

བྱས་ནས་རྣམ་པར་བཟློག་པའི་སྒོ་ནས་ལམ་དུ་བྱེད་པ་མདོ་སྡེ་ནས་ཀྱང་མང་དུ་གསུངས། དེའི་གདམས་ངག་ཀྱང་དང་པོ་འདོད་ཆགས་ལ་མཚོན་ན། རང་རྒྱུད་དམ་དངོས་པོ་འགའ་ཞིག་ལ་ཆགས་པར་མཐོང་བའི་ཚེ་འདི་ཉོན་མོངས་པ་འདོད་ཆགས་ཡིན། མ་སྤངས་མ་སྦྱངས་མ་བཏུལ་ན་ངན་སོང་ལ་སོགས་པའི་དུཿཁ་དཔག་ཏུ་མེད་པ་བསྐྱེད་པ་ཡིན། སྦྱངས་ཤིང་བཏུལ་ན་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་འགྱུར་བ་ཡིན། བདག་གིས་འདི་བཏུལ་ནས་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་འགྱུར་བར་བྱའོ་སྙམ་དུ་བསམ། དེ་ནས་བདག་གི་དགྲ་ཟླའི་ཉོན་མོངས་པ་འདོད་ཆགས་རང་གི་རྒྱུད་ལ་བླང་། དེ་ནས་བྱམས་པ་བསྒོམ་པ་བཞིན་རྒྱ་ཆེར་བསྐྱེད། མཐར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་བག་ལ་ཉལ་དང་བཅས་པ་ཐམས་ཅད་རང་གི་སྟེང་དུ་བླངས་པས་རང་གི་འདོད་ཆགས་དེ་བློས་འཁྱུད་ཚད་ཀྱིས་ཆེན་པོར་བསམ། སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་ནས་རྫོགས་པའི་སངས་རྒྱས་ཐོབ་པར་བསམ། དེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན། རང་གི་འདོད་ཆགས་རི་བོ་ཙམ་དེ་རང་གི་སེམས་ཀྱིས་བླངས་པ་ཡིན། ཕ་རོལ་གྱི་ཡང་བླངས་པ་ཡིན། འདོད་ཆགས་ཀྱི་ངོ་བོ་ཡང་སེམས་ཡིན་སེམས་ལས་ལོགས་སུ་རྡུལ་ཙམ་ཡང་མེད། སེམས་ལ་སེམས་ཀྱིས་བལྟས་པས་འདས་པ་དང་མ་འོངས་པའི་སེམས་ནི་འགགས་ཤིང་མ་སྐྱེས་པས་ན་མེད་པ། ད་ལྟར་བ་ནི་དབྱིབས་ལ་སོགས་པའི་ངོས་བཟུང་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་ནམ་མཁའ་ལྟ་བུར་འདུག་པ་འདོད་ཆགས་བྱ་བའི་མིང་ཙམ་ཡང་དོན་དུ་གྲུབ་པ་མི་འདུག་སྙམ་དུ་བསམ་པ་དེའི་ངང་དུ་གནས་ཚད་བཞག་པར་བྱའོ། །དེ་ནི་དོན་དམ་བྱང་སེམས་ཡིན། དེ་གཉིས་ལས་རིམ་པ་ལྟར་གཟུགས་ཀྱི་སྐུའི་མཚན་ཐོས་པ་ཙམ་གྱིས་ཀྱང་ཉོན་མོངས་པ་ཞི་བར་
འགྱུར་བའི་ཕྲིན་ལས་དང་། ཉོན་མོངས་པ་བག་ཆགས་གནས་ངན་ལེན་ཐམས་ཅད་སྤོང་བའི་ཆོས་སྐུ་འབྱུང་། དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལ་སྦྱར་བས་ཤེས་པར་བྱ་གསུངས། བླ་མའི་གསུང་ཉིད་ལྷག་ཆད་མེད་པར་བྲིས་པའོ། །ཉོན་མོངས་པ་ལམ་དུ་སློང་བའི་མན་ངག་ཤིན་ཏུ་ཟབ་པའི་དོན་དགེ་ལེགས་ནམ་མཁའ་དང་མཉམ་པར་གྱུར་ཅིག །ཤུ་བྷཾ།།

བླ་མའི་རྣལ་འབྱོར།

p. 61

༄༅། །བླ་མའི་རྣལ་འབྱོར་བཞུགས་སོ། །
༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ཡང་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ནས་བླ་མ་གལ་ཆེ་བས་མཚན་ཉིད་ཅན་དེ་བསྟེན་ཚུལ་མང་དུ་གསུངས། སྡོང་པོ་བཀོད་པ་ལས། སྐྱ་བ་འཛིན་པ་མེད་པ་ཡིས། །གྲུ་ཡི་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པས་སྲིད་ཐར་མིན། །ཞེས་གསུངས་ཏེ། འཇིག་རྟེན་པའི་ཡོན་ཏན་རིགས་མཐོ་བ་ལ་སོགས་པ་རྫོགས་པའམ། ཡང་ན་སྒྲུབ་པ་པོ་སློབ་མའི་ཡོན་ཏན་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྫོགས་པ་ཡོད་ཀྱང་རྒྱུད་བྱིན་གྱིས་རློབས་པའི་བླ་མ་ལ་མ་བསྟེན་པར་རྟོགས་པ་མི་སྐྱེ་སྟེ། དེ་མ་སྐྱེས་ན་འཁོར་བ་ལས་མི་ཐར་བས་བླ་མ་དམ་པ་བསྟེན་དགོས་ལ་མཚན་ཉིད་ཀྱང་། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །རྟོགས་པ་ཡོད་ན་ཚད་ལྡན་ཡིན། །ཞེས་རྫོགས་པའི་སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པར་བྱང་ཆུབ་ཀྱི་སེམས་ལ་ངེས་པ་བརྟན་པོ་ཡོད་པ་ཇོ་བོའི་བཀའ་བརྒྱུད་ལྟ་བུ་ལ་བརྟེན་དགོས་དེ་བསྟེན་པའི་ཚུལ་ཡང་གཉིས་ལས། དང་པོ་དོན་གྱི་སྒོ་ནས་བསྟེན་པ་བླ་མའི་གསུང་ལས་ཇི་ལྟར་བྱུང་བ་བཞིན་སྒོ་གསུམ་

p. 62

གྱིས་སྒྲུབ་པ་ཡིན། གསང་བ་བརྡའི་སྒོ་ནས་བསྟེན་པ་ནི་རང་གི་སྙིང་གའམ་སྤྱི་གཙུག་ཏུ་བླ་མ་བསྒོམས་ནས་མོས་གུས་བྱས་གསོལ་བ་འདེབས་པ་ཡིན། དེ་ལ་སྦྱོར་བ། དངོས་གཞི། མཇུག་གསུམ་ལས། སྦྱོར་བ་ལ་གཉིས་ལས། དང་པོ་སེམས་བསྐྱེད་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། གཉིས་པ་སྟོང་ར་བཅས་རང་ལུས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསམ། སྙིང་འོད་ཀྱི་གོང་བུ་ལྟ་བུར་བསམ། དངོས་གཞི་ནི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་གང་མོས་ཀྱི་བླ་མ་བསམ། དེ་སྔར་མཐོང་མ་མཐོང་བྱེ་བྲག་གིས་སྐུའི་ཚད་ཇི་ཙམ་ཡིན་པའམ་ཚོན་གང་ཙམ་དུ་བསམ། ཞལ་གྱི་དཀྱིལ་འཁོར་དང་། སྐུའི་བཞུགས་ཚུལ་དང་། གསུང་གི་ང་རོ་དང་། ཐུགས་ཀྱི་དགོངས་པ་ཐམས་ཅད་དྲན་པར་བྱ། བརྒྱུད་པའི་བླ་མ་སངས་རྒྱས་ལ་ཐུག་པ་མན་ཆད་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དང་། ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མ་དེ་དང་ངོ་བོ་ཐ་མི་དད་པར་མོས་པར་བྱ། མཆོད་པ་ཅི་འབྱོར་དབུལ། དེ་ནས་ཐལ་མོ་སྦྱར་ལ་བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་ཅི་ནུས་བྱ། དེའི་དོན་ཡང་སྐྱོན་ཐམས་ཅད་བྲལ་བ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དོན་དམ་པར་རང་བཞིན་མེད་པ་ནམ་མཁའ་ལྟ་བུ་ཡིན་ཡང་བདག་ཅག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྣང་བ་ཡིན་སྙམ་དུ་བསམ། དེ་ནས་བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་བླ་མ་བརྒྱུད་པ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་འཁྲུངས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུད་ལ་ཇི་ལྟར་མངའ་བ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་མཐིལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འབྱོར་པ། རྒུད་པ། མཐོ་བ།

p. 63

དམའ་བ། བདེ་བ། སྡུག་པ། ན་བ། འཆི་བ། འཕོ་བ། སྐྱེ་བའི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་དང་བར་ཆད་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། དེ་ནས་མཉམ་བཞག་གི་ཕྱག་རྒྱ་བཅས་ལ་ཚངས་བུག་ཁ་བྱེ་བར་བསམ། དེའི་ནང་ན་མར་བླ་མའི་སྐུ་འོད་ཀྱི་རྣམ་པ་སྐར་མདའ་འཕོ་བའི་ཚུལ་དུ་བྱོན་ནས་སྙིང་དུ་ཞུགས་པར་བསམ། བླ་མ་སངས་རྒྱས་དངོས་རང་འདི་ཡིན་སྙམ་པའི་དད་གུས་སྐྱེས་ཚད་གཅིག་བསྒོམ། དེ་ནས་ཁོང་ཀློད་ལ་བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་ནམ་མཁའ་ལྟ་བུའི་ངང་དུ་གྱུར་པར་བསམས་ལ་གནས་ཚད་དུ་བཞག །གསུམ་པ་རྗེས་ནི་དེ་ལ་མི་གནས་ན་རང་གི་ལུས་དང་སྙིང་གའི་བླ་མ་སྔར་བཞིན་བསམ། ཡང་ན་སྤྱི་བོའི་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དུས་གསུམ་གྱི་དགེ་བ་ཐམས་ཅད་བླ་མའི་ཐུགས་དགོངས་རྫོགས་པ་དང་ཆོས་འདི་སྐྱེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་གདབ། དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕན་ཡོན་གཉིས་འབྱུང་། མི་དང་མི་མ་ཡིན་པའི་འཚོ་བ་ཐམས་ཅད་ཀྱིས་མི་ཚུགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ། གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་། དམིགས་པ་གཉིས་ཀྱི་བྱེ་བྲག་གིས་འོད་གསལ་ལ་འཕོ་བ་ཡིན་པས་འཆི་ཁ་མའི་གདམས་ངག་འདི་ཉིད་ཡིན། འདི་ལ་འབུངས་ན་རང་གང་འདོད་ཀྱི་རྟོགས་པ་འཆར་ནུས་གསུངས། ཏིང་ངེ་འཛིན་གྱི་རྟོགས་པ་གཞན་མི་དགོས་གསུངས། རིན་པོ་ཆེ་སྤྱིལ་བུ་པའི་
ཞལ་ནས་ང་ཡི་སྙིང་ཕྱུང་ནས་བསྟན་ཀྱང་དམར་ལྷོག་ལྷོག་ཁམ་གཅིག་ལས་མི་གདའ། ཉམས་ལེན་གྱི་མཐིལ་ཕྱུང་པ་འདི་ཡིན་གསུངས། བླ་མའི་རྣལ་འབྱོར་བླ་མའི་གསུང་ཉིད་ལས་ཡི་གེར་བཀོད་པའོ། །ཆོས་འདིའི་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པ་བྱམས་པ་ལ། དེས་ཐོགས་མེད་ལ། དེས་དབྱིག་གཉེན་ལ། ཀུ་སུ་ལུ་ཆེ་བ། ཀུ་སུ་ལུ་ཆུང་བ། གསེར་གླིང་པ། ཇོ་བོ་རྗེ་ལྷ་གཅིག །དགེ་བཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། འཆད་ཀ་བ། སྤྱིལ་བུ་པ། སློབ་དཔོན་ལྷ། ལྷ་སྡིངས་དབོན། དྷརྨཱ་སིདྷཾ། རྒྱ་སྟོན་བྱང་ཆུབ་རྒྱལ་མཚན། མཁན་པོ་གཞོན་ནུ་བྱང་ཆུབ། རིན་ཆེན་འབྱུང་གནས་དཔལ་བཟང་པོ། དེས་བུདྡྷ་རཏྣ། དེས་ཀིརྟི་ཤཱི་ལ་ལ། དེས་ཛ་ཡ་བྷ་དྲ། དེས་པུཎྱེ་རཏྣ་ལའོ། །སརྦ་མངྒ་ལཾ།།

།རྗེ་བཙུན་ཆེན་པོ་ཕ་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱ་རྩ་མ།

p. 64

༄༅། །རྗེ་བཙུན་ཆེན་པོ་ཕ་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱ་རྩ་མ་བཞུགས་སོ། །
༄༅། །ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་འབུངས། །ལས་ཀྱིས་རབ་ཏུ་འགྱུར་རོ་དིང་རི་བ། །བློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། །བྱིན་རླབས་ཤུགས་ཀྱིས་འབྱུང་ངོ་དིང་རི་བ། །ཚེ་འདི་ཐོངས་ལ་ཕྱི་མའི་དོན་གཉེར་བསྐྱེད། །འདུན་མའི་རྩེ་མོར་འགྱུར་རོ་དིང་རི་བ། །བཟའ་ཚོ་མི་རྟག་ཚོང་འདུས་མགྲོན་པོ་འདྲ། །ངན་ཤགས་འཐབ་མོ་མ་བྱེད་དིང་རི་བ། །ནོར་རྫས་སྒྱུ་མ་ལྟ་བུའི་གཡར་པོ་ལ། །སེར་སྣའི་མདུད་པས་མ་བཅིང་དིང་རི་བ། །ཕུང་པོ་མི་གཙང་ཟས་ཀྱི་རྐྱལ་པ་ལ། །བཟང་འདོད་བྱི་དོར་མ་བྱེད་དིང་རི་བ། །གཉེན་ཚན་སྒྱུ་མ་ལྟ་བུའི་བསླུ་བྲིད་ལ། །གདུང་སེམས་འཁྲི་བ་ཆོད་ཅིག་དིང་རི་བ། །ཡུལ་གཞིས་འབྲོག་པའི་སྦྲ་ས་ལྟ་བུ་ལ། །ཞེན་ཅིང་ཆགས་པ་མ་བྱེད་དིང་རི་བ། །ཕ་ཡུལ་རིགས་

p. 65

དྲུག་སེམས་ཅན་སྤྱི་མཐུན་ལ། །ང་དང་བདག་ཏུ་མ་འཛིན་དིང་རི་བ། །སྐྱེས་པའི་ནངས་པར་འཆི་བའི་བརྡ་ཞིག་བྱུང༌། །ལོང་མེད་རྒྱུད་ལ་ཁོལ་ཞིག་དིང་རི་བ། །གཡེང་བ་མེད་པ་དམ་པའི་ཆོས་ལ་འབུངས། །ཤི་ནས་ལམ་སྣ་འདྲེན་ནོ་དིང་རི་བ། །ལས་ཀྱི་རྣམ་སྨིན་རྒྱུ་འབྲས་བདེན་ངེས་པ། །མི་དགེ་སྡིག་ལ་འཛེམས་ཤིག་དིང་རི་བ། །བྱས་པའི་ཆོས་རྣམས་རྨི་ལམ་ཡུལ་གཞིས་འདྲ། །བྱར་མེད་ཉམས་སུ་ལོངས་ཤིག་དིང་རི་བ། །གང་ལ་ཞེན་པ་ཡོད་པ་དེ་བློས་ཐོངས། །ཅིས་ཀྱང་དགོས་པ་མེད་དོ་དིང་རི་བ། །འཇིག་རྟེན་འདི་ན་གཏན་དུ་མི་སྡོད་པས། །འགྲོ་ཆས་ད་ལྟ་གྱིས་ཤིག་དིང་རི་བ། །ནགས་ཀྱི་གསེབ་ན་སྤྲེའུ་སྐྱིད་སྙམ་སྟེ། །ནགས་མཐའ་མེ་ཡིས་བསྐོར་རོ་དིང་རི་བ། །སྐྱེ་རྒ་ན་འཆིའི་ཆུ་ལ་རབ་ཟམ་མེད། །གྲུ་གཟིངས་ད་ལྟ་ཚུགས་ཤིག་དིང་རི་བ། །སྐྱེ་འཆི་བར་དོའི་རྐུན་འཕྲང་དམ་པོ་ལ། །དུག་ལྔའི་ཇག་པ་བཤར་རྒྱུག་ཡང་ཡང་བྱེད། །སྐྱེལ་མར་བླ་མ་ཚོལ་ཞིག་དིང་རི་བ། །འཇུས་ནས་འགྱེལ་དོགས་མེད་པ་བླ་མ་ཡིན། །འབྲལ་མེད་གཙུག་ཏུ་ཁུར་ཞིག་དིང་རི་བ། །བླ་མས་བསྐྱལ་ན་གང་འདོད་གནས་སུ་སླེབས། །གང་ལ་མོས་གུས་གྱིས་ཤིག་དིང་རི་བ། །གང་ལ་ནོར་ཡོད་དེ་ལ་སེར་སྣ་འབྱུང༌། །སྦྱིན་པ་ཕྱོགས་མེད་ཐོངས་ཤིག་དིང་རི་བ། །གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད། །ཁ་དྲག་དབང་འདོད་སྤོངས་ཤིག་དིང་རི་བ། །ཁ་དྲག་ནོར་མང་ཅན་ལ་བདེ་བ་མེད། །སོར་བཅུ་བྲང་ལ་ཁྲོམས་ཤིག་དིང་རི་བ། །ཕྱི་མའི་ཡུལ་ན་གཉེན་བཤེས་ཉུང་བ་ཡིན། །བློ་གཏད་ཆོས་ལ་གྱིས་ཤིག་དིང་རི་བ། །ཡེངས་མ་ལམ་ལ་འདུན་མ་འཆལ་མ་འཆོལ། །གྲོས་ཐག་ད་ལྟ་ཆོད་ཅིག་དིང་རི་བ། །འཆི་བདག་བདུད་ནི་ནམ་ཡོང་ཚོད་མེད་པས། །དོགས་ཟོན་འཕྲལ་ལ་གྱིས་ཤིག་དིང་རི་བ། །ཤི་བའི་ནངས་པར་སུས་ཀྱང་མི་ཕན་པས། །རང་མགོ་རང་གིས་

p. 66

ཐོན་ཞིག་དིང་རི་བ། །འཆི་བར་བསམ་ན་ཅིས་ཀྱང་དགོས་པ་མེད། །ཡིད་ལ་དྲན་པར་གྱིས་ཤིག་དིང་རི་བ། །ཉི་མ་ནུབ་ཁའི་གྲིབ་སོ་ཇི་བཞིན་དུ། །འཆི་བདག་གཤིན་རྗེ་མི་སྡོད་ཚུར་ཚུར་འོང༌། །འབྲོས་ཐབས་ལ་འུར་གྱིས་ཤིག་དིང་རི་བ། །མེ་ཏོག་སྔ་སོ་ལེགས་ཀྱང་ཕྱི་སོ་སྐམ། །ལུས་ལ་བློ་གཏད་མེད་དོ་དིང་རི་བ། །གསོན་པའི་དུས་ན་ལྷ་ཡི་ལུས་དང་འདྲ། །ཤི་བའི་དུས་ན་བདུད་ཀྱི་དམག་བས་འཇིགས། །སྒྱུ་མའི་ལུས་འདིས་བསླུའོ་དིང་རི་བ། །ཚོང་དུས་མགྲོན་པོ་ཚོང་ཟིན་ནངས་པར་གྱེས། །གྲོགས་ཀྱིས་བོར་བར་ངེས་སོ་དིང་རི་བ། །སྒྱུ་མའི་ཐོ་ཡོར་ཅིས་ཀྱང་འགྱེལ་ངེས་པས། །རྟེན་འབྲེལ་ད་ལྟ་སྒྲིགས་ཤིག་དིང་རི་བ། །སེམས་ཀྱི་བྱ་རྒོད་ཅིས་ཀྱང་འཕུར་ངེས་པས། །ནམ་འཕང་ད་ལྟ་ཆོད་ཅིག་དིང་རི་བ། །རིགས་དྲུག་སེམས་ཅན་དྲིན་ཆེན་ཕ་མ་ལ། །བྱམས་དང་སྙིང་རྗེ་སྒོམས་ཤིག་དིང་རི་བ། །སྡང་དགྲ་ལས་ཀྱི་འཁོར་བའི་འཁྲུལ་སྣང་ལ། །ཞེ་སྡང་གདུག་སེམས་སྤོངས་ཤིག་དིང་རི་བ། །ཕྱག་འཚལ་བསྐོར་བས་ལུས་ཀྱི་སྡིག་པ་འདག །འཇིག་རྟེན་བྱ་བྱེད་སྤོངས་ཤིག་དིང་རི་བ། །བཟླས་བརྗོད་སྐྱབས་འགྲོས་ངག་གི་སྡིག་པ་འདག །ཐ་མལ་ལོང་གཏམ་མ་ལབ་དིང་རི་བ། །མོས་གུས་གདུང་བས་ཡིད་ཀྱི་སྡིག་པ་འདག །བླ་མ་སྤྱི་བོར་ཁུར་ཞིག་དིང་རི་བ། །ལྷན་ཅིག་སྐྱེས་པའི་ཤ་དང་རུས་པ་ཕྲལ། །ཚེ་ལ་རྟག་པར་མ་འཛིན་དིང་རི་བ། །ཡུལ་གྱི་དམ་པར་གཉུག་མའི་གཏན་ཡུལ་ཟུངས། །དེ་ལ་འཕོ་འཕྱུག་མེད་དོ་དིང་རི་བ། །ནོར་གྱི་དམ་པར་སེམས་ཉིད་གཏེར་ཆེན་ཆོངས། །དེ་ལ་འཛད་པ་མེད་དོ་དིང་རི་བ། །ཟས་ཀྱི་དམ་པར་ཏིང་འཛིན་རོ་མཆོག་སྤྱོད། །བཀྲེས་པའི་སྡུག་བསྔལ་མེད་དོ་དིང་རི་བ། །སྐོམ་གྱི་དམ་པར་དྲན་པའི་བདུད་རྩི་འཐུངས། །དེ་ལ་རྒྱུན་ཆད་མེད་དོ་དིང་རི་བ། །གྲོགས་ཀྱི་དམ་པར་རང་བྱུང་ཡེ་ཤེས་འཚོལ། །

p. 67

དེ་ལ་འདུ་འབྲལ་མེད་དོ་དིང་རི་བ། །སྲས་ཀྱི་དམ་པར་རིག་པའི་ཁྱེའུ་ཆུང་འཚོལ། །དེ་ལ་སྐྱེ་འཆི་མེད་དོ་དིང་རི་བ། །སྟོང་པའི་ངང་དུ་རིག་པའི་མདུང་སྐོར་གྱིས། །ལྟ་བར་ཐོགས་ཐུག་མེད་དོ་དིང་རི་བ། །དྲན་མེད་སྟེང་དུ་ཡེངས་མེད་བྱ་ར་ཐོངས། །སྒོམ་ལ་བྱིང་རྒོད་མེད་དོ་དིང་རི་བ། །ཤུགས་འབྱུང་ངང་དུ་འགག་མེད་རྩལ་སྦྱོང་གྱིས། །སྤྱོད་པར་སྤང་བླང་མེད་དོ་དིང་རི་བ། །སྐུ་བཞི་དབྱེར་མེད་རང་རིག་སེམས་ལ་འཚོལ། །འབྲས་བུར་རེ་དོགས་མེད་དོ་དིང་རི་བ། །འཁོར་འདས་རྩ་བ་རིག་པའི་སེམས་ལ་འདུས། །སེམས་ལ་དངོས་པོ་མེད་དོ་དིང་རི་བ། །ཆགས་སྡང་སྣང་བ་བྱ་ལམ་རྗེས་མེད་འདྲ། །ཉམས་ལ་ཞེན་པ་མེད་དོ་དིང་རི་བ། །ཆོས་སྐུ་སྐྱེ་མེད་ཉི་མའི་སྙིང་པོ་འདྲ། །དོན་ལ་གསལ་འགྲིབ་མེད་དོ་དིང་རི་བ། །རྣམ་རྟོག་དགྲར་ལང་ཁང་སྟོང་རྐུན་མ་འདྲ། །ནོར་ལ་ཤོར་ཐོབ་མེད་དོ་དིང་རི་བ། །ཚོར་བ་རྗེས་མེད་ཆུ་ཡི་རི་མོ་འདྲ། །འཁྲུལ་སྣང་རྗེས་འཛིན་མེད་དོ་དིང་རི་བ། །བག་ཆགས་དྲན་འཛིན་ནམ་མཁའི་འཇའ་རིས་འདྲ། །ཞེན་ཆགས་ངོས་བཟུང་མེད་དོ་དིང་རི་བ། །འགྱུ་བ་དྭངས་པ་སྤྲིན་བྲལ་ཉི་མ་འདྲ། །སེམས་ལ་བློ་གཏད་མེད་དོ་དིང་རི་བ། །འཛིན་མེད་རང་གྲོལ་སྐྱི་སེར་རླུང་དང་འདྲ། །ཡུལ་ལ་ཞེན་འཛིན་མེད་དོ་དིང་རི་བ། །རིག་པ་དངོས་མེད་ནམ་མཁའི་འཇའ་དང་འདྲ། །ཉམས་ལ་ཐོགས་ཐུག་མེད་དོ་དིང་རི་བ། །ཆོས་ཉིད་དོན་མཐོང་ལྐུག་པའི་རྨི་ལམ་འདྲ། །ཚིག་དང་ཐ་སྙད་བྲལ་ལོ་དིང་རི་བ། །རྟོགས་པའི་ཉམས་ཤར་གཞོན་ནུའི་བདེ་བ་འདྲ། །དགའ་བདེ་བརྗོད་དུ་མེད་དོ་དིང་རི་བ། །གསལ་སྟོང་དབྱེར་མེད་ཆུ་ནང་ཟླ་བ་འདྲ། །གང་ལའང་ཆགས་ཐོགས་མེད་དོ་དིང་རི་བ། །སྣང་སྟོང་དབྱེར་མེད་ནམ་མཁའ་སྟོང་པ་འདྲ། །སེམས་ལ་མཐའ་དབུས་མེད་དོ་དིང་རི་བ། །དྲན་པ་ཡེངས་མེད་སྒེག་མོའི་མེ་ལོང་འདྲ། །དེ་ལ་གྲུབ་མཐའ་མེད་

p. 68

དོ་དིང་རི་བ། །རིག་སྟོང་དབྱེར་མེད་མེ་ལོང་གཟུགས་བརྙན་འདྲ། །དེ་ལ་སྐྱེ་འགག་མེད་དོ་དིང་རི་བ། །བདེ་སྟོང་འཛིན་མེད་གངས་ལ་ཉི་ཤར་འདྲ། །དེ་ལ་ངོས་བཟུང་མེད་དོ་དིང་རི་བ། །འཁྲུལ་གཏམ་རྗེས་མེད་བྲག་ཆ་ལྷ་མོ་འདྲ། །སྒྲ་ལ་འཛིན་པ་མེད་དོ་དིང་རི་བ། །བདེ་སྡུག་འཁྲུལ་འཁོར་པི་ཝང་ཁོང་རྒྱུན་འདྲ། །རྒྱུ་རྐྱེན་ལས་ལ་སྦྱོར་རོ་དིང་རི་བ། །འཁོར་འདས་རང་གྲོལ་བྱིས་པའི་རྩེད་མོ་འདྲ། །སེམས་ལ་སྐྱེ་འགག་མེད་དོ་དིང་རི་བ། །ཕྱི་ནང་སྤྲོས་པ་རང་གི་སེམས་ལ་བསྡུས། །འཁྱག་རོམ་ཆུ་རུ་ཞུ་འོ་དིང་རི་བ། །མ་རིག་འཁྲུལ་འཁོར་སྤང་ལ་ཆུ་རྡོལ་འདྲ། །བཀག་པས་ཁེག་པ་མེད་དོ་དིང་རི་བ། །འཁོར་འདས་འཁྲུལ་སྣང་སྒྲ་བཟུང་བྲལ་བ་འདྲ། །ར་མདའ་བླ་མ་ལྷག་གོ་དིང་རི་བ། །སྐུ་ལྔ་རང་གསལ་གསེར་གླིང་བལྟས་པ་འདྲ། །རེ་དོགས་སྤང་བླང་མེད་དོ་དིང་རི་བ། །དལ་འབྱོར་མི་ལུས་རིན་ཆེན་གསེར་དང་འདྲ། །དོན་མེད་ཆུད་ཟོས་མ་བྱེད་དིང་རི་བ། །ཐེག་ཆེན་ཆོས་ཚུལ་ཡིད་བཞིན་ནོར་བུ་འདྲ། །བཙལ་ཡང་རྙེད་པར་དཀའ་འོ་དིང་རི་བ། །ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །འདོད་དོན་ཆོས་ལ་སྒྲིལ་ཞིག་དིང་རི་བ། །གཞོན་ནུའི་དུས་སུ་དཀའ་ཐུབ་ཉམས་ལེན་གྱིས། །རྒས་ནས་འབྱུང་བས་མི་འཆུན་དིང་རི་བ། །ཉོན་མོངས་སྐྱེ་དུས་གཉེན་པོས་སླེབས་པར་གྱིས། །མཚན་མ་རང་སར་གྲོལ་ལོ་དིང་རི་བ། །སྐབས་སུ་འཁོར་བའི་སྡུག་བསྔལ་དྲན་པར་གྱིས། །དད་པའི་གསོས་འདེབས་ཡིན་ནོ་དིང་རི་བ། །ད་རེས་བརྩོན་འགྲུས་བསྐྱེད་ལ་རང་ས་ཟུངས། །ཤི་ནས་གར་སྐྱེ་མེད་དོ་དིང་རི་བ། །ཚེ་ལ་ལོང་མེད་རྩྭ་ཁའི་ཟིལ་པ་འདྲ། །ལེ་ལོ་སྙོམ་ལས་སྤོངས་ཤིག་དིང་རི་བ། །སངས་རྒྱས་བསྟན་པ་སྤྲིན་བར་ཉི་མ་འདྲ། །ད་རེས་གསལ་བ་ཡིན་ནོ་དིང་རི་བ། །སྐྱིད་སྡུག་གཉིས་ཀྱི་ལེ་ལན་གཞན་སེམས་ཀྱང༌། །རྐྱེན་རྩ་རང་ལ་ཡོད་དོ་དིང་རི་བ། །

p. 69

དད་པའི་རྐྱེན་གྱིས་བསྐུལ་བའི་ལམ་ཉེ་བས། །འཁོར་བའི་ཉེས་དམིགས་སོམས་ཤིག་དིང་རི་བ། །གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ལ་འགོ །སྡིག་པའི་གྲོགས་པོ་སྤོངས་ཤིག་དིང་རི་བ། །གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ལ་འབྱུང༌། །དགེ་བའི་བཤེས་གཉེན་བསྟེན་ཞིག་དིང་རི་བ། །གཡོ་སྒྱུ་རྫུན་གྱིས་རང་དང་གཞན་ཡང་བསླུ། །དཔང་པོ་སེམས་ལ་འཆོལ་ཞིག་དིང་རི་བ། །མ་རིག་འཁྲུལ་པ་ཕུང་འདྲེའི་རྩ་བ་ཡིན། །ཤེས་བཞིན་དྲན་པས་ཟུངས་ཤིག་དིང་རི་བ། །དུག་ལྔ་དུག་གསུམ་གཞོམ་ན་ལམ་ཐག་ཉེ། །གཉེན་པོ་ཐུགས་ལ་སྟེན་ཅིག་དིང་རི་བ། །བརྩོན་འགྲུས་མཐུ་སྟོབས་ཆུང་བས་འཚང་མི་རྒྱ། །གོ་ཆས་སླེབས་པར་གྱིས་ཤིག་དིང་རི་བ། །བག་ཆགས་འགྲོགས་ཡུན་རིང་བས་ཕྱི་འདོད་འོང་། །འདས་པའི་རྗེས་འཇུག་མ་བྱེད་དིང་རི་བ། །སེམས་ལ་གོ་རྟོགས་ཆུང་ན་གསོལ་བ་ཐོབ། །རྟོགས་པ་ཤུགས་ལ་འཆར་རོ་དིང་རི་བ། །ཕྱི་མར་སྐྱིད་པར་འདོད་ན་སྡུག་སྲན་བསྐྱེད། །སངས་རྒྱས་རྩ་ན་གདའ་འོ་དིང་རི་བ། །འདུས་པའི་སྔ་དྲོ་འབྲལ་བའི་བརྡ་ཞིག་བྱུང༌། །འདུ་འབྲལ་སེམས་ལ་གཟན་ནོ་དིང་རི་བ། །གྲོགས་པོ་ཕལ་ཆེར་ཕྱི་མའི་གནས་སུ་ཐལ། །མཛའ་གྲོགས་རྒྱགས་ཕྱེད་ཡོད་དམ་དིང་རི་བ། །སྡུག་བསྔལ་ཐམས་ཅད་སྡིག་པའི་ལས་ལས་བྱུང༌། །སྡིག་པ་ཆུང་ཡང་སྤོངས་ཤིག་དིང་རི་བ། །བདེ་བ་ཐམས་ཅད་དགེ་བའི་ལས་ལས་བྱུང༌། །དགེ་བ་ཆུང་ཡང་སྒྲུབས་ཤིག་དིང་རི་བ། །དགེ་སྡིག་རྒྱུ་ལས་འབྲས་བུ་བདེ་སྡུག་འབྱུང༌། །སྡིག་སྤོང་དགེ་བ་སྒྲུབས་ཤིག་དིང་རི་བ། །ཨ་ཙ་ར་ནི་དིང་རིར་མི་སྡོད་འགྲོ །སྒྲོ་འདོགས་ད་ལྟ་ཆོད་ཅིག་དིང་རི་བ། །ངས་ནི་གཡེང་བ་མེད་པར་སྒྲུབ་པ་བྱས། །ཁྱེད་ཀྱང་རྗེས་སུ་ཞུགས་ཤིག་དིང་རི་བ། །དེ་ལྟར་རྗེ་བཙུན་དམ་པའི་ཞལ་གདམས་འདི། །རང་གཞན་ཡོངས་ལ་ཕན་ཕྱིར་བཀོད་པ་ཡིས། །ཐོས་ཚད་རྒྱུད་ལ་ཁོལ་
ཞིག་ཤེས་ལྡན་དག །དགེ་བ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་ཕ་གཅིག་རྗེ་བཙུན་དམ་པ་སངས་རྒྱས་ཀྱིས་དིང་རི་བ་རྣམས་ལ་བཀའ་སློབ་ཞལ་ཆེམས་སུ་གནང་བ་དིང་རི་བརྒྱ་རྩ་མ་ཞེས་བྱ་བ་ཤུ་བྷཾ། མངྒ་ལཾ།།

མི་ཆོས་གནད་ཀྱི་ཕྲེང་བ།

p. 70

༄༅། །མི་ཆོས་གནད་ཀྱི་ཕྲེང་བ་བཞུགས་སོ། །
༄༅། །ཁོ་བོའི་བྱང་གི་ཕྱོགས་ནས་གཙོ་བོའི་བུ། །ཁོ་བོས་ས་མཐའ་བསྐོར་བས་མིག་མཐོང་མྱོང༌། །རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ། །ཡིན་མིན་མགོ་ལྟག་ཕྱེད་པས་གྲུང་པོར་གྲགས། །གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང༌། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང༌། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང༌། །གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །དེ་ཡི་སྟེང་ནས་འདུན་མ་བཤད་ཀྱི་ཉོན། །བྱ་བྱེད་ཡོངས་ཀྱི་མགོ་ལྟག་ཕྱེ་ཡི་ཉོན། །ལྷ་ཞི་ཀླུ་ཞིའི་གདམས་པ་བཤད་ཀྱི་ཉོན། །ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལེགས། །སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང༌། །བྱ་ཤེས་ཀོ་ལོང་སྡུག་ཡུས་ཆུང་བར་མཛོད། །ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང༌། །མཛད་སྤྱོད་ཐམས་ཅད་མི་དང་མཐུན་པར་མཛོད། །རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང༌། །གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད། །རང་ཉིད་ནོར་ལ་ཆགས་ཞེན་ཆེ་ན་ཡང༌། །གཞན་གྱི་ནོར་ལ་ཧབ་ཤ་ཆུང་བར་མཛོད། །རང་ཉིད་ལས་ཐབས་འདུན་མ་མཁས་ན་ཡང༌། །སྤྱི་ཡི་ཁྲིམས་ལ་ས་ཆོད་ཆུང་བར་མཛོད། །རང་ཉིད་བསགས་པའི་ནོར་རྫས་ཡིན་ན་ཡང༌། །མང་པོའི་གསེབ་ཏུ་ལྐོག་ནོར་ཆུང་བར་མཛོད། །རང་ཉིད་ཀུན་གྱིས་ཚད་མར་ཁུར་ན་ཡང༌། །ང་འོ་སྙམ་པའི་ང་རྒྱལ་ཆུང་བར་མཛོད། །རང་

p. 71

ཉིད་ཀུན་ལས་ཁྱད་པར་འཕགས་ན་ཡང༌། །ཆེ་བའི་ང་རྒྱལ་ཅུང་ཟད་མེད་པར་མཛོད། །རང་ཉིད་དགེ་བའི་བཤེས་སུ་གསོལ་ན་ཡང༌། །མཁས་དམན་ཀུན་ལ་བརྙས་པ་ཆུང་བར་མཛོད། །རང་གི་གོང་ན་ཆེ་བ་གཞན་མེད་ཀྱང༌། །འོག་ཏུ་ཞུགས་ལ་འཇུག་པ་བདེ་བར་མཛོད། །གཞན་གྱི་ཚོགས་དཔོན་ཇི་ལྟར་ངན་ན་ཡང༌། །གུས་པའི་ཚུལ་གྱིས་ཕྱག་དང་ཕྱག་ལན་མཛོད། །རང་དང་མཉམ་པའི་གང་ཟག་སུ་བྱུང་ཡང༌། །མགོ་ལས་མཐོ་བའི་བཀུར་སྟི་གུས་པར་མཛོད། །མཛེ་སྤྲང་ལ་སོགས་སུ་ཡིས་ཆོས་ཞུས་ཀྱང༌། །ཀུན་གྱི་དབུས་སུ་གདམས་ངག་ལྷུག་པར་སྟོན། །གལ་ཏེ་ཐོ་འཚམས་ཁ་ཚོད་ལྟ་ན་ཡང༌། །ཧ་ཅང་ཕུལ་དུ་ཕྱིན་པས་ལྷག་པར་སྟོན། །ཚོགས་དང་བསྙེན་བཀུར་སོགས་ཀྱིས་མཆོད་འོས་ཀྱང༌། །དེ་ལ་མ་ལྟ་ཀུན་ལ་ཐང་མོ་རྡོལ། །ངེས་པར་གང་ལ་གསང་བར་འོས་པ་རྣམས། །ལྐུགས་པའི་ཚུལ་གྱིས་ཁ་རོག་དབེན་སར་བཞུགས། །དེ་ཡང་རགས་པ་སྤྱི་ཡི་རྣམ་གཞག་ཡིན། །ད་དུང་སྙིང་གཏམ་ལགས་པས་གསན་མཛོད་དང༌། །འགྲོགས་ལུགས་དགྲ་ལ་འཚོལ་དང་ཟབ་པ་ཡིན། །སྙིང་གཏམ་བུ་ལ་གསོང་དང་བརྟན་པ་ཡིན། །ཁ་འདོན་གྲེ་བར་བསྐྱིལ་དང་བཙུན་པ་ཡིན། །མཚང་གཏམ་བར་དུ་གསོང་དང་མཁས་པ་ཡིན། །གཞན་མཚང་ལྷོད་ལ་ཞོག་དང་དགེ་བ་ཡིན། །བློ་གཏད་སྙིང་གིས་སྐྱོང་དང་ངོ་མཚར་ཆེ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང༌། །འཕྲད་མ་ཐག་ཏུ་སྙིང་གཏམ་འཆད་པ་མཚང༌། །མ་བརྟགས་པ་ལ་བློ་གཏད་བྱེད་པ་མཚང༌། །བརྟགས་ནས་འཁྲུལ་ན་ད་རུང་བྱེད་པ་མཚང༌། །བག་མེད་མི་ལ་བྱ་བྱེད་འཚོལ་བ་མཚང༌། །ཤ་མི་ཚ་ལ་ཕུག་བསྲེ་ཆོལ་བ་མཚང༌། །དད་པ་མེད་ལ་སློབ་མར་བསྟེན་པ་མཚང༌། །སྙིང་རྗེ་མེད་ལ་བླ་མར་ཁུར་བ་མཚང༌། །ཁྲེལ་གཞུང་མེད་ལ་གྲོགས་པོར་བསྟེན་པ་མཚང༌། །མི་ཉན་པ་ལ་ཁ་ཏ་བྱེད་པ་

p. 72

མཚང༌། །མི་ཤེས་པ་ལ་གྲོས་ཕུགས་འདྲི་བ་མཚང༌། །མཚང་དུ་ཤེས་ནས་ད་རུང་མི་འདོར་ན། །རང་ཉིད་སྨྱོན་པ་ཡིན་པར་ཤེས་པར་བྱ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང༌། །བཟའ་བཏུང་ཟ་དུས་ཐམས་ཅད་བཀའ་སློབ་བདེ། །ཞག་གསུམ་འགྲོགས་ནས་རང་མཚང་སྟོན་པ་མང༌། །ཉེ་རིང་ཡོངས་ལ་ལོ་གཅིག་མ་བསྟེན་པར། །བྱ་བྱེད་བཅོལ་ན་མྱུར་དུ་ནོངས་པར་འགྱུར། །རང་ལ་བརྟེན་པའི་མཚང་གཏམ་ངན་པ་ཡིན། །གཅིག་གི་སེམས་ལ་ཤར་ན་གཏོར་འགོང་ཡིན། །གཏམ་དེ་གཉིས་ལ་གྲགས་ན་ཕུང་བྱེད་ཡིན། །གསུམ་ལ་གྲགས་ན་གཏམ་ངན་རླུང་ཁྱེར་ཡིན། །མི་མངོན་དབྱིངས་སུ་ཡལ་ན་མཁས་པ་ཡིན། །ངག་མཚང་ཐབས་ཀྱིས་ཤེས་ན་གད་མོ་འཆོར། །དགོས་པ་རང་གིས་བསུས་ན་བདུད་རིགས་དགའ། །ཕུང་བྱེད་གྲོགས་སུ་བསྒྱུར་ན་མཚང་རེ་ཆེ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང༌། །ཟས་ལ་ཞེན་པ་མ་ཆེ་མི་ལ་བྱིན། །ནོར་ལ་སེར་སྣ་མ་ཆེ་ཆོས་ལ་མཆོད། །བཞིན་ལ་འགྱུར་ལྡོག་མ་མང་འཛུམ་གྱིས་བསུས། །དགྲ་ཟུན་བཤའ་རལ་མ་མང་སྤྱི་སྙོམས་བསྟེན། །འཁོར་ལ་བསྟོད་ར་མ་མང་བློ་ཁོག་སྡོམས། །མྱུར་དུ་སྨད་ར་མ་མང་ཐབས་ཀྱིས་སྤོང༌། །སུ་ལ་ཁས་ལེན་མ་མང་ལག་ལེན་སྐྱོངས། །གང་ལའང་ཉེས་ཁ་མ་འདིངས་གྲོས་ཁ་སྐྱེད། །ཉེས་ན་འགྱོད་ཐལ་མ་བྱེད་ཕྱིས་འབྱུང་སྡོམ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང༌། །སྡུག་ཁ་དགྲ་ཡི་གཡབ་མོ་ལེགས་པར་ཆོད། །བྱ་མང་བྱུར་གྱི་སྣ་འདྲེན་ལེགས་པར་ཆོད། །བློ་མང་འདུན་མའི་དཀྲུག་ཤིང་ལེགས་པར་ཆོད། །གཤིས་ངན་དགྲ་བོའི་ཚོགས་པ་ལེགས་པར་ཆོད། །རྣམ་རྟོག་སྡུག་འདྲེའི་ཕོ་ཁྲོམ་ལེགས་པར་ཆོད། །འཁོར་ངན་གཏམ་གྱི་གཞི་མ་ལེགས་པར་ཆོད། །གྲོགས་ངན་འགྱོད་པའི་རྩ་བ་ལེགས་པར་ཆོད། །ཡུལ་ངན་སྡུག་གི་འཁོར་བ་

p. 73

ལེགས་པར་ཆོད། །མི་ཆོས་རྐང་པའི་ཐི་གུ་ལེགས་པར་ཆོད། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང༌། །དུས་ངན་སྙིགས་མ་ལྔ་རུ་བདོ་བའི་དུས། །ཆོས་པ་ཡོངས་ཀྱི་བགེགས་འདྲེ་ཆགས་སྡང་གནོད། །གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བར་མཛོད། །ཇི་ལྟར་བགྱིས་ཀྱང་དམན་ཆ་བླང་བར་འཚལ། །ཐག་རིང་བལ་པོའི་ཐང་ནི་ཚད་པ་ཆེ། །ཁ་སྐོམ་བཏུང་བའི་ཚོགས་ལ་གཟབ་པར་འཚལ། །ལ་སྟོད་ལྷོ་ཡི་ཕྱོགས་ནི་དགྲ་འཇིགས་ཆེ། །ཞེ་སྡང་ངན་སྔགས་ཚོགས་ལ་གཟབ་པར་འཚལ། །ཉང་ཤབ་བྱང་གི་ཕྱོགས་ནི་སྨྲ་མཆུ་མང༌། །ལོང་གཏམ་ཚིག་གི་ཚོགས་ལ་གཟབ་པར་འཚལ། །པུར་རྒྱལ་བོད་ཀྱི་ཡུལ་ནི་ཁྲེལ་གཞུང་ངན། །ཡིད་འབྱུང་ཁོང་ཁྲོའི་ཚོགས་ལ་གཟབ་པར་འཚལ། །དེང་དུས་སྐྱེ་བོའི་ཚོགས་ནི་གསར་འགྲོགས་ཆེ། །བསླུ་བྲིད་འཁོར་གྱི་ཚོགས་ལ་གཟབ་པར་འཚལ། །སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང༌། །ཡི་དམ་ལྷ་ལ་རེ་ལྟོས་མ་ཤོར་བར། །དུས་ངན་མི་ལ་རེ་ལྟོས་ཆུང་བར་མཛོད། །འགྲོགས་པའི་མི་ལ་ཁྲེལ་གཞུང་མ་ཆུང་བར། །ལེགས་ཉེས་གང་ལ་བཤད་གཞུང་ཉུང་བར་མཛོད། །དཀར་པོའི་ཆོས་ལ་ཕྱི་བཤོལ་མ་འདིངས་པར། །དམ་པའི་ཆོས་ལ་སྦྱོར་བ་ཐོབ་པར་མཛོད། །འདུན་མ་ཡོངས་ལ་སྐྱིད་འདོད་མ་ཆེ་བར། །བླ་མའི་ཕྱོགས་སུ་སྒོ་གསུམ་གུས་པར་མཛོད། །མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར། །དམའ་བ་རལ་གྲིའི་སོ་བཞིན་ཀུན་ནས་སྐྱོང་། །མཉམ་པ་རྨོས་དོར་བཞིན་དུ་དགའ་བར་འགྲོགས། །བྱ་བ་གང་ལའང་རང་འདོད་ཆུང་བར་མཛོད། །འདུན་མ་ཡོངས་ལ་སྤྱི་སྙོམས་ཆེ་བར་མཛོད། །འདི་ལྟར་ཁྱོད་ལ་བསླབ་བྱ་གདམས་པ་འདི། །བྱིའུ་སྒོ་ངའི་འདུ་ཤེས་མ་ཤོར་བར། །ལེགས་བཤད་འདི་དག་ལཉྩའི་ཡི་གེར་བཀོད། །དབེན་པའི་གནས་སུ་ལྟད་མོ་ཆེ་བར་ལྟོས། །ཡུན་དུ་བསྲིངས་ན་
ཤིན་ཏུ་འཕྲོད་པར་གདའ། །འདི་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །ཕྲིན་ལས་མཉམ་དུ་འགྲོ་བ་འདྲེན་བྱེད་ཅིང། །ཀུན་ཏུ་བཟང་པོའི་སྨོན་ལམ་ཇི་ལྟ་བ། །དགའ་བའི་སྨོན་ལམ་གཅིག་ཏུ་གདབ་པར་བགྱི། །ཞེས་པ་འདི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ནག་ཚོ་ལོ་ཙཱ་བ་ལ་བྱོན་སྐྱེལ་གྱི་འགྲོ་ཆོས་སུ་གདམས་པའོ།། །།

བློ་སྦྱོང་ཚིགས་རྐང་བརྒྱད་མ།

p. 74

༄༅། །བློ་སྦྱོང་ཚིགས་རྐང་བརྒྱད་མ་བཞུགས་སོ། །
༄༅། །སེམས་ཅན་ཐམས་ཅད་དྲིན་ཆེར་བསླབ། །ཁྱད་པར་རང་གཞན་དམན་དང་གུས། །རང་རྒྱུད་བརྟག་ལ་ཉོན་མོངས་བཟློག །རྒུད་ནས་སྡིག་སྡུག་རྙེད་དཀའ་གཅེས། །དག་ཚངས་མི་བྱ་གྱོང་ཁ་བླང་། །ཕན་ལས་གནོད་བྱེད་དྲིན་ཅན་ཤེས། །ཕན་བདེ་དབུལ་ཞིང་སྡུག་བསྔལ་བླང་། །མ་འདྲེས་སྒྱུ་མའི་ཞེན་པ་སྤངས། །གསོལ་བ་དང་ནི་སྨོན་ལམ་གདབ། །ཅེས་སོ། །

བློ་སྦྱོང་ཚིགས་བཅད་བརྒྱད་མ།

p. 75

༄༅། །བློ་སྦྱོང་ཚིགས་བཅད་བརྒྱད་མ་བཞུགས་སོ། །
༄༅། །བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་བསྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་ལྟ་ཞིང་། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག །རང་བཞིན་ངན་པའི་སེམས་ཅན་ནི། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བའི་གཅེས་འཛིན་ཤོག །བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་སྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང་། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །གང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་ནའང་། །བཤེས་གཉེན་དམ་པར་བལྟ་བར་ཤོག །མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང་། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་པའི་འཆིང་བ་ལས་གྲོལ་ཤོག །ཅེས་བློ་སྦྱོང་ཚིགས་བཅད་བརྒྱད་མར་གྲགས་པའི་གདམས་པ་འདི་ནི་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་དགེ་བཤེས་ཆེན་པོ་གླང་རི་ཐང་པས་མཛད་པའོ། །སརྦ་མངྒ་ལཾ་དགེའོ།། །།

ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་རྩ་བ།

p. 76

༄༅། །ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་རྩ་བ་བཞུགས་སོ། །
༄༅། །ཐོག་མར་སྔོན་འགྲོ་དག་ལ་བསླབ། །རྟོག་ལ་དབུགས་ནི་བགྲང་བ་དང་། །ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ངོ་བོ་ཀུན་གཞིིའི་ངང་ལ་བཞག །ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །དང་པོ་བྱམས་བརྗེ་ལེགས་པར་བསྒོམ། །གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་ཉིད་རླུང་ལ་བསྐྱོན་ཏེ་བྱ། །ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །དེ་ལ་དྲན་པ་བསྐུལ་བའི་ཕྱིར། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང་། །ལེན་པའི་གོ་རིམ་རང་ནས་བརྩམ། །སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །འཁྲུལ་སྣང་སྐུ་བཞིར་ལྟ་བ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། །མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཆོས་ཀུན་དགོས་པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱིས་གཙོ་བོར་བཟུང་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སར་བཞག །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཉོན་མོངས་གང་

p. 77

ཆེ་སྔོན་ལ་སྦྱང་། །འབྲས་བུར་རེ་བ་ཐམས་ཅད་སྤང་། །དུག་ཅན་གྱི་ཟས་སྤང་། གཞུང་བཟང་པོ་མ་བསྟེན། ཤག་ངན་མ་རྒོད། འཕྲང་མ་སྒུག །གནད་ལ་མི་དབབ། མཛོ་ཁལ་གླང་ལ་མ་འབྱོ། མགྱོགས་ཀྱི་རྩེ་མ་གཏོད། ལྟོ་ལོག་མི་བྱ། ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །གཉིས་པོ་གང་བྱུང་བཟོད་པར་བྱ། །གཉིས་པོ་སྲོག་དང་བསྡོས་ལ་བསྲུང་། །དཀའ་བ་གསུམ་ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བོ་ཉམས་སུ་བླང་། །གོ་ལོག་མི་བྱ། རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང་། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། ཡུས་མ་བསྒོམ། ཀོ་ལོང་མ་སྡོམ། ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། རང་གི་མོས་པ་མང་བའི་རྒྱུས། སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་དགེ་བའི་བཤེས་གཉེན་ཆེན་པོ་བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།

དགེ་བཤེས་ཁ་རག་སྒོམ་ཆུང་གི་ཞལ་གདམས།

p. 78

༄༅། །དགེ་བཤེས་ཁ་རག་སྒོམ་ཆུང་གི་ཞལ་གདམས་བཞུགས་སོ། །
༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་གསུམ་ཚན་དྲུག་དང་། བཞི་ཚན་དྲུག་དང་། ལྔ་ཚན་བརྒྱད་དང་། དྲུག་ཚན་ལྔ་དང་། བདུན་ཚན་དུ་བསྡུ་ནས་སྟོན་ནོ། །གསུམ་ཚན་དང་པོ་དགོས་གསུམ་ནི། དང་པོ་འཆི་བས་འཇིགས་པ་ཞིག་དགོས། བར་དུ་ཤི་ཡང་མི་འགྱོད་པ་ཞིག་དགོས། ཐ་མ་ཤི་བས་མི་འཇིགས་པ་ཞིག་དགོས་སོ། ། ༢ ཆོས་གསུམ་སྤང་བ་ལ། སྐྱེས་པའི་ཡུལ་སྤང་། ཁྱིམ་དང་ཐབ་སྤང་། ལས་དང་བྱ་བ་སྤང་ངོ་། ། ༣ དང་དུ་བླང་བ་རྣམ་པ་གསུམ་ལ། བླ་མ་དང་དུ་བླངས་ན་གདམས་ངག་འབྱུང་། སྒོམ་པ་དང་དུ་བླངས་ན་ཉམས་སྐྱེ། ཏིང་ངེ་འཛིན་དང་དུ་བླངས་ན་རྟོགས་པ་འཕེལ་ལོ། ། ༤ ད་ནོར་བ་གསུམ་དུ་མི་བཏང་བ་ལ། ཆོས་པ་དང་འཆོས་པ་ནོར་ར་རེ། ལྟ་བ་དང་སྨྲ་བ་ནོར་ར་རེ། སྒོམ་པ་དང་དགོངས་པ་ནོར་ར་རེ། ༥ སྒོམ་ཐབས་གསུམ་ལ། དང་པོ་བརྡ་བསྒོམ། བར་དུ་བརྡ་དོན་བསྲེས་ལ་བསྒོམ། ཐ་མར་སེམས་ཀྱི་དོན་བསྒོམ་མོ། །༦ དོགས་པ་མི་བྱ་བ་གསུམ་ལ། རྒས་ཁར་ལྟོགས་ཀྱི་དོགས་པ་མི་བྱ། རྒྱབ་བརྟེན་དང་བྲལ་གྱི་དོགས་པ་མི་བྱ། རྒྱལ་ཁམས་ཀྱིས་འཕྱ་ཡི་དོགས་པ་མི་བྱའོ། ། ༈ བཞི་ཚན་དྲུག་ལ། ༡ མཆོག་བཞི་ནི། དྲན་པའི་ཐག་པ་མ་ཆད་ན་སྒོམ་པའི་མཆོག །འཁོར་བ་མི་རྟག་པར་ཤེས་ན་འདུ་ཤེས་ཀྱི་མཆོག །ལུས་ངག་ཐུབ་པ་སྡོམ་པའི་མཆོག །དགེ་སྦྱོར་འཕེལ་བ་བསྟེན་པའི་མཆོག་གོ ། ༢ མིན་པ་བཞི་ལ། སྡིག་ལ་མི་འཛེམ་ན་ཆོས་པ་མིན། འདུལ་ཁྲིམས་མེད་ན་བཙུན་པ་མིན། དམ་ཚིག་མེད་ན་

p. 79

སྔགས་པ་མིན། འཛིན་པ་མི་གཏོང་ན་དམ་པ་མིན་ནོ། ། ༣ རྩ་བ་བཞི་ལ། ཆང་བུད་མེད་ལ་དགའ་ན་ཉེས་པའི་རྩ་བ། ལས་དང་བྱ་བ་ལ་དགའ་ན་གཡེང་བའི་རྩ་བ། ནོར་རྫས་ལ་འཛིན་པ་ཆེ་ན་འཆིང་བའི་རྩ་བ། ཁ་དྲག་ལ་འབྱོར་ལྕོགས་ཆེ་ན་སྡིག་པའི་རྩ་བའོ། ། ༤ གོལ་ས་བཞི་ལ། གཟུང་འཛིན་མ་སྤངས་ན་ཁ་ལྟ་ཡིན་པས་གོལ། ཉོན་མོངས་མ་སྤངས་ན་མིང་གི་སྒོམ་ཆེན་ཡིན་པས་གོལ། ཕྱོགས་རིས་མ་སྤངས་ན་སྤྱོད་པ་ཚུལ་འཆོས་ཡིན་པས་གོལ། བྱ་བ་མ་ཐོངས་ན་སྐྱེ་བོ་ཐ་མལ་ཡིན་པས་གོལ་ལོ། ། ༥ འདྲ་བ་བཞི་ལ། གཞན་ལ་ཆོས་འཆད་ཅིང་རང་མི་སྤྱོད་ན་མི་ནག་གྲོ་སྲུང་འཆད་པ་དང་འདྲ། སྔགས་ནོར་དུ་འཚོང་བ་ནི་སྨན་དུག་ཏུ་བརྗེ་བ་དང་འདྲ། གདམས་ངག་ཆེ་ལ་རྒྱུད་མ་ཐུལ་བ་ནི་རིན་པོ་ཆེ་ཐོགས་ནས་སྤྲང་པ་འདྲ། མི་ཆོས་བཏང་ནས་ཁྱིམ་ལ་འཐོགས་ན་འདམ་ནས་ཐར་ནས་རྒྱ་རུ་ཚུད་པ་འདྲའོ། ། ༦ དགོས་པ་བཞི་ལ། དགེ་བའི་བཤེས་གཉེན་སྡིག་པའི་གྲོགས་པོར་མ་སོང་བ་ཞིག་དགོས། ཡི་དམ་གྱི་ལྷ་བདུད་དུ་མ་སོང་བ་ཞིག་དགོས། སྟོང་ཉིད་བསྒོམ་པ་ཉོན་མོངས་པའི་གཉེན་པོར་སོང་བ་ཞིག་དགོས་སོ། ། ༈ ལྔ་ཚན་བརྒྱད་ལ། ༡ འཕྲང་ལྔ་ལ། ཐོན་པར་དཀའ་བ་འཁོར་བའི་འཕྲང་། ཆོས་ལས་འཁྱོགས་པ་འདུ་ཤེས་ཀྱི་འཕྲང་། རང་གཅིག་པུར་སྡོད་པ་བདུད་ཀྱི་འཕྲང་། གདམས་པས་ངོམས་པ་ཐོས་པའི་འཕྲང་། སྤྱོད་པ་ཐོ་ཅོ་བགེགས་ཀྱི་འཕྲང་ངོ། ། ༢ ལོག་པ་ལྔ་ལ། གང་སུ་ལས་ཀྱང་ལྷག་པར་བྱ་བའི་ཕྱིར་ཐོས་པ་བྱེད་པ་ལོག །རྙེད་པ་དང་གྲགས་པའི་ཕྱིར་གཞན་ལ་ཆོས་འཆད་པ་ལོག །སྒོམ་གྱི་གདམས་པ་མེད་པར་བསམ་གཏན་ལ་སྙོམས་པར་འཇུག་པ་ལོག །རྙེད་བཀུར་འོང་ལ་རེ་ནས་ཚུལ་ཁྲིམས་བསྲུང་བ་ལོག །ཐམས་ཅད་དབང་དུ་བསྡུ་བའི་སྦྱིན་པ་གཏོང་བ་ལོག་གོ ། ༣ འཆོར་བ་ལྔ་ལ། ཤེས་རབ་ཆེ་

p. 80

ཞིང་མང་དུ་ཐོས་ལ་ངོ་སོ་མཐོ་ན་འཆད་ཁ་སྟོན་པར་འཆོར་ཏེ་བསྒོམ་མི་ཁོམ། བློ་རྣོ་ཞིང་ནོར་དད་ཆེ་ན་ཆོ་ག་མཁན་ནམ་ཚོང་དཔོན་དུ་འཆོར། མཐུ་ཆེ་ཞིང་རྩལ་དྲག་ན་ཁ་བསྲུངས་དང་སྐྱེལ་མར་འཆོར། སྨྲ་མཁས་ཤིང་སྦྱོར་བ་བཟོ་ན་གཙོ་བོ་དང་གཡེང་བ་ལ་འཆོར། མི་ཤེས་ལ་ནན་ཏན་ཆུང་ན་ཐ་མལ་གྱི་སྤྱོད་པར་འཆོར་ཏེ་བསྒོམ་མི་ཁོམ་མོ། ། ༤ གཙོ་བོ་ལྔ་ལ། ལྟ་བའི་གཙོ་བོ་ལས་རྒྱུ་འབྲས་ལ་ཡིད་ཆེས་པ། དགེ་སྦྱོར་གྱི་གཙོ་བོ་སེམས་ཅན་ལ་མི་གནོད་པ། སྒྲུབ་པའི་གཙོ་བོ་སྲུང་སྡོམ་མ་ཉམས་པ། དམ་བཅའི་གཙོ་བོ་ཚུགས་ཐུབ་པ། སྤྱོད་པའི་གཙོ་བོ་བསྙེན་སྒྲུབ་པའོ། ། ༥ རང་རྐྱ་ཐུབ་པ་ལྔ་ལ། གདམས་ངག་ལ་རང་བྱན་ཆུབ་པས་རང་རྐྱ་ཐུབ་པ། གཉེན་པོས་རྐྱེན་ཐུབ་པ། དད་པས་ཁམས་སོས་པ། ཚུལ་ཁྲིམས་ངོ་ལྐོག་མེད་པ། བར་ཆད་ཀྱི་གནོད་པ་ཕྲ་མོ་སེལ་ནུས་པའོ། ། ༦ ཡིན་པ་ལྔ་ལ། འདོད་པ་དང་བྲལ་ན་བདེ་བ་ཡིན། དམིགས་པ་དང་བྲལ་ན་སྟོང་པ་ཡིན། བཞག་པ་དང་བྲལ་ན་མི་རྟོག་པ་ཡིན། རྩོལ་བ་དང་བྲལ་ན་ཆོས་ཉིད་ཡིན། འདོད་པ་ཐག་ཆོད་ན་འབྲས་བུ་ཡིན་ནོ། ། ༧ རྗེ་ལྷ་གཅིག་གི་དྲིས་ལན་ལྔ་ལ། ལྟ་བ་རྟོགས་ན་བསྒོམ་དགོས་སམ་མི་དགོས། སངས་རྒྱས་བྱ་བ་ལ་ཐབས་ཤེས་རབ་འབྲེལ་དགོས་སམ་མི་དགོས། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སོ་སོ་ཐར་པའི་སྡོམ་པ་རྟེན་དུ་དགོས་སམ་མི་དགོས། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་ཚངས་པར་སྤྱོད་པའི་དགེ་བསྙེན་ཡན་ཆད་ཀྱིས་གནང་ངམ་མི་གནང་དང་ལྔའོ། ། ༨ མི་ཟས་མི་འཇུ་བའི་ཚད་ལྔ་ལ། བཙན་དུག་ལ་ལོངས་སྤྱོད་པ་དང་། མ་གནང་བ་ལ་ལོངས་སྤྱོད་པ་དང་། འདག་མེ་ལ་ལོངས་སྤྱོད་པ་དང་། བུ་ལོན་ལ་ལོངས་སྤྱོད་པ་དང་། མེ་ལྕེ་འབར་བ་ལ་ལོངས་སྤྱོད་པ་དང་ལྔའོ། ། ༈ དྲུག་ཚན་ལྔ་ལས། ༡ གླེན་པ་དྲུག་ནི། སྡུག་བསྔལ་གྱི་རྩ་བར་གྱུར་པའི་འཁོར་

p. 81

འདབ་ལ་དགའ་ཞིང་བརྩེ་གདུང་བྱེད་པ་འདི་ཡང་གླེན། ཕུང་པོ་མི་རྟག་བརྙན་པོ་ལྟ་བུ་ལ་ལྷག་པར་བཀུར་སྟི་བྱེད་པ་འདི་ཡང་གླེན། དབུལ་ཡང་ལྷག་མ་ལུས་པའི་ནོར་རྫས་ལ་སྡིག་དང་བསྡོས་ནས་གསོག་པ་འདི་ཡང་གླེན། སྡུག་བསྔལ་ཆེན་པོ་ནམ་འོང་ཆ་མེད་པར་ཚེ་འདི་འབའ་ཞིག་གི་ཞལ་ཏ་བྱེད་པ་འདི་ཡང་གླེན། ད་ལྟའི་སྡུག་བསྔལ་ཕྲན་ཚེགས་མི་བཟོད་པར་ཤི་ནས་ངན་སོང་དུ་སྡུག་བསྔལ་བཟོད་དུ་རེ་བ་འདི་ཡང་གླེན། ཟབ་ལ་རྒྱ་ཆེ་བའི་ཆོས་ལ་མི་སྤྱོད་པར་རང་གིས་རང་སྡུག་ཤོམ་པ་འདི་ཡང་གླན་ནོ། ། ༢ མི་རིགས་པ་དྲུག་ལ། བཙུན་པོ་དང་རྟོགས་པ་ཅན་འདོད་ཀྱང་འཁོར་བ་ལས་བློ་མ་ལོག་པ་མི་རིགས། དགེ་སློང་བསྟན་པ་ལ་མ་ཞུགས་པ་འདི་ཡང་མི་རིགས། ཤེས་རབ་ཅན་ཆོས་མ་གོ་བ་འདི་ཡང་མི་རིགས། པཎྚི་ཏ་ལས་རྒྱུ་འབྲས་ལ་མི་འཛེམ་པ་འདི་ཡང་མི་རིགས། དད་པ་ཅན་སྡིག་ལ་འབད་པ་འདི་ཡང་མི་རིགས། དགེ་བ་ཅན་ངན་སོང་དམྱལ་བར་འགྲོ་བ་འདི་ཡང་མི་རིགས་སོ། ། ༣ འཁྲུལ་བའི་དྲུག་ལ། ལེགས་པར་གདམས་ངག་མི་ཚོལ་བར་དོན་མེད་ཐ་སྙད་སློབ་པ་འདི་ཡང་འཁྲུལ། རི་ཁྲོད་དགོན་པར་མི་འགྲིམས་པར་འཁོར་བའི་མུན་ཁང་བརྩིགས་པ་འདི་ཡང་འཁྲུལ། གཅིག་པུར་དོན་ཉིད་མི་སེམས་པར་འཁོར་མང་ནང་དུ་ཆོས་བཤད་འཁྲུལ། བདག་མེད་བསམ་གཏན་མི་བསྒོམས་པར་ལོངས་སྤྱོད་འདུ་འཛི་བྱེད་པ་འཁྲུལ། སྦྱིན་པ་ཆགས་མེད་མི་གཏོང་བར་སེར་སྣས་ཟས་ནོར་གསོག་པ་འཁྲུལ། དགེ་ཆོས་ཚུལ་བཞིན་མི་སྤྱོད་པར་མི་ཆོས་སེམས་འཛིན་བྱེད་པ་འཁྲུལ་ལོ། ། ༤ ངོ་ཚ་བ་དྲུག་ལ། དམ་ཆོས་ཉི་མ་ཤར་བ་ལྟ་བུའི་སྒོར་ཞུགས་ནས་མངོན་སྤྱོད་ངན་པ་བྱེད་པ་འདི་ཡང་ངོ་རེ་ཚ། འཇིག་རྟེན་མགོན་པོའི་སྤྱན་སྔར་ཁས་བླངས་ནས་སྤྱོད་པ་བབ་ཅོལ་བྱེད་པ་ངོ་རེ་ཚ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་

p. 82

གཞན་ལ་སྐུར་བ་འདེབས་པ་འདི་ཡང་ངོ་རེ་ཚ། ཕུང་པོ་མི་གཙང་རྒྱན་གྱིས་བརྒྱན་པ་ལ་ཤིན་ཏུ་ཕྱི་བདར་བྱེད་པ་འདི་ཡང་ངོ་རེ་ཚ། ཐེག་པ་ཆེན་པོ་ཡིན་ཞེས་ཁས་བླངས་ནས་ཤེས་རབ་སྙིང་རྗེ་བྲལ་བ་འདི་ཡང་ངོ་རེ་ཚ། གསང་སྔགས་ཟབ་མོའི་སྒོར་ཞུགས་ནས་དམ་ཚིག་མི་བསྲུང་ལེ་ལོ་བྱེད་པ་འདི་ཡང་ངོ་རེ་ཚའོ། ། ༤ ངོ་ཤེས་པ་དྲུག་ལ། བླ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བྱེད་པ་པོར་ངོ་ཤེས་པ། དམ་ཚིག་ས་གཞི་ལྟ་བུར་ངོ་ཤེས་པ། རང་ལུས་ལྷའི་དཀྱིལ་འཁོར་དུ་ངོ་ཤེས་པ། སེམས་ཅན་སངས་རྒྱས་སུ་ངོ་ཤེས་པ། སྣང་སྲིད་སྒྱུ་མ་རྨི་ལམ་ལྟ་བུར་ངོ་ཤེས་པའོ། ། ༥ ཡང་དག་པའི་གདམས་ངག་དྲུག་ལ། དུག་ལྔའི་དགྲ་ནང་ནས་ཞིའམ་མ་ཞི་བལྟ། འཁོར་བའི་ནང་དང་བྲལ་ལམ་མ་བྲལ་བལྟ། བདུད་བཞིའི་དམག་དཔུང་ཆོམས་སམ་མ་ཆོམས་བལྟ། མཉམ་རྗེས་མཉམ་མམ་མ་མཉམ་བལྟ། མངོན་དུ་རྒྱུ་ལ་གནས་སམ་མི་གནས་བལྟ། གཉུག་མའི་ལམ་དང་འཕྲད་དང་མ་འཕྲད་བལྟའོ། ། ༈ བདུན་ཚན་གཅིག་ལ། ཕན་མེད་བདུན་ནི། སྐྱབས་འགྲོ་ནས་སྔགས་ཀྱི་བར་དུ་སྡོམ་པ་ཐམས་ཅད་བླངས་ཀྱང་འཇིག་རྟེན་པའི་ཆོས་ལས་བློ་མ་ལོག་ན་ཕན་མེད། དུས་རྒྱུན་དུ་གཞན་ལ་ཆོས་འཆད་ཀྱང་རང་གི་ང་རྒྱལ་མ་ཞི་ན་ཕན་མེད། ཡར་སྐྱེད་སྟོན་ཀྱང་སྐྱབས་འགྲོའི་ཆོས་གཞུག་ཤོར་ན་ཕན་མེད། ཉིན་མཚན་མེད་པར་དགེ་སྦྱོར་ལ་འབད་ཀྱང་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཕན་མེད། ཀུན་བརྟགས་གཞན་དབང་ལ་སོགས་པ་གཏན་ལ་ཕེབས་ཀྱང་སྒྱུ་མ་ལྟ་བུར་མ་ཤེས་ན་ཕན་མེད། སྡེ་སྣོད་གསུམ་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ཕན་མེད། སྟོང་པ་ཉིད་བསྒོམས་ཀྱང་ཉོན་མོངས་པའི་གཉེན་པོར་མ་སོང་ན་ཕན་མེད་དོ། །ཁ་རག་སྒོམ་ཆུང་གི་གདམས་པ་དགེ་བཤེས་ལྷོ་པས་ཡི་གེར་བཀོད་པ་རྫོགས་སོ།། །།

།དགེ་བའི་བཤེས་གཉེན་སྤྱན་སྔ་བའི་གསུང་ལས་བཏུས་པ།

p. 83

༄༅། །དགེ་བའི་བཤེས་གཉེན་སྤྱན་སྔ་བའི་གསུང་ལས་བཏུས་པ།
༄༅། །བཀའ་དྲིན་མཉམ་མེད་ཤཱཀྱའི་རྒྱལ་པོ་ཡིས། །སྙིགས་དུས་མ་རུང་གདུལ་བྱ་འདུལ་བའི་ཕྱིར། །ཐ་མལ་སྐུ་སྤྲུལ་ཕན་བདེའི་ལམ་སྟོན་པའི། །དྲིན་ཅན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །ད་ལྟ་རང་ལ་བླ་མ་མང་ཡོད་ཀྱང་། །ཉེ་རིང་མེད་པའི་མོས་གུས་མི་བྱེད་པར། །བླ་མ་གཅིག་ལ་གཙོ་བོར་ཞེན་པ་དེ། །ཕོ་རུས་ཞེས་བྱ་ཉོན་མོངས་འདོད་ཆགས་ཡིན། །དེ་ལ་མོས་གུས་མི་ཟེར་ཤཱཀྱའི་སྲས། །ཚིགས་བཅད་གཅིག་ཙམ་ཞིག་ལས་མ་ཉན་ནའང་། །དེ་ཡི་བཀའ་དྲིན་དེ་ལ་འཁོར་ཐབས་མེད། །དེ་ལས་མང་པོ་ཉན་པ་ལྟ་ཅི་སྨོས། །བཀའ་དྲིན་མེད་ཅེས་མ་སྨྲ་ཤཱཀྱའི་སྲས། །སངས་རྒྱས་བླ་མར་རག་ལས་ལྟ་ཅི་སྨོས། །ད་ལྟ་ཉིན་རེའི་གྲོགས་ལའང་དྲིན་ཆེ་ཟེར། །བླ་མའི་དྲིན་ལས་ཕན་བདེ་ཀུན་འབྱུང་ན། །སྐུ་དྲིན་འཁོར་ཐབས་འདུག་གམ་ཤཱཀྱའི་སྲས། །རང་རེ་ལས་ངན་སྒྲིབ་པ་ཆེ་ཚོད་ལ། །བླ་མ་མི་རུ་མཐོང་བའང་དགའ་ཚད་ཡིན། །ཁྱི་དང་བོང་བུར་མ་མཐོང་བསོད་ནམས་ཆེ། །མོས་གུས་སྙིང་ནས་བསྐྱེད་ཅིག་ཤཱཀྱའི་སྲས། །མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་། །ལོག་ལྟ་ཅན་གྱིས་སངས་རྒྱས་ཟོག་པོར་མཐོང་། །དད་ལྡན་མི་ཡིས་ཐམས་ཅད་སངས་རྒྱས་མཐོང་། །དེ་ལ་གདམས་ངག་གྱིས་ཤིག་ཤཱཀྱའི་སྲས། །བླ་མ་མཆོད་ཚེ་སངས་རྒྱས་ཀུན་བྱོན་ནས། །མཆོད་པ་བཞེས་ནས་སློབ་མར་བྱིན་གྱིས་རློབས། །སངས་རྒྱས་མཆོད་ཀྱང་དེ་ལྟར་ཡོང་ངེས་མེད། །
མཆོད་ཡུལ་བླ་མ་བཟང་ངོ་ཤཱཀྱའི་སྲས། །ཆོས་ལ་སྙད་བཏགས་ཆོས་མིན་འབའ་ཞིག་བྱེད། །གཞན་དོན་སྙད་བཏགས་རང་དོན་མཁར་ཁང་སྒྲུབ། །རང་གི་འདོད་པ་ཁོ་ན་དོན་གཉེར་ཞིང་། །སློབ་མ་རྣམས་ཀྱང་བླ་མའི་རྣམ་ཐར་སྐྱོང་། །མནར་མེད་དམྱལ་བ་མདུན་ན་འདུག་བཞིན་དུ། །བ་སྤུ་གཡོ་འགུལ་སྐད་ཅིག་མི་འབྱུང་བར། །ཚེ་འདིར་བདེ་བ་སྒྲུབ་ལ་རིང་བ་འདི། །རང་ཉིད་མཁས་པར་འདུག་གམ་ཤཱཀྱའི་སྲས། །དབེན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །ཡུལ་ངན་མེད་པས་ཉེས་སྐྱོན་རང་ཤུགས་འགགས། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །སོ་སོའི་སྐྱེ་བོས་དབེན་པ་མ་བསྟེན་ན། །གང་ཟག་རབ་ཀྱིས་དབེན་པ་བསྟེན་མི་དགོས། །རྒྱལ་བ་རྣམས་ཀྱིས་དབེན་པར་བསྔགས་པ་དེ། །སུ་ལ་དགོངས་སམ་སོམས་ཤིག་ཤཱཀྱའི་སྲས། །ཞེས་པ་འདི་ནི་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས་སྦྱར་བའོ།། །།

དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་གྱི་སྡོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ།

p. 84

༄༅། །དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་གྱི་སྡོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བཞུགས་སོ། །
༄༅། །རྒྱལ་དང་དེ་སྲས་རྣམས་དང་དམ་པའི་ཆོས་རྣམས་དང་། །དེའི་ཡང་རྩ་བར་གྱུར་པ་བླ་མ་ལ་བཏུད་ནས། །ཡིད་བཞིན་ནོར་བུ་ལྟ་བུའི་དམ་ཆོས་རིན་ཆེན་འདི། །མི་ལ་རྗེ་ཡི་དྲིན་ལ་བརྟེན་ནས་རང་གཞན་དོན་དུ་བྲི། ། ༈ རྒྱུ་དང་རྟེན་དང་རྐྱེན་དང་ནི། །ཐབས་དང་

p. 85

འབྲས་བུ་ཕྲིན་ལས་ཏེ། །བླ་མེད་བྱང་ཆུབ་སྤྱི་སྡོམ་དྲུག །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། ། ༈ དེ་དག་རིམ་པར་བསྟན་པ་ནི། །རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །རྟེན་ནི་མི་ལུས་རིན་ཆེན་མཆོག །རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན། །ཐབས་ནི་དེ་ཡི་གདམས་ངག་སྟེ། །འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ། །ཕྲིན་ལས་རྟོག་མེད་འགྲོ་དོན་མཛད། ། ༈ རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །རིགས་ཆད་རིགས་དང་མ་ངེས་རིགས། །ཉན་ཐོས་རིགས་དང་རང་རྒྱལ་རིགས། །ཐེག་པ་ཆེན་པོའི་རིགས་ཅན་ཏེ། །ལྔས་ནི་སངས་རྒྱས་རིགས་ཅན་བསྡུས། ། ༧ དབྱེ་བ་ངོ་བོ་རྣམ་གྲངས་དང་། །གཞན་ལས་ཁྱད་འཕགས་རྒྱུ་མཚན་དང་། །རྣམ་པ་རྟགས་དང་དོན་དྲུག་གིས། །ཐེག་པ་ཆེན་པོའི་རིགས་བསྡུས་སོ། ། ༈ རྟེན་ནི་མི་ལུས་རིན་ཆེན་མཆོག །དལ་བ་དང་ནི་འབྱོར་བ་དང་། །ཡིད་ཆེས་འདོད་དང་དང་བ་སྟེ། །ལུས་ནི་གཉིས་དང་སེམས་ནི་གསུམ། །དོན་ལྔ་ཡིས་ནི་རྟེན་མཆོག་བསྡུས། ། ༈ རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན། །འཐད་པ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །བསྟེན་པའི་ཐབས་དང་ཕན་ཡོན་ཏེ། །ལྔ་ཡིས་བཤེས་གཉེན་བསྟེན་པ་བསྡུས། ། ༈ ཐབས་ནི་དེ་ཡི་གདམས་ངག་སྟེ། །མི་རྟག་བསྒོམ་དང་འཁོར་བ་ཡི། །ཉེས་དམིགས་ལས་འབྲས་བཅས་པ་དང་། །བྱམས་དང་སྙིང་རྗེ་བསྒོམ་པ་དང་། །བྱང་ཆུབ་སེམས་བསྐྱེད་ཆོས་རྣམས་ཏེ། །དེ་ལྟར་རྣམ་པ་བཞི་ཡིས་ནི། །དེ་ཡི་གདམས་ངག་ཐམས་ཅད་བསྡུས། །༧ དབྱེ་བ་དང་ནི་སྒོམ་ཐབས་དང་། །བསྒོམས་པ་ཡི་ནི་ཕན་ཡོན་ཏེ། །རྣམ་པ་གསུམ་པོ་དེ་དག་གིས། །མི་རྟག་བསྒོམ་པ་ཡོངས་སུ་བསྡུས། །༧ འདུ་བྱེད་ཀྱི་ནི་སྡུག་བསྔལ་དང། །དེ་བཞིན་འགྱུར་བའི་སྡུག་བསྔལ་དང་། །སྡུག་བསྔལ་གྱི་ནི་སྡུག་བསྔལ་ཏེ། །གསུམ་གྱིས་འཁོར་བའི་ཉེས་དམིགས་བསྡུས། །༧ དབྱེ་བ་དང་ནི་

p. 86

མཚན་ཉིད་དང་། །བདག་གིར་བྱ་དང་བགོ་སྐལ་སྤྱོད། །ཆུང་ལས་ཆེར་སྨིན་ཆུད་མི་ཟ། །དྲུག་པོ་དེས་ནི་ལས་འབྲས་བསྡུས། །༧ དབྱེ་བ་དམིགས་ཡུལ་རྣམ་པ་དང་། །སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ། །དེ་ལྟར་དྲུག་པོ་འདི་དག་གིས། །བྱམས་པ་ཚད་མེད་ཡོངས་སུ་བསྡུས། །༧ དབྱེ་བ་དམིགས་ཡུལ་རྣམ་པ་དང་། །སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ། །དེ་ལྟར་དྲུག་པོ་འདི་དག་གིས། །སྙིང་རྗེ་ཚད་མེད་ཡོངས་སུ་བསྡུས། །༧ རྟེན་དང་ངོ་བོ་དབྱེ་བ་དང་། །དམིགས་པ་རྒྱུ་དང་བླང་ཡུལ་དང་། །ཆོ་ག་ཕན་ཡོན་ཉེས་དམིགས་དང་། །འཆོར་རྒྱུ་བཅོས་ཐབས་བསླབ་བྱ་སྟེ། །བཅུ་དང་གཉིས་པོ་འདི་དག་གིས། །བྱང་ཆུབ་མཆོག་གི་སེམས་བསྐྱེད་བསྡུས། །༧ དབྱེ་བ་རྟེན་དང་ཡུལ་དང་དུས། །བསམ་པ་ཆོ་ག་བྱེད་པའི་ལས། །བསླབ་བྱ་དང་ནི་ཕན་ཡོན་ཏེ། །དོན་རྣམ་དགུ་ཡིས་སྐྱབས་འགྲོ་བསྡུས། །༧ སེམས་ཅན་བློས་མི་བཏང་བ་དང་། །སེམས་དེའི་ཕན་ཡོན་དྲན་བྱ་དང་། །ཚོགས་གཉིས་བསག་པར་བྱ་བ་དང་། །ཡང་ཡང་བྱང་སེམས་སྦྱང་བ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །༧ སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །དེ་ལྟར་རྣམ་པ་དྲུག་པོ་འདིས། །འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས། །༧ གྲངས་ངེས་གོ་རིམ་ངེས་པ་དང་། །མཚན་ཉིད་དང་ནི་ངེས་ཚིག་དང་། །རབ་ཏུ་དབྱེ་དང་བསྡུ་བ་སྟེ། །དྲུག་གིས་ཕ་རོལ་ཕྱིན་དྲུག་བསྡུས། །༧ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །སྦྱིན་པའི་ཕ་རོལ་ཕྱིན་བསྡུས་སོ། །༧ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །

p. 87

སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་བསྡུས་སོ། །༧ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །བཟོད་པའི་ཕ་རོལ་ཕྱིན་བསྡུས་སོ། །༧ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་བསྡུས་སོ། །༧ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །བསམ་གཏན་ཕ་རོལ་ཕྱིན་བསྡུས་སོ། །༧ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། །ངོ་བོ་དང་ནི་དབྱེ་བ་དང་། །ཕྱེ་བ་སོ་སོའི་མཚན་ཉིད་དང་། །ཤེས་དང་གོམས་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། །ཤེས་རབ་ཕ་རོལ་ཕྱིན་བསྡུས་སོ། །༧ ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་ལམ་དང་། །ཡོངས་སུ་མཐར་ཕྱིན་པ་ཡི་ལམ། །ལྔ་ཡིས་ལམ་རྣམས་ཡོངས་སུ་བསྡུས། །༧ ལས་དང་པོ་དང་མོས་སྤྱོད་དང་། །བྱང་ཆུབ་སེམས་དཔའི་ས་བཅུ་དང་། །སངས་རྒྱས་ས་སྟེ་དེ་ལྟར་ན། །བཅུ་དང་གསུམ་གྱིས་ས་རྣམས་བསྡུས། ། ༈ འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ། །རང་བཞིན་སྒྲ་དོན་དབྱེ་བ་དང་། །རྣམ་བཞག་གྲངས་ངེས་མཚན་ཉིད་དང་། །ཁྱད་པར་དང་ནི་དོན་བདུན་གྱིས། །རྫོགས་སངས་རྒྱས་ཀྱི་སྐུ་རྣམས་བསྡུས། ། ༈ ཕྲིན་ལས་རྟོག་མེད་འགྲོ་དོན་མཛད། །སྐུ་ནི་རྟོག་མེད་འགྲོ་དོན་མཛད། །དེ་བཞིན་གསུང་དང་ཐུགས་ཀྱང་ནི། །རྟོག་པ་མེད་པར་འགྲོ་དོན་མཛད། །གསུམ་གྱིས་སངས་རྒྱས་ཕྲིན་ལས་བསྡུས། །དམ་
ཆོས་ཡིད་བཞིན་ནོར་ལྟ་བུ། །རྟོག་མེད་འགྲོ་བའི་དོན་འབྱུང་བ། །ཁྱོད་ཉིད་བྲིས་པའི་བསོད་ནམས་ཀྱིས། །འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཤར་དྭགས་པོ་སྙི་སྒོམ་བསོད་ནམས་རིན་ཆེན་གྱིས་བྲིས་པ་རྫོགས་སོ།། །།

རྗེ་སྒམ་པོ་པའི་ཞལ་གདམས་ལམ་མཆོག་རིན་པོ་ཆེའི་ཕྲེང་བ།

p. 88

༄༅། །རྗེ་སྒམ་པོ་པའི་ཞལ་གདམས་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་རཏྣ་གུ་རུ། གང་ཞིག་འཁོར་བའི་རྒྱ་མཚོ་འཇིགས་སུ་རུང་ཞིང་བརྒལ་དཀའ་བ་ལས་སྒྲོལ་བར་མཛད་པའི་བཀའ་བརྒྱུད་རིན་པོ་ཆེའི་སྤྱོད་པ་རྣམ་པར་དག་པས་བརྒྱན་ཞིང་བྱིན་རླབས་ཀྱི་ཆུ་རྒྱུན་རྒྱ་མཚོ་ཆེན་པོའི་དབྱིངས་ལྟར་ཟད་མི་ཤེས་པ་སྨོན་ལམ་རྒྱ་ཆེ་ཞིང་ཡུན་རིང་བ་ལྷུན་གྱིས་གྲུབ་པའི་སྒྲུབ་བརྒྱུད་དྲི་མ་མེད་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ་ལོ། །བཀའ་བརྒྱུད་དེ་དག་ལས་བྱུང་བའི་གསུང་གི་རྒྱུན་ཡུན་རིང་པོར་ཡིད་ལ་བརྣག་པར་བྱས་ཏེ། དངོས་དང་བརྒྱུད་ཀྱིས་རང་ཉིད་ལ་ཡིད་གདུངས་པའི་སྐལ་ལྡན་རྣམས་ལ་ཤིན་ཏུ་གཅེས་པའི་གདམས་ངག་ལམ་མཆོག་ཏུ་གྱུར་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ཞིག་ཡི་གེའི་རིས་སུ་བཀོད་པར་བགྱིའོ། །དེ་ཡང་རྟེན་གྱི་གང་ཟག་ཐར་པ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པས། དང་པོར་ཕངས་པའི་ཆོས་བཅུ་རྗེས་སུ་དྲན་པར་བྱ་བ་ནི། རྙེད་པར་དཀའ་བའི་མི་ལུས་གཙང་མ་འདི། མི་དགེ་སྡིག་པའི་ལས་ལ་སྤྱད་དུ་ཕངས། ལྡན་པར་དཀའ་བའི་དལ་འབྱོར་མི་ལུས་

p. 89

གཙང་མ་འདི། ཆོས་མེད་ཐ་མལ་གྱི་ལུས་སུ་ཤི་རུ་ཕངས། སྙིགས་མའི་དུས་ཀྱི་མི་ཚེ་ཡུན་ཐུང་ཡུད་ཙམ་འདི། དོན་མེད་བྱ་བའི་ལས་ལ་ཟད་དུ་ཕངས། རང་སེམས་ཆོས་སྐུའི་རང་བཞིན་སྤྲོས་མེད་འདི། འཁྲུལ་པ་འཁོར་བའི་དམ་དུ་བྱིང་དུ་ཕངས། ལམ་སྣ་འདྲེན་པའི་བླ་མ་དམ་པ་དེ། བྱང་ཆུབ་མ་ཐོབ་བར་དུ་འབྲལ་དུ་ཕངས། ཐར་པའི་གྲུ་གཟིངས་སྡོམ་པ་དམ་ཚིག་དེ། ཉོན་མོངས་བག་མེད་རྐྱེན་དབང་གིས་བཤིག་ཏུ་ཕངས། བླ་མའི་དྲིན་གྱིས་རང་ལ་རྙེད་པའི་རྟོགས་པ་དེ། འདུ་བྱེད་ཚང་ཚིང་གི་གསེབ་ཏུ་སྟོར་དུ་ཕངས། གྲུབ་ཐོབ་རྣམས་ཀྱི་མན་ངག་ཟབ་མོ་དེ། མི་ནག་སྐལ་མེད་རྣམས་ལ་ཟོང་དུ་བཙོང་དུ་ཕངས། འགྲོ་བ་སེམས་ཅན་དྲིན་ཅན་ཕ་མ་རྣམས། སྡང་བའི་སེམས་ཀྱིས་སྤོང་ཞིང་འདོར་བ་ཕངས། གཞོན་པའི་ལང་ཚོ་དར་མའི་སྒོ་གསུམ་དེ། ཐ་མལ་བཏང་སྙོམས་ངང་དུ་བཞག་ཏུ་ཕངས། དེ་ནི་ཕངས་པའི་ཆོས་བཅུ་ཡིན་ནོ། །དགོས་པའི་ཆོས་བཅུ་ནི། རང་གི་ཕོ་ཚོད་ཟིན་པས་གྲོས་ཀྱི་གཞི་རྩ་མ་འཆུགས་པ་ཞིག་དགོས། དད་པ་དང་བརྩོན་འགྲུས་ཀྱིས་བླ་མ་དམ་པའི་བཀའ་བཞིན་སྒྲུབ་པ་ཞིག་དགོས། གང་ཟག་གི་སྐྱོན་ཡོན་ཤེས་པས་བླ་མའི་གདམ་ཁ་མ་ནོར་བ་ཞིག་དགོས། ཤེས་རབ་དང་དད་པ་ནན་ཏན་གྱིས་བླ་མ་དམ་པའི་ཐུགས་དགོངས་ལོན་པ་ཞིག་དགོས། དྲན་པ་དང་ཤེས་བཞིན་བག་ཡོད་དང་ལྡན་པས་སྒོ་གསུམ་ཉེས་སྐྱོན་གྱིས་མ་གོས་པ་ཞིག་དགོས། གོ་ཆ་དང་སྙིང་སྟོབས་ཀྱིས་ཡིད་དམ་བརྟན་ཞིང་ཚུགས་ཐུབ་པ་ཞིག་དགོས། ཆགས་མེད་ཞེན་མེད་ཀྱི་སྤྱོད་པས་སྣ་ཐག་མི་ལ་མ་ཤོར་བ་ཞིག་དགོས། སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པས་རྟག་ཏུ་ཚོགས་གཉིས་གསོག་པ་ལ་བརྩོན་པ་ཞིག་དགོས། བྱམས་པ་དང་སྙིང་རྗེས་དངོས་སམ་བརྒྱུད་ནས་སེམས་ཅན་གྱི་དོན་ལ་བློ་ཕྱོགས་པ་ཞིག་དགོས། ཤེས་རབ་དང་གོ་རྟོགས་

p. 90

ཀྱིས་ཆོས་ཐམས་ཅད་དངོས་པོ་དང་མཚན་མར་མ་ཤོར་བ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ། །བསྟེན་པར་བྱ་བའི་ཆོས་བཅུ་ནི། རྟོགས་པ་དང་ཐུགས་རྗེ་ལྡན་པའི་བླ་མ་དམ་པ་བསྟེན། དབེན་ཞིང་ཉམས་དགའ་ལ་བྱིན་ཆགས་པའི་དགོན་པ་བསྟེན། ལྟ་སྤྱོད་མཐུན་ཞིང་བློ་ཐུབ་པའི་གྲོགས་པོ་བསྟེན། འཚོ་བ་ཡོ་བྱད་ཀྱི་སྐྱོན་དྲན་ཞིང་ཚོད་ཟིན་པ་བསྟེན། གྲུབ་ཐོབ་བརྒྱུད་པའི་མན་ངག་ཕྱོགས་མེད་བསྟེན། རང་གཞན་ལ་ཕན་པའི་རྫས་སྨན་སྔགས་དང་རྟེན་འབྲེལ་ཟབ་མོ་བསྟེན། ཁམས་ལ་འཕྲོད་པའི་ཟས་དང་ཐབས་ལམ་བསྟེན། ཉམས་ལ་ཕན་པའི་ཆོས་དང་སྤྱོད་ལམ་བསྟེན། དད་གུས་སྐལ་བར་ལྡན་པའི་སློབ་མ་བསྟེན། སྤྱོད་ལམ་རྣམ་བཞིར་རྒྱུན་དུ་དྲན་པ་དང་ཤེས་བཞིན་བསྟེན། དེ་ནི་བསྟེན་པར་བྱ་བའི་ཆོས་བཅུའོ། །སྤང་བར་བྱ་བའི་ཆོས་བཅུ་ནི། ཅི་བྱེད་འཇིག་རྟེན་ཆོས་བརྒྱད་དང་འདྲེས་པའི་སློབ་དཔོན་སྤང༌། སེམས་དང་ཉམས་ལ་གནོད་པའི་འཁོར་འདབ་དང་གྲོགས་ངན་སྤང༌། གཡེང་བ་ཆེ་ཞིང་འཚེ་བ་མང་བའི་གནས་དང་དགོན་པ་སྤང༌། རྐུ་འཕྲོག་གཡོ་སྒྱུས་བསྒྲུབས་པའི་འཚོ་བ་སྤང༌། སེམས་དང་ཉམས་ལ་གནོད་པའི་ལས་དང་བྱ་བ་སྤང༌། ཁམས་ལ་གནོད་པའི་ཟས་དང་སྤྱོད་ལམ་སྤང༌། འདོད་འདུན་སེར་སྣས་བཅིངས་པའི་འཛིན་ཆགས་སྤང༌། ཕ་རོལ་མི་དད་པའི་རྒྱུ་བག་མེད་པའི་སྤྱོད་ལམ་སྤང༌། དོན་མེད་འགྲོ་འདུག་གི་ལས་དང་བྱ་བ་སྤང༌། རང་སྐྱོན་སྦས་ནས་གཞན་སྐྱོན་སྒྲོགས་པ་སྤང༌། དེ་ནི་སྤང་བར་བྱ་བའི་ཆོས་བཅུའོ། །མི་སྤང་བར་བྱ་བའི་ཆོས་བཅུ་ནི། སྣང་བ་སེམས་ཀྱི་རང་འོད་ཡིན་པས་མི་སྤང༌། རྣམ་རྟོག་ཆོས་ཉིད་ཀྱི་རོལ་པ་ཡིན་པས་མི་སྤང༌། ཉོན་མོངས་ཡེ་ཤེས་ཀྱི་གསལ་འདེབས་ཡིན་པས་མི་སྤང༌། འདོད་ཡོན་ཉམས་རྟོགས་ཀྱི་ཆུ་ལུད་ཡིན་པས་མི་སྤང༌། ན་ཚ་སྡུག་བསྔལ་དགེ་བའི་

p. 91

བཤེས་གཉེན་ཡིན་པས་མི་སྤང༌། དགྲ་བགེགས་ཆོས་ཉིད་ཀྱི་བསྐུལ་མ་ཡིན་པས་མི་སྤང༌། ཤུགས་ལ་བྱུང་ན་དངོས་གྲུབ་ཡིན་པས་མི་སྤང༌། ཐབས་ལམ་གང་ཡང་ཤེས་རབ་ཀྱི་ལམ་སྟེགས་ཡིན་པས་མི་སྤང༌། འགྲུབ་ཅིང་ལྕོགས་པའི་ལུས་ཀྱི་ཆོས་སྤྱོད་མི་སྤང༌། ནུས་པ་ཆུང་ཡང་གཞན་དོན་གྱི་བསམ་པ་མི་སྤང༌། དེ་ནི་མི་སྤང་བར་བྱ་བའི་ཆོས་བཅུ་ཡིན་ནོ། །ཤེས་པར་བྱ་བའི་ཆོས་བཅུ་ནི། ཕྱིའི་སྣང་བ་འཁྲུལ་པར་འདུག་པས་བདེན་མེད་དུ་ཤེས་པར་བྱ། ནང་གི་སེམས་ཉིད་བདག་མེད་དུ་འདུག་པས་སྟོང་པར་ཤེས་པར་བྱ། བར་གྱི་རྣམ་རྟོག་རྐྱེན་སྐྱེས་སུ་འདུག་པས་གློ་བུར་དུ་ཤེས་པར་བྱ། འབྱུང་བཞིའི་ལུས་ངག་འདུས་བྱས་སུ་འདུག་པས་མི་རྟག་པར་ཤེས་པར་བྱ། སེམས་ཅན་གྱི་བདེ་སྡུག་ཐམས་ཅད་ལས་ལས་འབྱུང་བས་ལས་འབྲས་མི་བསླུ་བར་ཤེས་པར་བྱ། སྡུག་བསྔལ་ངེས་པར་འབྱུང་བའི་རྒྱུ་རུ་འདུག་པས་དགེ་བའི་བཤེས་གཉེན་དུ་ཤེས་པར་བྱ། བདེ་སྐྱིད་འཁོར་བའི་རྩ་བར་འདུག་པས་ཞེན་ཆགས་བདུད་དུ་ཤེས་པར་བྱ། འདུ་འཛི་ཆོས་ཀྱི་འགལ་རྐྱེན་དུ་འདུག་པས་བསོད་ནམས་བར་ཆད་དུ་ཤེས་པར་བྱ། བར་ཆད་དགེ་སྦྱོར་གྱི་བསྐུལ་མར་འདུག་པས་དགྲ་བགེགས་བླ་མར་ཤེས་པར་བྱ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་འདུག་པས་གང་ལ་ཡང་མཉམ་པ་ཉིད་དུ་ཤེས་པར་བྱ། དེ་ནི་ཤེས་པར་བྱ་བའི་ཆོས་བཅུ་ཡིན་ནོ། །ཉམས་སུ་བླང་བའི་ཆོས་བཅུ་ནི། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་ཁྱུ་རུ་མི་འཇུག་པར་ཆོས་བཞིན་ཉམས་སུ་བླང༌། རང་ཡུལ་སྤངས་ནས་མི་ཡུལ་དུ་གཞི་མི་འདིངས་པར་ཆགས་མེད་ཉམས་སུ་བླང༌། བླ་མ་དམ་པ་བསྟེན་ནས་ང་རྒྱལ་སྤངས་ཏེ་བཀའ་བཞིན་ཉམས་སུ་བླང༌། ཐོས་བསམ་ལ་བློ་སྦྱངས་ནས་ཁ་བཤད་མི་བྱ་བར་ཤེས་པ་དོན་ཐོག་ཏུ་ཉམས་སུ་བླང༌། རྟོགས་པ་རྒྱུད་ལ་ཤར་

p. 92

ནས་ཕྱལ་བར་བཏང་སྙོམས་སུ་མི་བཏང་བར་ཡེངས་མེད་དུ་ཉམས་སུ་བླང༌། ཉམས་ལེན་རྒྱུད་ལ་སྐྱེས་ནས་ཚོགས་སུ་འདུ་འཛི་ལ་མི་འཇུག་པར་དབེན་པར་ཉམས་སུ་བླང༌། ཁས་བླངས་ཤིང་དམ་བཅས་ནས་སྒོ་གསུམ་བག་མེད་དུ་མི་བཏང་བར་བསླབ་པ་གསུམ་ཉམས་སུ་བླང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རང་དོན་མི་བྱེད་པར་ཅི་བྱེད་གཞན་དོན་དུ་ཉམས་སུ་བླང༌། སྔགས་ཀྱི་སྒོར་ཞུགས་ནས་སྒོ་གསུམ་ཐ་མལ་དུ་མི་བཞག་པར་དཀྱིལ་འཁོར་གསུམ་ཉམས་སུ་བླང༌། གཞོན་པའི་དུས་སུ་དོན་མེད་ས་མཐའ་མི་བསྐོར་བར་བཤེས་གཉེན་དམ་པའི་ཞབས་དྲུང་ན་དཀའ་ཐུབ་ཉམས་སུ་བླང་ངོ༌། །དེ་ནི་ཉམས་སུ་བླང་བའི་ཆོས་བཅུ་ཡིན་ནོ། །ནན་ཏན་དུ་བྱ་བའི་ཆོས་བཅུ་ནི། ལས་དང་པོ་པས་ཐོས་བསམ་ལ་ནན་ཏན་བྱ། ཉམས་མྱོང་སྐྱེས་ནས་སྒོམ་སྒྲུབ་ལ་ནན་ཏན་བྱ། བརྟན་པ་མ་ཐོབ་བར་དུ་དབེན་པ་ལ་ནན་ཏན་བྱ། འཕྲོ་རྒོད་ཤས་ཆེ་ན་རིག་པ་གཅུན་པ་ལ་ནན་ཏན་བྱ། བྱིང་རྨུགས་ཤས་ཆེ་ན་རིག་པ་གཡེར་བ་ལ་ནན་ཏན་བྱ། བློ་མ་བརྟན་བར་དུ་མཉམ་བཞག་ལ་ནན་ཏན་བྱ། མཉམ་བཞག་ལ་བརྟེན་ནས་རྗེས་ཐོབ་ལ་ནན་ཏན་བྱ། མི་མཐུན་པའི་འགལ་རྐྱེན་མང་ན་བཟོད་པ་གསུམ་ལ་ནན་ཏན་བྱ། འདོད་འདུན་ཆགས་ཞེན་ཆེ་ན་ཞེན་པ་བཙན་ཐབས་སུ་ལོག་པ་ལ་ནན་ཏན་བྱ། བྱམས་དང་སྙིང་རྗེ་ཤས་ཆུང་ན་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་ནན་ཏན་བྱ། དེ་ནི་ནན་ཏན་བྱ་བའི་ཆོས་བཅུའོ། །བསྐུལ་མ་གདབ་པའི་ཆོས་བཅུ་ནི། དལ་འབྱོར་རྙེད་དཀའ་བ་ལ་བསམས་ཏེ་དམ་པའི་ཆོས་ལ་བསྐུལ་མ་གདབ། འཆི་བ་མི་རྟག་པ་ལ་བསམས་ཏེ་དགེ་སྦྱོར་ལ་བསྐུལ་མ་གདབ། ལས་རྒྱུ་འབྲས་མི་བསླུ་བ་ལ་བསམས་ཏེ་སྡིག་པ་མི་དགེ་བ་སྤང་བ་ལ་བསྐུལ་མ་གདབ། འཁོར་བའི་ཉེས་དམིགས་ལ་བསམས་ཏེ་ཐར་པ་བསྒྲུབ་པ་ལ་བསྐུལ་མ་

p. 93

གདབ། འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ལ་བསམས་ཏེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བསྐུལ་མ་གདབ། སེམས་ཅན་གྱི་བློ་ཕྱིན་ཅི་ལོག་ཏུ་འཁྲུལ་པ་ལ་བསམས་ཏེ་ཐོས་བསམ་ལ་བསྐུལ་མ་གདབ། འཁྲུལ་པའི་བག་ཆགས་སྤང་བར་དཀའ་བ་ལ་བསམས་ཏེ་སྒོམ་སྒྲུབ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་ཉོན་མོངས་པ་ཤས་ཆེ་བ་ལ་བསམས་ཏེ་གཉེན་པོ་ལ་བསྐུལ་མ་གདབ། སྙིགས་མའི་དུས་འདིར་འགལ་རྐྱེན་མང་བ་ལ་བསམས་ཏེ་བཟོད་པ་ལ་བསྐུལ་མ་གདབ། ཕར་ཡེངས་ཚུར་ཡེངས་ཡེངས་མ་ལམ་ལ་མི་ཚེ་སྟོང་ཟད་དུ་སོང་བ་ལ་བསམས་ཏེ་བརྩོན་འགྲུས་ལ་བསྐུལ་མ་གདབ། དེ་ནི་བསྐུལ་མ་གདབ་པའི་ཆོས་བཅུ་ཡིན་ནོ། །འཆོར་བ་བཅུ་ནི། དད་པ་ཆུང་ལ་ཤེས་རབ་ཆེ་ན་ཁ་བཤད་མཁན་དུ་འཆོར་བ་ཡིན། དད་པ་ཆེ་ལ་ཤེས་རབ་ཆུང་ན་སྡུག་བཙིར་ཨ་འཐས་སུ་འཆོར་བ་ཡིན། སྙིང་རུས་ཆེ་ལ་གདམས་ངག་མེད་ན་སྐྱོན་དང་གོལ་སར་འཆོར་བ་ཡིན། སྔོན་དུ་ཐོས་བསམ་གྱིས་སྒྲོ་འདོགས་མ་བཅད་ན་སྒོམ་མུན་པའི་སྐྱེ་མཆེད་དུ་འཆོར་བ་ཡིན། གོ་རྟོགས་སོ་མ་ལ་ཉམས་ལེན་མ་བྱས་ན་དྲེད་པོ་ཆོས་རྒྱུས་མཁན་དུ་འཆོར་བ་ཡིན། ཐབས་སྙིང་རྗེ་ཆེན་པོ་ལ་བློ་མ་སྦྱངས་ན་ལམ་ཐེག་པ་དམན་པར་འཆོར་བ་ཡིན། ཤེས་རབ་སྟོང་ཉིད་ལ་བློ་མ་སྦྱངས་ན་ཅི་བྱས་འཁོར་བའི་ལམ་དུ་འཆོར་བ་ཡིན། འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་མ་སྙོམས་ན་ཅི་བྱེད་འཇིག་རྟེན་གྱི་རྒྱན་དུ་འཆོར་བ་ཡིན། གྲོང་པ་སྐྱེ་བོའི་དད་འདུན་མང་ན་མི་ནག་གི་ངོ་བསྲུང་དུ་འཆོར་བ་ཡིན། ཡོན་ཏན་དང་ནུས་མཐུ་ཆེ་ལ་བློ་མི་བརྟན་ན་མི་ནག་གི་གྲོང་ཆོག་མཁན་དུ་འཆོར་བ་ཡིན། དེ་ནི་འཆོར་བ་བཅུ་ཡིན་ནོ། །འདྲ་མིན་གྱི་ནོར་ས་བཅུ་ནི། དད་པ་དང་འདོད་པ་ལ་ནོར་ས་ཡོད། བྱམས་སྙིང་རྗེ་དང་ཆགས་པ་ལ་ནོར་ས་ཡོད། ཤེས་བྱ་གཤིས་ཀྱི་སྟོང་པ་དང་བློས་བྱས་ཀྱི་

p. 94

སྟོང་པ་ལ་ནོར་ས་ཡོད། ཆོས་ཀྱི་དབྱིངས་དང་ཆད་ལྟ་ལ་ནོར་ས་ཡོད། ཉམས་མྱོང་དང་རྟོགས་པ་ལ་ནོར་ས་ཡོད། བཙུན་པོ་དང་ཚུལ་འཆོས་ལ་ནོར་ས་ཡོད། འཁྲུལ་ཞིག་དང་བདུད་ཁྱེར་ལ་ནོར་ས་ཡོད། གྲུབ་ཐོབ་དང་ཟོག་པོ་ལ་ནོར་ས་ཡོད། གཞན་དོན་བྱེད་པ་དང་རང་དོན་བྱེད་པ་ལ་ནོར་ས་ཡོད། ཐབས་མཁས་པ་དང་གཡོ་སྒྱུ་ལ་ནོར་ས་ཡོད། དེ་ནི་འདྲ་མིན་གྱི་ནོར་ས་བཅུའོ། །མ་ནོར་བའི་ཆོས་བཅུ་ནི། དངོས་པོ་གང་ལ་ཡང་མ་ཆགས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་མ་ནོར་བ་ཡིན། བླ་མ་དམ་པ་དགེ་བའི་བཤེས་གཉེན་མགོ་ལ་ཐོད་བཞིན་དུ་ཁུར་བ་ནི་མ་ནོར་བ་ཡིན། ཆོས་ལ་ཐོས་བསམ་སྒོམ་གསུམ་ཕྲུགས་མར་བྱེད་པ་རྣམས་ནི་མ་ནོར་བ་ཡིན། ལྟ་བ་མཐོ་ལ་སྤྱོད་པ་དམའ་བ་ནི་མ་ནོར་བ་ཡིན། བློ་ཡངས་ལ་དམ་བཅའ་དོག་པ་ནི་མ་ནོར་བ་ཡིན། ཤེས་རབ་ཆེ་ལ་ང་རྒྱལ་ཆུང་བ་ནི་མ་ནོར་བ་ཡིན། གདམས་ངག་ཕྱུག་ལ་ཉམས་ལེན་ལ་བརྩོན་པ་ནི་མ་ནོར་བ་ཡིན། ཉམས་རྟོགས་བཟང་ལ་རློམ་སེམས་མེད་པ་ནི་མ་ནོར་བ་ཡིན། གཅིག་པུར་སྡོད་ཚུགས་ལ་ཚོགས་སུ་ཡན་ཐུབ་པ་ནི་མ་ནོར་བ་ཡིན། རང་དོན་གྱི་འཁྲི་བ་མེད་ལ་གཞན་དོན་གྱི་ཐབས་ལ་མཁས་པ་ནི་མ་ནོར་བ་ཡིན། དེ་ནི་མ་ནོར་བའི་ཆོས་བཅུ་ཡིན་ནོ། །དོན་མེད་པའི་ཆོས་བཅུ་བཞི་ནི། མི་ལུས་ཐོབ་ནས་དམ་པའི་ཆོས་མི་དྲན་པ་ནི་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་བྱས་པ་དང་འདྲ་སྟེ་དོན་མེད། ཆོས་སྒོར་ཞུགས་ནས་ཁྱིམ་ཐབ་བྱེད་པ་ནི་ཕྱེ་མ་ལེབ་མར་མེ་ལ་མཆོང་པ་དང་འདྲ་སྟེ་དོན་མེད། དད་མེད་ཆོས་མཛད་ཀྱི་དྲུང་ན་གནས་པ་ནི་རྒྱ་མཚོའི་འགྲམ་དུ་སྐོམ་དྲིར་ཤི་བ་དང་འདྲ་སྟེ་དོན་མེད། རྩ་བ་བཞི་དང་བདག་ཏུ་འཛིན་པའི་གཉེན་པོར་མ་སོང་བའི་ཆོས་ནི་སྟ་རེ་དང་སྡོང་པོ་ལྷན་ཅིག་ཏུ་བཞག་པ་དང་འདྲ་སྟེ་དོན་མེད། ཉོན་མོངས་ཀྱི་གཉེན་པོར་མ་

p. 95

སོང་བའི་མན་ངག་ནི་ནད་པས་སྨན་རྐྱལ་ཐོགས་པ་དང་འདྲ་སྟེ་དོན་མེད། རྒྱུད་ཐོག་ཏུ་མ་ཁེལ་བའི་ཐ་སྙད་ལ་ལྕེ་སྦྱངས་པ་ནི་ནེ་ཙོས་ཁ་ཏོན་བྱས་པ་དང་འདྲ་སྟེ་དོན་མེད། རྐུ་འཕྲོག་གཡོ་སྒྱུས་མ་བྱིན་པར་བླངས་ནས་སྦྱིན་པ་བྱེད་པ་ནི་སློག་པ་ཆུར་བཅུག་པ་དང་འདྲ་སྟེ་དོན་མེད། སེམས་ཅན་ལ་གནོད་པ་བསྐྱལ་ནས་དཀོན་མཆོག་མཆོད་པ་ནི་བུའི་ཤ་བཅད་ནས་མ་ལ་སྟེར་བ་དང་འདྲ་སྟེ་དོན་མེད། ཚེ་འདིའི་རང་འདོད་ཀྱི་ཕྱིར་ཚུལ་འཆོས་དང་བཟོད་པ་དང་དུ་ལེན་པ་ནི་བྱི་ལས་བྱི་བ་ལ་འཇབ་པ་དང་འདྲ་སྟེ་དོན་མེད། ཚེ་འདིའི་གྲགས་སྙན་དང་བསྙེན་བཀུར་འདོད་པས་དགེ་བ་རླབས་ཆེན་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བིལ་བ་རྡོག་པོ་གཅིག་གམ། སྦང་ཟན་རྡོག་པོ་གཅིག་གམ། ཟན་རྡོག་པོ་གཅིག་དང་བརྗེས་པ་དང་འདྲ་སྟེ་དོན་མེད། མང་དུ་ཐོས་ཀྱང་རང་རྒྱུད་ཐ་མལ་དུ་ལུས་པ་ནི་སྨན་པ་གཅོང་ནད་ཀྱིས་ཟིན་པ་དང་འདྲ་སྟེ་དོན་མེད། གདམས་ངག་མཁས་ལ་ཉམས་མྱོང་མེད་པ་ནི་ཕྱུག་པོའི་བང་མཛོད་ཀྱི་ལྡེ་མིག་མེད་པ་དང་འདྲ་སྟེ་དོན་མེད། རང་གིས་ཆོས་ཀྱི་དོན་མ་རྟོགས་པར་གཞན་ལ་བཤད་པ་ནི་ལོང་བས་ལོང་བ་ཁྲིད་པ་དང་འདྲ་སྟེ་དོན་མེད། ཐབས་ལས་བྱུང་བའི་ཉམས་མྱོང་ལ་མཆོག་ཏུ་བཟུང་ནས་གནས་ལུགས་ཀྱི་དོན་མི་འཚོལ་བ་ནི་ར་གན་ལ་གསེར་དུ་འཛིན་པ་དང་འདྲ་སྟེ་དོན་མེད། དེ་ནི་དོན་མེད་པའི་ཆོས་བཅུ་བཞི་ཡིན་ནོ། །ཆོས་པའི་མཚང་བཅོ་བརྒྱད་ནི། དབེན་པར་བསྡད་ནས་ཚེ་འདིའི་ཆེ་ཐབས་སྒྲུབ་པ་ནི་ཆོས་པའི་མཚང༌། ཚོགས་དཔོན་བྱས་ནས་རང་འདོད་སྒྲུབ་པ་ནི་ཆོས་པའི་མཚང༌། ཆོས་མཁས་ལ་སྡིག་ལ་མི་འཛེམ་པ་ནི་ཆོས་པའི་མཚང༌། གདམས་ངག་ཆེ་ལ་རང་རྒྱུད་ཐ་མལ་དུ་ལུས་པ་ནི་ཆོས་པའི་མཚང༌། ཚུལ་ཁྲིམས་བཙུན་ལ་འདོད་པ་ཆེ་བ་ནི་ཆོས་པའི་མཚང༌། ཉམས་རྟོགས་བཟང་ལ་རང་རྒྱུད་

p. 96

མ་ཐུལ་བ་ནི་ཆོས་པའི་མཚང༌། ཆོས་སྒོར་ཞུགས་ནས་མི་ཆོས་ཀྱི་ཆགས་སྡང་མ་སྤངས་པ་ནི་ཆོས་པའི་མཚང༌། མི་ཆོས་བཤོལ་ཏེ་ལྷ་ཆོས་བྱས་ནས་སོ་ནམ་གྱི་བྱ་བ་བློས་མ་ཐོངས་པ་ནི་ཆོས་པའི་མཚང༌། དོན་གོ་རྙེད་ནས་ཉམས་སུ་མི་ལེན་པ་ནི་ཆོས་པའི་མཚང༌། ཉམས་ལེན་གྱི་དམ་བཅའ་བྱས་ནས་སྡོད་མི་ཚུགས་པ་ནི་ཆོས་པའི་མཚང༌། བྱ་རྒྱུ་ཆོས་ལས་མེད་ཀྱང་སྤྱོད་པ་སོ་མི་ཐུབ་པ་ནི་ཆོས་པའི་མཚང༌། ལྟོ་རྒྱབ་ཤུགས་ལས་འབྱུང་ཡང་སེམས་འཚོལ་འཕྲོ་ལ་ཞུགས་པ་ནི་ཆོས་པའི་མཚང༌། དགེ་སྦྱོར་གྱི་ནུས་པ་ནད་པ་དང་སྲིའུ་ལ་སྤྲུག་པ་ནི་ཆོས་པའི་མཚང༌། གདམས་ངག་ཟབ་མོ་ཟས་ནོར་གྱི་ཕྱིར་སྟོན་པ་ནི་ཆོས་པའི་མཚང༌། བདག་ལ་ཐབས་ཀྱིས་བསྟོད་ཅིང་གཞན་ལ་ཐབས་ཀྱིས་སྨོད་པ་ནི་ཆོས་པའི་མཚང༌། གདམས་ངག་གཞན་ལ་བཤད་ཅིང་རང་རྒྱུད་ཆོས་དང་མི་མཐུན་པ་ནི་ཆོས་པའི་མཚང༌། གཅིག་པུར་སྡོད་མི་ཚུགས་པར་མི་དང་འགྲོགས་མི་ཤེས་པ་ནི་ཆོས་པའི་མཚང༌། སྐྱིད་མི་ཐུབ་ཅིང་སྡུག་མི་ཐེག་པ་ནི་ཆོས་པའི་མཚང༌། དེ་ནི་ཆོས་པའི་མཚང་བཅོ་བརྒྱད་དོ། །མེད་ཐབས་མེད་པའི་ཆོས་བཅུ་གཉིས་ནི། དང་པོ་སྐྱེ་ཤིས་གཏིང་ནས་འཇིགས་པའི་དད་པ་ཞིག་མེད་ཐབས་མེད། ཐར་པའི་ལམ་སྣ་འདྲེན་པའི་བླ་མ་དམ་པ་ཞིག་མེད་ཐབས་མེད། རྒྱུད་ལ་དོན་གོ་ལོན་པའི་ཤེས་རབ་ཅིག་མེད་ཐབས་མེད། གོ་ཆ་དང་སྙིང་སྟོབས་སུ་ལྡན་པའི་བརྩོན་འགྲུས་ཤིག་མེད་ཐབས་མེད། བསླབ་གསུམ་དང་ཚོགས་གཉིས་ཀྱིས་ཆོག་པ་མེད་པའི་བསགས་པ་ཞིག་མེད་ཐབས་མེད། ཤེས་བྱའི་གནས་ལུགས་རྟོགས་པའི་ལྟ་བ་ཞིག་མེད་ཐབས་མེད། སེམས་ཉིད་གར་བཞག་ཏུ་གནས་པའི་སྒོམ་པ་ཞིག་མེད་ཐབས་མེད། བྱེད་སྤྱོད་ཐམས་ཅད་ལམ་དུ་ཁྱེར་བའི་སྤྱོད་པ་ཞིག་མེད་ཐབས་མེད། རྐྱེན་བགེགས་བདུད་དང་གོལ་ས་སྤོང་བའི་གདམས་ངག་

p. 97

ཅིག་མེད་ཐབས་མེད། གདམས་ངག་ཚིག་ཏུ་མ་ལུས་པའི་ཉམས་ལེན་ཞིག་མེད་ཐབས་མེད། ལུས་སེམས་འབྲལ་བའི་ཚེ་ན་བློ་བདེའི་ཞེ་གདེངས་ཆེན་པོ་ཞིག་མེད་ཐབས་མེད། སྐུ་གསུམ་རང་ལ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཞིག་མེད་ཐབས་མེད་དོ། །དེ་ནི་མེད་ཐབས་མེད་པའི་ཆོས་བཅུ་གཉིས་ཡིན་ནོ། །སྐྱེས་བུ་དམ་པའི་རྟགས་བཅུ་ནི། ཕྲག་དོག་དང་ང་རྒྱལ་ཆུང་བ་ནི་སྐྱེས་བུ་དམ་པའི་རྟགས། འདོད་པ་ཆུང་ཞིང་དངོས་པོ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ནི་སྐྱེས་བུ་དམ་པའི་རྟགས། ཚུལ་འཆོས་དང་ངོས་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། བྱ་བ་གང་ཡང་བརྟགས་ཤིང་དཔྱད་ནས་ཤེས་བཞིན་དུ་དྲན་པས་ཟིན་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་བསྲུང་བ་ནི་སྐྱེས་བུ་དམ་པའི་རྟགས། སྡོམ་པ་དང་དམ་ཚིག་ལ་ངོས་ལྐོག་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། སེམས་ཅན་ལ་ཉེ་རིང་གསར་འགྲོགས་མེད་པ་ནི་སྐྱེས་བུ་དམ་པའི་རྟགས། གཞན་གྱིས་སྡིག་གསོག་པ་ལ་ཁོང་མི་ཁྲོ་ཞིང་བཟོད་པར་བྱེད་པ་ནི་སྐྱེས་བུ་དམ་པའི་རྟགས། རྒྱལ་ཁ་ཐམས་ཅད་གཞན་ལ་སྟེར་ཞིང་ཕམ་ཁ་རང་ལ་ལེན་པ་ནི་སྐྱེས་བུ་དམ་པའི་རྟགས། བསམ་སྤྱོད་གང་ཡང་འཇིག་རྟེན་པ་གཞན་དང་མི་མཐུན་པ་ནི་སྐྱེས་བུ་དམ་པའི་རྟགས། དེ་ནི་སྐྱེས་བུ་དམ་པའི་རྟགས་བཅུ་ཡིན་ནོ། །དེ་དག་ལས་ལྡོག་པ་ནི་སྐྱེས་བུ་ངན་པའི་རྟགས་ཡིན་ནོ། །ཕན་པ་མེད་པའི་ཆོས་བཅུ་ནི། སྒྱུ་མའི་ལུས་ལ་བསྙེན་བཀུར་དང་རིམ་གྲོ་ཇི་ཙམ་བྱས་ཀྱང་མི་རྟག་པ་ཡིན་པས་ཕན་པ་མེད། ཟང་ཟིང་གི་ནོར་ལ་སེར་སྣ་དང་བརྣབ་སེམས་ཇི་ཙམ་བྱས་ཀྱང་རང་འཆི་བའི་ནངས་པར་སྒྲེན་མོ་ལག་སྟོང་དུ་འགྲོ་བས་ཕན་པ་མེད། མཁར་སྤེའུ་དང་ཁང་བཟང་ལ་དཀའ་བ་ཇི་སྙེད་ཅིག་སྤྱད་ནས་བརྩིགས་ཀྱང་འཆི་བའི་ནངས་པར་གཅིག་པོར་འགྲོ་ཞིང་རོ་ཡང་སྒོར་འདོན་

p. 98

པས་ཕན་པ་མེད། བུ་དང་ཚ་བོ་ལ་བྱམས་པའི་སེམས་ཀྱིས་ནོར་རྫས་ཀྱི་དངོས་པོ་ཇི་ཙམ་ཞིག་ཕོག་ཀྱང་རང་འཆི་བའི་དུས་སུ་ཕན་སྟོབས་སྐད་ཅིག་ཀྱང་མེད་པས་ཕན་པ་མེད། གཉེན་གྲོགས་ལ་བརྩེ་གདུང་གི་སེམས་འཛིན་དང༌ངོ་སྲུང་ཇི་སྙེད་ཅིག་བྱས་ཀྱང་རང་འཆི་བའི་ནངས་པར་གཅིག་པུར་གྲོགས་མེད་དུ་འགྲོ་དགོས་པས་ཕན་པ་མེད། བུ་དང་ཚ་བོ་མང་ཡང་མི་རྟག་པས་བདག་གིས་སྦྱིན་པའི་དངོས་པོ་བདོག་པ་ཡང་འདོར་བར་ངེས་པས་ཕན་པ་མེད། ཚེ་འདིའི་དོན་དུ་ས་བཅད་མངའ་རིས་དང༌ལས་མཐའ་ལ་འབད་རྩོལ་ཇི་སྙེད་ཅིག་བྱས་ཀྱང༌། རང་འཆི་བའི་ནངས་པར་གནས་དང་འབྲེལ་བ་གཏན་མེད་དུ་འགྲོ་བས་ཕན་པ་མེད། དད་པས་ཆོས་སྒོར་ཞུགས་ཀྱང་ཆོས་བཞིན་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་པས་ཕན་པ་མེད། ཐོས་བསམ་ལ་བློ་སྦྱངས་ནས་ཆོས་ཇི་སྙེད་ཅིག་ཤེས་ཀྱང་ཉམས་སུ་མ་བླངས་ན་འཆི་ཁར་ལམ་དུ་འཁྱེར་རྒྱུ་མེད་པས་ཕན་པ་མེད། དགེ་བའི་བཤེས་གཉེན་དམ་པའི་དྲུང་དུ་ཡུན་རིང་བསྡད་ཀྱང་རང་ལ་དད་གུས་མེད་ན་གོང་མའི་ཡོན་ཏན་དང་བྱིན་རླབས་མི་འགོ་བས་ཕན་པ་མེད། དེ་ནི་ཕན་པ་མེད་པའི་ཆོས་བཅུ་ཡིན་ནོ། །རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ནི། བཟའ་མེད་པའི་ཁྱིམ་ཐབས་བྱེད་པ་དེ་གླེན་པས་བཙན་དུག་ཟོས་པ་དང་འདྲ་སྟེ་རང་སྡུག་རང་གིས་ཉོས་པ་ཡིན། ཆོས་མེད་སྡིག་པ་བྱེད་པ་ནི་སྨྱོན་པ་གཡང་ལ་མཆོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཞན་ལ་ཟོལ་ཟོག་བྱེད་པ་དེ་དུག་ཅན་གྱི་ཁ་ཟས་འདྲེན་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། བློ་ཆུང་མི་དཔོན་བྱེད་པ་དེ་རྒན་མོས་ཕྱུགས་སྐྱོང་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ལྷག་བསམ་གྱིས་གཞན་དོན་ལ་མི་བརྩོན་པར་ཆོས་བརྒྱད་ཀྱིས་རང་དོན་ལ་བརྩོན་པ་ནི་ལོང་བ་བྱང་ཐང་ལ་འཁོར་བ་

p. 99

དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། མི་འགྲུབ་པའི་བྱ་བ་ཚན་པོ་ཆེ་ལ་འཇུག་པ་ནི་ཉམ་ཆུང་ཁུར་ཆེན་པོ་ཁུར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ང་རྒྱལ་གྱིས་བླ་མ་དམ་པ་དང་རྒྱལ་བའི་བཀའ་ཁྱད་དུ་གསོད་པ་དེ་དབང་པོ་ཆེའི་འདུན་མ་སྟོར་བ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། ཉམས་ལེན་བཤོལ་ནས་གྲོང་ལ་འགྲིམ་པ་ནི་རི་དྭགས་ཀླུང་དུ་བབས་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། གཉུག་མའི་ཡེ་ཤེས་མི་སྐྱོང་བར་འདུ་འཛིའི་སྤྲོས་པས་གཡེང་བར་བྱེད་པ་དེ་མཁའ་ལྡིང་གཤོག་པ་ཆག་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། བླ་མ་དཀོན་མཆོག་གི་དཀོར་ལ་བག་མེད་དུ་སྤྱོད་པ་དེ་བུ་ཆུང་མེ་མདག་འགམ་པ་དང་འདྲ་སྟེ་རང་སྡུག་རང་གིས་བྱས་པ་ཡིན། དེ་ནི་རང་སྡུག་རང་གིས་བྱས་པའི་ཆོས་བཅུ་ཡིན་ནོ། །རང་དྲིན་རང་ལ་ཆེ་བའི་ཆོས་བཅུ་ནི། མི་ཆོས་ཀྱི་ཆགས་སྡང་སྤངས་ནས་དམ་པའི་ལྷ་ཆོས་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ཁྱིམ་ཐབ་དང་གཉེན་གྲོགས་སྤངས་ནས་སྐྱེས་བུ་དམ་པ་བསྟེན་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། འདུ་འཛིའི་བྱ་བ་བཏང་ནས་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། གྲོང་པ་དང་འདྲིས་བཤེས་སྤངས་ནས་དབེན་པར་གཅིག་པུར་སྡོད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། འདོད་ཡོན་གྱི་འཁྲི་བ་བཅད་ནས་ཆགས་མེད་ལ་ཚུགས་ཐུབ་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ངན་ངོན་ལ་ཆོག་ཤེས་ཤིང་བཟང་པོ་ལ་འདོད་འདུན་མེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། རང་དབང་གཞན་ལ་མི་བསྐུར་བར་ཡིད་དམ་བཅའ་ལ་བརྟན་པར་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། ཚེ་འདིའི་འཕྲལ་བདེ་ལ་མི་ལྟ་བར་གཏན་བདེའི་བྱང་ཆུབ་སྒྲུབ་པར་བྱེད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དངོས་པོའི་མངོན་ཞེན་སྤངས་ནས་སྟོང་པ་ཉིད་ཉམས་སུ་ལེན་པ་ནི་རང་དྲིན་

p. 100

རང་ལ་ཆེ་བ་ཡིན། སྒོ་གསུམ་ཐ་མལ་དུ་མི་སྡོད་པར་ཚོགས་གཉིས་ཟུང་འཇུག་ལ་འབད་པ་ནི་རང་དྲིན་རང་ལ་ཆེ་བ་ཡིན། དེ་ནི་རང་དྲིན་རང་ལ་ཆེ་བའི་ཆོས་བཅུ་ཡིན་ནོ། །ཡང་དག་པའི་ཆོས་བཅུ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པ་ནི་ དབང་པོ་ཐ་མའི་ཡང་དག་པའི་ལྟ་བ་ཡིན། ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ། གསལ་བ་དང་སྟོང་པ། བདེ་བ་དང་སྟོང་པ། རིག་པ་དང་སྟོང་པ་ཟུང་འཇུག་བཞི་རུ་རྟོགས་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་ལྟ་བ་ཡིན། བལྟ་བྱ་ལྟ་བྱེད་རྟོགས་པ་གསུམ་དབྱེར་མེད་དུ་རྟོགས་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་ལྟ་བ་ཡིན། དམིགས་པ་རྩེ་གཅིག་ལ་གནས་པ་ནི་དབང་པོ་ཐ་མའི་ཡང་དག་པའི་སྒོམ་པ་ཡིན། ཟུང་འཇུག་བཞིའི་ཏིང་ངེ་འཛིན་ལ་གནས་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་སྒོམ་པ་ཡིན། བསྒོམ་བྱ་སྒོམ་བྱེད་ཉམས་མྱོང་གསུམ་དབྱེར་མེད་ཅིང༌མི་དམིགས་པའི་ངང་ལ་གནས་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་སྒོམ་པ་ཡིན། ལས་རྒྱུ་འབྲས་མིག་གི་འབྲས་བུ་བཞིན་བསྲུང་བ་ནི་དབང་པོ་ཐ་མའི་ཡང་དག་པའི་སྤྱོད་པ་ཡིན། ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མའི་ཚུལ་དུ་སྤྱོད་པ་ནི་དབང་པོ་འབྲིང་གི་ཡང་དག་པའི་སྤྱོད་པ་ཡིན། གང་དང་ཅི་ལ་ཡང་མི་སྤྱོད་པ་ནི་དབང་པོ་རབ་ཀྱི་ཡང་དག་པའི་སྤྱོད་པ་ཡིན། བདག་འཛིན་དང་ཉོན་མོངས་པ་མཐའ་དག་ཇེ་ཆུང་ཇེ་ཞི་ལ་སོང་བ་ནི་དབང་པོ་རབ་འབྲིང་ཐ་མ་གསུམ་ཀའི་ཡང་དག་པའི་དྲོད་རྟགས་ཡིན་ནོ། །དེ་ནི་ཡང་དག་པའི་ཆོས་བཅུ་ཡིན་ནོ། །ཆོས་པའི་འཁྲུལ་པ་བཅུ་ནི། དམ་པའི་ཆོས་ཚུལ་བཞིན་སྒྲུབ་པའི་བླ་མ་ལ་མི་བསྟེན་པར་ཟོག་པོ་ཁ་བཤད་མཁན་གྱི་རྗེས་སུ་འབྲང་བ་ནི་ཤིན་ཏུ་འཁྲུལ། གྲུབ་ཐོབ་སྙན་བརྒྱུད་ཀྱི་གདམས་ངག་མི་འཚོལ་བར་དོན་མེད་ཀྱི་རིག་པའི་ཆོས་ལ་ནན་ཏན་བྱེད་པ་ནི་ཤིན་ཏུ་འཁྲུལ། སྣང་བ་འཕྲལ་

p. 101

ཤར་ལ་མི་ཚེ་ཅི་ཕྱིད་མི་བྱེད་པར་གཏན་དུ་སྡོད་རྩིས་ཀྱི་ཤོམ་ར་རྒྱ་བོ་ཆེ་བྱེད་པ་ནི་ཤིན་ཏུ་འཁྲུལ། རང་གཅིག་པུར་ཆོས་ཀྱི་དོན་ལ་མི་སེམས་པར་འཁོར་མང་གི་ནང་ན་ཆོས་བཤད་བྱེད་པ་ནི་ཤིན་ཏུ་འཁྲུལ། ལོངས་སྤྱོད་ཁ་ལྷག་མཆོད་སྦྱིན་དུ་མི་གཏོང་བར་སེར་སྣ་དང་གཡོ་སྒྱུས་ནོར་རྫས་གསོག་པ་ནི་ཤིན་ཏུ་འཁྲུལ། དམ་ཚིག་སྡོམ་པ་ཚུལ་བཞིན་མི་སྲུང་བར་སྒོ་གསུམ་བག་མེད་འཆལ་བར་གཏོང་བ་ནི་ཤིན་ཏུ་འཁྲུལ། གནས་ལུགས་རྟོགས་པའི་དོན་ལ་གོམས་འདྲིས་མི་བྱེད་པར་མི་ཚེ་དོན་ཆུང་གི་བྱ་བྱེད་ཕ་རེ་ཚུ་རེ་ལ་ཟད་པར་བྱེད་པ་ཤིན་ཏུ་འཁྲུལ། འཁྲུལ་པ་ལངས་ཤོར་ཅན་གྱི་རང་རྒྱུད་མི་ཐུལ་བར་དམུ་རྒོད་བྱིས་པའི་གཞན་རྒྱུད་འདུལ་བ་ཤིན་ཏུ་འཁྲུལ། རྒྱུད་ལ་སྐྱེས་པའི་ཉམས་མྱོང་མི་སྐྱོང་བར་ཚེ་འདིའི་ཆེ་ཐབས་སྐྱོང་བ་ཤིན་ཏུ་འཁྲུལ། ད་རེས་རྟེན་འབྲེལ་འཛོམ་པའི་ཐོག་ལ་བརྩོན་འགྲུས་མི་རྩོམ་པར་ལེ་ལོ་སྙོམ་ལས་ལ་དགའ་བ་ཤིན་ཏུ་འཁྲུལ། དེ་ནི་ཆོས་པའི་འཁྲུལ་པ་བཅུ་ཡིན་ནོ། །དགོས་པའི་ཆོས་བཅུ་ནི། དང་པོ་སྐྱེ་ཤིས་འཇིགས་པའི་དད་པ་ཤ་བ་བཙོན་དོང་ནས་འབྲོས་པ་ལྟ་བུ་ཞིག་དགོས། བར་དུ་ཤི་ཡང་མི་འགྱོད་པའི་བརྩོན་འགྲུས་ཞིང་པ་སོ་ནམ་རེམས་པ་ལྟ་བུ་ཞིག་དགོས། ཐ་མར་བློ་བདེ་བ་བྱ་བ་རླབས་ཆེན་ཟིན་པའི་སྐྱེས་བུ་ལྟ་བུ་ཞིག་དགོས། དང་པོ་ལོང་མེད་དུ་ཤེས་པ་སྐྱེས་བུའི་གནད་ལ་མདའ་ཕོག་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་སྒོམ་པ་བུ་གཅིག་པོ་ཤི་བའི་མ་ལྟ་བུ་ཞིག་དགོས། ཐ་མར་བྱར་མེད་དུ་ཤེས་པ་ཕྱུགས་མ་དགྲས་དེད་པའི་རྫི་བོ་ལྟ་བུ་ཞིག་དགོས། དང་པོ་ཆོས་ལ་ངེས་ཤེས་སྐྱེས་པ་ལྟོགས་པ་ཁ་ཟས་བཟང་པོ་དང་འཕྲད་པ་ལྟ་བུ་ཞིག་དགོས། བར་དུ་རང་སེམས་ལ་ངེས་ཤེས་སྐྱེས་པ་གྱད་ཀྱི་ནོར་བུ་རྙེད་པ་ལྟ་བུ་ཞིག་དགོས། ཐ་མ་གཉིས་མེད་ལ་ངེས་ཤེས་སྐྱེས་པ་ཟོག་པོ་རྫུན་ཕུགས་

p. 102

རྡིབ་པ་ལྟ་བུ་ཞིག་དགོས། དེ་ཁོ་ན་ཉིད་ལ་ཁོ་ཐག་ཆོད་པ་གཟིངས་ནས་འཕུར་བའི་བྱ་རོག་ལྟ་བུ་ཞིག་དགོས། དེ་ནི་དགོས་པའི་ཆོས་བཅུ་ཡིན་ནོ། །མི་དགོས་པའི་ཆོས་བཅུ་ནི། སེམས་ཉིད་སྟོང་པར་རྟོགས་ན་ཐོས་བསམ་བྱ་མི་དགོས། རིག་པ་དྲི་མེད་དུ་ཤེས་ན་སྡིག་པ་སྦྱང་མི་དགོས། རྣལ་མའི་ལམ་ལ་གནས་ན་ཚོགས་བསག་མི་དགོས། གཉུག་མའི་ངང་ལ་སྐྱོང་ན་ཐབས་ལམ་བསྒོམ་མི་དགོས། རྣམ་རྟོག་ཆོས་ཉིད་དུ་ཤེས་ན་མི་རྟོག་པ་བསྒོམ་མི་དགོས། ཉོན་མོངས་པ་རྩ་བྲལ་དུ་ཤེས་ན་གཉེན་པོ་བསྟེན་མི་དགོས། སྣང་གྲགས་སྒྱུ་མར་ཤེས་ན་དགག་སྒྲུབ་བྱ་མི་དགོས། སྡུག་བསྔལ་དངོས་གྲུབ་ཏུ་ཤེས་ན་བདེ་བ་བཙལ་མི་དགོས། རང་སེམས་སྐྱེ་མེད་དུ་རྟོགས་ན་འཕོ་བ་བྱ་མི་དགོས། གང་ཡང་གཞན་དོན་དུ་བྱས་ན་རང་དོན་བསྒྲུབ་མི་དགོས། དེ་ནི་མི་དགོས་པའི་ཆོས་བཅུ་ཡིན་ནོ། །ཁྱད་པར་འཕགས་པའི་ཆོས་བཅུ་ནི། རིགས་དྲུག་གི་སེམས་ཅན་ཇི་སྙེད་པའི་ནང་ནས་དལ་འབྱོར་དང་ལྡན་པའི་མི་ལུས་ཤིག་ཁྱད་པར་དུ་འཕགས། མི་ནག་ཆོས་མེད་ཇི་སྙེད་པའི་ནང་ནས་ཆོས་ལྡན་གྱི་གང་ཟག་ཅིག་ཁྱད་པར་དུ་འཕགས། ལམ་གྱི་ཐེག་པ་ཇི་སྙེད་པའི་ནང་ནས་སྙིང་པོའི་དོན་གྱི་ཐེག་པ་འདི་ཁྱད་པར་དུ་འཕགས། ཐོས་བསམ་ལས་བྱུང་བའི་ཤེས་རབ་ཇི་སྙེད་པ་བས་སྒོམ་བྱུང་གི་ཤེས་རབ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། འདུས་བྱས་ཀྱི་དགེ་བ་ཇི་སྙེད་ཅིག་སྤྱོད་པ་བས་འདུས་མ་བྱས་ཀྱི་དགེ་བ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། དམིགས་བྱས་ཀྱི་ཏིང་ངེ་འཛིན་ཇི་སྙེད་ཅིག་བསྒོམས་པ་བས་དམིགས་མེད་ཀྱི་ཏིང་ངེ་འཛིན་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། ཟག་བཅས་ཀྱི་བདེ་བ་ཇི་སྙེད་ཅིག་སྤྱོད་པ་བས་ཟག་མེད་ཀྱི་བདེ་བ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། རྒྱུད་ལ་ཉམས་ཀྱི་བདེ་བ་ཇི་སྙེད་ཅིག་སྐྱེས་

p. 103

པ་བས་རྟོགས་པ་སྐད་ཅིག་མ་གཅིག་ཤར་བ་ཁྱད་པར་དུ་འཕགས། ཆེད་དུ་བྱས་པའི་ལེགས་སྤྱད་ཇི་སྙེད་ཅིག་སྤྱད་པ་བས་ཆེད་དུ་བྱ་བ་མེད་པའི་སྤྱོད་པ་སྐད་ཅིག་མ་གཅིག་ཁྱད་པར་དུ་འཕགས། ཟང་ཟིང་གི་གཏོང་འགྱེད་ཇི་སྙེད་ཅིག་བྱས་པ་བས་དངོས་པོ་ཅི་ཡང་མ་བཟུང་བ་ཁྱད་པར་དུ་འཕགས། དེ་ནི་ཁྱད་པར་དུ་འཕགས་པའི་ཆོས་བཅུ་ཡིན་ནོ། །ཇི་ལྟར་བྱས་ཀྱང་ལེགས་པའི་ཆོས་བཅུ་ནི། བློ་སེམས་ཆོས་སུ་སོང་བའི་གང་ཟག་གིས་བྱ་བ་བཏང་ཡང་ལེགས་ལ་མ་བཏང་ཡང་ལེགས། སྒྲོ་འདོགས་སེམས་ལ་ཆོད་པའི་གང་ཟག་གིས་བསྒོམས་ཀྱང་ལེགས་ལ་མ་བསྒོམས་ཀྱང་ལེགས། འདོད་ཡོན་ལ་འཁྲི་བ་ཆོད་པའི་གང་ཟག་གིས་ཆགས་མེད་བྱས་ཀྱང་ལེགས་ལ་མ་བྱས་ཀྱང་ལེགས། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་གང་ཟག་གིས་ཕུག་སྟོང་དུ་ཉལ་ཡང་ལེགས་ལ་མང་པོའི་ཚོགས་དཔོན་བྱས་ཀྱང་ལེགས། སྣང་བ་སྒྱུ་མར་ཤེས་པའི་གང་ཟག་གིས་གཅིག་པུར་རི་ཁྲོད་དུ་བསྡད་ཀྱང་ལེགས་ལ་རྒྱལ་ཁམས་ཕྱོགས་མེད་བསྐོར་ཡང་ལེགས། སེམས་ལ་དབང་ཐོབ་པའི་གང་ཟག་གིས་འདོད་པའི་ཡོན་ཏན་སྤངས་ཀྱང་ལེགས་ལ་བརྟེན་ཀྱང་ལེགས། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་གིས་དབེན་པར་སྒྲུབ་པ་བྱས་ཀྱང་ལེགས་ལ་ཚོགས་སུ་གཞན་དོན་བྱས་ཀྱང་ལེགས། མོས་གུས་ཐང་ལྷོད་མེད་པའི་གང་ཟག་གིས་བླ་མའི་ཞབས་དྲུང་དུ་བསྡད་ཀྱང་ལེགས་ལ་མ་བསྡད་ཀྱང་ལེགས། མང་དུ་ཐོས་ཤིང་དོན་གོ་བར་ལྡན་པའི་གང་ཟག་ལ་དངོས་གྲུབ་བྱུང་ཡང་ལེགས་ལ་བར་ཆད་བྱུང་ཡང་ལེགས། རྟོགས་པ་མཆོག་ཐོབ་པའི་གང་ཟག་ལ་ཐུན་མོང་གི་གྲུབ་རྟགས་ཡོད་ཀྱང་ལེགས་ལ་མེད་ཀྱང་ལེགས། དེ་ནི་ཇི་ལྟར་བྱས་ཀྱང་ལེགས་པའི་ཆོས་བཅུ་ཡིན་ནོ། །དམ་པའི་ཆོས་ཀྱི་ཡོན་ཏན་བཅུ་ནི། ཆོས་དགེ་བ་བཅུ་དང༌། ཕ་རོལ་ཏུ་ཕྱིན་པ་

p. 104

དྲུག་པོ་དང༌། སྟོང་པ་ཉིད་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། སྔགས་ཀྱི་སྨིན་གྲོལ་ལ་སོགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །མིའི་ནང་ནས་རྒྱལ་རིགས་ཆེ་ཞིང་མཐོ་བ་དང༌། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང༌། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང༌། རྒྱལ་ཆེན་བཞི་ལ་སོགས་པ་འདོད་ཁམས་ཀྱི་ལྷ་རིགས་དྲུག་དང༌། གཟུགས་ཁམས་ཀྱི་ལྷ་རིགས་བཅུ་བདུན་དང༌། གཟུགས་མེད་པའི་ལྷ་རིགས་བཞི་འཇིག་རྟེན་ན་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་ཞིང་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་ཐུགས་རྗེ་རང་ཤར་གྱི་གཟུགས་སྐུ་གཉིས་ཀྱི་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སེམས་ཅན་ཉེ་བར་འཚོ་བའི་ཡོ་བྱད་གང་ལ་གང་འོས་པ་ཕུན་སུམ་ཚོགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །ངན་སོང་དང་མི་ཁོམ་པའི་གནས་ན་ཡང་གནས་སྐབས་ཀྱི་བདེ་བ་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་ཀྱང༌དཀར་པོ་དགེ་བའི་བསོད་ནམས་ལས་གྲུབ་པས་ན་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྐྱེས་བུ་ངན་པ་དག་ཀྱང་དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་སྣ་འགྱུར་ནས་སྐྱེས་བུ་དམ་པའི་རིགས་སུ་འགྱུར་ཞིང༌མི་ཀུན་གྱིས་གཙུག་ཏུ་འཁུར་བའི་གནས་

p. 105

སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །སྔར་སྡིག་པ་མི་དགེ་བ་ལ་བག་མེད་དུ་སྤྱད་ཅིང་དམྱལ་བའི་བུད་ཤིང་གི་རྒྱུ་གསོག་པ་དེ་ཡང༌དམ་པའི་ཆོས་ཀྱི་ཕྱོགས་སུ་བློ་སྣ་འགྱུར་ནས་མཐོ་རིས་དང་ཐར་པའི་བདེ་བ་ལ་རེག་པར་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དམ་པའི་ཆོས་ལ་དད་པ་ཙམ་མམ། མོས་པ་ཙམ་མམ། དགའ་བ་ཙམ་མམ། ཆ་ལུགས་འཛིན་པ་ཙམ་ཡང་ཀུན་གྱི་ཡིད་དུ་འོང་ཞིང༌བསྙེན་བཀུར་གྱི་གནས་སུ་གྱུར་པ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །བདོག་པའི་དངོས་པོ་ཐམས་ཅད་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང༌རི་ཁྲོད་དགོན་པ་དག་ཏུ་ཡིབ་ནས་བསྡད་ཀྱང་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པར་འབྱུང་བ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་ཡིན་ནོ། །དེ་ནི་དམ་པའི་ཆོས་ཀྱི་ཡོན་ཏན་མདོར་བསྡུས་པའི་ཆོས་བཅུ་ཡིན་ནོ། །མིང་ཙམ་གྱི་ཆོས་བཅུ་ནི། གཞིའི་གནས་ལུགས་བསྟན་དུ་མེད་པས་གཞི་མིང་ཙམ་ཡིན། ལམ་ལ་བགྲོད་བྱ་བགྲོད་བྱེད་མེད་པས་ལམ་མིང་ཙམ་ཡིན། གནས་ལུགས་ལ་བལྟ་བྱ་ལྟ་བྱེད་མེད་པས་རྟོགས་པ་མིང་ཙམ་ཡིན། གཉུག་མ་ལ་བསྒོམ་བྱ་སྒོམ་བྱེད་མེད་པས་ཉམས་མྱོང་མིང་ཙམ་ཡིན། གཤིས་ལ་སྤྱད་བྱ་སྤྱོད་བྱེད་མེད་པས་སྤྱོད་པ་མིང་ཙམ་ཡིན། དོན་ལ་བསྲུང་བྱ་སྲུང་བྱེད་མེད་པས་དམ་ཚིག་མིང་ཙམ་ཡིན། དོན་ལ་བསག་བྱ་གསོག་བྱེད་མེད་པས་ཚོགས་གཉིས་མིང་ཙམ་ཡིན། དོན་ལ་སྦྱང་བྱ་སྦྱོང་བྱེད་མེད་པས་སྒྲིབ་གཉིས་མིང་ཙམ་ཡིན། དོན་ལ་སྤང་བྱ་སྤོང་བྱེད་མེད་པས་འཁོར་བ་མིང་ཙམ་ཡིན། དོན་ལ་འཐོབ་བྱ་ཐོབ་བྱེད་མེད་པས་འབྲས་བུ་མིང་ཙམ་ཡིན། དེ་ནི་མིང་ཙམ་གྱི་ཆོས་བཅུ་ཡིན་ནོ། །བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་སྐུར་གནས་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། གཞི་ཆོས་ཉིད་

p. 106

ཀྱི་དབྱིངས་ལ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། མཐའ་བྲལ་བློ་འདས་ཀྱི་རྟོགས་པ་ལ་ཕྱོགས་རིས་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཡིད་ལ་བྱ་བ་མེད་པའི་ཉམས་མྱོང་ལ་དམིགས་པའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱི་གྲུབ། བྱ་བྲལ་རྩོལ་མེད་ཀྱི་སྤྱོད་པ་ལ་བླང་དོར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུ་ལ་གཟུང་འཛིན་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་བྱུང་གི་ལོངས་སྐུ་ལ་སྐྱེ་ཤི་འཕོ་འགྱུར་གྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཐུགས་རྗེ་རང་ཤར་གྱི་སྤྲུལ་སྐུ་ལ་གཉིས་སྣང་འདུ་བྱེད་ཀྱི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། བསྟན་པ་ཆོས་ཀྱི་འཁོར་ལོ་ལ་བདག་ལྟ་མཚན་མའི་སྤྲོས་པ་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། ཚད་མེད་ཐུགས་རྗེའི་ཕྲིན་ལས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པ་སྟེ། དེ་ནི་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ཆོས་བཅུ་ཡིན་ནོ། །ཟག་མེད་མཁྱེན་པ་དང་ལྡན་པའི་བླ་མ་དང༌། རྗེ་བཙུན་སྒྲོལ་མ་ལ་སོགས་ལྷག་པའི་ལྷ་རྣམས་ཀྱིས་བྱང་ཕྱོགས་ཁ་བ་ཅན་གྱི་བསྟན་པའི་གསལ་བྱེད་དུ་མངའ་གསོལ་བའི་དཔལ་ལྡན་མར་མེ་མཛད་ཡབ་སྲས་ཀྱི་གསུང་རྒྱུན་དྲི་མ་མེད་པ་རྣམས་བཀའ་གདམས་པའི་བླ་མ་སྐུ་དྲིན་ཅན་རྣམས་ལས་ཐོས་པ་དང༌། རྒྱ་གར་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའི་སྐྱེས་མཆོག་ནཱ་རོ་མཻ་ཏྲི་གཉིས་དང༌མར་པ་ལྷོ་བྲག་པ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱི་ཐུགས་ཀྱི་བཅུད་འཛིན་པ་རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པས་རྗེས་སུ་བཟུང་བའི་གསུང་དྲི་མ་མེད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། བཀའ་ཕྱག་གཉིས་ཀྱི་
གདམས་པའི་མཛོད་འཆང་བ། ཤར་དྭགས་པོ་སྙི་སྒོམ་བསོད་ནམས་རིན་ཆེན་གྱིས་བྲིས་པ་རྫོགས་སོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །རྗེ་སྒམ་པོ་པའི་ཞལ་ནས། མ་འོངས་པའི་གང་ཟག་བདག་ལ་མོས་ཤིང༌། བདག་དང་མ་ཕྲད་སྙམ་པ་ཀུན་ཀྱང༌། ཁོ་བོས་བརྩམས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང༌། ཐར་པ་རིན་པོ་ཆེའི་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་གཟིགས་པར་ཞུ། ང་དང་མངོན་སུམ་དུ་འཕྲད་པ་དང་ཁྱད་མེད་པར་ཡོད་ཀྱི། གསུངས་འདུག་པས། རྗེ་སྒམ་པོ་པ་ལ་མོས་པའི་སྐལ་ལྡན་རྣམས་ཀྱིས་འདི་དག་སྤེལ་བའི་ལས་ལ་བརྩོན་པར་ཞུའོ།།

ཆོས་རྒྱལ་དྭགས་པོ་ལྷ་རྗེའི་གསུང༌བསྟན་བཅོས་གྲོས་འདེབས་བདུད་རྩིའི་ཕྲེང་བ།

p. 107

༄༅། །ཆོས་རྒྱལ་དྭགས་པོ་ལྷ་རྗེའི་གསུང༌བསྟན་བཅོས་གྲོས་འདེབས་བདུད་རྩིའི་ཕྲེང་བ་བཞུགས་སོ། །
༄༅། །ༀ་སྭ་སྟི། ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པ་རྡོ་རྗེའི་སྐུ། །དེ་ཉིད་ལས་བྱུང་ཐུགས་རྗེའི་ཕྲིན་ལས་རྣམ་པར་དག་པ་ཡིས། །ལམ་ཞུགས་སྒྲུབ་པ་པོ་ཡི་ཚོགས་རྣམས་ཡོན་ཏན་རབ་རྒྱས་ཤིང༌། །རྟོག་བཅས་བྱིས་པ་སྐྱེ་བོའི་ཚོགས་རྣམས་མྱུར་དུ་རྒྱལ་གྱུར་ཅིག །གང་ཞིག་བྱིན་རླབས་རྟ་བདུན་བརྗིད་པའི་འོད་ལྟར་རབ་འབར་བས། །བདག་སོགས་བློ་ཡི་མུན་པ་བསལ་ནས་སེམས་ཉིད་དྭངས་པ་ཡི། །རྒྱ་མཚོ་ཆེ་ལས་སངས་རྒྱས་ཡོན་ཏན་པདྨ་གཞོན་ནུའི་ཚལ། །རབ་ཏུ་རྒྱས་མཛད་གང་ཡིན་དེ་ལ་གུས་པས་ཕྱག་འཚལ་ལོ། །དེ་ཡི་བཀའ་དྲིན་རྗེས་དྲན་ནས། །བདག་བློ་རྨུ་རྒོད་ལྟ་བུ་འདི། །ཡང་དག་ལམ་དུ་གཞུག་པའི་ཕྱིར། །གྲོས་

p. 108

འདེབས་བདུད་རྩིའི་ཕྲེང་བ་བྲི། །འོ་སྐོལ་ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ནི་ཐོབ། བཀའ་བརྒྱུད་བཟང་དགུ་ནི་གདམ་དུ་བྱུང༌། བླ་མ་དམ་པ་སངས་རྒྱས་ལྟ་བུ་རྣམས་ཀྱིས་ནི་རྗེས་སུ་བཟུང༌། སྐྱབས་འགྲོ་དང་སེམས་བསྐྱེད་དང་དབང་རྣམས་ནི་རིམ་པ་བཞིན་ཐོབ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྡོམ་པ་དང་དམ་ཚིག་ནི་ཁས་བླངས། མདོ་སྡེ་དང་རྒྱུད་སྡེ་དང་བསྟན་བཅོས་ཟབ་མོ་མང་པོ་ནི་བལྟ་བ་དང་ཉན་པ་བྱས། ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་ཟབ་མོ་རྣམས་ནི་ཞུས། དགེ་བཤེས་དང༌། སྟོན་པ་དང༌། སྒོམ་ཆེན་དང༌། རྣལ་འབྱོར་པར་ནི་ཁས་བླངས་ཤིང་མིང་བཏགས་ནས་ཚེ་འདི་ལ་ངེས་པར་བློ་མ་ལོག་པར་འདུག་པ་སོམས་དང༌། འོ་སྐོལ་ནི་གྲགས་པ་ཅི་སྙན། འཁོར་ཅི་མང༌། བསོད་ནམས་ཅི་སྐྱེ། ང་རང་མིན་པ་གཞན་མེད་པ་ཞིག་བྱ་དགོས་སྙམ་ནས་སྐྱེས་བུ་དམ་པ་རྣམས་ཀྱི་སྐྱོན་བགྲང༌། ངན་སྨྲས་དང་ཟུར་ཟ་གཏོང་ཞིང༌ཐོས་པ་ང་ཆེ། ཆོས་ང་མཁས། གདམས་པ་ང་ཟབ། སྒོམ་ང་བཟང༌། ངས་ཆོས་ལ་དཀའ་ལས་འདི་ཙམ་བྱས་ཟེར་ཞིང༌རང་བསྟོད་དང༌ རང་འདོད་འབའ་ཞིག་སྒྲུབ་པར་འདུག་པ། ཞེ་འདོད་དེ་ལྟ་བུ་ཞིག་ཁོང་ན་ཡོད་ན་ཐེག་པ་ཆེན་པོ་ཨ་ཅང་ཡང་ཆེ་སྟེ་ཐེག་པ་ཉན་ཐོས་པར་ཡང་མི་འགྲོ། འཇིག་རྟེན་པ་དང་ཁྱད་མི་འདུག་པ་དེ་ལྟར་བྱས་པས་ཆོས་ག་ན་འོང༌། ཐོས་པ་ཆེ་བ་དང༌། ཆོས་མཁས་པ་དང༌། གདམས་ངག་ཟབ་པ་དང༌། སྒོམ་བཟང་པོའི་དགོས་པ་ནི་ཉོན་མོངས་པའི་གཉེན་པོར་འགྲོ་དགོས་པ་ཡིན། རྒྱུད་ལ་ཡོན་ཏན་སྐྱེ་དགོས་པ་ཡིན། སྨན་པ་མཁས་པ་ན་ནད་འཚོ་དགོས་པ་དང་འདྲ་བ་ཡིན་ནོ། །དེ་བས་ན་ཞེ་འདོད་ཐམས་ཅད་བློ་ཡི་གཏིང་ནས་གཏོང་དགོས། དེ་ཐམས་ཅད་ལ་སྙིང་པོ་མེད་པ་ཆ་མེད་དམ། ཆེད་དུ་བསྒྲུབས་པའི་གྲགས་པ་ནི་ནམ་མཁའི་གློག་དང་འདྲ་སྟེ་ཡལ་

p. 109

ནས་འགྲོ། །སེར་སྣས་བསགས་པའི་ནོར་རྫས་ནི་དབུལ་པོའི་རྒྱགས་དང་འདྲ་སྟེ་འཛད། རང་གི་ཞེ་འདོད་ཀྱི་འཁོར་བསྐྱངས་ཀྱང་དྲིན་ཚུར་ལ་བགྲང་དུ་འོང༌། ཟང་ཟིང་གི་བསོད་ནམས་ནི་བདུད་ཀྱི་སླུ་བ་ཡིན། ཚེ་འདིའི་སྐྱིད་སྡུག་གཉིས་ནི་འཆི་བའི་ནངས་པར་རྨི་ལམ་བརྗེད་པ་བཞིན་དུ་འགྲོ། ཟང་ཟིང་གི་ནོར་རྫས་ནི་ཡོད་ཀྱིན་ཇེ་དགོས་དང་ཇེ་ཕངས་ལ་འགྲོ། འཚོ་བའི་ཟས་ཀྱང་ཞིམ་མི་ཞིམ་གཉིས་འདྲ་མི་གཙང་བའི་གསེབ་ཏུ་འགྲོ་བ་ཡིན། གོས་ཀྱང་བཟང་ན་ཆེར་སྡུག་བསྔལ་གྱི་རྒྱུར་འགྲོ་བར་འདུག་པ། སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན་རྙེད་པས་དགའ་བ་མེད། མ་རྙེད་པས་མི་དགའ་བ་མེད། དེ་བཞིན་དུ་གྲགས་མ་གྲགས་དང༌། བདེ་སྡུག་དང༌བསྟོད་སྨད་རྣམས་ལའང་དགའ་མི་དགའ་མེད་པ་ཞིག་དགོས། མདོར་ན། ལྟོགས་པའམ་འཁྱགས་པའམ་ཤི་ཡང་རུང་སྟེ། གཉེན་པོའི་ཆོས་ཐམས་ཅད་ཧྲིལ་གྱིས་དྲིལ་ནས་ཆོས་བརྒྱད་ཀྱི་སྟེང་དུ་གཏོང་དགོས། བླ་ན་མེད་པའི་བྱང་ཆུབ་གཏོང་རི་སྙམ་པ་ཞིག་དགོས་པ་ལ་འོ་སྐོལ་ནི་གཙོ་བོར་ལྟོ་རྒྱབ་གཉིས་སྒྲུབ་ཅིང༌འདི་གཉིས་ང་ལ་མེད་ཐབས་མེད། དེའི་ཞོར་ལ་ཆོས་བྱ་སྙམ་པ་འདུག་པ་རྒྱགས་ཆད་དམ། གོས་ངན་ནམ། མི་ལ་སྦྱིན་རྒྱུ་མེད་ན་ངོ་ཚ་འཕྱ་འོང་སྙམ་ན་ཁོང་ན་ང་རྒྱལ་དང་ཁེ་གྲགས་ཡོད་པའི་རྟགས་ཡིན། ཆོས་པ་བྱ་བ་གོས་བཟང་ན་ངོ་ཚ་བ། ཞིམ་ལྟོ་བྱེད་ན་ངོ་ཚ་བ། ཆོས་དང་མི་མཐུན་པ་དང༌དམ་པ་རྣམས་ཀྱི་སྤྱོད་པ་དང་མི་མཐུན་པ་བྱེད་ན་ངོ་ཚ་བ་ཡིན། ཆོས་གཤའ་མ་ཞིག་བྱེད་ན་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གོན། གནས་རི་ཁྲོད་ཀྱི་དགོན་ས་འགྲིམ་དགོས། ལྟོ་གོས་ལ་གྱོང་བསྐུར། བླ་མ་དང་དཀོན་མཆོག་ལ་བློ་ལྷན་གྱིས་བཀལ་ནས་ན་ན་ཡང་ཁྱི་ན་བ་ལྟར་འཇོག་དགོས། ཤི་ན་ཡང་ཁྱི་ཤི་བ་ལྟར་འཇོག་དགོས། ཉེ་བ་རྣམས་ཀྱིས་ཀྱང༌དེ་ཤི་བ་དང་ཁྱི་ཤི་བ་གཉིས་ལ་

p. 110

ཁྱད་མེད་ཟེར་བ་ཞིག་དགོས། མདོར་ན་རང་གི་དགེ་སྦྱོར་ཅི་འཕེལ་མ་གཏོགས་པ་ཕ་དང་མའི་ངོ་ཡང་མི་སྲུང་བ་ཞིག་དགོས། སྔོན་གྱི་སངས་རྒྱས་བྱང་སེམས་རྣམས་དང༌། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་ཐོབ་པ་རྣམས་ཀྱིས་རྒྱལ་སྲིད་ལ་སོགས་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དོར་ནས་དཀའ་ཐུབ་དང་དཀའ་སྤྱད་འབའ་ཞིག་མཛད་པས་དོན་གྲུབ་པ་ཤ་སྟག་བྱོན་འདུག །འོ་སྐོལ་ད་ལྟའི་ཆོས་པ་རྣམས་ནི་བྱས་པ་མེད་པར་རེ་བ་ཆེ། མ་བསྒྲུབས་པར་འབྲས་བུ་འདོད། ཆོས་པ་བཟང་པོ་དང་འཛིན་ཆགས་གཉིས་ཀ་རེ། མི་ཆོས་དང་ལྷ་ཆོས་གཉིས་ཀ་འོང་དུ་རེ། དཀའ་བ་མ་སྤྱད་པར་དངོས་གྲུབ་ཐོབ་ཏུ་རེ། ཆོས་གདམས་ངག་ཞད་རེ་ཙམ་ཤེས་ཀྱང་རང་གིས་ཉམས་སུ་མི་ལེན་པར་ཞུ་མི་དང་སློབ་མ་འོང་དུ་རེ། ཟླ་རེ་ཟླ་གཉིས་རི་ལ་བསྡད་ན་ཡང་མིས་ཐོས་སུ་རེ། བསྙེན་བཀུར་དང་ཞབས་ཏོག་བྱེད་དུ་རེ། སྒོམ་ཉམས་སམ་ཡོན་ཏན་ཞད་རེ་ཙམ་བྱུང་ན་ཡང་འདི་ལ་ཇི་ལྟར་བྱས་ནས་བསྟན་སྙམ། ཆོས་ཐུན་རེ་བཤད་དམ། གཏོར་མ་ཚར་རེ་བཏང་ངམ། གཞན་དོན་བག་རེ་བྱས་ན་འདིས་ང་ལ་ཅི་སྟེར་སྙམ། ཆོས་སམ་གདམས་ངག་ཞུ་མི་བྱུང་ན་ང་རང་གིས་ཀྱང་འདི་ཙམ་ཕུལ་བ་ཡིན། མེ་ཏོག་འདི་ཙམ་རེ་འདོད་ཟེར་བ་འདུག་པ་དེ་ནི་ཆོས་བཙོངས་པའི་རིན་ཟ་བ་ཡིན་ན། འོ་སྐོལ་ནི་ཚོང་ཞིག་བྱེད་ན་ཡང་རང་རྒྱལ་བར་འདོད། ཟས་ཤིག་ཟ་ན་ཡང་རང་ཆེ་བ་དང་ཞིམ་པ་ཞིག་ཟ་འདོད། ཞག་གཅིག་གཉིས་པར་ཡང་སྐྱིད་པར་ཉལ་འདོད། ཟས་ནོར་ཡང་བཟང་དགུ་ཐམས་ཅད་རང་ཚགས་བྱེད་འདོད། ངན་དགུ་ཐམས་ཅད་མི་ལ་སྟེར་འདོད། བླ་མ་དཀོན་མཆོག་མཆོད་པ་བས་རང་གི་ལྟོ་རྒྱབ་དང༌ཉེ་འབྲེལ་ལ་སྦྱིན་པ་གལ་ཆེ་བར་བྱེད། དེ་ཡང༌ཐུགས་གཟོ་བའམ་ཟབ་པ་རྣམས་ཀྱིས་ཀྱང༌ཁ་ལ་མི་འདོད་པ་སྐད་ཟེར་ནས་འདོད་པ་

p. 111

ཕུགས་སུ་བཅུག་ནས་གདའ་བ། འདོད་པ་ལ་བློ་མ་ལོག་པར་ཆོས་པ་ག་ན་མཆི། ལེགས་པར་སོམས་དང༌། འོ་སྐོལ་ནི་སྔར་ཡང་རེ་དོགས་འབའ་ཞིག་གིས་ཕུང་བ་ཡིན། གྲོས་མཁས་པའམ། མི་ཆོས་གཟོ་བའམ། མི་སེམས་ཟིན་པས་ཐུགས་ཟབ་པའམ། ཕོ་ཟོ་མཐོ་བ་ཁོ་ནས་ཕུང་བ་ལགས་ན། ཚེ་འདི་ཕྱི་གཉིས་ཁྲིད་དུ་བྱེད་པ་དེ་སྒྲུབ་ཕྱོགས་དག་ཆེ་བར་གདའ་སྟེ། རྟ་གཉིས་ལ་ཞོན་ན་ཐང་ལ་ལྷུང་བར་མཆིའོ། །ད་ཕན་ཆད་ཆོས་བརྒྱད་དོན་གཉེར་གྱི་མི་དང་བློ་མ་བསྟུན། ལྷན་དུ་མ་སྡོད། ཁ་མ་སྨྲ། འོ་སྐོལ་ནི་ཐོག་མ་མེད་པ་ནས་དངོས་འཛིན་ལ་གོམས་དྲགས་པས་གཉེན་པོས་གཅུན་ཡང་མི་ཕན་པར་འདུག་པ་ཆ་མེད་དམ། ཆོས་ལས་ལོག་པ་ལ་ཆ་ལུགས་བོར་མི་དགོས། བློ་འདོད་པའི་ཕྱོགས་སུ་སོང་བ་དང༌ཆོས་བརྒྱད་ཀྱི་ཕྱོགས་སུ་སོང་བ་ལ་ཟེར་བ་ཡིན། མདོར་ན། རང་ལ་རྫུན་མ་ཟེར། དུག་མ་བླུད། མིས་ཟེར་བ་ལ་མ་ཉན། རྣ་བ་དང་གྲོས་མ་བྱེད། སྙིང་ཐག་པ་ནས་ཆོས་བྱེད་པའི་གྲོས་ཐམས་ཅད་ཚེ་འདི་བློས་བཏང་བའི་དམ་པ་རྣམས་ལ་དྲིས། གཞན་ཐམས་ཅད་ཀྱིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། འདོད་པ་དང་འཛིན་པ་སློབ་ན་སློབ་དཔོན་ཡིན་ཀྱང་བདུད་དུ་ཤེས་པར་བྱའོ། །རང་ཚེ་འདི་དང་མ་འདྲེས་པའི་ཆོས་གཅིག་བྱེད་ན་གྲགས་པ་སྙན་རུང་མི་སྙན་རུང༌། བསྙེན་བཀུར་བྱུང་རུང་མ་བྱུང་རུང༌། རང་སྐྱིད་རུང་སྡུག་རུང༌། བཀའ་བརྒྱུད་རྣམས་ཀྱི་མཛད་སྲོལ་ཡང་འདི་ཡིན། དགེ་སྦྱོར་ཡང་འདིས་འཕེལ། ཆོས་དང་ཡང་འདི་མཐུན། ཅི་དགའ་གྱིས་སྙམ་པ་ཞིག་དགོས་པ་ལ། འོ་སྐོལ་ནི་མི་གཞི་སྲབ་མོ་ཡབ་སེ་ཡོབ་སེ། ཕོ་བ་སོལ་པོ་ཕྱད་དེ་ཕྱོད་དེ། ཕོ་རྒོད་པོ་རེ་བྱས་པས་སྒྲུབ་པ་པོ་ཅི་ལ་འོང༌། མཆོག་ཐུན་མོང་གི་དངོས་གྲུབ་ཅི་ལ་འཐོབ། གྲུབ་ཐོབ་ཀྱི་བརྒྱུད་པ་ཅི་ལ་ཟིན། རྗེ་བཙུན་རས་ཆུང་པས། བླ་མ་ཆེན་པོ་དགེ་སྦྱོར་མཛད་པ་ལ་བར་ཆད་

p. 112

མ་བྱུང་ངམ་ཞུས་པས། ང་ལ་བར་ཆད་འོང་དོན་ཅི་ལ་ཡོད་གསུངས། དེ་ཇི་ལྟར་ལགས་ཞུས་པས། ངས་མིའི་ཁ་ལ་ཉན་མ་མྱོང་གསུངས་སྐད། དེ་བས་ན་དགོན་པ་བདག་ཏུ་མི་བཟུང༌། ཐབ་ཀ་དང་ལས་ཀ་མི་བྱ། འཁོར་དང་གཡོག་ལ་མི་དགའ། གཞན་གྱི་ཕྱེ་གཏོར་མ་འགམ། མི་ཆེན་གྱི་ལད་མོ་མ་བྱེད། ཟང་ཟིང་གི་གཡེང་བ་མི་བྱ། གཞན་གྱི་ངོ་མི་སྲུང༌། བུད་མེད་དང་ཁྱུ་མི་སྲེ། ཞིང་ཆུ་དང་བུན་སྐྱེད་མི་བྱ། ཚོང་ཁེ་སྤོག་མི་བྱ། བླ་མ་དང་ཡི་དམ་མི་བླུ། བློ་ཕུགས་སྤྲང་ལ་གཏད། འདུག་ས་རི་ཁྲོད་དུ་བྱ། བལྟས་ན་རང་སྐྱོན་ལྟོས། བསྟོད་ན་གཞན་བསྟོད། འདུལ་ན་རང་རྒྱུད་ཐུལ། གསོག་ན་འཕགས་པའི་ནོར་བདུན་ལ་སོགས། སྤེལ་ན་ཉམས་མྱོང་དང་རྟོགས་པ་སྤེལ། སྐྱོང་ན་བླ་མའི་གདམས་ངག་སྐྱོང༌། ལར་ཆོས་གཤའ་མ་ཞིག་བྱེད་ན་མི་གཞི་ལ་འགྱུར་བ་མེད་པ་ཞིག་དགོས། དུས་རྟག་ཏུ་འཆི་གྲབས་བྱེད་པ་ཞིག་དགོས། དད་པ་ལ་འཕེལ་འགྲིབ་མེད་པ་ཞིག་དགོས། མོས་གུས་ལ་ལྟེམ་རྐྱང་མེད་པ་ཞིག་དགོས། སེམས་ལ་གཡོ་སྒྱུ་མེད་པ་ཞིག་དགོས། དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་དུ་སྲུང་བ་ཞིག་དགོས། སེམས་ཅན་གཅིག་གི་བ་སྤུའི་ཁུང་བུ་གཅིག་ལ་ཡང་གནོད་པ་མི་སྐྱེལ་གྱི་སྟེང་དུ་ནུས་ཚད་ཀྱིས་ཕན་འདོགས་པ་ཞིག་དགོས། ངན་སྨྲས་སམ་སྐུར་པ་འདེབས་མཁན་བྱུང་ན་ཡང༌ཁོང་གི་དེ་གདམས་ངག་ཡིན་སྙམ་པ་ཞིག་དགོས། ཚུར་ལ་གནོད་པ་བྱེད་མཁན་བྱུང་ན་ཡང༌ཁོང་གི་དེ་གདམས་ངག་ཡིན་སྙམ་པ་ཞིག་དགོས། ཚུར་ལ་གནོད་པ་བྱེད་མཁན་བྱུང་ན་ཡང༌ངས་བཟོད་པ་ཐུབ་མི་ཐུབ་ལྟ་བའི་སློབ་དཔོན་ཡིན་སྙམ་པ་ཞིག་དགོས། ཁོང་གིས་མ་ཤེས་མ་རིག་པ་ཡིན་ང་རང་གི་སྔོན་གྱི་དྲིན་ཅན་མ་རྒན་ཡིན། ཁོང་ད་ལྟ་དངོས་པོའི་གདོན་གྱིས་བཟུང་ནས་སྨྱོ་བ་ཡིན། སྙིང་རེ་རྗེ། ང་དམ་པའི་ཆོས་བྱེད་པ་ཡིན་སྙམ་དུ་

p. 113

བསམ་ཞིང༌། ཁོང་གི་གནོད་པ་བྱས་པའི་ལན་དུ་འོ་སྐོལ་གྱི་ནུས་ཚད་ཀྱིས་ཕན་འདོགས་པ་ཞིག་དགོས། འཐབ་རྩོད་ལྟ་སྨོས་ཀྱང་ཅི་དགོས། དགེ་རྩ་ཅི་བྱས་ཐམས་ཅད་གནོད་པ་བྱེད་མཁན་དེས་དབུ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་དགོས། མདོར་ན་ཞེ་སྡང་ནི་ཐེག་པ་ཆེན་པོ་པར་ནམ་ཡང་གནང་བའི་སྐབས་མེད་པས་བཟོད་པ་ལ་ནན་ཏན་བྱ་དགོས། རང་ཉིད་གསོད་ཀྱང་རྒྱུད་འཁྲུག་མི་རུང་ན། ལོངས་སྤྱོད་འཕྲོག་པ་དང༌ཕྱར་ཀ་གཏོང་བ་ལ་རྒྱུད་འཁྲུག་པ་ལྟ་སྨོས་ཀྱང་ཅི་འཚལ། འོ་སྐོལ་ནི་གོས་མར་བསྲིངས། སྐྲ་ཡར་བསྟུངས་ནས་འདིར་ཁ་བསྐྱེད་དེ་གཞན་ལ་གནོད་པ་བྱེད་པ་མི་འཚལ། གྲལ་དམས་སམ། བསྙེན་བཀུར་ཆུང་ངམ། མ་ལེགས་སམ། མ་ཤེས་པ་ཚུལ་དང་མི་མཐུན་པ་ཞད་རེ་ཙམ་བྱུང་ན་ཁྱེད་ཀྱིས་ཅིར་མཐོང༌། ང་མི་ཆེན་པོ་ལ་བརྙས་པ་བྱེད་ཟེར་ནས་ཀོ་ལོང་དམ་པར་གདའ་བ། ཆོས་མང་དུ་ཤེས་ཤིང་ང་རྒྱལ་ཇེ་ཆུང༌། ཡུན་རིང་བསྒོམ་ཞིང་ང་རྒྱལ་ཇེ་ཆུང་ལ་འགྲོ་དགོས་པ་ཡིན་ན། ཆོས་ང་རྒྱལ་གྱི་གྲོགས་སུ་བཏང་བས་ཅི་ལ་ཕན། ཡོན་ཏན་ཞད་རེ་ཙམ་ཡོད་པས་ང་རྒྱལ་ནས་ངའི་ཡུས་ཀྱིས་གཞན་ལ་འཕྱ་བར་གདའ་སྟེ་དེ་ཙུག་བྱས་པས་ཆོས་ག་ན་མཆི། འོ་སྐོལ་ཆོས་པ་ཡིན་ཟེར་ནས་ཆོས་དཔེ་ཆ་ལ་བཞག །རྒྱུད་ཐ་མལ་དུ་བཞག །སེམས་འདོད་པའི་ནང་དུ་བཞག་ནས་ལག་ལེན་མི་ཆོས་ལ་བྱེད། བཟླས་བརྗོད་ངན་སྔགས་ལ་བྱེད། དགེ་སྦྱོར་རྐྱེན་ཟློག་ལ་བྱེད། མཆོད་པ་བུ་སྨད་དང་ཉེ་འབྲེལ་ལ་འབུལ། གཏོར་མ་ལྷ་འདྲེ་ལ་གཏོང༌། སྒྲུབ་པ་ཆོས་བརྒྱད་ལ་བྱེད་ཅིང་ཆོས་པའི་གཟུགས་བརྙན་དུ་བྱས་ནས་གདའ། ཆོས་ནས་དེ་ལྟར་དུ་བཤད་དེ་བྱེད་མཁན་སུ་ཡང་མེད་ཟེར་ནས་གཞན་སྐྱོན་ཤ་སྟག་འཆད་པར་གདའ་ན། འོ་ན་ཆོས་སྒོར་ཞུགས་ནས་ཅི་བྱེད། ཆོས་ཉན་ནས་

p. 114

ཅི་བྱེད། དཔེ་བྲིས་ནས་ཅི་བྱེད། དེ་ཐམས་ཅད་དོན་མེད་ལ་སོང་བ་ཡིན། འོ་སྐོལ་ནི། རང་ལ་ཡོན་ཏན་མེད་པའི་ཉམས་མྱོང་གཞན་ལ་བཀལ་ནས་སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་ཁྱད་དུ་གསོད་ཅིང༌བདེན་མི་སྲིད་རྫུན་ཟེར་བ་ཡིན། འོ་ན་དེ་རེ་སླ་ཟེར་ནས་གདའ་སྟེ་གང་ཟག་གི་བློ་ཚོད་མི་ཤེས། དམ་པ་སུ་ཡིན་མི་ཤེས། སྤྲུལ་པ་ཡིན་ནམ་ཡང་མི་ཤེས་པས་ན་ཆོས་དང་གང་ཟག་གི་ཞལ་ཆེ་མི་བཅད། ཐམས་ཅད་ལ་མོས་པ་བྱ། རྗེས་སུ་ཡི་རང་འབུལ། ཁོང་ཐམས་ཅད་ངོ་མཚར་ཅན་དུ་འདུག་པ་ལ་ང་རང་ཁོ་ན་སྐྱུག་རེ་བྲོ་སྙམ་དུ་བསམ། ཟས་ནོར་ཡང་གཅེས་དགུ་ཐམས་ཅད་བླ་མ་དང༌དཀོན་མཆོག་གི་ཕྱོགས་སུ་བཏང་ཞིང༌བཏང་སྙམ་པའི་ང་རྒྱལ་མེད་པ་ཞིག་དགོས། འོ་སྐོལ་ནི། རང་ཁོ་ན་གཏོང་ཕོད་ཆེ། འདོད་པ་ཆུང༌། མི་བཟང༌། ཆོས་པ་བཟང་སྙམ་ནས། རང་ལ་གཞན་གྱིས་ཕྱེ་གཏོར་ཞད་རེ་ཙམ་བཏང་བ་ལ་བདེན་ནམ་སྙམ་ནས་ང་ལ་ཐམས་ཅད་བྱམས། ང་ལ་ཐམས་ཅད་མགུ་སྙམ་པའི་ང་རྒྱལ་གྱིས་ཐམས་ཅད་ཕུང་བ་ལགས་པས། ང་རྒྱལ་དེ་ལྟ་བུ་ཞིག་ཁོང་ན་ཡོད་ན་ཡོན་ཏན་སྐྱེ་མི་སྲིད་པས་ང་རྒྱལ་གྱི་རི་བོ་རྨང་ནས་བསྒྱེལ་ནས་ཤེས་པ་དམའ་ཞུམ་གྱིས་གཏོང་བ་ཞིག་དགོས། བདག་འཛིན་གྱི་མཁར་པོ་རྨང་ནས་བཤིག་ནས་ཤེས་པ་འཛིན་མེད་ཀྱི་ཐང་ལ་ཕྱམ་གྱིས་གཏོང་བ་ཞིག་དགོས། ཞེ་འདོད་ཀྱི་མདུད་པ་ཐམས་ཅད་ཁྲོལ་གྱིས་འགྲོ་བ་ཞིག་དགོས། ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་ལྷན་གྱིས་ཞི་བ་ཞིག་དགོས། སྣང་བ་འདི་དངོས་བུན་ལ་སངས་ཀྱིས་འགྲོ་བ་ཞིག་དགོས། རང་རྒྱུད་ཀྱི་ཤེས་པ་མཉེན་ལྕུག་གིས་འགྲོ་བ་ཞིག་དགོས། སྟན་ཐོག་ཏུ་ལྷན་ནེ་སྡོད་ཚུགས་པ་ཞིག་དགོས། འགྲོ་བ་གཞན་ལ་སྙིང་རྗེ་དུང་གིས་སྐྱེ་བ་ཞིག་དགོས། མཐུན་འཇུག་གི་རྩིག་པ་རྨང་ནས་འགྱེལ་བ་ཞིག་དགོས། ཆགས་སྡང་

p. 115

དང༌ཕྱོགས་རིས་སྐྱེ་བའི་རྒྱུ་ཐམས་ཅད་ལིང་ངེ་བོར་ནས་འགྲོ་བ་ཞིག་དགོས། རང་གི་དགེ་སྦྱོར་དང༌ཡོན་ཏན་ཅི་འཕེལ་གྱི་གྲོགས་དང༌གནས་དང་སྤྱོད་ལམ་འབའ་ཞིག་བརྟེན་པ་ཞིག་དགོས། དེ་ཐམས་ཅད་ཀྱང་མདོར་བསྡུ་ན། ཆོས་ཉོན་མོངས་པའི་གཉེན་པོར་མ་སོང་ཞིང༌རང་གི་རྒྱུད་ལ་མ་ཕན་ན་སྡེ་སྣོད་གསུམ་བློ་ལ་བཤད་ཤེས་ཀྱང༌ནེ་ཙོའི་འདོན་པ་དང་འདྲ། གདམས་ངག་ཟབ་དགུ་ཐམས་ཅད་ཡོད་ཀྱང༌སྨན་པ་ཁོ་རང་ནད་ཀྱིས་ཤི་བ་དང་འདྲ། བླ་མ་བཟང་དགུ་བསྟེན་ཀྱང་རྒྱ་མཚོའི་འགྲམ་དུ་སྐོམ་པས་འཆི་བ་དང་འདྲ། ལོ་བརྒྱ་སྟོང་ལ་སོགས་རི་ཁྲོད་དམ་ཕུག་ཏུ་བསྡད་ཀྱང༌རི་དྭགས་སམ་ཕྱི་བ་དང་འདྲ། བསྐལ་པ་མང་པོར་སྦྱིན་པ་དང༌ཚུལ་ཁྲིམས་ལ་འབད་ཀྱང་རུང༌། མངོན་ཤེས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་བྱུང་ཡང་རུང༌། ཡི་དམ་ལྷའི་ཞལ་མཐོང་བ་དང༌ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་ཐོབ་ཀྱང༌སངས་རྒྱ་བའི་རྒྱུར་འགྲོ་བ་ཙམ་ལས་འཁོར་བའི་ཕ་རོལ་ཏུ་བརྒལ་མི་ནུས། འཁོར་བ་བརྒལ་བ་ལ་རང་གི་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་གདམས་ངག་གཅིག་པུས་མི་ཕན་བླ་མ་རྟོགས་ལྡན་ཞིག་གི་བྱིན་རླབས་འཇུག་དགོས། དེ་འཇུག་པར་བྱེད་པ་ལ་བླ་མ་དེ་ལ་ལུས་ལོངས་སྤྱོད་ཐམས་ཅད་དངོས་སམ་ཡིད་ཀྱིས་འབུལ་ཞིང་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་དད་གུས་རྒྱུན་ཆད་མེད་པར་གསོལ་བ་བཏབ་ཅིང་། དེ་ལ་བློ་ལྷན་གྱིས་གཏད་ལ་དེས་ཅི་གསུང་ཉན་ན་བླ་མ་དེའི་བྱིན་རླབས་ཞུགས་ནས་བླ་མ་དེའི་རྟོགས་པ་སློབ་མའི་རྒྱུད་ལ་འཆར། དེ་ཤར་བ་དང་བླ་མའི་ཐུགས་དགོངས་ལོན་པ་ཞེས་ཀྱང་བྱ། ཚིག་གིས་མ་བསླད་པ་ཐོབ་པ་ཞེས་ཀྱང་བྱ། སྒོམ་ཁྲིད་ཚར། ལས་ཟིན། སྡུག་བསྔལ་གྱི་ཁུར་བོར། འཁོར་བའི་ཆུ་བོ་བརྒལ། ཐར་པའི་སྐམ་སར་སླེབས། མི་ཟད་པའི་གཏེར་དང་

p. 116

འཕྲད། རང་སེམས་ལ་ངེས་ཤེས་སྐྱེས་པས་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ནས་མོས་གུས་གཤའ་མ་ཞིག་གཟོད་སྐྱེ། དེ་སྐྱེས་པ་དང་ཡོན་ཏན་ཐམས་ཅད་ནམ་ཟླ་སྟོན་ཀའི་འབྲས་བུ་ཐམས་ཅད་དུས་གཅིག་ལ་སྨིན་པའམ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྱུང་ངོ༌། །རྟོགས་པ་ནམ་མཁའ་དང་མཉམ་པ་དེ་ལྟ་བུ་ཞིག་རང་གི་རྒྱུད་ལ་སྐྱེས་པས་དགེ་བས་ཕན་མ་བཏགས། སྡིག་པས་གནོད་མ་བསྐྱལ་སྙམ་ནས་རྒྱུ་འབྲས་ཁྱད་དུ་གསོད་ཉེན་ཡོད་པས་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པར་བྱ་ཞིང༌། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་སངས་པར་བྱ་བའི་ཕྱིར་ད་རུང་བླ་མ་དམ་པ་བསྟེན་ནས་མོས་གུས་ཆེར་བསྐྱེད་ཅིང་བསྒོམས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནང་ནས་འཆར། དེ་ཤར་བ་དང་བླ་མས་ཀྱང༌ཚིག་སྦན་སྦུན་མེད་པར་འདི་རྗེན་པར་བསྟན་འདུག་སྙམ་པ་འབྱུང༌། མདོ་རྒྱུད་བསྟན་བཅོས་ཀུན་ནས་ཀྱང་བསྟན་ནས་འདུག་པ་ལ་ང་རང་ཙ་རེ་ལོང་དུ་སོང་ནས་འདུག་སྙམ་པ་འོང༌། སྤྱིར་ཚོགས་མ་རྫོགས་ཤིང་སྒྲིབ་པ་མ་བྱང་ན་སེམས་མི་རྟོགས་པ་སྔགས་དང༌ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་མཐུན། ཕ་རོལ་ཏུ་ཕྱིན་པར་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ནས་སངས་རྒྱ་བར་འདོད་པ་དང༌། སྔགས་ནས་ཚེ་གཅིག་གིས་སངས་རྒྱ་བར་འདོད་པ་ཡང༌ཚོགས་གཉིས་གསོག་པ་དང་སྒྲིབ་པ་བྱང་བའི་ཐབས་ཆེ་ཆུང་གི་ཁྱད་པར་དུ་གདའ་བ། དཔེར་ན་གཞུང་ལམ་ཆེན་པོར་བསྐོར་བ་དང༌གསེབ་ལམ་ལ་འགྲོ་བ་དང་འདྲ། དེས་ན་ཚོགས་གསོག་པའི་ཞིང་ས་ཡང་བླ་མ་ཁོ་ན་བཟང་བར་གསུངས། བླ་མ་ལ་མོས་གུས་བཅོས་མིན་རེ་སྐྱེས་ན་བསྐལ་པ་མང་པོའི་སྒྲིབ་པ་རྩ་བ་ནས་འདག་པར་གསུངས། བླ་མའི་བྱིན་རླབས་ཤིག་མ་ཞུགས་ན་སེམས་ཉིད་འདི་བལྟས་པས་མི་མཐོང༌། བཟུང་བས་མི་ཟིན།

p. 117

བཀག་པས་མི་ཁེགས། རང་གི་སྣང་བ་འདི་ཡང་སྤངས་པས་མི་སྤོང༌། བཤིགས་པས་མི་ཤིགས། དེ་བས་ན་ཚོགས་གསོག་པར་འདོད་པ་དང༌། སྒྲིབ་པ་བྱང་བར་འདོད་པ་དང༌། བར་ཆད་ཞི་བར་འདོད་པ་དང༌། རྟོགས་པ་རྒྱུད་ལ་སྐྱེ་བ་འདོད་པ་དང༌། སྣང་བ་ཟིལ་གྱིས་གནོན་པར་འདོད་པ་དང༌། རང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འདོད་པ་རྣམས་ཀྱིས་བླ་མ་ཁོ་ན་ལ་བསྙེན་བཀུར་བྱ་ཞིང༌གསོལ་བ་གདབ་པ་གཅིག་པུ་ལས་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་བླ་མ་ལ་གསོལ་བ་བཏབ་ཅིང༌རྟོགས་པའི་ཉམས་ཉིད་བསྐྱངས་པ་ལས་རང་གི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཆོས་ཀྱི་སྐུར་ཐག་ཆོད། ཚོགས་དྲུག་ཡུལ་གྱི་སྣང་བ་འདི་ཐམས་ཅད་སྒྱུ་མའམ་རྨི་ལམ་དང་འདྲ་བར་ཐག་ཆོད་པས་འཁོར་འདས་ལ་རེ་དོགས་མེད། ཕྱི་ནང་གི་སྒྲོ་འདོགས་ཆོད། སྔར་མ་མཐོང་མ་ཐོས་པའི་ཆོས་ཐམས་ཅད་ལ་ཡང༌ལོང་བ་མིག་བྱེ་བ་བཞིན་སོང་བས་བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ། བླ་མ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཐུགས་དགོངས་གཉིས་མེད་ཀྱི་ངང་ལ་འདྲེས་པས་ཆོས་ལ་རང་བྱན་ཚུད། ཤེས་བྱ་ཐམས་ཅད་ཀྱི་བདག་པོར་སོང་བས་གཅིག་ཤེས་ཀུན་ལ་མཁས་པ་ཞེས་ཀྱང་བྱ། རང་ལ་ཞེ་འདོད་ཏིལ་གྱི་འབྲུ་ཙམ་ཡང་མེད་པས་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ལྷུག་པར་སྐྱེས་ནས་ཕན་ཇི་ལྟར་བྱས་ལ་བཏགས་ན་རྟོགས་པ་བུའི་རྒྱུད་ལ་སྐྱེས་ན་སྙམ་པའི་བློ་མས་བུ་གཅིག་པོ་མཐོང་བ་དང་འདྲ་བ་ཞིག་འབྱུང་སྟེ་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཞེས་ཀྱང་དེ་ལ་བྱ། དེ་ལྟ་བུའི་རྟོགས་པ་བརྟན་པ་འགྱུར་བ་མེད་པ་ཞིག་ཡོད་པའི་སྐྱེས་བུ་རྣམས་ཀྱིས་ཟང་ཟིང་དང༌རྙེད་བཀུར་ལ་མི་ལྟོས་པའི་འགྲོ་དོན་བྱེད་དགོས་ཏེ། རང་གཅིག་པུ་ཐར་པས་མི་ཕན་པས། གདུལ་བྱ་ཡང་གང་དམན་པ། གང་

p. 118

ཉམ་ཆུང་བ། གང་གཟུགས་ངན་པ། གང་ལོངས་སྤྱོད་ཆུང་བ། གང་སྡིག་ཤས་ཆེ་བ་ཐམས་ཅད་ལ་བྱམས་པར་བྱེད་དགོས། ཁོང་མི་ཆེན་དང༌། སྒོ་ཅན་གྱིས་ཆོས་དང་སློབ་དཔོན་གང་ནས་ཀྱང་རྙེད། ཁོང་བསོད་ནམས་བསགས་པ་ཡིན་པས་ཇི་ལྟར་བྱས་ཀྱང་བདེ། འོ་ན་ཡང༌། གདུལ་བྱ་དུས་ལ་བབ་ན་གང་མོས་པ་དང༌། གང་དད་པ་ཆེ་བ་ལ་ཆོས་དང་གདམས་ངག་བྱ། མི་མོས་མི་དད་པ་ལ་གདུལ་བྱའི་ལས་འབྲེལ་གཞག །བཅོམ་ལྡན་འདས་ཀྱིས་དགེ་སློང་ལེགས་པའི་སྐར་མ་བསྐྱངས་པ་དང་འདྲ། སྒྱུ་ལུས་ལ་བརྟེན་ནས་འགྲོ་བ་མང་པོ་མ་འདྲོངས་ཀྱང༌སྙིང་རྗེ་ཆེན་པོ་བསྐྱེད་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ་པས་ནམ་མཁའ་དང་མཉམ་པའི་སེམས་ཅན་རེ་རེའི་མདུན་དུ་ཡང་སྤྲུལ་པ་རེ་རེ་སྟོན་ནུས་པ་འབྱུང་ངོ༌། །རྒྱ་གར་གྱི་གྲུབ་ཐོབ་ཐམས་ཅད་ཀྱིས་ཀྱང༌ཚོགས་པ་ཆེན་པོ་བསྐྱངས་པར་མི་གདའ་བ་དེ་ཁོང་རྣམས་ཐུགས་རྗེ་ཆུང་ནས་མ་བསྐྱངས་པ་མ་ལགས། གདུལ་བྱ་འདུལ་བའི་དུས་ལ་མ་བབ་པར་གཟིགས་ནས་སྤྲུལ་པས་འགྲོ་དོན་མཛད་པར་གདའ། ད་ལྟའི་དགེ་བའི་བཤེས་གཉེན་འགྲོ་དོན་མཛད་པ་རྣམས་ཀྱང༌སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲུབ་ཐོབ་རྣམས་ཀྱི་སྤྲུལ་པར་གདའ། ཁོང་རང་གིས་སྤྲུལ་པར་མ་མཁྱེན་པ་ཡང་འགལ་བ་མེད་དེ། དཔེར་ན། སྒྱུ་མ་མཁན་པོས་སྐྱེས་པ་དང་བུད་མེད་ལ་སོགས་པ་མང་པོ་སྤྲུལ་ཡང༌དེ་དག་གིས་བདག་ནི་སྒྱུ་མའི་སྐྱེས་བུའོ་སྙམ་པ་མེད་ཀྱང༌སྐྱེ་བོ་ཐམས་ཅད་མགུ་བར་བྱེད་པ་དང་འདྲའོ། །འོ་སྐོལ་གྱིས་སྤྲུལ་པར་མ་མཐོང་བ་དེ་རང་ཉིད་རྣམ་པར་མ་དག་པས་ལན་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་སྤྲུལ་པས་སྤྲུལ་པ་མཐོང་བ་དེ་ཚོགས་ལམ་ཆེན་པོའི་གནས་སྐབས་ཡིན་པར་གདའ། སངས་རྒྱས་ལ་འོད་ཟེར་དང༌རྫུ་འཕྲུལ་དཔག་ཏུ་མེད་པ་མངའ་ཡང༌འོ་སྐོལ་གྱིས་མ་

p. 119

མཐོང་བ་དེ་ལྟར་ལགས། དེས་ན་རྟོགས་ལྡན་གྱི་རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་བྲན་བཞིན་དུ་བྱ་སྟེ་ཟས་ནོར་ལ་སོགས་པ་ཕར་ལ་ཡང་སྦྱིན་ཚུར་ལ་ཡང་བླངས་ལ་སྨོན་ལམ་རྒྱ་ཆེན་པོ་གདབ། སྐྱེས་བུ་དམ་པ་དེ་མཐོང་བ་དང་ཐོས་པ་དང༌རེག་པ་ཙམ་ཡང་ངན་སོང་དང་ལོག་པར་མི་འགྲོ་ན། ཟས་ནོར་དང་ཆོས་འབྲེལ་བྱས་པ་དང༌དད་གུས་ཀྱིས་གསོལ་བ་འདེབས་པ་རྣམས་དེའི་གདུལ་བྱར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། ཐེ་ཚོམ་མེད་པར་བྱའོ། །དེ་ལྟར་གཞན་དོན་བྱེད་པའི་དུས་སུ་གཡེང་བ་ཆེ་སྙམ་པ་དང༌། སྡུག་བསྔལ་དང་སེམས་ཁྲལ་ཆེ་སྙམ་པ་མི་བྱ་བར་གཞན་ལ་ཕན་པར་འདུག་ན། ང་ཡི་སྐྱིད་སྡུག་གཉིས་ཀྱང་ཡལ་ནས་འགྲོ་བ་ཡིན་པས་ང་རང་གཅིག་པུ་སྐྱིད་པས་མི་ཕན་སྙམ་དུ་བསམས་ལ། སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན་དང༌འགྲོ་བ་གཞན་ལ་ཅི་ཕན་འབའ་ཞིག་བྱ། བདག་གི་ལུས་ངག་ཡིད་གསུམ་འགྲོ་བའི་དོན་དུ་བསྔོས་ལ་བཏང་ངོ༌། །སྤྱིར་ཡང་རྟོགས་ལྡན་གྱི་རྣལ་འབྱོར་པ་ཞིག་ཡིན་ན་ལེགས་ཉེས་དང་ཕན་ཡོན་ཐམས་ཅད་ཤོང་བ་ནམ་མཁའ་ལྟ་བུ་ཞིག་དགོས། བཟང་ངན་དང་སྐྱིད་སྡུག་ཐམས་ཅད་ཐེག་པ་ས་གཞི་ལྟ་བུ་ཞིག་དགོས། རྒན་གཞོན་ཆེ་ཆུང་ཐམས་ཅད་དང་འགྲོགས་ཤེས་པ་བུ་ཆུང་ལྟ་བུ་ཞིག་དགོས། ཞེན་པ་ནང་ནས་ལོག་པ་ནད་པའི་སྔས་སུ་ཟས་བཞག་པ་ལྟ་བུ་ཞིག་དགོས། སྙིང་རྗེ་ཤུགས་འབྱུང་དུ་སྐྱེ་བ་མས་བུ་གཅིག་པུ་མཐོང་བ་ལྟ་བུ་ཞིག་དགོས། ཡོན་ཏན་ཐམས་ཅད་ཤུགས་འབྱུང་དུ་སྐྱེ་བ་དབྱར་གྱི་ས་གཞི་ལྟ་བུ་ཞིག་དགོས། དངོས་འཛིན་གྱི་འཁྲུལ་པ་ཞིག་པ་ཆབ་རོམ་ཆུ་རུ་ཞུ་བ་ལྟ་བུ་ཞིག་དགོས། ཉམ་ང་བག་ཚ་མེད་པ་སེང་གེ་གངས་ལ་མཆོང་བའམ་གླང་པོ་ཆེ་མཚོར་ཞུགས་པ་ལྟ་བུ་ཞིག་དགོས། ཡོན་ཏན་དེ་ལྟ་བུ་འབྱུང་བ་ལ་རྟོགས་པ་ཤར་བ་ཙམ་གྱིས་མི་ཆོག་སྤྱོད་པ་རོ་སྙོམས་

p. 120

པ་ལ་སློབ་དགོས། རོ་ལ་གཞན་སྙོམས་རྒྱུ་མེད་ཆོས་བརྒྱད་རོ་སྙོམས་དགོས་པ་ཡིན། འོ་སྐོལ་ཐོག་མ་མེད་པ་ནས་དངོས་འཛིན་ལ་གོམས་དྲགས་པས་སྒོམ་སྐྱེས་རྟོགས་པ་ཤར་ཡང་གསར་བུར་སོང་བས་དངོས་འཛིན་བཟློག་མི་ནུས་པ་ལགས། དཔེར་ན་ཉི་མ་ཤར་མ་ཐག་མུན་པ་སངས་ཀྱང༌ཆབ་རོམ་ཞུ་མི་ནུས་པ་དང་འདྲ། ཉི་མ་ཚ་ཞིང་ཡུན་རིང་བ་ཞིག་ཤར་ན་མུན་པ་སངས་པའི་སྟེང་དུ་ཆབ་རོམ་ཡང་འཇུ་བ་བཞིན་དུ་རྟོགས་པ་ཤར་ནས་དེ་ཉིད་བརྟན་པར་བྱེད་པ་ལ་ཕ་རོལ་ཏུ་ཕྱིན་པ་ནས་སྒོམ་ལམ་ཞེས་བཤད། སྔགས་ནས་སྤྱོད་པའི་ཐབས་སུ་བཤད། འཁྱེར་སོ་མི་གཅིག་ཀྱང་དོན་ལ་གཅིག་པ་ལགས། རྟོགས་པ་ཤར་ནས་དེ་རང་བསྒོམས་པས་ཡོན་ཏན་ཐམས་ཅད་ཀྱང་གཟོད་རྫོགས་པར་འབྱུང༌། སྣང་བ་ཐམས་ཅད་ཀྱང་ཆོས་སྐུར་ཤར། སངས་རྒྱས་ཞེས་བྱ་བའི་མིང་ཡང་དེར་ཐོབ། འགྲོ་བ་གཞན་ལ་ཕན་ཐོགས་པ་ཡང་དེར་འབྱུང་ངོ༌། །དེ་བས་ན་རྟོགས་པ་མ་སྐྱེས་པ་ཐམས་ཅད་ཀྱང༌རྟོགས་པ་སྐྱེ་བའི་ཐབས་བླ་མ་ལ་བསྙེན་བཀུར་བྱ་ཞིང༌མོས་གུས་ཀྱིས་གསོལ་བ་འདེབས་པ་ལ་འབད་པ་མ་གཏོགས་པ་གཞན་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང༌དེ་བརྟན་པར་བྱེད་པའི་ཐབས་ལ་བླ་མ་ལ་མོས་གུས་བྱ་ཞིང་དེ་ཉིད་ལ་གོམས་པར་བྱ། བརྟན་པ་ཐོབ་པ་རྣམས་ཀྱིས་བདག་བསྒྲལ་ནས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། བདག་གྲོལ་ནས་སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་བྱ། བདག་དབུགས་ཕྱུང་ནས་སེམས་ཅན་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ། བདག་མྱ་ངན་ལས་འདས་ནས་སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བའི་ཐབས་ལ་མཁས་པར་བྱ། བརྩོན་པར་བྱ། ཡིད་སྐྱོ་བ་མེད་པར་བྱའོ། །སྒྱུ་མས་སྒྱུ་མའི་སྐྱེས་བུ་ལ། །གྲོས་འདེབས་སྒྱུ་མའི་ཡི་གེར་བྲིས། །སྒྱུ་མའི་རྣམ་
འཕྲུལ་དཔག་མེད་པས། །སྒྱུ་མའི་འགྲོ་ཀུན་འདྲེན་པར་ཤོག །སྤྲུལ་པས་སྤྲུལ་པའི་རྒྱལ་བ་ལ། །སྤྲུལ་པའི་ཚོགས་གཉིས་རྫོགས་བྱས་ནས། །སྤྲུལ་པའི་ཡོན་ཏན་རབ་རྒྱས་ཤིང༌། །སྤྲུལ་པའི་འགྲོ་ཀུན་འདྲེན་པར་ཤོག །ནམ་མཁའ་ལྟ་བུའི་སེམས་ཅན་རྣམས། །ནམ་མཁའི་ངང་ལ་དག་ནས་ཀྱང༌། །ནམ་མཁའ་གང་བའི་ཡོན་ཏན་གྱིས། །ནམ་མཁའི་འགྲོ་ཀུན་འདྲེན་པར་ཤོག །སེམས་ལ་གྲོས་འདེབས་མཚང་སྐྱོན་ཐམས་ཅད་ཡུལ་ནས་འདོན་པར་བྱེད་པ་རང་སྐྱོན་ལྟ་བའི་མེ་ལོང༌གྲོས་འདེབས་བདུད་རྩིའི་ཕྲེང་བ་ཞེས་བྱ་བའོ།།

རྗེ་རིན་པོ་ཆེ་དཔལ་ལྡན་ཕག་མོ་གྲུ་པའི་ཚོགས་ཆོས་ཆེན་མོ།

p. 121

༄༅། །རྗེ་རིན་པོ་ཆེ་དཔལ་ལྡན་ཕག་མོ་གྲུ་པའི་ཚོགས་ཆོས་ཆེན་མོ་བཞུགས་སོ། །
༄༅། །བླ་མ་རྗེ་བཙུན་ལ་ཕྱག་འཚལ་ལོ། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་འཁོར་བར་འཁོར་བ་དེ་ཅིས་ལན་ན། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ་ཆོས་དྲུག་ཚང་དགོས་པ་ལ་དེ་མེད་པས་ལན། དེ་ཡང་ཆོས་དྲུག་གང་ཞེ་ན། དད་པ་ཆེ་བ། ཤེས་རབ་ཆེ་བ། སྙིང་རྗེ་ཆེ་བ། བླ་མ་དམ་པ་བསྟེན་པ། གདམས་ངག་ཐོབ་པ། བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཞིག་དགོས་སོ། །དེ་ཡང་དང་པོ་ཆོས་ལ་འཇུག་པར་བྱེད་པ་ལ་དད་པ་དགོས་པས། བསླབ་བཏུས་ལས། དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན། །ཞེས་གསུངས་པ་དང་། སྡོང་པོ་བཀོད་པ་ལས་ཀྱང་། དད་པ་ལས་ཡོན་ཏན་ཐམས་ཅད་འབྱུང་བས། དད་པ་གཏེར་དང་འདྲ་

p. 122

བ་དང་། བྱང་ཆུབ་ཀྱི་བྱ་བ་བྱེད་པས་ཡན་ལག་དང་འདྲ་བ་དང་། སངས་རྒྱས་ཀྱི་སར་འགྲོ་བར་བྱེད་པས། དད་པ་རྐང་པ་དང་འདྲ་བ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པར་གསུངས། དད་པ་དེ་ཡང་ཅི་དགའ་དགའ་ལ་དད་པས་མི་ཆོག་པས། བསླབ་བཏུས་ལས། གཞི་གསུམ་ལ་དད་པའི་དད་པ། ལམ་ཕ་རོལ་ཕྱིན་པ་དྲུག་ལ་དད་པའི་དད་པ། འབྲས་བུ་སྐུ་གསུམ་ལ་དད་པའི་དད་པ་དང་གསུམ་དུ་གསུངས། རྒྱུད་བླ་མར་ཆོས་ལ་ངེས་པར་ཤེས་པའི་དད་པ་ཞེས་གསུངས་ཀྱང་། དེ་དག་ཚུར་བསྡུ་ན་མངོན་པ་ནས་གསུམ་དུ་གསུངས་ཏེ། དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་པའི་དད་པ་དང་གསུམ་དུ་འདུའོ། །བླ་མ་དང་དཀོན་མཆོག་ལ་ཡོན་ཏན་ཅན་དུ་མཐོང་བ་ནི་དང་བའི་དད་པའོ། །དེ་ཡང་བདག་ཉིད་ཀྱིས་ཐོབ་པར་འདོད་པ་ནི་འདོད་པའི་དད་པའོ། །ཡོན་ཏན་དེ་ཡང་རྒྱུ་ཚང་ལ་མ་ནོར་བ་ཞིག་ལས་འབྱུང་བ་དེ་ཡང་དགེ་བ་བཅུ་སྤྱད་པ་ལས་འོང་བ་ཡིན་ངེས་སྙམ་ནས། རྒྱུ་འབྲས་ལ་ཐེ་ཚོམ་མི་ཟ་བ་ནི་ཡིད་ཆེས་པའི་དད་པའོ། །དེ་ལྟ་བུའི་དད་པ་བཤའ་མར་སྐྱེ་བ་ལ་ཡང་ཚོགས་དཔག་ཏུ་མེད་པ་བསོག་དགོས། དད་པ་བཤའ་མ་ཚོགས་ལམ་ཆེན་པོ་ལ་སྐྱེ་བ་ཡིན་ཏེ། དེ་ཡང་བསྐལ་པ་གྲངས་མེད་པ་གཅིག་ལ་ཚོགས་བསོག་དགོས་པ་ཡིན། དེའི་རྒྱུ་གོམས་པ་ལས། སྦྱོར་ལམ་དུ་དད་པའི་དབང་པོར་གཟོད་འགྱུར་བ་ཡིན། དེས་ན་དད་པ་དེ་དཀར་པོའི་ཞིང་ས་ལྟ་བུ་ཡིན་པས་གལ་ཆེའོ། །དེ་ལྟར་དད་པ་ཆེ་ཡང་ཤེས་རབ་མེད་ན། ལམ་དང་ལམ་མ་ཡིན་པ་ཡང་མི་ཤེས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་། སྡིག་པའི་གྲོགས་པོ་ཡང་ངོ་མི་ཤེས་པས། ལམ་ལོག་པར་ཚུད་སྲིད་པས་ཤེས་རབ་ཆེ་བ་ཞིག་དགོས། དེ་ཡང་ངན་གཡོའི་བསྟན་བཅོས་རྒྱ་དང་རྙི་ལ་སོགས་པ་ཤེས་པ་ལ་མི་ཟེར། དེ་ཤེས་པ་ཡིན་ཏེ་ཤེས་རབ་

p. 123

མིན། དེ་བས་འོད་སྲུང་རྫོགས་བྱེད་ཀྱིས་སྡེ་སྣོད་གསུམ་འཆད་ཤེས་ཀྱང་དེ་སུན་ཕྱུང་ནས། ཁོ་རང་མུ་སྟེགས་བྱེད་པས་ཁོ་རང་དམྱལ་བར་སྐྱེས་པ་ཡིན་པས་དེ་ལྟ་བུ་ལ་ཡང་མི་ཟེར། སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་ཉོན་མོངས་པའི་གཉེན་པོར་གསུངས་པ་ཡིན་པས། ཐོས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ངོས་ཟིན་པ། བསམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་མགོ་ནོན་པ། སྒོམ་པའི་ཤེས་རབ་ཀྱིས་ཉོན་མོངས་རྩ་བ་ནས་ཆོད་པ། ཤེས་རབ་གསུམ་གྱིས་ཉོན་མོངས་པའི་གཉེན་པོར་འགྲོ་བ་ལ་ཤེས་རབ་ཅན་ཞེས་བྱ་སྟེ་དེ་གལ་ཆེའོ། །དེ་ལྟར་དད་པ་དང་ཤེས་རབ་ཆེ་ཟེར་ཡང་། ཐེག་པ་ཆེ་ཆུང་གི་ཁྱད་ཀྱང་སྙིང་རྗེ་ཡིན་པས་སྙིང་རྗེ་ཆེ་བ་ཞིག་དགོས། དེ་བཞིན་དུ་སྦྱར་ཏེ། སྟོང་པ་ཉིད་རྟོགས་པར་བྱེད་པ་ཡང་སྙིང་རྗེ་ཡིན། དེ་བཞིན་གཤེགས་པའི་སྐུ་ཚེ་རིང་ཐུང་ཡང་སྙིང་རྗེའི་ཁྱད་ཡིན། ས་ནས་སར་འཕར་བ་ཡང་སྙིང་རྗེ་ཡིན། ཡི་དམ་ལྷ་ཡི་ཞལ་མཐོང་བར་བྱེད་པ་ཡང་སྙིང་རྗེ་ཡིན། ཚོགས་རྒྱ་ཆེན་པོ་རྫོགས་པར་བྱེད་པ་ཡང་སྙིང་རྗེ་ཡིན། ནད་དང་གནོད་པ་བསྲུང་བ་ལ་ཡང་སྙིང་རྗེ་དགོས། འགྲོ་བ་གཞན་ལ་ཕན་འདོགས་པ་ལ་ཡང་སྙིང་རྗེ་དགོས། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བྱེད་ནའང་སྙིང་རྗེ་དགོས། འཇིག་རྟེན་འདི་ཉིད་ཀྱི་ཆེད་དུ་གནས་བརྟན་ནམ་མི་ཆེན་ནམ་འཁོར་འདོད་ན་ཡང་སྙིང་རྗེ་དགོས། ཐ་ན་ཉིན་གཅིག་མི་དང་འགྲོགས་ན་ཡང་སྙིང་རྗེ་དགོས། ཉིན་གཅིག་སྙིང་རྗེ་དང་བྲལ་ན་ཉིན་གཅིག་རང་གི་རྒྱུད་འདི་ཐེག་པ་ཆེན་པོའི་ཆོས་དང་བྲལ་ནས་ཤ་ཟ་ལྟ་བུར་འགྲོ། དེ་བཞིན་དུ་ལོ་གཅིག་བྲལ་ན་ཡང་རང་གི་རྒྱུད་འདི་ལོ་གཅིག་ཤ་ཟ་ལྟ་བུར་འགྲོ་བས་སྙིང་རྗེ་འདི་ཤིན་ཏུ་གལ་ཆེ། འདི་དག་གི་བཤད་པ་རྒྱས་པ་བློ་ལྡོག་བཞིའི་ནང་དུ་བྲིས་ཡོད་པས་དེར་ཤེས་པར་གྱིས་ཤིག །དེ་ལྟར་

p. 124

ཡོན་ཏན་དེ་དག་ཚང་ཡང་ཐོས་བསམ་བྱེད་པ་ལ་ཡང་བླ་མ་ཞིག་ལ་བསྟེན་དགོས། བསྒོམ་པ་ལ་ཡང་སེམས་མི་གནས་པ་གནས་པར་བྱེད་པ་ལ་ཡང་བླ་མ་ཞིག་ལ་བསྟེན་དགོས། གནས་པ་བོགས་འདོན་པ་དང་གེགས་སེལ་བར་བྱེད་པ་ལ་ཡང་བླ་མ་དགོས་པ་ཡིན་པས། སཾ་བྷུ་ཊི་ལས་ཀྱང་། སྐྱ་བ་འཛིན་པ་མེད་པ་ཡིས། །གྲུ་ཡི་ཕ་རོལ་འགྲོ་མི་ནུས། །དེ་བཞིན་ཡོན་ཏན་ཀུན་རྫོགས་ཀྱང་། །བླ་མ་མེད་ན་སྲིད་ཐར་མིན། །ཞེས་གསུངས་པ་དང་། སྡོམ་པ་འབྱུང་བའི་རྒྱུད་ལས། མཆོད་པ་ཀུན་གྱི་ཐོག་མར་ནི། །བླ་མའི་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་པ་དང་། ཡང་དེ་ཉིད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་ཕྱིར་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་གསུངས་པས། བླ་མ་དགེ་བའི་བཤེས་གཉེན་ཞིག་ལ་བསྟེན་དགོས། དེ་ལ་བཞི་སྟེ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན། ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན། ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན། ཡང་དག་པའི་དགེ་བའི་བཤེས་གཉེན་ནོ། །གཞན་ཡང་ཀཱ་རི་ཀ་ལས། བླ་མའི་མཚན་ཉིད་ཆོས་བཞི་དང་ལྡན་པ་ཞིག་ལ་བསྟེན་དགོས་པར་གསུངས། སློབ་དཔོན་ཙནྡྲ་གོ་མིས་ཆོས་གསུམ་ལྡན་ཞིག་ལ་བསྟེན་དགོས་པར་གསུངས་ཏེ། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་སོ། །སློབ་དཔོན་ཞི་བ་ལྷས། ཆོས་གཉིས་དང་ལྡན་པ་ལ་བསྟེན་དགོས་པར་གསུངས་ཏེ། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་སོ། །ཇོ་བོ་བྱམས་པས། ཆོས་བཅུ་དང་ལྡན་པ་ཞིག་ལ་བསྟེན་དགོས་པར་གསུངས་ཏེ། བཤེས་གཉེན་

p. 125

དུལ་ཞིང་ཞི་ལ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་པ་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་པའོ། །བླ་མ་ལྔ་བཅུ་པ་ལས། ཡོན་ཏན་བཅོ་ལྔ་དང་ལྡན་པ་ཞིག་བསྟེན་དགོས་པར་གསུངས་ཏེ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་ཆོ་ག་ཤེས། །རབ་ཏུ་ཞི་ཞིང་དབང་པོ་དུལ། །ཞེས་གསུངས་སོ། །ཁྱད་པར་དུ་སྦྱོར་ལམ་པའི་བླ་མ་དེ་ཡོན་ཏན་ལྔ་དང་ལྡན་པ་ཞིག་བསྟེན་དགོས་ཏེ། བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་རབ་ཏུ་གྲགས། །ཞེས་པའོ། །རྟོགས་པ་བསྐྱེད་པའི་བླ་མ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། དུས་དྲུག་ཏུ་གསོལ་བ་བཏབ་ན་རྟོགས་པ་འཆར་བ་ཞིག་ལ་བསྟེན་དགོས་ཏེ། སློབ་དཔོན་དྲིལ་བུ་པས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པདྨར་འདུད། །ཅེས་གསུངས་པས་སོ། །བླ་མ་རིན་པོ་ཆེའི་ཞལ་ནས། བླ་མ་ཡོན་ཏན་གསུམ་ཚང་བ་ཞིག་དགོས་ཏེ། ཚེ་འདིའི་ལྟོས་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པ་དང་། སྙིང་རྗེ་ཆེན་པོས་གཞན་གྱི་སྡུག་བསྔལ་མི་བཟོད་པ་དང་། ཤེས་རབ་ཆེན་པོས་གཞན་གྱི་ལམ་སྣ་འདྲེན་ནུས་པ་ཞིག་དགོས་གསུངས། འཇིག་རྟེན་འདི་ལ་ཆགས་ན། འདིའི་སྙན་གྲགས་ལ་ཕན་ན་སློབ་མ་སྐྱོང་། མ་ཕན་ན་མི་སྐྱོང་བས་ཚེ་འདིའི་ལྟོས་ཐག་རྦད་ཀྱིས་བཅད་པ་ཞིག་དགོས། སྙིང་རྗེ་མེད་ན་སེམས་ཅན་ལ་ཕན་མི་ཐོགས་པས་གཞན་གྱི་སྡུག་བསྔལ་མི་བཟོད་པ་ཞིག་དགོས།

p. 126

ཐོས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ངོས་ཟིན་པ་ཞིག་དགོས། བསམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་མགོ་ནོན་པ་ཞིག་དགོས། སྒོམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་རྩད་ནས་ཆོད་པའི་རྟོགས་པ་མངའ་བ། སྔ་མ་ལམ་དུ་འགྲོ་མྱོང་བའི་ལམ་རྒྱུས་ཅན་ཞིག་དགོས། དེ་མེད་ན་ལོང་བས་ལོང་བ་ཁྲིད་པ་དང་འདྲ། སློབ་མས་གསོལ་བ་བཏབ་ཀྱང་བླ་མ་ལ་རྟོགས་པ་མེད་ན་རྒྱ་ལ་རི་མོ་མེད་ན་འབུར་མི་འོང་བ་ལྟར་སློབ་མ་ལ་རྟོགས་པ་མི་འཆར་བས་ཤེས་རབ་གསུམ་གྱིས་ལམ་སྣ་འདྲེན་ཤེས་པ་ཞིག་དགོས། དེ་ལྟར་བླ་མ་མཚན་ཉིད་དང་ལྡན་ཡང་སློབ་མ་ལ་མོས་གུས་མེད་ན་སོ་སོ་སྐྱེ་བོ་དང་འདྲ་བར་མཐོང་ནས་ནོར་བུ་སྦུར་ལེན་ལྟར་བླ་མའི་སྐྱོན་འབའ་ཞིག་བརྟགས་ན་ལྕགས་གྲང་མོ་ལ་ལ་ཆ་མི་འགོ་བ་དང་འདྲ། སློབ་མ་ལ་རྟོགས་པ་མི་འཆར་བས་བླ་མ་ལ་མོས་ཤིང་གུས་པའི་སྒོ་ནས་བསྟེན་དགོས། དེ་ཡང་འདུལ་བ་ནས་ནངས་པར་སྔ་བར་ལངས་ཁྲུས་བྱས། དེ་ནས་བླ་མའི་སྒོ་དལ་བུས་བརྡུང་བ་དང་། དེ་ནས་ཕྱག་བྱས་བླ་མའི་ཁམས་འདྲི་བ་ལ་སོགས་པ་གསུངས། བསླབ་བཏུས་ལས་བསྟེན་ཚུལ་བརྒྱད་ལ་སོགས་པ་གསུངས་ཀྱང་། སྒོ་གསུམ་གུས་པས་བསྟེན་དགོས་ཏེ། དེ་ཡང་ལུས་གུས་པས་ཏེ་བླ་མའི་སྤྱན་སྔར་དང་པོ་བརྒྱ་ཕྱག་ཐང་སྐུ་བཀྲམ་ནས་འགྲོ་བ་ལྟ་བུ་མ་ཡིན་པ་ཐལ་མོ་སྦྱར་ནས་འདུག་པ་ཡིན་ནོ། །བླ་མའི་སྤྱན་སྔར་ངག་ཀྱང་ལོ་ཀའི་གཏམ་སྨྲ་བ་མ་དག་པ་ཐམས་ཅད་སྤངས། ཡིད་ཀྱིས་བླ་མ་དང་སངས་རྒྱས་ཐ་དད་མེད་པར་བསྒོམ། དེ་ཡང་བླ་མའི་ཐུགས་སྐྱེ་བ་མེད་པའི་ངང་ལ་གནས་པས་ཐུགས་ཆོས་སྐུ། སྐུས་སེམས་ཅན་གྱི་དོན་བྱེད་པས་སྐུ་ལོངས་སྐུ་ཡིན། གསུང་གིས་ཆོས་སྟོན་པས་གསུང་སྤྲུལ་སྐུ་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་མཐོང་ན་རང་ལ་ཆོས་སྐུ་འཆར། སངས་རྒྱས་ཀྱི་ཡོན་ཏན་འབྱུང་། བླ་མ་བྱང་ཆུབ་སེམས་

p. 127

དཔར་མཐོང་ན་བྱམས་སྙིང་རྗེ་སྐྱེ། ཉམས་བཟང་ངན་ཡང་རང་གི་མོས་གུས་ཆེ་ཆུང་ཡིན། ཉམས་ནི་འགྲིབ་པ་མེད་པ་ལ། བླ་མ་ལ་མོས་གུས་ཀྱི་གདམས་ངག་ཡོད་ཅེས་བླ་མ་རས་ཆུང་པས་གསུངས། བར་ཆོད་ཐམས་ཅད་ཀྱང་བླ་མ་ལ་གསོལ་བ་བཏབ་པས་ཞི་ནས་འོང་། དེ་བས་ན་དཔལ་གསང་བ་འདུས་པ་ལས། སློབ་མ་སངས་རྒྱས་ནས་ཀྱང་བླ་མ་སེམས་ཅན་དུ་བཞུགས་པ་ལ་དུས་དྲུག་ཏུ་ཕྱག་བཙལ་བར་གསུངས་པ་དང་། སངས་རྒྱས་ཀྱི་དབུ་ལ་རིགས་ཀྱི་བདག་པོས་མཚན་པ་ཡང་སྔོན་གྱི་བླ་མ་དེ་ཡིན། བླ་མ་ལ་མོས་གུས་བྱེད་པ་འདི་ཕར་ཕྱིན་པ་ལ་མེད། སྔགས་ཀྱང་རྣལ་འབྱོར་ཆེན་པོ་མིན་པ་གཞན་ནས་མ་གསུངས། ལམ་འབྲས་པས་ལམ་ཟབ་མོ་བླ་མ་ལ་མོས་གུས་བྱེད་པར་བཤད་ལ། སློབ་དཔོན་དཔའ་བོས་ཀྱང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་པས་ཡི་དམ་གྱིས་བར་ཆད་སེལ་ལ། བླ་མས་དངོས་གྲུབ་སྟེར་བ་ཡིན་གསུངས། དེ་བས་ན་ཉིན་བར་རིན་པོ་ཆེ་ཤེལ་གྱི་ཁང་པར་བསྒོམ། མཚན་མོ་སྙིང་གི་དཀྱིལ་དུ་བསྒོམ། དེ་ལྟར་བླ་མ་ལ་གུས་པའི་ཡོན་ཏན་དང་། མ་གུས་པའི་ཉེས་དམིགས་ནི། དཔལ་གསང་བ་འདུས་པ་ལས། ཉིན་རེ་བྲམ་ཟེ་གསོད་པ་དང་། །སྲོག་ཆགས་བྱེ་བ་གསོད་ལྡན་ཞིང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །ཆོས་འདི་ལ་ནི་ཞུགས་གྱུར་ཅིང་། །བླ་མ་ལ་གུས་ཡོད་གྱུར་ན། །འགྲུབ་པ་འདི་ལ་ཐེ་ཚོམ་མེད། །བླ་མ་ལ་གུས་མེད་གྱུར་ན། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པས་བླ་མ་དམ་པ་བསྟེན་པ་དེ་གལ་ཆེའོ། །བླ་མ་དམ་པ་དེས་ཀྱང་སྣོད་དེ་དང་སྦྱར་ནས་གདམས་ངག་མགོ་རྩ་མ་ལོག་པ་ཞིག་སྟོན་དགོས་ཏེ། དེ་ཡང་རིམ་གྱིས་འཇུག་པའི་གང་ཟག་ལ་ཅིག་ཅར་བའི་

p. 128

གདམས་ངག་སྟོང་པ་ཉིད་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་ན་ལོག་པ་ཡིན། ཅིག་ཅར་འཇུག་པའི་གང་ཟག་ལ་དམན་པའི་ཆོས་འཆི་བ་མི་རྟག་ལ་སོགས་པའི་ཆོས་བསྟན་ན་ལོག་པ་ཡིན། དེ་སྐད་དུའང་། དམན་ལ་ཟབ་དང་རྒྱ་ཆེ་དང་། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་པ་དང་། རིམ་གྱིས་པ་ཡི་སྨན་ཆེན་འདི། །ཅིག་ཅར་བ་ཡི་དུག་ཏུ་འགྱུར། །ཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །ཞེས་པ་དང་། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བསྟན་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ནས། །ཕྱི་ནས་རྣམ་པར་དབེན་དོན་ཉིད། །གསུངས་པས་སྣོད་དང་སྦྱར་ནས་ཆོས་སྟོན་དགོས། དེ་ལྟར་གདམས་ངག་ཟབ་མོ་ཐོས་ཀྱང་། རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །ཞེས་གསུངས་པས་བསྒྲུབ་དགོས་སོ། །བླ་མ་རིན་པོ་ཆེའི་ཞལ་ནས་ཀྱང་ངོ་བོ་ཧྲབ་ཧྲིབ་ཅིག་སྐྱེས་ནས་བསྒྲུབས་ན་དངོས་གྲུབ་ཐོབ་ངེས་པས། བརྩོན་འགྲུས་ཀྱི་ཁ་ན་ཙེན་ནེ་ཡོད་གསུངས། སྙིང་རྗེ་པདྨ་དཀར་པོ་ལས། སྡུག་བསྔལ་ཐམས་ཅད་ཟད་བྱེད་པའི། །ཆོས་ནི་ང་ཡིས་བསྟན་བྱ་ཡིས། །ཁྱེད་ཉིད་ཀྱིས་ནི་ཉམས་སུ་ལོངས། །དེ་བཞིན་གཤེགས་པ་སྟོན་མཛད་ཡིན། །ཞེས་གསུངས་པས། ཡི་གེ་བྲིས་ནས་བཞག་པས་མི་ཕན་རང་གིས་མ་བསྒྲུབས་ན་སངས་རྒྱས་ཀྱིས་ཀྱང་གཙོར་སྟོན་དུ་ནི་མི་བཏུབ། ཡོན་ཏན་ཐམས་ཅད་ཀྱང་གོམས་པ་ལས་འོང་བ་ཡིན་ཏེ། དེ་ལྟར་ཡང་། ལུས་ཅན་ཀུན་གྱི་སྐྱོན་ཡོན་ནི། །ཀུན་ཀྱང་གོམས་པའི་རྩ་བ་ཅན། །གོམས་དེ་དག་ལ་རག་ལས་པས། །དེ་ཕྱིར་གོམས་ལ་འབད་པར་བྱ། །ཞེས་འབྱུང་བས་བསྒོམ་པ་གལ་ཆེའོ། །སེམས་ཅན་གྱི་

p. 129

དོན་བྱེད་པ་ལ་ཡང་བརྩོན་འགྲུས་གལ་ཆེ་སྟེ། མགོ་ལ་སེམས་ཅན་ཁུར་ཆེན་ཁུར་བ་ཡི། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །ཞེས་གསུངས། གཞན་ཡང་དལ་འབྱོར་རྙེད་དཀའ་ཞིང་ངན་སོང་ན་ཆོས་མེད་པས་ཀྱང་ད་ལྟ་ཆོས་བྱེད་དགོས་ཏེ། འགའ་ཡིས་སྨད་འབྱུང་ཐོབ་གྱུར་པའི། །བདག་གི་སྐྱེ་བ་དོན་མེད་བྱས། །ཞེས་པ་དང་། ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་གསུངས། དེ་ཡང་ཚེ་ལ་ངེས་པ་ཡོད་ན་ཆར་བགོས་ནས་འདི་ཙམ་ཞིག་འཇིག་རྟེན་འདིའི་བྱ་བ་བྱ། འདི་ཙམ་ཞིག་ཐོས་བསམ་བྱ། ཆ་འདི་ཙམ་ཞིག་བསྒོམ་པ་ཡིན་ཞེས་ཆར་བསྒོས་པ་ཡིན་ཏེ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་རྒད་པོ་མཁར་ཐོག་ཅིག་དང་བྱིས་པ་མདང་སྐྱེས་ཤིག་སྔོན་དུ་གང་འཆི་མི་ཤེས་པས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་མཚོ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་གསུངས་པ་ཡིན། འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཚེ་སྔ་མ་ལ་བསོད་ནམས་མ་བསགས་ན། འབད་ཀྱང་བྱིས་པ་འཇའ་བདའ་བ་དང་འདྲ། དགེ་བཤེས་རྔོག་ལོ་ཙཱ་བ་ལ་རྣམ་ངེས་འགྲེལ་བའི་སློབ་མ་བདུན་སྟོང་བྱུང་སྟེ། འོ་སྐོལ་གྱིས་བཤད་ཀྱང་དེ་ཙམ་མི་འོང་། བྱུང་ཡང་ཆོག་ཤེས་མེད། ལྷ་ཁང་བརྒྱ་བཞེངས་ཀྱང་སྟོང་མ་བཞེངས་ཟེར་ནས་འོང་། སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ལྕགས་རི་ཞིག་གིས་བསྐོར་ནས་སྒོ་བཅུག་སྟེ་ལྡེ་མིག་རང་གི་ལག་ཏུ་གཏད་ཀྱང་འཆི་བའི་དུས་སུ་རྨི་ལམ་དང་འདྲ། གཅིག་དང་ཡང་འགྲོགས་སུ་མེད། མདང་རྨི་ལམ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་བྱས། འདོད་པའི་ཡོན་ཏན་ཐམས་ཅད་ལ་ལོངས་སྤྱོད་པར་རྨིས་ཀྱང་གཉིད་སད་པ་དང་འདྲ། དྲན་པ་ཙམ་ལས་མེད་པ་དང་འདྲ། དེ་བས་ཁར་སང་

p. 130

ཅི་བྱས་ཐམས་ཅད་ཀྱང་དེ་རིང་དྲན་ཙམ་ལས་ཡུལ་དུ་བྱར་མེད། དེ་སྐད་དུ་ཡང་། རྨི་ལམ་ལོ་བརྒྱར་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་དང་། །གང་ཞིག་ཡུད་ཙམ་བདེ་མྱོང་ནས། །སད་པར་གྱུར་པ་གང་ཡིན་པ། །སད་པ་དེ་དག་གཉིས་ཀ་ཡང་། །བདེ་བ་དེ་ནི་ཕྱིར་མི་འོང་། །དེ་བཞིན་དུ། ཚེ་རིང་ཚེ་ཐུང་གཉིས་ཀ་ཡང་། །འཆི་བའི་དུས་ན་དེ་འདྲར་ཟད། །རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་དག་ཏུ་བདེ་སྤྱད་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས། རང་སྒྲུབ་པ་མ་བྱས་པར་མི་སེམས་བཟུང་བས་ཀྱང་མི་ཟིན། ཁོ་རང་གིས་ཆོས་ནུས་ན་དང་། དེ་ལྟ་དེ་ལ་ཅི་སྟོ་ཟེར་ནས་འོང་། ད་ལྟ་མཛའ་ནས་ཚུགས་ཐབས་མེད་པ་ཡང་། ཚིག་གཅིག་གི་མཐོ་དམན་གྱིས་དགྲར་ལོག་གིས་འགྲོ་བ་ཚེགས་མེད། སྐད་ཅིག་གཅིག་གིས་འཛའ་གྱུར་ཀྱང་། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། །དགའ་བའི་གནས་སུ་ཁྲོ་བར་བྱེད། །བྱིས་པ་རྣམས་ནི་མགུ་བར་དཀའ། །ཞེས་གསུངས། བླ་མ་གོང་མ་རྣམས་ཀྱིས་ཀྱང་དཀའ་ལས་བྱས་པ་དང་། ལོ་ཀ་འདིའི་གྲགས་པ་བས་ཀྱང་ཆོས་ཚུལ་བཞིན་དུ་བྱས་ན་དང་པོ་ཡི་དམ་གྱི་ལྷས་ཚོར། དེ་ནས་བླ་མས་ཚོར། དེ་ནས་གྲོགས་ཀྱིས་ཚོར། དེ་ནས་ཐམས་ཅད་ཀྱིས་ཚོར་ནས་འོང་བ་ཡིན་ཏེ་བླ་མ་གོང་མ་རྣམས་དང་འདྲ། ལར་ཡང་མགོ་གང་གི་ཁ་བ་རང་གིས་མ་སྤྲུག་ན་ཕ་དང་མ་ཡིན་ཡང་ཁྱོད་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབས་ཤིག་ཟེར་བ་དཀའ། ཁོང་རང་གི་བསམ་པ་དང་མ་མཐུན་ན་ཁྱེད་རང་ཅི་འདོད་ཀྱང་ཁྱེད་རང་གིས་ཤེས་ངེད་ལ་ནི་མི་ཕན་ཟེར་ནས་འོང་། བླ་མ་རང་ཡང་ཁྱོད་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབས་ཤིག་ཟེར་བ་དཀའ། རང་གིས་ཆོས་མ་བྱས་ན་འཁོར་བ་ལ་འདི་ཙམ་ན་རང་ལོག་འོང་བྱ་བ་ནི་མེད། ད་ལྟ་སྙིགས་མ་རྣམ་པ་ལྔ་བདོ་བའི་

p. 131

དུས་འདིར་དགེ་བ་རེ་བྱས་ན། ཞིང་ཁམས་རྣམ་པར་དག་པ་མི་འཁྲུགས་པའི་ཞིང་ཁམས་ལ་སོགས་པར་བསྐལ་པ་མང་པོར་དགེ་བ་བྱས་པ་བས་ད་ལྟའི་དུས་སུ་བག་ཙམ་རེ་བྱས་པ་བསོད་ནམས་ཆེ་བར་མི་འཁྲུགས་པའི་ཞིང་བཀོད་པའི་མདོ་ཉིད་དུ་གསུངས་པ་དང་། ད་རེས་ལོ་གཅིག་གཉིས་ཀྱི་སོ་ནམ་ནི་མ་ཡིན། ནམ་ཞག་གཏན་གྱི་སོ་ནམ་ཡིན་པས་འབད་པ་གལ་ཆེ། ད་ལྟ་མདུང་རྩེ་ལ་བྲོ་བརྡུང་གྲི་སྒང་ལ་རྟ་རྒྱུགས་པའི་དུས་ཡིན། དུས་དེང་སང་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་རྫས་ཁྱད་པར་ཅན་དལ་བ་དང་འབྱོར་བའི་མི་ལུས་རིན་པོ་ཆེ་ཐོབ། ཡོངས་ཀྱི་དགེ་བའི་བཤེས་གཉེན་རིན་པོ་ཆེ་སངས་རྒྱས་དང་འདྲ་བའི་བླ་མ་གྲུབ་པ་བརྙེས་པ་རྣམས་དང་ནི་མཇལ། སངས་རྒྱས་ནས་ད་ལྟའི་བར་དུ་ཚོང་འདུས་ཀྱི་འོ་མ་བཞིན་དུ་བརྒྱུད་པ་མ་བསླད་པའི་གདམས་ངག་རིན་པོ་ཆེ་ཚེ་གཅིག་གིས་འཚང་རྒྱ་བར་ཤེས་པའི་དུས་སུ། ཅི་ཞིག་ལྟར་ལ་རང་གི་སེམས་ཤ་ཟས་བཏབ་པ་བཞིན་དུ། འཇིག་རྟེན་གྱི་མཚན་མ་དང་རྣམ་པར་རྟོག་པས་གཡེན་མི་སྤྱོ་ལ། དུས་དང་རྣམ་པ་ཐམས་ཅད་དུ་རང་གི་སེམས་ལ་ལྟ་བ་དང་རྒྱུན་དུ་མ་བྲལ་བར་བྱ་བ་འདི་ཤིན་ཏུ་གལ་ཆེ་གསུངས། དེ་ཡང་དུས་རྟག་ཏུ་ཞེ་སྡང་འབའ་ཞིག་གི་ངང་ལ་འགྲོ་ན་དམྱལ་བ་ལས་འགྲོ་ས་མེད། བསམ་གཏན་གྱི་དངོས་གཞི་ཐོབ་ཏུ་རུང་བ་ལ་སོགས་པའི་རྟགས་ལྔ་མཐོང་ཞིང་། ཞིམ་ཁམ་གྱི་ཟས་དང་བྲལ། ཕོ་མོའི་འདོད་པ་དང་ཞེ་སྡང་མི་སྐྱེ་བ་དེ་ཅིས་ཀྱང་བར་མི་ཆོད་པར་གཟུགས་ཁམས་དང་གཟུགས་མེད་ཀྱི་ལྷར་སྐྱེ། བསམ་གཏན་ཡོད་ཀྱང་ཆགས་སྡང་དང་མ་བྲལ་བ་དེ་འདོད་ཁམས་ཀྱི་ལྷར་སྐྱེ། ད་ལྟ་དུས་རྟག་ཏུ་འབད་མ་དགོས་པར་སྐྱེ་བ་མེད་པའི་ངང་ལ་འགྲོ་བ་དེ་ཅིས་ཀྱང་བར་དུ་མ་ཆོད་པར་འཆི་ཀར་སངས་རྒྱ་བ་ནི། ཡར་གྱི་མཚམས་མེད་བྱ་བ་རྒྱུད་ཐམས་ཅད་དུ་གསུངས་པ་ཡིན་
པས་དེ་ལ་ཡང་དང་ཡང་དུ་འབད་པ་གལ་ཆེ་གསུངས། དེ་ཐམས་ཅད་ཀྱང་ཅི་ལ་དགོས་ན། འོ་སྐོལ་འཇིག་རྟེན་འདིར་ཡུན་རིང་དུ་སྡོད་པ་ལྟ་བུ་ནི་མ་ཡིན། ཐམས་ཅད་འཆི་དགོས་པས། དེའི་དུས་ན་རང་གི་སེམས་འདི་དགེ་སྡིག་གཉིས་དང་འགྲོགས་པ་མ་གཏོགས་པ་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཡང་སྐད་ཅིག་ཙམ་ཡང་འགྲོགས་སུ་མེད་པས་ད་ལྟ་ནས་རང་གི་སེམས་ལ་གཞེན་སྐུལ་བཏབ་ལ། རང་གི་སེམས་འདི་ཆོས་སུ་ཅི་འགྲོ་བྱ་བ་འདི་གལ་ཆེ། རབ་ཆོས་སྐུའི་སྣང་བ་འཆར་བ། འབྲིང་མཁའ་སྤྱོད་དུ་འགྲོ་བའི་སྣང་བ་འཆར་བ། མ་ཐ་ཡང་སྣང་བ་ངན་པ་ཞིག་མི་འཆར་བ་ཞིག་བདག་གིས་བདག་རང་གི་དོན་བསྒྲུབ་སྙམ་ནས་མི་འགྱོད་པ་ཞིག་གལ་ཆེ་གསུངས་པས་དེ་བཞིན་དུ་ཐུགས་ལ་བཞག་པར་ཞུ། རྗེ་རིན་པོ་ཆེ་དཔལ་ལྡན་ཕག་མོ་གྲུ་པའི་ཚོགས་ཆོས་ཆེན་མོ་རྫོགས་སོ།། །།

གྲུབ་ཆེན་ཞང་རིན་པོ་ཆེའི་གསུང་བྱང་ཆུབ་སེམས་ཀྱི་ལག་ལེན།

p. 132

༄༅། །གྲུབ་ཆེན་ཞང་རིན་པོ་ཆེའི་གསུང་བྱང་ཆུབ་སེམས་ཀྱི་ལག་ལེན་བཞུགས་སོ། །
༄༅། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ཏེ། །བྱང་ཆུབ་སེམས་ནི་རིན་ཆེན་གྱི། །གདམས་ངག་ལག་ལེན་ཅུང་ཟད་བྲི། །བྱང་ཆུབ་སེམས་ལས་མ་གཏོགས་པའི། །ཐུབ་པས་ཆོས་གཞན་མ་གསུངས་ཏེ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །རིན་ཆེན་བྱང་ཆུབ་སེམས་ཀྱི་དོན། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་

p. 133

ལྷག་པར་འཕེལ། །དུས་གསུམ་སངས་རྒྱས་ཐམས་ཅད་ནི། །དང་པོ་བྱང་ཆུབ་སེམས་ལས་བྱུང་། །བར་དུ་བྱང་ཆུབ་སེམས་ཀྱིས་བསྐྱེད། །ཐ་མ་བྱང་སེམས་རྣམ་འཕྲུལ་ཡིན། །བྱང་ཆུབ་སེམས་རང་གང་ཞེ་ན། །སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །སེམས་ཀྱི་དེ་ཉིད་ཅེས་ཀྱང་བྱ། །སེམས་བསྐྱེད་དབྱེ་བ་སྨོན་འཇུག་གཉིས། །འགྲོ་བར་བསམ་དང་འགྲོ་བ་ལྟར། །འདི་གཉིས་བྱེ་བྲག་ཕན་ཡོན་དང་། །བསླབ་བྱ་གང་ཡིན་ཤེས་པར་བྱ། །སེམས་ཅན་སངས་རྒྱས་ཐོབ་པའི་ཐབས། །ཐུགས་རྗེ་ཆེན་པོ་མངའ་བ་ཡི། །སངས་རྒྱས་རྣམས་ཀྱིས་ལེགས་བསམས་པས། །འདི་ཉིད་ཁོ་ནར་ཕན་པར་དགོངས། །དེ་ཕྱིར་སེམས་བསྐྱེད་བླང་དང་མཚུངས། །བླངས་ནས་བསྲུངས་པའི་ཕན་ཡོན་ནི། །ཚད་མེད་པ་དག་མཐོང་འགྱུར་ནས། །སེམས་ནི་དགའ་བས་གཟེངས་བསྟོད་དོ། །བྱང་ཆུབ་སེམས་ཀྱི་བསོད་ནམས་དེ། །གང་གིས་འཇིག་པར་འགྱུར་བ་དང་། །གང་གིས་ཀྱང་ནི་འཕེལ་འགྱུར་བའི། །བྱེ་བྲག་གཅེས་པ་ཅུང་ཞིག་ཡོད། །དཔེར་ན་རྡོ་རྗེ་ཕ་ལམ་ནི། །དངོས་པོ་གཞན་གྱིས་མི་ཆོམས་ཏེ། །རྡོ་རྗེ་ཕ་ལམ་ནང་འཐབས་ན། །གཅིག་གིས་གཅིག་ནི་འཇོམས་པ་ལྟར། །ཉོན་མོངས་མང་དང་དགྲ་བགེགས་དང་། །ས་ཆུ་མེ་རླུང་འབྱུང་བ་བཞི། །ནད་དང་རིམ་སོགས་འཚེ་བ་དང་། །གནོད་པ་མང་ཡང་མི་ཆོམས་ཏེ། །བྱང་ཆུབ་སེམས་དཔའ་གཞན་ཞིག་ལ། །ཞེ་སྡང་སྒོ་ནས་ཁྲོས་གྱུར་ཏེ། །ངན་སེམས་མི་སྙན་ཚིག་བརྗོད་ན། །དེ་ཡིས་རྣམ་པར་བཅོམ་ནས་ཀྱང་། །ངན་སེམས་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་སྐྱེ་ཞེས་ཐུབ་པས་བཤད། །གལ་ཏེ་ཡིད་རབ་དང་བྱེད་ན། །བསོད་ནམས་དེ་བས་ལྷག་ཅེས་གསུངས། །བྱང་ཆུབ་སེམས་དཔའ་གཅིག་ལ་ཡང་། །དགེ་སྡིག་ཁྱད་པར་དེ་ཙམ་ན། །བྱང་ཆུབ་སེམས་དཔའ་གྲངས་མང་ལ། །
ཁྲོས་དང་ཡི་རང་སྨོས་ཅི་དགོས། །བྱང་ཆུབ་སེམས་དཔའ་སུ་ཡིན་དང་། །གང་ན་ཡོད་ཀྱང་མི་ཤེས་ན། །དེ་བས་སེམས་ཅན་ཐམས་ཅད་ལ། །ཁྲོ་བ་སྤངས་ལ་གུས་པར་བྱ། །དུད་འགྲོར་སྐྱེས་པའི་སེམས་ཅན་ལ། །བྱང་ཆུབ་སེམས་དཔའ་ཡོད་པ་ཉེ། །གླང་པོ་རི་བོང་རུ་རུ་ཡི། །གཏམ་རྒྱུད་ཀུན་ཀྱང་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དག །ཚད་མེད་པར་ནི་གསུངས་པ་ལས། །སེམས་སྦྱང་བ་ཡི་སྤྱོད་པ་ནི། །ངེས་པ་ཉིད་དུ་བྱ་བར་བཤད། །སྡིག་པ་སྟོབས་ཆེན་དག་པ་དང་། །སེམས་བསྐྱེད་དགེ་བ་འཕེལ་བ་དང་། །བསོད་ནམས་ཚོགས་ནི་བསྡུ་འདོད་པས། །གདམས་ངག་ཐབས་ཆེན་བསྒོམ་པར་བྱ། །དེ་ལས་བྱུང་བའི་དགེ་བ་ཡང་། །སེམས་ཅན་དོན་དུ་བསྔོ་བྱས་ན། །ཟད་མེད་ཤེས་པ་འཕེལ་འགྱུར་བས། །ཡོངས་སུ་བསྔོ་བ་ངོ་མཚར་ཆེ། །ཚིགས་བཅད་བཅོ་བརྒྱད་ནང་དུ་ནི། །གནད་ཀྱི་གདམས་ངག་དྲིལ་ནས་བསྟན། །ཉེས་འགྱུར་བླ་མས་བཟོད་པར་གསོལ། །དགེ་བ་སེམས་ཅན་ཀུན་ལ་བསྔོ། །བྱང་ཆུབ་ཀྱི་སེམས་བཅོ་བརྒྱད་པ་ཞེས་བྱ་བ་རྫོགས་སོ།། །།

འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱིས་མཛད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག

p. 134

༄༅། །འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱིས་མཛད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་བཞུགས་སོ། །
༄༅། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆེན་མོ། རྟོག་མེད་ཕྱོགས་བྲལ་ཆོས་དབྱིངས་ཆོས་ཀྱི་ཕོ་བྲང་ན། །འདས་དང་མ་བྱོན་ད་ལྟའི་རྒྱལ་བ་སྲས་དང་བཅས། །ངོ་བོ་གཅིག་གྱུར་

p. 135

དངོས་དང་བརྒྱུད་པའི་བླ་མ་ལ། །གུས་པས་བསྟོད་ཅིང་དང་བའི་ཡིད་ཀྱིས་སྐྱབས་སུ་མཆི། །ཐུབ་པའི་ཡོན་ཏན་མ་ལུས་རྫོགས་བྱེད་ཅིང༌། །ཉོན་མོངས་པ་དང་འཁོར་བའི་སྡུག་བསྔལ་ཞི་མཛད་པའི། །ཟག་མེད་བདུད་རྩི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །འགྲོ་བའི་དོན་དུ་སེམས་བསྐྱེད་ཆོ་ག་གསལ་བར་འབྲི། །དགེ་བའི་བཤེས་གཉེན་སེམས་བསྐྱེད་པའི་མཚན་ཉིད་དང་ལྡན་པའི་དྲུང་དུ་སེམས་བསྐྱེད་པར་འདོད་པའི་རྟེན་གྱི་གང་ཟག་གིས་གནས་ཁང་བདེ་བར་ཕྱགས་བདར་བྱ་ཞིང༌དྲི་བཟང་གིས་ཆག་ཆག་གདབ། གདུགས་དང་གནམ་ཡོལ་དང་རྒྱབ་ཡོལ་བྲི། མཆོད་རྟེན་བྱང་ཆུབ་ཆེན་པོ་ལ་སོགས་པའི་རྟེན་བཀྲམ། བླ་མའི་གདན་མཐོན་པོར་བཤམས། རྫས་རིམ་པར་བཤམས་པའི་མཆོད་པ་བཟང་ལ་མང་བར་བཤམས། གཏོར་མ་བཟང་བ་གསུམ་བཤམས་ལ་ཡར་ཏ་བླ་མ་དཀོན་མཆོག་དང་ཡི་དམ་གྱི་ལྷ་ལ་འབུལ། བར་མ་དེ་ཆོས་སྐྱོང་ལ་བསྔོས་ལ་ཕྲིན་ལས་བཅོལ། འོག་མ་གཞི་བདག་དང༌གནོད་སྐྱེལ་དང༌རིགས་དྲུག་སྤྱི་ལ་བསྔོས་ལ། ངེད་སེམས་བསྐྱེད་བྱེད་པ་ལ་ཡ་མ་ང་ཕྲག་མ་དོག་བདག་ལ་གནོད་སྐྱེལ་བ་པོ་ཁྱེད་རྣམས་ཀྱི་དོན་དུ་སེམས་བསྐྱེད་པ་ཡིན་བྱས་ལ་བཀའ་བསྒོ་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པར་ཡང་བྱའོ། །སྲུང་བའི་འཁོར་ལོ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བྱང་ཆུབ་ཀྱི་སེམས་བསྐྱེད་འདི་ཡིན། ཐེག་པ་དམན་པ་ལས་ཀྱང་འདིས་སྐྱོབ། མི་དང་མི་མ་ཡིན་པའི་གནོད་པ་ཡང་འདིས་སྐྱོབ། ལར་དགེ་བ་ཅི་བྱེད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ་སེམས་ཅན་ཐམས་ཅད་དྲིན་ཅན་མ་ཡིན། དེ་དག་གི་དོན་དུ་སེམས་བསྐྱེད་སྙམ་དུ་སེམས་ལ་འདི་བཞིན་དུ་སྒོམས་མཛོད། བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་ཅིང་མི་མཐུན་པའི་ཕྱོགས་སྒྲུབ་པར་བྱེད་པ་རྣམས་ཀྱིས་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

p. 136

རིན་པོ་ཆེ་འཐོབ་པར་བྱ། དེའི་ཕྱིར་དུས་ད་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ནམ་མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དུས་དེ་རིང་ནས་སང་ཉི་མ་ད་ཙམ་ཚུན་ཆད་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་སྙམ་དུ་བསྒོམ་མཛོད། ཡང་རྒྱལ་ཁམས་ཡུལ་རིས་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཅན་མཚོ་སྐུ་ལ་ཞིང་ཁམས་དང་སྐུས་གང་བ་གཅིག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་ཁྲོ་བོའི་རྒྱལ་པོ་བསྒོམ། དེའི་ཐུགས་ཀར་རང་ཉིད་ཡི་དམ་གྱི་ལྷར་བསྒོམ། དེ་ནི་སེམས་དཔའ་སུམ་བརྩེག་བྱ་ཚུལ་ལམ། ཡུལ་རེས་སམ་གནས་ཁང་བྱིན་གྱིས་རློབ་པའམ་སྲུང་བ་ཡང་ཡིན་ལགས། འོ་ན་འོ་སྐོལ་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་སུ་མི་ལུས་ཐོབ་པ་དེ་བསོད་ནམས་བསགས་པ་ཡིན། འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཡིན། དེ་ལས་ཐར་བར་བྱེད་པ་ལ་ཆོས་བྱེད་དགོས་པ་ཡིན། ཆོས་ཀྱང་ཐེག་པ་གསུམ་དུ་གསུངས་པ། ལམ་རིམ་པ་བཞིན་དུ་ཞུགས་པར་གསུངས་ཀྱང༌ཕ་རོལ་ཏུ་ཕྱིན་པ་དང༌རྡོ་རྗེ་ཐེག་པས་སེམས་བསྐྱེད་པར་གསུངས། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་གལ་ཆེ། གལ་ཇི་ལྟར་ཆེ་ན་རང་གཞན་གཉིས་ཀྱི་བདེ་སྐྱིད་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དང་བྱང་ཆུབ་དང་བྱང་ཆུབ་ཆེན་པོ་གཉིས་ཐོབ་པ་ཡང་སེམས་བསྐྱེད་པ་ལ་རག་ལས་པས་དེས་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པས། དེ་ཡང་དང་པོ་བླ་མ་ལ་མཎྜལ་ཕུལ་ལ་མེ་ཏོག་གཅིག་ཕྱག་ཏུ་བཟུང་སྟེ་སེམས་བསྐྱེད་པའི་བླ་མ་ལ་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སློབ་དཔོན་ཁྱེད་ལ་བདག་གིས་སེམས་

p. 137

བསྐྱེད་པའི་བླ་མར་གསོལ་བ་འདེབས་ཀྱི། སློབ་དཔོན་ཁྱེད་ཀྱིས་བདག་གིས་སེམས་བསྐྱེད་པའི་བླ་མ་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་ལ་བླ་མ་ལ་མེ་ཏོག་གཏོར་བར་བྱའོ། །དེ་ནས་བླ་མས་སློབ་མ་ལ་སྤྲོ་བ་དྲི་བ་ནི། ཁྱོད་ཀྱིས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང༌། མ་གྲོལ་བ་རྣམས་གྲོལ་བར་བྱ་བའི་ཕྱིར་དང༌། དབུགས་མ་དབྱུངས་པ་རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང༌། མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ན་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདོད་ཅིང༌ང་ལ་བླ་མ་ཞུ་བར་སྤྲོའམ། ཞེས་དྲིས་པ་དང༌། དེས་ཀྱང་སྤྲོ་ཞེས་ལན་གདབ། སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །འོ་ན་བྱང་ཆུབ་ཀྱི་སེམས་དེ་ཡང་རྒྱུ་དང་རྐྱེན་མ་ཚང་བ་ལ་ནི་མི་སྐྱེ། རྒྱུ་རྐྱེན་ཚང་བ་ཞིག་དགོས་ཏེ་དེ་ལ་གཉིས། དངོས་ཀྱི་རྒྱུ་དང༌། བརྒྱུད་པའི་རྒྱུའོ། །དངོས་ཀྱི་རྒྱུ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདོད་པའི་རྟེན་གྱི་གང་ཟག་གི་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའོ། །བརྒྱུད་པའི་རྒྱུ་བཞི་ཚང་དགོས་ཏེ་བསོད་ནམས་ཀྱི་ཚོགས་བསགས་པ། ཚད་མེད་པ་བཞི་ལ་བློ་སྦྱངས་པ། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་སྔོན་དུ་སོང་བ། བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་དེ་བཞི་ལ་སེམས་བསྐྱེད་སྐྱེ། རྐྱེན་ཡང་དག་པའི་བླ་མས་བྱེད། རྒྱུ་རྐྱེན་གཉིས་པོ་དེ་ཚོགས་པ་ལས་ཁྱོད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལགས་པས། དེ་ལ་དང་པོ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། རྒྱ་གར་ཀུན་ན་བདོག་པ་ཡོད་ཚད་ཀྱི་སུམ་ཆ་གཅིག་མཆོད་པར་བཤམས། སུམ་ཆ་གཅིག་བླ་མ་ལ་འབུལ་བ་ཡིན་པར་གདའ། འོ་སྐོལ་ཡང་འདིར་མཆོད་པ་དང༌བླ་མ་ལ་འབུལ་བ་དང༌མེ་ཏོག་ཚགས་བྱ་

p. 138

དགོས་པ་ལགས། དེ་ལ་ཚོགས་བསོག་པ་ལ་ཡང༌དང་པོར་རྟེན་སྤྲུལ་པ་ནི། རང་གི་མདུན་དུ་མཚོ་སྔོ་ལྟེམ་མེ་བ་ཡིད་དུ་འོང་བ་གཅིག་བསམ། དེའི་དབུས་སུ་པདྨའི་སྡོང་པོ་ཤིན་ཏུ་ཆེ་བ་ཡལ་འདབ་དཔག་ཏུ་མེད་པ་གཅིག་བསམ། དེའི་དབུས་སུ་པདྨ་ལ་སེམས་བསྐྱེད་པའི་བླ་མ་བཞུགས་པར་བསམ། ཐད་ཀ་ན་ཡར་ལ་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་བཞུགས་པར་བསམ། མདུན་ན་ཡི་དམ་གྱི་ལྷ་བསམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་ན་དགེ་འདུན། དེའི་ཕྱི་རོལ་ཀྱི་འདབ་མ་ལ་ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བཞུགས་པར་བསམ། ཉན་ཐོས་དང་རང་སངས་རྒྱས། རང་གི་བླ་མ་དང༌མཁན་པོ་དང༌སློབ་དཔོན་དང༌ཆོས་ཀྱི་འབྲེལ་བ་ཡོད་ཚད་བཞུགས་པར་བསམ། འོག་གི་པདྨ་ལ་དཔལ་མགོན་པོ་དང༌། དཔལ་ལྷ་མོ་དང༌། ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ཐམས་ཅད་བཞུགས་པར་བསམ། གཞན་ཡང་དཔལ་མགོན་བདུན་ཅུ་རྩ་གཉིས། ཕྱོགས་སྐྱོང་བ་བཅུ། ཞིང་སྐྱོང་བརྒྱད། འཁོར་མ་མོ་སུམ་ཅུ་རྩ་གཉིས། ལྷ་ཆེན་པོ། ཀླུ་ཆེན་པོ། གནོད་སྦྱིན་ཆེན་པོ། གཟའ་ཆེན་པོ། རྒྱུ་སྐར་ཆེན་པོ། འཕྲོག་མ་མ་བུ། དགེ་བསྙེན་ཆེན་པོ་ཕོ་མོ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་ཐམས་ཅད་བཞུགས་པར་བསམ། དེ་ནས་སེམས་བསྐྱེད་པའི་བླ་མ་བཞུགས་པ་གཙོར་མཛད་པས་མཚོན་པར་བྱས་ནས་གོང་དུ་རྟེན་ཡིད་ཀྱིས་སྤྲུལ་པའི་ལྷ་ཚོགས་དེ་དག་གདན་དྲངས་པ་ནི། དུས་གསུམ་ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། སངས་རྒྱས་དང༌བྱང་ཆུབ་སེམས་དཔའ་རྣམས་ཚིག་འདིས་གདན་དྲངས་པར་བྱའོ། ། ༈ ན་མོ་གུ་རུ། རྟོག་མེད་ཕྱོགས་བྲལ་ཆོས་དབྱིངས་ཆོས་ཀྱི་གནས་མཆོག་ནས། །

p. 139

འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་འཁོར་དང་བཅས། །ཐུགས་རྗེ་སྨོན་ལམ་དབང་གིས་གནས་འདིར་གཤེགས། །ན་མོ་གུ་རུ་བཛྲ་སརྦ་ས་མུན་ཛ་ཛ་ཧཱུྃ། ཞེས་པས་བླ་མ་གདན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་སངས་རྒྱས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་གདན་དྲངས། དེ་ནས་སྐུ་ལ་བལྟ་བའི་མཆོད་པ་ནི། སེམས་བསྐྱེད་པའི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དང༌། ཡི་དམ་གྱི་ལྷ་ཚོགས་དང༌། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་མཇལ་བ་འདི་ཨ་རེ་དགའ་སྙམ་དུ་དགའ་བ་ཆེན་པོ་མཛོད། དེ་ནས་ཕྱག་འཚལ་བའི་མཆོད་པ་ནི། རང་གི་ལུས་ཞིང་གི་རྡུལ་སྙེད་ཙམ་དུ་སྤྲུལ་ལ་དེ་དག་གི་ཞབས་ལ་ཏུག་ཏུག་གཏུགས་ལ་ཕྱག་འཚལ་བར་བསམས་ལ། ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ན། །རྒྱལ་བ་སྲས་བཅས་ཐམས་ཅད་དང༌། །བླ་མ་ཡི་དམ་ལྷ་ཚོགས་ལ། །བདག་གིས་གུས་པས་ཕྱག་འཚལ་ལོ། །དེ་ནས་བསྟོད་པའི་མཆོད་པ་ནི། བླ་མ་ཡི་དམ་ལྷ་ཚོགས་དང༌། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཡོན་ཏན་རྒྱ་མཚོ་རིན་ཆེན་རྣམས། །བདག་གིས་ཚངས་པའི་དབྱངས་ཀྱིས་བསྟོད། །དེ་ནས་མཆོད་པ་བྱ་བའི་རིམ་པ་ནི། མཎྜལ་ཚོམ་བུ་ཉི་ཤུ་རྩ་གཅིག་པ་བཀོད་ལ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་འཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཉེས་པའི་སྐྱོན་དང་བྲལ་བ། ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གང་བ། ལྷ་དང་མིའི་མཆོད་པ་དང༌ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ། སེམས་ཅན་

p. 140

ཐམས་ཅད་ལ་བདེ་བ་དང་ལེགས་པ་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་རིན་པོ་ཆེ་སྣ་ཚོགས་པས་གང་བའི་ཞིང་ཁམས་ཐམས་ཅད་མཎྜལ་འདིས་མཚོན་པར་མཛོད་ལ་ཕུལ་ཅིག །དེ་ཡང་ཚིག་འདིའི་རྗེས་ཟློས་མཛོད་ཅིག་བྱས་ལ། དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར། །ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད། །གསེར་དང་དངུལ་དང་ཤེལ་དག་དང༌། །མུ་ས་གར་བྷ་བཻཌཱུརྻ། །མུ་ཏིག་དམར་དང་རྡོ་སྙིང་སྟེ། །ཀུན་གཙོ་རིན་ཆེན་སྣ་བདུན་དང༌། །བུམ་པ་བཟང་པོ་གཏེར་གྱིས་བརྒྱན། །རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ལས་དང་སྡིག་སྒྲིབ་སྦྱང་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་གུ་རུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཎྜལ་རཏྣ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་འབུལ་ལོ། །ད་ནི་མཆོད་པའི་བྱེ་བྲག་འབུལ་བ་ནི། ཀུན་ཏུ་བཟང་པོའི་སྤྲིན་ཕུང་ངམ་རྣམ་འཕྲུལ་གྱི་མཆོད་པ་དང༌། ཡིད་ལས་བྱུང་བ་དང༌། བདག་པོས་ཡོངས་སུ་བཟུང་བ་དང༌། ཡོངས་སུ་མ་བཟུང་བ་མེད་པའི་མཆོད་པ་དང༌། གསང་སྔགས་ཕྱི་ནང་གསང་གསུམ་སྤྱི་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། རྫས་རིམ་པར་བཤམས་པའི་མཆོད་པ་དང༌། ལུས་འབུལ་བའི་མཆོད་པའོ། །དེ་ལ་མཆོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་དབྱེར་མེད་པ་ལས་བྱུང་བ། རྒྱ་ནམ་མཁའ་དང་ཆོས་ཀྱི་དབྱིངས་དང་མཉམ་པ། ཡུན་འཁོར་བ་མ་སྟོང་གི་བར་དུ་མཆོད་པ་འདི་དག་འབྱུང་བར་བྱེད་པའི་ལས་དུས་གསུམ་དུ་འཕགས་པ་ཐམས་ཅད་མཆོད་ཅིང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན། སྡུག་བསྔལ་ཐམས་ཅད་དང་བྲལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

p. 141

སངས་རྒྱས་ཐོབ་པའི་རྒྱུར་མཆོད་པ་འདི་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མོས་ལ། དེ་ཡང་ཀུན་ཏུ་བཟང་པོའི་སྤྲིན་ཕུང་གི་མཆོད་པ་ནི། ཡོན་ཆབ་ལྟ་བུ་གཅིག་ལ་ཡང་སྤྲིན་གྱི་ཕུང་པོ་ཙམ་དུ་གྱུར་པར་སོམས། རྣམ་འཕྲུལ་ནི་མར་མེ་ལྟ་བུ་གཅིག་ལ་ཡང་མཆོད་པ་ཐམས་ཅད་འབྱུང་བར་སོམས་ལ་ཉོན་མོངས་པ་ཐམས་ཅད་དག་ཅིང་ཆོས་སྐུ་ཐོབ་པའི་ཡོན་ཆབ་ཕུལ་མཛོད། ཁ་དོག་ངན་པ་སྤོང་ཞིང་མཚན་དཔེ་ཐོབ་པའི་མེ་ཏོག་ཐམས་ཅད་དང༌། ཚུལ་ཁྲིམས་འཆལ་བ་སྤོང་ཞིང་ཟག་མེད་ཚུལ་ཁྲིམས་ཐོབ་པའི་བདུག་སྤོས་ཐམས་ཅད་དང༌། མ་རིག་མུན་པ་ཐམས་ཅད་དག་ཅིང་ཟག་མེད་ཤེས་རབ་སྣང་བ་ཐོབ་པའི་སྣང་གསལ་དང༌། གཟུང་འཛིན་རྟོག་པ་ཐམས་ཅད་དག་ཅིང་ཟག་མེད་ཏིང་འཛིན་ཐོབ་པའི་དྲི་མཆོག་དང༌། ལོག་འཚོ་སྤོང་ཞིང་ཆོས་ཀྱིས་མངར་བའི་ཟས་མཆོག་ཐོབ་པའི་ཞལ་ཟས་དང༌། ངན་འགྲོ་ལོག་པའི་སྒྲ་རྣམས་སྤོང་ཞིང་གསུང་དབྱངས་དྲུག་ཅུ་ཐོབ་པའི་སིལ་སྙན་དང༌། རང་གཞན་ཐམས་ཅད་ཀྱི་དབུལ་བ་སེལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རིན་པོ་ཆེའི་ཆར་དབབ་པ་ཡང་ཕུལ་མཛོད། དེའི་དུས་སུ་རིན་པོ་ཆེ་གསེར་མཆོད་ཀྱང་བདར་བར་བྱའོ། །གཞན་ཡང་གདུགས་དང་རྒྱལ་མཚན་དང༌འཕན་དང༌བླ་བྲེ་དང༌ཕྱེ་མའི་ཕུར་མ་ཡང་ཕུལ་མཛོད། བདག་གཞན་ཐམས་ཅད་ཚེ་རིང་བར་བྱ་བའི་ཕྱིར་འཆི་བ་མེད་པའི་བདུད་རྩི་ཡང་ཕུལ་བར་སོམས། བདག་གཞན་རྣམས་ནད་ཐམས་ཅད་ལས་ཕན་པར་བྱ་བའི་ཕྱིར་བི་ཤ་ཙི་བསམ་གྱིས་མི་ཁྱབ་པ་ཡང་ཕུལ་བར་སོམས། འོ་སྐོལ་རང་གཞན་ཐམས་ཅད་ཁས་ཞན་པ་ལས་ཐར་ཅིང་ཕས་ཀྱི་རྒོལ་བ་ཐམས་ཅད་བཟློག་པའི་ཕྱིར་རྗེ་བཙུན་གསང་བའི་བདག་པོ་སྐུ་མདོག་གཟི་བརྗིད་ཅན་མང་པོ་ཡང་ཕུལ་

p. 142

བར་སོམས། ད་ནི་ཡིད་ལས་བྱུང་བའི་མཆོད་པ་ནི། ཀུན་ཏུ་བཟང་པོ་དང་ཡིད་ལས་བྱུང་བ་གཉིས་སེམས་ཀྱི་བྱེད་པ་གཅིག་སྟེ། འོ་ན་ཡང་ཡིད་ཀྱི་མཆོད་པ་སངས་རྒྱས་ཀྱི་ཞིང་ཁམས་དང༌། མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་དགོས་འདོད་ཐམས་ཅད་ཡིད་དུ་འོང་བའི་མཆོད་པ་ཐམས་ཅད་བློས་སྤྲུལ་ཞིང་ཕུལ་མཛོད། ད་ནི་ཡོངས་སུ་བཟུང་བ་མེད་པའི་མཆོད་པ་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཕྱོགས་བཅུ་དུས་གསུམ་ནམ་མཁའ་དང་མཉམ་པ་ཐམས་ཅད་དང་བདག་པོའི་ཡོངས་སུ་བཟུང་བ་མེད་པ་ཆུ་གཙང་མེ་ཏོག་ལ་སོགས་རིན་པོ་ཆེའི་རི་བོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་ཕུལ་མཛོད། ད་ནི་ཡོངས་སུ་བཟུང་བའི་མཆོད་པ་བྱ་བ་ནི། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཁམས་མཆོད་པའི་ཁྱད་པར་ཐམས་ཅད་དང༌། ཡང་རིན་པོ་ཆེའི་རི་བོ། མ་རྨོས་པ་ཡི་ལོ་ཏོག །འབྲས་ས་ལུའི་ལྗང་པ། ཨར་མོ་ལི་ཀའི་རྡོ་ལེབ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ཏུ་བཟུང་བ་མེད་པས་འོ་སྐོལ་རང་གིས་བདག་ཏུ་བཟུང་ལ་ཕུལ་མཛོད། ད་ནི་གསང་སྔགས་ཀྱི་མཆོད་པ་བྱ་བ་ནི། ཕྱི་ཡི་མཆོད་པ་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་སྟེ་དབང་པོ་ལྔ་ཡི་མཆོད་པ་ཕུལ་མཛོད། ཡོན་ཆབ་ལ་སོགས་པ་ཕྱི་ཡི་མཆོད་པ་ཡང་ཕུལ་མཛོད། གཟུགས་ཀྱི་ལྷ་མོ་ལ་སོགས་པ་ནང་གི་མཆོད་པ་ཡང་ཕུལ་མཛོད། དེ་བཞིན་གཤེགས་པའི་བདུད་རྩི་གསང་བའི་མཆོད་པ་ཡང་ཕུལ་མཛོད། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་ཡོན་ལྔ་ཡི་མཆོད་པ་ཡང་ཕུལ་མཛོད། དེ་ཁོ་ན་བདེ་སྟོང་ལྷན་ཅིག་སྐྱེས་པའི་མཆོད་པ་ཡང་ཕུལ་མཛོད། ད་ནི་འདིར་བཤམས་པའི་མཆོད་པ་འདི་དག་

p. 143

རྫས་རིམ་པར་བཤམས་པའི་མཆོད་པ་ལགས་པས་ཨརྒྷཾ་པུ་ཛ་མེ་གྷ་པདྨ་ཀ་མ་ལ་པྲ་བ་སད་ཀ་ར་པུཥྤེ་དྷཱུ་པེ་ཙུར་ན་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤབྡ་རཏྣ་བྷི་པ་ར་ཞེས་པའི་མཆོད་པ་འབུལ། ད་ལུས་འབུལ་བའི་མཆོད་པ་ནི། བདག་གི་ལུས་ལོངས་སྤྱོད་དང་ཇི་སྲིད་ཡོད་པར་གྱུར་པའི་ལོངས་སྤྱོད་ཐམས་ཅད་སེམས་བསྐྱེད་པའི་བླ་མ་རིན་པོ་ཆེ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་འབུལ་བར་བགྱིའོ། །ད་ནི་སྡིག་པ་བཤགས་པར་བགྱི་བ་ནི། སྟོབས་བཞིའི་སྒོ་ནས་བཤགས་པར་བྱ་སྟེ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། སོར་ཆུད་པའི་སྟོབས་སོ། །དེ་ལ་སྡིག་པ་མི་དགེ་བ་བྱེད་པ་ནི། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླངས་ནས་ལུས་ངག་ཡིད་གསུམ་གྱིས་སྡིག་པ་མི་དགེ་བའི་ལས་བྱེད་དེ། སྡིག་པ་མི་བྱེད་པ་ལ་གཉེན་པོ་བརྟེན་དགོས་པ་ལགས་པས་ཞེ་སྡང་གི་གཉེན་པོ་བྱམས་པ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། གཏི་མུག་གི་གཉེན་པོར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་མཛོད། རྣམ་པར་སུན་འབྱིན་ནི། ཐོག་མེད་ནས་སྡིག་པ་བྱས་པའི་དབང་གིས་ད་ལན་སྡིག་པ་བྱས་པ་དྲན་པར་བྱས་ལ་འདི་འདྲ་བ་བྱེད་པ་ལ་ཁྱོད་འདྲ་བ་གཅིག་འོང་བ་ལ་ཨང་སྙམ་དུ་བསམ། སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་སེམས་བསྐྱེད་པའི་རྟེན་བླ་མ་དང་། ཡི་དམ་གྱི་ལྷ་དང་། ཇོ་བོ་དཀོན་མཆོག་གསུམ་གྱི་སྤྱན་སྔར་སྡིག་པ་མི་དགེ་བའི་ལས་བཤགས་སོ་སྙམ་དུ་བསམ། སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་ལ་བཤགས་སོ་སྙམ་དུ་བསམ། དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་དང་ཡི་དམ་གྱི་ལྷ་དང་ཇོ་བོ་དཀོན་མཆོག་གསུམ་དང་མ་བྲལ་བར་

p. 144

བསྟེན་པས་སྡིག་པ་མི་དགེ་བའི་ལས་ཀྱིས་མི་གོས་པ་ལགས་སོ། །སོར་ཆུད་པའི་སྟོབས་ནི། སྔར་བྱས་པའི་སྡིག་པ་བཤགས་ལ་ཕྱིས་སྡིག་པ་མི་ཆོད་སྙམ་དུ་བསམ་ན་མི་འདག་པས་སྔར་སྡིག་པ་བྱས་པ་མ་ལེགས། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་དགེ་བ་མི་བྱ་སྙམ་དུ་དམ་ཆོས། ཡོན་ཏན་ཐམས་ཅད་སྡིག་པ་དག་པ་ལས་བྱུང་བ་ལགས་པས་སྡིག་པ་ཐམས་ཅད་བཤགས་སོ་སྙམ་དུ་བསམས་ལ་ལད་མོ་ཟློས་མཛོད། ཧོ། རྡོ་རྗེའི་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་དང༌། དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་སྤྱན་མངའ་བ། རྫུ་འཕྲུལ་གྱི་སྤྱན་མངའ་བ། རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་མངའ་བ་ཁྱེད་རྣམས་ཀྱི་སྤྱན་སྔར་བདག་མིང་འདི་ཞེས་བགྱི་བས་སྔོན་ཐོག་མ་མེད་པ་ནས་ཐ་མ་དེང་སང་གི་བར་དུ་མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། མི་དགེ་བ་བཅུ་དང༌། ལྕི་བ་བཞི་དང༌། ལོག་པ་བརྒྱད་དང༌། ཁ་ན་མ་ཐོ་བ་གཉིས་དང༌། འཕགས་པ་དང༌དམ་པའི་ཆོས་ལ་སྐུར་པ་བཏབ་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འདོད་པ་ལ་སོགས་པའི་དབང་གིས་ཐེག་པ་ཆེ་ཆུང་གི་བསླབ་པ་བླངས་ནས་ཐེག་པ་ཆེ་ཆུང་གི་བསླབ་པ་དང་འགལ་བ་དང༌ཉེས་པའི་ཚོགས་ཐམས་ཅད་བླ་ན་མེད་པ་སོ་སོར་བཤགས་པར་བགྱིའོ། །ཉེས་པ་ལ་ཉེས་པར་མཐོང་ངམ། མཐོང་ལགས། སླན་ཆད་སྡོམ་མམ། སྡོམ་ལགས། ཐབས་ཡིན་ནོ། །ལེགས་སོ་བྱ། ད་ནི་རྗེས་སུ་ཡི་རང་བར་བྱ་བ་ནི། བདག་དང་སེམས་ཅན་ཐམས་ཅད་དང༌འཕགས་པའི་ཚོགས་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུ་ལ་གནས་པ། ལམ་ལ་ཞུགས་པ། འབྲས་བུ་མངོན་དུ་གྱུར་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་

p. 145

བདག་རྗེས་སུ་ཡི་རང་བར་བགྱིའོ་སྙམ་དུ་སེམས་ལ་ལད་མོ་མཛོད། བྱང་ཆུབ་སེམས་དཔའ་ཐུགས་དང་པོར་བསྐྱེད་པ་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང༌། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་བདག་རྗེས་སུ་ཡི་རང་བར་བགྱིའོ། །ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་དང་། ཁྱད་པར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོ་མ་ལོན་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་བྱ་སྟེ། དེ་ཡང་སྔོན་གྱི་དུས་སུ་ཚངས་པའི་རྒྱལ་པོས། ཚངས་པ་འབུམ་ཕྲག་མང་པོ་ཁྲིད་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལྟར། རང་ཉིད་ཚངས་པའི་རྒྱལ་པོ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཐོགས་ཏེ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྲིད་དེ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པས་མཆོད་ནས་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་སྙམ་དུ་མོས་ལ་ལད་མོ་མཛོད། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པ་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོར་མ་ལོན་པ་དེ་དག་ཐམས་ཅད་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །ད་ནི་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་ནི། སེམས་ཅན་རྨུ་རྒོད་ཀྱིས་ཐུགས་སུན་ཕྱུང་ནས་མྱ་ངན་

p. 146

ལས་འདའ་བར་བཞེད་པ་ཡོད་དེ། དེ་ལྟ་བུ་ལ་མྱ་ངན་ལས་མི་འདའ་བ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་སྙམ་དུ་སོམས་ལ་མཆོད་པ་དཔག་ཏུ་མེད་པ་ཡང་ཕུལ་བར་སོམས་ལ་ལད་མོ་མཛོད་ཅིག །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། ད་ནི་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བ་ནི། དོན་གསུམ་དུ་ཤེས་པར་བྱ་བ་ལ། སྐྱབས་སུ་འགྲོ་བ་གཉིས་ཀྱི་ཁྱད་པར་དང་ཕན་ཡོན། དངོས་གཞི་དང་བསླབ་བྱའོ། །ཁྱད་པར་ལ་བཞི། སྐྱབས་གནས་དང༌། དུས་དང༌། བསམ་པ་དང༌། རྟེན་གྱི་ཁྱད་པར་རོ། །སྐྱབས་གནས་ཐུན་མོང་བ་དཀོན་མཆོག་གསུམ་ལ་ཐུན་མོང་སྐྱབས་སུ་འགྲོ་ལ། ཁྱད་པར་ཅན་སངས་རྒྱས་ཆོས་ཀྱི་སྐུ་དང༌། ཆོས་ཞི་བ་དོན་དམ་པ་སྟེ་མྱ་ངན་ལས་འདས་པའི་ཆོས། དགེ་འདུན་དག་པའི་ས་གསུམ་ལ་གནས་པའོ། །ཐུན་མོང་བ་དུས་ཇི་སྲིད་འཚོ་ཡི་བར་དུའོ། །ཁྱད་པར་ཅན་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུའོ། །བསམ་པ་ཐུན་མོང་བ་རང་ཉིད་ཞི་བདེའི་དོན་དུའོ། །ཁྱད་པར་ཅན་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ། །ཐུན་མོང་བས་སོ་སོར་ཐར་པ་སྡོམ་པའི་རྟེན་བྱེད། སྐྱབས་འགྲོ་ཁྱད་པར་ཅན་གྱིས་སེམས་བསྐྱེད་ཀྱི་རྟེན་བྱེད། གཉིས་པ་ཕན་ཡོན་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་བརྒྱད་དུ་གསུངས་པ་ནི། ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན། སྡོམ་པ་ཐམས་ཅད་བླང་བའི་རྟེན་དུ་རུང་བའི་ཕན་ཡོན། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པའི་ཕན་ཡོན། བསམ་པ་ཐམས་ཅད་འགྲུབ་པའི་ཕན་ཡོན། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་ཅིང་སྲབ་པར་འགྱུར་

p. 147

བའི་ཕན་ཡོན། རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསོག་པར་འགྱུར་པའི་ཕན་ཡོན་། ཤི་ནས་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བའི་ཕན་ཡོན། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་ནོ། །སྐྱབས་འགྲོ་ཁྱད་པར་བ་ཐོབ་པའི་རྟེན་གྱི་གང་ཟག་དེ་རང་ཉིད་ནང་པ་སངས་རྒྱས་པར་ཚུད་པས་མི་ཚད་དེ་སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པའི་རྟེན་གྱི་གང་ཟག་དེ་ལ་བརྟེན་ནས་སེམས་ཅན་མང་པོ་ཡང་ནང་པ་སངས་རྒྱས་པར་ཚུད་པའོ། །བར་མ་རྣམས་ཀྱང་དེ་བཞིན་ཤེས་པར་བྱའོ། །སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པའི་རྟེན་གྱི་གང་ཟག་དེ་རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པས་མི་ཚད་དེ་སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པ་དེ་ལ་བརྟེན་ནས་སེམས་ཅན་གཞན་ལ་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕན་ཡོན་ནོ། །གཉིས་པ་དངོས་གཞིའི་སྐྱབས་འགྲོ་བླང་བ་ནི། སྐབས་འདིར་མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད་དེ་ལུས་ལོངས་སྤྱོད་ཐམས་ཅད་ཕུལ། མེ་ཏོག་རེ་ཕྱག་ཏུ་ཟུང་ལ་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཕྱིར་བདག་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་དུ་སེམས་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རུང་བ་གཅིག་བསྐྱེད་ལ་རྗེས་ཟློས་མཛོད། ཧོ། རྡོ་རྗེ་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཀྱིལ་འཁོར་གྱི་ལྷ་ཡི་ཁྱད་པར་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་ཐེག་པ་ཆེན་པོ་དོན་དམ་

p. 148

པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་ཕྱིར་མི་ལྡོག་པའི་བརྟུལ་ཞུགས་ཆེན་པོའི་ཚོགས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །ཞེས་བརྗོད། སློབ་མས་ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དོར། དེས་ནི་སྐྱབས་འགྲོ་དངོས་ཐོབ་པ་ཡིན། ད་ནི་གོང་དུ་བསྟན་པའི་ཕན་ཡོན་དེ་ཚོ་འབྱུང་བ་གང་ལ་རག་ལས་ན། བསླབ་བྱ་ལ་རག་ལས་པ་ཡིན་པས་བསླབ་བྱ་ལ་ཡང་གསུམ། ཐུན་མོང་དང༌། ཁྱད་པར་དང༌། རྗེས་སུ་མཐུན་པའོ། །ཐུན་མོང་ལ་ལྔ་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྤེལ་ཞིང་སྦྱང་བ་དང༌། དཀོན་མཆོག་གསུམ་གྱི་མཆོད་པ་ལ་བརྩོན་པར་བྱ་བ་དང༌། དགོས་པ་གལ་པོ་ཆེའམ་སྡུག་བསྔལ་ཅི་བྱུང་ཡང་ཐབས་གཞན་ནས་མི་བཙལ་བ་དང༌། རྒྱལ་སྲིད་དང་སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང་བ་དང༌། ཕྱོགས་གང་དང་གང་དུ་འགྲོ་བའི་ལྷ་ལ་ཕྱག་དང་མཆོད་པ་བྱ་ཞིང་སྐྱབས་སུ་འགྲོ་བར་བྱའོ། །ཁྱད་པར་ལ་གསུམ། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ན་ལྷ་གཞན་དག་ལ་ཕྱག་མི་འཚལ་བ་དང༌། ཆོས་ལ་སྐྱབས་སུ་སོང་ན་སེམས་ཅན་གྱི་སྲོག་དང་ལོངས་སྤྱོད་ལ་གནོད་པ་མི་བྱ་བ་དང༌། དགེ་འདུན་ལ་སྐྱབས་སུ་སོང་ན་མི་མུ་སྟེགས་ཅན་མི་བསྟེན་པ་ལ་བསླབ་པའོ། །རྗེས་སུ་མཐུན་པའི་གསུམ་ནི། གུས་པས་སྒྲུབ་ཅིང་མ་གུས་པ་སྤོང་བ་ཡིན། བསླབ་པ་བཅུ་གཅིག་པོ་འདི་ལ་ཐུན་མོང་དང་ཁྱད་པར་གཉིས་ཀ་སློབ་པར་མཐུན་གསུངས། འདི་ཡི་འབྲུ་བཤད་ཞིབ་ཏུ་བླ་མའི་ཞལ་ལས་ཤེས། དེ་ཡན་ཆད་དུ་བྱས་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་ཡིན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ན་མི་ཟད་པའི་གཏེར་དུ་སྦས་ཤིང་བསོད་ནམས་ཀྱི་ཚོགས་ཚད་མེད་པ་གསོག་པར་འགྱུར་བས་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་

p. 149

འཐོབ་པར་བྱ། དེའི་ཆེད་དུ་དགེ་བའི་རྩ་བ་བསྔོ་སྙམ་དུ་སོམས་ལ་རྗེས་ཟློས་མཛོད། ཧོ། རྡོ་རྗེའི་བླ་མ་དང་། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་དུས་འདི་ཡན་ཆད་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། བསྡུ་བའི་དངོས་པོ་བཞི་དང༌། དགེ་བ་བཅུ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་བསྩལ་བ་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་མཛད་པའི་དགེ་བའི་རྩ་བ་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་བཟླུམ་སྟེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོའོ། །ད་ནི་གསུམ་པ་ཚད་མེད་པ་བཞི་ནི། བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ། དེ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ཡིན། དེ་ཡང་ལུང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །རིགས་པས་དཔྱད་ཀྱང༌འཁོར་བ་ལ་ཐོག་མ་ཡོད་མ་མྱོང་བས་སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ཀྱང་བགྲང་གིས་མི་ལང་། མ་འདི་དག་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་པ་བྱམས་པ། སྡུག་བསྔལ་མཐའ་དག་བྲལ་ན་སྙམ་པ་སྙིང་རྗེ། བདེ་བའི་རྒྱུན་མ་ཆད་པར་བརྟན་ན་སྙམ་པ་དགའ་བ། སེམས་ཅན་ཐམས་ཅད་དགྲའམ་གཉེན་ཐ་མལ་པ་གསུམ་དུ་མི་འཛིན་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་བཏང་སྙོམ་མོ། །ད་ནི་བཞི་པ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་སེམས་བསྐྱེད་སྐྱེ་བར་གསུངས་པས། བདག་གི་བླ་མ་འདི་ཡང་དག་པར་རྫོགས་པའི་སངས་

p. 150

རྒྱས་ཡིན་ངེས་སྙམ་དུ་བསྒོམ། བླ་མ་ལ་ཐེ་ཚོམ་བྱ་ཞིང་སངས་རྒྱས་ཀྱི་འདུ་ཤེས་མ་སྐྱེས་ན་སེམས་བསྐྱེད་མི་སྐྱེ་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་བླ་མ་རང་གི་སེམས་ཡིན། སེམས་སངས་རྒྱས་སུ་རྟོགས་པས་སེམས་བསྐྱེད་པ་རང་ཡིན། བླ་མར་སངས་རྒྱས་ཀྱི་འདུ་ཤེས་སྐྱེ་བ་གལ་ཆེ། དེ་མན་ཆད་ཀྱིས་སྨོན་པ་སེམས་བསྐྱེད་སྐྱེ་བའི་བརྒྱུད་པའི་རྒྱུ་བཞི་གསུངས་པ་ལགས། ད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ནི་དོན་གསུམ་གྱིས་ཤེས་པར་བྱ་སྟེ། སྟ་གོན་དུ་གནས་པ་དང༌། དངོས་གཞི་སེམས་བསྐྱེད་པ་དང༌། རྗེས་ཕྲིན་ལས་བཅོལ་བའོ། །དེ་ལ་སེམས་བསྐྱེད་སྐྱེ་བའི་གོ་བ་ནི་རྒྱུ་རྐྱེན་ཚོགས་པ་ལ་སྐྱེ་སྟེ། བརྒྱུད་པའི་རྒྱུ་སྔོན་དུ་སོང་བ་རྣམས་ཡིན་ལ། དངོས་ཀྱི་རྒྱུ་རང་གི་སེམས་རིག་པ་དྭངས་ལ་མ་འགག་པ་འཆར་བྱེད་ཀྱི་ནུས་པ་ཐོགས་པ་མེད་པ་འདི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཉེ་བར་ལེན་པའི་རྒྱུ་ཡིན་ལ། ལྷན་ཅིག་བྱེད་པའི་རྐྱེན་ཡང་དག་པའི་བླ་མས་བྱས་ནས་རྒྱུ་རྐྱེན་གཉིས་ཚོགས་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས། དེ་ཡང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་པའི་བསམ་པའོ། །སེམས་བསྐྱེད་པའི་བླ་མ་དེས་ཆོ་ག་བརྗོད་པའི་རྗེས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་པའི་བསམ་པ་བརྟན་པོ་བསྐྱེད་པ་དེ་ལགས་པས། དང་པོ་སྟ་གོན་གྱི་ཆོ་ག་བརྟེན་པ་ནི། ཡང་སྔར་བཞིན་མཆོད་པའི་ཚོགས་དེ་དག་ཐམས་ཅད་དབུལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་ལུས་ལོངས་སྤྱོད་ཐམས་ཅད་དབུལ་ཏེ། བདག་ལུས་འབྱུང་བ་འདུས་པ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་

p. 151

མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །བདག་ངག་བྲག་ཆ་ལྟ་བུ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །དྲི་མེད་གསུང་དུ་བྱིན་གྱིས་རློབས། །བདག་ཡིད་རྣམ་རྟོག་ཕུང་པོ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པ་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །རྣམ་རྟོག་ཆོས་སྐུར་བྱིན་གྱིས་རློབས། །བདག་རྒྱུད་ཟག་བཅས་བདེ་བ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ཟག་མེད་བདེ་བར་བྱིན་གྱིས་རློབས། །བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས། །བླ་མ་རྒྱལ་བ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །ད་ནི་སྟ་གོན་ལ་གནས་པའི་ཆོ་ག་བགྱི་བས་མེ་ཏོག་རེ་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད། བདག་གིས་དེ་རིང་སྐྱེ་བོ་ཐམས་ཅད་ཀྱི་དོན་དུ་བླ་མ་དང་དཀྱིལ་འཁོར་ལ་སོགས་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་བར་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་དོར། དེའི་དོན་གང་ལགས་ན། བདག་གིས་དེ་རིང་ཞེས་པ་དེ་རིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་ནས་བཟུང་སྟེ་དོན་ཅི་བྱེད་ན། སེམས་ཅན་གྱི་དོན་དུ་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞག་པའི་སྤྱར་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །ཞེས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་སེམས་བསྐྱེད་པ་ཡིན་ལ། བར་དུ་ཞེས་པ་སེམས་བསྐྱེད་པ་ནས་སངས་རྒྱས་ཀྱི་བར་དུ་ཡང་སེམས་ཅན་ཐམས་ཅད་བདེ་བར་བྱེད་པའི་བསམ་པ་དང་མི་

p. 152

འབྲལ་བའི་དམ་བཅའ་བའི་དཔང་པོར་བོས་པ་ཡིན་གྱི། ལྷ་དང་ལྷ་མ་ཡིན་གྱིས་ཉེ་བར་མཚོན་པ་ནི་དཔང་པོ་ཡིན་ལ། མྱ་ངན་ལས་འདས་པའི་རང་བཞིན་གྱི་བདེ་བ་ལ་སེམས་ཅན་ཐམས་ཅད་འཁོད་པར་འདོད་པའི་ཆེད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་དགའ་བར་གྱིས་ཞེས་སོ། ། ༈ ད་ནི་གཉིས་པ་དངོས་གཞི་སེམས་བསྐྱེད་པ་ལ་སྨོན་པ་དང་འཇུག་པ་གཉིས། དེ་ལ་སྨོན་སེམས་བསྐྱེད་པའི་ཆོ་ག་བགྱི་བས། མཆོད་པའི་ཚོགས་དཔག་ཏུ་མེད་པ་དང༌ལུས་ལོངས་སྤྱོད་ཀྱང་ཕུལ། མེ་ཏོག་རེ་ཕྱག་ཏུ་ཟུངས་ལ་བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་ཨང་སྙམ་དུ་སེམས་ལ་རྗེས་ཟློས་མཛོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཧོ། དངོས་པོ་ཐམས་ཅད་དང་བྲལ་བས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་

p. 153

ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་ནས་ཀྱང༌། །འགྲོ་ལ་ཕན་ཕྱིར་སངས་རྒྱས་བསྒྲུབ་པར་བགྱིའོ། །ལན་གསུམ་བརྗོད་ལ། ཕྱི་མ་ལ་སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས་ལེགས་སོ་བརྗོད། ཆོ་ག་འདི་ཆོས་རྗེ་ཕག་མོ་གྲུ་པས་དོན་དམ་པའི་སེམས་བསྐྱེད་དུ་མཛད། བླ་མ་སངས་རྒྱས་སྒོམ་པས་སྨོན་པ་སེམས་བསྐྱེད་དུ་མཛད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་དགོས་པས། བསླབ་བྱ་ལྔ་ལ་སློབ་པ་ལགས་ཏེ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་ལ་བསླབ། བྱང་ཆུབ་སེམས་ཀྱི་ཕན་ཡོན་རྗེས་སུ་དྲན་པ་ལ་བསླབ། བྱང་ཆུབ་ཀྱི་སེམས་སྤེལ་ཞིང་སྦྱང་བ་ལ་བསླབ། སེམས་ཅན་བློས་མི་སྤང་བ་ལ་བསླབ། ནག་པོའི་ཆོས་བཞི་སྤངས་ནས་དཀར་པོའི་ཆོས་བཞི་ལ་སློབ་བོ། །དེ་ཡང་ཚོགས་གསོག་པ་ལ་སློབ་པ་ནི། འབྲས་བུ་ཁྱད་པར་ཅན་གང་ལས་འབྱུང་བའི་ཚོགས་བསགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སྤངས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་སུ་བསྡུས་ཏེ་བསླབ། གཞན་ཡང་དུས་དང་རྣམ་པ་ཐམས་ཅད་དུ་ཚོགས་བསགས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱ་བ་དེ་སེམས་བསྐྱེད་པའམ། རྒྱ་ཆེ་བའམ། དུས་དང་བསམ་པ་རྒྱ་ཆེ་བ་ཡིན་པས་དུད་འགྲོ་ལ་ཟས་ཁམ་གཅིག་ཙམ་བསྩལ་བའི་དགེ་བ་ཡིན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་དེ་དང་མཉམ་པས་རྒྱ་ཆེ་བ་ཡིན། དཔེར་ན་སེང་གེའི་ཕྲུག་གུ་འབྲང་མ་ཁད་དང་འདྲ་བ་ཡིན། ད་གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་མདོ་རྒྱུད་ནས་དཔག་ཏུ་མེད་པ་ཞིག་གསུངས་ཀྱང༌། རྟེན་སོ་སོའི་སྐྱེ་བོ་གཅིག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ལས་དང་བྱ་བ་ཅི་བྱེད་ན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འོང་བ་ཡིན་ཏེ་དཔེར་ན་གསེར་འགྱུར་གྱི་རྩི་ལྟ་བུའོ། །

p. 154

ལམ་ཉམས་སུ་ལེན་པའི་དུས་ན་ཡང་རང་ཉིད་ས་དང་ལམ་གྱི་ཡོན་ཏན་རིན་པོ་ཆེ་མངོན་དུ་བྱས་ནས་གཞན་དོན་དུ་སེམས་ཅན་གྱི་དོན་གྲུབ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ་དཔག་བསམ་གྱི་ཤིང་ལྟ་བུའོ། །མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་འབྱུང་བ་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པ་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན། མདོར་ན་བྱང་ཆུབ་ཀྱི་སེམས་ཡོད་ན་བདག་གཞན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཡང་བྱང་ཆུབ་ཀྱི་སེམས་ལས་འབྱུང་བ་ཡིན། ད་ནི་བྱང་ཆུབ་ཀྱི་སེམས་སྤེལ་ཞིང་སྦྱང་བ་ནི། དུས་ཐམས་ཅད་དུ་བདག་གི་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ལ་ཕན་གདག་པར་བྱ་སྙམ་པའི་བསམ་པས་ཟིན་པར་བྱས་ནས་བདག་གིས་མཐོང་བ་ཐོས་པ་དྲན་པ་རེག་པའི་སེམས་ཅན་ཐམས་ཅད་དང་། བདག་ལ་ཕོག་པའི་ས་དང་ཆུ་དང་རླུང་གིས་གང་ལ་ཕོག་པའི་སེམས་ཅན་ཐམས་ཅད་དང༌། བདག་གི་ལུས་ངག་ཡིད་གསུམ་གྱིས་བྱ་བ་བྱེད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་མི་གནོད་ཅིང༌། བདག་ལ་བརྟེན་ཏེ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བསམ། རང་ཉིད་བྱང་ཆུབ་ཀྱི་སེམས་བསྒོམས་པས་བྱང་ཆུབ་ཀྱི་སེམས་ཀྱི་རང་གཟུགས་སུ་སོང་བ་གཅིག་དགོས་པ་ཡིན། དེས་སེམས་ཅན་ལ་ཕན་པའང་འབྱུང་བ་ལགས། ད་ནི་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། བྱང་ཆུབ་སེམས་དཔའ་ལ་སེམས་ཅན་རྨུ་རྒོད་ཀྱིས་གནོད་པ་བྱེད་པ་བྱུང་ན་དེ་ལ་ངན་ལན་མི་བྱ་བར་བྱང་ཆུབ་ཀྱི་སེམས་བསྒོམ། དྲོད་ཀྱི་ནུས་པ་ཐོབ་པ་ཡིན་ན་

p. 155

ཚར་བཅད་དང་རྗེས་བཟུང་བྱ། མ་བྱས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ཡལ་བར་དོར་བའི་ཉེས་པ་ཡང་འབྱུང་ལ། ཁོ་ལ་ཤ་ཚ་བཏང་བས་བྱང་ཆུབ་ཀྱི་སེམས་ཀྱང་ཉམས་ནས་འགྲོ་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ན་ཁོ་ལ་ཚིག་ངན་པ་དྲག་པོ་བརྗོད་པས་འཕྲལ་དུ་གནོད་པ་ལྟར་འདུག་ཀྱང་ཕུགས་སུ་ཕན་འདོགས་ཡེ་མི་ཉན་ན་ཁོ་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། མི་འགའ་ཞིག་ན་རེ་ཚར་བཅད་མི་བྱེད་ཟེར་ཏེ་སེམས་ཅན་ཤ་ཚ་སྤོང་བའི་གཏམ་ཡིན། གཞན་གྱིས་མི་འཚམས་པ་བྱས་ན་ངན་པ་ཁྱོད་དང་ཚེ་རབས་སུ་མི་འཕྲད་པར་བྱའོ་སྙམ་པ་སྐྱེས་ན་སེམས་ཅན་བློས་སྤོང་འབྱུང་བ་ཡིན་ནོ། །ཇོ་བོ་རྗེའི་ཞལ་ནས་ཀྱང༌དེ་ཙམ་ཞིག་བྱུང་བ་ཡིན་སྐད། ད་ནི་ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ལ་སློབ་པ་ནི། བླ་མ་དང་མཆོད་པར་འོས་པ་བསླུ་བ། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་ནག་པོའི་ཆོས་ཡིན། དཀར་པོའི་ཆོས་བཞི་ནི། བླ་མ་དང་མཆོད་པར་འོས་པ་མགོ་མི་བསྐོར་བ་དང༌མི་བསླུ་བའི་སྟེང་དུ་ཞབས་ཏོག་དང་བསྙེན་བཀུར་བྱེད་ཅིང༌སེམས་ཅན་ཐ་མལ་པ་ལ་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དཀར་པོའི་ཆོས་ཡིན། གཞན་དགེ་བ་བྱེད་པ་ལ་ཤ་ཚ་ཚ་སྐད་ཟེར་ནས། ན་ན་ན་རྒྱག་ཤི་ན་ཤི་རྒྱག་དགོས་ཟེར་ནས་དགེ་བ་ལ་ཕྱི་བཤོལ་འདེབས་པ་ནག་པོའི་ཆོས་ཡིན། གཞན་དགེ་བ་བྱེད་པ་ལ་ཁྱོད་ནི་བདོག་པ་དོན་དང་ལྡན་པར་བྱས་ཞེས་སྤྲོ་བ་བསྐྱེད་ཅིང་རྗེས་སུ་ཡི་རང་བ་བསྒོམ། བླ་ན་མེད་པའི་བྱང་ཆུབ་

p. 156

ཏུ་བསྔོ་བར་གཞུག་པ་དཀར་པོའི་ཆོས་ལ་བསླབ། བྱང་ཆུབ་སེམས་དཔའ་གང་ན་བཞུགས་པ་མི་ཤེས་པས་དམན་པའི་ཆས་སུ་ཡོད་པ་ཡང་སྲིད་པས། གཞན་ལ་ཚིག་བརླང་པོ་ཆེ་བརྗོད་པ་ནག་པོའི་ཆོས་ཡིན། གཞན་ལ་ཚིག་ངན་པ་མི་བརྗོད་ཀྱི་སྟེང་དུ་གཞན་ལ་ཡོན་ཏན་ཅི་ཙམ་ཡོད་པའི་བསྟོད་པ་བརྗོད་པ་དཀར་པོའི་ཆོས་ལ་བསླབ། སེམས་ཅན་ལ་གཡོ་སྒྱུ་མི་བྱེད་ཀྱི་སྟེང་དུ་དྲང་པོའི་སེམས་ཆོས་བཞིན་སྤྱོད་པ་དཀར་པོའི་ཆོས་ལ་བསླབ། དེ་ཡན་ཆད་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གོ་ཆ་ཚང་བར་བགྱིད་པ་ལགས་སོ། ། ༈ ད་ནི་གཉིས་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ནི། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ལ། རྒྱུ་སྨོན་པ་བརྟན་པ་དང༌། བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་ལ་འཇུག་པ་སེམས་བསྐྱེད་སྐྱེ་བ་ལགས་པས་སྐབས་འདིར་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང༌ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་འདི་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འབྲས་བུ་ལ་དམ་བཅའ་བ་སོང་ནས། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྒྱུ་ལ་དམ་བཅའ་བ་ནི། འབྲས་བུ་སངས་རྒྱས་ཐོབ་པར་འདོད་པ་དེ་རྒྱུ་སྡོམ་པ་རིན་པོ་ཆེ་གསུམ་ལགས་པས་ཇི་ལྟ་བ་བཞིན་དུ་བསླབ་པ་འདི་ཁས་བླང་ཞིང་སྡོམ་པ་བཟུང་བ་ནི་སངས་རྒྱས་ཐོབ་པའི་རྒྱུ་ཡིན་པས་སྐབས་འདིར་འབུལ་བ་རེ་ཡང་ཕུལ་མཛོད། འདིར་མཆོད་པ་དང་འབུལ་བ་བྱས་པ་དེ་བྱང་ཆུབ་ཀྱི་སེམས་དང་མཚུངས་ལྡན་དུ་ཚེ་རབས་དང་ཚེ་རབས་སུ་འགྱུར་དང་བཅས་པར་འགྱུར་བ་ཡིན། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་ཐུགས་མ་ཡེངས་པར་རྗེས་ཟློས་མཛོད། བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས་སྙིང་སྟོབས་ཆེན་པོ་ལ་གནས་པར་བགྱི་སྟེ། ཇི་

p. 157

ལྟར་འདས་པ་དང་མ་བྱོན་པ་དང༌ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམས་ཡང་དག་པར་བླངས་ནས་གནས་པ་བཞིན་དུ་བདག་གིས་ཀྱང་གནས་པར་བྱའོ། །ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དོར། སྡོམ་པ་ཐོབ་པ་ལགས་པས་ཐོབ་པ་ལ་ཐོབ་པར་ཤེས་པར་མཛོད། སེམས་བསྐྱེད་རྒྱས་པ་ལ་རྗེས་ཟློས་མི་དགོས། ཆོ་ག་འདིའི་ལུགས་ཀྱིས་རྗེས་ཟློས་བྱེད་པ་ཡིན། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཉམས་སུ་བླང་རྒྱུ་ཚུལ་ཁྲིམས་གསུམ་པོ་ལ་སོགས་པ་ལགས་པས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སྤྱིར་དཀར་པོ་དགེ་བའི་ཆོས་ཐམས་ཅད། ལྷག་པ་ཤེས་རབ། ལྷག་པ་ཏིང་འཛིན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའམ། དགེ་བ་བཅུ། ཕ་རོལ་ཏུ་ཕྱིན་པ་བཅུའམ་དྲུག་གིས་བསྡུས་པའི་དགེ་བའི་ཕྱོགས་ཐམས་ཅད་ཉམས་སུ་བླང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ་བཞི་ལ་སོགས་པས་སེམས་ཅན་གྱི་དོན་བྱ། སྡོམ་པའི་ཚུལ་ཁྲིམས་སོ་སོར་ཐར་པའི་རིགས་བདུན། བྱང་ཆུབ་སེམས་དཔའི་བསླབ་པ། རིག་པ་འཛིན་པའི་དམ་ཚིག་གསུམ་གྱིས་མི་མཐུན་པའི་ཕྱོགས་སྡོམ་པས་ནི་སྡོམ་པ། མཐུན་ཕྱོགས་ཉམས་སུ་ལེན་པས་ན་ཚུལ་ཁྲིམས། དེ་ལ་བསྡོམ་རྒྱུའི་དངོས་པོ་ཕམ་ལྟུང་བཞི་དང་། ལྕི་བ་བཞི། ལོག་པ་བརྒྱད། ཁ་ན་མ་ཐོ་བ་གཉིས། ཉེས་བྱས་བཞི་བཅུ་རྩ་དྲུག་ལ་སོགས་པའི་ཉེས་པས་མ་གོས་པར་བྱ་ཞིང་མཐུན་ཕྱོགས་ཉམས་སུ་བླང་བའོ། །དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། སྡོམ་པ་ཉི་ཤུ་པ་ནས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་

p. 158

བསྐྱེད་པ་ཐོབ་པ་ཡིན། ད་ནི་གསུམ་པ་ཕྲིན་ལས་བཅོལ་བ་ནི། དེ་ལྟར་ཁྱེད་ཀྱིས་སྡོམ་པ་ཐོབ་པའི་དུས་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མཁྱེན་ཅིང་ཐུགས་རྗེའི་སྟོབས་ཀྱིས་བྱོན་པ་ལགས་པས་དེ་དག་ལ་ལུས་ལོངས་སྤྱོད་མཆོད་པའི་ཚོགས་དཔག་ཏུ་མེད་པ་ཕུལ་བར་སོམས་ལ། བླ་མ་དང་ཡི་དམ་གྱི་ལྷ་དང་བྱང་ཆུབ་སེམས་དཔའ་མདུན་གྱི་ནམ་མཁའ་ལ་བྱོན་པ་རྣམས་དང༌། རང་གི་བླ་མ་ལ་ཕྱག་སྤེལ་ནས་སྨོན་ལམ་འདེབས་པ་འདི་སེམས་བསྐྱེད་རྒྱས་པ་དང་མཐུན་པ་ལགས་པས་སྤྲོས་པ་ལ་དགའ་ན་མཛད་པས་ཆོག །དེ་ཡང་དེ་ལྟར་མཛད་ནས་ཕྱག་སྦྲེལ་ནས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསླངས་ནས་མྱ་ངན་ལས་འདས་པའི་དབྱིངས་སུ་འདྲེན་པར་སོམས་ལ་རྗེས་ཟློས་མཛོད་ཅིག །ཇི་སྲིད་འཁོར་བའི་རྒྱ་མཚོ་ཆེན་པོ་སྟོངས་པར་མ་གྱུར་གྱི་བར་དུ་ནམ་ཡང་མི་འབྲལ་བར་གྱུར་ཅིག །ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་དབུགས་ཕྱིན་པར་གྱུར་ཅིག །ཅེས་བརྗོད་ཅིང་ཡར་ལངས་ལ་སྙིམ་པ་ནས་ཀྱིས་བཀང་ལ་ཐལ་མོ་སྦྱར་ཏེ། འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་འདི་རྣམས་ཀྱིས་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པས། འཕགས་པའི་ཆོས་ལྐོག་ཏུ་གྱུར་ཀྱང༌ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ན། ཆོས་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ལན་གསུམ་བརྗོད་ཅིང༌ཕྱོགས་བཅུར་མེ་ཏོག་གཏོར་བཞིན་ཕྱག་འཚལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་དུས་འདིར་འཇིག་རྟེན་གྱི་ཁམས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ས་གཡོ་བ་དང༌། འཇའ་དང་འོད་འབྱུང་བ་དང༌། སྤོས་ཀྱི་

p. 159

ངད་ལྡང་བ་དང༌། མེ་ཏོག་གི་ཆར་དབབ་པ་ལ་སོགས་པ་ཡུམ་གྱི་གླེང་གཞི་ལས་ཤེས་པར་བྱའོ། །ད་ནི་སྡོམ་པ་མི་ཉམས་པའི་ཕྲིན་ལས་བཅོལ་བ་ནི། ཧོ། རྡོ་རྗེའི་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཀྱིལ་འཁོར་ལྷའི་ཁྱད་པར་དང་། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང༌བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌སྡོམ་པ་བཟུང་བ་བརྟན་པར་བྱིན་གྱིས་བརླབ་ཏུ་གསོལ། དམ་པའི་ཆོས་ཀྱི་མཛོད་ཆེན་པོ་གནང་བར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད། དེས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །ད་ནི་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། དངོས་གཞིའི་ཆོ་གས་ཤེས་པར་བྱ་སྟེ། སྐྱབས་འགྲོ་བྱ་བ་དང༌། སེམས་བསྐྱེད་པ་དང༌། སེམས་ངོ་སྤྲད་པ་དང༌། སྨོན་ལམ་གདབ་པའོ། །དང་པོ་བླ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་བསྐྱེད་ལ་མར་མེ་མཛད་ཀྱི་ཕྱག་ཀྱང་འཚལ། མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད། ལུས་ལོངས་སྤྱོད་ཐམས་ཅད་འབུལ། གསེར་གྱི་མེ་ཏོག་ཀྱང་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སྐུ་བཻ་རོ་ཙ་ནའི་ངོ་བོ་ཉིད། །འཇའ་ཚོན་ལྟ་བུས་འགྲོ་དོན་མཛད། །བླ་མའི་སྐུ་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་གསུང༌། །གསུང་འོད་དཔག་མེད་པའི་ངོ་བོ་ཉིད། །གསུང་དབྱངས་དྲུག་ཅུས་འགྲོ་དོན་མཛད། །བླ་མའི་གསུང་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །ཐུགས་མི་བསྐྱོད་པ་ཡི་ངོ་བོ་ཉིད། །བསམ་འཕེལ་ལྟ་བུས་འགྲོ་དོན་མཛད། །བླ་མའི་ཐུགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་ལ། ཐབས་

p. 160

ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་འབུལ། གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཆོད་པ་རྒྱ་ཆེན་པོ་དབུལ། མར་མེ་མཛད་ཀྱི་བརྐྱང་ཕྱག་འཚལ། མེ་ཏོག་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད་བྱས་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཕྱག་རྒྱ་ཆེན་པོར་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་པ། །བསྐྱེད་པར་མཛད་པ་དེ་བཞིན་དུ། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་ལན་གསུམ་བརྗོད་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དབུལ་ལོ། །གསུམ་པ་སེམས་ངོ་སྤྲད་པ་ནི། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད། མར་མེ་མཛད་ཀྱི་བརྐྱང་ཕྱག་འཚལ། མཆོད་པ་དཔག་ཏུ་མེད་པ་འབུལ། ལུས་ལོངས་སྤྱོད་ཀྱང་དབུལ་ལོ། །དེ་ནས་ལུས་གནད་བཅོས་ནས་འདུག་ཏུ་བཅུག་ལ། སེམས་གདོད་ནས་སྐྱེ་བ་མེད་པ་རྣམ་པར་དག་པ་མ་སྐྱེས་པར་བཞག །དེ་སྐྱེ་བ་མེད་པར་ངོ་སྤྲད་པ་ཡིན། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་བཞུགས། །ངས་བཅོམ་ལྡན་ཕྱག་ན་རྡོ་རྗེ་བྱས་པས། ཁྱེད་ལ་བཅོམ་ལྡན་ཕྱག་ན་རྡོ་རྗེ་སྙམ་པ་སྐྱེས་པ་དེ་མ་སྐྱེས་པ་ལ་སྐྱེ་བ་ངོ་བོ་བསྟན་པ་ཡིན། སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་པོ་ཏ་ལར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བཞུགས། དེ་སྐད་བརྗོད་པས་ཁྱེད་ཀྱི་རྒྱུད་ལ་སྤྱན་རས་གཟིགས་སྙམ་པ་སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྙམ་པ་དེ་འདས་པའི་སེམས་དེ་གང་དུ་ཡང་སོང་བ་མེད་པ། དེ་ལྟར་སྤྱན་རས་གཟིགས་སྙམ་པ་དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་འོ་དེ་ཤན་ལ་འཕགས་པ་འཇམ་དཔལ་བཞུགས་ཞེས་བརྗོད་པས་འཕགས་པ་འཇམ་དཔལ་སྙམ་པ་དེ་གང་ནས་ཀྱང་

p. 161

འོང་བ་མེད། དེ་རང་སེམས་སྐྱེ་བ་མེད་པ་ཡིན། དེ་ལྟར་འདས་མ་འོངས་ད་ལྟ་དུས་གསུམ་ཀ་རང་སེམས་སྐྱེ་བ་མེད་པ་འདི་ཡིན། སངས་རྒྱས་ཀྱི་ཐུགས་དང་ཁྱད་པར་མེད། དེ་ལྟར་ཡིན་པར་ཡང༌རྗེ་སྒམ་པོ་པའི་ཞལ་ནས་ཀྱང༌། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཉི་མ་དང་ནི་ཉི་མའི་འོད་ཟེར་བཞིན། །གསུངས། ད་ནི་བཞི་པ་སྨོན་ལམ་གདབ་པ་ནི། དེ་ནས་མཆོད་པ་དབུལ། ཕྱག་ཏུ་མེ་ཏོག་བསྣམས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་དང་མི་འབྲལ་བའི་སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། དུས་ད་ནས་བཟུང་ནས་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང༌། སེམས་བསྐྱེད་པའི་བཤེས་གཉེན་བླ་མ་རིན་པོ་ཆེ་དང་མི་འབྲལ་བར་གྱུར་ཅིག །བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་འདིས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་འདི་རྒྱུན་མི་ཆད་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །དེ་ནས་ཆོས་སྐྱོང་ལ་གཏོར་མ་འབུལ། བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བར་ཆད་མི་འབྱུང་བའི་གསོལ་བ་གདབ། ཡི་གེ་བརྒྱ་པ་ཚར་ཉི་ཤུ་རྩ་གཅིག་བརྗོད་པས་ཉམས་ཆག་བསྐང༌། དེ་ནས་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་ཕུལ་ལ་བསྔོ་བ་བྱ་བ་ནི། བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱེད་པའི་རིམ་པ་འདིས་བླ་མ་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། དཀོན་མཆོག་དབུ་འཕང་མཐོ་ཞིང༌ཆོས་བྱེད་བསམ་པ་འགྲུབ་པ་དང༌། ཞུ་བ་པོ་དང་སེམས་ཅན་རྣམས། །མ་ལུས་སངས་རྒྱས་ཐོབ་པར་ཤོག །བྱང་ཆུབ་སེམས་མཆོག་ཟག་མེད་བདུད་རྩི་འདི་སེམས་ཅན་རྣམས་ལ་ཕན་གདགས་
ཕྱིར་ཀླན་ཧྥུ་ཞི་དང་རིན་ཆེན་ཚེས་ཀྱིས་ཞུས་པ། ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།། །།དགེའོ།།

བྱམས་སྙིང་རྗེའི་ཁྲིད་ཀྱི་ཞལ་གདམས་རྗེ་རྒོད་ཚང་པས་མཛད་པ།

p. 162

༄༅། །བྱམས་སྙིང་རྗེའི་ཁྲིད་ཀྱི་ཞལ་གདམས་རྗེ་རྒོད་ཚང་པས་མཛད་པ་བཞུགས་སོ། །
༄༅། །ༀ་སྭ་སྟི་སིདྡྷཾ། ཆོས་རྗེ་རིན་པོ་ཆེ་ནས་ཁྲིད་ཆེན་བརྒྱད་ཡོད་པ་ལས། གཞན་དོན་གལ་ཆེ་བ་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཁྲིད་ལ། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དང་པོ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་བྱམས་པའི་སེམས་སྐྱེ། བྱམས་པའི་སེམས་ལས་སྙིང་རྗེའི་སེམས་སྐྱེ། སྙིང་རྗེའི་སེམས་ལས་ལྷག་པའི་བསམ་པ་རྣམ་པར་དག་པ་སྐྱེ། ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྨོན་པ་བྱང་ཆུབ་ཀྱི་སེམས་སྐྱེ། དེ་ལས་འཇུག་པའི་སེམས་སྐྱེ། སྨོན་འཇུག་གཉིས་ལས་དོན་དམ་བྱང་ཆུབ་ཀྱི་སེམས་སྒྲིབ་པ་གཉིས་དང་བྲལ་བ་སྐྱེ། དེས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན་གསུངས། དེ་རྣམས་ནི་མས་ཀྱིས་མཚམས་སྦྱོར་བའི་དབང་དུ་བྱས་པའོ། །ཡས་ཀྱིས་མཚམས་སྦྱོར་བའི་དབང་དུ་བྱས་ན་དེ་ལས་ལྡོག་པའོ། །དེ་ལ་བྱམས་པ་བསྒོམ་པ་ལ་དོན་བརྒྱད་དེ། བྱམས་པའི་ངོ་བོ་ངོས་བཟུང་བ། བསྐྱེད་པའི་ཐབས། བྱམས་པ་མ་སྐྱེས་པའི་སྐྱོན། སྐྱེས་པའི་ཕན་ཡོན། བྱམས་པའི་དམ་ཚིག་བསྲུང་ཐབས། བྱམས་པའི་བྱེད་ལས། བྱམས་པའི་འགལ་སྤྱོད། མཐར་ཐུག་པའི་སྐྱེལ་སའོ། །དེ་ལ་བྱམས་པའི་ངོ་བོ་ངོས་བཟུང་བ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། མདོར་བསྟན་པ་ལ། སྣང་སྲིད་འཁོར་འདས་ཐམས་ཅད་ཡིད་འོང་དུ་བསྒོམ། རྒྱས་པར་བཤད་པ་ལ་གཉིས་

p. 163

ལས། དང་པོ་རང་ལ་བྱམས་པ་བསྒོམ་པ་ནི། དེ་ཡང་སྒོམ་ལུགས་འདི་ལྟར་བསྒོམ་གསུངས། ཐོ་རེངས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྣོད་ཀྱི་འཇིག་རྟེན་འདི་གཞལ་ཡས་ཁང་སྒོ་བཞི་རྟ་བབ་དང་བཅས་པ་ཞིག་བསྒོམ། དེའི་ནང་དུ་རང་ལུས་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ་བ། གངས་ལ་ཉི་མ་ཤར་བ་ལྟ་བུ་ནག་པ་སྐྲའི་རྩེ་མོ་ཙམ་ཞིག་ཀྱང་མེད་པ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་མུ་ཏིག་གི་ཕྲེང་བ་བསྣམས་པ། གཡོན་མེ་ཏོག་པདྨ་དཀར་པོ་བསྣམས་པ་གཅིག་བསྒོམ། སྙིང་གི་དཀྱིལ་དུ་རྩ་བའི་བླ་མ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་བཞུགས་པརབསམ། དེ་རྣམས་ལ་ཡན་ལག་བདུན་པ་ཞིག་འབུལ། འདིར་ཡན་ལག་བདུན་པ་ཞིག་བྱེད་པ་ཡིན། རྗེའི་ཞལ་ནས། བོད་ཀྱི་ལྷ་སྐལ་ཐུགས་རྗེ་ཆེན་པོ་ཡིན་པས། སྒྲུབ་ཐབས་ཐམས་ཅད་ཕྱོགས་གཅིག་ལ་བཞག་པ་བས་ཇོ་བོའི་སྒྲུབ་ཐབས་ཉེ་བ་ཡིན་གསུངས་། ཡན་ལག་བདུན་པ་ནི། ༀ་མ་ཎི་པདྨེ་ཧཱུཾ། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རྒྱལ་སྲས་མཆོག་ལ་ཕྱག་འཚལ་ལོ། །པདྨ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་བའི་སྐྱོན་གྱིས་མ་གོས་པའི། །པདྨ་ཉི་ཟླའི་གདན་ལ་བཞུགས། །རྫོགས་སངས་རྒྱས་ཀྱིས་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །དེ་ལ་གུས་པར་ཕྱག་འཚལ་ལོ། །འཇིག་རྟེན་འདིའམ་གཞན་དག་ན། །མཆོད་པའི་ཚོགས་རྣམས་ཇི་སྙེད་ཀུན། །བདག་གིས་དད་པས་འབུལ་ལགས་ཀྱི། །ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཐོག་མ་མེད་པའི་དུས་མཐའ་ནས། །སྡིག་པའི་ལས་རྣམས་ཅི་བགྱིས་པ། །ཐུགས་རྗེ་ཆེན་པོའི་སྤྱན་སྔར་བཤགས། །མགོན་པོ་སྤྱན་རས་

p. 164

གཟིགས་དབང་ཁྱོད། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཐ་མ་མངོན་པར་སངས་རྒྱས་བར། །འགྲོ་དོན་མཛད་པར་རྗེས་ཡི་རང་། །ཐུགས་རྗེ་ཆེན་པོས་དགོངས་མཛད་དེ། །ཀུན་མཁྱེན་བཏང་སྙོམས་མ་མཛད་པར། །འགྲོ་དོན་སེམས་ཅན་དོན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མགོན་པོ་སྤྱན་རས་གཟིགས་དབང་ཁྱོད། །འགྲོ་བའི་དོན་ནི་དྲན་པའི་ཕྱིར། །བསྐལ་པའི་ཞིང་གི་རྡུལ་སྙེད་དུ། །མྱ་ངན་མི་འདའ་གསོལ་བ་འདེབས། །དང་པོ་བྱང་ཆུབ་སེམས་བསྐྱེད་ནས། །ཕྱག་སོགས་དགེ་བ་ཅི་བགྱིས་པ། །བདག་དང་སེམས་ཅན་དོན་གྱི་ཕྱིར། །བྱང་ཆུབ་མཆོག་ཏུ་བསྔོ་བར་བགྱིའོ། །ཞེས་བརྗོད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པ། ཇོ་བོ་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱི་ཁམས་བཀང་ལ་དབུལ། དེ་ལྟར་ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་བསྒྲིགས་པས་འབྲས་བུ་མྱུར་དུ་སྨིན་པ་ཡིན་གསུངས། བླ་མ་དཀོན་མཆོག་ལ་བྱམས་སྙིང་རྗེ་སྐྱེ་བའི་དངོས་གྲུབ་ཞུ་བ་ནི། རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་སྐྱབས་སུ་མཆིའོ། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཕ་མ་ཡིན་པས་ཕ་མའི་དྲིན་ལན་རླན་པའི་ཆེད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཕ་མ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན་འཁྱམས་པ་སྙིང་རེ་རྗེ། ཕ་མའི་སྡུག་བསྔལ་ཁུར་ནུས་པའི་ཆེད་དུ་འགྲེ། ཐེག་པ་ཆེན་པོར་ཁས་བླངས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྙིང་རྗེའི་ཕྲིགས་གཅིག་ཀྱང་མེད་པ་བླ་མ་དཀོན་མཆོག་ལ་ངོ་རེ་ཚ་ན། ད་ལྟ་ཉིད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་

p. 165

དཀོན་མཆོག་ཁྱེད་ལ་བསམ་དུ་སེམས་ཅན་དོན་ལས་མེད། ཁྱེད་ཀྱི་ཐུགས་དགོངས་རྫོགས་པའི་ཆེད་དུ་འགྲེའོ། །སངས་རྒྱས་པ་ལ་བྱང་ཆུབ་ཀྱི་སེམས་མེད་ཐབས་མེད་པས། ད་ལྟ་ཉིད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་གསོལ་བ་གདབ། དེ་ནས་རང་ལ་བྱམས་པ་བསྒོམ་པ་ནི། རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ཁྲོང་བསྒོམས་ལ། རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་འདི་རང་ལ་དྲིན་ཆེ་སྙམ་དུ་བྱའོ། །དྲིན་ཆེ་བས་ཡིད་དུ་འོང་སྟེ། རང་གི་ལུས་ངག་ཡིད་གསུམ་གྱིས་དགེ་བ་ཅི་བྱེད་དུ་འོང་། ལུས་ལྷ་རུ་བསྒོམ་པ་འདི་ཡིད་དུ་འོང་། ངག་སྔགས་སུ་འདྲེན་པ་འདི་ཡིད་དུ་འོང་། སེམས་ཆོས་ཉིད་དུ་བསྒོམ་པ་འདི་ཡིད་དུ་འོང་སྙམ་དུ་བསམ་ཞིང་དམིགས་པ་གསལ་ཡེར་བྱ་གསུངས། དེ་ནས་རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་རྒྱུན་ཆད་པ་མེད་པར་གསལ་གདབ་པར་བྱའོ་སྙམ་པའི་འདུན་པ་བཏང་། རང་གི་ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་གསལ་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བྱིན་རླབས་ཞུ། བྱམས་པ་རང་ལ་བསྒོམ་པའོ། །གཞན་ལ་བསྒོམ་པ་ལ་སྣོད་བཅུད་གཉིས་ལས། དང་པོ་སྣོད་འབྱུང་བ་ལ་བྱམས་པ་བསྒོམ། དེ་ཡང་ཕྱིའི་འབྱུང་བ་ལྔ། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཐམས་ཅད་ཡིད་དུ་འོང་བ་བསྒོམ་པའོ། །དེ་ཡང་སྔར་འབྱུང་བ་ལྔ་ལ་བརྟེན་ནས་ཚིག་པ་ཇི་སྙེད་ཅིག་ཟོས་ནས་ཡོང་བས། དེས་གནས་སྐབས་རང་གི་རྒྱུད་རྩུབ་ལ་མཐར་ཐུག་འབྱུང་བ་ལྔས་ན་རྐྱེན་འཆི་རྐྱེན་བྱེད་པས། རང་འབྱུང་བ་ལྔ་ལ་བྱམས་པ་བསྒོམ་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། འབྱུང་བ་ལྔ་པོ་འདི་ས་སངས་རྒྱས་སྤྱན་སྐུ་མདོག་སེར་མོ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་

p. 166

གཡས་ན་རིན་པོ་ཆེ་བསྣམས་པ། གཡོན་ན་རིན་པོ་ཆེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ལྷ་མོ་མཛེས་མ་ཡིད་དུ་འོང་བ་ཞིག་ཏུ་བསྒོམ། ཆུ་མ་མ་ཀི་སྔོན་མོ་གཡས་ན་རྡོ་རྗེ། གཡོན་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པའོ། །མེ་གོས་དཀར་མོ་དམར་མོ་གཡས་པདྨ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུའོ། །རླུང་དམ་ཚིག་སྒྲོལ་མ་ལྗང་ཁུ། གཡས་རལ་གྲི། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ། ནམ་མཁའ་ཁམས་ཀྱི་དབང་ཕྱུག་མ་སྐུ་མདོག་དཀར་མོ་གཡས་ན་འཁོར་ལོ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རིན་པོ་ཆེས་བརྒྱན་པའི་ལྷ་མོ་ལྔར་བསྒོམ་པ་ལ་འབྱུང་བ་ལྔ་པོ་ཡུམ་ལྔའི་རང་བཞིན་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་འདི་དྲིན་རེ་ཆེ། རྗེ་ས་སངས་རྒྱས་སྤྱན་མས་འདེགས་པའི་དོན་བྱེད་པ་འདི་དྲིན་རེ་ཆེ། ཆུ་མ་མ་ཀིས་བཅུད་བཟའ་བཏུང་གི་བྱ་བ་བྱེད་པ་འདི་དྲིན་རེ་ཆེ། མེ་གོས་དཀར་མོས་བཙོ་བླག་གི་དོན་བྱེད་པ་འདི་དྲིན་རེ་ཆེ། རླུང་དམ་ཚིག་སྒྲོལ་མས་ཡང་ཞིང་གཡོ་བ་དང་གྲང་ཤད་བྱེད་པ་འདི་དྲིན་རེ་ཆེ། རྗེ་ནམ་མཁའི་ཁམས་ཀྱི་དབང་ཕྱུག་མས་གོ་འབྱེད་པ་འདི་དྲིན་རེ་ཆེ། ལས་ལྔ་བྱེད་པས་ཀྱང་དྲིན་རེ་ཆེ་སྙམ་དུ་བསྒོམ། འབྱུང་བ་ལྔ་པོ་འདི་ཡུམ་ལྔའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པ་འདི་ཡིད་དུ་འོང་སྙམ་དུ་བསྒོམ་པ་ལ། རྗེ་ས་སངས་རྒྱས་སྤྱན་མ་ལ་སྐྱབས་སུ་མཆིའོ། །རྗེ་ཆུ་མ་མ་ཀི་ལ་སྐྱབས་སུ་མཆིའོ། །རྗེ་མེ་གོས་དཀར་མོ་ལ་སྐྱབས་སུ་མཆིའོ། །རྗེ་རླུང་དམ་ཚིག་སྒྲོལ་མ་ལ་སྐྱབས་སུ་མཆིའོ། །རྗེ་ནམ་མཁའ་ཁམས་ཀྱི་དབྱིངས་ཕྱུག་མ་ལ་སྐྱབས་སུ་མཆིའོ། །ཡུམ་ལྔའི་སྐུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་གསོལ་བ་གདབ། འབྱུང་བ་ལྔ་པོ་ཐུག་ཕྲད་དུའང་ཉམས་སུ་བླང་ངོ་། །དེ་ལྟར་ཉམས་སུ་བླངས་པས་རང་རྒྱུད་གཉེན་འདབ་ཀྱིས་འགྲོ་གསུངས། སྣོད་འབྱུང་བ་ལྔ་ལ་བྱམས་པ་བསྒོམ་པའོ། །ད་ཡར་བླ་མ་དཀོན་མཆོག་

p. 167

ལ་བརྟེན་ནས་བྱམས་པ་བསྒོམ་པ་ལ། རང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོར་བསྒོམ། རྩ་བ་དང་བརྒྱུད་པའི་བླ་མ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཞུགས་པར་བསྒོམས་ལ། རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཕྱོགས་སུ་དཀའ་བ་སྤྱད་པའི་མཛད་སྤྱོད་དང་རྣམ་ཐར་ཐམས་ཅད་དྲིན་རེ་ཆེ། སྐྱོན་དག་ཡོན་ཏན་རྫོགས། སེམས་ཅན་ལ་བུ་བཞིན་གཟིགས། གཞན་དོན་རྒྱུན་ཆད་མེད་པར་མཛད་པ་འདི་དྲིན་རེ་ཆེ་སྙམ་དུ་བསམ། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན། གསུང་ཡན་ལག་དྲུག་ཅུར་ལྡན། ཐུགས་ཤེས་བྱའི་དཀྱིལ་འཁོར་གསལ་ཞིང་ཡིད་དུ་འོང་སྙམ་པའི་ཡིད་འོང་བསྒོམ། རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་གྱི་ལྷ་ཚོགས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ལ་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་དོ། །མར་མ་ལ་བྱམས་པ་བསྒོམ་པ་ནི། སེམས་བསྐྱེད་ལ། རང་ལུས་ཐུགས་རྗེ་ཆེན་པོར་བསྒོམས་ལ། སྙིང་ཁར་བླ་མ། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་བསྒོམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་མདུན་དུ་ཕུང་ངེ་བྱུང་བར་བསྒོམས་ལ། མའི་དྲིན་དྲན་པར་བྱས་ལ། བདག་ལ་མ་འདིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕན་དཔག་ཏུ་མེད་པ་བཏགས། ཟས་གོས་དཔག་ཏུ་མེད་པ་བྱིན། ནོར་འབྲུ་རིན་པོ་ཆེ་དཔག་ཏུ་མེད་པ་བྱིན། བདེ་སྡུག་གཏམ་ངན་ལ་མ་སྡོས་པར་བསྐྱངས། འཆི་བའི་སྲོག་ལས་སྐྱབས། ཡོན་ཏན་བཤེས་གཉེན་བསླབས།

p. 168

མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་བར་མ་དང་། མུ་གེའི་བསྐལ་པ་བར་མ་ལས་སྐྱབས། རང་གི་ཟས་ཕངས་པ་རྣམས་བུ་ལ་བྱིན། རང་གོན་དུ་ཕངས་པ་རྣམས་བུ་ལ་བསྐོན། མི་གཙང་བ་ཐམས་ཅད་ལག་པས་ཕྱིས། ཟས་ལྕེ་ཡིས་སྙོད། གནོད་པ་བསྐྱལ་ཡང་དགའ་བར་བལྟས། དྲིན་དཔག་ཏུ་མེད་པ་བྱས་པས་བདག་ལ་མ་འདི་དྲིན་ཆེ་སྙམ་པ་དྲིན་བསམ་བཅུ་གཉིས་ཀྱི་སྒོ་ནས་བསྒོམ་གསུངས། ཐོག་མ་མེད་ནས་འཁོར་བར་འཁྱམས་ཙ་ན། ཕ་མ་སྤྲང་པོ་མུ་ཏོ་བའི་བུ་ཚར་སྐྱེས་ནས་ཡོད་པས། དེ་ཙམ་ན་ཕ་མ་དེས་ཁུར་རུ་ཁུར་སྐྱེ་ཐག་གིས་གཡོགས་བྱས། གདོང་གི་ཤ་ཐམས་ཅད་མི་ལ་བསྐུར། བྱིན་ཤ་ཐམས་ཅད་ཁྱི་ལ་བསྐུར། ངར་གདོང་ཐམས་ཅད་ལྷགས་པ་ལ་བསྐུར། སྣབས་དང་མཆིལ་མ་ཙ་རེ་བྱས་ནས་བུ་ཆུང་འདི་ལ་ཅིག་གསོལ་དང་ཟེར་ནས་ཁམ་ཟན་རང་ཡང་ཇི་ཙམ་ཞིག་བླངས་ཡོད། དེ་ལ་བྱམས་པ་མི་སྐྱེ་ན་ཁྲེལ་མེད་གདོང་སྐྱ་བྱ་བ་ཡིན་གསུངས། དེས་ན་ཕ་མ་དྲིན་ཤིན་ཏུ་ཆེ་སྟེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཚེ་ཐོག་མ་མེད་པ་ནས་ཕ་མ་བྱས་ཤིང་མ་བྱས་པ་གཅིག་ཀྱང་མེད། སེམས་ཅན་གཅིག་གིས་ཕ་མ་བྱས་པའི་གྲངས་ཀྱང་བགྲང་བར་མི་ནུས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་ཉིད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་ལུར་བྱས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་པའི་དྲིན་དྲན་པར་བྱས་ལ་བསྒོམས་ཏེ། དེ་ཡང་ཆོས་རྗེའི་ཞལ་ནས། ཆོས་ཀུན་ན་མར་ལ་དང་པོ་བྱམས་པ་མ་ལ་བསྒོམ། དེ་ནས་ཕ་ལ་སོགས་པ་ལ་རིམ་གྱིས་བསྒོམ་པར་གསུངས་འདུག་སྟེ། གཞི་བདག་གིས་གཙོར་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཡིན། མ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཅི་

p. 169

བྱེད་ཡིད་དུ་འོང་། ལུས་ཀྱིས་གསོད་དུ་བྱུང་ཡང་ཡིད་དུ་འོང་། རྡེག་རྩོགས་བྱེད་ཀྱང་ཡིད་དུ་འོང་། སྐྲུ་ཤང་བྱེད་ཀྱང་ཡིད་དུ་འོང་། རྐུ་འཕྲོག་བྱེད་ཀྱང་ཡིད་དུ་འོང་། ངག་གི་ངན་སྨྲས་གཏོང་ཡང་ཡིད་དུ་འོང་། འཕྱར་ཁ་གཏོང་ཡང་ཡིད་དུ་འོང་། ཚིག་རྩུབ་སྨྲ་ཡང་ཡིད་དུ་འོང་། ཡིད་ཀྱིས་གནོད་སེམས་འཆའ་ཡང་ཡིད་དུ་འོང་སྙམ་དུ་བསམ། སྡང་དགྲ་གནོད་བགེགས་གཞི་བདག་གིས་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུགས་ཡིད་དམ་དུ་བསྲེའོ། །ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའམ། ཡང་ན་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་བས་སེམས་ཅན་ལ་ཕན་ཐོགས་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་དོ། །མར་ལ་བྱམས་པ་བསྒོམ་པའོ། །དེ་ལྟར་བྱས་ཀྱང་བྱམས་པ་མ་སྐྱེས་ན། རྒྱུད་ལ་སྐྱེད་ཐབས་ལ་གསུམ་ལས། རབ་ཀྱིས་བླ་མ་དཀོན་མཆོག་ལ་བརྟེན་ནས་སྐྱེ། དེ་ལ་སྐྱེས་ན་དགྲ་འདྲེ་གཉིས་ལ་བསྒོམ། འབྲིང་གིས་རྩ་བའི་བླ་མ་ལ་བརྟེན་ནས་སྐྱེ། དེ་ལ་སྐྱེས་པ་དང་དགྲ་འདྲེ་གཉིས་ཀྱིས་གཙོ་བྱས་ལ་བསྒོམ། ཐ་མས་གྲོགས་ལ་བརྟེན་ནས་སྐྱེ། དེ་ལ་སྐྱེས་པ་དང་སྡང་དགྲ་གནོད་བགེགས་གཞི་བདག་རྣམས་ལ་བསྒོམ་གསུངས། བྱམས་པ་མ་སྐྱེས་པའི་སྐྱོན་ལ། རང་གཞན་གཉིས་ལས། རང་ལ་བྱམས་པ་མ་སྐྱེས་ན། གནས་སྐབས་རང་གི་རྒྱུད་འཁྲུགས་རང་ཚིག་ཟ། མཐར་ཐུག་གཞན་གྱི་གཤེད་མར་འགྲོ་བ་ཞིག་འོང་། འབྱུང་བ་ལ་བྱམས་པ་མ་སྐྱེས་ན། འབྱུང་བ་ལྔ་རྩི་ཤིང་ནགས་ཚལ་ལ་སོགས་པ་རྣམས་ཀྱིས་ཀྱང་། གནས་སྐབས་སུ་གནོད་པ་སྐྱེལ་ཞིང་གཤེད་མར་བལྟ། མཐར་ཐུག་ཡུམ་ལྔ་དང་མི་མཇལ། ཡར་ལ་བྱམས་པ་མ་སྐྱེས་པའི་སྐྱོན་ལ། བླ་མའི་བྱིན་རླབས་མི་འཇུག་ཅིང་ཡོན་ཏན་མེད། མཐར་

p. 170

ཐུག་སྐྱབས་གནས་དང་བྲལ་བའི་སྐྱོན་ཡོང་། མར་ལ་བྱམས་པ་མ་སྐྱེས་པའི་སྐྱོན་ལ། གནས་སྐབས་སུ་ཀུན་གྱིས་ཡིད་དུ་མི་འོང་ཞིང་ཐམས་ཅད་སྡང་བར་འོང་། མཐར་ཐུག་རིགས་དྲུག་ཏུ་སྐྱེ་བ་ཡང་ཡང་ལེན་པ་ཞིག་འོང་གསུངས། བྱམས་པ་རྒྱུད་ལ་སྐྱེས་པའི་ཕན་ཡོན་ལ། རང་ལ་བྱམས་པ་སྐྱེས་ན་གནས་སྐབས་སུ་རང་གི་ལུས་ངག་ཡིད་གསུམ་ཡིད་དུ་འོང་ཞིང་ཚིག་པ་འདི་མི་ཟ། མཐར་ཐུག་གཞན་གྱིས་གཤེད་མ་མི་བྱེད་ཅིང་ཡི་དམ་དུ་གསལ། འབྱུང་བ་ལྔ་ལ་བྱམས་པ་སྐྱེས་ན། གནས་སྐབས་སུ་འབྱུང་བ་ལྔས་གནོད་པ་མི་སྐྱེལ་ཞིང་ཕན་པ་བསྒྲུབ། མཐར་ཐུག་ཡུམ་ལྔའི་སྐུ་ཐོབ། ཡར་ལ་བྱམས་པ་སྐྱེས་ན། གནས་སྐབས་སུ་རྗེའི་བྱིན་རླབས་འཇུག །མཐར་ཐུག་ཀུན་གྱི་སྐྱབས་གནས་སུ་འགྱུར་ཞིང་བླ་མ་དང་ཐུགས་དགོངས་དབྱེར་མེད་དུ་འགྱུར། མར་ལ་བྱམས་པ་འབྱུང་ན། གནས་སྐབས་སུ་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ཀུན་གྱིས་འཁུར་བ་དང་། མཐར་ཐུག་རིགས་དྲུག་གི་སྐྱེ་སྒོ་ཁེགས་ནས་ཐར་པ་ཐོབ་པ་ཞིག་འོང་གསུངས། དམ་ཚིག་ཏུ་ལུས་ཀྱིས་བཟང་ངན་འབྲིང་གསུམ་སྤྱི་བོར་ཁུར། ངག་གིས་ཀུན་གྱི་སྐྱོན་ཐམས་ཅད་སྦ་ཞིང་ཡོན་ཏན་ཐམས་ཅད་བརྗོད་གསུངས། ཡིད་ཀྱིས་ཐམས་ཅད་དང་ཐུགས་ཡིད་གཅིག་ཏུ་བསྲེ་བར་བྱ་གསུངས། བྱམས་པའི་བྱེད་ལས་ལ་བྱས་ཤིང་དྲིན་དུ་གཟོ་བ་ལ་ཕན་འདོགས་པས་ཏེ། དེ་ཡང་རང་ལ་ཕན་འདོགས་པ་ནི་སྡིག་པ་ཕྲ་ཞིང་ཕྲ་བ་ལ་འཛེམ་ཞིང་དགེ་བ་ཕྱོགས་མེད་དུ་སྤེལ་བས་ན་རང་ལ་ཕན་འདོགས་པའོ། །གཞན་ལ་ཕན་འདོགས་པ་ལ། འབྱུང་བ་ལྔ་པོ་ཡུམ་ལྔར་བསྒོམས་ནས་མཆོད་པ་བཞིས་མཉེས་པར་བྱེད་པ་ཡིན་གསུངས། བླ་མ་དཀོན་མཆོག་ལ་ཕན་འདོགས་པ་ལ་ཞབས་ཏོག་གསུམ་གྱིས་མཉེས་པར་བྱེད་པ་སྟེ། ཐ་མ་ཟང་ཟིང་གི་ཞབས་ཏོག་རང་ལ་ཅི་ཡོད་འབུལ་བ་

p. 171

དང་། ལུས་ཐལ་བའི་རྡུལ་དུ་བརླག་ནས་འབུལ་བ་དང་། དད་པ་ཅན་གྱི་འབུལ་སྣ་བྱས་ནས་འབུལ་བ་དང་གསུམ་ཡིན་གསུངས། འབྲིང་སྤྱོད་ལམ་གྱི་ཞབས་ཏོག་ལ་གསུམ། རང་གི་ལུས་དང་སྲོག་ལ་ལྟོས་པ་མེད་པར་སྐྱོ་བ་དང་དུབ་པ་མེད་པར་བྱེད་པ་དང་། བླ་མའི་རྣམ་ཐར་གང་ལ་ཡང་མི་དད་པ་མི་བསྒོམ་པ་དང་། བླ་མ་མ་མཉེས་ཀྱི་དོགས་ནས་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་གཟབ་པ་དང་གསུམ་ཡིན་གསུངས། རབ་སྒྲུབ་པའི་ཞབས་ཏོག་ལ་གསུམ། འཇིག་རྟེན་བློས་བཏང་ནས་ཉམས་དང་རྟོགས་པ་རྒྱུན་མི་འཆད་པར་སྐྱོང་བ་དང་། ལུས་ངག་ཡིད་གསུམ་གྱི་དགེ་སྦྱོར་རྒྱུན་མི་འཆད་པར་བྱས་ནས་གཉེན་པོ་ལ་དབང་ཐོབ་པར་བྱེད་པ་དང་། སྙིང་རྗེ་ཆེན་པོ་བསྒོམས་ནས་སྨོན་ལམ་དཔག་མེད་འདེབས་པ་དང་གསུམ་ཡིན་གསུངས། མར་ལ་ཕན་འདོགས་པ་ལ། དངོས་དང་རྒྱུད་དང་རྐུན་བུ་གསུམ་ལས། དངོས་སུ་ཕན་འདོགས་པ་ནི། བསྡུ་བ་བཞིས་དངོས་སུ་ཕན་འདོགས། ཏིང་ངེ་འཛིན་ལ་རང་ཐུགས་རྗེ་ཆེན་པོར་བསྒོམས། སྙིང་གི་དཀྱིལ་དུ་བླ་མ་བསྒོམ། མདུན་གྱི་ནམ་མཁའ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་བསམ། མདུན་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་དམིགས་ལ་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སེམས་ཅན་ལ་ཕོག་པས་སྡིག་སྒྲིབ་དག་ནས། དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་པར་བསམས་ལ། དེ་རྣམས་ལ་ཤ་མར་བུ་རམ་ལ་སོགས་པའི་རོ་བརྒྱ་དང་ལྡན་པའི་ཟས་མང་པོ་བྱིན། དར་དང་ཟ་འོག་ལྷ་རྫས་ཀྱི་ན་བཟའ་མང་པོ་བསྐོན་པར་བསམ། གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་དང་། ནས་དང་གྲོ་དང་འབྲས་ལ་སོགས་པ་སྣ་ཚོགས་པ་བྱིན་པར་བསྒོམ་པ་ཟང་ཟིང་གི་སྦྱིན་པ།

p. 172

དེའི་རྗེས་ལ་སྐྱབས་འགྲོའི་སྡོམ་པ་ཕོག །སོ་སོ་ཐར་པའི་སྡོམ་པ་ཕོག་ནས་རབ་བྱུང་ལ་བཙུད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྡོམ་པ་ཕོག །གསང་སྔགས་སུ་དབང་བསྐུར། བསྐྱེད་རྫོགས་ཟབ་མོའི་དོན་བསྟན་པར་བསྒོམ་པ་ནི་སྙན་པར་སྨྲ་བའི་བསྡུ་བའོ། །དོན་སྤྱོད་པའི་བསྡུ་བ་ནི། དེ་རྣམས་སྒྲུབ་པ་ལ་བསྐུལ་བར་བསྒོམ་པའོ། །དོན་མཐུན་པ་ནི། རང་ཆོས་དང་མཐུན་པར་སྤྱོད་པ་ཡིན་གསུངས། རྒྱུད་ནས་ཕན་འདོགས་པར་བྱེད་པ་ལ་མགྲོན་ཁང་བྱས་པ་དང་། ལམ་འཕྲང་འཆོས་པ་དང་། ཆོས་ཟབ་མོ་བརྩམས་ནས་འཇོག་པ་དང་། ཟམ་པ་འཛུགས་པ་ལ་སོགས་པའོ། །རྐུན་བུའི་ཕན་འདོགས་པ་ནི། ཆོས་དང་ཟང་ཟིང་མཐར་ཐུག་གིས་སྐྱེལ་སའོ། །དེ་ལ་དང་པོ་སྙིང་རྗེའི་ངོ་བོ་ངོས་བཟུང་ན། བརྩེ་བ་ཤས་མི་བཟོད་པ་བྱབ་བ་ཡིན་གསུངས། དཔེར་ན་མ་བུ་གཅིག་པ་ལ་སྙིང་དུ་སྡུག་ཅིང་ཡིད་དུ་འོང་ལ། བུ་དེ་མེས་ཚིག་པ་ལ་སོགས་པ་བྱུང་ན། མ་དེ་ལ་མི་བཟོད་པ་བརྩེ་རམ་པ་ཞིག་འོང་བ་དེ་དང་འདྲ་བ་ཡིན་གསུངས། དེ་ལ་སྙིང་རྗེ་བསྒོམ་ན་མ་ཡི་སྡུག་བསྔལ་བསམ་ལ་སྙིང་རྗེ་བསྒོམ། ད་ཡང་ངན་སོང་གཉིས་ཀྱི་སྡུག་བསྔལ་བསམ་ནས་སྙིང་རྗེ་བསྒོམ། སེམས་ཅན་ཐམས་ཅད་མ་ཡིན་པས་མ་དྲིན་ཅན་རྣམས་འགྲོ་བ་རིགས་དྲུག་ཏུ་སྐྱེས་པའི་སྡུག་བསྔལ་དཔག་ཏུ་མེད་པ་སྤྱོད་དེ། དམྱལ་བ་ནི་ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་བ་དང། ཉེ་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསམ་ནས་སྙིང་རྗེ་བསྒོམ། ཡི་དྭགས་ལ་བཀྲེས་སྐོམ། བྱོལ་སོང་ལ་གླེན་ལྐུགས་བཀོལ་སྤྱོད་ཀྱི་སྡུག་བསྔལ། མི་ལ་སྐྱེ་འཆིའི་སྡུག་བསྔལ། དགྲ་སྡང་བ་དང་འཕྲད་ཀྱིས་དོགས། གཉེན་བྱམས་པ་དང་བྲལ་གྱིས་དོགས། ཡོད་པ་འཚོ་སྐྱོང་སོ་ནམ། མེད་པ་བཙལ་ཐབས་མེད་པའི་སྡུག་བསྔལ་རྣམས་ཡོད་

p. 173

དོ། །ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་དང་། ལྷ་ལ་ཡང་གོས་ལ་དྲི་མ་ཆགས་པ་དང་། མེ་ཏོག་གི་རྒྱན་རྙིང་པ་དང་། ལུས་ལ་དྲི་མི་ཞིམ་པ་བྲོ་བ་དང་། རང་གི་སྟན་ལ་འདུག་སྙིང་མི་འདོད་པ་དང་། ལྷ་མོ་རྣམས་ཀྱིས་བོར་བ་དང་། རྟགས་ལྔ་བྱུང་བ་དང་། ཉ་བྱེ་ཚན་ལ་སྒྲེས་པ་ལྟ་བུའི་སྡུག་བསྔལ་བསམ་པས་སྙིང་རྗེ་བརྩེ་རམ་པ་སྐྱེ། ནག་པོའི་རྒྱུ་འབྲས་འཁོར་བའི་ཉེས་དམིགས་འདི་རྣམས་རྒྱས་པར་བསྒོམ་མོ། །ཡང་ན་རང་གི་རྩ་བའི་མ་དེ་དམྱལ་བར་སྐྱེས་ན་མ་ཡི་ཁོང་བའི་ནང་ན་ཡར་ཁྲོ་ཆུ་ཁོལ་མ་ལྷུད་ལྷུད་པ་བསམ་པ་དང་སྙིང་རྗེ་སྐྱེ། ཡང་རྩ་བའི་མ་དེ་ཡི་དྭགས་སུ་སྐྱེས་ནས་ཤ་ཁྲག་རྐང་མཐིལ་ཐམས་ཅད་རུས་མགོ་སྤགས་པས་བསྟུམ། སྔོན་གྱི་ཤ་རྗེས་འདྲ་བ་ཙམ་ཞིག་ལ་ཕད་ཧྲུལ་ཅིག་རྒྱབ་ཏུ་བཀབ། ལག་པ་སྔོ་ནལ་ལ་མ་ནི་ཡི་དྭགས་སུ་སྐྱེས། བུ་ལ་བཟའ་རྒྱུ་སྦྱིན་པ་འདྲ་མེད་དམ་ཟེར་བར་བསྒོམས་ན་སྙིང་རྗེ་རང་དབང་མེད་པ་སྐྱེ། ཡང་ན་རང་གི་མ་དེ་རྣ་བ་ལ་སོགས་རི་དྭགས་ཤིག་ཏུ་སྐྱེས་པ་ལ། མངོན་པས་ཁྱི་བཀྱེ་ནས་བྲོས་པས་བྲག་ལ་ལྷུང་ནས་རྒྱུ་ལྟོ་གུད་དུ་ཕུང་བྱུང་བར་བསྒོམས་ན་རང་དབང་མེད་པར་སྙིང་རྗེ་སྐྱེ་གསུངས། དེ་རྣམས་ལ་ཡུན་རིང་པོ་མ་བསྒོམ་པར་ཡུད་ཙམ་རེ་བསྒོམ་གསུངས། དེ་ལྟར་བྱས་ནས་སྙིང་རྗེ་མ་སྐྱེས་ན། རྒྱུ་ལ་སྐྱེ་ཐབས་ལ་བཞི་ལས། མ་ལ་དཔགས་ནས་སྙིང་རྗེ་བསྒོམ་པ་དང་། རང་ལ་དཔགས་ནས་སྙིང་རྗེ་བསྒོམ་པ་དང་། བླ་མ་དཀོན་མཆོག་ལ་དཔགས་ལ་བསྒོམ་པ་དང་། སངས་རྒྱ་བ་ལ་སྙིང་རྗེ་མེད་ཐབས་མེད་པར་བསྟན་པའོ། །མ་ལ་བསྟེན་ནས་བསྒོམ་པ་ནི། སྡང་དགྲ། གདོན་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་མ་ཡིན་པས་དུས་གཅིག་ལ་བསྒོམ་སྟེ། དེ་ཡང་སྡང་དགྲ་གདོན་བགེགས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་དཔག་ཏུ་མེད་པ་ནས་འཁོར་བར་

p. 174

འཁྱམས་ཤིང་སྡུག་བསྔལ་གྱིས་རྒས་ཤིང་འཁོགས་པ་འདི་རྣམས་སྙིང་རེ་རྗེ། ཆོག་ཤེས་བསམ་གཏན་གྱི་ཟག་མེད་ལ་དབུལ་ཞིང་འཕོངས། བཀྲེས་ཤིང་སྐོམ་པ་འདི་སྙིང་རེ་རྗེ། ཐོས་བསམ་སྒོམ་གསུམ་ཤེས་རབ་ཀྱི་མིག་ཀྱང་མེད་ལ། ཆུ་བུར་གྱི་མིག་ཀྱང་མེད། ལོང་བ་འདི་སྙིང་རེ་རྗེ། སེམས་ལ་རང་དབང་མ་ཐོབ། འཁྲུལ་པ་ཆགས་སྡང་གི་དབང་དུ་ཤོར་ཅིང་། རང་སེམས་སྨྱོན་པར་སོང་བ་འདི་སྙིང་རེ་རྗེ། ཕན་ཚུན་གཅིག་ལ་གཅིག་འཚེ་ཞིང་འཁོར་མཁན་མེད་པ་འདི་སྙིང་རེ་རྗེ། ཞེས་པའམ། ཡང་ན་ཕན་འདོགས་པ་མེད་པ་འདི་སྙིང་རེ་རྗེ། ཞེས་རྒྱུ་མཚན་རྣམ་པ་ལྔ་ལ་བརྟེན་ནས་སྙིང་རྗེ་བསྒོམ། རང་ལ་དཔེ་འགྲེས་ནས་བསྒོམ་པ་ནི། རང་ལ་ཉོན་མོངས་པ་དང་ཆགས་སྡང་སྐྱེ་དུས། ཁྱོད་བླ་མ་དམ་པ་དང་ཡང་མཇལ། རྗེ་དང་གྲོགས་ཀྱིས་སྐྱོང་། གདམས་ངག་ཉམས་སུ་ལེན་ཤེས་པ་ཡང་ཉོན་མོངས་པ་ཆགས་སྡང་སྐྱེ་བ་ཁྱོད་ཁོ་ན་སྙིང་རེ་རྗེ། ཁྱོད་ད་རུང་ཞེ་སྡང་སྐྱེ་བ་སྙིང་རེ་རྗེ། ཞེ་སྡང་གིས་ནི་དམྱལ་བར་སྐྱེ་བ་ཡིན་ན་འདོད་ཆགས་སྐྱེ་བ་སྙིང་རེ་རྗེ། འདོད་ཆགས་སྐྱེས་ནས་ཡི་དྭགས་སུ་སྐྱེ་བ་ཡིན་ན། གཏི་མུག་སྐྱེ་བ་སྙིང་རེ་རྗེ། གཏི་མུག་གིས་ནི་བྱོལ་སོང་དུ་སྐྱེ་བ་ཡིན་ན། ང་རྒྱལ་སྐྱེ་བ་སྙིང་རེ་རྗེ། ང་རྒྱལ་གྱིས་ནི་དམན་པའི་རིགས་ངན་དུ་སྐྱེ་བ་ཡིན་ན། ཁྱོད་ཁོ་ན་སྙིང་རེ་རྗེ་སྙམ་པ་བསམ། དེ་ནས་ཡང་རང་ལ་དཔེ་འགྲེས་ལ་སེམས་ཅན་ལ་བསྒོམ་སྟེ། བདག་བླ་མ་དམ་པ་དང་མཇལ། གདམས་ངག་ཉམས་སུ་ལེན་ཤེས། རྗེ་དང་གྲོགས་ཀྱིས་སྐྱོང་། ད་ང་འདི་འདྲ་ན། ངའི་ཨ་མ་བླ་མ་དམ་པ་དང་མ་མཇལ་གདམས་ངག་ཉམས་སུ་ལེན་མི་ཤེས་པ། རྗེ་དང་གྲོགས་ཀྱིས་སྐྱོང་མཁན་ཀྱང་མེད་པ། རྒྱུ་ཉོན་མོངས་པ་སྐྱེ་ཞིང་འབྲས་བུ་སྡུག་བསྔལ་སྐྱེ་བ་སྙིང་རེ་རྗེ། ན་ཚ་བྱུང་བའི་དུས་སུ་རང་ལ་བསྒོམ་པ་བྱས་པས། ནད་འདོམ་པ་འདི་ཀ་ཆེ་བ་

p. 175

བྱུང་། སྡུག་བསྔལ་རང་རྒྱུད་དུ་སྤྱོད་པ་ཨ་མ་སེམས་ཅན་རྣམས་སྙིང་རེ་རྗེ་སྙམ་དུ་བསམ་གསུངས། དེ་ལ་རྗེའི་ཞལ་ནས། སྙིང་རྗེ་སྒོམ་པ་ཐམས་ཅད་ཀྱི་ནང་ནས་རང་ལ་སྒོམ་པ་འདི་གནད་ཆེ་བ་ཡིན། རང་ལ་སྐྱེས་ན་གཞན་ལ་སྐྱེ་བ་ལ་ཚེགས་མེད་པ་ཡིན་གསུངས། བླ་མ་དཀོན་མཆོག་ལ་བསམ་ལ་སྙིང་རྗེ་བསྒོམ་པ་ནི། བླ་མ་དཀོན་མཆོག་ལ་བསམ་དུ་ནི་སེམས་ཅན་དོན་ལས་མེད། དེ་ཚིགས་སུ་བཅད་པ་གཅིག་པ་ལས། སེམས་ཅན་རྣམས་ལ་ཕན་པའི་མཆོག་ནི་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་རྣམས་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །ང་ཡི་གཟུགས་ཀྱི་སྐུ་ནི་སེམས་ཅན་དོན་དུ་བསྒྲུབས་པ་ཡིན་གསུངས། །ཞེས་གསུངས། དྲིན་ལན་བསབ་པའི་མདོ་ལས་ཀྱང་། ངའི་དྲིན་ལན་བསབ་པར་འདོད་པས་སེམས་ཅན་རྣམས་ལ་བུ་གཅིག་པའི་འདུ་ཤེས་བསྐྱེད་ཅིང་དྲན་པར་བྱ། ཞེས་པ་དང་། བ་ཚྭ་ཅན་ཆུ་ཀླུང་གི་མདོ་ལས། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ཁར་ཉན་ཐོས་ཆེན་པོ་གནས་བརྟན་བཅུ་དྲུག་གིས་ཆོས་ཞུས་པས། སངས་རྒྱས་ཀྱི་ཞལ་ནས། སེམས་ཅན་གྱི་དོན་བྱས་ན་ངའི་དོན་བྱས། སེམས་ཅན་བདེ་ན་ང་བདེ། སེམས་ཅན་སྡུག་ན་ང་སྡུག །སེམས་ཅན་མགུ་ན་ང་མགུ། ཞེས་གསུངས། དེས་ན་སྙིང་རྗེ་བཟོད་གླགས་མེད་པ་ཞིག་ཡོད་ན། འཕགས་པ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་དགོངས་ཀྱང་དེས་རྫོགས་གསུངས། སྙིང་རྗེ་བཟོད་གླགས་མེད་པ་གཅིག་གིས་འགྲོ་དོན་བྱས་ན། འགྲོ་དོན་ཐམས་ཅད་ཀྱང་ཇེ་ཆེ་ལ་འགྲོ། དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་མཉེས་ནས་འགྲོ་དོན་གྱི་གྲོགས་བྱེད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འགྲོ་དོན་གྱི་གྲོགས་མཛད་

p. 176

པས་འགྲོ་དོན་ཐམས་ཅད་རྩོལ་མེད་དུ་འགྲུབ་པ་ཡིན། ད་ལྟ་ཡང་འགྲོ་དོན་མི་འགྲུབ་པ་ཐམས་ཅད་སྙིང་རྗེ་མེད་པར་རང་དོན་དུ་སོང་བའི་རྟགས་ཡིན་གསུངས། དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དགོངས་ལ་སེམས་ཅན་གྱི་དོན་མཛད་པ་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་ལས་མེད་དེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། སྤྱན་རས་གཟིགས་ཀྱིས་གསོལ་པ། བྱང་ཆུབ་སེམས་དཔའ་ཆོས་མང་པོ་ལ་བསླབ་པར་མི་བགྱི། གཅིག་ལ་བསླབ་པར་བགྱི། ཆོས་གཅིག་རྟོགས་ཤིང་ཁོང་དུ་ཆུད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་པའི་མཐིལ་ན་མཆིས་ཏེ། གཅིག་པོ་གང་ཞེ་ན་སྙིང་རྗེ་ཆེན་པོའོ་ཞེས་གསུངས། ལག་ལེན་ལ། བླ་མ་དཀོན་མཆོག་རྣམས་ལ་བསམ་དུ་སེམས་ཅན་གྱི་དོན་ལས་མེད་པས། བླ་མ་དཀོན་མཆོག་གི་ཐུགས་དགོངས་རྫོགས་པའི་ཆེད་དུ་སྙིང་རྗེས་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱའོ་ཞེས་བརྗོད། སངས་རྒྱ་བ་ལ་སྙིང་རྗེ་མེད་ཐབས་མེད་པར་བསྟན་པ་ནི། སངས་རྒྱ་བ་ལ་བྱམས་སྙིང་རྗེ་མེད་ཐབས་མེད་དེ། དེར་སྙིང་རྗེ་ཡོད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞིག་འོང་སྟེ། སྙིང་རྗེ་ཡོད་ན་སེམས་ཅན་ལ་ནོར་རྫས་ཀུན་ལྟ་ཅི་སྨོས་ཏེ། མགོ་དང་རྐང་ལག་སྟེར་ནུས་པས་སྦྱིན་པ། སེམས་ཅན་གྱི་དོན་འབའ་ཞིག་བྱས་པ་ལ་རང་འདོད་ཀྱི་དྲི་མ་མེད་པས། དེ་ལ་ཉེས་ལྟུང་གིས་གོས་པ་མེད་པས་ན་ཚུལ་ཁྲིམས། མགོ་དང་རྐང་ལག་གཅོད་དུ་བྱུང་ཡང་སླར་ཐུགས་རྗེའི་གྲོགས་སུ་འགྲོ་བས་ན་བཟོད་པ། སེམས་ཅན་གྱི་སྡུག་བསྔལ་མཐོང་བས་རང་ཞི་བདེའི་བསམ་པ་སྐད་ཅིག་ཀྱང་མི་འདོད་པར་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་བྱེད་པས་ན་བརྩོན་འགྲུས་ཡིན་གསུངས། ད་ལྟ་བརྩོན་འགྲུས་མེད་པ་རྣམས་སྙིང་རྗེ་མེད་པའི་སྐྱོན་ཡིན་གསུངས། སྙིང་རྗེ་ཡོད་པའི་རྟེན་གྱི་

p. 177

གང་ཟག་དེ་ལ་བསམ་གཏན་གྱི་ལས་སུ་རུང་བ་དེ་ཡིན། ཤེས་རབ་ནི་སེམས་རྣམ་པར་དག་པ་ཡིན་གསུངས། དེས་ན་སྙིང་རྗེ་ཡོད་ན་སངས་ལ་མི་རྒྱ་བའི་ཁ་ཐབས་མེད་དེ། ད་འོ་སྐོལ་རྣམས་སངས་མ་རྒྱས་པ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་པས་ལན་གསུངས། ད་ལག་ལེན་ལ་སངས་རྒྱས་པ་ལ་སྙིང་རྗེ་མེད་ཐབས་མེད་པས་ལུས་དང་སྲོག་ལ་མ་ལྟོས་པར་སེམས་ཅན་གྱི་དོན་བྱའོ། །ཞེས་བརྗོད་ལ་སྙིང་རྗེ་བསྒོམ་གསུངས། སྙིང་རྗེ་མ་སྐྱེས་པའི་སྐྱོན་ནི། སྦྱང་གཞི་སྒྲིབ་གཉིས་མི་བྱང་བའི་སྟོབས་ཀྱིས་ཡོན་ཏན་ཚོགས་གཉིས་མི་རྫོགས་པའི་སྐྱོན་ཡོང་གསུངས། སྙིང་རྗེ་རྒྱུད་ལ་སྐྱེས་པའི་ཕན་ཡོན་ནི། སྙིང་རྗེ་བཤའ་མ་ཞིག་རྒྱུད་ལ་སྐྱེས་ན་གནས་སྐབས་སུ་མི་དགེ་བདུན་པོ་རྣམས་དང་། མཐར་ཐུག་ཏུ་སྒྲིབ་གཉིས་བྱང་བ་དང་ཚོགས་གཉིས་མ་ལུས་པ་རྫོགས་ནས་སྐུ་གསུམ་མཛད་པ་དང་བཅས་པས་སངས་རྒྱ་གསུངས་སོ། །དམ་ཚིག་ནི་རང་ཞེ་སྡང་རྒྱུད་ལ་སྤངས་ནས། ཁྱད་པར་དུ་སྡོམ་པ་ཉི་ཤུ་པ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པ་བཞིན་དུ་ཉམས་སུ་བླངས་ལ་ཅི་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱ་གསུངས་སོ། །བྱེད་པའི་ལག་ལེན་ནི་ཕན་འདོགས་ཤིང་བདེ་སྡུག་བརྗེ་བ་ཡིན། རང་གི་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་བྱ་གསུངས། དེ་ལ་ཡིད་དང་དངོས་གཉིས་ལས། ཡིད་ཀྱིས་བརྗེ་ན་སེམས་བསྐྱེད་པ་ལ་སོགས་གོང་ལྟར། དེ་ནས་སྨོན་འཇུག་གཉིས་ལག་ལེན་གདབ་ཀྱི། དེ་ལ་གསུམ་ལས། སྔོན་འགྲོ་སྙིང་རྗེ་བསྒོམ་པ་ནི། ཨ་མ་སེམས་ཅན་རྣམས་རྒྱུད་ཉོན་མོངས་པས་མནར། འབྲས་བུ་དུཿཁས་མནར། རྐྱེན་དགེ་བའི་བཤེས་གཉེན་དང་མ་འཕྲད་པས་དུཿཁ་རང་རྒྱུད་དུ་སྤྱོད་པའི་ཨ་མ་སེམས་ཅན་ལ་སྙིང་རྗེ་བསྒོམ། དངོས་གཞི་སྡུག་བསྔལ་བསྡུ་ཞིང་སྨོན་ལམ་གདབ་པ་ནི། སེམས་ཅན་ཐམས་ཅད་ཀྱི་དུཿཁ་བདག་ལ་སྨིན་ཅིང་། ཟག་པ་མེད་པའི་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སེམས་ཅན་

p. 178

ཐམས་ཅད་ཀྱི་ནད་དང་དུཿཁ་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་བདག་གི་ཐོག་ཏུ་བྱུང་བར་བསམ། བདག་གི་རྒྱུད་ཐོག་ཏུ་སླེབ་པ་དང་བདེ་སྟོང་དང་ལྡན་པར་བསམ། དེ་ལ་བསྔོ་བ་ནི། བདག་གིས་དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། དུཿཁ་དང་བྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག། ཅེས་བརྗོད་ལ་སྨོན་ལམ་གདབ་པ་ནི་ལག་ལེན་ནོ། །མཇུག་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་རང་འདོད་མེད་པ་ནི་བདག་ལ་ཅིས་ཀྱང་དགོས་པ་མེད་དོ། །རང་དོན་འཁོར་བའི་བདེ་འབྲས་ཀྱིས་ཀྱང་དགོས་པ་མེད་དོ། །ཉན་རང་གི་བྱང་ཆུབ་ཀྱིས་ཀྱང་དགོས་པ་མེད་དོ་སྙམ་པའི་དགོས་མེད་བསྒོམ་མོ། །དངོས་གཞི་ལ་སྙིང་རྗེ་བསྒོམ་པ་ནི། རྒྱུ་འབྲས་ལ་དུཿཁས་མནར་བའི་ཨ་མ་སེམས་ཅན་རྣམས་སྙིང་རྗེ་སྙམ་དུ་བསྒོམ་གསུངས། རྗེས་ལ་བདེ་སྡུག་བརྗེ་བ་ནི། དམྱལ་བ་ལ་སོགས་པ་རིགས་དྲུག་གི་གནས་སུ་སྐྱེ་བར་གྱུར་ཅིག །ཅེས་པས། རིགས་དྲུག་སོ་སོའི་གནས་སུ་སེམས་ཅན་རེ་རེའི་མདུན་དུ་ཐུགས་རྗེ་ཆེན་པོ་རེ་ཀྲོང་ངེ་བྱུང་བར་བསམས་ལ། དེར་སྐྱེས་པ་དང་སྐྱོ་བ་དང་དུབ་པ་མེད་པར་སེམས་ཅན་གྱི་དུཿཁ་འཁུར་ནུས་པར་གྱུར་ཅིག །སེམས་ཅན་གྱི་ནད་དང་གདོན་ཐམས་ཅད་བདག་གི་ཐོག་ཏུ་བྱུང་བས་ཟག་པ་མེད་པའི་བདེ་བ་དང་ལྡན་པར་བསམ། དེའི་དགེ་བའི་རྩ་བ་དེ་ལ་བརྟེན་ནས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་དང་བྲལ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ཅིང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་བསམ་མོ། །དེ་

p. 179

ལྟ་བུ་སྒོམ་པ་ཡིད་ཀྱིས་བརྗེ་བའོ། །དངོས་སུ་ཕན་འདོགས་པའི་ཏིང་ངེ་འཛིན་གྱི་ནི། རྒྱུ་དང་འབྲས་བུ་གཉིས་ལས། རྒྱུ་ལ་ཕན་གདགས་པ་ནི། ཨ་མ་མ་རིག་གཏི་མུག་ཅན་ཚོ་སྙིང་རེ་རྗེ། མ་རིག་གཏི་མུག་དེ་བདག་གིས་བླང་ངོ་། །བདག་གི་ཤེས་རབ་འོད་གསལ་དེ་ཕར་ལ་སྦྱིན་ནོ། །དེའི་དགེ་བའི་རྩ་བ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཤེས་རབ་འོད་གསལ་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་འདོད་ཆགས་སེར་སྣ་ཅན་ཚོ་སྙིང་རེ་རྗེ། འདོད་ཆགས་སེར་སྣ་དེ་བདག་གིས་བླང་། བདག་གི་ཞེན་ལོག་དགོས་མེད་འདི་ཕར་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཞེན་ལོག་དགོས་མེད་དང་ལྡན་ནས་བླ་ན་མེད་པའིབྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་ཞེ་སྡང་འཁོན་འཛིན་ཅན་ཚོ་སྙིང་རེ་རྗེ། ཞེ་སྡང་འཁོན་འཛིན་དེ་བདག་གིས་བླང་། བདག་མེད་སྤྱི་ཁུར་དེ་ཕར་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདག་མེད་ཀྱི་ཁུར་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་ཕྲག་དོག་འགྲན་སེམས་ཅན་ཚོ་སྙིང་རེ་རྗེ། ཕྲག་དོག་འགྲན་སེམས་དེ་དག་བདག་གིས་བླང་། བདག་གིས་སྒྱུ་མ་ངོ་མཚན་ཅན་འདི་ཕར་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྒྱུ་མ་ངོ་མཚར་ཅན་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་ལོག་ལྟ་ཅན་ཚོ་སྙིང་རེ་རྗེ། ལོག་ལྟ་ཐེ་ཚོམ་དེ་བདག་གིས་བླང་། བདག་གིས་དག་པའི་ཡེ་ཤེས་དེ་ཕར་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་དག་པའི་ཡེ་ཤེས་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་ཏིང་ངེ་འཛིན་ལ་ཡང་དེ་ལྟར་དུ་བསྒོམ་མོ། །གཉིས་པ་འབྲས་བུ་ལ་ཕན་འདོགས་པ་ནི། སྲོག་གཅོད་པའི་དུཿཁ་ཆེན་པོ་སྙིང་རེ་རྗེ། བདག་

p. 180

གིས་སྲོག་གཅོད་པ་སྤངས་པའི་དགེ་བ་འདི། ཨ་མ་སྲོག་གཅད་པའི་དུཿཁ་ཅན་ཚོ་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྐྱེ་འཆི་མེད་པའི་སྐུ་དང་ལྡན་ནས་བླ་ན་མེད་པའི་སྐུ་དང་ལྡན་པར་གྱུར་ཅིག །ཨ་མ་ན་ཚའི་དུཿཁ་ཅན་ཚོ་སྙིང་རེ་རྗེ། ན་ཚའི་དུཿཁ་དེ་བདག་གིས་བླང་ངོ་། བདག་གི་ནད་མེད་ཟག་མེད་ཀྱི་བདེ་བ་དེ་ཨ་མ་ན་ཚའི་དུཿཁ་ཅན་ཚོའི་རྒྱུད་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ནད་མེད་པའི་སྐུ་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་བཀྲེས་སྐོམ་གྱི་དུཿཁ་ཅན་ཚོ་སྙིང་རེ་རྗེ། བཀྲེས་སྐོམ་གྱི་དུཿཁ་བདག་གིས་བླང་། བདག་གི་བཟའ་བཏུང་ཕུན་སུམ་ཚོགས་པའི་བདེ་བ་དེ། ཨ་མ་བཀྲེས་སྐོམ་གྱི་དུཿཁ་ཅན་ཚོའི་རྒྱུད་ལ་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་ཟས་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་འཁྱགས་པའི་དུཿཁ་ཅན་ཚོ་སྙིང་རེ་རྗེ། འཁྱགས་པའི་དུཿཁ་དེ་བདག་གིས་བླང་ངོ་། །བདག་གི་སྟན་བདེ་མོ་གོས་དྲོན་མོའི་བདེ་བ་འདི། ཨ་མ་སེམས་ཅན་འཁྱགས་པའི་དུཿཁ་ཅན་ཚོའི་རྒྱུད་ལ་ཕར་སྦྱིན་ནོ། །དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་དྲོད་གཏུམ་མོའི་གོས་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་དགྲ་སྡང་གིས་མནར་བའི་དུཿཁ་ཅན་ཚོ་སྙིང་རེ་རྗེ། དགྲ་སྡང་གི་དུཿཁ་དེ་བདག་གིས་བླང་ངོ་། །བདག་གི་དགྲ་ཕ་མར་ཤེས་པའི་བདེ་བ་འདི། ཨ་མ་དགྲ་སྡང་གིས་མནར་བའི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་གནོད་པ་བྱེད་པ་ལས་ཕན་པ་བསྒྲུབ་པར་གྱུར་ཅིག །ཨ་མ་གཉེན་བྱམས་པ་དང་བྲལ་བ་ཚོ་སྙིང་རེ་རྗེ། ཨ་མ་གཉེན་བྱམས་པ་དང་བྲལ་བའི་དུཿཁ་དེ་བདག་གིས་བླང་།

p. 181

བདག་གིས་འབྲེལ་མེད་དུ་ཤེས་པའི་དགེ་བ་འདི། ཨ་མ་གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ་ཅན་གྱི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བརྩེ་དུང་འབྲལ་མེད་དུ་ཤེས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་གདོན་གྱིས་ཉེན་པའི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མ་གདོན་གྱིས་མནར་བའི་སྡུག་བསྔལ་དེ་བདག་གིས་བླང་། བདག་གིས་རང་སྣང་སྒྱུ་མར་ཤར་བའི་བདེ་བ་འདི། ཨ་མ་གདོན་གྱིས་ཉེན་པའི་སྡུག་བསྔལ་ཅན་ཚོའི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདག་འཛིན་བློས་ཐོངས་དམིགས་མེད་ཀྱི་སྙིང་རྗེ་འབྱོངས་ཉམ་ང་བག་ཚ་དང་བྲལ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་ངལ་དུབ་ཀྱི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མའི་ངལ་དུབ་ཀྱི་སྡུག་བསྔལ་དེ་བདག་གིས་བླང་། བདག་གི་མགྱོགས་དང་གཞོན་པའི་བདེ་བ་འདི། ཨ་མ་ངལ་དུབ་ཀྱི་སྡུག་བསྔལ་ཅན་གྱི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལུས་ཡང་སེམས་བདེ་བྱ་བ་ཉམས་འོག་ཏུ་ཚུད། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་མི་ཁ་གཏམ་ངན་གྱི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མའི་མི་ཁ་གཏམ་ངན་གྱི་སྡུག་བསྔལ་དེ་བདག་གི་རྒྱུད་ལ་བླང་། བདག་གིས་སྒྲ་གྲགས་སྟོང་དུ་ཤེས་པའི་བདེ་བ་འདི། ཨ་མ་མི་ཁ་གཏམ་ངན་གྱི་སྡུག་བསྔལ་ཅན་གྱི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་སྙན་པ་ནམ་མཁའ་དང་མཉམ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཨ་མ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་སྡུག་བསྔལ་ཅན་ཚོ་སྙིང་རེ་རྗེ། ཨ་མའི་སྡུག་བསྔལ་སྣ་ཚོགས་འདི་བདག་གིས་བླང་། བདག་གི་བདེ་བ་ཕུན་སུམ་ཚོགས་པ་འདི། ཨ་

p. 182

མ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་རྒྱུད་ལ་སྦྱིན། དགེ་བའི་རྩ་བ་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་ཏིང་ངེ་འཛིན་དང་ལྡན་པས་ལག་ལེན་ལ་འདེབས་པ་ཡིན་གསུངས། འགམ་སྤྱོད་དང་མཐར་ཐུག་གི་བསྐྱལ་ས་གཉིས་བྱམས་སྙིང་རྗེ་གཉིས་ཀར་དྲིལ་ནས་འདིར་སྟོན་ཏེ། སྤྱིར་བྱམས་པ་དང་སྙིང་རྗེའི་འགམ་སྤྱོད་ལ་ཅི་བྱེད་ཐམས་ཅད་ཀྱི་སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་ཟིན་པར་བྱེད། དངོས་གཞི་ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད། མཇུག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་སྨོན་ལམ་དཔག་མེད་འདེབས་པ་ཡིན་གསུངས། ཁྱད་པར་དུ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་གྱི་སྡུག་བསྔལ་ཐམས་ཅད་བདག་གི་ཐོག་ཏུ་སྨིན་ཅིང་ཟག་པ་མེད་པའི་བདེ་བར་འཆར་བར་ཤོག་ཅིག །ཅེས་སྨོན་ལམ་གདབ། བརྒྱད་པ་བྱམས་སྙིང་རྗེ་མཐར་ཐུག་གི་སྐྱེལ་ས་ལ། བདག་གིས་དུས་གསུམ་གྱི་དགེ་བ་རྩ་བ་འདི་ལ་བརྟེན་ནས་སྡང་དགྲ་གནོད་བགེགས་གཞི་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དུས་དང་གནས་སྐབས་མ་ལུས་ཐམས་ཅད་དུ། ཕན་ཚུན་ཕན་བཏགས་པ་དང་གནོད་པ་སྐྱེལ་བ་ཐམས་ཅད་ལམ་ལོག་པ་དང་། བཏང་སྙོམས་སུ་སྐད་ཅིག་ཀྱང་མི་འགྲོ་བར་རང་གཞན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་པའི་སྨོན་ལམ་ཡང་ནས་ཡང་དུ་གདབ་གསུངས། དེ་ལ་བྱམས་སྙིང་

p. 183

རྗེ་དང་ལྡན་པའི་གང་ཟག་དེ་ལ་གནོད་པ་བསྐྱལ་ཡང་བྱམས་པས་འབྲེལ་ཐོག་ནས་སྙིང་རྗེས་རྗེས་སུ་འཛིན། དེ་ཡིས་སྡུག་བསྔལ་ཐམས་ཅད་བསལ་ནས་བདེ་ལ་འགོད་པ་ཞིག་འོང་བ་ཡིན། དེ་ཡང་མཐར་ཐུག་གི་སྐྱེལ་ས་བྱམས་པ་ཡིན་གསུངས་སོ། །དེའི་རྗེས་ལ་ལྷག་པའི་བསམ་པ་བསྒོམ། དེ་ལ་རྣམ་པ་གསུམ་ཡིན་གསུངས། ལྷག་པའི་བསམ་པ་སྐྱེ་བའི་རྒྱུ་སྙིང་རྗེ་ཡིན། ལྷག་བསམ་གྱི་ངོ་བོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་སྐྱིད་འཛོམ་འདོད་སྤྲོ་དགའ་ཡིན་གསུངས། ལག་རྗེས་ལ་ཕྲག་དོག་རྩ་བ་ནས་ཞི་བ་ཡིན་གསུངས། དེའི་རྗེས་ལ་སྨོན་པའི་སེམས་བསྒོམ་སྟེ། དེ་ལ་རྣམ་པ་གསུམ་ཡིན་གསུངས། སྨོན་པ་སྐྱེ་བའི་རྒྱུ་ལྷག་པའི་བསམ་པ་ཡིན་གསུངས། ངོ་བོ་རང་གཞན་མ་ལུས་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་གཏོང་བ་ཡིན། ལག་ལེན་ལ་འཇུག་པའི་སེམས་བསྐྱེད་ལག་ལེན་ལ་འདེབས་པ་ཡིན་གསུངས། དེ་ལ་སྨོན་པ་བསྒོམ་པ་ནི། སྤྱིར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཆོས་བཤད་པར་བྱ་དགོས། ཆོས་གཅིག་ཁོ་ན་བཤད་ཀྱང་ལ་ལའི་དགེ་རྐྱེན་ལ་ལའི་སྡིག་རྐྱེན་བྱེད། ལ་ལ་མགུ་སྟེ་ལ་ལ་མི་མགུ། འོ་སྐོལ་གྱི་ཕུང་པོ་འདིས་སེམས་ཅན་གྱི་དོན་བྱ་བ་བྱས། རེ་རེ་གཉིས་གཉིས་ཀྱི་དོན་ཡང་མ་བྱུང་། འོ་ཅག་བས་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་མ་བྱུང་། དེ་བས་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་མིའི་བདག་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོས་ཀྱང་མ་བྱུང་། འདོད་ཁམས་ཀྱི་བདག་པོ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་མ་བྱུང་། གཟུགས་ཁམས་ཀྱི་བདག་པོ་ལྷ་ཚངས་པས་ཀྱང་མ་བྱུང་། ཉན་ཐོས་དང་རང་སངས་རྒྱས་རྣམ་པར་ཐར་པ་བརྒྱད་ལ་མངའ་བརྙེས་པ་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་ཏེ་དེ་རྣམས་ཀྱིས་ཀྱང་མ་བྱུང་། དེ་བས་ས་ལ་གནས་པའི་བྱང་ཆུབ་

p. 184

སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་དོན་བྱེད་དེ་ཡོན་ཏན་ལ་རྒྱ་དང་ཚད་ཡོད་གསུངས། འོ་ན་སེམས་ཅན་གྱི་དོན་སུས་ནུས་ཤེ་ན། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་བྱ་བ་ཆོས་ཀྱི་སྐུ་ལས་མ་གཡོས་པ་ལ། སེམས་ཅན་རེ་རེའི་མདུན་དུ་སྐུ་དཔག་ཏུ་མེད་པ་དེ་འདྲ་བ་ཞིག་ཐོབ་ན་ནི་ནུས། མ་ཐོབ་ན་ནི་མི་ནུས་སྙམ་དུ་རྗེས་སུ་འགྲོ་ལྡོག་ཤེས་པར་བྱས་ལ། སངས་རྒྱས་རྗེས་དྲན་བསྒོམ་པ་ནི། དེ་ལ་རྒྱུ་ལ་རྗེས་སུ་དྲན་པ། འབྲས་བུ་ལ་རྗེས་སུ་དྲན་པ། ཕྲིན་ལས་ལ་རྗེས་སུ་དྲན་པའོ། །དེ་ལ་དང་པོར་རྒྱུ་སངས་རྒྱས་པར་བསྒོམ་པ་ནི། བསྐལ་པ་བཟང་པོའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་གི་རྒྱུད་སངས་རྒྱས་ཀྱིས་གསུངས། དེ་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་སུམ་ཅུ་རྩ་དྲུག་ཏུ་འདུས། །དེ་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་ཉི་ཤུ་རྩ་གཅིག་ཏུ་འདུས། དེ་བསྡུ་ན་དྲུག་གསུམ་བཅོ་བརྒྱད་དུ་འདུས། དེ་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ཐམ་པར་འདུས། དེ་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས། དེ་བསྡུ་ན་བསླབ་པ་གསུམ་དུ་འདུས། དེ་བསྡུ་ན་ཐབས་ཤེས་རབ་ཏུ་འདུས། དེ་བསྡུ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འདུས་གསུངས། སངས་རྒྱས་ཀྱི་ཆོས་སྐུ་ཉེ་བར་ལེན་པའི་རྒྱུ་སྟོང་ཉིད་ཡིན། སྙིང་རྗེ་ལྷན་ཅིག་བྱེད་པའི་རྐྱེན་ཡིན། ཡང་གཟུགས་སྐུ་ཉེ་བར་ལེན་པའི་རྒྱུ་སྙིང་རྗེ་ཡིན། ལྷན་ཅིག་བྱེད་པའི་རྒྱུ་རྐྱེན་སྟོང་པ་ཉིད་ཡིན། དེ་ཡང་བློ་གྲོས་མི་ཟད་བརྒྱད་ཅུ་ལས། བསོད་ནམས་ཀྱི་གཏེར་མི་ཟད་པས་བསོད་ནམས་ཀྱི་རྒྱུར་གསུངས་པས། འཇིག་རྟེན་ཁམས་ཀྱི་ཉན་ཐོས་དང་སོ་སོ་སྐྱེ་བོ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་ཡོད་པའི་དགེ་བའི་རྩ་བ་ཐམས་ཅད་བཅུ་འགྱུར་དུ་བསྒྱུར་བས་སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་འགྲུབ། བ་སྤུ་རེ་རེ་ལའང་རྒྱུ་དེ་ཙམ་དགོས་ན། བ་སྤུ་རང་དང་བསམ་གྱིས་མི་ཁྱབ་གསུངས།

p. 185

བ་སྤུ་འགྲུབ་པའི་དགེ་བའི་རྩ་བ་དེ་གཅིག་ནས་བརྒྱ་རུ་བསྒྱུར་བས་དཔེ་བྱད་བཟང་པོ་བརྒྱད་ཅུའི་གཅིག་འགྲུབ། དཔེ་བྱད་གཅིག་ནས་བརྒྱད་ཅུའི་བར་ལ་ཡང་རྒྱུ་དེ་ཙམ་ལ་འགྲུབ། དཔེ་བྱད་འགྲུབ་པར་བྱེད་པའི་དགེ་བའི་རྩ་བ་སྟོང་འགྱུར་དུ་བསྒྱུར་བས་མཚན་སུམ་ཅུ་རྩ་གཉིས་ཀྱི་གཅིག་འགྲུབ། མཚན་རེ་རེ་ལའང་དེ་ཙམ་རེ་དགོས་ཏེ། མཚན་འགྲུབ་པར་བྱེད་པའི་རྒྱུ་སྟོང་ཕྲག་བརྒྱ་འགྱུར་དུ་བསྒྱུར་བས་དབུའི་གཙུག་ཏོར་མི་མངོན་པ་འགྲུབ། དེ་འགྲུབ་པར་བྱེད་པའི་རྒྱུ་འབུམ་ཕྲག་སྟོང་འགྱུར་བསྒྱུར་བས་སྨིན་མཚམས་ཀྱི་མཛོད་སྤུ་འགྲུབ། དེ་འགྲུབ་པར་བྱེད་པའི་རྒྱུ་འབུམ་ཕྲག་སྟོང་འགྱུར་བསྒྱུར་བས་དབུ་ཆོས་དུང་འགྲུབ་བོ། །གཟུགས་ཀྱི་སྐུ་ལ་ཡང་རྒྱུ་དེ་ཙམ་པས་འགྲུབ་ན་ཆོས་སྐུ་ལ་ཡང་བསམ་གྱིས་མི་ཁྱབ་གསུངས། ད་ལྟ་ཁ་ཅིག་ཟན་དྲོན་བྱེད་པ་བས་སངས་རྒྱས་སླ་ཟེར་ཏེ་ནས་བྲེ་གང་ཟན་རྡོག་གཅིག་ཏུ་གཏོང་བ་ལ་ཀ་ཆ་སྣ་ཚང་བ་ཞིག་དགོས་པར་སྣང་གསུངས། འོ་ན་དེ་ཙམ་བསོད་ནམས་གང་ལ་གསོལ་སྙམ་ནས་ཞུམ་མི་དགོས། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། གང་ཞིག་དཔག་མེད་དུས་དག་ཏུ། །སེམས་ཅན་དཔག་ཏུ་མེད་པ་ལ། །བསོད་ནམས་དཔག་ཏུ་མེད་བྱེད་པ། །བྱང་ཆུབ་དཔག་མེད་བསྒྲུབ་པར་འགྱུར། །དཔག་མེད་རྣམ་པ་བཞི་ཡིས་ནི། །དེས་གོ་རིང་པོར་མི་ཐོགས་པར། །ཚོགས་ནི་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས། རྒྱུ་ཆུང་ངུ་ལ་འབྲས་བུ་ཆེན་པོ་འབྱུང་བ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས། སེམས་ཅན་ཇི་ཙམ་མང་གིན་ལས་འབོངས་ཆེ་བ་ༀ་མ་ཎི་པདྨེ་ཧཱུཾ་བྱ་བ་དེ་སེམས་ཅན་གཅིག་གི་དོན་དུ་བཟླས་ན་བསོད་ནམས་དེ་གཅིག་གི་འོང་ལ། དཔག་ཏུ་མེད་པའི་དོན་དུ་བཟླས་ན་བསོད་ནམས་ཀྱང་དཔག་ཏུ་མེད་པ་འོང་གསུངས་སོ། །འཇིག་རྟེན་པའི་དབང་དུ་བྱས་ན་ཕྱུག་པོའི་ནས་ལ་སོགས་པ་ཐམས་

p. 186

ཅད་ཀྱང་དང་པོ་བྲེ་ཕུལ་ལ་བསགས་པས་བྱུང་བ་ཡིན། ལུག་བརྒྱ་ཁྱུ་སྟོང་ཁྱུ་ཡང་རེ་རེ་གཉིས་གཉིས་ནས་བྱུང་བ་ཡིན། དེ་བཞིན་དུ་སངས་རྒྱས་ཀྱང་རྒྱུ་རེ་རེ་བསགས་པ་ལས་བྱུང་བ་ཡིན། རྒྱུ་རླབས་པོ་ཆེ་དེ་ལས་འབྲས་བུ་རླབས་པོ་ཆེ་དེ་འབྱུང་སྙམ་པའི་ཡིད་ཆེས་པའི་དད་པ་དང་དང་བའི་དད་པ་དང་ཐོབ་པར་འདོད་པའི་དད་པ་སྐྱེ། འབྲས་བུ་རླབས་པོ་ཆེ་དེ་ལས་ཕྲིན་ལས་རླབས་པོ་ཆེ། དེས་སེམས་ཅན་གྱི་དོན་ངེས་པར་འབྱུང་སྙམ་པའི་ཡིད་ཆེས་པའི་དད་པ་དང་དང་བའི་དད་པ་དང་ཐོབ་པར་འདོད་པའི་དད་པ་སྐྱེའོ། །དེ་ལྟར་རྒྱུ་ལ་རྗེས་སུ་དྲན་པ་བསྒོམ་ཞིང་མྱུར་དུ་ཚོགས་རྫོགས་པའི་བློ་ཅི་ཡོད་བྱའོ། །འབྲས་བུ་ལ་རྗེས་སུ་དྲན་པ་ནི། དེ་ལ་སྐུ་ཆེ་ཆུང་མང་ཉུང་། སྐུའི་དབྱིབས་ཡིན་ཏེ། ལོངས་སྐུ་ཆེ་ཆུང་ནི་རྣམ་པར་སྣང་མཛད་གངས་ཆེན་མཚོའི་སྐུ་ལུས་ལ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་བཞུགས། དེའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཐོན་ནས་སོང་བྱ་བ་ཡང་ཡོད་གསུངས། ཞབས་ཀྱི་བོལ་གོང་ནས་རྡུལ་ཕྲ་རགས་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཐོན་ནས་སོང་བྱ་བ་ཡང་ཡོད་གསུངས། སྤྲུལ་པའི་ཆེ་ཆུང་ནི། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་མི་མཇེད་འཇིག་རྟེན་གྱི་ཁམས་ན་བཀའ་རྒྱས་འབྲིང་བསྡུས་པ་གསུམ་གསུངས་པའི་དུས་སུ་སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སེམས་དཔའ་ཤུག་འཆང་གིས་རྫུ་འཕྲུལ་གྱིས། སྟེང་གི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་གཅིག་འདས་ནས་བལྟར་ཕྱིན་པས་ད་རུང་ཟང་ངེ་འདུག་ནས་མ་མཐོང་། སངས་རྒྱས་མ་ཆགས་པདྨའི་ཞལ་ནས། རིགས་ཀྱི་བུ་སངས་རྒྱས་ཞིང་ཁམས་ལ་ཐུག་པ་མེད། དེ་བཞིན་དུ་དབུའི་གཙུག་ཏོར་ལ་ཐུག་པ་མེད་དེ། དེས་ན་ཁྱོད་ཀྱིས་གཙུག་

p. 187

ཏོར་མི་མཐོང་རི་རྒྱལ་བཞིན་ཞེས་གསུངས་ནས་སྐུའི་ཚད་མ་རྙེད་དོ། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། གསུང་སྙན་པ་ཟུར་ཕྱིན་པ་རྣ་བར་སྙན་པ་སྙིང་ལ་འབབས་པ། ཀ་ལ་པིང་ཀའི་དབྱངས། གསུང་གཅིག་སྟོན་པས་སེམས་ཅན་གྱི་རྟོག་པ་སེལ་ནུས་པ་ཡིན་ཏེ། འཕགས་པ་མོའུ་འགལ་གྱི་བུས་འདི་ནས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་གཅིག་འདས་ནས་ཕྱིན་པས་ད་རུང་འདོམ་གང་ཙམ་ན་ལྷང་ལྷང་འདུག །དེ་ན་བཞུགས་པ་རྣམས་ཀྱི་ལྷུང་བཟེད་ལ་བསྐོར་བ་བྱུང་བས། བྱང་ཆུབ་སེམས་དཔའི་སྐུ་བོངས་ཆེན་པོ་ཀུན་ན་རེ། དགེ་སློང་ཆ་བྱད་སྲོག་ཆགས་ཕྲ་མོ་ཆུང་ངུ་འདི་སུ་ཡིན་ཅེས་བྱས་པས། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཞལ་ནས། འདི་ལ་བརྙས་པ་མ་བྱེད་ཅིག །འདི་ནས་ཤར་ཕྱོགས་ལོགས་ན་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱ་བ་བཞུགས་པའི་ཉན་ཐོས་རྣམས་ཀྱི་ནང་ནས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་པ་ཡིན་གསུངས་ནས་རྫུ་འཕྲུལ་སྟོན་བྱས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ཐམས་ཅད་སྐྱིལ་མོ་ཀྲུང་གི་འོག་ཏུ་བཅུག །དེ་ནས་རྫུ་འཕྲུལ་ཉམས་ནས་གཤེགས་པ་མ་བྱུང་ནས། སངས་རྒྱས་སྣང་བ་མཐའ་ཡས་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ན་བཞུགས་ཞུས་པས། སངས་རྒྱས་ཀྱི་ཞལ་ནས་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་གསུང་གི་འོད་ཟེར་ལ་འཇུས་ལ་སོང་ཞིག་གསུངས། དེ་ནས་སངས་རྒྱས་ཀྱི་སྤྱན་སྔར་བྱོན་ནས་གསུང་ལ་ཚད་མ་རྙེད་པ་ཡིན་གསུངས། ཡང་སངས་རྒྱས་ཀྱི་འཁོར་རྣམས་བཀའ་བསྒྲོས་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་ཚད་བལྟ་བར་ཞུས་པས། སངས་རྒྱས་བཅོམ་

p. 188

ལྡན་འདས་ཀྱི་ཞལ་ནས། ངའི་ཐུགས་ཚད་བལྟ་བར་འདོད་ན་སེམས་ཅན་གྱི་སེམས་ཉིད་དང་། ནམ་མཁའི་ཁམས་དང་། སངས་རྒྱས་ཀྱི་ཐུགས་དང་གསུམ་པོ་དབྱེར་མེད་གཅིག་ཏུ་གྱུར་པ་ཡིན་པས་ནམ་མཁའི་ཁམས་ཀྱི་མཐའ་ཚོལ་ཅིག་གསུངས། ཕྱག་ན་རྡོ་རྗེས་རྡོ་རྗེ་ནམ་མཁའ་ལ་འཕངས་པས་ནམ་མཁའི་མཐའ་མ་རྙེད་པར་ལོག་མ་ཡོང་ཅིག་གསུངས་པས། ད་ལྟ་ཉི་མ་རེ་ལ་དཔག་ཚད་བརྒྱད་ཁྲི་ཆོད་པ་ཡིན། ནམ་ཞིག་ནམ་མཁའི་མཐའ་མ་རྙེད་པར་ཡི་མུག་ནས་བྲམ་ཟེ་མོ་ཞིག་གི་ལག་ཏུ་འོང་བར་གསུངས། ཡང་ན་དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་སྒྲིབ་པ་མེད་པར་ས་ལེར་མཁྱེན། དཔེར་ན་ནམ་མཁའ་ལ་ཟླ་བ་གཅིག་ལས་མེད་ཀྱང་། སྣོད་ཐམས་ཅད་ཆུས་བཀང་། རལ་གྲི་མེ་ལོང་ལ་སོགས་པ་བཀྲམ་ན་ཐམས་ཅད་ཀྱི་ནང་ན་ཟླ་བ་རེ་སྣང་བ་བཞིན་དུ། རྣམ་རྟོག་མི་མངའ་བཞིན་དུ་སེམས་ཅན་གྱི་དོན་མཛད་དོ། །སེམས་ཅན་གྱི་དོན་དུ་འགྱུར་ན་སྐུ་ཆུང་ངུར་ཡང་སྟོན་ནོ། །དེ་ཚེ་ཆོས་སྐུའི་ཆེ་ཆུང་ཡིན། སྐུའི་མང་ཉུང་ནི། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ་ལ་མདུན་དུ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ། རྒྱབ་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གསུམ་རེ་རེའི་མདུན་དུ་བསྟན་པ་དང་། ནམ་མཁའི་ཁམས་ལྷག་འགེངས་པ་ལ་ཡང་མཐུ་སྟོབས་ཐོགས་པ་མི་མངའ། དེ་བཞིན་དུ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་སྐུའི་ངོས་ནས་སྐུའི་སྤྲུལ་པ་གདུགས་དཀར་ཅན་ཕྲིན་ལས་བཞི་དང་བསྟུན་ནས། ཞལ་ནས་ཧ་ཡ་གྲྀ་ཝ་དཔལ་རྟ་མགྲིན། ཐུགས་ཁ་ནས་རོ་ཥ་ན་རྒྱན་གཅིག་པ། ཇོ་བོ་མི་གཡོ་བ། སྐུ་བཞི་བཞི་སེམས་ཅན་རེ་རེའི་མདུན་དུ་བསྟན་ནས། ནམ་མཁའི་ཁམས་དག་པ་ལ་མཐུ་སྟོབས་ཐོགས་པ་མི་མངའ། འཕགས་པ་འཇམ་དཔལ་གྱི་ངོས་ནས་ཀྱང་། དཀྱིལ་

p. 189

འཁོར་བདུན་པོ་རེ་རེ་ལའང་ལྷ་ལྔ་བཅུ་རྩ་གསུམ་གསུམ་མོ། །དེ་ཐམས་ཅད་སེམས་ཅན་རེ་རེའི་མདུན་དུ་བསྟན་ལ་ནམ་མཁའི་ཁམས་དག་པ་ལ་མཐུ་སྟོབས་ཐོགས་པ་མི་མངའ། དེ་བཞིན་དུ་བདེ་མཆོག་འཁོར་ལོ་ལྷ་ཚོགས་དྲུག་ཅུ་རྩ་བཞི་ཡོད་པ་སེམས་ཅན་རེ་རེའི་མདུན་དུ་བསྟན་ནས་ནམ་མཁའི་ཁམས་དག་པ་ལ་མཐུ་སྟོབས་ཐོགས་པ་མི་མངའ་འོ། །སྐུའི་དབྱིབས་བསྟན་པ་ནི། ལྷ་ཕོ་རུ་མོས་པ་ལ་ཕོ་རུ་སྟོན། མོ་རུ་མོས་པ་ལ་མོ་རུ་སྟོན། ཁྲོ་བོར་མོས་པ་ལ་ཁྲོ་བོར་སྟོན། ཁྲོ་མོར་མོས་པ་ལ་ཁྲོ་མོར་སྟོན། ཞི་བར་མོས་པ་ལ་ཞི་བར་སྟོན། གང་ལ་ཅིས་འདུལ་དེ་ལ་དེར་སྟོན་པ་ཞེས་གསུངས་པས། སེམས་ཅན་གྱི་དོན་དུ་འགྱུར་ན་རྒས་པར་སྟོན་ན་ཡང་སྟོན་གསུངས། ཕྲིན་ལས་རྗེས་སུ་དྲན་པ་ནི། ཕ་རོལ་ཕྱིན་པ་ནས་ཕྲིན་ལས་ཉི་ཤུ་རྩ་བདུན་གསུངས། དེ་བསྡུ་ན་མཛད་པ་བཅུ་གཉིས། དེ་བསྡུ་ན་བཀའ་འཁོར་ལོ་གསུམ་གྱི་རིགས་ཅན་དབང་པོ་དང་འཚམས་པར་ཆོས་བསྟན་ནས་སྨིན་པར་མཛད་དོ། །དེ་ལྟ་བུའི་ཐམས་ཅད་མཁྱེན་པའི་སངས་རྒྱས་དེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་འདོད་པའི་སེམས་བཀྲེས་པས་ཉེན་པ་ཟས་འདོད་པའམ། སྐོམ་པས་གདུངས་པ་ཆུ་འདོད་པའམ། མ་ལག་པ་ཞ་བའི་བུ་ཆུས་ཁྱེར་བ་ལ་ལག་པ་འདོད་པ་ལྟ་བུའི་འདུན་པའི་སེམས་བསྐྱེད་པར་གྱུར་པ་ན་སྨོན་པའི་སེམས་སྐྱེ་བ་ཡིན། དེ་ཡང་རིན་པོ་ཆེའི་ཞལ་ནས། དེ་ལྟ་བུའི་བློ་ཞིག་སྐྱེས་ཙ་ན་སྨོན་པའི་སེམས་བསྐྱེད་བྱེད་པ་སྟེ་གཤའ་མ་ཞིག་འོང་། བློ་མ་སྐྱེས་ན་སེམས་བསྐྱེད་བྱས་རུང་རིག་པ་འཛིན་པའི་སྡོམ་པ་བླངས་རུང་། ཐེག་པ་ཆེན་པོའི་ཆོས་ཉན་རུང་། བཤད་རུང་། གང་ཟག་ཐེག་པ་ཆེན་པོར་མི་འགྲོ་གསུངས། སྐབས་འདིར་སྨོན་འཇུག་གི་ཆོ་ག་བྱའོ། །སྨོན་པའི་བསླབ་བྱ་ཐམས་ཅད་མེ་ཏོག་ཕྲེང་ཆེན་ལས་གསུངས་

p. 190

པ་བཞིན་བསྲུང་། འཇུག་པའི་བསླབ་བྱ་ནི་བསླབ་པ་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ། ལྷག་པ་སེམས་ཀྱི་བསླབ་པ་གསུམ་ལས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །སྡོམ་པའི་ཚུལ་ཁྲིམས་ལ་བཅུ་གཅིག་སྟེ། འདས་པའི་འདོད་པ་ལ་མི་བལྟ། མ་འོངས་པ་ལ་མངོན་པར་དགའ་བར་མི་བྱེད། ད་ལྟ་བ་ལ་མ་ཆགས། ངག་དང་རྟོག་པ་ཡོངས་སུ་དག །དབེན་པ་ལ་གནས་པ། བདག་ཉིད་ཁྱད་དུ་མི་གསོད། མི་གནོད་པ་དེས་བཟོད་པ་བག་ཡོད་ལྔ་དང་ལྡན་པ། ཆོ་ག་དང་འཚོ་བ་རྣམ་པར་དག་པའོ། །སྔོན་གྱི་མཐའ་དང་ལྡན་པའི་བག་ཡོད། ཕྱི་མའི་མཐའ་དང་ལྡན་པའི་བག་ཡོད། དབུས་ཀྱི་མཐའ་དང་ལྡན་པའི་བག་ཡོད། དུས་ལྔ་ནས་བྱས་པའི་བག་ཡོད། ལྷན་ཅིག་རྗེས་སུ་སྤྱོད་པའི་བག་ཡོད་བྱ་བ་གསུམ་ཡིན་གསུངས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མཐུན་པར་སྤྱོད་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ། བསྡུ་བ་བཞི་དང་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་བྱེད་པ་ཡིན་གསུངས། ལྷག་པ་སེམས་ཀྱི་བསླབ་པ་ཏིང་ངེ་འཛིན་སྐྱེ་བའི་རྒྱུ་བདུན་ཚང་གསུངས། ཉེས་པ་ལྔ་དང་བྲལ། སྒྲིབ་པ་ལྔ་སྤངས། འབྲས་བུ་མངོན་པར་ཤེས་པ་དྲུག་ཤར་བའོ། །དང་པོ་རྒྱུ་བདུན་དབེན་པ་ལ་གནས་པ། འདོད་པ་ཆུང་ཞིང་ཆོག་ཤེས་པ། དབང་པོའི་སྒོ་བསྡམ་པ། དོན་མང་བྱ་བ་སྤོང་བ། སྲོད་དང་ཐོ་རངས་མི་ཉལ་རྣལ་འབྱོར་ལ་བརྩོན་པ། ཚོད་ཟིན་པ། འཕྲོད་པ་ཟའོ། །ཉེས་པ་ལྔ་ནི། ལེ་ལོ་མེད་པ། གདམས་ངག་གི་དམིགས་པ་མི་བརྗེད་པ། བྱིང་རྒོད་མེད་པ། འདུ་བྱེད་ཀྱི་ཉེས་པ་མེད་པ། འདུ་མི་བྱེད་ཀྱི་ཉེས་པ་མེད་པའོ། །སྒྲིབ་པ་ལྔ་སྤངས་

p. 191

པ་ནི། གནོད་སེམས་མེད་པ། རྒོད་པ་དང་འགྱོད་པ་མེད་པ། གཉིད་དང་རྨུགས་པ་མེད་པ། འདོད་པ་ལ་འདུན་པ་དང་ཐེ་ཚོམ་མེད་པའོ། །འབྲས་བུ་བདེ་གསལ་གྱི་ཏིང་ངེ་འཛིན་རྒྱུན་ཆད་མེད་པར་བསྒོམས་པས་མངོན་པར་ཤེས་པ་དྲུག་འཆར་བ་ནི། ལྷའི་མིག་གི་མངོན་པར་ཤེས་པ་ནི་གཟུགས་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་། ལྷའི་རྣ་བའི་མངོན་པར་ཤེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྒྲ་ཐམས་ཅད་པི་ཝང་དྲུང་ན་བསྒྱུར་བ་བཞིན་དུ་ཐོས། གཞན་གྱི་སེམས་ཤེས་པའི་མངོན་ཤེས་ནི་འདོད་ཆགས་ཞེ་སྡང་ལ་སོགས་པ་དགེ་དང་མི་དགེའི་སེམས་ཤེས། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་ནི་རང་གཞན་ཐམས་ཅད་སྐྱེ་བ་སྔ་མ་ནས་ཞིང་འདི་ནས་འདིར་སྐྱེ་བ་ཤེས། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི་ཡུད་ཙམ་ཞིག་མཉམ་པར་བཞག །ཤར་ཕྱོགས་སུ་མཉམ་པར་བཞག །ནུབ་ཕྱོགས་སུ་ལྡང་། སྟོད་ནད་མེ་འབར་སྨད་ནས་ཆུ་འབྲུབ་པ་དང་། གཅིག་ལས་མང་པོར་བྱེད། མང་པོ་ལས་གཅིག་ཏུ་བྱེད། ཉི་མ་དང་ཟླ་བ་ལག་པས་ཉུག །ཚངས་པའི་འཇིག་རྟེན་ལུས་ཀྱིས་དབང་སྒྱུར། ཟག་པ་ཟད་པའི་མངོན་ཤེས་ནི་རང་གཞན་ཐམས་ཅད་ཀྱི་སྡིག་པ་མི་དགེ་བ་བཅུའི་ཟག་པ་ཟད་པས་ངན་སོང་དུ་མི་སྐྱེ། ཉོན་མོངས་པའི་ཟག་པ་ཟད་པས་འཁོར་བར་མི་སྐྱེ། མཐོང་སྤང་དང་། སྒོམ་སྤང་སྤངས་མ་སྤང་གི་ཟག་པ་ཟད་པའོ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། རྟོགས་ལྡན་བླ་མའི་བྱིན་རླབས་ཀྱིས་གཞི་ལམ་འབྲས་གསུམ་ལས། གཞི་འཁོར་འདས་གཉིས་མེད་དབྱེར་མེད་དུ་ཤེས། སྲིད་ཞི་དབྱེར་མེད་དུ་ཤེས། རྣམ་རྟོག་དང་ཉོན་མོངས་དབྱེར་མེད་དུ་ཤེས། སྣང་བ་དང་སྟོང་པ་དབྱེར་མེད་དུ་ཤེས། ལམ་བསྐྱེད་རྫོགས་དབྱེར་མེད་དུ་ཤེས། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་ཤེས། ཐབས་ཤེས་རབ་དབྱེར་མེད་དུ་
ཤེས། རྟེན་འབྲེལ་དང་སྟོང་པ་དབྱེར་མེད་དུ་ཤེས། མཉམ་བཞག་དང་རྗེས་ཐོབ་མེད། དྲན་པས་ཟིན་པ་དང་མ་ཟིན་པ་མེད། ཉིན་མཚན་མེད། སྒོམ་མ་བསྒོམ་མེད་པར་འབྲས་བུ་སྐུ་གསུམ་མཛད་པ་དང་བཅས་པར་སངས་རྒྱས་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོའི་ས་ལ་འགོད་པ་ཡིན་གསུངས། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག་པ་ལས་སྤྲུལ་པའི་སྐུ་ཐོབ། ལྷག་པ་སེམས་ཀྱི་བསླབ་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། ལྷག་པ་ཤེས་རབ་ཀྱི་བསླབ་པ་ལས་ཆོས་སྐུ་སྤྲོས་དང་བྲལ་བ་ཐོབ་པ་ཡིན་གསུངས་སོ། །དོན་དམ་བྱང་ཆུབ་སེམས་བསྐྱེད་པའི་རྒྱུ་མོས་གུས། རྐྱེན་བྱིན་རླབས། ངོ་བོ་སེམས་གཟུང་འཛིན་དང་བྲལ་བ། ལག་རྗེས་མཉམ་བཞག་རྗེས་ཐོབ་མེད་པ་ཡིན་གསུངས། དེ་ལྟར་སྨོན་འཇུག་སེམས་བསྐྱེད་ནས། བསླབ་བྱ་བསྲུང་བའི་ཕན་ཡོན་ནི། སྡོང་པོ་བཀོད་པའི་མདོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་སོགས་པ་ནས་མང་དུ་གསུངས་སོ། །བྱམས་པའི་ཁྲིད་ཀྱི་ཞལ་གདམས་འདི། དཔལ་བདེ་ཆེན་སྟེང་དུ་ཆོས་རྗེ་རིན་པོ་ཆེ་རྒོད་ཚང་པས་གསུངས་པའོ།། སརྦ་མངྒ་ལཾ།།

ཞེན་པ་བཞི་བྲལ་གྱི་གདམས་ངག

p. 192

༄༅། །ཞེན་པ་བཞི་བྲལ་གྱི་གདམས་ངག་བཞུགས་སོ། །
༄༅། །ༀ་སྭ་སྟི་སིདྡྷཾ། བླ་མ་ས་སྐྱ་པ་ཆེན་པོ་དགུང་ལོ་བཅུ་གཉིས་བཞེས་པའི་ཚེ། འཕགས་པ་འཇམ་པའི་དབྱངས་ཀྱི་སྒྲུབ་པ་ཟླ་བ་དྲུག་མཛད་པས་དུས་གཅིག་གི་ཚེ། འོད་ཚོགས་ཀྱི་དབུས་ན་རིན་པོ་ཆེའི་ཁྲི་གཅིག་གི་སྟེང་ན་རྗེ་བཙུན་འཇམ་དབྱངས་དམར་སེར་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་བཟང་པོའི་སྟབས་ཀྱིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའ་གཉིས་གཡས་གཡོན་དུ་གནས་པ་མངོན་སུམ་དུ་གཟིགས་ཏེ་གཙོ་བོའི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་གསུངས་པའི་དོན་ལ་དཔྱད་པས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཉམས་ལེན་ཐམས་ཅད་ཞེན་པ་བཞི་དང་བྲལ་བའི་བློ་སྦྱོང་དུ་འདུ་བར་དགོངས་ཏེ། ཆོས་ཐམས་ཅད་ལ་ངེས་ཤེས་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །ས་མཱཔྟ་མི་ཐི།།

རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ།

p. 193

༄༅། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཞེན་པ་བཞི་བྲལ་བཞུགས་སོ། །
༄༅། །བཀའ་དྲིན་ཅན་གྱི་བླ་མ་དང༌། །ཐུགས་རྗེ་ཅན་གྱི་ཡི་དམ་ལྷ། །སྙིང་ནས་སྐྱབས་སུ་མཆི་ལགས་ཀྱི། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་མིན་གྱི་སྤྱོད་པ་དགོས་རྒྱུ་མེད། །ཆོས་བཞིན་སྒྲུབ་པར་བྱེད་པ་ལ། །ཞེན་པ་བཞི་བྲལ་གྱི་གདམས་ངག་འཚལ། །དེ་ཁྱེད་ཀྱི་སྙན་དུ་གསོལ་བར་(མཆོད་བརྗོད་དང༌། བཤད་པར་དམ་བཅའ་བ་བསྟན་ནོ།།)བགྱི། །ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན། །དང་པོ་ཚེ་འདིར་མ་ཞེན་པར། །ཚུལ་ཁྲིམས་དང་ཐོས་བསམ་སྒོམ་པ་གསུམ། །ཚེ་འདི་ལ་དམིགས་ནས་བསྒྲུབ་པ་དེ། །ཆོས་པ་མིན་གྱི་

p. 194

བཤོལ་ལ་ཞོག །ཐོག་མར་ཚུལ་ཁྲིམས་བཤད་ཙམ་ན། །མཐོ་རིས་བསྒྲུབ་པའི་རྩ་བ་ཅན། །ཐར་པ་བསྒྲུབ་པའི་ཐེམ་སྐས་ཅན། །སྡུག་བསྔལ་སྤོང་བའི་གཉེན་པོ་ཅན། །ཚུལ་ཁྲིམས་ལ་མེད་ཐབས་མི་གདའ་སྟེ། །ཚེ་འདི་ལ་ཞེན་པའི་ཚུལ་ཁྲིམས་དེ། །ཆོས་བརྒྱད་བསྒྲུབ་པའི་རྩ་བ་ཅན། །ཚུལ་ཁྲིམས་ངན་ལ་གཤེ་བ་ཅན། །ཚུལ་ཁྲིམས་ལྡན་ལ་ཕྲག་དོག་ཅན། །རང་གི་ཚུལ་ཁྲིམས་ངོ་ཕག་ཅན། །ངན་འགྲོ་བསྒྲུབ་པའི་ས་བོན་ཅན། །བཅོས་མའི་ཚུལ་ཁྲིམས་བཤོལ་ལ་ཞོག །ཐོས་བསམ་བྱེད་པའི་གང་ཟག་དེ། །ཤེས་བྱ་བསྒྲུབ་པའི་ལོངས་སྤྱོད་ཅན། །མ་རིག་སེལ་བའི་སྒྲོན་མེ་ཅན། །འགྲོ་བ་འདྲེན་པའི་ལམ་རྒྱུས་ཅན། །ཆོས་ཀྱི་སྐུ་ཡི་ས་བོན་ཅན། །ཐོས་བསམ་ལ་མེད་ཐབས་མི་གདའ་སྟེ། །ཚེ་འདི་ལ་ཞེན་པའི་ཐོས་བསམ་དེ། །ང་རྒྱལ་བསྒྲུབ་པའི་ལོངས་སྤྱོད་ཅན། །ཐོས་བསམ་དམན་ལ་བརྙས་པ་ཅན། །ཐོས་བསམ་ལྡན་ལ་ཕྲག་དོག་ཅན། །འཁོར་དང་ལོངས་སྤྱོད་ཚོལ་བ་ཅན། །ངན་འགྲོ་བསྒྲུབ་པའི་རྩ་བ་ཅན། །ཆོས་བརྒྱད་ཀྱི་ཐོས་བསམ་བཤོལ་ལ་ཞོག །སྒོམ་པ་བགྱིད་པའི་གང་ཟག་ཀུན། །ཉོན་མོངས་སྤོང་བའི་གཉེན་པོ་ཅན། །ཐར་ལམ་བསྒྲུབ་པའི་རྩ་བ་ཅན། །གནས་ལུགས་རྟོགས་པའི་ལོངས་སྤྱོད་ཅན། །སངས་རྒྱས་བསྒྲུབ་པའི་ས་བོན་ཅན། །སྒོམ་པ་ལ་མེད་ཐབས་མི་གདའ་སྟེ། །ཚེ་འདི་ལ་དམིགས་པའི་སྒོམ་པ་དེ། །དབེན་པར་བསྡད་ཀྱང་འདུ་འཛི་ཅན། །ལོང་གཏམ་སྨྲ་བའི་ཁ་ཏོན་ཅན། །ཐོས་བསམ་བྱེད་ལ་སྐུར་བ་ཅན། །སྒོམ་པ་གཞན་ལ་ཕྲག་དོག་ཅན། །རང་གི་སྒོམ་པ་རྣམ་གཡེང་ཅན། །ཆོས་བརྒྱད་ཀྱི་བསམ་གཏན་བཤོལ་ལ་ཞོག །(འདི་ཡན་ཆད་ཀྱིས། མངོན་པ་མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པའི་དོན་ལ་ཡང་དག་དང་ལྟར་སྣང་གི་དབྱེ་བ་དངོས་སུ་བསྟན་ནོ། །དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་པ་བསྒོམ་ཚུལ་ཤུགས་ལས་བསྟན་ནོ། །)

p. 195

མྱ་ངན་འདས་པ་བསྒྲུབ་པ་ལ། །ཁམས་གསུམ་ལ་ཞེན་པ་སྤོང་ཡང་འཚལ། །ཁམས་གསུམ་ལ་ཞེན་པ་སྤོང་བ་ལ། །འཁོར་བའི་ཉེས་པ་དྲན་པར་འཚལ། །དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་དེ། །ངན་སོང་གསུམ་གྱི་སྡུག་བསྔལ་ཡིན། །དེ་ལེགས་པར་བསམས་ན་སྐྱི་ཤ་འབུང༌། །ཐོག་ཏུ་བབས་ན་བསྲན་ཐབས་མེད། །སྤོང་བའི་དགེ་བ་མི་བསྒྲུབ་པར། །ངན་སོང་གི་སོ་ནམ་བྱེད་བྱེད་པོ། །དེ་གང་ན་འདུག་ཀྱང་ཐེ་ལེ་ལེ། །འགྱུར་བའི་སྡུག་བསྔལ་བསམས་ཙ་ན། །མཐོ་རིས་ངན་འགྲོར་འགྲོ་བ་ཡོད། །བརྒྱ་བྱིན་ཐ་མལ་དུ་སྐྱེ་བ་ཡོད། །ཉི་ཟླ་མུན་པར་འགྲོ་བ་ཡོད། །སྒྱུར་རྒྱལ་བྲན་དུ་སྐྱེ་བ་ཡོད། །དེ་ལུང་ལ་བརྟེན་ནས་ཡིད་ཆེས་ཀྱང༌། །ཕལ་པས་རྟོགས་པར་མི་ནུས་པས། །རང་སྣང་མི་ཡི་འགྱུར་བ་ལྟོས། །མི་ཕྱུག་པོ་སྤྲང་པོར་འགྲོ་ཡིན་འདུག །ཁ་དྲག་པོ་ཞན་པོར་འགྲོ་ཡིན་འདུག །མི་མང་པོ་གཅིག་ཏུ་འགྲོ་ཡིན་འདུག །དེ་ལ་སོགས་པ་བསམ་མི་ཁྱབ། །འདུ་བྱེད་ཀྱི་སྡུག་བསྔལ་བསམ་ཙ་ན། །བྱ་བའི་ལས་ལ་ཟིན་པ་མེད། །མི་མང་ཡང་སྡུག་ལ་ཉུང་ཡང་སྡུག །ནོར་ཕྱུག་ཀྱང་སྡུག་ལ་ལྟོགས་ཀྱང་སྡུག །མི་ཚེ་ཐམས་ཅད་གྲབས་ལ་ཟད། །གྲབས་བྱེད་པའི་འཕྲོ་ལ་ཐམས་ཅད་འཆི། །ཤི་ཡང་གྲབས་ལ་ཟིན་པ་མེད། །ཚེ་ཕྱི་མའི་གྲབས་ཀྱི་མགོ་ལ་འཇུག །འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ལ། །ཞེན་པར་བྱེད་རྣམས་ཐེ་ལེ་ལེ། །(འདི་ཡན་ཆད་ཀྱིས་འཁོར་བའི་ཉེས་དམིགས་དངོས་སུ་བསྟན་ནས། ལས་འབྲས་ཀྱི་བླང་དོར་ཤུགས་ལས་བསྟན་ནོ། །)ཞེན་པ་བྲལ་ན་མྱ་ངན་འདའ། །མྱ་ངན་འདས་ན་བདེ་བ་ཐོབ། །ཞེན་པ་བཞི་བྲལ་ཉམས་ཀྱི་དབྱངས། །བདག་གཅིག་པུ་ཐར་བས་ཕན་རྒྱུ་མེད། །ཁམས་གསུམ་སེམས་ཅན་ཕ་མ་ཡིན། །ཕ་མ་སྡུག་བསྔལ་གྱི་གསེབ་ཏུ་བཞག །བདག་བདེ་བར་འདོད་པ་ཐེ་ལེ་ལེ། །ཁམས་གསུམ་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་གི་བསོད་ནམས་སེམས་ཅན་

p. 196

ཁྱེར། །བསོད་ནམས་འདི་ཡི་བྱིན་རླབས་ཀྱིས། །སེམས་ཅན་ཐམས་ཅད་སངས་རྒྱས་(འདི་ཡན་ཆད་ཀྱིས་རྒྱུ་བྱམས་པ་དང་སྙིང་རྗེ་བསྒོམ་པ་ཤུགས་ལས་བསྟན་ནས། འབྲས་བུ་བདག་གཞན་བརྗེ་བ་དངོས་སུ་བསྟན་ནོ།།)ཤོག །བདག་ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་ངང༌། །འཛིན་དང་བཅས་ལ་གྲོལ་བ་མེད། །དེ་ཡང་ཞིབ་ཏུ་བཤད་ཙམ་ན། །ཡོད་པར་འཛིན་ལ་ཐར་པ་མེད། །མེད་པར་འཛིན་ལ་མཐོ་རིས་མེད། །གཉིས་ཀར་འཛིན་པ་མི་ཤེས་པས། །གཉིས་མེད་ཀྱི་ངང་ལ་གང་དགར་(འདི་ཡན་ཆད་ཀྱིས་རྟག་ཆད་ཀྱི་ལྟ་བ་སྤངས་ནས་ཟུང་འཇུག་གཉིས་མེད་ལ་བློ་འཇོག་ཚུལ་སྤྱིར་བསྟན་ནོ།།)ཞོག །ཆོས་ཀུན་སེམས་ཀྱི་སྤྱོད་ཡུལ་ཡིན། །ດ་དང་དབང་ཕྱུག་ལ་སོགས་པ། །འབྱུང་བཞིའི་བྱེད་མཁན་མ་ཚོལ་བར། །སེམས་ཉིད་ཀྱི་ངང་ལ་གང་དགར་ཞོག །(འདི་ཡན་ཆད་ཀྱིས་བྱང་སེམས་སེམས་ཙམ་པ་དང་ཐུན་མོང་བའི་ལམ་རིམ་བསྟན་ནས། ཐེག་ཆེན་དབུ་མ་པའི་ཐུན་མོང་མ་ཡིན་པའི་ལམ་ནི།)སྣང་བ་སྒྱུ་མའི་རང་བཞིན་དང༌། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །གནས་ལུགས་བརྗོད་པར་མི་ཤེས་ཀྱི། །བརྗོད་བྲལ་གྱི་ངང་ལ་གང་དགར་ཞོག །(འདི་ཡན་ཆད་ཀྱིས་ཞི་གནས་བསྒོམ་ཚུལ་ཤུགས་ལས་བསྟན་ནས། ལྷག་མཐོང་བསྒོམ་ཚུལ་ལ། ཡུལ་སྣང་སེམས་སུ་བསྒྲུབ་པ་དང༌། དེ་སྒྱུ་མར་བསྒྲུབ་པ་དང༌། དེ་རང་བཞིན་མེད་པ། རྟེན་འབྲེལ་དང༌། བརྗོད་བྲལ་དུ་གཏན་ལ་ཕབ་ནས་སྤྲོས་བྲལ་ཟུང་འཇུག་བསྒོམ་པ་དངོས་སུ་བསྟན་ནོ།།)ཞེན་པ་བཞི་བྲལ་བཤད་པ་ཡི། །དགེ་བ་འདི་ཡི་བསོད་ནམས་ཀྱིས། །འགྲོ་བ་བདུན་པོ་མ་ལུས་པ། །སངས་རྒྱས་ས་ལ་འགོད་པར་ཤོག །(འདིས་བསྔོ་བ་དང་འབྲས་བུ་བསྟན་ནོ།།)ཞེན་པ་བཞི་བྲལ་གྱི་གདམས་ངག་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བའོ།། །།

རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མ།

p. 197

༄༅། །རྒྱལ་བའི་སྲས་ཀྱི་ལག་ལེན་སོ་བདུན་མ་བཞུགས་སོ། །
༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང༌། །འགྲོ་བའི་དོན་ལ་གཅིག་ཏུ་བརྩོན་མཛད་པའི། །བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕན་བདེའི་འབྱུང་གནས་རྫོགས་པའི་སངས་རྒྱས་རྣམས། །དམ་ཆོས་བསྒྲུབས་ལས་བྱུང་སྟེ་དེ་ཡང་ནི། །དེ་ཡི་ལག་ལེན་ཤེས་ལ་རག་ལས་པས། །རྒྱལ་སྲས་རྣམས་ཀྱི་ལག་ལེན་བཤད་པར་བྱ། །དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར། །བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར། །ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི། །ཉན་སེམས་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ། །འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས། །ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་འབོར། །ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན། །གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང༌། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། །བྱམས་དང་སྙིང་རྗེ་མེད་པར་སྒྱུར་བྱེད་པའི། །གྲོགས་ངན་སྤོང་

p. 198

བ་རྒྱལ་སྲས་ལག་ལེན་ཡིན། །གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང༌། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང༌། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །རང་ཡང་འཁོར་བའི་བཙོན་རར་བཅིང་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི། །དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས། །སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས། །དེ་ཕྱིར་སྲོག་ལ་བབ་ཀྱང་སྡིག་པའི་ལས། །ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན། །ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན། །ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག །དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན། །ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཡི། །མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ། །དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན། །སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང༌། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང༌། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང༌། །སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་

p. 199

ན་ཡང༌། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང༌། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །བདག་ལ་དགྲ་བཞིན་བལྟ་བར་བྱེད་ནའང༌། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང༌། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང༌། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང༌། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། །ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ། །ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བར་འ་གྱུར། །གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས། །འཕྲལ་ལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་ན། །དབྱར་

p. 200

གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ། །མཛེས་པར་སྣང་ཡང་བདེན་པར་མེད་ལྟ་ཞིང༌། །ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར། །འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད། །དེ་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ། །འཁྲུལ་པར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན། །བྱང་ཆུབ་འདོད་པས་ལུས་ཀྱང་བཏང་དགོས་ན། །ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས། །དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི། །སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན། །ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན། །གཞན་དོན་བསྒྲུབ་པར་འདོད་པ་གད་མོའི་གནས། །དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི། །ཚུལ་ཁྲིམས་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན། །དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང༌། །མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན། །འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི། །བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི། །བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས། །ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི། །ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །རང་གི་འཁྲུལ་པ་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་པ་ལ། །བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་དབང་

p. 201

གིས་རྒྱལ་སྲས་གཞན་དག་གི །ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི། །ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་བས། །མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ། །ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུགས་འགྱུར་ཞིང༌། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི། །ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཉོན་མོངས་གོམས་ན་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང༌། །རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས། །རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། །དེ་ལྟར་བརྩོན་པས་བསྒྲུབས་པའི་དགེ་བ་རྣམས། །མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བྱའི་ཕྱིར། །འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས། །བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན། །དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས། །རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན། །རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་བཀོད། །བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར། །མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཀྱང་། །མདོ་དང་དམ་པའི་གསུང་ལ་བརྟེན་པའི་ཕྱིར། །རྒྱལ་སྲས་ལག་ལེན་འཁྲུལ་མེད་ལེགས་པར་སེམས། །འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས། །བློ་དམན་བདག་འདྲས་གཏིང་དཔག་དཀའ་
བའི་ཕྱིར། །འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས། །དམ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི། །སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག །ཅེས་པ་འདི་རང་གཞན་ལ་ཕན་པའི་དོན་དུ་ལུང་དང་རིགས་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུ་རིན་ཆེན་ཕུག་ཏུ་སྦྱར་བ་དགེའོ།། །།

བདེ་སྡུག་རོ་སྙོམས་ཀྱི་མན་ངག

p. 202

༄༅། །བདེ་སྡུག་རོ་སྙོམས་ཀྱི་མན་ངག།།
༄༅། །ན་མོ་གུ་རུ། བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི། །ན་ན་ན་སྟེ་ན་བས་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། །སྒྲིབ་གཉིས་སྦྱང་བའི་ཆེད་དུ་ཡིན། །ན་བ་མེད་ན་མེད་དེ་དགའ། །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །མི་ལུས་དོན་ཅན་བྱེད་པ་ཡང་། །སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །འབྱོར་བ་མེད་ན་མེད་དེ་དགའ། །བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད། །འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །འབྱོར་བ་ཡོད་ན་ཡོད་དེ་དགའ། །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག །འཕྲལ་ཕུགས་ཀྱི་ཕན་བདེ་ཇི་སྙེད་པ། །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །མྱུར་དུ་ཤི་ན་ཤི་བས་དགའ། །རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང་། །མཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པས། །མ་ནོར་གྱི་ལམ་དུ་ཚུད་པར་ངེས། །ཡུན་དུ་གསོན་ན་གསོན་པས་དགའ། །ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ། །གདམས་ངག་གི་རླན་
དྲོད་མ་ཡལ་བར། །ཡུན་དུ་བསྟེན་པས་སྨིན་པར་འགྱུར། །གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང་། །ཞེས་པའང་ས་སྐྱར་དགེ་བཤེས་གཅིག་གིས་ནད་ལ་སོགས་པ་བྱུང་ན་ཇི་ལྟར་བྱེད་དྲིས་པའི་ལན་དུ། ནད་ལ་སོགས་པ་ལམ་དུ་འཁྱེར་བའི་ཚུལ་འདི། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་བཀོད་པའོ།། །།མངྒ་ལཾ།།

ལམ་གཙོ་རྣམ་གསུམ་གྱི་རྩ་བ།

p. 203

༄༅། །ལམ་གཙོ་རྣམ་གསུམ་གྱི་རྩ་བ་བཞུགས་སོ། །
༄༅། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་

p. 204

ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པ་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞི་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པའོ།། །།

རྫ་དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞལ་གདམས།

p. 205

༄༅། །རྫ་དཔལ་སྤྲུལ་སེམས་དཔའ་ཆེན་པོའི་ཞལ་གདམས་བཞུགས་སོ། །
༄༅། །ན་མོ་ཨཱརྱ་དམ་པ། མི་མཆོག་སྐྱོབ་པ་ལྷ་ཡི་ལྷར་གྱུར་པ། །མཚུངས་མེད་འདྲེན་པ་ཁ་ལོ་སྒྱུར་བ་པོ། །ཤཱཀྱའི་སྐྱེས་མཆོག་དེ་ལ་ཕྱག་འཚལ་ལོ། །འགྲོ་དྲུག་བློ་སྣ་ཆོས་ལ་བསྒྱུར་དུ་གསོལ། །སྔོན་ནས་ལས་ཀྱིས་སྦྲེལ་བའི་སྦྲང་ཆུང་གཉིས། །སྙིང་ནས་ཆོས་ལམ་གཉེར་ན་དོན་འདིར་དགོངས། །རྒྱལ་བའི་བཀའ་ལུང་ལགས་ཀྱི་དགོངས་པས་དཔྱོད། །ཆོས་ཀྱི་ཉིང་ཁུ་ལགས་ཀྱི་ཡིད་ལ་ཆོངས། །ཨེ་མ་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །སྔོན་ནས་འཁོར་བའི་གནས་འདིར་འཁྱམས་ཡུན་རིང་། །ཕྱིས་ཀྱང་ལས་ཉོན་འཁྲུལ་སྣང་ཟད་པ་མེད། །བསྐལ་པ་བྱེ་བ་གྲངས་ཀྱིས་མི་ཆོད་པར། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ན། །ཐུབ་པའི་བསྟན་དང་མཇལ་བ་ཉིན་སྐར་ཙམ། །ད་རེས་རྣམ་འདྲེན་བཞི་པ་ཟས་གཙང་སྲས། །འདྲེན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་བྱོན། །ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། །ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་ཚད་མ་རྫོགས། །རང་ཉིད་ཆོས་ལམ་གཉེར་བའི་འདུན་མ་ཡོད། །མཐུན་རྐྱེན་དགེ་བའི་བཤེས་ཀྱིས་ཟིན་དུས་འདིར། །སྙིང་ནས་ཆོས་ལམ་དོན་དུ་མ་གཉེར་ན། །ཕྱིས་ནས་འདི་འདྲའི་ཡུལ་དུ་མི་སྐྱེ་ཞིང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་པར་དཀའ། །ཨེ་མ་འཁྲུལ་སྣང་འཁོར་བའི་འཇིག་རྟེན་པ། །

p. 206

འདུས་བྱས་སྙིང་པོ་མེད་ལ་རྟག་པར་འཛིན། །ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག །ནང་བཅུད་སྐྱེ་འགྲོའི་སེམས་ཅན་ཚེ་མི་རྟག །བར་དུ་དུས་བཞི་ནམ་ཟླའི་དཔལ་མི་རྟག །རྒྱལ་དང་དེ་སྲས་དམ་པའི་སྐྱེས་བུ་ཡང་། །མི་རྟག་མྱ་ངན་འདའ་ཚུལ་སྟོན་ལ་གཟིགས། །སྲིད་ན་ཆེ་བའི་ཚངས་དབང་སྐྱེ་རྒུའི་བདག །འཆི་བདག་ཞགས་པས་འདེབས་པ་ལྟ་ཅི་སྨོས། །འཆི་བདག་ནམ་འོང་མེད་དོ་འགྲོ་བ་ཀུན། །སུ་ལའང་ནམ་འཆི་འདིར་འཆི་ངེས་བཟུང་མེད། །འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་བ་ཞིག །དེས་ན་མྱུར་དུ་ཆོས་ལམ་མ་གཉེར་ན། །འཆི་ངེས་བཤད་རར་ཚུད་པའི་དུད་འགྲོ་བཞིན། །ཨེ་མ་ཤི་ནས་མེད་དུ་མི་འགྲོ་སྟེ། །འགྲོ་ཞིང་འཁོར་བའི་གནས་འདིར་སྐྱེ་བ་ལེན། །གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་དེ། །དམྱལ་ཁམས་བཅོ་བརྒྱད་ཚ་གྲང་དུཿཁས་གདུང་། །ཡི་དྭགས་བཀྲེས་སྐོམ་དུད་འགྲོ་ཕན་ཚུན་ཟ། །མི་རྣམས་ཚེ་ཐུང་ལྷ་མིན་འཐབ་ཅིང་རྩོད། །ལྷ་རྣམས་བག་མེད་གཡེངས་ཤིང་འཆི་འཕོ་ལྟུང་། །གར་ཡང་བདེ་བ་མེད་དེ་མེ་ཡི་འོབས། །སྐྱེ་དང་ཚེ་རབས་སྡུག་བསྔལ་བརྒྱུད་མར་འཁོར། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ་བར་རིགས། །ཨེ་མ་བདེ་དང་སྡུག་བསྔལ་ལས་ཀྱིས་བྱེད། །ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། །ལས་སྨིན་བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །རང་བྱས་གཞན་གྱིས་མི་མྱོང་འགྱུར་བ་མེད། །དགེ་བས་བདེ་འགྲོ་མཐོ་རིས་ཐར་པ་དང་། །སྡིག་པས་སྡུག་བསྔལ་ངན་སོང་འཁོར་བ་སྒྲུབ། །རྒྱུ་ཆུང་ན་ཡང་འབྲས་བུ་མང་དུ་སྨིན། །མཐོ་རིས་ལྷ་ཡི་བདེ་སྐྱིད་དཔལ་འབྱོར་དང་། །ངན་སོང་དམྱལ་བའི་སྡུག་བསྔལ་བཟོད་དཀའ་ཡང་། །རང་བྱས་ལས་ཀྱིས་བསྐྱེད་དེ་རྒྱུ་གཞན་མེད། །དེས་ན་དུས་དང་གནས་སྐབས་ཐམས་ཅད་དུ། །དྲན་དང་ཤེས་བཞིན་བག་ཡོད་གཞིར་བཞག་སྟེ། །རྒྱུ་འབྲས་སྤང་བླང་ཚུལ་ལ་ནན་ཏན་

p. 207

མཛོད། །ཨེ་མ་ཐར་ལམ་འདྲེན་པའི་སྒྲོན་མེ་མཆོག །ཡོན་ཏན་ཀུན་གྱི་འབྱུང་གནས་དགེ་བའི་བཤེས། །སྙིགས་དུས་རྒྱལ་བ་དངོས་འདྲའི་མཛད་པ་ཅན། །ཐུགས་རྗེ་བཀའ་དྲིན་ཚད་མེད་རྒྱལ་ལས་ལྷག །ཡང་དག་དགེ་བའི་བཤེས་གཉེན་མ་བསྟེན་ན། །དམུས་ལོང་དམིགས་བུ་མེད་པ་ལམ་ཞུགས་འདྲ། །དེ་བས་འདོད་འབྱུང་ནོར་བུ་དཔག་བསམ་ཤིང་། །དང་པོ་དམ་པའི་མགོན་དེ་བརྟག་ཅིང་བསྟེན། །མཐའ་མར་དགོངས་སྤྱོད་བསླབ་ཅིང་ཐུགས་ཡིད་བསྲེ། །སྐལ་བཟང་དེ་འདྲ་བདུད་ཀྱི་དབང་མི་འགྲོ། །རྒྱལ་བ་དགྱེས་པའི་ལམ་བཟང་རྙེད་པར་འགྱུར། །ཨེ་མ་མྱ་ངན་འདས་ཞི་བདེ་བའི་གནས། །འཁོར་བའི་གཅོང་ནད་ཀུན་དང་བྲལ་བའི་ཆོས། །སྡུག་བསྔལ་རྒྱུ་བཅས་ཟད་པའི་ཡང་དག་མཐའ། །ཟག་མེད་ལམ་བཅས་ཐར་པ་དམ་པའི་གྲོང་། །རྒྱལ་དང་རྒྱལ་སྲས་འབྱོར་པས་ཡོངས་གང་ཞིང་། །ཉན་རང་འཕགས་པའི་སྐྱེ་བོ་བསྟི་བའི་གནས། །ཐར་པའི་ལམ་དེ་གཉེར་ལ་བརྩོན་པར་རིགས། །ཨེ་མ་གཏན་དུ་མི་བསླུ་དམ་པའི་སྐྱབས། །མཚུངས་མེད་དཀོན་མཆོག་རིན་ཆེན་བཀའ་དྲིན་ཅན། །ངེད་ཀྱང་སྐྱབས་གནས་ཁོང་ལ་བཅོལ་བས་འཚེངས། །ཁྱེད་ཀྱང་སྐྱབས་གནས་ཁོང་ལ་འཚོལ་བར་རིགས། །སྙིང་ནས་ཡིད་ཆེས་གུས་པས་སྐྱབས་སོང་ན། །དུས་ཀུན་མི་བསླུ་དཀོན་མཆོག་གསུམ་འདྲ་མེད། །འཁོར་བའི་སྡུག་བསྔལ་སྐྱོབ་ནུས་དཀོན་མཆོག་གསུམ། །སྐྱབས་སོང་བསོད་ནམས་ནམ་མཁའི་མཐའ་དང་མཉམ། །ཚེ་འདིར་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མི་མཐུན་གནོད་པའི་ཚོགས་ཀུན་སེལ་བ་དང་། །ཕྱི་མ་ངན་སོང་ངན་འགྲོར་འཁོར་བ་ཡི། །སྡུག་བསྔལ་ཀུན་ལས་ཐར་བར་ངེས་པས་ན། །དུས་ཀུན་མི་བརྗེད་དཀོན་མཆོག་རྗེས་དྲན་ཞིང་། །ཡང་ཡང་སྐྱབས་སུ་སོང་ལ་གསོལ་བ་གདབ། །ཨེ་མ་གྲངས་མེད་རྒྱལ་བ་

p. 208

གཤེགས་པའི་ཤུལ། །རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། །མཚུངས་མེད་བྱང་ཆུབ་སེམས་མཆོག་དམ་པའི་ནོར། །སྨོན་དང་འཇུག་པའི་བདག་ཉིད་བསྐྱེད་པར་མཛོད། །དེས་ནི་རྒྱལ་བའི་སྲས་ཀྱི་མིང་འཐོབ་ཅིང་། །བདེ་བའི་ལམ་ནས་བདེ་བའི་གནས་སུ་འགྲོ། །ཡང་དག་རྫོགས་པའི་སངས་རྒྱས་རིང་བ་མིན། །ཁམས་གསུམ་འགྲོ་འདི་དྲིན་ཅན་ཕ་མ་སྟེ། །སྐྱབས་མེད་བཤེས་བྲལ་ལོང་བ་ཐང་འཁྱམས་འདྲ། །བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་ལ་སྤྱོད། །འདི་ལ་བྱམས་དང་སྙིང་རྗེའི་བློ་བཞག་ནས། །འགྲོ་ཀུན་སྡུག་བསྔལ་བདག་གིས་བསལ་སྙམ་པའི། །དཔག་མེད་སེམས་སྟོབས་ཆེན་པོའི་གོ་ཆ་བགོ །བདག་གཞན་མཉམ་བརྗེ་བདག་བས་གཞན་གཅེས་དང་། །ཚད་མེད་བཞི་དང་ཕྱིན་དྲུག་བསྡུ་དངོས་བཞི། །སྙིང་ནས་བརྩོན་པས་ཉམས་སུ་བླངས་གྱུར་ན། །རྒྱལ་སྲས་རྣམས་ཀྱི་སྤྱོད་པ་མ་ལུས་པ། །ལམ་བཟང་ཕར་ཕྱིན་དྲུག་ལ་འདུ་ཞེས་གསུངས། །ཡང་དག་རྒྱལ་བ་དགྱེས་པའི་ལམ་བཟང་འདི། །སྙིང་གི་སྙིང་པོ་ལགས་ཀྱི་སྙིང་དབུས་ཆོངས། །ཨེ་མ་འཁོར་བའི་གནས་འདིར་ཡུན་རེ་རིང་། །ཐོག་མ་མེད་ནས་ལས་ངན་ཚབས་ཆེར་བསགས། །དེ་ཕྱིར་སྟོབས་བཞི་ཚང་བའི་མན་ངག་གིས། །སྡིག་ལྟུང་བཤགས་པའི་ཐབས་ལ་མ་འབད་ན། །ངན་སོང་འཁོར་བའི་གནས་ནས་ཐར་བར་དཀའ། །བདེ་གཤེགས་སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །རྩ་བརྒྱུད་བླ་མ་ཀུན་འདུས་ནོར་བུའི་ལུགས། །རྡོ་རྗེ་སེམས་དཔའ་དུང་དང་ཟླ་བའི་མདོག །པད་དཀར་ཟླ་བའི་གདན་གནས་འཛུམ་པའི་ཞལ། །བསྒོམ་ཞིང་ཡི་གེ་བརྒྱ་པ་ཆོ་ག་བཞིན། །བཟླས་ན་སྡིག་དང་ལྟུང་བ་ཀུན་འཇོམས་ཤིང་། །ན་རཀ་དམྱལ་བའི་གནས་ཀུན་དོང་ནས་སྤྲུགས། །ཨེ་མ་ཚོགས་རྫོགས་པ་ལ་སངས་རྒྱས་ཏེ། །ཚོགས་མ་བསགས་ལ་དངོས་གྲུབ་སྐལ་བ་མེད། །དེས་

p. 209

ན་ཐབས་མཁས་འབྱོར་བའི་ཚོད་བསྟུན་ནས། །ཡིད་སྤྲུལ་རྒྱལ་བའི་ཞིང་ཁམས་མཆོད་པ་འབུལ། །སྟོང་གསུམ་སྤྲུལ་སྐུ་འོག་མིན་ལོངས་སྤྱོད་རྫོགས། །ཆོས་ཉིད་ཆོས་སྐུའི་ཞིང་ཁམས་རྣམས་བསམས་ལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བར་བཅས། །བླ་མ་དཀོན་མཆོག་སྐུ་གསུམ་ལྷ་ལ་འབུལ། །རང་གི་ཚོགས་རྫོགས་སངས་རྒྱས་ཞིང་སྦྱངས་ཤིང་། །འགྲོ་བའི་རྒྱུད་སྨིན་བསོད་ནམས་ཕ་མཐའ་ཡས། །དེས་ན་ཚོགས་བསགས་གདམས་པའི་སྙིང་པོར་ཟུངས། །ཨེ་མ་ཐོག་མེད་དུས་ནས་མ་རིག་པ། །བདག་མེད་བདག་ཏུ་བཟུང་བས་འཁོར་བར་འཁྱམས། །ལུས་མེད་ལུས་སུ་ཞེན་པས་ཆགས་སྡང་བྱུང་། །དེ་ཕྱིར་གཅེས་འཛིན་སྒྱུ་མའི་ཕུང་པོ་འདི། །ཆགས་མེད་མཆོད་སྦྱིན་ཡོན་དུ་བསྔོ་བར་བྱ། །བདུད་རྩིའི་རང་བཞིན་ཡར་ལ་དཀོན་མཆོག་མཆོད། །མར་ལ་འགྲོ་དྲུག་ཚིམ་ཞིང་ཚོགས་གཉིས་རྫོགས། །ལན་ཆགས་གདོན་བགེགས་ཀུན་ཚིམ་བར་ཆད་ཞི། །ཡིད་སྤྲུལ་མཆོད་པའི་རྫས་དང་མཁོ་རྒུའི་དཔལ། །ཡར་མཆོད་མར་སྦྱིན་དགེ་བ་འགྲོ་ལ་བསྔོ། །ཆོས་ཀུན་བསམ་པའི་བྱེ་བྲག་ཙམ་ཡིན་ཕྱིར། །རང་ལུས་དངོས་སུ་སྦྱིན་དང་བསོད་ནམས་མཉམ། །གཏོང་བ་ཆེན་པོའི་གནས་ལ་བག་ཆགས་འཇོག །ཚོགས་རྫོགས་སྒྲིབ་དག་བར་དོའི་འོད་གསལ་ཟིན། །འཆི་བ་བླུ་ཞིང་ན་ཚ་གདོན་བགེགས་བཟློག །དེ་ཕྱིར་ཐབས་ལ་མཁས་པའི་ཚོགས་བསགས་ཡིན། །ཨེ་མ་དཀོན་མཆོག་ཀུན་འདུས་བཀའ་དྲིན་ཅན། །སངས་རྒྱས་ཀུན་གྱི་རང་བཞིན་རིན་པོ་ཆེ། །བརྒྱུད་གསུམ་གདམས་པའི་མཛོད་འཛིན་བྱིན་རླབས་ཅན། །འདྲེན་མཆོག་རྩ་བའི་བླ་མར་གསོལ་བ་ཐོབ། །སྤྱི་བོའི་གཙུག་བསྒོམ་སྙིང་གི་དཀྱིལ་བསྒོམ་ན། །བདེ་གཤེགས་ཀུན་བསྒོམ་པ་དང་བསོད་ནམས་མཉམ། །བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་འཇུག །ཐུགས་ཡིད་

p. 210

དབྱེེར་མེད་འདྲེས་ན་རྟོགས་པ་འཆར། །དེས་ན་གནས་ལུགས་རྟོགས་པའི་བོགས་འདོན་ལ། །མཆོག་གྱུར་བླ་མའི་རྣལ་འབྱོར་གནད་དུ་ཟབ། །གནས་གསུམ་ཡི་གེའི་འོད་ལས་དབང་བཞི་བླང་། །སྒྲིབ་པ་བཞི་དག་སྐུ་བཞིའི་གོ་འཕང་དང་། །རྣམ་བཞི་རིག་འཛིན་ཐོབ་པའི་སྐལ་བ་བཞག །ལམ་བཞི་ཉམས་ལེན་ལ་དབང་དམ་ཚིག་གསོ། །འཁོར་འདས་ཆོས་ཀུན་བླ་མའི་རོལ་པར་འཆར། །གནས་སྐབས་མི་མཐུན་ཞི་ཞིང་བསམ་དོན་འགྲུབ། །ཚེ་འདིར་ཆོས་སྐུའི་རྒྱལ་ས་ཟིན་པའོ། །མིན་ཀྱང་ཕྱི་མ་པདྨ་འོད་དུ་སྐྱེ། །གནས་དེར་རིག་འཛིན་བཞི་ཡི་ལམ་བགྲོད་ནས། །གདོད་མའི་དབྱིངས་སུ་མིག་འཕྲུལ་ལྟ་བུར་འགྲོ། །ནམ་མཁའི་མཐའ་མཉམ་འགྲོ་བའི་དོན་བྱེད་ཅིང་། །སྐུ་དང་ཡེ་ཤེས་སྣང་བས་སྣང་སྲིད་འགེངས། །ཨེ་མ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །བརྒྱུད་གསུམ་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། །བརྒྱད་ཁྲི་བཞི་སྟོང་དམ་ཆོས་འདུས་པའི་མདོ། །གདམས་ངག་གནད་ཀྱི་སྙིང་པོ་དེ་ལྟར་ལགས། །མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ཡང་། །འདི་ལས་ཟབ་པའི་དམ་ཆོས་སྟོན་པ་མེད། །དམ་ཆོས་བདུད་རྩིའི་ཉིང་ཁུ་དེ་ལགས་ཏེ། །འཕགས་ཚོགས་དགེ་འདུན་སྟོང་གི་ཐུགས་དམ་མཐིལ། །ལམ་འདི་བཤད་དང་ཉན་ལས་བསོད་ནམས་ཚོགས། །གང་ཞིག་ཐོབ་དེས་མཐའ་ཡས་འགྲོ་བ་ཀུན། །ལམ་བཟང་འདི་ལ་བརྟེན་ནས་ཚེ་གཅིག་གིས། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་གཏམ་པདྨའི་ཚལ་གྱི་ཟློས་གར་ལས་ཁོལ་དུ་ཕྱུང་བའོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་རྣམ་པར་ཕྱེ་བའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་མན་ངག་ཟབ་རྒྱས་སྣང་བ།

p. 211

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་རྣམ་པར་ཕྱེ་བའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་མན་ངག་ཟབ་རྒྱས་སྣང་བ་བཞུགས་སོ། །
༄༅། །རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་དཔལ་མགོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་དེ་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་ལེགས་པར་ཕྱེ་བའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལྟ་སྒོམ་སྤྱོད་པ་མདོར་བྱ་བ་འདི་ལྟ་སྟེ། དེའང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ས་གཞི་བར་སྣང་དང་བཅས་པ་གང་བར་ཁྲོམ་ཚོགས་ཀྱི་དབུས་ན། རང་ཉིད་ཐ་མལ་པར་གནས་པའི་མདུན་གྱི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་གཞལ་དུ་མེད་པའི་རིན་པོ་ཆེའི་ཁྲི་ཡི་སྟེང་དུ་རབ་རྒྱས་པདྨ་ཉི་མའི་གདན་ལ། རང་གི་རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་ནས་བཟུང་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོའི་བར་ཐོ་བརྩེགས་སུ་བསྒོམ་པ་ལ། ༧ སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཉན་ཐོས་རང་རྒྱལ་ཐམས་ཅད་སྤྲིན་གཏིབས་པ་ལྟར་བཞུགས་པ་ལ། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་ལུས་ལོངས་སྤྱོད་སྤྱད་པར་འོས་པའི་ཁྲི་གདན་ཕུན་སུམ་ཚོགས་པར་མོས་པས་གདན་དུ་འབུལ། སེམས་ཉིད་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་

p. 212

བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོར་མོས་ལ་ཕྱག་ཏུ་འབུལ། གཞན་ཡང་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་རབ་འབྱམས་རྒྱ་མཚོའི་ཞིང་དུ་འདོད་པའི་ཡོན་ཏན་ལྔ་པོ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པའི་རོལ་པར་ནམ་མཁའི་ཁམས་གང་བར་མོས་ནས་རིགས་དྲུག་གི་སེམས་ཅན་ཕ་མར་གྱུར་པ་རྣམས་ཀྱི་སྡུག་བསྔལ་དྲག་ཏུ་བསམས་ཏེ། དེ་དག་སྐྱོབ་པར་གསོལ་བ་འདེབས་པའི་མོས་གུས་རྩེ་གཅིག་པས་ལུས་འདུད་པ་དང་། གདོང་མཆི་མ་དང་ངག་ང་རོ་དང་བཅས་པས། ༧ མཁྱེན་བརྩེ་ནུས་པ་ཕུལ་ཕྱིན་ཆོས་ཀྱི་རྗེ། །རྩ་བ་བརྒྱུད་པར་བཅས་པའི་བླ་མ་རྣམས། །བདག་དང་ནམ་མཁའི་མཐའ་ཀླས་ལུས་ཅན་ལ། །རེ་ས་གཞན་ན་མེད་དོ་བྱིན་གྱིས་རློབས། །འཁོར་བའི་རྒྱ་མཚོ་ཆེ་ལས་བསྒྲལ་དུ་གསོལ། །མྱང་འདས་དམན་པའི་འཇིགས་ལས་བསྐྱབ་ཏུ་གསོལ། །ཀུན་མཁྱེན་རྒྱལ་བའི་སྐམ་སར་དྲང་དུ་གསོལ། །ཞེས་རྩ་བརྒྱུད་ཀྱི་བླ་མ་ལ་མས་ནས་རིམ་བཞིན་གསོལ་བ་བཏབ་པས། ཡས་རིམ་ནས་བྱིན་རླབས་ཀྱི་ངོ་བོར་ཞུ་བ་གཅིག་ལ་གཅིག་ཐིམ་མཐར་རྩ་བའི་བླ་མ་ལ་ཐིམ། དེ་ཡང་རང་ཉིད་ལ་འོད་ཀྱི་གོང་བུ་གཅིག་ལ་གཅིག་འདྲེས་པ་བཞིན་དུ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་གཅིག་ཏུ་འདྲེས་པའི་ངང་ལ་མོས་གུས་ཀྱི་ངད་མ་ཡལ། བྱིན་རླབས་ཀྱི་རླན་དང་མ་བྲལ། རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་བཞག །རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ། ༡ དེའང་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བསྒོམ་པའི་དང་པོར། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གསེར་བཙོ་མའི་མདོག་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་ལ་སྐར་མའི་ཚོགས་ལྟ་བུའི་དུས་གསུམ་

p. 213

གྱི་སངས་རྒྱས་ནམ་མཁའ་གང་བས་བསྐོར་ཏེ་བཞུགས་པ། རྒྱལ་བ་མ་ཕམ་པ་ལྷའི་རྒྱལ་པོའི་ཆ་ལུགས་ཅན་ལ་ས་བཅུའི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་བསྐོར་བ། དེ་ནས་རིམ་བཞིན་འཕགས་པ་ཐོགས་མེད་དབྱིག་གཉེན་བློ་བརྟན་གསུམ་རྒྱ་གར་བའི་རབ་བྱུང་པཎྚི་ཏའི་ཆ་ལུགས་ཅན། ཀུ་སཱ་ལི་ཆེ་ཆུང་གཉིས་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་རྣལ་འབྱོར་པའི་ཚུལ་ཅན། གསེར་གླིང་ཆོས་ཀྱི་གྲགས་པ་དང་ཇོ་བོ་ཨ་ཏི་ཤ་གཉིས་རྒྱ་གར་བའི་རབ་བྱུང་པཎྚི་ཏའི་ཆ་ལུགས་ཅན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་བོད་ཀྱི་དགེ་བསྙེན་དབུ་སྐྲ་ལྕང་ལོ་དང་གོས་དཀར་བ་ཅན། པོ་ཏོ་བ་རིན་ཆེན་གསལ་དང་། ཞང་ཤ་ར་བ་ཡོན་ཏན་གྲགས་བོད་ཀྱི་རབ་བྱུང་གི་ཆ་ལུགས་ཅན་དུ་བསྒོམ་ཞིང་། རྗེ་དུས་གསུམ་མཁྱེན་པ་ནི་ངོ་བོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་ཡིན་པ་ལ་རྣམ་པ་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་གངས་རིའི་ཕུང་པོ་ལ་ཟླ་བའི་འོད་ཟེར་གྱིས་གཏམས་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་པ་མཆོག་སྦྱིན་དང་གཡོན་པའི་མཐེབ་སྲིན་གྱིས་པད་དཀར་གྱི་ཡུ་བ་ཐུགས་ཀར་འཛིན་པའི་འདབ་མ་སྙན་དྲུང་དུ་རྒྱས་པར་ཁ་ཕྱེ་བ། སྤྱན་དཀྱུས་རིང་ཞིང་ཞལ་ཞི་ཞིང་འཛུམ་པའི་མདངས་རབ་ཏུ་གསལ་བ། དབུ་སྐྲ་བུང་བ་ལྟར་གནག་ཅིང་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་ལྷག་མའི་ཟར་བུས་དཔུང་པ་གཉིས་ཁེབས་པ། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་པ་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། ཕྱག་གདུབ་ཞབས་གདུབ་ཀྱིས་མཛེས་པར་བརྒྱན་པ། དར་དམར་པོའི་ཤམ་ཐབས་དང་དར་སྣ་ཚོགས་ཀྱི་དར་དཔྱངས་དང་ཅོད་པན་འཕུར་བ། རི་དྭགས་ཀྲིཥྞ་སཱ་རའི་

p. 214

པགས་པས་ནུ་མ་གཡོན་པ་བཀབ་པ། ཚངས་སྐུད་སེ་རལ་ཁར་ཐོགས་པ་དྲང་སྲོང་གི་ཆ་ལུགས་ཅན། དེ་ལྟའི་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྐུ་བལྟ་བས་ཆོག་མི་ཤེས་པ། གསུང་ཚངས་པའི་དབྱངས་ལྟར་སྙན་པ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་རབ་བསམ་གྱིས་མི་ཁྱབ་པ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་བདག་གཞན་འགྲོ་བ་མ་ལུས་པར་གཟིགས་ཤིང་རྗེས་སུ་འཛིན་པར་བཞུགས་པ་ལ་བཤད་བརྒྱུད་སྒྲུབ་བརྒྱུད་ཀྱི་བླ་མ་རྣམས་དང་། དབང་བསྐུར། རྒྱུད་བཤད། མན་ངག་གནང་། སྡོམ་པ་གསུམ་སྦྱིན་པ། ཞལ་མཇལ། གསུང་ཐོས། བཀའ་དྲིན་ཐོབ་པའི་བླ་མ་རྣམས་དང་། གོང་དུ་བཤད་པའི་སངས་རྒྱས་བྱང་སེམས་ཡི་དམ་སོགས་ཀྱིས་བསྐོར་བ་ཞེས་པ་ནས། མི་རྟོག་པའི་ངང་ལ་མཉམ་པར་བཞག་ཅེས་པའི་བར་སྔ་མ་བཞིན་དང་། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྔ་མ་བཞིན་དུ་བྱའོ། ། ༢ ཡང་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བསྒོམ་པའི་དང་པོར། པདྨ་དང་ཉི་ཟླའི་གདན་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་འབར་བར་བཞུགས་པའི་འོག་ཏུ་གྲུབ་ཆེན་ཏཻ་ལོ་ནཱ་རོ་རྒྱ་གར་བའི་རྣལ་འབྱོར་པའི་ཆ་བྱད་ཅན། རྗེ་མར་པ་བོད་ཀྱི་ཁྱིམ་པའི་རྟགས་ཅན། རྗེ་མི་ལ་གཅེར་བུ་རས་གོས་ཅན། རྗེ་དྭགས་པོ་རབ་བྱུང་གི་ཆ་ལུགས་བཀའ་གདམས་པའི་ཞྭ་མོ་ཅན། རྗེ་དུས་གསུམ་མཁྱེན་པ་རབ་བྱུང་གི་ཆ་ལུགས་དབུ་ཞྭ་ཞྭ་ནག་གསོལ་བ། དེ་ལ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་སོགས་ཀྱིས་བསྐོར་བ་གོང་བཞིན་དུ་ནས། མི་རྟོག་པའི་ངང་དུ་བཞག་པ་སྔ་མ་བཞིན་དུ་བྱས་ནས་དགེ་བ་བྱང་ཆུབ་ཏུ་བསྔོ། སླར་ཡང་རྟོག་པ་གཞན་གྱིས་བར་མ་ཆོད་པར་བླ་མའི་རྣལ་འབྱོར་

p. 215

བསྒོམ། མཆོད་པ་འབུལ། གསོལ་བ་གདབ། དེ་ལྟར་ཉིན་མེད་མཚན་མེད་དུ་ཐུན་དང་ཐུན་མཚམས་མེད་པར་བཟའ་བཏུང་གི་སྐབས་སུའང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོས་ཐུགས་རྗེ་བསྐུལ་བས་བློ་བླ་མ་དཀོན་མཆོག་གི་སྣང་བ་དང་འབྲལ་བ་མེད་པར་མོས་གུས་ཀྱི་གདུང་ཤུགས་རྣོ་ངར་ཅན་དེ། བླ་མ་དཀོན་མཆོག་གི་ཐུགས་ཡིད་དང་གཅིག་འདྲེས་སུ་གཏོང་བའི་སྙིང་ཕུར་བཙུགས་པས། བླ་མས་ཅི་མཛད་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་དང་ཡོན་ཏན་དུ་མཐོང་། དྲན་པ་ཙམ་གྱིས་བ་སྤུ་གཡོ་ཞིང་མཆི་མ་འཁྲུག་བཅོས་མ་མིན་པའི་མོས་གུས་ལྷང་ལྷང་སྐྱེ་བས་དེ་ལ་ངར་འདོགས་ཤིང་ཁོང་ལྷོད་ནས་དེ་ཐོག་ཏུ་ཤེས་པ་ལྷོད་གློད་པས་མཉམ་པར་འཇོག་པར་བྱའོ། ། ༣ ཡང་འཇིག་རྟེན་ཆོས་བརྒྱད་རྣམ་པར་དག་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་རྗེ་བཙུན་ཆེན་པོ་སངས་རྒྱས་མཉན་པ་གྲུབ་ཐོབ་དགེ་སློང་དུར་ཁྲོད་པ་མི་སྡུག་པའི་བསམ་གཏན་གྱི་ཕྱག་རྒྱ་ཅན་དུ་བསྒོམས་ནས་དེ་ལ་བདག་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་འབུལ་ཏེ། བདག་སོགས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་གདབ་པ་ནི། རྗེ་བཙུན་ཆེན་པོ་མཉན་པ་གྲུབ་ཐོབ་ལས། །སྤྲུལ་སྐུ་ཆེན་པོ་མི་བསྐྱོད་རྡོ་རྗེ་ནི། །སྤྲིན་ཆེན་འཁྲིགས་ལས་ཆར་རྒྱུན་འབབ་པ་ལྟར། །བདག་གི་རྒྱུད་ལ་དབྱེར་མེད་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་སྟེ། རྟག་ཏུ་ངུས་ཆོས་འཕགས་མཆོད་པ་དང་། ནཱ་རོས་ཏཻ་ལོའི་དྲུང་དུ་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བརྒྱད་ཅུ་སྤྱད་པ་དེ་ལྟ་བུ་བདག་གིས་ཀྱང་ཅི་ནས་ཀྱང་

p. 216

ནུས་སྙམ་པའི་བློ་ཆོད་ཀྱི་ངར་ཆེན་པོས་ལུས་ལོངས་་སྤྱོད་དགེ་རྩ་དང་བཅས་པ་བླ་མ་དཀོན་མཆོག་གི་ཕྱོགས་སུ་མཆོད་པ་ཕུལ་ནས། དེ་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཕྱིར་དུ་བསྔོ་བ་ལ་དགའ་སྤྲོ་བསམ་གྱིས་མི་ཁྱབ་པར་དཀའ་བ་མེད་པར་བསྐྱེད་ན་བློ་དགེ་བའི་ཕྱོགས་སུ་ཅི་བྱ་བྱར་བཀོལ་དུ་བཏུབ་པར་འོང་། འཆི་བ་མི་རྟག་པས་ལོང་མེད་དུ་བསྐུལ་བའི་བློ་སྣ་ཐུང་སྦུད་དེ་བ། རྙེད་བཀུར་གྲགས་པ་ལ་སྙིང་པོ་མེད་པར་ཤེས་པས་ཚེ་འདིའི་བྱ་བ་ལ་ཇི་ལྟར་འཆུགས་ཀྱང་དེ་གར་ཟད་པའི་ཞེན་ལོག་ཀམ་ཀམ་པ་སྐྱེ་བ། སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་རང་དབང་མེད་པར་ལྷང་ལྷང་བ་བྱུང་ན་མོས་གུས་གནད་དུ་སོང་། བྱིན་རླབས་རྒྱུད་ལ་ཞུགས་པ་ཡིན་པས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་རྟོགས་པ་རྩོལ་མེད་དུ་སྐྱེ། ཅི་བྱས་ཆོས་སུ་འགྲོ། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་ཡོད་པས་བླ་མའི་གོ་འཕང་འདོད་པའི་མོས་གུས་ཀྱི་རྣལ་འབྱོར་གནད་དུ་བསྣུན་པ་གལ་ཆེའོ། ། ༤ བླ་མ་བསྟེན་པའི་ཚུལ་ནི། མདོ་རྒྱན་ལས། རྙེད་དང་བཀུར་སྟི་དག་དང་རིམ་གྲོ་ཡི། །སྒྲུབ་པའི་སྒོ་ནས་བླ་མ་བསྟེན་པར་བྱ། །ཞེས་རྙེད་པ་ནི་ཡོ་བྱད་ལ་སོགས་པའོ། །བཀུར་སྟི་ནི་ཕྱག་དང་ཞེ་སའི་རིམ་པའོ། །རིམ་གྲོ་ནི་སྐུ་འཚོ་བའི་ཞབས་བྱུག་ལ་སོགས་པའི་རིམ་པའོ། །སྒྲུབ་པ་ལ་བླ་མས་རྫོགས་སངས་ཐོབ་པའི་ཐབས་ཀྱི་བཀའ་སྩལ་པའི་སྒྲུབ་པ་དངོས་དང་། དེའི་ཐབས་སུ་གྱུར་པའི་བཀའ་སྩལ་གྱི་བླ་མའི་མཛད་པ་ཕྲིན་ལས་ཀྱི་བྱ་བ་བསྒྲུབ་པའོ། །མཆན། ད་ནི་མཚང་ནས་བྲུས་ཏེ་གསོལ་བ་གདབ་པ་ནི། ངེས་འབྱུང་སྐྱོ་ཤས་ཆུང་། དད་གུས་མ་སྐྱེས་པའི་དུས་སུ་སྔར་ལྟར་བླ་མའི་རྣལ་འབྱོར་བསྒོམ། མཆོད་པ་ཕུལ་ནས་ཡར་དཀོན་མཆོག་གསུམ་དང་བླ་མའི་ཡོན་ཏན་ལ་བསམས་ནས། ཡོན་ཏན་བསམ་མི་ཁྱབ་པའི་མཁྱེན་པ་ཅན། །ཐུགས་རྗེ་མཚུངས་པ་མེད་པའི་བརྩེ་བ་ཅན། །དགོས་འདོད་ཡིད་བཞིན་སྩོལ་བའི་རིན་པོ་ཆེ། །འཁོར་མེད་དྲིན་གྱིས་སྐྱོང་བའི་བཀའ་དྲིན་

p. 217

ཅན། །གཟིགས་ཤིག་གཟིགས་ཤིག་མཁྱེན་པའི་སྤྱན་གྱིས་གཟིགས། །ཟུངས་ཤིག་ཟུངས་ཤིག་ཐུགས་རྗེའི་ཕྱག་གིས་ཟུངས། །སྐྱོབས་ཤིག་སྐྱོབས་ཤིག་འཁོར་བའི་འཇིགས་ལས་སྐྱོབས། །དྲོངས་ཤིག་དྲོངས་ཤིག་ཐར་པའི་ལམ་ལ་དྲོངས། །ཞེས་དང་། མར་རང་གི་སྐྱོན་མཚང་དང་འགྲོ་བའི་སྡུག་བསྔལ་ལ་བསམས་ནས། དལ་འབྱོར་སྟོང་ལོག་མཁན་བདག་ལ་ཐུགས་རྗེས་གཟིགས། །དྲེད་པོ་བློ་རིང་པོ་བདག་ལ་ཐུགས་རྗེས་གཟིགས། །ཚེ་འདིའི་དོན་གཉེར་མཁན་བདག་ལ་ཐུགས་རྗེས་གཟིགས། །ཕྱི་མ་བློས་བཏང་པོ་བདག་ལ་ཐུགས་རྗེས་གཟིགས། །རང་གཞན་བསླུ་བ་མཁན་བདག་ལ་ཐུགས་རྗེས་གཟིགས། །ཞེས་དང་། རིགས་དྲུག་ཕ་མ་རྣམས་ལ་ཐུགས་རྗེས་གཟིགས། །འཁོར་བར་འཁྱམས་པ་རྣམས་ལ་ཐུགས་རྗེས་གཟིགས། །སྡུག་བསྔལ་མྱོང་བ་རྣམས་ལ་ཐུགས་རྗེས་གཟིགས། །སྐྱོབས་ཤིག་སྐྱོབས་ཤིག་འཁོར་བའི་འཇིགས་ལས་སྐྱོབས། །དྲོངས་ཤིག་དྲོངས་ཤིག་ཐར་པའི་ལམ་ལ་དྲོངས། །ཞེས་ལུས་རྒྱ་འདྲེས་སུ་ལོག་ལོག །ངག་སྨྲེ་སྔགས་སུ་ལྷང་ལྷང་། ཡིད་གདུང་ཤུགས་སུ་དུང་དུང་། དགྲ་མི་ཤ་བོས་འཇིགས་པ་ཁས་དྲགས་པ་ལ་བཙན་འཇུས་བྱས་པ་ལྟར་བྱས་པ་མེད་ཀྱང་རེ་བ་ཆེ་བས་སྙིང་ཐག་པ་ནས་ལྟོས་པ་བཅས་ན་མི་བསླུ་བར་ངེས་པས། བླ་མའི་ཡོན་ཏན་བརྗོད་ཀྱིན་བརྗོད་ཀྱིན་གསོལ་བ་གདབ། རང་གི་སྐྱོན་མཚང་འབྲུ་ཞིང་འབྲུ་ཞིང་གསོལ་བ་གདབ། འགྲོ་བའི་སྡུག་བསྔལ་བསམ་གྱིན་བསམ་གྱིན་གསོལ་བ་གདབ། ཚུགས་མེད་ཀྱི་མོས་གུས་དང་བཟོད་མེད་ཀྱི་སྙིང་རྗེ་མ་སྐྱེས་ན་བླ་མ་ལ་ཟིན་པ་འཆོར་ལ་ཁད་པ་བཞིན་དུ་ཁྱེད་ཤེས་ཀྱི་མོས་གུས་དུང་དུང་། རང་ལ་ནོར་བུ་རིན་པོ་ཆེ་རྙེད་ལ་ཁད་དུ་སྟོར་བ་བཞིན་དུ་ངན་མཚང་གི་འབར་ཤ་ངར་ངར། སེམས་ཅན་ལ་བུ་གཅིག་པོ་ཆུས་ཁྱེར་བའི་མས་ར་མདའ་

p. 218

སྦྲན་པ་བཞིན་དུ་སྐྱབས་གསོལ་གྱི་ང་རོ་ལྷང་ལྷང་། ཉམ་ཐག་པའི་ངུད་མོའི་འོ་འདོད་ཆེས་ཆེར་འབོད། དེ་ལྟར་བྱས་པས་ལུས་ངལ། སྐད་འགགས། སེམས་མོས་གུས་དང་སྙིང་རྗེ་ཚུགས་པ་མེད་པས་བརྒྱལ་ཧྲིལ་ཧྲིལ་གྱུར་ནས་དེས་ཆད་པ་ན། བླ་མ་དང་སྐྱབས་གནས་དཀོན་མཆོག་གསུམ་ཆུ་ནང་དུ་ཆར་བབས་པ་བཞིན་དུ་རང་དང་དབྱེར་མེད་གཅིག་ཏུ་འདྲེས་པའི་ངང་ལ་བཅས་བཅོས་མེད་པ་རང་བབས་སུ་རྩེ་གཅིག་ཏུ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་བཞིན་དུ་གསོལ་བ་གདབ། དེ་ལྟར་གོང་དུ་བཤད་པ་ལྟར་མོས་གུས་བཅོས་མ་མིན་པ་སྐྱེས་པའི་ཚད་ལ་མ་ཕེབས་ཀྱི་བར་དུ་བྱའོ། ། ༥ ཡུས་སུ་འཕྱར་ནས་གསོལ་བ་གདབ་པ་ནི། སྔར་བཞིན་བླ་མའི་རྣལ་འབྱོར་བསྒོམ། ལུས་ལོངས་སྤྱོད་དངོས་འབྱོར་ཡིད་སྤྲུལ་གྱིས་མཆོད་ནས། ངག་ཏུ། བདག་དང་ནམ་མཁས་ཀླས་པའི་འགྲོ་བ་ལ། །བླ་མ་དཀོན་མཆོག་མིན་པ་སྐྱབས་དང་སྐྱོབ་པ་མེད། །འདྲེན་པ་གཞན་མེད་མགོན་དང་དཔུང་གཉེན་མེད། །རེ་ས་གཞན་མེད་ལྟོས་ས་གཞན་ན་མེད། །ཅི་མཛད་བླ་མ་ཉིད་མཁྱེན་ཆོས་ཀྱི་རྗེ། །བློ་འགེལ་ལྟོས་སྐྱུར་ཅི་ཤེས་ཁྱེད་རང་མཁྱེན། །ཞེས་སྙིང་གི་ཁོང་རུས་པའི་གཏིང་ནས་གསོལ་བ་དྲག་ཏུ་འདེབས་ཏེ། འཁོར་མེད་དྲིན་གྱིས་བསྐྱངས་པའི་ཕ་མ་དྲིན་ཅན་ལ་བུས་བྱས་པ་མེད་ཀྱང་ཡུས་ཆེན་པོ་འཕྱར་བ་བཞིན་དུ་བླ་མ་ལ་བློ་སྙིང་བྲང་གསུམ་གཏད། མགོ་བཅད་པང་བསྐྱུར་བྱས། བདག་དང་བདག་གི་ཕ་མ་དྲིན་ཅན། ཀུན་འབྱུང་གི་ལས་ངན་དུ་མ་བསགས། མི་ཟད་པའི་སྡུག་བསྔལ་དུ་མས་མནར། ཐར་མེད་ཀྱི་འཁོར་བའི་ཀློང་ཆེན་པོར་ཚུད་པ་འདི་རྣམས་ལ། ཐུགས་རྗེས་ཁྱེད་ཀྱིས་མི་འཛིན་ན་སུས་འཛིན། བརྩེ་བས་ཁྱེད་ཀྱིས་མི་སྐྱོང་ན་སུས་སྐྱོང་། བྱིན་རླབས་ཀྱི་ནུས་པ་ཁྱེད་ལ་མེད་

p. 219

ན་སུ་ལ་ཡོད། འདི་ལྟར་འཁོར་བ་པ་མྱ་ངན་དང་སྨྲེ་ངག་གིས་ཉམ་ཐག་པ་འདི་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་དྲོངས་ཤིག །ཅེས་གསོལ་བ་བཏབ་པས་སེམས་ཅན་ལ་བཟོད་གླགས་མེད་པའི་སྙིང་རྗེ་དང་། བླ་མ་དཀོན་མཆོག་ལ་བློ་གཏད་སྙིང་བཞག་གི་བཅོས་མིན་གྱི་མོས་གུས་མ་སྐྱེས་ཀྱི་བར་ལ་ཡུས་སུ་འཕྱར་ཀྱིན་འཕྱར་ཀྱིན་གསོལ་བ་བཏབ། བྱིན་རླབས་ཞུགས་ངེས་པའི་མོས་གུས་སྐྱེས་པ་དང་། བླ་མ་རྣམས་དང་རང་ཉིད་གཅིག་ཏུ་དབྱེར་མེད་དུ་འདྲེས་པའི་ངང་ལ་མཚན་མར་འཛིན་པའི་སྤྲོས་པ་ཐམས་ཅད་བཅད་ནས་རྩེ་གཅིག་ཏུ་མཉམ་པར་བཞག །སླར་ཡང་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་བླ་མའི་རྣལ་འབྱོར་བསྒོམས་ནས་གསོལ་བ་བཏབ་སྟེ། བཅོས་མིན་གྱི་མོས་གུས་ཀྱི་ཤུགས་ཀྱིས་བཟོད་མེད་ཀྱི་སྙིང་རྗེའི་ཟུག་ཅི་གཟེར་གཟེར་གྱི་བར་དུ་མཉམ་པར་བཞག་པར་བྱའོ། ། ༦ ལུས་བཅོས་ཏེ་བོགས་སུ་འདོན་པས་གསོལ་བ་འདེབས་པ་ནི། ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་བརྒྱུད་པ་དང་བཅས་པའི་ཡོན་ཏན་ཡེ་ཤེས་ཐུགས་རྗེ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་བསམ། མར་རང་གཞན་འཁོར་བར་གནས་པའི་སེམས་ཅན་ལས་དང་ཉོན་མོངས་པ་བསམ་པ་ངན་པ། སྦྱོར་བ་རྩུབ་པ། ཅི་བྱས་སོ་ཅོག་རང་གཞན་ཕུང་བར་བྱེད་པ་ལ་བསམས་ནས། ཨེ་མ། འདས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་འགྲོ་བའི་འདྲེན་པ་དེ་སྙེད་ཅིག་བྱོན་ཀྱང་བདག་ཅག་རྣམས་ལ་ཐུགས་རྗེའི་མཐུ་གཏུག་སྟེ་རྡུགས། ད་ལྟ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དགེ་བའི་བཤེས། འགྲོ་བའི་བླ་མ། ཀུན་མཁྱེན་པ། ཐབས་མཁས་པ། ཐུགས་རྗེ་ཅན་ཇི་སྙེད་ཅིག་བཞུགས་ཀྱང་རྗེས་སུ་འཛིན་པའི་ཐབས་མ་རྙེད། དེ་དག་རྣམས་

p. 220

ཀྱི་ཐུགས་རྗེའི་ཕྲིན་ལས་གཅིག་ཏུ་བསྡུས་པས་དགེ་བའི་བཤེས་གཉེན་དུ་སྤྲུལ་ཏེ་ཞལ་དངོས་སུ་བསྟན། ཟབ་པ་དང་རྒྱ་ཆེ་བའི་ཆོས་གསུངས། ཐར་པ་དང་ཐམས་ཅད་མཁྱེན་པར་དཀྲི་བའི་ཐབས་དུ་མ་བྱས་ཀྱང་། ཁྱི་ལམ་ལ་འདེད་པ་དང་། ཆུ་གྱེན་ལ་འདྲེན་པ་ལས་ཀྱང་དཀའ་བ། བདག་ལྟ་བུའི་སེམས་ཅན་མ་རུངས་པ་སྙམ་དུ་མྱ་ངན་དྲག་པོས་ཡིད་ལ་འབྲབ་བཞིན་པར། སྤྱི་བོའི་གཙུག་ཏུ་བླ་མ་བརྒྱུད་པ་དང་བཅས་པའི་སྐྱབས་གནས་རྣམས་སྔར་བཞིན་དུ་བསྐྱེད། ལུས་ལོངས་སྤྱོད་ཐམས་ཅད་མཆོད་པ་ཕུལ་ནས། མྱ་ངན་གྱི་འདུག་སྟངས་སྐར་ཁུང་གསུམ་པ་ཅན་ཙོག་པུའི་པུས་མོ་གཉིས་ཀྱི་སྟེང་དུ་གྲུ་མོ་གཉིས་བཞག །ལག་པ་གཉིས་ཀྱིས་འགྲམ་པ་གཉིས་སྐྱོར་བའི་གཡས་པའི་སྲིན་མཛུབ་སོ་བར་དུ་བཅུག་སྟེ་གཡས་སུ་ཡོ་བྱས་ནས་ངོ་གནག་བཞིན་བསྡུས། མྱ་ངན་གྱི་བརྣག་པ་ཆེན་པོས་མོས་གུས་ཀྱི་གདུང་བ་དྲག་པོ་བསྐྱེད་དེ། སྐད་ཀྱི་གདངས་ཕྲ་ལ་རིང་བ་ང་རོར་འབོད་པ་ཉམ་ཐག་པ་ལྟ་བུས། སངས་རྒྱས་བྱང་ཆུབ་སེམས་དཔའ། །རྗེ་བཙུན་བླ་མ་དམ་པ། །བརྒྱུད་ལྡན་ཐུགས་རྗེའི་བདག་ཉིད། །བསླུ་བ་མེད་པའི་སྐྱབས་གནས། །སྡུག་བསྔལ་ཅན་གྱི་འགྲོ་ལ། །ཕ་མ་འགྲོ་དྲུག་རྣམས་ལ། །འཁོར་མེད་དྲིན་ཅན་རྣམས་ལ། །འཁོར་བར་འཁྱམས་པ་རྣམས་ལ། །རེ་ས་གཞན་ན་འདུག་གེ །མགོན་སྐྱབས་གཞན་ན་འདུག་གེ །ལྟོས་ས་གཞན་ན་འདུག་གེ །དཔུང་གཉེན་གཞན་ན་འདུག་གེ །ལ་འུར་ཐུགས་རྗེས་ཟུངས་ཤིག །མྱུར་དུ་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་དྲག་ཏུ་བཏབ། དེ་བཞིན་གཡོན་པའི་མཐེབ་སྲིན་སོ་བར་དུ་བཅུག་ནས་གཡོན་དུ་ཡོ། གཉིས་ཀ་སོ་བར་དུ་བཅུག་ནས་མདུན་དུ་བུབ་ཐབས་སུ་དགུ། ཐལ་མོ་གཉིས་སྙིང་གར་སྦྱར་བས་རྒྱབ་ཏུ་དགྱེ་ལ་ཁ་ནམ་མཁར་འཕྱར། དེ་དག་ཐམས་ཅད་དུ་གསོལ་བ་དྲག་ལ་གྲིམ་པ་རྒྱུན་

p. 221

རིང་བ་མོས་གུས་དང་སྙིང་རྗེ་བཅོས་མ་མིན་པ་གཏིང་མ་ཚུགས་ཀྱི་བར་དུ་གདབ། མོས་གུས་ཀྱིས་ཡིད་འཁུལ། སེམས་ཅན་ལ་བཟོད་གླགས་མེད་པའི་སྙིང་རྗེ་སྐྱེས་པ་དང་། སེམས་ཅན་རྣམས་སྐྱབས་གནས་རྣམས་ལ་ལིང་གིས་གཏད། ཅི་མཛད་ཁྱེད་ཤེས་ལ་བསྐྱུར་ནས། རྐང་པ་སྐྱིལ་ཀྲུང་བཅའ། ལག་པ་གཉིས་ཀྱིས་པུས་མོ་བཀབ། གླང་རྒན་ཆུ་འཐུང་བ་ལྟར་ལྷོད་དེ་གློད། ཞིང་འོག་ཚན་ལངས་པ་ལྟར་འབོག་ལེ་ཤིག་གེ ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་དུ་ཕྱམ་པར་རང་སར་བཟོ་མེད་རང་བབས་སུ་མཉམ་པར་གཞག །ནམ་ཞིག་རྟོག་པ་འཕྲོ་བ་ན། རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་འདུག་སྟངས་ལྔ་པོ་བསྒྱུར་ཡིན་བསྒྱུར་ཡིན་མོས་གུས་ཐོབ་ཐོབ། སྙིང་རྗེ་སྐྱེས་སྐྱེས་བར་དུ་བསྒོམ་པར་བྱའོ། ། ༧ ཡང་གསོལ་བ་འདེབས་པ་ནི། སྔར་ལྟར་བླ་མའི་རྣལ་འབྱོར་བསྒོམ། མཆོད་པ་ཕུལ་ནས། བླ་མ་རིན་པོ་ཆེ་རྗེ་བཙུན་པ། མཁྱེན་རབ་ཀྱི་དབང་ཕྱུག །ཐུགས་རྗེའི་བདག་ཉིད། བཀའ་དྲིན་མཉམ་མེད། ཅེས་པ་རྣམས་ངག་ཏུ་གདངས་རིང་པོས་བརྗོད་བཞིན་པར། རྩ་བའི་བླ་མ་རྣམས་རིམ་པ་བཞིན་དུ་སྐུ་རྣམ་འགྱུར་བལྟ་བས་ཆོག་མི་ཤེས་པ་སྐྱེ་མཆེད་ཡོངས་སུ་རྫོགས་པ། མདངས་གསལ་བ། ཞལ་འཛུམ་བག་དང་ལྡན་པ། སྤྱན་གཉིས་འབུར་ཚུགས་སུ་(ལ་ལར་འབྲུ་ཚུགས་ཟེར་བའང་ཡོད་།)མཆན། གཟིགས་བཞིན་པ་དང་བཅས་པར་ལམ་ལམ་མངོན་སུམ་བཞིན་དུ་དང་བའི་དད་པ་སྐྱེ་བཞིན་པ་སལ་སལ་གསལ་འདེབས། སྐྱབས་སུ་མཆིའོ། །ཐུགས་རྗེ་ཆེན་པོས་སྐྱོབས་ཤིག །རྗེས་སུ་ཟུངས་ཤིག །བཀའ་དྲིན་སྩོལ་ཅིག །ཅེས་དུང་དུང་བརྗོད་ནས། རྩ་བའི་བླ་མ་ནས་ཡར་རིམ་པ་བཞིན་གཅིག་ལ་གཅིག་འཁོར་དང་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་སིབ་སིབ་ཐིམ། དེ་ཉིད་

p. 222

སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་འཛམ་བུ་ཆུ་བོའི་གསེར་གྱི་མདོག་ཅན། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། དབུའི་གཙུག་ཏོར་བལྟར་མི་མངོན་པ། སྨིན་མཚམས་ཀྱི་མཛོད་སྤུ་དང་སྐུའི་ཕྱོགས་ཐམས་ཅད་ནས་འོད་ཟེར་སྣ་ཚོགས་ཁ་དོག་དུ་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྱོགས་བཅུའི་རབ་འབྱམས་རྒྱ་མཚོའི་ཞིང་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་ཁྱབ་པར་འཕྲོས། མནར་མེད་པ་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་གྱི་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་ཐམས་ཅད་སྡིག་སྒྲིབ་མ་ལུས་པ་ཐམས་ཅད་སྦྱངས། སྐད་ཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་སར་བཀོད་པར་མོས་ཏེ། དད་པ་དང་མོས་པ་བསམ་གྱིས་མི་ཁྱབ་པས་བཅོམ་ལྡན་འདས་ཀྱི་སྐུ་ལ་ཡིད་རྩེ་གཅིག་ཏུ་གཏད་ནས། དེ་ལས་སྐད་ཅིག་ཀྱང་མ་ཡེངས་པར་སྣང་ལ་དེར་འཛིན་མེད་པར་སྨྲ་བསམ་བརྗོད་པ་དང་བྲལ་བའི་ངང་ནས། མདངས་དད་པའི་ཤུགས་དང་མ་བྲལ་བའི་ངང་ལ་མཉམ་པར་བཞག །གལ་ཏེ་རྟོག་པའི་འཕན་ལྡང་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་བཞིན་བསྒོམས་པས་མོས་གུས་བཅོས་མ་མིན་པ་སྐྱེ་བར་བྱའོ། ། ༨ རང་བཞིན་བླ་མ་ཐོ་བརྩེགས་སམ། གཅིག་ལ་གཅིག་ཐིམ་མམ། ཁྲོམ་ཚོགས་སམ། རྣམ་པ་གང་གསལ་བ་ཞིག་བསྒོམ། མཆོད་པའི་སྤྲིན་དུ་མ་བློ་རྒྱ་བསྐྱེད་ནས་མཆོད། སྐྱབས་གནས་མཚུངས་པ་མེད་པའི་བླ་མ་རྣམས། །བདག་དང་ཕ་མར་གྱུར་པའི་འགྲོ་བ་ལ། །མགོན་སྐྱབས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །མཐོར་གཏོར་དམར་གཏོང་ཅི་མཛད་ཁྱེད་རང་མཁྱེན། །ཞེས་པའི་རྗེས་ལ། བླ་མ་མཁྱེན། བླ་མ་མཁྱེན། ཞེས་མོས་གུས་རྩེ་གཅིག་པའི་ངང་ནས་སེམས་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པས། བརྒྱའམ་སྟོང་ངམ་ཁྲི་ལ་སོགས་པ་

p. 223

བརྗོད་པའི་རྗེས་ལ། བླ་མ་མཁྱེན་ནོ། །ཞེས་པའི་སྐད་ཀྱི་ཤུགས་དྲག་ལ་ཐུང་བ་ཆེར་བསྐྱེད་ནས་བརྗོད་པ་དང་། དེའི་མཐུས་སྐད་ཅིག་ཉིད་ལ་སྐྱབས་གནས་ཐམས་ཅད་བདག་ལ་ཆུ་ལ་ཆུ་བཞག་པའམ་མར་ལ་མར་བཞག་པ་བཞིན་དུ་གཅིག་ཏུ་འདྲེས་པའི་ངང་ལ་མ་བཅོས་ལྷུག་པ། བྱར་མེད་ལྷུན་གྲུབ། འཛིན་པ་རྩ་བྲལ་གྱི་ངང་ལ་བློ་ཧད་དེ་མཉམ་པར་བཞག །དེ་ལ་རྣམ་རྟོག་ཐོལ་གྱིས་སྐྱེས་པ་ན་དེ་ཉིད་བླ་མའི་སྐུར་གསལ་ལམ་སྟེ་བཏབ་ནས་མོས་གུས་དུང་དུང་བྱ། སླར་ཡང་རྟོག་པ་འཕྲོ་ན་གསོལ་བ་བཏབ་ནས་མོས་གུས་ཀྱིས་བླ་མའི་སྒྲུབ་པ་མཐར་ཕྱིན་པར་བྱའོ། །འདི་གནད་དུ་མ་སོང་ན་ཆོས་བྱས་ལོ་ཐམས་ཅད་འཕྲལ་ཚེ་འདི་སྒྲུབ་པའི་ལག་ཆ་དང་། ཕུགས་འཁོར་བ་དང་ངན་སོང་གི་རྒྱུར་འགྲོ་བ་ཡིན་ནོ། །འདིའི་རྣལ་འབྱོར་སྒོམ་པའི་དུས་སུ་གནས་ཁང་ཕྱགས་དར་བྱ། ཆག་ཆག་གདབ། མཛེས་པར་བརྒྱན། སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། ཅི་འབྱོར་པའི་མཆོད་པ་བཟང་ཞིང་བཀོད་པ་ཡིད་དུ་འོང་བར་བཤམས་ནས། དུས་ཐམས་ཅད་བླ་མ་དཀོན་མཆོག་གི་སྣང་བ་དང་མ་བྲལ་བས་ཅི་གསུང་གི་བཀའ་ལ་ཉན། ཅི་བྱེད་ཐམས་ཅད་བླ་མའི་ཐུགས་དགོངས་ཅི་རྫོགས། བླ་མ་ཅི་མཉེས། བླ་མའི་ཞབས་ཏོག་ཏུ་ཅི་འགྲོ་བྱེད་པ་འདི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་སྒྲུབ་པའི་གཙོ་བོའམ་སྒྲུབ་པ་དངོས་དེ་ཡིན་ཏེ། བླ་མའི་ཕྲིན་ལས་བསྒྲུབ་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་བསྒྲུབ་པ་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་བསྒྲུབ་པ་ལས་གཞན་པའི་རང་གཞན་གྱི་སངས་རྒྱས་བསྒྲུབ་པའི་ཐབས་གཞན་ཡོད་པ་མིན་པའི་ཕྱིར། དེ་ལྟར་དུ་འབད་དང་བརྩོན་པ་ཆེན་པོས་ཉམས་སུ་ལེན་པར་བྱའོ། ། ༩ དལ་འབྱོར་གྱི་མི་ལུས་ཞེས་པ་ནི། མངོན་མཐོ་ངེས་ལེགས་བསྒྲུབ་པར་མི་ཁོམ་པའི་བྱ་བ་ངན་པ་ལས་དལ་བས་ན་དལ། མངོན་མཐོ་ངེས་ལེགས་བསྒྲུབ་པའི་རྐྱེན་ཕུན་སུམ་

p. 224

ཚོགས་པ་འབྱོར་བས་ན་འབྱོར་བ་འདི་ལྟ་བུའི་རྟེན་འདི་གང་ལ་བལྟོས་ནས་རྙེད་པར་དཀའ་ན། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ་ཚེ་རིང་པོ། ཀླ་ཀློ། ལོག་ལྟ་ཅན། སངས་རྒྱས་ཀྱིས་སྟོངས་པའི་ཞིང་ཁམས་དང་། ལྐུགས་པ་སྟེ་མི་ཁོམ་པ་བརྒྱད་ཀྱི་ནང་ནས་དམ་ཆོས་སྒྲུབ་ཏུ་ཡོད་པའི་དལ་འབྱོར་དང་ལྡན་པའི་མི་ལུས་ནི་ཤིན་ཏུ་ནས་ཀྱང་དཀོན་ཏེ། དམྱལ་བ་གཅིག་པུ་ལ་ཡང་ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉེ་འཁོར་བ་བཅུ་དྲུག་གམ་བཞི། ཉི་ཚེ་བའི་དམྱལ་བ་སྟེ་ཉེ་འཁོར་བ་བཞིར་བྱས་པའི་ཉི་ཤུ་རྩ་གཅིག་པོ་རེ་རེའི་ནང་ན་ཡང་མི་ལུས་ཙམ་པོ་པ་རེ་རེ་ཡང་རྙེད་པར་དཀའ་བ་དང་། ཡི་དྭགས་དང་དུད་འགྲོ་ལའང་རིགས་དང་དབྱེ་བ་བསམ་གྱིས་མི་ཁྱབ་པས། དེའི་རིགས་རེ་རེའི་ནང་ནས་ཀྱང་དེ་བཞིན་དུ་རྙེད་པར་དཀའ་བ་དང་། ལྷ་ཚེ་རིང་པོར་སྐྱེས་ན་ཡང་ཚེ་བསྐལ་པ་མང་པོར་ཐུབ། དེའི་བར་ལ་ཚོར་བ་སྡུག་བསྔལ་མེད་པས་ངེས་འབྱུང་ཡང་མེད་པར་དཀོན་མཆོག་གསུམ་གྱི་སྒྲ་ཡང་མི་ཐོས། དགེ་བའི་བློ་སྐད་ཅིག་ཀྱང་མི་དྲན། ནམ་ཞིག་ན་སྔོན་གྱི་ལས་ངན་པའི་མཐུས་ངན་སོང་གསུམ་ན་ལྟུང་བ་ཡོད་པས་དེའི་ནང་ནས་ཀྱང་རྙེད་པར་དཀའ། ཀླ་ཀློ་སྟེ་བླང་དོར་ཕྱིན་ཅི་ལོག་ཏུ་སྤྱོད་པས་དེའི་ནང་ནས་ཀྱང་དེ་བཞིན་དུ་རྙེད་པར་དཀའ། ལོག་ལྟ་ཅན་ནི་ལས་རྒྱུ་འབྲས་ལ་སྐུར་པ་འདེབས་པས་དེ་བཞིན་དུ་རྙེད་པར་དཀའ། སངས་རྒྱས་ཀྱིས་སྟོངས་པ་སྟེ་དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པས་དེའི་ནང་ནས་ཀྱང་དེ་བཞིན་དུ་རྙེད་པར་དཀའ། ལྐུགས་པ་སྟེ་ཡིད་ཀྱི་དབང་པོ་ཉམས་ནས་དགེ་སྡིག་ངོ་མི་ཤེས་པས་དེའི་ནང་ནས་ཀྱང་དེ་བཞིན་དུ་རྙེད་པར་དཀའ། ཆོས་བྱར་ཡོད་པའི་དལ་འབྱོར་གྱི་མི་ལུས་འདི་ཉིན་མོའི་སྐར་མའམ་དམུས་ལོང་དམིགས་བུ་མེད་པས་རྩྭ་གསེབ་ཏུ་ཁབ་སྟོར་བ་རྙེད་པ་ལས་ཀྱང་ཤིན་ཏུ་རྙེད་པར་དཀའ་

p. 225

བའི་ཚུལ་ལ་བསམས་ནས། བརྒྱ་ལ་ད་ལན་རྙེད་པ་ཁ་རྗེ་རེ་ཆེ། ད་ལན་གཅིག་རྡོག་སྣ་འདྲེད་ནས་མི་ཁོམ་པའི་གནས་དེ་རྣམས་སུ་ལྷུང་ན་ཐར་མེད་ཀྱི་དོང་དུ་ཚུད་པ་ཡིན་སྙམ་པས། ཤིན་ཏུ་འཇིགས་སུ་རུང་བའི་ངན་སོང་གསུམ་གྱི་མི་ཁོམ་པའི་གནས་བརྒྱད་ཀྱི་དོང་ཁ་ན་འདར་ཡེད་ཡེད་གནས་པར་བསམས་ནས་བླ་མའི་རྣལ་འབྱོར་བསྒོམས་ཏེ། མི་ཁོམ་པའི་གནས་ན་གནས་པའི་སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ཤེས་པས་སྙིང་རྗེ་ཚད་མེད་པ་བསྐྱེད་དེ། དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ། །བདག་དང་དྲིན་ཅན་ཕ་མ་འགྲོ་བ་རྣམས། །ལས་ངན་དབང་གིས་ལུས་ངན་དང་བཅས་པ། །མི་ཁོམ་གནས་བརྒྱད་ནང་དུ་ལྷུང་བ་ལས། །ཐུགས་རྗེ་ཆེན་པོའི་ཕྱག་གིས་དྲང་དུ་གསོལ། །མཐོ་རིས་ལོངས་སྤྱོད་ཕུན་ཚོགས་ལུས་ཐོབ་ནས། །ཉིན་མཚན་དགེ་བས་འདའ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། མི་ཁོམ་པའི་གནས་ལ་སྤོང་འདོད། མི་ལུས་དོན་ཡོད་པར་ཞེ་འདོད་ཀྱི་མྱོང་བ་སྐྱེ་ངེས་པ་དང་། སྐྱབས་གནས་རྣམས་རང་ལ་དབྱེར་མེད་དུ་བསྟིམས་ནས་དམིགས་མེད་ནམ་མཁའི་རྣལ་འབྱོར་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པ་སྔར་ལྟར་བསྒོམས་ནས་མྱོང་བ་སྐྱེ་བར་བྱའོ། ། ༡༠ གང་རྙེད་པར་དཀའ་བ་ནི། མི་ཁོམ་པའི་གནས་བརྒྱད་སྤངས་པའི་མི་ལུས་ཐོབ་པ། བསྟན་པ་དར་བའི་ཡུལ་དབུས་སུ་སྐྱེས་པ། དབང་པོ་ལ་སྐྱོན་མེད་པར་ཚང་བ། ལས་ཀྱི་མཐའ་མ་ལོག་པ། ཆོས་ཀྱི་གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། དེའི་བསྟན་པ་མ་ནུབ་པར་གནས་པ། དེའི་རྗེས་སུ་འཇུག་པའི་བསྟན་པ་འཛིན་པ་ཡོད་ལ་རང་ཡང་འཇུག་པར་འདོད་པ། སྦྱིན་བདག་གི་བརྩེ་བས་

p. 226

ཆོས་ཀྱི་མཐུན་རྐྱེན་བསོད་སྙོམས་སྟེར་བ་ཡོད་པ་གཞན་འབྱོར་ལྔ་སྟེ། དེ་ལྟར་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་རྣམ་པར་དག་པ་འདི་ནི་རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་རུས་སྦལ་གྱི་དཔེ་ལ་སོགས་དཔེར་བྱ་བ་བརྒྱ་དང་སྟོང་གིས་རྙེད་པར་དཀའ་བའི་ཚུལ་ལ་ཉིན་མཚན་དུ་གཞིག་ཅིང་བསམས་ནས། མི་ལུས་སྟོང་ལོག །དལ་འབྱོར་སྟོང་ཟད་དུ་མ་སོང་བ་དགེ་བའི་ལས་ལ་དལ་བ་མེད་པ་བརྩོན་པར་བྱ་སྟེ། སྔར་བཞིན་བླ་མའི་རྣལ་འབྱོར་བསྒོམས་ནས། དོན་ཆུང་ཚེ་འདིའི་བྱ་བས་མི་ཡེངས་པར། །དོན་ལོག་སྡིག་པའི་ལས་ལ་མི་འཇུག་པར། །དོན་ལྡན་དལ་འབྱོར་ཐོབ་པ་དོན་ཡོད་པར། །དོན་ཆེན་ཐམས་ཅད་མཁྱེན་པའི་ལམ་བསྒྲུབ་པའི། །བསམ་སྦྱོར་ཁོ་ནས་ཉིན་མཚན་དུས་འདའ་བར། །བླ་མ་དཀོན་མཆོག་རྣམས་ཀྱིས་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། མི་ལུས་སྟོང་པར་ཟད་པ་དང་། སྡིག་པའི་ལས་ལ་སྤྱོད་པ་ལ་སྙིང་རྗེ་བསྒོམ། དེ་ལྟར་བླ་མ་ལ་མོས་གུས་དང་། སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་པའི་ཚེ། འཇིག་རྟེན་ཚེ་འདིའི་བདེ་འབྱོར་སྒྲུབ་པའི་བྱ་བ་ངན་པ་ཐམས་ཅད་ལ་དུག་ཅན་གྱི་ཟས་དང་ཁར་མི་འགྲོ་བ་ལྟར་བློས་ལིང་གིས་ཐོངས་ནས། དལ་འབྱོར་དོན་ཡོད་དུ་བྱེད་པའི་བརྣགས་པ་ཆེན་པོ་སྐྱེས་པ་ན། བླ་མ་རང་ལ་བསྟིམས་ནས་དེ་ལྟའི་དྲན་པ་ཡེངས་མེད་དེ་ཉིད་ཀྱི་ངང་ལ་ཙན་ནེ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམ་ཞིང་གསོལ་བ་གདབ། དལ་འབྱོར་དོན་ཡོད་དུ་བྱེད་པའི་བྱིན་རླབས་རྒྱུད་ལ་ཞུགས་པར་བྱའོ། ། ༡༡ ཚུལ་གང་གིས་རྙེད་པར་དཀའ་བ་ནི། ངན་སོང་གསུམ་གྱི་སེམས་ཅན་ནི་ས་གཞི་ཆེན་པོའི་རྡུལ་ཕྲན་ཙམ། མི་ལུས་ཙམ་པོ་པ་ཡང་སེན་མོའི་སྟེང་གི་རྡུལ་ཕྲན་ཙམ་ཡིན། ངན་

p. 227

སོང་གི་སེམས་ཅན་དེ་དག་ལ་ནི་མཐོ་རིས་ཀྱི་རྒྱུ་དགེ་བའི་བསམ་པ་སྐད་ཅིག་ཀྱང་མེད། བསོད་ནམས་གསོག་པའི་སྐབས་མེད། སྡུག་བསྔལ་མྱོང་བཞིན་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་འབའ་ཞིག་ལ་སྤྱོད་པས་ངན་སོང་ནས་ངན་སོང་ལས་ཐར་བའི་སྐབས་མེད། མཐོ་རིས་ནང་ནས་ཀྱང་ཆོས་བྱར་ཡོད་པའི་མི་ལུས་སྐྱོན་མེད་འདི་ཕྱི་ཡི་རྒྱ་མཚོ་ཆེན་པོའི་ནང་ནས་གཟར་བུ་གང་ཙམ་ལོན་པའི་དཔེ་ལྟར་ཡིན་པས། ཚུལ་འདི་ལ་བསམས་ནས་རྙེད་པར་དཀའ་བ་ལ་སྲིད་མཐའ་མ་བཀག་ཙམ་ད་ལན་མི་ལུས་ཐོབ་པ་འདི་དོན་མེད་པར་བཏང་ན། འདི་ལས་མགོ་སྟོང་པ་དང་སྙིང་རུལ་བ་སུ་ཞིག་ཡོད་སྙམ་དུ་ཚུལ་གང་གིས་ཐོབ་པར་དཀའ་དང་། ཐོབ་པ་དོན་ཡོད་པར་བྱེད་པའི་བསམ་པ་དྲག་པོས། བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་བཞིན་བསྒོམས་ལ། བསྐལ་པ་བརྒྱར་ཡང་ཤིན་ཏུ་རྙེད་དཀའ་བའི། །དམ་ཆོས་སྒྲུབ་ཏུ་ཡོད་པའི་དལ་འབྱོར་འདི། །འབད་པས་ཐར་ལམ་དོན་དུ་མི་གཉེར་བར། །དོན་མེད་ལས་ལ་ཟད་ན་བདག་སྙིང་རུལ། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་གདབ། སྤྱིར་ནམ་མཁའི་མཐའ་ཀླས་པའི་སེམས་ཅན། སྒོས་མི་ལུས་འདི་ཚེ་འདིའི་ཆོས་བརྒྱད་ཀྱི་བྱ་བས་གཡེངས་ནས་དགེ་བ་བསྒྲུབ་པར་ལས་འབྲས་ལ་མི་སེམས་པར་སྡིག་པ་ལ་སྤྱོད་པ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། མོས་གུས་དང་སྙིང་རྗེ་གནད་དུ་ཐེབས་པའི་བློ་རྒྱུད་ལ་མི་བཟོད་པའི་འགྱུར་བ་རེ་སྐྱེས་པ་ན། སྐྱབས་གནས་རྣམས་རང་ལ་བསྟིམས་ནས། གང་དང་གང་ལ་དེ་དང་དེར་འཛིན་པ་མེད་པར་གསལ་སྟོང་ཞི་བ་ཆེན་པོ་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་རྙེད་པར་དཀའ་བའི་ཚུལ་དང་། རྙེད་དཀའ་དོན་ཡོད་ཀྱི་བློ་ཁྱད་པར་ཅན་

p. 228

སྐྱེ་བར་བྱའོ། ། ༡༢ མངོན་མཐོ་ངེས་ལེགས་ཐོབ་པའི་མན་ངག་ཐུན་མོང་མ་ཡིན་པ་ནི། དལ་འབྱོར་རྙེད་པར་དཀའ་བ་ཤེས་ཀྱང་དགེ་བའི་ལས་ལ་བརྩོན་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཉམས་སུ་མི་ལེན་ན། རྙེད་པར་དཀའ་བ་རྙེད་པ་ལ་དགོས་པ་ཅི་ཞིག་ཡོད། དེས་ན་དགེ་བ་ལ་མོས་པ་དལ་བ། དགེ་བ་ལག་ལེན་དུ་འདེབས་པ་འབྱོར་བ་ཡིན་པས། མགོ་ལ་མེ་ཤོར་བ་གསོད་པ་དང་། པང་དུ་དུག་སྦྲུལ་འཚངས་པ་སྤོང་བ་བཞིན་དུ་བརྩོན་འགྲུས་དྲག་པོས་ཉིན་མཚན་མེད་པར་ཐོས་བསམ་སྒོམ་གསུམ་ལ་འབད་པར་བྱ། དེ་ཡང་བསླབ་གསུམ་རྣམ་པར་དག་པས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ནི་དལ་འབྱོར་ཕུན་སུམ་ཚོགས་པ་ཉིད་ཡིན་པས། བསླབ་གསུམ་མིག་གི་འབྲས་བུ་ལྟར་བསྲུང་བ་དང་། བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དོན་དུ་བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ལ། རྙེད་དཀའ་ཡོན་ཏན་ལྡན་པའི་དལ་འབྱོར་འདི། །བསླབ་གསུམ་རྣམ་དག་རྒྱན་གྱིས་བརྒྱན་པ་དང་། །ཐོས་བསམ་སྒོམ་པའི་ནོར་གྱིས་བརྒྱན་པ་དང་། །བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེ་བ་དང་། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་སྙིང་གི་ཁོངས་ནས་གསོལ་བ་དྲག་ཏུ་བཏབ་པས་གཉེན་པོའི་སྟོབས་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་བྱིན་རླབས་རྒྱུད་ལ་ཞུགས་པ་ན། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་གཅིག་ཏུ་བསྲེས་ལ་བསྒོམ་རྒྱུ་རྡུལ་ཙམ་མེད་པ་ལ་ཡེངས་སུ་སྐད་ཅིག་ཀྱང་མི་ཁོམ་པའི་ངང་ལ་ལྷོད་དེ་ཤིག་གེ་མཉམ་པར་བཞག །རྟོག་པ་གཞན་འཕྲོ་ཆད་ནས་རྟོག་པ་གཞན་གྱིས་བར་མ་ཆད་པར་སྔར་བཞིན་བསྒོམ། གསོལ་བ་གདབ། དལ་འབྱོར་རྙེད་པ་དོན་

p. 229

ཡོད་པར་བྱ་བ་ཕུན་སུམ་ཚོགས་པ་རྒྱུད་ལ་སྐྱེ་བར་བྱའོ། ། ༡༣ འཆི་བ་མི་རྟག་པ་བསྒོམ་པ་ལ། ཕྱི་སྣོད་ལ་བརྟེན་ཏེ་མི་རྟག་པ་བསྒོམ་པ་ནི། འཇིག་རྟེན་གྱི་ཁམས་འདི་དང་པོར་ཆགས་པ་ན་ནམ་མཁའ་སྟོང་པ་ལ་སྤྲིན་གྱི་ཕུང་པོ་ཆེན་པོ་འཁྲིགས། དེ་ལས་ཆར་གྱི་རྒྱུན་ཆེན་པོ་བབ། དེ་ཆུའི་རྒྱ་མཚོ་ཆེན་པོར་འཁྱིལ། དེ་རླུང་ཆེན་པོས་ཀུན་ནས་དཀྲུགས་པས་སའི་དཀྱིལ་འཁོར་ཆགས་ཏེ། སྐད་ཅིག་རེ་རེ་བཞིན་འགྱུར་ཞིང་མི་རྟག་པའི་ཚུལ་གྱིས་ཆགས། ཇི་སྲིད་གནས་པའི་རིང་ཡང་ནམ་ཟླ་དུས་བཞིའི་འགྱུར་ལྡོག །ལོ་ཟླ་བ། ཉིན་མཚན་རེས་མོས། ཞག་ཟ་མ་སྟེ་སྐད་ཅིག་རེར་ཡང་འགྱུར་ཞིང་མི་རྟག་པའི་ཚུལ་གྱིས་གནས། འཇིག་པའི་ཚེ་ཡང་ཉི་མ་བདུན་ཤར་ནས་རིམ་གྱིས་དང་པོ་ཆུ་དང་ཆུ་ཕྲན་རྒྱ་མཚོ་ཆེན་པོ་ཐམས་ཅད་བསྐམ། རི་རབ་གླིང་བཞི་གླིང་ཕྲན་ཁོར་ཡུག་དང་བཅས་པ་དུད་པར་འཐུལ། མེར་འབར། ཐལ་བའི་ཕུང་པོར་འགྱུར། རླུང་གིས་གཏོར་བས་སྐད་ཅིག་རེ་རེ་ཞིང་འགྱུར་ཞིང་མི་རྟག་པའི་ཚུལ་གྱིས་འཇིག །དེས་ན་སེམས་ཅན་གྱི་ལུས་སྲོག་ལ་སུ་ཞིག་ཡིད་བརྟན་དུ་རུང་སྙམ་དུ་ཤེས་ཤིང་ཡིད་ཆེས་པས་དེའི་དོན་ལ་བློས་དཔྱད་ནས་འཇིགས་ཤིང་ཉམ་ང་བའི་སེམས་ཀྱིས་བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ལ། རྒྱ་མཚོ་ཆེན་པོ་ཁོར་ཡུག་ལྷུན་པོ་བཅས། །སྐད་ཅིག་དེ་བཞིན་འགྱུར་ཞིང་མི་བརྟན་ན། །ཆུ་བུར་ལྟ་བུའི་ལུས་ཅན་ཚེ་སྲོག་ལ། །དེ་རིང་ཙམ་གྱི་ཡིད་བརྟན་སུ་ཞིག་རུང་། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་མིན་བྱ་ལོང་མེད་པར་ཐུགས་རྗེས་ཟུངས། །ཞེས་གསོལ་བ་དྲག་ཏུ་གདབ། དུས་གསུམ་དུ་བྱོན་པའི་འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་པའི་སྐྱེས་བུ་དམ་པ་རྣམས་ལ་མོས་གུས་ཁྱད་པར་ཅན་སྐྱེས། རྟག་འཛིན་གྱི་བློའི་སྒྲོམ་ཞིག །སྣང་བ་ཐམས་ཅད་ཡུལ་

p. 230

ཡུལ་པོར་སོང་བ་ན། བླ་མ་དང་དཀོན་མཆོག་རང་ལ་བསྟིམ། བདེན་འཛིན་ཨ་འཐས་ཞིག །བདེན་མེད་འཛིན་མེད་དེར་འཛིན་བྲལ་བ་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་བཞིན་བསྒོམས་ལ། སྣང་བ་ལ་རྟག་པར་འཛིན་པ་ཞིག་པར་བྱའོ། ། ༡༤ ནང་བཅུད་ལ་བརྟེན་ནས་མི་རྟག་པ་བསྒོམས་པ་ནི། སེམས་ཅན་རྣམས་འཆི་བ་མ་དྲན་པའི་བློ་ཕྱིན་ཅི་ལོག་གི་བྱ་བ་བྱེད་པའི་བསམ་ཚུལ་ལ་གཞིག་བསམས་ནས། རང་གི་ཕ་མ་ཉེ་འབྲེལ་ཁྱིམ་མཚེས་ཡུལ་མི། དགོན་པ་རི་ཁྲོད་པ། གནས་གཞི་ན་གནས་པའི་ཉེ་འབྲེལ་མཐུན་གྲོགས་ངོ་ཤེས་དེ་དག་གིས་ཚེ་འདི་དོན་དུ་གཉེར་ནས་རྩོལ་བ་བརྩོན་འགྲུས་སྡོད་ཆིས་ཀྱི་གྲབས་ཤོམ་ཅི་ཙམ་ཞིག་བྱས་ཀྱང་ཐོག་ཏུ་སོང་བ་གཅིག་མེད་པར་བྱ་བཞག་མ་ཟིན་མ་གྲུབ་པའི་འཕྲོ་ལ་ཁོ་ཤི་ལོ། མོ་ཤི་ལོ། ཆེ་གེ་ཤི་ལོ། ཉེ་གེ་ཤི་ལོ་ཟེར་བ་འདི་རང་ཐོག་གི་རྩར་ད་ལྟ་ཉིད་དུ་སླེབས་ཡོང་ངམ། དོ་ནུབ་ཡོང་ངམ། སང་མི་ཡོང་བའི་ཚོད་ཟིན་པ་མེད། སྔར་བྱུང་བ། ད་ལྟ་ཡོད་པ། སླད་ནས་འབྱུང་བའི་སེམས་ཅན་ལ་མ་ཤི་བ་དང་མི་འཆི་བར་སྡོད་པ་གཅིག་ཀྱང་མེད། ལ་ལ་རྒན། ལ་ལ་གཞོན། ལ་ལ་མངལ་ན་གནས། ཕལ་ཆེར་དར་ལ་བབ་པ་ལ་སྦད་སྦུད་མངོན་སུམ་ཉིད་དུ་འཆི་བར་ཅིས་མ་མཐོང་། མ་ཤི་བར་སྡད་པ་གཅིག་ཙམ་མཐོང་བའམ། ཐོས་པའམ། ཡིད་གཉིས་ཐེ་ཚོམ་ཟ་བ་ཙམ་ཡོད་དམ། ལུས་ཅན་ཐམས་ཅད་བཤས་རར་ཁྲིད་པའི་ཕྱུགས་བཞིན་དུ་འཆི་བདག་གི་ཁ་ན་གནས་པ་ཉིད་པས། འདི་ལ་བསམ་མནོ་དྲག་ཏུ་བཏང་ནས། སྡོད་ཆིས་སང་གི་འདུན་མ་ཡང་མི་བྱེད་པར་འགྲོ་ཆིས་ཚེ་ཕྱི་མའི་ལམ་རྒྱགས་ཀྱི་དགེ་བ་བསྒྲུབ་པ་ལ་སྐད་ཅིག་ཀྱང་ཕྱི་བཤོལ་མེད་པར། སྔར་ལྟར་བླ་མ་

p. 231

དཀོན་མཆོག་གི་རྣལ་འབྱོར་བསྒོམས་ནས། བློ་མོས་གུས་དུང་དུང་། སྐྱོ་ཤས་སུ་ངད་ངད་པས། ཁར་སང་མ་ཤི་ཁ་རྗེ་ཆེ། །དེ་རིང་མི་ཤིའི་ཚད་ཀྱང་མེད། །ནམ་ཡང་འཆི་བ་མ་དྲན་པར། །ཚེ་འདི་དོན་གཉེར་དྲེད་པོ་བདག །དཀོན་མཆོག་ཐུགས་རྗེས་བཟུང་དུ་གསོལ། །འཆི་བ་དྲན་པའི་ལོང་མེད་ཀྱིས། །ཉིན་མཚན་དགེ་བས་དུས་འདའ་བར། །ངེས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ། མོས་གུས་ཀྱིས་ཡིད་བརླན། མི་རྟག་པས་རྒྱུད་འཁུལ་བ་ན། བླ་མ་དཀོན་མཆོག་རང་ལ་བསྟིམ། སྐྱོ་ཤས་འཛིན་མེད་རང་གྲོལ་གྱི་ངང་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམས་པས་སྐྱོ་ཤས་དྲག་པོས་བསྐུལ་ཏེ་ཚེ་འདིའི་བྱ་བ་ཐོངས་ནས་ཆོས་མིན་ཡིད་ལ་མི་འགྱུ་བར་བྱའོ། ། ༡༥ དུར་ཁྲོད་ཀྱི་ཆོས་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། འདས་མ་འོངས་ད་ལྟར་གྱི་འགྲོ་བ་འདི་དག་ངེས་པར་འཆི་བའི་ཆོས་ཅན་ལས་མ་འདས། དེ་ཡང་དོ་ནུབ་ནངས་པར་གྱི་ཚོད་ཀྱང་མི་ཟིན། དུས་དེ་ཙ་ན་ཉེ་དུ་གཡོག་འཁོར་ཇི་ཙམ་མང་། ཤ་ཚ་སྙིང་ཉེ་ཡང་གྲོགས་མེད་གཅིག་པུ་ཉིད། ནོར་རྫས་ཟས་གོས་གནས་ཁང་ཅི་འཛོམས། དཔལ་འབྱོར་ཅི་ཆེ་ཡང་སྒྲེན་མོ་ལག་སྟོང་ཉིད་དུ་རྣམ་པར་ཤེས་པ་གཞན་དུ་འགྲོ། ལུས་ཐག་པས་དམ་དུ་བཅིངས། གོས་ཀྱིས་གཡོགས། ཤིང་བཞིའི་ཁྱོགས་ལ་བཞག་ནས་དུར་ཁྲོད་དུ་བསྐྱལ། གཅེར་བུར་ཕྱུང་བ་ན་བྱ་གཅན་ཤ་ཟན་གཏུམ་པོ་རྣམས་རིངས་པར་འདུས་སྟེ་ཤ་ཟོས། ཁྲག་འཐུང་། ཀླད་པ་བལྡགས། རྐང་འཇིབས། རུས་པ་ཆོམ་ཆོམ་འཆས་ནས་ཕྱོགས་སུ་གྱེས་པའི་ཤུལ་ན་རུས་པ་ཐོ་རེ། སྐྲའི་དུམ་བུ་ཉིལ་ལེ། བྱའི་སྤུ་ཐོལ་ལོང་ངེ་བ་ལ། ཆེས་མཛའ་བཤེས་

p. 232

རྣམས་སྐྱུགས་དྲོ། རྒྱབ་ཀྱིས་བལྟ། འཇིགས་ཤིང་ཉམ་ང་བས་ཉེ་བར་མི་ནུས། དེ་བཞིན་དུ་མེར་བསྲེགས་ན་གསུར་དྲི་ཕལ་ཕལ། ཚིལ་ཁུ་ཐིགས་ཐིགས། ཐལ་བ་སྤར་གང་བྱེད་དམ། སའི་འོག་ཏུ་སྦ་ན་སས་བཀབ། རྡོས་མནན་ནས་འབུ་ཉོག་གེ་བ་ཞིག་བྱེད་དམ། ཆུར་བསྐྱུར་ན་ཁ་མིག་བྱེ་མས་འཚང་དེ། ཉ་སྦལ་གྱི་ཟ་བ་ཞིག་བྱེད་དམ། ཚུལ་འདི་ལས་དེ་དག་གི་ལུས་འདི་ཇི་ལྟར་འགྱུར་སོམས་དང་། ད་ལྟ་ལུས་འདི་ལ་ཞིམ་དགུའི་ཟས་སྙོད། རོ་བརྒྱའི་སྐོམ་བླུད། སྲབ་འཇམ་ཡང་མཛེས་ཀྱི་གོས་བསྐོན། མཛེས་བྱེད་ཀྱི་རྒྱན་དུ་མས་བརྒྱན་ནས་གཞན་གྱི་རད་རུད་མི་ཚུགས་པ་རང་དང་བདག་ཏུ་བཟུང་། གཅེས་སྤྲས་དུ་མས་བསྐྱངས་ཀྱང་གནས་སྐབས་འདི་ལས་གཞན་པ་ཅི་ཞིག་ཏུ་འགྱུར། དེས་ན་མི་རྟག་པ་དུར་ཁྲོད་ཀྱི་ཆོས་ལ་བསམས་ནས་འཇིགས་ཤིང་ཉམ་ང་བ་དང་བག་ཚ་བས། བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་བཞིན་བསྒོམས་ནས། འཆི་བ་རྗེས་སུ་དྲན་པར་བླ་མས་བྱིན་གྱིས་རློབས་ཤིག །མི་རྟག་རྒྱུད་ལ་སྐྱེ་བར་བླ་མས་བྱིན་གྱིས་རློབས་ཤིག །ངན་ཞེན་ལེ་ལོ་སྤོང་བར་བླ་མས་བྱིན་གྱིས་རློབས་ཤིག །དལ་མེད་སྒྲུབ་ལ་བརྩོན་པར་བླ་མས་བྱིན་གྱིས་རློབས་ཤིག །ཚེ་འདིར་ཐར་པ་ཐོབ་པར་བླ་མས་བྱིན་གྱིས་རློབས་ཤིག །ཅེས་གསོལ་དྲག་ཏུ་བཏབ། མོས་གུས་བཅོས་མ་མིན་པ་སྐྱེས། མི་རྟག་པས་རྒྱུད་འཁུལ་བ་ན་བླ་མ་དཀོན་མཆོག་རང་ལ་བསྟིམ། སྐྱོ་ཤས་རང་དྭངས་འཛིན་མེད་རང་གྲོལ་གྱི་ངང་དུ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམ། ལུས་དགེ་བ་ལ་བཀོལ་བའི་ཕྱིར་བྲན་གྱི་བློ་བཞག་ནས། ཟས་གོས་འདི་དག་གླ་བརྔན་དུ་བྱིན་ནས་དགེ་བ་ལ་ཡང་དག་པར་སྦྱོར་བར་བྱའོ་སྙམ་ནས། འཆི་བ་རྗེས་དྲན་གྱི་བློས་དྲངས་པའི་སྐྱེ་རྒ་ན་འཆི་ཅན་གྱི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་

p. 233

མེད་པ་ཞིག་ཅི་སྐྱེས་བལྟ་བར་བྱའོ། ། ༡༦ མདོའི་ལུང་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་ནི་ཚད་མར་གྱུར་ཅིང་དཔང་དུ་གྱུར་པས། སྤྱིར་འདུས་བྱས་མི་རྟག་ཅིང་། སྒོས་ཚེ་སྲོག་མི་རྟག་པ་ནི། མདོ་ལས། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། ཕ་མ་ཕུ་ནུ་སྲིང་མོ་བུ་དང་བུ་མོས་ནི་བསྐོར། དབུགས་ནི་ཆད། ནོར་རྣམས་ནི་བགོ་བཤའ་བྱ་ཟེར། ཀྱི་ཧུད་ཕ། ཀྱི་ཧུད་མ། ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་གཤིག །སྦྱིན་པ་དང་། དཀའ་ཐུབ་དང་ཆོས་འབའ་ཞིག་གྲོགས་སུ་གྱུར་པས་ན། ཆོས་མ་གཏོགས་སྐྱབས་དང་གནས་དང་དཔུང་གཉེན་གཞན་མེད་དོ། །དེའི་དུས་ན་ཆོས་ནི་གླིང་དང་མགོན་དང་གནས་དང་སྟོན་པར་འགྱུར་རོ། །ཞེས་གསུངས་པ་བཞིན་དུ་སུ་ཆེ་སུ་བཙན་འཁོར་ལོས་སྒྱུར་རྒྱལ་སོགས་འཇིག་རྟེན་གྱི་བདག་པོར་གྱུར་ཀྱང་ཅིས་ཀྱང་མི་ཕན་པ་འཆི་བར་ངེས། དེ་ཡང་ནམ་འཆི་ཆ་མེད། དེ་རིང་ཙམ་ཡང་ཡིད་བརྟན་མི་རུང་བས། འཁོར་ལོས་སྒྱུར་རྒྱལ་གྱི་བུ་ཐུ་བོ་སྟོང་དང་། བཙུན་མོ་དམ་པ་བརྒྱད་ཁྲི། བློན་པོ་ཆེན་པོ་སོགས་གང་ལས་ཀྱང་ཆོས་ཚིག་གཅིག་སྟོན་པའི་དགེ་བའི་བཤེས་གཉེན་གྲོགས་སུ་བཟང་། དམག་དཔོན་རིན་པོ་ཆེ་སོགས་དཔུང་ཚོགས་ཡན་ལག་བཞི་ལས་ཀྱང་ཐར་པར་དཀྲི་བའི་ཚངས་པ་མཚུངས་པར་སྤྱོད་པ་བཤེས་སུ་བཟང་། རིན་ཆེན་སྣ་བདུན་གྱི་ཕོ་བྲང་། རྔ་ཡབ་ནོར་བུའི་ཡུ་བ་ཅན། གདུགས་དང་རྒྱལ་མཚན་བ་དན་དར་གྱི་ཅོད་པན་དུ་མ་བསྒྲེང་བ། རིན་པོ་ཆེའི་རྒྱན་ཕྲེང་དང་། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ། སྐར་ཁུང་དང་དྲྭ་མིག་མང་པོས་མཛེས་པར་བྱས་པའི་ཁང་བཟང་དང་། ཕྱོགས་བཞིར་སྐྱེད་མོས་ཚལ་

p. 234

ལྗོན་ཤིང་དང་མེ་ཏོག་དང་མཚོ་དང་རྫིང་བུ་དྭངས་ཤིང་བསིལ་བ། བྱ་སྣ་ཚོགས་སྐད་སྙན་སྒྲོགས་པ་རྣམས་སུ་སྤྱོད་ལམ་བཞིས་ཅི་དགར་རྩེད་འཇོས་དགའ་བར་རོལ་པ་ལས། ས་རྡོའི་སྤྱིལ་བུར་ཞག་གཅིག་ཙམ་སྒོ་གསུམ་མི་དགེ་བས་དབེན་པར་བསྡད་པ་གནས་སུ་བཟང་། འཁོར་ལོ་ནོར་བུ་རྟ་གླང་སོགས་ཀྱི་དཔལ་འབྱོར་དང་། ས་གཞི་འདོད་ཡོན་ཕུན་ཚོགས་ཀྱིས་གང་བ་ལས། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཕྱགས་དར་ཁྲོད་པ་དང་བསོད་སྙོམས་ངན་ངོན་གྱི་གོས་དང་བཟའ་བཏུང་ལ་བརྟེན་ནས་དགེ་བ་སྣ་གཅིག་ཙམ་བཟུང་བ་ནོར་དུ་ཆེ་བའི་དུས་ཤིག་ཅིས་ཀྱང་འོང་བས། འདི་བསམ་པར་བྱ། ལག་ཏུ་བླང་བར་བྱ། ཁྱད་པར་ལྔ་བརྒྱ་ཐ་མ་ཚེ་ལོ་ལྔ་བཅུ་ཁ་རལ་གྱི་དུས་སུ་ནམ་འཆི་ཆ་མེད་འདི་ལ་སྐད་ཅིག་མ་གཅིག་ཏུའང་ཡིད་བརྟན་དུ་རུང་བ་འདུག་གེ། ཚུལ་འདི་ལ་ལྐོག་གྱུར་མིན་པར་མངོན་སུམ་དུ་མཐོང་བ་ལ་བསམས་ནས། བློ་སྣ་བསྟུངས། སྐྱོ་ཤས་བསྐྱེད། བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ནས། རྒྱལ་བའི་བཀའ་ལ་གུས་པར་བྱིན་གྱིས་རློབས། །དེ་དོན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྡོད་ཆིས་གྲབས་ཤོམ་མེད་པར་བྱིན་གྱིས་རློབས། །འགྲོ་ཆིས་དགེ་ལ་བརྩོན་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། མོས་གུས་ཀྱིས་ཡིད་འཁུལ། ལོང་མེད་ཀྱི་བློས་དགེ་བའི་བསམ་པ་དྲག་ཏུ་སྐྱེས་པ་དང་། བླ་མ་དཀོན་མཆོག་རང་ལ་བསྟིམ། རྟག་ཆད་འགྲོ་འོང་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཚུལ་མ་རྟོགས་པ་ལ་བརྟེན་ནས་རང་གཞན་སྐྱེ་འཆིའི་སྡུག་བསྔལ་སྣ་ཚོགས་མྱོང་བ་ལ་མི་བཟོད་པའི་སྙིང་རྗེའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམ་ཞིང་། གསོལ་བ་བཏབ་ནས་མི་རྟག་པའི་བློས་བརྩོན་འགྲུས་མགོ་ལ་མེ་ཤོར་བ་གསོད་པ་ལྟ་

p. 235

བུས་བསླབ་གསུམ་དྲི་མ་མེད་པ་དང་ཐོས་བསམ་སྒོམ་གསུམ་ལ་འབད་པར་བྱའོ། ། ༡༧ དམིགས་པ་སྣ་ཚོགས་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། སྤྱིར་འདུས་བྱས་སྐད་ཅིག་གིས་འཇིག་པ་དང་། ཁྱད་པར་འགྲོ་བའི་ལུས་ལོངས་སྤྱོད་ནི་ཆུའི་ཆུ་བུར་བརྩེགས་པ་དང་དྲི་ཟའི་གྲོང་ཁྱེར་ལྟར་ད་ལྟ་ཡོད་ཀྱང་ད་ལྟ་འཇིག་པས་ཡིད་བརྟན་མེད་དེ། གཉེན་བཤེས་འཁོར་བུ་རྟ་གྲྭ་བུ་སློབ་སོགས་ཅི་ཙམ་དུ་བཤེས་ཤིང་མང་ན་ཡང་། ཉིན་ཕྱེད་ཁྲོམ་ཚོགས་པའི་ལྟད་མོ་བ་བཞིན་དུ་སོ་སོར་གྱེས་པའི་ཆོས་ཅན་ལས་མ་འདས། ད་ལྟ་ཉིད་དུ་གསོན་པོར་ཡོད་བདོ་ལ་ཚིག་གཅིག་ལབ་ལོང་མེད་པར་དུག་སོགས་ཀྱིས་འཆི་བས། དོ་ནུབ་གསོན་པོར་ཉལ་བའི་མལ་ན་སང་ཤི་བའི་རོ་ཡོང་བར་ཅིས་མ་མཐོང་། དེས་ན་སྐད་ཅིག་ཀྱང་མི་གནས་པར་འཆི་བདག་གི་དྲུང་དུ་མྱུར་དུ་འགྲོ་བས། ཤི་བའི་ནངས་པར་ཆོས་མིན་པར་གང་ཡང་མགོན་སྐྱབས་སུ་མི་འགྱུར་བ་ལ་བསམས་ནས། བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་བཞིན་བསྒོམས་ཏེ། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །བརྩོན་འགྲུས་ཉམས་པ་མེད་པར་བྱིན་གྱིས་རློབས། །ཉིན་མཚན་དགེ་བས་འདའ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། བླ་མ་དཀོན་མཆོག་གིས་ཡིད་འཕྲོག །མི་རྟག་པ་དང་ཞེན་ལོག་བཙན་ཐབས་སུ་སྐྱེས། སེམས་ཅན་ཕ་མར་ཤེས་པས་ཡིད་གདུངས་ཕན་བྱིན་རླབས་ཕེབས་པ་ཡིན་པས། བླ་མ་དཀོན་མཆོག་རང་ལ་བསྟིམས་ནས་དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཚེ་འདིའི་བསྟོད་གྲགས་བདེ་འབྱོར་སྒྲུབ་པའི་བྱ་བ་ཐམས་ཅད་ལིང་ངེར་བོར་ལ་རྣམ་པ་ཀུན་ཏུ་སྒོ་གསུམ་དགེ་བ་ལ་གནས་པར་བྱའོ། །

p. 236

༡༨ བསྟན་བཅོས་ཀྱི་ལུང་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་ཉམས་སུ་བཞེས་པ་བཞིན་དུ་འགྲོ་བ་ལ་ཕན་པའི་དོན་དུ་མི་རྟག་པ་རང་རྒྱུད་ལ་ཤར་བ་ཐོལ་ཚིག་ཏུ་གསུངས་པའི་དོན་རང་རྒྱུད་ལ་སྦྱར་དགོས་ཏེ། བཤེས་སྤྲིངས་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པའི་དོན་ནི། ཀྱེ་མ་དབུགས་དབྱུང་རྔུབ་བམ་གཉིད་ལོག་སད་ཀྱི་རིང་ལ་མ་ཤི་བ་དེ་ཁ་རྗེ་རེ་ཆེ་ཨང་། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཉིད་ཀྱི་དེ་ལྟ་མིན། །དེ་རྣམས་ཉིད་ནི་འཆི་བའི་ཡང་། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་པས་འཆི་རྐྱེན་མང་། གསོན་རྐྱེན་ཉུང་། གསོན་རྐྱེན་ཀྱང་འཆི་རྐྱེན་དུ་འགྱུར་བས་འཆི་ངེས་པའི་རྗེས་སུ་གཏན་བདེའི་རྒྱུ་དགེ་བ་མེད་པར་ལག་སྟོང་འགྲོ་དགོས་ན་ཆེས་ཡ་མི་ངའམ། སྤྱོད་འཇུག་ལས། བདག་ནི་མལ་ན་གནས་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང་། །སྲོག་ཆད་པ་ཡི་སྡུག་བསྔལ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་རང་གིས་སྤྱད་པའི་ལས་འབྲས་གཞན་ལ་བགོར་མེད་པས། རང་ཉིད་ཀྱི་བདེ་སྡུག་རང་ལ་རག་ལས་པ་འདི་མ་ཤེས་པར་གཞན་ལ་རག་ལས་པ་སྐད་དུ་འཁྲུལ་བའི་སྨྱོ་ཚབ་འདི་རྟག་འཛིན་གྱི་གདོན་ཅི་ལྟ་བུ་ཞིག་གིས་ཟིན། དེས་ན་ལས་ཉོན་གྱི་དབང་གིས་སྐྱེ་འཆིའི་འཁྲུལ་འཁོར་དུ་ཚུད་ཚར་རྗེས། སྐྱེ་འཆི་ལས་གྲོལ་བའི་ཐབས་ཀྱི་བླང་དོར་ཇི་མི་སྙམ་དུ་འཇོག་པ་འདི་ནི་བ་ལང་ལྟར་ཤེས་བྱའི་སྒྲིབ་པའི་མ་རིག་པ་ཆེན་པོ་དང་། ལས་རྒྱུ་འབྲས་ལ་

p. 237

རྨོངས་པའི་ཉོན་སྒྲིབ་ཆེས་ཆེ་བའོ། །དེ་ལྟར་བསམས་ནས་བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་བཞིན་བསྒོམས་ལ། ཆོས་དོན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དོན་མེད་བྱ་བ་ཐོངས་པར་བྱིན་གྱིས་རློབས། །ན་མེད་བྱ་བྲལ་ནུས་པར་བྱིན་གྱིས་རློབས། །དོན་ཡོད་དགེ་བ་བསྒྲུབ་པར་བྱིན་གྱིས་རློབས། །མི་ཚེ་ཆོས་ལ་འཁྱོལ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་ནས། བཅོས་མིན་གྱི་མོས་གུས་དང་མི་རྟག་པས་རྒྱུད་འཁུལ་བ་ན། བླ་མ་དཀོན་མཆོག་རང་ལ་བསྟིམ། ཚེ་འདིའི་བྱ་བ་རང་ལོག་གི་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པ་སྔར་ལྟར་བསྒོམ། གསོལ་བ་གདབ། བསྟན་འཛིན་དམ་པ་རྣམས་ཀྱི་རྣམ་ཐར་བཞིན་བློ་སྣ་བཙན་ཐབས་སུ་བསྟུང་བར་བྱའོ། ། ༡༩ བླ་མའི་མན་ངག་དང་རྣམ་ཐར་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། སྔོན་བྱོན་གྱི་སྐྱེས་བུ་དམ་པ་ཐམས་ཅད་མི་རྟག་པས་ཐུགས་རྒྱུད་བསྐུལ། ཚེ་འདི་བློས་བཏང་། སྒྲུབ་པ་སྙིང་པོར་མཛད་པས་དོན་གཉིས་མཐར་ཕྱིན་པ་ཡིན་ཏེ། ཇོ་བོ་ཨ་ཏི་ཤས་ཀྱང་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་སོགས་དཔལ་འབྱོར་ཐམས་ཅད་སྤངས། ཡབ་རྒྱལ་པོ་དགེ་བའི་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་ལ་སོགས་པ་གཉེན་བཤེས་ཐམས་ཅད་ལ་འཁྲི་བ་བཅད། རྒྱལ་སྲིད་རྩྭ་བཞིན་དོར་ནས་ཐར་པར་བཤེགས་ཏེ་དེའང་མི་རྟག་པ་ཁོ་ནས་ཐུགས་རྒྱུད་བསྐུལ་བར་གདའ་སྟེ། དེ་རིང་འཆིའམ་སང་ཉིན་འཆི་ཅིས་ཀྱང་དགོས་པ་མེད་ཅེས་བྲིས་པའི་ཤོག་དྲིལ་གྱིས་ཤིང་གི་མཆོད་རྟེན་བཀང་ནས་འབྲལ་མེད་གསུང་གི་རྟེན་དུ་མཛད། སྤྱན་ལམ་ནས་ནམ་ཡང་མི་འབྲལ་བར་དེའི་དོན་ལ་དགོངས་ནས་འཇིག་རྟེན་གྱི་ཆོས་བརྒྱད་མགོ་

p. 238

སྙོམས་ཏེ་སྒྲུབ་པ་སྙིང་པོར་མཛད། ཇོ་བོས་ལོ་ཆེན་རིན་ཆེན་བཟང་པོ་ལ་སྟན་གཅིག་གི་སྟེང་དུ་སྙིང་པོ་བསྡུ་དགོས་པའི་མན་ངག་གསུངས་པའི་རྐྱེན་གྱིས་མི་རྟག་པ་ཐུགས་རྒྱུད་ལ་འཁྲུངས་ནས་དབུ་སྐྲ་དཀར་པོ་ཡོད་པ་གཟིགས་སུ་ཕུལ་ཏེ་སྒྲུབ་པ་རྩེ་གཅིག་ཏུ་བྱེད་པ་མ་གཏོགས་ཆོས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལིང་གིས་བསྐྱུར་བར་ཞུས་ནས། སྒྲུབ་ཁང་རིམ་པ་གསུམ་གྱི་སྒོ་གསུམ་ལ་རིམ་བཞིན་ཟངས་དངུལ་གསེར་གྱི་གླེགས་བུ་ལ་འདིའི་ནང་དུ་མི་དགེ་བ་དང་། ཚེ་འདི་དང་། ལུང་མ་བསྟན་གྱི་རྟོག་པ་སྐད་ཅིག་མ་གཅིག་འགྱུས་ན་ཆོས་སྐྱོང་རྣམས་ཀྱིས་མགོ་བོ་ཨརྫ་ཀའི་དོག་པ་བཞིན་ཁོས་ཤིག །ཅེས་རིམ་པ་བཞིན་བྲིས་ནས་མནའ་དོར་ཏེ་སྒྲུབ་པ་སྙིང་པོར་མཛད་པས་ལོ་དྲུག་ན་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། ཆག་ཁྲི་མཆོག་གིས་འཇིག་རྟེན་གྱི་མཚམས་པོ་ཆེ་བཅད། སྨྱོན་པའི་བརྟུལ་ཞུགས་བཟུང་ནས་བསྒྲུབས་པས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། རྣལ་འབྱོར་པ་ཨ་མེས་བྱང་ཆུབ། ཤེས་རབ་རྡོ་རྗེ། འཛེང་སྒོམ་དབང་ཕྱུག་རྒྱལ་མཚན་གསུམ་མི་རྟག་པའི་ལྕག་ཆེན་པོས་བྲབས་ནས་སྒྲུབ་པ་སྙིང་པོར་མཛད། དགེ་བཤེས་སྟོན་པས་ཀྱང་ཚེ་འདི་དང་འདྲེས་པའི་དགེ་བའི་བྱ་བ་ཅི་བྱེད་ཀྱིན་འདུག་ཀྱང་། བུ་དེ་ལས་ཀྱང་ཆོས་གཅིག་རང་བྱས་ན་དྲག །ཆོས་གང་ཡིན་ན། ཚེ་བློས་བཏང་། འཆི་ངེས་པའི་ལོང་མེད་ཀྱིས་སྙིང་གཟེར་ཐེབ་པར་བྱ། དེ་མ་བྱས་ན་ཆོས་བྱས་པར་རློམས་ཚད་ཚེ་འདིའི་ལག་ཆར་འགྲོའོ་ཞེས་ཁོ་ན་གསུངས། དགེ་བཤེས་པོ་ཏོ་བ་དགོང་ཆོས་གསུངས་ཚར་བའི་རྗེས་ལ་དོ་ནུབ་མ་ཤི་ན་སང་ཆོས་འཕྲོ་འཆད་དེ། ཅིར་འགྱུར་ན་ཨང་། ཞེས་གསུངས། པོ་ཏོ་བའི་ཀ་བ་ཀྱོག་པོ་བརྗེ་བར་ཞུས་པས། རང་རེས་ཁོ་བརྗེ་མི་འཚལ། ཁོས་རང་རེ་མྱུར་དུ་བརྗེར་འོང་གསུངས། ཞག་གཅིག་ཙམ་ཡང་

p. 239

བཞུགས་ལོང་མེད་པར་དགོངས་ནས་ཆོས་བཞིན་འདུལ་བ་བཞིན་སྟོན་པའི་བསྟན་པ་རྒྱས་པར་མཛད། དཔལ་ལྡན་ཁ་རག་སྒོམ་པ་སྣེའུ་ཀེ་རུ་ན། ལོ་མ་ཅུང་ཟད་ལ་བརྟེན་ནས་ཡུན་རིང་པོར་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས། ཇ་མགྲོན་པ་ཞིག་དད་ནས་ལན་གཅིག་ཇ་བག་ཆེན་པོ་གཅིག་ཕུལ་བས། དེར་ཞོག་གསུངས་ནས་བྲག་རྩ་ཞིག་ཏུ་བཞག །ཡང་ལོ་ཧྲིལ་པོ་གསུམ་སོང་བ་ན་ཁོས་ཇ་བག་ཆེན་པོ་གཅིག་འབུལ་དུ་ཕྱིན་པས། སྔར་ཕུལ་བ་དེ་དེ་ག་ན་ས་རྡུལ་ཆམ་མེར་འདུག་པས། འདི་བསྐོལ་ནས་མི་གསོལ་བར་ཞུས་པས། ནམ་འཆི་མི་ཤེས་པའི་བྲེལ་རིང་ཞིག་གིས་ངས་ཁོ་བསྐོལ་རིང་ཁོས་ང་བསྐོལ་དུ་ཡོང་བར་འདུག་སྙམ་པས་བསྐོལ་མ་ཐུབ་པར་ལུས། ད་ཁྱེད་རང་ཇ་སྔ་རྟིང་གཉིས་ཀ་ཁྱེར་ཏེ་སོང་གསུངས་ཏེ། དེ་ལྟ་བུའི་ལོང་མེད་ཀྱི་སྒྲུབ་པ་མཛད་པས་དངོས་གྲུབ་བརྙེས། དེས་ན་བཀའ་བརྒྱུད་ཀྱི་སྒྲུབ་པ་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་འདི་ལ་ཁམས་པ་ཞིག་གིས་སྟོན་པའི་སྐྱེས་རབས་ཉན་པས། ཤཱཀྱ་ཐུབ་པ་ཁྱོད་སངས་མི་རྒྱ་ན་སུ་རྒྱ་ཞེས་ཟེར་བ་བཞིན་དུ་ཁོང་བླ་མ་རྗེ་བཙུན་པ་རྣམས་གྲུབ་པ་མི་ཐོབ་ན་སུས་ཐོབ། རང་རེ་རྣམས་གོས་གྱོན་རྒྱུ་ཡོད་པས་མི་ཆོག་ལེགས་པ་ཞིག་དགོས། ཟས་ཟ་རྒྱུ་ཡོད་པས་མི་ཆོག་ཞིམ་པ་ཞིག་དགོས། སྐོམ་འཐུང་རྒྱུ་ཡོད་པས་མི་ཆོག་ཁྱད་ཇ་རིན་ཐང་ཅན་ཞིག་དགོས། ནོར་འཕྲལ་དུ་ཅི་བདེར་སྤྱོད་རྒྱུ་ཡོད་པས་མི་ཆོག་པར་མི་རབས་མང་པོར་གྲྭ་སློབ་ཀྱི་དོན་དུ་བཞག་རྒྱུ་ཡོད་པ་ཞིག་དགོས། བྱས་ཀྱང་རུང་མ་བྱས་ཀྱང་བཏུབ་པའི་ལས་དེ་འཆི་བ་སྙིང་གཟེར་གྱི་ཆོས་ལ་བྱེད་པར་སྣང་བས། ཤེས་པ་རྣལ་དུ་ཡོད་བྱས་ན་ཅི་འདྲ། མེད་བྱས་ན་ཚེ་འདི་ཕྱིའི་འདུན་མ་གཏན་བརླག་ཏུ་འགྲོ་བའི་གྲོས་རླབས་འདི་ག་ཙམ་གྱི་ཤེས་སྒོ་ཆེ་ལུགས་ལ་ཨང་བསམས་ནས། བཀའ་བརྒྱུད་གོང་མའི་

p. 240

རྣམ་ཐར་རང་གི་སྒོ་གསུམ་གྱི་ཐོག་ཏུ་བླངས་ཏེ། སྔར་བཞིན་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམས་ནས། དམ་པའི་རྣམ་ཐར་ཟིན་པར་བྱིན་གྱིས་རློབས། །ཚེ་འདིའི་ཞེན་པ་བྲལ་བར་བྱིན་གྱིས་རློབས། །ལོང་མེད་ལྕག་གིས་འབྲབ་པར་བྱིན་གྱིས་རློབས། །སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། མོས་གུས་བཅོས་མིན་དུ་དུང་དུང་། བློ་སྣ་བཙན་ཐབས་སུ་སྦུད་སྦུད། ཞེན་ལོག་སྡོད་ཚུགས་མེད་པར་རྐམ་རྐམ་སྐྱེས་པ་ན། བླ་མ་དཀོན་མཆོག་རང་ལ་བསྟིམས་ནས་དེ་ལྟའི་ངེས་ཤེས་བློ་བྲལ་གྱི་ངང་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་སྒོམ་ཞིང་གསོལ་བ་བཏབ་ནས། ཅིས་ཀྱང་ཚེ་ཐུང་འདི་ལ་འཇིག་རྟེན་གྱི་བྱ་བ་བྱེད་ལོང་མེད་པར་བླ་མ་རྗེ་བཙུན་པའི་རྣམ་ཐར་ཅི་ཟིན་ལ་བསླབ་པར་བྱའོ། ། ༢༠ དོན་དྲིལ་ནས་མི་རྟག་པ་བསྒོམ་པ་ནི། ངེས་པར་འཆི་ངེས། ནམ་འཆི་ངེས་པ་མེད། འཆི་བའི་ནངས་པར་ཆོས་མིན་པ་གང་གིས་ཀྱང་མི་ཕན། ཆོས་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ནོར་བ་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ལམ་འཆུགས་མེད་ཀྱི་སྙིང་པོ་དངོས་དེ་འདི་ཡིན་པས། འདི་སྒྲུབ་པ་ལ་ཚེ་འདིའི་བྱ་བས་མི་གཡེང་། གཅིག་ཏུ་བརྩོན་པ་དྲག་པོས་བརྩོན་འགྲུས་ཀྱི་རྟ་བསྐུལ་བའི་ལྕག་ལ་འཆི་བ་མི་རྟག་པ་དགུ་རུབ་ཏུ་སྙིང་ལ་འབྲབ་དགོས་ཏེ། འདུས་བྱས་མི་རྟག་པ་སྐད་ཅིག་ཀྱང་མི་སྡོད་པ་ཆུ་འབབ་པ་དང་འདྲ། ཚེ་འདི་མི་རྟག་པ་རྩྭ་རྩེའི་ཟིལ་པ་དང་འདྲ། ནམ་འཆི་ངེས་མེད་དོ་ནུབ་འཆི་ཉེན་ཆེ་བས་སང་ཙམ་གསོན་པའི་རེ་བའང་གདེང་མི་ཁེལ། ལུས་ཀྱང་མེར་བསྲེག་སོགས་གར་འགྲོའི་ཆ་མ་འཚལ། སྲོག་ལ་ཡིད་བརྟན་མེད་པར་དུས་ཚོད་ནམ་འཆད་པའི་ཆ་མ་མཆིས། འཆི་རྐྱེན་

p. 241

མཐའ་ཡས་ཤིང་གསོན་རྐྱེན་གྱིས་ཀྱང་གསོད་པ་ཕལ་ཆེ། རང་ཉིད་ཆོས་འཇིག་རྟེན་གཉིས་ཀ་ནས་དཔལ་འབྱོར་ཅི་འཛོམ་ཡང་འཆི་བ་ལས་ཐར་པའི་ཐབས་མེད་གཉེན་བཤེས་འཁོར་སློབ་ཅི་འཛོམ་ཡང་ར་མདས་འཆི་བ་ཟློག་མི་ཐུབ། སྟོང་གསུམ་རིན་ཆེན་སྣ་བདུན་གྱི་ནོར་གྱིས་བཀང་ཡང་འཆི་བ་བསླུ་བའི་ཐབས་མེད། དེ་ལྟར་འཆི་བ་དགུ་རུབ་ཏུ་བསྒོམས་པས་འཆི་བར་ཐག་ཆོད་པའི་ཚེ་ཕྱི་མ་ཕན་ཆད་དུ་དམ་པའི་ཆོས་མིན་པའི་མགོན་སྐྱབས་མེད་པ་ལ་འདི་མི་བསྒྲུབ་པར་སྡིག་པའི་ལས་དང་ཚེ་འདིའི་གཡེང་བའི་དབང་དུ་བཏང་སྟེ། དལ་འབྱོར་སྟོང་ཟད་བྱེད་པའི་ཁྱིམ་པ་ཕོ་རྒོད་མོ་གྲུང་། རབ་བྱུང་མཁས་བཙུན་བཟང་གསུམ་དུ་གྲགས་པ་འདི་རྣམས་སྙིང་རུལ་ལམ། སྨྱོའམ། བོག་གམ། གདོན་གྱིས་བརླབས་སམ། སྤྱང་རིག་མགོ་སྟོང་དུ་སོང་འདུག་གོ་སྙམ་དུ་བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ལ། མཁྱེན་རབ་སྤྱན་ལྡན་ཐུགས་རྗེའི་ཕྱག་ལྡན་རྣམས། །བདག་དང་མ་རྒན་འཁོར་བར་འཁྱམས་པ་ཀུན། །འཆི་བ་མ་དྲན་ཚེ་འདི་དོན་དུ་གཉེར། །དམ་ཆོས་མ་སྒྲུབ་སྡིག་པའི་ལས་ལ་སྤྱོད། །ལས་ངན་དྲག་པོའི་ནད་ཀྱིས་ཀུན་ནས་བཏབ། །རྐྱེན་ངན་མང་པོའི་གདོན་གྱིས་ཡོངས་སུ་གཟིར། །དྲན་པ་ཤེས་བཞིན་བྲལ་བའི་སྨྱོས་པ་འདི། །མཁྱེན་པའི་སྤྱན་གཟིགས་ཐུགས་རྗེའི་ཕྱག་གིས་ཟུངས། །རེ་ས་གཞན་མེད་སྐྱོབ་པ་གཞན་འདུག་གེ། །ཞེས་གསོལ་བ་དྲག་ཏུ་བཏབ། མི་རྟག་པས་ཡིད་འཁུལ། མོས་གུས་དང་སྙིང་རྗེ་བཅོས་མིན་སྐྱེས་པ་ན། བླ་མ་དཀོན་མཆོག་རང་ལ་བསྟིམས་ནས་སྣང་བ་བུན་ལོང་ངེར་དེར་འཛིན་གྱི་བློའི་མདུད་པ་རང་སར་གྲོལ་བ་ལ་ཡེངས་མེད་ཀྱི་དྲན་པ་ཡུད་དེ་བ་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ནས་

p. 242

གསོལ་བ་བཏབ་སྟེ། ཚེ་འདིའི་འབྲེལ་ཐག་ཀུན་བཅད་ནས། ན་མེད་བྱ་བྲལ་ལ་གཏད་པའི་དམ་ཆོས་བསྒྲུབ་པར་བྱའོ། ། ༢༡ སྒོ་སྣ་ཚོགས་ལ་བརྟེན་ནས་མི་རྟག་པ་བསྒོམ་པའི་ཚུལ་ནི། མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སུ་སྣང་བ་ཐམས་ཅད་སྐད་ཅིག་ཀྱང་མི་གནས་པས་བརྟག་ཅིང་དཔྱད་ན་ཡད་ཡུད་ཟང་ཟིང་ལང་ལོང་ལས་བརྟན་ཚུགས་པ་གཅིག་ཀྱང་མེད། དེས་ན་རྟག་བདེའི་གོ་འཕང་མ་ཡིན་པའི་ཡུལ་མནོག་ཆུང་ལ་ཆགས་སྡང་སྐྱེ་བའི་ལོང་མེད། འདུས་བྱས་སྐྱེས་ཙམ་ནས་འཇིག་པའི་ཆོས་ཅན་ལས་མ་འདས་པས་ལུས་ཚེ་སྲོག་ཀྱང་སྐྱེས་ཙམ་ཉིད་ནས་འཇིག་པ་སྟེ་འཆི་བ་དང་ལྷན་གཅིག་ཏུ་གནས། འགྲོ་བའི་སྐྱེ་འཆི་གང་ལ་བལྟས་བལྟས་འགྱུར་བའི་ཆོས་ཅན། སྙིམ་པ་ཆུས་བཀང་བ་ཟག་པ་མ་ཚོར་བ་བཞིན་ཚེ་ཟད་ནས་འཆི་བ་གཏུགས་ཏེ་སླེབས་འོང་བ་ལ་བསམས་ནས་བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ཏེ། འཆི་བ་མ་དྲན་པ་བདག་ལ་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །འདོད་ཡོན་ལོག་སྲེད་ཅན་བདག་ལ་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །བྱ་བ་ངན་ཞེན་ཅན་བདག་ལ་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །ཞེན་ཆགས་བརྩེ་གདུང་ཅན་བདག་ལ་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །འཁྲུལ་སྣང་བདེན་ཞེན་ཅན་རྣམས་ལ་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །ཅེས་གསོལ་བ་དྲག་ཏུ་བཏབ། མོས་གུས་དང་སྙིང་རྗེ་ཚད་མེད་པ་སྐྱེས། མཐོང་ཐོས་གང་དྲན་ཐམས་ཅད་མི་རྟག་པའི་བསྐུལ་མར་ལམ་ལམ་གྱུར་པ་ན་བླ་མ་དཀོན་མཆོག་རང་ལ་བསྟིམ། སྒོ་ལྔའི་ཡུལ་གང་ཤར་བ་ལ་དེར་འཛིན་དང་བྲལ་བ། མཚན་མའི་རྣམ་པར་རྟོག་པ་ཞི་བའི་དབྱིངས་ལ་

p. 243

མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམས་ནས། གསོལ་བ་བཏབ། གང་ཤར་གང་དྲན་མཐོང་ཐོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུ་མི་རྟག་པའི་གསལ་འདེབས་སུ་ཤར་བས་ཚེ་འདི་དང་མ་འདྲེས་པའི་སྒྲུབ་པ་ལ་འབད་པར་བྱའོ། ། ༢༢ འཆི་ཚུལ་བསམ་པ་དངོས་ལ་བརྟེན་ནས་མི་རྟག་པ་བསྒོམ་པ་ནི། དུག་མེ་སོགས་གློ་བུར་གྱི་ཡེ་འདྲོགས་ལ་བརྟེན་ནས་འཆི་བ་དང་། ཕལ་ཆེར་རླུང་མཁྲིས་སོགས་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གདོན་གྱིས་གཟིར་བས། ལུས་གཟེར། སེམས་འཁྲུགས། དབུགས་སྔ་ཕྱི་བར་མཚམས་མེད་པར་སྒྲ་ངར་ངར་པོས་བཏབ་ནས་སྨན་དཔྱད་རིམ་གྲོ་བྱ་ལོང་མེད་པར་གཏམ་ཚིག་གཅིག་ཀྱང་འཇོག་མ་ཁོམ་པར་ཚེ་འདི་ལ་ཆགས་ཤིང་ཞེན་བཞིན་དུ་ཐུམ་རིལ་ལེར་འཆི་བའམ། འགའ་ཞིག་ཡུན་རིང་པོར་ནད་ཀྱིས་མནར། རིམ་གྲོ་བྱས་ཀྱང་བྲུབས་པ་བཞིན། སྨན་དཔྱད་བྱས་ཀྱང་བརྒྱབ་པ་བཞིན། ལུས་སེམས་བཟོད་གླགས་མེད་པའི་ནད་དང་སྡུག་བསྔལ་གྱིས་ནོན། བཤང་ལྕི་དབང་མེད་དུ་འཆོར། ཁ་སྣའི་ཆུ་རང་གར་འབབ། ལུས་སྐམ་པ་ལྟར་མི་བཟོད། བཞིན་གྱི་མདོག་ཤོར། སྤུ་ཤི་གྲ་ཆག །གཏམ་གྱི་ཤེད་ཆག །ཨ་ན་ཧུ་ཁྱུའི་སྒྲ་དལ་མེད་དུ་འབྱིན། ནུབ་མོར་གཉིད་མེད་པས་མཚན་མི་ཆོད། ཉིན་མོར་དབང་མེད་དུ་འཐིབས་པས་སྡུག་བསྔལ། ཟས་ཟོས་པས་ཕན་ཀྱང་ཞེ་ཁ་ལོག །སྐོམ་འཐུང་བར་འདོད་ཀྱང་སྨན་པས་བཀག །ཕན་པའི་ཐབས་མེད། བྱེད་པའི་རྒྱུ་ཟད། མལ་གྱི་ཐ་མ་ལ་འགྲེ་ལྡོག་བྱེད་ཅིང་། གཉེན་གྱི་ཐ་མས་བསྐོར་ནས་བཞིན་བསྡུས། ཟས་ཀྱི་ཐ་མ་ཁར་སྙོད། གཏམ་གྱི་ཐ་མ་འོར་བསྐྱེད་བྱེད། དེའི་འཕྲོ་ལ་ཚིག་

p. 244

ཕྱེད་ལབ་ལོང་མེད་པར་འབྱུང་བ་རིམ་གྱིས་སྡུད་པས་ཁ་སྣ་སྐམ། གདོང་ལ་རྡུལ་ཆགས། ལུས་ཀྱི་དྲོད་མཐའ་ནས་སྡུད། སེམས་འཇིགས་སྐྲག་དང་བཅས་པས་ཙབ་ཙུབ་ལང་ལོང་ཕྱད་ཕྱོད་དུ་ས་འོག་ཏུ་ལྷུང་བ་སྙམ་བྱེད་ཅིང་། ཉེ་དུའི་གདོང་ལ་ཧར་ཧར་བལྟ། གོས་ལ་ནོམ་ནོམ་འཇུ། ཅི་བྱེད་གཏོལ་མེད། དབུགས་ནི་ཁ་སྣ་གཉིས་ཀ་ནས་ཀྱང་གཤོ་ཡང་གཤོ་བའི་ངང་ལ་ནང་དུ་ལྡོག་པ་མེད་པར་རྦད་དེ་ཆད། མིག་སྐྱ་ལོག་གེར་དེར་ཤི་ཟེར་ནས། ཇི་ལྟར་ཉེ་བ་དང་བརྩེ་བ་ཅན་རྣམས་ཀྱིས་ཀྱང་བྱ་ཐབས་མེད་པར་ངུ་ཞིང་བྲང་བརྡུང་། གཞན་འགས་རང་རེས་གསོན་དུས་ཟ་འཐུང་མ་ནུས་པར་སྲོག་ལས་གཅེས་པར་བཟུང་བའི་ནོར་རྫས་རྣམས་རྐུ་འཕྲོག་སློང་གསུམ་གྱིས་ཐོ་རེ་ལོང་ངེར་ཁྱེར། ཤི་བའི་རོ་དེ་དུར་ས་གང་རུང་ཞིག་ཏུ་མེད་པར་བྱེད། ལུས་དང་བྲལ་བའི་སེམས་དེ་རང་གིས་བསགས་པའི་ལས་དང་ལྷན་ཅིག་ཤིང་བལ་རླུང་གིས་བདས་པ་ལྟར་བར་དོར་དབང་མེད་དུ་འཕྱོ། ལས་ཀྱི་དབང་གིས་ཕྱི་མའི་སྐྱེ་གནས་འཛིན། དེར་ཡང་རིགས་དྲུག་གི་སྡུག་བསྔལ་མྱོང་བ་འདི་འགྲོ་བ་སྤྱི་ཐོག་ན་གནས་པས་གཟུར་མེད་ཅིང་། སྒོས་རང་ཐོག་ཏུ་འོང་བར་བསམས་ནས་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམ། འཆི་བས་བྲེད་ཅིང་འཇིགས་པར་བྱིན་གྱིས་རློབས། །ཐུགས་རྗེས་ཟུངས་ཤིག །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །ཐུགས་རྗེས་ཟུངས་ཤིག །ལོང་མེད་ལྕག་གིས་འབྲབ་པར་བྱིན་གྱིས་རློབས། །ཐུགས་རྗེས་ཟུངས་ཤིག།།བྱ་རྒྱུ་ཆོས་ལས་མེད་པར་བྱིན་གྱིས་རློབས། །ཐུགས་རྗེས་ཟུངས་ཤིག །རྗེ་ལ་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཐུགས་རྗེས་ཟུངས་ཤིག །འགྲོ་ལ་སྙིང་རྗེས་བརྩེ་བར་བྱིན་གྱིས་རློབས། །ཐུགས་རྗེས་ཟུངས་ཤིག །ཅེས་གསོལ་བ་དྲག་ཏུ་བཏབ་པས། མི་རྟག་པས་བྲེད་ཤ་ཐོན། བླ་མས་ཡིད་འཕྲོག །སེམས་ཅན་

p. 245

ལ་བཟོད་མེད་དུ་སྙིང་རྗེ་སྐྱེས་པ་ན། བླ་མ་དཀོན་མཆོག་རང་ལ་བསྟིམས་ཏེ། སེམས་ཉིད་སྐྱེ་འགག་གནས་པ་དང་བྲལ་བ། སྐྱེ་འཆི་མེད་པ་སྤྲོས་བྲལ་གྱི་དོན་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་བཞིན་བསྒོམས་ནས་གསོལ་བ་གདབ། སྤྱོད་ལམ་ཀུན་ཏུ་འཆི་བ་མི་རྟག་པས་རྒྱུད་འཁུལ་ཏེ། ཚེ་འདིའི་བྱ་བ་ལ་ཞེན་པ་ལོག་པས་དལ་བ་མེད་པར་མཆོག་གི་བྱ་བ་བསྒྲུབ་པ་ལ་སྙིང་ནས་བརྣག་པར་བྱའོ། ། ༢༣ འཆི་བ་མི་རྟག་པ་བསྒོམ་པའི་དམིགས་སྐོར་བཅུ་པོ་འདི་ལ་རེ་རེ་བཞིན་མི་རྟག་པ་ལ་རྟག་པར་བཟུང་ནས་འཆི་བ་མ་དྲན། ཚེ་འདི་དོན་དུ་གཉེར་སྡིག་པའི་ལས་ལ་འཇུག་པ་རྣམས་རང་རེའི་ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་དེ་ཤེས་པར་བྱས་ནས་བཟོད་མེད་ཀྱི་སྙིང་རྗེ་བསྒོམ། དེ་དག་གི་དོན་དུ་ལོང་མེད་ཀྱི་བརྩོན་འགྲུས་དྲག་པོས་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མཉམ་གཞག་དང་རྗེས་ཐོབ་ཐམས་ཅད་དུ་ཐབས་ཤེས་ཟུང་འབྲེལ་གྱི་དགེ་བས་དུས་འདའ་བ་ལས་གཞན་དུ་སྐད་ཅིག་ཀྱང་མི་འགྱུར་བར་བྱའོ། ། ༢༤ སྤྱིར་འཁོར་འདས་ཀྱི་ཀུན་རྫོབ་ཀྱི་དངོས་ཆོས་ཐམས་ཅད་ལས་རྒྱུ་འབྲས་སུ་གནས་པ་ལས། དང་པོ་འཁོར་བའི་རྒྱུ་འབྲས་སེམས་པ་ནི། ཚེ་འཕོས་ནས་སྔོན་ལས་ཀྱི་དབང་གིས་འཁོར་བར་འཁོར་བ་ནི་སྡིག་པའི་ལས་ཀྱིས་ངན་འགྲོ་དང་། ཟག་བཅས་ཀྱི་དགེ་བའི་ལས་ཀྱིས་བདེ་འགྲོ་ཐོབ་པ་ལས། ཚེ་འདི་ནས་ཚེ་རབས་གཞན་དུ་འགྲོ་བ་ན་ལོངས་སྤྱོད་གཉེན་དང་མཛའ་བཤེས་རྗེས་སུ་མི་འབྲང་། སྐྱེས་པ་དེ་དག་སྐྱེ་བ་གང་ནས་གང་དུ་འགྲོ་བར་ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་བ་ལས་གཞན་དུ་འགྱུར་བ་མེད་པས། ལས་འབྲས་ལ་ཡིད་ཆེས་ཁྱད་པར་ཅན་ཡོད་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན། དེ་

p. 246

ཡང་ལས་འབྲས་བསླུ་བ་མེད་པ་ཇི་ལྟར་འགྱུར་བ་ནི། མི་དགེ་བཅུ་པོ་ཤས་ཆེར་སྤྱད་པས་དམྱལ་བ། འབྲིང་དུ་སྤྱད་པས་ཡི་དྭགས། ཆུང་ངུ་སྤྱད་པས་དུད་འགྲོར་སྐྱེ་སྟེ་རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་མཐུན་གྱི་འབྲས་བུ་ལས། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། སྡུག་བསྔལ་བཟོད་པར་དཀའ་བ་དཔག་ཏུ་མེད་པ་ཉམས་སུ་མྱོང་། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི། དེར་ཡང་མི་དགེ་བ་སྣ་ཚོགས་བྱེད། བདག་པོའི་འབྲས་བུ་ནི། ལྕགས་སྲེག་གི་ས་གཞི། རླུང་བུ་ཡུག་འཚུབས་པའི་འཁྱགས་སྦུབས། མེ་མ་མུར་གྱི་ཐང་། རོ་མྱགས་ཀྱི་འདམ། རྣག་ཁྲག་གི་རྒྱ་མཚོ། མུན་ནག་གི་སྨག་རུམ་ལ་སོགས་པར་ངན་སོང་གསུམ་གྱི་འགྲོ་བ་རྣམས་སུ་སྐྱེས་ཏེ། འཇིགས་རུང་བཟོད་པར་དཀའ་བའི་ཡིད་དུ་མི་འོང་བ་དུ་མ་ཞིག་ཉམས་སུ་མྱོང་། དེ་དག་རྣམས་ནི་ལས་གནག་རྣམ་སྨིན་གནག་པ་ཡིན་ལ། དགེ་བའི་ལས་འགའ་ཞིག་སྤྱད་པས་མཐོ་རིས་ཀྱི་ལུས་སུ་སྐྱེས་ཀྱང་མི་དགེ་བ་བཅུ་སྤྱད་པའི་ལས་ངན་གྱི་འབྲས་བུ་དེར་ཡང་འབྱུང་བ་ཡོད་དེ། མྱོང་བ་རྒྱུ་མཐུན་ལ་དཔེར་མཚོན་ན། སྲོག་བཅད་པས་གཞན་གྱིས་གསོད་གཅོད་ཚེ་ཐུང་ནད་མང་། མ་བྱིན་པར་བླངས་པས་ནོར་རྣམས་དགྲ་རྐུན་གྱིས་ཁྱེར་བའི་གོད་རླག་དང་དབུལ་ཞིང་ཕོངས། འདོད་ལོག་སྤྱད་པས་དགྲ་ཟླ་དང་བཅས་གཞན་གྱིས་འཚེ་ཞིང་རྩོད། རྫུན་དུ་སྨྲ་བས་གཤེ་ཞིང་སྐུར་བ་མང་། ཅི་སྨྲས་ལོག་པར་འཛིན། ཕྲ་མས་བཤེས་དང་འབྲལ། གཞན་གྱིས་ཕན་མི་འདོགས། ཚིག་རྩུབ་པོས་མི་སྙན་པ་ཁོ་ན་ཐོས། སྨད་པའི་གནས་ཐོབ། ངག་འཁྱལ་བས་ཚིག་མི་བཙུན། ངག་ལ་ཉན་མཁན་མེད། བརྣབ་སེམས་ཀྱིས་རེ་བ་གང་ཡང་མི་འགྲུབ། ཡིད་ལ་མི་འདོད་པ་འབྱུང་། གནོད་སེམས་ཀྱིས་འཇིགས་པ་དང་བཅས་ཉམ་ང་བག་ཚ། ལོག་པར་ལྟ་བས་རྒྱུ་འབྲས་ལ་ཡིད་མི་ཆེས། ཚུལ་བཞིན་མ་ཡིན་པས་ཡིད་

p. 247

འཁྲུགས་བསམ་པ་ངན། སྦྱོར་བ་རྩུབ། དེས་མཐུར་དུ་ཕྱོགས་པ་ཉིད་ལས་གཞན་མ་ཡིན། བྱེད་པ་རྒྱུ་མཐུན་ནི། དེར་ཡང་མི་དགེ་བ་དེ་དང་དེ་དག་བྱེད་པར་འདོད། བདག་པོའི་འབྲས་བུ་ནི། སྲོག་བཅད་པས་ས་ཕྱོགས་གཟི་ཆུང་བར་སྐྱེ། མ་བྱིན་པ་བླངས་པས་ལོ་ཏོག་དགྲ་བོས་འཇོམས། འདོད་ལོག་གིས་རྡུལ་གྱིས་འཁྲིགས། རྫུན་གྱིས་དྲི་ང་། ཕྲ་མས་མཐོ་དམན་ཅན། ཚིག་རྩུབ་ཀྱིས་ཚྭ་སྒོ་ཅན། ཀྱལ་ཀས་དུས་ཚིགས་ཀྱི་འགྱུར་བ་མི་སྙོམས། བརྣབ་སེམས་ཀྱིས་འབྲས་བུ་ཕྲ། གནོད་སེམས་ཀྱིས་རོ་མི་ཞིམ། ལོག་པར་ལྟ་བས་འབྲས་བུ་ཉུང་བའམ་མེད་པའི་ཡུལ་དུ་སྐྱེ་བ་སྟེ་དགེ་བའི་ལས་ཀྱིས་གནས་སྐབས་སུ་བདེ་བ་ཅུང་ཟད་ཐོབ་ཀྱང་། མི་དགེ་བའི་རྣམ་པར་སྨིན་པས་སྡུག་བསྔལ་མང་ཞིང་སྡུག་བསྔལ་ལས་མ་འདས་པ་ནི་ལས་འདྲེས་མ། རྣམ་པར་སྨིན་པའང་འདྲེས་མ་ཉིད་དང་། སྦྱོར་བ་གནག་ཀྱང་བསམ་པ་དཀར་བ་དགེ་བའི་ལས་དང་། སྦྱོར་བ་དཀར་ཀྱང་བསམ་པ་གནག་པ་སྡིག་པའི་ལས་དང་། འཕེན་བྱེད་དགེ་བས་བདེ་འགྲོར་འཕངས་ཀྱང་རྫོགས་བྱེད་སྡིག་པས་སྡུག་བསྔལ་མྱོང་བ་དང་། འཕེན་བྱེད་སྡིག་པས་ངན་འགྲོར་འཕངས་ཀྱང་རྫོགས་བྱེད་དགེ་བས་བདེ་བ་མྱོང་བའི་རྒྱུ་འབྲས་ལེགས་པར་ཤེས་ནས། ངན་སོང་གི་གཡང་སས་འཇིགས། ལས་འབྲས་ལ་ཡིད་ཆེས་ཐོབ་པས་གཉེན་པོ་དགེ་བཅུའི་ངོ་བོ་ལུས་ཀྱི་མི་དགེ་བ་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སྤངས་ཏེ་ལུས་ངག་ཡིད་ཀྱི་སྡོམ་པ་ལེགས་པས་ཟག་བཅས་ཀྱི་དགེ་བ་ཆུང་དུ་སྤྱད་པས་ཀྱང་མིའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ། འབྲིང་དུ་སྤྱད་པས་ལྷ་མ་ཡིན་དང་འདོད་ལྷ་རིགས་དྲུག །ཆེར་སྤྱད་པས་འཇིག་རྟེན་པའི་བསམ་གཏན་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བསམ་གཏན་ས་བཞིས་བསྡུས་པ་དང་གཟུགས་མེད་སྐྱེ་མཆེད་མུ་བཞིའི་བདེ་བ་

p. 248

ཕུན་སུམ་ཚོགས་པ་ཐོབ། དེ་དག་རྣམས་སུ་མྱོང་བ་རྒྱུ་མཐུན་ཡང་བདེ་བ་འབའ་ཞིག་མྱོང་། བྱེད་པ་རྒྱུ་མཐུན་སྡིག་པའི་སེམས་དང་བྲལ། དགེ་བར་གནས། བདག་པོའི་འབྲས་བུ་ཡུལ་ཕུན་སུམ་ཚོགས་པ་འགྲུབ། འདི་རྣམས་ལས་དཀར་རྣམ་སྨིན་དཀར་བ་ཡིན་ཏེ། སྐྱེས་བུ་ཆུང་ངུ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པས་དེའི་རྒྱུ་ཀུན་འབྱུང་སྡིག་པ་ཕྲ་བ་ཡང་སྤང་། མཐོ་རིས་ཀྱི་བདེ་བའི་ཁྱད་པར་ཐོབ་པར་འདོད་པས། དེའི་རྒྱུ་སོ་སོར་ཐར་པའི་བསླབ་པ་ཉམས་པ་མེད་པ་དང་། དགེ་བ་ཕྲ་བའང་ཁྱད་དུ་མི་གསོད་པར་བརྩོན་པས་བསྒྲུབ། ལས་རྒྱུ་འབྲས་སྲོག་ལས་ཀྱང་ཕངས་པར་བལྟས་ནས་བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ལ། བདག་དང་ཕ་མར་གྱུར་པའི་འགྲོ་རྣམས། །ལས་འབྲས་བསླུ་བ་མེད་པར་ཤེས་པར། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སྡིག་པའི་ལས་རྣམས་མཐའ་དག་སྤོང་བར། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྒྱ་ཆེན་དགེ་བའི་ལས་ལ་བརྩོན་པར། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ངན་སོང་གནས་ལས་ཡོངས་སུ་ཐར་བར། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །མཐོ་རིས་བདེ་བའི་དཔལ་ལ་སྤྱོད་པར། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །དེར་ཡང་ཐར་པ་དོན་དུ་གཉེར་བར། །སྐྱབས་གནས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་དྲག་ཏུ་བཏབ་ནས། ལས་འབྲས་ལ་ཡིད་ཆེས་བརྟན་པོས་བླ་མའི་གསུང་ལ་གཅེས་པར་འཛིན་པའི་བཀའ་བསྒྲུབ་པའི་མོས་གུས་ཆེན་པོས་སེམས་ཅན་ལ་སྙིང་རྗེ་ཚད་མེད་པ་སྐྱེས་པ་ན། བླ་མ་དཀོན་མཆོག་རང་ལ་བསྟིམ། གདོད་ནས་རྣམ་དག་སྤྲོས་མེད་ཀྱི་ངང་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་བསླུ་མེད་ཀྱི་ལས་འབྲས་བསམ། སྔར་

p. 249

ལྟར་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམ། གསོལ་བ་གདབ། སྡིག་པས་གོས་པ་མེད་པ་དང་། བརྩོན་པས་དགེ་བ་ལ་འཇུག་པར་བྱའོ། ། ༢༥ མྱང་འདས་ཀྱི་རྒྱུ་འབྲས་ལ་བསམ་པ་ནི། འཁོར་བ་མཐའ་དག་སྡུག་བསྔལ་དུ་མཐོང་ནས་དེ་སྤོང་བའི་ཐར་པ་དམ་པ་ཐོབ་པར་འདོད་པ་སྟེ། ༧ ཕྱི་རོལ་མུ་སྟེགས་བྱེད་རྣམས་ཀྱང་ཐར་པ་འདོད་པས་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་སྟོན་པར་བཟུང་ནས་སྐྱབས་སུ་བྱེད། རྒྱང་འཕེན་པ་དང་གྲངས་ཅན་པ་ལ་སོགས་པ་གྲུབ་པའི་མཐའ་ལ་ཞེན་པས་ལྟ་བ་རྟག་ཆད་དུ་ལྟ། གཅེར་བུ་པ། བ་ལང་མཆོད་སྦྱིན་པ། མེ་ལྔ་རྩེ་གསུམ་པ་སོགས་ཀྱིས་སྤྱོད་པས་གྲོལ་བར་འདོད་ཀྱང་སྐྱབས་གནས་ངན། ལྟ་བ་ལོག །སྤྱོད་པ་འཁྲུལ་བས་ལམ་ཡང་སྡུག་བསྔལ། འབད་པ་དོན་མེད་པས་འབྲས་བུ་ཡང་སྡུག་བསྔལ། འཁོར་བ་ནས་འཁོར་བ། ངན་སོང་ནས་ངན་སོང་ཉིད་དུ་བས་ཏེ། ལོག་པའི་ལམ་དུ་ཞུགས་པས་རྣམ་པར་འཁྱམས། ༧ མ་ནོར་བའི་ལམ་བཟང་པོ་ཐར་པ་མཆོག་གི་རྒྱུ་སངས་རྒྱས་པ་རྣམས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྟོན་པ། དེས་གསུངས་པའི་དམ་པའི་ཆོས་ལ་ལམ། དེ་སྒྲུབ་པའི་དགེ་འདུན་ལ་གྲོགས་སུ་བཟུང་ནས་བསྙེན་བཀུར་ཚུལ་བཞིན་དུ་སྒྲུབ། ཚངས་པ་མཚུངས་པར་སྤྱོད་པས་སྐབས་སུ་འགྲོ་བ་ནི། ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་བྱང་སེམས་ཀྱི་ཐེག་པ་གསུམ་ཡིན་པ་ལས། ༧ ཉན་ཐོས་རྣམས་ནི་སོ་སོར་ཐར་པའི་སྡོམ་པས་ཡང་དག་པར་བསྡམས། སྐྱོན་མེད་པའི་ཚུལ་ཁྲིམས་ཡང་དག་པ་ལ་གནས། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སྤྱོད་པས། མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བའི་ལྟ་བ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་བསྒོམས་པས་རྒྱུན་ཞུགས་ཕྱིར་འོང་ཕྱིར་

p. 250

མི་འོང་གི་ལམ་གྱིས་ཉོན་མོངས་པའི་འཆིང་བ་མཐའ་དག་ལས་དགྲོལ། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། རང་ལམ་གྱི་སྤངས་རྟོགས་མཐར་ཐུག་པས་དགྲ་བཅོམ་ནས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཞི་བ་ཆེན་པོའི་གོ་འཕང་ཐོབ། རང་སངས་རྒྱས་རྣམས་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སངས་རྒྱས་མི་བཞུགས་པའི་ཞིང་དུ་སློབ་དཔོན་མེད་པའི་རང་བྱུང་གི་སྡོམ་པས་བསྡམས་པའི་ཚུལ་ཁྲིམས་རྣམ་པར་དག །ཚོགས་ན་སྤྱོད་པའམ་བསེ་རུ་ལྟ་བུའི་སྤྱོད་པ་ཞི་ཞིང་དུལ་བས་རྟེན་འབྲེལ་བཅུ་གཉིས་ལུགས་ལས་འབྱུང་བ་དང་། དེ་ལས་ལྡོག་པ་བསྒོམས་པས་མཐར་ཐུག་འབྲས་བུ་རང་བྱང་ཆུབ་ཐོབ། ཉན་རང་གཉིས་ཀྱིས་ཉོན་སྒྲིབ་སྤངས། འཁོར་བའི་སྡུག་བསྔལ་མཐར་ཕྱུང་། རང་དོན་མཐར་ཐུག་གི་འབྲས་བུ་ཐོབ། འགྲོ་བའི་བསོད་ནམས་ཀྱི་ཞིང་ཙམ་བྱེད་ཀྱང་སྙིང་རྗེ་ཆེན་པོའི་སེམས་དང་བྲལ། བླ་མེད་ཀྱི་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད། བདག་གཞན་མཉམ་པ་དང་བདག་གཞན་བརྗེ་བ་མེད། དོན་གཉིས་མཐར་མ་ཕྱིན། དགེ་བ་ཐམས་ཅད་རང་དོན་དུ་བསྒྲུབས་པས་མཐར་ཐུག་གི་འབྲས་བུ་ཡང་དེ་དང་འདྲ་བ་ཐོབ་པས། རྫོགས་པའི་སངས་རྒྱས་ཀྱི་ལམ་ལས་གོལ་བས་ཐེག་པ་ཤིན་ཏུ་དམན། ཐེག་ཆེན་བློ་ལྡན་རྣམས་ཀྱི་སྤང་བྱ་ཡང་དག་པ་ཡིན་ཀྱང་། འཁོར་བ་མཐའ་དག་གི་ཉེས་པས་འཇིགས། ཚངས་པ་དང་བརྒྱ་བྱིན་དང་མིའི་བདག་པོའི་བདེ་བ་ཡང་མི་རྟག་འགྱུར་བའི་ཆོས་ཅན་སྡུག་བསྔལ་བ་ལས་མ་འདས་པར་མཐོང་བས། འཁོར་བ་མཐའ་དག་ངན་སྐྱུགས་བཞིན་སྤང་བར་འདོད་པའི་སྐྱེས་བུ་འབྲིང་རྣམས་ཀྱིས་དོན་དུ་གཉེར་བྱ་ཡིན་ནོ། ། ༧ རྒྱལ་བའི་རིགས་ཀྱི་བུ་བློ་གྲོས་དང་ལྡན་པས་ཐེག་པ་ཆེན་པོའི་རིགས་ཅན་སྔོན་གྱི་བསོད་ནམས་མང་པོས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་

p. 251

ཅད་དྲིན་དཔག་ཏུ་མེད་པ་ལན་གྲངས་བསམ་གྱིས་མི་ཁྱབ་པས་བསྐྱངས་པའི་ཕ་མར་ཤེས་ནས། བཟོད་གླགས་མེད་པའི་སྙིང་རྗེ་ཆེན་པོས་བདག་ལས་གཞན་གཅེས་པར་འཛིན་པའི་ལྷག་བསམ་གྱིས་དེ་དག་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་འདོད་པ་ལ། དེ་རྫོགས་པའི་སངས་རྒྱས་མ་ཡིན་པ་གང་གིས་ཀྱང་མི་ནུས་པར་ཤེས་པས། སངས་རྒྱས་ཐོབ་པར་འདོད་པའི་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། འཇུག་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་ཡང་དག་པར་བླངས། ཐེག་ཆེན་གྱི་མདོ་སྡེ་བསྟན་བཅོས་ལས་བྱུང་བའི་བྱང་སེམས་ཀྱི་བསླབ་བྱ་ལས་ཉམས་པ་མེད། བསྒྲུབ་པར་བྱ་བ་རྣམས་ལ་འབད་པ་དང་བརྩོན་པ་དྲག་པོས་སྒྲུབ། སྤང་བར་བྱ་བ་གང་གིས་ཀྱང་གོས་པ་མེད་པར་བྱེད། ཟང་ཟིང་དང་མི་འཇིགས་པ་ཆོས་དང་བྱམས་པའི་སྦྱིན་པས་གཞན་རྗེས་སུ་འཛིན། རང་གཞན་གྱི་སྡིག་པས་གོས་པ་མེད་པ། བཅས་པའི་ཁ་ན་མ་ཐོ་བ་ཕྲ་བ་དང་ཡང་ཞག་ཏུ་མི་འགྲོགས། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་བྱང་སེམས་ཀྱི་ཚུལ་ཁྲིམས་རྣམ་པར་དག །གནོད་པ་ལ་མི་ཁྲོ། དཀའ་སྤྱད་ཀྱི་སྡུག་བསྔལ་ལ་ཇི་མི་སྙམ། ཟབ་མོའི་དོན་ལ་མི་སྐྲག་པས་བཟོད་པ་དང་ལྡན། གཉིད་དང་སྙོམས་ལས། ངན་ཞེན་ལེ་ལོ་མཐའ་དག་སྤངས་ནས་བསླབ་གསུམ་བསྲུང་བ། ཐོས་བསམ་སྒོམ་གསུམ་དཀར་པོའི་ཆོས་མཐའ་དག་སྡུད་པ་ལ་ཉིན་མ་དལ། མཚན་མ་གཉིད་པར་བརྩོན། ལུས་ཉལ་བ་དང་སྙེས་པ་དང་འཕྲེས་པ་མེད། ངག་ཆོས་མིན་གྱི་གཏམ་གྱི་སྨྲ་བ་བཅད། སེམས་རྣམ་གཡེང་དང་འདུ་འཛི་གཟུང་འཛིན་གྱི་རྟོག་པ་སྤངས་ནས་གཟུགས་ཁམས་གཟུགས་མེད་དུ་མི་འཇུག་པའི་ཞི་གནས་ལ་རྩེ་གཅིག་ཏུ་གནས། སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་རྣམ་པར་ཐར་པའི་སྒོ་བཞི་

p. 252

དང་ལྡན་པའི་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་མཁས་པས་ཤེས་བྱ་མ་འདྲེས་པ་སོ་སོར་འབྱེད་པའི་ཤེས་རབ་ཟབ་མོ་དང་ལྡན། སྨོན་ལམ་ཡེ་ཤེས་ཐབས་སྟོབས་ལ་སོགས་པ་ཐབས་མཁས་དུ་མས་ལམ་ལྔར་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱི་ས་ནས་སར་འཕོས་པས་ས་བཅུའི་དབང་ཕྱུག་བརྙེས་ནས། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་བག་ཆགས་དང་བཅས་པ་མཐའ་དག་མ་ལུས་པར་བཅོམ་སྟེ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པའི་ཆོས་བཅོ་བརྒྱད། ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་ནས། དག་པ་གཉིས་ལྡན་ངོ་བོ་ཉིད་སྐུ། རྟོགས་པ་ཡེ་ཤེས་ཆོས་སྐུ་རང་དོན་ཕུན་སུམ་ཚོགས་པ། མཛད་པ་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ། བཀོད་པ་དང་རྣམ་པ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་པའི་སྐུ་གཉིས་རྣམ་སྨིན་གྱི་འབྲས་བུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གང་ལ་གང་འདུལ་བཟོ་དང་སྐྱེ་བ་ལ་སོགས་པ་གཞན་དོན་ཕུན་སུམ་ཚོགས་པ་ཚད་མེད་གཞལ་བར་དཀའ་བ་ཇི་སྲིད་འཁོར་བའི་རྒྱ་མཚོ་མ་ཟད་ཀྱི་བར་དེ་སྲིད་ནམ་མཁའི་མཐའ་ཀླས་པའི་ལུས་ཅན་མ་ལུས་པའི་དོན་མཛད་པས་གནས་སྐབས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ། མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་ལ་འགོད་པར་མཛད་པས། ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་ནི་བླ་མའི་བླ་མ་བླ་ན་མ་མཆིས་པ་མཆོག་དམ་པ་ཡིན། རང་རེ་ད་ལན་དལ་འབྱོར་གྱི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས། ཐེག་པ་

p. 253

ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བ་འདི་ལ་ཇི་སྐད་རྗེས་སུ་གདམས་པ་བཞིན་ལོག་པའི་ལམ་སྤང་། དམན་པའི་སར་མི་འཇུག །སེམས་ཅན་ལ་བརྩེ་བ་མི་བཟོད་པས་ཐེག་པ་ཆེན་པོའི་ལམ་ཁྱད་པར་ཅན་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ལ་འཇུག་དགོས་པས། བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམས་ནས། ལོག་པའི་ལམ་ངན་སྤོང་བར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །ཐེག་དམན་རྒྱབ་ཏུ་སྐྱུར་བར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །འགྲོ་ལ་བདག་ལས་གཅེས་པར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །བདེ་སྡུག་བརྗེ་བར་ནུས་པར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །རང་དོན་ཡལ་བར་འདོར་བར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །གཅིག་ཏུ་གཞན་དོན་བརྩོན་པར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །ཕྱིན་བཅུ་རྫོགས་པར་སྤྱོད་པར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །རྫོགས་པའི་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །མཁའ་མཉམ་འགྲོ་བ་དྲང་བར་བྱིན་གྱིས་རློབས་ཤིག །ཐུགས་རྗེས་ཟུངས་ཤིག །ཅེས་གསོལ་བ་དྲག་ཏུ་བཏབ་ནས། སྙིང་རྗེ་ཆེན་པོས་རྒྱུད་བརླན། ལྷག་པའི་བསམ་པ་ཚད་མེད་པ་སྐྱེས། མཆོག་གི་དོན་ལ་ངེས་ཤེས་ཐོབ་པ་ན། བླ་མ་དཀོན་མཆོག་རང་ལ་བསྟིམ། དེ་ལྟར་འཁོར་འདས་ཀྱི་ལས་རྒྱུ་འབྲས་ཀྱི་དངོས་པོ་སྤྲོས་པ་དང་བྲལ་བར་མ་རྟོགས་པས་འཁོར་འདས་ཀྱི་དངོས་པོ་སོ་སོར་བཟུང་ནས་སྤྲོས་མཚན་གྱི་ལས་བསགས་ཏེ། འཁོར་འདས་ཀྱི་མཐར་ལྟུང་བའི་མ་རྒན་ལ་སྙིང་རྗེའི་སེམས་བཅོས་མིན་དུ་སྐྱེས་པའི་དོན་ལ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམས་ལ་གསོལ་བ་གདབ། མདོར་ན་སངས་རྒྱས་

p. 254

འགྲུབ་པའི་ལམ་ལ་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་ནན་ཏན་སྙིང་པོར་བྱའོ། ། ༢༦ ལས་རྒྱུ་འབྲས་ཀྱི་དོན་དྲིལ་ནས་བསྒོམ་པ་ནི། ང་དང་བདག་ཏུ་འཛིན་པ་འདིས་འཁོར་བར་ལས་ངན་པ་དང་སྡུག་བསྔལ་མི་བཟད་པས་མནར། ང་མེད་བདག་མེད་རྟོགས་པས་མྱ་ངན་ལས་འདས་པའི་བདེ་བ་དམ་པ་ཐོབ་པ་ཡིན་ཏེ། དེའི་ཚུལ་ཡང་རང་གི་ཕུང་པོ་ལྔ་ལ་ང་ཞེས་ཐོག་མ་མེད་པ་ནས་བདག་ཏུ་བཟུང་སྟེ། ངའི་ལུས་ཞེས་པ་འདི་གསོ་བ་དང་བརྒྱན་པའི་དོན་དུ་མི་དགེ་བ་སྣ་ཚོགས་ཤིག་བྱས། ངའི་སེམས་ཞེས་ཚོར་བ་བདེ་སྡུག་དུ་མ་ཞིག་ཉམས་སུ་མྱོང་། མི་དྲན་དགུ་དྲན་མང་པོས་མ་བྱས་པ་དང་མི་བྱེད་པ་སྣ་གཅིག་ཀྱང་མེད། ངའི་གཉེན་བཤེས་ཟས་ནོར་དབང་རིས་ཞེས་བདག་ཏུ་བཟུང་ནས། ཐོག་མ་མེད་པ་ནས་དྲིན་གྱིས་བསྐྱངས་བསྐྱངས་པའི་ཕ་མ་ལ་དགྲར་བལྟས། འཁོན་དུ་བཟུང་། ཕུང་ཀྲོལ་དུ་མ་བྱས། དེ་འདྲ་དེ་འདྲའི་དབང་གིས་ཆགས་པས་ཞེན་ཅིང་ཨ་ནག་པོ་འཐས། སྡང་བས་གནོད་ཅིང་འཚེ་ལ་ཕྲག་དོག །རྨོངས་པས་བླང་དོར་ལོག་པར་སྤྱད། ཚུལ་དེས་བདག་ཏུ་འཛིན་པས་ཡིད་དཀྲུགས་ནས། ཐོག་མ་མེད་པ་ནས་འཁོར་བ་ནས་འཁོར་བ། ངན་སོང་ནས་ངན་སོང་དུ་སྡུག་བསྔལ་དང་ཀུན་འབྱུང་འབའ་ཞིག་ལ་སྤྱོད་པས་དགེ་བའི་དྲན་པ་མེད། རང་ངོ་རང་གིས་མ་ཤེས། འཁོར་བའི་སྡུག་བསྔལ་གྱི་བཙོན་ར་ནས་ཐོན་པའི་སྐབས་མ་རྙེད། རྒྱ་ལ་ད་ལན་དལ་འབྱོར་གྱི་མི་ལུས་ཐོབ་པ་འདི་ལ་གཏན་གྱི་ཐར་པ་རག་ལས་པ་ལ། འདི་དོན་མེད་ལ་ཟད། དོན་ཆུང་ཚེ་འདིའི་བྱ་བས་ཆུད་གསན་ན་འདི་ལས་གྱོད་ཀ་ཆེ་བ་དང་བསླུས་པ་ཆེ་བ་ཅི་ཡོད། དེས་ན་རང་གིས་རང་མ་བསླུས་པ་ཞིག་དགོས་ཏེ། ཚེ་མི་རྟག་མྱུར་དུ་འཇིག་པར་ངེས་པས་ཕྱི་བཤོལ་སྐད་ཅིག་ཀྱང་མེད་པར་ལས་འབྲས་བསླུ་བ་མེད་པའི་ཚུལ་ལ་བསམས་ནས། ཐེག་

p. 255

ཆེན་དམ་པའི་ཆོས་དགེ་བའི་བཤེས་གཉེན་ལ་རག་ལས་པས་གུས་པས་བསྟེན་ནས་དེའི་མན་ངག་ཟབ་མོ་ཐོས་པས་སྒྲོ་འདོགས་བཅད། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་བླངས། དེ་དག་གི་གནད་ཨི་ཐིལ་བ་བདག་གཅེས་པར་འཛིན་པའི་བློ་བྱུང་ན་ཕུང་བྱེད་ཁྱོད་ཀྱིས་སྔོན་ཆད་བདག་ལ་བྱས་པ་གཅིག་ཡོད་ཀྱི། ད་ལན་རྒྱལ་ཕམ་བལྟའོ། །ཞེས་གཅེས་འཛིན་འགོང་པོ་འབུར་འཇོམས་མགོ་རྫོགས་བྱ། གཞན་ལ་གནོད་ཅིང་འཚེ་བའི་སེམས་བྱུང་ན། བདག་གིས་སྔོན་ཆད་སེམས་ཅན་ལ་འདི་འདྲ་བའི་ལས་བྱས་པས། ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས་གསོ་བའི་སྐབས་མ་རྙེད། ད་ལན་དལ་འབྱོར་ཐོབ། དགེ་བའི་བཤེས་གཉེན་གྱིས་ཟིན་པ་འདི་ལ་རང་གིས་རང་མ་བསླུས་པ། ཕ་མ་སེམས་ཅན་ལ་ཁྲེལ་མེད་དུ་མ་སོང་བར་བླ་མ་དཀོན་མཆོག་གི་ཐུགས་ཀྱིས་མ་ཁྲེལ་བ་ཞིག་བྱ་དགོས། ད་ནི་ད་ནི་བསམ་པས། གཞན་ལ་གནོད་པའི་སེམས་དང་རང་ལ་གཅེས་འཛིན་རྩད་ནས་བཅད་པའི་ཕྱིར། སྐྱབས་གནས་ཐམས་ཅད་སྤྱི་བོར་བསྒོམ་མཆོད་པས་མཆོད་ནས། རང་གི་ངན་མཚང་བགྲང་གིན་བགྲང་གིན། འགྲོ་བའི་དྲིན་རྣམས་བསམ་གྱིན་བསམ་གྱིན། བླ་མའི་སྐུ་དྲིན་དྲན་ཡིན་དྲན་ཡིན། ཐར་པའི་ཕན་ཡོན་བརྗོད་ཀྱིན་བརྗོད་ཀྱིན། འཁོར་བའི་ཉེས་དམིགས་སེམས་ཀྱིན་སེམས་ཀྱིན། བདག་འཛིན་དགྲ་བཞིན་མཐོང་བར་བྱིན་གྱིས་རློབས། །གཞན་ལ་བུ་བཞིན་གཅེས་པར་བྱིན་གྱིས་རློབས། །ལས་འབྲས་སྲོག་ལས་ཕངས་པར་བྱིན་གྱིས་རློབས། །བླ་མའི་བྱིན་རླབས་འཇུག་པར་བྱིན་གྱིས་རློབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་བརྗོད་དེ། བླ་མས་ཡིད་འཕྲོག །ལས་འབྲས་ལ་ཡིད་ཆེས་ཁྱད་པར་ཅན་ཐོབ་པ་ན་སྐྱབས་གནས་རྣམས་རང་ལ་བསྟིམ། བདག་གཞན་དམིགས་མེད་བློ་ཡི་ཡུལ་ལས་

p. 256

འདས་པའི་ངང་ལ་ཙན་ནེ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་བཞིན་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམ། གསོལ་བ་གདབ། ཀུན་རྫོབ་ཏུ་རྟེན་འབྲེལ་ཟབ་མོའི་དོན་ལ་མཁས་པས་ལས་འབྲས་ལ་ཡིད་བརྟན་པ་དང་། དོན་དམ་པར་བདག་མེད་གཉིས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་བྱའོ། ། ༢༧ འཁོར་བའི་ཉེས་དམིགས་བསམ་པ་ལ། དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ཅན་ལ་བསམ་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་པོ་བཟོད་པར་དཀའ་བའི་སྡུག་བསྔལ་ཅན་ཡིན་པ་ལས། དེ་ཡང་མི་དགེ་བ་བཅུ་དྲག་ཏུ་སྤྱད་པས་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ཚུལ་ནི། གླིང་འདིའི་འོག་ཏུ་དཔག་ཚད་སྟོང་ཕྲག་ཉི་ཤུར་གཞལ་བ་ན། ལྕགས་སྲེག་རབ་ཏུ་འབར་བའི་ས་གཞི་ལ་སྡིག་པས་བསྒྲུབས་པའི་ཤའུའི་ལུས་མར་གསར་ལྟ་བུ་དཔག་ཚད་མང་པོ་ཡོད་པའི་སྟེང་དུ་སྡུག་བསྔལ་ཐོག་ཏུ་འབབ་པ་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་པ་སྟེ་ཚ་དམྱལ་བརྒྱད། དེའི་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིས་གཏམས་པའི་ཚལ། རལ་གྲི་ལོ་མའི་ནགས། ཤལ་མ་རིའི་སྡོང་པོ་སྟེ་འདི་གསུམ་མཚོན་ཆར་གཅིག་པས་གཅིག་ཏུ་བགྲང་། ཐལ་ཚན་གྱི་ཆུ་བོ་རབ་མེད་དེ་ཕྱོགས་བཞིའི་ཕྱོགས་རེ་རེ་ན་བཞི་བཞི་ཡོད་པས་ཉེ་འཁོར་བ་བཅུ་དྲུག །གྲང་དམྱལ་ནི། གླིང་འདིའི་འོག་རྒྱ་མཚོ་ཆེན་པོའི་འགྲམ། མུན་པ་མུན་ནག་གི་སྨག་རུམ། རླུང་བུ་ཡུག་འཚུབས་པ་འཁྱགས་པའི་སྦུབས་ན། ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། ཨ་ཆུ་ཟེར་བ། ཀྱེ་ཧུད་ཟེར་བ། སོ་ཐམ་ཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་སྟེ་གྲང་དམྱལ་བརྒྱད། ཉི་ཚེ་བའི་དམྱལ་

p. 257

བ་ནི་གྲོང་ཁྱེར་གྱི་བཞི་མདོ་ལ་སོགས་པ་གནས་ལ་ངེས་པ་མེད་པ་སྡུག་བསྔལ་ཀྱང་སྣ་ཚོགས་པ་མྱོང་བ། དམྱལ་བ་དེ་དག་རྣམས་ལ་བདེ་བའི་སྐབས་སྐད་ཅིག་ཀྱང་མེད་པས་སྡུག་བསྔལ་མི་བཟོད་པ་དཔག་པར་དཀའ་བས་མནར་ཏེ། མིའི་ཡུལ་འདི་ན་སྐྱེས་བུའི་ལུས་ལ་མདུང་ཐུང་སུམ་བརྒྱ་དལ་བ་མེད་པར་བཏབ་པའི་སྡུག་བསྔལ་དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ཤོས་ཀྱི་འོལ་ཡང་མི་མཆི། ཆར་ཡང་མི་ཕོད། ཚ་དམྱལ་བ་རྣམས་ཀྱི་ཚེ་ཚད་ནི། རྒྱལ་ཆེན་རིགས་བཞིས་མི་ལོ་ལྔ་བཅུ་ཐམ་པ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ། ཡང་སོས་ཀྱིས་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ། གཞན་འཕྲུལ་དབང་བྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ། ཚ་དམྱལ་བ་གཞན་རྣམས་ཀྱིས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ཆེན་པོ་ཁྲི་དྲུག་སྟོང་ཐུབ། རབ་ཏུ་ཚ་བས་བར་བསྐལ་ཕྱེད། མནར་མེད་པས་བར་བསྐལ་གཅིག་གི་བར་དུ་ཤིན་ཏུ་བཟོད་པར་དཀའ་བའི་སྡུག་བསྔལ་དྲག་ཅིང་རྩུབ་པ་བསམ་པར་དཀའ་བ་མྱོང་བ་ཡིན། གྲང་དམྱལ་བ་རྣམས་ཀྱི་ཚེ་ཚད་ནི། ཡུལ་དབུས་མ་ག་དྷཱའི་བྲེ་ཚད་ཀྱི་ཏིལ་ཁལ་བརྒྱད་ཅུས་གང་བའི་བང་བ་ནས་ལོ་བརྒྱ་བརྒྱ་ན་ཏིལ་རེ་ཕྱུང་བས་ཟད་པར་འགྱུར་བ་དེ་སྲིད་ཆུ་བུར་ཅན་གྱི་ཚེ་ཚད་ཡིན། ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་མ་རྣམས་ལས་ཉི་ཤུ་འགྱུར་གྱིས་ཚེ་རིང་བ་དང་གྲང་བས་འཁྱགས་པས་འགས་ཤིང་ཞིག་པར་སྡུག་བསྔལ་བ་ཡིན། ཉེ་འཁོར་བ་དང་ཉི་ཚེ་བའི་ཚེ་ནི་ངེས་པ་མེད་པར་ཤིན་ཏུ་རིང་པོ་དང་ཐུང་ངུ་དང་། དེའི་བར་མ་རྣམས་སུ་སྡུག་བསྔལ་འབའ་ཞིག་ལ་བདེ་བའི་གོ་སྐབས་ཅུང་ཟད་མེད། དམྱལ་བ་རི་མོ་བྲིས་པ་མཐོང་བ་དང་། སྡུག་བསྔལ་འདི་དང་འདི་

p. 258

འདྲ་ཞེས་ཐོས་པའང་འཇིགས་ཤིང་སྐྲག་པ་ཡང་བག་ཚ་སྙིང་འདར་ན། རྣམ་སྨིན་དངོས་སུ་མྱོང་ན་སྨོས་ཅི་འཚལ་བའི་ཚུལ་ལ་བསམས་ནས། དེའི་རྒྱུ་གཙོ་ཆེར་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་པའི་ལས་སྤང་བར་བྱའོ། །མི་དགེ་བ་བཅུ་འབྲིང་དུ་སྤྱད་པས་ཡི་དྭགས་རྣམས་ཀྱི་སྡུག་བསྔལ་མྱོང་བ་སྟེ། དེའི་རྩ་བའི་གནས་ནི་གླིང་འདིའི་འོག་ཏུ་དཔག་ཚད་ལྔ་བརྒྱ་ཐུར་དུ་འཇལ་བ་ན་གཤིན་རྗེའི་འཇིག་རྟེན་ཡོད་ལ། འཕྲོས་པའི་གནས་ནི། མིའི་ཡུལ་དང་ནམ་མཁའི་སྤྱོད་ཡུལ་ཁྱབ་པར་ཡོད། ལུས་ཚད་ཀྱང་ཆུང་བ་མཐོ་གང་ཙམ། ཆེ་བ་དཔག་ཚད་སྟོང་ལ་སོགས་པར་གྲུབ། སྡུག་བསྔལ་གྱི་ཁྱད་པར་ནི། ཕྱིའི་སྒྲིབ་པ་ཅན་གང་མཐོང་ཚད་ཐམས་ཅད་མཚོན་ཆའི་འཁོར་ལོ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། རྣག་ཁྲག་ཏུ་མཐོང་བས་བཟར་མེད་པ། ནང་གི་སྒྲིབ་པ་ཅན་ཟས་སྐོམ་ཅུང་ཟད་རྙེད་ཀྱང་མགྲིན་པར་མི་ཐར། ལྟོ་བ་མི་ཁེངས། རྐང་པས་མི་ཐེག །ཟས་སྐོམ་ཉིད་ཀྱི་སྒྲིབ་པ་ཅན་ནི་འབད་པ་བྱས་ཏེ་བཙལ་བའི་ཟས་སྐོམ་ཅུང་ཟད་རྙེད་པ་དེ་ཟོས་ཤིང་འཐུང་བས་མེ་ལྕེའི་ཕྲེང་བར་གྱུར་ཏེ་ནང་ནས་བསྲེགས། དུག་ཏུ་རེད་ནས་སྡུག་བསྔལ་ཆེན་པོ་བསྐྱེད། ཡི་དྭགས་ཀྱི་ཚེ་ཚད་ཀྱང་མིའི་ཟླ་བ་གཅིག་ལ་ཞག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ། སོས་ཀ་ནི་ཟླ་བའང་ཚ། དགུན་ནི་ཉི་མའང་གྲང་། ལྗོན་ཤིང་དང་ཆུ་ཀླུང་རྣམས་ནི་བལྟས་པ་ཙམ་གྱིས་བསྐམ། དབུལ་ཞིང་ཕོངས་པའི་སྡུག་བསྔལ་བཟོད་པར་དཀའ་བས་དེའི་རྒྱུ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་པ་མཐའ་དག་སྤང་བར་བྱའོ། །མི་དགེ་བ་བཅུ་པོ་ཆུང་ངུར་སྤྱད་པའི་ལས་དབང་གིས་དུད་འགྲོར་སྐྱེས་ཏེ། དེའི་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོའི་ནང་། འཕྲོས་པའི་གནས་ནི་ཆུ་དང་ས་གཞི་ནམ་མཁས་གང་ཁྱབ་པའི་ས་གཞན་འཕྲུལ་དབང་བྱེད་མན་ཆད་ཀུན་ན་

p. 259

ཡོད། ལུས་ཆུང་བ་སྐྲའི་རྩེའི་མོ་ལྔ་བཅུའི་ཆ་ཙམ། ཆེ་བ་དཔག་ཚད་ཁྲི་ཕྲག་ཏུ་ལོངས་པ། སྡུག་བསྔལ་ནི་གཅིག་གིས་མང་པོ། མང་པོས་ནི་ཕན་ཚུན་གཅིག་གིས་གཅིག་ཟ་བ། ལྕགས་ཀྱུས་འདེབས། ལྕགས་དབྱུག་གིས་གཞུར། རྨོ་འགེལ་བཞོ་འབལ་ཤི་ལ་ཐུག་བར་བྲན་དུ་བཀོལ། གསོད་གཅོད་ཤ་ཟ་ཁྲག་འཐུང་པགས་པ་གྱོན། ཀླུ་རྣམས་ནི་བྱེ་ཚན་གྱི་ཆར་པས་ཤ་རུས་འདྲལ་བ་སོགས་སྡུག་བསྔལ་དཔག་ཏུ་མེད། ཚེ་ཚད་ཐུང་བ་ཡུད་ཙམ་དང་། ཀླུ་འགའ་ཞིག་བསྐལ་པར་གནས་པའང་ཡོད། དུད་འགྲོ་རྣམས་ནི་གཏི་མུག་ལས་ངན་དུ་མ་བཟོད་པར་དཀའ་བས་མནར་བས། དེའི་རྒྱུ་གཏི་མུག་གིས་ཀུན་ནས་བསླངས་པའི་མི་དགེ་བ་རྣམས་སྤང་བར་བྱ། ངན་སོང་གསུམ་པོ་ནི་རང་བཞིན་གྱི་སྡུག་བསྔལ་མཛེས་ཟིན་པ་དང་འདྲ་བའི་སྟེང་དུ་རང་རང་གི་སྡུག་བསྔལ་ཕོལ་རྡོལ་བ་ལྟ་བུས་སྡུག་བསྔལ། ཉམ་ཐག་སྨྲེ་སྔགས་དང་ང་རོ་བཅས། གནས་དེ་གསུམ་དུ་སྐྱེས་ན་སྡུག་བསྔལ་མྱོང་ཞིང་། དེའི་རྒྱུ་སྡིག་པ་ལ་བབ་བཅོལ་དུ་གཉེན་པོ་མེད་པར་སྤྱད་པས་ཐར་པའི་སྐབས་མ་མཆིས། ད་ལན་རྙེད་དཀའི་དལ་འབྱོར་གྱི་ལུས་རྙེད། ཤེས་དཀའི་དགེ་སྡིག་ངོ་ཤེས་པ་འདི་ལ་ངན་སོང་གསུམ་གྱི་སྐྱེ་སྒོ་བཅད་པའི་ཕྱིར། མི་དགེ་བ་མཐའ་དག་དུག་བཞིན་དུ་སྤོང་བ་དང་། རྣམ་དག་དགེ་བ་སྨན་བཞིན་དུ་བསྟེན་པའི་བློས་རྣལ་འབྱོར་བསྒོམ། ངན་སོང་གནས་ལ་འཇིགས་པར་བྱིན་གྱིས་རློབས། །སྡིག་པ་མཐའ་དག་སྤོང་བར་བྱིན་གྱིས་རློབས། །དགེ་བ་མཐའ་དག་བསྒྲུབ་པར་བྱིན་གྱིས་རློབས། །ངན་སོང་སྐྱེ་སྒོ་ཁེགས་པར་བྱིན་གྱིས་རློབས། །མཐོ་རིས་བདེ་བ་ཐོབ་པར་བྱིན་གྱིས་རློབས། །ཐར་པ་དོན་དུ་གཉེར་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། ངན་སོང་གི་གནས་ལ་བྲེད་སྔངས་ཚད་མེད་པ་དང་། སྐྱབས་གནས་ལ་སྙིང་ཐག་པ་ནས་བློ་

p. 260

འགེལ་བའི་མོས་གུས་སྐྱེས་པ་ན། བླ་མ་རང་ལ་བསྟིམ། གཟུང་འཛིན་གྱི་འཆིང་བ་རང་གྲོལ་སྤྲོས་བྲལ་གྱི་ངང་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་ངན་སོང་གི་སེམས་ཅན་ཕ་མར་ཤེས་པས་སྙིང་རྗེ་ཚད་མེད་པ་བསྐྱེད། དེའི་དོན་དུ་རྣལ་འབྱོར་བསྒོམ། གསོལ་བ་གདབ། ཉིན་མཚན་དགེ་བས་འདའ་བར་བྱའོ། ། ༢༨ འགྱུར་བའི་སྡུག་བསྔལ་ལ་བསམ་པ་ནི། མཐོ་རིས་གསུམ་ན་བདེ་བ་ལྟར་སྣང་ན་ཡང་། ལེགས་པར་བརྟགས་ན་སྡུག་བསྔལ་འབའ་ཞིག་ལ་བདེ་བའི་གནས་སྐབས་འགའ་ཙམ་ཡང་ཡོད་པ་མ་ཡིན་ནོ། །ཟག་བཅས་ཀྱི་དགེ་བཅུ་ཆུང་ངུར་སྤྱད་པས་མཐོ་རིས་མི་ལུས་ཐོབ་ཀྱང་། དང་པོར་བར་དོ་ནས་མངལ་དུ་ཞུགས་ཏེ་དེར་གནས་པ་དང་སྐྱེ་བའི་སྡུག་བསྔལ། དེ་ནས་བཙས་ཏེ་འཚོ་བའི་སྐབས་སུ་མེད་པ་འཚོལ་བ། ཡོད་པ་བསྲུང་བ། དགྲ་སྡང་བ་དང་འཕྲད་པ། གཉེན་བྱམས་པ་དང་བྲལ་བ། འདོད་ཆགས་ཞེ་སྡང་ཕྲག་དོག་གི་དབང་གིས་སྡུག་བསྔལ་མྱ་ངན་སྨྲེ་ངག་དཔག་ཏུ་མེད། ལང་ཚོ་འགྱུར་བ་རྒས་པ་འཁོགས་པ་འཁར་བ་ལ་བརྟེན་པ་དང་། འབྱུང་བཞི་འཁྲུགས་པ་རླུང་མཁྲིས་བད་ཀན་འདུས་པའི་ནད་དྲག་པོས་བཏབ། སྲོག་འགགས་པས་ཅི་ཡོད་ཤུལ་དུ་བཞག་ནས། མར་གྱི་ནང་ནས་སྤུ་བཏོན་པ་བཞིན་དུ་འཆི་བས་སྡུག་བསྔལ་ཏེ། སྐྱེ་བ་རྒ་བ་ན་བ་འཆི་བའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་འདིས་མ་ཁྱེར་བའི་གནས་སྐབས་ཅུང་ཟད་ཀྱང་མེད། སུ་ཆེ་སུ་བཙན་སུ་གཉན་ཡང་སྡུག་བསྔལ་དེ་དག་གིས་མ་ཟིན་པ་མི་སྲིད་པས་མི་རྣམས་དེ་ལྟར་སྡུག་བསྔལ། དགེ་བ་བཅུ་འབྲིང་དུ་སྤྱད་པས་ལྷ་མ་ཡིན་དང་རྒྱལ་ཆེན་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་འདོད་པའི་ལྷ་རིས་དྲུག་ཐོབ་ཀྱང་བདེ་བར་མི་གནས་ཏེ།

p. 261

ལྷ་མ་ཡིན་རྣམས་ནི་ལྷ་དང་འཐབ་རྩོད་གཡུལ་འགྱེད་རང་རང་ཕན་ཚུན་འཁྲུགས། མཚོན་གྱིས་འདེབས། གཅོད་འབིགས་བྱེད་པས་ན་ཚ་ཆེན་པོས་སྨྲེ། ཞེ་སྡང་དྲག་པོས་ངར། ཡིད་འཁྲུགས་མང་པོས་སྡུག་བསྔལ། འདོད་ལྷ་རིགས་དྲུག་ཀྱང་རེ་ཞིག་འདོད་པའི་ཡོན་ཏན་ལ་བག་མེད་པར་ལོངས་སྤྱོད་པའི་བདེ་བ་མང་པོས་མྱོས་ནས་ཚེ་ཟད་པ་མ་ཚོར་བར། ནམ་ཞིག་རང་གིས་དགོས་འདོད་འབྱུང་བའི་དཔག་བསམ་གྱི་ཤིང་དང་། ཁྲུས་བྱེད་པའི་རྫིང་བུ་ཡིད་དུ་འོང་བ་བསྐམས། གོས་ལ་དྲི་མ་ཆགས། ལུས་ལ་དྲི་མི་ཞིམ་པ་དང་། མེ་ཏོག་གི་ཕྲེང་བའི་རྒྱན་རྙིང་། ལྷའི་བུ་དང་བུ་མོ་མཛའ་བཤེས་མཐུན་གྲོགས་ཀྱིས་སྤངས། སྟན་ལ་མི་དགའ། གནས་འོག་མར་ལྟུང་བར་ཤེས་པས་ཉམ་ང་བག་ཚ་སྐྱུགས་བྲོ། འཇིགས་པས་ཅི་བྱ་གཏོལ་མེད། སེམས་ཀྱི་སྡུག་བསྔལ་དམྱལ་བའི་སྡུག་བསྔལ་བཅུ་དྲུག་འགྱུར་ལས་ཀྱང་ལྷག །དེས་ན་ལྷ་དང་མིའི་བདེ་བ་ལའང་སྙིང་པོ་མེད་པར་ཤེས་པས། རྣལ་འབྱོར་བསྒོམས་ནས། མཐོ་རིས་དགའ་བའི་དགེ་བ་ལ་མི་ཆགས་པར་བྱིན་གྱིས་རློབས་ཤིག །ཐར་པ་དམ་པའི་བདེ་བ་དོན་དུ་གཉེར་བར་བྱིན་གྱིས་རློབས་ཤིག །ཟག་མེད་བདེ་བའི་དཔལ་ལས་མི་ཉམས་པར་བྱིན་གྱིས་རློབས་ཤིག །རྟག་ཏུ་ཕན་བདེའི་ལམ་ཡངས་བསྒྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་དྲག་ཏུ་བཏབ་པས། ལྟར་སྣང་གི་བདེ་བ་ལ་ཡིད་མི་ཆགས། ཐར་པས་ཡིད་འཕྲོག །མོས་གུས་ཀྱིས་སེམས་གདུང་བ་ན་བླ་མ་རང་ལ་བསྟིམས་ཏེ་སེམས་ཀྱི་ངོ་བོ་བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། སྤྲོས་མེད་ལ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་རྣལ་འབྱོར་བསྒོམས་ནས་གསོལ་བ་བཏབ། ཆགས་ཞེན་མཐའ་དག་སྤངས་པའི་དྲི་མ་མེད་པའི་དགེ་བ་ལ་བརྩོན་པ་ཆེན་པོས་

p. 262

འབད་པར་བྱའོ། ། ༢༩ ཀུན་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསྒོམ་པ་ནི། དགེ་བ་བཅུ་པོ་ཆེར་སྤྱད་པའི་འབྲས་བུས་གཟུགས་ཁམས་བསམ་གཏན་བཞི། གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ། ཁམས་གོང་མ་གཉིས་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མ་སྤངས་པས་ཉོན་མོངས་པའི་སྒྲིབ་པ་བག་ལ་ཉལ་དང་བཅས་ཐར་པ་ཐོབ་པའི་དགེ་རྩའི་བསམ་སྦྱོར་མེད་པར་ཏིང་ངེ་འཛིན་གྱིས་སྨྱོས་པས། རེ་ཞིག་སྡུག་བསྔལ་གྱི་ཚོར་བ་ཀུན་འགགས་ཀྱང་སྐྱེ་འཆི་ལ་རང་དབང་མ་ཐོབ། བསམ་གཏན་གྱི་གོ་འཕང་དེ་དག་གི་རྒྱུན་ཀྱང་ཉམས་པའི་ཆོས་ཅན་གྱིས་མི་རྟག་པ་ཉིད་ཀྱི་རྗེས་སུ་བཅིངས། སྒྲིབ་གཉིས་མ་སྤངས་ལས་ངན་མ་ཟད་པས་བཟང་པོའི་དགེ་བའི་མཐུ་རྫོགས་ནས་འདུ་བྱེད་གནས་ངན་ལེན་གྱི་ལས་ཀྱི་དབང་གིས་སྔར་གྱི་ཏིང་ངེ་འཛིན་གྱི་ས་པའི་གནས་དེ་བཏང་ནས། ངན་སོང་གསུམ་ལ་སོགས་པ་གནས་འོག་མར་ལྟུང་། སླར་ཡང་སྡུག་བསྔལ་མྱོང་སྟེ་དགེ་སྡིག་གི་ལས་བསགས་པས་ཐར་མེད་འཁོར་བའི་ཀློང་དུ་ཆུད། དེས་ན་ཇི་སྐད་དུ་། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པས་འཁོར་ལོས་སྒྱུར་རྒྱལ་ཡང་སྲིད་པར་ཡང་བྲན་ཉིད་དུ་འགྱུར་བ་དང་། བརྒྱ་བྱིན་མཆོད་འོས་ཀྱང་ས་སྟེང་ཉིད་དུ་ལྟུང་ནས་སྡུག་བསྔལ་བ་དང་། ཚངས་པ་ཆེན་པོ་ཐོབ་ཀྱང་སླར་ཡང་མནར་མེད་དུ་བསྲེགས་པ་ལ་སོགས་པ་འཁོར་བའི་བདེ་བ་ཆེན་པོ་གང་ལ་ཡང་རེ་ཞིག་ལས་མི་རྟག་པས། ལྟར་སྣང་འགྱུར་བའི་ཆོས་ཅན། སྡུག་བསྔལ་གྱི་རང་བཞིན་ལས་

p. 263

མ་འདས་པས། དེ་ལྟར་བསམ་ནས་རྣལ་འབྱོར་བསྒོམས་ཏེ། མཐའ་དག་འཁོར་བར་ཡིད་རབ་འབྱུང་བར་བྱིན་གྱིས་རློབས། །ལྟར་སྣང་བདེ་ལ་ཞེན་པ་མེད་པར་བྱིན་གྱིས་རློབས། །ཉོན་མོངས་འཆིང་བའི་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབས། །བདེ་ཆེན་ཐར་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། འཁོར་བ་མཐའ་དག་ལ་ཞེན་པ་ལོག །སེམས་ཅན་ལ་བཟོད་མེད་དུ་བརྩེ་ཤུགས་ཀྱིས་གདུངས། བླ་མ་ལ་མགོ་བཅད་པང་སྐྱུར་གྱི་མོས་གུས་སྐྱེས་པ་ན། སྐྱབས་གནས་རྣམས་རང་ལ་བསྟིམ། ཞེན་མེད་རང་གྲོལ་སྤྲོས་མེད་ཀྱི་ངང་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་རྣལ་འབྱོར་བསྒོམས་ལ་གསོལ་བ་གདབ། འཁོར་བ་འདི་ན་བདེ་བ་ལྟར་སྣང་ཡང་སྡུག་བསྔལ་ཉིད་ལས་གནས་སྐབས་གཞན་དུ་མིན། ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་ཡང་མི་རྟག་གཡོ་བའི་རང་བཞིན་ཅན་སྙིང་པོ་མེད། འགྲོ་བ་འདི་དག་མ་ལུས་བདག་གི་ཕ་མ་ཡིན་སྙམ་པས། འཁོར་བ་མཐའ་དག་ལ་ཡིད་འབྱུང་བས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་དགེ་བ་བརྩོན་པ་ཆེན་པོས་གཅིག་ཏུ་བསྒྲུབ་པར་བྱའོ། ། ༣༠ སླད་ནས་འཁོར་བ་ལས་འབྲོས་ཐབས་བསྟན་པ་ནི། འཁོར་བའི་ཉེས་དམིགས། ཁྱིམ་གྱི་སྡུག་བསྔལ། དགྲ་གཉེན་མང་པོའི་འདུ་འཛི། རྣམ་མང་ཚེ་འདིའི་བྱ་བས་ཡིད་སྐྱོ་ནས་དེ་དང་དེ་འདྲ་རྣམས་ལས་ཐར་བར་འདོད་པས། ནགས་མཐའ་མེས་འཚིག་པའི་རི་དྭགས་བཞིན་བྲེད་ཤ་ཐོན་པས་སྐྲག་ནས་ཤིན་ཏུ་རིངས་པས་འབྲོས། མཚོ་ཆེན་རླུང་གིས་འཁྱགས་པའི་བྱ་བཞིན་གདུང་བ་བཅད་དེ་ཞེན་པ་ལོག་ནས་འབྲོས། སྲིན་མོའི་གླིང་ནས་འབྲོས་པའི་དེད་དཔོན་བཞིན་ཞེན་ཆགས་བརྩེ་གདུང་སྤངས་ནས་འཇིགས་ཤིང་ཉམ་ང་བས་

p. 264

འབྲོས། ཆུ་བོ་སྒྲོལ་བའི་རྐྱལ་པའི་གཅེས་སྤྲས་བཞིན་སྡོམ་གསུམ་ལ་ཉེས་ལྟུང་ཕྲ་ཞིང་ཤིན་ཏུ་ཕྲ་བས་ཀྱང་གོས་པ་མེད་པས་ཉེས་མང་འཁོར་བའི་ཆུ་བོ་སྒྲོལ་ཞིང་ཕ་རོལ་ཏུ་འབྲོས། ལམ་དུ་ཆས་པའི་ཚོང་པའི་གྲབ་ཤོམ་བཞིན་ཚོགས་གཉིས་ཀྱི་དཔུང་ཚོགས་དགེ་བའི་ནོར་ཚོགས་ཚགས་སུ་ཚུད་པས་སྤྲོ་བ་དང་བཅས་བྲོད་པ་དང་བཅས་འཁོར་བ་ལས་འབྲོས་དགོས་ཏེ། དེ་ལྟར་མ་བྱས་ན་རི་དྭགས་ནགས་ཀྱི་མེས་བསྲེགས་པ་དང་། ཆུ་བྱ་འཁྱགས་པའི་ངོས་ལ་འབྱར་བ་དང་། དེད་དཔོན་སྲིན་མོས་ཟོས་པ་དང་། རྐྱལ་མཁན་ཆུ་ནང་དུ་ཤི་བ་དང་། ཚོང་པ་སྟོང་པར་ལོག་པ་དེ་བཞིན་དུ་འཁོར་བའི་མེས་འཚིག །ཁྱིམ་གྱི་འཁྱགས་སྦུགས་སུ་ཆུད། ཚེ་འདིའི་སྲིན་མོས་ཟ། ངན་སོང་གི་ཆུར་ལྷུང་། དལ་འབྱོར་སྟོང་པར་ལོག་པས། འཇིག་རྟེན་གྱི་བྱ་བ་བློས་བཏང་། འདོད་ཡོན་ལ་ཆགས་པ་སྤང་། ཆོས་བརྒྱད་རྒྱང་དུ་བསྲིངས། འཆི་བ་སྙིང་ལ་གཟེར། སེམས་ཅན་ལ་བརྩེ་བ་མི་བཟོད་པས་སྔར་ལྟར་རྣལ་འབྱོར་བསྒོམས་ནས། འཁོར་བས་འཇིགས་ཤིང་སྐྲག་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལས་མྱུར་དུ་འབྲོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཁྱིམ་གྱི་ཞེན་པ་ལོག་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་དག་མྱུར་དུ་སྤོང་བར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་བྱ་བ་ཐོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་བརྒྱད་མགོ་བོ་སྙོམས་པར་བྱིན་གྱིས་བརླབ་ཏུ་གསོལ། ན་མེད་བྱ་བྲལ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། འགྲོ་ལ་སྙིང་རྗེ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀུན་མཁྱེན་ས་ལ་འགོད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་ནས། འཇིག་རྟེན་གྱི་བདེ་འབྲས་ཐམས་ཅད་དུག་དང་མཚོན་དང་མེ་ལྟ་བུར་མཐོང་། སེམས་ཅན་ལ་བརྩེ་བ་སྙིང་ནས་སྐྱེས།

p. 265

མོས་གུས་དང་སྐྱོ་ཤས་ཀྱིས་མཆི་མ་འཁྲུགས་པ་ན། བླ་མ་རང་ལ་བསྟིམ། འཁོར་འདས་དབྱེར་མེད་གཟུང་འཛིན་རང་གྲོལ་དུ་མཉམ་པར་བཞག །སླར་ཡང་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམས་ལ་གསོལ་བ་གདབ། ཆགས་ཞེན་འཆིང་བ་ཐམས་ཅད་བཙན་ཐབས་སུ་བཅད། དབེན་པའི་གནས་སུ་རྩེ་གཅིག་ཏུ་བསྒོམ་པས་ཚོགས་གཉིས་བཟླུམ་པར་བྱའོ། ། ༣༡ སྔོན་འགྲོ་བཞི་པོ་ཀུན་ལ་དགོས་པའི་ཉམས་ལེན་ནི། དལ་འབྱོར་ཤིན་ཏུ་རྙེད་པར་དཀའ་བས་དོན་ཡོད་དུ་བྱེད། འཆི་བ་ནམ་ཡོང་ངེས་པ་མེད་པས་ཚེ་འདི་བློས་གཏོང་། ལས་འབྲས་བསླུ་བ་མེད་པས་བླང་དོར་ལ་བརྩོན་པ་ཚུལ་བཞིན་འཇུག །འཁོར་བ་འཇིགས་སུ་རུང་བས་དེ་ལས་ངེས་པར་འབྱུང་བར་བྱ། དེ་བཞི་ཀ་སེམས་བྱུང་གཅིག་གི་སྟེང་དུ་དུས་གཅིག་ལ་ལམ་མེ་བར་གསལ་ལམ་མེ། གནས་བཞི་པོ་དེ་ལ་འཇིགས་སྐྲག་ཆུམ་མེ། སེམས་ཅན་ལ་སྙིང་རྗེ་ལྷང་ངེ་། བླ་མ་ལ་མོས་གུས་དུང་ངེ་། འཁོར་བ་ལ་སྤོང་འདོད། ཐར་པ་ལ་ཐོབ་འདོད་དེ་དག་དང་། ཁྱད་པར་སེམས་ཅན་གྱི་དོན་དུ་དཀོན་མཆོག་ལ་གསོལ་བ་དྲག་ཏུ་གདབ། རིག་པ་གསལ་དྭངས་ངར་དང་བཅས་པས་རྟོག་མཁན་ཡུལ་མེད་དུ་བུན་ནེ། དམིགས་མེད་དུ་རྗེན་ནེ། རྩོལ་མེད་དུ་ལྷང་ངེ་བར་མཉམ་པར་བཞག །རྟོག་པ་ནམ་ལྡང་བ་ན། མི་དགེ་བ་ཚེ་འདིའི་རྟོག་པ་ལུང་མ་བསྟན་གྱིས་བར་མ་ཆོད་པར་ངེས་འབྱུང་དང་སྐྱོ་ཤས་དྲག་པོས་མཉམ་གཞག་དམིགས་མེད་རྗེན་པ། རྗེས་ཤེས་དགེ་བའི་བསམ་སྦྱོར་ཁོ་ནས་དུས་འདའ་བ་ལས་གཞན་དུ་མི་བྱའོ། ། ༣༢ ད་ནི་དངོས་གཞི་ལ་འཇུག་པར་བྱ་སྟེ། དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དང་

p. 266

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཉིས་ལས། དང་པོ་རྒྱུད་སྣོད་དུ་རུང་བར་བྱ་བའི་ཐོག་མར། སྔོན་ནས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་རྫོགས་པའི་སངས་རྒྱས་སུ་སྨོན་ལམ་བཏབ། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་ཡང་དག་པར་བླངས། བསླབ་བྱ་ལ་མཁས་པས་ཉམས་པ་མེད་པར་བསྲུང་བ་ཡིན་ན་རབ། དེ་ལྟར་མ་ཡིན་ན་སྐབས་འདིར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལས་སེམས་བསྐྱེད་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན། དེའི་དུས་ན་དཀོན་མཆོག་གི་མཆོད་པ་རྒྱ་ཆེར་བཤམས། བླ་མ་དང་དགེ་འདུན་བསྙེན་བཀུར་བ་དང་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་བསགས། བྱང་སེམས་ཀྱི་བསླབ་བྱ་བསྲུང་བའི་དམ་བཅའ་བརྟན་པོས། དཀོན་མཆོག་གི་སྤྱན་སྔར་ཉིན་རེ་བཞིན་རང་གིས་ལེན་པའི་ཆོ་གས་སེམས་བསྐྱེད་དང་སྡོམ་པ་བཟུང་ནས་ཉམས་ཆགས་མེད་པར་བྱ། དེ་ནས་རྒྱུད་སྣོད་དུ་རུང་བའི་བསམ་གཏན་ལ་འཇུག་པར་བྱ་སྟེ། དེའང་འཚོ་བ་མོད། དབེན་རི་ཡིད་དུ་འོང་། ཉམས་དགའ་བའི་གནས་སུ་ཟས་གོས་སྤྱོད་ལམ་མཐའ་གཉིས་དང་བྲལ་བར་བསྟེན། འབོལ་བའི་སྟན་ལ་བདེ་བར་འདུག །སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བླ་མའི་རྣལ་འབྱོར་བསྒོམ། ལུས་ལོངས་སྤྱོད་མཆོད་པ་ཕུལ་ནས། ཚེ་འདིའི་སྣང་བ་ནུབ་པར་བྱིན་གྱིས་རློབས། །སྒོ་གསུམ་ལས་སུ་རུང་བར༴ གཟུང་འཛིན་མཚན་མས་དབེན་པར༴ སྦྱངས་སྟོབས་མཆོག་ཏུ་གྱུར་པར༴ ཏིང་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། མོས་གུས་སྐྱེས། རྟོག་པ་ཞི། ཡིད་ཚིམ་ལྷང་ངེ་བ་ན། བླ་མ་རང་ལ་བསྟིམ། དར་ཅིག་ཅི་ཡང་མི་བསྒོམ་པའི་ངང་ལ་ཧད་དེ་བཞག །སླར་རྟོག་པ་ལྡང་ན། རླུང་རོ་ལན་གསུམ་འབུད། ལུས་སྦྱང་བ་རྐང་པ་སྐྱིལ་ཀྲུང་།

p. 267

ལག་པ་མཉམ་བཞག །སྒལ་ཚིགས་བསྲང་། མགྲིན་པ་སྒུ། དཔུང་པ་བརྒྱང་། ལྕེ་རྩེ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ་མི་འགྱུར་བའི་ལྟ་སྟངས་ལ་གནས་པ། རྣམ་སྣང་གི་ཆོས་བདུན་གྱིས་ལུས་གནད་དམ་ལྷོད་རན་པར་བཅིང་། ངག་སྦྱང་བ་སྨྲ་བ་བཅད། རླུང་རང་སོར་བཞག །སེམས་སྦྱང་བ་ཅི་ཡང་མི་བསྒོམ་མི་རྟོག་རྩེ་གཅིག་ཏུ་ཙན་ནེ་བཞག །རྟོག་པ་འཕྲོ་ན་དེ་ཀའི་སྟེང་དུ་བཅོས་བསླད་མེད་པར་རང་ལུགས་སུ་བཞག །ད་དུང་རྟོག་པ་འཕྲོ་འདུག་ན་རླུང་ལྡང་འཇུག་གནས་གསུམ་ལ་རིག་པ་རྩེ་གཅིག་ཏུ་གཏད། དེ་ལས་གཞན་དུ་མི་གཡོ་བར་བཞག །དེ་ལྟར་རླུང་ལྡང་འཇུག་གནས་གསུམ་ལ་གཅིག་ཏུ་བྱས་པ་གཅིག་ནས་བཅུའི་བར་དྲན་པ་ཡུད་དེ་བས་རྩིས་སུ་གཟུང་བཞིན་པ་དེ་གའི་སྟེང་དུ་ཡེངས་མེད་དུ་མཉམ་པར་བཞག །དེ་ལྟར་བཅུ་ཚན་རེ་རེ་ཞིང་སྤར་བས་བཅུ་ནས་བརྒྱའི་བར་དུ་གོམས་ཤིང་གནས་པ་ཇེ་བརྟན་དུ་རླུང་ལ་རིག་པ་རྩེ་གཅིག་ཏུ་གཏད། དེ་ལས་གཞན་དུ་མི་གཡོ། མི་སེམས། མི་རྟོག །གོམས་པ་གནས་པའི་བརྟན་ས་ཟིན་པ་ན་ནང་དུ་མི་འཛིན། ཕྱིར་མི་སྤྲོ། རླུང་ལ་ཡང་མི་གཏད་པར་ཆེད་འཛིན་ཀུན་བོར་ནས། མི་རྟོག་མ་ཡེངས། ཧད་དེ་ཆད་དེ། ཅམ་ལེ་ལིང་ངེར་བཞག །དེ་ལྟར་རང་ཉམས་ལ་དཔག་ཀྱིན་བྲམ་ཟེ་སྐུད་པ་འཁལ་བ་དང་། མཁས་པས་གླང་པོ་ཆེ་སྐྱོང་བ་ལྟར་བསྐྱངས་པས། རྫིང་ཐོག་གི་བྱ་དེ་དེ་ལས་གཞན་དུ་མིན་པ་ལྟར་རྟོག་པ་ཏོལ་སྐྱེས་ཀྱང་རྟོག་མེད་ཉིད་དུ་ཧད་པ། དེ་ལྟར་ན་རྟོག་པ་མི་དགག །གནས་པ་མི་བཙལ། རྟོག་ན་རྟོག་ཐོག །འགྱུ་ན་འགྱུ་ཐོག་ཏུ་མི་བསྒོམ་མ་ཡེངས་པའི་དྲན་པ་ཏུ་རེ་བ་ཉིད་ལས་གཞན་དུ་བྱ་བཙལ་མེད་པར་བསྐྱང་། དེ་ལྟར་བསྐྱངས་པས་རྟོག་པ་སྐྱེས་གྲོལ་དུས་མཉམ་ལས་བརྒྱུད་མར་མི་འཆོར། འདོད་ཡོན་ལ་མི་ཆགས། ངེས་འབྱུང་དྲག་པོ་སྐྱེ། སྐྱོ་ཤས་འཕེལ། ཚེ་འདི་ལ་

p. 268

བློ་མི་འཇུག །ཞི་ཞིང་དུལ། རང་བཞིན་གྱིས་དགེ་བ་ལ་རྩོལ་མེད་དུ་འཇུག །དེ་ལྟར་ན་སྣོད་དུ་རུང་བའི་ཞི་གནས་བརྟན་པའི་རྟགས་ཡིན་པས། དེ་ལྟར་མ་གྱུར་གྱི་བར་དུ་གསོལ་བ་བཏབ་ཀྱིན་བསྒོམ་པར་བྱའོ། ། ༣༣ ད་ནི་ལྟ་བས་སྤྲོས་པ་བཅད་པ་ནི། སྤྱི་བོར་སྐྱབས་གནས་རྣམས་གསལ་བར་དམིགས། མཆོད་སྤྲིན་རྒྱ་མཚོས་མཆོད། ས་གཞི་གང་བའི་མ་རྒན་སེམས་ཅན་རྣམས་དང་མགྲིན་གཅིག་ཏུ་གདུང་ཤུགས་ཆེན་པོའི་ང་རོས། ཆོས་རྣམས་རྨི་ལམ་ལྟ་བུར་ཤེས་པར་བྱིན་གྱིས་རློབས། །ལས་འབྲས་བསླུ་མེད་རྟེན་འབྲེལ་གོ་བར༴ འགྲོ་རྣམས་ཕ་མར་ཤེས་ནས་བརྩེ་བར༴ འཁྲུལ་པའི་རྫུན་ཕུགས་རང་སར་ཞིག་པར༴ གཉིས་འཛིན་མཚན་མའི་སྒྲོག་ལས་གྲོལ་བར༴ ཆོས་ཉིད་བདེན་པ་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་སྙིང་གི་དཀྱིལ་ནས་སྐད་ཀྱི་གདངས་མཐོན་པོས་གདབ། མོས་གུས་སྐྱེས། བྱིན་རླབས་ཕེབས། རྒྱུད་འབོལ་ལེ་ཤིག་གེ། སིང་ངེ་ཡེ་རེ་དེར་འཛིན་ཞིག་པ་ན་སྐྱབས་གནས་རྣམས་གཅིག་ལ་གཅིག་ཐིམ་སྟེ། དེ་ཡང་རྩ་བའི་བླ་མ་ལ་ཐིམ་ནས། བླ་མ་དང་རང་གཅིག་ཏུ་ཆུ་དང་ལན་ཚྭ་འདྲེས་པ་བཞིན་དུ་དབྱེ་བ་མེད་པར་ཆོས་ཉིད་ཀྱི་རང་བཞིན་ནི་ངོ་བོ་གཅིག་པ་དང་ཐ་དད་པ་དང་བྲལ་བར་དེ་གའི་ངང་དུ་བཅས་བཅོས་མེད་པ་ལྷང་ངེར་བཞག །གསལ་དྭངས་དེར་འཛིན་བྲལ་བ་ན་སེམས་ལ་སེམས་ཀྱིས་ཆེར་བལྟས་པས། བལྟ་བྱ་ལྟ་བྱེད་དང་བྲལ་བས་རྗེན་ཅེ་རེ། མཐོང་བྱ་མཐོང་བྱེད་དང་བྲལ་བས་ཟང་ཐལ་ལེ་བ་ན། དེ་ཉིད་ལ་བཟོ་བཅོས་མེད་པར་འཇོག་པ་ལས་གཞན་གྱིས་ལྷན་པ་མི་འདེབས་དེ་གར་བཞག །གནས་ན་གནས་ཆུག །གནས་མཁན་གཞི་མ་གྲུབ། འགྱུ་ན་འགྱུ་ཆུག །འགྱུ་མཁན་འགྱུ་མ་མྱོང་། དེ་

p. 269

གའི་ངང་ལ་ཁྲེས་སེ་བོར་ལ་ཞོག །མཉམ་གཞག་རྣམས་སུ་དེ་ཉིད་སྐྱོང་བ་ལས་གཞན་གྱི་བྱ་རྒྱུ་ཅི་ཡང་མེད། དེ་ལས་གཞན་དུ་གྱུར་ནས་བླ་མ་དཀོན་མཆོག་ལ་གསོལ་བ་དྲག་ཏུ་གདབ་ཀྱིན་དེ་ཉིད་ཁོ་ན་བསྐྱང་བར་བྱའོ། ། ༣༤ ཆོས་རྣམས་རྨི་ལམ་ལྟ་བུར་ལྟ་བ་ནི། བླ་མ་དཀོན་མཆོག་གི་རྣལ་འབྱོར་སྔར་ལྟར་བསྒོམ། གསོལ་བ་བཏབ་ནས་སྒོམ་མེད་ཀྱི་ངང་དུ་མཉམ་པར་བཞག་པས་ཕྱི་རོལ་ཡུལ་གྱི་རྣམ་པ་ཞིག་ལམ་གྱིས་ཤར་བའམ། རྣམ་པར་རྟོག་པ་ཞིག་ཐོལ་གྱིས་སྐྱེས་པ་ན། དེ་གའི་སྟེང་དུ་བཅོས་བསླད་མེད་པར་རྩེ་གཅིག་ཏུ་བཞག །སླར་ཡང་སྣང་ཞིང་རྟོག །རྟོག་ཅིང་སྣང་ན་བློ་ཤེས་རབ་ཀྱིས་དཔྱད་པས་སྣང་བ་ཙམ་དགག་ཏུ་མེད་ཀྱང་། དེ་ཅིའི་ངོ་བོར་ཡང་གྲུབ་པ་མེད་པས་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བས། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཤེས་པར་འགྱུར་བས་སྣང་བ་མི་དགག །གང་སྣང་སྣང་དུ་ཆུག །དེ་ལ་དེར་འཛིན་གང་ཡང་མི་བྱེད་པར་དེ་ཉིད་ཀྱི་སྟེང་དུ་ཅི་ཡང་མི་བསྒོམ། གང་དུའང་མ་ཡེངས་པར་བཞག །དེ་སྣང་སྟོང་འགལ་བ་མེད་པར་རྨི་ལམ་ལྟ་བུའི་སྣང་བས་འཆིང་མི་ནུས་པར་འགྱུར་རོ། ། ༣༥ མ་སྐྱེས་རིག་པའི་གཤིས་ལ་དཔྱད་པ་ནི། སྔར་ལྟར་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམ། གསོལ་བ་གདབ། མཉམ་པར་བཞག་ནས་རིག་པ་གསལ་དྭངས་ཀྱི་ངང་ནས་འཆར་སྒོ་གཅིག་འགྱུ་བ་ན། རང་གི་སེམས་ཉིད་རིག་པའི་འཆར་སྒོ་འདི་དང་པོར་སྐྱེས་སམ། སྐྱེས་ན་གང་ནས་སྐྱེས། བར་དུ་གནས་སམ། གནས་ན་གང་གནས། ཐ་མར་འགག་གམ། འགག་ན་གང་དུ་འགག །ཁ་དོག་ཅི་འདྲ། དབྱིབས་ཀྱང་ཅི་འདྲ་བར་སེམས་ཀྱིས་སེམས་ལ་ཅེར་གྱིས་བལྟས། མ་སྐྱེས་རིག་པའི་གཤིས་ལ་བློ་གྲོས་ཀྱིས་དཔྱད་པས། རྒྱུ་རྐྱེན་གྱིས་མ་

p. 270

བསྐྱེད། ཕྱི་ན་མི་གནས། ནང་ན་མི་གནས། བེམ་ཤེས་ཀྱི་ཆོས་གང་དུ་ཡང་མ་གྲུབ། སྐྱེ་འགག་གནས་གསུམ་དང་བྲལ། དངོས་པོ་དང་དངོས་མེད་དུ་མ་དམིགས། ཡོད་མེད་རྟག་ཆད་མཐའ་ལས་གྲོལ་བར་ངེས་ཤེས་ཐོབ། ཅི་ཡང་མ་རྙེད། གང་ཡང་བྱེད་མ་ཤེས་པ་དེ་གའི་ངང་ལ་ཅམ་མེ་ལིང་ངེར་འཇོག་པ་དེ་ལས་བྱ་རྒྱུ་གཞན་མེད། དེའི་རྩ་བ་ཆོད་པས་བྱ་རྩོལ་དང་བྲལ་བར་འགྱུར་རོ། ། ༣༦ གཉེན་པོ་ཉིད་ཀྱང་རང་སར་གྲོལ་བ་ནི། རྣལ་འབྱོར་བསྒོམ། གསོལ་བ་བཏབ། མཉམ་པར་བཞག །རིག་པ་གསལ་དྭངས་ངར་དང་བཅས་པ་ན། སེམས་ཀྱིས་སེམས་ལ་ལྟ་བར་བྱེད་པ་རྟོག་མེད་དུ་མཉམ་པར་འཇོག་པར་བྱེད་པ་པོའི་མཁན་པོ་ཁོ་ཉིད་ལ་ཤེས་རབ་ཀྱི་མིག་གིས་ཅེ་རེ་ལྟོས་དང་། ལྟ་མཁན་འཇོག་མཁན་ཉིད་ལ་དམིགས་པས་གཉེན་པོ་ཉིད་ཀྱང་རང་སར་གྲོལ། བློ་ཡི་ཡུལ་ལས་འདས་པས་བལྟ་བྱ་ལྟ་བྱེད། འཇོག་བྱ་འཇོག་བྱེད། དཔྱད་བྱ་དཔྱོད་བྱེད་མ་དམིགས་པར་ཁྲེས་སེ་བྱར་མེད་དུ་ལུས་པས་སྤང་གཉེན་རང་ཞི། སྨྲ་བསམ་བརྗོད་པ་ལས་འདས་པ་དེ་གའི་ངང་དུ་བཏང་བཞག་མེད་པར་གློད་ལ་བཞག །དེས་ནི་འཁོར་བ་སྤོང་འདོད། མྱང་འདས་ཐོབ་འདོད། གཅིག་དང་དུ་མ། ཡོད་མེད་ལ་སོགས་པ་གཉིས་འཛིན་གྱི་སྒྲོ་འདོགས་ཐམས་ཅད་བཅད་ནས་ཐེ་ཚོམ་ལས་གྲོལ་བར་བྱའོ། ། ༣༧ བསྒོམ་པས་ཉམས་སུ་ལེན་པ་ནི། སྔར་ལྟར་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམས་ཏེ། དངོས་འཛིན་འཁྲུལ་པ་ཞིག་པར་བྱིན་གྱིས་བརླབ་ཏུ་གསོལ། ཞི་གནས་ཏིང་འཛིན་བརྟན་པར་བྱིན༴ ལྷུན་གྲུབ་འོད་གསལ་འཆར་བར༴ གཟུངས་དང་རྣམ་ཐར་ཐོབ་པར༴ མངོན་ཤེས་ཐོགས་པ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ། མོས་

p. 271

གུས་ཀྱིས་ཡིད་བརླན་པས། བྱིན་རླབས་ཀྱི་ཡེ་ཤེས་ཕེབས་པ་ན་བླ་མ་རང་ལ་བསྟིམ། ལུས་གནད་གཡོ་བ་མེད་པར་བཅིངས། གང་ཡང་གཟའ་གཏད་མེད་པས་མི་བསྒོམ། གཉིས་འཛིན་མཚན་མ་བྲལ་བས་མ་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་བཞག །རྟོག་པ་འཕྲོ་ན་དེ་མི་སྤང་། མི་བསྒྱུར། དེ་གའི་སྟེང་དུ་ཨ་ནན་བྱས་ནས་མཉམ་པར་བཞག །ད་དུང་རྟོག་པ་འཕྲོ་ན་རྣམ་དཔྱོད་ཀྱི་ཤེས་རབ་ཟབ་མོས་ལྟ་བའི་སྤྲོས་པ་བཅད། གནས་ལུགས་ཇི་བཞིན་ཉིད་མངོན་སུམ་དུ་རྗེན་ཅེར་བའི་ལྷག་མཐོང་གིས་ངེས་ཤེས་བསྐྱེད་ལ། ངེས་པ་བློ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པར་བྱའོ། ། ༣༨ བདུན་པོ་སེམས་བྱུང་རྟོག་པ་ཡིན་པས་སྤང་བ་ནི། རྣལ་འབྱོར་བསྒོམ། གསོལ་བ་བཏབ། བླ་མ་རང་ལ་བསྟིམ། རྣམ་ཤེས་ཚོགས་དྲུག་ཉོན་ཡིད་དང་བདུན་གྱི་ངོར་གཟུགས་སྒྲ་དྲི་རོ་ལ་སོགས་ཡུལ་བདུན་ཤར་ན། གང་ཤར་ཤར། ཅི་དྲན་དྲན་དེ་གའི་སྟེང་དུ་ཙན་ནེ་བཟོ་བཅོས་མེད་པར་འཇོག་པ་ལས་ཐབས་གཞན་མི་བསྟེན། མི་གནས་པར་སླར་ཡང་རྟོག་ན་ཡུལ་འཛིན་གྱི་ཤེས་པ་གང་ནས་བྱུང་། གང་ན་གནས། དེ་ཡིས་ཡུལ་ཇི་ལྟར་འཛིན། ཡུལ་ཡུལ་ཅན་གཅིག་གམ་ཐ་དད་དཔྱད་པས་དཔྱོད་མཁན་གྱི་མཁན་པོ་སྟོར། དཔྱད་བྱའི་ཡུལ་མ་དམིགས། སྤྲིན་དང་ཁུག་རྣ་ནམ་མཁའ་ལས་འོང་ཞིང་ནམ་མཁའ་ལ་ཐིམ་པ་ལྟར། ཡུལ་ཡུལ་ཅན་སྣ་ཚོགས་པའི་སྣང་བ་འདི་ཡང་ཆོས་ཀྱི་དབྱིངས་ལས་འོང་ཞིང་ཆོས་ཀྱི་དབྱིངས་སུ་ཐིམ་པ། སྣང་དུས་ཉིད་ནས་གྲུབ་པ་མེད་པ། གཉིས་འཛིན་ལས་གྲོལ་བ། བློ་མཐའ་ཞིག་པའི་ངང་ལ་མཉམ་པར་བཞག་གོ ། ༣༩ ལམ་གྱི་ངོ་བོ་ཀུན་གཞིའི་ངང་དུ་བཞག་པ་ནི། རྣལ་འབྱོར་བསྒོམ། གསོལ་བ་

p. 272

གདབ། ཐབས་མོས་གུས་སྙིང་རྗེ་དམིགས་པའི་སྒྱུར་ཁ། ཤེས་རབ་ཆོས་ཐམས་ཅད་མཐའ་བརྒྱད་རང་གྲོལ་དུ་ཤེས་པའི་ཐབས་ཤེས་ཟུང་དུ་འབྲེལ་བ། ལྟ་སྒོམ་སྤྱོད་པས་ཇི་ལྟར་ཉམས་སུ་ལེན་ཡང་ཀུན་གཞིའི་ཆོས་དབྱིངས་ཇི་བཞིན་ཉིད་ཀྱི་ངང་དུ་དེ་བཞིན་ཉིད་དམིགས་མེད་རྗེན་པ། སྤྲོས་མེད་ལྷུག་པ། བྱར་མེད་གཉུག་མ། མཚན་མེད་ཞེན་མེད། བཅོས་བསླད་གང་ཡང་མེད་པ་དྲན་མེད་ཡེངས་མེད་སྒོམ་མེད་དུ་མཉམ་པར་བཞག །དེ་ལྟར་བཞག་པས་གནས་འགྱུའི་བར་ལག་འགྱེལ། གང་བྱུང་གྲོགས་སུ་ཤར། ཡིད་ཆེས་གཏིང་ནས་སྐྱེས། འཛིན་པའི་དྲི་མ་དག །ངེས་པ་བློ་དང་བྲལ། རང་བྱུང་རང་ཤར་རང་གྲོལ། དེ་ལྟར་ཞི་ལྷག་གཅིག་ཏུ་འདྲེས་པ་ལ་མི་གཡོ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། ། ༤༠ ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ་བ་ནི། མཉམ་གཞག་དེ་ལས་ལངས་ནས་འགྲོ་འཆག་ཉལ་འདུག །ཟ་འཐུང་བགོ་བ། ཕྱག་དང་བསྐོར་བ། ཁ་ཏོན་བཟླས་བརྗོད་ལ་སོགས་སྤྱོད་ལམ་གང་དང་ཅི་ལ་འཇུག་ཀྱང་བླ་མའི་མོས་གུས་དུང་ངེ་བའི་ངང་ནས་དྲན་པ་དང་ཤེས་བཞིན་བག་ཡོད་མ་ཉམས་པས། མཉམ་གཞག་གི་ལྟ་བའི་ངར། སྒོམ་པའི་རྩི་མ་ཤོར་བར་གླང་པོ་ཆེ་ཆང་གིས་མྱོས་པའི་བརྟུལ་ཞུགས་བཞིན་མཐོང་ཐོས་དྲན་རེག་ཡུལ་སྣང་ཐམས་ཅད་སྣང་མོད། སྣང་ཡང་བདེན་པར་མ་འཛིན། གང་ལ་ཡང་ཆེད་འཛིན་མེད་པར་ཧད་དེ་ཕྱད་དེ། སྣང་བ་བུན་ལང་ངེ་། རྐྱེན་ངན་གང་བྱུང་ཡང་མེ་ལྕེ་དྲག་པོ་དང་རྩྭ་སྐམ་པོ་འཕྲད་པ་ལྟར་ལྟ་སྒོམ་སྤྱོད་པའི་གྲོགས་སུ་ཁྱེར་བས་གནས་ལུགས་དེ་བཞིན་ཉིད་རྟོགས་པར་འགྱུར་རོ། །རྗེས་ཐོབ་ཏུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཕྱི་ནང་གི་ཡུལ་སྣང་ཅི་ཤར་ཡང་རྨི་ལམ་གྱི་ནང་དུ་རྨི་ལམ་ཉིད་དུ་ཤེས་པ། སྒྱུ་མ་མཁན་ལ་སྒྱུ་མའི་ལྟད་མོ། རབ་རིབ་ཏུ་ཤེས་བཞིན་པ་

p. 273

ཉིད་ལ་སྐྲ་ཤད་ཀྱི་འཁོར་ལོར་སྣང་ཡང་སྣང་དུས་ཉིད་ནས་གྲུབ་པ་མེད་པར་ཤེས་པ་བཞིན་དགག་སྒྲུབ་དང་བྲལ་བ། གཟུང་འཛིན་མཚན་མའི་སྒྲོག་ལས་གྲོལ་བར་ལམ་དུ་འཁྱེར། སྣང་ཙམ་མ་འགག་ཙམ་དུ་སྡིག་དང་ལྟུང་བ་མཐའ་དག་སྤང་། བསླབ་གསུམ་རྣམ་པར་དག་པ་བསྲུང་། དཀོན་མཆོག་མཆོད་པ་ལ་སོགས་ཆོས་སྤྱོད་ཇི་སྐད་དུ། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །ཞེས་སོ། །མཆན། བཅུ་ལ་དལ་མེད་དུ་འཇུག །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། ལས་རྒྱུ་འབྲས་ལ་ཡིད་ཆེས་ཁྱད་པར་ཅན་བསྐྱེད། དུས་རྟག་པར་བླ་མ་སངས་རྒྱས་སུ་མཐོང་། བཀའ་དྲིན་དྲན་པས་མོས་གུས་དུང་དུང་། སེམས་ཅན་ཕ་མར་ཤེས་པས་ཕ་མ་འཁྲུལ་པའི་དབང་དུ་སོང་བ་ལ་སྙིང་རྗེ་ཀམ་ཀམ། མཆི་མ་འཁྲུགས་འཁྲུགས། མཉམ་གཞག་ཏུ་སྤྲོས་མེད་ཀྱི་རང་ངོ་རྗེན་རྗེན། རྗེས་ཐོབ་ཏུ་སྣང་བ་གཏན་མེད་ཕྱམ་ཕྱམ། སྒྱུ་མ་རྨི་ལམ་གྱི་ངང་ནས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསགས། ལྟ་བས་སྤྲོས་པ་བཅད། སྒོམ་པས་མཉམ་པར་བཞག །སྤྱོད་པས་སྣང་ཐོག་ཏུ་རྩལ་སྦྱངས་པས། ཅི་ལྟར་སྣང་ཡང་བདེན་དངོས་དང་བྲལ་བ། རྐྱེན་ངན་གང་གིས་ཀྱང་བརྫི་བ་མེད་པ། རང་འདོད་ཐམས་ཅད་ཕུགས་ནས་ཟད་པ། བྱས་ལོ་རློམ་སེམས་ཁོང་ཡུས་སྟོར་བ། གང་བྱུང་ཆོག་པ་ཅི་བྱས་བདེ་བ། རྗེ་ལ་མོས་གུས་དུང་དུང་སྐྱེ་བ། འགྲོ་ལ་བཟོད་མེད་ལྷང་ལྷང་བརྩེ་བ། ཀུན་ལ་དག་སྣང་ཕྱོགས་མེད་འབྱོངས་པ། དེ་ལ་བརྩོན་པས་གཅིག་ཏུ་འཇུག་པ། ཤེས་རབ་ཟབ་མོའི་ཆོས་དོན་རིག་པ། ཤེས་བྱའི་གནས་ལ་བློ་གྲོས་རྒྱས་པ། རྣམ་རྟོག་ཆུང་ལ་གཙང་སྦྲ་ཆེ་བ། རྒྱུ་འབྲས་བསླུ་མེད་ཡིད་ཆེས་ཐོབ་པ། བླང་དོར་ཚུལ་བཞིན་ཞིབ་མོར་སྤྱོད་པ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་

p. 274

གཤའ་མ་རྒྱུད་ལ་སྐྱེས་པའི་དྲོད་ཚད་ཡིན། དེ་ཙ་ན་བླ་མའི་བྱིན་རླབས་ཞུགས་པ་ཡིན་པས། འཁོར་བས་ཡིད་འབྱུང་། ཚེ་འདི་བློ་ཡིས་ཐོངས། ཅི་བྱས་ཆོས་སུ་འགྲོ། རང་གཞན་གྱི་དོན་གཉིས་འགྲུབ་པ་ཡིན་པས། བཤད་པ་དང་ལག་ལེན་ཨེ་འཛོལ། གང་ཟག་དང་ཆོས་གཉིས་ཨེ་འདྲེས། བརྟག་གིན་དཔྱད་ཀྱིན་ཅི་ནས་ཀྱང་རང་གིས་རང་མ་བསླུས་པ། སེམས་ཅན་ལ་སྙིང་རིང་མ་ཤོར་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་ཀྱིས་མ་ཁྲེལ་བ། བཀའ་བརྒྱུད་རིན་པོ་ཆེའི་ཞབས་འདྲེན་དུ་མ་སོང་བ་ལ་ཡུངས་མར་གྱིས་བཀང་བའི་སྣོད་བསྐུར་བ་བོ་ན་གསོད་བསྡིགས་བྱས་པ་བཞིན་དུ་འབད་པར་བྱ། སྒྲིམ་པར་བྱའོ། ། ༤༡ དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། དང་པོར་སྙིང་རྗེ་བསྒོམ་པ་ལས། སྐྱེ་སླ་བ་ལ་བསྒོམ་པ་ནི། རང་རེའི་དལ་འབྱོར་གྱི་ལུས་སྐྱོན་མེད་པ་འདི་སྐྱེད་པར་བྱེད་པའི་རྩ་བའི་མ་ཡི་འཁོར་མེད་ཀྱི་དྲིན་ལ་ལེགས་པར་བསམ། དེ་བསམ་པའི་ཚུལ་ཡང་། རང་ཉིད་བར་དོར་ཡིད་ཀྱི་ལུས་ཤིང་བལ་ལྟ་བུར་ལས་ཀྱི་རླུང་དྲག་པོས་དབང་མེད་དུ་བདས། སྡུག་བསྔལ་ཆེན་པོས་བཏབ། རང་དབང་མེད་པར་ཕྱོགས་མེད་དུ་འཁྱམས་པ་དེ་ལས་མངལ་དུ་བཟུང་། བར་དོའི་འཇིགས་པ་ལས་ཐར་བར་བྱས། མངལ་དུ་ཟླ་དགུ་ངོ་བཅུ་གནས་པའི་རིང་ཡང་། མའི་ལུས་མི་བདེ་རྒྱུ་འདི་ལྟ་བུ་ཡིན་པར་ཤེས་བཞིན་དུ་བུ་འདི་གཟུགས་མཛེས་པ། དབང་པོ་ཚང་བ། ལྟ་ན་སྡུག་པ། སྐྱོན་མེད་པར་བཙའ་བར་གྱུར་ཅིག་ཅེས་ཡིད་ལ་བྱེད། སྨོན་ལམ་འདེབས། མངལ་ན་གནས་པའི་བུའི་བྱེད་ལས་ཀྱི་སྡུག་བསྔལ་རི་བོའི་ཁུར་ལས་ལྗིད་ན་ཡང་། དེ་དག་བཟོད་པས་བུ་ལ་གནོད་པའི་ལས་རྣམས་ཀུན་ཏུ་བསྲུང་། ནམ་ཞིག་བཙའ་བའི་དུས་ལ་བབས་པ་ན་ཡན་ལག་དང་ཉིང་ལག་གི་ཚིགས་རྣམས་སོ་སོར་བྱེ་བ་སྙམ་བྱེད།

p. 275

ལུས་ལ་མི་ན་བ་དང་མི་ཚ་བའི་ཀོར་ལེ་ཅུང་ཟད་མེད། སྟ་གྲིས་གཤགས་པ་བཞིན་དུ་སྡུག་བསྔལ་ཡང་བདག་གི་བུ་འདི་གནོད་པ་མེད་པར་བདེ་བར་བཙའ་བར་གྱུར་ཅིག་གོ་སྙམ་དུ་བསམ་པ་འབའ་ཞིག་ཡིད་ལ་བྱེད་པ་ལས་རང་གི་སྡུག་བསྔལ་ལ་ཇི་མི་སྙམ། བཙས་ནས་རིམ་གྲོ་སྲུང་ཆོག་བརྩོན་པས་སྒྲུབ། སྣབས་ལུད་ཁས་ཕྱིས། མི་གཙང་བ་ལག་པས་ཕྱགས། ཟས་ལྕེས་སྙོད། རང་གི་ནུ་ཞོས་གསོས་ནས་བསྐྱེད་བསྲིངས་པས། ལུས་ཤའུ་ལས་བསྲན་ཆུང་། ཉམས་སྟོབས་འབུ་ལས་ཞན། ངག་ཨང་ངེའི་ང་རོ་འབྱིན་པ་ལས་སྨྲ་མི་ཤེས་པ་དེ། རེ་ཞིག་ན་རྒྱུག་ཤེས་ན་མ་དགའ་ཞིང་རངས། ཁྲོས་ན་འཛུམ་གྱིས་བསུ། དེ་ལྟར་རང་ལས་གཅེས་པར་འབད་པ་དཔག་ཏུ་མེད་པས་བསྐྱངས་པས་རྙེད་དཀའི་དལ་འབྱོར་ནར་སོན། ལུས་ཀྱི་སྟོབས་རྒྱས། སེམས་ཀྱི་དྲན་པ་རྙེད། དགེ་བའི་བཤེས་གཉེན་དང་མཇལ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས། སྡོམ་པ་ཡང་དག་པར་བསྡམས། དམ་པའི་ཆོས་རིན་པོ་ཆེ་བྱར་ཡོད་པ་འདི་མ་ཡི་སྐུ་དྲིན་མ་ཡིན་པ་གཞན་སུ་ཞིག་གིས་བྱས། དཔག་མེད་དྲིན་གྱིས་བསྐྱངས་པའི་མ་དྲིན་ཅན་མ་དེ་ཤི་གསོན་གང་ཡིན་ཀྱང་མདུན་དུ་གསལ་པོར་དམིགས་ནས། དྲིན་ཅན་མ་ཁྱོད་ཀྱིས་བུའི་དོན་དུ་སེར་སྣ་འཇུར་གེགས་མི་དགེ་བ་སྣ་ཚོགས་ཤིག་བྱས་ནས། གསོན་པོར་ཡོད་ན་ད་ལྟའང་ལུས་ལ་ངལ་དུབ། སེམས་ལ་སྡུག་བསྔལ་མང་པོས་བུའི་བསམ་པ་མ་ཡིན་པར་རང་ལ་ཅིར་ཡང་མི་བསམ་པས་མ་སྙིང་རེ་རྗེ། མ་ཤི་ནས་ངན་སོང་གསུམ་དུ་ལྟུང་དུ་ཉེ། དེར་སོང་ན་སྡུག་བསྔལ་དེ་དང་དེ་འདྲ། ཨ་སྙིང་རྗེ་ཆེ་བསམ་པས། མ་ལ་སྲི་ཞུ་ཇི་ལྟར་བྱེད་ཅེ་ན། གུས་པའི་སེམས་ཀྱིས་གཏམ་སྙན་པར་སྨྲ། རང་ལ་ཡོད་དམ་མེད་པ་བཙལ་ནས་ཀྱང་ཞིམ་དགུའི་ཟས་སྐོམ། དྲོ་ལ་ཡང་ཞིང་འཇམ་པའི་གོས་ཀྱིས་བསྙེན་བཀུར། ཇི་ལྟར་འོས་པའི་

p. 276

སྡོམ་པ་འཛིན་དུ་འཇུག་པས་སྤང་བ་དང་དགེ་བའི་ལས་ལ་སྦྱར། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལའང་ཕ་མར་ཤེས་པས་སྙིང་རྗེ་བསྒོམ། དངོས་སུ་ཅི་ཕན་ཅི་བསོད་ཀྱིས་ཕན་གདགས་པའི་དགེ་བ་ལ་འགོད། གལ་ཏེ་མ་དེ་ཤི་ནས་མེད་ན། ངའི་མ་དེ་ཐོག་མ་མེད་པའི་དུས་ནས་བུའི་དོན་དུ་སྡིག་སྡུག་གཏམ་ངན་དུ་མ་ཞིག་བྱས། ད་ལྟ་ངན་སོང་གསུམ་པོ་གང་རུང་ཞིག་ན་ཡོད་པར་གོར་མ་ཆག །དེ་དག་གསུམ་ན་ནི་སྡུག་བསྔལ་དེ་དང་དེ་ལྟ་བུ་ཡོད། ཀྱེ་མ་ཀྱི་ཧུད། སྙིང་རེ་རྗེ་བསམ་དུ་མཆི་མ་འབྲུབ་བཞིན་པས། སྐྱབས་གནས་རྣམས་བདག་དང་མར་བཅས་གནས་པའི་སྟེང་གི་ནམ་མཁར་བསྒོམ། ལུས་ལོངས་སྤྱོད་དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་རྣམས་མའི་དོན་དུ་ཕུལ་ནས། ངག་ཏུ། སྐྱབས་གནས་དཀོན་མཆོག་གསུམ་པོ། །རྗེ་བཙུན་དཔལ་ལྡན་བླ་མ། །དྲིན་ཅན་ང་ཡི་མ་རྣམས། །འཁོར་བའི་ཆུ་བོས་ཁྱེར་རོ། །ངན་སོང་གནས་སུ་ལྷུང་ངོ་། །སྡུག་བསྔལ་རྦ་ལ་གཡེངས་སོ། །ཐར་མེད་ཀློང་དུ་ཚུད་དོ། །མྱུར་དུ་ར་མདའ་མཛོད་ཅིག །མཁྱེན་པའི་སྤྱན་གྱིས་གཟིགས་ཤིག །ཐུགས་རྗེའི་ཕྱག་གིས་ཟུངས་ཤིག །ཅེས་མ་ལག་ཞ་མའི་བུ་ཆུས་ཁྱེར་བ་ན་ར་མདའ་ཟློག་པའི་འདུ་ཤེས་དྲག་པོ་བཞིན། དྲིན་གྱིས་བསྐྱངས་ཚུལ་བསམ་གྱིན་སྙིང་རྗེ་བསྒོམ། གསོལ་བ་གདབ། སྡུག་བསྔལ་མྱོང་ཚུལ་བསམ་གྱིན་སྙིང་རྗེ་བསྒོམ། གསོལ་བ་གདབ། རང་ལ་ཁྲེལ་བདས་བྱ་ཡིན་ སྙིང་རྗེ་བསྒོམ། གསོལ་བ་གདབ། དེ་ལྟར་བྱས་པས་ལུས་ཚུགས་མེད་འདར་ཞིང་གཡོ། ངག་ཚུགས་མེད་ང་རོར་འབོད། སེམས་ཚུགས་མེད་སྙིང་རྗེས་རྒྱུད་དཀྲུགས་ནས་རང་དབང་མེད་པར་མཆི་མ་འབྲུབ་བཞིན། མ་རྒན་དྲིན་ཅན་འདི་པ་ངན་སོང་གི་སྡུག་བསྔལ་ད་ཇི་ལྟར་བཟོད་དེ། མཐོ་རིས་ན་ཡང་བདེ་བ་ཡོད་པ་མ་ཡིན་པས་འདི་འཁོར་བ་མཐའ་དག་གི་སྡུག་

p. 277

བསྔལ་ལས་ཐར་ནས། དེའི་ཚབ་ཏུ་བདག་གིས་ངན་སོང་གི་སྡུག་བསྔལ་བསྐལ་པར་མྱོང་ཡང་སྒུར་ནུས་གོ་གཅད། ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་འཁོར་བར་གནས་ཀྱང་བཟོད་སྙམ་པའི་སྙིང་རྗེ་དང་དད་གུས་ཐུན་མོང་མ་ཡིན་པས། སྙིང་ལ་ཆེར་གཟེར་བ་དེའི་བརྣག་པ་ཆེན་པོས་ལུས་ངལ་ཆེས། སེམས་དོས་ཆད། ངག་དངངས་ཤིང་སྨྲ་བར་མི་ནུས་པར་གྱུར་པ་ན་ང་ལ་ནི་བསམ་རྒྱུ་མ་རྒན་སེམས་ཅན་ལས་མེད། རེ་ས་བླ་མ་དཀོན་མཆོག་ལས་མེད། ཁྱེད་ལ་ནི་མཁྱེན་པའི་ཐུགས་རྗེ་ཡོད། སྐྱོབ་པའི་ནུས་པ་ཡོད་བསམ་པའི་བློས་མ་རྒན་སྐྱབས་མེད་རྣམས་ལ་ཅི་མཛད་ཁྱེད་མཁྱེན་ཞེས་ལིང་གིས་གཏད། རང་ཉིད་མོས་གུས་དང་སྙིང་རྗེའི་ངད་མ་ཡལ་བར་ལྷོད་དེ་ཤིག་གེ གང་དུ་ཡང་མི་བསྒོམ། མ་ཡེངས་པར་སྤྲོས་མེད་ཀྱི་ངང་དུ་རང་ལུགས་སུ་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་རྩ་བའི་མ་འདིས་དྲིན་གྱིས་བསྐྱངས་པ་གཅིག་པུར་མ་ཟད་ཀྱི། བདག་ཐོག་མ་མེད་པ་ནས་འཁོར་བར་འཁོར་བ་ན། སེམས་ཅན་གཅིག་གི་མར་བྱས་ཏེ། འཁོར་མེད་ཀྱི་དྲིན་གྱིས་བསྐྱངས་པའི་ལན་གྲངས་ཀྱང་ས་གཞི་ཆེན་པོ་རྒྱ་ཤུག་གི་ཚི་གུའི་རིལ་བུ་ཙམ་བྱས་པ་དེས་ཀྱང་བགྲང་བར་མི་ནུས། ངའི་དྲིན་ཅན་མ་འགྲོ་བ་སེམས་ཅན་འདི་རྣམས་འཁོར་བ་དང་ངན་སོང་དུ་བཟོད་མེད་ཀྱི་སྡུག་བསྔལ་ཆེན་པོས་བཏབ། མི་འདོད་པ་དུ་མ་ཐོག་ཏུ་བབས་པ་ཨེ་མ་སྙིང་རེ་རྗེ། དེ་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་། དེ་དང་དེའི་ཚབ་ཏུ་བདག་སྡུག་བསྔལ་གྱིས་མནར་ན་གོ་བཅད་སྙམ་པས། དང་པོ་ཕ་དང་ཉེ་དུ་མཛའ་བཤེས། དེ་ནས་རིམ་པ་བཞིན་གྲོང་པ་ཡུལ་མི། དེ་བཞིན་དུ་རིས་མཐུན་འཛམ་བུ་གླིང་པའི་མི། གླིང་གཞན་ན་གནས་པའི་མིའི་འགྲོ་བ་ཇི་སྙེད་པ། དེ་ནས་ལྷ་མ་ཡིན་དང་། འདོད་ལྷ་རིས་དྲུག་འགྱུར་བའི་སྡུག་བསྔལ་ཅན།

p. 278

གཟུགས་ཁམས་བསམ་གཏན་བཞི། གཟུགས་མེད་སྐྱེ་མཆེད་མུ་བཞི་སྟེ་སྲིད་རྩེའི་བར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཅན། དུད་འགྲོ་དམྱལ་བ་ཡི་དྭགས་ཏེ་སྡུག་བསྔལ་གྱི་སྡུག་བསྔལ་ཅན། དེ་རེ་རེ་བཞིན་རྩ་བའི་མ་ལས་ལྷག་པའི་དྲིན་གྱིས་ལན་གྲངས་བསམ་གྱིས་མི་ཁྱབ་པར་བསྐྱངས་པ་ལ་བསམ། དེ་ལྟར་སྡུག་བསྔལ་བཟོད་གླགས་མེད་པ་རང་གི་བློ་ཐོག་ཏུ་བླངས་ནས་རྩ་བའི་མ་ལ་ཇི་བཞིན་དུ་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དུང་དུང་པས། སྐྱབས་གནས་རྣམས་ལ་སྔར་བཞིན་གསོལ་བ་གདབ། དེའང་གླིང་བཞི་གླིང་ཕྲན་རེ་རེ་ཉི་ཟླ་ཁོར་ཡུག་གཅིག་གིས་བསྐོར་བ་དེ་སྟོང་ལ་སྟོང་དང་པོ་སྤྱི་ཕུད། དེ་སྟོང་ལ་སྟོང་གཉིས་པ་བར་མ། དེ་སྟོང་ལ་སྟོང་གསུམ་གྱི་འཇིག་རྟེན། དེ་སྟོང་ལ་རབ་འབྱམས་ཀྱི་འཇིག་རྟེན། དེ་སྟོང་ལ་རབ་འབྱམས་ཀྱི་རྒྱ་མཚོ། དེ་སྟོང་ལ་རབ་འབྱམས་ཀྱི་རྒྱ་མཚོའི་སྙིང་པོ་མེ་ཏོག་དང་བཅས་པའི་འཇིག་རྟེན་གྱི་ཁམས་ཞེས་པ། དེ་ལྟ་བུ་ཕྱོགས་བཅུ་ཀུན་ཏུ་ཏིལ་ལམ་བྱེ་བའི་ཕུང་པོ་ཆེན་པོ་སྤུངས་པ་བཞིན་དུ་ནམ་མཁའི་ཁམས་ལ་མཐའ་དབུས་མེད་པ་བཞིན་ཕྱོགས་དང་ཕྱོགས་མཚམས་མུ་མེད་པ་དེ་དག་གིས་མནར་མེད་ནས་སྲིད་རྩེའི་བར་གྱི་ནམ་མཁའི་མཐས་ཁྱབ་པའི་ལུས་ཅན་ཐམས་ཅད། མ་ཡིན་པ། དྲིན་ཆེ་བ། ལན་གྲངས་བསམ་གྱིས་མི་ཁྱབ་པར་བསྐྱངས་པས། དེ་དག་གི་སྡུག་བསྔལ་ལ་བསམས་ནས། གང་ལ་སེམས་བརྩེ་བ་ཉེ་རིམ་ནས་སམ། སྡུག་བསྔལ་རིམ་ནས་ཅི་ལྟར་རིགས་ཤིང་སེམས་ལ་འབབ་པ་བཞིན། རྩ་བའི་མ་ལ་ཇི་ལྟ་བ་བཞིན་བཟོད་མེད་ཀྱི་སྙིང་རྗེ་བསྒོམ། གསོལ་བ་གདབ། དེ་དག་སྡུག་བསྔལ་དང་བྲལ་ན་བདག་གི་མ་རེ་རེའི་ཕྱིར་ཡང་མནར་མེད་ཀྱི་སྡུག་བསྔལ་ཡང་བཟོད་དོ། །དེ་ལྟར་གྱུར་ན་གོ་བཅད་སྙམ་པའི་སྙིང་རྗེའི་བརྣག་པ་ཆེན་པོ་འཆར་བར་བྱའོ། །

p. 279

༤༢ སྐྱེ་དཀའ་བ་ལ་དམིགས་སུ་བཀར་ནས་སྙིང་རྗེ་བསྒོམ་པ་ནི། རང་རེ་ལ་ཉེས་པ་ཅི་ཡང་མེད་ཀྱང་གཞན་གྱི་ལུས་ཀྱིས་བརྡེག་འཚོས། ངག་གིས་ཕྱར་ཀ སེམས་ཀྱིས་ཞེ་སྡང་ཕྲག་དོག་ངན་སེམས་དངོས་སམ་བརྒྱུད་ནས་བྱེད་པའམ། ཕ་མའི་དུས་ནས་འགྲན་ཟླར་གྱུར་པ་སྔོན་གྱི་མཁོན་རྙིང་དྲག་པོ་ཡོད་པ་དང་། ཡང་གཉེན་བཤེས་མཐུན་གྲོགས་བྲན་གཡོག་ལ་སོགས་ལ་ཤ་ཚ་སྙིང་ཉེའི་དྲིན་གྱིས་བསྐྱངས་ཀྱང། དེས་དྲིན་ལན་ལོག་པར་བཙལ་ནས་གནོད་པའི་ལས་བྱས་པ་དང་། འགའ་ཞིག་གིས་ཚེ་འདིར་གནོད་པ་ཅི་ཡང་མ་བྱས་ཀྱང་སྔོན་གྱི་ལས་ངན་པའི་ལྷག་མ་ཡོད་པའི་མཐུས་མཐོང་བ་ཙམ་གྱིས་ཡིད་དུ་མི་སྡུག་པའི་སྡང་སེམས་སྐྱེ་བ་དང་། རང་དང་མཉམ་ཞིང་འགྲན་དོ་བྱེད་པ་དེ་ཐོས་ན་ཕྲག་དོག་པས་ཡིད་མི་དགའ། ཉེས་ན་དགའ་བས་ཡི་རང་སྐྱེ་བ་ལ་སོགས་པ་དེ་འདྲ་བ་རྣམས་ལ་ཤིང་འཁྱོགས་པོ་བསྲང་བ་བཞིན་ལྷག་པར་སྙིང་རྗེ་ཆེར་བསྐྱེད་ནས་འཛུམ་པའི་མདངས་བཟང་པོས་དངོས་སུ་ཕན་འདོགས། གནོད་པ་ལས་བསྐྱབ། བསམ་པས་བདེ་དགེ་ལ་འགོད་འདོད་ཀྱི་ལྷག་བསམ་བསྐྱེད་དགོས་ཏེ། སྐྱེས་བུ་འདི་དང་འདི་འདྲ་བ་བདག་གིས་ཡིད་དང་མི་མཐུན་པར་བྱེད་པ་འདི་རྣམས་ཀྱིས་སྔོན་ཆད་ལན་མང་པོ་ཕ་མར་བྱས། ཕན་ཚད་མེད་པ་བཏགས་ཀྱང་སྐྱེ་བ་འཕོས་པས་ངོ་མ་ཤེས། ད་ལྟ་གནོད་པ་བྱེད་པ་འདི་ཕན་བཏགས་པའི་ལན་བདག་གིས་འཇལ་བར་མ་ནུས་པའི་ལན་ཆགས་བསྙགས་པ་ཡིན་པའམ། ཡང་ན་བདག་གིས་ཀྱང་གནོད་པའི་ལས་འདི་འདྲ་བ་བྱས་པས་བདག་ལའང་གནོད་པ་འདི་དག་འབྱུང་བར་རིགས། ད་ནི་ལ་ལ་རྨོངས་པས་གནོད་པ་བྱས། ལ་ལ་རྨོངས་པས་ཁྲོས་ན་གདོན་མི་ཟ་བར་ངན་སོང་ནས་ངན་སོང་། འཁོར་བ་ནས་འཁོར་བ་ལས་ཐར་པ་ཐོབ་པའི་སྐབས་མ་མཆིས། གནོད་

p. 280

བྱེད་མེད་ན་བཟོད་པའང་ཅི་ལྟར་བསྒོམ། རང་གིས་ཤེས་ན་གནོད་བྱེད་འདི་དག་ཕན་བདེའི་སྦྱིན་བདག །དགེ་བའི་བཤེས་གཉེན་ཡིན། གཞན་འབྱོར་ལ་ཕྲག་དོག་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་ལྟ་ག་ལ་ཡོད་སྙམ་དུ་བསམས་ནས། སྙིང་རྗེ་ཆེན་པོས་གནོད་བྱེད་དེ་དག་སྡུག་བསྔལ་ལས་ཕྲལ་འདོད་ཀྱི་ལྷག་པའི་བསམ་པ་ཚད་མེད་པ་བསྐྱེད་དེ། སྐྱབས་གནས་རྣམས་བསྒོམ། གནོད་བྱེད་ཀྱི་དོན་དུ་མཆོད་པས་མཆོད་ནས། ངག་ཏུ། སྐྱབས་གནས་རྣམས་ཀྱིས་དུས་འདིར་བསྐྱབ་ཏུ་གསོལ། །བདག་ནི་སྔོན་ཆད་བླུན་ཞིང་གཏི་མུག་པས། །མ་ལ་མནར་སེམས་གནོད་པ་གང་བྱས་པའི། །བསམ་སྦྱོར་ཐམས་ཅད་དེ་རིང་བཤགས་ཤིང་སྡོམ། །སླན་ཆད་གང་གིས་བདག་གི་སྲོག་འཕྲོག་ཀྱང་། །གལ་ཏེ་དེ་ལ་གནོད་པའི་སེམས་འཆང་ན། །འཇིག་རྟེན་འདི་ན་བདག་ལས་ངན་པ་སུ། །རྒྱལ་བ་སྲས་བཅས་བདག་གིས་བསླུས་པ་ལགས། །གནོད་བྱེད་ལྟར་སྣང་བདག་གི་དྲིན་ཅན་མ། །འདི་ལ་བདག་ལས་ལྷག་པར་འཛིན་པའི་བློས། །ཚད་མེད་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་པས། །མོས་གུས་ཀྱིས་ཡིད་ཚིམ། གནོད་བྱེད་ལ་ལྷག་པར་བརྩེ་བ་མི་བཟོད་པ་སྐྱེས་པ་ན། བླ་མ་རང་ལ་བསྟིམ། གདུག་པའི་མཚན་མ་ཉེ་བར་ཞི་བའི་སྟོང་ཉིད་སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་སྔར་ལྟར་གནོད་བྱེད་ལ་རྒྱུ་མཚན་དུ་མའི་སྒོ་ནས་ལྷག་པར་བརྩེ་བས་སྙིང་རྗེ་ཆེན་པོ་བསྒོམས་པས་སྙིང་རྗེའི་སེམས་རྒྱུད་ལ་སྐྱེ་བར་བྱའོ། ། ༤༣ ད་ནི་སྙིང་རྗེ་བོགས་འདོན་པ་ལ་ལུས་བཅོས་ཏེ་བོགས་འདོན་པ་ནི། རང་ལ་མ་རྒན་སེམས་ཅན་རྣམས་ཀྱིས་བསྐོར་བ་ས་གཞི་གང་བའི་སྟེང་གི་ནམ་མཁར་བླ་མ་བརྒྱུད་པ་དང་བཅས་པ་ལ་སྐྱབས་གནས་ཀུན་གྱིས་བསྐོར་བ་ནམ་མཁའ་གང་བ་ལ་ལུས་ལོངས་སྤྱོད་

p. 281

མཆོད་པ་ཕུལ་ནས། སྐྱབས་གནས་རྣམས་ལ་བསམ་བཞིན་མོས་གུས་བསྐྱེད། མ་རྒན་འགྲོ་བ་ལ་བསམ་བཞིན་སྙིང་རྗེ་བསྐྱེད། དེ་ཡང་ལུས་ཅན་ཕ་མ་རྣམས་དྲིན་ཆེ་བ། ཉམ་ཐག་པ། སྡུག་བསྔལ་མྱོང་བ་ལ་བཟོད་མེད་ཀྱི་སྙིང་རྗེ་ཆེན་པོས་མྱ་ངན་གྱི་འདུག་སྟངས་སྐར་ཁུང་གསུམ་པ་ཅན་གོང་དུ་བསྟན་པའི་འཁྲུལ་འཁོར་ལྔ་སྒྱུར་གྱིན་སྒྱུར་གྱིན། ངག་ཏུ། མཁྱེན་བརྩེའི་བདག་ཉིད་སྐྱབས་གནས་དཀོན་མཆོག་རྣམས། །བདག་གི་མ་རྒན་འཁོར་བར་འཁྱམས་པ་རྣམས། །ཀུན་འབྱུང་ལས་ངན་རྒྱུ་ལ་འབད་པ་རྣམས། །སྡུག་བསྔལ་དུ་མའི་འབྲས་བུར་སྨིན་པ་རྣམས། །ཉམ་ཐག་སྨྲེ་བའི་ང་རོར་བཅས་པ་རྣམས། །གཟིགས་ཤིག་མཁྱེན་པའི་སྤྱན་གྱིས་རིང་ནས་གཟིགས། །ཟུངས་ཤིག་ཐུགས་རྗེའི་ཕྱག་གིས་མྱུར་བར་ཟུངས། །ཞེས་ཡུས་འཆར་གྱིན། སྙིང་རྗེ་སྒོམ་གྱིན་གསོལ་བ་གདབ། མོས་གུས་བྱེད་ཀྱིན་རང་མཚང་འབྲུ་ཡིན་གསོལ་བ་གདབ། སྙིང་རྗེས་རྒྱུད་འཁུལ་བ་ན། མ་རྒན་སེམས་ཅན་རྣམས་མཐོར་བཏང་དམར་བཏང་ཅི་མཛད་ཁྱེད་ཤེས་ཞེས་ལིང་གིས་གཏད། ཅི་མཛད་ཁྱེད་ཤེས་མགོ་བཅད་པང་སྐྱུར་བྱ། རང་ཉིད་ལས་ཟིན་པའི་སྐྱེས་བུ་བཞིན་སོས་དལ་ཁོང་གློད། སྤྲོས་བྲལ་བྱར་མེད་ཀྱི་ངང་དུ་ལྷུག་པར་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམས་ནས་གསོལ་བ་གདབ་པས། ཅི་ནས་ཀྱང་བཟོད་མེད་ཀྱི་སྙིང་རྗེ་སྙིང་ཐག་པ་ནས་སྐྱེ་བར་བྱའོ། ། ༤༤ དམིགས་བསལ་བསྒྱུར་ནས་སྙིང་རྗེའི་བོགས་འདོན་པ་ལ་མ་དང་མགྲིན་གཅིག་ཏུ་བྱས་ཏེ་གསོལ་བ་གདབ་པ་ནི། སྐྱབས་གནས་རྣམས་སྟེང་གི་ནམ་མཁར་བསྒོམས་པའི་སྤྱན་སྔར་བདག་དང་མ་རྒན་སེམས་ཅན་ཐམས་ཅད་པུས་བཙུགས་སམ་ཙོག་ཙོག་པོར་འདུག །

p. 282

ཐལ་མོ་སྙིང་གར་སྦྱར། མིག་གཉིས་འབྲུ་ཚུགས་སུ་ཅེར་རེ་ཞལ་གྱི་དཀྱིལ་འཁོར་ལ་ཆོག་མི་ཤེས་པར་བལྟ་བའི་རྣམ་འགྱུར་གཅིག་ཏུ་མོས་པས། ཡིད་ཀྱི་མོས་གུས་ཀྱིས་གདུང་ཤུགས་དྲག་པོས་ངག་ཐམས་ཅད་མགྲིན་གཅིག་ཏུ་ང་རོར་འབོད་པར་བསམས་ལ། འདི་སྐད་དུ། མཁྱེན་བརྩེ་ནུས་པ་ཕུལ་ཕྱིན་སྐྱབས་གནས་རྣམས། །བདག་ཅག་ལུས་ཅན་འགྲོ་བ་སེམས་ཅན་ཀུན། །ལས་ཀྱི་དབང་གིས་འཁོར་བའི་གནས་སུ་འཁྱམས། །བཟོད་མེད་སྡུག་བསྔལ་མང་པོས་དྲག་ཏུ་གཟེར། །མྱ་ངན་ང་རོའི་ངུད་མོར་བཅས་པ་འདི། །མཁྱེན་པའི་སྤྱན་གཟིགས་ཐུགས་རྗེའི་མཆིལ་པས་ཟུངས། །མགོན་སྐྱབས་གཞན་ན་མེད་དོ་ཐུགས་རྗེ་ཅན། །ཞེས་གསོལ་བ་དྲག་ཏུ་བཏབ། སྙིང་རྗེས་རྒྱུད་བརླན། ངེས་པར་ཐུགས་རྗེས་འཛིན་ངེས་སྙམ་པའི་བྱིན་རླབས་ཕེབས་པ་ན། སྐྱབས་གནས་རྣམས་བདག་གཞན་ལུས་ཅན་ཐམས་ཅད་ལ་རྒྱ་མཚོའི་ནང་དུ་ཆར་བབས་པ་བཞིན་གཅིག་ཏུ་འདྲེས་པའི་ངང་ལ་ངོ་བོ་སྟོང་པ། གདངས་སྙིང་རྗེར་གསལ་ལེ་བ་ལ་དེར་འཛིན་མེད་པར་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་བཞིན་བསྒོམ། གསོལ་བ་བཏབ་པས་སྟོང་ཉིད་སྙིང་རྗེ་རྒྱུད་ལ་སྐྱེ་བར་བྱའོ། ། ༤༥ དམིགས་པ་བསྒྱུར་བ་ཁྱེད་ཤེས་ལ་གཏད་ནས་བོགས་འདོན་པ་ནི། མ་རྒན་འགྲོ་བ་སེམས་ཅན་རྣམས་རང་གི་མདུན་དུ་གསལ་པོར་དམིགས། དེ་དག་གི་དྲིན་དང་སྡུག་བསྔལ་མྱོང་ཚུལ་ལ་ཞིབ་ཏུ་བསམས་ནས། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དྲག་པོ་བསྐྱེད། སྡུག་བསྔལ་དང་བྲལ་བ་ལ་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་པ་ལས་ཐབས་གཞན་མེད་པར་ཤེས་པས་སྐྱབས་གནས་རྣམས་སྟེང་གི་ནམ་མཁར་དམིགས་ནས་

p. 283

ཡོན་ཏན་དྲན་གྱིན་མོས་གུས་ཚད་མེད་བསྐྱེད། བཀའ་དྲིན་དྲན་གྱིན་གསོལ་བ་དྲག་ཏུ་བཏབ་སྟེ། ངག་ཏུ། ང་ཡི་མ་རྒན་དྲིན་ཅན་འགྲོ་བ་རྣམས། །འཁོར་བར་འཁྱམ་གྱིན་བཟོད་མེད་སྡུག་བསྔལ་མང་། །བདག་ལ་སྐྱོབ་པའི་ནུས་པ་ཅུང་ཟད་མེད། །ཐུགས་རྗེའི་བདག་ཉིད་རྣམས་ཀྱིས་བསྐྱབ་མཛོད་ཅིག །ད་ལྟ་ཉིད་དུ་འདུག་ས་འདི་ཉིད་དུ། །བདག་གི་མ་རྣམས་ཐུགས་རྗེས་བསྐྱབ་མཛོད་ཅིག །ལྟོས་ས་གཞན་མེད་སྐྱོབས་ཤིག་ཐུགས་རྗེ་ཅན། །ཞེས་གདོང་མཆི་མས་གང་བཞིན་དུ་གསོལ་བ་དྲག་ཏུ་བཏབ། མ་རྣམས་སྐྱབས་གནས་བླ་མ་དཀོན་མཆོག་གི་ཕྱག་ཏུ་ཅི་མཛད་ཁྱེད་ཤེས་ལ་ལིང་ངེར་གཏད་པས། ཐམས་ཅད་ཀྱང་སྐྱབས་འོག་ཞབས་དྲུང་དུ་བཞག །ཐུགས་རྗེའི་ཕྱག་གིས་བཟུང་། དགྱེས་པའི་སྤྱན་གྱིས་གཟིགས་ཏེ། འདི་དག་བདག་གིས་བསྐྱབ་པར་བགྱི། ཁྱོད་རང་སེམས་ལས་ཆུང་ངུར་སྡོད་ཅིག་ཅེས་ཞལ་གྱིས་བཞེས། མ་སེམས་ཅན་རྣམས་སྐྱབས་འོག་ཏུ་ཚུད་སྡུག་བསྔལ་དང་བྲལ་བས་རང་ཉིད་དགའ་ཞིང་ཡི་རངས་པ། མོས་གུས་གདུང་ཤུགས་ཀྱི་ངང་དུ་བཅོས་བསླད་མེད་པར་སེམས་ཀྱི་དྲི་མ་ཀུན་སྤངས་ནས། མ་བཅོས་ལྷུག་པར་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་བོགས་འདོན་གྱི་དམིགས་པ་གསུམ་པོ་མོས་གུས་མ་སྐྱེས། སྙིང་རྗེ་ཉམས་པའི་དུས་རྡོ་རུས་གཏུག་གིན་བསྒོམས་པས། ཐེག་ཆེན་གྱི་ལམ་གྱི་གཞི་མ་བྱང་ཆུབ་སེམས་ཀྱི་རྩ་བ། བཟོད་མེད་སྙིང་རྗེ་ཆེན་པོ་འགྲོ་ལ་ཉེ་རིང་མེད་པར་སྐྱེ་བར་བྱའོ། ། ༤༦ བྱམས་པ་བསྒོམ་པ་སྙིང་རྗེ་དང་མཚུངས་པར་ཉམས་སུ་བླང་བ་ནི། རྩ་བའི་མ་ནས་ཕ་དང་གཉེན་བཤེས་ཡུལ་མི་ནས་བཟུང་སྔར་ལྟར་རིམ་པ་བཞིན་དུ་ནམ་མཁའི་མཐས་གཏུགས་པའི་ལུས་ཅན་ལ་ཀོར་ལེ་ཀོར་ལེར་ཐུན་དུ་བཅད་ཀྱིན། མ་ཡིན་པ། དྲིན་ཆེ་བ།

p. 284

བདེ་བ་མེད་པའི་ཚུལ་ལ་ལེགས་པར་བསམ་ཞིང་གཞིག་ནས། ཐོག་མར་རྩ་བའི་མ་ནས་གང་ཡིད་དུ་འོང་སྙིང་ལ་གང་གཅེས་པ་མདུན་དུ་དམིགས་ནས། དེ་ལ་མིག་གིས་བརྩེ་བརྩེ་ལྟར་བལྟས་ཏེ་ཡིད་ཆགས་ཤིང་འཛུམ་པས། དེ་བདེ་བ་དང་མི་ལྡན་པ་ལ་བཟོད་གླགས་མེད་པའི་བྱམས་པས། སྐྱབས་གནས་རྣམས་ནམ་མཁར་དམིགས་ནས་མོས་གུས་ཆེན་པོས། ངག་ཏུ། བདག་གི་མ་རྒན་དྲིན་ཅན་ཡིད་འོང་མ། །བདེ་བ་འདོད་ཀྱང་རྒྱུ་ལ་ཆེར་རྨོངས་པས། །སྡུག་བསྔལ་དྲག་པོས་མནར་བ་འདི་དག་རྣམས། །གནས་སྐབས་ལྷ་མིའི་གོ་འཕང་ཐོབ་པ་དང་། །དེར་ཡང་དམ་པའི་གྲོགས་ཀྱིས་ཟིན་པ་དང་། །བསླབ་གསུམ་དག་པས་རང་རྒྱུད་སྦྱང་བ་དང་། །སྡུག་བསྔལ་ཀུན་འབྱུང་མཐའ་དག་སྤོང་བ་དང་། །ཉིན་མཚན་གཅིག་ཏུ་དགེ་བས་འདའ་བ་དང་། །ཐར་པ་ཐམས་ཅད་མཁྱེན་པའི་མཆོག་ཐོབ་པར། །ངེས་པར་བྱིན་གྱིས་རློབས་ལ་ཐུགས་རྗེས་ཟུངས། །ཞེས་གསོལ་བ་བཏབ། འགྲོ་བ་རྣམས་དེ་ལྟར་གྱུར་ན་བདག་དེ་དག་གི་ཚབ་ཏུ་མནར་མེད་དམྱལ་བར་ཚུད་ཀྱང་བསམ་པའི་དོན་གྲུབ། གོ་བཅད་སྙམ་པས་བྱམས་པ་ཚད་མེད་པ་སྐྱེས་པ་ན། སྐྱབས་གནས་རྣམས་རང་ལ་བསྟིམ། བདག་བདེ་གཞན་བདེ་ཀུན་སྤྲོས་མེད་བདེ་བ་ཆེན་པོའི་ངང་ལ་མཉམ་པར་བཞག །སླར་ཡང་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་གཉེན་བཤེས་ནས་ནམ་མཁའི་མཐས་ཁྱབ་ཀྱི་འགྲོ་བ་ལ་དམིགས་སུ་བཀར་གྱིན་བཀར་གྱིན་སྔར་ལྟར་གསོལ་བ་གདབ། རེ་རེ་བཞིན་ནས་བསྒོམ་ཞིང་། ལུས་ཅན་མ་ལུས་པ་ལ་བྱམས་པའི་སེམས་བསྐྱེད་པས་དེ་དག་ཐར་པ་དང་ཐམས་ཅད་མཁྱེན་པའི་བདེ་བ་དང་ལྡན་པར་བསམ་མོ། ། ༤༧ ལྷག་པར་གནོད་བྱེད་ལ་བྱམས་པ་བསྒོམ་པ་ནི། བོགས་འདོན་དུ་ལུས་བསྒྱུར་བ་

p. 285

དང་དམིགས་པ་བསྒྱུར་བ་རྣམས་སྙིང་རྗེ་བྱམས་པར་ཁ་སྤོ་བ་ལ་སྙིང་རྗེའི་སྐབས་དང་ཁྱད་མེད་པས། དེ་ལྟར་བསྒོམས་ནས་བྱམས་པ་ལ་བོགས་ཐོན་པར་བྱའོ། །སེམས་ཅན་སྡུག་བསྔལ་ན་བདག་ཀྱང་སྡུག་བསྔལ་བ་སྙིང་རྗེ། སེམས་ཅན་བདེ་ན་བདག་ཀྱང་ཡིད་བདེ་བ་བྱམས་པ། སེམས་ཅན་སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་ན་བདག་དགའ་བ། རྩ་བའི་མ་དང་དགྲ་སྡང་བ་གཉིས་ཀྱང་ཁྱད་མེད་པས་སེམས་ཅན་ཐམས་ཅད་ལ་ཆགས་སྡང་དང་ཉེ་རིང་མེད་པ་བཏང་སྙོམས་ཡིན་པས་ཚད་མེད་པ་བཞི་པོ་འདི་རྒྱུད་ལ་སྐྱེ་བའི་དོན་དུ་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམ། གསོལ་བ་གདབ། ཐབས་སྣ་ཚོགས་ཀྱི་སྒོ་ནས་བསྒོམས་པས་ངེས་པར་ཚད་མེད་པ་བཞི་རྒྱུད་ལ་སྐྱེ་བར་བྱའོ། ། ༤༨ ད་ནི་དངོས་གཞི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་རང་གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་ནི། རང་རེས་ཐོག་མ་མེད་པ་ནས་སྡིག་པའི་ལས་དཔག་ཏུ་མེད་པ་ཞིག་བསགས་པའི་ལས་མྱོང་ངེས་མང་པོ་ཡོད་པ་དང་། ཚེ་འདིར་ཡང་དུག་གསུམ་གྱི་དབང་གིས་སྡིག་པ་དང་ལྟུང་བ་གང་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གང་དག་མཆིས་པ་རྣམས་ཕྱི་དུས་ལ་མི་བཞག་པར་ཟིན་པའི་ཕུང་པོ་འདི་ཉིད་ལ་སྐྱེ་བ་འདི་རང་དུ་སྨིན་པར་འདོད་པས། བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམས་ནས། ངག་ཏུ། བདག་གིས་ཐོག་མེད་དུས་ནས་ད་ལྟའི་བར། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་པས། །མི་དགེ་བྱས་སམ་བྱེད་བཅུག་ཡི་རང་བ། །ལས་དང་ཉོན་མོངས་དྲག་པོའི་དབང་གིས་ནི། །འབྲས་བུ་མྱོང་ངེས་སྡུག་བསྔལ་ཐམས་ཅད་པ། །ལྷག་མ་ཅུང་ཟད་ཙམ་ཡང་མ་ལུས་པར། །ལུས་འདི་ཉིད་ལ་སྐྱེ་བ་འདི་ཉིད་དུ། །ངེས་པར་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ཞེ་ཐག་པ་ནས་ཁ་ཞེ་སོ་སོར་མ་

p. 286

སོང་བར་གསོལ་བ་དྲག་ཏུ་བཏབ། ངེས་པར་གསོལ་བ་བཏབ་པའི་དོན་གྲུབ་སྟེ་རང་གི་ལས་ངན་ཐམས་ཅད་སྐྱེ་བ་འདི་ལ་འཁོར་ནས་ཕྱིས་སུ་སེམས་ཅན་གྱི་སྡུག་བསྔལ་གྱི་ཁུར་ཐམས་ཅད་བདག་གིས་འཁུར་བར་བྱའོ་སྙམ་པའི་བརྣག་པ་ཆེན་པོ་དང་མོས་གུས་ཚད་མེད་པ་སྐྱེས་པ་ན། བླ་མ་རང་ལ་བསྟིམ། ལས་དང་རྣམ་པར་སྨིན་པ་ཆོས་ཀྱི་དབྱིངས་སུ་སྤྲོས་པ་ཉེ་བར་ཞི་བའི་ངང་ལ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྡུག་བསྔལ་དང་གཏམ་ངན་དང་བྱུར་དང་མི་འདོད་པ་མྱོང་ངེས་ཐམས་ཅད་སྐྱེ་བ་འདིར་ལུས་འདི་ཉིད་ལ་སྨིན་ནས། དེས་ཀྱང་མ་སེམས་ཅན་གྱི་སྡུག་བསྔལ་གྱི་གོ་ཆོད་པར་གྱུར་ཅིག །ཅེས་སྨོན་ལམ་འདེབས། འདུན་པ་དྲག་པོ་བཏང་། རང་ཐོག་ཏུ་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། མི་འདོད་པ་སྣ་དགུ་ཐོག་ཏུ་བབ་ན་གོ་རེ་བཅད། བསམ་པའི་དོན་གྲུབ། གསོལ་བ་བཏབ་པའི་བྱིན་རླབས་ཕེབས། བདག་གི་འདིས་སེམས་ཅན་འདི་དང་འདི་འདྲ་བའི་སྡུག་བསྔལ་ཀུན་འབྱུང་གི་གོ་ཆོད་པར་གྱུར་ཅིག་སྙམ་དུ་བསམ། ངག་ཏུ་བརྗོད། འདི་ལ་ཟེར་ལོར་མ་སོང་ན་སྡུག་བསྔལ་ཐམས་ཅད་བདེ་བར་འཆར། རྐྱེན་ལམ་དུ་སློངས། ལྟས་ངན་ཐམས་ཅད་གཡང་དུ་ཁུག །མི་མཁོ་ཤོས་ཐམས་ཅད་འདོད་ཐོག་ཏུ་འགྱུར་བས། ལེན་པའི་གོ་རིམ་རང་ནས་བརྩམས་པ་འདི་ལ་ཅི་ནས་ཀྱང་མྱོང་བ་སྐྱེ་བར་བྱའོ། ། ༤༩ སྐྱེ་སླ་བ་ནས་གཏོང་ལེན་བསྒོམ་པ་ནི། རང་གི་སྤྱི་བོར་རྣལ་འབྱོར་བསྒོམ། མདུན་དུ་མ་དྲིན་ཅན་མ་གསལ་གདབ། དེའི་དྲིན་ལ་བསམ་ནས་སྙིང་བརྩེ་བ་དང་། སྡུག་བསྔལ་ལ་བསམ་ནས་སྙིང་རྗེ་བ་དང་། བདེ་བ་ཐོབ་པར་འདོད་པ་ལ་བསམས་ནས་བྱམས་པ་ཚད་མེད་པ་བསྐྱེད་དེ། མ་དང་མགྲིན་གཅིག་ཏུ་བྱས་ཏེ། རྩ་བའི་བླ་མ་ནས་ཐུབ་དབང་གི་བར་དུ་

p. 287

མཚན་ནས་བརྗོད་ཀྱིན་བརྗོད་ཀྱིན་གསོལ་བ་གདབ་སྟེ། ངག་ཏུ། ཡོན་ཏན་དྲན་གྱིན་དྲན་གྱིན་གསོལ་བ་འདེབས། །ཡུས་སུ་འཕྱར་གྱིན་འཕྱར་གྱིན་གསོལ་བ་འདེབས། །བཀའ་དྲིན་བསམ་གྱིན་བསམ་གྱིན་གསོལ་བ་འདེབས། །འགྲོ་བའི་སྡུག་བསྔལ་བདག་ལ་སྨིན་པར་གསོལ་བ་འདོན་པའི་དུས་དྲན་ནོ་དྲན་ནོ་ཞེས་པ་དང་། འཕྱར་རོ་འཕྱར་རོ་ཞེས་པ་དང་། བསམ་མོ་བསམ་མོ་ཞེས་བརྗོད། དྲན་གྱིན་དྲན་གྱིན་སོགས་བསྒོམ་པར་བྱའོ། །མཆན། འདེབས། །བདག་གི་བདེ་དགེ་འགྲོ་བས་ཐོབ་པར་གསོལ་བ་འདེབས། །ད་ལྟ་ངེས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ། དེ་ལྟར་ངེས་པར་གྱུར་ཏོ་སྙམ་དུ་བྱིན་རླབས་ཕེབས་པ་དང་། དཀོན་མཆོག་གི་ཐུགས་རྗེ་བྱིན་རླབས་དང་། རང་གི་མོས་གུས་དང་སྙིང་རྗེའི་མཐུས་མ་རྒན་མོའི་རྒྱུད་ཀྱི་སྡུག་བསྔལ་ཀུན་འབྱུང་སྡིག་ལྟུང་བྱུར་དང་སྐལ་བ་ངན་པ་རྣམས་མའི་ཕྱི་ལུས་ལས་དུ་བ་འཐུལ་བའི་རྣམ་པར་ཐོན་པས་རང་གི་སྙིང་ནང་དུ་སིབ་སིབ་ཐིམ། ལྷག་མ་གཏན་མ་ལུས་པར་ཐོན་ནས་ཐིམ་པས་མའི་ལུས་ཤེལ་དཀར་གྱི་སྒོ་ང་གཡའ་དག་པ་ལྟར་ལྷམ་མེར་དྭངས་ལ་གསལ་བར་གྱུར། མའི་སྡུག་བསྔལ་ཀུན་འབྱུང་ཉེས་དམིགས་རྣམས་ཀྱིས་རང་གི་ལུས་ཀྱི་ནང་གང་བ་ཁ་དོག་ནག་ལ་དབྱིབས་ཀྱང་མེར་རེ་བར་དམིགས་ནས། དེ་ལ་རིག་པ་གཏད་དེ་རྩེ་གཅིག་ཏུ་མཉམ་པར་བཞག་པས། མ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཏན་ནས་སྤངས་པ་བྲལ་འབྲས་ཆོས་སྐུར་སངས་རྒྱས་པར་བསམ། དེའི་ངང་ལ་སྤྲོས་མེད་ཀྱི་ལྟ་བ་སྐྱོང་ཞིང་རིག་པ་འཇུར་ལ་བཏབ། གལ་ཏེ་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་རང་དང་མ་དང་རྣལ་འབྱོར་བསྒོམས་པ་རྣམས་སྔར་བཞིན་གསལ་བཏབ་ནས། མོས་གུས་དང་སྙིང་རྗེའི་ཤུགས་བསྐྱེད། ངག་ཏུ། བདག་གི་ལེགས་ཚོགས་དགེ་བདེ་མ་ལུས་པ། །མ་ཡི་རྒྱུད་ལ་འཕོ་བར་

p. 288

མཛད་དུ་གསོལ། །འཕོས་ནས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །གྲོལ་ནས་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ། ངེས་པར་བདག་གིས་ལུས་སྲོག་ཀྱང་བལྟོས་པ་མེད་པར་མ་ལ་སྟེར་ནུས་སྙམ་པའི་བྱིན་རླབས་ཕེབས་པ་དང་། རང་གིས་ཐོག་མེད་ནས་བསགས་པའི་དགེ་བ་ལེགས་ཚོགས་ཡོན་ཏན་ལོངས་སྤྱོད་ཅི་མཆིས་པ་ཐམས་ཅད་རང་གི་སྙིང་དཀྱིལ་ནས་འོད་ཟེར་དཀར་པོའི་རྣམ་པ་ཅན་སྐར་མདའ་འཕོ་བ་ལྟར་ཤར་རེ་སོང་ནས། མའི་སྙིང་དཀྱིལ་དུ་སིབ་སིབ་ལུས་པ་མེད་པར་ཐིམ་པ་དང་། མ་དེས་བསྐྱེད་པའི་འབྲས་བུ་སངས་རྒྱས་གཟུགས་ཀྱི་སྐུ་མཚན་དཔེའི་འོད་ཟེར་དཔག་མེད་འབར་བར་ཀྲོང་ངེར་གྱུར། སྐྱབས་གནས་ནམ་མཁར་བཞུགས་པ་དེ་དག་ཀྱང་བདག་དང་དེ་ཉིད་ལ་སིབ་སིབ་ཐིམ། དབྱེར་མེད་གཅིག་ཏུ་གྱུར་པ་སྣང་སྟོང་སྤྲོས་པ་དང་བྲལ་བའི་ངང་དུ་རྩེ་གཅིག་ཏུ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཕ་དང་། གཉེན་བཤེས། གྲོང་པ། ཡུལ་མི་རིས་མཐུན་མིའི་འགྲོ་བ། ནམ་མཁའི་མཐས་གཏུགས་པ་མ་ལུས་པ་ལ་དམིགས་སུ་བཀར་གྱིན་བཀར་གྱིན་རྣལ་འབྱོར་བསྒོམ། གསོལ་བ་འདེབས། གཏོང་ལེན་སངས་རྒྱས་ལ་འགོད་པ་རྩ་བའི་མ་ལ་ཇི་ལྟ་བ་བཞིན་བསྒོམས་པས། བདག་གཞན་བདེ་སྡུག་དངོས་སུ་བརྗེ་ནུས་པའི་བློ་ཆོད་ཆེན་པོ་སྐྱེ་བར་བྱའོ། ། ༥༠ རགས་པ་ལ་གཏོང་ལེན་བསྒོམ་པ་ནི། སྟོང་གསུམ་འདིའམ་སྟོང་གསུམ་ཡུངས་འབྲུའི་དཔེས་རབ་འབྱམས་རྒྱ་མཚོའི་འཇིག་རྟེན་ནམ་མཁའི་མཐའ་ཀླས་པའི་དམྱལ་ཁམས་བཅོ་བརྒྱད། ཉི་ཚེ་ཉེ་འཁོར། མི་དང་དུད་འགྲོ། ལྷ་མ་ཡིན། འདོད་ལྷ་རིས་དྲུག །གཟུགས་ཁམས་གཟུགས་མེད་གཉིས་ཏེ་མནར་མེད་ནས་སྲིད་རྩེའི་བར་གྱི་འགྲོ་བ་དེ་དག་ཚན་པ་རེ་

p. 289

རེ་བཞིན། མ་ཡིན་པ། དྲིན་ཆེ་བ། སྡུག་བསྔལ་མྱོང་བ་ལ་བསམས་ནས་བྱམས་པ་དང་སྙིང་རྗེ་ཚད་མེད་པ་བསྐྱེད། རྣལ་འབྱོར་བསྒོམ་པ། གསོལ་བ་འདེབས་པ། གཏོང་ལེན། སངས་རྒྱས་ལ་འགོད་པ། ཆོས་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་རྣམས་སྔར་ལྟར་བྱའོ། །ཁྱད་པར་གནོད་བྱེད་བཀོལ་བ་ལ་སྙིང་རྗེ་དང་བྱམས་པ་ཁྱད་པར་ཅན་ལྷག་པར་བསྒོམ། རྒྱུ་མཚན་མང་པོས་བྱམས་པའི་མཐུ་བསྐྱེད། གནོད་བྱེད་གང་ཡིད་ལ་བདེ་བ་དེ་རེ་རེ་ནས་བཀར་གྱིན་ཡང་དེའི་དོན་དུ་རྣལ་འབྱོར་བསྒོམས་ལ་གསོལ་བ་འདེབས་པ། གཏོང་ལེན་ཡིད་ཚིམ་ཚིམ། སངས་རྒྱས་ཀྱི་སར་འཇོག་པར་བྱས་པས་གོ་བཅད། གནོད་བྱེད་ལྟར་སྣང་བའི་དྲིན་ཅན་མ་དེ་རེ་འཚེང་སྙམ་དུ་དགའ་བ་བསྒོམ། རྩ་བའི་མ་ཇི་བཞིན་སྡང་བའི་དགྲ་དེ་བཞིན་མཉམ་ཞིང་སྙོམས་པ་ལས་ཀྱང་དགྲ་ལ་བརྩེ་བས་བདེ་སྡུག་བརྗེ་བ་ལ་དགའ་ཞིང་རངས་པས། བཏང་སྙོམས་ཚད་མེད་པ་ཁ་ཙམ་ཚིག་ཙམ་གོ་ཡུལ་ཙམ་མ་ཡིན་པར་མྱོང་བ་སྐྱེ་ངེས་པར་བྱའོ། ། ༥༡ དོན་དྲིལ་ཏེ་བསྒོམ་པ་ནི། དལ་འབྱོར་རྙེད། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དུས་བརྒྱའི་ཟ་མ་ལན་གཅིག་པོ་འདི་ལ་སྡིག་པ་སྤོང་བ། དགེ་བ་སྒྲུབ་པ། སེམས་ཅན་ཕ་མར་ཤེས་ནས་སྙིང་རྗེས་བརྩེ་བ། བྱམས་པས་རྗེས་སུ་འཛིན་པ། བདག་ལས་གཞན་གཅེས་ཀྱི་གཏོང་ལེན་བསྒོམ་པ། དངོས་སམ་བརྒྱུད་པས་གཞན་ལ་བདེ་སྡུག་བརྗེ་བ། དེ་ཡང་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་གྱི་སྤྱོད་ཚུལ་དང་སྣང་ལུགས་ལ་བལྟས་ཀྱིན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་དང་། ཇི་བཞིན་ཡིན་ལུགས་ལ་བལྟས་ཀྱིན་བདག་མེད་པའི་ཚུལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་འདི་རྫོགས་པའི་སངས་རྒྱས་ཤིག་ཐོབ་

p. 290

པར་འདོད་ན་འདི་ཉིད་ལ་ནན་ཏན་སྙིང་པོར་བྱ་དགོས་པས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ། སེམས་ཅན་སྙིང་ཕུགས་སུ་བཅུག་ནས་རྣལ་འབྱོར་བསྒོམ། གསོལ་བ་གདབ། བདག་གཞན་བརྗེ། མཉམ་གཞག་ཏུ་སྤྲོས་བྲལ་བསྐྱང་། རྗེས་ཐོབ་ཏུ་སེམས་ཅན་ལ་གང་ཕན། ཚད་མེད་བཞི། བསྡུ་དངོས་བཞི། ཕར་ཕྱིན་དྲུག །ཆོས་སྤྱོད་བཅུ་ལས་ཉམས་པ་མེད་པར་བྱ། དགེ་བ་རང་འཁྲིས་མེད་པར་གཞན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ། དེ་དག་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ། འཁོར་གསུམ་ཡོངས་སུ་དག་པར་ཤེས་པས་མི་ཞེན། མི་རློམ། བདག་མི་བསྟོད། གཞན་མི་དམོད། དམན་པའི་ས་བཟུང་ནས་སངས་རྒྱས་ཀྱི་སར་བསྙག་པ་འདི་ལས་བྱ་རྒྱུ་མེད། དེ་རིང་ཉིད་ནས་ཉིན་མེད་མཚན་མེད། ཤི་མེད་གལ་མེད་དུ་མ་བསྒྲུབས་ན། ནམ་འཆི་མི་ཤེས། འཆི་བའི་ནངས་པར་བློ་བདེ་ཚགས་སུ་མ་ཆུད་པ་འདི་ལས་བསླུས་པ་དང་། འདི་ལས་འགྱོད་པ་དང་། འདི་ལས་གོད་ཁ་ཆེ་བ་དང་། འདི་ལས་གོ་མ་ཆོད་པ་ཅི་ཡོད་པས་ཅི་ནས་ཀྱང་ཐེག་པ་ཆེན་པོའི་དམ་པའི་ཆོས་འདི་ལ་ནན་ཏན་སྙིང་པོར་བྱས་ནས་བསྒྲུབ་པར་བྱའོ། ། ༥༢ ད་ནི་བྱང་ཆུབ་ཀྱི་སེམས་གཉིས་ལ་བོགས་འདོན་པ་ནི། བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམས་ནས་ལུས་ལོངས་སྤྱོད་ཕུལ་ཏེ། ངག་ཏུ། སྐྱབས་མེད་སྐྱོབ་པ་མཚུངས་མེད་ཐུགས་རྗེ་ཅན། །ལས་ངན་དབང་གྱུར་བདག་དང་མ་རྣམས་ལ། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཅི་བྱས་ཆོས་སུ་འགྲོ་བར་ཐུགས་རྗེས་ཟུངས། །རྫོགས་པའི་སངས་རྒྱས་ཐོབ་པར་བླ་མ་མཁྱེན། །ཞེས་གསོལ་བ་དྲག་ཏུ་བཏབ། མོས་གུས་དང་སྙིང་རྗེ་ཁྱད་པར་ཅན་གྱིས་ཡིད་འཁུལ་བ་ན། བླ་མ་རང་ལ་བསྟིམ། མཉམ་བཞག་རྣམས་སུ་མི་

p. 291

བསྒོམ། མ་ཡེངས་པར་ཤེས་པ་ནང་དུ་མི་བསྡུ། ཕྱིར་མི་སྤྲོ་བར་མཁའ་བཞིན་བསམ་ཡུལ་བྲལ་བར་ཙོག་གེ་བཞག །བྱིང་ན་རིག་པ་ལ་ངར་འདོན། དབང་པོ་ལ་ཧུར་ཕྱུང་། གྲིམ་པར་བསྒྲིམས་ལ་འཇུར་ལ་འདེབས། རྒོད་ན་ལྷོད་དེ་གློད། ཤིག་གེ་བཤིག །ལྷུག་པར་བདལ། བ་གླང་རྫི་མཁས་པ་ལྟར་དྲན་པས་བསྐྱངས། དེ་ལྟར་རེས་འགའ་སྒྲིམ་གྱིན་སྒྲིམ་གྱིན། རེས་འགའ་གློད་གྱིན་གློད་གྱིན། ཐུན་ཆུང་ལ་གྲངས་མང་བ། གསལ་དྭངས་ངར་དང་བཅས་པ། དེར་འཛིན་དང་བྲལ་བས་མཚམས་སྦྱར་ནས་རིག་པ་རྗེན་ལ་བུད་པ། གཟུང་འཛིན་རང་གྲོལ་དུ་མཉམ་པར་བཞག །གལ་ཏེ་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་རྗེས་ཐོབ་རྣམས་སུ་རང་གི་རྩ་བའི་མ་མདུན་དུ་གསལ་པོར་དམིགས་ནས་སྙིང་རྗེ་དྲག་ཏུ་བསྒོམ། བྱམས་པ་ཚད་མེད་པ་བསྐྱེད། བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམས་ནས། ངག་ཏུ། འགྲོ་བའི་སྡུག་བསྔལ་བདག་ལ་སྨིན་པ་དང་། །བདག་གི་དགེ་བདེ་འགྲོ་བས་ཐོབ་པ་དང་། །གནས་སྐབས་དགེ་ལེགས་དཔལ་གྱིས་འབྱོར་བ་དང་། །མཐར་ཐུག་སངས་རྒྱས་ཐོབ་པར་བྱིན་རློབས། །ཞེས་གསོལ་བ་ཕུར་ཚུགས་སུ་བཏབ། བླ་མའི་བྱིན་རླབས་དང་རང་གི་སྙིང་རྗེའི་དབང་གིས་རང་གི་རྒྱུད་ལ་དགེ་བ་དང་ལེགས་པ་དང་བཀྲ་ཤིས་ཕུན་སུམ་ཚོགས་པ་ཅི་ཡོད་པ་ཐམས་ཅད་སྣ་ནས་རླུང་ཕྱིར་འགྲོ་བ་དང་འགྲོགས་ནས་བྱམས་པ་ཆེན་པོས་རྫོགས་པར་མའི་སྙིང་གའི་དཀྱིལ་དུ་བསྐྱལ། རླུང་ནང་དུ་འོང་བ་དང་འགྲོགས་ནས་མའི་སྡུག་བསྔལ་ཀུན་འབྱུང་བྱུར་དང་སྐལ་བ་ངན་པ་ཅི་ཡོད་པ་སྙིང་རྗེ་ཆེན་པོས་རང་གི་སྙིང་གི་དཀྱིལ་དུ་ལུས་པ་མེད་པར་བླངས། དེ་བཞིན་ཕ་དང་གཉེན་བཤེས། མཐུན་གྲོགས། གྲོང་མི། ཡུལ་མི། འཛམ་གླིང་གི་མི། དེ་ནས་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་དྲུག་གི་སེམས་ཅན་ཐམས་

p. 292

ཅད་རིམ་པ་བཞིན་རླུང་ལ་བསྐྱོན་ཏེ་གཏོང་ལེན་བློ་ཚིམ་ཚིམ་དུ་སྦྱར་བས་སེམས་ཅན་གྱི་སྡུག་བསྔལ་བླངས་པས་སེམས་ཅན་རྣམས་བྲལ་འབྲས་ཆོས་སྐུ་ཐོབ། དགེ་བདེ་སྦྱིན་པས་བསྐྱེད་འབྲས་གཟུགས་སྐུར་སངས་རྒྱས་པར་གྱུར་སྙམ་དུ་བསྒོམ། ཁྱད་པར་གནོད་བྱེད་ལ་དམིགས་སུ་བཀར་ནས་ནན་ཏན་ཆེན་པོར་དེ་ལྟར་བརྗེས་ནས་སངས་རྒྱས་ལ་འགོད། དེས་བདག་ཉིད་ཡི་རང་ཞིང་དགའ་བར་བལྟ། དེ་ལྟར་དགེ་ཚོགས་རྣམ་པར་དག་པ་བསག་བྱར་ཡོད་པ་འདིའང་སྐྱབས་གནས་དཀོན་མཆོག་རྣམས་ཀྱི་སྐུ་དྲིན་ཡིན་པས། སྐུ་དྲིན་དུ་ཤེས་ནས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་མཆོད་པ་ཕུལ་ནས། ངག་ཏུ། སྐྱབས་གནས་དམ་པ་རྣམས་ཀྱི་སྐུ་དྲིན་གྱིས། །བདག་བདེ་གཞན་བདེ་ཀུན་ཀྱང་བདེ་ཞིང་སྐྱིད། །མ་རྣམས་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ། །བྱིན་གྱིས་བརླབ་བོ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་གསོལ་བ་དྲག་ཏུ་བཏབ་པས། མིག་མཆི་མ་གཡོས། ལུས་བ་སྤུ་ལངས། མོས་གུས་ཀྱིས་ཡིད་བརླན་པ་ན། སྐྱབས་གནས་ཐམས་ཅད་རྩ་བའི་བླ་མ་དང་བླ་མ་རང་ཉིད་ལ་ཆུ་དང་ཆུ་འདྲེས་པ་བཞིན་དུ་གྱུར་པའི་རྐྱེན་གྱིས་རང་ཉིད་སངས་རྒྱས་གཟུགས་ཀྱི་སྐུ་མཚན་དཔེའི་གཟི་བརྗིད་ཀྱི་འོད་ཟེར་དཔག་མེད་འབར་བའི་སྨིན་མཚམས་ཀྱི་མཛོད་སྤུ་དང་སྐུའི་ཆ་ཤས་ནས་འོད་ཟེར་སྣ་ཚོགས་ཁ་དོག་དུ་མ་བྱེ་བའི་ཚོགས་ལས་མཆོད་པའི་སྤྲིན་དཔག་ཏུ་མེད་པ་འཕྲོས། དག་པའི་ཞིང་ཐམས་ཅད་གང་། རྒྱལ་བ་སྲས་བཅས་འཕགས་སོགས་ཀུན་ལ་ཟག་མེད་ཀྱི་མཆོད་པས་མཆོད། འོད་ཟེར་དེ་ཉིད་ནམ་མཁའི་མཐས་ཁྱབ་ཚད་ཀྱི་མ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་སྦྱངས། སངས་རྒྱས་ཀྱི་ས་ལ་བཀོད། སྣོད་ཀྱི་སྐྱོན་སྦྱངས། ཞིང་ཁམས་རྣམ་པར་དག་པར་བྱས། འོད་ཟེར་སླར་

p. 293

འདུས། རང་ལ་ཐིམ་པས་རྟོགས་པ་ཡེ་ཤེས་ཆོས་ཀྱི་མཚན་མ་ཐམས་ཅད་ལས་འདས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག །དགེ་ཚོགས་རླུང་ལ་བསྐྱོན་ཏེ་ཕར་བཏང་བས་ལུས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་བཀོད། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཚུར་བླངས་པས་རང་གི་ལུས་དཔག་ཚད་བརྒྱད་ཁྲི་ཙམ་དུ་ཆེ་བ་ལ་སེམས་ཅན་གྱི་སྡུག་བསྔལ་ཉེས་དམིགས་ཀུན་འབྱུང་གང་ཡོད་པ་ཐམས་ཅད་མ་ལུས་པར་བསྡུས་པས་འདུས་ཏེ་གང་བས་འགྲོ་བ་ཀུན་གྱི་སྡུག་བསྔལ་གྱི་གོ་བཅད། དེས་བསམ་པའི་དོན་གྲུབ། དགའ་ཞིང་རངས་པས་ལས་ཟིན་པའི་སྐྱེས་བུ་ངལ་སོས་པ་ལྟར་བདེ་ཆེན་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་གཏོང་ལེན་བྱས་པས་རང་གཞན་གཉིས་ཀ་སངས་རྒྱས་སུ་བྱ་བ་དང་། འགྲོ་བའི་སྡུག་བསྔལ་གྱི་ཁུར་ཆེན་པོ་རང་ཉིད་ཀྱིས་ཁུར་བ་འདི་གཉིས་ཡིད་གང་ཚིམ་བློ་ལ་གང་འབབ་ལ་སྦྱང་ཞིང་། ངག་ཏུ། བདག་གི་དགེ་བདེ་འགྲོ་བས་ཐོབ་པ་དང་། །འགྲོ་བའི་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །ཅེས་ཚིག་ཏུ་བརྗོད། སྨོན་ལམ་དྲག་ཏུ་བཏབ་པས། བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱའོ། །ཡང་ཕྱིའི་ཡུལ་སྣང་། ནང་གི་སེམས་ཅན། རང་གི་རྣམ་རྟོག་གི་ཉེར་ལེན་གྱིས་ལུས་སེམས་ཀྱི་སྟེང་དུ་མི་འདོད་པ་ཅི་བྱུང་ཡང་། དེ་མགོ་ཡན་ལ་མི་གཏོང་བར་ཉམས་ལེན་གྱི་གྲོགས་སུ་ཁྱེར། ལས་ངན་འཛད་པའི་ཐབས་བླ་མ་དང་དཀོན་མཆོག་གི་ཐུགས་རྗེར་བསམ། འདྲེ་ཤར་དང་ཡས་སྟག་ནུབ་ཏུ་མ་སོང་བར་རྐྱེན་ངན་གང་བྱུང་གྲོགས་སུ་བལྟས། མི་མཁོ་ཤོས་འདོད་ཐོག་ཏུ་བྱ། བདེ་སྐྱིད་དཔལ་འབྱོར་ཅི་བྱུང་ཡང་དེས་མི་ཁེངས། མི་རློམས་པར་འདི་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཡིན་ཏེ། བདག་གང་བྱས་ཀྱང་བླ། འདོད་ཡོན་ལ་སྙིང་པོ་མེད།

p. 294

ངའི་མ་རྣམས་བདེ་ཞིང་སྐྱིད་པར་མཛོད་ཅིག་ཅེས་གསོལ་བ་དྲག་ཏུ་འདེབས། བཟང་ངན་གྱི་རྐྱེན་གང་ཤར་ཡང་ཐུག་ཕྲད་རང་གྲོལ། ཆོས་ཉིད་དེ་བཞིན་ཉིད་ཀྱི་གསལ་འདེབས་སུ་ལམ་ལམ་བྱ། དབུགས་དབྱུང་རྔུབ། ཡན་ལག་བརྐྱང་བསྐུམ། ཕྱིར་འགྲོ་ནང་འཇུག །བཟའ་བཏུང་འདོར་ལེན། གོས་གོན་འབུད་ཐམས་ཅད་ལ་གཏོང་ལེན་སྦྱར། མི་འདོད་པ་ཐམས་ཅད་རང་ལ་བླང་། འདོད་པ་ཐམས་ཅད་སེམས་ཅན་ལ་སྦྱིན། ཅི་བྱས་སོ་བྱུང་ངོ་ཅོག་བློ་སྦྱོང་དུ་མི་འགྱུར་བ་མེད་པར་བྱ། རང་མཁས་བཙུན་བཟང་གསུམ་རིགས་རུས་ལང་ཚོ་ཁས་དྲག་དབང་ཆེ་དཔལ་འབྱོར་ཅན་དུ་མཐོང་ནས་ང་རྒྱལ། གཞན་ཚུལ་འཆལ་བླུན་པོ་ངན་པ་རིགས་ངན་ཁས་ཉན་དུ་མཐོང་ནས་ཁྱད་དུ་གསོད་ན་ལོག་པའི་ལམ་དུ་གོལ། ཆོས་ཉོན་མོངས་པའི་བསྣོན་མར་སོང་། ཆོས་བྱས་ལོ་བལྟས་ལོ་ལས་རང་རྒྱུད་ལ་ཏིལ་འབྲུ་ཙམ་ཡང་མ་ཕན་པ་ཤེས་པར་བྱས་ནས་མཐོ་དམན་ཐམས་ཅད་ལ་དག་སྣང་སྦྱང་། གཙུག་ཏུ་བཀུར། རང་གི་འོག་ཏུ་འཛུལ་བ་ཆུ་ལས་མེད་པར་བལྟ། བྱང་ཆུབ་ཀྱི་ལམ་དུ་མི་འགྲོ་བའི་རྙེད་བཀུར་གྲགས་པ་སྙན་པ་ཐམས་ཅད་བདུད་དུ་ཤེས་པར་བྱའོ། །ཡང་དེ་ལྟར་གཏོང་ལེན་ལེགས་པར་སྦྱངས་ཤིང་གོམས་པ་ན། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། མི་དང་མི་མ་ཡིན་པའི་གནོད་པ་ཅི་བྱུང་བ་དང་། ཁམས་འདུས། ཉམས་མཐོ་དམན་གང་བྱུང་ཡང་འགྲོ་བའི་ཉེས་སྐྱོན་བདག་གིས་ལོན་པ་ཡིན། འོར་ཆེ་བསམ་པའི་དོན་གྲུབ། འདིས་འགྲོ་བ་ཐམས་ཅད་ཀྱི་མི་འདོད་པ་དེ་དང་དེ་འདྲ་བའི་གོ་ཆོད་པར་གྱུར་ཅིག་སྙམ་དུ་བསམ། དེ་ལས་ལྡོག་སྟེ་བདག་ཉིད་ལེགས་འདོད་དང་། ཉེས་པ་ལས་གྲོལ་འདོད་ཀྱི་བློ་སྐྱེས་ན་ཆོས་འདིའི་གེགས་ཡིན། དེར་ཤེས་པས་ལོག་གནོན་མི་འདོད་པ་རང་ཐོག་ཏུ་ལེན་པ་ལ་ཨ་ནན་ཡང་ནན་བྱ། འདོད་ཆགས་ཞེ་སྡང་

p. 295

གཏི་མུག་སེར་སྣ་ཕྲག་དོག་ང་རྒྱལ་གྱི་རྟོག་པ་གང་སྐྱེས་ཀྱང་ངོས་མ་ཟིན་ལ་མི་གཏོང་བར་ངོས་ཅར་ཅར་བཟུང་ལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཉམས་ལེན་གཏོང་ལེན་ལ་སྦྱར། དོན་དམ་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཤར་གྲོལ་དུས་མཉམ་བློ་བྲལ་རྗེན་པས་རྟོག་པ་ཐོལ་སྐྱེས་རེ་རེས་ཀྱང་བྱང་ཆུབ་ཀྱི་སེམས་ལ་བོགས་ཐོན་པར་བྱ། དེ་ལྟར་བྱས་པས་གཉེན་པོའི་དྲན་འཛིན་བརྟན་པ་ན། གཏོང་ལེན་སོགས་མ་བྱས་ཀྱང་སེམས་ཅན་ཉམ་ཐག་པ་སྡུག་བསྔལ་བ་མཐོང་བའི་ཚེ་བྱམས་པ་དང་སྙིང་རྗེ་བདག་གཞན་བརྗེ་ནུས་པའི་སྙིང་སྟོབས་སྐྱེ་བ་དང་། དབུལ་ཞིང་ཕོངས་པ་དང་དམན་ཅིང་སྒྱིད་ལུགས་པ་མཐོང་བ་ན། ཞིང་མར་འདམ་པས་སྒོ་དུ་མ་ནས་ཕན་འདོགས་ཤིང་། གང་གིས་མི་འདོད་པ་ཅི་བྱས་ཀྱང་ཁྲོ་འཁྲུགས་མེད་པར་བཞིན་འཛུམ་པས་སླར་ཕན་འདོགས་པ་དང་། གང་གིས་རྙེད་པ་དང་བཀུར་སྟིས་མཆོད་པ་དང་། གང་གིས་བརྙས་ཤིང་ཁྱད་དུ་བསད་ནས་སྨ་ཕབ་པ་གཉིས་ཀ་ལ་བཏང་སྙོམས་པ་དང་། གང་ལ་ལན་གྲངས་དུ་མར་ཕན་བཏགས་ཤིང་བསྐྱངས་པ་དེས་དྲིན་ལན་ལོག་པར་བཅལ་ནས་གནོད་པ་ཅི་ཙམ་བྱས་ཀྱང་། སླར་དེ་ལ་བརྩེ་བས་ཕན་པར་བྱེད་ན་ཐེག་པ་ཆེན་པོའི་གཞན་དོན་གྱི་བློ་གཤའ་མ་རྒྱུད་ལ་སྐྱེས་པའི་རྟགས་ཡིན་པས་དེ་ལྟ་བུའི་སྐྱེས་བུ་དེ་གང་དུ་གནས་པའི་ས་ཕྱོགས་དེ་ཡང་གྲོང་ཁྱེར་སྐྱིད་པའི་འབྱུང་གནས། གང་དུ་འགྲོ་བའི་ས་དེ་ཡང་བདེ་བ་ཅན་གྱི་ཞིང་། སུ་དང་འགྲོགས་ཀྱང་དགེ་བའི་བཤེས་གཉེན། ཅི་བྱས་ཀྱང་བདེ་བའི་རོལ་པ་ཡིན་པས། གནས་སྐབས་སུ་ཉོན་མོངས་པ་མེད་པས་བཙུན་པ་ཆེན་པོ། དགེ་བའི་ཆོས་ཐམས་ཅད་རྫོགས་པས་དགེ་སྦྱོང་ཆེན་པོ། འཁོར་བའི་བྱ་བ་ཐམས་ཅད་ཐོངས་པས་བྱ་བཏང་ཆེན་པོ། ཆོས་ཉིད་ཀྱི་ངང་དུ་འབྱོར་བས་རྣལ་འབྱོར་ཆེན་པོ། དཀའ་བ་ཐམས་

p. 296

ཅད་ཐུབ་པས་དཀའ་ཐུབ་པ་ཆེན་པོར་གྱུར་པས་འགྲོ་བ་ལ་ཕན་བདེ་བསྐྱེད། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། སྐུ་དང་ཡེ་ཤེས་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་རྒྱ་ཆེན་པོ་རྒྱུན་མི་འཆད་པར་འབྱུང་བ་སོགས་བྲལ་སྨིན་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཡང་ཐེག་པ་ཆེན་པོའི་གཞན་དོན་གྱི་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་བློ་སྦྱོང་བར་ཁས་འཆེ་ཡང་། འགྲོ་བ་ལ་ལ་ལ་དགྲར་མཐོང་། ལ་ལ་ལ་བཤེས་སུ་མཐོང་། ལ་ལ་ལ་བརྩེ། ལ་ལ་ལ་སྡང་། ལ་ལ་ལ་ཡིད་དུ་འོང་། ལ་ལ་ལ་མི་འོང་བ། བདག་ཉིད་གཅེས་འཛིན་མ་བཏང་། གཞན་ལ་གཅེས་པར་མི་འཛིན་པ། གནས་ལུགས་སྤྲོས་བྲལ་སྟོང་པར་མ་རྟོགས། སྣང་ཙམ་རྒྱུ་འབྲས་བསླུ་མེད་མ་ཤེས་པས། སྐྱབས་དང་བསྟན་པ་དམ་པའི་ཆོས་ལ་མི་འཇུག །དོན་ཆུང་ཚེ་འདིའི་ལས་ལ་འཁོར་བ། ཆེན་པོའི་གོ་འཕང་དོན་དུ་གཉེར། རྙེད་བཀུར་གྲགས་འདོད། ནད་གདོན་ལས་གྲོལ་འདོད། གཞན་གྱིས་བཟང་པོར་མཐོང་བར་འདོད་ནས་ཆོས་བྱེད་སྐད་དེ། མདོར་ན་ཉེས་པའི་གནས་དེ་རྣམས་གཉེན་པོས་མི་འཇོམས་པ་དེ་སྲིད་དུ་བྱང་སེམས་ཀྱི་ཆ་ཤས་ཅུང་ཟད་ཙམ་ཡང་རྒྱུད་ལ་མ་སྐྱེས་པས་ལོག་པའི་ལམ་དུ་གོལ་བ་ཡིན། བྱང་སེམས་ཀྱི་བློ་སྦྱོང་ཡང་གནོད་བྱེད་ལ་ཞེ་སྡང་སྐྱེས་ན་བློ་སྦྱོང་ལོག་པ་ཡིན། བློ་སྦྱོང་བསྒོམས་ཀྱང་རྒྱུད་ལ་མ་སྐྱེས་ན་བློ་སྦྱོང་རྡུགས་པ་ཡིན། བསྒོམས་ནས་གཞན་ཕན་གྱི་བློ་ཉི་ཚེ་བ་སྐྱེས་ཀྱང་ཚེ་འདིའི་དབང་དུ་སོང་ན་བློ་སྦྱོང་སད་ཀྱིས་ཁྱེར་བའམ་འཁྱམས་པ་ཡིན། གོལ་ས་འདི་རྣམས་གང་བྱུང་ཡང་སྔོན་དང་ད་ལྟར་གྱི་བསགས་སྦྱངས་མ་བྱས་པའི་ལས་ངན་གྱི་མཐུ་ཡིན་པས་སྟོབས་བཞི་ཚང་བའི་སྒོ་ནས་སྔོན་བྱས་ཀྱི་སྡིག་པ་འགྱོད་ཚངས་ཀྱིས་བཤགས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་པའི་

p. 297

དམ་བཅའ་བརྟན་པོ་བཟུང་། སྒྲིབ་པ་སྦྱོང་བའི་གཟུངས་སྔགས་ཟབ་མོ་སོགས་བཟླ། ཅི་འབྱོར་བས་དགེ་འདུན་ལ་བསྙེན་བཀུར། དཀོན་མཆོག་ལ་མཆོད་པ། ཡན་ལག་བདུན་པའི་ཆོ་ག་རྣམ་པར་དག་པས་ཚོགས་བསགས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཚུལ་བཞིན་དུ་བསམས་ནས། ཚེ་འདི་བློས་བཏང་། ཁྱད་པར་མོས་གུས་དྲག་པོས་བླ་མའི་རྣལ་འབྱོར་བསྒོམས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་སྐྱེ་བའི་ཆེད་དུ་གདུང་ཤུགས་དྲག་པོས་གསོལ་བ་གདབ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་སྙིང་པོར་བྱ། བློ་སྦྱོང་འབྱོངས་པའི་རྟགས་ཚད་མཐའ་རུ་ཕྱིན་པར་མ་གྱུར་ན་རང་གི་མཚང་བྲུས། ངག་ནས་བརྗོད་ནས་གཉེན་པོ་བཙན་ཆོད་ཀྱིས་བདག་འཛིན་དྲུངས་ནས་ཕྱུངས་ལ་ཚེ་འདིར་དོན་གཉིས་འགྲུབ་པར་བྱའོ། ། ༥༣ ད་ནི་རྗེས་ཀྱི་དོན་ལ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བྱ་བ་ལ་ནད་ཐོག་ཏུ་དབབ་པ་དཔུང་བསྐྱེད་པ་ནི། རང་ལུས་ན་ཚ་དྲག་པོས་བཏབ་པ་ན། དེ་ལ་ཕན་འདོད་ཀྱི་བསམ་པས་སྨན་དཔྱད་རིམ་གྲོ་སྲུང་སྐྱོབ་མི་བྱ། ལེན་པའི་གོ་རིམ་སྔར་ལྟར་རང་ནས་བརྩམས་པ་བཞིན་བྱས་ནས་སེམས་ཅན་གྱི་སྡུག་བསྔལ་རང་ཉམས་སུ་ལོན་པ་ན། ཤིན་ཏུ་ལེགས་སོ། །གོ་བཅད། ང་དང་བདག་ཏུ་འཛིན་པ་འདིས་སྔོན་ཆད་གཞན་ལ་གསོད་གཅོད་རྡེག་འཚོགས་བསམ་ངན་སྦྱོར་རྩུབ་གནོད་པ་མང་དུ་བགྱིས་པའི་ལས་ཀྱི་རྣམ་སྨིན་དུས་འདིར་ཐོག་ཏུ་བབ་པ་ཡིན་སྙམ་དུ་ཤེས་པས། ཇི་ཙམ་ན་ཚ་ཆེ་བ་བཞིན་དེ་ཙམ་དུ་དགའ་ཞིང་རངས་པར་བྱ། མཁའ་མཉམ་གྱི་ལུས་ཅན་ཐམས་ཅད་ཀྱི་ལུས་ལ་ན་ཚ་སེམས་ཀྱི་སྡུག་བསྔལ་མི་འདོད་པ་ཐམས་ཅད་དེའི་སྟེང་དུ་སྤུངས་པས་འགྲོ་བ་ཐམས་ཅད་ནད་དང་སྡུག་བསྔལ་དང་བྲལ། རང་

p. 298

གི་ན་ཚ་སྡུག་བསྔལ་དེ་རི་བོ་ལས་ཀྱང་ཆེ་ལ་ལྗིད་པར་གྱུར། དེས་དགའ་ཞིང་རངས། ཡིད་ཚིམ་པར་གྱུར། རང་གི་དགེ་བདེ་ལེགས་ཚོགས་གང་ཡོད་པ་འགྲོ་བ་རེ་རེ་བཞིན་གཞན་གྱི་རྒྱུད་ལ་མ་ཚང་བ་མེད་པར་བསྐྱལ་བས་མཁའ་མཉམ་སེམས་ཅན་རེ་རེ་བཞིན་ཆོས་ཀྱི་མཐུན་རྐྱེན་མ་ཚང་བ་མེད་པས་འབྱོར། དགེ་ཞིང་ལེགས་པའི་དཔལ་དང་ལྡན་པར་བསམས་ལ། དེ་ལ་དགའ་བ་བསྒོམ་ཞིང་། དེ་དག་ཀྱང་བླ་མ་དཀོན་མཆོག་གི་ཐུགས་རྗེར་ཤེས་པས་མོས་གུས་ཚད་མེད་པ་བསྐྱེད། རྣལ་འབྱོར་བསྒོམས་ལ། ངག་ཏུ། བདག་གིས་སྔོན་ཆད་སེམས་ཅན་ལ། །གསོད་གཅོད་བརྡེག་འཚོགས་བཅིངས་པ་དང་། །གནོད་པའི་ལས་ཀྱི་རྣམ་སྨིན་རྣམས། །དུས་འདིར་མྱོང་བ་གོ་རེ་བཅད། །ལུས་ཅན་ཀུན་གྱི་སྡུག་བསྔལ་རྣམས། །འདི་ཡི་སྟེང་དུ་སྤུང་དུ་གསོལ། །དེ་ཡིས་ལུས་ཅན་མ་ལུས་པ། །བདེ་བར་གནས་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། མོས་གུས་ཆེན་པོས་ངེས་པར་དེ་ལྟར་གྱུར་ཏོ་སྙམ་པའི་བློ་ཐེ་ཚོམ་མེད་པར་སྐྱེས་པ་ན། བླ་མ་རང་ལ་བསྟིམ། སྤྲོས་བྲལ་སྙིང་པོའི་དོན་ལ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་ན་ཚ་ལམ་དུ་ལོངས་པས་དོན་གཉིས་འགྲུབ་པའི་མཐུན་རྐྱེན་དུ་བྱའོ། ། ༥༤ ཁྱད་པར་གདོན་ཐོག་ཏུ་དབབ་པ་ཤ་ཁྲག་གི་དགའ་སྟོན་ནི། རང་ལ་གདོན་བགེགས་ལོག་འདྲེན་གྱིས་གནོད་ཅིང་འཚེ་ན། དེ་ལྟར་བྱེད་པ་ལེགས་ཀྱི། ཇི་ལྟར་བཞེད་པ་བཞིན་མཛོད་ཅིག །ཅེས་བརྗོད་དེ། ལུས་འགྲོ་བའི་གླུད་དུ་བཏང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ལྷ་ཀླུ་གནོད་སྦྱིན་འབྱུང་པོ། ལྷ་སྲིན་སྡེ་བརྒྱད། སྣང་སྲིད་ཀྱི་ལྷ་འདྲེ། ཤ་ཟའི་ཚོགས་ཐམས་ཅད་སྤྲིན་གཏིབས་པ་བཞིན་ཕྱོགས་ཐམས་ཅད་

p. 299

ནས་འདུས། རང་གི་ལུས་ཀྱང་དཔག་ཚད་བརྒྱད་ཁྲི་པ་ཤ་ཁྲག་གིས་གང་བའི་སྟེང་དུ་གཅན་གཟན་བཞིན་འདུར་གྱིན་འདུལ་གྱིན། རྒྱ་ཁྲ་བཞིན་འཇུམ་གྱིན་འཇུམ་གྱིན་བྱུང་ནས་པགས་པ་བཤུས་ཏེ་གྱོན། ཤ་ཟོས། ཁྲག་འཐུང་། ཀླད་པ་བལྡག །རྐང་འཇིབ། ཚིལ་ཁུ་ཐིགས་ཐིགས། རུས་པ་ཆོམ་ཆོམ་འཆས། དེས་ཚིམ་ཞིང་རངས་ནས་དེ་དག་ཀྱང་ཕན་པ་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན། ཐར་པ་དམ་པའི་ལམ་དུ་ཞུགས་པར་བསམ། འཕྲལ་རྒྱུན་ཁྱེར་དུ་རང་ལུས་མཆོད་སྦྱིན་བྱ་བ་ནི། ཇི་སྐད་དུ། བདག་དང་བདག་གིས་བསྡུས་པའི་དངོས་པོ་རྣམས། །ཨོཾ་ཨཱཿཧཱུྃ་གིས་མཆོད་སྤྲིན་རྒྱ་མཚོར་སྦྱར། །དཀོན་མཆོག་མཆོད་ཅིང་འགྲོ་ལ་སྦྱིན་པ་བཏང་། །དགེ་དེས་བདག་གཞན་བྱང་ཆེན་ཐོབ་ཕྱིར་བསྔོ། །ཞེས་ཡང་ཡང་འདོན་སྒོམ་དུ་བྱའོ། །མཆན། ཡང་རང་ལུས་སུག་བཞི་བརྐྱངས་པས་དཔག་ཚད་བརྒྱད་ཁྲི་ཙམ་དུ་ཁྱབ། དེར་པགས་པ་བཤུས་ནས་ཤ་ཁྲག་ཀླད་རྐང་རུས་པ་ཐམས་ཅད་སྤུངས་ཏེ། དེའི་དྭངས་མ་ཟག་མེད་ཀྱི་བདུད་རྩིའི་མཆོད་སྤྲིན་རྒྱ་མཚོ་ནམ་མཁའ་ཁྱབ་པར་སྤྲོས་ནས། རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། རྒྱལ་བ་སྲས་བཅས་སློབ་མར་བཅས་པ། ཆོས་སྐྱོང་སྲུང་མ། སྐྱབས་གནས་མ་ལུས་པ་ལ་མཆོད་པ་ཕུལ། དགྱེས་པས་བཞེས་ནས་མཉེས་པར་གྱུར་ཏེ། ངག་ཏུ། གནོད་བྱེད་ལྟར་སྣང་བདག་གི་དྲིན་ཅན་མ། །གདོན་དང་བགེགས་དང་ལོག་པར་འདྲེན་པ་རྣམས། །བདག་གི་ལུས་འདིས་འགྲངས་ཤིང་ཚིམ་ནས་ཀྱང་། །ཕན་བདེ་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནས། །མྱུར་དུ་ཐར་པ་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ། ས་གཞི་གང་བའི་ཤ་ཁྲག་གི་རྒྱ་མཚོའི་ནང་དུ་གདོན་བགེགས་འགྲོ་བ་དྲུག་གི་སེམས་ཅན་མ་ལུས་པ་རྐྱལ་གྱིན་རྐྱལ་གྱིན། ཟ་ཡིན་ཟ་ཡིན། འཐུང་གིན་འཐུང་གིན། དགེ་བདེར་ལོངས་སྤྱོད་པས་ངོམས་ཤིང་ཚིམ། སྐྱབས་གནས་རྣམས་ཀྱི་ཐུགས་རྗེའི་བྱིན་བརླབས་ཀྱིས་བདེ་བ་ཆེན་པོས་

p. 300

རྒྱུད་གང་། གཉིས་འཛིན་གྱི་སྒྲོག་ལས་གྲོལ། ཟག་མེད་ཆོས་སྐུའི་ངོ་བོར་གྱུར་པར་བསམས་ལ། རང་ཡང་ཆོས་ཉིད་སྤྲོས་བྲལ་བདེ་ཆེན་གྱི་ངང་དུ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་ལྟར་བསྒོམ། འགྲོ་བའི་དོན་དུ་ལུས་ལྟོས་པ་མེད་པར་ཐོངས་པས། གཅེས་འཛིན་བརླག་སྟེ་བདག་འཛིན་ཡུལ་ཐོན་པར་བྱའོ། ། ༥༥ རྐྱེན་ཐོག་ཏུ་དབབ་པ་དེ་ཉིད་ལམ་དུ་འཁྱེར་བ་ནི། རང་གིས་ཐོག་མ་མེད་པའི་དུས་ནས་ལས་ངན་བསགས་པའི་དབང་གིས་སྐྱེ་བ་འདིར་ཕོངས་པ་དང་བྱུར་དང་སྐལ་བ་ངན་པ་མི་འདོད་པའི་སྡུག་བསྔལ་ཅི་བྱུང་ཡང་། བདག་གིས་སྔོན་ཆད་འདི་དང་འདི་འདྲ་བ་འབྱུང་བའི་རྒྱུ་སེམས་ཅན་ལ་གནོད་ཅིང་འཚེ་བ་བྱས་པས། བདག་ལ་ངེས་པར་འདི་འབྱུང་བ་ཤིན་ཏུ་ནས་ཀྱང་རིགས་པ་ཡིན། རྒྱུ་འབྲས་བསླུ་བ་མེད་པ་ངོ་མཚར་སྙམ་པས། འགྲོ་བའི་བྱུར་དང་མི་འདོད་པ་སྐལ་བ་ངན་པ་ཐམས་ཅད་རང་གི་སྙིང་གའི་དཀྱིལ་དུ་བླང་། རང་གི་དགེ་ལེགས་ཡོན་ཏན་ཇི་སྙེད་པ་འགྲོ་བའི་སྙིང་གི་དཀྱིལ་དུ་ཚང་བར་བསྐྱལ། དེས་འགྲོ་བ་དེ་དག་གནས་སྐབས་སུ་བདེ་ཞིང་སྐྱིད། མཐར་ཐུག་ཏུ་ཐར་པ་ཐོབ་པར་བྱས། བདག་ནི་འགྲོ་བའི་ཚབ་ཏུ་ཀུན་འབྱུང་གི་ལས་ངན་པས་ཐར་མེད་འཁོར་བར་ངན་སོང་གི་སྡུག་བསྔལ་དྲག་པོའི་ཀློང་དུ་ཚུད། དེས་དགའ་ཞིང་མགུ་ལ་རངས་པར་གྱུར་པའི་རྒྱུད་དགེ་བའི་འབྲས་བུས་རང་ཉིད་བདེ་ལེགས་ཀུན་གྱིས་འབྱོར་ཡང་ང་མི་རྒྱལ། བདག་བདེ་བས་ཅི་ཕན། ངའི་མ་སྡུག་བསྔལ་ཉམ་ཐག་པ་ལ་བསམས་ཏེ། རང་གི་བདེ་སྐྱིད་འགྲོ་བ་ལ་སྦྱིན། དབུལ་ཞིང་ཕོངས་པ་དམངས་ཀྱི་ཁོལ་པོར་བཀོལ་ཡང་སྒྱིད་མི་ལུགས་འགྲོ་བའི་དོན་དུ་ངན་སོང་གི་སྡུག་བསྔལ་མྱོང་ཡང་ཅི་མ་རུང་། འདིས་ཀྱང་སེམས་ཅན་གྱི་སྡུག་བསྔལ་གྱི་གོ་ཆོད་པར་གྱུར་ཅིག་

p. 301

སྙམ་པས། ཡིད་བདེ་འབའ་ཞིག་རྒྱུན་དུ་བྱ། རང་གི་ལུས་འདི་འགྲོ་བའི་རྟེན་དང་ལོངས་སྤྱོད་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ས་གཞི་བཟང་པོ། འབྲས་དྲུག་གི་ལོ་ཏོག །རྩི་ཤིང་ནགས་ཚལ། སྤྲིན་གྱི་ཕུང་པོ། ཆར་པའི་རྒྱུན། ཆུ་དང་ཆུ་མཚོ། ཉི་མ་ཟླ་བ། འབྱུང་བ་ཆེན་པོ་ལྔ་ལ་སོགས་པའི་འདོད་དགུར་གྱུར། སེམས་འདི་དཔག་བསམ་གྱི་ཤིང་། ཡིད་བཞིན་གྱི་ནོར་བུ། བུམ་པ་བཟང་པོ། ནམ་མཁའི་མཛོད་དུ་གྱུར་ནས། དེ་ལས་གོས་དང་རྒྱན། སྤོས་དང་མེ་ཏོག་གི་ཕྲེང་བ། པི་ཝཾ་དང་གླིང་བུ། རོལ་མོ་སྣ་ཚོགས། ཟས་དང་སྐོམ། རྫིང་དང་ཟམ་པ། སྒྲོན་མེ་འབར་བ་ལ་སོགས་མཁོ་དགུའི་ཡོ་བྱད། དད་དང་གཏོང་དང་ཐོས་དང་ངོ་ཚ་ཤེས་དང་བག་ཡོད་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་ཤེས་རབ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་གྱུར་པར་མོས། དེ་ལྟར་བདག་ཉིད་ངེས་པར་འགྱུར་བའི་དོན་དུ་བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམས་ནས། ངག་ཏུ། བདག་གི་ལུས་ངག་ཡིད་གསུམ་དགེ་བ་ཅི་མཆིས་དེས། །འགྲོ་བ་ཀུན་གྱི་འདོད་དགུ་མི་ཟད་པ། །འཕྲལ་དུ་ཉེར་མཁོའི་ལོངས་སྤྱོད་ཐམས་ཅད་དང་། །ཕུགས་སུ་ཐར་པ་ཐམས་ཅད་མཁྱེན་པའི་རྒྱུར། །ངེས་པར་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ། སྙིང་ཐག་པས་དེ་ལྟར་གྱུར་ནའོ་སྙམ་པ་ན། སྐྱབས་གནས་རྣམས་རང་ལ་བསྟིམ། མི་ཟད་པའི་གཏེར། གཟུངས་དང་ཏིང་ངེ་འཛིན། རྣམ་ཐར་རྫུ་འཕྲུལ་མངོན་ཤེས་ཀྱི་རྒྱུ། ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་སྤྲོས་མེད་ཀྱི་བསམ་གཏན་ལ་མཉམ་པར་བཞག །རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྔར་བཞིན་བསམ་བསྒོམ་གསོལ་བ་གདབ། བདག་ནི་འགྲོ་བའི་ཕན་བདེའི་འདོད་དགུར་གྱུར་ན་སྙམ་དུ་ཡང་ཡང་བསམ། སྨོན་ལམ་འདེབས། རྟག་པར་འགྲོ་བའི་དོན་དུ་བསམ་པ་ལས་རང་འདོད་ཀྱི་འཁྲིས་

p. 302

མེད་པ། རྐྱེན་ངན་ལམ་དུ་ལྷོངས་པ་དང་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་བྱའོ། ། ༥༦ དོན་དམ་བྱང་ཆུབ་སེམས་ཀྱི་སྲུང་བ་ནི། ནད་དང་གདོན་དང་བྱུར་དང་སྐལ་ངན་རྐྱེན་ངན་མི་འདོད་པ་སྣང་གྲག་དྲན་པའི་ཆོས་རྣམས་ཇི་སྙེད་པ་དེ་ནི། དངོས་གཅིག་ཡིན་ན་ཐ་དད་པར་བཏགས་པའི་སྣང་བ་ཙམ་དུ་ཟད་པའི་ཕྱིར་ན། ཕྱི་རོལ་ན་དོན་གཞན་གྲུབ་པ་མེད་པ་དེས་ན་རང་གི་སེམས་ལས་གཞན་པའི་དངོས་ཆོས་སུ་གྲུབ་པ་གང་ནའང་མེད་ཅིང་། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བ། ཡོད་མེད་རྟག་ཆད་ལ་སོགས་སྤྲོས་པའི་མཐའ་བརྒྱད་ལས་གྲོལ་བ། མི་གནས་པའི་མྱང་འདས་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའོ། །དེ་ལྟར་ཤེས་པས་གནོད་པར་བྱ་བའི་ཡུལ་མེད། གནོད་པར་བྱེད་པ་པོ་མེད་པས་དོན་དམ་པར་ཆོས་གང་ཟག་གང་ཡང་གྲུབ་པ་མེད་ལ། ཀུན་རྫོབ་སྣང་ཙམ་རྨི་ལམ་དུ་གནོད་བྱེད་ལྟར་སྣང་བ་འདི་དག་ཐོག་མ་མེད་པ་ནས་ལན་གྲངས་བསམ་གྱིས་མི་ཁྱབ་པར་འཁོར་མེད་དྲིན་གྱིས་བསྐྱངས་པའི་མར་ཤེས་ནས། ཇི་ལྟར་བུ་གཅིག་པོ་ལ་མས་གཅེས་པ་ལྟར་བཟུང་། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ལོངས་སྤྱོད་ཐམས་ཅད་དེ་ལ་སྦྱིན། དེ་ཡང་འཁོར་གསུམ་ཡོངས་སུ་དག་པར་ཤེས་ན་འདི་སྲུང་བ་བླ་ན་མེད་པ་ཡིན་ཏེ། ནད་དང་གདོན་བགེགས། བྱུར་དང་སྐལ་ངན། འཁོར་བའི་འཇིགས་པ། ལོག་པའི་ལམ་ངན། འཇིག་ཚོགས་ལྟ་བ། ཐེག་པ་དམན་པ། བདག་འཛིན་འགོང་པོ། དུག་ལྔའི་བསེན་མོ་ཀུན་ལས་བསྲུང་བར་འགྱུར་བས་ན། དེ་ལྟའི་སྟོང་ཉིད་སྙིང་རྗེའི་དོན་དྲན་བཞིན་པས། བླ་མ་དཀོན་མཆོག་གི་རྣལ་འབྱོར་བསྒོམས་ལ། ངག་ཏུ། དཔལ་ལྡན་ཐུགས་རྗེའི་བདག་ཉིད་བླ་མ་དང་། །བསླུ་མེད་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། །ཆོས་རྣམས་ཇི་བཞིན་ཉིད་རྟོགས་ཤེས་རབ་དང་། །

p. 303

འགྲོ་རྣམས་བདག་ལས་གཅེས་པའི་ཐབས་ཆེན་གྱིས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། མཉམ་པ་ཉིད་ཀྱི་བྱིན་རླབས་ཕེབས་པ་དང་། བླ་མ་རང་ལ་བསྟིམ། གནོད་བྱེད་ཐམས་ཅད་ཕྱག་རྒྱ་ཆེན་པོར་ཟུང་དུ་ཆུད་པ་སྤྲོས་པ་ཉེ་བར་ཞི་བ་ལ་མཉམ་པར་བཞག །སླར་རྟོག་པ་འཕྲོ་ན་རྟོག་པ་གཞན་གྱིས་བར་མ་ཆོད་པར་རང་ཐོག་ཏུ་མི་འདོད་པ་ཅི་བྱུང་ཡང་ཐབས་མི་བཙལ་བར་སྟོང་ཉིད་སྙིང་རྗེའི་སྲུང་བ་ཟབ་མོ་བསྒོམས་པས་བདག་མེད་གཉིས་ཀྱི་དོན་མངོན་སུམ་དུ་གྱུར་པར་བྱའོ། ། ༥༧ སྤྱོད་ལམ་བཞི་གར་བྱང་ཆུབ་ཀྱི་སེམས་ཀྱི་བསླབ་པས་ཟིན་པར་བསླབ་པ་ནི། དྲན་པ་དང་ཤེས་བཞིན་བག་ཡོད་ཉམས་པ་མེད་པས་རྣམ་པ་ཀུན་ཏུ་དབང་པོའི་སྒོ་རྣམས་བསྲུང་། སྡོད་པའི་ཚེ་ན་ཆོས་ཉིད་ཀྱི་ངང་དུ་སྡོད་པར་མོས་པས་ཆོས་ཉིད་ངང་ལ་མཉམ་པར་བཞག །ལྡང་བའི་ཚེ་སེམས་ཅན་གྱི་དོན་ལ་ལངས་པར་མོས་པས་བསོད་ནམས་དགེ་བའི་ལས་ལ་འཇུག །འཆགས་པའི་ཚེ་ན་ཐར་པའི་ལམ་ལ་འགྲོ་བར་མོས་པས་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད་པར་བྱ། ཟ་བའི་ཚེ་ཆོས་ཀྱི་ཁམ་ཟས་ཟ་བར་མོས་པས་མ་ཆགས་མ་ཞེན་པར་ལུས་ཀྱི་ལྷ་མཆོད། བཏུང་བ་འཐུང་བའི་ཚེ་ན་ཟག་མེད་ཀྱི་བདུད་རྩི་འཐུང་བར་མོས་པས་ཕུང་ཁམས་སྐྱེ་མཆེད་ཀྱི་དཀྱིལ་འཁོར་བ་མཉེས་པར་བྱ། གོས་བགོ་བའི་དུས་རང་ལུས་ལྷར་གསལ་བ་ལ་རྒྱན་དང་ན་བཟའ་འབུལ་བར་མོས་པས་མཚན་དཔེའི་རྒྱན་གྱིས་བརྒྱན། ཕྱགས་མས་འཕྱག་པའི་དུས་འགྲོ་བའི་སྡིག་སྒྲིབ་མ་ལུས་པར་འཕྱག་པར་མོས། སྒོ་གླེགས་འབྱེད་པའི་དུས་ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོ་འབྱེད་པར་མོས། དེ་དག་གཅོད་དུས་འཁོར་བ་དང་ངན་སོང་གི་སྒོ་མ་ལུས་པ་གཅོད་དོ་སྙམ་

p. 304

པ་ལ་སོགས་བྱ་བ་ཅི་བྱེད་ཀྱང་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ཇི་སྐད་གསུངས་པ་བཞིན་མོས་པས་ལག་ཏུ་བླང་ཞིང་ལྷག་པའི་བསམ་པས་སྐྱོང་བ་དང་། སྲོད་དང་ཐོ་རངས་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། ནམ་གྱི་སུམ་གཅིག་གུང་ལ་གཉིད་པ་མོས་གུས་ཆེན་པོ་དང་འདུན་པ་དྲག་པོས་གནད་ནས་བསྐུལ་བས་རྨི་ལམ་དུའང་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་དགེ་སྦྱོར་གྱིས་ཟིན་པར་བྱ། ལྡང་བ་དང་སྣང་བའི་འདུ་ཤེས་ཀྱིས་མྱུར་དུ་སད་པས་དལ་བ་མེད་པར་ཉིན་བར་གྱི་དགེ་སྦྱོར་ལ་འཇུག །སངས་རྒྱས་ཀྱི་སྐུ་མཐོང་བ་དང་མཚན་ཐོས་པ་ན་བདག་འདི་དང་འདི་ལྟ་བུར་གྱུར་ནས་འགྲོ་བ་འཁོར་བ་ལས་འདོན་པར་འདོད་པའི་བློ་བསྐྱེད་པ་དང་། མིག་གིས་སེམས་ཅན་མཐོང་བ་ན་དེ་དག་ཐར་པར་འགོད་འདོད་དང་། ལྷག་པར་ཉོན་མོངས་པ་དྲག་པོས་གཟིར་བར་མཐོང་བ་ན་དེའི་རྒྱུད་ཡོངས་སུ་སྨིན་ཅིང་དེ་གང་དུ་གནས་པའི་ཞིང་དག་པར་བློ་སྦྱོང་བ་དང་། ཡང་གཟུགས་སུ་སྣང་བ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དང་། སྒྲར་གྲགས་པ་ཐམས་ཅད་ཡིག་དྲུག །ཡིད་ཀྱི་རྣམ་རྟོག་ཐམས་ཅད་སྟོང་ཉིད་སྙིང་རྗེར་བསྒོམ་པ་ལས་གཞན་དུ་མི་ལྟ། མི་ཉན། མི་བསམ། དེ་ལྟར་ཡུལ་རྐྱེན་ཐམས་ཅད་ལ་སྦྱར་ཏེ་བསྒོམས་པས། ཚོགས་གཉིས་རྫོགས་པའི་ཆེད་དུ་སྔར་ལྟར་རྣལ་འབྱོར་བསྒོམས་ནས། ངག་ཏུ། མཐོང་དང་ཐོས་དང་དྲན་པར་གང་གྱུར་དང་། །ལུས་ཅན་གང་གིས་ཕན་གནོད་ཅི་བྱས་པ། །བདག་བློའི་ཡུལ་དུ་གང་གྱུར་དེ་དག་རྣམས། །དག་སྣང་ཡོངས་སྨིན་ཞིང་སྦྱོང་དུ་ཤར་བས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ། སྣང་བ་ཐམས་ཅད་དག་པའི་སྣང་བར་འཆར་བའི་མོས་གུས་ཡིད་ཆེས་ཐོབ་པ་ན། བླ་མ་རང་ལ་བསྟིམ། དག་སྣང་ཞིང་སྦྱོང་སྣང་སྟོང་དེར་འཛིན་

p. 305

བྲལ་བའི་ངང་ལ་མཉམ་པར་བཞག །དེ་ལས་ལངས་ནས་བྱ་བ་ཅི་བྱེད་ཀྱང་མཐོང་ཐོས་དྲན་སྣང་ཐམས་ཅད་ཚོགས་གཉིས་ཀྱི་ལམ། དག་སྣང་འབའ་ཞིག་ལས་གཞན་དུ་མི་འགྱུར་བར་བྱའོ། ། ༥༨ འཆི་ཚེ་འཕོ་བའི་མན་ངག་ནི། ས་བོན། སྨོན་ལམ། སུན་འབྱིན། གོམས་པ། སྤྱོད་ལམ་གྱི་སྟོབས་ལྔ་པོ་འདི་དག་གི་སྒོ་ནས་ཚེ་འདིའི་འདུ་བྱེད་བཏང་ནས། ཕྱི་མར་འགྲོ་བའི་དོན་ལ་འཇུག་པར་བྱེད་པ་ཡིན་ཏེ། དེ་ཡང་ས་བོན་གྱི་སྟོབས་ནི། ནམ་འཆི་བར་ཤེས་པ་དང་། ལོངས་སྤྱོད་དང་བདོག་པའི་དངོས་པོ་ཐམས་ཅད་མཆོད་སྦྱིན་དུ་བཏང་ནས། ཕོངས་སུ་མེད་པས་མ་ཆགས་པར་བྱ། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ། སྨོན་ལམ་གྱི་སྟོབས་ནི། ཚེ་འཕོས་མ་ཐག་གི་བར་དོ་དང་། སྐྱེ་བ་ཕྱི་མ་རྣམས་སུ་ཡང་སྟོང་ཉིད་དང་སྙིང་རྗེ་ཆེན་པོ་བསྒོམ་པའི་རྣལ་འབྱོར་པར་གྱུར་ནས་བདག་ལས་གཞན་གཅེས་པས་རང་དོན་གྱི་བློ་མེད་པར་འགྲོ་བའི་དོན་དཔག་ཏུ་མེད་པ་ལྷུན་གྲུབ་འབྱུང་བའི་སྨོན་ལམ་བཏབ། སུན་འབྱིན་པའི་སྟོབས་ནི། ང་བདག་གཅེས་འཛིན་འདིས་ཐོག་མ་མེད་པ་ནས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་དཔག་ཏུ་མེད་པ་ཞིག་མྱོང་དུ་བཅུག་པས། འཆི་ཁར་ཡང་ང་འཆིའོ་སྙམ་པའི་གཅེས་འཛིན་གྱི་རྟོག་པ་སྐྱེས་པ་དེ་ངོས་བཟུང་ནས། བདག་གཅེས་འཛིན་འདིས་བྱས་པ་ཞིག་ཡོད། ད་ལན་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བའི་ཚབ་ཏུ་བདག་འཛིན་ཁྱོད་ཤི་བར་བྱ། བརླག་པར་བྱ་སྙམ་པས། འཆི་བའི་རྟོག་པ་དེ་ཉིད་ལ་ཅེར་རེ་བལྟས་པས་བདག་གཅེས་འཛིན་དྲུངས་ནས་བཏོན། གཞན་ལ་ཕན་བདེའི་བློས་བདག་ཤི་ནས་ནམ་མཁའི་མཐའ་ཀླས་ཀྱི་སེམས་ཅན་ཐམས་ཅད་འཆི་མེད་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས་བདག་གཞན་

p. 306

བརྗེ་བའི་བློ་དྲག་ཏུ་བསྐྱེད། གོམས་པའི་སྟོབས་ནི། འཆི་བའི་དུས་དེར་ཡང་བྱམས་པ་ཆེན་པོས་རང་གི་དགེ་བདེ་རླུང་ལ་བསྐྱོན་ཏེ་འགྲོ་བ་མཐའ་དག་གི་སྙིང་གི་དཀྱིལ་དུ་བསྐྱལ། སྙིང་རྗེ་ཆེན་པོས་འགྲོ་བ་མ་ལུས་པའི་སྡུག་བསྔལ་རླུང་ལ་བསྐྱོན་ཏེ་རང་གི་སྙིང་གི་དཀྱིལ་དུ་བླངས། བདག་འཆི་བ་འདིས་འགྲོ་བ་མ་ལུས་པའི་གོ་ཆོད་པ་ཡིན། དོན་ཆེ། གོ་བཅད་སྙམ་དུ་དགའ་བ་དང་བདེ་བ་དང་བཅས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་གནས་འགག་པའི་སྤྲོས་པ་དང་བྲལ་བར་ལྷོད་དེ་འབོལ་ལེ་ཤིག་གེ་མཉམ་པར་བཞག །སྤྱོད་ལམ་གྱི་སྟོབས་ནི། སྐྱིལ་ཀྲུང་ལུས་དྲང་པོར་བསྲང་བའམ། མི་ཐུབ་ན་སེང་གེའི་ཉལ་སྟབས་མགོ་བྱང་བསྟན། གཞོགས་གཡས་ཕབ། ལག་གཡས་འགྲམ་འོག་ཏུ་བཅུག་པའི་མཐེབ་ཆུང་གིས་སྣ་བུག་གཡས་པ་བཀག །གཡོན་པ་སྟ་ཟུར་གྱི་སྟེང་དུ་ཅི་བདེར་བཞག །རང་གི་མིག་མདུན་དུ་དེ་བཞིན་གཤེགས་པའི་སྐུ་མཚར་བ་དད་པ་བསྐྱེད་ནུས་ཤིག་བཞག་སྟེ། མཆོད་པ་བཟང་ཞིང་བཀོད་པས་མཛེས་པ་ཡིད་དུ་འོང་བ་བཤམས་ནས། སྐུ་ལ་བལྟས་ཏེ་མོས་པ་ཚད་མེད་པ་བསྐྱེད། གོམས་སྟོབས་ཀྱིས་རང་གི་དགེ་བདེ་རླུང་ལ་བསྐྱོན་ནས་འགྲོ་བ་མ་ལུས་པ་ལ་བྱིན་པས། ཀུན་ཀྱང་མཚན་དཔེ་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ་དག་པའི་ཞིང་དུ་བཞུགས་པར་ངེས་ཤེས་བསྐྱེད། རང་ཡང་བདེ་བ་ཅན་སོགས་གང་དུ་སྨོན་ལམ་བཏབ་པའི་ཞིང་ཁམས་རྣམ་པར་དག་པ་དེ་ན་བྱང་ཆུབ་ཀྱི་ཤིང་དྲུང་དུ་གདན་སེང་གེའི་ཁྲི་ལ་རྩ་བའི་བླ་མ་དང་བཅོམ་ལྡན་འདས་དབྱེར་མེད་དུ་བཞུགས་པའི་འཁོར་དུ་པདྨའི་གདན་ལ་བྱང་སེམས་ཀྱི་ཚོགས་ཀྱིས་བསྐོར་བ་ཡིད་ལ་ས་ལེར་སྣང་བཞིན་དུ་སྤྲོས་བྲལ་ཕྱག་ཆེན་གྱི་ངང་ལ་མཉམ་པར་བཞག་པར་བྱའོ། །ནམ་འཆི་བའི་ཚེ་ཡིད་བྱེད་དེའི་ངང་དུ་འཆི་བར་བྱས་པས་འཁོར་བ་ངན་
སོང་གི་གོ་འགགས་ཏེ་ཐར་པ་དང་ཐམསཅད་མཁྱེན་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་འདི་ནི་རིམ་གྲོ་བ་མདོ་རྒྱུད་རྒྱ་མཚོ་ལ་སོགས་པས་གསོལ་བ་བཏབ་པའི་ངོར། རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེས་དགྱེས་བཞིན་དུ་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོར་བཀའ་དྲིན་དུ་བསྩལ་བའོ། །ཆོས་ཚུལ་འདི་ལ་བརྟེན་པའི་དགེ་བའི་རྩ་བ་འདིས་མཚོན་བདག་གཞན་འཁོར་འདས་དུས་གསུམ་དུ་བསགས་ཤིང་ཡོད་པའི་དགེ་བའི་རྩ་བ་དེ་བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་བསྔོ་བར་བགྱི་བས་མྱུར་དུ་ཡོངས་སུ་འགྲུབ་པར་གྱུར་ཅིག། །ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ།།

བློ་སྦྱོང་དོན་བདུན་མའི་རྩ་བ་ས་བཅད་ཀྱིས་བརྒྱན་པ།

p. 307

༄༅། །བློ་སྦྱོང་དོན་བདུན་མའི་རྩ་བ་ས་བཅད་ཀྱིས་བརྒྱན་པ་བཞུགས་སོ། །
༄༅། །ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་གཞུང་དངོས་བཤད་པ་ལ། སྔོན་འགྲོ་རྟེན་གྱི་ཆོས་བཤད་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་དང་བདུན་ལས། ༈ དོན་དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་ནི། ཐོག་མར་སྔོན་འགྲོ་དག་ལ་བསླབ། །འདི་ལ་ནང་གསེས་སུ་ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོ་གཉིས་ཡོད། ༈ དོན་གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་གཉིས་ལས། དང་པོ་དོན་དམ་བྱང་སེམས་ཞར་བྱུང་དུ་བསྒོམ་པ་ལ་ཐུན་དང་ཐུན་མཚམས་གཉིས་ལས། དང་པོ་ཐུན་གྱི་ཉམས་ལེན་ལ་ཞི་ལྷག་གཉིས་ལས། ༧ དང་པོ་ཞི་གནས་ནི། ༼རྟོག་ལ་དབུགས་ནི་བགྲང་བ་དང་། །༽ ༧ གཉིས་པ་ལྷག་མཐོང་ལ་དཔྱད་

p. 308

འཇོག་གཉིས་ལས། ༧ དང་པོ་དཔྱད་སྒོམ་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། ། ༧ གཉིས་པ་འཇོག་སྒོམ་ནི། ངོ་བོ་ཀུན་གཞིའི་ངང་དུ་བཞག ། ༧ གཉིས་པ་ཐུན་མཚམས་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། ། ༧ གཉིས་པ་ཀུན་རྫོབ་བྱང་སེམས་གཙོ་བོར་བསྒོམ་པ་ལ་སྦྱོར་བ། དངོས་གཞི། ཐུན་མཚམས་ཀྱི་ཆོས་དང་གསུམ་ལས། ༧ དང་པོ་སྦྱོར་བ་ནི། ༼དང་པོ་བྱམས་བརྗེ་ལེགས་པར་བསྒོམ། །༽ ༧ གཉིས་པ་དངོས་གཞི་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་ཉིད་རླུང་ལ་བསྐྱོན་ཏེ་བྱ། ། ༧ གསུམ་པ་ཐུན་མཚམས་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །༼དེ་ལ་དྲན་པ་བསྐུལ་བའི་ཕྱིར། །༽ སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང་། །ལེན་པའི་གོ་རིམ་རང་ནས་བརྩམ། ། ༈ དོན་གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འཁྱེར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །དེ་ལ་གསུམ་ལས། ༧ དང་པོ་ཀུན་རྫོབ་བྱང་སེམས་ལ་བརྟེན་པ་ནི། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། ། ༧ གཉིས་པ་དོན་དམ་བྱང་སེམས་ལ་བརྟེན་པ་ནི། འཁྲུལ་སྣང་སྐུ་བཞིར་ལྟ་བ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། ། ༧ གསུམ་པ་སྤྱོད་པ་ཁྱད་པར་ཅན་ལ་བརྟེན་པ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། ། ༈ དོན་བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ལ་གཉིས་ལས། ༧ དང་པོ་ཚེ་འདིར་ཇི་ལྟར་བྱ་བ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། ། ༧ གཉིས་པ་འཆི་ཁར་ཇི་ལྟར་བྱ་བ་ནི། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། ། ༈ དོན་ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོས་

p. 309

པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱིས་གཙོ་བོར་བཟུང་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། ། ༈ དོན་དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། །འབྲས་བུར་རེ་བ་ཐམས་ཅད་སྤང་། །དུག་ཅན་གྱི་ཟས་སྤང་། གཞུང་བཟང་པོ་མ་བསྟེན། ཤག་ངན་མ་རྒོད། འཕྲང་མ་སྒུག །གནད་ལ་མི་དབབ། མཛོ་ཁལ་གླང་ལ་མ་འབྱོ། མགྱོགས་ཀྱི་རྩེ་མ་གཏོད། ལྟོ་ལོག་མི་བྱ། ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། ༈ དོན་བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །གཉིས་པོ་གང་བྱུང་བཟོད་པར་བྱ། །གཉིས་པོ་སྲོག་དང་བསྡོས་ལ་བསྲུང་། །དཀའ་བ་གསུམ་ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བོ་ཉམས་སུ་བླང་། །གོ་ལོག་མི་བྱ། རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང་། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། ཡུས་མ་བསྒོམ། ཀོ་ལོང་མ་སྡོམ། ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། ༧ གཞུང་མཛད་པ་པོའི་མཇུག་སྡུད་པའི་གསུང་ནི། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །
སྡུག་བསྔལ་གཏམ་ངན་ཁྱད་གསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་དགེ་བའི་བཤེས་གཉེན་ཆེན་པོ་བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།(བློ་སྦྱོང་དོན་བདུན་མའི་རྩ་གཞུང་ས་བཅད་ཀྱིས་བརྒྱན་པ་འདིའང་འཇམ་མགོན་བླ་མས་མཛད་པའི་ཁྲིད་ཡིག་བྱང་ཆུབ་གཞུང་ལམ་ཉིད་སོར་བཞག །བརྒྱུད་པའི་ཁྲིད་གཞུང་སྤྱི་འགྲོས་དང་ཡང་བསྟུན་ཏེ་རང་འདྲའི་བློ་དམན་རྣམས་འཇུག་པ་བདེ་ཕྱིར་ཁ་གསལ་དགོས་པ་རྣམས་མཆན་བུའི་ཚུལ་དུ་ཀརྨ་པ་རི་ཀིརྟིས་སྦྱར་བ་མངྒ་ལཾ།)

ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བློ་དམན་འཇུག་བདེར་བཀོད་པ་བྱང་ཆུབ་གཞུང་ལམ།

p. 310

༄༅། །ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བློ་དམན་འཇུག་བདེར་བཀོད་པ་བྱང་ཆུབ་གཞུང་ལམ་ཞེས་བྱ་བ་བཞུགས་སོ། །
༄༅། །གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱ་ན་མཿ བྱམས་པའི་འཁོར་ལོ་སྔོན་དུ་འགྲོ། །དོན་གཉིས་ཕྱོགས་ལས་རྣམ་པར་རྒྱལ། །ཐུབ་མཆོག་ཞབས་ཀྱི་པདྨོ་ནི། །མི་ཕྱེད་དད་པས་གཙུག་ཏུ་བཅིང་། །དཔའ་བོ་སྙིང་རྗེའི་གྲུ་བཟུང་ནས། །སྲིད་འགྲོ་སྡུག་བསྔལ་མཚོ་ལས་སྒྲོལ། །འཇམ་དཔལ་སྤྱན་རས་གཟིགས་དབང་སོགས། །གྲགས་ཆེན་རྒྱལ་བའི་སྲས་ལ་འདུད། །སྟོང་ཉིད་སྙིང་རྗེའི་ལམ་བཟང་སྟོན། །བླ་ན་མེད་པའི་དགེ་བའི་བཤེས། །རྒྱལ་བ་ཀུན་གྱི་འདྲེན་པ་ནི། །བླ་མའི་ཞབས་ལ་ཕྱག་བགྱི་འོ། །སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ། །གོ་བར་སླ་བས་བསླད་མེད་ལ། །ལག་ལེན་བདེ་བས་འཇུག་པར་སྤྲོ། །ཟབ་པས་སངས་རྒྱས་འགྲུབ་དེ་འཆད། །འདིར་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ཁྱད་པར་དུ་

p. 311

འཕགས་པ་བློ་སྦྱོང་དོན་བདུན་མའི་ཁྲིད་སྟོན་པ་ལ་གསུམ། བརྒྱུད་པའི་བྱུང་ཁུངས། སྤྱིའི་དགོས་དོན། ཁྲིད་གཞུང་དངོས་འཆད་པའོ། །དང་པོ་ནི། ཐུབ་དབང་སྲས་དང་བཅས་པའི་ཐུགས་ཀྱི་མན་ངག་སྙན་ནས་སྙན་དུ་བརྒྱུད་དེ་བྱང་ཆུབ་སེམས་ཀྱི་མངའ་བདག་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་། རང་གི་སྐུ་ཤ་དངོས་སུ་སྦྱིན་ཅིང་བྱམས་སྙིང་རྗེ་ལ་བརྟེན་ནས་སྟོང་ཉིད་རྟོགས་པ་བླ་མ་དྷརྨ་རཀྵི་ཏ་དང་། གཞན་གྱི་སྡུག་བསྔལ་རང་ལ་དངོས་སུ་ལེན་ནུས་པ་བླ་མ་བྱམས་པའི་རྣལ་འབྱོར་པ་གསུམ་ལས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཡུན་རིང་དུ་འབད་རྩོལ་ཆེན་པོའི་ཚུལ་གྱིས་རྫོགས་པར་གསན་ནས་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས། བོད་ཀྱི་མགོན་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་ཞིག་ཀྱང་ཚུལ་འདི་ཁོ་ན་ལ་བརྟེན་ནས་བསྐོར། རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་ཡས་པ་བྱང་གྲོལ་དུ་བཀོད་པ་ལས། སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་དང་། དེ་ལས་ཀྱང་སྤྱན་རས་གཟིགས་དངོས་འབྲོམ་སྟོན་རིན་པོ་ཆེའི་ཞལ་སློབ་རིགས་གསུམ་སྤྲུལ་པ་སྐུ་མཆེད་གསུམ་ལ། གཞུང་། གདམས་ངག །མན་ངག་གསུམ་གྱི་བཀའ་སོ་སོར་བབས་པ་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ལས་རིམ་པར་བརྒྱུད་དེ། བཀའ་གདམས་གཞུང་དྲུག་བཤད་སྲོལ་གྱི་བཀའ་དགེ་ལུགས་པ་ལ་བབས། བདེན་བཞི་གདམས་ངག་ཏུ་སྟོན་པའི་བཀའ་དྭགས་བརྒྱུད་པ་ལ་བབས། མན་ངག་ཐིག་ལེ་བཅུ་དྲུག་གི་བཀའ་སྲོལ་གཉིས་ཀས་སྐྱོང་བར་བཞེད། དེ་ལྟར་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པོ་བཀའ་གདམས་རིན་པོ་ཆེར་གྲགས་པ། ལྷ་བཞིས་ལུས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་སེམས་བརྒྱན་པའི་བཀའ་བརྒྱུད་རིན་པོ་ཆེ་འདི་ལ། མདོ་ལུགས་རང་རྐང་དང་། སྔགས་དང་ཅུང་ཟད་

p. 312

འབྲེལ་བའི་གདམས་ངག་མཐའ་ཡས་པ་བཞུགས་པ་ཐམས་ཅད་ཀྱང་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱི་ལམ་སྟོན་པ་ཤ་སྟག་ཡིན་མོད། གཙོ་བོར་ཀུན་རྫོབ་བྱང་སེམས་ཀྱི་བཀའ་བབས་པས་བརྒྱུད་འཛིན་སྐྱེས་ཆེན་ཕལ་མོ་ཆེས་བདག་གཞན་བརྗེ་བའི་མན་ངག་དང་རྣམ་ཐར་རྩལ་དུ་བཏོན་ཅིང་། དེ་ལའང་ཁྲིད་ཚུལ་གྱི་ཕྱག་སྲོལ་འདྲ་མིན་མང་བ་ལས། དོན་བདུན་མ་འདི་ནི་བྱ་འཆད་ཀ་བ་ཆེན་པོ་ཡེ་ཤེས་རྡོ་རྗེས་གདམས་པའི་བཀའ་སྲོལ་ལས་བྱོན་པ་ལགས་སོ། །གཉིས་པ་ནི། མཐོ་རིས་ལྷ་མིའི་བདེ་འབྲས་ལ་སྙིང་པོ་མེད་པ་ལྟ་ཞོག །ཉན་རང་གི་བྱང་ཆུབ་ཐོབ་ཀྱང་མྱང་འདས་མཐར་ཐུག་མ་ཡིན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་དོན་དུ་གཉེར་དགོས། དེ་འཐོབ་པར་བྱེད་པ་ལ་བྱམས་སྙིང་རྗེ་ལ་བློ་སྦྱོང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་གཉིས་ལ་མི་བསྟེན་པའི་ཐབས་གཞན་ཡོད་པ་མ་ཡིན་ཏེ། འཕགས་པ་ཀླུས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་འཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་སོ། །དེའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ཀྱང་གང་དང་ལྡན་ན་མི་གནས་པའི་མྱང་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཐེག་པ་ཆེན་པོའི་གྲངས་སུ་ཆུད་པའི་རྩ་བ་ནི་སེམས་བསྐྱེད་པ་ཁོ་ན་ཡིན་ཞིང་། དེའང་བྱམས་སྙིང་རྗེ་ལ་བརྟེན་ནས་སྐྱེ་བ་དང་། མཐར་ཐུག་གི་སངས་རྒྱས་ཐོབ་པ་ནའང་དམིགས་མེད་སྙིང་རྗེས་གཞན་དོན་ཉག་གཅིག་མཛད་པ་ལས་ཅིའང་བྱར་ཡོད་པ་མ་ཡིན་པ་དང་། ལས་དང་པོ་པའི་རྒྱུད་ལ་དོན་དམ་བྱང་

p. 313

སེམས་ཇི་བཞིན་པ་མི་སྐྱེ་ཞིང་། ཀུན་རྫོབ་བྱང་སེམས་སྦྱོང་ན་ངེས་པར་སྐྱེ་ལ། དེ་སྐྱེས་པས་དོན་དམ་བྱང་སེམས་རང་ཤུགས་སུ་རྟོགས་པར་འགྱུར་བ་སོགས་སྒོ་དུ་མ་ནས་ཐོག་མར་སེམས་བསྐྱེད་པའི་དོན་འབྲས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནན་ཏན་དུ་བསྒོམ་དགོས་ལ། དེའི་གདམས་ངག་འདུན་པས་སྦྱོང་བའི་ཐབས་ཀྱི་རྩ་བ་ནི། སློབ་དཔོན་ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་འོག་ཏུ་འཆད་པའི་བདག་གཞན་བརྗེ་བའི་སྒོམ་རིམ་ཁོ་ན་སྟེ། བློ་སྦྱོང་གི་རིམ་པ་གཞན་རྣམས་ཀྱང་འདི་ལས་འཕྲོས་པའི་ཡན་ལག་ཤ་སྟག་གོ །གསུམ་པ་ལ་གཉིས། གཞུང་ཁྲིད་དངོས་འཆད་པ་དང་། བརྒྱུད་པའི་གདམས་པས་ཁ་སྐོང་བའོ། །དང་པོ་ལ་བདུན། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱའོ། །དང་པོ་ནི། ཐོག་མར་སྔོན་འགྲོ་དག་ལ་བསླབ། །ཅེས་གསུངས་ཏེ། འདི་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། ཐུན་ལ་འཇུག་པའི་ཐོག་མ་ཐམས་ཅད་དུ་རང་གི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་ཞལ་འཛུམ་བག་སྐུ་གཟི་བརྗིད་དང་ལྡན་ཞིང་ཐུགས་དམིགས་མེད་སྙིང་རྗེས་འགྲོ་ལ་དགོངས་ཏེ་བཞུགས་པ་རྩ་བརྒྱུད་བླ་མ་ཀུན་འདུས་ཀྱི་ངོ་བོར་བསམ། མོས་གུས་དུང་དུང་བའི་ངང་ནས་སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། ཁྱད་པར་དུ། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་

p. 314

ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་གསོལ་བ་ལན་བརྒྱ་སྟོང་དུ་བཏབ་པའི་མཐར། བླ་མ་དེ་ཉིད་རང་གི་སྤྱི་བོའི་ཚངས་བུག་ནས་མར་བྱོན། སྙིང་འོད་ཀྱི་གུར་ཁང་སྒོང་ལྐོག་ཁ་གྱེན་བསྟན་ལྟ་བུར་བཞུགས་པར་བསམས་ལ་མོས་གུས་དུང་བ་ཞིག་བྱ་བ་ནི་བླ་མའི་རྣལ་འབྱོར་ཏེ་ཐུན་འགོ་ཐམས་ཅད་དུ་གལ་ཆེའོ། །གཉིས་པ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས་བསམ་པ་བཞི་པོ་ཁྲིད་གསར་པ་ཡིན་ན་ལམ་རིམ་ལྟར་རྒྱས་པར་འཆད་ཅིང་རྒྱུད་ལ་སྐྱེ་ངེས་སུ་བསྒོམ་དགོས་ལ། དམིགས་པའི་རྩ་བ་མདོར་བསྡུས་ལ་མོས་ན། ཆོས་སྒྲུབ་པའི་རྟེན་དལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཐོབ་པ་ལ་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་བསྒྲུབ་དགོས། སེམས་ཅན་གྱི་ནང་ན་དགེ་བ་རྣམ་དག་སྒྲུབ་པ་ཆེས་ཉུང་བས་འབྲས་བུ་དལ་འབྱོར་ཐོབ་པ་དཀའ། དུད་འགྲོ་ལ་སོགས་པ་འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཐོབ་པ་སྲིད་ཙམ་དུ་འདུག་པས། བདག་གིས་ད་རེས་མི་ལུས་ལན་གཅིག་ཐོབ་པ་འདི་ཆུད་ཟོས་སུ་མི་བཏང་བར་ཆོས་རྣམ་དག་ཅིག་ཅི་ནས་ཀྱང་བྱ། དེའང་ཚེ་ལ་ངེས་པ་མེད་ཅིང་འཆི་བའི་རྐྱེན་ཤིན་ཏུ་མང་། དེ་རིང་ཙམ་ཡང་མི་འཆི་བར་འདུག་པའི་གདེང་ཡང་མེད་པས་ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབད་དགོས། འཆི་བའི་ཚེ་དགེ་སྡིག་གཉིས་པོ་མ་གཏོགས་ཟས་ནོར་ལོངས་སྤྱོད་གནས་ལུས་དབང་ཐང་གང་ཡོད་རྗེས་སུ་མི་འབྲང་ཞིང་ཕན་པ་སྤུ་ཙམ་ཡང་མེད་པས་ཅིས་ཀྱང་དགོས་པ་མེད། ཤི་བའི་འོག་ཏུ་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབའ་ཞིག་མ་གཏོགས་བདེ་བ་སྐྲ་རྩེ་ཙམ་མེད། དགེ་སྡིག་གི་ལས་ལས་བདེ་སྡུག་གི་འབྲས་བུ་འབྱུང་བ་ནི་བསླུ་བ་མེད་པས་སྡིག་པ་སྲོག་ལ་བབ་ཀྱང་མི་བྱེད། དགེ་བ་ཁོ་

p. 315

ན་འབད་པ་ཆེན་པོས་བསྒྲུབ་པར་བྱའོ་སྙམ་པ་ནན་ཏན་དུ་སྦྱང་། ཐུན་མཇུག་རྣམས་སུ་ཡན་ལག་བདུན་པ་ཅི་ནུས་དང་། ཐུན་མཚམས་སུ་དམིགས་པའི་དོན་ལག་ལེན་དུ་འདེབས་པ་ནི་སྦྱོར་དངོས་ཐམས་ཅད་ལ་འགྲེ་བར་བྱའོ། ། ༈ གཉིས་པ་དངོས་གཞི་ལ་གཉིས། དོན་དམ་བྱང་སེམས་ཞར་བྱུང་དུ་བསྒོམ་པ། ཀུན་རྫོབ་བྱང་སེམས་གཙོ་བོར་བསྒོམ་པའོ། །དང་པོ་ལ་གཉིས། ཐུན་དང་། ཐུན་མཚམས་སོ། །དང་པོ་ལ་སྦྱོར་བ་བླ་མའི་རྣལ་འབྱོར་སོང་ནས། ལུས་དྲང་པོར་འདུག་སྟེ་དབུགས་ཕྱིར་འགྲོ་དང་ནང་འགྲོ་ལན་ཉེར་གཅིག་གི་བར་དུ་མ་འཁྲུགས་པར་བགྲངས་པས་བསམ་གཏན་གྱི་སྣོད་དུ་རུང་བར་འགྱུར་རོ། །དངོས་གཞི་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་གསུངས་པས་སྣོད་བཅུད་དངོས་པོའི་ཆོས་བཟུང་བའི་ཡུལ་དུ་སྣང་བ་འདི་རྣམས་རང་གི་སེམས་ཀྱི་འཁྲུལ་སྣང་ཁོ་ན་ཡིན་པས་དོན་ལ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དེ་རྨི་ལམ་གྱི་སྣང་བ་ལྟ་བུའོ། །ཞེས་བསམ་ལ་འདུན་པ་ཅུང་ཟད་སྦྱང་། སེམས་ཉིད་བདེན་ནམ་སྙམ་ན། མ་སྐྱེས་རིག་པའི་གཤིས་ལ་དཔྱད། །ཅེས་གསུངས་ཏེ། རང་སེམས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་པས་ཁ་དོག་དབྱིབས་སོགས་གང་དུའང་མ་གྲུབ་ཅིང་བྱུང་བའི་ཁུངས་མེད་པས་དང་པོར་མ་སྐྱེས། ད་ལྟ་ལུས་ཀྱི་ཕྱི་ནང་ལ་སོགས་པ་གང་དུའང་མི་གནས། མཐར་འགྲོ་ཞིང་འགག་པའི་ཡུལ་མེད་པ་སྐྱེ་འགག་གནས་བྲལ་གྱི་རིག་པའི་གཤིས་ལ་སེམས་ཚོལ་གྱི་དཔྱད་པས་ཐག་ཆོད་ཀྱི་ངེས་ཤེས་ཐོབ་པར་བྱ། དེའི་ཚེ་ལུས་སེམས་ཐམས་ཅད་སྟོང་པའོ་སྙམ་པ་དང་། སྟོང་པ་ལ་ཅིས་ཀྱང་ཕན་གནོད་མེད་དོ་སྙམ་པ་སོགས་གཉེན་པོའི་རྣམ་རྟོག་བྱུང་ན། གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཞེས་གསུངས་ཏེ། གཉེན་པོ་བདེན་མེད་ཀྱི་འདུན་པ་དེ་

p. 316

གའི་ངོ་བོར་བལྟས་པས་དེ་ཉིད་ཀྱང་གཏད་མེད་རང་སར་གྲོལ་བ་དེའི་ངང་དུ་ལྷོད་ཀྱིས་ཀློད། དེ་དག་ནི་དཔྱད་སྒོམ་པའི་གྲུབ་དོན་མན་ངག་ཏུ་བསྟན་པའོ། །ངོ་བོ་ཀུན་གཞིའི་ངང་དུ་བཞག །ཅེས་པ་ནི་འཇོག་ཚུལ་དངོས་བསྟན་པ་སྟེ། རྣམ་ཤེས་ཚོགས་བདུན་གྱི་སྤྲོ་བསྡུ་ཐམས་ཅད་དང་ཕྲལ་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་ཀུན་གཞི་ངང་ལུགས་དགེ་བ་བདེ་གཤེགས་སྙིང་པོའི་སྒྲས་བསྟན་པ། སྤྲོས་བྲལ་གསལ་ལ་མི་རྟོག་པའི་མཚན་ཉིད་ཅན་གྱི་ངང་དུ་གཤིས་ཅིར་ཡང་མ་གྲུབ་པ་ལ་བློས་གང་ཡང་མི་འཛིན་པར་རང་བབ་ཏུ་བཞག་པ་སྟེ། མདོར་ན་རྣམ་རྟོག་གི་རྗེས་སུ་མི་འབྲང་བར་སེམས་ཉིད་གསལ་ལ་རྟོག་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་པ་ནི་འཇོག་སྒོམ་པའི་བབ་སོའོ། །རྗེས་ཡན་ལག་བདུན་པ་སྔར་ལྟར་འགྲེའོ། །གཉིས་པ་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་པས་ཐུན་མཚམས་སུ་སྤྱོད་ལམ་ཅི་བྱེད་ཀྱང་མཉམ་བཞག་གི་ཉམས་དང་མ་བྲལ་བར་རང་གཞན་སྣོད་བཅུད་གང་སྣང་ཐམས་ཅད་མེད་བཞིན་དུ་སྣང་བ་སྒྱུ་མའི་སྐྱེས་བུ་ལྟར་བདེན་མེད་དུ་ཤེས་པའི་འདུན་པ་རྒྱུན་ཆགས་སུ་བསྐྱེད་དོ། །གཉིས་པ་ཀུན་རྫོབ་བྱང་སེམས་སྒོམ་པ་ལ་གསུམ། སྦྱོར་བ། དངོས་གཞི། ཐུན་མཚམས་ཀྱི་ཆོས་སོ། །དང་པོ་ནི། སྔོན་འགྲོ་སོགས་གོང་ལྟར་ལ། གཏོང་ལེན་གྱི་གཞི་བྱམས་སྙིང་རྗེ་བསྒོམ་དགོས་ཏེ། དེའང་ཐོག་མར་རང་གི་རྩ་བའི་མ་མདུན་དུ་ཡོད་པར་དམིགས། འདིས་བདག་ལྟོ་ན་གནས་པ་ནས་བཟུང་སྟེ་འབད་རྩོལ་ཆེན་པོས་བསྐྱངས། མོ་རང་ན་ཚ་འཁྱག་ལྟོགས་ཐམས་ཅད་བསྲན། ཟས་གོས་སྟེར། མི་གཙང་བ་ཕྱིས། བཟང་པོ་བསླབ། ངན་པ་ལས་བཟློག་པས་ད་ལྟ་སངས་རྒྱས་ཀྱི་བསྟན་པ་དང་མཇལ་ཞིང་ཆོས་སྒྲུབ་ཏུ་ཡོད་པས་ཤིན་ཏུ་དྲིན་ཆེ། ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་དཔག་ཏུ་མེད་པ་རྣམས་སུའང་དེ་ཁོ་ན་ལྟར་

p. 317

བྱས་ནས་བདག་གི་དོན་བྱས་པས་འདི་རང་འཁོར་བར་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་རྗེ་སྙམ་པ་དྲག་ཏུ་བསྒོམ། དེ་ནས་ཁ་ཙམ་མིན་པའི་སྙིང་རྗེ་སྐྱེས་ཤིང་འབྱོངས་ནས་རིམ་པར་རྒྱ་ཇེ་ཆེ་ལ་བསླབ་སྟེ། སེམས་ཅན་ཐམས་ཅད་རྩ་བའི་མ་དེ་ཇི་ལྟ་བ་བཞིན་དུ་ཐོག་མ་མེད་པ་ནས་མར་མ་གྱུར་པ་གཅིག་ཀྱང་མེད། ཕན་མ་བཏགས་པ་མེད་སྙམ་པས། ཐོག་མར་སྐྱེ་སླ་བ་མཛའ་བཤེས་གཉེན་འདུན། སྡུག་བསྔལ་ཤིན་ཏུ་ཆེ་བའི་ངན་སོང་གསུམ། ཉམ་ཐག་པའི་མི། ཚེ་འདིར་སྐྱིད་ཀྱང་ཤི་མ་ཐག་དམྱལ་བར་འགྲོ་བའི་སྡིག་པོ་ཆེ་རྣམས་ལ་བསྒོམ། དེ་འབྱོངས་ནས་སྐྱེ་དཀའ་བ་གནོད་བྱེད་དགྲ་དང་གདོན་སོགས་ལ་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ལ་བསྒོམ། བདག་གི་ཕ་མ་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་མྱོང་བ་མ་ཟད་སྡུག་བསྔལ་གྱི་རྒྱུ་ཁམས་པོ་ཆེ་ལ་ལོངས་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། ཅི་ཚུག་བྱ། ད་ནི་ངས་ཀྱང་འདི་རྣམས་ཀྱི་དྲིན་དུ་གནོད་པ་བསལ། བདེ་བ་དང་སྐྱིད་པ་བྱས་ནས་ཕན་གདགས་པར་བྱའོ་སྙམ་པའི་བློ་བསྲན་མི་བཟོད་པ་ཙམ་དུ་སྦྱོང་ངོ་། །གཉིས་པ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་ཉིད་རླུང་ལ་བསྐྱོན་ཏེ་བྱ། །ཞེས་གསུངས་ཏེ། སྙིང་རྗེའི་ཡུལ་གྱུར་ཕ་མ་དེ་རྣམས་ལ་སྡུག་བསྔལ་གྱིས་དངོས་སུ་གནོད། ཀུན་འབྱུང་གིས་རྒྱུད་ནས་གནོད་པས་མའི་རྒྱུད་ལ་ཡོད་པའི་སྡུག་བསྔལ་སྣ་ཚོགས་པ་དང་། ཀུན་འབྱུང་ལས་དང་ཉོན་མོངས་པ་ཐམས་ཅད་བདག་གིས་བླང་བར་བགྱིའོ་སྙམ་པས་དེ་རྣམས་ཐམས་ཅད་རང་ལ་བྱུང་བར་བསྒོམ་ཞིང་། བྱུང་ན་དགའ་བའི་འདུན་པ་དྲག་ཏུ་བྱ། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་དང་བདེ་བ་ཐམས་ཅད་ཕ་མ་སེམས་ཅན་ཐམས་ཅད་ལ་ལྟོས་པ་མེད་པར་བཏང་བར་བགྱིའོ་སྙམ་པས་བདེ་བ་དེ་རྣམས་གཞན་ལ་རེ་རེ་བཞིན་ཐོབ་པར་བསྒོམ་

p. 318

ཞིང་ཐོབ་ན་དགའ་བའི་འདུན་པ་དྲག་ཏུ་བྱ། ཁྱད་པར་དམིགས་རྣམ་གསལ་བའི་ཆེད་རང་གི་དབུགས་ནང་དུ་རྔུབ་པ་དང་བསྟུན། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་ནག་འུབ་ཀྱིས་བསྡུས། སྣ་སྒོ་ནས་ཞུགས། རང་གི་སྙིང་ནང་དུ་ཐིམ་པས་སེམས་ཅན་རྣམས་སྡིག་སྡུག་དང་གཏན་བྲལ་དུ་སོང་བར་བསམ། དབུགས་ཕྱིར་འགྲོ་བ་ན། རང་གི་བདེ་བ་དང་དགེ་བ་ཅི་ཡོད་པ་ཐམས་ཅད་ཟླ་ཟེར་ལྟ་བུའི་རྣམ་པས་སྣ་སྒོ་ནས་དཀར་ལམ་གྱིས་སོང་སེམས་ཅན་ཐམས་ཅད་ལ་ཐིམ། དེ་རྣམས་འཕྲལ་དེ་ལས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ་ཞིང་དགའ་བའང་བསྒོམ། དེ་ལྟར་རླུང་ལ་གཏོང་ལེན་བསྐྱོན་པ་འདི་ཉིད་ཐུན་གྱི་དངོས་གཞིར་བྱས་ཏེ་སྦྱང་། ཕྱིས་སུའང་དྲན་པས་ནམ་ཟིན་ཟིན་ལ་ཉམས་སུ་ལེན། བློ་སྦྱོང་གི་དངོས་གཞི་འདི་ཉིད་ཡིན་ཏེ། ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་ཐུན་མཚམས་ཀྱི་ཉམས་ལེན་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །ཞེས་པ་ནི་ཡུལ་ཡིད་དུ་འོང་བ་དང་ཕན་འདོགས་པ་ལ་ཞེན་ཆགས། ཡིད་དུ་མི་འོང་བ་དང་གནོད་བྱེད་ལ་ཞེ་སྡང་། བར་མ་ལ་ཅི་ཡང་མི་བསམ་པའི་གཏི་མུག་སྟེ་ཡུལ་གསུམ་ལ་བརྟེན་ནས་དུག་གསུམ་རྒྱུན་ཆགས་སུ་འབྱུང་བས། དེ་མ་ཐག་ངོས་ཟིན་པར་བྱས་ལ། དཔེར་ན་འདོད་ཆགས་སྐྱེས་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདོད་ཆགས་ཇི་སྙེད་པ་ཐམས་ཅད་བདག་གི་འདི་ལ་འདུས་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདོད་ཆགས་མེད་པའི་དགེ་རྩ་དང་ལྡན་པར་གྱུར་ཅིག །དེ་རྣམས་ཀྱི་ཉོན་མོངས་པའི་གོ་བདག་གི་འདིས་ཆོད་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཉོན་

p. 319

མོངས་པ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསམ། ཞེ་སྡང་སོགས་ལའང་དེས་འགྲེས་ཏེ་ལམ་དུ་ཁྱེར་བས་དུག་གསུམ་དགེ་བའི་རྩ་བ་མཐའ་ཡས་པ་གསུམ་དུ་འགྱུར་རོ། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱོང་། །ཞེས་པས་དུས་ཐམས་ཅད་དུ། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་འཕགས་པའི་གསུང་དང་། ཁེ་དང་རྒྱལ་ཁ་ཐམས་ཅད་ཇོ་བོ་སེམས་ཅན་རྣམས་ལ་འབུལ་ལོ། །གྱོང་དང་བུབ་ཁ་ཐམས་ཅད་བདག་གིས་བླང་བར་བགྱིའོ། །ཞེས་བཀའ་གདམས་པའི་གསུང་སྒྲོས་ལས་བྱུང་བ་དང་། སེམས་ཅན་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་ཅིང་། བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག་ཅེས་རྒྱལ་སྲས་ཐོགས་མེད་ཀྱི་གསུང་སྟེ་དེ་ལྟ་བུ་གང་རུང་བརྗོད་ཅིང་འདུན་པ་དྲག་ཏུ་བྱ། ལེན་པའི་གོ་རིམ་རང་ནས་བརྩམ། །ཞེས་པས་གཞན་གྱི་སྡུག་བསྔལ་རང་ལ་ལེན་ནུས་པའི་ཕྱིར་གོ་རིམ་གྱི་ཐོག་མ་རང་ནས་བརྩམ་སྟེ། རང་ལ་མ་འོངས་པར་སྨིན་འགྱུར་གྱི་སྡུག་བསྔལ་ཐམས་ཅད་ད་ལྟ་ཡིད་ཀྱིས་བླངས་ལ། དེ་བྱང་ནས་གཞན་གྱི་སྡུག་བསྔལ་རྣམས་བླང་ངོ་། །ཐུན་མཇུག་ཏུ་སྨོན་ལམ་སོགས་བྱའོ། །གསུམ་པ་ལམ་ཁྱེར་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། སྣོད་ཀྱི་དཔལ་འབྱོར་ཉམས་པ་དང་། བཅུད་ཀྱི་སེམས་ཅན་མ་རུངས་པས་འཚེ་བ་སོགས་སྡིག་པའི་འབྲས་བུ་སྡུག་བསྔལ་མང་པོས་གང་བའི་ཚེ། ཐོག་ཏུ་བབ་པའི་རྐྱེན་ངན་དེ་དག་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་དགོས་པས་དེ་ལ་གསུམ། ཀུན་རྫོབ་བྱང་སེམས་ལ་བརྟེན་པ། དོན་དམ་བྱང་སེམས་ལ་བརྟེན་པ། སྤྱོད་པ་ཁྱད་པར་ཅན་ལ་བརྟེན་པའོ། །དང་པོ་ནི། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཞེས་པས་རང་གི་ལུས་ལ་ན་ཚ།

p. 320

སེམས་ཀྱི་སྡུག་བསྔལ། མི་ཁ་སྐུར་འདེབས། དགྲ་གྱོད་ཁ་མཆུ། མདོར་ན་རང་དང་རང་ཕྱོགས་ལ་མི་འདོད་པ་ཆེ་ཕྲ་ཅི་བྱུང་ཡང་འདིས་གནོད་པ་བྱས་སོ་སྙམ་པའི་ལེ་ལན་གཞན་ལ་མི་བདའ་བར། བདག་མེད་པ་ལ་བདག་ཏུ་འཛིན་པའི་སེམས་འདིས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་འདོད་ཁོ་ནས་མི་དགེ་བ་སྣ་ཚོགས་བྱས་པའི་འབྲས་བུ་སྡུག་བསྔལ་འདི་རྣམས་ཐོག་ཏུ་བབ་པ་ཡིན་པས་གཞན་སུ་ལའང་མ་ལེན་གྱི། བདག་གཅེས་འཛིན་འདིས་ལན་པས་འདི་གཅིག་པུ་ཅི་ཐུལ་བྱའོ་སྙམ་པས། ཆོས་ཐམས་ཅད་བདག་འཛིན་གྱི་ཐོག་ཏུ་རྩལ་སྤྲུག་ལ་བཏང་སྟེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་དང་། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ད་ནི་འཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱི་རང་སེམས་ངན་པ་གཞོམ། །ཞེས་སོགས་གསུངས་སོ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་པས་སྤྱིར་སངས་རྒྱས་སྒྲུབ་པ་ནི་ཡུལ་སེམས་ཅན་རྣམས་ལ་མ་བསྟེན་པར་སྒྲུབ་པའི་ཐབས་མེད་པས་བྱང་ཆུབ་འདོད་པའི་གང་ཟག་ལ་སངས་རྒྱས་དང་སེམས་ཅན་བཀའ་དྲིན་མཉམ། ཁྱད་པར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་དྲིན་ཆེ། ཡང་སྒོས་གནོད་བྱེད་ལ་སོགས་པ་འདི་རྣམས་བདག་གིས་ཚོགས་བསགས་དང་སྒྲིབ་སྦྱོང་གི་གྲོགས་དང་དཔུང་གཉེན་ཡིན་པས་ཤིན་ཏུ་བཀའ་དྲིན་ཆེ་སྙམ་དུ་བསམ་ལ་གཏོང་ལེན་བསྒོམ། ཐ་ན་ཁྱི་དང་འབུ་སྲིན་ཡན་ཆད་ལ་ཁོང་མི་ཁྲོ་བར་དངོས་སུ་ཕན་ཅི་ཐོགས་ལ་འབད། མི་ནུས་ན་སེམས་ཅན་ནམ་གནོད་བྱེད་འདི་མྱུར་དུ་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། སངས་

p. 321

རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས་ངག་ཏུའང་བརྗོད། ཡང་ད་ཕྱིན་ཆད་བདག་གིས་དགེ་བ་ཅི་བྱེད་ཐམས་ཅད་འདིའི་དོན་དུ་བྱའོ་སྙམ་དུ་སེམས་བསྐྱེད། ལྷ་འདྲེ་ལ། ཐོག་མ་མེད་པ་ནས་བདག་གིས་འདི་ལ་གནོད་པ་བསྐྱལ་བས་གནོད་པ་བྱུང་། ད་རེས་དེའི་ལན་དུ་ཤ་ཁྲག་ལ་སོགས་པ་སྦྱིན་ནོ་སྙམ་པས་གནོད་བྱེད་དེའི་མདུན་དུ་རང་ལུས་བློས་བཏང་ལ། བདག་གི་ཤ་ཁྲག་ལ་སོགས་པ་གང་འདོད་ཁྱོད་ཀྱིས་རོལ་ཅིག་ཅེས་བརྗོད་ཅིང་། བློས་ལིངས་ཀྱིས་བསྐྱུར་བས་གནོད་བྱེད་དེས་ཤ་ཁྲག་ལ་སོགས་པ་ལོངས་སྤྱད་པས་རྒྱུད་ཟག་མེད་ཀྱི་བདེ་བས་གང་། བྱང་ཆུབ་ཀྱི་སེམས་གཉིས་སྐྱེས་པར་བསྒོམ། ཡང་བདག་གཉེན་པོ་དང་བྲལ་ནས་ཉོན་མོངས་པ་སྐྱེས་པ་མ་ཚོར་བ་ལ་གནོད་བྱེད་འདིས་སྦྲན་པས་འདི་བླ་མའམ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ངེས་ཏེ། བདག་གིས་བྱང་ཆུབ་ཀྱི་སེམས་སྦྱོང་བའི་བསྐུལ་མ་བྱས་པས་ཤིན་ཏུ་བཀའ་དྲིན་ཆེ་སྙམ་དུ་བསམ། ཡང་ནད་དང་སྡུག་བསྔལ་བྱུང་ན། འདི་མ་བྱུང་ན་བདག་ཚེ་འདིའི་བྱ་བས་གཡེངས་ཏེ་ཆོས་མི་དྲན་པར་འདུག །འདིས་ཆོས་དྲན་དུ་བཅུག་པས་བླ་མ་དཀོན་མཆོག་གི་ཕྲིན་ལས་ཡིན་བཀའ་དྲིན་ཆེ་སྙམ་དུ་ཞེ་ཐག་པ་ནས་བསམ། མདོར་ན་རང་དོན་སྒྲུབ་པའི་བསམ་སྦྱོར་སུ་ལ་ཡོད་པ་དེ་འཇིག་རྟེན་ཁྱིམ་པ་ཡིན་ཅིང་། གཞན་དོན་སྒྲུབ་པའི་བསམ་སྦྱོར་སུ་ལ་ཡོད་པ་དེ་ཆོས་པ་ཡིན་པས་གླང་རི་ཐང་པའི་ཞལ་ནས། ངས་ཇི་ཙམ་གྱི་ཆོས་ཟབ་མོ་ཞིག་ཞལ་ཕྱེ་སྟེ་བལྟས་ཀྱང་སྐྱོན་ཐམས་ཅད་རང་གི་ཡིན་པར་འདུག །ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན་པར་འདུག །དེའི་གནད་ཀས་ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་ལེན་པ་འདི་མིན་པ་གོ་རྒྱུ་མེད་གསུངས། གཉིས་པ་ནི། འཁྲུལ་སྣང་སྐུ་བཞིར་ལྟ་བ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །

p. 322

ཅེས་གསུངས་ཏེ། སྤྱིར་སྣང་བ་ཐམས་ཅད་དང་སྒོས་རྐྱེན་ངན་དེའང་རྨི་ལམ་དུ་མེས་འཚིགས་པའམ་ཆུས་ཁྱེར་ནས་ཉམ་ཐག་པ་ལྟར། རང་སེམས་འཁྲུལ་པའི་སྣང་བ་མི་བདེན་པ་ལ་བདེན་པར་བཟུང་བ་སྟེ། སྣང་ཡང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཐག་བཅད། སྣང་ཙམ་དེ་འཛིན་མེད་ཀྱི་ངང་ལ་བཞག་པས་ངོ་བོ་སྟོང་པ་ཆོས་སྐུ། རྣམ་པ་གསལ་བ་སྤྲུལ་སྐུ། དེ་གཉིས་ཟུང་དུ་འཇུག་པ་ལོངས་སྐུ། དེ་རྣམས་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐྱེ་འགག་གནས་གསུམ་ངོས་བཟུང་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི། སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག །ལྟ་བའི་གོ་ཆ། སྟོང་ཉིད་ཀྱི་སྲུང་འཁོར་ཞེས་འཁྲུལ་སྣང་གཅོད་པའི་མན་ངག་བླ་ན་མེད་པའོ། །གསུམ་པ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས་ཏེ། དེའང་ཚོགས་བསགས་པའི་སྦྱོར་བ། སྡིག་པ་བཤགས་པའི་སྦྱོར་བ། ལྷ་འདྲེ་ལ་གཏོར་མ་སྦྱིན་པའི་སྦྱོར་བ། མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་འབུལ་བའི་སྦྱོར་བ་བཞི་དང་ལྡན་པ་ནི། རྐྱེན་ངན་ལམ་དུ་བྱེད་པའི་ཐབས་རྣམས་ཀྱི་མཆོག་ཡིན། དེ་ལ་དང་པོ་ནི། བདག་འདོད་པ་བདེ་བ་འདོད་ཀྱང་འོང་བ་སྡུག་བསྔལ་ཁོ་ན་འོང་བ་འདིར་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོངས། བདེ་སྐྱིད་ཀྱི་རྒྱུ་ཚོགས་སོགས་ཤིག་པའི་བརྡར་འདུག་པས་དེ་ལྟར་བྱའོ་སྙམ་པས་བླ་མ་དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར། འབྱུང་པོར་གཏོར་མ། མར་མེ་སཱཙྪ་ཕྱག་བསྐོར་སོགས་ལུས་ངག་ཡིད་གསུམ་གྱི་ཚོགས་གསོག་ཅི་འགྲུབ་དང་། སྐྱབས་འགྲོ་སེམས་བསྐྱེད། ཁྱད་པར་ཡན་ལག་བདུན་པ་དང་མཎྜལ་ལ་འབད། བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་བ་

p. 323

གདབ་བོ། །གཉིས་པ་ནི། འདུན་པ་སྔར་ལྟར་ལ་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པ་ཉེས་པ་ལས་ལྡོག་པའི་སྟོབས། དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་རྟེན་གྱི་སྟོབས། སྟོང་པ་ཉིད་སྒོམ་པ་དང་། གཟུངས་སྔགས་ཁྱད་པར་ཅན་ཟློས་པ་སོགས་གཉེན་པོའི་སྒོ་དྲུག་ལ་འབད་ཅིང་རེ་དོགས་འགོག་པའི་གསོལ་འདེབས་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཞི་པོ་ཚད་དུ་ལོངས་པར་བྱ། གསུམ་པ་ནི། གནོད་བྱེད་ལ་གཏོར་མ་སྦྱིན། ཁྱེད་ཀྱིས་སྔར་བདག་གི་ལན་ཆགས་བསྙག་ཏུ་ཕྱིན་ཅིང་བུ་ལོན་ཁྱེར་བར་བྱེད་པ་ཤིན་ཏུ་བཀའ་དྲིན་ཆེ། ད་དུང་བདག་བརླག་པར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་འདོད་པ་ནད་བྱུར་ཆགས་ཉམ་ང་ཐམས་ཅད་བདག་ལ་སྨིན་པར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་མཛོད་ཅིག་ཅེས་ཕྲིན་ལས་བཅོལ། དེ་ལྟར་མི་ནུས་ན་གཏོར་མ་བཏང་། བྱམས་སྙིང་རྗེ་གཏོང་ལེན་བསྒོམས་ལ། ངས་ཁྱོད་ལ་འཕྲལ་དང་ཡུན་དུ་གང་ཕན་པ་བྱ་ཡིས། ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག་ཅེས་བཀའ་བསྒོས། བཞི་པ་ནི། ཆོས་སྐྱོང་ལ་གཏོར་མ་འབུལ། ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་མཐུན་རྐྱེན་འགྲུབ་པའི་ཕྲིན་ལས་བཅོལ། ཁྱད་པར་གོང་སྨོས་རེ་དོགས་འགོག་པའི་གསོལ་འདེབས་ཀྱང་བྱའོ། །རྐྱེན་གློ་བུར་བ་ལམ་དུ་སློང་བའི་ཕྱིར། འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། །ཞེས་པས་གློ་བུར་དུ་ན་ཚ་གདོན་བགེགས་ཉོན་མོངས་པ་སོགས་རང་ལ་བྱུང་བའམ་གཞན་ལ་མི་འདོད་པས་གཙེས་པ་མཐོང་ན་གཏོང་ལེན་ཁོ་ན་བྱའོ་སྙམ་པ་དང་། དགེ་བ་སོགས་རང་གི་བསམ་སྦྱོར་ལེགས་པ་ཀུན་ལ་སེམས་ཅན་ཐམས་ཅད་འདི་བས་ཀྱང་ཆེས་ལྷག་པའི་ཆོས་ཀྱི་བྱ་བ་ལ་ངང་གིས་

p. 324

འཇུག་པར་གྱུར་ཅིག་སྙམ་པ་དང་། བདེ་བ་དང་སྐྱིད་པ་བྱུང་ནའང་དེ་བཞིན་དུ་སྦྱར། གལ་ཏེ་རྣམ་རྟོག་ངན་པ་སྐྱེ་བའམ་དབང་མེད་དུ་བྱ་བ་ངན་པ་ལ་འཇུག་དགོས་པ་བྱུང་ན། སེམས་ཅན་ཐམས་ཅད་ཀྱི་རྣམ་རྟོག་ངན་པའམ་བྱ་བ་ངན་པ་ཐམས་ཅད་བདག་གི་འདི་ལ་འདུས་པར་གྱུར་ཅིག་སྙམ་དུ་བསམ། མདོར་ན་ཟ་ཉལ་འགྲོ་འཆག་སྤྱོད་ལམ་ཅི་བྱེད་ཀྱང་གཞན་ཕན་གྱི་བསམ་པས་ཟིན་པར་བྱས་ནས། འཕྲལ་ལ་རྐྱེན་བཟང་ངན་གང་ཐུག་ཀྱང་བློ་སྦྱོང་གི་སྒོམ་ཁོ་ནར་སྦྱང་བར་བྱའོ། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ལ་གཉིས། ཚེ་འདིར་ཇི་ལྟར་བྱ་བ་དང་། འཆི་ཁར་ཇི་ལྟར་བྱ་བའོ། །དང་པོ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་པ་སྟེ། དམ་པའི་ཆོས་ཉམས་སུ་ལེན་པའི་མན་ངག་ཟབ་དགུ་གཅིག་དྲིལ་ཉམས་ལེན་གནད་འགག་མདོར་བསྡུས་ན་སྟོབས་ལྔ་སྟེ། དང་པོ་འཕེན་པའི་སྟོབས་ནི། དུས་འདི་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དང་། ཁྱད་པར་མ་ཤིའི་བར་དང་། སྒོས་སུ་ལོ་འདི་དང་ཟླ་བ་འདི། ཡང་སྒོས་དེ་རིང་ནས་སང་གི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་གཏན་ནས་མི་འབྲལ་བར་བྱའོ། །ཞེས་བློས་འཕེན་པ་དྲག་པོ་བཏང་། གཉིས་པ་གོམས་པའི་སྟོབས་ནི། སྤྱོད་ལམ་མམ་དགེ་སྡིག་ལུང་མ་བསྟན་གྱི་བྱ་བ་ཅི་ཞིག་ལ་འཇུག་གི་འདུག་ཀྱང་དྲན་ཤེས་ཀྱིས་ཀྲིག་གིས་བཟུང་ནས་བྱང་ཆུབ་ཀྱི་སེམས་གཉིས་མ་བྲལ་བར་ཡང་དང་ཡང་དུ་སྦྱང་བ་སྟེ། མདོར་ན་དགེ་སྦྱོར་གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བསླབ་པའོ། །གསུམ་པ་དཀར་པོའི་ས་བོན་གྱི་སྟོབས་ནི། བྱང་ཆུབ་ཀྱི་སེམས་སྐྱེ་བ་དང་འཕེལ་བའི་དོན་དུ་དགེ་བ་ལ་ཆོག་ཤེས་མེད་པར་ལུས་ངག་ཡིད་གསུམ་དགེ་བ་ལ་རྟག་ཏུ་འབུངས་པའོ། །བཞི་པ་སུན་འབྱིན་པའི་སྟོབས་ནི། བདག་གཅེས་འཛིན་གྱི་རྣམ་རྟོག་ནམ་

p. 325

བྱུང་བ་ན། སྔར་ཡང་ཐོག་མ་མེད་པ་ནས་འཁོར་བར་འཁྱམས། སྡུག་བསྔལ་སྣ་ཚོགས་མྱོང་བ་ཁྱོད་ཀྱིས་ལེན། ཚེ་འདིར་ཡང་སྡིག་པ་སྡུག་བསྔལ་ཇི་སྙེད་བྱུང་བ་ཐམས་ཅད་འདི་ཁོ་ནས་ལེན། ད་ཡང་ཁྱོད་དང་འགྲོགས་ན་སྐྱིད་མེད། ད་རེས་འདི་ཅི་བརླག་ཅི་ཐུལ་བྱ་དགོས་སྙམ་པས་བདག་འཛིན་གྱི་རྣམ་རྟོག་རྒྱངས་ཀྱིས་སྤང་བའོ། །ལྔ་པ་སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་གང་བྱེད་ཀྱི་གཤམ་དུ། སྤྱིར་སེམས་ཐམས་ཅད་བདག་ཁོ་ནས་སངས་རྒྱས་ཀྱི་ས་ལ་འདྲེན་ནུས་པར་གྱུར་ཅིག །ཁྱད་པར་དུས་འདི་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རྨི་ལམ་དུའང་མི་བརྗེད་ཅིང་གོང་ནས་གོང་དུ་འཕེལ་བར་ཤོག་ཅིག །རྐྱེན་ངན་ཅི་བྱུང་ཡང་བྱང་ཆུབ་སེམས་ཀྱི་གྲོགས་སུ་འཁྱེར་ནུས་པར་གྱུར་ཅིག་ཅེས་ཞེ་ཐག་པ་ནས་གདབ་ཅིང་དགེ་བ་ཐམས་ཅད་དེའི་དོན་དུ་བསྔོ་བར་བྱའོ། །གཉིས་པ་ཆོས་འདིའི་ལུགས་ཀྱི་འདའ་ཁ་མའི་གདམས་ངག་ཇི་ལྟར་བྱེད་ཅེ་ན། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་པ་སྟེ། ཆོས་འདི་ལ་སྦྱངས་པའི་གང་ཟག་འཆི་ངེས་པའི་ནད་ཀྱིས་ཐེབས་པའི་ཚེ། དང་པོར་ཡོ་བྱད་ཅི་ཡོད་པ་ཐམས་ཅད་སྤྱིར་བླ་མ་དཀོན་མཆོག །སྒོས་རང་ཉིད་ཕན་ཡོན་འདི་རང་ཆེ་སྙམ་པའི་ཕྱོགས་སུ་བཏང་ལ་ཆགས་ཞེན་འཁྲི་བ་སྤུ་རྩེ་ཙམ་མེད་པར་བྱེད་པ་དཀར་པོའི་ས་བོན་གྱི་སྟོབས། ནུས་ན་ཡན་ལག་བདུན་པ་འབུལ། མི་ནུས་ནའང་བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཇི་ཡོད་པའི་མཐུས། བདག་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་བརྗེད་ཅིང་སྦྱངས་ནས་གོང་དུ་འཕེལ་བར་གྱུར་ཅིག །ཆོས་འདི་སྟོན་པའི་བླ་མ་ཡང་དག་པ་དང་མཇལ་བར་གྱུར་ཅིག །དེ་ལྟར་འགྲུབ་པར་བླ་མ་དང་དཀོན་མཆོག་རིན་པོ་ཆེས་བྱིན་

p. 326

གྱིས་བརླབ་ཏུ་གསོལ། ཞེས་ཡིད་རྩེ་གཅིག་པས་སྨོན་པ་སྨོན་ལམ་གྱི་སྟོབས་དང་། བདག་གཅེས་འཛིན་འདིས་སྐྱེ་བ་གྲངས་མེད་པར་སྡུག་ཏུ་བཅུག །ད་རེས་ཀྱང་འཆི་བའི་སྡུག་བསྔལ་མྱོང་། དོན་དམ་པར་བདག་དང་སེམས་མ་གྲུབ་པས་འཆི་རྒྱུ་མེད། ནའོ་འཆིའོ་བསམ་པའི་བདག་འཛིན་ཁྱོད་ཅི་ནས་བརླག་པར་བྱའོ་སྙམ་པ་སོགས་སུན་འབྱིན་པའི་སྟོབས་དང་། འཆི་ཁ་དང་བར་དོ་དང་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་དང་མ་བྲལ་བར་བྱའོ་སྙམ་པ་འཕེན་པའི་སྟོབས་དང་། སྔར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་གཉིས་གསལ་འདེབས་པ་ནི་གོམས་པའི་སྟོབས་ཡིན་པས་གཙོ་བོར་དེ་དག་ལ་རྩེ་གཅིག་ཏུ་བྱ་ཞིང་། གྲོགས་སུ་སྤྱོད་ལམ་ཡང་གཅེས་ཏེ་ལུས་གནད་ཆོས་བདུན་ནམ་མི་ནུས་ན་གཞོག་གཡས་འོག་ཏུ་བཅུག །ལག་པ་གཡས་ལ་འགྲམ་པ་བརྟེན་པའི་མཐེའུ་ཆུང་གིས་སྣ་བུག་གཡས་བཀག །རླུང་གཡོན་ནས་རྒྱུ་བར་བྱས་ལ་བྱམས་སྙིང་རྗེ་སྔོན་དུ་འགྲོ་བས་རླུང་འགྲོ་འོང་དང་སྦྱར་ཏེ་གཏོང་ལེན་སྦྱང་། དེའི་རྗེས་ལ་འཁོར་འདས་སྐྱེ་འཆི་ལ་སོགས་པ་ཐམས་ཅད་སེམས་སྣང་ཡིན། སེམས་ཉིད་ཅིར་ཡང་མ་གྲུབ་པར་ཤེས་པའི་ངང་ལ་བློས་ཅིར་ཡང་མི་འཛིན་པར་བཞག །དེ་དག་གི་ངང་ལ་དབུགས་འགྲོ་ནུས་པར་བྱའོ། །འཆི་ཁའི་གདམས་ངག་འུད་ཆེ་བ་མང་སྟེ་འདི་ལས་ངོ་མཚར་བ་མེད་གསུངས། འགྲོན་བུ་མ་ཉམས་པའི་བསྲེག་ཐལ། རྡོ་ཁབ་ལེན་གྱི་ཕྱེ་མ་གཉིས་སྦྲང་སྨྱོན་ལ་སྦྱར་བ་སྤྱི་བོར་བྱུག་པའང་རྫས་ཀྱིས་འཕོ་བའི་མན་ངག་ཡིན་ནོ། །ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོས་པ་གཅིག་ཏུ་འདུས། །ཞེས་གསུངས་ཏེ། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པ་ནི་བདག་འཛིན་འདུལ་བ་གཅིག་པུར་འདུས་པས། ཆོས་བྱས་བཞིན། བློ་སྦྱོང་སྒོམ་བཞིན་བདག་གཅེས་འཛིན་ཇེ་ཆུང་

p. 327

དུ་འགྲོ་དགོས། བདག་འཛིན་གྱི་གཉེན་པོར་མ་སོང་ན་ཆོས་བྱས་ཚད་དོན་མེད་དུ་སོང་བ་ཡིན། ཆོས་ཆོས་སུ་འགྲོ་མི་འགྲོའི་རྩ་བ་འདི་ལ་ཐུག་པས། འདི་ཆོས་པ་སྲང་ལ་འཇལ་བའི་རྒྱ་མ་ཡིན་གསུངས། དཔང་པོ་གཉིས་ཀྱི་གཙོ་བོར་བཟུང་། །ཞེས་པ་ནི་གཞན་དག་གིས་ཆོས་པ་ཚད་ལྡན་དུ་མཐོང་བ་ཡང་དཔང་པོ་ཡིན་མོད་ཀྱི། རང་བློ་ལྐོག་གྱུར་འཇིག་རྟེན་ཕལ་པས་མི་རྟོགས། སྤྱོད་ལམ་ལེགས་པ་སྣ་རེས་ཀྱང་མགུ་བར་སྲིད། རང་སེམས་རང་གིས་མ་ཁྲེལ་བ་ཞིག་རྟག་ཏུ་བྱུང་ན་བློ་འབྱོངས་པའི་རྟགས་ཡིན་པས་གཞན་གྱི་དཔང་པོ་ལ་ཆགས་མི་འཇོག་པར་རང་སེམས་ཀྱི་དཔང་པོ་གཙོ་བོར་བཟུང་ངོ་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བརྟེན། །ཞེས་པ་ནི་རྐྱེན་ངན་སྡུག་བསྔལ་ཅི་བྱུང་ཡང་འཇིགས་སྐྲག་ཡི་མུག་ནམ་ཡང་མི་སྐྱེ་བར། བློ་སྦྱོང་གི་གྲོགས་སུ་སོང་ནས་ཡིད་བདེ་འབའ་ཞིག་པ་དང་རྒྱུན་དུ་འགྲོགས་པ་ནི་བློ་འབྱོངས་པའི་ཚད་ཡིན་པས་རྐྱེན་ངན་གང་བྱུང་ཡང་དེ་ལ་དགའ་བ་བསྒོམས་ནས། དེའི་སྟེང་དུ་གཞན་གྱི་རྐྱེན་ངན་ཐམས་ཅད་ཀྱང་དགའ་བཞིན་དུ་ལེན་པ་ལ་བསླབ་པར་བྱའོ། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་པ་ནི་དཔེར་ན་རྟ་རྩལ་ཅན་དེ་ཡེངས་ཀྱང་རྟ་ལས་མི་ལྷུང་བ་ལྟར་གློ་བུར་དུ་རྐྱེན་ངན་བྱུང་བ་ན་ཆེད་གཏད་དྲན་པས་མ་བཟུང་ཡང་རྐྱེན་ངན་དེ་ཉིད་བློ་སྦྱོང་གི་གྲོགས་སུ་འགྲོ་ཐུབ་ན་འབྱོངས་པ་སྟེ། དགྲ་གཉེན་གནོད་བྱེད་བདེ་སྡུག་ཅི་སྣང་ཐམས་ཅད་ཀྱི་སྟེང་དུ་བྱང་ཆུབ་ཀྱི་སེམས་གཉིས་རྩོལ་མེད་ལྷང་ལྷང་སྐྱེ་བའོ། །བཞི་པོ་དེ་བྱང་ཆུབ་ཀྱི་སེམས་འབྱོངས་ཤིང་གནད་དུ་སོང་བའི་རྟགས་ཡིན་གྱི། སྦྱང་མི་དགོས་པའི་རྟགས་ཡིན་ཟེར་བ་མིན་པས་སངས་མ་རྒྱས་ཀྱི་བར་དུ་གོང་འཕེལ་ལ་བསླབ་བོ། །དྲུག་པ་བློ་སྦྱོང་གི་དམ་ཚིག་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་གསུངས་ཏེ། སྤྱི་དོན་གསུམ་ནི།

p. 328

བློ་སྦྱོང་ཁས་བླངས་དང་མ་འགལ་བ་སྟེ། སོ་ཐར་བྱང་སེམས་སྔགས་ཀྱི་བསླབ་པ་ཕྲ་མོ་ཚུན་ཆད་རང་གིས་གང་བླངས་པ་ལ་ཉེས་ལྟུང་གི་དྲི་མས་མ་གོས་པ་དང་། ཐོ་ཅོར་མ་ཤོར་བ་སྟེ། བདག་གཅེས་འཛིན་མེད་པ་གཞན་གྱིས་གོ་རུ་རེ་བས་ལྷ་རྟེན་བཤིག་པ། ཤིང་གཉན་གཅོད་པ། ཆུ་གཉན་དཀྲུགས་པ། མཛེ་སྤྲང་དང་འགྲོགས་པ་སོགས་ཐོ་ཅོའི་སྤྱོད་པ་སྤངས་ཏེ་རྣམ་ཐར་གཙང་སེང་ངེ་བར་བྱ་བ་དང་། ཕྱོགས་རེར་མ་ལྷུང་བ་སྟེ། མིའི་གནོད་པ་བཟོད་ཀྱང་ལྷ་འདྲེའི་གནོད་པ་མི་བཟོད་པ་དང་། དེ་གོ་ལྡོག་པ་དང་། གཉེན་ལ་བཟོད་དགྲ་ལ་མི་བཟོད་པ་དང་། དེ་རྣམས་ལ་བཟོད་ཀྱང་ན་ཚ་སོགས་སྡུག་བསྔལ་ལ་མི་བཟོད་པ་དང་། དེ་ཐམས་ཅད་བཟོད་ཀྱང་སྐྱིད་ཐོག་ཏུ་ཆོས་འཆོར་བ་སོགས་བློ་སྦྱོང་ཕྱོགས་རེ་བ་སྤང་བ་དམ་ཚིག་ཡིན་པས་རྟག་ཏུ་བསླབ་པར་བྱའོ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་པ་ནི་སྔར་རང་གཅེས་གཞན་མི་གཅེས་པའི་འདུན་པ་དེ་གོ་ལྡོག་ཏུ་བསྒྱུར་ལ་གཞན་དོན་ཁོ་ན་གཅེས་པར་བཟུང་། བློ་སྦྱོང་ཐམས་ཅད་མངོན་ཚན་ཆུང་ལ་ས་ཆོད་ཆེ་བ་ཞིག་བྱ་དགོས་པས་ཕྱིའི་སྤྱོད་ལམ་ཆོས་མཐུན་གྱི་གྲོགས་པོ་གཞན་རྣམས་དང་འདྲ་བར་རང་སོ་ཐུབ་པར་བཞག་ལ་གཞན་གྱིས་མ་ཚོར་བར་རྒྱུད་སྨིན་པ་ཞིག་བྱའོ། །ཡན་ལག་ཉམས་པ་བརྗོད་མི་བྱ། །ཞེས་པས་གཞན་ལ་འཇིག་རྟེན་གྱི་སྐྱོན་ཞར་བ་གླེན་པ་ལ་སོགས་པ་དང་། ཆོས་ཀྱི་སྐྱོན་སྡོམ་པ་ཉམས་པ་སོགས་མི་སྙན་པའི་ཚིག་མི་བརྗོད་པར་ཞི་དལ་འཛུམ་དང་བཅས་པས་འཐད་ཅིང་ཡིད་ལ་འབབ་པའི་ཚིག་བརྗོད་དོ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་གཞན་ཕྱོགས་སེམས་ཅན་སྤྱི་དང་། ཁྱད་པར་ཆོས་སྒོར་ཞུགས་པ་གང་གིའང་སྐྱོན་མི་བསམ་སྟེ། སྐྱོན་མཐོང་བ་དེ་ང་རང་གི་སྣང་བ་མ་དག་པས་ལེན། ཁོང་ལ་དེ་འདྲ་མེད། སངས་རྒྱས་བཅོམ་ལྡན་འདས་ལའང་

p. 329

སྐྱོན་དུ་མཐོང་བ་ཁ་ཅིག་བྱུང་བ་དང་འདྲ་སྙམ་དུ་བསམ་ལ་རང་བློ་སྐྱོན་ཅན་ཚར་བཅད་པར་བྱའོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། །ཞེས་རང་རྒྱུད་ལ་ཉོན་མོངས་གང་ཆེ་བརྟགས་ལ་ཐོག་མར་དེའི་སྟེང་དུ་ཆོས་ཐམས་ཅད་སྤུངས་ནས་འདུལ་ཞིང་སྦྱང་། འབྲས་བུར་རེ་བ་ཐམས་ཅད་སྤང་། །ཞེས་བློ་སྦྱོང་བསྒོམས་པས་ལྷ་འདྲེ་ཐུལ་དུ་རེ་བ་དང་། རང་བཟང་པོར་མཐོང་དུ་རེ་བས་གནོད་ལན་ཏུ་ཕན་གདགས་པ་སོགས་ཚུལ་འཆོས་ཡིན་པས་སྤང་སྟེ། མདོར་ན་ཚེ་འདིའི་བདེ་སྐྱིད་སྙན་གྲགས། ཕྱི་མ་ལྷ་མིའི་བདེ་བ་རང་ཉིད་མྱ་ངན་ལས་འདས་པ་ཐོབ་འདོད་སོགས་རང་དོན་ཡིད་བྱེད་ཀྱི་འབྲས་བུ་ལ་རེ་བ་ཐམས་ཅད་སྤང་ངོ་། །དུག་ཅན་གྱི་ཟས་སྤང་། ཞེས་པ་ནི་དངོས་པོ་ལ་བདེན་འཛིན་དང་། བདག་གཅེས་འཛིན་གྱིས་ཀུན་ནས་བསླངས་པའི་དགེ་སྦྱོར་ཐམས་ཅད་ཁ་ཟས་དུག་ཅན་དང་མཚུངས་པས་སྤངས་ལ་འཛིན་མེད་སྒྱུ་མ་ལྟ་བུ་ལ་བསླབ་བོ། །གཞུང་བཟང་པོ་མ་བསྟེན། ཞེས་པ་ནི་དཔེར་ན་འཇིག་རྟེན་པའི་མི་གཞུང་བཟང་པོ་ཅན་དེས་ས་ཕྱོགས་དུས་ཚོད་ཇི་ཙམ་སོང་ཡང་རང་ལ་ལྟོས་པའི་མི་བརྗེད་པ་མེད་པ་དེ་བཞིན་དུ་རང་ལ་གནོད་པ་བྱས་པ་ལ་འཁོན་དུ་བཟུང་ནས་འཁོན་འཛིན་དེ་ལས་ནམ་ཡང་མི་ལྡོག་པ་དེ་སྤངས་ལ། གནོད་པའི་ལན་དུ་སླར་ཡང་ཕན་འདོགས་པའི་བསམ་སྦྱོར་དང་ལྡན་པར་བྱའོ། །ཤག་ངན་མ་རྒོད། ཅེས་པ་ནི་སྤྱིར་གཞན་གྱི་མཚང་འབྲུ་བ་ལ་དགའ་བར་མི་བྱ། སྒོས་སུ་ཕ་རོལ་པོས་རང་ལ་ཚིག་ངན་སྨྲས་པའི་ལན་དུ་གཞན་ལ་གནོད་པའི་ཚིག་མི་སྨྲ་བ་མ་ཟད། ཉེས་པ་བྱུང་ནའང་འདིའི་ལན་མི་སྨྲ་བར་ནམ་ཡང་གཞན་གྱི་ཡོན་ཏན་བསྔགས་པ་ལ་བརྩོན་པར་བྱའོ། །འཕྲང་མ་སྒུག །ཅེས་པས་གཞན་གྱི་གནོད་པ་བྱས་པ་ཞེ་ལ་བཞག་ནས་ལོ་མང་པོ་ལོན་ཀྱང་མ་བརྗེད་པར་གནོད་ལན་འཁྱོལ་བའི་འཕྲང་བྱུང་དུས་

p. 330

གནོད་སྐྱེལ་བ་དེ་སྤངས་ནས་གནོད་ལན་ཕན་གང་ཐོག་བཏགས་པ་སྟེ། གདོན་གྱི་གནོད་པ་ལྟ་བུ་ལའང་གནོད་འཛིན་མི་བྱ་བར་བྱམས་སྙིང་རྗེ་འབའ་ཞིག་བསྒོམ། གནད་ལ་མི་དབབ། ཅེས་མིའི་སྐྱོན་མཚང་ནས་འབྲུ་བ་སོགས་གནད་ལ་བཀར་བའི་ཚིག་དང་། མི་མ་ཡིན་པའི་སྲོག་སྔགས་འདྲེན་པ་སོགས་གཞན་སེམས་ལ་ཟུག་རྔུ་སྐྱེད་པའི་ཚིག་མི་བརྗོད། མཛོ་ཁལ་གླང་ལ་མི་འབྱོ། ཞེས་པས་རང་ལ་བབ་པའི་ཁག་ངན་གཞན་ལ་བསྐུར་བ་དང་། རང་ཐོག་ཏུ་བབ་པའི་བྱ་དཀའ་བ་གཡོ་སྒྱུས་གཞན་གྱི་སྟེང་དུ་བསྒྱུར་ན། མཛོའི་རྒྱབ་ཁལ་གླང་ལ་བྱོ་བ་ལྟ་བུ་སྟེ་དེ་ལྟར་མི་བྱ། མགྱོགས་ཀྱི་རྩེ་མི་གཏོད། ཅེས་རྟ་རྒྱུགས་པའི་ཚེ་སུ་མགྱོགས་ལ་བློ་རྩེ་གཏོད་པ་བཞིན་ཆོས་པ་འདྲ་འདྲའི་ནང་དུ་རྙེད་བཀུར་སྙན་གྲགས་སོགས་རང་ལ་ལྷག་པར་འོང་དུ་རེ་བ་དང་། ཟང་ཟིང་གི་རྙེད་པ་ཐོབ་པའི་ཐབས་སྣ་ཚོགས་ལ་བརྩོན་པའི་བསམ་སྦྱོར་སྤངས་ཏེ། རྙེད་བཀུར་སྙན་གྲགས་བྱུང་མ་བྱུང་ལ་ཁྱད་མེད་པར་བྱའོ། །ལྟོ་ལོག་མི་བྱ། ཞེས་པས་ཕུགས་རང་བཟང་བར་འདོད་ནས་འཕྲལ་ཕམ་ཁ་ལེན་པ་དང་། ནད་གདོན་ཞི་བ་དང་རྐྱེན་ངན་བཟློག་ཏུ་རེ་ནས་བློ་སྦྱོང་བྱེད་ན་ལྟོ་བཅོས་བོན་གྱེར་བཞིན་དུ་ལོག་པའི་ཆོས་སུ་སོང་བ་ཡིན་པས་དེ་ལྟར་མི་བྱ་བར་སྐྱིད་སྡུག་གང་བྱུང་ཡང་རེ་དོགས་སྙེམས་འཕྲིགས་སྤངས་ཏེ་བསྒོམ། རྒྱལ་སྲས་ཐོགས་མེད་ཀྱི་ཞལ་ནས། ཚན་གཅིག་གིས་རྣམ་རྟོག་ལ་བློ་སྦྱོང་འདི། འདྲེ་གདོན་ལ་ཕན་པའི་ཐབས་ཤིག་ཏུ་གོ་བ་འདྲ་སྟེ། དེ་ཙུག་བྱེད་ན་ངན་བྱེད་པ་དང་ཁྱད་མེད། ཆོས་བྱ་བ་ཉོན་མོངས་པ་དང་རྣམ་རྟོག་གི་གཉེན་པོར་འགྲོ་བ་ཞིག་དགོས་པ་ཡིན་གསུངས། འདིས་མཚོན་ནས་ཆོས་ལོག་ཟེར་བའང་རྟག་ཆད་དུ་ལྟ་བ་ལྟ་ལོག །མཆོག་འཛིན་གྱི་སྒོམ་པ་སྒོམ་ལོག །སྡོམ་པ་གསུམ་དང་མི་མཐུན་པ་སྤྱོད་ལོག་སྟེ། དམ་པའི་ཆོས་ཚད་མ་

p. 331

ནས་གསུངས་པའི་ལྟ་སྤྱོད་དང་འགལ་བ་རང་གཞན་མཆོག་དམན་སུ་ལ་ཡོད་ཀྱང་ཆོས་ལོག་ཟེར་ཞིང་འཁོར་བ་དང་ངན་སོང་དུ་འཕེན་པ་ཡིན་ཏེ། དཔེར་ན་གཅོད་ལོག་གམ། ནད་ལ་སྨན་ལོག་ཅེས་པ་ལྟ་བུའོ། །གང་ཟག་ཁ་ཅིག་གིས་སྦྱར་བའམ། གཏེར་ནས་བྱུང་བ་འགའ་ཞིག་ཆོས་ལོག་ཅེས་རྩོམ་ཆོས་དང་གཏེར་ཆོས་དེ་དག་ཡང་དག་དང་ལོག་པ་ཡིན་མིན་ལེའུ་གཅིག་གི་ཚིག་དོན་ལའང་མ་དཔྱད་པར་སྨྲ་བ་ནི། གྲུབ་མཐའ་རང་རང་གི་ཞེན་ཕྱོགས་སམ། གང་ཟག་གི་གནས་སྐབས་ལ་ལྟོས་ནས་བསྒྲགས་པར་སྣང་མོད། གང་ཟག་གི་རྒྱུད་ཚོད་སངས་རྒྱས་མ་གཏོགས་གཞན་གྱིས་མི་བཟུང་བར་གསུངས་པས་ལྟ་སྤྱོད་ཚད་དང་ལྡན་ཕྱིན་གང་ཟག་དེ་ལ་རང་མ་མགུ་ཡང་དེ་ཙམ་གྱིས་ཆོས་ལོག་ཏུ་བསྒྲུབ་མི་ནུས་ཏེ། དཔེར་ན་གསེར་བཟང་པོ་དང་འདྲ་མིན་གཉིས་འཚོང་བ་པོ་མཆོག་དམན་གྱི་ཁྱད་པར་མེད་པ་བཞིན་ནོ། །དེས་ན་སངས་རྒྱས་ཀྱི་ཞལ་ནས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཞེས་ཡང་ཡང་བཀའ་བསྩལ་པ་སྟེ་འདིའང་གོ་བ་གལ་ཆེ་སྣང་བ་ནི་འཕྲོས་སུ་སྨོས་པའོ། །ལྷ་བདུད་དུ་མི་དབབ། ཅེས་པས་བློ་སྦྱོང་སྒོམ་བཞིན་ང་རྒྱལ་དང་རློམ་སེམས་བྱས་ཏེ་རང་རྒྱུད་རེངས་ན། ལྷ་བདུད་དུ་བབ་པ་དང་འདྲ་བར་ཆོས་ཆོས་མིན་ཏུ་སོང་བ་ཡིན་པས་ཆོས་སམ་བློ་སྦྱོང་ཇི་ཙམ་སྒོམ་བཞིན་རང་རྒྱུད་ཇེ་ཐུལ་དུ་འགྲོ་བར་བྱས་ཏེ། ཀུན་ལ་བྲན་གྱི་ཐ་མ་ལྟར་བྱའོ། །སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། ཞེས་ཡོན་བདག་སོགས་ལ་ན་ཚ་ཤི་ཆད་བྱུང་ན་ཟས་ནོར་འོང་། གྲྭ་རོགས་གྲོགས་མཆེད་ཤི་ན་དཔེ་ཆ་ལྷ་རྟེན་འོང་། རང་དང་མཉམ་པ་ཤི་ན་ང་གཅིག་པུ་ལ་བསོད་ནམས་འོང་། དགྲ་ཤི་ན་ལེགས་སྙམ་པ་སོགས་མདོར་ན་རང་སྐྱིད་པའི་ཡན་ལག་ཏུ་གཞན་ལ་མི་འདོད་པ་སྡུག་བསྔལ་ཡོང་དུ་རེ་བ་སྤང་བར་བྱ་དགོས་སོ། །བདུན་པ་བློ་སྦྱོང་གི་

p. 332

བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་གསུངས་ཏེ། ཟས་ཟ་བ། གོས་གྱོན་པ། ཉལ་བ། འགྲོ་འདུག་ལ་སོགས་པ་ཐམས་ཅད་གཞན་ལ་ཕན་གདགས་པའི་བསམ་པ་དང་མི་འབྲལ་བའི་རྣལ་འབྱོར་གཅིག་པུས་ལམ་དུ་ཁྱེར། ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཞེས་དཔྱད་ཀྱི་ལོག་གནོན་དུ་དཔྱད་རང་བྱ་བ་བཞིན། བློ་སྦྱོང་སྒོམ་པའི་ཚེ་ན་ཚ་རྐྱེན་ངན་མང་བ། མི་ཁ་བསྐུར་འདེབས་ཟུག་པ། འདྲེ་གདོན་དགྲ་གྱོད་ཀྱིས་འཚེ་བ། རང་གི་ཉོན་མོངས་པ་ཆེ་རུ་སོང་བ། སྒོམ་སྙིང་མི་འདོད་པ་སོགས་བྱུང་ན་འཇིག་རྟེན་གྱི་ཁམས་ན་བདག་གི་ཉེས་པ་འདི་ལྟ་བུ་བྱུང་བའི་སེམས་ཅན་མང་པོ་ཡོད་པས་དེ་རྣམས་སྙིང་རེ་རྗེ་སྙམ་དུ་བསམས་ལ། མི་འདོད་པ་འདིའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་མི་འདོད་པ་སྡུག་བསྔལ་ཐམས་ཅད་འདུས་པར་གྱུར་ཅིག་སྙམ་དུ་བདག་གཞན་བརྗེ་བའི་ལོག་གནོན་གཅིག་པུ་བྱའོ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པས་ཐོག་མ་ནངས་པར་ལྡང་མ་ཐག་པའི་ཚེ། དེ་རིང་བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བར་བྱའོ་སྙམ་པའི་འཕེན་པ་ཤུགས་དྲག་པོ་བཏང་། ཉིན་མོའང་དྲན་པ་རྒྱུན་ཆགས་ཀྱིས་ཟིན་པར་བྱས། མཐར་དོ་ནུབ་ཉལ་བ་ན་དེ་རིང་གི་བསམ་སྦྱོར་རྣམས་ལ་བརྟག་སྟེ་བྱང་ཆུབ་ཀྱི་སེམས་དང་འགལ་བ་བྱུང་ན་རང་ལ་རྔན་བགྲང་སྟེ་བཤགས་པ་དང་། ཕྱིན་ཆད་དེ་ལྟར་མི་འབྱུང་བའི་དམ་བཅའ་བྱ། མ་འགལ་བར་འདུག་ན་དགའ་བ་བསྒོམ་ཞིང་ཕྱིན་ཆད་རང་གཞན་ཐམས་ཅད་དེ་ལས་ཆེས་ལྷག་པ་ལ་འཇུག་ནུས་པའི་སྨོན་ལམ་གདབ་པ་སྟེ་བྱ་བ་གཉིས་པོ་དེ་ལ་དུས་རྒྱུན་དུ་བསླབ། ཉེས་ལྟུང་སྡོམ་པ་སོགས་ལའང་འདུན་བསམ་དེ་བཞིན་དུ་བྱའོ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་རང་ཉིད་ཤིན་ཏུ་སྡུག་བསྔལ་བ་དང་ཉམ་ཐག་པ་བྱུང་ནའང་སྔོན་ལས་

p. 333

སུ་བསམ་སྟེ་ཞེ་འཁང་སེམས་སྡུག་མི་བྱ་བར་གཞན་གྱི་སྡིག་སྡུག་ཐམས་ཅད་ལེན་ཅིང་སྡིག་སྒྲིབ་སྦྱོང་བའི་ཐབས་ལ་འབད། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་བདེ་སྐྱིད་ཆེར་བྱུང་ནའང་བག་མེད་བཏང་སྙོམས་ཀྱི་དབང་དུ་མི་བཏང་བར་ནོར་དགེ་ཕྱོགས་སུ་བཏང་། དབང་ཐང་དགེ་བར་བསྒྱུར། སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་སྨོན་ལམ་གདབ། མདོར་ན་བདེ་སྡུག་གཉིས་པོ་གང་བྱུང་ཡང་བཟོད་པར་བྱ། གཉིས་པོ་སྲོག་དང་བསྡོས་ནས་བསྲུང་། །ཞེས་སྡོམ་པ་གསུམ་སོགས་ཆོས་སྤྱིའི་བསླབ་བྱ་དང་། བློ་སྦྱོང་སྒོས་ཀྱི་བསླབ་བྱ་དང་དམ་ཚིག་ཚུལ་བཞིན་བསྲུང་བ་ལས་འདི་ཕྱིའི་བདེ་བ་ཐམས་ཅད་འབྱུང་བས་དམ་ཚིག་དེ་གཉིས་སྲོག་དང་བསྡོས་ནས་བསྲུང་། དེའང་ཅི་བྱེད་རང་དོན་གྱི་རྣམ་རྟོག་གི་འཁྲི་བ་མ་ཞུགས་པར་གཞན་ཕན་གྱི་བསམ་པ་ཁོ་ནས་བསྲུང་ངོ་། །དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི་ཉོན་མོངས་པ་དང་པོར་ངོ་ཤེས་པ་དཀའ། བར་དུ་བཟློག་པར་དཀའ། མཐར་རྒྱུན་གཅོད་པར་དཀའ་བས་དང་པོར་སྐྱེས་མ་ཐག་ཉོན་མོངས་པ་ཡིན་པ་ངོས་ཟིན་པར་བྱ། བར་དུ་གཉེན་པོའི་སྟོབས་བསྐྱེད་ནས་སྤང་། མཐར་ཕྱིན་ཆད་འདི་ལྟ་བུ་གཏན་ནས་མི་འབྱུང་བར་བྱ་སྙམ་པའི་ཞེ་བཅད་དེ་གསུམ་པོ་ལ་བསླབ་པར་བྱའོ། །རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། །ཞེས་ཆོས་སྒྲུབ་པའི་རྒྱུའི་གཙོ་བོ་བླ་མ་བཟང་པོ་དང་། རང་གི་བློ་ལས་སུ་རུང་བས་ཆོས་ཚུལ་བཞིན་ཉམས་སུ་ལོན་པ་དང་། ཟས་གོས་སོགས་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་པ་སྟེ། དེ་གསུམ་རང་ལ་འཛོམས་ན་དགའ་བ་བསྒོམ། གཞན་ལའང་དེ་གསུམ་ཚང་བར་སྨོན་ལམ་གདབ། མ་ཚང་ན་གཞན་ལ་སྙིང་རྗེ་བསྒོམ། སེམས་ཅན་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་མ་ཚང་བ་ཐམས་ཅད་རང་ལ་སྤུངས་ཏེ་བླང་། རང་གཞན་ཐམས་ཅད་དེ་གསུམ་

p. 334

དང་ལྡན་པར་སྨོན་ལམ་གདབ། ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་ཡོན་ཏན་ཐམས་ཅད་བླ་མ་ལ་རག་ལས་པས་བླ་མའི་མོས་གུས་ཉམས་པ་མེད་པ་དང་། བློ་སྦྱོང་ཐེག་ཆེན་ཆོས་ཀྱི་ཡང་སྙིང་ཡིན་པས་བློ་སྦྱོང་སྒོམ་པ་ལ་སྤྲོ་བ་ཉམས་པ་མེད་པ་དང་། སྡོམ་པ་གསུམ་གྱི་བསླབ་བྱ་ཉམས་པ་མེད་པ་རྣམ་པ་གསུམ་ལ་བསླབ་བོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་དུས་རྟག་ཏུ་ལུས་ངག་ཡིད་གསུམ་སྡིག་པ་སྤོང་ཞིང་དགེ་བའི་རྩ་བ་འབྲལ་བ་མེད་པ་དང་ལྡན་པར་བྱའོ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་ཡུལ་ལ་ཕྱོགས་རིས་མེད་པ་སེམས་ཅན་དང་། འབྱུང་བ་བཞི་སོགས་སེམས་ཅན་མ་ཡིན་པ་དང་། མི་མ་ཡིན་སོགས་བློ་ཡུལ་དུ་བཟང་ངན་གང་ཤར་ཐམས་ཅད་ལ་བློ་སྦྱོང་ཁོ་ནས་ཁྱབ་པ་དང་། དེའང་ཁ་ཙམ་ཚིག་ཙམ་མ་ཡིན་པ་གཏིང་ནས་འབྱོངས་པར་བྱ་བ་གཅེས་སོ། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །ཞེས་བློ་སྦྱོང་དཀའ་བའི་ཡུལ་སྡང་བའི་དགྲ། གནོད་པའི་བགེགས། ཁྱད་པར་རང་གིས་ཕན་བཏགས་པའི་ལན་དུ་གནོད་པ་བྱེད་པའི་ལོག་སྒྲུབ་མཁན་དང་། རང་གི་འགྲན་ཟླར་འདུག་པ། ལྷན་ཅིག་ཏུ་འགྲོགས་པ། ཞེ་འགྲས་མེད་ཀྱང་རང་བཞིན་གྱིས་གནོད་པ། ལས་ཀྱི་དབང་གིས་སྙིང་དུ་མི་སྡུག་པ་སོགས་ལ་ལྷག་པར་བྱམས་སྙིང་རྗེ་རྩལ་དུ་བཏོན་ནས་བསྒོམ་མོ། །བླ་མ་དང་ཕ་མ་སོགས་ཡུལ་གཉན་པོ་ལ་གནོད་པར་འགྱུར་བའང་ཁྱད་པར་དུ་སྤང་ངོ་། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་ཁམས་བཟང་ངན་དང་། ལོངས་སྤྱོད་དཀོན་མོད་དང་། མི་ཁ་བྱམས་མི་བྱམས་དང་། གནོད་པ་ཡོད་མེད་སོགས་རྐྱེན་བཟང་ངན་གང་ལའང་རག་མ་ལས་པར་མཐུན་རྐྱེན་འཛོམས་ན་འཛོམས་ཐོག་ཏུ་བློ་སྦྱོང་། མ་འཛོམ་ན་མ་འཛོམ་པ་དེ་ཉིད་

p. 335

ཀྱི་ཐོག་ཏུ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་སྟེ། མདོར་ན་རང་གཞན་ལ་མི་ལྟོས་པར་བློ་སྦྱོང་གི་རྣལ་འབྱོར་དང་རྟག་ཏུ་མི་འབྲལ་བའོ། །ད་རེས་གཙོ་བོ་ཉམས་སུ་བླང་། །ཞེས་ཐོག་མ་མེད་པ་ནས་ལུས་གྲངས་མེད་པ་བླངས་པ་ཐམས་ཅད་དོན་མེད་ཁོ་ནར་སོང་། ཕྱིས་ནས་ཀྱང་མཐུན་རྐྱེན་འཛོམ་པ་འདི་འདྲ་མི་འོང་བས་ད་རེས་མི་ལུས་ཐོབ། ཡང་དག་པའི་ཆོས་དང་མཇལ་བའི་སྐབས་འདིར་ཚེ་རབས་གཏན་གྱི་འདུན་མ་འགྲུབ་པའི་དོན་གྱི་གཙོ་བོ་ཞིག་ཉམས་སུ་བླང་དགོས། དེའང་ཚེ་འདིའི་དོན་ལས་ཕྱི་མའི་དོན་གཙོ་ཆེ། ཕྱི་མའང་འཁོར་བ་ལས་ཐར་བ་གཙོ། རང་དོན་ལས་གཞན་དོན་གཙོ། ཆོས་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ། སྒྲུབ་པ་གཞན་ལས་བྱང་ཆུབ་ཀྱི་སེམས་སྦྱོང་བ་གཙོ། དེའང་ལུང་རིགས་ཀྱི་དཔྱད་སྒོམ་ལས་བླ་མའི་མན་ངག་ཕུར་ཚུགས་སུ་བསྒོམ་པ་གཙོ། སྤྱོད་ལམ་གཞན་ལས་མལ་དུ་བསྡད་ནས་སྦྱང་བ་གཙོ་ཆེའོ། །གོ་ལོག་མི་བྱ། ཞེས་པ་ནི་གོ་ལོག་དྲུག་སྤང་བ་སྟེ། ཆོས་སྒྲུབ་པའི་དཀའ་སྤྱད་མི་བཟོད་པར་དགྲ་འདུལ་གཉེན་སྐྱོང་ཞིང་ལས་ཚོང་ཁེ་སོགས་ཀྱི་སྡུག་བསྔལ་བཟོད་པ་བཟོད་པ་གོ་ལོག །ཆོས་རྣམ་དག་སྒྲུབ་པ་ལ་འདུན་པ་མི་བྱེད་པར་ཚེ་འདིའི་བདེ་སྐྱིད་དཔལ་འབྱོར་ལ་འདུན་པ་བྱེད་པ་འདུན་པ་གོ་ལོག །ཐོས་བསམ་སྒོམ་གསུམ་གྱི་རོ་མི་མྱང་བར་ཟང་ཟིང་ལོངས་སྤྱོད་ཀྱི་རོ་མྱང་བ་རོ་མྱང་གོ་ལོག །སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བྱེད་པར་ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བསྒོམ་པ་ནི་སྙིང་རྗེ་གོ་ལོག །རང་ལ་ལྟོས་པའི་མི་ཆོས་ལ་མི་སྦྱོར་བར་ཚེ་འདིའི་ཆེ་ཐབས་ལ་སྦྱོར་བ་གཉེར་སེམས་གོ་ལོག །འཁོར་འདས་ཀྱི་བདེ་སྐྱིད་དང་དགེ་བ་ལ་དགའ་བ་མི་བསྒོམ་པར་གཞན་ལ་མི་བདེ་བ་དང་དགྲ་ལ་སྡུག་བསྔལ་བྱུང་བ་ལ་དགའ་བ་སྒོམ་པ་རྗེས་སུ་ཡི་རང་གོ་ལོག་སྟེ། དྲུག་པོ་དེ་རྣམ་པ་ཀུན་ཏུ་

p. 336

སྤང་བར་བྱའོ། །རེས་འཇོག་མི་བྱ། ཞེས་རེས་འགའ་བྱེད། རེས་འགའ་མི་བྱེད་པ་དེ་ཆོས་ལ་ངེས་ཤེས་མ་སྐྱེས་པ་ཡིན་པས་བློ་སྣ་མི་མང་བར་རྩེ་གཅིག་ཏུ་བློ་སྦྱོང་བར་བྱ། དོལ་ཆོད་དུ་སྦྱང་། ཞེས་རྣམ་གཡེང་དང་མ་འབྲེལ་བར་བློ་སྦྱོང་ཁོ་ནར་བློ་ལིངས་ཀྱིས་བསྐྱུར་ལ་ཕྱོགས་གཅིག་ཏུ་སྦྱང་། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། །ཞེས་རང་རྒྱུད་ལ་རྒྱུན་དུ་རྟོག་ཅིང་དཔྱོད་པ་གཉིས་ཀྱིས་ཉོན་མོངས་དང་བདག་འཛིན་ལས་ཐར་བར་བྱ་དགོས་ཏེ། དེའང་རང་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་ཡུལ་ཡིད་ལ་བྱས་ཏེ་དྲག་ཏུ་སྐྱེ་མི་སྐྱེ་བརྟག །སྐྱེ་ན་གཉེན་པོ་དྲག་ཏུ་བསྟེན། ཡང་བདག་གཅེས་འཛིན་ཅི་འདྲ་འདུག་བལྟ། གལ་ཏེ་མེད་པ་ལྟར་འདུག་ན་ཆགས་སྡང་གི་ཡུལ་ཞིག་བསྟེན་ལ་བརྟག །དེའི་ཚེ་གཅེས་འཛིན་སྐྱེ་བར་འདུག་ན་བདག་གཞན་བརྗེ་བའི་གཉེན་པོས་དེ་མ་ཐག་སྤང་ངོ་། །ཡུས་མ་སྒོམ། ཞེས་པ་ཕ་རོལ་པོ་ལ་རང་གི་དྲིན་ཡོད་ཀྱང་ཡུས་ཆེ་མི་བྱ་སྟེ་བདག་བས་གཞན་གཅེས་སྒོམ་པའི་ཕྱིར་དང་། མཁས་པ་དང་བཙུན་པ་དང་ཆོས་ཉམས་སུ་བླངས་ནས་དཀའ་ཐུབ་ཡུན་རིང་བྱས་པ་སོགས་རང་དོན་ཡིན་པས་གཞན་ལ་ཡུས་བྱ་དོན་མེད་པའི་ཕྱིར་ཡུས་གཞན་ལ་མི་འཚོང་ངོ་། །མི་ལ་རེ་བ་མ་ཆེ། ལྷ་ལ་གསོལ་བ་ཐོབ་བྱ་བ་རྭ་སྒྲེང་བའི་བཀའ་ཡིན་གསུངས། ཀོ་ལོང་མི་སྡོམ། ཞེས་གཞན་ལ་ཕྲག་དོག་གི་བསམ་པ་མི་བྱ། གཞན་གྱིས་རང་ལ་མི་མང་སར་སྨ་ཕབ་པ་དང་གནོད་པ་བྱེད་པ་སོགས་ལ་ལན་མི་བྱ་ཞིང་སེམས་རྒྱུད་འཁྲུགས་པ་སྤང་། པོ་ཏོ་བའི་ཞལ་ནས། འོ་སྐོལ་ཆོས་པ་རྣམས་ཆོས་བདག་འཛིན་གྱི་གཉེན་པོར་མ་སོང་བས། བཟོད་སྲན་ཤའུ་བས་ཆུང་། ཀོ་ལོང་གཙང་བཙན་བས་དམ་པར་གདའ་སྟེ། དེས་ཆོས་ཀྱི་གོ་མི་ཆོད་པས་ཆོས་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་དགོས་གསུངས། ཡུད་ཙམ་པ་མི་བྱ། ཞེས་ཅུང་ཟད་ཙམ་རེས་

p. 337

དགའ་མི་དགའི་རྣམ་འགྱུར་སྟོན་པ་སྟེ་གྲོགས་ཀྱི་སེམས་ལ་གཟན་པ་མི་བྱ། འོར་ཆེ་མ་འདོད། ཅེས་པས་རང་གིས་ཆོས་ཉམས་སུ་བླངས་པ་དང་། གཞན་ལ་ཕན་བཏགས་པ་དང་། དགེ་བའི་ལས་བྱས་པ་སོགས་ལ་གཞན་གྱི་འོར་ཆེའི་ཚིག་གི་གཏང་རག་འབྱུང་དུ་རེ་བ་མི་བྱ་སྟེ། མདོར་ན་སྙན་གྲགས་ཡོང་དུ་རེ་བ་སྤང་བའོ། །དེ་ལྟར་བསླབ་བྱ་དེ་རྣམས་ནི་བློ་སྦྱོང་མི་ཉམས་ཤིང་གོང་འཕེལ་དུ་འགྱུར་བའི་ཐབས་ཡིན་ལ། མདོར་ན་རྒྱལ་སྲས་རིན་པོ་ཆེས། ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ལེགས་པར་སྦྱངས་ནས་འབྱོངས་པའི་གདེང་ཐོབ་པར་བྱའོ། །ཞེས་གདམས་པ་ལྟར་འབད་དོ། །སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་པ་ནི་དུས་དང་། སེམས་ཅན་དང་། ཚེ་དང་། ཉོན་མོངས་པ་དང་། ལྟ་བའི་སྙིགས་མ་ལྔ་བདོ་བས་བདེ་བའི་མཐུན་རྐྱེན་ནི་ཉུང་། འགལ་རྐྱེན་མི་མཐུན་པ་ཤིན་ཏུ་མང་བས་ཆོས་གཞན་གྱི་གཉེན་པོས་མ་སླེབ་པ་ན། བློ་སྦྱོང་མཁན་ལ་རྐྱེན་ངན་ཇི་ཙམ་མང་བཞིན་དགེ་སྦྱོར་འཕེལ་བ་དཔེར་ན་ཤིང་ཇི་ཙམ་མང་བཞིན་མེ་ལྕེ་ཕྱི་ཕྱིར་འཕེལ་བ་ལྟར། ཉོན་མོངས་དང་རྐྱེན་ངན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ཁོ་ནར་བསྒྱུར་བ། གཞན་ལ་མེད་པའི་ཁྱད་ཆོས། དབང་པོ་མཆོག་དམན་ཐམས་ཅད་ལ་ཕན་ཐོགས་ཤིང་རྒྱུད་ལ་འབྱོར་བའི་མན་ངག་བདུད་རྩིའི་སྙིང་པོ་ལྟ་བུ་འདི། ཇོ་བོའི་བླ་མ་རྣམ་གསུམ་ནང་ནས་མཆོག་ཏུ་སྐུ་དྲིན་ཆེ་བ་ཇོ་བོ་གསེར་གླིང་པ་ནས་བརྒྱུད་པའི་ཟབ་ཆོས་ཡིན་ནོ་ཞེས་པའོ། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་

p. 338

འགྱོད་དོ། །ཞེས་པ་ནི་དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཁ་བ་ཉིད་སྔོན་གྱི་ལས་འཕྲོ་སད་ནས་ཆོས་འདི་ཁོ་ན་ལ་ཐུགས་མོས་པས་དཀའ་སྤྱད་ཆེན་པོས་ཆོས་ཐམས་ཅད་ཀྱི་རྩ་བ་རང་སེམས་བདག་འཛིན་འདུལ་བའི་གདམས་ངག་འདི་ཉིད་ཇོ་བོ་ཡབ་སྲས་ཀྱི་བཀའ་བརྒྱུད་ལས་ཞུས་ཤིང་ཐུགས་ལེགས་པར་སྦྱངས་པས་བདག་བས་གཞན་གཅེས་ཀྱི་ཐུགས་རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་པ་སྐྱེས་ཏེ། ཆོས་སྒོར་ཞུགས་པའི་དོན་འབྲས་མཐར་ཐུག་པ་གྲུབ་ཅིང་གདེང་ཐོབ་པས་འགྱོད་པ་མེད་པའོ། །ཤོ་ལོ་ཀ་ཕྱི་མ་འདི་གཉིས་གཞུང་མཛད་པ་པོས་མཇུག་སྡུད་པའི་གསུང་ཡིན་ནོ། ། ༈ གཉིས་པ་བརྒྱུད་པའི་གདམས་པས་ཁ་སྐོང་བ་ནི། དེ་ལྟར་བློ་སྦྱོང་གི་ཆོས་ཟབ་མོ་འདི་རང་ཉིད་གཅིག་པུར་འདུག་ན་སྐྱོ་རོགས་ཡིན་ཏེ་བདེ་སྡུག་ཐམས་ཅད་བློ་སྦྱོང་ཁོ་ནས་ལམ་དུ་ཁྱེར་ཆོག་པ་མ་ཟད། ཆོས་ཟབ་མོས་ལས་ངན་ལྷོངས་ནས་སེམས་ལྷོངས་སུ། འགྲོ་ན་སྡོད་སྙིང་འདོད། སྡོད་ན་འགྲོ་སྙིང་འདོད་པ་སོགས་བྱུང་ན་འདི་ལྟར་བསྒོམ་སྟེ། ཁྱོད་ཀྱི་གཤིས་ལུགས་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཡང་བདེ་མོ་ཡིན། །གཞན་དུ་ཁྱེད་ཀྱི་སྡུག་སྲན་འདིས། །དམྱལ་བར་མ་སྐྱེས་ཁ་རྗེ་ཆེ། །བཙོ་སྲེག་མ་མྱོང་ཁ་རྗེ་ཆེ། །ཞེས་དང་། གཞན་ཡང་འཇིགས་པ་རབ་བསམ་སྟེ། །བདག་ལ་ཁྲེལ་བདས་ཆེན་པོ་བྱ། །ལྟོ་ལ་གྱོང་བསྐུར་དཀའ་ཐུབ་བྱ། །གོས་ལ་གྱོང་བསྐུར་དམན་ཆ་བླང་། །བདེ་སྡུག་ཁྱད་བསད་གཉེན་པོ་བསྒོམ། །ཞེས་སེམས་དཔའི་རིམ་པ་ལས་གསུངས་པ་ལྟར་རང་ལ་ཤགས་འདེབས་གནད་དུ་འགྲོ་བར་བྱའོ། །ན་བའི་ཚེ་ན་ནད་གཡོག་ཡིན་ཏེ། དེའང་སྨན་པ་ནད་གཡོག་མཛའ་བཤེས་སོགས་ལ་འདི་ལས་དྲག་པ་ཞིག་བྱེད་ཐང་སྙམ་སེམས་ཡུས་པའི་

p. 339

དུས་སུ་ན་བ་འདི་གཞན་སུས་ཀྱང་མ་ལེན་བདག་འཛིན་ཁོ་ནས་ལེན། སྨན་དང་ནད་གཡོག་གིས་ཕན་ན་སྔར་འདི་མ་བྱས་སྙམ་པ་མེད་རུང་སུ་ཡང་འཇིགས་པ་འདི་ལས་མ་ཐར། ད་རེས་བདག་འཛིན་ཁྱོད་ལ་འདི་མཁོ་བས་སྙིང་ཚིམ་སྙམ་དུ་བསམས་ལ་དེའི་སྟེང་དུ་གཞན་གྱི་ནད་གདོན་སོགས་ལེན་པ་ལ་བསླབ་བོ། ། ༈ གཞན་ཡང་ཇོ་བོ་གསེར་གླིང་པའི་གསུང་ལས། རྟོག་པ་ཐམས་ཅད་འབུར་འཇོམས་ཏེ། །གཉེན་པོ་ཐམས་ཅད་བཅོམ་བརྡེག་ཡིན། །འདུན་མ་ཐམས་ཅད་ཆིག་འདྲིལ་ཏེ། །ལམ་རྣམས་ཐམས་ཅད་གཅིག་ཆོད་ཡིན། །གཉེན་པོ་རྣམ་བྱང་གི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་གསུངས་ཏེ་རྣམ་རྟོག་སྐྱེས་མ་ཐག་བློ་སྦྱོང་ངམ་སྟོང་ཉིད་ཀྱི་ངང་དུ་འབུར་འཇོམས་བྱ། གཉེན་པོ་ཐམས་ཅད་ཕྱི་ནས་དལ་བུས་སྒོམ་པ་མ་ཡིན་པར་ཉོན་མོངས་སྐྱེས་མ་ཐག་ཐོག་བརྫིས་གློ་རྡེག་ཏུ་བཅོམ། འཕྲལ་ཕུགས་ཀྱི་འདུན་མ་སྣ་ཁ་མང་པོ་མི་ཤོམ་པར་སེམས་ལ་གང་ཕན་དང་བདག་འཛིན་བརླག་ཅི་ཐུབ་གཅིག་པུར་བསྒྲིལ། བདག་འཛིན་དང་ནམ་བྲལ་ན་སངས་རྒྱས་པ་ཡིན་པས་ལམ་གཅིག་ཆོད་དེ་ས་ལམ་རིམ་པ་བརྩི་མི་དགོས། རྣམ་པར་བྱང་བའི་ཕྱོགས་ཀྱི་གཉེན་པོ་ཐམས་ཅད་བསྡུ་ན་ཆོས་བཞི་པོ་འདིར་འདུས་པའོ། །རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཀྱི་ཕྱགས་ཤིང་ཡིན། །སྡུག་བསྔལ་ཆོས་ཉིད་ཀྱི་ཡོ་ལངས་ཡིན། །ཀུན་ནས་ཉོན་མོངས་ཀྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་གསུངས་ཏེ། རྐྱེན་ངན་ལ་བརྟེན་ནས་ཚོགས་

p. 340

གསོག་སྒྲིབ་སྦྱོང་། དམ་པའི་ཆོས་དྲན་པ། རྟོགས་པ་ལ་བོགས་འདོན་པ་སོགས་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱེད་པར་འགྱུར་བས་རྐྱེན་ངན་སྤང་མི་དགོས། ལྷ་འདྲེའི་ཆོ་འཕྲུལ་དང་། གདོན་གྱི་གནོད་པ་བྱུང་ན་དགེ་སྦྱོར་དང་ཐུགས་དམ་འཕེལ་བའི་གྲོགས་སུ་འགྱུར་བས་བླ་མ་དང་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་འཇིགས་མི་དགོས། དམ་ཆོས་ཚུལ་བཞིན་སྒྲུབ་པ་ལ་སྔོན་གྱི་ལས་ངན་སློང་བས་ལུས་ལ་ན་ཚ་སྣ་ཚོགས་འབྱུང་ཡང་འབྱུང་ལ། བྱུང་བ་དེའང་ནད་ཚབས་ཆེན་པོས་ལྟ་ཅི་སྨོས། ཆུང་ངུ་ཀླད་པ་ན་བ་ཙམ་གྱིས་ཀྱང་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཕྱགས་མས་འདེད་པ་ལྟར་དག་པ་མདོ་ལས་ཡང་ཡང་གསུངས་པས་ནད་ལ་དགའ་བ་བསྒོམ། སེམས་ལ་སྡུག་བསྔལ་བྱུང་ན་སྡུག་བསྔལ་དེའི་ངོ་བོ་ལ་བལྟས་པས་སྟོང་ཉིད་དུ་འཆར། སྡུག་བསྔལ་ཇི་ཙམ་ཆེ་རུང་ཆོས་ཉིད་ཀྱི་ཡོ་ལངས་ཡིན་པས་ཡིད་ཞུམ་པ་མི་དགོས། དེ་རྣམས་བྱུང་ན་བྱུང་གི་བཟང་སྟེ་ཉམས་ལེན་གྱི་གྲོགས་སུ་ཁྱེར་ཆོག་པས་ཀུན་ནས་ཉོན་མོངས་པའི་ཆོས་བཞི་མི་སྤང་ཉམས་སུ་བླང་བའི་གདམས་ངག་གོ །སྐྱིད་ཀྱི་གཉའ་གནོན་ཆེན་པོ་ཡིན། །སྡུག་གི་མཇུག་སྡུད་ཆེན་པོ་ཡིན། །མི་མཁོ་ཤོས་ནི་འདོད་ཐོག་ཡིན། །ལྟས་ངན་གཡང་དུ་ལེན་པ་ཡིན། །གཉེན་པོ་ལོག་གནོན་གྱི་ཆོས་བཞི་སྟེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་གསུངས་ཏེ། ལུས་སེམས་བདེ་ཞིང་སྐྱིད་ན་ཆོས་མིན་བྱ་བ་སྣ་ཚོགས་བྱེད་འདོད་དུ་འོང་བས་སྐྱིད་པར་སྙམ་པའི་ངོ་བོ་ལ་བལྟས་པས་དངོས་པོར་མ་གྲུབ། སྐྱིད་པར་སྣང་བ་ཙམ་དེ་སེམས་ཅན་རྣམས་ལ་སྦྱིན་ནས་ལམ་དུ་ཁྱེར། སྐྱིད་སྣང་དེའི་དབང་དུ་མི་བཏང་བར་རང་ཚོ་ཐུབ་པར་བྱས་པས་སྐྱིད་ཀྱི་གཉའ་གནོན་ཡིན། སྡུག་བསྔལ་བྱུང་ན་

p. 341

ཡི་མུག་མི་བྱ་བར་ངོ་བོ་ལ་བལྟས་པས་སྟོང་པར་ཡལ། སྡུག་སྣང་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་འདོད་པ་བླང་ཞིང་རང་ཚོ་ཐུབ་པར་བྱས་པས་སྡུག་བསྔལ་མཐའ་དག་གི་མཇུག་སྡུད་པ་ཡིན། མི་མཁོ་མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་ན་བདག་གཅེས་འཛིན་བརླག་པའི་གྲོགས་བསམ་ཐོག་འདོད་ཐོག་ཡིན། བདག་འཛིན་ཁྱོད་ལ་འདི་རང་མཁོ། འདི་ཅིས་ཀྱང་བརླག་ཏུ་ཆུག་ཅིག་སྙམ་བློ་བདེ་འབོལ་གྱིས་བཞག །ལྟས་ངན་ཆོ་འཕྲུལ་བྱུང་ན་ཅིས་ལེན། གང་དྲག་སྙམ་པའི་རྣམ་རྟོག་སྣ་ཚོགས་འཆར། དེའི་ཚེ་འདི་དགོས་རྒྱུ་ཡིན། བྱུང་བ་ལེགས། བདག་གཅེས་འཛིན་འདིའི་སྟེང་དུ་ལྟས་ངན་ཐམས་ཅད་སྤུངས་ཤིག་སྙམ་དུ་སྙེམས་འཕྲིགས་མེད་པར་བཞག །གཉེན་པོ་གཞན་གྱིས་མ་ཐུལ་བའི་ལོག་གནོན་གྱི་ཆོས་བཞིའོ། །བདག་ནི་སྐྱོན་གྱི་རྩ་བ་སྟེ། །རྒྱངས་ཀྱིས་བསྐྱུར་བའི་ཆོས་ཤིག་ཡིན། །གཞན་ནི་ཡོན་ཏན་གྱི་འབྱུང་ཁུངས་ཏེ། །ཅངས་ཏེ་ལེན་པའི་ཆོས་ཤིག་ཡིན། །གཉེན་པོ་མཇུག་སྡུད་ཀྱི་ཆོས་གཉིས་ཏེ། །མཐའ་འཁོབ་འདུལ་ན་དགོས་པ་ཡིན། །འཁོར་ངན་ལོག་སྒྲུབ་བཟོད་པ་ལ། །སྙིགས་མའི་དུས་སུ་མཁོ་བ་ཡིན། །ཞེས་གསུངས་ཏེ། མདོར་ན་བློ་སྦྱོང་གི་རྩ་བ་ཐམས་ཅད་རང་དོན་རྒྱངས་ཀྱིས་བསྐྱུར་བ་དང་། །གཞན་དོན་ཅངས་ཀྱིས་འཇུས་པ་གཉིས་ལ་འདུས་པས་ཁྲིད་ཀྱི་མཇུག་དོན་བསྡུས་པ་ཡིན་པའི་ཕྱིར་ཉམས་ལེན་གྱི་རྩ་བར་བཟུང་ངོ་། །ལོག་ཅེར་ལོག་ལ་ཅེར་ཅེར་ལྟོས། །ཤིག་གེ་ཤིག་ལ་འབོལ་ལེ་ཞོག །དེས་ནི་མི་འཆིང་གྲོལ་བར་འདོད། །ཅེས་པ་ནི་ཉོན་མོངས་པ་དང་རྣམ་རྟོག་ཕྲ་རགས་གང་ཤར་ཡང་དེའི་རྗེས་སུ་འབྲངས་ནས་སེམས་ཕྱི་རུ་ཡེངས་ན་ཐ་མལ་པ་དང་ཁྱད་མེད་པར་ལམ་ལོག་པར་འགྱུར་བས་ཁ་ནང་དུ་ཆེར་གྱིས་ལོག་ནས་ངོ་བོ་ལ་ཅེར་གྱིས་བལྟ། བལྟས་པས་མ་མཐོང་

p. 342

བའི་སྟོང་ཉིད་དེའི་ངང་དུ་ཤིག་གེར་བཤིག །ལྷོད་ཀྱིས་ཀློད་ལ་བཞག་པས་རྣམ་རྟོག་ཉོན་མོངས་ཅི་ཙམ་མང་རུང་མི་འཆིང་ཞིང་རང་གྲོལ་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་སྟེ། དོན་དམ་བྱང་སེམས་ཀྱི་སྒོམ་རིམ་སྙིང་པོའོ། །དེ་ལྟར་ཇོ་བོ་རྗེ་ལྷ་གཅིག་གི་བཀའ་སྲོལ་ལས་བྱོན་པའི་བློ་སྦྱོང་གི་གདམས་ངག་བརྒྱུད་པ་སོ་སོའི་ཁྲིད་སྲོལ་ཇི་སྙེད་ཅིག་བཞུགས་པའི་ཉམས་ལེན་གྱི་གནད་དོན་ཐམས་ཅད་དོན་བདུན་གྱི་གཞུང་འདིར་འདུ་བས་ཁྲིད་ཡིག་རྒྱས་བསྡུས་མང་པོ་དང་དེ་འཆད་པ་པོ་མཐའ་ཡས་པར་བཞུགས་པ་ལས། ཁྱད་པར་འཕགས་པ་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་ཞབས་དང་། རྗེ་བཙུན་ཀུན་དགའ་སྙིང་པོའི་ཁྲིད་ཡིག་དག་ལས། ཁྲིད་ཚུལ་ཞིབ་མོར་ཐོབ་པས་སྐྱེས་ཆེན་ཟུང་གི་གསུང་གི་བདུད་རྩིའི་ཉིང་ཁུ་གཅིག་ཏུ་བསྡུས་ཏེ་ལས་དང་པོ་པས་གོ་སླ་གཙོར་བཏོན། གཞན་ཕན་གྱི་བསམ་པ་བཟང་པོ་ཁོ་ནས་འདུས་གསལ་དུ་བསྡེབས་པའོ། །མདོ་སྔགས་ལམ་གྱི་རྩ་བ་སྟེ། །དམ་ཆོས་ཀུན་གྱི་སྙིང་པོའི་བཅུད། །ཟབ་ཅིང་ཉམས་སུ་བླང་བདེ་བ། །ཁྲིད་ཚུལ་ཀུན་ལས་རྨད་དུ་བྱུང་། །ཟབ་ཆོས་འདི་འདྲ་ཐོས་པ་དཀའ། །ཐོས་ནས་ཉམས་སུ་ལེན་པ་དཀའ། །འདི་སྤྱོད་བསོད་ནམས་ནོར་ལྡན་པ། །དེང་སང་ས་སྟེང་གསེར་བཞིན་དཀོན། །དེས་ན་སྨྲ་མང་ངལ་བའི་རྒྱུ། །འོན་ཀྱང་གཞན་ཕན་ལྷག་བསམ་གྱིས། །འདི་བྱས་དགེ་བས་ལུས་ཅན་ཀུན། །བྱང་ཆུབ་སེམས་གཉིས་འབྱོང་བར་ཤོག །ཅེས་པའང་རང་སློབ་ལྔ་རིག་པ་ཀརྨ་མཐུ་སྟོབས་ཀྱིས་རིང་ནས་བསྐུལ་ཞིང་ཉེ་ཆར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་མི་འཕྲོག་པའི་འདུན་པས་གཡར་དམ་འཆའ་བ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་ཐབས་མཁས་རྣམ་རོལ་དང་། བླ་མ་ཀརྨ་ངེས་དོན་སོགས་སྒྲུབ་ལ་གཞོལ་བའི་སྐལ་ལྡན་རྣམས་ཀྱི་ཐུགས་དམ་གསལ་འདེབས་སུ་བཞེད་བསྐུལ་ནན་ཅར་གྱི་ངོར། བྱམས་མགོན་ཀརྨ་སི་ཏུའི་འབངས་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་འགྲོ་བ་མཐའ་ཡས་པ་ལ་ཕན་པར་གྱུར་ཅིག །དགེ་ལེགས་འཕེལ།།

འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ།

p. 343

༄༅། །འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ་ཞེས་བྱ་བ་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། ཨཱརྱ་ནཱ་གརྫུ་ན་པྲ་ཎི་དྷཱ་ན་ན་མ། བོད་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་སྨོན་ལམ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཁོར་བར་འཁོར་ཚེ་སྐྱེ་གནས་ཐམས་ཅད་དུ། །ཆོས་ལ་བཟོད་པ་མ་ཐོབ་བར་དུ་ནི། །ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་ཞིང་། །མཐོ་རིས་མི་ཡི་ལུས་སུ་སྐྱེ་བར་ཤོག །མཐོ་རིས་མི་ཡི་ལུས་སུ་སྐྱེས་ནས་ཀྱང་། །སྡིག་སྤྱོད་རྒྱལ་པོར་མ་སྐྱེ་བློན་པོ་དང་། །དམག་དཔོན་ཞལ་ཆེ་གཅོད་པར་བདག་མ་སྐྱེ། །ཁེ་བྱེད་ཏིལ་བརྡུང་ཆང་འཚོང་རྐུན་པོ་དང་། །བྲན་དང་བྲན་མོའི་ལུས་སུ་བདག་མ་སྐྱེ། །དགེ་སློང་གནས་ལ་དབང་བྱེད་བདག་པོ་དང་། །གནས་བརྟན་ལས་བྱེད་པ་དང་ངན་ཁྲིམས་པ། །དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེ། །མཐའ་འཁོབ་ཀླ་ཀློར་སྐྱེ་བའི་ཡུལ་རྣམས་དང་། །གླེན་ལྐུགས་འོན་ལོང་ཕྲག་དོག་ཅན་རྣམས་དང་། །མུ་སྟེགས་ལོག་ལྟ་བྲམ་ཟེའི་རིགས་རྣམས་དང་། །རིགས་ངན་ཤན་པའི་རིགས་སུ་བདག་མ་སྐྱེ། །བྱང་ཆུབ་མ་ཐོབ་བར་དུ་རྟག་པར་བདག །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེ་བར་ཤོག །དམ་ཆོས་སྤྱོད་པའི་ལུས་སུ་སྐྱེས་ནས་ཀྱང་། །མི་དགེ་གཞན་གྱི་དབང་དུ་མི་འགྱུར་ཞིང་། །ཚེ་ལ་ནད་ཀྱིས་བར་ཆད་མེད་པ་དང་། །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་ནས་ཀྱང་། །མཉན་བསམ་བསྒོམ་པས་རིག་པའི་རྒྱུད་སྦྱངས་ནས། །ཏིང་འཛིན་རྩེ་གཅིག་སེམས་ལ་དབང་ཐོབ་སྟེ། །རྣམ་ཤེས་དྲུག་པོ་ཡུལ་ལ་གཡེངས་
མ་གྱུར། །ལུས་ཀྱི་ཡན་ལག་རྒྱས་ཤིང་སྐྱོན་མེད་དེ། །དབང་པོ་མ་ཉམས་རིགས་མཐོ་བཀུར་བའི་གནས། །སངས་རྒྱས་ཆོས་ཀུན་རྫོགས་པར་བྱེད་པ་དང་། །གཞོན་ནུར་རབ་བྱུང་ཚུལ་ཁྲིམས་ལྡན་པ་དང་། །དགེ་བཤེས་མཆོག་རྣམས་རྟག་ཏུ་བསྟེན་བྱེད་ཅིང་། །ས་བཅུ་རིམ་གྱིས་བགྲོད་རྣམས་ཐོགས་མེད་དེ། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་ནས་ཀྱང་། །རྒྱུད་དྲུག་འཁོར་བའི་སེམས་ཅན་ཐམས་ཅད་ལ། །བསྡུ་བ་རྣམ་བཞིས་འགྲོ་དོན་བྱེད་པར་ཤོག །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་ཞེས་བྱ་བ་རྫོགས་སོ།། །།

བློ་སྦྱོང་སྨོན་ལམ་བྱང་སེམས་རྒྱ་མཚོའི་འཇུག་ངོགས།

p. 344

༄༅། །བློ་སྦྱོང་སྨོན་ལམ་བྱང་སེམས་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །
༄༅། །འཕགས་མཆོག་སྤྱན་རས་གཟིགས་དབང་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐུགས་བསྐྱེད་མཐར་ཕྱིན་བདེན་པ་ཡིས། །བདག་གཞན་མཁའ་མཉམ་འགྲོ་ཀུན་ལ། །བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག །སེམས་ཅན་ཞེ་སྡང་ལ་ཞུགས་དང་། །ཚ་གྲང་དམྱལ་བ་མྱོང་བ་ཡི། །སྡུག་བསྔལ་རྒྱུ་འབྲས་བདག་ལ་ཐིམ། །བདག་གི་བྱམས་པའི་སེམས་དང་ནི། །ཞེ་སྡང་མེད་པའི་དགེ་རྩ་རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །ཞེ་སྡང་དམྱལ་བའི་གནས་སྟོངས་ནས། །རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །མེ་ལོང་ཡེ་ཤེས་མཆོག་ཐོབ་ཤོག །སེར་སྣ་འདོད་ཆགས་ལ་ཞུགས་དང་། །ཡི་དྭགས་བཀྲེས་སྐོམ་མྱོང་བ་ཡི། །སྡུག་བསྔལ་རྒྱུ་འབྲས་བདག་ལ་ཐིམ། །བདག་གི་སྤོང་བའི་སེམས་དང་ནི། །

p. 345

འདོད་ཆགས་མེད་པའི་དགེ་རྩ་རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །སེར་སྣ་ཡི་དྭགས་གནས་སྟོངས་ནས། །པདྨ་རིགས་ཀྱི་སྤྱན་རས་གཟིགས། །སོར་རྟོགས་ཡེ་ཤེས་མཆོག་ཐོབ་ཤོག །གཏི་མུག་སྤྱོད་ལ་ཞུགས་རྣམས་དང་། །དུད་འགྲོ་གླེན་ཅིང་ལྐུགས་པ་ཡི། །སྡུག་བསྔལ་རྒྱུ་འབྲས་བདག་ལ་ཐིམ། །བདག་གི་སྐྱེས་སྦྱངས་ཤེས་རབ་དང་། །གཏི་མུག་མེད་པའི་དགེ་རྩ་རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །གཏི་མུག་དུད་འགྲོའི་གནས་སྟོངས་ནས། །བདེ་གཤེགས་རིགས་ཀྱི་སྤྱན་རས་གཟིགས། །ཆོས་དབྱིངས་ཡེ་ཤེས་མཆོག་ཐོབ་ཤོག །ཕྲག་དོག་ཁོང་ནས་འཁྲུགས་རྣམས་དང་། །འཐབ་ཅིང་རྩོད་པའི་ལྷ་མིན་གྱི། །སྡུག་བསྔལ་རྒྱུ་འབྲས་བདག་ལ་ཐིམ། །བདག་གི་སྒོ་གསུམ་བཟོད་པ་དང་། །ཕྲག་དོག་མེད་པའི་དགེ་རྩ་རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །འཐབ་རྩོད་ལྷ་མིན་གནས་སྟོངས་ནས། །ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །བྱ་གྲུབ་ཡེ་ཤེས་མཆོག་ཐོབ་ཤོག །ང་རྒྱལ་སེམས་ཀྱིས་ནོན་རྣམས་དང་། །ཕམ་ལྟུང་མྱོང་བའི་ལྷ་རྣམས་ཀྱི། །སྡུག་བསྔལ་རྒྱུ་འབྲས་བདག་ལ་ཐིམ། །བདག་གིས་བརྩོན་འགྲུས་བརྩམས་པ་དང་། །ང་རྒྱལ་མེད་པའི་དགེ་རྩ་རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །ཕམ་ལྟུང་ལྷ་ཡི་གནས་སྟོངས་ནས། །རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། །མཉམ་ཉིད་ཡེ་ཤེས་མཆོག་ཐོབ་ཤོག །ཐོག་མེད་ལས་སྒྲིབ་ཇི་སྙེད་དང་། །སྐྱེ་རྒ་ན་འཆི་འཁོར་བ་ཡི། །སྡུག་བསྔལ་རྒྱུ་འབྲས་བདག་ལ་ཐིམ། །བདག་གི་ལུས་ངག་ཡིད་གསུམ་གྱིས། །ཐོག་མེད་ནས་བསགས་དགེ་རྩ་རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །བྲེལ་ཕོངས་མི་ཡི་གནས་སྟོངས་ནས། །ཆོས་སྐུ་དྲི་མེད་སྤྱན་རས་གཟིགས། །རང་བྱུང་ཡེ་ཤེས་མཆོག་ཐོབ་ཤོག །སོ་ཐར་བྱང་སེམས་གསང་སྔགས་ཀྱི། །

p. 346

ཉམས་ཆག་ཉེས་ལྟུང་བདག་ལ་ཐིམ། །བདག་གིས་སྡོམ་གསུམ་བསྲུངས་པའི་དགེ །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །སྡོམ་གསུམ་རྣམ་པར་དག་གྱུར་ནས། །ཉམས་པའི་དྲི་ཙམ་མི་འབྱུང་བར། །རིགས་འདུས་རྡོ་རྗེ་སེམས་ཐོབ་ཤོག །སྲོག་བཅད་རྟེན་གསུམ་གཞིག་གཞོམ་སོགས། །ཚེ་ཐུང་ལས་སྒྲིབ་བདག་ལ་ཐིམ། །རྟེན་གསུམ་བཞེངས་དང་སྲོག་བསྐྱབས་དགེ །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །དུས་མིན་འཆི་བའི་མིང་མི་གྲགས། །རྡོ་རྗེ་ཚེ་དཔག་མེད་ཐོབ་ཤོག །རླུང་མཁྲིས་བད་ཀན་འདུས་པ་སོགས། །འགྲོ་བའི་ནད་ཀུན་བདག་ལ་ཐིམ། །རྡེག་རྡུང་སྤངས་དང་སྨན་སྦྱིན་སོགས། །ནད་མེད་བདེ་སྐྱིད་དགེ་རྩ་རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །དུག་གསུམ་ནད་སེལ་སྨན་གྱི་བླ། །བཻ་ཌཱུརྱ་འོད་སྐུ་ཐོབ་ཤོག །རྐུ་འཕྲོག་མ་བྱིན་བླངས་པ་ཡིས། །བཀྲེས་སྐོམ་དབུལ་ཕོངས་བདག་ལ་ཐིམ། །ཆོས་ནོར་སྦྱིན་འབྲས་ཇི་སྙེད་པ། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །འདོད་དགུ་འབད་མེད་ལྷུན་གྲུབ་པ། །ནམ་མཁའ་མཛོད་ལ་ལོངས་སྤྱོད་ཤོག །མི་དགེ་འབའ་ཞིག་བྱས་པ་ཡིས། །མ་དག་ཞིང་དུ་སྐྱེ་བ་ཡི། །ལས་སྒྲིབ་ཇི་སྙེད་བདག་ལ་ཐིམ། །སེམས་བསྐྱེད་འགྱུར་བ་བཅུ་ལ་སོགས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །ཀུན་ཀྱང་མངོན་དགའ་བདེ་ལྡན་སོགས། །དག་ཞིང་ཁོ་ནར་སྐྱེ་བར་ཤོག །ལོག་ལྟ་འབའ་ཞིག་བསྒོམས་པ་ཡིས། །དཀོན་མཆོག་མཉེས་པ་མི་བགྱིད་པའི། །ལས་སྒྲིབ་ཇི་སྙེད་བདག་ལ་ཐིམ། །དད་པ་རྣམ་གསུམ་དགེ་རྩ་སོགས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །བསླུ་མེད་ལས་དང་འབྲས་བུ་ལ། །ཡིད་ཆེས་ཁོང་ནས་རྡོལ་བ་ཡིས། །དགེ་སྒྲུབ་སྡིག་སྤོང་བྱེད་པར་ཤོག །བདག་འཛིན་འབའ་ཞིག་གོམས་པ་ཡིས། །རང་སྣང་དགྲ་རུ་ལྟ་བ་ཡི། །ཆགས་སྡང་མ་ལུས་བདག་ལ་ཐིམ། །ཚད་མེད་བཞི་ཡི་དགེ་རྩ་

p. 347

རྣམས། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །ཀུན་ཀྱང་བྱམས་པ་སྙིང་རྗེ་དང་། །དགའ་བ་བཏང་སྙོམས་སེམས་ལྡན་ཤོག །འཁྲུལ་སྣང་བདེན་པར་འཛིན་པའི་སེམས། །སྡུག་བསྔལ་འབྱུང་ཁུངས་བདག་ལ་ཐིམ། །སྟོང་ཞིང་བདག་མེད་རྟོགས་པ་ནི། །ནམ་མཁའ་མཉམ་པའི་འགྲོ་ལ་སྦྱིན། །སྟོང་ཉིད་ཟབ་མོ་རྒྱུད་ལ་སྐྱེས། །རྫོགས་སངས་གོ་འཕང་མཆོག་ཐོབ་ཤོག །མདོར་ན་འཇིགས་པ་བཅུ་དྲུག་སོགས། །མི་འདོད་པ་དང་འཕྲད་པ་དང་། །ཉེ་དུ་ཟས་ནོར་གནས་གྲོགས་སོགས། །འདོད་པ་རྣམས་དང་བྲལ་བ་དང་། །དགྲ་འདུལ་གཉེན་སྐྱོང་སོ་ནམ་སོགས། །ཡོད་པ་བསྐྱང་གིས་མི་ལོངས་དང་། །མངའ་ཐང་ལོངས་སྤྱོད་སྙན་གྲགས་སོགས། །མེད་པ་བཙལ་གྱིས་མི་རྙེད་དང་། །བར་ཆད་གློ་བུར་ཡེ་འདྲོགས་སོགས། །འགྱུར་བའི་སྡུག་བསྔལ་ཇི་སྙེད་པ། །བདག་གིས་བདག་འཛིན་སྟེང་དུ་ལེན། །དུས་གསུམ་དགེ་བའི་དངོས་ཀུན་དང་། །ཁ་རྗེ་དབང་ཐང་ལུས་སྲོག་བཅས། །ལྟོས་པ་མེད་པར་འགྲོ་ལ་སྦྱིན། །སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །བདག་གིས་ཆོས་བཤད་དགེ་བསྐུལ་དང་། །ཤ་ཟོས་ཞོ་འཐུང་བཞོན་པ་ཞོན། །བདག་ལ་དད་གུས་ཟས་ནོར་སྦྱིན། །མ་དད་ལོག་ལྟ་སྐུར་འདེབས་དང་། །འཕྲོག་བཅོམ་རྡེག་རྡུང་ངན་སེམས་འཆང་། །བཟང་ངན་ལས་ཀྱིས་འབྲེལ་བ་སོགས། །མདོར་ན་བདག་ལུས་མཐོང་བ་དང་། །བདག་གི་མིང་ཐོས་སྐྱོན་ཡོན་དྲན། །རླུང་རྫིས་རེག་པའི་འགྲོ་ཀུན་ཀྱང་། །ཐོག་མེད་སྡིག་སྒྲིབ་ཟད་ནས་ནི། །འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིས། །བདེ་བ་ཅན་དུ་འདྲེན་པར་ཤོག །བདག་གི་སྒོ་གསུམ་བྱ་སྤྱོད་དང་། །ལུས་ཀྱི་དྲི་མ་ཚུན་ཆད་ཀྱིས། །འགྲོ་ཕན་ཁོ་ན་བྱེད་ནུས་ཤོག །བདག་གི་ལུས་སྲོག་ལ་འཚེ་བའི། །མི་དང་མི་མིན་གནོད་སེམས་ཅན། །ཐོག་མ་ཁོ་ནར་འཚང་རྒྱ་
ཤོག །བདག་ལ་བརྟེན་ནས་ཅུང་ཟད་ཀྱང་། །སྡིག་པའི་འབྲས་བུར་མ་གྱུར་ཅིག །རྨི་ལམ་ཆུ་ཟླ་སྨིག་རྒྱུ་ལྟར། །བརྟགས་ན་བདེན་པར་མ་གྲུབ་པ། །བདག་འཛིན་འདི་ཡིས་ཐམས་ཅད་བསླུས། །བདག་དང་མཁའ་མཉམ་འགྲོ་ཀུན་དང་། །གདོན་བགེགས་མི་མ་ཡིན་ལ་སོགས། །དོན་དམ་སྟོང་པ་ཉིད་དུ་མཉམ། །སྟོང་ལ་བདེན་ཞེན་བྱེད་པ་འཁྲུལ། །ཀུན་རྫོབ་ཕ་མར་མ་གྱུར་མེད། །འཇིག་རྟེན་དག་ན་ཕ་མ་ལས། །དྲིན་ཆེ་བ་ནི་གང་ཞིག་ཡོད། །མ་བུར་གནོད་སེམས་འཆང་བ་འཁྲུལ། །དེ་བས་ཕ་མ་སེམས་ཅན་ནི། །ཕྱོགས་རིས་མེད་པའི་དྲིན་དྲན་པས། །ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་ལ་ལེན། །བདག་གི་ལྷག་བསམ་འདི་ཡི་མཐུས། །ཐམས་ཅད་སྒྲིབ་བྱང་ཚོགས་རྫོགས་ཤིང་། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཕྱིན་ཅི་མ་ལོག་རྒྱལ་བའི་ལམ། །བདེ་བླག་ཉིད་དུ་སྐྱེས་ནས་ཀྱང་། །རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་བློ་སྦྱོང་ལ་མོས་པ་ལམ་དུ་བྱེད་པ་བློ་གྲོས་མཐའ་ཡས་ཀྱིས་དབེན་པའི་རི་ངོགས་སུ་སྙིང་ནས་སྨོན་པ་དགེ །མངྒ་ལཾ།།

རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ།

p. 348

༄༅། །རྗེ་རང་བྱུང་ཞབས་ཀྱིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་བཞུགས་སོ། །
༄༅། །ན་མོ་གུ་རུ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས། །བདག་ལ་བརྩེར་དགོངས་བདག་གི་སྨོན་ལམ་རྣམས། །ཇི་བཞིན་འགྲུབ་པའི་མཐུན་འགྱུར་བྱིན་རླབས་མཛོད། །བདག་དང་མཐའ་ཡས་སེམས་ཅན་

p. 349

ཐམས་ཅད་ཀྱི། །བསམ་སྦྱོར་རྣམ་དག་གངས་རི་ལས་སྐྱེས་པའི། །འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས། །རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པ་དེ་སྲིད་དུ། །སྐྱེ་དང་སྐྱེ་བ་ཚེ་རབས་ཀུན་ཏུ་ཡང༌། །སྡིག་དང་སྡུག་བསྔལ་སྒྲ་ཡང་མི་གྲག་ཅིང༌། །བདེ་དགེ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག །དལ་འབྱོར་མཆོག་ཐོབ་དད་བརྩོན་ཤེས་རབ་ལྡན། །བཤེས་གཉེན་བཟང་བསྟེན་གདམས་པའི་བཅུད་ཐོབ་ནས། །ཚུལ་བཞིན་སྒྲུབ་ལ་བར་ཆད་མ་མཆིས་པར། །ཚེ་རབས་ཀུན་ཏུ་དམ་ཆོས་སྤྱོད་པར་ཤོག །ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །རྟག་ཆད་མཐའ་བྲལ་བདེན་གཉིས་གཞི་ཡི་དོན། །སྒྲོ་སྐུར་མཐའ་བྲལ་ཚོགས་གཉིས་ལམ་མཆོག་གིས། །སྲིད་ཞིའི་མཐའ་བྲལ་དོན་གཉིས་འབྲས་ཐོབ་པའི། །གོལ་འཆུག་མེད་པའི་ཆོས་དང་འཕྲད་པར་ཤོག །སྦྱང་གཞི་སེམས་ཉིད་གསལ་སྟོང་ཟུང་འཇུག་ལ། །སྦྱོང་བྱེད་ཕྱག་ཆེན་རྡོ་རྗེའི་རྣལ་འབྱོར་ཆོས། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི་མ་རྣམས། །སྦྱངས་འབྲས་དྲི་བྲལ་ཆོས་སྐུ་མངོན་གྱུར་ཤོག །གཞི་ལ་སྒྲོ་འདོགས་ཆོད་པ་ལྟ་བའི་གདེང་། །དེ་ལ་མ་ཡེངས་སྐྱོང་བ་སྒོམ་པའི་གནད། །སྒོམ་དོན་ཀུན་ལ་རྩལ་སྦྱོང་སྤྱོད་པའི་མཆོག །ལྟ་སྒོམ་སྤྱོད་པའི་གདེང་དང་ལྡན་པར་ཤོག །ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཏེ། །སེམས་ནི་སེམས་མེད་སེམས་ཀྱི་ངོ་བོས་སྟོང༌། །སྟོང་ཞིང་མ་འགགས་ཅི་ཡང་སྣང་བ་སྟེ། །ལེགས་པར་བརྟགས་ནས་གཞི་རྩ་ཆོད་པར་ཤོག །ཡོད་མ་མྱོང་བའི་རང་སྣང་ཡུལ་དུ་འཁྲུལ། །མ་རིག་དབང་གིས་རང་རིག་བདག་ཏུ་འཁྲུལ། །གཉིས་འཛིན་དབང་གིས་སྲིད་པའི་ཀློང་དུ་འཁྱམས། །

p. 350

མ་རིག་འཁྲུལ་པའི་རྩད་བརྡར་ཆོད་པར་ཤོག །ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །འདི་ཡིན་ཞེས་པ་གང་གིས་མཚོན་པ་མེད། །འདི་མིན་ཞེས་བྱ་གང་གིས་བཀག་པ་མེད། །བློ་ལས་འདས་པའི་ཆོས་ཉིད་འདུས་མ་བྱས། །ཡང་དག་དོན་གྱི་མཐའ་ནི་ངེས་པར་ཤོག །འདི་ཉིད་མ་རྟོགས་འཁོར་བའི་རྒྱ་མཚོར་འཁོར། །འདི་ཉིད་རྟོགས་ན་སངས་རྒྱས་གཞན་ན་མེད། །ཐམས་ཅད་འདི་ཡིན་འདི་མིན་གང་ཡང་མེད། །ཆོས་ཉིད་ཀུན་གཞིའི་མཚང་ནི་རིག་པར་ཤོག །སྣང་ཡང་སེམས་ལ་སྟོང་ཡང་སེམས་ཡིན་ཏེ། །རྟོགས་ཀྱང་སེམས་ལ་འཁྲུལ་ཡང་རང་གི་སེམས། །སྐྱེས་ཀྱང་སེམས་ལ་འགགས་ཀྱང་སེམས་ཡིན་པས། །སྒྲོ་འདོགས་ཐམས་ཅད་སེམས་ལ་ཆོད་པར་ཤོག །བློས་བྱས་རྩོལ་བའི་སྒོམ་གྱིས་མ་བསླད་ཅིང༌། །ཐ་མལ་འདུ་འཛིའི་རླུང་གིས་མ་བསྐྱོད་པར། །མ་བཅོས་གཉུག་མ་རང་བབ་འཇོག་ཤེས་པའི། །སེམས་དོན་ཉམས་ལེན་མཁས་ཤིང་སྐྱོང་བར་ཤོག །ཕྲ་རགས་རྟོག་པའི་དབའ་རླབས་རང་སར་ཞི། །གཡོ་མེད་སེམས་ཀྱི་ཆུ་བོ་ངང་གིས་གནས། །བྱིང་རྨུགས་རྙོག་པའི་དྲི་མ་དང་བྲལ་བའི། །ཞི་གནས་རྒྱ་མཚོ་མི་གཡོ་བརྟན་པར་ཤོག །བལྟར་མེད་སེམས་ལ་ཡང་ཡང་བལྟས་པའི་ཚེ། །མཐོང་མེད་དོན་ནི་ཇི་བཞིན་ལྷག་གེར་མཐོང༌། །ཡིན་མིན་དོན་ལ་ཐེ་ཚོམ་ཆོད་པ་ཉིད། །འཁྲུལ་མེད་རང་ངོ་རང་གིས་ཤེས་པར་ཤོག །ཡུལ་ལ་བལྟས་པས་ཡུལ་མེད་སེམས་སུ་མཐོང༌། །སེམས་ལ་བལྟས་པས་སེམས་མེད་ངོ་བོས་སྟོང༌། །གཉིས་ལ་བལྟས་པས་གཉིས་འཛིན་རང་སར་གྲོལ། །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་

p. 351

ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེང་ཐོབ་ཤོག །ཞེན་པ་མེད་པའི་བདེ་ཆེན་རྒྱུན་ཆད་མེད། །མཚན་འཛིན་མེད་པའི་འོད་གསལ་སྒྲིབ་གཡོགས་བྲལ། །བློ་ལས་འདས་པའི་མི་རྟོག་ལྷུན་གྱིས་གྲུབ། །རྩོལ་མེད་ཉམས་མྱོང་རྒྱུན་ཆད་མེད་པར་ཤོག །བཟང་ཞེན་ཉམས་ཀྱི་འཛིན་པ་རང་སར་གྲོལ། །ངན་རྟོག་འཁྲུལ་པ་རང་བཞིན་དབྱིངས་སུ་དག །ཐ་མལ་ཤེས་པ་སྤང་བླང་བྲལ་ཐོབ་མེད། །སྤྲོས་བྲལ་ཆོས་ཉིད་བདེན་པ་རྟོགས་པར་ཤོག །འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང༌། །མ་རྟོགས་དབང་གིས་མཐའ་མེད་འཁོར་བར་འཁྱམས། །སྡུག་བསྔལ་མུ་མཐའ་མེད་པའི་སེམས་ཅན་ལ། །བཟོད་མེད་སྙིང་རྗེ་རྒྱུད་ལ་སྐྱེ་བར་ཤོག །བཟོད་མེད་སྙིང་རྗེའི་རྩལ་ཡང་མ་འགགས་པའི། །བརྩེ་དུས་ངོ་བོ་སྟོང་དོན་རྗེན་པར་ཤར། །ཟུང་འཇུག་གོལ་ས་བྲལ་བའི་ལམ་མཆོག་འདི། །འབྲལ་མེད་ཉིན་མཚན་ཀུན་ཏུ་བསྒོམ་པར་ཤོག །སྒོམ་སྟོབས་ལས་བྱུང་སྤྱན་དང་མངོན་ཤེས་དང༌། །སེམས་ཅན་སྨིན་བྱས་སངས་རྒྱས་ཞིང་རབ་སྦྱངས། །སངས་རྒྱས་ཆོས་རྣམས་འགྲུབ་པའི་སྨོན་ལམ་རྫོགས། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་སངས་རྒྱས་ཤོག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་རྗེ་དང༌། །རྣམ་དཀར་དགེ་བ་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག །ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཞེས་བྱ་བ་རྗེ་རང་བྱུང་རྡོ་རྗེས་མཛད་པའོ།། །།

བྱང་ཆུབ་སེམས་ཀྱི་སྨོན་ལམ་བདེན་གཉིས་ལྷུན་གྲུབ།

p. 352

༄༅། །བྱང་ཆུབ་སེམས་ཀྱི་སྨོན་ལམ་བདེན་གཉིས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །
༄༅། །བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སྔོན་གྱི་བདེ་གཤེགས་སྲས་དང་བཅས་རྣམས་ཀྱིས། །ཐུགས་བསྐྱེད་ཕ་རོལ་ཕྱིན་བཅུ་སྤྱད་པ་བཞིན། །སྨོན་འཇུག་བྱང་ཆུབ་སེམས་མཆོག་མཐར་བགྱིད་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཇི་སྙེད་པ། །ཚུལ་གནས་ཐོས་བསམ་སྒོམ་པས་འཛིན་པའི་མཐུས། །ཀུན་རྫོབ་བྱང་སེམས་གཏིང་ནས་འབྱོངས་པ་དང་། །གནས་མཐར་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །འགྲོ་ཀུན་དེ་བཞིན་ཉིད་ཀྱིས་ཁྱབ་གྱུར་ཀྱང་། །མ་རིག་གཉིས་སྣང་སྒྲིབ་པ་དག་བྱའི་ཕྱིར། །ཚོགས་གཉིས་བསགས་པས་གཞི་དབྱིངས་མངོན་གྱུར་ཏེ། །དོན་དམ་བྱང་ཆུབ་སེམས་མཆོག་རྟོགས་པར་ཤོག །ཡེ་ནས་ངོས་བཟུང་བྲལ་བ་རིག་པའི་གཤིས། །མ་བཅོས་རང་བབ་སྐྱོང་བ་ལམ་གྱི་མཆོག །ཡིད་བྱེད་བྲལ་བ་ཕྱག་རྒྱ་ཆེན་པོའི་དོན། །དགོངས་བརྒྱུད་བྱིན་རླབས་རྩོལ་མེད་འཕོ་བར་ཤོག །རྟག་ཆད་སྒྲོ་སྐུར་མཐའ་བྲལ་དབུ་མའི་ལམ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །བྱ་རྩོལ་བློ་འདས་ལྷུན་གྲུབ་རྫོགས་པ་ཆེ། །ཆོས་ཉིད་རིག་པའི་རང་ས་ཟིན་པར་ཤོག །བདག་གཞན་དུས་གསུམ་བསགས་ཡོད་དགེ་ཚོགས་རྒྱུན། །རྒྱལ་ཀུན་ཡེ་ཤེས་རྒྱ་མཚོར་གཅིག་འདྲེས་ཏེ། །ནམ་མཁའི་མཐའ་ཀླས་ཕ་མ་ཡིད་ཅན་འགྲོ། །སྲིད་པའི་ཚ་གདུང་ཞི་བའི་གནས་ཐོབ་ཤོག །བདག་ནི་སྐྱེ་དང་ཚེ་རབས་ཀུན་ཏུ་ཡང་། །འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་

p. 353

གྱུར་ནས། །འཇམ་དཔལ་དཔའ་བོའི་རྗེས་སུ་སློབ་པ་ཡི། །བྱང་ཆུབ་སྤྱོད་པས་དོན་གཉིས་འགྲུབ་གྱུར་ཅིག །ཅེས་པའང་རྒྱལ་བ་འབའ་རོམ་པའི་བཀའ་སྲོལ་སྨིན་གྲོལ་ཟབ་མོའི་དགའ་སྟོན་འགྱེད་པའི་སྐབས། དེར་འདུས་སློབ་ཚོགས་ལྷན་ནས་གསུང་བསྐུལ་མ་ལྡོག་ཙམ་དུ་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་རྩེ་གཅིག་ཏུ་སྨོན་པ་དེ་དེ་བཞིན་དུ་གྲུབ་པར་གྱུར་ཅིག །ཤུ་བྷཾ།།

Pecha page