← Search

འབའ་རོམ་བཀའ་བརྒྱུད་སྒྲུབ་སྡེའི་དཔེ་ཚོགས།འབའ་རོམ་སྙན་བརྒྱུད་ཐབས་ལམ་ནཱ་རོའི་ཆོས་དྲུག་གི་གདམས་སྐོར།

ཏི་ཤྲི་སངས་རྒྱས་རས་ཆེན། འཇིགས་མེད་ཆོས་ཀྱི་སེངྒེ། སྐྱོ་བྲག་མི་འགྱུར་པ། མར་པ་ཆོས་ཀྱི་བློ་གྲོས། ནཱ་རོ་པ། རྡོ་རྗེ་རྒྱལ་མཚན། འབབ་རོམ་དར་མ་དབང་ཕྱུག །བློ་གྲོས་རྒྱལ་མཚན། སྤྱན་སྔ་པ། ཀརྨ་པ་རི་ཀིརྟི། བཀའ་བརྒྱུད་བཀྲ་ཤིས། བདེ་ཆེན་འབར་བའི་རྡོ་རྗེ། ཀརྨ་འཇིགས་མེད་མི་ཕམ་ཆོས་ཀྱི་སེངྒེ། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

འབའ་རོམ་སྙན་བརྒྱུད་ཐབས་ལམ་ནཱ་རོའི་ཆོས་དྲུག་གི་གདམས་སྐོར།

p. 1

འབའ་རོམ་སྙན་བརྒྱུད་ཐབས་ལམ་ནཱ་རོའི་ཆོས་དྲུག་གི་གདམས་སྐོར་བཞུགས་སོ། །

p. 2

༄༅། །གངས་ལྗོངས་གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ལ་ན་མོ།

p. 3

༄༅། །ཡི་དམ་འཁོར་ལོ་བདེ་མཆོག་ལ་ན་མོ། །

འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་གསོལ་འདེབས་མེར་ཆེན་མ། ཏི་ཤྲི་སངས་རྒྱས་རས་ཆེན།

p. 1

༄༅། །འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་གསོལ་འདེབས་མེར་ཆེན་མ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ། ཁྱབ་བདག་ཆོས་དབྱིངས་ཆོས་ཀྱི་ཕོ་བྲང་ན། །ཟབ་ཅིང་སྤྲོས་བྲལ་འོད་གསལ་ཆོས་སྐུ་ནི། །ལྷུན་གྲུབ་གཟུགས་ཅན་མ་ཡིན་ཐམས་ཅད་པ། །ཐུབ་པ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འོག་མིན་སྟུག་པོ་ཆོས་ཀྱི་ཕོ་བྲང་ན། །ལྟ་བས་མི་ངོམས་ལོངས་སྤྱོད་རྫོགས་སྐུ་ནི། །གང་གི་ཉམས་སོགས་བརྡ་ཡིས་རིགས་ཅན་འདྲེན། །ཐུབ་པ་ལོངས་སྤྱོད་རྫོགས་སྐུར་ཕྱག་འཚལ་ལོ། །འཛམ་གླིང་བྱེ་བ་མཐའ་ཡས་ཞིང་ཁམས་ན། །བྱང་ཆུབ་སེམས་གཉིས་དབྱེར་མེད་སྤྲུལ་སྐུ་ནི། །གདུལ་བྱའི་སྣང་ངོར་གཅིག་པུ་དུ་མར་སྤྲུལ། །ཐུབ་པ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མཉམ་ཉིད་བདེ་བ་ཆེན་པོའི་ཞིང་ཁམས་ན། །ཟུང་འཇུག་བདེ་ཆེན་ངོ་བོ་ཉིད་སྐུ་ནི། །ཡན་ལག་བདུན་ལྡན་མཁྱེན་པ་རབ་ཏུ་རྒྱས། །ཐུབ་པ་ངོ་བོ་ཉིད་སྐུར་ཕྱག་འཚལ་ལོ། །དག་པ་ཡེ་ཤེས་སྣང་བའི་གཞལ་ཡས་ན། །རང་རིག་ཀུན་གཞི་རྣམ་དག་སྐུ་ཉིད་ནི། །མ་གོས་དྲི་མ་མ་མཆིས་ཟླ་བ་བཞིན། །ཐུབ་པ་རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །རབ་བཀྲམ་མཐའ་ཡས་ཆོས་ཀྱི་ཕོ་བྲང་ན། །མ་འདྲེས་ཡོངས་རྫོགས་སྐུ་ལྔའི་བདག་ཉིད་ནི། །གནས་པ་ལྔ་ཡི་ཡོན་ཏན་རབ་ཏུ་རྫོགས། །དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །གར་

p. 2

བཞུགས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ཐུབ་པའི་སྤྲུལ་པ་རྣལ་འབྱོར་དབང་ཕྱུག་ནི། །དངོས་གྲུབ་བྱིན་གྱིས་བརླབས་ཀྱི་ཕོ་བྲང་ན། །སྤྲུལ་སྐུ་ཏཻ་ལོ་པ་ལ་ཕྱག་འཚལ་ལོ། །གར་བཞུགས་བྱིན་གྱིས་བརླབས་ཀྱི་ཕོ་བྲང་ན། །དཀའ་བ་བཅུ་གཉིས་བྱིན་རླབས་མཐར་ཕྱིན་ནས། །བྱིན་གྱིས་བརླབས་ཀྱིས་མཁྱེན་པ་རྣམ་གཉིས་རྫོགས། །ནཱ་རོ་པཎྚི་ཏ་ལ་ཕྱག་འཚལ་ལོ། །གར་བཞུགས་བདེ་བ་ཆེན་པོའི་ཞིང་ཁམས་ན། །རིན་ཆེན་གླིང་ནས་ནོར་བུ་བརྟགས་མཁན་ལྟར། །རྒྱ་གར་ཡུལ་ནས་དམ་ཆོས་མཆོག་བརྙེས་པའི། །སྒྲ་སྒྱུར་མར་པའི་སྐུ་ལ་ཕྱག་འཚལ་ལོ། །གར་བཞུགས་ཏིང་འཛིན་འཕེལ་བའི་སྒྲུབ་གནས་ན། །ཕྱི་ནང་གནད་ཀྱི་རྟེན་འབྲེལ་ལུས་ལ་བསྒྲིགས། །རླུང་སེམས་དབང་ཐོབ་དངོས་གྲུབ་མ་ལུས་བརྙེས། །ནོར་བུ་རིན་ཆེན་ཉིད་ལ་ཕྱག་འཚལ་ལོ། །གར་བཞུགས་བྱང་ཆུབ་སེམས་ཀྱི་ཞིང་ཁམས་ན། །སྙིང་རྗེ་སྟོང་པ་དབྱེར་མེད་བདུད་རྩི་ཡིས། །འགྲོ་རྣམས་ཟུང་འཇུག་ཆོས་སྐུར་ཚིམ་མཛད་པའི། །ཆོས་རྗེ་དྭགས་པོའི་སྐུ་ལ་ཕྱག་འཚལ་ལོ། །གར་བཞུགས་དངོས་གྲུབ་འབྱུང་བའི་ཞིང་ཁམས་ན། །ཞབས་ཏོག་གསུམ་གྱིས་བླ་མ་མཉེས་པར་མཛད། །ཚོགས་གཉིས་རབ་རྫོགས་སྐུ་གཉིས་གཞན་དོན་མཛད། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །གར་བཞུགས་ཟུང་འཇུག་བདེ་ཆེན་ཞིང་ཁམས་ན། །སྣ་ཚོགས་གཉིས་མེད་ཡེ་ཤེས་རང་ཤར་བ། །རྟོགས་པའི་ང་རོས་ས་བཅུ་ཟིལ་གྱིས་གནོན། །མཉམ་ཉིད་མི་ཡི་སེང་གེར་ཕྱག་འཚལ་ལོ། །གར་བཞུགས་སྟོང་པ་སྙིང་རྗེའི་ཞིང་ཁམས་ན། །སྦྱིན་སོགས་འབྲས་ལྡན་ཚུལ་ཁྲིམས་བསིལ་གྲིབ་ཅན། །བྱམས་པ་ལྷུན་ལྡན་ཞིང་ནས་མེ་ཏོག་འབྱེས། །བྱང་སེམས་ལྗོན་ཤིང་རྒྱས་ལ་ཕྱག་འཚལ་ལོ། །གར་བཞུགས་ཕྲིན་ལས་འབྱུང་བའི་ཞིང་ཁམས་ན། །བྱང་ཆུབ་སེམས་གཉིས་དབྱེར་མེད་སྤྲིན་ཕུང་

p. 3

ལས། །དམ་ཆོས་ཆར་རྒྱུན་རིགས་སུ་སྨིན་པར་མཛད། །འགྲོ་བ་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ། །རྗེ་ཡི་ཡོན་ཏན་རྒྱ་མཚོ་རིན་ཆེན་ལ། །བདག་གིས་ཆུ་ཐིགས་ཙམ་ཞིག་བསྟོད་པ་ཡིས། །འགྲོ་རྣམས་སྲིད་པའི་སྡུག་བསྔལ་རབ་ཟད་ནས། །བདག་གཞན་དབྱེར་མེད་བྱང་ཆུབ་མྱུར་ཐོབ་ཤོག །
༈ སྟེང་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །ཤར་གཙུག་གི་ནོར་བུའི་དགོན་པ་ན། །ཏཻ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །བྱང་པཱུ་ལ་ཧ་རིའི་དགོན་པ་ན། །ནཱ་རོ་ཛྙཱ་ན་སིདྡྷི་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །མར་པ་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ན། །རྗེ་བཙུན་མི་ལ་རས་པ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་

p. 4

གདའ། །ཤར་དྭགས་ལྷ་སྒམ་པོའི་དགོན་པ་ན། །དྭགས་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་ལུང་བསྟན་རྩམ་ཆེན་ལྷ་སྒོ་ན། །དཔལ་ལྡན་འབའ་རོམ་པ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་སྙིང་ག་ཆོས་ཀྱི་ཕོ་བྲང་ན། །ཡི་དམ་འཁོར་ལོ་བདེ་མཆོག་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །གནས་ཕྱོགས་རིས་མེད་པའི་དགོན་པ་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས། །ཤོ་ཉམས་རེ་དགའ་ལ་དང་རེ་སྤྲོ། །ཉམས་དགའ་བའི་ཤེས་པ་ཡ་ལ་ལ། །གསོལ་བ་ཐོབ་དང་རྗེ་བཙུན་བུ་སློབ་ཀུན། །གསོལ་བ་བཏབ་ན་བྱིན་རླབས་འབྱུང་བར་གདའ། །ཏི་ཤྲི་སངས་རྒྱས་རས་ཆེན་གྱིས་མཛད་པའི་གསོལ་འདེབས་མེར་ཆེན་མ་ཞེས་བྱ་བ་འདི། མོས་གུས་དང་བཅས་པས་གསོལ་བ་སིང་སིང་བཏབ་ན། ཉམས་དང་རྟོགས་པ་གསལ་ལ་དྭངས་པ་འགག་མེད་དུ་སྐྱེའོ།།

དཔལ་ལྡན་འབའ་རོམ་པའི་ཟབ་མོ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས་དད་གསུམ་ཡིད་ཀྱི་པད་དཀར་བཞད་པའི་སྙན་དབྱངས། འཇིགས་མེད་ཆོས་ཀྱི་སེངྒེ།

p. 5

༄༅། །དཔལ་ལྡན་འབའ་རོམ་པའི་ཟབ་མོ་ཆོས་དྲུག་གི་བརྒྱུད་པའི་གསོལ་འདེབས་དད་གསུམ་ཡིད་ཀྱི་པད་དཀར་བཞད་པའི་སྙན་དབྱངས་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ། བདག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་བའི། །འཁོར་མེད་ཀྱི་དྲིན་མཐའ་གསོབ་དཀའ་ཡང༌། །ཡོན་ཏན་གྱི་ཆེ་བ་རྗེས་དྲན་ནས། །གདུང་ཤུགས་ཀྱི་མོས་གུས་འདི་བཟོད་མེད་འབར། །ཕ་ཐུགས་རྗེས་ཟུངས་ཤིག་རྡོ་རྗེ་འཆང༌། །བྱིན་རླབས་ཀྱི་ཆུ་བོ་ཀུན་འདུས་ཤིང༌། །དོན་བཀའ་བཞི་བརྒྱུད་པའི་དབུ་བརྙེས་པ། །ཏཻ་ལོ་དང་ནཱ་རོ་མཻ་ཏྲིའི་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མར་མི་དང་དྭགས་པོ་བྱིན་རླབས་ཅན། །རྗེ་དར་མ་དབང་ཕྱུག་ཏི་ཤྲི་རས། །རས་དཀར་དང་ལུས་མེད་རྡོ་རྗེའི་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མཆོག་བྱང་ཆུབ་གཞོན་ནུ་བློ་གྲོས་མཚན། །རྗེ་བརྩོན་འགྲུས་དཔལ་དང་གླང་རས་པ། །ཁྱེད་གྲུབ་པའི་ཁྱུ་མཆོག་གྲགས་པའི་མཚན། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །རྗེ་མ་ཏི་རཏྣ་བསོད་ནམས་བཟང༌། །མཆོག་གྲུབ་པ་བརྙེས་པའི་ཁྱུ་རྣམས་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གནས་ཨོ་རྒྱན་གྱི་གཙོ་མོ་ཌཱ་ཀི་མར། །དོན་གཉིས་མེད་ནམ་མཁའི་རྣལ་འབྱོར་མཚན། །བྱིན་རླབས་ཀྱི་

p. 6

བརྒྱུད་པར་ཐུགས་བརྩེ་བས། །རྨི་ལམ་དུ་བརྡ་ཐབས་དང་རྟེན་འབྲེལ་གྱིས། །དོན་མ་ནོར་བའི་བརྒྱུད་པ་གཏད་མཛད་པའི། །དཔལ་ཌཱ་ཀི་བདེ་སྐྱོང་བཟང་མོ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དོན་མ་བརྒྱུད་མཁའ་འགྲོའི་སྙིང་ཁྲག་གི །མཆོག་བྱིན་རླབས་བདུད་རྩིའི་མཛོད་འཛིན་ཅིང་། །བཀའ་བབས་ཀྱི་གདམས་པའི་སྲོལ་འཆང་བ། །དཔལ་འཇིགས་མེད་ཆོས་ཀྱི་སེངྒེ་ལ། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །དཔལ་གསང་བདག་དངོས་སྣང་མངྒ་ལ། །མཆོག་བརྟུལ་ཞུགས་གྲུབ་པ་དབང་པོའི་སྡེ། །མགོན་འཇམ་དབྱངས་བློ་གྲོས་རིན་ཆེན་ཞབས། །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གོང་གི་ཤོ་ལོ་ཀ་འདི་ཁ་གསབ་པའོ། །མཆན། གཤིས་རིགས་ཁམས་ཆོས་ཉིད་སངས་རྒྱས་སུ། །དོན་མ་ནོར་རྗེན་པར་སྟོན་མཛད་པའི། །མགོན་མཆོག་གསུམ་རྩ་གསུམ་འདུས་གཟུགས་ཆེ། །རྒྱལ་ཀུན་ལས་བཀའ་དྲིན་ལྷག་པའི་དཔལ། །རྗེ་རྩ་བའི་བླ་མ་བདེ་བ་མཆོག །བདག་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཁ་ཙམ་དང་ཚིག་ཙམ་མ་ཡིན་པར། །མགོན་དམ་པའི་རྣམ་ཐར་གྱིས་བསྐྱངས་པས། །འཁོར་མེད་ཀྱི་བཀའ་དྲིན་རྗེས་སུ་དྲན། །གདུང་ཤུགས་འདི་སྙིང་ཁོང་རུས་ནས་འབར། །ད་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡིད་མོས་པའི་མཚོ་ལ་ཁ་གཏིང་མེད། །དད་མོས་པའི་མཆི་མ་ཁོང་ནས་འཁྲུགས། །གསོལ་འདེབས་དང་འོ་དོད་འབོད་ཙ་ན། །དུས་ད་ལྟ་རུ་བྱིན་གྱིས་རློབས་པ་དང༌། །མི་བདག་རྒྱུད་གྱོང་པོ་འདི་གྲོལ་བར་མཛོད། །བསླུ་བྲིད་འཇིག་རྟེན་གྱི་སྣང་ཤས་འདི། །དོན་སྒྱུ་མ་དང་རྨི་ལམ་ཆུ་ཟླ་ལྟར། །དམིགས་མེད་དུ་གྲོལ་བར་བྱིན་གྱིས་རློབས། །༈ ཕྱི་སྟོང་ར་འོད་ཀྱི་ལྷ་སྐུ་ལ། །ཡེ་གདོད་ནས་ཕུང་ཁམས་སྐྱེ་མཆེད་ཀུན། །ཕྱི་ནང་དཀྱིལ་འཁོར་དང་ལྷ་ཡི་གཟུགས། །དེ་རྣམ་པ་

p. 7

གསལ་དང་རྣམ་དག་སྐུ། །ཁྱེར་སོ་ང་རྒྱལ་དང་མ་བྲལ་བར། །འཇའ་ཚོན་ལྟར་གསལ་བར་བྱིན་གྱིས་རློབས། །གཞི་བཀོད་པ་ལུས་ཀྱི་རྩ་མདུད་དང༌། །སྐུ་གསུམ་གྱི་རྩ་ཡི་གནས་ལུགས་སོགས། །ལམ་སྒྲིབ་མེད་ཤེལ་གྱི་སྣང་གཟུགས་ལྟར། །དོན་འགྲིབ་མེད་འཆར་བར་བྱིན་གྱིས་རློབས། །ལམ་བསྒོམ་པ་སྒྱུ་འཕྲུལ་དངོས་ཀྱི་ལྷ། །དེ་འབྲས་བུ་སྤྲུལ་སྐུར་ཡོངས་སྨིན་ནས། །སྐུ་རྡོ་རྗེའི་གཟུགས་སྐུར་མྱུར་འགྲུབ་ཤོག །ཅེས་སྟོང་རའི་སྐབས་དང༌། ༈ ལས་ཡེ་ཤེས་རླུང་ཁམས་འཁོར་འདས་ཀྱི། །གཞི་སྒྱུ་ལུས་མཆོག་གི་སྤྲུལ་པའི་སྐུ། །ཆོས་བྱེད་པོ་གཟུང་འཛིན་འཁོར་བ་རུ། །དེ་ལྡོག་ཕྱིར་ཐབས་ཤེས་ཉི་ཟླའི་རྩལ། །ཐབས་འཁྲུལ་འཁོར་གྱིས་སྡུད་ལ་འདུལ་ཞིང་སྦྱང༌། །དོན་ཡེ་དག་གི་ཀློང་དུ་བྱིན་གྱིས་རློབས། །རྩ་སྦྱང་ཞིང་ཐིག་ལེ་འདུལ་སྦྱང་སྤེལ། །རླུང་སྔགས་སུ་བསྒྱུར་ཞིང་སེམས་ཉིད་བརྟན། །གཞི་ལམ་འབྲས་དབྱེར་མེད་ཀྱི་དབང་ཕྱུག་བདུན། །གདངས་འགགས་མེད་ཀྱི་རོལ་པ་གསུང་རྡོ་རྗེ། །དོན་ལོངས་སྤྱོད་རྫོགས་སྐུར་འགྲུབ་པར་ཤོག །ཅེས་རླུང་གི་སྐབས་དང༌། ༈ རྟེན་ཐིག་ལེ་ཀུན་རྫོབ་བྱང་ཆུབ་སེམས། །དེ་ཐབས་མཆོག་བདེ་བའི་གར་བསྒྱུར་བས། །མཆོག་འཕོ་མེད་དོན་དམ་བྱང་ཆུབ་སེམས། །རྟེན་བརྟེན་པ་དབྱེར་མེད་ཐུགས་ཀྱི་མཆོག །གཙང་བདེ་དང་རྟག་བདག་གི་ངོ་བོ་ཉིད། །ཕ་བླ་མ་རྗེ་བཙུན་བྱིན་རླབས་ཀྱིས། །ཐུགས་རྡོ་རྗེ་ཆོས་སྐུར་འགྲུབ་པར་ཤོག །ཅེས་ཐིག་ལེའི་སྐབས་དང༌། ༈ རྒྱུ་མི་ཕྱེད་སྤྱི་བོའི་ཧེ་རུ་ཀ །ཐབས་རྡོ་རྗེའི་ཟླ་གཟུགས་ཧཾ་གི་ཚུལ། །དེ་བདེ་བ་ཆེན་པོའི་གར་བསྒྱུར་བ། །དོན་ཟག་མེད་དུ་སྤེལ་བར་བྱིན་གྱིས་རློབས། །རྐྱེན་ལྟེ་འོག་དམ་ཚིག་གཏུམ་མོ་ཡི། །ཚུལ་རྒོད་མ་ཁ་ཡི་མེ་འདྲ་ཞིང༌། །དེ་ཤེས་རབ་ཡུམ་གྱི་ཐིག་ལེར་བརྗོད། །གྲོགས་སྲོག་རྩོལ་ཉི་ཟླའི་རླུང་སྟོབས་ཀྱི། །ཤུགས་རྟེན་འབྲེལ་གནད་ཀྱིས་རབ་བསྐུལ་བས། །རྩ་འཁོར་

p. 8

ལོ་བཞི་རུ་འབར་བའི་ཚེ། །ཐབས་སྤྱི་བོའི་དཀར་ཆ་ཞུ་བའི་རྒྱུན། །གནས་སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །དོན་སེམས་ཉིད་མི་ཕྱེད་དྲྭ་བ་སྡོམ། །ཐབས་དཀར་དམར་བདེ་བའི་རོས་ཚིམས་ནས། །རྟོག་མེད་ཀྱི་དྲོད་ཆེན་ལུས་ལ་འབར། །ཉམས་བདེ་སྟོང་གི་རྩལ་ཁ་སེམས་ལ་རྒྱས། །ཟག་མེད་ཀྱི་ཏིང་འཛིན་འཁོར་འདས་ཁྱབ། །ལམ་དབང་བཞིའི་ས་བོན་འབྲས་བུར་སྨིན། །ཕ་དྲིན་ཆེན་བླ་མའི་ཐུགས་རྗེའི་མཐུས། །མཆོག་སྐུ་བཞིའི་རྒྱལ་ས་ཟིན་པར་ཤོག །ཅེས་གཏུམ་མོའི་སྐབས་དང༌། ༈ སེམས་ངན་སྔགས་ཨ་འཐས་ཀྱིས་ཐེབས་ཚེ། །ཡུལ་ཕྱི་ནང་སྣོད་བཅུད་འཁྲུལ་པའི་གཟུགས། །གཟུང་འཛིན་ཡུལ་གྱི་ལྟད་མོ་ལ། །རྟོག་བཅས་ཀྱི་རིག་པ་རྒྱར་འཐུམ་ནས། །ཐེར་ཟུག་གདོས་བཅས་ཀྱི་སྣང་འཛིན་འདི། །ད་མེད་བཞིན་སྣང་བར་ངོ་ཤེས་ནས། །འཁྲུལ་གཟུགས་བཅུ་གཉིས་ཀྱི་དཔེས་མཚོན་ཏེ། །མ་དག་གི་སྒྱུ་ལུས་འཇའ་ལྟར་ཡལ། །ཕྱི་ནང་གི་སྐྱེ་མཆེད་ཕུང་ཁམས་དང༌། །ཉོན་མོངས་གནས་འགྱུར་གྱི་དོན་ཤེས་ནས། །ལྷ་བླ་མ་ཡེ་ཤེས་ཀྱི་ངོ་བོར་བཞེངས། །དེ་སྣང་གྲགས་རིག་གསུམ་སྟོང་ཉིད་ངང༌། །འཁོར་འདས་ཀུན་སྤྲོ་བསྡུའི་ཆོ་འཕྲུལ་གྱིས། །ཕྲ་རགས་ཀྱི་རྟོག་ཚོགས་སྒྱུ་མར་ཤར། །འབར་འཛག་གི་བདེ་བས་བོགས་དབྱུང་ནས། །ཟག་བཅས་ཀུན་ཟག་མེད་མེ་ཡིས་བསྲེགས། །འདིར་སྣང་དང་རྨི་ལམ་སྒྱུ་མའི་ལུས། །མཆོག་འོད་གསལ་གྱི་ངང་དུ་འབྱམས་ཀླས་ནས། །སླར་རིག་སྟོང་སྒྱུ་མའི་སྐུ་རུ་བཞེངས། །རྟག་འཛིན་གྱི་ཞེན་པ་བྲལ་བ་དང༌། །བདེ་སྡུག་འདི་མེ་ལོང་གི་གཟུགས་བརྙན་ལྟར། །རྐྱེན་ཚོར་བ་སྣ་ཚོགས་རང་སར་གྲོལ། །མཆོག་སྤྲུལ་སྐུ་ཐོབ་པར་བྱིན་གྱིས་རློབས། །ཞེས་སྒྱུ་ལུས་ཀྱི་སྐབས་དང༌། ༈ སྤྱིར་གནས་སྐབས་གཏི་མུག་འཁྲུལ་པ་འདི། །དུས་ད་ལྟ་མེད་བཞིན་མངོན་སུམ་སྣང༌། །བཟང་ངན་དང་བར་མའི་འཆར་སྒོ་རྣམས། །དེ་རྨི་

p. 9

ལམ་ཡིན་པར་ངོ་ཤེས་ཤིང་། །ཉིན་སྣང་གི་མཉམ་བཞག་རྗེས་ཐོབ་ཀུན། །ཉིང་འཁྲུལ་གྱི་འཆར་སྒོ་དེ་བཞིན་རྟོགས། །རྨི་ལམ་སྒྱུ་ལུས་སུ་བཞེངས་ཙ་ན། །ཡ་མཚན་གྱི་སྤྲུལ་བསྒྱུར་ཅིར་ཡང་འགྱུར། །ལམ་མཐར་ཐུག་འོད་གསལ་ཆེན་པོར་ཞུགས། །རྨི་ལམ་གྱི་ལྡང་འཇུག་ཚད་དུ་ཕྱིན། །མཆོག་ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྨི་ལམ་སྐབས་དང༌། ༈ ད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་ཀུན། །སྟོང་ཆེན་བློ་འདས་ཀྱི་ཡེ་ཤེས་ཏེ། །ཉིན་སྣང་གསལ་སྟོང་ལ་འཕེལ་འགྲིབ་མེད། །གཉིད་སྲབ་མོའི་འོད་གསལ་རྐྱེན་དང་བྲལ། །དོན་མཐུག་པོའི་ཏིང་འཛིན་གཡེལ་མེད་བརྟན། །རྨི་ལམ་དང་འོད་གསལ་གྱི་ལྡང་འཇུག་བདེ། །ལམ་གནས་སྐབས་བཞི་ཡི་འཁྲུལ་པ་སངས། །འབྲས་མཐར་ཐུག་འོད་གསལ་མ་བུ་མཇལ། །ད་སྒོམ་པ་བྲལ་ཡང་ཡེངས་པ་མེད། །དོན་མཐར་ཐུག་ཆོས་སྐུའི་རྒྱལ་ས་ཟིན། །ཕ་རྗེ་བཙུན་བླ་མའི་ཐུགས་རྗེའི་མཐུས། །དཔལ་རིགས་ཀུན་བདག་པརོ་ལྷུན་གྲུབ་ཤོག །ཅེས་འོད་གསལ་གྱི་སྐབས་དང༌། ༈ ལམ་ཟབ་མོ་རྡོ་རྗེའི་ཏིང་འཛིན་གྱིས། །འདིར་སྣང་གི་སྐྱེ་གནས་བར་མ་དོ། །དེ་སྣང་གྲགས་རིག་པ་སྒྱུ་མར་སྦྱང༌། །ཉིང་འཁྲུལ་རྨི་ལམ་གྱི་བར་མ་དོ། །ལམ་འོད་གསལ་བདེ་བ་ཆེན་པོར་དག །བདག་འཆི་བའི་སྣང་གསུམ་རང་ངོ་འཕྲོད། །དོན་ཆོས་སྐུའི་ཐུགས་དགོངས་རྟོགས་པ་དང༌། །ཆོས་ཉིད་ཀྱི་སྣང་བ་ལྷ་རུ་ཤར། །མཆོག་ལོངས་སྐུའི་སྤྲུལ་པས་འཁོར་འདས་ཁྱབ། །སྲིད་འགྲོ་བའི་འཁྲུལ་སྣང་དབྱིངས་སུ་དག །དོན་སྤྲུལ་སྐུ་མཚན་དཔེའི་དཀྱིལ་འཁོར་ཆེ། །ཕ་རྗེ་བཙུན་བླ་མའི་ཐུགས་རྗེའི་མཐུས། །དཔལ་སྐུ་ལྔ་ཡོངས་རྫོགས་ཧེ་རུ་ཀ །མཆོག་སྲིད་ཞིའི་དྲྭ་བ་སྡོམ་པའི་དཔལ། །མགོན་བདེ་བ་ཆེ་དང་གཉིས་མེད་ཤོག །ཅེས་བར་དོའི་སྐབས་སོ། །དེ་ལྟར་དཔལ་འབའ་རོམ་པའི་ཆོས་དྲུག་གི་ཉམས་ལེན་སྐབས་གསལ་འདེབས་ཀྱི་ཚུལ་དུ་བརྒྱུད་པའི་གསོལ་
འདེབས་ཤིག་དགོས་ཞེས་སློབ་ཚོགས་ཐུན་མོང་གིས་བསྐུལ་ངོར། ༧ ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེངྒེས་གནས་མཆོག་སེངྒེ་རྫོང་གི་དབེན་གནས་ནས་སྨྲས་རིམ་བཞིན་རང་སློབ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་ཡི་གེར་བཏབ་པ་འདིས་ཀྱང་ངེས་པ་དོན་གྱི་བསྟན་པ་དར་བའི་རྒྱུར་གྱུར་ཅིག །ཤུབྷཾ།།

བཀའ་བརྒྱུད་བླ་མའི་གསོལ་འདེབས་བྱིན་རླབས་གཟི་འབར། སྐྱོ་བྲག་མི་འགྱུར་པ།

p. 10

༄༅། །བཀའ་བརྒྱུད་བླ་མའི་གསོལ་འདེབས་བྱིན་རླབས་གཟི་འབར་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། ཡེ་གྲོལ་ཡིན་ལུགས་མ་བཅོས་ཆོས་ཀྱི་སྐུ། །ཡང་གྲོལ་གཤིས་ལུགས་མ་བཅོས་ཆོས་ཀྱི་སྐུ། །ཡོངས་གྲོལ་གྲོལ་ལུགས་མ་བཅོས་ཆོས་ཀྱི་སྐུ། །ཟུང་འཇུག་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །གྲུབ་པའི་རིག་འཛིན་བྱེ་བའི་སྨན་ལྗོངས་སུ། །གྲུབ་པ་ཆེན་པོའི་ཟློས་གར་བྱེ་སྙེད་ཀྱིས། །གྲུབ་པའི་གྲགས་སྙན་རྒྱ་མཚོའི་རོལ་མོ་མཁན། །གྲུབ་པའི་དབང་ཕྱུག་རྗེ་བཙུན་ཏཻ་ལོ་པ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །མཁས་པའི་ཁྱུ་མཆོག་སྒོ་དྲུག་མཁས་པའི་དབུས། །མཁས་པའི་རོལ་རྩེད་བྱེ་བའི་ཟློས་གར་གྱིས། །མཁས་པའི་ཡིད་འཕྲོག་འཛམ་གླིང་བྱང་སྒོའི་བདག །མཁས་ཤིང་གྲུབ་བརྙེས་པཎ་ཆེན་ནཱ་རོ་ཏ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཨེ་ཡིག་སྟོང་ཆེན་དབྱིངས་ཀྱི་ལང་ཚོ་ལ། །ཝཾ་ཡིག་བདེ་ཆེན་རྡོ་རྗེ་རྗེས་

p. 11

ཆགས་པས། །ཟུང་འཇུག་རིགས་བརྒྱའི་དཀྱིལ་འཁོར་སྤྲོ་བསྡུའི་གར། །དགྱེས་མཛད་དངོས་བྱོན་མར་སྟོན་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཕག་མོའི་ངོ་བོ་ཨ་ཤད་ཙཎྜ་ལིས། །ཧྃ་ཡིག་བདེ་མཆོག་ཐིག་ལེ་བཞུས་པའི་འཁྲུལ། །ཟག་བྲལ་དགའ་བཞིའི་ཡེ་ཤེས་མཐར་ཕྱིན་པ། །གཏུམ་མོའི་བཀའ་བབས་གུང་ཐང་རས་པ་རྗེ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །སྣང་སྲིད་ལྷ་སྔགས་ཡེ་ཤེས་འཁོར་ལོ་རུ། །ཡེ་ནས་དག་པ་རྡོ་རྗེ་འཆང་གི་དམ། །མངོན་གྱུར་རྒྱུད་སྡེ་རྒྱ་མཚོའི་ཕ་མཐར་སོན། །བཤད་པའི་བཀའ་བབས་རྔོག་སྟོན་རྡོ་རྗེ་འཆང་། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཟག་བཅས་ཉམས་ཀྱི་ཆུ་འཛིན་ལས་གྲོལ་བའི། །ཟག་བྲལ་རང་བྱུང་ཡེ་ཤེས་ཉི་གཞོན་འབུམ། །ཉིན་མཚན་ཁོར་མོ་ཡུག་ཏུ་འཆར་བའི་མགོན། །འོད་གསལ་བཀའ་བབས་མཚུར་སྟོན་ལྷ་ཡི་ལྷ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །དྲི་བཅས་རྡོ་རྗེ་གསུམ་གྱི་ཁོངས་གསེང་ནས། །དྲི་བྲལ་སྐུ་གསུམ་དབྱེར་མེད་ཐིག་ལེ་ཆེ། །ཕཊ་ཀྱིས་དབྱིངས་སུ་སྤར་བའི་ཁྱད་ཆོས་ཅན། །འཕོ་བའི་བཀའ་བབས་མེས་སྟོན་འགྲོ་བའི་སྐྱབས། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །གཞི་ཡི་ཕྱག་ཆེན་མཐར་འཛིན་སྒྲོག་ལས་གྲོལ། །ལམ་གྱི་ཕྱག་ཆེན་ཞེན་འཛིན་སྒྲོག་ལས་གྲོལ། །འབྲས་བུའི་ཕྱག་ཆེན་སྒྲོ་སྐུར་སྒྲོག་ལས་གྲོལ། །ཟླ་བྲལ་བཀའ་ཕྱག་གཅིག་འདྲེས་སྒམ་པོ་པ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་

p. 12

དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །འཕོ་བཅས་གཟུང་དང་འཛིན་པའི་ཆ་ཤས་ཀུན། །འཕོ་བྲལ་དྷུ་ཏིའི་ཀློང་དུ་ཟླུམ་བཞིན་དུ། །ཟག་བྲལ་འོད་ལུས་དྭངས་མའི་རོལ་རྩེད་འབུམ། །མཁའ་ལ་སྤྱོད་པར་བསྒྱུར་མཁས་རས་ཆུང་པ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཀ་དག་ཆོས་སྐུ་འོད་སྣང་དཔག་མེད་མདངས། །ལྷུན་གྲུབ་ལོངས་སྐུ་མིག་མི་འཛུམ་གྱི་འཕྲུལ། །གང་འདུལ་སྤྲུལ་པའི་རོལ་གར་རྒྱ་མཚོའི་བདག །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་ཀ །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཟག་བཅས་རྩ་ཐིག་རླུང་དང་རྣམ་ཤེས་བཅས། །ཟག་བྲལ་གཞི་འབྲས་དབྱེར་མེད་ཕྱག་རྒྱ་ཆེའི། །ཡེ་ཤེས་ཆེན་པོའི་ཀློང་དུ་འུབ་ཆུབ་ནས། །ཟུང་འཇུག་ཡེ་ཤེས་སྐུ་བརྙེས་རྡོ་རྗེ་རྒྱལ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །ཡེ་ནས་གཤིས་ཀྱི་མཁའ་དབྱིངས་ཡངས་པ་རུ། །ཡེ་གྲོལ་རིག་པའི་ཁྱུང་གི་གཤོག་རྩལ་གྱིས། །ས་ལམ་གཅིག་ཆར་བགྲོད་པའི་ཁྱད་ཆོས་ཅན། །ཟླ་བྲལ་ཆོས་ཀྱི་རྒྱལ་པོ་འབའ་རོམ་པ། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །བློ་འདས་ཆོས་ཀྱི་སྐུ་ཡི་དགོངས་པ་ལས། །ནམ་ཡང་གཡོ་བ་མེད་བཞིན་གཟུགས་སྐུའི་གར། །རིས་མེད་སྲིད་ཞིའི་ཞིང་ཁམས་རྒྱ་མཚོ་རུ། །སྒྱུར་བའི་མཁན་པོ་སྐྱེ་མེད་བླ་མ་ཞང་། །གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །གཞན་ཡང་འབྲི་སྟག་ཁྲོ་གླིང་སྨར་ཡེལ་དང་། །གཡའ་ཤུག་དང་བཅས་ཆེ་བཞི་ཆུང་བརྒྱད་སོགས། །སྒྲུབ་བརྒྱུད་ནོར་བུའི་ཕྲེང་བ་མ་ལུས་པར། །

p. 13

གསོལ་བ་འདེབས་སོ་ཡེ་ཤེས་ཀློང་ནས་གཟིགས། །ཁྱེད་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །སྣང་སྲིད་བླ་མའི་དཀྱིལ་འཁོར་རབ་འབྱམས་ལ། །ཟང་ཐལ་རྒྱ་ཡན་ཆེན་པོར་ཕྱག་འཚལ་ལོ། །དྲི་མེད་རང་སངས་རྗེན་པའི་མཆོད་པ་འབུལ། །རེ་དོགས་གཉིས་འཛིན་འཁྲུལ་ཆ་མཐོལ་ཞིང་བཤགས། །ཟག་བྲལ་ཡེ་རྫོགས་ཆེན་པོར་རྗེས་ཡི་རང་། །སྣང་སྲིད་སྐུ་གསུམ་རོལ་པའི་ཆོས་འཁོར་བསྐོར། །བསལ་བཞག་བྲལ་བའི་ཀློང་དུ་རྟག་བཞུགས་གསོལ། །འཁོར་འདས་ཡོངས་གྲོལ་ཆོས་སྐུའི་ངང་དུ་བསྔོ། །འཁོར་བ་དོང་སྤྲུགས་འགྲོ་དོན་མཐར་ཕྱིན་ཤོག །བཀའ་བརྒྱུད་བླ་མའི་རྡོ་རྗེའི་གསང་གསུམ་དང་། །རེ་བཅས་གདུལ་བྱ་རྒྱ་མཚོའི་སྒོ་གསུམ་པོ། །ཐིག་ལེ་ཟླུམ་པོ་ཆོས་སྐུའི་ཀློང་ཡངས་སུ། །དབྱེར་མེད་མངོན་སངས་རྒྱས་པའི་བཀའ་དྲིན་སྩོལ། །ཐིག་ལེ་ཉག་གཅིག་ཆོས་སྐུའི་ཀློང་ཆེན་ནས། །ཚོགས་རྗེ་དཔལ་ལྡན་བླ་མའི་སྐུར་བཞེངས་ནས། །དགོངས་བརྒྱུད་བྱིན་རླབས་བཙན་ཐབས་འབེབས་པ་དང་། །མ་རིག་འཁྲུལ་པའི་གྲོང་ཁྱེར་ད་ཤིགས་ཤིག །མདོར་ན་དམ་པ་ཁྱེད་རྣམས་ཐུགས་རྗེ་ཡིས། །སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར། །ལུས་སྲོག་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི། །ཕྱི་ནང་བདུད་དགྲའི་གཡུལ་ལས་རྟག་རྒྱལ་ཞིང་། །ཚེ་བསོད་དབང་ཐང་རླུང་རྟ་སྙན་གྲགས་དང་། །ཆོས་ནོར་འདོད་པ་ཐར་པའི་སྡེ་བཞི་དང་། །ལེགས་ལམ་དགེ་ཞིང་ཤིས་པའི་དཔལ་བཅུ་དང་། །ལུང་དང་རྟོགས་པའི་ཆོས་ཀྱིས་ཕྱུག་པ་སོགས། །སྲིད་དང་ཞི་བའི་དཔལ་འབྱོར་མ་ལུས་པ། །གེགས་མེད་ཆོས་ལྡན་ཡིད་བཞིན་འགྲུབ་པ་དང་། །བདེ་ནས་བདེ་བ་རྣམ་མཁྱེན་ལམ་བཟང་ལ། །བརྟེན་ནས་རྣམ་གྲོལ་ཐར་པའི་གྲོང་ཁྱེར་དུ། །ས་དང་ལམ་གྱི་རིམ་པ་མ་ལུས་ཀུན། །མྱུར་དུ་བགྲོད་ནས་མངོན་པར་སངས་རྒྱས་ཤོག །ཁྱད་པར་རིག་འཛིན་རྩ་བརྒྱུད་བླ་མ་ཡི། །

p. 14

དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་དབུས་སུ། །ཞུགས་ནས་འཁོར་འདས་ཡོངས་གྲོལ་ཕྱག་རྒྱ་ཆེ། །མངོན་གྱུར་ཚེ་འདི་ཉིད་ལ་སངས་རྒྱས་ཤོག །འདིས་མཚོན་འཁོར་འདས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་པ་མེད་པའི་དགེ་རྩ་ཀུན། །རང་རིག་ཐིག་ལེ་ཉག་གཅིག་ཀློང་ཡངས་ནས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ། །ཟག་མེད་ཡེ་ཤེས་ཆེན་པོའི་ཀློང་ཡངས་སུ། །བཞེས་ནས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །ཉམས་ཆག་སྡིག་སྒྲིབ་ཐུགས་རྗེའི་ཐབས་མཁས་ཀྱིས། །སྦྱངས་ནས་དབང་བཞིའི་བྱིན་རླབས་མྱུར་དུ་ཕོབས། །རྩ་བའི་ཕ་མ་གཉིས་པོས་ཐོག་དྲངས་པའི། །མུ་མཐའ་བྲལ་བའི་འགྲོ་བ་ཡོངས་ལ་བསྔོ། །དགེ་བས་མ་རིག་འཁྲུལ་རྟོག་རང་སངས་ནས། །རང་རིག་ཡེ་ཤེས་བཙན་ས་ཟིན་པར་ཤོག །དེ་ལྟར་མ་གྱུར་གནས་སྐབས་ཐམས་ཅད་དུ། །ངན་སོང་གསུམ་སོགས་མི་ཁོམ་གནས་བརྒྱད་ལས། །རིང་དུ་འདས་ནས་མཐོ་རིས་མི་ཡི་ལུས། །ཐོབ་ནས་མཚན་ཉིད་མ་ཚང་མེད་པ་ཡི། །དགེ་བའི་བཤེས་གཉེན་བཟང་པོ་དང་འཕྲད་ནས། །ཅི་གསུང་བཀའ་བསྒྲུབ་དམ་ཚིག་སྡོམ་པ་ལས། །ནམ་ཡང་འདའ་བ་མེད་པའི་གོ་ཆ་ཡིས། །འབྲལ་མེད་ཉིན་མཚན་ཀུན་ཏུ་ཉམས་ལེན་ཤོག །དེ་ཡི་མཐུ་ལས་མདོ་སྔགས་སོ་སོ་ཡི། །ས་དང་ལམ་གྱི་རིམ་པ་མྱུར་བགྲོད་ནས། །ཚོགས་གཉིས་ཟུང་འཇུག་དོན་གཉིས་མཐར་ཕྱིན་ནས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་དབྱུང་ཤོག །དུས་དང་གནས་སྐབས་མ་ལུས་ཐམས་ཅད་དུ། །ནད་མཚོན་མུ་གེ་དུས་ཀྱི་འཚུབས་འགྱུར་སོགས། །བསྐལ་བ་ངན་པའི་རྒུད་པ་ཀུན་ཞི་ཞིང་། །ཚེ་རིང་ནད་མེད་ཆོས་ནོར་ཕྱུག་པ་སོགས། །སྲིད་དང་ཞི་བའི་འབྱོར་པ་རབ་རྒྱས་ནས། །དགེ་ལེགས་དཔལ་གྱི་འབྱོར་པས་མཛེས་གྱུར་ཅིག །ངོ་བོ་ཆོས་ཉིད་ཀ་ནས་དག་སྟོབས་དང་། །
རང་བཞིན་རང་གསལ་ལྷུན་གྱིས་གྲུབ་སྟོབས་དང་། །ཐུགས་རྗེ་མ་འགག་ཅིར་ཡང་སྣང་སྟོབས་ཀྱིས། །ཇི་སྐད་གསོལ་དང་སྨོན་འབྲས་འགྲུབ་གྱུར་ཅིག །ཅེས་པ་འདིའང་ཀུན་ཏུ་རྒྱུ་སྐྱོ་བྲག་མི་འགྱུར་པས་སྨྲས་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །སརྦ་དཱ་མངྒ་ལ།ཾ།

བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག །མར་པ་ཆོས་ཀྱི་བློ་གྲོས།

p. 15

༄༅། །བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག་བཞུགས་སོ། །
༄༅༅། །རྒྱ་གར་སྐད་དུ། ཨཱ་ཧ་པྲ་མ་ཎ་སམྱཀྣཱ་མ་ཌཱ་ཀི་ནཱི་ཨུ་པ་དེ་ཤ། བོད་སྐད་དུ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག །དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །གང་ཟག་བློ་ཡི་ཁྱད་པར་གྱིས། །རིམ་གྱིས་པ་དང་གཅིག་ཅར་པ། །རིམ་གྱིས་པ་ཡི་སྨན་ཆེན་འདི། །གཅིག་ཅར་པ་ཡི་དུག་ཏུ་འགྱུར། །གཅིག་ཅར་པ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེས་ན་སྦྱངས་པའི་འཕྲོ་ཅན་ལ། །གཅིག་ཅར་པ་ནི་བསྟན་པར་བྱ། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་ཀྱི་གནས་ལུགས་སོ། །ལུས་ཀྱི་གནས་ལུགས་བསྟན་པ་ནི། །རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །འོད་གསལ་པ་ལས་སྟོང་པ་ཆེ། །དེ་ལས་ཐབས་ཤེས་སྣ་ཚོགས་འབྱུང༌། །མངོན་པར་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་རླུང་དང་བྱང་ཆུབ་སེམས། །སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཐབས་དང་ཤེས་རབ་བདག་ཉིད་ཅན། །ཨེ་ཝྃ་ལུས་ཀྱི་ལྟེ་བར་གནས། །དེ་ཉིད་ལུས་

p. 16

གནས་ཡེ་ཤེས་ཆེ། །རྣམ་རྟོག་ཀུན་སྤངས་དེ་ཉིད་འགྲུབ། །དཀྱིལ་འཁོར་འཁོར་ལོ་ལས་དང་ནི། །ཡེ་ཤེས་ཕྱག་རྒྱའི་རྣམ་རྟོག་བྲལ། །མི་མནོ་མི་བསམ་མི་དཔྱད་ཅིང༌། །མི་བསྒོམས་མི་སེམས་རང་བབས་གཞག །ཇི་ལྟར་ས་བོན་དེ་བཞིན་ཤིང༌། །ཤིང་ཇི་ལྟ་བ་དེ་བཞིན་འབྲས། །འཇིག་རྟེན་ཀུན་ལ་འདི་མཐོང་བས། །འདི་ཉིད་རྟེན་ཅིང་འབྲེལ་འབྱུང་ངོ༌། །ལམ་ནི་སྨིན་གྲོལ་གཉིས་སུ་བཤད། །བླ་མས་བསྟན་པའི་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །རྡོ་རྗེ་འཆང་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པའོ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །དང་པོ་བཞི་སྟེ་ཡང་ན་དྲུག །མངོན་བྱང་ལྔ་སྟེ་བསྡུས་པའི་དོན། །ལུས་དབེན་སྔགས་དང་སེམས་གསུམ་གྱི། །སྒྱུ་མ་མངོན་པར་བྱང་ཆུབ་པས། །ཟུང་འཇུག་རིམ་པ་ཤེས་པར་འགྱུར། །ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཅེས་བྱ་འོད་གསལ་ཉིད། །རྒྱུ་དང་སྒོམ་པ་ཐོབ་བྱ་དང༌། །དེ་བཞིན་བཞི་པ་ལྷུན་གྱིས་གྲུབ། །བསྙེན་པ་ཉེར་སྒྲུབ་བསྒྲུབ་པ་དང༌། །སྒྲུབ་ཆེན་ངོ་བོ་ཁྱད་པར་དུ། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རིམ་གཉིས་བརྒྱད་དུ་བསྟན་པ་སྟེ། །གཏུམ་མོ་ལས་ཀྱི་ཕྱག་རྒྱ་དང༌། །སྒྱུ་མ་རྨི་ལམ་འོད་གསལ་དང༌། །བར་དོ་འཕོ་བ་གྲོང་འཇུག་གོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱིས་ནས་རྣམ་པ་གསུམ་དུ་འགྱུར། །གཏུམ་མོའི་རྣལ་འབྱོར་རྒྱུ་ཡིན་ཏེ། །འདི་ལ་གནད་ནི་རྣམ་པ་ལྔ། །ལུས་རླུང་རྩ་དུས་ཡུལ་ལྔའོ། །ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང༌། །སྒལ་ཚིགས་རིན་ཆེན་རྩར་ལ་རྒྱུས། །མཐོངས་ཁ་རྒྱུན་དུ་ཡངས་པ་དང༌། །སྟེང་སྒོ་ཤིན་ཏུ་སྤ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་བཞག་ཕྱག་རྒྱ་

p. 17

ལྟེ་འོག་བརྩིར། །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེའུ་མིག་བཞིན་བསྣོལ་བར་བྱ། །རླུང་ལ་སྦྱོར་བ་བཞི་ལྡན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང༌། །འཕང་བར་བྱ་དང་རྣམ་པ་བཞི། །ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང༌། །རྒྱ་མདུད་བཞིན་དུ་བསྡམས་ནས་སུ། །མདའ་ལྟར་གྱེན་དུ་འཕང་བར་བྱ། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །རེ་ཙ་ཀ་ཡིས་ལྷུང་བར་བྱེད། །ཀུམྦྷ་ཀ་ཡིས་དབང་དུ་བྱེད། །པཱུ་ར་ཀ་ཡིས་ཀུན་ནས་འགུགས། །ཞི་བ་ཡིས་ནི་རིངས་པར་བྱེད། །གཙུག་ཏོར་ལས་ནི་ཐིག་ལེ་ཉིད། །མེ་ཡིས་ཞུ་བ་ཉིད་ཀྱིས་ལྟུང༌། །བདེ་བ་ཆེན་པོའི་ཏིང་འཛིན་གནས། །སྟོང་ཉིད་ལྟ་སྟངས་ལྟུང་བར་བྱ། །བུམ་པ་ཅན་གྱི་འཁོར་ལོར་སོན། །དཔལ་བ་ཞེས་བྱར་རབ་ཏུ་བསྒྲགས། །རྡོ་རྗེ་པདྨར་ཏིང་འཛིན་བརྟན། །ཁམས་གསུམ་པོ་ནི་དབང་དུ་བྱེད། །སྙིང་ག་ཕྱོགས་སུ་དག་པས་འགུགས། །མ་རུངས་ལས་ཅན་དེ་རྣམས་ཀུན། །ཧེ་རུ་ཀཿདཔལ་རང་བཞིན་ཕྱིར། །རྟག་ཏུ་ལྟ་ངན་གཞོམ་བར་བྱ། །ཞི་པས་རེངས་པ་ནོར་བུའི་མཐའ། །རྒྱལ་བའི་གཟུགས་བརྙན་རྣམ་པར་བསྒོམ། །མཆོག་ཏུ་མི་འགྱུར་རྟོགས་གྱུར་པ། །དེ་ནི་མཉམ་ཉིད་མི་གཡོར་གསུངས། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགངས་པ་རིས་ནི་རེངས་པ་དང༌། །ཞི་བ་ཡིས་ནི་ཞི་བར་འགྱུར། །མཉམ་པར་མ་རུངས་དཔྲལ་བ་ཅན། །དྷཱུ་ཏིར་ཚུད་ན་རྒྱུན་མི་འབབ། །དགང་བ་ཡིས་ནི་ལུས་བཀང་ནས། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱིས་སྒོ་བཅིངས་ན། །སྒོ་ཡི་བུ་ག་དག་པར་འགྱུར། །འཐོར་བ་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བས་ཞི་བར་འགྱུར། །ཡང་ན་ཨོག་ཀོས་ཨོལ་མདུད་མནན། །ཡང་ན་

p. 18

མཇིང་པ་ལྟག་པ་མནན། །གཡས་ནས་རྒྱུ་ན་གཡས་རྩ་མནན། །གཡོན་ནས་རྒྱུ་ན་གཡོན་རྩ་མནན། །དོན་ལ་ནུ་མ་གཅུད་ལ་བོར། །སེང་གེ་རྣམ་རོལ་ཕྱག་རྒྱ་ནི། །རྣལ་འབྱོར་པ་ཡིས་བཅིངས་ནས་སུ། །རྟག་ཏུ་སྲོག་དང་རྩོལ་བ་བྱ། །ཕོ་རླུང་འདུལ་ཞིང་མོ་རླུང་སྦྱངས། །མ་ནིང་རླུང་ལ་རྒྱུན་དུ་བཟླ། །བརྗོད་དང་དམིགས་པར་བཅས་པ་དང༌། །བརྡར་གྱུར་དང་ནི་དོན་དམ་མོ། །ཚིག་གི་བརྗོད་པ་ཐུན་མོང་སྟེ། །དམིགས་པར་བཅས་པ་སངས་རྒྱས་དངོས། །སྔགས་ཀྱི་དེ་ཉིད་བརྡ་རུ་བཤད། །དོན་དམ་དེ་བཞིན་ཉིད་ཡིན་ནོ། །སྲོག་ནི་རྒྱུན་མི་ཆད་གྱུར་སྤྲོ། །ཨ་ཝ་དྷཱུ་ཏིའི་གནས་སོན་བཟླ། །རྩ་ཡིག་ནང་ནི་འདི་ལྟ་སྟེ། །སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། །རྒྱུ་མ་ལྟ་བུའི་ལུས་བསྒོམས་ཏེ། །དུས་མེ་སྒྲ་གཅན་དེ་ནས་ཉི། །རི་བོང་ཅན་མས་མཚན་པའི་དབུས། །ཕུག་ནས་གཙུག་ཏོར་དུ་སོན་པ། །དེ་ནི་ཨ་བ་དྷཱུ་ཏིའི་རྩ། །རྐྱང་མ་རོ་མ་དང་སྦྱར་བ། །གདུགས་དང་ཤིང་རྟ་ལྟར་གནས་པའི། །འཁོར་ལོ་བཞི་དང་བཅས་པ་སྒོམས། །དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་པ། །ཐ་མལ་དུས་དང་རྣམ་པ་བཞིར། །སེམས་ནི་འཁོར་ལོས་སྒྱུར་རྒྱལ་འདྲ། །ཡུལ་གྱི་གནད་ནི་གསུམ་ཡིན་ཏེ། །ཕྱི་རོལ་དཀར་དམར་རྣམ་པ་ཅན། །རིག་མ་མཚན་ལྡན་གྲོགས་སུ་གཅེས། །གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། །ནང་གི་འཁོར་ལོ་བཞིར་གཏད་དེ། །སྲོག་རྩོལ་སྦྱར་བའི་སྦྱོར་བ་ཡིས། །ལྟེ་བའི་ཨ་ལས་མེ་སྦར་ཏེ། །འཁོར་ལོ་བཞི་བསྲེག་རྩ་ཁ་འབྱེད། །མེ་ལྕེ་ཧཾ་ལས་རེག་པ་ཡིས། །ནམ་མཁའི་བ་ནི་རིམ་བཞིན་བཞོ། །བྱང་ཆུབ་སེམས་ཀྱིས་རྩ་རྣམས་འགེངས། །ཨ་ལ་བབས་ཤིང་ཐིགས་མ་ཆད། །བདེ་སྟོང་དབྱེར་མེད་དོན་ལ་གཟུང༌། །འབྱུང་བ་རོ་སྙོམས་མ་ཤེས་ན། །བསྒོམས་ཀྱང་རྟོགས་པ་མི་འབྱུང་ངོ༌། །བཅོས་ཐབས་བགྲང་གིས་མི་ལོངས་ཀྱང༌། །སྟོང་པའི་

p. 19

གོ་ཆ་རྩིས་སུ་ཆེ། །ལུས་ནི་འགྲུབ་པར་གྱུར་བ་ན། །རྟགས་ནི་རྣམ་པ་སྣ་ཚོགས་འབྱུང༌། །ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེག་ཅིང༌། །སྤྱན་ལ་སོགས་པ་ཡང་སྲེག་སྟེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཨེ་ཝཾ་བཞི་ཡི་བསམ་གཏན་བྱ། །ལྟེ་བ་སྤྲུལ་སྐུར་དགའ་བཞི་བསྐྱེད། །ལྷ་ཡི་རྣལ་འབྱོར་དུས་སུ་ནི། །སྐྲ་ཡི་རྩེ་མོའི་ཁྱོན་ཙམ་གྱིས། །འོད་ཟེར་གློག་སྟོང་འཁྱུག་པ་བཞིན། །བ་སྤུའི་ཁུང་བུའི་ཕྱོགས་མཚམས་ནས། །བྱུང་སྟེ་ཕྱོགས་བཅུར་གནས་པ་ཡིས། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་མན་ངག་གནས། །ཐབས་དང་བཅས་ན་ཤིན་ཏུ་འབར། །ལྟེ་བར་ཆུ་ཤིང་སྙིང་པོ་གནས། །སྙིང་གར་ཡང་ནི་བསྒྲེངས་ཏེ་གནས། །རྟག་ཏུ་སྟོང་བའི་སྒོ་ཡིན་ཏེ། །མཁས་པས་རྒྱུན་དུ་བཟློག་པར་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །ངག་གི་ལམ་ནས་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྟོང་པའི་སྙིང་པོ་མཚོན་པ་ལས། །ཆུ་ཤིང་སྙེ་མའི་བདུད་རྩི་བཞིན། །ལྟེ་བ་ཆུ་བོ་མཚམས་འཁོར་ལོ། །གྲུ་གསུམ་དཀར་ཞིང་དམར་བ་ལ། །ཐིག་ལེ་ཁ་དོག་ལྔ་བསམ་སྟེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །སྲོག་འགོག་པ་དང་ལྡན་བྱས་པས། །སྐད་ཅིག་ཉིད་ལ་འབར་འགྱུར་ཏེ། །འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །དེ་ལས་འབྲས་བུ་འཆར་བ་ལ། །ཐུན་མོང་དང་ནི་ཁྱད་པར་དང༌། །མཆོག་དང་རྣམ་པ་གསུམ་ཡིན་ནོ། །ཐུན་མོང་རིམ་པ་བསྟན་པ་ནི། །རླུང་ནི་ཟིན་པར་གྱུར་པ་ཡིས། །དང་པོ་དྲོ་བ་ལྟ་བུ་འབྱུང༌། །གཉིས་པ་བདེ་བ་འཆར་བ་དང༌། །གསུམ་པ་མི་རྟོག་སྐྱེ་བར་འགྱུར། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག །དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །སྐྱ་རེངས་ཤར་བ་ཇི་བཞིན་དང༌། །ནམ་མཁའ་སྤྲིན་དག་ལྟ་བུ་

p. 20

འབྱུང༌། །དུལ་ཞིང་བརྟན་པ་ས་ཡི་རླུང༌། །འཁར་གཞོང་ནང་དུ་ཆུ་བླུག་བཞིན། །འཇམ་ཉལ་བྱེད་ན་ཆུ་ཡི་རླུང༌། །ཚ་ཞིང་འཐིབས་པ་མེ་ཡི་རླུང༌། །རྩེན་ཞིང་མགྱོགས་པ་རླུང་གི་རླུང༌། །གསལ་ཞིང་ཡང་བ་ནམ་མཁའི་རླུང༌། །ལས་སུ་རུང་བའི་རྟགས་ལྔ་འོ། །སྲོག་རྩོལ་གནད་དུ་ཚུད་པ་ཡིས། །གཡས་གཡོན་འཕོ་དང་བྱེ་བྲག་ཕྱེད། །ཚོར་བ་བདེ་དང་རང་འདོད་དུ། །བསྡམ་དང་ཕྱི་ནང་བསྲེ་བར་ནུས། །ནང་གི་ཚ་གྲང་འདྲེས་པའི་རྟགས། །འདུ་བ་རྣམ་བཞིས་གནོད་མི་ཚུགས། །མི་སྣང་ས་འོག་ནམ་མཁར་རྒྱུ། །རྐང་མགྱོགས་དེ་བཞིན་བཅུད་ཀྱིས་ལེན། །མཁའ་འགྲོ་མ་རྣམས་ཁྱད་པར་དུ། །སྐད་ཅིག་དེ་ལ་སྦྱོར་བསྐྱེད་དེ། །འབྱུང་བཞི་གཅིག་ལ་གཅིག་ཐིམ་ནས། །ཙཎྜཱ་ལི་ནི་ཤུགས་ཀྱིས་འབར། །ཆུ་ཤེལ་ངེས་པར་འབེབ་པ་གང༌། །གསང་བའི་འཁོར་ལོ་དེ་ནས་བགྲོད། །འདི་ནི་ཤུགས་ཆེན་དུ་གསུངས་སོ། །ཁྱད་པར་རིམ་པ་བསྟན་པ་ནི། །དེ་ཡི་རྐྱེན་གྱིས་དྷཱུ་ཏི་རུ། །རླུང་རྣམས་ཚུད་པར་གྱུར་པ་ཡིས། །སྲོག་ཐུར་གོང་བུར་གྱུར་པའི་མེས། །ཐིག་ལེའི་ཚོགས་པ་གསང་བར་འགོག །ཐིག་ལེའི་གཟུགས་ཀྱིས་འཛག་པ་ཡིས། །བདུད་རྩི་ཁུ་བའི་གཟུགས་ཅན་ནི། །ཐིག་ལེའི་རྣལ་འབྱོར་ཞེས་བཤད་དོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་མཐར་འཆང་བ། །ནཱ་དའི་རྣལ་འབྱོར་ཞེས་བྱར་དྲན། །འདིས་ནི་ནད་འཕྲོག་ཚེ་སྤེལ་བ། །ཁྱད་པར་རྟགས་ལྔ་ཡོན་ཏན་བརྒྱད། །མཁའ་ལ་སྤྱོད་དང་ཕྲ་སོགས་སྟེར། །མཆོག་གི་རིམ་པ་བསྟན་པ་ནི། །ཉི་མ་དང་ནི་ཟླ་བའི་རླུང༌། །འཕོ་མེད་དྷཱུ་ཏིའི་ཁྱིམ་དུ་ཐིམ། །ཡིད་ཀྱི་གཡོ་བ་གཟུང་འཛིན་གཉིས། །སྤྲོས་དང་བྲལ་བར་རབ་ཏུ་ཞི། །མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །ཟག་པ་མེད་པའི་ཏིང་འཛིན་གནས། །ཕྱི་རོལ་ཡུལ་གྱིས་རྟག་མ་ཐུབ། །སྣང་བ་ཧད་བོར་

p. 21

འཆར་བར་ངེས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཀུན་ཏུ་འོད་ནི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་པ་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །དེས་ཀྱང་བསྒོམ་སྐྱོང་མ་བྱུང་ཞིང༌། །ཏིང་འཛིན་བརྟན་པར་མ་གྱུར་ན། །ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལས། །ལམ་ལྔ་འབྲས་བུ་ཐོབ་པར་བྱ། །སྦྱོར་ཐབས་མི་ཤེས་རྣལ་འབྱོར་དང༌། །སྟན་ཡང་གཅིག་ལ་མི་བསྡད་དེ། །གལ་ཏེ་བརྒྱ་ལ་བསྡད་གྱུར་ན། །ཤི་ནས་མནར་མེད་དམྱལ་བར་སྐྱེ། །འདོད་ཆགས་ལ་སོགས་ཤ་མ་ལི། །ཡར་ལ་བཤལ་ཞིང་མར་ལ་འདྲུད། །དེ་ཕྱིར་སྦྱོར་ཐབས་མཁས་པས་བསྟེན། །བསྟན་པ་སྨོད་པས་འཇིགས་པ་ན། །རང་སེམས་ཙམ་ལ་མོས་པ་བྱ། །པདྨ་ཅན་དང་དུང་ཅན་མ། །རི་མོ་ཅན་དང་རི་དྭགས་ཅན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང༌། །དམངས་རིགས་གདོལ་པ་ལ་

p. 22

སོགས་དང༌། །མ་དང་སྲིང་མོ་བུ་མོ་ཡང༌། །ཁྱད་པར་ཅན་གྱིས་བསྟེན་གྱུར་ན། །ཡོན་ཏན་འབྱུང་གི་སྐྱོན་དུ་མིན། །བཅུ་གཅིག་མ་དང་བཅུ་གཉིས་མ། །བཅུ་དྲུག་མ་དང་ཉི་ཤུ་མ། །ཉི་ཤུ་བཞི་ལོན་བར་དུ་བསྟེན། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །མེ་ཏོག་རབ་སོང་སྦས་པ་ཡིས། །དེ་འོག་རྡུལ་གྱི་སྦྱོར་བས་ནི། །རྒྱལ་པོ་དང་ནི་བློན་པོ་དང༌། །གཞོན་ནུ་མ་ཡང་དབང་དུ་འགྱུར། །མི་སྣང་བ་ཡི་ལས་བྱ་སྟེ། །བྱི་ལ་ནག་མོའི་ཤ་མ་ནི། །ཁམ་ཕོར་ཁ་སྦྱར་ནང་དུ་སྐམས། །བགེགས་བསྐྲད་པ་ཡི་ཆོ་ག་བྱ། །དེ་ལྟར་གྲིབ་སྐམ་བྱས་པའི་རྫས། །ཕྱེ་མར་བཏགས་ཏེ་རང་ཉིད་ཀྱི། །མི་བསྐྱོད་པ་དང་རབ་སྦྱར་ནས། །སྲན་མ་ཙམ་གྱི་རིལ་བུ་བྱ། །རིལ་བུ་ལྕགས་གསུམ་གྱིས་དཀྲིས་ནས། །ཁ་ཡི་ནང་དུ་གཞུག་པར་བྱ། །ཀུན་ཏུ་རུ་ཡི་སྐབས་སུ་ནི། །བུས་པའི་སྨན་ཡང་ལག་ཏུ་བཅང༌། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །དེ་དང་དབེན་པའི་གནས་ཉིད་དུ། །ཉམ་ང་མེད་པའི་སྤྱོད་པ་བྱ། །དབབ་པ་སྒྲུབ་པའི་བྱེ་བྲག་གིས། །གསང་ལ་སྦྱོར་བའི་དུས་ཙ་ན། །བལྟ་དང་འཛུམ་དང་འཁྱུད་དང་རྒོད། །དེ་ལ་རྩེད་མོ་སྣ་ཚོགས་བྱ། །དེ་ནི་ཚོགས་ཀྱི་ལམ་དུ་འདོད། །ཨེ་ཝཾ་གཅིག་ཏུ་སྦྱར་བྱས་པས། །རྣམ་པ་སྣ་ཚོགས་སྦྱོར་བའི་ལམ། །རྩེ་མོ་ཡུན་རིང་དྲུད་པ་ལས། །རྣམ་པར་སྨིན་པ་མཐོང་བའི་ལམ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དེ་ལ་མ་ཡེངས་སྒོམ་པའི་ལམ། །དགག་བསྒྲུབ་མེད་པར་ངོ་འཕྲོད་པས། །མཐར་ཐུག་ལམ་དུ་འདོད་པ་ཡིན། །བསྒོམས་ན་སངས་རྒྱས་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་བ་ཡིན། །གཟུང་བ་འཁྲུལ་འཁོར་མན་ངག་དང༌། །ཟངས་ཚགས་ཅན་དང་ཏིང་འཛིན་ནོ། །ཟློག་པ་དུད་འགྲོའི་འགྱུར་བཞི་ལ། །སྦྱོར་པ་དྲུག་དང་བཞི་ལྡན་སྦྱར། །འགྲེམས་པ་རྣམ་རོལ་ཕྱག་རྒྱ་དང༌། །

p. 23

གཟེར་ཆེན་དག་གི་མན་ངག་གོ། །དེ་ནས་རྩ་ཡི་ནང་ཉིད་དུ། །གཡོན་པའི་སྲིན་ལག་ས་ལ་ནི། །དྲག་ཏུ་བཙུགས་ནས་ལུས་ལྕིད་ཕབ། །ཡང་ན་ལག་པ་གཉིས་ཀྱང་རུང༌། །རླུང་དང་བསྲེ་བའི་མན་ངག་ནི། །སྟེང་རླུང་མནན་ཞིང་འོག་རླུང་བསྡམ། །དཔེར་ན་ནོར་བུ་རིན་ཆེན་དག ། །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྦྱིན་པ་འོ། །ཤེལ་དང་མཚུངས་པའི་སེམས་ལ་ནི། །སྦྱོར་བས་ཡུལ་ལ་འཇུག་པ་སྟེ། །འཁོར་བའི་སྐྱོན་གྱིས་གོས་པ་ཡིན། །སྐྱོན་དང་ཡོན་ཏན་སེམས་ལ་མེད། །འདི་ལ་སྤང་བ་གཉིས་ཡོད་དེ། །ཡོན་ཏན་མེད་ན་སྤང་བ་དང༌། །ཁྱད་པར་འཕགས་ནས་སྤང་བ་འོ། །ཁྱད་པར་ཡོན་ཏན་ཅན་གྱིས་ཀྱང༌། །ཤེས་པ་སྐྱོན་པ་བསྟེན་ཀྱང་རུང༌། །འགའ་དང་འགའ་ཡི་སྤྱོད་ཡུལ་ལས། །ཀུན་གྱི་སྤྱོད་ཡུལ་འདི་མ་ཡིན། །ཕྱི་དང་ནང་དུ་རྣམ་བྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །རྣམ་པར་སྨིན་པའི་སྒྱུ་ལུས་དང༌། །དག་པ་ལྷ་ཡི་སྒྱུ་ལུས་དང༌། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང༌། །མེ་ལོང་ལྟ་བུའི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །མིག་ཡོར་གློག་དང་སྨིག་རྒྱུ་དང༌། །བྲག་ཆ་དྲི་ཟའི་གྲོང་ཁྱེར་དང༌། །རྨི་ལམ་སྒྱུ་མ་ཆུ་སྦུར་དང༌། །མིག་འཕྲུལ་མཚུངས་པར་གང་གིས་མཐོང༌། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འགྲོ་བ་སྒྱུ་མ་ཇི་བཞིན་བརྟགས། །མེ་ལོང་དྲི་མ་མེད་པ་ལས། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། །གཟུགས་བརྙན་གསལ་བར་སྣང་མཚུངས་པས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བྱ། །འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། །ཡན་ལག་དྲུག་སྒོམ་དེ་ལ་ནི། །སླར་

p. 24

ཡང་བྱིན་གྱིས་བརླབ་བྱ་ཡིན། །རྗེས་མཐུན་ཆོ་གའི་རིམ་པ་འདིས། །ཕྱིས་ནས་མཚན་མ་མཚོན་པར་བྱ། །དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་འོ། །གསུམ་པ་སྲིན་བུ་མེ་ཁྱེར་དངོས། །བཞི་པ་མར་མེ་གསལ་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་ལྟ་བུ་འོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་དེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །རྣལ་འབྱོར་ལས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། །མིག་ལ་སོགས་པ་འཇུག་གྱུར་པ། །སྒྱུ་མ་ལྟ་བུར་ཉེ་བར་བརྟག །གང་གང་དབང་པོའི་ལམ་གྱུར་ཉིད། །དེ་དེའི་རང་བཞིན་ཉིད་ལས་གྲོལ། །དོན་དམ་ཉིད་ཕྱིར་སྦྱར་བ་ཡིས། །སངས་རྒྱས་ཀུན་གྱི་ངོ་བོ་འགྱུར། །ཕྱིས་ནས་སྒྱུ་མའི་རྣམ་པ་ལྟར། །རྨི་ལམ་རྣམ་པར་སྐད་ཅིག་འགྱུར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཀུན་ནས་ཕྱག་དང་ཀུན་ནས་ཞབས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཀུན་ཏུ་ཐམས་ཅད་གཡོགས་ནས་བཞུགས། །རྡོ་རྗེ་ཐེག་པ་འདི་ཉིད་དུ། །མང་དུ་བཤད་པས་སྨོས་ཅི་དགོས། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག་པའི་སེམས་ཉིད་ལ། །འཁྲུལ་པ་ལོག་པ་རབ་ཏུ་གསུངས། །དོན་བཞིས་ཉམས་སུ་བླང་བར་བྱ། །དང་པོ་རྨི་ལམ་གཟུང་བ་དང༌། །དེ་ནས་སྦྱང་ཞིང་སྒྱུ་མར་བསླབ། །དེ་ཚེ་ཡ་ང་སྤང་བ་དང༌། །ཁོ་ན་ཉིད་དོན་སྒོམ་པ་འོ། །དང་པོ་གཟུང་བའི་མན་ངག་ནི། །དྲན་དང་འདུན་པས་མཚམས་སྦྱར་ཏེ། །རྣམ་ཤེས་སྲོག་ནི་འདུ་བའི་རྟེན། །མགྲིན་པར་སྔགས་ཀྱི་འཁོར་ལོ་

p. 25

བསྒོམ། །སླར་ཡང་རླུང་དང་ཤེས་སྦྱར་ནས། །ཐིག་ལེ་བཏིང་དང་བགོ་བར་བྱ། །དེ་ནས་སྦྱངས་པའི་མན་ངག་ནི། །ངོ་མཚར་ཅན་གྱི་རྨི་ལམ་གང༌། །རྨི་བར་བྱའོ་སྙམས་པའི་བློས། །དཔེར་ན་རྨི་ལམ་བུད་མེད་སྣང༌། །སད་ནས་བུད་མེད་མང་པོར་སྤྲོ། །དེར་ཤེས་པ་ཡིས་དབང་གིས་སུ། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །གསུམ་པ་སྒྱུ་མར་བསླབ་པ་ནི། །བདག་མེད་མ་ཡི་རྣམ་པར་བསྒོམ། །དེ་ཡི་སྤྲུལ་པ་རྣམ་མང་པོས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། །ཁེངས་པར་གྱུར་པ་རབ་བལྟས་ན། །དེ་བཞིན་དུ་ནི་འགྱུར་བ་ཡིན། །ཆོས་རྣམས་རྨི་ལམ་ལྟར་ཤེས་ནས། །སེམས་ཅན་དོན་དུ་རབ་ཏུ་འཇུག །སྒྱུ་མ་ལྟ་བུར་ལམ་ཁྱེར་བས། །སྒྱུ་མ་ལྟ་བུར་འཚང་ཡང་རྒྱ། །དེ་དག་འཆི་བའི་དུས་བྱུང་ཡང༌། །བར་དོ་ངོ་ནི་ཤེས་པར་འགྱུར། །ཁོ་ན་ཉིད་དོན་སྒོམ་པ་ནི། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དེ་མ་མེད་མཐོང་ན། །རྨི་ལམ་སྒྱུ་མ་གཅིག་ཏུ་སྦྱངས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་བླ་མེད་འགྲུབ་པར་འགྱུར། །འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུ་རབ་ཤེས་བྱ། །རང་བཞིན་སྤྲིན་དང་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང༌། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་ཏེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ནི་འཇུག་པར་འགྱུར། །དེ་ཉིད་འཆར་བའི་དུས་ལྔ་སྟེ། །འཆི་བའི་དུས་དང་གཉིད་ལོག་དང༌། །མཉམ་པར་བཞག་དང་དབུ་མར་གནས། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་དུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་

p. 26

པ་རང་ལུས་ཉིད། །འོད་གསལ་མར་མེ་ལྟ་བུ་ཡིན། །བླ་མའི་ཞལ་གྱིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །སྟོང་ཉིད་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །སྟོང་པ་ཆེ་ལ་མཉམ་པར་གཞག །བསམ་གཏན་འདི་ནི་རྣམ་དག་མིན། །དེ་ཉིད་རིག་ལ་གང་གིས་གནས། །ཡེ་ཤེས་གསུམ་ནི་རྣམ་དག་དེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་སོ། །འོད་གསལ་བར་ནི་གཉིད་ལོག་ན། །ཞག་ནི་དུ་མར་མཚམས་བཅད་ནས། །གཉིད་མི་ཉལ་བར་སེམས་ཀྱི་སང༌། །དེ་ནས་ཁྲུས་དང་བྱུག་པ་དང༌། །བསྐུ་མཉེའི་སྦྱོར་བ་ལ་འབད་ཅིང༌། །མཐུན་པའི་ཟས་དག་བསྟེན་པར་བྱ། །དེ་ནས་ཉལ་བར་གྱུར་བ་ན། །སྙིང་གི་པདྨོ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། །ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །རིལ་པོར་འཛིན་པའི་རིམ་པ་དང༌། །དེ་བཞིན་རྗེས་སུ་གཞིག་པས་སོ། །འོད་གསལ་མངོན་དུ་གྱུར་པ་ན། །སོར་བཞི་གཅིག་ཏུ་གྱུར་པའི་ཤེས། །སྒྱུ་མའི་རླུང་ལྡན་ཟུང་འཇུག་འཆར། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །མཐོང་བའི་ཆོས་ལ་མྱ་ངན་འདའ། །བྱ་བ་བྱས་པའང་དེ་ཉིད་ཡིན། །འཆི་བ་སྟོང་པ་ཆོས་སྐུ་ལ། །བར་མ་དོ་ནི་ལོངས་སྤྱོད་རྫོགས། །སྲིད་པར་སྐྱེ་བ་སྤྲུལ་པའི་སྐུ། །སྐྱེ་བའི་ཆ་ནི་ཐབས་ཡིན་ལ། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །དང་པོ་སྣང་བ་གསུམ་གྱིས་ནི། །ཐིམ་པའི་འོད་གསལ་ངོས་བཟུང་བ། །གཉིས་པ་དག་དང་མ་

p. 27

དག་པས། །སྒྱུ་མ་ལྟ་བུའི་སྒོ་ནས་ནི། །བར་མ་དོར་ནི་འཚང་རྒྱའི་ཐབས། །གསུམ་པ་མངལ་སྒོ་དགག་པ་དང༌། །གང་འདོད་མངལ་སྒོ་གདམ་པའོ། །དེ་ལ་སྐྱེ་ཤི་བར་དོ་རུ། །བསྒོམ་སྟེ་སངས་རྒྱས་གཏུམ་མོ་དང༌། །སྒྱུ་མའི་ལུས་ལ་བསླབ་པར་བྱ། །དེ་ལ་གོམས་པར་གྱུར་པ་དང༌། །རྨི་ལམ་སྒྱུ་ལུས་གཉིས་བསྲེས་ལ། །རྨི་ལམ་བར་དོ་སྦྱང་བར་བྱ། །རྨི་ལམ་སྒྱུ་ལུས་འབྱོངས་པ་དང༌། །འཆི་ཀ་དུས་ཀྱི་བར་དོ་རུ། །འོད་གསལ་པ་དང་འདྲེས་པ་ལས། །སྒྱུ་ལུས་རིལ་འཛིན་རྗེས་གཞིག་གི །བག་ཆགས་ཐམས་ཅད་བསྲེག་པའི་ཕྱིར། །འོད་གསལ་མེ་ཡིས་སྦྱངས་ནས་ནི། །ཟུང་དུ་འཇུག་པའི་སྐུར་སངས་རྒྱས། །རིམ་གྱིས་འཇུག་པའི་གང་ཟག་གི །ཤེས་པ་སྐྱེ་ལུགས་འདི་ལྟ་སྟེ། །སྣང་བ་ཐིམ་དང་རགས་པ་ཐིམ། །རྟོག་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་དང༌། །རང་བཞིན་གྱི་ནི་འོད་གསལ་འཆར། །དེ་ཡི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་ནི་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །གང་དུ་བསྟན་པ་དེ་དག་ཀྱང༌། །རྒྱས་པར་བཤད་ན་འདི་ལྟ་སྟེ། །དང་པོ་ལུང་རིགས་མན་ངག་གིས། །རྒྱུད་ལ་རྟོགས་པ་ཤར་ཙ་ན། །སྣང་བ་འགག་ལུགས་བསྟན་པ་ནི། །གཟུགས་ནི་སྒྲ་ལ་ཐིམ་པར་འགྱུར། །སྒྲ་ཡང་དྲི་ལ་དྲི་ཡང་རོ། །རེག་བྱའི་བར་དུ་རིམ་གྱིས་ཐིམ། །ས་དང་ཆུ་དང་མེ་དང་རླུང༌། །དེ་རྣམས་རིམ་གྱིས་རྣམ་ཤེས་ལ། །རྣམ་ཤེས་སྣང་བ་ལ་ཐིམ་ཚེ། །ཕྱི་རྟགས་ཟླ་ཤར་ལྟ་བུ་ལ། །ནང་རྟགས་དུ་བ་ལྟ་བུ་འབྱུང༌། །སྣང་བ་དེ་ཉིད་མཆེད་པ་ལ། །ཐིམ་ཚེ་ཕྱི་རྟགས་ཉི་ཤར་འདྲ། །ཤེས་པ་མེ་ཁྱེར་ལྟ་བུར་འབྱུང༌། །མཆེད་པ་ཐོབ་པ་ལ་ཐིམ་པས། །ཕྱི་རྟགས་མུན་པ་ལྟ་བུ་འབྱུང༌། །ཤེས་པ་མར་མེ་ལྟ་བུར་འཆར། །ཐོབ་པ་འོད་གསལ་ལ་ཐིམ་པས། །ཕྱི་རྟགས་ཐོ་རེངས་དུས་ཚོད་

p. 28

ཀྱི། །སྐྱ་རེངས་ཤར་བ་ལྟ་བུ་འབྱུང༌། །ནང་གི་ཤེས་པ་ནམ་མཁའ་ནི། །སྤྲིན་དག་འདྲ་བ་འཆར་བའོ། །འོད་གསལ་དེ་ལས་ལངས་པ་ཡི། །ཟུང་འཇུག་ངོས་ནི་གཟུང་བྱ་སྟེ། །མངོན་པར་བྱང་ཆུབ་འོད་གསལ་མེས། །བག་ཆགས་ཐམས་ཅད་སྦྱོང་དུས་སུ། །སློབ་པའི་ཟུང་འཇུག་ཅེས་བྱ་འོ། །སྦྱང་གཞི་སྦྱོང་བྱེད་མེད་ཙ་ན། །གོམས་པ་མཐར་ཕྱིན་གྱུར་བ་སྟེ། །མི་སློབ་ཟུང་འཇུག་ཅེས་བྱ་འོ། །འབྲས་བུ་ཐོབ་པར་གྱུར་པ་ཡིན། །དེ་ལས་སྲིད་པའི་བར་མ་དོར། །སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བོ། །དེ་ལ་གོམས་པས་མངལ་སྒོ་ཁེགས། །གལ་ཏེ་ཟུང་འཇུག་མ་ཤེས་ན། །སྲིད་པའི་སྐྱེ་བ་མི་ཁེགས་པས། །ཆགས་སྡང་སྣང་བ་ཀུན་སྤངས་ལ། །དྲན་པའི་སྤྱན་པས་མཚམས་སྦྱར་ཏེ། །མངལ་སྒོ་གདམ་པའི་སྦྱོར་བ་པ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། །འཕོ་བའི་བྱེ་བྲག་ཤིན་ཏུ་མང༌། །སྦྱངས་ཏེ་འཕོ་དང་ཏིང་འཛིན་དང༌། །སྲོག་དང་རྩོལ་བས་འཕོ་བ་དང༌། །རྣམ་ཤེས་བླ་མར་འཕོ་བ་དང༌། །བཙན་ཐབས་དག་ཏུ་འཕོ་བ་དང༌། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང༌། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང༌། །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང༌། །སྤྲུལ་པ་སྐུ་ཡི་འཕོ་བ་དང༌། །ཡིད་འོང་ཌཱ་ཀིའི་འཕོ་བའོ། །དེ་དག་ཐམས་ཅད་རོ་གཅིག་པར། །སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། །པུས་མོ་སྐོར་ཞིང་ས་གོལ་བརྡབ། །བརྒྱ་དང་རྩ་བརྒྱད་ཟིན་པའི་ཚད། །སྙིང་གར་ཟིན་ནས་ལྐོད་མར་གཟུང༌། །དབུགས་ནི་ངལ་བར་གྱུར་པ་ན། །སྣ་སྒོར་ཆ་མཉམ་ངལ་གསོ་བྱ། །རང་འདོད་དབུ་མར་ཟིན་པ་ན། །བདེ་བའི་འཁོར་ལོ་དྲང་བྱ་སྟེ། །བུམ་པ་སྔོན་དུ་བརྩམས་ནས་ནི། །ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །གཞུང་ཚིགས་ནང་ཡར་པདྨ་ཡི། །

p. 29

འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ །ཡར་བཟློག་མར་བཟློག་ས་བོན་གྱི། །སྦྱང་བ་ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་པ་བདེ་བ་ཅན་དུ་གཏད། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །རིམས་ལ་སོགས་པ་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་པས། །འཆི་བའི་དུས་ལ་བབ་པ་ན། །མཚན་མ་ཤེས་པར་བྱ་བ་སྟེ། །ལམ་བཟང་པོ་ལ་ཡིད་འོངས་གནས། །ལམ་ངན་གྱིས་ནི་སྲིད་པ་སྐྱོན། །ཐིག་ལེ་ལྟེ་བ་སྟེང་དང་ནི། །མིག་སྣ་སྲིད་སྒོ་རྣ་བ་དང༌། །ཆུ་དང་ཆུ་མིན་སྒོ་མཚན་ཉིད། །ལྟེ་བ་ལས་ནི་འདོད་ཁམས་ལྷ། །ཐིག་ལེའི་གཟུགས་ཅན་མཐོ་རིས་ཏེ། །སྟེང་ནས་འགྲོ་བ་སྟེང་གི་ནི། །འགྲོ་བ་དག་ཏུ་རབ་ཏུ་བརྟག །སྣ་ནས་གནོད་སྦྱིན་གནས་སུ་སྟེ། །རྣ་བ་དག་གིས་གྲུབ་པའི་ལྷ། །གལ་ཏེ་མིག་ལས་ཡེ་ཤེས་འཕོས། །མི་རྣམས་ཀྱི་ནི་བདག་པོར་འགྱུར། །སྲིད་པའི་སྒོ་ལས་ཡི་དྭགས་དང༌། །དེ་བཞིན་ཆུ་ལས་དུད་འགྲོ་སྟེ། །ཆུ་མིན་གྱིས་ནི་དམྱལ་བ་བརྒྱད། །འདི་ལྟའི་སྒོ་ཡི་ཁྱད་པར་ལས། །འཁོར་བའི་བྱེ་བྲག་ཏུ་འགྱུར་བས། །ཚངས་པའི་གནས་ནས་འཕོ་བར་བྱ། །ཉིན་རེ་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ཡི་བྱེད་པ་དང༌། །རྐུ་དང་འདོད་པས་ལོག་སྤྱོད་རྣམས། །འདི་ཡིས་ལམ་གྱིས་ཁེགས་པར་འགྱུར། །སྡིག་གིས་གོས་པར་མི་འགྱུར་ཏེ། །སྲིད་པའི་དངོས་པོ་རིང་བར་འགྱུར། །ཇི་ལྟར་འདམ་ནས་སྐྱེས་པ་ཡི། །པདྨའི་འདབ་ནི་མཛེས་པར་འགྱུར། །དེ་བཞིན་འདམ་འདྲའི་ལུས་དག་ལས། །ཡེ་ཤེས་སྐུ་ནི་རང་དགར་འབྱུང༌། །རྡོ་རྗེ་དྲིལ་བུ་མི་ལྡན་པའི། །རྡོ་རྗེའི་བསྒྲུབ་པར་རིང་བར་འགྱུར། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །སྦྱངས་ནས་ཕ་རོལ་བརྒལ་བར་འགྱུར། །མཚན་མོ་ཟླ་བ་མེད་པ་ཡི། །ཉིན་མོ་ཟླ་བ་ཇི་ལྟར་སྣང༌། །རྣལ་འབྱོར་

p. 30

པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་དཔལ་སོགས་རྣལ་འབྱོར་མ། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང༌། །རོལ་མོའི་སྒྲ་ནི་སྣ་ཚོགས་དང༌། །སྣ་ཚོགས་གླུ་ཡིས་མཆོད་པ་ཡིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །གྲོང་དུ་འཇུག་པ་བཤད་པར་བྱ། །བསྐྱེད་པའི་རིམ་པའི་འཕོ་བ་ལས། །བྱེ་བྲག་གསལ་བར་བསྟན་པ་སྟེ། །དང་པོ་སྔོན་འགྲོ་སྦྱངས་ནས་སུ། །དངོས་གཞི་དམིགས་པ་གསལ་བའི་ཚེ། །སེམས་ཅན་རྨ་མེད་དག་ལ་ཡང༌། །རླུང་སེམས་རྩལ་ནི་སྦྱང་བར་བྱ། །དང་པོ་ཁྲུ་གང་བར་ཁྲུ་གསུམ། །ཐ་མ་ཁྲུ་བདུན་ས་ཡིན་ཏེ། །དམིགས་པ་རྣོ་ལ་ངར་ལྡན་པས། །སྟེང་འོག་སྦོ་བར་ནུས་པ་ཡིས། །རྣལ་འབྱོར་པས་ནི་འགྲུབ་པར་གསུངས། །ལས་ལ་སྦྱར་བའི་དུས་ཚོད་དུ། །དམ་ཚིག་ལྡན་པའི་གྲོགས་མཆོག་གཅེས། །རྒན་པོ་མ་ཡིན་རྨ་མེད་ཅིང༌། །མཛེ་དང་ཤུ་ཅན་ལ་སོགས་སྤང༌། །ཤིན་ཏུ་མཉམ་པར་བཞག་པ་ཡིས། །འབྱུང་པོའི་ཉི་མ་ལ་བསྒྲུབ་བྱ། །བདུད་རྩི་ལྔ་ཡི་ཁྱད་པར་དང༌། །ལྷ་ཡི་ཆུ་ཡིས་བཀྲུ་བར་བྱེད། །མཎྜལ་གྲུ་བཞི་བྱས་ནས་ནི། །དེ་དབུས་འབད་པས་གྲུ་གསུམ་བྱ། །དཀྱིལ་འཁོར་སྟེང་དུ་ཐོད་པ་ནི། །མཚན་ལྡན་གཅིག་ལ་ཧཱུྃ་བྲིས་ཏེ། །དེ་ལ་ཤེས་པ་གཏད་པ་དང༌། །གསལ་ཞིང་དྭངས་ལ་ཡང་བ་ཡི། །རིག་པ་བདེ་བ་སྐྱེ་བར་འགྱུར། །རླུང་དང་རྣམ་པར་ཤེས་པ་དང༌། །ཕྱི་རོལ་ལྷ་དང་རང་ཉིད་བསྲེ། །ལུས་བརྗེས་སེམས་ཅན་དོན་བྱ་འོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་ནས་ནི། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་ནས་ཉོན་མོངས་དང་རྣམ་བྱང༌། །དོན་དམ་ཉིད་དུ་ཤེས་ནས་སུ། །གང་གིས་གཅིག་ཏུ་སྤྱོད་གྱུར་པ། །དེ་ཡིས་ཟུང་འཇུག་ཤེས་པ་འོ། །དངོས་པོ་རྣམ་བཅས་

p. 31

ཀུན་རྟོག་དང༌། །དངོས་པོ་མེད་པར་རྟོག་པ་དང༌། །གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །བསྐྱེད་པའི་རིམ་པ་འདི་གཅིག་ཡིན། །གཞན་ཡང་རྫོགས་པའི་རིམ་པ་དག །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །རིལ་བོར་འཛིན་དང་རྗེས་གཞིག་དང༌། །འཇུག་དང་དེ་བཞིན་གནས་པ་དང༌། །དེ་ནས་གང་དུ་ལྡང་གྱུར་པ། །མཉམ་གྱུར་ཟུང་དུ་འཇུག་པ་འོ། །དེ་ཉིད་ཤེས་པའི་རིམ་ཤེས་ནས། །བདག་བྱིན་རླབས་དང་འོད་གསལ་བ། །དེ་ཉིད་ལ་ནི་འདུས་པ་གང༌། །ཟུང་དུ་འཇུག་པའི་རིམ་པ་འོ། །ཆགས་དང་ཆགས་བྲལ་ལས་གྲོལ་ཞིང༌། །མཆོག་ཏུ་དགའ་བའི་ལུས་པ་ལྡན། །འཁོར་བ་སྲིད་དུ་གནས་བྱེད་པ། །ཟུང་དུ་འཇུག་པར་བསྒོམ་པ་འོ། །ཐབས་དང་ཤེས་རབ་སྙོམས་འཇུག་པས། །ཐམས་ཅད་བསྡུས་ནས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །སྟོང་ཉིད་སྙིང་རྗེ་གཅིག་པ་ནི། །ཤེས་ནས་གང་དུ་སྤྱོད་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །གང་དུ་ལྷག་མར་བཅས་པ་དང༌། །དེ་བཞིན་ལྷག་མ་མེད་པ་ཞེས། །འདི་ལྟའི་རྟོག་པ་མེད་གྱུར་ན། །དེ་ནི་ཟུང་དུ་འཇུག་པ་འོ། །གང་དུ་གང་ཟག་བདག་མེད་པ། །ཆོས་ལ་བདག་མེད་པ་དག་གི། །རྟོག་པ་གཉིས་ལས་རྣམ་གྲོལ་བ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །རྟག་དང་ཆད་པའི་བློ་དང་ནི། །གང་ཞིག་སྤངས་ནས་རབ་གནས་པའི། །ཟུང་དུ་འཇུག་པའི་རིམ་པ་ནི། །དེ་ཉིད་ཤེས་ན་མཁས་པ་ཡིན། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོ་འཆར་ནི་ཤེས་ནས་སུ། །གང་དུ་ཡང་དག་ངེས་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །དྲན་དང་དྲན་མིན་ལས་གྲོལ་ཞིང༌། །རྟགས་འབྱུང་བ་ཡི་མཚན་

p. 32

ཉིད་ཅན། །རྣལ་འབྱོར་པ་ནི་འདི་བཞིན་སྤྱོད། །ཟུང་འཇུག་རིམ་པ་གནས་པ་འོ། །གཟུགས་ཕྲ་རེག་ན་ཡང་བ་དང༌། །ཁྱབ་དང་ཡང་དག་ཐོབ་པ་དང༌། །རབ་ཏུ་སྣང་དང་བརྟན་པ་དང༌། །དབང་སྒྱུར་འདོད་དགུར་སྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། །དྲུག་ནི་ལམ་ཡིན་གཉིས་པོ་ནི། །གཞན་དོན་ཤུགས་ལས་འབྱུང་བ་ཡིན། །གཉིད་ལོག་པ་དང་སད་པ་སྟེ། །གནས་སྐབས་གཉིས་པོ་སྤངས་པ་ནི། །གཉིད་ལོག་པ་དང་རྣམ་བྲལ་བ། །ཟུང་འཇུག་ཡིན་བར་སྟོན་པས་གསུངས། །བྱ་བ་དང་ནི་བྱེད་པ་དག །མི་ཕྱེད་པ་ཡི་ངོ་བོ་ཉིད། །གནས་ནས་རྣལ་འབྱོར་པས་ཤེས་པ། །ཟུང་དུ་འཇུག་པ་དེ་བཤད་དོ། །མཉམ་པར་བཞག་དང་མ་བཞག་དང༌། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །སྐུ་དང་གསུང་གི་དབང་ཕྱུག་དང༌། །ཐུགས་དང་རྫུལ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་སྐྱེད་དང་ཡོན་ཏན་རྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། །སེམས་ཅན་དང་པོའི་ལས་ཅན་ལ། །རིམ་གྱིས་པ་འདི་བསྟན་པར་བྱ། །དང་པོ་ཉོན་མོངས་འདུལ་བ་ནི། ཁམས་ཀྱིས་རབ་ཏུ་དབྱེ་བར་བྱ། །ཕུང་པོའི་ཞིག་རལ་བསྒོམ་པར་བྱ། །བསྐྱེད་རིམ་གཞུང་ལས་ཤེས་པར་བྱ། །ངག་དབེན་པ་དང་རླུང་སྒོམ་པ། །བླ་མའི་ཞལ་ལས་ཤེས་པར་བྱ། །སེམས་ལ་དམིགས་པའི་མན་ངག་ནི། །བདེ་བ་ཆེན་པོའི་མན་ངག་གོ །བླ་མའི་ཞལ་གྱིས་རྟོགས་པར་བྱ། །ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་ལས་ཤེས། །གཏུམ་མོ་འོད་གསལ་སྦྱང་བ་ལ། །སྒྱུ་མ་ལྟ་བུའི་ལུས་བསྒོམ་པ། །སློབ་པ་དང་ནི་མི་སློབ་གཉིས། །སློབ་པ་ལ་ཡང་གཉིས་ཡིན་ཏེ། །མངོན་པར་རྟོགས་པའི་རིམ་པ་དང༌། །རང་ཉིད་ལྷག་པར་གནས་པ་འོ། །མངོན་པར་རྟོགས་པའི་རིམ་པ་ལ། །གསང་བའི་དབང་གི་

p. 33

དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །རང་ཉིད་ལྷག་པར་གནས་པ་ལ། །འཕོ་དང་གྲོང་དུ་འཇུག་པ་དང༌། །རྨི་ལམ་བར་དོ་རྣམ་པ་བཞི། །གོང་དུ་འཕོ་བ་རྣམ་གསུམ་སྟེ། །བསྐྱེད་པའི་རིམ་པའི་ཚུལ་དང་ནི། །སྒྱུ་མ་དངོས་དང་འོད་གསལ་ལོ། །བསྐྱེད་པའི་རིམ་པའི་ཚུལ་ལ་ནི། །ཀྵུཾ་ལ་སོགས་པའི་ཡི་གེ་ཡིས། །བུ་ག་དག་ཀྱང་དགག་བྱ་སྟེ། །རང་གི་སེམས་ནི་ལྷ་ཡི་སྐུ། །འཇའ་ཚོན་ལྟ་བུར་བསྒོམ་པ་འང༌། །ཡང་ན་ཧཱུྃ་ལ་བསྡུ་བྱ་སྟེ། །ཚངས་པའི་བུ་ག་དག་ཏུ་འདོན། །འོག་མིན་གནས་སུ་ཡང་དང་ཡང༌། །རྒྱུན་མི་འཆད་པར་གནས་པར་བྱ། །དེ་ལྟར་གོམས་པ་བརྟན་གྱུར་ན། །དུས་ཀྱི་རྟགས་རྣམས་ཤེས་བྱ་སྟེ། །འཕོ་ཀར་ཤེས་པ་གནས་སུ་བསྐྱལ། །དེ་ལྟར་བྱས་པས་འཕོ་བར་འགྱུར། །སྒྱུ་མ་དངོས་ཀྱི་འཕོ་བ་ནི། །འོག་ནས་འབྱུང་བའི་རྨི་ལམ་ལ། །གོམས་པར་བྱ་སྟེ་སུམ་ཅུ་ནི། །རྩ་གསུམ་གནས་སུ་འཕོ་བར་བྱ། །དེ་རུ་སྔར་ནི་གང་བསྒོམས་པར། །གོམས་པས་ཁྲིད་དེ་བསྒོམས་གྱུར་ན། །བདེ་སྟོང་སྐྱེ་བའི་གནད་ཡིན་པས། །མི་རྟོག་ཡེ་ཤེས་ཐོབ་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །སྔགས་པའི་འགྲོ་ས་མཆོག་ཡིན་ཏེ། །མཚན་ཉིད་པ་ནི་ལྟུང་བར་འགྱུར། །འོད་གསལ་བ་ཡི་འཕྲོ་བ་ནི། །འཕོ་བའི་དུས་ནི་ཤེས་བྱས་ཏེ། །མི་རྟོག་པ་ལ་སེམས་གནས་ནས། །ལུས་ཀྱི་རྩོལ་བ་དག་གིས་ནི། །འོད་གསལ་བར་ནི་གཞུག་བྱ་སྟེ། །བར་དོར་མྱ་ངན་འདའ་བ་ཡིན། །བསླབས་ནས་འཕོ་བ་དེ་རྣམས་ཡིན། །འོད་གསལ་བ་ལ་སེམས་གནས་ན། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ། །མ་བསླབས་པར་ཡང་འཕོ་བ་ཡོད། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ནི་གང་ལའང་མི་སློབ་སྟེ། །གཉིས་མེད་རྟོགས་པ་

p. 34

མཐར་ཕྱིན་པ། །སྐུ་བཞི་རོ་མཉམ་འགྱུར་བ་འོ། །དེ་ལ་གྲོང་དུ་འཇུག་པ་ནི། །མདུན་དུ་དམིགས་པ་གསལ་བྱས་ལ། །དབུགས་དང་ཤེས་པ་འཐོན་པར་གཏད། །དེ་ལ་དམིགས་པ་བྱང་པ་དང༌། །དམིགས་པ་ཇེ་གསལ་ཇེ་གསལ་འགྱུར། །དེ་ལ་ཡུན་དུ་གོམས་བྱས་ནས། །རང་གི་ཕུང་པོ་དོར་བྱ་སྟེ། །བསོད་ནམས་ཅན་གྱི་ལུས་བླངས་ནས། །སེམས་ཅན་དོན་ནི་མ་ལུས་བྱ། །རྨི་ལམ་ལ་ཡང་རྣམ་ལྔ་སྟེ། །དྲན་དང་སྒྱུ་མར་ཤེས་པ་དང༌། །དཔྱད་དང་གོམས་པར་འཁྲིད་པ་དང༌། །གོང་དུ་འཕོ་བར་ཤེས་པར་བྱ། །དྲན་པ་ཤེས་བྱའི་སྒོ་ལ་ནི། །གཉིད་མ་ལོག་པའི་དུས་སུ་ཡང༌། །འདུན་པ་དག་ནི་མངོན་བཏང་ནས། །ལོག་ཀ་མ་ཡི་ཤེས་པ་ནི། །དྲན་པས་ཡང་དང་ཡང་དགུག་ལ། །དགུག་པས་ལོག་རེ་ལན་རེ་བཞིན། །རབ་རིབ་སད་དུས་འབྱུང་བར་འགྱུར། །དེ་ལྟར་དྲན་པ་བརྟན་གྱུར་ནས། །སྒྱུ་མ་དག་ཏུ་ཤེས་བྱ་སྟེ། །མ་ལོག་པ་ཡི་དུས་སུ་ཡང༌། །སྣང་སྲིད་སྒྱུ་མར་ཤེས་བྱ་འོ། །སྒྱུ་མ་དངོས་ནི་རྨི་ལམ་ཡིན། །སྒྱུ་མ་ལྟ་བུར་ཤེས་བྱ་སྟེ། །འདི་ཉིད་སྒྱུ་མར་མ་ཤེས་པས། །བར་དོ་སྒྱུ་མར་མ་ཤེས་ནས། །བར་དོའི་སྲིད་པས་མི་ཁེགས་པས། །སྐྱེ་བ་ཡང་དང་ཡང་བླངས་ཏེ། །ཁམས་གསུམ་འཁོར་བར་འཁྱམས་པ་ཡིན། །དེ་ལྟར་རྨི་ལམ་དངོས་དག་ལ། །བློ་ནི་འཇུག་ཏུ་མ་བཏུབ་ན། །སྔོན་དུ་འགྲོ་བ་དག་བྱ་སྟེ། །མ་ལོག་པ་ཡི་དུས་སུ་ཡང༌། །སྣང་སྲིད་སྒྱུ་མར་ཤེས་པར་བྱ། །བསྐྱེད་པའི་རིམ་པའི་རྟགས་བརྟན་དང༌། །འདུ་འཛི་ཤིན་ཏུ་ཉུང་བ་དང༌། །སྔར་གྱི་གོམས་པར་ཁྲིད་པ་དང༌། །མོས་པ་ཤིན་ཏུ་དྲགས་པ་དང༌། །དགུག་པའི་དུས་དག་ཤེས་པ་འོ། །གཉིད་མ་ལོག་པའི་དུས་སུ་ཡང༌། །དྲན་པ་དེ་ཉིད་སྒྱུ་མ་རུ། །ཤེས་བྱ་སྙམ་པ་སྔོན་བཏང་ལ། །ནན་ཏན་དུ་ནི་བསྒོམ་པར་བྱ། །དེ་ལྟར་དུ་ནི་གོམས་པ་དང༌། །ཕན་ཚུན་དག་ཏུ་ཕྱིན་པ་དང༌། །ངལ་དུབ་དག་ནི་འོང་བ་

p. 35

དང༌། །འགྲངས་ལྟོག་དག་ནི་འོང་བ་དང༌། །ཆོ་འཕྲུལ་དག་ནི་སྟོན་པ་དང༌། །དེ་ལ་སོགས་པའི་མཚན་མ་རྣམས། །མ་ལོག་པ་ཡི་དུས་སུ་ཡང༌། །གོམས་པར་བྱས་པའི་བག་ཆགས་ཀྱིས། །ལོག་ཀ་མ་ཡི་དུས་སུ་ནི། །མཚན་མོའི་དྲན་པ་དེ་རྙེད་ལ། །བག་མི་ཚ་བར་དཔྱད་པར་བྱ། །དེ་ལྟར་སྒྱུ་མར་ཡང་དང་ཡང༌། །ཉིན་མཚན་དག་ཏུ་བསམས་ནས་སུ། །སྒྱུ་མར་ཤེས་པའི་མཚན་མ་ནི། །ཡ་ང་བ་དང་བག་མི་ཚ། །སྤྲུལ་བསྒྱུར་ནུས་པ་དམ་དུམ་འབྱུང༌། །དེ་ལྟར་གོམས་པ་བརྟན་པར་བྱ། །དེ་ལྟར་བརྟན་པར་གྱུར་ནས་ནི། །འཕོ་བ་དག་ནི་བྱ་བར་བཤད། །གཉིད་མ་ལོག་པའི་དུས་སུ་ཡང༌། །སེམས་ནི་གང་དགར་བཏང་བ་དང༌། །འགྲོ་སར་སེམས་ནི་བཏང་བྱས་ནས། །ལོག་ཀ་མ་ཡི་དུས་སུ་ཡང༌། །དེ་རིང་བག་ཆགས་དྲན་བྱས་ཏེ། །དེ་ལྟར་རང་གི་རིག་པ་ཡིས། །དཔྱད་ཅིང་གང་ལྟར་བདེ་བར་འཕོ། །འཕོ་བར་བརྟན་པར་གྱུར་ནས་ནི། །སྒྱུ་མར་སྦྱངས་པའི་མཚན་ཉིད་ཀྱིས། །སྔར་གྱི་གོམས་པ་བགྱིད་པར་བྱ། །ལོག་ཀར་ཡང་དང་ཡང་དུ་བསྒོམ། །དེ་ལྟས་རྨི་ལམ་སྦྱང་དུས་སུ། །དམ་དུམ་བག་རེ་འབྱུང་བར་འགྱུར། །དེ་ལྟས་རྨི་ལམ་སྦྱོང་བ་ལ། །གང་ཡང་བཟང་ངན་མི་ལྟ་སྟེ། །རྟགས་མ་བྱུང་བར་ཟིན་པ་ཡོད། །རང་གི་རིག་པས་རྟོགས་བྱ་བ། །མ་རྟོགས་པ་ན་འབད་ཅིང་བརྟག །རྩོལ་བ་དག་ནི་བསྐྱེད་བྱས་ལ། །ཉེས་པ་ཚར་ནི་གཅད་པར་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །མོད་དུ་ཟིན་པ་དག་ཀྱང་ཡོད། །ལོངས་སྤྱོད་ལ་སོགས་རྒྱུད་སྦྱངས་པས། །ལོ་ཡིས་ཟིན་པ་དག་ཀྱང་ཡོད། །ཡེ་མ་ཟིན་པ་དག་ཀྱང་ཡོད། །དེ་ལྟར་ཡང་དང་ཡང་གོམས་པས། །རྨི་ལམ་བྱིན་གྱིས་རློབ་པ་ཡིན། །དེ་ཡིས་བར་དོ་རློབ་པར་འགྱུར། །གོང་མའི་རྨི་ལམ་གོམས་པ་ཡིས། །འཆི་གའི་ཤེས་པ་གསལ་བྱས་ཏེ། །འཆི་གའི་རྟགས་རྣམས་ཚང་བ་དང༌། །སྔར་གོམས་པ་ལ་སེམས་གཞག་

p. 36

སྟེ། །འོད་གསལ་བར་ནི་འཇུག་པར་བྱ། །འཆི་གར་གཉིད་མི་ལོག་པ་ན། །དྲན་པ་དག་ནི་སྔོན་བཏང་ནས། །ས་བོན་སྐྱེ་གནས་རིམ་ཁྱབ་པ། །གཞི་དང་ཁང་པ་ཉིད་དང་ནི། །ལས་ལ་སྦྱོར་བ་རང་ནུས་ལ། །རང་གི་ངོ་བོ་ཐིག་ལེར་བཅས། །བཅུ་གཉིས་མཐའ་ཡི་ཚིག་གི་དོན། །རང་གིས་རྟག་ཏུ་གོམས་གྱུར་ན། །དེས་ནི་དངོས་གྲུབ་བདེ་བ་ཡིས། །རྡོ་རྗེ་འཛིན་པར་རང་ཉིད་འགྱུར། །སྐྱེ་བ་སྔ་མའི་ལུས་བོར་ཡང༌། །སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །བར་དོ་དེ་ཡིས་མིག་སྔ་རུ། །ཐབས་དང་ཤེས་རབ་མཐོང་བ་ལ། །བླ་མ་དག་ཏུ་དམིགས་བྱས་ཏེ། །གསང་བའི་དབང་ནི་དྲན་བྱས་ནས། །མིག་སེར་ཞེ་སྡང་ཀུན་སྤངས་ཏེ། །བདེ་གསལ་མི་རྟོག་སྒོམ་པའམ། །ཡང་ན་སྔོན་དུ་གང་བསྒོམས་པའི། །གོམས་པ་ཁྲིད་དེ་བསྒོམ་པར་བྱ། །དུས་སུ་དྲན་པར་གྱུར་ནས་ནི། །དང་པོའི་སྲིད་པ་ཁེགས་པར་འགྱུར། །དེ་ནས་བདུན་ཕྲག་དྲུག་གི་བར། །གོང་མ་བཞིན་དུ་གོམས་བྱས་པས། །བཞི་བཅུ་རྩ་དགུ་འདས་པ་དང༌། །འཁོར་བའི་སྲིད་པ་ཁེགས་པ་ཡིན། །དེ་ལྟར་སྒྱུ་མར་གནས་པ་ལ། །འོད་གསལ་བ་ཡིས་སྦྱངས་བྱས་ཏེ། །འོད་གསལ་བར་ནི་འཇུག་པར་འགྱུར། །དཔལ་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་པ་གཙིགས་ཀྱི་རྒྱ་རིམ་པ་བདུན་གྱིས་བཏབ་པ་རྫོགས་སོ།། །བླ་མ་ཏིལླི་པས་འོག་མིན་གྱི་གནས་ནས་སྤྱན་དྲངས་པ་ཇོ་བོ་ནཱ་རོ་པ་དང༌། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། །

བདེ་མཆོག་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་། ནཱ་རོ་པ།

p. 37

༄༅། །བདེ་མཆོག་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། ཀརྞ་ཏནྟྲ་བཛྲ་པ་དཱ་ཀི་ནཱ་མ། བོད་སྐད་དུ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། ༈ །གདམས་པ་ཟབ་མོའི་གླིང་གཞི། ཨེ་མ་ཧོ། །སངས་རྒྱས་ཀུན་གྱི་ཡང་དག་གསང་བའི་མཆོག །ཡེ་ཤེས་རྒྱལ་པོ་ཐེག་པ་མཆོག་གི་ལམ། །ཚིག་ཏུ་བརྗོད་པ་ཀུན་དང་བྲལ་བའི་དོན། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །རྡོ་རྗེ་འཆང་ངས་སྐལ་ལྡན་དོན་དུ་བཤད། །གུས་བཏུད་ནས་ནི་ཡེ་ཤེས་མཁའ་འགྲོས་ཉོན། །༈ གདམས་པའི་སྔོན་འགྲོ། ཐོག་མར་བརྒྱུད་པ་ཡིད་བཞིན་ནོར་བུ། བསླབ་གསུམ་རྒྱན་ལྡན་ཉམས་མྱོང་བླ་མའི་མཆོག །དད་བརྩོན་ཤེས་རབ་སྙིང་རྗེ་སློབ་མ་འོ། །ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏང༌། །༈ དངོས་གཞི་སྨིན་བྱེད་དབང༌། གཉིས་པ་སྨིན་ལམ་ཡིད་བཞིན་ནོར་བུ། ཐོག་མར་འཁོར་ལོ་སྡོམ་པ་ལ་བརྟེན་ནས། །དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དབང་བཞི་བསྐུར། །ལྷ་མོ་བཅོ་ལྔ་དབང་བཞི་བརྡ་ཡིས་མཚོན། །སྨིན་པར་བྱས་ནས་གསུམ་པ་གྲོལ་ལམ་ཡིད་བཞིན་ནོར་བུ། ཐབས་ཤེས་ཟུང་དུ་སྦྲེལ། །༈ བུམ་དབང་ལམ་བསྐྱེད་རིམ། རྒྱལ་པོ་བློན་སོགས་རྣལ་འབྱོར་བདུན་ལ་འབད། །ཅེས་པ་རྒྱལ་པོ་ཆོས་ཉིད་མི་འགྱུར་བའི་གདམས་ངག་ཡབ་ཡུམ་གྱི་བསྐྱེད་རིམ་རྒྱས་འབྲིང་བསྡུས་པ། བློན་པོ་རིགས་གསུམ་ལས་བྱེད་བླ་མའི་རྣལ་འབྱོར།༡ དབང་༢བླང་བ། རྡོར་སེམས་བསྒོམ་བཟླས།༣ དམ་པ་ཕྲིན་ལས་མཐུན་སྦྱོར། ཟས་༡ གོས་༢ གཉིད་༣ བསྐོང་བ་༤ སྨྲ་བརྗོད་༥ ཁྲུས་༦ གཏོར་མ༧འོ། །བསྲེ་བར་རོ་སྙོམས་དམ་ཚིག་གསུམ་ལ་སྦྱར། །ཞེས་པ་བསྐྱེད་རིམ་སོགས་སྣང་བ་གདོད་ནས་སྐྱེ་མེད་སྟོང་པའི་རྩལ་དུ་ཤེས་པས་བསྲེ་བ། དེ་ལྟར་ཤེས་ནས་བསྒོམ་པ་རོ་སྙོམས། སྐུ་༡བུམ་དབང༌། གསུང་

p. 38

༢གསང་དབང༌། ཐུགས་༣ཤེར་དབང༌། བཞི་པའི་དམ་ཚིག་གོ ། ༈ གསང་དབང་ལམ་སྟེང་སྒོ་རྣམ་གྲོལ་ཆོས་དྲུག །གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང༌། །ལུས་གནད་བདུན་ལྡན་ལྷ་སྐུའི་སྟོང་ར་གནད། །དྷཱུ་ཏི་ལ་ལ་ར་ས་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྲོག་རྩོལ་ཐུར་སེལ་གཅུད། །རྡོ་རྗེ་བཟླས་པ་རྩ་བའི་རླུང་ལྔ་བསྒོམ། །ཟིན་དང་བརྟན་ནས་ཤེས་རབ་སྙོམས་པར་འཇུག །དགའ་བཞི་གོམས་པས་རྩ་རླུང་ཐིག་ལེ་འདྲེས། །དྷཱུ་ཏིར་རླུང་སེམས་ཆུད་པས་མི་རྟོག་པ། །ཉོན་མོངས་རང་ཞི་བདེ་གསལ་རྒྱུན་མི་འཆད། །ངོ་བོ་མཐོང་ནས་ཆོས་སྐུའི་ངང་དུ་གནས། ༈ །བོགས་འདོན་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། །འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་བྱས་ཏེ། །སྒྱུ་མའང་འཇའ་ཚོན་ཆུ་ཟླ་ལྟ་བུ་འོ། །ད་ལྟར་སྣང་བ་དངོས་པོའི་ཆོས་རྣམས་ནི། །བདེན་ཅིང་རྟག་ན་འགྱུར་བར་ག་ལ་རིགས། །འཁྲུལ་གཟུགས་ཡིན་ཕྱིར་དོན་ལ་གྲུབ་པ་མེད། །གཟུགས་རྣམས་སྣང་སྟོང་སྒྲ་རྣམས་བྲག་ཅར་ལྟོས། །གཉིས་འཛིན་ཞིག་པས་ཆགས་སྡང་ཀུན་དང་བྲལ། །དེ་ལྟར་ཤེས་པས་སྣ་ཚོགས་ཞེན་མེད་སྤྱོད། །འཇའ་ལུས་ཆོས་སྐུ་ཐོབ་པར་འགྱུར་རོ་ཀྱེ། ༈ །མཚན་དུས་རྨི་ལམ་འཁྲུལ་བ་རང་སངས་ལ། །སྒོ་གསུམ་འབད་པ་དྲན་པའི་ལྕགས་ཀྱུས་གཟུང༌། །འཛིན་སྦྱང་སྤེལ་བསྒྱུར་སྤྲུལ་ཅིང་གེགས་རྣམས་སེལ། །ཉི་ཟླ་ཞོན་དང་ཞིང་ཁམས་མཐའ་དག་བགྲོད། །བཟང་ངན་སྒྱུ་མ་ཅིར་སྣང་རང་གྲོལ་ལྟོས། །མཐར་ཕྱིན་ས་བཅུ་ནོན་ནས་དོན་ཆེན་ཐོབ། ༈ །ཁྱད་པར་འོད་གསལ་མ་རིག་མུན་བྲལ་ལ། །ལུས་གནད་ཐབས་ལྡན་ཏིང་འཛིན་བཞི་ལ་སྦྱོར། །ཅེས་པ། སྙིང་གར་ཉི་ཟླའི་སྟེང་བླ་མ་ཡི་དམ་རང་སེམས་དབྱེར་མེད་དབུས་སུ་ཐིག་ལེ་སྔོ། ཕྱོགས་བཞིར་ཕྱོགས་མདོག་སྟེ་ཐིག་ལེ་ལྔ།༡ དེ་གནས་བསྒྱུར་ཏེ་རིམ་པར་ས་༢བོན་ཧཱུྃ་དང་ཨ་ནུ་ཏ་ར། ཕྱག་༣མཚན། རིགས་ལྔའི་སྐུ་༤རྣམས་ལ་རིམ་བཞིན་སེམས་གཟུང་བའོ། །ཐིག་ལེ་གུས་ལྡན་དུག་གསུམ་འཛིན་མེད་

p. 39

ལྟོས། །གཉིད་དང་རྨི་ལམ་རྣམ་རྟོག་བར་ནས་བཟུང༌། །གསལ་སྟོང་འཛིན་བྲལ་ལྷན་རིམ་པ་བཞིན་སེམས་ལ་སྦྱར་ན། སེམས་གསལ་སྟོང་དུ་གནས་པ་ལས་རྩལ་ཤར་བ་སྣང་བ། དེ་ལ་རྟོག་དཔྱོད་ཞུགས་པ་མཆེད་པ། དགག་སྒྲུབ་ཏུ་ཤོར་བ་ཐོབ་པ། ཆགས་སྡང་རྨོངས་པའི་རྟོག་པ་རགས་པ་ཉེར་ཐོབ། དེ་རྣམས་ལུགས་འབྱུང་དུ་ཤེས། ལུགས་ལྡོག་ཏུ་ཐིམ་པས་འོད་གསལ་མངོན་དུ་འགྱུར་བའོ། །རིམ་པ་བཞི་དང་ཉིན་མཚན་བསྲེ་ཞིང་གོམས། །བརྗོད་དུ་མེད་པ་འོད་གསལ་རྒྱུན་མི་འཆད། །མི་རྟོགས་སྦྱང་ཞིང་ཕྱག་རྒྱ་ཆེན་པོར་བལྟ། ༈ །འཕོ་བ་གསེར་འགྱུར་མ་བསྒོམ་སངས་རྒྱས་ནི། །འཆི་ལྟས་ཤར་ཚེ་དགའ་ཞིང་ཞེན་པ་བཏང༌། །སྒོ་དགུ་བགག་ལ་རྫས་དང་སྨོན་ལམ་རྒྱན། །ཧཱུྃ་དང་རླུང་སེམས་དབྱེར་མེད་དྷཱུ་ཏིར་དྲངས། །ཀྵ་ཡིག་བསལ་ལ་ཚངས་པའི་ལམ་ནས་འཕང༌། །ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ། ༈ །ལྷག་པར་གྲོང་འཇུག་༦སྦྲུལ་ལྤགས་འདོར་ལེན་ནི། །རླུང་སེམས་དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །སྐྱོན་མེད་རོ་ལ་རྣམ་ཤེས་ཡིག་འབྲུ་འཕང་། །དགོས་པ་ཁྱད་པར་ཅན་གྱི་དུས་སྐྱོན་མེད་པའི་ཕུང་པོ་ཡུལ་ཕུང་པོ་གསར་རྙིང་གཉིས་ཀའི་ཚངས་བུག་བྱེ་བ་རྫས་དང་གྲོགས་ཉམས་ཅན་སོགས་གནད་ཤེས་མངོན་དུ་གྱུར། །ཐེ་ཚོམ་བྲལ་བའི་སྐྱེས་བུ་གཞན་དོན་སྤྱོད། ༈ །ཤེར་དབང་ལམ་འོག་སྒོ་བདེ་བ་ཆེན་པོ། མཁའ་འགྲོའི་གསང་ལམ་བདེ་བ་ཆེན་པོ་ནི། །བཅུ་དྲུག་ཉེར་ལྔའི་བར་གྱི་རིག་མ་ནི། །པདྨ་རི་དྭགས་དུང་ཅན་ལ་སོགས་པ། །ཕྱག་རྒྱ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་ལྟ་བུ། །གཉིས་མེད་འཁྲིལ་སྦྱོར་ཟག་བཅས་ཟག་མེད་རོལ། །ཐིག་ལེ་དབབ་བཟུང་བཟློག་དགྲམ་གནས་སུ་སྤེལ། །བྱ་རྒོད་གཅུད་ལ་སེང་གེ་གླང་ཆེན་དང༌། །རྨ་བྱ་སྟག་མོ་རུས་སྦལ་ལ་སོགས་བྱ། །དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་བལྟ། །ལྷན་སྐྱེས་ཡེ་ཤེས་རང་བཞིན་དབྱེར་མེད་སྟོན། །སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །གསང་དབང་ཕྱག་རྒྱ་

p. 40

བདུད་རྩི་རིལ་བུའི་ཕྱིར། །ཐིག་ལེ་བཅུ་དྲུག་ཕྱེད་ཕྱེད་བཞི་ཆ་སྦྱིན། །བཞི་གསུམ་འཁོར་ལོ་དག་ལ་དགྲམ་པར་བྱ། །བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལ་ཉམས་ཤིང་སླར་ཡང་ངན་སོང་ལྟུང༌། །དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། །༈ དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། །སྒོ་གསུམ་གཡོ་མེད་སྒོ་ལྔ་ཧར་དཱངས་གཞག །བལྟས་པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པས་མ་བཅོས་རང་སོར་གཞག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །གཞི་ནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློངས་ཡངས་སུ། །སྐྱེ་ཤི་མེད་པ་ཆོས་སྐུའི་ལུས་མཐོང་འགྱུར། །ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་ན་གྲུབ་པ་མེད། །འཁྲུལ་རྟོག་གཉིས་འཛིན་སྣ་ཚོགས་གང་ཤར་རྣམས། །ཅིར་སྣང་གཞི་མེད་རང་བྱུང་རང་བརླག་ལྟོས། །སེམས་ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་དྭངས་གང་ཤར་སྤྲུལ་པའི་སྐུ། །གནས་མེད་བདེ་ཆེན་ཟུང་འཇུག་ལོངས་སྤྱོད་རྫོགས། །ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་བྲལ་བས་བདེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་བལྟམས་པ་ལས། །གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུ་འོ། །སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དང་བྲལ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །མཁྱེན་ཚད་ཡོན་ཏན་ཇི་སྙེད་རང་ལ་རྫོགས། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུངས་ཡིན། །༈ ལམ་བློ་ནས་གཅོད་པར་བར་དོ་ངོ་སྤྲོད་ཀྱི་གདམས་ངག །བར་དོ་ངོ་སྤྲོད་ཡང་དག་ཟབ་དོན་བསྟན། །སྐྱེ་ཤི་རྨི་ལམ་སྲེད་པའི་བར་དོ་གཅོད། །བལྟར་མེད་བལྟས་

p. 41

པས་མཐོང་མེད་མཐོང་བའི་མཆོག །རང་རིག་གསལ་སྟོང་མི་རྟོག་སྒྲིབ་གཡོགས་བྲལ། །བདེ་ཆེན་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རང་བཞིན་དབྱེར་མེད་སྐུ་གསུམ་རང་ཤར་ལྟོས། །མ་རྟོགས་ལུས་ལྡན་བར་དོ་རྣམ་གསུམ་ལ། །བསྐྱེད་རིམ་སྒྱུ་ལུས་འོད་གསལ་ཆོས་སྐུར་འདྲེ། །ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། །བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །དཀར་དམར་སེམས་གསུམ་ཆུ་སྐྱེས་ནང་དུ་འཛོོམས། །འོད་གསལ་ངོས་འཛིན་མ་བུ་དབྱེར་མེད་འདྲེ། །ཆོས་སྐུར་སངས་རྒྱས་དབང་པོ་ཡང་རབ་བོ། །དེ་མ་ཟིན་ན་རླུང་གསུམ་རྐྱེན་གྱིས་འཆིང༌། །འབྲིང་བ་ཆུ་ལ་ཉ་ལྟར་ལོངས་སྐུར་འགྱུར། །རྩ་བའི་རླུང་ལྔ་འོད་ཟེར་ལྔ་དུག་གསུམ་ལས་ཀྱི་དབང༌། །ཆགས་སྡང་གཉིས་ཀྱིས་མངལ་དུ་འཇུག་འགྱུར་བས། །བསྲེ་བ་ལྔ་ལྡན་ལམ་ཁྱེར་ཕྱག་རྒྱ་བཞི། །ཞེས་པས་འདོད་ཆགས་གཏུམ་མོ། ཞེ་སྡང་སྒྱུ་ལུས། གཏི་མུག་འོད་གསལ། ང་རྒྱལ་བསྐྱེད་རིམ། ཕྲག་དོག་དག་སྣང་དང་བསྲེ་བ་ལྔ། དམ་རྒྱ་ཐུན་མོང་ཡིད་བཞིན་ནོར་བུ། ཆོས་རྒྱ་སྟེང་སྒོ། ལས་རྒྱ་འོག་སྒོ། ཕྱག་ཆེན་ཡེ་ཤེས་གསལ་བྱེད་དེ་དབང་བཞིའི་ལམ་མོ། །སྔར་སྦྱངས་ལྡན་པས་བར་དོ་རང་གྲོལ་འགྱུར། །ཐ་མ་ཆགས་སྡང་གྲོལ་ནས་སྤྲུལ་སྐུ་ཐོབ། ༈ །གདམས་པ་སྤྱིའི་གེགས་སེལ་བོགས་འདོན། གདམས་པ་སྤྱི་ལ་གེགས་བསལ་བར་ཆད་ཀྱི་ངོས་ཉིད་བཟུང༌། །ཞིང་སེལ་བ། རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། །ཞེས་པའི་རྩ་བ་དྲུག་ནི། སིང་གེ་བསྒྱིངས། གླང་ཆེན་འགྱིངས། རྨ་བྱ་འཕུར། སྟག་མོ་སྒྱུགས། རུ་སྦལ་བསྐུམ། བྱ་རོག་འཕུར་བའི་འཁྲུལ་འཁོར་རོ། །ཡན་ལག་སོ་དགུ་ནི། རྒྱལ་མཚན་འཁྲུད་ཅེས་ཡན་ལག་བཞི་འཁྲུད་པ་ལྟར་བྱས་ཏེ་ལུས་ལ་བྱུགས་པ་སོགས་སོ། །རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་གནད་དུ་བསྣུན། །བྱ་སྤྱོད་ཐམས་ཅད་ཚོགས་སུ་བསྒྱུར་བར་བྱ། །༈ འབྲས་བུ་ཇི་ལྟར་ཐོབ་ཚུལ། གོ་རིམ་མ་ནོར་ཉམས་སུ་བླངས་གྱུར་ན། །སྐད་ཅིག་བཞི་ལ་དགའ་བ་གསུམ་སྟོན་ཏེ། །དྭངས་མ་ཡས་བྱོན་འགྱུ་བ་མས་བརྟན་པ། །རྩ་མདུད་རིམ་པས་གྲོལ་ནས་དྷཱུ་ཏིར་འགྱུར། །ཉི་
ཁྲི་ཆིག་སྟོང་དྲུག་བརྒྱ་རྩ་བ་ལྔ། །རླུང་དང་ཉོན་མོངས་འགགས་ནས་ཡེ་ཤེས་འགྱུར། །གནས་དང་ཉི་གནས་ཉི་ཤུ་བཞི་ལ་སོགས། །པཱུལླི་མ་རུ་ཡན་ཆད་གང་བར་འགྱུར། །སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་ཞལ་སྟོན་ཅིང༌། །མངོན་ཤེས་ཡོན་ཏན་བརྒྱད་དང་ཐེར་འབུམ་ཐོབ། །དུས་འདིར་ས་ལམ་རིམ་པར་བགྲོད་བྱེད་དེ། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འགྱུར། ། ༈ གདམས་པ་བཀའ་རྒྱས་གདབ་པ། བཅུ་གསུམ་བར་དུ་ཆིག་བརྒྱུད་རྒྱ་ཡིས་གདབ། །མདོ་རྒྱུད་ཀུན་གྱི་སྙིང་པོ་འདི་ཡིན་པས། །སྐལ་ལྡན་གྲོལ་ཕྱིར་གསང་བའི་ངེས་དོན་མཛོད། །ཅེས་ཡེ་ཤེས་མཁའ་འགྲོ་མ་ལ་གདམས་པ་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་རྫོགས་སོ། །མཁས་པ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་ཆེན་ཏུ་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འདི་ནི་རྗེ་བཙུན་མི་ལའི་ཐུགས་བཅུད་བདེ་མཆོག་སྙན་བརྒྱུད་དུ་གྲགས་པས་རྒྱས་འབྲིང་བསྡུས་གསུམ་ལས། །རྒྱས་པ་རས་ཆུང་སྙན་བརྒྱུད་དུ་གྲགས་པའི་གདམས་ངག་གི་རྩ་བ་ཡིན་ཅིང༌། སྙན་བརྒྱུད་འཛིན་པའི་དམ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱིས་སྤྱི་དོན། ས་བཅད། འགྲེལ་པ། ཁྲིད་ཡིག་སོགས་རྒྱ་ཆེར་མཛད་སྣང་ངོ༌། །

བདེ་མཆོག་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གི་ཁྲིད་ཡིག་རྗེ་མི་ལའི་ཞལ་གསུང་ཟབ་གསང་ཆེན་མོ། རྡོ་རྗེ་རྒྱལ་མཚན།

p. 42

༄༅། །བདེ་མཆོག་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གི་ཁྲིད་ཡིག་རྗེ་མི་ལའི་ཞལ་གསུང་ཟབ་གསང་ཆེན་མོ་བཞུགས་སོ། །{༄༅། །བདེ་མཆོག་སྙན་བརྒྱུད་ཀྱི་རྫོགས་རིམ་སྟེང་སྒོ་རྣམ་པར་གྲོལ་པའི་ཆོས་དྲུག་གི་ཁྲིད་ཡིག་བཞུགས་སོ། །}
༄༅། །ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི། གསང་དབང་དང་འབྲེལ་བ་སྟེང་སྒོ་རྣམ་པར་གྲོལ་བའི་ལམ་ལ་དྲུག་སྟེ། གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང་ཤིང་དང༌། སྒྱུ་ལུས་

p. 43

ཆོས་བརྒྱད་རང་གྲོལ་དང༌། རྨི་ལམ་འཁྲུལ་པ་རང་སངས་དང༌། འོད་གསལ་མ་རིག་མུན་བྲལ་དང༌། འཕོ་བ་གསེར་འགྱུར་གྱི་རྩི་དང༌། གྲོང་འཇུག་སྦྲུལ་ལྤགས་འདོར་བྱེད་དོ། །དང་པོ་ལ་དྲུག་སྟེ། གཏུམ་མོའི་དབྱེ་བ་དང༌། བྱེད་ལས་དང༌། ཆོས་མཚུངས་དཔེ་དང་སྦྱར་བ་དང༌། རྒྱུ་མཚན་དང་། གྲངས་ངེས་དང་། སྦར་ཐབས་སོ། །དང་པོ་ལ་བཞི་སྟེ། ཕྱི་དང༌། ནང་དང༌། གསང་བ་དང༌། དེ་ཁོ་ན་ཉིད་ཀྱི་གཏུམ་མོའོ། །བྱེད་ལས་ནི། ཕྱིའི་གཏུམ་མོས་གདོན་སྟོང་ཕྲག་བརྒྱད་ཅུ་འཇོམས། ནང་གི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས། གསང་བའི་གཏུམ་མོས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་རང་ལ་ཡོད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པའོ། །ཆོས་མཚུངས་དཔེ་དང་སྦྱར་བ་ནི། ཕྱིའི་གཏུམ་མོ་མེ་དང་ཆོས་མཚུངས་ཏེ། མེའི་ནང་དུ་ཤིང་གཅིག་བསྐྱུར་ཀྱང་སྲེག་ལ་བརྒྱ་བསྐྱུར་ཀྱང་སྲེག །དེ་བཞིན་དུ་གདོན་གཅིག་གནོད་ཀྱང་སྲེག་ལ་བརྒྱ་གནོད་ཀྱང་སྲེག་གོ །ནང་གི་གཏུམ་མོ་སྨན་དང་ཆོས་མཚུངས་ཏེ། སྨན་པ་མཁས་པས་སྨན་བཏང་ན་ནད་སེལ་བ་བཞིན་གཏུམ་མོ་བསྒོམས་པས་ནད་སེལ་བའོ། །གསང་བའི་གཏུམ་མོ་སེངྒེ་དང་ཆོས་མཚུངས་ཏེ། སེངྒེས་རི་དྭགས་ཐམས་ཅད་ཟིལ་གྱིས་མནན་པ་བཞིན་དུ་གཏུམ་མོ་བསྒོམས་པས་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས་མནན་པའོ། །དེ་ཁོ་ན་ཉིད་ཀྱི་གཏུམ་མོ་མེ་ལོང་དང་ཆོས་མཚུངས་ཏེ། མེ་ལོང་གཡའ་དག་པ་ལ་བལྟས་ན་རང་གི་བཞིན་མཐོང་བ་བཞིན་དུ་གཏུམ་མོ་བསྒོམས་པས་རང་གིས་སངས་རྒྱས་ཀྱི་ཡེ་ཤེས་གསལ་ལམ་མེ་མཐོང་ནས། ཨ་པ་དེ་རུ་འདུག་པ་ལ་སྔར་ངོ་མ་ཤེས་འདུག་སྙམ་པ་ཞིག་འབྱུང་བའོ། །རྒྱུ་མཚན་ནི་ངེས་ཚིག་ཡིན་ཏེ། གཏུམ་བྱ་བ་ནི་སྤང་བྱ་འཇོམས་པ་ལ་ཟེར་ཏེ། དཔེར་ན་གོ་མཚོན་ཐོགས་པའི་དཔའ་བོ་ཞིག་

p. 44

གིས་སྡར་མའི་དམག་དཔུང་འཇོམས་པ་བཞིན་ཉོན་མོངས་རྣམ་རྟོག་གདོན་བགེགས་འཇོམས་པ་ལ་དཔའ་ཞིང་གཏུམ་པས་ན་གཏུམ་ཞེས་བྱ། མོ་ཞེས་བྱ་བ་ནི་ཡོན་ཏན་བསྐྱེད་པ་ལ་ཟེར་ཏེ། དཔེར་ན་དཔལ་ཆེ་བའི་བུ་མོ་མཛེས་མ་གཅིག་ལ་ཁྱེའུ་ཕུན་སུམ་ཚོགས་པ་ཞིག་སྐྱེས་ན་འཇིག་རྟེན་གྱི་བདེ་འབྲས་བསྐྱེད་པ་བཞིན་མཆོག་དང་ཐུན་མོང་ཐམས་ཅད་འདི་ལས་བསྐྱེད་པས་ན་མོ་ཞེས་བྱའོ། །གྲངས་ངེས་ནི་བཞིར་ངེས་ཏེ། དེ་བས་ཉུང་ན་མི་འདུ་སྟེ། དེའང་ཕྱིའི་མེད་ན་གདོན་མི་སེལ། ནང་གི་མེད་ན་ནད་མི་སེལ། གསང་བའི་མེད་ན་ཉོན་མོངས་མི་ཆོམ། དེ་ཁོ་ན་ཉིད་མེད་ན་ཡེ་ཤེས་ངོ་མི་འཕྲོད་པས་སོ། །དེ་བས་མང་ན་དོན་མེད་དེ་གདོན་བཞི། ནད་བཞི། ཉོན་མོངས་པ་བཞི། ཡེ་ཤེས་བཞི་ངོ་འཕྲོད་པ་ན། ཁུར་བོར་ནས་སངས་རྒྱས་པ་ཡིན་ནོ། །དཔེར་ན་ཆུར་ཐོན་པ་ལ་གྲུ་མི་དགོས་པ་བཞིན་གཏུམ་མོ་རང་ཡང་སྒོམ་མི་དགོས་སོ། །གཏུམ་མོའི་སྦར་ཐབས་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་གསུམ་མོ། །སྦྱོར་བ་ལ་གནད་བཞི་སྟེ། གསོལ་འདེབས་བྱིན་རླབས་ཀྱི་གནད། གེགས་སེལ་བསྙེན་པའི་གནད། མཐུན་སྦྱོར་རྐྱེན་གྱི་གནད། གསང་བ་དམ་ཚིག་གི་གནད་དོ། །དང་པོ་ནི། བླ་མའི་རྣལ་འབྱོར་བསྒོམས་ལ་འདིར་སྙན་བརྒྱུད་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ། མོས་གུས་གསོལ་འདེབས་ཀྱི་ལམ་ཡིན་པས་གསོལ་བ་སྙིང་གི་དཀྱིལ། རྐང་གི་ཁོངས། རུས་པའི་གཏིང་ནས་མཆི་མ་ཕྱུང་ལ། བདེ་དྲོད་ཡེ་ཤེས་ཀྱི་མེ་སྦར་དུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་བོ། །གཉིས་པ་གེགས་སེལ་བསྙེན་པའི་གནད་ལ། གདོན་དང༌། ནད་དང༌ཉོན་མོངས་པ་དང་གསུམ་གྱིས་གེགས་བྱས་ནས་གཏུམ་མོའི་ཡེ་ཤེས་ངོ་སྤྲོོད་དུ་མི་སྟེར་བས་བཅོམ་ལྡན་འདས་མའི་བསྙེན་པ་སུམ་འབུམ་བཞི་ཁྲི་བཏང༌། དེས་གེགས་ལས་

p. 45

གྲོལ་ནས་བྱིན་རླབས་ཀྱི་བདེ་དྲོད་འབྱུང་ངོ༌། །གསུམ་པ་མཐུན་སྦྱོར་རྐྱེན་གྱི་གནད་ལ་བདུན་ཏེ། དང་པོ་འདུག་ས་གནས་ཀྱི་གནད་ནི། ཉིན་མོ་སྐྱེ་བོའི་འདུ་འཛིས་དབེན་པ། མཚན་མོ་དགྲ་རྐུན་གྱི་མེལ་ཚེས་དབེན་པ། འཚོ་བ་དང་ཆུ་ཤིང་བསྒྲུབ་སླ་བའོ། །གཉིས་པ་མཐུན་པ་གྲོགས་ཀྱི་གནད་ནི། དམ་ཚིག་དང་སྡོམ་པ་སྲུང་ཞིང་ལྟ་སྤྱོད་དང་བླ་མ་གཅིག་པའོ། །གསུམ་པ་བཟའ་བ་ཟས་ཀྱི་གནད་ནི། ཚད་པ་ཤས་ཆེ་ན་བསིལ་སྨན་བསྟེན། གྲང་བ་ཤས་ཆེ་ན་དྲོད་བཅུད་བསྟེན། རྒྱུན་དུ་བཅུད་ཅན་ཉུང་བ་དང༌བདུད་རྩི་ལྔ་ཡང་བསྟེན་པར་བྱའོ། །བཞི་པ་གོན་པ་གོས་ཀྱི་གནད་ནི། དྲོ་ཡང་གཅེར་བུ་མི་བྱ། གྲང་ཡང་སྐྱི་པགས་མི་གོན། མཁའ་འགྲོ་མཉེས་བྱེད་རས་གོས་དང༌མི་འབྲལ་བ་བརྩོན་འགྲུས་ཀྱི་ལྕག་ཡིན་པས་བསྒྲུབ་པར་བྱའོ། །ལྔ་པ་བདེ་བ་མལ་གྱི་གནད་ནི། མལ་སྒོམ་ཐག་དང་མཉམ་པ། མགོ་སྔས་ལ་མི་འཇོག་པའོ། །དྲུག་པ་མི་འབྲལ་བ་པུས་འཁྱུད་ཀྱི་གནད་ནི། གཉིས་བལྟབས་ལ་ཁྲུ་གང་སོར་བཞི་པ། སྐྱེས་པས་རྣལ་འབྱོར་མར་བསྒོམས་ལ་བསྟིམ། བུད་མེད་ཀྱིས་ཧེ་རུ་ཀར་བསྒོམ། འཇུག་དུས་སུ་ཡབ་ཡུམ་ཁྲིལ་གྱིས་འཁྲིལ་བར་བསམ། འགོམ་ཡུག་མི་གཏང༌ངོ་། །བདུན་པ་ངལ་དུབ་མེད་པར་སྤྱོད་པའི་གནད་ནི། འགྲོ་འདུག །ལས་ཁུར། མཆོང་རྒྱུག །ངལ་དུབ། རྔུལ་ཐོན་པའི་ལས་མི་བྱ། ཀུ་ཅོ་སྨྲ་དགོད། མདོ་བཟླས་མི་བྱ། བཞི་པ་གསང་བ་དམ་ཚིག་གི་གནད་ནི། སྤྱིར་སྙན་བརྒྱུད་ཀྱི་གདམས་པ། སྒོས་གཏུམ་མོའི་དམིགས་པ། འཁྲུལ་འཁོར། རླུང་གི་གནད། ཉམས་མྱོང་དུ་བ་ལ་སོགས་པའི་རྟགས་རྣམས་གསང་ངོ༌། །དངོས་གཞི་ལ་གནད་རྣམ་པ་ལྔ་སྟེ། ངེས་པ་དུས་ཀྱི་གནད་དང༌། སྐྱོན་བྲལ་ལུས་ཀྱི་གནད་དང༌། གནས་པ་རྩའི་གནད་དང༌། གཡོ་བ་རླུང་གི་གནད་དང༌། དམིགས་པ་ཡུལ་གྱི་གནད་དོ། །དང་པོ་ལ་གཉིས་

p. 46

ལས། སྒོམ་པ་དུས་ཀྱི་གནད་ནི། འགྲངས་ཆེས་པ་དང༌། ལྟོགས་ཆེས་པའི་དུས་སུ་བསྒོམ་ན་རྩ་འཆད་པ་དང༌། རླུང་བྱེར་བའི་སྐྱོན་ཡོད་པས་མི་བསྒོམ། ནམ་ཕྱེད་ན་རླུང་འདྲེ་རྩར་ཤོར་ནས་འདྲེ་སྣང་འབྱུང་བས་མི་བསྒོམ། རྟོག་པ་སྣ་ཚོགས་འཕྲོ་བའི་དུས་སུ་སེམས་ཀྱི་རྒྱལ་པོ་སྤྲུལ་པར་གནས་པས་དེ་དུས་བསྒོམ། ནམ་ཕྱེད་འདས་ནས་ནམ་མ་ལངས་ཀྱི་བར་བན་ཀན་ཆུའི་དུས་ཡིན་པས་གཏུམ་མོ་བསྒོམས་པས་འབྱུང་བ་སྙོམས། རྩ་སྦུག་ཐམས་ཅད་སྟོང་པར་ཡོད་པས་རླུང་གིས་ཐིག་ལེ་རྩ་ནང་དུ་ཕུལ་ནས་ལུས་ལ་ཁྲེམས་པས་རྩ་རླུང་བྱང་ཆུབ་སེམས་སུ་འགྱུར་བས་བོགས་ཆེར་འབྱུང༌། རྒྱུན་དུ་ཐུན་བཞིར་བསྒོམ་མོ། །ཁྱད་པར་གྱི་དུས་གནད་ཞལ་ལས་ཤེས་སོ། །གཉིས་པ་ཉམས་མྱོང་དུས་ཀྱི་གནད་ལ་གསུམ་སྟེ། དང་པོ་གཏུམ་མོ་སྡུག་བསྔལ་གྱི་དུས་སུ་སྡུག་བསྔལ་བཟོད་པར་བྱ་བ་ནི། རྩ་ཟུག་རླུང་ཟུག་ཐིག་ལེའི་ཟུག་དང༌། མགོ་དང་རོ་སྟོད་ན་བ་དང༌། འཁྲུ་སྐྱུག་ལ་སོགས་པ་ཅི་རིགས་པ་འབྱུང༌། གཏུམ་མོ་བསྒོམ་པ་ལ་ངལ་བ་དང་སྐྱོ་བའི་ཉམས་འཆར། དེ་ལ་སངས་རྒྱས་བསྒྲུབ་པའི་དོན་དུ་གཏུམ་མོ་སྒོམ་མི་ནུས་ན། ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་དུས་ཅི་ཙུག་བྱེད་སྙམ་དུ་བསམས་ལ་ཤི་མ་ཤི་མེད་པར་བསྒོམ། བར་དུ་བཏང་སྙོམས་ཀྱི་དུས་སུ་སོས་དལ་སྤངས་ནས་སྒོམ་པ་ནི། སྔར་གྱི་ན་ཚ་དང་སྡུག་བསྔལ་རྣམས་ཞི། བདེ་དྲོད་བག་ཙམ་བྱུང་དུས་དེས་ཆོག་སྙམ་དུ་སོས་དལ་དུ་མི་སྡོད་པར་ལེ་ལོ་མེད་པར་བརྩོན་འགྲུས་བསྐྱེད་ལ་དྲོད་དེ་རྒྱུ་མཚན་དུ་བྱས་ལ་བསྒོམ། ཐ་མ་ངོ་འཕྲོད་ནས་དེའི་དུས་སུ་ཡེངས་མེད་དུ་བསྒོམ་པས་ནི། ཕྱི་རུ་དྲོད་མི་འདོད་ཀྱང་འབྱུང༌། ནང་དུ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ། དེ་ལ་དུ་བ་ལ་སོགས་པའི་རྟགས་སྣ་རེ་ཙམ་མཐོང་དུས་དེས་ཡིད་ཚིམ་ནས་མ་སྒོམ་ན། ཡོན་ཏན་གོང་མ་ལ་བར་དུ་གཅོད་པའི་

p. 47

བདུད་ཞུགས་པ་ཡིན་པས་ཡེངས་པ་མེད་པར་བསྒོམ་མོ། །གཉིས་པ་སྐྱོན་བྲལ་ལུས་ཀྱི་གནད་ནི། ལུས་གནད་ཆོས་བདུན་དང་ལྡན་པ་སྟེ། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱས་པས་དྲོད་ཤུགས་ཀྱིས་སྐྱེ་བ་ཡིན། ལག་པ་གཉིས་ལྟེ་འོག་སོར་བཞིར་མཉམ་བཞག་དམ་དུ་བཅས་པས་རྩ་ལམ་བྱེ་བདེ་བ་སྐྱེ་བ་ཡིན། སྒལ་ཚིགས་དྲང་པོར་བསྲང་བས་རླུང་རང་སར་གནད་དུ་ཚུད་པ་ཡིན། མགྲིན་པ་ལྕགས་ཀྱུ་ལྟར་བཀུག་པས་རྦ་རླབས་ཀྱི་རྩ་ནོན་ནས་མི་རྟོག་པ་སྐྱེ་བ་ཡིན། དཔུང་པ་གཉིས་རྒོད་གཤོག་ལྟར་བརྒྱངས་པས་རླུང་ནད་ཆུང་བ་ཡིན། མིག་སྣ་རྩེར་བལྟས་པས་དམིགས་པ་གསལ་བ་ཡིན། ལུས་སེམས་ལི་ལི་རི་ནི་རྩ་དྲེས་མ། མཆན། རི་ལྟར་བསྒྲིམས་པས་དྲོད་མྱུར་བདེ་སྟོང་སྐྱེ་བ་ཡིན་ནོ། །འཁྲུལ་འཁོར་འདི་ལ་སྐྱོན་འདི་རྣམས་བསལ་དགོས་ཏེ། མགོ་བོ་སྒུར་ན་ཚིག་པ་ཟ། མིག་མི་གསལ། གཉིད་ཆེ། ཤེས་པ་ཉོག །རོ་སྟོད་དགྱེ་ན་ཤེས་པ་འཕྱོ། རྟོག་པ་འཕྲོ། རོ་སྟོད་གཟེར་ཅིང་ན། རོ་སྟོད་གུག་པས་ཤུགས་རིང་འབྱིན། ཉམས་མི་དགའ། སྙིང་རླུང་འབྱུང༌། རོ་སྟོད་བརྒྱངས་ནས་གཡས་སུ་ཡོ་ན་དམིགས་པ་མི་ཟིན། འགྲོ་འདོད། ནོར་ལ་གཟན། གཡོན་དུ་ཡོ་ན་འདོད་སྲེད་ཆེ། ཚེ་ཐུང༌། འཁོར་མི་འདུ། དོན་མི་འགྲུབ། ཚང་ར་སྟན་དུ་བཏིང་ན་ཐིག་ལེ་འཛག །མཁལ་ནད་འཇུག །ལེ་ལོ་ཆེ། ཉམས་ངན་ནོ། །དེས་ན་རྟག་ཏུ་ལུས་གནད་བསྲངས་ནས་འདུག་པར་བྱ་སྟེ་དེའང་རྣམ་སྣང་གི་ཆོས་བདུན་ནོ། །ཡང་ན་ཙོག་པུར་རྐང་པ་རེ་མིག་ལྟར་བསྣོལ་བ་ལ་ལྷམ་སྒྲོག་དང་སྐེ་རགས་འཆིང་ས་ནས་སྒོམ་ཐག་གིས་བསྡམས་པས་རླུང་ཟུག་ཆུང༌། ལུས་གནད་དམ། དྲོད་སྐྱེ་བར་མྱུར་བ་ཡིན། གཞན་སྔ་མ་བཞིན་ནོ། །ཡང་བོལ་གོང་འགལ་བུ་ལྟར་བརྩེགས། ལག་པ་སྒོམ་ཐག་ལྟར་བསྡམས། འདི་ཡང་དྲོད་མྱུར་རོ། །གཞན་ཡང་གཏུམ་མོའི་འཁྲུལ་འཁོར་བཅོ་

p. 48

བརྒྱད་མ་ལ་སོགས་པ་རིམ་གྱིས་སྦྱང་བར་བྱའོ། །གསུམ་པ་གནས་པ་རྩའི་གནད་ནི། ལུས་ལ་རྩ་རྒྱས་པར་ཕྱེ་ན་བ་སྤུའི་གྲངས་དང་མཉམ། དེ་བསྡུ་ན་ཉི་ཁྲི་ཆིག་སྟོང༌། དེ་བསྡུ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་བསྡུ་ན་རྩ་གསུམ་འཁོར་ལོ་བཞི། དེ་བསྡུ་ན་དྷཱུ་ཏི། ལཱ་ལ། རཱ་ས་གསུམ། དེ་བསྡུ་ན་དྷཱུ་ཏི་གཅིག་པུ་ལ་འདུས་པའོ། །རྩ་གསུམ་འཁོར་ལོ་བཞིའི་གནས་ཚུལ་ནི། ལུས་ཀྱི་ཁོང་དྲང་པོ་ན་དྷཱུ་ཏི་སྲོག་ཤིང་གི་ཚུལ་དུ་གནས་ཏེ། ཡར་སྣ་ཚངས་བུག་ལ་ཟུག་པ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོའི་དྭངས་མ་ཧཾ་མགོ་ཐུར་དུ་བསྟན་པ་ལ་ཐུག་པ། མར་སྣེ་སྐྱེས་པའི་གསང་བའི་རྡོ་རྗེ་ཡིན་པས་ཐིག་ལེ་དཀར་པོ་འབབ། བུད་མེད་ཀྱི་དྷཱུ་ཏིའི་མར་སྣེ་ལྟེ་འོག་སོར་བཞི་ནས་མདུད་པ་གཉིས་སྦྲགས་ཡོད་པས་ཐིག་ལེ་དཀར་པོ་མི་འབབ། དྷཱུ་ཏི་མཚན་ཉིད་བཞི་ལྡན་ཏེ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་གྱི་མར་མེ་ལྟར་གསལ་བའོ། །སྒོམ་དུས་དྷཱུ་ཏིའི་མར་སྣ་གསང་གནས་ལྟེ་འོག་སོར་བཞི་ན། སུམ་མདོར་ཆོས་འབྱུང་གྲུ་གསུམ་ཁ་གྱེན་དུ་བསྟན་པའི་ནང་ན་མ་ལས་ཐོབ་པའི་ཐིག་ལེ་དམར་པོའི་དྭངས་མ་རྩ་བྱ་རོག་གདོང་ཅན་ལ་ཨ་ཐུང་ཟུག་པར་བསྒོམ། ཧཾ་གིས་བདེ་བ་བསྐྱེད། ཨ་ཐུང་གིས་དྲོད་བསྐྱེད་པའོ། །རྩ་གཡས་རཱ་ས་ན་ཁ་དོག་དམར་ལ་དཀར་བའི་མདངས་ཅན། རྩ་གཡོན་ལཱ་ལ་ན་དཀར་ལ་དམར་བའི་མདངས་ཅན། གཉིས་ཀའི་ཡར་སྣ་སྣ་བུག་གཉིས་སུ་ཟུག །སྨིན་མཚམས་ནས་ལྟག་པར་འཁྱོག་ནས་དྷཱུ་ཏི་དང་གཤིབས་པས་གཡས་པའི་མར་སྣ་སྐྱེས་པ་ལ་ལྟེ་འོག་སོར་བཞི་ན་མདུད་པ་ཡོད་པས་ཐིག་ལེ་དམར་པོ་དེ་མན་ཆད་ལ་མི་འབབ། བུད་མེད་ཀྱི་མར་སྣ་ལ་བུ་སྣོད་ཆགས་པས་རྩ་གཡས་པའི་རྩ་སྣ་པདྨ་ཡིན་པས་ཐིག་ལེ་དམར་པོ་དུས་ལ་འབབ་པའོ། །

p. 49

ཕོ་མོ་གཉིས་ཀའི་གཡོན་ནས་དྲི་ཆུ་འབབ་པའོ། །བྱེད་ལས་ནི། རྩ་གཡས་པ་ཉི་མ་མེའི་རང་བཞིན་ཞེ་སྡང་སྐྱེད། གཡོན་པ་ཟླ་བ་ཆུའི་རང་བཞིན་འདོད་ཆགས་སྐྱེད། དབུ་མ་དྷཱུ་ཏི་སྒྲ་གཅན་ནམ་མཁའི་རང་བཞིན་གཏི་མུག་སྐྱེད། སྒོམ་དུས་དྷཱུ་ཏི་མདའ་སྨྱུག་ཙམ། རྩ་གཡས་གཡོན་གྲོ་སོག་ཙམ། མར་སྣ་ལྟེ་འོག་སོར་བཞི་རུ་དྷཱུ་ཏི་ལ་ཟུག་པར་བསྒོམ། འཁོར་ལོ་བཞི་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། དེ་ལ་བརྟེན་ནས་བདེ་དྲོད་སྐྱེད། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། དེ་ལ་བརྟེན་ནས་འོད་གསལ་ཟིན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །དེ་ལ་བརྟེན་ནས་རྨི་ལམ་འབྱོངས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས། དེ་ལ་བརྟེན་ནས་ཟག་མེད་སྐྱེད། ལྟེ་བ་སྤྲུལ་སྐུའི་ས་བོན་རྩ་ཡིག་ཨ། སྙིང་གར་ཆོས་སྐུའི་ས་བོན་ཧཱུྃ། མགྲིན་པར་ལོངས་སྐུའི་ས་བོན་ༀ། སྤྱི་བོར་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་ས་བོན་ཧྃ་ཡེ་ནས་གནས། སྒོམ་དུས་འཁོར་ལོ་བཞི་གདུགས་བརྩེགས་པའི་ནང་ལྟར་རྩའི་དྲྭ་མིག་ཤིག་གེ་བ་རྩ་རྣམས་མི་སྒོམ་པའི་དུས་སུ་ཁ་དོག་སེར་པོ། སྒོམ་དུས་སུ་དམར་པོ། དཀྱིལ་ན་རྩ་གསུམ་གདུགས་ཀྱི་ཡུ་བ་ལྟར་ཡོད་པར་བསྒོམ་མོ། །བཞི་པ་གཡོ་བ་རླུང་གི་གནད་ལ་གསུམ་སྟེ། སྟེང་རང་བྱུང་ཡེ་ཤེས་སུ་སྦར་ནས་སྟེང་རླུང་གི་ལས་ཤིག་སྟོན། འོག་ཟག་མེད་བདེ་ཆེན་དུ་སྦར་ནས་འོག་སྒོའི་བཅུད་ཅིག་སྟོན། བར་འཁོར་འདས་རྒྱུན་གཅོད་དུ་སྦར་ནས་རྩ་རླུང་གི་ཆིངས་ཤིག་སྟོན་པའོ། །དང་པོ་རླུང་སྒོམ་པ་ལ་རླུང་གི་གནས་ཚུལ་ཤེས་པར་བྱ་བ་ནི། མི་རྒད་པོ་དང་བྱིས་པ་མ་ཡིན་པ་དར་མ་ནད་མེད་པ་ལ། ཉིན་ཞག་གཅིག་ལ་རླུང་འབྱུང་འཇུག་གནས་གསུམ་གཅིག་ཏུ་དྲིལ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །དེའང་འབྱུང་བ་ལྔའི་རླུང་གིས་ཕྱེ་ན་ལྔ་པོ་རེ་རེ་ལ་སྟོང་ཕྲག་བཞི་

p. 50

དང་སུམ་བརྒྱ་ཉི་ཤུ་ཉི་ཤུ་རྒྱུའོ། །དེ་བསྡུ་ན་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་སྟེ་བཅུ་རུ་འདུས། དེ་སྲོག་རྩོལ་གཉིས་སུ་འདུས། ཕྱི་རུ་རྒྱུ་བ་རྣམ་རྟོག་སྐྱེད་པས་རྩོལ་བ་ཞེས་བྱ། ནང་དུ་འཇུག་པ་ཚེ་དཔལ་སྐྱེད་པས་སྲོག་ཅེས་བྱའོ། །གཡས་ནས་རྒྱུ་བའི་དུས་ན་ཉོན་མོངས་པ་སྐྱེ་བས་རྩོལ་བ། གཡོན་ནས་རྒྱུ་དུས་ན་བདེ་སྟོང་སྐྱེ་བས་དོན་གྲུབ་པས་སྲོག་ཅེས་བྱའོ། །སྟེང་རང་བྱུང་ཡེ་ཤེས་སུ་སྦར་ནས་སྟེང་རླུང་གི་ལས་ཤིག་སྟོན། ཞེས་པ་ནི། ཐོག་མར་ཡན་ལག་དགུས་རླུང་སྐྱོན་སྦྱངས་ཏེ། གཡས་སུ་གསུམ། གཡོན་དུ་གསུམ། དབུས་སུ་གསུམ་དྲག་ལ་རིང་བ་འབུད། ནད་གདོན་ཉོན་མོངས་པ་ཐམས་ཅད་དུད་པ་ལྟར་ཐོན་པར་བསམ། རྔུབ་དུས་འཛམ་བུ་གླིང་གི་ཚེ་དང་དཔལ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་འདུས་ནས་རང་ལ་ཐིམ་པས་བཀྲག་དང་མདངས་སུ་གྱུར་པར་བསམ། དེ་ནས་དྲག་རླུང་སྦྱང་བ་ནི། རླུང་བྱེད་པ་གཅིག་ལ་བྱ་བ་ཁྲུ་གང་ཙམ་ལས་དྲག་པོར་བརྔུབས་ནས། སྟེང་རླུང་ཙིར་གྱིས་མནན་པས། ལཱ་ལ། རཱ་ས་གཉིས་ནས་རྒྱུ་མ་ཕུས་བཏབ་པ་བཞིན་སོང་ནས་རླུང་སེམས་དྷཱུ་ཏིའི་ནང་དུ་ཁྲོག་ཙེར་སོང་བར་དམིགས་ལ་རླུང་ཅི་ཙམ་ཐུབ་ཐང་དུ་བཟུང༌། མི་ཐུབ་པ་དང་གཡས་གཡོན་དབུས་དང་གསུམ་དུ་བརྡིག །རླུང་ཡང་བསྐྱར་ཅིང་རྔུབ་ལ་བརྩེགས་པར་བྱ། ཡང་མགོ་གུག་བྱ། རོ་སྟོད་སིང་བྱ། རླུང་ཙིར་གྱིས་གནོན། ད་མི་ཐུབ་པར་འདུག་སྙམ་པ་དང༌། ལྟག་པ་ཅུང་ཟད་དགྱེ་ཙམ་བྱས་ལ་སངས་ཙེར་བཏང༌། རླུང་ཞབས་དྭངས་མ་བག་ཙམ་ཡོད་པ་ལ་བརྔུབས་ནས་ཡང་སྔར་བཞིན་དུ་འཛིན་པའོ། །དྲག་རླུང་དེ་ལ་ཞག་ཅི་རིགས་སྦྱངས་པས་རྩ་རྒོད་རླུང་རྒོད་ཐུལ་ནས་དྲོད་ཅི་རིགས་པ་འབྱུང༌། དེ་ནས་བརྟན་པར་བྱ་བའི་ཕྱིར་རླུང་སྦྱོར་བ་བཞི་ལྡན་སྦྱང་བ་ནི། རྔུབ་པ་དང༌། དགང་བ་དང༌། གཞིལ་བ་དང༌། བཏང་བ་དང་བཞི་ལས།

p. 51

དང་པོ་རྔུབ་པ་ནི། རླུང་ཆུང་ངེ་བ་ཞིག་བརྔུབས་ནས་གནོན། དེ་རྗེས་དགང་བ་ནི། རླུང་དྲག་པོར་བརྔུབས་ནས་ཐུབ་ཐང་དུ་གནོན། དེ་ནས་གཞིལ་བ་ནི། མི་ཐུབ་པ་འདྲ་བ་དང༌། རླུང་ཅུང་ཟད་སེ་གོལ་གཏོགས་ཙམ་ཞིག་ཕྱི་རུ་བཏང་ནས་དེ་ལྷག་ཐུབ་ཐང་གནོན། བཏང་བ་ནི། དེ་ནས་མི་ཐུབ་པ་དང་སངས་ཙེར་ལྷག་མ་མ་ལུས་པར་གཏོང་ངོ༌། །གཅིག་ནོར་ན་བཞི་ཀར་ནོར་བས་དྲན་པ་ཏུར་རེ་བྱའོ། །གོམས་ནས་དམིགས་པ་ལ་རྩེ་གཅིག་ཏུ་བྱའོ། །དེ་ནས་འཇམ་རླུང་ཁུག་པ་གསུམ་ལྡན་ནི། རྔུབ་པ་སྒྲ་མི་གྲགས་པ་ཙམ་དུ་ཡུན་རིང་དུ་བརྔུབ། དེ་རྗེས་ཐུབ་ཐང་གནོན། མི་ཐུབ་པ་དང་ལྟག་པ་དགྱེ་ཙམ་བྱས་ལ་སྒྲ་མི་གྲག་པར་སངས་ཙེར་བཏང༌། ཕྱི་རུ་གནས་ཚད་ཅིག་འཇོག །འདི་ལ་ཉིན་མཚན་དུ་སྦྱང༌། མི་ཡི་སྔུན་དུ་ཡང་མི་ཚོར་བར་སྦྱང༌བར་བྱའོ། །རླུང་སྦྱོར་དེ་གསུམ་ལ་ཅི་རིགས་པར་སྦྱང་ངོ༌། །གཉིས་པ་འོག་ཟག་མེད་བདེ་ཆེན་དུ་སྦར་ནས་འོག་སྒོའི་བཅུད་ཅིག་སྟོན། ཞེས་པ་ནི། སྟེང་རླུང་བརྫངས་དྲག་ན་རླུང་སེམས་བཤང་གཅིའི་ལམ་དུ་ཤོར་ནས་འཁོར་བ་རྒྱས། མྱ་ངན་ལས་འདས་པ་རྒྱུན་ཆད། རླུང་སེམས་དྷཱུ་ཏིར་ཚུད་ན་མྱ་ངན་ལས་འདས་པ་རྒྱས། འཁོར་བ་རྒྱུན་ཆད། འཁོར་འདས་གཉིས་ཀྱི་འཁྲུག་པ་ལྟེ་འོག་སོར་བཞིར་བྱེད་པས། སྟེང་རླུང་མནན་པའི་རྗེས་ལ་སྲིན་པོ་བསྐུམ། ཤེས་པ་བསྒྲིམས། ཐུར་སེལ་གྱེན་དུ་འཐེན་ལ་ལུས་ཅུང་ཟད་བསྒུལ། རླུང་སྦྱོར་བུམ་པ་ཅན་བྱའོ། །བར་འཁོར་འདས་རྒྱུན་གཅོད་དུ་སྦར་ནས་རྩ་རླུང་གི་ཆིངས་ཤིག་སྟོན། ཞེས་པ་ནི་གསུམ་སྟེ། ལུས་འཁྲུལ་འཁོར་གྱི་གནད་ཀྱིས་བྱ་ལས་ཀྱི་འགྲུལ་རྒྱུན་གཅོད། ངག་རླུང་སྦྱོར་གྱི་གནད་ཀྱིས་ལོང་གཏམ་གྱི་འགྲུལ་རྒྱུན་གཅོད། ཡིད་དམིགས་པ་རྩེ་གཅིག་གི་གནད་ཀྱིས་རྣམ་རྟོག་གི་འགྲུལ་རྒྱུན་གཅོད་པའོ། །ལྔ་པ་དམིགས་པ་ཡུལ་གྱི་གནད་ནི། རང་གི་ལུས་ཕྱི་

p. 52

རྗེ་བཙུན་མའི་སྐུ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་ལྟ་བུའི་ནང་དུ་རྩ་གསུམ་གྱི་འདུས་ས་དབུ་མའི་མར་སྣར་ཨ་ཐུང་ཟངས་མའི་མོ་ཁབ་ཙམ་མམ། ཡང་ན་ཐིག་ལེ་དམར་པོ་ཅོག་སྒོང་ཙམ། དེ་ལས་མེ་སོར་བཞི་འབར་བར་བསྒོམ། མེ་དེ་མཚན་ཉིད་བཞི་ལྡན་ཁ་དོག་དམར་བ། རེག་བྱ་ཚ་བ། རྩེ་མོ་རྣོ་བ། འཇམ་ཞིང་མཉེན་པའོ། །དེ་རྗེས་སོར་བརྒྱད་སྙིང་ག །དེ་ནས་འབར་འཛག་ནི། མེ་རྟ་རྔ་ཙམ་དྷཱུ་ཏིའི་ནང་ནས་ཡར་སོང༌། ཚངས་བུག་གི་ཧྃ་ལ་རེག །དེ་ལས་ཐིག་ལེ་ཉུངས་འབྲུ་ཙམ་ཆད་ནས་ཆོས་འབྱུང་གི་ནང་དུ་བབས་པས་བདེ་ཕྲིལ་བར་བསྐྱལ་ཅིང་བསྒོམ། ཆོས་འབྱུང་ཐིག་ལེས་གང་བར་བསམ་མོ། །དེ་ནས་སུམ་མདོར་གཏུམ་མོ་ཙནྜ་ལི་མེའི་འཁོར་ལོ་ཤིན་ཏུ་དམར་ཞིང་ཚ་བ། མགར་གྱི་ལྕགས་གོང་ལ་ཞུན་བཏང་བ་ལྟ་བུ་བསྒོམ། དེས་བདེ་དྲོད་གཉིས་ཀ་ཆེར་སྐྱེའོ། །ཧ་ཅང་དྲོད་ཆེ་བར་འདོད་ན་འཁོར་ལོ་དེ་ལས་མེ་སྦར། རྩའི་དྲྭ་མིག་རྣམས་སུ་མེ་ལྕེ་ཉུག་ཉུག་བྱུང་བས་སྙིང་ག་མན་ཆད་མེ་རུ་འབར་བ་ལ་སེམས་གཏད་དོ། །མེ་དེ་ཡང་མཚན་ཉིད་བཞི་ལྡན་ཏེ། རྣམ་པ་མེ། ངོ་བོ་རྣལ་འབྱོར་མ། རང་བཞིན་ཡེ་ཤེས། ཉམས་མྱོང་བདེ་དྲོད་དོ། །གསུམ་པ་རྗེས་ཀྱི་གནད་ལ་བཞི་སྟེ། སྦྱང་བ་ཐབས་ཀྱི་གནད་དང༌། བང་ཆེན་རྟགས་ཀྱི་གནད་དང༌། རང་གྲོལ་ཕྱག་རྒྱ་ཆེན་པོའི་གནད་དང༌། སྤྱོད་ལམ་ཤུགས་འབྱུང་གི་གནད་དོ། །དང་པོ་ལ་ཕྱི་སྦྱང་བ་དང་། ནང་སྦྱང་བ་གཉིས་ལས། ཕྱི་སྦྱང་བ་ནི། གཏུམ་མོ་སྦྱངས་པས་དྲོད་ཁོལ་བུར་སྐྱེས་ན་བརྟན། དུས་གཅིག་ལ་སྐྱེས་ན་མི་བརྟན། བྱིན་རླབས་ཀྱིས་དྲོད་སྐབས་སུ་མ་སྒོམ་ནའང་མི་འཆོར་བ་འོང་། །གོས་གཅིག་སྐྱུར་གཉིས་སྐྱུར་བྱ། དེ་རྗེས་ཐེར་མ་དང་རས་ལ་སྦྱང་། དྲོད་ཆེས་ན་གྲང་བར་བསྒོམ། རྔུལ་བྱུང་ན་བསྐུ་མཉེ་བྱ། རྗེས་ལ་སྲན་ཕྱེས་དྲིལ་ཕྱིས་བྱ། མཐར་གང་ལ་ཡང་རས་གོས་ཀྱིས་ཆོག་པ་

p. 53

འབྱུང༌། དེ་ཙམ་ན་གོས་ཀྱི་འདུན་པ་དང་བྲལ། འབྱུང་བ་ཁྱད་དུ་གསོད་པའི་གྲུབ་ཐོབ་ཅེས་བྱ་བ་ཟས་སུ་ཡང་རླུང་ཟོས་པས་ཆོག་པ་འབྱུང༌། ནང་སྦྱང་བ་ནི། ལུས་འཁྲུལ་འཁོར་ཕྱི་ཡི་གཏུམ་མོ་ལི་རི་ལྟར་གྲིམས་པར་སྦྱང༌། ངག་རླུང་གི་སྦྱོར་བ་ནང་གི་གཏུམ་མོ་གཞུ་བརྡུངས་པའི་རྒྱུད་ལྟར་གྲིམས་པར་སྦྱང༌། སེམས་མེ་མཚན་ཉིད་བཞི་ལྡན་གསང་བའི་གཏུམ་མོ་མདའ་འཕེན་གྱི་འབེན་ལྟར་གྲིམས་པར་སྦྱང༌། བདེ་བ་རྒྱས་པའི་དུས་སུ་སྤོང་སེམས་བརྟན་པ་དང༌། ཉམས་སུ་ལེན་པའི་ཚེ་ཐིག་ལེ་སྲུང་བ་ཡང་ཞལ་ལས་ཤེས། འཇམ་རླུང་རྡོ་རྗེའི་བཟླས་པ་ཡིག་འབྲུ་གསུམ་ལ་སྦྱང་བ་དང༌། འབྱུང་བ་ལྔའི་རླུང་སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་སྦྱང་བའང་ཞལ་ལས་ཤེས་སོ། །གཉིས་པ་བང་ཆེན་རྟགས་ཀྱི་གནད་ནི། གཏུམ་མོ་བསྒོམས་པས་རྟགས་བཅུ་དང་། རྫུ་འཕྲུལ་བཞི་དང་། འདུ་བ་བཞི་འབྱུང༌། རྟགས་བཅུ་ནི། ཐུན་མོང་ལྔ་དང་ཁྱད་པར་གྱི་ལྔའོ། །དང་པོ་ནི། རླུང་ལྔ་ཟིན་པའི་རྟགས་ཏེ་དངོས་སམ་རྨི་ལམ་དུ་ས་རླུང་ཟིན་པས་དུ་བ་དང༌། ཆུ་རླུང་ཟིན་པས་སྨིག་རྒྱུ་དང༌། མེ་རླུང་ཟིན་པས་མེ་ཁྱེར་དང༌། རླུང་གི་རླུང་ཟིན་པས་མར་མེ་དང༌། ནམ་མཁའི་རླུང་གིས་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་འབྱུང་ངོ༌། །ཁྱད་པར་རླུང་ལྔ་བརྟན་པའི་རྟགས་ནི། ལྟེ་བར་ས་རླུང་བརྟན་པས་འདུག་ཚུགས་ཤིང་ས་གཞི་གསེར་དུ་མཐོང་ངོ༌། །ཟླ་ཟེར་ལྟ་བུ་དང་ཐང་ཆེན་པོ་མཐོང༌ངོ་། །སྙིང་གར་ཆུ་རླུང་བརྟན་པས་ལུས་རྔུལ་སྣང་བ་ཆུར་མཐོང༌། ཉི་ཟེར་ལྟ་བུ་དང་འོད་དམར་བ་མཐོང༌ངོ་། །མགྲིན་པར་མེ་རླུང་བརྟན་པས་དྲོད་ཆེ་གོས་དང་བྲལ། མེ་ཆེན་པོ་དང་གློག་གི་ཟེར་ལྟ་བུ་མཐོང༌ངོ་། །གསང་གནས་སུ་རླུང་བརྟན་པས་སྟོབས་ཆེ། འགྲོ་མགྱོགས། རླུང་དང་འཇའ་ཚོན་མཐོང༌ངོ་། །སྤྱི་བོར་ནམ་མཁའི་རླུང་བརྟན་པས་ལུས་བདེ། མདངས་དང་ལྡན།

p. 54

ཉི་ཟླ་བསྲེས་པ་ལྟ་བུ་མཐོང༌ངོ་། །རླུང་སེམས་དབུ་མར་ཚུད་པས་རླུང་ལྔའི་ཁ་དོག་འཇའ་ཚོན་འོད་ཀྱི་སྐུད་པ་ལྟ་བུ་སྣ་སྒོར་མཐོང༌། དེ་བཞིན་གཤེགས་པའི་ཞིང་དང༌། རིགས་དྲུག་གི་གནས་ཀྱང་མཐོང་བ་འབྱུང་སྟེ་རློམ་སེམས་མེད་པར་བྱུང་རྒྱལ་དུ་སྦྱང་ངོ་། །རྫུ་འཕྲུལ་བཞི་ལས། མེ་རླུང་དབང་དུ་འདུས་པས་ཉི་མ་སྟོད་ལ་ནོན། སེང་གེ་ཐུར་དུ་ཚུད་པས་ཆུ་བོ་གྱེན་ལ་ཟློག །རླུང་སེམས་དབང་དུ་འདུས་པས་ལྟ་སྟངས་ཀྱིས་ཕ་རོལ་རེངས། རླུང་གི་རླུང་དབང་དུ་འདུས་པས་བར་སྣང་དུ་སྐྱིལ་ཀྲུང་འཆའ་ནུས་སོ། །འདུ་བ་བཞི་ལས། རྩས་ནོར་འདུ། རླུང་གིས་མི་འདུ། ཐིག་ལེས་མི་མ་ཡིན། ཆ་མཉམ་གྱི་རླུང་ལྟས་བརྟགས་པས་དགེ་མི་དགེ་ཤེས། རྫས་དང་ཟས་འདུའོ། །གསུམ་པ་རང་གྲོལ་ཕྱག་རྒྱ་ཆེན་པོའི་གནད་ལ་གསུམ་ལས། དང་པོ་ནི། རྩ་ཐམས་ཅད་འདྲེས་པས་གསལ་བ་རྒྱུན་གྱི་རྟག་པ་ནི། ད་ལྟར་གྱི་རྩ་འདི་རྣམས་རྣམ་སྨིན་གྱི་རྩ། དེའི་ནང་ནས་ཡེ་ཤེས་ཀྱི་རྩ་ཁ་དོག་དབྱིབས་སུ་མ་གྲུབ་པ། བསྒོམ་ན་ངོ་འཕྲོད་ནུས་པ་ཞིག་ཡོད། གཏུམ་མོ་བསྒོམས་པས་རྣམ་སྨིན་གྱི་རྩ་དང་ཡེ་ཤེས་ཀྱི་རྩ་འདྲེས་པས་རྣམ་པ་གསལ་བའི་ཉམས་རྒྱུན་དུ་འབྱུང་བའོ། །གཉིས་པ་ནི། དེ་བཞིན་དུ་རླུང་ཐམས་ཅད་འདྲེས་པས་མི་རྟོག་པ་རྒྱུན་གྱི་རྟག་པ། གསུམ་པ་ནི། ཐིག་ལེ་ཐམས་ཅད་འདྲེས་པས་བདེ་བ་རྒྱུན་གྱི་རྟག་པ་རྣམས་ཀྱང་ཤེས་པར་བྱའོ། །གནས་པ་རྩ་ལ་བརྟེན་ནས་གསལ་བ་ངོས་འཛིན། གཡོ་བ་རླུང་ལ་བརྟེན་ནས་མི་རྟོག་པ་ངོས་འཛིན། བྱང་སེམས་ཐིག་ལེ་ལ་བརྟེན་ནས་བདེ་བ་ངོས་འཛིན། རྩ་གསལ་སྟོང༌། རླུང་རིག་སྟོང༌། ཐིག་ལེ་བདེ་སྟོང༌། བདེ་གསལ་མི་རྟོག་པ་གསུམ་ཟུང་དུ་ཆུད་པས་རྒྱུད་ལ་སྐྱེས་པ་དེ་ལ་དེ་ཁོ་ན་ཉིད་ཀྱི་གཏུམ་མོ་ཞེས་བྱ་བའམ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །བཞི་པ་སྤྱོད་ལམ་ཤུགས་འབྱུང་གི་གནད་ལ་གཉིས་ཏེ། རླུང་གི་སྦྱོར་བ་དང༌།

p. 55

སྤྱོད་ལམ་གྱི་བྱ་བའོ། །དང་པོ་ནི། གྲང་ན་དྲོད་བཙན་ཐབས་སུ་དབབ་པ་ནི། ལུས་ཀྱི་རྒན་པོ་བཞི་བཙུག་ལ་གཅུད་པར་བྱ། མགོ་རི་རབ་ཀྱི་བར་དུ་བཅུག་ལ་སྟེང་འོག་རླུང་ཁ་སྦྱར་བའོ། །འགྲོ་ན་སྲོག་རྩོལ་གནད་དུ་བསྣུན་པ་ནི། གླིང་བཞི་བསྡུས་ལ་སྲིན་པོ་གཅོད། དྲན་པའི་རྒྱུན་དེ་དང་མ་བྲལ་བ་གནད་ཆེའོ། །གཉིས་པ་སྤྱོད་ལམ་ནི། རྟ་མི་ཞོན། དུང་མི་འབུད། མེ་དང་ཉི་མ་སྤང༌། ཐིག་ལེ་བསྲུང༌། ཚྭ་ཆེས་པ་དང༌། སྒ་དང༌། སྒོག་སྔོན་དང༌། ཟྭ་དང༌། ཉ་ཤ་དང༌། ཤ་རུལ་དང༌། ཆང་སྐྱུར་དང༌། ཕྱེ་རུལ་དང༌། གྲོ་ཕྱེ་དང༌། སྲན་ཕྱེ་སྤང༌། ཆུ་འཁྱག་མི་འཐུང༌། ཉིན་གཉིད་མི་ལོག །གཞན་ཡང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུ་དང༌། ངག་རླུང་རྡོ་རྗེའི་བཟླས་པ་གྲགས་སྟོང༌། སེམས་སྟོང་ཉིད་སྙིང་རྗེའི་ཏིང་འཛིན་དང་མི་འབྲལ་བར་བྱའོ། །གཏུམ་མོ་བདེ་དྲོད་རང་འབར་གྱི་གདམས་ངག་གོ །
༈ གཉིས་པ་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ་བཞི་སྟེ། གསེར་འགྱུར་གྱི་རྩིས་དམན་པ་མཆོག་ཏུ་བསྒྱུར་བ་དང༌། ཉི་ཟླའི་འོད་ཟེར་གྱིས་ཡེ་ཤེས་ངོ་སྤྲད་པ་དང༌། བསྟོད་སྨད་ཆོས་བརྒྱད་ཀྱི་རྒྱ་མདུད་གྲོལ་བ་དང༌། རྗེས་གྲོལ་ཞིང་སྒྱུ་མ་ལམ་དུ་ཁྱེར་བའོ། །དང་པོ་ནི། དཔེར་ན་གསེར་འགྱུར་གྱི་རྩི་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་ནུས་པ་བཞིན། སྒྱུ་ལུས་བསྒོམས་པས་འཇིག་རྟེན་གྱི་སྣང་བ་བདེན་ཅིང་རྟག་པར་འདོད་པ་ཐམས་ཅད་མི་བདེན་ཅིང་བརྫུན་པ་སྦུན་ལྐོགས་སུ་གཤིག་པར་བྱེད་པ་ཡིན་ཏེ། དེ་ལ་གསུམ། ཡི་དམ་གསེར་འགྱུར་གྱི་རྩི་དང༌། བླ་མ་གསེར་འགྱུར་གྱི་རྩི་དང༌། སྣང་བ་གསེར་འགྱུར་གྱི་རྩིའོ། །དང་པོ་ནི། རང་རྗེ་བཙུན་མར་བསྒོམ། སྒྱུ་མ་རྨི་ལམ་ཡིན་སྙམ་དུ་སེམས་ལ་ཏུར་ཏུར། ངག་ཏུ་ཡང་ཐོལ་ཐོལ་བརྗོད། མི་གསེབ་དང་གཉིད་ཀྱི་ཟ་མ་ཟི་ཚུན་ཆོད་སྦྱངས་ལ་བག་ཆགས་འདྲིས་

p. 56

ངེས་བརྟན་ངེས་སུ་བྱའོ། །བླ་མ་གསེར་འགྱུར་གྱི་རྩི་ནི། སྤྱི་བོར་བླ་མ་བཀའ་བརྒྱུད་བསམས་ལ། རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་དུ་སྔར་བཞིན་སྦྱངས། སྣང་བ་གསེར་འགྱུར་གྱི་རྩི་ནི། མིག་གི་ཡུལ་དུ་གཟུགས་མཐོང་ཚད་ལ་གཟུགས་སུ་སྣང་དུས་ནས་རང་གི་ངོ་བོས་སྟོང༌། གཟུགས་སྣང་སྟོང་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསྒོམ། རྣ་བས་སྒྲ་ཐོས་ཚད་གྲག་དུས་ནས་ངོ་བོས་སྟོང་པས་གྲག་སྟོང་སྒྱུ་མ་ལྟ་བུ། སེམས་ལ་རྣམ་རྟོག་འཕྲོས་ཚད་རྣམ་རྟོག་ཏུ་གསལ་དུས་ན་རང་གི་ངོ་བོས་སྟོང་པས་སེམས་གསལ་སྟོང་སྒྱུ་མ་ལྟ་བུར་བསྒོམ་ཞིང་སྦྱང༌ངོ་། །གཉིས་པ་ཉི་ཟླའི་འོད་ཀྱིས་ཡེ་ཤེས་ངོ་སྤྲོད་པ་ལ་གསུམ། འཕོ་འགྱུར་དུས་ཀྱི་སྦྱང་བ་དང༌། ཉི་ཟླའི་ཟེར་ལ་ངོ་སྤྲོད་པ་དང༌། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ཏེ་སྣང་བ་བདེན་མེད་དུ་གཏན་ལ་དབབ་པའོ། །དང་པོ་ནི། སྐད་ཅིག་གིས་རང་རྗེ་བཙུན་མར་བསྒོམས་ལ་ཡུལ་ལྔ་གསལ་གདབ། མདུན་དུ་རྗེ་བཙུན་མའི་ཐང་སྐུ་བཀྲམ་ལ་དེ་ལ་སེམས་གཏད། སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་ཡིད་ལ་བསྒོམ་ཞིང་ངག་ཏུའང་བརྗོད། དེ་ནས་ཐང་ཀ་བསྡུས་ལ་ཡི་དམ་བསྒོམ། ཕར་བལྟས་པས་ལྷ་ཚོགས་རྣམས་སྣང་ཙམ་ནས་སྟོང༌། སྟོང་ཙམ་ནས་སྣང༌། སྣང་སྟོང་སྒྱུ་མ་རྨི་ལམ་ལྟ་བུར་བསྒོམ། དེ་ལ་ཤེས་པ་མི་གསལ་ན་མདུན་གྱི་ལྷ་རང་ལ་བསྟིམ། རང་དང་རྗེ་བཙུན་མ་དབྱེར་མེད་དུ་བཞག །དེ་ལ་སྐྱོ་ན་བླ་མའི་རྣལ་འབྱོར་གསལ་གདབ། བསྐྱར་ཞིང་བསྒོམ་ལ། ཡེ་ཤེས་མཁའ་འགྲོ་སྒྱུ་མའི་སྐུ། །སྒྱུ་མ་སྟོང་པའི་ངོ་བོ་ཉིད། །སྟོང་ཉིད་བརྗོད་དུ་མེད་པར་སྤྲོ། །སྒྱུ་ལུས་འབྱོང་བར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། རྒྱས་པར་བྱེད་ན། རྡོ་རྗེ་འཆང་ཆེན་སྒྱུ་མའི་སྐུ། །ཞེས་བརྒྱུད་པ་ལ་གསོལ་བ་གདབ། དེ་ཐམས་ཅད་སྒྱུ་མ་ཡིན་པས་སྟོང་པ། སྟོང་པ་ཡིན་པས་སྐྱེ་མེད། སྐྱེ་མེད་ཡིན་པས་སྤྲོས་བྲལ། སྤྲོས་བྲལ་ཡིན་

p. 57

པས་ཆོས་སྐུ་ཡིན་སྙམ་དུ་ཐག་རྦད་ཀྱིས་བཅད་ལ། དེ་ཀའི་ངང་ལ་སིང་ངེ་ཡེ་རེ་ཚུགས་ཚད་དུ་བཞག །གཉིས་པ་ཉི་ཟླའི་ཟེར་ལ་ངོ་སྤྲོད་པ་ནི། ཁང་པ་བླ་གབ་མེད་པའམ། ཡང་ན་ཕྱོགས་བཞིར་གློ་སྐར་བཞི་གཏོད་ལ་ཕྱགས་དར་བྱ། སྔ་དྲོ་ཁ་ཤར། ཉིན་ཕྱེད་ལྷོ། དགོང་མོ་ནུབ་ཏུ་བལྟའོ། །ཤར་གྱི་གློ་སྐར་གྱི་ཐད་ཀར་རལ་གྲི། ལྷོར་མེ་ལོང༌། ནུབ་ཏུ་རྒྱ་སྐྱེགས་ཀྱི་ཁུ་བ། བྱང་དུ་གླེགས་བམ་གདགས་སོ། །དེར་ཅིར་སྣང་བདེན་མེད་དུ་འཆར། སྣང་བ་བུན་ལོང་འགྲོ་བའི་རྟེན་འབྲེལ་ལོ། །ཡི་དམ་མམ་རྡོ་རྗེ་སེམས་དཔའི་ཐང་ཀ་སོ་མ་ཞིག་རྒྱབ་ཏུ་བཀྲམ། མདུན་དུ་སྣོད་གཙང་མར་ཆུ་བླུགས། མེ་ལོང་གཡའ་དག་པ་ཞིག་ཆུའི་རྩར་བཞག །སྔར་བཞིན་བླ་མ་ཡི་དམ་བསྒོམས་ལ་གསོལ་བ་གདབ། ཆུ་དང་མེ་ལོང་གི་ནང་དུ་ལྷ་སྐུ་ཤར་བ་ལ་རིག་པ་གཏད། སྐབས་སུ་ལྷ་སྐུ་ལ་སོགས་པ་ཆུ་དང་མེ་ལོང་གི་ནང་དུ་ཤར་བ་རྣམས་ལ་བརྟག་པ་བཞིར་བྱ་སྟེ། དེ་ཡོད་ནས་འཆར་ན་བཟུང་བས་ཟིན་རྒྱུ་ལ་མི་ཟིན། མེད་ནས་འཆར་ན་དེའི་ནང་དུ་ཡོང་ས་མེད་པར་བྱུང༌། དེའང་ཐང་སྐུ་བྲིས་པ་དེ་ཐོན་ནས་དེར་སོང་བ་མ་ཡིན། ལྷ་སྐུ་གློ་བུར་དུ་གཞན་ནས་བྱུང་ནས་དེར་ཐིམ་པ་མ་ཡིན་ཏེ། མེད་བཞིན་རྟེན་འབྲེལ་ཚོགས་པའི་རྫུན་སྣང་ཙམ་དུ་ཤར་བས། དེ་བཞིན་དུ་འཁོར་འདས་ཀྱི་ཆོས་དང་ད་ལྟར་གྱི་སྣང་བ་ཐམས་ཅད་ཤེས་པར་བྱ། ཐུན་འཇོག་ཀར་ལྷ་རང་ལ་བསྟིམ། རང་དང་སྣང་བ་ཐམས་ཅད་སྒྱུ་མ། སྒྱུ་མ་ཡིན་པས་སྟོང་པ་ལ་སོགས་པ་འགྲེའོ། །གསུམ་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ཏེ་སྣང་བ་བདེན་མེད་དུ་གཏན་ལ་དབབ་པ་ནི། རྒྱུ་རྐྱེན་ལས་གྲུབ་པས་སྒྱུ་མ། གཡོ་བ་དང་བཅས་པས་སྨིག་རྒྱུ། གནས་དང་ལོངས་སྤྱོད་མེད་བཞིན་དུ་སྣང་བས་དྲི་ཟའི་གྲོང་ཁྱེར། སྣང་ལ་རང་བཞིན་མེད་པས་འཇའ་ཚོན། གསལ་ལ་རྫོགས་པས་མེ་

p. 58

ལོང་གི་གཟུགས། ཀུན་ལ་ཁྱབ་པས་ཆུ་ཟླ། རང་ཡིན་ཡང་གཞན་དུ་སྣང་བས་བྲག་ཆ། སེམས་དང་བཅས་པས་རྨི་ལམ། མི་རྟག་ཅིང་མྱུར་བས་གློག །མེད་བཞིན་སྣང་བས་མིག་ཡོར། གཅིག་དང་དུ་མར་འབྱུང་བས་སྤྲིན། གཟུགས་སྣ་ཚོགས་པས་སྤྲུལ་པའོ། །དེ་རྣམས་ཀྱི་དོན་ལ་རེས་ཕར་ལ་བལྟ། རེས་ཚུར་ལ་བལྟ། དེ་རང་ལ་བསྟིམ་པས་སྔ་མ་ལྟར་བསྒོམ་པར་བྱའོ། །གསུམ་པ་བསྟོད་སྨད་ཆོས་བརྒྱད་ཀྱི་རྒྱ་མདུད་དགྲོལ་བ་ནི། ལྷ་སྐུ་བསྡུས་ཏེ་མེ་ལོང་ལ་རང་གཟུགས་འཆར་བར་བྱས་ལ། རང་གི་མིང་ནས་བཏོན་ལ། ཁྱོད་བས་ཕོ་གྲུང་པ། བཙུན་པ། གཏོང་ཕོད་ཆེ་བ་མེད་པ་ལ་སོགས་པ་བྱས་ཀྱང་དེ་ལ་དགའ་བ་མེད། ཡང་སྡོམ་ཉམས་དམ་ཉམས་ལ་སོགས་པ་བྱས་ཀྱང་མི་དགའ་བ་མེད། སྒྱུ་མ་ལྟ་བུ་ལ་དགའ་མི་དགའ་ཡོང་བ་མེད་པས་དངོས་སུ་རོ་མཉམ་སྟེ། གཞན་གྱིས་བསྟོད་ར་གཏོང་གིན་འདུག་ནའང་དེ་ལ་དགའ་མི་དགའ་མི་བྱ། དེ་ལ་བརྟག་པ་གཉིས་བྱ་སྟེ། ཡོན་ཏན་ཡོད་ནས་བསྟོད་ན་བརྗོད་པས་ལྷག་ཏུ་མི་འགྲོ་བས་དགའ་བར་མི་རིགས། མེད་པ་ལ་བསྟོད་ན་ཚིག་སྟོང་ཕྱེ་འཐོར་ལ་དགའ་བར་མི་རིགས། གཞན་གྱིས་སྨད་ར་བཏང་ན་མི་དགའ་བར་མི་བྱ། དེ་ལ་བརྟག་པ་གཉིས་བྱ་སྟེ། སྐྱོན་དེ་ཡོད་ནས་སྨད་ན་ཡོད་པ་བརྗོད་པ་ལ་མི་དགའ་བ་མི་རིགས། མེད་ན་ཚིག་སྟོང་ལ་མི་དགའ་བར་མི་རིགས་སོ། །དེ་བཞིན་དུ་བདེ་ཞིང་སྐྱིད་པར་སྣང་ན་དེ་ལ་དགའ་བར་མི་བྱའོ། །སྡུག་པའི་སྣང་བ་བྱུང་ན་མི་དགའ་བར་མི་བྱ། དེ་ལ་བརྟག་པ་གསུམ་བྱ་སྟེ། ལུས་བེམ་པོོ། ངག་བྲག་ཆ། སེམས་ནམ་མཁའ་དང་འདྲ་བས་སྡུག་པ་མ་གྲུབ། མ་གྲུབ་བཞིན་དུ་སྡུག་པར་སྣང་བ་སྒྱུ་མའོ། །དེ་བཞིན་རྙེད་པ་ཆེ་བ་ལ་དགའ་བར་མི་བྱ། དེ་ལ་བརྟག་པ་གསུམ་བྱ་སྟེ། ནོར་ཟང་ཟིང་བདེན་པར་མ་གྲུབ་བཞིན་སྣང་བ་མིག་འཕྲུལ་གྱི་ནོར་

p. 59

དང་འདྲ་བས་དེ་ལ་དགའ་བར་མི་རིགས། ཕུགས་སུ་འཚེང་མི་ནུས་ལ། འཕྲལ་དུ་སྤྱོད་དབང་མེད་པ་རྨི་ལམ་གྱི་ནོར་བུའི་གཏེར་རྙེད་པ་དང་འདྲ་བས་དགའ་བར་མི་རིགས་སོ། །དེ་ལ་ཞེན་ནས་ཕུང་ཁྲོལ་ཐམས་ཅད་འབྱུང༌སྟེ། ནོར་ཕྱིར་སྲོག་ཀྱང་འཆོར་བ་སྦྲང་མའི་སྦྲང་རྩི་དང་འདྲ་བས་དགའ་བར་མི་རིགས་སོ། །རྙེད་པ་ཆུང་བ་ལ་མི་དགའ་བར་མི་བྱ། དེ་ལ་བརྟག་པ་གསུམ་བྱ་བ་སྔར་བཞིན་ནོ། །དེ་བཞིན་དུ་གྲགས་པ་དང་མ་གྲགས་པ་གཉིས་པོ་གོང་གི་བསྟོད་སྨད་ལ་དགའ་མི་དགའ་མི་རིགས་པ་དང་འདྲའོ། །དེ་ལྟར་ཆོས་བརྒྱད་སྒྱུ་མར་འབྱོངས་ནས་ཆགས་སྡང་མི་སྐྱེ་ན་བར་དོར་མངལ་སྒོ་ཁེགས། རྒྱ་མདུད་རང་སར་གྲོལ་ལོ། །བཞི་པ་རྗེས་གྲོལ་ཞིང་སྒྱུ་མ་ལམ་དུ་ཁྱེར་བ་ནི། སྣང་བ་ཐམས་ཅད་རིགས་ལྔའི་བདག་ཉིད་སྒྱུ་མ་ལྟ་བུར་བལྟ་སྟེ། ཕུང་པོ་ལྔ་ཡབ་ལྔ། འབྱུང་བ་ལྔ་ཡུམ་ལྔ། ཕྱོགས་ཡུལ། དབང་པོ་ཡན་ལག །འདོད་ཡོན་དེར་འཛིན་གྱི་རྟོག་པ་ཐམས་ཅད་ལྷ་སྐུ་ཡེ་ཤེས་སྒྱུ་མ་སྣང་སྟོང་དུ་བལྟ་བར་བྱ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེས་ཕྱག་རྒྱ་ཐམས་ཅད་ལ་འཇུག །དཀྱིལ་འཁོར་ཐམས་ཅད་བྱ། འདོད་ཡོན་ཐམས་ཅད་སྤྱད། རྒྱན་ཐམས་ཅད་གདགས། སྤྱོད་པ་ཐམས་ཅད་བྱ། གར་དང་རོལ་མོ་སྨྲ་བགད་ལ་སོགས་པ་བྱ། གྲུབ་མཐའ་ཐམས་ཅད་བསྒྱུར། ལམ་ཐམས་ཅད་བགྲོད་དོ། །ཅིའི་ཕྱིར་ན་ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་ཡིན་པར་ཤེས་པའི་ཕྱིར་ཉེས་ལྟུང་གིས་མི་གོས་པའོ། །དེ་ལྟར་ཤེས་པས་མཆོད་རྟེན་དང༌། དགེ་སློང་ལ་སོགས་པ་ལ་ཕྱག་མི་བྱ་སྟེ། དེ་དག་བེམ་པོའི་གཟུགས་བརྙན་ནམ། སྒྱུ་མའི་རྣམ་འཕྲུལ་ཡིན་པའི་ཕྱིར་རོ། །ཁ་ཏོན་དང༌། སྔགས་བཟླ་བ་དང༌། སྲུང་འཁོར་བསྒོམ་པ་ལ་སོགས་པ་མི་བྱའོ། །ཡང་ན། ཕྱག་དང་སྔགས་བགྲང་བ་ལ་སོགས་པ་ཐམས་ཅད་སྒྱུ་མའི་ངང་ནས་བྱ། དེ་ལྟར་འཁོར་འདས་ཀྱི་ཆོས་

p. 60

ཐམས་ཅད་བདེན་མེད་དུ་ཤེས་ནས་སྒྱུ་མ་ལྟ་བུར་འཆར་ན་སྒྱུ་མའི་ལུས་ཀྱི་ཉམས་ཤར་བའོ། །སྣང་སེམས་ཐམས་ཅད་དངོས་པོ་དང་མཚན་མས་མ་གོས་པར་ཆོས་སྐུར་ཤར་བ་ལ་ཞེན་པ་མེད་ན་སྒྱུ་ལུས་ཀྱི་རྟོགས་པ་ཤར་བའོ། །རིགས་གསུམ་མགོན་པོ་བསྒོམས་པས་གཞན་གྱི་བློ་ངན་སེལ། མེ་ཡི་ཕྱག་རྒྱས་འཇིག་རྟེན་སྲེག་པར་བྱེད་པ་དེའི་དུས་སུ་འབྱུང༌། མཉམ་རྗེས་མེད་ན་ཚེ་འདི་ལ་ལུས་འཇའ་ལུས་དང༌སེམས་ཆོས་སྐུ་ཐོབ་ནས་མཆོག་ཐོབ། མཉམ་རྗེས་ཅུང་ཟད་ཡོད་ནའང་བར་དོར་ཐོབ་བོ། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་གྱི་གདམས་ངག་གོ །
༈ གསུམ་པ་རྨི་ལམ་འཁྲུལ་པ་རང་སངས་ལ་བཞི་སྟེ། དྲན་པའི་ལྕགས་ཀྱུས་གཟུང་བ་དང༌། བརྗེད་བསྐུལ་གྱིས་སྦྱང་བ་དང༌། ཕྲིན་ལས་ཀྱི་མཛད་པ་སྒྱུ་མར་བྱིན་གྱིས་བརླབ་པ་དང༌། དེ་ཁོ་ན་ཉིད་བསྒོམ་པའོ། །དང་པོ་ལ་གསུམ་ལས། ཡི་དམ་དྲན་པའི་ལྕགས་ཀྱུས་གཟུང་བ་དང༌། བླ་མ་དྲན་པའི་ལྕགས་ཀྱུས་གཟུང་བ་དང༌། སྣང་བ་དྲན་པའི་ལྕགས་ཀྱུས་གཟུང་བ་རྣམས་སྒྱུ་ལུས་ཀྱི་གསེར་འགྱུར་རྩི་དང་འདྲའོ། །གཉིས་པ་བརྗེད་བསྐུལ་གྱིས་སྦྱང་བ་ནི། བླ་མའི་རྣལ་འབྱོར་བསྒོམ། རྨི་ལམ་ཟིན་པར་གསོལ་བ་གདབ། ཉིན་མོ་རྨི་ལམ་ཡ་མཚན་ཅན་མང་པོ་ཡིད་ཀྱིས་དམིགས་ལ། དེ་རྣམས་རྨི་ལམ་ཡིན་པར་འདུག །ད་ང་ཡིས་རྨི་ལམ་གཟུང་དགོས་སྙམ་དུ་དྲན་འདུན་བརྒྱ་རྩ་རེ་ཙམ་བྱ། རྨི་ལམ་སྦྱང་བ་མགྲིན་པར་སྦྱང༌ངོ་། །འཛིན་པ་སྨིན་མཚམས་སུ་འཛིན་པས། ཉལ་ཁར་བླ་མ་སྣང་བ་མཐའ་ཡས་ཀྱི་ངོ་བོ་མགྲིན་པར་བསྒོམ། ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ། གསོལ་བ་གདབ། མགོ་ནུབ་བདེ་བ་ཅན་དུ་བསྟན་པས་གནས་ངེས་པར་བྱེད། གཞོག་གཡས་འོག་ཏུ་ཕབ། སེང་གེའི་ཉལ་སྟབས་བྱས་པས་རླུང་སེམས་གནད་དུ་ཚུད་ནས་ལུས་ངེས་པར་བྱེད། འཛིན་པ་སྨིན་མཚམས་ཀྱི་བར་

p. 61

ཐིག་ལེ་དཀར་པོ་མུ་ཏིག་ལྟ་བུ་གཅིག་ལ་དྲན་པ་ཏུར་རེ་གཏད་དོ། །གཉིད་ལོག་པས་སེམས་ངེས་པར་བྱེད་དོ། །རྨི་ལམ་མ་ཟིན་ན་དོན་མེད་ཡིན་ནོ་སྙམ་དུ་བྱ། གཉིད་ཐུམ་ཕྲན་དུ་བྱ། སྐབས་སུ་རླུང་རྩོལ་བག་རེ་བསྒོམ། གཉིད་སད་རེས་ཀྱི་ཐིག་ལེ་ལ་རིག་པ་གཏད། རྨི་ལམ་ལ་རྨི་ལམ་དུ་ཤེས་ན་ཟིན་པའོ། །གསུམ་པ་ཕྲིན་ལས་ཀྱི་མཛད་པ་སྒྱུ་མར་བྱིན་བརླབ་པ་ལ་བཞི། སྤྲུལ་པ་དང༌། བསྒྱུར་བ་དང༌། སྤེལ་བ་དང༌། ལུས་ཀྱི་སྐར་མདའ་གར་འདོད་དུ་འཕང་བའོ། །དང་པོ་ནི། རྨི་ལམ་དུ་དགྲས་དེད་པའམ། ཆུས་ཁྱེར་བའམ། གཡང་ལ་ལྷུང་ལ་ཁད་པའམ། གཟུགས་མི་སྡུག་པ་ལ་སོགས་པ་བྱུང་ན། དེ་ལ་འཇིགས་སྐྲག་གི་སྣང་བ་འཆར་ཏེ། འདི་རྨི་ལམ་ཡིན་སྙམ་དུ་ཤེས་པར་བྱའོ། །འབྱུང་པོ་ལ་སོགས་པ་རྨིས་ན་དེ་དང་དེའི་གཉེན་པོར་སྤྲུལ་ནས་འདུལ་བ་ཞལ་ལས་ཤེས་སོ། །གཉིས་པ་བསྒྱུར་བ་ནི། རྨི་ལམ་ཟིན་པ་དང༌། གཅིག་མང་པོར་བསྒྱུར། མང་པོ་གཅིག་ཏུ་བསྒྱུར། གཟུགས་ཆེན་པོ་ཆུང་ངུར་བསྒྱུར། ཆུང་ངུ་ཆེན་པོར་བསྒྱུར། དུད་འགྲོ་མི་རུ་བསྒྱུར། མི་ལྷ་རུ་བསྒྱུར། ཁང་ཁྱིམ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒྱུར། རྫས་དང་མཆོད་ཆ་རྡོ་རྗེ་དྲིལ་བུ་དང་པུ་སྟིར་བསྒྱུར། ཆུ་དང༌མེ་དང་གཡང་ས་ཐམས་ཅད་ལ་རྨི་ལམ་ཡིན་པས་འཇིགས་རྒྱུ་མེད་སྙམ་དུ་མི་ཕོད་པ་ལ་ཐོག་རྫིས་བྱས་ལ་མཆོང༌། ས་ཆུ་རུ་བསྒྱུར། ཆུ་མེ་རུ་བསྒྱུར། སྟེང་འོག་བརྗེའོ། །མདོར་ན་རྨི་ལམ་གྱི་སྣང་བ་ཐམས་ཅད་སྙིང་སྟོབས་བསྐྱེད་ལ་བསྒྱུར་བར་བྱའོ། །གསུམ་པ་སྤེལ་བ་ནི། དངོས་པོ་གང་སྣང་དེ་གཅིག་གཉིས་སུ་སྤེལ། གཉིས་བཞི། བཞི་བརྒྱད། བརྒྱད་ནས་བརྒྱའི་བར་དང་། དེ་ནས་དཔག་ཏུ་མེད་པར་སྤེལ་ལོ། །སྒྱུ་མ་མཐར་མ་སྐྱེལ་ན། ཉིན་ནུབ་བརྟག་པ་གནད་དུ་ཆེ་སྟེ། ཉིན་མོ་རྨི་ལམ་ཡིན་སྙམ་ནས་གཡང་ལ་མཆོང་ན་སྲོག་དང་བྲལ་ལོ། །བཞི་པ་ལུས་ཀྱི་

p. 62

སྐར་མདའ་གང་འདོད་དུ་འཕང་བ་ནི། ཉིན་བར་དྲན་འདུན་དྲག་པོས་ཨུ་རྒྱན་དང་། འོག་མིན། མངོན་དགའ། རྡོ་རྗེ་གདན་ལ་སོགས་པ་བལྟར་འགྲོ་བསམ་པ་བྱ། དེ་རྣམས་ངག་ཏུ་བྱ། རང་གི་མདུན་ནམ་སྤྱི་བོར་བླ་མ་དང་ཡི་དམ་དབྱེར་མེད་སྣང་ལ་རང་བཞིན་མེད་པ་གཅིག་བསྒོམ། དེའི་མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པ་གཅིག་བསམ། དེའི་ལྟེ་བར་ༀ། འདབ་མ་བཞི་ལ་ལཱྃ་མཱྃ་པཱྃ་ཏཱྃ་བསམ། ཡང་ན་ཨ་ནུ་ཏ་ར་ཧཱུྃ་བསམ། དེ་ནས་རང་རྗེ་བཙུན་མར་བསྒོམ། རང་དང་མདུན་བསྐྱེད་གཉིས་ཀ་ལ་མཆོད་པ་དབུལ། རང་ཉིད་མདུན་གྱི་ལྷའི་མགྲིན་པར་ཐིམ་པ་ལ། ཡིག་འབྲུ་ལྔ་ལ་རེས་མོས་སུ་རིག་པ་ཏུར་རེ་གཏད། གཉིད་དུ་ཧྲིབ་རྩེར་འགྲོ་དུས་རང་ལུས་ལས་སེམས་ཐོན་ནས་མདུན་བསྐྱེད་ཀྱི་ལྷར་སེམས་ཞུགས་པས་ཅུང་ཞིག་འགུལ་བ་ལ་རིག་པ་གཏད། ལུས་མལ་དུ་འདུག་པར་བསམ། སྤྲུལ་པའི་ཡིད་ལུས་ཨུ་རྒྱན་དུ་འགྲོ་སྙམ་པའི་དྲན་འདུན་གྱི་ངང་ནས་གཉིད་ལོག་གོ །དེ་ནས་རྨི་ལམ་གྱི་ནང་དུ་རྨི་ལམ་དུ་འདུག་སྙམ་པ་དང༌། སྐད་ཅིག་ལ་བྱ་རྒོད་ལ་སོགས་པའམ། སྤྲུལ་པའི་ལུས་ཟུང་འཇུག་གི་འདབ་གཤོག་དང་ལྡན་པས་འཕུར་ནས་ཕྱིན་པས་གང་འདོད་དུ་ཕྱིན་པའི་ཉམས་འབྱུང་ངོ༌། །དེ་ལ་གོམས་པས་ཆུ་ཟླ་ལྟ་བུའི་དེ་བཞིན་གཤེགས་པའི་ཞལ་དངོས་སུ་མཐོང་ནས་ཆོས་ཉན་པ་ལ་སོགས་པ་བྱེད་དེ། མཚན་མོའི་རྨི་ལམ་དང༌། ཉིན་པར་གྱི་སྒྱུ་ལུས་ལ་ཁྱད་མེད་དོ། །མི་མ་ཡིན་པའི་བར་ཆད་བྱུང་ན་རང་གིས་ཀྱང་རྫུ་འཕྲུལ་སྣ་ཚོགས་བསྟན་ལ་འདུལ་བར་བྱའོ། །གཞན་ཡང་རྨི་ལམ་གྱི་གེགས་བསལ་བ་ནི། རྨི་ལམ་མི་ཟིན་པའི་རྒྱུ་བཞི་དང་། རྐྱེན་བཞིའོ། །རྒྱུ་བཞི་ནི། དམ་ཚིག་ཉམས་པ། མོས་གུས་ཞན་པ། མངོན་ཞེན་ཆེ་བ། གྲིབ་ཀྱིས་ཕོག་པའོ། །སེལ་ཐབས་ནི། དང་པོ་ལ་བཤགས་པ་བྱ། དབང་བསྐུར། དམ་ཚིག་

p. 63

དང་སྡོམ་པ་གསོའོ། །གཉིས་པ་ལ་མོས་གུས་དྲག་པོ་བྱ། གསོལ་བ་གདབ། མཎྜལ་དབུལ། བླ་མ་ཅི་མཉེས་ལ་འབད་པར་བྱའོ། །གསུམ་པ་ལ་ཡོ་བྱད་སྤོང་དག་བྱ། གང་ལའང་ཆགས་ཞེན་སྤང་། མི་རྟག་པ་བསྒོམ་མོ། །བཞི་པ་ལ་གཅིག་པུར་བསྡད། སྡིག་ཅན་དང༌། སྡོམ་མེད་དང་མི་འགྲོགས། རོ་གོས་དང་མི་གཙང་བ་ལ་འཛེམ། ཡི་གེ་བརྒྱ་པ་བཟླའོ། །རྐྱེན་བཞི་ནི། སད་འབྱམས། འཁྲུལ་འབྱམས། བརྗེད་འབྱམས། རྒྱུན་འབྱམས་སོ། །དང་པོ་སད་འབྱམས་ནི། འཛིན་འཕྲོ་ལ་གཉིད་དུ་མ་སོང་སྙམ་པ་དང༌། གཉིད་སད་པ་ཡིན་ནམ་སྙམ་ནས་འཛིན་འཕྲོ་གཅོད་པ་དང༌། རྨི་ལམ་མ་ཟིན་པར་ལོང་མེད་དུ་སད་པའོ། །དེ་ལ་འཛིན་འཕྲོ་མི་བཅད་པར་ཡང་ནས་ཡང་དུ་བཟུང༌། གཉིད་ལོང་མེད་དུ་སད་ན་གང་གིས་ལེན་བརྟགས་ཏེ། སྒྲའི་ཀླག་ཅོར་གྱིས་སད་ན་མི་མེད་སར་ཉལ། ཟིན་པ་ལ་དགའ་ཆེས་པས་སད་ན་སེམས་ཀློད། ལུས་གྲང་བས་སད་ན་གཏུམ་མོ་བསྒོམ་པའམ་གོས་མཐུག་ཏུ་བགོའོ། །གཉིས་པ་འཁྲུལ་འབྱམས་ནི། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པར་འཁྲུལ་པ་འབའ་ཞིག་པའོ། །དེ་ལ་མོས་གུས་བསྐྱེད་ལ་གསོལ་བ་གདབ། སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་དྲན་འདུན་དྲག་པོ་ཡང་ཡང་བྱ། གསུམ་པ་བརྗེད་འབྱམས་ནི། འཛིན་པ་ལ་སོགས་པ་མ་བྱུང་བར་བརྗེད་པའོ། །དེ་ལ་འཛིན་པ་དང་། སྦྱོང་བ་དང་། གསལ་པོ་རྨི་བའི་དྲན་འདུན་དྲག་པོ་བྱའོ། །བཞི་པ་རྒྱུན་འབྱམས་ནི། རྨི་ལམ་མ་བྱུང་བའམ་བྱུང་ཡང་ངོས་མ་ཟིན་པའོ། །ལྔ་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། རྨི་ལམ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ། བཟང་ངན་ཐམས་ཅད་སྒྱུ་མའི་རྩལ། གཟུགས་ཐམས་ཅད་སྣང་སྟོང༌། སྒྲ་ཐམས་ཅད་གྲགས་སྟོང༌། རྟོག་པ་ཐམས་ཅད་རིག་སྟོང་། སེམས་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ། རྨི་ལམ་

p. 64

དང་ཉིན་བར་གྱི་སྣང་བ་ལ་ཁྱད་མེད་པར་བདེན་མེད་རང་ཤར་རང་གྲོལ་ཡིན་པས་སྒྱུ་མ། སྒྱུ་མ་ཡིན་པས་སྟོང་པ་ལ་སོགས་པའི་ངང་དུ་བཞག་པར་བྱའོ། །རྨི་ལམ་འཁྲུལ་པ་རང་སངས་ཀྱི་གདམས་ངག་གོ །
༈ བཞི་པ་འོད་གསལ་མ་རིག་མུན་བྲལ་ལ་ལྔ་སྟེ། ལུས་གནད་ལ་བརྟེན་ནས་སེམས་མལ་དུ་གཞུག་པ་དང༌། ཡུལ་གནད་ལ་བརྟེན་ནས་སྒོམ་པ་ངོས་གཟུང་བ་དང༌། ཡེ་ཤེས་ཀྱི་སྤྱན་པས་མ་རིག་པའི་གླང་པོ་གཟུང་བ་དང༌། ཏིང་ངེ་འཛིན་གྱིས་ཡེ་ཤེས་ངོ་སྤྲད་པ་དང༌། རྗེས་སྤྱོད་འོད་གསལ་གྱི་བོགས་འདོན་པའོ། །དང་པོ་ནི། གནས་དབེན་པར་ཆུ་དྲོན་མོས་ལུས་བཀྲུ། དེ་ནས་དྲི་ཆུས། དེ་ནས་ཆང་གིས། དེ་ནས་ཞུན་ཆེན་ནམ་མེད་ན་མར་གྱིས་བྱུག །དེ་ནས་དྲི་བཟང་གིས་བྱུག །ལུས་ཀྱི་བྱ་བ་སྤངས་ཏེ་དལ་བར་བསྡད། ཐབས་ཤེས་ཀྱི་ཟས་བསྟེན་ལ་ཞག་གསུམ་གཉིད་བསྲུང་བར་བྱའོ། །གཉིས་པ་ཡུལ་གནད་ལ་བརྟེན་ནས་སྒོམ་པ་ངོས་གཟུང་བ་ལ་བཞི་སྟེ། དུས་གནད། ཡུལ་གནད། ལུས་གནད། དམིགས་པའི་གནད་དོ། །དུས་གནད་ནི། ནམ་སྨད་ནས་ཉི་མ་དྲོས་ཀྱི་བར་དང༌། གཉིད་དུ་སོང་ནས་རྨི་ལམ་མ་བྱུང་གི་བར་རླུང་དབུ་མར་འཇུག་པའི་དུས་སོ། །ཡུལ་གནད་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལས་མི་འདའ་བ་བཞིན་དུ། རང་གི་རིག་པ་འདི་ཡང་འཁོར་ལོ་བཞི་ལས་མི་འདའ་སྟེ། ཐ་མལ་གྱི་དུས་ན་ལྟེ་བར་གནས། གཉིད་དུས་ན་སྙིང་ག །རྨི་ལམ་གྱི་དུས་ན་མགྲིན་པ། སྙོམས་འཇུག་དུས་ན་སྤྱི་བོ་ན་གནས་སོ། །དེས་ན་ཡུལ་སྙིང་ག་ཆོས་ཀྱི་འཁོར་ལོ་རུ་གནད་དུ་བསྣུན་པའོ། །ལུས་གནད་ནི། གཡས་འོག་ཏུ་ཕབ། སྔས་སྟོད་ལ་སེང་གེའི་ཉལ་སྟབས་སམ། ཙོག་གཉིད་བྱའོ། །ཤར་མངོན་དགའི་ཕྱོགས་སུ་མགོ་བསྟན་ནོ། །དམིགས་པའི་གནད་ནི།

p. 65

སྙིང་གི་རྩེ་མོ་གྱེན་ལ་བསྟན་པའི་ནང་དུ་པདྨ་སྔོན་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཧཱུྃ་སྔོན་པོ། ཕྱོགས་བཞིའི་འདབ་མ་ལ་མདུན་དུ་ཨ་དཀར་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་གསལ་བར་དམིགས་པར་བྱའོ། །གསུམ་པ་ཡེ་ཤེས་ཀྱི་སྤྱན་པས་མ་རིག་པའི་གླང་པོ་གཟུང་བ་ནི། བླ་མ་ཡེ་ཤེས་ཀྱི་སྤྱན་པ། སློབ་མ་མ་རིག་པའི་གླང་པོའོ། །འདི་ལ་གཉིས་ཏེ། བ་ཐག་གསེར་ཕུར་ལ་གདགས་པ་དང༌། རིན་ཆེན་ཐོ་བས་མ་རིག་པའི་གཉིད་སད་པའོ། །དང་པོ་ནི། རས་བལ་གྱི་སྐུད་པ་འདོམ་གང་བ་གཅིག་སློབ་མའི་སྐྲ་ལ་བཏགས། དེ་བླ་མའི་སྲིན་ལག་ལ་བཏགས་སོ། །རིན་པོ་ཆེའི་ཐོ་བ་ནི། ཤིང་ཕྲ་མོ་འདོམ་གང་བ་གཅིག་གི་རྩེ་མོ་ལ་རས་ཀྱི་ཕོ་ལྟོ་བསྐོན་པ་གཅིག་བྱ། དེ་ནས་སྔོན་དུ་བླ་མ་ལ་ཚོགས་འཁོར་དབུལ། བཀའ་བརྒྱུད་ལ་གསོལ་བ་དྲག་ཏུ་གདབ། བདག་གི་སློབ་མ་ལ་འོད་གསལ་ཟིན་པར་བྱིན་གྱིས་རློབས་ཤིག་བྱ། ཞུན་ཆེན་གྱི་མར་མེ་མཚན་ཐུབ་གཏོང་། ཤ་ཆེན་གྱིས་བརྒྱན་པའི་གཏོར་མ་གཏའ་རུ་གཟུང༌། མཁའ་འགྲོ་ཟས་ཀྱི་ཕུད་ཀྱིས་མཆོད། སློབ་མས་མཚམས་བཅད། ཐིག་ལེ་བསྲུང༌། བླ་མའི་རྣལ་འབྱོར་བྱས་ལ་གསོལ་བ་གདབ་བོ། །དེ་ཡང་གཉིད་དུ་འགྲོ་བ་དང་འཆི་བ་ཚུལ་མཐུན་པ་ཡིན་པས། འབྱུང་བ་བཞི་ཐིམ་པའི་འགྲོས་ནི། དང་པོ་གཉིད་དུ་འགྲོ་དུས་ས་ཆུ་ལ་ཐིམ་པས་ལུས་ལྗི་ཡོར་རེ། ཤེས་པ་ནག་ཐིབ། ཁ་ཆུ་ནར་ཏེ་འོང༌། ཆུ་མེ་ལ་ཐིམ་པས་དཔྲལ་བ་ཚ་འུབ། མིག་ཚུམ་རྩེར་འགྲོ། མེ་རླུང་ལ་ཐིམ་པས་སྣ་སུར་སུར་སྔུར་པ་ངར་ངར་འོང༌། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཉིན་མོའི་རྣམ་རྟོག་འགག །མཚན་མོའི་རྨི་ལམ་མ་བྱུང་བའི་བར་དེར་གཉིད་ཀྱི་འོད་གསལ་ཞེས་པ་གསལ་སྟོང་མཐའ་དབུས་མེད་པ་ནམ་མཁའ་ལྟར་ངོས་བཟུང་མེད་པ་གསལ་ལེ་སིང་ངེ་བ་ཞིག་ཡོང་བ་དེ་ངོས་

p. 66

འཛིན་པའོ། །དེ་ནས་བླ་མས་ངས་ཁྱོད་ལ་ད་ལྟར་སྐུད་པ་འཐེན། དབྱུག་གུས་བརྡུང་བར་བྱ་ཡི། འོད་གསལ་ཟིན་ན་ཟིན་འཕྲོ་ལ་བསྒོམ། མ་ཟིན་ནའང་བསྐྱར་ལ་བསྒོམ་ལ། ང་ལ་ལན་མ་སྟེར་ཞིག་བྱ། དེ་ཡང་ཟིན་ན་ཕྱི་རྟགས་དབང་པོའི་སྒོ་མདངས་ཡ་ལེ་འོང༌། སྔུར་པ་མི་འོང༌། མ་ཟིན་ན་བ་ཐག་གསེར་ཕུར་འཐེན་ཙམ་བྱ། རིན་པོ་ཆེའི་ཐོ་བས་ཐུག་ཐུག་བྱའོ། །དེས་གཉིད་མི་སད་པར་གདམས་པ་གསལ་འདེབས་པའོ། །བཞི་པ་ཏིང་ངེ་འཛིན་གྱིས་ཡེ་ཤེས་ངོ་སྤྲོད་པ་ནི། གཅིག་ཆར་བ་གང་ཟིན་དུ་ངོ་སྤྲད་པ་དང༌། རིམ་སྐྱེས་པ་ཆོ་ག་ལ་བརྟེན་ནས་ཉམས་དང་སྦྱར་ནས་ངོ་སྤྲད་པའོ། །དང་པོ་ནི། གཅིག་ཆར་བ་ལ་ངེས་མེད་དུ་འོད་གསལ་ཟིན་པ་འབྱུང་བས་དེ་ལ་ཡིད་ཆེས་སྐྱེ་བར་བྱའོ། །གཉིས་པ་རིམ་གྱིས་པ་ལ་ངོ་སྤྲད་པ་ནི། དང་པོ་གཉིད་ལོག་ཁར་ཐ་མལ་གྱི་དུས་སུ་ཨ་ལ་ཤེས་པ་གཏད་པས་ཡུལ་རགས་པའི་རྟོག་པ་ཐིམ་པས་སྣང་བ་དང་སྟོང་པ་ཟུང་འཇུག །གཉིད་ཧྲིབ་པ་དང་ནུ་ལ་གཏད་པས་ཡུལ་ཕྲ་མོའི་རྟོག་པ་ཐིམ་པས་མཆེད་པ་དང་ཤིན་ཏུ་སྟོང་པ། དེ་བས་ཀྱང་ཆེར་ཧྲིབ་པ་དང༌ཏ་ལ་གཏད་པས་ཆེས་ཕྲ་བའི་རྟོག་པ་ཐིམ་པས་ཐོབ་པ་དང་སྟོང་པ་ཆེན་པོ། ཤིན་ཏུ་ཧྲིབ་པའི་དུས་སུ་ར་ལ་གཏད་པས་རྟོག་པ་ཐམས་ཅད་ཐིམ་པས་ཉེ་བར་ཐོབ་པ་དང་ཐམས་ཅད་སྟོང་པའོ། །ཧྲིབ་ཀྱིས་སོང་བའི་དུས་སུ་ཧཱུྃ་ལ་གཏད་པས་རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་ཐིམ་པས་འོད་གསལ་ཆེན་པོ་ངོས་གཟུང་བར་བྱའོ། །ཡང་ན་གཉིད་ཧྲིབ་པའི་དུས་སུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཆེར་ཧྲིབ་པའི་དུས་སུ་ཞེ་སྡང་གི་རྟོག་པ་སུམ་ཅུ་རྩ་གསུམ་འགག །ཤིན་ཏུ་ཧྲིབ་པའི་དུས་སུ་གཏི་མུག་གི་རྟོག་པ་བདུན་འགག་ནས་འོད་གསལ་ཆོས་སྐུའི་དོན་འཆར་རོ། །དེ་ནས་གཉིད་སད་པ་དང༌། ཉིན་མཚན་གཅིག་ཏུ་བསྲེས་ལ་རྒྱུན་

p. 67

ཆད་མེད་པར་བསྒོམ་པར་བྱའོ། །འོད་གསལ་གྱི་གེགས་སེལ་ཞལ་ལས་ཤེས་སོ། །ལྔ་པ་རྗེས་སྤྱོད་འོད་གསལ་གྱི་བོགས་འདོན་ནི། སྤྲོས་བཅས་དང་སྤྲོས་མེད་གཉིས་ལས། སྤྲོས་བཅས་ནི། མདུན་གྱི་བར་སྣང་དུ་ཧཱུྃ་སྔོན་པོ་བཻ་ཌཱུརྱའི་མདོག་ཅན་ཤིན་ཏུ་གསལ་བ་རྟོག་པས་བར་མ་ཆོད་པར་བསྒོམ། དེ་ནས་སྐྱོ་ན་ཧཱུྃ་རིགས་ལྔའི་རང་བཞིན་དུ་ཞབས་ཀྱུ་ཧ་ལ་ཐིམ། ཧ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། དེ་འོད་གསལ་དུ་ཡལ་བས་སྟོང་པ་ཉིད་མི་རྟོག་པའི་ངང་དུ་བཞག་གོ །དེ་ལ་སྐྱོ་ན་ལྷ་སྐུ་སྟོང་རའི་ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམ། དེ་འོད་དུ་ཞུ། སྟོང་རའང་སྔོ་ནར་གྱིས་གང༌། དེ་ཇེ་ཆེ་ལས་ནམ་མཁའ་དང་མཉམ་པའི་ངང་དུ་བཞག་གོ །སྤྲོས་མེད་ནི། ད་ལྟར་གྱི་སྣང་བ་སྣ་ཚོགས་འདི་མེ་ལོང་གི་གཟུགས་བརྙན་ནམ། ཆུ་ནང་གི་ཟླ་བ་ལྟར་སྣང་ཙམ་དུ་ཟད་ཀྱི། ངོ་བོ་ལ་གྲུབ་པ་མེད་པར་ཤེས་པར་བྱས་ལ། རྗེས་ཐོབ་ལ་སྔར་གྱི་སྒྱུ་ལུས་སུ་ལངས་ལ། བྱ་བ་ཅི་བྱེད་ཐམས་ཅད་ལ་འཇུག་པར་བྱའོ། །དེ་ལྟར་བརྩོན་འགྲུས་དང་ལྡན་པས་དུས་ལ་མི་ལྟོས་པར་ཚེ་འདི་ཉིད་དང་འཆི་ཀར་ས་བཅུའི་རྟོགས་པ་སྐྱེ་བར་འགྱུར་རོ། །འོད་གསལ་མ་རིག་མུན་བྲལ་གྱི་གདམས་ངག་གོ །
༈ ལྔ་པ་འཕོ་བ་གསེར་འགྱུར་གྱི་རྩིའི་གདམས་ངག་ནི། སྔར་གྱི་ལམ་དེ་ལྟ་བུས་ལམ་བགྲོད་པ་ཡིན་པ་ལ། གལ་ཏེ་དུས་ཀྱིས་གཏུགས་ན་འཕོ་བ་བྱ་སྟེ། དེ་ལ་གཉིས། ཐུན་མོང་དང་ཁྱད་པར་རོ། །ཐུན་མོང་ནི། སེར་སྣ་སྦྱིན་པར་འཕོ། འདོད་ཆགས་ཚུལ་ཁྲིམས་ལ། ཞེ་སྡང་བཟོད་པར། ལེ་ལོ་བརྩོན་འགྲུས་སུ། རྣམ་གཡེང་བསམ་གཏན་དུ། གཏི་མུག་ཤེས་རབ་ཏུ། རང་དོན་གཞན་དོན་དུ། རྣམ་རྟོག་བསྐྱེད་རིམ་དུ་འཕོ་བའོ། །ཁྱད་པར་གྱི་འཕོ་བ་ལ་

p. 68

གཉིས་ཏེ། ཡུལ་གང་དུ་འཕོ་བ་དང༌། ཐབས་གང་གིས་འཕོ་བའོ། །ཡུལ་གང་དུ་འཕོ་བ་ལ་གསུམ་སྟེ། སྤྲོས་མེད་ཆོས་སྐུར་འཕོ་བ་དང༌། སྤྲོས་བཅས་གཟུགས་སྐུར་འཕོ་བ་དང༌། ཡིད་འོང་མཁའ་འགྲོའི་གྲོང་དུ་འཕོ་བའོ། །འཕོ་ཐབས་ལ་གསུམ་སྟེ། རབ་འོད་གསལ་དུ་འཕོ་བ་དང༌། འབྲིང་སྒྱུ་ལུས་སུ་འཕོ་བ་དང༌། ཐ་མས་བསྐྱེད་རིམ་དུ་འཕོ་བའོ། །དང་པོ་ལ་གཉིས་ཏེ། རང་བཞིན་གྱི་འོད་གསལ་དང༌། བསམ་གཏན་གྱི་འོད་གསལ་ལོ། །རང་བཞིན་གྱི་འོད་གསལ་དུ་འཕོ་བ་ནི། སེམས་ཅན་ཐམས་ཅད་ལ་འཆི་དུས་སུ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་དུ་འོད་གསལ་འཆར་བས། དེ་ངོས་གཟུང་ལ་དེའི་སྟེང་དུ་མ་ཡེངས་པར་བཞག་པས་ལམ་གྱི་འོད་གསལ་དང་གཅིག་ཏུ་འདྲེས་ནས་ཆོས་སྐུར་འཚང་རྒྱའོ། །དེ་ལ་ད་ལྟ་གཉིད་ཀྱི་འོད་གསལ་ཟིན་པ་ཞིག་དགོས་སོ། །དེ་ལ་གོམས་པ་ཆུང་ན། བསམ་གཏན་གྱི་འོད་གསལ་དུ་འཕོ་བ་ནི། འཆི་ཁར་ལུས་གནད་གང་བདེ་བྱས་ཏེ། སྐྱེ་མེད་འོད་གསལ་ངོས་བཟུང་ལ། དེ་ལ་སྐད་ཅིག་ཀྱང་མ་ཡེངས་པར་བྱ། དབུགས་རིང་ཐུང་གི་དུས་སུ་ཧ་བྱས་པས་ཤེས་པ་དང་ནམ་མཁའ་བསྲེས་ལ་བཏང༌། ཆོས་སྐུར་འཚང་རྒྱའོ། །གཉིས་པ་སྒྱུ་ལུས་སུ་འཕོ་བ་ནི་གཉིས་ཏེ། རང་བཞིན་གྱི་སྒྱུ་ལུས་དང༌། བསམ་གཏན་གྱི་སྒྱུ་ལུས་སོ། །དང་པོ་ནི། སྔར་སྒྱུ་ལུས་གོམས་ཤིང་སྦྱངས་པ་དེ་ལ་ཇི་ལྟར་སྣང་བའི་དངོས་པོ་ཐམས་ཅད་སྒྱུ་མར་ཤེས་པའི་ངང་ནས་ཞེན་པ་སྤུ་ཙམ་ཡང་མེད་པར་འཕོས་པས་ལོངས་སྐུར་འཚང་རྒྱའོ། །དེ་ལ་གོམས་པ་ཆུང་ན། བསམ་གཏན་གྱི་སྒྱུ་ལུས་སུ་འཕོ་བ་ནི། ལུས་ཐ་མལ་དུ་ཞེན་པའི་གཉེན་པོར་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། ངག་ཐ་མལ་དུ་ཞེན་པའི་གཉེན་པོར་ཨཱ་ལི་ཀཱ་ལི་བརྗོད། སེམས་ཐ་མལ་དུ་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་སྣང་ལ་རང་བཞིན་

p. 69

མེད་པར་ཤེས་པར་བྱའོ། །གཟུགས་སྣང་སྟོང༌། སྒྲ་གྲགས་སྟོང༌། རྟོག་པ་གསལ་སྟོང༌། ཆོས་ཐམས་ཅད་སྒྱུ་མའི་ངང་ནས་དྲན་འདུན་དྲག་པོ་ཡང་ཡང་དུ་བྱ་ཞིང་རླུང་དང་བསྟུན་ནས་འཕོས་པས་ལོངས་སྐུ་སྒྱུ་མ་ལྟ་བུར་འཚང་རྒྱའོ། །གསུམ་པ་བསྐྱེད་རིམ་གྱི་འཕོ་བ་ལ་གཉིས་ཏེ། སྦྱངས་ཏེ་འཕོ་བ་དང༌། བཙན་ཐབས་སུ་འཕོ་བའོ། །དང་པོ་ལ་གཉིས་ཏེ། སྦྱང་བ་དང༌། འཕོ་བའོ། །དང་པོ་སྦྱང་བ་ལ་གཉིས་ཏེ། དྲན་པའི་སྤྱན་པས་ཉེས་པའི་སྐྱོན་བསལ་བ་དང༌། ཧཱུྃ་གི་སེང་ཕྲུག་གངས་ལ་འཕྱོ་བའོ། །དང་པོ་ནི། བདག་རིང་པོར་མི་ཐོགས་པར་འཆི་དུས་འདི་ཀ་ལྟར་དུ་འཆི། དེས་ན་སེམས་ཅན་གྱི་དོན་དུ་འཕོ་བ་སྦྱང་སྙམ་དུ་བསམ། དེ་མ་བྱས་ན་དུས་མིན་ལྷ་བསད་པའི་ཉེས་པ་འབྱུང་ངོ༌། །རང་རྗེ་བཙུན་མར་བསྐྱེད། རྩ་དབུ་མ་མདའ་སྨྱུག་ཙམ་ཞིག་བསྒོམ། སྤྱི་བོའི་ཚངས་བུག་ཀྵ་དམར་ནག་གཅིག་གིས་བཀག་པར་བསྒོམ། སྙིང་གར་རླུང་སེམས་འདུས་པའི་ངོ་བོ་ཧཱུྃ་སྔོན་པོ་བ་ཐག་ཙམ་གྱིས་བཏགས་པར་བསམ། གཉིས་པ་ཧཱུྃ་གི་སེང་ཕྲུག་གངས་ལ་འཕྱོ་བ་ནི། སྟེང་གི་ནམ་མཁའ་ལ་བླ་མ་ཡི་དམ་ཐ་མི་དད་པ་ཐུགས་པདྨ་ཁ་བྱེ་བའི་ཚུལ་དུ་བསྒོམ། འཕོ་བ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། རླུང་རོ་བུས་ནས་རླུང་ནང་དུ་དྲག་ཏུ་རིང་བར་བརྔུབ། སྟེང་རླུང་ཆིལ་གྱིས་མནན་པས་སྙིང་གའི་ཧཱུྃ་དེ་མར་སོང་ནས་ལྟེ་འོག་གི་ཨ་དང་འདྲེས་པར་བསམ། ཐུར་སེལ་གཅུད། སྲིན་པོ་བསྐུམ། རྒྱུ་ཞབས་ཉངས་བྱས་ལ། ངག་ཏུ་ཧིཀ་ཀ་ཧིཀ་བྱས་ནས་དྲངས་པས་ཧཱུྃ་ཨ་བ་དྷཱུ་ཏིའི་ནང་ན་ཡར་སོང་བས་སྤྱི་བོའི་ཀྵ་ལ་ཐུག །ཐོད་པ་སེར་ཀ་ཤིག་ཤིག་རུས་པ་ཐེབ་གང་ཤ་ཁྲག་དང་བཅས་པ་རྒྱང་ཐོན་ནས་བླ་མའི་ཐུགས་ཀར་སོང༌། ཡང་རླུང་རྔུབ་ཧཱུྃ་མར་བྱུང༌། སྲོག་གི་རྒྱུན་བ་ཐག་ལྟ་བུ་ལ་ཞོན་ནས་སྙིང་གའི་རྩེར་བབས་པར་བསམ། དེ་

p. 70

བཞིན་དུ་རླུང་རྩོལ་ཉེར་གཅིག་གམ། ལྔ་བཅུ་རྩ་ལྔ་ཙམ་རེ་སྦྱང༌། ཐུན་བཤོལ་ཁར་བླ་མ་རང་ཉིད་ལ་བསྟིམ་ལ་སེང་ཕྲུག་བྱ། རྗེས་གནས་ལུགས་ཀྱི་དོན་ལ་ཇི་སྲིད་གནས་ཀྱི་བར་བཞག་གོ །ཚོད་མ་ཟིན་ན་འཕོ་བས་ཚོད་ཟིན་པར་བྱའོ། །འབྱོངས་པའི་ཚད་ནི། སྤྱི་གཙུག་བརྩེ་བ་དང༌། གཡའ་བ་དང༌། དྲོ་བ་དང། འཁྲིག་པ་དང༌། སྐྲངས་པ་དང༌། ཁྲག་དང་ཆུ་སེར་ཐོན་པ་དང༌། ཤེས་པ་ཕྱོད་ཕྱོད་པ་དང༌། དབུགས་སྟོད་དུ་འཚངས། སྙིང་ན་ཁང་ངེ་བ་འབྱུང་ངོ༌། །དེ་ལྟར་བྱུང་བ་དང་སྦྱང་འཕྲོ་བཅད། འཆི་དུས་སུ་བློ་གཏད་ཐུབ་པས་ཡིད་ཆེས་པར་བྱའོ། །གཉིས་པ་འཕོ་བ་ནི། འཆི་ལྟས་བརྟགས་པ་ཞལ་ལས་ཤེས་སོ། །འཆི་ལྟས་ཚང་བ་ན། ནམ་མཁའ་ལ་བླ་མ་ཡི་དམ་གཉིས་སུ་མེད་པའི་ཐུགས་ཡེ་ཤེས་བདེ་བ་ཆེན་པོ་དང་ལྡན་པའི་ཐུགས་པདྨ་འདབ་མ་བརྒྱད་པ་ཁ་བྱེ་བའི་ཚུལ་དུ་བསམས་ལ། སྔ་མ་ལྟར་ཧཱུྃ་ལ་རྣམ་ཤེས་བསྡུས་ལ། སྤྱི་བོའི་ཀྵ་བསལ། འོག་རླུང་གཅུད་ལ་ཐུགས་ཀར་འཕངས་པས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་བདག་གི་ཤེས་པ་དབྱེར་མེད་དུ་འདྲེས་པ་དང༌། ཕྱིར་སྐྱེད་བྱས་པས་སྲོག་གི་རྒྱུན་བ་ཐག་ལྟ་བུ་ཆད་པར་བསམས་ལ་རླུང་བཅུད་པས་ལན་གཅིག་གིས་ངེས་པར་འཕོའོ། །དེ་དུས་བླ་མའམ་གྲོགས་ལ་སོགས་པས་བདེ་སྟོང་ལ་གནས་པར་གྱིེས་ཞེས་དྲན་པར་བྱའོ། །རླུང་ལས་མི་ནུས་ན་སེངྒེའི་ཉལ་སྟབས་བྱས་ལ་གཞན་སྔ་མ་དང་འདྲའོ། །གཉིས་པ་བཙན་ཐབས་སུ་འཕོ་བ་ལ་གསུམ། ལུས་གནད་ལ་བརྟེན་ནས་འཁོར་བའི་འགྲུལ་ཐག་བཅད་པ་དང༌། ཤེལ་གྱི་འབེན་གཟུགས་པ་དང༌། ཀ་ཧིཀ་གི་མདས་གང་འདོད་ཀྱི་གནས་སུ་འཕང་བའོ། །དང་པོ་ནི། སེམས་བསྐྱེད། གསོལ་བ་གདབ། སྒོ་དགུ་གང་རུང་ནས་རྣམ་ཤེས་ཐོན་ནས་དེ་དང་དེར་སྐྱེ་བ་སངས་རྒྱས་ཀྱིས་ཀྱང་མི་ཁེགས་པས། འཁྲུལ་འཁོར་སེངྒེ་རྣམ་

p. 71

རོལ་འདི་ཤིན་ཏུ་ཟབ་བོ། །སྲིན་ཞལ་དམྱལ་བའི་སྒོ་ཡིན་པས་རྟིང་པས་དགག །འོག་རླུང་བསྡམ། (གསང་བའི་རྡོ་རྗེ་རྐང་པ་དུད་འགྲོའི་སྒོ་ལོང་མོ་གཉིས་ཀྱི་བར་དུ་བཙིར།) སྐྱེས་དམན་ལ་རྟིང་པས་དགག །འོག་རླུང་བསྡམ། འབྲུབ་ཁུང་ཡི་དྭགས་ཀྱི་སྒོ་མཐེའུ་ཆུང་དང་སྲིན་ལག་གིས་དགག །སྣོམ་བྱེད་གནོད་སྦྱིན་གྱི་སྒོ་གུང་མོས་དགག །མ་ཐུབ་ན་གཡོན་ནས་གཏང༌། ལྟ་བྱེད་མི་ཡི་སྒོ་མཛུབ་མོས་དགག །ཉན་བྱེད་ལྷའི་སྒོ་མཐེ་བོང་གིས་དགག །གཉིས་པ་ཤེལ་གྱི་འབེན་གཟུགས་པ་ནི། བླ་མ་ཡི་དམ་གང་གསལ་བ་ཞིག་སྤྱི་བོ་རུ་འདོམ་གང་ཙམ་དུ་བཞུགས་པའི་ཐུགས་པདྨ་ཁ་འབྱེད་པའི་ཚུལ་དུ་བསྒོམ། ཀ་ཧིཀ་གི་མདས་གང་འདོད་དུ་འཕང་བ་ནི། ཐག་པའམ་དབྱུག་པ་ལ་རྒྱབ་བཀལ། ཁོང་དུ་ཀ་ཧིཀ་བརྗོད། ཤེས་པ་ཤེལ་གྱི་འབེན་ལ་འཕང༌། སྦྱོར་བ་གཅིག་གིས་ངེས་པར་འཕོའོ། །གཉིས་དང་གསུམ་གྱིས་མི་འཕོ་མི་སྲིད་དོ། །གནད་བཞི་ཞལ་ལས་ཤེས། མ་བསྒོམ་སངས་རྒྱས་འཕོ་བ་གསེར་འགྱུར་རྩིའི་གདམས་ངག་གོ །
༈ དྲུག་པ་གྲོང་འཇུག་སྦྲུལ་ལྤགས་འདོར་བྱེད་ནི། དཔེར་ན་སྦྲུལ་དེ་ནམ་ཟླ་དབྱར་ངོར་ལྤགས་པ་རྙིང་པ་དེ་དོར་ནས་གསར་པ་གཅིག་འབྱུང་བ་ལྟར་རང་གི་ལམ་ཡོངས་སུ་མ་རྫོགས་ཤིང་རྟེན་དམན་པར་གྱུར་ན། ཤེས་པ་གཞན་ལུས་ཀྱི་གྲོང་དུ་ཞུགས་ལ་དོན་ཆེན་བསྒྲུབ་པར་བྱའོ། །འདི་ལ་གསུམ་སྟེ། འཇུག་བྱ་ཡུལ་གྱི་གནད་ཀྱིས་ཚད་ལྡན་དུ་སྦྱང་བ་དང༌། འཇུག་བྱེད་རྟེན་གྱི་གནད་ཀྱིས་གར་འདོད་དུ་འཕང་བ་དང༌། མཐུན་རྐྱེན་གྲོགས་ཀྱི་གནད་ཀྱིས་རྣམ་ཤེས་གསོས་གདབ་པའོ། །དང་པོ་ལ་གསུམ་སྟེ། ཐོད་པ་ལ་སྦྱང་བ་དང༌། བེམ་པོ་ལ་སྦྱང་བ་དང༌། སྲོག་ཆགས་ཀྱི་རོ་ལ་སྦྱང་བའོ། །དང་པོ་ལ་གཉིས་ཏེ། རྟེན་ལིངྒ་བཅའ་བ་དང༌། བརྟེན་པའི་ལས་སྦྱོར་བྱ་བའོ། །དང་པོ་ནི། ཐོད་པ་མཚན་ལྡན་གྱི་ནང་དུ་རྩི་

p. 72

ནག་པོས་བྱུག །དབུས་སུ་རྡོ་རྒྱུས་ཀྱིས་ཧཱུྃ་མགོ་རང་ལ་བསྟན་པར་བྲི། དར་དམར་པོས་ཁ་གཅད། གནས་དབེན་པར་མཎྜལ་གྲུ་བཞི་པ་བྱི་དོར་བྱས་པའི་དཀྱིལ་དུ་སྟེགས་ཀྱི་ཁར་ཐོད་པའི་ཀ་བ་རྣལ་འབྱོར་པའི་ཤར་དུ་བསྟན་ལ་བཞག་གོ །གཉིས་པ་བརྟེན་པའི་ལས་སྦྱོར་བྱ་བ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱ། བླ་མ་ཡི་དམ་སྤྱན་དྲངས་ལ་གསོལ་བ་གདབ། དེ་ནས་རླུང་གཟུང་ཧཱུྃ་དང་རྣམ་ཤེས་ཐ་དད་མེད་པ་དྷཱུ་ཏིའི་ནང་ནས་མར་སོང༌། གསང་གནས་སུ་བྱུང༌། འོག་རླུང་དྲག་ཏུ་འཐེན་པས་ཧཱུྃ་དེ་དྷཱུ་ཏི་ནས་ཡར་བྱུང༌། སྣ་བུག་གཡས་ནས་ཐོན་ནས་ཐོད་པའི་ཁའི་དར་ལ་ཐལ་གྱིས་སོང་ནས། ཐོད་ནང་ཧཱུྃ་ལ་བསྟིམ་གྱིས་ཐིམ་པ་ལ་ཤེས་པ་ཤི་མ་ཤི་མེད་པར་གཏད་ལ་རླུང་ཚུར་ཟློག་ཏུ་མི་འཇུག་པར་ཡུན་རིང་དུ་གཞག །སྲོག་གི་རྒྱུན་བ་ཐག་ལྟ་བུ་བསྒོམ། དེ་ལྟར་སྦྱངས་པས་དང་པོ་ཐོད་པ་ལ་དྲོད་ཚ་འུར་གྱིས་འོང༌། དེ་ནས་དུད་པ་ལྟ་བུ་སྔོ་ཕྱུར་ཕྱུར་བ་འོང༌། ཙེག་ཙེག་ཅེས་པའི་སྐད་འོང༌། དར་དེ་ཡང་འགུལ་འགུལ་བཏེགས་བཏེགས་ནམ་མཁའ་ལ་ལྡིང་གིས་འགྲོ། ཐོད་པ་དེའང་དུམ་བུར་འགྲོ་བ་འོང༌། བསྐྱེད་རིམ་བརྟན་ཅིང་གཏུམ་མོ་འབྱོངས་ན་འདིས་ངེས་པར་འགྲུབ་བོ། །གཉིས་པ་བེམ་པོ་ལ་སྦྱང་བ་ནི། བལ་འདབས་སམ། རས་ཀྱི་དུམ་བུའམ། ཕྱིང་པ་མཐོ་སྐོར་མ་ལ་སོགས་པ་ལ་སྔར་ལྟར་བྱས་པས་དྲོད་དང་འཕར་གཡོ་འབྱུང་ངོ༌། །གསུམ་པ་སེམས་ཅན་གྱི་རོ་ལ་སྦྱང་བ་ནི། ལུ་གུ་ལ་སོགས་པ་སེམས་ཅན་གང་ཡང་རུང་བའི་རོ་ལ་བྱ་སྟེ། རོ་དེའི་ཁ་རང་ལ་བསྟན། རང་གི་རྣམ་ཤེས་ཧཱུྃ་དང་དབྱེར་མེད་པ་དེ་སྣ་བུག་གཡས་ནས་ཐོན་ཏེ། རོའི་སྣ་བུག་གཡོན་དུ་ཞུགས་ནས་དེའི་སྙིང་ནང་དུ་ཧཱུྃ་ལ་རིག་པ་གཏད། བྱའི་རོ་ཡིན་ན་ཐེ་གུ་བཏགས་ལ་ཕུར་པ་ལ་བརྟོད་དོ། །རྟགས་ནི་རོའི་མཆན་ཁུང་དུ་དྲོད་ཡོང༌། དེ་ནས་ལུས་ཀུན་ལ་ཡོང༌། དེ་ནས་འགུལ་བ་དང་

p. 73

ལྡང་བ་ཡོང༌། དེའི་དུས་སུ་དྲན་པ་སྟོར་འགྲོ་བས་ཉམས་མྱོང་ཅན་གྱིས་ཚོད་བྱའོ། །གཉིས་པ་འཇུག་བྱེད་རྟེན་གྱི་གནད་ཀྱིས་གང་འདོད་དུ་འཕང་བ་ལ་གཉིས་ཏེ། ཤེལ་གྱི་འབེན་འཛུགས་པ་དང༌། ཧཱུྃ་གི་མདའ་འཕང་བའོ། །དང་པོ་ནི། རྒས་པ་དང༌། མཛེ་ཕོ་དང༌། དབང་པོ་མ་ཚང་བ་ལ་སོགས་པའི་རོ་མ་ཡིན་པ། ན་སོ་གཞོན་པ། རིགས་བཟང་བ། གཅོང་ནད་མེད་པ། རྨ་མེད་པ། མ་རུལ་བ། མ་སུངས་པ། གློ་བུར་དུ་ཤི་བའི་རོ་བཙལ་ལ་བུལ་ཆུ་དང་སུག་ཆུས་བཀྲུ། དྲི་བཟང་བྱུག །གོས་བསྐོན། རྒྱན་བཏགས། མཎྜལ་གྱི་སྟེང་དུ་སྐྱེིལ་ཀྲུང་དུ་གཞུག །སྐྲ་ཡོད་ན་བརྟོད། མེད་ན་བརྟན་པར་བྱ། རོ་དེའི་ཁ་ཤར་དུ་བསྟན་ནོ། །གཉིས་པ་ཧཱུྃ་གི་མདའ་འཕང་བ་ནི། རང་དཀྱིལ་འཁོར་གྱི་ཤར་དུ་ཁ་ནུབ་ཏུ་བལྟས་ཏེ་འདུག །སེམས་བསྐྱེད། རང་རྗེ་བཙུན་མར་བསྒོམ། བཀའ་བརྒྱུད་སྤྱན་དྲངས་ལ་གསོལ་བ་གདབ། རོ་དེ་བླ་མ་ཡི་དམ་དབྱེར་མེད་དུ་བསྐྱེད་ལ། སྔ་མ་ལྟར་རོའི་སྙིང་གར་ཧཱུྃ་བསམས་ལ། རང་གི་ཤེས་པ་ཧཱུྃ་ལ་བསྡུས་ལ། སྣ་བུག་གཡས་པ་ནས་བཏོན་ལ། རོའི་སྣ་བུག་གཡོན་པ་ནས་སོང་སྟེ། སྙིང་གའི་ཧཱུྃ་ལ་བསྟིམ་མོ། །གསུམ་པ་མཐུན་རྐྱེན་གྲོགས་ཀྱི་གནད་ཀྱིས་རྣམ་ཤེས་གསོས་གདབ་པ་ལ་གསུམ་སྟེ། སྒྲས་བརྗེད་བསྐུལ་བྱ་བ་དང༌། ཟས་གོས་ཀྱིས་དྲོད་བསྐྱེད་པ་དང༌། མི་ལྡོག་པར་བྱ་བའི་ཕྱིར་རོ་རིང་དུ་འཕང་བའོ། །དང་པོ་ནི། གྲོགས་བློ་བརྟན་པ་གཅིག་ལ་གྲོང་འཇུག་གི་རོགས་བཅོལ། རོ་དེ་འགུལ་བ་དང༌། མིག་ཧྲིག་པ་དང༌། རྔན་པ་ཟ་ཟེར་བ་དང༌། རྣ་བ་གཡས་ན་གསང་མཚན་ནས་འབོད། ཁྱོད་གྲོང་འཇུག་བྱས་པ་ཡིན་ནོ་ཞེས་དྲན་པ་གསོའོ། །གཉིས་པ་ནི། གོས་མེའམ་ཉི་མ་ལ་བསྲོས་ལ་བསྐོན། ཤ་དྲོད་ལ་བཅར། བུར་ཆང་དྲོད་མོ་བླུད། སྔར་གྱི་རོ་དང་གཉིས་ཀྱི་བར་དུ་བསྒྲིབ་བོ། །གསུམ་པ་ནི། གཏམ་སྐད་

p. 74

མདངས་མེད་བག་ཙམ་སྨྲ་ཤེས་པ་དང༌། ལུས་རྙིང་པ་དེ་གསར་པས་མི་མཐོང་བའི་སར་དྲག་ཤུལ་དང་བཅས་པས་བསྐྱུར་བར་བྱའོ། །དེ་ལྟ་བུའི་ལུས་དེས་མཆོག་བསྒྲུབས་ལ་གཞན་དོན་བྱའོ། །དེ་ལྟ་བུའི་གྲོང་འཇུག་སྐྱོང་བར་བྱེད་པ་ལ་སྟེང་འོག་གི་རླུང་ལ་དབང་ཐོབ་པ་དང༌བསྐྱེད་རིམ་ལ་བརྟན་པས་བྱ་ཡི། གཞན་གྱིས་འཇུག་པར་མི་འགྱུར་རོ། །དེའི་ཕྱིར་སྦྱང་བ་གཉིས་ལ་འབད་པར་བྱའོ། །གྲོང་འཇུག་སྦྲུལ་ལྤགས་འདོར་བྱེད་ཀྱི་གདམས་ངག་གོ །
༈ ན་མོ་གུ་རུ་དེ་ཝ་ཌཱཀི་ནཱི། ལམ་བློ་ནས་གཅོད་པ་བར་དོ་ངོ་སྤྲོད་ཀྱི་གདམས་པ་ལ་གསུམ་སྟེ། ལུས་ལྡན་གཞིའི་བར་དོ་དང༌། ངེས་ཤེས་རྟགས་ཀྱི་བར་དོ་དང༌། ངོ་སྤྲོད་འབྲས་བུའི་བར་དོའོ། །དང་པོ་ལ་གསུམ་སྟེ། སྣང་བ་སྐྱེ་ཤིའི་བར་དོར་རྣམ་སྨིན་ཤ་ཁྲག་གི་ལུས་དང་ལྡན། སྐྱེས་ནས་མ་ཤིའི་བར་དུ་ཚེ་རིང་ན་བསྐལ་པ། ཐུང་ན་སྐྱེས་མ་ཐག་ཤི་ཡང་སྐྱེ་ཤི་བར་དོ་ཞེས་བྱའོ། །དེའི་དུས་སུ་ལམ་བསྐྱེད་རྫོགས་ཟུང་འཇུག་ལ་སྦྱང༌། གཉིས་པ་བག་ཆགས་རྨི་ལམ་གྱི་བར་དོར་རྨི་ལམ་བག་ཆགས་ཀྱི་ལུས་དང་ལྡན། གཉིད་དུ་སོང་ནས་མ་སད་ཀྱི་བར་ལ་ཡུན་རིང་ན་བསྐལ་པ། ཐུང་ན་དེ་མ་ཐག་སད་ཀྱང་རྨི་ལམ་བག་ཆགས་ཀྱི་བར་དོ་ཞེས་བྱའོ། །དེའི་དུས་སུ་རྨི་ལམ་དང་འོད་གསལ་ལ་སྦྱང༌། གསུམ་པ་སྣང་མུན་སྲིད་པའི་བར་དོར་ཡིད་ཀྱི་ལུས་དང་ལྡན། རང་ཤི་ནས་སྐྱེ་བ་མ་བླངས་ཀྱི་བར་དུ་ཡུན་རིང་ན་བསྐལ་པ། ཐུང་ན་དེ་མ་ཐག་ལུས་བླངས་ཀྱང་སྲིད་པའི་བར་དོ་ཞེས་བྱའོ། །དེའི་དུས་སུ་སྒྱུ་ལུས་དང་འོད་གསལ་ཟུང་འཇུག་ཏུ་བསྲེས་ལ་སྦྱང༌ངོ་། །གཉིས་པ་ངེས་ཤེས་རྟགས་ཀྱི་བར་དོ་ལ་གསུམ་ལས། དང་པོ་ནི། དབང་པོ་ཐ་མས་ཚིག་གིས་རྒྱུད་སྦྱངས་ནས་བར་དོའི་གདམས་པ་བསྒོམས་པས་བར་དོར་སངས་རྒྱས་པའི་རྟགས་ཚེ་འདིར་རྨི་ལམ་དཔེ་ལ་སྦྱངས་ན་ཕྱི་རྟགས་སྣང་བ་རྨི་

p. 75

ལམ་སྒྱུ་མར་འཆར་རོ། །གཉིས་པ་དབང་པོ་འབྲིང་པོས་བསྒོམས་ཏེ་རྒྱུད་སྦྱངས་པས་འཆི་ཁར་སངས་རྒྱ་བའི་རྟགས་རྨི་ལམ་དུ་བསྐྱེད་རྫོགས་འབྱོངས། གཉིད་ཀྱི་འོད་གསལ་ཟིན། ནང་རྟགས་རྩ་རླུང་ཐིག་ལེ་ལ་དབང་ཐོབ་པའོ། །གསུམ་པ་དབང་པོ་རབ་ཀྱིས་དོན་ཁོང་དུ་ཆུད་པས་གྲོལ་བ་ཚེ་འདིར་སངས་རྒྱ་བའི་རྟགས་འཁོར་འདས་དབྱེར་མེད་དུ་རྟོགས། བདེན་གཉིས་ཟུང་དུ་ཆུད། གསང་རྟགས་ཉོན་མོངས་པ་ཡེ་ཤེས་སུ་འཆར་བའོ། །དེ་ཡང་ཆོས་སྐུ་རང་བཞིན་གྱིས་འོད་གསལ་བ་སྤྲོས་པ་ཐམས་ཅད་ཞི་བས་མ་རིག་པའི་སྒྲིབ་གཡོགས་ཟད་བྱེད་དུ་འཆར། ཐུགས་རྗེ་གོམས་པས་ལོངས་སྐུ་མཚན་དཔེས་སྤྲས་པ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན་པ་འཆར། སྨོན་ལམ་དག་པས་སྤྲུལ་སྐུ། མ་དག་པས་རིགས་དྲུག་གི་སྣང་བ་འཆར་བའོ། །གསུམ་པ་ངོ་སྤྲོད་འབྲས་བུའི་བར་དོ་ལ་གསུམ་སྟེ། དབང་པོ་སྐུ་གསུམ་གྱི་བར་དོ་དང༌། དུས་གསུམ་རིགས་གསུམ་གྱི་བར་དོ་དང༌། བསྲེ་བ་ལམ་གྱི་བར་དོའོ། །དང་པོ་ལ་གསུམ་སྟེ། དབང་པོ་རབ་སྐྱེ་ཤིའི་བར་དོ། འབྲིང་སྐྱེལ་བསུའི་བར་དོ། ཐ་མ་མཚམས་སྦྱོར་གྱི་བར་དོའོ། །དང་པོ་ལ་གསུམ་སྟེ། སྐྱེ་ཤི་ཤེས་པ་སྔ་ཕྱིའི་བར་དོ། རྨི་ལམ་དྲན་པ་སྔ་ཕྱིའི་བར་དོ། སྲིད་པ་འཆི་ཁ་མའི་བར་དོའོ། །དང་པོ་ལ་གཉིས་ཏེ། ངོ་སྤྲོད་བྱེད་དཔེའི་བར་དོ་དང༌། ངོ་སྤྲོད་པ་དོན་གྱི་བར་དོའོ། །དང་པོ་ངོ་སྤྲོད་བྱེད་དཔེའི་བར་དོ་ངོས་བཟུང་བ་ནི། དཔེ་ནམ་མཁས་མཚོན་ནས། དོན་ཆོས་ཉིད་ཀྱི་བར་དོ་སྟོན་པ་ལ། ནམ་མཁའ་ལ་ལྔ་སྟེ། སྣང་བ་ནམ་མཁའ་སྤྲིན་མེད་ཀྱི་སྔོན་པོ་དང༌། སྤྲིན་གྱི་ཁ་དོག་སྣ་ཚོགས་སྣང་ཡང་ཆོས་ཉིད་སྟོན་པའི་ནམ་མཁའ་མ་ཡིན། དབྱིབས་ནམ་མཁའ་བྲག་ཕུག་དང་སྐར་ཁུང་ལ་སོགས་པར་དེ་ལྟ་བུ་ཞིག་བྱུང་བ་དང༌། མིང་ནམ་མཁའ་ཕོ་མོ་ལ་བཏགས་པ་དང༌།

p. 76

རྒྱན་ནམ་མཁའ་བན་བོན་གྱི་སྐུད་པ་བྲེས་པ་དེ་རྣམས་ཆོས་ཉིད་ཀྱི་ནམ་མཁའ་མ་ཡིན། འོ་ན་གང་གིས་མཚོན་ན་དགུན་ཟླ་འབྲིང་ཉའི་སྔ་དྲོ་ཉི་མ་རི་རྩེར་ཤར་ནས་དྲོས་པའི་བར་དུ། བར་སྣང་གི་ཁམས་འདིར་གསལ་ལ་དྭངས་སང་ངེ་བ་ཞིག་འོང༌། དུས་དེར་རིགས་དྲུག་ཐམས་ཅད་ལ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དུས་ཀྱི་རྟེན་འབྲེལ་གྱིས། དབང་པོ་རབ་ལ་ཆུ་ཚོད་གསུམ། འབྲིང་ལ་གཉིས། ཐ་མ་ལ་གཅིག་གི་བར་དུ་འཆར་ཡང་གདམས་པ་འདི་མེད་པས་ངོས་མི་ཟིན། གཞན་ཡང་དབྱར་གྱི་ཆར་གྱིས་ས་རྡུལ་མནན། སྤྲིན་དང་ན་བུན་དེངས། དགུན་གྱི་འཚུབ་མ་མ་ལངས་པའི་དུས་སུ་རང་བཞིན་གྱིས་དག་པའི་ནམ་མཁའ་འབྱུང་སྟེ། དེའི་དུས་སུ་སྣང་བ་མ་ཡིན་མི་སྣང་བ་མ་ཡིན་པ་རྟེན་གང་ལའང་མ་བཅས་པ་མདོག་དབྱིབས་དང་ཚད་མ་གྲུབ་པ་དཔེས་མཚོན་པ་ཆོས་ཉིད་ཀྱི་བར་དོའོ། །དཔེ་ནམ་མཁས་དོན་ཆོས་ཉིད་ཉམས་སུ་ལེན་པ་ཞལ་ལས་ཤེས་སོ། །གཉིས་པ་ངོ་སྤྲོད་པ་དོན་གྱི་བར་དོ་ནི། མདོ་རྒྱུད་ཀུན་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པ་ོཅན་དུ་གསུངས་ཀྱང༌། རང་བཞིན་གྱིས་གབ་པས་ངོ་བོ་འདི་ཡིན་མ་བྱུང༌། གྲུབ་ཐོབ་རྣམས་ཀྱིས་ཀྱང༌། སེམས་ནི་ནམ་མཁའ་ལྟ་བུར་གཟུང་བྱ་སྟེ། །ཞེས་པ་དང༌། ཆོས་ཐམས་ཅད་ནམ་མཁའི་དབྱིངས་ལྟ་བུ་ཞེས་པ་ལས། སངས་རྒྱས་རང་འདི་ཡིན་བྱ་བའི་ངེས་པ་ཅན་མ་བྱུང༌། དེས་ན་སངས་རྒྱས་ཀྱི་དགོངས་པ་ཆོས་ཉིད་བར་དོར་ངོས་ཙིར་ཟིན་པ་དེ་འདི་མིན་པ་མེད། ཆོས་ཉིད་བར་དོ་འདི་སངས་རྒྱས་འདི་ན་ཡོད་ཅེས་མཛུག་གུ་འཛུགས་པ་ལྟ་བུའོ། །དེ་ལྟ་བུ་དེ་གང་ན་ཡོད་ན་ཤེས་པ་སྔ་ཕྱི་གཉིས་ཀྱི་བར་ན་ཡོད་དེ། ཤེས་པ་སྔ་མ་འགགས་ཏེ་འདས་པའི་རྗེས་མི་བཅད། ཤེས་པ་ཕྱི་མ་མ་སྐྱེས་པས་མ་འོངས་པའི་མདུན་མི་བསུ། ཤེས་པ་སྔ་ཕྱི་

p. 77

གཉིས་ཀྱི་བར་ན་ད་ལྟར་གྱི་ཤེས་པ་གང་ལའང་མ་བརྟེན་པར་བློས་བསམ་དུ་མེད་པ། ཚིག་གིས་བརྗོད་དུ་མེད་པ། དཔེས་མཚོན་དུ་མེད་པ་ཆོས་སྐུ་སྐྱེ་མེད་དུ་ངོ་ལྷན་གྱིས་སྤྲད་པ་དེ་ཀའི་ངང་དུ་བཞག །འཇོག་པ་དང་མི་འཇོག་པའི་བློ་དང་བྲལ་བ་དེ་ལས་མ་ཡེངས་ཙམ་དུ་བྱ། རྣམ་རྟོག་སྔ་ཕྱི་དང་བྲལ་བའི་བར་ན་ཤེས་པའི་ངོ་བོ་དེ་ལ་རྣམ་རྟོག་རྐུན་བུ་སྒོམ་པའི་བདུད་མ་ལངས་པར་ཐུན་ཐུང་ལ་གྲངས་མང་དུ་བསྒོམ་པར་བྱའོ། །དེ་སྔ་མ་དང་ཕྱི་མ་ལ་མ་རེག་པས་ན་བར་དོ། རྟེན་དང་བྲལ་བས་ན་བར་དོ། གང་ལའང་མ་གཏད་པས་ན་བར་དོ། རྣམ་རྟོག་གི་བློ་དང་བྲལ་བས་ན་བར་དོ་ཞེས་བྱའོ། །དེ་ལྟར་ཤེས་པའི་བར་དོ་དེ་ལ་དམིགས་པ་ཡེངས་མེད། བློ་འཛིན་མེད། ཤེས་པ་བྱ་བྲལ་དུ་བཞག་པར་བྱའོ། །དེ་ལྟར་བཞག་པ་དང་མི་བཞག་པའི་བློ་ཙམ་དང་བྲལ་བའི་ཆོས་ཉིད་ཀྱི་བར་དོ་དེ་བེམ་པོ་མ་ཡིན་ཏེ་རང་རིག །དངོས་པོ་མ་ཡིན་ཏེ་མདོག་དབྱིབས་མ་གྲུབ། དངོས་མེད་མ་ཡིན་ཏེ་ཅི་ཡང་སྣང༌། རྟག་པ་མ་ཡིན་ཏེ་ངོ་བོས་སྟོང༌། ཆད་པ་མ་ཡིན་ཏེ་རང་གསལ། བདག་ཏུ་མ་གྲུབ་སྟེ་བརྟགས་ན་མེད། བདག་མེད་མ་ཡིན་ཏེ་སྤྲོས་བྲལ་གྱི་བདག་ཉིད་ཅན། མཐའ་མ་གྲུབ་སྟེ་འཛིན་པ་དང་བྲལ། དབུས་མ་གྲུབ་སྟེ་ལྟོས་པས་དབེན། མཚོན་དུ་མེད་པས་དཔེ་མེད། དཔེ་མེད་པ་མ་ཡིན་ཏེ་ནམ་མཁའ་ལྟ་བུ། ཚིག་ཏུ་བརྗོད་དུ་མེད་པས་ཐ་སྙད་དང་བྲལ། ཚིག་དང་བྲལ་བ་མ་ཡིན་ཏེ་བརྗོད་པ་ཐམས་ཅད་ཀྱི་རྒྱུ། ནམ་མཁའ་རིག་མེད་སྟོང་པ། སེམས་ཉིད་རིག་བཅས་སྟོང་པ། ངོ་བོ་སྟོང་པ་མཚན་ཉིད་སྣ་ཚོགས་སུ་གནས་པ་དེ་ལ་རྒྱུན་ཆད་མེད་པར་བཞག་གོ །དེ་ལ་བཞག་ཐབས་དྲུག་སྟེ། རྟེན་མེད་པ་བར་སྣང་ལྟ་བུར་བཞག །རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུར་བཞག །དམིགས་བྱའི་ཡུལ་མེད་པ་ནམ་མཁའི་མེ་ཏོག་ལྟ་བུར་བཞག །གསལ་བ་ཉི་མའི་

p. 78

སྙིང་པོ་ལྟ་བུར་བཞག །ཉེས་པས་མ་གོས་པ་པདྨ་ལྟ་བུར་བཞག །རྟོག་པ་ཆོས་ཉིད་དུ་ཡལ་བ་ན་བུན་ལྟ་བུར་བཞག་གོ །དེ་ལྟ་བུ་དེ་ལ་རྟོག་པ་སྣ་ཚོགས་སུ་འཕྲོས་ནའང་རིག་པའི་རྩལ་སྣང་དུ་ཤེས་པར་བྱ་སྟེ་འོད་གསལ་བའི་ཀློང་ངོ༌། །སེམས་ཀྱི་རང་བཞིན་ལ་མཚན་མའི་མུན་པ་མེད་པས་འོད་གསལ། རིག་སྟོང་གཉིས་སུ་མེད་པས་ཟུང་འཇུག །བྱ་ལམ་ལྟར་སྔ་ཕྱིའི་བློ་དང་བྲལ་བས་བར་དོ། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་རང་རིག །ལུས་མེད་པར་མངོན་དུ་གྱུར་པས་ཆོས་སྐུ། དགོས་འདོད་ཐམས་ཅད་མངོན་དུ་འབྱུང་བས་ནོར་བུ་རིན་པོ་ཆེའོ། །དེ་ལྟར་ཤེས་པའི་བར་དོ་དེ་ལ་རིག་པའི་རྦད་ཁམས་བསྐྱེད་ལ་ཉམས་སུ་མྱོང་བའི་ཕྲ་དང་མ་བྲལ་བར་བྱ། ཉམས་མྱོང་གི་ཕྲ་དང་བྲལ་ན་རྟོགས་པ་མཐོ་བ་ལྟར་སྣང་ཡང་སེམས་ལ་རང་དབང་མི་ཐོབ་པས་ཆོས་ཉིད་བར་དོ་ངོ་ཤེས་པ་དང་མི་འབྲལ་བར་བྱའོ། །གཉིས་པ་རྨི་ལམ་དྲན་པ་སྔ་ཕྱིའི་བར་དོ་ལ་གསུམ་སྟེ། འདས་པའི་དྲན་པ་མར་མེ་མཛད་ལྟ་བུའི་འགགས་ཚུལ་དང༌། མ་འོངས་པའི་དྲན་པ་བྱམས་པ་ལྟ་བུའི་འཆར་ཚུལ་དང༌། ད་ལྟར་གྱི་དྲན་པ་ཤཱཀྱ་ཐུབ་པ་ལྟ་བུའི་འཆར་ཚུལ་ལས། དྲན་པ་སྔ་ཕྱིའི་བློ་དང་ཕྲལ་ལ། གཉིས་མེད་ཀྱི་ཡེ་ཤེས་ངོས་བཟུང་སྟེ་ཉལ་བ་ལས་མཚན་མོ་རྨི་ལམ་གྱི་བར་དོ་དང༌། ཉིན་པར་གྱི་བར་དོ་རོ་གཅིག་པར་འགྱུར་ཏེ་འོད་གསལ་བའི་ཏིང་འཛིན་གྱིས་མ་རིག་པ་ཐམས་ཅད་བཅོམ་པས་གཉིད་ཀྱི་རྟོག་པ་འགགས། དེས་ཆོས་སྐུ་ལ་བར་དོ་མེད་པར་ཐོབ་སྟེ་ལུས་འདི་ཉིད་ལ་མཆོག་ཐོབ། བྱ་བ་བྱས། ཁུར་བོར་བ་ཞེས་བྱའོ། །དེས་འཆི་ཁ་དང་སྲིད་པའི་བར་དོ་མི་མཐོང་བས་འོད་གསལ་རྣལ་མའི་དོན་ལ་ལྷུན་གྱིས་གྲུབ་པ་བདེ་བ་ཆེན་པོའི་ཏིང་འཛིན་ནོ། །གསུམ་པ་སྲིད་པ་འཆི་ཁ་མའི་བར་དོ་ལ་གསུམ་སྟེ། རབ་འོད་གསལ་གྱི་བར་དོ། འབྲིང་སྐྱེལ་བསུའི་བར་དོ། ཐ་མ་

p. 79

མཚམས་སྦྱོར་གྱི་བར་དོའོ། །དང་པོ་ལ་གཉིས་ཏེ། ལམ་སྣང་བའི་འགག་ཚུལ་དང༌། འོད་གསལ་ཉམས་ཀྱི་འཆར་ཚུལ་ལོ། དང་པོ་ལ་གཉིས་ཏེ། རགས་པ་ཐིམ་པ་དང༌། ཕྲ་བ་ཐིམ་པའོ། །དང་པོ་ནི། ས་ཆུ་ལ་ཐིམ་པས་ལུས་ཀྱི་ཟུང་མི་ཐུབ་སུག་བཞི་ས་ལ་ལྷུང༌། སོ་དྲེག་ཆགས། ཁ་ཆུ་སྣ་ཆུ་ལ་སོགས་པ་འབྱུང་བའོ། །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། ཡན་ལག་སྡུད་མི་ཤེས། སྔར་བས་དྲོད་སྐྱེས་ཏེ་ཚ་བ་དང་རྔུལ་འབྱུང་བའོ། །མེ་རླུང་ལ་ཐིམ་པས་ཤའི་མདངས་ཤོར། སྣའི་བྱ་གཤོག་འཆག །ལུས་ཀྱི་དྲོད་བསྡུས་ཏེ་མཐོ་རིས་སུ་འགྲོ་ན་ཡར་ལ་དང་། ངན་སོང་དུ་འགྲོ་ན་མར་ལ་སྡུད། ངོ་མི་ཤེས་པ་འབྱུང་བའོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲ་ངར་ངར་པོ་འབྱིན། དབུགས་བརྩེགས། མིག་སྟེང་དུ་འབྲོས། ལག་པ་གཡབ་བོ། །དེའི་དུས་སུ་སེམས་ཉིད་ནང་ནས་གསལ་བ་འབྱུང༌། མིག་གྱེན་ལ་ལྡོག་ནས་སྐྱིགས་བུ་འབྱིན་པར་བྱེད་དོ། །དེ་ལྟར་འབྱུང་བཞི་ཐིམ་པ་དང་དུས་མཚུངས་པར་ཡུལ་གཟུགས་སྒྲ་ལ་སོགས་པའང་སྡུད་པར་བྱེད་དོ། །ཕྲ་བ་ཐིམ་པ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་ནང་རྟགས་སུ་དུ་བ་ལྟ་བུ་ལ། ཕྱི་རྟགས་སུ་ཟླ་བ་ཤར་བ་ལྟ་བུ་འབྱུང༌། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས། ཡིད་འོང་ལྷའི་བུ་མོ་རྩར་བྱུང་ཡང་འདོད་ཆགས་མི་སྐྱེ། སེམས་རེས་གསལ་རེས་མི་གསལ་བའི་དུས་སོ། །སྣང་བ་མཆེད་པ་ལ་ཐིམ་པས་ནང་རྟགས་མེ་ཁྱེར་ལྟ་བུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་འབྱུང༌། ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་འགག །དགྲ་མི་ཤ་བོ་རྩར་བྱུང་ཡང་ཞེ་སྡང་མི་སྐྱེ། ཤེས་པ་སྔར་བས་གསལ་བ་འབྱུང་ངོ༌། །མཆེད་པ་ཐོབ་པ་ལ་ཐིམ་པས་ནང་རྟགས་མར་མེ་ལྟ་བུ་ལ། ཕྱི་རྟགས་མུན་པ་ལྟ་བུ་འབྱུང༌། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག །མུན་པའི་ཁྲོད་དུ་བཞག་ཀྱང་གཏི་མུག་མི་སྐྱེ། ཤེས་པ་

p. 80

སྔར་བས་ཤིན་ཏུ་གསལ་བ་འབྱུང་བའི་དུས་ཡིན་ནོ། །སྔར་མ་བསྒོམས་ན་སྟོང་པ་ཉིད་ལ་འཇིགས་པ་དང་སྐྲག་པ་འབྱུང་བའི་དུས་ཡིན་ནོ། །ཐོབ་པ་འོད་གསལ་ལ་ཐིམ་པས་ཕྱི་རྟགས་སྐྱ་རེངས་ཤར་བའམ་ནམ་ལངས་པ་ལྟ་བུ་དང་། ནང་རྟགས་སུ་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཉམས་འབྱུང་བའོ། །ཉོན་མོངས་པ་བག་ལ་ཉལ་ཕྲ་བ་ཐམས་ཅད་འགག །ཤེས་པ་གསལ་སྟོང་མཐའ་དབུས་མེད་པའི་དུས་སོ། །གཉིས་པ་འོད་གསལ་འཆར་ཚུལ་ནི། དུས་དེར་ཆོས་སྐུ་མངོན་དུ་བྱེད་པའི་གནད་ཀ་ཡང་སྤྱི་བོ་ནས་ཕའི་ཐིག་ལེ་ཧཾ་གི་གཟུགས་སུ་གནས་པ་དེ་མར་འོང༌། ལྟེ་འོག་སོར་བཞི་ནས་མའི་ཐིག་ལེ་རྩ་བྱ་རོག་གི་གདོང་ཅན་ལ་གཏུམ་མོ་མེའི་ས་བོན་ཨ་ཐུང་ཤད་ལྟ་བུའི་གཟུགས་སུ་གནས་པ་དེ་ཡར་འོང་ནས་སྒྲིབ་གཡོགས་དང་བྲལ་བའི་རྣམ་པར་ཤེས་པ་བདེ་སྟོང་གི་ངོ་བོར་གནས་པ་དེ་དང་གསུམ་སྙིང་གར་ཨ་ཝ་དྷཱུ་ཏིའི་ཆུ་སྐྱེས་སྟོང་པའི་ནང་དུ་ལྷན་ཅིག་ཚོགས་པ་ལས་སྐྱེ་མེད་གཉུག་མའི་དོན་མ་སྒྲིབ་པར་མཐོང་བས་ཆོས་སྐུ་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་རྒྱུད་ལ་སྐྱེ་བ་དེ། སྔར་བསྒོམས་པའི་གནད་ཀྱིས་ཆོས་སྐུ་དེ་ལ་ཆོས་སྐུར་ངོ་ཤེས་པ་དཔེ་བུ་ཆུང་མ་དང་འཕྲད་པ་ལ་མི་གཞན་གྱིས་འདི་ཁྱོད་ཀྱི་མ་མ་ཡིན་ནོ་ཞེས་བསྙོན་དུ་མེད་པ་ལྟ་བུའོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ་དེས་རིག་པ་རྟེན་དང་བྲལ་བ་སྐད་ཅིག་མ་དེ་ལ་རྣམ་པར་ཤེས་པ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་དེ་སྤྱི་བོ་ནས་ལམ་བྱུང་སྟེ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངམ། དག་པ་ལོངས་སྐུའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །དེའི་ཕྱིར་དེ་ལྟ་བུ་ལ་འཆི་ཁའི་འོད་གསལ་དང༌། རང་བཞིན་གྱི་འོད་གསལ་དང༌། འབྲས་བུའི་འོད་གསལ་དང༌། མཐར་ཐུག་ཆོས་སྐུའི་འོད་གསལ་ཞེས་བྱའོ། །གཉིས་པ་འབྲིང་སྐྱེལ་བསུའི་བར་དོ་ནི། དེ་ལྟ་བུའི་འོད་གསལ་དེ་ལ་

p. 81

གོམས་པར་མ་གྱུར་ན་བླ་མའི་རྣལ་འབྱོར་ལ་སོགས་པར་གོམས་པས་འཆི་ཁར་སྐྱེལ་བསུ་འབྱུང་བས་དེ་ལ་དྲུག་སྟེ། བྱིན་གྱིས་རློབ་བྱེད་བླ་མའི་སྐྱེལ་བསུ་དང༌། དངོས་གྲུབ་སྟེར་བྱེད་ཡི་དམ་གྱི་སྐྱེལ་བསུ་དང༌། བར་ཆད་སེལ་བ་མཁའ་འགྲོའི་སྐྱེལ་བསུ་དང༌། མཐུན་རྐྱེན་སྒྲུབ་པ་དཔུང་གྲོགས་ཀྱི་སྐྱེལ་བསུ་དང༌། ཉམས་མྱོང་སྤྲད་པ་སྙན་བརྒྱུད་ཀྱི་སྐྱེལ་བསུ་དང༌། ཡིད་བཞིན་ནོར་བུ་གཞན་གྱི་སྐྱེལ་བསུ་འབྱུང་བར་འགྱུར་རོ། །དེ་ལ་དང་པོ་བླ་མའི་ནི། ད་ལྟར་བླ་མའི་རྣལ་འབྱོར་ལ་འབད་དེ་བསྒོམས་པས་བྱིན་གྱིས་རློབ་བྱེད་བསམ་གཏན་གྱི་བླ་མས་སྐྱེལ་མ་བྱེད། མ་འོངས་པ་ན་འཆར་བ་རང་བཞིན་གྱི་བླ་མས་བསུན་མ་བྱས་ནས། སྐྱེལ་བསུ་གཉིས་ཀྱི་བར་དུ་རིགས་དྲུག་གི་བག་ཆགས་དང་བྲལ་ནས་ཆོས་ཉིད་ཀྱི་བར་དོར་སེམས་ཆོས་སྐུ་སྤྲོས་བྲལ་དུ་ངོ་འཕྲོད་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་ཡི་དམ། མཁའ་འགྲོ། ཆོས་སྐྱོང༌། རྡོ་རྗེའི་སྤུན། སྙན་བརྒྱུད་ཡིད་བཞིན་ནོར་བུ་ཀུན་ལ་སྦྱར་རོ། །གསུམ་པ་ཐ་མ་མཚམས་སྦྱོར་གྱི་བར་དོ་ལ་གསུམ་སྟེ། བླ་མའི་རྣལ་འབྱོར་ལ་སོགས་ལ་གོམས་པ་ཅུང་ཟད་ཆུང་བས་གནས་པར་མ་ནུས་ན། འོད་གསལ་བའི་ཏིང་ངེ་འཛིན་ལ་འཇིགས་སྐྲག་གི་རླུང་འབྱུང་བ་སྟེ། རླུང་གསུམ་གྱི་རྩ་བ་མ་རིག་པས་བཅིངས་ནས་བར་དོར་འཁྱམས་པར་འགྱུར་བས་དེ་ལ་གདམས་ངག་གིས་མཚམས་སྦྱར་བར་བྱ་སྟེ། དེ་ཡང་འཆི་ཁའི་སྣང་བ་ཟླ་བ་ཤར་བ་ལྟ་བུ་དེ་ཚུར་འདུས་པས་སྲོག་འཛིན་པའི་རླུང་མཆེད་པ་ཉི་མ་ཤར་བ་ལྟ་བུ་དེ་འདུས་པས་མེ་དང་མཉམ་པར་གནས་པའི་རླུང་རྒྱུ། ཐོབ་པ་སྐྱ་རེངས་ཤར་བ་ལྟ་བུ་དེ་ཚུར་འདུས་པས་དྭངས་སྙིགས་འབྱེད་པའི་རླུང་འོད་གསལ་ཚུར་འདུས་པས་མ་རིག་པར་འགྱུར། དེ་ལྟར་རླུང་གསུམ་གྱི་རྩ་བ་མ་རིག་པས་བཅིངས་ནས་ལས་ཀྱི་རླུང་ལ་ཞོན་

p. 82

ནས་སྒོ་དགུ་གང་ཡང་རུང་བ་ནས་ཐོན་པའི་དུས་སུ་སྔར་མ་བསྒོམས་ན་རླུང་གཙོ་ཆེ་བས་རྣམ་ཤེས་རང་དབང་མེད་པར་ཁྱེར་ནས་བར་དོ་ལ་སོགས་པར་འཁྱམས་པར་བྱེད་ལ། སྔར་བསྒོམས་པས་ཉིང་མཚམས་སྦྱར་ཏེ་རྣམ་ཤེས་དབང་ཆེ་བས་མཐོ་རིས་ལ་སོགས་པར་གང་གོམས་པའི་སར་འགྲོ་བར་བྱེད་དོ། །གཉིས་པ་དུས་གསུམ་རིགས་གསུམ་གྱི་བར་དོ་ལ་གསུམ་སྟེ། ཡོན་ཏན་རྫོགས་པའི་བར་དོ་བར་དོ་དང་པོ་ལ་སངས་རྒྱ་བར་བསྟན་པ་དང་། འཁོར་བ་ལུགས་ཀྱི་བར་དོ་བར་དོ་གཉིས་པ་ལ་སངས་རྒྱ་བར་བསྟན་པ། རིགས་མཐུན་མངལ་གྱི་བར་དོ་སྐྱེ་བ་ཕྱི་མ་ལ་སངས་རྒྱ་བར་བསྟན་པའོ། །དང་པོ་ནི། ཤི་ནས་ཞག་ཕྱེད་དང་བཞི་ཡན་ཆད་ཆང་གིས་བཟི་བའམ་རིམས་ཀྱིས་བཏབ་པ་ལྟར་འགྱུར། དེའི་རྗེས་སུ་དྲན་པ་སད་དེ་གཉེན་འདུན་ལ་སོགས་པ་ལ་བལྟས་པས་ཤི་བར་ཤེས་ནས། ང་བར་དོར་འཁྱམས་པ་ཡིན་པར་འདུག་སྙམ་པའི་ཤེས་པ་འབྱུང་ལ། ཉམས་མི་དགའ་ཞིང་ཤེས་པ་ལ་རྟེན་མེད་པས་སྡོད་མི་ཚུགས། གར་ཕྱིན་ཡང་ངོ་ཤེས་པ་མེད་དེ། སྣང་མུན་འོད་ཀྱི་རང་འོད་སྐྱ་རེངས་ཤར་བ་ལྟ་བུ་ཞིག་འབྱུང་ངོ༌། །དུས་དེར་ལས་ཀྱི་དབང་གིས་གླིང་བཞི་ལ་སོགས་པ་རིགས་དྲུག་གི་གནས་གཞན་ཐམས་ཅད་དུ་འགྲོ་བས་ཤིན་ཏུ་ངལ་ཞིང་དུབ་པ་དང༌བཀྲེས་ཤིང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་འབྱུང༌། ལས་ཀྱི་གཤིན་རྗེ་ལ་སོགས་པའི་གཤེད་པོས་གང་དུ་སོང་ཡང་གར་ཡང་མི་གཏོང་བར་གནོད་ཅིང་འཚེ་བར་བྱེད། སྡུག་བསྔལ་ཏེ་སྐྱབས་བཙལ་བས་སྔར་བསྒོམས་པའི་ཡི་དམ་དྲན་ཏེ་བག་ཆགས་གོམས་པའི་ལས་སད་ནས་ཆུ་ལས་ཉ་ལྡང་བ་ལྟ་བུར་ཡིད་ཀྱི་ལུས་སྣང་ལ་ངོས་བཟུང་མེད་པ་ལོངས་སྐུའི་རྣམ་པར་འགྱུར་བས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དེ་ཡང་ལོངས་སྐུ་མ་ཡིན་པ་ལ་ཡིན་པར་རློམས་པ་

p. 83

མ་ཡིན་ཏེ། བར་དོའི་ལུས་དེ་ལོངས་སྐུའི་ཡོན་ཏན་བདུན་ཚང་སྟེ། སྒྲིབ་གཡོགས་མེད་པས་ཡིད་ཀྱི་ལུས་སྣང་ལ་ངོས་བཟུང་མེད་པ་དང༌། ན་ཚོད་ཀྱི་མེ་ཏོག་མདངས་དང་ལྡན་པ་དང༌། མངོན་པར་ཤེས་པ་ལྔས་རང་གཞན་རྒྱུད་ཀྱི་ཁམས་དང་བག་ལ་ཉལ་བ་ཐམས་ཅད་ཡོངས་སུ་ཤེས་པ་དང༌། རྡོ་རྗེ་གདན་དང༌། རྟེན་རབ་གནས་ཅན་དང༌། མའི་མངལ་གསུམ་མ་གཏོགས་པ་ལ་རྫུ་འཕྲུལ་གྱི་ཤུགས་ཡ་མ་ཟུང་དང་ལྡན་པས་གང་ལ་ཡང་ཐོགས་པ་མེད་པར་བགྲོད་པ་དང༌། འོད་ཟེར་བྱེ་བ་ཕྲག་བརྒྱ་འགྱེད་པས་ཕྱོགས་ཐམས་ཅད་དུ་སྣང་བའི་གོ་སྐབས་འབྱེད་པ་དང༌། མི་བརྗེད་པའི་གཟུངས་དང་ལྡན་པས་སྐྱེ་བ་སྔ་ཕྱི་ལ་སོགས་པ་དྲན་པ་དང༌། ལུས་མཚན་དང༌དཔེ་བྱད་ལ་སོགས་པས་སྤྲས་ཤིང་འོད་འདོམ་གང་བ་དང་བཅས་པའོ། །དེ་ཡང་བར་དོའི་ལོངས་སྐུ་དེ་ལ་གོམས་པ་ཆེ་ཆུང་གིས་དག་མ་དག་འབྱུང་གི །བར་དོའི་སེམས་ཅན་ཐམས་ཅད་ལ་ཡང་ཁ་ཡར་བ་ནི་མེད་པ་མེད་དོ། །དེ་ལྟ་བུ་ལོངས་སྐུའི་ངང་དུ་འགྲོ་བ་དེ་ཡང་ཚེ་འདི་ལ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་སྣང་ལ་རང་བཞིན་མེད་པ་བསྒོམས་པས་བར་དོའི་དུས་སུ་དཔེ་མ་མའི་པང་ན་བུ་འགྲོ་བ་ལྟ་བུ་གྲོགས་ཡི་དམ་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ལོངས་སྐུའི་རྣམ་པའམ། མཁའ་ལ་སྤྱོད་པའི་རིག་འཛིན་གྱི་སར་འགྲོ་བར་འགྱུར་རོ། །གཉིས་པ་འཁོར་བ་ལུགས་ཀྱི་བར་དོ་སྲིད་པ་བར་དོ་གཉིས་པ་ལ་སངས་རྒྱ་བར་བསྟན་པ་ནི། དེ་ལྟར་བསྐྱེད་པའི་རིམ་པ་ལ་བརྟེན་པར་མ་ནུས་ན་རིག་པ་རྟེན་མེད་ཕྱོད་ཀྱིས་སོང་བ་དེ་ལ་མ་བདེ་ནས་ལུས་ལ་མངོན་པར་ཞེན་པའི་སྟོབས་ཀྱིས་རླུང་གསུམ་གྱི་རྩ་བ་མ་རིག་པས་བཅིངས་ནས། བག་ལ་ཉལ་དུ་འདུག་པ་ལས་ཡིད་ཀྱི་ལུས་ལེན་ཏེ། མ་རིག་པ་ལས་ཐོབ་པའི་ཆ་སྐྱེས་ཏེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ལྡང༌། ཐོབ་པ་ལས་མཆེད་པ་སྐྱེས་

p. 84

པས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་ལྡང༌། མཆེད་པ་ལས་སྣང་བའི་ཆ་སྐྱེས་པས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་ལྡང༌། དེར་རྩ་བ་དུག་གསུམ་ལས་གྱུར་པའི་རྟོག་པ་བརྒྱད་ཅུ་མགོ་མཉམ་དུ་སྐྱེས་པས་ཡིད་ཀྱི་ལུས་དེ་ལ་སྒྲིབ་པ་ལྔའི་འཆིང་བ་དང་བཅས་པའི་འཁྲུལ་པ་སེམས་ཀྱི་སྣང་ཚུལ་སྔ་མ་སོར་དུ་ཆུད་པར་འགྱུར་རོ། །དེའི་དུས་སུ་གོམས་པའི་བག་ཆགས་མེད་ལ། བར་དོའི་གདམས་ངག་ཡོད་པ་གཅིག་གིས་མངལ་གྱི་གྲོང་ཁྱེར་དགག་པའི་སྦྱོར་བ་བྱ་སྟེ། དུས་དེར་དུག་གསུམ་ལས་གྱུར་པའི་རྟོག་པ་ཡོད་པས་ཆགས་སྡང་གི་རྣམ་པ་ཕ་མའི་མཐུན་སྦྱོར་འབྱུང་སྟེ་ཤེས་པ་ལས་ཀྱི་རླུང་གིས་བདས་ཏེ་མངལ་དུ་འཇུག་པར་འགྱུར་བའི་དུས་སུ་ཆུ་ལས་ཉ་འཕར་བ་ལྟར་བསྐྱེད་རིམ་སྒྱུ་མ་ཙམ་བསྒོམ། རྗེས་སུ་གཞིག་པའི་རིམ་པས་འོད་གསལ་བསྒོམས་པས་ལེགས་པར་ཁེགས་པར་འགྱུར་རོ། །མ་ཁེགས་པར་གྱུར་ན་ཡུལ་བླ་མ་ཡབ་ཡུམ་དུ་བསམ་ལ་དངོས་གྲུབ་ཞུའོ། །དེས་ཀྱང་མ་ཁེགས་ན་ཆགས་སྡང་བཟློག་པ་སྟེ། སྔར་ཡང་འདི་ལྟར་བྱས་པས་འཁོར་བར་འཁྱམས། ད་ཡང་བྱེད་ན་འཁྱམས་པར་འགྱུར་བས་མི་བྱའོ་སྙམ་དུ་བསམ་ཙམ་གྱིས་ཁེགས་པ་ཡིན་ནོ། །དེ་ཡང་ཡིད་ཀྱི་ལུས་ཐ་མལ་པ་དེ་ལྷ་རུ་བསྒོམ། ལྷ་སྐུ་སྒྱུ་ལུས་སུ་དང་སྒྱུ་ལུས་འོད་གསལ་འོད་གསལ་ཟུང་འཇུག་ཏུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་ཞག་བཞི་བཅུ་རྩ་དགུ་ལ་མངལ་ལས་གྲོལ་བ་སྟེ། བདུན་ཕྲག་དང་པོ་ཁེགས་ནས་གཞན་སྔ་མ་ལྟར་བསྒོམས་པས་ཚེགས་མེད་པར་འགྱུར་རོ། །དེ་ལྟར་སྦྱང་དུ་ཡོད་པ་སློབ་པའི་ཟུང་འཇུག་དང༌། སྦྱང་དུ་མེད་པར་གྱུར་ན་མི་སློབ་པའི་ཟུང་འཇུག་གོ །དེ་ལྟར་སྲིད་པ་འགེགས་པ་དེ་ཡང་ཚེ་འདི་ལ་ཕོ་ཉ་ལམ་དུ་སློང་བའམ། ཆགས་པ་ལ་སྐྱོན་དུ་བལྟས་པས་བར་དོའི་དུས་སུ་དཔེ་སྐྱེས་བུ་འཇིགས་

p. 85

མེད་དོན་གཉེར་བ་ལྟ་བུ། གྲོགས་གནས་གསུམ་གྱི་མཁའ་འགྲོས་བྱས་ནས་ཞིང་ཁམས་འགྲོ་བདེ་བའི་གནས་སམ། སྨོན་ལམ་དག་པའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །གསུམ་པ་རིགས་མཐུན་མངལ་གྱི་བར་དོ་སྐྱེ་བ་ཕྱི་མ་ལ་སངས་རྒྱ་བར་བསྟན་པ་ནི། དེ་ལྟར་གོམས་པ་ཆུང་བས་མངལ་དུ་འཇུག་པར་འགྱུར་བ་ནི། ཚེ་འདི་ལ་སྲིད་པའི་འདོད་ཆགས་མངོན་དུ་བྱེད་པའི་བག་ཆགས་ངན་པ་ཀུན་གཞིའི་རྒྱུད་ལ་བཞག་པས་རིགས་དྲུག་གང་དུ་སྐྱེ་བ་ལེན་པའི་ཕ་མས་སྦྱོར་བ་བྱེད་པའི་སྣང་བ་འབྱུང་སྟེ། དེ་ལ་ཆགས་སྡང་སྐྱེས་པས་སྐད་ཅིག་མར་ལས་ཀྱི་སྣང་བ་འཁྲུལ་ཏེ་མངལ་དུ་འཇུག་པར་འགྱུར་བའོ། །ཚེ་འདིར་སེམས་ཟག་མེད་མ་རྟོགས་པས་ལུས་ཟག་བཅས་ལེན། སེམས་རྟོག་བཅས་འབྱུང་བ་ཆོས་ཉིད་དོ། །སྤྱིར་མངལ་སྒོ་ས་ཆེན་པོ་འདི་ཁྱབ་པའི་རྩི་ཐོག་བརྔས་པའི་སྦུ་གུ་ཙམ། བར་དོའི་སེམས་ཅན་ཉི་ཟེར་གྱི་རྡུལ་ཙམ། ལུས་བླངས་པས་མི་ལུས་ཐོབ་སྐབས་སྦྱངས་པ་ཡོད་ན། ཕོར་སྐྱེས་ན་མ་ལ་ཆགས་ཤིང་ཕ་ལ་སྡང༌། མོར་སྐྱེས་ན་ཕ་ལ་ཆགས་ཤིང་མ་ལ་སྡང༌། སྐྱེ་གནས་བཞི་ཀ་ལ་ཆགས་སྡང་གཉིས་ཀྱིས་མཚམས་སྦྱོར་རོ། །དེ་ལ་སྐྱེ་གནས་གདམ་པར་བྱ་སྟེ། འདམ་ཤེས་ན་ཤེས་ཏེ་བར་དོའི་གདམས་ངག་ཡོད་པ་དང༌། མངོན་ཤེས་ཡོད་པ་དང༌། སྨོན་ལམ་གྱི་སྟོབས་ཀྱིས་སོ། །དེ་ཡང་དགེ་བའི་བཤེས་གཉེན་ནམ། རྒྱལ་རིགས་བྲམ་ཟེ་ལ་སོགས་པའི་རིགས་ཕུན་སུམ་ཚོགས་པ། ཆོས་ལྡན་འབྱོར་པ་ཅན་གྱི་མངལ་གདམ་མོ། དེ་ཡང་མཐོ་རིས་སུ་སྐྱེ་ན་རིན་པོ་ཆེའི་འབབ་སྟེགས་ཅན་གྱི་གཅོང་རོང་ངམ། ལྷའི་ཁང་བཟང་ངམ། མེ་ཏོག་གི་ལྗོན་པས་བརྒྱན་པའི་ཚལ་ལ་སོགས་པར་ཕྱིན་པ་སྙམ་བྱེད་པ་འབྱུང༌། ངན་འགྲོར་སྐྱེ་ན་གཅེར་བུ་ལ་རླུང་གིས་བདས་པ་ལ་སོགས་པས་འཇིགས་དྲགས་ཏེ་བྲོས་པས། བྲག་བྱ་སྐྱིབས། གད་

p. 86

སྐྱིབས། རྩྭ་སྤྱིལ། སྦར་སྦུར། ཚང་ཚིང༌། ཁང་གོག །རི་སུལ་ལ་སོགས་པར་ཕྱིན་པ་སྙམ་བྱེད་པ་ན་མངལ་དུ་འཇུག་པར་འགྱུར་ཏེ། དེ་ལ་རིགས་ཆོས་ལྡན་དང༌། ཆོས་སྙན་བརྒྱུད་དང་འཕྲད་པར་ཤོག་ཅེས་པ་ལ་སོགས་སྨོན་ལམ་རྣམ་པར་དག་པ་རྒྱ་ཆེར་འདེབས་པ་གནད་ཆེའོ། །འདུན་པ་ཡང་མངལ་བཟང་པོ་གཞལ་ཡས་ཁང་གི་ནང་དུ་པདྨ་ཉི་ཟླའི་སྟེང་དུ་ལྷར་བསྒོམས་ལ་མིར་སྐྱེ་བར་བྱའོ་སྙམ་དུ་བསམ་མོ། །དེ་ཡང་རྣམ་ཤེས་ཕའི་ཁ་ནས་ཞུགས་ཏེ་རྡོ་རྗེའི་ལམ་ནས་པདྨར་ལྷུང་བས་ལས་ཀྱི་དབང་གིས་དགའ་བ་སྙམ་བྱེད། ཕ་ཡི་ཐིག་ལེ་འབྲུ་གསུམ་དང་། མ་ཡི་དྭངས་མའི་ཐིག་ལེ་འབྲུ་གསུམ་དང་། རྣམ་ཤེས་དང་གསུམ་ཚོགས་པ་ལ། འབྱུང་བ་བཞིས་བདག་རྐྱེན་བྱས་ཏེ་ཆགས་པར་བྱེད་དོ། །དེ་ཡང་གཞི་མ་རླུང་ཡིན་པས་བྱེད་ལས་ནི་དབུགས་འབྱུང་འཇུག་བརྔུབ་པ་དང་ཁུ་ཁྲག་ཆེར་སྐྱེད་པར་བྱེད་དོ། །དེ་ནས་མེའི་ལས་ནི་ཁུ་ཁྲག་རུལ་དུ་མི་སྟེར་ཞིང་སྟོབས་དང་དྲོད་སྐྱེད་པར་བྱེད་དོ། །དེ་ནས་ཆུའི་ལས་ནི་ཁུ་ཁྲག་གིས་མི་འཐོར་བར་སྡུད་པ་དང་ལུས་ཆ་སྙོམས་པར་བྱེད་དོ། །དེ་ནས་སའི་ལས་སུ་ཤ་རུས་ཆེན་མོ་ལ་སོགས་པ་སྐྱེད་ཅིང་མཁྲེགས་པར་བྱེད་དོ། །ལུས་ཀྱི་སྐྱེ་མཆེད་འབུར་དུ་བཏོད་དེ་རྒྱས་པར་བྱེད་དོ། །དེ་ནས་ཁུ་ཁྲག་གོང་བུའི་རྣམ་པར་གྲུབ་སྟེ། བདུན་ཕྲག་དང་པོ་ལ་མེར་མེར་པོ་དང༌། གཉིས་པ་ལ་ནུར་ནུར་པོ་དང༌། གསུམ་པ་ལ་གོར་གོར་པོ་དང༌། བཞི་པ་ལ་མཁྲང་འགྱུར་དང༌། ལྔ་པ་ལ་ལྟར་ལྟར་པོ་དང༌། དྲུག་པ་ལ་ཁྱབ་འཇུག་ཉའི་རྣམ་པ་ཅན་ལ་སྲིད་པ་དང་པོ་ལྟེ་བ་ནས་ཆགས་ཏེ། གཏུམ་མོའི་ས་བོན་ཨ་ཕྱེད་མའི་གཟུགས་སུ་གནས་སོ། །བདུན་ཕྲག་བདུན་པ་ལ་ཡན་ལག་དང་ཉིང་ལག་འབུར་དུ་དོད་དེ་འབྱུང་ངོ༌། །དེ་ནས་མངལ་དུ་ཟླ་བ་དགུ་དང་ངོ་བཅུ་ནི་ས་བཅུའི་ཚུལ་ལོ། །ཟླ་བ་ལྔ་ནས་ཕོ་ཡིན་ན་རྡོ་རྗེའི་དབྱིབས་སུ་

p. 87

ཆགས་ཏེ་ཕ་ལ་སྡང་ལ་མ་ལ་ཆགས་པས་མའི་གཡས་ལ་བརྟེན་ཏེ་རྒྱབ་ཏུ་ཁ་བལྟས། མོ་ཡིན་ན་དྲིལ་བུའི་དབྱིབས་སུ་ཆགས་ཏེ། མ་ལ་སྡང་ཞིང་ཕ་ལ་ཆགས་པས་མའི་གཡོན་ལ་བརྟེན་ཏེ་ཁ་མདུན་དུ་བལྟའོ། །དེའི་དུས་སུ་རླུང་སེམས་དྷཱུ་ཏིར་གནས་པས་ཟས་མི་དགོས། མངོན་ཤེས་དང་ལྡན། ལུས་སུ་གྲུབ་པས་ཚ་གྲང་ལ་སོགས་པས་གནོད་པའོ། །ཟླ་བ་དགུ་ནས་བསྐྱོད་བྱེད་ཀྱི་རླུང་མའི་སྣ་བུག་གཡས་ནས་ཞུགས་ཏེ་བུ་ཚའི་སྣ་བུག་གཡོན་དུ་ཞུགས་པས་ཕའི་ཐིག་ལེ་ཧཾ་གི་རྣམ་པ་ཅན་སྤྱི་བོར་བསྐྱལ། མའི་དྭངས་མ་ཨ་ཤད་ཀྱི་རྣམ་པ་ལྟེ་འོག་སོར་བཞིར་བསྐྱལ། འཕུལ་བྱེད་ཀྱི་རླུང་གིས་མགོ་མཇུག་ལྡོག་ནས་ཨ་ཧཾ་གི་སྒྲ་དང་བཅས་པས་མངལ་སྒོར་བྱོན་པ་སྤྲུལ་པའི་སྐུ། ཕྲུ་མའི་ཆོས་གོས་སྤྱི་བོར་ཐལ་མོ་སྦྱར་བའི་ཕྱག་འགྲོ་བ་གཞན་དོན་བྱེད་པའི་ཚུལ་ཁྲིམས་དང་བཅས་པ་སྤྲུལ་སྐུའི་རང་བཞིན་ནོ། །དེ་ལྟར་ཡིན་ཡང་མ་རིག་པའི་ལིང་ཏོག་གིས་བསྒྲིབས་ནས་ངོ་མ་ཤེས་པས་སྙན་བརྒྱུད་སྟོན་པའི་དགེ་བའི་བཤེས་གཉེན་གཅིག་དང་མཇལ་ནས་གདམས་ངག་ཐོབ་པས་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་སངས་རྒྱ་བ་ཡིན་ནོ། །གསུམ་པ་བསྲེ་བ་ལམ་གྱི་བར་དོ་ལ་གསུམ་སྟེ། འདོད་ཆགས་ཅན་སྐྱེ་ཤིའི་བར་དོར་འདོད་ཆགས་ཟག་མེད་དུ་བསྲེ་བ་དང༌། གཏི་མུག་ཅན་རྨི་ལམ་གྱི་བར་དོར་གཏི་མུག་འོད་གསལ་དུ་བསྲེ་བ་དང༌། ཞེ་སྡང་ཅན་སྲིད་པའི་བར་དོར་ཞེ་སྡང་སྒྱུ་ལུས་སུ་བསྲེ་བའོ། །དང་པོ་ལ་བཞི་སྟེ། དམ་ཚིག་གི་ཕྱག་རྒྱས་སྒྱུ་ལུས་ཞེན་མེད་དུ་བསྲེ་བ་དང༌། ཆོས་ཀྱི་ཕྱག་རྒྱས་སྟོང་ཉིད་འོད་གསལ་དུ་བསྲེ་བ་དང༌། ལས་ཀྱི་ཕྱག་རྒྱས་བདེ་ཆེན་ཟག་མེད་དུ་བསྲེ་བ་དང༌། ཕྱག་རྒྱ་ཆེན་པོས་ཟུང་འཇུག་གཉིས་མེད་དུ་བསྲེས་ཏེ་སངས་རྒྱས་ཐོབ་འདོད་ཀྱི་འདོད་ཆགས་སེམས་ཅན་དང་བསྲེ་བའོ། །ལས་ཀྱི་ཕྱག་རྒྱས་བདེ་ཆེན་ཟག་མེད་དུ་

p. 88

བསྲེ་བ་ལ་གསུམ་སྟེ། གྲོལ་ལམ་པས་སྟེང་སྒོ་རྣམ་པར་གྲོལ་བའི་སྒོ་ནས་གཡོ་བ་རླུང་གི་གདམས་ངག་ལ་བརྟེན་ཏེ་མི་རྟོག་པ་འོད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་ཉམས་སུ་བླང་བ་དང༌། ཆགས་ལམ་པས་འོག་སྒོ་བདེ་བ་ཆེན་པོའི་སྒོ་ནས་བཀོད་པ་བྱང་ཆུབ་སེམས་ཀྱི་གདམས་ངག་ལ་བརྟེན་ཏེ་བདེ་བ་མཚན་ལྡན་ལས་ཀྱི་ཕྱག་རྒྱ་མ་ལ་བརྟེན་ནས་ཉམས་སུ་བླང་བ་དང༌། སྤེལ་མའི་གང་ཟག་གིས་སྟེང་འོག་གཉིས་མེད་ཟུང་འཇུག་གི་སྒོ་ནས་གནས་པ་རྩའི་གདམས་ངག་ལ་བརྟེན་ནས་བསྲེ་བ་ཕྱག་རྒྱ་གཉིས་ཀ་ལ་བརྟེན་ཏེ་ཉམས་སུ་ལེན་པའོ། །གཏི་མུག་ཅན་རྨི་ལམ་གྱི་བར་དོར་གཏི་མུག་འོད་གསལ་དུ་བསྲེ་བ་ལ་བཞི་སྟེ། ཐ་མལ་ལྷ་སྐུ་རུ་བསྲེ་ཞིང་སྒྱུ་མར་རོ་སྙོམ་པ་དང༌། སྒྱུ་མ་རྨི་ལམ་དུ་བསྲེ་ཞིང་དེ་ཁོ་ན་ཉིད་དུ་རོ་སྙོམ་པ་དང༌། གཉིད་བསམ་གཏན་དུ་བསྲེ་ཞིང་རང་བཞིན་འོད་གསལ་དུ་བསྲེ་བ་དང༌། བསྒྲུབ་བྱ་འདོད་པའི་མྱང་འདས་འཁོར་བ་དང་བསྲེ་ཞིང་རོ་སྙོམ་པའོ། །ཞེ་སྡང་ཅན་སྲིད་པའི་བར་དོར་ཞེ་སྡང་སྒྱུ་ལུས་སུ་བསྲེ་བ་ལ་བཞི་སྟེ། ཆགས་སྡང་སྐྱེ་བའི་ཡུལ་ཕ་མ་བླ་མ་དང་བསྲེ་ཞིང་རོ་སྙོམ། ཆགས་སྡང་དབང་གིས་ཉོན་མོངས་ཟག་མེད་དུ་བསྲེ་ཞིང་རོ་སྙོམ། ཡིད་ཀྱི་ལུས་ཆགས་སྡང་གི་སེམས་སྒྱུ་མ་ལྟ་བུ་དང་བསྲེ་ཞིང་རོ་སྙོམ། བླང་བྱར་འདོད་པའི་དགེ་བ་སྡིག་པ་དང་བསྲེ་ཞིང་རོ་སྙོམ་པའོ། །བར་དོའི་ངོ་སྤྲོད་གདམས་པ་འདི་ཚིག་ཐ་སྙད་མ་བརྗེད་པ་བྱས་པ་ཙམ་གྱིས་འོད་གསལ་མངོན་དུ་བྱེད་དོ། །ངོ་སྤྲོད་བར་དོའི་གདམས་ངག་རྫོགས་སོ། །ཨེ་མ་ཧོ། བྱིན་རླབས་བརྒྱུད་པའི་རྩལ་དང་ལྡན། །ཉམས་མྱོང་བརྒྱུད་པའི་སྣོད་དང་ལྡན། །མོས་གུས་རྟོགས་པ་མཆོག་དང་ལྡན། །བུ་གཅིག་རས་ཆུང་རྡོ་རྗེ་གྲགས། །ང་ཡི་གདམས་ངག་ཁྱད་འཕགས་འདི། །མཁའ་འགྲོས་ལུང་བསྟན་བྱུང་བ་དང༌། །དད་གུས་སྣོད་དང་ལྡན་པའི་ཕྱིར། །རིན་ཆེན་གསེར་གྱི་སྒྲོམ་བུ་རུ། །ནོར་བུས་བཀང་བ་འདྲ་བ་འདི། །རས་ཆུང་ལག་ཏུ་གཏད་པ་ཡིན། །ཡིད་ཆེས་གྱིས་ལ་སེམས་ལ་ཆོངས། །

p. 89

ཀུན་གྱི་ཐུན་མོང་མ་ཡིན་པས། །དཀོན་མོད་རྒྱལ་ཁམས་མི་ལ་དྲིས། །བདེན་རྫུན་ཉམས་སུ་ལོངས་ལ་ལྟོས། །འབྲས་བུ་ཕྱི་དུས་འགྱང་གྱུར་ན། །རྣལ་འབྱོར་ང་ཡིས་བསླུས་པ་ཡིན། །ཡིད་ཆེས་གྱིས་ལ་སེམས་ལ་ཆོངས། །སེམས་བསྐྱེད་ཆུང་བ་མ་ཡིན་ཏེ། །མཁའ་འགྲོའི་ཚོགས་རྣམས་ཀོ་ལོང་དམ། །བླ་མ་བརྒྱུད་པའི་བཀའ་རྒྱ་ཡོད། །ང་ཡི་ཚེ་ལ་ཁར་མ་འདོན། །ཉམས་ཀྱི་དྲོད་ཚད་སྤེལ་བ་དང༌། །ཕྱི་དུས་འགྲོ་དོན་དར་བའི་ཕྱིར། །གཅིག་བརྒྱུད་གནད་དུ་ཤེས་པར་བྱ། །དྲིན་དང་ལྡན་པའི་སློབ་དཔོན་དང༌། །བརྩེ་གདུང་ཅན་གྱི་མཆེད་ལྕམ་དང༌། །ཟས་ནོར་ཅན་གྱི་འཕེན་པོ་དང༌། །ཁེ་གྲགས་ཅན་གྱི་བཙན་པོ་དང༌། །བྱས་ཡུས་ཅན་ལའང་མི་སྦྱིན་ན། །གཞན་མ་རྣམས་ལ་སྨོས་ཅི་དགོས། །མཁའ་འགྲོའི་ལུང་བསྟན་བྱུང་བའམ། །རང་ལ་དད་ཅིང་གུས་པ་ཡི། །སྣོད་ལྡན་སྤྲང་པོ་ཡིན་ཡང་སྦྱིན། །ཀྱཻ་ཧོ་རས་ཆུང་རྡོ་རྗེ་གྲགས། །དཔེར་ན་ནོར་བུ་རིན་ཆེན་དེ། །ཚོགས་མ་བསགས་དང་འཕྲད་པ་མིན། །བསོད་ནམས་ལྡན་པའི་སྤྱོད་ཡུལ་ཡིན། །དེས་ན་སྙན་བརྒྱུད་གདམས་པ་འདི། །གདུལ་བྱ་བསགས་པ་དམན་པའི་ཕྱིར། །སྐལ་མེད་རྣམས་དང་འཕྲད་པ་དཀའ། །ལས་ཅན་འགའ་ཡི་སྤྱོད་ཡུལ་ཡིན། །དད་མེད་སྐྱེ་བོ་རྒྱུད་ཤིང་རགས། །སྐལ་མེད་རྒྱུད་ངན་ལོག་ལྟ་སྐྱེ། །གོ་མེད་ཆོས་པས་གཤེ་སྐུར་འདེབས། །དེ་ཕྱིར་ཀུན་ལ་ཤིན་ཏུ་གསང༌། །དབང་ཁྲིད་གདམས་པ་བཞི་པོ་འདི། །ཁྲིད་དུ་རྫོགས་པ་མ་ཐོབ་པར། །དཔེ་ཐོབ་ལུང་ཐོབ་བྱེད་པ་ཡི། །བླ་མ་ལྟས་ངན་མཐོང་བཞིན་གསོངས། །ཆོས་འདི་མཐོང་ན་གཞོག་ངོམ་བྱེད། །ཉམས་ལེན་མི་བྱེད་བཤད་སེམས་ཅན། །དམ་ཉམས་སློབ་མ་བྱུང་སྲིད་ན། །མ་ཧཱ་ཀཱ་ལས་ཆད་པ་ཆོད། །ཟ་བྱེད་མཁའ་འགྲོས་བཀའ་ཆད་ཕོག །ལས་ཅན་གུས་ལྡན་སློབ་མ་ཡིས། །ཆོས་འདི་གཙོ་བོར་འདོན་གྱུར་ན། །ལུས་དང་གྲིབ་བཞིན་སྟོང་གྲོགས་མཛོད། །མཆོག་དང་ཐུན་མོང་མྱུར་དུ་སྩོལ། །བླ་མ་བདེ་མཆོག་མཁའ་འགྲོ་དང༌། །སངས་རྒྱས་ཆོས་དང་དགེ་འདུན་དང་། །མི་ལ་རས་པ་མི་བརྫུན་པས། །འཁོར་བ་ཇི་སྲིད་མ་སྟོངས་པར། །ཆོས་འདི་དར་ཞིང་རྒྱས་པར་ཤོག །དེ་སོགས་དགེ་བའི་རྩ་བ་ཡིས། །སངས་རྒྱས་བསྟན་པ་དར་བར་ཤོག །ནག་པོའི་ཕྱོགས་རྣམས་ཕམ་པར་ཤོག །བླ་མ་མཁའ་འགྲོའི་གསུང་བཞིན་དུ། །གཉའ་ནང་གྲོད་ཕུག་དགོན་པ་རུ། །རྡོ་རྗེ་རྒྱལ་མཚན་བརྩེ་བས་བྲིས། །ཕྱོགས་དུས་དགེ་ལེགས་ལྡན་གྱུར་ཅིག །རྗེ་བཙུན་མི་ལ་རས་པས་རས་ཆུང་རྡོ་རྗེ་གྲགས་པ་ལ་གཏད་པ་རྫོགས་སོ།། །།དགེའོ།།

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་རྒྱ་གཞུང་། མར་སྟོན་ཆོས་ཀྱི་བློ་གྲོས།

p. 90

༄༅། །བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་རྒྱ་གཞུང་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། གུ་ཧྱ་རཏྣ། བོད་སྐད་དུ། གསང་བ་རིན་པོ་ཆེ། དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་སྐུར་གྱུར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ར་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཧཱུྃ་ཧཱུྃ་ཕཊཿ ཤྲཱི་ཧེ་རུ་ཀཿཨ་ཧོཿ རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་དུ་བླ་མ་རྡོ་རྗེ་འཛིན་པ་ལྷག་པའི་ལྷ་ལ་དཔའ་བོ་རྣལ་འབྱོར་མས་བསྐོར་བ་བཛྲ་ས་མཱ་ཛཿ ༀ་བཛྲ་གུ་རུ་ས་ཏྭ་པ་དེ་བྷྱཿ སརྦ་ས་ཏྭ་ཨུ་པ་ཀ་ར་ཎ་ཡེ་སྭཱ་ཧཱཿ ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནིཿ ན་མ་ཏེ་ཧཱུྃཿ ན་མ་མི་ཧཱུྃཿ ན་མོ་ན་མ་ཧཱུྃཿ ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། བདུན་རྣམ་དག་འབུལ་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །རྣལ་འབྱོར་ལམ་

p. 91

ལ་གནས་བགྱི་ཞིང༌། །དམ་ཚིག་ཐམས་ཅད་སྦྱོང་བ་དང༌། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། །གྲོལ་བ་བདག་གིས་འགྲུབ་པར་བགྱི། །རྟེན་སོགས་དགེ་བ་འདི་དག་གིས། །རྣམ་པ་མཆོག་ཀུན་ལྡན་པ་ཡི། །སངས་རྒྱས་ཉིད་དུ་བདག་གྱུར་ནས། །འགྲོ་བ་ཡོངས་སུ་སྒྲོལ་བྱེད་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ་མོ། །ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བདག་ཉིད་ཀྱི་སྤྱི་བོར་པཾ་དང་ཨ་དང་རཾ་ལས་སྐྱེས་པའི་པད་ཟླ་ཉི་མའི་སྟེང་དུ་ཧཱུྃ་ཡིག་ནག་པོ་ལས་འོད་འཕྲོས། རྒྱལ་བ་མཆོད་ཅིང་སེམས་ཅན་ཐམས་ཅད་ཧེ་རུ་ཀར་བྱས། ཚུར་འདུས་པ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བདེ་མཆོག་སྐུ་མདོག་མཐིང་ནག་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང༌ཉམས་དགུ་དང་ལྡན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་འཁྲིལ་བ། གཟུགས་བརྙན་ལྟར་ལྷའི་སྐུར་གསལ་ལ་རྫོགས་པ་འཇའ་ཚོན་ལྟར་ཁ་དོག་དང་བཅས་པ་ཆུ་ཟླ་ཤར་བ་ལྟར་སྒྲོ་སྐུར་དང་བྲལ་བ་སྒྱུ་འཕྲུལ་རྡོ་རྗེའི་སྐུའོ། །ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནི་བཛྲ་ཨརྒྷཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་ནས་གསོལ་བ་འདེབས་པ་ནི། བདེ་ཆེན་དཔལ་གྱི་མགོན་པོ་ཡིས། །སངས་རྒྱས་སྤྱོད་པ་ཇི་ལྟ་བར། །དག་པ་དེ་ཉིད་སྟོན་མཛད་པ། །དེ་རིང་བདག་ལ་མགོན་དགྱེས་མཛོད། །ཅེས་གསོལ་བ་བཏབ་པས་ཡབ་ཡུམ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བབས་པ་རྩ་གསུམ་ལས་བརྒྱུད་

p. 92

ཅིང༌ལུས་དང་ངག་ཐ་དད་དུ་འཛིན་པ་དག་པར་བྱས་ནས་ལུས་བདེ་བའི་རང་བཞིན་དུ་སོང་བའོ། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་ལྔ་བསྲེགས་བྱས་ཏེ། །སྤྱན་མ་ལ་སོགས་ཡང་བསྲེགས་ནས། །ཧཾ་ལས་བདུད་རྩིའི་ཟླ་རྒྱུན་བབས། །རྟེན་དང་བརྟེན་པ་ཉམས་ལྡན་པ། །གཅིག་ཏུ་གྱུར་པ་བདེ་བ་ཆེ། །རྣལ་འབྱོར་མ་བཞིས་ཌཱ་མ་རུའི། །སྒྲ་ཡིས་བསྐུལ་གྱུར་བཞེངས་པར་བྱེད། །པད་ཟླ་ཉི་མའི་གདན་སྟེང་དུ། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་ཚུལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །སྐུ་ནི་བཻ་ཌཱུརྱའི་རང་བཞིན། །ཕྱག་རྒྱ་དྲུག་གིས་སྤྲས་པའི་སྐུ། །འོད་ཟེར་འབར་བའི་ཟླ་ཚེས་ལ། །ཡིད་བཞིན་ནོར་བུས་དབུ་ལ་བརྒྱན། །འཇིགས་བྱེད་ཆུང་མར་བཅས་པ་མནན། །རྡོ་རྗེ་ཕག་མོ་ཞལ་གཅིག་མ། །ཕྱག་གཉིས་ཀྱིས་ནི་ཡབ་ལ་འཁྱུད། །རྡོ་རྗེ་དང་ནི་ཐོད་པ་འཛིན། །གཙོ་བོ་ལ་ནི་བདུད་རྩི་སྟོབ། །སྐུ་ནི་སིནྡྷུ་ར་ལྟར་དམར། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །གཉིས་མེད་བདེ་བའི་རང་བཞིན་ཅན། །གསལ་བའི་སྐུ་ནི་བསྒོམ་པར་བྱ། །ༀ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པོའི་སྔགས་ནི་འདུ་བྱེད་པ། །སྦྲུལ་འཁྱིལ་ལྟ་བུར་དམིགས་ལ་བཟླ། །བསྙེན་པ་བྱ། དེ་མཐར་ལུས་དང་ངག་དང་ཡིད། །ༀ་ཨཱཿཧཱུྃ་དུ་གྱུར་ལ་བསྡུ། །བདག་མེད་ངང་དུ་སྟོང་པར་བྱ། །གང་ཞིག་དེ་ཉིད་ཤེས་པས་ན། །དེང་འདིར་དངོས་གྲུབ་མཆོག་ཉིད་དུ། །ཐེ་ཚོམ་མེད་དེ་འདི་ཉིད་ནི། །མཁའ་འགྲོ་དྲྭ་བའི་བདེ་མཆོག་ཀྱང༌། །སེམས་ལ་རྟག་གནས་རྣལ་འབྱོར་པ། །མྱ་ངན་འདའ་བར་མི་སྟོན་ནོ། །སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པའི་གསང་བའི་མན་ངག་འདི་སྙན་ནས་སྙན་དུ་བརྒྱུད་དེ་པཎྚི་ཏ་ཉིད་དང༌། ལོ་ཙཱ་བ་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས་པཱུ་ལ་ཧ་རིར་བསྒྱུར་བའོ།། །།

།ནཱ་རོ་པས་མཛད་པའི་བདེ་མཆོག་རྒྱ་གཞུང་གསང་བ་རིན་པོ་ཆེའི་འགྲེལ་ཆུང་ནཱ་རོ་པའི་དགོངས་རྒྱན།

p. 93

༄༅། །ནཱ་རོ་པས་མཛད་པའི་བདེ་མཆོག་རྒྱ་གཞུང་གསང་བ་རིན་པོ་ཆེའི་འགྲེལ་ཆུང་ནཱ་རོ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མཿཤྲཱི་ཀརྨ་ཀཱ་ཡ། ངེས་གསང་སྙིང་པོའི་བསྟན་པ་འཛིན། །དོན་དམ་དེ་ཁོ་ན་ཉིད་གཟིགས། །ཡང་དག་ལམ་གྱི་དེད་དཔོན་ལ། །གུས་པས་ཕྱག་འཚལ་དེའི་མན་ངག །མདོར་བསྡུས་གོ་བདེ་འདིར་བཤད་བྱ། །དེ་ལ་འདིར་དཔལ་འཁོར་ལོ་སྡོམ་པའི་རྒྱ་གཞུང་འདི་འཆད་པ་ལ་གསུམ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ཏེ། དང་པོ་ལ་གཉིས། མཚན་བསྟན་པ་དང༌འགྱུར་ཕྱག་གོ ། དང་པོ་ནི། རྒྱ་གར་སྐད་དུ། གུ་ཧྱ་རཏྣ། བོད་སྐད་དུ། གསང་བ་རིན་པོ་ཆེ་ཞེས་བྱ་ལ། མཚན་དེའི་དོན་བཤད་པ་ནི། ཇི་སྐད་དུ་ཡང༌། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པ་ལྟར་གབ་སྦས་ཀྱི་གསང་བ་སྟེ། ཡིད་བདེ་མྱུར་དུ་སྐྱོབ་པར་བྱེད་པས་སྔགས། རིན་པོ་ཆེ་ནི་རྒྱུད་ཐམས་ཅད་ཀྱི་གཙུག་རྒྱན་ཏེ་རྒྱལ་མཚན་གྱི་ཏོག་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུའོ། །འདི་དག་ལ་ཐབས་གྲོལ་ལམ་གྱི་བཤད་ཚུལ་མང་དུ་ཡོད་ཀྱང་གཞུང་ཉུང་ངུ་ལ་འགྲེལ་བ་མང་དུ་དོགས་ཏེ་མ་བྲིས་སོ། །མཚན་རྒྱ་སྐད་སྨོས་པའི་དགོས་པ་ནི། ཆོས་དེ་ཁུངས་བཙུན་པ་དང༌། སྐད་ལ་བག་ཆགས་འཇོག་པ་དང༌། ལོ་པཎ་གྱི་བཀའ་དྲིན་དྲན་པའི་ཆེད་དུའོ། །གཉིས་པ་ནི། དཔལ་འཁོར་ལོ་བདེ་

p. 94

མཆོག་ལ་ཕྱག་འཚལ་ལོ། །ཞེས་པ་ལོ་ཙཱ་བས་འགྱུར་མཐར་ཕྱིན་པའི་ཆེད་དུ་ལྷག་པའི་ལྷ་ལ་ཕྱག་མཛད་པའོ། །དཔལ་ནི་སྲིད་པ་ཞི་བའི་དཔལ། འཁོར་ལོ་ནི་དཀྱིལ་འཁོར། བདེ་མཆོག་ནི་ཟག་པ་མེད་པའི་བདེ་བ་མཆོག་དང་ལྡན་པའི་ཧེ་རུ་ཀའོ། །ཕྱག་འཚལ་བ་ནི་ལུས་ངག་ཡིད་གསུམ་རབ་ཏུ་གུས་པས་སོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གསུམ། དང་པོ་གང་ཟག་གང་གིས། གནས་གང་དུ། ཚུལ་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས། གཉིས་པ་ནི། དུར་ཁྲོད་ལ་སོགས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་ཁ་ལྷོར་ཕྱོགས་པས་རོ་ཡི་གདན་དུ་བསམ་པའི་སྟན་བདེ་བ་ལ་འཁོད་ནས་བདུད་རྩི་རིལ་བུས་ཁ་དག་པར་བྱས་ནས་ཉམས་སུ་བླང་བར་བྱའོ། །གསུམ་པ་ཉམས་སུ་བླང་བྱ་དེ་ལ་ལམ་གྱི་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་ལའང༌། སོ་ཐར་ཡར་ལྡན་དུ་བྱེད་ཕྱིར་སྐྱབས་སུ་འགྲོ་བ། བྱང་སྡོམ་གོང་འཕེལ་དུ་བྱ་ཕྱིར་སེམས་བསྐྱེད་པ། སྔགས་སྡོམ་གསོ་ཞིང་སྦྱོང་བའི་དོན་དུ་སྒོ་གསུམ་དག་པར་བྱ་བ། གཟུགས་སྐུའི་རྒྱུའི་གཙོ་བོ་ཚོགས་བསགས་པ་དང་བཞིའོ། །དང་པོ་སྐྱབས་ཡུལ་གསལ་གདབ་སྐྱབས་འགྲོ་བྱ་བ་ནི། མདུན་གྱི་ནམ་མཁར་བླ་མ་རིགས་ཀྱི་བདག་པོའི་རྣམ་པར་བཞུགས་པའི་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ཐུགས་ཀར་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བ། མཁའ་འགྲོ་བཞི་འཁོར་བཅས་དཀོན་མཆོག་ཀུན་འདུས་སུ་བཞུགས་པའི་མདུན་དུ་བདག་སོགས་འགྲོ་ཀུན་འཁོད་པས་སྐྱབས་སུ་འགྲོ་བར་བསྒོམ། སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །གཉིས་པ་ནི། བདེ་མཆོག་ངེས་བརྗོད་བླ་མ་ལས་

p. 95

གསུངས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །ཅེས་འབྲས་བུ་ལ་དམ་བཅའ་འཇོག་པ་སྨོན་པ་སེམས་བསྐྱེད། སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ཞེས་དམིགས་ཡུལ་སེམས་ཅན་ཏེ་རྒྱུ་ལ་དམ་བཅའ་འཇོག་པ་འཇུག་པ་སེམས་བསྐྱེད་པའོ། །ཚིག་རྐང་བཞི་ཀ་སྨོན་སེམས་སུ་འདོད་པ་ཡོད་ཀྱང་འཇུག་སེམས་མ་ཚང་བའི་སྐྱོན་འཇུག་པས་སྔ་མ་ཉིད་དོན་ལ་གནས་སོ། །གསུམ་པ་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཀྱི་སྐུར་གྱུར། ཅེས་པས་ཆུ་ལས་ཉ་ལྡང་བ་ལྟར་རང་ཉིད་བདེ་མཆོག་ཏུ་གསལ་གདབ་པ་ནི་ལུས་ལྷ་སྐུར་དག་པའོ། །རླུང་འབྱུང་འཇུག་དང་སྒྲའི་ཚོགས་ཇི་སྙེད་པ། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཻ་ཨོ་ཨཽ་ཨཾ་ཨཱཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཧཱུྃ་ཧཱུྃ་ཕཊ་ཀྱི་རང་བཞིན་དུ་མོས་ཤིང་བརྗོད་པ་ནི་ངག་སྔགས་སུ་དག་པའོ། །ཤྲཱི་ཧེ་རུ་ཀཿཨ་ཧོཿཞེས་པའི་ཡི་གེ་བཞིའི་དོན་སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་བདེ་སྟོང་ཟུང་འཇུག་གི་དོན་ལ་མཉམ་པར་བཞག་པ་ནི་ཡིད་ཐུགས་སུ་དག་པའོ། །འདིར་སྲུང་འཁོར་སྒོམ་པར་སྤྲོ་ན། ཧཱུྃ་བརྗོད་པས་རང་གི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་གྲངས་མེད་པ་འཕྲོས་པས་རྡོ་རྗེ་སྔོན་པོའི་གུར་དུ་གྱུར། དེ་ལས་ཧཱུྃ་འཕྲོས་པས་ཁྲོ་བོའི་གུར་ཁང་། དེ་ལས་མེ་འོད་འཕྲོས་པས་མེ་དཔུང་གི་གུར་དུ་སྒོམ་པར་ཡིག་རྙིང་ལས་གསུངས་ཀྱང་རྒྱ་གཞུང་དུ་དངོས་སུ་མ་གསུངས་པས་མ་བསྒོམ་ཀྱང་ཆད་པའི་སྐྱོན་མེད། བཞི་པ་ལ་ཚོགས་ཞིང་སྤྱན་འདྲེན་པ། དེ་ལ་ཡན་ལག་བདུན་པ་འབུལ་བ། ཚོགས་ཞིང་བསྡུ་བ་དང་གསུམ་ལས། དང་པོ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མདུན་དུ་བླ་མ་རྡོ་རྗེ་འཛིན་པ་ལྷག་པའི་ལྷ་ལ་དཔའ་བོ་རྣལ་

p. 96

འབྱོར་མས་བསྐོར་བ་བཛྲ་ས་མཱ་ཛཿ དེ་དག་གི་སྐབས་སུ་སྒོམ་དོན་ལ་རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་སྟེང་གི་ཆ་ལ་བཞུགས་པའི་ལྷག་པའི་ལྷ་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་འཁོར་ལོ་ལྔའི་དཔའ་བོ་རྣལ་འབྱོར་མས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེའི་གཡར་དམ་ལས་མ་འདའ་ཞེས་དགུག་ཅིང་སྤྱན་དྲངས་ལ་འོད་ཟེར་རང་གི་སྙིང་ཁར་བསྟིམ། རང་གི་ཐུགས་ཀ་ནས་ལས་ཀྱི་སེམས་དཔའ་མང་པོ་སྤྲུལ་ཏེ། ༀ་བཛྲ་གུ་རུ་ས་ཏྭ་པ་དེ་བྷྱཿསརྦ་ས་ཏྭ་ཨུ་པ་ཀ་ར་ཎ་ཡེ་སྭཱ་ཧཱ། སྔགས་དོན་ནི། མཆོག་གི་བླ་མ་རྡོ་རྗེ་སེམས་དཔའི་ཞབས་ལ་དུས་ཐམས་ཅད་དུ་སེམས་ཉེ་བར་བསྙེན་པའི་གཞི་ཚུགས་ཤིག །ཅེས་མཁའ་འགྲོ་རྒྱ་མཚོའི་རྒྱུད་ནས་གསུངས་པའི་བླ་མ་དང་། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནཱི། ཞེས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་བྱ་ཞིང༌། སླར་ཡང་སྒོ་གསུམ་གུས་ཤིང་འདུད་པས་ན་མ་ཏི་ཧཱུྃ། ན་མཿམི་ཧཱུྃ། ན་མོ་ན་མ་ཧཱུྃ། ཞེས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་ཞིང༌། རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་ལྷ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་པ་འབུལ་ལོ། །སྔགས་དོན་ནི་འོག་ནས་འབྱུང་བ་ལྟར་རོ། །ཡན་ལག་བདུན་པའི་ཚིག་དོན་གྱི་འགྲེལ་བ་ནི། དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ན་འབྱུང་བར་དཀོན་པའི་མཆོག་རིན་པོ་ཆེ་གསུམ་ལ་བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཞེས་ཚོགས་ཞིང་དེ་དག་གི་སྤྱན་སྔར་སྐྱབས་གསུམ་གྱི་སྡོམ་པ་འཛིན་པའོ། །ཚེ་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་མི་དགེ་བ་ཐམས་ཅད་གནོང་ཞིང་

p. 97

འགྱོད་པས་སོ་སོར་བཤགས་ཤིང་ཕྱིན་ཆད་སྡོམ་པ་དང༌། སོ་སྐྱེ་འཕགས་པ་འགྲོ་བ་ཀུན་གྱི་དགེ་ཚོགས་ལ་དགའ་བས་རྗེས་སུ་ཡི་རང་བ་དང༌། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ། ཞེས་ཆོས་གསུངས་པར་བསྐུལ་བ་དང་། རྒྱལ་བ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་སྟེ་ཡན་ལག་བདུན་པ་འདི་ཡན་ཆད་སློབ་དཔོན་དཱ་རི་ཀ་པས་མཛད་པ་ཡིན། ཡན་ལག་ལྷག་མ་རྣམས་ནཱ་རོ་པས་མཛད་པའོ། །ཐབས་ཤེས་ཟུང་འཇུག་རྣལ་འབྱོར་བསྐྱེད་རྫོགས་ཟབ་མོའི་ལམ་ལ་རྟག་ཏུ་གནས་པར་བགྱིད་ཅིང་ཐོག་མའི་བརྟུལ་ཞུགས་ཉེར་ལྔ་དང༌། རིགས་ལྔ་སྤྱིའི་དམ་ཚིག་ཐུན་མོང་དང༌། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་མི་ཉམས་པ་སྐྱོང་བ་དང༌། དཔེ་ལ་ལར་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་གསེར་གྱི་གཡའ་སྦྱོང་བ་ལྟར་ཉེས་ལྟུང་གི་དྲི་མ་དག་པར་བྱེད་པ་ལ་འགྲེལ་དུ་རུང་ལ། སྔ་མ་ནི་ཆུད་མི་ཟོས་པར་འཚོ་ཞིང་སྦྱོང་བའི་དོན་ནོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་གྲོལ་བར་བྱ་བའི་ཕྱིར། བདག་གིས་བརྩོན་པས་ལམ་ཟབ་མོ་བསྒྲུབ་པར་བགྱིའོ་ཞེས་རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་དང༌། ཚོགས་བསགས་པའི་རྟེན་བསྐྱེད་པ་སོགས་དགེ་བའི་རྩ་བ་འདི་དག་གི་མཐུས་མཚན་དང་དཔེ་བྱད་སྟོབས་སོགས་ཡོན་ཏན་གྱི་རྣམ་པ་མཆོག་ཀུན་དང་ལྡན་པ་ཡི་རྫོགས་པའི་སངས་རྒྱས་ཉིད་དུ་ངེས་བཟུང་བྱས་ཏེ། དེ་ལྟ་བུར་བདག་གྱུར་ནས་འགྲོ་བ་ཀུན་ཀྱང་འཁོར་བ་ལས་ཡོངས་སུ་སྒྲོལ་ཏེ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱེད་པའི་ནུས་པ་དང་ལྡན་པར་ཤོག །ཅེས་འབྲས་བུ་ལ་དམ་བཅའ་བ་སྨོན་པ་སེམས་བསྐྱེད་

p. 98

ལ་བློ་སྦྱོང་ཞིང་སྨོན་ལམ་བཏབ་ནས་ཚོགས་ཞིང་རང་ལ་བསྡུ་བ་ནི་ཡུལ་དག་པ་ལ་བརྟེན་ནས་ཚོགས་བསགས་པའོ། །ཡུལ་མ་དག་པ་ལ་བརྟེན་ནས་ཚོགས་བསགས་པ་ནི། དམིགས་ཡུལ་དྲིན་ཅན་ཕ་མ་སེམས་ཅན་ཐམས་ཅད་འབྲས་བུ་བདེ་བ་དང༌བདེ་བའི་རྒྱུ་དགེ་བ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པས་དེ་ལྟར་གྱུར་ཅིག་ཅེས་སྨོན་པ་ནི་བྱམས་པ་ཚད་མེད། དེ་དག་འབྲས་བུ་སྡུག་བསྔལ་དང་དེའི་རྒྱུ་མི་དགེ་བ་དང་བྲལ་བར་གྱུར་ན་ཅི་མ་རུང་སྙམ་པས་དེ་ལྟར་གྱུར་ཅིག་ཅེས་སྨོན་པ་ནི་སྙིང་རྗེ་ཚད་མེད། དེ་དག་སྡུག་བསྔལ་དང་བྲལ་བའི་བདེ་བ་དང་ལྡན་པར་རྟག་ཏུ་གནས་ན་དགའ་བ་ལ་ཨང་སྙམ་པ་སོགས་དགའ་བ་ཚད་མེད། དེ་དག་ཐམས་ཅད་ཡུལ་སྙིང་དུ་སྡུག་མི་སྡུག་དགྲ་གཉེན་ཉེ་རིང་ཕྱོགས་ཆའི་ཆགས་སྡང་གཉིས་དང་བྲལ་བར་ཀུན་ལ་སྙོམས་པས་བཏང་སྙོམས་ཚད་མེད་པ་སྟེ་ཆེན་པོའམ་མཆོག་ལ་གནས་པར་གྱུར་ཅིག་པའོ། །དེ་རྣམས་ནི་མཐར་ཐུག་གཟུགས་སྐུའི་རྒྱུ་ཀུན་རྫོབ་བདེན་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་པའོ། །ད་ནི་གཉིས་པ་ཉམས་སུ་བླང་བྱའི་དངོས་གཞི་ལ་བཞི། སྟོང་ཉིད་དུ་གཞིག་པ། སྤྱི་བོར་ལྷ་བསྐྱེད་པ། མཆོད་པ་འབུལ་བ། དབང་བླངས་ཤིང་བསྲེགས་བཞུ་ལ་བརྟེན་ནས་འབྲས་བུ་རྡོ་རྗེ་འཛིན་པའི་སྐུར་བཞེངས་རྫོགས་རིམ་དང་བཅས་པ་རྣམས་སོ། །དེ་ལ་དང་པོ་ཆོས་སྐུའི་རྒྱུ་དོན་དམ་བདེན་པ་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿནི་རང་བཞིན་གྱིས་དག་པའི་ཆོས་ཐམས་ཅད། སྭ་བྷཱ་ཝ་ཤུདྡྷོ྅་ཧཾ་ནི་རང་བཞིན་གྱིས་དག་པའི་བདག་ཉིད་དོ་ཞེས་གཟུང་བ་ཡུལ་ཆོས་ཀྱི་བདག་དང༌། འཛིན་པ་སེམས་གང་ཟག་གི་བདག་གཉིས་མ་གྲུབ་པའི་སྟོང་པ་ཉིད་ཀྱི་ང་རྒྱལ་བྱ་བ་ནི་གཞི་སྟོང་པ་ཉིད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །གཉིས་པ་ནི།

p. 99

སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ལམ་རང་རྩལ་ལས་བདག་ཉིད་ཀྱི་སྤྱི་བོར་མའི་མངལ་མཚོན་བྱེད་པྃ་ལས་པདྨ། དེའི་སྟེང་དུ་ཕའི་ཁུ་བ་མཚོན་བྱེད་ཨ་ལས་ཟླ་བ། རྡུལ་ཏེ་དམར་ཆ་མཚོན་བྱེད་རྃ་ལས་ཉི་མ། དེའི་སྟེང་དུ་བར་དོའི་རྣམ་ཤེས་མཚོན་བྱེད་ཧཱུྃ་མཐིང་ནག་ཅིག་ཐོལ་གྱིས་སྐྱེས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད། སེམས་ཅན་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཏེ་དཔལ་ཧེ་རུ་ཀའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་པས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བ་ཧཱུྃ་གིས་མཚན་པར་གྱུར། དེ་ཡོངས་སུ་གྱུར་པ་ལས་བདུད་བཞི་བཅོམ་ཞིང་སྐལ་བ་དྲུག་དང་ལྡན་པའི་བདེ་མཆོག་སྐུ་མདོག་མཐིང་ནག་སྤྱི་བོར་བསམ་གཏན་གྱི་ཕར་ཕྱིན་རྫོགས་པ་དང་མི་བསྐྱོད་པའི་ངོ་བོ་རུས་པའི་འཁོར་ལོ། རྣ་བར་བཟོད་པ་རྫོགས་པ་དང་འོད་དཔག་མེད་པའི་ངོ་བོ་རུས་པའི་རྣ་རྒྱན། མགྲིན་པར་སྦྱིན་པ་རྫོགས་པ་དང་རིན་འབྱུང་གི་ངོ་བོ་མགུལ་རྒྱན། དཔུང་པ་གཉིས་མཁྲིག་མ་གཉིས་ལོང་བུ་གཉིས་ཏེ་དྲུག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་དང་རྣམ་སྣང་གི་ངོ་བོ་རུས་པའི་གདུ་བུ། སྐེད་པར་བརྩོན་འགྲུས་རྫོགས་པ་དང་དོན་གྲུབ་ཀྱི་ངོ་བོ་དྲིལ་བུའི་གཡེར་ཁ་འཕྱང་བའི་རུས་པའི་སྐ་རགས། སྐུ་སྟོད་དུ་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པ་དང་རྡོ་རྗེ་སེམས་དཔའི་ངོ་བོ་ཐལ་བའི་ཚངས་སྐུད་དེ་ཕྱག་རྒྱ་དྲུག་གིས་སྤྲས་པ། སྒེག་པ། དཔའ་བ། མི་སྡུག་པ་སྟེ་སྐུའི་ཉམས་གསུམ་དང༌། རྒོད་ཅིང་། དྲག་ཤུལ། འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ། སྙིང་རྗེ། རྔམ་པ། ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ་གར་གྱི་ཉམས་དགུ་དང་ལྡན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་བདེ་སྟོང་ཟུང་དུ་འཇུག་པའི་ཕྱིར་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་འཁྲིལ་བ། མེ་ལོང་ནང་གི་གཟུགས་བརྙན་ལྟར་ཞལ་ཕྱག་ཆ་ལུགས་ཐམས་ཅད་མ་

p. 100

འདྲེས་པ་ཡོངས་རྫོགས་སུ་གསལ་བ། མཁའ་ལ་འཇའ་ཚོན་ཤར་བ་ལྟར་བཀྲག་ལ་དྭངས་པའི་ཁ་དོག་དང་བཅས་པ་ཆུ་ནང་གི་ཟླ་གཟུགས་ལྟར་བདེན་དངོས་སུ་སྒྲོ་སྐུར་གྱི་མཐའ་དང་བྲལ་བ། སྒྱུ་མའི་དཔེ་ལྟར་སྒྱུ་འཕྲུལ་རོལ་གར་སྣང་སྟོང་གཞོམ་མེད་རྡོ་རྗེའི་སྐུ་ཅན་དུ་བསྒོམ་པར་བྱའོ། །གསུམ་པ་ནི། རང་གི་ཐུགས་ཀ་ནས་མཆོད་རྫས་འཛིན་པའི་ལྷ་མོ་རྣམས་སྤྲོས་ཏེ། ༀ་ཤྲཱི་ཙཀྲ་སམྦ་ར་སརྦ་ཝཱི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་པ་འབུལ་བ་སྟེ། སྔགས་དོན་ནི། ༀ་ནི་དཔལ་དང་བཀྲ་ཤིས་པའི་དོན་སྐུ་རྡོ་རྗེའི་ས་བོན་གྱིས་ཐོག་དྲངས་ཏེ། ཤྲཱི་ཙཀྲ་སམྦ་ར་དཔལ་འཁོར་ལོ་སྡོམ་པ་སྟེ་གཙོ་བོ་དང༌། སརྦ་ཝཱི་ར་ཡོ་གི་ནཱི་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་དེ་འཁོར་རྣམས་དང༌། བཛྲ་རྡོ་རྗེ་སྟེ་སྟོང་པ་ཉིད། ཨརྒྷཾ་སོགས་ནི། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། པྲ་ཏཱིཙྪ་སོ་སོར་བཞེས། སྭཱ་ཧཱ་གཞི་ཚུགས་སམ་ལེགས་པར་སྦྱིན་ཞེས་སོ། །བཞི་པ་ནི། བདེ་ཆེན་དཔལ་གྱི་མགོན་པོ་ཡིས། །ཞེས་པ་ནི་སྔོན་གྱི་རྒྱལ་བ་རྡོ་རྗེ་འཆང་སྟེ་སྲིད་ཞིའི་དཔལ་མགོན་པོ་ཆེན་པོས། སངས་རྒྱས་སྤྱོད་པ་ཇི་ལྟ་བར། །ཞེས་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བྱང་ཆུབ་སྤྱོད་པའི་དབང་ཇི་ལྟར་བསྐུར་བ་ལྟར། དག་པ་དེ་ཉིད་སྟོན་མཛད་པ། །ཞེས་དག་པ་སྐུ་བཞི་ཡེ་ཤེས་ལྔའི་དེ་བཞིན་ཉིད་མངོན་དུ་སྟོན་པར་མཛད་པའི་དབང་དེ་ཉིད། དེ་རིང་བདག་ལ་མགོན་དགྱེས་མཛོད། །ཅེས་པ་དེ་རིང་ད་ལྟ་བདག་ལ་མགོན་པོ་ཁྱོད་དགྱེས་བཞིན་དུ་སྩོལ་བར་མཛོད་ཅེས་གསོལ་བ་བཏབ་པས་ཡབ་ཡུམ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་ཆུ་བོའི་རྒྱུན་བཞིན་བབ་པ་རང་གི་ཚངས་བུག་ནས་ཞུགས་རྩ་དབུ་རྐྱང་རོ་གསུམ་བརྒྱུད། ལུས་ངག་ཡིད་གསུམ་གྱི་དྲི་མ་གཟུང་འཛིན་ཐ་དད་དུ་འཛིན་པའི་བག་ཆགས་སྦྱངས།

p. 101

སྤྱི་མགྲིན་སྙིང་ལྟེའི་རྩ་འཁོར་བཞི་ཁེངས། ལས་ཉོན་ཤེས་བྱ་སྙོམས་འཇུག་གི་སྒྲིབ་པ་བཞི་དག །སད་རྨི་གཉིད་འཐུག་སྙོམས་འཇུག་གི་བག་ཆགས་སྦྱངས། བུམ་གསང་ཤེར་ཚིག་གི་དབང་བཞི་ཐོབ། སྤྲུལ་ལོངས་ཆོས་སྐུ་ངོ་བོ་ཉིད་དེ་སྐུ་བཞིའི་ས་བོན་རྒྱུད་ལ་བཞག །དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་བཞི་རྒྱུད་ལ་སྐྱེས་པར་བསམས་ལ་ཞུ་བདེའི་ངང་དུ་མཉམ་པར་བཞག །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་ལྔ་བསྲེགས་བྱས་ཏེ། །སྤྱན་མ་ལ་སོགས་ཡང་བསྲེགས་ནས། །ཧཾ་ལས་བདུད་རྩིའི་ཟླ་རྒྱུན་བབ། །རྟེན་དང་བརྟེན་པ་ཉམས་ལྡན་པ། །གཅིག་ཏུ་གྱུར་པ་བདེ་བ་ཆེ། །རྣལ་འབྱོར་མ་བཞིས་ཌཱ་མ་རུའི། །སྒྲ་ཡིས་བསྐུལ་གྱུར་བཞེངས་པར་བྱེད། །ཅེས་པ་ལྟེ་འོག་སོར་བཞིའི་མཚམས་རྩ་གསུམ་འདུས་པའི་མདོར། རྡོ་རྗེ་ཕག་མོའི་ངོ་བོ་རང་བྱུང་གི་གཏུམ་མོའི་མེ་ཨ་ཤད་ཀྱི་རྣམ་པ་ཅན་གསལ་བཏབ་ནས་རླུང་རོ་བུས་ལ་རླུང་དལ་བུ་སྒྲ་མེད་དུ་རྔུབ་པ་སྣ་བུག་གཉིས་ནས་ཞུགས་པ་རོ་རྐྱང་གི་ལམ་བརྒྱུད་དབུ་མའི་མར་སྣ་ནས་ཞུགས་གཏུམ་མོའི་མེ་ལ་བུས་པས་འབར། དེ་བཞིན་གཤེགས་པ་ལྔ་གཡས་རླུང་དང༌། གཤེགས་མ་ལྔ་གཡོན་རླུང་དུ་འདོད་པ་དང༌། དྲི་ཆེ་ཆུང་ཁུ་ཁྲག་ཀླད་པ་ལྔ་དེ་བཞིན་གཤེགས་ལྔར་འདོད་པ་ཡོད་ཀྱང༌། ཡོངས་གྲགས་དེ་བཞིན་གཤེགས་པ་ལྔ་ནི། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་ལྔ་དང༌། སྤྱན་མ་ལ་སོགས་པ་ནི་ས་ཆུ་མེ་རླུང་ནམ་མཁའ་སྟེ་ཁམས་ལྔར་བཅས་པའི་མ་དག་པའི་ཆ་བསྲེགས། སྤྱི་བོར་བདེ་བའི་རང་བཞིན་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་དཀར་པོ་ལ་རེག་པས་ཞུ་སྟེ་བདུད་རྩི་ཟླ་བ་ལྟ་བུའི་རྒྱུན་བབས་པས་བདེ་སྟོང་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེས་པས་རྟེན་ཕྱི་སྣོད་གདན་པད་ཉི་དང་བཅས་པ། བརྟེན་པ་རང་ལུས་སྤྱི་བོའི་ལྷ་དང་བཅས་པ་

p. 102

བདེ་བའི་ངོ་བོར་ཞུ་ནས་ཐིག་ལེ་སྔོན་པོ་ཉི་མ་བྱེ་བའི་ཉམས་འོད་དང་ལྡན་པར་གྱུར། དེ་ནས་རང་བཞིན་གྱི་གནས་ནས་བདེ་ཆེན་གྱི་རྣལ་འབྱོར་མ་བཞི་བྱུང་བས་ཚད་མེད་བཞིའི་གླུ་དང་ཌཱ་མ་རུའི་སྒྲས་བཞེངས་ཤིག་པར་བསྐུལ་ནས་རྣལ་འབྱོར་མ་བཞི་ཡང་ཐིག་ལེ་དེ་ཉིད་ལ་ཐིམ་པར་སྒོམ་པ་ནི་ཀ་མ་ལ་རཀྵི་ཏའི་རྒྱ་གཞུང་དང་ཕྱི་སྒྲུབ་གཉིས་མཐུན་པར་མཁས་པ་སྔ་མ་རྣམས་བཞེད་པ་ལགས། དེ་ནས་སྐད་ཅིག་གིས་འབྲས་བུ་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་ནི། པད་ཟླ་ཉི་མའི་གདན་སྟེང་ན། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་ཚུལ། །རྡོ་རྗེ་དྲིལ་བུ་ལག་ན་ཐོགས། །སྐུ་ནི་བཻ་ཌཱུརྱའི་རང་བཞིན། །ཕྱག་རྒྱ་དྲུག་གིས་སྤྲས་པའི་སྐུ། །འོད་ཟེར་འབར་བའི་ཟླ་ཚེས་ལ། །ཡིད་བཞིན་ནོར་བུས་དབུ་ལ་བརྒྱན། །འཇིགས་བྱེད་ཆུང་མར་བཅས་པ་མནན། །རྡོ་རྗེ་ཕག་མོ་ཞལ་གཅིག་མ། །ཕྱག་གཉིས་ཀྱིས་ནི་ཡབ་ལ་འཁྱུད། །རྡོ་རྗེ་དང་ནི་ཐོད་པ་འཛིན། །གཙོ་བོ་ལ་ནི་བདུད་རྩི་སྟོབ། །སྐུ་ནི་སིནྡྷུ་ར་ལྟར་དམར། །ཕྱག་རྒྱ་ལྔ་ཡིས་བརྒྱན་པའོ། །གཉིས་མེད་བདེ་བའི་རང་བཞིན་ཅན། །གསལ་བའི་སྐུ་ནི་བསྒོམ་པར་བྱ། །ཞེས་པས་ཐ་མལ་སྣང་ཞེན་སྦྱོང་བྱེད་བསྐྱེད་པའི་རིམ་པ་སྟེ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་རྣམས་བསྐྱེད་རིམ་སྤྱི་དང་འདྲ་བས་མང་དུ་དོགས་ནས་འདིར་མ་བྲིས་པས་གཞན་དུ་བལྟའོ། །སྐྱོ་ན་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ། ཐུན་མིན། ཐུན་མོང་གཉིས་ལས། དང་པོ་ལའང་གསུམ། སྟོང་པ། བདེ་བ། དགའ་བཞིའི་ཏིང་ངེ་འཛིན་ནོ། །དང་པོ་ནི། ཡབ་ཀྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལ་སྔགས་ཀྱིས་བསྐོར་བའི་ཧཱུྃ་ལས་འོད་ཟེར་སྔོན་པོ་ཧཱུྃ་གི་ངོ་བོ་བྱུང་། ཡབ་ཀྱི་ཤངས་བུག་གཡས་ནས་ཡུམ་གྱི་ཤངས་བུག་གཡོན་དུ་ཞུགས། ལྟེ་བའི་བྃ་དམར་པོ་ལ་ཐིམ། བདེ་བ་ཆེན་པོའི་ངོ་བོར་བསམ། བྃ་ལས་འོད་ཟེར་སྔོ་

p. 103

དམར་ༀ་གྱི་ཚུལ་དུ་བྱུང༌། ཡུམ་གྱི་ཤངས་བུག་གཡས་ནས་ཡབ་ཀྱི་ཤངས་བུག་གཡོན་པར་ཞུགས། ཐུགས་ཀར་ཐིམ། ཨ་ཡི་རང་བཞིན་དུ་གནས་པར་བསམས་ལ་རླུང་བསྡམས་ཏེ་ཡིད་རྡོ་རྗེའི་བཟླས་པ་བྱ་བ་ནི་སྟོང་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ནི། ཐུགས་ཀ་ནས་འོད་ཟེར་འཕྲོས་བཾ་ལ་ཕོག །བཾ་གྱི་ཞབས་ནས་ཐོན། ཡུམ་གྱི་མཁའ་ནས་ཡབ་ཀྱི་གསང་བ་ནས་རྒྱུད་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམ་པ་ནི་བདེ་བའི་ཏིང་ངེ་འཛིན་ནོ། །གསུམ་པ་ནི། ཡབ་ཀྱི་གསང་བ་རྡོ་རྗེའི་རྩེར་ཐིག་ལེ་དཀར་པོ་བདེ་བའི་རང་བཞིན་ཡུངས་འབྲུ་ཙམ་དང༌། ཡུམ་གྱི་པདྨའི་ཟེའུ་འབྲུར་ཐིག་ལེ་དམར་པོ་དྲོད་ཀྱི་ངོ་བོ་ཡུངས་འབྲུ་ཙམ་དམིགས་ལ། དམར་ཆ་ལས་མེ་བྱུང་སྟེ་ཡབ་ཀྱི་གསང་བའི་རྡོ་རྗེ་ནས་ཞུགས། དབུ་མ་བརྒྱུད་དེ་སྤྱི་བོའི་ཧཾ་ལ་རེག་པས་ཞུ་ཞིང་རྡོ་རྗེ་ནོར་བུའི་རྩེར་བབ་པས་དགའ་བཞི་ལུགས་འབྱུང་ཉམས་སུ་མྱོང༌། སླར་དམར་ཆའི་མེས་བྱང་སེམས་བདེ་བའི་ཐིག་ལེ་གྱེན་དུ་དེད་པ་ཧཾ་ལ་ཐིམ་པས་དགའ་བཞི་ལུགས་ལྡོག་སྐྱེས། དེ་ལྟར་བྲོས་དེད་ཀྱི་ཚུལ་གྱིས་བདེ་སྟོང་གི་ཏིང་ངེ་འཛིན་སྒོམ་ཞིང་རླུང་ཁ་སྦྱོར་དུ་འཛིན་པ་ནི་དགའ་བཞིའི་ཏིང་ངེ་འཛིན་ནོ། །གཉིས་པ་ཐུན་མོང་བ་ནི། ༀ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། སྙིང་པོའི་སྔགས་ནི་འདུ་བྱེད་པ། །སྦྲུལ་འཁྱིལ་ལྟ་བུར་དམིགས་ལ་བཟླ། །ཞེས་པས་བསྟན་ཏེ། ཡབ་ཀྱི་ཐུགས་ཀར་ཐབས་ཤེས་ཨཱ་ལི་ཀཱ་ལིའི་ངོ་བོ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན་གྱི་འོད་འབར་བའི་མཐར་ༀ་གྱིས་ཐོག་དྲངས་སྔགས་ཕྲེང་སྦྲུལ་འཁྱིལ་བ་ལྟར་བཀོད་ལ་ཀློག་པའི་ཚུལ་དུ་བཟླ། དེ་ལ་བརྟེན་ནས་སྔགས་ཕྲེང་གཡོན་དུ་འཁོར། འོད་ཟེར་ཧཱུྃ་གི་རྩེ་ནས་ཐོན། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། ལྟེ་བའི་བྃ་ལ་ཕོག །སྔགས་ཕྲེང་བསྐུལ། གཡོན་དུ་འཁོར། འོད་ཟེར་བཾ་གྱི་ཞབས་ནས་ཐོན། ཡུམ་གྱི་

p. 104

མཁའ་ནས་ཡབ་ཀྱི་གསང་བར་ཞུགས། ཐུགས་ཀའི་ས་བོན་ཧཱུྃ་ལ་མགལ་མེ་ལྟར་འཁོར་བར་དམིགས། འོད་ཟེར་དཀར་སེར་དམར་མཐིང་དུ་བསྒྱུར་ལ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཁ་སྒྱུར་རྣམས་ཡིག་ཆ་རྒྱས་པ་རྣམས་ལས་འབྱུང་བ་བཞིན་ནོ། །དེ་ལྟར་དངོས་གཞིའི་བསྐྱེད་རིམ་དང་བཟླས་པས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་རྡོ་རྗེའི་ལུས་ཆགས་པ་དང་གནས་པའི་རྟོག་པ་སྦྱོང་བར་བྱེད་པ་སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་རོ། །དངོས་གཞི་བསྐྱེད་རིམ་དེ་ཉིད་དང་འབྲེལ་བའི་རྫོགས་རིམ་ནི། དེ་མཐར་ལུས་དང་ངག་དང་ཡིད། །ༀ་ཨཱཿཧཱུྃ་དུ་གྱུར་ལ་བསྡུ། །བདག་མེད་ངང་དུ་སྟོང་པར་བྱ། །ཞེས་པས་རང་ལུས་ཡས་མས་ནས་འདུས་ཏེ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་དུ་གྱུར། དེ་ཉིད་སྣང་མཆེད་ཐོབ་གསུམ་ཐིམ་པ་དང་མཐུན་པར་ༀ་ཨཱཿལ་ཐིམ། ཨཱཿཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ནས་ནཱ་དའི་བར་བསྡུ་བ་ནི་ཉེར་ཐོབ་འོད་གསལ་ལ་ཐིམ་པ་མཚོན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི་འཆི་བ་ཆོས་སྐུའི་ལམ་ཁྱེར་རོ། །དེ་ལས་རླུང་སེམས་ཙམ་ལས་བར་དོའི་སྲིད་པ་འགྲུབ་པ་དང་མཐུན་པར་ཐུན་མཚམས་སུ་འོད་གསལ་གྱི་ཏིང་ངེ་འཛིན་དེ་ཉིད་ལས་ཟུང་འཇུག་ཧེ་རུ་ཀའི་སྐུར་བཞེངས་ཏེ་གནས་གསུམ་གྱི་སྲུང་བ་ནི་བར་དོ་ལོངས་སྐུའི་ལམ་ཁྱེར་རོ། །གསུམ་པ་ཐ་མར་དགེ་བ་རྗེས་ཀྱི་རིམ་པ་ལ་གསུམ་ལས། དང་པོ་བསྔོ་སྨོན་ཤིས་བརྗོད་སྤྱོད་ལམ་ལ་འཇུག་པ་བླ་མེད་སྤྱིའི་ལུགས་ལྟར་རོ། །གཉིས་པ་དེའི་རྗེས་སུ་འབྲེལ་བའི་ཕན་ཡོན་ནི། གང་ཞིག་དེ་ཉིད་ཤེས་པས་ནི། །དེང་འདིར་དངོས་གྲུབ་མཆོག་ཉིད་དུ། །ཐེ་ཚོམ་མེད་དེ་འདི་ཉིད་ནི། །མཁའ་འགྲོ་དྲྭ་བའི་བདེ་མཆོག་ཀྱང་། །སེམས་ལ་རྟག་གནས་རྣལ་འབྱོར་པ། །མྱ་ངན་འདའ་བར་མི་སྟོན་ནོ། །ཞེས་པ་ནི་སྒྲུབ་པ་པོ་གང་ཞིག་བསྐྱེད་རྫོགས་ཀྱི་གནད་དོན་དེ་ཉིད་ཤེས་ཤིང་བརྩོན་

p. 105

འགྲུས་དྲག་པོས་ཉམས་སུ་བླངས་པས་ནི་ཕྱི་དུས་སུ་མི་འགོར་བར་དེང་གི་ཚེ་འདིར་དངོས་གྲུབ་མཆོག་དམ་པ་ཉིད་ཕྱག་རྒྱ་ཆེན་པོ་ཐོབ་ཅིང༌། ཐུན་མོང་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་ནི་ཞར་ལ་ཐོབ་པ་ཉིད་དོ། །དེ་ཡང་ཐེ་ཚོམ་མེད་དེ་ཅིའི་ཕྱིར་ཞེ་ན། ཡི་དམ་གྱི་ལྷ་འདི་ཉིད་ནི་ལོངས་སྐུ་ཧེ་རུ་ཀ་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་དང༌། སྤྲུལ་སྐུ་ས་གསུམ་གྱི་མཁའ་འགྲོ་མ་ཐབས་ཤེས་ཟུང་འབྲེལ་དྲྭ་བ་ཐམས་ཅད་སྡོམ་པ་བདེ་བ་མཆོག་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་པ་ནི། ཀུན་སྤྱོད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་དང༌། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཞེས་གསུངས་པ་ལྟར་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པས་འགྲུབ་སླ་ལ། དངོས་གྲུབ་སྩོལ་བ་ལ་ཆེས་ཆེར་མྱུར་བའོ། །དེ་ལྟ་བུའི་དོན་ལ་སེམས་རྟག་ཏུ་གནས་པའི་རྣལ་འབྱོར་པ་ནི་གནས་སྐབས་ཀྱི་འབྲས་བུ་ཉན་རང་ལྟར་ཞི་བ་ཕྱོགས་གཅིག་གི་མྱང་འདས་སུ་མི་འགྱུར་ཏེ་གཞན་དོན་དང་བཅས་ཏེ་སངས་རྒྱས་པར་འགྱུར་རོ། །གསུམ་པ་མཛད་ཚུལ་དང་འགྱུར་བྱང་བསྟན་པ་ནི། སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པའི་མན་ངག་འདི་སྙན་ནས་སྙན་དུ་བརྒྱུད་པའི་གསང་བའི་མན་ངག་གོ །ཞེས་པ་མི་བསྐྱོད་རྡོ་རྗེ་ནི་ནཱ་རོ་པཎ་ཆེན་གྱི་གསང་མཚན་ཡིན་ཅིང༌། སྙན་ནས་སྙན་དུ་བརྒྱུད་པ་ནི། ལུང་གི་ཕྲེང་བ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུ་འོ། །ཞེས་གསུངས་པ་ལྟར་སྐུ་གསུམ་གྱི་སྟོན་པས་དགོངས་པ་དང་བརྡའི་བརྒྱུད་པ་གང་ཟག་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལ་བཀའ་བབས་ཤིང་བརྒྱུད་པ་གསང་བ་གབ་སྦས་ཀྱི་མན་ངག་ཁྱད་འཕགས་ཨི་ཐི་བའོ། །འགྱུར་བྱང་ནི། པཎྚི་ཏ་དེ་ཉིད་དང་ལོ་ཙཱ་

p. 106

བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་རྒྱ་གར་ན་ལེནྡྲའི་བྱང་ཕྱོགས་པཱུ་ལ་ཧ་རིའི་དགོན་པར་བསྒྱུར་བའོ། །དེ་དག་གི་དོན་ནི་ཡོངས་སུ་གྲགས་པ་ལྟར་རོ། །སྨྲས་པ། བདེ་མཆོག་ལུགས་སྲོལ་ཉི་ཤུ་རྩ་དྲུག་ལས། །རྒྱལ་མཚན་ལྟ་བུར་མངོན་པར་མཐོ་བ་ནི། །ནཱ་རོའི་ལུགས་ཀྱི་སྡོམ་པ་ལྷན་ཅིག་སྐྱེས། །དེ་ཡི་ནང་ནས་སྙན་བརྒྱུད་ཡིད་བཞིན་ནོར། །དཔྱད་པ་གསུམ་གྱིས་བྱི་དོར་ལེགས་བྱས་འདིས། །དགོས་འདོད་ཟད་མེད་གྲུ་ཆར་རབ་བསྙིལ་བས། །འགྲོ་རྣམས་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདིའང་བཀའ་བརྒྱུད་ཆེ་བཞིའི་ནང་ཚན་འབའ་རོམ་སྐྱོ་བྲག་པའི་གདན་ས་ནས་དགེ་སློང་ཚེ་དབང་ཡེ་ཤེས་ཀྱིས་བདེ་མཆོག་རྒྱ་གཞུང་གི་ཞལ་འདོན་དཔེ་ཆ་བསྐུར་ནས་འགྲེལ་པ་ཁ་གསལ་གོ་བདེ་ཞིག་བྲིས་ཞེས་བསྐུལ་མ་མཛད་པ་ལ། རང་རེས་དེ་འདྲ་བྲི་རྒྱུ་བྱུང་ན་བསྟན་པའི་ཞབས་འདེགས་ལས་དང་སྐལ་བ་བཟང་སྙམ་ཞིང་དཔེ་ཆ་ཐོགས་ནས་རྒྱལ་ཁམས་ཀུན་ཏུ་སོང་ཡང་འགྲེལ་པ་མ་རྙེད་ཅིང་འབྲི་བར་མ་ནུས་པར་ལུས་པའི་ཚེ། ཟུར་མང་རིག་འཛིན་གསུང་རབ་རྒྱ་མཚོའི་ཞལ་སློབ་གཅིག་གིས་མཛད་པའི་ཡིག་ཆ་མཇལ་བ་དང༌། སྟག་ལུང་སྙན་བརྒྱུད་སྐོར་གྱི་ཟིན་ཐོའི་དཔེ་ཆ་མཐོང་བས་རྐྱེན་བྱས་ནས། མཁན་པོ་ཀརྨ་རཏྣས་ཀརྞ་རྡོ་རྗེའི་བྲག་གི་གནས་མཇལ་དུ་བགྲོད་པའི་སྐབས་སུ་གནས་ཕུག་ཞོར་གྱི་རི་ཁྲོད་ཟུང་དང༌། སྒྲུབ་ཕུག་འོག་མ་རྗེ་བཙུན་སངས་རྒྱས་དབོན་པོས་ཆོས་བྲོ་མཛད་པའི་ཞབས་རྗེས་ངོ་མཚར་ཅན་མང་དུ་བཞུགས་པའི་གནས་ཤེལ་གྱི་ཀེའུ་ཚང་ཉམས་དགའ་བ་ནས་ཕལ་ཆེར་བྲིས་ཤིང༌། ཡོངས་སུ་རྫོགས་པ་ནི་ཡེལ་རྫོང་དབང་སྡུད་ལྷ་རྩེའི་བ་གམ་ནས་སྣང་གསལ་གྱི་འོད་མདངས་ལ་ཅུང་ཟད་བྲིས་ཤིང༌། ཉི་མ་ཤར་དྲོས་ལ་གྲུབ་པ་འདིས་ཀྱང་ཟབ་གསང་སྙིང་པོའི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་ཅིག །དགེ་ལེགས་འཕེལ། ཛ་ཡནྟུ།།

བསྲེ་འཕོ་ཞལ་གྱི་གདམས་པ་འབབ་རོམ་པའི་གདམས་ངག །འབབ་རོམ་དར་མ་དབང་ཕྱུག

p. 107

༄༅། །བསྲེ་འཕོ་ཞལ་གྱི་གདམས་པ་འབབ་རོམ་པའི་གདམས་ངག་བཞུགས་སོ། །
༄༅། །བླ་མ་དམ་པ་རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ་ཕྱག་འཚལ་ལོ། །ཇོ་བོ་ཆེན་པོ་ནཱ་རོ་པ་འདི་མི་ཆོས་ཡུལ་ཁ་ཆེ་ཡིན་སྐད། རིག་པའི་གནས་ལྔ་ལ་མ་རྨོངས་པའི་མཁས་པ་པཎྚི་ཏ་ཡིན་སྐད་དོ། །དེས་བདེ་མཆོག་འཁོར་ལོའི་རྣལ་འབྱོར་གྱི་ཡི་གེ་བདུན་པའི་སྔགས་ལ་འབུམ་ཕྲག་གཅིག་བཟླས་པས་ས་གཞི་གཡོས་ཤིང་ལུང་བསྟན་བྱུང་སྟེ། ཁྱོད་རྒྱ་གར་ཤར་ཕྱོགས་ཇོ་བོ་ཏཻ་ལོ་པ་བྱ་བ་དེའི་རིགས་ཡིན། ཇོ་བོ་ཏཻ་ལོ་པ་བྱ་བ་དེ་ཁྱོད་ཀྱི་སྐྱེ་བ་བདུན་གྱི་བླ་མ་ཡིན་པས་དེའི་གདམས་ངག་ཞུས་ལ་ཉམས་སུ་ལོངས་ཤིག་བྱ་བའི་ལུང་བསྟན་བྱུང་སྟེ། དེས་ན་ཇོ་བོ་ནཱ་རོ་པ་དང་ཏཻ་ལོ་པ་གཉིས་ཨོ་ཏན་ཏ་ནོར་བུའི་གཙུག་ལག་ཁང་དུ་ཞལ་མཇལ་བ་ཡིན་གསུངས། ཇོ་བོ་ཏཻ་ལོ་པ་ལ་གདམས་ངག་གི་བཀའ་བཞི་བབ་པ་ཡིན་ཏེ། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་གདམས་ངག་གི་བཀའ་གཅིག་བབས། བྲམ་ཟེ་ཆེན་པོ་ས་ར་ཧའི་གདམས་ངག་གི་བཀའ་གཅིག་བབས། སློབ་དཔོན་ནག་པོ་སྤྱོད་པའི་གདམས་ངག་གི་བཀའ་གཅིག་བབས། མཁའ་འགྲོ་མ་སུ་མ་ཏི་སྐལ་བ་བཟང་མོའི་གདམས་ངག་གི་བཀའ་གཅིག་བབས་པ་ཡིན་གསུངས། ཇོ་བོ་ཆེན་པོ་ཏཻ་ལོ་པའི་ཕྱག་ཕྱིར་ནཱ་རོ་པ་ལོ་བཅུ་གཉིས་བཞུགས་ནས་ལོ་རེ་ལ་དཀའ་བ་མི་འདྲ་བ་ཤི་ལ་ཁད་ཤི་ལ་ཁད་བཅུ་གཉིས་སྤྱད་པའི་མཐའ་མར་གདམས་པ་འདི་ཚོ་གནང་བ་ཡིན་གསུངས། ཇོ་བོ་ནཱ་རོ་པའི་སྤྱན་སྔར་བླ་མ་མར་པ་ལོ་བཅུ་

p. 108

གཉིས་བཞུགས་ནས་གསེར་གྱི་མཎྜལ་ཡང་དང་ཡང་དུ་ཕུལ་ནས་གདམས་ངག་འདི་ཚོ་གནང་བ་ཡིན་གསུངས། གདམས་ངག་སྒོམ་ངེས་པ་ལ་བསྟན་མི་བསྒོམ་པ་ལ་མི་བསྟན་ཞལ་གྱི་གདམས་པ་ཡིན་གསུངས། དེ་ལ་ཇོ་བོ་ནཱ་རོ་པས་བཞེད་པའི་བར་དོའི་རྣམ་གཞག་བཅའ་བ་དང་། བར་དོ་ཉམས་སུ་བླང་བ་གཉིས་ཡིན་གསུངས། དེ་ལ་བར་དོའི་རྣམ་གཞག་བཅའ་བ་ལ། བར་དོ་རྣམ་པ་གཉིས་ཡིན་གསུངས། དེ་ལྟར་ཡང་བརྟག་པ་ཕྱི་མའི་ལེའུ་གཉིས་པ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་ཡིན་པས། །ཞེས་བཤད་པས། སྐྱེ་ཤིའི་བར་དོ་དང་། རྨི་ལམ་བར་དོ་དང་། སྲིད་པ་བར་དོ་གསུམ་ཡིན་གསུངས། སྐྱེ་ཤི་ནི་སྐྱེས་ནས་མ་ཤིའི་བར་དེ་ལ་སྐྱེ་ཤི་བར་དོ་ཟེར་བ་ཡིན། རྨི་ལམ་བཟང་པོ་ཟིང་གིས་རྨིས་པའི་དུས་དེ་ལ་རྨི་ལམ་བར་དོ་ཟེར་བ་ཡིན། ཤི་ནས་ལུས་མ་བླངས་པའི་བར་དེ་ལ་སྲིད་པ་བར་དོ་ཟེར་བ་ཡིན། བར་དོ་རྣམ་པ་གསུམ་ལ་ལུས་རྣམ་པ་གསུམ་ཡིན་གསུངས། སྐྱེ་ཤིའི་བར་དོ་ལ་རྣམ་པར་སྨིན་པའི་ལུས་ཡིན་གསུངས། རྨི་ལམ་བར་དོ་ལ་བག་ཆགས་ཀྱི་ལུས་ཡིན་གསུངས། སྲིད་པ་བར་དོ་ལ་ཡིད་ཀྱི་ལུས་ཡིན་གསུངས། བར་དོ་རྣམ་པ་གསུམ་ལ་སྔོན་འགྲོ་རྣམ་པ་གསུམ་ཡིན་གསུངས། སྐྱེ་ཤི་བར་དོ་ལ་ཆོས་ཐམས་ཅད་འོད་གསལ་སྔོན་དུ་འགྲོ་བ་ཡིན། རྨི་ལམ་བར་དོ་ལ་གཉིད་འཐུག་སྔོན་དུ་འགྲོ་བ་ཡིན། སྲིད་པ་བར་དོ་ལ་འཆི་ཁའི་འོད་གསལ་སྔོན་དུ་འགྲོ་བ་ཡིན། ད་བར་དོ་རྣམ་པ་གསུམ་ལ་མཚམས་སྦྱོར་རྣམ་པ་གསུམ་ཡིན་གསུངས། དབང་བཞིའམ་གསུམ་གྱི་ཉམས་ལེན་དང་མཚམས་སྦྱར་བ་ཡིན། རྨི་ལམ་བར་དོ་ལ་འདུན་པ་དྲག་པོས་མཚམས་སྦྱར་བ་ཡིན། སྲིད་པ་བར་དོ་ལ་ཕ་མ་གཉིས་ཀྱིས་མཚམས་སྦྱར་བ་ཡིན། བར་དོ་རྣམ་པ་གསུམ་ལ་བསྲེ་བ་རྣམ་པ་གསུམ་ཡིན་གསུངས། སྐྱེ་ཤི་བར་དོ་ལ་འདོད་ཆགས་ཤས་ཆེ་བས་འདོད་ཆགས་དང་བསྲེ་བ་ཡིན། རྨི་ལམ་བར་དོ་ལ་གཏི་

p. 109

མུག་ཤས་ཆེ་བས་གཏི་མུག་དང་བསྲེ་བ་ཡིན། སྲིད་པ་བར་དོ་ལ་ཞེ་སྡང་ཤས་ཆེ་བས་ཞེ་སྡང་དང་བསྲེ་བ་ཡིན། དེ་ལྟར་ན་བར་དོ་རྣམ་པ་གསུམ། ལུས་རྣམ་པ་གསུམ། སྔོན་འགྲོ་རྣམ་པ་གསུམ། མཚམས་སྦྱར་རྣམ་པ་གསུམ། བསྲེ་བ་རྣམ་པ་གསུམ་ཏེ་བཅོ་ལྔར་བྱས་པ་འདི་བར་དོའི་རྣམ་གཞག་བཅའ་བའི་གདམས་པའོ། །བར་དོ་ཉམས་སུ་བླང་བ་ལ་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤིའི་བར་མ་དོ་དང་། རྨི་ལམ་བར་མ་དོ་དང་། སྲིད་པ་བར་མ་དོ་གསུམ་ཡིན། བར་དོ་རྣམ་པ་གསུམ་དུ་བསྲེ་འཕོ་གཉིས་ཀྱི་གདམས་ངག་བྱ་གསུངས། བསྲེ་བ་ནི་བསྒོམས་པས་སངས་རྒྱ་བའི་ཐབས་ཡིན། འཕོ་བ་ནི་མ་བསྒོམ་པར་སངས་རྒྱ་བའི་ཐབས་ཡིན། དེ་ལ་དང་པོ་བསྲེ་བ་མན་ངག་བྱ་བ་དེ་ཡིན། དེ་ལ་སྐྱེ་ཤིའི་བར་དོ་ལ་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་བསྲེ། རྨི་ལམ་བར་དོ་ལ་རྨི་ལམ་དང་བསམ་གཏན་བསྲེ། སྲིད་པ་བར་དོ་ལ་འོད་གསལ་དང་བསྲེའོ། །སྐྱེ་ཤིའི་བར་དོ་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་དང་བསྲེ་བ་ནི། སྔོན་འགྲོ་ལུས་དང་རླུང་སྦྱང་བ་གལ་ཆེ་སྟེ། དཔེར་ན་ཞོ་རྐྱལ་ལེགས་པར་མ་སྦངས་པར་བཙན་ཐབས་སུ་ཞོ་བླུགས་པས་མིན་ཏེ་ཞོ་ཆུད་ཟོས་པ་ཡིན། མིན་ཏེ་རྐྱལ་པ་ཆུད་ཟོས་པ་ཡིན། ཞོ་རྐྱལ་སྦངས་ནས་ཞོ་བླུགས་པས་ཞོ་ཡང་ཆུད་མི་ཟ། རྐྱལ་པ་ཡང་ཆུད་མི་ཟ་བ་ཡིན། དཔེ་དེ་བཞིན་དུ་ལུས་དང་རླུང་མ་སྦྱངས་པས་སྒོམ་པ་མིན་ཏེ། ལུས་ཆུད་ཟོས་ཏེ་ན་ཚ་འོང་། མིན་ཏེ་གདམས་ངག་ཆུད་ཟོས་ཏེ་ཉམས་མྱོང་མི་སྐྱེ། ཞོ་རྐྱལ་མ་སྦངས་པར་ཞོ་བླུགས་པ་དང་འདྲ་བ་ཡིན། ལུས་དང་རླུང་ལེགས་པར་སྦྱངས་ནས་བསྒོམས་པས་ལུས་དང་གདམས་ངག་ཆུད་མི་ཟ་སྟེ་ཞོ་རྐྱལ་སྦངས་ནས་ཞོ་བླུགས་པ་དང་འདྲ་བ་ཡིན་པས་སྔོན་དུ་ལུས་དང་རླུང་སྦྱོང་བར་བྱེད་པ་ལ། ནངས་མ་རེ་བཞིན་སྒོམ་ལ་འཇུག་པ་དེ་ལས་གཞན་མེད། དེའང་དཀོན་མཆོག་ལ་

p. 110

མཆོད་པ་བྱ། ཆོས་སྐྱོང་ལ་གཏོར་མ་འབུལ། བདག་དགེ་སྦྱོར་བྱེད་པ་ལ་བར་ཆད་མ་བཏང་ཞིག་བྱ་བ་ལ་སོགས་པའི་གསོལ་བ་གདབ། དེ་ནས་ནངས་པར་ལུས་དང་རླུང་སྦྱང་བ་སྒོམ་པ་ནི། སྟན་བདེ་བའི་སྟེང་དུ་འདུག་ནས་རྐང་པ་གཡས་པའི་མཐིལ་རྐུབ་ཚོས་གཡོན་པ་ལ་གཏད། རྐང་པ་གཡོན་པའི་མཐིལ་རྐུབ་ཚོས་གཡས་པ་ལ་གཏད། སྒལ་ཚིགས་དྲང་སྟར་གྱིས་བསྲང་། ལྟོང་མགོ་ཡིད་ཙམ་དགུག །ལྟེ་ཁུང་ནས་སོར་བཞིའི་འོག་ཏུ་མཉམ་བཞག་གི་ཕྱག་རྒྱ་དམ་དུ་བསྡམ། དེ་ནས་རླུང་ཁྲུ་གང་ཙམ་དུ་བཏང་ནས་ནང་དུ་བརྔུབ་ལ་སྟེང་རླུང་འོག་རླུང་ཁ་སྦྱོར་དུ་འཛིན། མི་ནུས་ན་སྣ་བུག་ནས་ཕར་དལ་བུས་བཏང་། དེ་བཞིན་སྒོམ་པའི་ཉི་མ་ཕྱེད་ཚུན་ཆད་དུ་ཐུན་གཉིས། ཕྱེད་ཕན་ཆོད་ཐུན་གཉིས། སྲོད་ཐུན་གཅིག །ཐོ་རངས་ཐུན་གཅིག་སྟེ་ཞག་གཅིག་ལ་ཐུན་དྲུག་ཏུ་བཅད་ལ་བསྒོམ་མོ། །དེ་ནས་མགོ་དང་ལག་པ་རྐང་པ་རྣམས་མི་བདེ་ན་རླུང་བཟུང་ལ་གང་མི་བདེ་བ་དེ་སྤྲུག །སྐེ་དང་སྟོད་དང་སྨད་མི་བདེ་ན་རླུང་བཟུང་ལ་གང་མི་བདེ་བ་དེ་གཅུ། དེ་བཞིན་ཞག་བདུན་ཙམ་བསྒོམས་པ་ནི་ལུས་དང་རླུང་སྦྱངས་པའོ། །དེ་ནས་བསྐྱེད་རྫོགས་བསྒོམ་པ་ལ། གཞི་བསྐྱེད་རིམ་རྒྱུད་ནས་བཤད་པའི་རྒྱས་པའམ། བར་པའམ། བསྡུས་པ་གང་མོས་ཤིག་བསྒོམ། དེ་ལྟར་ཡང་རྒྱུད་ནས། ཇི་ལྟར་རིགས་པའི་རྣལ་འབྱོར་པས། །བསྐྱེད་དང་ཞེས་བཤད་པས་རྒྱས་བསྡུས་གསུམ་པོ་གང་མོས་གཅིག་བསྒོམ། ཡང་ན་བདག་དང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་སྟོང་ཕྱམས་ཀྱིས་བསྒོམ། དེའི་ངང་ལས་ཧེ་རུ་ཀ་གང་མོས་སམ། ལྷ་མོ་བཅོ་ལྔའམ། རང་གང་ལ་མོས་པ་ཞིག་སྐད་ཅིག་གིས་བསྒོམ་མོ། །དེ་ནི་བསྐྱེད་རིམ་བསྒོམ་པའོ། །དཔེ་ལམ་པོ་ཆེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེས་ཁྱབ་ནས་གནས་པ་ཡིན། དེ་ཡང་བརྟག་པ་དང་པོའི་ལེའུ་དང་པོ་ནས་

p. 111

ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་བཤད་དོ། །དེ་ནས་རྫོགས་རིམ་བསྒོམ་པ་ལ། བླ་མས་དཔེ་དོན་གསུམ་དུ་གསུངས་ཏེ། དཔེར་ན་བོད་དབུས་གཙང་ཐམས་ཅད་འགྲོ་བའི་ལམ་པོ་ཆེ་གཅིག་ཡོད་པ་ལ། ལམ་དེའི་གཡས་སུ་ཕག་རྒོད། གཡོན་དུ་སྦྲུལ། ལམ་དཀྱིལ་དུ་གླང་པོ་ཆེ་སྨྱོན་པ་རྣམས་ཡོད་ན་དེ་གསུམ་གྱིས་མི་ལ་སོགས་པ་བསད་ནས་ཟ་བས། ལམ་ལ་རྒྱུ་འགྲུལ་ཆད། སེམས་ཅན་དེ་གསུམ་ཡང་གཅིག་གི་དགྲ་གཅིག་ཡིན་པས། གླང་པོ་ཆེ་འགུལ་ན་སྦྲུལ་གྱིས་གསོད། ཕག་འགུལ་ན་གླང་པོ་ཆེས་གསོད། སྦྲུལ་འགུལ་ན་ཕག་གིས་གསོད་པ་ལས། དེ་གསུམ་གཅིག་ལ་གཅིག་འཇིགས་པས་འགུལ་མི་ནུས་པ་ཡིན་ནོ། །དེར་ཁོང་གསུམ་ལ་ཟ་རྒྱུ་མེད་པས་ཞག་བདུན་ནས་ལྟོགས་ནས་འཆི་བ་ཡིན། དེ་ལྟར་ལམ་གྱི་གཡས་གཡོན་དབུས་གསུམ་དུ་སྲོག་ཆགས་གསུམ་ཡོད་པས་ལམ་ལ་མིའི་རྒྱུ་འགྲུལ་ཆད་པ་བཞིན་དུ། རང་གི་རྒྱུད་ལ་ཡོད་པའི་གླང་པོ་ཆེ་དང་འདྲ་བའི་འདོད་ཆགས། སྦྲུལ་དང་འདྲ་བའི་ཞེ་སྡང་། ཕག་དང་འདྲ་བའི་གཏི་མུག་དང་གསུམ་གྱིས་རང་གི་རྒྱུད་ལ་ཡོད་པའི་ཡེ་ཤེས་སྐྱེ་བ་བཀག །སེམས་ཅན་དེ་གསུམ་ཡང་ཞག་བདུན་ནས་ལྟོགས་ནས་འཆི་བ་དང་འདྲ་བའི། བླ་མའི་གདམས་ངག་འདི་ཞག་བདུན་དུ་བསྒོམས་ན་དུག་གསུམ་རྣམ་པར་མི་རྟོག་པར་འཆར་བ་ཡིན། འདི་ལ་དུས་ཀྱི་གནད་དང་། ལུས་བཅོས་པའི་གནད་དང་། ཡུལ་གྱི་གནད་དང་གསུམ་ཡིན་གསུངས། དེ་ལ་དང་པོ་དུས་ཀྱི་གནད་བྱ་བ་དེ། རླུང་ཨ་ཝ་དྷཱུ་ཏིར་རྒྱུ་བའི་དུས་སུ་བསྒོམ། དེ་ནས་རླུང་སྣ་བུག་གཡས་ནས་དྲག་པོར་རྒྱུ། གཡོན་ནས་དྲག་པོར་རྒྱུ། གཉིས་ཀ་ནས་དྲག་པོར་རྒྱུ་བའི་དུས་སུ་མི་བསྒོམ། གཉིས་ཀ་ནས་དལ་བུས་རྒྱུ་བའི་དུས་སུ་བསྒོམ་མོ། །འོ་ན་གཞན་དུ་བསྒོམ་མི་

p. 112

རུང་ངམ་ཞེ་ན། དེ་ལྟར་གསུངས་ཀྱང་གཞན་དུ་ནའང་བསྒོམ་པར་རུང་སྟེ། ཁྱད་པར་གོང་གི་དུས་དེར་ཡེ་ཤེས་སྐྱེ་བའི་དུས་ཡིན་པས། སྒོམ་པ་ཡིན་གསུངས། དེ་ནས་ལུས་བཅོས་པའི་གནད་ལ། རེ་མིག་ལྟར་བསྣོལ་བ་དང་། མདའ་ལྟར་བསྲང་བ་དང་། ལྕགས་ཀྱུ་ལྟར་དགུག་པ་དང་། རྒྱ་མདུད་ལྟར་བསྡམས་པ་དང་། ལི་རི་ལྟར་བསྒྲིམས་པ་ཡིན་གསུངས། དེ་ལ་དང་པོ་ནི་སྟན་བདེ་བའི་སྟེང་དུ་འདུག་ནས་རྐང་པ་གཡས་པའི་མཐིལ་རྐུབ་ཚོས་གཡོན་པ་ལ་གཏད། རྐང་པ་གཡོན་པའི་མཐིལ་རྐུབ་ཚོས་གཡས་པ་ལ་གཏད། གཉིས་པ་ནི་སྒལ་ཚིག་དྲང་སྟར་གྱིས་བསྲང་བའོ། །གསུམ་པ་ནི་ལྟོང་མགོ་ཡིད་ཙམ་དགུག་པའོ། །བཞི་པ་ནི་ལྟེ་ཁུང་ནས་སོར་བཞིའི་འོག་ཏུ་མཉམ་བཞག་གི་ཕྱག་རྒྱ་དམ་དུ་བསྡམ་པའོ། །ལྔ་པ་ནི་ལི་རིའི་རྩྭ་དྲེས་མའི་ཐག་པ་དེ་མ་བསྒྲིལ་ན་ཆད། བསྒྲིལ་ན་མི་འཆད་པ་བཞིན་དུ། སེམས་མ་བསྒྲིམས་ན་ཉམས་མྱོང་མི་སྐྱེ་བས་སེམས་ཤིན་ཏུ་བསྒྲིམས་གསུངས། དེ་ནས་ཡུལ་གྱི་གནད་ལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་མི་བསྒོམ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་མི་བསྒོམ། སྙིང་ཁ་ཆོས་ཀྱི་འཁོར་ལོར་མི་བསྒོམ། འོ་ན་གར་བསྒོམ་བྱས་པ་ལ། ལྟེ་བ་སོར་བཞིའི་ལྐོག་རྩ་གསུམ་འདོམ་པའི་འདོམ་སོར་ཀྵ་ཡིག་དམར་པོ་མེ་ལྟ་བུ་ལ་སེམས་གཏོད་པ་ཡིན་གསུངས། དེ་ནས་རླུང་ཕྱིར་འགྲོ་ནང་འགྲོ་ལན་བཅུ་ཙམ་བྱས་ལ། རླུང་ཕྱིར་ཁྲུ་གང་ཙམ་དུ་བཏང་ནས་ནང་དུ་བརྔུབས་ཏེ་གཡས་རྩ་དང་གཡོན་རྩ་གཉིས་ནས་མར་ཆིལ་གྱིས་སོང་བར་བསམས་ལ་ལྟེ་འོག་ཏུ་མནན་པས་རྩ་དབུ་མར་རླུང་ཚུད་ནས། དཔེར་ན་ཐལ་བས་གཡོགས་པའི་མེ་ལ་ཕུས་བཏབ་པས་མེ་དམར་ལྷངས་ཀྱིས་འོང་བ་བཞིན་དུ་རྩ་དབུ་མར་རླུང་ཚུད་པ་ཙམ་གྱིས་རྩ་གསུམ་འདོམ་པའི་འདོམ་སོ་ན་ཀྵ་ཡིག་ལས་གཏུམ་མོའི་མེ་རླུང་གིས་མི་བསྐྱོད་པ་ལྟ་བུ། སྟེང་འོག་གི་རླུང་བསྡོམ་དགོས་ཀྱང་འོག་རླུང་

p. 113

བསྡམས་ཆེ་ན་ནང་དུ་ཟུག་གཟེར་དང་ན་ཚ་ལ་སོགས་པ་འོང་གསུངས། སྦོམ་ཕྲ་རྟ་རྔ་ཙམ་ལ་རིང་ཐུང་སོར་བཞི་འབར་བ་ལྟེ་བའི་སྤྲུལ་འཁོར་གྱི་ཨ་ལ་ཕོག་པས། སྤྱི་བོ་ནས་བྱང་སེམས་མུ་ཏིག་ལྟ་བུ་བབ་པ་ལ་སེམས་གཏད། དེ་ནས་སྙིང་ཁའི་ཧཱུྃ་ལ་མེ་ཕོག་པས་བྱང་སེམས་མར་བབ་པ་སྙིང་ཁ་ཆོས་ཀྱི་འཁོར་ལོར་སླེབས་པ་ཙམ་མམ། ལྟེ་བར་འབར་འཛག་ལ་སེམས་གཏད་པ་ནི་རླུང་རྔུབ་པའོ། །དེ་ནས་སྟེང་རླུང་འོག་རླུང་ཁ་སྦྱོར་དུ་བསྡམ་པ་ནི་དགང་བའོ། །རྩ་དབུ་མར་རླུང་ཚུད་ནས་ཉམས་མྱོང་སྐྱེ་བ་ནི་གཞིལ་བའོ། །རླུང་མི་ཐུབ་ན་བ་སྤུའི་བུ་ག་ཐམས་ཅད་ནས་ཕར་སིབ་སིབ་སོང་བར་བསྒོམ། དེས་ཀྱང་མ་ཐུབ་ན་སྣ་བུག་གཉིས་ནས་ཕར་དལ་བུས་སྐབས་སུ་སེམས་ཀྱིས་ཚངས་པའི་བུ་ག་ནས་ཡར་བུན་བུན་སོང་བར་བསམ། བཏང་བ་ནི་འཕང་བའོ། །དེ་ལྟར་ཡང་རླུང་ལྷག་མ་ཨན་རེ་བཞག །ཐམས་ཅད་བཏང་ན་ཉམས་མྱོང་སྐྱེ་བ་དཀའ་གསུངས། དང་ཡང་དུ་བྱས་ནས་ཐུན་བཅད་ཅིང་བསྒོམས་པས། དང་པོ་དྲོད་སྐྱེ། དེ་ནས་བདེ་བ་སྐྱེ། དེ་ནས་མི་རྟོག་པ་སྐྱེ་བ་ཡིན་གསུངས། དེ་ཡང་སྒོམ་རེམ་ན་ཟླ་བ་གསུམ་ནས་ཉམས་མྱོང་སྐྱེ། སྒོམ་ཞན་པ་ཟླ་བ་དྲུག་ནས་ཉམས་མྱོང་མི་སྐྱེ་མི་སྲིད་གསུངས་སོ། །དེ་ནི་སྐྱེ་ཤིའི་བར་དོ་ལ་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་བསྲེ་བ་བླ་མ་དམ་པའི་ཞལ་གྱི་གདམས་པ་ཕྱིན་ཅི་མ་ལོག་པའོ། །འཆི་ཁ་ལ་རིག་པའི་འོད་གསལ་དང་བསྲེ་བས་འདྲེན་ནོ། །ན་རུ་པ་ཧོ།
༈ ན་མོ་གུ་རུ། རྨི་ལམ་བར་དོ་ལ། རྨི་ལམ་དང་བསམ་གཏན་བསྲེ་བ་ལ་ལྔ་ཡིན་གསུངས། དེ་ལ་རྨི་ལམ་ཀྱི་འདུ་ཤེས་སྔོན་དུ་བཏང་བ་དང་། གཉིད་མི་འོང་བ་འོང་བར་བྱ་བའི་ཐབས་དང་། རྨི་ལམ་རྨི་ལམ་དུ་ཤེས་པར་བྱ་བ་དང་། རྨི་ལམ་སྤེལ་བ་དང་། རྨི་ལམ་སྦྱང་བ་དང་ལྔ་ཡིན་གསུངས། དེ་ལ་དང་པོ་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་ནི། ཆོས་

p. 114

ཐམས་ཅད་རྨི་ལམ་ལྟ་བུ་ཡིན། དེ་ཡང་བདེ་བ་ཅི་འབྱུང་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་ཏེ། ཁར་སང་ཕན་ཆོད་དུ་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་པ་དང་། མདང་རྨི་ལམ་དུ་སྤྱད་པ་གཉིས་ལ་དེ་རིང་ནས་ཁྱད་པར་ཅུང་ཟད་ཀྱང་མི་འདུག །དེས་ན་བདེ་བ་ཅི་འབྱུང་ཐམས་ཅད་རྨི་ལམ་ལྟ་བུར་འདུག །སྡུག་བསྔལ་ཅི་འབྱུང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་ཡིན་ཏེ། ཁར་སང་ཕན་ཆོད་དུ་ལུས་དང་སེམས་ཀྱིས་སྡུག་བསྔལ་མང་པོ་ཅི་སྤྱད་པ་དང་། མདང་རྨི་ལམ་གྱི་དུས་སུ་སྤྱད་པ་གཉིས་ལ་དེ་རིང་ནས་ཁྱད་པར་ཅུང་ཟད་ཀྱང་མི་འདུག །དེས་ན་སྡུག་བསྔལ་ཅི་འབྱུང་ཐམས་ཅད་རྨི་ལམ་ལྟར་འདུག །གཞན་ཡང་ཁར་སང་ཕན་ཆོད་དུ་ལྷའི་བདུད་རྩི་རོ་བཅུད་དང་ལྡན་པ་གཅིག་ལ་ཁམ་ཁམ་ཟོས་པ་དང་། མགོ་རལ་གྲིས་ཚལ་ཚལ། ལུས་མཚོན་གྱིས་དུམ་བུར་གཏུབ་པ་ལ་སོགས་པ་སྤྱད་པ་དང་། མདང་རྨི་ལམ་གྱི་དུས་སུ་སྤྱད་པ་གཉིས་དེ་རིང་གི་དུས་སུ་ཁྱད་པར་ཅུང་ཟད་ཀྱང་མི་འདུག །དེས་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་འདུག་པས་རྨི་ལམ་གཅིག་རྨི་བར་བྱའོ། །རྨི་ལམ་དེ་ཡང་ངོ་མཚར་ཅན་ཞིག་སྟེ་སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབྲུབ་པའམ། ཉི་མ་དང་ཟླ་བ་རྐང་པས་བརྫི་བའམ། ཇོ་བོ་ནཱ་རོ་པ་དང་ཞལ་མཇལ་བའམ། རང་གི་ཡི་དམ་གྱི་ལྷའི་ཞལ་མཐོང་བ་ལ་སོགས་པ་རྨི་བར་བྱའོ། །དེས་ཀྱང་མི་འོང་ན་ལག་ལེན་ལ་འདི་གལ་ཆེ་བས། རྨི་ལམ་རྨིས་པའི་དུས་སུ་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱའོ་སྙམ་པའི་འདུན་པ་ཡང་ནས་ཡང་དུ་བྱའོ། །གཉིད་མི་འོང་བ་འོང་བར་བྱེད་པའི་ཐབས་ནི། མགྲིན་པར་རྩ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ཞིག་བསྒོམ། དེ་ལ་ཡི་གེ་བཀོད་ནས་སེམས་སྡུད་པ་གཅིག་ཡོད་ཀྱང་། ལག་ལེན་ལ་དེ་མི་འོང་བས་སྨིན་མཚམས་སུ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་སྲན་རྡོག་ཙམ་ཞིག་

p. 115

བསྒོམ། དེ་ལས་སེམས་གཞན་དུ་མི་འཕྲོ་ཙམ་དུ་བསྒོམ་གསུངས། ཤེས་པ་བསྒྲིམས་དྲགས་ན་མི་འོང་གསུངས། རྨི་ལམ་རྨི་ལམ་དུ་ཤེས་པར་བྱ་བ་ནི། བག་ཆགས་ཀྱི་དབང་གིས་རྨི་བ་སྟེ། དེའང་དེ་རིང་ལྟད་མོ་ཆེན་པོ་ཞིག་བལྟས་ན་དོ་ནུབ་རྨི་ལམ་དུ་རྟ་རྒྱུག་པ་དང་། དུང་འབུད་པ་དང་། དར་ཕྱར་བ་ལ་སོགས་པ་རྨི་བ་དེ་བཞིན་དུ་སྔར་གྱི་འདུན་པའི་སྟོབས་ཀྱིས་རྨི་ལམ་རྨིས་པའི་དུས་སུ། རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་འབྱུང་སྟེ། དེ་ཡང་ཁྱི་དང་བུད་མེད་ལ་སོགས་པ་རྨིས་ན་རྨི་ལམ་གྱི་ཁྱི་ཡིན། རྨི་ལམ་གྱི་བུད་མེད་ཡིན་སྙམ་པ་འབྱུང་ངོ་། །རྨི་ལམ་སྤེལ་བ་ནི། གང་རྨིས་པ་དེ་དག་གཅིག་ལ་གཉིས། གཉིས་ལ་བཞི་སོགས་ལོགས་པོ་ལོགས་པོར་སྤེལ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་གྱིས་གང་བར་བསྒོམ་མོ། །རྨི་ལམ་སྦྱང་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ནི་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་རང་གི་ཡི་དམ་གྱི་ལྷ་དང་ལྷ་མོར་བསྒོམ། དེའི་དུས་སུ་ཉམས་སུ་མྱོང་བ་སྐྱེ་བྱ་བ་དེ་བླ་མའི་གསུང་སྒྲོས་ཡིན་གསུངས་སོ། །བླ་མ་ཆེན་པོའི་ཞལ་ནས། རང་གིས་བསྒོམས་པ་དང་། གཞན་ལ་བསྒོམ་དུ་བཅུག་པ་ཐམས་ཅད་མཐུན་པར་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་དང་། གཉིད་མི་འོང་བ་འོང་བར་བྱེད་པའི་ཐབས་གཉིས་ཏེ་བྱ་བའི་ཐབས་གཉིས་བྱས་ནས། རྨི་ལམ་རྨི་ལམ་དུ་ངོ་ཤེས་པའི་དུས་སུ་བདེ་སྟོང་གི་ཉམས་སུ་མྱོང་བ་རྒྱུད་ལ་སྐྱེ་བ་ཡིན་གསུངས། སྤེལ་བ་དང་སྦྱང་བ་གཉིས་དེའི་ཡན་ལག་ཏུ་འགྲོ་བ་ཡིན་གསུངས། དེ་ནི་རྨི་ལམ་བར་དོ་ལ་རྨི་ལམ་དང་བསམ་གཏན་བསྲེ་བའི་གདམས་པ་བླ་མ་དམ་པའི་ཞལ་གྱི་གདམས་ངག་གོ །ན་རུ་པ་ཧོ། དེ་གསུམ་མ་ཤི་བར་དུ་བསྒོམ་རྒྱུ་ཡིན། དེ་ཡང་གཉིད་མི་ཉལ་བའི་དུས་སུ་རྩ་རླུང་གི་རྫོགས་རིམ་བསྒོམ། གཉིད་ཉལ་བའི་དུས་སུ་རྨི་ལམ་གྱི་རྫོགས་རིམ་བསྒོམ། དེ་གཉིས་ཀ་ཉམས་

p. 116

སྐྱེས་ན་གཉིས་ཀ་བསྒོམ། གཉིས་ཀ་ལ་ཉམས་མ་སྐྱེས་པར་གཏུམ་མོ་ལ་ཉམས་སྐྱེས་ན་རྨི་ལམ་སྒོམ་པ་བཞག་ལ་གཏུམ་མོ་བསྒོམ། རྨི་ལམ་ལྟ་བུ་ལ་ཉམས་སྐྱེས་ན་གཏུམ་མོ་བཞག་ལ་རྨི་ལམ་བསྒོམ་མོ། །དེ་ལྟར་གཉིས་ཀ་ལ་ཉམས་སྐྱེས་ཀྱང་རུང་། གང་རུང་གཅིག་ལ་ཉམས་སྐྱེས་ཀྱང་རུང་སྟེ། མཉམ་བཞག་གི་ཉམས་གཅིག་དགོས་གསུངས། བར་དོའི་ལུས་དེ་ངོ་ཤེས་པར་བྱ་བའི་ཕྱིར་སྒྱུ་ལུས་སྒོམ་པ་ཡིན། དེའང་མེ་ལོང་ནང་དུ་རང་གི་གཟུགས་འཆར་དུ་བཅུག་ལ་བསྟོད་སྨད་སྣ་ཚོགས་བྱས་ལ། དེར་དགའ་མི་དགའ་མེད་དེ་རང་ལ་ཚུར་བསྟིམ་ལ་ཁྱད་པར་མེད་པར་བསྒོམ། ཡང་ཡི་དམ་གྱི་ཐང་སྐུ་གཅིག་འཆར་དུ་བཅུག་ལ་དེ་རང་ལ་ཚུར་བསྟིམ་ལ་ལྷ་དེ་ཡང་སྣང་ལ་རང་བཞིན་མེད་པར་བསྒོམ། འདི་བར་དོ་སྒྱུ་མའི་ལུས་ངོ་ཤེས་པ་དང་འབྲེལ་ལོ། །འོད་གསལ་ནི། རང་སེང་གེའི་ཉལ་སྟབས་བྱས་ལ་སྙིང་གི་དབུས་སུ་འོད་དཀར་པོ་མཐེ་བོང་ཙམ་གཅིག་ལ་སེམས་བཟུང་ལ་གཉིད་དོ། །དེ་ནས་བླ་མ་འོད་ཟེར་དང་བཅས་པ་གཅིག་བསྒོམ་མོ། །འདིར་བར་དོ་དང་པོ་ཟིན་ཕན་ཆོད་གཏི་མུག་འོད་གསལ་དུ་གཞུག་པའོ། །ཨྠྀི། ན་རུ་པ་ཧོ།།
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཉམ་བཞག་གི་ཉམས་མྱོང་དེ་སྲིད་པ་བར་དོ་དང་བསྲེ་བ་ལ། བར་དོ་དང་འཆི་ཁའི་འོད་གསལ་ལ་བརྟེན་ནས་འོད་གསལ་ཆོས་ཀྱི་སྐུ་ངོས་བཟུང་བ་དང་། བར་དོ་གཉིས་པ་མ་དག་པ་དག་པའི་སྒྱུ་ལུས་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་དང་གསུམ་ཡིན་གསུངས། དེ་ལ་བར་དོ་དང་པོ་མ་རིག་པ་འོད་གསལ་ལ་བརྟེན་ནས་ཆོས་ཀྱི་སྐུ་ངོས་བཟུང་བ་ལ། རང་འཆི་བའི་དུས་སུ་ནུས་ན་ལུས་ཙོག་པུར་འདུག་ལ། སློབ་མའམ་གྲོགས་པོའམ་

p. 117

གཅིག་གིས་རྒྱབ་ནས་བརྟེན་བཅུག་ལ། ང་ཤི་ནས་ཁྱེད་ཀྱིས་ངའི་རོ་འདི་ལོང་ཡོད་ན་ཞག་གསུམ་མེད་ན་ཞག་གཅིག་ཡེ་མ་བསྒུལ་བསྒུལ་ན་འོད་གསལ་མི་ཟིན། ཅིག་བྱས། ཙོག་པུར་མ་ནུས་ན་ངོས་གཡས་ས་ལ་ཕབས་ལ། སེམས་ཀྱི་རྒྱལ་པོའི་གནས་རྣམ་པ་བཞི་སྟེ། གཉིད་ཀྱི་དུས་སུ་སྙིང་ཁར། རྨི་ལམ་གྱི་དུས་སུ་མགྲིན་པ། སྙོམས་འཇུག་གི་དུས་སུ་དཔྲལ་བ། དེ་ལས་གཞན་པའི་དུས་ཐམས་ཅད་དུ་ལྟེ་བར་གནས། དེ་ཡང་རང་ལ་ཅི་ཡོད་ཐམས་ཅད་སྤོང་དག་བྱ། ཅི་ལ་ཡང་མ་ཆགས་པར་བྱས་ནས། འདིར་བར་དོ་དང་པོའི་འོད་གསལ་གཟུང་སྙམ་དུ་བྱ། གཡེང་བ་སྤངས་ལ། རང་ཉིད་འཆི་བའི་དུས་སུ་རྟགས་ནི་ས་ཆུ་ལ་ཐིམ་པ་ལ་སོགས་པའི་བར་དུ་ཤེས་པར་བྱས་ལ། དེ་ནས་ཕྱག་རྒྱ་ཆེན་པོ་ལ་ཤེས་པ་བཞག་པས་འབྱུང་བ་ཆུ་ལ་ཐིམ་པའི་དུས་སུ་ནད་གཡོག་འདི་ལ་གྲོགས་གཅིག་གིས་ས་ཆུ་ལ་ཐིམ་པ་ཡིན་བྱ་བ་སོགས་རིམ་པར་རྣ་བར་བླུགས་པ་དེ་ཉིད་བསྒོམ་པའི་དམིགས་པ་བྱ། མགོ་སྤུ་ནས་འཐེན་པ་དེ་མི་ཉན། པས་བལྟ་རྒྱུ་ལ་ལུས་ཟུངས་མི་ཐུབ། ངོ་གདོང་གནག་པ་རྣ་བ་ཆགས་པ་སྣ་ཞོམ་པ་གཅིག་འབྱུང་། དེའི་དུས་སུ་འཆི་བ་པོ་རང་གི་ཤེས་པ་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྤྲིན་གྱི་རྣམ་པ་ལྟ་བུ་ལོང་ལོང་བ་གཅིག་འབྱུང་། དེ་ལྟར་ཡང་གུར་ལེའུ་བཞི་པ་ལས་དང་པོ་སྤྲིན་གྱི་རྣམ་པ་སྟེ། །ཞེས་བཤད་པས། དེའི་དུས་སུ་མ་ཧཱ་མུ་དྲ་ལ་ཤེས་པ་བཞག །དེ་ནས་ཆུ་མེ་ལ་ཐིམ་པའི་དུས་སུ་ནད་གཡོག་པས་བལྟ་རྒྱུ་ལ་ཁ་ཆུ་སྣ་ཆུ་འོར་གཅིག་ཕྱིར་འབྱུང་ནས། དེ་ནས་སངས་ཀྱིས་བསྐམ་ནས་འགྲོ་འཆིའོ། །རང་གི་ཤེས་པ་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་དུ་བའི་རྣམ་པ་ལྟ་བུ་བུན་བུན་པ་གཅིག་འབྱུང་། དེ་ལྟར་ཡང་གཉིས་པ་དུ་བ་ལྟ་བུའོ། །ཞེས་བཤད་པས། དེའི་དུས་སུ་ཡང་མ་ཧཱ་མུ་དྲ་ལ་ཤེས་པ་བཞག །དེ་ནས་མེ་རླུང་ལ་ཐིམ་པའི་དུས་སུ་ནད་གཡོག་པས་བལྟ་རྒྱུ་ལ་ལུས་ཀྱི་དྲོད་ཤོར་

p. 118

ནས་རྡོ་བ་བཞིན་དུ་གྲང་ལྷང་གིས་འགྲོའོ། །ཤི་བ་པོ་རང་གི་ཤེས་པ་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྲིན་བུ་མེ་ཁྱེར་གྱི་རྣམ་པ་ལྟ་བུ་ཆེར་མི་གསལ་བ་གཅིག་འབྱུང་། དེ་ལྟར་ཡང་གསུམ་པ་སྲིན་བུ་མེ་ཁྱེར་བཞིན། །ཞེས་བཤད་པས་དེའི་དུས་སུ་ཡང་མ་ཧཱ་མུ་དྲ་ལ་ཤེས་པ་བཞག །དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་ནད་གཡོག་པས་བལྟ་རྒྱུ་ལ་དབུགས་ངར་ངར་པོ་ཤད་ཤད་པོ་གཅིག་འབྱུང་བའི་དུས་རང་གི་ཤེས་པ་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་མེའི་རྣམ་པ་ལྟ་བུ་བཀྲ་ལམ་མེ་གསལ་བ་གཅིག་འབྱུང་། དེ་ལྟར་ཡང་། བཞི་པ་མར་མེ་གསལ་འབར་བའོ། །ཞེས་བཤད་པས། དེའི་དུས་སུ་མ་ཧཱ་མུ་དྲ་ལ་ཤེས་པ་བཞག་ལ་སྔར་བསྒོམས་པའི་ཉམས་ལ་བློ་ཏིང་གིས་བཞག་ནས་བསྒོམ། དེ་ནས་རྣམ་པར་ཤེས་པ་སྣང་བ་རགས་པ་ལ་ཐིམ་པས་ནུབ་མོ་ཟླ་བ་ཤར་བ་ལྟ་བུའི་འོད་དཀར་ལམ་པ་གཅིག་འོང་། སྣང་བ་རགས་པ་ཕྲ་བ་ལ་ཐིམ་པས་ཉི་མ་ཤར་བའི་འོད་ལྟ་བུ་དམར་ལམ་པ་འོང་། སྣང་བ་ཕྲ་བ་ཤིན་ཏུ་ཕྲ་བ་ལ་ཐིམ་པས་མུན་པ་མུན་ནག་ལྟ་བུ་ནག་ཐིབ་པ་གཅིག་འོང་། ནད་གཡོག་པས་བལྟ་རྒྱུ་ལ་ལུས་ལ་གཡོ་འགུལ་དབུགས་ལ་དབྱུང་རྔུབ་མེད་དོ། །ནད་པ་དེ་ཤི་ནས་གདའ་བྱ་བ་ལས་མེད་དོ། །ཤི་བ་པོ་རང་གི་ཤེས་པ་དེ་ཅུང་ཞིག་མི་འཕོ། དེའི་དུས་སུ་ཉམས་ཐམས་ཅད་ལ་འོད་གསལ་ཆོས་ཀྱི་སྐུ་ཇི་ལྟ་བ་ཞིག་རང་ཤུགས་ཀྱིས་རྒྱུད་ལ་སྐྱེ་བ་དང་། སྔར་གྱི་སྒོམ་ཉམས་གཉིས་འདྲེས་ནས་དེ་ཉིད་དུ་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་། ལྔ་པ་རྟགས་སུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། །དངོས་འདི་ཐ་མལ་པ་ལ་དབུགས་གཅིག་གི་ཡུན་ཙམ་ཡོང་ཟེར། གྲུབ་ངེས་འཇུག་ཉེ་བ་ཡིན། །ཞེས་པ་བར་དོ་རྣམ་པ་ཐམས་ཅད་དུ་ལྡང་མི་སྲིད་གསུངས། བླ་མའི་ཞལ་གྱི་གདམས་པ་ཕྱིན་ཅི་མ་ལོག་པའོ། །ཨྠྀི།།

p. 119

༈ གུ་རུ་ན་མོ། རྟགས་དང་སྦྱོར་མ་ནུས་ན། ལུས་ཀྱི་གནད་གཅིག་པུའམ། ངོས་གཡས་ས་ལ་ཕབ་ལ་སེང་གེའི་ཉལ་སྟབས་ཀྱིས་ཉལ་ལ་ལྟེ་བའི་ལྐོག་རྩ་གསུམ་འདོམ་པའི་འདོམ་སོ་རུ་འདི་ལ་ཕྱི་རྟགས་དེ་བྱུང་ན་ནང་རྟགས་ཟླ་བ་ཤར་བ་ལྟ་བུ་དེ་འབྱུང་བ་ལགས་གསུངས། རྩ་པདྨ་འདབ་མ་བཞི་པ་ཁ་དོག་དམར་པོ་དབུས་ཀྱི་ལྟེ་བ་དང་བཅས་པ་བསྒོམ། དབུས་ཀྱི་ལྟེ་བ་ལ་ཨ་གཅིག་བསྒོམ། མདུན་གྱི་འདབ་མ་ལ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། གསལ་བར་བསྒོམས་ནས་རྟགས་ཚོ་མ་བྱུང་ཡང་རུང་བྱུང་ཡང་རུང་སྟེ། དང་པོ་མདུན་གྱི་ཨ་ལ་ཤེས་པ་བཞག །དེ་ནས་ནུ། དེ་ནས་ཏ། དེ་ནས་ར་ལ་ཤེས་པ་བཞག །དེ་ནས་དབུས་ཀྱི་ཨ་ལ་ཤེས་པ་པུར་གྱིས་བཅུག་ནས་སྔར་གྱི་བསྒོམས་པའི་ཉམས་ལ་བློ་ལྷན་གྱིས་བཞག་པས། དེ་ནས་རྣམ་པར་ཤེས་པ་སྣང་བ་རགས་པ་ལ་རགས་པ་ཕྲ་བ་ལ་ཕྲ་བ་ཤིན་ཏུ་ཕྲ་བ་ལ་ཐིམ་པའི་དུས་སུ་སེམས་ཅན་ཐམས་ཅད་ལ་འོད་གསལ་ཆོས་ཀྱི་སྐུ་ཇི་ལྟ་བ་ཞིག་རང་ཤུགས་ཀྱིས་རྒྱུད་ལ་སྐྱེ་བ་དང་། སྒོམ་པའི་ཉམས་གཉིས་འདྲེས་ནས་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པ་ཡིན་གསུངས། དེའི་རོ་ཡང་འོད་དང་ལྡན་ཞིང་ཁ་དོག་དང་ལྡན་པ་སྣུམ་ཞུལ་ལེ་བ་ཞིག་འབྱུང་བ་ཡིན་གསུངས། དེ་ནི་བར་དོ་དང་པོ་འཆི་ཁའི་འོད་གསལ་ལ་བརྟེན་ནས་ཆོས་ཀྱི་སྐུ་ངོས་བཟུང་བ་བླ་མ་དམ་པའི་ཞལ་གྱི་གདམས་བར་དོ་ཟིན་པའི་རྟགས་སུ་དེ་འདྲ་བཤད་དོ། །པའོ། །ཨྠྀི།།
༈ དམ་པ་ན་མོ། བར་དོ་གཉིས་པ་མ་དག་པ་དག་པའི་སྒྱུ་ལུས་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བ་ལ། བར་དོ་དང་པོ་འཆི་ཁའི་འོད་གསལ་ལ་བརྟེན་ནས་ཆོས་སྐུ་ངོས་མ་ཟིན་ན། ཤི་ནས་བར་དོར་ཞག་བདུན་ཚན་བདུན་གནས་ཀྱང་དེའི་ལུང་གུར་ལེའུ་བཅུ་གཉིས་པ་ལས། ཕྱིས་ནི་སྒྱུ་མའི་སྒལ་པ་མཚུངས། །རྨི་ལམ་རྣམ་པ་སྐད་ཅིག་འབྱུང་། །ཞེས་བཤད་དེ་འོད་གསལ་དེ་མ་ཟིན་པ་ན་རྨི་ལམ་བཞིན་དུ་

p. 120

བར་དོའི་ལུས་སྲིད་པའི་ཤ་ཚུགས་ཅན་འོད་ཀྱི་ལུས་སུ་མངོན་དུ་ལྡང་བར་བཤད། བདུན་ཚན་དང་པོ་ལ་མ་ཟིན་ན་དེ་ནས་ཟིན་པར་དཀའ་བ་ཡིན་པས་ཞག་བདུན་ཚན་དང་པོ་ལ་ཞག་ཕྱེད་དང་བཞིར་འདས་པ་རྗེས་སུ་དྲན་པར་འབྱུང་། ཞག་ཕྱེད་བཞིར་མ་འོངས་པ་རྗེས་སུ་དྲན་པར་འབྱུང་། དེ་ཡང་འདས་པ་རྗེས་སུ་དྲན་བྱ་བ་དེ་བདག་ཤི་བ་ཡིན། རོ་འདི་ཡང་བདག་གི་རོ་ཡིན་སྙམ་པ་འབྱུང་། རང་ཞག་གསུམ་ཉི་མ་དྲོས་བཞི་ལ་ཤི་བ་ཤེས་པས་སྐྱེ་བ་སྔ་མ་གར་སྐྱེ་བའི་ཡུལ་ལམ་གནས་རྗེས་སུ་དྲན་པ་འབྱུང་། གི་སློབ་མ་དང་གྲོགས་པོ་དང་སྤུན་ཟླ་ལ་སོགས་པ་ཐམས་ཅད་ཀྱང་གསལ་བར་དྲན་པ་གཅིག་འབྱུང་། དེའི་དུས་སུ་བར་དོ་དང་པོ་ལ་ཆོས་ཀྱི་སྐུ་ངོས་མ་ཟིན་པར་འདུག་པས། ད་བར་དོ་གཉིས་པ་ལ་ཟུང་འཇུག་གི་སྐུ་ངོས་ཟིན་པར་བྱའོ་སྙམ་པ་ཡིད་ལ་བྱ། དེ་ནས་ཡིད་ཀྱི་ལུས་དེས་རང་གི་ལུས་དེ་ཡི་དམ་གྱི་ལྷ་དགྱེས་པ་རྡོ་རྗེར་བསྒོམ། རང་གི་སེམས་རྫོགས་པའི་རིམ་པ་ཟབ་མོའི་དོན་སྔར་གྱི་བསྒོམས་པའི་ཉམས་ལ་བློ་ལྷན་གྱིས་བཞག་ལ། ཞག་ཕྱེད་བཞིར་བསྐྱེད་རྫོགས་གཉིས་བར་མ་ཆད་པར་ཕྲིལ་ཕྲིལ་བསྒོམས་པས་དེ་ཉིད་དུ་འབྲས་བུ་ཟུང་འཇུག་གི་སྐུ་ཐོབ་པ་ཡིན་གསུངས། དེས་ནི་བར་དོ་གཉིས་པ་མ་དག་པ་དག་པའི་སྒྱུ་ལུས་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བའི་གདམས་པའོ། །ས་མ་ཡ་རྒྱ། ཨྠྀི། གྷུ་ཧྱ་དྷ་ཐ່།།
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་ལ། ཞག་ཕྱེད་དང་བཞིར་འདས་པ་རྗེས་སུ་དྲན་པའི་དུས་སུ་ཟུང་འཇུག་གི་སྐུ་ངོས་མ་ཟིན་ན་ད་ཞག་ཕྱེད་བཞིར་མ་འོངས་པ་རྗེས་སུ་དྲན་པའི་དུས་སུ་འགྲོ་དྲུག་གི་སྒོ་དགག་དགོས་པ་ཡིན། དེ་ཡང་མ་འོངས་པ་རྗེས་སུ་དྲན་པ་ནི། རང་རེ་གར་སྐྱེ་ཤེས་པ་ཞིག་འོང་སྟེ། ལྷར་སྐྱེའམ། ལྷ་མ་ཡིན་དུ་སྐྱེའམ། མིར་སྐྱེའམ་གར་སྐྱེས་པའི་ཕ་མ་དང་རང་རེའི་རྣམ་པ་ཝལ་

p. 121

ཝལ་དྲན་པ་གཅིག་འབྱུང་། དེའི་དུས་སུ་རང་གི་ཕ་སློབ་དཔོན་དུ་བསྒོམ། མ་སློབ་དཔོན་གྱི་ཡུམ་དུ་བསྒོམས་ལ་སློབ་དཔོན་ཡབ་ཡུམ་གཉིས་ལ་དབང་བསྐུར་ཞུ་བ་དང་། གདམས་ངག་གི་གསོས་འདེབས་པར་བསྒོམས་ན་བླ་མ་ཡབ་ཡུམ་ལ་ཆགས་སྡང་མི་སྐྱེ་བས་སྐྱེ་བ་ལེན་མི་སྲིད་གསུངས། ཡང་ན་ཕ་མ་གཉིས་དགྱེས་པ་རྡོ་རྗེ་ཡབ་ཡུམ་ལྟ་བུར་བསྒོམས་པས་ལྷ་ལ་ཆགས་སྡང་མི་སྐྱེ་བས་སྐྱེ་བ་ལེན་མི་སྲིད་པ་ཡིན་གསུངས། དེ་ནི་བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པའི་མན་ངག་གོ །འདི་ལ་རང་སྐྱེ་བའི་ཕ་མ་གཉིས་སྦྱོར་བ་བྱེད་པ་མཐོང་བ་དེ་ལ་ཆགས་པ་སྐྱེས་ན། ང་མངལ་དུ་འཇུག་པ་དང་སྐྱེ་བ་ལེན་པར་སྣང་ངོ་སྙམ་ནས་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག་པ་དེས་ཁེགས་སོ། །དེས་འགྲོ་དྲུག་གི་སྒོ་མ་ཁེགས་ན། ད་ལུས་ལེན་པས་མངལ་གྱི་སྒོ་གདམ་པར་བྱེད་དགོས་པ་ཡིན་གསུངས། དེའང་རང་དབང་མེད་པར་ལུས་ལེན་མི་སྲིད་པས་ལྷའི་དབང་པོ་བརྒྱ་བྱིན་ནམ་འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། མི་ཆོས་བྱེད་པ་གཅིག་གི་བུར་སྐྱེ་བར་བྱའོ་སྙམ་པའི་སེམས་ཀྱིས་འཕེན་པ་བཏང་བས་སྔར་བླ་མས་དབང་བསྐུར་བ་དང་། རང་གིས་བསྐྱེད་པའི་རིམ་པ་བསྒོམས་པའི་སྟོབས་ཀྱིས་རང་གང་འདོད་པའི་རིགས་སུ་སྐྱེའོ། །སེམས་ཅན་གྱི་དོན་གང་ཚུགས་ཆེ་བ་གཅིག་ཏུ་སྐྱེ་བར་བྱའོ་སྙམ་དུ་སེམས་བསྐྱེད་པ་ཡིན། དེས་ནི་རིགས་དྲུག་ཏུ་སྐྱེ་བའི་སྒོ་མ་ཁེགས་ན་མངལ་གདམ་པའོ། །དེ་ལྟར་འཆི་ཁའི་འོད་གསལ་ལ་བརྟེན་ནས་ཆོས་སྐུ་ངོས་བཟུང་བ་དེ་ཚེ་འདི་ལ་སངས་རྒྱས་པའི་ཐབས་ཡིན་གསུངས། མ་དག་པ་དག་པའི་སྒྱུ་ལུས་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་། འགྲོ་དྲུག་གི་སྒོ་དགག་པ་གཉིས་བར་མ་དོར་སངས་རྒྱས་པའི་ཐབས་ཡིན། མངལ་གྱི་སྒོ་གདམ་པ་དེ་སྐྱེ་བ་བརྒྱུད་ནས་སངས་རྒྱས་པའི་ཐབས་ཡིན་གསུངས། དེ་ལྟར་བསྲེ་བའི་མན་ངག་དེ་ལ་གཉིས། སྐྱེ་ཤིའི་བར་དོ་ལ་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་

p. 122

དང་བསྲེ། རྨི་ལམ་བར་དོ་ལ་རྨི་ལམ་དང་བསམ་གཏན་བསྲེ། དེ་གཉིས་མ་ཤིའི་བར་གྱི་བསྒོམ་རྒྱུ་ཡིན། དེ་གཉིས་ལ་བསྒོམས་པའི་ཉམས་ཡོད་པ་གཅིག་གིས་སྲིད་པ་བར་དོར་བསྲེ་བ་ལ། བར་དོ་དང་པོ་མ་རིག་པའི་འོད་གསལ་ལ་བརྟེན་ནས་ཆོས་སྐུ་ངོས་བཟུང་བ་དང་། བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་དང་གསུམ་དུ་བྱས་ནས་བསྲེ་བའི་མན་ངག་བསྒོམས་ནས་སངས་རྒྱས་པའི་ཐབས་བླ་མ་དམ་པ་སངས་རྒྱས་ནས་རིམ་བཞིན་བརྒྱུད་པའོ། །ན་རུ་པ་ཧོ།།
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བསྲེ་བའི་མན་ངག་ལ་བསྲེ་བ་དང་འཕོ་བ་གཉིས་ལས་འདི་འཕོ་བའི་མན་ངག །དེ་ཡང་བླ་མའི་ཞལ་ནས། བསྒོམས་པས་སངས་ནི་ཀུན་ཀྱང་རྒྱ། །མ་བསྒོམ་རྒྱས་ན་རྒྱས་ངེས་ཡིན། །གསུངས། འཕོ་བའི་མན་ངག་མ་བསྒོམ་པར་སངས་རྒྱས་པའི་ཐབས་འདི་ལ། སྦྱངས་ཏེ་འཕོ་བ་དང་། བཙན་ཐབས་སུ་འཕོ་བ་དང་། ལུས་བཅོས་ཏེ་འཕོ་བ་གསུམ་ཡིན་གསུངས། དང་པོ་སྦྱངས་ཏེ་འཕོ་བ་ལ། རླུང་སྦྱང་བ་དང་། འཕོ་བ་སྦྱང་བ་དང་། འཕོ་བ་དངོས་དང་གསུམ་ཡིན་གསུངས། དང་པོ་རླུང་སྦྱང་བ་ལ། སྟན་བདེ་བའི་སྟེང་དུ་འདུག་སྟེ། རྐང་པ་གཡས་པའི་མཐིལ་རྐུབ་ཚོས་གཡོན་པ་ལ་གཏད། རྐང་པ་གཡོན་པའི་མཐིལ་རྐུབ་ཚོས་གཡས་པ་ལ་གཏད། སྒལ་ཚིགས་དྲང་སྟར་གྱིས་བསྲང་། ལྟོང་མགོ་ཡིད་ཙམ་དགུག །ལྟེ་བ་ནས་སོར་བཞིའི་འོག་ཏུ་མཉམ་བཞག་གི་མུ་དྲ་དམ་དུ་བསྡམ། དེ་ནས་རླུང་ཕྱིར་འགྲོ་ནང་འགྲོ་ལན་བཅུ་ཙམ་བྱས་ནས་རླུང་རྣལ་དུ་ཕབ་ལ། རླུང་ཕྱིར་ཁྲུ་གང་ཙམ་བཏང་ནས་ནང་དུ་བརྔུབ་ལ་སྟེང་འོག་གི་རླུང་ཐུབ་ཚད་དུ་བསྡམ། མི་ཐུབ་ན་

p. 123

སྣ་བུག་ནས་ཕར་དལ་བུས་བཏང་། གཞན་དག་ལ་འདི་དུམ་བུར་སྟོན་ན་རླུང་བུམ་པ་ཅན་ལ་སློབ་ཏུ་གཞུག་གསུངས། དེ་ལྟར་བསླབ་པས་རླུང་ཁེགས་པའི་ཚད་ལ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། སྐྱིལ་ཀྲུང་བྱེད་ལ་ལག་པ་གཡོན་པས་ཕྲེང་བ་བཟུང་། ལག་པ་གཡས་པའི་མཐིལ་པུས་མོར་ལན་གསུམ་བསྐོར་ནས་སེ་གོལ་གཅིག་བརྡབ་ནས་སེ་གོལ་རེ་ལ་ཕྲེང་རྡོག་རེ་བགྲང་བས་ཕྲེང་རྡོག་དུ་འདུག་བལྟ་བར་གསུངས་ཏེ། ལག་ལེན་ལ་དེ་མི་འོང་བས་རང་གི་སློབ་མའམ་གྲོགས་པོ་གཅིག་མདུན་དུ་བཞག་ལ། རང་གིས་གོང་དུ་བསྟན་པ་བཞིན་དུ་ལུས་བཅོས་ནས་རླུང་བཟུང། མ་ཐུབ་ན་སེ་གོལ་གྱིས་བརྡ་གཅིག་བྱ། མདུན་གྱི་གྲོགས་པོ་དེས་ཁོ་རང་གི་རླུང་འབྱུང་འཇུག་གནས་པ་གསུམ་ལ་ཁུག་གཅིག་ཏུ་བརྩིས་པའི་ཁུག་པ་རེ་ལ་ཕྲེང་རྡོག་རེ་རེ་བགྲང་། སེ་གོལ་གྱིས་བརྡ་བྱུང་བ་དང་ཕྲེང་བ་འདྲེན་འཕྲོ་བཅད་ལ་ཕྲེང་རྡོག་དུ་འདུག་བལྟ། དེ་ཡང་རབ་ཀྱིས་རླུང་ཁུག་པ་བརྒྱ་རྩ་བརྒྱད། འབྲིང་གིས་བདུན་ཅུ་རྩ་གཉིས། ཐ་མས་སུམ་ཅུ་རྩ་དྲུག་ཁེགས་དགོས་པ་ཡིན་ཏེ། འཕོ་བ་བྱ་བ་ལ་ཐ་མ་དེ་ཁེགས་པས་ཆོག་གསུངས། རླུང་ཐ་མ་ཡང་སུམ་ཅུ་རྩ་དྲུག་མ་ཁེགས་ཀྱི་བར་དུ་སྦྱང་། དེས་ནི་རླུང་སྦྱང་བའོ། །དེ་ནས་འཕོ་བ་སྦྱང་བ་ལ་ཞག་བདུན་སྦྱངས་པས་ཆོག་པ་ཡིན། དེ་ཡང་གོང་དུ་བསྟན་པ་བཞིན་དུ་ལུས་བཅོས་ནས་སྒོ་དགུ་འོད་གོང་དགུས་དགག་པ་ནི། རང་གི་སྙིང་འོད་གོང་མཐེ་བོང་ཙམ་གཅིག་བསམ། དེ་ལས་འོད་ཀྱི་གོང་བུ་གཅིག་ཆད་ནས་ཚངས་པའི་བུ་ག་དགག །མིག་གཉིས་དང་སྨིན་མཚམས་སུ་རེ་རེས་དགག །རྣ་བ་གཉིས་དང་སྣ་བུག་གཉིས་སུ་རེ་རེ། ཁར་གཅིག །ལྟེ་བར་གཅིག །འོག་སྒོ་དང་རྡོ་རྗེའི་བུག་པར་རེ་རེ་བསྒོམས་ལ་གཟུགས་མེད་དུ་མི་སྐྱེ། མིར་མི་སྐྱེ། གཟུགས་ཁམས་སུ་མི་སྐྱེ། གནོད་སྦྱིན་དུ་མི་སྐྱེ། ཡི་དྭགས་སུ་མི་སྐྱེ། འདོད་ལྷར་མི་སྐྱེ། དམྱལ་

p. 124

བར་མི་སྐྱེའོ། །དེ་ནས་རང་གི་སེམས་ཀྱི་རྒྱལ་པོ་འོད་གོང་དུ་གནས་པའི་ཡི་གེ་དེ་ཧིཀ་ཉེར་གཅིག་དྲག་པོར་བརྗོད་ནས་སྒལ་ཚིགས་ཀྱི་སྟེང་དུ་ཡར་དྲངས་ལ་ཀླད་པའི་སྟེང་ཐོད་པའི་འོག་ཏུ་དྲངས། དེ་ནས་རླུང་ཕྱིར་འགྲོ་ནང་འགྲོ་ལན་གཉིས་གསུམ་ཙམ་དུ་བྱས་ལ་ངལ་གསོས་ཏེ། ཀ་ཧིཀ་ཉེར་གཅིག་ཤིན་ཏུ་དྲག་པོར་བརྗོད་པས་མར་དྲངས་ལ་ལྟེ་བར་བཞག །དེ་བཞིན་ཡར་དྲངས་མར་དྲངས་བཞག་པ་དེ་ལ་ཐུན་དུ་བྱེད་ཅིང་བསྒོམ་མོ། །ཐུན་མཚམས་སུ་ལུས་ངག་གིས་བྱ་བ་བྱེད་པའི་དུས་སུ་སྤྱི་བོར་བཞག་ན་དྲག་ཤུལ་ལམ་སྐྱེག་བུས་འདྲོགས་ལ་ཤི་ཉེན་ཡོད་པས་མར་དྲངས་ལ་ལྟེ་བར་བཞག་གསུངས། དེ་ལྟར་བསླབ་པས་འཕོ་བ་འབྱོངས་པའི་རྟགས་ནི། སྔ་མ་བས་ཟས་མང་དུ་དགོས་པ་གཅིག་འོང་། ལུས་ལ་དྲོད་ཆེ་བ་གཅིག་འོང་། དཔྲལ་བ་ཚ་ལམ་ལམ་པ་འབྱུང་། སྤྱི་བོ་རྡོལ་ཏེ་འགྲོ་སྙམ་འབྱུང་། རྟགས་དེ་ཚོ་འབྱུང་ཡང་འབྱུང་སྟེ། བླ་མའི་ཞལ་ནས། རླུང་གིས་ལྟེ་བ་ནས་སེམས་ཧིཀ་ཉེར་གཅིག་ཡར་དྲངས། ངལ་གསོ་ནས་ཀ་ཧིཀ་ཉེར་གཅིག་གིས་མར་འདྲོངས་ནས་འབྱོངས་པའི་ཚད་ཐོན་དགོས་པ་ཡིན་གསུངས། དེ་ཡང་བླ་མའི་ཞལ་ནས་ལོ་གཉིས་ཙམ་ན་འཕོ་བ་བསྒོམས་ནས་དེ་ནས་བཞག་སྟེ་ལོ་བཞི་བཅུ་ཙམ་ལ་འཕོ་བ་འདོད་ན་འཕོ་བས་ཆོག་པ་ཡིན་གསུངས། དེ་ནི་འཕོ་བ་སྦྱངས་པའོ། །ད་འཆི་རྟགས་བྱུང་ན་འཆི་བསླུ་བྱ་སྟེ། དེས་མ་བཟློག་པར་འཆི་ངེས་པའི་ནད་ཀྱིས་ཐེབས་ནས་འཕོ་བ་ལ། གདན་བཞི་རྩ་རྒྱུད་ལས། འཆི་འཕོ་མཚན་མ་མཐོང་བ་ཡིན། །འཆི་བར་གྱུར་པའི་དུས་བྱུང་ནས། །རིམས་ལ་སོགས་པ་མ་ཕོག་པར། །འཕོ་བར་སྦྱོར་བ་མཆོག་ཡིན་ནོ། །ཞེས་བཤད་པས། རང་གི་ཡི་དམ་གང་ཡིན་པའི་ཐང་སྐུ་མདུན་དུ་བཀྲམས་ལ་སེམས་ཀྱིས་ཡི་དམ་གྱི་ལྷ་དང་བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། གོང་དུ་བསྟན་པ་བཞིན་དུ་ལུས་བཅོས་

p. 125

ནས་སྒོ་དགུ་འོད་དགུས་བཀག་ལ་སྙིང་ཁའི་དྲན་སེམས་ཀྱི་རྒྱལ་པོ་སྙིང་ཁའི་འོད་གོང་དུ་གནས་པ་དེ་ཧིཀ་ཉི་ཤུ་རྩ་གཅིག་བརྗོད་པས་སྒལ་ཚིགས་ཉེར་གཅིག་གི་སྟེང་དུ་དྲངས་ལ། སྤྱི་བོའི་འོད་དེ་ཟོ་བ་ཞབས་བཏོན་པ་བཞིན་དུ་ཧར་རེ་བསྒོམས་ལ་ཧིཀ་གཅིག་བརྗོད་པས་སྙིང་ཁའི་འོད་དེ་སྐར་མདའ་ལྟ་བུ་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁར་ཡི་དམ་གྱི་ལྷའི་ཐུགས་ཀར་སངས་ཀྱིས་འཕོས་པར་བསྒོམས་ནས་རང་ལྷའི་རྣལ་འབྱོར་གསལ་བར་བསྒོམ། དེ་ལ་མ་འཕོས་ན་ཉེར་གསུམ་པ་དང་ཉེར་བཞི་པ་དང་ཉེར་ལྔས་ངེས་པར་འཕོ་བའོ། །དེ་ནི་སྦྱངས་ཏེ་འཕོ་བའི་མན་ངག་བླ་མའི་ཞལ་གྱིས་གདམས་པ། ན་རུ་པ་ཧོ། ཨྠྀི།། བར་དོ་དང་པོའི་འོད་གསལ་བཟུང་བ་མ་ཟིན་ན་ཕྱག་རྒྱ་ཆེན་པོར་སེམས་བཟུང་ལ་ལྷ་ཡི་ཐུགས་ཀར་འཕོ།
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བཙན་ཐབས་སུ་འཕོ་བ་ནི། སྦྱངས་ཏེ་འཕོ་བ་བྱེད་མ་ཁོམ་པར་གློ་བུར་དུ་འཆི་ངེས་པའི་ནད་ཀླད་པ་ལུག་པའམ་རྒྱུ་མ་ཆད་པ་ལ་སོགས་པའི་ནད་ཀྱིས་ཐེབས་ནས་བཙན་ཐབས་སུ་འཕོ་བ་ལ། ཡེ་ཤེས་བཙན་ཐབས་སུ་སྐྱེ་བའི་ཐབས་དང་། བཙན་ཐབས་སུ་འཕོ་བ་གཉིས་ལས། དང་པོ་ནི་སྟན་བདེ་བའི་སྟེང་དུ་ལུས་ཙོག་པུར་འདུག་ནས་ཨོལ་མདུད་ལན་གསུམ་གཡོན་དུ་གཅུས། དེ་ནས་དྲང་པོར་བཞག་ལ་རྩ་རྦ་རླབས་དལ་བུར་བཙིར། མིག་ཟིམ་མེ་བྱས་ལ་མིག་འབྲས་མི་བསྒུལ། རང་གི་མིག་མཚམས་སུ་ཐིག་ལེ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་སྲན་རྡོག་ཙམ་གཅིག་དཀར་རིལ་རིལ་འདུག་པར་བསྒོམ། དེ་ཡེ་ཤེས་བཙན་ཐབས་སུ་སྐྱེ་བའི་ཐབས་སོ། །གཉིས་པ་ལུས་ཙོག་པུར་འདུག་ནས་སེམས་ཀྱིས་ཡི་དམ་གྱི་ལྷ་དང་བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་ཨོལ་མདུད་ལན་གསུམ་གཡོན་དུ་དྲག་པར་གཅུ། དེ་ནས་དྲང་པོར་བཞག་ལ་གུང་མོ་མཛུབ་

p. 126

མོ་མཐེ་བོང་གསུམ་གྱིས་དེའི་དཀྱིལ་ན་ཨོལ་མདུད་པ་ལྟག་པའི་བདུད་སྒོའི་ངོས་སུ་དྲག་པར་ཕུལ། དེ་ནས་སྤྱི་བོ་ཟོ་ཞབས་ཕྱུང་བ་བཞིན་དུ་ཧ་རེ་འདུག་པར་བསམ། རང་གི་སྙིང་ཁ་ཐུར་དུ་ལྟ་བ་དེ་གྱེན་དུ་ཁ་ཕྱེ་བར་བསྒོམས་ལ་སེམས་ཀྱི་རྒྱལ་པོ་གནས་པ་དེ་ཧིཀ་ཧིཀ་དྲག་པོ་ལན་ཉེར་གཅིག་བརྗོད་པས་དེ་ཚངས་པའི་བུ་ག་ནས་ཡར་བ་ཐག་གི་སྐུད་པ་ལྟ་བུ་ཆད་ནས་རྒྱངས་ཀྱིས་སོང་བ་ཡི་དམ་གྱི་ལྷའི་ཐུགས་ཀར་ཐིམ་པར་བསམ། དེ་ནས་རང་ལྷའི་རྣམ་པ་གསལ་བར་བསྒོམ། དེས་བར་དོར་སངས་རྒྱས་པའོ། །བཙན་ཐབས་སུ་འཕོ་བའི་གདམས་པ་བླ་མའི་ཞལ་གྱི་མན་ངག་གོ །ཨྠྀི།།
༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལུས་བཅོས་ཏེ་འཕོ་བ་ནི། སྦྱངས་ཏེ་འཕོ་བ་བྱེད་མ་ཁོམ་ཞིང་། བཙན་ཐབས་སུ་འཕོ་མ་ནུས་ན་ལུས་བཅོས་ཏེ་འཕོ་བ་ལ། ཐུན་མོང་དུ་བསྟན་པ་དང་། ཐུན་མོང་མ་ཡིན་པར་བསྟན་པ་གཉིས་ལས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་དུས་སུ་སེང་གེའི་ཉལ་སྟབས་མཛད་ནས་འདས་ཏེ། སེམས་ཅན་རྣམས་ལ་འདི་ལྟར་བྱས་ནས་ཤི་ན་ངན་སོང་དུ་མི་འགྲོ་བས་འདི་ལྟར་གྱིས་ཤིག་པའི་བརྡའི་སྒོ་ནས་ཆོས་བཤད་པ་ཡིན་པས། ཐ་མལ་པའི་སེམས་ཅན་ཡིན་ཡང་འཆི་བའི་དུས་སུ་གློ་གཡས་པ་ས་ལ་ཕབ། མགོ་བྱང་། རྐང་པ་ལྷོ། ཁ་ནུབ། རྒྱབ་ཤར་དུ་བསྟན། རྐང་པ་བརྐྱང་པ་བག་ཙམ་བསྐུམ། ལོང་བུ་གཉིས་བརྩེགས། ལག་པ་གཡས་འགྲམ་པ་གཡས་པ་ལ་སྦྱར། ལག་པ་གཡོན་པ་བརླ་གཡོན་པའི་སྟེང་ན་མར་བསྐྱངས་ནས་འཆི་ན་ངན་སོང་དུ་མི་འགྲོ་བ་ཡིན་གསུངས། དེ་ནི་ཐུན་མོང་དུ་བསྟན་པའི་མན་ངག་གོ །ཐུན་མོང་མ་ཡིན་པ་ནི། སྟན་བདེ་བའི་སྟེང་དུ། གོང་དུ་བསྟན་པ་བཞིན་ལུས་བཅོས་ནས་སེམས་ཀྱིས་

p. 127

ཡི་དམ་གྱི་ལྷ་དང་བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་ནས་རང་གི་ལྟེ་བ་ནས་སོར་བཞིའི་འོག་རྩ་གསུམ་འདོམ་པའི་འདོམ་སོ་རུ་ཉི་མའི་དཀྱིལ་འཁོར་གཅིག་བསྒོམ། དེའི་སྟེང་དུ་སེམས་ཀྱི་རྒྱལ་པོ་ཨ་གཅིག་བསྒོམ། སྒལ་ཚིགས་ཉེར་གཅིག་པདྨ་ཉེར་གཅིག་ཏུ་བསྒོམ། དེ་ནས་ཉི་མ་ནས་འོད་ཟེར་དམར་ནར་ནར་བྱུང་བས་ཚངས་པའི་བུ་གའི་སྒོ་ཕྱེ་བ་ལ། ཧིཀ་ཀ་ཉེར་གཅིག་ཤིན་ཏུ་དྲག་པོར་བརྗོད་པས་སྒལ་ཚིགས་པདྨ་ཉི་ཤུ་རྩ་གཅིག་གི་སྟེང་དུ་ཡི་གེ་ཨ་དེ་ཐོན་པར་བསམ། དེ་ཧིཀ་ཉེར་གཅིག་བརྗོད་པས་ཚངས་པའི་བུ་ག་ནས་ཡར་ཐོན་པ་ཡི་དམ་ལྷ་ཡི་ཐུགས་ཀར་གནས། ཚུར་ཐོན་རང་གི་སྤྱི་བོར་གནས། དེ་ཡང་ཡར་ཐོན་པ་དེ་ལྷ་ལ་ཆགས་པ་ཡིན། ཚུར་ཐོན་པ་དེ་ལུས་ལ་ཆགས་པ་ཡིན། དེ་ཧིཀ་ཉེར་གསུམ་བརྗོད་པས་བ་ཐག་གི་སྐུད་པ་ལྟ་བུ་དེ་ཆད་ནས་སེམས་ཀྱི་རྟེན་ཉི་མ་དང་བཅས་པ་ཡི་དམ་ལྷའི་ཐུགས་ཀར་འཕོས་པར་བསམ་མོ། །དེ་ནས་རང་ལྷའི་རྣམ་པ་གསལ་བར་བསྒོམ། དེ་ལ་མ་འཕོས་ན་སྔར་བཞིན་དུ་ལྟེ་བའི་ལྐོག་ཏུ་ཉི་མའི་སྟེང་དུ་ཨ་དང་། སྒལ་ཚིགས་ཉེར་གཅིག་པདྨ་ཉེར་གཅིག་ཏུ་བསྒོམ། ཧིཀ་གིས་པདྨ་ཉེར་གཅིག་གི་སྟེང་དུ་དྲངས། དེ་ནས་ཧིཀ་ཉེར་གཅིག་བརྗོད་པས་ཚངས་པའི་བུ་ག་ནས་ཡར་ཐོན་ཏེ་ཕར་ཐོན་ཚུར་ཐོན་ཡང་བསྒོམ། དེ་ནས་ཉི་མ་དང་ཨར་བཅས་པ་ཡི་དམ་ལྷའི་ཐུགས་ཀར་འཕོ། དེ་ལ་མ་འཕོས་ན་དེ་བཞིན་དུ་ཡང་ཡང་བསྒོམས་པས་ཐེ་ཚོམ་མེད་པར་འཕོ་བའོ། །དེ་ནི་ལུས་བཅོས་ཏེ་འཕོ་བའི་གདམས་པའོ། །སྦྱངས་ཏེ་འཕོ་བ་དང་། བཙན་ཐབས་སུ་འཕོ་བ་དང་། ལུས་བཅོས་ཏེ་འཕོ་བ་གསུམ་གྱི་གདམས་པ་བླ་མའི་ཞལ་གྱི་མན་ངག་གོ །དེ་ལྟར་ན་བར་དོ་ཉམས་སུ་བླང་བ་ལ། བར་དོ་རྣམ་པ་གསུམ་དུ་བསྲེ་བའི་མན་ངག་དང་། འཕོ་བའི་མན་ངག་གཉིས་སུ་བྱས་ནས་བར་དོ་ཉམས་སུ་བླངས་པའི་གདམས་པ་དེའི་
མཐུན་རྐྱེན་ཚོགས་པར་བྱ་བའི་ཆེད་དུ་གུར་ལེའུ་བཅོ་ལྔ་པ་ནས་བཤད་པའི་ལས་དང་པོ་པའི་སྤྱོད་པ་ཅི་ནུས་སུ་སྤྱོད་དོ། །དེ་ནི་བླ་མ་རྣམས་ཀྱི་ཞལ་གྱི་གདམས་པ་ཡི་གེར་བྲིས་པ། བཀའ་བཞིའི་བརྒྱུད་པ་ཐོབ་པའི་ཏཻ་ལོ་པས་ལུང་བསྟན་ཐོབ་པའི་ནཱ་རོ་པ་ལ་དཀའ་བ་བཅུ་གཉིས་སྤྱད་པའི་མཐར་གནང་། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་གསེར་གྱི་མཎྜལ་གྱིས་ལོ་བཅུ་གཉིས་སུ་མཉེས་པ་བྱས་པའི་མཐའ་མར་བི་ཀྲ་མ་ལ་ཤི་ལར་གནང་། དེས་རྔོག་ལ་སྤོང་དག་ལན་གསུམ་བྱས་པའི་མཐའ་མ་ལ་གསང་བའི་གདམས་པ་འདི་སྣོད་དང་མི་ལྡན་པ་ལ་བསྟན་དུ་མི་རུང་གསུངས་ནས་གནང་། དེས་རྗེ་མི་ལ་ལ་གནང་། དེས་དྭགས་པོ་དཔལ་ལྡན་ཆེན་པོ་ལ་གནང་བའི་ཕྱག་དཔེ་འདི། རྗེ་ཟླ་འོད་གཞོན་ནུས་དཔལ་འབབ་རོམ་པ་དར་མ་དབང་ཕྱུག་ལ་གནང་བའི་ཕྱག་དཔེ་དར་ཁུག་མ་ཞེས་བྱ་བ་ཡིན་ཞིང་། བར་སྐབས་སུ་དགེ་འདུན་པ་གཅིག་གི་ལག་ཏུ་ཆུད་པ་སླར་རྩད་བཅད་ནས་འབབ་རོམ་ཟུར་ཁང་པས་ཕུལ་བ་ཡིན། བཀྲ་ཤིས་དགེའོ། །ཞུས་སོ།།

འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་གཏུམ་མོ་སྒྲོན་གསལ།

p. 128

༄༅། །འགྲོ་མགོན་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་གཏུམ་མོ་སྒྲོན་གསལ་བཞུགས་སོ། །
༄༅། །རྡོ་རྗེ་འཆང་ཆེན་མན་ཆད་ནས། །ནཱ་རོའི་བརྒྱུད་པ་བྱིན་རླབས་ཅན། །བདག་གི་བླ་མ་རིན་ཆེན་རྣམས། །ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ། །འོན་ཀྱང་སྤྱི་བོའི་གཙུག་ཏུ་བཀུར། །ཡང་ཡང་སྙིང་གི་དཀྱིལ་དུ་སྒོམ། །ཐུགས་ཡིད་གཅིག་ཏུ་འདྲེས་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གསང་སྔགས་ཟབ་མོའི་ཚིག་དོན་རྣམས། །ཡང་ཡང་ངག་ཏུ་བརྗོད་པ་དེ། །རང་ལ་ཕན་པར་བྱུང་བ་དེས། །གཞན་ལ་ཕན་སྙམ་བློ་སྐྱེས་པ། །དེ་ཕྱིར་ཡི་གེར་བཀོད་པ་ཡིན། །ལུས་སེམས་གཉིས་ཀྱི་གནས་ལུགས་ཏེ། །ལམ་གཉིས་ཉམས་སུ་བླང་

p. 129

བར་བྱ། །གནད་བཞིའི་རྟེན་འབྲེལ་འགྲིགས་པ་དང༌། །རླུང་གི་སྦྱོར་བ་བཞི་ལྡན་གྱིས། །ཞི་དྲག་རླུང་གི་བྱེ་བྲག་རྣམས། །ཨ་བ་དྷཱུ་ཏིར་ཚུད་པ་དང༌། །གནས་སྐབས་མཐར་ཐུག་འབྲས་བུ་སྐྱེད། །རྗེས་ལ་བཟོད་གསོལ་བསྔོ་བ་དང༌། །སྨོན་ལམ་བཏབ་ཅིང་བཀྲ་ཤིས་བརྗོད། །ལེགས་པར་གསུངས་པས་ངོ་མཚར་ཆེ། །སྐལ་ལྡན་རྣམས་དང་འཕྲད་པར་ཤོག །སེམས་ཅན་རྣམས་ཀྱིས་ཉམས་སུ་ལོངས། །མཆོག་ཐུན་མོང་དངོས་གྲུབ་འབྱུང་བར་ངེས། །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །འབྲས་བུ་སངས་རྒྱས་ཐོབ་པ་ཡིན། ། ༈ དེ་ལ་ལུས་སེམས་གཉིས་ཀྱི་གནས་ལུགས་ཞེས་པ་ནི། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་དང་གཉིས་སུ་གསུངས། །ལུས་དངོས་པོའི་གནས་ལུགས་མ་ཤེས་ན། །སྒོམ་པ་ཡུལ་གནད་མི་ཤེས་པས། །རྐུན་མ་ནགས་ལ་བཏང་ནས་ནི། །རྗེས་ནི་བྲག་སར་གཅོད་དང་མཚུངས། །དེ་ཡི་གནས་ལུགས་ཤེས་བྱ་སྟེ། །ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །དེ་ཡི་གནས་ཐབས་ཤེས་པར་བྱ། །སེམས་དངོས་པོའི་གནས་ཐབས་མ་ཤེས་ན། །བསྒོམ་རྒྱུ་ངོ་བོ་མི་ཤེས་པས། །མུན་པར་མདའ་འཕེན་དག་དང་མཚུངས། །སེམས་ཉིད་དངོས་པོའི་གནས་ཐབས་ནི། །ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང༌། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཡང་ནི་རྗེ་བཙུན་ཏཻ་ལོ་པས། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་པ་མེད། །རང་རིག་ཉིད་ལ་མཁྱེན་ཏེ་ཤེས་པར་བྱོས། །དེས་ནི་སེམས་ཀྱི་གནས་ཐབས་ཤེས་པར་བྱ། །ལམ་གྱིས་ཉམས་སུ་བླང་ཞེས་པས། །བསྐྱེད་རྫོགས་གེགས་སེལ་དུ་བཞེད་དེ། །

p. 130

དེ་ལ་དང་པོའི་རིམ་པ་ནི། །སྒྲུབ་པ་བྱེད་པའི་གང་ཟག་གིས། །དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །འཇིག་རྟེན་བྱ་བ་ཐག་བསྲིང་སྟེ། །མཐུན་རྐྱེན་ཐམས་ཅད་ཚོགས་པ་དང༌། །བདེ་བའི་སྟན་ལ་འདུག་ནས་ནི། །ཐེག་དམན་གོལ་ས་གཅོད་པ་དང༌། །འགྲོ་དོན་དཔག་མེད་འབྱུང་བ་ཡི། །སྦྱོར་བ་ཚོགས་གཉིས་བསགས་པ་དང༌། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བྱ། །ཆུ་རྐ་མེད་ཡུར་དུ་མི་འབབ་པས། །རྟེན་འབྲེལ་མི་འཆུག་འགྲིག་པ་དང༌། །དངོས་གྲུབ་རྣམ་གཉིས་འབྱུང་བའོ། །དངོས་དང་བརྒྱུད་པའི་བླ་མ་རྣམས། །ཐུགས་ཐག་ཉེ་ཞིང་བྱིན་གྱིས་རློབས། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སློབ་དཔོན་ཆེན་པོ་འཕགས་པའི་ཞལ་སྔ་ནས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ཀྱིས། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རྡང་བུ་ལྟ་བུར་གསུངས། །ཞེས་པ་དང༌། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་བྱེད། །ཅེས་པ་དང༌། ལས་ཚོགས་ཕྲིན་ལས་ཐམས་ཅད་འགྲུབ་པ་དང༌། །མཐར་ཐུག་རྒྱལ་བའི་སྐུ་ཐོབ་འགྱུར། །དེ་ཕྱིར་བསྐྱེད་རིམ་བརྟན་པོར་བསྒོམ། །གཉིས་པ་རྫོགས་པའི་རིམ་པ་ནི། །རྒྱལ་བའི་བཀའ་ཡི་དགོངས་པ་དང༌། །གྲུབ་ཐོབ་རྣམས་དང་པཎྚི་ཏས། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །ནཱ་རོ་མཻ་ཏྲིའི་བཀའ་སྲོལ་འཛིན། །མཚན་བཅས་མཚན་མེད་གཉིས་སུ་བཞེད། །དངོས་པོའི་གནས་སྐབས་གོང་དུ་གསུངས། །གནད་བཞིའི་རྟེན་འབྲེལ་འགྲིག་ཅེས་པ། །མཚན་བཅས་རྫོགས་རིམ་སྒོམ་དུས་སུ། །དེ་ལ་དུས་ཀྱི་གནད་བཤད་པ། །རྣམ་རྟོག་ཕྱོགས་མེད་འཕྲོ་དུས་སུ། །སེམས་ཀྱི་རྒྱལ་པོ་ལྟེ་བར་ཨ་ལ་གནས། །རླུང་གི་རྟ་ལ་སེམས་ཉིད་ཞོན་ནས་ནི། །འཁོར་འདས་གཉིས་ཀྱི་ལས་རྣམས་བྱེད་པར་འགྱུར། །རླུང་ནང་དུ་བཟུང་བས་རྣམ་རྟོག་འགགས། །

p. 131

དེ་ཡིས་ཡོན་ཏན་སྐྱེ་བ་ཡིན། །དེ་ཡི་དུས་གནད་བསྟན་པ་ནི། །ནངས་ནུབ་གུང་གཉིས་སྤང་བ་དང༌། །ཉི་ཟླ་གཟས་བཟུང་སྐྱུག་པའམ། །གཡོན་ན་རྒྱུ་ན་གཡོན་རྩ་མནན། །གཡས་ན་རྒྱུ་ན་གཡས་རྩ་མནན། །ཡང་ན་གོ་ལྡོག་སྦྱོར་བ་བྱ། །དེ་ཡིས་དྷཱུ་ཏིར་ཚུད་པ་ཡིན། །ཕོ་རླུང་རྡུལ་དང་མོ་རླུང་སྦྱང༌། །མ་ནིང་རླུང་ནི་རྟག་ཏུ་སྦྱང༌། །རྩུབ་འཇམ་མེད་པར་སྙོམས་པའོ། །ད་ནི་ལུས་ཀྱི་གནད་བཤད་པ། །བཞིའམ་དྲུག་ཏུ་ཤེས་པར་བྱ། །གཡས་གཡོན་སོ་སོར་རྒྱུ་བྱེད་ན། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །སྒོ་ལྔ་རྣམ་གྲོལ་ཕྱག་རྒྱས་བཅིང༌། །འོག་རླུང་དྲང་ཞིང་སྟེང་རླུང་མནན། །བུམ་པ་ཅན་གྱིས་སྣ་བུག་གཉིས་ནས་རྒྱུ། །ལུས་ཀྱི་གནད་ཀྱིས་དྷུ་ཏིར་གཞུག །ཡུལ་གནད་ལྟེ་འོག་གསང་གནས་སུ། །སེམས་ཀྱི་རྒྱལ་པོ་གནས་པའི་ཡུལ། །འབེན་ནུབ་ཏུ་བཞག་ནས་མདའ་ཤར་དུ་མི་འཕེན་པས། །དན་ཐོག་ཏུ་ནི་དན་བཞག་ལྟར། །ཤེས་པའི་གནད་ཀྱིས་དབབ་པ་ནི། །སྐྱེ་མེད་སྟོང་པ་ཨ་ལ་གཏད། །རྩ་ཁ་འབྱེད་པ་མེ་ལ་གཏད། །བདེ་དྲོད་རྟོག་མེད་འབར་འཛག་བསྒོམ། །གཞན་ཡང་དམིགས་པ་གང་གསལ་བསྒོམ། །རླུང་སྦྱོར་བཞི་ལྡན་ཞེས་པ་ནི། །དབུགས་ཀྱི་བཞི་ལྡན་མ་ཤེས་ན། །ཡོན་ཏན་ཐམས་ཅད་འབྱུང་བར་དཀའ། །དེ་ལ་སྦྱོར་བ་བཞི་ལྡན་ནི། །རྔུབ་དགང་གཞིལ་དང་མདའ་ལྟར་འཕང༌། །རྔུབ་པ་ཡིས་ནི་ནང་དུ་གཞུག །དགང་བ་ཡིས་ནི་རྒྱས་པར་བྱེད། །གཞིལ་བ་ཡིས་ནི་ཞི་བར་བྱེད། །མདའ་ལྟར་འཕངས་པས་སྐྱོན་རྣམས་སེལ། །སྲོག་དང་རྩོལ་བ་ལ་བརྟེན་ནས། །རླུང་གི་བྱེ་བྲག་དབུ་མར་ཚུད། །སྐད་ཅིག་དེ་ལ་གཏུམ་མོ་འབར། །ཡེ་ཤེས་བཙན་ཐབས་སྐྱེ་བའི་གནད། །ཉམས་དང་རྟོགས་པ་གཅིག་ཆར་སྐྱེས། །དེ་ཡིས་མཚན་བཅས་རྫོགས་རིམ་བཤད། །མཚན་མ་མེད་པའི་རྫོགས་རིམ་ནི། །རྗེ་བཙུན་མར་པའི་ཞལ་སྔ་ནས། །ནཱ་རོ་མཻ་ཏྲིའི་ཞབས་ལ་

p. 132

འདུད། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །དེ་ལ་རྫོགས་རིམ་བཞེད་པ་ཡིན། །རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་ཆོས་དྲུག་ནི། མི་མནོ། མི་བསམ། མི་དཔྱད། མི་སེམས། མི་སྒོམ་པ། སེམས་རང་བཞིན་དག་ཏུ་གནས་པའོ། །བླ་མ་རྣམས་ཀྱིས་ཉམས་སུ་བླངས། །བདག་གི་བླ་མའི་ཞལ་སྔ་ནས། །རྫོགས་རིམ་དཔག་མེད་གསུངས་ན་ཡང༌། །ཕྱག་རྒྱ་ཆེན་པོ་མཆོག་ཡིན་གསུངས། །རང་སེམས་ཕྱག་རྒྱ་ཆེན་པོ་དེ། །འཁོར་འདས་གཉིས་མེད་ཟུང་དུ་འཇུག །གདོད་ནས་རྣམ་དག་མངོན་དུ་འགྱུར། །སེམས་ཅན་སངས་རྒྱས་ཡིན་ན་ཡང༌། །སངས་རྒྱས་ཉིད་དུ་མ་མྱོང་བས། །སངས་རྒྱས་སེམས་ཅན་གཉིས་སུ་སྣང༌། །རྟོགས་ནས་ཉམས་སུ་མྱོང་བ་རྣམས། །རང་ཉིད་རྫོགས་པའི་སངས་རྒྱས་སུ། །འགྲོ་བའི་དོན་དུ་མངོན་སངས་རྒྱས། །མྱོང་རྟོགས་ཟུང་འཇུག་ལམ་གྱི་མཆོག །བསྒོམས་པས་ཡོན་ཏན་སྐྱེ་བ་ཡིན། །ཉམས་དང་ཡོན་ཏན་སྐྱེ་ཚུལ་ནི། །སྒོམ་ཆེན་རྣམས་ཀྱི་ཐུགས་ལ་འཆར། །དེ་ནི་ཇི་ལྟར་བསྒོམ་ཞེ་ན། །ཡུལ་ལ་བརྟེན་ཏེ་སྣང་སྟོང་བསྒོམ། །སྣང་བ་ལ་བརྟེན་སྣང་མེད་བསྒོམ། །ལུས་ལ་བརྟེན་ཏེ་བདེ་སྟོང་བསྒོམ། །ངག་ལ་བརྟེན་ཏེ་གྲགས་སྟོང་བསྒོམ། །སེམས་ལ་བརྟེན་ཏེ་རིག་སྟོང་བསྒོམ། །རྣམ་རྟོག་ལ་བརྟེན་རྟོག་མེད་བསྒོམ། །སྤྲོས་པ་ལ་བརྟེན་ཏེ་སྤྲོས་མེད་བསྒོམ། །གཉིས་པ་ལ་བརྟེན་ཏེ་གཉིས་མེད་བསྒོམ། །གཟུང་འཛིན་ལ་བརྟེན་ཏེ་འཛིན་མེད་བསྒོམ། །སྤང་བྱ་ལ་བརྟེན་ཏེ་གཉེན་པོ་བསྒོམ། །གཉེན་པོ་ལ་བརྟེན་ཏེ་སྤང་བྱ་བསྒོམ། །ཐོས་ཆུང་སྤང་བླང་མེད་པར་བསྒོམ། །བསྒྲུབ་བྱ་སྒྲུབ་བྱེད་ལ་བརྟེན་ནས། །གདོད་ནས་ལྷུན་གྱིས་གྲུབ་པར་བསྒོམ། །དངོས་དང་དངོས་མེད་ལ་བརྟེན་ནས། །གཉིས་མེད་ཟུང་འཇུག་ཆེན་པོར་བསྒོམ། །འཐོབ་བྱ་ཐོབ་བྱེད་ལ་བརྟེན་ནས། །འབྲས་བུ་ལྷུན་གྱིས་གྲུབ་པར་བསྒོམ། །དེ་ནི་ཕྱི་ཡི་སྒོམ་ལུགས་

p. 133

ཡིན། །བསྒོམས་པས་ཉམས་རྟོགས་སྐྱེས་པ་དང༌། །ནང་གི་ཉམས་སུ་བླང་ལུགས་ནི། །རྟོག་མེད་ཉམས་སུ་མྱོང་དུས་སུ། །འགོག་པའི་སྙོམས་འཇུག་བཞིན་དུ་བསྒོམ། །གསལ་བ་ཉམས་སུ་མྱོང་དུས་སུ། །ལག་པའི་མཐིལ་གྱི་གཏེར་བཞིན་བསྒོམ། །བདེ་བ་ཉམས་སུ་མྱོང་དུས་སུ། །གཞོན་ནུའི་བདེ་བ་བཞིན་དུ་བསྒོམ། །རྣམ་རྟོག་ཉམས་སུ་མྱོང་དུས་སུ། །ཆུ་ཉིད་ཆབ་རོམ་བཞིན་དུ་བསྒོམ། །གཡོ་བ་ཉམས་སུ་མྱོང་དུས་སུ། །རྒྱལ་པོའི་གཏིང་ཆུ་བཞིན་དུ་བསྒོམ། །སྣང་བ་ཉམས་སུ་མྱོང་དུས་སུ། །ནམ་མཁའི་འཇའ་ཚོན་བཞིན་དུ་བསྒོམ། །སྟོང་པ་ཉམས་སུ་མྱོང་དུས་སུ། །གཡའ་མེད་མེ་ལོང་བཞིན་དུ་བསྒོམ། །འོད་གསལ་ཉམས་སུ་མྱོང་དུས་སུ། །ཤེལ་གོང་དྲི་མེད་བཞིན་དུ་བསྒོམ། །ཟུང་འཇུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ཟླ་བ་བཞིན་དུ་བསྒོམ། །ཕུང་པོ་ཉམས་སུ་མྱོང་དུས་སུ། །རྒྱལ་བ་རིགས་ལྔ་བཞིན་དུ་བསྒོམ། །ཡུལ་ལྔ་ཉམས་སུ་མྱོང་དུས་སུ། །འཁར་གཞོང་ནང་གི་ཆུ་བཞིན་བསྒོམ། །སྒོ་ལྔ་ཉམས་སུ་མྱོང་དུས་སུ། །ཤིང་ལ་དྲི་མ་བཞིན་དུ་བསྒོམ། །ཉོན་མོངས་ཉམས་སུ་མྱོང་དུས་སུ། །དུག་ལ་སྔགས་བཏབ་བཞིན་དུ་བསྒོམ། །བདེ་སྡུག་ཉམས་སུ་མྱོང་དུས་སུ། །ཆུ་ཡི་ལྦུ་བ་བཞིན་དུ་བསྒོམ། །ཡོན་ཏན་ཉམས་སུ་མྱོང་དུས་སུ། །དབུལ་མོའི་ཁྱིམ་གྱི་གཏེར་བཞིན་བསྒོམ། །སྤང་བླང་ཉམས་སུ་མྱོང་དུས་སུ། །ནགས་ཚལ་མེ་ཆེན་བཞིན་དུ་བསྒོམ། །ལྟ་བ་ཉམས་སུ་མྱོང་དུས་སུ། །སྤྲིན་མེད་ནམ་མཁའ་བཞིན་དུ་བསྒོམ། །རྟོགས་པ་ཉམས་སུ་མྱོང་དུས་སུ། །བསམ་གཏན་རྡོ་རྗེ་བཞིན་དུ་བསྒོམ། །སྒོམ་པ་ཉམས་སུ་མྱོང་དུས་སུ། །ནོར་བུ་རིན་ཆེན་བཞིན་དུ་བསྒོམ། །སྤྱོད་པ་ཉམས་སུ་མྱོང་དུས་སུ། །རྒྱ་འབག་མིག་འཕྲུལ་བཞིན་དུ་བསྒོམ། །རྒྱུ་འབྲས་ཉམས་སུ་མྱོང་དུས་སུ། །བསླུ་བྱེད་ཐབས་ཤེས་བཞིན་དུ་བསྒོམ། །འབྲས་བུ་ཉམས་སུ་མྱོང་དུས་སུ། །

p. 134

རྫོགས་པའི་སངས་རྒྱས་བཞིན་དུ་བསྒོམ། །མདོར་ན་འཁོར་འདས་ཆོས་རྣམས་ཀུན། །ཐམས་ཅད་ཉམས་ཀྱི་སྣང་བར་བསྒོམ། །རྟོགས་པའི་ཡེ་ཤེས་བརྟན་ཙམ་ན། །ཐམས་ཅད་དག་པའི་སྣང་བར་བསྒོམ། །དེ་ལྟར་བསྒོམས་ན་ཐམས་ཅད་སྒོམ་དུ་འཆར། །འབྲས་བུ་མངོན་དུ་བྱེད་པ་ཡིན། །དེས་ན་མཚན་མ་མེད་པའི་རྫོགས་རིམ་བསྟན། །གསུམ་པ་གེགས་སེལ་བསྟན་པ་ནི། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །གཟུང་འཛིན་གཉིས་སྣང་འཁྲུལ་པ་ཡིས། །ཐར་པའི་ལམ་ལ་སྒྲིབ་པར་བྱེད། །དེ་ཡི་བསལ་ཐབས་བསྟན་པ་ནི། །ཆོས་རྣམས་སྤྱི་ཡི་བྱ་བས་སེལ། །ལམ་ལ་ཞུགས་པའི་གེགས་རྣམས་ནི། །སྤང་བླང་གཉིས་སུ་འཛིན་པ་ནི། །ལྟ་སྒོམ་གཉིས་ཀྱིས་སེལ་བར་བྱེད། །ཕྱི་ཡི་མི་དང་མི་མ་ཡིན། །ནང་གི་ཉོན་མོངས་རྣམ་རྟོག་བདུད། །ལྟ་སྒོམ་སྤྱོད་འབྲས་གཉིས་ཀྱིས་སེལ། །རྩ་རླུང་སྒོམ་པའི་གེགས་རྣམས་ནི། །འབྱུང་བཞི་སོ་སོ་རང་གིས་སེལ། །གང་གི་གཉེན་པོར་གང་འགྲོས་སེལ། །སྐྱོན་དང་གེགས་རྣམས་གང་བྱུང་ངོ༌། །དེ་རང་ཉིད་ལ་བརྟགས་ལ་བསྒོམ། །གཞན་ཡང་གཟེར་ལྔ་ཉོན་མོངས་གེགས་སེལ་དང༌། །ལམ་འབྲས་ནང་དུ་གསུངས་པས་ཆོག །དེ་དག་གིས་ནི་ལམ་གྱི་ཉམས་སུ་བླང་ཚུལ་བསྟན། །ཞི་དྲག་རླུང་གི་བྱེ་བྲག་ཅེས་པ་ནི། །དྲག་པོ་རྩུབ་རླུང་ཉོན་མོངས་སྐྱེད། །ཟག་བཅས་རླུང་གིས་འཁོར་བའི་ལས་རྣམས་བྱེད། །ཞི་བ་ཟག་མེད་རླུང་གིས་ནི། །མྱ་ངན་འདས་པའི་ལས་རྣམས་བྱེད། །ཕྱེ་ན་ཉི་ཁྲི་ཆིག་སྟོང་དང༌། །རྩ་བའི་རླུང་དང་ཡན་ལག་རླུང༌། །ཟག་བཅས་ཟག་མེད་ཡེ་ཤེས་རླུང༌། །རླུང་གི་བྱེ་བྲག་དུ་མ་རྣམས། །དབུ་མའི་ནང་དུ་ཚུད་ཙམ་ན། །ལས་ཀྱི་རླུང་དང་ཟག་བཅས་འགགས། །ཟག་མེད་རླུང་གིས་ཡོན་ཏན་སྐྱེ། །ཡེ་ཤེས་རླུང་གིས་འབྲས་བུའི་ཡོན་ཏན་སྐྱེ། །གནས་སྐབས་མཐར་ཐུག་འབྲས་བུ་ཡོན་

p. 135

ཏན་སྐྱེ། །ཞེས་པ་ནི། འབྲས་བུ་སྐྱེ་བའི་རིམ་པ་ཡིན། །གནས་སྐབས་ཀྱི་ནི་འབྲས་བུ་ལ། །རྔུབ་པའི་སྦྱོར་བས་ཞི་བའི་ལས་རྣམས་འགྲུབ། །དགང་བའི་སྦྱོར་བས་རྒྱས་པའི་ལས་རྣམས་འགྲུབ། །གཞིལ་བའི་སྦྱོར་བས་དབང་གི་ལས་རྣམས་འགྲུབ། །མདའ་ལྟར་འཕང་བས་མངོན་སྤྱོད་ལས་རྣམས་འགྲུབ། །དང་པོ་ཐ་མལ་དུས་སུ་ནི། །རྣམ་རྟོག་ཕྱོགས་མེད་འཕྲོ་དུས་སུ། །ཕོ་རླུང་དྲག་ཅིང་རྩུབ་པ་ལས་ཀྱི་རླུང༌། །ཉོན་མོངས་རྣམ་རྟོག་སྐྱེས་པ་སེམས་ཀྱི་བརྡ། །དལ་རྒྱུ་རིང་དུ་ནང་དུ་རྔུབ་ཙམ་ན། །ཉོན་མོངས་རྣམ་རྟོག་ཕྱོགས་མེད་འགགས། །ཐ་མལ་ལས་ཀྱི་རླུང་ནི་ཤ་ཤ་བོ། །ཕོ་རླུང་དྲག་ཅིང་རྩུབ་པ་རྣམས། །མོ་རླུང་བཞིན་དུ་ཐུལ་ཙམ་ན། །མ་ནིང་རླུང་གིས་སྙོམས་པར་སྦྱངས། །དེ་ཡིས་ཉོན་མོངས་རྣམ་རྟོག་ཞི། །བུ་ག་དགུ་ནས་རྒྱུ་བ་ཡི། །སྙིགས་མ་ཡི་ནི་རླུང་རྣམས་འགགས། །ཁམས་དགུ་དྭངས་སྙིགས་ཕྱེ་ནས་ཡོང༌། །སེམས་ཉིད་བདེ་གསལ་མི་རྟོག་སྐྱེ། །ཐ་མལ་དངོས་འཛིན་ཐམས་ཅད་འགགས། །རྩ་རླུང་གཉིས་ཀྱི་རྟེན་འབྲེལ་གྱིས། །ལུས་ལ་བདེ་དྲོད་སྐྱེ་བ་ཡིན། །སྐྱོན་དང་གེགས་རྣམས་ཕྲ་བ་ཞི། །ཡེ་ཤེས་མྱུ་གུ་སྐྱེ་བ་ཡིན། །རླུང་གིས་རྩ་གནས་ཁེངས་ཙམ་ན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་རྒྱས། །སྐུ་ཡི་སྒོ་དགུ་འགགས་ཞེས་བྱ། །ཟག་བཅས་རླུང་རྣམས་ཞི་བ་དང༌། །ཟག་མེད་བདེ་སྟོང་ཆེན་པོ་སྐྱེ། །ལུས་སེམས་གཉིས་ལ་བདེ་བ་རྒྱས། །སྣང་བ་ཐམས་ཅད་བདེ་བར་འཆར། །ཡོན་ཏན་ཆོས་རྣམས་རྒྱས་པར་འོང༌། །གཞིལ་བ་ཡི་ནི་སྦྱོར་བ་ཡི། །རླུང་མི་ཐུབ་ཕྱིར་ལ་གཞིལ་བ་ཡིས། །དབུ་མའི་ནང་དུ་ཚུད་ཙམ་ན། །རྐྱེན་དང་གེགས་དང་མི་མཐུན་སོགས། །བདེ་སྟོང་ལྷན་ཅིག་སྐྱེས་པ་ཡིས། །ཐམས་ཅད་ཡོན་ཏན་ཕྱོགས་སུ་བསྡུས། །མདའ་ལྟར་འཕང་བའི་སྦྱོར་བ་ཡིས། །རླུང་གི་སྐྱོན་རྣམས་སེལ་བར་བྱེད། །དཔེར་ན་དབྱར་ཁ་ཚད་པ་ལ། །

p. 136

རླུང་བྱུང་བས་ནི་ཕན་པ་ལྟར། །ཟག་མེད་རླུང་གི་སྦྱོར་བ་ཡིས། །སྐྱོན་དང་གེགས་རྣམས་དེ་ཡིས་སེལ། །དེ་ཡིས་མངོན་སྤྱོད་ཕྲིན་ལས་འགྲུབ། །རླུང་སྦྱོར་ནུས་པ་འགྲིག་པ་ཡི། །ཡི་གེའི་གནས་སུ་རླུང་སེམས་འདུས། །རིགས་དྲུག་འཁོར་བའི་ཡི་གེ་དང༌། །ཡི་གེའི་སྐྱོན་རྣམས་འདག་པ་ཡིན། །འབྱུང་བཞི་རླུང་གིས་དྭངས་སྙིགས་འབྱེད། །རླུང་གི་སྐྱོན་རྣམས་དག་ཙམ་ན། །གསུང་གི་སྒོ་བཞི་འགག་ཅེས་བྱ། །སོ་སོ་ཡང་དག་རིག་པ་བཞི། །ངག་གི་དབང་ཕྱུག་འགྲུབ་པ་ཡིན། །ཨ་ལི་ཀ་ལིར་མངའ་བརྙེས་པ། །རིགས་དྲུག་སོ་སོའི་སྐད་དུ་ནི། །གསུང་དབྱངས་དྲུག་ཅུ་ཆོས་ཀྱི་སྒྲ། །ཐམས་ཅད་སྐད་དུ་ཆོས་གསུང་ནུས། །རླུང་སེམས་གཉིས་ལ་དབང་ཐོབ་པས། །གཟུང་འཛིན་གཉིས་སྤང་བག་ཆགས་འགགས། །ཡེ་ཤེས་ལྔ་དང་ལྡན་པ་དང༌། །ཐུགས་ཀྱི་སྒོ་གཉིས་བྱེ་བ་ཡི། །ཡེ་ཤེས་གཉིས་ཀྱིས་ཐམས་ཅད་མཁྱེན། །ཐུགས་ལ་དཔལ་བེའུ་དང་ལྡན་ཞིང༌། །ཞལ་ལ་མཛོད་སྤུས་བརྒྱན་པ་ཡི། །ཐུགས་ཀྱི་སྒོ་གཉིས་དབྱེ་ཞེས་བྱ། །ཐིག་ལེའི་གནས་སུ་རླུང་སེམས་འདུས། །ཐིག་ལེའི་དྭངས་སྙིགས་འབྱེད་པ་དང༌། །ཐིག་ལེའི་སྐྱོན་རྣམས་དག་པ་དང༌། །ཟག་མེད་བདེ་བ་རྒྱས་པ་དང༌། །འོད་གསལ་ཆོས་སྐུ་མངོན་དུ་བྱེད། །ཀུན་གཞི་རང་བཞིན་རྣམ་དག་པས། །དབུ་ཡི་གཙུག་ཏོར་ཐིག་ལེ་བརྟན། །ལམ་གྱི་དུས་ཀྱི་ཡོན་ཏན་རྣམས། །གནས་སྐབས་འདི་ཡི་འབྲས་བུར་བཞེད། །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །རང་ཉིད་རྫོགས་པའི་སངས་རྒྱས་སུ། །འགྲོ་བའི་དོན་དུ་མངོན་སངས་རྒྱས། །དེ་ནི་མཐར་ཐུག་འབྲས་བུ་ཡིན། །རྗེས་ལ་བཟོད་གསོལ་ཞེས་པ་ནི། །གསང་སྔགས་ཟབ་མོའི་ཚིག་དོན་རྣམས། །འགྲོ་བའི་དོན་དུ་ཡི་གེར་བཀོད། །སྣོད་མིན་གསང་བ་བསྒྲགས་པ་དང༌། །ཚེ་འདིའི་འཁྲི་བ་མེད་ན་ཡང༌། །གོང་འོག་སྒྲ་དོན་འགལ་བ་དང༌། །ཉེས་པའི་

p. 137

ཚོགས་རྣམས་ཅི་མཆིས་པ། །བླ་མ་ཡི་དམ་དཔའ་བོ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། །མི་མཉེས་གྱུར་པ་བཟོད་པར་གསོལ། །དུས་གསུམ་བསགས་ཡོད་དགེ་བ་རྣམས། །འཁོར་འདས་གཉིས་ཀྱི་དགེ་བ་དང༌། །ཆོས་འདི་བརྩམས་པའི་དགེ་བ་ཡིས། །བདག་གཞན་སངས་རྒྱས་ཐོབ་པར་ཤོག །སྨོན་ལམ་བཀྲ་ཤིས་ཞེས་པ་ནི། །བདག་གང་དུ་སྐྱེས་པའི་གནས་རྣམས་སུ། །ཕྱི་ནང་འཚེ་བ་མེད་པ་དང༌། །སངས་རྒྱས་བསྟན་པ་དར་བ་དང༌། །དགོས་འདོད་ཕུན་སུམ་ཚོགས་པར་ཤོག །དལ་འབྱོར་མི་ལུས་ཐོབ་པ་དང༌། །དགེ་བའི་བཤེས་དང་མཇལ་བ་དང༌། །དམ་ཆོས་ཚུལ་བཞིན་སྤྱད་ནས་ཀྱང༌། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བདག་གང་དུ་འདུག་པའི་གནས་རྣམས་སུ། །ལོངས་སྤྱོད་ཆོས་དང་མཐུན་པ་དང༌། །དག་པའི་འཁོར་གྱིས་བསྐོར་བ་དང༌། །འགྲོ་བ་རྣམས་ཀྱི་དཔལ་དུ་ཤོག །བདག་ལ་བརྟེན་པའི་སེམས་ཅན་རྣམས། །ཐེག་པ་ཆུང་ངུའི་སྒོར་ཞུགས་ནས། །སྡོམ་པ་ཚུལ་བཞིན་བསྲུང་བ་དང༌། །དམ་ཆོས་ཚུལ་བཞིན་སྤྱད་པ་ཡིས། །ཟག་མེད་འབྲས་བུ་ཐོབ་པར་ཤོག །ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །བྱང་ཆུབ་སེམས་མཆོག་སྤྱད་པ་དང༌། །བདག་མེད་གཉིས་ཀྱི་དོན་རྟོགས་ནས། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །ཚེ་འདིར་སངས་རྒྱས་ཐོབ་པར་ཤོག །བདག་མཐོང་ཐོས་དྲན་དང་རེག་པ་དང༌། །བདག་གིས་མཐོང་ཐོས་དྲན་པ་དང༌། །བདག་ལ་ཞབས་ཏོག་བྱས་པ་རྣམས། །ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །ཞིང་ཁམས་རྣམ་པར་དག་པ་རུ། །འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས། །ཆོས་ཀྱི་འཁོར་ལོ་བསྐོར་བྱས་ནས། །འགྲོ་བའི་དོན་དུ་སངས་རྒྱས་ཤོག །བདག་དང་མཐའ་ཡས་སེམས་

p. 138

ཅན་གྱིས། །ལུས་ངག་ཡིད་གསུམ་ཆོས་རྣམས་ལ། །འཁོར་འདས་གཉིས་ཀྱི་ཡོན་ཏན་རྣམས། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཞི། །བླ་མ་ཡི་དམ་རྒྱལ་བ་སྲས་བཅས་དང༌། །མཁའ་འགྲོ་ཆོས་སྐྱོང་མཐུ་ལྡན་གྱིས། །ལུས་ངག་ཡིད་གསུམ་བྱ་བ་གང༌། །བཀྲ་ཤིས་བདེ་ལེགས་བྱིན་གྱིས་རློབས། །ཞིང་ཁམས་རྣམ་པར་དག་པ་དང༌། །འཁོར་དང་ལོངས་སྤྱོད་འཕེལ་བ་དང༌། །དགྲ་བགེགས་རྩུབ་འཁྲུགས་མེད་པ་དང༌། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ལུས་མཚན་དང་དཔེ་བྱད་ཀྱི་བཀྲ་ཤིས་ཤོག །ངག་གསུང་དབྱངས་དྲུག་ཅུའི་བཀྲ་ཤིས་ཤོག །སེམས་ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག །རྩ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །རླུང་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག །ཐིག་ལེ་ངོ་བོ་ཉིད་སྐུའི་བཀྲ་ཤིས་ཤོག །རྒྱུད་ཟག་མེད་བདེ་བའི་བཀྲ་ཤིས་ཤོག །འབྲས་བུ་སངས་རྒྱས་ཀྱི་བཀྲ་ཤིས་ཤོག །ཡུལ་ལ་མཚན་གསོལ་ཟླ་ཀླུང་དུ། །དུས་ཁོམ་དུས་བྲིས་པའི་གཏམ་སྡོམ་དུ། །དགོས་འདོད་ཐམས་ཅད་འབྱུང་བའི་གནས། །དོན་ནོར་བུ་རིན་ཆེན་ལྟ་བུ་ཡི། །སྐྱེ་མེད་ཨ་ཐུང་གཏུམ་མོའི་གནད། །རང་བཞིན་བདེ་སྐྱིད་འབྱུང་བ་ཡི། །ཆོས་འདི་ཇི་སྲིད་འཁོར་བ་ཡི། །རྒྱ་མཚོ་ཆེན་པོ་སྟོངས་པར་མ་གྱུར་གྱི། །བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་ནས་ཀྱང༌། །ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །བླ་མ་རིན་པོ་ཆེའི་མཆོག་གི་གཏུམ་མོའི་ལམ་གསལ་བར་སྟོན་པ་སྒྲོན་གསལ་ཞེས་བྱ་བ་ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།། །།

འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་འཇམ་མགོན་ས་སྐྱ་པཎྚི་ཏ་ལ་གདམས་པའི་གཏུམ་མོའི་རྟོགས་ཆོས།

p. 139

༄༅། །འགྲོ་བའི་མགོན་པོ་ཏི་ཤྲི་སངས་རྒྱས་རས་ཆེན་གྱི་གསུང་འཇམ་མགོན་ས་སྐྱ་པཎྚི་ཏ་ལ་གདམས་པའི་གཏུམ་མོའི་རྟོགས་ཆོས་བཞུགས་སོ། །
༄༅། །ན་མོ་གུ་རུ། ཡོངས་ཀྱི་དག་པ་དགེ་བའི་བཤེས་གཉེན་པ་ཆེན་པོ་ས་སྐྱ་པའི་སྤྱན་སྔར་ཞུ་བ། ཐུགས་དམ་དང་གཞན་དོན་འཕེལ་ཞིང་སྐུ་ཁམས་བདེ་བར་བཞུགས་མཆིས། དེ་ལ་སེམས་པ་དགའ། སླད་དོན་ལ། དགེ་བའི་བཤེས་གཉེན་པས། བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྐུ་དང༌། སྨན་བཟང་དྲུག་དང་འབུལ་བ་རྒྱ་ཆེན་པོ་བསྐུར་ནས་བྱུང༌། དེ་ཤིན་ཏུ་ཕྱག་བྱེད་བཟང༌། དཔེར་ན་རྒྱ་མཚོ་ཆེན་པོ་ཆུས་མི་ངོམས་པ་ལྟར། དགེ་བའི་བཤེས་གཉེན་པ་ཆོས་ཀྱི་བདག་པོ་ཡིན་ཡང༌། ཆོས་ཚིག་གཅིག་གཉིས་བསྐུར་གསུངས་པ་ཡིན། གསུང་མི་གཅོག་པས་རང་ལ་ཉམས་མྱོང་དང་རྟོགས་པ་ནི་མེད་དེ། བླ་མའི་གསུང་ཉམས་སུ་བླངས་པས་མྱོང་བའི་ཚིག་ཡ་ཟུང་ཞིག་སྙན་དུ་འབུལ་བ་ལགས། དེ་ལ་གཏུམ་མོའི་ཉམས་མྱོང་ཇི་ལྟར་སྐྱེས་པ་ཞིག་བསྐུར་གསུངས་པ་ལ། བླ་མ་རིན་པོ་ཆེ་ནཱ་རོ་པས། དངོས་པོའི་གནས་ཐབས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་ལས། དང་པོ་ལ་ལུས་སེམས་གཉིས། ལུས་དངོས་པོའི་གནས་ཐབས་མའི་མངལ་དུ་ཞུགས་ནས། ཞག་བདུན་ཕྲག་བཞི་ནས་རྩ་མདུད་ཆགས། དེ་ཕྱིན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། བསྡུ་ན་རྩ་གསུམ་འཁོར་ལོ་བཞི་ཡི་བདག་ཉིད་ཅན་དུ་གསུངས། ལུས་སྤྱི་ཡང་རྩ་ཐམས་ཅད་ཡི་གེའི་

p. 140

གཟུགས་སུ་ཆགས་པ་ཡིན་ནོ། །སེམས་དངོས་པོའི་གནས་ཐབས། རིག་པ་དང་སྟོང་པ་དབྱེར་མེད་དུ་ལུས་ལ་གནས། ཁྱད་པར་དུ་དུས་ཐམས་ཅད་དུ་ལྟེ་བ་ན་ཨ་ལ་གནས། གཉིད་འཐུག་པོའི་དུས་སུ་སྙིང་གའི་ཧཱུྃ་ལ་གནས། རྨི་ལམ་གྱི་དུས་སུ་མགྲིན་པའི་ༀ་ལ་གནས། འཁྲིག་པ་སྤྱོད་པའི་དུས་སུ་སྤྱི་བོའི་ཧཾ་ལ་གནས། དེ་ལྟར་ཡང་ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པས། ལམ་གྱི་གནས་ཐབས་གནད་ལྔས་ཉམས་སུ་བླང་བ་ནི། དུས་ཀྱི་གནད་ནམ་མ་ལངས་པ་ཕན་ཕུན་དང༌། མུན་རག་རུག་དང༌། ཉི་མའི་གུང༌། ནམ་གྱི་གུང་སྤངས་ལ་དུས་ཐམས་ཅད་དུ་བསྒོམ། ལུས་ཀྱི་གནད་ལྔའམ་དྲུག །ཡུལ་གྱི་གནད་ལྟེ་བ། རླུང་གི་གནད་སྦྱོར་བ་བཞི་ལྡན་དུ་བྱས། ཤེས་པའི་གནད་དང་པོ་མ་ལས་ཐོབ་པའི་ཁྲག་གི་གཏུམ་མོའོ། །དེ་ནས་ཨ་ཐུང༌། དེ་ནས་གཏུམ་མོའི་མེ། དེ་ནས་ཐིག་ལེ་འབར་འཛག །དེ་ནས་ཐིག་ལེ་ཉ་གང་བ། དེ་དག་ནི་མཚན་བཅས་ཀྱི་དམིགས་པའོ། །དེ་ནས་རླུང་ཕྱག་རྒྱ་ཆེན་པོ་ལ་བསླབ། འབྲས་བུ་སྐྱེ་བའི་རིམ་པ་ནི། རྟགས་ལྔ་དང་ཕན་ཡོན་བརྒྱད་དང༌། གཞན་ཡང་རྩ་དང་ཡི་གེ་གར་གནས་པར་རླུང་སེམས་འདུས་ན་ཡོན་ཏན་འདི་འབྱུང་དང་འདི་མི་འབྱུང་བྱ་བ་མེད་པའོ། །མཐར་ཐུག །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་པས། འབྲས་བུ་ཡན་ལག་བདུན་ལྡན་ནོ། །བདག་གིས་ཉམས་སུ་བླངས་པ་ལ། ལུས་ཀྱི་གནད་དང༌། རླུང་གི་སྦྱོར་བ་དང༌། སེམས་ཀྱི་དམིགས་པ་གསུམ། དེ་གསུམ་ལུས་ཀྱི་འཁྲུལ་འཁོར་དམ་པར་བྱས། ཁྱད་པར་དུ་འོག་སྒོ་འཐེན་ནས་འཁྲུལ་འཁོར་བཅས་ནས། བདེ་དྲོད་སྐྱེ་མྱུར་བ་དང༌། ཐིག་ལེ་ཕྲ་མོ་མི་ཉམས། ཐིག་ལེ་གྱེན་དུ་འདྲོངས་པར་འདུག །རླུང་འཛིན་པ་དང༌། ཐིག་ལེ་འཕེལ་བ་དང་

p. 141

བརྟན་པར་མ་བྱས་ན། ཡོན་ཏན་མི་སྐྱེ་བར་སྣང༌། བདེ་བ་དང་གསལ་བ་ཡང༌ཐིག་ལེ་བརྟན་པ་ལས་འབྱུང་བར་འདུག །སེམས་ཀྱི་རྟོག་པ་དྭངས་པ་ཡང་ཐིག་ལེ་བརྟན་པ་ལས་འབྱུང་བས། རླུང་གི་སྦྱོར་བ་འདི་གལ་ཆེ་བར་གདའ། རླུང་རྔུབ་པ་དང་འཛིན་པ་མ་ཡག་ན་སྐྱོན་ཐམས་ཅད་དེ་ལས་འབྱུང༌། རླུང་འཛིན་ཤེས་པ་གལ་ཆེ་བར་གདའ། རླུང་བསྡུས་ནས་འཛིན་པའི་རང་བཞིན་ཡིན་ཡང༌། འོག་རླུང་འཐེན་ན་རྒྱུ་ཞབས་སྒལ་པ་ལ་ཅར་གྱིས་བྱས་ནས་མཉམ་བཞག་གི་ཕྱག་རྒྱས་རྩ་གསུམ་གྱི་མདུད་པ་ཡར་ལོན་པར་བྱ། མ་ལོན་ཡར་རྩ་གནོན་པར་བྱས་ཏེ་རླུང་ཤེད་ཀྱིས་མནན་དྲངས་ནང་དུ་ཀུངས་ཀྱིས་བྱས་ཕོ་བ་དང་ལྟེ་བ་གཉིས་ཕྱིར་འབུད་ཀྱིས་བྱས་ནས་རླུང་བཟུང་བས་ཡུན་རིང་བར་ཐུབ་པ་དང༌། རླུང་དབུ་མར་ཚུད་པའི་རྟགས་འོང་བར་འདུག །ལུས་ཀྱི་འཁྲུལ་འཁོར་དང་རླུང་གི་སྦྱོར་བ་གཉིས་གནད་དུ་ཕོག་ན། སེམས་ཀྱིས་དམིགས་པ་ཡང་མ་གསལ་ན་མི་ལྟོ་སྟེ། འོ་ན་ཡང་མདའ་འཕེན་པ་ལ་དམིགས་པ་དང་འདྲ་བས་དམིགས་པ་གསལ་བར་བསྒོམ། དེ་གསུམ་འཛོམས་ན་རླུང་སྒོ་གང་འདོད་ལ་དྲོངས་པ་དང༌། རྩ་གནས་སུ་ཡི་གེ་གང་གནས་པའི་སར་རླུང་སེམས་འདུས་པའི་རྟགས་ཇི་ལྟ་བ་བཞིན་དུ་ཐོན་པ་ནི་དུ་མ་བྱུང་སྟེ། རླུང་བཟུང་ནས་ཐིག་ལེ་བརྟན་ནས་བདེ་གསལ་མི་རྟོག་པ་གསུམ་གྱི་ཉམས་ཀྱང་རྩ་གནས་གང་དུ་གཏད་ནས་རླུང་བཟུང་ན། གང་ལྟར་འདོད་པའི་རྟེན་འབྲེལ་འགྲིགས་ནས་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བར་འདུག །ཕྱི་ཡི་ཕྲིན་ལས་འདོད་པ་དེ་ཕྱི་ནང་རྟེན་འབྲེལ་མཐུན་པར་འབྱུང་བ་དང༌། སེམས་རིག་པ་འདི་ཡང་ལྷང་ལ་ཕྱུང་ནས། ཁོ་རང་གི་ངོ་བོ་དེ་ཡང་ཇི་ལྟ་བ་བཞིན་དུ་མཐོང་བའི་རྟོགས་པ་སྐྱེ་བར་གདའ། མ་ཡེངས་ན་ཆོས་ཐམས་ཅད་སེམས་ཡིན། ཕྱི་ཡི་ཡུལ་མེད་བྱས་ཀྱང་སྣང་བ་དང་འདྲེས་ནས་ཇི་
ལྟར་རང་སྣང་སེམས་འདི་གཅིག་པུ་ཡིན་པར་མྱོང་བ་དེ་དཀའ་བར་གདའ་བས། རྟོག་པ་དང་སྣང་བ་དང་ལུས་དང་གསུམ་གྱི་རྒྱ་འདི་ཡང་རིག་པ་དྭངས་ཤིང་རླུང་སེམས་གཉིས་ལ་དབང་ཐོབ་ན་དེས་ཆོག་གམ་སྙམ། དེས་ན་རླུང་གི་སྦྱོར་བ་འདི་གལ་ཆེ། རླུང་སྐྱོན་དང་གེགས་ཅི་བྱུང་ཡང་དེ་རང་ལ་ལྷག་པར་ཤེས་པ་འབྲུ་ཚུགས་སུ་གཏད་ཅིང་རླུང་དྲག་ཏུ་བཟུང་ན། གཉེན་པོ་གཞན་སྒོམ་མི་དགོས། ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་རླུང་བསྒོམ་མི་དགོས་ཟེར་ཡང་སེམས་ཀྱི་རྟ་རླུང་ཡིན། རང་སེམས་རྣམ་པར་དག་པ་ལ་དྲི་མ་སྦྱང་བྱ་དང་སྦྱོང་བྱེད་གང་ཡང་མེད་ཟེར་བ་སྣང་སྟེ། རླུང་སེམས་རྟེན་འབྲེལ་འགྲིགས་ན་རིག་པ་དྭངས་པར་སྣང༌། རིག་པ་དྭངས་པ་འདི་ལས་ཆོས་ཀྱི་སྐུ་བྱ་བ་ལོགས་ན་མེད། རྩ་དང་ཡི་གེ་རླུང་འདི་ཚོ་རྟེན་འབྲེལ་འགྲིག་ན་ཕྲིན་ལས་དང་ཡོན་ཏན་དང༌། གཟུགས་སྐུ་ལ་སོགས་པ་འདི་རང་ལས་ལོགས་ན་མི་གདའ། ས་སྐྱ་པ་ལ་གདམས་པ། ༧ ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།། །།དགེའོ།།

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད། བློ་གྲོས་རྒྱལ་མཚན།

p. 142

༄༅། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་བཞུགས་སོ། །
༄༅། །ན་མོ་གུ་རུ། གཞི་ཡི་སངས་རྒྱས་ཀུན་གཞིའི་ཡེ་ཤེས་མཆོག །ལམ་གྱི་སངས་རྒྱས་ལམ་བདེན་འདུས་མ་བྱས། །འབྲས་བུའི་སངས་རྒྱས་བྲལ་འབྲས་ཆོས་ཀྱི་སྐུ། །མཁའ་ཁྱབ་ཕྱག་རྒྱ་ཆེ་ལ་ཕྱག་འཚལ་ཏེ། །ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་དེ། །ཡན་ལག་དྲུག་སྒོམ་སོ་སོ་རང་རིག་ཚེ། །མངོན་དུ་གྱུར་པའི་ཉམས་མྱོང་འོད་གསལ་རྣམས། །དོན་དམ་

p. 143

སེམས་སུ་ངོ་སྤྲོད་བྱ་རྒྱུ་ཡིན། །དང་པོ་འཁོར་འདས་སེམས་སུ་ཐག་བཅད་ཅིང༌། །ཀུན་གཞི་ཡེ་ཤེས་རྣམ་ཤེས་ཤན་ཕྱེ་ནས། །ཡང་དག་ཡང་དག་མིན་པའི་སྣང་བ་གང༌། །ལེགས་པར་ཕྱེ་སྟེ་སེམས་ངོ་སྤྲོད་དགོས་སོ། །དཔལ་ལྡན་བླ་མའི་གདམས་ངག་ཁྱད་པར་ཅན། །བདེན་གཉིས་འབྱེད་པའི་རྣམ་དབྱེ་ལ་མཁས་པས། །ལས་སྣང་འོད་གསལ་སྣང་བ་མ་འདྲེས་པར། །སོ་སོར་ཕྱེ་ཞིང་སེམས་ངོ་སྤྲད་འཚལ་ལོ། །བདེ་དང་སྡུག་བསྔལ་སྐྱོན་དང་ཡོན་ཏན་དང༌། །འཁོར་འདས་བདེན་གཉིས་དག་དང་མ་དག་སོགས། །རྣམ་པར་ཕྱེ་ནས་སེམས་ངོ་སྤྲོད་ལགས་ཀྱི། །ཉམས་མྱོང་ཅན་ཁྱོད་རྩེ་གཅིག་ཡིད་ཀྱིས་ཉོན། །གསུམ་པ་ཉམས་སུ་མྱོང་བ་འོད་གསལ་གྱི་ངོ་སྤྲོད་གང་ཡིན་པ་ལ་གསུམ་སྟེ། བདེན་གཉིས་འབྱེད་དགོས་པའི་རྒྱུ་མཚན་དང༌། ཕྱེ་བ་བདེན་གཉིས་ཀྱི་རང་བཞིན་དང༌། ཕྱེ་ནས་སོ་སོར་ངོ་སྤྲད་པའོ། །
དང་པོ་བདེན་གཉིས་འབྱེད་དགོས་པའི་རྒྱུ་མཚན་ནི། དུས་འཁོར་རྩ་རྒྱུད་དང༌། དབུ་མ་རྩ་ཤེས་གཉིས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་པའི་དོན་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཆོས་ཇི་སྙེད་བསྟན་པ་དེ་སྙེད་བདེན་པ་གཉིས་ལ་བརྟེན་ནས་བསྟན་པ་ཡིན་ལ། དེ་ཡང་ཀུན་རྫོབ་ལ་བརྟེན་ནས་ཀུན་རྫོབ་ཀྱི་ཆོས་ཇི་སྙེད་པ་བསྟན་ཅིང༌། དོན་དམ་ལ་བརྟེན་ནས་དོན་དམ་གྱི་ཆོས་ཇི་སྙེད་པ་བསྟན་པའོ། །དེ་ལ་ཀུན་རྫོབ་བདེན་པའི་མཚན་ཉིད་ནི་ཀུན་རྫོབ་ཏུ་མི་བསླུ་བའི་ཆོས་དང། དོན་དམ་བདེན་པའི་མཚན་ཉིད་ནི་དོན་དམ་དུ་མི་བསླུ་བའི་ཆོས་

p. 144

ཉིད་དོ། །གང་དག་བདེན་པ་འདི་གཉིས་ཀྱི་དབྱེ་བ་འདི་ལྟར་མི་ཤེས་པ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པའི་གསུང་རབ་ཟབ་མོའི་དྲང་དོན་ངེས་དོན་མི་ཤེས་སོ། །ཞེས་པའོ། །བདེན་གཉིས་ཀྱི་དབྱེ་བ་ཤེས་པའི་དགོས་པ་ནི། དབུ་མ་བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་པའི་དོན་བདེན་གཉིས་ཀྱི་དབྱེ་བ་ཤེས་ན་གནས་སྐབས་སུ་སངས་རྒྱས་ཀྱི་བཀའ་ལ་མི་རྨོངས་ཤིང༌། ཚོགས་གཉིས་མ་ལུས་པར་བསགས་ནས་མཐར་ཐུག་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཕ་རོལ་རྫོགས་པའི་སངས་རྒྱས་ཐོབ། ཅེས་པའོ། །དེ་ལྟར་བདེན་གཉིས་ཀྱི་རྣམ་དབྱེ་བྱས་ནས། ལས་དང་པོ་པ་ལ་ཀུན་རྫོབ་ཀྱི་ཐ་སྙད་དགོས་ཏེ། དབུ་མ་རྩ་ཤེས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་སྟེ། མཐར་ཐུག་གི་ཆེད་དུ་གཉེར་བྱ་དོན་དམ་བདེན་པ་ཀུན་གཞི་ཡེ་ཤེས་ཡིན་པའི་ཕྱིར། དོན་དམ་པར་ཆོས་དབྱིངས་ཡེ་ཤེས་འདི་ཡོད་པར་ཡིད་ཆེས་པར་བྱའོ། །སྤྱིར་ཆོས་ཐམས་ཅད་བདེན་གཉིས་སུ་དབྱེ་ཞིང་། ཁྱད་པར་རྒྱུད་སྡེ་རྣམས་སུ་བསྐྱེད་རིམ་དང་རྫོགས་རིམ་དུ་ཕྱེ་ནས་ཤེས་དགོས་ཏེ། དུས་འཁོར་རྩ་རྒྱུད་ལས། རྡོ་རྗེ་ཅན་དག་བསྟན་པ་ནི། །རིམ་པ་གཉིས་ལ་ཡང་དག་བརྟེན། །གཅིག་ནི་བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་པ་དང་། བརྟག་གཉིས་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་པའི་དོན་ནོ། །
གཉིས་པ་ཕྱེ་བ་བདེན་གཉིས་ཀྱི་རང་བཞིན་ནི། ཐོག་མར་ཆོས་ཐམས་ཅད་སེམས་སུ་

p. 145

ཐག་ཆོད་དགོས་ཏེ། ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་བཏགས་པ་ལྟར། །ཕྱི་རོལ་གྱི་ནི་དོན་མེད་དོ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་བྱུང། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་དང་། ཕལ་ཆེན་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཐམས་ཅད་སེམས་ཀྱིས་བྲིས། །ཞེས་པ་དང་། སྤྱན་རས་གཟིགས་རྣམ་པར་རོལ་པའི་མདོ་ལས། སྤྱན་རས་གཟིགས་ཀྱིས་གསོལ་པ། འོ་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་སེམས་ཀྱི་ལམ་ནས་འགྲོ་བ་ལགས་སམ། བཀའ་བསྩལ་པ། ལམ་སྲོལ་ཆེན་པོར་རྒྱལ་པོ་དང༌། །སྤྲང་པོ་ལ་སོགས་ཀུན་འགྲོ་ལྟར། །སེམས་ཀྱི་རྒྱ་ལམ་ཆེན་པོ་ནས། །སེམས་ཅན་དང་ནི་སངས་རྒྱས་ཀུན། །རྒྱ་ལམ་དེ་ནས་འགྲོ་བ་ཡིན། །དེས་ན་རྣལ་འབྱོར་སྤྱོད་པ་ཡིས། །སེམས་ཀྱི་ལམ་ལ་ནན་ཏན་བྱ། །ཞེས་པ་དང༌། ཏིང་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་བུ་མོའི་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། དྲི་མེད་འོད་དང་། རྡོར་སྙིང་འགྲེལ་པར་མདོ་དྲངས་པ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་པ་དང༌། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སེམས་ཅན་མེད་ཅིང་སངས་རྒྱས་མེད། །ཅེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། བྱང་ཆུབ་སེམས་འགྲེལ་དུ། གཟུང་དང་འཛིན་པའི་ངོ་བོ་ཡིས། །རྣམ་ཤེས་སྣང་བ་གང་ཡིན་པ། །རྣམ་ཤེས་ལས་ནི་ཐ་དད་པར། །ཕྱི་རོལ་དོན་ནི་འགའ་ཡང་མེད། །དེ་ཕྱིར་དངོས་པོའི་ངོ་བོར་ནི། །རྣམ་ཤེས་སོ་སོར་སྣང་བ་འདི། །གཟུགས་ཀྱི་རྣམ་པར་

p. 146

སྣང་བར་འགྱུར། །ཇི་ལྟར་སྐྱེ་བོ་སེམས་རྨོངས་པས། །སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་ལ་སོགས་མཐོང་བ་ལྟར། །དེ་བཞིན་གཟུགས་སོགས་སྣང་བ་ཡིན། །བདག་ཏུ་འཛིན་པ་ཟློག་པའི་ཕྱིར། །ཕུང་པོ་ཁམས་སོགས་བསྟན་པ་ཡིན། །སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤངས། །ཞེས་པ་སྣང་བ་ཐམས་ཅད་སེམས་ཙམ་ཡིན་པ་ལ་གནས་ནས་ཕུང་སོགས་ཕྱི་རོལ་གྱི་དོན་ཡིན་པ་དེ་ཡང་སྤངས་ཞེས་པའི་དོན་ནོ། །སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་དང༌། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་ལས། སྣ་ཚོགས་སེམས་ཀྱི་སྒྱུ་མ་མཁན། །ཞེས་པ་ལ་སོགས་པ་ཆོས་ཐམས་ཅད་སེམས་སུ་སྟོན་པའི་ལུང་དཔག་ཏུ་མེད་དེ་ཡི་གེ་མང་བར་འགྱུར་བས་སྤྲོས་པས་ཆོག་གོ །
དེ་ལྟར་ཆོས་སྲིད་དོ་ཅོག་ཐམས་ཅད་སེམས་ཡིན་པར་ངེས་ནས། དོན་དམ་གྱི་བདེན་པ་ནི་ཀུན་གཞིའི་ཡེ་ཤེས་སོ། །ཀུན་རྫོབ་ཀྱི་བདེན་པ་ནི་ཀུན་གཞིའི་རྣམ་ཤེས་སོ། །ཀུན་གཞིའི་རྣམ་ཤེས་ནི་འཁོར་བ་ཐམས་ཅད་དོ། །ཀུན་གཞིའི་ཡེ་ཤེས་ནི་མྱང་འདས་ཐམས་ཅད་དོ། །ཀུན་གཞིའི་རྣམ་ཤེས་ནི་ཆོས་ཅན་ནོ། །ཀུན་གཞིའི་ཡེ་ཤེས་ནི་ཆོས་ཉིད་དོ། །ཀུན་གཞིའི་རྣམ་ཤེས་ནི་མཐའ་མའོ། །ཀུན་གཞིའི་ཡེ་ཤེས་ནི་དབུ་མའོ། །ཀུན་གཞིའི་རྣམ་ཤེས་ནི་མ་རིག་པའོ། །ཀུན་གཞིའི་ཡེ་ཤེས་ནི་རིག་པའོ། །ཀུན་གཞིའི་རྣམ་ཤེས་ནི་མ་དག་པའོ། །ཀུན་གཞིའི་ཡེ་ཤེས་ནི་དག་པའོ། །ཀུན་གཞིའི་རྣམ་ཤེས་ནི་གཏི་མུག་གོ །ཀུན་གཞིའི་ཡེ་ཤེས་ནི་ཤེར་ཕྱིན་ནོ། །ཀུན་གཞིའི་རྣམ་ཤེས་ནི་འདུས་བྱས་སོ། །ཀུན་གཞིའི་ཡེ་ཤེས་ནི་འདུས་མ་བྱས་སོ། །

p. 147

ཀུན་གཞིའི་རྣམ་ཤེས་ནི་བཅོས་མའོ། །ཀུན་གཞིའི་ཡེ་ཤེས་ནི་རང་བཞིན་ནོ། །ཀུན་གཞིའི་རྣམ་ཤེས་ནི་མི་རྟག་པའོ། །ཀུན་གཞིའི་ཡེ་ཤེས་ནི་རྟག་པའོ། །ཀུན་གཞིའི་རྣམ་ཤེས་ནི་གློ་བུར་བའོ། །ཀུན་གཞིའི་ཡེ་ཤེས་ནི་གཉུག་མའོ། །ཀུན་གཞིའི་རྣམ་ཤེས་ནི་ཉོན་མོངས་པའོ། །ཀུན་གཞིའི་ཡེ་ཤེས་ནི་རྣམ་བྱང་ངོ༌། །ཀུན་གཞིའི་རྣམ་ཤེས་ནི་རྣམ་པར་རྟོག་པའོ། །ཀུན་གཞིའི་ཡེ་ཤེས་ནི་རྣམ་པར་མི་རྟོག་པའོ། །ཀུན་གཞིའི་རྣམ་ཤེས་ནི་ལོག་པའོ། །ཀུན་གཞིའི་ཡེ་ཤེས་ནི་ཡང་དག་གོ །ཀུན་གཞིའི་རྣམ་ཤེས་ནི་རྫུན་ནོ། །ཀུན་གཞིའི་ཡེ་ཤེས་ནི་བདེན་པའོ། །ཀུན་གཞིའི་རྣམ་ཤེས་ནི་སྡུག་བསྔལ་ལོ། །ཀུན་གཞིའི་ཡེ་ཤེས་ནི་བདེ་བའོ། །ཀུན་གཞིའི་རྣམ་ཤེས་ནི་སྐྱོན་ནོ། །ཀུན་གཞིའི་ཡེ་ཤེས་ནི་ཡོན་ཏན་ནོ། །ཀུན་གཞིའི་རྣམ་ཤེས་ནི་སེམས་ཅན་གྱི་ལས་སྣང་ངོ༌། །ཀུན་གཞིའི་ཡེ་ཤེས་ནི་འཕགས་པའི་དག་སྣང་ངོ༌། །ཀུན་གཞིའི་རྣམ་ཤེས་ནི་ཟག་པའོ། །ཀུན་གཞིའི་ཡེ་ཤེས་ནི་ཟག་མེད་དོ། །ཀུན་གཞིའི་རྣམ་ཤེས་ནི་སྤྲོས་པའོ། །ཀུན་གཞིའི་ཡེ་ཤེས་ནི་སྤྲོས་མེད་དོ། །ཀུན་གཞིའི་རྣམ་ཤེས་ནི་ཤུན་པའོ། །ཀུན་གཞིའི་ཡེ་ཤེས་ནི་སྙིང་པོའོ། །ཀུན་གཞིའི་རྣམ་ཤེས་ནི་གདོས་བཅས་སོ། །ཀུན་གཞིའི་ཡེ་ཤེས་ནི་འོད་གསལ་ལོ། །ཀུན་གཞིའི་རྣམ་ཤེས་ནི་བྱུར་ངན་ནོ། །ཀུན་གཞིའི་ཡེ་ཤེས་ནི་བཀྲ་ཤིས་སོ། །ཀུན་གཞིའི་རྣམ་ཤེས་ནི་རྒུད་པའོ། །ཀུན་གཞིའི་ཡེ་ཤེས་ནི་དར་བ་ཆེན་པོའོ། །ཀུན་གཞིའི་རྣམ་ཤེས་ནི་དབུལ་བའོ། །ཀུན་གཞིའི་ཡེ་ཤེས་ནི་དཔལ་ལྡན་འབྱོར་པ་ཀུན་བྱེད་པའོ། །ཀུན་གཞིའི་རྣམ་ཤེས་ནི་ཀུན་བཏགས་དང་གཞན་དབང་ངོ༌། །ཀུན་གཞིའི་ཡེ་ཤེས་ནི་ཡོངས་སུ་གྲུབ་པའོ། །ཀུན་གཞིའི་རྣམ་ཤེས་ནི་སྡུག་བསྔལ་དང་ཀུན་འབྱུང་ངོ༌། །ཀུན་གཞིའི་ཡེ་ཤེས་ནི་འགོག་པ་དང་ལམ་མོ། །ཀུན་གཞིའི་རྣམ་ཤེས་ནི་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པའོ། །

p. 148

ཀུན་གཞིའི་ཡེ་ཤེས་ནི་ཡང་དག་ཡེ་ཤེས་དང་དེ་བཞིན་ཉིད་དོ། །ཀུན་གཞིའི་རྣམ་ཤེས་ནི་གང་ཟག་དང་ཆོས་ཀྱི་བདག་ཉིད་དོ། །ཀུན་གཞིའི་ཡེ་ཤེས་ནི་དེ་བཞིན་ཉིད་བདག་དག་པའི་བདག་གོ །ཀུན་གཞིའི་རྣམ་ཤེས་ནི་ལུང་མ་བསྟན་ནོ། །ཀུན་གཞིའི་ཡེ་ཤེས་ནི་དོན་དམ་པའི་དགེ་བའོ། །ཀུན་གཞིའི་རྣམ་ཤེས་ནི་འཁོར་བའི་ས་བོན་ཐམས་ཅད་པའོ། །ཀུན་གཞིའི་ཡེ་ཤེས་ནི་མྱང་འདས་ཀྱི་ས་བོན་ཐམས་ཅད་པའོ། །ཀུན་གཞིའི་རྣམ་ཤེས་ནི་འཁོར་བའི་རྣམ་སྨིན་ཐམས་ཅད་པའོ། །ཀུན་གཞིའི་ཡེ་ཤེས་ནི་མྱང་འདས་ཀྱི་རྣམ་སྨིན་ཐམས་ཅད་པའོ། །ཀུན་གཞིའི་རྣམ་ཤེས་ནི་སོ་སོ་སྐྱེ་བོའི་རིགས་སོ། །ཀུན་གཞིའི་ཡེ་ཤེས་ནི་འཕགས་པའི་རིགས་སོ། །ཀུན་གཞིའི་རྣམ་ཤེས་ནི་འཁྲུལ་སྣང་ཐམས་ཅད་དོ། །ཀུན་གཞིའི་ཡེ་ཤེས་ནི་མ་འཁྲུལ་བའི་སྣང་བའོ། །ཀུན་གཞིའི་རྣམ་ཤེས་ནི་ཁམས་གསུམ་འཁོར་བའི་ས་སྣ་ཚོགས་སོ། །ཀུན་གཞིའི་ཡེ་ཤེས་ནི་མྱང་འདས་འཕགས་པའི་ས་སྣ་ཚོགས་ཡིན་ཏེ། རྒྱན་སྟུག་པོའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་པ་དང༌། ཀུན་གཞི་ངང་ལུགས་དགེ་བ་ནི། །ཞེས་པ་དང༌། མངོན་པ་ཀུན་ལས་བཏུས་སུ། དོན་དམ་པའི་དགེ་བ་གང་ཞེ་ན། དེ་བཞིན་ཉིད་དོ། །ཞེས་པ་དང༌། ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་པ་དང༌། རྒྱུད་བླ་མ་ལས། རང་གཞན་འགྱུར་བ་མེད་པ་དང༌། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་འདི་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་

p. 149

ཆུབ་སེམས་འགྲེལ་དུ། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །ཞི་ཞིང་སྒྱུ་མ་དང་མཚུངས་པ། །གཞི་མེད་སྲིད་པ་འཇིག་བྱེད་པ། །སྟོང་ཉིད་འདི་ནི་རྟག་ཏུ་བསྒོམ། །ཞེས་པ་སྟེ། ཀུན་གཞི་ཡེ་ཤེས་དེ་ཉིད་དོན་དམ་གྱི་ས་དང༌། བདེ་གཤེགས་སྙིང་པོ་དང༌། དེ་བཞིན་ཉིད་དང་། དོན་དམ་གྱི་དགེ་བ་དང༌། ཟབ་ཞི་སྤྲོས་བྲལ་འོད་གསལ་དང༌། བསྒོམ་བྱའི་སྟོང་ཉིད་ཟབ་མོ་ཡིན་པར་གསལ་བར་གསུངས་སོ། །ཀུན་གཞིའི་རྣམ་ཤེས་ནི་ས་བོན་ཐམས་ཅད་པ་དང༌། རྣམ་སྨིན་ཐམས་ཅད་པ་དང༌། མ་སྒྲིབ་ལུང་མ་བསྟན་དང༌། རྩ་བའི་རྣམ་ཤེས་དང། ལེན་པའི་རྣམ་ཤེས་ལ་སོགས་པར་དེང་སང་ཡོངས་སུ་གྲགས་ཏེ། མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཞེས་པ་དང༌། དྲི་མེད་འོད་དང༌། རྡོར་སྙིང་འགྲེལ་པར། ཀུན་གཞིའི་རྣམ་པར་ཤེས་པ་དྲི་ཟའི་སེམས་ཅན་ནོ། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དུ། དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེན་མིན་བདེན་པ་གཞན་དུ་ནི། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །དེ་ཚེ་སྲིད་པའང་འཛིན་པར་འགྱུར། །ཞེས་པའོ། །དེ་ལྟར་འཁོར་འདས་ཀྱི་ཀུན་གཞི་གཉིས་སུ་ཕྱེ་བ་ལ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་པ་དང༌། རབ་ཏུ་མི་གནས་པའི་རྒྱུད་ལས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཞེས་པ་འདི་འདྲ་བས་གནོད་སྙམ་དུ་མི་གཟུང་སྟེ། དེ་དག་གི་དོན་དྲི་བཅས་ཀྱི་སེམས་ཉིད་གཅིག་པུ་འཁོར་འདས་ཀུན་གྱི་ས་བོན་ཏེ། དྲི་མའི་ཆ་རྣམ་ཤེས་གང་ལ་སྲིད་པ་འཕྲོ་བ་དང་། དག་པའི་ཆ་ཡེ་ཤེས་གང་ལ་མྱང་འདས་འཕྲོ་བ། ཞེས་པ་དང༌།

p. 150

ཀུན་གཞིའི་རྣམ་ཤེས་ཉོན་མོངས་པ་ཀུན་གྱི་གཞི་ཡིན་ཏེ། རྣམ་པར་བྱང་བའི་གཞི་མའང་ཀུན་གཞིའི་ཡེ་ཤེས་ཡིན་ཞེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་གསུང་རབ་དུ་མ་ནང་འགལ་བར་འགྱུར་ཏེ། བསྡུས་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་འཁོར་བའི་སེམས་ཅན་རབ་འབྲིང་ཐ་མ་ཇི་སྙེད་ཡོད་པ་ཀུན་མ་རིག་པ་ཀུན་གཞིའི་རྣམ་ཤེས་ལས་བྱུང༌ཞེས་པ་དང༌། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཞེས་པ་ཡེ་ཤེས་ཇི་སྙེད་པ་དང༌། ཡེ་ཤེས་ཀྱི་ཚུལ་ཇི་སྙེད་པ་དང་། ཡེ་ཤེས་ཀྱི་སྒོ་ཇི་སྙེད་པ་དང་། ཡེ་ཤེས་ཀྱི་རྩ་བ་ཇི་སྙེད་པ་ཤེར་ཕྱིན་མཆོག་ཀུན་གཞི་ཡེ་ཤེས་ལས་བྱུང༌ཞེས་པའོ། །
གསུམ་པ་ཕྱེ་ནས་སོ་སོར་ངོ་སྤྲོད་པ་ལ་བཞི་སྟེ། བདེན་གཉིས་ཀུན་གཞིའི་གནས་ལུགས་དང༌། གཉིས་པོའི་སྣང་ལུགས་ཕྱེ་བ་དང༌། ཀུན་གཞིའི་རྣམ་ཤེས་ངོ་སྤྲད་པ་དང༌། ཀུན་གཞིའི་ཡེ་ཤེས་ངོ་སྤྲད་པའོ། །དང་པོ་བདེན་གཉིས་ཀུན་གཞིའི་གནས་ལུགས་ནི། བདེན་གཉིས་མཚན་ཉིད་ངོ་བོ་གཅིག་པ་ཡང་མ་ཡིན། ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང་། ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། དགོངས་པ་ངེས་འགྲེལ་གྱི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དག །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་པ་དང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། གཉིས་པོ་དག་ནི་གཅིག་ཉིད་དང༌། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་ཡི། །ཁྱད་པར་ཡོད་དང་མེད་ཕྱིར་རོ། །ཞེས་པའི་དོན་ནོ། །བདེན་གཉིས་གཅིག་པ་མ་ཡིན་ཏེ། དོན་དམ་པར་དོན་དམ་ཡོད་པ་དང༌། ཀུན་རྫོབ་མེད་

p. 151

པའི་ཁྱད་པར་ཡོད་པའི་ཕྱིར་དང༌། སོ་སོ་བ་ཡང་མ་ཡིན་ཏེ། དོན་དམ་པར་དོན་དམ་ཉིད་ཀུན་རྫོབ་ཀྱི་ཁྱད་པར་གཟུང་འཛིན་མེད་པའི་ཕྱིར། ཞེས་པའོ། །དེ་ལྟར་ཡིན་པར་ཡང་བདེན་གཉིས་འདྲེས་ནས་གནས་ཚུལ་ནི་འོ་མ་དང་མར་འདྲེས་པ་དང་། ས་རྙོག་དང་ཆུ་འདྲེས་པ་དང༌། ཆུ་དང་ཆུའི་གྲང་དྲོ་འདྲེས་པ་དང་། ཆུ་དང་འོ་མ་འདྲེས་པ་བཞིན་དུ་གནས་ཏེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་པ་དང་། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པ་དང༌། ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོ་བོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་པ་དང༌། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ན། །ངང་པས་འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་ནས། །ཡེ་ཤེས་ལུས་འདིར་གཅིག་གནས་ཀྱང༌། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པ་ནི་འདོར་བར་བྱེད། །ཞེས་པ་ད་ལྟར་གྱི་ལུས་འདིར་ཡེ་ཤེས་དང་མི་ཤེས་པ་ལྷན་ཅིག་ཏུ་གནས་ཞེས་པའོ། །རྣམ་ཤེས་ཀྱིས་ཡེ་ཤེས་བསྒྲིབས་ནས་གནས་པའི་ཚུལ་ཡང༌། ས་རྡོས་གཏེར་སྒྲིབ་པ་དང༌། བུམ་པས་བུམ་ནང་གི་མར་མེ་སྒྲིབ་པ་ལྟར་སྒྲིབ་ཞེས་པ་སོགས་

p. 152

སྙིང་པོའི་མདོ་དང༌། རྒྱུད་བླ་མ་དང༌། ཆོས་དབྱིངས་བསྟོད་པ་ལ་སོགས་པར་དཔེ་དུ་མའི་སྒོ་ནས་གསུངས་སོ། །
གཉིས་པ་གཉིས་པའི་སྣང་ལུགས་ཕྱེ་བ་ནི། རྣམ་ཤེས་ལ་ཡེ་ཤེས་ཀྱི་སྣང་བ་མི་འཆར་ཞིང༌། ཡེ་ཤེས་ལ་རྣམ་ཤེས་ཀྱི་སྣང་བ་མི་འཆར་བས། དེ་གཉིས་ཀྱི་སྣང་བ་གཅིག་པ་མི་སྲིད་དེ། རྣམ་ཤེས་ཀྱི་སྣང་བ་ནི་འཁྲུལ་སྣང་དང༌། མ་དག་པའི་སྣང་བ་དང༌། ཕྱིན་ཅི་ལོག་གི་སྣང་བ་དང༌། མ་རིག་པའི་སྣང་བ་དང༌། གཟུང་འཛིན་གྱི་སྣང་བ་དང༌། སྤྲོས་པའི་སྣང་བ་དང༌། ཆགས་སྡང་གི་སྣང་བ་དང༌། རྫུན་པའི་སྣང་བ་དང༌། སྡུག་བསྔལ་གྱི་སྣང་བ་དང༌། བཀྲེས་སྐོམ་དབུལ་ཕོངས་སྣ་ཚོགས་པའི་སྣང་བ་ཡིན་ལ། ཡེ་ཤེས་ཀྱི་སྣང་བ་ནི་མ་འཁྲུལ་བའི་སྣང་བ་དང༌། དག་པའི་སྣང་བ་དང༌། བདེ་བ་ཆེན་པོའི་སྣང་བ་དང༌། ཕུན་སུམ་ཚོགས་པའི་སྣང་བ་ལ་སོགས་པ་རྣམ་ཤེས་ཀྱི་སྣང་བ་ལས་ལྡོག་པའི་སྣང་བའོ། །དེ་ལ་རྣམ་ཤེས་ཀྱི་སྣང་བ་ནི། འཕགས་པ་ལྷས། ཡོད་ལ་མེད་པར་འཁྲུལ་དང་མི་རྟག་ཉིད་ལ་འཁྲུལ། །མེད་ལ་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་འཁྲུལ། །འཁྲུལ་པས་འཁྲུལ་པ་བསླུ་ཞིང་བསླུས་པས་འཁྲུལ་པ་འགྲུབ། །འཁྲུལ་པའི་དབང་གིས་ཡང་དག་དོན་ལ་སེམས་ཅན་འཁྲུལ། །རྒྱུ་ལ་འཁྲུལ་ཏེ་འབྲས་བུ་ངན་སོང་གསུམ་དུ་འཁྲུལ། །ཞེས་པ་དང༌། རྣམ་ཤེས་ཀུན་རྫོབ་ཀྱི་སྣང་བ་ཡེ་ཤེས་ལ་མི་སྣང་བ་ཡང༌། འབུམ་གྱི་རྒྱ་ཆེར་འགྲེལ་དུ། དེ་ལ་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་ན་མཐོང་བའི་ཆོས་རྣམས་གཉིད་སངས་པའི་ཚེ་དེ་ལྟར་མི་སྣང་བ་བཞིན་དུ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོགས་པ་ཀུན་བཏགས་པའི་ཆོས་རྣམས་ཀྱང་མ་རིག་པའི་གཉིད་ཀྱིས་ལོག་པའི་ཚེ་སྣང་བ་རྣམས་མ་རིག་པ་སངས་ཏེ་འཕགས་པའི་ཤེས་རབ་ཐོབ་པའི་ཚེ་དེ་ལྟར་མི་སྣང་

p. 153

བའི་ཕྱིར་རོ། །ཞེས་པ་དང༌། མ་རིག་པའི་གཉིད་སད་པའི་ཡེ་ཤེས་ལ་མ་རིག་པ་རྣམ་ཤེས་ཀྱི་སྣང་བ་ཅི་ཡང་མི་སྣང་བ་ནི། འཕགས་པ་ལྷས་འཕགས་པ་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་ལས། རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང༌། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང༌། །ཡང་དག་མཁྱེན་ཅན་དྲི་མེད་ལའང༌། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང༌། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ནས་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་འགྱུར་ཞིང༌། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །ཞེས་པ་དང༌། ཆོས་ཅན་སྣང་བའི་རྣམ་ཤེས་ལའང་ཆོས་ཉིད་མི་སྣང་བ་དང༌། ཆོས་ཉིད་སྣང་བའི་ཡེ་ཤེས་ལ་ཆོས་ཅན་མི་སྣང་བ་ཡང༌། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བས་ཆོས་ཉིད་སྣང༌། །ཞེས་པ་དང༌། སོ་སྐྱེ་ལ་སྣང་བ་འཕགས་པ་ལ་མི་སྣང་བ་དང༌། འཕགས་པ་ལ་སྣང་བ་སོ་སྐྱེ་ལ་མི་སྣང་བ་ཡང༌། མདོ་སྡེ་རྒྱན་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མིན་པ་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔས་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་པ་དང༌། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཉིད་ཤེས་བྱ། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། དབུ་མའི་སྒོམ་རིམ་དུ། ཇི་ལྟར་གནས་པའི་དངོས་པོ་ནི། །དེ་ལྟར་འཕགས་པའི་སྤྱོད་ཡུལ་ཡིན། །ཇི་ལྟར་བྱིས་ལ་མི་སྣང་བ། །དེ་ལྟར་མཁས་ལ་སྣང་བ་ཡིན། །ཞེས་པ་དང༌། དཔལ་ཆེན་བིར་ཝ་པས་ཀྱང༌། སེམས་ཅན་ལ་ཉོན་མོངས་པ་མ་དག་པ་དང༌། རྣལ་འབྱོར་པ་ལ་

p. 154

ཏིང་ངེ་འཛིན་ཉམས་ཀྱི་སྣང་བ་དང༌། བདེ་བར་གཤེགས་པ་ལ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དག་པའི་སྣང་བའོ། །ཞེས་གཞི་ལམ་འབྲས་བུའི་སྣང་བ་མི་འདྲ་བ་གསུམ་གསུངས་པའི་ཕྱིར་སེམས་ངོ་སྤྲོད་པ་ལ་འཁྲུལ་པའི་ལས་སྣང་དང༌། འོད་གསལ་གྱི་སྣང་བ་སོ་སོར་ཕྱེད་པ་ཤིན་ཏུ་གཅེས་སོ། །བྱང་ཆུབ་སེམས་དཔའ་ཀུན་གཞི་རྣམ་ཤེས་ཀྱིས་ཕུང་པོ་ལྔ་མ་མཐོང་བ་ཉིད་ཀུན་གཞི་ཡེ་ཤེས་ཀྱིས་ཆོས་ཀུན་མཐོང་བ་དང༌། རྣམ་ཤེས་ཀྱིས་གང་ལ་ཡང་མི་གནས་པ་ཉིད་ཡེ་ཤེས་ཀྱི་ཆོས་ཉིད་ལ་གནས་པ་ཡིན་ཞེས་སྡུད་པ་ལ་སོགས་པའི་གསུང་རབ་ཡིད་ཆེས་སུ་རུང་བ་རྣམས་སུ་གསུངས་པ་ཡང་དེ་ལྟར་ཤེས་པར་བྱའོ། །དེ་ཕྱིར་ཀུན་གཞིའི་རྣམ་ཤེས་ཀྱི་སྣང་བ་ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། མེད་པ་སྣང་ཕྱིར་འཁྲུལ་པ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཡོད་པའང་སྣང་བ་མིན་ཕྱིར་རོ། །ཀུན་གཞི་ཡེ་ཤེས་ཀྱི་སྣང་ལུགས་མཚན་བརྗོད་ལས། སྣང་བ་ཆེན་པོ་གསལ་བ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ལག་ན་འོད་འབར་སྣང་བ་པོ། །ཞེས་སོགས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་རང་བཞིན་གསུམ་བསྟན་པར། ཆོས་ཀྱི་དབྱིངས་ལ་དམིགས་པ་ཡིས། །ཕུན་སུམ་ཚོགས་པ་ཉེར་དམིགས་འགྱུར། །ཕུན་སུམ་ཚོགས་པ་ཉེར་དམིགས་པས། །སྐུ་གསུམ་བདག་ཉིད་བླ་མེད་པའི། །བྱང་ཆུབ་བློ་ལྡན་གྱིས་ཐོབ་ནས། །བདག་གཞན་དོན་ནི་རབ་བསྒྲུབ་འགྱུར། །ཞེས་པའོ། །
གསུམ་པ་ཀུན་གཞིའི་རྣམ་ཤེས་ངོ་སྤྲོད་པ་ནི། ལང་ཀར་གཤེགས་པའི་མདོ་ལས། ཇི་ལྟར་རྒྱ་མཚོའི་རླབས་རྣམས་ནི། །རླུང་གི་རྐྱེན་གྱིས་བྱུང་བ་དག །གར་བྱེད་རབ་ཏུ་འཇུག་

p. 155

པར་འགྱུར། །རྒྱུན་ཡང་ཆད་པར་མི་འགྱུར་རོ། །དེ་བཞིན་ཀུན་གཞིའི་ཆུ་བོ་ཡང༌། །རྟག་ཏུ་ཡུལ་གྱི་རྐྱེན་གྱིས་བྱུང༌། །རྣམ་ཤེས་རྦ་རླབས་སྣ་ཚོགས་ཀྱིས། །གར་བྱེད་རབ་ཏུ་འཇུག་པར་འགྱུར། །གཟུང་དང་འཛིན་པའི་དངོས་པོར་ནི། །ལུས་ཅན་རྣམས་ཀྱི་སེམས་འཇུག་གོ །ཞེས་པའི་དོན་ཀུན་གཞི་རྣམ་ཤེས་རྒྱ་མཚོ་དང་འདྲ་ལ། འཇུག་པའི་རྣམ་ཤེས་བདུན་པོ་རྒྱ་མཚོའི་རླབས་དང་འདྲ་ཞིང་གཟུགས་སོགས་ཡུལ་རྣམས་རྒྱ་མཚོའི་རླབས་འབྱུང་བའི་རྐྱེན་རླུང་དང་འདྲ་བ་དང༌། ཀུན་གཞི་རྣམ་ཤེས་གཅིག་པུ་གཟུང་བ་ཡུལ་གྱི་དངོས་པོ་སྣ་ཚོགས་དང༌། འཛིན་པ་དབང་པོའི་དངོས་པོ་སྣ་ཚོགས་སུ་འཇུག་ཅེས་པའོ། །རྒྱ་མཚོའི་རླབས་ཐམས་ཅད་རྒྱ་མཚོའི་རང་བཞིན་དང༌རྒྱ་མཚོའི་རྣམ་འགྱུར་ཡིན་པ་ལྟར་འགྲོ་བ་རིགས་དྲུག་གི་འཁོར་བ་ཐམས་ཅད་རང་རང་གི་ཀུན་གཞི་རྣམ་ཤེས་ཀྱི་རང་བཞིན་དང༌རྣམ་འགྱུར་ཡིན་ལ། དེའང་ཀུན་གཞི་རྣམ་ཤེས་ཉིད་མ་རིག་པའི་བག་ཆགས་ཀྱི་དབང་གིས་སྣོད་བཅུད་དང༌ལུས་ལོངས་སྤྱོད་བདེ་སྡུག་སྣ་ཚོགས་པའི་རྣམ་པར་ཤར་བ་ཡིན་ནོ། །དེ་ལ་ཀུན་གཞིའི་རྣམ་ཤེས་ཉིད་རང་གི་ཕུང་པོའི་རྒྱུན་ལ་བདག་ཏུ་འཛིན་པའི་ཆ་ནས་ཉོན་ཡིད་དང༌། མིག་གི་ལམ་ནས་གཟུགས་སྣ་ཚོགས་ལ་འཇུག་པའི་ཆ་ནས་མིག་གི་རྣམ་ཤེས་དང༌། རྣ་བའི་ལམ་ནས་སྒྲ་སྣ་ཚོགས་ལ་འཇུག་པའི་ཆ་ནས་རྣ་བའི་རྣམ་ཤེས་དང༌། སྣའི་ལམ་ནས་དྲི་སྣ་ཚོགས་ལ་འཇུག་པའི་ཆ་ནས་སྣའི་རྣམ་ཤེས་དང༌། ལྕེའི་ལམ་ནས་རོ་སྣ་ཚོགས་ལ་འཇུག་པའི་ཆ་ནས་ལྕེའི་རྣམ་ཤེས་དང༌། ལུས་ཀྱི་ལམ་ནས་རེག་བྱ་སྣ་ཚོགས་ལ་འཇུག་པའི་ཆ་ནས་ལུས་ཀྱི་རྣམ་ཤེས་དང༌། ཡིད་ཀྱི་ལམ་ནས་ཆོས་སྣ་ཚོགས་ལ་འཇུག་པའི་ཆ་ནས་ཡིད་ཀྱི་རྣམ་ཤེས་ཡིན་པ་དེའི་ཕྱིར་ཀུན་གཞི་རྣམ་ཤེས་མ་ཡིན་པའི་ཁམས་གསུམ་འཁོར་བ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་དེ།

p. 156

ཀུན་གཞི་རྣམ་པར་ཤེས་པ་ཉིད་འཁོར་བའི་བག་ཆགས་ཐམས་ཅད་དང༌། ས་བོན་ཐམས་ཅད་དང༌། ལས་ཐམས་ཅད་དང༌། རྣམ་སྨིན་ཐམས་ཅད་ཡིན་པའི་ཕྱིར་རོ། །དཔེར་ན་རྒྱ་མཚོ་མ་ཡིན་པའི་རྒྱ་མཚོའི་རླབས་ནི་མི་སྲིད་པ་བཞིན་ནོ། །དེས་ན་ཀུན་གཞི་རྣམ་ཤེས་ཉིད་སྲིད་པའི་འཁོར་ལོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་འབྱུང་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང༌། དེའི་རྐྱེན་གྱིས་རྣམ་པར་ཤེས་པ་དང༌། དེའི་རྐྱེན་གྱིས་མིང་དང་གཟུགས་དང༌། དེའི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང༌། དེའི་རྐྱེན་གྱིས་རེག་པ་དང༌། དེའི་རྐྱེན་གྱིས་ཚོར་བ་དང༌། དེའི་རྐྱེན་གྱིས་སྲེད་པ་དང༌། དེའི་རྐྱེན་གྱིས་ལེན་པ་དང༌། དེའི་རྐྱེན་གྱིས་སྲིད་པ་དང༌། དེའི་རྐྱེན་གྱིས་སྐྱེ་བ་དང༌། དེའི་རྐྱེན་གྱིས་རྒ་ཤི་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་འབྱུང་བ་སྟེ། བདེ་བ་དང་མ་འདྲེས་པས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དང༌། ཡོན་ཏན་དང་མ་འདྲེས་པས་སྐྱོན་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་ལ། དེ་ཉིད་ཇི་ལྟར་ཤེས་ཤིང་ངོ་སྤྲད་པར་བྱ་ན། མི་རྟག་པར་ཤེས་པར་བྱ་བ་དང༌། སྡུག་བསྔལ་དང༌། རང་དབང་ཐོབ་པའི་བདག་མེད་པ་དང༌། སྙིང་པོས་སྟོང་བ་དང༌། ནད་ལྟ་བུ་དང༌། འབྲས་ལྟ་བུ་དང༌། ཟུག་རྔུ་ལྟ་བུ་དང༌། སྡིག་པ་ལྟ་བུ་དང༌། གཞན་ལ་རག་ལས་པ་དང༌། འཇིག་པའི་ཆོས་ཅན་དང༌། མི་བརྟན་པ་དང་། རབ་ཏུ་འཇིག་པའི་ངང་ཅན་དང༌། འཇིགས་པ་སྣ་ཚོགས་དང༌། འཚེ་བ་སྣ་ཚོགས་དང༌། འགོ་བའི་ནད་ལྟ་བུར་ཤེས་ཤིང་ངོ་སྤྲད་པར་བྱའོ། །མི་རྟོག་ཏིང་ངེ་འཛིན་གྱི་གཉེན་པོ་མ་སྐྱེས་ན་ཡན་ལག་བཅུ་གཉིས་ཀྱི་མ་རིག་པའི་འཁྲུལ་འཁོར་འདི་ཟད་པ་མེད་ཅིང་འཕེལ་བ་མེད་པར་རྒྱུན་དུ་འཁོར་ཏེ། སྡུད་པ་ལས། རྐྱེན་རྣམས་འཚོགས་ནས་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང༌། །མ་

p. 157

རིག་འཁྲུལ་འཁོར་འདི་ནི་ཟད་མེད་འཕེལ་བ་མེད། །ཅེས་པའི་དོན་ནོ། །མི་རྟོག་ཏིང་ངེ་འཛིན་གྱི་གཉེན་པོ་བསྒོམས་ན་འཁོར་བ་སྙིང་པོ་མེད་པ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དེ་ཟད་ནས་སངས་རྒྱས་འཐོབ་པར་འགྱུར་ཏེ། དྲི་མེད་འོད་ལས། འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་འབྲས་ཏེ། །ཞེས་པ་དང༌། དབུས་མཐའ་རྣམ་འབྱེད་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །དེ་བཞིན་མ་ཡིན་ཡེ་མེད་མིན། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་པའི་དོན་ནོ། །དེ་ལྟར་ཀུན་གཞི་རྣམ་ཤེས་ཀྱི་སྐྱོན་དང་ཉེས་དམིགས་ཐམས་ཅད་ཤེས་ཤིང་ངོ་འཕྲོད་པར་བྱའོ། །
བཞི་པ་ཀུན་གཞིའི་ཡེ་ཤེས་ངོ་སྤྲད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་ཡུལ་དྲུག་ངོ་སྤྲད་པ་དང༌། སྒོ་གསུམ་གྱི་ཉམས་མྱོང་ངོ་སྤྲད་པ་དང༌། འོད་གསལ་ལ་སོགས་པར་ངོ་སྤྲད་པའོ། །དང་པོ་ཡེ་ཤེས་ཀྱི་ཡུལ་དྲུག་ངོ་སྤྲད་པ་ལ་གཉིས་ཏེ། ཡེ་ཤེས་ཀྱི་ཡུལ་དྲུག་སྤྱིར་ངོ་སྤྲད་པ་དང༌། ཡེ་ཤེས་ཀྱི་ཡུལ་དྲུག་སོ་སོར་ངོ་སྤྲད་པའོ། །དང་པོ་ཡེ་ཤེས་ཀྱི་ཡུལ་དྲུག་སྤྱིར་ངོ་སྤྲད་པ་ནི། ཀུན་གཞིའི་ཡེ་ཤེས་ཀྱི་མིག་ས་ཡི་སྙིང་པོས་ཀུན་གཞི་ཡེ་ཤེས་ཀྱི་ཡུལ་གཟུགས་རྡོ་རྗེ་མ་བལྟ་བ་དང༌། དེ་བཞིན་དུ་རྣ་བ་ཕྱག་ན་རྡོ་རྗེས་སྒྲ་རྡོ་རྗེ་མ་ཐོས་པ་དང༌། སྣ་ནམ་མཁའི་སྙིང་པོས་དྲི་རྡོ་རྗེ་མ་འཛིན་པ་དང༌། ལྕེ་འཇིག་རྟེན་དབང་པོས་རོ་རྡོ་རྗེ་མ་མྱང་པ་དང༌། ལུས་སྒྲིབ་པ་རྣམ་སེལ་གྱིས་རེག་བྱ་རྡོ་རྗེ་མ་ཡིད་ཀུན་ནས་འཕྲོག་པ་ལ་རེག་པ་དང༌། ཡིད་ཀུན་ཏུ་བཟང་པོས་ཐབས་ཤེས་འདུས་པའི་ཆོས་ཁམས་རྡོ་རྗེ་མའི་བདེ་བ་མཉམ་པ་ཉིད་ལ་འཇུག་པ་ཡིན་ཏེ། དཔལ་ལྡན་རྒྱུད་ལས། མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་མཁའ་ལ་ཡང་ལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་རབ་ཏུ་གསལ་བ་བཞིན་དུ་སྒྲ་ནི་ཐོས་པ་འདི་

p. 158

ནི་རྒྱལ་བའི་རྣ་བ་ཆེན་པོའོ། །མཆོག་གི་བདེ་བ་བྱེད་པའི་དྲི་རྣམས་ཐམས་ཅད་འཛིན་པ་དེ་ནི་ཁྱབ་བདག་གི་ནི་སྣ་བཟང་པོ། །རང་གི་ཟླ་བའི་བདུད་རྩི་བདེ་སྟེར་དག་ཀྱང་རྟག་ཏུ་མྱང་བར་བྱེད་པ་གང་ཡིན་དེ་ནི་ལྕེ། །རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ཏུ་རྡོ་རྗེའི་ལུས་ཀྱི་དབང་པོ་སྟེ། །ཐབས་དང་ཤེས་རབ་འདུས་པ་འདི་ཡི་ཆོས་ཏེ་བདེ་མཉམ་ལ་འཇུག་གང་ཡིན་དེ་ནི་ཡིད། །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་དག་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་པ་རྣམས། །སྣ་ཚོགས་གཟུགས་ལ་སོགས་པ་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་པ་དྲུག་སྟེ་ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་དགོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །ཞེས་པ་དང༌། དེ་བཞིན་དུ་རྒྱུད་བླ་མ་ལས། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་ཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང༌། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་འགྱུར་ཞིབ་མོར་བསམས་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་པ་དང༌། དེ་བཞིན་དུ་འཕགས་པ་ཀུན་ནས་སྒོའི་མདོ་ལས། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྒྲ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །རེག་བྱ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཆོས་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་

p. 159

བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སེམས་ཅན་དམྱལ་བའི་གཟུགས་དང༌། དུད་འགྲོའི་སྐྱེ་གནས་ཀྱི་གཟུགས་དང༌། གཤིན་རྗེའི་འཇིག་རྟེན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པ་དང༌། དེ་བཞིན་དུ་བརྟག་གཉིས་ལས། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང༌། །ཤེས་རབ་ཀྱིས་ནི་སྤྱད་པར་བྱ། །དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །ཞེས་པ་འདི་ཐམས་ཅད་རྣལ་འབྱོར་པའི་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་གཞི་ཡེ་ཤེས་ཤེར་ཕྱིན་ཟབ་མོ་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་ཉམས་མྱོང་དུ་གྱུར་པའི་ཡུལ་དང༌དབང་པོ་འབའ་ཞིག་ཡིན་ནོ། །རྫོགས་རིམ་གྱི་དོན་ནི། ཡན་ལག་དྲུག་གིས་འཁོར་འདས་ཀྱི་རྣམ་པའི་འོད་གསལ་སྣ་ཚང་བ་རྫོགས་པར་མངོན་དུ་གྱུར་བཞིན་པའི་ངང་ནས་ཀུན་གཞི་ཡེ་ཤེས་ཆོས་སྐུའི་ངོ་བོར་གྱུར་པའི་དུ་བ་ལ་སོགས་པའི་མཚན་མ་དང༌། རྣམ་པར་མི་རྟོག་པའི་སེམས་དང༌གཟུགས་རིམ་གྱིས་རྫོགས་པ་ཡིན་ཏེ། དྲི་མེད་འོད་ལས། འཇིག་རྟེན་ལས་འདས་པའི་བདེན་པ་ནི་དུ་བ་ལ་སོགས་པའི་མཚན་མ་དང༌། རྣམ་པར་མི་རྟོག་པའི་སེམས་རྫོགས་པའི་རིམ་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པའོ། །ཞེས་པ་དང༌། དུ་བ་ལ་སོགས་པ་གཟུགས་རྫོགས་པ་རྫོགས་པའི་རིམ་པས་སོ། །ཞེས་པའོ། །མཚན་མ་ཡང་ལམ་དང་འབྲས་བུའི་གནས་སྐབས་ཀྱི་ཀུན་གཞི་ཡེ་ཤེས་ཆོས་སྐུའི་ངོ་བོ་ཕྱག་རྒྱ་ཆེན་པོ་ཁོ་ན་ཡིན་ཏེ། དྲི་མེད་འོད་ལས། མཚན་མ་ཡང་རྣམ་པ་གསུམ་སྟེ་དང་པོའི་མཚན་མ་དང༌།

p. 160

བར་པའི་མཚན་མ་དང༌། ཐ་མའི་མཚན་མའོ། །དང་པོའི་མཚན་མ་ནི་དུ་བ་ལ་སོགས་པའི་ལམ་སྦྱོར་བ་ཡན་ལག་དྲུག་གིས་གཟུགས་རྫོགས་ནས་འགྱུར་བ་མེད་པའི་སྐད་ཅིག་ཐོབ་པའོ། །བར་པའི་མཚན་མ་ནི་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ས་དང་པོ་ཐོབ་པ་དང༌། མངོན་པར་ཤེས་པ་ལྔ་དང་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་དང༌། འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །ཐ་མའི་མཚན་མ་ནི། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དེ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ས་བཅུ་གཉིས་པ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའོ། །ཞེས་གསུངས་པའི་དོན་ནོ། །
གཉིས་པ་ཡེ་ཤེས་ཀྱི་ཡུལ་དྲུག་སོ་སོར་ངོ་སྤྲད་པ་ལ་དྲུག་སྟེ། ཡེ་ཤེས་ཀྱི་གཟུགས་སྣ་ཚོགས་ངོ་སྤྲད་པ་དང༌། ཡེ་ཤེས་ཀྱི་སྒྲ་སྣ་ཚོགས་ངོ་སྤྲད་པ་དང༌། ཡེ་ཤེས་ཀྱི་དྲི་སྣ་ཚོགས་ངོ་སྤྲད་པ་དང༌། ཡེ་ཤེས་ཀྱི་རོ་སྣ་ཚོགས་ངོ་སྤྲད་པ་དང༌། ཡེ་ཤེས་ཀྱི་རེག་བྱ་སྣ་ཚོགས་ངོ་སྤྲད་པ་དང༌། ཡེ་ཤེས་ཀྱི་ཆོས་སྣ་ཚོགས་ངོ་སྤྲད་པའོ། །དང་པོ་ཡེ་ཤེས་ཀྱི་གཟུགས་སྣ་ཚོགས་ངོ་སྤྲད་པ་ནི། གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ་ཞེས་པ་དང༌། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཁམས་གསུམ་མ་ལུས་པ་ཡི་གཟུགས། །ཞེས་པའི་དོན་ཀུན་གཞིའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དབུ་མ་ཆེན་པོ་ཐེག་པ་ཆེན་པོ་ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། མཚན་མ་བཅུ་ནས་བཟུང་སྟེ། འཁོར་འདས་ཀྱི་སྣོད་བཅུད་མ་ལུས་པའི་གཟུགས་བརྙན་གྱི་

p. 161

མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་དང་པོ་མཚན་མ་བཅུ་རུ་འཆར་བ་དྲི་མེད་འོད་ལས། དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་རུ་འགྱུར་ཏེ། དུ་བ་དང༌། སྨིག་རྒྱུ་དང༌། མེ་ཁྱེར་དང༌། མར་མེ་དང༌། འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་དང༌། ཆ་ཤས་དང༌། ཐིག་ལེ་མཐོང་བའི་དབྱེ་བས་མ་བརྟག་པ་ཡེ་ཤེས་ཀྱི་ཕུང་པོའོ། །ཞེས་པ་དེ་ལས་མཚན་མོའི་རྣལ་འབྱོར་གྱིས་བཞི་དང༌། ཉིན་མོའི་རྣལ་འབྱོར་གྱིས་དྲུག་མཐོང་བའོ། །མཚན་མའི་རྟགས་བཅུ་པོ་འདི་ཆོས་ཀྱི་སྐུ་གདོད་ནས་རང་ལ་ཡོད་པར་ཡིད་ཆེས་པའི་རྒྱུ་མཚན་ཡིན་ཏེ། རང་གི་ཆོས་སྐུ་དེ་ཉིད་བཅུ་པོ་འདི་ཡི་ངོ་བོར་མངོན་སུམ་དུ་ཤར་བའི་ཕྱིར་རོ། །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །སྟོང་པར་རྩེ་གཅིག་ཡིད་བྱས་ཏེ། །ཉི་མ་གཅིག་ཏུ་ཡོངས་སུ་བརྟག །གལ་ཏེ་ཡིད་ཆེས་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། །ཞེས་རྩ་རྒྱུད་ནས་གསུངས་པའི་དོན་ནོ། །བཅུ་པོ་འདི་ཉིད་རྣལ་འབྱོར་པ་ལ་ཉམས་མྱོང་གི་འོད་གསལ་བཅུ་དང༌། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཕར་ཕྱིན་བཅུ་དང༌། དཀྱིལ་འཁོར་ལ་ལྷ་མོ་བཅུ་དང༌། སངས་རྒྱས་ལ་སྟོབས་བཅུ་ཡིན་པའི་ཕྱིར་ཆོས་ཀྱི་སྐུ་ཁོ་ན་ཡིན་ནོ། །དང་པོ་རྣལ་འབྱོར་པས་འོད་གསལ་དེ་ཉིད་བུད་ཤིང་སྐམ་པོ་དང༌། རློན་པ་དང༌། སྤོས་རིང་གི་དུ་བ་ལ་སོགས་པར་མཐོང་བའོ། །ཡང་འོད་གསལ་དེ་ཉིད་ཁ་དོག་སྣ་ཚོགས་པ་འདར་བ་དང༌འཕྲིག་པ་སྨིག་རྒྱུ་བཞིན་དུ་མཐོང་བའོ། །ཡང་འོད་གསལ་དེ་ཉིད་སྐར་མ་དང༌། མེ་སྟག་མང་པོ་འཕྲོ་བའི་རྣམ་པ་སྲིན་བུ་མེ་ཁྱེར་བཞིན་དུ་མཐོང་བའོ། །ཡང་འོད་གསལ་དེ་ཉིད་བློ་སྟོང་དང་དཀྱིལ་སྟོང་གི་མར་མེ་གཅིག་དང་གཉིས་ནས་བརྒྱ་སྟོང་ཚད་མེད་པའི་རྣམ་པར་མཐོང་བ་སྟེ། རྒྱུད་ལས། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པ་དང༌། འབུམ་དང་ཉི་ཁྲི་སོགས་ལས། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་

p. 162

བའི་ཏིང་ངེ་འཛིན་དང༌། ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་འོད་གསལ་དེ་ཉིད་འབར་བ་མཐོང་བ་ནི། ནཱ་རོ་པཎ་ཆེན་གྱིས། རིན་པོ་ཆེ་འབར་བ་ལྟ་བུར་གསུངས། དྲི་མེད་འོད་ལས། ནག་པོ་འབར་བ་དང༌། དམར་པོ་འབར་བ་དང༌། དཀར་པོ་འབར་བ་དང༌། སེར་པོ་འབར་བ་དང༌། ལྗང་ཁུ་འབར་བ་དང༌། སྔོན་པོ་འབར་བ་ཞེས་སོགས་དང༌། ནག་མོ་འབར་མ་ཞེས་སོགས་དང༌། ཡེ་ཤེས་དམར་པོའི་འོད་ཟེར་ཞེས་སོགས་གསུངས་པས་འོད་གསལ་ཁ་དོག་སྣ་ཚོགས་མེ་འབར་བ་ལྟར་མཐོང་བའོ། །ཡང་འོད་གསལ་དེ་ཉིད་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཟླ་བའི་ཆ་ཆེ་ཆུང་དུ་མ་དང༌། ཉ་གང་བ་དང༌། ཉིན་མཚན་གྱི་དུས་ཀྱི་ཟླ་བར་མཐོང་བ་དེ་རྒྱུད་ལས། རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་དང༌། མྱང་འདས་ཀྱི་མདོ་ལས། ཟླ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ། ཅེས་པ་དང༌། འབུམ་དང་ཉི་ཁྲི་སོགས་ལས། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །ཡང་འོད་གསལ་དེ་ཉིད་སྔ་དགོང་ཉིན་གུང་སྤྲིན་ཡོད་མེད་ཀྱི་ཉི་མར་མཐོང་བ་སྟེ། རྒྱུད་ལས། རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་པ་དང༌། མྱང་འདས་ཀྱི་མདོ་ལས། ཉི་མའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ། ཅེས་པ་དང༌། འབུམ་དང་ཉི་ཁྲི་སོགས་ལས། ཉི་མའི་སྒྲོལ་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་

p. 163

སྔར་གྱི་དེས་འགྲེའོ། །ཡང་འོད་གསལ་དེ་ཉིད་སྒྲ་གཅན་དུ་མཐོང་བ་ནི་མཐིང་ནག་སྦྲུལ་གྱི་རྣམ་པ་དང༌། ཉི་ཟླ་བཟུང་བའི་རྣམ་པ་དང༌། ལུས་ཐམས་ཅད་མིག་གིས་གང་བའི་གཟའ་བདུད་དུ་མཐོང་བའོ། །ཡང་འོད་གསལ་དེ་ཉིད་ཆ་ཤས་ཞེས་པ་གློག་སྟེ་གློག་གཅིག་དང་གཉིས་ནས་འཇིག་རྟེན་གྱི་ཁམས་གང་བར་མཐོང་བ་སྟེ། འབུམ་དང་ཉི་ཁྲི་སོགས་ནས། གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །ཡང་འོད་གསལ་དེ་ཉིད་ཐིག་ལེ་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །ཞེས་སྟོད་འགྲེལ་དང༌ནཱ་རོའི་འགྲེལ་པར་གསུངས་སོ། །དེ་ནས་ཐིག་ལེ་དེའི་དབུས་སུ་རེ་ཁ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བའི་ནང་དུ་བརྟན་པ་དང་གཡོ་བ་ཁམས་གསུམ་པ་མ་ལུས་པའི་གཟུགས་ཅན་མཐོང་བ་ནི་འོད་གསལ་སྣ་ཚོགས་པ་མཐོང་བ་ཡིན་ཏེ། དྲི་མེད་འོད་ལས། ཐིག་ལེའི་དབུས་སུ་རེ་ཁ་ནག་པོ་སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཞེས་པ་ཨ་བ་དྷཱུ་ཏི་ལ་མཐོང་བར་གྱུར་གྱི་བར་དུའོ། །ནང་དུ་འདུས་པ་ཀུན་མཁྱེན་ནི་ཁམས་གསུམ་པོ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་པ་ཞེས་པ་དང༌། རྗེ་ཤ་ཝ་རི་པས། རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁ་ནག་པོའི་རི་མོ་འབྱུང༌། །དེ་ནང་འགྲོ་དྲུག་ལ་སོགས་དང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་ཅན་འོད་གསལ་ཡིན། །ཞེས་པའོ། །སྔར་གྱི་མཚན་མ་བཅུ་འོད་གསལ་དང་བཅས་པ་ཡང་དབང་མདོར་བསྟན་དུ། དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །མར་མེ་འབར་དང་ཟླ་ཉི་དང༌། །མུན་ཅན་ཆ་ཤས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ཅན་འོད་

p. 164

གསལ་བའོ། །ཞེས་པ་དང༌། རྗེ་དུས་ཞབས་པས། དེ་ལྟར་བསྒོམས་པས་ཡུལ་སོགས་འགག །ནང་དུ་ཤ་ཡི་མིག་སོགས་ཀྱིས། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང༌། །ཆོས་ལ་ཕར་ཕྱིན་བཅུ་གནས་པ། །ལྷ་ལ་ལྷ་མོ་བཅུར་ཤེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ནི། །ཐམས་ཅད་རྒྱུར་མཐོང་རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་དྲུག །གསང་འདུས་མཚན་བརྗོད་ནས་ཕྱེད་ཕྱེད། །ཅེས་པ་དང༌། དུས་འཁོར་ལྟ་བུ་མ་སྦས་པའི་རྒྱུད་དང༌། སེམས་འགྲེལ་ཁྱད་འཕགས་ལས། མཚན་མ་བཅུ་འོད་གསལ་དང་བཅས་པ་རྫོགས་པར་གསུངས་ཤིང༌། སྦས་པའི་རྒྱུད་ལས་མཚན་རྟགས་བཞི་ཙམ་དང༌། ཉིན་རྟགས་དྲུག་ཙམ་ལས་མ་གསུངས་སོ། །ཉིན་མཚན་གྱི་རྟགས་དྲུག་དང་བཞི་ཡང་དྲི་མེད་འོད་ལས། མཚན་མོའི་རྣལ་འབྱོར་གྱིས་རྣམ་པ་བཞི་དང༌། ཉིན་མོའི་རྣལ་འབྱོར་གྱིས་རྣམ་པ་དྲུག་སྟེ། དེ་ནས་གཟུགས་སོ། །ཞེས་པ་དང༌། མཚན་མོའི་རྟགས་གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུ་དང་། །གསུམ་པ་མཁའ་སྣང་མེ་ཁྱེར་བཞིན། །བཞི་པ་མར་མེ་ལྟ་བུ་དང་། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུ་ཉིད། །ཅེས་པ་དང༌། རྡོ་རྗེ་གུར་ལས་ཀྱང༌། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་དང༌། །གསུམ་པ་མེ་ཁྱེར་རྣམ་པ་འདྲ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །ཅེས་པ་དང༌། ཉིན་མོའི་རྟགས་དྲུག་མཚན་བརྗོད་ཀྱི་ལུང་དྲངས་ནས་བཤད་པ་བྱས་པ་ནི། བསྟོད་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་སྒྱུ་

p. 165

འཕྲུལ་དྲ་བའི་ཏིང་ངེ་འཛིན་དྲ་བའི་ལེའུར་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་ཚིགས་སུ་བཅད་པ་གཉིས་ཀྱིས་སྒྱུ་འཕྲུལ་དྲ་བར་མཚན་མ་གཞན་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་སོ། །སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལས་བྱུང་བའི་སྣང་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བའོ། །འདིར་ཤེས་རབ་ཡེ་ཤེས་མེ་བོ་ཆེ་ཞེས་པ་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་སྣང་བར་བྱེད་ཅེས་པ་ཟླ་བ་ལྟར་སྣང་བའོ། །དེ་ཉིད་ཡེ་ཤེས་སྣང་བ་ལམ་མེ་བ་ཞེས་པའོ། །འགྲོ་བའི་མར་མེ་ཞེས་པ་ཉི་མ་ལྟར་སྣང་བའོ། །ཡེ་ཤེས་སྒྲོན་ཞེས་པ་སྒྲ་གཅན་ལྟར་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་པ་གློག་ལྟར་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ་ཞེས་པ་ཐིག་ལེ་ལྟར་སྣང་བ་སྟེ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཅེས་པ་ཁམས་གསུམ་པོའི་སྣང་བ་རྣམ་པ་ཐམས་ཅད་པ་སྒྱུ་མ་དང༌རྨི་ལམ་གྱི་སྣང་བ་ལྟ་བུར་སོ་སོར་སྡུད་པའི་རྣལ་འབྱོར་པ་རྣམས་ཀྱི་མིག་གི་དབང་པོའི་བྱེད་པས་མཐོང་བར་འགྱུར་རོ། །ཞེས་གསུངས་པ་དེ་ལྟར་མཚན་མ་བཅུ་དང༌། དེ་ནས་ཁམས་གསུམ་པོ་མ་ལུས་པའི་ཡེ་ཤེས་ཀྱི་གཟུགས་ཏེ། གུར་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་ལྡན་པར། །ཁམས་གསུམ་རྒྱུ་བཅས་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་པ་དང༌། བརྟག་གཉིས་ལས།

p. 166

ང་ལས་འགྲོ་བ་ཐམས་ཅད་བྱུང༌། །ང་ལས་གནས་གསུམ་པོ་ཡང་བྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་པ་དང༌། བརྟན་དང་གཡོ་བའི་དངོས་པོ་གང༌། །ཙ་ལྕུག་འཁྲིལ་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་པ་དང༌། འཕགས་པ་ཀུན་ནས་སྒོའི་མདོ་ལས། བུད་མེད་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྐྱེས་པའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཁྱེའུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །བུ་མོའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཀླུའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གནོད་སྦྱིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དྲི་ཟའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྷ་མ་ཡིན་གྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ནམ་མཁའ་ལྡིང་གི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །མིའམ་ཅིའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ལྟོ་འཕྱེ་ཆེན་པོའི་གཟུགསཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སེམས་ཅན་དམྱལ་བའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དུད་འགྲོ་མངལ་སྐྱེས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དུད་འགྲོ་སྒོང་སྐྱེས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དུད་འགྲོ་རྫུས་སྐྱེས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དུད་འགྲོ་དྲོད་གཤེར་སྐྱེས་ཀྱི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གཤིན་རྗེའི་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པ་དང༌། དེ་བཞིན་དུ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཀུན་གཞི་ཡེ་ཤེས་ལྔའི་ངོ་བོ་དོན་དམ་གྱི་ཆོས་ཉིད་ཀྱི་ཁམས་གསུམ་པོ་ཐམས་ཅད་འོད་གསལ་གྱི་སྣང་བ་དང༌། ཡེ་ཤེས་ཀྱི་ལྷར་གསུངས་པ་

p. 167

འདི་ལྟ་སྟེ། ཡང་སོས་མ་དང༌། ཐིག་ནག་མ་དང༌། བསྡུས་འཇོམས་མ་དང༌། ངུ་འབོད་མ་དང༌། ངུ་འབོད་ཆེན་པོ་མ་དང༌། ཚ་བ་མ་དང༌། རབ་ཏུ་ཚ་བ་མ་དང༌། བཏུང་བ་མོ་དང༌། མར་མེ་མ་དང༌། བུམ་མོ་དང༌། གཤིན་རྗེ་མོ་དང༌། མེ་འདག་མོ་དང༌། མར་ནག་ཏུ་འཚོད་མ་དང༌། རི་གཉིས་ཀྱི་བར་དུ་འཚིར་མ་དང༌། སྡང་མ་དང༌། རྨོངས་མ་དང༌། ཕྲག་དོག་མ་དང༌། ཆགས་མྱོས་མ་དང༌། སེར་སྣ་མ་དང༌། རྐུད་པ་མ་དང༌། གྲང་བ་མ་དང༌། རལ་གྲིའི་ནགས་མ་དང༌། དུ་བ་མ་དང༌། མུ་གེ་མ་དང༌། ནད་དགོན་མ་དང༌། མཚོན་དགོན་མ་དང༌། ཆུའི་དགོན་མ་དང༌། སེམས་ཅན་མོ་མ་དང༌། རབ་མེད་མ་དང༌། སྤུ་གྲིའི་སོ་མ་དང༌། འཁོར་ལོ་མ་དང༌། གྲུལ་བུམ་མ་དང༌། ལྷ་མོ་ཆེ་དང༌། མཆོད་མ་དང༌། ཟ་མ་དང༌། གཉིད་མ་དང༌། ལེ་ལོ་མ་དང༌། ཆོས་སེམས་མ་དང༌། སྒོམ་པ་མོ་དང༌། ཁྱིམ་སེམས་མ་དང༌། བུད་མེད་སེམས་མ་དང༌། དོན་སེམས་མ་དང༌། སྦྱོར་བྲལ་མ་དང༌། བུ་སེམས་མ་དང༌། མྱ་ངན་མ་དང༌། བསམ་གཏན་མ་དང༌། སྔགས་ཟློས་མ་དང༌། ངོ་ཚ་མ་དང༌། ང་རྒྱལ་མ་དང༌། གདུང་བ་མོ་དང༌། སེམས་ཅན་དོན་བྱེད་མ་དང༌། བརྩོན་པ་མོ་དང༌། རྒྱལ་པོ་སེམས་མ་དང༌། གཞན་གནོད་མ་དང༌། ཡེ་ཤེས་ཐོབ་མ་དང༌། དཀའ་ཐུབ་མ་དང༌། རྒས་མ་དང༌། འཆི་བའི་བསམ་ཅན་མ་དང༌། བདེ་མ་དང༌། སྡུག་མ་དང༌། མི་དགེ་མ་དང༌། ཡོད་པ་མ་དང༌། མེད་པ་མ་དང༌། བླ་མ་སེམས་མ་དང༌། འགྲོ་བ་མོ་དང༌། བཟོད་མ་དང༌། མི་བཟོད་མ་དང༌། ངལ་མ་དང༌། ངལ་སོས་མ་དང༌། བཀྲེས་མ་དང༌། མཆོག་མ་དང༌། ལས་ཐམས་ཅད་བྱེད་པ་མོ་དང༌། རྒྱལ་ཆེན་བཞིའི་རིས་མ་དང༌། སུམ་ཅུ་རྩ་གསུམ་མ་དང༌། འཐབ་བྲལ་མ་དང༌། དགའ་ལྡན་མ་དང༌། འཕྲུལ་དགའ་མ་དང༌། གཞན་འཕྲུལ་དབང་བྱེད་མ་དང༌། ཚངས་རིས་མ་དང༌། ཚངས་པ་འདུན་ན་འདོན་

p. 168

མ་དང༌། ཚངས་ཆེན་མ་དང༌། འོད་ཆུང་མ་དང༌། ཚད་མེད་འོད་མ་དང༌། འོད་གསལ་མ་དང༌། དགེ་ཆུང་མ་དང༌། ཚད་མེད་དགེ་མ་དང༌། དགེ་རྒྱས་མ་དང༌། སྤྲིན་མེད་མ་དང༌། བསོད་ནམས་སྐྱེས་མ་དང༌། འབྲས་བུ་ཆེ་མ་དང༌། མི་ཆེ་མ་དང༌། མི་གདུང་མ་དང༌། ཤིན་ཏུ་མཐོང་མ་དང༌། བཟང་སྣང་མ་དང༌། འོག་མིན་མ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་མ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་མ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་མ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་མ་དང༌། དམྱལ་མོ་དང༌། ཡི་དྭགས་མོ་དང༌། དུད་འགྲོ་མ་དང༌། མི་མོ་དང༌། ལྷ་མོ་དང༌། གཞལ་མེད་ཁང་སྤྱོད་མ་དང༌། ཟླ་བ་མ་དང༌། ཉི་མ་མ་དང༌། གཤིན་རྗེ་མོ་དང༌། དབང་མོ་དང༌། འཁོར་ལོས་སྒྱུར་མ་དང༌། ངང་མོ་དང༌། བྱ་དཀར་མོ་དང༌། སྲེག་མོ་དང༌། རྨ་བྱ་མོ་དང༌། ཕུག་རོན་མོ་དང༌། བྱ་རོག་མོ་ཆེན་མོ་དང༌། ཁྲ་མོ་དང༌། ཧོར་པ་མོ་དང༌། བྱི་ལ་མོ་དང༌། སེངྒེ་མོ་དང༌། སྟག་མོ་དང༌། དོམ་མོ་དང༌། རི་བོང་མ་དང༌། གླང་ཆེན་མོ་དང༌། རི་དྭགས་མོ་དང༌། ལྕེ་སྤྱང་མོ་དང༌། བསེ་མོ་དང༌། འབྲི་མོ་དང༌། རྔ་མོ་དང༌། སྲེ་མོ་དང༌། རྩངས་པ་མོ་དང༌། བྱི་བ་མོ་དང༌། བོང་མོ་དང༌། རུ་སྦལ་མོ་དང༌། ཆུ་སྲམ་མོ་དང༌། སྡིག་ནག་མོ་དང༌། སྲིན་པོའི་གདོང་མ་དང༌། ཆ་ག་མོ་དང༌། ཆུ་བྱི་མོ་དང༌། གྲོག་མོའི་གདོང་མ་དང༌། ཆུ་སྦྲུལ་མ་དང༌། དུང་མོ་དང༌། མགྲོན་བུ་མོ་དང༌། ཉ་ཕྱིས་མོ་དང༌། ཤ་སྦྲང་མོ་དང༌། ཉ་བ་མོ་དང༌། སྡིག་དཀར་མོ་དང༌། དུང་མཁན་མོ་དང༌། ཐགས་མཁན་མོ་དང༌། ཁུར་མཁན་མོ་དང༌། ཤིང་བཟོ་མ་དང༌། ཕྲེང་བ་མཁན་མོ་དང༌། ཚོས་མཁན་མོ་དང༌། སྲིན་བལ་བྱེད་མ་དང༌། ཕོ་ཉ་མོ་དང༌། གཤང་བ་འཕྱག་མ་དང༌། རྩིས་མཁན་མ་དང༌། ལྡུམ་རའི་གཉེར་པ་མོ་དང༌། རྒྱལ་པོས་བཀྲབས་པ་མ་དང༌། ཤན་པ་མོ་དང༌། སོ་རྩི་འཚོང་བར་བྱེད་མ་དང༌། གསེར་

p. 169

མགར་མ་དང༌། ནོར་བུ་རྒྱུད་མ་དང༌། ནགས་པ་མོ་དང༌། ཀླ་ཀློ་མ་དང༌། ཚོང་པ་མོ་དང༌། རྡོ་བཟོ་མ་དང༌། ཞིང་ལས་མ་དང༌། ཀོ་ལྤགས་མཁན་མ་དང་། ཞེས་པ་ལ་སོགས་པ་མཁའ་འགྲོ་རྒྱ་མཚོའི་རྒྱུད་དུ་ཀུན་གཞི་ཡེ་ཤེས་འོད་གསལ་གྱི་སྣང་བ་ཁམས་གསུམ་པོའི་རྣམ་པ་ཐམས་ཅད་ཡེ་ཤེས་ཀྱི་ལྷར་གསུངས་ཤིང༌། དེ་ཡང་རང་འདྲའི་ཐབས་དང་བཅས་པར་གསུངས་པ་ནི་རྣལ་འབྱོར་ཡན་ལག་དྲུག་བསྒོམས་པའི་ཉམས་མྱོང༌། ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་པར་བྱ། །ཞེས་ཡང་དང་ཡང་དུ་གསུངས་པ་དེ་ཉིད་ཡིན་ནོ། །རྗེ་མི་ལ་རས་པའི་ཞལ་ནས། དབྱར་ཁའི་ས་ལ་ཅི་ཡང་སྐྱེ། །སྟོན་པའི་ཁ་ནས་ཅི་ཡང་འབྱུང༌། །རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར། །ཞེས་གསུངས་པའི་དོན་ནོ། །གཞན་ཡང་དེ་ཉིད་རོ་རྣམ་པར་བམ་པ་དང༌། རྣམ་པར་སྔོས་པ་དང༌། རུལ་པ་དང༌། འབུས་བཞིགས་པ་དང༌། དམར་བ་དང༌། ཟོས་པ་དང༌། ནང་གྲོལ་དང༌། ཡན་ལག་དང༌། ཉིང་ལག་དང༌། རུས་པ་རྣམས་ཕྱོགས་ཕྱོགས་སུ་འཐོར་བ་དང༌། ཚིགས་པ་དང༌། ཡན་ལག་གི་རུས་པ་རྒྱུས་པས་བྲང་བྲེང་དུ་འབྲེལ་བ་དང༌། ཤ་ར་རི་དང་། ཁྲག་ར་རི་ཆགས་པ་དང༌། མགོ་བུམ་རིལ་དང༌། ཡ་ཐོད་མ་ཐོད་བྲལ་ཞིང་འཐོར་བ་དང༌། ཞག་དང་ཟླ་བ་དང༌། ལོ་དུ་མ་སོང་བའི་ཤ་དང་ཁྲག་དང་རྒྱུས་པ་དང༌རུས་པ་མང་པོ་སྙོགས་པ་དང༌། ཁ་ནས་མེ་འབར་བ་ལ་སོགས་པའི་གདོན་དང་རོ་ལངས་གནོད་སྦྱིན་མང་པོ་དང༌། ལྕེ་སྤྱང་དང༌བྱ་རྒོད་ལ་སོགས་པ་ཤ་ཟ་མང་པོས་འཛིངས་ཤིང་གང་བ་དང༌། རོ་རིལ་པོ་དང༌། ཕྱེད་མ་དང༌། དུམ་བུ་དང༌། ནང་གྲོལ་དང༌། ཡན་ལག་དང་། རུས་པ་འཐོར་བ་དང༌། རོ་བམ་རིལ་དང༌། ཡ་ཐོད་མ་ཐོད་བྱེ་བ་ལ་སོགས་པ་ཐམས་ཅད་རྒྱུག་པ་དང༌། འཆོང་བ་དང༌། གར་བྱེད་པ་དང༌། བྲོ་བརྡུང་བ་དང༌།

p. 170

རྒོད་པ་དང༌། ངུ་བ་དང༌། གླུ་ལེན་པ་ལ་སོགས་པ་འཇིགས་ཤིང་བག་ཚ་བ་བཟོད་པར་དཀའ་བའི་དུར་ཁྲོད་ཀྱི་རྣམ་པ་ཚད་མེད་པའི་འོད་གསལ་མཐའ་ཡས་པ་སྟེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། མགོ་མེད་རྒྱུག་དང་གཞན་ཡང་ནི། །མགོ་བོ་མེད་པ་གར་བྱེད་པ། །ཉལ་བ་དང་ནི་རྐང་མེད་དང༌། །མགོ་དང་ལག་སོགས་གཏུབས་པ་སྟེ། །ཏིང་འཛིན་ཆེན་པོའི་རྒྱུ་ཡིས་ནི། །དེ་རྣམས་དགའ་བཅས་གར་བྱེད་དོ། །ཞེས་གསུངས་པའི་དོན་ནོ། །ཏིང་ངེ་འཛིན་ཆེན་པོ་ནི་སྤྲོས་པ་དང་བྲལ་བའི་ཡན་ལག་དྲུག་གི་རྫོགས་རིམ་བསྒོམས་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པའི་རྒྱུ་མཚན་གྱིས་དེ་ལྟར་སྣང་ཞེས་པའོ། །བརྟག་གཉིས་ལས་ཀྱང༌། དང་པོར་རོ་ནི་རྣམ་བསྒོམས་པ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བརྗོད། །ཅེས་པ་དང༌། རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། །དུར་ཁྲོད་དུ་ནི་མགོན་པོ་རོལ། །དབུགས་སོང་ཞེས་བྱའི་རིག་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་པ་འོད་གསལ་གྱི་རོ་དང་དུར་ཁྲོད་ཀྱི་རྣམ་འགྱུར་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཡིན་ནོ། །དེ་བཞིན་དུ་ཀུན་གཞི་ཡེ་ཤེས་ཀྱི་སྣང་བ་ལྷ་དང་ལྷ་མིན་མི་ལ་སོགས་པའི་དམག་དཔུང་གི་རྣམ་འགྱུར་འཇིགས་སུ་རུང་བ་དུ་མ་བཤམས་པ་དང༌། གཡུལ་འགྱེད་པ་དང༌། འཁྲུགས་ཤིང་ཤི་གསད་ཀྱི་རྣམ་པ་ལྟ་བུར་མི་བཟོད་ཅིང་སྐྱི་གཡའ་བ་དུ་མ་དང༌། ཁྲིམས་ར་ཆེན་པོར་བཙོན་དང་ཁྲིམས་གཅོད་པ་དུ་མས་གང་བ། ཆད་པ་གཅོད་ལུགས་སྣ་ཚོགས་པ་བཅིངས་པ་ལྔས་བཅིངས། མགོ་གཅོད་པ། སྣ་གཅོད་པ། རྣ་བ་གཅོད་པ། ལག་པ་གཅོད་པ། རྐང་པ་གཅོད་པ། མིག་འབྲུ་བ། སྙིང་འབྱིན་པ། ནང་གྲོལ་འདོན་པ། པགས་པ་བཤུ་བ། སོག་ལེས་འདྲ་བ། ལྕགས་སྲེག་གིས་བརྡར་བ། ཟངས་ཞུན་ལུས་ལ་བླུག་པ། ཆུ་ཚན་དང་མེ་ཚན་དུ་སྐྱུར་བ་ཚ། དོང་དུ་འཇུག་པ། ཁྲིམས་ཤིང་

p. 171

ལ་བཏགས་པ། གསལ་ཤིང་ལ་བཙུགས་པ་ལ་སོགས་པ་ཉམ་ང་ཞིང་ཡིད་འབྱུང་བ། སྒྱིད་ལུག་ཅིང་སེམས་སྐྱོ་བ། སྙིང་བློང་བློང་པོར་བྱེད་ཅིང༌མིག་བསྒྱུར་བའི་རྣམ་འགྱུར་སྣ་ཚོགས་ཚད་མེད་པ། མགོའི་ཕུང་པོ་མིག་གི་ཕུང་པོ་རྣ་བ་དང་སྣ་དང་རྐང་ལག་དང་སྙིང་གི་ཕུང་པོ་སྟེ་ཡན་ལག་གི་ཕུང་པོ་དུ་མ་དང༌། ཁྲག་གི་མཚོ་ལ་སོགས་པ་དཔའ་སྐོང་བཞིན་བག་འཁུམས་པར་བྱེད་པའི་རྣམ་པ་སྟེ། སྡུད་པ་ལས། དཔེར་ན་སྒྱུ་མ་མཁན་གྱིས་གཞི་མདོར་སྤྲུལ་བྱས་ཏེ། །སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་པའི། །གསད་བྱ་དེ་དག་ཅི་འདྲ་དེ་འདྲར་བྱང་ཆུབ་སེམས། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་གསུངས་པའི་དོན་ནོ། །མདོར་ན་ཡེ་ཤེས་ཀྱི་སྣང་བ་འཁོར་བ་དང་མྱང་འདས་ཀྱི་གཟུགས་སྣ་ཚོགས་པ་ལས་འཁོར་བའི་སྣོད་བཅུད་དུ་མ་ནི་དམྱལ་བའི་སྣོད་ཀྱི་རྣམ་འགྱུར་དུ་མ་དང༌། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང༌། ཡི་དྭགས་ཀྱི་སྣོད་ཀྱི་རྣམ་འགྱུར་དུ་མ་དང༌། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང༌། དུད་འགྲོའི་སྣོད་ཀྱི་རྣམ་འགྱུར་དུ་མ་དང༌། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང༌། ལྷ་དང་ལྷ་མིན་གྱི་སྣོད་ཀྱི་རྣམ་འགྱུར་དུ་མ་དང༌། དེའི་བཅུད་ཀྱི་རྣམ་འགྱུར་དུ་མ་དང༌། མིའི་སྣོད་ཀྱི་རྣམ་འགྱུར་དུ་མ་དང༌། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་སྤྲིན་དང་ཉི་ཟླ་གཟའ་སྐར་དང༌། ཉིན་མཚན་དང༌། ནམ་ཟླ་དུས་བཞི་དང༌། ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་མེ་ཏོག་ཡུལ་ཁམས་གྲོང་ཁྱེར་ཁང་པ་སྦྲ་ཁྱིམ་ལ་སོགས་པ་དང༌། དེའི་བཅུད་ཀྱི་རྣམ་པ་དུ་མ་ནི། རྒྱལ་པོ་བཙུན་མོ་བློན་པོ་རྒྱལ་ཕྲན་སྐྱེས་པ་བུད་མེད་ཁྱེའུ་བུ་མོ་མ་ནིང༌བྲམ་ཟེ་རྒྱལ་རིགས་རྗེ་རིགས་དམངས་རིགས་གདོལ་པའི་རིགས་ལ་སོགས་པ་དང༌། མིས་བདག་ཏུ་བཟུང་བའི་རྟ་ནོར་ར་ལུག་བོང་བུ་དྲེའུ་མ་ཧེ་ལ་སོགས་པའོ། །མྱང་འདས་ཀྱི་སྣོད་བཅུད་ཀྱི་དུ་མ་ནི། ཆོས་

p. 172

སྐུའི་སྲིད་གསུམ་ཀུན་ནས་དང་བ་འོག་མིན་གྱི་གནས་ཉམས་དགའ་བ་དེར་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཚེ་དང་སེམས་དང་ཡོ་བྱད་ལ་དབང་བ་ལ་སོགས་པ་རྒྱལ་བའི་ཤིན་ཏུ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །དར་བ་ཆེན་པོ་ཆོས་ཀྱི་ཏོག །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པ། དགའ་ཆེན་རོལ་མོ་ཆེན་པོ་འཆང་བ། རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་ནམ་མཁའ་གང་བ་དང༌། ཆོས་སྐུའི་བཅུད་ཀྱི་རྣམ་འགྱུར་དོན་དམ་གྱི་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས་སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །རྡུལ་གཅིག་གི་སྟེང་ན་རྒྱལ་བ་སྲས་བཅས་ཐམས་ཅད་བཞུགས་པ་དེ་ལྟར་རྡུལ་ཐམས་ཅད་ཀྱི་སྟེང་ན་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར་རྒྱལ་བ་སྲས་བཅས་ཀྱིས་གང་བའོ། །དྲི་མེད་འོད་ལས། སྟོབས་བཅུ་དང་ནི་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་གྱུར་པ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་སྐྱེ་བའི་གནས་སོ། །ཞེས་པ་དང་། བརྟག་གཉིས་ལས་ཀྱང༌། ཨེ་ཝཾ་རྣམ་པའི་རང་བཞིན་དུ། །བདེ་བ་བསྲུང་བ་ཉིད་ཀྱི་ཕྱིར། །བདེ་བ་ཅན་ཞེས་རབ་ཏུ་བསྒྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །ཞེས་པའོ། །དེ་འདྲའི་གནས་དེར་སྣོད་བཅུད་ཐམས་ཅད་ཆོས་སྐུའི་རོལ་པ་མིན་པ་མེད་དེ། བརྟག་གཉིས་ལས། སྟོན་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །ལྷན་

p. 173

ཅིག་སྐྱེས་དགའི་རང་བཞིན་ང༌། །ཞེས་གསུངས་པའི་དོན་ནོ། །གཟུགས་སྐུའི་སྣོད་ཀྱི་སྣང་བ་བདེ་བ་ཅན་དང་མངོན་དགའ་ལྟ་བུ་དག་པའི་ཞིང་ཁམས་རིན་པོ་ཆེ་ལས་གྲུབ་པ་དང༌། གཞལ་ཡས་ཁང་དང༌། འབྱོར་པ་ཕུན་སུམ་ཚོགས་པ་དང༌། གཟུགས་སྐུའི་བཅུད་ཀྱི་རྣམ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་སློབ་པ་དང་མི་སློབ་པ་དང༌། གྲུབ་ཐོབ་དང༌། དཔའ་བོ་དང༌། རྣལ་འབྱོར་མ་དང༌། མཁའ་འགྲོ་དང་ཆོས་སྐྱོང་ལ་སོགས་པའོ། །དེ་ལྟར་ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུ་འཁོར་འདས་གཉིས་ཀའི་སྣོད་བཅུད་ཀྱི་གཟུགས་ཅན་མུ་སྟེགས་པ་ཐམས་ཅད་དང༌། དེའི་གྲུབ་མཐའ་ཐམས་ཅད་ཀྱི་རྣམ་པར་སྒྱུ་མ་བཞིན་དུ་སྣང་བ་ནི། བརྟག་གཉིས་ལས། སྐྱེས་བུ་མངོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དུ་ནི། །དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཀྱི་རྣམ་པར་གནས། །ཞེས་གསུངས་པའི་དོན་ནོ། །འདི་དག་ཐམས་ཅད་ལ་གདོས་བཅས་ཀྱི་དངོས་པོར་ཞེན་དུ་མི་རུང་སྟེ། རྒྱན་སྟུག་པོར། ཉི་མ་དང་ནི་ཟླ་བའི་དབྱིབས། །པད་མོ་དང་ནི་འོད་འདྲ་ཞིང༌། །ནམ་མཁའ་རི་མོ་མེ་འདྲ་བ། །རྣལ་འབྱོར་ཞུགས་པས་རབ་ཏུ་མཐོང༌། །འདི་དག་ཐམས་ཅད་སྤངས་ནས་སུ། །སྣང་བ་མེད་པར་རབ་ཏུ་གནས། །གང་ཚེ་མཚན་མེད་རྣལ་འབྱོར་ཅན། །རྣམ་པར་མི་རྟོག་ཆགས་མེད་ན། །སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང༌། །ཞིང་དང་ཞིང་གཞན་མཉམ་བཞག་པ། །དེ་དག་ཕྱག་གིས་དབང་བསྐུར་བ། །དེ་ཡི་སྤྱི་བོར་དབང་བསྐུར་ཏེ། །སངས་རྒྱས་ས་ལ་བཞུགས་པ་དང༌། །སྣ་ཚོགས་གཟུགས་ནི་རབ་ཏུ་འབྱུང༌། །སྣ་ཚོགས་ཚུལ་གྱི་དངོས་ཐོབ་ནས། །ཀུན་མཁྱེན་ཐམས་ཅད་རིག་པར་འགྱུར། །ཞེས་གསུངས་པའི་དོན་ནོ། །ལང་ཀར་གཤེགས་པའི་མདོར་ཡང་

p. 174

འདི་བཞིན་གསུངས་པ་འདི་དང་དོན་གཅིག་གོ །འཕགས་པ་མ་ཐོབ་ཀྱི་གོང་དུ་ཡན་ལག་བསྒོམས་པས་མངོན་དུ་གྱུར་པའི་འོད་གསལ་དེ་ཉིད་ཀུན་གཞི་ཡེ་ཤེས་དོན་དམ་གྱི་དགེ་བའི་རྣམ་འགྱུར་རམ་མཚན་མ་ཡིན་པ་ནི། གཙུག་ཏོར་ཆེན་པོའི་མདོ་ལས། དེའི་སེམས་སྐད་ཅིག་ཙམ་ཞིག་ཕྱོགས་བཅུའི་ནམ་མཁའ་ལ་རིན་པོ་ཆེ་སྣ་བདུན་གྱི་ཁ་དོག་ཏུ་འགྱུར་རོ། །བར་བར་ནི་ཁ་དོག་སྣ་བརྒྱར་ཡང་འགྱུར་རོ། །ཡང་ཁྱབ་པར་གང་བ་ནི་སྔོན་པོ་སེར་པོ་དམར་པོ་དཀར་པོ་རྣམས་སོ་སོར་མ་འདྲེས་པ་ལྟ་བུར་སྣང་སྟེ། དེ་ཡང་ཐང་གཅིག་ཏུ་ཟད་པས་འཕགས་པར་གྱུར་པ་ནི་མ་ཡིན་ནོ། །དེ་རྣམས་དགེ་བའི་མཚན་མར་ནི་རུང་གི་དེ་ལ་འཕགས་པའོ་སྙམ་དུ་བསམས་ན་ལམ་ལོག་པའི་ཁམས་སུ་ལྷུང་ངོ༌། །ཡང་སེམས་དེ་སྐད་ཅིག་ཙམ་ཞིག་མཚན་མོ་མུན་ནག་གི་ནང་ནས་རྫས་སྣ་ཚོགས་མཐོང་སྟེ་ཉིན་མོ་མཐོང་བ་དང་མཚུངས་སོ། །ཡང་སེམས་དེ་ཉིད་ལུས་ཀྱི་ནང་དང་ཞིང་གསལ་བ་དེ་ཡུད་ཙམ་ཞིག་གསལ་བ་ལས་རང་གི་ལུས་ཀྱི་ནང་ནས་སྲིན་གྲོལ་མ་གློ་བུར་དུ་བྱུང་ཡང༌ལུས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྨས་ཤིང་ཉམས་པ་མེད་པར་ཡང་མཐོང་ངོ༌། །ཡང་སེམས་དེ་གསལ་ཞིང་སལ་ལེ་བའི་ངང་ནས་སྐད་ཅིག་ཙམ་ཞིག་འོད་བྱུང་སྟེ་ཕྱོགས་བཅུར་ཁྱབ་པ་འཛམ་བུ་གསེར་གྱི་ཁ་དོག་ཏུ་གྱུར་ཏེ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྐུར་གྱུར་ནས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ལྷའི་འོད་བརྩེགས་པའི་ཁང་པ་ན་བཞུགས་ཏེ་སངས་རྒྱས་བཅུའི་འཁོར་གྱིས་བསྐོར་ཞིང༌ས་ཡ་ཕྲག་བརྒྱའི་ཞིང་དང་པད་མོར་བཅས་པ་ལྟ་བུར་བྱུང་བ་སྣང་ངོ༌། །ཡང་བསྒོམས་པ་ལས་སེམས་སྐད་ཅིག་ཙམ་ཞིག་ཁམས་བཞི་ཡང་རྩྭ་ཤིང་དང་འདྲ་བར་མཐོང་སྟེ། མེས་བསྲེགས་མཚོན་ཆས་གཏུབས་ཀྱང་མི་ཚོར་ཞིང་མེའི་འོད་ཀྱིས་མཆེད་

p. 175

ཀྱང་ཚིག་པར་མི་འགྱུར་ལ། ཤ་བཅད་ན་ཡང་ཤིང་བཞོགས་པ་དང་མཚུངས་སོ། །ཡང་སེམས་དེ་སྐད་ཅིག་ཙམ་ཞིག་ཕྱོགས་བཅུའི་ས་ཆེན་པོ་དང་རི་དང་ཆུ་ཀླུང་མཐོང་སྟེ་དེ་ཉིད་སངས་རྒྱས་ཀྱི་ཞིང་དུ་གྱུར་ནས་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་འོད་སྣང་བས་ཁྱབ་ཅིང་གང་བ་དང༌། ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པའི་སངས་རྒྱས་ཐམས་ཅད་ཁང་པ་བརྩེགས་པ་བརྒྱན་པ་ན་བཞུགས་ཏེ་ནམ་མཁའ་གང་བར་མཐོང་ངོ༌། །ཡང་འོག་གི་ཕྱོགས་སུ་སེམས་ཅན་དམྱལ་བ་མཐོང༌། སྟེང་གི་ཕྱོགས་སུ་ཡང་ལྷའི་གནས་གཞལ་མེད་ཁང་རྣམས་སྒྲིབ་པ་མེད་པ་ལྟ་བུར་མཐོང་ངོ༌། །ཡང་སེམས་དེ་ཡུན་རིང་དུ་བསྒོམས་པ་ལས་སྐད་ཅིག་ཙམ་ཞིག་ནམ་གྱི་གུང་ལ་རྒྱང་རིང་པོ་ནས་ཚོང་འདུས་དང་གྲོང་ཁྱེར་དང་གཉེན་བཤེས་ཀྱང་མཐོང་ངོ༌། །བར་བར་ནི་གཏམ་ཟེར་བའི་སྒྲ་ཡང་ཐོས་ཤིང་བར་ཆོད་ཀྱི་ཕྱི་རོལ་ན་འདུག་པ་ལྟ་བུར་ཡང་མཐོང་ངོ༌། །དེ་རྣམས་དགེ་བའི་ལྟས་ནི་ཡིན་གྱི་འཕགས་པར་གྱུར་པ་ནི་མ་ཡིན་ནོ། །དེ་ལ་འཕགས་པའོ་སྙམ་དུ་བསམས་ན་ལམ་ལོག་པའི་ཁམས་སུ་ལྷུང་ངོ༌། །ཞེས་གསུངས་སོ། །སྐབས་འདི་ནས་ལུས་གནད་ལྟ་སྟངས་དང་རྟགས་བཅུ་དང་འོད་གསལ་འདི་ལྟ་བུ་དང་གཞན་ལ་ཤར་ཅེས་གཞན་ལ་ཤིན་ཏུ་གསང་བར་གདམས་པའི་བཀའ་རྒྱས་འདེབས་པ་གལ་ཆེའོ། །དེ་ལྟར་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར་ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་གཟུགས་སྣ་ཚོགས་པ་རྣམས་དོན་དམ་པའི་སེམས་སུ་ངོ་སྤྲད་པར་བྱའོ། །
གཉིས་པ་ཡེ་ཤེས་ཀྱི་སྒྲ་སྣ་ཚོགས་ངོ་སྤྲད་པ་ནི། སྒྲ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །

p. 176

ཞེས་པ་དང༌། སྤྱོད་འཇུག་ལས། ལུས་ཅན་ཀུན་གྱི་བྱ་དང་ནི། །ཤིང་དང་འོད་ཟེར་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་ཆད་པར་ཐོས་པར་ཤོག །ཅེས་པ་དང༌། གཙུག་ཏོར་ཆེན་པོའི་མདོ་ལས། སེམས་དེ་ཡུན་རིང་དུ་རྣམ་པར་བཞག་པ་ལས་སྐད་ཅིག་ཙམ་ཞིག་ནམ་མཁའ་སྟོང་པ་ལས་གཅིག་ཆར་དུ་ཕྱོགས་བཅུ་ནས་ཆོས་ཟབ་མོ་འཆད་པ་ལྟ་བུའི་སྒྲ་ཐོས་སོ། །ཞེས་པ་དང༌། བརྟག་གཉིས་ལས། ངང་པ་དང་ནི་བུང་བའི་སྒྲ། །གླུ་ཡི་མཐའ་ནས་ཉན་པར་བྱ། །བ་ལང་འཚེ་ཡི་སྒྲ་ཡང་ནི། །ཕྱི་རོལ་ཚལ་དུ་མཚོན་བྱ་བ། །ཞེས་པའི་དོན་ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དབུ་མ་ཆེན་པོ་ཐེག་པ་ཆེན་པོ་ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། ངང་པའི་སྒྲ་དང༌། བུང་བའི་སྒྲ་དང༌། བ་ལང་འཚེའམ་ལྕེ་སྤྱང་གི་སྒྲ་དང་། ཁྱི་ཕག་དང་། ར་ལུག་དང་། སྟག་གཟིག་དང༌། དུང་དང་འབྲུག་ལ་སོགས་པ་དུད་འགྲོ་ཇི་སྙེད་པ་དེ་སྙེད་ཀྱི་སྒྲའི་རྣམ་པ་ཐོས་སོ། །མྱང་འདས་ཀྱི་མདོ་ལས། འབྲུག་སྒྲའི་ཏིང་ངེ་འཛིན་ཐོབ་པ་དང་ཞེས་པ་དང་། འབུམ་དང་ཉི་ཁྲི་སོགས་ལས། བརྡའ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་འཛིན་དེས་སྤྱོད་པའི་ཞེས་པ་སྔར་གྱི་འགྲེའོ། །ཞེས་གསུངས་པའི་དོན་ནོ། །ས་སྒྲ་ཆུ་སྒྲ་མེ་སྒྲ་རླུང་སྒྲ་བྲག་ཆ་ས་གཡོས་པའི་སྒྲ་དང་གླིང་བུ་པི་ཝང་ཆ་ལང་དུང་ཏིང་ལ་སོགས་པ་རོལ་མོའི་སྒྲ་སྟེ་བེམ་པོའི་སྒྲ་ཇི་སྙེད་པའི་རྣམ་པ་ཐོས་ཏེ། འབུམ་དང་ཉི་ཁྲི་སོགས་ལས་སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །དམྱལ་བའི་ཚིག་དང་མིང་སྣ་ཚོགས་པ་ཇི་སྙེད་པ་དང༌། ཡི་དྭགས་ཀྱི་ཚིག་དང༌། མིང་སྣ་ཚོགས་པ་ཇི་སྙེད་པ་དང༌། དུད་

p. 177

འགྲོའི་ཚིག་དང་མིང་སྣ་ཚོགས་པ་ཇི་སྙེད་པ་དང༌། ལྷ་དང་མིའི་ཚིག་དང་མིང་སྣ་ཚོགས་པ་ཇི་སྙེད་པ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་དུས་གསུམ་གྱི་སེམས་ཡོད་སེམས་མེད་སྣ་ཚོགས་ལ་བཏགས་པའི་ཚིག་དང་མིང་ཇི་སྙེད་པའི་རྣམ་པ་རྣམས་དང༌། རང་གཞན་ལ་བསྟོད་པ་དང་སྨོད་པ་དང་སློབ་པ་དང་སྣ་ཚོགས་སྟོན་པ་དང༌བརྫུན་པ་དང་བདེན་པ་ཅི་རིགས་པའི་ཚིག་དང༌མིང་དུ་བཏགས་པའི་སྒྲ་སྣ་ཚོགས་ཐོས་ཏེ། འབུམ་དང་ཉི་ཁྲི་སོགས་ལས། ཚིག་བླ་དྭགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །རིགས་དྲུག་སོ་སོའི་གནས་སུ་གང་དུ་སེམས་ཡོད་སེམས་མེད་ཀྱི་དོན་གང་ལ་མཚན་མོ་གསལ་བྱེད་ཅེས་པ་ལྟ་བུ་རྒྱུ་མཚན་ཅན་དུ་བརྡའ་སྦྱར་བའི་ངེས་པའི་ཚིག་སྣ་ཚོགས་པ་རྣམས་ཀྱང་ཐོས་ཏེ། འབུམ་དང་ཉི་ཁྲི་སོགས་ལས། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་སྔར་གྱི་དེས་འགྲེའོ། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ཆོས་སྐྱོང་གི་གཟུགས་སྣ་ཚོགས་ཀྱིས་ཆོས་སྟོན་པ་དང༌། རིགས་དྲུག་སོ་སོའི་གཟུགས་སྣ་ཚོགས་ཀྱིས་ཆོས་སྟོན་པ་དང༌། ས་ཆུ་མེ་རླུང་རི་བྲག་རྩི་ཤིང་མེ་ཏོག་ནགས་ཚལ་རི་ཕུག་བྲག་ཕུག་ས་ཕུག་ཉི་ཟླ་གཟའ་སྐར་འོད་ཟེར་སྣ་ཚོགས་པའི་གཟུགས་ཀྱིས་ཆོས་སྟོན་པ་དང༌། ནང་དང་ཕྱི་ནས་ཕྱོགས་བཅུའི་ནམ་མཁའ་ལས་ཆོས་སྣ་ཚོགས་ཀྱི་དོན་དང་ཚིག་རབ་ཏུ་འབྱེད་པའི་ཆོས་སྟོན་པ་ཐོས་ཏེ། འབུམ་དང་ཉི་ཁྲི་སོགས་ལས། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །སྒྲིབ་པའི་ས་བོན་རླུང་

p. 178

ཁུག་པ་གཅིག་མ་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བེམ་པོའི་སྒྲ་ཐམས་ཅད་ཡི་གེ་དང་བྲལ་བ་དང་སེམས་ཡོད་ཀྱི་ཚིག་དང་ཕྱི་ནང་གི་ནམ་མཁའ་སྟོང་པའི་སྒྲ་ལ་བདེན་རྫུན་སྣ་ཚོགས་དང༌སྙན་མི་སྙན་སྣ་ཚོགས་སུ་འབྱུང་ལ། སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་ཏིང་ངེ་འཛིན་ཐོབ་ནས་རིམ་གྱིས་ལྷའི་བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ཀྱི་ལྷའི་རྣ་བ་ཐོབ་ཅིང༌དག་པའི་སྣང་ཤས་ཇེ་ཆེར་འཕེལ་བས་སྒྲ་ཐམས་ཅད་གོ་རྒྱུ་ཅན་དང༌། བདེན་པ་ཡིད་དུ་འོང་བ་ཁོ་ན་འབྱུང་ལ། ལྷའི་སྐད་ལ་སོགས་འགྲོ་བ་ཀུན་གྱི་སྐད་རྣམས་ཇི་སྙེད་པ་ཐོས་ཤིང་གོ་ལ། ཕར་ལའང་འགྲོ་བ་རིགས་མི་གཅིག་པ་ཇི་སྙེད་པ་དེ་སྙེད་ཀྱི་སོ་སོའི་སྐད་དུ་སྨྲ་ཤེས་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་ངང་ནས་ཐེག་པ་མཐོ་དམན་དང་སྤངས་རྟོགས་དང༌ས་ལམ་གྱི་ཆོས་སྣ་ཚོགས་པ་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ་ནམ་མཁའ་སྟོང་པ་ལ་སོགས་ལས་ཐོས་པ་འདི་ནི་ཕྱི་དྲང་དོན་གྱི་བླ་མ་མེད་ཀྱང་ནང་ངེས་དོན་གྱི་བླ་མ་གཅིག་ནང་ནས་འཆར་རོ། །ཞེས་སྔར་གྱི་སྐྱེས་མཆོག་གོང་མ་རྣམས་ཀྱི་གསུང་སྒྲོས་ལས་བྱུང་བ་འདི་ཉིད་ཡིན་ནོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ནས་རང་ཉིད་ཀྱིས་ཀྱང་འགྲོ་བ་མི་གཅིག་པ་སྣ་ཚོགས་ལ་སྐད་རིགས་མི་གཅིག་པ་སྣ་ཚོགས་ཀྱིས་ཆོས་སྣ་ཚོགས་སྟོན་པར་ནུས་པ་ནི། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡིི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པའི་དོན་ནོ། །
གསུམ་པ་ཡེ་ཤེས་ཀྱི་དྲི་སྣ་ཚོགས་ངོ་སྤྲད་པ་ནི། དྲི་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །

p. 179

ཞེས་པ་དང༌། བརྟག་གཉིས་ལས། དེ་ལ་དྲི་ནི་མཚོན་པར་བྱ། །སྒོག་པའི་དྲི་ནི་དང་པོ་ཉིད། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་བུར་མ་ལ་ཡ་ཡི་དྲི། །ཞེས་པའི་དོན་ཀུན་གཞི་ཕྱག་རྒྱ་ཆེན་པོ་དབུ་མ་ཆེན་པོ་ཐེག་པ་ཆེན་པོ་ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སྒོག་པའི་དྲི་དང་། བྱ་རྒོད་ཀྱི་དྲི་དང༌། ག་བུར་གྱི་དྲི་དང༌། ཙནྡན་མ་ལ་ཡའི་དྲི་དང༌། སྤོས་དཀར་དང༌། སི་ལ་དང༌། སོག་པོ་སྤོས་དཀར་དང༌། སྦྱར་སྤོས་དང༌། རྒྱ་སྤོས་ལ་སོགས་པ་སྤོས་སྣ་ཚོགས་པའི་དྲི་ཇི་སྙེད་པ་དང༌། བཤང་བ་དང༌། གཅི་བ་དང༌། རྣག་དང༌། ཁྲག་དང༌། ཤ་རུལ་བ་དང༌། ལུད་ཁུ་རུལ་བ་ལ་སོགས་པའི་དྲི་མི་ཞིམ་པ་ཇི་སྙེད་པ་དང༌། ཆང་ལངས་མ་ཐག་པ་དང༌། ནས་རྔོད་པ་དང༌། གསུར་སྣ་ཚོགས་པའི་དྲི་དང༌། སྤེན་མ་དང༌། བུར་ཤིང་དང༌། ཤུག་པ་ལ་སོགས་པའི་ཤིང་སྣ་ཚོགས་པའི་དྲི་ཇི་སྙེད་པ་དང༌། གཞན་ཡང་ལྷའི་སྤོས་དང༌། ཀླུའི་སྤོས་དང༌། འཕགས་པ་ཉན་རང་དང་རྒྱལ་བ་སྲས་བཅས་ལ་འོས་པའི་སྤོས་དྲི་ཞིམ་པ་གྱ་ནོམ་པ་བསམ་གྱིས་མི་ཁྱབ་པ་མིང་མི་ཐོགས་པ་སྣ་ཚོགས་པ་འཆར་ཏེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བའི་ཕྱིར་རོ། །གཞན་ཡང་སྣང་སྲིད་ཐམས་ཅད་དྲི་ཞིམ་པ་ཕུན་སུམ་ཚོགས་པ་ནད་དང་སྡུག་བསྔལ་ཐམས་ཅད་སེལ་ཞིང༌ལུས་སེམས་དང་དབང་པོ་ཐམས་ཅད་སིམ་པར་བྱེད་པ་ཏིང་ངེ་འཛིན་དང༌ཤེས་རབ་ཀྱི་སྣང་བ་རྒྱས་པར་བྱེད་པ། ཟས་གོས་ཐམས་ཅད་ཀྱི་གོ་ཆོད་པ་ནམ་མཁའ་གང་བ་འཆར་རོ། །ཡང་སྒྲིབ་པའི་ས་བོན་སྲོག་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་དྲི་ཞིམ་མི་ཞིམ་དང༌། ཡིད་དུ་འོང་མི་འོང་དང༌། ནད་གཞི་ལ་ཕན་མི་ཕན་ལ་སོགས་པ་སྣ་ཚོགས་སུ་འཆར་ཏེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་

p. 180

པའི་ས་བོན་སྲོག་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་དྲི་ཐམས་ཅད་ཞིམ་པ་དང༌། ཡིད་དུ་འོང་བ་དང༌། བདེ་བ་ཆེན་པོར་རོ་གཅིག་པ་ཁོ་ན་རྒྱུན་མི་འཆད་པ་ནམ་མཁའ་གང་བར་འཆར་རོ། །
བཞི་པ་ཡེ་ཤེས་ཀྱི་རོ་སྣ་ཚོགས་ངོ་སྤྲད་པ་ནི། རོ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པའི་དོན་ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། རོ་ཕྱོགས་སུ་ལྷུང་བ་དྲུག་ལ། ཚྭའི་རོ་དང་། མངར་བའི་རོ་དང༌། ཚ་བའི་རོ་དང༌། ཁ་བའི་རོ་དང༌། སྐ་བའི་རོ་དང་། སྐྱུར་བའི་རོའོ། །དེ་ལ་ཚྭའི་རོ་ནི་ལན་ཚྭ་དང་རྒྱ་ཚྭ་དང་རྒྱམ་ཚྭ་དང་ཁ་རུ་ཚྭ་དང་ཟེ་ཚྭ་དང་བུལ་ཚྭ་དང་བ་ཚྭ་དང་ཤིང་ཚྭའི་རོ་ལྟ་བུའོ། །མངར་བའི་རོ་ནི་ཀ་ར་དང་བུ་རམ་དང་སྦྲང་རྩི་དང་འོ་མ་དང་ཤིང་མངར་གྱི་རོ་ལྟ་བུའོ། །ཚ་བའི་རོ་ནི་དྲོས་སྨན་དང་ལྕ་སྒ་དང་སྒོག་པའི་རོ་ལྟ་བུའོ། །ཁ་བའི་རོ་ནི་མཁྲིས་པ་དང་ཏིག་ཏའི་རོ་ལྟ་བུའོ། །སྐ་བའི་རོ་ནི་ཨ་རུ་ར་དང་འོམ་བུའི་རོ་ལྟ་བུའོ། །སྐྱུར་བའི་རོ་ནི་ཆང་སྐྱུར་དང་ཆུ་སྐྱུར་དང་གཅིན་དང་ཆུ་རྩ་ལས་སྐྱེས་པའི་སྡོང་བུའི་རོ་ལྟ་བུའོ། །དེ་ལྟར་རོ་དྲུག་གི་བཟའ་བ་དང་བཏུང་བ་གཉིས་ཀ་ལ་དྲུག་དྲུག་ཏུ་ངེས་ལ། རོ་ཕྱོགས་སུ་ལྷུང་བ་མི་ཞིམ་ཞིང་རོ་ཆ་མཉམ་པ་ཞིམ་པའོ། །རོ་དྲུག་པོ་རྣམས་ཀྱི་བཟའ་བཏུང་གཉིས་ལ་རོ་རེ་རེ་ལ་ཡང་ཤས་ཆེ་བ་དང་ཆུང་བ་དང༌ཆ་མཉམ་པ་གསུམ་གསུམ་སྟེ། ཚྭའི་རོ་ཤས་ཆེ་བ་དང་ཆུང་བ་དང༌མཉམ་པ་ལྟ་བུའོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་བར་དུ་རོ་ཞིམ་པ་དང་མི་ཞིམ་པ་དང་ཡིད་དུ་འོང་བ་དང་མི་འོང་བ་དང་ནད་གཞི་ལ་ཕན་པ་དང་མི་ཕན་པ་སྣ་

p. 181

ཚོགས་སུ་འཆར་ཏེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་ཟག་མེད་ཆོས་སྐུའི་སྣང་བ་ཤས་ཆེར་མངོན་དུ་གྱུར་པའི་ཕྱིར་སྣང་སྲིད་ཐམས་ཅད་རོ་མཆོག་ཞིམ་པ་གྱ་ནོམ་པ་ཕུན་སུམ་ཚོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་འོས་པའི་རོ་ཟས་གོས་ཐམས་ཅད་ཀྱི་གོ་ཆོད་པ་ལུས་སེམས་དང་དབང་པོ་ཐམས་ཅད་སིམ་པར་བརྟས་པའི་བདེ་ཆེན་གྱི་ཏིང་ངེ་འཛིན་ནམ་མཁའ་གང་བར་འཆར་རོ། །དེ་ཉིད་བསམ་གཏན་ཟས་ཀྱིས་འཚོ་བར་ཤོག་ཅེས་པ་དང༌། ཟས་སུ་ཏིང་ངེ་འཛིན་ཟ་ཞེས་པའི་དོན་ནོ། །
ལྔ་པ་ཡེ་ཤེས་ཀྱི་རེག་བྱ་སྣ་ཚོགས་ངོ་སྤྲད་པ་ནི། རེག་བྱ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པའི་དོན་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། རེག་བྱ་དྲུག་འབྱུང་བ་འདི་ལྟ་སྟེ། མིག་གི་འདུས་ཏེ་རེག་པ་དང༌། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པའོ། །དྲུག་པོ་རེ་རེ་ལ་ཡང་རེག་བྱ་འཇམ་པ་དང་རྩུབ་པ་དང་ཆ་མཉམ་པ་གསུམ་གསུམ་མོ། །དེ་ལ་མིག་ཧ་ཅང་འཇམ་པ་དང་རྩུབ་པ་དང་ཆ་མཉམ་པ་དང་ཆེ་བ་དང་ཆུང་བ་དང་འཁྲེགས་པ་དང་སོབ་པ་དང་ཡངས་པ་དང་དོག་པ་དང་མིག་མང་པོའི་སྣང་བ་དང༌། མིག་ཕྱེད་ཙམ་ལས་མེད་པ་དང༌། མིག་མེད་པའི་སྣང་བའང་རེག་བྱའོ། །རྣ་བ་ཧ་ཅང་འཇམ་པ་ལ་སོགས་པ་ཡང་སྔར་གྱིས་འགྲེའོ། །སྣ་ཧ་ཅང་འཇམ་པ་ལ་སོགས་པ་ཡང་སྔར་གྱིས་འགྲེའོ། །ལྕེ་ཧ་ཅང་འཇམ་པ་ལ་

p. 182

སོགས་པ་ཡང་སྔར་གྱིས་འགྲེའོ། །ལུས་ཧ་ཅང་འཇམ་པ་ལ་སོགས་པ་ཡང་སྔར་གྱིས་འགྲེའོ། །ཡིད་ཀྱི་རེག་བྱའི་སྣང་བ་ཧ་ཅང་འཇམ་པ་ལ་སོགས་པ་ཡང་སྔར་གྱིས་འགྲེའོ། །ལུས་ཀྱི་རེག་བྱ་ལ་ཁྱད་པར་དུ་རྒྱབ་མདུན་འཆུས་པ་དང༌། མགོ་མཇུག་ལོག་པ་དང༌། ཕྱོགས་འཛོལ་བ་དང༌། ཡན་ལག་རེ་རེ་ཧ་ཅང་ཆེ་བ་དང་ཆུང་བ་དང༌། འཁྲེགས་པ་དང་སོབ་པ་དང༌། ལྷག་པར་མང་བ་དང༌། ཕྱེད་ཙམ་ལས་མེད་པ་དང༌། གཏན་ནས་མེད་པའང་རེག་བྱའི་སྣང་བའོ། །ནང་གི་གློ་མཆིན་རྩ་ལ་སོགས་པ་རེ་རེའང་ཧ་ཅང་འཇམ་པ་ལ་སོགས་པ་སྔར་གྱིས་འགྲེ་ལ། ནང་ཁྲོལ་གཏན་ནས་མེད་པའི་སྣང་བ་ཡང་རེག་བྱའི་སྣང་བའོ། །ཡིད་ཀྱི་རེག་བྱ་ལ་ཁྱད་པར་དུ་སྒོམ་ཁང་ཧ་ཅང་ཆེར་སོང་བ་དང༌། ཆུང་དུ་སོང་བ་དང༌། མགོ་མཇུག་ལོག་པ་དང༌། ཕྱོགས་འཆུས་པ་དང༌། ཐོགས་མེད་པ་དང༌། ཕྱོགས་རལ་བ་དང༌། སྒོ་འཛོལ་བ་དང༌། འོག་ན་མར་བྱིང་བ་དང༌། སྟེང་དང་ཕྱོགས་གཞན་དུ་རྒྱུག་པའི་སྣང་བ་དང༌། སྒོམ་ཁང་གཏན་ནས་མེད་པའི་སྣང་བ་ཡང་རེག་བྱའི་རྣམ་པའོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྒྲ་དང་དྲི་ལ་སོགས་པ་ཡུལ་དྲུག་པོ་ཐམས་ཅད་ཀྱང་ཏིང་ངེ་འཛིན་གྱི་སྣང་བ་ལ་གཟུགས་བརྙན་གྱི་རྣམ་པར་འཆར་ཏེ། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། མཉམ་པར་བཞག་པ་དག་ལ་ནི། །ཏིང་ངེ་འཛིན་དེའི་སྤྱོད་ཡུལ་དེའི། །གཟུགས་བརྙན་རབ་ཏུ་སྣང་ཕྱིར་རོ། །ཞེས་གསུངས་པའི་དོན་ནོ། །དེས་ན་རེག་བྱའི་ཉམས་མྱོང་ལ་ཡུལ་དྲུག་གི་རྣམ་པ་ཡང་འཇམ་པ་ལག་མཐིལ་ལྟར་མཉམ་པ་དང༌། རྩུབ་པ་དང་གཡང་ས་དང་ངམ་གྲོག་དང་གཅོང་རོང་དང་ལམ་འཕྲང་དང་མཐོ་དམན་སྣ་ཚོགས་སུ་འཆར་བའོ། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་སྒྲིབ་པའི་ས་བོན་མ་འགགས་པས་ཟག་མེད་ཀྱི་རེག་བྱ་ཅུང་ཟད་ཀྱང་མ་ཐོབ་ཅིང་

p. 183

ཟག་བཅས་ཟག་མེད་རེས་འཇོག་ཏུ་སོང་བ་རེག་བྱ་བདེ་བ་དང་ཡིད་དུ་འོང་བ་དང་མི་འོང་བ་དང་དགའ་ལོད་སྣ་ཚོགས་སུ་འཆར་ཏེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་སྣང་སྲིད་ཐམས་ཅད་རེག་བྱ་བདེ་བའི་སྣང་བ་དགའ་བ་སྐྱིད་པ་ཡིད་དུ་འོང་བ་གྱ་ནོམ་པ་ཕུན་སུམ་ཚོགས་པ་དབང་པོ་ཐམས་ཅད་ཀྱིས་སིམ་པར་ཉམས་སུ་མྱོང་བ། ཡེ་ཤེས་ཀྱི་བདེ་དྲོད་འབར་བས་གོས་མི་དགོས་ཤིང༌། རི་བྲག་རྩིག་པ་ལ་སོགས་ལ་ཐོགས་པ་མེད་པ་ཆུ་ལ་མི་འབྱིང་ཞིང་ས་ལ་ཆུ་བཞིན་དུ་འཛུལ་བར་བྱེད་པ། སྣང་བའི་མོད་ལ་མི་སྣང་བར་སྟོན་ཅིང་མི་སྣང་བའི་མོད་ལ་སྣ་ཚོགས་སུ་སྟོན་ལ། བར་སྣང་སྟོང་པ་ལ་ཡང་འགྲོ་འཆག་ཉལ་མཉེས་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་བྱེད་པ་ལུས་སྤྲུལ་བསྒྱུར་སྣ་ཚོགས་པའི་སྒོ་ནས་བྱ་དང་གློག་བཞིན་དུ་ནམ་མཁའ་ལ་ཕྱོགས་བཅུར་རྒྱུ་བ་སོགས་རྣམ་འགྱུར་དཔག་ཏུ་མེད་པའི་རྣམ་པ་འཆར་རོ། །
དྲུག་པ་ཡེ་ཤེས་ཀྱི་ཆོས་སྣ་ཚོགས་ངོ་སྤྲད་པ་ནི། ཆོས་ཀྱི་ཁམས་ངོ་སྤྲད་པ་དང༌། རྨི་ལམ་གྱི་ཉམས་ངོ་སྤྲད་པ་དང༌། ཡུལ་དྲུག་སྤྱིའི་མཇུག་བསྡུས་ཏེ་བསྟན་པའོ། །དང་པོ་ཆོས་ཀྱི་ཁམས་ངོ་སྤྲད་པ་དངོས་ནི། ཆོས་ཀྱི་ཁམས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ་ཞེས་པའི་དོན། ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། ཡིད་ཡུལ་དུ་སྐད་ཅིག་རེ་ཙམ་གཟུགས་སྒྲ་ལ་སོགས་པའི་ཆོས་སྣ་ཚོགས་པ་འཆར་ཞིང་དེ་ཡང་སྔར་རྒྱུས་མེད་པའི་གྲོང་དང་ཡུལ་དང་མི་ལ་སོགས་པའི་

p. 184

འགྲོ་བ་སྣ་ཚོགས་དང་སྤྱོད་ལམ་སྣ་ཚོགས་པ་སྐད་ཅིག་ཐང་ཅིག་ཡུད་ཙམ་རེ་གསལ་བར་མངོན་སུམ་དུ་ཝལ་ཝལ་འཆར་ཏེ། ལས་དང་པོ་པས་རྣམ་རྟོག་ཡིན་སྙམ་ནས་རྣམ་རྟོག་དང་ཕྱེད་པར་དཀའ་འོ། །འདི་ནི་ཡིད་ཡུལ་དུ་ཡུལ་དྲུག་གི་དོན་གསལ་བར་སྣང་བ་མངོན་སུམ་བཞིན་དུ་འཆར་ལ། རྣམ་རྟོག་ལ་ནི་དོན་སྤྱིའི་ཚུལ་དུ་དྲན་པ་ཙམ་མ་གཏོགས་པ་གསལ་སྣང་མི་འབྱུང་སྟེ། ཚད་མ་རྣམ་འགྲེལ་ལས། རྣམ་རྟོག་རྗེས་སུ་འབྲེལ་བ་ལ། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་པའོ། །སེམས་ཀྱི་གནས་ཆ་ཆེ་ན་ལུས་གནད་ལ་སོགས་པའི་རྣམ་འགྱུར་བརྗེད་ནས་གཉིད་སོང་བའི་རྨི་ལམ་བཞིན་དུ་རིགས་དྲུག་གི་གསལ་སྣང་སྣ་ཚོགས་དང་བདེ་བ་ཅན་ལ་སོགས་པ་དག་པའི་སྣོད་བཅུད་ཀྱི་གསལ་སྣང་སྣ་ཚོགས་འཆར་བ་ལ་གཉིད་དུ་སོང་བའི་རྨི་ལམ་ཡིན་ནམ་ཅི་ཡིན་ནམ་སྙམ་པ་འབྱུང་སྟེ། བརྟག་གཉིས་ལས། གཉིད་ལོག་སད་པ་མི་ཕྱེད་པ། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་པའི་དོན་ནོ། །དྲན་པས་ཟིན་པའི་ཚེ་ལུས་གནད་ལ་སོགས་མ་ཞིག་ཅིང་གཉིད་དུ་ནི་མ་སོང་བར་འདུག་པ་ལ་ཡུན་རིང་པོར་རྣམ་རྟོག་ལ་འབྱམས་འདུག་སྙམ་པ་འབྱུང་ངོ༌། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་ཡིད་ཀྱི་ཡུལ་དྲུག་གི་སྣང་བ་སྣ་ཚོགས་འཇིགས་པ་དང༌། ཡིད་མི་བདེ་བ་དང༌། སྡུག་བསྔལ་གྱི་རྐྱེན་དུ་འགྱུར་བ་སྣ་ཚོགས་འཆར་ལ། སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་ཡིད་ཡུལ་དུ་ཤར་བའི་ཚེ། ཆོས་སྣ་ཚོགས་པ་ཐམས་ཅད་དགའ་བ་སྐྱིད་པ་གྱ་ནོམ་པ་ཕུན་སུམ་ཚོགས་པ་བཀྲ་ཤིས་པ་ཀུན་གྱི་བཀྲ་ཤིས་པ། དཔལ་ལྡན་འབྱོར་པ་ཀུན་བྱེད་པ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་པ་ནམ་མཁའ་གང་བར་འཆར་རོ། །

p. 185

གཉིས་པ་རྨི་ལམ་གྱི་ཉམས་ངོ་སྤྲད་པ་ནི། ནཱ་རོ་པཎ་ཆེན་གྱིས། གཉིད་དང་རྨི་ལམ་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །མིང་ཡང་འོད་གསལ་གྱི་གདམས་ངག་ཟེར། །ཞེས་གསུངས་པའི་དོན། ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། རྨི་ལམ་དུ་ཡུལ་དྲུག་གི་འོད་གསལ་སྣ་ཚོགས་ཤར་བའི་འོད་གསལ་དུ་ངོ་ཤེས་ཤིང་རྨི་ལམ་འོད་གསལ་དུ་ཟིན་པ་འབྱུང་ལ། དེ་ཡང་སྐབས་གང་དུ་ཟིན་ན་གཉིད་སྟུག་པོ་རྨི་ལམ་ཡང་མེད་པའི་ངང་ནས་གཉིད་སྲབ་པོར་སོང་སྟེ་རྨི་ལམ་རྨི་ཁའི་དུས་དང༌། གཉིད་སད་ཁའི་དུས་དང༌། གཉིད་དང་གཉིད་ཡུར་གྱི་མཚམས་གཉིད་འགྲོ་ཁའི་དུས་སུ་གཏི་མུག་ཆོས་ཉིད་ཀྱི་སྐུའི་ངོ་བོ་ཅན་འོད་གསལ་གྱི་ཡུལ་དྲུག་གི་སྣང་བ་དང་སྒོ་གསུམ་གྱི་ཉམས་མྱོང་སྣ་ཚོགས་འཆར་ཞིང༌། དེ་ལྟར་ཤར་བ་ལ་ངོ་ཅུང་ཟད་འཕྲོད་པའི་རྣལ་འབྱོར་པས་འོད་གསལ་གྱི་རྣམ་འགྱུར་དུ་ཤེས་པ་ནི་འོད་གསལ་ཟིན་པ་ཡིན་ལ། དེ་ཉིད་ཀྱི་ངང་ལ་དགག་སྒྲུབ་མེད་པར་སྐྱོང་བ་ཡིན་ཏེ། བརྟག་གཉིས་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ །ཞེས་པ་དང༌། རྗེ་ཏཻ་ལོ་པས། སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །ཞེས་གསུངས་པའི་དོན་ནོ། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་བདེ་སྡུག་དང་དགའ་མི་དགའ་དང༌འཐད་མི་འཐད་ཐུག་མ་ཧྲེམ་སྣ་ཚོགས་སུ་འཆར་བ་སྟེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་

p. 186

འཛིན་ཐོབ་ནས་རྨི་ལམ་གྱི་སྣང་བ་འཐད་པ་དགའ་བ་སྐྱིད་པ་བཀྲ་ཤིས་པ་གྱ་ནོམ་པ་ཕུན་སུམ་ཚོགས་པ། དགའ་ཆེན་རོལ་མོ་ཆེན་པོ་འཆང་བ། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པ། མཆོག་ཏུ་དགའ་བའི་གྲགས་བདག་དཔལ་ནམ་མཁའ་གང་བར་འཆར་ཏེ། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །ཞེས་པ་དང༌། རྣལ་འབྱོར་གྱི་དབང་ཕྱུག་ལྭ་བ་པའི་ཞལ་ནས། གཉིད་དང་རྨི་ལམ་དེ་བཞིན་ནོ། །ཞེས་གསུངས། དེ་ལྟར་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཡུལ་དྲུག་གི་རྨི་ལམ་དང་བཅས་པ་རྣམས་དོན་དམ་པའི་སེམས་སུ་ངོ་སྤྲད་པར་བྱའོ། །
གསུམ་པ་ཡུལ་དྲུག་སྤྱིའི་མཇུག་བསྡུས་ཏེ་བསྟན་པ་ནི། འབུམ་དང་ཉི་ཁྲི་སོགས་ལས། བཅོམ་ལྡན་འདས་ནི་གང་ཅི་ཡང་རུང་སྟེ་དེ་ཁོ་ན་ཉིད་ལ་གཞོལ་བ། དེ་ཁོ་ན་ཉིད་ལ་འབབ་པ། དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་པ། དེ་ཁོ་ན་ཉིད་སྟོན་པ། དེ་ཁོ་ན་ཉིད་གསལ་བར་བྱེད་པ་སྟེ། ཞེས་པ་དང༌། རྗེ་བཙུན་དམ་པས། ཆོས་ཉིད་སྟོང་གསལ་སྐྱེ་འགག་མེད། །རིག་པ་དྲི་མ་མེད་པ་ཡིན། །ཆོས་ཐམས་ཅད་འདིའི་སྟེང་དུ་བྲུབས་པ་བཞིན་དུ་སྟོན་པ་ཡིན། གཅིག་ཤེས་ཀུན་ལ་མཁས་པ་ཡིན། །ཀུན་ཤེས་གཅིག་ལ་སྡུག་པ་མང༌། །མི་གཅིག་པོ་ཡི་ཆོས་གཅིག་པོ། །ཆོས་གཅིག་པུ་ཡི་གོ་ཆོད་པོ། །ཞེས་བྱ་བ་ཡིན་ཞེས་པ་དང༌། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་མང་བཤད་པ། །

p. 187

ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཚིག་གཅིག་བསྒོམས་པར་བྱས་པས་ནི། །མདོ་སྡེ་མཐའ་དག་སྒོམ་དང་འདྲ། །ཞེས་དང༌། རྒྱལ་མཚན་དམ་པའི་མདོ་ལས། ཏིང་འཛིན་བསམ་གྱིས་མི་ཁྱབ་པ། །རྣལ་འབྱོར་སྤྱོད་པ་རྣམས་ལ་བཤད། །དེ་དག་ཐམས་ཅད་དོན་གཅིག་སྟེ། །སེམས་ཉིད་སྟོང་པར་འདུས་པར་བཤད། །ཞེས་པ་དང༌། གསང་བ་མཛོད་ཀྱི་མདོ་ལས། ཆུ་རྣམས་ཐམས་ཅད་རྒྱ་མཚོར་གཅིག །ཏིང་འཛིན་སྣ་ཚོགས་ཐ་དད་པ། །ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ །ཏིང་འཛིན་དེ་ལྟར་ཤེས་པར་གྱིས། །ཞེས་པ་དང༌། རྗེ་ས་ར་ཧས། ས་དང་ལམ་དང་སངས་རྒྱས་ཐམས་ཅད་རོ་གཅིག་པའི། །གཉུག་མའི་ཡེ་ཤེས་དེ་ཉིད་ཡིད་ཀྱིས་ཡིད་ལ་དྲིས། །ཞེས་པ་དང༌། རྗེ་ཏཻ་ལོ་པས། དེ་ལྟར་སེམས་ཀྱི་རང་བཞིན་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ཅེས་པ་དང༌། བརྟག་གཉིས་ལས། དེ་ནི་སྔགས་བཟླས་དེ་ནི་དཀའ་ཐུབ་དེ་སྦྱིན་བསྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་སོགས་གསུངས་པའི་དོན་ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དབུ་མ་ཆེན་པོ་ཐེག་པ་ཆེན་པོ་ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སྤྲོས་བྲལ་དབུ་མའི་མིག་ས་ཡི་སྙིང་པོ་ལ་སོགས་པའི་དབང་པོ་དྲུག་དང༌། མཐར་ཐུག་ཐེག་པ་ཆེན་པོའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཡུལ་དྲུག་དང༌། སེམས་ཉིད་ཕྱག་རྒྱ་ཆེན་པོའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་སྟེ། བདེ་གཤེགས་སྙིང་པོའི་ཁམས་བཅོ་བརྒྱད་མངོན་དུ་གྱུར་པ་ནི། ཆོས་དབྱིངས་བསྟོད་པ་ལས། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་སྣང་བ་འབྱུང༌། །སྐྱེ་མེད་འགག་པ་མེད་ཉིད་

p. 188

ལས། །ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས། །སྒྲ་དང་རྣ་བ་ལ་བརྟེན་ནས། །རྣམ་པར་དག་པའི་ཤེས་པ་གསུམ། །མཚན་ཉིད་མེད་པ་ཆོས་ཀྱི་དབྱིངས། །རྟོག་དང་བཅས་པ་ཐོས་པར་འགྱུར། །སྣ་དང་དྲི་ལ་བརྟེན་ནས་སྣོམ། །དེ་ནི་གཟུགས་སུ་མེད་པའི་དཔེ། །དེ་བཞིན་སྣ་ཡི་རྣམ་ཤེས་ཀྱི། །ཆོས་ཀྱི་དབྱིངས་ལ་རྟོག་པར་བྱེད། །ལྕེའི་རང་བཞིན་སྟོང་པ་ཉིད། །རོ་ཡི་ཁམས་ཀྱང་དབེན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས། །རྣམ་པར་ཤེས་པ་གནས་མེད་པ། །དག་པའི་ལུས་ཀྱི་ངོ་བོ་དང༌། །རེག་བྱའི་རྐྱེན་གྱི་མཚན་ཉིད་དག །རྐྱེན་དག་ལས་ནི་གྲོལ་གྱུར་པ། །ཆོས་ཀྱི་དབྱིངས་ཞེས་བརྗོད་པར་བྱ། །ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམ་སྤངས་ནས། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །མཐོང་དང་ཐོས་དང་སྣོམ་པ་དང༌། །མྱང་དང་རེག་པར་གྱུར་པ་དང༌། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །ཤེས་ནས་མཚན་ཉིད་རྫོགས་པ་ཡིན། །མིག་དང་རྣ་བ་སྣ་དག་དང༌། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །ཞེས་པ་དང༌། མེ་དང་འདྲ་བའི་རྣམ་རྟོག་གི་འགྱུ་བ་བསད་ན་དུ་བ་དང་འདྲ་བའི་ཆགས་སྡང་གི་འཁྲུལ་སྣང་རྒྱུན་ཆད་ནས། རྣལ་འབྱོར་པའི་ཉམས་མྱོང་འོད་གསལ་གྱི་ཡུལ་དྲུག་ལ་གདོས་བཅས་ཀྱི་ཡུལ་དྲུག་གི་སྟོང་པར་སོ་སོ་རང་རིག་ལ་སྣང་བ་ཡང༌། བསམ་པ་རྣམ་པར་དག་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། དགེ་སློང་རྣལ་འབྱོར་སྤྱོད་པའི་ཏིང་ངེ་འཛིན་སྒོམ་པའི་ཉམས་ཇི་ལྟར་ལགས། བཀའ་བསྩལ་པ། དཔེར་ན་ཐབ་ཀྱི་ནང་གི་མེ་བསད་ན་སྐར་ཁུང་གི་དུད་པ་འཆད་པ་བཞིན་དུ། སེམས་རིག་པ་སྟོང་པར་ཤེས་ན་གཟུགས་སྣང་སྟོང་དང༌། སྒྲ་གྲགས་སྟོང་དང༌། དྲི་ཚོར་སྟོང་དང༌། རོ་མྱོང་སྟོང་དང༌། རེག་བྱ་

p. 189

ཚོར་སྟོང་གི་ཉམས་འབྱུང་སྟེ། ནམ་མཁའ་མ་བསྒྲིབས་ན་གསལ་ལོ། །ཆུ་མ་རྙོགས་ན་དྭངས་སོ། །སེམས་མ་བཅོས་ན་བདེའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ངོ་ཤེས་པའི་རྣལ་འབྱོར་པས། །ཇི་ལྟར་བྱས་ཀྱང་སྒོམ་པའི་ངང༌། །གཉུག་མའི་དོན་ལ་གནས་པ་ཡིན། །ཏིང་ངེ་འཛིན་གྱི་ཉམས་སུ་བཤད། །ཅེས་པ་དང༌། ཆོས་དབྱིངས་ཡེ་ཤེས་ཀྱི་ས་ལ་སོགས་པའི་འབྱུང་བ་དང༌། མིག་ལ་སོགས་པའི་དབང་པོ་དང༌། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ཤེས་པ་དང༌། གཟུགས་ལ་སོགས་པའི་ཡུལ་ཐམས་ཅད་དོན་དམ་ཆོས་ཀྱི་དབྱིངས་ཀྱི་འབྱུང་བ་དང་ཁམས་བཅོ་བརྒྱད་ཡིན་མོད་ཀྱི་འོན་ཀྱང༌ཀུན་རྫོབ་གདོས་བཅས་ཀྱི་འབྱུང་བ་དང་ཁམས་བཅོ་བརྒྱད་མ་ཡིན་ཏེ། ཀུན་རྫོབ་ཀྱི་སའི་མཚན་ཉིད་སྲ་བ་སོགས་དང་མིག་གི་མཚན་ཉིད་ཀུན་རྫོབ་ཀྱི་གཟུགས་ལ་ལྟ་བ་མ་ཡིན་ཞེས་པ་ལ་སོགས་པ་ཀུན་རྫོབ་ཀྱི་ཁམས་བཅོ་བརྒྱད་ཀྱི་མཚན་ཉིད་མ་ཡིན་པ་ཡང༌། འཕགས་པ་བློ་གྲོས་མི་བཟད་པས་བསྟན་པའི་མདོ་ལས། ཆོས་ཀྱི་དབྱིངས་སའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་སྲ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཆུའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་བརླན་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་མེའི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་སྨིན་པར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རླུང་གི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་གཡོ་བར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་མིག་གི་ཁམས་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་ལྟ་བར་བྱེད་པའི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་

p. 190

རྣམ་པར་ཤེས་པའི་ཁམས་ནི་ཡིན་མོད་ཀྱི་ཆོས་ཀྱི་དབྱིངས་ཉན་པ་དང་། སྣོམ་པ་དང༌། མྱང་བར་བྱེད་པ་དང༌། ནོམ་པ་དང༌། རྣམ་པར་རིག་པ་དང༌། གཟུགས་རྣམ་པར་རིག་པ་དང༌། སྒྲ་རྣམ་པར་རིག་པ་དང༌། དྲི་རྣམ་པར་རིག་པ་དང༌། རོ་རྣམ་པར་རིག་པ་དང༌། རེག་བྱ་རྣམ་པར་རིག་པ་དང༌། ཆོས་རྣམ་པར་རིག་པ་ཙམ་གྱི་མཚན་ཉིད་ནི་མ་ཡིན་ནོ། །ཆོས་ཀྱི་དབྱིངས་གཟུགས་ཀྱི་ཁམས་དང༌། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་ཡིན་མོད་ཀྱི་མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་རིག་པར་བྱ་བའི་མཚན་ཉིད་ནི་མ་ཡིན་ནོ། །ཞེས་པ་དང༌། དེ་བཞིན་དུ་དོན་དམ་གྱི་ས་ཡིན་ཡང་ཀུན་རྫོབ་ཀྱི་སའི་མཚན་ཉིད་སྲ་བ་མེད་པའི་ཕྱིར་ཀུན་རྫོབ་ཀྱི་ས་མ་ཡིན་པ་དང༌། དེ་བཞིན་དུ་དོན་དམ་གྱི་ཆུ་དང་མེ་དང་རླུང་ཡིན་ཀྱང་ཀུན་རྫོབ་ཀྱི་ས་ཆུ་མེ་རླུང་གི་མཚན་ཉིད་གཤེར་བ་སྲེག་པ་གཡོ་བ་མེད་པའི་ཕྱིར་ཀུན་རྫོབ་ཀྱི་ཆུ་དང་མེ་དང་རླུང་མ་ཡིན་པ་དང༌། དེ་བཞིན་དུ་དབང་པོ་ཡུལ་དང་བཅས་པའི་ཁམས་བཅོ་བརྒྱད་དོན་དམ་གྱི་ཆོས་དབྱིངས་ཡེ་ཤེས་ཡིན་ཡང༌། ཀུན་རྫོབ་ཀྱི་དབང་པོ་ཡུལ་དང་བཅས་པའི་ཁམས་བཅོ་བརྒྱད་ཀྱི་མཚན་ཉིད་རྫས་མེད་པའི་ཕྱིར། ཀུན་རྫོབ་ཀྱི་དབང་པོ་ཡུལ་དང་བཅས་པའི་ཁམས་བཅོ་བརྒྱད་མ་ཡིན་ཏེ། དཔལ་ལྡན་རྒྱུད་ལས། ས་ཡི་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེའི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཀུན་ལྡན་ཡིན་ཡང་མཐོང་བ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །ཞེས་པ་དང༌། དེའི་བཤད་པ་དྲི་མེད་འོད་ལས། ད་ནི་ས་ཞེས་པ་ལ་སོགས་

p. 191

པས་གཟུགས་ཀྱི་མཚན་ཉིད་གསུངས་ཏེ། འདིར་སྟོང་པར་རབ་ཏུ་སྣང་བས་རྫས་མེད་པ་སའི་རྣམ་པར་མཐོང་བ་སྟེ་སྲ་བ་མ་ཡིན་ནོ། །ཞུ་བ་ཆུའི་རྣམ་པ་ནི་སྨིག་རྒྱུའི་ཆུ་བཞིན་དུ་ཆུ་ཡང་མ་ཡིན་ཏེ་གཤེར་བ་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་དུ་མེའི་རྣམ་པ་ནི་མ་ཡིན་ནོ། །གཡོ་བ་རླུང་གི་ལུས་ནི་རྫས་མེད་པའི་ཕྱིར་གང་ཞིག་གཡོ་བ་མེད་པ་དེ་ནི་རླུང་མ་ཡིན་ནོ། །རྫས་མེད་པའི་ཕྱིར་སྟོང་པའི་རྣམ་པ་ཡིན་པ་དེ་ལྟ་ན་ཡང་མཐོང་ངོ་། །སྒྱུ་མའི་གྲོང་ཁྱེར་བཞིན་དུ་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་ཡང་རྫས་མེད་པའི་ཕྱིར་ཁ་དོག་མ་ཡིན་ནོ། །རྣམ་པ་ཀུན་ལྡན་ཡིན་ཡང་དུས་ཐམས་ཅད་དུ་བྱིས་པ་རྣམས་ཀྱིས་མཐོང་བ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་བདུད་ཀྱི་མཐུ་ལས་སོ། །གཡོན་པ་དང་གཡས་པའི་རྩ་ལ་སྲོག་རབ་ཏུ་རྒྱུ་བ་ལས་སོ། །ཞེས་པ་ངེས་པའོ། །ཞེས་པ་དང༌། དེ་བཞིན་དུ་རྡོར་སྙིང་འགྲེལ་པར་ཡང༌། ངོ་བོ་ནི་རང་རིག་པར་བྱེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ་ངོ་བོ་དེས་འཛིན་པར་བྱེད་པ་དང་གཟུང་བ་དང་འཛིན་པ་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བ་ཡིས་རྣལ་འབྱོར་པ་རྣམས་ཀྱི་ཕྱི་རོལ་གྱི་གཟུགས་མེད་མཐོང་བ་པོ་མེད། མིག་མེད་མིག་གི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ཉན་པ་པོ་མེད་སྒྲ་མེད་རྣ་བའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་དྲི་མེད་སྣོམ་པ་པོ་མེད་སྣའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རོ་མེད་མྱོང་པ་པོ་མེད་ལྕེའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རེག་བྱ་མེད་རེག་པ་པོ་མེད་ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་ཁམས་མེད་འཛིན་པ་པོ་མེད་ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་ལྟར་མིག་ལ་སོགས་པ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟར་ཁམས་བཅོ་བརྒྱད་བྲལ་བའི་དེ་ཁོ་ན་ཉིད་རིན་པོ་ཆེ་རྣལ་འབྱོར་པས་བསྒོམ་པར་བྱ་སྟེ་མ་རིག་པ་ལ་

p. 192

སོགས་པ་འགོག་པས་སོ། །ཞེས་པའོ། །དེ་ལྟར་ཀུན་གཞི་རྣམ་ཤེས་ཀྱི་རྣམ་པ་ཡུལ་དྲུག་གི་རང་བཞིན་ཁམས་བཅོ་བརྒྱད་འགགས་ཤིང༌། ཀུན་གཞི་ཡེ་ཤེས་ཀྱི་སྣང་བ་ཡུལ་དྲུག་གི་རང་བཞིན་ཁམས་བཅོ་བརྒྱད་ཡེ་ནས་རང་ལ་བཞུགས་པ་མངོན་དུ་གྱུར་པ་དེ་དག་ནི་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང་། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཡུལ་དྲུག་པོ་ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲོད་པར་བྱའོ། །
གཉིས་པ་སྒོ་གསུམ་གྱི་ཉམས་མྱོང་ངོ་སྤྲད་པ་ལ་གསུམ། ལུས་ཀྱི་ཉམས་མྱོང་ངོ་སྤྲད་པ་དང༌། ངག་གི་ཉམས་མྱོང་ངོ་སྤྲད་པ་དང༌། སེམས་ཀྱི་ཉམས་མྱོང་ངོ་སྤྲད་པའོ། །དང་པོ་ལུས་ཀྱི་ཉམས་མྱོང་ངོ་སྤྲད་པ་ནི། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་ཞེས་པའི་དོན། ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། ལུས་ལ་སྔར་མེད་པའི་རྣམ་འགྱུར་ཟ་བ་དང་གཡའ་བ་དང་ཚ་བ་དང་ཤ་འཕྲིག་པ་མང་པོ་དང་བེར་བ་ལངས་པ་དང་སྤྱི་གཙུག་ལ་སོགས་པར་པགས་པ་འུབ་འདུས་པ་དང༌། ཟྭས་བྲབས་པ་བཞིན་དུ་ཚ་བེར་དང༌། ལུས་ཧ་ཅང་གྲང་བ་དང༌། ཧ་ཅང་དྲོ་བ་དང༌། ཧ་ཅང་འཇམ་པ་དང༌། ཧ་ཅང་རྩུབ་པ་དང༌། ཧ་ཅང་ཡང་བ་དང༌། ཧ་ཅང་ལྕི་བ་དང༌། འདར་བ་དང་འཕར་བ་དང༌། སྤྲུག་པ་དང་འཁྲབ་པ་དང་མཆོང་པ་དང་རྒྱུག་པ་དང་ཡན་ལག་ཕལ་ཆེར་བསྐྱོད་པ་དང༌། མགོ་དང་རྐང་ལག་རེ་རེ་བསྐྱོད་པ་དང་འདར་བ་དང་། མིག་དང་རྣ་

p. 193

བ་དང་སྣ་དང་ལྕེ་དང་ནང་རོལ་གློ་སྙིང་ལྟ་བུ་ཅི་རིགས་པ་འདར་བ་དང་། འཕྲིག་པ་དང༌འགུལ་བ་དང་སྐྱོད་པ་དང་སྡེབས་པའི་ཉམས་མྱོང་ངང་གིས་འབྱུང་ཞིང་ལུས་གཡོ་འགུལ་མེད་པའི་ཉམས་ཀྱང་འབྱུང་སྟེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །དུས་འཁོར་རྒྱུད་འགྲེལ་ལས། རྒྱུག་པར་འདོད་མ། ཡན་ལག་བསྐྱོད་པར་འདོད་མ། ཞེས་པ་དང༌། བྲམ་ཟེ་ཆེན་པོ་ས་ར་ཧས། སྒྲུབ་ཐབས་རྒྱ་མཚོར། དེ་བཞིན་དུ་བསྒོམས་པས་འདར་བ་དང་གཡོ་བ་ལ་སོགས་པའི་ཡོན་ཏན་སྐྱེ་བར་འགྱུར་རོ། །ཞེས་པ་དང༌། འདི་ལ་སྒོམ་པའི་སྦྱོར་བས་འདར་བ་དང་གཡོ་བ་དབབ་པར་བྱས་པས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་གླང་པོ་ཆེ་སྨྱོན་པ་མྱོས་བྱེད་ཀྱི་ཆུས་མྱོས་པ་བཞིན་དུ་གྱུར་པ་སྟེ་དེའི་ཚེ་རིགས་ལྔ་ལ་ལོངས་སྤྱད་པར་བྱའོ། །དེས་འགྲུབ་པར་འགྱུར་རོ། །གྲུབ་པར་གྱུར་ན་གཞན་གྱི་ལུས་ལ་ཡང་འདར་བ་དང་གཡོ་བ་དབབ་པར་བྱས་པས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འགག་པར་འགྱུར་རོ། །ཇི་ལྟར་གྲུབ་པའི་དངུལ་ཆུས་ཕུག་པས་ཟངས་མའི་ནག་པོ་སྤངས་པ་བཞིན་དུ་ལུས་པོ་ཉིད་ཀྱང་གཉིས་སུ་མེད་པའི་རོས་ཕུག་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྤང་བར་འགྱུར་རོ། །ཞེས་གསུངས་པའི་དོན་ནོ། །བསྒོམས་པའི་སྟོབས་ཀྱིས་དབང་བསྐུར་བའི་དུས་སུ་ཀུན་གཞི་ཡེ་ཤེས་ཀྱི་ལྷ་ཞི་ཁྲོ་སྣ་ཚོགས་པ་ཕེབས་ཤིང་མངོན་དུ་གྱུར་པའི་སྒོ་གསུམ་གྱི་ཉམས་མྱོང་ནི། དྲི་མེད་འོད་ལས། ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་སྡིགས་བྱེད་ཅིང༌། །ཞེས་པ་ནི་འདིར་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་ཕེབས་པར་གྱུར་ན་མཚོན་ཆས་མཛེས་པར་བྱས་པའི་ལག་པ་དག་གིས་བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་དེ་ཕྱེ་མ་བརྒྱར་བྱེད་དོ། །བདུད་ཀྱི་

p. 194

ཚོགས་ཆོས་ལ་འཚེ་བར་བྱེད་པ་གང་ལ་སྡིགས་མཛུབ་ཀྱིས་སྡིགས་པ་དེ་ས་ལ་འགྱེལ་བར་བྱེད་ཅིང་སེམས་མེད་པར་བྱེད་དོ། །དེ་བཞིན་དུ་གཡོན་བརྐྱང་ལ་སོགས་པ་སྟོབས་རྣམས་དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་བྱེད་དོ། །འདིར་སློབ་མ་གང་ཞིག་སྔར་གར་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ཤེས་པ་དེ་ཉིད་ཁྲོ་བོ་ཕེབས་པར་གྱུར་པ་ན་རྡོ་རྗེའི་གར་བྱེད་དོ། །བར་སྣང་ལ་ཡང་རྣམ་མང་བྱེད་པ་རྣམས་ཀྱིས་ཞེས་པ་གར་བྱེད་དོ། །ཅི་སྟེ་བཞད་པར་བྱེད་ན་དེའི་ཚེ་ཧཱུྃ་གི་ཡི་གེ་འདྲེས་པས་དགྲ་དེ་བདུད་ཀྱི་ཚོགས་ལ་འཇིགས་པ་སྟེར་བ་དང་ནི་དེ་བཞིན་སློབ་མ་གང་ཞིག་སྔར་མི་ཤེས་པ་དེ་ཁྲོ་བོ་ཕེབས་པ་ནི་མི་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་སྒྲས་རྒྱུད་གཞན་དུ་མ་ལ་སོགས་གང་གསུངས་པའི་གླུ་བྱེད་དོ། །དེའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཕེབས་པ་ནི་ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ཁྲོ་བོའི་རང་བཞིན་གྱིས་སོ། །ལྷ་གཞན་རྣམས་ཀྱང་ཞི་བའོ་ཞེས་པ་ནི་ཅི་སྟེ་སྤྱན་མ་ལ་སོགས་པའི་ལྷ་ཡིན་ན་ཞི་བའོ་ཞེས་པ་སྟེ་ཁྲོ་བོ་དབབ་པའི་ངེས་པའོ། །འདིར་ཡང་རྒྱ་ཆེར་གཞན་ཁྲོ་བོ་བཅུ་པོ་རྣམས་ཀྱི་རང་བཞིན་བཅུ་པོ་རྣམས་ནི་ཕྱག་རྒྱ་བཅིངས་པས་རིག་པར་བྱའོ། །མཚན་མ་གང་གིས་གང་སྐྱེད་པ་དེ་ཡང་དེའི་ཕྱག་རྒྱར་འགྱུར་ཏེ་དེ་ནི་དེས་ཤེས་པར་བྱའོ། །ཞེས་པ་ངེས་པའོ། །ད་ནི་སྐུ་ཞེས་པ་ལ་སོགས་པས་ཁྲོ་བོའི་རྒྱལ་པོའམ་བྱང་ཆུབ་སེམས་དཔའི་སྐུ་ལ་སོགས་པས་བྱིན་གྱིས་བརླབས་པར་གསུངས་པ། འདིར་སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་ཞེས་པ་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་ན་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་དྲག་པོ་དང་ཞི་བའི་རང་བཞིན་གྱིས་སློབ་མ་སྐུའི་བྱ་བ་བྱེད་པ་སྟེ། ཇི་ལྟར་ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་ནི་ནམ་མཁའ་ལ་འགྲོ་བ་དང་ས་འོག་ཏུ་འགྲོ་

p. 195

བར་མཛད་པ་དེ་བཞིན་དུ་སློབ་མས་བྱེད་ཅིང་དཀྱིལ་འཁོར་ལ་སོགས་པ་མ་མཐོང་བ་སྐྱེད་པར་བྱེད་དེ་མཆོག་གི་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་པས་རི་བོ་འབྱིན་པ་ལ་སོགས་པ་སྐུའི་བྱ་བ་བྱེད་དོ། །དེ་བཞིན་དུ་གསུང་ཕེབས་པས་ནི་སྲིད་གསུམ་ལྷ་དང་ཀླུ་དང་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོར་འགྱུར་ཏེ། ལྷའི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པའི་སློབ་མ་རྨོངས་པ་ཡང་འཇམ་དཔལ་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ། །ཞེས་པ་ངེས་སོ། །དེ་བཞིན་དུ་མཆོག་གི་ལྷའི་ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་ཐམས་ཅད་དང༌། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་མ་མཐོང་བ་ཐམས་ཅད་སློབ་མས་ཤེས་པར་འགྱུར་ཞེས་པ་ཐུགས་ཕེབས་པའི་ངེས་པའོ། །ཅི་སྟེ་སྐྱེ་བ་སྔ་མའི་བག་ཆགས་ཀྱིས་ཁ་གཅིག་ལ་ཡེ་ཤེས་ཕེབས་པར་འགྱུར་ཏེ། དེའི་ཚེ་དཀྱིལ་འཁོར་ལ་འགྲུབ་པར་འགྱུར་ཞིང་སངས་རྒྱས་སུ་འགྱུར་རོ། །བླ་མ་ཡིན་ཡང་བླ་མ་ཞེས་པ་མངོན་པར་ཤེས་པ་ལྔ་ཐོབ་པ་དང་ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ། །སངས་རྒྱས་ཞེས་པ་ནི་ཉེ་བར་བཏགས་པའི་ཚིག་སྟེ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུ་ཞེས་པ་ཡང་དེ་བཞིན་ནོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་ངེས་པའོ། །ད་ནི་ས་ཞེས་པ་ལ་སོགས་པས་སྤྱན་ལ་སོགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པ་གསུངས་པ། འདིར་གང་གི་ཚེ་ས་ཕེབས་པས་ནི་རྣལ་འབྱོར་པ་སྟེ་སློབ་མ་བྱིན་གྱིས་བརླབས་པར་གྱུར་པ་ན་རི་དང་མཚུངས་པར་འགྱུར་ཏེ་མི་བརྒྱ་ཕྲག་དུ་མས་ཀྱང་བསྐྱོད་པར་མི་ནུས་སོ། །ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར་ཏེ་འདིར་མཱ་མ་ཀཱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས་གང་ཞིག་བསྲེག་པའི་རིམས་ཀྱིས་བཟུང་བ་ལ་འཁྱུད་ན་ཡང་དེ་རིམས་དང་བྲལ་བར་འགྱུར་རོ། །མེ་ཕེབས་པས་ནི་

p. 196

བསྲེག་པར་འགྱུར་ཏེ་འདིར་གང་གི་ཚེ་གོས་དཀར་མོས་བྱིན་གྱིས་བརླབས་པར་གྱུར་ན་དེའི་ཚེ་གང་ལ་རེག་པ་དེ་བསྲེག་པར་བྱེད་དོ། །ཅི་སྟེ་རླུང་ཕེབས་པས་བྱིན་གྱིས་བརླབས་ན་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར་ཏེ་གང་ལ་འཁྱུད་པ་དེ་དཔག་ཚད་དུ་མ་རྣམས་སུ་སྐྲོད་པར་བྱེད་དོ། །དེ་བཞིན་དུ་སྟོང་པ་ཕེབས་པས་མི་སྣང་བར་འགྱུར་ཏེ་གང་ལ་རེག་པ་དེ་ཉིད་མི་སྣང་བར་འགྱུར་ཏེ་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར། །ཞེས་པ་ངེས་པའོ། །དེ་བཞིན་དུ་ཐམས་ཅད་རང་གཞན་ཡོན་ཏན་དབང་གིས་རིག་པར་བྱ་སྟེ་འདིར་གང་གི་ཚེ་ལྷའི་མིག་ཕེབས་པར་གྱུར་ན་དེའི་ཚེ་མཆོག་གི་གཟུགས་དང་མ་མཐོང་བའི་རྫས་ཀྱང་མཐོང་བར་འགྱུར་རོ། །གང་གི་ཚེ་ལྷའི་རྣ་བ་ཕེབས་པར་གྱུར་ན་དེའི་ཚེ་སེམས་ཅན་རྣམས་ཀྱི་སྒྲ་གང་གིས་མ་ཐོས་པ་དེ་དག་ཐོས་པར་འགྱུར་རོ། །གང་གི་ཚེ་ལྷའི་ཡིད་ཕེབས་པར་གྱུར་ན་དེའི་ཚེ་གཞན་གྱི་སེམས་ཤེས་པར་འགྱུར་རོ། །གང་གི་ཚེ་ལྷའི་ལུས་ཀྱི་དབང་པོ་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་རེག་བྱ་འཛིན་པར་འགྱུར་ཞིང་སྔོན་གྱི་གནས་ཤེས་པར་འགྱུར་རོ། །གང་གི་ཚེ་ལྷའི་ལྕེ་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་རོ་མྱོང་བར་འགྱུར་ཞིང་དེས་ནམ་མཁའི་རྫུ་འཕྲུལ་དུ་འགྱུར་རོ། །གང་གི་ཚེ་ལྷའི་སྣ་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་དྲི་འཛིན་པར་འགྱུར་ཏེ་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །ཞེས་པ་ནི་ངེས་པའོ། །ཞེས་པའོ། །ལུས་ལ་འཁོར་ལོ་དྲུག་ནི། གཙུག་ཏོར། དཔྲལ་བ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་ཀྱི་འཁོར་ལོའོ། །རྩ་དྲུག་ནི་ལྟེ་བ་ཡན་ཆད་ལ་གཡས་གཡོན་དབུ་མ་གསུམ་དང༌། ལྟེ་བ་མན་ཆད་ལ་གཡས་གཡོན་དབུ་མ་གསུམ་སྟེ་དྲུག་གོ །རྩ་དྲུག་པོ་དེ་ལས་གྱེས་པ་ཡུལ་ཉི་ཤུ་རྩ་བཞི་དང༌། དེ་ལས་གྱེས་པ་འཁོར་ལོ་དྲུག་གི་རྩ་བརྒྱ་ལྔ་བཅུ་རྩ་དྲུག་དང༌། དེ་

p. 197

ལས་གྱེས་པ་རུས་པའི་ཚིགས་སུམ་བརྒྱ་དྲུག་ཅུ་ལ་རྩ་འཁོར་སུམ་བརྒྱ་དྲུག་ཅུའི་རྩ་བདུན་ཁྲི་ཉིས་སྟོང་ངོ༌། །དེ་ལ་རྩ་མདུད་པ་དང་རྩ་ཆད་པ་དང་རྩ་འཆུས་པ་རྣམས་ཀྱི་ནང་དུ་ཡེ་ཤེས་ཀྱི་རླུང་ཞུགས་པ་ན་རྩ་མདུད་གྲོལ་བ་དང༌། ཆད་པ་སོས་པ་དང༌། འཆུས་པ་སྲོང་བའི་རྩ་ཟུག་དང་རླུང་གི་ཉམས་མྱོང་སྣ་ཚོགས་འཆར་རོ། །དཔྲལ་བ་ན་ལུས་ཀྱི་ཐིག་ལེ་སད་པས་དུས་ཀྱི་རྣམ་རྟོག་སྐྱེད་པར་བྱེད་པ་དང༌། མགྲིན་པ་ན་ངག་གི་ཐིག་ལེ་རྨི་ལམ་གྱི་རྣམ་རྟོག་སྐྱེད་པར་བྱེད་པ་དང༌། སྙིང་ཁ་ན་སེམས་ཀྱི་ཐིག་ལེ་གཉིད་སྟུག་གི་རྣམ་རྟོག་སྐྱེད་པར་བྱེད་པ་དང༌། ལྟེ་བ་ན་ཡེ་ཤེས་ཀྱི་ཐིག་ལེ་ཆགས་པའི་རྣམ་རྟོག་སྐྱེད་པར་བྱེད་པ་བཞི་ནི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེའོ། །དེ་ལས་ཕྱེ་བ་དགའ་བ་བཅུ་དྲུག་གི་རྟེན་དུ་གྱུར་པའི་ཐིག་ལེ་བཅུ་དྲུག་ནི། ལུས་ཀྱི་ལུས་ཀྱི་ཐིག་ལེ། ངག་གི་ལུས་ཀྱི་ཐིག་ལེ། སེམས་ཀྱི་ལུས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ལུས་ཀྱི་ཐིག་ལེ་སྟེ་ལུས་ཀྱི་ཐིག་ལེ་བཞི་དང༌། ལུས་ཀྱི་ངག་གི་ཐིག་ལེ། ངག་གི་ངག་གི་ཐིག་ལེ། སེམས་ཀྱི་ངག་གི་ཐིག་ལེ། ཡེ་ཤེས་ཀྱི་ངག་གི་ཐིག་ལེ་སྟེ་ངག་གི་ཐིག་ལེ་བཞི་དང༌། ལུས་ཀྱི་སེམས་ཀྱི་ཐིག་ལེ། ངག་གི་སེམས་ཀྱི་ཐིག་ལེ། སེམས་ཀྱི་སེམས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་སེམས་ཀྱི་ཐིག་ལེ་སྟེ་སེམས་ཀྱི་ཐིག་ལེ་བཞི་དང༌། ལུས་ཀྱི་ཡེ་ཤེས་ཀྱི་ཐིག་ལེ། ངག་གི་ཡེ་ཤེས་ཀྱི་ཐིག་ལེ། སེམས་ཀྱི་ཡེ་ཤེས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ཡེ་ཤེས་ཀྱི་ཐིག་ལེ་སྟེ་ཡེ་ཤེས་ཀྱི་ཐིག་ལེ་བཞིའོ། །དེ་ལྟར་ཐིག་ལེ་བཅུ་དྲུག་གོ །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་དེ་ཉིད་ཡུལ་ཉི་ཤུ་རྩ་བཞིའི་རྩ་ལ་འཇུག་པའི་དབྱེ་བས་ཐིག་ལེ་ཉི་ཤུ་རྩ་བཞི་པ་ཚན་པ་བཞི་དང༌། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་དེ་ཉིད་འཁོར་ལོ་དྲུག་གི་རྩ་བརྒྱ་ལྔ་བཅུ་རྩ་དྲུག་ལ་འཇུག་པའི་དབྱེ་བས་ཐིག་ལེ་བརྒྱ་ལྔ་བཅུ་རྩ་དྲུག་གི་ཚན་པ་བཞི་དང༌། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་དེ་ཉིད་

p. 198

ཚིགས་སུམ་བརྒྱ་དྲུག་ཅུའི་རྩ་འཁོར་སུམ་བརྒྱ་དྲུག་ཅུའི་རྩ་བདུན་ཁྲི་ཉིས་སྟོང་ལ་འཇུག་པའི་དབྱེ་བས་ཐིག་ལེ་བདུན་ཁྲི་ཉིས་སྟོང་གི་ཚན་པ་བཞིའོ། །གསང་འདུས་རིམ་ལྔ་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་པའི་དོན། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྩ་ཇི་སྙེད་ཡོད་པ་དེ་སྲིད་དུ་རླུང་ཟིན། རླུང་ཟིན་པས་ཐིག་ལེ་ཟིན། ཐིག་ལེ་ཟིན་པས་བདེ་བ་ཟིན་ནས་འཁོར་ལོ་རྣམས་སུ་རིམ་གྱིས་རླུང་དང་ཐིག་ལེ་དང་བདེ་བ་འཕེལ་ཞིང་གང་བས་རླུང་གི་ཉམས་མྱོང་དང་ཐིག་ལེའི་ཉམས་མྱོང་དང་བདེ་བ་འདོད་ཆགས་གཏུམ་མོ་རྗེས་དྲན་གྱི་ཉམས་མྱོང་སྣ་ཚོགས་འཆར་རོ། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་ལུས་ཉམས་བདེ་མི་བདེ་དང་དགའ་མི་དགའ་དང་མཐོ་དམན་ཐུག་མ་ཧྲེམ་སྣ་ཚོགས་སུ་འཆར་ཏེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་ལུས་ཀྱི་ཉམས་མྱོང་ཐམས་ཅད་དགའ་བ་དང་བདེ་བ་སྐྱིད་པ་གྱ་ནོམ་པ་ཕུན་སུམ་ཚོགས་པ་རྫུ་འཕྲུལ་སྣ་ཚོགས་པའི་བདག་ཉིད་ནམ་མཁའ་གང་བར་འཆར་རོ། །འབུམ་དང་ཉི་ཁྲི་སོགས་ལས། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བས་རབ་ཏུ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །མདོར་ན་རྒྱུད་སྡེ་རྣམས་ནས་གསུངས་པའི་རྣལ་འབྱོར་པའི་ལུས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་ཇི་སྙེད་ལུས་པ་དེ་སྙེད་ཀྱི་ཉམས་མྱོང་ཡིན་ནོ། །
གཉིས་པ་ངག་གི་ཉམས་མྱོང་ངོ་སྤྲད་པ་ནི། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་ཞེས་པའི་དོན། ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་

p. 199

ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། ཉིན་མཚན་ལ་སོགས་པ་སྦྲེལ་མར་སྨྲ་བརྗོད་སྣ་ཚོགས་པ་དང༌། རྒོད་པ་དང་ངུ་བ་དང་གླུ་ལེན་པ་དང་གསོལ་འདེབས་སྣ་ཚོགས་བྱེད་པ་དང༌། དབྱངས་འཐེན་པ་དང་ཟློས་གར་སྣ་ཚོགས་བྱེད་པ་དང་ཨ་སོགས་ཀ་སོགས་ཀྱི་སྔགས་སྣ་ཚོགས་བརྗོད་པ་དང༌། རྒྱ་སྐད། ཧོར་སྐད། ཡུ་གུར་སྐད། སོག་སྐད། ཁམས་སྐད། འབྲོག་སྐད། དབུས་སྐད། གཙང་སྐད། རྒྱ་གར་ཤར་ནུབ་ཀྱི་སྐད། བལ་པོའི་སྐད། ལྷའི་སྐད། ཀླུའི་སྐད། གནོད་སྦྱིན་གྱི་སྐད་ལ་སོགས་པ་སྐད་རིགས་མི་གཅིག་པ་སྣ་ཚོགས་བརྗོད་པ་དང༌། མཛོ་རྟའི་སྐད། བ་ལང་གི་སྐད། ར་ལུག་གི་སྐད། ཁྱི་ཕག་གི་སྐད། ཤྭ་བ་ལ་སོགས་པ་རི་དྭགས་ཀྱི་སྐད་ཇི་སྙེད་པ་དང༌། སྟག་གཟིག་གི་སྐད་ལ་སོགས་གཅན་གཟན་ཇི་སྙེད་པ་དང༌། བྱིའུ་དང་གོང་མོ་ལ་སོགས་པ་བྱ་ཇི་སྙེད་པ་དང༌། ཆུ་རྟ་ཆུ་གླང་ལ་སོགས་པ་ཆུ་ལ་གནས་པའི་དུད་འགྲོའི་སྐད་ཀྱི་ལད་མོ་ཟློས་པ་དང༌། ཆུ་སྒྲ་མེ་སྒྲ་རླུང་སྒྲ་ཆར་འབབ་པའི་སྒྲ་དང༌། རྔ་དུང་པི་ཝང་རྫ་རྔ་ཕེག་རྡེབ་པ་ལ་སོགས་པ་རོལ་མོའི་སྒྲ་ཇི་སྙེད་པའི་ལད་མོ་ཟློ་བ་དང༌། ཧཱུྃ་ཕཊ་ལ་སོགས་པ་དྲག་སྔགས་སྣ་ཚོགས་བརྗོད་པ་དང༌། ཀོ་ལ་ཨི་རི་ཐི་ལ་སོགས་པ་རྒྱུད་ནས་བྱུང་བ་རྡོ་རྗེའི་གླུ་སྣ་ཚོགས་བརྗོད་པ་དང༌། ཉིན་མཚན་མང་པོར་གཉིད་ཀྱང་མེད་པར་ཆོ་ངེ་དང་འོ་དོད་དང་ཀུས་འདེབས་པ་མཐོ་དམན་བར་གསུམ་གྱི་འཚང་འབྲུ་བ་དང༌། བར་བར་དུ་ངེས་འབྱུང་དང་སྐྱོ་ཤས་དང་སྒྱིད་ལུག་ཅིང་ཡིད་འབྱུང་བའི་ཚིག་སྣ་ཚོགས་དང་རང་གཞན་ལ་བསྟོད་ར་སྨད་ར་སྣ་ཚོགས་བྱེད་པ་དང༌། ཆོས་ཀྱི་གཏམ་སྣ་ཚོགས་སྣང་བ་སོགས་འབྱུང་སྟེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་

p. 200

གཅིག་མ་འགགས་ཀྱི་བར་དུ་ངག་ཉམས་ཀྱི་སྨྲ་བརྗོད་མཚང་འབྲུ་བ་དང་སྨད་ར་གཏོང་བ་དང་སྙིང་ལ་ཕོག་པའི་ཚིག་དང་བདེན་མི་བདེན་དང་སྙན་མི་སྙན་དང་ཐུག་མ་ཧྲེམ་སྣ་ཚོགས་སུ་འབྱུང་སྟེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་ཚིག་ཐམས་ཅད་དགའ་བ་བདེ་བ་ཕན་པ་བདེན་པ་བཀྲ་ཤིས་པ། གྱ་ནོམ་པ། ཕུན་སུམ་ཚོགས་པའི་ཚིག་དང་བརྡ་དང་སྒྲ་ཐམས་ཅད་ཤེས་པ་ལ་འཇུག་པའི་ཚིག་དང་ངེས་པའི་ཚིག་ཐམས་ཅད་ཤེས་པ་ལ་འཇུག་པའི་ཚིག་དང༌། ཚིག་བླ་དྭགས་ཐམས་ཅད་ཤེས་པ་ལ་འཇུག་པའི་ཚིག་དང༌། མིང་ངེས་པར་ཤེས་པའི་ཚིག་དང་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པའི་ཚིག་དང་ཡི་གེ་ཐམས་ཅད་རིག་པ་དང་འབྲེལ་བར་མཉམ་པའི་ཚིག་དང་། སྒྲ་སྙན་ལྟ་བུ་རྟོག་བཅས་ཀྱི་ཡི་གེ་དང་བྲལ་བའི་ཚིག་ཁོ་ན་འབྱུང་སྟེ། འབུམ་དང་ཉི་ཁྲི་སོགས་ལས། བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པའི་ཏིང་ངེ་འཛིན་དང༌། ཚིག་བླ་དྭགས་ལ་ཡང་དག་པར་འཇུག་པའི་ཏིང་ངེ་འཛིན་དང༌། མིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་དང༌། ཡི་གེ་མཉམ་པར་འགོད་པའི་ཏིང་ངེ་འཛིན་དང༌། ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་དང༌། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་ཞེས་པ་སྔར་གྱི་དེས་འགྲེའོ། །ཞེས་གསུངས་པའི་དོན་ནོ། །མདོར་ན་རྒྱུད་སྡེ་རྣམས་ལས་གསུངས་པའི་རྣལ་འབྱོར་པའི་ངག་གི་བརྟུལ་ཞུགས་ཀྱི་སྤྱོད་པ་ཇི་སྙེད་པ་དེ་སྙེད་ངག་གི་ཉམས་མྱོང་ཡིན་ནོ། །

p. 201

གསུམ་པ་སེམས་ཀྱི་ཉམས་མྱོང་ངོ་སྤྲད་པ་ནི། ཀུན་ནས་སྒོའི་མདོ་ལས། འདོད་ཆགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེ་སྡང་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །གཏི་མུག་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དགེ་བ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །མི་དགེ་བ་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་གསུངས་པའི་དོན་ནོ། །ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། དཀོན་མཆོག་ལ་དད་པའི་སེམས་དང༌། འཁོར་བ་ལ་སྐྱོ་བའི་སེམས་དང༌། སྡུག་བསྔལ་ལ་ཡིད་འབྱུང་བའི་སེམས་དང༌། ཆོས་ལ་མོས་གུས་ཀྱི་སེམས་དང༌། ཐར་པ་ལ་ཡིད་ཆེས་པའི་སེམས་དང༌། འདུས་བྱས་ལ་མི་རྟག་པའི་འདུ་ཤེས་བློ་སྣ་ཐུང་བའི་སེམས་དང༌། དག་སྣང་དང་བྱམས་སྙིང་རྗེ་ལ་སོགས་པ་ཡོན་ཏན་གྱི་སེམས་ལྷག་པར་ཤས་ཆེར་སོང་བ་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་དང་སེར་སྣ་ལ་སོགས་པ་ཉོན་མོངས་པའི་སེམས་སྐྱོན་ཅན་ལྷག་པར་ཤས་ཆེར་སོང་བ་འབྱུང་སྟེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །གལ་ཏེ་མ་བསྒོམ་པའི་དུས་སུ་ཆགས་སོགས་ཉོན་མོངས་ཀྱི་སེམས་སྣ་ཚོགས་འཆར་བ་དང་ཁྱད་ཅི་ཡོད་སྙམ་ན། དེ་དག་མི་འདྲ་བའི་ཁྱད་ནི། སྒོམ་པའི་དུས་སུ་སྒོམ་ཡུན་རིང་ཐུང་གི་བྱེ་བྲག་གིས་ཞག་དང་ཟླ་བ་ལ་སོགས་པར་འདོད་ཆགས་ལ་སོགས་པ་རེ་རེས་སྣང་བ་ཁྱེར་ནས་ཡུན་རིང་དུ་སེམས་རེ་རེའི་ཕྱོགས་སུ་ཡོན་པོར་སོང་བ་འོང་ཞིང་ངོ་མ་འཕྲོད་ན་སྐྱོན་ཚབས་ཅན་དུ་འགྱུར་བ་ཡང་སྲིད་པས་བསྒོམས་པའི་ཉམས་ལ་སེམས་མཐོ་དམན་ཅན་སྐྱོན་ཡོན་གྱི་རྣམ་པ་ཅི་ཡང་འཆར་བ་ཡིན་སྙམ་དུ་ཤེས་པར་བྱས་ནས་ཆགས་

p. 202

སོགས་སྐྱོན་གྱི་དབང་དུ་མི་གཏང་ཞིང༌། དད་སོགས་ཡོན་ཏན་གྱི་སེམས་གོང་ནས་གོང་དུ་ཅི་འཕེལ་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་སྒོམ་པའི་ཚེ་ཅི་ཞིག་ལྟར་ལ་ཤིན་ཏུ་ཚིག་པ་ཟ་བ་དང་སེམས་འཁྲུགས་པ་དང་ཡི་མུག་པ་དང༌། སྡུག་བསྔལ་བའི་སྣང་བ་ཆེན་པོ་དང༌། ཅི་ལའང་མི་དགའ་ཞིང་ཐམས་ཅད་ལ་ཁྲོ་བའི་སེམས་དང༌། ཡིད་མི་བདེ་བ་དང༌། ག་ཤེད་དུ་འཁྱམ་དུ་འགྲོ་བར་འདོད་པ་དང༌། རང་ཉིད་ལ་ཡང་ཤིན་ཏུ་ཚིག་པ་ཟ་བ་དང༌། གཉེན་ཚན་ལ་སོགས་པ་གསོད་པར་འདོད་པའི་སེམས་མ་རུང་བ་སྣ་ཚོགས་པའི་ཉམས་འཆར་ཏེ་སྔར་བཞིན་ཤེས་པར་བྱའོ། །ཡང་ཅི་ཞིག་ལྟར་ལ་ཤིན་ཏུ་དགའ་བ་དང་སྐྱིད་པ་དང་ཡིད་བདེ་བ་དང་ཐམས་ཅད་སྙིང་ལ་འདོད་པ་དང༌། ཡིད་དུ་འོང་བ་དང༌། བློས་གཏང་མི་ནུས་པས་གར་ཡང་མི་འགྲོ་སྙམ་པ་དང༌། གཉེན་ཚན་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པ་ལ་སོགས་འཐད་པའི་རྣམ་པ་སྣ་ཚོགས་པ་འཆར་རོ། །འདས་མ་འོངས་ད་ལྟར་གྱི་དུས་གསུམ་དང་འབྲེལ་བའི་རང་གི་འདུན་མ་སྣ་ཚོགས་དང༌། གཞན་གྱི་འདུན་མ་སྣ་ཚོགས་དང་རང་གཞན་གྱི་འཇིག་རྟེན་གྱི་འདུན་མ་དགྲ་འདུལ་ལུགས་སྣ་ཚོགས་དང༌། གཉེན་སྐྱོང་ལུགས་སྣ་ཚོགས་དང༌། ནོར་སྒྲུབ་ལུགས་ལ་སོགས་པ་མི་འཆར་བ་ཅི་ཡང་མེད་དེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །རང་གཞན་གྱི་ཆོས་ཕྱོགས་ཀྱི་འདུན་མ་སྣ་ཚོགས་བྱེད་ལུགས་དང༌། དུས་རིང་པོས་བར་དུ་ཆོད་པའི་ཆུང་ངུའི་དུས་ནས་རང་གཞན་གྱི་བྱ་བྱེད་མང་པོ་དྲན་པ་དང༌། རང་གཞན་གྱི་སྐྱེ་བ་སྣ་ཚོགས་ཐར་ཐོར་དྲན་པ་འབྱུང་ངོ༌། །མདོར་ན་དུས་གསུམ་དང་འབྲེལ་བའི་རང་གཞན་གྱི་འཁོར་འདས་ཀྱི་རྣམ་འགྱུར་ལ་མི་དྲན་པ་དང་མི་འཆར་བ་ཅི་ཡང་མེད་དེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་

p. 203

འགྲེལ་ལས། འདོད་མ་སུམ་ཅུ་རྩ་དྲུག་དང་ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་གི་ཉམས་མྱོང་འཆར་བར་གསུངས་པ་འདི་ལྟ་སྟེ། དབྱེ་བར་འདོད་པ་དང༌། གོས་འདོད་པ་དང༌། མཆི་མ་འདོར་བར་འདོད་པ་དང༌། རེག་བྱ་འདོད་པ་དང༌། ལྷག་མ་ཟ་བར་འདོད་པ་དང༌། དགུག་པར་འདོད་པ་དང༌། བསྐྲད་པར་འདོད་པ་དང༌། ལུས་ལ་འཕྲུག་པར་འདོད་པ་དང༌། ཡན་ལག་སྐྱོད་པར་འདོད་པ་སྟེ་དགུ་དང༌། དེ་ལས་ལྡོག་པ་ཕྱིར་འདོད་མ་དགུ་ནི་དབྱེ་བར་མི་འདོད་པ་ལ་སོགས་པ་དགུའོ། །དེ་ལྟར་འདོད་པ་དང་ཕྱིར་འདོད་པ་དགུ་གཉིས་བཅོ་བརྒྱད་ནི། ཤར་ཕྱོགས་ཀྱི་ལྷ་མོ་སྒྲོལ་མ་ལ་སོགས་པ་དགུས་བྱིན་གྱིས་བརླབས་པའོ། །བསྐྱེད་པར་འདོད་པ་དང༌། ཟས་འདོད་པ་དང༌། གར་འདོད་པ་དང༌། འགུགས་པར་འདོད་པ་དང༌། གཡུལ་འདོད་པ་དང༌། རྒྱུག་པར་འདོད་པ་དང༌། སྐེམས་པར་འདོད་པ་དང༌། ལུས་ཀྱི་དྲི་མ་འདོད་པ་དང༌། བཤང་གཅི་ཟ་བར་འདོད་པ་སྟེ་དགུ་དང༌། དེ་ལས་ལྡོག་པ་ཕྱིར་འདོད་པ་དགུ་ནི་བསྐྱོད་པར་མི་འདོད་པ་ལ་སོགས་པ་དགུའོ། །དེ་ལྟར་འདོད་པ་དང་ཕྱིར་འདོད་པ་དགུ་གཉིས་བཅོ་བརྒྱད་ནི། ལྷོ་ཕྱོགས་ཀྱི་ལྷ་མོ་གོས་དཀར་མོ་ལ་སོགས་པ་དགུས་བྱིན་གྱིས་བརླབས་པའོ། །རྒྱས་པར་འདོད་པ་དང༌། རྒྱན་འདོད་པ་དང༌། རྒྱལ་སྲིད་འདོད་པ་དང༌། འཆིང་བར་འདོད་པ་དང༌། བྱིས་པ་སྡིགས་པར་འདོད་པ་དང༌། རོལ་མོའི་སྒྲ་འདོད་པ་དང༌། འཇམ་པར་སྨྲ་བར་འདོད་པ་དང༌། མལ་སྟན་འདོད་པ་དང༌། རྩོད་པ་མང་པོ་འདོད་པ་སྟེ་དགུ་དང༌། དེ་ལས་ལྡོག་པ་ཕྱིར་འདོད་པ་དགུ་ནི་རྒྱས་པར་མི་འདོད་པ་ལ་སོགས་པ་དགུའོ། །དེ་ལྟར་འདོད་པ་དང་ཕྱིར་འདོད་པ་དགུ་གཉིས་བཅོ་བརྒྱད་ནི་བྱང་ཕྱོགས་ཀྱི་ལྷ་མོ་མཱ་མ་ཀི་ལ་སོགས་པ་དགུས་བྱིན་གྱིས་བརླབས་པའོ། །རེངས་པར་འདོད་པ་དང༌། དྲི་འདོད་པ་དང༌། ཆུ་

p. 204

ལ་རྐྱལ་བར་འདོད་པ་དང༌། ཕུར་བུས་འདེབས་པར་འདོད་པ་དང༌། སྦྲུལ་འཆིང་བར་འདོད་པ་དང༌། འཁྲིག་པར་འདོད་པ་དང༌། གཉེན་ལ་འདུན་པར་འདོད་མ་དང༌། མལ་ལ་གཉེ་བར་འདོད་མ་དང༌། སེམས་ཅན་བསླུ་བར་འདོད་པ་སྟེ་དགུ་དང༌། དེ་ལས་ཟློག་པ་ཕྱིར་འདོད་པ་དགུ་ནི་རེངས་པར་མི་འདོད་པ་ལ་སོགས་པ་དགུའོ། །དེ་ལྟར་འདོད་པ་དང་ཕྱིར་འདོད་པ་ལ་སོགས་པ་དགུ་གཉིས་བཅོ་བརྒྱད་ནི་ནུབ་ཕྱོགས་ཀྱི་ལྷ་མོ་སྤྱན་མ་ལ་སོགས་པ་དགུས་བྱིན་གྱིས་བརླབས་པའོ། །དེ་ལྟར་སྲོག་གཅོད་པར་འདོད་པ་ལ་སོགས་པ་མི་དགེ་བ་དང༌སྲོག་གཅོད་སྤོང་བར་འདོད་པ་ལ་སོགས་པ་དགེ་བ་སྣ་ཚོགས་པའི་ཉམས་མྱོང་འཆར་རོ། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་ཟག་མེད་ཀྱི་ཉམས་མྱོང་མ་ཐོབ་པས་ཟག་བཅས་ཟག་མེད་འདྲེས་ཤིང་ཟག་བཅས་ཟག་མེད་རེས་འཇོག་ཏུ་སོང་བས་བདེ་མི་བདེ་དང་སྐྱོན་ཅན་སྐྱོན་མེད་དང་དགེ་མི་དགེ་དང༌། ཕོག་ཐུག་ཡོད་མེད་དང་ཐུགས་མ་ཧྲེམ་སྣ་ཚོགས་སུ་འཆར་ཏེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་སེམས་ཀྱི་ཉམས་མྱོང་ཐམས་ཅད་དགའ་བ་དང་བདེ་བ་དང་སྐྱིད་པ་དང༌དགེ་བ་དང་བཀྲ་ཤིས་པ་དང་གྱ་ནོམ་པ་དང༌ཕུན་སུམ་ཚོགས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དུ་མ་དང༌། སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་ཟག་མེད་ཀྱི་འབྱོར་པ་ནམ་མཁའ་གང་བར་འཆར་རོ། །དེ་ལྟར་སྒྲིབ་པའི་ས་བོན་འགག་མ་འགག་ཟག་མེད་ཀྱི་ཡོན་ཏན་ཐོབ་མ་ཐོབ་ལེགས་པར་ཕྱེ་ནས་སྒོ་གསུམ་གྱི་ཉམས་མྱོང་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་

p. 205

གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ་ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་རྣམ་འགྱུར་ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
གསུམ་པ་འོད་གསལ་ལ་སོགས་པར་ངོ་སྤྲད་པ་ལ་དྲུག་སྟེ། དེ་ཉིད་འོད་གསལ་དུ་ངོ་སྤྲད་པ་དང༌། དེ་ཉིད་ཕྱག་ཆེན་དུ་ངོ་སྤྲད་པ་དང༌། དེ་ཉིད་ཐེག་ཆེན་དུ་ངོ་སྤྲད་པ་དང༌། དེ་ཉིད་དབུ་མར་ངོ་སྤྲད་པ་དང༌། དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ་དང༌། དེ་ཉིད་ཡོན་ཏན་དུ་ངོ་སྤྲད་པའོ། །དང་པོ་དེ་ཉིད་འོད་གསལ་དུ་ངོ་སྤྲད་པ་ནི། ཉི་མ་རབ་ཏུ་སྣང་བའི་མདོ་ལས། རྣལ་འབྱོར་ཞེས་བྱ་བ་གང་ཞེ་ན། སེམས་ཀྱི་རང་བཞིན་འོད་གསལ་བ་མ་བྱས་པ་མ་བཅོས་པ་མ་བསླད་པ་རྣལ་མ་དེ་ལ་བྱའོ། །སྤྱོད་པ་ཞེས་བྱ་བ་གང་ཞེ་ན། དེ་མ་ནོར་བར་ཉམས་སུ་ལེན་པ་ལ་བྱའོ། །དེ་ལྟར་ཉམས་སུ་ལེན་པ་དེ་ལ་ནི་དགེ་སློང་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །ཞེས་གསུངས་པའི་དོན་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སྣོད་བཅུད་ཀྱི་རྣམ་པ་ས་ཆུ་མེ་རླུང་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་རིགས་དྲུག་གི་རྣམ་པ་ལུས་ལོངས་སྤྱོད་ཐམས་ཅད་གདོས་བཅས་ཐོགས་བཅས་ཕན་ཚུན་སྒྲིབ་པར་བྱེད་པ་ནི་མ་ཡིན་གྱི། ཐམས་ཅད་འོད་ཀྱི་རང་བཞིན། འོད་ཀྱི་ངོ་བོ། འོད་ཀྱི་རྣམ་འགྱུར། འོད་ཀྱི་བྱེ་བྲག །འོད་ཀྱི་ཁྱད་པར། འོད་ཀྱི་རྣམ་པ། སྤྲོས་བྲལ་རང་བཞིན་པའི་སེམས་འོད་གསལ་བ་ཁོ་ན་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་རྙེད། །ཅེས་པ་དང༌།

p. 206

བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་པ་དོན་དམ་གྱི་སེམས་དེ་ནི་ཀུན་རྫོབ་ཀྱི་སེམས་མ་མཆིས་པའི་འོད་གསལ་ཡིན་ཞེས་པའི་དོན་ནོ། །འབུམ་དང་ཉི་ཁྲི་སོགས་ལས། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དེ་བཞིན་དུ་འོད་མཐའ་ཡས་པའི་ཏིང་ངེ་འཛིན་དང༌། འོད་བྱེད་པའི་ཏིང་ངེ་འཛིན་དང༌། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང༌། འོད་དྲི་མ་མེད་པའི་ཏིང་ངེ་འཛིན་དང༌། སྣང་བ་གསལ་བའི་ཏིང་ངེ་འཛིན་དང༌། སྣང་བ་བྱེད་པའི་ཏིང་ངེ་འཛིན་དང༌། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱིས་འགྲེའོ། །མཚན་བརྗོད་ལས། སྣང་བ་ཆེན་པོ་གསལ་བ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ལག་ན་འོད་འབར་སྣང་བ་པོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་དང༌། དབང་མདོར་བསྟན་ལས། སྣ་ཚོགས་གཟུགས་བརྙན་འོད་གསལ་བའོ། །ཞེས་པ་དང༌། ནམ་མཁའ་ཆེ་རྒྱུད་ལས། འོད་གསལ་ནམ་མཁའ་ཆེན་པོ་ཉིད། །ཆོས་སྐུའི་རང་བཞིན་རྟོགས་གྱུར་ན། །དངོས་གྲུབ་ཡོད་དམ་མེད་ཀྱང་རུང༌། །དེ་ཉིད་དངོས་གྲུབ་ཆེན་པོ་ཡིན། །ཞེས་པ་དང༌། རྒྱུད་རྡོ་རྗེ་ཕྲེང་བ་ལས། འོད་གསལ་གོ་འཕང་གསལ་བ་ནི། །ཤིན་ཏུ་རྣམ་དག་ཆོས་དབྱིངས་ཏེ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །རབ་ཏུ་སད་ཅིང་རབ་ཏུ་འཆར། །ཞེས་པ་དང༌། མ་ཧཱ་མཱ་ཡ་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་ཅིང་རྙོག་པ་མེད། །ཅེས་པ་དང༌། རྣམ་སྣང་མངོན་བྱང་ལས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དྭངས་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའི་མེ་ལོང་བཞིན། །གསལ་ཞིང་དག་ལ་དྲི་མ་མེད། །

p. 207

སངས་རྒྱས་ཀུན་བདག་ངོ་བོ་སྟེ། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །ཞེས་འཁྲུལ་པས་གཟུང་དུ་མེད་པའི་འོད་གསལ་དེ་ཉིད་བཟང་པོ་སྤྱོད་པའི་རྒྱུ་དང་ལས་ལས་མངོན་སུམ་དུ་བྱུང་ཞེས་པའི་དོན་ནོ། །རྒྱུད་བླ་མ་ལས། སེམས་དེའི་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པ། །ཞེས་པ་དང༌། ཆོས་དབྱིངས་བསྟོད་པ་ལས། དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་པ་དང༌། ཚད་མ་རྣམ་འགྲེལ་ལས། སེམས་འདིའི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པ་དང༌། རྗེ་ཏཻ་ལོ་པས། དེ་བཞིན་རང་རིག་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་སྡིག་སྒྲིབ་མ་ལུས་སེལ། །ཞེས་པ་དང༌། དཔའ་བོ་ས་ར་ཧས། འོད་གསལ་བདེ་བའི་ཆོས་དེ་ཉིད་ནི་དེས་མཐོང་ནས། །བླ་མའི་དུས་ཐབས་བསྟེན་པ་དང་ནི་ཕྱིར་རྟོགས་པ། །ཤེས་རབ་ཕ་རོལ་ཕྱིན་འདི་མདོ་གཞན་ལས་རྙེད་ཅིང༌། །ཀུན་ལ་སྦྱར་བའི་སེམས་འདི་རབ་ཏུ་བསྒོམ་པར་བྱ། །ཞེས་མདོ་རྒྱུད་ཀུན་གྱི་ངེས་དོན་འོད་གསལ་འདི་བསྒོམ་པར་བྱ་ཞེས་པའི་དོན་ནོ། །རྗེ་ཤ་ཝ་རིས། དེ་ནང་འགྲོ་དྲུག་ལ་སོགས་དང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་བརྙན་འོད་གསལ་ཡིན། །ཞེས་པའོ། །དོན་དམ་ཆོས་སྐུ་དེ་ཉིད་འོད་གསལ་དུ་སྟོན་པའི་ལུང་རྣམ་དག་ནི་ཚད་མེད་པ་སྣང་ངོ༌། །དེ་ལྟར་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན། འོད་གསལ་

p. 208

གྱི་གདངས་ཆེན་པོ། འོད་གསལ་གྱི་ཀློང་ཆེན་པོ། འོད་གསལ་གྱི་ཁྱབ་བརྡལ་ཆེན་པོ་ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
གཉིས་པ་དེ་ཉིད་ཕྱག་ཆེན་དུ་ངོ་སྤྲད་པ་ནི། ཕྱག་རྒྱ་ཆེན་པོ་བརྡ་ཡི་དོན་ལ་འཆར། །ཡི་གེས་གོ་བ་མི་སྐྱེ་དིང་རི་བ། །ཞེས་པའི་དོན་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་མན་ངག་ཟབ་མོའི་བརྡས་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། ཕྱག་རྒྱ་ཆེན་པོ་དོན་དམ་པའི་རྒྱལ་བ་རིགས་ལྔ་ལ་སོགས་པ་ལྷ་དང་སྔགས་དང་ཕྱག་རྒྱ་དང་མཚན་མ་དང་སྣོད་བཅུད་ལ་སོགས་པ་ཐམས་ཅད་ཡིན་ཏེ། མཚན་བརྗོད་ལས། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་པ་འདིའི་བཤད་པ་མགོན་པོ་སྤྱན་རས་གཟིགས་ཀྱིས་མཛད་པ་ནི། ལྷའི་ཚོགས་རྒྱས་གདབ་པའི་སླད་དུ། ཕྱག་རྒྱའི་རིགས་མི་བསྐྱོད་པ་ལ་སོགས་པའོ། །ཞེས་གསུངས་པའི་དོན་ཆོས་ཉིད་ཀྱི་སྣོད་བཅུད་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོའི་རིགས་ལྔས་རྒྱས་བཏབ་པ་ནི་ཆུ་བརླན་གྱིས་རྒྱས་བཏབ་པས་ཆུ་བརླན་ལས་མི་འདའ་བ་བཞིན་དུ་ཆོས་ཉིད་ཀྱི་སྣོད་བཅུད་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རིགས་ལྔས་རྒྱས་བཏབ་པས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་རིགས་ལྔ་ཡིན་པ་ལས་མི་འདའ་ཞིང༌ཕྱག་རྒྱ་ཆེན་པོ་རྒྱལ་བ་རིགས་ལྔ་ཡིན་ཞེས་པའོ། །ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ཕྱག་ནི་གཉིས་མེད་ཡེ་ཤེས་ཏེ། །རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། །ཆེན་པོ་ཟུང་དུ་འཇུག་པའོ། །ཞེས་པའི་དོན་ཆོས་ཀྱི་དབྱིངས་གཅིག་ཉིད་ཤེས་རབ་ཀྱི་ཆ་ནས་ཕྱག་རྒྱ་ཆེན་པོ་དང༌། དེ་ཉིད་ཐབས་ཀྱི་ཆ་ནས་ཕྱག་རྒྱ་ཆེན་པོ་སྟེ། དེ་ཉིད་གཅིག་པུ་ཤེར་ཕྱིན་དང༌། ཆོས་འབྱུང་དང༌། སྣ་ཚོགས་ཡུམ་དང༌། དུས་

p. 209

ཀྱི་འཁོར་ལོ་དང༌། སྒྲིབ་པ་མེད་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང༌། ཐམས་ཅད་མཁྱེན་པ་དང༌། བཅོམ་ལྡན་འདས་ལ་སོགས་པ་དོན་དམ་འགོག་བདེན་ཟབ་མོའི་ཆོས་ཐམས་ཅད་ཡིན་ཏེ། དྲི་མེད་འོད་ལས། ཕྱག་རྒྱ་ཆེན་པོ་ནམ་ཐོས་ན་ཐམས་ཅད་ཀྱི་རང་བཞིན་མེད་པའི་མཚན་ཉིད་ཅན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་མའོ། །ཞེས་པ་དང༌། དེ་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །འདིར་ཆགས་པ་ནི་སྐྱེ་བའི་དུས་དང་འཕོ་བ་ནི་འགོག་པའི་དུས་ཏེ། དེ་དག་སྙོམས་པར་ཞུགས་པ་ནི་མི་འགྱུར་བའི་དུས་སོ། །དེའི་འཁོར་ལོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྒྲིབ་པ་མེད་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དོ། །མི་འགྱུར་བ་ལས་སྐྱེས་པ་འདིས་མ་སྐྱེས་པའི་ཕྱག་རྒྱ་ཆེན་མོ་ལ་འཁྱུད་པའོ། །གང་ལ་ལ་ཞིག་སྐྱེ་བ་གཞན་གྱི་བག་ཆགས་ཀྱི་དབང་དང་བླ་མ་དམ་པའི་མན་ངག་གིས་དུས་དུ་མར་ཉིན་དང་མཚན་མོར་ཕྱག་རྒྱ་ཆེན་པོ་བཏགས་པའི་ཆོས་ཐམས་ཅད་དང་བྲལ་བ་རང་གི་སེམས་ཀྱི་སྣང་བ་ཙམ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཆེན་པོ་སྟོང་པ་ཉིད་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་པ་འདི་མངོན་སུམ་དུ་བྱས་ནས་འཁྱུད་པར་བྱེད་པ་དེ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པས་ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་སོ། །ཞེས་པ་དང༌། དེ་བཞིན་དུ་སྟོད་འགྲེལ་ལས། ཕྱག་རྒྱ་ཆེན་པོའི་བསྒོམ་པ་པྲ་ཕབ་པ་དང་སྒྱུ་མ་དང་མཚུངས་པ་སྤྲིན་མེད་པའི་ནམ་མཁའ་ལ་སྣང་བ་བཅོམ་

p. 210

ལྡན་འདས་ཀྱིས་གསུངས་སོ། །ཞེས་པ་དང༌། དེ་བཞིན་དུ་དཔལ་ལྡན་རྒྱུད་ལས། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡི། །སེམས་ལ་སེམས་ཀྱི་རང་བཞིན་འཁྱུད་པ་གང་ཞིག་འགྲོ་བ་དུ་མའི་གཟུགས་ཅན་དེ་ནི་གཅིག་པུའོ། །ཞེས་པ་དང༌། དེ་བཞིན་དུ་མགོན་པོ་སྤྱན་རས་གཟིགས་ཀྱིས། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང༌། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་འགྱུར་མེད་དེ་ལ་འདུད། །ཅེས་པ་དང༌། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་པ་དང༌། དཔའ་བོ་ས་ར་ཧས། སྣང་བ་སྣ་ཚོགས་ཕྱག་རྒྱ་འདི་ནི་ལྟད་མོ་ཆེ། །ཞེས་པ་དང༌། རྗེ་ཏཻ་ལོ་པས། ཕྱག་རྒྱ་ཆེན་པོ་གནད་ཀྱི་མན་ངག་འདི། །འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཅེས་གསུངས་པ་རྣམས་ཀྱི་དོན་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་ཕྱག་རྒྱ་ཆེན་པོའི་གདངས་ཆེན་པོ། ཕྱག་རྒྱ་ཆེན་པོའི་ཀློང་ཆེན་པོ། ཕྱག་རྒྱ་ཆེན་པོའི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །

p. 211

གསུམ་པ་དེ་ཉིད་ཐེག་ཆེན་དུ་ངོ་སྤྲད་པ་ནི། སློབ་དཔོན་དབྱིག་གཉེན་གྱིས་གནོད་འཇོམས་ལས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པའི་ཆོས་ཀྱི་སྐུས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དག་ཐེག་པ་ཆེན་པོ་དེ་ཉིད་དུ་བསྟན་ཏོ། །ཞེས་གསུངས་པའི་དོན་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། ཐེག་པ་ཆེན་པོའི་ངོ་བོ་ཟག་མེད་ཆོས་སྐུའི་ཕུང་པོ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། ཏིང་ངེ་འཛིན་ཐམས་ཅད་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མཚན་དཔེ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཐེག་པ་ཆེན་པོ་ཡིན་ཞིང༌། དེ་ལྟ་བུའི་ཐེག་པ་ཆེན་པོ་དེས་འཇིག་རྟེན་ཟིལ་གྱིས་མནན་ནས་རྣམ་མཁྱེན་དུ་འབྱུང་བ་ཡང༌། འབུམ་དང་ཉི་ཁྲི་སོགས་ལས། ཐེག་པ་ཆེན་པོ་འདི་ནི་ལྷ་དང༌མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནན་ནས་ངེས་པར་འབྱུང་བས་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱི་བ་དང༌། ཐེག་པ་ཆེན་པོ་འདི་ནི་ནམ་མཁའ་དང་མཉམ་པ་དང༌། ཐེག་པ་ཆེན་པོ་འདི་ནི་སེམས་ཅན་དཔག་ཏུ་མེད་པའི་སྒོ་འབྱེད་པ་དང༌། ཐེག་པ་ཆེན་པོ་འདི་ལ་འགྲོ་འོང་གནས་པ་མེད་པ་དང༌། ཐེག་པ་ཆེན་པོ་འདི་ལ་སྔོན་དང་ཕྱི་མའི་མཐའ་དང་དབུས་མི་དམིགས་ལགས་སོ། །ཞེས་པ་དང༌། དེ་བཞིན་དུ་སྡུད་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །

p. 212

ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་པ་དང༌། དེ་བཞིན་དུ་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཡང་དག་འགྲུབ་པ་ཆེ་བ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་མངོན་པར་བརྗོད། །ཅེས་པའི་དོན་ཆོས་ཐམས་ཅད་ལ་དམིགས་པ་ནི་དམིགས་པ་ཆེ་བ་དང༌། དོན་གཉིས་སྒྲུབ་པ་ནི་སྒྲུབ་པ་ཆེ་བ་དང༌། ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པ་ནི་ཡེ་ཤེས་ཆེ་བ་དང༌། བསྐལ་པ་གྲངས་མེད་པ་གསུམ་དུ་བརྩོན་འགྲུས་རྩོམ་པ་ནི་བརྩོན་འགྲུས་ཆེ་བ་དང༌། བསམ་བཞིན་སྲིད་པ་ལེན་ཡང་སྲིད་པའི་སྐྱོན་གྱིས་མ་གོས་པ་ནི་ཐབས་ལ་མཁས་པ་ཆེ་བ་དང༌། སྟོབས་བཅུ་ལ་སོགས་པ་ཡང་དག་པར་འགྲུབ་པ་ནི་འགྲུབ་པ་ཆེ་བ་དང༌། མཛད་པ་བཅུ་གཉིས་ནི་སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། བདུན་པོ་དེ་ཆུ་དང་བརླན་བཞིན་དབྱེར་མེད་དུ་ལྡན་པའི་རྒྱུ་མཚན་གྱིས་ཐེག་ཆེན་ཡིན་ཞེས་པའོ། །དཔའ་བོ་ས་ར་ཧས། བསམ་དུ་མེད་པའི་རང་བྱུང་ཡེ་ཤེས་གང་བསྒོམས་པ། །དེས་ནི་འབྲས་བུ་མ་ལུས་བསྒོམས་པར་གྱུར་པ་ཡིན། །ཐེག་པ་ཆེན་པོ་བླ་མེད་སྙིང་པོའི་ལམ་འདི་ནི། །འབྲས་བུ་ལམ་དུ་བྱེད་པས་གདོད་ནས་འབྲས་བུར་གནས། །ཞེས་པ་དང༌། དེ་བཞིན་དུ་བདུན་ལྡན་གྱི་ཐེག་པ་ཆེན་པོ་དེ་ཉིད་ནི་གུ་ཆོས་དྲུག་ལས་ཀྱང༌། གང་ཞིག་བརྗོད་བྲལ་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་བདེ་ཆེན་ལོངས་སྐུ་གང་འདུལ་འཆར། །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་ཆེན་གྱིས། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཞེས་གསུངས་པ་རྣམས་ཀྱི་དོན་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར་ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་གསང་

p. 213

ཆེན་པོ། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་ཐེག་པ་ཆེན་པོའི་རང་གཟུགས། ཐེག་པ་ཆེན་པོའི་ཀློང་ཆེན། ཐེག་པ་ཆེན་པོའི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
བཞི་པ་དེ་ཉིད་དབུ་མར་ངོ་སྤྲད་པ་ནི། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། དྲི་མེད་འོད་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་པའི་དོན་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་ཡིན་ལ། དེའང་རྟག་ཆད་གཉིས་ལས་འདས་པའི་རྣམ་པར་དག་པའི་སེམས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཡིན་ཏེ། དུས་འཁོར་གྱི་རྩ་རྒྱུད་ལས། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། །ཞེས་པ་ནི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་ནི་རྡོ་རྗེ་རྣལ་འབྱོར་བདེ་བ་ཆེན་པོ་དོན་དམ་བདེན་པ་ཁོ་ན་ཡིན་ནོ། །མཐའ་དང་སྤྲོས་པ་ཐམས་ཅད་ནི་ཀུན་རྫོབ་ཁོ་ན་ཡིན་ནོ། །དེ་ལ་མཐའ་གཉིས་ནི། ཡོད་མེད་ཀྱི་མཐའ་དང་། དངོས་པོ་དངོས་མེད་ཀྱི་མཐའ་དང་། སྟོང་མི་

p. 214

སྟོང་གི་མཐའ་དང༌། རྟག་ཆད་ཀྱི་མཐའ་གཉིས་ལ་སོགས་པའོ། །མཐའ་བཞི་ནི། ཡོད་པའི་མཐའ་དང་། མེད་པའི་མཐའ་དང་། ཡོད་མེད་གཉིས་ཀའི་མཐའ་དང་། གཉིས་ཀ་མ་ཡིན་པའི་མཐའོ། །མཐའ་བརྒྱད་ནི། འགག་པའི་མཐའ་དང་། སྐྱེ་བའི་མཐའ་དང་། ཆད་པའི་མཐའ་དང༌། རྟག་པའི་མཐའ་དང༌། འོང་བའི་མཐའ་དང༌། འགྲོ་བའི་མཐའ་དང༌། དོན་ཐ་དད་པའི་མཐའ་དང༌། དོན་གཅིག་པའི་མཐའོ། །འཇིག་རྟེན་ཆོས་བརྒྱད་ཀྱང་མཐའ་བརྒྱད་དོ། །མདོར་ན་ཀུན་གཞི་རྣམ་ཤེས་ཀྱི་ཡོ་ལང་རྟོག་གེའི་ཐ་སྙད་རྟོག་པའི་སྤྲོ་བསྡུ་འཁོར་བའི་རྒྱ་མཚོ་ཀུན་རྫོབ་ཀྱི་གཉིས་ཆོས་ཐམས་ཅད་སྐྱོན་གྱི་ངོ་བོར་གྱུར་པའི་དམིགས་པ་དང༌། མཐའ་དང༌། སྤྲོས་པ་ཁོ་ན་ཡིན་ནོ། །དེ་དང་བྲལ་བའི་དོན་དམ་བདེན་པ་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། ཐེག་པ་ཆེན་པོ། བདེ་གཤེགས་སྙིང་པོ། མྱང་འདས་ཆེན་པོ། ཤེར་ཕྱིན་ཟབ་མོ། དོན་དམ་བྱང་ཆུབ་སེམས། ཆོས་ཀྱི་དབྱིངས། སྐུ་བཞི་ཡེ་ཤེས་ལྔའི་རོལ་པ་ཐམས་ཅད་སྐྱོན་མེད་དབུ་མའི་དམིགས་པ་དང༌། སྐྱོན་མེད་དབུ་མའི་ཡང་དག་པའི་མཐའ་དང༌། སྐྱོན་མེད་དབུ་མའི་སྤྲོ་བསྡུ་ཕུན་སུམ་ཚོགས་པ་ཁོ་ན་ཡིན་ནོ། །དྲི་མེད་འོད་ལས། རྟག་པ་དངོས་དང་ཆད་པ་དངོས་པོ་མེད་པ་སྟེ་དེ་དག་གང་ལ་མེད་པ་དེ་ནི་རྡོ་རྗེ་ཅན་ཏེ་རྣམ་པར་དག་པའི་སེམས་སོ། །ཞེས་པའི་དོན་ནོ། །ཞེས་པ་དང༌། བཅོམ་ལྡན་འདས་རྣམ་པར་དག་པའི་སེམས་ཀྱི་བདག་ཉིད་ཡོད་མིན་མེད་མིན་ཡོད་མེད་གཉིས་ཀའི་བདག་ཉིད་མིན་པའང་མིན་པ་ཁམས་ཀྱི་སྟོན་པ་གཅིག་པུ་དེ་ནི་ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དོན་གཅིག་མིན་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པ་དང༌། དེ་བཞིན་དུ་དྲི་མེད་འོད་ལས། མི་རྟག་པ་མིན་རྟག་

p. 215

པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པའང་མིན། །འདི་ནི་རྟེན་འབྲེལ་ཆོས་སྐུའོ། །ཞེས་པ་དང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། དེ་བཞིན་དུ་དབུ་མ་རྩ་ཤེས་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་གྲུབ་མཐའ་སྨྲ་བ་རྣམས་ཀྱི་མཆོག་གམ་དམ་པ་སངས་རྒྱས་གང་གིས་དགག་བྱ་སྤྲོས་པ་བརྒྱད་ཉེ་བར་ཞི་ཞིང༌། དགག་གཞི་སྤྲོས་པ་ཞི་བར་གྱུར་པའི་ཆོས་དབྱིངས་དབུ་མ་བསྟན། ཞེས་པའོ། །དེ་བཞིན་དུ་དྲི་མེད་འོད་ལས། དེ་ནས་ཐིག་ལེ་སྟོང་པ་འགྱུར་མེད་དྲུག །ཅེས་པ་ནི་འདིའི་རྟེན་དུ་གྱུར་པའི་ཆོས་སངས་རྒྱས་ཀྱི་གཟུགས་ཀྱི་མཚན་ཉིད་ཁམས་གསུམ་དང་དུས་གསུམ་པོ་ཐམས་ཅད་དུ་འཇུག་པའོ། །འདིའི་འགོག་པའི་ཕུང་པོ་ལ་སོགས་པ་དྲུག་དང་ཁམས་སུམ་ཅུ་རྩ་དྲུག་དང་འགྱུར་བའི་ཡེ་ཤེས་སུམ་ཅུ་རྩ་བདུན་པོ་སྟེ། འདི་རྣམས་སྒྲིབ་པ་མེད་པ་ཉིད་ནི་ཆོས་སྐུ་ཆོས་འབྱུང་དུ་བརྗོད་ཅིང༌། རྡོ་རྗེ་བཞི་ནི་འགྱུར་མེད་ལྔ་སྟེ་འདི་དག་གི་སྤྲུལ་པའི་སྐུ་རྫུ་འཕྲུལ་སྣ་ཚོགས་སྟོན་པར་བྱེད་པའོ། །ཆོས་སྟོན་པ་པོའི་སྒྲ་ནི་ལོངས་སྤྱོད་རྫོགས་པའོ། །དེའི་ཕྱིར་གཅིག་དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་ཞེས་པ་ལ་སོགས་པས་དབུ་མ་པའི་གྲུབ་པའི་མཐའོ། །དམ་ཚིག་སེམས་དཔར་གསུངས་པ་གང༌། །དངོས་པོ་དངོས་མེད་ཟད་པའི་གཙོ། །ཐོག་མཐའ་མེད་ཅིང་ཞི་བ་ཡི། །བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། །ཞེས་

p. 216

པ་དང༌། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། དོན་དམ་བྱང་ཆུབ་སེམས་ཀྱི་བསྟོད་པ་ལས། གཟུངས་རྣམས་དང་ནི་ས་རྣམས་དང༌། །སངས་རྒྱས་ཕ་རོལ་ཕྱིན་གང་དག །དེ་དག་བྱང་ཆུབ་སེམས་ཀྱི་ཆར། །ཀུན་མཁྱེན་རྣམས་ཀྱིས་གསུངས་པ་ཡིན། །ཞེས་པའི་དོན་སྤྲོས་པ་མཐའ་དག་དང་བྲལ་བའི་དབུ་མའི་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡོན་ཏན་གང་དང་གང་ཡིན་པའི་ཆ་ནས་ཡོན་ཏན་དེ་དང་དེའི་མིང་གིས་གསུངས་ཞེས་པ་ཡིན་ཏེ། སེམས་དཔའ་བཞི་ཡིན་པའི་ཆ་ནས་རྡོ་རྗེ་སེམས་དཔའ་ཞེས་སོགས་ཀྱི་མིང་དང༌། གཟུངས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཆ་ནས་གཟུངས་ཞེས་པའི་མིང་དང་། ས་དང་པོ་གཉིས་པ་ཞེས་པའི་མིང་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་སོགས་ཀྱི་མིང་གི་ཐ་སྙད་ཙམ་ཞིག་དུས་གསུམ་གྱི་སངས་རྒྱས་ཀུན་མཁྱེན་རྣམས་ཀྱིས་གསུངས་པ་ཡིན་ནོ། །དེས་ན་དབུ་མ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡོན་ཏན་ཚད་མེད་པའི་ངོ་བོ་ཡིན་པའི་ཕྱིར། ཡོན་ཏན་དེ་དང་དེའི་ཆ་ནས་གསུངས་པའི་མིང་ཡང་ཚད་མེད་ཅིང་གཤིས་ལུགས་ལ་དོན་དམ་དབུ་མ་བྱང་ཆུབ་ཀྱི་སེམས་གཅིག་པུ་འདི་ཉིད་ཡིན་ཏེ། མཚན་བརྗོད་ལས། མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་མཐའ་བྲལ་སྤྲོས་མེད་ཀྱི་དབུ་མ་ནི། ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་དབུ་མ་ཆེན་པོའི་གདངས་ཆེན་པོ། དབུ་མ་ཆེན་པོའི་ཀློང་ཆེན་པོ། དབུ་མ་ཆེན་པོའི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །

p. 217

ལྔ་པ་དེ་ཉིད་ཤེར་ཕྱིན་དུ་ངོ་སྤྲད་པ་ནི། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་པ་དང༌། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་སྐྱེད། །ཅེས་པའི་དོན་ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། དཔལ་ཕྱོགས་ཀྱི་གླང་པོས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་པའི་དོན་ཤེར་ཕྱིན་ནི་གཉིས་སུ་མེད་པའི་ཡེ་ཤེས་དང༌། དེ་བཞིན་གཤེགས་པ་དང༌། དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམ་པར་བྱང་བའི་ཡེ་ཤེས་ཟག་མེད་ཆོས་སྐུའི་ཕུང་པོ་ནམ་མཁའ་གང་བ་ཡིན་ཏེ། ཉི་ཁྲི་ལས། ཀོའུ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་པ་དང༌། ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པར་ཡང༌། རྣམ་མཁྱེན་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། བདེན་པ་དང༌། དེ་ཁོ་ན་དང༌། ཡང་དག་པའི་མཐའ་དང༌། ཕྱིན་ཅི་མ་ལོག་པ་ཉིད་དང༌། ཆོས་ཉིད། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད། ཆོས་མི་འགྱུར་བ་ཉིད། ཆོས་སྐྱོན་མེད་པ་ཉིད། ཅེས་པ་ལ་སོགས་པ་ཤེར་ཕྱིན་གྱི་དོན་གཅིག་ཉིད་ཡོན་ཏན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་མཚན་གྱི་རྣམ་གྲངས་བརྒྱ་རྩ་བརྒྱད་ཀྱིས་བསྟན་པ་དང༌། དེ་བཞིན་དུ་མཚན་གྱི་རྣམ་གྲངས་གཞན་ཡང༌། འཇམ་དཔལ་ཞལ་གྱི་

p. 218

ལུང་ལས། རྣམ་གྲངས་དག་ཀྱང་རབ་ཏུ་བསྟན། །དེ་བཞིན་ཉིད་དང་ཡང་དག་མཐའ། །བསམ་གྱིས་མི་ཁྱབ་པ་ཡི་དབྱིངས། །ཆོས་ཉིད་དང་ནི་ཆོས་སྐྱོན་མེད། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་མེད་པ་ཉིད་དང་ཡང༌། །ཉོན་མོངས་འཁྲུལ་འཁོར་འབོར་བྱེད་པ། །སྐྱེ་བ་མེད་དང་འོད་གསལ་བ། །མངོན་པར་བྱང་ནི་ཆུབ་པ་དང༌། །གཞན་གྱི་སེམས་ཤེས་བྱེད་པ་དང༌། །ལྷ་ཡི་རྣ་བ་བྱེད་པ་དང༌། །རང་བཞིན་ལྷ་ཡི་མིག་སྟེར་དང༌། །རྫུ་འཕྲུལ་དཔག་མེད་འཕྲུལ་བྱེད་པ། །དངོས་པོ་མཐར་ནི་ཕྱིན་པ་དང༌། །དོན་དམ་པ་ཡི་བདེན་པ་དང༌། །རྫོགས་པ་ཡི་ནི་རིམ་པ་དང༌། །ཡོངས་སུ་དག་པའི་སྐུ་གཙང་ལ། །ཀུན་གྱི་རྟེན་པ་ཉིད་དག་དང༌། །མཁའ་ལྟར་རྣམ་པར་དག་པ་དང༌། །གློ་བུར་དྲི་མས་མི་གོས་དང༌། །གདོད་ནས་དག་པ་གསལ་བ་ཉིད། །གང་གིས་ཀྱང་ནི་མི་ཤིགས་དང༌། །དངོས་པོ་མེད་ལ་མདོ་རྒྱུད་རྣམས། །དེ་འདྲ་རྣམ་པ་མཐའ་ཡས་པ། །གསུང་ཞིང་ཡང་དག་གསུང་འགྱུར་བ། །དེ་ནི་དེ་བཞིན་ཉིད་འདི་ལས། །གཞན་ནི་ཅི་ཡང་མ་གསུངས་སོ། །ཞེས་དང༌། བདག་པོ་རྡོ་རྗེ་འཆང་བ་མཆོག །རྫོགས་པའི་རིམ་པའི་རྣལ་འབྱོར་པ། །བྱ་བ་བྱས་པ་བྱེད་པ་བྱས། །དབང་ཕྱུག་ཆེན་པོ་ཁུར་ཆེན་བོར། །སེམས་མ་དཀྲུགས་པ་ཐམས་ཅད་མཁྱེན། །སྐྱེས་བུ་དཔའ་བོ་ཅང་ཤེས་པ། །གླང་པོ་ཆེན་པོ་དུལ་བ་པོ། །འཁོར་བའི་མཐའ་འམ་ཕ་རོལ་སོན། །དོན་དམ་དང་ནི་ཀུན་རྫོབ་ཀྱི། །བདེན་པ་གཉིས་མེད་རྣལ་འབྱོར་ཆེ། །ཐ་བ་སྤངས་པ་ལམ་ཀུན་རྫོགས། །ཡོན་ཏན་འབྱུང་གནས་ཀུན་ཏུ་བཟང༌། །ཐམས་ཅད་འདུས་པའི་ཁོ་ན་ཉིད། །ལུས་སོགས་ཁམས་ཀུན་འགགས་པའོ། །གོང་ན་མེད་པ་ཡང་དག་གནས། །དེ་ལ་དེ་སོགས་རབ་གྲགས་པ། །མིང་ནི་རྣམ་པ་མཐའ་ཡས་པ། །གཉིས་མེད་ཡེ་ཤེས་མཚོན་པ་སྟེ། །མདོ་དང་རྒྱུད་རྣམས་ཐམས་ཅད་

p. 219

དུ། །བློ་ལྡན་རྣམས་ཀྱིས་རྟོགས་པར་བྱ། །ཞེས་པ་དང༌། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔར། སྒྲ་གང་སྐྱེ་མེད་ལ་སོགས་པ། །གཉིས་མེད་ཡེ་ཤེས་སྟོན་པ་རྣམས། །ཐམས་ཅད་འདི་ཡི་ཚིག་ཡིན་ཏེ། །དེར་ནི་གཞན་དག་མེད་པར་བཤད། །ཅེས་པ་དང༌། དེ་བཞིན་དུ་ཁང་པ་བརྩེགས་པའི་གཟུངས་ལས། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཕྱི་མའི་མཐའ་སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་རང་གི་ངོ་བོ་གང་ཡིན་པ་འདི་ནི་འདིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཞེས་པ་དང༌། དེ་བཞིན་དུ་ཤེར་ཕྱིན་སྟོང་པ་ཉིད་ཟབ་མོ་ཡིན་པ་ཡང༌། ཁྲི་བརྒྱད་སྟོང་པ་ལས། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དོ། །ཞེས་པའོ། །དེའི་དོན་དབུས་མཐའ་རྣམ་འབྱེད་ལས། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་གཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་དང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་

p. 220

སེམས་དཔའ་སྒྲུབ་པར་བྱེད། །ཅེས་པ་སྟོང་པ་ཉིད་བཅུ་བཞི་ལས། ཟ་བ་ནང་གི་སྐྱེ་མཆེད་དང༌། ཟ་བ་ཕྱི་ཡི་སྐྱེ་མཆེད་དང༌། དེའི་རྟེན་ལུས་ཕྱི་ནང་དང་གནས་ཀྱི་གཞི་ཆེན་པོ་སྣོད་ཀྱི་འཇིག་རྟེན་དང༌། དེ་ཡང་སྟོང་ཉིད་ཤེས་པ་གང་གིས་སྟོང་པར་མཐོང་བ་དེའི་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་དང༌། ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་དང༌། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་ཉིད་དྲུག་པ་དེ་སྒྲུབ་པར་བྱེད་པ་དེ་ཡང་སྟོང་པ་ཉིད་དོ། །ཅིའི་ཕྱིར་སྟོང་ཉིད་དྲུག་པོ་སྒྲུབ་པར་བྱེད་ན་དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དྲུག་པོ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། བྱང་ཆུབ་སེམས་དཔའ་དྲུག་པོ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། འཁོར་བ་གཏང་བར་མི་བྱའི་ཕྱིར། བྱང་ཆུབ་སེམས་དཔའ་སྟོང་ཉིད་དྲུག་པོ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དགེ་བ་མི་ཟད་བྱ་བའི་ཕྱིར། དྲུག་པོ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་དང༌། རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། དྲུག་པོ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད། མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། དྲུག་པོ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། བྱང་ཆུབ་སེམས་དཔའ་སྟོང་ཉིད་སྔ་མ་དྲུག་པོ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་གཉིས་བཅུ་བཞི་པོ་དེར་འདུས་ཤིང༌། ཀུན་རྫོབ་ཀྱི་ནང་ལ་སོགས་པ་བཅུ་བཞི་དོན་དམ་པར་རང་

p. 221

སྟོང་དུ་བསྟན་པའི་ཕྱིར། དངོས་པོ་མེད་པ་སྟོང་པ་ཉིད་དང་དོན་དམ་གྱི་ནང་ལ་སོགས་པ་བཅུ་བཞི་དོན་དམ་པར་གཞན་སྟོང་དུ་བསྟན་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་དང་གཉིས་ཀྱི་དོན་ཡང་ཇི་སྐད་དུ། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་པའོ། །དེ་ལྟ་བས་ན་སྟོང་ཉིད་གཉིས་པོ་འདི་རིམ་པ་ལྟར་སྟོང་ཉིད་སྔ་མ་བཅུ་བཞི་པོ་ལ་ཀུན་རྫོབ་ཀྱི་གང་ཟག་དང་ཆོས་ཀྱི་དངོས་པོར་སྒྲོ་འདོགས་པ་དང༌། དོན་དམ་གཞན་སྟོང་ཟབ་མོའི་ཤེར་ཕྱིན་ལ་སྐུར་པ་འདེབས་པ་གསལ་བ་ཡིན་ནོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ཟློག །དབྱིངས་དེ་མེད་པར་སྟོན་མ་ཡིན། །ཞེས་ཆོས་དབྱིངས་བསྟོད་པར་གསུངས་པ་ནི། སྟོང་པ་ཉིད་སྟོན་པའི་མདོ་ཇི་སྙེད་པ་དངོས་པོར་འཛིན་པའི་ཉོན་མོངས་ཟློག་པར་བྱེད་ཀྱི། ཆོས་དབྱིངས་ཡེ་ཤེས་ཀྱི་ཤེར་ཕྱིན་མེད་པར་སྟོན་པ་ནི་མ་ཡིན་ནོ། །ཞེས་པ་སྟོང་ཉིད་སྟོན་པའི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའོ། །དེ་ལྟར་བསྟན་པ་རྣམས་ཀྱི་དོན་ནམ། ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་ཤེར་ཕྱིན་ཟབ་མོའི་གདངས་ཆེན་པོ། ཤེར་ཕྱིན་ཟབ་མོའི་ཀློང་ཆེན་པོ། ཤེར་ཕྱིན་ཟབ་མོའི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །

p. 222

དྲུག་པ་དེ་ཉིད་ཡོན་ཏན་དུ་ངོ་སྤྲད་པ་ལ་གསུམ་སྟེ། དེ་ཉིད་བདེ་ཆེན་དབང་དོན་དུ་ངོ་སྤྲད་པ་དང༌། དེ་ཉིད་སྐུ་དང་ཡེ་ཤེས་སུ་ངོ་སྤྲད་པ་དང༌། དེ་ཉིད་མཛད་པ་ཕྲིན་ལས་སུ་ངོ་སྤྲད་པའོ། །དང་པོ་བདེ་ཆེན་དབང་དོན་དུ་ངོ་སྤྲད་པ་ནི། སྤྱོད་འཇུག་ལས། བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །ཞེས་པ་དང༌། དཔའ་བོ་ས་ར་ཧས། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་བཞུགས་པ་ནི། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ༌། །ཞེས་པའི་དོན་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སྣང་སྲིད་འཁོར་འདས་ཐམས་ཅད་བདེ་སྡུག་གཉིས་སུ་མེད་པར་འདོད་ཆགས་ཆེན་པོའི་བདེ་ཆེན་གཅིག་ཏུ་གྱུར་པ་ནི་འཁོར་འདས་བདེ་བ་ཆེན་པོར་མཉམ་པ་ཉིད་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་ཉིད་དུས་གསུམ་གཅིག་ཆར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་གཟུགས་བརྙན་དུ་ཤར་ནས་མངོན་སུམ་དུ་ཤེས་པ་ནི་དུས་གསུམ་མཉམ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། བདེ་ཆེན་དེ་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་འཆར་ན་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་ཚེ་སྲོག་རྩོལ་དང་འཛིན་པའི་སྐབས་སུ་སྔ་དྲོ་རེ་ཉིན་རེ་ཞག་རེ་ཙམ་སྒོ་གསུམ་འདོད་ཆགས་ཀྱི་བདེ་བ་ཆེན་པོར་འགྱུར་ཞིང༌། ཡང་ཡལ་གྱིན་སོང་བ་འོང་སྟེ། བདེ་བ་ཡོད་མེད་རེས་འཇོག་ཏུ་བྱུང་བའི་ངང་ནས་བདེ་བའི་ཡུན་ཇེ་རིང་ཤས་ཇེ་ཆེར་འཕེལ་ལོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་མིག་གིས་མཐོང་ཚད། རྣ་བས་ཐོས་ཚད། སྣས་ཚོར་ཚད། ལུས་ཀྱིས་

p. 223

རེག་ཚད། ཡིད་ལ་ཤར་ཚད་ཐམས་ཅད་འདོད་ཆགས་ཆེན་པོའི་བདེ་བ་ཁོ་ནར་འཆར་ཞིང༌། དེའི་ཚེ་མེས་བསྲེགས་མཚོན་གྱིས་གཏུབས་ཆུ་ལ་བསྐུར་ཀྱང་བདེ་ཆེན་འབའ་ཞིག་ཏུ་འཆར་ཏེ། ཡབ་སྲས་མཇལ་བའི་མདོ་ལས། ལྷའི་བུ་རྣམས་ཀྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལ་ཆོས་ཐམས་ཅད་བདེ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ཐོབ་པ་ན་མཚོན་གྱིས་གཏུབས་སམ། མེའི་འོབས་སུ་སྐྱུར་རམ། བྲག་གི་གཡང་ལ་འཕངས་སམ། ཆུ་ལ་བསྐུར་ཀྱང་བདེ་བ་འབའ་ཞིག་ཏུ་འགྱུར་རོ། །ཞེས་པ་དང༌། དཔའ་བོ་ས་ར་ཧས། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང༌། །དེར་ནི་ཐོག་མ་བར་མཐའ་མེད། །སྲིད་མིན་མྱ་ངན་འདས་པའང་མིན། །བདེ་བ་ཆེན་པོའི་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །ཅེས་པ་དང༌། བརྟག་གཉིས་ལས། དེར་ནི་ཐོག་མ་བར་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་མ་ཡིན། །ཞེས་པ་དང༌། མཚན་བརྗོད་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །ཞེས་པ་དང༌། བདེ་མཆོག་ལས། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པའོ། །སྣང་སྲིད་བདེ་ཆེན་དུ་ཤར་བ་དེའི་ཚེ་གསེར་དང་བོང་བ་མཉམ། དགྲ་དང་གཉེན་དུ་མཉམ། ཙན་དན་དང་སྟེའུར་མཉམ། འཁོར་བ་དང་མྱང་འདས་སུ་མཉམ། རྙེད་པ་དང་མ་

p. 224

རྙེད་པར་མཉམ། བསྟོད་པ་དང་སྨད་པར་མཉམ། གྲགས་པ་དང་མ་གྲགས་པར་མཉམ། བདེ་བ་དང་སྡུག་བསྔལ་བར་མཉམ་ཞིང༌མེས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། དུག་གིས་མི་ཚུགས་ཤིང་བཟུང་དུ་མེད། བཅིང་དུ་མེད། ཆད་པས་གཅོད་དུ་མེད། མགོ་བྲེག་ཏུ་མེད། དགྲའི་དབང་དུ་མི་འགྲོ་སྟེ། དཔའ་བོ་ས་ར་ཧས། སྐྱེས་བུ་རིན་ཆེན་གང་ལ་ལྷ་རྫས་འདི་སྐྱེས་པ། །གདུག་པ་མ་ལུས་ཐམས་ཅད་སྐད་ཅིག་ཉེར་ཞི་ཐིམ། །སེངྒེ་གླང་ཆེན་སྨྱོན་པ་སྟག་དང་དྲེད་མོང་དང༌། །གཅན་གཟན་ཁྲོ་བོ་མེ་དང་དུག་སྦྲུལ་གཡང་ས་དང༌། །རྒྱལ་པོའི་ཆད་པ་དུག་དང་ཐོག་དང་ལྕེ་འབབ་པ། །ཐམས་ཅད་ངོ་བོ་དེ་ཉིད་ཡིན་ཕྱིར་གནོད་པ་མེད། །རྣམ་རྟོག་དགྲ་འདི་ཆོམས་པས་དགྲ་འདི་ཐམས་ཅད་ཆོམས། །བདག་ལྟའི་གདུག་པ་ཐུལ་བས་གདུག་པ་ཐམས་ཅད་ཐུལ། །ཞེས་པ་དང༌། ནང་གི་དགྲ་རྣམ་རྟོག་དང་བདག་འཛིན་ཆོམས་པས་འཁོར་འདས་ཐམས་ཅད་བདེ་ཆེན་དུ་གྱུར་པའི་སྐད་ཅིག་ལ་ཕྱིའི་དགྲ་ཐམས་ཅད་ཆོམས། ཞེས་པའོ། །དེ་བཞིན་དུ་ཡུལ་སྣང་ཐམས་ཅད་བདེ་བ་ཆེན་པོར་ཤར་བའི་ཡེ་ཤེས་ལ་འཇིག་རྟེན་གྱི་འགལ་བ་ཐམས་ཅད་བདེ་བ་ཆེན་པོར་མཉམ་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔར། ཇི་ལྟར་བདག་ཉིད་དེ་བཞིན་དགྲ། །ཇི་ལྟར་ཆུང་མ་དེ་བཞིན་ཕ། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། །ཇི་ལྟར་པགས་པ་དེ་བཞིན་གོས། །ཇི་ལྟར་རིན་ཆེན་ཕུབ་མ་དང༌། །ཇི་ལྟར་ཆང་གང་དེ་བཞིན་གཅིན། །ཇི་ལྟར་བཟའ་བ་དེ་བཞིན་བཤང༌། །ཇི་ལྟར་དྲི་བཟང་ག་བུར་དང༌། །དེ་བཞིན་བཤང་བ་ལ་སོགས་དྲི། །ཇི་ལྟར་བསྟོད་པ་བྱེད་པའི་ཚིག །དེ་བཞིན་དུ་ནི་སྨད་པའི་ཚིག །དྲག་པོ་རྡོ་རྗེ་ཅན་དེ་བཞིན། །ཇི་ལྟར་ཉིན་མོ་དེ་བཞིན་མཚན། །ཇི་ལྟར་རྨི་ལམ་དེ་

p. 225

བཞིན་སད། །ཇི་ལྟར་འཇིག་པ་དེ་བཞིན་གནས། །ཇི་ལྟར་བདེ་བ་དེ་བཞིན་སྡུག །ཇི་ལྟར་སྡང་བ་དེ་བཞིན་བུ། །མནར་མེད་མཐོ་རིས་དེ་བཞིན་ཏེ། །དེ་བཞིན་སྡིག་དང་བསོད་ནམས་སོ། །དེ་ལྟར་ཤེས་ན་ཡེ་ཤེས་ཅན། །དོགས་པ་མེད་པར་ཐམས་ཅད་བྱེད། །ཅེས་པའོ། །དེ་བཞིན་དུ་འཁོར་འདས་བདེ་ཆེན་དུ་མཉམ་པའི་ཡེ་ཤེས་དེ་ཉིད་བརྟག་གཉིས་ལས། བདེ་བ་ནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་ཁུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་ཏུ་རྒྱུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཅེས་པའོ། །བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཀུན་རྫོབ་ཀྱི་དུས་གསུམ་མེད་པ་དང༌། དོན་དམ་གྱི་དུས་གསུམ་གཅིག་ཆར་དུ་ཤར་ནས་རྟོགས་པ་དུས་གསུམ་མཉམ་ཉིད་ནི། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པ་དང༌། སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་པ་དང༌། དུས་འཁོར་གྱི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་པའི་རྣལ་འབྱོར་པ་ཡིས་དུས་གསུམ་ནམ་མཁའི་དཀྱིལ་ན་གནས་པ་མཐོང༌། །ཞེས་པ་དང༌། དྲི་མེད་འོད་ལས། དེ་ལྟར་སྲིད་པ་ཡོངས་སུ་ཤེས་པ་ན་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །འདིར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ། དུས་གསུམ་གྱི་སྲིད་པ་གསུམ་ཇི་ལྟ་བར་གྱུར་པ་གཟིགས་པ་ནི་ཡོངས་སུ་ཤེས་པ་སྟེ། དེ་ཉིད་སྲིད་པ་གསུམ་སྒྲིབ་པ་ཟད་པ་དང་རྒྱུ་དང་འབྲས་བུ་འགགས་པས་རྫོགས་པའི་སངས་རྒྱས་རྣམས་ལ་གཅིག་ཆར་དུ་འགྱུར་ཏེ། ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ལམ་མཁྱེན་པ་ཉིད། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོབས་ཀྱིས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་དུས་གསུམ་གྱི་

p. 226

སྲིད་པ་གསུམ་ཇི་ལྟར་བར་གྱུར་པ་གཅིག་ཆར་ཡོངས་སུ་ཤེས་པར་མི་འགྱུར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཕྱིར་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲིབ་པ་ཅུང་ཟད་ཙམ་གྱི་ཕྱིར་རོ། །ཞེས་པ་དང༌། དེ་བཞིན་དུ་མདོ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ནོར་བཟང་གིས། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་ལུས་ལ་དུས་གསུམ་གཅིག་ཆར་དུ་མཐོང་བ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡི། །ལུས་དང་ཡན་ལག་བ་སྤུའི་སྒོ་རེ་དང༌། །དེ་དག་ཕྱོགས་ཀྱི་ཆ་ཤས་རེ་ནས་ཀྱང༌། །སྟོང་གསུམ་འཇིག་རྟེན་ས་ཆུ་མེ་རླུང་གི །ཕུང་པོ་དང་བཅས་གླིང་དང་རྒྱ་མཚོར་བཅས། །རིན་ཆེན་རི་དང་རི་རབ་ཁོར་ཡུག་བཅས། །གྲོང་དང་གྲོང་ཁྱེར་ལྗོངས་དང་ཡུལ་ཁམས་བཅས། །རྒྱལ་པོའི་གནས་བཅས་ཁང་ཁྱིམ་ནགས་ཚལ་བཅས། །དམྱལ་བ་ཡི་དྭགས་བྱོལ་སོང་གནས་དང་བཅས། །ལྷ་མིན་ཀླུ་དང་ལྷ་མི་འཇིག་རྟེན་བཅས། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཡུལ་དང་བཅས། །གཞི་བཅས་རྟེན་བཅས་དབྱིབས་བཅས་སྤྲིན་དང་བཅས། །གློག་བཅས་སྐར་བཅས་ཟླ་བ་ཉི་མར་བཅས། །ལོ་དུས་བསྐལ་པར་བཅས་པ་མ་ལུས་པ། །མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་མཐོང༌། །སྟོང་གསུམ་འདི་བཞིན་ཕྱོགས་བཅུའི་འཇིག་རྟེན་མཐོང༌། །ཕྱོགས་བཅུའི་འཇིག་རྟེན་ཐོག་མཐའི་མུར་ཐུག་གི །གཅིག་ནས་གཅིག་བརྒྱུད་འཇིག་རྟེན་མ་ལུས་ཀུན། །རྣམ་པ་དང་འདྲེས་མ་འདྲེས་སོ་སོར་གསལ། །ལུས་ཀུན་མཚན་བཟང་རེ་རེ་ལ་ཡང་མཐོང༌། །ཀུན་ཏུ་བཟང་པོ་བཅོམ་ལྡན་རྣམ་སྣང་གི །དྲུང་ན་རྫུ་འཕྲུལ་འགོད་པ་ཇི་ལྟ་བར། །ཆོས་དབྱིངས་ཀྱིས་སླས་མཁའ་གཏུགས་འཇིག་རྟེན་གྱི། །སངས་རྒྱས་ཀུན་གྱི་དྲུང་ནའང་དེ་བཞིན་ཏེ། །དེ་དག་ཀུན་གྱི་ལུས་ལའང་

p. 227

དུས་གསུམ་གྱི། །འཇིག་རྟེན་འཇིག་རྟེན་འདས་པ་མ་ལུས་མཐོང༌། །ཞེས་པ་སྟེ། གཟུགས་བརྙན་མ་ལུས་འཆང་བ་པོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །ཞེས་པའི་དོན་ནོ། །དེ་ལྟར་སྲིད་ཞི་དང་དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་དོན་དམ་གྱི་ལོངས་སྤྱོད་འབྱོར་པ་ནམ་མཁའ་དང་མཉམ་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་བཞུགས། །གནས་དང་གོས་དང་ཟས་ལ་སོགས། །མཁའ་ལ་སྐད་ཅིག་གཅིག་གིས་རྙེད། །ཅེས་པ་དང༌། དེ་བཞིན་དུ་མདོ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ནོར་བཟང་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱིམ་བདག་མཁས་པའི་དྲུང་དུ་ནམ་མཁའ་མཛོད་ཀྱི་འབྱོར་པ་མཐོང་བ་འདི་ལྟ་སྟེ། དེ་ནས་ཡེ་ཤེས་མཁའ་གཏུགས་ལོངས་སྤྱོད་ལྡན། །མཁའ་ལྟར་ཟད་མི་ཤེས་པའི་ནོར་གྱིས་ཕྱུག །ནམ་མཁའི་མཐར་ཐུག་ཁྱབ་པའི་བང་མཛོད་ཅན། །ཁྱིམ་བདག་མཁས་པས་ནོར་བཟང་ལ་སྨྲས་པ། ནོར་བཟང་ཁོ་བོའི་ཡིད་ཀྱི་མཛོད་ནས་བྱུང་བའི་བསོད་ནམས་ཐོབ་པ་སྟེ། །དེ་མཐུས་ཁོ་བོས་འགྲོ་རྒྱུད་མི་གཅིག་སྣ་ཚོགས་སྐྱེ་དགུ་རྣམས་ལ་ནི། །གང་ལ་ཅི་འདོད་སྦྱིན་བྱའི་འབྱོར་པ་ཐམས་ཅད་ནམ་མཁའི་དབྱིངས་ལས་བྱུང༌། །ནམ་མཁའ་མ་ཟད་དེ་སྲིད་སྦྱིན་བྱའི་ལོངས་སྤྱོད་ཡོངས་སུ་གཏུགས་མི་འགྱུར། །ནོར་བཟང་ཡུད་ཙམ་སྡོད་གཅིག་དང༌། །ད་ལྟ་ཁྱོད་ལ་མངོན་སུམ་འགྱུར། །ཟེར་མ་ཐག་ཏུ་ཕྱོགས་བཅུ་ནས། །སེམས་ཅན་གྲངས་མེད་མཐའ་ཡས་པ། །འགྲོ་རྒྱུད་མི་གཅིག་ཐ་དད་རྣམས། །རང་རང་ཟས་སོགས་དོན་གཉེར་བ། །འོང་ནས་དེ་ལ་སློང་མོ་འདེབས། །དེ་ནས་ཁྱིམ་བདག་མཁས་པ་ཡིས། །ཡུད་ཙམ་བསམས་ཏེ་མཁའ་ལ་བལྟས། །དེ་ཡི་མོད་ལ་ནམ་མཁའ་ནས། །བཟའ་དང་བཏུང་དང་རོ་སྣ་ཚོགས། །

p. 228

ཁ་དོག་དྲི་རོ་ཕུན་ཚོགས་ལྡན། །བཟའ་བ་བཅའ་བ་ལྡག་པ་དང༌། །གོས་རྒྱན་ལྷབ་ལྷུབ་ཕྲེང་བ་དང༌། །མེ་ཏོག་བདུག་སྤོས་ཕྱེ་མ་བྱུག །རིན་ཆེན་གསེར་དངུལ་མུ་ཏིག་དང༌། །རྟེན་དང་གནས་དང་མལ་ཆ་དང༌། །སྨན་དང་བཞོན་ཁལ་གླང་པོ་རྟ། །ཤིང་རྟ་བ་ལང་བོང་བུ་དང༌། །མ་ཧེ་ར་ལུག་བྲན་ཕོ་མོ། །བུ་ཕོ་བུ་མོ་བུད་མེད་དང༌། །གདུགས་དང་རྒྱལ་མཚན་བ་དན་སོགས། །ཅི་འདོད་སྦྱིན་བྱའི་ཡོ་བྱད་རྣམས། །ཁྱིམ་བདག་མཁས་པའི་ལག་ཏུ་བྱུང༌། །དེ་ཡིས་སློང་མོ་བ་ཡི་ཚོགས། །སྣ་ཚོགས་ཚིམ་ཞིང་དགའ་བར་བྱས། །དེ་ནས་དེ་དག་རྣམས་ལ་ཇི་ལྟ་བུ། །ཡུན་དང་གནས་སྐབས་ཀུན་ཏུ་ཕན་དང་བདེ་བའི་ཆོས། །དེ་ལྟ་དེ་ལྟར་བསྟན་པས་སེམས་ཅན་དེ་དག་རྣམས། །ཆོས་དང་ཟང་ཟིང་འབྱོར་པས་ཚིམ་པར་བྱེད་པ་མཐོང༌། །ཞེས་པ་སྟེ། མཚན་བརྗོད་ལས། དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །ཞེས་པའི་དོན་ནོ། །དེ་བཞིན་དུ་སྡུད་པ་ལས། འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱ། །ཞེས་པ་དང༌། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང༌། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང༌། །ཤེས་རབ་ནམ་ཡང་ཟད་པ་མེད་ཅིང་འཕེལ་བ་མེད། །ཅེས་པའི་དོན་ནོ། །དེ་བཞིན་དུ་སྲིད་ཞི་དང་དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པ་དེ་ཉིད། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པའོ། །དེ་ལྟར་འགྱུར་མེད་མཆོག་གི་བདེ་ཆེན་དེ་ཉིད་ཐབས་ཤེས་ཀྱི་རྒྱུད་རྣམས་ཀྱི་དབང་དོན་ཡིན་ཞིང༌། མཚམས་མེད་པ་ལྔ་བྱེད་པ་རྣམས་ཀྱང་དབང་དོན་གྱི་བདེ་

p. 229

ཆེན་འདི་ཉིད་ཀྱིས་རྗེས་སུ་བཟུང་བ་ཡིན་ཏེ། དྲི་མེད་འོད་ལས། མཚམས་མེད་ལྔ་པོ་རྣམས་ནི་བྱས་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་རྣམས་སུ། །རྒྱལ་བའི་དབང་པོས་ཡང་དག་གཟུང་བར་འགྱུར། །ཞེས་པ་འགྱུར་མེད་མཆོག་གི་བདེ་བ་ཆེན་པོའི་ཡེ་ཤེས་འདི་ཉིད་རྒྱུད་སྡེ་རྣམས་ཀྱི་དབང་བཞིའི་དོན་དགའ་བ་བཞི་དང་བཅུ་དྲུག་ཡིན་ལ། དེ་ལ་ལུས་བདེ་བ་ཆེན་པོ་ནི་ལུས་ཀྱི་ཐིག་ལེ་བརྟན་པ་བུམ་པའི་དབང་དགའ་བ་ཡིན་ལ། ངག་བདེ་བ་ཆེན་པོ་ནི་ངག་གི་ཐིག་ལེ་བརྟན་པ་གསང་བའི་དབང་མཆོག་དགའ་ཡིན་ལ། སེམས་བདེ་བ་ཆེན་པོ་ནི་སེམས་ཀྱི་ཐིག་ལེ་བརྟན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཁྱད་པར་གྱི་དགའ་བ་ཡིན་ཞིང༌། ཆགས་པ་བདེ་བ་ཆེན་པོ་ནི་ཆགས་པའི་ཐིག་ལེ་བརྟན་པ་བཞི་པ་དེ་ཡང་དེ་བཞིན་གྱི་དབང་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཐིག་ལེ་བཞི་དང་དགའ་བ་བཞི་པོ་རེ་རེའང་བཞི་བཞིར་དབྱེ་བས་ཐིག་ལེ་བཅུ་དྲུག་དང་དགའ་བ་བཅུ་དྲུག་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་གོ །རྣལ་འབྱོར་པས་གང་ཞིག་གི་ཚེ་འགྱུར་མེད་མཆོག་གི་བདེ་བ་ཆེན་པོའི་དགའ་བ་བཅུ་དྲུག་པོ་འདི་རང་རིག་གི་ཡེ་ཤེས་ཀྱིས་རིག་པ་དེའི་ཚེ་དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པའི་དོན་ནོ། །རྗེ་བཙུན་མི་ལས། སེམས་ལ་བདེ་བ་ཐོབ་པ་དོན་གྱི་དབང༌། །ཞེས་པ་དང༌། བརྟག་གཉིས་ལས། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་པ་དང༌། བསྟོད་འགྲེལ་ལས། ངེས་པའི་དོན་གྱིས་སླར་ཡང་བུམ་པའི་སྒྲས་ནུ་མ་བརྗོད་དེ་དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་བུམ་པའི་དབང་བསྐུར་བའོ། །གསང་བར་རྡོ་རྗེ་སྤྲོས་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་གསང་བའི་དབང་བསྐུར་བའོ། །དབང་པོ་གཉིས་སྙོམས་པར་ཞུགས་པ་ན་གང་ཞིག་

p. 230

འཛག་པའི་བདེ་བ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་པོའི་རྗེས་སུ་ཆགས་པ་གང་ཞིག་འགྱུར་བ་མེད་པའི་བདེ་བ་དེ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་བསྐུར་བའོ། །དེ་ལྟར་འགྱུར་བ་དང་འགྱུར་བ་དང༌། འཛག་པ་དང་འགྱུར་བ་མེད་པའི་དབྱེ་བས་དབང་བསྐུར་བ་རྣམ་པ་བཞིའོ། །འདིར་དབང་བསྐུར་བར་བྱེད་པ་ནི་དབང་སྟེ་བདེ་བའི་སེམས་དང་ལྡན་པའི་ཕྱིར་ཞེས་པའི་དོན་ནོ། །ཞེས་པ་དང༌། འདི་རྣམས་ཀྱི་དབང་བསྐུར་བ་རེ་རེ་ལ་དགའ་བ་བཞིའོ། །དགའ་བ་རེ་རེ་ལ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་དབྱེ་བས་གནས་སྐབས་བཞི་སྟེ་ཐིག་ལེ་བཞིའི་དབྱེ་བས་སོ། །དེ་ལྟར་ཆ་བཅུ་དྲུག་གི་དབྱེ་བས་དབང་བསྐུར་སོ་སོ་ལ་དགའ་བ་བཅུ་དྲུག་སྟེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་ཐིག་ལེའི་དབྱེ་བ་བཞིའོ། །ཞེས་གསུངས་པ་ནི་དགའ་བ་བཞི་དང་བཅུ་དྲུག་གི་འཁོར་ལོ་འགྱུར་མེད་མཆོག་གི་བདེ་བ་ཆེན་པོ་འདི་ཉིད་རྒྱུད་སྡེ་རྣམས་ཀྱི་དབང་གི་དོན་གྱི་བདེ་བ་ཆེན་པོ་ཡིན་ནོ། །དེ་ཡང་རྗེས་དྲན་ནས་བཟུང་ནས་ཕྱག་རྒྱ་གསུམ་གྱི་སྒོ་ནས་ཉམས་སུ་ལེན་པ་ཡིན་ལ། ཕྱག་རྒྱ་ཆེན་མོ་ནི། དཔའ་བོ་ས་ར་ཧས། གང་ཡང་སྔ་ན་མེད་པའི་སྒེག་མོ་དང་ཕྲད་ན། །ཉལ་བའི་སེམས་ནི་གཞི་མེད་པ་ལ་བརྟེན། །རང་གི་གཟུགས་དང་ཐ་དད་མ་ལྟ་ཞིག །སངས་རྒྱས་ལག་ཏུ་གཏོད་པར་བྱེད་པ་ཡིན། །ཞེས་པ་དང༌། བརྟག་གཉིས་ལས། ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་པ་དང༌། བདེ་མཆོག་ལས། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་བཅས་པ་ཡི། །རྟག་ཏུ་རིགས་ལྡན་མ་མཆོད་བྱ། །ཁྱད་པར་དུས་ལ་ཕོ་ཉ་མོ། །ཞེས་པ་རྣམས་ཉམས་སུ་ལེན་པའི་དོན་ཟབ་པ་ལས་ཀྱང་ཆེས་ཤིན་ཏུ་ཟབ་

p. 231

པས་ཤིན་ཏུ་མཁས་པའི་མན་ངག་ལས་ཤེས་དགོས་སོ། །དེ་ལྟར་སྲིད་ཞི་མཉམ་ཉིད་དང་དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན། གཏི་མུག་འཇོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། མ་རིག་པ་འཇོམས་པས་རིག་པ་ཆེན་པོའི་སྔགས། འདི་ལས་བཟང་བ་མེད་པས་བླ་ན་མེད་པའི་སྔགས། འདི་དང་མཉམ་པ་འཇིག་རྟེན་ན་མེད་པས་མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྐྱོན་ཐམས་ཅད་སེལ་བས་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པའི་སྔགས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་བདེ་བའི་ཡེ་ཤེས་ཀྱི་གདངས་ཆེན་པོ། བདེ་བའི་ཡེ་ཤེས་ཀྱི་ཀློང་ཆེན་པོ། བདེ་བའི་ཡེ་ཤེས་ཀྱི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
གཉིས་པ་དེ་ཉིད་སྐུ་དང་ཡེ་ཤེས་སུ་ངོ་སྤྲད་པ་ལ་གསུམ་སྟེ། དེ་ཉིད་སྐུ་རྣམས་སུ་ངོ་སྤྲད་པ་དང༌། སྤྲུལ་སྐུའི་སྤྲུལ་སྒྱུར་རྣམས་ངོ་སྤྲད་པ་དང༌། རང་བྱུང་གི་ཡེ་ཤེས་རྣམས་ངོ་སྤྲད་པའོ། །དང་པོ་དེ་ཉིད་སྐུ་རྣམས་སུ་ངོ་སྤྲད་པ་ནི། དྲི་མེད་འོད་ལས། དེ་ཉིད་གཅིག་པུ་སྐུའི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་ཅེས་པའི་དོན་ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། སེམས་ཅན་ཀུན་གྱི་སེམས་ཆེན་པོ་དེ་ཉིད་སྐུ་གཅིག་དང་གཉིས་དང་གསུམ་ལ་

p. 232

སོགས་པ་སྐུའི་དབྱེ་བ་དུ་མར་འགྱུར་རོ། །དེ་ལ་སྐུ་གཅིག་ནི་ཆོས་ཀྱི་སྐུ་དང༌། སྐུ་གཉིས་ནི་ཆོས་སྐུ་དང་གཟུགས་སྐུའོ། །སྐུ་གསུམ་ནི་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུའོ། །སྐུ་ལྔ་ནི་ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་བདེ་བའི་སྐུའོ། །དེ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་ཆོས་ཀྱི་སྐུ་བརྒྱད་ཁྲི་བཞི་སྟོང་ངོ༌། །ཆོས་ཀྱི་སྐུ་དེ་སྙེད་ཀྱི་ལོངས་སྐུ་དང་སྤྲུལ་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་བདེ་བའི་སྐུ་ཡང་དེ་སྙེད་དེ་སྐུའི་དབྱེ་བ་དཔག་ཏུ་མེད་དོ། །དེ་ལ་སྐུ་གཅིག་ནི་ཤེས་པ་དང་ཤེས་བྱ་གཅིག་པའི་སྐུ་དང༌། དོན་གཅིག་གཉིས་མེད་ཆོས་ཀྱི་དོན་དང༌། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག་དང༌། སེམས་ནི་ཆེན་པོ་གཅིག་ཉིད་དང༌། སངས་རྒྱས་ཀུན་གྱི་སྐུ་གཅིག་པ་དང༌། སེམས་ཅན་ཀུན་གྱི་སེམས་ཆེན་པོ་དང༌། མྱ་ངན་འདས་པ་བདེན་གཅིག་པོ་དང༌། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་པ་ལ་སོགས་པ་དོན་དམ་པའི་སྐུ་གཅིག་ཏུ་སྟོན་པའི་ལུང་དཔག་ཏུ་མེད་དོ། །དེ་བཞིན་དུ་སྐུ་གཅིག་དང་གཉིས་དང་གསུམ་དང༌བཞི་དང༌ལྔ་ནི་འཕགས་པ་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། སངས་རྒྱས་ཤཱཀྱ་སེངྒེ་ཡིས། །སེམས་ཅན་བསམ་པའི་དབང་དག་གིས། །སྐུ་ནི་གཅིག་གཉིས་གསུམ་དང་ནི། །བཞི་དང་ལྔ་རུ་གསུངས་པ་སྟེ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །ཇི་ལྟར་གཟུགས་ཀྱི་སྐུ་དང་ནི། །དེ་ལྟར་སངས་རྒྱས་ཆོས་སྐུ་སྟེ། །སེམས་ཅན་བསམ་པའི་དབང་གི་ཕྱིར། །བསྟན་བཅོས་སྐྱབས་གནས་གསུམ་པོས་གསུངས། །ཐུགས་གསུང་སྐུ་ཡི་དབྱེ་བ་ཡིས། །སྐུ་གསུམ་དུ་ནི་རབ་ཏུ་བསྒྲགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་རྣམས། །སྔགས་ཀྱི་ཚུལ་ལ་

p. 233

མི་ཡིས་སྒྲུབ། །ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པའི་སྤྲུལ་པ་དང༌། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བཤད། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་མངའ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་པ་དང༌། དེ་བཞིན་དུ་ཀུན་གཞི་ཡེ་ཤེས་དེ་ཉིད་གཅིག་པུ་སྐུ་ཡི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་ནི། དྲི་མེད་འོད་ལས། སྤྲུལ་པ་ཡིས་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །ཞེས་གསུངས་པ་འདི་སྐུ་བཅུ་དྲུག་ཏུ་ཇི་ལྟར་དབྱེ་ན། སྐུ་བཞི་པོ་རེ་རེ་ཡང་སྐུ་གསུང་ཐུགས་ཡེ་ཤེས་བཞི་བཞིར་དབྱེའོ། །སྤྲུལ་སྐུའི་སྐུ་ནི་སྤྲུལ་སྐུའི་སྤྲུལ་སྐུ་དང༌། སྤྲུལ་སྐུའི་གསུང་ནི་སྤྲུལ་སྐུའི་ལོངས་སྐུ་དང༌། སྤྲུལ་སྐུའི་ཐུགས་ནི་སྤྲུལ་སྐུའི་ཆོས་སྐུ་དང༌། སྤྲུལ་སྐུའི་ཡེ་ཤེས་ནི་སྤྲུལ་སྐུའི་ངོ་བོ་ཉིད་ཀྱི་སྐུའོ། །དེ་བཞིན་དུ་ལོངས་སྐུའི་སྐུ་ནི་ལོངས་སྐུའི་སྤྲུལ་སྐུ་ལ་སོགས་པ་བཞི་དང༌། དེ་བཞིན་དུ་ཆོས་སྐུའི་སྐུ་ནི་ཆོས་སྐུའི་སྤྲུལ་སྐུ་ལ་སོགས་པ་བཞི་དང༌། དེ་བཞིན་དུ་ལྷན་ཅིག་སྐྱེས་སྐུའི་སྐུ་ནི་ངོ་བོ་ཉིད་སྐུའི་སྤྲུལ་སྐུ་ལ་སོགས་པ་བཞིའོ། །དེ་ལྟར་རྡོ་རྗེ་བཞིའི་སྒོ་ནས་སྐུའི་དབྱེ་བ་བསྟན་པའོ། །སྐུའི་དབྱེ་ལུགས་གཞན་ཡང་ཀུན་གཞི་ཡེ་ཤེས་དེ་ཉིད་ཆོས་ཉིད་ཀྱི་གཟུགས་མཐའ་ཡས་པ་ཡིན་པའི་ཆ་ནས་སྤྲུལ་པའི་སྐུ་དང༌། དེ་ཉིད་ཆོས་ཉིད་ཀྱི་སྒྲ་མཐའ་ཡས་པ་ཡིན་པའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེ་ཉིད་ཆོས་ཉིད་ཀྱི་ཡོན་ཏན་མཐའ་ཡས་པ་ཡིན་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། དེ་ཉིད་ཆོས་ཉིད་ཀྱི་ཡེ་ཤེས་

p. 234

མཐའ་ཡས་པ་ཡིན་པའི་ཆ་ནས་ཡེ་ཤེས་ཀྱི་སྐུ་དང༌། དེ་ཉིད་ཀྱི་བདེ་བ་མཐའ་ཡས་པ་ཡིན་པའི་ཆ་ནས་བདེ་བའི་སྐུ་ཡིན་ཏེ། འཕགས་པ་འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །སྒྲ་ཡི་ཕུང་པོ་མཐའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག །ཆོས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་ཆོས་ཀྱི་སྐུ་རབ་བསྒྲགས། །ཡེ་ཤེས་ཕུང་པོ་མཐའ་ཡས་པ། །བདག་གི་ཡེ་ཤེས་སྐུ་རབ་བསྒྲགས། །བདེ་བའི་ཕུང་པོ་མཐའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག །བསྡུས་པ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་བསྒྲགས། །ཞེས་པ་ནི་སྡུད་པ་དང༌། ཕུང་པོ་དང༌། སྐུ་དང་བསགས་པ་རྣམས་འདིར་དོན་གཅིག་ཞེས་པའོ། །སྐུའི་དབྱེ་ལུགས་གཞན་ཡང༌། ཀུན་གཞི་ཡེ་ཤེས་དེ་ཉིད་མ་བཅོས་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ་དང༌། དེ་ཉིད་དྲན་པ་ཉེར་བཞག་ལ་སོགས་པ་ཡོན་ཏན་གྱི་ཕུང་པོ་ཡིན་པའི་ཆ་ནས་ཆོས་སྐུ་དང༌། དེ་ཉིད་མཚན་དཔེའི་བདག་ཉིད་ཡིན་པའི་ཆ་ནས་ལོངས་སྐུ་དང༌། དེ་ཉིད་སྲིད་པ་ཇི་སྲིད་བར་གནས་ཤིང་འགྲོ་དོན་མཛད་པའི་ཆ་ནས་སྤྲུལ་སྐུ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་མངོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་གཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་བཞག་རྣམ་གསུམ་དང༌། །བརྙེལ་བ་མེད་པའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་ཐུགས་རྗེ་

p. 235

ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་ཆོས་ཀྱི་སྐུ་དང༌། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཕྱག་ཞབས་འཁོར་ལོའི་མཚན་དང་རུ་སྦལ་ཞབས། །ཕྱག་དང་ཞབས་སོར་དྲ་བས་འབྲེལ་བ་དང༌། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང༌། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང༌། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང༌། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང༌། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེངྒེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐོང་ཀ་རྒྱས། །འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང༌། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང༌། །ཚངས་དབྱངས་འགྲམ་པ་སེངྒེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚེམས་མཉམ་ཐགས་བཟང་དང༌། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང༌། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་དང༌། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང༌། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང༌། །སེངྒེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང༌། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་

p. 236

པའི་སྐུ། །དཔེ་བྱད་ཡོངས་སུ་རྫོགས་པ་དང༌། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང༌། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང༌། །སྐུ་ཞུམ་མེད་དང་རྒྱས་པ་དང༌། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་མཛེས་དང༌། །གཟིགས་པ་སྒྲིབ་མེད་དག་པ་དང༌། །སྐུ་ཟླུམ་སྐབས་ཕྱིན་མ་སྙོངས་དང༌། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང༌། །ཀུན་ནས་ལྟ་ན་སྡུག་པ་དང༌། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང༌། །ཕྱག་ནི་ཤིང་བལ་ལྟར་འཇམ་དང༌། །ཕྱག་རིས་མདངས་ཡོད་ཟབ་རིང་དང༌། །ཞལ་ནི་ཧ་ཅང་མི་རིང་དང༌། །མཆུ་ནི་བིམ་པ་ལྟར་དམར་དང༌། །ལྗགས་མཉེན་པ་དང་སྲབ་པ་དང༌། །དམར་དང་འབྲུག་གི་སྒྲ་ཉིད་དང༌། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང༌། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང༌། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང༌། །སྨིན་ཚུགས་རིང་དང་འཇམ་པ་དང༌། །སྣུམ་དང་སྤུ་ནི་མཉམ་པ་དང༌། །ཕྱག་རིང་རྒྱས་དང་སྙན་མཉམ་དང༌། །ཉམས་པ་རྣམ་པར་སྤངས་པ་དང༌། །དཔྲལ་བ་ལེགས་པར་འབྱེས་པ་དང༌། །དབྱེས་ཆེ་བ་དང་དབུ་རྒྱས་དང༌། །དབུ་སྐྲ་བུང་བ་ལྟར་གནག་དང༌། །སྟུག་དང་འཇམ་དང་མ་འཛིངས་དང༌། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང༌། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པ་ལོངས་སྐུ་དང་། གང་གིས་འཁོར་བ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་པ་སྤྲུལ་སྐུའོ། །སྐུའི་དབྱེ་ལུགས་གཞན་ཡང༌། སངས་རྒྱས་སྐུ་ལྔའི་བདག་ཉིད་

p. 237

ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་ཆོས་ཉིད་ཀྱི་རིགས་ལྔ་དང༌། ཡེ་ཤེས་ལྔ་སྐུའི་དབྱེ་བར་གསུངས་པ་ལྟར། བརྟག་གཉིས་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡིན། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གང་གཱའི་ཀླུང་ནི་བཅུ་ཡི་བྱེ་སྙེད་ཉིད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས། །དབྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ནི་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་པ་སེམས་ཆེན་པོ་གཅིག་ཉིད་དང༌། བདེ་ཆེན་མཆོག་ཏུ་ཕན་པ་གཅིག་ཉིད་དང་། མཆོག་ཏུ་དགའ་བའི་རིགས་གཅིག་ཉིད་ནི་དོན་དམ་པའི་སྐུ་གཅིག་ཡིན་ལ། དེ་ལས་ཕྱེ་བའི་དབྱེ་བ་ཇི་སྙེད་པ་སྐུའི་དབྱེ་བར་འགྱུར་བས་སྐུའི་དབྱེ་ལུགས་གྲངས་མེད་པར་འགྱུར་རོ། །དེ་བཞིན་དུ། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ། །བདག་གི་སྤྲུལ་པའི་སྐུ་མཆོག་གོ །ཞེས་པའི་དོན་ཡང༌། གཟུགས་ཀྱི་ཕུང་པོ་མཐའ་ཡས་པ་དེ་ཉིད་སྤྲུལ་པའི་སྐུ་མཐའ་ཡས་པ་ཡིན་ནོ། །དེ་བཞིན་དུ་སྒྲའི་ཕུང་པོ། ཆོས་ཀྱི་ཕུང་པོ། བདེ་བའི་ཕུང་པོ། ཡེ་ཤེས་ཀྱི་ཕུང་པོ་མཐའ་ཡས་པ་རྣམས་ཀྱང་རིམ་པ་ལྟར། ལོངས་སྐུ། ཆོས་སྐུ། བདེ་བའི་སྐུ། ཡེ་ཤེས་ཀྱི་སྐུ་མཐའ་ཡས་པ་ཡིན་ནོ། །དེ་ལྟར་ན་སྐུའི་གྲངས་མང་ཉུང་ལ་རྩོད་པ་བྱེད་པར་མི་རིགས་སོ། །སངས་རྒྱས་ཀྱིས་ཀུན་རྫོབ་པའི་སྐུར་གསུངས་པ་ནི། ཐོ་ཡོར་ལ་མིར་བཟུང་བ་དང༌། ཐག་པ་ལ་སྦྲུལ་དུ་བཟུང་བ་

p. 238

དང༌། སྨིག་རྒྱུ་ལ་ཆུར་བཟུང་བ་ལྟར་ཆོས་སྐུའི་རྣམ་འགྱུར་དོན་དམ་གྱི་གཟུགས་སྐུ་སྣང་བ་ལ་གདུལ་བྱ་དངོས་འཛིན་ཅན་གྱིས་དངོས་པོའི་སྐུར་བཟུང་ཞིང་བཏགས་པའི་ཆ་ཡིན་ལ། བཏགས་ཆ་དེ་ལ་ཀུན་རྫོབ་པའི་སྐུ་དང༌། བརྡའི་སྐུ་དང༌། བཏགས་པ་བའི་སྐུ་ལ་སོགས་པར་གསུངས་སོ། །ཐོ་ཡོར་ལ་མི་མེད་པ་ལྟར་སངས་རྒྱས་རང་ཉིད་ལ་འདུས་བྱས་ཀྱི་དངོས་པོའི་ཆ་རྡུལ་ཕྲ་རབ་ཙམ་ཡང་མེད་དེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པ་དང༌། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་ལྟ། །ཞེས་པའི་དོན་དཔེར་ན་ཐོ་ཡོར་མིར་མཐོང་བ་དེས་མིར་མ་བཏགས་པའི་ཐོ་ཡོར་མི་མཐོང་བ་ལྟར། ཆོས་ཅན་དངོས་པོའི་སྐུ་མཐོང་བ་དེས་ཡིན་ལུགས་ཆོས་ཉིད་ཀྱི་སྐུ་མི་མཐོང་བས་དངོས་པོར་མ་བཏགས་པའི་སངས་རྒྱས་ཡང་དག་མཐོང་བར་འདོད་ན་ཆོས་ཉིད་ཀྱི་སྐུར་བལྟ་བར་བྱའོ། །ཞེས་པ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཏིང་ངེ་འཛིན་གྱི་ངང་ལས་སངས་རྒྱས་མང་པོ་མཐོང་བ་རྣམས་ཏིང་ངེ་འཛིན་ལས་ལངས་པའི་ཚེ་འདུས་བྱས་དངོས་པོའི་སྐུར་བཟུང་ནས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་དྲིས་པའི་ཚེ་སངས་རྒྱས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྐུར་ངོ་སྤྲད་པ་བཞིན་ནོ། །རྣལ་འབྱོར་པ་ལ་རང་གི་ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུ་དེ་གང་གི་ཚེ་ཇི་ལྟར་མངོན་དུ་འགྱུར་ན་མོས་སྤྱོད་ཀྱི་ཚེ་མར་ངོའི་བཅུ་བཞིའི་ཟླ་བ་ཅུང་ཟད་མཐོང་བ་ལྟར་མངོན་སུམ་དུ་འགྱུར་ལ། ས་ལ་ཞུགས་པའི་ཚེ་དེ་ནས་ཚེས་པའི་

p. 239

ཟླ་བ་ལྟར་རིམ་གྱིས་རྒྱས་པར་མཐོང་སྟེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལའང༌། །སངས་རྒྱས་སྐུ་ནི་ཅུང་ཟད་སྣང༌། །ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ལ། །རིམ་གྱིས་རིམ་གྱིས་རྒྱས་པར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་པ་དང༌། དེ་བཞིན་དུ་དུས་འཁོར་གྱི་རྩ་རྒྱུད་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་པའོ། །དེ་ལྟར་ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུ་དེ་ཡོན་ཏན་ཐམས་ཅད་ཡེ་ནས་རྫོགས་པའི་ཚུལ་གྱིས་གཞི་སེམས་ཅན་གྱི་དུས་ན་གནམ་གང་ལ་ཟླ་བ་མ་ཆད་པ་བཞིན་ཡོད། སློབ་པ་ལམ་གྱི་དུས་ན་ཚེས་གཅིག་གཉིས་ལ་སོགས་པའི་ཆ་རིམ་གྱིས་མཐོང་བ་ལྟར་ཡོད། འབྲས་བུ་སངས་རྒྱས་པའི་ཚེ་ཉ་གང་བའི་ཟླ་བ་ལྟར་ཡོད་ཅེས་པའི་དོན་ནོ། །དེ་ཡང་ཇི་ལྟར་གང་གིས་མཐོང་ན། མངོན་ཤེས་མེད་པའི་ལས་དང་པོ་པས་མཐོང་བའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ཤའི་སྤྱན་དང༌། དེ་ནས་མངོན་ཤེས་ཐོབ་པའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ལྷའི་སྤྱན་དང༌། དེ་ནས་ས་དང་པོའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་སངས་རྒྱས་ཀྱི་སྤྱན་དང༌། ས་གཉིས་པ་ནས་བྱང་ཆུབ་སེམས་དཔའི་འོད་གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ཤེས་རབ་ཀྱི་སྤྱན་དང༌། སངས་རྒྱས་ཀྱི་འོད་

p. 240

གསལ་མཐོང་བྱ་མཐོང་བྱེད་གཉིས་ཀ་ཡེ་ཤེས་ཀྱི་སྤྱན་དང༌། དེ་ལྟར་ཀུན་གཞིའི་དེ་བཞིན་གཤེགས་པ་གཅིག་ཉིད་ལམ་གྱི་རིམ་པས་སྤྱན་ལྔར་བཞག་པ་ནི། དྲི་མེད་འོད་ལས། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ་། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ༌། །དེ་ནས་ཆགས་པ་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་སོ། །ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་ཞེས་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་ནི་སྟོང་པ་ཉིད་གཟིགས་པའི་སླད་དུ་སྟེ། སེམས་ཅན་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ༌། །ཞེས་པའོ། །འཕགས་པ་རྡོ་རྗེ་སྙིང་པོས་མཛད་པའི་འགྲེལ་པར་ཡང་འདི་དང་མཐུན་པར་འབྱུང་ངོ༌། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་མངོན་ཤེས་ཐར་ཐོར་འབྱུང་ཡང་བརྟན་སོ་མ་ཟིན་པས་གྲུལ་ཐུབ་པ་དཀའོ། །རླུང་ཁུག་པ་གཅིག་འགགས་ནས་མངོན་ཤེས་གྲུལ་ཐུབ་འཆར་རོ། །དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་ཡོ་ལང་ཐམས་ཅད་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་ངོ་བོ་ཉིད་ཀྱི་སྐུ་ཡི་གདངས་ཆེན་པོ། ངོ་བོ་ཉིད་ཀྱི་སྐུའི་ཀློང་ཆེན་པོ། ངོ་བོ་ཉིད་ཀྱི་སྐུའི་ཁྱབ་བརྡལ་

p. 241

ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
གཉིས་པ་སྤྲུལ་སྐུའི་སྤྲུལ་སྒྱུར་རྣམས་ངོ་སྤྲད་པ་ནི། མདོ་སྡེ་རྒྱན་ལས། ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ནི་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ནི་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས། ཀུན་གཞི་ཡེ་ཤེས་ཆོས་ཀྱི་སྐུའི་སྤྲུལ་སྒྱུར་དཔག་ཏུ་མེད་པ་སྟོན་ཅིང༌། དེ་ཡང་ཚོགས་ལམ་ནས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་དང༌། སྤྱན་དང་མངོན་ཤེས་ཀྱི་རྣམ་འཕྲུལ་དཔག་ཏུ་མེད་པ་འབྱུང་སྟེ། འབུམ་དང་ཉི་ཁྲི་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཤའི་སྤྱན་གྱིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །དེ་བཞིན་དུ་དཔག་ཚད་སྟོང་དང༌། ལྷོ་འཛམ་བུ་གླིང་དང༌། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང༌། ཤར་གྱི་ལུས་འཕགས་པོ་དང༌། སྟོང་གཅིག་དང༌། སྟོང་གཉིས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོ་མཐོང་བ་ཡོད་དོ། །ཞེས་པའི་དོན་གསུངས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་འདོད་ལྷ་དྲུག་ནས་ཚངས་རིས་ལ་སོགས་པ་ལྷའི་མིག་ཐམས་ཅད་ཤེས་ཤིང༌། ལྷ་དེ་རྣམས་ཀྱི་མིག་གིས་བྱང་ཆུབ་སེམས་དཔའི་ལྷའི་མིག་མི་ཤེས་པ་དང༌། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་མིག་གིས་རིག་པའི་གནས་ལྔ་ལ་མི་ཤེས་པ་དང༌། ཁོང་དུ་མ་ཆུད་པ་དང༌། མི་མཁྱེན་པ་གཅིག་ཀྱང་མེད་པ་དང༌། བྱང་ཆུབ་སེམས་དཔའི་ཆོས་ཀྱི་མིག་གིས་ཐེག་པ་གསུམ་གྱི་ཆོས་

p. 242

དང༌། གང་ཟག་གི་རྣམ་བཞག་དང༌། རྒྱུད་ཚོད་དང༌། མཐོ་དམའ་དང༌། སྤངས་རྟོགས་ཀྱི་གོ་རིམ་ཐམས་ཅད་ཤེས་པ་དང༌། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་མིག་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། མིག་དེས་མ་མཐོང་བ་དང༌། མ་ཐོས་པ་དང༌། མི་ཤེས་པ་གང་ཅུང་ཟད་ཙམ་ཡང་མེད་དོ། །བྱང་ཆུབ་སེམས་དཔའི་ས་དང་པོར་འཚོ་བ་མེད་པ་དང༌། འཆི་བ་དང༌། སྨད་པ་དང་། ངན་འགྲོ་དང་། འཁོར་གྱིས་མི་འཇིགས་པ་ལྔ་ཐོབ་སྟེ། མདོ་ཕལ་པོ་ཆེ་ལས། ས་ཐོབ་གྱུར་མ་ཐག་ཏུ་འཇིགས་པ་ལྔ་དང་བྲལ། །འཚོ་བ་མེད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅི་ཕྱིར་ཞེ་ན་དེ་ལ་བདག་གི་གནས་མེད་དོ། །ཞེས་པ་དང༌། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ལ། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང༌། །ཞེས་པའི་དོན་ས་དང་པོར་མིག་སའི་སྙིང་པོ་ལ་སོགས་པ་དབང་པོ་ལྔ། དྲི་བཅས་ཀྱི་གནས་དྲི་མེད་དུ་གྱུར་ནས་དབང་པོ་རེ་རེས་ཡང་ཡུལ་དྲུག་པོ་ཐམས་ཅད་ལ་འཇུག་ཅིང༌ཡུལ་དྲུག་པོ་ཐམས་ཅད་ཤེས་ཏེ། མིག་གིས་ཡུལ་དྲུག་པོ་ཐམས་ཅད་ཤེས་ལ་དེ་བཞིན་དུ་རྣ་བ་དང༌སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རེ་རེས་ཀྱང་ཡུལ་དྲུག་པོ་ཐམས་ཅད་ཤེས་ཏེ། མདོ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ནོར་བཟང་གིས་བླ་མ་བསྙེན་པའི་ཚེ་དགེ་བསྙེན་མ་བཟང་མོ་མཆོག་གིས་ནོར་བཟང་ལ་སྨྲས་པ་འདི་ལྟ་སྟེ། སྨྲས་པ་ཁོ་མོས་ཆོས་ཀྱི་རྣམ་གྲངས་ནི། །གནས་མེད་དཀྱིལ་འཁོར་ཤེས་ཤིང་སྟོན་པ་སྟེ། །ཐོགས་མེད་ཅེས་བྱའི་ཏིང་ངེ་འཛིན་ཀྱང་ཐོབ། །འདིར་གནས་ཆོས་ཀུན་ཤེས་ལ་ཐོགས་པ་མེད། །མིག་གིས་ཐམས་ཅད་ཤེས་ཤིང་རྣ་བས་ཐམས་ཅད་ཤེས། །སྣ་ཡིས་ཐམས་ཅད་ཤེས་ཤིང་ལྕེ་ཡིས་ཐམས་ཅད་ཤེས། །ལུས་ཀྱི་

p. 243

ཐམས་ཅད་ཤེས་ཤིང་ཡིད་ཀྱིས་ཐམས་ཅད་ཤེས། །ཐམས་ཅད་ཤེས་པའི་བྱིན་རླབས་ཐོགས་པ་མེད། །ཐམས་ཅད་ཤེས་པའི་སྣང་བ་ཐོགས་པ་མེད། །ཐམས་ཅད་ཤེས་པའི་ཤུགས་ལ་ཐོགས་མེད་འཇུག །ཅེས་པའོ། །དབང་པོ་རེ་རེས་ཡུལ་ཐམས་ཅད་ལ་འཇུག་པ་དེ་བཞིན་དུ་ཡུལ་དང་དབང་པོ་གནད་གཅིག་པས་ཡུལ་རེ་རེ་ཡང་ཡུལ་དྲུག་པོ་ཐམས་ཅད་དུ་འཆར་ཞིང༌། ཡུལ་གཟུགས་ལྟ་བུ་གཅིག་ཀྱང་སྒྲ་ལ་སོགས་པ་ཡུལ་ཐམས་ཅད་དུ་རུང་ངོ༌། །དབུ་མ་རྩ་ཤེས་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་པ་དང༌། ཆོས་དབྱིངས་བསྟོད་པ་ལས། གང་ཡང་རུང་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ནོ། །ཀུན་རྫོབ་ཐམས་ཅད་ནི་མཐར་ལྷུང་ཞིང་ཕྱོགས་སུ་ཆད་པས་དབང་པོ་གཅིག་ཡུལ་གཟུགས་ལྟ་བུ་གཅིག་ཁོ་ན་ལ་འཇུག་ཅིང༌། ཡུལ་གཅིག་ཀྱང་དབང་པོ་གཅིག་ཁོ་ནའི་སྤྱོད་ཡུལ་དུ་རུང་བ་དབང་པོ་གཞན་གྱི་སྤྱོད་ཡུལ་དུ་མི་འགྱུར་རོ། །དོན་དམ་པ་ནི་མཐར་མ་ལྷུང་ཞིང་ཕྱོགས་རིས་སུ་མ་ཆད་པ་དབུ་མའི་ཆོས་ཡིན་པས་དོན་དམ་གྱི་ཆོས་ཐམས་ཅད་དོན་དམ་གྱི་ཆོས་གཅིག་ཡིན་ཏེ། ཕར་ཕྱིན་གྱི་འགྲེལ་པར་དབུ་མའི་ལུང་དྲངས་པ་ནི། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་པའི་དོན་ནོ། །དབང་པོ་རེ་རེ་ལ་ཡང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་རེ་འབྱུང་བ་ནི། མདོ་ཕལ་པོ་ཆེ་ལས། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་ཐོབ་ཅིང་སྙོམ་པར་འཇུག་པ་དང༌། སངས་རྒྱས་བརྒྱ་མཐོང་བ་དང༌། དེ་དག་གིས་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱར་བསྐྱོད་པ་དང༌། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང༌། འཇིག་རྟེན་

p. 244

གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང༌། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། བསྐལ་པ་བརྒྱར་གནས་པར་བྱེད་པ་དང༌། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་བརྒྱ་ལ་རབ་ཏུ་འཇུག་པ་དང༌། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང༌། ལུས་བརྒྱ་ཡོངས་སུ་སྟོན་པ་དང༌། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་ཡང་དག་པར་སྟོན་པར་བྱེད་པའི་བརྩོན་འགྲུས་ཀྱི་རྣམ་པ་དེ་ལྟ་བུ་རྩོམ་མོ། །ཞེས་པའོ། །དེ་ལ་མིག་གི་དབང་པོ་གཅིག་གིས་ཏིང་ངེ་འཛིན་མི་འདྲ་བ་བརྒྱ་ཐོབ་ཅིང༌དེ་ལ་སྙོམས་པར་འཇུག་པ་དང༌། སངས་རྒྱས་བརྒྱ་མཐོང་བ་དང༌། ལུས་བརྒྱ་སྟོན་པ་དང༌། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་རེས་བསྐོར་བ་སྟོན་པའི་བར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་འབྱུང་བ་དེ་བཞིན་དུ་དབང་པོ་རེ་རེ་ལའང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་རེ་རེ་འབྱུང་ངོ༌། །ཆོས་ཉིད་ཀྱི་སྐུ་གཅིག་ཉིད་ལས་མཉམ་བཞག་ཟབ་མོའི་ངང་ནས་དུས་གསུམ་གྱི་སྣང་བ་ཚད་མེད་པའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ་བ་ཡང༌། མདོ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ནོར་བཟང་གིས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་མཐོང་བ་འདི་ལྟ་སྟེ། དེ་ནས་ནོར་བཟང་ཆོས་ཀྱི་ནོར་ལྡན་པ། །རྒྱལ་བའི་སྲས་ཀྱི་རྣམ་ཐར་ཡངས་ལ་སེམས། །རིམ་གྱིས་མགོ་འགེབས་རྒྱས་པར་འགེངས་པར་ཕྱིན། །དགེ་སློང་རྒྱ་མཚོའི་རྒྱལ་མཚན་བཙལ་བ་ལས། །ཆོས་སྐུས་ནམ་མཁའི་མཐར་ཐུག་ཁྱབ་པ་ཅན། །ཡེ་ཤེས་སྒྱུ་མའི་འཕྲུལ་གྱིས་ཆོས་དབྱིངས་འགེངས། །དཔག་མེད་སྤྲུལ་པ་འགྱེད་ལ་མཁས་པ་དེ། །འཆག་གནས་ཞིག་གི་འཆག་པའི་བར་འདུག་སྟེ། །ལུས་ནི་དྲང་བསྲང་དྲན་པ་མངོན་བྱས་ནས། །དབུགས་ནི་ཕྱི་ནང་རྒྱུ་མེད་མི་གཡོ་ཞིང༌། །ཏིང་ངེ་འཛིན་ལ་མཉམ་བཞག་སྤྲོས་མེད་ལས། །མཐའ་ཡས་སྤྲུལ་པ་དཔག་མེད་འགྱེད་པ་

p. 245

མཐོང༌། །རྣམ་ཐར་བསམ་མི་ཁྱབ་པའི་མཐུ་ཡིས་སེམས་ཀྱིས་སྐད་ཅིག་རེ་རེ་ལ། །སེམས་ཅན་ཡོངས་སྨིན་བདེ་གཤེགས་ཀུན་མཆོད་སངས་རྒྱས་ཞིང་ཀུན་དག་པ་དང༌། །འགྲོ་བའི་བདེ་སྡུག་སྒྲུབ་དང་ཟློག་ཅིང་ཐམས་ཅད་མཁྱེན་ལ་དགོད་པའི་ཕྱིར། །ཆོས་ཀྱི་སྐུ་ལས་རྣམ་འཕྲུལ་སྣ་ཚོགས་ཆོས་དབྱིངས་རྒྱས་པར་འདི་ལྟར་འགེངས། །དེ་ཡི་རྐང་པའི་མཐིལ་གཉིས་ལས། །གྲངས་མེད་ཞིང་གི་རྡུལ་སྙེད་ཀྱི། །ཚོང་དཔོན་འཁོར་མང་འབྱོར་ལྡན་པ། །བྱུང་བ་ནོར་བཟང་འཕགས་པས་མཐོང༌། །དེ་ཡི་བོལ་གོང་གཉིས་དག་ལས། །བྲམ་ཟེ་ཁྱིམ་བདག་དེ་སྙེད་བྱུང༌། །སྣ་ཚོགས་ཟས་གོས་འདོད་ཡོན་གྱིས། །ཕྱོགས་བཅུ་བཀང་སྟེ་འགྲོ་བ་མཐོང༌། །དེ་ཡི་སྤུས་མོའི་ལྷ་ང་གཉིས་ནས་ཀྱང༌། །འགྲོ་བ་ཀུན་གྱི་གཟུགས་འཛིན་མཁས་པའི་གཟུགས། །གྲངས་མེད་ཞིང་གི་རྡུལ་སྙེད་རྣམས་བྱུང་ཞིང༌། །ཕྱོགས་བཅུ་བཀང་སྟེ་གནོད་སེལ་ཕན་སྒྲུབ་མཐོང༌། །དེ་ཡི་ལྟེ་བའི་དཀྱིལ་འཁོར་ནས། །དྲང་སྲོང་འགྲོ་ཀུན་ལུས་དབྱིབས་ཅན། །དེ་སྙེད་བྱུང་ནས་དཀོན་མཆོག་གི །སྒྲ་བརྗོད་ཞི་ཕན་བྱེད་པ་མཐོང༌། །རྩིབས་ལོགས་གཉིས་ནས་ཀླུ་ཡི་བུ་མོ་སེམས་ཅན་གྲངས་དང་མཉམ་པ་བྱུང༌། །རིན་ཆེན་སྤོས་དང་མེ་ཏོག་ཕྲེང་བ་གདུགས་དང་རྒྱལ་མཚན་བ་དན་དང༌། །འཕྱང་འཕྲུལ་སྣ་ཚོགས་རྒྱལ་སྲས་ལྷ་དང་ལྷ་མོས་ཆོས་དང་མེ་ཏོག་དང༌། །རིན་ཆེན་སྤྲིན་གྱི་ཆར་འབེབས་ལེགས་བརྒྱན་ཆོས་དབྱིངས་རྒྱས་པར་འགེངས་པ་མཐོང༌། །ཐོང་ཀའི་དཔལ་གྱི་བེའུ་ལས་ཀྱང་ལྷ་མིན་དབང་པོ་དེ་སྙེད་བྱུང༌། །རྒྱབ་གཞུང་ནས་ཀྱང་ཉན་རང་དེ་སྙེད་བྱུང་ནས་སྲིད་ཟློག་ཞི་ཆོས་སྟོན། །ཕྲག་པའི་ལྷུ་གཉིས་ནས་ཀྱང་གནོད་སྦྱིན་སྲིན་པོའི་དབང་པོ་དེ་སྙེད་བྱུང༌། །མདུན་གྱི་ལྟོ་ནས་མིའམ་ཅི་དང་དྲི་ཟའི་དབང་པོ་དེ་སྙེད་བྱུང༌། །ཁའི་སྒོ་ནས་འཁོར་ལོས་

p. 246

བསྒྱུར་རྒྱལ་དེ་སྙེད་བྱུང༌། །མིག་གཉིས་ནས་ཀྱང་ཉི་མའི་དཀྱིལ་འཁོར་དེ་སྙེད་བྱུང༌། །སྨིན་མཚམས་མཛོད་སྤུ་ནས་ཀྱང་ཟླ་བ་དེ་སྙེད་བྱུང༌། །དཔྲལ་བ་ནས་ཀྱང་ཚངས་པ་ཆེན་པོ་དེ་སྙེད་བྱུང༌། །མགོ་ནས་རྒྱལ་སྲས་གྲངས་མེད་ཞིང་གི་རྡུལ། །དེ་སྙེད་དང་མཚུངས་ཕྲག་བཅུ་བྱུང་ནས་ནི། །དུས་གསུམ་གྱིས་བསྡུས་རྒྱལ་དང་རྒྱལ་སྲས་ཀྱི། །ཕ་རོལ་ཕྱིན་བཅུའི་རྣམ་ཐར་རྒྱ་མཚོ་སྟོན། །གཙུག་ཏོར་ནས་ཀྱང་བདེ་གཤེགས་དེ་སྙེད་བྱུང༌། །མཚན་དཔེས་རྣམ་བརྒྱན་འོད་ནི་ཕྱོགས་བཅུར་འབར། །ཆོས་དབྱིངས་རྒྱས་འགེངས་གསུང་ལྔ་སངས་རྒྱས་ཀྱི། །རྣམ་འཕྲུལ་མཐའ་དབུས་མེད་པ་ཡོངས་སྟོན་པ། །འགྲོ་བ་ཀུན་ལ་མཚུངས་པར་ཆོས་ཆར་འབེབས། །རྒྱལ་སྲས་ཀུན་ལ་རང་འཚམས་ཆོས་ཆར་དང༌། །ལྷ་དང་ལྷ་མིན་གནོད་སྦྱིན་དྲི་ཟ་དང༌། །མིའམ་ཅི་དང་ནམ་མཁའ་ལྡིང་དང་ཀླུ། །ལྟོ་འཕྱེ་དམྱལ་བ་ཡི་དྭགས་དུད་འགྲོ་ཡི། །གནས་སུ་ཆོས་སྒོ་ཐ་དད་དུ་མའི་ཆར། །འབེབས་པས་ཆོས་དབྱིངས་རྒྱས་པར་འགེངས་པ་མཐོང༌། །དེ་ཡི་བ་སྤུ་ཀུན་ལས་སྤུ་རེའི་སྒོ་ནས་ཀྱང༌། །འོད་ཟེར་དྲྭ་བ་གྲངས་མེད་གྲོང་དང་བརྒྱན་གྱིས་གང༌། །བྱ་བ་སྣ་ཚོགས་གྲངས་མེད་བྱེད་ལ་ཉེར་གནས་པས། །ཕྱོགས་བཅུའི་ཆོས་དབྱིངས་རྒྱས་པར་འགེངས་པ་མཐོང༌། །བ་སྤུ་སོ་སོའི་འོད་ཟེར་དྲྭ་བ་ལས། །ཐ་དད་སོ་སོ་དུས་གསུམ་རྒྱལ་སྲས་ཀྱི། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཐབས་དང་སྨོན་ལམ་དང༌། །སྟོབས་དང་ཡེ་ཤེས་ཕ་རོལ་ཕྱིན་པ་ཡི། །སྤྱོད་པ་དཔག་མེད་སྦྱོར་བ་མཐའ་ཡས་པ། །མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་དུ། །མ་འཆོལ་མ་འདྲེས་མ་བསྒྲིབས་སོ་སོར་སྣང༌། །གཟུགས་བརྙན་མ་ལུས་འཆང་བའི་ཡེ་ཤེས་ལུས་དངོས་ཅན། །སྒྱུ་མའི་རྣམ་ཐར་རྒྱ་མཚོས་ཆོས་དབྱིངས་རྒྱས་འགེངས་པ། །དགེ་སློང་རྒྱ་

p. 247

མཚོའི་རྒྱལ་མཚན་དེ་ལྟར་མཉམ་བཞག་ལ། །ནོར་བཟང་སེམས་ཤིང་རྗེས་དྲན་རྣམ་ཐར་དེར་འཇུག་ཕྱིར། །དེ་ཡི་མདུན་དུ་ཟླ་དྲུག་ཞག་དྲུག་བར་དུ་ལོན། །ཞེས་པ་སྟེ། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སངས་རྒྱས་སྤྲུལ་པའི་འཁོར་ལོ་འཆང༌། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ཞེས་པའི་དོན་ནོ། །མངོན་ཤེས་དྲུག་ལས་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ནི། སྣང་བའི་མོད་ལ་མི་སྣང་བ། མི་སྣང་བའི་མོད་ལ་སྣ་ཚོགས་སུ་སྣང་བ་དང༌། གཅིག་མང་པོར་སྣང་བ་དང༌། མང་པོ་གཅིག་ཏུ་བསྡུད་པ་དང༌། དུས་གསུམ་གྱི་བསྐལ་པ་ཚད་མེད་པའི་དུས་སྐད་ཅིག་མ་གཅིག་ཏུ་བསྡུད་པ་དང༌། དུས་སྐད་ཅིག་མ་གཅིག་ཀྱང་དུས་གསུམ་གྱི་བསྐལ་པ་མཐའ་ཡས་པའི་ཡུན་དུ་སྣང་བ་དང༌། རྡུལ་ཕྲ་རབ་གཅིག་གི་ཁྱོན་ལ་དུས་གསུམ་གྱི་སྣོད་བཅུད་ཐམས་ཅད་ཡངས་དོག་མེད་པར་སྣང་ཡང༌། རྡུལ་ཕྲན་ཆེ་བར་མི་མངོན་ཞིང༌སྣོད་བཅུད་ཀྱི་འཇིག་རྟེན་ཆུང་བར་མི་མངོན་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་རྣམས་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་པའི་དོན་དང༌། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་སྟོན། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་པའི་དོན་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང༌ཞེས་པའི་དོན་དང༌། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོར། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། མཚོ་དཔག་ཚད་འབུམ་ཕྲག་ལྔ་པ་བྱ་རོག་གིས་བཏུང་དུ་རུང་

p. 248

བར་མུ་དང་ཁ་ཆོད་དུ་གྱུར་པ། པདྨའི་འདབ་མས་གཡོགས་པ་ཞིག་ཡོད་ལ། དེ་ལ་སྐྱེས་བུ་ལ་ལ་ཞིག་གིས་ལྕགས་ཀྱི་ཤིང་རྟ་འཕང་ལོ་རྩིབས་མ་སྟོང་ཡོད་པ། ནམ་མཁའ་ལྡིང་གིས་མགྱོགས་པ་བས་ཀྱང་ལྷག་པའི་རྟ་དེ་ལྟ་བུས་ཤིང་རྟ་དྲངས་ཏེ། དེ་ལྟར་མགྱོགས་པའི་ཤིང་རྟ་དྲངས་ནས་འཕང་ལོའང་ཆུས་མི་རེག །རྟའི་རྨིག་པས་ཀྱང་པདྨའི་འདབ་མ་མི་རྟོལ་བ་དེ་ལྟ་བུའི་ཤིང་རྟ་དེ་དྲངས་པ་ལས། མཚོ་ཆེན་པོ་དེ་ནས་སྦྲུལ་གདུག་པ་ཞིག་སྟེང་དུ་བྱུང་སྟེ་སྐད་ཅིག་གང་ལ་ཤིང་རྟ་བསྒྱུར་བའི་སྐད་ཅིག་དེ་ལ་སྦྲུལ་གདུག་པ་དེས་ཤིང་རྟ་དེ་ལན་བཅུ་རུ་བསྐོར་ཏེ། འཇམ་དཔལ་སྐད་ཅིག་གང་གིས་སྦྲུལ་གདུག་པས་ཤིང་རྟ་དེ་ལན་གཅིག་བསྐོར་བའི་སྐད་ཅིག་དེ་ལ། དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་སྟོན་ཅིང་བཤད་དེ་དོན་ཡང་དག་པར་བྱེད་དོ། །དགེ་སློང་ཀུན་དགའ་བོས་ཆོས་གཅིག་སྟོན་པ་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་ཤཱ་རིའི་བུས་ཆོས་སྙན་པ་སྟོང་སྟོན་པ་བཤད་ནས་དོན་ཡང་རིག་པར་བྱེད་དོ། །དགེ་སློང་ཤཱ་རིའི་བུས་སྐད་ཅིག་གང་ལ་ཆོས་གཅིག་སྟོན་པ་བཤད་པའི་སྐད་ཅིག་དེ་ལ་གནས་བརྟན་མོའུ་འགལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་འདའོ། །གནས་བརྟན་མོའུ་འགལ་གྱི་བུས་སྐད་ཅིག་གང་ལ་འཇིག་རྟེན་གྱི་ཁམས་གཅིག་འདས་པའི་སྐད་ཅིག་དེ་ལ་དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ཀྱི་གླིང་རེ་རེ་དགའ་ལྡན་གྱི་གནས་ན་གནས་པ་ལས་འཕོ་བ་དང་སྐྱེ་བ་དང༌། མངོན་པར་འབྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་དང༌། བདུད་འདུལ་བ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། ཆོས་གནས་པ་དང༌། ཆོས་ནུབ་པ་དུས་གཅིག་དུ་སྟོན་ནོ། །མུ་སྟེགས་

p. 249

ཅན་གྱི་གནས་ཀྱི་སྤྱོད་པ་དང༌། སྐྱེས་པའི་རབས་ཐམས་ཅད་དུ་ཡང་དུས་གཅིག་ཏུ་སྣང་ངོ༌། །ཞེས་སོགས་བསམ་གྱིས་མི་ཁྱབ་པའི་ཚུལ་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་གྱུར་པར་གསུངས་སོ། །ལྷའི་རྣ་བའི་མངོན་པར་ཤེས་པ་ནི། འབུ་སྲིན་ལ་སོགས་པ་སེམས་ཅན་ཇི་སྙེད་པའི་སྐད་ཤེས་ཤིང་གོ་བའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་འགྱུར་ཕྲ་ཞིང་ཕྲ་བ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་སོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་ནི། རང་དང་གཞན་གྱི་ཚེ་རབས་མཐའ་ཡས་པའི་རྣམ་འགྱུར་ཤེས་པའོ། །ལྷའི་མིག་གི་མངོན་པར་ཤེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་དང་རྣམ་པར་སྨིན་པ་ཕྲ་ཞིང་ཕྲ་བ་དང༌། འཆི་འཕོ་བ་དང༌། སྐྱེ་བ་ཐམས་ཅད་རབ་ཏུ་ཤེས་སོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི། ས་བཅུ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཟད་པར་བྱས་ཤིང་རྣམ་པ་ཐམས་ཅད་མཁྱེན་པའོ། །དེ་ལྟར་སངས་རྒྱས་དེའི་ལུས་དང་འཇིག་རྟེན་གསུམ་སྣང་བ་དང༌། སྐད་དང་སེམས་གང་ཡིན་པ་ཤེས་པ་ནི་དཔལ་ལྡན་རྒྱུད་ལས། ལུས་ནི་དང་ཞིང་རྡུལ་ཕྲན་མཉམ་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང༌། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིག་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་པས་སོ། །དེ་བཞིན་དུ་ཀུན་གཞིའི་ཡེ་ཤེས་ནི་རྣམ་པར་དག་པའི་ཕུང་པོ་ནམ་མཁའ་གང་བ་ཡིན་ཞིང༌། ཀུན་གཞིའི་རྣམ་ཤེས་ནི་མ་དག་པ་གཟུང་འཛིན་གྱི་དངོས་པོ་ནམ་

p. 250

མཁའ་གང་བ་ཡིན་ནོ། །དེ་ལ་དག་པ་དང་གཙང་བ་གཅིག་པས། གཙང་གནས་དམ་པ་གོའུ་ཏ་མ། །གསུམ་རིག་གཙང་མ་དག་པ་སྟེ། །རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པའི་དོན་བརྟག་གཉིས་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་པ་དངོས་པོ་ཐམས་ཅད་ནི་ཚན་པ་གཉིས་ཏེ་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་དང༌། དོན་དམ་གྱི་དངོས་པོ་ཐམས་ཅད་དོ། །ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་ནི་ཆོས་ཅན་ཡིན་ལ། དེའི་ཆོས་ཉིད་དག་པ་ཉིད་ནི་དེ་བཞིན་ཉིད་དོ༌། །དོན་དམ་གྱི་དངོས་པོ་ཐམས་ཅད་ནི་ཆོས་ཉིད་ཁོ་ན་ཡིན་ཞིང༌། དོན་དམ་གྱི་དངོས་པོ་ཡང་ཡིན། དག་པ་ཡང་ཡིན། དེ་བཞིན་ཉིད་ཀྱང་ཡིན་ནོ། །ཀུན་རྫོབ་ཀྱི་ཆོས་ཅན་རེ་རེའི་ཆོས་ཉིད་ཀྱི་དབྱེ་བ་ནི། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་དང༌ཞེས་པ་ལ་སོགས་པའི་ཆོས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་དེ་བཞིན་ཉིད་ཀྱི་དབྱེ་བའོ། །དོན་དམ་གྱི་ཆོས་རེ་རེའི་དག་པ་དེ་བཞིན་ཉིད་ཀྱི་དབྱེ་བ་ནི། དོན་དམ་གྱི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཇི་སྙེད་པ་དེ་སྙེད་ནི་དག་པ་ཡང་ཡིན། ལྷ་ཡང་ཡིན། དེ་བཞིན་ཉིད་ཀྱང་ཡིན་ནོ། །འབུམ་དང་ཉི་ཁྲི་ལ་སོགས་པའི་མདོ་རྣམས་སུ། རྣམ་པར་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཇི་སྙེད་པ་གསུངས་པ་ཐམས་ཅད་རྒྱུད་སྡེ་རྣམས་སུ་ལྷའི་ཚོགས་ནམ་མཁའ་གང་བ་ཡིན་པར་གསུངས་སོ། །དེ་ལ་རྣམ་པར་དག་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཡིན་པ་དང༌། རྣམ་པར་དག་པའི་ས་ཆུ་ལ་སོགས་པའི་ཁམས་རྣམས་སངས་རྒྱས་སྤྱན་མ་ལ་སོགས་པའི་དེ་བཞིན་གཤེགས་མ་རྣམས་ཡིན་པ་དང༌། རྣམ་པར་དག་པའི་མིག་ལ་སོགས་པའི་

p. 251

དབང་པོ་རྣམས་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་པ་དང༌། རྣམ་པར་དག་པའི་གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པའི་བྱང་ཆུབ་སེམས་མ་རྣམས་ཡིན་པ་དང༌། རྣམ་པར་དག་པའི་ལག་པ་ལ་སོགས་ཀྱི་དབང་པོའི་བྱ་བ་རྨུགས་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་ཡིན་པ་དང༌། རྣམ་པར་དག་པའི་ལས་ཀྱི་དབང་པོའི་བྱ་བ་རྣམས་རྨུགས་བྱེད་མ་ལ་སོགས་པའི་ཁྲོ་མོ་རྣམས་ཡིན་པར་གསུངས་སོ། །རྣམ་པར་དག་པའི་ཕུང་པོ་དང༌། དབང་པོ་དང་། ལས་ཀྱི་དབང་པོ་རྣམས་ལྷ་ཕོ་ཡིན་པར་སྟོན་པ་དང༌། ཁམས་དང༌། ཡུལ་དང་། ལས་ཀྱི་དབང་པོའི་བྱ་བ་རྣམས་ལྷ་མོ་ཡིན་པར་སྟོན་པ་ནི་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་ལ་སོགས་པ་རྣམས་སུ་བྱུང་ངོ༌། །བྱང་ཆུབ་སེམས་དཔའ་ས་རྡོ་རྗེ་དང་ཞེས་པ་ལ་སོགས་པ་རྣམ་པར་དག་པའི་ཁམས་ཀྱང་ལྷ་ཕོར་སྟོན་པ་ནི་ཕ་རྒྱུད་གསང་བ་འདུས་པ་ལ་སོགས་པ་རྣམས་སུ་བྱུང་ངོ༌། །རྣམ་པར་དག་པའི་ཕུང་པོ་དང་དབང་པོ་རྣམས་ཀྱང་ལྷ་མོར་སྟོན་པ་ནི་མ་རྒྱུད་ཀྱེའི་རྡོ་རྗེ་ལ་སོགས་པ་རྣམས་སུ་བྱུང་ངོ༌། །གནམ་གང་གི་དུས་ཀྱི་ཟླ་བ་དང༌བཅོ་ལྔའི་དུས་ཀྱི་ཟླ་བ་ངོ་བོ་གཅིག་པ་ལྟར། སེམས་ཅན་གྱི་དུས་ཀྱི་རྣམ་པར་དག་པའི་གཟུགས་སོགས་དང༌སངས་རྒྱས་ཀྱི་དུས་ཀྱི་རྣམ་པར་དག་པའི་གཟུགས་སོགས་ངོ་བོ་གཅིག་པ་ནི། མངོན་རྟོགས་རྒྱན་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་པ་སྟེ། འདི་ནི་འབུམ་དང་ཉི་ཁྲི་སོགས་ལས། རྣམ་པར་གཟུགས་སོགས་ཇི་སྙེད་གསུངས་པའི་དོན་བསྡུས་པ་ཡིན་ནོ། །རྣམ་པར་དག་པའི་གཟུགས་སོགས་དང༌། གཟུགས་སོགས་རྣམ་པར་དག་པ་ལ་ཁྱད་མེད་ཅིང༌། ཉོན་མོངས་ཀྱི་ཆོས་ཉིད་དང༌ཆོས་

p. 252

ཉིད་ཀྱི་ཉོན་མོངས་ལ་ཁྱད་མེད། དམྱལ་བའི་ཆོས་ཉིད་དང༌ཆོས་ཉིད་ཀྱི་དམྱལ་བ་ལ་ཡང་ཁྱད་མེད་དོ། །ཆོས་ཉིད་ཀྱི་ཡི་དྭགས་དང༌། ཆོས་ཉིད་ཀྱི་དུད་འགྲོ་དང༌། ཆོས་ཉིད་ཀྱི་སྡུག་བསྔལ་དང༌། ཆོས་ཉིད་ཀྱི་ཀུན་འབྱུང་དང༌། ཆོས་ཉིད་ཀྱི་མ་རིག་པ་ལ་སོགས་པ་བློར་མི་ཤོང་བ་རྣམས་ཀྱང༌ཡི་དྭགས་ཀྱི་ཆོས་ཉིད་ལ་སོགས་པ་དང༌ཁྱད་པར་མེད་པ་དེ་བཞིན་དུ་ཤེས་པར་བྱའོ། །ཕྱི་ནང་གཞན་གསུམ་ནི། ཕྱི་ནང་ཀུན་གཞི་རྣམ་ཤེས་ཀྱི་ཡོ་ལང་ཕྱི་སྣོད་ཀྱི་འཇིག་རྟེན་དང༌ནང་བཅུད་ཀྱི་སེམས་ཅན་ཀུན་རྫོབ་འདི་ཡིན་ལ། ཀུན་རྫོབ་འདི་ལས་གཞན་པ་ནི་དོན་དམ་བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ཀྱི་ཡོ་ལང་ཡིན་ཏེ། བརྟག་གཉིས་ཀྱི་རྩ་རྒྱུད་ལས། རྒྱལ་བའི་དབང་པོ་སྐུ་གཞན་ནོ། །སྐུ་གསུང་ཐུགས་དང་བདེ་བ་ཡང༌། །གཞན་ཏེ་ཕུང་པོའི་ཚོགས་ལའང་གཞན། །ས་སོགས་ཁམས་རྣམས་གཞན་པ་སྟེ། །ཡུལ་དང་དབང་པོ་རྣམས་ཀྱང་ངོ༌། །ལས་ཀྱི་དབང་པོའི་བྱ་བའང་གཞན། །དེ་བཞིན་ལས་ཀྱི་དབང་པོ་ཡང༌། །ཐམས་ཅད་ནས་ནི་ཕྱག་ཞབས་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས། །ཞེས་པའི་དོན་ནོ། །ཕྱི་ནང་གསང་གསུམ་ཡང༌། ཕྱི་ནང་ནི་སྔར་དང་འདྲ་ལ། གསང་བ་ནི་ཀུན་རྫོབ་འདི་ལས་གཞན་སྐུ་གསུང་ཐུགས་ཀྱི་གསང་བའོ། །ཀུན་བརྟག་གཞན་དབང་ནི་ཀུན་གཞི་རྣམ་ཤེས་ཀྱི་ཡོ་ལང་ཀུན་རྫོབ་བོ། །ཡོངས་གྲུབ་ནི་ཀུན་གཞི་ཡེ་ཤེས་ཀྱི་ཡོ་ལང་བདེ་གཤེགས་སྙིང་པོ་དོན་དམ་མོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་དོན་ཀུན་གཞི་ཡེ་ཤེས་དེ་ཉིད་དེ་བཞིན་གཤེགས་པ་ཡང་ཡིན། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་པ་དེ་ནི་བདེ་གཤེགས་སྙིང་པོའོ། །ཤེས་རབ་སྙིང་པོ་དང༌། བྱང་ཆུབ་སྙིང་པོ་དང༌། སྙིང་རྗེའི་སྙིང་པོ་དང༌། འཇིག་རྟེན་ལས་འདས་པའི་

p. 253

སྙིང་པོ་དང༌། སྙིང་པོའི་དོན་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་ལྟར་སྤྲུལ་སྐུའི་སྤྲུལ་སྒྱུར་སྣ་ཚོགས་པ་ནི། དཔལ་ལྡན་རྒྱུད་ལས། སངས་རྒྱས་རྣམས་ཀྱི་སའང་རྟོགས་བྱ་ཡིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་འདྲ་བ་ཇི་བཞིན་ཉིད་དུ་འོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་མི་རྣམས་ཀྱི་རང་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་སྟེར་བ་འོ། །ཞེས་པ་དང༌། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཅེས་པའི་དོན་ནོ། །དེ་ལྟར་དོན་དམ་པའི་སྤྲུལ་པ་ཐམས་ཅད་ནི་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་སྤྲུལ་པའི་གདངས་ཆེན་པོ། སྤྲུལ་པའི་ཀློང་ཆེན་པོ། སྤྲུལ་པའི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
གསུམ་པ་རང་བྱུང་གི་ཡེ་ཤེས་རྣམས་ངོ་སྤྲད་པ་ནི། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པའི་དོན་ཀུན་གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། དོན་དམ་གྱི་སངས་རྒྱས་ཡེ་ཤེས་ལྔ་ཡིན་ལ། དེ་ཡང་དོན་དམ་གྱི་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ་ལ་སོགས་པ་ཡེ་ཤེས་ལྔ་

p. 254

ཡིན་ཞིང༌། དེ་ཡང་ཐབས་ཤེས་ཀྱིས་ཕྱེ་བ་ཡེ་ཤེས་བཅུ་ལ་སོགས་པ་ཡེ་ཤེས་ཀྱི་དབྱེ་བ་མཐའ་ཡས་སོ། །སངས་རྒྱས་ཀྱི་སའི་མདོ་ལས། བྱང་ཆུབ་སེམས་དཔའ་ཤིན་ཏུ་འདུས་ལ་བཀའ་བསྩལ་པ། ཤིན་ཏུ་འདུས། ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་དང༌། སོ་སོར་རྟོགས་པའི་ཡེ་ཤེས་དང༌། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིའོ། །ཞེས་པ་དང༌། འཕགས་པ་རྡོ་རྗེ་སྙིང་པོའི་ཞལ་སྔ་ནས། མེ་ལོང་མཉམ་ཉིད་ཡེ་ཤེས་དང༌། །གསུམ་པ་སོ་སོར་རྟོག་པ་སྟེ། །བྱ་བ་སྒྲུབ་པར་བྱེད་པ་གཞན། །ཆོས་དབྱིངས་རྣམ་པར་དག་པ་སྟེ། །གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ལྔ་པ་སྟོང་པ་དེ། །ཡེ་ཤེས་ལྔ་པོ་རྣམ་དག་པ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་གསུངས་པའོ། །ཀུན་གཞི་ཡེ་ཤེས་ལྔ་པོ་འདི་ཉིད་མདོ་སྔགས་ཐམས་ཅད་ཀྱི་ངེས་པའི་དོན་ཡིན་ལ། ལྔ་པོ་འདི་ཉིད་ཁོ་ན་འཇམ་དཔལ་མཚན་བརྗོད་དུ་བསྟན་ཅིང༌། དུས་འཁོར་མི་ཤེས་ན་མཚན་བརྗོད་ཀྱི་དོན་མི་ཤེས་པ་ལ་སོགས་པ། དྲི་མེད་འོད་ལས། གང་གིས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་བ་མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས། དེ་ནས་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་སྔགས་ཀྱི་ཐེག་པ་ཡང་དག་པར་བསྟན་ཏོ། །དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་

p. 255

ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ཀྱི་བླ་མ་དམ་པ་རྣམས་ཀྱིས་བསྟན་པར་བྱ་ཞིང༌། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །ཞེས་པ་དང༌། ཉན་ཐོས་དང་ཕ་རོལ་ཕྱིན་པ་དང༌། སྔགས་ཀྱི་ཚུལ་འདི་རྣམས་ཀྱི་མཆོག་ཏུ་མི་འགྱུར་བའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ནི་མཚན་ཡང་དག་པར་བརྗོད་པ་ལས་དེ་བཞིན་གཤེགས་པས་བསྟན་ཏོ། །འདིའི་དོན་མི་ཤེས་པ་བླ་མ་དམ་པ་མ་ཡིན་པ་ཉམས་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་པ་རྣམས་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་ཏེ། རྣམ་པར་ཉམས་པ་དེ་རྣམས་ཀྱིས་སེམས་ཅན་རྣམས་ཉམས་པར་བྱེད་དོ། །ཞེས་པ་དང༌།
དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང༌བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ་ནི་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པས་རབ་ཏུ་བསྟན་ཏོ། །དེ་ལ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ལ་སོགས་པ་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པའི་མཐར་ཐུག་པ་ནི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་དྲུག་གོ །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ལ་སོགས་པ་ནས། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པའི་མཐར་ཐུག་པ་ནི་ལན་གསུངས་པའི་ཚིགས་སུ་བཅད་པ་དྲུག་གོ །སླར་ཡང༌། དེ་ནས་བཅོམ་ལྡན་ཞེས་པ་ལ་

p. 256

སོགས་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པའི་མཐར་ཐུག་པ་ནི་རིགས་དྲུག་ལ་གཟིགས་པའི་ཚིགས་སུ་བཅད་པ་གཉིས་སོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་པ་ལ་སོགས་པ་ནས། ཨ་ར་པ་ཙ་ན་ཡ་ཏེ་ན་མ། ཞེས་པའི་མཐར་ཐུག་པ་ནི་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཚིགས་སུ་བཅད་པ་གསུམ་མོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ལ་སོགས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་མཐར་ཐུག་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྟོད་པ་ཚིགས་སུ་བཅད་པ་བཅུ་བཞིའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ལ་སོགས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་མཐར་ཐུག་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་བསྟོད་པ་རྐང་པས་དམན་པའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ལ་སོགས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་མཐར་ཐུག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་རྐང་པས་ལྷག་པའི་ཚིགས་སུ་བཅད་པ་བཅུའོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ལ་སོགས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་མཐར་ཐུག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་སོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ལ་སོགས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་མཐར་ཐུག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ་ལ་སོགས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་མཐར་ཐུག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་བཅོ་ལྔའོ། །

p. 257

མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་མཐར་ཐུག་པ་ནི་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ཀྱི་བསྟོད་པ་ཚིགས་སུ་བཅད་པ་ལྔ་སྟེ། ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པོ་འདི་རྣམས་ཀྱིས་ཐེག་པ་འདི་རྣམས་ལས་བྱུང་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོ། ཀུན་ཏུ་བཟང་པོ། མཆོག་ཏུ་བཟང་པོ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ། ཀུན་ནས་སྣང་བར་བྱེད་པ། རྣམ་པར་དག་པའི་ཡེ་ཤེས་ཀྱི་ཚོགས་བསགས་པ་ཟབ་ཅིང་རྒྱ་ཆེ་བའི་གཟུགས་འཆང་བ། རང་གཞན་གྱིས་འོད་གསལ་བ། ཐོག་མ་དང་ཐ་མ་མེད་པའི་བདག་དང༌། བདག་གི་གཟུང་བ་དང༌། འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བ། དུས་ཐམས་ཅད་པ། ཀུན་ནས་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཁྱེན་པ་འཁོར་བའི་བག་ཆགས་ལས་རྣམ་པར་གྲོལ་བ། འགྲོ་བ་དང་འོང་བ་དང་བྲལ་བ། སྤྲོས་པ་མེད་པའི་ངོ་བོ། རང་གི་ངང་གིས་འཇུག་ཅིང་འཕེལ་བའི་ཏིང་ངེ་འཛིན་དང༌གཟུངས་སྣ་ཚོགས་པ་རྣམས་ཀྱི་རྟེན་བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། ཐུབ་པ་ཆེན་པོ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པ། སེམས་ཅན་གྱི་ཕུང་པོ་ཆེན་པོ་མཆོག་ཏུ་ཞི་བར་མཛད་པ། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། གཟུགས་བརྙན་ལྟ་བུ། སྒྲ་བརྙན་ལྟ་བུས་ཡང་དག་པར་བསྡུས་པ་སྟེ། སྲིད་པ་གསུམ་གྱིས་མཆོད་པར་བྱ་བ་རྣལ་འབྱོར་པའི་ཡེ་ཤེས་རང་རིག་པར་བྱ་བ། མཆོག་ཏུ་མི་འགྱུར་བའི་བདེ་བ་འདི་ཉིད་ནི་རྣལ་འབྱོར་པས་འདོར་བར་མི་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་མགོན་པོ་སྤྱན་རས་གཟིགས་དབང་

p. 258

ཕྱུག་གིས་གསུངས་སོ། །དེ་ལྟ་བས་ན་མདོ་རྒྱུད་ཐམས་ཅད་ཀྱི་མཐར་ཐུག་གི་ངེས་དོན། ཀུན་གཞི་ཡེ་ཤེས་ལྔ་པོ་དེ་ཉིད་མཚན་བརྗོད་འདིར། གཙུག་ཏོར་གྱི་རིགས་དྲུག་དང་། སྒྱུ་འཕྲུལ་དྲྭ་བ་དང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང༌། ཡེ་ཤེས་ལྔ་དང༌། རྒྱལ་བ་ལྔའི་ཡེ་ཤེས་ལ་བསྟོད་པའི་སྒོ་ནས་གླུར་བླངས་པ་ནི་ཐེག་པ་ཐམས་ཅད་ཀྱི་སྙིང་པོ་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ། མདོ་སྔགས་ཐམས་ཅད་ཀྱི་མཐར་ཐུག་པ། ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱ་ཡང་དག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་བསྟན་པ་ཡིན་ནོ། །
དེ་ཡང་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་དེ་ཉིད་ཡོན་ཏན་མཐའ་ཡས་པའི་ངོ་བོ་ཡིན་པའི་ཕྱིར། ཡོན་ཏན་སྣ་ཚོགས་པ་གང་དང་གང་ཡིན་པ་རྒྱུ་མཚན་དུ་བྱས་ནས་དེང་དེའི་ཆ་ནས་མིང་སྣ་ཚོགས་ཀྱིས་བསྟན་པ་ནི་དོན་དམ་པ་ཁོ་ནའི་མཚན་ཡང་དག་པར་བརྗོད་པ་ཡིན་ནོ། །ཇི་སྲིད་ཀུན་གཞི་རྣམ་ཤེས་ཡོད་པ་དེ་སྲིད་དུ་ཀུན་གཞི་རྣམ་ཤེས་ཀྱིས་ཕྱོགས་རིས་སུ་བཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་ཡེ་ཤེས་ཀྱང་ཐ་དད་སྟེ། དཔེར་ན་ནམ་མཁའ་ལ་བྱེ་བྲག་མེད་ཀྱང༌རྫའི་སྣོད་ཀྱི་ནམ་མཁའ་དང༌། ཟངས་ཀྱི་སྣོད་ཀྱི་ནམ་མཁའ་དང༌། གསེར་གྱི་སྣོད་ཀྱི་ནམ་མཁའ་ཞེས་པ་བཞིན་ནོ། །གང་གི་ཚེ་སྒྲིབ་གཉིས་ཀྱི་ས་བོན་ཀུན་གཞི་རྣམ་ཤེས་འགགས་ནས་སངས་རྒྱས་པ་དེའི་ཚེ་ཆུ་ཕྲན་ཐམས་ཅད་རྒྱ་མཚོར་སོང་ན་གཅིག་པ་བཞིན་དུ་ཀུན་གཞི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འགྱུར་ཏེ། མདོ་སྡེ་རྒྱན་ལས། ཀླུང་དག་ས་ཡི་འོག་ཏུ་མ་སོང་བ། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུ་གནས་སྲོག་ཆགས་ཕྲ་མོའི་ཉེར་སྤྱད་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང༌། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་

p. 259

ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་པོའི་རྟག་ཏུ་ཉེར་སྤྱད་ཚེ། །སངས་རྒྱས་ཉིད་དུ་མ་བཞུགས་བསྟན་པ་རྣམས། །རྟེན་ཡང་ཐ་དད་བློ་གྲོས་ཐ་དད་ཅིང༌། །རྟོགས་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་བཞུགས་ན་དེ་དག་ཀུན། །རྟེན་ཡང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱད་པ་ཆེ། །ཞེས་གསུངས་པའི་དོན་ནོ། །དེས་ན་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང༌ཀུན་གཞི་རྣམ་ཤེས་ཀྱི་ལྷག་མ་མ་རིག་བག་ཆགས་ཀྱི་སའི་རྐྱེན་དང༌། ཟག་པ་མེད་པའི་ལས་ཀྱི་རྒྱུ་ཚོགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་མི་གཅིག་པ་སྣ་ཚོགས་པ་བསམ་བཞིན་དུ་སྐྱེ་བ་ལེན་ནོ། །གཅིག་སངས་རྒྱས་པ་དེའི་ཚེ་དེ་ཉིད་དེ་བཞིན་གཤེགས་པ་གཤེགས་མ་ཐམས་ཅད་ཡིན་ཏེ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །ཅེས་པའི་དོན་ནོ། །དེ་ལྟར་རང་བྱུང་ཡེ་ཤེས་ཆེན་པོའི་རྣམ་པར་འཕྲུལ་པ་ཐམས་ཅད་ནི་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས། རང་བྱུང་ཡེ་ཤེས་ཆེན་པོའི་གདངས་ཆེན་པོ། རང་བྱུང་ཡེ་ཤེས་ཆེན་པོའི་ཀློང་ཆེན་པོ། རང་བྱུང་ཡེ་ཤེས་ཆེན་པོའི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
གསུམ་པ་དེ་ཉིད་མཛད་པ་ཕྲིན་ལས་སུ་ངོ་སྤྲད་པ་ནི། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་འདི་རྒྱུན་མི་འཆད་པར་འདོད། །ཅེས་པའི་དོན་ཀུན་

p. 260

གཞི་ཡེ་ཤེས། ཕྱག་རྒྱ་ཆེན་པོ། དབུ་མ་ཆེན་པོ། ཐེག་པ་ཆེན་པོ། ཤེར་ཕྱིན་ཟབ་མོ། བདེ་གཤེགས་སྙིང་པོ་དེ་ཉིད་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། གཞན་དོན་གྱི་མཛད་པ་སྣ་ཚོགས་ལྷུན་གྱིས་གྲུབ་པར་འབྱུང་སྟེ། རྒྱུད་བླ་མའི་འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་ལས་རྣམ་པ་སུམ་ཅུ་རྩ་གཉིས་སོ། །ཞེས་པའོ། །དེ་ཡི་དོན་ནི་གཏི་མུག་གི་གཉིད་སད་པར་བྱེད་པའི་ཕྲིན་ལས་དང༌། དེ་བཞིན་དུ་མོས་པ་དམན་པ་རྒྱ་ཆེན་པོ་ལ་སྦྱོར་བ་དང༌། ཆོས་མི་འདོད་པ་ཆོས་ལ་སྦྱོར་བ་དང༌། འཚོ་བ་མ་དག་པ་དག་པ་ལ་འགོད་པ་དང༌། ལྟ་བ་ངན་པ་ཡང་དག་པའི་ལྟ་བ་ལ་འགོད་པ་དང༌། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འགོད་པ་དང༌། ལོག་པའི་ཆོས་ལ་གནས་པ་ཡང་དག་པའི་ཆོས་ལ་འགོད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དང་ལྡན་པ་ཕར་ཕྱིན་དྲུག་ལ་སྦྱོར་བ་དང༌། ཐབས་མི་མཁས་པ་ཐབས་ལ་སྦྱོར་བ་དང༌། ཉོན་མོངས་པ་ཅན་དེ་མེད་པ་ལ་སྦྱོར་བ་དང༌། དམིགས་པ་ཅན་དེ་མེད་པ་ལ་སྦྱོར་བ་དང༌། བྱས་པ་མི་བཟོ་བ་བཟོ་བ་ལ་སྦྱོར་བ་དང༌། ཆུ་བོ་བཞིར་ལྷུང་བ་དེ་ལས་ཐར་པ་ལ་སྦྱོར་བ་དང༌། བཀའ་བློ་མི་བདེ་བ་བདེ་བ་ལ་སྦྱོར་བ་དང༌། ཞེན་པ་མང་བ་དེ་མེད་པ་ལ་སྦྱོར་བ་དང༌། འཕགས་པའི་ནོར་མེད་པ་ནོར་ལ་སྦྱོར་བ་དང༌། ནད་པ་ནད་མེད་པ་ལ་སྦྱོར་བ་དང༌། ཤེས་པའི་སྣང་བ་མེད་པ་སྣང་བ་ལ་སྦྱོར་བ་དང༌། ཁམས་གསུམ་མི་ཤེས་པ་ཤེས་པ་ལ་སྦྱོར་བ་དང༌། གཡོན་ཕྱོགས་ཀྱི་ལམ་ལ་ཞུགས་པ་གཡས་ཕྱོགས་ཀྱི་ལམ་ལ་སྦྱོར་བ་དང༌། ལུས་དང་སྲོག་ལ་ཆགས་པ་དེ་ལ་མ་ཆགས་པ་ལ་སྦྱོར་བ་དང༌། དཀོན་མཆོག་གི་རིགས་རྒྱུན་གཅོད་པ་མི་གཅོད་པ་ལ་སྦྱོར་བ་དང༌། ཆོས་ལས་ཉམས་པ་ཆོས་འཛིན་པ་ལ་སྦྱོར་བ་དང༌།

p. 261

རྗེས་སུ་དྲན་པ་དྲུག་ལས་ཉམས་པ་དྲན་པ་དྲུག་ལ་སྦྱོར་བ་དང༌། ཉོན་མོངས་པས་སྒྲིབ་པ་དེ་མེད་པ་ལ་སྦྱོར་བ་དང༌། མི་དགེ་བའི་ཆོས་དང་ལྡན་པ་དགེ་བའི་ཆོས་ལ་སྦྱོར་བའི་ཕྲིན་ལས་སོ། །ཡང་དཔེ་རྣམ་པ་དགུའི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་བསྟན་པ་འདི་ལྟ་སྟེ། རྣམ་རྟོག་མེད་པར་སྐུའི་སྣང་བ་སྟོན་པ་བཻ་ཌཱུརྱའི་ས་གཞི་ལ་ལྷའི་དབང་པོའི་གཟུགས་བརྙན་སྣང་བའི་དཔེ་དང༌། རྣམ་རྟོག་མེད་པར་གསུང་གིས་ཆོས་སྟོན་པ་ལྷའི་རྔའི་དཔེ་དང༌། རྣམ་རྟོག་མེད་པར་ཐུགས་ཀྱིས་ཆོས་ཀྱི་ཆར་འབེབས་པ་སྤྲིན་གྱི་དཔེ་དང༌། རྣམ་རྟོག་མེད་པར་སྤྲུལ་པ་སྣ་ཚོགས་སྟོན་པ་ཚངས་པའི་དཔེ་དང༌། རྣམ་རྟོག་མེད་པར་ཡེ་ཤེས་ཀྱི་སྣང་བ་སྤྲོ་བ་ཉི་མའི་དཔེ་དང༌། རྣམ་རྟོག་མེད་པར་ཐུགས་ཀྱི་གསང་བ་དགོས་འདོད་འབྱུང་བ་ཡིད་བཞིན་གྱི་ནོར་བུའི་དཔེ་དང༌། རྣམ་རྟོག་མེད་པར་གསུང་གི་གསང་བ་གཞན་གྱིས་ཐོས་པ་སྒྲ་སྙན་གྱི་དཔེ་དང༌། རྣམ་རྟོག་མེད་པར་སྐུའི་གསང་བས་ཁྱབ་པ་དང༌། ཀུན་རྫོབ་ཀྱི་གཟུགས་མེད་པ་དང་། རྟག་པ་ནམ་མཁའི་དཔེ་དང༌། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ས་གཞིའི་དཔེ་སྟེ་དགུས་བསྟན་པ་ནི། རྒྱུད་བླ་མ་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང༌། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་སྙན་ནམ་མཁའ་ས་གཞི་སྲིད་པའི་བར། །འབད་མེད་གཞན་དོན་མཛད་དེ་རྣལ་འབྱོར་རིག །སྟོན་པ་རིན་ཆེན་ལྷ་དབང་གཟུགས་བརྙན་བཞིན། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། །ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མ་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉིན་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང༌། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་

p. 262

དེ་བྲག་ཆ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་ཀྱང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །དགེ་བ་བཻ་ཌཱུརྱ་འདྲ་ཡི། །སེམས་ལ་སངས་རྒྱས་མཐོང་བའི་རྒྱུ། །དེ་དག་ལ་ནི་མི་ལྡོག་པའི། །དད་པའི་དབང་པོ་བརྟས་པ་ཉིད། །དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡིས་སྐྱེ་འཇིག་མེད། །དེ་བཞིན་དུ་ནི་འབད་མེད་པར། །སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་བར་དུ། །སྟོན་པ་ལ་སོགས་མཛད་པར་འཇུག །ཅེས་པའོ། །དེ་བཞིན་དུ་ཁམས་གསུམ་དུ་གཞན་དོན་མཛད་པ་ནི། སྤྲུལ་སྐུ་ཁྲོ་བོ་རྣམས་ཀྱིས་འདོད་ཁམས་ན་གནས་པའི་ལྷ་མིན་དང༌མི་རྣམས་ཀྱི་དོན་མཛད་པ་དང༌། ལོངས་སྐུས་གཟུགས་ཁམས་པ་རྣམས་ཀྱི་དོན་མཛད་པ་དང༌། ཆོས་སྐུས་ནམ་མཁའ་ལ་གཟུགས་མེད་ཁམས་པའི་དོན་མཛད་པ་དང༌། ཆོས་དབྱིངས་ཡེ་ཤེས་ཀྱིས་ནམ་མཁའ་ལ་སོགས་པའི་ཁམས་སོ་སོའི་ཆ་ཡིས་ཟད་པར་རྣམས་བསྟན་ནས་དོན་མཛད་པ་སྟེ། དཔལ་ལྡན་རྒྱུད་ལས། དེ་དག་རྣམས་ཀྱིས་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། །རྡོ་རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པའི་ལྷ་མིན་དང་ནི་མི་རྣམས་དང༌། །ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །སྟོང་པའི་ཆ་ཡིས་སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་ཏེ། །མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་ཆུ་ཡང་འགྲོ་ལ་སྤྲོས་པའི་ཆུ་ཡི་ཆ་རྣམས་ཀྱིས། །འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་པར་

p. 263

ཚོགས་པའི་ཡུལ་རྣམས་ཀྱིས་ནི་དངོས་པོའི་རང་བཞིན་ཀུན། །ཀུན་ནས་ནམ་མཁའ་དག་དང་མཚུངས་པ་གཅིག་གི་བདག་ཉིད་འདི་ནི་དག་པའི་ས་ལ་སྟོན་པར་མཛད། །དེ་ལྟར་སངས་རྒྱས་སྐུར་གྱུར་བདེ་བ་གཅིག་པུའི་རང་བཞིན་ཕྱིར་ན་མཆི་བར་ཡང་ནི་མི་འགྱུར་རོ། །ཞེས་པ་དང༌། དཔལ་ལྡན་ཟླ་བ་དང་ནི་ཟླ་བ་ཆུ་ཤེལ་རྣམ་རྟོག་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། །དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་འགྱུར་བ་དེ་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམ་པ་མང་པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། །ཞེས་པའོ། །དེ་བཞིན་དུ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང༌། ནམ་མཁའ་ཇི་སྙེད་ཁྱབ་པར་གྱུར་པ་དེ་སྙེད་སྐུ་དང་གསུང་དང༌ཐུགས་དང་ཡེ་ཤེས་དང་འོད་དང་ཕྲིན་ལས་ཀྱིས་ཁྱབ་པར་གསུངས་སོ། །དེ་ལྟར་ནམ་མཁས་གར་ཁྱབ་ན་སངས་རྒྱས་ཡོད་ཀྱང་སེམས་ཅན་ལ་ལས་མི་མཐོང་བ་ནི་རང་གི་སྒྲིབ་པ་གཉིས་ཀྱིས་བསྒྲིབས་པས་རང་གི་ཀུན་གཞི་ཡེ་ཤེས་ཀྱི་མཛད་པ་མངོན་དུ་མ་གྱུར་པ་ཡིན་ནོ། །རྒྱུད་བླ་མ་ལས། དེ་བཞིན་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཅེས་པ་དང༌། མདོ་སྡེ་རྒྱན་ལས་ཀྱང༌། ཇི་ལྟར་ཉི་མའི་འོད་ཟེར་རྣམས། །སྤྲིན་ལ་སོགས་པས་སྒྲིབ་པར་འདོད། །དེ་བཞིན་སངས་རྒྱས་ཡེ་ཤེས་རྣམས། །སེམས་ཅན་གྱི་ནི་ཉེས་པས་བསྒྲིབ། །ཅེས་པ་དང༌། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་པ་དང༌།

p. 264

འཕགས་པ་ཀླུ་སྒྲུབ་ཀྱིས། ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་སྟེ། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་བཞིན། །དེ་བཞིན་མི་ཤེས་པས་བསྒྲིབས་པས། །སངས་རྒྱས་རྣམས་ནི་མེད་པར་བཏགས། །ངན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཞེས་གསུངས་པའི་དོན་ནོ། །ཏིང་ངེ་འཛིན་བསྒོམས་པ་ལ་སོགས་པའི་བསོད་ནམས་བྱས་པ་རྣམས་ལ་སྒྲིབ་པའི་ཆ་ཇི་ཙམ་དང་བྲལ་བ་དེ་ཙམ་གྱིས་རང་ལ་བཞུགས་པའི་སངས་རྒྱས་མངོན་དུ་འགྱུར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། སེམས་ཅན་བསོད་ནམས་བྱས་རྣམས་ལ། །འོད་ཀྱིས་གསལ་ཞིང་དཔལ་ལྡན་པའི། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་མདུན་ན་བཞུགས། །ཞེས་གསུངས་པའི་དོན་ཏེ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་ནོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཕྱིར་འཁྲུལ་པ་སངས་པའི་ཡེ་ཤེས་ལ་འཁྲུལ་སྣང་གི་སྡུག་ཕོངས་སྣ་ཚོགས་མི་འཆར་ཞིང༌། འཁྲུལ་པས་མནན་པའི་སེམས་ཅན་ལ་དག་སྣང་གི་ཕུན་སུམ་ཚོགས་པ་མི་འཆར་བར་ངེས་པ་ཡིན་ནོ། །སྣང་སྟོང་དབྱེར་མེད་ཅེས་ཡོངས་སུ་གྲགས་པའི་དོན་ནི། བདེན་པ་གཉིས་ཀ་སྣང་སྟོང་དབྱེར་མེད་དུ་ཁྱད་པར་མེད་ཅིང༌སྣང་ལུགས་དང་སྟོང་ལུགས་མི་གཅིག་གོ །ཀུན་རྫོབ་ནི་རྣམ་ཤེས་ལ་སྣང་བ་ཡིན་ལ། དོན་དམ་ནི་ཡེ་ཤེས་ལ་སྣང་བ་ཡིན་ནོ། །ཀུན་རྫོབ་རྣམ་ཤེས་ལ་སྣ་ཚོགས་སུ་སྣང་ཡང་འཁྲུལ་སྣང་ཡིན་པའི་ཕྱིར་དོན་དམ་བདེན་པ་སྟོང་པ་ཡིན་ནོ། །དོན་དམ་ཡེ་ཤེས་ལ་སྣ་ཚོགས་སུ་སྣང་ཡང་འོད་གསལ་ཙམ་དུ་སྣང་བའི་ཕྱིར་ཀུན་རྫོབ་འཁྲུལ་སྣང་གི་དངོས་པོས་སྟོང་པ་ཡིན་ནོ། །རྨི་ལམ་དང་སྒྱུ་མ་ལ་སོགས་པ་ནི་བདེན་པ་གཉིས་ཀ་སྣང་སྟོང་དབྱེར་མེད་ཡིན་པའི་དཔེར་གསུངས་ཤིང༌།

p. 265

དཔེ་སྦྱར་ལུགས་ནི་མི་འདྲ་སྟེ་གང་གི་ཚེ་ཀུན་རྫོབ་ཀྱི་དཔེར་བཀོད་པ་དེའི་ཚེ་གང་དང་གང་དུ་སྣང་བ་དེ་དང་དེའི་དངོས་པོར་བདེན་པ་མེད་དེ། རྨི་ལམ་བཞིན་སྒྱུ་མ་བཞིན་ཞེས་པའོ། །གང་གི་ཚེ་དོན་དམ་གྱི་དཔེར་བཀོད་པ་དེའི་ཚེ་རང་རིག་ཡེ་ཤེས་ལ་སྣོད་བཅུད་ཀྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་དེ་དང་དེའི་ཀུན་རྫོབ་ཀྱི་དངོས་པོར་མེད་པ་སྟེ། རྨི་ལམ་བཞིན་སྒྱུ་མ་བཞིན་ཞེས་པའོ། །དེ་ལྟར་ཀུན་རྫོབ་ནི་རྣམ་ཤེས་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཡེ་ཤེས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་འཁྲུལ་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་མ་འཁྲུལ་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་སྡུག་བསྔལ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་བདེ་བ་སྣང་སྟོང་སྒྱུ་མ་ལྟ་བུའོ། །སོགས་གོང་དང་མཐུན། ཀུན་རྫོབ་ནི་སྐྱོན་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཡོན་ཏན་སྣང་སྟོང༌སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་སྡུག་ཕོངས་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཕུན་ཚོགས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་མ་རིག་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་རིག་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་ཀུན་ནས་ཉོན་མོངས་པ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་རྣམ་པར་བྱང་བ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་འཁོར་བ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་མྱང་འདས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་གཟུང་འཛིན་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་གཉིས་མེད་ཡེ་ཤེས་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་ཀུན་བཏགས་གཞན་དབང་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་ཡོངས་གྲུབ་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཀུན་རྫོབ་ནི་སྡུག་བསྔལ་ཀུན་འབྱུང་སྣང་སྟོང་སྒྱུ་མ་ལྟ་བུའོ། །དོན་དམ་ནི་འགོག་ལམ་སྣང་སྟོང་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་བདེན་པ་གཉིས་ཀ་ཡང་རྨི་ལམ་དང་གཟུགས་བརྙན་ལྟ་བུ་ལ་སོགས་པའང་ཤེས་པར་བྱའོ། །དེའང་དོན་དམ་གྱི་སྣང་སྟོང་ཟུང་

p. 266

འཇུག་སྟོན་པའི་སྐབས་སུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པའི་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་རྣམས་སྒྱུ་མ་ལྟ་བུ་དང༌། ཆུ་ཟླ་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། སྒྲ་སྙན་ལྟ་བུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། མིག་འཕྲུལ་དང༌། དབང་པོའི་གཞུ་དང༌། གློག་དང༌། ཆུ་བུར་དང༌། མེ་ལོང་གི་གཟུགས་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པའི་ཚུལ་ལོ། །འཕགས་པ་ཀླུ་སྒྲུབ་ཀྱིས། རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག ། མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཁྲུལ་མཚུངས་པར་གང་གིས་མཐོང༌། །དེ་ནི་གཙོ་བོ་ཡིན་པར་བཤད། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། །ཀུན་རྫོབ་དམིགས་མེད་དག་དང་ནི། །སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཅེས་པའོ། །དེ་ལྟ་བས་ན་དོན་དམ་སྣང་བ་དང༌ཀུན་རྫོབ་ཀྱི་དངོས་པོ་སྟོང་པ་ཟུང་དུ་འཇུག་པས་དོན་དམ་སྣང་སྟོང་ཟུང་འཇུག་རྨི་ལམ་ལ་སོགས་པའོ། །ཀུན་རྫོབ་སྣང་བ་དང་བདེན་པས་སྟོང་པ་ཟུང་དུ་འཇུག་པས་ཀུན་རྫོབ་སྣང་སྟོང་ཟུང་འཇུག་རྨི་ལམ་ལ་སོགས་པ་ལྟ་བུའོ། །དེ་ནས་རྨི་ལམ་ལ་སོགས་པ་ལྟར་བདེན་པ་གཉིས་ཀ་ཁྱད་མེད་ཀྱང༌ཀུན་རྫོབ་ཀྱི་ཡུལ་སྒྱུ་མ་ལྟ་བུར་མི་འཆར་ཞིང༌། ཀུན་རྫོབ་ཀྱི་བློས་ཀྱང་སྒྱུ་མ་ལྟ་བུར་མི་རིག་ལ། མི་བདེན་བཞིན་དུ་བདེན་པར་ཞེན་པས་འཁྲུལ་ཞིང་བསླུས་པ་ཡིན་ནོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ནས་དོན་དམ་གྱི་ཡུལ་ནི་སྒྱུ་མ་ལྟ་བུར་འཆར་ཞིང༌། དོན་དམ་གྱི་བློས་ཀྱང་སྒྱུ་མ་ལྟ་བུར་རིག་པས་གང་ལ་ཡང་ཞེན་པ་མེད་པའི་ཏིང་ངེ་འཛིན་ཐོབ་ཅིང༌བདེ་སྐྱིད་ཕུན་སུམ་ཚོགས་པས་ནམ་མཁའ་གང་བ་ཡིན་ནོ། །དེ་ལྟར་ཆོས་སྐུའི་མཛད་པ་ཕྲིན་

p. 267

ལས་ཐམས་ཅད་ཀུན་གཞི་ཡེ་ཤེས་ཀྱི་རྣམ་འགྱུར། ཕྱག་རྒྱ་ཆེན་པོའི་རང་སྣང༌། ཐེག་པ་ཆེན་པོའི་རང་གཟུགས། དབུ་མ་ཆེན་པོའི་ཉམས་མྱོང༌། བདེ་གཤེགས་སྙིང་པོའི་རྣམ་འཕྲུལ། གཞན་སྟོང་ཟབ་མོའི་ཡོ་ལང༌། འོད་གསལ་ཆོས་སྐུའི་རོལ་པ། ཤེར་ཕྱིན་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡིན་པས་ཕྲིན་ལས་ཀྱི་གདངས་ཆེན་པོ། ཕྲིན་ལས་ཀྱི་ཀློང་ཆེན་པོ། ཕྲིན་ལས་ཀྱི་ཁྱབ་བརྡལ་ཆེན་པོ། ཐམས་ཅད་དོན་དམ་གྱི་སེམས་སུ་ངོ་སྤྲད་པར་བྱའོ། །
གསུམ་པ་རྗེས་ཀྱི་ཁྲིད་ལ་བཞི་སྟེ། འཕོ་བའི་གདམས་པ་དང༌། བར་དོའི་གདམས་པ་དང༌། གསང་བར་གདམས་པ་དང༌། ཉམས་སུ་བླང་བར་གདམས་པའོ། །དང་པོ་འཕོ་བའི་གདམས་པ་ལ་གཉིས་ཏེ། ཐུན་མོང་གི་འཕོ་བ་དང༌། ཐུན་མོང་མ་ཡིན་པའི་འཕོ་བའོ། །དང་པོ་ཐུན་མོང་གི་འཕོ་བ་ལ་ལྔ་སྟེ། ཞི་བའི་བསམ་པས་འཕོ་བ་དང༌། འདུ་ཤེས་བཅུ་ཡིས་འཕོ་བ་དང༌། ཟུང་འཇུག་ཡི་དམ་གྱི་འཕོ་བ་དང༌། བྱིན་རླབས་བླ་མའི་འཕོ་བ་དང༌། དཀོན་མཆོག་རྗེས་དྲན་གྱི་འཕོ་བའོ། །
དང་པོ་ཞི་བའི་བསམ་པས་འཕོ་བ་ནི། འཆི་བའི་དུས་ཀྱི་ཚེ་ཆགས་པ་དང༌ཞེ་སྡང་སྐྱེ་བའི་སེམས་ཡོད་སེམས་མེད་གང་ཡང་མིག་གིས་མཐོང་ས་དང༌རྣ་བས་ཚོར་སར་མེད་པ་གལ་ཆེ་སྟེ། ཆགས་སྡང་ཞི་བས་བསམ་པ་དེ་ཡི་ངང་ལ་ཤི་ན་ལྷ་ཉིད་དུ་སྐྱེ་བར་འགྱུར་རོ། །དྲི་མེད་འོད་ལས། འདིར་འཆི་བའི་དུས་སུ་དགེ་བའི་ལས་ཀྱི་དབང་གིས་ཞི་བའི་བསམ་པར་འགྱུར་ཏེ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་བདག་ཉིད་དོ། །བསམ་པ་དེ་ཉིད་སྐྱེས་པར་གྱུར་ན་ཤི་བའི་མཐར་ལྷ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པའི་དོན་ནོ། །
གཉིས་པ་འདུ་ཤེས་བཅུ་ཡིས་འཕོ་བ་ནི། འདུ་ཤེས་བཅུ་བསྟན་པའི་མདོ་ལས། བཅོམ་

p. 268

ལྡན་འདས་ཀྱིས་བཀའ་བསྩལ་པ། དགེ་སློང་དག་འཆི་བའི་དུས་ཀྱི་ཚེ་དགེ་སློང་གི་འདུ་ཤེས་བཅུ་མངོན་དུ་བྱའོ། །བཅུ་གང་ཞེ་ན། ཚེ་འདི་ལ་མ་ཆགས་པའི་འདུ་ཤེས་དང༌། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང༌། འཁོན་དུ་འཛིན་པ་ཐམས་ཅད་དོར་བའི་འདུ་ཤེས་དང༌། འཆལ་པའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང༌། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླངས་པའི་འདུ་ཤེས་དང༌། ཉེས་པ་བྱས་པ་ཆེན་པོ་དག་ལ་ཡང་བའི་འདུ་ཤེས་དང༌། དགེ་བའི་རྩ་བ་ཆུང་ངུ་དག་ལ་ཆེ་བའི་འདུ་ཤེས་དང༌། འཇིག་རྟེན་ཕ་རོལ་དག་ལ་བྲོད་པའི་འདུ་ཤེས་དང༌། འདུས་བྱས་ཐམས་ཅད་མི་རྟག་པའི་འདུ་ཤེས་དང༌། ཆོས་ཐམས་ཅད་བདག་མེད་པའི་འདུ་ཤེས་དང༌། མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་མངོན་དུ་བྱའོ། །ཞེས་གསུངས་པའི་དོན་ནོ། །གསུམ་པ་ཟུང་འཇུག་ཡི་དམ་གྱི་འཕོ་བ་ནི། འཆི་བའི་དུས་ཀྱི་ཚེ་སེམས་ཡོད་སེམས་མེད་ཐམས་ཅད་ལ་ཆགས་སྡང་སྤངས་ནས་ཡི་དམ་གྱི་ལྷ་གང་ཡིན་སྐད་ཅིག་དྲན་རྫོགས་སུ་བྱ་སྟེ། གཞན་དུ་མ་ཡེངས་པར་ཡི་དམ་གྱི་ལྷ་དེ་ལ་མོས་གུས་དང་དམིགས་པ་རྩེ་གཅིག་ཏུ་གནས་པར་བྱའོ། །བཞི་པ་བྱིན་རླབས་བླ་མའི་འཕོ་བ་ནི། འཆི་བའི་དུས་ཀྱི་ཚེ་སེམས་ཡོད་སེམས་མེད་ཐམས་ཅད་ལ་ཆགས་སྡང་སྤངས་ནས། སྔར་གྱི་ཐུན་མོང་དང༌ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར་གང་བདེ་བ་སྐད་ཅིག་དྲན་རྫོགས་སུ་བྱའོ། །བླ་མ་དེ་ཉིད་ལ་མོས་གུས་རྩེ་གཅིག་པའི་ངང་ལ་གནས་པར་བྱའོ། །ནི་གུ་ཆོས་དྲུག་ལས། འབྲིང་དང་ཐ་མས་ཆགས་སྡང་སྤངས་བྱས་ནས། །གང་ཞིག་མོས་གུས་དམིགས་པ་རྩེ་གཅིག་གིས། །གྱེན་དུ་འཕང་ཞིང་སྨོན་ལམ་བརྒྱན་པར་བྱ། །ཞེས་གསུངས་པའི་དོན་ནོ། །ལྔ་པ་དཀོན་མཆོག་རྗེས་དྲན་གྱི་འཕོ་བ་ནི། འཆི་བའི་དུས་ཀྱི་ཚེ་ཚེ་འདིའི་ལུས་ལོངས་

p. 269

སྤྱོད་ལ་སོགས་པ་སེམས་ཡོད་སེམས་མེད་ཐམས་ཅད་ལ་ཆགས་པ་དང་སྡང་བ་སྤངས་ནས་དཀོན་མཆོག་ལ་བློ་ལིངས་ཀྱིས་གཏད་དེ། དཀོན་མཆོག་དེ་ཉིད་ལ་མོས་གུས་རྩེ་གཅིག་པའི་ངང་ནས་བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་ཁམས་གང་མོས་སུ་འདུན་པ་རྩེ་གཅིག་ཏུ་གནས་པར་བྱའོ། །སྤྱོད་འཇུག་ལས། ཇི་སྲིད་སྐྱེས་བུ་བཞི་ཡིས་ནི། །དེ་ལུས་དེ་ནི་མ་བཏེགས་པ། །དེ་སྲིད་དུ་ནི་ནགས་སུ་སོང༌། །བཤེས་མེད་འཁོན་པའང་མེད་བྱས་ནས། །ལུས་འདི་གཅིག་པུ་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་རྩིས་ན། །ཤི་ནའང་མྱ་ངན་བྱེད་པ་མེད། །དྲུང་ན་འཁོད་པ་སུ་དག་ཀྱང༌། །མྱ་ངན་གནོད་པ་བྱེད་མེད་པས། །འདི་ཡི་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེང་པར་འགྱུར་བ་མེད། །ཅེས་གསུངས་པའི་དོན་ནོ། །དེས་ན་འཆི་ཁ་མའི་རྩར་སྐྱབས་འགྲོ་དང༌། དམིགས་པ་འདི་འདྲ་གསལ་འདེབས་དང༌། སངས་རྒྱས་ཀྱི་བཀའ་ཡང་དག་གི་གསུང་རབ་ཀློག་པ་མ་གཏོགས་པ་སྡུག་བསྔལ་དང༌། ངུ་ཆོ་དང༌། གཡེང་འཚེ་མེད་པ་ནི་ཤིན་ཏུ་གལ་ཆེའོ། །འཕོ་བ་ལྔ་ཀའི་སྐབས་སུ་ནུབ་ཕྱོགས་བདེ་བ་ཅན་ནམ། ཤར་ཕྱོགས་མངོན་པར་དགའ་བའམ། བྱང་ཤམ་བྷ་ལ་ལ་སོགས་པ་དག་པའི་ཞིང་ཁམས་གང་མོས་སུ་འདུན་པ་དྲག་པོའི་སྒོ་ནས་ཤེས་པ་འཕང་ཞིང་གཏད་དེ་དེར་སྐྱེ་བར་སྨོན་ལམ་དང་མོས་གུས་དུང་དུང་བ་བྱ་སྟེ། བཟང་སྤྱོད་ལས། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག། དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང༌། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་

p. 270

བ་དེར། །པད་མོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །ཞེས་གསུངས་པའི་དོན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་འཕོ་བ་ནི། ནི་གུ་ཆོས་དྲུག་ལས། འཕོ་བྱ་འཕོ་བྱེད་བྲལ་བ་དབང་པོ་ཡང་རབ་སྟེ། །ཞེས་པ་དང༌། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ་ཞེས་གསུངས་པའི་དོན་ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པས་གསུངས་པའི་འཕོ་བའི་མན་ངག་ཁྱད་འཕགས་ཡིན་ལ། འཕོ་བ་འདི་གང་ཟག་ཇི་ལྟ་བུ་ཞིག་གིས་ཉམས་སུ་ལེན་ན། ཁྲིད་ཟབ་མོ་འདི་ཉིད་ཐོབ་ཅིང༌ངོ་ཡང་འདི་ལྟར་དུ་ལེགས་པར་འཕྲོད་པའི་རྣལ་འབྱོར་པས་ཉམས་སུ་ལེན་ནོ། །འཆི་ཁའི་དུས་སུ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་ཀྱི་བར་དུ་འོད་གསལ་རྒྱ་ཆེན་རབ་འབྱམས་ཚད་ལས་འདས་པ་འཆར་རོ། །དེ་ཡང་དགེ་བ་འབའ་ཞིག་བྱེད་པའི་སྐྱེས་བུ་དམ་པ་རྣམས་ལ་དགེ་བའི་ཆོས་ཉིད་སྐྱིད་པ། དགའ་བ། ཡིད་དུ་འོང་བ། ཕུན་སུམ་ཚོགས་པའི་འོད་གསལ་འཆར་རོ། །སྡིག་པ་ཅན་རྣམས་ལ་སྡིག་པའི་ཆོས་ཉིད་བཟོད་པར་དཀའ་བ། ཉམ་ང་བ། སྐྱི་གཡའ་བ། མུན་ནག་དང༌། གཅོང་རོང་དང༌། གཤིན་རྗེའི་གཟུགས་བལྟ་མི་བཟོད་པ་སྣ་ཚོགས་པ་དང༌། དམྱལ་བའི་སྣང་བ་ལ་སོགས་པ་འཇིགས་སུ་རུང་བའི་འོད་གསལ་སྣ་ཚོགས་པ་འཆར་རོ། །དེ་དག་གི་དོན་དཔལ་ལྡན་རྒྱུད་ལས། སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་ཟད་པ། །གང་གིས་ལས་

p. 271

གང་རབ་བྱས་རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེས་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་གཟུགས་ཅན་སྲིད་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས་པའོ། །དེས་ན་སྡུག་བསྔལ་གྱི་ཆོས་ཉིད་འཇིགས་སུ་རུང་བ་སྣ་ཚོགས་པ་དང༌། བདེ་བའི་ཆོས་ཉིད་ཡིད་དུ་འོང་བ་སྣ་ཚོགས་པ་འཆར་བ་དེའི་ཚེ་དགག་སྒྲུབ་བླང་དོར་ཆགས་སྡང་དང༌འཇིགས་སྐྲག་མེད་པར་གང་ཤར་བ་དེ་ཉིད་ལ་རིག་པ་རྩེ་གཅིག་ཏུ་གཏད་ནས་གནས་པར་བྱའོ། །རྗེ་ཏཻ་ལོ་པས། སྣང་བ་དགག་སྒྲུབ་མི་བྱ་རང་སོར་ཞོག །སྤང་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། །ཞེས་པའི་དོན་ནོ། །ཕྱག་ཆེན་གའུ་མ་ལས། ཉིན་མཚན་བར་དོའི་འོད་གསལ་མ་བུར་བཅས། །ཞེས་པའི་དོན་ད་ལྟ་ཉིན་མཚན་གྱི་རྣལ་འབྱོར་བསྒོམས་པས་མཐོང་པའི་འོད་གསལ་བུ་དང་འདྲ་ལ། འཆི་ཁའི་འོད་གསལ་ཆེན་མོ་མ་དང་འདྲའོ། །ད་ལྟར་གྱི་འོད་གསལ་ངོ་ལེགས་པར་འཕྲོད་པར་བྱས་ནས་འཆི་ཁའི་དུས་སུ་འོད་གསལ་ཆེན་མོ་ཤར་བའི་ཚེ་མའི་པང་དུ་བུ་འགྲོ་བ་ལྟ་བུར་ངོ་ཤེས་པ་དང༌། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་ངོ་ཤེས་པ་དང༌། ཆུ་དང་ཆུ་འདྲེས་པ་ལྟ་བུར་ངོ་ཤེས་པ་ཤིན་ཏུ་གཅེས་སོ། །ཞེས་པའི་དོན་ནོ། །ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པས། འཕོ་བའི་མན་ངག་ཁྱད་འཕགས་སུ་འཕོ་བའི་འགག་དོན་གསུངས་པ་འདི་ལྟ་སྟེ། དེ་ཕྱིར་དང་པོའི་སངས་རྒྱས་གདོད་ནས་གྲོལ། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་གསུངས། དེ་ཐོབ་དོན་དུ་ཟབ་མོའི་རྣལ་འབྱོར་མཆོག །ཡང་ཡང་གོམས་པས་ཚེ་འདིར་ཐོབ་པའམ། །འཆི་ཁ་བར་དོ་སྐྱེ་བདུན་ཚུན་ཆད་དུ། །ངེས་པར་འཐོབ་ཅེས་དཔལ་གྱི་མགུར་ནས་གསུངས། །གལ་ཏེ་ཚེ་འདི་ཉིད་ལ་མ་ཐོབ་ན། །འཆི་ཁར་ཐོབ་པར་བྱེད་པའི་གདམས་ངག་གཅེས། །དེ་ལ་སྡིག་སྤོང་

p. 272

དགེ་བ་བསྒྲུབས་པ་ཡི། །དམ་ཚིག་མ་ཉམས་ཞེན་ཆགས་མེད་པ་གཅེས། །དེས་ནི་འཆི་ཁའི་གོང་དུ་མ་བསྒོམས་ཀྱང༌། །འོད་གསལ་རབ་འབྱམས་ཅི་ཞིག་ལྟར་ལ་མཐོང༌། །མྱུར་དུ་འཆི་བའི་རྟགས་སུ་ཤེས་བྱས་ནས། །ཆགས་ཞེན་སྐྱེ་བའི་དངོས་ཀུན་སྦྱིན་པར་བཏང༌། །འདུ་འཛི་ཀུན་སྤངས་དབེན་པའི་གནས་མཆོག་ཏུ། །ཉམས་རྟོགས་ཅན་གྱི་གྲོགས་དང་བཅས་པའམ། །ཡང་ན་རང་ཉིད་གཅིག་པུར་གནས་བཅས་ནས། །རིག་པ་ཆོས་སྐུའི་དབྱིངས་སུ་འཕོ་བ་ལ། །དགའ་ཞིང་སྤྲོ་བའི་ངང་བཅས་འདི་ལྟར་བསམ། །འོད་གསལ་ཆོས་སྐུ་རྣམ་པ་ཐམས་ཅད་པའི། །རྣམ་པ་ཐམས་ཅད་སྔར་ཡང་མཐོང་མོད་ཀྱི། །རྒྱ་ཆེ་རབ་འབྱམས་ཚད་འདས་མཐོང་བ་མེད། །ད་ནི་ཚད་འདས་རྩི་བགྲང་ལས་འདས་པ། །རྣམ་པ་སྣ་ཚོགས་མཐོང་བ་ཉམས་རེ་དགའ། །རྒྱལ་བའི་སྐུ་དང་འགྲོ་བ་བཟང་ངན་སོགས། །བཟང་ངན་དུ་མར་སྣང་ཡང་བཟང་ངན་མེད། །ཐམས་ཅད་ཆོས་སྐུའི་རྣམ་པར་རོལ་པ་ཡིན། །དེ་ཕྱིར་གང་ཤར་དེ་ལ་ལྟ་བ་ཙམ། །རེ་དོགས་སྤང་བླང་དགག་སྒྲུབ་མི་བྱེད་པར། །སྤྲོས་བྲལ་མཉམ་ཉིད་ངང་ལ་ལྷན་གྱིས་བཞག །དྲུང་ན་ཡོད་པས་གཡེང་འཚེ་མ་བྱས་ན། །ཕྱི་དབུགས་ཆད་ནས་ནང་དབུགས་ཆད་པའི་བར། །ཉིན་ཞག་གསུམ་བཞི་ཡང་ན་ལྔ་དྲུག་སོགས། །འོད་གསལ་ངང་ལ་བརྒྱལ་བ་བཞིན་དུ་གནས། །སྔོན་དུ་ཆེར་གོམས་ངོ་ཡང་ལེགས་འཕྲོད་ན། །རིག་པ་འོད་གསལ་དབྱིངས་ལ་ཐིམ་པར་འགྱུར། །མ་ཐིམ་ན་ཡང་གཞན་དུ་ལོ་ཟླ་ནི། །མང་པོ་འབད་མེད་བསྒོམས་པ་བས་ཀྱང་ལྷག །ཅེས་པའོ། །གཞན་ཡང་ནཱ་རོ་ཆོས་དྲུག་ཏུ་གྲོང་འཇུག་གི་འཕོ་བ་དང༌། ནི་གུ་ཆོས་དྲུག་ཏུ་མཁའ་སྤྱོད་ཀྱི་འཕོ་བ་གསུངས་པ་ནི་རྣལ་འབྱོར་པ་རླུང་སེམས་ལས་སུ་རུང་བའམ་རླུང་སེམས་ལ་དབང་ཐོབ་པས་བྱ་བའོ། །

p. 273

གཉིས་པ་བར་དོའི་གདམས་པ་ནི། ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པས་འཕོ་བའི་མན་ངག་ཁྱད་འཕགས་སུ་གསུངས་པ་འདི་ལྟ་སྟེ། གལ་ཏེ་དེ་ལས་བར་དོར་འཕོ་བ་ན། །ཀུན་གཞིའི་རྣམ་ཤེས་ནོར་རྒྱས་རླུང་དང་བཅས། །ཐིག་ལེ་གཉིས་དང་ལྷན་ཅིག་ལུས་ལས་འཕོ། །དེ་ཡང་ཐིག་ལེ་དམར་པོ་སྟེང་དང་ནི། །དཀར་པོ་འོག་གི་ལམ་ནས་འབྱུང་བར་འགྱུར། །དེ་ཚེ་ཤེས་པ་བརྒྱལ་བ་སངས་ཞེས་བྱ། །བར་དོར་རྫུས་སྐྱེས་བག་ཆགས་ཙམ་གྱི་ལུས། །སྐད་ཅིག་དེ་ལ་རྨི་ལམ་ལུས་བཞིན་འགྲུབ། །དུས་དེར་བར་དོའི་མན་ངག་ཟབ་མོ་གཅེས། །སྔོན་དུ་བར་དོ་ཡིན་སྙམ་ཡང་དང་ཡང༌། །གོམས་པར་བྱ་ཞིང་ཡིན་མིན་བརྟག་པའི་ཐབས། །སྒྲིབ་པ་ཡོད་མེད་སྔར་འདྲིས་མི་རྣམས་ཀྱིས། །ཤེས་སམ་མི་ཤེས་བྲག་རི་ལ་སོགས་ལ། །ཐོགས་པ་ཡོད་མེད་བརྟག་པའང་གོམས་པར་བྱ། །ཤིན་ཏུ་གོམས་ན་བར་དོའི་སྐབས་སུའང༌། །བར་དོ་ཉིད་དུ་རང་གིས་ཤེས་པ་དང༌། །གཞན་གྱིས་ཁྱོད་ནི་བར་དོ་ཡིན་ནོ་ཞེས། །བརྗོད་པ་ལས་ཀྱང་བར་དོར་ཤེས་པ་འབྱུང༌། །དེ་ལྟ་མིན་ན་རྨི་ལམ་རྨི་ལམ་དུ། །གཉིད་དུས་ཉིད་ན་ཤེས་པ་མིན་པ་ལྟར། །བར་དོ་རྣམས་ཀྱིས་བར་དོར་ངོ་མི་ཤེས། །མ་ཤི་སྙམ་ནས་སྔར་བཞིན་བག་ཆགས་སོགས། །དེ་ཕྱིར་དེ་ཚེ་བར་དོར་ཤེས་པ་གཅེས། །ཤེས་ནས་སྔར་གྱི་གདམས་ངག་བསྒོམས་པ་གཅེས། །དེར་ཡང་འོད་གསལ་སྣང་བ་གང་ཤར་ལ། །འཛིན་མེད་ངང་ནས་གཏད་དེ་ལྟ་བ་ཙམ། །མ་ཡེངས་རྩེ་གཅིག་གནས་ན་འཇིགས་སྣང་དང༌། །བྲལ་ནས་འོད་གསལ་ཉིད་ལ་ཐིམ་པར་འགྱུར། །འཆི་ཁ་བར་དོའི་གནས་སྐབས་ཐམས་ཅད་དུ། །རང་ལ་ངེས་ཤེས་བརྟན་པོ་ཡོད་པའམ། །གཞན་གྱིས་ཟབ་མོའི་གསལ་འདེབས་ཡང་ཡང་གཅེས། །གལ་ཏེ་བར་དོ་ཉིད་དུ་མ་གྲོལ་ནའང༌། །ཆོས་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ། །དེ་

p. 274

གོམས་པ་ལས་མཆོག་གི་དབྱིངས་སུ་འགྲོ། །གལ་ཏེ་ཡུན་རིང་བསྒོམས་པར་མ་གྱུར་ཀྱང༌། །ཆོས་དབྱིངས་ཉམས་མྱོང་ངེས་ཤེས་བརྟན་པོ་དང༌། །མི་དགེ་སྤངས་ཤིང་དམ་ཚིག་མ་ཉམས་ན། །འཆི་ཁའི་འོད་གསལ་བར་དོའི་འོད་གསལ་དག །ཡང་ཡང་གོམས་པས་སྐྱེ་བ་བདུན་གྱི་མཐར། །ངེས་པར་འགྲོ་བ་འདི་ལ་ཐེ་ཚོམ་མེད། །ཅི་སླད་ཅེ་ན་མགོན་པོ་སྤྱན་རས་གཟིགས། །ཚད་མར་གྱུར་ཅིང་དཔང་དུ་གྱུར་པ་དེས། །ངེས་པ་ཉིད་དུ་དེ་ལྟར་གསུངས་ཕྱིར་དང༌། །ལུང་ལ་བརྟེན་པའི་རིགས་པས་འགྲུབ་ཕྱིར་རོ། །འདི་ལས་གཞན་པའི་འཕོ་བ་བར་དོ་ཡི། །མན་ངག་ཟབ་ཟབ་ལྟ་བུ་ཕལ་ཆེ་ལ། །འཕོ་ཡུལ་འོད་གསལ་ཆོས་སྐུ་མཐོང་བ་དཀོན། །གལ་ཏེ་མཐོང་ཡང་ཆོས་སྐུར་ཤེས་པ་དཀོན། །དེ་དག་འཕོ་ཡུལ་བློ་ཡིས་བཀོད་པ་ལ། །རྣམ་ཤེས་འཕོས་སོ་སྙམ་ནས་རློམ་པ་ཙམ། །དེ་ཕྱིར་འོད་གསལ་བདེ་གཤེགས་སྙིང་པོ་དང༌། །རྣམ་ཤེས་གློ་བུར་དྲི་མ་ཕྱེད་པ་གཅེས། །དེ་སླད་འདི་ནི་ཁྱད་འཕགས་ཆེན་པོ་སྟེ། །སྣོད་མིན་རྣམས་ལ་ཤིན་ཏུ་གསང་ཞིང་སྦ། །སྣོད་ལྡན་རྣམས་ལ་བཀའ་རྒྱ་དམ་པོ་ཡིས། །རིམ་པ་རིམ་པར་གདབ་ཀྱིས་གཞན་དུ་མིན། །ཞེས་པའོ། །
གསུམ་པ་གསང་བར་གདམས་པ་ནི། མངོན་ཚན་ཅན་ལ་བར་ཆད་འབྱུང་བར་སླ། །གསང་སྤྱོད་ཉམས་སུ་ལོངས་ཤིག་དིང་རི་བ། །ཞེས་པའི་དོན་རྣལ་འབྱོར་ཟབ་མོ་བསྒོམས་པའི་བྱེད་པ་བཅིངས་པའི་སྦྱོར་བ་དང༌། དུ་བ་ལ་སོགས་པའི་རང་གི་ཉམས་མྱོང་ངོ་སྤྲོད་པ་དང་བཅས་པ་རྣམས་གཞན་ལ་བཤད་དུ་མི་རུང་སྟེ། གལ་ཏེ་བཤད་ན་སྣོད་མིན་ལ་བཤད་དུ་མི་རུང་བའི་ཟབ་མོ་རྣམས་གསང་སྒྲོགས་བྱས་པས་དཀོན་མཆོག་དང༌མཁའ་འགྲོ་ཆོས་སྐྱོང་གི་བཀའ་ཆད་འབྱུང་ཞིང༌། རྟེན་འབྲེལ་འཆུགས་ནས་ཚེ་འདིར་ཡང་འཇིགས་པ་བརྒྱད་ལ་

p. 275

སོགས་པ་ཕྱིའི་གནོད་པ་སྣ་ཚོགས་པ་དང༌། ནད་ལ་སོགས་པ་ནང་གི་གནོད་པ་སྣ་ཚོགས་དང༌། ཅི་ཞིག་ལྟར་སྐྱེ་བོ་ཕལ་ཆེར་སྡང་བ་དང༌། འདུན་མ་གང་བྱས་མི་འགྲུབ་པ་ལ་སོགས་པ་འོང་ཞིང༌། ཕྱི་མ་ཆོས་ཟབ་མོ་དང་མི་མཇལ་ཞིང༌ངན་སོང་དུ་ལྟུང་བའི་ཉེན་ཡོད་དོ། །དེས་ན་ཟབ་མོ་འདི་ལྟ་བུ་ལ་མ་དད་པ་དང༌། ཆགས་སྡང་བྱེད་པ་དང༌། ཁ་ཟེར་བ་ལ་སོགས་པ་སྣོད་མིན་རྣམས་ལ་གསང་བ་དང༌། འབད་པས་སྦ་བ་དང༌། ཤིན་ཏུ་སྦ་བ་དང༌། ལེགས་པར་སྦ་བར་བྱ་དགོས་ཏེ། བརྟག་གཉིས་ལས། མ་གསང་སྦྲུལ་དང་ཆོམ་རྐུན་དང༌། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད། །ཅེས་པ་དང༌། གལ་ཏེ་སྐལ་མེད་མཐོང་ན་ནི། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །ཞེས་པ་དང༌། མགོན་པོ་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས་ཀྱང༌། དེ་ཕྱིར་བླ་མ་དམ་པས་གནང་བ་ཡིན། །ལམ་བཟང་རིན་ཆེན་འདི་ནི་སློབ་མ་ཡིས། །ཆོམ་རྐུན་རྩ་ལག་ཡོངས་སུ་སྤངས་བྱས་ཏེ། །འབད་པས་ཤིན་ཏུ་ལེགས་པར་སྦ་བར་བྱ། །ཞེས་པ་དང༌། དཔལ་ལྡན་རྒྱུད་ལས། དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་དག་ཀྱང་གང་ཞིག་འདི་རྣམས་ཐམས་ཅད་གསང་བར་བྱ། །ཞེས་པ་དང༌། དེའི་བཤད་པ་དྲི་མེད་འོད་ལས། དུ་བ་ལ་སོགས་ཀྱི་མཚན་མ་འཛིན་པ་ནི་ཨ་བ་དྷཱུ་ཏིའི་སྒོ་ནས་ཏེ། ཀྱང་གི་སྒྲས་ལྟེ་བ་དེ་ཉིད་ལའོ། །འདི་རྣམས་ཐམས་ཅད་གསང་བར་བྱ་སྟེ་བྱིས་པའི་སྐྱེ་བོ་རྣམས་ལ་སྦ་བར་བྱའོ། །ཞེས་པ་དང༌། དཔའ་བོ་ས་ར་ཧས། ཀྱེ་མ་བསྟན་པའི་ས་ལ་ཕྱིན་ནས་དམ་ཚིག་མི་ལྡན་ན། །རྒྱལ་པོའི་ཆད་པས་བཅད་ཕྱིར་མི་ནི་བཟུང་བ་ལྟར། །རྣམ་སྨིན་ལྕགས་ཀྱུས་སྲོག་གི་རླུང་ནི་བཟུང་ནས་ཀྱང༌། །ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་ནི་བཟོད་པར་དཀའ། །ཞེས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔར། བླ་མ་ལ་བརྙས་སྒྱུ་ཅན་དད་པ་

p. 276

མེད། །སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །གཏམ་གྱི་རིམ་པའང་དེ་ལ་བརྗོད་མི་བྱ། །ཞེས་གསུངས་པ་རྣམས་ཀྱི་དོན་ནོ། །དེ་བཞིན་དུ་རྣལ་འབྱོར་ཟབ་མོའི་གདམས་ངག་ཐོབ་ནས་མི་སྦེད་ན་བགེགས་དང་བར་ཆད་ཀྱི་དབང་དུ་འགྱུར་བས། རང་གི་སྒྲུབ་པ་མཐར་ཕྱིན་པའི་དོན་དུ་ཡང་སྦེད་དགོས་ཏེ། སྡུད་པ་ལས། དེ་བཞིན་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་པ་མཆོག །རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང༌། །ཞེས་པ་དང༌། འབུམ་དང་ཉི་ཁྲི་སོགས་ལས། བར་དུ་གཅོད་པའི་བདུད་ལས་བཞི་བཅུ་ཞེ་དྲུག་འབྱུང་བ་ནི། །དྲུག་ཏུ་ངེས་པར་ཤེས་པར་བྱ། །ཞེས་པའོ། །དེ་བཞིན་དུ་གདམས་ངག་ཟབ་མོ་འདི་ཐོབ་ནས་མི་སྦེད་པའི་མངོན་ཚན་ཅན་ལ་བགེགས་དང་བར་ཆད་འབྱུང་བར་དྲི་མེད་འོད་ལས་ཀྱང་གསུངས་སོ། །དེས་ན་ལུས་གནད་ལ་སོགས་པ་ཉམས་སུ་ལེན་ལུགས་དང༌། རང་གི་ཉམས་སུ་མྱོང་བ་ངོ་སྤྲོད་དང་བཅས་པ་ཐམས་ཅད་ཤིན་ཏུ་འབད་པས་གསང་ཞིང་སྦ་བར་བྱའོ། །
ཉམས་སུ་བླང་བར་གདམས་པ་ནི། སྔར་བསྟན་པའི་བྱེད་པ་བཅིངས་པའི་སྦྱོར་བའི་ཐབས་ཀྱིས་རྣལ་འབྱོར་ཡན་ལག་དྲུག་ཉམས་སུ་བླངས་ན། འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ཕྱི་ནང་གི་གནོད་འཚེ་ཐམས་ཅད་ཞི་བ་དང༌། སྐྱེ་རྒ་ན་འཆི་ལ་སོགས་པ་སྲིད་ཞིའི་དགྲ་ཐམས་ཅད་བཅོམ་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་སྐྱིད་དང༌ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་ཅེས་བཀའ་མདོ་རྒྱུད་ཐམས་ཅད་ནས་གསུངས་སོ། །མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་

p. 277

ནས། དུ་བ་ལ་སོགས་མཚན་མ་རྣམས་དང་ནི། །སྲོག་རྩོལ་གྱིས་ནི་དབུ་མར་འབབ་པ་དང༌། །རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། །བཏུང་མིན་དེ་བཞིན་སྟེང་དུ་ཁུ་བ་དེ། །ལམ་འདི་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའམ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །ཞེས་པ་དང༌། དྲི་མེད་འོད་ལས། དུ་བ་ལ་སོགས་ལམ་གྱིས་ལྷན་ཅིག་སྐྱེས་པའི་བདེ་བའི་གོ་འཕང་བསྒོམས་ན་དེ་ནི་འདིར། །འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ཀྱི་འཁོར་ལོ་ཡང་དག་གནས། །ལྷ་རྣམས་མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱི་པདྨ་ལ་གཏུགས་ཤིང༌། །དམ་པའི་ལམ་ནི་སྟོན་མཛད་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོར་འགྱུར། །ཞེས་པ་དང༌། བརྟག་གཉིས་ལས། རང་གཞན་དོན་དམ་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །རིག་མ་ལྷན་ཅིག་གོམས་བྱས་པས། །འཕྲལ་དུ་མངོན་དུ་བྱེད་པ་ཉིད། །འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང༌། །མྱ་ངན་གདུང་བ་འཚེ་བ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཕན་དང་གནོད་པའི་འབྲས་འབྱུང་བར། །དེ་ལྟར་ངེས་པར་ཤེས་ནས་ནི། །ཇི་ལྟར་དེ་ནི་སྐད་ཅིག་ཀྱང༌། །རྣལ་འབྱོར་པ་རྣམས་ངུ་འབོད་གནས། །ཞེས་པ་དང༌། རྣལ་འབྱོར་ཟབ་མོ་འདི་བསྒོམས་པའི་ཕན་ཡོན་དང༌། མ་བསྒོམས་ན་འཁོར་བར་གནོད་པ་འབྱུང་པར་ཤེས་ནས་སྐད་ཅིག་ཀྱང་མི་སྒོམ་ན་འཁོར་བར་གནོད་པའི་འབྲས་བུ་ངུ་འབོད་དུ་ཡང་གནས་པའི་ཉེན་ཡོད་དོ། །ཞེས་པའི་དོན་དུས་འཁོར་རྩ་རྒྱུད་ལས། འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་བསྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །

p. 278

ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །ཞེས་པ་དང༌། རྗེ་ཏཻ་ལོ་པའི་ཞལ་ནས། དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟད། །ངན་སོང་སྡུག་བསྔལ་མི་བཟོད་སྙིང་རེ་རྗེ། །ཞེས་པ་དང༌། སྡུད་པ་ལས། དེ་ལྟར་བྱང་ཆུབ་མཆོག་ཞུགས་རིན་ཆེན་ལྟ་བུ་ཡི། །ཤེས་རབ་ཕ་རོལ་ཕྱིན་ལ་རྣལ་འབྱོར་དོར་མི་བྱ། །ཞེས་པ་དང། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་ཟུངས། །ཞེས་པས་རང་དོན་དང་གཞན་དོན་བསྒྲུབས་པའི་མཆོག་རྣལ་འབྱོར་ཟབ་མོ་ཡིན་ལ། དེ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་ཡིན་ཞིང༌། འོད་གསལ་དེ་སྒྲིབ་བྲལ་དུ་བསྐྱེད་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་བཟུང་བ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བྱང་ཆུབ་ཏུ་སེམས་ཇི་ལྟར་བསྐྱེད་པར་བགྱི། བཀའ་བསྩལ་པ། འོད་སྲུང་། ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་ནི་བྱང་ཆུབ་ཅེས་བྱའོ། །དེ་དང་མཐུན་པ་སྔར་ནས་མ་བསྐྱེད་པའི་སེམས་རིན་པོ་ཆེ་བསྐྱེད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་གསུངས་པའི་དོན་ནོ། །དེས་ན་སེམས་ཀྱི་རང་བཞིན་འོད་གསལ་དོན་དམ་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་ཡན་ལག་དྲུག་གི་ངོ་བོ་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འདིས་ངན་སོང་དང་སྐྱེ་རྒ་ན་འཆི་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ཞིང༌། ཏིང་ངེ་འཛིན་འདི་ཐོབ་ནས་མེས་མི་ཚུགས། ཆུས་མི་ཚུགས། དུག་གིས་མི་ཚུགས། དབྱིག་དུག་གིས་

p. 279

མི་ཚུགས། དུག་སྦྱར་མས་མི་ཚུགས། མཚོན་གྱིས་མི་ཚུགས། བྱད་ཀྱིས་མི་ཚུགས། བཟུང་དུ་མེད། བཅིང་དུ་མེད། ཆད་པས་བཅད་དུ་མེད། མགོ་བྲེག་ཏུ་མེད། བཞུར་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོ་བའི་ཕྱིར། སྡུག་བསྔལ་དང་སྐྱོན་ཐམས་ཅད་ཟད་པར་འདོད་པ་དང༌། བདེ་བ་དང་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པ་དང༌། རང་དང་གཞན་གྱི་དོན་གཉིས་མཐར་ཕྱིན་པར་འདོད་པ་རྣམས་ཀྱིས་ཏིང་ངེ་འཛིན་འདི་ཁོ་ན་ཉམས་སུ་བླང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་འདི་ཁོ་ན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཕྱིན་ཅི་ལོག་ལས་འདས་ཏེ་མྱ་ངན་ལས་འདས་པ་ཆེན་པོ་མཐར་ཕྱིན་པའི་ཕྱིར་དང༌། ཏིང་ངེ་འཛིན་འདི་ཁོ་ན་ལ་བརྟེན་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཕྱིར་ཏིང་ངེ་འཛིན་འདི་ཉམས་སུ་ལེན་པ་ལས་དགོས་པ་ཆེ་བ་སྐྲའི་རྩེ་མོ་ཙམ་ཡང་མེད་པས། འཁོར་བའི་འདུན་མ་ཐམས་ཅད་བློས་བཏང་ཞིང༌ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང༌། རྗེ་བཙུན་ཆེན་པོ་མི་ལ་རས་པ་བཞིན་དུ་བསྒོམ་པར་བྱའོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྔགས་པས་ཏིང་འཛིན་དམིགས་པའི་ཚེ། །གང་ཚེ་ལུས་ནི་སྐམ་གྱུར་ནའང༌། །ལུས་ངག་ཡིད་ནི་ཚིམ་བྱེད་པའི། །རྣལ་འབྱོར་འདི་ནི་བསྒོམ་པར་བྱ། །ཞེས་པ་དང༌། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་སླར་ཟློག་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པའི་ཐབས་ལ་འབད་འཚལ་ལོ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་པ་དང༌། བྱས་པས་ཟིན་པར་མི་འགྱུར་ལས་ཀྱི་མཐའ། །འཁོར་བའི་འདུན་མ་བོར་ཞིག་དིང་རི་བ། །ཞེས་པ་

p. 280

དང༌། བྲེལ་དོན་ཚར་ནས་ཆོས་ལ་ཕྱིན་པ་མེད། །ནམ་དྲན་ཚེ་ན་རྒྱུག་ཅིག་དིང་རི་བ། །ཞེས་པ་དང༌། བརྟག་གཉིས་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། །མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་པ་དང༌། སྤྱོད་འཇུག་ལས། ཡུངས་མར་བཀང་བའི་སྣོད་བསྐུར་ནས། །རལ་གྲི་ཐོགས་པས་དྲུང་བསྡད་དེ། །བོ་ན་གསོད་བསྡིག་འཇིགས་པ་ལྟར། །མཁས་པས་རྟག་ཏུ་དེ་བཞིན་སྒྲིམ། །ཞེས་གསུངས་པ་ལྟར་ཤིན་ཏུ་འབད་པ་དང༌། བརྩོན་འགྲུས་དྲག་པོས་རྣལ་འབྱོར་ཡན་ལག་དྲུག་གི་ཏིང་ངེ་འཛིན་ནི་ཉམས་སུ་བླང་བར་བྱའོ། །ཁྲིད་ཟབ་མོ་འདི་གཞན་ལ་འབོགས་ཤིང༌གཞན་དོན་བྱེད་ནུས་པ་དང༌། ལོ་སྦྲེལ་ནས་འདི་སྒྲུབ་པ་ཉམས་སུ་ལེན་པ་མ་གཏོགས་པ་གཞན་ལ་དཔེ་གཅོད་དུ་ཡང་མི་འཇུག་པ་ཞུའོ། ། ༧ དག་བྱེད་སྡིག་སེལ་རྣམ་དག་ལེགས་པའི་ལམ། །རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད། །ཚང་ལ་མ་ནོར་རྫོགས་པའི་རིམ་པ་འདི། །རྣམ་འདྲེན་ཁྱད་འཕགས་ཆོས་རྗེ་རིན་པོ་ཆེའི། །ཞལ་གདམས་བླ་ན་མེད་པས་ལེགས་སྤྲས་ཤིང༌། །མདོ་རྒྱུད་བསྟན་བཅོས་ཚད་མར་གྱུར་རྣམས་ཀྱི། །མདོ་ཙམ་སྙིང་པོའི་དོན་རྣམས་བསྡུས་ནས་བཀོད། །ཐུན་མོང་ཀུན་ལ་གྲགས་རྒྱུའི་ཆོས་མིན་པས། །ཟབ་དོན་ཡི་གེར་བཀོད་པ་དཀའ་མོད་ཀྱང༌། །ཟབ་མོ་དོན་གཉེར་སྐྱེས་མཆོག་དམ་པ་འགས། །ནན་གྱིས་བསྐུལ་བའི་གསུང་མ་ཆོག་པའི་ཕྱིར། །ཞལ་གདམས་གསང་དོན་མངོན་དུ་གྱུར་པ་འདི། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བཟོད་མཛད་ཅིང༌། །སེམས་རྒྱུད་ཟབ་མོས་བྱིན་གྱིས་བརླབས་པ་དང༌། །སྣོད་མིན་རྣམས་ཀྱི་སྡིག་རྐྱེན་མི་འགྱུར་ཞིང༌། །སྐལ་ལྡན་རྣམས་ཀྱི་སྙིང་ལ་གནས་པར་མཛོད། །འདིར་འབད་དགེ་བ་རྒྱ་ཆེན་རབ་དཀར་འདིས། །མཁས་གཏུགས་

p. 281

སྐྱེ་དགུའི་ཕུང་གྲོལ་དྲི་མ་རྣམས། །རྣམ་དག་དག་པའི་བྱང་ཆུབ་མཆོག་ཐོབ་ནས། །རྟག་བརྟན་ཆོས་སྐུའི་ཕུན་ཚོགས་དབྱིངས་དེར་རོལ། །དེ་ལྟར་སྔོན་འགྲོ་དངོས་གཞི་ངོ་སྤྲོད་རྨད་བྱུང་མཆོག །རྗེས་ཁྲིད་འཕོ་བ་བར་དོའི་གདམས་པ་ཡིད་འོང་འདི། །དུས་འཁོར་རྒྱུད་འགྲེལ་ཆེ་སོགས་རྒྱལ་བའི་བཀའ་བཞིན་ཡོད། །ཐར་པ་དོན་གཉེར་ཐར་ལམ་ཆ་ལག་ཚང་བ་ལགས། །འགའ་ཞིག་ཉམས་ལེན་མེད་པར་རྟོགས་པའི་ངོ་སྤྲོད་བྱེད། །འགའ་ཞིག་ངོ་སྤྲོད་མེད་པར་ཁྲིད་རིམ་དུ་མ་སྟོན། །འགའ་ཞིག་གཉིས་ཀ་མེད་པར་ཉམས་ཁྲིད་ཀློག་ལུང་བྱེད། །གང་དུ་སུ་ལ་ཕན་པའི་ཡན་ལག་ཅི་ཞིག་སྨོས། །འོད་གསལ་ཕྱག་རྒྱ་ཆེན་པོ་མ་ངེས་ན། །རླུང་སྦྱོར་ལུས་སྦྱོང་འཁྲུལ་འཁོར་དུ་མ་དང༌། །རྟོག་བཅས་སྤྲོས་པའི་དམིགས་སྐོར་མང་པོ་རྣམས། །བྱང་ཆུབ་མཆོག་ལ་ཅུང་ཟད་ཉེ་མི་སྲིད། །དེའི་སླད་སྤྲོས་པའི་ནད་རབ་ཞི་བྱེད་པའི། །མི་རྟོག་ཏིང་འཛིན་ཟབ་མོ་མཆོག་གི་ལམ། །རིགས་སྔགས་བླ་ན་མེད་པའི་རྣལ་འབྱོར་འདིར། །ཐར་པ་དོན་གཉེར་རྩེ་གཅིག་བརྩོན་པར་རིགས། །དེ་ཕྱིར་བདག་ནི་བྱང་ཆུབ་སྙིང་པོའི་བར། །ཚེ་རབས་ཀུན་ཏུ་སྐད་ཅིག་མ་གོལ་བར། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བཞིན་དུ། །ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པར་ཤོག །འཇིག་རྟེན་ཆོས་བརྒྱད་སྐྱོན་གྱིས་མ་གོས་ཤིང༌། །ལུས་དང་སྲོག་ལ་ནམ་ཡང་ལྟོས་མེད་པར། །དེས་ཤིང་ནམ་མཁའི་རྣལ་འབྱོར་དམ་པ་ལ། །མི་ལ་རས་པ་བཞིན་དུ་བརྩོན་གྱུར་ཅིག །མི་དགེའི་གྲོགས་སྤངས་དགེ་བའི་བཤེས་ཀྱིས་ཟིན། །དམ་ཚིག་རྣམ་དག་བྱམས་དང་སྙིང་རྗེར་ལྡན། །རིག་གནས་ལ་མཁས་ཤེས་རབ་སྣང་བས་བརྒྱན། །མཁས་པའི་རིགས་སུ་སྐྱེ་ཤིང་སྐྱེ་བར་ཤོག །དུས་གསུམ་རྒྱལ་བའི་སྨོན་ལམ་ཀུན་སྡུད་ཅིང༌། །རྒྱལ་སྲས་རྣམ་ཐར་ཇི་སྙེད་མཐར་ཐུག་པ། །ཀུན་ཏུ་བཟང་དང་འཇམ་དབྱངས་
ལ་སོགས་བཞིན། །འཁོར་བ་ཇི་སྲིད་རོ་གཅིག་སྤྱོད་གྱུར་ཅིག །འཕགས་པའི་སྤྱོད་ཡུལ་གསང་བ་ཟབ་མོའི་དོན། །འདི་ལྟར་བསྟན་ལ་ནོངས་པའི་ཚོགས་གང་མཆིས། །དཀོན་མཆོག་མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་བཤགས། །དགེ་བས་ཇི་ལྟར་སྨོན་བཞིན་འགྲུབ་གྱུར་ཅིག །དེ་ལྟར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད། གྲུབ་པའི་ཉམས་ལེན་མ་ཚང་བ་མེད་པའི་སྔོན་འགྲོ་དངོས་གཞི་རྗེས་དང་བཅས་པ་ཡི་གེར་བཀོད་པ་འདི་ཉིད། དཔལ་ལྡན་བླ་མ་འབའ་རོམ་རིན་པོ་ཆེས་བཀའ་ནན་ཆེན་པོའི་གསུང་གིས་བསྐུལ་བ་དང་། སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་དང༌། བླ་མ་ཡར་མེ་རོང་པ་དང༌། བླ་མ་བློ་གྲོས་དཔལ་དང༌། བླ་མ་བསམ་རིན་པ་དང་། བླ་མ་སྦྱོར་དྲུག་པ་ལ་སོགས་པ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡང་ཡང་བསྐུལ་བས། ངེས་དོན་ཟབ་མོ་ལ་མོས་པ་བློ་གྲོས་རྒྱལ་མཚན་ཞེས་བྱ་བས་འགལ་བྱེད་ཀྱི་ལོ་ལྕགས་མོ་ཕག་ལ། དཔལ་ལྡན་འབའ་རོམ་གྱི་དབེན་གནས་རྫ་དེའུ་རིན་ཆེན་སྤུངས་པ་ཞེས་བྱ་བར་སྦྱར་བའི་དགེ་བས་མན་ངག་ཟབ་མོ་འདི་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་གནས་པ་དང་། བདེ་སྐྱིད་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང༌སེམས་ཅན་ཐམས་ཅད་ལ་ཕན་པའི་ཡན་ལག་དྲུག་ཁོ་ན་ཕུན་སུམ་ཚོགས་པར་གྱུར་ཅིག ། ཤུབྷཾ།།

ཆོས་རྗེ་འབའ་རོམ་པའི་སྙན་བརྒྱུད་ཐབས་ལམ་ཆོས་བཞིའི་ཁྲིད། སྤྱན་སྔ་པ།

p. 282

༄༅། །ཆོས་རྗེ་འབའ་རོམ་པའི་སྙན་བརྒྱུད་ཐབས་ལམ་ཆོས་བཞིའི་ཁྲིད་བཞུགས་སོ། །
༄༅། །ན་མོ་རཏྣ་གུ་རུ། རྗེ་ནཱ་རོ་མཻ་ཏྲིའི་གདམས་པ་ཆོས་དྲུག་ཐབས་ལམ་དམར་ཁྲིད་ལ་དོན་གསུམ་སྟེ། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དེའི་དང་པོ་ལ་གཉིས་ཏེ། ལུས་དང་སེམས་སོ། །དེ་ལ་ལུས་དངོས་པོའི་གནས་ཐབས་བསྟན་པ་ནི། ཧེ་བཛྲ་ལས། ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་

p. 283

གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །གསུངས་ཏེ། རྩ་གསུམ་འཁོར་ལོ་བཞི་ཡི་རྣམ་པ་ཅན་དུ་གནས་སོ། །དེ་ལས་རྩ་ལ་ཕྱེ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། བསྡུ་ན་གཙོ་བོ་གསུམ་ལ་འདུས་ཏེ། ཧེ་བཛྲ་ལས། རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་མ་ནི་དབུས་ཉིད་དོ། །ཞེས་གསུངས་ཏེ། དེ་ལ་གནས་ལུགས་ནི་དྷཱུ་ཏིའི་ཡར་སྣེ་ཚངས་བུག་ཧཾ་ལ་ཟུག །མར་སྣེ་གསང་གནས་རྡོ་རྗེ་ལ་ཟུག་ནས་འཁོར་ལོ་བཞིའི་སྲོག་ཤིང་གི་ཚུལ་དུ་གནས་པའོ། །རོ་མ་དང་རྐྱང་མ་གཉིས་པོ་ཡར་སྣེ་སྣ་བུག་གཉིས་ལ་ཟུག །མར་སྣེ་གསང་གནས་ཆོས་འབྱུང་དུ་རྩ་དབུ་མ་ལ་ཟུག་ནས་སྦ་ཡི་བེར་ཀ་བཙུགས་པའི་ཚུལ་དུ་གནས་པའོ། །འཁོར་ལོ་བཞི་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་མ་དྲུག་ཅུ་རྩ་བཞི། དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་མ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་མ་བཅུ་དྲུག །སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་མ་སུམ་ཅུ་སོ་གཉིས། སྤྱིར་འཁོར་ལོ་བཞི་ལ་རྩ་འདབ་མ་བརྒྱ་དང་ཉི་ཤུའོ། །དེ་ནི་རྩ་དང་ལུས་ཀྱི་གནས་ལུགས་ཏེ། དེ་དག་མ་ཤེས་ན་སྒོམ་པ་ཡུལ་གྱི་གནད་མི་ཤེས་ཏེ། དཔེར་ན་རྐུན་མ་ནགས་ལ་བཏང་ནས་རྗེས་བྲག་ལ་གཅོད་པ་དང་འདྲ་སྟེ། ལོ་དང་བསྐལ་པར་བསྒོམས་ཀྱང་ཡོན་ཏན་མི་འབྱུང་ངོ༌། །དེ་ནས་སེམས་དངོས་པོའི་གནས་ལུགས་བསྟན་པ་ནི། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་སོ། །ཡང་རྗེ་བཙུན་ཆེན་པོ་ཏཻ་ལོ་པའི་ཞལ་ནས་ཀྱང༌། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་རིག་མཚོན་ཏེ་ཤེས་པར་བྱོས། །ཞེས་པ་ལ་

p. 284

སོགས་པ་རྣམས་ཀྱང་རྒྱས་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་དག་གིས་སེམས་དངོས་པོའི་གནས་ཐབས་བསྟན་ཏེ། དེ་དག་མ་ཤེས་ན་བསྒོམ་རྒྱུ་དོན་གྱི་གནད་མི་ཤེས་པས། དཔེར་ན་འབེན་ཤར་ལ་བཙུགས་ནས་མདའ་ནུབ་ལ་འཕེན་པ་དང་འདྲ་བས་བསྐལ་པར་བསྒོམས་ཀྱང་འབྲས་བུ་མི་འབྱིན་པས་དེ་དག་རྒྱས་པར་ཤེས་པར་བྱའོ། །དེ་དག་གིས་སེམས་དངོས་པོའི་གནས་ཐབས་སོང་ནས། །ད་ནི་ལམ་གྱི་གནས་ཐབས་བསྟན་པ་ལ་བཞི་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ཏེ་གཏུམ་མོ་ལམ་དུ་ཁྱེར་བ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་འོད་གསལ་ལམ་དུ་ཁྱེར་བ་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་རྨི་ལམ་ལམ་དུ་ཁྱེར་བ་དང༌། སྙིང་ག་དང་མགྲིན་པ་གཉིས་ཀ་ལ་བརྟེན་ནས་ཟུང་འཇུག་ལམ་དུ་ཁྱེར་བའོ། །སྤྱིར་འཁོར་ལོ་བཞི་ལ་བརྟེན་པའི་ཐབས་ལམ་གསུངས་པ་ཡིན། ༈ དེ་ཡང་རྣམ་རྟོག་ཕྱོགས་མེད་ཨ་ལ་གནས། །གཉིད་ལོག་འཐུག་པོ་ཧཱུྃ་ལ་གནས། །རྨི་ལམ་སྒྱུ་མ་ༀ་ལ་གནས། །སྙོམས་འཇུག་བདེ་ཆེན་ཧཾ་ལ་གནས། །ཞེས་གསུངས་པ་དང༌། རྣམ་རྟོག་ཕྱོགས་མེད་དུ་འཕྲོ་བའི་དུས་སུ་རྣམ་པར་ཤེས་པ་ཨ་ལ་གནས་པས་དུས་དེར་གཏུམ་མོ་བསྒོམ་ན་ཡོན་ཏན་སྐྱེ་བའི་དུས་ཡིན་གསུངས་པས། འཇིག་རྟེན་པའི་བྱ་འབྲེལ་ཐམས་ཅད་ཐག་བཅད་ལ། གནས་དབེན་ས་ཞིག་ཏུ་འཚོ་བ་དང་མཐུན་པའི་ཆ་རྐྱེན་ཐམས་ཅད་ཚང་བར་བྱས་ཏེ། ལུས་ངལ་དུབ་ལ་སོགས་པའི་འགྲོ་འདུག་ཐམས་ཅད་སྤངས་ནས་ངག་གི་བཟླས་བརྗོད་ཉུང་བར་བྱའོ། །ཡིད་ཀྱི་ཆགས་སྡང་གི་རྟོག་པ་ཐམས་ཅད་སྤངས་ལ་སྟན་བདེ་བ་ལ་ལུས་བཅོས་ཏེ། ལུས་གནད་ཆོས་དྲུག་དང་ལྡན་པར་བྱ་བ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་རེའུ་མིག་ལྟར་བསྣོལ། སྒལ་ཚིགས་གསེར་གྱི་དོང་ཙེ་བརྩེགས་པ་ལྟར་བསྲང༌། ལྕེ་ཡ་རྐན་

p. 285

ལ་སྦྱར། མིག་སྣ་རྩེར་དབབ། མགྲིན་པ་རྨ་བྱ་ལྟར་དགུག །དཔུང་པ་རྒོད་གཤོག་ལྟར་བརྒྱངས། རྒྱུ་ཞབས་སྒལ་པ་ལ་བཅར་ཏེ། ལུས་ཀྱི་ཆ་གྲིམ་པར་བྱའོ། །དེ་ནས་སྒོམ་པའི་དུས་སུ། གོང་ལྟར་ལུས་གནད་ཆོས་དྲུག་དང་ལྡན་པར་བྱས་ལ། སེམས་བསྐྱེད། ཚོགས་གཉིས་བསགས། ཁྱད་པར་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རུས་སུ་ཐོན་པར་བསྒོམ། དེ་ནས་ལུས་ཡི་དམ་གྱི་ལྷར་གསལ་བར་བསྒོམ། བླ་མ་སྙིང་གི་དཀྱིལ་དུ་བསྒོམ། མོས་གུས་གསོལ་འདེབས་ཁ་ཙམ་དང་ཚིག་ཙམ་མིན་པར་ཞེ་ཐག་པ་སྙིང་ཁུང་རུས་པའི་གཏིང་ནས་མོས་གུས་དུང་དུང་བྱ། རྩ་གསུམ་འཁོར་ལོ་བཞི་གསལ་གདབ། དུས་གནད་ནམ་ཕན་ཕུན་གཉིས་དང་ནམ་གྱི་གུང་དང་ཉི་མའི་གུང་བཅས་སྤངས་ལ། དེ་ལས་གཞན་པའི་དུས་ཐམས་ཅད་དུ་བསྒོམ་མོ། །ཡུལ་གནད་གསང་གནས་ཆོས་འབྱུང་གི་གནད། ཤེས་པའི་གནད་ཨ་ཐུང་དམར་པོའི་གནད། རླུང་གི་གནད་ནི་རླུང་སྦྱོར་བཞི་ལྡན་ཡིན་ཏེ། དེ་ཡང་རླུང་དྭངས་མ་ལ་སྦྱོར་བ་བཞི་ལྡན་བྱ་སྟེ། རླུང་སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱེ་བ་ཤིན་ཏུ་དཀའ། །ཞེས་གསུངས་པས། དེ་ལ་རླུང་སྦྱོར་བ་བཞི་ལྡན་ནི། རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་བཞིའོ། །ཞེས་གསུངས་ཏེ། དེ་ལ་དང་པོ་ཕྱི་ནང་གི་རླུང་མཚམས་བཅད་པ་ནི། རླུང་དྲག་ཏུ་ལན་གསུམ་ཕྱིར་འབུད་ལ། དེ་དང་འགྲོགས་ལ་ནང་དུ་རྔུབ་པ་ཡིན། དགང་བ་ནི། རྩ་གཡས་གཡོན་གཉིས་ནས་མར་ལུག་རྫུད་ཀྱི་ཕྲུ་མ་ཕུས་བཏབ་པ་བཞིན་སྔོ་ཏེ་རེ་རེ་སོང་ནས་ཆོས་འབྱུང་ནང་གི་ཁྲག་གི་གཏུམ་མོ་སྲན་མའི་ཕྱེད་ཚལ་ཙམ་མམ། ཡང་ན་ཨ་ཐུང་ལ་བུས་པས་རྒྱ་སྐག་མེར་བསྲེགས་པའམ། ལྕགས་ཀྱི་གོང་བུ་མེར་བསྲེགས་པ་ལྟར་དམར་ལྷབ་ལྷབ་བྱེད་པར་བསམ་མོ། །གཞིལ་བ་ནི། རླུང་མི་ཐུབ་ཙ་ན་སུམ་ཆ་ཙམ་ཞིག་སྣ་

p. 286

ནས་དལ་གྱིས་ཕྱིར་བཏང༌། ཡང་བརྔུབ། དེ་བཞིན་དུ་ཡང་ཡང་བྱ་བ་ནི་གཞིལ་བའོ། །མདའ་ལྟར་འཕང་བ་ནི། རླུང་ཐལ་གྱིས་གཏོང་བའི་དུས་སུ་དམིགས་པ་སྤྱི་བོའི་ཚངས་པའི་བུ་ག་ནས་རླུང་ཡར་སྔོ་བུན་བུན་སོང་བར་བསམ་མོ། །དེ་ནི་རླུང་གནད་སྦྱོར་བ་བཞི་ལྡན་སྔོན་འགྲོའོ། །ད་ནི་དོན་གཉིས་པ་བསྒོམ་པ་ནི། ལུས་གནད་སེམས་བསྐྱེད་ལ་སོགས་པའི་སྔོན་འགྲོ་གོང་ལྟར་བྱས་ལ། རླུང་སྦྱོར་བ་བཞི་ལྡན་གྱིས་གཏུམ་མོ་སྦར་བ་ནི་ཁྲག་གི་གཏུམ་མོ་སྟེ་དང་པོའོ། །དམིགས་པ་གསང་གནས་ཆོས་འབྱུང་གི་ནང་དུ་ཁྲག་གི་གཏུམ་མོ་སྲན་མའི་ཕྱེད་ཚལ་ཙམ་ཞིག་དམར་ཝ་ལེ་བར་བསམ། གང་ལྟར་ཕྱི་ནང་གི་རླུང་གིས་དྲོས་པས་ཐིག་ལེ་ཙཎྜ་ལཱིའི་སྟེང་དུ་བབས་པས། བདེ་སྟོང་གི་ཉམས་ལྷང་ལྷང་སྐྱེས་པར་བསམ་སྟེ་རླུང་སྦྱོར་གོང་ལྟར་བྱའོ། །འདི་ཤིན་ཏུ་གནད་ཆེ་བས་ཆགས་པའི་དབང་དུ་མ་གཏོང་གསུངས། རྗེས་ལ་བསྔོ་བ་བྱའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། རྩ་གསུམ་འཁོར་ལོ་བཞི་གསལ་འདེབས་པ་དང༌། རླུང་སྦྱོར་བཞི་ལྡན་མི་བྱེད་པར་འོག་སྒོ་ཅུང་ཟད་བསྡམས་ཏེ། རླུང་ཤེད་ཀྱིས་བཟུང་ནས། ཤེས་པའི་གནད་གསང་གནས་སུ་གཏུམ་མོའི་རང་བཞིན་ཐིག་ལེ་རིལ་མ་ཙམ་པ་འོད་ཤིན་ཏུ་ཆེ་བ་བསམ་སྟེ། རླུང་སྦྱོར་གོང་ལྟར་བྱ། རྗེས་བསྔོ་བ་བྱའོ། །རྗེ་དྭགས་པོ་རིན་པོ་ཆེའི་གཏུམ་མོ་ཙཎྜ་ལཱི་བསྟན་པ་དང༌། མ་བསྟན་པ་གཉིས་ལས་སྔ་མ་རྣམས་ལ་མ་བསྟན་པ་ཡིན། བསྟན་པ་ནི་སྔོན་འགྲོ་འདྲ་བ་ལ། ཁྱད་པར་དུ་རྩ་གསུམ་འཁོར་ལོ་བཞི་གསལ་གདབ་སྟེ་རླུང་སྦྱོར་གོང་ལྟར་བྱས་ལ། གསང་གནས་གཏུམ་མོའི་མེ་མཚན་ཉིད་བཞི་ལྡན་འབར་བའི་རྩེ་མོ་དབུ་མའི་ནང་ནས་ཡར་སོང་ནས། ལྟེ་བའི་འཁོར་ལོའི་དཀྱིལ་དུ་ཉུག་ཉུག་བྱས་པས་ཙཀྲའི་ལྟེ་བ་ཏལ་གྱིས་ཕུག་པར་བསམ། དེ་བཞིན་དུ་ཙཀྲ་བཞི་མེས་ཏལ་ཏལ་ཕུག་ནས། མེ་ཡི་རྩེ་

p. 287

མོ་ཚངས་བུག་གི་ཧཾ་ལ་ཏུག་ཏུག་འབར་བས་ཧཾ་ཞུ་སྟེ་སྤྱི་བོའི་ཙཀྲ་ནས་ཙཀྲ་བཞི་རིམ་བཞིན་བྱང་ཆུབ་ཀྱི་ཐིག་ལེས་ཁེངས་པར་བསམ་ཞིང་རླུང་སྦྱོར་དྲག་ཏུ་བྱ། དེ་ནས་མི་དམིགས་པར་བསམ། རླུང་ཐུབ་ཚད་དུ་བཟུང༌། མི་ཐུབ་དུས་སུ་གཞིལ་བ་ལ་སོགས་པ་བྱའོ། །རྗེས་ལ་བསྔོ་བ་སྨོན་ལམ་དང་མི་དམིགས་པས་རྒྱས་གདབ་བོ། །དེ་ནི་ཐབས་ལམ་ལས་ཞལ་གྱི་གདམས་པ་བརྗེད་བྱང་དུ་བྲིས་པའོ། །དེས་ནི་གཏུམ་མོ་ཚར་རོ། །
༈ འདི་ནི་རྨི་ལམ་ཡིན་ཏེ། དེ་ཡང་སྔོན་འགྲོ་འདྲ་བ་ལ། ཁྱད་པར་དུ་བླ་མ་ལ་མོས་གུས་དང་གསོལ་བ་འདེབས་པ་དུང་དུང་བྱས་ལ། དོ་ནུབ་བདག་གིས་རྨི་ལམ་བཟང་པོ་རྨིས་པར་མཛད་དུ་གསོལ། རྨིས་ནས་ཀྱང་རྨི་ལམ་ནས་རྨི་ལམ་ངོ་ཤེས་ཤིང་ཟིན་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པའི་གསོལ་བ་དྲག་ཏུ་བཏབ་པ་དང༌། མོས་གུས་ཐུན་མོང་མ་ཡིན་པ་བྱས་ལ། རང་གི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བཞིའི་དབུས་སུ་ཡི་གེ་ༀ་སེར་པོ་གཅིག་ལ་དམིགས་པ་གཏད་ནས། དོ་ནུབ་བདག་གིས་རྨི་ལམ་གཟུང་བར་བྱ་སྙམ་པའི་འདུན་པ་དང་མ་བྲལ་བར་ཉལ་ནས་གཉིད་ལ། ནམ་གཉིད་པ་དང་མ་ཟིན་ན། ཡང་བླ་མ་ལ་གསོལ་བ་འདེབས་པ་དང༌། དམིགས་པ་འདུན་པ་གོང་ལྟར་བྱས་ལ་ཨེ་ཟིན་བལྟ། ཉིན་པར་མཐོང་ཐོས་ཚོར་མྱོང་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ཀྱང་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་པོ་དང་མ་བྲལ་བ་གནད་ཆེ་གསུངས། ཐུན་མཚམས་སུ་བསྔོ་བ་བྱའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། སྟེང་འོག་རླུང་ཁུག་གཉིས་གསུམ་དྲག་ཏུ་བཟུང༌། དེ་ནས་སྨིན་མཚམས་ཀྱི་རུས་པའི་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་ཐིག་ལེ་དཀར་པོ་སྲན་རྡོག་ཙམ་གཅིག་ལ་ཤེས་པ་གཏད་ལ་ཉལ། དེས་ཅིས་ཀྱང་ཟིན་ངེས་སོ། །ཉིན་པར་དང་ཐུན་མཚམས་རྣམས་

p. 288

སུ་བྱ་བ་ཀུན་འདྲའོ། །འདི་ཡང་སྔོན་དང་རྗེས་ལ་སོགས་པ་ཀུན་འདྲ་བ་ལ། དམིགས་པ་ༀ་དང་ཐིག་ལེ་གང་རུང་གཅིག་ལ་གཏད་ནས། དོ་ནུབ་བདག་ཉིད་ཟླ་བའི་གདན་སྟེང་དུ་འདུག་སྟེ་ཡི་དམ་གྱི་ལྷ་མཇལ་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་དྲུང་དུ་འགྲོ་ལ་བརྡའི་ཆོས་ལ་སོགས་པ་ཉན་སྙམ་དུ་རྟོག་པ་གཞན་གྱིས་བར་མ་ཆོད་པའི་འདུན་པ་དུང་ངེ་བ་དང་བཅས་ཏེ་ཉལ་ལོ། །དེས་འབྱོངས་ངེས་སོ། །རྗེས་ལ་བསྔོ་བ་བྱའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། རྨི་ལམ་སྦྱང་བར་ནུས་པ་དང་། ༀ་དང་ཐིག་ལེ་གང་རུང་གཅིག་ལ་ཤེས་པ་གཏད་ལ། དོ་ནུབ་བདག་གིས་རྨི་ལམ་དུ་ཕོ་ལ་སོགས་པ་གང་རྨིས་པ་ཐམས་ཅད་ལ་གཅིག་ལ་གཉིས། གཉིས་ལ་བཞི། བཞི་ལ་བརྒྱད་ནས་བརྒྱ་ལ་སོགས་པ་ནས་སྤེལ་སྙམ་ལ་གཉིད། ཉིན་པར་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་དེ་ལྟར་སྤེལ་ལོ། །རྗེས་ཐུན་མཚམས་འདྲའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། མགྲིན་པའི་རྩ་འདབ་བཞིའི་དབུས་སུ་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་མ་ཚོན་གང་བ་གཅིག་གསལ་བར་བསྒོམ་ལ། དོ་ནུབ་བདག་གིས་རྨི་ལམ་དུ་ཕོ་གང་རྨིས་པ་ཐམས་ཅད་ཧེ་རུ་ཀ་དང༌། མོ་གང་རྨིས་པ་ཐམས་ཅད་རྗེ་བཙུན་མར་བསྒྱུར་དགོས་སྙམ་ལ་ཉལ། ཉིན་པར་ཡང་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ཡི་དམ་ལྷ་ཡབ་ཡུམ་དུ་བསྒྱུར་ཞིང་བསྒོམས་པས་བསྒྱུར་ནུས་གསུངས། རྗེས་ཀྱི་བྱ་བ་འདྲའོ། །ཡ་ང་སྤངས་ཤིང་སྒྱུ་མ་ལྟར་བྱིན་གྱིས་བརླབ་པ་ལ། འདི་ཡང་སྔོན་འགྲོ་འདྲ་བ་ལ། རང་གི་ལུས་འདི་ལ་འབྱུང་བ་བཞི་ཡོད་པས། མགྲིན་པར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཞིག་བསམ། དེ་ལ་ཤེས་པ་མ་ཡེངས་པར་གཏད་ལ། རྨི་ལམ་དུ་བྱུང་བའི་འབྱུང་བཞི་གང་ལ་ཡང་ཉམ་ང་སྤངས་ཏེ་མི་བྱིང་བ་དང་། མི་འཚིག་པ་ལ་སོགས་པའི་འདུན་པས་སོང་བས་ཆོག་སྟེ། ཉིན་པར་ཡང་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་དེ་

p. 289

ཡང་དེའི་འདུན་པ་དང་མ་བྲལ་བར་བྱས་པས་ཡ་ང་སྤངས་ནུས་པ་ཡིན་གསུངས་སོ། །རྗེས་ཀྱི་བྱ་བ་འདྲའོ། །སྒྱུ་མ་ལ་སོགས་པ་སྔར་བྱིན་གྱིས་བརླབས་པའི་འདུན་པས། འདི་ཡང་སྔོན་འགྲོ་འདྲ་བ་ལ། ནུབ་མོ་དང་ཉིན་པར་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་རྨི་ལམ་སྒྱུ་མ་ཡིན། བདེན་པ་ཡང་དག་གི་རང་བཞིན་དུ་གྲུབ་པ་མེད་པས་ཇི་ལྟར་བྱས་ཀྱང་རུང༌། མེ་ཆུ་ལ་སོགས་པ་ལ་ཡ་ང་རྒྱུ་ཅི་ཡོད་སྙམ་པའི་འདུན་པ་དང་མ་བྲལ་བར་ནུབ་མོ་ཉིན་པར་ཁྱད་མེད། དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་མ་བསམ་པར་སྒྱུ་མར་ལམ་ལམ་འཆར་ཞིང༌། གང་འཆར་བ་རྣམས་ཀྱང་ཤུགས་ལ་འཆར་གསུངས་སོ། །རྗེས་ཀྱི་བྱ་བ་འདྲའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། སྨིན་མའི་མཚམས་སུ་རུས་པའི་ཆོས་འབྱུང་གྲུ་གསུམ་པའི་ནང་དུ། ཐིག་ལེ་དམར་པོ་སྲན་རྡོག་ཙམ་ཞིག་ལ་ཤེས་པ་གཏད། ནུབ་མོ་དང་ཉིན་པར་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ཀྱང་རྨི་ལམ་དང་སྒྱུ་མར་ཤེས་པར་བྱའོ། །རྗེས་ཀྱི་བྱ་བ་ཀུན་འདྲའོ། །དེ་ཡང་སྔོན་འགྲོ་འདྲ་བ་ལ། ནུབ་མོའི་རྨི་ལམ་དང་ཉིན་པར་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ཀྱང་འོད་གསལ་སྟོང་པ་ཉིད་ཡིན་ཏེ། སྟོང་པར་སྣང་བའི་དུས་ཉིད་ན་རྨི་ལམ་ལ་སོགས་པའི་དུས་སུ་སྣ་ཚོགས་སུ་སྣང་བས་ཟུང་འཇུག་ཡིན་གསུངས། འདི་ཡང་ཐིག་ལེ་ལ་ཤེས་པ་གཏད། རྗེས་ལ་བསྔོ་བ་སྨོན་ལམ་དང་སྐྱེ་མེད་ཀྱིས་ཟིན་པར་བྱའོ། །དེས་རྨི་ལམ་ཚར་རོ། །
༈ འདི་ནི་འོད་གསལ་ཡིན་ཏེ། སེམས་བསྐྱེད། སྙིང་རྗེ། བླ་མའི་གསོལ་འདེབས། ཡི་དམ་གྱི་ལྷ་བསྒོམ་པ་ལ་སོགས་པ་གོང་དང་འདྲ་བས་མཚམས་བཅད་དེ། ནང་དུ་བརྔུབས་པས་རྩ་གཡས་གཡོན་གཉིས་ནས་མར་རླུང་སྔོ་མེ་རེ་རེ་སོང་ནས་ཁྲག་གི་ཐིག་ལེ་མར་བུས་པས། རྒྱ་སྐག་མེར་བསྲེགས་པ་ལྟར་དམར་སྒ་ར་རའམ་ལྷབ་ལྷབ་བྱེད་པར་བསམ། ཡང་མི་

p. 290

ཐུབ་པའི་དུས་སུ་གཞིལ་བ་དང༌། མདའ་ལྟར་འཕང་བའི་སྦྱོར་བ་བྱ། ཡང་དེ་ལྟ་བུར་བསྒོམ། འདི་ལ་འོག་རླུང་དྲག་ཏུ་ཡར་ལ་ཁུག་པ་བདུན་ཙམ་ནི་འཐེན་ཅིང་བཟུང་ཡང་ངལ་ཨེན་ཙམ་གསོ། ཡང་བརྔུབ། དེ་ལྟར་ཐུན་དང་པོ་བས་ཕྱི་མར་རླུང་བཟུང་བ་མང༌། སྔ་དྲོ་བས་ཕྱི་དྲོ་མང༌། སྔ་ཉིན་བས་ཕྱི་ཉིན་མང་དུ་གཏོང་ཞིང་བསྒོམ། མི་དམིགས་པས་རྒྱས་གདབ་པ་དེས་འགྲེ། རྗེས་ལ་བསྔོ་བ་བྱའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལས་དམིགས་པ་གསང་གནས་ཆོས་འབྱུང་གི་ནང་དུ་ཡི་གེ་ཨ་ཐུང་དམར་པོ་མེའི་རང་བཞིན་ཅན་ལ་ཤེས་པ་གཏད་ནས་རླུང་སྦྱོར་གོང་ལྟར་བྱའོ། །རྗེས་ལ་བསྔོ་སྨོན་སོགས་བྱའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། དམིགས་པ་གོང་གི་ཨ་ཐུང་དེ་བས་ཀྱང་ཚ་བའི་འོད་ཟེར་འཕྲོ་བ་གཅིག་ཏུ་བསམས་ལ། གོང་ལྟར་རླུང་སྦྱོར་བྱས་པས་ཨ་ཐུང་དེ་ལས་མེ་མཚན་ཉིད་དང་ལྡན་པ། དེ་ཡང་ཁ་དོག་དམར་བ། རེག་བྱ་ཚ་བ། རྩེ་མོ་རྣོ་བ། བྱ་བཏང་རྒོད་པ། མདངས་སྣུམ་པ་རྩ་དབུ་མའི་ནང་དུ་ཡར་དམར་འབར་བ་ལ་ཤེས་པ་གཏད། རླུང་སྦྱོར་གོང་ལྟར་བྱ། རྗེས་ལ་བསྔོ་བ་བྱའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། འོག་རླུང་དྲག་ཏུ་འཐེན་མི་དགོས་ཏེ། སྟེང་རླུང་ཁ་སྦྱོར་གྱིས་བཟུང༌། དམིགས་པ་གོང་གི་མཚན་ཉིད་བཞི་ལྡན་པས་དབུ་མའི་ནང་ནས་ཡར་སོར་གཅིག་ཙམ་དུ་འབར་བས་སྤྱི་བོའི་ཧཾ་དྲོས་ཏེ་ཐིག་ལེ་དཀར་པོ་སྲན་རྡོག་ཙམ་ཆད་ནས་མེ་སྟེང་དུ་བབས་པས། ཉམས་བདེ་སྟོང་ཕྲིལ་ལེ་བྱེད་པར་བསྒོམ་ཞིང༌། རླུང་ཁ་སྦྱོར་གོང་ལྟར་བྱ། རྗེས་ལ་བསྔོ་བ་བྱའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། དམིགས་པ་རྩ་དབུ་མའི་ནང་དུ་ཡར་མེ་སོར་བརྒྱད་ཙམ་འབར་བའི་འོད་ཀྱིས་སྤྱི་བོའི་ཧཾ་ཞུ་ཞིང་དྲོས་ནས་ཐིག་ལེ་སྲན་རྡོག་ཙམ་པ་རེ་དཀར་ཕྲི་ལི་ལི་རྩ་དབུ་མའི་ནང་ནས་མི་ཤོང་གིན་མར་བབས་པས་ཀྲོང་གིས་མེ་སྟེང་དུ་བབས་ནས་བདེ་སྟོང་གི་ཉམས་

p. 291

ལྷང་ལྷང་སྐྱེས་པར་བསྒོམ། ཐིག་ལེ་རྣམས་རྩ་དབུ་མའི་ནང་ན་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་དཀར་ཕྲི་ལེ་ཡོད་པར་བསམས་ལ། རླུང་སྦྱོར་བ་བཞི་ལྡན་གྱི་སྒོ་ནས་རླུང་ཐུབ་ཚད་དུ་བཟུང༌། འཇོག་ཙ་ན་མི་དམིགས་པར་བསམ། ཐིག་ལེ་རྣམས་འོད་དུ་ཞུ་ནས་ལུས་ཕྱི་ནང་མེད་པར་བྱང་ཆུབ་སེམས་ཀྱི་ཐིག་ལེས་དཀར་ལམ་གྱིས་གང་བར་བསམ་མོ། །རྗེས་ལ་བསྔོ་བ་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོར་བསླབ་པ་སྟེ། འདི་ཡང་སྔོན་འགྲོ་འདྲ་བ་ལ། རླུང་སྦྱོར་དྲག་ཏུ་བྱས་ལ། དམིགས་པ་ཕྱག་རྒྱ་ཆེན་པོའི་ངང་དུ་གཞག་གོ །རྗེས་ལ་བསྔོ་བ་བྱའོ། །ཁྱད་པར་གྱི་ཙཎྜ་ལཱི་ནི། འདི་ཡང་སྔོན་དུ་འགྲོ་བ་ལ། གསང་གནས་གཉེར་པོ་ཆེའི་ཐད་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་རྗེ་བཙུན་མ་ཐེབ་གང་ཙམ་ཞལ་གཅིག་ཕྱག་གཉིས་མ། ཕྱག་མཚན་ཞབས་ལ་སོགས་པ་ཀུན་དང་མཚུངས། རྒྱན་མེད་པ་མེ་འོད་གཟི་བརྗིད་ཀྱིས་ལུས་ཀྱི་ནང་ཐམས་ཅད་ལ་ཚ་ཆི་ལི་ལི་སོང་བར་བསམ། སྙིང་པདྨ་འདབ་མ་བཞིའམ་བརྒྱད་ཀྱི་དབུས་སུ། ཡི་གེ་ཧཱུྃ་སྔོན་པོ་ལ་ཤེས་པ་གཏད་ཅིང་འོད་གསལ་འཛིན་པའི་འདུན་པ་གཏད་ལ་འོད་གསལ་བཟུང་། ཉིན་པར་ཡང་ཧཱུྃ་ལ་ཤེས་པ་གཏད་ཅིང་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་འོད་གསལ་སྟོང་པ་ཉིད་ཀྱི་འདུན་པ་དང་མ་བྲལ་བར་བྱས་པས་ཟིན་གསུངས། དེས་ཀྱང་མ་ཟིན་ན་ཡང་སྙིང་པདྨ་འདབ་མ་བཞི་པའི་དབུས་སུ་ཐིག་ལེ་སྔོན་པོ་སྲན་རྡོག་ཙམ་གཅིག་ལ་ཤེས་པ་གཏད་ལ་གཉིད་ཀྱི་འོད་གསལ་བཟུང༌། ཉིན་པར་ཡང་དེའི་འདུན་པ་དང་མ་བྲལ་བར་བྱས་པས་ཅིས་ཀྱང་ཟིན་གསུངས། རྗེས་ཀྱི་བྱ་བ་འདྲའོ། །འདི་ཡང་སྔོན་འགྲོ་འདྲ་བ་ལ། གསང་གནས་རྡོ་རྗེའི་རྩ་བར་ཐིག་ལེ་ནག་པོ་སྲན་རྡོག་ཙམ་བསམ། ཡང་ན་རིལ་མ་ཙམ་ཆེ་ཆུང་དམིགས་པ་གང་གསལ་བ་གཅིག་ལ་ཤེས་པ་གཏད་ཅིང༌། སྟེང་འོག་གི་རླུང་

p. 292

ཅུང་ཟད་འཐེན་ནས་གཞོག་གཡས་པ་ས་ལ་ཕབ་སྟེ་ཉལ། ཉིན་པར་ཡང་དེ་ལ་ཤེས་པ་གཏད་ནས་བསྒོམས་པས་ཟིན་གསུངས། རྗེས་ལ་བསྔོ་བ་ལ་སོགས་པ་འདྲ་གསུངས་སོ། །དེ་དག་ནི་འོད་གསལ་ལགས་ཏེ་ཁྲིད་ཀྱི་རིམ་པ་ཚར་ལགས་སོ། །
༈ ན་མོ་གུ་རུ། འདི་ནི་འཕོ་བ་ཡིན་ཏེ། དེ་ཡང་སེམས་བསྐྱེད་དང་ལུས་ཡི་དམ་གྱི་ལྷར་བསྒོམ་པ་དང༌། བླ་མ་བསྒོམས་ནས་མོས་གུས་བྱེད་པ་སོགས་སྔོན་འགྲོ་ཐམས་ཅད་སྔར་དང་འདྲ་བ་ལ། ཁྱད་པར་རང་གི་སྤྱི་བོའི་སྟེང་དུ་ཚངས་བུག་གི་ཐད་ཀྱི་ཆག་གང་སོར་བཞི་ཙམ་གྱི་སྟེང་དུ་ཡི་དམ་གྱི་ལྷ་སྐུ་ཚང་ལ་ཡན་ལག་རགས་པ་རྒྱན་ཆ་ལུགས་དང་ལྡན་པ་གཅིག་གསལ་བར་བསྒོམ་ལ་གསོལ་བ་འདེབས་པ་དང༌། བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་བྱ། དེ་ནས་རང་གི་གསང་གནས་སུ་ཨ་དམར་པོ་གཅིག་བསམ། སྙིང་གར་ཧཱུྃ་སྔོན་པོ་ཞིག་བསམ། ཚངས་བུག་ཏུ་ཀྵ་དཀར་པོ་ཞིག་བསམས་ལ། དེ་ནས་འོག་རླུང་ཡར་འཐེན་པས་གསང་གནས་ཀྱི་ཨ་དང་རྣམ་པར་ཤེས་པ་དབྱེར་མེད་པ་དེ་ཚིགས་གཅིག་གི་སྟེང་དུ་བྱུང༌། ཡང་འོག་རླུང་རེ་རེས་ཕུལ་བས་རིམ་གྱིས་ཚིགས་རེ་རེའི་སྟེང་དུ་འཕོས་པས་སྙིང་གི་ཧཱུྃ་ལ་ཐིམ། ཧཱུྃ་དེ་དང་རྣམ་པར་ཤེས་པ་དེ་ཡང་སྔ་མ་ལྟར་འོག་རླུང་རེ་རེས་འཕུལ་བས་གཉའ་བའི་ཚིགས་དང་པོའི་སྟེང་དུ་འཕོས། དེ་ཡང་འོག་རླུང་གཅིག་གིས་ཕུལ་བས་སྤྱི་བོའི་ཀྵ་ལ་ཐིམ་ཀྵ་དང་རྣམ་པར་ཤེས་པ་དབྱེར་མེད་པ་ཧིཀ་གིས་ཕུལ་བས། རྒྱང་གིས་ཡི་དམ་ལྷ་ཡི་ཐུགས་ཀའི་ས་བོན་ལ་ཐིམ་པས་དགའ་བའི་བདེ་བ་སྐྱེས་པར་བསམ་གསུངས། དེ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཇ་ཡུན་ཐུང་ཙམ་དུ་གསལ་བར་བསྒོམ། དེ་ནས་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་ཀྵ་དང་རྣམ་པར་ཤེས་པ་དབྱེར་མེད་པ་དེ་མར་མེ་ལས་མར་མེ་ཆད་པ་ལྟར་བྱུང་ནས་
མར་ལ་རིམ་གྱིས་བབས་པས་ཚངས་བུག་ཏུ་གནས། ཡང་དེ་ལས་འཕྲོས་ཏེ་ཧཱུྃ་དང་རྣམ་པར་ཤེས་པ་དབྱེར་མེད་པ་དེ་གོང་ལྟར་མར་ལ་བབས་ནས་སྙིང་གར་གནས། ཡང་དེ་ལས་འཕྲོས་ཏེ་ཨ་དང་རྣམ་པར་ཤེས་པ་དབྱེར་མེད་དུ་མར་མེ་ཆད་པ་ལྟར་མར་ལ་བབས་ཏེ་གསང་གནས་སུ་བསྒོམ། མར་ལམ་ཚིགས་པ་ལ་རིམ་གྱིས་དབབ་མི་དགོས། དེ་བཞིན་དུ་ཡང༌། མར་མི་དབབ་པར་ཐུན་རེ་ལ་ཉི་ཤུ་རྩ་གཅིག་རེ་བྱས་ལ། དང་པོ་ལེགས་པར་རྟགས་ཐོན་པར་སྦྱང་ངོ༌། །དེ་ནས་ལས་ལ་སྦྱར་བར་སྔོན་འགྲོ་ལ་སོགས་པ་བྱས་ལ་མར་མི་ཕབ་སྟེ། སྤྱི་བོའི་ཡི་དམ་ལྷ་ལ་འཕོས་ཏེ། ཡི་དམ་གྱི་ཐུགས་ཀར་ཤེས་པ་རྩེ་གཅིག་ཏུ་གཏད་དོ། །དེས་ནི་བདེ་བ་ཅན་ལ་སོགས་པ་གང་འདོད་པའི་ཞིང་དུ་སྐྱེ་བར་ཐེ་ཚོམ་མེད་དོ། །དང་པོ་སྦྱང་དུས་ནི། ཐུན་འཇོག་ཙ་ན་ཡི་དམ་འོག་མིན་དུ་གཤེགས། ཤེས་པ་མར་ཕབ་སྟེ་ཚངས་བུག་ཧཾ་གིས་བཀག་གོ །རྗེས་བསྔོ་བ་དང་སྨོན་ལམ་ལ་སོགས་པ་བྱས་ལ་མི་དམིགས་པས་རྒྱས་གདབ་བོ། །བྱམས་དང་སྙིང་རྗེ་གནད་ཆེའོ། །སྙན་བརྒྱུད་ཐབས་ལམ་ཟབ་མོ་འདི། །ཡི་གེར་བཀོད་པ་སྤྱན་སྔ་པ་འོ།། །།

ཆོས་དྲུག་མུན་པའི་སྒྲོན་མེ་རྡོ་རྗེའི་གླུ་ཆུང་།

p. 293

༄༅། །ཆོས་དྲུག་མུན་པའི་སྒྲོན་མེ་རྡོ་རྗེའི་གླུ་ཆུང་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ། སྐྱབས་མཆོག་གྱུར་དཀོན་མཆོག་གསུམ་པོ་དང༌། །དོན་རྩ་བརྒྱུད་བླ་མ་དམ་པ་དང༌། །མགོན་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེར། །མཆོག་གུས་པའི་ཡིད་ཀྱིས་ཕྱག་འཚལ་འདུད། །འདིར་གཞི་གནས་ལུགས་འགྱུར་བ་མེད་པ་རྒྱུའི་རྒྱུད་དང༌། ཀུན་གཞི་

p. 294

དྲི་བཅས་ལམ་གྱི་རྒྱུད་དང༌། ངར་འཛིན་འཁོར་བའི་སྐྱེ་ཚུལ་དང༌། གཉེན་པོ་ཆོས་ཀྱིས་གཞིལ་ཚུལ་དང༌། དེ་མཐར་ཕྱིན་པ་དྲི་བྲལ་འབྲས་བུའི་རྒྱུད་དང་ལྔ་ལས། །དང་པོ་རྒྱུའི་རྒྱུད་ནི། ཁམས་རང་བཞིན་གྱིས་རྣམ་པར་དག་པ་གདོད་མ་ནས་རྟག་ཅིང་བརྟན་ལ་འགྱུར་བ་མེད་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། ཐམས་ཅད་ལ་ཁྱབ་པ། ཁྱབ་ཀྱང་ཁྱབ་སྣང་མེད་པ། སྐྱེ་འགག་རྟག་ཆད་འགྲོ་འོང་ལ་སོགས་པའི་མཐའ་དང་བྲལ་བ། བྲལ་མ་བྲལ་གྱི་རྩིས་གདབ་གང་གིས་ཀྱང་མ་གོས་པ། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ལ་ཁྱབ་པ། ཁྱབ་ཀྱང་ཁྱབ་བྱ་ཁྱབ་བྱེད་དང་བྲལ་བ། རིགས་དྲུག་ཏུ་གཏོགས་པའི་ལུས་ཅན་ཐམས་ཅད་ལ་གནས་པ། གནས་ཀྱང་སོ་སོའི་སྤྱོད་ཡུལ་གྱིས་མ་གོས་པ། ཐམས་ཅད་ཀྱི་གཞིར་གྱུར་ཅིང༌། ཐམས་ཅད་ཀྱི་སྐྱོན་གྱིས་མ་གོས་པ། བརྗོད་བྱའི་ཚིག་ལས་འདས་པ། རྗོད་བྱེད་ཀྱི་གཞི་རུ་གྱུར་པ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ། གདོད་མ་ནས་ལྷུན་གྱིས་གྲུབ་པ། མ་བཅོས་པའི་ཆོས་ཉིད་ཟེར་བ། གཞི་ཀ་དག་ཆེན་པོ། གཞིའི་གནས་ལུགས་ཆེན་པོ། རང་བཞིན་གྱིས་རྣམ་པར་དག་པ། དབུ་མ་ཆེན་པོ། ཐིག་ལེ་ཉག་གཅིག །བདེ་གཤེགས་སྙིང་པོ་ལ་སོགས་མིང་གི་གདགས་གཞི་མང་པོར་གསུངས་ཀྱང༌། མ་བཅོས་པའི་སེམས་ཉིད་ཐ་སྙད་སྒྲོ་སྐུར་དང་བྲལ་བའི་ཆོས་ཉིད་འདི་ཡིན་པར་གསུངས་ཏེ། མངོན་པ་(རྒྱུད་བླ་ཐོགས་འགྲེལ་)ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དུ་གསུངས། །ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། སྲ་ཞིང་ཁོང་སྟོང་སྙིང་པོ་བརྟན། །དཔྱད་དང་གཞིག་པར་བྱ་བ་མིན། །སྲེག་མེད་

p. 295

དཔྱད་དུ་མེད་པས་ན། །སྟོང་པ་ཉིད་ལ་རྡོ་རྗེར་བཤད། །ཅེས་གསུངས། དགྱེས་རྡོར་ལས། ངོ་བོ་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་པོ་ཡང་མེད། །ཡིད་མེད་ཆོས་ཀྱང་ཡོད་མ་ཡིན། །ཞེས་གསུངས། མགོན་པོ་བྱམས་པའི་ཞལ་ནས། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་ཀུན་ཏུ་དག །གསུངས། མིག་སེར་སྒྲོན་མེའི་རྒྱུད་ལས། སེམས་ཅན་ཀུན་གྱི་དེ་ཉིད་ནི། །གདོད་ནས་ལྷུན་གྲུབ་སྐྱེས་བུ་སྟེ། །གཞི་ལ་དེ་ལྟར་གནས་པ་ནི། །སེམས་ཉིད་རིག་པའི་ངོ་བོ་ཡིན། །ཞེས་གསུངས། ས་ར་ཧ་པའི་ཞལ་ནས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པས། །རྒྱུན་མི་འཆད་པ་གཉུག་མའི་ངང༌། །གདོད་ནས་དག་པའི་རང་བཞིན་ཉིད། །ནམ་མཁས་ནམ་མཁའ་སྦྱོར་བ་མཐོང༌། །གསུངས། ཏཻ་ལོ་པས། སེམས་ནི་ནམ་མཁའི་དཀྱིལ་ལྟར་མཐོང་བ་འགགས་པར་འགྱུར། །གསུངས། རང་བྱུང་རྡོ་རྗེས། གཞི་གནས་རང་བཞིན་རིག་པའི་ངོ་བོ་དང༌། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །གསུངས། འགྲོ་མགོན་ཏི་ཤྲིའི་ཞལ་ནས། གདོད་ནས་རྣམ་དག་སྐྱེ་མེད་ཆོས་ཀྱི་སྐུ། །གསུངས། ཕུག་པ་བས། ལྟ་བ་སྟོང་པའི་ཡེ་ཤེས་ཡིན། །བལྟ་བྱ་ལྟ་བྱེད་ཡུལ་ལས་འདས། །གསུངས། དེ་ལྟ་བུའི་ཆོས་ཉིད་དེ་སྐུ་མཛད་པ་ཕྲིན་ལས་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་རྒྱུའི་རྒྱུད་དོ། །གཉིས་པ་ནི། དེའི་རྩལ་འཛིན་མེད་དུ་རྒྱུག་པའི་སྟེང་དུ་ཀུན་གཞི་ངར་འཛིན་ཆགས་པ་ནི། མངོན་པ་(རྒྱུད་བླ་ཐོགས་འགྲེལ་)ལས། ཐོག་མེད་སྦུབ་ཀྱིས་སྒྲིབ་ཕྱིར་མི་མཐོང་སྟེ། །དཔེར་ན་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །གསུངས། སེམས་ཅན་རྣམས་ནི་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །

p. 296

གསུངས། གསང་བ་སྙིང་པོ་ལས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེ། །སྐྱེས་ཙམ་ཉིད་ལས་སྐྱེ་བ་མེད། །ཅེས་གསུངས། མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་འདི་བརྟེན། །ནམ་མཁའ་གང་ལ་བརྟེན་པའི་དོན་དེ་གསལ་བར་གྱིས། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ཡང་དེ་འདྲར་གསུངས། །ཞེས་དང༌། མགོན་པོ་བྱམས་པས། དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །གསུངས། རང་བྱུང་རྡོ་རྗེས། གཞི་འཛིན་རིག་པ་རྟོག་པ་དུ་མས་སྦགས། །གསུངས། འགྲོ་མགོན་ཏི་ཤྲིས། ཆུ་ཉིད་འཁྱོག་པའི་རྦ་རླབས་བཞིན། །གསུངས། ཕུག་པ་པས། བར་སྣང་སྟོང་པའི་སྨིག་རྒྱུ་བཞིན། །ང་བདག་གཉིས་ཀྱིས་བཅད་རེས་བྱས། །གསུངས། དཔེར་ན་ཆུ་ཡི་སྟེང་དུ་འཁྱགས་རོམ་ཆགས་པའམ། ནམ་མཁའ་སྟོང་པར་སྤྲིན་ཆགས་པ་བཞིན་དུ་རྣམ་བྱང་ཆེན་པོའི་སྟེང་དུ། ཀུན་གཞིའི་ངར་འཛིན་ཆགས་པས་རྩལ་གོང་དུ་རྒྱུག་མ་བཅུག་ནས། ཡོད་མ་མྱོང་བའི་མཐོ་སྲིད་པའི་རྩེ་མོ་མན་ཆད་དང༌། དམའ་དམྱལ་བ་རྡོ་རྗེ་གདན་ཡན་ཆད་ཀྱི་གནས་རྣམས་བཀོད། རིགས་དྲུག་གི་ས་བོན་བསྐྱེད་ནས་སྲིད་པ་གསུམ་གྲུབ་བོ། །གསུམ་པ་ནི། ལྷའི་གནས་སུ་བདེ་གསལ་གྱི་ལོངས་སྤྱོད་ལ་ཡེངས་ནས། འཆི་འཕོ་ལྟུང་བྱེད་ཁམས་གོང་མ་ནས་འོག་མར་ལྟུང་བའི་སྡུག་བསྔལ་སྐྱེད། ལྷ་མ་ཡིན་གྱི་གནས་སུ་ཡུལ་སྣང་བ་སྣ་ཚོགས་རྫས་གང་མཐོང་མཚོན་ཆར་གྱུར་ནས། འཐབ་རྩོད་གསོད་གཅོད་ཀྱི་སྡུག་བསྔལ་སྐྱེད། མིའི་གནས་སུ་བྲེལ་ཕོངས་འཕྲོག་བཅོམ་ལ་སོགས་ཆོག་ཤེས་མེད་པའི་སྡུག་བསྔལ་སྐྱེད། དམྱལ་བའི་གནས་སུ་ཚ་དམྱལ་གྲང་དམྱལ་ཉི་ཚེ་ཉེ་འཁོར་གཉིས་ལ་སོགས་པར་སྡུག་བསྔལ་ཡུན་རིང་དོས་དྲགས་བཙོ་བརྔོ་བསྲེག་གསུམ་བཟོད་པར་དཀའ་བ་དཔག་ཏུ་མེད་པ་

p. 297

སྐྱེད། ཡི་དྭགས་ཀྱི་གནས་སུ་གནས་རིས་སུམ་ཅུ་སོ་བདུན། བཀྲེས་སྐོམ་ཚ་གྲང་དང་ཟས་སྐོམ་ཐམས་ཅད་དགྲར་མཐོང་བ་དང༌། ཁ་དང་མིད་པར་མི་ཐར་བ་དང༌། རྣག་ཁྲག་གི་རྒྱ་མཚོ་དང༌། ལུས་ཕྱི་ནང་འབིགས་པ་ལ་སོགས་པའི་སྡུག་བསྔལ་སྐྱེད། དུད་འགྲོའི་གནས་སུ་ཕྱིའི་རྒྱ་མཚོར་ཆང་དྭངས་མའི་སྦང་མ་ཙམ་དང༌། གླིང་བར་རྣམས་སུ་ཉི་ཟླ་མིག་གིས་མི་མཐོང་བ་དང༌། རྐང་ལག་བརྐྱང་བསྐུམ་མི་རིག་པ་དང༌། གཅིག་གིས་གཅིག་ཟ་བ་དང༌། མི་ལ་འཁོར་བ་རྣམས་ཀྱང༌བཞོ་འགེལ་བལ་ཤེ་བེད་སྤྱད་པའི་མཐར་སྲོག་གཅོད་པའི་སྡུག་བསྔལ་སྐྱེད། དེ་ལྟར་སོ་སོ་ནས་དུག་ལྔ་དུག་གསུམ། སེམས་བྱུང་ལྔ་བཅུ་རྩ་གཅིག །འཁྲུལ་རྟོག་བརྒྱད་ཅུ་ལ་སོགས་ཤེས་བྱའི་གྲངས་དང་མཉམ་པའི་སྡུག་བསྔལ་རྣམས་སྐྱེད་དེ། ལུས་བླངས་ནས་དེ་དག་སྤྱོད། འཁོར་བ་ཟོ་ཆུན་འཁྱུད་མོ་འདྲ་བ་ལས་བྱུང་བ་ལམ་འཁྲུལ་པའི་བྱུང་ཚུལ་ཏེ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་འབྱུང་ལས་བྱུང་བ་འཁོར་བའི་སྐྱེ་ཚུལ་ལོ། །བཞི་པ་ནི། དེ་ལས་ལྡོག་བྱེད་གཉེན་པོ་ཆོས་ཀྱི་རིམ་པ་ནི། སྟོན་པས་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བཅུག །སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པ་རྣམས་ཕོག །ཆོས་ཀྱི་ཕན་ཡོན་དང་ངེས་ཤེས་རྣམས་བསྐྱེད་ནས་དྲང་དོན་གྱི་ཆོས་དར་བར་བྱས། མཚན་ཉིད་མེད་པ་བཀའ་བར་པའི་ཆོས་འཁོར་བསྐོར་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མར་གཏན་ལ་ཕབ། སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་སྒྲུབ་པའི་ས་བོན་བཏབ། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐྱ་བར་དུ་བཅུག་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་དངོས་སུ་བསྒྲུབས།

p. 298

སེམས་ཅན་གྱི་དོན་དུ་དགེ་བཅུའི་ཆོས་དཔག་ཏུ་མེད་པར་དར་བར་བྱས། འབྲས་བུ་བཀའ་ཐ་མའི་ཆོས་ཀྱི་འཁོར་ལོ་བསྐོར་བས་སྣོད་ཐམས་ཅད་གཞལ་ཡས་ཁང༌། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད། སྣང་བ་ཐམས་ཅད་ཞིང་ཁམས་སུ་ངོ་སྤྲད་ནས་ངེས་དོན་སྣ་ཚོགས་ཀྱིས་སྐུ་བཞི་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པར་བྱས། སྤྱིར་པཎྚི་ཏ་ཡིས་ཆོས་ཐམས་ཅད་ལ། དུག་གསུམ་ལ་བྱམས་སྙིང་རྗེ། མི་སྡུག་པ། ཆོས་ཀྱི་གཞི་བཀྲལ་ཏེ་གཉེན་པོ་གསུམ་གྱིས་ལམ་དུ་ཁྱེར་བར་གསུངས། ནང་ཀུ་སཱ་ལིའི་ཆོས་ཐམས་ཅད་ལ། དུག་གསུམ་ལམ་དུ་ཁྱེར་ནས། བདེ་གསལ་མི་རྟོག་པ་གསུམ་ལ་ལམ་བྱས་ནས་གཞི་ཐོག་ཏུ་སྐྱེལ་བ་ནི། གཉེན་པོ་མེད་པར་ཡུལ་ཐམས་ཅད་ལམ་དུ་ཁྱེར་བར་གསུངས། དྭགས་པོ་ཡབ་སྲས་ཀྱི་ཞུས་ལན་ལས། ཆོས་ལ་གང་ཟབ་ཞུས་པར། ཇོ་བོ་རྗེའི་ལུགས་ཀྱི་འཆི་བ་མི་རྟག་པ་ཟབ་གསུངས། གང་ཟག་ཁ་ཅིག་གིས་སྟོང་པ་ཉིད་མེད་ན་མི་འགྲུབ་གསུངས། རྗེ་བཙུན་མི་ལས་གཏུམ་མོ་ཟབ་གསུངས། ལ་ལས་བསྐྱེད་རིམ་ཁོ་ན་ཟབ་གསུངས། ལར་ཚུར་བསྡུ་ན། ཁོང་སོ་སོས་རང་གི་ཆོས་ལ་ངེས་ཤེས་དང་རྟགས་གང་ཐོན་པ་དེ་ཟབ་གསུངས། ངའི་ལུགས་ཀྱི་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་སྒོམ་པ་བོགས་ཆེ་གསུངས། ན་སོ་གཞོན་པ་ཐམས་ཅད་ཀྱིས་དང་པོ་ཆོས་དྲུག་བསྒོམས་ནས་རྩ་རླུང་འདེབས་པའི་དུས་ཕྱག་རྒྱ་ཆེན་པོ་འདེབས་པ་བོགས་ཆེ་གསུངས། ན་སོ་རྒན་པ་རྣམས་ཀྱིས་འབྱུང་བཞིས་མི་ཆུན་པས་ཕྱག་རྒྱ་ཆེན་པོ་འཁྲིད་པ་བོགས་ཆེ་གསུངས། དེ་བས་བཀའ་བརྒྱུད་འདིའི་ལུགས་ཀྱི་ཆོས་དྲུག་དང་ཕྱག་རྒྱ་ཆེན་པོ་གང་བསྒོམས་ཀྱང་མ་སྨིན་པ་སྨིན་པར་བྱེད་པའི་དབང་སྔོན་དུ་སོང་ནས། ད་མ་གྲོལ་བ་གྲོལ་བར་བྱེད་པ་ལམ་བསྐྱེད་རྫོགས་གཉིས་ལས། རྒྱ་གར་གྱི་གྲུབ་ཐོབ་ཕལ་ཆེ་བ་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་བསྐྱེད་རིམ་

p. 299

བསྒོམས་ནས་རྫོགས་རིམ་གྱིས་རྒྱས་གདབ། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་བསྐྱེད་རིམ་ལ་བརྟན་པ་ནམ་ཐོབ་པའི་དུས་སུ་རྫོགས་རིམ་གྱིས་རྒྱས་གདབ། རྗེ་བཙུན་ཆེན་པོ་ནཱ་རོ་པས་ཐུན་སྟོད་ལ་བསྐྱེད་རིམ་བསྒོམས་ནས་ཐུན་སྨད་ལ་རྫོགས་རིམ་གྱིས་རྒྱས་གདབ་པ་ནི། རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པ་དང་མཐུན་པར་སྟོན་པ་ཡིན་གསུངས། དེ་ལྟར་ཆོས་གཉིས་པོ་གང་བསྒོམས་ཀྱང༌། སྔོན་འགྲོ་དང༌། དངོས་གཞི། རྗེས་ཏེ་རྣམ་པ་གསུམ་འབྱུང་བ་ལས། དང་པོ་སྔོན་འགྲོ་ལ་ཡན་ལག་བཞི་སྦྱོར་གྱི་ཆོ་ག་འབྱུང་བ་ལས། དང་པོ་ཡི་གེ་བརྒྱ་པ་ལ་བརྟེན་ནས་སྒྲིབ་པ་སྦྱང་བ་ནི། རང་ཐ་མལ་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་རྫོགས་པར་བསྒོམ། ཐུགས་ཀའི་ཧཱུྃ་གི་མཐའ་མར་སྙིང་པོ་དང་ཉེ་སྙིང་དང༌། རྩ་སྔགས་ཡི་གེ་བརྒྱ་པ་རྣམས་གཡས་ཕྱོགས་སུ་འཁོར་བ་ལ་བརྟེན་ནས་བདུད་རྩི་བབས་ཏེ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསམ། ཐུན་འཇོག་པའི་དུས་སུ་དག་པ་གནང་ནས་རང་ལ་བསྟིམ། རྟགས་མ་བྱུང་བར་དུ་བྱ། རྗེ་བཙུན་མི་ལའི་ཞལ་ནས། སེངྒེ་དཀར་མོའི་འོ་མ་དེ། །གསེར་སྐྱོགས་དངུལ་སྐྱོགས་དག་ཏུ་མཛེས། །གསུངས། དེ་ནས་ཚོགས་བསགས་པའི་ཡན་ལག་ཏུ་ཟང་ཟིང་གི་དངོས་པོ་བདོག་ཚད་ཆོས་ཕྱོགས་སུ་འགྲོ་བར་བྱ། བདོག་པ་ཆུང་བ་རྣམས་ལུས་སྦྱིན་དང་མཎྜལ་ལ་བརྟེན་ནས་ཚོགས་གསོག་པར་བྱེད། ལུས་སྦྱིན་ནི་ཀུ་སཱ་ལིའི་གཅོད་ལྟར་བྱེད། མཎྜལ་ལ་མཆོད་པའི་མཎྜལ་དང་སྒྲུབ་པའི་མཎྜལ་གཉིས་ལས། དང་པོ་མཆོད་པའི་མཎྜལ་ནི། གསེར་དངུལ་ལ་སོགས་རྒྱ་ཆེ་ལ་དཔངས་མཐོ་བ་གང་ཡིན་པ་དེ། ལག་གཡོན་པའི་མཐེབ་སྲིན་གྱི་བར་དུ་བཟུང་ལ། སྒྲུབ་པའི་མཎྜལ་ནི། མདུན་གྱི་ནམ་མཁར་གྱད་སེངྒེ་པད་ཟླའི་སྟེང་དུ་རྩ་བའི་བླ་

p. 300

མ་རྡོ་རྗེ་འཆང་དང་ཐ་དད་མེད་པར་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བར་བསྐྱེད། མདུན་དུ་ཡི་དམ་དཀོན་མཆོག །གཡས་སུ་སངས་རྒྱས་དཀོན་མཆོག །རྒྱབ་ཏུ་དམ་ཆོས་དཀོན་མཆོག །གཡོན་དུ་དགེ་འདུན་དཀོན་མཆོག །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཕུང་པོ་གཏིབ་པ་ལྟ་བུར་དམིགས་ནས་མཐའ་ཡས་སེམས་ཅན་མ་ལུས་ལ་སོགས་པས་འབུལ། འཇོག་པའི་དུས་སུ་སྙིང་གར་ཐལ་མོ་སྦྱར་ལ། བླ་མ་རྗེ་བཙུན་དམ་པ་རྣམས་དང་ཡི་དམ་གྱི་ལྷ་འཕགས་པ་དཀོན་མཆོག་གསུམ་ལ་བདག་གི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཚེ་དང་བསོད་ནམས་ཐམས་ཅད་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བླ་མ་རྗེ་བཙུན་དམ་པ་རྣམས་དང་ཡི་དམ་གྱི་ལྷ་འཕགས་པ་དཀོན་མཆོག་གསུམ་པོས་བདག་ལ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་མདུན་བསྐྱེད་རང་ལ་བསྟིམ། རྟགས་མ་བྱུང་གི་བར་དུ་བྱ། བླ་མ་འཕགས་པའི་ཞལ་ནས། ལར་རྒྱུ་ཚོགས་གཉིས་བསགས་པའི་འབྲས་བུ་ཡིན་གསུངས། དེ་ནས་འཆི་བ་མི་རྟག་པ་དང་བྱམས་སྙིང་རྗེ་བསྒོམ་པ་ནི། རྗེ་བཙུན་གྱི་ཞལ་ནས། བདག་སྙིང་རྗེ་གཏིང་ནས་སྐྱེས་ཙ་ན། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མེ་འོབས་ནང་དུ་ཚུད་པ་འདྲ། །གསུངས། དེ་བཞིན་དུ་ཐམས་ཅད་ཀྱིས་རང་བདེ་འདོད་ཀྱི་བསམ་པས་གཞན་ཐམས་ཅད་ཕུང་ནས། བླ་མ་དང་ཆོས་པ་རྣམས་ཀྱིས་ཀྱང་མི་ཆོས་དང་ལྷ་ཆོས་གཉིས་ཀ་བསྒྲུབས་ནས། གཞན་དོན་ཐུགས་བསྐྱེད་མཛད་སྐད་བྱས་ཏེ། དཀོར་དང་རྫས་འོང་ཐབས་དང་འཕྲོག་བཅོམ་ལ་སོགས་རང་ལ་གང་ཕན་གྱི་བྱ་བ་བསྒྲུབས་ནས་མི་མགོ་རང་མགོ་གཉིས་ཀ་གཡོགས། མི་དཔོན་དང་མི་སྡེ་རྣམས་ཀྱིས་ཀྱང་རང་ལ་ཡོད་པ་བཞག་ནས། གཞན་མི་སྡེ་ཐམས་ཅད་ལ་རྒྱགས་པས། དམན་དང་

p. 301

མཉམ་པ་ཐམས་ཅད་ལ་ཁྲལ་འུ་ཐམས་ཅད་དང༌། འཕྲོག་བཅོམ་རྣམས་བྱེད་ནས་རང་ཕན་སྣ་ཚོགས་སྒྲུབ། ཆོས་པ་རྣམས་ཀྱིས་ཀྱང་ང་ལ་ཆོས་བྱེད་མི་བཅུག་སྟེ་ཟེར་ནས་རྔན་བཞིན་ཡོན་བདག་རྣམས་ཀྱི་ཁ་ཡབ་སྣ་ཡབ་ཐམས་ཅད་ལེན་ནས་འབྲི་འདོན་ཀློག་གསུམ། བུམ་པ་ཆུ་གཏོར། ནས་འགྱེད་ལ་སོགས་པ་དལ་ལ་མ་སྨིན་པའི་ཆོས་མི་ཁ་ཆོད་པ་མང་པོ་བྱས་ཀྱང༌། ལན་དང་རྣམ་སྨིན་ལ་མི་རེ་བར་བྱམས་དང་སྙིང་རྗེར་འབྲེལ་བའི་ཆོས་པ་ནི་དཀོན་པར་གདའ། སྡིག་པའི་ཆོས་ནི་ཕ་མ་བསོད་པ་ཡན། མཚམས་མེད་པ་ལྔ་ལ་སོགས་པ་མི་དགེ་སྣ་ཚོགས་སྤྱོད་པ། གཅིག་གིས་གཅིག་ཟས་ནོར་འཕྲོག །གཅིག་གིས་གཅིག་གསོད། བཞོ་འབལ་དེད་བཀོལ་སྤྱོད་པའི་དུད་འགྲོ་རྣམས་ཀྱང་བཤའ་ནས་ཟ་བ་ལ་སོགས་པ་ངན་སོང་གསུམ་དུ་འགྲོ་བའི་ལས་སྣ་ཚོགས་སྤྱད་ནས། རང་བདེ་འདོད་པས་འཁོར་བ་ཟོ་ཆུན་འཁྱུད་མོར་འཁོར་བའི་སེམས་ཅན་རྣམས་སྙིང་རེ་རྗེ། དེས་ན་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དཔག་ཏུ་མེད་པ་བསྐྱེད་པ་གལ་ཆེ་བར་གདའ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་དང༌། ཞི་བ་ལྷའི་ཞལ་ནས། མང་དུ་སྨྲ་དག་ཅི་ཞིག་བྱ། །ཐུབ་པས་གཞན་དོན་བྱས་པ་དང་། །བྱིས་པས་རང་དོན་བྱེད་པ་ཡི། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །གསུངས། དེ་ནས་བླ་མའི་རྣལ་འབྱོར་བསྒོམ་པ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་དང༌། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་བཙལ་ཡང་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་ལས་བྱུང༌། །ཞེས་དང་། ཡོན་ཏན་ཀུན་གྱི་གཏེར་མཛོད་བླ་མ་ཡིན། །ཞེས་གསུངས། དེ་ནས་བླ་མའི་རྣལ་འབྱོར་གྱི་ཡན་ལག་ཏུ་སྐྱབས་འགྲོ་

p. 302

སེམས་བསྐྱེད་བྱ། ལུས་ཀྱི་འཁྲུལ་འཁོར་རྟེན་འབྲེལ་འཛོམས་པའི་གནད། །ཅེས་གསུངས་པས། ནཱ་རོའི་ཆོས་དྲུག་གི་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པར་དགོས་ཏེ། རྐང་གཉིས་སྐྱིལ་ཀྲུང༌། ལག་གཉིས་མཉམ་བཞག །སྒལ་ཚིགས་དོང་ཙེ་ལྟར་བརྩེགས། དཔུང་པ་རྒོད་གཤོག་ལྟར་བརྒྱངས། དང་ཀ་སེངྒེ་ལྟར་འགྱིང༌། མགྲིན་པ་རྨ་བྱ་ལྟར་དགུག །ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་དབབ་པ་ལ་སོགས་པའི་འཁྲུལ་འཁོར་དམ་པོར་བཅའ། དེ་ནས་སྐད་ཅིག་དྲན་རྫོགས་སུ། །སྐུ་ནི་ཡོངས་རྫོགས་འཆར་བའི་གནད། །ཅེས་པས། དབུགས་འཁོར་གཅིག་གི་སྟེང་དུ་ཡི་དམ་གྱི་ལྷ་གང་ཡིན་པ་དེ་གསལ་གདབ་སྟེ། ཕྱི་ན་ཀོ་བ་དང་རལ་རིལ་མེད་ཅིང༌། ནང་ན་རྒྱུ་ལོང་དང་ཉལ་ཉིལ་མེད་པ། སྣང་བཞིན་དུ་སྟོང་ལ། སྟོང་བཞིན་དུ་སྣང་བ་བར་སྣང་གི་འཇའ་ལྟ་བུར་སྒོམ་པའི་སྙིང་གའི་དབུས་སུ་གྱད་སེངྒེ་པདྨ་ཟླ་བའི་གདན་གྱི་སྟེང་དུ་རྡོ་རྗེ་འཆང་ཆེན་པོ་དང་ཐ་དད་མེད་པ། རྩ་བའི་བླ་མ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ། སྐུ་གཟི་བརྗིད། ཞལ་འཛུམ་བག །ཐུགས་ཆོས་ཉིད་དང་ལྡན་པར་བསྒོམ། སྤྱི་བོར་ཁྲུ་གང་ངམ་ཚོན་གང་གི་ས་ན་གྱད་སེངྒེ་པད་ཟླའི་སྟེང་དུ་སྙིང་གའི་བླ་མ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ཆེན་པོ་བསྐྱེད། རྩ་དབུ་མའི་རྒྱུད་ལ་པད་རྐྱང་རེ་རེའི་སྟེང་དུ་ཏཻ་ལོ་ནཱ་རོ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་མུ་ཏིག་བསྟར་ལ་སྦྲེལ་བ་ལྟ་བུར་བསྒོམ། ཞེ་རུས་པའི་གདིང་ནས་སྐྱབས་འགྲོ་ཡན་ལག་བདུན་པ་ལ་སོགས་པ་མོས་གུས་གསོལ་འདེབས་ཚད་མེད་པར་བྱ། བྱིན་རླབས་ཀྱི་སྤྲོ་བསྡུ་བྱེད། བརྒྱུད་པའི་བླ་མ་རྣམས་སྙིང་གའི་བླ་མ་ལ་བསྡུ། དེ་ལ་མོས་གུས་བྱས་པས་འཇའ་ཡལ་བ་བཞིན་དུ་གྱུར་ནས། བླ་མའི་ཐུགས་རྒྱུད་དྲི་མ་མེད་པ་དང༌། རང་གི་སེམས་རྒྱུད་གཉིས་བསྲེས་ལ་ཆོས་གང་ཡིན་པ་དེ་ལ་

p. 303

འཇུག །བླ་མ་བསྒོམས་པས་བྱིན་རླབས་འཇུག་པའི་གནད། །ཅེས་དང༌། སྡུད་པ་ལས། བླ་མ་མཁས་པ་རྣམས་ནི་རྟག་ཏུ་བསྟེན་པར་བྱ། །གསུངས། ལྔ་པ་ལམ་འབྲས་དབྱེར་མེད་ལ། དང་པོ་ཆོས་དྲུག་གི་གདམས་ངག་ནི། རྗེ་བཙུན་ནཱ་རོ་པས། ཤར་ཕྱོགས་ངོས་སུ་ཏཻ་ལོ་པའི། །ཞལ་གྱི་གདམས་པ་མནོས་པས་ན། །དངོས་པོའི་གནས་ཐབས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །གསུངས། དེ་ལ་ལུས་དངོས་པོའི་གནས་ཐབས་ནི། ལུས་ནི་བྱང་ཆུབ་རྣམ་ལྔ་དང༌། །རྩ་དང་རླུང་དང་ཐིག་ལེ་དང༌། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་བསྟན་པའོ། །གསུངས། སེམས་དངོས་པོའི་གནས་ཐབས་ནི། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །གསུངས། དེ་ལ་གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་སྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་རྣམས་ཉམས་སུ་ལེན་པ་ལ་སྤྱིའི་སྔོན་འགྲོ་གོང་དུ་སོང་ནས། ཆོས་དྲུག་རང་གི་སྔོན་འགྲོ་ལ། མ་དག་པ་སྒྱུ་ལུས་ཀྱི་སྟོང་ར་སྦྱང་བ། དག་པ་ལྷའི་སྟོང་ར་སྦྱང་བ། རྩ་སྦྱང་བ། རླུང་སྦྱང་བ། ཐིག་ལེ་སྦྱང་བ། རྩ་མཚན་ཉིད་བཞི་ལྡན། རླུང་མཚན་ཉིད་བཞི་ལྡན། ཐིག་ལེ་མཚན་ཉིད་བཞི་ལྡན། དངོས་གཞི་ལ། གཏུམ་མོ་མ་ཟིན་པ་ཟིན་པ། ཟིན་པ་བརྟན་པ། བརྟན་པ་བོགས་དབྱུང་བ། སྒྱུ་ལུས་མ་ཟིན་པ་ཟིན་པ། ཟིན་པ་བརྟན་པ། བརྟན་པ་བོགས་དབྱུང་བ། རྨི་ལམ་མ་ཟིན་པ་ཟིན་པ། ཟིན་པ་བརྟན་པ། བརྟན་པ་བོགས་དབྱུང་བ། འོད་གསལ་མ་ཟིན་པ་ཟིན་པ། ཟིན་པ་བརྟན་པ། བརྟན་པ་བོགས་དབྱུང་བ་སྟེ། དངོས་གཞིའི་ཆོས་བཞི་པོ་འདི་ལ། གང་ཟག་སེམས་ཅན་བརྩོན་འགྲུས་ཆེན་པོ་

p. 304

དང་ལྡན་པས་ཚེ་འདི་བློས་བཏང་ནས་བསྒྲུབ་ན་རྡོ་རྗེ་འཆང་འགྲུབ་གསུངས། འདིར་སེམས་དབང་དུ་མ་འདུས་ན་འཕོ་བས་མཚམས་སྦྱོར། བར་དོ་གཏན་ལ་ཕེབས་ན་འགྲུབ་གསུངས་པས། ཁྲིད་ཡིག་རྒྱས་པ་རྣམས་ཀྱི་ནང་དུ་གསུངས་པ་ལྟར་ཉམས་སུ་ལེན་དགོས་པ་ཡིན། བདག་ཀྱང་ཁས་ཉེན་དུ་གྱུར་པས་མིས་དངགས་དམག་གི་དཔེ་བཞིན་སོང་ནས་འབུག་ཤུབ་ཁབ་ཀྱིས་མ་འཚང་ནས། བཙན་པོ་རྣམས་ཀྱི་ངོ་སྲུང་དགོས་པ་རེད། དེ་བས་གཞན་གྱིས་བསྐུལ་ནས་གསང་སྔགས་ཀྱི་ཆོས་ལ་རས་ཆོད་དང་ངོ་སྲུང་གིས་བརྗེད་བྱང་ཡི་གེར་བྲིས་པ་ནི། ཐུན་མཚམས་ཐམས་ཅད་ཀྱི་གོང་དུ་བླ་མའི་རྣལ་འབྱོར་བསྒོམ། མ་དག་པའི་སྒྱུ་ལུས་ཀྱི་སྟོང་ར་བསྒོམ་པ་ནི། ལུས་འཁྲུལ་ཟོམ་ཞབས་ཕུད་པའམ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཁང་སྟོང་ནང་ལ་ཟླ་བ་ཤར་བ་འདྲ་བའི་སྟོང་སང་ངེ་བ། རྩ་ཐམས་ཅད་ལ་ཤར་བ་གྲོ་སོག་གི་ཕུང་པོ་བཞིན་ངང་སང་ངེ་བ་ཞག་གསུམ་བསྒོམ། དག་པ་ལྷའི་སྟོང་ར་ནི། ལྷའི་སྐུ་སྟོང་སང་ངེ་བ། རྩ་ཐམས་ཅད་འཇའ་ཆུ་ལ་ཟུག་པ་ལྟ་བུའམ། སྟོང་སྐུད་སྔོ་དམར་བྲིས་པ་བཞིན་དུ་ས་ལེ་བ་ཞག་གསུམ་བསྒོམ། རྩ་སྦྱང་བ་ནི། གང་ཟག་གི་བཞེད་ཚུལ་མང་ཡང༌། ནཱ་རོ་པས། གདུགས་དང་གདུགས་འདེགས་ཀྱི་ཚུལ་དུ་བཞེད་གསུངས། རྡོ་རྗེའི་ལུས་ལ་རྩ་གྲངས་སྟོང་ཕྲག་བདུན་ཅུ་རྩ་གཉིས། སྤྱིར་རྩ་བྱེ་བ་ཕྱེད་བཞི་སོགས་བ་སྤུའི་ཁུང་དང་མཉམ་པར་ཡོད་གསུངས། ལུས་དྲྭ་བར་འབྲེལ་བ་དང། རྩ་དྲྭ་བར་འབྲེལ་བ་ཡིན་གསུངས། དེ་ལ་རྩ་གསུམ་འཁོར་ལོ་བཞི་རུ་བསྒོམ་པ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་ཁང་སྟོང་ནང་ན་ཀ་བ་བཙུགས་པ་འདྲ་བ། རོ་རྐྱང་གཉིས་གཡས་གཡོན་གཉིས་སུ་དྲང་ཐ་ལེར་ཡོད་པ། ལྟེ་བའི་འོག་སོར་བཞི་ནས་དབུ་མའི་ནང་དུ་ཆུད་པ་དབུས་སྔོ། གཡས་དམར། གཡོན་དཀར་བ་གསུངས་ཀྱང༌། གསུམ་གར་དཀར་བ་གསལ་བ་དྲང་བ་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། འཁོར་ལོ་བཞི་ལས་ལྟེ་

p. 305

བའི་རྩ་འདབ་མ་དྲུག་ཅུ་རྩ་བཞི། སྙིང་གར་བརྒྱད། མགྲིན་པར་བཅུ་དྲུག །སྤྱི་བོར་སུམ་ཅུ་རྩ་གཉིས་ལ་སོགས་པ་རྩ་ཐམས་ཅད་དྲང་ཐལ་ལེ། སྟོང་སང་ངེ་བ་ཞག་གསུམ་བསྒོམ། རླུང་སྦྱང་བ་ནི། རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་དང་བཅུ་སྦྱང་བ་སྟེ། རྔུབ་དང་དགང་དང་གཞིལ་བ་སྟེ། །མདའ་ལྟར་འཕང་བ་རྣམ་བཞིའོ། །དེ་ལ་དང་པོ་རླུང་ཐེངས་གསུམ་བུས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱངས་ནས། རླུང་དལ་ལ་རིང་བ་གཅིག་སྣ་གཉིས་ནས་མིད་པས་ལུག་རྫུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར་སྔོ་ཏར་རེ་སོང་བ་ནས་རྩ་གསུམ་གྱི་འདུས་མདོ་ལ་ཅི་ཐུབ་བཟུང༌། མི་ཐུབ་པའི་དུས་དབུ་མའི་བརྒྱུད་ནས་སྔོ་ཕྱུར་རེ་སོང་བར་བསམ་ནས་སང་ངེར་བཏང༌། ཡང་བརྔུབ་ནས་འཛིན་པ་སྔར་བཞིན་དུ་བྱ། དེ་ལ་དང་པོ་ཉུང་ངུ་ལ་སྦྱང་། དེ་ནས་ཇེ་མང་བརྒྱ་ཡན་ཆད་ཐབས་ལམ་གཟབ་ནས་ཞག་གསུམ་ལ་བསྒོམ། ཐིག་ལེ་སྦྱང་བ་ནི། དབུ་མའི་ཡར་སྣ་དཔྲལ་བར་རྩ་གནས་གྲུ་གསུམ་གྱི་ནང་དུ་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་གསལ་བ། སྣུམ་ལ་འདྲིལ་བ་དེར་རླུང་འཛིན་ལ་སེམས་གཏད། མི་ཐུབ་ཙམ་ན་ཐིག་ལེ་སེང་སྒྲ་དང་བཅས་པས་སྤྱི་བོའི་འཁོར་ལོ་ལ་འདྲིལ་བར་བསྒོམ། དེར་སྔར་བཞིན་བཟུང༌། དེ་བཞིན་དུ་དབུ་མའི་བརྒྱུད་དུ་འདྲིལ་བས་སྙིང་ག་ལྟེ་བ་གསང་གནས་ཀྱི་རྩ་བ་རྐེད་པ་རྩེ་མོ་ལ་སོགས་སུ་རླུང་དང་བསྟུན་ནས་ཐུན་རེ་ལ་བརྒྱ་ཡན་ཆད་ཞག་གསུམ་ལ་བསྒོམ། འཇོག་དུས་དཔྲལ་བར་འཇོག །དེ་རྣམས་ནི་སྔོན་འགྲོའོ། །
༈ དེ་ནས་དངོས་གཞི་གཏུམ་མོ་སྒོམ་པ་ནི། རྩ་གསུམ་གྱི་འདུས་མདོར་ཨ་ཐུང་གི་ངོ་བོ་ཐིག་ལེ་དམར་པོ་སྲན་མ་འབྲིང་པོ་ཙམ་མེ་སྟག་གི་རྣམ་པ་གཅིག་བསྒོམ། རླུང་སྔར་བཞིན་བཟུང་ནས་གཡས་གཡོན་ནས་ཐིག་ལེ་ལ་བརྒྱབ་པས་ལྕགས་སྲེག་ལ་ཕུས་བཏབ་པ་བཞིན་

p. 306

དུ་དམར་ཝལ་ཝལ་ཞག་གསུམ་བསྒོམ། མ་ཟིན་པ་ཟིན་པའི་གདམས་ངག་གོ །དེ་ནས་སྔར་བཞིན་བསྒོམས་པས་རླུང་གིས་ཐིག་ལེ་བསྐྱོད་ནས་མེ་ཁ་དོག་དམར་བ། རེག་བྱ་ཚ་བ། བྱ་བཏང་རྒོད་པ། རྩེ་མོ་རྣོ་བ་སོར་གང་ཙམ་ཞག་གསུམ་བསྒོམ། སོར་གསུམ། སོར་ལྔ། སོར་བདུན་བར་དུ་ཞག་གསུམ་རེ་བསྒོམ། རླུང་བྱང་ནས་བདེ་བའི་དུས་སུ་བུམ་པ་ཅན་གྱི་སྦྱོར་བ་བྱ། ཟིན་པ་བརྟན་པའི་གདམས་ངག་གོ །ཡང་ཐིག་ལེ་སྔར་བཞིན་རླུང་གིས་བསྐྱོད་ནས་དབུ་མའི་བརྒྱུད་དུ་ཡར་སོར་བརྒྱད་འབར་བས་སྤྱི་བོའི་ཧཾ་ལ་ཕོག་པས། ཐིག་ལེ་དཀར་ལ་སྣུམ་པ་སྲན་མ་ཙམ་ཞིག་ཆད་ནས་མེ་ཐོག་ཏུ་ཕོག་པས། བདེ་དྲོད་ཆེར་འབར་བས་ལྟེ་བ་མན་ཆད་མེས་གང་བ་ཞག་གསུམ་བསྒོམ། དེ་ཐིགས་པ་རེ་དང་སྦྱར་ནས་སྙིང་ག །མགྲིན་པ། སྤྱི་བོ་མན་ཆད་ཞག་གསུམ་རེ་བསྒོམ་པ་ནི་བརྟན་པ་བོགས་དབྱུང་བའི་གདམས་ངག་སྟེ་གཏུམ་མོའི་སྒྲིག་རིམ་རྣམས་ཚ་གྲང་གི་ཚད་དང་སྦྱར་ནས་ཚ་བ་ཤས་ཆེ་ན་ཐིག་ལེ་ཆེར་བསྐྱེད། གྲང་བ་ཤས་ཆེ་ན་གཏུམ་མོ་ཆེར་བསྐྱེད། གང་ཟག་གི་ཁམས་དབང་པོ་དང་བསྟུན་ནས་བརྩོན་པ་གལ་ཆེ། འཁྲུལ་འཁོར་ཡང་རླུང་དང་བསྟུན་ནས་བཏོན་པ་ཡིན་ནོ། །གཏུམ་མོ་སེམས་ཀྱི་ངོ་བོ་དེ། །རྣམ་ཤེས་རླུང་གི་རྟ་ལ་བསྐྱོན། །འཁྲུལ་འཁོར་སྒྱོགས་ཀྱི་ལྕག་གིས་བྲབ། །རྩ་དབུ་མའི་ཐང་ལ་ཁ་ཡན་གློད། །ཨེ་མ་ཡ་མཚན་མི་ཆེའམ། །
༈ སྒྱུ་ལུས་ཉམས་སུ་ལེན་པ་ནི། གཏུམ་མོའི་དུས་སུ་སེམས་རིག་ཐོག་ཏུ་བརྟན་པ་མ་ཐོབ་ནས་ཡུལ་ཐོག་ཏུ་འབྱམས་ཤོར་བས། མིག་གིས་གཟུགས་བཟུང་བ་ལ་སོགས་པ་དབང་པོ་དྲུག་གི་ཡུལ་དུ་དབང་ཤེས་རྣམས་སྐྱེས་པའི་དུས་སུ་སྒྱུ་མའི་དཔེ་བརྒྱད་དང་སྦྱར་ནས། སྣང་སྟོང་འཛིན་མེད་དུ་ཉམས་སུ་ལེན་པ་ནི་མ་ཟིན་པ་ཟིན་པའི་གདམས་ངག་གོ །དེ་ནས་

p. 307

མདུན་དུ་མེ་ལོང་ལ་སོགས་པ་ལ་རང་གི་གཟུགས་འཆར་དུ་བཅུག་ཅིང༌། དེ་ལ་བསྟོད་སྨད་དང་། རྡེག་འཚོག་དང་། རྒྱན་འདོགས་པ་ལ་སོགས་པ་བྱས་པས་དེ་ལ་དགའ་མི་དགའི་འདུན་པ་བཏང་ལ། ཡུལ་ཐམས་ཅད་དེ་དང་འདྲ་བར་སྦྱངས་པ་ནི་ཟིན་པ་བརྟན་པའི་གདམས་ངག་གོ །དེ་ལྟར་སྣང་འབྱུང་སྙམ་པ་ཤར་ནས། ཡུལ་ཐམས་ཅད་ལ་སྦྱར་ལ། གཞན་གྱིས་སྒྲོ་སྐུར་བྱུང་བ་དང༌། བསྟོད་སྨད་ལ་སོགས་པ་བྱེད་དུ་བཅུག་ལ་ཐམས་ཅད་རོ་མཉམ་དུ་ཉམས་སུ་ལེན་ནས། ཟུང་འཇུག་བློས་མ་རིག་པ་ནི་བརྟན་པ་བོགས་དབྱུང་བའི་གདམས་ངག་གོ །དཀར་དམར་ཡུལ་གྱི་སྣང་བ་རྣམས། །དབང་ཤེས་སེམས་ཀྱི་རྒྱལ་པོ་དེ། །སྣ་ཚོགས་སྒྱུ་མའི་རྟ་ལ་བསྐྱོན། །གཏད་མེད་ཐང་ལ་ཁ་ཡན་གློད། །ཨེ་མ་ཡ་མཚན་མི་ཆེའམ། །
༈ རྨི་ལམ་ཉམས་སུ་ལེན་པ་ནི། གཏུམ་མོ་དང་སྒྱུ་ལུས་ཀྱི་དུས་བག་ཆགས་མ་དག་ན་རྨི་ལམ་དུས་འཁྲུལ་པ་རྒྱུག་པས། དེ་བསྒོམ་པ་ནི། ཉལ་བའི་དུས་གཞོག་གཡས་ཞབས་སུ་བཅུག་པ་ལ་སོགས་པའི་འཁྲུལ་འཁོར་བྱས་ནས་བླ་མ་ལ་གསོལ་འདེབས་བྱེད། རྨི་ལམ་བཟང་པོ་མང་པོ་རྨི་བར་བྱིན་གྱིས་རློབས། རྨི་ལམ་རྨི་ལམ་དུ་ངོ་ཤེས་པར་བྱིན་གྱིས་རློབས། ཞེས་པའི་གསོལ་འདེབས་མང་དུ་བྱ། མགྲིན་པར་ཡི་གེ་དང་ཐིག་ལེ་ལ་སེམས་བཟུང་ནས་ངོས་མ་ཟིན་གྱི་བར་བསྒོམས་ཤིང་གཉིད་པ་ནི་མ་ཟིན་པ་ཟིན་པའི་གདམས་ངག་གོ །ཟིན་ནས་ངོ་ཤེས་པའི་གསོལ་འདེབས་བྱ། དཔྲལ་བ་མགྲིན་པ་ལ་སོགས་པར་ས་བོན་བསྒོམ། ངོ་ཤེས་ནས་གཅིག་དང་གཉིས་ལ་སོགས་སུ་བསྒྱུར་བ་ལ་སོགས་པ་མ་འབྱོངས་ཀྱི་བར་དུ་གཉིད་ཐུན་ཕྲན་དུ་གཅོད་ཅིང་བསྒོམ་པ་ནི་ཟིན་པ་བརྟན་པའི་གདམས་ངག་གོ །བརྟན་ནས་སྤེལ་སྦྱང་བསྒྱུར་གསུམ་གྱི་གསོལ་འདེབས་བྱ། རང་ལྷར་གསལ་བ་དང༌། རིགས་ལྔའི་ཞིང་

p. 308

ཁམས་ཐམས་ཅད་བལྟ་བ་དང༌། ཞིང་ཁམས་ཐམས་ཅད་སྤེལ་སྦྱང་བསྒྱུར་གསུམ་ལ་སོགས་མ་འབྱོངས་ཀྱི་བར་དུ་བསྒོམ་པ་ནི་བརྟན་པ་བོགས་དབྱུང་བའི་གདམས་ངག་གོ །རྨི་ལམ་བག་ཆགས་འཁྲུལ་པ་རྣམས། །འཁྲུལ་སྣང་ལས་ཀྱི་རྒྱལ་པོ་དེ། །གཏི་མུག་གཉིད་ཀྱི་རྟ་ལ་བསྐྱོན། །འོད་གསལ་གྱི་ཐང་ལ་ཁ་ཡན་གློད། །ཨེ་མ་ཡ་མཚན་མི་ཆེའམ། །
༈ གོང་གི་གསུམ་པ་འབྱོངས་ནས་འོད་གསལ་བསྒོམས་ཏེ། མཚན་བཅས་ཀྱི་འོད་གསལ་ནི། སྙིང་གར་ཧཱུྃ་དང་མར་མེ་སྔས་སུ་འཇོག །སེམས་ནམ་མཁའ་ལྟ་བུར་གཏད་ནས་བསྒོམ་པ་ནི་མ་ཟིན་པར་ཟིན་པའི་གདམས་ངག་གོ །ཉིན་པར་འོད་གསལ་མཐའ་དབུས་མེད་པར་གནས་ན། མཚན་མོ་ཡང་དེ་ལྟར་དུ་ཟླ་བའི་སྣང་བ་ཤར་བ་ལྟ་བུ་ནི་ཟིན་པ་བརྟན་པའི་གདམས་ངག་གོ །དེ་ནས་ཉིན་མཚན་ཐམས་ཅད་དག་ནས་ཤར་མ་ཤར། ངོས་བཟུང་མི་གཟུང་རྩིས་གདབ་བྲལ་ནས་འོད་གསལ་མཐའ་དབུས་མེད་པ་བར་སྣང་རང་གི་འདུག་ལུགས་ནི་བརྟན་པ་བོགས་དབྱུང་བའི་གདམས་ངག་གོ །འོད་གསལ་བསྡུས་པའི་ཆོས་རྣམས་ཀུན། །ལྷུན་གྱིས་གྲུབ་པའི་རྒྱལ་པོ་དེ། །སྐུ་དང་ཞིང་ཁམས་རྟ་ལ་བསྐྱོན། །མཐའ་དབུས་མེད་པར་ཁ་ཡན་གློད། །ཨེ་མ་ཡ་མཚན་མི་ཆེའམ། །
༈ རྣམ་རྟོག་ཕྱོགས་མེད་ཨ་ལ་གནས། །གཉིད་ལོག་འཐུག་པོ་ཧཱུྃ་ལ་གནས། །རྨི་ལམ་སྒྱུ་མ་ༀ་ལ་གནས། །བདེ་ཆེན་སྙོམས་འཇུག་ཧཾ་ལ་གནས། །སྒྲུབ་སྲན་ཅན་གྱི་ཆོས་བཞི་དེས། །རྡོ་རྗེ་འཆང་དབང་ཚེ་འདིར་འགྲུབ། །དེ་ནས་རླུང་སེམས་དབང་དུ་མ་འདུས་ན་ཡན་ལག་གཉིས་ཀྱིས་མཚམས་སྦྱོར་བས་ཕྱི་མར་འགྲུབ་སྟེ། འཕོ་བ་ཉམས་སུ་ལེན་པ་ནི། ལུས་ལྷར་བསྐྱེད། སྤྱི་བོར་བླ་མ་ཡི་དམ་བསྒོམ། རླུང་སེམས་ཧཱུྃ་དུ་དྲིལ་ནས་སྤྱི་བོའི་བླ་མའི་ཐུགས་ཀར་

p. 309

བསྟིམ། གནས་ལ་འཕེན་པ་དང་བསྟིམ་པ་མ་འབྱོངས་ཀྱི་བར་བྱ། ཐུན་བར་དུ་ཟླ་བ་ཕྱེད་པས་བཀབ། འབྱོངས་རྟགས་བྱུང་ན་མ་བརྗེད་པ་ཙམ་བྱ། དུས་ལ་བབ་དུས་ལས་ལ་སྦྱར་བ་ནི་འཕོ་བའི་གདམས་ངག་གོ །འཕོ་བ་ལམ་གྱི་དེད་དཔོན་ཏེ། །ཀུན་གཞི་སེམས་ཀྱི་རྒྱལ་པོ་དེ། །སྣང་སྟོང་དབུ་མའི་རྟ་ལ་བསྐྱོན། །བླ་མའི་སྐུ་ལ་ཁ་ཡན་གློད། །ཨེ་མ་ཡ་མཚན་མི་ཆེའམ། །
༈ བར་དོ་ཉམས་སུ་ལེན་པ་ནི། འཁོར་འདས་གཉིས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པས་ཆོས་གོང་མ་བཞིས་གཏན་ལ་ཕབ་པས་མཐར་ཕྱིན་ནས། བར་དོ་དང་པོ་གཞིའི་འོད་གསལ་ཏེ། འབྱུང་བཞི་ཞིག་པའི་དུས་ངོས་ཟིན་ན་སངས་རྒྱས། འདིར་བསྐྱེད་རིམ་ལྷ་ལ་བརྟན་པ་ཐོབ་ནས་རྟགས་ཐོན་པ་དང༌། རྫོགས་རིམ་སྒྲ་འོད་ཟེར་གསུམ་གཏན་ལ་ཕེབས་ནས་ཡུལ་སྣང་སྒྱུ་མར་ཤར་བ་ནི་བར་དོ་གཉིས་པར་ངོ་ཤེས་མི་དང་འཕྲད་པ་ལྟར་སོང་ན་ལོངས་སྐུ་འགྲུབ། འདིར་བསྐྱེད་རིམ་དང་རྫོགས་རིམ་ལ་སེམས་ཟུར་ཙམ་གནས་པ་དང༌། འཆི་ཁ་མཚམས་སྦྱོར་འཕོ་བ་དང་བཅས་པ་འཛོམས་པ་ནི་བར་དོ་གསུམ་པའི་སྣང་བ་བླ་མ་ཡབ་ཡུམ་དུ་བསྒོམས་པས་སྐྱེ་སྒོ་དགག་ཅིང་བསྒྱུར་སྦྱང་བྱ་བ་དང༌། མ་ཁེགས་ན་རིགས་བཟང་དང་བསྟན་པ་དར་བའི་སར་སྐྱེ་བ་ལེན་པར་འགྲུབ། དེ་མ་རྟོགས་པ་རྣམས་ནི་ཚེ་འདིར་དུག་གསུམ་ལ་གཞི་བྱས་ནས་མི་དགེ་བ་བཅུ་སྤྱད་པ་རྣམས་ལས་ངན་གྱི་དབང་གིས་བསྐྱོད་ནས། རིགས་དྲུག་སོ་སོའི་ལུས་ཀྱིས་ལས་བཟང་ངན་འབྲིང་རྣམས་སྤྱད་ནས་འཁོར་བ་མཐའ་མེད་དུ་ཡོས་ཙོ་བསྐོར་བ་བཞིན་དུ་འཁོར་བ་ནི་བར་དོའི་ཆོས་རྒྱས་པ་རྣམས་ཀྱི་ནང་དུ་གསལ། བར་དོའི་གདམས་ངག་གོ །བར་དོ་ལམ་གྱི་ས་མཚམས་ན། །རྩ་རླུང་ཐིག་ལེའི་
རྒྱལ་པོ་རྣམས། །རང་སྣང་སེམས་ཀྱི་རྟ་ལ་བསྐྱོན། །བདེ་ཆེན་གྱི་ཐང་ལ་ཁ་ཡན་གློད། །ཨེ་མ་ཡ་མཚན་མི་ཆེའམ། །བཀའ་བརྒྱུད་གོང་མའི་སྲོལ་ཀ་འཛིན། །ཐབས་ལམ་མན་ངག་ཟབ་མོས་ཕྱུག །འབྱུང་བའི་ལུས་ལ་སྐུ་བཞི་རྫོགས། །ཀེ་རུ་ཀིརྟི་སྙན་གསོན་དང༌། །ཆོས་དྲུག་དྲིལ་བ་རྡོ་རྗེའི་གླུ། །དབྱངས་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །དོན་ཐུགས་ལ་ཁྲོལ་མཛོད་མཆེད་གྲོགས་རྣམས། །བླ་མ་མཁའ་འགྲོ་མཉེས་པར་ཞུ། །ཧེ་ཧེ་སརྦ་དཱ་ཀ་ལྱཱ་ནཾ་བྷ་ཝནྟུ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་རྟག་བརྟན་ཡོངས་ཁྱབ་ཤོག །ཤབྷཾ།། །།

ཆོས་རྗེ་འབའ་རོམ་པའི་མན་ངག་ཆོས་དྲུག་གི་ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་གྲུབ་པའི་སློབ་དཔོན་རྣམས་ཀྱི་དགོངས་པའི་རྒྱན་ཡེ་ཤེས་མཁའ་འགྲོའི་གསང་ཚིག །འཇིགས་མེད་ཆོས་ཀྱི་སེངྒེ།

p. 310

༄༅། །ཆོས་རྗེ་འབའ་རོམ་པའི་མན་ངག་ཆོས་དྲུག་གི་ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་གྲུབ་པའི་སློབ་དཔོན་རྣམས་ཀྱི་དགོངས་པའི་རྒྱན་ཡེ་ཤེས་མཁའ་འགྲོའི་གསང་ཚིག་བཞུགས་སོ། །
༄༅། །ན་མོ་བུདྡྷ་རཏྣ་སརྦ་ཌཱ་ཀི་ནཱི་ཡེ། སྟོང་ཆེན་བློ་ཡིས་མ་རེག་ནམ་མཁའི་ཆོས་ཉིད་ཅན། །དབང་ཕྱུག་ཡོན་ཏན་བརྒྱད་ལྡན་རྒྱལ་བ་རྡོ་རྗེ་འཆང༌། །ལོངས་སྐུ་འོད་ལྔའི་རོལ་པ་ཡེ་ཤེས་རིགས་མཆོག་ལྔ། །སྤྲུལ་སྐུ་སྒྱུ་མའི་གར་བསྒྱུར་གྲུབ་མཆོག་ཏཻ་ལོ་པ། །བཀའ་བབ་ཆུ་བོའི་གྲོལ་ཕུགས་ཛྙཱ་ན་སིདྡྷི་སོགས། །གྲུབ་པའི་སྤྱི་མེས་རྣམས་ལ་གུས་པའི་ཡིད་ཀྱིས་འདུད། །དེ་ལས་ལེགས་འོང་ཐུན་མོང་མིན་པའི་ཆོས། །ཟབ་མོའི་ལམ་མཆོག་མ་རྒྱུད་ཀུན་གྱི་བཅུད། །ཐུགས་ཀྱི་བུམ་པར་སྐྱིལ་བའི་སྐྱེས་མཆོག་ཆེ། །མར་མི་དྭགས་པོ་བཅས་ལ་གུས་

p. 311

པས་འདུད། །གསང་བའི་ལམ་ཟབ་སྙན་ནས་སྙན་དུ་བརྒྱུད། །ཆོས་ཀྱི་རྒྱལ་པོ་འབའ་རོམ་གསེར་གྱི་ཕྲེང༌། །རྩོད་མེད་ཉི་ཟླ་ལྟ་བུའི་(གླང་)རླངས་རས་པ། །བསོད་ནམས་བཟང་པོ་ཡབ་སྲས་བཅས་ལ་འདུད། །ཐུགས་བཅུད་མ་དྲོས་མཚོ་ལས་གངྒཱའི་བཅུད། །གསང་བ་མན་ངག་ཟབ་མོའི་བདུད་རྩིའི་རྒྱུན། །སྐལ་ལྡན་དཔྱིད་དུ་སྣང་བའི་ཟད་མེད་གཏེར། །ཉམས་སུ་ལེན་པའི་གདམས་པ་འདི་ནའོ། །དེ་ལ་འདིར་བཀའ་བརྒྱུད་རིན་པོ་ཆེའི་ནང་ཚན་ཆོས་རྗེ་འབའ་རོམ་པའི་བཤད་སྒྲུབ་ཀྱི་སྲོལ་དཔག་ཏུ་མེད་པ་འབྱུང་བའི་གལ་འགག་ཉམས་ལེན་གྱི་མཐིལ་རྗེས་འཇུག་གདུལ་བྱ་རྣམས་ཀྱི་སྙིང་གི་ཕུལ་དུ་འཆང་ཞིང་ནར་མར་རྒྱུད་ལ་སྦྱོར་དགོས་པའི་མན་ངག་གསང་བ་ཆོས་དྲུག་གི་ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་བརྗོད་པར་བྱ་བ་ལ་གསུམ། ཇི་སྐད་དུ། ཤར་ཕྱོགས་ངོས་སུ་ཏཻ་ལོ་པའི། །ཞལ་གྱི་གདམས་པ་མནོས་པས་ན། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་ལྟར། སྦྱང་གཞི་དངོས་པོའི་གནས་ལུགས། སྦྱོང་བྱེད་ལམ་གྱི་གདམས་པ། སྦྱངས་འབྲས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཚུལ་བསྟན་པའོ། །དང་པོ་ལ་གཉིས། ལུས་ཀྱི་གནས་ལུགས་དང་སེམས་ཀྱི་གནས་ལུགས་སོ། །དང་པོ་ནི། ཧེ་བཛྲ་ལས། ལུས་ནི་བྱང་ཆུབ་རྣམ་ལྔ་སྟེ། །རྩ་དང་རླུང་དང་ཐིག་ལེ་དང༌། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་བསྟན་པའོ། །ཞེས་དང༌། རྗེ་ཏི་ཤྲི་རས་པའི་ཞལ་ནས། རྡོ་རྗེའི་ལུས་ཀྱི་གནས་ལུགས་ནི། །གནས་པ་རྩ་ལ་གཡོ་བ་རླུང༌། །འབུར་དུ་དོད་པ་ཡི་གེ་དང༌། །བཀོད་པ་བྱང་ཆུབ་སེམས་དང་ལྔ། །ཞེས་གསུངས་པ་ལྟར། རྡོ་རྗེ་ལུས་ཀྱི་གནས་ལུགས་མདོར་བསྟན་ཅིང་། ཞིབ་པར་ཀྱཻ་རྡོ་རྗེ་དང༌། བཤད་རྒྱུད་སམྦུ་ཊ་དང༌། འགྲོ་མགོན་ཏི་རས་ཀྱི་བཀའ་འབུམ། རྗེ་རང་བྱུང་རྡོ་རྗེའི་ཟབ་མོ་

p. 312

ནང་དོན་སོགས་ལ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱོད་པར་རིགས་སོ། །གཉིས་པ་ནི། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང༌། ཏི་རས་ཀྱིས། སེམས་ཉིད་དངོས་པོའི་གནས་ལུགས་ནི། །རིག་སྟོང་རྒྱུན་པར་ལུས་ལ་གནས། །ཞེས་གསུངས་པ་ལྟར་ཏེ། རྒྱས་པར་དཔལ་ས་ར་ཧ་པའི་དོ་ཧ་རྡོ་རྗེའི་མགུར་དང༌། ཏི་རས་བཀའ་འབུམ་དང༌། འོག་གི་ཕྱག་ཆེན་དང༌། འོད་གསལ་སོགས་ལས་ངེས་པར་བྱ་ལ། དེ་གཉིས་ཀའང་རྟེན་དང་བརྟེན་པའི་ཚུལ་ཅན་ཏེ། ཏི་རས་ཀྱིས། རྟེན་དང་བརྟེན་པའི་ཚུལ་དུ་གནས། །ཞེས་གསུངས་པ་ལྟར་གཞིའི་གནས་ལུགས་དེ་གཉིས་དབྱེར་མི་ཕྱེད་པ་སྐུ་གཉིས་ཟུང་འཇུག་ཅེས་བྱ་ཞིང༌། དེ་ཉིད་གཞན་རྐྱེན་ཁོ་ནར་མ་ལྟོས་པར་རང་སྟོབས་སྒོམ་པའི་གནད་ཀྱིས་རང་རིག་མངོན་སུམ་དུ་གསལ་བར་ནུས་སོ། །དེ་དག་ནི་སྤྱིར་ཤེས་པར་བྱ་བ་སྦྱང་གཞི་དྲི་བཅས་རྒྱུའི་གནས་ལུགས། བདེ་གཤེགས་སྙིང་པོ་གདོད་ནས་ལྷུན་གྱིས་གྲུབ་པའི་ཚུལ་ལོ། །གཉིས་པ་སྦྱོང་བྱེད་ལམ་གྱི་གདམས་པ་ལ་གཉིས་ཏེ། ཏི་རས་ཀྱིས། སྨིན་གྲོལ་གཉིས་སུ་ཐམས་ཅད་འདུས། །ཞེས་གསུངས་པ་ལྟར། སྨིན་བྱེད་དང༌། གྲོལ་བྱེད་དོ། །དང་པོ་ནི། རྗེ་ཏི་ཤྲི་རས་པའི་ཞལ་ནས། དེ་ལ་སྦྱོང་བྱེད་དབང་བཞི་དགོས། །ཞེས་གསུངས་པ་ལྟར། བླ་མ་རྡོ་རྗེ་འཛིན་པ་མཚན་ཉིད་དང་ལྡན་པའི་སྤྱན་སྔར་རྒྱུད་སྡེ་གོང་མའི་དཀྱིལ་འཁོར་གྱི་དལ་དུ་སྨིན་པར་བྱ་ཞིང༌། ལུགས་འདིར་དྲྭ་བ་སྡོམ་པའི་དབང་བཞི་རྗེས་འབྲེལ་དང་བཅས་པ་ལེགས་པར་མནོས་དགོས་སོ། །གཉིས་པ་ལ་གཉིས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དང་པོ་ནི། ཐུན་མོང་སྔོན་དུ་འགྲོ་བ་ནས་བཟུང་ལྷའི་གསལ་སྣང་དང་ནུས་པ་ཐོན་པའི་བསྐྱེད་

p. 313

བཟླས་གཞན་ནས་འབྱུང་བ་ལྟར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་ལ་གཉིས། རྫོགས་རིམ་དངོས་དང་དེའི་ཡན་ལག་བསྟན་པའོ། །དང་པོ་མཚན་བཅས་གཙོ་བོར་སྟོན་ཞིང་མཚན་མེད་ཞར་བྱུང་གིས་སྟོན་པ་དབང་བཞིའི་སྒོམ་དོན་སྐུ་བཞིའི་ཉམས་ལེན་དང་སྦྱོར་བ་ཐབས་བཞི་བསྟན་པ་ལའང་གཉིས། སྦྱང་བྱ་ངོས་བཟུང་བ། སྦྱོང་བྱེད་སོ་སོར་བསྟན་པའོ། །དང་པོ་ནི། བཀའ་དཔེ་ཕྱི་མ་ལས། གཉིད་དང་རྨི་ལམ་སྙོམས་འཇུག་དང༌། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་གསུངས་པ་ལྟར། གང་ཟག་ལས་དང་སྐལ་པར་ལྡན་པ་དག་གིས་ཚེ་ལུས་གཅིག་ལ་འཚང་རྒྱ་བར་བྱེད་པ་ལ་སྦྱང་བྱ་གནས་སྐབས་བཞི་པོའི་བག་ཆགས་ཀྱི་དྲི་མ་སོགས་སྦྱོང་བྱེད་ཀྱི་ཐབས་སོ་སོར་བརྟེན་པས་སྦྱང་བར་རིགས་སོ། །གཉིས་པ་སྦྱོང་བྱེད་ཀྱི་ཐབས་སོ་སོར་བསྟན་པ་ལ་བཞི་སྟེ། རས་དཀར་གྱིས། གནད་ཀྱི་ཉམས་སུ་བླང་བྱ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །ཞེས་པ་ལྟར། ལམ་གྱི་གཞུང་ཤིང་གཏུམ་མོ་བདེ་དྲོད་རང་འབར། ལམ་གྱི་བོགས་འདོན་སྒྱུ་ལུས་ཆགས་སྡང་རང་གྲོལ། ལམ་གྱི་ཚོད་འཛིན་རྨི་ལམ་འཁྲུལ་པ་རང་སངས། ལམ་གྱི་སྙིང་པོ་འོད་གསལ་གཏི་མུག་རང་དག་གོ །
༈ དང་པོ་གསུང་གསང་བའི་དབང་གི་ཉམས་ལེན་དངོས་མཚན་བཅས་ཀྱི་རྫོགས་རིམ་གཏུམ་མོ་སྒོམ་པ་ལའང་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལའང་གཉིས། ལུས་གནད་དང་སེམས་གནད་དོ། །དང་པོ་ནི། ཏི་རས་ཀྱིས། སྙོམས་འཇུག་བདེ་ཆེན་ཧཾ་ལ་གནས། །ཞེས་གསུངས་པ་ལྟར། གནས་སྐབས་བཞི་ལས་སྙོམས་འཇུག་གི་དུས་སུ་སེམས་སྤྱི་བོར་གནས་ཤིང་ལྡོག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་གོས་པ་དེ་དག་སྦྱོང་བྱེད་

p. 314

གཏུམ་མོའི་མན་ངག་གིས་སྦྱང་བར་བྱ་བ་སྟེ། ཇི་སྐད་དུ། ལུས་ཀྱི་འཁྲུལ་འཁོར་རྟེན་འབྲེལ་འཛོམས་པའི་གནད། །ཅེས་དང༌། ཏི་རས་ཀྱིས། ལུས་ནི་ཆོས་དྲུག་དང་བཅས་ནས། །ཞེས་གསུངས་པ་ལྟར། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་རེའུ་མིག་ལྟར་བསྣོལ། སྒལ་ཚིགས་དོང་ཙེ་ལྟར་བརྩེགས། དཔུང་པ་རྒོད་གཤོག་ལྟར་བརྒྱང༌། ལག་གཉིས་མཉམ་བཞག་གི་ཕྱག་རྒྱ་གཙིར། དང་ག་སེངྒེ་ལྟར་འགྱིང་ཞིང་རྒྱབ་ཏུ་ཕྱོགས། མགྲིན་པ་རྨ་བྱ་ལྟར་དགྱེ་ཞིང་དགུག །ལྕེ་ཡ་རྐན་ལ་སྦྱར། སོ་བར་ཅུང་ཟད་ཕྱེ། མིག་སྣ་རྩེར་དབབ་པ་བཅས་ལུས་གནད་དམ་པོར་བཅིང་ཞིང་མི་ཡོ་བར་བྱས་ལ། འདི་ནི་ཉིན་མོའི་ལུས་གནད་དེ་ཀུན་ལའང་འགྲེས་སོ། །གཉིས་པ་དབང་བཞི་དང་རྗེས་སུ་འབྲེལ་བ་སེམས་ཀྱི་གནད་ལ་ལྔ། མ་དག་པའི་སྟོང་ར་དྲི་བཅས་ཀྱི་ཕུང་ཁམས་གསལ་གདབ་པ། དེ་དག་པ་ལྷའི་སྟོང་རར་བསྒྱུར་ཏེ་བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་བསྒོམ་པ། དེ་ལས་འཕྲོས་པའི་སྟོང་ར་གནས་པ་རྩ་གསལ་གདབ་པ། གཡོ་བ་རླུང་ལ་བརྟེན་ནས་ཚིག་དབང་དང་རྗེས་སུ་འབྲེལ་བ་རླུང་སེམས་གཉིས་མེད་བསྒོམ་པ། བཀོད་པ་ཐིག་ལེ་ལ་བརྟེན་ནས་ཤེར་དབང་དང་རྗེས་སུ་འབྲེལ་བ་བདེ་སྟོང་ངོས་བཟུང་བའོ། །དང་པོ་ནི། ཆོས་ཀྱི་རྗེ་བསོད་ནམས་བཟང་པོའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་ལྟར་ཏེ། རང་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཤིན་ཏུ་དྭངས་ཤིང་གསལ་བ། ཡན་ལག་དང་ཉིང་ལག་སོར་མཛུབ་ཡན་ཆད་ཀྱི་ནང་ཐམས་ཅད་སྟོང་སང་ངེ་ཡོད་པར་བསམས་ལ། དེའི་དབུས་དང་ཕྱོགས་ཀུན་ཏུ་རྩའི་དྲྭ་བ་གྲོ་སོག་གི་ཕུང་པོར་ཉི་མའི་འོད་ཀྱིས་རེག་པ་ལྟར་བསྒོམ་པ་ནི་གཞིའི་གནས་ལུགས་ཤེས་པར་བྱ་བའི་ཐབས་སོ། །གཉིས་པ་ནི། རྗེ་ཏི་རས་ཀྱིས། སྨིན་བྱེད་བུམ་དབང་ཆོས་རྣམས་ལ། །གྲོལ་བྱེད་བསྐྱེད་པའི་རིམ་པ་བསྒོམ། །

p. 315

ཞེས་གསུངས་པ་ལྟར། སྐུ་བུམ་དབང་གི་ཉམས་ལེན་གྱིས་མ་དག་དྲི་བཅས་ཀྱི་ཕུང་ཁམས་དེ་ཉིད་དྲི་བྲལ་ཡེ་ཤེས་ལྷ་ཡི་སྐུར་བསྒོམ་པར་བྱ་བ་ལ། རས་དཀར་གྱིས། བླ་མར་གསོལ་བཏབ་ཡི་དམ་བསྒོམ། །ཞེས་གསུངས་པ་ལྟར། བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཕྱིའི་སྟོང་ར་གསལ་གདབ་པ་ནི། ༀ་སྭ་བྷཱ་ཝ་སོགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལ་བློ་བཞག་ཅིང་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་དང༌། དེའི་ངང་ལས་སྤྲིན་ལྡང་བ་ལྟར་སྐད་ཅིག་གིས་སྣ་ཚོགས་པདྨའི་ཟེའུ་འབྲུ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་གདན་གྱི་སྟེང་དུ་རང་ཉིད་དཔལ་འཁོར་ལོ་སྡོམ་པ་སྐུ་མདོག་མཐོན་ཀ་དྭངས་པའམ་ཨིནྡྲ་ནཱི་ལའི་ཕུང་པོར་ཉི་འོད་ཀྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་བྲམ་ཟེ་ཁྲོས་པའི་ཉམས་ཅན། མཆེ་བ་ཅུང་ཟད་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་ཟར་བུ་ནག་པོའི་སུམ་ཆ་གྱེན་དུ་དར་དམར་པོས་ཐོར་ཚུགས་བཅིངས་པའི་རྩེ་མོར་ནོར་བུས་བརྒྱན་ཅིང་ལྷག་མ་སྐུ་རྒྱབ་ཏུ་གྲོལ་བ། རྣ་ལྟག་གཡས་སུ་ཚེས་གསུམ་གྱི་ཟླ་བ་ཁ་ནང་དུ་བསྟན་པ། གཡོན་པར་སྣ་ཚོགས་རྡོ་རྗེས་སྤྲས་ཤིང༌། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་པ། རྡོ་རྗེ་ནག་པོའི་ཕྲེང་བ་ཆུར་ཉལ་བར་བརྒྱུས་པའི་ཐོད་པ་སྐམ་པོ་ལྔ་ལ་ཡིད་བཞིན་དབང་གི་རྒྱལ་པོས་མཚན་པའི་དབུ་རྒྱན་དང༌། རྒྱུ་མར་སྦྲེལ་བའི་ཐོད་རློན་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་ཤིང་པ་གོར་ལྡན་པའི་དར་ལྗང་གུའི་དཔྱངས་ཐག་འཕུར་བ། རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་རྒྱན་བརྒྱད། སྟག་ལྤགས་གསར་པ་ཁྲག་དང་བཅས་པའི་ཤམ་ཐབས་ཀྱིས་མཛེས་པ། ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་རིད་ཅིང་སྐེམ་པའི་གཟུགས་ཅན་ཞགས་པ་དང་ཐོད་ཁྲག་འཛིན་པ། གན་རྐྱལ་དུ་གནས་པའི་ནུ་ཕྲག་ནས་བརྫིས་པ། ཞབས་གཡོན་

p. 316

ཅུང་ཟད་བསྐུམས་པས་འཇིགས་བྱེད་ནག་པོ་གྲི་ཐོད་འཛིན་པ་ཁ་སྦུབ་ཏུ་བསྒྱེལ་བ་སུམ་ལྟེབས་སུ་གནས་པའི་ཚུལ་ཅན་གྱི་དཔྲལ་བ་ནས་མནན་པ། གར་གྱི་ཉམས་དགུ་དང་ལྡན་པའི་སྐུ་ལས་ཡེ་ཤེས་ལྔའི་རང་འོད་ཕྱོགས་ཀུན་ཏུ་འཕྲོ་བའི་རྩེ་མོར་མེའི་ཕུང་པོ་འཁྱིལ་བས་ཁོར་ཡུག་ཏུ་གཏམས་པར་བསམས་ལ། དེ་ཡང་སྣང་ལ་རང་བཞིན་མེད་པ་མཐིང་ཤུན་གྱི་གུར་ཕུབ་པ་ལྟ་བུའི་ཆ་ཐམས་ཅད་སྟོང་སང་ངེ་ཡོད་པར་གསལ་ཆ་ཐོན་ངེས་སུ་བསྒོམ་པར་བྱ་སྟེ། རས་པ་རིན་པོ་ཆེས། ལུས་ལྷ་རུ་བསྒོམ་པ་བསྐྱེད་རིམ་སྟེ། །ལུས་ལྷ་རུ་སྣང་བ་རང་སེམས་ཡིན། །རང་སེམས་རྣམ་དག་ཆོས་ཀྱི་སྐུ། །དེ་གཉིས་སུ་མེད་པ་ཟུང་འཇུག་སྟེ། །དེ་ལྟར་བསྒོམ་པ་མཆོག་གི་ལམ། །ཞེས་གསུངས་པ་ལྟར། གཞི་ལ་གནས་པ་ལྷན་སྐྱེས་བདེ་བ་ཆེན་པོ་དེ་ཉིད་ལམ་སྦྱང་ཐབས་ཀྱིས་གསལ་བཏབ་པས། རང་ངོ་རང་གིས་ཤེས་ཤིང་མཐོང་བ་ལྟ་བུ་སྣང་སྟོང་གཉིས་སུ་མེད་པ་ནམ་མཁའི་འཇའ་ཚོན་དང་ཆོས་མཚུངས་པའི་ཚུལ་ངེས་པར་བྱའོ། །གསུམ་པ་ནི། འགྲོ་མགོན་ཏི་རས་ཀྱིས། གནས་པ་རྩ་ལ་བུམ་དབང་དགོས། །རྩ་ཁམས་སྦྱངས་པ་ལྷ་ཡི་སྐུ། །ཞེས་གསུངས་པ་ལྟར་སྐུ་བུམ་དབང་དང་རྗེས་སུ་འབྲེལ་བ་ནང་གི་སྟོང་ར་བསྒོམ་པ་ལ། གཞི་ལུས་ལ་གནས་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། བྱེ་བ་ཕྱེད་བཞི་སོགས་བ་སྤུའི་ཁུང་བུ་དང་མཉམ་པར་ཡོད་ལ། སྐབས་འདིར་མན་ངག་གི་ལུགས་ཏེ། ཧེ་བཛྲ་ལས། རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་མ་ནི་དབུས་ཉིད་དོ། །ཞེས་དང༌། རས་པ་ཆེན་པོས། ཤིན་ཏུ་བསྡུ་ན་གསུམ་ཡིན་ཏེ། །རོ་མ་རྐྱང་མ་ཀུན་འདར་མའོ། །ཞེས་གསུངས་པ་ལྟར། ལུས་ཀྱི་རྩ་དབུ་མ་སྦ་ལྕག་འབྲིང་ཤོས་ཙམ་གྱི་ཡར་སྣེ་སྤྱི་བོར་ཐོན་པ་ཐོར་ཚུགས་ཀྱི་རྒྱན་ཡིད་བཞིན་ནོར་བུས་ཁ་བཅད་པའི་རྣམ་པ་དང་། མར་སྣེ་གསང་ལྟག་ཏུ་

p. 317

ཟུག་པ་འཇའ་སྣེའི་རྣམ་པ་མི་སྣང་བའི་ཚུལ་ཅན་དང༌། དེའི་གཡས་སུ་རོ་མ་དང༌གཡོན་དུ་རྐྱང་མ་གཉིས་མདའ་སྙུག་འབྲིང་པོ་ཙམ་སྟེ། ཏི་རས་ཀྱིས། གཡས་གཡོན་གཉིས་ནི་སྣ་བུག་གཉིས། །ཞེས་གསུངས་པས། རྩེ་མོ་སྤྱི་བོ་ནས་མར་གུག་ཅིང་སྣ་སྒོར་གནས་པ་བཅད་འཕྲོ་ལྟ་བུ་དང༌། ལྟེ་འོག་ཏུ་ནི་རྩ་གསུམ་འདུས། །ཞེས་རྩ་བ་ལྟེ་འོག་ནས་དབུ་མར་འདུས་པའི་ནང་གཅིག་ཏུ་གྱུར་པ་དང༌། རས་དཀར་གྱིས། ཀུན་འདར་སྲོག་ཤིང་ཚུལ་དུ་གནས། །འཁོར་ལོ་རྩ་ཡི་མདུད་པ་སྟེ། །སྤྱི་བོར་སུམ་ཅུ་རྩ་གཉིས་དང༌། །མགྲིན་པར་བཅུ་དྲུག་དག་ཏུ་འདོད། །སྙིང་གར་འདབ་མ་བརྒྱད་ཡིན་ཏེ། །ལྟེ་བར་དྲུག་ཅུ་རྩ་བཞི་གནས། །ཞེས་གསུངས་པ་ལྟར། དབུ་མ་ལས་གྱེས་པའི་སྤྱི་བོར་རྩ་འདབ་སུམ་ཅུ་སོ་གཉིས་གདུགས་ཀྱི་རྩིབས་མ་ལྟ་བུ་དང༌། མགྲིན་པར་བཅུ་དྲུག་གདུགས་འདེགས་ཀྱི་རྣམ་པ་ཅན་དང༌། སྙིང་གར་བརྒྱད་དང༌། ལྟེ་བར་དྲུག་ཅུ་རྩ་བཞི་སྟེ་གཉིས་ཀ་ལ་ཡང་གདུགས་དང་གདུགས་འདེགས་ཀྱི་རྣམ་པ་ལ་རྩ་སྣེ་ཐམས་ཅད་ཕུགས་རྡུགས་ཅན་ཏེ། ཏཻ་ལོ་པས། དབྱིབས་ཇི་ལྟ་བུ་ཞེ་ན། པདྨའི་གདན་ཉི་མའི་འོད་དང་འཕྲད་པ་ལྟ་བུ་རྒྱས་པ་བཀྲག་དང་ལྡན་པའོ། །ཁ་དོག་ནི་ཉི་མ་དང་ཟླ་བའི་རྒྱུ་ལས་བྱུང་བ་ཟླ་བའི་ནོར་བུ་ལྟ་བུ་ལ་ཞུན་མར་གྱི་ཟེར་སོང་བ་ལྟ་བུའོ། །ཚུལ་ཇི་ལྟར་ཞེ་ན། ཐབས་དང་ཤེས་རབ་སྦྱར་བས་ན་ཁ་སྦྱོར་གྱིས་གནས་པའོ། །ཞེས་གསུངས་པ་ལྟར། རྩ་ཐམས་ཅད་དཀར་བ་ཤེལ་གྱི་སྦུ་གུ་ལྟ་བུའི་ནང་ཅུང་ཟད་དམར་བ། གསལ་བ་ཏིལ་གྱི་མར་མེའི་མདངས་དང༌། སྲབ་པ་ཕྲུ་མ་སྟོང་པ་འཇའ་ཚོན་གྱི་རྣམ་པ་ཅན་ཏེ་མཚན་ཉིད་བཞི་ལྡན་ཉིད་ཐབས་ཤེས་ཁ་སྦྱོར་གྱི་ཚུལ་དུ་བསྒོམ་པར་བྱའོ། །བཞི་པ་ནི། རྗེ་ཏི་ཤྲི་རས་པ་ཐམས་ཅད་མཁྱེན་པས། གཡོ་བ་རླུང་ལ་ཚིག་དབང་དགོས། །སྲོག་རྩོལ་སྦྱང་བ་ངོ་བོ་ཉིད། །ཅེས་གསུངས་པ་

p. 318

ལྟར་དབང་བཞི་པ་དང་རྗེས་སུ་འབྲེལ་བའི་མཚན་བཅས་ཀྱི་རྫོགས་རིམ་རྩ་ཁ་འབྱེད་བྱེད་གཡོ་བ་སྲོག་རྩོལ་གྱི་རླུང་སྦྱང་བར་བྱ་བ་སྟེ། རས་པས། སྲོག་ནི་རླུང་ལ་ཟེར་བ་ཡིན། །རྩོལ་བ་ལས་ལ་སྦྱར་བའོ། །ཞེས་པས་ངེས་ཚིག་བསྟན་པ་དང༌། སྔ་མ་ལས། གཡོ་བ་རླུང་གི་དབྱེ་བསྡུ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །བསྡུ་ན་རྩ་བའི་རླུང་ལྔའོ། །ཞེས་དང༌། ཏི་རས་ཀྱིས། སེམས་ཀྱི་ཞོན་པ་རླུང་བཟུང་ནས། །ཞེས་གཞི་དུས་སུ་རྒྱུ་བའི་ཉོན་མོངས་ཀྱི་རླུང་བརྒྱད་ཁྲི་བཞི་སྟོང་དེ་དག་སེམས་ཡུལ་སྣང་དུ་འཁྱམས་པའི་ཞོན་པ་རུ་གྱུར་ནས་འཁྲུལ་པ་ཡིན་ལ། སྔ་མ་ལས། ཤིན་ཏུ་བསྡུ་ན་གཉིས་ཡིན་ཏེ། །ཟག་བཅས་རླུང་དང་ཟག་མེད་རླུང༌། །ཞེས་ཟག་བཅས་ཀྱི་རླུང་རྩ་བ་དང་ཡན་ལག་བཅས་ལམ་དུས་སུ་དབུ་མར་འཆིང་ཞིང་མངོན་དུ་བྱེད་པའི་གནད། ཟག་མེད་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་བའི་སྦྱོར་ཐབས་ལའང༌། རྩ་བ་དང་ཡན་ལག་གི་རླུང་སྟེང་འོག་ཁ་སྦྱོར་དུ་འཛིན་དགོས་ལ། དེ་ཡང་ཡོན་པོ་ཉོན་མོངས་ཀྱི་རླུང་རྒྱུ་བའི་དུས་འཛིན་དུ་མི་རུང་བས། དང་པོ་ཡོ་ཕྱོགས་ནས་རླུང་དུག་ལན་གསུམ་བསལ་བ་དང་མི་རུང་བའི་ཕྱོགས་ནས་དེ་བཞིན་བྱས་ལ། གློ་གཡས་ས་ལ་ཕབ་ཅིང་ལུས་ནར་གྱིས་བརྒྱངས་པའི་ལག་གཡོན་པས་གཡས་པའི་མཆན་ཞབས་ནས་གྱེན་དུ་འཕུར་བ་དང༌། གཡས་པའི་སྲིན་མཛུབ་ཀྱིས་སྣ་བུག་གཡས་པ་བཀག་ཅིང་རླུང་དལ་བུས་རྩོལ་ཏེ་རྒྱུ་བར་བྱའོ། །ཤིན་ཏུ་དྲང་བར་དཀའ་ན་རླུང་དྲག་པོར་རྔུབ་ཅིང་དྲག་པོར་བུས་པས་སྲོང་བར་འགྱུར་རོ། །དེ་ཡང་ཏི་རས་ཀྱིས། ཕན་ཕུན་མུན་རུབ་གུང་གཉིས་སྤང་། །ཞེས་གསུངས་པས་ཐོ་རངས་ལག་ཡིག་མཐོོང་མིན་དང༌། མུན་རུབ་ཉིན་གུང་མཚན་གུང་རྡུལ་འཚུབ་པ་དང༌། དུ་བ་རྒྱུ་ཕྱོགས་རྣམས་ལ་རླུང་བཟུང་ན་སྐྱོན་དུ་འགྱུར་བས་སྤངས་ལ། འགྲང་ལྟོགས་རན་པ་ཙམ་དང་། སྣང་ཆ་

p. 319

གསལ་བའི་དུས་སུ་རླུང་སྦྱོར་བཞི་ལྡན་གྱིས་གཟུང་བར་བྱ་སྟེ། གཟུང་བའི་ཚུལ་ཡང་ཇི་སྐད་དུ། རླུང་སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱེ་བ་ཤིན་ཏུ་དཀའ། །ཞེས་གསུངས་ལ། སྦྱོར་བ་བཞི་ནི། ཏི་ཤྲི་རས་པས། སྦྱོར་བ་རྔུབ་དང་དགང་བ་དང་། །གཞིལ་དང་མདའ་ལྟར་འཕང་བའོ། །ཞེས་གསུངས་པ་ལྟར་དང༌། དེ་ཡང་གནད་ལྔ་ཚང་དགོས་ལ། དེ་ལ་རླུང་ལོག་མི་འབྱུང་བ་འབུད་པའི་གནད་ནི། ཏི་རས་ཀྱིས། བྲང་ཉིད་གཅུད་བྱས་ལུས་གཅུན་ནས། །རླུང་དྲག་ཏུ་བུས་པས་སྐྱོན་རྣམས་སེལ། །ཞེས་གསུངས་པ་ལྟར། རྩ་གསུམ་གསལ་བའི་དབུ་མའི་ཡར་སྣེ་ཚངས་བུག་དང་། རོ་རྐྱང་གཉིས་སྣ་རྩེར་གུག་པ་སོག་མ་བྲེག་པ་བཞིན་བསམས་ལ། སྣ་བུག་གཡས་ནས་ཞེ་སྡང་དང༌། གཡོན་ནས་འདོད་ཆགས། དབུས་ནས་གཏི་མུག་བཅས་ཀྱི་རླུང་དུག་ལན་གསུམ་དུ་འབུད་པ་དགུ་ཕྲུག་བྱས་མཐར་ཕྱི་ནང་གི་རྒྱུ་བ་ཉེར་གཅིག་ཙམ་བགྲང་ནས་རླུང་སོར་འཇུག །དེ་ནས་རང་གནས་སུ་བཟུང་བ་རྔུབ་པའི་གནད་ནི། འབྱུང་ལྔའི་དྭངས་མ་དང་ཡེ་ཤེས་ཀྱི་རླུང་ཁ་དོག་ལྔ་ལྡན་འོད་ཀྱི་རྣམ་པ་ཅན་སོར་མོ་བཅུ་དྲུག་མཚམས་ཀྱི་ནམ་མཁའ་ནས་དལ་བུས་རྔུབ་ཅིང་རོ་རྐྱང་གི་ལམ་ནས་དྲངས་པས་རྒྱུ་མ་ཕུས་བཏབ་པ་ལྟར་སོང་སྟེ་སུམ་མདོ་ནས་དབུ་མར་ཞུགས་པར་བསམ། དབང་དུ་བསྡུ་བ་དགང་བའི་གནད་ནི། ཏི་རས་ཀྱིས། སྟེང་འོག་ཁ་སྦྱོར་རྩོལ་བ་ཡིས། །ཡོན་ཏན་ཚོགས་རྣམས་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟར་རླུང་ལྷག་ཕྱིར་མ་ལུས་པར་དྲག་ཏུ་རྔུབ་མཐར་མཆིལ་མ་མིད་པ་དང་ལྷན་ཅིག་སྟེང་རླུང་ལྟེ་འོག་ཏུ་ཆིལ་གྱིས་མནན་ལ། སྲིན་ཞལ་གྱེན་དུ་ཕུལ་བས་འོག་རླུང་སྟེང་དུ་དྲངས་ཏེ་གསུས་པ་ཐེར་གྱིས་བཏང་ཞིང༌། ལྟོ་བར་བུམ་པ་ཅན་གྱི་རླུང་ཁ་སྦྱོར་དུ་བཟུང་ལ། དབུ་མའི་སྟོད་ཆར་རླུང་སེམས་གཉིས་མེད་ཀྱི་གནད་འཆའ། དེ་ཡང་དང་པོ་པས་

p. 320

འོག་རླུང་ཉམས་ཙམ་ལས་མི་བཟུང་བ་སྟེང་རླུང་ཟིན་པའི་གནད་ཡིན་ནོ། །རྩ་མིག་ཏུ་གདབ་པ་གཞིལ་བའི་གནད་ནི། མི་ཐུབ་སྙམ་ཙམ་ན་སུམ་ཆ་ཕྱིར་བཏང་ཞིང་རྔུབ་གྲངས་ཅི་རིགས་བྱས་ལ། རླུང་རྩ་གནས་སུ་གདབ་ཅིང་དྲངས་པས་རྒྱུ་མ་ཕུས་བཏབ་པ་ལྟར་སོང་བར་བསམས་ལ་གསུས་པ་བཞག་སྟབས་བྱ། གཞིལ་བའི་དུས་ཁྲོལ་ཚག་ནས་རླངས་པ་འཐུལ་བ་ལྟར་བ་སྤུའི་རྒྱུད་ནས་རླུང་སྔོ་སིབ་སིབ་ཀྱིས་སོང་བར་བསམ་པ་རླུང་ཁུག་རིང་བའི་གནད་ཡིན་ཀྱང་། སྐབས་རེ་ཙམ་ལས་རྒྱུན་དུ་བྱས་ན་ཆུ་སེར་པགས་ནད་དང་རྨ་རུ་སོགས་གེགས་ཀྱང་བྱེད་པས་མི་བྱའོ། །ཕྱི་ནང་བསྲེ་བ་འཕང་བའི་གནད་ནི། གཏང་དུ་རན་ཙ་ན་དལ་གྱིས་རླུང་ལྷག་ཁོང་དུ་མ་ལུས་པར་རྒྱུ་ཞབས་སྒལ་པར་སྦྱར་ལ། སྔོན་ལྟར་གྱི་སྣ་བུག་ནས་སོང་སྟེ་མདའ་གང་ཙམ་གྱི་ནམ་མཁར་ཡལ་བར་བསམས་ལ་ཕྱིར་འཕང་སྟེ་ལུས་སིལ་སིལ་སྤྲུག །སྐབས་རེར་དབུ་མའི་ཡར་སྣེ་ཚངས་བུག་ནས་ཤད་ཀྱིས་སྲིད་རྩེའི་བར་སོང་བར་བསམ། རྒྱུན་དུ་བྱས་ན་ཚེ་གེགས་སུ་འགྱུར་བས་མི་བྱ། དེ་ལྟར་སྦྱོར་བ་གནད་དང་ལྡན་པས་ཐུན་རེར་རླུང་ཁུག་བདུན་རེ་ནས་ངལ་གསོ་ཞིང་སླར་བཟུང་བས་བརྒྱ་དང་བརྒྱད་ཙམ་རེ་སྟེ། རས་དཀར་གྱིས། རྩུབ་རླུང་དྲག་པས་རྩ་མིག་བྱེར། །འཇམ་པས་ཡོན་ཏན་སྐྱེ་བར་དཀའ། །ཞེས་གསུངས་པས་འཇམ་ལྷོད་རན་པར་བསྐྱང་བ་དང༌། ཟིན་ཚོད་ལས་སྡུག་བཙིར་གྱིས་དགག་ན་སྐྱོན་དུ་འགྱུར་བ་སྟེ། ཏི་རས་ཀྱིས། འོག་རླུང་དྲག་དང་བྲང་དགྱེ་ན། །སྟོད་དུ་གཟེར་ནད་འོང་བ་ཡིན། །ཞེས་ལུས་གང་དུ་ཡོ་བས་སྐྱོན་རེ་སྐྱེད་པར་བྱེད་པས་ལུས་ཅུང་ཟད་ཡོ་བ། རླུང་སྟོད་དུ་ཤོར་བ་དང༌། རླུང་རྐུན་སོགས་འོང་དུ་མི་འཇུག་ཅིང༌། རླུང་དང་སེམས་ཉིད་གཉིས་མེད་ཀྱི་དོན་འཇུག་གནས་དབྱུང་གསུམ་ལ་བག་ཐེབས་པ་རེ་བྱ་བ་ཉམས་ལེན་གྱི་སྙིང་པོ་

p. 321

ཡང་དག་པར་ངེས་པར་བྱ་བ་གནད་དམ་པའོ། །ཐུན་མཐའ་སོགས་གང་བདེར་རླུང་སྐྱོན་བསལ་བའི་འཁྲུལ་འཁོར་དང༌། རྩ་ཁྲུས། ནཱ་རོ་དྲུག་བསྐོར་རྣམས་བྱས་པས་ཉོན་མོངས་པའི་རྩ་དུལ་བ་དང་རྩ་མདུད་གྲོལ་བ་རླུང་འབྱོང་བ་སོགས་ཀྱི་དགོས་པ་ཡོད་ལ། དེ་ལྟར་བྱས་པས་དང་པོ་ལུས་འཁྲུགས་ཤིང་ན་བ་དང༌། ཁམས་འཁྲུགས་པ་འོང་བས་སྙིང་རུས་བསྐྱེད་ལ་འབད། དེ་ནས་རིམ་གྱིས་ལུས་བལ་འདབ་ལྟར་ཡང་ཞིང་མཉེན་ལྕུག་ཏུ་འགྲོ་བས་ཁམས་སྙོམས་ཤིང་ཟུག་གཟེར་མེད་པ་སྣང་གཡེར་རུང་བ་སོགས་འབྱུང་སྟེ། ཏི་རས་ཀྱིས། སྲོག་རྩོལ་དབུ་མར་ཚུད་པ་ཡིས། །གཟུང་འཛིན་རྟོག་པ་འགག་པ་དང༌། །རྟོག་མེད་ཡེ་ཤེས་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟར་སྲོག་རྩོལ་དབུ་མར་ཞུགས་པས་རླུང་སེམས་གཉིས་མེད་ཀྱི་ཏིང་ངེ་འཛིན་དང་། རྟགས་བཅུ་ཕལ་ཆེར་འབྱུང་ལ། དེ་དུས་ཆེད་འཛིན་དང་དགའ་བྲོད་མི་བྱ་བར་བཏང་སྙོམས་སུ་འབད་དོ། །འདི་སྐབས་སྔགས་ཀྱི་རླུང་བཟླས་དང༌། འབྲུ་གསུམ་རྡོར་བཟླས་རྣམས་ཀྱང་བྱ་བ་ཤིན་ཏུ་ལེགས་སོ། །ལྔ་པ་ནི། རས་པ་སྒོམ་པ་ཆེན་པོས། བྱང་ཆུབ་སེམས་ལ་གསུམ་པ་དགོས། །ཐིག་ལེ་སྦྱང་བ་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར། ཤེར་དབང་གི་ཉམས་ལེན་འཕོ་མེད་བདེ་ཆེན་གྱི་གཞི་འདིང་བ་ཆུ་ཟླའི་གར་སྒྱུར་བ་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྦྱང་བ་སྟེ། སྤྱིར་རྩ་བ་མི་ཤིགས་པའི་ཐིག་ལེ་ལས་གྱེས་པའི་རྣམ་གྲངས་མཐའ་ཡས་པ་ལས། སྐབས་འདིར་སྦྱང་གཞི་ལུས་སེམས་ཀྱི་བྱང་སེམས་ཏེ། ཏི་རས་ཀྱིས། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །ཞེས་གསུངས་པ་ལྟར། རྟེན་ལུས་ཀྱི་བྱང་སེམས་ཁམས་ཀྱི་དྭངས་མ་དང༌། བརྟེན་པ་བདེན་གཉིས་ཀྱི་བྱང་སེམས་སེམས་ཉིད་གཉིས་མེད་ཟུང་དུ་འཇུག་པ་ཅན་ཏེ། རྟེན་ཉམས་པ་ཡིས་སེམས་ཉམས་འགྱུར། །ཞེས་དང༌། བདེ་སྟོང་དབྱེར་མེད་བྱང་

p. 322

སེམས་ཡིན། །ཞེས་པའི་ཚུལ་ཇི་ལྟར་གནས་ན། ཏི་རས་ཀྱིས། དྭངས་མའི་རླུང་དང་ཐིག་ལེའི་བཅུད། །ཡི་གེའི་གཟུགས་སུ་གནས་པ་ཡིན། །ཞེས་མའི་མངལ་དུ་ཁུ་ཁྲག་གི་ཆ་ལས་ལུས་འདི་གྲུབ་པས་བྱང་སེམས་དཀར་དམར་གཉིས་ཁམས་ཀྱི་གཙོ་བོ་སྟེ། དེ་ཡང་དྭངས་མའི་རླུང་དང་ཐིག་ལེའི་བཅུད་དམར་ཆ་ལྟེ་བར་ཨ་དང༌། དཀར་ཆ་སྤྱི་བོར་ཧཾ་ཡིག་གི་གཟུགས་སུ་གནས་ལ། དེ་དག་སྦྱོང་བྱེད་མན་ངག་གི་དགོངས་པ་ནི། དེ་ཡང་ཕྱི་ནང་གི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་བཅས་གསལ་བ་ལས། དབུ་མའི་ཡར་སྣེ་སྤྱི་བོའི་རྩ་འཁོར་གྱི་སྟེང་ནས་མར་གུག་པ་སྨིན་མཚམས་སུ་སླེབས་པའི་སྣེ་གཡོགས་གྲུ་གསུམ་གྱི་རྣམ་པ་ཅན་གྱི་ནང་དུ། དཀར་ཆ་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ཉིད་ཟླ་ཁམས་ཀྱི་ཆ་ཤས་ཡིན་ཕྱིར་དུང་ལྟར་དཀར་བ། ཤེས་རབ་ཀྱི་རང་བཞིན་དང་འབྲེལ་ཕྱིར་མུ་ཏིག་གི་རྡོག་ལྟར་འཚེར་བ། བྱང་སེམས་བདུད་རྩིའི་བཅུད་དང་ལྡན་ཕྱིར་དངུལ་ཆུའི་དོག་པ་ལྟར་སྣུམ་པ། རྩ་གནས་ཀུན་ཏུ་འདྲེན་པ་བདེ་ཕྱིར་ཙ་ན་ཀའི་འབྲས་བུ་ལྟར་འདྲིལ་བ་སྟེ་མཚན་ཉིད་བཞི་ལྡན་དུ་གསལ་བཏབ་ལ་རླུང་བཟུང༌། འཕང་བ་དང་བསྟུན་སེང་སྒྲ་དང་བདེ་ཉམས་བཅས་ཀྱིས་སྤྱི་བོར་འདྲིལ། རྔུབ་པས་མགྲིན་འཁོར་གྱི་དབུས་སུ་ཕབ་ལ་འཛིན། སླར་འཕང་བས་སྤྱི་བོ་དང་། རྔུབ་པས་སྤྱི་བོ་ནས་སྙིང་གར་དབབ་ཅིང་འཛིན་ལ། དེ་བཞིན་ལྟེ་བ་དང་གསང་གནས་ཀྱི་རྩ་བའི་བར་རིམ་བཞིན་གོང་ལྟར་སྦྱར་ལ། མཐར་གསང་རྩ་ནས་འཕང་བས་སྤྱི་བོ་དང༌། རྔུབ་པས་སྨིན་མཚམས་སུ་དབབ་འཛིན་བྱས་ལ། སླར་སྔ་མ་བཞིན་ལུགས་འབྱུང་དང་ལུགས་ལྡོག་གིས་སྦྱང་། དེས་བདེ་ཤས་སྐྱེ་མ་ནུས་ན་གསང་བའི་རྡོ་རྗེའི་སྐེད་པ་རྩེ་མོ་གཉིས་སུ་རྩ་འདབ་བཞི་རེ་ཡོད་པར་བྱས་ལ། དབུ་མའི་མར་སྣེ་བསྲིང་སྟེ་སྔ་མ་བཞིན་དབབ་ལྡོག་བྱས་

p. 323

པས་འབྱོངས་སླ་ཡང་། ཆགས་ཅན་བདེ་ཤས་ཆེ་བ་དང་དམིགས་པ་གསལ་བས་འཕོ་རུའང་དོགས་པས་གཟབ། དེ་ཡང་རྟེན་བརྟེན་པ་གཉིས་མེད་འགུལ་བསྐྱོད་ཀྱི་ཚོར་བ་བདེ་སྟོང་ཟུང་འཇུག་གི་ངེས་ཤེས་ཀྱི་རང་ངོར་ཡེངས་མེད་དུ་ལྟ་བ་ནི་སྙིང་པོ་དང༌། ཐུན་འཇོག་ཙ་ན་ཐིག་ལེ་དཔྲལ་བར་བསྡུའོ། །ལར་དབུ་མའི་མར་སྣེ་ལྟེ་འོག་ལས་མི་བསྲིང་བ་ནི་དགེ་སློང་རྡོར་འཛིན་རྣམས་བསླབ་པ་མཐར་ཕྱིན་པའི་རྟེན་འབྲེལ་དུ་ལེགས་པ་ཡིན་ནོ། །དེ་ལྟའི་ཁྱད་པར་གྱི་སྔོན་འགྲོ་ཚན་ལྔ་པོ་འདི་རེ་རེར་ཆོས་ཀྱི་རྗེ་འབའ་རོམ་པ་ཆེན་པོའི་གསེར་ཆོོས་དངོས་ཀྱི་དགོངས་པ་ཞག་གསུམ་རེར་བསྒོམས་པས། ལམ་རྟགས་རྫོགས་པར་བཞེད་པ་གྲུབ་པའི་རིག་འཛིན་བླ་ན་མེད་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། དེང་སང་ཁམས་དང་དུས་ཀྱི་སྙིགས་མའི་དབང་གིས་ཞག་བདུན་གསུམ་ཙམ་མམ། ཐ་ནའང་རྩེ་གཅིག་གིས་ཞག་བདུན་རེར་འབད་དགོས། འོན་ཀྱང་བློ་རྣོ་དམན་གྱི་ཉམས་དང་བསྟུན་ཏེ་རང་ངོས་ནས་གསལ་ཆ་ངེས་ཤེས་ཐོན་ངེས་པ་ལ་བསླབ་པར་བྱའོ། །
༈ གཉིས་པ་ལམ་གྱི་གཞུང་ཤིང་གཏུམ་མོ་དངོས་བསྟན་པ་ལ་བཞི། མ་ཟིན་པ་ཟིན་པར་བྱེད་པ་གཞིའི་གཏུམ་མོ་གསལ་བཏབ་ཅིང་ལམ་རླུང་གིས་བསྐུལ་བ། ཟིན་པ་བརྟན་པར་བྱེད་པའི་ཐབས་སྣ་ཚོགས་བསྒོམ་པ། བརྟན་པ་བོགས་དབྱུང་བ་འབར་ཅིང་འཛག་པའི་བདེ་བ་ངོས་བཟུང་བ། གནད་ཀྱི་ཁ་སྦྱོར་ལུས་སྦྱོང་བསྟན་པའོ། །དང་པོ་ནི། སྤྱིར་ལས་དང་ཡེ་ཤེས། མཚན་བཅས་མཚན་མེད། ཀུན་རྫོབ་དོན་དམ། རྫས་སྔགས་ཡེ་ཤེས་སོགས་ཙཎྜ་ལཱིའི་དབྱེ་བ་མང་དུ་མཆིས་པ་ལས། སྐབས་འདིར་ནང་ཟབ་མོ་གནད་ཀྱི་ཙཎྜ་ལཱི་ཏེ། རྡོ་རྗེ་སྙིང་འགྲེལ་ལས། སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད། །ཅེས་དང༌། ནཱ་རོ་པས། གཏུམ་

p. 324

པའི་ལས་རྣམས་བྱེད་པའི་ཕྱིར། །གཏུམ་མོ་རུ་ནི་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར། གང་ལ་གནད་དུ་བསྣུན་པས་མ་དག་པའི་ཕུང་ཁམས་ཐམས་ཅད་སྲེག་ཅིང་གཏུམ་པའི་ལས་ཀྱིས་རྣམ་རྟོག་ཐམས་ཅད་རྩད་ནས་གཞོམ་པ་སྟེ། བདེ་མཆོག་སྡོམ་འབྱུང་ལས། རྒོད་མ་ཁ་ཡི་མེ་འདྲ་བ། །ཕག་མོའི་ཐིག་ལེར་བརྗོད་པ་སྟེ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་འབར། །ཞེས་གསུངས་པ་ལྟར། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པའི་བདག་ཉིད་ཅན་རྡོ་རྗེ་རྣལ་འབྱོར་མའི་ངོ་བོར་ལྟེ་བར་རྟག་ཏུ་བཞུགས་པ་དེ་ཉིད་ལས་རླུང་གིས་བསྐུལ་བའི་ཐབས་ཀྱང༌། ལུས་ཆོས་བདུན་ནམ་ཐབ་མགར་གྱི་རྒྱ་དང་ལྡན་པས་པུས་འཁྱུད་དང་བཅས་ཏེ་གནས་དགོས་ལ། རྗེ་རས་དཀར་སྒོམ་པ་ཆེན་པོས། གནད་བཞི་སྔོན་དུ་འགྲོ་བ་ཡིས། །ཞེས་དུས་ཀྱི་གནད་རླུང་དང་མཚུངས་ལ། ཡུལ་གནད་ཕྱི་ནང་གི་སྟོང་ར་འཁོར་ལོ་དང་བཅས་པ་གསལ་ལ། རྒྱུད་སྡེ་ཕལ་ཆེར་གྱི་དགོངས་པ་དང་མཐུན་པར་ལྟེ་འོག་རྩ་གསུམ་འདུས་མདོར། ཤེས་པའི་གནད་གཞི་དུས་མ་ལས་ཐོབ་པ་ཀུན་རྫོབ་ཁྲག་གི་གཏུམ་མོ་ཆོས་འབྱུང་གི་དབྱིབས་ཅན་རྒྱ་སྲན་གྱི་ཕྱེད་ཚལ་ཙམ་གྱི་སྟེང་དུ་དོན་དམ་ཡེ་ཤེས་ཀྱི་གཏུམ་མོ་སྲན་མ་འབྲིང་པོ་ཙམ་སྟེ། དེ་ཡང་ཉི་མའི་ཆོས་ཉིད་རྣམ་པར་དག་པས་ཁ་དོག་དམར་བ། རླུང་མེའི་དྲོད་ཅན་གྱི་དངོས་པོར་གྲུབ་པས་རེག་བྱ་ཚ་བ། བྱང་སེམས་ཡེ་ཤེས་ཀྱི་བདུད་རྩི་དང་འབྲེལ་བས་ཉམས་མྱོང་བདེ་བ། ཤེས་རབ་ཕ་རོལ་ཕྱིན་པའི་རང་བཞིན་སྟོང་པ་ཉིད་དེ་མཚན་ཉིད་བཞི་ལྡན་དུ་གསལ་བཏབ་ལ། ཏི་རས་ཀྱིས། སེམས་ཀྱི་བཞོན་པ་རླུང་བཟུང་ནས། །གཏུམ་མོ་བཞི་ལྡན་བསྒོམས་པས་ན། །མི་རྟོག་ཡེ་ཤེས་སྐྱེ་བ་ཡིན། །ཞེས་དང་། ཨ་བྷི་རྡ་ན་ལས། ཡེ་ཤེས་ཀྱི་མེ་འདི་རླུང་གི་བསྐྱོད་ནས། ཞེས་གསུངས་

p. 325

པ་ལྟར། རླུང་གནད་སྦྱོར་བ་བཞི་དང་གནད་ལྔ་ཡིས་བུམ་པ་ཅན་གྱི་རླུང་བཟུང་བ་རོ་རྐྱང་གཉིས་ནས་གཏུམ་མོ་བསྐུལ་བས། སོལ་མེ་ལ་སྦུད་པ་རྒྱབ་པ་བཞིན་དམར་འུར་འུར་བྱེད་པའི་དྲོད་རིམ་གྱིས་ལུས་ལ་ཁྱབ་པར་བསམ་ཞིང་སྐབས་སུ་ལུས་ཀུན་འཕུར་སྲུབ་དྲག་ཏུ་བྱས་ལ་ཉམས་བསྐྱང་ངོ༌། །གཉིས་པ་ལ་གཉིས། སྔ་མའི་ཤེད་སྐྱེད་པ། ཐིག་ལེས་གསོས་འདེབས་པའོ། །དང་པོ་ནི། སྔ་མ་ཟིན་བྱེད་ཀྱི་སྐབས་ལྟར་ལུས་རླུང་སེམས་གསུམ་གྱི་གནད་བཅིང་བས་ཡེ་ཤེས་ཀྱི་གོང་བུ་ལས་ནཱ་ད་གཅན་གཟན་གྱི་སྨ་ར་ཙམ་པ་སོར་གང་སུམ་འཁྱོགས་ཀྱི་རྣམ་པ་ཅན་དུ་བསྒོམ་པ་དང༌། དེ་ནས་རིམ་གྱིས་སོར་དོ་འབར་བས་ཨ་ཤད་ཀྱི་གཟུགས་ཏེ། དཔྱིད་ཐིག་ལས། ལྟེ་བར་ཨ་ཡིག་གཟུགས་སུ་སྟེ། །ཐུང་ངུ་རུ་ནི་ཡོངས་སུ་གྲགས། །ཞེས་ཨ་ཕྱིས་པའི་ཤུལ་གྱི་ཤད་གྱེན་དུ་བསླང་བ་ལྟ་བུར་བསྒོམས་ལ། རླུང་སྦྱོར་བྱས་པས་ལྟེ་བ་ཕྱིན་ཆད་དྲོས་པར་བསམ། དེ་བཞིན་སོར་བཞིས་སྙིང་ག །སོར་དྲུག་གིས་མགྲིན་པ། སོར་བརྒྱད་ཀྱིས་སྤྱི་བོ་དང་བ་སྤུའི་མཐར་ཐུག་པར་དྲོས་པར་བསམས་ལ། དམིགས་པ་དང་མཐུན་པའི་རྟགས་འབྱོངས་ངེས་སུ་འབད་དོ། །གཉིས་པ་ནི། ཏི་རས་ཀྱིས། ཡུལ་གནད་ལྟེ་འོག་གསང་གནས་སུ། །ཤེས་གནད་ཡ་ཏོག་མ་ཏོག་གི །ཡབ་ཡུམ་གཉིས་ཀྱི་བདུད་རྩིའི་གནད། །ཅེས་དང༌། འཇམ་དཔལ་ཞལ་ལུང་ལས། གསང་བར་གཞིའི་གཏུམ་མོ་ཡོད་པར་གསུངས་བཞིན་བཞེད་ལ། དེ་ཡང་རས་དཀར་གྱིས། སློབ་དཔོན་ཆེན་པོ་བི་རཱུ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་ཡིན། །ཞེས་པ་ལྟར་ཏེ། དེ་ལ་སྔ་མ་ལས། སྨིན་མཚམས་མཛོད་སྤུའི་འཁོར་ལོ་ཡི། །དབུས་ཀྱི་རིན་ཆེན་འབར་བ་ལ། །བྱང་སེམས་གོང་བུ་དཀར་པོ་གནས། །དེ་ནི་དྲུག་པ་རྡོ་རྗེ་འཆང༌། །ཞེས་གསུངས་པ་དེ་ཉིད་མན་ངག་གི་ལུགས་ཀྱི་གཙུག་ཏོར་གྱི་རྩ་འདབ་དགུ་པ་

p. 326

གདུགས་རྩིབས་ཀྱི་རྣམ་པ་ཐུར་དུ་བསྟན་པའི་དབུས་སུ། ཐབས་ཀྱི་ཆ་ཡབ་ཧེ་རུ་ཀའི་ངོ་བོ་ཡ་ཏོག་བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད་འཛིན་པའི་ཧཾ་ཡིག་དཀར་པོ་དངུལ་ཆུའི་ཁ་དོག་ཅན་མགོ་བོ་ཐུར་བསྟན་དང༌། གསང་གནས་བདེ་སྐྱོང་འཁོར་ལོ་ནི། །འདབ་མ་སུམ་ཅུ་རྩ་གཉིས་གནས། །ཞེས་གསུངས་པ་ལྟར། དབུ་མའི་མར་སྣེར་རྩ་འདབ་སུམ་ཅུ་རྩ་གཉིས་གདུགས་འདེགས་ཀྱི་རྣམ་པས་གྱེན་དུ་ཕྱོགས་པའི་དབུས་སུ་མ་ཏོག་ཨ་ཤད་ཀྱི་རྣམ་པ་ཅན་དང༌། སྙིང་གའི་རྩ་འདབ་བརྒྱད་ཀྱི་ལྷོ་བྱང་གཉིས་ལས་གྱེས་པའི་ལག་རྩ་ཚིགས་དྲུག་ལ་རྩ་འདབ་བརྒྱད་རེ་དང༌། ཚིགས་ཕྲན་སུམ་ཅུ་ལ་རྩ་འདབ་བཞི་རེ། ལྟེ་བའི་རྩ་འདབ་དྲུག་ཅུའི་ལྷོ་བྱང་གཉིས་ལས་གྱེས་པའི་རྐང་རྩ་ཚིགས་ཆེན་ཚིགས་ཕྲན་རྣམས་ལའང་ལག་པའི་རྩ་བཞིན་གསལ་བཏབ་ལ། རས་པས། ཉི་མའི་འོད་ཀྱིས་རི་བོང་དབབ། །ཅེས་གསུངས་པ་ལྟར་རླུང་གིས་བསྐུལ་བའི་གཏུམ་མོའི་མེ་ལྕེ་སོར་བརྒྱད་དུ་འབར་བའི་འོད་ཀྱིས་སྤྱི་བོའི་ཧཾ་དྲོས་ཏེ། ཐིག་ལེ་དཀར་ལ་སྣུམ་པ་སྲན་མ་ཙམ་ཞིག་ཆད་ནས་མེ་དང་འཕྲད་ཅིང་གསོས་བཏབ་མ་ཐག་བཟོད་མེད་བདེ་བའི་ཉམས་འབར་བ་དང་ལྷན་ཅིག་མར་ཁུ་མེ་དང་སྦྱར་བ་ལྟར་ཚིག་སྒྲར་བཅས་ལྟེ་བ་ཕྱིན་ཆད་མེ་ཡིས་གང་བར་བསྒོམ། དེ་བཞིན་སྙིང་ག་མགྲིན་པ་སྤྱི་བོ་ཡན་ལག་བ་སྤུའི་མཐར་ཐུག་པ་ཚུན་ཆད་དང༌། གནས་ཡུལ་ཐམས་ཅད་མེ་ཡི་ཕུང་པོར་དམིགས་པ་བཅས་རིམ་བཞིན་སྔ་མ་སྔ་མ་འབྱོངས་རིམ་བཞིན་ཕྱི་མ་ཕྱི་མར་བསླབས་ལ། ཐུན་འཇོག་ཙ་ན་དཀར་དམར་རང་གནས་སུ་བསྡུས་ལ་ས་བོན་ཙམ་དུ་བཞག་སྟེ། རིག་སྟོང་རྗེན་པའི་ངོ་བོ་ཡེངས་མེད་སྐྱོང་བ་ལ་བསླབ་ཅིང་མཆོག་གི་གཏུམ་མོ་སྲོག་ལྟར་དུ་འཛིན་པར་བྱའོ། །ཡང་ཐུན་གསེང་དུ་གསང་བའི་གནས་ལ་གཏུམ་མོའི་རང་བཞིན་ཐིག་ལེ་དམར་པོ་

p. 327

མེའི་གོང་བུ་ལུག་རིལ་ཙམ་པ་གསལ་བཏབ་ལ་རླུང་ཤེད་ཀྱིས་བཟུང་ནས་ལྟེ་འོག་ཏུ་མནན་ལ། འོག་རླུང་ཅུང་ཟད་འཐེན་ནས་བར་རླུང་ཁ་སྦྱོར་དུ་འཛིན་པར་བྱའོ། །སྐབས་སུ་ནཱ་རོ་དྲུག་བསྐོར་དང་ཡན་ལག་སོགས་ལུས་སྦྱོང་དང་སྦྱོར་བས་འབྱོངས་སླའོ། །གསུམ་པ་ལ་གསུམ། བདེ་སྟོང་གི་གཞི་འདིང་བ། དེ་ཉིད་ངོས་བཟུང་བ། དགའ་བཞིའི་འགྲོས་སྦྱང་བའོ། །དང་པོ་ནི། སྤྱན་སྔ་ལུས་མེད་ཀྱི་ཆོས་དྲུག་ལས་འབྱུང་བ་ནི། ཕྱི་ནང་གི་སྟོང་ར་གོང་བཞིན་གསལ་བའི་གསང་འཁོར་གྱི་དབུས་སུ་ཁྲག་གི་གཏུམ་མོ་སྲན་མའི་ཕྱེད་ཚལ་ཙམ་དམར་ས་ལེར་གསལ་བ་ལ་རླུང་ཁ་སྦྱོར་བྱས་པས་དྲོད་རབ་ཏུ་འབར་བའི་འོད་ཀྱིས། ཧཾ་ཡིག་ལས་བྱང་སེམས་ཀྱི་རྒྱུན་ཐིགས་པ་འཛག་པ་བཞིན་མེ་དཀྱིལ་དུ་བབས་པས་བདེ་སྟོང་གི་ཉམས་ལྷང་ལྷང་རྒྱུད་ལ་སྐྱེས་པར་བསམ་པ་དང༌། ཏི་རས་ཀྱི་མན་ངག་རྒྱུད་ལས་འབྱུང་བ་ནི། རྩ་གསུམ་འཁོར་ལོ་དྲུག་བཅས་གསལ་བའི་ལྟེ་འོག་འདུས་མདོ་རུ་དམ་ཚིག་གི་གཏུམ་མོ་མེའི་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་ཡེ་ཤེས་ཀྱི་ཙཎྜ་ལཱི་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཚོན་གང་བ། གཅེར་བུ་སྐྲ་གྲོལ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་ཅིང་ཞབས་བརྐྱང་བསྐུམ་གྱིས་མེ་དཔུང་གི་དབུས་ན་བཞུགས་པར་བསམས་ལ། རླུང་སྦྱོར་བྱས་པས་བདེ་དྲོད་ཀྱིས་སྤྱི་བོའི་ཧཾ་ཡིག་ཞུ་བའི་ཐིགས་པ་ལྷ་མོའི་སྐུ་ལ་ཕོག་ཅིང་ཐིམ་པས། བདེ་སྟོང་ལྷང་ལྷང་སྐྱེས་པར་བསམ་མོ། །གཉིས་པ་ནི། ཏི་ཤྲི་རིན་པོ་ཆེའི་མན་ངག་གི་དགོངས་པ་ནི། རྩ་གསུམ་འཁོར་ལོ་བཞི་ལྡན་གསལ་བའི་ལྟེ་འོག་གཉེར་མཚམས་སུ་གནས་པའི་ཨ་ཤད་ལ་རླུང་སྦྱོར་བས་རྩ་རླུང་ཡབ་ཡུམ་འཕྲོད་པའི་རྟེན་འབྲེལ་གྱིས་དྲོད་ལྡང་སྟེ་རྩ་གནས་ཀྱི་ཐིག་ལེ་གཡོས་པས་རགས་པའི་རྟོག་པ་འགགས་ནས་བདེ་བ་དང་པོ་སྐྱེ་ལ། དེའི་ངོ་བོར་བལྟས་པས་སྟོང་པ་ཉིད་ངོས་བཟུང་

p. 328

དང་བྲལ་བ་སྟེ་དོན་ལ་བལྟ་བྱ་དང་ལྟ་བྱེད་བདེ་བ་དང་སྟོང་པ་གཉིས་མེད་ཀྱི་བག་ཐེབ་ཙམ་བྱ་བ་དང༌། དེ་ནས་མེ་ཤེད་ཇེ་ཆེར་བསྐྱེད་པས་རྩ་གནས་ཀྱི་ཐིག་ལེ་ཐམས་ཅད་སྤྱི་བོའི་ཧཾ་ལ་འདུས་པས་ཕྲ་བའི་རྟོག་པ་འགགས་ནས་བདེ་བ་གཉིས་པ་སྐྱེ་བས་ངོས་བཟུང༌། དེ་ནས་མེ་རབ་ཏུ་འབར་བས་སྤྱི་བོའི་ཧཾ་གི་བཞི་ཆ་རིམ་གྱིས་ཟགས་ཏེ་འཁོར་ལོ་བཞི་ལ་བརྒྱུད་ཅིང་། ལྟེ་འོག་དམར་ཆ་དང་འཕྲད་མ་ཐག་རྣམ་རྟོག་གི་རྒྱུན་ཆད་དེ་བཟོད་མེད་ཀྱི་བདེ་བ་སྐྱེས་པའི་ཉམས་བསྐྱང་ལ་རླུང་ཁུག་བདུན་གྱིས་གཡོ་བསྡུ་གཉིས་དང༌། རྩ་འཁོར་བཞི་ལ་རིམ་གྱིས་དབབ་བཀྲམ་དང་སྦྱར་ཞིང་དཀར་དམར་བསྲེ་བ་དང་བཅས། སླར་རླུང་བཏང་བའི་དུས་སོ་སོར་ཕྱེས་ཏེ་རང་གནས་སུ་བསྐྱལ་ལ། ལུས་རླུང་སེམས་གསུམ་ཤིགས་ཀྱིས་ཀློད་ཅིང་ངལ་གསོ་བ་ལྟ་བུའི་ཉམས་བསྐྱང་ངོ༌། །ཡང་སྙན་བརྒྱུད་ཀྱི་དོན་བཞིན་དུ་བསྒོམ་པར་བཞེད་པ་ནི། མཁའ་འགྲོ་སྙན་བརྒྱུད་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་ལྔ་བསྲེགས་བྱས་ཤིང༌། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཧཾ་ལས་བདུད་རྩིའི་ཟླ་རྒྱུན་བབས། །རྟེན་དང་བརྟེན་པ་ཉམས་ལྡན་པ། །གཅིག་ཏུ་གྱུར་པ་བདེ་བ་ཆེ། །ཞེས་གསུངས་པ་ལྟར། ཕྱི་ནང་གི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བའི་ལྟེ་བར་གཏུམ་མོ་དང༌། སྙིང་གའི་ཙཀྲར་དེ་བཞིན་གཤེགས་པ་ལྔའི་ས་བོན་དབུས་སུ་ༀ་དཀར་པོ། ཤར་དུ་ཧཱུྃ་སྔོན་པོ། ལྷོ་རུ་ཏྲཱྃ་སེར་པོ། ནུབ་ཏུ་ཧྲཱིཿདམར་པོ། བྱང་དུ་ཨཱཿལྗང་གུ་བཀོད་པ་དང༌། མགྲིན་པའི་ཙཀྲར་ཡུམ་ལྔའི་ས་བོན་དབུས་སུ་མཱུྃ་དཀར་པོ། ཤར་དུ་ལཱྃ་སྔོ། ལྷོ་རུ་མཱྃ་སེར། ནུབ་ཏུ་པཱྃ་དམར། བྱང་དུ་ཏཱྃ་ལྗང་གུ་བཅས་གསལ་བ་དང༌། སྤྱི་བོའི་ཙཀྲར་ཧཾ་ཡིག་མགོ་བོ་ཐུར་བསྟན་བཅས་བསྒོམས་ལ་སྲོག་རྩོལ་གྱིས་ལྟེ་བའི་གཏུམ་མོ་སྦར་བས། དེ་བཞིན་གཤེགས་

p. 329

ལྔ་དང་སྤྱན་ལྔ་སོགས་གཤེགས་མའི་ས་བོན་པད་ཚལ་ཚ་ངད་ཀྱིས་མནར་བ་ལྟར་ལས་གཏན་ནས་བསྲེགས་པ་མ་ཡིན་པར་རྙིང་པའི་རྣམ་པ་དང༌། དེ་ལས་མེ་གྱེན་དུ་འབར་བའི་རྩེ་མོས་ཧཾ་ལ་རེག་པས་བདུད་རྩིའི་ཟླ་རྒྱུན་ཆར་ལྟར་གཡོས་ཤིང་། རྟེན་ལུས་ཀྱི་བྱང་སེམས་དང་བརྟེན་པ་སེམས་ཀྱི་བྱང་སེམས་གཉིས་མེད་གཅིག་ཏུ་གྱུར་པ་བདེ་བ་ཆེན་པོའི་ཡེ་ཤེས་དང་བཅས་པ་རྩ་གནས་ཀྱི་ཡི་གེའི་སྟེང་དུ་རིམ་བཞིན་གྱིས་བབས་པས། པདྨ་ཆུས་བྲན་པ་ལྟར་སྔར་བས་ཀྱང་ཆེས་བཀྲག་པར་གྱུར་ནས་ལྟེ་བར་དཀར་དམར་འདྲེས་པས་ལྷན་སྐྱེས་ཀྱི་བདེ་བ་བཟོད་མེད་དུ་སྐྱེས་པར་བསམས་ལ། བུམ་ཅན་བདུན་བཟུང་མཐར་འཕང་བ་ཕྱིར་འཛིན་གྱིས་བྱང་སེམས་སྤྱི་བོར་ལྡོག་ལ་ཉམས་བསྐྱང་ངོ༌། །འདི་སྐབས་རུས་སྦལ་འགྲོས་སོགས་འབེབས་པའི་འཁྲུལ་འཁོར་དང༌། རྣམ་རོལ་དྲུག་པ་སོགས་ཐིག་ལེ་བཀྲམ་པའི་འཁྲུལ་འཁོར་རྣམས་བྱའོ། །གསུམ་པ་ནི། སྤྱན་སྔའི་ལུགས་སུ་དགའ་བཞིའི་འགྲོས་སྦྱང་བར་གསུངས་པ་ནི། ཕྱི་ནང་གི་སྟོང་ར་རྩ་གསུམ་འཁོར་ལོ་དྲུག་བཅས་གསལ་བའི་གསང་འཁོར་དུ་ཨ་ཤད་བསྒོམས་ལ། དེར་སྲོག་རྩོལ་གྱི་སྦྱོར་བས་རྩ་འཁོར་ཐམས་ཅད་ཡས་རིམ་གྱིས་མེ་ཡིས་དྲོས་ཤིང་གང་བས་རྩ་ཕྲན་ཐམས་ཅད་ནས་བྱང་སེམས་གཡོས་པ་སྤྱི་བོར་འདུས་པས་རགས་པའི་རྟོག་པ་འགགས་ཤིང་། འདོད་ཆགས་བཟོད་མེད་དུ་འབར་བ་དགའ་བ་སྟེ། ཏི་རས་ཀྱིས། རྩ་ཕྲན་རླུང་སེམས་འདུས་པ་ཡིས། །ལུས་ལ་བདེ་དྲོད་སྐྱེས་པ་ན། །རྣམ་པ་སྣ་ཚོགས་སྐད་ཅིག་ལ། །རགས་པ་འགགས་པ་རྟོག་མེད་དེ། །བདེ་བ་སྐྱེས་པ་དགའ་བ་ཡིན། །ཞེས་པ་ལྟར་དང༌། དེ་ནས་མེའི་རྩེ་མོས་ཧཾ་ཡིག་བསྐུལ་བས་བཞི་ཆ་ཙམ་ཞུ་བ་ཆར་ལྟར་གཡོས། རྩ་འདབ་བཞི་རུ་རིམ་གྱིས་འཁྱིལ་ཞིང་བབས་པས་ཕྲ་བའི་རྟོག་པ་ཐམས་ཅད་

p. 330

འགགས་ནས་བདེ་བའི་རོ་ཡིས་ལུས་སེམས་མྱོས་པས་མཆོག་དགའ་སྟེ། སྔ་མ་ལས། རླུང་ནང་དུ་འདུས་པས་གཏུམ་མོ་འབར། །ཡེ་ཤེས་ལས་ནི་ཆེས་བསྙེན་པས། །ཕྲ་བ་འགགས་པ་རྣམ་པར་སྨིན། །བདེ་ཆེན་སྐྱེས་པས་མཆོག་དགའ་ཡིན། །ཞེས་པ་ལྟར་དང༌། དེ་ནས་གསང་འཁོར་དབུས་སུ་དཀར་དམར་འདྲེས་པས་ཤིན་ཏུ་ཕྲ་བའི་རྟོག་པ་ཐམས་ཅད་འགགས་ནས་བརྗོད་མེད་ཀྱིས་བརྒྱལ་ཐབས་སུ་འགྲོ་བ་ལྷན་སྐྱེས་ཀྱི་དགའ་བ་སྟེ། རས་པས་ཀྱང༌། ཤིན་ཏུ་ཕྲ་བ་འགགས་པ་ཡིས། །མཚན་ཉིད་མེད་པའི་སྐད་ཅིག་མ། །བདེ་སྟོང་དབྱེར་མེད་སྐྱེས་པ་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །ཞེས་གསུངས་པ་ལྟར་ཏེ། དོན་ལ་རྩ་གནས་ཀུན་ལ་དབབ་ཅིང་བཀྲམ་པས་རུས་སྦལ་གྱི་འགྲོས་ཀྱིས་རླུང་ཁུག་གཅིག་གམ། བདུན་གྱིས་གཏུམ་མོ་འབར་བས་བཞུས་པའི་ཐིག་ལེ་འཛག་པ་དེ་དག་གི་བདེ་བའི་ངོ་བོར་རེག་པས་ཉམས་བསྐྱངས་པ་དང༌། སླར་རླུང་བཏང་བ་དང་ལྷན་ཅིག་ཏུ་དཀར་ཆ་མེ་ཡིས་གྱེན་དུ་དེད་པ་ཧཾ་ལ་འདུས་པར་བསམ་ཞིང་སྟོང་འདྲེན་བྱས་ལ། རྣམ་རྟོག་འཕྲོས་པ་ན་དགའ་བྲལ་ཏེ། ཏི་རས་ཀྱིས། རླུང་ནི་ཕྱིར་ལ་དབྱུང་བ་དང༌། །བདེ་སྟོང་ཉམས་དང་བྲལ་བ་ལ། །ཡེ་ཤེས་རྗེས་བསྡུ་བྱེད་པ་དེ། །རྟོག་པ་ཤར་བས་དགའ་བྲལ་ཡིན། །ཞེས་གསུངས་པ་ལྟར་ཏེ། དབུ་མའི་སྟོང་ཆར་སེམས་གཏད་ཅིང་ངོ་བོར་ཀློད་ལ་མེ་རང་གནས་སུ་བསྡུའོ། །བཞི་པ་ནི། སྐབས་སུ་གནད་ཀྱི་འཁྲུལ་འཁོར་ཆོས་བདུན་དང་ལྡན་པས་རླུང་ཁ་སྦྱོར་དུ་འཛིན་ལ། ལག་གཡས་ཤད་ཀྱིས་བརྐྱངས་ཏེ་ཐབས་ཀྱི་ཁྲོ་བོ་སོར་མཛུབ་ལྔས་རྡོར་སྐྱིལ་མདུན་དུ་ཆལ་གྱིས་ས་ལ་རེག །དེ་བཞིན་གཡོན་སོར་ཁྲོ་མོ་ལྔ་ལའང་སྦྱར་ཏེ་དགང་ཞིང་འདྲེན་པར་བྱ་ཞིང་། སྲིན་ཞལ་ཡི་དྭགས་ཁ་གཉིས་སྟེང་དུ་ཕུལ་བས་ཐུར་སེལ་གྱེན་དུ་དྲངས་ཤིང་རྒྱ་མཚོ་རི་རབ་ལ་སྦྱར།

p. 331

དར་ཆེན་གྱེན་དུ་ཕྱར། ནེ་ཙོ་བཙོན་དུ་བཟུང་། ཆུ་མིག་དབྱིངས་སུ་ལྡོག་ནས། གྱད་གཞི་དང་སྲིན་ཞལ་ཇེ་ལྷོད་དུ་བཏང་སྟེ་བྱང་ཆུབ་སེམས་ཀྱི་རྒྱུན་ཆུ་དཔྱང་ཐག་ལས་དྲངས་པའམ། འོ་མ་སྦུ་གུས་འཇིབ་པ་བཞིན་སྤྱི་བོའི་ཧཾ་ལ་ཐིམ་པར་དམིགས་ཏེ་མདའ་ལྟར་འཕང་བས་སྟོང་འདྲེན་བཅས་རླུང་ཕྱིར་འཛིན་བྱས་ལ་རྣམ་པར་མི་རྟོག་པའི་ངང་ལ་བཞག །སླར་བུམ་ཅན་འཛིན་ཅིང་སྤྱི་བོའི་ཧཾ་ཡིག་བཅུད་སྣུམ་བཀྲག་མདངས་ལྡན་པ་བདེ་བའི་རོ་ཡིས་ཤིན་ཏུ་ལྕི་བའི་ཚུལ་ཅན་ཞུ་ལ་ཁད་གསལ་བས། རྡོར་སྐྱིལ་བཀྲལ་ལ་ལངས་ཏེ་འབེབས་ཆེན་བར་འབེབས་གང་བདེ་དང་བསྟུན། ཧཾ་ལས་བྱང་ཆུབ་སེམས་ཀྱི་ཆར་ཆེན་དཔག་བསམ་ཤིང་ལོའི་ཟིལ་པ་སྤྲུག་པ་ལྟར་རབ་ཏུ་གཡོས་པར་བསམས་ལ་ལན་དགུ་སོགས་བརྒྱབ། མཐར་རྩ་གནས་ཐམས་ཅད་དང་བ་སྤུའི་མཐར་ཐུག་པར་ཁྱབ་སྟེ་བདེ་མེར་གྱིས་སོང་བར་བསྒོམས་ལ། གཡང་མོ་སྤྲུག་དང་ཧ་འདོན་བྱས་ཏེ་རླུང་བཏང་བ་དང་ལྷན་ཅིག་རིག་པ་ཆམ་གྱིས་བཞག་ལ་ངལ་གསོ། ཡང་ལུས་གནད་རླུང་བཅས་སྔར་བཞིན་བྱས་ལ་ལག་གཉིས་ཤད་ཀྱིས་བརྐྱངས་ཏེ་ཤེས་རབ་སྟེང་དུ་བཞག་པའི་བསྣོལ་ཐབས་ཀྱིས་མཐིལ་གཉིས་གདན་ལ་རེག་པས་དབུ་མ་ལ་བརྟེན་པའི་དགང་འདྲེན་གོང་བཞིན་བྱས་ལ་རླུང་བཏང་བ་དང་འབེབས་བཀྲམ་གཉིས་ཀྱང་བྱའོ། །སླར་ལུས་གནད་རླུང་དང་བཅས་གཤེགས་མའི་ཁུ་ཚུར་པུས་སྟེང་དུ་བཞག་ལ། གཤེགས་པ་ལྔས་རྒོད་གཤོག་གཡོན་ནས་འཇུས་ལ། རོ་སྟོད་གཡོན་དཀྱུ་དང་བཅས་རྐྱང་མ་ལ་བརྟེན་པའི་དགང་འདྲེན་བྱས་ཏེ་རླུང་བཏང་བ་དང་འབེབས་བཀྲམ་བཅས་བྱ། ཡང་ལུས་གནད་རླུང་བཅས་གོང་བཞིན་ལ། ཤེས་རབ་དང་ཐབས་གཉིས་རིམ་གྱིས་བརྐྱངས་ཏེ་གཤེགས་མ་དང་གཤེགས་པས་གདན་ལ་རེག་བཞིན་དགང་འདྲེན་བྱས་ཏེ་རླུང་བཏང་བ་དང་

p. 332

འབེབས་བཀྲམ་གཉིས་ཀྱང་བྱ། སླར་ལུས་གནད་རླུང་བཅས་གོང་བཞིན་བྱས་ལ་ཐབས་སྟེང་དུ་བཞག་པའི་བསྣོལ་ཐབས་ཀྱིས་མཐིལ་གཉིས་གདན་ལ་རེག་བཞིན་དགང་འདྲེན་དྲང་པོར་བྱས་ལ་རླུང་བཏང་བ་དང་འབེབས་བཀྲམ་གཉིས་ཀྱང་བྱ། ཡང་ལུས་གནད་རླུང་བཅས་གོང་བཞིན་བྱས་ལ་གཤེགས་པ་ལྔའི་ཁུ་ཚུར་དམ་པོ་པུས་སྟེང་གཡས་སུ་བཞག་ལ། གཤེགས་མ་ལྔས་རྒོད་གཤོག་གཡས་པར་འཁྱུད་ཅིང་རོ་སྟོད་གཡས་དཀྱུ་དང་བཅས་རོ་མ་ལ་བརྟེན་པའི་དགང་འདྲེན་བྱས་ལ་རླུང་བཏང་བ་སོགས་གོང་ལྟར་དང༌། གཞན་ཡང་སྙན་བརྒྱུད་ཀྱི་རྩ་བའི་འཁྲུལ་འཁོར་དྲུག་དང༌། སེངྒེ་རྣམ་རོལ་བཅས་རྩ་རླུང་ཐིག་གསུམ་ཀ་ལ་ཤིན་ཏུ་གཅེས་པའི་གནད་ཡིན་པས་འབད་པར་བྱེད་པ་ཉིན་མོའི་འཁྲུལ་འཁོར་དང༌། མཚན་མོ་ཉལ་བའི་སྐབས་སུའང་གློ་གཡས་ས་ལ་ཕབ་པ་སྟེ་ལག་གཡས་ཉི་མའི་དཀྱིལ་འཁོར་གྱིས་མཁལ་གཡོན་ཆུའི་དཀྱིལ་འཁོར་བཀབ་ཅིང་། ལག་གཡོན་པས་པུས་སྟེང་ནས་འཁྱུད་དེ་རྐང་གཡས་པའི་མཐེ་བོང་ནས་བཟུང་ཞིང་། མགོ་བོ་ཐུར་དུ་བཀུག་པའི་ཁ་རླངས་ལྟེ་འོག་ཏུ་ཕོག་པར་བྱེད་ཅིང་། ལུས་སུམ་ལྟེབས་ཀྱི་རྣམ་པ་སྟེ་སྤྱང་མོ་ཉལ་སྟབས་ཀྱིས་ཉལ་ཞིང་ཨ་ཤད་གསལ་བཏབ་སྟེ་བདེ་དྲོད་སེམས་གསུམ་དབྱེར་མེད་ཀྱི་ངང་དུ་མནལ་བས་དེ་དང་དེའི་ཡོན་ཏན་རྩོལ་མེད་དུ་འབྱུང་ངོ༌། །དེ་ཡང་སྒྲ་སྒྱུར་མར་པས། འཁྲུལ་འཁོར་གནད་ཀྱི་ཁ་སྦྱོར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཅེས་དང༌། རྗེ་ཏི་རས་པས། རྩ་ཁ་འབྱེད་ཅིང་རྩ་མདུད་གྲོལ། །རྩ་ནི་མཉེན་ལྕུག་ལྡན་པ་ནི། །ལུས་སྦྱོང་བྱས་པའི་ཕན་ཡོན་ཡིན། །ཞེས་གསུངས་པའི་ཕྱིར། སྙིང་རུས་བསྐྱེད་ལ་འབད་པས་སྲོག་རྩོལ་དབུ་མར་ཚུད་ཅིང་མི་རྟོག་པ་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་ཉམས་སྐྱེ་བར་འགྱུར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས། གེགས་སེལ་སོ་སོར་

p. 333

བསྟན་པ། ཡོན་ཏན་བཤད་པའོ། །དང་པོ་ནི། སྤྱིར་བསྐྱེད་རྫོགས་ཟུང་ལ་གེགས་བྱིང་རྒོད་གཉིས་འབྱུང་བས། བྱིང་ན་ལུས་གནད་དམ་དུ་འཆའ། ངག་གནད་ཕཊ་སྒྲ་དང་། ཡིད་གནད་ཤེས་པ་དབྱིངས་སུ་གཏད་ལ། མིག་གི་ལྟ་སྟངས་དྲག་པོ་བྱས་ཤིང་རིག་པ་ངར་འདོན། མཚན་བཅས་རྫོགས་རིམ་གྱི་སྐབས་སུ་བྱ་རྒོད་འཕུར་བའི་འཁྲུལ་འཁོར་ཡང་བྱ། རྒོད་ན་ལུས་གནད་ཤིགས་ཀྱིས་བཤིག །ངག་གནད་རླུང་རང་སོར་བཞག །ཡིད་གནད་རིག་པ་རྣལ་དུ་ཕབ་སྟེ་ཤེས་པ་བུམ་པར་གཟུང་ངོ༌། །བྱེ་བྲག་ཕྱི་ནང་གི་སྟོང་ར་ཐེར་ཟུག་མ་ཡིན་པར་སྣང་སྟོང་ཟུང་འཇུག་གི་རིམ་པ་སྟོང་གསལ་སྒྲིབ་གཡོགས་བྲལ་བར་བསླབ་ཅིང་། གཞན་ཡང་རྩ་རླུང་གི་སྐྱོན་ཕལ་ཆེར་ལུས་ཡོ་བ་ལས་འབྱུང་ལ། དེའང་བྲང་དགྱེ་ཞིང་འོག་རླུང་འཐེན་ཆེ་བས་སྟོད་ནད་དང་སྨད་ནད། རྐེད་པ་ཤིན་ཏུ་དགྱེ་ཆེ་བ་དང༌། གཡས་གཡོན་དུ་ཡོ་བ་དང་། འོག་རླུང་བསྡམ་མ་ཐུབ་པ། དྲི་ཆེན་དྲི་ཆུ་ཐིག་ལེ་སོགས་ཀྱི་ཤུགས་བཀག་པ་དང་འཚེར་བ་སོགས་ཀྱིས་སྨད་རྩ་རལ་བ་དང༌། སྨད་རླུང་འཇམ་པས་གྲང་བ་དང་ཐིག་ལེའི་ནད་ལྡང་བར་འགྱུར་བས་དེ་དག་ལ་ལུས་ཀྱི་ཚུགས་སློབ་དཔོན་གཞན་གྱིས་བཅོས་ཤིང༌། རང་གིས་ཀྱང་ལུས་ཚུགས་ཤིན་ཏུ་དྲང་བར་བྱ་བ་དང་། རླུང་ཁ་སྦྱོར་དུ་འཛིན་ནས་འབེབས་ཆེན་བར་འབེབས་འབེབས་ཆུང་བཅས་གང་ནུས་བརྒྱབ་མཐར་ཧ་འདོན་གཡང་མོ་སྤྲུག་པ་དང་འཕུར་སྲུབ་བཅས་བྱས་པས་སེལ་ངེས་སོ། །རླུང་ལ་སྦྱར་སྐབས་སྲོག་རྩོལ་རྒྱུ་བ་ལོག་ན་སྲོག་ལ་གཟན་པས་ཟླ་བ་བྱུང་ངོ་ཅོག་གི་ཚེས་གཅིག་གི་ཐོ་རངས་ནས་བཞིའི་ཉི་ཤར་གྱི་བར་རྐྱང་མ་ནས་རྒྱུ་བ་དང་། བཞི་ནས་དྲུག་གི་བར་རོ་མ་ནས་རྒྱུ་ཞིང་སླར་རྐྱང་མ་ནས་རྒྱུ་བ་རེས་མོས་འབྱུང་བས། དེ་ལས་ལྡོག་ན་རླུང་ལོག་པ་ཡིན་པས་འབོལ་བའི་གདན་ལ་རྒྱུ་བ་ལོག་པའི་

p. 334

གཞོག་དེ་ས་ལ་བརྟེན་ནས་ལུས་ནར་པོར་བརྒྱངས་ཏེ། ལག་གཡས་པའི་སྲིན་མཛུབ་ཀྱིས་སྣ་བུག་གཡས་བཀག་ཅིང༌། མཐེབ་ཆེན་གྱིས་སྐེ་ཡི་རྩ་ཆེན་དྲག་ཏུ་མནན། གཡོན་པས་གཡས་པའི་མཆན་འོག་ནས་བཙིར་བས་རླུང་འབུད་པ་དྲག་ཏུ་བྱས་ཤིང་རྔུབ་པས་རང་སོར་གནས་པར་འགྱུར་རོ། །དེ་ནི་གནད་ཤིན་ཏུ་ཟབ་པས་བརྟགས་ཤིང་བཅོས་ཐབས་ལ་གཟབ་བོ། །གཏུམ་མོའི་སྐབས། གཏུམ་མོ་སྡུག་བསྔལ་གྱི་དུས་སུ་སེམས་མི་ཞུམ་པར་སྙིང་རུས་བསྐྱེད་ནས་ལུས་སྦྱོང་འཁྲུལ་འཁོར་ཡང་ཡང་བྱ་ཞིང༌། དེ་ཡང་ཚ་ཤས་ཀྱིས་བསྐྱེད་པའི་སྟོད་ནད་བྱུང་ན་བྱང་སེམས་གཤེར་བའི་རྣམ་པས་ལུས་ཁྱབ་པར་བསྒོམ་པ་དང༌། གྲང་ཤས་ཀྱིས་བསྐྱེད་པའི་སྨད་ནད་བྱུང་ན་མེ་ཤེད་རེག་བྱ་ཚ་བ་ལུས་ལ་ཁྱབ་པར་བཀྲམ། རྒྱུན་དུ་ཆ་སྙོམས་སུ་སྒོམ་སྲན་དང་བཅས་རྗེ་བཙུན་གོང་མ་རྣམས་ཀྱི་རྣམ་ཐར་དྲན་པས་དཔའ་གདེང་འཆའ་ཞིང་། རྗེ་བཞད་པ་རྡོ་རྗེའི་རྨི་ལམ་བརྡ་ཤར་གྱི་མགུར་ལྟར་བྱང་ཆུབ་སེམས་ཀྱི་འཕེན་པ་སྙིང་རྗེ་བཟོད་མེད་ཀྱི་མཐུན་རྐྱེན་དང་བཅས་ཏེ་འབད། དེ་རྗེས་གཏུམ་མོ་འདོད་ཆགས་ཀྱི་འཕྲང་ཡོད་པས། ཐེག་གསུམ་གྱི་བསླབ་སྡོམ་ཁྱད་དུ་མི་གསོད་ཅིང༌། རྒྱུ་དང་འབྲས་བུའི་སྨིན་ཚུལ་ལ་གཞིག་འདྲིལ་ཡང་དག་པས་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བའི་ཐབས་ལ་འབད་དགོས་ཏེ། དེ་ཡང་དུག་ལྔ་ལམ་ཁྱེར་ནི། རྗེ་ཏི་རས་ཀྱིས། སྙིང་ག་ཆུ་ཡི་དཀྱིལ་འཁོར་དུ། །འབྱུང་བ་མེ་ཡི་རླུང་འདུས་ནས། །ཞེ་སྡང་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ཞེ་སྡང་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་སྙིང་གའི་རྩ་མདུད་དུ། །ཤེས་གནད་རི་བོང་སྔོན་པོ་བསྒོམ། །མེ་ཡི་ཧོཾ་དུ་དབབ་པར་བྱ། །གནད་བཞིས་ཉམས་སུ་བླངས་ཙ་ན། །ཞེ་སྡང་འོད་གསལ་ཆོས་སྐུར་འཆར། །ལྟེ་བ་མེ་ཡི་དཀྱིལ་འཁོར་དུ། །

p. 335

འབྱུང་བ་ཆུ་ཡི་རླུང་འདུས་ནས། །ཉོན་མོངས་འདོད་ཆགས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་འདོད་ཆགས་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་ལྟེ་བའི་རྩ་མདུད་དུ། །ཞི་དྲག་རླུང་གིས་སྦྱོར་བ་ཡིས། །ཤེས་གནད་གཏུམ་མོ་ཨ་ཐུང་བསྒོམ། །གནད་བཞིས་ཉམས་སུ་བླངས་ཙ་ན། །འདོད་ཆགས་ཟག་མེད་བདེ་སྟོང་འཆར། །རྐང་ལག་ལུས་ཚིགས་ནམ་དཀྱིལ་དུ། །འབྱུང་བ་ས་ཡི་རླུང་འདུས་ནས། །གཏི་མུག་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་གཏི་མུག་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་ལོང་བུའི་རྩ་མདུད་དུ། །ཤེས་གནད་ཧཱུྃ་ཡིག་སྔོན་པོ་བསྒོམ། །ཧཱུྃ་ཉིད་ཐིམ་པས་སྟོང་ཉིད་བསྒོམ། །གནད་བཞིས་ཉམས་སུ་བླངས་ཙ་ན། །གཏི་མུག་ཆོས་ཀྱི་དབྱིངས་སུ་འཆར། །མགྲིན་པ་ས་ཡི་དཀྱིལ་འཁོར་དུ། །འབྱུང་བ་ཆེན་པོ་རླུང་འདུས་ནས། །ང་རྒྱལ་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ང་རྒྱལ་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་མགྲིན་པའི་རྩ་མདུད་དུ། །ཤེས་གནད་ལཱྃ་ཡིག་སེར་པོ་བསྒོམ། །དེ་ཐིམ་གསེར་གྱི་ས་གཞིར་བསམ། །གནད་བཞིས་ཉམས་སུ་བླངས་ཙ་ན། །ང་རྒྱལ་མཉམ་ཉིད་ཡེ་ཤེས་འཆར། །སྤྱི་བོ་རླུང་གི་དཀྱིལ་འཁོར་དུ། །འབྱུང་བ་ནམ་མཁའི་རླུང་འདུས་ནས། །ཕྲག་དོག་ཕྱུར་གྱིས་སྐྱེ་བ་ཡིན། །དེ་དུས་ཉམས་སུ་བླང་བ་ནི། །དུས་གནད་ཕྲག་དོག་སྐྱེ་དུས་སུ། །ལུས་གནད་འཁྲུལ་འཁོར་དམ་པར་བྱ། །ཡུལ་གནད་སྤྱི་བོའི་རྩ་མདུད་དུ། །ཤེས་གནད་མཱུྃ་ཡིག་སྔོན་པོ་བསྒོམ། །གནད་བཞིས་ཉམས་སུ་བླངས་ཙ་ན། །ཕྲག་དོག་ཕྲིན་ལས་སྣ་ཚོགས་འཆར། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །རིགས་དྲུག་ས་བོན་ཡི་གེ་དྲུག །རང་གནས་རླུང་སེམས་འདུས་གྱུར་ན། །

p. 336

རིགས་དྲུག་སོ་སོའི་སྣང་བ་འཆར། །དེ་དུས་བསྒོམ་པར་བྱ་བ་ནི། །མྱ་ངན་འདས་པའི་ཡི་གེ་བསྒོམ། །དེ་ཡིས་རིགས་ལྔ་ཡེ་ཤེས་ལྔ། །མྱ་ངན་འདས་པའི་ཡི་གེ་འཆར། །ཞེས་གསུངས་པས་མཚན་བཅས་ཀྱི་སྒོ་ནས་དུག་ལྔའི་གེགས་སེལ་ཞིང་། ཡེ་ཤེས་ལྔ་རུ་ལམ་གྱིས་འཆར་བའི་གདམས་པ་འདི་ཉིད་གང་ལ་སྦྱངས་པའི་ལྷ་དེའི་གསལ་སྣང་དང་ལྡན་པས་དོན་མ་ནོར་བར་བསྒོམས་ལ་ཡེ་ཤེས་ལྔའི་ཉམས་བསྐྱངས་པས་སྐུ་ལྔ་རུ་གྲོལ་བར་འགྱུར་རོ། །ཡང་སྐབས་རེར་ཉམས་ཀྱི་སྣང་ཆར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ངོ་སྙམ་པའི་འཛིན་སྟངས་ཤིག་འབྱུང་སྲིད་པས། དེའི་ཉམས་ལ་ངེས་ཤེས་ལྡན་པས་འཕོས་ན་གཟུགས་མེད་དུ་གོལ་བས། སྟོང་ངོ་སྙམ་པའི་འཛིན་མཁན་དེ་ཉིད་ཤིགས་ཀྱིས་བཤིགས་ལ་ལྷོད་ཀྱིས་ཀློད་པའི་ངོ་བོ་སྐྱོང་། སྐབས་སུ་ཕྱི་ནང་སྟོང་ར་གསལ་བཞིན་པས་གཡས་རོ་མར་ཟླ་བ་དང༌། གཡོན་རྐྱང་མར་ཉི་མ་གནས་པ་དེ་ཉིད་རང་མལ་ནས་དྲངས་པས་སྒྲ་གཅན་གྱི་ཁོང་དུ་མིད་ཅིང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་སོན་པས་ཡོལ་ཐབས་སུ་ཁ་སྦྱོར་བའི་བར་དུ་ཧཾ་ཡིག་གནས་པ་བཙིར་བས། བྱང་སེམས་ཀྱི་རྒྱུན་རྩ་གནས་ཐམས་ཅད་དུ་ཆུ་ཡུར་བ་ལས་དྲངས་པ་ལྟར་སོང་བར་བསྒོམས་ཤིང་། བུམ་པ་ཅན་གྱི་སྦྱོར་བ་བྱས་ལ་བ་སྤུའི་མཐར་ཐུག་པར་ཁྱབ་པར་བསམས་ལ། དེ་ཚེ་རུས་སྦལ་མཁར་གཞོང་དུ་གནས་པ་ལྟ་བུའི་ཉམས་འཆར། དེའི་ངོ་བོ་སྟོང་ཉིད་དུ་ཤར་བས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བརྗོད་དུ་མེད་པ་རྒྱུད་ལ་སྐྱེ་བར་འགྱུར་རོ། །ཡང་མཚན་མེད་ཀྱིས་ལམ་དུ་ཁྱེར་བའི་ཐབས་ནི། ཏི་རས་ཀྱིས། སེམས་ཉིད་རང་བཞིན་རྣམ་དག་ལ། །ཉོན་མོངས་གཟུགས་བརྙན་ཤར་བ་ཡིན། །ཞེས་གསུངས་པ་ལྟར། སེམས་ཉིད་རང་བཞིན་རྣམ་པར་དག་པའི་མཁའ་དབྱིངས་སུ་ཕྱི་ནང་གི་རྟེན་འབྲེལ་ཅུང་ཟད་

p. 337

ཚོགས་པའི་རྐྱེན་གྱིས་འཇའ་ཚོན་དཀར་དམར་གྱི་སྣང་ཤས་ཤར་བ་དོན་དུ་མ་གྲུབ་པའི་རྫུན་ཕུག་གཏིབ་པ་ལྟར་གྱིས་གྲོལ་བར་འགྱུར་ལ། དེ་ཡང་སྔ་མ་ལས། ཐེག་ཆེན་གསང་སྔགས་བཞེད་པ་ནི། །ཉོན་མོངས་གང་དང་གང་སྐྱེས་པ། །དེ་རང་ཡེ་ཤེས་ཡིན་པར་གསུངས། །དེ་ཡི་རང་བཞིན་ཤེས་པས་ཆོག །ཅེས་གསུངས་ཤིང༌། སྤྱིར་ལམ་འདིར་ཆོས་ཟབ་པའི་དབང་གིས་ཡེ་ཤེས་ཀྱི་མེ་འབར་བའི་སྔོན་དུ་ཉོན་མོངས་ཀྱི་དུད་པ་གཡོ་བར་ངེས་པས་དེ་དུས་གནད་དེ་དག་ཡི་དམ་དུ་བྱའོ། །གཉིས་པ་ནི། ལུས་ལྷར་བསྒོམས་པའི་ཡོན་ཏན་ཡང༌། ཏི་རས་ཀྱིས། རང་སེམས་ལྷ་སྐུར་བརྟེན་ཙ་ན། །སྣང་བ་ལྷ་རུ་འཆར་བ་ཡིན། །ཞེས་པ་ལྟར་རང་ལུས་ཐ་མལ་གྱི་སྣང་འཛིན་ཞིག་ནས་ལྷའི་སྐུར་འཕོས་པས་གནས་སྐབས་གཞན་སྣང་ཟིལ་གྱིས་གནོན་ཅིང་ལུས་ཀྱི་སྒྲིབ་པ་དག །མཐར་ཐུག་བར་དོར་སྤྲུལ་པའི་སྐུར་འཚང་རྒྱ་བ་དང༌། རྩ་རླུང་གི་ཡོན་ཏན་ཡང་། སྔ་མ་ལས། སེམས་ཀྱི་ཞོན་པ་རླུང་བཟུང་ནས། །གཏུམ་མོ་བཞི་ལྡན་བསྒོམས་བྱས་ན། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང༌། ཆོས་རྗེ་བསོད་ནམས་བཟང་པོས། གཏུམ་མོ་སེམས་ཀྱི་ངོ་བོ་དེ། །རྣམ་ཤེས་རླུང་གི་རྟ་ལ་བསྐྱོན། །འཁྲུལ་འཁོར་སྒྱོགས་ཀྱི་ལྕག་གིས་བྲབ། །རྩ་དབུ་མའི་ཐང་ལ་ཁ་ཡན་ཀློད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་དང༌། སྒོམ་དུས་དྷཱུ་ཏིར་རྒྱུ་བས་ན། །ཡོན་ཏན་སྐྱེ་དང་ཏིང་འཛིན་འཕེལ། །ལུས་གཞོན་སྐྲ་དཀར་གཉེར་མ་ཉུང༌། །ཞེས་གསུངས་པ་ལྟར་རྩ་རླུང་ཐིག་གསུམ་བསྒོམས་པའི་ཡོན་ཏན་གྱིས་གནས་སྐབས་སུ་ཉོན་མོངས་ཀྱི་རྩ་མདུད་གྲོལ་ཞིང་། དུག་ལྔའི་རླུང་སངས་ཏེ་ཡེ་ཤེས་ཀྱི་རླུང་དྷཱུ་ཏིར་ཚུད། དཀར་དམར་བསྲེག་ཞུས་འདོད་ཆགས་ཀྱི་རྟོག་པ་དག་ནས་བདེ་སྟོང་གི་ཉམས་སྐྱེ། གཞོན་ནུའི་ལུས་ཤ་རྒྱས་ཤིང་འདུ་བ་ཁོད་སྙོམས་པས་ཟུག་གཟེར་ཉུང༌། རྩ་ཐིག་

p. 338

རླུང་གསུམ་འཕྲད་པའི་རྟེན་འབྲེལ་གྱིས་ཕྱི་ནང་གི་མཐུན་རྐྱེན་དང་དཔའ་བོ་མཁའ་འགྲོ་འདུ་བ་དང༌། ཁྱད་པར་རྟགས་བཅུ་ཡོན་ཏན་བརྒྱད་སོགས་འབྱུང་ཞིང་། མཐར་ཐུག་དུས་མི་རིང་བར་ཐབས་ཀྱི་མཆོག་བདེ་ཆེན་ལམ་དུ་བྱེད་པའི་སྦྱོར་བས་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་པར་འགྱུར་བ་ནི། ལུང་ལས། དེ་ཕྱིར་དེ་ལ་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པས་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་གསུངས་པས་སྐལ་པ་བཟང་ཞིང་ཐར་པ་དོན་དུ་གཉེར་བའི་བློ་དང་ལྡན་པ་དག་གིས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མ་གྱུར་པར་བརྩོན་འགྲུས་དང་སྙིང་རུས་ཀྱིས་འབད་པར་རིགས་སོ། །
༈ གཉིས་པ་སྐུ་བུམ་པའི་དབང་གི་ཉམས་ལེན་ལམ་དུས་སུ་སྒོམ་པའི་མཚན་མ་མེད་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་འདི་ལ་བཞི། སྒྱུ་ལུས་མ་ཟིན་པ་ཟིན་པར་བྱེད་པ་བདེན་མེད་ཀྱི་དོན་བཀྲལ་བ། ཟིན་པ་བརྟན་པར་བྱེད་པ་དཔེ་དོན་ལ་གཞིག་པ། བརྟན་པ་བོགས་དབྱུང་བ་བདེ་སྡུག་ཉམས་སུ་མྱོང་བ། དེ་དག་གི་གནས་སྐབས་མཐར་ཐུག་དང་བཅས་པའི་ཡོན་ཏན་བསྟན་པའོ། །དང་པོ་ནི། སྤྱིར་སྤྱི་དོན་དང་སྦས་དོན་སོགས་སྒྱུ་ལུས་ཀྱི་དབྱེ་བ་མང་དུ་ཡོད་པ་ལས། སྐབས་འདིར་མན་ངག་གི་ལུགས་ཏེ། འགྲོ་མགོན་ཏི་རས་ཀྱིས། རྣམ་རྟོག་ཕྱོགས་མེད་ཨ་ལ་གནས། །ཞེས་རྣམ་རྟོག་ཕྱོགས་མེད་ཀྱི་སྣང་བ་སྣ་ཚོགས་པ་འཆར་བའི་སེམས་ལྟེ་བའི་རྩ་མདུད་ཨའི་དབྱིབས་སུ་གནས་པ་སྒྱུ་ལུས་སྤྲུལ་སྒྱུར་ལམ་དུ་ཁྱེར་བ་སྟེ། རྡོ་རྗེ་མཁའ་འགྲོ་ལས། ཁམས་གསུམ་པོ་ནི་མ་ལུས་པའི། །འགྲོ་བ་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་

p. 339

དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རིག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་ཁམས་གསུམ་སྣོད་བཅུད་ཀྱི་བཀོད་པ་སོགས་སྒྱུ་མའི་རང་བཞིན་ཅན་ཏེ། སྒྱུ་མའི་མཁན་པོས་རྟ་གླང་གི་ལུས་བཞིན་ལས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྟག་བཅས་བདེན་གྲུབ་ཀྱི་རང་བཞིན་ཅན་ཅུང་ཟད་མེད་དེ། དེ་ཡང་ཏི་རས་ཀྱིས། དམའ་བ་མནར་མེད་ཡན་ཆད་དང༌། །མཐོ་བ་སྲིད་རྩེ་མན་ཆད་ཀྱི། །འཁོར་བའི་ཆོས་རྣམས་མ་ལུས་དང༌། །མཐོ་བ་སངས་རྒྱས་མན་ཆད་ཀྱི། །མྱ་ངན་འདས་པའི་ཆོས་རྣམས་ཀུན། །དྲི་ཟའི་གྲོང་དང་སྒྱུ་མའི་དཔེ། །ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་རྟོག་ཚོགས་ཐམས་ཅད་ཕྱི་ནང་གི་རྟེན་འབྲེལ་ཅུང་ཟད་ཙམ་གྱིས་མཁའ་ལ་དབང་གཞུ་བཀྲ་བའམ། མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །ཞེས་སྒྱུ་མའི་མཁན་པོས་རིགས་སྔགས་ཀྱིས་བཏབ་པའི་ཡུལ་བཀོད་ལྟར་ལས་ངོ་བོའི་ཆ་ནས་གདོས་བཅས་སུ་གྲུབ་པ་ཏིལ་འབྲུ་ཙམ་ཡང་མེད་ཅིང༌། ད་ལྟ་རང་ངོས་ནས་ཨ་འཐས་སུ་སྣང་བ་འདི་ནི་སྔོན་གོམས་ཀྱི་བག་ཆགས་ཁོ་ན་སྟེ་རྟེན་འབྲེལ་ལུགས་འབྱུང་གིས་ང་མེད་ལ་ངར་འཛིན་ཅིང་། བཟོ་བཅོས་ཐ་སྙད་ཀྱི་གདགས་གཞི་མང་དུ་བྱས་པ་ཡིན་གྱི་དངོས་སུ་གྲུབ་པ་ནི་མ་ཡིན་ཏེ། ཚུལ་ཇི་ལྟ་བུ་ཡིན་ཞེ་ན། རྩ་ཤེས་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །ཞེས་བག་ཆགས་འཐིབ་པའི་རྐྱེན་གྱིས་རྨི་ལམ་གྱི་སྣང་བར་ཡུལ་དང་བཀོད་པ་སྣ་ཚོགས་པ་ཞིག་རྨིས་པ་དེ་དག་མནལ་སད་པའི་སྐབས་ན་དངོས་སུ་མ་ཡིན་པའི་རྫུན་ཕུག་རྡིབ་པ་ལྟར་ལས། དེ་ཡང་ཕྱི་ཡུལ་སྣང་གི་བཀོད་པ་འདིའང་མཐོང་ཚུལ་ཐ་དད་དེ། པདྨ་རྣམ་པར་རོལ་པའི་མདོ་ལས། ས་འབའ་ཞིག་ལ་སར་འདུ་ཤེས་པ་ཡོད། ས་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། ས་ལ་མེར་

p. 340

འདུ་ཤེས་པའང་ཡོད། ས་ལ་ཆུར་འདུ་ཤེས་པའང་ཡོད། ས་ལ་རླུང་དུ་འདུ་ཤེས་པའང་ཡོད། དེ་བས་ན་བག་ཆགས་མཐུ་བརྟན་པས་གོང་ལྟར་སྣང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་དང༌། གཞན་ཡང་། ལྷ་ཡིས་ས་གཞིར་སྣང་བ་ལ། །མི་ཡིས་ནམ་མཁར་མཐོང་བ་དང༌། །མི་ཡིས་ས་གཞིར་མཐོང་བ་ལ། །ཀླུ་ཡིས་ནམ་མཁར་མཐོང་བ་དང༌། །ཞེས་སོགས་གསུངས་པ་ལྟར་དང་། སྐབས་གསུམ་ལྷ་ཡིས་ཆུ་བོ་བདུད་རྩིར་མཐོང་བས་འཆི་སོས་ཀྱི་སྨན་དང་རོ་བྲོ་བའི་མཆོག་ཏུ་གྱུར་པ་དང༌། ལྷ་མ་ཡིན་གྱིས་རྣོ་བའི་གོ་མཚོན་དུ་མཐོང་ནས་གཡུལ་འགྱེད་པ་དང༌། མི་ཡིས་ཆུར་མཐོང་སྟེ་སྐོམ་གསོས་སུ་བཏུང་བ་དང༌། དུད་འགྲོ་རྣམས་ཀྱིས་ཁ་ཟས་སུ་མཐོང་ནས་ལོངས་སྤྱོད་པ་དང༌། ཡི་དྭགས་རྣམས་ཀྱིས་རྣག་ཁྲག་ཏུ་མཐོང་ནས་སྐྱུག་བྲོ་བ་དང༌། དམྱལ་བའི་སེམས་ཅན་གྱིས་ཁྲོ་ཆུར་མཐོང་ནས་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ནི་ལྷ་ལས་བབ་པ་སྟེ་དེ་རིམ་གྱིས་གནས་འགྱུར་བ་མ་ཡིན་ཞིང༌སྣང་བ་དག་དང་མ་དག་གི་ཁྱད་པར་ཏེ། ལས་འབྲས་བཟང་ངན་ཅུང་ཟད་ཀྱི་རྐྱེན་གྱིས་གཞི་གཅིག་ལ་མཐོང་ཚུལ་ཐ་དད་པ་ཞིག་ངར་འཛིན་བག་ཆགས་ཀྱི་མེ་ལོང་ངོས་སུ་ཤར་བ་སྟེ། འོད་སྲུང་གིས་ཞུས་པའི་མདོ་ལས། དཔེར་ན་རི་མོ་མཁན་ཞིག་གིས། །གནོད་སྦྱིན་འཇིགས་པའི་གཟུགས་བྲིས་ནས། །དེ་ཡིས་འཇིགས་ནས་ཁ་སྦུབ་ཏུ། །འགྱེལ་ནས་བརྒྱལ་བར་གྱུར་པ་ལྟར། །བྱིས་པ་སོ་སོའི་སྐྱེ་བོ་ཀུན། །བདག་ཉིད་ཀྱིས་ནི་བྱས་པ་ཡིས། །གཟུགས་སྒྲ་ལ་སོགས་རྨོངས་གྱུར་ནས། །འགྲོ་བ་དྲུག་ཏུ་འཁྱམས་པར་འགྱུར། །ཞེས་གསུངས་པ་ལྟར། དོན་ལ་ཀུན་བྱེད་ཀྱི་རྒྱལ་པོ་སེམས་གཅིག་པུ་ཁོ་ནས་གཟུང་བ་ཡུལ་གྱི་བཀོད་པ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བདེན་པར་འཛིན་པའི་གོམས་སྟོབས་ཀྱིས་མེད་བཞིན་དུ་མངོན་སུམ་དུ་བསྐྱེད་པ་ཡིན་ལ། དེ་ལྟའི་བཟོ་

p. 341

མཁན་ནང་འཛིན་པའི་སེམས་ཉིད་ང་ཞེས་བྱ་བ་དེ་དང་པོ་འཚོལ་བར་བྱ་སྟེ། དེའང་ལུས་འདིའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཤ་དང་རུས་པ་ཚིལ་རྐང་རེ་རེ་བཞིན་རིགས་པའི་མཚོན་གྱིས་གུད་དུ་ཕྱེས་ལ་འདིའོ་སྙམ་པ་ཨེ་འདུག་བརྟག །དེ་ནས་ཕྱི་ཡུལ་ཕྱོགས་རེར་བཟུང་མཁན་དུ་འདུག་པས་ཕྱིའི་ཡུལ་ལ་ཡོད་དོ་སྙམ་ནས་དཔྱད་བརྡར་བྱས་པས་ཉུག་མཁན་ཁོ་རང་ཡིན་པར་གོ་རུ་འོང་གི །དེའང་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པའང་མི་དམིགས་སོ། །ཞེས་གསུངས་པ་ལྟར་ཏེ། བརྟགས་ཤིང་དཔྱད་པས་དང་པོ་སྐྱེ་བ་དང༌། བར་དུ་གནས་པ། མཐར་འགག་པའི་ཡུལ་མེད། དེའི་ཕྱིར་ན་གཟུགས་དང་ཁ་དོག་གྲུབ་ཚུལ་ཐ་སྙད་ལས་འདས་པས་གཟུང་འཛིན་གཉིས་ཀ་བདེན་པར་མ་གྲུབ་པ་ཡིན་པའི་ཕྱིར་ན་སྒྱུ་མའི་དཔེ་དང་ཆོས་མཚུངས་སོ། །སྒྱུ་མ་ལ་ལས་དང་ལུས་དངོས་སུ་མེད་པ་ཅན་ཞིག་ཡིན་ན། དངོས་པོར་མཐོང་དུ་རུང་བ་ཞིག་འཛིན་པ་ཁོ་ནས་བསྐྱེད་མི་ནུས་སྙམ་ན། པདྨ་རྣམ་པར་རོལ་པའི་མདོ་ལས། ཕ་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོ་ཡིས་བྱས་པ་མ་ཡིན་ཏེ། སེམས་རྟོག་པའི་བག་ཆགས་འཐས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་འཐས་ཀྱང་རི་བོ་དང་། རྒྱ་མཚོ་དང་། ཉི་ཟླ་ལ་སོགས་པ་སྲ་ལ་འཐས་པ་འདི་ལྟར་སྣང་བ་གང་ལ་རུང༌། བཀའ་སྩལ་པ། རྟོག་པ་འཐས་པའི་དབང་གིས་འདི་ལྟར་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝཱ་རཱ་ཎ་སཱི་ན་བྲམ་ཟེ་མོ་བཞིན་བཟང་ཞེས་བྱ་བས། རང་གི་ལུས་སྟག་ཏུ་བསྒོམས་པས་གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱིས་མོ་སྟག་དངོས་སུ་མཐོང་ནས་མི་ཐམས་ཅད་བྲོས་ཏེ་གྲོང་ཁྱེར་ཐམས་ཅད་སྟོངས་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་ལུས་རྟེན་གཅིག་གིས་གོམས་པའི་མཐུས་བག་

p. 342

ཆགས་བརྟས་པས་དེ་ལྟར་གྱུར་ན། རང་ཅག་གྲངས་མེད་གོང་ནས་ངར་འཛིན་གྱི་བག་ཆགས་གོམས་པ་སྣང་རུང་ལགས་པས། དེའི་ཚུལ་རྣམས་དང་པོ་ཚིག་གིས་གོ་བ་བསྐྱེད་ལ། བར་དུ་བརྟན་གཡོའི་བཀོད་པ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་བཟང་ངན་གྱི་རྟོག་ཚོགས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་སྦྱར་ལ། བདེན་པར་མ་གྲུབ་པའི་རང་མཚང་རིག་ཐོག་ཏུ་རྡོ་རུས་སྤྲད་པར་བྱ་སྟེ། དེ་དག་ནི་མདོ་སྔགས་ཐུན་མོང་གི་དགོངས་པ་སྟེ་མ་དག་པའི་སྒྱུ་ལུས་སྦྱང་བ་འདི་ལ་སྣང་སྲིད་སྒྱུ་མའི་ཉམས་མ་ཤར་གྱི་བར་སྣང་སྟོང་འཛིན་མེད་དུ་ཉམས་སུ་བླང་ངོ་། །གཉིས་པ་ལ་གཉིས། རང་རྒྱུད་ཀྱི་ཉོན་མོངས་སྒྱུ་མར་སྦྱང་བ་དང༌། དེ་དག་པའི་སྒྱུ་མར་སྦྱང་བའོ། །དང་པོ་ནི། རྗེ་ཏི་རས་ཞབས་ཀྱིས། གཏི་མུག་སྤྲིན་ལྟར་གཏིབས་པ་དང༌། །ཞེ་སྡང་མེ་ལྟར་འབར་བ་དང༌། །འདོད་ཆགས་ཆུ་ལྟར་ཁོལ་བ་དང༌། །ཕྲག་དོག་ཟུར་ལ་འཇིགས་པ་དང༌། །ང་རྒྱལ་རི་བོས་ནོན་པ་སོགས། །ཉོན་མོངས་ནད་ཀྱིས་ཐེབས་པ་ཡིས། །རྟག་པར་འཛིན་པའི་སྐྱེས་བུ་རྣམས། །སྒྱུ་མའི་ཆོས་ཀྱིས་སྨིན་གྲོལ་བྱ། །ཞེས་གསུངས་པ་ལྟར་གཏི་མུག་གི་སྣང་ཤས་ཐམས་ཅད་རྟེན་འབྲེལ་ལུགས་ལྡོག་གིས་སྦྱང་། ཞེ་སྡང་གི་རྟོག་ཚོགས་ཐམས་ཅད་རང་ལུས་མེ་ལོང་ངོགས་སུ་ཤར་དུ་བཅུག་ལ། དེར་རང་ལ་གང་ཉེས་པ་དེ་འདུ་ཤེས་པས་ངན་མཚང་ཕུད་པས་ཁོང་ཁྲོ་བའི་རྟོག་པ་ཨེ་འདུག་བལྟས་ལ། བདག་ཀྱང་འདི་བཞིན་པས་གནོད་བྱ་གནོད་བྱེད་མེད་དོ་སྙམ་པ་དང༌། འདོད་ཆགས་ཀྱི་ཞེན་སྲེད་བྱུང་ཚེ་བདག་གཞན་གཉིས་ཀའང་མེ་ལོང་གི་གཟུགས་བརྙན་དང་ཆ་མཚུངས་པས་ཆགས་ཡུལ་མེད། སེམས་དངོས་མེད་དུ་འདུག་པས་ཆགས་མཁན་ཡང་མེད་དོ་སྙམ་པ་དང༌། རྒྱན་དང་ཟས་ནོར་ཆེ་སྙན་བསྟོད་ར་སོགས་འདོད་དུ་བྱུང་ན། གང་འདོད་པ་དེ་བཞིན་དུ་རང་ལུས་མེ་ལོང་དུ་ཤར་

p. 343

བ་དེ་ལ་བྱས་པས་དགའ་བའི་འདུ་ཤེས་ཨེ་སྐྱེ་བལྟས་ལ། རང་ཡང་འདི་བཞིན་ནོ་སྙམ་པ་དང༌། ཕྲག་དོག་སྐྱེས་ཚེ་མེ་ལོང་དུ་ཤར་བ་དེ་རང་དུ་འདུ་ཤེས་པས། རང་ཉིད་ཕྲག་དོག་སྐྱེ་ཡུལ་དུ་ལྡོག་སྒོམ་བྱས་ནས་ཟུར་ཟ་དམོད་ཚིག་བརྗོད་པ་དང༌གནོད་སེམས་སྣ་ཚོགས་པ་ཞིག་བྱས་པས། མེ་ལོང་གི་ངོགས་དེར་སྐྱོན་འཇུག་མིན་དང༌རྒྱུད་འཁྲུགས་མིན་བརྟགས་ལ་རང་ཡང་འདི་བཞིན་ནོ་སྙམ་པ་དང༌། ང་རྒྱལ་གྱི་རྟོག་པ་ཤར་ཚེ་མེ་ལོང་དུ་ཤར་བའི་གཟུགས་དེ་ལ་ང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་པའི་ཁེངས་སེམས་འདུག་གམ་མི་འདུག་བལྟས་ལ་རང་ཡང་དེ་བཞིན་ནོ་སྙམ་པ་དང༌། ལར་མིག་སྔར་མཛེས་དང་མི་མཛེས་གང་མཐོང་བ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་དང་སྒྱུ་མའི་སྐྱེས་བུ་ལྟ་བུ་ཡིན་ནོ་སྙམ་པའི་ངེས་ཤེས་དང་འདུན་པ་ལ་སྦྱང་བ་དང༌། རྣ་བར་གང་ཐོས་ཀྱི་སྒྲ་ཐམས་ཅད་གྲགས་སྟོང་དུ་བསླབ་སྟེ་བྲག་ཆ་ཡོད་པའི་སར་བརྗོད་པ་བསྟོད་སྨད་སྣ་ཚོགས་པ་བྱས་ལ། དེས་རང་བཞིན་གྲུབ་བམ་མ་གྲུབ་བརྟགས་པ་དང༌། དེ་ལ་རྣམ་རྟོག་འཇུག་པའི་ཡུལ་ཡོད་མེད་རྩད་བཅད་པས་རང་ལ་སྦྱར་རོ། །ཡིད་ལ་གང་འགྱུས་ཀྱི་རྟོག་པ་བདེན་མེད་དུ་སྦྱང་བ་ལ། སྨིག་རྒྱུར་བལྟས་ནས་ཡིད་ཀྱི་འགྱུ་དྲན་ཐམས་ཅད་འདི་བཞིན་ནོ་སྙམ་ལ། རང་ངོས་ནས་དངོས་པོར་གཟུང་བྱ་དང་འཛིན་བྱེད་ཨེ་འདུག་བལྟས་པས་སྟོང་ཉིད་དུ་ཤེས་པར་བྱས་ལ། སྣང་བ་དཀར་དམར་བདེ་སྡུག་ཡིད་བྱེད་གང་ཤར་ཐམས་ཅད་སྣང་སྟོང་འཛིན་མེད་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་རང་བྱུང་རང་ཤར་རང་གྲོལ་དུ་མཉམ་རྗེས་འདྲེས་པར་བྱས་ལ་རྐྱེན་ཐུབ་ངེས་པར་སྦྱང་ངོ༌། །གཉིས་པ་ནི། དེ་ལྟར་སྣང་སྟོང་འཛིན་མེད་ཀྱི་ཡུལ་མ་དག་པའི་བཀོད་པ་ཐམས་ཅད་དག་པ་ཁྱེར་སོ་གསུམ་གྱིས་སྒྱུ་མར་སྦྱང་བ་སྟེ། གཞིའི་གནས་ལུགས་སྐྱེ་བ་མེད་པ་སེམས་ཉིད་འོད་གསལ་

p. 344

ཕྱག་རྒྱ་ཆེན་པོ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ལ་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོ་ག་བཤད། །འོད་གསལ་སྒྱུ་མ་བདག་གིས་ནི། །སྒྱུ་མ་འཇིག་རྟེན་ལ་བརྗོད་དོ། །ཞེས་འོད་གསལ་གྱི་སྒྱུ་མ་སྤྲོས་མཐའ་དང་བྲལ་བའི་སྟོང་ཉིད་ངོས་བཟུང་མེད་པར་སྦྱང་བ་སེམས་ཀྱི་ཁྱེར་སོ་དང༌། དེའི་རྩལ་སྣང་དུ་ཤར་བ་བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཡབ་ལྔ་ཡུམ་ལྔ། སེམས་དཔའ་སེམས་མ། ཁྲོ་བོ་དང་ཁྲོ་མོའི་རང་བཞིན་ཅན་ཡིན་པ་ལ་ཡིན་པར་ཤེས་པས་ལྷའི་གསལ་སྣང་དང་། དེར་མ་ཟད་ལུས་ཅན་ཐམས་ཅད་ཀྱང་དེའི་རང་མདངས་སུ་ཤར་བ་ལྷའི་རོལ་པ་འབྱམས་ཀླས་པས་ཚིག་ཏུ་བརྗོད་པ་ཐམས་ཅད་བརྗོད་མེད་སྔགས་ཀྱི་རང་སྒྲ་གྲགས་སྟོང་དང༌། སྣོད་ཀྱི་འཇིག་རྟེན་གདོད་ནས་རྣམ་པར་དག་པ་ཡུམ་ལྔའི་དཀྱིལ་འཁོར་གཞལ་ཡས་ཁང་གི་བཀོད་པ་ཚད་མེད་པར་བསྒོམ་པ་སྟེ་སྣང་དུ་རུང་བ་ནམ་མཁའི་འཇའ་ཚོན་ལྟ་བུ་ལ་ངོ་བོ་སྟོང་པ་སྐྱེ་འགག་གནས་གསུམ་དང་བྲལ་བ་སྟེ། ཟུང་དུ་འཇུག་པ་སྤྲུལ་པའི་སྒྱུ་མ་ལ་བསླབ་པའོ། །གསུམ་པ་ལ་གསུམ། དངོས་བསྟན་བདེ་སྡུག་རྒྱུད་ལ་སྦྱར་བ། མན་ངག་དག་སྣང་གི་དགོངས་པ། སྦས་དོན་སྤྲོས་བཅས་སྤྲོས་མེད་དོ། །དང་པོ་ནི། ཆོས་རྗེ་བསོད་ནམས་བཟང་པོའི་ཞལ་ནས། དཀར་དམར་ཡུལ་གྱི་སྣང་བ་རྣམས། །དབང་ཤེས་སེམས་ཀྱི་རྒྱལ་པོ་དེ། །སྣ་ཚོགས་སྣང་བའི་རྟ་ལ་ཞོན། །གཏད་མེད་ཀྱི་ཐང་ལ་ཁ་ཡན་ཀློད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པ་ལྟར་ཚོང་འདུས་སྲང་མདོ་སོགས་ཆེད་དུ་ཚོལ་བའམ། མིན་ཀྱང་རང་ཉིད་གར་གནས་པ་དེར་བདེ་སྡུག་གི་རྟོག་པ་ཅི་ཤར་ཅི་བྱུང་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་ཁོ་ནར་ངོ་ཤེས་པས། བསྟོད་སྨད་བརྡེག་བཙོག་མཐོ་དམན་གང་བྱུང་ཡང་སྒྱུ་མའི་ཏིང་ངེ་འཛིན་ལས་མི་འདའ་བར་བོགས་འདོན་པའི་གནད་ཡང་

p. 345

དག་པའོ། །གཉིས་པ་ནི། གོང་གི་གདམས་པས་སྣང་སྲིད་བདེན་མེད་དུ་ཤེས་པའི་ཉམས་དེ་སེམས་ཁོ་ནས་སྤྲོས་པ་དང་ཉེར་བསྡུ་ཡིན་པར་ཁོ་ཐག་གཅོད་པའི་ཕྱིར་ལུས་གནད་དང་ལྡན་པས། ཕྱི་གཟུང་བའི་ཡུལ་སྣང་ཆབ་ཀྱི་ཟླ་བའམ་ནམ་མཁའི་འཇའ་ཚོན་ལྟ་བུ་སྣང་བཞིན་དུ་སྟོང་པ། ནང་འཛིན་པའི་སེམས་ཉིད་སྟོང་བཞིན་དུ་སྣང་བ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ། དེ་གཉིས་མེད་དུ་ཤེས་པས་སྨིག་རྒྱུ་ལྟ་བུ་སྟེ་ཡུལ་སྣང་སྒྱུ་མའི་བཀོད་པ་ཉམས་མཚར་བའི་དབུས་ན། རང་ལུས་སྣང་རུང་ཙམ་གྱི་ཕུང་ཁམས་འོད་ཀྱི་རང་བཞིན་ཅན་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བར་གནས་པ་ལས། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་གཟུགས་དང་ཁ་དོག་སྣ་ཚོགས་པའི་རྣམ་པ་ཅན་དེ་དག་འོད་ཟེར་གྱི་ཚུལ་དུ་གྱུར་ནས་བདག་གི་ལྟེ་བར་རིམ་གྱིས་ཞུགས་ཤིང་མཐར་འུབ་གཅིག་ཏུ་འདུས་པར་བསམས་ལ་སྟོང་ཆེན་སྤྲོས་པའི་མཐའ་དང་བྲལ་བ་བློ་ལས་འདས་པའི་ཡེ་ཤེས་བརྗོད་དུ་མེད་པའི་ཉམས་བསྐྱང་། སླར་ལྟེ་འོག་ནས་འོད་ཟེར་གྱི་རྣམ་པ་ཕྱོགས་ཀུན་ཏུ་འཕྲོས་པས་སྔར་ལས་ལྷག་པའི་བཀོད་པ་ཚད་མེད་པ་སྣང་བའི་ཆ་ཐམས་ཅད་མེར་གྱིས་གང་བ་ལ་སྟོང་པའི་ཡེ་ཤེས་ཟུང་དུ་འཇུག་པའི་ཉམས་ཁྱད་པར་ཅན་བསྐྱངས་ལ། དེ་ལྟ་བུའི་བསྡུ་བ་དང་སྤྲོ་བ་གཉིས་ཀ་རེས་མོས་ཀྱིས་སྦྱང་ངོ༌། །དེ་ལ་ཆེར་གོམས་ཙ་ན་ཡུལ་སྣང་རང་ལ་འདུས་པའི་ལུས་དེ་རིམ་གྱིས་ཇེ་ཆེར་སོང་ནས་ནམ་མཁའ་དང་མཉམ་པའི་བློ་བསྐྱེད། སླར་རིམ་གྱིས་ཇེ་ཆུང་དུ་སོང་སྟེ་མཐར་ནམ་མཁའ་ལ་སྲབ་མོའི་སྤྲིན་ཡལ་བ་བཞིན་དུ་སོང་བར་བསམས་ལ། དུས་གསུམ་གྱི་སྤྲོས་པ་དང་བྲལ་བ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག །སླར་སྔ་མ་བཞིན་དུ་བསླབས་ལ་གསལ་སྟོང་ཟུང་དུ་འཇུག་པའི་ལྟ་བ་སྣང་སྲིད་བདེན་མེད་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱ་

p. 346

བ་མན་ངག་གི་བོགས་འདོན་མཆོག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་ནི། དབེན་གསུམ་ཁྱད་པར་ཅན་བསྙེགས་ལ་མི་རྟོག་པ་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཡེ་ཤེས་ཡེངས་སུ་མེད་པ། འབད་རྩོལ་བྲལ་བ། མ་བཅོས་ལྷུག་པའི་ངང་དུ་མཉམ་རྗེས་འདྲེས་པར་གནས་པ་སྤྲོས་མེད་ཀྱི་བོགས་འདོན་ཏེ། དངོས་པོའི་བདོག་པ་བླ་མར་ལིངས་ཀྱིས་ཕུལ་ལ་མོས་གུས་བཅོས་མིན་ཚད་མེད་པའི་གསོལ་འདེབས་དང་། སྒྱུ་མའི་དེ་ཉིད་ཤེས་པས་འཇིག་རྟེན་གྱི་བྱ་ལས་ཐམས་ཅད་ཅོག་བཞག་བྱེད་པ་དེ་དག་གི་ཡན་ལག་གོ །དེ་ནས་མར་སྟོན་ཆོས་ཀྱི་བློ་གྲོས་ཀྱིས། བསྒོམ་སྟེ་འཚང་རྒྱ་བ་གཏུམ་མོ་དང་སྒྱུ་ལུས་ཞེས་ཟུང་འབྲེལ་དུ་བཞེད་ལ། རས་ཆུང་པས་གཏུམ་མོ་དང་སྒྱུ་ལུས་བསྲེས་ལ་ཉིན་མོ་བསྒོམ། ཞེས་གསུངས་པ་ལྟར། དམ་ཚིག་གི་ཕྱག་རྒྱས་བདེ་བའི་གཞི་འདིང་ཞིང༌། ཡེ་ཤེས་ཀྱི་ཕྱག་རྒྱས་བོགས་དབྱུང་བ་དང༌། རྣལ་འབྱོར་གྱི་སྦྱངས་སྟོབས་དང་འཚམས་པས་ཕྱི་མ་ལའང་སྦྱོར་བས་བདེ་བ་ཁྱད་པར་ཅན་སྐྱེད་ལ། བདེ་དྲོད་གཉིས་མེད་ཀྱིས་ལུས་ལ་ཁྱབ་པས་སྲོག་རྩོལ་གྱི་རྒྱུ་བ་མི་ཚོར་བ་དང༌། མཚོན་ཆས་ལུས་ལ་བསྣུན་ཀྱང་ཟག་མེད་ཀྱི་བདེ་བའི་རེག་བྱར་འཆར་བའི་ཉམས་དང་འདྲེས་པའི་སྟོང་ཉིད་ཤེས་རབ་ཕ་རོལ་ཕྱིན་མའི་དེ་ཉིད་ལྷན་སྐྱེས་རྣམ་པར་སྦྱོར་བའི་ཏིང་ངེ་འཛིན་ལ་གཞོལ་བར་བྱ་བ་སྤྲོས་བཅས་ཀྱིས་བོགས་དབྱུང་བའོ། །བཞི་པ་ནི། དེ་ལྟར་སྦྱངས་པའི་ཡོན་ཏན་གནས་སྐབས་སུ་རེ་དོགས་སྤང་བླང་གི་སྣང་བ། དགྲ་གཉེན་འདུལ་སྐྱོང་གི་བྱ་བཞག །ཚོང་ཁེ་བུན་སྐྱེད་སོགས་འདི་ཕྱི་གཉིས་ཕུང་གི་སེམས་ཁྲལ་ཐམས་ཅད་ཞི་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྟན་པ་དང༌། སྣང་གསུམ་ལུགས་འབྱུང་དང་ལུགས་ལྡོག་གི་འཆར་སྒོ་རིམ་གྱིས་འོང་། མཐར་ཐུག་འཁོར་འདས་གཉིས་མེད་ཀྱི་དགོངས་པས་བར་དོའི་སྣང་བ་ཐམས་ཅད་ཟིལ་

p. 347

གྱིས་གནོན་ཏེ། སོ་སོ་རང་རིག་གི་ཡེ་ཤེས་ཀྱི་ངོར་སྒྱུ་ལུས་ལྷ་སྐུར་ལྡང་བ་ལ་ཚེགས་མེད་ཅིང་། འཕྲོ་འདུའི་སྦྱོར་བས་དོན་གཉིས་མཐར་ཕྱིན་པར་འགྱུར་རོ། །
༈ གསུམ་པ་གསུང་གསང་བའི་དབང་གི་ཉམས་ལེན་མགྲིན་པ་ལ་བརྟེན་པའི་མཚན་མེད་ལམ་གྱི་ཚོད་འཛིན་རྨི་ལམ་འཁྲུལ་པ་རང་སངས་ལ་བཞི། མ་ཟིན་པ་ཟིན་པར་བྱེད་པ་ཉིན་སྣང་རྨི་ལམ་གྱི་འདུན་པས་ཉིང་འཁྲུལ་ངོས་བཟུང་བ། ཟིན་པ་བརྟན་པར་བྱེད་པ་གཅིག་ལས་དུ་མར་སྤེལ་བསྒྱུར་ལ་བསླབ་པ། བརྟན་པ་བོགས་དབྱུང་བ་སྒྱུ་མའི་དེ་ཉིད་དང་ཞིང་གཞན་བལྟ་བ། གནས་སྐབས་མཐར་ཐུག་གི་ཡོན་ཏན་བསྟན་པའོ། །དང་པོ་ལ་གཉིས། ཉིན་སྣང་འདུན་པས་སྒྱུར་བ་སྒྱུ་མའི་དེ་ཉིད་དུ་ཤེས་པ། ཉིང་འཁྲུལ་བཙན་ཐབས་ཀྱིས་ངོས་བཟུང་བའོ། །དང་པོ་ནི། ཏི་རས་ཀྱིས། རྨི་ལམ་སྒྱུ་ལུས་ༀ་ལ་གནས། །ཞེས་གསུངས་པ་ལྟར་གནས་སྐབས་བཞི་ལས། རྨི་ལམ་གྱི་དུས་རླུང་སེམས་མགྲིན་པའི་རྩ་མདུད་དུ་འདུས་པས་གཏི་མུག་གིས་བསླད་པའི་ཉིང་འཁྲུལ་སྣ་ཚོགས་སུ་འཆར་ལ། དེ་དུས་ཉིན་སྣང་ལམ་གྱི་དྲོད་འབྱུང་ཞིང་ཡིན་མིན་གྱི་ཚོད་འཛིན་པར་བྱེད་པ་སྟེ། རྗེ་ཏི་རས་ཀྱིས། གནད་བཞི་སྔོན་དུ་འགྲོ་བ་ཡིས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །ༀ་ཡིག་སེར་པོ་བསྒོམ་པ་ཡིས། །དངོས་འཛིན་བག་ཆགས་དྭངས་པ་དང༌། །རྨི་ལམ་སྒྱུ་ལུས་ཟིན་པར་འགྱུར། །ཞེས་གསུངས་པ་ལྟར། རྨི་ལམ་སྦྱང་བ་འདི་ལ་གནད་རྣམ་པ་བཞི་སྟེ། དུས་གནད་ཉིན་དང་ཉིང་འཁྲུལ་གྱི་རྟོག་པ་སྣ་ཚོགས་པའི་ཚེ། ལུས་གནད་ཉིན་མོ་ཆོས་བདུན་དང༌མཚན་མོ་སེངྒེ་ཉལ་སྟབས་ཀྱིས་གནས་པར། ཡུལ་གནད་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར། ཤེས་གནད་ཉིན་སྣང་གི་མཐོང་ཆོས་མྱོང་འགྱུར་གྱི་ཉམས་རི་གླིང་ཁང་ཁྱིམ། སྐྱེས་པ་བུད་མེད། ཟས་ནོར་གཉེན་འདུན། དགྲ་

p. 348

གཉེན་འདུལ་སྐྱོང་སོགས་ཚེ་འདིའི་སྣང་ཤས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་གྱི་རང་བཞིན་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱའོ་སྙམ་པའི་དྲན་པ་རྒྱུན་ཆགས་སུ་བརྟེན་ནས་རྨི་ལམ་ཡིན་སྙམ་པའི་ངེས་ཤེས་སྐྱེ་ངེས་པར་བྱས་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྟག་འཛིན་ཞེན་ཆགས་ཀྱིས་འཆིང་བའི་མར་གྱུར་འགྲོ་བའི་ཚོགས་འདི་རྣམས་སྙིང་རེ་རྗེ་སྙམ་པས་སེམས་ལ་གདུང་བ་སྐྱེད་ཅིང་ཡིད་སྐྱོ་དུང་ངེ་བར་བསྒོམ་མོ། །གཉིས་པ་ལ་གཉིས། མགྲིན་པའི་ཡི་གེར་སེམས་བཟུང་བ་དང༌། སྨིན་མཚམས་ཀྱི་ཐིག་ལེ་ལ་སེམས་བཟུང་བའོ། །དང་པོ་ནི། ཏི་ཤྲི་དང༌། སྤྱན་སྔ། ཆོས་རྗེ་སོགས་ཀྱིས་བཞེད་པ་ལྟར། ཉལ་ཁར་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་མོས་ལ་རྨི་ལམ་ཟིན་པར་གསོལ་བ་ཡང་ཡང་བཏབ་ཅིང་དབང་བཞི་བླངས་ལ་འོད་ཞུ་བྱ་སྟེ་མི་རྟོག་པར་བཞག །མཚན་མོའི་ཤེས་གནད་དོ་ནུབ་བདག་གིས་ཅིས་ཀྱང་རྨི་ལམ་མང་པོ་རྨི་བར་བྱ། རྨིས་པ་དེ་དག་ངོས་ཟིན་པར་བྱའོ། །ད་ནི་བདག་གཉིད་པ་འདི་ནས་མ་སད་ཀྱི་བར་གང་སྣང་བ་དེ་རྨི་ལམ་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱ་དགོས་སྙམ་པའི་དྲན་འདུན་མང་དུ་བཏང་ལ། རང་ལུས་ལྷའི་སྟོང་རའི་ནང་དུ་རྩ་གསུམ་གསལ་བའི་མགྲིན་པར་རྩ་ཁ་དོག་དམར་སྐྱ་འདབ་མ་བཞི་ལྡན་གྱི་དབུས་སུ་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ༀ་ཡིག་གསེར་བཙོ་མའི་ཁ་དོག་ཅན་བཀྲག་ལ་སྣུམ་པ་འོད་འཚེར་བ་གསལ་བཏབ་སྟེ། སེམས་གཞན་དུ་མི་འཕྲོ་བར་དེར་གློད་འཛིན་བྱས་པའི་ངང་དུ་གཉིད་པས་ཟིན་ལ། དེ་ཡང་མ་ཟིན་གྱི་བར་དུ་གཉིད་ཐུན་ཕྲན་དུ་བཅད་པས་སྦྱང་ངོ༌། །གཉིས་པ་ནི། དེ་ཡང་ཤིན་ཏུ་ཟིན་དཀའ་ན་སྤྱན་སྔ་རིན་པོ་ཆེའི་གསུང་ལྟར་ཉིན་སྣང་རྨི་ལམ་གྱི་དྲན་འདུན་དྲག་པོ་ཡང་ཡང་སྐྱེད་ཅིང་བླ་མ་ལ་གསོལ་བ་འདེབས། ཆོས་སྐྱོང་ལ་ཕྲིན་ལས་བཅོལ། སྟོབས་

p. 349

བཞིས་སྡིག་བཤགས་སོགས་བྱས་ལ། དོ་ནུབ་རྨི་ལམ་ཅིས་ཀྱང་ངེས་པར་ཟིན་པར་བྱ་དགོས་སྙམ་པའི་འདུན་པ་ཡང་ཡང་བཏང་ལ། ཉལ་ཁར་སྟེང་འོག་གི་རླུང་ཁ་སྦྱོར་དྲག་འཛིན་བྱས་ལ་བུམ་ཅན་ཁུག་པ་བདུན་ནམ་གསུམ་སོགས་བཟུང༌། དེ་ནས་ལུས་སེངྒེ་ཉལ་སྟབས་ཀྱིས་ལྷར་གསལ་བའི་སྨིན་མཚམས་རུས་པའི་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་རླུང་སེམས་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་དངུལ་ཆུའི་རྡོག་པ་ལྟ་བུ་སྲན་མ་ཙམ་ལ་སེམས་གཏད་དེ་ཉལ་བས་ཟིན་ངེས་སོ། །གཉིས་པ་ལ་གསུམ། གཅིག་ལས་དུ་མར་སྤེལ་བ། གང་སྣང་གཞན་དུ་བསྒྱུར་བ། བདེན་མེད་དུ་ཤེས་པས་ཐོག་རྫིས་བྱེད་པའོ། །དང་པོ་ནི། རྗེ་ཏི་རས་ཀྱིས། བག་ཆགས་རྨི་ལམ་རྨིས་དུས་སུ། །བཟུང་སྦྱང་སྤེལ་བསྒྱུར་ཡ་ང་སྤོངས། །ཞེས་གསུངས་པ་ལྟར་ངོས་ཟིན་པའི་རྨི་ལམ་དེ་ཉིད་སྤེལ་བསྒྱུར་གྱིས་སྦྱང་བའི་ཚུལ། ལུས་གནད་གསོལ་འདེབས་སོགས་གོང་ལྟར་ལས་ཉིན་སྣང་བག་ཆགས་གང་ཤར་རྨི་ལམ་ཡིན་པར་ཤེས་པས་མི་གཅིག་མཐོང་ན་གཉིས་སུ་སྤེལ། གཉིས་བཞི་རུ་སྤེལ་བ་ནས་བརྒྱ་སོགས་གང་རིགས་སུ་སྤེལ་ལ་མཐར་བསྡུ། དེས་འགྲེས་ཏེ་གང་སྣང་སྤེལ་བའི་སྒྱུ་འཕྲུལ་ལ་བསླབས་ནས་མཚན་མོའང་ཉིན་མོའི་འདུ་ཤེས་བཞིན་གང་ཤར་རྨི་ལམ་གྱི་བཀོད་པ་དེ་དག་བདེན་མེད་ཀྱི་རང་བཞིན་ཡིན་པས་ཡིད་བྱེད་ཀྱིས་འདོད་རྒུར་སྤེལ་ནུས། དེས་ན་དོ་ནུབ་བདག་གིས་རྨི་ལམ་ངོས་ཟིན་པ་དེ་སྤེལ་བ་ལ་བསླབ་བོ་སྙམ་པའི་འདུན་པས་སྔ་མ་བཞིན་མགྲིན་པའི་ༀ་ལ་སེམས་བཟུང་སྟེ་ཉིང་འཁྲུལ་ཉིན་མོ་བཞིན་སྦྱང་ངོ༌། །གཉིས་པ་ལའང་གཉིས། མ་དག་པ་དང༌། དག་པའོ། །དང་པོ་ནི། བཟུང་སྤེལ་གཉིས་ལ་གོམས་ན། བསྒྱུར་བའི་འདུན་པ་གང་རྨིས་པ་དེ་མ་ཡིན་པར་ཕོ་རྨིས་ན་མོར་སྒྱུར་བ་དང༌། མོ་ཕོར། མི་དུད་འགྲོར། སྲོག་ཡོད་

p. 350

སྲོག་མེད་དང༌། སྲོག་མེད་སྲོག་ཡོད། མེ་ཆུར། ཆུ་མེར། དངོས་པོ་དངོས་མེད། དངོས་མེད་དངོས་ཡོད་དུ་བསྒྱུར་བ་སོགས་རྣམ་པ་སྣ་ཚོགས་སུ་བསྒྱུར་བའི་རྩལ་ཉིན་སྣང་དུ་སྦྱང་བས་དམིགས་པ་གསལ་བར་བསླབ་སྟེ་མཚན་མོའང་དེ་བཞིན་དུ་བསྒྱུར་རོ། །གཉིས་པ་ནི། སྤྱན་སྔ་རིན་པོ་ཆེས་གསུངས་པ་བཞིན་ཏེ། དེ་ཡང་རང་ལུས་ལྷར་གསལ་བའི་མགྲིན་པར་ལྷན་སྐྱེས་ཚོན་གང་བ་གསལ་བཏབ་ལ། ཉིན་པར་ཕོ་རྣམས་དྲྭ་བ་སྡོམ་པར་བསྒྱུར་ལ། དེ་ཡང་ཞལ་གཅིག་ནས། ཞལ་བཞི། སྟོང་ཕྲག་ཞལ་སོགས་དང༌། གཅིག་ནས་བརྒྱ་སྟོང་རྡུལ་གྱི་གྲངས་དང་མཉམ་པར་སྤེལ་ལ་སླར་གཅིག་ཏུ་བསྡུ་བ་དང༌། མོ་རྣམས་གསང་བ་ཡེ་ཤེས་སུ་བསྒྱུར་ཏེ་སྤེལ་བ་སྟེ་རྨི་ལམ་སྒྱུ་ལུས་ལྷ་སྐུར་ལྡང་བ་བཅུད་སྦྱང་བ་དང༌། ཐ་མལ་གྱི་ཡུལ་སྣང་ཐམས་ཅད་ཉིན་སྣང་གི་འདུན་པས་དག་པའི་ཞིང་ཁམས་སུ་བསྒྱུར་ལ། དོ་ནུབ་གང་རྨིས་པ་དེ་ཡང་དེ་ལྟ་བུར་བསྒྱུར་བར་བྱའོ་སྙམ་པའི་འདུན་པས་བླ་མ་ལ་གསོལ་འདེབས་དང་བཅས་མགྲིན་པའི་ལྷན་སྐྱེས་ཡབ་ཡུམ་ལ་རིག་པ་གཏད་ཅིང་ཉལ་བས་ཉིང་འཁྲུལ་ཉིན་སྣང་བཞིན་དུ་བསྒྱུར་རོ། །གསུམ་པ་ནི། རང་ལུས་ལྷར་གསལ་བའི་མགྲིན་པར་སྣ་ཚོགས་རྡོ་རྗེ་ཞིག་གསལ་བཏབ་ལ། མེ་ཆུ་གཡང་ས་གཅན་གཟན་གཤེད་མ་སོགས་བག་ཚ་བ་ཐམས་ཅད་ཀྱང་ངོ་བོ་བདེན་པར་མ་གྲུབ་ཅིང་སྙེམས་བྱེད་ཀྱི་རྟོག་པ་ཁོ་ནས་བཟོས་སུ་འདུག་ལ། དེ་ཡང་རྨི་ལམ་གྱི་འཁྲུལ་རྟོག་ཁོ་ན་ལས་མ་འདས་པས་ཡ་ང་བ་སོགས་ཅིའི་ཕྱིར་སྐྱེ། ཉིན་མཚན་གྱི་སྣང་བ་གཉིས་ཀ་མནར་ཡུན་རིང་ཐུང་ཙམ་ལས་ཁྱད་པར་མེད་ལ་ཀུན་ཀྱང་བདེན་མེད་ཡིན་པས་ཐོག་རྫིས་བྱའོ་སྙམ་པའི་འདུན་པ་སྔ་གོམས་བྱས་ལ། བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་ཉམ་ང་མེད་པའི་གདེང་དང་བཅས་སྣ་ཚོགས་རྡོ་རྗེ་ལ་རིག་པ་གཏད་ཅིང་ཉལ་བས།

p. 351

གང་རྨིས་པ་ཐམས་ཅད་བདེན་མེད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས་ཐོག་བརྫིས་བྱས་ཤིང་། སེམས་ཉིད་རང་བྱུང་ཡེ་ཤེས་གཞོམ་དུ་མེད་པའི་རང་ངོ་ལྷན་གྱིས་བསྐྱང་ངོ༌། །གསུམ་པ་ལའང་གཉིས། ལུས་ནས་འཕོ་ཞིང་ཞིང་གཞན་དུ་བལྟ་བ། དཔེ་ཡི་དོན་ལ་གཞིག་པའོ། །དང་པོ་ནི། རང་ལུས་ཡི་དམ་གྱི་ལྷ་དམ་ཚིག་སེམས་དཔར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ངང་དཀྱིལ་གྱི་སྟེང་དུ་སེམས་ཉིད་ཡེ་ཤེས་སེམས་དཔའ་གནས་པར་བསམས་ལ། དེ་ཡང་སེམས་ཉིད་དངོས་པོ་གང་ལའང་ཐོགས་མེད་དུ་སྐད་ཅིག་མར་འགྲོ་བ་ཆོས་ཉིད་ཡིན་པས། དོ་ནུབ་བདག་ཉིད་ལུས་འདི་ནས་འཕོ་སྟེ་འོག་མིན་གྱི་གནས་སུ་འཕོ་ཞིང༌། བཅོམ་ལྡན་འདས་དྲྭ་བ་སྡོམ་པའི་ཞལ་དངོས་སུ་བལྟའོ། །དེ་དུས་ཕྱག་འཚལ་བ་དང༌། སྙུན་དྲི་བ། ཐེག་པ་ཆེན་པོའི་ཆོས་ཞུ་བ་སོགས་བྱ་ཞིང་སླར་རང་གནས་སུ་འོང་ངོ་སྙམ་པའི་འདུན་པ་ཡང་ཡང་གཏད་ཅིང༌། ཞལ་མཇལ་བའི་གསོལ་འདེབས་དང་སྨོན་ལམ་ཚོགས་འཁོར་ལ་འབད་ཅིང་སྲུང་མ་རྣམས་ལ་གཏོར་མ་གཏང་ཞིང་བར་ཆད་ཞི་ཞིང་བསལ་བའི་ཕྲིན་ལས་བཅོལ། དེ་ནས་ཉིན་མོ་བཞིན་ལྷར་གསལ་བས་སེངྒེའི་ཉལ་སྟབས་བྱས་ཏེ་རིག་པ་མགྲིན་པའི་ༀ་ལ་གཏད་ཅིང་གཉིད། རྨི་ལམ་རྨིས་ནས་ངོས་ཟིན་མ་ཐག་ཉིན་སྣང་རྗེས་སུ་དྲན་པས་འོག་མིན་དུ་འགྲོ་ལ་སླར་རང་གནས་སུ་འོང་བར་བྱའོ། །དེ་བཞིན་འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོ་མཇལ་དུ་འགྲོ་བ་དང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་མཁའ་འགྲོའི་ཚོགས་གྲལ་དུ་འགྲོ་བ་དང༌། ལར་རང་གི་རྩ་བའི་བླ་མའི་དྲུང་དུ་འགྲོ་བ་སོགས་གང་འདོད་ལ་གོང་ལྟར་འཇུག་ཅིང༌། དེ་ཡང་རབ་ཏུ་འབྱོངས་པའི་རྣལ་འབྱོར་པ་ནི་གཞན་དུ་ངེས་པར་འཕོ་བས་སླར་མ་འཁོར་གྱི་བར་དུ་མནལ་སད་ན་འཇུག་མི་ནུས་པས་གཟབ་པར་བྱ། འཇིག་རྟེན་ཡུལ་སྣང་

p. 352

གི་བཀོད་པ་བལྟ་རུ་འདོད་ན་རྨི་ལམ་ངོས་ཟིན་པས་ཉི་ཟེར་གྱི་རྒྱུད་ནས་འཁྱུད་པའམ། མཁའ་ལྡིང་ལྟ་བུར་སྤྲུལ་ནས་འཕུར་བ་སོགས་བྱ་བའོ། །གཉིས་པ་ནི། དེ་ཡང་ཤིན་ཏུ་གཅེས་པ་ཉམས་ལེན་གྱི་སྙིང་པོ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་སྟེ། དེ་ལ་ཉིན་པར་དྲན་པ་རྒྱུན་ཆགས་སུ་བྱ་བ་དཔེའི་རྨི་ལམ་གྱི་རང་བཞིན་སྣང་སྟོང་ཟུང་དུ་འཇུག་པའི་ཉམས་མྱོང་ཁྱད་པར་ཅན་ལ་སྙིང་ཕུར་འཆའ་བ་གནད་དམ་པ་སྟེ། ཅུང་ཟད་གོམས་པ་རྣམས་ཀྱིས་ཉམས་དང་སྣང་བ་གཉིས་མེད་ཟུང་འཇུག་ཏུ་ཉིན་མཚན་གཉིས་ཀར་རྒྱུད་ལ་འབྱོར་བར་བྱ་ཞིང་། ལས་དང་པོ་པས་དེ་ལྟར་མ་ནུས་ན་སྐབས་སུ་རྨི་ལམ་གྱི་འདུན་པ་དང༌། སྐབས་རེར་རྨི་ལམ་གྱི་རང་བཞིན་ལ་བློ་བཞག་པས་དེ་ཁོ་ན་ཉིད་ཀྱི་ཉམས་མྱོང་སྐྱོང་བ་གཉིས་རེས་མོས་སུ་བྱས་ལ་སྦྱར། མཚན་མོ་ཡང་དཔྲལ་བའི་ཨེ་དབུས་སུ་ཐིག་ལེ་དམར་པོ་སྲན་མ་ཙམ་ལ་ཤེས་རིག་གཏད་ཅིང་མ་བཅོས་གཉུག་མའི་ངང་དུ་རང་བབས་སུ་བཞག་ལ་གཉིད། སླར་རྨི་ལམ་གྱི་སྣང་ཤས་གང་ཤར་ཐམས་ཅད་ཤར་གྲོལ་ངོས་བཟུང་མེད་པའི་ངང་དུ་སྔ་མ་ཐིམ་རིམ་བཞིན་ཕྱི་མ་ཡང་དེ་ལྟར་བསླབ་ཅིང༌། དེ་ཡང་ཆོས་རྗེ་རིན་པོ་ཆེས། རྨི་ལམ་བག་ཆགས་འཁྲུལ་བ་རྣམས། །འཁྲུལ་སྣང་ལས་ཀྱི་རྒྱལ་པོ་དེ། །གཏི་མུག་གཉིད་ཀྱི་རྟ་ལ་བསྐྱོན། །འོད་གསལ་ཐང་ལ་ཁ་ཡན་ཀློད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པའི་ཕྱིར་རྨི་ལམ་སྒྱུ་ལུས་སུ་བཞེངས་ནས་ལྷའི་དཀྱིལ་འཁོར་བསྐྱེད་པ། སྒྱུ་ལུས་འོད་གསལ་ངང་དུ་བསྲེ་བ། བསྡུ་ལྡང་བྱེད་པ་རྣམས་ལ་འབད་ཅིང་བརྩོན། དེ་ཡང་མཚན་བཅས་ཀྱི་བསྐྱེད་རྫོགས་གཉིས་ཀ་ཐུན་མོང་མ་ཡིན་པ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་རང་རེ་བཀའ་བརྒྱུད་པ་རྣམས་ཀྱིས་ཐུགས་དམ་གྱི་ཕུལ་དུ་འཆང་བར་མཛད་པའི་དོན་ཡང་སེམས་ཀྱི་གནས་ལུགས་སྐྱོང་བ་འདི་ཁོ་ན་ཡིན་པས་

p. 353

དྲན་པ་རྒྱུན་ཆགས་སུ་བསྟེན་པ་སྙིང་ཕུར་དུ་བྱ་བར་རིགས་སོ། །བཞི་པ་ནི། དེ་ལྟར་བསྒོམས་པས་གནས་སྐབས་ཉིང་འཁྲུལ་གཏི་མུག་གི་སྣང་ཤས་ཐམས་ཅད་དག་ནས་ཆོས་ཅན་གྱི་མཚང་སྟོར་ཏེ་ཆོས་ཉིད་ཀྱི་དགོངས་པ་མངོན་དུ་གྱུར། མཐར་ཐུག་ཀྱང་ཆོས་ཐམས་ཅད་ཀྱི་དེ་ཉིད་ཤེས་པས་བར་དོའི་སྣང་བ་ཐམས་ཅད་ཤར་གྲོལ་དུས་མཉམ་དུ་འགྱུར་རོ། །
༈ བཞི་པ་ཐུགས་ཤེར་དབང་དང་ཚིག་དབང་ཟུང་འབྲེལ་གྱི་ཉམས་ལེན་ལམ་གྱི་སྙིང་པོ་འོད་གསལ་མ་རིག་མུན་སེལ་ལ་བཞི། འོད་གསལ་མ་ཟིན་པ་ཟིན་པར་བྱེད་པ་དྲན་ཤེས་དང་གནད་བཞིའི་སྦྱོར་ཐབས་བསྟན་པ། དེ་ཉིད་བརྟན་པར་བྱེད་པ་བདེ་སྟོང་དང་རྗེས་སུ་འབྲེལ་བའི་ཉམས་སྐྱོང་བ། བརྟན་པ་བོགས་དབྱུང་བ་མཉམ་རྗེས་གཅིག་སྦྲེལ་དུ་ཉམས་སུ་ལེན་པ། དེ་དག་གི་ཡོན་ཏན་བསྟན་པའོ། །དང་པོ་ལ་གཉིས། འོད་གསལ་གྱི་གཞི་འདིང་བ་ཉིན་མོ་དྲན་ཤེས་བསྟེན་པ། མཚན་མོ་མན་ངག་གིས་བཙན་ཐབས་སུ་ངོས་བཟུང་བའོ། །དང་པོ་ནི། ཆོས་ཉིད་གཞིའི་གནས་ལུགས་རྟག་ཆད་མུ་བཞིའི་མཐའ་དང་བྲལ་བ་སྟེ། ཇི་སྐད་དུ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་པ་ལྟར། དངོས་པོ་ཀུན་ལ་ཁྱབ་པའི་བདག་ཉིད་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་རིག་འདི་ཀ་སྟེ། ཏཻ་ལོ་པས། མ་བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་ལུས་ཆོས་བདུན་དང་ལྡན་པས། གང་ཤར་གྱི་ཤེས་པ་དེ་ཀའི་རང་ངོར་བག་ཐེབ་པ་ཙམ་ལས་སྐྱུར་ཐབས་ཀྱིས་ལྷོད་ཀྱིས་ཀློད་ལ་བཞག་ཅིང༌། བལྟ་བྱའི་ཡུལ་རྣམ་པར་རྟོག་པ་དང་ལྟ་བྱེད་ཀྱི་མཁན་པོ་གཉིས་སུ་མ་ཡིན་པར་རྣམ་རྟོག་གི་ངོ་བོ་ཆོས་ཀྱི་སྐུར་སྟོང་རྗེན་ལྷང་

p. 354

ངེར་འཆར་བའི་དྲན་རྒྱུན་མ་བྲལ་ཙམ་པ་བྱ་བའོ། །གཉིས་པ་ལའང་གཉིས། གཉིད་འཐུག་དང་། སྲབ་མོའི་འོད་གསལ་ལོ། །དང་པོ་ནི། རས་པ་ཆེན་པོས། གཉིད་ལོག་འཐུག་པོ་ཧཱུྃ་ལ་གནས། །ཞེས་གསུངས་པ་ལྟར། གནས་སྐབས་བཞི་ལས་གཉིད་འཐུག་གི་དུས་རླུང་སེམས་སྙིང་གའི་རྩ་མདུད་ཧཱུྃ་གི་རྣམ་པར་གནས་པའི་དབུས་སུ་འཇུག་ལ། དེ་འོད་གསལ་ཆོས་སྐུའི་ལམ་དུ་ཁྱེར་བར་བྱ་སྟེ། དེ་ཡང་ཏི་རས་ཤེས་རབ་སེངྒེས། གནད་བཞི་སྔོན་དུ་སོང་བ་ཡིས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཧཱུྃ་ཡིག་སྔོན་པོ་བསྒོམ་པ་ཡིས། །སྣང་བ་གསུམ་པོ་ཐིམ་པའི་མཐར། །གཏི་མུག་མུན་པ་དྭངས་པ་དང༌། །གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །ཞེས་གསུངས་པ་ལྟར། དེ་ཡང་ཐོག་མར་བྱམས་དང་སྙིང་རྗེའི་བསྐུལ་མ་དང་བཅས་བླ་མ་ལ་མོས་གུས་གསོལ་འདེབས། རྩ་གསུམ་ལ་ཚོགས་དང་བསྐང་བཤགས། ཁྱད་པར་དཔའ་མོའི་དགའ་སྟོན། མཁའ་འགྲོའི་མཆོད་གཏོར་ཡང་ཡང་བྱས་ལ་བས་མཐའ་སོགས་ཤིན་ཏུ་གནས་དབེན་པར་མཚམས་དམ་པོར་བཅད་དེ། སྒོ་གསུམ་གྱི་གཡེང་བ་ཐམས་ཅད་རྒྱང་བསྲིང་སྟེ་ལུས་ལ་ཏིལ་མར་དང་རྩི་མར་གྱིས་བྱུག་ཅིང་བསྐུ་མཉེ་བྱ། ཤ་ཆང་སོགས་བཅུད་ཆེན་གྱིས་ཁམས་སྤེལ། ཕྱག་དང་འཁྲུལ་འཁོར་གྱིས་འབྱུང་འདུས་དུབ་པར་བྱས་ལ་གནད་རྣམ་པ་བཞིའི་སྒོ་ནས་ཉམས་སུ་ལེན་པར་བཞེད་པ་སྟེ། དེ་ཡང་དུས་གནད་ཉིན་སྣང་གི་ཆ་ཤས་དང་གཉིད་འཐུག་པོའི་སྐབས་སུ། ལུས་གནད་བྱིང་རྨུགས་དང་བསྟུན་པའི་འཁྲུལ་འཁོར་དང་བཅས་ནས། ཡུལ་གནད་སྙིང་ག་ཆོས་ཀྱི་འཁོར་ལོར། ཤེས་གནད་ཧཱུྃ་ཡིག་མཐིང་ཀ་ལ་སེམས་བཟུང་བ་དང་ཡེངས་མེད་ཀྱི་དྲན་པ་རྒྱུན་དུ་བྱ་བ་སྟེ། ཤིན་ཏུ་བདེ་བའི་ལུས་སེངྒེ་ཉལ་སྟབས་སུ་གནས་པའི་སྔས་སུ་སྣང་གསལ་འོད་མདངས་འཚེར་བ་བཞག་ནས་ཕྱིའི་རྟེན་

p. 355

འབྲེལ་འོད་གསལ་འཆར་བའི་ཐབས་དང་བཅས་ལུས་ཁམས་ལྷའི་སྐུ་དང༌། ནང་དུ་རྩ་གསུམ་གསལ་བའི་སྙིང་གའི་རྩ་འདབ་སྔོན་པོ་རྩ་བ་བཞི་ལ་རྩེ་མོ་བརྒྱད་དུ་གྱེས་པའི་དབུས་སུ་རླུང་ཐིག་སེམས་གསུམ་གྱི་ངོ་བོ་འོད་སྔོན་པོ་གོང་བུའི་ཀློང་ན་ཧཱུྃ་ཡིག་མཐིང་ག་བཀྲག་སྣུམ་ལྡན་པའི་གཟི་འོད་ཀྱིས་གནས་ཡུལ་ཐམས་ཅད་ཉིན་མོའི་སྣང་བ་ལས་ལྷག་པ། དར་དཀར་གྱི་ལྡིང་གུར་དྲི་མ་མེད་པར་ཕྱི་ནས་ཟླ་བ་དང༌ནང་ནས་སྣང་གསལ་གྱིས་བལྟམས་པ་ལྟར་གསལ་སང་ངེར་ཡོད་པར་བསམས་ལ། གཏི་མུག་གི་རང་བཞིན་འོད་གསལ་བའི་སེམས་ཀློད་ཆ་དང་ལྡན་པས་འཐིབ་པར་བྱས་པས་འཐུག་པོའི་འོད་གསལ་ཟིན་ཅིང་སད་པའི་སྐབས་སེམས་ཐོག་ཏུ་ལྷང་ངེར་བག་ཐེབ་པ་དང་ཉིང་འཁྲུལ་མེད་པ་འབྱུང་ངོ༌། །གཉིས་པ་ལའང་གཉིས། མཚན་མེད་དང༌། མཚན་བཅས་སོ། །དང་པོ་ནི། སྣོད་བཅུད་ཀྱི་འཁོར་ལོ་དག་པ་སུམ་ལྡན་དུ་གསལ་བ་རང་གི་སྙིང་གའི་འོད་ཟེར་གྱིས་མཐའ་ནས་བསྡུས་ཏེ་གཙོ་བོ་དང༌། དེ་ཡང་ཡས་མར་སྙིང་གའི་ཧཱུྃ་དང༌། ཧཱུྃ་ཡང་གྱེན་རྫོགས་སུ་ཡལ་བའི་ནཱ་ད་སུམ་འཁྱོགས་སྐྲ་རྩེ་ཚལ་པ་བརྒྱར་གཤགས་པ་ཙམ་ལས་སྟོང་པར་ཡལ་བའི་ངང་དུ་མནལ་བ་སྟེ། འདི་ལྟར་བསྡུ་ལྡང་གི་ཉམས་ལེན་མ་གཉིད་པའི་གོང་དུ་རང་བྱན་ཚུད་པར་སྦྱང་ངོ༌། །གཉིས་པ་ནི། ཉིན་སྣང་དྲན་པས་འདུན་པ་སྒྱུར་ལ་མཚན་མོར་འདུ་ཤེས་པས་གང་སྣང་འོད་གསལ་ཕྱག་རྒྱས་འདེབས་པ་དང༌། ལུས་སྒོམ་ཐག་དང་སྒོམ་ཤིང་གིས་གཅུན་ཏེ་གཉིད་འཐུག་པོའི་སྐབས་ལྟར་དམིགས་པ་དང་བཅས་ཏེ་གཉིད་པས་སྣང་མཆེད་ཐོབ་གསུམ་ངོས་ཟིན་ཅིང་གཉིད་འོད་གསལ་དུ་འཆར་ལ། དེ་ཡང་འཆི་བ་དང་ཆོས་མཚུངས་ཤིང་མནལ་ཟ་ཟིའི་སྐབས་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགགས་ནས་ཕྱི་རྟགས་དཀར་ལམ་འཆར་ཞིང་སྣང་

p. 356

བ་ཐིམ་པ་དང༌། འཐིབ་ལ་ཉེ་བའི་ཆར་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས་ནས་ནང་རྟགས་དམར་ལམ་འཆར་ཞིང་མཆེད་པ་ཐིམ་པ་དང༌། ཐིབ་ཀྱིས་སོང་བའི་སྐབས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགགས་ནས་ནག་ལམ་འཆར་ཞིང་། ཐོབ་པ་ཐིམ་པའི་རྗེས་སུ་སྐྱ་རེངས་ཤར་བ་ལྟ་བུའི་ཉམས་ཀྱིས་གཞིའི་འོད་གསལ་འཆར་བས། དེའང་ཉིན་མོ་ལམ་གྱི་འོད་གསལ་གཉིས་མ་བུ་འཕྲད་དེ་ངོས་ཟིན་པར་འགྱུར་རོ། །དེ་ཡང་ལས་དང་པོ་པས་བླ་མའམ་མཆེད་གྲོགས་དམ་ཚིག་ལྡན་པ་ཞིག་གིས་འོད་གསལ་ཟིན་མིན་བརྟགས་ཤིང༌། མ་ཟིན་ཚེ་ཟིལ་ལྕག་གི་བརྡས་བསྐུལ་ཏེ་གསལ་གདབ་བྱས་ཏེ་བསྒོམས་པས་གནས་ཁང་གི་ནང་གསལ་ཉམས་དང་ཉིང་འཁྲུལ་ཉིན་མོའི་འདུན་པ་བཞིན་སེམས་ཐོག་ཏུ་རིག་སྟོང་ལམ་ལམ་གྱིས་འཆར་བ་དང་ཐིམ་པ་སོགས་འབྱུང་ངོ༌། །གཉིས་པ་ལ་གསུམ། ཕྱག་རྒྱ་བཞིའི་སྦྱོར་བ། བདེ་བར་བློ་བཞག་པ། བྱིང་རྨུགས་བསལ་བའོ། །དང་པོ་ནི། ཉིན་མོ་ཉམས་སུ་ལེན་པ་ཕྱག་རྒྱ་བཞིའི་སྦྱོར་བ་སྟེ། དེ་ཡང་གོང་དུ་བསྟན་པའི་གཏུམ་མོ་སོགས་ཀྱིས་བདེ་སྟོང་གཉིས་མེད་ཀྱི་རྟོགས་པའི་རྩལ་སྦྱང་ངོ༌། །ཡེ་ཤེས་རྗེས་བསྡུའི་ཏིང་འཛིན་གོང་དུ་སྤེལ་བ་དང༌། ཡེངས་མེད་ཀྱི་དྲན་རྫི་བསྟེན་ཅིང་མ་ཡེངས་པར་བྱེད་པའོ། །གཉིས་པ་ནི། མཚན་མོ་ཉམས་སུ་ལེན་པ་གཏི་མུག་འོད་གསལ་དུ་བསྒྱུར་བ་སྟེ། དེ་ཡང་ཕྱི་ནང་གི་གནད་ཟིན་བྱེད་ཀྱི་སྐབས་ལྟར་ལ་སྤྱི་བོར་ཐབས་ཀྱི་ཆ་ཧཾ་དང༌། གསང་བར་ཤེས་རབ་ཀྱི་ཆ་ཨེ་དབུས་སུ་ཕག་མོ་རྒྱན་མེད་བདེ་བའི་གར་སྟབས་ཅན་གྱི་སྐུ་ལས་འབར་བའི་ཡེ་ཤེས་ཀྱི་མེས་ལུས་ཀུན་ཁྱབ་པས་བྱང་སེམས་གཡོ་བ་དང༌། ལྷན་སྐྱེས་ཀྱི་དགའ་བ་སྐྱེད་པའི་ཉམས་ཀྱིས་རྗེས་བཤུས་ཏེ་ལུས་གཡོ་རུ་མི་ནུས་པའི་བདེ་བར་བློ་བཞག་པའི་དྲན་རིག་སོ་མ་ཧཱུྃ་ལ་གཏད་

p. 357

དེ་ཉལ་བས་བདེ་གསལ་མི་རྟོག་པའི་ངང་དུ་གཉིད་པར་འགྱུར་རོ། །གསུམ་པ་ནི། ཉིན་མཚན་གཉིས་ཀའི་ཉམས་ལེན་སྐབས་སེམས་བྱིང་རྒོད་མང་ན་ལུས་ལྷོད་པ་དང་། སེངྒེ་ཉལ་སྟབས་སུ་གནས་པས་གསང་རྡོར་གྱི་རྩ་བར་ཐིག་ལེ་ནག་པོ་ལུག་རིལ་ཙམ་ལ་ཤེས་པ་གཏད་ཅིང༌གནས་ཁང་མུན་པ་འཐིབ་པར་བྱ་བ་དང༌། རྨུགས་ན་དཔྲལ་བར་ཐིག་ལེ་དཀར་པོ་སྲན་མ་ཙམ་ལ་རིག་པ་གཏད་ཅིང་སྐར་ཁུང་གི་འོད་གདོང་དུ་ཕོག་འཇུག་སྟེ། སྐབས་སུ་ཧཱུྃ་ཡིག་ཞབས་ཀྱུ་ནས་ནཱ་དའི་བར་བསྡུས་ཏེ་མི་དམིགས་པར་བཞག་ལ། སླར་ཧཱུྃ་གསལ་གདབ་པ་རྣམས་བྱའོ། །གསུམ་པ་ནི། ཆོས་རྗེ་རིན་པོ་ཆེས། འོད་གསལ་བསྡུས་པའི་ཆོས་རྣམས་ཀུན། །ལྷུན་གྱིས་གྲུབ་པའི་རྒྱལ་པོ་དེ། །སྐུ་དང་ཞིང་ཁམས་རྟ་ལ་བསྐྱོན། །མཐའ་དབུས་མེད་པར་ཁ་ཡན་ཀློད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པ་ལྟར་ཚེ་འདིའི་སྣང་ཤས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་གྱོང་བསྐུར། རི་མཚམས་དང་འདག་སྦྱར་ལ་གནས་འཆའ། བླ་མ་ལ་ཁ་གདིང་མེད་པའི་མོས་གུས་སྦར། མཁའ་འགྲོ་ལ་མཉེས་པའི་ཚོགས་འཁོར་བསྐོར་ཏེ་ཉམས་ལེན་ལ་སྙིང་ཕུར་བཙུགས། བཟོད་སྲན་གྱི་གོ་བགོས། བརྩོན་འགྲུས་ཀྱི་རྟ་ཞོན། དྲན་ཤེས་ཀྱི་རྒྱུན་བསྟེན་ནས་འོད་གསལ་མཐའ་དབུས་བྲལ་ཞིང་བརྗོད་དུ་མེད་པའི་ཆོས་ཉིད་མཉམ་རྗེས་འབྲེལ་བ་བར་སྣང་རང་གི་འདུག་ལུགས་ཉིན་མཚན་གྱི་ཐ་སྙད་བྲལ་བར་བསྐྱང་ངོ༌། །བཞི་པ་ནི། གནས་སྐབས་འཁོར་འདས་ཀྱི་ཆོས་ལ་རང་བྱན་ཚུད་ཅིང་མཐར་ཐུག་འདིར་སྣང་ནུབ་ཅིང་། སྣང་མཆེད་ཐོབ་གསུམ་ལུགས་འབྱུང་ཤར་བའི་རྗེས་སུ་གཞིའི་འོད་གསལ་ནམ་མཁའ་སྒྲིབ་བྱེད་དང་བྲལ་བ་ལྟ་བུའི་ཉམས་རང་ཤུགས་ཀྱིས་འཆར་དུ་འོང་ལ། དེ་དུས་ད་ལྟའི་སྦྱང་སྟོབས་ལམ་གྱི་འོད་གསལ་དང་མ་བུ་འཕྲད་ནས་ཆོས་ཀྱི་སྐུར་གྲོལ་བར་འགྱུར་རོ། །

p. 358

༈ གཉིས་པ་ཡན་ལག་བསྟན་པ་ལ་གཉིས། ལམ་གྱི་སྐྱེལ་མ་འཕོ་བ་མ་སྒོམ་སངས་རྒྱས་དང༌། ལམ་གྱི་བསུ་མ་བར་དོ་ཆོས་ཉིད་རང་གྲོལ་ལོ། །དང་པོ་ལ་བཞི། ཐ་སྙད་བྲལ་བ་ཆོས་སྐུའི་འཕོ་བ། ལྷ་རུ་ལྡང་བ་ལོངས་སྐུའི་འཕོ་བ། ཐབས་ཀྱིས་སྤར་བ་སྤྲུལ་སྐུའི་འཕོ་བ། དེ་དག་གི་ཡོན་ཏན་བསྟན་པའོ། །དང་པོ་ནི། དབང་རབ་འོད་གསལ་སེམས་ཀྱི་ཏིང་འཛིན་ལ་མངའ་དབང་འབྱོར་བ་དག་གིས་འཕོ་བྱ་འཕོ་བྱེད་འཕོ་ཡུལ་གྱི་གདགས་གཞི་བྲལ་བའི་ཆོས་ཉིད་ལྷུག་པར་བསྐྱངས་ཤིང་། འཁོར་གསུམ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་ལྟ་བ་བློས་མ་རེག་པའི་ཆོས་དབྱིངས་བྱ་རྩོལ་བྲལ་བའི་ཀློང་དུ་རྩོལ་མེད་དུ་འཕོས་པས་ཆོས་སྐུར་འཚང་རྒྱ་བའོ། །གཉིས་པ་ནི། དབང་འབྲིང་ཆོས་སྐུར་འཕོ་མ་ནུས་པ་དག་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་འཕོ་བར་བྱའོ་སྙམ་པའི་སྔོན་འཕེན་ཡང་ཡང་བཏང་ལ། སྣང་གསུམ་ལུགས་ལྡོག་གི་མཐར་སྒྱུ་ལུས་ལྷ་སྐུར་ལྡང་ཞིང་བསྡུ་བ་དང་། སླར་འོད་གསལ་སྤྲོས་མཐའ་བྲལ་བའི་ཀློང་ནས་ཆུ་ལས་ཉ་འཕར་བ་ལྟར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་དོན་གཉིས་སྤྱོད་པ་ལ་འཇུག་པའོ། །གསུམ་པ་དབང་པོ་དམན་པས་སྤྲུལ་སྐུའི་འཕོ་བ་བྱ་བ་ལ་གཉིས། སྦྱངས་པ་སྔོན་དུ་འགྲོ་བ་དང་འདའ་ཀ་ལས་ལ་སྦྱར་བའོ། །དང་པོ་ལ་གསུམ། གསལ་སྣང་རྒྱས་པ། འབྲིང་པོ། བསྡུས་པའོ། །དང་པོ་ནི། ཏི་རས་ཀྱིས། འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །བརྒྱུད་ལྡན་བླ་མ་དམ་པ་ལ། །གསོལ་བ་བཏབ་ཅིང་བྱིན་རླབས་ཞུ། །རང་ལུས་ཡི་དམ་ལྷ་རུ་བསྒོམ། །ཞེས་གསུངས་པ་ལྟར། ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བླ་མའི་རྣལ་འབྱོར་བྱས་ལ། ལུས་གནད་རྡོ་རྗེའི་ཆོས་

p. 359

བདུན་དམ་པོར་འཆིང་ལ། རང་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཁྲོས་པའི་ཚུལ་ཅན་མ་མཆུ་ཚེམས་ཀྱིས་མནན་པ། སྤྱན་གསུམ་ཟླུམ་ལ་གཡོ་བ། དབུ་སྐྲ་སྨུག་འབོལ་གྱི་ཕྱེད་ཐོར་ཚུགས་སུ་བཅིངས་པའི་ལྷག་མ་རྒྱབ་ཏུ་གྲོལ་བ། ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་དང་། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔ་དང་མེ་ཏོག་ཀ་ར་ཝཱི་རའི་ཕྲེང་བས་བརྒྱན་པ། ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་ཞིང༌། གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པའི་གྲུ་མོར་ཁ་ཊྭཱྃ་ག་གྱེན་དུ་བསླང་བ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་པད་ཟླ་བམ་ཉིའི་སྟེང་དུ་བཞུགས་པའི་སྐུ་ལས་འོད་ཟེར་འཕྲོ་བའི་རྩེ་མོར་མེའི་ཕྲེང་བས་བལྟམས་པ་གསལ་བས་སྒོ་དགག་པ་སྟེ། དེ་ཡང་ཏི་རས་ཀྱིས། སྒོ་ནི་རྣམ་པ་དགུ་ཡིན་ལ། །ཞེས་དབང་པོའི་སྒོ་དགུ་སྟེ། རྗེ་ནཱ་རོ་པས། སྒོ་བརྒྱད་དགག་ནས་སྒོ་གཅིག་ཕྱེ། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །ཞེས་གསུངས་པ་ལྟར། རང་གི་ཐུགས་ཀའི་ས་བོན་ལས་ཧྲཱིཿཡིག་དམར་པོ་འོད་ཀྱི་རང་བཞིན་ཅན་རིམ་གྱིས་སྤྲོས་པས། བཤང་ཆུ་ཐིག་གསུམ་གྱི་ལམ་དང༌། ལྟེ་བ། ཁ་སྣ་མིག་གསུམ། རྣ་བ་སྟེ་མ་དག་འཁོར་བའི་སྒོ་བརྒྱད་པོ་ཆལ་གྱིས་བཀག །དེ་ཡང་སྣ་མིག་རྣ་བ་གསུམ་ལ་ཧྲཱིཿཡིག་གཉིས་ཆར་དུ་སྤྲོ་ཞིང་། དེ་ནས་ལུས་ཀྱི་དབུས་སུ་རྩ་དབུ་མ་མདའ་སྙུག་འབྲིང་པོ་ཙམ་པའི་མར་སྣེ་ལྟེ་འོག་ཏུ་ཟུག་པ་ཕུགས་རྡུགས་སྙུག་མ་ཚིགས་ཀྱིས་བཅད་པ་ལྟ་བུ། ཡར་སྣེ་ཚངས་བུག་ཏུ་ཐོན་པ་རག་དུང་ཁ་གྱེན་དུ་བསླང་བ་ལྟ་བུའི་སྟོང་ཆའི་སྟེང་དུ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་བཀོད་པ་ཚད་མེད་པའི་དབུས་སུ་ཡི་དམ་བསྒོམ་པ་སྟེ། རས་པ་དཀར་པོས། སྤྱི་བོའི་གནས་སུ་ཁྲུ་གང་མཚམས། །པདྨའི་གདན་ལ་ཡི་དམ་བསྒོམ། །གནས་

p. 360

ཆེན་འཁོར་ལོ་བཞི་ལ་ནི། །ཞེས་སོགས་གསུངས་པ་ལྟར་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་དང་རྣམ་དབྱེར་མ་མཆིས་པའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྣང་ལ་རང་བཞིན་མེད་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་ཤིང་སྣང་སྟོང་ཟུང་དུ་འཇུག་པའི་སྐུ་ཅན་དམ་ཡེ་གཉིས་མེད་དུ་གསལ་བ་ལ་གསོལ་འདེབས་ཡང་ཡང་བྱས་མཐར། སྒྲ་གཅན་གྱི་ནང་ལྟེ་བ་སྤྲུལ་པའི་འཁོར་ལོ་པད་འདབ་བཞི་ལྡན་ཁ་དོག་དམར་སྐྱ་ཟེའུ་འབྲུ་སེར་པོའི་དབུས་སུ་ཨཱཿདམར་པོ། འདབ་བཞིར་ཨ་ཤར། ནུ་ལྷོ། ཏ་ནུབ། རའི་བྱང༌། མཆན། ཡིག་འབྲུ་དམར་པོས་བསྐོར་བ་དང༌། སྙིང་ག་ཆོས་ཀྱི་འཁོར་ལོར་པད་འདབ་བཞི་ལྡན་ཁ་དོག་སྔོ་སྐྱ་ཟེའུ་འབྲུ་ལྗང་སེར་གྱི་དབུས་སུ་ཧཱུྃ་སྔོན་པོ། འདབ་བཞིར་ཨ་ནུ་ཏ་རའི་ཡིག་འབྲུ་མཐིང་ཀས་བསྐོར་བ་དང༌། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་པད་འདབ་བཞི་ལྡན་ཁ་དོག་སེར་སྐྱའི་ཟེའུ་འབྲུ་དམར་སེར་གྱི་དབུས་སུ་ༀ་ཡིག་སེར་པོ་དང༌། འདབ་བཞིར་འབྲུ་བཞི་སེར་པོས་བསྐོར་བ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་པད་འདབ་ཁ་དོག་དཀར་པོ་ཟེའུ་འབྲུ་དཀར་སེར་གྱི་དབུས་སུ་ཧཾ་དཀར་པོ་དང༌། འདབ་བཞིར་འབྲུ་བཞི་དཀར་གསལ་གྱིས་བསྐོར་བ་བཅས་ལེགས་པར་གསལ་བཏབ་ཅིང་རླུང་རོ་ལན་གསུམ་བསལ། དེ་ནས་དལ་བུས་རྔུབ་པས་དབུ་མ་ནས་སིབ་སིབ་ཞུགས་པ་ལྟེ་བར་བསྐྱིལ་བས་བསྐུལ་ཏེ་ཨ་ནུ་ལ་ཐིམ། ནུ་ཏ་ལ་ཐིམ། ཏ་ར་ལ་ཐིམ། ར་ཨ་ལ་ཐིམ་པར་བསམ་ཞིང་གཞིལ་བ་སྟེ། ཏི་རས་ཀྱིས། འོག་རླུང་གིས་ནི་འཕུལ་བྱས་ཏེ། །ཞེས་འོག་རླུང་གྱེན་འཕུལ་གྱིས་མདའ་ལྟར་འཕང་བས་ཨ་ཐུགས་ཀའི་ཧཱུྃ་ལ་ཐིམ། སླར་སྦྱོར་བ་བཞི་ལྡན་གྱིས་སྔ་མས་ཕྱི་མ་གསུམ་པོ་ལ་འགྲེས་ཏེ་ཧཾ་ལ་བསྡུ། ཧཾ་མདའ་ལྟར་འཕང་བ་ཧེ་རུ་ཀ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཞུགས་པས་བརྗོད་མེད་བདེ་བ་ཆེན་པོས་བརྒྱལ་ཐབས་སུ་སོང་། སླར་གྱེན་

p. 361

དུ་ཐུགས་ཀར་འཕོས་པས་འཕོ་བྱ་འཕོ་བྱེད་འཕོ་ཡུལ་མེད་པར་ཆོས་སྐུའི་ཀློང་དུ་རོ་གཅིག་པར་བསམས་ལ་རླུང་ཕྱིར་འཛིན་བྱ། དེ་ནས་རྔུབ་པ་དང་སྦྲགས་ཏེ་བླ་མའི་ཐུགས་སྲོག་ཧཱུྃ་ཡིག་སྔོན་པོའི་མཐའ་བསྐོར་དུ་ཨ་ནུ་ཏ་རའི་ཡི་གེ་བཀོད་དེ་དགང་ལ་གཞིལ་བས། རིམ་གྱིས་བསྣུན་ཏེ་ཕྱིར་འཕང་རྔུབ་པ་དང་བཅས་ཧཱུྃ་ལས་རང་བྱུང་རིག་པའི་ངོ་བོ་ཧཾ་ཡིག་དཀར་པོ་ཆད་དེ་མར་སྤྱི་བོའི་གདན་ལ་བབས། ཡང་དགང་ཞིང་གཞིལ་བས་ཧཾ་ལས་ཡི་གེ་བཞི་རིམ་གྱིས་སྤྲོས་ཏེ་རང་གནས་སུ་བཀོད་ལ་རླུང་བཏང༌། སླར་རྔུབ་པ་དང་སྦྲགས་ཏེ་ཧཾ་ལས་ༀ་ཆད་དེ་མགྲིན་པར་ཡི་གེ་བཀོད་པ་སོགས་ལྟེ་བའི་བར་རིགས་འགྲེས་ལ་ངལ་གསོ། གལ་ཏེ་རླུང་བཟུང་མ་ནུས་ན་ཡིད་ཀྱིས་དེ་ལྟར་བསྒོམས་པས་ཀྱང་རུང་ཞིང༌། ཡང་སྔ་མ་བཞིན་རྟགས་མ་ཐོན་གྱི་བར་དུ་འབད་ལ་ཐུན་འཇོག་ཙ་ན་བླ་མ་འོད་ཞུ་བྱས་ཏེ་རང་ལ་བསྟིམ། ཚངས་བུག་ཧཾ་ཡིག་འོད་ཟེར་དཀར་པོས་གཏམས་པས་དགག་པར་བྱའོ། །གཉིས་པ་ནི། ལུས་མེད་རྡོ་རྗེའི་བཞེད་པ་སྟེ། ཕྱི་ནང་གི་སྟོང་ར་སྒོ་བཀག་འཕོ་ཡུལ་བཅས་གོང་བཞིན་ལ། ལྟེ་བའི་འཁོར་ལོར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། མགྲིན་པར་ༀ་སེར་པོ། སྤྱི་བོར་ཀྵ་དཀར་པོ་རྣམས་རང་འོད་ཐིག་ལེའི་དབུས་སུ་གནས་པར་བསམས་ལ་སྟེང་རླུང་ཞི་བ་དང་འོག་རླུང་དྲག་ཏུ་རྔུབ་པས་ཨཱཿཡིག་གྱེན་དུ་ཤུགས་དང་ལྡན་པས་སོང་སྟེ་ཧཱུྃ་ལ་ཐིམ། དེ་ལྟར་ཧཱུྃ་ཡིག་ༀ་དང༌། ༀ་ཀྵ་ལ་བསྟིམ་སྟེ་ཧིཀ་གི་སྒྲ་བཅས་ཀྵ་ཡིག་སྦྱོར་མཚམས་སུ་སོང༌། ཧེ་རུ་ཀའི་ཐུགས་ཀར་འཕོས་པས་བདེ་བ་བཟོད་མེད་ཀྱི་ངང་དུ་གནས་པར་བསམས་ལ་ཕྱིར་འཛིན་བྱས། སླར་སྟེང་རླུང་དལ་བུས་རྔུབ་པ་དང་སྦྲགས་ཧཱུྃ་ལས་ཀྵ་ཡིག་གུད་དུ་བྱེ་ཞིང་ཁྲ་ཐབས་སུ་སྤྱི་བོར་མར་བབས་ཤིང༌། ཀྵ་ལས་ༀ་སོགས་ལྟེ་བའི་ཨཱཿབར་རང་གནས་སུ་བཀོད་ལ་རླུང་བཏང་། ཡང་

p. 362

སྔ་མ་བཞིན་སྤར་བ་དང་ངལ་གསོ་བ་སྦྲེལ་ཏེ་སྦྱང་ངོ༌། །གསུམ་པ་ནི། རྗེ་བསོད་ནམས་བཟང་པོས། འཕོ་བ་ལམ་གྱི་དེད་དཔོན་ཏེ། །ཀུན་གཞི་སེམས་ཀྱི་རྒྱལ་པོ་དེ། །སྣང་སྟོང་དབུ་མའི་རྟ་ལ་བསྐྱོན། །བླ་མའི་སྐུ་ལ་ཁ་ཡན་ཀློད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པ་ལྟར་གྱི་བཞེད་པར། ཕྱི་ནང་གི་སྟོང་ར་སོགས་གོང་ལྟར་ལ། སྙིང་གར་རླུང་སེམས་འདུས་པའི་ངོ་བོ་ཧཱུྃ་སྔོན་པོ་འཕར་འདར་ལིང་ངེ་བ་གསལ་བཏབ་སྟེ། རླུང་རྔུབ་པ་དབུ་མ་ནས་ཞུགས་ཤིང་འོག་རླུང་སྟེང་དུ་དྲངས་པས། བྱིའུ་ཤ་མེད་རླུང་གིས་བསྐྱོད་པ་ལྟར་དབུ་མ་ནས་ཤད་ཀྱིས་སོང་བ་ཧེ་རུ་ཀའི་ཐུགས་ཀར་ཐིམ་པར་བསམས་ལ་ཧིཀ་བརྗོད་པ་དང༌། ཀ་སྒྲའི་ཚུལ་གྱིས་རྔུབ་པའི་དུས་སྙིང་ཁར་མར་དབབ་ཅིང་། སླར་སྔ་མ་བཞིན་འོག་རླུང་སྟེང་དུ་འཕུལ་བ་སོགས་ཀྱིས་རྟགས་ཐོན་པར་འབད་ལ། དེ་ཡང་རླུང་དང་མ་སྦྲགས་ན་ཧིཀ་གིས་སྤར་ཞིང་ཀ་ཡིས་དབབ་པས་ཀྱང་རུང་ལ། དེ་ནས་ཐུན་འཇོག་པའི་ཚེ། ཏི་རས་ཀྱིས། སྤྱི་བོའི་ཡི་དམ་འོད་དུ་ཞུ། །རང་ལ་ཐིམ་པར་གྱུར་པ་དང༌། །ཚངས་བུག་ཧཾ་གིས་དགག་པར་བྱ། །ཞེས་གསུངས་པ་ལྟར་འཕོ་བྱ་རང་གནས་སུ་གཞུག །འཕོ་ཡུལ་འོད་ཞུ་བྱས་ནས་ཚངས་བུག་ཟླ་ཕྱེད་ཧཾ་གིས་མཚན་པས་བཀག་པར་བསམ། དེ་ལྟར་འབད་པས་རྟགས་ཀྱང༌། ཏི་རས་ཀྱིས། སྤྱི་བོར་ཐོན་པས་འབྱུང་བའི་ཚད། །རྟགས་ནི་སྒོ་ལ་ནད་འབྱུང་ངོ༌། །ཞེས་གསུངས་པ་ལྟར་སྤྱི་བོ་ཟ་བ་དང་། སྐྲ་བྱི་བ། ཆུ་སེར་ཐོན་པ། སྐྲང་པ་སོགས་ཚངས་སྒོར་ནད་བྱུང་ན་འབྱོངས་བའི་རྟགས་ཡིན་པས་རླུང་ཕྱིར་འཛིན་མི་བྱ་བར་སྒོམ་འཕྲོ་བཅད་ལ། ཤེས་རིག་ནང་དུ་བཀུག་ནས་ཚངས་བུག་བཀག་ཅིང་། གལ་སྲིད་འཕོ་རུ་ཤོར་བར་ཉེ་ན་ཚངས་བུག་ཟངས་ཐེབས་ཀྱིས་བཀག་ལ་གྲོགས་སམ་རང་གིས་རྟིང་པ་ནས་བྲད་པས་རིག་པ་

p. 363

མར་ཁུག་ངེས་པས། དེ་ནས་ཚེ་སྒྲུབ་སོགས་ཚེ་བསྲིང་བའི་ཐབས་ལ་ཡང་ཡང་འབད་དོ། །གཉིས་པ་ལ་གཉིས། རང་ཉིད་ལས་ལ་སྦྱོར་བ་དང༌། གཞན་ལ་འདེབས་པའོ། །དང་པོ་ལའང་གཉིས། སེམས་སྦྱང་སྟེ་འཕོ་བ་དང༌། ལུས་བཅོས་ཏེ་རྟེན་ལ་འཕོ་བའོ། །དང་པོ་ནི། ཕྱི་ནང་གི་འཆི་རྟགས་བྱུང་ཞིང་འཆི་ནད་ངེས་པར་ཐེབས་ནའང་སླར་བླུ་བའི་ཆོས་དང༌། འཆི་བསླུ་ལན་གསུམ་དུ་བཏང་བས་བཟློག་ཨེ་ནུས་བལྟ་བ་ལས། དུས་མིན་འཕོས་ན་ལྷ་བཀྲོང་བའི་ཉེས་པ་འབྱུང་ཉེ་བས་མི་བྱ་ཞིང༌། གལ་ཏེ་བཟློག་མེད་དུ་གྱུར་ཚེ་ཕྱི་ནང་གནས་ཡུལ་མཛའ་བཤེས་གཉེན་འདུན་ཟས་ནོར་ཐམས་ཅད་རྨི་ལམ་ཇི་ལྟར་སྣང་ཙམ་ལས་བདེན་པར་མ་གྲུབ་ཅིང་། འདུས་བྱས་ཀྱི་ཐ་མ་ཐམས་ཅད་འབྲལ་བའི་ཆོས་ཅན་ལས་མ་འདས་པས་རང་ལའང་དེ་ལྟར་འབྱུང་བར་ངེས་པས། ད་ནི་བདོག་པའི་དངོས་པོ་ཅི་ཡོད་པ་ཐམས་ཅད་བླ་མ་དང་དཀོན་མཆོག་གི་ཕྱོགས་སུ་གཏོང་བ་ཡིན་སྙམ་པས་ཅི་ཐེངས་བྱ། མཆེད་དང་བླ་མ་གང་རྙེད་ཀྱིས་ཡི་དམ་གྱི་ཚོགས་འཁོར་དང་། བསྐང་བཤགས་ལ་འབད་དུ་བཅུག་ཅིང་བདག་འཇུག་བླང་། ལག་ཏུ་མ་ཐོན་པ་རྣམས་བླ་མ་དང་དཀོན་མཆོག་ལ་འབུལ་ལོ་སྙམ་སྟེ་འབུལ་བ་ཚར་བའི་ཡོན་བདག་བཞིན་བློ་ཐག་རྦད་ཀྱིས་བཅད་ལ། འཆི་བ་ལ་ཇི་མི་སྙམ་པའི་བཟོད་པ་དང་། རྣལ་འབྱོར་པ་འཆི་བ་སངས་རྒྱས་པ་ཡིན་པ་ལ་སྤྲོ་བ་སྐྱེད་དེ། ལུས་ཙོག་པུའམ་སེངྒེ་ཉལ་སྟབས་སུ་གནས་པས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་གི་འཕེན་པ་བཏང་ལེན་གྱི་དམིགས་པ་རྣམས་བྱ་ཞིང་འཕོ་བར་བྱ་སྟེ། ཏི་རས་ཀྱིས། ནམ་ཞིག་འཆི་བར་ངེས་པའི་ཚེ། །སྤྱི་བོར་ཡི་དམ་ལྷ་བསྒོམ་ཞིང༌། །སྔར་བཞིན་དུ་ནི་འཕོ་བར་བྱ། །ཡི་དམ་ལྷ་ཡི་ཐུགས་དང་བསྲེ། །ཞེས་གསུངས་པས་མཚོན་ཏེ། འཕོ་བ་དངོས་ཀྱི་སྒོམ་དོན་ནི་གོང་དུ་བསྟན་པའི་རྒྱས་

p. 364

འབྲིང་བསྡུས་གསུམ་རང་བློར་དཔག་ཅིང་རིག་པ་ཡར་སྤར་བ་ཕྱིར་མི་དབབ་པར་ཡང་ཡང་སྤར་ལ། མཐར་བླ་མའི་ཐུགས་དང་འདྲེས་པའི་ཉམས་བསྐྱངས་ལ་དུས་འདའ་བར་བྱའོ། །གཉིས་པ་ལའང་གཉིས། བྱིན་རླབས་ཀྱི་རྟེན་ལ་འཕོ་བ་དང་། རིགས་བཟང་གི་རྟེན་ལ་འཕོ་བའོ། །དང་པོ་ནི། ལྟར་སྣང་གི་བདེན་ཞེན་བློས་བཏང་བ་སོགས་གོང་བཞིན་ལ། དེ་ཡང་ཏི་རས་ཀྱིས། ནམ་ཞིག་འཆི་བར་ངེས་པའི་ཚེ། །ལུས་གནད་ལེགས་པར་བཅོས་བྱས་ལ། །ཞེས་སོགས་གསུངས་པ་ལྟར་རང་ལུས་ཡི་དམ་གྱི་ལྷར་གསལ་ལ། རྒྱལ་བ་མྱ་ངན་ལས་འདས་གཟིམས་སེངྒེའི་ཉལ་སྟབས་སུ་བཅོས་པའི་མདུན་དུ་ཡི་དམ་གང་འདོད་པའི་ལྷའི་སྐུ་བྲིས་འབུར་གང་རུང་བཤམས་པ་དེ་ཉིད་དངོས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པའི་རང་བཞིན་དུ་མོས་ལ། རང་གི་ཐུགས་སྲོག་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་མཐིང་ནག་དེ་ཉིད་རླུང་གི་རྟ་ལ་ཞོན་ནས་སྣ་བུག་གཡོན་པ་ནས་ཐོན་པར་བསམས་ལ་དབུགས་དལ་གྱིས་དབྱུང་བ་དང་བསྟུན། ལྷའི་ཤངས་བུག་གཡོན་པ་ནས་ཞུགས་ཏེ་ཐུགས་སྲོག་ལ་ཐིམ་པར་དམིགས་ཤིང་སེམས་འཛིན། སླར་དེ་བཞིན་ཡང་ཡང་བསྐྱར་གང་ནུས་བྱས་པའི་རྗེས་སུ་སེམས་ཉིད་ལྷའི་ཐུགས་དང་གཉིས་མེད་དུ་བསྲེས་ལ་སྣང་བ་ནུབ་པར་བྱའོ། །གཉིས་པ་ནི། བར་དོའི་སྣང་བ་མེད་པར་སྐྱེ་སྲིད་སྤྲུལ་སྐུའི་འཕོ་བ་རྟེན་ཅན་ལ་བསླབ་པར་འདོད་ན། རབ་རྣལ་འབྱོར་ཡབ་ཡུམ་རྩ་བའི་བླ་མར་བཟུང་དུ་རུང་བ་དང༌། མིན་ཀྱང་ཆོ་རིགས་བཙུན་པའི་ཕ་དང་རིགས་བཟང་གི་བུ་མོ་རང་རྒྱུད་དུལ་ཞིང་ཆོས་ལ་སེམས་པའི་བློ་ཅན། དེ་དག་གང་རྙེད་པ་ཡི་དམ་གྱི་ལྷ་ཡབ་ཡུམ་དུ་བསྒོམས་ལ། ཡུམ་གྱི་བྷ་གའི་ནང་དུ་ཐར་པ་ཆེན་པོའི་གཞལ་མེད་ཁང་ཡིད་དུ་འོང་བའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་དམ་ཚིག་གི་སེམས་དཔའ་

p. 365

བསྐྱེད་པར་བྱ་བ་སྟེ། དེ་ཡང་བསྟན་པའི་བདག་པོར་འདོད་ན་ཤཱཀྱ་ཐུབ་པ། ཤེས་རབ་ཆེ་བར་འདོད་ན་འཇམ་དབྱངས། འགྲོ་དོན་ཆེ་བར་འདོད་ན་སྤྱན་རས་གཟིགས། མཐུ་སྟོབས་ཆེ་བར་འདོད་ན་ཕྱག་རྡོར། རྫུ་འཕྲུལ་ཆེ་བར་འདོད་ན་པད་འབྱུང་སོགས་གང་འདོད་གསལ་བཏབ་ལ། བསམ་བཟང་གི་འཕེན་པ་དང་སྨོན་ལམ་བཏབ་སྟེ། རང་ལུས་ལྷའི་སྟོང་ར་སྒོམ་པའི་སྙིང་གར་ཡེ་ཤེས་སེམས་དཔའ་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་སྔོན་པོ་དེ་ཉིད་སྣ་བུག་གཡོན་པ་ནས་དབུགས་ཕྱིར་དབྱུང་བའི་རླུང་གི་རྟ་ལ་ཞོན་ནས་སོང་སྟེ་ཡབ་ཀྱི་སྐེད་པར་ལན་གསུམ་བསྐོར་ཞིང་ལྟེ་བ་ནས་ཞུགས། ཐབས་ཀྱི་ཐིག་ལེར་དབྱེར་མེད་པར་གྱུར་ཅིང་མཁའ་གསང་སྤྲད་པ་ཟུང་དུ་འཇུག་པའི་བདེ་བའི་ཉམས་ཡེ་ཤེས་ཀྱི་ངོ་བོ་དང་གཉིས་སུ་མེད་པར་ཡུམ་གྱི་མཁར་སོན་ཏེ་དཀར་དམར་འདྲེས་པས་དམ་ཡེ་རོ་གཅིག་པར་བསམས་ལ་སེམས་འཛིན། གཞན་དུ་མི་འཕྲོ་བའི་དམ་བཅའ་ཡང་ཡང་བྱ་བ་བཅས་གང་ནུས་སྦྱངས་པའི་མཐར་ཡུམ་གྱི་བྷ་གའི་ལྷ་བདེ་བ་ཆེན་པོའི་རང་གཟུགས་དེ་ལ་སེམས་འཛིན་ཅིང་སྔ་མའི་སྟོང་ར་ཡུམ་ལ་བསྡུས་པས་དེར་སྐྱེ་བ་ལེན་ངེས་སོ། །གཉིས་པ་ནི། ཚེ་འདས་ཀྱི་ཕུང་པོ་བསང་སྦྱང་བྱས་ནས་ལྷར་བསྐྱེད་པར་བྱ་བ་ལ། དེ་ཡང་ཤི་ནས་ཞག་གྲངས་སོང་ན་བདེན་སྟོབས་བརྗོད་ཅིང་། ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པ་ཕོག་མ་ཐག་ཚེ་འདས་ཀྱི་རྣམ་ཤེས་ནྲྀ་ཡིག་ཏུ་གྱུར་པ་ལྕགས་ཀྱུའི་རྩེ་མོས་དྲངས་ཏེ་ཕུང་པོར་ཞུགས་པར་བསམ་སྟེ། དེ་ཡང་ཞག་གྲངས་མ་སོང་ན་མི་དགོས་ཤིང་། དེ་ལ་རང་ཉིད་ཡི་དམ་དུ་གསལ་བས་ཡེ་ཤེས་ཀྱི་རླུང་ཁ་སྦྱོར་དུ་ཁུག་གཅིག་བཟུང་བ་ཕྱིར་བཏང་བའི་ཚེ། ཚེ་འདས་ཀྱི་སྣ་བུག་གཉིས་ནས་ཞུགས་ཤིང་ལྟེ་འོག་ཏུ་འཁྱིལ་བས་སྟེང་དུ་རིམ་པར་འཕོ་བ་སོགས་འཆི་ཁའི་མཚམས་སྦྱར་

p. 366

ལྟར་བྱས་པས་འཐུས་སོ། །བཞི་པ་ནི། ཞལ་ལུང་ལས། ཆོ་ག་འདི་ཡིས་སེམས་ཅན་གང་། །མཚམས་མེད་བྱེད་དང་རྨོངས་པ་ཡིས། །ཉིན་རེ་བྲམ་ཟེ་གསོད་པ་ཡང༌། །འདི་ཡིས་མི་འགྲུབ་གང་ཡང་མེད། །ཅེས་གསུངས་པ་ལྟར་འཕོ་བ་མ་སྒོམ་སངས་རྒྱས་ཞེས་སྡིག་པོ་ཆེ་ཡང་རང་གིས་བསྒོམས་པའི་སྟོབས་སམ། གཞན་གྱི་སྟོབས་གང་ཟག་གི་རྐྱེན་གྱིས་ལས་ངན་གྱི་རྣམ་སྨིན་འབྲས་བུ་རྒྱང་བསྲིངས་ཏེ་ཁམས་གོང་མར་སྔགས་སྤྱོད་ཀྱི་རྟེན་མཆོག་ཏུ་གྱུར་པར་སྐྱེ་བ་དང༌། དབང་རབ་རྣམས། རྗེ་ཏི་རས་ཀྱིས། དེ་ཚེ་འཕོས་པར་གྱུར་པ་ན། །རང་སེམས་ཡི་དམ་ལྷར་གྱུར་པས། །དཔའ་བོ་དཔའ་མོས་བསུས་ནས་ཀྱང༌། །མཁའ་སྤྱོད་དངོས་གྲུབ་ཐོབ་པར་གསུངས། །འོག་མིན་སྟུག་པོ་ཉམས་དགའ་བར། །སྟོན་པ་ཀྱཻ་ཡི་རྡོ་རྗེ་ལས། །བརྡ་ཡི་ཆོས་ཉིད་གོ་བ་དང༌། །རང་སེམས་རྟོགས་པ་མངོན་གྱུར་ནས། །མཆོག་གི་དངོས་གྲུབ་ཐོབ་པ་ཡིན། །ཞེས་གསུངས་པ་ལྟར་རྣལ་འབྱོར་རྣམས་སྔོན་གྱི་ལས་ལུས་ཀྱི་འཕེན་པ་རྫོགས་པ་ན་མཁའ་སྤྱོད་ཀྱི་ཞིང་དུ་འཕོ་བས་མཚམས་སྦྱོར་ཏེ་ལྷ་དང་གཉིས་སུ་མེད་པར་འགྱུར་བ་སོགས་ཡོན་ཏན་མཐའ་ཡས་པ་གསུངས་སོ། །
༈ གཉིས་པ་ལམ་གྱི་བསུ་མ་བར་དོ་བསྟན་པ་ལ་གཉིས། སྤྱིར་བསྟན་པ་དང༌། སྐབས་དོན་དངོས་བསྟན་པའོ། །དང་པོ་ནི། སྤྱིར་སྔ་ཕྱི་བར་མ་དོ་ཞེས་པ་དེ་ལ་རྗེ་བཙུན་མི་ལ་རས་པ་སོགས་ཀྱིས་དོན་དམ་ཆོས་ཉིད་ཀྱི་བར་དོ་སོགས་རྣམ་པ་དྲུག་ཏུ་བཞེད་པའི་ལུགས་ཀྱང་མང་ཡང༌། སྐབས་འདིར་རྗེ་ཏི་རས་ཀྱིས། སྐྱེ་ཤི་རྨི་ལམ་བར་དོ་དང༌། །སྲིད་པ་ཡི་ནི་བར་དོ་གསུམ། །ཞེས་གསུངས་པ་ལྟར་གྱི་སྔ་མ་གཉིས་བསྐྱེད་རྫོགས་སྒྱུ་ལུས་རྨི་ལམ་འོད་གསལ་སོགས་ཀྱིས་སྦྱངས་པའོ། །གཉིས་པ་ལ་བཞི། འཆི་ཁའི་བར་དོར་སྣང་མཆེད་ཐོབ་གསུམ་

p. 367

ངོས་བཟུང་བ། ཆོས་ཉིད་བར་དོར་འོད་གསལ་མ་བུ་རང་ཞལ་བལྟ་བ། སྲིད་པ་བར་དོར་སྣང་བ་ལམ་དུ་ཁྱེར་ཞིང་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ། སྲིད་སྐྱེའི་བར་དོར་འགྲོ་དྲུག་གི་མངལ་སྒོ་བགག་པའོ། །དང་པོ་ནི། བདག་ཉིད་ཚེ་འདིའི་སྣང་བ་ངེས་པར་ནུབ་ཚེ། སྔོན་ཚེ་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་སྣོད་བཅུད་བདེན་མེད་སྒྱུ་མའི་བཀོད་པ་རུ་གསུངས་པའི་དོན་རང་ཐོག་ཏུ་བབས་པར་འདུག་པ་འདིའང་། རྨི་ལམ་སད་པ་དང་འདྲ་བ་ལ་འཚེར་སྣང་དང་སྔངས་སྐྲག་བྱ་བའི་ཡུལ་མེད་སྙམ་སྟེ་ཇི་མི་སྙམ་པའི་བཟོད་པའི་གོ་བགོས་ལ། བདག་འཛིན་སེར་སྣའི་ནོར་རྫས་ཐམས་ཅད་དཀོན་མཆོག་གསུམ་ལ་ལིང་གིས་འབུལ་ལོ་སྙམ་པའི་བློ་ཐག་བཅད་དེ། ལུས་སེང་གེའི་ཉལ་སྟབས་སུ་གནས་པས་བདག་གིས་འཆི་བའི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་རྟོགས་པར་བྱ་བ་དང༌། མཁའ་ཁྱབ་འགྲོ་བའི་དོན་དུ་བདག་འདི་ནས་འཕོ་ཞིང་སྲིད་པ་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བ་དང༌། གལ་ཏེ་དེ་ལྟར་མ་ནུས་ན་འགྲོ་བའི་མངལ་སྒོ་བཀག་སྟེ་སྔོན་སྦྱངས་གང་འབྲེལ་གྱི་ཞིང་ཁམས་གང་ཡིན་པ་དེར་འགྲོ་སྙམ་པའི་འཕེན་པ་ཅི་ནུས་ཡང་ཡང་བཏང་ལ། སེམས་ཀྱི་ངོ་བོ་སྔོན་གོམས་གང་ཡོད་པའི་སྟེང་དུ་རེ་དོགས་སྤང་བླང་བྲལ་བར་ཉམས་བཟོ་མེད་ལྷུག་པར་བསྐྱང་བར་བྱ་སྟེ། དེ་ཡང་འགྲོ་མགོན་ཏི་རས་ཀྱིས། འཆི་བ་ལ་ཡང་འཕྲང་བཞི་སྟེ། །འབྱུང་བཞི་ཐིམ་པའི་འཕྲང་དང་གཅིག །སྣང་བ་ཐིམ་པའི་འཕྲང་དང་གཉིས། །དུ་བ་སོགས་ཀྱི་འཕྲང་དང་གསུམ། །ཕྲ་རགས་ཐིམ་པའི་འཕྲང་དང་བཞི། །ཞེས་གསུངས་པ་ལྟར། ས་ཆུར་ཐིམ་པས་ལུས་གཡོ་འགུལ་མི་ནུས་པར་རི་བོས་ནོན་པ་ལྟ་བུ། ཆུ་མེར་ཐིམ་པས་སྐོམ་གྱི་གདུང་བ་མེ་ལྟར་འབར་ཞིང་ཁ་སྣ་སྐམ་པ། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་རྐང་མཐིལ་ནས་སྤྱི་བོར་སྡུད། རླུང་རྣམ་

p. 368

པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་སྡུད། དེ་དང་ལྷན་ཅིག་ཕྱི་གཟུང་བའི་ཡུལ་སྣང་གི་བཀོད་པ་གཟུགས་སྒྲ་དྲི་རོ་རེག་བྱའི་རྟོག་ཚོགས་ཐམས་ཅད་ཆེར་མི་སྣང་བར་ཐིམ་པས་རབ་རིབ་ཟ་ཟི་རུ་འགྲོ་ཞིང་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། དེ་དུས་དཀར་ཆ་མར་བབས་པས་ནང་རྟགས་དུ་བ་དང༌། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ་འོང་ཞིང་། དེ་རྗེས་ཐོབ་པ་ལ་ཆེར་ཉེ་ཚེ་ནང་འཛིན་པའི་སེམས་ཀྱི་རྟོག་པ་མི་འགྱུ་བར་ཕྱི་དབུགས་ཆད་ཅིང་། མཆེད་པ་ཐིམ་པས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། དེ་དུས་རྐང་མཐིལ་ནས་གྱེན་དུ་དམར་ཆ་ལྡོག་པས་ནང་རྟགས་སྲིན་བུ་མེ་ཁྱེར་དང༌། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་འབྱུང་ངོ༌། །དེ་རྗེས་རྟོག་པ་ཕྲ་རགས་ཐམས་ཅད་ཀྱི་རྒྱུན་དང་ནང་དབུགས་ཆད་ཅིང་། ཐོབ་པ་ཐིམ་པས་གཏི་མུག་གི་རྟོག་པ་བདུན་འགགས། དེ་དུས་དཀར་དམར་སྙིང་གར་འཕྲད་པའི་བར་དུ་རྣམ་ཤེས་ཉིང་མཚམས་སྦྱོར་བས་ལྷན་སྐྱེས་བདེ་བའི་ཉམས་ཡུད་ཙམ་འཆར་ཞིང་ནང་རྟགས་མར་མེ་ལྟ་བུ་དང༌། ཕྱི་རྟགས་མུན་པ་ལྟ་བུ་འབྱུང་སྟེ། ཏི་རས་ཀྱིས། སེམས་སྣང་བ་གསུམ་གྱི་སྐྱེལ་མ་དང༌། །ཞེས་སོགས་གསུངས་པས་དེ་ལྟར་ཉམས་ཀྱི་སྣང་བ་གང་ཤར་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་གཞན་འཆར་རྒྱུ་ཅི་ཡང་མེད་པར་ཤེས་པས། དྲན་ཤེས་ཀྱི་རྒྱུན་གཉུག་མ་མ་བཅོས་པ་རང་བབས་སུ་ལྷོད་ཀྱིས་བསྐྱངས་པས། གང་སྣང་སྣང་མཁན་གྱི་རང་ངོ་མཐོང་བ་ཙམ་ལས་ཆེད་དུ་འཆི་བའི་སྔངས་སྐྲག་གིས་མནར་བའི་སྡུག་བསྔལ་གྱི་རྩོལ་བས་གསལ་འདོན་ངར་བསྐྱེད་སོགས་བློས་རེག་པར་མི་བྱ་བར་བསྐྱང༌། དེའང་སྔ་མ་ལས། རྟགས་སྐད་ཅིག་དགའ་བཞིའི་སྐྱེལ་མ་དང་། །ཞེས་གསུངས་པས་ཚེ་འདིར་དབང་གསུམ་གྱི་དོན་ལ་གོམས་པའི་རྣལ་འབྱོར་པ་ཡིན་ན། ཐོབ་པའི་སྣང་བས་ངོ་ཤེས་མི་དང་འཕྲད་པ་ལྟར་

p. 369

གྱུར་པས་དེ་དུས་ངོས་ཟིན་པར་འགྱུར་རོ། །གཉིས་པ་ནི། ཏི་རས་ཀྱིས། ཟད་པར་ཏིང་ངེ་འཛིན་གྱི་སྐྱེལ་མའོ། །ཞེས་གསུངས་པ་ལྟར་ཤི་ནས་སྐད་ཅིག་བཞི་པར་ཐོབ་པ་འོད་གསལ་ལ་ཐིམ་པས། ཁམས་སོ་སོར་བྱེ་ནས་དཀར་ཆ་རྐང་མཐིལ་དུ་ལྷུང་དམར་ཆ་གྱེན་དུ་སོང་བ་སྣ་བུག་གཡོན་པ་ནས་ཟག་ཅིང་དགའ་བྲལ་གྱི་ཡེ་ཤེས་གཞིའི་འོད་གསལ་རང་ཆས་སུ་བཞུགས་པ་འཆར་བས། དེ་དུས་ཕྱི་རྟགས་སྐྱ་རེངས་ཤར་བ་དང༌། ནང་རྟགས་ཤེས་པ་ནམ་མཁའ་གཡའ་དང་བྲལ་བ་ལྟ་བུའི་སྣང་བ་འཆར་བ་ལས། ད་ལྟ་ལམ་དུས་ཀྱི་འོད་གསལ་དྲན་པ་རྒྱུན་ཆགས་སུ་བྱས་པའི་ཉམས་ལེན་གཉིས་མ་བུ་འཕྲད་པ་ལྟ་བུ་ཟུང་དུ་འཇུག་སྟེ། གཉིས་མེད་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་པར་གྲོལ་ཞིང་བར་དོ་ཕྱི་མའི་སྣང་བ་ཐམས་ཅད་མཐོང་དུ་མེད་པར་ཆོས་སྐུའི་དབྱིངས་སུ་སངས་རྒྱས་པར་འགྱུར་ཏེ། ཏི་རས་ཀྱིས། གཅིག་དང་དུ་མ་ལ་སོགས་པ། །སྤྲོས་པའི་ཆོས་རྣམས་མ་ལུས་ཀུན། །ཏིང་འཛིན་རྒྱ་མཚོ་ཆེན་པོར་ཐིམ། །ཞེས་སོགས་གསུངས་པ་ལྟར་ཏེ། དེ་ཡང་སྔོན་སྦྱངས་སྐྱེ་ཤིའི་བར་དོར་རྨི་ལམ་འོད་གསལ་བཅས་ལ་ཚུལ་བཞིན་དུ་སྦྱང་བ་དང་། སེམས་ཀྱི་རང་ངོ་ཡེངས་སུ་མེད་པར་མཐོང་བ་ལ་བསླབས་ཤིང་ལམ་གྱི་འོད་གསལ་ལ་རང་བྱན་ཚུད་པར་བྱས་པས། གཞིའི་འོད་གསལ་གྱི་སྟེང་དུ་གྲོལ་བར་འགྱུར་བ་དེ་ལྟ་བུའི་ཐབས་ཟབ་མོ་ལ་འབད་པར་རིགས་སོ། །གསུམ་པ་ནི། ཆོས་རྗེ་བསོད་ནམས་བཟང་པོས། བར་དོ་ལམ་གྱི་ས་མཚམས་ན། །རྩ་རླུང་ཐིག་ལེའི་རྒྱལ་པོ་རྣམས། །རང་སྣང་སེམས་ཀྱི་རྟ་ལ་བསྐྱོན། །བདེ་ཆེན་གྱི་ཐང་ལ་ཁ་ཡན་ཀློད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་ཆོས་ཉིད་བར་དོའི་སྐབས་སུ་གྲོལ་བར་མ་ནུས་ན། སྲིད་པ་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པར་བྱ་བ་སྟེ། ཏི་རས་

p. 370

ཀྱིས། སྲིད་པ་ཡི་ནི་བར་དོ་ལ། །འཕྲང་ཆེན་རྣམ་པ་བཞི་གསུངས་པས། །སྒྱུ་མ་ལས་ཀྱི་འཕྲང་དང་གཅིག །ལས་ཀྱི་སྣང་བའི་འཕྲང་དང་གཉིས། །སྐྱེ་གནས་རྣམ་བཞིའི་འཕྲང་དང་གསུམ། །ཆགས་སྡང་དྲག་པོའི་འཕྲང་དང་བཞི། །ཞེས་ཀུན་རྟོག་ལས་རླུང་གིས་བསྐུལ་ཏེ། སྣང་གསུམ་ལུགས་ལྡོག་ཏུ་ཤར་བཞིན་ཕྲ་བའི་རྟོག་པ་དང་། རགས་པའི་རྟོག་པ་རིམ་གྱིས་འཆར་དུ་ཉེ་ཚེ་སྔོན་གོམས་ཀྱི་བག་སླེབ་པར་འགྱུར་ཏེ། ཏི་རས་ཀྱིས། དག་སྣང་གོམས་བྱེད་ཀྱི་སྐྱེལ་མ་དང༌། །ཞེས་འོད་གསལ་ལས་སྒྱུ་ལུས་ལོངས་སྤྱོད་རྫོགས་པའི་སྐུ་ཡི་དམ་གང་ཡིན་པ་དེ་ལ་བཞེངས་པའི་གནས་ལྔ་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་གྲངས་མེད་སྤྲོས་པའི་རྩེ་མོར་ཕྱི་ནང་གསང་བའི་མཆོད་རྫས་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་སྤེལ་བ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཆོད་པས་མཉེས་ཤིང་ཚིམས། ཚོགས་ཁྱད་པར་ཅན་བསགས་ཏེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས། སླར་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་བཀོད་པ་ཐམས་ཅད་དང་། མར་གྱུར་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་མ་དག་པའི་སྒྲིབ་པ་ཀུན་བསལ་ཏེ། ཡི་དམ་གྱི་སྐུར་བསྒྱུར་ཞིང་སྣོད་བཅུད་དག་པ་སུམ་ལྡན་དུ་བལྟས་ལ། འཇིགས་པའི་སྒྲ་བཞི། ཡ་ངའི་འཕྲང་བརྒྱད། མ་ངེས་པའི་རྟགས་དྲུག །ཉམ་ང་བའི་གཡང་ས་གསུམ་སོགས་བར་སྲིད་ཀྱི་སྣང་བ་ཐམས་ཅད་གདོད་མ་ཉིད་ནས་གྲོལ་ཞིང་། ལོངས་སྐུ་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ་འགྱུར་ཏེ། ཏི་རས་ཀྱིས། བར་དོ་ལོངས་སྐུའི་ཐང་ལ་བསླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །ཞེས་པའི་ལུང་དེ་ལྟར་འགྲུབ་པའི་ཐབས་ད་ལྟ་ནས་བསྐྱེད་རིམ་ལྷའི་སྐུ་བསྒོམ་པ་ལ་རང་དབང་འབྱོར་ཞིང་བསྙེན་

p. 371

པ་ཐེམ་པར་བྱ་བ་དང་། རྨི་ལམ་སྤྲུལ་བསྒྱུར་ལ་མངའ་བརྙེས་པའི་སྟེང་དུ། འདིར་སྣང་བར་དོའི་འདུ་ཤེས་ཀྱིས་ངོས་བཟུང་བའི་འདུན་པ་དང་། བསྐྱེད་རིམ་བསྡུ་ལྡང་རྣམས་ལ་བསླབ་ཅིང་། དེ་ལྟར་མི་ནུས་པ་རྣམས་ཀྱིས་བར་དོའི་སྣང་བ་གང་ཤར་ཐམས་ཅད་གདོད་ནས་གྲུབ་པ་མེད་པའི་རང་བཞིན་ཅན་སེམས་ཁོ་ནའི་རྟོག་ཚོགས་ཡིན་པར་ཤེས་པས་འཆར་བྱ་བར་དོའི་སྣང་བ་དང༌། འཆར་ཡུལ་ཡིད་ཀྱི་ལུས་གཉིས་ཀ་སེམས་ཉིད་ལས་གུད་ན་མེད་པར་ཤེས་ཤིང་། སེམས་ཉིད་ཆོས་ཀྱི་སྐུ་སྐྱེ་འགག་གནས་གསུམ་དང་བྲལ་བར་བློ་བཞག་ལ། སྔངས་སྐྲག་ལ་ཐོག་བརྫིས་སུ་བཏང་ཞིང་སྨོན་པ་གང་དུ་བཏང་བའི་ཞིང་དེ་ཉིད་ཡིད་ལ་བྱས་ཏེ། བླ་མ་རྩ་གསུམ་ལ་མོས་གུས་གདུང་དབྱངས་དྲག་པོས་གསོལ་བ་འོ་དོད་དུ་བོས་ལ། བར་དོའི་ལམ་སྣ་འདྲེན་པར་བསྐུལ་ཞིང་དེ་ཉིད་ཡིད་ལ་བྱས་ཏེ། དེར་འགྲོ་བའི་འདུ་ཤེས་ཀྱིས་སོང་བས་བསུ་མ་མ་ངེས་པའི་ཚུལ་ཅན་གྱིས་ལམ་སྣ་བྱེད་ཅིང་ཞིང་མཆོག་དེ་རུ་སྐྱེ་བར་ངེས་པས། དེ་ལྟར་བྱེད་པ་ལའང་སྔོན་སྦྱངས་ཀྱི་འཕེན་པ་མ་སོང་ན་རྟེན་མེད་ཀྱི་ཡིད་ལུས་བྱ་སྤུ་ལྟ་བུ་དེ་ཉིད་བག་ཆགས་ལས་རླུང་དྲག་པོས་དབང་མེད་དུ་བདའ་སྐབས། དེ་དུས་རྐྱེན་བཟང་བག་ཆགས་བརྡོལ་བའི་སྐབས་འབྱུང་དཀའ་བས། ད་ལྟ་ནས་འཆི་བྲོད་ཀྱི་བྱ་བ་དཀར་པོའི་དགེ་བཅུ་དང་། བླ་མ་དཀོན་མཆོག་ལ་ནམ་ཞིག་བདག་གོས་མེད་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་སྲིད་པའི་བར་དོར་འཁྱམས་པའི་སྐབས་དེར་ཁྱེད་རྣམས་ཀྱིས་ལམ་སྣ་དྲངས་ཏེ་གང་དུ་སྨོན་པའི་ཞིང་དེར་འདྲེན་པར་མཛད་དུ་གསོལ་སྙམ་པ་དུས་གསུམ་དུ་མ་བརྗེད་པ་དང༌། ཞིང་སྐུའི་བཀོད་པ་ཡིད་ལ་དྲན་པས་དེར་སྐྱེ་བའི་སྨོན་འདུན་རྣམ་ཀུན་ཆགས་མེད་དུ་བྱ་ཞིང༌། གནས་སྐབས་ཀྱི་སྣང་བ་གང་ཤར་ཐམས་ཅད་བར་དོ་ཡིན་པར་ཤེས། གོང་ལྟར་

p. 372

གདུང་ཤུགས་དང་འདུན་པ་རྣམས་བྱ་བ་ཤིན་ཏུ་གལ་ཆེ་བས་དེ་ལྟར་འབད་པར་རིགས་སོ། །བཞི་པ་ལ་གཉིས། སྒོ་བཀག་པ་དང་། བརྟགས་ཤིང་འཇུག་པའོ། །དང་པོ་ནི། བར་དོ་གོང་མ་རྣམས་ངོས་མ་ཟིན་ཅིང་སྲིད་པ་བར་དོའི་ཐ་མར་འཁྱམས་དགོས་བྱུང་ཞིང་། སྔོན་བསགས་ངན་པའི་བག་ཆགས་ཀྱི་རྐྱེན་གྱིས་རིགས་དྲུག་གང་རུང་གི་མངལ་དུ་འཇུག་འདོད་པར་འབྱུང་བས། དེ་ཚེ་སྔ་མའི་བག་ཆགས་ཐམས་ཅད་དང་བྲལ་ནས་ཕྱི་མའི་ལམ་སྣང་ཡད་ཡུད་དུ་འཆར་ཞིང་། རིགས་མཐུན་སེམས་ཅན་གྱི་གཟུགས་དང་མཉམ་དུ་འགྲོགས་སྣང་སོགས་ཡོང་བས། སྐབས་དེར། རྗེ་ཏི་རས་ཀྱིས། མངལ་སྒོ་བཀག་ཐབས་ཀྱི་སྐྱེལ་མ་དང༌། །དབང་ཞུ་བླ་མའི་སྐྱེལ་མ་བྱ། །ཞེས་གསུངས་པ་ལྟར། ཀྱེ་མ་ཀྱི་ཧུད་བདག་ནི་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་སྐྱེ་ཤི་གཉིས་པོ་ཁ་བརྒྱུད་ནས་ལན་གཅིག་མ་ཡིན་པར་བཟོད་དུ་མེད་པའི་སྡུག་བསྔལ་དར་དྲགས་ལ་ཡུན་རིང་། བསྐལ་པ་གྲངས་མེད་པར་མྱོང་བ་དེ་དག་ལ་སྐྱོ་བ་མི་སྐྱེ་བར་འདི་ཤིན་ཏུ་རྨོངས་ཤིང་བླུན་པས། ད་རེས་རིགས་དྲུག་གི་མངལ་གང་དུའང་མི་འཇུག་སྙམ་པའི་དམ་བཅའ་བརྟན་པོ་ཡང་ཡང་བྱ་ཞིང༌། བླ་མ་དཀོན་མཆོག་རྗེས་སུ་དྲན་པས་མངལ་སྒོ་ཁེགས་ཤིང་གང་དུ་སྨོན་པའི་ཞིང་དེར་སྐྱེ་བའི་གསོལ་འདེབས་ཡང་ཡང་བྱས་ལ་འཕེན་པ་བཏང༌། དེ་ནས་ཕྱི་མ་ཕ་མའི་འདུ་འཕྲོད་མཐོང་ཞིང་དེར་འཇུག་འདོད་ཀྱི་བློ་དང་། ཕྲག་དོག་མིག་སེར་གྱི་རྟོག་པ་ཤར་ཚེ་དེ་དག་བླ་མ་ཡབ་ཡུམ་དུ་བསྒོམ་ལ་མངལ་སྒོ་ཁེགས་པའི་གསོལ་འདེབས་དང་། གསང་བའི་དབང་བསྐུར་བར་གསོལ་བས། བདེ་ཆེན་སྦྱོར་བའི་སྒྲས་དུས་གསུམ་བདེ་གཤེགས་རྩ་གསུམ་མཁའ་འགྲོའི་ཚོགས་བཅས་སྤྱན་དྲངས་ཏེ་ཞལ་ནས་ཞུགས་ཤིང་། བྱང་སེམས་དཀར་དམར་གྱི་རྣམ་པ་མཁའ་གསང་ནས་བབས་པ་རང་གི་

p. 373

ལྕེ་ཡིས་བླངས་པས་རྩ་གནས་ཀུན་ཏུ་ཁྱབ་པར་བསམས་ལ། མངལ་སྒོ་སྣ་ཚོགས་རྡོ་རྗེས་བཀག་པར་བསྒོམ་འཕྲལ། ཞིང་གང་དུ་འདོད་པ་དེར་འགྲོ་བར་མོས་ལ་འོ་དོད་གདུང་ཤུགས་ཀྱིས་བྱ་རྒོད་པོ་འགག་རྙི་ལས་ཐར་བ་བཞིན་དུ་སོང་བས་གྲོལ་བར་འགྱུར་རོ། །གཉིས་པ་ནི། བསམ་བཞིན་སྲིད་པ་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ཅིང་སྤྲུལ་པའི་སྐུ་འབྱོན་པའམ། ལས་དབང་གིས་མངལ་སྒོ་མ་ཁེགས་ཚེ་ཁྱོ་ཤུག་གི་རིགས་བཟང་ངན་བརྟག་གཞིག་བྱ་ཞིང་འཇུག་དགོས་ལ། དེ་ཡང་མར་གྱུར་འཁོར་བའི་སེམས་ཅན་འདི་དག་མ་སྟོངས་ཀྱི་བར་དུ་བདག་གིས་སྲིད་པ་ཉེ་བར་བཟུང་སྟེ་བརྒལ་དཀའ་མཐའ་མེད་སྙིགས་མའི་འགྲོ་བ་མ་ལུས་པ་བདག་ཁོ་ནས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་རིགས་བཟང་ཆོ་བཙུན་དམ་ཆོས་དར་བའི་ཡུལ་དང་བཤེས་གཉེན་ཁྱད་པར་ཅན་དང་འཕྲད་པའི་སྨོན་འདུན་ཡང་ཡང་བྱས་ལ། མཐའ་འཁོབ་ཀྱི་ཡུལ་དང༌། ཀླ་ཀློ། རིགས་ངན་ཤ་ཟ་སོགས་ཆོས་སྒྲུབ་ཏུ་མི་ནུས་པའི་རིགས་ཅན་གྱི་ཕ་མའི་འདུ་འཕྲོད་མཐོང་ཚེ་སྒོ་གོང་ལྟར་བཀག་ལ་མི་འཇུག་ཅིང་སྔགས་ཀྱི་སྟོན་པ་བླ་མར་བཟུང་དུ་རུང་བ་རབ། མིན་ཀྱང་ཆོས་ལ་སེམས་པའི་བློ་ཅན་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དང༌། གསང་སྔགས་གསང་བ་ཟབ་མོའི་ཆོས་དར་བའི་ཡུལ་དུ་འདུན་པ་གཏད་ཅིང༌། དེ་ལྟ་བུའི་ཕ་མའི་འདུ་འཕྲོད་མཐོང་མ་ཐག་མིག་སེར་ཆགས་སྡང་གི་རྟོག་པ་སྤངས་ལ། བླ་མ་ཧེ་རུ་ཀ་ཡབ་ཡུམ་དུ་བསྒོམ་ལ་གསང་བའི་དབང་ཞུ་ཞིང་། དེ་ནས་རང་གི་རྣམ་པར་ཤེས་པ་དེ་ཉིད་བསྟན་པའི་བདག་པོར་འདོད་ན་ཤཱཀྱ་ཐུབ་པའི་ངོ་བོ་ཨཱཿཡིག་སེར་པོ། མཐུ་དང་རྫུ་འཕྲུལ་ཆེ་བར་འདོད་ན་གུ་རུ་པདྨའི་ངོ་བོ་ཧྲཱིཿཡིག་དཀར་གསལ། ཤེས་རབ་ཆེ་ཕྱིར་འཇམ་དབྱངས་ཀྱི་ངོ་བོ་དྷཱིཿདམར་སེར་

p. 374

སོགས་རང་གིས་གང་ལ་མོས་པའི་ལྷ་དེའི་ས་བོན་དུ་བསྒྱུར་ཞིང་། ཡབ་ཀྱི་སྐེད་པ་ནས་གཡས་བསྐོར་ལན་གསུམ་དུ་བྱས་ནས་ལྟེ་བར་ཞུགས་ཤིང་། བྱང་ཆུབ་ཀྱི་སེམས་ཐིག་ལེ་དང་འགྲོགས་ནས་ཡུམ་གྱི་བྷ་ག་ཐར་པ་ཆེན་པོའི་གཞལ་མེད་ཁང་དུ་གསལ་བའི་དབུས་སུ་པདྨ་ཉི་ཟླའི་སྟེང་དུ་སོན་པ་དང་གང་དུ་མོས་པའི་ལྷ་དེ་ཉིད་དངོས་སུ་ཡིན་པར་བསམས་ལ་མཉམ་པར་བཞག་པས་སྐྱེ་བ་སྤྲུལ་པའི་སྐུ་འགྲུབ་པར་འགྱུར་རོ། །
༈ སྤྱི་དོན་གསུམ་པ་སྦྱང་བྱའི་འབྲས་བུ་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་མངོན་དུ་བྱེད་པའི་ཚུལ་བསྟན་པ་ནི། དེ་ལྟར་ཟབ་མོའི་ལམ་མཐར་ཕྱིན་པའི་འབྲས་བུ་རྟགས་བཅུ། ཡོན་ཏན་བརྒྱད། གྲུབ་པ་བརྒྱད། ཕྲིན་ལས་བཞི་སོགས་ཐུན་མོང་གི་དངོས་གྲུབ་རྣམས་དང༌། ཡན་ལག་བདུན། དབང་ཕྱུག་བརྒྱད། སྐུ་བཞི་ཡེ་ཤེས་ལྔ་སོགས་མཆོག་གི་དངོས་གྲུབ་མཐར་ཕྱིན་པ་ཐོབ་ཅིང༌། ཁྱད་པར་བདེ་སྟོང་ཟུང་འཇུག་འགྱུར་བ་མེད་པ། འཇའ་ལུས་སྒྲིབ་བྲལ་སྒྱུ་མའི་ཚུལ་ཅན། སྣང་སྟོང་རང་ཤར་སོ་སོར་རྟོགས་པ། ཆོས་སྐུ་ཀློང་འབྱམས་ཡེ་ཤེས་ཆེན་པོ། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པ། གང་དུའང་འཕོ་མེད་མཁའ་སྤྱོད་ཆེན་པོ་སྟེ་མཐར་ཐུག་གི་ཆོས་དྲུག་མངོན་དུ་གྱུར་པར་འབྱུང་བའང༌། ཏི་རས་ཤེས་རབ་སེང་གེས། རྒྱུ་རང་ལ་ཡོད་པའི་གནས་ལུགས་དེ། །ལམ་ཚོགས་པའི་རྟེན་འབྲེལ་འགྲིག་ཙ་ན། །འབྲས་བུ་རྫོགས་པའི་སངས་རྒྱས་ཡིན། །ཞེས་གསུངས་པ་ལྟར། རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་རིགས་ཁམས་ཀྱིས་འགྲོ་བ་ཀུན་གྱི་རྒྱུད་ལ་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་དུ་ཡེ་གདོད་མ་ནས་བཞུགས་པའི་གནས་ལུགས་དེ་ཉིད་ལམ་གྱི་སྦྱོར་བ་ཚོགས་བསགས་པ་ནས་བཟུང་། རྒྱུ་ཕར་ཕྱིན་གྱི་ཐེག་པ་ཐུན་མོང་དང་ཐུན་མིན་གྱི་

p. 375

སྔོན་འགྲོས་རྒྱུད་སྦྱངས་ཤིང༌། འབྲས་བུ་ཐེག་པའི་གསང་ལམ་རྨད་པོ་ཆེ་ཤིན་ཏུ་ཆེས་གསང་བ་ཡང་གསང་བླ་ན་མེད་པ་ལྟ་སྒོམ་སྤྱོད་པའི་རིམ་པ། ཐུན་མོང་མ་ཡིན་པ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་ཆེད་དུ་བསྔགས་པ་རྒྱུད་སྡེ་གོང་མའི་རྫོགས་རིམ་རྡོ་རྗེའི་ཆོས་བཞི་དང་། རྗེས་འབྲེལ་གྱི་མན་ངག་ཟབ་མོ་འདི་ཉིད་ཀྱི་ཕྱི་ནང་གསང་བའི་རྟེན་འབྲེལ་སྐལ་ལྡན་གྱི་རྒྱུད་ལ་བསྒྲིགས་པས། རིང་པོ་མ་ཡིན་པར་ཐབས་ཀྱི་ལམ་མང་པོ་དང་ལྡན་པས། དཀའ་བ་མེད་པར་དཔེར་ན་སྐྱེས་བུའི་ལག་པའི་འདུ་བྱེད་ཀྱིས་ཏིལ་མར་འཚིར་བ་བཞིན་ལམ་གྱི་ཡོན་ཏན་གཏུམ་མོ་འབར་བའི་བསྲེག་ཞུ་སོགས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་གཤོག་རྩལ་གྱིས་ས་བཅུ་ལམ་ལྔའི་སྤངས་རྟོགས་ཡོན་ཏན་མ་ལུས་པ་མྱུར་དུ་རྫོགས་པར་འགྱུར་ཏེ། ཏི་ཤྲི་རས་དཀར་གྱིས། རྟེན་སྦྱངས་པ་ཡིས་བརྟན་པ་དག །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང༌། །ཞེས་གསུངས་པ་ལྟར་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་ཆེན་ཁྱབ་བདག་ཧེ་རུ་ཀ་ཆེན་པོ་དང་རྣམ་དབྱེར་མ་མཆིས་པར་སེམས་སྨིན་ཅིང་། འདིར་སྣང་གི་རྒྱ་གསུམ་ལས་གྲོལ་མ་ཐག་ལུས་མངོན་དུ་སྨིན་པར་གྱུར་ཏེ། སྤྲུལ་པ་བྱེ་བ་ཁྲག་ཁྲིག་གིས་སྲིད་པའི་ངན་འགྲོ་མ་སྟོངས་ཀྱི་བར་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །༧ འདིར་སྨྲས་པ། དེ་ལྟར་ཟབ་མོའི་ལམ་མཆོག་རྨད་བྱུང་བ། །རྒྱུད་སྡེ་སྤྱི་ཡི་རྫོགས་རིམ་ཟབ་མོ་འདི། །གྲུབ་པ་བཀའ་བརྒྱུད་གོང་མའི་དགོངས་པའི་བཅུད། །མ་ནོར་ཐབས་བཞིའི་ལམ་མཆོག་རྗེས་འབྲེལ་བཅས། །ཇི་བཞིན་བསྟན་འདིས་མོས་པའི་རྣལ་འབྱོར་རྣམས། །ཐབས་བཞིའི་ལང་ཚོས་ཕྱུག་པའི་བདེ་ཆེན་གྱིས། །དགའ་བའི་གར་སྒྱུར་གདུལ་བྱའི་འགྲོ་བ་ཀུན། །ཁ་སྦྱོར་ཡན་ལག་བདུན་དང་དབང་ཕྱུག་བརྒྱད། །ཚེ་འདིར་མངོན་གྱུར་རྡོ་རྗེ་འཆང་འགྲུབ་

p. 376

ཤོག །འདུ་གསུམ་སྦྲང་བུས་མཁའ་རྒྱ་ཆོད་མིན་ཡང༌། །གསང་བ་ཌཱ་ཀིའི་ཤེས་རབ་གཤོག་རྩལ་གྱིས། །གྲུབ་པའི་དགོངས་བཅུད་རོལ་ལ་འཁུམ་མ་རེག །དོན་བརྒྱུད་གསང་བ་ཟབ་མོའི་ལང་ཚོ་རྒྱས། །མི་འཇིགས་ངེས་པའི་དབྱངས་ཀྱི་སྤོབས་པ་ཐོབ། །རྟོག་གེས་བརྩམས་པའི་ཟློས་ཀྱི་སྦུན་པ་བྲལ། །དེས་ན་གཞན་ལ་ལྟོས་མིན་རྟེན་འདི་རུ། །འབྲས་བུ་གྲུབ་གཉིས་མོས་པས་སྤྱོད་རིགས་སོ། །ཞེས་པའང་ཆོས་རྗེ་འབའ་རོམ་པའི་གསང་ལམ་ཆོས་དྲུག་རྨད་དུ་བྱུང་བའི་ཉམས་ཁྲིད་རྡོ་རྗེའི་མགུར་རྣམས་དང༌། ཁྲིད་རིམ་ཁ་འཐོར་གྱི་རིགས་རྣམས་བཅས་གོང་དུ་མར་མི་དྭགས་གསུམ་ནས་ཆོས་རྗེ་འབའ་རོམ་པ་དར་མ་དབང་ཕྱུག་ནས་རིམ་པར། ཏི་ཤྲི་རས་པ། རས་པ་དཀར་པོ། ལུས་མེད་རྡོ་རྗེ། བྱང་ཆུབ་གཞོན་ནུ། ལྷ་རས་པ་བརྩོན་འགྲུས་དཔལ་བ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཆོས་ཀྱི་རྗེ་བསོད་ནམས་བཟང་པོའི་བར་དང༌། དེ་ཡང་གྲུབ་བརྙེས་ཆེན་པོ་(གླང་)རླངས་རས་གྲགས་པ་རྒྱལ་མཚན་གྱི་ཞལ་སློབ་ཀྱི་གཙོ་བོ་ཉི་ཟླ་ལྟ་བུ་ཟུང་གཅིག་གསུངས་པ། ཆོས་རྗེ་བསོད་ནམས་བཟང་པོ་དང༌། གྲུབ་ཐོབ་ཆེན་པོ་རྨ་སེ་བློ་གྲོས་རིན་ཆེན་ཏེ། དེས་ན་གྲུབ་ཆེན་མ་ཏི་རཏྣའི་སྙན་བརྒྱུད་དུ་བཞུགས་པའི་རྡོ་རྗེ་ཐབས་བཞི་སོགས་དང་ཆུ་བོ་གཅིག་ཏུ་འདྲེས་ཤིང༌། གཞན་ཡང་རྒྱལ་བ་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་དགོངས་བརྒྱུད་ཀྱི་བྱིན་རླབས་བཙན་ཐབས་སུ་འཕོས་པས། གྲུབ་གཉིས་ཀྱི་མཛོད་ལ་དབང་བསྒྱུར་བའི་གསེར་ཕྲེང་རིམ་བྱོན་གྱིས་ཐབས་གྲོལ་ཟབ་མོའི་གདམས་པས་གདུལ་བྱ་དཔག་ཏུ་མེད་པ་གསང་ཆེན་གྱི་གོ་འཕང་དུ་དབུགས་དབྱུང་བར་མཛད་པའི་བཀའ་སྲོལ་དྲི་མ་མེད་པ་ཉིད། ཁོ་བོ་ཅག་ལ་ཆོས་རྗེ་པུཎྱེ་བྷ་དྲ་ནས་བརྒྱུད་པ་གཞན་གྱིས་བར་མ་ཆོད་པར་གསང་བ་ཡེ་ཤེས་ཀྱི་ཌཱ་ཀི་བདེ་སྐྱོང་བཟང་མོས་བརྡ་ཐབས་རྟེན་འབྲེལ་གྱི་སྒོ་དུ་མས་རྗེས་སུ་བཟུང་བས། རིམ་གཉིས་ལམ་གྱི་བརྗོད་བྱ་དེ་ཁོ་ན་ཉིད་ཀྱི་གཏེར་སྙིང་གི་ནོར་བུར་ཐོབ་ཅིང་གཞན་དོན་དུས་བབས་ཀྱི་གནང་བ་བསྩལ་བར་བརྟེན། ཟུང་འབྲེལ་བརྒྱུད་པའི་མན་ངག་བྱིན་རླབས་ཀྱི་དྲོད་ཆེན་དང་ལྡན་ཞིང་བསྒོམས་པས་གནད་དུ་བསྣུན་ན་ས་ལམ་བཙན་ཐབས་སུ་བགྲོད་པའི་ཁྱད་ཆོས་བླ་ན་མེད་པ་ཉིད། ཡི་གེར་སྤེལ་བ་ཕངས་ནའང་རྗེས་འཇུག་གི་གདུལ་བྱ་སྣོད་ལྡན་རྣམས་གདོད་མའི་རྒྱལ་ཐབས་ཆེན་པོར་བཀོད་པའི་ཆ་རྐྱེན་དུ་མཐོང་སྟེ། མཁའ་འགྲོའི་གསང་ཚིག་འཁྲུལ་མེད་ལ་གོང་མའི་ཞལ་ལུང་གིས་བརྒྱན་ཅིང་། རང་ཉིད་ཀྱང་གསང་ཆེན་གཉུག་མའི་དོན་ལ་ཁ་ཁྱེར་དུ་མ་

p. 377

སོང་བའི་ཉམས་ལེན་གནད་དུ་ཁེལ་བས། གཞན་རྒྱུད་རྣལ་མར་སྦྱོར་བའི་སྤོབས་པ་མི་དམན་པའི་ལྷག་བསམ་དག་པས། རང་ཉམས་དང་བསྟུན་པའི་དམར་ཁྲིད་ཀྱི་ཉིང་ཁུ་ཕྱོགས་གཅིག་ཏུ་བསྡུས་ཏེ། ཡེ་ཤེས་ཀྱི་མཁའ་འགྲོའི་ཐུགས་མཛོད་བགོ་སྐལ་དུ་ཐོབ་པའི་རིག་འཛིན་གྱི་བཙུན་པ་༧ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེངྒེ་ཁྲག་འཐུང་དགའ་བའི་ཡེ་ཤེས་སྟོབས་ལྡན་བདུད་འདུལ་གླིང་པ་རྩལ་ཞེས་སུ་འབོད་པས། ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་འཆི་མེད་གྲུབ་པའི་ཀེའུ་ཚང་སྤྱི་འབྱམས་ཉི་ཟླ་ཕུག་ནས་དབུ་བརྩམས། དེ་དང་ཉེ་བར་འབྲེལ་བའི་སྐྱོ་ཡི་བྲག་དཀར་སེང་ཆེན་གནམ་རྫོང་གི་བསྟི་གནས་ག་ལ་བར་གྲུབ་པར་བགྱིས་པ་འདིས་ཀྱང་། སྒྲུབ་བརྒྱུད་སྤྱི་དང་ཁྱད་པར་རྒྱལ་བ་འབའ་རོམ་པ་ཆེན་པོའི་བཀའ་སྲོལ་དྲི་མ་མེད་པའི་རིང་ལུགས་ཉི་ཟླའི་དཀྱིལ་འཁོར་ལྟར་མི་ནུབ་ཕྱོགས་དུས་ཀུན་ཏུ་འབར་བས་ས་གསུམ་རྨོངས་པའི་མུན་སྟུག་དྲུང་ནས་འབྱིན་ཞིང་། ངེས་དོན་གྲུབ་པའི་སྐྱེས་བུས་འཛིན་མའི་ཁྱོན་ཀུན་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། ༈ ཆོས་འདིའི་བརྒྱུད་པ་ནི། ཆོས་སྐུ་རྡོ་རྗེ་འཆང༌། སྤྲུལ་སྐུ་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། མངའ་བདག་མར་པ་ལོ་ཙཱ། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། འབའ་རོམ་དར་མ་དབང་ཕྱུག །ཏི་ཤྲི་རས་པ་དཀར་པོ། གསང་བ་རས་དཀར་སྒོམ་པ། སྤྱན་སྔ་ལུས་མེད་རྡོ་རྗེ། བླ་མ་བྱང་ཆུབ་གཞོན་ནུ། རས་པ་བློ་གྲོས་རྡོ་རྗེ། ལྷ་རས་བརྩོན་འགྲུས་དཔལ་བ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཆོས་རྗེ་བསོད་ནམས་བཟང་པོ་ནས་ཉེ་བརྒྱུད་ལྟར་ན། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ། ཀརྨ་འཇིགས་མེད་ཆོས་ཀྱི་སེང་གེ ཀརྨ་བཀའ་བརྒྱུད་བཀྲ་ཤིས། འཁྲུལ་ཞིག་ཀརྨ་དྷྭ་ཛ། རྗེ་བཙུན་ཡེ་ཤེས་རབ་རྒྱས། གསལ་བྱེད་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བར་ཆོས་རྗེ་སྐྱོ་བྲག་པ་རང་གི་བརྒྱུད་སྲོལ་དང་། ༧ ཡང་ཀརྨ་བཀའ་བརྒྱུད་བཀྲ་ཤིས་ནས། གྲུབ་དབང་ཀརྨ་མ་ཏི། འཇམ་དབྱངས་མ་ཏི་རཏྣ། གསལ་བྱེད་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བར་སྐྱོ་བྲག་ནས་ཚང་གསར་དང་དེ་ལས་སླར་བརྒྱུད་ཚུལ་ལོ།།

ཆོས་རྗེ་འབའ་རོམ་པའི་གསེར་ཆོས་མན་ངག་གསེང་ལམ་ཆོས་དྲུག་གི་ཞལ་ཤེས་ཟུར་རྒྱན་གྲུབ་པའི་དགོངས་བཅུད། ཀརྨ་པ་རི་ཀིརྟི།

p. 378

༄༅། །ཆོས་རྗེ་འབའ་རོམ་པའི་གསེར་ཆོས་མན་ངག་གསེང་ལམ་ཆོས་དྲུག་གི་ཞལ་ཤེས་ཟུར་རྒྱན་གྲུབ་པའི་དགོངས་བཅུད་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་རཏྣ་ཡེ། སྨིན་ལམ་དབང་བཞིས་བདག་རྒྱུད་སྨིན་མཛད་ཅིང༌། །གྲོལ་ལམ་བསྐྱེད་རྫོགས་གདམས་པ་ལེགས་འདོམས་པས། །ཟུང་འཇུག་སྐུ་བཞིའི་གོ་འཕང་ལ་སྦྱོར་བའི། །དཔལ་མགོན་བླ་མའི་ཞབས་ལ་གུས་པས་འདུད། །གང་གི་ཞལ་ལས་བྱུང་བའི་གདམས་པའི་བཅུད། །བདག་བློའི་སྙིང་གི་པདྨོར་སིམ་པའི་མཐུས། །ཟབ་དོན་གསེང་ལམ་འདབ་བརྒྱ་ཅུང་གྲོལ་བ། །རང་འདྲའི་བློ་རྨོངས་ཆེད་དུ་འཆད་ལ་སྤྲོ། །དེ་ལྟ་ནའང་བྱིས་བློའི་སྤྱོད་ཡུལ་གྱིས། །ཡང་དག་ཇི་བཞིན་མ་རྟོགས་ནོངས་གྱུར་གང༌། །རྩ་གསུམ་མཁའ་འགྲོའི་སྤྱན་སྔར་འགྱོད་བཤགས་ཤིང༌། །དགྱེས་པའི་གོ་འབྱེད་གནང་བའི་སྐབས་དབྱེ་གསོལ། །དེ་ལ་འདིར་བཀའ་བརྒྱུད་གྲུབ་པའི་གཤེགས་ཤུལ་དཔལ་ལྡན་འབའ་རོམ་པ་ཆེན་པོ་ལ་མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ཆེམས་མནོག་ཆོས་སུ་བསྩལ་བའི་ཐབས་ལམ་ནཱ་རོའི་ཆོས་དྲུག་དང༌། གྲོལ་ལམ་ཕྱག་རྒྱ་ཆེན་པོ། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་སོགས། ཀུན་ལས་མན་ངག་གི་ཞབས་དོན་ཁྱད་པར་དུ་འཕགས་པ་དུ་མ་ཞིག་བསྩལ་བའི་ནང་ཚན་ཟབ་ལམ་རྡོ་རྗེའི་ཆོས་བཞི་དང༌། ཡན་ལག་གི་ཆོས་གཉིས་བཅས་ཡོངས་དྲིལ་ནཱ་རོའི་ཆོས་དྲུག་ཅེས་གསང་སྔགས་བླ་མེད་མ་རྒྱུད་ཀྱི་རྫོགས་རིམ་མཐར་ཐུག་ཏུ་སྡོམ་པར་མཛད་པས་

p. 379

རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་དག་རབ་ཚེ་གཅིག་ལུས་གཅིག །འབྲིང་བར་དོ་མཁའ་སྤྱོད། ཐ་ན་སྐྱེ་བ་བདུན་ནས་མངོན་པར་འཚང་རྒྱ་བའི་གསེང་ལམ་རྨད་དུ་བྱུང་བ་འདི་ཉིད། བཀའ་བརྒྱུད་གྲུབ་པའི་གཙུག་རྒྱན་དཔལ་ལྡན་དར་མ་དབང་ཕྱུག་ནས་བཟུང་། གྲུབ་བརྙེས་གསེར་རིའི་ཕྲེང་བ་ཟླ་ལྕི་འབྲི་གསུམ་གྱི་བར་ན། སྒོམ་སྡེ་རི་ཁག་བཅོ་བརྒྱད་སོགས་མཁས་མང་ནམ་མཁའི་སྐར་ཚོགས་ལྟར་བཀྲ་ཞིང༌། གྲུབ་ཐོབ་སེང་ཁྱུ་འདྲོགས་པ་ལྟ་བུ་ཆོས་དང་ཆབ་སྲིད་ཀུན་ལས་ཁྱད་པར་དུ་འཕགས་པ་ཞིག་བྱུང་མོད། འོན་ཀྱང་ཕྱིས་སུ་གདན་ས་ཐོག་འོག་བར་གསུམ་ལ་གཞན་རྐྱེན་གྱིས་ཉམས་གུད་རིམ་པར་བྱུང་བར་བརྟེན། གདམས་ངག་གསེང་ལམ་གྱི་བརྒྱུད་པ་རྣམས་ཕྲ་ཤོས་སུ་གྱུར་རུང༌། ཆོས་དྲུག་རྩ་བ་མུན་པའི་སྒྲོན་མེ་དང༌། ཕྱག་ཆེན་ནམ་མཁའི་ཁེབ་མ་སྐྱོ་བྲག་ཆོས་རྗེ་རིན་པོ་ཆེས་མཛད་པ་དང༌། དེ་དག་གི་རྒྱབ་ཆོས་སུ་འབའ་རོམ་པའི་མགུར་འབུམ། གསེབ་ལམ་རིག་པ་རྐྱང་འདེད་དང་གནད་ཆོས་བཅུ་གསུམ། བསྲེ་འཕོ་དར་ཁུག་མ། རྗེ་ཏི་ཤྲི་རས་པའི་བཀའ་འབུམ་པོད་གཉིས། རིན་པོ་ཆེ་གཅིག་ཆོད་བཅས་རྩ་འགྲེལ་པོད་གཅིག །སྤྱན་སྔ་ལུས་མེད་རྡོ་རྗེའི་ཆོས་བཞི། རྟོག་པ་བྲལ་བའི་ཕྱག་ཆེན། དམར་མོ་ཆོས་རྗེའི་གསུང་མགུར་ཉམས་ཁྲིད་སྐོར་དང༌། སྟོང་ནག་རས་པ་བློ་གྲོས་རྡོ་རྗེའི་མགུར་འབུམ། དམར་མོ་བསོད་ནམས་འོད་ཟེར་གྱི་ཕྱག་ཆེན་ལུང་གི་གཏེར་མཛོད་པོད་གཅིག་བཅས་བརྒྱུད་པ་མ་ཉམས་པར་བཞུགས་པ་ལ། དེ་ཡང་ཆོས་རྗེ་རིན་པོ་ཆེའི་ལུང་བསྟན་ལས། འཇིག་རྟེན་སྤོས་ཆུས་བརྒྱན་པའི་ཞིང་ཁམས་ཀྱི། །མི་མཇེད་ཐུགས་ཀྱི་གནས་མཆོག་དམ་པ་འདིར། །མི་རབས་བཅུ་གསུམ་འདས་པའི་འོག་རོལ་དུ། །ང་ཉིད་དངོས་སུ་གདན་ས་འདི་རུ་འོང༌། །ཟབ་མོ་ནཱ་རོ་ཆོས་དྲུག་བསྟན་པ་དར། །དེ་དུས་ཁྱོད་ཀྱང་

p. 380

སློབ་མའི་གཙོ་བོར་འབྱུང༌། །ཞེས་དང༌། ཡང་ཆོས་རྗེའི་ཞལ་ནས། མངའ་བདག་མཻ་ཏྲི་པའི་སྤྲུལ་པས་ཟབ་གཏེར་ལ་ལོངས་སྤྱོད་པའི་དུས་སུ། ང་ཉིད་ཀྱང་གནས་འདིར་དངོས་སུ་ཡོང་ལ་ཟབ་མོ་ནཱ་རོ་ཆོས་དྲུག་གི་བསྟན་པ་དར་བར་བྱེད་དོ། །ཞེས་གསུངས་པ་ལྟར་ཐུགས་བསྐྱེད་དུས་སུ་སྨིན་པ་སྤྲུལ་པའི་སྐུ་མཆོག་ཀརྨ་མི་ཕམ་འཇིགས་མེད་ཆོས་ཀྱི་སེང་གེ་ཞེས་སྐྱེས་སྦྱངས་ཀྱི་ཡོན་ཏན་ཕུལ་དུ་སོན་ཅིང༌། པདྨ་ཉིན་བྱེད་དབང་པོ། བསྟན་འཛིན་དགེ་ལེགས་ཉི་མ། ཟླ་བཟང་བསྟན་པ་རབ་རྒྱས་སོགས་སྐྱེས་ཆེན་དུ་མས་རྗེས་སུ་བཟུང་ཞིང༌། གསང་བ་ཟབ་མོའི་མཛོད་ལ་མངའ་བརྙེས་པའི་ཚུལ། བཀའ་ལུང་རྡོ་རྗེའི་དྲིལ་ཆེན་པོ་བསྒྲགས་པར་མཛད་པ་དེ་ཉིད་ལ། འབའ་རོམ་པའི་གསེར་ཆོས་ཟབ་མོའི་སྨིན་གྲོལ་གྱི་རྒྱུན་རྣམས། སྙན་བརྒྱུད་དག་སྣང་རྗེས་དྲན་གྱི་སྒོ་ནས་བཀའ་བབ་པའི་ཚེ། དེའི་རྟོགས་བརྗོད་རྡོ་རྗེའི་གླུར་བཞེངས་པའི་འཇིགས་མེད་སེང་གེའི་ང་རོ་ལས། དཔལ་ཀིརྟཱི་དྷྭ་ཛའི་ནམ་མཁའ་ལ། །མགོན་མ་ཏི་དང་པུཎྱེའི་ཉི་ཟླ་ཤར། །བུ་སློབ་མ་དང་ཡང་སློབ་གཟའ་སྐར་བཀྲ། །གསལ་ཉི་ཟླའི་འོད་ལ་ནུབ་པ་མེད། །ལས་སྔོན་བསགས་པདྨོ་དྲོད་ལ་བཀུག །བཅུད་རོ་བརྒྱས་རྐང་དྲུག་གཤོག་རྩལ་རྒྱས། །མུན་སེལ་གྱི་ཟླ་བས་གླིང་བཞི་བསྐོར། །ད་དུས་བབ་ཀྱི་རྟེན་འབྲེལ་རི་མོ་དང༌། །འགྱུར་མེད་ཀྱི་བཀའ་རྟགས་ཕྱག་རྗེས་མངོན། །ཞེས་དང༌། མཆོག་རྡོ་རྗེ་བཙུན་མོ་མི་མོའི་ཚུལ། །གནས་འཇིག་རྟེན་འདི་རུ་བྱོན་པ་ཡི། །དབྱིངས་ཌཱ་ཀི་ནམ་མཁའི་རྣལ་འབྱོར་མས། །སྔོན་འོག་མིན་ས་སྤྱོད་དགོན་པ་རུ། །མི་ཁོ་བོ་རྗེས་སུ་གཟུང་བའི་ཕྱིར། །ཚུལ་དམ་ཚིག་ཌཱ་ཀིའི་ཆ་ལུགས་ཀྱིས། །རྒྱུད་ཟབ་མོའི་དོན་དང་བརྡ་ཡི་དབང༌། །དོན་སྙན་བརྒྱུད་ཀྱི་མན་ངག་ཆིག་རྫོགས་བསྩལ། །ཕ་བཀའ་བརྒྱུད་ཀྱི་རྗེས་ཤུལ་ཟིན་ནམ་སྙམ། །

p. 381

ཡིད་དད་སྤྲོའི་དགའ་བ་ཚད་མེད་ཐོབ། །ཅེས་གསུངས་པ་ལྟར་དང༌། ཕྱིས་སྤྱི་འབྱམས་སེང་ཧ་རྫོང་གི་ཀེའུ་ཚང་དུ་ཞབས་པད་བཀོད་སྐབས། ཆོས་རྗེ་འབའ་རོམ་པའི་གྲུབ་བརྙེས་ཀྱི་ཕྲེང་བ་རྣམས་དག་པའི་སྣང་བར་གཟིགས་ཤིང་། ཁྱད་པར་དུ་ཆོས་རྗེ་བསོད་ནམས་བཟང་པོའི་སྔོན་གྱི་ཐུགས་བག་སད་དེ་རྗེས་སུ་དྲན་པ་རྣམས་གསལ་བར་གཟིགས་ཤིང༌། རིང་བརྒྱུད་གསན་ཡུལ་གྱི་བླ་མ་དང་ཉེ་བརྒྱུད་གནང་ཡུལ་གྱི་སློབ་མའི་གཙོ་བོ་མངའ་བདག་མཻ་ཏྲི་པའི་རྣམ་འཕྲུལ་དུང་དཀར་ཤྲཱི་བྷ་དྲའམ་དཔལ་ཆེན་ཆེ་མཆོག་ཕྲིན་ལས་འདུས་པ་རྩལ་དང༌། དམར་མོ་བསོད་ནམས་དོན་གྲུབ་པའི་སྐྱེས་མཐའ་ཀརྨ་བཀའ་བརྒྱུད་བཀྲ་ཤིས་སོགས་སྐལ་ལྡན་སློབ་ཚོགས་མང་པོས་གསང་མཛོད་ཀྱི་བཀའ་རྒྱ་བཀྲོལ་བར་གསོལ་བ་ནན་ཆེར་བཏབ་པའི་ངོར་གཏན་ལ་འབེབས་པར་མཛད་པའི་ཟབ་དོན་གྱི་སྒོ་འཕར་ཕྱེས་ཏེ། སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བ་ངོ་མཚར་བའི་བཀོད་པ་བཅས་རྟེན་འབྲེལ་རྨད་དུ་བྱུང་བས་ས་ཆེན་པོའི་ཁྱོན་ཀུན་འགེངས་པར་མཛད། དེ་ནས་བཟུང་སློབ་ཚོགས་གྲུབ་པའི་ཁྱུ་ཆེན་གདམས་ངག་གི་རྟོགས་ཚད་དང༌ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་གྱུར་ཏེ་གྲུབ་པའི་ས་མཐོར་གཤེགས་པ་ཤ་སྟག་བྱུང་བ་ལགས། དེ་ལྟ་བུའི་གཞུང་བཟང་ཉིད་ལ་སྐལ་ལྡན་དབང་རབ་ཀྱི་བློ་ཅན་རྣམས་དོན་ཁོང་དུ་ཆུད་པར་ཟད་ཀྱང༌། བདག་ལྟ་བུའི་བློ་གྲོས་དམན་པ་དག་དང༌། ཕྱིས་འབྱུང་རྣམས་ལ་ཕན་པའི་སླད་དུ་ཞལ་ཤེས་དང་ཟུར་རྒྱན་ཅུང་ཟད་ཅིག་འགོད་པ་ལ་སྤྱི་དོན་རྣམ་པ་གཉིས། ཤེས་པར་བྱ་བ་དང་། གདམས་པ་དངོས་སོ། །དང་པོ་ལ་གཉིས། མཚན་དོན་བསྟན་པ་དང་། གང་ལས་བྱུང་བ་བླ་མ་བརྒྱུད་པའི་རིམ་པ་བསྟན་པའོ། །དང་པོ་ནི། འཇམ་དཔལ་མཚན་བརྗོད་ལས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་

p. 382

གསུངས་པ་ལྟར། དཔལ་ལྡན་ཆེན་པོ་དེ་ཉིད་ཀྱི་མཚན་དངོས་ཆོས་ཀྱི་དབང་ཕྱུག་ཏུ་གྲགས་པ་ཡིན་ལ། དེ་ཉིད་སྒྲ་བསྡུས་པའི་ཚུལ་གྱི་ཆོ༵ས་རྗེ༵་ཞེས་པ་དང༌། མཉམ་མེད་དྭགས་པོ་རིན་པོ་ཆེས་ལུང་བསྟན་པའི་གནས་བྱང་འབ༵འ་རོ༵མ་དུ་མཛད་པས་གནས་དང་གང་ཟག་ཟུང་དུ་འབྲེལ་པ༵འི་ཚུལ་དང༌། རྗེ་དེ་ཉིད་ལ་དྭགས་པོ་རིན་པོ་ཆེས་བསྩལ་བའི་མ༵ན་ང༵ག་གསེང་ལམ་ཆོ༵ས་དྲུ༵ག་ཅེས་གཞན་ལས་ཁྱད་པར་འཕགས་པའི་ཚུལ་དང༌། སྔོན་གྱི་གྲུབ་བརྙེས་རྣམས་ཀྱི་ཞལ་ནས་ཞལ། སྙན་ནས་སྙན་དུ་བརྒྱུད་དེ་གྲུབ་པ་བརྙེས་པར་མཛད་པའི་ཕྱག་བཞེས་ཉམ༵ས་ལེ༵ན་ཇི༵་ལྟ༵ར་བྱ༵་བ༵འི་ཚུ༵ལ་དང༌། རིག་འཛིན་ཆེན་པོ་འཇིགས་མེད་ཆོས་ཀྱི་སེང་གེ་ལ་ཡེ་ཤེས་མཁའ་འགྲོས་གསང་ཚིག་ཕུལ་བ་ཉིད་རྩ་བར་བཟུང་སྟེ་གོང་མ་རྣམས་ཀྱི་དགོངས་དོན་གྱིས་ལེགས་པར་བརྒྱན་པས་ན་གྲུ༵བ་པ༵འི་དགོ༵ངས་རྒྱ༵ན་ཡེ༵་ཤེ༵ས་མཁ༵འ་འགྲོ༵འི་གས༵ང་ཚི༵ག་ཅེས་མཚན་དོན་མདོར་བསྟན་ཏེ་བཤད་པའོ། །གཉིས་པ་ནི། གཞུང་གི་འདུད་ཕྱག་དང་འབྲེལ་བརྒྱུད་པའི་ལོ་རྒྱུས་མདོར་བསྟན་པའི་ཚུལ་དེ་ཉིད་ཅུང་ཟད་རྒྱས་པར་བཤད་པ་ལ། དེའང་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་རིགས་ལྔའི་རྒྱལ་བ་ལ་དགོངས་པས་བྱིན་གྱིས་བརླབས་པ་དང༌། ས་བཅུ་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ལ་ལེབ་རྒན་གྱི་ལྕེ་ལས་བཀྲམ། དུང་གི་ཚེམས་བར་ནས་བཏོན་ཏེ་གསུངས་པ་དང༌། དེ་དག་ནས་རིམ་པར་བཀའ་བབ་བཞིའི་བརྒྱུད་པའི་བླ་མ་རྣམས་ལས་རིམ་པར་བརྒྱུད་པ་ཡིན་ཏེ། དེའང་ཀླུ་སྒྲུབ། ཨརྱ་དེ་ཝ། ཟླ་བ་གྲགས་པ། མ་ཏཾ་གི་རྣམས་ནི་ལྷོའི་བརྒྱུད་པའོ། །བིར་ཝཱ་པ་ཌོམྦྷི་ཡང་ཟེར། བི་ན་ས། ལ་ཝ་པ། ཨིནྡྲ་བོ་དྷི་སྟེ་དེ་རྣམས་ནུབ་ཀྱི་བརྒྱུད་པའོ། །ལཱུ་ཧི་པ། ཌེཾ་

p. 383

གི་པ། དཱ་རི་ཀ སུ་ཁ་དྷ་རི་རྣམས་ནི་བྱང་གི་བརྒྱུད་པའོ། །སུ་ཁ་མ་ཧཱ་སིདྡྷི། ཐང་ལོ་པ། ཤིང་ལོ་པ། ཀརྞ་རི་པ་རྡོ་རྗེ་དྲིལ་བུ་པ་ཡང་ཟེར། རྣམས་ཤར་གྱི་བརྒྱུད་པ་སྟེ། དེའང་ཇི་སྐད་དུ། ཏཻ་ལོ་ང་ལ་མི་ཡི་བླ་མ་མེད། །ང་ཡི་བླ་མ་ཐམས་ཅད་མཁྱེན་པ་ཉིད། །ཅེས་གསུངས་པ་ཀུན་ཐེ་ཚོམ་དུ་གྱུར་སྐབས། ཀླུ་སྒྲུབ་ཙརྱ་ལ་ཝཱ་པ། །སྐལ་པ་བཟང་མོ་འདི་རྣམས་ནི། །བཀའ་བབ་བཞི་ཡི་བླ་མ་ཡིན། །ཞེས་ཀུན་ཐེ་ཚོམ་གཅོད་པར་མཛད་དེ། དོན་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རང་བྱུང་གི་དྷརྨ་གྷ་ཛྙའི་ཆོས་ཀྱི་ཕོ་བྲང་ན་བྱོན་ནས་གསང་བ་ལྷན་ཅིག་སྐྱེས་མ་དང་མཇལ་ཏེ། བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ནོར་བུ་རྣམ་གསུམ་གྱི་སྐོར་སོགས་བླ་མེད་མ་རྒྱུད་མཐའ་ཡས་པ་ཞིག་སྤྱན་དྲངས་ཤིང་ས་བཅུ་པའི་བདེན་པ་མངོན་དུ་མཛད། དེ་ལས་པཎ་ཆེན་ནཱ་རོ་པས་བླ་མས་ཅི་གསུང་གི་བཀའ་བསྒྲུབས་པས་ཞབས་ཏོག་དཀའ་ཆེན་བཅུ་གཉིས་སྤྱད་པའི་མཐར་གནང་ཞིང༌། དེས་སྐལ་བ་དང་ལྡན་པའི་གདུལ་བྱ་དུ་མ་ལམ་འདིས་སྨིན་པར་མཛད་པས་ནཱ་རོ་ཆོས་དྲུག་ཅེས་ཡོངས་སུ་གྲགས་པ་ཡིན་ནོ། །རྗེ་དེ་ཉིད་ལས་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ལོ་བཅུ་དྲུག་ཟླ་བ་བདུན་དུ་བསྟེན་ནས་དབང་བསྐུར་ཡོངས་རྫོགས་ལན་ལྔ་ཞུས་ཤིང་། ཆོས་དྲུག་བསྒོམས་པས་ཉམས་རྟོགས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་དུ་ཐུགས་ཉམས་ལ་འཁྲུངས། བླ་མ་ནཱ་རོ་པས་ཀྱང་བོད་ཁ་བ་ཅན་འདུལ་བའི་སློབ་དཔོན་དུ་མངའ་གསོལ་མཛད་པ་བཞིན། བོད་དུ་བྱོན་ནས་ཐུགས་སྲས་མེས་རྔོག་མཚུར་གསུམ་རྗེ་བཙུན་མི་ལ་སོགས་མང་དུ་བྱོན་པ་ཡིན་ཏེ། རྗེ་བཙུན་ཆེན་པོའི་ཞལ་ནས། ང་ཡི་བརྒྱུད་པ་ངོ་མཚར་ཆེ། །དྲུག་པ་རྡོ་རྗེ་འཆང་ཆེན་ནས། །སྒྲ་སྒྱུར་ལོ་ཙཱ་ཡན་ཆད་དུ། །བདེ་གཤེགས་སྤྲུལ་པ་མ་ལགས་པ། །གང་ཟག་བརྒྱུད་པས་བར་མ་ཆོད། །ཅེས་གསུངས་པ་བཞིན་ལྷོ་བྲག་མར་པའི་བཀའ་བརྒྱུད་རིན་

p. 384

པོ་ཆེ་ཞེས་ཡོངས་སུ་གྲགས་པ་ཉིད་དོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་ནི། སྐུ་ཆུང་ངུ་ནས་ཡབ་དང་བྲལ་བའི་རྐྱེན་གྱིས་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་སྟེ་ཐུགས་སྐྱོ་བས་སུན་ཕྱུང་ནས་ལྷོ་བྲག་མར་པའི་སྤྱན་སྔར་བཏུད། ཐོག་མར་ལས་སྒྲིབ་སྦྱང་ཕྱིར་དཀའ་སྤྱད་མང་དུ་མཛད་ཅིང༌། བླ་མ་མཉེས་པའི་སྲས་མཁར་དགུ་ཐོག་བཞེངས་པ་སོགས་མཛད། བླ་མས་ལུང་བསྟན་པ་བཞིན་ལ་སྟོད་ཕྱོགས་སུ་མི་ལའི་རྫོང་དྲུག་ཅེས་གནས་ངེས་མེད་དུ་ལྟོ་གོས་ཀྱི་ཞེན་པ་སྤངས་ཏེ། མཐར་ལ་ཕྱི་ཆུ་བར་དུ་མངོན་པར་བྱང་ཆུབ་པའི་ཚུལ་བསྟན། རྗེ་བཙུན་ཆེན་པོའི་དངོས་སློབ་མཐའ་ཡས་ཀྱང་གཙོ་བོར་ཉི་མ་ལྟ་བུ་མཉམ་མེད་དྭགས་པོ་དང་། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ། ངན་རྫོང་སྟོན་པ་བོ་དྷི་རཱ་ཛ་སོགས་བཀའ་བབ་རྣམ་གསུམ་གྱི་གཙོས་མཁའ་སྤྱོད་ཀྱི་གྲུབ་པ་བརྙེས་པ་མང་དུ་བྱུང༌། ཁྱད་པར་དུ་མཉམ་མེད་དྭགས་པོ་རིན་པོ་ཆེ་ནི་རྒྱལ་བས་ཏིང་ངེ་འཛིན་གྱི་མདོ་ལས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཞེས་དང་པོར་བཀའ་གདམས་པའི་དགེ་བཤེས་མཛད། དེ་ནས་བླ་མའི་སྤྲུལ་པས་བསྐུལ་ཞིང་རྗེ་བཙུན་ཆེན་པོའི་སྤྱན་སྔར་བྱོན། ཐུན་མིན་དུ་རྗེས་སུ་བཟུང་སྟེ་གསང་སྔགས་ཀྱི་གདམས་སྐོར་རྣམས་ཡོངས་སུ་གྲུབ་པར་ཐུགས་ཉམས་སུ་བཞེས། ལམ་རྟགས་ཡོན་ཏན་ཚད་ལས་འདས། མཐར་བླ་མས་ལུང་བསྟན་པ་བཞིན་དྭགས་ལྷ་སྒམ་པོར་བྱོན། སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། སློབ་ཚོགས་བཀའ་བརྒྱུད་ཆེ་བཞི་དང༌། ཆུང་བརྒྱད་དུ་གྲགས་པའི་གྲུབ་ཐོབ་ས་ཆེན་པོའི་རྡུལ་ལྟར་སྤེལ་བར་མཛད། དེ་དག་གི་ནང་གསེས་བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་དཔལ་ལྡན་འབའ་རོམ་པ་དེ་ཉིད་ནི། ཐོག་མར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་དུ་བསྙེན། མདོ་

p. 385

རྒྱུད་ཀྱི་ཆོས་ཚུལ་ལ་གསན་བསམ་རྒྱ་ཆེར་མཛད། དེ་ནས་རྗེ་དྭགས་པོ་རིན་པོ་ཆེའི་རྣམ་ཐར་གྱི་སྙན་པས་ཐུགས་འཕྲོག་སྟེ་སྒམ་པོར་བྱོན། རྗེ་རིན་པོ་ཆེའི་ཐུགས་སྲས་མཆོག་ཏུ་གྱུར་ཅིང་སྐུ་ཡི་ཉེ་གནས་དང་རིམ་གྲོ་པར་གྱུར། ཞབས་ཏོག་མཉེས་པ་གསུམ་གྱིས་བསྒྲུབས་ཤིང་སྐུ་སྲོག་ལ་ཉེན་པའི་རྐྱེན་བཞི་བསལ། རྗེ་ནས་གདམས་ངག་ལྷག་ལུས་མེད་པར་བསྩལ། གསེར་དང་དཔེ་ཆ་གནང་ནས་བྱང་འབའ་རོམ་དུ་སྒྲུབ་པ་གྱིས་གསུངས་ལུང་བསྟན། གསེར་ཡར་ཕུལ་ནས་ཞལ་བཞུགས་རིང་ཞབས་ཏོག་འབུལ་བའི་ཞུ་བ་ཕུལ། དེ་ནས་བྱང་འབའ་རོམ་དུ་བྱོན་ནས་རྫ་རིན་ཆེན་སྤུངས་པ་དང་། བྲག་དམར་རྫོང་ཆེན་སོགས་སུ་སྒྲུབ་པའི་རྒྱལ་མཚན་ལོ་མང་དུ་བཙུགས་ནས་གྲུབ་པ་བརྙེས་པར་མཛད། རྩི་རྒྱུད་ཀོ་མཛོའི་བྲག་ལ་ལོ་མང་དུ་བཞུགས་ཐུགས་དམ་ལ་བོགས་ཆེ། རྒྱལ་བ་རིགས་ལྔ་དང་གྲུབ་ཆེན་བརྒྱད་སོགས་ཞལ་གཟིགས། སླར་འབའ་རོམ་དུ་བྱོན་ནས་སྒྲུབ་པ་དང་ཚོགས་པ་བསྐྱངས་པ་བཅས་བགྲང་བྱ་ཉེར་བདུན་བཞུགས། སློབ་ཚོགས་གྲངས་ལས་འདས་ཀྱང་གཙོ་བོ་འགྲོ་མགོན་ཏི་ཤྲི་རས་པ་རྒྱ་ནག་གི་དབུ་བླར་བྱོན་ཅིང༌། མདོ་ཁམས་སུ་བྱང་སྐུ་འབུམ་གྱི་གདན་སར་ཆགས་ཕེབས། དབོན་རྒྱལ་བ་གྲགས་པས་འབའ་རོམ་གྱི་གདན་ས་བསྐྱངས། ཤེས་རབ་བྱང་ཆུབ་ཀྱིས་ཀོ་མཛོའི་གདན་སར་བཞུགས་པ་སོགས་མཛད་ཕྲིན་རྨད་དུ་བྱུང་བས་བསྟན་པ་རྒྱས་པར་མཛད། དེ་ལྟ་བུའི་འབའ་རོམ་བཀའ་བརྒྱུད་ཅེས་སྙན་པའི་གྲགས་པས་ཁྱབ་པར་མཛད། འགྲོ་མགོན་ཏི་རས་ཀྱི་སློབ་མའི་གཙོ་བོ་ཆོས་རྗེ་རས་པ་དཀར་པོ་ཧོར་གྱི་དབུ་བླར་མངའ་གསོལ། གནས་དྲུག་ཁྲི་སྐོར་ཆབ་འབངས་སུ་ཕུལ། ཕོ་བྲང་ནང་སོ་ཆེན་མོ་བཞེངས་པ་སོགས་མཛད་ཁྱབ་ཆེ། དེའི་སློབ་མ་གསང་བ་ལུས་མེད་རྡོ་རྗེ་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་ཕེབས། བཀའ་

p. 386

བབ་སློབ་བཞི་སོགས་སྒོམ་སྡེ་རི་དགོན་བཅོ་བརྒྱད་ཀྱི་གྲོལ་ཕུགས་སུ་གྱུར། དེའི་དབོན་བྱང་ཆུབ་གཞོན་ནུ་ཚང་མང་གསར་པའི་ཁྲི་འཛིན་མཛད་ཅིང་གྲུབ་པ་ཡང་བརྙེས། དེའི་སློབ་ཚོགས་དང་ཆོས་བརྒྱུད་དཔག་ཏུ་མེད་པ་བྱུང་ཡང༌། ད་ལྟར་བཞུགས་པའི་ཟབ་ལམ་ཆོས་དྲུག་གི་གདམས་སྐོར་དང༌ཕྱག་རྒྱ་ཆེན་པོ་སྟེ། ཐབས་གྲོལ་ཟུང་འཇུག་གི་རྒྱུན་མ་ཆད་པར་བཞུགས་པ་ནི་དབོན་བྱང་ཆུབ་གཞོན་ནུ་མཆོག་ནས་བྱུང་བ་ཡིན་ཏེ། དེའི་སློབ་མའི་གཙོ་བོ་སྟོང་ནག་རས་པ་བློ་གྲོས་རྡོ་རྗེ། དེ་ནས་རིམ་པར་ལྷ་རས་པ་བརྩོན་འགྲུས་དཔལ་བ། འཇམ་དབྱངས་ཀེ་རུ་ཀིརྟི། མཚན་ལྡན་པུཎྱེ་བྷ་དྲ། འབའ་རེ་རིན་ཆེན་བཟང་པོ། ཕུག་པ་བསོད་ནམས་དབང་ཕྱུག །རི་པ་བཀྲ་ཤིས་དབང་ཕྱུག །སྐྱོ་བྲག་ཆོས་འོད་ཟེར། ཀུན་དགའ་སྙིང་པོ། ཀུན་དགའ་རྒྱ་མཚོ། བསྟན་འཛིན་བཟང་པོ། ཀརྨ་ཡེ་ཤེས། དོན་དམ་སྙིང་པོ། ཨཱ་ཡུཿཏིཥྛ། དུང་དཀར་རས་ཆེན། དཀོན་མཆོག་ཕུན་ཚོགས། དྷརྨ་དྷཱ་ར། ཨ་ཡུཿམ་ར་དཱ་མ། ག་ཎ་རསྨི། ཤྲཱི་བྷ་དྲའི་བར་དུ་བཞུགས་པ་ཡིན་ནོ། །དེ་དག་གིས་ཁུངས་བཙུན་པར་བྱེད་པ་བླ་མ་བརྒྱུད་པའི་རིམ་པ་གྲུབ་ཟིན་ཏོ། །སྤྱི་དོན་གཉིས་པ་ལ་གསུམ། གཞི་དང་ལམ་དང་འབྲས་བུའོ། །དང་པོ་ནི། དེ་ཡང་ཇི་སྐད་དུ། བླ་མ་ཆེན་པོ་ནཱ་རོ་པས། །བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཅེས་དང༌། ཤར་ཕྱོགས་ངོས་སུ་ཏཻ་ལོ་པས། །ཞལ་གྱི་གདམས་པ་མནོས་པས་ན། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གཞི་ལམ་འབྲས་བུ་གསུམ་དུ་བསྟན་པར་མཛད་པ་ལས། དང་པོ་གཞི་དངོས་པོའི་གནས་ལུགས་ལ། ལུས་དངོས་པོའི་གནས་ལུགས་དང་། སེམས་དངོས་པོའི་གནས་ལུགས་གཉིས་ལས། དང་པོ་ནི། ཧེ་བཛྲ་

p. 387

ལས། ལུས་ནི་བྱང་ཆུབ་རྣམ་ལྔ་སྟེ། །རྩ་དང་རླུང་དང་ཐིག་ལེ་དང༌། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་བསྟན་པའོ། །ཞེས་དང༌། རྗེ་ཏི་ཤྲི་རས་པའི་ཞལ་ནས། རྡོ་རྗེ་ལུས་ཀྱི་གནས་ལུགས་ནི། །གནས་པ་རྩ་ལ་གཡོ་བ་རླུང༌། །འབུར་དུ་དོད་པ་ཡི་གེ་དང༌། །བཀོད་པ་བྱང་ཆུབ་སེམས་དང་ལྔ། །ཞེས་གསུངས་པ་ལྟར། འདིར་རྩ་རླུང་ཐིག་ལེ་བསྒོམ་པའི་ཡུལ་དང་གནད་འཆིང་ཚུལ་ལ་སོགས་པ་རྟོགས་པའི་ཕྱིར་ལུས་དངོས་པོའི་གནས་ལུགས་ཤེས་དགོས་པས། དེ་ལ་སྤྱིར་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་དང་པོ་གྲུབ་ཚུལ། བར་དུ་གནས་ཚུལ། མཐར་འཇིག་ཚུལ་རྣམས་དང༌། ཁྱད་པར་དུ་གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་སེམས་ཀྱི་གནས་ཚུལ་རྣམས་ཤེས་དགོས་ཤིང༌། བསྒོམ་རྒྱུ་དོན་གྱི་ངོ་བོ་ལ་ངེས་པ་རྙེད་པའི་ཕྱིར་སེམས་དངོས་པོའི་གནས་ལུགས་ཀྱང་ཤེས་དགོས་པ་བཅས་སྤྱིར་བཏང་ཡིན་ལ། བྱེ་བྲག་ལུས་དངོས་ཀྱི་གྲུབ་ཚུལ་བསྟན་པ་ནི། ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཞལ་ནས། འདིར་འཛམ་བུ་གླིང་དུ་སྐྱེས་པ་ཁམས་དྲུག་ལྡན་པའི་མིའི་ལུས་ལ་བརྟེན་པ་བསྟན་ཏེ། འདི་ལ་ཡང་ལུས་གྲུབ་པའི་རྒྱུ་རྐྱེན། ཇི་ལྟར་གྲུབ་ཚུལ་བཤད་པ། བཤད་པའི་དགོས་པ་དང་གསུམ་ལས། དང་པོ་ནི། སེམས་དྲི་མ་དང་བཅས་པ་འདུས་བྱས་ཤིང་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཤིང་གསུམ་འཚོགས་པ་ལས། ཕའི་ཁུ་བ་དང༌། མའི་ཁྲག་ནད་མེད་པ་དང༌། བར་མ་དོའི་རྣམ་པར་ཤེས་པ་ལ། ཟླ་བ། ཉི་མ། སྒྲ་གཅན་ཞེས་ཀྱང་བཏགས་ཏེ་ལུས་ངག་ཡིད་གསུམ་བསྐྱེད་དོ། །དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། སྐུ་ནི་ཐིག་ལེ་ཟླ་བ་ཁུ། །གསུང་ནི་ཚེག་དྲག་ཉི་མ་ཁྲག །ཐུགས་ནི་ནཱ་ད་ཐམས་ཅད་འབྱུང༌། །ཞེས་སོ། །འདི་ལ་བྱང་ཆུབ་པ་ལྔར་ཡང་འགྲོ་སྟེ། དཀར་ཆ་མེ་ལོང་ལྟ་བུའི་ཡེ་ཤེས། དམར་ཆ་

p. 388

མཉམ་པ་ཉིད། རྣམ་ཤེས་རླུང་དང་བཅས་པ་སོ་སོར་རྟོགས་པ། ཐམས་ཅད་འདྲེས་པ་བྱ་བ་གྲུབ་པ། ལུས་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དགྱེས་པ་རྡོ་རྗེ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་འདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོགས་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ཡོན་ཏན་ཉིད། །རྫོགས་པས་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡིན། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་སྦྱང་གཞི་སྦྱོང་བྱེད་སྦྱར་ཏེ་གསུངས་སོ། །གཞན་ཡང་དང་པོ་ཕ་མ་གཉིས་ཀྱི་རེག་པ་སྲ་བ་ཉམས་སུ་མྱོང་བས། བྱང་ཆུབ་ཀྱི་སེམས་གཤེར་བ་ཆུ། བསྐྱོད་པས་དྲོ་བ་མེ། གཡོ་བ་རླུང༌། བདེ་བ་ནམ་མཁའི་ཁམས་ཏེ། དགྱེས་པ་རྡོ་རྗེ་ལས། བོལླ་ཀཀྐོ་ལ་སྦྱར་བས། །རིག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་འགྱུར། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་སྤྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འབྱུང༌། །ཀཀྐོ་ལར་ནི་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་སེར་སྣ་རྡོ་རྗེ་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་སོ། །དེ་ལྟར་རྣམ་པར་ཤེས་པ་འབྱུང་བ་ལྔ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་གྲུབ་པར་བྱེད་དོ། །ཞེས་དང༌། འགྲོ་མགོན་ཏི་རས་ཀྱི་ཞལ་ནས་

p. 389

ཀྱང༌། ལུས་ངག་ཡིད་གསུམ་ཉོན་མོངས་ལྔ། །གཞི་དེ་ཤེས་པར་བྱ་བ་ནི། །ལྷ་དང་སྔགས་དང་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་རུ་གཞི་ལ་དྲུག །དེ་བས་ལྷ་རུ་གནས་པ་ནི། །བར་དོ་སྒྱུ་ལུས་རྣམ་ཤེས་བརྒྱད། །མ་ཡི་མངལ་དུ་འཇུག་དུས་སུ། །ཕ་མ་སྙོམས་འཇུག་སྦྱོར་བ་ལས། །གནས་སྐབས་ལྔ་རུ་གསུངས་པ་ལས། །འབྱུང་བ་ལྔ་དང་ཕུང་པོ་ལྔ། །དེ་དག་ལྷ་རུ་གྲུབ་ཚུལ་ནི། །ཕ་མ་མཁའ་གསང་མཉམ་སྦྱོར་ཚེ། །རྣམ་ཤེས་བར་དུ་འཇུག་པ་ཡིན། །བྱང་སེམས་དཀར་དམར་རླུང་གིས་གཡོ། །དེ་ནི་གཡོ་བ་རླུང་གི་ཁམས། །དམ་ཚིག་སྒྲོལ་མ་དོན་ཡོད་གྲུབ། །དེ་ཡང་སྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་གཤེར་བ་ཆུ་ཡི་ཁམས། །མཱ་མ་ཀི་དང་མི་བསྐྱོད་པ། །དེ་ཡང་སྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་སྲ་བ་ས་ཡི་ཁམས། །སངས་རྒྱས་སྤྱན་དང་རིན་ཆེན་འབྱུང༌། །དེ་ཡང་སྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་སྟོང་པ་ནམ་མཁའི་ཁམས། །ནམ་མཁའི་དབྱིངས་དང་རྣམ་སྣང་མཛད། །དེ་དག་གནས་སྐབས་རྣམ་ལྔ་ལ། །མེར་མེར་པ་ལ་སོགས་པ་ལྔ། །ཕུང་པོ་ལྔ་ནི་ལྷ་རུ་བཞེད། །རྣམ་ཤེས་ཕུང་པོ་མི་བསྐྱོད་པ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང༌། །འདུ་ཤེས་ཕུང་པོ་འོད་དཔག་མེད། །འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད། །དེ་ལྔ་བྱང་ཆུབ་རྣམ་ལྔ་སྟེ། །དེ་ཡང་རྣམ་ཤེས་མི་བསྐྱོད་པ། །ཆོས་ཉིད་སྟོང་པའི་བྱང་ཆུབ་ཡིན། །ཚོར་བའི་ས་ནི་རིན་ཆེན་འབྱུང༌། །གདན་ནི་ཉི་ཟླ་བྱང་ཆུབ་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གསུང་ནི་ཡིག་འབྲུ་བྱང་ཆུབ་ཡིན། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །ཐུགས་ནི་ཕྱག་མཚན་བྱང་ཆུབ་ཡིན། །གཟུགས་ནི་རྣམ་པར་སྣང་མཛད་དེ། །སྐུ་ཡོངས་སུ་རྫོགས་པའི་བྱང་ཆུབ་ཡིན། །གཞི་ལ་རིགས་ལྔ་གནས་པ་དེ། །ལམ་དུ་རིག་པའི་དབང་ལྔ་ཡིས། །ཕུང་པོ་ལྔ་རུ་ངོ་སྤྲོད་ནས། །ལམ་དུ་ཡི་དམ་ལྷ་རུ་བསྒོམ། །དེ་

p. 390

ཡི་འབྲས་བུ་གཟུགས་སྐུ་སྟེ། །འགྲོ་བའི་དོན་དུ་འཆར་བ་ཡིན། །རྡོ་རྗེ་སློབ་དཔོན་དབང་བསྐུར་ནས། །ཕྲིན་ལས་ཐམས་ཅད་འགྲུབ་པ་དང༌། །རིགས་ལྔ་རོ་གཅིག་གྱུར་པ་སྟེ། །དེ་ནི་དྲུག་པ་རྡོ་རྗེ་འཆང༌། །ངག་སྔགས་གཞི་ལ་གནས་པ་ནི། །དང་པོ་ལུས་ནི་ལེན་དུས་སུ། །ཕ་མ་མཁའ་གསང་མཉམ་སྦྱོར་བས། །ཨེ་ཝཾ་མཱ་ཡཱ་གྲུབ་པ་ཡི། །ཕུན་སུམ་ཚོགས་པ་ལྔ་ཡིན་པས། །ཆོས་ཀྱི་སྒྲ་རྣམས་དེ་ལས་འབྱུང༌། །གསུང་ནི་ཡིག་འབྲུ་བྱང་ཆུབ་ཡིན། །ཐབས་ཤེས་ཡི་གེ་ཨེ་ཝཾ་གྲུབ། །ཨཱ་ལི་ཀཱ་ལིའི་སྡེ་ཚན་ལས། །གྲགས་པ་ཐམས་ཅད་སྔགས་སུ་འབྱུང༌། །སོ་སོ་ཡང་དག་རིག་ལ་སོགས། །ངག་གི་དབང་ཕྱུག་གྲུབ་པ་ཡིན། །རིགས་དྲུག་སོ་སོའི་སྐད་དུ་ནི། །གསུང་དབྱངས་དྲུག་ཅུ་བྱུང་བ་ཡིན། །ཞེས་གསུངས་སོ། །ཡང་སྔ་མ་ཆོས་རྗེ་ཀརྨ་པའི་གསུང་ལས། གཉིས་པ་ལུས་ཇི་ལྟར་གྲུབ་ཚུལ་ལ་གསུམ་སྟེ། རྩ་དང་རླུང་དང་ཐིག་ལེའོ། །དང་པོ་ནི། མངལ་གྱི་ཞག་བདུན་ཕྲག་དང་པོ་ལ་ནུར་ནུར་པོ་དང༌། གཉིས་པ་ལ་མེར་མེར་པོ་དང༌། གསུམ་པ་ལ་ལྟར་ལྟར་པོ་དང༌། བཞི་པ་ལ་གོར་གོར་པོ་སྟེ་ཞག་ཉེར་བརྒྱད་དོ། །ལྔ་པ་འཁྲང་འགྱུར་གྱི་ཞག་དང་པོ་ལ་མ་དང་འབྲེལ་བའི་ལྟེ་བ་ནས་རང་སོར་བརྒྱད་དང་བཅུ་གསུམ་གྱི་ཚད་ཀྱི་རྩ་དབུ་མ་ཆགས་ལ། གཉིས་པ་སྙིང་གི་དབུས་ཀྱི་རྩ་བཅུ་འབྱུང་སྟེ་རྩ་བ་དང་ཡན་ལག་གི་རླུང་བཅུ་འབྱུང་བའི་གནས་སོ། །དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་ཉིས་བརྒྱ་འབྱུང་སྟེ། མངལ་གྱི་ཟླ་བ་བརྒྱད་དང་ཕྱི་རོལ་གྱི་བཞི་སྟེ་བཅུ་གཉིས་ཀྱི་བར་རྩ་འཕེལ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྩ་འདི་རྣམས་ཀྱི་རགས་པ་ཙམ་བཤད་ན། ཟླ་བ་དང་པོ་ལ་སྙིང་གའི་འཁོར་ལོའམ། གཉིས་པར་ལྟེ་བའི་རྩ་དྲུག་ཅུ་རྩ་བཞི། ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་འབྱུང་ངོ༌། །དེའི་འོག་ཏུ་མགྲིན་པའི་བཅུ་དྲུག །སྤྱི་བོའི་སུམ་ཅུ་དཔྲལ་བ། རྩ་གཉིས་

p. 391

ཀྱི་སྟེང་དུ་གཙུག་ཏོར་གྱི་བཞི། དེ་རྣམས་སྙིང་ག་ལས་འཕྲོས་ཏེ་འབྱུང་ངོ༌། །འོག་ཏུ་གསང་བའི་རྩ་སུམ་ཅུ་རྩ་གཉིས་དང་སྟོང་པ་དྲུག་གི་རྩ་སྟེ་ལྟེ་བ་ནས་ཐུར་དུ་འབྱུང་ངོ༌། །འདི་རྣམས་ནི་འཁོར་ལོའི་རྩ་རྣམས་སོ། །དེའི་ཕྱིར་སྤྱི་གཙུག་ན་རྩ་བཞི། དཔྲལ་བ་ན་བཅུ་དྲུག་སྟེ་བད་ཀན་གྱི་རྩ་དང༌། མགྲིན་པ་ན་སུམ་ཅུ་རྩ་གཉིས། སྙིང་ག་ན་བརྒྱད་དང་རྩ་བཞི་བཅུ་མཁྲིས་པའི་རྩ་དང༌། ལྟེ་བའི་དྲུག་ཅུ་རྩ་བཞི་གསང་བའི་ཕྱི་རོལ་དུ་བསྐོར་བའི་རྩ་བཅུ་དྲུག་སྟེ་བརྒྱད་ཅུ་ནི་རླུང་གི་རྩའོ། །གསང་བའི་ནང་རིམ་ནས་འདུས་པའི་རྩ་བཅུ་དྲུག་འབྱུང་ངོ༌། །དེ་རྣམས་ལ་སོགས་པ་ནང་གི་རྩ་དྲུག་སྟོང་ཆགས་པས་ཉ་ལྟ་བུར་འབྱུང་ངོ༌། །དེ་ནས་ཟླ་བ་གསུམ་པར་རྐང་ལག་སྐྱེ་སྟེ་རུས་སྦལ་ལྟ་བུའོ། །ཟླ་བ་བཞི་པར་ཚིགས་རྣམས་འབྱུང་བའི་སར་རྩའི་འཁོར་ལོ་སུམ་ཅུ་པ་བཅུ་གཉིས་འབྱུང་སྟེ་དེ་ལ་སོགས་པ་གཞན་ཡང་འབྱུང་ངོ༌། །ཟླ་བ་ལྔ་པར་ཤ་དང་ཁྲག་རུས་པའི་ཚིགས་སུམ་བརྒྱ་དྲུག་ཅུ་འབྱུང་སྟེ་རུས་སྦལ་ལྟ་བུའོ། །དབང་པོ་རྣམས་གསལ་བར་བྱེད་ཅིང་ཟླ་བ་དྲུག་ནས་ཚོར་བ་འབྱུང་ངོ༌། །བདུན་པ་ལ་སྐྲ་དང་ཁ་སྤུ་རྣམས་གྲུབ་བོ། །དེའི་ཚེ་མངོན་པར་ཤེས་པ་འབྱུང་བར་བཤད་དོ། །བརྒྱད་པར་དབང་པོ་རྫོགས་པས་བཀྲེས་སྐོམ་འབྱུང་ངོ༌། །དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱོ་བ་སྐྱེ་བར་བྱེད་དོ། །འདི་ནི་མིའི་སེངྒེའི་གནས་སྐབས་སོ། །ཞེས་གསུངས་པ་དང༌། འགྲོ་མགོན་ཏི་རས་ཀྱི་ཞལ་ནས། མ་ཡི་མངལ་དུ་ཞུགས་དང་གནས་པའི་ཚེ། །ཟླ་བ་ངོ་བཅུ་ས་བཅུ་ཡིན་པ་དང༌། །བདུན་ཚོ་སུམ་ཅུ་རྩ་བདུན་བཅོ་བརྒྱད་ཞག །བྱང་ཆུབ་ཕྱོགས་དང་མ་འདྲེས་ཆོས་ཡིན་ཏེ། །ཟླ་བ་རེ་རེ་བདུན་ཚོ་བཞི་དང་ཞག་གཉིས་ཡིན། །ཞག་ནི་རེ་རེ་ནས་བཟུང་བདུན་གྱི་བར། །ཐིག་ལེ་དཀར་དམར་སྲན་རྡོག་ཙམ་རེ་འཕེལ། །ཞག་བདུན་ཐིག་ལེ་དཀར་དམར་འདྲེས་ཙམ་ན། །

p. 392

ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བ་ཡིན། །བདུན་དུ་ངེས་པའི་དོན་ནི་དེ་ཡིན་ནོ། །སྙིགས་མ་རུས་པ་ཤ་དང་ཁྲག་ཏུ་ཆགས། །ཞག་གཉིས་ལ་ནི་དྭངས་མ་ཐིག་ལེ་གཉིས། །ཟླ་གཅིག་སུམ་ཅུའི་ཞག་གྲངས་ཡིན་པ་ལ། །འཇིག་རྟེན་ལམ་གྱི་ཚོགས་ལམ་སྦྱོར་ལམ་ལ། །ཟླ་གཅིག་བདུན་ཕྲག་བཞི་ལ་ལྷག་པ་ཡོད། །ཞག་གཉིས་ཐིག་ལེ་གཉིས་སུ་མ་འདྲེས་ཆོས། །ཟླ་དགུ་ལ་ནི་ལྷག་པ་གཉིས་གཉིས་ཡིན། །དགུ་ལ་བདུན་ཚོ་སུམ་ཅུ་རྩ་དྲུག་སྟེ། །ངོ་བཅུའི་བདུན་གྱི་སུམ་ཅུ་རྩ་བདུན་ཡིན། །བདུན་ཕྲག་ལྔ་ལ་སྐུ་རྫོགས་བྱང་ཆུབ་སྟེ། །འཇིག་རྟེན་འདས་པའི་ལས་ཀྱི་དང་པོ་ཡིན། །ངོ་བཅུ་ལ་ནི་ས་ལམ་རྫོགས་པ་དང༌། །མངོན་དུ་རྒྱུ་དང་རགས་པ་འགགས་པ་ཡིན། །ཉོན་མོངས་པ་དང་སྒྲིབ་པ་མེད་པ་ཡིན། །གཉེན་པོ་མེད་པས་ཤེས་བྱའི་སྒྲིབ་པ་མེད། །ཡོན་ཏན་རྫོགས་ཤིང་སྒྲིབ་པ་མེད་པ་དང༌། །ལུས་ཀྱི་ཆོས་རྣམས་རྫོགས་པར་འགྱུར་བ་དེ། །སྐྱེ་བ་སྤྲུལ་པའི་སྐུ་ཡི་སངས་རྒྱས་ཡིན། །ལུས་ལ་ཕོ་མོའི་མཚན་མ་གྲུབ་པ་དེ། །ལྷག་པའི་ཚུལ་ཁྲིམས་ཀྱི་ནི་བསླབ་པ་ཡིན། །མི་ཤིགས་པ་ཡི་ཐིག་ལེ་ཉག་གཅིག་དེ། །ལྷག་པའི་ཤེས་རབ་ཀྱི་ནི་བསླབ་པ་ཡིན། །ལུས་ལ་བུ་ག་དགུ་ནི་ཡོད་པ་དེ། །རིགས་དྲུག་འཁོར་བའི་སྒོ་ནི་ཡིན་པ་ལ། །ཐུབ་པ་དྲུག་གི་འགྲོ་དོན་མཛད་པ་ཡིན། །གོང་མའི་བུ་ག་གཉིས་གཉིས་ལྷག་པ་གསུམ། །མྱ་ངན་འདས་པའི་རྣམ་ཐར་སྒོ་གསུམ་ཡིན། །འཁོར་ལོ་གསུམ་ནི་སྲིད་གསུམ་སེམས་ཅན་གྱི། །དོན་མཛད་སྐུ་གསུམ་སྟོན་པ་གཤེགས་པ་ཡིན། །གཞི་ལ་ཡོན་ཏན་དེ་ལྟར་གནས་པ་ལགས། །ཞེས་གསུངས་པ་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་ཇི་ལྟར་གྲུབ་པའི་ཚུལ་སྦས་དོན་དུ་བསྟན་པར་མཛད་པ་རྣམས་དང༌། གཞན་ཡང་ལུས་ཀྱི་རྣམ་བཞག་ཏི་རས་ཀྱིས་གསུངས་པ་ལ་བཞི་ལས། ཟག་པ་དང་བཅས་པའི་ལུས་ཤ་ཁྲག་གི་

p. 393

གདོས་བཅས་དང༌། ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་དང༌། ཟག་པ་མེད་པའི་ལུས་དང༌། ཡེ་ཤེས་ཀྱི་ལུས་དང་བཞིའོ། །གདོས་བཅས་ཀྱི་ལུས་ནི་འབྱུང་བཞི་ཤ་ཁྲག་ལས་གྲུབ་པ་འདི་ཤི་ཙ་ན་འཇོག་པ་ཡིན། ཟག་པ་ནི་ཉོན་མོངས་པའམ་ལུས་སུ་བཟུང་བའི་ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་ནི། ང་ཡི་ལུས་སྙམ་དུ་ཡིད་ཀྱིས་འཛིན་པའོ། །ཤི་ནས་བར་དོར་འཁྱམས་པའི་དུས་ན་ཡང་ངའི་ལུས་སྙམ་དུ་ཡོད་པས་བར་དོའི་ལུས་ཀྱང་ལེན་པའོ། །ཟག་པ་ནི་ང་ཡི་ལུས་སྙམ་དུ་ཞེན་ཞིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱི་གང་དུ་ཡང་མ་དམིགས་པ་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ལུས་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ལུས་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཞེས་དང༌། རྒྱུད་རྡོ་རྗེ་ཕྲེང་བ་ལས། ལུས་ནི་སྟོང་པ་ཉིད་ཀྱི་གནས། །ལུས་ནི་གང་གིས་ཤེས་པ་ནི། །ལྷ་རྣམས་ཀྱི་ནི་ཕོ་བྲང་མཆོག །ཅེས་གསུངས་པ་ལྟར་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འཁོར་བའི་ཆོས་སུ་སྣང་ཞིང༌། དེ་ཉིད་དག་པའི་ལམ་དུ་རྒྱལ་བས་ཡོངས་གྲུབ་ལྷ་ཡི་འཁོར་ལོར་རྫོགས་པས་དེ་དག་རྣམས་ལ་ཞིབ་ཏུ་སྤྱོད་ཅིང་ནན་ཏན་དུ་ཤེས་པར་བྱ་བ་ཉིད་དོ། །དེ་དག་གི་རྗེས་སུ་བཤད་པ་ལ་རྣམ་པ་བཞི་སྟེ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་སེམས། འབུར་དུ་དོད་པ་ཡི་གེའོ། །དང་པོ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེའི་ལེའུ་བཞི་པ་ལས། རྩ་ཉིད་འབྱུང་བ་མེད་གྱུར་ན། །ཕུང་པོ་རྣམས་ནི་འབྱུང་བ་མེད། །ཕུང་པོ་མེད་ན་དངོས་གྲུབ་ནི། །རྣལ་འབྱོར་ཆེན་པོས་རྙེད་མི་འགྱུར། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྩ་ཡི་འཁོར་ལོ་བཙལ་བར་བྱ། །ཞེས་དང༌། དཔལ་རྡོ་རྗེ་ཕྲེང་བའི་ལེའུ་བཅུ་བདུན་པ་ལས། དེ་ལྟར་ཡང་དག་རྩ་ཡི་རིམ། །བླ་མའི་ཞལ་

p. 394

ལས་ཤེས་པར་བྱ། །རྩ་ཡི་རིམ་མེད་ངེས་པར་ནི། །ཕུང་པོ་ལ་སོགས་མི་འབྱུང་ངོ༌། །ཕུང་པོ་མེད་ན་ཡེ་ཤེས་ཆེ། །རྣལ་འབྱོར་པ་ཡིས་འཐོབ་མི་འགྱུར། །ཞེས་དང༌། ཏི་རས་པའི་བཀའ་བཞིའི་གདམས་པ་ལས། རྩ་ཡི་བཞི་ནི། རྩ་ཡི་ངོ་བོ་ངོས་བཟུང་བ་དང༌། རྩ་ཡི་དབྱེ་བསྡུ་དང༌། རྩ་ཡི་ལམ་དང༌། འབྲས་བུའོ། །རྩ་ཡི་ངོ་བོ་ལ་གསུམ། ཕོ་རྩ། མོ་རྩ། མ་ནིང་གི་རྩའོ། །ཕོ་རྩ་ནི་མི་གཞོན་པའོ། །མོ་རྩ་ནི་གཞོན་པའོ། །མ་ནིང་གི་རྩ་ནི་དེ་གཉིས་ཀྱི་བར་མའོ། །ཡང་ན་རྩ་ནི་མི་འདུག་པའི་ཁང་པ་དང་འདྲ་སྟེ། ཡི་གེ་དང་རླུང་དང་ཐིག་ལེ་གཞིའི་གནས་ས་ཡིན་པའི་ཕྱིར་རོ། །རྩ་ནི་ལུས་ཀྱི་གནས་ལུགས་སོ། །ཞེས་པས། དང་པོ་ལྟེ་བའི་རྩ་མདུད་ཆགས་པས་ལུས་རིལ་པོ་རྩ་ལས་གྲུབ་པའོ། །རྩ་ཡི་དབྱེ་བསྡུ་ལ་གཉིས། ཕྱེ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། བསྡུ་ན་དགུ་སྟེ་རྩ་གསུམ་འཁོར་ལོ་བཞིའམ་དྲུག །རོ་མ་རྐྱང་མ་ཨ་བ་དྷུ་ཏིའོ། །་གསང་གནས་བདེ་སྐྱོང་གི་རྩ་གསུམ་འདབ་མ་སུམ་ཅུ་རྩ་གཉིས། ལྟེ་བ་སྤྲུལ་པའི་རྩ་གསུམ་འདབ་མ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་རྩ་གསུམ་ན་འདབ་མ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་རྩ་གསུམ་འདབ་མ་བཅུ་དྲུག །སྨིན་མཚམས་མཛོད་སྤུའི་རྩ་གསུམ་འདབ་མ་སུམ་ཅུ་རྩ་གཉིས། སྤྱི་བོ་བདེ་ཆེན་གྱི་རྩ་གསུམ་འདབ་མ་སུམ་ཅུ་རྩ་གཉིས། གཡས་རོ་མ། གཡོན་རྐྱང་མ། དབུས་ཀུན་འདར་མ་ནི་ཡར་སྣ་ཚངས་པའི་བུ་གར་ཧཾ་ལ་ཟུག །མར་སྣ་གསང་བའི་རྡོ་རྗེར་ཟུག །གཡས་གཡོན་གཉིས་པོ་ཀླད་པའི་སྟེང་ནས་སྣ་བུག་གཉིས་ལ་ཟུག །མར་སྣ་ཨ་བ་དྷཱུ་ཏིར་ཉ་མ་ཁ་ལྟར་ཚུད། སྦོམ་ཕྲ་མདའ་སྨྱུག་ཙམ་མམ། གྲོ་སོག་ཙམ་མམ། བཤད་ཚོད་དྷཱུ་ཏི་དང་རང་བཞིན་གཉུག་མ་གཉིས་སུ་འདུས་སོ། །ཞེས་གསུངས་པ་སྟེ་རྩ་དངོས་པོའི་གནས་ལུགས་མདོར་བསྟན་པའོ། །གཉིས་པ་ནི། དཔལ་རྡོ་རྗེ་ཕྲེང་བའི་ལེའུ་བཅུ་དྲུག་པ་

p. 395

ལས། སྲོག་གི་ཐམས་ཅད་བདག་ཉིད་གནས། །གང་གི་ཡང་དག་ཡོངས་སུ་ཤེས། །རྣལ་འབྱོར་མཆོག་ནི་ཐོབ་པར་བྱེད། །རླུང་གི་མཚན་ཉིད་མི་ཤེས་པ། །འཇིག་རྟེན་གསུམ་དུ་རྣམ་པར་འཁོར། །ཞེས་དང༌། དཔལ་སྡོམ་པ་འབྱུང་བ་ལས་ཀྱང༌། སེམས་ཅན་རྣམས་ནི་སྲོག་གྱུར་པ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །འདི་ལ་རྣམ་ཤེས་བཞོན་པ་སྟེ། །སངས་རྒྱས་གོ་འཕང་འཐོབ་བྱེད་པ། །བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། །ཞེས་གསུངས་པ་ལྟར། རྗེ་རང་བྱུང་རྡོ་རྗེའི་ཞལ་ནས། གཡོ་བ་རླུང་གི་གནས་ལུགས་ནི། རླུང་ལ་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་སྣར་རྒྱུ་བ་བཤད་པའོ། །དང་པོ་ནི། རྣམ་པར་ཤེས་པ་དང་ནམ་མཁའི་ཁམས་ཡེ་ཤེས་དང་བཅས་པ། རྩ་དབུ་མར་བཤད་པ། ཐིག་ལེ་ཨ་དུས་མེ་ཧཾ་སྒྲ། གིས་བསྟན་པ། སྲོག་གི་རླུང་སྟེ་དབུས་ཀྱི་རླུང་ངོ༌། །དེ་ལ་སྟེང་དུ་འགྲོ་བཤད་དོ། །ཐུར་སེལ་ནི། ཨ་ཐུང་ནས་འོག་ཏུ་འགྲོ་ཞིང་དྲི་ཆུ་དང་ཁུ་བ་འབྱིན་སྡོམ་བྱེད་དེ་སའི་ཁམས་ཀྱི་རང་བཞིན་ནོ། །མཉམ་གནས་ནི། མདུན་གྱི་ཕྱོགས་སུ་རྒྱུ་བ་སྣར་མའི་རྩ་ལས་རྒྱུ་ནས་ཕོ་བར་མེ་མཉམ་དུ་གྱུར་ཏེ་ཁམས་དྭངས་སྙིགས་ཐམས་ཅད་དུ་ཁྱབ་པར་བྱེད་དེ་འདི་ནི་མེའི་རླུང་ངོ༌། །གྱེན་དུ་རྒྱུ་བ་ནི། ཤར་ཕྱོགས་མཚམས་ནས་བྱུང་ཞིང་གཡས་ཀྱི་ཕྱོགས་ནས་གླང་པོའི་རྩ་ལ་རྒྱུ་སྟེ་སྨྲ་བརྗོད་ཀྱི་ལས་བྱེད་ཅིང་གྲེ་བའི་གནས་ནས་འབྱུང་བ་རླུང་གི་རླུང་ངོ༌། །ཁྱབ་བྱེད་ནི་ལྷོ་སྟེ། གཡས་རོ་མ་དང་འབྲེལ་བ་ལུས་ལ་ཐམས་ཅད་དུ་ཁྱབ་པ་ཆུའི་རླུང་ངོ༌། །ཡན་ལག་གི་རླུང་ལྔ་ལས། ཀླུ་ནི་ལྷོ་ནུབ་སྟེ་རྒྱལ་གྱི་རྩ་ལས་བྱུང་ནས་ལུས་འགྲེང་བ་ལ་སོགས་པ་བྱེད་དེ་ནམ་མཁའ་འོ། །རུས་སྦལ་ནི་རྒྱབ་ཏུ་སྟེ། རྒྱབ་ཀྱི་རྩ་ལས་བྱུང་ནས་རྐང་ལག་བསྐུམ་པ་སོགས་བྱེད་དེ་རླུང་གི་རླུང་ངོ༌། །རྩང་པ་ནི་ནུབ་བྱང་སྟེ། གཡོན་དུ་ཉེ་བར་བྱེད་ནས་ཁྲོ་བ་ལ་སོགས་པ་སྐྱེ་བར་བྱེད་དེ་

p. 396

མེའི་རླུང་ངོ༌། །ལྷས་སྦྱིན་ནི་གཡོན་ནས་བྱུང་ནས། རྐྱང་མར་འབྲེལ་ཞིང་གླལ་བ་ལ་སོགས་པ་བྱེད་དེ་ཆུའི་རླུང་ངོ༌། །ནོར་ལས་རྒྱལ་ནི་བྱང་ཤར་ཏེ་ཤི་བའི་ལུས་ལ་ཞག་གཅིག་མི་གཏོང་བར་བྱེད་པའི་རླུང་ངོ༌། །འདི་ནི་སྙིང་གའི་འཁོར་ལོ་སྟེ། རླུང་ཐམས་ཅད་ཀྱི་འབྱུང་བའི་རྩ་བ་མངལ་དུ་ཟླ་བ་གཅིག་ནས་འབྱུང་སྟེ། ཡན་ལག་གི་རླུང་འདི་རྣམས་རྒྱུད་གཞན་ནས་རྒྱུ་བས་མིག་གིས་གཟུགས་མཐོང་བའི་བདག་རྐྱེན་བྱེད། རབ་ཏུ་རྒྱུ་བས་སྒྲ། མངོན་པར་རྒྱུ་བས་དྲི། ཤིན་ཏུ་རྒྱུ་བས་རོ། ཡང་དག་པར་རྒྱུ་བས་རེག་བྱ་མྱོང་བའི་བདག་རྐྱེན་བྱེད་ཅེས་ཀྱང་བཤད་དོ། །སྣར་རྒྱུ་བ་ནི། ལྟེ་བའི་འཁོར་ལོ་ལས་ལུས་ཐམས་ཅད་དུ་ཁྱབ་པར་བྱེད་པའི་རྩ་དྲུག་ཅུ་རྩ་བཞི་པོ་རྣམས་ལྔ་ཚན་བཅུ་གཉིས་བཞིར་གྱུར་པ་རོ་རྐྱང་དུ་འབྲེལ་ཞིང་། རྩ་གསུམ་འདུས་པར་དབུ་མར་འབྲེལ་ནས་སྲོག་གི་ཆ་དང་བཅས་ཏེ་གཡས་པའི་ཆ་ལས་ས་ཆུ་མེ་རླུང་ནམ་མཁའ་དང༌། གཡོན་ནས་ནམ་མཁའ་རླུང་མེ་ཆུ་དང་སའི་རང་བཞིན་རྒྱུའོ། །ཁ་ཅིག་ལག་གཡས་གཡོན་འཕོ་བ་བཅུ་གཉིས། འཕོ་བ་རེ་ལ་དཀྱིལ་འཁོར་ལྔ་ལྔ་ཡོད་པས་དྲུག་ཅུ། དཀྱིལ་འཁོར་གཅིག་ལ་དབུགས་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང༌། བཅུ་གཅིག་དང་གཞི་ཆ་དབུ་མའི་རླུང་ཡིན་པས་འདི་ལ་ཡེ་ཤེས་ཀྱི་རླུང་ཞེས་ཟེར། ཁ་ཅིག་འཕོ་མཚམས་ནས་རྒྱུ་ཟེར་ཏེ། དབུགས་ཀྱི་སོ་གཉིས་ཕྱེད་དང་བཅས་པ་གཅིག་གི་ཆ་ཤས་ཡིན། དེ་སྣ་གཡོན་ཟླ་བ། གཡས་ཉི་མ། སྐྱེ་སྡུད་ཀྱི་རིམ་པས་དོན་ལ་ཡེ་ཤེས་ཀྱི་རླུང་གི་ཕྱེད་ནང་འཕེལ་ཞིང་ཕྱེད་ཕྱིར་འདོར་བར་བྱེད་པས་འཆི་ལྟས་ལ་སོགས་པ་འཆར་བར་བྱེད་དོ། །མདོར་ན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་སྟེ། ཕྱི་རོལ་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འོང་ཡང༌། ཉི་ཟླས་རྒྱུ་སྐར་གྱི་དཀྱིལ་

p. 397

འཁོར་མི་འཁོར་བར་རྐང་པ་འཕེལ་བའི་ཆ་ཞག་དྲུག་དང་། ཞག་གི་བརྒྱད་ཆ་གཅིག་གི་རྩིས་ཐམས་ཅད་རྣམ་པར་དག་འགྲོ་སྟེ། འགྲིབས་པའི་ཆ་དང་བཅས་པ་འཇིག་རྟེན་པའི་སྣང་བ་ལ་ཞག་བཅུ་གཅིག་དང་བཞི་ཆ་ལ་ལོ་གཅིག་ལ་ལྷག་པར་སྣང་བས། ཟླ་བ་སུམ་ཅུ་པོ་ཕྱེད་དང་གསུམ་ན་ཟླ་ལྷག་འབྱུང་ཞེས་འདོགས་ཏེ་ཕྱི་ནང་གཅིག་པའི་རྟེན་འབྲེལ་ཡིན་ནོ། །འདི་ལྟར་ཕྱི་ནང་སྦྱར་ན་གསལ་མོད་ཀྱི། རྣམ་པར་སྤྲོས་པས་ཆོག་གོ །ཞེས་གསུངས་པ་དང༌། འགྲོ་མགོན་ཏི་རས་ཀྱི་ཞལ་ནས། རླུང་གི་གཞི་ནི་ངོ་བོ་ངོས་བཟུང་བ་དང༌། དབྱེ་བསྡུ་དང༌། རླུང་གི་ལམ་དང༌། འབྲས་བུའོ། །རླུང་གི་ངོ་བོ་ལ་གསུམ། ཕོ་རླུང༌། མོ་རླུང༌། མ་ནིང་གི་རླུང༌། ཕོ་རླུང་ནི་རྩུབ་ཅིང་དྲག་ལ་དྲང་མི་བདེ་བའོ། །མོ་རླུང་ནི་འཇམ་ཞིང་དལ་ལ་དྲང་བདེ་བའོ། མ་ནིང་གི་རླུང་ནི་སྣོད་ཀྱི་ཁ་བསྒྱུར་བའོ། །རླུང་གི་དབྱེ་བསྡུ་ནི་གཉིས། ཕྱེ་ན་འབྱུང་བ་ལྔའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཡང་ན་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔའོ། །བསྡུ་ན་གསུམ་སྟེ་ཟག་བཅས་ཀྱི་རླུང་དང༌། ཟག་མེད་ཀྱི་རླུང་དང༌། ཡེ་ཤེས་ཀྱི་རླུང་ངོ༌། །འབྱུང་བ་ལྔ་ཡི་རླུང་ནི། ཐོ་རངས་ཆུ་ཡི་རླུང་ཁ་དོག་དཀར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། སྔ་དྲོ་རླུང་གི་རླུང་ལྗང་སེར་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། ཕྱི་དྲོ་ས་ཡི་རླུང་སེར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། སྲོད་ལ་མེ་རླུང་ཁ་དོག་དམར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། དེ་ནས་ལྟེ་བ་འབྱུང་བ་བཞི་ཡི་རླུང་དགུ་བརྒྱ་ཕྲག་བཞི་བརྒྱུས་ནས། ཉིན་ཞག་ཕྲུག་གཅིག་ལ་རླུང་བརྒྱ་ཕྲག་ཉི་ཤུ་རྩ་བཞི་རྒྱུའོ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཡང་ན་ཐོ་རངས་ཞི་བའི་དུས་ཆུ་རླུང་དཀར་པོ། སྔ་དྲོ་རྒྱས་པའི་དུས་ས་རླུང་སེར་པོ། ཕྱི་དྲོ་དབང་གི་དུས་མེ་རླུང་དམར་པོ། སྲོད་ལ་རླུང་གི་རླུང་ལྗང་གུ། འབྱུང་བ་བཞིའི་རླུང་དུས་མཉམ་དུ་བྱུང་བ་ནི། ནམ་མཁའི་རླུང་ཁ་

p. 398

དོག་སྔོན་པོ། ལྟེ་བར་མེའི་རླུང༌། སྙིང་ཁར་ཆུ་ཡི་རླུང༌། མགྲིན་པར་སའི་རླུང༌། སྤྱི་བོར་རླུང་གི་རླུང༌། ནམ་མཁའི་རླུང་ཁ་དོག་སྔོན་པོ་རྩ་དབུ་མར་གནས། རྩ་བའི་རླུང་ལྔ་ནི། ཐུར་དུ་སེལ་བ་ལྒང་པའམ་གཤང་ལམ་དུ་གནས། ལས་འོག་སྒོའི་ལས་བྱེད། མེ་མཉམ་པའི་རླུང་ལྟེ་བར་གནས། ལས་ལུས་ཀྱི་དྲོད་སྐྱེད་པར་བྱེད། སྲོག་འཛིན་པར་བྱེད་པའི་རླུང་སྙིང་ཁར་གནས། ལས་རླུང་སེམས་མི་འབྲལ་བར་བྱེད། གྱེན་དུ་རྒྱུ་བའི་རླུང་མགྲིན་པར་གནས། ལས་ངག་གི་ལས་བྱེད། ཁྱབ་བྱེད་ཀྱི་རླུང་སྤྱི་བོའི་ཚིགས་དང་བ་སྤུའི་བུ་ག་ལ་གནས། ལས་ནི་ལུས་ཀྱི་རྐང་ལག་བརྐྱང་བསྐུམ་ལ་སོགས་པ་བྱེད། ཡན་ལག་གི་རླུང་ལྔ་ལས། རྒྱུ་བ་ནི་མིག་གཉིས་ལ་གནས། ལས་ནི་གཟུགས་རབ་འབྲིང་གསུམ་འཇལ་བར་བྱེད། རབ་ཏུ་རྒྱུ་བ་ནི་རྣ་བ་གཉིས་ལ་གནས། ལས་ནི་སྒྲ་རབ་འབྲིང་གསུམ་འཇལ་བར་བྱེད། མངོན་པར་རྒྱུ་བ་ནི་སྣ་གཉིས་ལ་གནས། ལས་ནི་དྲི་རབ་འབྲིང་གསུམ་འཇལ་བར་བྱེད། ཤིན་ཏུ་རྒྱུ་བ་ནི་ལྕེ་ལ་གནས། ལས་ནི་རོ་རབ་འབྲིང་གསུམ་འཇལ་བར་བྱེད། ཡང་དག་པར་རྒྱུ་བ་ནི་པགས་པ་དང༌། རྩ་དང་བ་སྤུའི་བར་ལ་གནས། ལས་ནི་ལུས་ཀྱི་རེག་བྱ་རབ་འབྲིང་གསུམ་ལ་སོགས་པ་འཇལ་བར་བྱེད། ཟག་བཅས་ཀྱི་རླུང་ནི། ལུས་ངག་ཡིད་གསུམ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ཟག་པ་དང་བཅས་པའི་ལས་ཀུན་བྱེད། ཟག་པ་མེད་པའི་རླུང་ནི། ཟག་བཅས་ཀྱི་རླུང་ཤ་ཤའོ་ཞི་ནས་ཟག་པ་མེད་པའི་རླུང་ཞི་བར་གནས་པས་དགེ་བའི་ལས་བྱེད། ཡེ་ཤེས་ཀྱི་རླུང་ནི་རླུང་རྒྱུ་བ་མི་འགག་པར་ཡེ་ཤེས་ཀྱི་ལས་ཐམས་ཅད་འགྲུབ་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ནང་ན་ཡང༌། ལུས་ངག་ཡིད་གསུམ་གྱི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བའོ། །ཞེས་པས་ཡེ་ཤེས་ཀྱི་རླུང་སྔོན་དུ་འགྲོ་བ་ཡིན། ཞེས་གསུངས་

p. 399

པ་ལྟར་རླུང་དངོས་པོའི་གནས་ལུགས་སོ། །གསུམ་པ་ནི། དཔལ་ཀྱཻ་རྡོ་རྗེ་ལས། ཀུན་རྫོབ་ལས་ཀུན་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་རྟེན་དཀར་ཆ་ལ་ཀུན་རྫོབ་དང༌། བརྟེན་པ་བདེ་ཆེན་ལ་དོན་དམ་དུ་གསུངས་པ་ལས། ཀུན་ད་བྱང་ཆུབ་ཀྱི་སེམས་ནི། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལྟ་བུ་ཀུན་རྫོབ་པ་ཡིན་ལ། དེའི་གར་ནི་རྩལ་སྦྱང་བའི་དོན་ཏེ། འདིས་དངོས་སུ་ཞུ་བདེ་བ་དང༌། རྒྱུད་ནས་དོན་དམ་ལྷན་སྐྱེས་མངོན་དུ་བྱེད་པའི་ཐབས་སུ་འགྱུར་རོ། །ཞེས་དགོངས་པའོ། །དཔལ་རྡོ་རྗེ་ཕྲེང་བ་ལས། རྫས་དང་སྔགས་དང་དེ་བཞིན་རླུང༌། །ཐིག་ལེ་གསུམ་ནི་བསྒོམས་པ་ན། །རྣལ་འབྱོར་པ་གཅིག་ཉིད་དམ་ནི། །ཡང་ན་རྣལ་འབྱོར་སོ་སོར་བསྒོམ། །དེ་ལ་ཐེ་ཚོམ་ཀུན་གཅོད་གཙོ། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །ཡུན་རིང་ཆགས་ཆེན་དབང་སོང་བས། །སྲིད་པ་གསུམ་དུ་སྐྱོ་བ་རྣམས། །དེ་དག་གྲོལ་བའི་དོན་དུ་ནི། །རྫས་ཀྱི་ཐིག་ལེ་གསུངས་པ་ཡིན། །ཞེ་སྡང་ཆེན་པོ་དབང་སོང་བ། །མི་གང་མི་བསྲུན་པ་ཡི་ལུས། །དེ་རྣམས་མྱུར་དུ་གྲོལ་དོན་དུ། །སྔགས་ཀྱི་ཐིག་ལེ་གསུངས་པ་ཡིན། །གཏི་མུག་ཆེན་པོའི་ཀུན་ནས་འཁྲུལ། །སྲིད་པའི་རྒྱ་མཚོ་ལས་སྐྱོ་གང༌། །དེ་དག་དངོས་གྲུབ་བརྒྱད་འབྲས་བུ། །ཐོབ་ཕྱིར་ཡེ་ཤེས་རྒྱ་མཚོ་ཆེ། །རླུང་གི་ཐིག་ལེར་གསུངས་པ་ཡིན། །ཞེས་ཐིག་ལེ་རྣམ་པ་གསུམ་དུ་བཤད་པ་དང༌། རིན་པོ་ཆེ་ཀརྨ་པའི་ཞལ་ནས། གསུམ་པ་ཐིག་ལེའི་གནད་ནི། ཐོག་མར་དཀར་དམར་གཉིས་ལས། དྭངས་སྙིགས་གཉིས་སུ་འགྱུར་ཏེ། སྤྱི་བོ་ན་དཀར་ཆ་ཧཾ་གི་རང་བཞིན་དང༌། ལྟེ་བ་ན་དམར་ཆ་ཨ་ཐུང་ངུའི་རང་བཞིན་དྭངས་མ་སྟེ་དབུ་མའི་ཆ་ལ་བརྟེན་པ་ལུས་ཅན་རྣམས་འཆི་བའི་ཚེ་དཀར་བ་འོག་དང་དམར་བ་གྱེན་དུ་འཕོ་བར་བྱེད་ཅིང་རྣམ་པར་ཤེས་པའི་རྟེན་བྱེད་པ་སྟེ། དང་པོའི་

p. 400

སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་ཏེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་སོ། །དེ་ལས་གཞན་ཡང་དཀར་དམར་ལ་དྭངས་སྙིགས་སུ་འགྱུར་ཏེ། མངལ་དུ་ནི་མའི་རྩ་དང་འབྲེལ་བས་སྐྱེད་ཅིང་བཙས་པ་ནས་བཟའ་བཏུང་རྣམས་ཕོ་བར་མེ་མཉམ་གྱི་རླུང་དང་དྲོད་ཀྱིས་མྱག་པ་དང༌། མདོག་འགྱུར་བ་དང༌། དྭངས་སྙིགས་འབྱེད་དེ། སྨན་གྱི་བསྟན་བཅོས་ལས། བད་ཀན་མྱག་བྱེད། མཁྲིས་པ་མདོག་འགྱུར། རླུང་མེ་མཉམ་ཞེས་བཤད་དོ། །དྭངས་མ་ནི་མཆིན་པར་ཁྲག་ཏུ་འགྱུར། དེ་རྩ་ལ་བརྒྱུད་ནས་ཤ །དེ་ཚིལ། དེ་རུས་པ། དེ་རྐང༌། དེ་བྱང་ཆུབ་སེམས། དེ་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་པ་བཞིན། དྲི་ཆེན་དང༌། དྲི་ཆུ་དང༌། མཁྲིས་པ་དང༌། པགས་པ་དང༌། རྨེན་བུ་དང༌། སོ་སེན་དང༌། སྦུགས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང༌། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་ཀྱང་བཤད་ཅིང༌། རྣམ་དབྱེ་ནི། སམྦུ་ཊི་ལས། མི་ཕྱེད་པུལླཱི་ར་མ་ཎས། །སོ་དང་སེན་མོ་འབབ་པར་གནས། །སྤྱི་གཙུག་ཛཱ་ལནྡྷ་ར་སྟེ། །སྐྲ་དང་སྤུ་ནི་འབབ་པར་གནས། །ཨུ་རྒྱན་རྣ་བ་གཡས་པའི་རྩ། །པགས་པ་དང་ནི་རྒྱུ་མ་འབབ། །ལྟག་པར་ཨར་བུ་ཏ་ཡིན་ཏེ། །ཤ་ནི་ཡང་དག་འབབ་པའི་རྩ། །གོ་དཱ་བ་རཱི་རྣ་བ་གཡོན། །རྒྱུས་པ་ཡང་དག་འབབ་པའི་རྩ། །སྨིན་དབུས་རཱ་མེ་ཤྭ་ར་སྟེ། །རྟག་ཏུ་རུས་པ་འབབ་པའོ། །མིག་ནི་དེ་ཝི་ཀོ་ཊི་སྟེ། །མཆིན་པ་འབབ་པའི་རྩ་གནས་སོ། །མ་ལ་ཝ་ནི་དཔུང་པ་ཉིད། །སྙིགས་འབབ་པ་ནི་རྩ་གནས་སོ། །མཆན་ཁུང་ཀཱ་མ་རཱུ་པ་སྟེ། །རྟག་ཏུ་མིག་ནི་འབབ་པའོ། །ནུ་མ་གཉིས་ནི་ཨོ་ཌི་སྟེ། །རྟག་ཏུ་མཁྲིས་པ་འབབ་པའི་རྩ། །ཏྲི་ཤ་ཀུ་ནི་ལྟེ་བ་སྟེ། །རྩ་ནི་གློ་བར་འབབ་པར་གནས། །སྣ་རྩེ་ཀོ་ས་ལ་

p. 401

ཡིན་ཏེ། །རྒྱུ་མའི་ཕྲེང་བ་འབབ་པར་གནས། །ཁ་ནི་ཀཱ་ལིང་ཀ་ཡིན་ཏེ། །རྟག་ཏུ་གཉེ་མར་འབབ་པས་གནས། །མགྲིན་པ་ལམྤ་ཀ་ཡིན་ཏེ། །རྟག་ཏུ་ལྟེ་བ་འབབ་པའི་གནས། །འདི་རྣམས་ནི་གཡོན་རྐྱང་མ་ལས་གྱེས་པ་རྣམས་སོ། །དེ་བཞིན་དུ་རོ་མ་ལས་བྱུང་བ་ནི། ཀཱཉྩི་སྙིང་གའི་རྩ་ཡིན་ཏེ། །གཤང་བ་འབབ་པའི་རྩ་གནས་སོ། །འདོམས་བར་ཧི་མ་ལ་ཡ་སྟེ། །མཚོག་མའི་མཚམས་ནས་འབབ་པའི་རྩ། །པྲེ་ཏ་པུ་རི་མཚན་མ་སྟེ། །བད་ཀན་འབབ་པའི་རྩ་ཡིན་ནོ། །གྲི་ཧ་དེ་བ་གཤང་ལམ་སྟེ། །རྟག་ཏུ་རྣག་ནི་འབབ་པའོ། །བརླ་གཉིས་སཽ་རཱཥྚ་ཡིན་ཏེ། །རྟག་ཏུ་ཁྲག་ནི་འབབ་པའོ། །བྱིན་པ་གཉིས་ནི་གསེར་གླིང་གནས། །རྔུལ་འབབ་པ་ཡི་རྩ་ཡིན་ནོ། །རྐང་པའི་སོར་མོ་ན་ག་ར། །རྟག་ཏུ་ཚིལ་འབབ་རྩར་ཤེས་བྱ། །རྐང་པའི་བོལ་ནི་སིནྡྷུ་སྟེ། །མཆིལ་མ་འབབ་པའི་གཟུགས་ཅན་མ། །མ་རུ་དྷེ་ཤ་མཐེ་བོང་སྟེ། །རྟག་ཏུ་མཆི་མ་འབབ་པར་གནས། །ཀུ་ལུ་ཏ་ནི་པུས་མོ་སྟེ། །རྟག་ཏུ་སྣ་ཆུ་འབབ་པའི་གནས། །ཞེས་ཕྱི་རོལ་དུ་གནས་ཉི་ཤུ་རྩ་བཞི། ནང་དུ་ཉི་ཤུ་རྩ་བཞིར་ཁམས་ཉི་ཤུ་རྩ་བཞི་འབབ་པའོ། །དེ་ལས་གཞན་ནི། འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་སྔར་བཤད་པའི་ཡན་ལག་གི་རླུང་རྒྱུ་བའི་རྩ་གནས་སོ། །རོ་མ་དང་རྐྱང་མ་ཨ་ཝ་དྷཱུ་ཏིའི་བྱེད་ལས་ཀྱང༌། འབུམ་ལྔ་ལས། དེ་ནས་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་ནང་ན་གནས། །གཤང་བ་ལྕི་བ་ཁུ་བ་རྒྱུ། །ཞེས་བཤད་པས་རྩ་གསུམ་འདུས་པ་ནས་གྱེན་དུ་རླུང་རྒྱུ་ལ། ཐུར་དུ་དྭངས་སྙིགས་རྒྱུ་བར་གསུངས་སོ། །དེ་ལྟར་རྩ་གསུམ་གསུམ་བཅས་སུམ་ཅུ་སོ་གཉིས་ཏེ་རྣལ་འབྱོར་མ་

p. 402

རྒྱུད་ལས་གྲགས་སོ། །དེའི་སྟེང་རྩ་བའི་རླུང་ལྔ་རྒྱུ་བའི་རྩ་སྲོག་དཔྱད་ཆེན་མོ་མ་གཏོགས་པ་བཞི་བསྣན་ན་སུམ་ཅུ་སོ་དྲུག་སྟེ། ཐབས་ཀྱི་རྒྱུད་ལས་གསལ་བར་བསྟན་པས། རིགས་སུམ་ཅུ་སོ་དྲུག་ཏུ་འགྱུར་རོ། །ཞེས་གསུངས་སོ། །རྗེ་ཏི་རས་ཀྱིས། ཐིག་ལེའི་བཞི་ནི། ངོ་བོ་ངོས་བཟུང་བ་དང༌། ཐིག་ལེའི་དབྱེ་བསྡུ་དང༌། ལམ་དང་། འབྲས་བུའོ། །ངོ་བོ་ལ་གསུམ་སྟེ། ཕོ་བདེ། མོ་བདེ། མ་ནིང་གི་བདེ་བའོ། །ཕོ་བདེ་ནི། མི་རྟོག་པ་ཤས་ཆུང་ལ་བདེ་བ་ཤས་ཆེ་བའོ། །མོ་བདེ་ནི། བདེ་བ་ཤས་ཆུང་ལ་མི་རྟོག་པ་ཤས་ཆེ་བའོ། །མ་ནིང་གི་བདེ་བ་ནི། བདེ་བ་དང་མི་རྟོག་པ་སྙོམས་པར་སྐྱེ་བའོ། །ཐིག་ལེའི་དབྱེ་བསྡུ་ལ་དྭངས་སྙིགས་གཉིས་ཏེ། དྭངས་མ་ནི་མི་ཤིགས་པའི་ཐིག་ལེ་དང༌ཀུན་དའི་དྭངས་མའི་དྭངས་མའོ། །སྙིགས་མ་ནི་ཀུན་ད་དང་བུ་ག་དགུ་ནས་འབབ་པའི་སྙིགས་མ་རྣམས་སོ། །ཀུན་ད་ལ་བྱང་སེམས་དཀར་དམར་གཉིས། མི་བསྐྱོད་པ་དང་གསུམ། དམར་པོ་གཡས་རོ་མ་ལ་གནས། བུད་མེད་ལ་རྩ་མདུད་མེད། སྐྱེས་པ་ལ་རྩ་མདུད་ཀྱིས་བཀབ་ནས་ཡོད། དཀར་པོ་དབུ་མ་ན་གནས། བུད་མེད་ལ་རྩ་མདུད་ཀྱིས་བཅད། སྐྱེས་པ་ལ་རྩ་མདུད་མེད། མི་བསྐྱོད་པ་ནི་རྐྱང་མར་གནས་པས་གང་ལ་ཡང་རྩ་མདུད་མེད་པའོ། །ཞེས་སོགས་གསུངས་པ་བཞིན་ཁམས་དཀར་དམར་བྱང་ཆུབ་སེམས་ཀྱི་གནས་ལུགས་ཅུང་ཟད་བསྟན་པའོ། །བཞི་པ་ནི། ཡི་གེའི་གནས་ལུགས་ཀྱི་བཞི་ནི། ཡི་གེའི་ངོ་བོ་ངོས་བཟུང་བ་དང༌། ཡི་གེའི་དབྱེ་བསྡུ་དང༌། ཡི་གེའི་ལམ་དང༌། ཡི་གེའི་འབྲས་བུའོ། །ཡི་གེའི་ངོ་བོ་ལ་གསུམ། ཐབས་ཀྱི་ཡི་གེ །ཤེས་རབ་ཀྱི་ཡི་གེ །ཐབས་ཤེས་རབ་གཉིས་སུ་མེད་པའོ། །སྤྱི་བོའི་ཧཾ་ཐབས། ལྟེ་བའི་ཨ་ཤེས་རབ། དེ་གཉིས་སྦྱར་བ་གཅིག་ཏུ་འབོད་པ་ཨ་ཧཾ། ཞེས་པ་ནི་ཐབས་ཤེས་རབ་གཉིས་སུ་མེད་པའོ། །ཡི་གེའི་དབྱེ་བསྡུ་གཉིས། ཕྱེ་ན་རྩ་

p. 403

སྟོང་ཕྲག་བདུན་ཅུ་རྩ་གཉིས་ན་དྭངས་མའི་རླུང་གི་ཡི་གེ་བདུན་ཅུ་རྩ་གཉིས། བསྡུ་ན་འཁོར་ལོའི་དབུས་ཀྱི་ཡི་གེ་དང༌། ཨཱ་ལི་ཀཱ་ལི་དང༌། འཁོར་འདས་གཉིས་ཀྱི་ཡི་གེ་དང༌། འཁོར་འདས་གཉིས་མེད་ཀྱི་ཡི་གེར་འདུས། ཙཀྲ་ནི་རྩ་ཨ་བ་དྷཱུ་ཏིའི་མར་སྣ་ཨ་ཐུང་དང༌། ལྟེ་བར་ཨ། སྙིང་གར་ཧཱུྃ། མགྲིན་པར་ༀ། སྤྱི་བོར་ཧཾ། ཨཱ་ལི་ཀཱ་ལི་ནི་ཨཱ་ལི་ལ་གཅིག །ཀཱ་ལི་ལ་བདུན་སྟེ་སྡེ་ཚན་བརྒྱད། ལྟེ་བར་ཀཱ་ལི་ཉིས་འགྱུར་དང༌། མ་ནིང་གི་ཡི་གེའམ། ཨ་ཀ་ཏ་པ་མ་ལ་སོགས་པ་གནས། །སྙིང་ཁར་ཡང་ནི་སྔ་མ་བརྒྱད། །མགྲིན་པར་ཨཱ་ལི་བཅུ་དྲུག་དང༌། །སྤྱི་བོར་ཨཱ་ལི་གཉིས་འགྱུར་གནས། །ལྟེ་བའི་འཁོར་ལོའི་ནང་བསྐོར་དུ། །རིགས་དྲུག་འཁོར་བའི་ཡི་གེ་གནས། །དེའི་སྟེང་དུ་མྱང་འདས་རིགས་ལྔའི་ཡི་གེ་གནས། །དེ་གཉིས་སུ་མེད་པ་འཁོར་འདས་གཉིས་མེད་ཡིན། །སྣང་སྲིད་འཁོར་འདས་གཉིས་ཀྱི་ཆོས་རྣམས་ལ། །ཡི་གེ་མེད་པ་གཅིག་ཀྱང་མེད། །ཕྱེ་ན་ཡི་གེ་གྲངས་ལས་འདས། །བསྡུ་ན་ཡི་གེ་ཨ་རུ་འདུས། །ཨ་ནི་དོན་དམ་སྐྱེ་མེད་ཡིན། །ཞེས་གསུངས་སོ། །གཉིས་པ་སེམས་དངོས་པོའི་གནས་ལུགས་ལ། ཧེ་བཛྲ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་དང༌། བསྟན་བཅོས་ཐར་པ་རིན་པོ་ཆེའི་རྒྱན་ལས་ཀྱང༌། རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །ཞེས་པ་ལ། འོ་ན་འཁོར་བ་འཁྲུལ་བའི་རང་བཞིན་འདི་ལས་གྲོལ་ནས། བླ་མེད་ཀྱི་བྱང་ཆུབ་འཐོབ་དགོས་པ་དེ། བདག་ཅག་ལ་སོགས་པ་གང་ཟག་དམན་པ་དག་གིས་འབད་པ་བྱས་ཀྱང་འཐོབ་པར་འགྱུར་རམ་སྙམ་ན། འབད་པས་བསྒྲུབས་ན་བྱང་ཆུབ་ཅིས་མི་ཐོབ་སྟེ། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་

p. 404

རོ། །དེ་ལྟར་ཡང་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་སོ། །མདོ་མྱ་ངན་འདས་ཆུང་ལས་ཀྱང༌། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང༌། མདོ་མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང༌། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་སོ། །ཞེས་དང༌། མདོ་སྡེ་རྒྱན་ལས་ཀྱང༌། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །འོ་ན་རྒྱུ་མཚན་ཅིའི་ཕྱིར་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཞེ་ན། ཆོས་སྐུ་སྟོང་ཉིད་ཀྱིས་སེམས་ཅན་ལ་ཁྱབ་པའི་ཕྱིར་དང༌། ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ལ་རིགས་ཡོད་པའི་ཕྱིར་ཏེ། དེས་ན་རྒྱུ་མཚན་གསུམ་ཡོད་པས། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེ་ལྟར་ཡང་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །དེ་ལ་དང་པོ་ཆོས་སྐུ་སྟོང་ཉིད་ཀྱིས་སེམས་ཅན་ལ་ཁྱབ་པ་ཞེས་པ་ནི། སངས་རྒྱས་ནི་ཆོས་སྐུ་ཡིན་ལ། ཆོས་སྐུ་ནི་སྟོང་ཉིད་ཡིན་ཏེ། སྟོང་ཉིད་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའོ། །ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་མེད་པ་ཞེས་པ་ནི། སངས་རྒྱས་ཀྱི་དེ་བཞིན་ཉིད་དང༌། སེམས་ཅན་གྱི་དེ་བཞིན་ཉིད་ལ་བཟང་ངན་ནམ། ཆེ་ཆུང་ངམ། མཐོ་དམན་གྱི་དབྱེ་བ་མེད་པས་ན་ཡང༌། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའོ། །

p. 405

སེམས་ཅན་ཐམས་ཅད་ལ་རིགས་ཡོད་ཅེས་པ་ནི། སེམས་ཅན་རྣམས་སངས་རྒྱས་ཀྱི་རིགས་རྣམ་པ་ལྔར་གནས་ཏེ། གང་ཞེ་ན། སྡོམ་ནི། རིགས་ཆད་རིགས་དང་མ་ངེས་རིགས། །ཉན་ཐོས་རིགས་དང་རང་རྒྱལ་རིགས། །ཐེག་པ་ཆེན་པོའི་རིགས་ཅན་ཏེ། །ལྔས་ནི་སངས་རྒྱས་རིགས་ཅན་བསྡུས། །ཞེས་གསུངས་པ་དང༌། རང་བྱུང་རྡོ་རྗེའི་ཞལ་ནས། གཉིས་པ་དེ་ལ་བརྟེན་པའི་སེམས་ཀྱི་གནས་ལུགས་ནི། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་བག་ཆགས་ཐམས་ཅད་ཀྱིས་བསྒོས་པ་ཀུན་གཞི་ཞེས་གསུངས་ཏེ། དེ་ཡང་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ། སྟོང་པ། གསལ་བ། འགག་པ་མེད་པ། ཀུན་ལས་ཁྱབ་པ་མི་འགྱུར་བ། ངོ་བོ་རང་གིས་མ་ཤེས་ཤིང༌། ཡིད་ཀྱི་ང་དང་བདག་ཏུ་རྟོག་པས་ཁ་ནང་དུ་བསྟན་ཏེ་འཛིན་པས་ཉོན་ཡིད་ཅེས་བྱ་ལ། ཡིད་འདུ་བྱེད་པས་གཟུང་བ་དང་འཛིན་པར་ཤར། དེར་འཁྲུལ་པའི་རྣམ་པར་ཤེས་པ་ལས། མིང་གཞི་དང༌གཟུགས་སུ་སྣང་ཞིང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཁམས་གསུམ་དུ་སྣང་སྟེ། གཟུང་བ་དང་འཛིན་པས་འཁོར་བར་སྣང་ངོ༌། །ཞེས་དང༌། འགྲོ་མགོན་ཏི་རས་ཀྱི་ཞལ་ནས། སེམས་ཀྱི་གནས་ལུགས་ལ་ཡང་བཞི་སྟེ། སེམས་ཀྱི་ངོ་བོ་ངོས་བཟུང་བ་དང༌། དབྱེ་བསྡུ་དང༌། ལམ་དང༌། འབྲས་བུའོ། །སེམས་ཀྱི་ངོ་བོ་ངོས་བཟུང་བ་ལ་གསུམ། ཀུན་གཞིའི་རིག་པ་བྱང་ཆུབ་ཀྱི་སེམས་སམ། ཁམས་རང་བཞིན་གྱིས་རྣམ་པར་དག་པའམ། ཁམས་དེ་བཞིན་གཤེགས་པའི་སྙིང་པོའམ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་པའམ། གཞི་ནི་སེམས་སྟོང་པ། ཀུན་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དོ། །དེ་ལྟར་ཡང་ནམ་མཁས་སྣང་མུན་གཉིས་ཀྱི་གཞི་བྱེད་པ་ལྟ་བུའོ། །རིག་པ་ནི་བདག་རིག་གཞན་རིག་མ་འགགས་

p. 406

པའི་རིག་པའོ། །བྱང་ཆུབ་ནི་རིག་པ་དེ་སྒྲིབ་པས་གོས་མ་མྱོང་བས་བྱང༌། ཡེ་ཤེས་ཡིན་པས་ན་ཆུབ། ཁམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་པ་ནི། སེམས་རང་བཞིན་སྟོང་པ་ཉིད་ནམ་མཁའི་ཁམས་དང་འདྲ་བས་ན་སྟོང་པ་ཉིད། ཁམས་རྣམ་པར་དག་པ་ནི་དྲི་མས་གོས་མ་མྱོང་བས་ན་རྣམ་པར་དག་གོ །དེ་ལྟར་ཡིན་པ་ཡང༌། ཆུ་ཁམས་གསེར་དང་ནམ་མཁའ་བཞིན། །དག་པ་བཞིན་དུ་དག་པར་འདོད། །ཅེས་གསུངས་སོ། །ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི། ཁམས་ནི་གོང་མ་དང་འདྲ། སྙིང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་ཁྱད་མེད་པ་ནི་སྙིང་པོ་སྟེ། དེ་ལྟར་ཡིན་པར་ཡང༌། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པའོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་། །ཅེས་པ་ནི། སེམས་དང་སྣང་བ་གཉིས་མ་ཡིན་ཏེ། ཆོས་ཀྱི་སྐུའི་འོད་ཡིན་པའོ། །ལྷན་ཅིག་སྐྱེས་པ་ནི་གསེར་དང་གསེར་གྱི་སེར་པོའམ། དུང་དང་དུང་གི་དཀར་པོ་བཞིན་ནོ། །སྣང་བ་དང་ཆོས་སྐུ་གཉིས་མ་ཡིན་ཏེ། ཆོས་སྐུའི་འོད་ཡིན་ནོ། །དཔེར་ན་ཉི་མའི་འོད་བཞིན་ནོ། །གསུམ་པ་སེམས་ཀྱི་དབྱེ་བསྡུ་ལ་གཉིས། བསྡུ་བ་དང་དབྱེ་བའོ། །བསྡུ་བ་ནི། སེམས་སྣང་སྟོང་གཉིས་སུ་མེད་པའོ། །རིག་པ་དང་སྟོང་པ་གཉིས་སུ་མེད་པའམ། ཐབས་དང་ཤེས་རབ་གཉིས་སུ་མེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་འདུས། དབྱེ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་རྟོག་པའི་སྒོ་ནས་དབྱེ་བ་ནི། གཟུང་འཛིན་གཉིས། མིང་དང་གཟུགས་གཉིས། རྟེན་འབྲེལ་གཉིས། རྟོག་པ་དགུ་བཞི་སུམ་ཅུ་སོ་དྲུག །ཆོས་མངོན་པའི་ལུགས་ཀྱིས་དབྱེ་ན། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་དགུ། ཀུན་གཞིའི་རྣམ་པར་ཤེས་པ། ཉོན་མོངས་པ་ཅན་གྱི་

p. 407

ཡིད་དང༌། ཡིད་ཀྱི་རྣམ་པར་ཤེས་པ། སྒོ་ལྔའི་རྣམ་པར་ཤེས་པ། ཚོགས་དགུ་ནི། ཀུན་གཞི་རང་རིག་བྱས་པས་རིག་པ་དགུའོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི། ཀུན་གཞི་ལ་གསུམ། ཆོས་ཉིད་དོན་གྱི་ཀུན་གཞི་དང༌། འདུན་པ་བག་ཆགས་ཀྱི་ཀུན་གཞི་དང༌། སྦྱོར་བ་འདུན་པའི་ཀུན་གཞིའོ། །ཆོས་ཉིད་དོན་གྱི་ཀུན་གཞི་ནི། སེམས་ཉིད་གདོད་མ་ནས་དག་ཅིང་སྟོང་པ་ཉིད་ཡིན་ལ། འདུན་པ་བག་ཆགས་ཀྱི་སེམས་ཡུལ་ལ་འདུན་པ་དང༌། བག་ཆགས་ཀྱི་ཉོན་མོངས་པ་སྐྱེས་ནས་འཁོར་བའི་ལུས་བླངས་པའོ། །སྦྱོར་བ་འདུན་པའི་ཀུན་གཞི་ནི། རྣམ་པར་ཤེས་པ་ལུང་མ་བསྟན་དུ་འདོད་པ་ལ་སོགས་པ་བཞེད་ལུགས་མི་འདྲ་བ་མང་དུ་ཡོད་ན་ཡང༌། ཀུན་གཞི་གང་དུ་ཡང་མི་དམིགས་ལ། ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་ལ་མངའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཁ་ནང་དུ་བལྟས་པས། ཐལ་བས་གཡོགས་པའི་མེ་བཞིན་དུ་གནས། སྒོ་ལྔའི་རྣམ་པར་ཤེས་པར་ཡུལ་མངོན་དུ་གྱུར་ཙམ་ན། ཡིད་ཀྱི་རྣམ་པར་ཤེས་པས་དེར་འཛིན་ཞུགས། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཆགས་སྡང་རྨོངས་གསུམ་སྐྱེས། དེས་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཉིད་དོན་གྱི་ཀུན་གཞི་སྟོང་པ་ཉིད་དུ་མ་མྱོང་བས་འཁོར་བར་སྣང་བ་ཡིན། སྦྱོར་བ་བདུན་ནི། སྒོ་ལྔའི་ཡུལ་མངོན་དུ་གྱུར་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་གཉིས་མ་ཞུགས་པས། ཀུན་གཞི་རང་རིག་གི་རྣམ་པར་ཤེས་པས་ཡུལ་སྒོ་ལྔ་རྟོག་མེད་དུ་མྱོང་ཙམ་ན། མྱ་ངན་ལས་འདས་པའི་ལམ་ཡིན། དེ་ལམ་གྱི་དུས་སུ་བསྒོམ་པ་ལས་བྱུང༌། གསང་སྔགས་ཀྱི་སེམས་སྣང་བ་དང་སྟོང་པ་གཉིས་སུ་མེད་པ་དེ། སེམས་སྟོང་པ་ལ་དབྱེ་རྒྱུ་མེད་ཀྱང༌། སྣང་བ་ལ་བཅོ་ལྔ། མིག །རྣ་བ། སྣ། ལྕེ། ལུས་ལྔའོ། །མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེ་ཡི་

p. 408

རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ་དང་ལྔའོ། །མིག་གི་འདུས་ཏེ་རེག་པ། རྣ་བའི་འདུས་ཏེ་རེག་པ། སྣ་ཡི་འདུས་ཏེ་རེག་པ། ལྕེའི་འདུས་ཏེ་རེག་པ། ལུས་ཀྱི་འདུས་ཏེ་རེག་པ་ལྔ་སྟེ་བཅོ་ལྔའོ། །ཞེས་སོགས་མ་དག་འཁྲུལ་བའི་རྟོག་ཚོགས་སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་མཐའ་ཡས་པར་སྣང་ཞིང་། མདོར་བསྡུས་ན། འགྲོ་མགོན་ཏི་རས་ཀྱིས། རྩ་དང་ཡི་གེ་རླུང་དང་ཐིག་ལེ་དང༌། །ཀུན་གཞི་རིག་པ་སེམས་དང་རྣམ་པ་ལྔ། །གཞི་ལ་གནས་པ་ཤས་ཆེར་གསུངས་པ་དེ། །རྩ་ལ་སྟོང་ཕྲག་བདུན་ཅུ་མང་གསུངས་ཀྱང༌། །འཁོར་ལོ་བཞི་འམ་ལྔ་འམ་འཁོར་ལོ་དྲུག །རོ་མ་རྐྱང་མ་ཀུན་འདར་གསུམ་དུ་གསུངས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་གསུངས་ཀྱང་། །ཟག་བཅས་ཟག་མེད་ཡེ་ཤེས་རླུང་དུ་འདུས། །ཨཱ་ལི་ཀཱ་ལི་ཡི་གེ་མང་གསུངས་ཀྱང༌། །ཨེ་ཝཾ་མཱ་ཡཱ་ཨ་ཧཾ་གཉིས་སུ་འདུས། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་མང་གསུངས་ཀྱང༌། །དཀར་དམར་དྭངས་སྙིགས་མི་ཤིགས་གསུམ་དུ་འདུས། །སེམས་ཉིད་ཀུན་གཞི་སྤྲོས་མེད་མང་གསུངས་ཀྱང༌། །གཉིས་མེད་ཡེ་ཤེས་ལྷན་ཅིག་སྐྱེས་པར་འདུས། །ལུས་ངག་ཡིད་གསུམ་གཞི་ལ་གནས་པའི་ཆོས། །རྗེ་བཙུན་ཆེན་པོ་ནཱ་རོ་པ་ཡིས་གསུངས། །ཞེས་པ་ལྟར་སྦྱང་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་རྩ་རླུང་ཐིག་ལེའི་རོལ་པར་ཤར་བ་རྣམས་ལ་སྦྱོང་བྱེད་བསྐྱེད་རྫོགས་ཟབ་མོའི་རིམ་པ་སྤྱི་དང༌། ཁྱད་པར་རྡོ་རྗེའི་ཐབས་བཞིའི་གསང་ལམ་རྨད་དུ་བྱུང་བ་ལ་བརྟེན་པས། སྦྱངས་འབྲས་གཞི་ལ་བཞུགས་པའི་སྐུ་བཞི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ཚུལ་ལ་ཞིབ་མོའི་རྟོག་དཔྱོད་ཕུལ་དུ་ཕྱིན་པ་སྔ་ཚགས་སུ་ཚུད་པས། དངོས་གཞི་ཉམས་ལེན་གྱི་སྐབས་སུ་མི་རྨོངས་པར་འགྱུར་བའི་ཕྱིར་དུ་འབད་པར་བྱ་ཞིང༌། དེ་ལྟར་གཞི་ཡི་གནས་ལུགས་ཀྱི་སྐོར་རྣམས་གཞུང་ལས་ཞལ་འཕང་

p. 409

མཛད་འདུག་པས། གོང་མ་རྣམས་ཀྱི་རྡོ་རྗེའི་གསུང་རྣམས་ཕྱོགས་གཅིག་ཏུ་བལྟ་བདེར་བཀོད་པ་ལས་ཕལ་ཚིག་གིས་བསླད་མ་ཞུགས་པར་བགྱིས་པའང་ཞར་བྱུང་དུ་སྨོས་པའོ། །
གཉིས་པ་ལམ་གྱི་རིམ་པ་ལ་གསུམ། ལམ་གྱི་གཞི་སྨིན་བྱེད་དབང་གི་རིམ་པ་དང༌། ལམ་གྱི་གྲོགས་བསྐྱེད་བཟླས་རྫོགས་པའི་རིམ་པ་རྣམས་དང༌། ལམ་གྱི་རྩ་བ་གདམས་པ་དངོས་ཀྱི་རིམ་པའོ། །དང་པོ་ནི། དེ་ཡང་རྒྱུད་སྨིན་པར་བྱེད་པ་དབང་དང་། གྲོལ་བར་བྱེད་པ་ཁྲིད་ཀྱི་རིམ་པ་གཉིས་སུ་འདུས་པ་སྟེ། དེ་གཉིས་གང་ལ་རག་ཅེ་ན། བླ་མ་མཚན་ཉིད་དང་ལྡན་པ་གདམས་ངག་བརྒྱུད་པ་དང་ལྡན་པ་ཞིག་དགོས་ཤིང༌། རྗེ་ཏི་ཤྲི་རས་པའི་ཞལ་ནས། རྩ་བའི་བླ་མ་བརྒྱུད་པ་དང་ལྡན་ཞིང༌། །ལུང་རིགས་གདམས་ངག་ཆེ་ཞིང་ཉམས་རྟོགས་བཟང༌། །ཐོས་བསམ་སྒོམ་གསུམ་ཡོན་ཏན་ཀུན་ལ་མཁས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར། །འགྲོ་བ་ཀུན་གྱི་སྐྱབས་གནས་ཐུགས་རྗེ་ཅན། །རང་ཉིད་རྫོགས་སངས་རྒྱས་ཀྱི་སྤྱོད་དང་མཚུངས། །བསྟེན་པ་རྣམས་ལ་དེ་ཡི་ཡོན་ཏན་འབྱུང༌། །དེ་འདྲའི་བླ་མ་མཚན་ལྡན་བཙལ་ལ་བསྟེན། །ཞེས་གསུངས་པ་དང༌། དཔལ་སྡོམ་པ་འབྱུང་བ་ལས། དེ་ནས་སློབ་དཔོན་མཚན་ཉིད་ནི། །ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །ཞི་ཞིང་དུལ་བའི་ཆ་ལུགས་ཅན། །སེམས་ཅན་ཀུན་རབ་མི་འཇིགས་སྟེར། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །བསྟན་བཅོས་རིག་ཅིང་སྙིང་རྗེར་ལྡན། །སེམས་ཅན་ཀུན་ལ་བུ་བཞིན་བལྟ། །ཐམས་ཅད་དུ་ནི་སྙན་པར་སྨྲ། །སྦྱིན་པ་ལ་སོགས་རྟག་ཏུ་དགའ། །བསམ་གཏན་རྣལ་འབྱོར་མངོན་པར་བརྩོན། །ཀུན་ལ་མི་འཚེ་བདེན་པར་སྨྲ། །སྙིང་རྗེ་དང་ནི་ཕན་སེམས་ལྡན། །མཉམ་སེམས་དང་ནི་ཕྱག་རྒྱར་ལྡན། །སེམས་ཅན་རྣམས་ཀྱི་མགོན་གྱུར་ཅིང༌། །སེམས་ཅན་བསམ་པའི་

p. 410

ཁྱད་པར་ཤེས། །མགོན་མེད་པ་ནི་རྣམས་ཀྱི་མགོན། །དབང་པོ་ཡོངས་སུ་རྫོགས་པའི་ལུས། །གཟུགས་དང་ལྡན་ཞིང་ལྟ་ན་སྡུག །དབང་བསྐུར་དོན་གྱིས་དེ་ཉིད་ཤེས། །ཚིག་ལ་ཡོན་ཏན་རྒྱ་མཚོ་སྟེ། །རྟག་པར་རྒྱུད་དང་གནས་བསྟན་པ། །དེ་ནི་སློབ་དཔོན་རིག་པར་བྱ། །ཞེས་གསུངས་པ་བཞིན། རྡོ་རྗེ་སློབ་དཔོན་དོན་གཉིས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པར་ལྡན་པ་བསྟེན་པ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང༌། གཞན་དུ་ན་སྔ་མ་ལས། ཐོས་མང་དོན་ལ་རྨོངས་ཤིང་ལོག་ཤེས་མཁས། །རྩ་མེད་མང་དུ་སྨྲ་བ་མཁས་སུ་རེ། །རང་སེམས་སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་ཡེ་ཤེས་ཡོད་མེད་གཏན་ལ་འབེབས། །ཡོན་ཏན་ཅན་ལ་གཤེ་ཞིང་ཕྲག་དོག་བྱེད། །ང་མཁས་ང་བཟང་ཟེར་བའི་ང་རྒྱལ་ཅན། །རང་ཉིད་ཆོས་དང་མི་ལྡན་གཞན་ལ་ཆོས་བཤད་བྱེད། །བདེན་ན་ཁྱོད་རང་དེ་ལྟར་མི་བྱེད་པར། །ཟེར་ཞིང་གཞན་པོ་རྣམས་ཀྱིས་འཐབ་ཏུ་འོང༌། །བཏུད་ན་འགྱེད་ཅིང་ཉེ་ན་འཐབ་མོ་བྱེད། །ཡོན་ཏན་མི་འབྱུང་མི་དགེའི་ཆོས་ལ་འཁོད། །ངན་འགྲོ་ལོག་པར་འཁྲིད་པའི་ལམ་མཁན་དེ། །སྒོག་སྐྱ་དུག་སྡོང་འདྲ་བ་སྤང་བར་བྱ། །ཞེས་གསུངས་པ་ལྟར་ལེགས་པར་བརྟགས་ཤིང་དཔྱད་དེ་རྩ་བའི་བླ་མར་འཛིན་དགོས་པ་ལས། གང་བྱུང་དུ་བསྟེན་པ་རྣམས་ནི་དགོས་པ་མེད་པར་འགྱུར་བའི་སྟེང་དུ་ཉེས་སྐྱོན་རྒྱ་ཆེན་པོའི་ཁུར་གྱིས་ནོན་པར་འགྱུར་བ་ཡིན་པས། དེ་བཞིན་དུ་གཟབ་པ་དང་ནན་ཏན་དུ་བྱའོ། །དེ་ཡང་ཇི་སྐད་དུ། བླ་མ་མ་བརྟགས་སློབ་མའི་དུག །སློབ་མ་མ་བརྟགས་བླ་མའི་དགྲ། །ཞེས་པ་ལྟར་སློབ་མ་ཡང་ཚད་དང་ལྡན་པ་ཞིག་དགོས་ཏེ། དཔལ་སྡོམ་འབྱུང་ལས། སློབ་མ་རིགས་བཟང་ཆོས་ལ་སྤྲོ། །སློབ་དཔོན་གྱིས་ནི་ཡང་དག་སྡུད། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་དང་རྐམ་ཆགས་རྣམ་གཡེང་ཅན། །གྲགས་

p. 411

དང་རྨོངས་དང་སྙོམ་ལས་ཅན། །གཞན་གྱི་སྲོག་ལ་སྙིང་བརྩེ་མེད། །གཞན་གྱི་ནོར་ལ་སྲེད་པ་ནི། །བླ་མས་རྟག་ཏུ་སྤང་བར་བྱ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །མི་དགེ་བཅུ་ནི་ཡོངས་སུ་སྤངས། །སེམས་ཅན་རྣམས་ལ་བྱང་སེམས་ལྡན། །འབར་བའི་མེ་དང་དུག་བཞིན་དུ། །གཞན་གྱི་ནོར་ལ་མི་དགའ་ཞིང༌། །རྟག་པར་རྒྱུན་དུ་བླ་མ་མཆོད། །དམ་ཆོས་ལྟ་བར་སྤྲོ་བ་དང༌། །རྟག་ཏུ་སྦྱིན་པ་སོགས་ལ་དགའ། །འཇིག་རྟེན་ཕ་རོལ་མངོན་པར་འདོད། །དེ་དག་སློབ་མར་རབ་བསྔགས་ཏེ། །དཀྱིལ་འཁོར་དགེ་བར་བརྟན་པར་བྱ། །ཞེས་དང༌། ཏི་རས་ཀྱིས། དད་ཅན་ཚུལ་ཁྲིམས་ལྡན་ཞིང་མཁས་ལ་སྒྲིན། །བླ་མ་ལ་གུས་སྲི་ཞུ་ཐབས་ལ་མཁས། །སྐྱོན་མེད་ཡོན་ཏན་ལྡན་ལ་སྙིང་རྗེ་ཆེ། །ཞེས་གསུངས་པ་ལྟར་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་དགོས་ཤིང་དེ་ལས་ལྡོག་པ་ནི། བདེ་མཆོག་གསང་བ་དུར་ཁྲོད་ལས། །ཕྱི་རབས་དུས་ཀྱི་སྙིགས་མ་ལ། །ཆགས་སེམས་གྱོང་བའི་སློབ་མ་ནི། །གུས་པས་མི་ཞུ་གཡོ་སྒྱུས་འདོད། །ཐོས་ནས་ཁུངས་སུབ་རང་ཆེ་འབྱིན། །དེ་ལ་བསྟན་ན་དམ་ཚིག་ཉམས། །ངེས་པར་དད་ནས་ཞུ་བ་ཡིས། །གཅིག་ནས་གཉིས་སུ་མ་སྤེལ་ན། །རྡོ་རྗེ་འཛིན་པའི་རིགས་རྒྱུད་འཆད། །ཅེས་གསུངས་པ་ལྟར་སློབ་མའི་རྒྱུད་ཚོད་མ་ཟིན་པར་སློབ་མར་བཟུང་ན་གསོལ་དུ་མི་རུང་བྱ་བར་འགྱུར་ངེས་ལ། རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་རིན་ཆེན་བརྡར་བ་དང༌། །གསེར་ནི་བསྲེགས་དང་བཅས་པས་བརྟགས། །དེ་བཞིན་དུ་ཡང་སློབ་མ་ལ། །ལོ་ནི་བཅུ་གཉིས་བར་དུ་བརྟགས། །ཞེས་གསུངས་པས་ལེགས་པར་བརྟགས་ཤིང་སྣོད་དང་ལྡན་ངེས་པ་རྗེས་སུ་བཟུང་སྟེ། སྣོད་དང་མི་ལྡན་པ་ནི་ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན་པས་དུག་སྦྲུལ་བཞིན་དུ་སྤང་བར་བྱའོ། །དེ་དག་གིས་བླ་སློབ་ཀྱི་རྟེན་འབྲེལ་འགྲིགས་

p. 412

དགོས་པའི་ཚུལ་མདོ་ཙམ་བསྟན་པ་སྔོན་དུ་སོང་ནས། དབང་བསྐུར་དངོས་ཀྱི་ཚུལ་ལ། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། བསླབ་གསུམ་རྒྱུད་ལྡན་ཉམས་མྱོང་བླ་མ་ལ། །དད་བརྩོན་ཤེས་རབ་སྙིང་བརྩེའི་སློབ་མ་ཡིས། །ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏང༌། །ཐོག་མར་འཁོར་ལོ་སྡོམ་པ་ལ་བརྟེན་ནས། དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དབང་བཞི་བསྐུར། །ལྷ་མོ་བཅོ་ལྔའི་དབང་བཞི་བརྡ་ཡིས་མཚོན། །སྨིན་པར་བྱས་ལ་ཐབས་ཤེས་ཟུང་དུ་སྦྲེལ། །ཞེས་གསུངས་པ་སྙན་བརྒྱུད་རིན་པོ་ཆེའི་སྐབས་དོན་དང་འབྲེལ་བ་བདེ་མཆོག་ཡབ་ཡུམ་གྱི་དབང་བཞི་བསྐུར་བར་བྱ་སྟེ། དེའང་དབང་དོན་གྱི་ཡེ་ཤེས་བསྐྱེད་པའི་ཆ་ནས་རྣལ་འབྱོར་བླ་ན་མེད་པའི་དབང་བཞི་རྫོགས་པར་ཐོབ་པ་གང་ཡང་རུང་མོད་ཀྱི། རྒྱུད་འདི་ཉིད་ཀྱི་དབང་ཐོབ་ན་གཞན་ཐོབ་པར་ཡང་འགྱུར་ཏེ། དཀྱིལ་འཁོར་འདི་རུ་དབང་བསྐུར་བ། །རྒྱུད་རྣམས་ཀུན་གྱི་སྒྲུབ་པོར་གསུངས། །ཞེས་གསུངས་ཤིང༌། གཞན་ཡང་བཀའ་བརྒྱུད་ཕལ་ཆེ་བས་ཟབ་མོའི་ཆོས་དྲུག་འདི་གསང་བ་ལྷན་ཅིག་སྐྱེས་མའི་རྫོགས་རིམ་དུ་ཆ་སྦྱར་ཏེ་ཉམས་བཞེས་མཛད་པ་ཡིན་མོད། འདིར་སྒྲུབ་བརྒྱུད་འབའ་རོམ་པའི་ཕྱག་བཞེས་ལ་འཁོར་ལོ་སྡོམ་པ་ཉིད་དུ་མཛད་པ་ཡིན་ཞིང་། གདན་ས་བཀའ་བརྒྱུད་ཀྱི་ཕྱག་བཞེས་ཀྱང་སྒམ་པོ་པ་མངྒ་ལའི་ཆོས་དྲུག་གི་གཞུང་ལས། ཐོག་མར་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་བསྐུར་ཏེ་སྨིན་པར་བྱས་ལ། དེ་ནས་བསྐྱེད་རིམ་གྱི་རྣལ་འབྱོར་བསྒོམས་པ་ལ་སོགས་པས་ཐ་མལ་གྱི་སྣང་ཞེན་སྦྱང་བར་བྱ། ཞེས་སོགས་གསུངས་ཤིང༌། རྨ་སེ་རྟོགས་ལྡན་གྱི་སྙན་བརྒྱུད་ལས། དེའང་སྔགས་ཀྱི་དགོངས་པས་ཚོགས་ལམ་ནས་མཐར་ཐུག་གི་བར་དུ་གལ་ཆེ་བས་དབང་ཐམས་ཅད་ལམ་གྱི་གཞི་ཡིན་ལ། ལམ་ལ་འཇུག་པར་རྩོམ་པའི་ལམ་

p. 413

ཡང་ཡིན་ནོ། །དེ་ལྟའི་སྤྲོས་བཅས་ཀྱི་དབང་ནི། རྗེ་ཏཻ་ལོ་པས། ས་ཡི་ཆོ་ག་ལྷག་པར་གནས་པ་རིག་དབང་སློབ་དཔོན་རིགས་སྦྱོར་རྫོགས་ཀྱི་བུམ་པའི་དབང་བསྐུར་བྱ། །བསླབ་པས་རྒྱུད་མཛེས་ཐོས་བསམ་ནོར་ལྡན་བླ་མར་འོས་པ་ཕུལ་ལ་གསང་བ་ལ་སོགས་བསྐུར། །ཉེར་ལྔ་ལྷག་སྤང་རིགས་ལྡན་རྒྱན་སྤྲས་ཟག་བཅས་བསྐུལ་སོགས་གསུམ་ལས་བྱིན་རླབས་བརྟུལ་ཞུགས་བསྟེན་པར་བྱ། །དགའ་བ་གསུམ་སོན་ལྷན་ཅིག་སྐྱེས་པའི་རྟོག་པ་དང་བྲལ་ཡུལ་དུ་བྱས་སོགས་འབྲས་བུ་ཤེས་པར་གྱིས། །ཞེས་སོགས་གསུངས་པ་ལྟར་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་དང་བསྟུན་ནས་ལུས་སེམས་འགྲུབ་པའི་རིམ་པས། སྐྱེ་གནས་འཆི་བའི་བར་རྣམས་དང་རྗེས་སུ་མཐུན་པ་འཇིག་རྟེན་པའི་དབང་བཅུ་དང་འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དབང་སྟེ་དང་པོ་ནི། འབུམ་ལྔར། བྱིས་པ་སྐྱེས་པ་མ་ཡིས་ནི། །འཁྲུད་བྱེད་ཆུ་ཡི་དབང་བསྐུར་རོ། །དེ་ཡི་གཙུག་ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡང་དག་བཏགས། །ཞེས་སོགས་གསུངས་པ་ལྟར་དང་པོ་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དངོས་གྲུབ་ཐོབ་པར་བྱེད་པ། བསྐྱེད་རིམ་བསོད་ནམས་ཀྱི་ཚོགས་ལ་དབང་བའི་སྔགས་དང་། ཕྱག་རྒྱའི་ཆོ་ག་དང་ལྡན་པ་བྱིས་པ་འཇུག་པའི་དབང་སྔོན་དུ་འགྲོ་བས། མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རིམ་བཞིན་ཐོབ་པར་བྱེད་པ། རྫོགས་རིམ་ཡེ་ཤེས་ཀྱི་ཚོགས་ལ་དབང་བའི་སྔགས་ཕྱག་རྒྱའི་ཆོ་ག་དང་ལྡན་པའི་དབང་གོང་མ་རྣམས་རིམ་གྱིས་བསྐུར་བས། བརྡ་ཐབས་དེ་ལ་བརྟེན་ནས་སྦྱང་གཞི་ཕུང་པོ་ལྔའི་ཆོས་ཉིད་ཀྱི་སྟེང་དུ་སྦྱང་བྱ་ཉོན་མོངས་པ་ལྔ་ཡི་དྲི་མ་དག་པར་བྱ་བའི་ཕྱིར། སྦྱོང་བྱེད་ཡེ་ཤེས་ལྔར་ངོ་སྤྲད་ནས་སངས་རྒྱས་རིགས་ལྔའི་སྔགས་དང་ཕྱག་རྒྱའི་ཆོ་ག་ལ་བརྟེན་པ། ལུས་ཀྱི་སྒྲིབ་པ་མཐའ་དག་སྦྱངས་པས་སྦྱངས་

p. 414

འབྲས་སྤྲུལ་སྐུ་ཐོབ་པ་བུམ་དབང་འཁོར་དང་བཅས་པ་དང༌། གནས་སྐབས་བཞི་ཡི་སྒྲིབ་པ་དག་པར་བྱ་བའི་དོན་དུ་རྫས་དང་། དམ་ཚིག་དང་། བརྡའི་དཀྱིལ་འཁོར་ལ་བརྟེན་ནས་རྩ་རླུང་དང་། འབར་འཛག་དང་། ཏིང་ངེ་འཛིན་རྣམས་བསྒོམ་པ་ལ་དབང་བའི་སྔགས་དང་། ཕྱག་རྒྱའི་ཆོ་གས་འབྲས་བུ་ལོངས་སྐུ་དང་། ཆོས་སྐུ་འགྲུབ་པ་ལ་དབང་བ་དབང་གོང་མ་རྣམས་བསྐུར་ལ། དབང་དོན་ངོ་སྤྲད་ནས་ལམ་ལ་ཚུལ་བཞིན་ཞུགས་པར་བྱ་བ་ཡིན་ཏེ། མན་སྙེར། སློབ་དཔོན་སློབ་མའི་བསམ་ཤེས་ཤིང༌། །རྗེས་སུ་བརྟེན་པས་སྦྱིན་པར་ནུས། །དེ་ཡི་སློབ་མ་བསྡུ་བྱ་ཡིས། །རྨོངས་པས་སློབ་མ་བསྡུ་བ་མིན། །ཞེས་གསུངས་པས། སློབ་མས་ཐ་མལ་གྱི་སྣང་ཞེན་བཟློག་སྟེ་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམས་ནས། སློབ་དཔོན་གདན་གསུམ་ཚང་བའི་ལྷས་བུམ་དབང་བསྐུར་བ་རྒྱུད་ལ་ཐོབ་ཤེས་ཙམ་གྱིས་བུམ་དབང་ཐོབ་ལ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་སྙོམས་འཇུག་གི་རྫས་མྱོང་བས་ཐ་མལ་གྱི་ངག་གི་ཞེན་པ་བྲལ་ནས་གྲགས་སྟོང་བྲག་ཆ་ལྟར་ཤེས་པས་གསང་དབང་ཐོབ་ལ། ཕྱག་རྒྱ་གསུམ་གྱིས་བསྐྱེད་པའི་ཡས་བབ་ཀྱི་དགའ་བཞིའི་ཡེ་ཤེས་ངོས་ཟིན་ནས་དེ་ལ་འཇོག་པས་ཤེར་དབང་ཐོབ་ལ། སྒོ་གསུམ་དུས་གསུམ་རྟོག་བྲལ་དུ་བཞག་པས་གནས་ལུགས་ངོ་འཕྲོད་པས་བཞི་པ་ཐོབ་པ་ཡིན་ནོ། །འདི་ལ་བརྟེན་ཏེ་གྲོལ་བྱེད་དང་སྦྱར་ན་བུམ་དབང་དང་རྗེས་སུ་འབྲེལ་བའི་གདམས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ། གསང་དབང་དང་རྗེས་སུ་འབྲེལ་བའི་གདམས་པ་རྨི་ལམ་འཁྲུལ་པ་རང་སངས། ཤེར་དབང་དང་རྗེས་སུ་འབྲེལ་བའི་གདམས་པ་གཏུམ་མོ་བདེ་དྲོད་རང་འབར། དབང་བཞི་པ་དང་རྗེས་སུ་འབྲེལ་བའི་གདམས་པ་འོད་གསལ་མ་རིག་མུན་སེལ་ལོ། །གཉིས་པ་མན་ངག་དང་འབྲེལ་བའི་དབང་གི་སྐོར་ནི་

p. 415

འོག་ནས་འཆད་པར་འགྱུར་བ་ལས་ཤེས་སོ། །རྩ་བའི་གཉིས་པ་ལ་གསུམ་ལས། གྲོལ་བྱེད་ཁྲིད་ཀྱི་རིམ་པ། བསྐྱེད་བཟླས་རྫོགས་པའི་རྣལ་འབྱོར། ཁྱད་པར་གྱི་ཟབ་མོའི་དབང་བསྐུར་རྣམས་སོ། །དང་པོ་ནི། དལ་འབྱོར་རྙེད་པར་དཀའ་བ་དང༌། མི་རྟག་པ་བསམ་པ་སོགས་སྐྱེས་བུ་གསུམ་གྱི་ལམ་རིམ་ལ་ཅི་རིགས་པར་ཁྲིད་དེ། སྐྱོ་ཤས་དང་། ངེས་འབྱུང་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསྐྲུན་ནས་ཆོས་ཀྱི་གཞི་ཚུགས་པར་བྱ་བ་དང༌། འདིར་ཡང་ཁྱད་པར་གྱི་སྔོན་འགྲོར། བར་ཆད་སེལ་ཕྱིར་སྐྱབས་འགྲོ་སེམས་བསྐྱེད། སྒྲིབ་པ་སྦྱང་ཕྱིར་རྡོར་སེམས་ཀྱི་སྒོམ་བཟླས། ཚོགས་བསགས་ཕྱིར་མཎྜལ་དབུལ་བ། བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་རྣམས་གཞུང་ནས་འབྱུང་བ་ལྟར་རྒྱུད་ཐོག་ཏུ་ཁེལ་བར་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། དེ་ཡང་ཇི་སྐད་དུ། །རྡོ་རྗེ་འཆང་གིས་ཆོས་བསྟན་པ། །རིམ་པ་གཉིས་སུ་ཡང་དག་འདུས། །ཞེས་གསུངས་པ་ལྟར་བསྐྱེད་རིམ་ལ་བརྟན་པ་ཐོབ་པར་སྦྱངས་ནས་རྫོགས་རིམ་ལ་འཇུག་པར་བཞེད་ལ། དེའང་བསྐྱེད་རྫོགས་ཟུང་དུ་འཇུག་པའི་གནས་སྐབས་སུ་བསྙེན་པ་ཉིད་གཙོ་ཆེ་བ་སྟེ། རྡོ་རྗེ་ཕྲེང་བ་ལས། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་དུ་བསྙེན་པས་ཚོགས་བསགས་ཤིང༌། །བགེགས་ནི་རྣམ་པར་ཉམས་བྱེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །ཅེས་གསུངས་པ་བཞིན། དྭགས་བརྒྱུད་པ་རྣམས་ཀྱིས་ཡི་དམ་གཙོ་ཆེར་ཞིག་ལ་བསྙེན་སྒྲུབ་ཚད་དང་ལྡན་པར་མཛད་རྗེས་རྫོགས་རིམ་རྩལ་དུ་བཏོན་ནས། ཡེ་ཤེས་ལ་དབང་ཐོབ་སྟེ་གྲུབ་པའི་མཚན་མ་བརྙེས་པ་ན་རྒྱུད་སྡེ་རབ་འབྱམས་ཀྱི་སྟོན་པ་དང་སྡུད་པ་པོར་མཛད་ཅིང༌། གཞན་ཡང་སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་

p. 416

དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་གང་ཞིག་གི་སློབ་དཔོན་གྱི་བྱ་བ་བསྒྲུབ་པར་འོས་པ་དེ་དང་། དེའི་གྲངས་བསྙེན་ཚད་དང་ལྡན་པ་མ་སོང་ཀ་མེད་ཡིན་ཞིང༌། གཞི་བསྙེན་སྔོན་དུ་སོང་བའི་རྡོ་རྗེ་སློབ་དཔོན་དེས་དབང་བསྐུར་བའི་སྐབས་སུ་བབ་པ་ན། བྱེ་བྲག་གི་བསྙེན་པ་ལྷ་ལ་གནང་བ་ཞུ་བའི་དོན་དུ་ཞག་བདུན་ལ་སོགས་པ་བྱ་དགོས་ཤིང༌། མདོར་ན་བསྙེན་པ་འདི་ཉིད་མེད་དུ་མི་རུང་བས་ཐོག་མར་གཞི་བསྙེན་ཚད་དང་ལྡན་པ་ཞིག་འགྲུབ་དགོས་པ་གཞིར་བཅས། དེ་ལ་བསྐྱེད་རིམ་གྱི་སྐབས་སུ་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་གསུམ་དང༌། བཟླས་པའི་སྐབས་སུ་འོད་ཟེར་སྤྲོ་བསྡུ་སོགས་དམིགས་པའི་འཕྲོ་འདུའི་བྱེ་བྲག་རྣམས་དང༌། དེའི་རྗེས་སུ་རྫོགས་རིམ་ལ་རིལ་འཛིན་དང་རྗེས་གཞིག་སོགས་ཀྱིས་བསྐྱེད་བཟླས་རྫོགས་གསུམ་ཟུང་དུ་འབྲེལ་བའི་ཚུལ་རྣམས་ནི་བསྙེན་ཡིག་གྲུབ་བརྙེས་ཡིད་བཞིན་འཇོ་བའི་དགའ་སྟོན་ལྟར་ཕྱི་ནང་གསང་བ་ཡང་གསང་སྒྲུབ་པ་རྣམས་སྔོན་དུ་སོང་ནས་ཐེངས་བར་བྱ་ཞིང༌། དེ་ལ་ཚིག་ཁྲིད་ཀྱིས་བློ་ལ་ཐེབ་པ། མྱོང་ཁྲིད་ཉམས་སུ་མྱོང་བ། དོན་ཁྲིད་རྒྱུད་ལ་སྐྱེ་བར་བྱེད་པ་གསུམ་ལས། ཚིག་ཁྲིད་ཀྱིས་དོན་སྤྱིའི་བློ་ལ་ཤར་བའི་གོ་བ་རྙེད་པ་དང༌། མྱོང་ཁྲིད་ཀྱིས་རང་མཚན་ཉམས་འོག་ཏུ་ཚུད་པའི་མྱོང་བ། དོན་ཁྲིད་ཀྱིས་ཡིན་ལུགས་ཚུལ་བཞིན་དུ་འགྱུར་བར་དགོས་གལ་ཆེ་བ་ཉིད་དོ། །གསུམ་པ་ནི། ཁྱད་པར་གྱི་ཟབ་མོའི་དབང་བསྐུར་བ་ལ། ཐོག་མར་ཟབ་ལམ་ཉེ་བརྒྱུད་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་དང༌། ནང་གསང་བ་ཟབ་མོ་བརྡ་ཡི་དབང་བཞི་བརྡ་སྤྲད་པ། གཏུམ་མོ་ཙཎྜལཱིའི་དབང་བསྐུར་རྣམས་འདིར་ཐོབ་པར་བྱས་ལ།

p. 417

ཆོས་དྲུག་གཞུང་གི་སྔོན་འགྲོའི་རིམ་པ་རྣམས་རྒྱས་བསྡུས་དུས་ཚོད་དང་བསྟུན་ལ་གྲུབ་པར་བྱེད་དགོས་པ་བཅས། གཞུང་ལས་མདོར་བསྟན་ཙམ་ལས་མ་གསུངས་པའི་ཕྱིར་གོ་རིམ་དང་ལྡན་པའི་སྒོ་ནས་ཅུང་ཟད་སྨོས་པ་ལགས་སོ། །
རྩ་བའི་གསུམ་པ་གདམས་པ་དངོས་ལ་གཉིས། རྩ་བ་དང་ཡན་ལག་གོ །དང་པོ་ལ་བཞི། ལམ་གྱི་གཞུང་ཤིང་གཏུམ་མོ་བདེ་དྲོད་རང་འབར། ལམ་གྱི་བོགས་འདོན་སྒྱུ་ལུས་ཆགས་སྡང་རང་གྲོལ། ལམ་གྱི་ཚོད་འཛིན་རྨི་ལམ་འཁྲུལ་པ་རང་སངས། ལམ་གྱི་སྙིང་པོ་འོད་གསལ་མ་རིག་མུན་སེལ་ལོ། །དང་པོ་ནི། རྗེ་ནཱ་རོ་པའི་ཞལ་ནས། ཕྱི་ན་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི། །འོག་ན་ཨ་ཤད་ཙཎྜ་ལཱི། །སྟེང་ན་ཧཾ་ཡིག་རྣམ་པ་ཅན། །སྟེང་འོག་རླུང་གི་འཁོར་ལོ་ནི། །སྲོག་རྩོལ་བུམ་ཆེན་ཉམས་ལེན་གྱིས། །བར་ན་བདེ་སྟོང་གསལ་བའི་ཉམས། །མིང་ཡང་གཏུམ་མོའི་གདམས་ངག་ཟེར། །སེམས་གནད་དུ་ཆུད་དམ་ལོ་ཙཱ་བ། །ཞེས་དང༌། གཞན་ཡང༌། ཕྱིའི་གཏུམ་མོ་མེ་ལྟ་བུས་གཟུང་འཛིན་གྱི་བུད་ཤིང་སྲེག་པར་བྱེད་པ། ནང་གི་གཏུམ་མོ་སྨན་ལྟ་བུས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་བྱེད་པ། གསང་བའི་གཏུམ་མོ་སེངྒེ་ལྟ་བུས་མ་རུངས་པ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ། དེ་ཁོ་ན་ཉིད་ཀྱི་གཏུམ་མོ་མེ་ལོང་ལྟ་བུས་ཡོན་ཏན་གྱི་ཚོགས་འཆར་བར་བྱེད་པའོ། །ཡང་ན། ཕྱིའི་གཏུམ་མོས་གདོན་རིགས་སྟོང་ཕྲག་བརྒྱད་ཅུ་འཇོམས། ནང་གི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་སེལ། གསང་བའི་གཏུམ་མོས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཞི། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་ཤེས་བྱའི་དྲི་མ་ཐམས་ཅད་དག་པར་བྱེད་པའོ། །ཞེས་ཡོན་ཏན་དེ་ལྡན་གྱི་གདམས་པ་ཟབ་མོ་ཉིད་ཉམས་སུ་བླང་བའི་ཚུལ་ལ་ལྔ། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་

p. 418

བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲོད་དེ་ཉམས་མྱོང་བསྐྱང་ཚུལ། རྟགས་དང་ཡོན་ཏན་འཆར་ཚུལ་ལོ། །དང་པོ་ལ་ཡང་གཉིས་ལས། སྔོན་དུ་འགྲོ་བ་ལ་དྲུག །ལུས་གནད་སྦྱང་བ། སྟོང་ར་སྦྱང་བ། རྩ་སྦྱང་བ། རླུང་སྦྱང་བ། ཐིག་ལེ་སྦྱང་བ། ལུས་སྦྱང་བའོ། །དང་པོ་ནི། ཁྱད་པར་གྱི་སྔོན་འགྲོ་རྣམས་བསྒོམས་ཤིང་བླ་མའི་རྣལ་འབྱོར་གྱི་སྐབས་སུ་གཏུམ་མོའི་རྟོགས་པ་སྐྱེ་བར་གསོལ་བ་དྲག་ཏུ་གདབ་ལ། བཅའ་བ་ལུས་ཀྱི་གནད་ནི། སམྦུ་ཊི་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་དག་གི་ཆོ་གས་ནི། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་ལས། སྒྲུབ་པོ་བདེ་བའི་སྟན་འདུག་སྟེ། །མིག་ནི་སྣ་རྩེར་གཏད་བྱས་ནས། །སྣ་མཐོང་ལྟ་བའི་ཚད་དུ་ཞོག །ཕྲག་དཔུང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་དབྱུང་རྔུབ་གློད་ནས་ནི། །ཅུང་ཟད་རྩོལ་བ་བྲལ་བ་ཡི། །རྡོ་རྗེའི་སྐྱིལ་ཀྲུང་ལེགས་གནས་ཤིང༌། །དེ་ལྟར་ཕྱག་རྒྱ་དང་ལྡན་པས། །ཞེས་དང༌། འབྱུང་བཞི་ལུས་ཀྱི་འདུག་ཚུལ་ནི། །བདེ་དང་ཡངས་དང་ལྷོད་དང་གསུམ། །ཞེས་གསུངས་པ་ལྟར། དེའང་བདེ་བའི་སྟན་ལ་འདུག་སྟེ། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་རེའུ་མིག་ལྟར་བསྣོལ། ལག་པ་མཉམ་བཞག་སྟེ་གྲུ་མོ་མ་གུག་པར་བསྲང༌། སྒལ་ཚིགས་གསེར་གྱི་དོང་རྩེ་ལྟར་བརྩེགས་པ་མདའ་བཞིན་དྲང༌། རོ་སྟོད་སེངྒེ་འགྱིངས་པའམ་དཔུང་པ་རྒོད་གཤོག་ལྟར་བརྒྱང༌། མགྲིན་པ་ལྕགས་ཀྱུ་ལྟར་དགུག་ལ་ཨོག་མས་ཨོལ་མདུད་ནོན་ཙམ་བྱ། ལྕེ་ཡ་རྐན་ལ་སྦྱར་བའམ་མཆུ་སོ་མ་རེག་ཙམ་དུ་རང་བབ། མིག་སྣ་རྩེའི་ཐད་སོར་བཞིའི་བར་སྣང་ལ་ཡ་ཡོ་མེད་པར་གཏད། དེ་ལྟར་བཅས་པའང་དོག་པ་དང་བཅུམ་པ་མ་ཡིན་པར་བདེ་འབོལ་ལེར་འགྲོ་བ་ལ་བསླབ་སྟེ། དེ་ཡང༌། རྐང་པ་རྡོ་རྗེ་

p. 419

སྐྱིལ་ཀྲུང་བཅའ། །དྲོད་ནི་ཤུགས་ལ་སྐྱེ་བ་ཡིན། །ལག་གཉིས་ལྟེ་འོག་སོར་བཞི་རུ། །མཉམ་བཞག་ཕྱག་རྒྱ་དམ་དུ་བཅའ། །རྩ་ཁ་དབྱེ་ཞིང་བདེ་བ་སྐྱེད། །སྒལ་ཚིགས་དྲང་པོར་བསྲངས་པ་ཡིས། །རླུང་ནད་རང་སོར་ཆུད་པ་ཡིན། །མགྲིན་པ་ལྕགས་ཀྱུ་ལྟ་བུར་དགུག །སྙིང་རྩེ་གྱེན་ལོག་མི་རྟོག་སྐྱེ། །དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང་། །དགོས་པ་ལུས་གནད་ཆུད་པ་ཡིན། །མིག་གཉིས་སྣ་ཡི་རྩེ་མོར་བལྟ། །དམིགས་པ་དག་ནི་གསལ་བ་ཡིན། །ལུས་སེམས་ལི་ཁྲི་ལྟར་དུ་བསྒྲིམས། །བདེ་དྲོད་མྱུར་དུ་སྐྱེ་བ་ཡིན། །ཞེས་པ་དེ་ཡང༌། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་གིས་ཐུར་སེལ་གྱི་རླུང་དབང་དུ་བྱེད་པ་དང༌། ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱས་མེ་མཉམ་གྱི་རླུང་དབང་དུ་བྱེད་པ་དང༌། དཔུང་པ་བརྐྱངས་སྙིང་ག་ཡངས་པས་སྲོག་འཛིན་གྱི་རླུང་དབང་དུ་བྱེད་པ་དང༌། མགྲིན་པ་ལྕགས་ཀྱུ་ལྟར་དགུག་པས་གྱེན་རྒྱུའི་རླུང་དབང་དུ་བྱེད་པ་དང༌། སྒལ་ཚིགས་དྲང་པོར་བསྲངས་པས་ཁྱབ་བྱེད་རླུང་དབང་དུ་བྱེད་པ་སྟེ་རྩ་བའི་རླུང་ལྔ་དང༌། མིག་ལྟ་སྟངས་སྣ་རྩེར་ཕབ་པས་ཡན་ལག་གི་རླུང་དབང་དུ་བྱེད་པ་སྟེ། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་ཟིན་པའི་དགོས་ཆེད་རྟེན་འབྲེལ་གྱི་གནད་དང༌། དེ་ཡང་གཡས་སུ་ཡོ་ན་གསལ་བ་འཆར་ཡང་གཟུང་བའི་རྟོག་པ་འཕྲོ། ཕོ་གདོན་ཞུགས། གཡོན་དུ་ཡོ་ན་འཛིན་པའི་རྟོག་པ་འཕྲོ། མོ་གདོན་ཞུགས། མདུན་དུ་དགུ་ན་རླུང་འཐུམ་པས་སྟོད་གཟེར་དང་། སྲོག་རླུང་སྨྱོ་འབོག་སྙིང་མི་དགའ། རྒྱལ་པོས་གདོན། རྒྱབ་ཏུ་དགྱེ་ན་རླུང་ཤ་པགས་མཚམས་སུ་རྒྱུག་པས་ཤ་བཀྲ་དང་སྐྱ་རྦབ་ཡོང་། ཀླུས་གདོན། སྐེད་པ་ཉག་ན་ཐིག་ལེ་འཛག །གྲང་བ་སྐྱེ། ལྟ་སྟངས་འགྱུར་ན་ཤེས་པ་འཕྲོ་རྒོད་ཤས་ཆེ། མགྲིན་པ་གུག་དྲགས་ན་ངག་སྐྱོན་ཡོང་། མགོ་གཏུམ་ན་གཉིད་ཆེ་བ་སོགས་སྐྱོན་དང༌། དེ་ཡང་ལུས་དྲང་ན་རྩ་དྲང༌། རྩ་དྲང་

p. 420

བས་ཁམས་བྱང་ཆུབ་ཀྱི་སེམས་བརྟན་པ་དང་། མི་རྟོག་པ་སྐྱེ་བ་སོགས་སྐྱོན་ཡོན་གྱི་གནད་ཤེས་པ་གལ་ཆེ། གཉིས་པ་ལ་གཉིས། མ་དག་པའི་སྟོང་ར་གསལ་གདབ་པ། དེ་དག་པའི་སྟོང་རར་སྦྱང་བའོ། །དང་པོ་ནི། རང་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ཡན་ལག་དང་། ཉིང་ལག་ཐམས་ཅད་སྟོང་སང་ངེར་ཡོད་པ་ཕྱི་ལ་ཀོ་བ་མེད་པ། ནང་ལ་རྒྱུ་མ་མེད་པ། བར་དུ་རུས་ཚིགས་མེད་པ་ཕྱི་གསལ་ནང་གསལ་སྟོང་སང་ངེར་ཡོད་པ། དེའི་ནང་དུ་རྩ་ཐམས་ཅད་གྲོ་སོག་གི་ཕུང་པོར་ཉི་མ་ཕོག་པ་བཞིན་དམར་སེར་ཧྲམ་མེར་གང་བར་བསྒོམས་ཏེ། དེའང་རང་གི་ལུས་འདི་དང་པོར་ཕ་ཡི་རྒྱུ་དང་། མ་ཡི་རྐྱེན་གྱིས་བསྐྱེད་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་བས་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་གདོད་ནས་གྲུབ་ཆོས་གང་ཡང་མེད་པས་ན། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། དཔལ་ལྡན་འབའ་རོམ་པ་ཆེན་པོའི་ཞལ་ནས། །སྐད་ཅིག་དྲན་རྫོགས་གཟུགས་སྐུ་འཆར་བའི་གནད། །ཅེས་དང༌། འགྲོ་མགོན་ཏི་རས་ཀྱིས། ལུས་ལྷ་རུ་བསྒོམ་པ་བསྐྱེད་རིམ་སྟེ། །ལུས་ལྷ་རུ་སྣང་བ་རང་སེམས་ཡིན། །རང་སེམས་རྣམ་དག་ཆོས་སྐུ་ཡིན། །དེ་གཉིས་སུ་མེད་པ་ཟུང་འཇུག་སྟེ། །དེ་ལྟར་བསྒོམས་པས་མཆོག་གི་ལམ། །ཞེས་དང༌། རས་དཀར་གྱིས། བླ་མར་གསོལ་གདབ་ཡི་དམ་བསྒོམ། །ཞེས་སོགས་གསུངས་པ་བཞིན་མ་དག་པའི་སྟོང་ར་དེ་ཉིད་དག་པའི་སྟོང་རར་སྦྱང་དགོས་ཏེ། ཐོག་མར་བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྐད་ཅིག་གིས་འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པའི་སྐུར་གསལ་བཏབ་ལ། དེ་ཡང་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་

p. 421

སོགས་སྔོན་གྱི་བསྐྱེད་རིམ་སྐབས་ལྟར་གསལ་ཐེབས་ངེས་སུ་བྱ་ཞིང་། སྐུ་ཆུང་བ་ཉུངས་འབྲུ་ཙམ་དང་། ཆེ་བ་འཇིག་རྟེན་གྱི་ཁམས་གང་བ་ཙམ་གྱི་ནང་སྟོང་པར་གསལ་བཏབ་ལ་སྦྱངས་ཏེ། དམིགས་པ་ཤིན་ཏུ་གསལ་དག་བརྟན་པོར་བསྒོམ་པར་བྱའོ། །གསུམ་པ་ནི། ཏཻ་ལོ་པའི་ཞལ་ནས། ལ་ལ་ནཱ་དང་ར་ས་ནཱ། །ཨ་ཝ་དྷཱུ་ཏི་འཁོར་ལོ་བཞི། །ཞེས་དང༌། ཆོས་དྲུག་དྲིལ་བར། ནང་ན་རྩ་གསུམ་འཁོར་ལོ་བཞི། །ཞེས་གསུངས་པ་ལྟར། དེ་ནས་ཡི་དམ་གྱི་སྐུ་ནང་སྟོང་པའི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་འབྲིང་པོ་ཙམ་དང༌། གཡས་སུ་རོ་མ་དང་གཡོན་དུ་རྐྱང་མ་གཉིས་སྦོམ་ཕྲ་མདའ་སྨྱུག་ཙམ་པ། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་གསུམ་ག་ནང་གཅིག་ཏུ་གྱུར་པ་དབྱིབས་ཡི་གེ་ཆའི་མཇུག་ལྟ་བུ། ཡར་སྣ་སྤྱི་བོ་ནས་མདུན་ངོས་སུ་གུག་སྟེ་དབུ་མ་སྨིན་མཚམས་དང་། རོ་རྐྱང་སྣ་བུག་གཉིས་སུ་ཟུག་པར་བསམ། དབུ་མ་ཕྱི་དཀར་ལ་ནང་དམར་བ། རོ་མ་དམར་ལ་དཀར་བའི་མདངས་ཅན། རྐྱང་མ་དཀར་ལ་དམར་བའི་མདངས་ཅན་དེ་གསུམ་གྱི་བར་མདའ་སྨྱུག་ཙམ་པ། གསུམ་ག་མདོག་དྭངས་པ། མདངས་གསལ་བ། ཕྲ་བ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། རོ་རྐྱང་གཉིས་ལུག་རྫུད་ཀྱི་རྒྱུ་མ་ལྟར་ཅུང་ཟད་རྙིད་དེ་བ་གསལ་གདབ་པ་དང༌། དབྱིབས་དྲང་བ། ནང་སྟོང་པ་ཞིག་ཏུ་བསྒོམ་དགོས་ལ། དེ་ཡང་དག་ཆོས་མཚན་ཉིད་བཞི་ལྡན་དང་སྦྱར་ན། དམར་བ་རྒྱ་སྐག་གི་མེ་ཏོག །གསལ་བ་ཏིལ་གྱི་མར་མེ། དྲང་བ་ཆུ་ཤིང་གི་སྡོང་པོ། སྟོང་པ་ཤོག་བུའི་ཁང་སྟོང་ཞེས་པ། དེ་ཡང་རྒྱ་སྐག་གི་མེ་ཏོག་ལྟར་དམར་ལ་སྣུམ་ཞིང་འོད་དང་ལྡན་པ། ཏིལ་གྱི་མར་མེ་ལྟར་འོད་འཚེར་ཞིང་བཀྲག་མདངས་དང་ལྡན་པ། ཆུ་ཤིང་སྡོང་པོ་ལྟར་ཡ་ཡོ་འཁྱོག་སྒུར་སོགས་སྐྱོན་གྱིས་མ་གོས་པ། ཤོག་བུ་ཁོག་སྟོང་སྲབ་ཤོག་སྟོང་པ་ལྟར་སྲབ་ལ་སྟོང་ཞིང་

p. 422

ཕྱི་སྦུ་གུ་འོད་ཀྱི་རྣམ་པ་ཅན། དེ་ནི་དཔེ་དང༌། ཡང་ན་དོན་དང་སྦྱར་ན། དམར་བ་ནི་རྒྱ་སྐག་གི་མེ་ཏོག་ལྟར་ཆོས་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་མཚོན་པ། གསལ་བ་ཏིལ་གྱི་མར་མེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་སྟེ་རང་རིག་རང་གསལ་གྱི་ངོ་བོ་ཉིད་ཀྱིས་མཚོན་པ། དྲང་བ་ནི་ཆུ་ཤིང་གི་སྡོང་པོ་ལྟར་ཆོས་ཐམས་ཅད་ཡོད་མིན་གྱི་མཐའ་དབུས་སོགས་མཐའ་བཞི་ལས་གྲོལ་བ། སྟོང་པ་ནི་ཤོག་བུ་ཁོང་སྟོང་ཆོས་ཐམས་ཅད་ཡེ་ནས་ངོ་བོ་ཉིད་ཀྱིས་སྟོང་ཞིང་བདག་མེད་པའོ། །ཞེས་སོགས་གསུངས་ཤིང༌། འཁོར་ལོ་བཞི་ནི། ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་འཁོར་ལོར་རྩ་འདབ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རྩ་འདབ་བཅུ་དྲུག །སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་རྩ་འདབ་སུམ་ཅུ་རྩ་གཉིས་རྣམས་དབུ་མ་ལས་གྱེས་པ། དཔེར་ན་གདུགས་ཀྱི་ཡུ་བ་དང་རྩིབས་ལྟ་བུ་དེ་ཡང་ལྟེ་བ་དང༌། མགྲིན་པའི་རྩ་འདབ་གདུགས་ཀྱི་རྩིབས་འདེག་ལྟར་སྟེང་དུ་ཕྱོགས་པ། སྙིང་ག་སྤྱི་བོའི་རྩ་འདབ་གདུགས་རྩིབས་ལྟར་འོག་ཏུ་ཕྱོགས་པ། རྩ་འདབ་དེ་དག་གི་རྩེ་མོ་རྣམས། རྗེ་བཙུན་ཏཻ་ལོ་པས་མཛད་པ་དེ་ཁོ་ན་ཉིད་བཞིའི་མན་ངག་གསལ་བའི་སྒྲོན་མ་ལས། དེ་ལ་རྟེན་གང་ཞེ་ན་རྩའོ། །དེ་ཡང་གྲངས་དུ་ཞེ་ན། གཙོ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེ་ལས་བརྒྱ་དྲུག་ཅུའོ། །དེ་ལས་བརྒྱ་ཉི་ཤུའོ། །དེ་ལས་སུམ་ཅུ་རྩ་གཉིས་སོ། །དེ་ལས་གསུམ་མོ། །དེ་ནི་གཙོ་བོའོ། །དེ་ལས་བརྒྱ་ཉི་ཤུ་ནི་འཁོར་ལོ་བཞིའོ། །དེའི་གནས་གང་དང་གང་ཞེ་ན། ལྟེ་བ་དང་། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོ་ལའོ། །གྲངས་ཇི་ལྟར་གནས་ཤེ་ན། ལྟེ་བ་ལ་དྲུག་ཅུ་རྩ་བཞིའོ། །སྙིང་ག་ལ་བརྒྱད་དོ། །མགྲིན་པ་ལ་བཅུ་དྲུག་གོ །སྤྱི་བོ་ལ་སུམ་ཅུ་རྩ་གཉིས་སོ། །དབྱིབས་ཇི་ལྟ་བུ་ཞེ་ན། པདྨའི་འདབ་མ་ཉི་

p. 423

མའི་འོད་དང་འཕྲད་པ་ལྟ་བུ་རྒྱས་པ་བཀྲག་དང་ལྡན་པའོ། །ཁ་དོག་ནི་ཉི་མ་དང་ཟླ་བའི་རྒྱུ་ལས་བྱུང་བས་ཟླ་བའི་ནོར་བུ་ལྟ་བུ་ལ་ཞུན་མར་གྱི་ཟེར་སོང་བ་ལྟ་བུའོ། །ཚུལ་ཇི་ལྟར་ཞེ་ན། ཐབས་དང་ཤེས་རབ་སྦྱར་བས་ན་ཁ་སྦྱོར་གྱིས་གནས་པས་སོ། །ཞེས་སོགས་རྒྱས་པར་གསུངས་ཤིང༌། རྩ་འཁོར་འདི་རྣམས་གསལ་གདབ་པའི་སྐབས་དུས་གཅིག་ལ་མི་གསལ་ན། རྩ་འཁོར་རྣམས་རིམ་པས་གསལ་བཏབ་སྟེ་རྩའི་དམིགས་པ་རྣམས་ལ་གསལ་སྣང་ཐེབ་ངེས་པ་གལ་ཆེའོ། །བཞི་པ་ནི། དེ་ཡང་ཇི་སྐད་དུ། སྲོག་ནི་རླུང་ལ་ཟེར་བ་ཡིན། །རྩོལ་བ་ལས་ལ་སྦྱར་བའོ། །ཞེས་གསུངས་པ་བཞིན་རླུང་ནི་སྲོག་གི་རྩ་བར་གྱུར་ཅིང་། འཇིག་རྟེན་པའི་སྐབས་སུ་རྣམ་ཤེས་ལས་རླུང་གི་རྟ་ལ་ཞོན་ནས། དབང་ཚོགས་ལ་རྒྱུག་ཅིང་གཟུང་འཛིན་གྱི་རྟོག་པས་ཡུལ་བཟང་ངན་བར་མའི་རྟོག་པ་ཉམས་སུ་མྱོང་བས། འདོད་ཁྲོ་གཏི་མུག་གི་ལས་ཀྱི་སྒྲིབ་པ་ཀུན་གཞིར་མཚམས་སྦྱོར་བ་བག་ཆགས་ཀྱི་རྟེན་དུ་གྱུར་པ་འཁོར་བའི་ཆོས་སུ་སྣང་བ་དང༌། རྣམ་ཤེས་ཀྱི་བཞོན་པ་ལས་རླུང་གི་རྟ་ཉིད་ཁ་ཕྲལ་ནས་དབུ་མར་འཆིང་བས། རླུང་སེམས་ཁ་བྲལ་ཏེ་མནལ་དུ་གནས་པར་འགྱུར་བ་ཡིན་ལ། འདིའི་སྐོར་རྣམས་ཆོས་དྲུག་གཞུང་ལས་རྒྱས་པར་འབྱུང་བས་གསལ་ཆ་མི་དགོས་ཀྱང༌། འདིར་འདྲ་མིན་ཅུང་ཟད་འབྱུང་བ་རྣམས་ཟུར་རྒྱན་དུ་འབྲི་བར་བྱ་སྟེ། དེ་ཡང་འབུད་པའི་སྐབས་ཐོག་མར་རླུང་སྐྱོན་སེལ་བའི་ཕྱིར་རླུང་སྣ་བུག་གཉིས་ཀ་ནས་རྒྱུ་ན་ལེགས། མི་རྒྱུ་ན་གང་མི་རྒྱུ་བའི་ཕྱོགས་ཀྱི་གློ་སྟེང་དུ་བསྟན་ལ་འདུག་སྟེ་གཉིས་ཀ་ནས་རྒྱུ་བ་བྱས་ལ། སྣ་བུག་གཡས་ནས་རླུང་དྲག་ལ་རིང་བ་གཅིག །དྲག་ལ་ཐུང་བ་གཅིག །འཇམ་ལ་རིང་བ་གཅིག་སྟེ་གསུམ། དེ་བཞིན་དུ་གཡོན་ནས་གསུམ་དང་། གཉིས་ཀ་ནས་གསུམ་སྟེ་དགུ་འབུད་ཅིང་ནད་གདོན་སྡིག་སྒྲིབ་རྣམས་སངས་

p. 424

ཀྱིས་སོང་བར་བསམ། དགུ་ཕྲུག་འདི་ཉིན་རེ་ཐུན་དང་པོ་ལ་བྱ་བ་ལས་མང་ན་རླུང་ལངས་ཏེ། མགོ་ན་བ་སོགས་འོང་བས་ཐུན་གཞན་རྣམས་ལ་རྒྱུ་བ་སྙོམས་པ་ཙམ་གྱིས་ཆོག་ལ། གལ་ཏེ་འབུད་མ་གོམས་ནའང་གཡས་གཡོན་དབུས་གསུམ་ནས་ཅུང་ཟད་རྒྱབ་ཏུ་སྦྱར་ཏེ་ཕྱིར་འབུད་པ་བྱེད་དོ། །རླུང་སྦྱོར་བ་བཞི་ལྡན་ནི། རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་བ་རྣམ་བཞིའོ། །ཞེས་དང༌། འགྲོ་མགོན་ཏི་རས་ཀྱིས། རྔུབ་པ་ཡིས་ནི་ནང་དུ་གཞུག །དགང་བ་ཡིས་ནི་རྒྱས་པར་བྱེད། །གཞིལ་བ་ཡིས་ནི་ཞི་བར་བྱེད། །མདའ་ལྟར་འཕངས་པས་སྐྱོན་རྣམས་སེལ། །ཞེས་གསུངས་པ་ལྟར། དེ་ནས་ལུས་གནད་སྔར་ལྟར་ལས་སྒལ་ཚིགས་ཅུང་ཟད་བསྲིང༌། འོག་སྒོའི་ཐད་དུ་བསམ་གཏན་གྱི་འབོལ་ཆུང་སོར་བཞི་པ་ཙམ་གྱིས་བཏེགས་ལ། ཐོག་མར་རླུང་རྔུབ་པ་ནི། མགྲིན་པ་ཅུང་ཟད་བཀུག །མཆུའི་རྩ་བ་སྣ་བུག་ལ་བཅར། རླུང་ཕྱི་ནས་འཇམ་ལ་རིང་བ་རྫོགས་པར་རྔུབ། དགང་བ་ནི། ལྟེ་འོག་ཏུ་ཆིལ་གྱིས་བཀང་ལ་ཅུང་ཟད་མནན་པ་སྟེ་དང་པོ་མཆིལ་མ་དང་བཅས་ནས་གནོན་པར་བྱེད་དོ། །སྟེང་རླུང་བདེ་བར་མ་བྱང་བར་དུ་འོག་རླུང་ཡིད་ཙམ་འཐེན་ཞིང་། བྱང་ནས་འོག་རླུང་རྒྱུ་ཞབས་མི་འགུལ་བར་དྲངས་ལ། ལྟེ་འོག་ཏུ་ཁ་སྦྱོར་དུ་འཛིན་པ་བུམ་པ་ཅན་ཞེས་བྱ་བའོ། །གཞིལ་བ་ནི། རླུང་ཐུབ་ཐང་དུ་བཟུང་ལ་མི་ཐུབ་པ་སྙམ་བྱེད་པ་ན། རླུང་ཅུང་ཟད་ཙམ་བཏང་ནས་རྔུབ་ཆུང་བྱས་ཏེ་གཡས་གཡོན་དབུས་གསུམ་དུ་དལ་གྱིས་གཅུད། འཕང་བ་ནི། རླུང་མི་ཐུབ་ན་ལྟག་པ་ཅུང་ཟད་དགྱེ་སྟེ་སྣ་བུག་གཉིས་ནས་དལ་བུས་བཏང་ངོ༌། །དམིགས་པ་ནི། རྔུབ་པའི་ཚེ་སྣ་བུག་གི་ཕྱི་རོལ་སོར་བཅུ་དྲུག་ལ་སོགས་པ་ནས་རླུང་ཁ་དོག་སྔོན་པོ་ནར་གྱིས་རྔུབ་པར་བསམ། དགང་བའི་ཚེ་རོ་རྐྱང་གཉིས་ནས་རྒྱུ་མ་ཕུས་བཏབ་པ་ལྟར་གང་སྟེ་དབུ་མར་སོང་

p. 425

བར་བསམ། གཞིལ་བའི་ཚེ་དབུ་མའི་ནང་དུ་འཁྱིལ་ཞིང་གནས་པར་བསམ། བཏང་བའི་ཚེ་སྤྱི་གཙུག་གི་ཚངས་བུག་ནས་རླུང་སེམས་འདུས་པའི་ཐིག་ལེ་དཀར་པོ་ཉུངས་འབྲུ་ཙམ་དང་བཅས་པའི་རླུང་སྔོ་ཕྱུར་གྱིས་མདའ་འཕངས་པ་ལྟར་སོང་བར་བསམ་པ་བཤད་ཀྱང༌། ཐུན་སྟོད་རེ་རེ་ཙམ་མ་གཏོགས་རྒྱུན་དུ་དབུ་མའི་ཡར་སྣ་སྨིན་མཚམས་ན་ཡོད་པ་ལས་ཐོན་ཏེ་སྔོ་སིལ་གྱིས་སོང་བར་བསམ་པ་བཞེད་དོ། །འདིར་དང་པོ་ཉིད་ནས་རླུང་སྦྱོར་རྣམས་དྲག་ཏུ་བྱེད་པ་ནི་འཕྲལ་གྱི་ཡོན་ཏན་སྣ་རེ་ཙམ་མ་གཏོགས་ཕུགས་ཀྱི་དགོས་པ་ཆེར་མ་མཐོང་ཞིང་གེགས་སྐྱོན་མང་ལ། འཇམ་རླུང་གཙོ་བོར་བྱེད་པ་ནི་གེགས་སྐྱོན་ཉུང་ཞིང་ལེགས་ཚོགས་ཆེའོ། །རླུང་མ་བྱང་བར་རླུང་སྦྱོར་དྲག་པོ་ནམ་ཡང་མི་རུང་ངོ༌། །རླུང་ཅུང་ཟད་བྱང་བ་གཏོང་བའི་ཚེ་ལྟེ་བར་རླུང་ཞབས་རེ་བཞག་ནས་བར་རླུང་ཡུན་དུ་འཛིན་པ་ལ་བསླབ་པར་བྱེད་ཅིང༌། དང་པོར་རླུང་ཁུག་བརྒྱད་དམ་བཅུ་གཉིས་རེ་བར་མ་ཆད་དུ་སྦྱངས་ལ་ངལ་གསོ། དེ་ནས་རིམ་གྱིས་འཛིན་ཡུན་ཇེ་རིང་ཁུག་པ་ཇེ་མང་དུ་སྦྱར། སྐབས་མ་ཡིན་པར་རླུང་ཁ་ནས་འབྱུང་འཇུག་མི་བྱ་ཞིང་དུ་བ་ཡོད་པར་མི་བསྒོམ་ལ། དེ་ལྟར་བསྒོམས་པས་རླུང་འབྱོངས་པའི་རྟགས་ནི། ལག་པ་གཉིས་ལན་གསུམ་མཉེས་ནས་སེ་གོལ་དྲུག་བརྡབས་པའི་ཡུན་ཚད་དམ། སྐྱེས་བུ་ནད་མེད་ཀྱི་རླུང་ཁུག་རབ་བརྒྱ་རྩ་བརྒྱད། འབྲིང་དོན་གཉིས། ཐ་མར་སོ་དྲུག་ཁུག་གཅིག་ཏུ་ཚུད་ན་འབྱོངས་པ་ཡིན་ལ། དེ་ནས་རླུང་དབུ་མར་ཚུད་པའི་རྟགས་སུ་ནམ་སྒོམ་སྒོམ་མཉམ་རྒྱུ་ངེས་ཅན་དུ་འབྱུང་བ་དང༌། རླུང་དབུ་མར་ཐིམ་པའི་རྟགས་སུ་སྣ་བུག་གི་རྒྱུ་བ་ཞན་དུ་སོང་ནས་མཐར་རྒྱུ་བ་ཕྲ་མོ་ཡང་མེད་པར་སྣ་སྒོར་སྤུ་ཉག་བཞག་ཀྱང་མི་གཡོ་བ་འབྱུང་ངོ༌། །ཚུལ་འདི་རླུང་བྱིང་བ་དང་བྱེར་བ་ལའང་འབྱུང་བར་བཤད་པས། བྱིང་ན་སེམས་

p. 426

མི་གསལ་ཞིང་དམིགས་པ་གསལ་མི་ཐེབས། བྱེར་ན་ཅི་ཙམ་བསྒོམས་ཀྱང་སྒོམ་པ་ལ་ཤུགས་མི་ཐོན་པས་ཁྱད་པར་ཤེས་དགོས་སོ། །ལྔ་པ་ནི། རྗེ་ཏི་རས་ཀྱིས། སྨིན་མཚམས་མཛོད་སྤུའི་འཁོར་ལོ་ཡི། །དབུས་ཀྱི་རིན་ཆེན་འབར་བ་ན། །བྱང་སེམས་གོང་བུ་དཀར་པོ་གནས། །དེ་ནི་དྲུག་པ་རྡོ་རྗེ་འཆང༌། །ཞེས་གསུངས་པ་ལྟར། དབུ་མའི་ཡར་སྣེར་ཧཾ་ཡིག་མགོ་བོ་ཐུར་བསྟན་ཐིག་ལེ་ནཱ་དས་བརྒྱན་པ། རིང་ཐུང་སོར་གཅིག་སྦོམ་ཕྲ་ཡུངས་འབྲུ་ཙམ། ཁ་དོག་དཀར་ཞིང་དྭངས་ལ་མདངས་དང་ལྡན་པ་རེག་བྱ་བསིལ་བ། བདུད་རྩི་ཟག་ལ་ཁད་འོད་ཕྲོམ་ཕྲོམ་པ། བསིལ་བ་དེ་ཡང་གྲང་རེག་གི་ཟུག་རྔུ་མ་ཡིན་པའི་བདེ་བའི་རང་བཞིན་ཅན། དེ་ཡང་དག་ཆོས་འབྱུང་བཞི་དང་སྦྱར་ནས་ལྕི་ཞིང་འཇམ་པ་ས། བསིལ་ཞིང་བདེ་བ་ཆུ། སྣུམ་ཞིང་མདངས་དང་ལྡན་པ་མེ། འོད་འཚེར་ཞིང་དྭངས་ལ་གཡོ་བ་རླུང་སྟེ་འབྱུང་བ་བཞི་འདུས་ཀྱི་མཚན་ཉིད་ཅན་དེ་ཡང༌། ངོ་བོ། རང་བཞིན། རྣམ་པ། བྱེད་ལས་བཞི་སྟེ། ངོ་བོ་འཁོར་ལོ་བདེ་མཆོག །རང་བཞིན་ཕ་ལས་ཐོབ་པའི་ཐིག་ལེ། རྣམ་པ་ཧཾ་ཡིག །བྱེད་ལས་བདེ་བ་བསྐྱེད་པར་བྱེད་པ། ཡང་ན། ངོ་བོ་དག་པ་ཆོས་སྐུ། རང་བཞིན་ཐིག་ལེ་ལོངས་སྐུ། རྣམ་པ་ཧཾ་ཡིག་སྤྲུལ་སྐུ། བྱེད་ལས་རྩ་རླུང་ཐིག་ལེ་དག་པ་བདེ་ཆེན་བསྒྱུར་བའོ། །ཞེས་དང༌། དྭགས་པོའི་སྙན་བརྒྱུད་ལས། དེ་ནས་སྨིན་མཚམས་སུ་དབུ་མའི་ཡར་སྣར་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་འོད་འཚེར་བ་སྣུམ་ལ་འདྲིལ་བ་ཉུངས་འབྲུ་ཙམ་མམ་སྲན་མ་འབྲིང་པོ་ཙམ་ཞིག་བསྒོམ། དེ་ཡང་དམིགས་རྟེན་ཙམ་ཞིག་མ་ཡིན་པར་སེམས་ཀྱི་ངོ་བོ་ཐིག་ལེ་དེར་བསམ་ཞིང་སེམས་བཟུང༌། དེ་ལ་སེམས་ཟིན་ནས་རླུང་ནང་དུ་འཇུག་པའི་ཚེ། ཟངས་སྦུབས་སུ་ལྕགས་ཀྱི་རིལ་བུ་སྒྲིལ་བ་ལྟར་སིང་སྒྲ་དང་བཅས་ཏེ་དབུ་མའི་ནང་ནས་སྤྱི་བོའི་འཁོར་ལོའི་དབུས་

p. 427

སུ་སོང་བར་བསམ། རླུང་གནས་པའི་ཚེ་དེར་ཐིག་ལེ་ལ་སེམས་བཟུང་། རླུང་ཕྱིར་འབྱུང་བའི་ཚེ་སེང་སྒྲ་དང་བཅས་ཏེ་བྱུང་ནས་སྨིན་མཚམས་སུ་གནས་པར་བསམ་ལ་སྦྱང༌། དེ་ལ་སེམས་ཟིན་ནས་སྔར་ལྟར་ལས་མགྲིན་པ་དང་། སྙིང་ག་དང་། ལྟེ་བའི་འཁོར་ལོའི་དབུས་སུ་སོང་བར་བསམས་ལ་སེམས་འཛིན་པ་རྣམས་རིམ་པས་སྦྱང༌། དེ་དག་ལ་སེམས་ཟིན་ནས་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་རྣམས་སུ་རླུང་ཁུག་ལྔ་རེའམ་བདུན་རེར་སེམས་བཟུང་ཞིང༌། ཐུན་གྱི་དངོས་གཞི་ལྟེ་བའི་འཁོར་ལོར་སེམས་བཟུང་བ་ལ་བྱ་སྟེ། ཐམས་ཅད་དུ་རླུང་འཇུག་པའི་ཚེ་རྩ་འཁོར་དེའི་དབུས་སུ་འགྲོ་བ་དང་། གནས་པའི་ཚེ་དེར་སེམས་བཟུང་བ་དང་། འབྱུང་བའི་ཚེ་སྨིན་མཚམས་སུ་གནས་པར་བསམ། ཐུན་འཇོག་པའི་ཚེ་ཐིག་ལེ་སྨིན་མཚམས་སུ་བསྡུ། ཚུལ་དེ་ལྟར་སྦྱངས་ནས་དམིགས་པ་ཟིན་ཞིང་སེམས་བརྟན་པའི་མཚན་མ་ཐོབ་པར་བྱའོ། །དྲུག་པ་ནི། དྭགས་པོའི་སྙན་བརྒྱུད་ལས། རྟེན་ལུས་ཀྱི་རྩ་མདུད་བཀྲོལ་ཏེ་རྩ་ནང་དུ་རླུང་དང་། ཐིག་ལེ་ཁྲིད་ནས་རྩ་རླུང་ཐིག་ལེ་ཉམས་པ་གསོ་ཞིང་སྤེལ་བས་རྒྱས་པར་བྱེད་པ་དང༌། དེ་ལ་རྟེན་ནས་བརྟེན་པ་སེམས་གཏན་ལ་འབེབས་པའི་གནད་ལ་ལུས་ཀྱི་འཁྲུལ་འཁོར་ཤིན་ཏུ་གལ་ཆེ་བས། འདིར་ཐུན་གྱི་མགོ་མཇུག་ཏུ་རྩ་ཁྲུས་ཡན་ལག་ལྔ་སྦྱོང་དང་། ནཱ་རོ་དྲུག་བསྐོར་དུ་གྲགས་པའི་འཁྲུལ་འཁོར་ལ་གནད་དུ་བསྣུན་པར་བྱ་སྟེ། འདི་དང་གཞན་ཡང་འཁྲུལ་འཁོར་གྱི་ཚུལ་རྣམས་ལ་སྦྱངས་བརྩོན་སྔོན་དུ་བྱས་པ་ཡང་དོན་ཡོད་པར་འགྱུར་བའོ། །གཉིས་པ་དངོས་ནི། བདེ་མཆོག་སྡོམ་འབྱུང་ལས། རྒོད་མ་ཁ་ཡི་མེ་འདྲ་བ། །ཕག་མོའི་ཐིག་ལེར་བརྗོད་པ་སྟེ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིིལ་འཁོར་ཉིད་དུ་འབར། །ཞེས་གསུངས་པ་ལྟར། ལུས་ཀྱི་གནད་ལ། རྐང་པ་གཡོན་པའི་མཐིལ་

p. 428

འཕོངས་ཚོས་གཡས་སུ་གཏད། གཡས་དེའི་ཕྱི་ནས་བསྣོལ་ལ་འཕོངས་ཚོས་གཡོན་དུ་གཏད། འཕོངས་ཀྱི་འོག་ཏུ་གོས་ལ་སོགས་པའི་སྟེགས་ཅུང་ཟད་བཅུག །སྒོམ་ཐག་ཁུག་པ་ལ་ཁྲུ་གང་སོར་བཞིའམ། ཁྲུ་གང་མཛུབ་གང་ངམ། མགོ་ཁུག་ཆང་གང་པ་རྡོ་རྗེ་ཕག་མོ་ལ་སོགས་པར་མོས་ཏེ་རྐེད་པ་དང་པུས་མོ་གཉིས་ཀྱི་འོག་ཏུ་བཅིང༌། ལག་པ་སྒོམ་ཐག་གི་འོག་ནས་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཙིར། གཞན་རྣམས་སྔར་བཤད་པ་ལྟར་རོ། །དུས་ཀྱི་གནད་ནི་འགྲངས་ཆེས་པ་དང་། ལྟོགས་ཆེས་པ་དང་། ཉིན་གུང་དང་། མཚན་གུང་རྣམས་མིན་པའི་དུས་རྣམས་དང༌། ཁྱད་པར་དུ་རླུང་གཡས་གཡོན་དུ་འཕོ་བའི་མཚམས་དང་། ཆ་མཉམ་དུ་རྒྱུ་བའི་དུས་སུ་བསྒོམ་པར་བཤད་དོ། །རྩའི་གནད་ནི། རྩ་གསུམ་དང་འཁོར་ལོ་བཞི་སྔར་བཞིན་གསལ་གདབ་པའོ། །ཡུལ་གྱི་གནད་ནི། ལྟེ་འོག་སོར་བཞིའི་ཐད་དུ་རྩ་གསུམ་ནང་གཅིག་ཏུ་གྱུར་པའི་འདུས་མདོར་གཏུམ་མོ་ཨ་ཐུང་ཞེས་པ། ངོ་བོ་ཐིག་ལེ། རྣམ་པ་མེ། རེག་བྱ་ཚ་བ། ཉམས་བདེ་བ་སྟེ་མཚན་ཉིད་བཞི་ལྡན། དབྱིབས་ཨ་ཤད་ཅེས་པ་སྐྱེར་པའི་ཚེར་མ་རྐེད་པ་ནས་བཅད་པའི་བཅད་ཁ་སྟེང་དུ་བསྟན་པ་ལྟ་བུར་བཞེད་ལ། སྦོམ་ཕྲ་རྟ་རྔ་ཙམ་པ་དཔངས་སོར་གཅིག་པ་ཁ་དོག་ཤིན་ཏུ་དམར་བའི་འོད་ཀྱིས་ལུས་ཐམས་ཅད་དྲོ་ཞིང་བདེ་བར་ནུས་པ། ཁྱད་པར་ལྟེ་འོག་ཏུ་ཚ་རེག་མི་བཟོད་པ་ཙམ་གྱི་དྲོད་དང་། ཞུ་བ་ལྟ་བུའི་བདེ་བ་ལྷན་ཅིག་ཏུ་སྐྱེད་པ། དེ་ཡང་སེམས་ཀྱི་རྟེན་ཙམ་མིན་པར་སེམས་ཀྱི་ངོ་བོ་དེར་རྩེ་གཅིག་ཏུ་བསྒྲིམས་ལ་བསྒོམ་མོ། །ཞེས་དང༌། འབྲུག་པའི་སྙན་བརྒྱུད་ལས། རྩ་གསུམ་འདུས་མདོ་དབུ་མའི་ནང་དུ་ཨ་ཤད་སུམ་འཁྱོགས་པ་ལུ་ཏའི་དབྱིབས་ཅན། རིང་ཐུང་སོར་ཕྱེད། སྦོམ་ཕྲ་མོ་ཁབ་ཙམ། བཅད་ཁ་གྱེན་བསྟན། ཁ་དོག་དམར་སེར། རེག་བྱ་ཚ་བ། སྤུ་རྩེ་

p. 429

རླུང་གིས་བསྐྱོད་པ་ལྟ་བུ། འབར་བ་མྱུར་བ། ཕ໊་ཕ໊་གྱི་སྒྲ་དང་ལྡན་པ། དྲོད་དེ་ཡང་ཚ་བའི་ཟུག་རྔུ་མ་ཡིན་པར་བདེ་དྲོད་ཀྱི་རང་བཞིན་ཅན། དེ་ཡང་དག་ཆོས་འབྱུང་བཞི་དང་སྦྱར་ན། རྩུབ་ཅིང་བདེ་བ་ས། སྣུམ་ཅིང་འོད་འཚེར་བ་ཆུ། དྲོ་ཞིང་འབར་བ་མེ། སྐྱོད་ཅིང་གཡོ་བ་རླུང་རྣམས་ནི་འབྱུང་བ་བཞི་འདུས་ཀྱི་མཚན་ཉིད་ཅན། དེ་ཡང་ངོ་བོ། རྣམ་པ། རང་བཞིན། བྱེད་ལས་བཞིར་ཕྱེ་ན། ངོ་བོ་རྣལ་འབྱོར་མ། རྣམ་པ་ཨ་ཤད། རང་བཞིན་མ་ལས་ཐོབ་པའི་ཐིག་ལེ། བྱེད་ལས་སྒྲིབ་གཉིས་བསྲེགས་ཤིང་ཡོན་ཏན་གྱི་ཚོགས་རྒྱས་པར་བྱེད་པ། ཡང་ན་སྐུ་གསུམ་དང་སྦྱར་ན། ངོ་བོ་དག་པ་ཆོས་སྐུ། རང་བཞིན་ཐིག་ལེར་གསལ་བ་ལོངས་སྐུ། རྣམ་པ་འཁྱོགས་ཤིང་འབར་བ་སྤྲུལ་སྐུ། བྱེད་ལས་སྐུ་གསུམ་དག་པ། དེས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བཅོམ་ཞིང་ཡོན་ཏན་གྱི་ཚོགས་རྒྱས་པར་བྱེད་པའོ། །ཞེས་དང༌། འགྲོ་མགོན་ཏི་རས་ཀྱིས། སྲོག་དང་རྩོལ་བ་ལ་བརྟེན་ནས། །རླུང་གི་བྱེ་བྲག་དབུ་མར་ཚུད། །སྐད་ཅིག་དེ་ལ་གཏུམ་མོ་འབར། །ཡེ་ཤེས་བཙན་ཐབས་སྐྱེ་བའི་གནད། །ཉམས་དང་རྟོགས་པ་གཅིག་ཆར་སྐྱེ། །དེ་ཡིས་མཚན་བཅས་རྫོགས་རིམ་བཤད། །ཅེས་གསུངས་པ་ལྟར། རླུང་གི་གནད་ནི། སྦྱོར་བ་བཞི་ལྡན་སྔར་ལྟར་ལས་གང་བའི་ཚེ་རོ་རྐྱང་གཉིས་ནས་བརྒྱུད་པའི་རླུང་ཨ་ཤད་ལ་ཕོག་པས། སོལ་མེ་ལ་ཕུས་བཏབ་པ་ལྟར་ཆེར་དམར་ཞིང་གསལ་བ་དང་དྲོད་འབར་བར་བསམ། གཞིལ་བའི་ཚེ་རླུང་ལྷག་མ་རྣམས་ཨ་ཤད་ལ་ཐིམ་པར་བསམ། དབྱུང་བའི་ཚེ་ཨ་ཤད་ཀྱི་སྟེང་ནས་ཐོན་ཏེ་དྲོད་དང་བཅས་པ་དབུ་མའི་ནང་དུ་སོང་བར་བསམ་སྟེ་ཐམས་ཅད་དུ་ཨ་ཤད་ལ་སེམས་འཛིན་པ་གལ་ཆེ་ཞིང༌། འདིར་གཏུམ་མོའི་རྩ་བ་ཡིན་པས་དམིགས་པ་གསལ་བར་ཟིན་པ་དང་དྲོད་རྙེད་པར་བྱ་དགོས་སོ། །དེ་ལ་སེམས་བརྟན་ནས་རླུང་རྔུབ་

p. 430

དགང་བྱས་པ་ཨ་ཤད་ལ་ཕོག་པས་ཨ་ཤད་འབར་ཏེ། མེ་སོར་གཉིས་པ་མོ་ཁབ་ཙམ་པ། དབྱིབས་ནས་འབྲུ་ལྟ་བུའམ་གཟིགས་མོ་བྱི་ཐུར་ལྟར་རྩ་རྩེ་ཕྲ་ཞིང་དབུས་སྦོམ་པ། སའི་རང་བཞིན་རྩུབ་པ། ཆུའི་རང་བཞིན་སྣུམ་པ། མེའི་རང་བཞིན་ཚ་ལ་རྩུབ་པ། རླུང་གི་རང་བཞིན་གཡོ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཚ་རེག་མི་བཟོད་པ་ཙམ་གྱི་དྲོད་དང་ཞུ་བདེ་ལྟ་བུའི་བདེ་བ་ལྷན་ཅིག་ཏུ་བསྐྱེད་པར་བསམས་ལ། རླུང་གཞིལ་བ་དང་དབྱུང་བའི་དམིགས་པ་གོང་ལྟར་བྱ། དེ་ནས་དེ་བཞིན་དུ་མེ་སོར་གསུམ་པ་དང་། བཞི་པའི་བར་དུ་བསྒོམས་ལ་བདེ་དྲོད་ཀྱི་གཞི་ཚུགས་པར་བྱའོ། །དེ་དག་གིས་མ་ཟིན་པ་ཟིན་པར་བྱེད་པའི་ཐབས་ཀྱི་རིམ་པ་རྣམས་བསྟན་ཟིན། །གཉིས་པ་ནི། དཔལ་རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་བཅོ་ལྔ་པར། ལྷ་ཡི་རྣལ་འབྱོར་དུས་སུ་ནི། །བ་སྤུ་རྣམས་ཀྱི་བུ་ག་ནས། །ཕྱོགས་བཅུ་རྣམས་སུ་སྤྲོས་ནས་ནི། །ལྷ་དང་ལྷ་མིན་ཀུན་བསྡིགས་ཏེ། །ཞེས་གསུངས་པ་ལྟར། སྔ་མ་བཞིན་ཡེ་ཤེས་ཀྱི་གོང་བུ་ལ་ནཱ་ད་གཅན་གཟན་ཀྱི་སྨ་ར་ཙམ་པ་སོར་གང་སུམ་འཁྱོགས་སུ་འབར་བ་ལ། རླུང་སྦྱོར་དྲག་ཏུ་བྱས་པས་སོར་དོ་འབར་བ་ཨ་ཤད་ཀྱི་དབྱིབས་ཏེ་རླུང་སྦྱོར་བྱས་པས་ལྟེ་བ་ཕྱིན་ཆད་དྲོས་པར་བསམ། དེ་བཞིན་སོར་བཞིས་སྙིང་ག །སོར་དྲུག་གིས་མགྲིན་པ། སོར་བརྒྱད་ཀྱིས་སྤྱི་བོ་དང་། བ་སྤུའི་མཐར་ཐུག་པར་དྲོས་པར་བསམས་ལ་དམིགས་པ་དང་མཐུན་པའི་རྟགས་འབྱུང་ངེས་སུ་འབད་དོ། །ཡང་མེ་དམིགས་ཆེར་བསྐྱེད་པ་ནི། རས་དཀར་བའི་བཞེད་པ་ལྟར་སྟེང་འོག་གི་འཁོར་ལོ་གཉིས་ལས། གསང་གནས་ཀྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས། ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད། མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག །སྤྱི་བོའི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས།

p. 431

དབུ་མའི་ཡར་སྣེ་གཙུག་ཏོར་ནོར་བུའི་འཁོར་ལོ་རྩ་འདབ་དགུ་པའི་ལྟེ་བར་ཡ་ཏོག་བྱང་ཆུབ་སེམས་ཀྱི་ངོ་བོ་དཔལ་ཧེ་རུ་ཀའི་རང་བཞིན་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་གནས་པ་དང༌། དབུ་མའི་མར་སྣེ་གསང་གནས་བདེ་སྐྱོང་འཁོར་ལོའི་དབུས་སུ་མ་ཏོག་ཤེས་རབ་སྟོང་ཉིད་ཀྱི་རང་བཞིན་ཡུམ་གྱི་ངོ་བོ་ཨ་ཤད་ཀྱི་རྣམ་པ་སྟེ། ཏི་རས་ཀྱིས། གསང་གནས་ཆོས་འབྱུང་བྷ་ག་ན། །གཏུམ་མོ་ཨ་ཐུང་ཡི་གེ་གནས། །ཞེས་གསུངས་པ་ལྟར་དང་། སྙིང་གའི་རྩ་འདབ་བརྒྱད་ཀྱི་ལྷོ་བྱང་གཉིས་ལས་གྱེས་པའི་ལག་རྩ་ཚིགས་དྲུག་ལ་རྩ་འདབ་བརྒྱད་དང་། ཚིགས་ཕྲན་སུམ་ཅུ་ལ་རྩ་འདབ་བཞི་རེ། ལྟེ་བའི་རྩ་འདབ་དྲུག་ཅུའི་ལྷོ་བྱང་གཉིས་ལས་གྱེས་པའི་རྐང་རྩ་ཚིགས་ཆེན་ཚིགས་ཕྲན་རྣམས་ལའང་ལག་པའི་རྩ་བཞིན་གསལ་བཏབ་ལ། རས་པས། ཉི་མའི་འོད་ཀྱིས་རི་བོང་དབབ། །ཅེས་གསུངས་པ་ལྟར་རླུང་གིས་བསྐུལ་བས་གཏུམ་མོའི་མེ་ལྕེ་སོར་བརྒྱད་དུ་འབར་བའི་འོད་ཀྱིས་སྤྱི་བོའི་ཧཾ་དྲོས་ཏེ། ཐིག་ལེ་དཀར་ལ་སྣུམ་པ་སྲན་མ་ཙམ་ཞིག་ཆད་ནས་མེ་དང་འཕྲད་ཅིང་། གསོས་བཏབ་མ་ཐག་བཟོད་མེད་བདེ་བའི་ཉམས་འབར་བ་དང་། ལྷན་ཅིག་མར་ཁུ་མེ་དང་སྦྱར་བ་ལྟར་ཚེག་སྒྲ་བཅས་ལྟེ་བ་ཕྱིན་ཆད་མེ་ཡིས་གང་བར་བསྒོམ། དེ་བཞིན་སྙིང་ག་མགྲིན་པ་སྤྱི་བོ་ཡན་ལག་བ་སྤུའི་མཐར་ཐུག་པ་ཚུན་ཆད་དང༌། གནས་ཡུལ་ཐམས་ཅད་མེའི་ཕུང་པོར་དམིགས་པ་བཅས་རིམ་བཞིན་སྔ་མ་སྔ་མ་འབྱོངས་རིམ་བཞིན་ཕྱི་མ་ཕྱི་མར་བསླབ་ལ། ཐུན་འཇོག་ཙ་ན་དཀར་དམར་རང་གནས་སུ་བསྡུས་ལ་ས་བོན་ཙམ་དུ་བཞག་སྟེ་རིག་སྟོང་རྗེན་པ་མ་ཡེངས་པ་ལ་བསླབ་ཅིང་མཆོག་གི་གཏུམ་མོ་སྲོག་ལྟར་དུ་འཛིན་པར་བྱའོ། །ཡང་ཐུན་གསེང་དུ་གསང་བའི་གནས་ལ་གཏུམ་མོའི་རང་བཞིན་ཐིག་ལེ་དམར་པོ་མེའི་གོང་བུ་ལུག་རིལ་ཙམ་ལ་གསལ་བཏབ་པ་རླུང་

p. 432

ཤེད་ཀྱིས་བཟུང་ནས། ལྟེ་འོག་ཏུ་མནན་ལ་འོག་རླུང་ཅུང་ཟད་འཐེན་ནས་བར་རླུང་ཁ་སྦྱོར་དུ་འཛིན་པར་བྱའོ། །སྤྱན་སྔ་ལུས་མེད་རྡོ་རྗེའི་ཆོས་བཞི་ལས། ད་ནི་དོན་གཉིས་པ་བསྒོམ་པ་ནི། ལུས་གནད་སེམས་བསྐྱེད་ལ་སོགས་པའི་སྔོན་འགྲོ་གོང་ལྟར་བྱས་ལ། རླུང་སྦྱོར་བ་བཞི་ལྡན་གྱི་གཏུམ་མོ་སྦར་བ་ནི་ཁྲག་གི་གཏུམ་མོ་སྟེ་དང་པོའོ། །འདི་ལ་དམིགས་པ་ནི་གསང་གནས་ཆོས་འབྱུང་གི་ནང་དུ་ཁྲག་གི་གཏུམ་མོ་སྲན་མའི་ཕྱེད་ཚལ་ཙམ་ཞིག་དམར་ཝ་ལེ་བར་བསམ། གང་ལྟར་ཕྱི་ནང་རླུང་གི་དྲོས་པས་ཐིག་ལེ་ཙཎྜ་ལཱིའི་སྟེང་དུ་བབ་པས། བདེ་སྟོང་གི་ཉམས་ལྷང་ལྷང་སྐྱེས་པར་བསམས་ཏེ། རླུང་སྦྱོར་གོང་ལྟར་དུ་བྱའོ། །འདི་ཤིན་ཏུ་གནད་ཆེ་བས་ཆགས་པའི་དབང་དུ་མ་གཏོང་གསུངས། རྗེས་ལ་བསྔོ་བ་བྱའོ། །ཞེས་དང༌། འདི་ཡང་སྔོན་འགྲོ་འདྲ་བ་ལ། རྩ་གསུམ་འཁོར་ལོ་བཞི་གསལ་འདེབས་པ་དང༌། རླུང་སྦྱོར་བཞི་ལྡན་མི་བྱེད་པར་འོག་སྒོ་ཅུང་ཟད་བསྡམ་སྟེ། རླུང་ཤེད་ཀྱིས་བཟུང་ནས། ཤེས་པའི་གནད་གསང་གནས་སུ་གཏུམ་མོའི་རང་བཞིན་ཐིག་ལེ་རིལ་མ་ཙམ་པ་འོད་ཆེ་བ་བསམ་སྟེ། རླུང་སྦྱོར་གོང་ལྟར་བྱ། རྗེས་བསྔོ་བ་བྱའོ། །རྗེ་དྭགས་པོ་རིན་པོ་ཆེས་གཏུམ་མོ་ཙཎྜ་ལཱི་བསྟན་པ་དང༌། མ་བསྟན་པ་གཉིས་ལས་སྔ་མ་རྣམས་ལ་བསྟན་པ་ཡིན། བསྟན་པ་ནི་སྔོན་འགྲོ་འདྲ་བ་ལ། ཁྱད་པར་དུ་རྩ་གསུམ་འཁོར་ལོ་བཞི་གསལ་གདབ་སྟེ་རླུང་སྦྱོར་གོང་ལྟར་བྱས་ལ། གསང་གནས་གཏུམ་མོའི་མེ་མཚན་ཉིད་བཞི་ལྡན་འབར་བའི་རྩེ་མོ་དབུ་མའི་ནང་ནས་ཡར་སོང་ནས་ལྟེ་བའི་འཁོར་ལོའི་དཀྱིལ་དུ་ཉུག་ཉུག་བྱས་པས་ཙཀྲའི་ལྟེ་བ་ཏལ་གྱིས་ཕུག་པར་བསམ། དེ་བཞིན་དུ་ཙཀྲ་བཞི་མེས་ཏལ་ཏལ་ཕུག་ནས། མེ་ཡི་རྩེ་མོ་ཚངས་བུག་གི་ཧཾ་ལ་ཏུག་ཏུག་འབར་བས་ཧཾ་ཞུ་སྟེ་སྤྱི་བོའི་ཙཀྲ་ནས་ཙཀྲ་བཞི་རིམ་བཞིན་བྱང་ཆུབ་ཀྱི་ཐིག་ལེས་ཁེངས་

p. 433

པར་བསམ་ཞིང་རླུང་སྦྱོར་དྲག་ཏུ་བྱ། དེ་ནས་མི་དམིགས་པར་བསམ། རླུང་ཐུབ་ཚད་དུ་བཟུང༌། མི་ཐུབ་པའི་དུས་སུ་གཞིལ་བ་ལ་སོགས་པ་བྱའོ། །རྗེས་ལ་བསྔོ་བ་སྨོན་ལམ་དང་མི་དམིགས་པས་རྒྱས་གདབ་བོ། །ཞེས་གསུངས་པ་རྣམས་དང་ཆོས་དྲུག་གཞུང་གི་ཏི་རས་ཀྱིས་གསུངས་པའི་མཆོག་གི་གཏུམ་མོ་དང་། སྙན་བརྒྱུད་ཀྱི་མན་ངག་སོགས་ཏི་ཤྲི་རས་པ་ཡབ་སྲས་ཀྱི་ཁྱད་པར་གྱི་དོན་རྣམས་རྒྱས་པར་བཀྲལ་བ་དེ་དག་ལ་གལ་ཆེན་གྱི་སྙིང་ནོར་དུ་ལུས་སྦྱོང་དང་སྦྲགས་ཏེ་འབད་པར་རིགས་སོ། །གསུམ་པ་བོགས་འདོན་གྱི་རིམ་པ་ནི། རྗེ་ཏི་ཤྲི་རས་པའི་གཏུམ་མོ་སྒྲོན་གསལ་ལས། ཕྱི་ཡི་མི་དང་མི་མ་ཡིན། །ནང་གི་ཉོན་མོངས་རྣམ་རྟོག་བདུད། །ལྟ་སྒོམ་སྤྱོད་འབྲས་གཉིས་ཀྱིས་སེལ། །རྩ་རླུང་བསྒོམ་པའི་གེགས་རྣམས་ནི། །འབྱུང་བཞི་སོ་སོ་རང་གིས་སེལ། །གང་གི་གཉེན་པོར་གང་འགྲོས་སེལ། །སྐྱོན་དང་གེགས་རྣམས་གང་བྱུང་ངོ། །དེ་རང་ཉིད་ལ་བརྟགས་ལ་སྒོམས། །ཞེས་གསུངས་པ་ལྟར། འདི་ལ་ལྔ་ལས། ལུས། རྩ། རླུང༌། ཡི་གེ །ཐིག་ལེའོ། །དང་པོ་ནི། ལུས་ཀྱི་གནད་བཅིངས་པས་ཕྱིའི་གེགས་སེལ་ཞིང་། ལུས་སྦྱོང་དང་འཁྲུལ་འཁོར་གྱིས་ནང་དང་གསང་བའི་གེགས་སེལ་ལ། རྣམ་སྨིན་དང་བག་ཆགས་ཀྱི་ལུས་སུ་མི་འཛིན་པར་འོད་གསལ་ཟུང་འཇུག་གི་ལུས་སུ་གོམས་པས་ན་བཞི་པའི་གེགས་སེལ་ལོ། །ཡེ་ཤེས་ཀྱི་ལུས་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ལུས་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་ལ་ཐེག་པ་འོག་མ་དང༌། ཕ་རོལ་ཏུ་ཕྱིན་པའི་ལུས་མི་རྟོག་པ་དང་མི་གཙང་བའི་རྫས་སུ་བསྒོམ། གསང་སྔགས་ལ་ཡི་དམ་ལྷར་བསྒོམ། མྱ་ངན་ལས་འདས་པ་ནི། འབྲས་བུ་སྐུ་བཞི་མངོན་དུ་བྱས་པའོ། །གཉིས་པ་ནི། ཏི་རས་ཀྱིས། རྩ་ཡི་ལམ་ལ་བཞི།

p. 434

ལམ་དང་གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་ལུས་ལྷའི་དལ་ལ་བསྒོམས་ནས། དུས་ཀྱི་གནད། ལུས་ཀྱི་གནད། ཡུལ་གྱི་གནད། ཤེས་པའི་གནད་བཞི་རྟེན་འབྲེལ་བསྒྲིགས་ནས། སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་ནས། གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་ནས་རྩ་ཁ་དབྱེ་བ་རྩ་མདུད་གྲོལ། རྩ་མཁའ་འགྲོ་མའི་གནས་སུ་རླུང་དཔའ་བོ་ཡབ་ཡུམ་འདུས། རྩ་མདུད་ཡི་གེ་འབུར་དུ་དོད། ཁམས་དྭངས་མ་བྱང་སེམས་ཐིག་ལེ་རྒྱས། དེས་རྩ་ལམ་དུ་སློང་བའོ། །གལ་ཏེ་གེགས་བྱུང་ན། ཕྱི་ཡི་གེགས་མི་དང་མི་མ་ཡིན་གྱི་གེགས། ནང་འབྱུང་བ་བཞི་དང་ཉོན་མོངས་པ་རྒྱས་པའི་གེགས། རྩ་ཟུག་ལྷག་པར་ན་ཞིང་ཟུག་གཟེར་ཤིན་ཏུ་ཆེ་བ་རྩ་ཡི་གེགས། གསུམ་པ་གེགས་སེལ་བ་ནི། བདུད་དང་མི་མ་ཡིན་གྱི་གེགས་ནི། སེམས་ཅན་ཐམས་ཅད་ཕ་དང་མར་ཤེས་ནས། བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་བསྒོམས་པས་སེལ། གཞན་ཡང་དེ་དང་དེ་ཡི་གནད་ཀྱི་ཡི་གེར་རླུང་སེམས་འདུས་པའི་གེགས་དེ་དང་དེའི་གནད་ཤེས་པས་སེལ། འབྱུང་བཞི་འཁྲུགས་ན་བདུད་རྩི་ལྔ་ཡི་རོ་སྙོམས་བྱས་པས་འཆོས། ཡང་ན་གཉེན་པོ་བསྟན་པ་ནི། མེའི་གཉེན་པོར་ཆུ། ཆུའི་གཉེན་པོར་མེ། དེ་དང་དེའི་གཉེན་པོ་བསྟེན་པས་འཆོས། ཡང་ན་གོ་ལྡོག་སྦྱོར་བ་ནི། མེ་ལ་མེ། ས་ལ་ས། ཆུ་ལ་ཆུ། རླུང་ལ་རླུང༌། ནམ་མཁའ་ལ་ནམ་མཁའ། ཉོན་མོངས་པའི་གེགས་ལ། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་སོགས་པའམ། ཡང་ན་ཞེ་སྡང་གིས་ཞེ་སྡང་སྟོང༌། ང་རྒྱལ་གྱིས་ང་རྒྱལ་སྟོང༌། ཕྲག་དོག་གིས་ཕྲག་དོག་སྟོང༌། གཏི་མུག་གིས་གཏི་མུག་སྟོང་པ་ལ་སོགས་པས་འཆོས། གཞན་ཡང་རྩ་གནས་ལྔར་རླུང་འདུས་ཙ་ན། ཉོན་མོངས་པ་ལྔ། གེགས་ལྔ། འབྱུང་བ་ལྔ། རླུང་ལྔའི་དྲི་མ་ཤེས་པས་འཆོས། རྩ་ལམ་དུ་

p. 435

སློང་ན་ལམ་གྱི་ཡོན་ཏན་རྩ་ཕྲན་གྲོལ་ནས་ལོ་ཀའི་ལམ་གྱི་ཡོན་ཏན་དྲོད་སྐྱེ། རྩ་མདུད་གྲོལ་ནས་ལོ་ཀ་ལས་འདས་པའི་ལམ་གྱི་ས་ནོན་ནས་དེའི་རྟགས་ཀྱི་ཡོན་ཏན་བརྒྱ་ཕྲག་ལ་སོགས་པ་འབྱུང་བའོ། །རྩ་ཡི་འབྲས་བུ་ནི། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་སེམས་ཅན་གྱི་དོན་མངོན་དུ་བྱེད་པའོ། །གཞན་ཡང་རིགས་དྲུག་སོ་སོའི་སྣང་བ་དང་མཐུན་པར་སྤྲུལ་པའི་སྐུ་མངོན་དུ་བྱེད་པའོ། །གཞན་ཡང་ཞིང་དང་སྐུ་ཡང་དེ་དང་མཚུངས་པ་གཅིག་འབྱུང་བའོ། །ཙཀྲ་དྲུག་ནི་རིགས་ལྔ་དང་དྲུག་པ་རྡོ་རྗེ་འཆང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐུ་དྲུག་ཏུ་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་མཚོན་པའོ། །འཁོར་ལོ་བཞི་ནི་སྡེ་པ་བཞི་དང༌། རྒྱུད་སྡེ་བཞི་ཡི་ལྷར་སྣང་བའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སྤྲུལ་པའི་སྐུ། མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ལོངས་སྤྱོད་རྫོགས་པའི་སྐུ། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཆོས་ཀྱི་སྐུའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བདེ་ཆེན་ཆོས་ཀྱི་སྐུའོ། །གསུམ་པ་ནི། ཏི་རས་ཀྱིས། དེ་ཡང་རླུང་གི་ཕྱི་ཡི་གེགས་ནི་རླུང་བསྒོམས་པས་འཆོས། ནང་གི་འབྱུང་བ་འཁྲུགས་པའི་ནད་བྱུང་ན་འབྱུང་བ་བཞི་རོ་སྙོམས་ཀྱིས་འཆོས། རླུང་ལ་སོགས་པ་དུ་མ་རྣམས་ནི་གང་བྱུང་བ་ཡང་རླུང་དང་མེ་དང་ཐིག་ལེ་གསུམ་གྱིས་འཆོས། རླུང་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ཟག་བཅས་ཀྱི་རླུང་ནོན་ན་ཉོན་མོངས་པའི་མགོ་ནོན། ཟག་མེད་ཀྱི་རླུང་ཟིན་ན་ཉོན་མོངས་ཞི་བ་དང༌ཟག་མེད་ལམ་དུ་སློང༌། ཡེ་ཤེས་ཀྱི་རླུང་ཟིན་ན་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་ཡོངས་སུ་རྫོགས་པའོ། །རླུང་གི་འབྲས་བུ་ནི་ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད། དེའི་ལུས་ངག་ཡིད་གསུམ་

p. 436

མམ། ལྟེ་བ་འདོད་ཁམས། སྙིང་ག་གཟུགས་ཁམས། སྤྱི་བོ་གཟུགས་མེད་ཁམས། དེ་གསུམ་གྱི་ལས་རླུང་གིས་བྱེད། རླུང་ལས་སུ་རུང་བ་དང་ལམ་དུ་སློང་ན་འབྲས་བུ་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པ་ཡིན། བཞི་པ་ནི། ཏི་རས་ཀྱིས། ཐིག་ལེའི་ལམ་ལ་བཞི། ལམ་དང་། གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་སེམས་བསྐྱེད་དང༌། ཡི་དམ་གྱི་ལྷ་དང༌། བླ་མའི་མོས་གུས་སྔོན་དུ་སོང་བས་བསྒོམས་ན་གནད་བཞིའི་རྟེན་འབྲེལ་བསྒྲིགས་ནས། སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་བས་གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་བས་ལུས་ཀྱི་ཁམས་ཞི། བྱང་ཆུབ་ཀྱི་སེམས་རྒྱས། སེམས་ལ་མི་རྟོག་པ་སྐྱེ། དེས་ཐིག་ལེ་ལམ་དུ་སློང་བའོ། །གེགས་བྱུང་ན། ཕྱིའི་བདུད་དང༌། ནང་གི་བདུད་དང༌། ཐིག་ལེའི་གཟུགས་འབྱུང་བའོ། །གསུམ་པ་གེགས་སེལ་བ་ནི། ཕྱིའི་བཅོས་ཐབས་ནི་སྔ་མ་བཞིན་ནོ། །ནང་འབྱུང་བ་ནི་ཐིག་ལེ་ལ་འབྱུང་བ་བཞི་ཡོད་པ་དེ་ལ་ཁས་དྲག་ཞན་གྱིས་གེགས་སུ་འབྱུང་སྟེ། བདུད་རྩི་ལྔ་དང་ཁྱད་པར་དུ་ཐིག་ལེ་བསྐོར་ལྡོག་བྱས་པས་བཅོས་སོ། །ཐིག་ལེ་རྒྱས་པས་ཉོན་མོངས་པ་འདོད་ཆགས་སྐྱེས་པ་ནི་ཉོན་མོངས་ལམ་སློང་གིས་འཆོས་སོ། །ཐིག་ལེ་བཟུང་བ་དང་ལྡོག་པ་དང༌། རྩ་མིག་ཏུ་གདབ་པ་དང༌། རླུང་དང་བསྲེ་བས་འཆོས། བསེན་མོས་ཐིག་ལེ་འཕྲོག་པ། དབང་ཕྱུག་ཆེན་པོའི་གོ་ལྡོག་དང༌། ཧ་ནུ་མན་ཏྲ་དང༌། པདྨའི་ཁ་པགས་དང༌། པདྨའི་རཀྟས་བཅོས། ཐིག་ལེ་ལམ་དུ་སློང་ན་ཐིག་ལེ་འབྱོངས་ཤིང་རྒྱས་ན་ཡོན་ཏན་ཐམས་ཅད་དེ་ལས་འབྱུང༌། ཁྱད་པར་དུ་ཡང་བྲལ་འབྲས་སུམ་ཅུ་རྩ་གཉིས་འབྱུང་བས་ཡོན་ཏན་རྫོགས་པའོ། །ཐིག་ལེའི་འབྲས་བུ་ནི། ཆོས་ཀྱི་སྐུ་མངོན་དུ་བྱེད་དོ། །ཞིང་ཁམས་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་

p. 437

སྟོན་པ་ཆོས་ཀྱི་སྐུ། དེའི་མཚན་ཉིད་ནི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་པའམ། ཡང་ན། གཟུགས་ཅན་མ་ཡིན་འགྲོ་འོང་ཆེ། །ལྷུན་གྱིས་གྲུབ་ཅིང་རྒྱུན་ཆད་མེད། །ཅེས་པའོ། །དེའི་རྒྱུ་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་མི་ཤིགས་པའི་ཐིག་ལེ་གསེར་ཞུན་མ་ལ་ཉི་མའི་འོད་ཀྱིས་རྒྱས་པ་ལྟ་བུ་ཁ་དོག་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་དང༌། ཀུན་ད་བྱང་ཆུབ་སེམས་ཀྱི་ཐིག་ལེ་དྭངས་མའི་དྭངས་མ་དང་དབྱེར་མི་ཕྱེད་པར་གནས། གནས་པ་དེ་ཉམས་སུ་བླངས་པས་འབྲས་བུ་ཆོས་ཀྱི་སྐུ་འབྱུང༌། ལྔ་པ་ནི། ཏི་རས་ཀྱིས། ཡི་གེའི་ལམ་ལ་བཞི། ལམ་དང་གེགས་དང་གེགས་སེལ་དང༌། །ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་སེམས་བསྐྱེད་དང༌། བླ་མའི་མོས་གུས་དང༌། ལུས་དཀྱིལ་འཁོར་བསྒོམས་ནས། དུས་གནད། ལུས་གནད། ཡུལ་གནད། ཤེས་པའི་གནད་དང་བཞི། རྟེན་འབྲེལ་སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་བས། གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་བས་ཡི་གེའི་གནས་སུ་རླུང་སེམས་འདུས། ཡི་གེའི་རྩ་མདུད་འགགས་པ་གྲོལ། དྭངས་མའི་རླུང་གི་ཡི་གེ་འབུར་དུ་དོད་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེས་གང༌། དེ་ཡིས་ཡི་གེ་ལམ་དུ་སློང༌། གལ་ཏེ་གེགས་བྱུང་ན། ཕྱི་ནང་གེགས་རྣམས་སྔར་དང་འདྲ། རྩ་ཡི་ཡི་གེ་ཆད་པ་དང༌། རྩ་མདུད་གྲོལ་བ་དང། ཡི་གེ་བསུབ་ན་ལྐུགས་པ་དང་། དིག་པ་དང་། ཡི་གེའི་ཚོགས་ལ་རྒྱུག་པའི་གེགས་དེ་དག་འཆོས་པ། གསུམ་པ་གེགས་སེལ་བ་ནི། ཕྱི་ནང་གེགས་རྣམས་སྔར་བཞིན་བཅོས་ནས། ཐབས་དང་ཤེས་རབ་ཀྱི་ཡི་གེ་དང༌། ཙཀྲ་དབུས་ཀྱི་ཡི་གེ་དང༌། ཨཱ་ལི་ཀཱ་ལི་ཡི་གེ་སོགས། རྩ་མདུད་མ་གྲོལ་ན་གདམས་པས་དྭངས་མའི་རླུང་གིས་ཡི་གེ་འཆར་དུ་མི་སྟེར་བས། གེགས་དེའི་བཅོས་ཐབས་ནི། བུམ་པ་ཅན་གྱི་རླུང་བཟུང་བས། དེའི་གེགས་དེ་སེལ་བར་བྱེད།

p. 438

འཁོར་བའི་ཡི་གེ་རླུང་སེམས་འདུས་ན་རིགས་དྲུག་སོ་སོའི་སྣང་བ་འབྱུང་བའི་གེགས་བྱེད། མྱ་ངན་ལས་འདས་པའི་ཡི་གེར་བསྒོམས་ཤིང་རླུང་བཟུང་བས་རིགས་དྲུག་གི་གནས་སྦྱོང་དག་པས། རྩ་ཕྲན་བ་སྤུའི་བུ་ག་ཐམས་ཅད་དུ་ཤུ་བ། གཡན་པ། བས་བལྡགས་ལ་སོགས་ཀྱི་གེགས། རླུང་བཟུང་གཏུམ་མོའི་མེ་སྦར། ཐིག་ལེ་གང་བས་འཆོས། ཡི་གེ་ལམ་དུ་སློང་ན་ལོ་ཀ་དང་ལོ་ཀ་ལས་འདས་པའི་ལམ་ཐད་སོའི་ཡོན་ཏན་ཨཱ་ལི་ཀཱ་ལི་ལ་མངའ་བརྙེས་པ་འབྱུང་ངོ༌། །ཡི་གེའི་འབྲས་བུ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་བྱེ་བ་ཕྲག་རེ་ལ་འོག་མིན་གྱི་གནས་རེ་རེ་ཡོད་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་རེ་རེ་བཞུགས་པའོ། །གནས་དང་། སྟོན་པ་དང༌། འཁོར་དང༌། ཆོས་ངེས་པ་ཅན་ཡིན་ནོ། །དེའི་རྒྱུ་ངེས་པ་ཅན་ནི། མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ན་ཡི་གེ་ༀ་སྐུ་རྣམ་པར་སྣང་མཛད། འབྱུང་བ་བཞི་ཡི་ཡི་གེ་ཨ་ནུ་ཏ་ར་བཞི་གནས། ལམ་ཉམས་སུ་བླངས་པས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་དྭགས་པོའི་ཟབ་ལམ་ལས། དྲོད་ཀྱི་བོགས་དབྱུང་བ། བདེ་བའི་བོགས་དབྱུང་བ། མི་རྟོག་པའི་བོགས་དབྱུང་བ་གསུམ་གསུངས་པ་ལས། དང་པོ་ལ་གཉིས། དམིགས་པ་དང་ལུས་སྦྱང་ངོ༌། །དང་པོ་ནི། ལྟེ་བ་ཡན་དུ་མེ་འབར་བ་ལ་སྐུ་སྨད་བསྲིང་པ་ཞེས་པ་རང་ཡི་དམ་དུ་གསལ་བའི་སྐུ་སྨད་ཤིན་ཏུ་རིང་བའི་ཞབས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པར་བསམ་སྟེ། གཞན་དུ་རྐང་པ་གུམ་པ་སོགས་ཀྱི་གེགས་འོང་ཉེན་ཡོད་པར་བཞེད་དོ། །དེ་ལ་ལུས་གནད་སོགས་སྔར་ལྟར་ལས། རླུང་རྩ་བའི་མེ་ལ་བསྣུན་པས་རིམ་པས་མེ་ཇེ་རིང་ལ་སོང་སྟེ། སོར་བརྒྱད་ཙམ་དུ་སྦར་ཞིང་དམིགས་པའི་ངོ་བོ་རྩ་བའི་མེ་ལ་གཏད། དེ་བཞིན་དུ་རིམ་པས་དབུ་མའི་ནང་དུ་སྙིང་ག་མན་

p. 439

དང་། མགྲིན་པ་མན་དང་། སྤྱི་བོ་མན་ཉམས་དང་སྦྱར་ལ་སྦར། ཁ་ཅིག་མགྲིན་པ་ཡན་ལ་མེ་མི་སྦར་བར་འདོད་ཀྱང་། དྲོད་བོགས་འདོན་མེ་དམིགས་ཁོ་ནའི་སྐབས་འདིར་སྐྱོན་མེད་དོ། །དེ་ནས་ལྟེ་བའི་རྩ་འདབ་རྣམས་ཀྱི་ནང་དུ་མེ་ལྕེ་ཕྲ་མོ་རྟ་རྔ་ཙམ་པ་སོང་སྟེ་རྩའི་རྩེ་མོ་བ་སྤུའི་གྲངས་དང་མཉམ་པ་རྣམས་སུ་སྦར་བ་དང༌། དེ་བཞིན་དུ་རིམ་པས་སྙིང་ག་མགྲིན་པ་སྤྱི་བོ་རྣམས་ཀྱི་རྩ་འདབ་ཏུ་སྦར་ཏེ། ལུས་ཀྱི་བ་སྤུའི་བུ་ག་ཀུན་ནས་མེ་དམར་འུ་རུ་རུ་འབར་བར་བསམས་ལ། ལུས་སེམས་བསྒྲིམས་ནས་བསྒོམས་པས་བོགས་དབྱུང་ཞིང་ཐུན་འཇོག་པའི་ཚེ་དམིགས་པ་རྩ་བའི་ཨ་ཤད་ལ་བསྡུའོ། །དེས་ཀྱང་དྲོད་སྐྱེ་དཀའ་བ་དང་དྲོད་ཁོལ་བུ་ཙམ་ལས་མ་སྐྱེས་ན། ལུས་གནད་སྔར་ལྟར་ལས་ལག་མཐིལ་གཉིས་ཀྱིས་གྲུ་མོ་གཉིས་བཀབ། གྲུ་ཁུག་གཉིས་ཀྱིས་པུས་མོ་གཉིས་བཀབ་པ་དང༌། ལག་པ་རྐང་པའི་ཕྱི་ནས་བསྣོལ་བས་རྐང་པའི་མཐེ་བོང་གཉིས་བཟུང་བ་གང་མོས་བྱས་ལ། ལུས་ཐམས་ཅད་བསྒྲིམ་ཞིང་གཅུན་ནས་གཡས་བསྐོར་གཡོན་བསྐོར། གཡས་གཅུ་གཡོན་གཅུ། གཡས་ཀྱོག་གཡོན་ཀྱོག །མདུན་འཕུལ། རྒྱབ་འཕུལ། སྟོད་འཐེན་སྨད་འཐེན་རྣམས་བྱ་ཞིང་། བྲང་རྣམས་དྲག་ཏུ་འཕུར་ལ་རླུང་ཁ་སྦྱོར་དྲག་ཏུ་བྱ། རླུང་ཁུག་རེ་ལ་མི་ཐུབ་པ་སྙམ་བྱེད་པའི་ཚེ་རྔུབ་ཆུང་གསུམ་རེ་བྱས་ལ་རིམ་པས་ལྟེ་འོག་གི་གཡས་གཡོན་མདུན་གསུམ་དུ་གཅུད་ཅིང་བར་རླུང་ཡུན་དུ་བརྒྱང༌། དམིགས་པ་ནི། ལུས་ཀྱི་རྩ་ནང་ཐམས་ཅད་མེ་དང་དུ་བ་འདྲེས་པའི་དམར་སེར་ཚ་རེག་ཅན་གྱིས་འཚུབ་ཅིང་འཁྱིལ་བའམ། ཡང་ན་རྩ་མི་དམིགས་པར་ཁོག་པའི་ནང་ཐམས་ཅད་དེས་འཚུབ་ཅིང་འཁྱིལ་བ་དང༌། དབུ་མ་སྤྱི་བོ་ནས་གསང་གནས་ཀྱི་བར་དམིགས་པའི་ནང་གི་མེ་ལྕེ་ལས་དྲོད་ཤིན་ཏུ་ཚ་བའི་དུ་བ་སྤྱི་བོ་ནས་ཐོན་ཏེ་གདུགས་ལྟར་འོག་ཏུ་ཕྱོགས་པ་

p. 440

དང་། གསང་གནས་ནས་ཐོན་ཏེ་པད་འདབ་སྟེང་དུ་ཕྱོགས་པ་འཕྲད་དེ་ལུས་ཀུན་གཡོགས་པ་དང༌། དབུ་མའི་མེ་སྤྱི་བོ་དང་གསང་གནས་གཉིས་ནས་ཐོན་ཏེ་ལྕགས་ཀྱུ་ལྟར་གུག་པ་ཚིགས་གཞུང་གི་རྐེད་པའི་ཐད་དུ་འཕྲད་དེ་འདྲེས་པ་དང༌། བ་སྤུའི་བུ་ག་ཀུན་ནས་མེ་ཕྱིར་ཐོན་ཏེ་མེའི་གོས་གྱོན་པ་ལྟ་བུ་དང༌། ཕྱི་རོལ་གྱི་ཕྱོགས་བཞི་ནས་ཤིན་ཏུ་ཚ་ཟེར་དྲགས་པའི་ཉི་མ་བཞིའི་འོད་དང་ལུས་ཀྱི་མེ་དྲོད་འདྲེས་པས། ལུས་ལྕགས་གོང་ཞུན་བཏང་བ་ལྟར་མི་བཟོད་པའི་ཚ་རེག་འགྱུར་བྱེད་ཀྱི་ཁོལ་བ་ལྟར་གྱུར་པའི་དམིགས་པ་རྣམས་རིམ་པར་བསྒོམ། ཐམས་ཅད་དུ་སེམས་གཙོ་བོར་རྩའི་ཨ་ཤད་ལ་གཏད་དོ། །མེ་དམིགས་ཀྱི་རིམ་པ་སྣ་ཚོགས་ཡོད་ཀྱང་གནད་ཐམས་ཅད་འདིར་ཚང་བས་ངེས་པར་བོགས་འབྱུང་ངོ༌། །སྤྱིར་རླུང་འཁྲུལ་འཁོར་དྲག་པོས་གཅུན་པའི་བཙན་ཐབས་ཀྱི་གཏུམ་མོ་རྣམས་དྲོད་སྐྱེ་བ་ལ་འཇུག་པ་མྱུར་ཙམ་སྣང་ཡང་ཡོན་ཏན་མི་བརྟན་ཞིང་དགོས་པ་ཆུང་ལ། མྱོང་བ་དང་སྦྱར་བའི་དམིགས་པ་རིམ་པས་བསྐྱངས་ནས། དྲོད་མུས་ཀྱིས་སྐྱེས་པ་ཡོན་ཏན་བརྟན་ཞིང་དགོས་པ་ཆེ་བས་རྒྱུན་བསྲིངས་པས་ལེགས་པ་ཡིན་ནོ། །དེ་ལ་གྲང་ཡང་སྐྱི་ཅན་དང་བེམ་པོ་སོགས་མི་གྱོན། དྲོ་ཡང་གཅེར་བུ་མི་བྱ་བར་གོས་སྲབ་མོ་འགའ་རེ་གྱོན་ལ་དྲོད་སྐྱེས་པ་ཙམ་གྱིས་རིམ་པས་བཞག །མེ་དང་ཉི་མ་མི་འདེ་ཞིང་དུང་འབུད་པ་སོགས་མི་བྱ། བར་རླུང་ཡུན་དུ་བསྟེན་ཞིང་ཁའི་རླུང་བསྡམས་པ་དང་ཟས་དྲོད་བཅུད་ཅན་བརྟེན་ཞིང་བྱང་སེམས་བསྲུང་བ་གལ་ཆེའོ། །དེ་ལྟར་བསྒོམས་པས་དྲོད་སྐྱེ་ཚུལ་ལ་ཤ་དང་པགས་པའི་མཚམས་ནས་དྲོད་འབར་བ་དང༌། ལུས་ཀྱི་ཆ་ངེས་མེད་དུ་དྲོད་ཆེན་པོ་སྐྱེ་བ་དང༌། བཙན་ཐབས་སུ་ཚ་གདུང་དང་བཅས་པའི་དྲོད་འབར་བ་རྣམས་ནི་མེ་རླུང་བཙན་ཐབས་སུ་འབར་བའི་དྲོད་ཡིན་པས་མི་བརྟན་ཏེ། དེ་

p. 441

དག་གི་ཚེ་ཨ་ཤད་ཕྲ་མོ་ལ་སེམས་བསྒྲིམས་པ་དང་དམིགས་པས་རླུང་དབུ་མར་འཛུད་པ་གནད་ཆེའོ། །དང་པོ་ཨ་ཤད་བསྒོམ་པ་ནས་དྲོད་ཅུང་ཟད་སྐྱེས་ནས་དྲོད་འབར་བ་བུལ་ཞིང་། མེ་དམིགས་དེ་ལྟར་བསྒོམས་པའི་རིམ་པས་དྲོད་སྐྱེས་ཏེ། མཐར་གདུང་བ་མེད་པའི་དྲོད་འཐུག་པོས་ལུས་ཁྱབ་པར་འབྱུང་བ་ནི་གཏུམ་མོའི་དྲོད་ཡིན་ཞིང་། དེས་བྱང་སེམས་དཀར་དམར་གཉིས་ཀ་རྒྱས་པར་བྱེད་དོ། །གཉིས་པ་ནི། མི་ནུས་ན་སྔར་གྱི་དྲུག་སྐོར་ཉིད་ཆུན་ཆེ་བས་ལན་མང་དུ་བྱ་ཞིང་། ལུས་ཡན་ལག་ཉིང་ལག་དང་བཅས་པ་དྲག་ཏུ་འཕུར་ཡང་རུང་ལ། གྲུབ་ན་དྲུག་བསྐོར་དང་། གྲགས་ཆེ་བའི་འཁྲུལ་འཁོར་ཉི་ཤུ་པ་གཉིས་ཀ་ལ་གནད་དུ་བསྣུན་པར་བྱ་དགོས་སོ། །གཉིས་པ་བདེ་བ་བོགས་དབྱུང་བ་ལ་གཉིས། དམིགས་པ་དང༌། ལུས་སྦྱོང་ངོ༌། །དང་པོ་ནི། རྐང་པ་གཡོན་པའི་ཕྱི་རྟིང་གིས་གསང་རྩ་མནན་ལ། གཡས་དེའི་ཕྱི་ནས་བསྡམས་ཤིང་གཞན་ལུས་གནད་སོགས་སྔར་ལྟར་ལས། ལྟེ་འོག་ཏུ་ཨ་ཤད་ཀྱི་མེ་མོ་ཁབ་ཙམ་ཞིག་དང་། སྤྱི་བོའི་འཁོར་ལོའི་དབུས་སུ་བྱང་སེམས་དཀར་པོའི་ཐིག་ལེ་སྲན་མ་ཙམ་པ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་ཞིག་བསམ། དེ་ནས་མེའི་དྲོད་ཀྱིས་རིམ་པས་ཐིག་ལེ་དེ་ཞུ་ནས་ཐིགས་པ་ཙམ་དུ་གྱུར་པས་ཞུ་བདེ་གཡོས་པར་བསམ་ཞིང་རླུང་སྦྱོར་བྱ། དེ་ནས་ཐིག་ལེ་དེ་ཞུ་ནས། དབྱིབས་ཟླ་ཚེས་ནཱ་ད་དང་བཅས་པའི་ཧྃ་ཡིག་མགོ་ཐུར་བསྟན་ལྟ་བུ། སྦོམ་ཕྲ་ཉུངས་དཀར་རམ་རྟ་རྔ་ཙམ་པ་དཔངས་སོར་གཅིག་པ་སྣུམ་ཞིང་འོད་འཚེར་བ་བདེ་བའི་ཉམས་དང་ལྡན་པར་བསམ། དེ་ནས་རླུང་ཨ་ཤད་ལ་བསྣུན་པའི་མེ་ལྕེའི་རྩེ་མོས་ཧྃ་ཞུ་ནས་ཆུ་ཤེལ་ལས་ཆུ་འབྱུང་བ་ལྟར་ཧྃ་ལས་བྱང་སེམས་ཀྱི་ཐིག་ལེ་ཉུངས་འབྲུ་ཙམ་ཞིག་འཛགས་པ་ལྟེ་འོག་གི་མེ་ལ་ཕོག་པས། མེ་འབར་བ་ལ་སྣུམ་ཐིགས་ཕོག་པ་ལྟར་ཚེག་སྒྲ་དང་

p. 442

བཅས་ཏེ་མེ་སོར་རེ་ཙམ་འབར་ཞིང་། དྲོད་དང་བཅས་པའི་བདེ་བའི་ངར་གྱིས་རྩ་གནས་ཀུན་ཏུ་བདེ་ཕྲི་ལི་ལི་བསམ། དེ་བཞིན་དུ་རིམ་པས་འབར་འཛག་བྱས་ཏེ་མེ་མགྲིན་པར་སླེབ་ཀྱི་བར་བསྒོམ། དེ་ནས་ཧྃ་ལས་བྱང་སེམས་ཀྱི་རྒྱུན་རྟ་རྔ་ཙམ་པ་དབུ་མའི་ནང་དུ་དཀར་ནར་གྱིས་བབས་ཏེ། རིམ་པས་མེ་ལྕེ་ཇེ་ཐུང་དུ་སོང་ཞིང་བྱང་སེམས་ཀྱི་རྒྱུན་ཇེ་དམའ་རུ་བྱུང་བས་ཞུ་བདེ་ཇེ་ཆེར་སྐྱེས་པར་བསམ། མཐར་མོ་ཁབ་ཙམ་དུ་གྱུར་ཅིང་བྱང་སེམས་ཀྱིས་ལྟེ་བ་ཡན་ཆད་གང་བས་ཚད་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་བསམ། ཐུན་འཇོག་པའི་ཚེ་བྱང་སེམས་ཀྱི་རྒྱུན་ཧྃ་ལ་བསྡུ་བར་བྱ་སྟེ་འཁོར་ལོ་གཉིས་ལ་བརྟེན་པའོ། །དེས་བདེ་བ་ཆུང་བའམ་ཁོལ་བུ་ཙམ་ལས་མ་སྐྱེས་ན། གོང་ལྟར་མེ་མགྲིན་པར་སླེབ་པ་ཙམ་མམ་ཧྃ་ལ་རེག་པ་ཙམ་སྦར་ཏེ། མེའི་ཤུགས་ཀྱིས་བཏེགས་པའི་ཧྃ་གི་རྒྱུན་གྱིས་སྤྱི་བོའི་རྩ་འདབ་རྣམས་དཀར་མེར་གྱིས་གང་ཞིང་ཞུ་བདེ་གཡོས་པར་བསམས་ལ་ཉམས་བསྐྱང༌། དེ་ནས་ཀྱང་བྱང་སེམས་ཀྱི་རྒྱུན་འཕེལ་བས་མེ་ཕྱིར་དེངས་ནས་མགྲིན་པའི་རྩ་འདབ་རྣམས་གང་སྟེ་བདེ་བ་སྔར་བས་ཆེར་གཡོས་པར་བསམས་ལ་ཉམས་བསྐྱང་། དེ་བཞིན་སྙིང་གའི་རྩ་འདབ་རྣམས་གང་སྟེ་བདེ་བ་ཆེས་ཆེར་གཡོས་པ་དང༌། ལྟེ་བའི་རྩ་འདབ་རྣམས་དང་། མདོར་ན་བ་སྤུའི་གྲངས་དང་མཉམ་པའི་རྩ་ཐམས་ཅད་གང་སྟེ་ཚད་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་བསམས་ལ་ཉམས་བསྐྱངས་ཤིང་། མེ་ལྟེ་འོག་ཏུ་མོ་ཁབ་ཙམ་ཞིག་ཏུ་བསམ། ཡང་མེ་ཇེ་ཆེར་སོང་སྟེ་བྱང་སེམས་ཀྱི་རྒྱུན་དེད་ནས་སྤྱི་བོའི་བར་དུ་ལྡོག་ཅིང་། ལྟེ་བ་སོགས་འཁོར་ལོ་བཞིར་གང་ལྟར་བདེ་བའི་ཉམས་བསྐྱང༌། ཡང་དེ་བཞིན་དུ་དབབ་ལྡོག་བྱའོ། །ཡང་ན་སྔར་བཞིན་ལས་མེ་ལྕེ་དང་བྱང་སེམས་འདྲེས་པའི་དཀར་དམར་ཤིག་གེ་བས་ཡས་རིམ་ནས་འཁོར་ལོ་བཞི་དང་།

p. 443

རྩ་ཐམས་ཅད་གང་ཞིང་བདེ་བ་བསྐྱེད་དེ་མཐར་མེས་ལྡོོག་གོ །དེ་ཐམས་ཅད་ལ་རླུང་གཞིལ་བའི་ཚེ་རྐེད་པ་བསྲང་ལ་གཡས་གཡོན་མདུན་རྒྱབ་རྣམས་སུ་གཅུད། ཐིག་ལེ་དཀར་དམར་གྱིས་བ་སྤུའི་མཐར་ཐུག་པའི་རྩ་ཐམས་ཅད་གང་ཞིང་བདེ་དྲོད་འབར་བར་བསམས་ལ། སྐབས་སུ་སེངྒེ་རྩལ་སྤྲུག་བྱ་སྟེ་འཁོར་ལོ་བཞི་ལ་བརྟེན་པའོ། །དེས་ཀྱང་བོགས་མ་ཐོན་ན། གཞན་ཐམས་ཅད་སྔར་ལྟར་ལས་རྩ་དབུ་མའི་མར་སྣ་རྡོ་རྗེ་ནོར་བུའི་བུ་གར་ཟུག་པའི་གསང་གནས་ཀྱི་རྩ་བར་བདེ་བའི་འཁོར་ལོ་རྩ་འདབ་སོ་གཉིས་བསམས་ཏེ། སྔར་བཞིན་འབར་འཛག་དང་བྲེང་ཆགས་བསྒོམས་ལ། ཐིག་ལེས་གསང་གནས་ཀྱི་འཁོར་ལོའི་རྩ་འདབ་རྣམས་ཀྱང་གང་བས་ཚད་མེད་པའི་བདེ་བ་ཆེན་པོ་སྐྱེས་པར་བསམ་ཞིང་གསང་གནས་འཐེན་འཕུལ་མང་དུ་བྱ་སྟེ་འཁོར་ལོ་ལྔ་ལ་བརྟེན་པའོ། །ཡང་ན་ཧྃ་ལས་ཧཱུྃ་དཀར་པོ་ཞིག་ཆད་པ་དབུ་མ་ནས་བརྒྱུད་དེ་ནོར་བུའི་རྩེ་མོར་དཀར་ཡེ་རེ་འདུག་པར་བསམས་ལ་འཐེན་འཕུལ་བྱ། དེས་ཀྱང་བདེ་བ་མ་སྐྱེས་ན་འཁོར་ལོ་ལྔ་གོང་བཞིན་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་གསལ་བཏབ་ལ་རྗེས་ཆགས་ཀྱི་རིམ་པས་སྒོམ་ལ་ཞུགས་པར་མོས་ཏེ། དེས་གཏུམ་མོ་བསྐུལ་བའི་མེས་ཧྃ་ཞུ་བ་སོགས་གོང་ལྟར་བྱའོ། །བོགས་འདོན་སྣ་རེ་ཙམ་མ་གཏོགས་འཁོར་ལོ་བཞི་མ་ཉིད་རྒྱུན་བསྲིང་བ་ལེགས་སོ། །གལ་ཏེ་དེ་དག་གི་ཚེ་བྱང་སེམས་མི་ཐུབ་པ་སྙམ་བྱེད་ན་གསང་བའི་རླུང་འཐེན་པས་ཧཱུྃ་ཡར་སོང་སྟེ་ཧྃ་ལ་ཐིམ་པར་བསམ་པ་དང༌། མེ་ལྕེས་བྱང་སེམས་བཏེགས་པས་ཧྃ་ལ་ཐིམ་ཧྃ་ཡང་སྤྱི་བོའི་སྟེང་གི་སོར་བཞི་ཙམ་གྱི་ནམ་མཁར་གནས་པར་བསམ། དེས་ཀྱང་མ་ལྡོག་ན་ཕྱི་རྟིང་གིས་གསང་རྩ་དམ་དུ་བསྡམས་ཏེ། ཤིན་ཏུ་རིང་བའི་ཧཱུྃ་བརྗོད་ཅིང་སྟེང་རླུང་ཕྱིར་འཛིན་བྱ་བའམ་ཡན་པར་བཞག །གསང་བའི་རླུང་དྲག་ཏུ་འཐེན་

p. 444

པའི་ཁོང་དུ་འཐེན་ཆུང་མང་དུ་བྱ། ལྟོ་བ་སྒལ་ཚིགས་ལ་སྦྱར་ཏེ་རྐང་ལག་གི་སོར་མོ་བསྐུམ་ལ་ཉྭ་བཞི་བསྒྲིམ། མགྲིན་པ་བཀུག་སྟེ་ལྕེ་ཡ་རྐན་ལ་སྦྱར། མིག་གྱེན་དུ་ལྡོག་སྟེ་རིག་པ་སྤྱི་བོར་བཏང༌། དེ་ལྟར་བདུན་ནམ་ཉེར་གཅིག་ལ་སོགས་པས་འཛིན་འདྲེན་བྱ་ཞིང་སེངྒེ་རྩལ་སྤྲུག་བྱས་ཏེ་རྩ་མིག་ཀུན་ཏུ་ཁྲེམས་པར་བསམ། མཇུག་ཏུ་རྩ་རླུང་ཐིག་ལེ་སོགས་གང་ཡང་ཡིད་ལ་མི་བྱེད་ཅིང་སེམས་གསལ་ལ་ངོས་བཟུང་མེད་པ་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་གོ །དེ་ལྟར་བསྒོམས་པས་བདེ་བ་སྐྱེ་ཚུལ་ལ། ལུས་མཉེན་ཞིང་འབོལ་བའི་བདེ་བ་དང་། རེག་བྱ་ཀུན་བདེ་བར་འཆར་བ་ནི་ལུས་དང་རྩ་བྱང་བའི་བདེ་བ་ཡིན་ཞིང༌། ལུས་ཀུན་ནམ་ཁོལ་བུར་སྦྲིད་པ་ལྟ་བུའི་བདེ་བ་སྐྱེ་ཞིང་མྱུར་དུ་འཕོ་བ་ནི་རླུང་གི་བདེ་བ་ཡིན་ནོ། །ལུས་ཀུན་ནམ་ཁོལ་བུར་དྲོད་དང་ལྷན་ཅིག་ཏུ་བདེ་བ་འབར་བ་ནི་ཁམས་དམར་ཆ་འཕེལ་བའི་བདེ་བ་ཡིན་ལ། རྣམ་པ་ཆགས་པའི་བདེ་བ་ལྟ་བུར་ཁྱབ་མཉམ་དུ་གཡོ་བ་ནི་གཏུམ་མོའི་དྲོད་ཀྱིས་བྱང་སེམས་ཞུ་བའི་བདེ་བ་ཡིན་ནོ། །འདི་ལ་གསུམ་འབྱུང་བའི་ཕོ་བདེ་ནི་ཆགས་པའི་ཤུགས་དྲག་པོས་བདེ་ཟུག་དང་བཅས་པ་སྟེ་བྱང་སེམས་བཟུང་བ་ཅུང་ཟད་དཀའ་ལ། མོ་བདེ་ནི་ཆགས་ཤུགས་དང་བདེ་ཟུག་ཆུང་བས་བཟུང་སླ་ཞིང༌། མ་ནིང་གི་བདེ་བས་ཀྱང་ཤུགས་དང་ཟུག་ཆུང་བས་བཟུང་བདེ་བ་སྟེ། དེ་དག་གཏུམ་མོའི་ཞུ་བདེ་ཡིན་ནོ། །གཉིས་པ་ནི། འཁོར་ལོ་བཞི་མ་བསྒོམ་པ་སོགས་ཕལ་ཆེར་ལ་བྱང་སེམས་དངོས་སུ་མི་འཕོ་བས། དུད་འགྲོའི་འགྱུར་བ་བཞི་དང་དྲུག་བསྐོར་གྱིས་ཆོག་ལ། བྱང་སེམས་ཞུ་སླ་བ་དག་ལ་བོགས་འདོན་འགའ་ཞིག་གིས་བྱང་སེམས་འཕོ་བའང་སྲིད་དེ། ཐིག་ལེ་ཐིག་ལེའི་འཁྲུལ་འཁོར་དག་གིས་བྱང་སེམས་འཛིན་འདྲེན་བཀྲམ་གསུམ་བྱ་དགོས་པས། དུད་འགྲོའི་འགྱུར་བ་བཞི་དང་།

p. 445

ཐིག་ལེའི་འཁྲུལ་འཁོར་ཉི་ཤུ་པ་ལ་གནད་དུ་བསྣུན་ཞིང་མཐར་དྲུག་བསྐོར་ཡང་བྱའོ། །
གསུམ་པ་མི་རྟོག་པ་བོགས་དབྱུང་བ་ལ་གཉིས། གནས་ལུགས་སྟོང་ཉིད་ཀྱི་ལྟ་བ་བསྐྱེད་པ་དང༌། བདེ་སྟོང་གི་ཏིང་ངེ་འཛིན་སྐྱོང་ཚུལ་ལོ། །དང་པོ་ནི། སྐབས་འདིར་ཁྲིད་རིམ་ཕལ་ཆེར་དུ་སྔར་གྱི་བདེ་བའི་ངོ་བོ་དང་། སེམས་ཉིད་ཀྱི་ངོ་བོ་དང་། རྣམ་རྟོག་གང་ཤར་གྱི་ངོ་བོ་བལྟས་ལ། ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བ་སྟོང་པ་ཉིད་དུ་ཤེས་པར་བྱས་ནས་གཉུག་མའི་སེམས་རྒྱུན་བསྲིངས་ཏེ་བསྒོམ་ཞེས་དང༌། བདེ་བ་སྒོམ་པའི་སྐབས་སུ་བདེ་སྟོང་དབྱེར་མེད་ཀྱི་ཉམས་མྱོང་སྐྱོང་ཞེས་པ་ལྟ་བུའི་མདོར་བསྡུས་ཙམ་ལས་མི་འབྱུང་བ་ནི། སེམས་དངོས་པོའི་གནས་ལུགས་ཀྱི་རྟོགས་པ་ཡོད་པ་ཞིག་ལ་དགོངས་ཏེ། རྟོགས་པ་མེད་པར་ངོ་བོ་མི་མཐོང་ཞིང་ཐམས་ཅད་སྟོང་ཉིད་དུ་མི་ཤེས་པ་དང་བདེ་སྟོང་དབྱེར་མེད་དུ་མི་འཆར་བས་སོ། །དེས་ན་ལས་དང་པོ་པ་དག་ཀྱང་གཏུམ་མོའི་སྒོམ་རིམ་ལ་བརྟེན་ནས་གནས་ལུགས་ཀྱི་ལྟ་བ་རྙེད་པར་བྱ་བ་དང༌། དགའ་བཞི་བདེ་སྟོང་གི་ཉམས་མྱོང་ལ་ངེས་པ་རྙེད་པར་བྱ་བའི་ཕྱིར་ཞིབ་ཆ་བརྗོད་ན་ལེགས་པར་མཐོང་ངོ༌། །དེ་ལ་སྔར་གྱི་དམིགས་པ་རྣམས་ཐུན་གྱི་ཕྱེད་དམ་སུམ་གཉིས་སུ་བསྐྱངས། དེ་ནས་ལུས་གནད་སྔར་ལྟར་བྱས་ལ་དངོས་སུ་འཇམ་རླུང་གི་སྦྱོར་བ་བརྟེན་ཞིང་། རྩ་རླུང་ཐིག་ལེ་སོགས་ཡིད་ལ་མི་བྱ་བར་མི་རྟོག་པ་བསྒོམ་པར་བྱ་སྟེ། དེའི་ཚུལ་ནི་སྔར་གྱི་དམིགས་པ་རྣམས་ཟིན་ཞིང་བརྟན་ན་སེམས་ཅུང་ཟད་ཟིན་པ་ཡིན་ལ། འོན་ཀྱང་ཕྱི་རོལ་ཏུ་རྡེའུ་ཤིང་བུ་དང་། ནང་དུ་རླུང་བགྲང་བ་དང་། དགང་བ་དང་། རྟེན་མེད་གཏད་མེད་དུ་སེམས་འཛིན་པ་སོགས་ཅི་རིགས་པས་རྟོག་མེད་ཀྱི་གནས་པ་བཙལ། དེ་ཉིད་བསྒྲིམ་པ་དང་གློད་པ་ལས། མཚན་མེད་ཀྱི་ཞི་གནས་སྐྱོན་མེད་བརྟན་པོར་བསྒྲུབ། དེ་

p. 446

ནས་དེའི་ངང་ནས་སེམས་ཀྱི་ངོ་བོ་ལ་བལྟས་ཏེ་དབྱིབས་དང་ཁ་དོག་གནས་དང་རྟེན་ངོས་བཟུང་། རྣམ་འགྱུར་སོགས་བརྟགས་ལ་སེམས་ཀྱི་ངོ་བོ་ངོས་བཟུང་མེད་བཞིན་དུ་རང་རིག་པའི་གསལ་སྟོང་སེང་ངེ་བ་ལ་སྒྲོ་འདོགས་བཅད། དེ་བཞིན་དུ་རྣམ་རྟོག་གི་འགྱུ་བ་དང་། སྣང་བའི་འཆར་སྒོ་ལ་བརྟགས་ཏེ། ངོས་བཟུང་མེད་པའི་རྣམ་རྟོག་སྟོང་འགྱུ་སྣང་བ་སྟོང་སྣང་ལ་སྒྲོ་འདོགས་བཅད། དེ་ནས་སེམས་གནས་པ་དང་འགྱུ་བའི་བྱུང་གནས་འགྲོ་གསུམ་གྱི་རྩ་བ་བཅད་དེ་གང་ཤར་རིག་པ་སྐྱེ་མེད་དུ་མྱོང་བ་བསྐྱེད་ལ་ལྷན་ཅིག་སྐྱེས་པ་གསུམ་ངོ་འཕྲོད་པར་བྱ། དེ་ནས་ཐུན་ཕྱེད་དམ་སུམ་ཆར་འཇམ་རླུང་དང་བཅས་ཏེ་སེམས་ཀྱི་ངོ་བོ་ལ་མ་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་བཞག །ཐུན་མཚམས་སུ་མ་ཡེངས་པའི་དྲན་པ་རྣམ་རྟོག་དང་སྣང་བ་ལམ་དུ་ཁྱེར་བར་བྱ་སྟེ་ཞིབ་པར་ཕྱག་ཆེན་རྣམ་བཤད་ལས་ཤེས་སོ། །གཉིས་པ་ནི། གནས་ལུགས་སྟོང་པ་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས་ནས་གཏུམ་མོའི་ཉམས་ལེན་གྱི་རྩ་བ་དགའ་བཞིའི་ཉམས་བདེ་སྟོང་དུ་སྐྱོང་བ་ཉིད་ཡིན་ཏེ། འདི་ཉིད་རྩ་རླུང་ཐིག་ལེ་གསུམ་གའི་གནད་བཅིངས་ནས་སེམས་ལྷན་སྐྱེས་གཏན་ལ་དབབ་པར་བྱེད་པ་ཐབས་ལམ་ཕོ་ཉ་ལྟ་བུའི་གདམས་པ་ཡིན་པས། འདིས་མྱུར་དུ་གྲོལ་བར་བྱེད་ཅིང་རྟོགས་པ་ལ་བོགས་འབྱིན་པས་སོ། །དེ་ལ་ལུས་གནད་སོགས་ཐམས་ཅད་བདེ་བ་བོགས་དབྱུང་གི་སྐབས་ལྟར་ལས་སྔར་གྱི་དམིགས་པ་བདེ་བ་ལ་མྱོང་བ་གང་སྐྱེས་པ་ཞིག་གིས་ཞུ་བདེ་བསྐུལ་ཏེ་གཏུམ་མོའི་མེ་དྲོད་ཀྱིས་བྱང་སེམས་ཞུ་བདེ་སྤྱི་བོའི་རྩ་འདབ་ཐམས་ཅད་གང་བར་བསམ་ཞིང༌། སེམས་སྤྱི་བོའི་འཁོར་ལོའི་དབུས་སུ་རྩེ་གཅིག་ཏུ་གཏད་ནས་ཞུ་བདེ་བསྐྱེད་དེ་ཡུལ་སྣ་ཚོགས་ལ་འཇུག་པའི་རྣམ་པར་རྟོག་པ་རགས་པ་འགགས་པ་ན་དགའ་བའི་བདེ་བ་ངོས་བཟུང་ལ། ཉམས་མྱོང་

p. 447

བདེ་བ་དང་བཅས་པ་བདེ་བའི་ངོས་བཟུང་མེད་ཅིང་། སྟོང་པ་རང་རིག་ཅིང་གསལ་བ་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་སྐད་ཅིག་ཀྱང་མ་ཡེངས་པར་བསྐྱང་ངོ༌། །དེ་བཞིན་དུ་བྱང་སེམས་ཀྱིས་མགྲིན་པའི་རྩ་འདབ་ཡན་གང་བར་བསམ་ཞིང་། སེམས་མགྲིན་པའི་འཁོར་ལོའི་དབུས་སུ་རྩེ་གཅིག་ཏུ་གཏད་ནས་ཞུ་བདེ་ཆེས་ཆེར་བསྐྱེད་དེ་རྟོག་པ་ཕྲ་བ་ཕལ་ཆེར་འགགས་པ་ན་མཆོག་དགའི་བདེ་བ་ངོས་བཟུང་བ་སོགས་དང༌། སྙིང་གའི་རྩ་འདབ་ཡན་གང་བར་བསམ་ཞིང་སེམས་སྙིང་གའི་འཁོར་ལོའི་དབུས་སུ་རྩེ་གཅིག་ཏུ་གཏད་ནས་ཞུ་བདེ་ཆེས་ཆེར་བསྐྱེད་དེ་རྟོག་པ་མཐའ་དག་འགགས་པ་ན་ཁྱད་དགའི་བདེ་བ་ངོས་བཟུང་བ་སོགས་དང༌། ལྟེ་བའི་རྩ་འདབ་ཡན་གང་བར་བསམ་ཞིང་སེམས་ལྟེ་བའི་འཁོར་ལོའི་དབུས་སུ་རྩེ་གཅིག་ཏུ་གཏད་ནས་ཚད་མེད་པའི་ཞུ་བདེ་བསྐྱེད་དེ་རྟོག་པ་ཐམས་ཅད་འགགས་པ་ན་ལྷན་ཅིག་སྐྱེས་དགའི་བདེ་བ་ངོས་བཟུང་བ་སོགས་བྱ། དེ་ནས་བྱང་སེམས་བཟློག་པ་ནི་གསང་གནས་ཀྱི་རླུང་དྲང་ཞིང་སྟེང་རླུང་ཅུང་ཟད་བཟུང་སྟེ་སེམས་འཁོར་ལོ་སོ་སོའི་དབུས་སུ་གཏད་ནས། ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་ཁྱད་དགའ། སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་རྣམས་བསྒོམ། མཐར་བྱང་སེམས་ཧཾ་ལ་བསྡུའོ། །འཁོར་ལོ་སྔ་མ་ལ་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་ཁྱད་དགའ། གསང་གནས་སུ་བབས་པས་ལྷན་སྐྱེས་ཀྱི་དགའ་བ་བསྐྱེད་ཅིང༌། བཟློག་པའི་ཚེ་གསང་གནས་ནས་ལྟེ་བར་ལོག་པས་དགའ་བ་སྙིང་གར་མཆོག་དགའ་སོགས་བསྒོམ་མོ། །དེ་ནས་ཐུན་གྱི་མཇུག་ཏུ་འཇམ་རླུང་བཟུང་སྟེ་རྩ་རླུང་ཐིག་ལེ་གང་ཡང་ཡིད་ལ་མི་བྱེད་པར་མཆོག་གི་གཏུམ་མོ་རླུང་སེམས་གཉིས་མེད་ཀྱི་ངོ་བོ་ཕྱག་རྒྱ་ཆེན་པོ་ལ་སྐད་ཅིག་ཀྱང་མ་ཡེངས་པར་

p. 448

མཉམ་པར་བཞག་ཅིང༌། རྗེས་ཤེས་དང་རྗེས་སྣང་ཐམས་ཅད་བདེ་སྟོང་གི་དྲན་པས་རྒྱུན་ཆགས་སུ་བསྐྱངས་ཏེ། སྣང་སྲིད་ཐམས་ཅད་བདེ་སྟོང་གི་ལམ་དུ་སློང་བར་བྱའོ། །རྩ་འཁོར་རྣམས་ཀྱི་དབུས་སུ་སེམས་གཏད་པ་ནི། རླུང་སེམས་འཇུག་པ་གཅིག་པས། དེ་དག་ཏུ་རླུང་འདུ་བའི་ཐབས་ཁྱད་པར་ཅན་ཡིན་ལ། རླུང་འདུས་པས་དེར་བྱང་སེམས་བརྟན་པར་བྱེད་ཅིང་། དགའ་བཞིའི་ཡེ་ཤེས་འཆར་བར་བྱེད་པ་དང༌། གཞན་ཡང་སྒྱུ་ལུས་སོགས་ཀྱི་ལམ་འོག་ཏུ་འཆད་པ་རྣམས་ལ་མེད་མི་རུང་བའི་གནད་མང་དུ་ཡོད་དོ། །དེ་ལྟར་བསྒོམས་པས་དང་པོར་སྔར་བཤད་པའི་གཏུམ་མོའི་དྲོད་ཀྱིས་བྱང་སེམས་ཞུ་ནས་བབས་པ་ལས་བདེ་བ་རིམ་པས་སྐྱེས་པ་ལ། ལྟ་བས་རྒྱས་བཏབ་པ་ལྟ་བུའི་དགའ་བཞིའི་ཡེ་ཤེས་རྗེས་མཐུན་པ་ཙམ་ལས་མི་འབྱུང་ཡང༌། དེའི་ཉམས་བདེ་སྟོང་དུ་བསྐྱངས་ནས་སྦྱངས་པའི་སྟོབས་ཀྱིས་རླུང་དབུ་མར་ཚུད་དེ་བྱང་སེམས་ཞུ་བ་རིམ་གྱིས་གནས་རྣམས་སུ་བབས་པ་ལས་དགའ་བཞི་ཇི་ལྟ་བ་འཆར་ཞིང་ངོས་ཟིན་ལ། དེ་ནས་རིམ་པས་རླུང་དབུ་མར་ཐིམ་པ་ལས་དགའ་བཞིའི་བདེ་བ་དང་། སེམས་ཀྱི་ངོ་བོ་སྟོང་ཉིད་དབྱེར་མེད་དུ་འཆར་ཞིང་ངོས་ཟིན་པ་སྟེ་དགའ་བཞིའི་ཡེ་ཤེས་ཡིན་ནོ། །དེ་ལ་ཡང་དང་པོར་སྟོང་པ་ཉིད་དང་ཡུལ་ཡུལ་ཅན་གྱི་གཉིས་སྣང་ཕྲ་མོ་དང་བཅས་པ་དཔེའི་ཡེ་ཤེས་དང༌། མཐར་དེ་ཉིད་གོང་འཕེལ་དུ་གྱུར་ནས་ཡུལ་ཡུལ་ཅན་དབྱེར་མེད་པའི་དོན་གྱི་ཡེ་ཤེས་གཉིས་འབྱུང་ངོ༌། །མས་བརྟན་གྱི་དགའ་བཞི་ནི་ཡས་བབས་ཀྱི་དགའ་བཞི་ཇི་ལྟ་བ་སྐྱེས་ནས་བྱང་སེམས་བརྟན་པ་ན་རིམ་པས་འཆར་བར་བཤད་ཅིང༌། དགའ་བཞི་རེ་རེ་ལའང་ནང་ཚན་དུ་བཞི་བཞི་སྟེ་བཅུ་དྲུག་འབྱུང་བར་བཤད་པས་ཕྲ་བའི་གནས་སོ། །བཞི་པ་ནི། ཏི་རས་ཀྱིས། སྲོག་དང་རྩོལ་བ་ལ་བརྟེན་ནས། །རླུང་གི་བྱེ་

p. 449

བྲག་དབུ་མར་ཚུད། །སྐད་ཅིག་དེ་ལ་གཏུམ་མོ་འབར། །ཡེ་ཤེས་བཙན་ཐབས་སྐྱེ་བའི་གནད། །ཉམས་དང་རྟོགས་པ་གཅིག་ཆར་སྐྱེ། །དེ་ཡི་མཚན་བཅས་རྫོགས་རིམ་བཤད། །ཅེས་གསུངས་པ་ལྟར། གཏུམ་མོའི་རྟོགས་པ་ངོ་སྤྲད་པ་དང༌། སྐྱོན་སེལ་ཞིང་སྐྱོང་ཚུལ་བཤད་པའོ། །དང་པོ་ནི། དྭགས་པོའི་སྙན་བརྒྱུད་ལས། སྔར་བཤད་པ་དེ་དག་ལས་གཏུམ་མོའི་རྟོགས་པ་དངོས་གཞི་ནི་རྩ་རླུང་ཐིག་ལེའི་གནད་བཅིངས་ཏེ། དགའ་བ་བཞི་ལ་སོགས་པའི་ཞུ་བདེ་བསྐྱེད་ནས། ཉམས་མྱོང་བདེ་བའི་ངོ་བོ་གསལ་ལ་ངོས་བཟུང་མེད་པ་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཉིད་ཡིན་ཏེ། གཞན་རྣམས་དེ་སྐྱེད་པར་བྱེད་པའི་ཐབས་སམ་ཡན་ལག་ལྟ་བུ་ཡིན་པས་སོ། །ཞེས་དང༌། རྗེ་ཏི་རས་ཀྱིས། གཏུམ་མོ་གནད་དུ་བསྣུན་ཙ་ན། །རྩ་ཕྲན་རླུང་སེམས་འདུས་པ་ཡིན། །ལུས་ལ་བདེ་དྲོད་སྐྱེས་པ་དང༌། །རྣམ་པ་སྣ་ཚོགས་སྐད་ཅིག་མ། །རགས་པ་འགགས་པ་རྟོག་མེད་ཡིན། །བདེ་བ་སྐྱེས་པ་དགའ་བ་ཡིན། །ཐིག་ལེ་འབར་འཛག་བསྒོམ་པ་དང༌། །ཐབས་ཤེས་གཉིས་མེད་འཕྲོད་པ་ཡིས། །རླུང་ནང་དུ་འདུས་པས་གཏུམ་མོ་འབར། །ཡེ་ཤེས་ལ་ནི་ཆེར་བསྙེན་པས། །ཕྲ་བ་འགགས་པས་རྣམ་པར་སྨིན། །བདེ་ཆེན་སྐྱེས་པ་མཆོག་དགའ་ཡིན། །ཤིན་ཏུ་ཕྲ་བ་འགགས་པ་ཡིས། །བརྗོད་པ་ཐམས་ཅད་དང་བྲལ་བས། །མཚན་ཉིད་མེད་པའི་སྐད་ཅིག་མ། །བདེ་སྟོང་དབྱེར་མེད་སྐྱེས་པ་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །དེ་ནི་དངོས་གཞི་ཡིན་པར་གསུངས། །རླུང་ནི་ཕྱིར་ལ་འབྱུང་བ་དང༌། །རྣམ་པར་རྟོག་པ་འཕྲོས་པ་ཡིས། །བདེ་སྟོང་ཉམས་དང་བྲལ་བ་ལ། །ཡེ་ཤེས་རྗེས་བཤུ་བྱེད་པ་དེ། །རྟོགས་པ་ཤར་བས་དགའ་བྲལ་ཡིན། །ཞེས་དང༌། དྭགས་པོའི་སྙན་བརྒྱུད་ལས། དེ་ལ་གཏུམ་མོ་ཞེས་པའི་སྒྲ་དོན་ནི་སྤང་བྱ་ཉོན་མོངས་པའི་ཚོགས་འཇོམས་པ་ལ་

p. 450

དཔའ་ཞིང་གཏུམ་པ་དང༌། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྟེར་བར་བྱེད་པའི་དཔའ་མོ་ཡིན་པས་ན་གཏུམ་མོ་ཞེས་བྱ་ལ། བྱེད་ལས་ནི་ཡང་དག་པའི་ཡེ་ཤེས་ཀྱི་མེས་ཀུན་རྟོག་གི་འཆིང་བའི་བུད་ཤིང་སྲེག་པར་བྱེད་ཅིང༌། བྱེ་བྲག་ཏུ་བསྐྱེད་རིམ་ཕྱིའི་གཏུམ་མོས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཇོམས། སྲོག་རྩོལ་ནང་གི་གཏུམ་མོས་ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས། འབར་འཛག་གསང་བའི་གཏུམ་མོས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འཇོམས། བློ་བྲལ་དེ་ཁོ་ན་ཉིད་ཀྱི་གཏུམ་མོས་ལྷན་སྐྱེས་ཀྱི་ཡེ་ཤེས་རྟོགས་པར་བྱེད་པའོ། །ཞེས་གསུངས་སོ། །གཉིས་པ་ནི། སྐྱོན་སེལ་ཞིང་སྐྱོང་ཚུལ་བཤད་པ་ནི། དྭགས་པོ་མངྒ་ལས། གཏུམ་མོའི་དུས་གསུམ་དུ་གེགས་ཀྱི་གཙོ་བོ་དྲེད་བཞིའི་དབང་དུ་མི་བཏང་བར་ཉམས་ལེན་གྱི་གོ་ཆ་ཆེར་བགོས་ཏེ། དེ་ལ་གཏུམ་མོ་སྡུག་བསྔལ་གྱི་དུས་ཞེས་པ་ནི། དང་པོ་ལུས་དང་རྩ་མ་བྱང་བས་ན་ཚ་ཟུག་གཟེར་འབྱུང་། ལུས་སྟོབས་འཆོར་ཞིང་གུད། ནད་རོ་ཡོད་ན་ལྡང༌། རླུང་མ་བྱང་བས་རླུང་དུས་སུ་མི་ཁེགས་ཐང་ཆད། ཐིག་ལེ་གནས་སུ་མ་སྐྱོབ་པས་སེམས་མི་གསལ་ཞིང་ཉམ་ཆུང་། དམིགས་པ་མ་ཟིན་པས་སེམས་འཚུབས་ཤིང་གཏན་ལ་མི་ཕེབས། སྒོམ་པའི་གནད་མ་ཤེས་པས་རྩ་རླུང་ཐིག་ལེའི་གེགས་སྐྱོན་འབྱུང༌། དེ་ལྟར་ལུས་སེམས་ལ་སྡུག་བསྔལ་གྱིས་མནར་བས་གཏུམ་མོའི་ཉམས་ལེན་མི་ནུས་པ་ནི་ན་ཚ་སྡུག་བསྔལ་ཉམས་ལེན་གྱི་དྲེད་ཅེས་བྱ་སྟེ། དེའི་ཚེ་འཁོར་བའི་སྡུག་བསྔལ་མཐའ་དག་བསམས་ལ་སྐྱོ་ཤས་བསྐྱེད། དེ་ལས་ཐར་པ་ཟུང་འཇུག་རྡོ་རྗེའི་སྐུ་སྒྲུབ་པ་ལ་དཀའ་སྤྱད་དང་སྙིང་རུས་དགོས་པའི་དཔའ་བསྐྱེད། གྲུབ་ཐོབ་གོང་མའི་རྣམ་ཐར་བསམས་ལ་འབད་པ་ཆེན་པོས་བསྐྱང་ངོ༌། །ཡང་དཀའ་ཐུབ་ལ་སོགས་པས་ལུས་ཟུངས་ཧ་ཅང་ཞན་ནས་སྒོམ་སྐྱེད་མི་འབྱུང་བར་སྒོམ་སྣ་

p. 451

སུན་ཁྱེར་བ་ནི་བཟའ་མེད་བརྩོན་འགྲུས་སྒོམ་གྱི་དྲེད་ཅེས་བྱ་སྟེ། དེའི་ཚེ་ཟས་བཅུད་ཅན་བསྟེན་ཞིང་དུབ་བསང་བྱས་ཏེ་བསྐྱང་ངོ༌། །གཏུམ་མོ་འདོད་ཆགས་ཀྱི་དུས་ཞེས་པ་ནི། རྩ་རླུང་བྱང་བས་ལུས་འབོལ། རཀྟ་འཕེལ་བས་དྲོད་འབར། བྱང་སེམས་གཡོས་པས་བདེ་བ་འབྱུང་། ཁམས་རྒྱས་པས་འདོད་ཆགས་ཤིན་ཏུ་ཆེ་བ་སྐྱེ། དེའི་དུས་གཉེན་པོ་ཞན་ནས་བྱང་སེམས་མ་བསྲུངས་པའམ། དངོས་སམ་རྨི་ལམ་དུ་བྱང་སེམས་ཟག་པ་འབྱུང་བ་ནི་ཐིག་ལེ་ཉམས་པ་བདེ་དྲོད་ཀྱི་དྲེད་ཅེས་བྱ་སྟེ། དེའི་ཚེ་སོ་ཐར་གྱི་སྲུང་སེམས་ལ་འབད་ཅིང་ཆགས་ཡུལ་མི་སྡུག་པར་བསྒོམ་ལ་རིང་དུ་སྤངས། འདོད་ཆགས་ཀྱི་ངོ་བོ་ལ་བལྟ་ཞིང་ཞེན་པ་བཟློག །བྱང་སེམས་ཉམས་ན་སྤྱིར་ཏིང་ངེ་འཛིན་གྱི་ཡོན་ཏན་མཐའ་དག་མི་སྐྱེ་ཞིང་། བྱེ་བྲག་ཏུ་གཏུམ་མོའི་ཡོན་ཏན་གྱི་རྩ་བ་ཆད་པས་བྱང་སེམས་བསྲུང་བ་ལ་བསྒྲིམ་ཞིང་ཐིག་ལེའི་འཁྲུལ་འཁོར་རྣམས་ལ་བརྩོན་པར་བྱའོ། །གཏུམ་མོ་ཡོན་ཏན་གྱི་དུས་ཞེས་པ་ནི། རྩ་རླུང་ཐིག་ལེ་ལས་སུ་རུང་བས་སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་མྱོང་བཟང་པོ་འཆར། ལུས་ལ་རྩ་རླུང་ཐིག་ལེའི་ཡོན་ཏན་མཐའ་དག་སྐྱེ། དེའི་དུས་ཉམས་མྱོང་གཞན་ལ་བཤད་པ་དང་། དམ་ཚིག་ཉམས་ཆག་ལ་བརྟེན་ནས་ཡོན་ཏན་ཡལ་བའམ། སྐྱེད་མེད་པ་བྱུང་ན་ཉམས་བཤད་དམ་ཉམས་ལྟུང་བའི་དྲེད་ཅེས་བྱ་སྟེ། དེའི་ཚེ་ཉམས་སྣང་ལ་མ་ཞེན་པར་གནས་ལུགས་རྗེན་པར་བསྐྱང༌། རྩ་རླུང་གི་རྟགས་འཇའ་ཚོན་དང་འདྲ་བར་བསམ་ཞིང་བླ་མ་མིན་པ་ལ་གསང༌། ཉམས་ཆག་བྱུང་ན་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱིས་བསྐངས་ཤིང་བླ་མ་ལ་དབང་ཞུ་བ་དང་རང་ཉིད་དབང་བླང་བ་སོགས་ཀྱིས་གསོ། ལོངས་སྤྱོད་དང་སྙན་གྲགས་དགོས་མེད་དུ་ཐག་བཅད་ལ་ཞེན་པ་གསུམ་བཏང་ཞིང་སྒྲུབ་པའི་རྒྱལ་མཚན་འཛུགས་པར་

p. 452

བྱའོ། །འདི་དག་གི་ཚེ་ཉམས་ལེན་གྱི་གནད་མ་འཆུགས་པར་རིམ་པས་བསྒོམ་པ་ལ་གེགས་སྐྱོན་ཆེར་མི་འབྱུང་ཡང༌། སྐལ་བ་ཞན་པ་དག་དང་། རླུང་འཁྲུལ་འཁོར་སོགས་དྲགས་ཐལ་བ་དག་ལ་རྩ་རླུང་ཐིག་ལེའི་གེགས་འབྱུང་བའང་སྲིད་པས་དེ་སེལ་ཐབས་ནི་གཏུམ་མོའི་དམར་ཁྲིད་ལས་ཤེས་པར་བྱའོ། །ཡུན་དུ་བསྒྲུབ་པར་བྱ་བ་གཏུམ་མོའི་དམ་ཚིག་ལ། དྲོད་ཀྱི་དམ་ཚིག་ཏུ་རླུང་ཐུན་དང་ལུས་སྦྱོང་མ་ཆག་པ་བྱ། གྲང་བ་ཡིད་ལ་མི་བྱ་ཞིང་མེ་དམིགས་ཡང་ཡང་དྲན་པར་བྱ། གྲང་ཡང་སྐྱི་ཅན་དང་བེམ་པོ་སོགས་མི་གྱོན། དྲོ་ཡང་གཅེར་བུ་མི་བྱ། མེ་ལ་སོགས་པ་ལ་ཕུས་མི་འདེབས་ཤིང་ཟས་སྐོམ་གྲང་མོ་མི་བསྟེན་པ་སོགས་བྱ། བདེ་བའི་དམ་ཚིག་ཏུ་བྱང་སེམས་མ་ཉམས་པར་བསྲུངས་ཤིང་། སྒ་གཡེར། ཟྭ་ཚོད། རི་སྒོག །ཤ་རུལ། ཉ་ཤ །ཆང་། ཚ་སྐྱུར། ལན་ཚྭ་ཆེས་པའི་ཟས་སྐོམ་སྤང་བ་སོགས་བྱ། བདེ་དྲོད་གཉིས་ཀའི་དམ་ཚིག་ཏུ་མེ་དང་ཉི་མ་ལ་ཡུན་རིང་དུ་མི་སྡོད། སྟན་མེད་དང་ས་རླན་ལ་མི་སྡོད་ཅིང་རྐང་རྗེན་མི་བྱ། ཉིན་གཉིད་དང་རྔུལ་ཐོན་པའི་བྱ་ལས་སོགས་སྤང༌། མི་རྟོག་པའི་དམ་ཚིག་ཏུ་དབེན་པ་བསྟེན་ཞིང་སྣང་ཤས་སྤང་བ་སོགས་བྱ་བར་བཤད་དོ། །ལྔ་པ་ནི། འདི་ལ་གཉིས་ཏེ། རྟགས་འཆར་ཚུལ་དང༌། ཡོན་ཏན་སྐྱེ་ཚུལ་ལོ། །དང་པོ་ནི། དྭགས་པོའི་སྙན་བརྒྱུད་ལས། སྤྱིར་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་པོའི་རིམ་པ་དང་། སྔོན་བསགས་ཀྱི་ཁྱད་པར་ལ་བརྟེན་ནས། རྟགས་ཀྱི་རིམ་པ་མ་བྱུང་བར་ཡོན་ཏན་སྐྱེ་བ་དང་། རྟགས་སྣང་ངེས་མེད་དུ་འཆར་བ་དང་། རྟགས་རིམ་ཅན་དུ་འབྱུང་བ་སྣ་ཚོགས་ཡོད་ཀྱང༌། འདིར་ཕྱི་མ་ལྟར་བརྗོད་ན་དབྱེ་བ་ཤེས་པར་འགྱུར་བས་དེ་ལྟར་བཤད་པར་བྱའོ། །དེ་ལ་དང་པོར་རླུང་འབྱོངས་པའི་རྟགས་དང་། བདེ་དྲོད་འབར་བའི་རྟགས་རྣམས་སྔར་བཤད་ཟིན་ལ། དེ་ནས་ཉམས་སུ་

p. 453

བླངས་པས་རྩ་འཁོར་ལོ་ལྔར་ཉོན་མོངས་པ་ལྔའི་རྩ་མདུད་ཡི་གེའི་གཟུགས་ལྟ་བུ་གནས་པར་རླུང་སེམས་འདུས་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྔ་ཆེར་སྐྱེ་ཞིང༌། བར་ཆད་ཀྱི་བདུད་དང་། གནོད་བྱེད་ཀྱི་བགེགས་དང་། སྡང་བྱེད་ཀྱི་དགྲ་ལ་སོགས་པའི་རྣམ་པར་རྟོག་པ་ཆེར་རྒྱས་པ་ཞིག་འབྱུང༌། དེ་ནས་ནད་དང་གདོན་གྱི་རྩ་གནས་རྣམས་སུ་རླུང་སེམས་འདུས་པས་ནད་མཐའ་དག་ལྡང་བ་དང་། དངོས་སམ་རྨི་ལམ་དུ་འདྲེ་གདོན་གྱི་སྣང་བ་སྣ་ཚོགས་འཆར་ཞིང་སེམས་ལ་ཁུ་འཕྲིག་འབྱུང༌། དེ་ནས་རིགས་དྲུག་གི་རྩ་ཡིག་སོགས་སུ་རླུང་སེམས་འདུས་པས་དངོས་སམ་རྨི་ཉམས་སུ་རིགས་དྲུག་ཅི་རིགས་ཀྱི་སྣང་བ་དང་། སྡུག་བསྔལ་འཆར་བ་དང༌། གཞན་ཡང་ཉམ་ང་བ་ལ་སོགས་པའི་སྣང་བ་སྣ་ཚོགས་པ་འབྱུང་བར་བཤད་དེ། དེ་དག་གི་ཚེ་སྐྱོ་ཤས་དང་ངེས་འབྱུང་བརྟན་པོས་བསག་སྦྱང་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད། རྩ་མདུད་གྲོལ་བའི་འཁྲུལ་འཁོར་ཅི་རིགས་བྱ་ཞིང་། ཉམས་སྣང་ཐམས་ཅད་ལམ་རྟགས་སུ་ཤེས་པར་བྱས་ཏེ་སྤྲོ་བ་བསྐྱེད། གཞན་ཡང་གཉེན་པོ་ཅན་གྱི་ལམ་ཁྱེར་དང་གནས་ལུགས་ཀྱི་ལྟ་བས་སྐྱོན་སེལ་བོགས་འདོན་བྱའོ། །དེ་ནས་རྩ་རླུང་ལམ་དུ་སློང་ཏེ་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་སོ་སོའི་གནས་སུ་ཟིན་པ་དང་དབུ་མར་ཚུད་པས་རིམ་བཞིན། སྣང་བ་དུ་བ་ལྟ་བུ་དང་། སྨིག་རྒྱུ་དང་། སྲིན་བུ་མེ་ཁྱེར་དང་། མར་མེ་འབར་བ་དང༌། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་ཉམས་འབྱུང་སྟེ་མཚན་རྟགས་ལྔ་དང༌། དེ་ནས་རླུང་ལྔ་གནས་སུ་ཟིན་པ་བརྟན་པའམ་དབང་དུ་འདུས་པས་རིམ་བཞིན། ཟླ་ཟེར་དང་། ཉི་ཟེར་དང་། གློག་གི་ཟེར་དང་། འཇའ་ཚོན་དང་། ཉི་ཟླ་བསྲེས་པའི་ཟེར་ལྟ་བུའམ། དེ་ལྟ་བུ་ཐིག་ལེ་འཆར་བ་ཉིན་རྟགས་ལྔ་སྟེ་རྟགས་བཅུ་འཆར་ལ། དེ་ཡང་རླུང་རང་གནས་སུ་ཟིན་

p. 454

པ་ལ་རྟགས་རྣམས་ཅུང་ཟད་མི་གསལ་ཞིང་མི་བརྟན་པ་ལ་དབུ་མར་ཚུད་པ་དང་ཐིམ་པ་ལ་གསལ་ཞིང་བརྟན་པ་འབྱུང་ངོ༌། །དེ་ནས་རྩ་རླུང་བྱང་ཆུབ་ཀྱི་སེམས་དྭངས་པ་སྤྱི་བོ་སོགས་འཁོར་ལོ་ལྔའི་གནས་སུ་འདུས་པས་རིམ་བཞིན་སངས་རྒྱས་དཀར་པོ་དང་། དམར་པོ་དང་། སྔོན་པོ་དང་། སེར་པོ་དང་། ལྗང་གུའི་ཞིང་ཁམས་མཐོང་བ་དང༌། གཞན་ཡང་ཡུལ་ཉེར་བཞི་ལ་སོགས་པའི་རྩ་གནས་བསམ་གྱིས་མི་ཁྱབ་པ་དེ་དང་དེར་རླུང་སེམས་དྭངས་མ་འདུས་པས་ཡི་དམ་གྱི་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པ་དང༌། སངས་རྒྱས་སྤྲུལ་སྐུ་དང་། ཉན་རང་གི་ཞིང་ཁམས་ལ་སོགས་པ་ཅི་རིགས་པ་མཐོང་བ་འབྱུང་བར་བཤད་དེ་དངོས་དང་རྨི་ཉམས་ལ་སོགས་པར་འཆར་རོ། །གཉིས་པ་ནི། དེ་ལྟར་རྩ་རླུང་བསྒོམས་པས་སྤྱིར་སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པ་འཆར་ཞིང༌། ཁྱད་པར་སེམས་ཀྱི་གནས་ལུགས་རིག་པ་སྐྱེ་མེད་རྗེན་པར་རྟོགས་པ་ལྷག་མཐོང་གི་ལྟ་བ་ཕྱིན་ཅི་མ་ལོག་པ་སྐྱེ། ལུས་ལ་རླུང་ལྔ་རང་གནས་སུ་བརྟན་པའམ་དབང་དུ་འདུས་པའི་ཡོན་ཏན་དུ་རིམ་བཞིན་ལུས་སྲ་ཞིང་བརྟན་པ་དང་། སྣུམ་བག་ཆགས་པ་དང་། བཀྲག་མདངས་རྒྱས་པ་དང་། ཡང་ཞིང་མགྱོགས་པ་དང་། ལུས་ཡོད་པ་མི་ཚོར་ཞིང་རྩིག་པ་སོགས་ལ་མི་ཐོགས་པ་འབྱུང༌། ཐིག་ལེ་དཀར་དམར་དབུ་མར་ཟིན་པ་བརྟན་པས་ཟླ་བའི་ཡོན་ཏན་ལུས་ལ་གྲིབ་མ་མེད་ཅིང་འོད་གསལ་བ་དང༌། ཉི་མའི་ཡོན་ཏན་གཞན་གྱིས་མི་མཐོང་བར་བྱེད་ནུས་པ་དང༌། ཀུན་ཏུ་ཁྱབ་པའི་ཡོན་ཏན་རྫུ་འཕྲུལ་མཐའ་དག་སྟོན་ནུས་པ་སྟེ་ཡོན་ཏན་བརྒྱད་སྐྱེ་ཞིང༌། གཞན་ཡང་ས་ལ་སོགས་པའི་ཁམས་ལྔ་སོ་སོ་དང་ཆ་མཐུན་པར་རླུང་སེམས་དྭངས་མ་བརྟན་པར་འདུས་པའི་ཡོན་ཏན་དུ་རིམ་བཞིན་ས་རྡོ་གསེར་དུ་བསྒྱུར་བ་དང༌། ཆུ་ལ་མི་བྱིང་བར་

p. 455

འགྲོ་བ་དང༌། ལུས་ལ་མེས་མི་ཚུགས་ཤིང་དྲོད་ཀྱིས་གངས་རི་འཇུ་བ་དང༌། འཇིག་རྟེན་གཞན་དུའང་སྐད་ཅིག་གིས་བགྲོོད་པ་དང༌། ནམ་མཁར་འཕུར་བ་དང་། རི་བྲག་ལ་ཐོགས་མེད་རྒྱུ་བར་ནུས་པ་སོགས་འབྱུང་བར་བཤད་ཅིང༌། དེ་དག་རླུང་སེམས་འདུ་ཤུགས་ཆེ་ཆུང་གི་དབང་གིས་ཡུན་རིང་ཐུང་ཅི་རིགས་པར་འབྱུང་སྟེ་འདུ་འཕྲོད་ཞིག་ནས་འབྱུང་བར་མ་བཤད་དོ། །གཞན་ཡང་རྩ་ཁམས་རིག་པ་དྭངས་པས་མངོན་ཤེས་འཆར། ཐིག་ལེ་གྱེན་དུ་བརྟན་པས་ཆུ་བོ་གྱེན་དུ་བཟློག །མེ་རླུང་དབང་དུ་འདུས་པས་ཉི་མ་བརྟོད་ལ་གནོན། རླུང་སེམས་གཅིག་ཏུ་ཆུན་པས་ལྟ་སྟངས་ཀྱིས་ཕ་རོལ་རེངས་པ་སོགས་དང༌། རྩས་ནོར་དང་། རླུང་གིས་མི་དང་། ཐིག་ལེས་མི་མ་ཡིན་དབང་དུ་འདུ་བ་ལ་སོགས་པའི་ཡོན་ཏན་མང་དུ་སྐྱེ་བར་བཤད་དེ། དེ་དག་གི་ཚེ་རྩ་རླུང་གི་ཡོན་ཏན་འཇའ་ཚོན་ལྟར་རང་བཞིན་མེད་པར་ཤེས་པར་བྱས་ལ། ང་རྒྱལ་དང་རློམ་སེམས་མི་བྱ་བར་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་ཏེ་མཆོག་གི་གཏུམ་མོ་ཕྱག་རྒྱ་ཆེན་པོ་རིག་པ་རྗེན་པ་ཉིད་མ་ཡེངས་པར་བསྐྱངས་ཏེ་གནས་ལུགས་ལ་བོགས་དབྱུང་བར་བྱའོ། །དེ་ནས་མཐར་ཐུག་གི་ཡོན་ཏན་ནི། སེམས་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ལྟ་བས་གཟུང་འཛིན་གྱི་འཁྲུལ་པ་ཐམས་ཅད་ཡེ་ཤེས་སུ་དག་ནས་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཀློང་འབྱམས་སུ་འགྱུར་ཞིང༌། ལུས་ཀྱི་འཁོར་བའི་རྩ་མདུད་ཐམས་ཅད་གྲོལ་ཏེ་སྒྲིབ་མེད་ཡེ་ཤེས་ཀྱི་རྩར་དག །ལས་ཀྱི་རླུང་ཐམས་ཅད་ཐིམ་སྟེ་སྒྲིབ་བྲལ་ཡེ་ཤེས་ཀྱི་རླུང་དུ་དྭངས། སྙིགས་མ་ཟག་བཅས་ཀྱི་ཐིག་ལེ་ཐམས་ཅད་སྦྱངས་ཏེ་དྭངས་མ་ཟག་མེད་ཀྱི་བདེ་བར་རྫོགས་ནས་ས་བཅུ་གསུམ་མཐར་ཕྱིན་ཏེ་འཇའ་ལུས་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པར་གསུངས་སོ། །ཞེས་དང༌། དེ་ལྟར་ལམ་གྱི་གཞུང་ཤིང་གཏུམ་མོ་བདེ་དྲོད་རང་

p. 456

འབར་གྱི་གཞུང་བཅས་འདི་ཡན་གྱི་སྐོར་རྣམས་རྩ་བ་རང་གཞུང་ཆོས་དྲུག་ལས་འབྱུང་བ་ལྟར་ཁོག་ཕུབ་ཅིང་། ཞལ་འཕང་གི་སྐོོར་དང་མན་ངག་གབ་སྦས་སུ་གྱུར་པ་རྣམས། རྗེ་འབའ་རོམ་པ་ཡབ་སྲས་ཀྱི་གསུང་རྣམས་གཅེས་པར་བཏུས་ཤིང༌། བྱེ་བྲག་ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་ཆོས་དྲུག་གསེར་ཞུན་མར་གྲགས་པ་ཉིད་སྙིང་པོར་བཟུང༌། རྗེ་སྒམ་པོ་པའི་ཟབ་ལམ་ཆོས་དྲུག་འཁོར་ལོ་སྡོམ་པའི་རྫོགས་རིམ་དང་འབྲེལ་བ་རྗེ་མངྒ་ལ་བི་ཛ་ཡས་ཟབ་རྒྱས་སུ་བཀྲལ་བ་རང་ལུགས་དང་གཉིས་སུ་མེད་པ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་དེ་ཉིད་ཀྱིས་ཡོངས་སུ་ཁ་བཀང་སྟེ་གྲུབ་པར་བགྱིས་པ་ལགས་སོ། །
༈ རྩ་བའི་ཆོས་གཉིས་པ་ལམ་གྱི་བོགས་འདོན་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་བཞི། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲོད་དེ་ཉམས་མྱོང་སྐྱོང་ཚུལ་ལོ། །དང་པོ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མར། མཐོང་བ་དང་ནི་རེག་པ་རྣམས། །ཐམས་ཅད་སྒྱུ་མ་ཇི་བཞིན་དུ། །འགྲོ་བ་ཀུན་ཏུ་གནས་པ་རྣམས། །འགའ་ཡང་དམིགས་པ་མ་ཡིན་ནོ། །ཞེས་དང༌། རྗེ་ནཱ་རོ་པས། ཕྱི་ན་སྣང་བ་སྒྱུ་མ་ཙམ། །ནང་ན་ཉམས་མྱོང་སྨྲར་མ་བཏུབ། །ཉིན་མཚན་སྣང་བ་སྤྲུལ་པའི་སྐུ། །མིང་ཡང་སྒྱུ་ལུས་ཀྱི་གདམས་ངག་ཟེར། །བློ་ཞེན་པ་ལྡོག་གམ་ལོ་ཙཱ་བ། །ཞེས་གསུངས་པ་ལྟར་གཏུམ་མོའི་ལམ་བསྒོམས་པས་སེམས་ལ་དམིགས་པ་ཐོབ་པར་གྱུར་ཀྱང༌། དེའི་བོགས་འདོན་སྒྱུ་ལུས་ཀྱི་གདམས་པ་དང་མ་འབྲེལ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུ་མངོན་དུ་བྱེད་པར་མི་ནུས་པས་སྒྱུ་ལུས་ཀྱི་རིམ་པ་ལ་ཡང་དག་པར་འཇུག་པར་བྱ་སྟེ། འདིར་སྒྱུ་ལུས་ཀྱི་གཞུང་དྭགས་པོའི་སྙན་བརྒྱུད་ལས་འབྱུང་བ་ལྟར་ནི། ཁྱད་པར་གྱི་སྔོན་འགྲོ་རྣམས་བྱ་

p. 457

ཞིང་ཐུན་གྱི་སུམ་ཆར་གཏུམ་མོ་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་བྱ་སྙམ་དུ་སེམས་བསྐྱེད་ལ། མགྲིན་པའི་རྩ་འཁོར་གྱི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་བླ་མ་ལོངས་སྐུ་རྡོ་རྗེ་འཆང་དམར་པོ་ཡུམ་དང་བཅས་པ་བསྒོམས་ཏེ་སྒྱུ་ལུས་འབྱོང་བར་གསོལ་བ་དྲག་ཏུ་གདབ་བོ། །ཁ་ཅིག་སྐབས་འདིར་སྒྱུ་མ་གྲོགས་གསུམ་ཞེས་འཁོར་བའི་སྡུག་བསྔལ་བསམས་ཏེ་ཞེན་པ་བཟློག་པ་དང༌། མི་རྟག་པ་བསྒོམས་ལ་སྐྱོ་བ་སྐྱེད་པ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྣམས་བྱ་བར་འདོད་པ་ནི་སྔོན་འགྲོའི་ཁོངས་སུ་འདུས་ལ། འོན་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པར་འཇིག་པའི་ཚུལ་ཞིབ་ཆར་གཞིགས་ནས་བསྒོམ་པ་ནི་བདེན་འཛིན་ལྡོག་པའི་ཐབས་སུ་འགྱུར་རོ། །དེ་ནས་ཡུལ་སྣང་སྒྱུ་མར་སྦྱང་བ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། སྤྱིར་རི་དང་ཁང་ཁྱིམ་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་དང༌། མི་དང་དུད་འགྲོ་ལ་སོགས་པ་བཅུད་ཀྱི་སེམས་ཅན་དང༌། བྱེ་བྲག་ཏུ་རང་གི་དབང་ཤེས་ལ་སྣང་བའི་གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་ཇི་སྙེད་པ་འདི་དག་འཁྲུལ་ངོར་སྣང་བ་ཙམ་ལས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུར་བསམ་པའོ། །དེ་ཡང་སྒྱུ་མའི་དཔེ་བརྒྱད་ཀྱིས་གཏན་ལ་དབབ་པར་བྱ་བ་ལས། བདེན་པར་མ་གྲུབ་ཀྱང་སྣང་བ་སྒྱུ་མ་དང་རྨི་ལམ་ལྟར་བསམ་པ་ནི། སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་སོགས་ལ་སྔགས་ཀྱིས་བཏབ་ནས་རྟ་གླང་སོགས་སུ་སྤྲུལ་པའི་ཚེ་བདེན་པར་མ་གྲུབ་ཀྱང་རྣམ་པ་དེ་དག་ཏུ་སྣང་བ་དང༌། རྨི་ལམ་ན་མི་དང་དུད་འགྲོ་སོགས་རྨིས་པའི་ཚེ་བདེན་པར་མ་གྲུབ་ཀྱང་དེར་སྣང་བ་ལྟར། སྣོད་བཅུད་ལ་སོགས་པའི་ཡུལ་སྣང་ཐམས་ཅད་དོན་དམ་པར་རང་རང་གི་ངོ་བོོོར་གྲུབ་པ་མེད་ཀྱང་ཀུན་རྫོབ་འཁྲུལ་

p. 458

པའི་ཤེས་པ་ལ་སོ་སོར་སྣང་བ་ཙམ་དུ་བསམ་པའོ། །རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་བྱུང་བ་བྲག་ཆ་དང་གཟུགས་བརྙན་ལྟར་བསམ་པ་ནི། བྲག་བྱ་སྐྱིབས་ཅན་ལ་སོགས་པ་དང་། སྐད་སྒྲོག་པའི་རྒྱུ་རྐྱེན་ཚོགས་པ་ལས་བྲག་ཆ་འབྱུང་བ་དང་། མེ་ལོང་དྭངས་པ་དང་། སྐྱེས་བུའི་གཟུགས་དང་དེ་གཉིས་ཀྱི་བར་དུ་སྒྲིབ་གཡོགས་མེད་པའི་རྒྱུ་རྐྱེན་ཚོགས་པ་ལས་གཟུགས་བརྙན་འཆར་བ་ལྟར། ལས་དང་རྒྱུ་རྐྱེན་སྣ་ཚོགས་འཛོམ་པའི་རྟེན་འབྲེལ་ལས་དཀར་དམར་གྱི་སྣང་བ་སྣ་ཚོགས་འཆར་བ་ཙམ་དུ་བསམ་པའོ། །མི་རྟག་ཅིང་གཡོ་བ་ཟིལ་བ་དང་ཆུ་བུར་ལྟར་བསམ་པ་ནི། དབྱར་གྱི་དུས་རྩྭ་ཡི་རྩེ་མོོར་ཆུའི་ཟིལ་པ་ཆགས་པ་ཉི་མ་ཤར་མ་ཐག་ཏུ་འཇིག་ཅིང་མི་རྟག་པ་དང༌། ཆུ་ལས་ལྦུ་བ་སྐད་ཅིག་གིས་སྐྱེ་ཞིང་སྐད་ཅིག་ལ་ཞིག་ནས་གཡོ་བ་ལྟར་ཡུལ་སྣང་ཐམས་ཅད་སྐད་ཅིག་ཀྱང་མི་རྟག་ཅིང་གཡོ་བའི་ཆོས་ཅན་དུ་བསམ་པའོ། །སྣང་ཡང་རང་བཞིན་མེད་པ་སྨིག་རྒྱུ་དང་འཇའ་ཚོན་ལྟར་བསམ་པ་ནི། ཐང་ཆེན་པོ་ལ་སྨིག་རྒྱུ་འཁྲིགས་པའི་ཚེ་ཆུའི་རྒྱུན་ལྟར་སྣང་ཡང་ཆུའི་རང་བཞིན་དུ་གྲུབ་པ་མེད་པ་དང༌། འཇའ་ཚོན་ཁ་དོག་སྣ་ཚོགས་པར་སྣང་ཡང་གདོས་བཅས་ཀྱི་རང་བཞིན་དུ་མ་གྲུབ་པ་ལྟར་ཡུལ་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་ཡང་སོ་སོའི་རང་བཞིན་དུ་གྲུབ་པ་མེད་པར་བསམ་པའོ། །འདི་དག་ལ་གནས་ལུགས་སྟོང་ཉིད་ཀྱི་ལྟ་བས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གཏན་ལ་ཕེབས་པ་ཡོད་ན་ཤིན་ཏུ་ལེགས་ལ། གཞན་ནི་དང་པོར་མཉམ་བཞག་སྒྱུ་མ་ལྟ་བུའི་འཛིན་སྟངས་ཀྱིས་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ་ཞིང༌། རྗེས་སྣང་ལ་སོགས་པར་སྒྱུ་མ་ལྟ་བུའི་དྲན་འདུན་གྱིས་མ་ཡེངས་པ་ལ་བསླབས་ཏེ། ཡུལ་སྣང་ལ་ཨ་འཐས་ཀྱི་བདེན་འཛིན་ཞིག་ནས་སྒྱུ་མ་ལྟ་བུའི་ཉམས་དང་ངེས་ཤེས་སྐྱེ་ངེས་སུ་བསྒོམ་པར་བྱའོ། །

p. 459

གཉིས་པ་ཟིན་པ་བརྟན་པ་ལ་གཉིས། མ་དག་པའི་སྒྱུ་ལུས་བསྒོམ་པ་དང༌། དག་པའི་སྒྱུ་ལུས་བསྒོམ་པའོ། །དང་པོ་ནི། ཡང་སྔ་མ་ལྟར་སྙན་བརྒྱུད་ལས་འབྱུང་བ་ནི། ཐ་མལ་གྱི་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱང་བ་སྟེ། དེ་ལ་ལུས་གཟུགས་བརྙན་ལྟར་སྦྱང་བ་ནི། མེ་ལོང་ལ་རང་གི་གཟུགས་བརྙན་འཆར་བར་བྱས་ཏེ། དེ་ལ་ལེགས་པར་བལྟས་ནས། མེ་ལོང་དྭངས་པ་དང་རང་གི་གཟུགས་དང་བར་དུ་སྒྲིབ་གཡོགས་མེད་པའི་ཚོགས་པ་ལས། མེ་ལོང་གི་ནང་དུ་གཟུགས་ཀྱི་རྣམ་པ་སྣང་ཡང་གཟུགས་སུ་མ་གྲུབ་པ་ལྟར། ལས་དང་རྒྱུ་རྐྱེན་ཚོགས་པ་ལས་རང་གི་ལུས་ལྟར་སྣང་ཡང་དོན་ལ་རང་བཞིན་མེད་པ་སྣང་སྟོང་དུ་བསམ་ཞིང༌། གཞན་ཡང་སྔར་གྱི་སྒྱུ་མའི་དཔེ་བརྒྱད་དང་སྦྱར་ཏེ་བསྒོམ་མོ། །དེ་ནས་མེ་ལོང་ནང་གི་གཟུགས་བརྙན་ལ་རེས་མཛེས་པའི་རྒྱན་དང་གོས་ཀྱིས་སྤྲས་ལ་དགའ་བ་འདུག་གམ་བལྟ། རེས་བརྡེག་ཚོགས་བྱས་ལ་མི་དགའ་བ་འདུག་གམ་བལྟས་པས། དེ་ལ་དགའ་མི་དགའ་མི་སྣང་བ་ལྟར་རང་གི་ལུས་ལའང་མཛེས་པའི་རྒྱན་དང་གོས་ཀྱིས་སྤྲས་པ་དང་། བརྡེག་ཚོགས་བྱས་པ་ལ་དགའ་མི་དགའ་མེད་པར་སྒྱུ་མར་སྦྱང་། དེས་མཚོན་ནས་ལུས་ཀྱི་མཛེས་མི་མཛེས། གྲང་དྲོ་བཀྲེས་སྐོམ་ལ་སོགས་པ་སྒྱུ་མར་སྦྱང་ངོ་། །དགའ་མི་དགའ་ལ་སོགས་པ་སེམས་སྣང་ཡིན་ཡང་ལུས་ངག་སྒྱུ་མར་སྦྱང་བའི་སྐབས་སུ་སྒོམ་པ་ནི་ལུས་ངག་གི་མངོན་ཞེན་བཟློག་པའི་ཕྱིར་དུ་བཤད་པར་སྣང་ངོ་། །དེ་ནས་ངག་བྲག་ཆ་ལྟར་སྦྱང་བ་ནི། སྔར་བཤད་པ་ལྟར་གྱི་རྒྱུ་རྐྱེན་ལས་བྲག་ཆ་འབྱུང་ཡང་གྲགས་ལ་བདེན་པ་མ་གྲུབ་པ་ལྟར། རང་གཞན་གྱི་ངག་དང་སྒྲའི་རིགས་མཐའ་དག་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བའི་སྒྲ་ཙམ་ལས་ངོ་བོ་

p. 460

ཉིད་མེད་པ་གྲག་སྟོང་དུ་བསམ། དེ་ནས་བྲག་ཆ་འབྱུང་བའི་སར་སོང་ནས་རང་ལ་བསྔགས་པ་བརྗོད་པས་བྲག་ཆའི་སྒྲ་ལའང་བསྔགས་པ་བརྗོད་པར་འབྱུང་སྟེ། དེ་ལ་དགའ་བ་འདུག་གམ་བལྟ། རེས་ངན་སྨྲས་བརྗོད་ལ་དེ་ལ་མི་དགའ་བ་འདུག་གམ་བལྟས་པས་དགའ་མི་དགའ་མི་འོང་བ་ལྟར། རང་གཞན་གྱི་ངག་ཀྱང་གྲགས་ལ་ངོ་བོ་ཉིད་དུ་མ་གྲུབ་པ་བྲག་ཆ་དང་འདྲ་བས་གཞན་གྱིས་བསྟོད་སྨད་བྱས་པ་ལ་དགའ་མི་དགའ་མེད་པར་སྒྱུ་མར་སྦྱང་ངོ༌། །དེ་ནས་ཡིད་སྨིག་རྒྱུ་ལྟར་སྦྱང་བ་ནི། སྨིག་རྒྱུ་འཁྲིགས་པའི་ཚེ་ཆུའི་རྒྱུན་ལྟར་སྣང་ཡང་སྣང་ཙམ་ཉིད་ནས་སྨིག་རྒྱུ་ལས་གཞན་དུ་ཆུར་མ་གྲུབ་པ་ལྟར། འཁྲུལ་པའི་རྣམ་པར་རྟོག་པ་ལ་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་པ་ཞིག་སྣང་ཡང་སྣང་ཙམ་ཉིད་ནས་འཁྲུལ་སྣང་ལས་གཞན་དུ་གང་ཡང་བདེན་པར་མ་གྲུབ་པར་བསམ་ཞིང༌། སེམས་འཁྲུལ་པའི་རྣམ་པར་རྟོག་པ་རང་བཞིན་མེད་ཀྱང་སྐད་ཅིག་གིས་གཡོ་བ་སྨིག་སྒྱུ་ལྟར་བསམ་མོ། །གཞན་ཡང་རྣམ་པར་རྟོག་པ་ཐམས་ཅད་སེམས་ཀྱི་རྩལ་དང་སེམས་ཉིད་གདོད་མ་ནས་ངོ་བོ་ཉིད་མེད་པའི་རིག་སྟོང་ཙམ་དུ་ངེས་པར་བྱས་ལ། རྟོག་སྣང་ཐམས་ཅད་རང་བཞིན་མེད་པའི་སྟོང་འགྱུ་སྟོང་སྣང་ཙམ་དུ་བལྟའོ། །དེ་ནས་དགའ་མི་དགའ་སྒྱུ་མར་སྦྱང་བ་ལྟར་རྙེད་མ་རྙེད་དང་། གྲགས་མ་གྲགས་དང་། བདེ་སྡུག་རྣམས་ཀྱང་སྒྱུ་མ་ལྟ་བུར་གཏན་ལ་ཕབ་ནས་ཆོས་བརྒྱད་མགོ་སྙོམས་པ་དེ་སྲིད་དུ་བསྒོམས་ཤིང༌། དབེན་པར་ཆོས་བརྒྱད་མགོ་སྙོམས་པ་ན་མང་པོའི་མདུན་སར་ཕྱིན་ཏེ་རྐྱེན་དང་བསྲེས་པས་དགའ་མི་དགའ་སོགས་འདུག་ན་སླར་ཡང་བསྒོམ་པར་བྱའོ། །ཁ་ཅིག་སྐབས་འདིར་སྒྱུ་མར་སྦྱང་བ་ལྟར། སེམས་ཅན་གཞན་གྱི་ལུས་ངག་ཡིད་གསུམ་ཡང་སྦྱང་བར་བྱེད་པ་ནི། མཉམ་བཞག་ཏུ་སྣོད་བཅུད་ཐམས་ཅད་རང་སེམས་སུ་ངེས་པར་བྱས་ཏེ་

p. 461

སེམས་ཉིད་སྒྱུ་མར་སྦྱང་བའི་ཁོངས་སུ་གཏོགས་ལ། རྗེས་ཤེས་ལ་སོགས་པར་རང་སེམས་ལས་རྒྱུད་གཞན་དུ་སྣོད་བཅུད་ཀྱི་སྣང་བ་འཆར་བའི་ཚེ་ཡུལ་སྣང་སྒྱུ་མར་བསྒོམ་པ་དང༌། སེམས་ཅན་གཞན་གྱི་ཡང་ལུས་གཟུགས་བརྙན་ངག་བྲག་ཆ་ཡིད་སྨིག་རྒྱུ་ལྟར་རྩལ་བཏོན་ནས་བསྒོམས་ན་ནི་དགོས་པ་ཆེའོ། །ཁ་ཅིག་དག་མ་དག་པའི་སྒྱུ་ལུས་སྒོམ་པའི་སྐབས་སུ་མེ་ལོང་གི་གཟུགས་བརྙན་ལ་བལྟ་བ་དང༌། གཟུགས་བརྙན་རང་ལ་སྦྱར་ཏེ་སྒོམ་པའི་ཚུལ་ལ་ཡིད་མི་བརྟེན་པ་ནི། འདི་ཉིད་ཀྱི་ཐུན་མོང་མིན་པའི་དགོས་པ་མ་རིག་པར་མཁས་གྲུབ་མང་པོའི་ཕྱག་བཞེས་ཁྱད་དུ་བསད་པའོ། །གཉིས་པ་དག་པའི་སྒྱུ་ལུས་བསྒོམ་པ་ལ་གཉིས། ལྷ་སྐུ་སྣང་ཆ་བརྟན་པོ་སྒྲུབ་པ་དང༌། དེ་ཉིད་སྒྱུ་མ་ལྟ་བུར་སྒོམ་པའི་ཚུལ་ལོ། །དང་པོ་ནི། རྫོགས་རིམ་ལ་འཇུག་པའི་སྔོན་དུ་བསྐྱེད་རིམ་གསལ་ཞིང་བརྟན་པ་དགོས་པ་དང༌། གཏུམ་མོ་བསྒོམ་པ་ལའང་ལྷའི་དམིགས་པ་གསལ་བར་དགོས་པ་སོགས་ལ་དགོངས་ནས་ཁྲིད་རིམ་ཕལ་ཆེར་དུ་སྐབས་འདིར་ལྷ་སྐུ་སྒྱུ་མ་ལྟ་བུར་སྒོམ་པའི་ཚུལ་མདོར་བསྡུས་ཙམ་ལས་མི་འབྱུང་ཞིང༌། དེང་སང་སྒྲུབ་པ་པོ་དག་ནི་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ལ་རྩལ་བཏོན་ནས་བསྒོམ་པ་དཀོན་པར་སྣང་ལ། སྒྱུ་མ་ལྟ་བུའི་ལྷ་བསྒོམ་པ་ནི་བསྐྱེད་རྫོགས་ཀྱི་ལམ་མང་པོའི་གཞི་ཡིན་པར་མ་ཟད། སྐབས་འདིར་རྩལ་དུ་ཕྱུང་ལ་བསྒོམས་པ་ནི་བར་དོ་ལོངས་སྐུར་ལྡང་བའི་ཐབས་ཀྱི་དངོས་གཞི་ཡིན་པ་དང༌། འདི་ལ་ངེས་པ་མ་ཐོན་ན་རྨི་ལམ་གྱི་གདམས་པའི་སྐབས་སུའང་ལྷའི་སྐུར་སྤྲུལ་པ་སོགས་ཀྱི་རྩལ་ནི་མི་ཐོན་པས་ལྷ་སྐུ་སྒྱུ་མའི་སྒོམ་རིམ་ཞིབ་ཆར་བརྗོད་ན་ལེགས་པར་མཐོང་ངོ༌། །དེ་ལ་དང་པོར་ལྷ་སྐུའི་རྣམ་པར་གསལ་སྣང་བཏོན་ནས། དེ་ལ་རྐྱེན་མཐའ་དག་གིས་མི་གནོད་པའི་གནས་ཆ་སྒྲུབ་དགོས་པ་ལས། དང་

p. 462

པོར་གསལ་སྣང་འདོན་པ་ནི། རི་མོ་མཁན་མཁས་པས་བྲིས་པའི་ཡི་དམ་གྱི་སྐུ་འགྱིང་ལོག་ཞིག་གི་གཟུགས་བརྙན་མེ་ལོང་ཤིན་ཏུ་དྭངས་པ་ཞིག་གི་ངོས་སུ་འཆར་བར་བྱས་ཏེ་དེ་ལ་བལྟ། འགྱིང་ལོག་མེད་ན་ཇི་ལྟ་བའི་བྲིས་སྐུ་མེ་ལོང་དུ་འཆར་བར་བྱས་པའི་གཟུགས་བརྙན་སླར་མེ་ལོང་གཞན་ཞིག་ལ་འཆར་བར་བྱས་ཏེ་དེ་ལ་བལྟ། དེ་ཡང་མ་གྲུབ་ན་རས་བྲིས་ཉིད་ལ་བལྟ་ཞིང༌། དེ་ལ་དང་པོར་སྐུ་ཡོངས་རྫོགས་ཀྱི་རྣམ་པ་ལམ་པ་ལ་བལྟས་ནས་དེ་ཡིད་ལ་གསལ་བར་འཆར་བར་བྱ་སྟེ། དཔེར་ན་ཡུན་རིང་མོར་མཐོང་བའི་མིའི་བྱད་གཟུགས་ཀྱི་དབྱིབས་ཡིད་ངོར་གསལ་བདེ་བ་ལྟར་རོ། །དེ་ནས་རིམ་གྱིས་དབུ་དང་དེའི་ཆ་ཤས་ཀྱི་སྤྱན་དང་ཞལ་ལ་སོགས་པ་ཞིབ་ཏུ་བལྟས་ལ་དེའི་གསལ་སྣང་འདོན། དེ་བཞིན་དུ་སྐུའི་འགྱིང་དང་ཕྱག་ཞབས་ལ་སོགས་པ་དང༌། དེ་ནས་ཡུམ་གྱི་གསལ་སྣང་ཡང་དེ་བཞིན་འདོན་ནོ། །གལ་ཏེ་འགའ་ཞིག་ལ་ཐོག་མ་ཉིད་ནས་རྣམ་པ་ཡོངས་རྫོགས་གསལ་མ་ནུས་ན་སྐུའི་མགྲིན་པ་ཡན་ཙམ་ལ་བལྟས་ལ་ཡིད་ངོར་ལམ་གྱིས་འཆར་བར་བྱ། དེ་བཞིན་དུ་རིམ་པས་ཕྱག་དང་ཞབས་ལ་སོགས་པ་དང་པོར་རྣམ་པ་ལམ་མེ་བ་འཆར་བར་བྱས་ལ། དེ་ནས་བྱེ་བྲག་པའི་གསལ་སྣང་རེ་རེ་ནས་འདོན་ནོ། །དེ་ཡང་མདུན་དུ་ལྷ་དེའི་གསལ་སྣང་ཐོན་ངེས་པ་བྱུང་ན་དེ་ནས་རང་དེ་འདྲའི་རྣམ་པར་བསྒོམ་པ་སླ་སྟེ། དཔེར་ན་གར་མཁན་གྱི་རྣམ་འགྱུར་ཡིད་ལ་བརྟན་པ་ན་རང་ལ་དེའི་འགྱུར་བ་འཆར་བ་ལྟར་རོ། །འོན་ཀྱང་བྱེ་བྲག་པའི་གསལ་སྣང་རྣམས་རིམ་གྱིས་བསྒྲུབས་ཏེ་རང་ལྷའི་རྣམ་པར་གསལ་སྣང་འདོན་ཞིང༌། དེ་ཡང་གཙུབ་ཤིང་གཙུབ་ནས་མེ་འབྱུང་བར་བྱེད་པའི་ཚུལ་ལྟར་འདོད་པ་བཞིན་གྱི་གསལ་སྣང་མ་ཐོན་བར་དུ་འདུན་པ་དྲག་པོས་ཐུན་མ་ཆགས་པར་བསྒོམ་དགོས་སོ། །དེ་ལྟར་བསྒོམས་པས་རབ་བྲིས་སྐུ་

p. 463

བས་རྣམ་པ་གསལ་བ་འབྲིང་བྲིས་སྐུ་དང་མཉམ་པ་ཐ་མ་བྲིས་སྐུ་ལས་ཅུང་མི་གསལ་ཙམ་གྱི་རྣམ་པ་འཆར་བ་འབྱུང་ངོ༌། །འདིའི་མན་ངག་ཏུ་རྡོ་རྗེ་སེམས་དཔའ་བསྒོམ་པར་བཤད་པའི་ཚིག་ཟིན་ལ་བརྟེན་ནས་ཁ་ཅིག་འདིར་རྡོར་སེམས་དཀར་པོ་ཁོ་ན་བསྒོམ་པར་འཆད་པ་ནི་སྐབས་མ་ཕྱེད་པ་སྟེ། རྡོར་སེམས་ནི་མཚོན་བྱེད་ཙམ་ཡིན་པས་འདིར་རང་གི་ཡི་དམ་གང་ཡིན་དེ་བསྒོམ་དགོས་ཤིང༌། ཡི་དམ་དེ་ཡང་ཡུམ་དང་བཅས་པ་ཞིག་བསྒོམ་པ་གནད་ཆེ་བ་ཡིན་ནོ། །དེ་ནས་གནས་པ་སྒྲུབ་པ་ནི། ལུས་གནད་ཆོས་བདུན་དང་། ཁྱད་པར་ལྟ་སྟངས་སྣ་རྩེའི་ཐད་དུ་མི་གཡོ་བར་བྱས་ལ། ལྷའི་རྣམ་པ་ཡོངས་རྫོགས་གསལ་བཏབ་སྟེ་དེའི་གཙུག་ཏོར་ནས་གདན་གྱི་བར་ལ་སེམས་གྱི་རྟེན་བཅའ། དེ་ལས་གཞན་དུ་སེམས་སྐད་ཅིག་ཀྱང་མ་ཡེངས་པར་བྱ་ཞིང་། གལ་ཏེ་ཡེངས་ན་སླར་ཡང་མ་ཡེངས་པར་བསྒོམ་མོ། །དེ་ཡང་དང་པོར་རྣམ་པ་ལམ་མེ་བ་ལ་སེམས་མ་བརྟན་བར་དུ་ཧ་ཅང་སྒྲིམ་པ་དང་། བྱེ་བྲག་པའི་གསལ་སྣང་ཆེར་བསྐྱེད་ན་འགའ་ཞིག་ལ་སེམས་རྒོད་དུ་སོང་ནས་གནས་པའི་གེགས་སུ་འགྱུར་བས་སེམས་ཁོང་ལྷོད་པར་བྱ་ཞིང་། ཡང་ཧ་ཅང་གློད་ཆེས་ན་བྱིང་ནས་སེམས་བརྟན་ཡང་ལྷའི་སྐུ་སྣང་ཆ་འགགས་པའམ་མི་གསལ་བ་འབྱུང་བས་དེའི་ཚེ་སེམས་ཅུང་ཟད་ངར་བསྐྱེད་ནས་གསལ་སྣང་འདོན་ཏེ། དེ་ལྟར་བྱིང་རྒོད་ཀྱི་སྐྱོན་སེལ་ཤེས་དགོས་སོ། །དེ་ནས་རྣམ་པ་ལམ་མེ་བ་ལ་སེམས་བརྟན་ན་བྱེ་བྲག་པའི་གསལ་སྣང་ཇེ་ཆེར་བསྐྱེད་དེ་གནས་པ་བསྒྲུབས་ལ། དེ་དག་གསལ་ཞིང་བརྟན་པ་ན་སྒྲིམ་གློད་སྣ་ཚོགས་བྱས་ཏེ་སྦྱངས་ཤིང་། སྤྱོད་ལམ་རྣམས་དང་རྐྱེན་ཕྲ་རགས་ལ་བསྲེས་ཏེ་བརྟན་པ་འཐོབ་པར་བྱེད་དོ། །གཉིས་པ་ནི། དེ་ལྟར་ལྷའི་རྣམ་པ་གསལ་ཞིང་བརྟན་པ་ན། དེ་ཉིད་ལྷག་མཐོང་གི་ལྟ་བས་ཟིན་པར་བྱས་ནས་བསྒོམ་

p. 464

དགོས་ཏེ། ལྟ་བས་མ་ཟིན་ན་སྒྱུ་མ་ལྟ་བུར་བློས་བཅོས་པ་ཙམ་ལས་ཇི་ལྟ་བའི་སྒྱུ་མ་ལྟ་བུའི་སྐུར་མི་འགྱུར་ཞིང༌། དེས་འཇིག་རྟེན་པའི་དངོས་གྲུབ་ཙམ་མ་གཏོགས་མཆོག་གི་དངོས་གྲུབ་ཐོབ་པར་ཡང་མ་བཤད་དོ། །ལྟ་བས་ཟིན་པར་བྱེད་པ་ནི། ལྟ་བ་ཁྱད་པར་ཅན་མངོན་དུ་གྱུར་པ་དག་ལ་ལྷའི་སྐུར་སྣང་ཙམ་ཉིད་ནས་ངོས་བཟུང་མེད་པའི་སྣང་སྟོང་རང་རིག་ཏུ་འཆར་བས་གསར་དུ་ལྟ་བ་བསྐྱེད་མི་དགོས་ལ། གཞན་ནི་ལྷའི་སྐུར་སྣང་བའི་སྣང་ཆ་མ་འགགས་པར་དེ་ཉིད་ཀྱི་ངོ་བོ་ངོས་བཟུང་མེད་ཅིང་རང་རིག་པ་སྣང་སྟོང་དབྱེར་མེད་དུ་བསྒོམ་པ་ཡིན་ཏེ། སྣང་བ་ལྷན་སྐྱེས་གཏན་ལ་ཕབ་པའི་ཚེ་སྣང་བ་མཐའ་དག་སྣང་ཆ་མ་འགགས་པར་སྣང་བཞིན་དུ་ངོས་བཟུང་མེད་པར་སྣང་སྟོང་རང་རིག་ཏུ་ངོ་སྤྲད་པ་ལྟར་རོ། །དེ་ཡང་མཉམ་བཞག་ཏུ་ལྷ་སྐུ་སྣང་སྟོང་དེ་ཉིད་རང་རིག་གི་དྲན་པས་སྐད་ཅིག་ཀྱང་མ་ཡེངས་པར་སྐྱོང་ཞིང༌། རྗེས་ཤེས་དང་རྗེས་སྣང་དུ་དེའི་དྲན་པ་རྒྱུན་ཆགས་སུ་བྱས་ནས། རེ་ཞིག་ལྷ་སྐུ་སྒྱུ་མའི་འཛིན་སྟངས་དང་མ་བྲལ་བ་ལ་བསླབ་བོ། །གལ་ཏེ་གནས་ལུགས་སྟོང་ཉིད་ཀྱི་ལྟ་བ་ཇི་ལྟ་བ་མེད་ན་མེ་ལོང་གི་གཟུགས་བརྙན་ལྟར་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བློས་གཞིགས་ནས་བསྒོམ་པར་བྱ་དགོས་སོ། །ལྷ་སྐུ་སྣང་སྟོང་ཟུང་འཇུག་དེ་ཉིད་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ཚུལ་ནི། བདེན་པར་མ་གྲུབ་ཀྱང་སྣང་ཆ་ཙམ་དུ་ཡན་ལག་དང་ཉིང་ལག་སོགས་ཚང་བ་སྒྱུ་མའི་མི་ལྟ་བུ། གཅིག་གིས་གང་དུའང་ཁྱབ་པ་ནམ་མཁའི་ཟླ་བ་ཆུ་ནང་མཐའ་དག་ཏུ་འཆར་བ་ལྟ་བུ། ཤ་རུས་ལ་སོགས་པ་གདོས་བཅས་སུ་མ་གྲུབ་པ་མིག་ཡོར་ཏེ་གྲིབ་མ་ལྟ་བུ། སྐད་ཅིག་གིས་གཡོ་བ་སྨིག་རྒྱུ་ལྟ་བུ། སེམས་ཙམ་ལས་གྲུབ་པ་རྨི་ལམ་གྱི་ལུས་ལྟ་བུ། རྒྱུ་རྐྱེན་ལས་སྐྱེས་པ་བྲག་ཆ་ལྟ་བུ། སྣང་ཡང་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་

p. 465

བུ། གཅིག་ལས་དུ་མར་སྣང་ནུས་པ་སྤྲིན་ནམ་མིག་འཕྲུལ་ལྟ་བུ། ཁ་དོག་གསལ་ཞིང་ཐོགས་པ་མེད་པ་འཇའ་ཚོན་ལྟ་བུ། མི་རྟག་ཅིང་མྱུར་བ་གློག་ལྟ་བུ། སྐད་ཅིག་གིས་ལྡང་བ་ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུའོ། །གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གཉིས། ལྷ་སྐུ་སྒྱུ་མའི་རྩལ་སྦྱང་བ་དང༌། འོད་གསལ་དུ་འཇུག་ལྡང་བྱ་བའོ། །དང་པོ་ནི། དེ་ཡང་སྔ་མ་ལས་འབྱུང་བ་བཞིན་སྒྱུ་མ་ལྟ་བུའི་ལྷ་སྐུ་དེ་ཉིད་ལ་སེམས་བརྟན་པ་ཆེར་ཐོབ་པ་ན། ལྷ་སྐུ་དེ་ཉིད་ཇེ་ཆེར་བསྐྱེད་དེ་འཇིག་རྟེན་ཁམས་གང་བ་ཙམ་གྱི་སྐུ་ཆེ་བ་ལ་མཉམ་པར་བཞག་པ་དང་། ཇེ་ཆུང་དུ་བསྡུས་ཏེ་ཉུང་འབྲུ་ཙམ་ལ་མཉམ་པར་བཞག་པ་དང་། གཅིག་ལས་གཉིས། གཉིས་ལས་བཞི་སོགས་འཇིག་རྟེན་ཁམས་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་ཙམ་དུ་སྤྲོ་བ་དང༌། ཡང་དེ་དག་རིམ་བཞིན་རྩ་བའི་ལྷ་སྐུར་བསྡུ་བ་སོགས་ལ་མཉམ་པར་བཞག་ཅིང༌། རྗེས་ཤེས་དང་རྗེས་སྣང་ཐམས་ཅད་དུ་སྣོད་ཀྱི་འཇིག་རྟེན་རྣམས་དང་། ཁྱད་པར་དུ་རང་གི་དབང་ཤེས་དང་ཡིད་ངོར་སྣང་བའི་རི་དང་ཁང་ཁྱིམ་ལ་སོགས་པ་གཞལ་ཡས་ཁང་དུ་སྦྱང་བ་དང༌། བཅུད་ཀྱི་སེམས་ཅན་རྣམས་དང་། ཁྱད་པར་དབང་ཤེས་དང་ཡིད་ངོར་སྣང་བའི་སེམས་ཅན་ཐམས་ཅད་འཁོར་གྱི་ལྷར་གསལ་བཏབ་སྟེ་སྦྱང༌། གཞན་ཡང་གཟུགས་སྣང་ལྷ། སྒྲ་སྣང་སྔགས། དྲན་རྟོག་ཆོས་ཉིད། འདོད་ཡོན་མཆོད་རྫས་སུ་ལྟ་ཞིང་ཐ་མལ་གྱི་སྣང་བ་ཐམས་ཅད་སྦྱང་བར་བྱའོ། །དེ་དག་ཀྱང་སྣང་ལ་ངོས་བཟུང་མེད་པར་རང་རིག་གི་ལྟ་བས་ཟིན་པར་བྱ་བ་དང་། སྒྱུ་མའི་དཔེས་མཚོན་ཚུལ་སྔར་ལྟར་རོ། །གཉིས་པ་ནི། ཁྲིད་རིམ་ཕལ་ཆེར་དུ་སྐབས་འདིར་ལྷ་སྐུ་འོད་གསལ་དུ་འཇུག་པ་དང་། དེ་ལས་སྒྱུ་མ་ལྟ་བུར་ལྡང་བའི་ཚུལ་ཞིབ་ཏུ་མི་འབྱུང་བ་ནི། རྨི་ལམ་སྒྱུ་མའི་སྐབས་སུ་གཉིད་ཀྱི་འོད་

p. 466

གསལ་གྱི་མཐར་འབྱུང་བའི་རླུང་སེམས་ཙམ་གྱི་རྨི་ལམ་གྱི་ལུས་ལྷ་སྐུ་སྒྱུ་མར་སྦྱང་བ་ལ་སོགས་པའི་ཚུལ་སྦྱང་གཞི་དང་མཚུངས་པར་འབྱུང་བ་ལ་དགོངས་པ་འདྲ་ཡང་། འདིར་ལྷ་སྐུ་སྒྱུ་མ་བསྒོམ་པའི་དགོས་པ་གཙོ་བོ་ནི། རང་བཞིན་གྱི་འོད་གསལ་ལས་བར་དོ་འཆར་བའི་ཚེ་ལྷའི་སྐུར་ལྡང་བའི་ཆེད་ཡིན་པས། དེ་དང་ཚུལ་མཐུན་པར་འཇུག་ལྡང་ལ་སྦྱང་བ་ལེགས་པར་མཐོང་ངོ༌། །དེ་ལ་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་དྲངས་ཏེ། དེ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་ལྡང་བའམ། རླུང་དབུ་མར་ཐིམ་པའི་དགའ་བཞི་དྲངས་ཏེ་ལྷན་སྐྱེས་ལས་སྒྱུ་མའི་སྐུར་ལྡང་བ་ཞིག་དགོས་པར་བཤད་ལ། དེའི་སྔ་མས་ནི་རང་ལྷ་སྐུ་སྒྱུ་མའི་སྙིང་གའི་རྩ་འདབ་ཀྱི་དབུས་སུ་རླུང་སེམས་ཙམ་གྱི་ངོ་བོ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་བསམ། དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས། རླུང་ཁ་སྦྱོར་ཅི་རིགས་བསྒོམས་ཏེ་རླུང་དབུ་མར་ཐིམ་པར་བྱས་པ་ལས། དུ་བ་ལ་སོགས་པའི་རྟགས་རྣམས་དང་། སྣང་བ་མཆེད་པ་ཉེར་ཐོབ་འོད་གསལ་རྣམས་རིམ་པས་བསྐྱེད། ལྷ་སྐུ་ཧཱུྃ་དང་བཅས་པའང་རིམ་གྱིས་འོད་གསལ་དུ་བསྡུས་ནས་འོད་གསལ་ལ་ཅི་ནུས་མཉམ་པར་བཞག་ཅིང༌། དེ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་སྐད་ཅིག་གིས་ལྡང་ངོ༌། །ཕྱི་མས་ནི་ལྷ་སྐུ་ཧཱུྃ་དང་བཅས་པ་དམིགས་ཏེ་རླུང་སྦྱོར་སོགས་ཀྱིས་རླུང་དབུ་མར་ཐིམ་པའི་དགའ་བཞི་བསྐྱེད་ལ། རིམ་པས་ལྷ་སྐུ་ཧཱུྃ་དང་བཅས་པའང་འོད་གསལ་དུ་བསྡུས་ནས་ལྷན་སྐྱེས་ལ་ཅི་ནུས་མཉམ་པར་བཞག །དེ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་ལྡང་བ་ཡིན་ནོ། །དེ་ལྟར་མི་ནུས་པས་ཀྱང་འཇུག་ལྡང་བྱ་ཚུལ་ལ་བསམ་གཏན་གཉིས་བཤད་པའི་རིལ་འཛིན་ནི། ལྷ་སྐུ་ཧཱུྃ་དང་བཅས་པ་བསྒོམས་ཏེ་ཧཱུྃ་ལ་རིག་པ་རྩེ་གཅིག་ཏུ་གཏད་པའི་རླུང་ཁ་སྦྱོར་ཅི་རིགས་བཟུང༌། དེ་ནས་མེ་ལོང་ལ་ཧས་བཏབ་

p. 467

པ་བཞིན་དུ་ལུས་མགོ་མཇུག་ཐམས་ཅད་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ནཱ་དའི་བར་དུ་བསྡུ། ནཱ་ད་ཡང་མི་དམིགས་པའི་ངང་དུ་དེའི་ཐད་ཀར་སེམས་རྩེ་གཅིག་ཏུ་གཏད་དེ་རླུང་ཁ་སྦྱོར་མང་དུ་བཟུང་ངོ༌། །རྗེས་གཞིག་ནི་གཞན་དེ་བཞིན་ལས། སྣོད་ཀྱི་འཇིག་རྟེན་རྣམས་འོད་དུ་ཞུ་ནས་བཅུད་ཀྱི་སེམས་ཅན་ལ་བསྡུ། དེ་འོད་དུ་ཞུ་ནས་རང་ལ་བསྡུ། རང་ཧཱུྃ་ལ་བསྡུ་བ་སོགས་གོང་བཞིན་ཏེ། བསམ་གཏན་གཉིས་གང་མོས་བྱའོ། །དེ་ནས་རྟོག་མེད་ཀྱི་འོད་གསལ་དེ་ལས་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་སྒྱུ་མ་ལྟ་བུར་སྐད་ཅིག་གིས་ལངས་ཏེ་དེ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་རླུང་སྦྱོར་བྱ། ཡང་སྔར་བཞིན་འོད་གསལ་དུ་འཇུག་ཅིང་ལྡང་བ་ལ་བསླབ་པར་བྱའོ། །ཐམས་ཅད་འོད་གསལ་དུ་བསྡུས་ནས་རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་ལྡང་བ་ནི་སྒྱུ་ལུས་ཀྱི་མཐིལ་པོ་ཡིན་པར་བཤད་ཅིང༌། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ཚུལ་སྔར་བཤད་པ་དང་ཕྱོགས་མཐུན་ནོ། །བཞི་པ་ནི། ཡང་སྔ་མ་ལྟར། སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ཡིན་ཀྱང་། གཟུང་འཛིན་འཁྲུལ་བའི་རྣམ་པར་རྟོག་པ་ཨ་འཐས་སུ་སྣང་བ་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟུང་འཛིན་གྱི་འཁྲུལ་པ་སྦྱངས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པ་ཤར་བ་ནི་ཆོས་ཐམས་ཅད་ཀྱི་གདོད་མའི་གནས་ལུགས་རིག་པ་ཡིན་ནོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་རང་གཟུགས་ཅན་ཏེ་སྤྱི་དོན་གྱི་སྒྱུ་ལུས་སུ་བཞེད་དོ། །བྱེ་བྲག་ཏུ་ལྷ་སྐུ་སྒྱུ་མ་ལ། རགས་པ་གནས་སྐབས་པའི་ལུས་ཞེས་བྱ་བ་རྣམ་སྨིན་གྱི་ལུས་འདི་ཉིད། ལྷའི་རང་བཞིན་དུ་རྣམ་པར་དག་ཀྱང་འཁྲུལ་སྣང་ཐ་མལ་དུ་ཞེན་པ་ལས། ལྷ་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཐ་མལ་པའི་སྣང་ཞེན་

p. 468

སྦྱངས་པས་ལྷ་སྐུ་སྣང་སྟོང་ཟུང་འཇུག་གི་ཉམས་མྱོང་འཆར་ཞིང༌། རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་པ་ན་འཇའ་ལུས་སྒྱུ་མའི་སྐུར་འགྱུར་བས་ལུས་ལྷ་སྐུ་སྣང་སྟོང་དབྱེར་མེད་དུ་སྒོམ་པ་ནི་སྒྱུ་ལུས་ཀྱི་རྩ་བ་ལྟ་བུར་བཞེད་ལ། ཕྲ་བ་གཉུག་མའི་ལུས་ཞེས་བྱ་བ་ད་ལྟ་རྣམ་སྨིན་གྱི་ལུས་ལ་བརྟེན་པའི་རླུང་སེམས་དབྱེར་མེད་ཀྱི་ལུས་འདི་ཉིད་མི་ཤིགས་པ་རྡོ་རྗེ་ལྟ་བུ་ཡིན་ཀྱང་མ་རིག་པའི་ལས་ཉོན་གྱི་རྗེས་སུ་འགྲོ་བ་ལས། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ལས་ཉོན་སྦྱངས་ཏེ་སྒྱུ་མའི་སྐུར་བསྐྱེད་པས་དྲི་བྲལ་སྒྱུ་མའི་ལོངས་སྐུར་འགྱུར་བས་ན། འོད་གསལ་ལས་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུར་བཞེངས་པ་ནི་སྒྱུ་ལུས་ཀྱི་མཐིལ་པོ་ཡིན་པར་བཞེད་དོ། །དེ་ལ་ཡུལ་སྣང་དང་ཐ་མལ་གྱི་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱང་བ་ནི་སྤྱི་དོན་གྱི་སྒྱུ་ལུས་དང༌། ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམས་པ་ནི་ཁྱད་པར་གྱི་སྒྱུ་ལུས་ཡིན་ལ། འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་ནི་དེའི་སྦས་དོན་གྱི་སྒྱུ་ལུས་སུ་བཞེད་དོ། །སྒྱུ་ལུས་ཀྱི་གདམས་པ་རྫོགས་ནས་ཡུན་དུ་ཉམས་མྱོང་སྐྱོང་ཚུལ་ལ། འགའ་ཞིག་གིས་མཉམ་བཞག་ཏུ་དག་པའི་སྒྱུ་ལུས་དང་། རྗེས་སྣང་དུ་སྣོད་བཅུད་ཀྱི་ཡུལ་སྣང་སྒྱུ་མར་སྦྱང་བ་ལ་བསླབ་པར་བཤད་ཀྱང༌། དང་པོར་སྣོད་བཅུད་ཀྱི་ཡུལ་སྣང་སྒྱུ་མར་སྦྱངས་པ་ལས་ཆོས་བརྒྱད་མགོ་སྙོམས་པ་དང་། ཡུལ་སྣང་ལ་སྒྱུ་མ་ལྟ་བུའི་ཉམས་མྱོང་ཐོབ་པར་བྱ་དགོས་ལ། དེ་ནས་ནི་མཉམ་བཞག་ཏུ་ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམས་པ་དང་། དེའི་སྤྲོ་བསྡུ་དང་། འོད་གསལ་དུ་འཇུག་ཅིང་ལྡང་བའི་ཚུལ་ལ་སྦྱངས་ཤིང༌། རྗེས་ཤེས་དང་རྗེས་སྣང་རྣམས་སུ་སྣོད་བཅུད་སོགས་ཀྱི་སྣང་བ་འཆར་བའི་ཚེ་དེ་དག་གཞལ་ཡས་ཁང་དང་ལྷར་སྦྱང་བ་ལ་སོགས་པ་བྱའོ། །སྒྱུ་ལུས་བསྒོམ་པ་ནི། ཐུན་སྟོད་ལ་སྔར་བཤད་པ་ལྟར་གཏུམ་མོ་སྒོམ་

p. 469

པ་ཡིན་ཡང་དེ་ཉིད་སྒྱུ་མ་ལྟ་བུར་བསྒོམས་པས་ལྷ་སྐུ་སྒྱུ་མའི་ཕྲ་ཐིག་གི་རྣལ་འབྱོར་དུ་འགྱུར་ལ། དེ་ནས་ལྷ་སྐུ་སྒྱུ་མ་ལྟ་བུའི་མཉམ་བཞག་དང་། སྤྲོ་བསྡུ་དང་། འཇུག་ལྡང་ལ་སོགས་པའི་སྐབས་སུའང་འཇམ་རླུང་གི་སྦྱོར་བ་དང་བཅས་ནས་བསྒོམས་པ་ལེགས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་དང་པོར་སྣང་བ་ཐམས་ཅད་བདེན་མེད་ཀྱི་ཉམས་མྱོང་འཆར། དེ་ནས་རྟོགས་པ་མངོན་དུ་གྱུར་ཏེ་མེ་ཆུ་དུག་མཚོན་དང་། གཡང་ས་ལ་སོགས་པས་མི་གནོད་པ་འབྱུང་ཞིང༌། ཕྲིན་ལས་བཞི་དང་གྲུབ་ཆེན་བརྒྱད་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་དང༌། ཚེ་འདི་ཉིད་དམ་བར་དོར་སྒྱུ་མའི་སྐུ་བརྙེས་པ་སོགས་མཆོག་གི་དངོས་གྲུབ་ཐོབ་པར་བཤད་དོ། །དེ་ལྟར་ཟབ་ལམ་སྙན་བརྒྱུད་ཀྱི་དགོངས་དོན་གཞན་དང་མི་འདྲ་བའི་ཁྱད་ཆོས་གཞན་ལས་ལྷག་པའི་ཕྱི་ནང་གསང་བ་ཡང་གསང་གི་སྦས་དོན་གྱི་སྒྱུ་ལུས་བཞུགས་པ་ཉིད་རྒྱབ་ཆོས་ཀྱི་ཚུལ་དུ་ལྷག་ལུས་མེད་པར་བཀོད་པ་ཡིན་ལ། རང་ལུགས་ཀྱི་གཞུང་ལས་འབྱུང་བ་རྣམས་དཔྱིས་ཕྱིན་པར་སློབ་སྟེ་རྩལ་སྦྱངས་ཤིང༌། ཅུང་ཟད་གསལ་ཁ་དགོས་རིགས་འདི་ལ་ཞིབ་མོར་དཔྱད་དེ་བསྒོམས་པས་ཉམས་ལེན་ཡང་དག་པར་རང་རྒྱུད་ལ་འཁུལ་བ་ཡིན་ནོ། །
༈ རྩ་བའི་ཆོས་གསུམ་པ་ལམ་གྱི་ཚོད་འཛིན་རྨི་ལམ་འཁྲུལ་པ་རང་སངས་ལ་བཞི། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲོད་དེ་ཉམས་མྱོང་སྐྱོང་ཚུལ་ལོ། །དང་པོ་ནི། དཀའ་བ་སྤྱད་པའི་གནད་ཀྱི་ཡི་གེ་ཕྱི་མའི་རྨི་ལམ་གྱི་གདམས་པ་བསྟན་པ་ལས་ཀྱང༌། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག་པ་དེ་ཉིད་ལས། །འཁྲུལ་པ་ལོག་པར་རབ་ཏུ་གསུངས། །རྡོ་རྗེ་ལས་བྱུང་སྣ་ཚོགས་པའི། །རྨི་ལམ་དྲི་མ་མེད་མཐོང་ན། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྐྱེས་པ་

p. 470

བླ་མེད་འགྲུབ་པར་འགྱུར། །ཞེས་དང༌། རྗེ་ནཱ་རོ་པས། རྨི་ལམ་ཉམས་ཀྱི་འཁྲུལ་པའི་དུས། །མགྲིན་པར་ༀ་ཡིག་འོད་ཟེར་ཅན། །དྲན་འདུན་བག་ཆགས་ཀྱིས་མཚམས་སྦྱར་ནས། །སྐྱེས་པ་རྨིས་ན་ཕོ་འདྲེ་ཟེར། །བུད་མེད་རྨིས་ན་མོ་འདྲེ་ཟེར། །བྱོལ་སོང་རྨིས་ན་ཀླུ་རུ་འཛིན། །དགའ་བ་རྨིས་ན་སེམས་དཔང་མཐོ། །ངན་པ་རྨིས་ན་སྙིང་མི་དགའ། །འདྲེ་རང་སེམས་རྩ་བ་མ་ཆོད་ན། །རྣམ་རྟོག་གི་འདྲེ་ལ་ཟད་པ་མེད། །བཟང་ངན་རང་གྲོལ་བསྟན་པའི་དོན། །མིང་ཡང་རྨི་ལམ་གྱི་གདམས་ངག་ཟེར། །རང་བཞིན་ཤེས་སམ་ལོ་ཙཱ་བ། །ཞེས་གསུངས་པ་དང༌། རྗེ་ཏི་ཤྲི་རས་པས། གནད་བཞི་སྔོན་དུ་འགྲོ་བ་ཡིས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །ༀ་ཡིག་སེར་པོ་བསྒོམ་པ་ཡིས། །དངོས་འཛིན་བག་ཆགས་དྭངས་པ་དང་། །རྨི་ལམ་སྒྱུ་ལུས་ཟིན་པར་འགྱུར། །ཞེས་གསུངས་པ་ལྟར། དེའང་དང་པོ་ལ་བཞི། རྨི་ལམ་འཛིན་པའི་སྔོན་འགྲོ། རྨི་ལམ་ཟིན་པའི་ཐབས། རྨི་ལམ་འཛིན་པ་དངོས། མ་གྲུབ་ན་སྤོགས་པའི་ཚུལ་ལོ། །དང་པོ་ནི། དྭགས་པོའི་སྙན་བརྒྱུད་ལས། རྨི་ལམ་མི་ཟིན་པའི་རྒྱུ་སྤང་ཞིང་ཟིན་པའི་རྒྱུ་བསྒྲུབ་དགོས་ཏེ། དེ་ལ་དམ་ཚིག་ཉམས་ཆག་ཕོག་ན་མི་ཟིན་པས། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་བཤགས་པ་བྱ། བླ་མ་ལ་དབང་ཞུ་བ་དང་རང་ཉིད་དབང་བླང་བ་སོགས་ཀྱིས་དམ་ཚིག་གསོ། བླ་མ་དང་གསང་སྔགས་ལ་མོས་གུས་ཆུང་ན་མི་ཟིན་པས་བླ་མ་ལ་མོས་གུས་དྲག་ཏུ་བྱ་ཞིང་མཎྜལ་དབུལ། ཡི་དམ་ལ་མཆོད་པ་དང་ཚོགས་འཁོར་བྱ། བཀའ་སྡོད་ལ་གཏོར་མ་ཕུལ། དེ་དག་ལ་རྨི་ལམ་གྱི་དགེ་སྦྱོང་རྣམས་རྒྱུད་ལ་སྐྱེ་བ་དང་། དེའི་མཐུན་རྐྱེན་སྒྲུབ་ཅིང་འགལ་རྐྱེན་ཞི་བར་གསོལ་བ་གདབ། དངོས་པོ་ལ་མངོན་ཞེན་ཆེ་ན་མི་ཟིན་པས་ཡོ་བྱད་རྣམས་སྤོང་དག་ཏུ་བཏང་ཞིང་ཚེ་འདིའི་འཁྲི་བ་བཅད་དེ་གང་ལའང་ཆགས་ཞེན་མེད་པར་བྱ།

p. 471

དེ་དག་ལ་གྲིབ་ཕོག་པ་དང་བྱང་སེམས་ཉམས་ན་མི་ཟིན་པས་གནས་དང་། གྲོགས་དང་། ཟས་དང་། གོས་ལ་སོགས་པ་མི་གཙང་བ་སྤང༌། རང་དང་ཡོ་བྱད་སོགས་ལ་གྲིབ་སེལ་བྱས་ཏེ་གཙང་སྦྲ་བྱ་ཞིང་བྱང་སེམས་མ་ཉམས་པར་བསྲུང་ངོ༌། །གཞན་ཡང་རྣམ་གཡེང་ཆེ་བ་དང་འདུན་པ་ཞན་ནའང་མི་ཟིན་པས་ཤིན་ཏུ་དབེན་པའི་གནས་ལུང་སྟོང་ལ་སོགས་པར་མཚམས་དམ་དུ་བསྡམས་ཤིང་བྱ་བྱེད་སོགས་ཀྱི་སྣང་ཤས་སྤང༌། སྣོད་བཅུད་ལ་སོགས་པའི་སྣང་བ་གང་ཤར་ཐམས་ཅད་ལ་རྨི་ལམ་ཡིན་སྙམ་པའི་འཛིན་སྟངས་དང༌། མཚན་མོ་རྨི་ལམ་ཟིན་པ་ཞིག་ཅི་ནས་ཀྱང་བྱེད་སྙམ་པའི་འདུན་པ་དྲག་པོ་ཡང་དང་ཡང་དུ་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་ནས་ཁྱད་པར་གྱི་སྔོན་འགྲོ་རྣམས་བྱ་ཞིང་ཐུན་གྱི་སུམ་ཆར་གཏུམ་མོ་བསྒོམ། དེ་ནས་སྒྱུ་ལུས་ཀྱི་སྐབས་ལྟར་སེམས་བསྐྱེད་དེ་བླ་མ་མགྲིན་པར་བསྒོམས་ལ། རྨི་ལམ་ཟིན་པ་དང་རྨི་ལམ་གྱི་དགེ་སྦྱོར་རྣམས་རྒྱུད་ལ་སྐྱེ་བའི་གསོལ་བ་དྲག་ཏུ་གདབ། དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་ༀ་དཀར་པོའམ་སེར་པོ། འདབ་མར་མདུན་དུ་ཨ་སྔོན་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་གསལ་ཞིང་འཚེར་བ་བདེ་བའི་ཉམས་དང་ལྡན་པ་བསྒོམ། མི་སྤྲོ་ན་པདྨའི་ལྟེ་བར་ༀ་དམར་པོ་ཞིག་ཁོ་ན་བསྒོམས་ཀྱང་ཆོག་སྟེ། དེ་ནས་ༀ་ལ་སེམས་རྩེ་གཅིག་ཏུ་གཏད་པའི་རླུང་ཁ་སྦྱོར་ཅི་ནུས་བསྒོམ་མོ། །ཡང་ན་ༀ་ལ་འཇུག་གནས་དབྱུང་གསུམ་བྱས་པའི་རྡོར་བཟླས་ཀྱང་རུང་ངོ༌། །ཁ་ཅིག་འདི་གཉིད་དུ་འགྲོ་ཁའི་དུས་མ་གཏོགས་ཐུན་རྣམས་སུ་མི་སྒོམ་པ་ནི་གནད་མ་མཐོང་བ་སྟེ། སད་དུས་ཐུན་གྱི་དངོས་གཞི་ཐམས་ཅད་དུ་དེ་ལྟར་བསྒོམས་པས་མགྲིན་པར་རླུང་སེམས་འདུ་བ་བྱང་ནས་གཉིད་དུས་ཀྱང་དེར་རླུང་སེམས་འདུ་སླ་བ་དང༌། དེ་

p. 472

ལ་བརྟེན་ནས་རྨི་ལམ་མང་བ་དང་། གསལ་བ་དང་། ཟིན་བདེ་བ་སོགས་ཀྱི་གནད་མང་དུ་ཡོད་པས་རྩེ་གཅིག་ཏུ་བསྒོམ་དགོས་ཤིང༌། སྦྱོར་བ་དེས་རླུང་དབུ་མར་ཐིམ་པ་དང་། ཐིམ་པ་ལས་སྟོང་པ་བཞི་བསྐྱེད་ནུས་ན་མཆོག་ཏུ་བསྔགས་སོ། །དེ་ནས་རྗེས་ཤེས་དང་རྗེས་སྣང་རྣམས་སུ་སྣོད་བཅུད་ལ་སོགས་པའི་སྣང་བ་ཐམས་ཅད་རྨི་ལམ་དངོས་ཡིན་སྙམ་པའི་འདུན་པ་དྲག་པོ་བྱ་ཞིང་། རྨི་ལམ་ཡིན་ཞེས་ངག་ཏུའང་བརྗོད་པར་བཤད་ལ། བཟའ་བཏུང་སྣུམ་བག་ཅན་ཟ་བ་དང་། འགྲངས་ཆེས་པ་དང་། སྤྱོད་ལམ་ངལ་དུབ་ཅན་རྣམས་མི་བྱའོ། །གསུམ་པ་ནི། སད་དུས་སུ་རླུང་དབུ་མར་ཚུད་ནས་སྟོང་པ་བཞི་བསྐྱེད་ནུས་པས་ནི། དང་པོར་གཉིད་ཀྱི་སྟོང་པ་བཞི་རིམ་གྱིས་ངོས་བཟུང་ལ། དེ་ནས་རྨི་ལམ་འཆར་བ་ཤེས་ནས་བཟུང་བས་ཆོག་སྟེ་སྟོང་པ་བཞི་ངོས་འཛིན་པ་སོགས་འོད་གསལ་གྱི་སྐབས་སུ་འཆད་དོ། །དེ་ལྟར་མི་ནུས་པས་ནི་རླུང་སྟོབས་དང་འདུན་སྟོབས་སྣ་ཚོགས་པས་གཟུང་བར་བྱ་སྟེ། དེ་ལ་དུས་ཀྱི་གནད་ནི་ཕལ་ཆེར་ཐོ་རངས་ནས་ཉི་མ་དྲོས་ཀྱི་བར་བཟུང་ན་ཟས་ཞུ་ཞིང་། འགྲངས་ལྟོགས་སྙོམས་པས་གཉིད་སྲབ་ཅིང་རིག་པ་དྭངས་ལ། བད་ཀན་ཆེ་བའི་རིགས་ཁ་ཅིག་ལ་སྲོད་ལ་གཉིད་སྲབ་པ་ཡང་ཡོད་པས་དེ་ལ་ནི་སྲོད་ལའང་རུང་ངོ༌། །ལུས་ཀྱི་གནད་ནི་སྔས་མཐོ་བ་ལ་སེངྒེའི་ཉལ་སྟབས་སམ་ཙོག་གཉིད་ཀྱང་རུང་སྟེ་གོས་སྲབ་པར་བྱའོ། །འདུན་པའི་གནད་ནི། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པ་བདུན་ནམ་ཉེར་གཅིག་སོགས་བྱའོ། །ཡུལ་གྱི་གནད་ནི་མགྲིན་པར་པདྨ་ཡི་གེ་ལྔ་དང་བཅས་པ་གསལ་བཏབ་སྟེ། མདུན་གྱི་ཨ་ནས་གཡས་བསྐོར་དུ་འདབ་མའི་ཡི་གེ་བཞི་ལ་རིམ་གྱིས་ཤེས་པ་གཏད་ཅིང་གཉིད་དུ་འགྲོ་ཁར་ༀ་ལ་རིག་པ་རྩེ་གཅིག་ཏུ་གཏད། ཡང་ན་ༀ་དམར་པོ་ཁོ་ན་བསྒོམས་པ་ལ་རིག་པ་གཏད་ཀྱང་ཆོག་

p. 473

གོ །རླུང་གི་གནད་ནི་ཁ་སྦྱོར་ཅི་རིགས་པས་བཟུང་ངོ༌། །གནད་དེ་དག་གིས་གཉིད་ཐུན་ཆུང་ལ་གྲངས་མང་དུ་ཉལ་ཏེ་སད་རེས་ཀྱི་རྨི་ལམ་ཟིན་མ་ཟིན་བལྟ། མ་ཟིན་ན་སླར་ཟིན་པར་གསོལ་བ་བཏབ་སྟེ་འདུན་པ་དྲག་པོས་སྔར་ལྟར་གཉིད་དོ། །དེས་མ་ཟིན་ན་སྒྲུབ་ཁང་དང་མལ་ས་གོས་སྟན་ཉལ་ལུགས་ལ་སོགས་པ་ལ་སེམས་བཟུང་ནས། འདི་ལྟ་བུ་མ་གཏོགས་པའི་གནས་དང་། གྲོགས་དང་། བྱ་བྱེད་དང་། མཐོང་སྣང་སོགས་ཅི་བྱུང་ཡང་རྨི་ལམ་ཡིན་པས་དེའི་ཚེ་ཅི་ནས་ཀྱང་ཟིན་པར་བྱ་སྙམ་དུ་ཉལ། དེ་ནས་ཞག་མང་དུ་བཟུང་བས་ཀྱང་མ་ཟིན་པར་གཉིད་འཐུག་པ་དང་རྨི་ལམ་མི་གསལ་ན། མགྲིན་པར་ༀ་མམ་ཨ་དམར་པོའི་འོད་ཟེར་གྱིས་ལུས་ཀྱི་ནང་དང་སྣང་བ་ཐམས་ཅད་དམར་ཞིང་གསལ་བར་དམིགས་ལ་ཉལ་བ་དང༌། སྨིན་མཚམས་སུ་ཐིག་ལེ་དཀར་ཞིང་འཚེར་བ་སྲན་མ་ཙམ་ཞིག་ལ་སེམས་གཏད་དེ་ཉལ་བ་ཅི་རིགས་བྱ། གཉིད་སྲབ་ན་སྙིང་གའི་རྩ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་གམ་ཐིག་ལེ་སྔོན་པོ་འོད་འཚེར་བར་རིག་པ་གཏད་ལ་ཉལ། དེས་གཉིད་ཧ་ཅང་མཐུག་ན་མགྲིན་པ་དང་གསང་གནས་ཀྱི་འཁོར་ལོ་ཅི་རིགས་པར་ཐིག་ལེ་སྔོན་པོ་འོད་འཚེར་བ་སྲན་མ་ཙམ་ལ་རིག་པ་གཏད་དེ་ཉལ་ལོ། །མན་ངག་འགའ་ཞིག་ཏུ་ཕྱག་མཚན་དང་། པདྨ་དང་། ས་བོན་དང་། འོད་གསལ་འཛིན་པ་སོགས་ཀྱི་རྣམ་གྲངས་མང་དུ་བཤད་ཀྱང་གནད་ཐམས་ཅད་འདིར་ཚང་བ་ཡིན་ནོ། །བཞི་པ་ནི། མན་ངག་དེ་དག་ལ་ཡུན་དུ་འབད་ཀྱང་མ་ཟིན་ན། ས་ཕྱོགས་དབེན་པ་ཞིག་ལ་གཅེར་བུར་བྱས་ཏེ་ཌཱ་མ་རུ་འཁྲོལ་ཞིང་མཆོངས་རྒྱུག་དང་འགྱིང་སྟངས་སྣ་ཚོགས་བྱ། གཡང་ས་དང་གཅོང་རོང་སོགས་ཉམ་ང་ཞིང་བག་ཚ་བའི་རིགས་ལ་བལྟས་ཏེ་རྨི་ལམ་ཡིན་ཞེས་འོ་དོད་བྱ། རྨི་ལམ་མ་ཟིན་པ་ལ་སྐྱོ་ཤས་དྲག་པོ་བསྐྱེད་དེ་བླ་མ་ཡི་དམ་ལ་བདག་

p. 474

གིས་རྨི་ལམ་མ་ཟིན་ཞེས་ཆོ་ངེ་དྲག་པོ་བྱ་ཞིང་ཟིན་པར་གསོལ་བ་གདབ། མགྲིན་པའི་པད་འདབ་ཀྱི་ཡི་གེ་བཞི་རང་སར་གཡས་བསྐོར་དུ་དྲག་ཏུ་འཁོར་བར་བསམ་ཞིང་ངག་ཏུའང་བརྗོད། དེ་ནས་ཡི་གེ་ༀ་ལ་ཐིམ། ༀ་དཔག་མེད་དུ་གྱུར་པའི་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམ། ཡང་མགྲིན་པར་རྡོ་རྗེའི་གྲི་གུག་དྲག་ཏུ་འཁོར་བས་ལུས་ཀུན་གཏུབས་པ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། བླ་མ་ཡི་དམ་སོགས་མཆོད་ཅིང་རིགས་དྲུག་ཚིམས་པར་བྱས་ལ་སེམས་གཏད་མེད་ཏུ་བཞག །དེ་ནས་ཡང་སྔར་བཞིན་དུ་འཛིན་པའི་བརྩོན་པ་བསྐྱེད་པས་ཟིན་པར་བཤད་ཅིང༌། གཉིད་དུས་སྒྲུབ་གྲོགས་ཤིག་གིས་གཉིད་མ་སད་ཙམ་དུ་རྨི་ལམ་ཟུང་ཞིག་པའི་བརྡ་ཐབས་བྱ་བར་བཤད་དོ། །ཁ་ཅིག་དགེ་འདུན་གྱི་སྤྱི་ལས་དང་ཟམ་འཕྲང་བཅོས་པ་སོགས་བྱ་བ་དང༌། གཉན་ས་རྣམས་སུ་ཀུ་སུ་ལུའི་མཆོད་སྦྱིན་བྱ་བ་དང༌། གཙུག་ལག་ཁང་གི་སྒོ་དྲུང་དུ་ཉལ་ན་ཟིན་པར་འཆད་པ་ནི། ཕལ་ཆེར་བསགས་སྦྱངས་དང་སེམས་ཁུ་འཕྲིག་སྤངས་པ་ལ་བརྟེན་ནས་ཟིན་པར་འདོད་པ་འདྲ་ཡང༌། སྐབས་སུ་སྤོག་ཆོག་རེ་བྱ་ཞིང་གནས་དབེན་པར་སྔར་གྱི་འཛིན་ཐབས་དེ་དག་ལ་འབད་པ་ཉིད་ལེགས་སོ། །
གཉིས་པ་ཟིན་པ་བརྟན་པར་བྱེད་པ་ལ་གཉིས། འབྱམས་པའི་སྐྱོན་སེལ་བ་དང༌། རྨི་ལམ་གྱི་སྣང་བ་སྒྱུ་མར་བསླབ་པའོ། །དང་པོ་ནི། ཏི་རས་ཀྱིས། བག་ཆགས་རྨི་ལམ་རྨིས་དུས་སུ། །གཟུང་སྦྱང་སྤེལ་བསྒྱུར་ཡ་ང་སྤོངས། །ཞེས་གསུངས་པ་ལྟར། དེ་ཡང་སྔ་མ་ལས། རྨི་ལམ་ཡང་ཡུད་རེ་ཟིན་ཡང་འབྱམས་ནས་རྟག་མི་ཐུབ་ན། དགེ་སྦྱོང་ལ་ཤུགས་མི་ཐོན་པས་སྐྱོན་བསལ་ནས་འཛིན་དགོས་ཏེ། དེ་ལས་སད་འབྱམས་ནི། རྨི་ལམ་འཛིན་འཕྲོ་ལ་གཉིད་དུ་མ་སོང་བའི་སྣང་བའམ་སད་པའི་སྣང་བ་འཆར་བ་དང༌། ཟིན་མ་ཐག་ཏུ་སད་པ་སོགས་

p. 475

འབྱུང་སྟེ། དེ་ལ་སྔོན་དུ་རྨི་ལམ་ཟིན་པའི་ཚེ་གཉིད་མ་སད་པ་བྱེད་སྙམ་པའི་འདུན་པ་བཏང༌། གཉིད་སད་ཀྱང་མིག་མི་འབྱེད་པར་རྨི་ལམ་གྱི་འཕྲོ་དེ་ཉིད་ཡིད་ལ་བྱ། སད་པར་རྩོམ་པའི་ཚེ་སྙིང་ག་དང་། གསང་གནས་ཅི་རིགས་པར་སེམས་གཏད། གཞན་ཡང་སད་རྐྱེན་བརྟགས་ལ་སེམས་བསྒྲིམས་པས་སད་ན་གློད། ལུས་གྲང་བས་སད་ན་གོས་འཐུག་པོར་གྱོན། སྒྲའི་ཀླག་ཅོར་གྱིས་སད་ན་རྐྱེན་དེ་དག་སྤང་བ་སོགས་བྱ། དེ་ལྟར་བྱས་ཀྱང་ཧར་སད་ཤས་ཆེ་ན་བསག་སྦྱང་དྲག་པོ་བྱ་བར་བཤད་དོ། །འཁྲུལ་འབྱམས་ནི། ལན་རེ་ཟིན་ཡང་སླར་རྨི་ལམ་གྱི་རྒྱུན་ལ་འཁྲུལ་པ་སྟེ། དེ་ལ་རྨི་ལམ་ཡང་དང་ཡང་དུ་འཛིན་པའི་འདུན་པ་དྲག་པོ་བྱ་ཞིང་གཉིད་ཐུན་ཆུང་བར་བྱ། སད་དུས་སུ་སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མའི་འདུན་པ་དྲག་ཏུ་བསྒོམས་ཏེ་མངོན་ཞེན་བཟློག་པར་བྱའོ། །འགའ་ཞིག་ཏུ་རང་གི་ལུས་ཐིག་ལེ་དཀར་དམར་གཉིས་ཀྱི་བར་དུ་ཡོད་པར་བསམས་ལ། མགྲིན་པའི་པདྨའི་དབུས་ཀྱི་ༀ་དེ་ཉིད་ཧཱུྃ་སྔོན་པོ་ཡེ་ཤེས་ལྔའི་ངོ་བོར་བསྒྱུར་ནས་རླུང་བཟུང་སྟེ་ཉལ་བས་སེལ་བར་བཤད་དོ། །བརྗེད་འབྱམས་ནི། རྨི་ལམ་མི་གསལ་བས་མི་ཟིན་པ་དང་། ཡང་ཡུད་རེ་ཟིན་ཡང་ཤུགས་མི་ཐོན་པ་རྨི་ལམ་བརྗེད་པ་སྟེ། ཕལ་ཆེར་རང་བཞིན་གྱིས་གཉིད་མཐུག་པ་དང་། གྲིབ་ཕོག་པ་དང་། འདུན་པ་དང་། ཞེན་པ་ལས་འབྱུང་བས་ཟས་འགྲངས་ཆེ་བ་དང་གོས་མཐུག་པོ་མི་བྱ། ཙོག་གཉིད་བྱ་བ་སོགས་རིག་པ་དྭངས་པའི་ཐབས་བྱ། གཉིད་དུས་རྨི་ལམ་གསལ་པོ་རྨི་བ་དང་ཡང་ཡང་ཟིན་པའི་འདུན་པ་དྲག་པོ་བྱ། སྨིན་མཚམས་སུ་ཐིག་ལེ་དམར་ཞིང་འོད་འཚེར་བ་ལ་སེམས་གཏད་དེ་ཉལ། གྲིབ་ཕོག་ནས་གྲིབ་སེལ་བྱའོ། །སྟོང་འབྱམས་ནི། འཛིན་པའི་འདུན་པ་དྲག་པོས་གཉིད་མ་ཕེབས་པའམ་ཕེབས་ཀྱང་རྨི་ལམ་མི་འབྱུང་བ་སྟེ། སྔ་མ་ལ་འདུན་པ་ཅུང་ཟད་

p. 476

གློད་ཅིང་སྙིང་གའམ་རྡོ་རྗེའི་ནོར་བུའི་དབུས་སུ་ཐིག་ལེ་ནག་པོ་ལ་སེམས་གཏད། ཕྱི་མ་ལ་མགྲིན་པའི་ཡི་གེ་ལྔའི་འོད་ཀྱིས་ལུས་ཀྱི་ནང་ཐམས་ཅད་གང་བར་བསམས་ལ་གཉིད་དོ། །དྲེད་འབྱམས་ནི། དང་པོར་དུམ་རེ་ཟིན་ཡང་འདུན་པ་དང་རྩོལ་བ་ཞན་པས་དྲེད་པ་སྟེ། ངེས་འབྱུང་དང་སྐྱོ་ཤས་བསྒོམས་ཤིང་གདམས་པའི་རྩོལ་བ་དྲག་ཏུ་བྱའོ། །གཞན་ཡང་དྲན་འབྱམས་དང་། རྒྱུན་འབྱམས་ཞེས་པ་སོགས་སྣ་ཚོགས་འབྱུང་ཡང་སྔ་མ་རྣམས་དང་གནད་གཅིག་སྟེ། ཐམས་ཅད་དུ་འདོད་པ་བཞིན་མི་ཟིན་པའི་རྒྱུ་རྐྱེན་བརྟགས་ལ་འདུན་པའི་གྲིམ་ལྷོད་དང་། ཟས་གོས་དང་། སྤྱོད་ལམ་དང་། དུས་ཀྱི་གནད་ལ་སོགས་པའི་འཕྲོད་བསྟེན་ཤེས་པར་བྱ་ཞིང༌། གཉིད་མཐུག་ན་མགྲིན་པའམ་སྨིན་མཚམས་སུ་ཐིག་ལེ་དམར་པོའམ་དཀར་པོ་འོད་འཚེར་བ་ལ་སེམས་གཏད་པ་དང༌། གཉིད་མ་ཕེབ་པའམ་བསླབ་པ་ལ་སྙིང་གའམ་ནོར་བུའི་དབུས་སུ་ཐིག་ལེ་སྔོ་ནག་ལ་སེམས་གཏད་པ་དང༌། རྨི་ལམ་མི་གསལ་བ་ལ་མགྲིན་པར་ཐིག་ལེ་དམར་ཞིང་འོད་གསལ་བའི་འོད་ཀྱིས་ལུས་ཀྱི་ནང་དང་སྣང་བ་ཐམས་ཅད་དམར་གསལ་དུ་བྱས་པ་ལ་སེམས་གཏད་པ་སོགས་ཀྱི་གནད་ཤེས་པར་བྱས་ལ་རྨི་ལམ་ཟིན་པ་བརྟན་པར་བྱའོ། །ཁ་ཅིག་རྨི་ལམ་འཛིན་པ་དང་། འབྱམས་གཅོད་ཀྱི་སྐོར་ལ་གཞི་ཚུགས་པ་མི་བྱ་བར་འོག་གི་སྤྲུལ་སྒྱུར་སོགས་ལ་དམིགས་རིམ་མང་དུ་འཆད་པ་ནི་གྱི་ན་ཙམ་སྟེ། བཟུང་བ་ལ་དབང་མ་ཐོབ་པར་སྤྲུལ་སྒྱུར་སོགས་ཀྱི་རྩལ་མི་ཐོན་པས་སོ། །དེས་ན་སྐབས་རེར་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་ཙམ་གདམས་ངག་མེད་པ་དང་། འཛིན་པའི་རྩོལ་བ་མེད་པ་ལའང་འབྱུང་བས་རྟག་མི་ཐུབ་ལ། འདིར་ནི་འཛིན་པའི་རྩོལ་བ་བྱས་པ་ལས་ཟིན་པ་ཞིག་དང་། ཟིན་པ་དེ་ཡང་ཡུན་རིང་དུ་ཟིན་པ་ཞིག་དགོས་པའི་སྐབས་འདིར་རྨི་ལམ་གྱི་དགེ་

p. 477

སྦྱོར་གཞི་ཚུགས་དགོས་པ་ཡིན་ནོ། །གཉིས་པ་ནི། རྨི་ལམ་ཟིན་པ་ལ་རྩུབ་ཟིན་དང་། འཇམ་ཟིན་གཉིས་ལས། སྔ་མ་ནི་མེ་དང་། ཆུ་དང་། གཅན་གཟན་དང་། འདྲེ་སྲིན་དང་། དགྲ་ལ་སོགས་པའི་སྣང་བ་ཤར་ནས་བག་ཚ་བའི་ཚེ་ཟིན་པ་སྟེ། དེའི་ཚེ་རྨི་ལམ་གྱི་སྣང་བ་ཐམས་ཅད་བདེན་པར་མ་གྲུབ་པའི་འཁྲུལ་སྣང་ཡིན་པས་རྨི་ལམ་གྱི་མེས་ཚིག་པ་དང་། ཆུས་ཁྱེར་བ་དང་། གཅན་གཟན་དང་། འདྲེ་གདོན་དང་། དགྲ་ལ་སོགས་པས་བསད་པ་དང་། ཟོས་པ་སུ་ཞིག་ཡོད་སྙམ་དུ་དེ་དག་གི་སྟེང་དུ་ཐོག་བརྫིས་བྱ། འགའ་ཞིག་ཏུ་འདྲེ་གདོན་སོགས་ལ་རང་ཉིད་ལྕགས་སྲེག་གི་གོང་བུར་བསམས་ལ་དེ་དག་གི་སྙིང་གར་བསྟིམ་པའང་བཤད་དོ། །འདི་དག་ལ་འགའ་ཞིག་ཏུ་ཡ་ང་བ་སྤང་བ་ཞེས་གསུངས་སོ། །འཇམ་ཟིན་ནི། རྨི་ལམ་གྱི་སྣང་བ་རང་ག་བ་ལ་རྨི་ལམ་དུ་ཤེས་པ་སྟེ། དེའི་ཚེ་རྨི་ལམ་གྱི་སྣང་བ་ཐམས་ཅད་དོན་ལ་བདེན་པར་མ་གྲུབ་པའི་འཁྲུལ་སྣང་ཙམ་དུ་ལྟ་ཞིང༌། འཇམ་ཟིན་རྩུབ་ཟིན་གཉིས་ཀ་ལ་རྨི་ལམ་གྱི་ཡུལ་སྣང་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་འདྲ་བར་བསྒོམ་པ་དང༌། རང་གི་ལུས་ངག་ཡིད་གསུམ་མ་དག་པའི་སྒྱུ་ལུས་ཀྱི་སྐབས་ལྟར་བསྒོམ་པ་སོགས་གཞིགས་ནས་སྒྱུ་མར་བསླབ་ནུས་ན་མཆོག་ཏུ་བསྔགས་ལ། དེ་ལྟར་མི་ནུས་ནའང་རྨི་ལམ་གྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་ལ་བསླབ་སྟེ་རྨི་ལམ་བཀོལ་དུ་རུང་བར་བྱའོ། །འདི་ལ་ཁ་ཅིག་ཡུལ་སྣང་གཏན་ལ་དབབ་པ་ཞེས་འཆད་དོ། །རང་གཞུང་ལས་འདིར་སྤེལ་བསྒྱུར་སྦྱང་གསུམ་ལ་སོགས་པ་རྒྱས་པར་གསུངས་པ་རྣམས་ནི་འདིར་སྨོས་མ་དགོས་པ་ལགས་སོ། །
གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གསུམ། རྨི་ལམ་གྱི་རྩལ་སྦྱོང་བ། གོམས་པའི་དགེ་སྦྱོར་ལ་འཁྲིད་པ། གོང་དུ་འཕོ་བའི་ཞིང་ཁམས་སྦྱང་བའོ། །དང་པོ་ནི། དྭགས་པོའི་ཟབ་

p. 478

ལམ་ལས། རྨི་ལམ་ཟིན་པ་བརྟན་ནས་རྩལ་སྦྱང་བའི་ཚུལ་ལ། དང་པོར་སྤྲུལ་པ་ནི། རྨི་ལམ་ཟིན་པ་ན་རང་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པའི་མིའི་རིགས་སྣ་ཚོགས་སུ་སྤྲུལ་པ་དང་། སེང་གེ་དང་སྟག་ལ་སོགས་པ་དང་། ཁྱུང་དང་བྱ་རྒོད་ལ་སོགས་པ་དང་། རི་དང་ཁང་པ་དང་ལྗོན་ཤིང་དང་ས་དང་ཆུ་དང་མེ་དང་རླུང་ལ་སོགས་པར་སྤྲུལ་པ་དང་། རང་གི་མདུན་དུ་དེ་དག་སྔར་མེད་པ་སྤྲུལ་པ་དང་། རང་དང་སྣོད་བཅུད་མི་སྣང་བར་བྱ་བ་ལ་སོགས་པའི་རྫུ་འཕྲུལ་སྣ་ཚོགས་ལ་བསླབ་ཅིང་། དེ་ནས་གཙོ་བོར་རང་ཡི་དམ་གྱི་ལྷར་སྤྲུལ་པ་དང་དེ་ཉིད་ཇེ་ཆེར་སྤྲུལ་པ་དང་ཆུང་ངུར་སྤྲུལ་པ་སོགས་ལ་སྦྱང་བར་བྱའོ། །དེ་ནས་བསྒྱུར་བ་ནི། སྣོད་བཅུད་ལ་སོགས་པའི་ཡུལ་གང་སྣང་བ་དེ་གཞན་ཞིག་ཏུ་བསྒྱུར་བ་སྟེ། དཔེར་ན་དུད་འགྲོ་རྨིས་པ་མིར་བསྒྱུར་བ་དང་ས་ཆུར་བསྒྱུར་བ་དང་ཆུ་མེར་བསྒྱུར་བ་དང་གཅིག་མང་པོར་བསྒྱུར་བ་དང་ཡོད་པ་མི་སྣང་བར་བྱ་བ་དང་མེད་པ་ཡུལ་སྣང་སྣ་ཚོགས་པར་བསྒྱུར་བ་སོགས་བྱ་ཞིང་། དེ་ནས་ར་བ་དང་ཁང་ཁྱིམ་སོགས་གཞལ་ཡས་ཁང་དུ་བསྒྱུར་བ་དང་མི་དང་དུད་འགྲོ་སོགས་ཡི་དམ་གྱི་ལྷར་བསྒྱུར་བ་ལ་སྦྱང་བར་བྱའོ། །དེ་ནས་སྤེལ་བ་ནི། རྨི་ལམ་ན་གང་སྣང་བའི་དངོས་པོ་དེ་ཉིད་གཅིག་ལས་གཉིས། གཉིས་ལས་བཞི་སོགས་བརྒྱ་སྟོང་མང་པོར་སྤེལ་བ་ལ་བསླབ། དེ་ནས་རང་ཡི་དམ་གྱི་ལྷར་བསྒོམས་པ་མང་དུ་སྤྲོ་བ་དང་གཅིག་ཏུ་བསྡུ་བ་ལ་སྦྱང་ཞིང། གཞན་ཡང་མ་ངེས་པའི་ཆོ་འཕྲུལ་ལུས་ཀྱི་སྟོད་ནས་མེ་འབར་བ་དང་སྨད་ནས་ཆུ་འབབ་པ་དང་ཉི་ཟླ་རྡོག་པས་བརྫི་བ་དང་སྟོང་གསུམ་ལུས་གཅིག་གིས་ཁྱབ་པར་བྱ་བ་ལ་སོགས་པའི་རྩལ་སྣ་ཚོགས་སྦྱང་བར་བྱའོ། །སྤྲུལ་བསྒྱུར་ལ་སོགས་པ་རྨི་ལམ་གྱི་རྩལ་སྦྱོང་ཐམས་ཅད་ལ་སད་དུས་དང་གཉིད་ཁར་དེ་དང་དེའི་རྨི་ལམ་རྨི་བར་བྱ་ཞིང་རྩལ་

p. 479

འདོན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་མང་དུ་བྱ་བ་གནད་ཆེའོ། །གཉིས་པ་ནི། གཏུམ་མོ་དང་སྒྱུ་ལུས་ལ་སོགས་པ་ཉིན་པར་གང་ལ་གོམས་པའི་དགེ་སྦྱོར་དེ་ཉིད་རྨི་ལམ་དུ་བསྒོམ་པར་བྱ་ཞིང་། ཁྱད་པར་རྨི་ལམ་གྱི་གདམས་པའི་དགོས་པ་བར་དོར་སྒྱུ་མའི་སྐུ་མངོན་དུ་བྱེད་པའི་ཆེད་ཡིན་པས་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་ལ་བསླབ་དགོས་སོ། །དེ་ལ་གཉིད་ཀྱི་སྟོང་པ་བཞི་ངོས་ཟིན་པས་ནི་འོད་གསལ་ལས་རྨི་ལམ་འཆར་བའི་ཚེ་སྐད་ཅིག་གིས་རླུང་སེམས་ཙམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ཏེ། དེ་ལ་མཉམ་པར་བཞག་པ་དང་སྣོད་བཅུད་ཀྱི་སྣང་བ་གཞལ་ཡས་ཁང་དང་འཁོར་གྱི་ལྷར་བསྒོམ་པ་སོགས་བྱ། ཡང་གཉིད་ཀྱི་སྟོང་པ་བསྐྱེད་ལ་དེ་དག་འོད་གསལ་དུ་བཅུག་སྟེ། ཅི་ནུས་སུ་མཉམ་པར་བཞག་ནས་རྨི་ལམ་འཆར་བའི་ཚེ་སྒྱུ་མའི་སྐུར་ལྡང་བ་སོགས་ལ་བསླབ་པར་བྱའོ། །དེ་ལྟར་མི་ནུས་པས་ནི་རྨི་ལམ་ཟིན་མ་ཐག་ཏུ་རང་ཉིད་ཡི་དམ་གྱི་སྐུ་སྒྱུ་མ་ལྟ་བུ་བསྒོམས་ཏེ། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དང་། མང་དུ་སྤྲོ་བ་དང་། གཅིག་ཏུ་བསྡུ་བ་དང་། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་། བཅུད་ཀྱི་སེམས་ཅན་འཁོར་གྱི་ལྷ་དང་། འདོད་ཡོན་མཆོད་རྫས་སུ་སྒོམ་པ་སོགས་བྱས་ལ། སྒྱུ་ལུས་ཀྱི་སྐབས་སུ་བཤད་པའི་རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གྱིས་འོད་གསལ་དུ་བསྡུས་ཏེ་ཅི་ནུས་སུ་མཉམ་པར་བཞག་པ་དང་། ཡང་དེ་ལས་སྐད་ཅིག་གིས་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་པ་སོགས་བྱའོ། །དང་པོར་འདི་དག་རིམ་པས་སྔ་མ་ལ་མྱོང་བ་ཐོན་པར་བྱས་ལ་ཕྱི་མ་སྒོམ་པ་ལ་བསླབ་ཅིང༌། ཕྱིས་ཐམས་ཅད་ལ་མྱོང་བ་ཐོན་ནས་རྨི་ལམ་གྱི་ཐུན་རེ་ལ་དེ་དག་རྫོགས་པར་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ་སྒྱུ་ལུས་ཀྱི་སྐབས་ལྟར་རོ། །དེ་ལྟར་སྦྱངས་པས་སྔར་གཉིད་ཀྱི་སྟོང་པ་ངེས་མི་ནུས་པས་ཀྱང་ཕྱིས་ནས་ཅུང་ཟད་ངེས་པ་དང་།

p. 480

རིམ་གྱིས་གསལ་བར་ནུས་པ་འབྱུང་བར་བཤད་ལ། དེ་ངེས་པ་ན་གོང་དུ་བཤད་པའི་གཉིད་ཀྱི་འོད་གསལ་ལས་རྨི་ལམ་སྒྱུ་མའི་སྐུར་ལྡང་བའི་འཇུག་ལྡང་ལ་སྦྱང་ངོ༌། །གཞན་ཡང་རྨི་ལམ་གྱི་སྣང་བ་གང་ཤར་ཕྱག་རྒྱ་ཆེན་པོའི་ལྟ་བས་ཟིན་པར་བྱས་ཏེ། སྣང་བ་ཐམས་ཅད་བཟང་ངན་མེད་པ་སེམས་ཀྱི་རྣམ་འཕྲུལ། སེམས་ཉིད་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བ་རང་ཤར་རང་གྲོལ་དུ་ཤེས་པར་བྱ་ཞིང༌། རང་རིག་གི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམས་པ་དང་། རྨི་ལམ་འོད་གསལ་དུ་གཞུག་པ་ཞེས་བྱ་སྟེ། དེ་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ལྟ་བའི་ཐོག་ནས། རྨི་ལམ་གྱི་དེ་ཁོ་ན་ཉིད་ཤེས་པ་ཞིག་དགོས་ཀྱི། རྨི་ལམ་གྱི་སྣང་བ་རྨི་ལམ་དུ་ཤེས་པ་དང་། རྨི་ལམ་བདེན་པར་མ་གྲུབ་པར་ངེས་པ་ཙམ་གྱིས་མི་ཆོག་གོ །རྨི་ལམ་དུ་དེ་ལྟར་བསྒོམས་པས་སླར་ཡང་རླུང་སྙིང་གར་འདུས་ནས་རྨི་ལམ་གྱི་སྣང་བ་འགགས་ཏེ་གཉིད་དུ་འགྲོ་ཞིང་གཉིད་ཀྱི་སྟོང་པ་རྣམས་ཅུང་ཟད་ངེས་ནུས་པ་འབྱུང་ལ། སྦྱངས་སྟོབས་ཀྱིས་གསལ་པོར་ངེས་པར་འབྱུང་བར་བཤད་དོ། །གསུམ་པ་ནི། འདིར་གཙོ་བོར་དག་པའི་ཞིང་སྦྱོང་བར་བྱེད་པ་ཡིན་ཡང་ཐོག་མར་རིམ་པས་བསླབ་དགོས་ཏེ། དེ་དག་རྨི་ལམ་ཟིན་པ་ན་རང་ཡི་དམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམས་པའི་ངང་ནས་སྔར་ཆ་རྒྱུས་ཡོད་པའི་རི་རྩེ་ཕན་ཚུན་དུ་སྐར་མདའ་ལྟར་རྒྱང་གིས་འགྲོ་བ་དང༌། དེ་བཞིན་དུ་ཡུལ་ཕྱོགས་གཞན་དང་། སྒྲུབ་གནས་དང་། རྟེན་གསུམ་ཁྱད་པར་ཅན་དང་བླ་མ་བཞུགས་པའི་སར་སྐར་མདའ་རྒྱུག་པ་ལྟར་འགྲོ་བ་ལ་བསླབ། དེ་ནས་སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོ་བརྒྱ་བྱིན་གྱི་འཁོར་དང་ལོངས་སྤྱོད་ལ་སོགས་པ་བལྟ་བར་བྱ་སྟེ། འདི་དག་ཐམས་ཅད་ལ་རྨི་ལམ་དུ་

p. 481

གང་ལ་སྦྱང་བ་དེའི་ཡུལ་ཕྱོགས་དང་། ཁང་ཁྱིམ་དང་། འཁོར་དང་། ལོངས་སྤྱོད་སོགས་ཀྱིས་བཀོད་པ་མཐའ་དག་སད་དུས་སུ་ཡང་ཡང་ཡིད་ལ་བྱ་བ་དང་། གཉིད་ལོག་ཁར་དེ་དག་གི་འདུན་པ་བཏང་བ་གནད་ཆེ་བ་ཡིན་ནོ། །དེ་ནས་དེ་དག་འབྱོངས་པ་ན་དག་པའི་ཞིང་སྦྱོང་བྱ་སྟེ། སངས་རྒྱས་རྣམ་སྣང་གི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པ་དང༌། མི་བསྐྱོད་པའི་ཤར་མངོན་དགའ་དང༌། རིན་འབྱུང་གི་ལྷོ་དཔལ་དང་ལྡན་པ་དང༌། འོད་དཔག་མེད་ཀྱི་ནུབ་བདེ་བ་ཅན་དང༌། དོན་ཡོད་གྲུབ་པའི་རྔ་སྒྲ་སྒྲོགས་པ་རྣམས་ཀྱི་ཞིང་ཁམས་གང་ལ་སྦྱང་བར་བྱེད་པ་དེའི་ཞིང་གི་བཀོད་པ་གཞན་ནས་ཤེས་པར་བྱས་ལ། སད་དུས་སུ་ཡང་ཡང་ཡིད་ལ་བྱ་ཞིང་གཉིད་ཁར་དེའི་འདུན་པ་བཏང་ནས་རྨི་ལམ་ཟིན་པའི་ཚེ། རང་ཡི་དམ་གྱི་ལྷ་སྒྱུ་མ་ལྟ་བུས་སྐར་མདའི་ཚུལ་དུ་ཞིང་ཁམས་དེར་སོང་སྟེ་སངས་རྒྱས་བྱང་སེམས་རྣམས་ལ་ཕྱག་དང་མཆོད་པ་བགྱིས་པ་དང་། ཆོས་ཉན་པ་དང་། ཞིང་ཁམས་ཀྱི་བཀོད་པ་བལྟ་བ་སོགས་བསྒྲུབ་པར་བྱའོ། །ཡང་ན་རྨི་ལམ་ཟིན་པ་ན་རང་འདུག་པའི་གནས་དེ་ཉིད་གང་སྦྱང་བའི་ཞིང་ཁམས་དེར་བསམས་ལ་སངས་རྒྱས་ལ་ཆོས་ཞུ་བ་སོགས་བྱས་ཀྱང་རུང་ངོ༌། །ཤར་མངོན་དགའི་ཞིང་སྦྱོང་ན་གཉིད་ཁར་མགྲིན་པའི་པད་འདབ་ཀྱི་ཤར་གྱི་ཨ་ལ་སེམས་གཏོད་པ་དང་། དེ་བཞིན་དུ་ལྷོ་ལ་སོགས་པ་ཤེས་པར་བྱས་ཏེ་སེམས་གཏད་ན་ཞིང་ཁམས་དེའི་སྣང་བ་འཆར་བདེ་བར་འགའ་ཞིག་ཏུ་བཤད་དོ། །དེ་ཡང་དང་པོར་དེ་དག་གི་སྣང་བ་གསལ་པོར་མ་ཤར་ནའང་། ཞིང་ཁམས་དེ་དང་སངས་རྒྱས་བྱང་སེམས་དེའི་ངོ་བོར་མོས་པ་བྱས་ཏེ་ཆོས་ཞུ་བ་སོགས་སྦྱངས་པས་མཐར་གསལ་པོར་འཆར་བ་འོང་ངོ་། །
བཞི་པ་ངོ་སྤྲད་དེ་ཉམས་མྱོང་སྐྱོང་ཚུལ་ནི། རྨི་ལམ་གྱི་སྣང་བ་སྣ་ཚོགས་འཆར་བ་དེ་

p. 482

ཉིད་ལམ་དུ་ཁྱེར་བ་ལ་རྨི་ལམ་གྱི་གདམས་པ་ཞེས་བྱ་སྟེ། དེ་ལ་རྨི་ལམ་གྱི་ལུས་ནི་ཀུན་རྫོབ་ཀྱི་སྣང་བ་ད་ལྟར་བའི་བག་ཆགས་ལ་བརྟེན་པའི་རླུང་སེམས་ཙམ་གྱི་ལུས་ཡིན་པས་ན་བག་ཆགས་ཀྱི་ལུས་ཞེས་བྱ་ལ། རྨི་ལམ་གྱི་སྣང་བ་ནི་ད་ལྟར་བའི་ཀུན་རྫོབ་ཀྱི་སྣང་བ་འཁྲུལ་པའི་རྗེས་སུ་འབྲངས་པའི་བག་ཆགས་ལ་བརྟེན་ནས། ཀུན་རྫོབ་ཏུའང་མ་གྲུབ་པའི་འཁྲུལ་སྣང་འཆར་བ་སྟེ། དེ་ལ་ཉིང་འཁྲུལ་ཞེས་བྱའོ། །དེ་དག་ལམ་དུ་ཁྱེར་བའི་དགེ་སྦྱོར་ལ། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་བ་དང་། སྒྱུ་མར་བསླབ་པ་དང་། རྩལ་སྦྱོང་བ་རྣམས་ནི་སོ་སོའི་དགོས་པ་མང་དུ་ཡོད་ཀྱང་། གཙོ་བོར་རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུར་སྦྱོང་བ་ལ་རྩལ་ཐོན་པར་བྱེད་པའི་ཐབས་ལྟ་བུ་ཡིན་ཞིང༌། དེ་ནས་བག་ཆགས་ལ་བརྟེན་པའི་རྨི་ལམ་གྱི་ལུས་དང་། སྣང་བ་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་སོགས་པར་སྦྱོང་བའི་ཚུལ་རྣམས་ནི་རྨི་ལམ་གྱི་དགེ་སྦྱོར་གྱི་དངོས་གཞི་ཡིན་ལ། དེ་དག་གི་ནང་ནས་ཀྱང་གཉིད་ཀྱི་སྟོང་པའི་འོད་གསལ་ལས་རླུང་སེམས་ཙམ་གྱི་ལྷ་སྒྱུ་མ་ལྟ་བུར་སྐད་ཅིག་གིས་ལྡང་བ་རྨི་ལམ་གྱི་དགེ་སྦྱོར་གྱི་མཐིལ་པོ་ཡིན་ནོ། །ཞིང་སྦྱོང་ནི་མཐར་ཐུག་གང་དུ་འཚང་རྒྱ་བའི་གནས་མངོན་པར་འདུ་བྱ་བ་དང་། གནས་སྐབས་སུའང་དག་པའི་ཞིང་དེ་དང་དེར་སྐྱེ་བ་འདུ་བྱ་བའི་ཆེད་ཡིན་པར་བཞེད་པས་གདམས་པའི་ཡན་ལག་ལྟ་བུའོ། །དེས་ན་གདམས་པ་འདིའི་དགོས་པའི་གཙོ་བོ་ནི་ཐ་མལ་པ་ལ་འཆི་སྲིད་ཀྱི་འོད་གསལ་ལས་རླུང་སེམས་ཙམ་གྱི་བར་སྲིད་འཆར་བ་དེ་རྣལ་འབྱོར་པས་སྒྱུ་མའི་སྐུར་ལྡང་བའི་ཆེད་ཡིན་པར་བཤད་ལ། དེའི་རིགས་པས་སྣོད་བཅུད་གཞལ་ཡས་ཁང་དང་། འཁོར་གྱི་ལྷར་སྦྱང་བ་སོགས་ཀྱང་བར་དོའི་སྣང་བ་དེ་དང་དེར་འཆར་བའི་ཆེད་ཡིན་པར་བསྟན་ཏོ། །དེ་ནས་ཡུན་དུ་རྨི་ལམ་གྱི་ཉམས་མྱོང་སྐྱོང་ཚུལ་ལ། དང་པོ་རྨི་ལམ་

p. 483

བཟུང་བ་སོགས་ནས་རིམ་པས་མྱོང་བ་ཐོན་པར་བྱ་དགོས་ཀྱང༌། དེ་ནས་ནི་གཉིད་ཀྱི་འོད་གསལ་ལས་རྨི་ལམ་གྱི་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ཏེ་མཉམ་པར་བཞག་པ་དང་། སྣོད་བཅུད་གཞལ་ཡས་ཁང་དང་ལྷར་སྦྱོང་བ་སོགས་བྱས་ལ། བསམ་གཏན་གཉིས་ཀྱིས་དེ་དག་འོད་གསལ་དུ་བསྡུས་ཏེ་མཉམ་པར་བཞག་ནས། ཡང་དེ་ལས་སྔར་བཞིན་ལྡང་བའི་ཚུལ་ཉིད་ལ་གཙོ་བོར་སྦྱངས། གཉིད་ཀྱི་འོད་གསལ་མི་ཟིན་པས་ཀྱང་རྨི་ལམ་ཟིན་མ་ཐག་ཏུ་རྨི་ལམ་ཀྱི་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་པ་སོགས་བྱ་ཞིང་། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་དང་ཞིང་སྦྱོང་ཡང་ཅི་རིགས་བྱའོ། །ཁ་ཅིག་རྨི་ལམ་འབྱོངས་ནས་ཀྱང་ཐ་མལ་གྱི་སྤྲུལ་སྒྱུར་གཙོ་བོར་བྱེད་པ་ནི་ལེགས་པར་མ་མཐོང་ངོ༌། །འོད་གསལ་དུ་འཇུག་ལྡང་བྱ་བའི་ཚུལ་སད་དུས་ཀྱི་སྒྱུ་ལུས་སྒོམ་པའི་སྐབས་སུའང་གཙོ་བོར་བྱེད་མོད་ཀྱང༌། རྨི་ལམ་དུ་སྒོམ་པ་ཆེས་ཕྲ་བའི་གནད་ཀྱིས་བར་དོ་སྒྱུ་མའི་སྐུར་ལྡང་བའི་ཚོད་འཛིན་དུ་འགྱུར་བ་དང༌། སད་རྨི་གཉིས་ཀར་བསྒོམས་པས་གཅིག་གི་བོགས་གཅིག་གིས་ཕྱུང་སྟེ་རྟོགས་པ་མངོན་དུ་བྱེད་པ་ལ་མྱུར་ཁྱད་ཆེ་བས། སད་རྨི་གཉིས་ཀར་སྒྱུ་ལུས་ཀྱི་གདམས་པ་སྤེལ་མར་བསྒོམ་དགོས་པ་ཡིན་ནོ། །དེ་ལྟར་རྨི་ལམ་གྱི་གདམས་པ་ཉམས་སུ་བླངས་པ་ལས་གནས་སྐབས་སུ་སད་དུས་དང་། རྨི་དུས་གཉིས་ཀའི་འཁྲུལ་སྣང་གི་བདེན་ཞེན་ལྡོག་ཅིང་འཁྲུལ་པ་བག་ཆགས་དང་བཅས་པ་སྦྱོང་བ་དང༌། སྣང་བ་ཐམས་ཅད་སེམས་སུ་ཤེས་ཤིང་སེམས་རང་བཞིན་མེད་པ་རྨི་ལམ་ལྟ་བུར་རྟོགས་པ་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་འཆིང་གྲོལ་མེད་པ་སྒྱུ་མ་ལྟ་བུར་རྟོགས་པ་ལ་སོགས་པའི་རྟོགས་པ་འཆར་ལ། གཞན་ཡང་མ་དག་པའི་སྣང་ཞེན་ཕྲ་རགས་སྦྱངས་ཏེ་སྒྱུ་མ་ལྟ་བུར་དག་པའི་སྣང་བ་བསྐྱེད་ནས་མཐར་ཐུག་སྒྱུ་མའི་ལོངས་སྐུ་མངོན་དུ་བྱེད་པར་གསུངས་སོ། །

p. 484

༈ རྩ་བའི་ཆོས་བཞི་པ་ལམ་གྱི་སྙིང་པོ་འོད་གསལ་མ་རིག་མུན་སེལ་གྱི་གདམས་པ་ལ། ཐོག་མར་སྤྱིར་འོད་གསལ་གྱི་མན་ངག་ཤེས་པར་བྱ་བ་ནི། དཀའ་བ་སྤྱད་པའི་གནད་ཀྱི་ཡི་གེ་ཕྱི་མ་ལས། འོད་གསལ་འདི་ནི་རྣམ་ལྔ་སྟེ། །རང་བཞིན་གྱི་ནི་འོད་གསལ་དང་། །ཤེས་པའི་འོད་གསལ་འཆར་བ་དང་། །ཏིང་ངེ་འཛིན་གྱི་འོད་གསལ་དང་། །དེ་བཞིན་ཉིད་ཀྱི་འོད་གསལ་དང་། །རྟོགས་པའི་འོད་གསལ་བསྟན་པའོ། །དེ་ལ་དུས་ནི་ལྔ་ཡིན་ཏེ། །འཆི་བའི་དུས་དང་དབུ་མར་གནས། །མཉམ་བཞག་དང་ནི་ལོག་པའི་ཚེ། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ལྷག་མཐོང་རྟོགས་པའི་དུས་ཡིན་ནོ། །ཞེས་རང་བཞིན་གྱི་འོད་གསལ་འཆར་བའི་དུས་འཆི་བའི་ཚེ་དང་། རླུང་དབུ་མར་གནས་པའི་འོད་གསལ་མཉམ་བཞག་གི་དུས་དང་། ཏིང་ངེ་འཛིན་གྱི་འོད་གསལ་གཉིད་ལོག་པའི་དུས་དང་། དེ་བཞིན་ཉིད་ཀྱི་འོད་གསལ་མཉམ་རྗེས་གཅིག་ཏུ་འདྲེས་པའི་དུས་དང་། རྟོགས་པའི་འོད་གསལ་ལྷག་མཐོང་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་དུས་མངོན་དུ་འགྱུར་བར་གསུངས་ལ། འདིར་རང་བཞིན་གྱི་འོད་གསལ་དྲི་མེད་དེ་མངོན་དུ་འགྱུར་བའི་ཐབས་བྱེ་བྲག་ཏུ་ཉམས་སུ་ལེན་ཚུལ་ནི། རྗེ་ནཱ་རོ་པ་ཆེན་པོས། གཉིད་དང་རྨི་ལམ་བར་ཞིག་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །རྗེས་ལ་འོད་གསལ་རྒྱ་ཡིས་ཐེབས། །རྨི་ལམ་འོད་གསལ་འཐུག་པོ་ཉིད། །མིང་ཡང་འོད་གསལ་གྱི་གདམས་ངག་ཟེར། །སེམས་སྐྱེ་མེད་དུ་རྟོགས་སམ་ལོ་ཙཱ་བ། །ཞེས་དང་། ཏི་ཤྲི་སངས་རྒྱས་རས་ཆེན་གྱི་ཞལ་ནས། གནད་བཞི་སྔོན་དུ་སོང་བ་ཡིས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཧཱུྃ་ཡིག་སྔོན་པོ་བསྒོམ་པ་ཡིས། །སྣང་བ་གསུམ་པོ་

p. 485

ཐིམ་པའི་མཐར། །གཏི་མུག་མུན་པ་དྭངས་པ་དང་། །གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །ཞེས་སོགས་གསུངས་པའི་དོན་འབའ་རོམ་རང་ལུགས་ཀྱི་ཁྲིད་གཞུང་གྲུབ་པའི་སློབ་དཔོན་རྣམས་ཀྱི་དགོངས་རྒྱན་ཡེ་ཤེས་མཁའ་འགྲོའི་གསང་ཚིག་ལས་ཇི་སྐད་བསྟན་པ་ལྟར་ཉམས་སུ་བླང་བྱའི་གཙོ་བོ་དངོས་ཡིན་ལ། སྐབས་འབྲེལ་དྭགས་པོའི་སྙན་བརྒྱུད་ཀྱི་དགོངས་པ་སྒམ་པོ་པ་ཀུན་མཁྱེན་མངྒ་ལའི་ཆོས་དྲུག་གསང་ཆེན་གཉུག་གསལ་དང་སྦྱར་ནས་འཆད་པ་ལ་བཞི་སྟེ། མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ལོ། །དང་པོ་ལ་གཉིས། འོད་གསལ་ཟིན་པའི་ཐབས་དང་། འོད་གསལ་འཛིན་པ་དངོས་སོ། །དང་པོ་ནི། གཉིད་ཀྱི་འོད་གསལ་མི་ཟིན་པའི་རྒྱུ་སྤང་ཞིང་ཟིན་པའི་རྒྱུ་སྒྲུབ་དགོས་པས་དེ་དག་ཕལ་ཆེར་རྨི་ལམ་གྱི་སྐབས་སུ་བཤད་པ་ལྟར་བྱ་ཞིང་། གཞན་ཡང་ལུས་ལ་ཁྲུས་བྱས་ཏེ་བསྐུ་མཉེ་བྱ། བཟའ་བཏུང་དྲོད་བཅུད་ཅན་བསྟེན་ཞིང་བྱང་སེམས་བསྲུང་། ཤིན་ཏུ་དབེན་པར་མཚམས་དམ་དུ་བཅད་ཅིང་སྤྱོད་ལམ་དལ་བར་བྱའོ། །དེ་ནས་ཁྱད་པར་གྱི་སྔོན་འགྲོ་རྣམས་བྱ་ཞིང་ཐུན་གྱི་སུམ་ཆར་གཏུམ་མོ་བསྒོམ། དེ་ནས་རང་གི་སྙིང་གའི་རྩ་འཁོར་གྱི་དབུས་སུ་བླ་མ་རྡོ་རྗེ་འཆང་སྔོན་པོ་ཡུམ་དང་བཅས་པ་བསྒོམས་ནས། དེ་ལ་ཆོས་སྐུའི་མོས་པ་བསྐྱེད་དེ་འོད་གསལ་ཟིན་པ་དང་དེའི་རྟོགས་པ་མཐའ་དག་རྒྱུད་ལ་སྐྱེ་བར་གསོལ་བ་དྲག་ཏུ་བཏབ་ལ། རང་ཡི་དམ་གྱི་སྐུ་སྒྱུ་མ་ལྟ་བུར་གསལ་བའི་སྙིང་གའི་རྩ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་སྔོན་པོ། འདབ་མར་མདུན་དུ་ཨ་དཀར་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་གསལ་བར་བསྒོམ་པའམ་ཧཱུྃ་ཁོ་ན་བསྒོམས་ཀྱང་རུང་བར་བཤད་དེ། ཧཱུྃ་ལ་རྩེ་

p. 486

གཅིག་ཏུ་རིག་པ་བཏད་པའི་རླུང་ཁ་སྦྱོར་ཅི་རིགས་པ་བསྒོམ། ཡང་ན་ཧཱུྃ་ལ་འཇུག་གནས་དབྱུང་གསུམ་གྱི་རྡོར་བཟླས་བྱས་ཀྱང་རུང་ངོ་། །དེ་ནས་སྒྱུ་ལུས་ཀྱི་སྐབས་སུ་བཤད་པ་ལྟར་རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གྱིས་ཐམས་ཅད་སྙིང་གའི་ཧཱུྃ་ལ་བསྡུ། ཧཱུྃ་ཡང་ནཱ་དའི་བར་བསྡུ། ནཱ་ད་ཡང་མི་དམིགས་པའི་ངང་དུ་དེའི་ཐད་ཀར་རིག་པ་རྩེ་གཅིག་ཏུ་གཏད་ནས་རྟོག་མེད་ཀྱི་འོད་གསལ་ལ་ཅི་ནུས་མཉམ་པར་བཞག་ཅིང་རླུང་ཁ་སྦྱོར་ཅི་རིགས་བཟུང་། ཡང་སྐད་ཅིག་གིས་ལྷ་སྐུ་སྙིང་གའི་པདྨ་ཡི་གེ་དང་བཅས་པར་ལངས་ཏེ་ཧཱུྃ་ལ་དམིགས་པ་སོགས་སྔར་ལྟར་བྱའོ། །ཁ་ཅིག་ཚུལ་འདི་གཉིད་ཁ་ཁོ་ནར་བསྒོམ་པས་ཆོག་པར་འདོད་པ་ནི་གནད་མ་མཐོང་བ་སྟེ། སད་དུས་ཀྱི་ཐུན་ཐམས་ཅད་དུ་དེ་ལྟར་བསྒོམས་པས་སྙིང་གར་རླུང་འདུ་བ་བྱས་ནས་གཉིད་དུས་དེར་རླུང་འདུ་བ་སླ་ཞིང་བརྟན་པས་འོད་གསལ་འཆར་ཡུན་རིང་བ་དང་། སད་དུས་བསྒོམས་པའི་ཤུགས་ཀྱིས་གཉིད་དུས་ཀྱི་འོད་གསལ་ཟིན་བདེ་བ་དང་ཟིན་ཡུན་རིང་བ་སོགས་ཀྱི་གནད་ཆེའོ། །གཞན་ནི་འོད་གསལ་འཛིན་ཡང་དཀའ་ཞིང་བརྒྱ་ལ་ཟིན་ཡང་ཤིན་ཏུ་མི་བརྟན་པ་ཡིན་ནོ། །དེས་ན་ཚུལ་དེ་ལྟར་བསྒོམས་པ་ལ་བརྟེན་ནས་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་བསྐྱེད་ནུས་ན་ནི་མཆོག་ཏུ་བསྔགས་ལ། དེ་མི་ནུས་ཀྱང་སད་དུས་ཀྱི་ཐུན་ཐམས་ཅད་དུ་དེ་ལྟར་བསྒོམ་པ་ནི་འོད་གསལ་འཛིན་པའི་ཐབས་གཙོ་བོ་ཡིན་ནོ། །ཁ་ཅིག་གསང་འདུས་ཀྱི་མན་ངག་ཏུ་འབྱུང་བའི་ཐིག་ལེ་དཀར་དམར་གྱི་དབུས་སུ་ཨ་ཤད་ལ་རླུང་སྦྱོར་བྱེད་པ་འདིར་འཆད་པ་ནི་འགལ་བ་མེད་མོད་ཀྱང་། དེ་ལ་གནད་ལྷག་པ་མི་སྣང་ཞིང་ཆོས་དྲུག་གི་གཞུང་ཕལ་ཆེར་ལས་མི་འབྱུང་བས་སྔར་བཤད་པ་ཉིད་ལེགས་སོ། །གཉིས་པ་ནི། སད་དུས་སུ་རླུང་དབུ་མར་ཐིམ་པ་ལས་སྟོང་

p. 487

པ་བཞི་བསྐྱེད་ནུས་པས་ནི་གཉིད་དུ་འགྲོ་བར་རྩོམ་པའི་ཚེ་སྙིང་གའི་ཧཱུྃ་ཁོ་ན་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་གཉིད་པས། གཉིད་ཀྱི་སྟོང་པ་བཞི་རིམ་གྱིས་འཆར་བར་ངེས་ནས་འོད་གསལ་ཟིན་པར་བཤད་ལ། དེ་ལྟར་མི་ནུས་པས་ནི་རིམ་པས་སྦྱངས་ཏེ་འཛིན་དགོས་སོ། །དེ་ལ་དུས་ཀྱི་གནད་ནི། སྲོད་ལ་སོགས་པ་གཉིད་འཐུག་པའི་དུས་སུ་མ་གོམས་པས་ཟིན་དཀའ་བས་ཐོ་རངས་དང་ནམ་ལངས་པ་སོགས་གཉིད་ཅུང་ཟད་སྲབ་པའི་དུས་སུ་བཟུང་ངོ་། །ལུས་ཀྱི་གནད་ནི། སྔས་མཐོ་བ་ལ་སེང་གེའི་ཉལ་སྟབས་བྱ་བར་བཤད་ཀྱང་གཉིད་ཕེབས་ན་ཙོག་གཉིད་བྱས་པ་ཟིན་བདེའོ། །ཡུལ་གྱི་གནད་ནི། རང་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བའི་སྙིང་གའི་རྩ་འཁོར་གྱི་དབུས་སུ་པདྨ་ཡི་གེ་ལྔ་དང་བཅས་པ་ལ་རིམ་པས་དམིགས་པ་གཏོད་པ་སྟེ་གནད་གསུམ་མམ། ཡང་ན་དེ་ཐོག་ཏུ་རླུང་གི་གནད་རླུང་ཁ་སྦྱོར་ཅི་རིགས་བཟུང་། འདུན་པའི་གནད་གཉིད་ཀྱི་སྣང་མཆེད་ཐོབ་གསུམ་རྫོགས་ནས་རྨི་ལམ་མ་རྨིས་པའི་བར་དེར་འོད་གསལ་ཅི་ནས་ཀྱང་ཟིན་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཉེར་གཅིག་སོགས་བྱ་སྟེ་གནད་ལྔའོ། །འགའ་ཞིག་གཉིད་དུ་འགྲོ་བར་རྩོམ་པའི་སྔོན་དུ་སྔར་བཤད་པ་ལྟར་ལྷ་སྐུ་ཧཱུྃ་དང་བཅས་པ་འོད་གསལ་དུ་བསྡུས་ཏེ་མཉམ་པར་བཞག་པ་ལན་དུ་མར་བྱ་བར་ཡང་བཞེད་དོ། །དེ་ནས་གཉིད་མི་བྲོ་བར་སྣང་བ་བཀྲ་བ་ཐ་མལ་གྱི་དུས་ཡི་གེ་ཨ་ལ་རིག་པ་རྩེ་གཅིག་ཏུ་གཏད་ལ་ངོ་བོ་བསྐྱང་། དེ་བཞིན་དུ་གཉིད་དུ་འགྲོ་བར་རྩོམ་པའི་ཚེ་ནུ་དང་གཉིད་འཐུམ་པའི་ཚེ་ཏ་དང་ཆེར་འཐུམ་པའི་ཚེ་ར་དང་འཐུམ་གྱི་འགྲོ་བའི་ཚེ་ཧཱུྃ་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་ངོ་བོ་བསྐྱང་ངོ་། །དེ་ཡང་དང་པོར་གཉིད་དུ་འགྲོ་བར་རྩོམ་པ་དང་གཉིད་འཐུམ་པའི་སྐབས་ཙམ་ལས་ཕྱི་མ་གཉིས་མི་ངེས་ཀྱང་། སྦྱངས་སྟོབས་ཀྱིས་རིམ་པས་ངེས་ནུས་པ་

p. 488

ཙམ་འབྱུང་ལ། དེ་ལ་ཡང་གཉིད་དུ་འཐུམ་གྱིས་སོང་བ་དང་དྲན་མེད་དུ་འགྲོ། དེ་ནས་ཀྱང་ཡུན་དུ་སྦྱངས་པས་གཉིད་ཀྱི་དྲན་མེད་སངས་ནས་རྨི་ལམ་མ་རྨིས་པའི་བར་དེར་ནམ་མཁའ་གཡའ་དག་པ་ལྟ་བུའི་སེམས་ས་ལེ་སིང་ངེ་བ་ཞིག་སྐབས་ཤིག་ཏུ་ངོས་ཟིན་པར་འགྱུར་ཏེ་འོད་གསལ་ཅུང་ཟད་ཟིན་པ་ཡིན་ནོ། །གལ་ཏེ་མ་ཟིན་ན་འོད་གསལ་ཟིན་པའི་གསོལ་བ་བཏབ་སྟེ་འདུན་པ་དྲག་པོས་གཉིད་ཐུན་ཆུང་བར་བྱས་ནས་སྙིང་གའི་ཧཱུྃ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་རིག་པའི་ངོ་བོ་བསྐྱང་ལ་གཉིད་ནམ་སད་རེས་ཀྱིས་ཟིན་མ་ཟིན་བལྟ། དེས་ཀྱང་མ་ཟིན་ན་སྲོད་དང་ནམ་གུང་གཉིད་བཅག་ནས་ནམ་ལངས་པ་ན་མགོ་གོས་ཀྱིས་མ་གཡོགས་པར་གཉིད་དེ་སྒྲུབ་གྲོགས་ཤིག་ལ་གཉིད་མ་སད་ཙམ་དུ་འོད་གསལ་ཟུངས་ཤིག་པའི་བརྡ་ཐབས་བྱེད་དུ་བཅུག་ནས། དེའི་ཚེ་རང་སྙིང་གའི་ཧཱུྃ་ལ་སེམས་གཏད་དེ་རིག་པའི་ངོ་བོ་རྩེ་གཅིག་ཏུ་བསྐྱངས་པས་ཟིན་པར་བཤད་ལ། འགའ་ཞིག་ཏུ་ཞག་གསུམ་ཙམ་གཉིད་བཅག་སྟེ་དེ་ལྟར་བྱ་བར་བཤད་དོ། །གལ་ཏེ་དེ་ལྟར་འབད་ཀྱང་མ་ཟིན་ན་བླ་མ་དག་རེ་ཞིག་སྲབ་མོའི་འོད་གསལ་འཛིན་པར་བཞེད་དེ། དེ་ལ་རང་གི་སྙིང་གའི་རྩ་འཁོར་གྱི་དབུས་སུ་ཡི་དམ་གྱི་ལྷ་ཚོན་གང་བ་ཤིན་ཏུ་འཚེར་བ་ཞིག་བསྒོམས་ལ་དེའི་འོད་ཀྱིས་ལུས་ཕྱི་ནང་ཐམས་ཅད་གསལ་སིང་ངེ་ཡོད་པར་ཉིན་མོ་དང་ཉལ་ཀར་བསྒོམ་ཞིང་། གཉིད་དུ་འགྲོ་བའི་ཚེ་དེ་ལ་སེམས་གཏད་དེ་གཉིད། ཡང་ཡི་གེ་ལྔ་ཤིན་ཏུ་འཚེར་བའི་འོད་ཀྱིས་ལུས་ཀྱི་ནང་དང་མལ་སའི་ཁྱོན་ཙམ་དུ་གསལ་བར་དམིགས་ཏེ་གཉིད་པས་ཟིན་པར་བཤད་དོ། །དེ་ལ་འབད་ཀྱང་མ་ཟིན་ན་རེ་ཞིག་ཉམས་ཀྱི་འོད་གསལ་འཛིན་པར་བཞེད་དེ། དེ་ལ་རང་གི་སྙིང་གར་ཆོས་འབྱུང་གི་ནང་དུ་འོད་ཀྱི་གོང་བུ་བྱ་མོའི་སྒོ་ང་ཙམ་པ། ཤེལ་གོང་ལྟར་གསལ་ཞིང་འཚེར་བ་

p. 489

ལུས་ཕྱི་ནང་གི་གཟུགས་བརྙན་ཐམས་ཅད་བཀྲ་བར་འཆར་བ་ཞིག་བསྒོམས་ནས་དེ་ལ་རིག་པ་གཏད་པ་དང་། སྙིང་གར་འོད་ཁ་དོག་ལྔ་པ་གའུའི་རྣམ་པ་ཅན་ལ་རིག་པ་གཏད་པ་དང་། མདུན་དུ་ཤེལ་ལམ་ཅོང་ཞིའི་ཀོང་བུར་མར་མེ་སྦར་བ་ལ་མིག་ཟིམ་མེ་བལྟ་ཞིང་སེམས་ཀྱི་ངོ་བོ་བསྐྱང་བས་ཟིན་པར་བཞེད་དེ། སྲབ་མོ་དང་ཉམས་ཀྱི་འོད་གསལ་འཛིན་པ་ལ་ཡང་གྲོགས་ཀྱིས་བརྡ་ཐབས་བྱ་བ་གནད་དུ་འགྲོའོ། ། འགའ་ཞིག་རྩ་རླུང་དང་ཐིག་ལེའི་དྭངས་མ་སོགས་ལ་འཛིན་པའི་ཚུལ་མང་དུ་བྱེད་ཀྱང་དམིགས་རྐང་མང་བ་ཙམ་ལས་གནད་ལྷག་པ་མི་སྣང་ངོ་། །
༈ གཉིས་པ་ཟིན་པ་བརྟན་པར་བྱེད་པ་ནི། འོད་གསལ་ཡད་ཡུད་རེ་ཟིན་ཡང་མི་བརྟན་ན་དེའི་སྐྱོན་བསལ་ནས་སྦྱང་བར་བྱ་ཞིང་། དེ་ཡང་གཉིད་དུ་འགྲོ་བ་དང་གཉིད་ཅུང་ཟད་སྲབ་པ་གཉིས་ཚོགས་པར་བྱ་དགོས་ཏེ། དེ་ལ་གཉིད་མ་ཕེབས་ན་ཟས་དྲོད་བཅུད་ཅན་བསྟེན་ཞིང་བསྐུ་མཉེ་བྱ་བ་སོགས་གཉིད་འོང་བའི་ཐབས་བྱས་ལ། སྙིང་གའི་པད་འདབ་ཀྱི་ལྟེ་བར་ཐིག་ལེ་སྔོན་པོའམ་ནག་པོ་ལ་སེམས་ལྷོད་ཀྱིས་གཏད་ལ་གཉིད། གཉིད་འཐུག་ན་སྙིང་གར་ཡི་གེ་ལྔའམ་ཐིག་ལེ་དཀར་དམར་ཤིན་ཏུ་འཚེར་བ་ཞིག་བསམས་ཏེ། དེའི་འོད་ཀྱིས་ལུས་ཀྱི་ནང་ཙམ་མམ་སྒྲུབ་ཁང་གི་ནང་ཙམ་ཉི་མ་ཤར་བ་ལྟར་གསལ་ཆམ་མེ་བསམས་ལ་གཉིད། ཐམས་ཅད་དུ་འོད་གསལ་འཛིན་པའི་འདུན་པ་དྲག་པོས་བརྩོན་པ་བསྐྱེད་པས་ཟིན་པ་ཅུང་ཟད་བརྟན་པར་འགྱུར་ཏེ། དེ་ལ་རབ་ཀྱིས་འོག་ཏུ་འཆད་པའི་གཉིད་ཀྱི་སྣང་མཆེད་ཉེར་ཐོབ་འོད་གསལ་བཞི་རིམ་གྱིས་ངེས་ནས་ཡུལ་ཕྲ་རགས་འགགས་པས་སྣང་མེད་ཀྱི་སེམས་ངོས་བཟུང་མེད་པ་ནམ་མཁའ་གཡའ་དག་པ་ལྟ་བུར་ངོས་ཟིན་པ་ནི་གཉིད་

p. 490

ཀྱི་འོད་གསལ་དངོས་གཞི་ཡིན་ལ། འབྲིང་གིས་གཉིད་ཀྱི་སྟོང་པ་བཞི་རིམ་ཅན་དུ་མ་ངེས་པར་གཉིད་འཐུག་པོ་སངས་པ་ན་ཡུལ་ཕྲ་རགས་ཀྱི་སྣང་བའང་མ་འགགས་པའི་སེམས་གསལ་སྟོང་སིང་ངེ་བ་ཞིག་ངོས་ཟིན་པ་དེ་སྲབ་མོའི་འོད་གསལ་ཡིན་ཞིང་། ཐ་མས་དེ་དག་གང་ཡང་མི་ངེས་པར་སྐབས་ཤིག་ཏུ་རྨི་ལམ་རྨིས་པ་མ་ཡིན་པར་འོད་ཀྱི་རྣམ་པའམ་མར་མེ་ལྟ་བུའི་གསལ་ཉམས་དང་བཅས་པའི་སེམས་ལྷམ་མེ་བ་ཞིག་ངོས་ཟིན་པ་ནི་ཉམས་ཀྱི་འོད་གསལ་ཡིན་ནོ། །གཞན་ཡང་སད་དུས་སུ་སེམས་གནས་བརྟན་པོ་ཡོད་ན་ཉིན་པར་ཏིང་ངེ་འཛིན་བསྒོམས་པའི་རྒྱུན་གཉིད་དུ་ཤར་ནས་གཉིད་ཐུན་རེ་ལ་རྨི་ལམ་མི་འཆར་བ་དང་། རྨི་ལམ་ལན་གཅིག་ཤར་བ་ཟིན་ནས་སླར་ཏིང་ངེ་འཛིན་དུ་འགྲོ་བ་སོགས་ཀྱང་འབྱུང་སྟེ། དེ་དག་ཁ་ཅིག་འོད་གསལ་དུ་འདོད་ཀྱང་གཉིད་ཏིང་ངེ་འཛིན་དུ་ཤར་བའམ་གཉིད་དུ་དགེ་སྦྱོར་ཚུགས་པ་ཡིན་པས་འོད་གསལ་གཞན་ཡིན་ཡང་འདིར་བསྒྲུབ་བྱའི་གཉིད་ཀྱི་འོད་གསལ་མིན་ལ། འོན་ཀྱང་བོགས་བཏོན་པས་མཐར་སྲབ་མོའི་འོད་གསལ་དུ་འཆར་བ་འོང་ངོ་། །དེ་ནས་འོད་གསལ་ཟིན་ལུགས་གང་བྱུང་ཡང་རེ་ཞིག་སྔར་བཤད་པའི་བཟུང་ཐབས་མྱོང་བ་གང་སྐྱེ་བདེ་བ་ཞིག་གིས་བཟུང་སྟེ། ཟིན་པ་ན་གནས་ལུགས་སྟོང་ཉིད་ཀྱི་ལྟ་བ་རྩེ་གཅིག་ཏུ་བསྐྱང་ངོ་། །ཏིང་ངེ་འཛིན་དེ་ཟབ་ཏུ་སོང་ནས་སད་པར་རྩོམ་པ་ན་སླར་སྙིང་གའི་ས་བོན་ནམ་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་གཏད་པས་བརྟན་པར་འགྱུར་ལ། འབྱམས་སྐྱོན་གཞན་གྱིས་འོད་གསལ་སྒོམ་མ་བདེ་ན་རྨི་ལམ་གྱི་གདམས་པར་བཤད་པའི་འབྱམས་སེལ་ཅི་རིགས་བྱས་ཏེ་ཟིན་པ་བརྟན་པར་བྱའོ། །གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གསུམ། གཉིད་འཐུག་གི་འོད་གསལ་བོགས་དབྱུང་བ། སྲབ་མོའི་འོད་གསལ་བོགས་དབྱུང་བ། ཉམས་ཀྱི་

p. 491

འོད་གསལ་བོགས་དབྱུང་བའོ། །དང་པོ་ནི། སད་དུས་སུ་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞིའམ་དགའ་བ་བཞི་བསྐྱེད་ལ་དེའི་འོད་གསལ་ལམ་ལྷན་སྐྱེས་ལ་མཉམ་པར་འཇོག་པ་ལ་སྦྱང་ཞིང་། གཞན་ཡང་འོད་གསལ་ཟིན་ཐབས་དང་འཛིན་ཚུལ་སྔར་བཤད་པ་ལྟར་བྱས་ལ། དེ་ནས་གཉིད་མི་བྲོ་བའི་ཐ་མལ་གྱི་དུས་སྙིང་གའི་པད་འདབ་ཀྱི་ཡི་གེ་ཨ་ལ་སེམས་རྩེ་གཅིག་ཏུ་གཏད། དེའི་ཚེ་སྙིང་གར་རླུང་ཅུང་ཟད་འདུས་ཏེ་དུ་བ་དང་སྨིག་རྒྱུ་སོགས་འབྱུང་བ་བཞི་རིམ་པས་ཐིམ་པའི་རྟགས་ཕྲ་མོ་རེ་འཆར། དེ་ནས་གཉིད་དུ་འགྲོ་བར་རྩོམ་པའི་ཚེ་ནུ་ལ་སེམས་གཏད། དེའི་ཚེ་རླུང་ཆེར་འདུས་ཏེ་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་ཡུལ་རགས་པའི་རྟོག་པ་འགགས་ནས་སྟོང་པའི་སྣང་བ་ཞེས་པ་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཤར་བ་ལྟ་བུའི་རྣམ་པ་འཆར། དེ་ནས་གཉིད་འཐུམ་པའི་དུས་སུ་ཏ་ལ་སེམས་གཏད། དེའི་ཚེ་རླུང་ཆེས་ཆེར་འདུས་ཏེ་སྣང་བ་མཆེད་པ་ལ་ཐིམ་པས་ཡུལ་ཕྲ་བའི་རྟོག་པ་མཐའ་དག་འགགས་ནས་ཤིན་ཏུ་སྟོང་པའམ་མཆེད་པ་ཞེས་པ་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཤར་བ་ལྟ་བུའི་རྣམ་པ་འཆར། དེ་ནས་གཉིད་ཆེར་འཐུམ་པའི་དུས་སུ་ར་ལ་སེམས་གཏད། དེའི་ཚེ་རླུང་ཐམས་ཅད་འདུས་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕྲ་བ་ཕལ་ཆེར་འགགས་ནས་སྟོང་པ་ཆེན་པོའམ་ཉེར་ཐོབ་ཅེས་པ་ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་རྣམ་པ་འཆར། དེ་ནས་གཉིད་དུ་འཐུམ་གྱིས་འགྲོ་བའི་ཚེ་ཧཱུྃ་ལ་སེམས་གཏད། དེའི་ཚེ་རླུང་ཐམས་ཅད་ཐིམ་སྟེ་ཉེར་ཐོབ་འོད་གསལ་ལ་ཐིམ་པས་རྟོག་པ་ཐམས་ཅད་འགགས་ནས་ཐམས་ཅད་སྟོང་པའམ་འོད་གསལ་ཞེས་པ་ཐོ་རངས་ཀྱི་དུས་ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་ཏེ་གཡའ་དག་པའི་ནམ་མཁའ་ཤིན་ཏུ་དྭངས་པ་ལྟ་

p. 492

བུའི་རྣམ་པ་འཆར་ཏེ། དེ་དག་གི་ཚེ་གཉིད་ཀྱི་སྟོང་པ་འདི་དང་འདིའོ་སྙམ་དུ་ངེས་པར་བྱས་ཏེ་ངོ་བོ་བསྒོམ་པར་བྱ་ཞིང་། ཁྱད་པར་དུ་འོད་གསལ་གྱི་ཏིང་ངེ་འཛིན་དེའི་ངང་མ་ཤོར་བར་ཅི་གནས་སུ་བསྐྱང་ངོ་། །དེ་ཡང་དང་པོ་ཉིད་ནས་སྟོང་པ་བཞི་རིམ་ཅན་དུ་ངེས་མ་ནུས་ཀྱང་སྦྱངས་སྟོབས་ཀྱིས་ངེས་ནུས་པ་འབྱུང་ལ། མ་གོམས་པའི་ཚེ་གཉིད་སྲབ་པའི་དུས་ལ་སྦྱང་ཞིང་གོམས་ནས་གཉིད་འཐུག་པའི་དུས་ལ་སྦྱང་ངོ་། །དེ་ནས་འོད་གསལ་ལས་ཉེར་ཐོབ་སོགས་སྟོང་པ་ལུགས་ལྡོག་ཏུ་འཆར་ཡང་ལུགས་འབྱུང་མ་བྱང་བར་དེ་ངོས་ཟིན་པ་ཤིན་ཏུ་དཀའ་ཞིང་། ལུགས་འབྱུང་བྱང་ནས་ལུགས་ལྡོག་ངོས་འཛིན་པའི་འཕེན་པ་བཏང་སྟེ་སྦྱངས་ན་རིམ་གྱིས་ཟིན་པར་བཤད་དོ། །དེ་ནས་རླུང་གཡོས་ཏེ་ཏིང་ངེ་འཛིན་ལས་ལྡང་བར་རྩོམ་པ་ན་སྙིང་གའི་ས་བོན་ལ་རིག་པ་རྩེ་གཅིག་ཏུ་གཏད་དེ་བརྟན་པར་བྱ་ལ། ཅི་ནས་ཀྱང་ལྡང་ན་སྲབ་མོའི་འོད་གསལ་སྒོམ་པ་དང་། དེ་ལས་ཀྱང་ལྡང་ན་རྨི་ལམ་གྱི་ལུས་ལྷ་སྐུར་ལངས་ཏེ་བསམ་གཏན་གཉིད་ཀྱི་འོད་གསལ་དུ་བཅུག་ལ་མཉམ་པར་བཞག་པ་ཡང་དང་ཡང་དུ་བྱའོ། །འདི་དག་ལ་སད་དུས་སུ་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞིའམ་དགའ་བ་བཞི་བསྐྱེད་ནུས་པ་ཞིག་དང་། དེའི་འོད་གསལ་ལམ་ལྷན་སྐྱེས་ལ་མཉམ་པར་འཇོག་པ་གོམས་པ་ཞིག་དགོས་ཀྱི། གཞན་ནི་སྟོང་པ་བཞི་ཆ་མཐུན་ཙམ་ལས་མཚན་ཉིད་རྫོགས་པ་མི་འཆར་ཞིང་ཡུན་ཐུང་བས། སྣང་མཆེད་གཉིས་ཙམ་ངེས་པ་འབྱུང་ཡང་ཉེར་ཐོབ་ངེས་པ་དཀའ་ལ། འོད་གསལ་ངེས་པ་ཤིན་ཏུ་ཡང་དཀའ་བ་ཡིན་ནོ། །གཉིས་པ་ནི། གཉིད་འཐུག་འོད་གསལ་བསྒོམ་པར་མི་ནུས་ན་རེ་ཞིག་སྲབ་མོའི་འོད་གསལ་བསྒོམ་པར་བཞེད་དེ། དེ་ལ་གནད་གཞན་ཐམས་ཅད་སྔར་བཞིན་འོད་གསལ་འཛིན་པའི་འདུན་པ་དྲག་པོས་སྙིང་གའི་ཧཱུྃ་གི་འོད་

p. 493

ཀྱིས་ལུས་ཕྱི་ནང་ཀུན་གསལ་བར་དམིགས་ནས་དགེ་སྦྱོར་གྱི་ཐོག་ཏུ་བཞག་ལ་གཉིད་པས། གཉིད་ཀྱི་སྟོང་པ་ཐམས་ཅད་མ་ངེས་ཀྱང་ཅི་རིགས་ངེས་ཤིང་གཉིད་འཐུག་པོ་སངས་ནས་རྨི་ལམ་མི་འཕྲོ་བའི་བར་དེར་འདུན་སྟོབས་དང་རླུང་སྟོབས་ཅི་རིགས་པས་ཟིན་ནས་ཡུལ་ཕྲ་རགས་ཀྱི་སྣང་བ་མ་འགགས་པའི་སེམས་གསལ་སྟོང་སིང་ངེ་བ་གཉིད་དུ་མ་སོང་བའི་རྣམ་པ་ལྟ་བུ་ཞིག་འབྱུང་། རེས་རྨི་ལམ་དང་བསྲེས་ནས་འབྱུང་ངོ་། །དེའི་ཚེ་སྙིང་གའི་ཧཱུྃ་ལ་སེམས་གཏད་ནས་རིག་པའི་ངོ་བོར་རྩེ་གཅིག་ཏུ་བསྐྱངས་པས་འོད་གསལ་དེ་བརྟན་པོར་འཆར་ལ། གལ་ཏེ་དེས་གཉིད་འཐུག་པོ་བསྐྱེད་ནས་སྣང་སེམས་མི་གསལ་བར་གྱུར་ན་སྐྱོན་དུ་མི་བཟུང་བར་རིག་པའི་ངར་ཅུང་ཟད་བསྐྱེད་དེ་བསྐྱངས་པས། ཅི་ཞིག་ན་འཐུག་པོའི་འོད་གསལ་ཅུང་ཟད་ཟིན་པར་འགྱུར་བ་ཡིན་ནོ། །རླུང་གིས་གཡོ་བས་ཅི་ནས་ཀྱང་རྨི་ལམ་འཆར་ན། རྨི་ལམ་གྱི་ལུས་སྒྱུ་མ་ལྟ་བུའི་ལྷ་སྐུ་སྙིང་གའི་ས་བོན་དང་བཅས་པར་སྐད་ཅིག་གིས་ལངས་ལ། རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གྱིས་དེ་དག་རིམ་པས་བསྡུས་ཏེ་རྟོག་མེད་ཀྱི་འོད་གསལ་ལ་ཅི་གནས་མཉམ་པར་བཞག །ཡང་རྨི་ལམ་འཆར་བར་རྩོམ་པ་ན་སྔར་བཞིན་ལྡང་ངོ་། །སྲབ་མོའི་འོད་གསལ་འདི་ཉིད་སྤྱིར་གཉིད་ཀྱི་འོད་གསལ་ཡིན་ཡང་སྟོང་པ་བཞི་པའི་འོད་གསལ་དངོས་ནི་མིན་ཏེ། དེ་ལ་ཡུལ་ཕྲ་རགས་ཀྱི་སྣང་བ་དང་རྟོག་པ་ཐམས་ཅད་ཐིམ་པའི་སྣང་མེད་ཅིག་དགོས་པ་ལས་འདིར་སྣང་མེད་དེ་སངས་ནས་ཡུལ་ཕྲ་རགས་ཀྱི་སྣང་བ་མ་འགགས་པར་གསལ་བས་སོ། །འོན་ཀྱང་འདི་ཉིད་ལ་གོམས་པ་ལས་གཉིད་ཀྱི་སྟོང་པ་ཅི་རིགས་ངེས་ནུས་པ་དང་མཐར་རིམ་ཅན་དུ་ངེས་ནས་གཉིད་ཀྱི་འོད་གསལ་དངོས་གཞི་འཆར་བར་བཤད་དོ། །དེས་ན་དེང་སང་འོད་གསལ་ཟིན་ཟེར་བ་ཕལ་ཆེར་ནི་གཉིད་དུ་དགེ་སྦྱོར་

p. 494

ཤར་བ་དང་འོད་གསལ་གྱི་ཉམས་ཤར་བ་ཙམ་དུ་སྣང་ཞིང་། ཟིན་ལུགས་ལེགས་པ་འགའ་ཞིག་ཀྱང་སྲབ་མོའི་འོད་གསལ་ཙམ་དུ་སྣང་བས་སྟོང་པ་བཞི་པའི་འོད་གསལ་དངོས་མིན་ཏེ་རྣམ་དབྱེ་ཤེས་དགོས་སོ། །གསུམ་པ་ནི། གཉིད་འཐུག་སྲབ་ཀྱི་འོད་གསལ་སྒོམ་མ་ནུས་ན་རེ་ཞིག་ཉམས་ཀྱི་འོད་གསལ་བསྒོམ་པར་བཞེད་དེ། དེ་ལ་གནད་གཞན་ཐམས་ཅད་སྔར་བཞིན་ལས། རྩ་དབུ་མ་ཤེལ་གྱི་ཀ་བ་ལྟ་བུ་ཤིན་ཏུ་དྭངས་ཤིང་སྒྲིབ་གཡོགས་མེད་པའི་ནང་གི་སྙིང་གར་པདྨའི་དབུས་སུ་ཧཱུྃ་དཀར་པོ་ཤིན་ཏུ་འཚེར་བ་ཞིག་བསམ། དེའི་འོད་ཀྱིས་ལུས་ཀྱི་ནང་དང་སྒྲུབ་ཁང་གི་ནང་ཐམས་ཅད་ཟླ་འོད་ཤར་བ་ལྟར་དཀར་སང་ངེ་བསམས་ལ་གཉིད། ཡང་སད་རེས་ཀྱིས་དེ་ལྟར་གསལ་བཏབ་ལ་སྦྱངས་པས་འོད་ཀྱི་རྣམ་པ་ལྟ་བུའི་གསལ་ཉམས་དང་བཅས་པའི་སེམས་ས་ལེ་བ་ཞིག་འཆར་ཏེ། དེའི་ངང་མ་ཤོར་བར་རྩེ་གཅིག་ཏུ་བསྐྱང་ཞིང་རིག་པའི་ངར་བསྐྱེད་དོ། །མན་ངག་འགའ་ཞིག་ལས་དེ་ལ་འབྱོངས་པ་ན་སྙིང་གའི་ས་བོན་གྱི་འོད་ཀྱིས་སྒྲུབ་ཁང་གི་ནང་གི་དངོས་པོ་ཐམས་ཅད་སྣང་བར་བྱས་ནས་བཀྲ་ལམ་མེ་ཡིད་ལ་བྱས་ཏེ་གཉིད་པས་སྦྱངས་སྟོབས་ཀྱིས་དེ་དག་གསལ་བར་རིག་པ་འབྱུང་ཞིང་། དེ་ལ་འབྱོངས་པ་དང་རིམ་པས་དགོན་གནས་དང་ཡུལ་ཁམས་སོགས་རྒྱ་ཇེ་ཆེར་འོད་ཀྱིས་སྣང་བར་བསམས་ནས་ཡིད་ལ་བཀྲ་བར་བྱས་ཏེ་གཉིད་པས་དེ་དག་གསལ་བར་རིག་པ་འབྱུང་བར་བཤད་དེ། རྩ་རླུང་སོགས་ཀྱི་ཁྱད་པར་ལས་འགའ་ཞིག་ལ་དེ་ལྟ་བུའི་གསལ་སྣང་ངེས་བཟུང་ཅན་འབྱུང་ཡང་ཐམས་ཅད་ལ་འབྱུང་བའི་ངེས་པ་མི་སྣང་ལ། འོན་ཀྱང་དེ་ལྟར་སྦྱངས་ན་མ་ངེས་པའི་གསལ་སྣང་ཅི་རིགས་པ་ནི་ཕལ་ཆེར་ལ་འབྱུང་ངོ་། །དེ་ནས་ཉམས་ཀྱི་འོད་གསལ་དེ་ཉིད་རིག་པའི་ངར་བསྐྱེད་དེ་བསྐྱངས་པས་མྱུར་དུ་སྲབ་མོའི་འོད་གསལ་འཆར་བ་

p. 495

དང་། དེ་ཉིད་སྦྱངས་སྟོབས་ཀྱིས་གཉིད་ཀྱི་འོད་གསལ་དངོས་གཞི་འཆར་བར་བཤད་དེ། ཕྱི་མ་ཕྱི་མ་ཤར་ནས་སྔ་མ་སྔ་མ་ནན་གྱིས་སྦྱང་དགོས་པ་མིན་ནོ། །ཁ་ཅིག་ལས་རྒྱ་ལ་བརྟེན་ནས་རླུང་དབུ་མར་ཐིམ་པ་ལས་བྱུང་བའི་སྟོང་པ་བཞི་པ་འོད་གསལ་དངོས་དང་། གཉིད་ཀྱི་སྟོང་པ་བཞི་པོ་འོད་གསལ་རྗེས་མཐུན་པར་འཆད་པ་ནི་སྐབས་འདིའི་རྣམ་དབྱེ་མིན་ཏེ། ཆོས་དྲུག་གི་གཞུང་ཁུངས་ཐུབ་ཐམས་ཅད་ནས་གཉིད་ཀྱི་འོད་གསལ་ལ་སྐབས་འདིའི་འོད་གསལ་དུ་ངོས་བཟུང་བས་སོ། །
༈ བཞི་པ་ངོ་སྤྲད་དེ་ཉམས་མྱོང་བསྐྱང་ཚུལ་ནི། སྤྱིར་འོད་གསལ་ལ་གཞི་ལམ་འབྲས་བུའི་འོད་གསལ་གསུམ་ལས། གནས་ལུགས་ཀྱི་འོད་གསལ་དང་གཉིད་ཀྱི་འོད་གསལ་དང་འཆི་བའི་འོད་གསལ་རྣམས་བསྒོམས་མ་བསྒོམ་ཐམས་ཅད་ལ་ངོ་ཤེས་རུང་མ་ཤེས་རུང་ངེས་པར་འཆར་བས་གཞིའི་འོད་གསལ་ཡིན་ལ། ཆོས་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་པ་སྤྱི་དོན་གྱི་འོད་གསལ་དང་། སད་འཐུག་འཆི་བ་གསུམ་གྱི་གནས་སྐབས་སུ་རླུང་སེམས་དབུ་མར་འདུས་ཤིང་ཐིམ་པ་ལས་སྟོང་པ་བཞི་ཤར་བ་མྱོང་ཐོག་ཏུ་རང་ངོ་ཤེས་པ་སྦས་དོན་གྱི་འོད་གསལ་དང་། ནམ་མཁའ་གཡའ་དག་པའི་དཔེས་མཚོན་པ་ཙམ་དུ་སྒྱུ་མ་ལྟ་བུའི་གཉིས་སྣང་ཕྲ་ཞིང་ཕྲ་བའང་དག་ནས་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་མཐར་ཐུག་གི་འོད་གསལ་རྣམས་ལམ་གྱི་འོད་གསལ་ཡིན་ཞིང་། མི་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པའི་འོད་གསལ་ནི་འབྲས་བུའི་འོད་གསལ་ཡིན་ནོ། །ཁྱད་པར་དུ་གཉིད་ཀྱི་འོད་གསལ་ལ་གཉིད་ཀྱི་སྐབས་སུ་དགེ་སྦྱོར་ཤར་བ་ནི་ཐུན་མོང་བའི་འོད་གསལ་དང་། སྟོང་པ་བཞི་རིམ་ཅན་ཟིན་ན་ཐུན་མོང་མིན་པའི་འོད་གསལ་ཡིན་ལ། དེ་ལ་

p. 496

ཡང་གཉིད་འཐུག་སྣང་མེད་ཟིན་ན་འཐུག་པོའི་འོད་གསལ་དང་། སྣང་མེད་སངས་ནས་ཡུལ་ཕྲ་རགས་ཀྱི་སྣང་བ་དང་བཅས་ན་སྲབ་མོའི་འོད་གསལ་ཞེས་བྱ་ཞིང་། དེ་གཉིས་ཀ་ལ་སེམས་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་ན་རྟོགས་པའི་འོད་གསལ་དང་། ཉམས་མྱོང་ངེས་ཤེས་དང་བཅས་ན་ཉམས་ཀྱི་འོད་གསལ་དུ་བཞེད་དོ། །གཞན་ཡང་ཁ་ཅིག་གཉིད་ཀྱི་ཞི་གནས་འབའ་ཞིག་ཏུ་འཆར་བ་དང་། གཉིད་སད་པ་ཡང་མ་ཡིན་རྨི་ལམ་ཡང་མ་ཡིན་པར་ཡུལ་སྣང་ཅི་རིགས་པའི་གསལ་སྣང་འཆར་བ་ལ། སྔ་མ་འཐུག་པོའི་འོད་གསལ་བཏགས་པ་བ་དང་ཕྱི་མ་སྲབ་མོའི་འོད་གསལ་བཏགས་པ་བར་འཆད་དོ། །དེ་ནས་ཡུན་དུ་ཉམས་མྱོང་བསྐྱང་ཚུལ་ནི། སྟོང་པ་བཞི་རིམ་ཅན་དུ་ངེས་ནས་གཉིད་འཐུག་འོད་གསལ་འཛིན་ནུས་པས་ནི། སད་དུས་སུ་སྒྱུ་མ་ལྟ་བུའི་ལྷ་སྐུ་བསྒོམས་ཏེ་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནས་རིམ་པས་འོད་གསལ་དུ་བསྡུ་བའི་རྣལ་འབྱོར་བྱས་ཏེ་སྟོང་པ་བཞི་པ་ལ་ཅི་ཙམ་ནུས་ཀྱི་བར་རྩེ་གཅིག་ཏུ་མཉམ་པར་བཞག །དེ་ལས་ལྡང་བར་རྩོམ་པ་ན་སྐད་ཅིག་གིས་སྒྱུ་མའི་སྐུར་ལྡང་བ་ལ་སྦྱང་ཞིང་། དེ་དང་ཚུལ་མཐུན་པར་གཉིད་དུས་སུ་གཉིད་ཀྱི་སྟོང་པ་རིམ་ཅན་དུ་འཆར་བ་ན་སྒྱུ་མ་ལྟ་བུའི་ལྷ་སྐུ་སྡུད་པའི་རྣལ་འབྱོར་གྱིས་རིམ་པས་བསྡུས་ཏེ་གཉིད་ཀྱི་འོད་གསལ་ཅི་ནུས་པ་རྩེ་གཅིག་ཏུ་བསྐྱངས་ལ་དེ་ལས་རྨི་ལམ་འཆར་བར་རྩོམ་པ་ན་སྐད་ཅིག་གིས་སྒྱུ་མའི་སྐུར་ལྡང་བ་སོགས་བྱ། དེ་ལྟར་མི་ནུས་པས་ནི་སད་དུས་སུ་རླུང་སྦྱོར་དང་བཅས་པས་སྒྱུ་མ་ལྟ་བུའི་ལྷ་སྐུ་སྡུད་པའི་རྣལ་འབྱོར་གྱིས་བསྡུས་ལ་རྟོག་མེད་ཀྱི་འོད་གསལ་ཅི་ནུས་སྐྱོང་བ་དང་། ཡང་དེ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་པ་ལ་སོགས་ལ་བསླབ་ཅིང་། གཉིད་དུས་སྣང་མཆེད་ཐོབ་གསུམ་ཅི་རིགས་ངེས་པའི་ཚེ་སྡུད་པའི་རྣལ་འབྱོར་བསྒོམས་ལ་གཉིད་ནས་

p. 497

འོད་གསལ་སྲབ་འཐུག་གང་ཟིན་རྩེ་གཅིག་ཏུ་བསྐྱང་ལ་རྨི་ལམ་འཆར་བར་རྩོམ་པ་ན་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་སྐུར་ལངས་ཏེ་སྣོད་བཅུད་གཞལ་ཡས་ཁང་དང་འཁོར་གྱི་ལྷར་སྦྱང་བ་སོགས་དང་ཞིང་སྦྱོང་སོགས་བྱའོ། །གདམས་པ་འདིའི་དགོས་པའི་གཙོ་བོ་ནི་མཐར་ཐུག་གི་འོད་གསལ་མངོན་དུ་བྱེད་པའི་ཆེད་ཡིན་ཏེ། སད་དུས་སུ་རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནས་འོད་གསལ་ལ་མཉམ་པར་འཇོག་པ་དང་། གཉིད་དུས་སུ་གཉིད་ཀྱི་སྟོང་པ་བཞི་ངོས་བཟུང་སྟེ་འོད་གསལ་ལ་མཉམ་པར་འཇོག་པ་གཉིས་གཅིག་གི་བོགས་གཅིག་གིས་ཕྱུང་སྟེ་འོད་གསལ་གྱི་རྟོགས་པ་མཐར་འབྱིན་པའི་མྱུར་ཁྱད་དུ་འགྱུར་བ་ཤེས་པར་བྱའོ། །གཞན་ཡང་རྨི་ལམ་གྱིས་བར་དོའི་ཚོད་འཛིན་ཡིན་པ་ལྟར་གཉིད་ཀྱི་འོད་གསལ་འཆི་བ་འོད་གསལ་གྱི་ཚོད་འཛིན་དུ་འགྱུར་ཏེ། འདིར་གཉིད་ཀྱི་སྟོང་པ་བཞི་ངེས་ནས་འོད་གསལ་ལ་རང་དབང་ཐོབ་ན། འཆི་བའི་ཚེ་དེའི་སྟོང་པ་བཞི་ངེས་ནས་འོད་གསལ་ལ་རང་དབང་ཐོབ་པས་འཆི་བ་ལམ་དུ་སློང་བ་ཡང་ཤེས་པར་བྱའོ། །དེ་ལྟར་འོད་གསལ་གྱི་གདམས་པ་ཉམས་སུ་བླངས་པ་ལས་གནས་སྐབས་སུ་གཟུང་འཛིན་འཁྲུལ་པའི་རྣམ་པར་རྟོག་པ་སྦྱངས་ཏེ་རང་རིག་ཡེ་ཤེས་ཀྱི་རྟོགས་པ་འཆར་བ་དང་། འོད་གསལ་གྱི་མེས་ལས་ཉོན་བག་ཆགས་དང་བཅས་པ་གཞོམ་པ་དང་། གནས་སྐབས་མཐའ་དག་འོད་གསལ་གྱི་ལམ་དུ་སློང་བ་སོགས་འབྱུང་ཞིང་མཐར་ཐུག་ཏུ་སྣང་སྲིད་ཐམས་ཅད་ཡེ་ཤེས་སུ་རྫོགས་ཏེ་འོད་གསལ་མ་བུ་འདྲེས་པས་ཐམས་ཅད་འོད་གསལ་ཆེན་པོའི་ཀློང་འབྱམས་སུ་གྱུར་ནས་རང་དོན་དུ་ཆོས་སྐུ་རྫོགས་པར་ཐོབ་ཅིང་། དེའི་རྩལ་འབྱོངས་པས་གཞན་དོན་དུ་གཟུགས་ཀྱི་སྐུས་འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་ལྷུན་གྲུབ་ཏུ་འབྱུང་བར་གསུངས་སོ། །དེ་ཡན་གྱིས་ཐབས་ལམ་ཟབ་མོ་ནཱ་

p. 498

རོའི་ཆོས་དྲུག་ལས། རྡོ་རྗེའི་ཐབས་བཞིའམ་རྩ་བའི་ཆོས་བཞིའི་ཟུར་རྒྱན་གྱི་ཁ་སྐོང་ལེགས་པར་གྲུབ་བོ། །
༈ ཡན་ལག་གི་ཆོས་ལ་གཉིས་ཡོད་པའི་དང་པོ་དང་ནཱ་རོའི་ཆོས་དྲུག་ལས་ལྔ་པ་ལམ་གྱི་བློ་ཆོད་དམ་སྐྱེལ་མ་འཕོ་བ་མ་སྒོམ་སངས་རྒྱས་ཀྱི་གདམས་པ་ནི། པཎ་གྲུབ་ཆེན་པོ་ནཱ་རོ་པའི་ཞལ་ནས། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་འབྱེད། །སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིཀ་གི་རྒྱུད་ཀྱིས་རབ་བསྐུལ་ནས། །རྣམ་ཤེས་ཚངས་པའི་ལམ་ནས་འཕེན། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཞེས་དང་། རྗེ་ཏི་ཤྲི་རས་པས། འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །བརྒྱུད་ལྡན་བླ་མ་དམ་པ་ལ། །གསོལ་བ་བཏབ་ཅིང་བྱིན་རླབས་ཞུ། །རང་ལུས་ཡི་དམ་ལྷ་རུ་བསྒོམ། །ཞེས་སོགས་གསུངས་པའི་དོན་ཁྲིད་གཞུང་ལས་འབྱུང་བ་ལྟར་ཉམས་སུ་བླང་བར་བྱ་ལ། འདིར་གསལ་བྱེད་ཀྱི་མན་ངག་སྒམ་པོ་པ་མངྒ་ལའི་གསུང་ཟིན་ལྟར་འགོད་པ་ལ་གསུམ། འཕོ་བར་བྱེད་པའི་གང་ཟག །འཕོ་བའི་གདམས་པ་དངོས་གཞི། དེ་ལྟར་འཕོས་པའི་དགོས་པའོ།། ༈ དང་པོ་ནི། འཕོ་བར་བྱེད་པའི་གང་ཟག་རབ་འབྲིང་གཉིས་ནི་འོག་ཏུ་འབྱུང་བའི་བར་དོ་འཛིན་པའི་གང་ཟག་རབ་འབྲིང་གཉིས་དང་ཕྱོགས་མཐུན་ཏེ། འཆི་བ་འོད་གསལ་ལ་མཉམ་པར་འཇོག་པ་དང་བར་དོ་སྒྱུ་ལུས་སུ་ལྡང་བ་ལ་རབ་འོད་གསལ་དུ་འཕོ་བ་དང་། འབྲིང་སྒྱུ་ལུས་སུ་འཕོ་བའི་ཐ་སྙད་བཏགས་པའོ། །དེས་ན་འཆི་བ་འོད་གསལ་དང་བར་དོ་ཟིན་ངེས་པ་དག་གིས་སྐབས་འདིའི་འཕོ་བ་ནན་གྱིས་སྦྱང་དགོས་པ་མིན་ནོ། །གང་ཟག་ཐ་མ་བསྐྱེད་རིམ་ལ་འཕོ་བ་ལའང་བསྐྱེད་རིམ་ལ་གོམས་ཤིང་

p. 499

རྩ་རླུང་ལས་སུ་རུང་བ་དང་གནས་ལུགས་ཀྱི་རྟོགས་པ་ཁྱད་པར་ཅན་དང་ལྡན་ན་མཆོག་ཏུ་བསྔགས་ལ། དེ་ལྟ་བུ་མིན་ཡང་རྩ་རླུང་བྱང་བ་དང་དགེ་སྦྱོར་གྱི་གོ་མྱོང་བརྟན་པོ་དང་ལྡན་པ་ཞིག་དགོས་ཤིང་། ཐ་མར་ཡང་རྒྱུ་འབྲས་དང་གདམས་པ་ལ་ཡིད་ཆེས་པ་དང་དམིགས་རིམ་རྣམས་ངེས་པར་ཟིན་པ་ཞིག་དགོས་སོ། །
༈ གཉིས་པ་ལ་གསུམ། སྦྱངས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ། ལུས་བཅོས་ཏེ་འཕོ་བའོ། །དང་པོ་ལ་གཉིས། འཕོ་བ་སྦྱང་བ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། སྤྱིར་འཕོ་བ་ལ་རབ་འོད་གསལ་དང་། འབྲིང་སྒྱུ་ལུས་དང་། ཐ་མ་བསྐྱེད་རིམ་ལ་འཕོ་བ་གསུམ་དུ་བཤད་པའི་སྔ་མ་གཉིས་ཚེ་འདིར་སྦྱང་བ་དང་འཆི་ཁ་བར་དོར་ལས་ལ་སྦྱོར་ཚུལ་རྣམས་སྔར་བཤད་ཟིན་ལ། འདིར་ཕྱི་མ་བརྗོད་པར་བྱ་སྟེ་དེ་ལ་འཕོ་བའི་ལས་སྦྱོར་ནུས་པ་ལ། རབ་སྐྱེས་བུ་ནད་མེད་གཅིག་གི་རླུང་ཁུག་བརྒྱ་རྩ་བརྒྱད། འབྲིང་དོན་གཉིས། ཐ་མ་སོ་དྲུག་རླུང་ཁུག་གཅིག་ཏུ་ཚུད་དགོས་པར་བཤད་ལ། འགའ་ཞིག་ལག་མཐིལ་པུས་མོ་གཉིས་སུ་ལན་གསུམ་བསྐོར་ནས་སེ་གོལ་བྱས་པ་བརྒྱ་རྩ་སོགས་ཟིན་དགོས་པར་བཞེད་དོ། །དེ་ནས་འཕོ་བ་ཁོ་ན་སྦྱོང་བ་ཡིན་ན་དང་པོར་རླུང་བུམ་པ་ཅན་རབ་འབྲིང་ཐ་མ་གསུམ་གང་རུང་ཞིག་འབྱོངས་པར་བྱའོ། །དེ་ནས་འཕོ་བ་སྦྱོང་བ་དངོས་ནི། རང་ལུགས་བླ་མ་བརྒྱུད་པའི་མན་ངག་གི་ཕྱག་བཞེས་ཁྲིད་གཞུང་ལས་འབྱུང་བའི་གསལ་སྣང་རྒྱས་འབྲིང་བསྡུས་གསུམ་པོ་གང་ཟག་སོ་སོའི་ཁམས་དབང་མོས་པའི་བྱེ་བྲག་དང་བསྟུན་ནས་རྟགས་རབ་འབྲིང་ཐ་མ་གང་རུང་རེ་མ་བྱུང་གི་བར་དུ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི་ཤིན་ཏུ་ཟབ་པའི་མནོག་ཆོས་སུ་ཤེས་དགོས་སོ། །གཉིས་པ་ལས་ལ་སྦྱར་བ་ནི། གཙོ་བོར་ཁྲིད་གཞུང་ལས་མན་ངག་གི་གནད་མདོར་

p. 500

བསྡུས་ནས་བསྟན་པ་བཞིན་ཡིན་ལ། འདིར་དྭགས་པོའི་སྙན་བརྒྱུད་ལས་ཞིབ་པར་གསུངས་པ་ལྟར་ན། འཆི་བའི་རྟགས་ཚང་ཞིང་འཆི་བ་བསླུ་བའི་ཐབས་ཀྱིས་ཀྱང་མ་བཟློག་པར་ངེས་པར་འཆི་བ་ལ་ཉེ་བའི་ཚེ་འཕོ་བར་བྱ་ཞིང་། གཞན་ནི་ལུས་ཀྱི་ལྷ་རྣམས་བསད་པའི་ཉེས་པ་སོགས་ཀྱིས་དམྱལ་བར་སྐྱེ་བར་གསུངས་པས་དུས་མིན་དུ་འཕོ་བར་མི་རུང་ངོ་། །དེ་ལ་འཆི་ལྟས་བརྟག་པའི་ཚུལ་ལ། རིང་བའི་འཆི་ལྟས་ནི་གཡས་གཡོན་གྱི་རླུང་འཕོ་བ་བཅུ་གཉིས་མི་བྱེད་པར་གང་རུང་གཅིག་ཁོ་ན་ནས་རྒྱུ་ན་འཆི་ལྟས་ཡིན་ལ། དེ་ཡང་མའི་དུས་སྦྱོར་གཡས་པའི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡས་ནས་འབྱུང་སྟེ། སྣ་བུག་གཡས་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི། དེ་བཞིན་དུ་ཞག་ལྔ་དང་བཅུ་དང་བཅོ་ལྔ་དང་ཉི་ཤུ་དང་ཉེར་ལྔ་རྒྱུ་ན་རིམ་པས་ལོ་གསུམ་དང་གཉིས་དང་གཅིག་དང་ཟླ་བ་དྲུག་དང་གསུམ་ན་འཆི་ཞིང་། ཞག་ཉེར་དྲུག་ནས་ལོ་གཅིག་གི་བར་གྱིས་རིམ་བཞིན་ཟླ་བ་གཉིས་དང་གཅིག་དང་ཕྱེད་དང་ཞག་བཅུ་དང་ལྔ་དང་གསུམ་ན་འཆི་ཞིང་། དེ་ནས་གཡོན་ནས་ཞག་གཉིས་དང་དབུ་མར་ཞག་གཅིག་རྒྱུ་ཞིང་འཆིའོ། །མའི་དུས་སྦྱོར་གཡོན་པའི་ཚེ་སྐྱེས་ན་འཆི་ལྟས་ཀྱང་གཡོན་ནས་འབྱུང་སྟེ། སྣ་བུག་གཡོན་ཁོ་ན་ནས་ཞག་གཅིག་རྒྱུ་ན་ལོ་གསུམ་ཕྱོགས་གསུམ་ན་འཆི་ཞིང་ཞག་གསུམ་རྒྱུ་ན་ཟླ་བ་སུམ་ཅུ་ན་འཆི། དེ་བཞིན་དུ་ཞག་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་ལྔ་དང་བཅོ་བརྒྱད་དང་ཉེར་གཅིག་དང་ཉེར་བཞི་དང་ཉེར་བདུན་དང་སུམ་ཅུ་རྒྱུ་ན། རིམ་པས་ཟླ་བ་ཉེར་བདུན་དང་ཉེར་བཞི་དང་ཉེར་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང་དགུ་དང་དྲུག་དང་གསུམ་ན་འཆི་ལ། དེ་ནས་ཟླ་བ་གསུམ་ལ་གཡོན་ནས་ཞག་པོ་གསུམ་དང་དེ་ནས་སྣ་བུག་གཡས་ནས་ཞག་གཉིས་དང་དབུ་མར་ཞག་གཅིག་རྒྱུ་

p. 501

ཞིང་འཆི་བར་བཤད་དོ། །ཉེ་བའི་འཆི་ལྟས་ནི་རྣ་བའི་སྒྲ་མེད་ན་ཞག་དྲུག །ལྕེའི་རོ་མེད་ན་ཞག་ལྔ། མིག་གི་དབུས་སུ་རི་མོ་སྔར་མེད་པ་བྱུང་ན་ཞག་བཞི། སྣ་ཞོམ་ཞིང་དྲི་མེད་ན་ཞག་གསུམ། ལུས་ཀྱི་རེག་བྱ་དོར་ན་ཞག་གཉིས། ཁུ་བ་མེད་ན་ཞག་གཅིག་ན་འཆི་བར་བཤད་ཅིང་། ཤིན་ཏུ་ཉེ་བའི་འཆི་ལྟས་ནང་གི་འབྱུང་བ་ཐིམ་པའི་རྟགས་ནི་བར་དོའི་མན་ངག་ཏུ་གསལ་བ་ལྟར་རོ། །འཆི་ལྟས་དེ་དག་གློ་བུར་དུ་འཆི་བ་དག་ལ་ཐམས་ཅད་འབྱུང་བའི་ངེས་པ་མི་སྣང་ཡང་བྱུང་ན་ངེས་པར་འཆི་བའི་ལྟས་ཡིན་ལ། གཞན་ཡང་རྨིས་ལྟས་སུ་རྒྱུས་མེད་ཀྱི་ཡུལ་ཕྱོགས་སུ་གཅིག་པུར་འགྲོ་བ་དང་། བོང་བུ་ལ་ཞོན་ནས་སམ་བཞོན་པ་མེད་པར་ཡང་ལྷོ་ཕྱོགས་སུ་འགྲོ་བ་དང་། རྒྱ་སྐེགས་ཀྱི་རི་ལ་མེ་ཏོག་དམར་པོ་འཐུ་བ་རྨི་བ་སོགས་མང་དུ་བཤད་དོ། །དེ་ལྟར་འཆི་ལྟས་བྱུང་ན་འཆི་བ་བསླུ་བའི་ཐབས་སྣ་ཚོགས་བྱ། དེས་ཀྱང་མ་ཟློག་པར་ངེས་པར་འཆི་ན་ཡོ་བྱད་རྣམས་བསོད་ནམས་ཀྱི་ཕྱོགས་སུ་བཏང་། འཁོར་དང་ལོངས་སྤྱོད་ལ་ཞེན་པ་སྤང་། དམ་ཚིག་ཉམས་ཆག་ལ་བཤགས་བསྡམ་དྲག་པོ་བྱ། ཡི་དམ་གྱི་བྲིས་སྐུ་སོགས་ཡོད་ན་མདུན་དུ་བཀྲམ་ལ་ལྷའི་རྣལ་འབྱོར་ཅི་རིགས་བསྒོམ། ཡི་དམ་དང་བཀའ་སྡོད་ལ་མཆོད་པ་དང་གཏོར་མ་ཕུལ་ལ་འདོད་དོན་དུ་གསོལ་བ་དྲག་པོ་གདབ། ཆགས་སྡང་སོགས་མཚམས་སྦྱོར་ངན་པ་མཐའ་དག་སྤངས་ལ་སྨོན་ལམ་བཟང་པོ་བཏབ། འོག་མིན་ལ་སོགས་པའམ་སྔགས་སྤྱོད་པའི་རིག་འཛིན་གྱི་ཞིང་ཁམས་ཡིད་ལ་བྱ་ཞིང་དེར་འཕོ་བའི་འཕེན་པ་དྲག་པོ་ཡང་ཡང་བྱ། དེ་ནས་འཆི་བ་ལ་ཤིན་ཏུ་ཉེ་བའི་རྟགས་ཤར་བ་ན་ལས་སྦྱོར་དངོས་ནི། གཞན་ཐམས་ཅད་འཕོ་བ་སྦྱོང་བའི་སྐབས་ལྟར་ལས་དབུ་མའི་ཡར་སྣ་དང་ཚངས་བུག་ཤིན་ཏུ་ཡངས་པ་ལ་ཡི་གེས་མ་བཀག་པར་ཟང་ཐལ་དུ་ཡོད་པར་བསམ། དེ་ནས་རྩ་རླུང་

p. 502

ས་བོན་གྱི་སྦྱོར་བ་དང་བཅས་ཏེ་ཧིཀ་ཉེར་གཅིག་བརྗོད་པས་ཚངས་བུག་ནས་སྐར་མདའ་ལྟ་བུར་ཡི་དམ་གྱི་ཐུགས་ཀར་འཕོ་བའི་སྦྱོར་བ་བྱས་པས། འཕོ་ནུས་པའི་རྟགས་སུ་ཤེས་པ་ནག་ཧྲིབ་བྱེད་ཅིང་དབུགས་ནང་དུ་མི་འདུས་པར་ཕྱིར་ནར་གྱིས་འགྲོ། སྤྱི་གཙུག་ན་བ་དང་གཡའ་བ་འབྱུང་། དེ་མ་བྱུང་ན་རེ་ཞིག་ཚུར་དྲངས་ལ་ངལ་གསོ། རྟགས་བྱུང་ན་སྔར་ལྟར་ཧིཀ་ཉེར་གཅིག་བརྗོད་པས་འཕོ། དེས་མ་འཕོས་ན་ཉེར་གཉིས་ནས་ཉེར་ལྔའི་བར་བརྗོད་པས་ངེས་པར་འཕོ་སྟེ། དེ་ནས་ཡི་དམ་དེ་ཡང་སྐར་མདའ་འཕོས་པ་ལྟར་གང་འདོད་པའི་ཞིང་ཁམས་དེའི་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པར་བསམ་པའམ་འོད་གསལ་དུ་བསྡུས་ཏེ་དགེ་སྦྱོར་དྲན་པར་བྱ་ཞིང་ཟླ་གྲོགས་ཡོད་ན་དགེ་སྦྱོར་གྱི་གསལ་འདེབས་བྱ་བར་ཡང་བཞེད་ལ། ལུས་ནད་མེད་དུ་འཕོ་བ་སྦྱང་བའི་སྐབས་ལས་འཆི་བར་ཉེ་བའི་ཚེ་འཕོ་བ་ལྷག་པར་སླ་བར་བཤད་དོ། །
༈ གཉིས་པ་བཙན་ཐབས་སུ་འཕོ་བ་ནི། ཁྲིད་གཞུང་ལས་དངོས་སུ་མ་བསྟན་པར་སྦས་པ་ཉིད་དྭགས་པོའི་སྙན་བརྒྱུད་ལས་གསལ་བ་ལྟར་ན། འཕོ་བ་སྦྱང་བའི་ལོང་མེད་པར་ངེས་པར་འཆི་ན་བྱ་ཞིང་། སྦྱངས་ཏེ་འཕོ་བའི་ལས་སྦྱོར་གྱི་ཚེ་ཡང་རུང་ངོ་། །དེ་ལ་ཐོག་མར་བསག་སྦྱང་ཅི་ནུས་བྱ་ཞིང་སེམས་བསྐྱེད་པ་དང་། གང་འདོད་པའི་ཞིང་དུ་འཕོ་བའི་འཕེན་པ་དྲག་པོ་བཏང་ཞིང་བླ་མ་ཡི་དམ་ལ་གསོལ་བ་གདབ་པ་སོགས་བྱ། དེ་ནས་ཤིང་ངམ་ཐག་པ་སོགས་ཀྱི་ལྡིང་ཁྲུ་གང་ཙམ་གྱིས་མཐོ་བར་བྱས་ཏེ་དེ་ལ་ལུས་གན་རྐྱལ་དུ་བྱས་པའི་རྐེད་པ་བཀལ། འོག་རླུང་བསྡམས་ལ་གཡོན་པའི་ཕྱི་རྟིང་གིས་བཤང་ལམ་དགག །གཡོན་པའི་ལོང་བུའམ་གཡས་པའི་ཕྱི་རྟིང་གིས་གསང་གནས་དགག །མཐེའུ་ཆུང་གཉིས་ཀྱིས་ཁ་དང་། སྲིན་

p. 503

ལག་གཉིས་ཀྱིས་སྣ་དང་། གུང་མཛུབ་གཉིས་ཀྱིས་མིག་དང་། མཐེ་བོང་གཉིས་ཀྱིས་རྣ་བ་དགག་གོ། །དེ་ནས་མདུན་གྱི་ནམ་མཁར་ཡི་དམ་བསྒོམ་པ་དང་། ལྷ་སྐུ་སྒྱུ་མ་ལྟ་བུའི་ལུས་ཀྱི་སྒོ་བརྒྱད་ཡི་གེ་སོགས་ཀྱིས་དགག་པ་དང་། རྩ་གསུམ་དང་ས་བོན་བསྒོམས་ལ་ཧིཀ་ཉེར་གཅིག་ལ་སོགས་པས་འཕོ་བ་རྣམས་གོང་དུ་བཤད་པ་ལྟར་བྱའོ། །
༈ གསུམ་པ་ལུས་བཅོས་ཏེ་འཕོ་བ་ནི། རང་ལུགས་མན་ངག་གི་དགོངས་པ་ཁྲིད་གཞུང་ལས་བསྟན་པ་ལྟར་ཡིན་ལ། འཕྲོས་དོན་དྭགས་པོའི་སྙན་བརྒྱུད་དང་སྦྱར་ན། སྦྱངས་ཏེ་འཕོ་བ་དང་བཙན་ཐབས་སུ་འཕོ་བར་མི་ནུས་པ་དག་གིས་བྱ་སྟེ། དེ་ལ་ངེས་པར་འཆི་བའི་དུས་ལ་བབ་པ་ན་མདུན་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཡོད་ན་བཤམས་ལ་མཆོད་ཅིང་སྐྱབས་འགྲོ་དང་སྡིག་བཤགས་དང་སེམས་བསྐྱེད་ལ་སོགས་བྱ། དུག་གསུམ་གྱི་བསམ་སྦྱོར་ལ་སོགས་པའི་མཚམས་སྦྱོར་ངན་པ་ཐམས་ཅད་སྤང་ཞིང་འཁོར་དང་ལོངས་སྤྱོད་སོགས་གང་ལ་ཡང་མ་ཆགས་པར་བྱ། ལུས་སེང་གེའི་ཉལ་སྟབས་བྱ་སྟེ། མགོ་བྱང་དུ་བསྟན་ནས་གློ་གཡས་ས་ལ་ཕབ། ལག་པ་གཡས་འགྲམ་པ་གཡས་པ་ལ་སྦྱར། ལག་པ་གཡོན་བརླ་གཡོན་པའི་སྟེང་དུ་བརྐྱང་། རྐང་པ་གཡས་འོག་དང་གཡོན་སྟེང་དུ་བཞག་ཅིང་ལོང་བུ་གཉིས་བརྩེགས་ཏེ་བརྐྱང་ལ་བག་ཙམ་བསྐུམ། དེ་ནས་དག་པའི་ཞིང་ངམ་རིག་འཛིན་གྱི་གནས་ཡིད་ལ་བྱ་ཞིང་དེར་སྐྱེ་བའི་འཕེན་པ་དྲག་པོ་བཏང་། རང་གིས་འཕོ་བའི་སྦྱོར་བ་ཤེས་ན་དེ་ཉིད་བྱ་ཞིང་མི་ཤེས་ན་བླ་མའམ་གྲོགས་ཀྱིས་འཕོ་བའི་དམིགས་པ་སྤྲོད་པ་སོགས་བྱ། དེ་ཡང་མེད་ན་སྤྱི་གཙུག་ཏུ་ཡི་དམ་བསྒོམས་ལ་དེའི་ཐུགས་ཀར་རིག་པ་རྩེ་གཅིག་ཏུ་གཏད་དེ་དབུགས་ཐོག་གཅིག་ཏུ་ཧིཀ་ཉེར་གཅིག་སོགས་དྲག་པོར་བརྗོད་ལ་འཕོའོ། །གཞན་དག་འཆི་བའི་ཚེ་ཡང་

p. 504

སེང་གེའི་ཉལ་སྟབས་བཅོས་ལ་གོང་དུ་བཤད་པ་རྣམས་བྱེད་དུ་བཅུག་པ་དང་། དེ་ལྟར་བྱེད་མི་ཤེས་པ་ལ་རྣལ་འབྱོར་པས་དམིགས་པའི་འཕྲུལ་དྲག་པོ་བྱས་ན་འཕོ་བ་ཐེབས་པ་འོང་ལ། གཞན་ཡང་འཆི་བའི་ཚེ་སྤྱི་གཙུག་ལ་ཐུག་པ་དང་སྨན་གྱི་རྒྱལ་པོའི་མཚན་བརྗོད་ན་རྒྱལ་བའི་སྲས་པོ་བརྒྱད་ཀྱིས་བདེ་བ་ཅན་དུ་འཁྲིད་པར་བཤད་པ་དང་། དུད་འགྲོ་སོགས་འཆི་བ་ལའང་ལུས་བཅོས་ཤིང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་བརྗོད་ན་སུམ་ཅུ་རྩ་གསུམ་པའི་ལྷའམ་བདེ་འགྲོ་གཞན་དུ་སྐྱེ་བར་བཤད་དོ། །
༈ གསུམ་པ་དེ་ལྟར་འཕོས་པའི་དགོས་པ་ནི། ཞལ་ལུང་ལས། ཆོ་ག་འདི་ཡིས་སེམས་ཅན་གང་། །མཚམས་མེད་བྱེད་དང་རྨོངས་པ་ཡིས། །ཉིན་རེ་བྲམ་ཟེ་གསོད་པ་ཡང་། །འདི་ཡིས་མི་འགྲུབ་གང་ཡང་མེད། །ཅེས་དང་། རྗེ་ཏི་ཤྲི་རས་པས། དེ་ཚེ་འཕོས་པར་གྱུར་པ་ན། །རང་སེམས་ཡི་དམ་ལྷར་གྱུར་པས། །དཔའ་བོ་དཔའ་མོས་བསུས་ནས་ཀྱང་། །མཁའ་སྤྱོད་དངོས་གྲུབ་ཐོབ་པར་གསུངས། །ཞེས་སོགས་ཀྱིས་བསྟན་དོན་ལྟར། འོད་གསལ་དང་སྒྱུ་ལུས་སུ་འཕོས་པས་ནི། གང་ཟག་རབ་ཀྱིས་འཆི་བ་འོད་གསལ་དོན་གྱི་འོད་གསལ་དུ་བསྐྱེད་ནས་སྒྱུ་ལུས་དངོས་སུ་ལངས་ཏེ་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་དང་། འབྲིང་གིས་དེ་ལྟར་མི་ནུས་ཀྱང་འཆི་བ་འོད་གསལ་རང་ངོ་ཤེས་ཏེ་མཉམ་པར་འཇོག་པ་དང་། བར་དོ་ཤར་བའི་ཚེ་ལྷ་སྐུ་སྒྱུ་མ་ལྟ་བུར་ལངས་ནས་དེར་ས་ལམ་མཐའ་དག་རྫོགས་པར་བྱས་ཏེ་ཞིང་ཁམས་གང་འདོད་དུ་སྐྱེ་བ་བཟུང་ནས་རྟེན་དེ་ལ་འཚང་རྒྱ་བ་སོགས་ཀྱི་རྣམ་བཞག་བར་དོའི་སྐབས་སུ་འབྱུང་བ་ལྟར་ལ། འདིར་དེ་དག་མི་ནུས་པའི་གང་ཟག་ཐ་མས་བསྐྱེད་རིམ་ལ་འཕོས་པའི་དགོས་པ་ལ། དབང་པོ་རབ་དག་པའི་ཞིང་ངམ་རིག་པ་འཛིན་པ་མཁའ་སྤྱོད་ཀྱི་གནས་སུ་

p. 505

སྐྱེས་ནས་དེར་ལམ་ལྷག་མ་བགྲོད་ཅིང་འཚང་རྒྱ་བ་དང་། འབྲིང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་རིགས་ཅན་དུ་སྐྱེས་ནས་སྐྱེ་བ་ཅི་རིགས་བརྒྱུད་དེ་འཚང་རྒྱ་བ་དང་། ཐ་མའང་འཆི་བའི་གནད་གཅོད་དང་བར་དོའི་འཇིགས་སྐྲག་ལས་གྲོལ་ཏེ་མཐོ་རིས་ཀྱི་རྟེན་ཐོབ་ནས་ལམ་དང་འཕྲད་དེ་རིམ་གྱིས་རྣམ་པར་དག་པ་ཐོབ་པར་བཤད་ལ། ཁ་ཅིག་བསྐྱེད་རིམ་གྱི་འཕོ་བ་འདི་ཁོ་ནས་སྡིག་པོ་ཆེ་ཡང་བཙན་ཐབས་སུ་འཚང་རྒྱ་བ་དངོས་བསྟན་དུ་འཆད་པ་མི་འཐད་དེ། ངན་འགྲོར་འགྲོ་ངེས་པའི་སྡིག་ཅན་ཡང་མན་ངག་འདི་གནད་དུ་ཕོག་ན་མཐོ་རིས་ཀྱི་རྟེན་ལ་སྦྱོར་ཞིང་། དེར་སྨོན་ལམ་གྱི་སྟོབས་ཀྱིས་ལམ་དང་འཕྲད་ནས་སྡིག་པ་སྦྱངས་ཏེ་རིམ་པས་འཚང་རྒྱ་བ་ལ་དེ་ལྟར་བཏགས་པའོ། །ལས་ཤིན་ཏུ་ངན་པ་འགའ་ཞིག་ནི་འཆི་ཀར་ཡང་རྒྱུ་འབྲས་ཀྱི་ངེས་པ་མི་སྐྱེ་བར་བསག་སྦྱང་དང་སྨོན་ལམ་གྱི་འཕེན་པ་ཞན་པས་རེ་ཞིག་འཕོ་བའི་མཚམས་སྦྱོར་ཙམ་ལ་བརྟེན་ནས་བདེ་འགྲོར་སྐྱེས་ཏེ་སླར་ངན་འགྲོར་འགྲོ་བའང་ཡོད་དོ། །དེས་ན་འཕོ་བ་དང་འཆི་ཀའི་མཚམས་སྦྱོར་ལ་དུག་གསུམ་མི་དགེ་བའི་བསམ་སྦྱོར་སྤོང་བ་དང་། སྡིག་པའི་ལས་ལ་འགྱོད་པ་དྲག་པོས་བཤགས་ཤིང་ཕྱིན་ཆད་སྡོམ་པ་དང་། སྐྱབས་འགྲོ་དང་སེམས་བསྐྱེད་ལ་སོགས་པའི་ཚོགས་བསགས་དང་། ཚེ་རབས་ཀུན་ཏུ་རྟེན་རྣམ་པར་དག་པ་ཐོབ་ནས་སྡིག་སྒྲིབ་སྦྱང་ཞིང་ས་ལམ་བགྲོད་པ་དང་། མྱུར་དུ་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱ་བ་སོགས་སྨོན་ལམ་རྣམ་པར་དག་པའི་སྟོབས་བསྐྱེད་དེ་རྟེན་འབྲེལ་བཟང་པོ་ཐམས་ཅད་བསྒྲིག་པ་གལ་ཆེ་བ་ཡིན་ནོ་ཞེས་ཞིབ་པར་བསྟན་པའི་དོན་ལ་བརྩོན་པས་འབད་པར་བྱའོ། །
༈ ཡན་ལག་གི་ཆོས་གཉིས་པ་དང་ནཱ་རོའི་ཆོས་དྲུག་ལས་དྲུག་པ་ལམ་གྱི་བསུ་མ་

p. 506

བར་དོ་ཆོས་ཉིད་རང་གྲོལ་གྱི་གདམས་པ་ནི། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་ལས། རྨི་ལམ་དུས་ཀྱི་ཤེས་པ་དེ། །བར་དོའི་སེམས་དང་བསྲེ་དགོས་པས། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །དག་དང་མ་དག་གཟུགས་སྐུ་གཉིས། །བར་དོའི་དུས་སུ་ཟིན་ཡང་འཚལ། །རྨི་ལམ་བར་དོ་བསྲེ་འཕོའི་གནད། །མིང་ཡང་བར་དོའི་གདམས་ངག་ཟེར། །བར་དོ་འབྱོངས་སམ་ལོ་ཙཱ་བ། །ཞེས་དང་། འགྲོ་མགོན་ཏི་རས་ཀྱིས། སྐྱེ་ཤི་རྨི་ལམ་བར་དོ་དང་། །སྲིད་པ་ཡི་ནི་བར་དོ་གསུམ། །ཞེས་སོགས་གསུངས་པའི་དོན་ཆོས་དྲུག་གི་ཁྲིད་གཞུང་ལས་བསྟན་པ་ཉིད་གཙོ་བོར་ཉམས་སུ་བླང་བྱ་དངོས་ཡིན་ལ། དེའི་རྒྱབ་ཆོས་སུ་དྭགས་པོའི་སྙན་བརྒྱུད་ཀྱི་དགོངས་པ་དང་སྦྱར་ན་གསུམ་སྟེ། འཆི་བ་དང་བར་དོ་སོགས་ཀྱི་རྣམ་གཞག །བར་དོ་འཛིན་པའི་གང་ཟག་གི་རྣམ་དབྱེ། བར་དོའི་ཉམས་ལེན་དངོས་གཞི་བཤད་པའོ། །དང་པོ་ལ་གསུམ། འཆི་བའི་ཚུལ། བར་དོ་འཆར་ཚུལ། སྐྱེ་བ་འཛིན་ཚུལ་ལོ། །དང་པོ་ནི། བར་དོའི་གདམས་པ་ཉམས་སུ་ལེན་པ་ལ་འཆི་བ་དང་བར་དོ་སོགས་ཀྱི་རྣམ་བཞག་རྟོགས་དགོས་པས་རྒྱས་པར་གཞན་ལས་ཤེས་དགོས་ལ། འདིར་མདོར་བསྡུས་ཤིག་བརྗོད་པར་བྱ་བ་ལ། རྗེ་ཏི་ཤྲི་ཤེས་རབ་སེང་གེས། འཆི་བ་ལ་ཡང་འཕྲང་བཞི་སྟེ། །འབྱུང་བཞི་ཐིམ་པའི་འཕྲང་དང་གཅིག །སྣང་བ་ཐིམ་པའི་འཕྲང་དང་གཉིས། །དུ་བ་སོགས་ཀྱི་འཕྲང་དང་གསུམ། །ཕྲ་རགས་ཐིམ་པའི་འཕྲང་དང་བཞི། །ཞེས་གསུངས་པ་ལྟར། ཐོག་མར་འཆི་བའི་ཚེ་རགས་པ་ཉི་ཤུ་ཐིམ་ཚུལ་ནི། གཟུགས་ཀྱི་ཕུང་པོ་ཐིམ་པས་ལུས་ཉམ་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་གྱུར། ས་ཁམས་ཐིམ་པས་ལུས་སྐམ་ཞིང་རིད། མིག་དབང་ཐིམ་པས་མིག་མི་གསལ་ཞིང་མི་མཐོང་། གཟུགས་ཐིམ་པས་

p. 507

ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆད། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཁམས་ཐིམ་པས་ལུས་ཀྱི་རྔུལ་དང་ཁ་ཆུ་ལ་སོགས་པ་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས། འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོགས་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་པའི་མིང་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣའི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ། དྲི་ཐིམ་པས་རང་གི་ལུས་ཀྱི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་ལུས་ཀྱི་བྱ་བ་ཐམས་ཅད་ལ་འཇུག་པར་མི་འགྱུར། བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཁམས་ཐིམ་པས་རླུང་བཅུ་རང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ལྕེ་ཐུང་ཞིང་སྦོམ་པར་འགྱུར། རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་བའོ། །དེ་ནས་ཕྲ་བ་ནང་གི་འབྱུང་བ་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ཕྱི་རྟགས་སུ་འགུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད་ཅིང་ང་འཐེན་ཟེར་བ་འབྱུང་། ནང་རྟགས་ཤེས་པ་དུ་བ་ལྟ་བུ་བན་བུན་ལང་ལོང་དུ་འཆར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ཁ་ཆུ་དང་སྣ་ཆུ་ལ་སོགས་པ་སྐམ། ནང་རྟགས་ཤེས་པ་སྨིག་རྒྱུ་ལྟར་གཡོ་ཞིང་མི་བརྟན་པ་འབྱུང་། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགག །མེ་རླུང་ལ་ཐིམ་པས་ཕྱི་རྟགས་ལུས་དྲོད་ཆུང་དུ་འགྲོ་ཞིང་དྲོད་མཐའ་ནས་བསྡུད། ནང་རྟགས་ཤེས་པ་སྲིན་བུ་མེ་ཁྱེར་ལྟར་གསལ་ལམ་པ་འབྱུང་། འདོད་ཆགས་ལས་བྱུང་བའི་ཀུན་རྟོག་བཞི་བཅུ་འགགས། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་བསྡུད་མི་ཤེས། ཅུང་ཟད་རེ་བསྡུད་ཀྱང་ཐུང་ལ་རྩུབ་པར་བསྡུད། ནང་རྟགས་ཤེས་པ་མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུ་གསལ་ལམ་པ་

p. 508

འབྱུང་། གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགག་གོ། །འདི་ཉིད་ཀྱི་གཞུང་ཁུངས་ཐུབ་མང་པོ་ནས་ནང་རྟགས་འདི་དག་དང་ཀུན་རྟོག་བརྒྱད་ཅུ་ཐིམ་ཚུལ་རྣམས་སྣང་མཆེད་ཐོབ་གསུམ་ཐིམ་པའི་སྐབས་སུ་འབྱུང་བར་ཡང་གསུངས་ལ། འཆི་རྟགས་འདི་དག་སྔ་བར་རིམ་པས་འབྱུང་བ་དང་མྱུར་བར་དུས་གཅིག་ལྟ་བུར་འབྱུང་བ་ཡང་ཅི་རིགས་སྣང་ངོ་། །དེ་ནས་ཤིན་ཏུ་ཕྲ་བ་སྣང་མཆེད་ཐོབ་གསུམ་ཐིམ་ཚུལ་ནི། རྗེ་ཏི་རས་ཀྱིས། སེམས་སྣང་བ་གསུམ་གྱི་སྐྱེལ་མ་དང་། །ཞེས་སོགས་གསུངས་པ་ལྟར། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། སྣང་བ་མཆེད་པ་ལ་ཐིམ་པས་ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནམ་མཁའ་གཡའ་དག་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང་དྲན་པ་ཉམས་ནས་ནག་ཐུམ་གྱིས་དྲན་མེད་དུ་འགྲོ། དེ་ནས་དྲན་མེད་དེ་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་དུས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་འཆར་ཏེ། རྗེ་ཏི་ཤྲི་རས་པས། གཅིག་དང་དུ་མ་ལ་སོགས་པ། །སྤྲོས་པའི་ཆོས་རྣམས་མ་ལུས་ཀུན། །ཏིང་འཛིན་རྒྱ་མཚོ་ཆེན་པོར་ཐིམ། །གསུངས་པ་ལྟར་འཆི་བའི་འོད་གསལ་དང་དངོས་གཞི་ཡིན་ནོ། །འདི་ནི་སྣང་བ་རིམ་གྱིས་ཐིམ་ནས་རླུང་རྣམས་སྙིང་གར་ཐིམ་པ་དང་། སྤྱི་བོའི་ཐིག་ལེ་དཀར་པོ་མར་འོང་ལྟེ་བའི་ཐིག་ལེ་དམར་པོ་ཡར་འོང་སྟེ་སྙིང་གའི་ཐིག་ལེ་ལ་འདུས་པའི་སྐབས་ཡིན་པར་བཤད་ལ། ཁམས་དྲུག་ལྡན་པའི་སེམས་ཅན་འཆི་བ་ལ་ཡང་འོད་གསལ་ཅུང་ཟད་རེ་འཆར་ཡང་ངོས་ཟིན་པ་མིན་ནོ། །གཉིས་པ་ནི། དེ་

p. 509

ནས་འོད་གསལ་ལས་ཉེར་ཐོབ་དང་མཆེད་པ་དང་སྣང་བ་རྣམས་རིམ་གྱིས་འཆར་ཏེ། དེ་ཡང་འོད་གསལ་ལས་རླུང་ཅུང་ཟད་གཡོ་བར་རྩོམ་པ་ནི་ཉེར་ཐོབ་འཆར་བར་རྩོམ་པ་ཡིན་ལ། འོད་གསལ་འགགས་པ་དང་ཉེར་ཐོབ་ཤར་བ་དང་བར་དོ་གྲུབ་པ་རྣམས་དུས་མཉམ་ཞིང་། དེའི་དེ་མ་ཐག་ཏུ་མཆེད་པ་དང་དེའི་དེ་མ་ཐག་ཏུ་སྣང་བ་འཆར། དེ་ལས་ཀུན་རྟོག་བརྒྱད་ཅུ་སྐྱེས་ཏེ་བར་དོའི་འཁྲུལ་སྣང་མཐའ་དག་འཆར་བ་ཡིན་ནོ། །བར་དོའི་སེམས་ཅན་དེ་ནི་མདོ་སྡེ་འགའ་ཞིག་དང་ཐོགས་མེད་སྐུ་མཆེད་ཀྱིས་གང་དུ་སྐྱེ་བར་འགྱུར་བའི་ལུས་དབྱིབས་ཅན་དུ་བཤད་ཅིང་། མདོ་སྡེ་འགའ་ཞིག་ལས་སྔོན་གྱི་བག་ཆགས་ཀྱི་ལུས་ཀྱང་འབྱུང་བར་གསུངས་པས། དེ་དག་གི་དོན་ནི་སྒྲུབ་བརྒྱུད་འདིའི་བཞེད་པ་ལ་བར་དོར་ཐོག་མར་སྐྱེ་བ་སྔོན་མའི་བག་ཆགས་ཀྱི་ལུས་སྣང་ཡུད་དེ་བ་འཆར་ཞིང་། དེ་ནས་དེ་ཇེ་མི་གསལ་དུ་གྱུར་ཏེ་སྐྱེ་བ་ཕྱི་མའི་ལུས་ཀྱི་རྣམ་པ་འཆར་བས་བར་དོའི་ཚེ་ཚད་དེའི་ཕྱེད་དམ་བར་དོའི་སྟོད་ལ་སྔོན་གྱི་སྣང་བ་ཤས་ཆེ་ཞིང་དེ་ཕྱིན་ནས་ཕྱི་མའི་རྣམ་པ་འཆར་བར་བཞེད་པས་ཐམས་ཅད་མི་འགལ་བར་སེམས་སོ། །ཁ་ཅིག་བར་དོར་སྔོན་གྱི་སྣང་བ་འཆར་བ་མི་འཐད་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། མདོ་སྡེ་མཐའ་དག་ཏུ་སྔོན་གྱི་བག་ཆགས་འབྱུང་བར་གསུངས་པ་དང་། དུས་འཁོར་འགྲེལ་ཆེན་དུའང་བར་དོར་སླར་རྨི་ལམ་གྱི་ལུས་བཞིན་དུ་སྔ་མའི་ལུས་ཀྱི་བག་ཆགས་མ་འགགས་པར་འབྱུང་བ་དང་། དེ་ནས་བག་ཆགས་དེ་བཏང་ནས་ཕྱི་མའི་ལུས་ཀྱི་བག་ཆགས་སྐྱེ་བ་གསལ་བར་བཤད་ཅིང་། རྒྱ་གར་གྱི་པཎ་གྲུབ་ཁུངས་ཐུབ་མང་པོའི་གསུང་གི་བདུད་རྩི་འཛིན་པའི་མཁས་གྲུབ་དུ་མས་ཀྱང་གོང་དུ་བཤད་པ་ལྟར་གསུངས་པས་སོ། །བར་དོའི་ལུས་དེ་ཡང་དབང་པོ་ཀུན་ཚང་བ། སྐྱེ་གནས་མ་གཏོགས་པ་ལ་ཐོགས་པ་མེད་པ།

p. 510

ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དྲི་ཟོས་ནས་ལུས་བརྟས་པར་བྱེད་པ། རང་དང་རིགས་མཐུན་པའི་བར་དོ་དང་ལྷ་མིག་དག་པས་མཐོང་བ། སྐྱེ་གནས་དང་དྲི་ཚོལ་བའི་ཕྱིར་མངོན་པར་རྒྱུ་བ་ཞིག་ཏུ་བཤད་ལ། བར་དོ་དེས་དང་པོར་རྐྱེན་འགའ་ཞིག་ལ་བརྟེན་ནས་ཤི་བར་ཤེས་ཤིང་ཤི་བའི་རོ་ཡང་མཐོང་ལ། རང་ལ་ཡང་ལུས་ཡོད་པའི་སྣང་བ་འབྱུང་བར་མདོ་སྡེ་ཁ་ཅིག་ཏུ་བཤད་དོ། །དེ་ནས་ཕྱི་མའི་སྣང་བ་ཤར་བ་ན་ངན་འགྲོའི་བར་སྲིད་ལ་ཕྱར་བ་ནག་པོའམ་མཚན་མོའི་མུན་ནག་གི་སྣང་བ་ལྟ་བུ་དང་། བདེ་འགྲོའི་བར་སྲིད་ནི་སྣམ་བུ་དཀར་པོའམ་ཟླ་འོད་དང་བཅས་པའི་མཚན་མོའི་སྣང་བ་ལྟ་བུ་འབྱུང་བར་ཐོགས་མེད་ཀྱིས་གསུངས་ལ། དགའ་བོ་མངལ་འཇུག་གི་མདོར། དམྱལ་བའི་བར་སྲིད་སྡོང་དུམ་མེས་ཚིག་པའི་ཁ་དོག་ལྟ་བུ་དང་། ཡི་དྭགས་ཀྱི་ནི་དུ་བའི་ཁ་དོག་ལྟ་བུ་དང་། དུད་འགྲོའི་ནི་ཆུའི་ཁ་དོག་ལྟ་བུ་དང་། འདོད་ཁམས་པའི་ལྷ་མི་ནི་གསེར་གྱི་ཁ་དོག་ལྟ་བུ་དང་། གཟུགས་ཁམས་པའི་བར་སྲིད་ནི་ཁ་དོག་དཀར་པོའི་སྣང་བ་འབྱུང་ཞིང་། ལྷའི་བར་སྲིད་མགོ་སྟེང་དུ་བསྟན་ཏེ་འགྲོ་བ་དང་། མི་དང་དུད་འགྲོ་དང་ཡི་དྭགས་རྣམས་མགོ་འཕྲེད་དུ་དང་། དམྱལ་བ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ལ། ཁ་ཅིག་ཏུ་ངན་འགྲོ་གསུམ་ག་སྤྱིའུ་ཚུགས་སུ་འགྲོ་བར་ཡང་བཤད་དོ། །དེ་ཡང་གཟུགས་མེད་ཁམས་སུ་སྐྱེ་བ་ལ་བར་སྲིད་མི་འོང་བར་གང་དུ་ཤི་བ་དེར་གཟུགས་མེད་ཀྱི་ཕུང་པོ་འགྲུབ་ཅིང་། གཟུགས་མེད་ནས་འདོད་གཟུགས་གཉིས་སུ་སྐྱེ་བ་ལ་བར་སྲིད་འབྱུང་བར་བཤད་དོ། །འགའ་ཞིག་གིས་རྣམ་བྱང་གི་འོད་ཁ་དོག་ལྔ་འཆར་བར་བཞེད་པ་ནི་སྔ་མ་དང་ཕྱོགས་མཐུན་པར་སྣང་ལ། གཞན་ཡང་སྐབས་དེར་ས་རླུང་ལས་རི་བོ་ཉིལ་བའི་སྒྲ། ཆུ་རླུང་ལས་རྒྱ་མཚོ་འཆོལ་བའི་སྒྲ། མེ་རླུང་ལས་ནགས་ཚལ་ཚིག་པའི་སྒྲ།

p. 511

རླུང་གི་རླུང་ལས་དུས་ཀྱི་རླུང་སྒྲ་སྟེ་འཇིགས་པའི་སྒྲ་བཞི་དང་། དུག་གསུམ་གྱི་ཤེས་པའི་རང་གཟུགས་ཀྱི་གཅོང་གཡང་ས་དཀར་པོ་དང་དམར་པོ་དང་ནག་པོ་སྟེ་ཉམ་ང་བའི་གཡང་ས་གསུམ་དང་། འཁྲུལ་པའི་བག་ཆགས་ཀྱི་གཟུགས་བརྙན་སྲིན་པོ་དང་གཤིན་རྗེ་དང་ཤ་ཟ་ལ་སོགས་པ་གཤེད་མའི་འཚེ་བ་འབྱུང་བར་བཤད་དོ། །ཁ་ཅིག་བར་དོའི་རྟགས་དྲུག་ཅེས་པ་ལུས་ལ་གྲིབ་མ་མེད་པ་དང་། ལུས་ལ་ཐོགས་པ་མེད་ཅིང་ཡུད་ཙམ་ལ་མང་དུ་འཁོར་བ་དང་། རང་གིས་ཅི་བྱས་གཞན་གྱིས་མི་མཐོང་བ་དང་། གཞན་གྱིས་ཅི་བྱེད་ཅི་བསམ་རང་གིས་ཤེས་པ་དང་། ཉི་ཟླ་དང་གཟའ་སྐར་གྱི་སྣང་བ་མེད་ཅིང་ལྷན་ཅིག་སྐྱེས་པའི་ལྷ་འདྲེས་དགེ་སྡིག་རྩི་བ་དང་། བཟའ་བཏུང་མཐོང་ཡང་མ་བསྔོས་ན་ལོངས་སྤྱོད་པར་མི་ནུས་པ་རྣམས་འབྱུང་བར་འདོད་ཀྱང་། བར་དོའི་སྣང་བ་ལ་ལས་བཟང་ངན་གྱི་ཁྱད་པར་ལ་བརྟེན་ནས་འཁྲུལ་སྣང་མ་ངེས་པ་སྣ་ཚོགས་འཆར་བས་གཅིག་ཏུ་ངེས་བཟུང་ཅན་མི་འབྱུང་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་ལྟ་བུའོ། །འོན་ཀྱང་སྣང་བ་ཐམས་ཅད་མ་ངེས་ཤིང་ཤིན་ཏུ་མི་བརྟན་པ་ཞིག་འབྱུང་ངོ་། །བར་དོའི་ཚེ་ཚད་ནི་རིང་མཐའ་ཞག་བདུན་ཡིན་ཞིང་དེ་ཚུན་ཆད་དུ་ངེས་པ་མེད་ལ། དེ་ལ་སྐྱེ་སྲིད་དུ་སྐྱེ་བར་མ་ནུས་ན་ཅུང་ཟད་བརྒྱལ་བ་ལྟ་བུའི་འཆི་ཆུང་རེ་ལས་སླར་བར་དོར་སྐྱེས་ནས་ཞག་བདུན་གྱི་ཚུལ་གྱིས་སྐྱེ་སྲིད་འཛིན་ཞིང་། དེར་ཡང་སྐྱེ་བའི་རྐྱེན་གྱི་ཚོགས་པ་མ་རྙེད་ན་སྔར་བཞིན་ལས་ཞག་ཞེ་དགུ་ཚུན་ལ་ངེས་པར་སྐྱེ་བ་ལེན་པའོ། །གསུམ་པ་ནི། དེ་ནས་སྐྱེ་སྲིད་ལ་འཇུག་པའི་ཚེ་སྐྱེ་གནས་བཞི་ལས། རྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་སྐྱེ། དྲོད་གཤེར་ལས་སྐྱེ་ན་དྲི་དང་རོ་ལ་སྲེད་པ་སྐྱེ། མངལ་དང་སྒོ་ང་ལས་སྐྱེ་ན་ཕ་མ་ཉལ་པོ་བྱེད་པ་ལ་ཆགས་སྡང་སྐྱེ་བ་དང་། དེ་ཡང་ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་ཞེ་སྡང་བ་དང་། མོར་སྐྱེ་ན་

p. 512

ཕ་ལ་ཆགས་ཤིང་མ་ལ་ཞེ་སྡང་བ་དང་། གཞན་རྣམས་ཀྱང་སྐྱེ་གནས་ལ་ཆགས་སྡང་སྐྱེས་པས་བར་དོའི་འཆི་རྐྱེན་བྱས་ཏེ་ཅུང་ཟད་བརྒྱལ་བ་ལས་སྐྱེ་སྲིད་འཛིན་པར་བཤད་ལ། བྱེ་བྲག་ཏུ་འགའ་ཞིག་ལས། ལྷར་སྐྱེ་ན་སྐྱེ་གནས་དེ་རིན་པོ་ཆེའི་གཞལ་ཡས་ཁང་དུ་སྣང་ཞིང་ལྷའི་བུ་དང་བུ་མོ་དག་མཐོང་ནས་སྲེད་པ་དང་། ལྷ་མ་ཡིན་ལ་ནགས་ཚལ་ཉམས་དགའ་བར་ལྷ་མ་ཡིན་ཕོ་མོ་མཐོང་ནས་སྲེད་པ་དང་། མི་ལ་ཤར་ལུས་འཕགས་པོར་སྐྱེ་ན་རྟ་ཕོ་མོས་བརྒྱན་པའི་མཚོའམ་རྟ་ཕོ་མོ་མང་དུ་མཐོང་། ལྷོ་འཛམ་བུ་གླིང་དུ་སྐྱེ་ན་ཁང་བཟང་གི་ནང་དུའམ་ཁང་པ་མེད་པར་མི་ཕོ་མོ་མང་དུ་མཐོང་། ནུབ་བ་ལང་སྤྱོད་དུ་སྐྱེ་ན་བ་ལང་ཕོ་མོས་བརྒྱན་པའི་མཚོའམ་བ་ལང་ཕོ་མོ་མང་དུ་མཐོང་། བྱང་སྒྲ་མི་སྙན་དུ་སྐྱེ་ན་བྱ་ངང་པ་ཕོ་མོས་བརྒྱན་པའི་མཚོའམ་ངང་པ་ཕོ་མོ་མང་དུ་མཐོང་སྟེ། བཞི་ཀ་ལ་དེ་དག་འཁྲིག་པ་སྤྱོད་པ་ལ་ཆགས་སྡང་སྐྱེ་བ་དང་། ངན་འགྲོར་སྐྱེ་ན་འཇིགས་པའི་འཁྲུལ་སྣང་ཅི་རིགས་ཤར་ཏེ་སྐྱབས་འཚོལ་བ་ལས། དུད་འགྲོ་ལ་ས་ཕུག་དང་བྲག་ཁུང་དང་རྩྭ་དང་ལོ་མའི་ཁང་བུ་ལ་སོགས་པ་དང་། ཡི་དྭགས་ལ་སྒྲ་དང་ཕྱར་ལྡིང་ལ་སོགས་པ་དང་། དམྱལ་བ་ལ་ལྕགས་ཀྱི་ཁང་པ་ལ་སོགས་པ་སོ་སོའི་ས་ཕྱོགས་ཇི་ལྟ་བ་མཐོང་ནས་དེར་འབྲོས་པའི་སྣང་བ་ཤར་བ་ལས། རྫུས་སྐྱེས་རྣམས་གནས་ལ་སྲེད་ནས་ཅི་རིགས་པའི་ཆགས་སྡང་གིས་ཅུང་ཟད་བརྒྱལ་བས་ཀྲོང་སྟེ་སྐྱེ། དྲོད་གཤེར་སྐྱེས་རྣམས་ལྗན་ལྗིན་སོགས་ཀྱི་དྲི་དང་རོ་ལ་སྲེད་པའི་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་དང་། མངལ་སྐྱེས་དང་སྒོང་སྐྱེས་རྣམས་ཕ་མ་འདོད་པ་སྤྱོད་པ་ལ་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་ལས་སྐྱེ་བ་འཛིན་པར་བཤད་དོ། །དེ་ཡང་བར་དོ་ཤི་ནས་སྐྱེ་བ་འཛིན་པའི་ཚེ་བར་དོའི་གནས་སྐབས་ཀྱི་རང་བཞིན་གཡོ་བའི་རླུང་རྣམས་ཐིམ་ནས་སྣང་

p. 513

མཆེད་ཉེར་ཐོབ་འོད་གསལ་རྣམས་རིམ་པས་ཀེམ་ཙམ་རེ་འཆར་ལ། དེའི་འོད་གསལ་ལས་ཉེར་ཐོབ་འཆར་བ་དང་སྐྱེ་སྲིད་འཛིན་པ་དུས་མཉམ་ཞིང་། ཉེར་ཐོབ་ལས་མཆེད་པ་དང་། དེ་ལས་སྣང་བ་དང་། དེ་ལས་ཀུན་རྟོག་བརྒྱད་ཅུ་རྣམས་འཆར་རོ། །ཁྱད་པར་དུ་མི་ལ་སོགས་པའི་ཕུང་པོ་འགྲུབ་ཚུལ་ནི། སྣང་བས་བཞོན་པའི་རླུང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཁྱད་པར་ཅན་དུ་གྱུར་པའི་རླུང་ཁམས་སྐྱེ་ལ། དེ་ལས་དེ་འདྲའི་མེ་ཁམས་དང་། དེ་ལས་ཆུ་ཁམས་དང་། དེ་ལས་ས་ཁམས་སྐྱེས་ནས་འབྱུང་བ་དེ་དག་ལས་ཕུང་པོ་ལ་སོགས་པ་འཕེལ་ཏེ་མངལ་དུ་ལུས་རྫོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་བར་དོ་འཛིན་པའི་གང་ཟག་གི་རྣམ་དབྱེ་ནི། གང་ཟག་རབ་ཚེ་འདིར་བསྐྱེད་རིམ་གྱི་རྟོགས་པ་མཐར་ཕྱིན་ཞིང་རྫོགས་རིམ་གྱི་རྟོགས་པ་མཐའ་དག་ཐོབ་པ། ཁྱད་པར་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་དང་དགའ་བ་བཞི་བསྐྱེད་ནས་དེའི་འོད་གསལ་དང་ལྷན་སྐྱེས་ལ་མཉམ་པར་འཇོག་པ་ཆེར་བརྟན་ཞིང་དོན་གྱི་འོད་གསལ་བསྐྱེད་ནུས་པ། སྒྱུ་ལུས་ཀྱི་རྟོགས་པ་ཆེར་བརྟན་ཞིང་སྒྱུ་མའི་སྐུ་དངོས་གྲུབ་པ་ལ་ཉེ་བ་ཞིག་དགོས་ཏེ། དེ་ནི་འཆི་བ་འོད་གསལ་གྱི་མཐར་བར་དོ་འཆར་བའི་དོད་ལ་སྒྱུ་མའི་སྐུ་གྲུབ་ནས་རྟེན་དེ་ལ་འཚང་རྒྱའོ། །གང་ཟག་འབྲིང་ནི་བསྐྱེད་རིམ་གྱི་རྟོགས་པ་མཐར་ཕྱིན་ཞིང་རྫོགས་རིམ་ལ་མྱོང་བ་ཐོབ་པ། ཁྱད་པར་རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞི་བསྐྱེད་པའི་འོད་གསལ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་ལ་བྱང་བ་ཞིག་དགོས་ལ། དེ་ཡང་གཉིད་ཀྱི་སྟོང་པ་དང་རྨི་ལམ་ལ་བསྲེ་ནུས་པ་ཞིག་དགོས་ཏེ། དེ་དག་བར་དོའི་ཚོད་འཛིན་པ་ཡིན་པས་སོ། །གང་ཟག་ཐ་མ་ནི་དབང་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་བ། བསྐྱེད་རིམ་གྱི་རྣལ་འབྱོར་ལ་བརྩོན་ཞིང་རྫོགས་རིམ་

p. 514

བསྒོམ་པ། ཁྱད་པར་སྒྱུ་ལུས་དང་རྨི་ལམ་གྱི་གདམས་པ་ལ་མྱོང་བ་ཅི་རིགས་ཐོབ་པ། འཆི་བའི་རིམ་པ་དང་དེ་ལས་བར་དོ་འཆར་ཚུལ་དང་དེ་ལས་སྐྱེ་བ་འགྲུབ་ཚུལ་རྣམས་ཤེས་ཤིང་ད་ལྟ་ནས་དེའི་གདམས་པ་སྦྱོང་བ་ལ་བརྩོན་པ་ཞིག་དགོས་སོ། །གཞན་ཡང་ཚེ་འདིར་སྒོམ་མེད་ཆུང་འབྲིང་གི་རྟོགས་པ་ཇི་ལྟ་བ་ཐོབ་པ་ཞིག་གིས་འཆི་བའི་ཚེ་འོད་གསལ་མ་བུ་འདྲེས་ནས་དག་བྱའི་དྲི་མ་ཕྲ་མོའང་ཡེ་ཤེས་སུ་དག་སྟེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་བཤད་ཅིང་། དེ་ལྟར་མིན་ཡང་ལྷག་མཐོང་གི་ལྟ་བ་ཉིན་མཚན་འཁོར་ཡུག་ཏུ་སོང་བ་ཞིག་གིས་ཀྱང་འཆི་བའི་འོད་གསལ་ཟིན་ནས་མཉམ་པར་འཇོག་ནུས་པ་དང་། དེ་ལས་བར་དོ་ཤར་བའི་ཚེ་དེའི་འཁྲུལ་སྣང་མཐའ་དག་ལམ་དུ་ཁྱེར་ནུས་པ་དང་། རྟེན་འབྲེལ་གྱི་དབང་ལས་རྟེན་རྣམ་པར་དག་པར་སྐྱེ་བ་བཟུང་སྟེ་ལས་ཀྱི་འཕྲོ་འཐུད་ནས་རིམ་པས་འཚང་རྒྱ་བར་བཞེད་ལ། དེ་ཡང་མིན་པའི་དགེ་སྦྱོར་རེས་འཇོག་པ་དག་གིས་འཆི་བ་ཆོས་སྐུ་དང་བར་དོ་ལོངས་སྐུར་འཚང་རྒྱ་བ་དང་། འཆི་བ་འོད་གསལ་དང་བར་དོའི་འཁྲུལ་སྣང་ལམ་དུ་ཁྱེར་ནུས་པར་སྨྲ་བ་ནི་ཤིན་ཏུ་མ་གོ་བ་སྟེ། ཆོས་སྐུ་དང་ལོངས་སྐུར་སངས་རྒྱས་པ་ལྟ་ཞོག་འོད་གསལ་ཟིན་པ་ཙམ་དང་འཁྲུལ་པ་ལམ་དུ་སློང་བ་ཙམ་ཡང་ཆེས་དཀའ་སྟེ། དཔེར་ན་དེས་ད་ལྟ་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་དཀའ་ཞིང་། རྒྱ་ལ་ཟིན་ཡང་འོད་གསལ་ལ་མཉམ་པར་འཇོག་པ་དང་། རྨི་ལམ་དུ་སྤྲུལ་བསྒྱུར་མི་ནུས་པ་བཞིན་ནོ། །འོན་ཀྱང་རྟེན་འབྲེལ་གྱི་དབང་ལས་ཕལ་ཆེར་གྱིས་ལུས་རྣམ་པར་དག་པ་ཐོབ་ཅིང་ལས་འཕྲོ་རྙེད་པར་བཞེད་དོ། །
༈ གསུམ་པ་བར་དོའི་ཉམས་ལེན་དངོས་གཞི་བཤད་པ་ལ་བཞི། སྔོན་དུ་ཉམས་སུ་

p. 515

བླང་ཚུལ་ཐུན་མོང་དུ་བསྟན་པ། གང་ཟག་རབ་ཀྱི་ཉམས་ལེན། གང་ཟག་འབྲིང་གི་ཉམས་ལེན། གང་ཟག་ཐ་མའི་ཉམས་ལེན་ནོ། །དང་པོ་ནི། སྤྱིར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་བར་དོ་ཡིན་ལ་དེ་ཡང་སྐྱེ་སྲིད་བཟུང་ནས་མ་ཤིའི་བར་ལ་སྐྱེ་ཤིའི་བར་དོ་ཞེས་བྱ་སྟེ། སད་དུས་སུ་ལམ་བསྐྱེད་རྫོགས་བསྒོམ་ཞིང་ཁྱད་པར་གཏུམ་མོ་དང་སྒྱུ་ལུས་ཀྱི་གདམས་པ་ལ་གནད་དུ་བསྣུན་པ་དང། གཉིད་དུ་སོང་ནས་མ་སད་ཀྱི་བར་ལ་རྨི་ལམ་བར་དོ་ཞེས་བྱ་སྟེ་དེར་འོད་གསལ་དང་རྨི་ལམ་གྱི་གདམས་པ་ལ་གནད་དུ་བསྣུན་པ་དང་། ཤི་ནས་སྐྱེ་སྲིད་མ་བཟུང་གི་བར་ལ་སྲིད་པ་བར་དོ་ཞེས་བྱ་སྟེ་དེར་བར་དོའི་གདམས་པ་ལ་གནད་དུ་བསྣུན་པར་བྱ་དགོས་ལ། སད་དུས་གཏུམ་མོ་དང་སྒྱུ་ལུས་གཉིད་དུས་རྨི་ལམ་དང་འོད་གསལ་སྦྱོང་བ་ལ་སོ་སོའི་ཐུན་མོང་མ་ཡིན་པའི་ལམ་བགྲོད་ཚུལ་རེ་ཡོད་ཀྱང་། སྲིད་པ་བར་དོར་དེའི་གདམས་པ་ཉམས་སུ་བླང་བའི་སྔོན་འགྲོ་ལྟ་བུར་ཡང་འགྱུར་རོ། །གཞན་ཡང་སད་རྨི་གཉིས་སུ་སྣོད་བཅུད་ལ་སོགས་པའི་སྣང་བ་ཐམས་ཅད་ལ་བར་དོའི་སྣང་བ་ཡིན་སྙམ་དུ་ཡང་ཡང་བསམ་ཞིང་ངག་ཏུའང་བར་དོ་ཡིན་ཞེས་བརྗོད་པར་བྱ་བ་དང་། སྔར་བཤད་པའི་འཆི་བ་དང་བར་དོའི་རྣམ་བཞག་རྣམས་དང་འཆད་པར་འགྱུར་བ་དེ་དག་གི་སྐབས་སུའང་གདམས་པ་ཉམས་སུ་ལེན་ཚུལ་རྣམས་ཉིན་རེ་བཞིན་དུ་སྦྱངས་ནས་ཡིད་ལ་ངེས་པ་བརྟན་པོ་རྙེད་པར་བྱ་དགོས་ཏེ། དཔེར་ན་སྐྱེས་བུ་དག་དོན་གཉེར་བ་ལ་ཆས་པའི་ཚེ་དོན་དེ་དག་ཡིད་ལ་ངེས་པ་བརྟན་པོ་བྱ་དགོས་པ་ལྟར་རོ། །དེ་ལྟར་བླ་མ་དག་བར་དོའི་གདམས་པ་ཁྱི་བདུན་གྱིས་དེད་ཀྱང་བློར་ཐོན་པ་ཞིག་དགོས་ཞེས་གསུངས་སོ། །དེ་ནས་འཆི་བ་ལ་ཉེ་བའི་སྔོན་དུ་ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་ལ་མཆོད་པ་དང་སེམས་ཅན་ལ་སྦྱིན་གཏོང་སོགས་བྱས་ཏེ་ཞེན་པ་བཏང་། ཉེ་

p. 516

དུ་དང་ལུས་ལོངས་སྤྱོད་སོགས་གང་ལ་ཡང་མ་ཆགས་པར་བྱ། དམ་ཚིག་དང་སྡོམ་པ་ཉམས་ཆག་ཐམས་ཅད་ལ་བཤགས་བསྡམ་དྲག་པོ་བྱ་ཞིང་དབང་ཞུ་བ་དང་རང་ཉིད་དབང་བླང་བ་སོགས་ཀྱིས་དམ་ཚིག་གསོ། བླ་མ་དང་ཡི་དམ་ལ་མཆོད་ཅིང་འཆི་བ་འོད་གསལ་དང་བར་དོ་སྒྱུ་ལུས་སུ་ཁྱེར་ནུས་པ་སོགས་ཀྱི་གསོལ་བ་གདབ། བཀའ་སྡོད་ལ་གཏོར་མ་ཕུལ་ཏེ་དེ་ལྟ་བུའི་སྡོངས་གྲོགས་བཅོལ། འཆི་བའི་སྟོང་པ་བཞི་ངོས་བཟུང་ནས་འོད་གསལ་ལ་མཉམ་པར་འཇོག་པ་དང་། བར་དོ་སྒྱུ་མའི་སྐུར་ལྡང་བ་སོགས་ཀྱི་འཕེན་པ་དྲག་ཏུ་བཏང་ངོ་། །གཉིས་པ་ནི། དེ་ནས་གང་ཟག་རབ་ཀྱིས་འཆི་བའི་ཚེ་རགས་པ་ཉི་ཤུ་དང་ནང་གི་འབྱུང་བ་ཐིམ་པའི་དུས་སུ་སྣོད་བཅུད་ཀྱི་དཀྱིལ་འཁོར་རིལ་གཞིག་གི་བསམ་གཏན་གཉིས་གང་རུང་གིས་བསྡུད་པའི་རྣལ་འབྱོར་བྱ་ཞིང་རིག་པ་ངོ་བོ་ལ་མ་ཡེངས་པར་བྱ། དེ་ནས་ཤིན་ཏུ་ཕྲ་བ་སྣང་མཆེད་ཐོབ་གསུམ་ཐིམ་པའི་རྟགས་རྣམས་བྱུང་བའི་ཚེ་འདི་དང་འདིའོ་སྙམ་དུ་ངོ་བོ་མ་ཡེངས་པར་བསྐྱང་ལ་འཆི་བ་འོད་གསལ་དོན་གྱི་འོད་གསལ་དུ་བསྐྱེད་དེ་མཉམ་པར་བཞག །དེ་ལས་ལྡང་བའི་ཚེ་འོད་གསལ་གྱི་རླུང་སེམས་ཙམ་ལས་སྒྱུ་ལུས་དངོས་སུ་ལྡང་སྟེ། སྔར་ཇི་ལྟར་འཕེན་པ་བཏང་བ་བཞིན་དུ་འགྲུབ་པར་གསུངས་སོ། །དེ་ནས་བསམ་གཏན་གཉིས་གང་རུང་གིས་བསྡུས་ལ་འོད་གསལ་བསྒོམས་ཏེ་སྦྱངས་པས་དོན་གྱི་འོད་གསལ་མངོན་དུ་འགྱུར་ཞིང་། དེའི་མཐར་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པར་གསུངས་སོ། །གཞན་ཡང་སྒོམ་མེད་འབྲིང་པོ་མངོན་དུ་གྱུར་པ་དག་གིས་འཆི་བ་འོད་གསལ་ཤར་བའི་ཚེ་འོད་གསལ་མ་བུ་འདྲེས་ནས་ཐམས་ཅད་ཡེ་ཤེས་ཀྱི་ཀློང་འབྱམས་སུ་གྱུར་ཏེ། རྣམ་སྨིན་ལུས་རྒྱ་བག་ཆགས་སྣང་རྒྱ་རྣམ་ཤེས་སེམས་རྒྱ་སྟེ་རྒྱ་གསུམ་ལས་གྲོལ་ཞིང་སངས་རྒྱས་ཀྱི་ཡོན་

p. 517

ཏན་ཐམས་ཅད་དུས་གཅིག་ལ་རྫོགས་པས་སེམས་འོད་གསལ་ཆོས་ཀྱི་སྐུ་དང་ལུས་ཡེ་ཤེས་གཟུགས་ཀྱི་སྐུ་བརྙེས་ཤིང་ཞིང་ཁམས་ཐམས་ཅད་དག་པ་རབ་འབྱམས་སུ་སྣང་བར་བཞེད་དོ། །གསུམ་པ་ནི། ཆོས་རྗེ་བསོད་ནམས་བཟང་པོས། བར་དོ་ལམ་གྱི་ས་མཚམས་ན། །རྩ་རླུང་ཐིག་ལེའི་རྒྱལ་པོ་རྣམས། །བདེ་ཆེན་གྱི་ཐང་ལ་ཁ་ཡན་གློད། །ཨེ་མ་ངོ་མཚར་མི་ཆེ་འམ། །ཞེས་གསུངས་པ་ལྟར། གང་ཟག་འབྲིང་པོས་འཆི་བའི་རྟགས་རྣམས་ཤེས་པར་བྱས་ལ་བསྡུ་བའི་རྣལ་འབྱོར་བྱ་བ་ནས་འོད་གསལ་སྐྱོང་བའི་བར་གོང་དུ་བཤད་པ་ལྟར་བྱས་ལ། འོན་ཀྱང་འདིས་འཆི་བ་འོད་གསལ་དོན་གྱི་འོད་གསལ་དུ་བསྐྱེད་པ་དང་དེ་ལས་སྒྱུ་ལུས་དངོས་སུ་ལྡང་བར་མི་ནུས་པས། འཆི་བ་འོད་གསལ་རང་ངོ་ཤེས་པར་བྱས་ལ་མཉམ་པར་བཞག་སྟེ། དེ་ལས་ལྡང་བར་རྩོམ་པ་ན། འགྲོ་མགོན་ཏི་རས་ཀྱིས། དག་སྣང་གོམས་བྱེད་ཀྱི་སྐྱེལ་མ་དང་། །ཞེས་སོགས་གསུངས་པ་ལྟར། སྔར་གྱི་སྦྱངས་སྟོབས་དང་འཕེན་པ་ལ་བརྟེན་ནས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་ཏེ་བར་དོའི་སྣང་བ་ཐམས་ཅད་གཞལ་ཡས་ཁང་དང་འཁོར་གྱི་ལྷར་སྦྱང་བ་དང་། དེ་དག་བསམ་གཏན་གཉིས་གང་རུང་གིས་འོད་གསལ་དུ་བསྡུས་ལ་མཉམ་པར་བཞག་པ་དང་། ཡང་དེ་ལས་སྒྱུ་མའི་སྐུར་ལྡང་བ་ལ་སྦྱང་ཞིང་། འོག་ཏུ་འཆད་པ་ལྟར་ཞག་ཞེ་དགུའི་སྲིད་པ་བཀག་སྟེ་ས་ལམ་མཐའ་དག་རྫོགས་པར་བྱས་ལ། མཐར་འོག་མིན་ལ་སོགས་པ་དག་པའི་ཞིང་ངམ་གཞན་ཡང་སྔགས་སྤྱོད་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བའི་འཕེན་པ་དྲག་པོ་བཏང་སྟེ་འཕོ་བའི་མན་ངག་གིས་འཕོ་བའམ། བར་དོར་འཆི་བའི་སྟོང་པ་བཞི་ལམ་དུ་ཁྱེར་ནས་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དྲན་ཤེས་བཞིན་དང་ལྡན་པས་སྤྲུལ་པ་ལྟ་བུར་དག་པའི་སྐྱེ་སྲིད་དུ་སྐྱེ་བར་བྱ་སྟེ། འདི་ནི་རྟེན་དེ་ལ་འཚང་རྒྱ་བར་

p. 518

བཤད་དོ། །བཞི་པ་ལ་གསུམ། བར་དོ་ངོས་བཟུང་ཞིང་འཁྲུལ་སྣང་ལམ་དུ་ཁྱེར་བ། ལྷ་སྒོམ་ཞིང་མངལ་སྒོ་དགག་པ། མངལ་གདམ་ཞིང་སྐྱེ་བ་བླང་བའོ། །དང་པོ་ནི། གང་ཟག་ཐ་མས་འཆི་བ་འོད་གསལ་དང་བསྲེ་བ་དང་བར་དོ་སྒྱུ་ལུས་དང་བསྲེ་བ་ཚུལ་བཞིན་མི་ནུས་པས་འོད་གསལ་དང་བར་དོ་འདུན་པའི་སྟོབས་ཀྱིས་བཟུང་ནས་མན་ངག་བསྒོམ་དགོས་ཏེ། དེ་ལ་དང་པོར་འཆི་རྟགས་རྣམས་ཤར་བའི་ཚེ་དེ་དག་འདི་དང་འདིའོ་སྙམ་དུ་ངེས་པར་བྱས་ལ། འཆི་བ་འོད་གསལ་ཤར་བའི་ཚེ་དེ་ཉིད་ཟིན་པར་བྱས་ལ་མཉམ་པར་འཇོག་པ་དང་། དེ་ལས་བར་དོ་འཆར་བའི་ཚེ་དེ་ཉིད་ཟིན་པར་བྱས་ལ་མན་ངག་བསྒོམ་པར་བྱའོ་སྙམ་པའི་འཕེན་པ་དྲག་པོ་མང་དུ་བཏང་ཞིང་དགེ་སྦྱོར་གྱི་ཐོག་ཏུ་བཞག་ལ་འཆི་བར་བྱ་སྟེ། གཉིད་ཀྱི་འོད་གསལ་དང་རྨི་ལམ་འདུན་པའི་སྟོབས་ཀྱིས་བཟུང་ནས་སྦྱང་བ་ལྟ་བུའོ། །དེ་ནས་འཆི་བ་འོད་གསལ་ཟིན་ན་ཅི་ནུས་སུ་མཉམ་པར་འཇོག་པ་དང་། དེས་གྲོལ་མ་ཐུབ་པར་རླུང་སེམས་ཙམ་གྱི་ལུས་སུ་ལྡང་བའི་ཚེ། རྗེ་ཏི་ཤྲི་རས་ཆེན་གྱིས། སྲིད་པ་ཡི་ནི་བར་དོ་ལ། །འཕྲང་ཆེན་རྣམ་པ་བཞི་གསུངས་པ། །སྒྱུ་མ་ལས་ཀྱི་འཕྲང་དང་གཅིག །ལས་ཀྱི་སྣང་བའི་འཕྲང་དང་གཉིས། །སྐྱེ་གནས་རྣམ་བཞིའི་འཕྲང་དང་གསུམ། །ཆགས་སྡང་དྲག་པོའི་འཕྲང་དང་བཞི། །ཞེས་གསུངས་པ་ལྟར། སྲིད་པ་བར་དོའི་སྣང་བ་ཤར་བ་ན་དབང་པོ་ཀུན་ཚང་གི་ཡིད་ལུས་མ་ཡི་མངལ་དང་རྡོ་རྗེའི་གདན་མ་གཏོགས་ཐོགས་པ་མེད་ཅིང་ཡུད་ཙམ་ལ་མང་དུ་འཁོར་བ་ལ་སོགས་པའི་རྟགས་རྣམས་ཀྱིས་སྲིད་པ་བར་དོར་འཁྱམས་པ་ངོ་ཤེས་པར་བྱའོ། །དེ་ནས་འཇིགས་པའི་སྒྲ་བཞི་དང་ཉམ་ང་བའི་གཡང་ས་གསུམ་དང་འཁྲུལ་གཟུགས་ཀྱི་འཇིགས་སྐྲག་རྣམས་ཤར་བའི་ཚེ། བར་དོའི་སྣང་བ་ཐམས་ཅད་བདེན་པར་མ་གྲུབ་པའི་འཁྲུལ་སྣང་

p. 519

ཡིན་ཞིང་བར་དོ་ལ་གདོས་བཅས་ཀྱི་ལུས་མེད་པས་མེས་ཚིག་པ་དང་ཆུས་ཁྱེར་བ་སོགས་དང་གཡང་ལ་ལྷུང་བ་དང་ཤ་ཟ་དང་སྲིན་པོ་དང་གཤིན་རྗེ་ལ་སོགས་པས་བསད་ཅིང་ཟོས་པ་སུ་ཞིག་ཡོད་སྙམ་དུ་བསམས་ལ། རྨི་ལམ་གྱི་སྐབས་ལྟར་ཡ་ང་བ་དེ་དག་ལ་ཐོག་བརྫིས་བྱས་པས་འཁྲུལ་སྣང་གི་འཇིགས་སྐྲག་སེལ་ལ། གཞན་ཡང་འཁྲུལ་སྣང་ཅི་ཤར་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་དང་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ལྟ་བས་ཟིན་པར་བྱས་ལ་ལམ་དུ་བསླང་ངོ་། །གཉིས་པ་ནི། དེ་ནས་ཁྱད་པར་དུ་རང་གི་ལུས་ཡི་དམ་གྱི་སྐུ་དང་སྣོད་བཅུད་ཀྱི་སྣང་བ་གཞལ་ཡས་ཁང་དང་ལྷར་བསྒོམ་པ་དང་། བསམ་གཏན་གཉིས་གང་རུང་གིས་འོད་གསལ་དུ་བསྡུས་ཏེ་མཉམ་པར་འཇོག་པ་དང་། ཡང་འཁྲུལ་སྣང་འཆར་བའི་ཚེ་ཡི་དམ་ལྷའི་དཀྱིལ་འཁོར་དུ་ལྡང་བའི་ཚུལ་ལ་སྦྱང་ཞིང་དག་པའི་སྒྱུ་ལུས་རྣལ་དུ་འབྱོར་བ་བྱུང་ན། རྗེ་ཏི་ཤྲི་རས་པས། བར་དོ་ལོངས་སྐུའི་ཐང་ལ་བསླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །ཞེས་པའི་ལུང་དོན་འགྲུབ་པར་འགྱུར་རོ། །དེས་ཀྱང་གྲོལ་བར་མ་ནུས་ཏེ། སྐྱེ་གནས་མཐོང་ཞིང་དེ་ལ་ཆགས་སྡང་སྐྱེ་བར་རྩོམ་པའི་ཚེ། རྗེ་ཏི་རས་ཀྱིས། མངལ་སྒོ་བཀག་ཐབས་ཀྱི་སྐྱེལ་མ་དང་། །དབང་ཞུ་བླ་མའི་སྐྱེལ་མ་བྱ། །ཞེས་གསུངས་པའི་དོན་ཁྲིད་གཞུང་ལས་འབྱུང་བ་ལྟར་དང་། དེ་དག་ཡི་དམ་གྱི་དཀྱིལ་འཁོར་དུ་བསྒོམས་ཏེ་དབང་ཞུ་བ་དང་ཉམས་བདེ་སྟོང་དུ་སྐྱོང་བ་དང་ཆགས་སྡང་གི་ཡུལ་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་དང་སྐྱེ་མེད་གནས་ལུགས་ཀྱི་ལྟ་བ་བསྒོམ་པ་སོགས་བྱས་ཏེ་སྐྱེ་སྒོ་དགག་པར་བྱའོ། །དེ་ཡང་བདུན་ཕྲག་དང་པོ་ལ་དེ་ལྟར་སྦྱངས་ནུས་ན་དེ་ནས་ཚེགས་མེད་པར་བཤད་ཅིང་། ཞག་བཞི་བཅུ་ཞེ་དགུར་དེ་ལྟར་སྦྱངས་ན་བར་དོ་རྟེན་བཟང་བའི་སྟོབས་ཀྱིས་ས་ལམ་མཐའ་དག་

p. 520

རྫོགས་ནས་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་ལེན་ལ། ལས་དབང་འབའ་ཞིག་གིས་སྐྱེ་བ་ལེན་པ་ཁེགས་པར་བཞེད་དོ། །གསུམ་པ་ནི། དེ་ནས་འོག་མིན་དང་བདེ་བ་ཅན་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བར་འདོད་ན་ཞིང་ཁམས་དེ་ཡིད་ལ་བྱས་ཏེ་དེར་རྫུས་ཏེ་སྐྱེ་བའི་འཕེན་པ་དྲག་པོ་བཏང་ལ། འཕོ་བའི་མན་ངག་གིས་འཕོས་པས་སྒྱོགས་དང་འཕྲུལ་འཁོར་གྱི་ཚུལ་དུ་ཐེ་ཚོམ་མེད་པར་སྐྱེ་བར་གསུངས་སོ། །གཞན་ཡང་སྔགས་སྤྱོད་ཅིང་སེམས་ཅན་གྱི་དོན་བྱེད་པར་ནུས་པའི་རིག་འཛིན་དུ་སྐྱེ་བར་འདོད་ནའང་དེ་ལྟ་བུའི་འཕེན་པ་དྲག་པོ་བྱ་ཞིང་། སྔར་བཤད་པ་ལྟར་སྐྱེ་གནས་བཟང་ངན་གྱི་ཚུལ་ཤེས་པར་བྱས་ལ་སྐྱེ་གནས་ཀྱི་སྣང་བ་འཆར་བའི་ཚེ་ངན་པའི་སྣང་བ་འཆར་ན་གོང་དུ་བཤད་པའི་སྐྱེ་སྒོ་དགག་པའི་ཐབས་བྱ་ཞིང་། སྐྱེ་གནས་བཟང་པོ་མཐོང་ན་མངལ་གདམ་པའི་མན་ངག་ཁྲིད་གཞུང་ལས་འབྱུང་བ་ལྟར་ཡིད་ལ་ངེས་པར་བྱས་ཏེ། དལ་འབྱོར་སྐྱོན་མེད་ཐོབ་ནས་ལས་ཀྱི་འཕྲོ་འཐུད་དེ་མྱུར་དུ་འཚང་རྒྱ་བ་སོགས་སྨོན་ལམ་གྱི་སྟོབས་བསྐྱེད་དེ་དྲན་ཤེས་བཞིན་དང་ལྡན་པས་སྐྱེ་བ་འཛིན་པར་བྱའོ། །འདི་ནི་སྐྱེ་བ་དེའི་འཆི་སྲིད་ཀྱི་རྗེས་སུ་འཆར་བའི་བར་སྲིད་ཚུན་ནམ་སྐྱེ་བ་གསུམ་ལ་སོགས་པར་འཚང་རྒྱ་བར་བཤད་དོ། །དེ་ལྟར་ན་བར་དོའི་གདམས་པ་དངོས་གཞི་ནི་འཆི་བ་ཆོས་སྐུར་ཁྱེར་བ་དང་བར་དོ་ལོངས་སྐུར་ཁྱེར་བ་དང་སྐྱེ་བ་སྤྲུལ་སྐུར་ཁྱེར་བ་སྟེ་ལམ་ཁྱེར་གསུམ་དུ་འདུས་པ་ཡིན་ལ། སྒྲུབ་བརྒྱུད་གོང་མ་དག་གིས་འཆི་སྲིད་བར་སྲིད་སྐྱེ་སྲིད་གསུམ་ལ་སྲིད་པ་བར་དོ་གསུམ་གྱི་ཐ་སྙད་དང་དེར་སྐུ་གསུམ་ལམ་དུ་བྱེད་པའི་རྣམ་བཞག་ཀྱང་བཞེད་པ་ཡིན་ནོ། །{དྭགས་པོའི་སྙན་བརྒྱུད་དུ་བར་དོ་སྔོན་དང་འཕོ་བ་རྗེས་ལ་བཞག་མཛད་མོད། རང་ལུགས་ཆོས་དྲུག་གི་གཞུང་དུ་རྗེ་ནཱ་རོ་པའི་ཞལ་གདམས་རྡོ་རྗེའི་མགུར་གྱི་འགྲིག་རིམ་ལྟར་ཡན་ལག་གི་ཆོས་གཉིས་ལས་འཕོ་བ་དང་པོ་དང་། བར་དོ་གཉིས་པར་བཀོད་པ་ལྟར་

p. 521

འདིར་ཡང་ཕྱི་མའི་དབང་དུ་བྱས་པའོ། །མཆན།} ༈ གསུམ་པ་རྗེས་ཉམས་ལེན་ཇི་ལྟར་བསྐྱང་ཚུལ་ཁྲིད་གཞུང་ལས་མདོར་བསྟན་པའི་དོན་རྗེ་མངྒ་ལའི་ཆོས་དྲུག་ལྟར་རྒྱས་པར་བཤད་པ་ལ་གསུམ་སྟེ། གདམས་པ་ཉམས་སུ་ལེན་ཚུལ། ལམ་ཁྱེར་བསྲེ་བའི་རྣམ་བཞག །བོགས་འདོན་གྱི་སྤྱོད་པ་བཤད་པའོ། །དང་པོ་ནི། དེ་ལྟར་གདམས་པ་ཟབ་མོ་ཁྲིད་དུ་བསྐྱངས་ནས་གོ་བ་དང་མྱོང་བ་སྣ་རེ་སྐྱེས་པས་མི་ཆོག་པས་ཚེ་དང་སྒྲུབ་པ་མཉམ་པར་བྱེད་པའི་གོ་ཆ་བརྟན་པོ་དགོས་ཤིང་། ཁྱད་པར་སྐྱེས་བུ་གསུམ་གྱི་ལམ་རིམ་རྣམས་ལན་རེ་ཙམ་གྱི་གོ་ཡུལ་དུ་ལུས་ན་རྣལ་འབྱོར་པ་ཆོས་བརྒྱད་ཀྱི་སྒྲོག་ཏུ་ཚུད་ནས་བློ་དྲེད་ཅན་དུ་འགྱུར་བས་སྐབས་སྐབས་སུ་བསྒོམ་པ་གལ་ཆེ་སྟེ། དེ་ཡང་ཚེ་འདིར་ལམ་མཐའ་དག་སྒྲུབ་པར་མི་ནུས་པའི་ཞུམ་པ་སྐྱེ་ན་དལ་འབྱོར་རྙེད་དཀའ་བ་དང་རྙེད་པ་དོན་ཆེ་ཚུལ་བསམ། ཚེ་འདིའི་ལོངས་སྤྱོད་དང་ཆགས་སྡང་སོགས་ཀྱི་སྣང་ཤས་ལ་ཞེན་པ་ཆེ་ན་མི་རྟག་པ་བསམ། སྲིད་པའི་བདེ་བ་ལ་ཆགས་པ་དང་ཕྱི་བཤོལ་གྱི་བློ་སྐྱེ་ན་འཁོར་བའི་སྡུག་བསྔལ་བསམ། དགེ་སྡིག་གི་བླང་དོར་ལ་ངེས་ཤེས་ཆུང་ན་ལས་རྒྱུ་འབྲས་བསམ། རང་ཉིད་གཅིག་པུ་ཞི་བདེའི་བློ་སྐྱེ་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ཤེས་དགོས་སོ། །དེ་ནས་ཁྱད་པར་གྱི་སྔོན་འགྲོ་རྣམས་ལམ་གྱི་རྩ་བ་ཡིན་པས་ཉིན་རེ་བཞིན་ཐུན་གཉིས་སམ་གཅིག་ཏུ་ངེས་པར་བསྒོམ་དགོས་ཤིང་། གདམས་པ་དངོས་གཞི་ནི་ཞག་རེ་ལ་ཐུན་དྲུག་གམ་བཞིར་བསྒོམ་སྟེ། སད་དུས་གཏུམ་མོ་དང་སྒྱུ་ལུས་གཉིད་དུས་འོད་གསལ་དང་རྨི་ལམ་གྱི་གདམས་པ་བསྒོམ་མོ། །དེ་ཡང་གཏུམ་མོའི་གདམས་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་སྟོང་པ་བཞི་དང་དགའ་བ་བཞི་མ་ཤར་ན། སྒྱུ་ལུས་ཀྱི་སྐབས་སུ་འོད་གསལ་དུ་འཇུག་པ་དང་དེ་ལས་རླུང་

p. 522

སེམས་སྒྱུ་མའི་སྐུར་ལྡང་བ་ཚུལ་བཞིན་མི་ནུས་ཤིང་། དེ་མ་ནུས་པར་རྨི་ལམ་དང་འོད་གསལ་གྱི་སྐབས་སུ་དེ་དག་རླུང་སྟོབས་ཀྱིས་རང་དབང་ཅན་དུ་ཟིན་པ་དང་དེའི་གདམས་པ་ཚུལ་བཞིན་བསྒོམ་པར་མི་ནུས་ལ་དེ་མ་ནུས་ན་ཚེ་འདི་དང་བར་དོར་འཚང་མི་རྒྱ་བ་མ་ཟད། འཆི་བ་དང་བར་དོ་རང་དབང་ཅན་དུ་ཟིན་པ་དང་དེར་མན་ངག་བསྒོམ་ནུས་པའང་དཀའོ། །དེས་ན་གཏུམ་མོའི་རྟོགས་པ་རྐང་ཚུགས་པ་ཤིན་ཏུ་གལ་ཆེ་བས་རྒྱུན་དུའང་སད་དུས་ཐུན་གྱི་ཕྱེད་དམ་སུམ་ཆར་གཏུམ་མོ་བསྒོམ་ཞིང་། དེ་ནས་རླུང་སྦྱོར་དང་བཅས་པས་སྒྱུ་ལུས་འོད་གསལ་དུ་འཇུག་ལྡང་བྱ་བའི་ཚུལ་ལ་སོགས་པ་བསྒོམ་མོ། །གཉིད་དུས་སུ་ནི་དང་པོ་གཉིད་ཀྱི་སྟོང་པ་བཞི་ངོས་བཟུང་བ་དང་དེའི་འོད་གསལ་ལ་ཅི་ནུས་མཉམ་པར་འཇོག་པ་བྱ་ལ། ཅི་ནས་ཀྱང་རྨི་ལམ་འཆར་ནས་དེ་ནས་རྨི་ལམ་གྱི་སྒྱུ་མའི་སྐུར་ལྡང་བ་སོགས་ལ་སྦྱང་སྟེ། དེ་དག་གི་ཚུལ་གདམས་པ་སོ་སོའི་སྐབས་སུ་བཤད་ཟིན་ཏོ། །བར་དོའི་གདམས་པ་ནི་ཉིན་རེ་བཞིན་ཐུན་མཚམས་ལ་སོགས་པར་ཡིད་ལ་བྱས་ཏེ་ངེས་པ་བརྟན་པོ་རྙེད་པར་བྱ་དགོས་ཤིང་། འཕོ་བ་ནི་ལམ་མཐའ་དག་ལ་མྱོང་བ་མ་ཐོབ་པར་འཆི་ན་བྱ་དགོས་པས་དང་པོར་འཕོ་བ་འབྱོངས་པར་བྱས་ལ་དེ་ནས་ཟླ་བ་རེ་ལ་ལན་གསུམ་རེའམ་ལན་རེ་སྦྱང་བར་བཞེད་དོ། །གཉིས་པ་ནི། གདམས་པ་འདིའི་བསྲེ་བའི་ཚུལ་ལ་སད་དུས་སུ་གཏུམ་མོ་དང་སྒྱུ་ལུས་ལ་བརྟེན་ནས་ལྟ་སྒོམ་འདོད་ཆགས་དང་བསྲེ་བ་དང་། གཉིད་དུས་སུ་རྨི་ལམ་དང་འོད་གསལ་ལ་བརྟེན་ནས་དགེ་སྦྱོར་གཏི་མུག་དང་བསྲེ་བ་དང་། བར་དོར་དེའི་གདམས་པ་དང་སྒྱུ་ལུས་ལ་བརྟེན་ནས་ཉམས་མྱོང་ཞེ་སྡང་དང་བསྲེ་བ་གསུམ་རྩ་བ་ཡིན་ཞིང་། དེ་གསུམ་རེ་རེ་ལའང་སྐུ་གསུམ་གྱི་བསྲེ་བ་གསུམ་རེ་ཡོད་དེ། སད་དུས་སུ་རླུང་དབུ་མར་ཐིམ་པའི་སྟོང་པ་བཞིའམ་དགའ་བ་

p. 523

བཞི་བསྐྱེད་དེ་འོད་གསལ་ལམ་ལྷན་སྐྱེས་ལ་མཉམ་པར་འཇོག་པ་ཆོས་སྐུ་དང་། དེ་ལས་རླུང་སེམས་སྒྱུ་མའི་སྐུར་ལྡང་བ་ལོངས་སྐུ་དང་། ལུས་རགས་པ་ལ་ཞུགས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྤྲུལ་པ་སྤྲུལ་སྐུའི་བསྲེ་བ་སྟེ་སད་དུས་ཀྱི་བསྲེ་བ་གསུམ་དང་། གཉིད་ཀྱི་སྟོང་པ་བཞི་ངོས་བཟུང་སྟེ་འཐུག་པོའི་འོད་གསལ་ལ་ཅི་ནུས་མཉམ་པར་འཇོག་པ་ཆོས་སྐུ་དང་། དེ་ལས་རྨི་ལམ་གྱི་ལུས་སྒྱུ་མའི་སྐུར་ལྡང་བ་ལོངས་སྐུ་དང་། སྣ་ཚོགས་པའི་རྨི་ལམ་གྱི་སྣང་བ་མཐའ་དག་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྤྲུལ་པ་སྤྲུལ་པའི་སྐུར་བསྲེ་བ་སྟེ་གཉིད་དུས་ཀྱི་བསྲེ་བ་གསུམ་དང་། འཆི་བའི་སྟོང་པ་བཞི་ངོས་བཟུང་སྟེ་འཆི་བ་འོད་གསལ་ལ་ཅི་ནུས་མཉམ་པར་འཇོག་པ་ཆོས་སྐུ་དང་། དེ་ལས་བར་དོ་སྒྱུ་མའི་སྐུར་ལྡང་བ་ལོངས་སྐུ་དང་། སྤྲུལ་པས་འགྲོ་དོན་བྱེད་པའམ་དག་པའི་ཞིང་ལ་སོགས་པར་སྐྱེ་བ་འཛིན་པ་སྤྲུལ་སྐུའི་བསྲེ་བ་སྟེ་འཆི་བ་བར་དོའི་བསྲེ་བ་གསུམ་མོ། །དེ་ལྟར་ན་རྩ་བའི་བསྲེ་བ་སྐོར་གསུམ་མམ་ཕྱེ་ན་བསྲེ་བ་སྐོར་དགུ་ཡིན་ནོ། །ཆོས་རྗེ་འབའ་རོམ་པའི་གདམས་པ་བསྲེ་འཕོ་དར་ཁུག་མ་སོགས་འགའ་ཞིག་ཏུ་བསྲེ་བའི་གདམས་སྐོར་བཅོ་ལྔར་ཕྱེ་བ་ལྟར་ན། བར་དོ་གསུམ་ལུས་གསུམ་མཚམས་སྦྱོར་གསུམ་བསྲེ་བ་གསུམ་མངོན་དུ་བྱ་བ་གསུམ་སྟེ་བཅོ་ལྔ་ཡིན་ལ། དེ་ཡང་སྐྱེ་ཤི་བར་དོར་རྣམ་སྨིན་གྱི་ལུས་ལ་བརྟེན་ནས་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱིས་མཚམས་སྦྱར་ཏེ་གཏུམ་མོའི་གདམས་པས་དགེ་སྦྱོར་འདོད་ཆགས་དང་བསྲེས་ལ་དཔེ་དང་དོན་གྱི་ཡེ་ཤེས་མངོན་དུ་བྱ་བ་དང་། རྨི་ལམ་བར་དོར་བག་ཆགས་ཀྱི་ལུས་ལ་བརྟེན་ནས་དྲན་འདུན་གྱིས་མཚམས་སྦྱར་ཏེ་འོད་གསལ་དང་རྨི་ལམ་གྱི་གདམས་པས་དགེ་སྦྱོར་གཏི་མུག་དང་བསྲེས་ལ་སྒྱུ་ལུས་མངོན་དུ་བྱ་བ་དང་། སྲིད་པ་བར་དོར་ཡིད་ཀྱི་ལུས་ལ་བརྟེན་

p. 524

ནས་བླ་མའམ་ཡི་དམ་ཡབ་ཡུམ་གྱིས་མཚམས་སྦྱར་ཏེ་སྒྱུ་ལུས་ཀྱི་གདམས་པས་དགེ་སྦྱོར་ཞེ་སྡང་དང་བསྲེས་ལ་འོད་གསལ་མངོན་དུ་བྱ་བར་བཞེད་དོ། །གཞན་ཡང་གཉིད་ཆོས་སྐུ་རྨི་ལམ་ལོངས་སྐུ་སད་པ་སྤྲུལ་སྐུར་བསྲེ་བ་དང་། འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་སྐུར་བསྲེ་བ་དང་། ཉམས་མྱོང་ལྟ་བ་དང་བསྲེ་བ་ཞེས་པ་བསྐྱེད་རྫོགས་ཀྱི་ཉམས་མྱོང་མཐའ་དག་གནས་ལུགས་ཀྱི་ལྟ་བ་དང་བསྲེས་ཏེ་བསྐྱང་བ་དང་། ལྟ་སྒོམ་ཉོན་མོངས་དང་བསྲེ་བ་ཞེས་པ་གཏུམ་མོ་འདོད་ཆགས་དང་བསྲེ། སྒྱུ་ལུས་ཞེ་སྡང་དང་བསྲེ། འོད་གསལ་གཏི་མུག་དང་བསྲེ་བ་སོགས་ཀྱི་རྣམ་བཞག་མང་དུ་བཤད་ཀྱང་གནད་གཅིག་གོ། །གསུམ་པ་ནི། སྤྱིར་གསང་ཆེན་གྱི་སྒོར་ཞུགས་ནས་ལམ་གྱི་རྟོགས་པ་མ་སྐྱེས་པ་བསྐྱེད་པའི་ཕྱིར་དང་སྐྱེས་པ་བོགས་འབྱིན་པའི་ཕྱིར་སྤྱོད་པ་བྱ་དགོས་པར་གསུངས་པ་ལས། སྔ་མ་ནི་སྨིན་བྱེད་ཀྱི་དབང་ཐོབ་ནས་མཆོག་མ་ཐོབ་ཀྱི་བར་དུ་འཇུག་ཅིང་། ཕྱི་མ་ལ་གསང་འདུས་ཀྱི་སྐོར་ནས་བསྐྱེད་རིམ་གྱི་རྟོགས་པ་མཐར་ཕྱིན་ཏེ་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་དོན་དུ་བྱེད་པ་དང་། རྫོགས་རིམ་གྱི་དུས་སེམས་དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་དོན་དུ་བྱེད་པ་དང་། སྒྱུ་ལུས་ཐོབ་ནས་འོད་གསལ་གྱི་དོན་དུ་བྱེད་པ་དང་། སློབ་པའི་ཟུང་འཇུག་ཐོབ་ནས་མཆོག་འགྲུབ་པའི་དོན་དུ་བྱེད་པར་བཤད་ལ། སེམས་དབེན་ཐོབ་པ་ནི་འདིར་རླུང་དབུ་མར་ཐིམ་པའི་སྟོང་པ་བཞིའམ་དགའ་བ་བཞི་བསྐྱེད་ནུས་པ་དང་མཚུངས་སོ། །སྤྱོད་པ་ནི་སྒྲུབ་པ་པོའི་གང་ཟག་གི་དབྱེ་བས་སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་གསུངས་པ་ལས་གང་རུང་ཞིག་སྦྱང་བས་ཆོག་པར་བཞེད་ཅིང་ཟླ་བ་དྲུག་ལ་སོགས་པས་དགོས་པ་འགྲུབ་པར་བཤད་དོ། །གྲུབ་སྙིང་གི་སྐོར་ནས་སྤྱོད་པ་བཞིའམ་ལྔར་གསུངས་པ་ལས། དབང་ཐོབ་ནས་རིམ་

p. 525

གཉིས་ཀྱི་རྟོགས་པ་ལ་དྲོད་མ་ཐོབ་ཀྱི་བར་ཀུན་བཟང་གི་སྤྱོད་པ་དང། དྲོད་ཐོབ་ནས་བརྟན་པ་མ་ཐོབ་ཀྱི་བར་གསང་སྤྱོད་སྦས་པའི་སྤྱོད་པ་དང་དེ་ནས་སྒྱུ་ལུས་དང་འོད་གསལ་མ་གྲུབ་ཀྱི་བར་ཚོགས་སྤྱོད་དང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་དང་། ནུས་པ་མཆོག་ཐོབ་ནས་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མ་ཐོབ་ཀྱི་བར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བྱ་བར་བཞེད་དོ། །གཞན་ཡང་ཨ་ཝ་དྷཱུ་ཏི་དང་ཀུན་བཟང་གི་སྤྱོད་པ་གཉིས་སམ། ལས་དང་པོ་པ་དང་ཡེ་ཤེས་ལ་དབང་བ་དང་ཡེ་ཤེས་ལ་ཆེར་དབང་བ་དང་རྣམ་གྲོལ་གྱི་སྤྱོད་པ་བཞི་ལ་སོགས་པ་བཤད་ཀྱང་སྔ་མ་དག་དང་གནད་མཐུན་ནོ། །དེ་ལ་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེས་པའི་སྒྲུབ་པ་པོ་སྙིང་སྟོབས་དང་ལྡན་པས་ཚེ་འདིར་མཆོག་སྒྲུབ་པ་ལ་སྔགས་ཀྱི་སྤྱོད་པ་ངེས་པར་བྱ་དགོས་ཀྱང་། དེང་སང་དེ་ལྟ་བུའི་སྒྲུབ་པ་པོ་ཤིན་ཏུ་དཀོན་པར་སྣང་བས་འཕྲལ་དུ་མི་དགོས་པ་དང་ཡི་གེ་མང་གིས་དོགས་པས་སྤྱོད་པ་དེ་དག་བྱ་ཚུལ་འདིར་མ་སྤྲོས་ལ་གལ་ཏེ་སྤྱོད་པ་བྱེད་ན་གཞན་དུ་ཤེས་དགོས་སོ། །སྒྲུབ་བརྒྱུད་འདིའི་བཞེད་པ་ལ་ནི་བསྐྱེད་རྫོགས་ཀྱི་རྟོགས་པ་མཐའ་དག་ཐོབ་ནས། སྔགས་ཀྱི་སྤྱོད་པ་འགའ་ཞིག་དང་གནད་མཐུན་ཞིང་རབ་བྱུང་གི་བསླབ་པ་དང་མི་འགལ་བར་རི་བོའི་རྩེ་དང་གཉན་ས་དང་དུར་ཁྲོད་ལ་སོགས་པར་ཀུ་སུ་ལུའི་མཆོད་སྦྱིན་བྱ་ཞིང་ཐ་མལ་གྱི་སྨྲ་བ་བཅད་དེ། འཇིག་རྟེན་ལ་བློ་མི་འཇུག་པ་རི་དྭགས་སྨས་མ་ལྟ་བུའི་སྤྱོད་པ། ཅི་བྱུང་ཡང་ཉམ་ང་མེད་པ་སེང་གེ་ལྟ་བུའི་སྤྱོད་པ། གང་ལའང་ཆགས་ཞེན་མེད་པ་བར་སྣང་གི་རླུང་ལྟ་བུའི་སྤྱོད་པ། ཅི་ལའང་བློ་རྟེན་མི་བཅའ་བ་ནམ་མཁའ་ལྟ་བུའི་སྤྱོད་པ། དགག་སྒྲུབ་དང་གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སྤྱོད་པ་སྟེ། སྤྱོད་པ་དེ་དག་གིས་ལམ་ལ་བོགས་དབྱུང་བར་བཞེད་དོ། །དེ་ཡན་གྱིས་རང་

p. 526

ལུགས་ཆོས་དྲུག་གི་ཁྲིད་གཞུང་ལས་གསུངས་པ་ལྟར། སྤྱི་དོན་དང་པོ་སྦྱང་གཞི་ལུས་སེམས་ཀྱི་གནས་ལུགས་དང་། སྤྱི་དོན་གཉིས་པ་སྦྱོང་བྱེད་ལམ་གྱི་གདམས་པ་ལས་འཕྲོས་པའི་རྒྱབ་ཆོས་ཟུར་རྒྱན་སྐོར་ཚང་བར་གྲུབ་བོ།།
༈ སྤྱི་དོན་གསུམ་པ་སྦྱངས་འབྲས་མངོན་དུ་བྱེད་པའི་ཚུལ་ནི། འགྲོ་བའི་མགོན་པོ་ཏི་ཤྲི་པྲ་ཛྙཱ་སེང་ཧས། རྒྱུ་རང་ལ་ཡོད་པའི་གནས་ལུགས་དེ། །ལམ་ཚོགས་པའི་རྟེན་འབྲེལ་འགྲིག་ཙ་ན། །འབྲས་བུ་རྫོགས་པའི་སངས་རྒྱས་ཡིན། །ཞེས་དང་། རྟེན་སྦྱངས་པ་ཡིས་བརྟེན་པ་དག །སྐུ་ལྔ་རོ་གཅིག་རྡོ་རྗེ་འཆང་། །ཞེས་སོགས་གསུངས་པའི་དོན་མདོར་བསྡུས་རང་ལུགས་ཆོས་དྲུག་གི་ཁྲིད་གཞུང་ལས་ཇི་སྐད་བསྟན་པ་ལྟར་ལ། འདིར་སྒམ་པོ་པ་མངྒ་ལའི་གསུང་གིས་ཟུར་བརྒྱན་ཏེ་རྒྱས་ཙམ་སྨོས་ན། དེ་ལྟར་ལམ་ཉམས་སུ་བླངས་པས་འབྲས་བུ་དམན་པ་ཕྲིན་ལས་བཞི་དང་འབྲིང་གྲུབ་ཆེན་བརྒྱད་དང་མཆོག་སངས་རྒྱས་འགྲུབ་པར་བཤད་པ་ལས། སྔ་མ་གཉིས་ལ་ཐུན་མོང་གི་དངོས་གྲུབ་ཅེས་བྱ་སྟེ་རིམ་པ་དང་པོས་ཀྱང་འགྲུབ་ལ། ཕྱི་མ་མཆོག་གི་དངོས་གྲུབ་ནི་རིམ་གཉིས་ཟུང་འཇུག་གིས་སྒྲུབ་དགོས་ཏེ། དེ་ལ་གང་ཟག་གི་དབྱེ་བས་ཚེ་འདི་དང་བར་དོ་དང་སྐྱེ་བ་ཕྱི་མ་དང་སྐྱེ་བ་ཅི་རིགས་བརྒྱུད་དེ་འགྲུབ་པའི་ཚུལ་མང་དུ་བཤད་པ་ལས་ཕྱི་མ་རྣམས་བར་དོའི་སྐབས་སུ་བཤད་ཟིན་ཅིང་། གང་ཟག་དབང་པོ་ཡང་རབ་བརྩོན་འགྲུས་ཅན་ཚེ་འདིར་མཆོག་འགྲུབ་ཚུལ་ལ། གཏུམ་མོའི་གདམས་པ་ཉིད་ཀྱིས་ས་ལམ་བགྲོད་ཚུལ་ནི། དབང་ཐོབ་པ་ནས་བཟུང་སྟེ་རིམ་གཉིས་ལ་སེམས་བརྟན་ནས་རྐྱེན་མཐའ་དག་ལམ་དུ་བསླངས་ཏེ་ཟག་བཅས་ཀྱི་ཉམས་མྱོང་དང་པོ་སྐྱེས་ཤིང་དྲོད་ཆུང་ངུ་ཐོབ་པས་ཚོགས་ལམ་བགྲོད། དེ་ནས་རླུང་སེམས་དབུ་མར་ཚུད་དེ་ཡས་བབས་

p. 527

ཀྱི་དགའ་བ་བཞིའི་ཚུལ་གྱིས་རླུང་སེམས་ཀྱི་དྭངས་མ་དབུ་མའི་མར་སྣར་བྱོན་པས་བདེ་སྟོང་ལྷན་ཅིག་སྐྱེས་པའི་རྟོགས་པ་སྐྱེས་ཤིང་ཟག་བཅས་རྩ་རླུང་གི་ཡོན་ཏན་རྒྱས་ནས་དྲོད་འབྲིང་པོ་ཐོབ་པས་སྦྱོར་ལམ་བགྲོད། དེ་ནས་མས་བརྟན་གྱི་དགའ་བ་བཞིའི་ཚུལ་གྱིས་ཐིག་ལེའི་དྭངས་མ་གྱེན་དུ་ལོག་སྟེ་སྤྱི་བོའི་བར་དུ་བརྟན་པས་རིམ་བཞིན་དབུ་མའི་མདུད་པ་སོ་གཉིས་གྲོལ། ཡུལ་ཉེར་བཞིའི་རྩ་ཁམས་དྭངས། འཁོར་ལོ་དྲུག་སྒྲིབ་བྲལ་དུ་དག །རླུང་སྟོང་དང་བརྒྱད་བརྒྱ་པ་བཅུ་གཉིས་རིམ་གྱིས་འགགས། ས་བཅུ་གཉིས་རིམ་གྱིས་ཐོབ། དེ་ཡང་ས་དང་པོ་ཐོབ་པའི་སྐབས་སུ་ཟག་མེད་ཀྱི་བདེན་པ་མཐོང་ཞིང་དྲོད་ཆེར་ཐོབ་པར་མཐོང་ལམ་བགྲོད། ས་ལྷག་མ་བཅུ་གཅིག་གི་སྐབས་སུ་ཡོན་ཏན་ཇེ་ཆེར་སྐྱེས་ཏེ་སྒོམ་ལམ་བགྲོད། དེ་ནས་རྩ་རླུང་ཐིག་ལེའི་ཆ་ཕྲ་ཞིང་ཕྲ་བའང་སྒྲིབ་བྲལ་དུ་དྭངས་པས་ཐ་མལ་གྱི་ལུས་དག་ནས་འཇའ་ལུས་ཡེ་ཤེས་ཀྱི་སྐུར་གྱུར། བྱང་སེམས་འབབ་པའི་རྩ་སོ་གཉིས་དྭངས་པས་མཚན་སོ་གཉིས་དང་ལྡན་པ། ཀུན་རྟོག་བརྒྱད་ཅུ་གནས་སུ་དག་པས་དཔེ་བྱད་བརྒྱད་ཅུ་དང་ལྡན་པ། རླུང་སེམས་ཡེ་ཤེས་ཀྱི་སྣང་བར་གྱུར་པས་འོད་ཟེར་གྱི་ཚོགས་དང་ལྡན་པ། ཨ་ཧཾ་གི་སྙོམ་འཇུག་མཐར་ཕྱིན་པས་ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་སྟེ། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ཐོབ་ནས་མི་སློབ་པའི་ལམ་མངོན་དུ་གྱུར་པ་ཡིན་ནོ། །དེ་ཡང་སྙིང་རྗེ་དང་དབྱེར་མེད་པའི་སྟོང་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལས་མི་གཡོ་བ་ནི་ཆོས་སྐུ། བདེ་བ་ཆེན་པོའི་སྣང་བརྙན་མཚན་དཔེས་བརྒྱན་པར་སྣང་བ་ནི་ལོངས་སྐུ། གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་ཤར་ནས་འགྲོ་བའི་དོན་བྱེད་པ་སྤྲུལ་སྐུ། སྐུ་དེ་གསུམ་ཟག་མེད་ཀྱི་དབྱིངས་སུ་དབྱེར་མེད་པ་ནི་ངོ་བོ་ཉིད་སྐུ་སྟེ་འཁོར་བ་ཇི་སྲིད་པར་སྐུ་བཞི་ལས་མི་གཡོ་བར་

p. 528

བཞུགས་སོ། །གཞན་ཡང་འདིའི་གདམས་པ་རྣམས་ཀྱིས་ཐུན་མོང་དུ་ས་ལམ་བགྲོད་ཚུལ་ནི། དབང་ཐོབ་པ་ནས་བསྐྱེད་རྫོགས་ལ་སེམས་བརྟན་ཞིང་ཟག་བཅས་ཀྱི་ཡོན་ཏན་མཐའ་དག་སྐྱེས་པའི་བར་གྱིས་ཚོགས་ལམ་བགྲོད། རླུང་དབུ་མར་ཐིམ་པའི་སྟོང་པ་བཞི་བསྐྱེད་ནུས་པ་ནས་དཔེའི་འོད་གསལ་དང་སྦས་དོན་གྱི་སྒྱུ་ལུས་ཐོབ་སྟེ་དོན་གྱི་འོད་གསལ་ཐོབ་པ་ལ་ཉེ་བའི་བར་གྱིས་སྦྱོར་ལམ་བགྲོད། དོན་གྱི་འོད་གསལ་མངོན་དུ་བྱས་པས་ནི་ས་དང་པོ་མཐོང་བའི་ལམ་བགྲོད། དེ་ནས་སློབ་པའི་ཟུང་འཇུག་ཐོབ་པ་ལ་ཉེ་བའི་བར་གྱིས་ས་བདུན་པ་མན་བགྲོད། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་ཐོབ་པ་ལ་ཉེ་བའི་བར་གྱིས་ས་བཅུ་གཉིས་པ་མན་ཆད་ཐོབ་ཅིང་སྒོམ་ལམ་བགྲོད། དེ་ནས་མི་སློབ་པའི་ཟུང་འཇུག་བདེ་བ་ཆེན་པོ་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་མངོན་དུ་གྱུར་པས་ནི་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ་མི་སློབ་པའི་ལམ་བགྲོད། དེ་ནས་འཁོར་བ་ཇི་སྲིད་པར་མི་སློབ་པའི་ཟུང་འཇུག་གི་སྐུ་དེ་ཉིད་ལས་མི་གཡོ་བར་བཞུགས་ཏེ། ཟུང་འཇུག་གི་སྐུ་ཞེས་པའི་དོན་ནི་དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཡུལ་དང་ཡུལ་ཅན་གྱི་འོད་གསལ་ནི་ཆོས་ཀྱི་སྐུ་དང། དེའི་རྟེན་གཟུགས་ཀྱི་སྐུ་རླུང་སེམས་ཙམ་ལས་གྲུབ་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སྐུ་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་པས་ཟུང་འཇུག་གི་སྐུའམ་ཡེ་ཤེས་ཀྱི་སྐུ་ཞེས་བཤད་ཅིང་། དེས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་པའི་སྤྲུལ་པ་མཐའ་ཡས་པ་སྟོན་པར་མཛད་པ་ནི་སྤྲུལ་པའི་སྐུ་སྟེ། འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེས་ན་རྗེ་ཏི་ཤྲི་རས་པ་ཆེན་པོས། དལ་འབྱོར་མི་ལུས་རྙེད་པར་དཀའ་ཡི་ཆུད་མ་གསོན། །བཤེས་གཉེན་དམ་པས་ཟིན་པར་དཀའ་ཡི་མོས་གུས་བསྐྱེད། །ཐེག་ཆེན་
ཆོས་དང་འཕྲད་པར་དཀའ་ཡི་བརྩོན་འགྲུས་རྩོམས། །ཟབ་མོ་རྒྱུད་ལ་སྐྱེ་བར་དཀའ་ཡི་མ་ཡེངས་མཛོད། །ཅེས་གསུངས་པ་ལྟར་རང་གཞན་དོན་གཉིས་མཐར་ཕྱིན་པའི་ཐབས་ལ་ཅི་ནས་ཀྱང་འབད་པར་རིགས་སོ། །ཞེས་པའང་༧སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་ཆེན་པོ་མཁས་གྲུབ་བླ་མ་འཇམ་དབྱངས་མ་ཏི་རཏྣས་མཛད་པའི་༧ཆོས་རྗེ་འབའ་རོམ་པའི་གསེར་ཆོས་མན་ངག་གསེང་ལམ་ཆོས་དྲུག་གི་ཞལ་ཤེས་ཟུར་རྒྱན་གྲུབ་པའི་དགོངས་བཅུད་ལས། ནཱ་རོའི་ཆོས་དྲུག་གི་རྩ་བའི་ཆོས་བཞི་པ་འོད་གསལ་མན་འཕྲོ་ཅན་དུ་ལུས་པ་དེ་ཕྲན་ལ་ཁ་སྐོང་བགྱི་བར་འོས་ཞེས་༧ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་རྗེ་སྐྱོ་བྲག་གསལ་བྱེད་རྡོ་རྗེ་འཆང་གི་བཀའ་ལུང་སྤྱི་བོར་ཕེབས་པ་དང་ཆབས་ཅིག །གྲུབ་དབང་རས་ཆེན་ཚུལ་ཁྲིམས་མཐར་ཕྱིན་དང་། ཚང་གསར་བླ་མ་ཀརྨ་དཔལ་འབྱོར་སོགས་ཐུན་མིན་རྡོ་རྗེའི་མཆེད་པོ་རྣམས་ཀྱིས་རྟེན་བཅས་གསུང་བསྐུལ་གནང་དོན་ལྟར། བཀའ་བརྒྱུད་རིན་པོ་ཆེའི་གསུང་གི་གསང་བ་ཁོ་ན་ལ་བརྟེན་པ་ལས་རང་བཟོས་མ་བསླད་པར་ཤཱཀྱའི་དགེ་སྦྱོང་གྱི་ན་བ་ཀརྨ་པ་རི་ཀིརྟིས་ཁམས་ཀྱི་གནས་མཆོག་སྐྱོ་བྲག་དཀར་པོའི་དབེན་ཁྲོད་དུ་གུས་པས་གསབ་སྣོན་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག ། །།

ཆོས་རྗེ་འབའ་རོམ་པའི་གསང་ཆེན་རྡོ་རྗེའི་གར་གྱི་འཁྲུལ་འཁོར་གྱི་ཟིན་བྲིས་ཧེ་རུ་ཀའི་ཐུགས་ཏིག །བཀའ་བརྒྱུད་བཀྲ་ཤིས།

p. 529

༄༅། །ཆོས་རྗེ་འབའ་རོམ་པའི་གསང་ཆེན་རྡོ་རྗེའི་གར་གྱི་འཁྲུལ་འཁོར་གྱི་ཟིན་བྲིས་ཧེ་རུ་ཀའི་ཐུགས་ཏིག་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀ་ཡེ། གསང་ཆེན་རྡོ་རྗེ་བཙུན་མོའི་ཨེ་དབྱིངས་སུ། །གསང་ལམ་ཟབ་མོའི་ཐབས་ལ་མངའ་བརྙེས་ཤིང༌། །གསང་བ་མཆོག་གི་གདམས་པ་སྦྱིན་མཛད་པ། །གསང་བདག་རྡོ་རྗེ་འཛིན་ཁྱོད་སྙིང་དབུས་བཞུགས། །བདེ༵་ཆེན་རྡོ་རྗེའི་གར་མཁན་ཧེ་རུ་ཀའི། །བདེ༵་སྟོང་དབྱིངས་ནས་གདམས་པའི་གྲུ་ཆར་གཡོས། །བདེ༵་ལེགས་

p. 530

དཔལ་གྱི་སྙིང་དབུས་སོན་པའི་བཅུད། །བདེ༵་གཤེགས་སྙིང་པོའི་མྱུར་ལམ་འདི་ཁོ་ན། །ཤིན་ཏུ་ཆེས་གས༵ང་གས༵ང་ཆེན་བླ་མེད་རྒྱུད། །ཀུན་གྱི་ཡང་སྙི༵ང་སྙི༵ང་པོའི་དོན་ཟབ་མོ། །མཆོག་གི་མྱུར་ལ༵མ་ལ༵མ་བཟང་ནཱ་རོ་པའི། །ཐུགས་ཀྱི་དཔལ་མང༵འ་མང༵འ་བདག་རྗེ་ཡི་སྲོལ། །དྲི༵་མེད་དྲི༵་མ་དག་བྱེད་གངྒཱའི་རྒྱུན། །སྙན༵་ནས་སྙན༵་དུ་བརྒྱུད་པའི་མན་ངག་བཅུད། །གས༵ང་ཆེན་གས༵ང་བའི་ཐབས་ལམ་རྡོ་རྗེའི་གར། །འཁྲུ༵ལ་འཁོར་འཁྲུ༵ལ་མེད་བླ་མའི་གསུང་བཞིན་འགོད། །དགོང་མོ་གཉིད་ཁར་རང་ལུས་རིན་ཆེན་བུམ་ནང་དུ་ནང་ཁྲོལ་བུམ་རྫས་རང་སེམས་དག་བྱེད་ཀྱི་ལྷ་གང་མོས་སུ་བསྒོམ་ལ་བདུད་རྩི་འབེབས་ཤིང་སྔགས་བཟླས་པའི་དྲི་ཆུ་བར་པས་བཀྲུས། དེ་ལ་སྦྱོར་དངོས་རྗེས་ཀྱི་རིམ་པ་ལས། །ཐོག་མར་གསང་ཁྲུས་དྲི་ཞིམ་པོ་ཅན་གྱི་ཤིང༌། སུར་དཀར། འོམ་བུ། ཤུག་པ་བཀྲ་མ། བྲག་ཚེར། མཁན་དཀར། ནས་བྲེ་གང་བཅས་མཉམ་དུ་བཙོས་ལ་ཆང་ཕྱིར་བཏང་བའི་སྙིགས་མ་དང་བཟང་ཤིང་སོ་སོར་ཕབ་བཏབ་པ་ཆང་བཞིན་བསྙལ་ནས་ལངས་ཚེ་སྤོམ་སྟེ་སླར་དྭངས་སྙིགས་ཕྱེས་པའི་བདུད་རྩི་ལྔའི་ཁུ་བས། །ལུས་བཀྲུས་དེ་ཡིས་རྩ་ཞར་རྩ་ཉམས་སོས། །རྩི་བཅུད་མར་རྙིང་ཕྱེ་དང་སྦྱར་བས་ལུས་བྱུགས་ཤིང༌། །བཅུད་ཅན་ཟས་དང་བྱང་སེམས་ཀྱི་འཕེན་ཤུགས་བཟང་པོས་སྣང་གཡེར་མཐོ་བའི་སར་ལུས་ཆོས་བདུན་གྱིས་འཁོད་ལ། ཕྱི་ཡི་སྟོང་ར་གསལ་བས་རླུང་རོ་ལན་གསུམ་བསལ་ནས་ནམ་མཁའི་བཅུད་ཐམས་ཅད་སྔོ་བུན་གྱིས་ནམ་མཁར་འདུས་པ་ཁ་ནས་འུབ་ཀྱིས་རྔུབ་པས་ལེན་ཅིང་བུམ་ཅན་འཛིན་ནས་ལུས་ཀྱི་ཆ་ཐམས་ཅད་བཻ་ཌཱུརྱའི་ཞུན་མ་ལྟ་བུས་ཁེངས་པར་བསམས་ལ་མི་རྟོག་པའི་ངོ་བོ་སྐྱོང་བ་སོགས་གྱིས། །ཁམས་སྤེལ་ཙན་དན་དཀར་དམར་མར་དང་སྦྱར། །ཡར་ངོའི་བཅོ་ལྔ་ནམ་ཚེས་ཚངས་སྒོ་དང༌། །མར་ངོའི་གནམ་གང་ཛཱ་མར་རྐང་མཐིལ་འཕུར། །དེ་ཡིས་བདེ་བ་རྒྱས་དང་རྩ་རླུང་ཐིག །རང་གནས་གཞུགས་དང་རང་རང་ཡོན་ཏན་འཕེལ། །སྲ་བརྟན་གནས་ཁང་རྡུལ་གཙང་ཆུས་ཆག་བཏབ། །ངོ་གསལ་དུ་བས་དབེན་པར་འབོལ་བའི་གདན། །ཁོ་ལག་ཡངས་སྟེང་ཁྲི་སྙན་ལྤགས་པ་རབ། །

p. 531

མིན་ཀྱང་ཤ་ཅན་གྱིས་བཀབ་སྦྱོར་བའོ། །གཉིས་པར་བཞི་སྟེ་སྔོན་འགྲོ་གཞུང་ཡན་ལག །རྗེས་ཏེ་དང་པོར་དྲུག་ལས་ཐོག་མར་ནི། །རླུང་ཆས་གྱོན་ཅིང་གདན་ལ་ཆོས་བདུན་གྱིས། །འཁོད་ཅིང་བྱང་སེམས་འཕེན་པས་ཀུན་བསླངས་ནས། །༧ མདུན་མཁར་འཇའ་སྤྲིན་དབུས་སུ་དྲྭ་བ་སྡོམ། །གསལ་བའི་ཐུགས་ཀར་པད་ཉིར་ཧཱུྃ་གི་མཐར། །སྙིང་པོ་ༀ་ཧྲཱིཿཧ་ཧུྃ་ཧཱུྃ་ཕཊ།ཀྱིས་བསྐོར་དང་མཐའ་བསྐོར་དུ་མཁའ་འགྲོ་མ། ལ་མ། དུམ་སྐྱེས། གཟུགས་ཅན་མ་བཅས་གནས་གསུམ་གྱི། །དཔའ་བོ་མཁའ་འགྲོ་ཉི་ཟེར་རྡུལ་ལྟར་བསྒོམ། །དེ་མདུན་བདག་སོགས་སེམས་ཅན་འཁོད་མོས་ལ། །ཐལ་མོ་གནས་གསུམ་སྦྱར་ཞིང་འདི་སྐད་བརྗོད། །༧ སངས་རྒྱས་ཆོས་དང་དགེ་ཐལ་མོ་དཔྲལ་བ། འདུན་ལ། །རྟག་མགྲིན་པར། ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་སྙིང་ཁར་སྦྱར། གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་པ་ལན་གསུམ། སྐྱབས་ཡུལ་དཔང་བཞུགས་འགྲོ་ཀུན་མར་ཤེས་པས། །རྒྱུ་དང་འབྲས་བུར་དམ་བཅའ་འཇོག་པ་དང༌། །ཆབས་ཅིག་བྱང་ཆུབ་མཆོག་གི་ཕྱག་རྒྱ་ལྟེ་འོག་ལག་གཉིས་མཉམ་བཞག་བཅས། །༧ སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ཅིག །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ཞེས་པ་ལན་གསུམ་བྱམས་དང་སྙིང་རྗེའི་བློས། །ཚད་མེད་བཞི་བསྒོམ་སྐྱབས་ཡུལ་རང་ལ་བསྟིམ། །གསུམ་པ་སྔོན་འགྲོའི་བླ་མའི་རྣལ་འབྱོར་མཐར། །ཕོ་མོའི་ཆ་ཕྱེ་ཕྱི་ནང་སྟོང་ར་བསྒོམ། །བཞི་པ་རླུང་རོ་བསལ་བ་རྡོར་སྐྱིལ་ངང༌། །ཁུ་ཚུར་པུས་བཞག་གཡོན་པ་གྱེན་དུ་ཁྱེར། །མཆན་རྡེབ་དང་བཅས་ཤད་འཕང་པད་ཀོར་ཉམས། །ཚུར་བཀུག་གྲུ་བཏེགས་ཁུ་ཚུར་མཛུབ་མོ་ཡིས། །སྣ་བུག་གཡོན་བཀག་མགྲིན་པ་གཡས་དཀྱུ་བཅས། །རླུང་དུག་ལན་གསུམ་སྐབས་དང་

p. 532

པོས་ཚེ་རབས་ཐོག་མ་མེད་པ་ནས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ། གཉིས་པས་ཞེ་སྡང་གིས་བསགས་པའི་སྡིག་སྒྲིབ། གསུམ་པས་གཏི་མུག་གིས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུ་བའི་རྣམ་པར་སྣ་བུག་གཡས་གཡོན་དབུས་གསུམ་དང་བ་སྤུའི་བུ་ག་ཀུན་ནས་སྔོ་སིབ་ཀྱིས་སོང་བར་བསམས་ལ། བུས་མཐར་མཆན་རྡེབ་མཇུག །ཤད་བརྐྱང་ཁུ་ཚུར་པུས་བཞག་གཡས་ལའང་སྦྱར། །ཁུ་ཚུར་པུས་གཉིས་སྟེང་བཞག་ལུས་བསྲང་སྟེ། །སྣ་བུག་གཉིས་ནས་རླུང་དུག་གསུམ་བསལ་མཐར། །རྒྱུ་བ་ཉེར་གཅིག་ཙམ་བགྲང་ནས་རླུང་སོར་འཇུག །དེ་ནས་རྔུབ་པ་དགང༌བ་གཞིལ་བ་མདའ་ལྟར་འཕང་བ་སྟེ། སྦྱོར་བཞིས་བུམ་པ་ཅན་སྟེང་འོག་ཁ་སྦྱོར་དུ་བཟུང་ཧ་འདར་སྒྲ་དང་ལུས་སྤྲུག །དེ་ཡིས་རླུང་སྐྱོན་སེལ་ཞིང་དེ་ཉིད་དྭངས། །ལྔ་པ་རྩ་ཁྲུས་ཡན་ལག་ལྔ་སྦྱོང་ཞེས། །རྡོར་སྐྱིལ་རླུང་བཟུང་བ་རྩ་གནས་ཀུན་ཏུ་སོང་བས་རྒྱུ་མ་ཕུས་བཏབ་པ་ལྟར་གྱུར་པར་བསམས་ལ་སེམས་མ་ཡེངས་པའི་ངང་ནས་ཁུ་ཚུར་གཉིས་གྱེན་དྲངས། །ནུ་སྟེང་སླེབ་འཕྲལ་བྲང་སྟེང་ཤད་མཆན་རྡེབ། །གསུམ་བྱས་གཡས་ཐལ་གཡོན་པའི་དཔུང་མགོར་བརྡེག །ཡར་བྱུག་སོར་རྩེ་ནས་ཚུར་མཆན་ཞབས་གཞལ། །མཆན་རྡེབ་དང་བཅས་གཡས་འཕང་སྔ་མ་བཞིན། །ལན་གསུམ་བྱས་མཐར་གཡས་ལའང་དེ་ཡིས་དཔྱད། །གཡས་ཐལ་གཡོན་ཁྲུའི་ནང་ནས་ཡར་བྱུག་དང༌། །མར་བྱུག་ཡར་བྱུག་གཡས་ལའང་དེ་ཡིས་དཔྱད། །ལག་གཉིས་ཐད་ཀར་བརྒྱངས་ཤིང་འཕྲལ་སྙིང་ཐད། །གཡོན་སྟེང་གཡས་བརྩེགས་ལག་གཙུབ་སྨད་ཤ་བརྡར། །དྲོད་སྐྱེས་མིག་གཉིས་གཡས་བསྐོར་གཡོན་བསྐོར་དྲུག །འཕུར་མཐར་ཐལ་གཉིས་མར་བྱུག་མཆན་རྡེབ་སླར། །ཡར་བྱུག་གདོང་འཕུར་དེ་འདྲ་ལན་གསུམ་དང༌། །ཐལ་གཡས་ལྟག་པ་གཡོན་ཐོད་འཕྲེད་གསུམ་འཕུར། །ལག་བརྗེས་སྔོན་ལྟར་འཕུར་དང་པུས་སྟེང་ནས། །གྱེན་དྲངས་སྟེང་འཕང་སོར་རྩེ་བསྣོལ་བ་ཉིད། །ཚངས་སྒོར་མར་བརྡེག་གཡས་བསྐོར་གཡོན་བསྐོར་འཕྲལ། །མཆན་རྡེབ་

p. 533

དང་བཅས་མདུན་བརྐྱང་ལག་གཡོན་རྒྱབ། །གཡས་བཞག་མགྲིན་པར་ཚུར་བརྡེག་སྔོན་བཞིན་འཕུར། །མཆན་རྡེབ་དང་བཅས་སོར་སྤྲད་སྙིང་གར་བརྡེག །བསྐོར་བ་ལ་སོགས་ལྟེ་བ་གསང་གནས་བར། །རེ་རེ་བཞིན་སྦྱར་ཁུ་ཚུར་གཡས་ནུ་བར། །གཡོན་པས་སྒལ་གཞུང་རེག་པའི་འཆང་ཁ་ཡིས། །མར་བྱུག་གཡས་གཡོན་བརྗེ་བཞིན་ལན་དྲུག་བཤད། །རྡོར་སྐྱིལ་བཀྲོལ་ཞིང་དཔུང་སྒྲིག་ཕྲག་གཡོན་བཀལ། །རྐང་གཡོན་ཆབས་ཅིག་གཡས་འཕང་སྒྱིད་ཁུང་ནི། །གཡས་པུས་མགོར་བཀལ་ཐལ་བསྒྲིག་སྤྱི་གཡོན་བརྡེག །ཡར་འཕང་མར་བྱུག་མཉམ་དུ་རྐང་ཤེད་བརྒྱངས། །མཐིལ་ནས་བརླ་རྩར་ཡར་བྱུག་ལག་ནང་བལྟས། །མགོ་བོ་གཡས་བལྟས་ལག་པ་གཡོན་རྒྱབ་འཕང༌། །གོང་བཞིན་གསུམ་མཐར་ཕྱེད་སྐྱིལ་ཁུ་ཚུར་གཡོན། །པུས་གཡོན་སྟེང་བཞག་ལག་གཡས་བོལ་མཚམས་འཁྱུད། །གཡོན་གཡས་དབུས་གསུམ་རྩ་བསྲང་གཡས་ལའང་སྦྱར། །འབེབས་ཆུང་བར་འབེབས་གང་བདེ་རྒྱབ་པའི་མཐར། །རླུང་བཏང་ལྷན་ཅིག་ཧ་འདར་གཡང་སྤྲུག་བྱ། །དེ་ཡིས་རྩ་ཀུན་མདུད་པ་ཁྲོལ་གྱིས་བཤིག །ཉོན་མོངས་རླུང་སངས་ཟླ་ཉི་དབུ་མར་འཇུག །རྟོག་མེད་ཉམས་འཆར་ངལ་གསོ་ངོ་བོ་སྐྱོང༌། །དྲུག་པ་རྩ་གསུམ་ཤད་ནི་རྡོར་སྐྱིལ་ངང༌། །རླུང་བཟུང་བ་དབུ་མར་ཞུགས་པས་ནང་ནས་སྦྱང་བ་དང་། ཕྱི་ནས་བཤད་པས་རྩ་གཙོ་བོ་གསུམ་པོ་དྲང་ཐལ་གྱིས་སོང་བར་བསམས་ལ། སྐྱིལ་བཤིག་ལག་གཉིས་གྱེན་དུ་དྲངས། །མཆན་རྡེབ་རྒྱབ་འཕྲལ་མདུན་བརྐྱང་ལག་ཚིག་བཀུག །སོར་མཛུབ་རྩེ་སྤྲད་བྲང་བརྡེག་སྟེང་དུ་བསྒྱུར། །དྲང་པོར་གནས་པས་ལག་གཉིས་ཁུ་ཚུར་གྱིས། །རེས་མོས་དབུ་མ་མར་བཤད་ལན་གསུམ་དང༌། །དེ་བཞིན་རོ་རྐྱང་བཤད་མཐར་བར་འབེབས་རྒྱབ། །རླུང་བཏང་ཧ་འདར་གཡང་མོ་སྤྲུག་བཅས་བྱ། །དེས་ནི་རྩ་གསུམ་མདའ་ལྟར་དྲང་བར་འགྱུར། །གཉིས་པ་དངོས་

p. 534

གཞིར་གཉིས་ཏེ་སྤྱི་བྱེ་བྲག །དང་པོར་བཞི་སྟེ་འབར་འཛག་གེགས་སེལ་དང༌། །འདྲེན་བཀྲམ་གནད་ཀྱི་འཁྲུལ་འཁོར་བསྟན་པའོ། །དང་པོར་ལྔ་ལས་ཐོག་མར་ཐབ་མགར་རྒྱ། །རྐང་གཡས་ཕྱི་དང་གཡོན་པ་ནང་བཅུག་བསྣོལ། །ཙོག་པུའི་འཕོང་མགོ་བསམ་གཏན་འབོལ་གྱིས་བཏེག །པུས་འཁྱུད་དང་བཅས་གྲུ་གཉིས་པུས་སྟེང་བཙུགས། །ལག་གཡས་ཕྱི་དང་གཡོན་པ་ནང་ནས་དྲངས། །བསྣོལ་བའི་ཐལ་གཉིས་དཔུང་བརྟེན་བུམ་ཅན་ནས་གཏུམ་མོའི་མེ་དམིགས་ཆོས་དྲུག་གི་ནང་ལྟར་བསྒོམ། འཛིན། །ཕོ་བ་གཡས་གཡོན་བསྐོར་བ་གསུམ་གསུམ་མཐར། །ལུས་བསྲང་རླུང་བཏང་སླར་ཡང་སྔར་བཞིན་ཝིག །དེ་མཐར་ལུས་ཀུན་དྲག་ཏུ་འཕུར་སྲུབ་བྱ། །གཉིས་པ་ནཱ་རོ་དྲུག་བསྐོར་རྡོར་སྐྱིལ་དང༌། །རླུང་བཟུང་དུས་གནས་དང་ཡན་ལག་བརྐྱང་བསྐུམ་རང་རང་གི་ཚེ་དེར་རླུང་ཞུགས་ནས་མདུད་པ་ཐམས་ཅད་ཞིག་པར་བསམ་པ་དང༌། གཏུམ་མོའི་དུས་མེ་དམིགས་ཇེ་ཆེར་བྱས་ནས་སྣང་ཡུལ་ཐམས་ཅད་དམར་འུར་འུར་བྱེད་པར་བསམ། ཁུ་ཚུར་པུས་གནས་ཕོ་བ་གཡས། །གཡོན་དུ་བསྐོར་ཚེ་ལྟེ་བར་མེ་འབར་བ་གསུམ་གསུམ་རོ་སྟོད་སྙིང་ག་གཡས། །གཡོན་དཀྱུ་གཡོན་གཡས་དཀྱུ་བ་རེས་མོས་དྲུག །ཁུ་ཚུར་བརླ་རྩར་ཁ་གྱེན་བསྟན་བཞག་ཅིང་མགོ་བོ་མགྲིན་པ་གཡས། །གཡོན་དུ་བསྐོར་བ་གསུམ་གསུམ་མདུན་རྒྱབ་འཕང༌། །རེས་མོས་དྲུག་བྱས་རླུང་བཏང་ཧ་འདར་སྤྲུག །སླར་ཡང་རླུང་བཅས་ལག་གཡས་གྱེན་དུ་དྲངས། །མཆན་རྡེབ་རྒྱབ་ཅིང་དཔུང་བསྲང་ལག་མགོའི་རྒྱབ། །དཔུང་མགོར་བརྡེག་པ་ལན་གསུམ་གཡོན་ལའང་སྦྱར། །སྐྱིལ་བཤིག་གཞོག་གཡོན་སར་ཕྱོགས་ཁུ་ཚུར་པུས། །སར་བཙུག་ལུས་སྟོད་བསྲང་ལ་རྐང་འཕོང་སྦྱར། །རྐང་གཡས་ཤད་བརྐྱང་རྒྱུད་དུ་ཟུར་གྱིས་བལྟ། །ཐག་གིས་ཡར་བསྐུམ་རྟིང་པ་འཕོང་བརྡེག་བཞིན། །ཕྲག་གཡས་ཕྱོགས་པས་གྱེན་དུ་བལྟ་ཉམས་ཏེ། །དེ་འདྲ་ལན་གསུམ་བྱས་ཤིང་གཡོན་ལའང་སྦྱར། །

p. 535

བར་འབེབས་བརྒྱབ་མཐར་ཧ་སྤྲུག་འཕུར་བསྲུབ་བྱ། །དེ་ཡིས་རྩ་མདུད་གྲོལ་དང་དེར་རླུང་འཇུག །མེ་ཡིས་ལུས་ཁྱབ་བདེ་དྲོད་སྐྱེད་པར་བྱེད། །དེ་ཕྱིར་འདི་ནི་དེ་ཀུན་གང་ལའང་སྦྱར། །གསུམ་པ་མི་ལའི་གངས་སེང་ཙོག་པུར་གནས། །ལག་གཉིས་སོར་བསྣོལ་པུས་མགོའི་འོག་ནས་འཁྱུད། །རླུང་བཟུང་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་ཧ་སྔོན་པོ། མགྲིན་པར་རི་སེར་པོ། སྙིང་གར་ནི་དམར་པོ། ལྟེ་བར་ས་ལྗང་གུ་བཅས་བསྒོམས་ལ་ལྟེ་འོག་གཏུམ་མོའི་མེ་རིམ་གྱིས་སྦར་བས་དྲོད་ཆེར་སྐྱེས་པར་བསམ། རྐེད་པ་གཡས་བསྐོར་གཡོན་བསྐོར་དྲུག །དཔུང་གཡས་གཡས་བསྐོར་གཡོན་བསྐོར་གསུམ་གསུམ་དང༌། །གཡོན་ལའང་དེ་སྦྱར་ཡར་འཕང་རླུང་གཏང་ངོ༌། །དེ་ཡིས་དྲོད་བསྐྱེད་གངས་སེང་འགྱིང་འདྲ་འོང༌། །བཞི་པ་མི་ལའི་གཙུབ་ཤིང་ཙོག་པུར་འདུག །ལག་བསྣོལ་པུས་འཁྱུད་མཛུབ་མོས་རྐང་མཐེབ་འཇུས། །རླུང་བཅས་གསང་བའི་རྩ་འཁོར་གྱི་དབུས་སུ་གཏུམ་མོ་གསལ་བས་མེ་དམིགས་དྲག་ཏུ་བྱ། གདན་ཉི་མའི་རང་བཞིན་དུ་གསལ་བས་འཕུར་ཅིང་སྲུབ་པས་བདེ་དྲོད་ཆེར་སྐྱེས་པར་བསམས་ལ། མཇུག་གུ་གདན་ལ་གཡས་བསྐོར་གསུམ། །དེ་བཞིན་གཡོན་བསྐོར་ལན་གསུམ་དྲག་ཏུ་གཙུབ། །རླུང་བཏང་ཧ་འདར་གཡང་སྤྲུག་ཉམས་བསྐྱང་ངོ༌། །དེ་ཡིས་གཙུབ་ཤིང་གཙུབ་སྟན་ཇི་བཞིན་དུ། །གཏུམ་མོ་འབར་བའི་དྲོད་ཆེན་བསྐྱེད་པར་འགྱུར། །ལྔ་པ་ཉི་མ་ལྔ་བསྐོར་རྡོར་སྐྱིལ་ངང༌། །རླུང་བཟུང་ལྟེ་འོག་ཏུ་ཉི་མའི་དཀྱིལ་འཁོར་མེ་ཤེལ་གྱི་གོང་བུ་རེག་བྱ་ཤིན་ཏུ་ཚ་བ་དང༌། དེ་བཞིན་གཡས་གཡོན་མདུན་རྒྱབ་བཞི་པོར་ཉི་མ་རེ་རེ་གསལ་བའི་དྲོད་ཀྱིས་ལུས་ཕྱི་ནང་དྲོས་པར་བསམས་ལ། སྐྱིལ་བཤིག་ལག་གཉིས་གྱེན་དུ་གཞལ། །ནུ་སྟེང་སླེབ་འཕྲལ་མཆན་རྡེབ་མདུན་ཤད་བརྐྱང༌། །མཁྲིག་མཚམས་ཚུར་བཀུག་སོར་མོའི་རྩེ་གཉིས་སྤྲད། །ལྟེ་བར་བརྡེག་ཅིང་གཡས་སྔོན་གཡོན་རྒྱབ་ནས། །དྲག་གཙུབ་དྲོད་ལྡང་ལག་བརྗེས་གོང་བཞིན་གཙུབ། །དཔྱི་ཚིགས་གཉིས་དང་ལྟེ་འོག་དེ་བཞིན་སྦྱར། །རླུང་བཏང་ཧ་འདར་སྤྲུག་

p. 536

བྱས་དེ་དག་གིས། །ཕྱི་ནང་དྲོད་འབར་མི་རྟོག་ཡེ་ཤེས་སྐྱེ། །རྒྱུན་དུ་ཐབ་མགར་རྒྱ་བཅས་མགོ་བོ་བཀུག །བར་རླུང་རླུང་རོ་ཐལ་གྱིས་བསལ་ལ་ཚུར་རྔུབ་པ་གསུས་པར་བསྐྱིལ་ཏེ་ལུས་བསྲང་ནས་རྒྱུ་བ་རང་སོར་བཞག་ལ་དམིགས་པ་གོང་བཞིན་གསལ་བ། བཟུང་བཞིན་ཁ་རླངས་ལྟེ་འོག་རྒྱབ། །དེ་བྱས་རས་རྐྱང་ཐུབ་སོགས་ཡོན་ཏན་མང༌། །གཉིས་པ་གེགས་སེལ་རྣམ་རོལ་དྲུག་གེགས་སེལ་གྱི་སྐབས་སེམས་མ་ཡེངས་ཙམ་དང༌། གཏུམ་མོའི་སྐབས་མེ་དམིགས་དྲག་པོས་ལུས་གང་བར་བསམས་ལ་མཛུབ་མོ་ཕྲལ་བའི་ཚེ་བུ་ག་རྣམས་ནས་མེ་ཐོན་ཏེ་དཔག་ཚད་ཚུན་དམར་འུར་གྱིས་སོང་བར་བསམ། རླུང་ལོག་བྱུང་ན་ཧ་འདོན་སྐབས་བ་སྤུའི་བུ་ག་རྣམས་ནས་སྔོ་བུན་བུན་ཕྱིར་ཐོན་པར་བསམ་པ་དང༌། བཀྲམ་པའི་ཚེ་རྩ་གནས་ཐམས་ཅད་དུ་ཐིག་ལེས་ཁྱབ་པར་བསམ། པ་ནི། རྡོར་སྐྱིལ་རླུང་བཟུང་ལག་གཉིས་གྱེན་དུ་དྲངས། །ནུ་སྟེང་སླེབ་འཕྲལ་མཆན་རྡེབ་སོ་སོར་བརྒྱང་། །ཚུར་བཀུག་མཐེབ་ཆེན་གཉིས་པོས་རྣ་བ་དང༌། །མཛུབ་མོས་མིག་གཉིས་གུང་མོས་སྣ་བུག་བཀག །སྲིན་མཛུབ་མཐེའུ་ཆུང་བཞི་བར་ཁ་བསྡམ་ནས། །རོ་སྟོད་གསོར་ལྟར་དལ་བུས་གཡས་བསྐོར་གསུམ། །དེ་བཞིན་གཡོན་གསུམ་བསྐོར་དང་སྔ་མ་བཞིན། །བྲེལ་དང་ཤིན་ཏུ་མགྱོགས་པར་བསྐོར་བའི་མཐར། །འབེབས་དང་རླུང་བཏང་ཧ་འདར་སྤྲུག་སོགས་བྱས། །དེ་ཡིས་རྩ་རླུང་ཐིག་ལེའི་གེགས་མ་ལུས། །སེལ་བའི་མཆོག་དང་རྩ་གནས་འཁོར་ལོ་བཞིར། །དྭངས་མ་ཁྲེམས་པས་འདི་ཉིད་ཀུན་ལ་གཅེས། །གསུམ་པར་འདྲེན་བཞིའི་དང་པོ་སེངྒེ་རྩེ། །རྡོར་སྐྱིལ་རླུང་བཟུང་སྐྱིལ་བཤིག་ཕྱེད་སྐྱིལ་གྱི། །རྐང་གཡས་མཁྲིག་མཚམས་ལག་གཉིས་བསྣོལ་བས་བཟུང་། །དགང་བཞིན་འདྲེན་པ་རྒྱ་མཚོ་རི་རབ་སྦྱར། །གྱད་བཞི་སྒྲིམ་ཞིང་སྲིན་ཞལ་ཇེ་ལྷོད་བཏང༌། །དར་ཆེན་གྱེན་ཕྱར་གཟུང་འཛིན་ལྕགས་ཀྱུ་བཀུག །བཞི་བཅུའི་ཚག་བསྡམ་རོ་འཛིན་རང་གནས་གཞུག །གཏི་མུག་རྡོ་རྗེ་ཟླུམ་པོར་གྱེན་དུ་ལྡོག །གཡས་གཡོན་དབུས་ནས་ཐུར་སེལ་

p. 537

ལན་གསུམ་དྲངས། །བྱང་སེམས་གྱི་རྒྱུན་འོ་མ་སྦུ་གུས་གཞིབ་པ་བཞིན་ངང་ནར་གྱིས་སྤྱི་བོར་སོང་བར་བསམས་ལ། དེ་བཞིན་གཡོན་ལའང་སྦྱར་བཞིན་རླུང་བཏང་ནས། །སྟོང་འདྲེན་དྲག་བྱས་རྒྱུ་བ་ཕྱི་རོལ་འཛིན། །ཧ་འདར་དཔག་བསམ་ཤིང་གི་ཟིལ་པ་སྤྲུག་པ་ལྟར་ཐིག་ལེ་ཆེར་གཡོས་པས་རྩ་གནས་ཐམས་ཅད་ཁྱབ་པར་བསམས་ལ། སྤྲུག་བྱས་ངལ་གསོ་ཉམས་ལེན་སྐྱོང༌། །གཉིས་པ་སྟག་མོ་སྐྱུག་ནི་རྡོར་སྐྱིལ་གྱི། །བར་ནས་ལག་དྲངས་མཐིལ་སྦུབ་གདན་ལ་རེག །རྡོར་སྐྱིལ་གྱེན་བཏེག་དལ་བུས་ཧ་རིང་མཐར། །ཧ་དྲག་བརྗོད་དང་ལྷན་ཅིག་ཐིག་ལེ་དངུལ་ཆུའི་དོག་པ་ལྟ་བུ་ངང་ཐ་ར་ར་སྐར་མདའ་ཆད་པ་ལྟར་སྤྱི་བོར་ཐོན་པར་བསམས་ལ། སྟོང་འདྲེན་བཅས། །ཆལ་གྱིས་གདན་རེག་ལན་དགུ་བྱས་པའི་མཐར། །བཀྲམ་དམིགས་བཅས་ཧ་འདར་སྤྲུག་བྱས་དེ་ཡིས་བྱང་སེམས་བརྟན། །ཉམས་མེད་འཛིན་ནུས་དྲོད་ཐོབ་ལས་རུང་འགྱུར། །གསུམ་པ་གླང་ཆེན་འགྱིང་ནི་རྡོར་སྐྱིལ་ངང༌། །རླུང་བཟུང་སྐྱིལ་བཤིག་ཡར་ལངས་ལག་པ་གཉིས། །པུས་མོའི་ཕྱི་ནས་གྱེན་གཞལ་སྟེང་དུ་འཕང༌། །མར་བཀུག་གཡོན་སྟེང་གཡས་བརྩེགས་རྐང་ལག་བར། །ཁྲུ་གང་བཞག་དང་རྐང་བར་ཁྱུད་གང་བཞག །སྒལ་བསྲང་མགོ་བོ་ནང་དུ་བཀུག་ཅིང་འཕྲལ། །བྱིན་ལ་འཕང་བརྡེག་འཕར་བ་གསུམ་དག་གིས། །དགང་འདྲེན་སྨྱུག་སྦུག་ཚིགས་ཅན་གྱི་ནང་དུ་བཅུད་བླུགས་པ་འོག་སར་བརྡབས་པ་གྱེན་དུ་འཕང་བ་ལྟར་ངང་ནར་གྱིས་སྤྱི་བོར་ཐག་སེ་སོང་བར་བསམས་ལ་འདྲེན་གནད་དྲག་པོ་བྱ། དེ་འདྲ་ལན་གསུམ་འབེབས་ཆེན་རྒྱབ། །རླུང་བཏང་ཧ་སྤྲུག་བྱས་ཤིང་ཉམས་ལེན་སྐྱོང༌། །བཞི་པ་རུས་སྦལ་སྐུམ་ནི་རྡོར་སྐྱིལ་ངང༌། །རླུང་བཟུང་ལ་སེམས་མ་ཡེངས་པའི་ངང༌སྐྱིལ་བཤིག་ཡར་ལངས་ལག་པ་གཉིས། །པུས་མོའི་ཕྱི་ནས་གྱེན་གཞལ་སྟེང་དུ་འཕང༌། །ལུས་བཅས་མར་བཀུག་ལག་གཉིས་བརླ་བར་ནས། །ཕྱིར་དྲངས་བྱིན་པར་འཁྱུད་ཅིང་མཛུབ་མོ་ཡིས། །རྐང་མཐིལ་གཉིས་བཟུང་ལུས་བསྲང་གཡས་གཡོན་དབུས། །དགང་འདྲེན་

p. 538

དམིགས་དྲག་ཏུ་བྱ། འདྲེན་ལན་གསུམ་དགང་སྤྲུག་སྒྲ་ལྡན་བཀྲམ་དམིགས་བྱ། གསུམ། །འབེབས་ཆེན་རླུང་བཏང་ཧ་འདར་སྤྲུག་རྣམས་བྱ། །དེ་ཡིས་ལུགས་ལྡོག་དགའ་བཞིའི་འགྲོས་འབྱོང་ཞིང༌། །མི་ཉམས་གོང་འཕེལ་སྦ་བ་སྦུབས་ནུབ་འགྱུར། །བཞི་པ་བཀྲམ་ལ་གསུམ་སྟེ་དང་པོ་ནི། །རྨ་བྱ་འཕུར་ནི་རྡོར་སྐྱིལ་རླུང་བཟུང་ངང༌། །སྐྱིལ་བཤིག་བྱང་ཆུབ་སེམས་རྒྱུན་སྤྱི་བོའི་ཧཾ་ལས་ནར་གྱིས་བབས་ནས་རྩ་གནས་ཀུན་ཏུ་ཆུ་ཡུར་བ་ནང་དུ་དྲངས་པ་ལྟར་སོང་བར་བསམས་ལ་བདེ་སྟོང་གཉིས་མེད་ཀྱི་ཉམས་བསྐྱང༌། ལག་བསྣོལ་མཛུབ་མོས་རྐང་མཐེབ་བཟུང༌། །འཕོང་བཏེག་གྱེན་འཕང་རྐང་པས་མགོ་ཐད་རེག །མར་འཕང་རྟིང་པ་སར་བཙུག་ལན་གསུམ་མཐར། །འབེབས་ཆེན་རླུང་བཏང་ཧ་འདར་སྤྲུག་རྣམས་བྱ། །གཉིས་པ་བྱ་རྒོད་འཕུར་ནི་རྡོར་སྐྱིལ་བཅའ། །རླུང་བཟུང་བྱིང་བ་བསལ་བའི་དུས་སུ་མཛུབ་རྩེ་ནམ་མཁར་གཏད་པའི་དབྱིངས་སུ་སེམས་བསྲེ། བཀྲམ་པའི་དུས་བཀྲམ་གནད་སྤྱི་བཞིན་བྱ། སྐྱིལ་བཤིག་ཡར་ལངས་རྐང་གཡས་མཐིལ། །གཡོན་པའི་བརླར་རེག་ལག་གཡས་ཁུ་ཚུར་བཅས། །དྲང་པོར་ཐད་བརྒྱངས་སོར་མཛུབ་དབྱིངས་སུ་གཏད། །གཡོན་པ་སྐེད་བརྟེན་འཕར་བ་གསུམ་གྱིས་གཡས། །བསྐོར་དང་དེ་བཞིན་གཡོན་སྦྱར་འབེབས་ཆེན་མཐར། །རླུང་བཏང་ཧ་འདར་སྤྲུག་པ་ཡང་ཡང་བྱ། །གསུམ་པ་བག་བཞི་མཁའ་ལ་དབབ་པ་ནི། །རྡོར་སྐྱིལ་རླུང་བཟུང་སྐྱིལ་བཤིག་ཡར་ལངས་ལ། །བཀྲམ་དམིགས་འོ་རྐྱལ་ས་ལ་བརྡབ་པ་བཞིན་དཀར་དམར་ཕྲིམ་ཕྲིམ་ལུས་ཀྱི་ཆ་ཐམས་ཅད་ལ་སོང་བར་བསམ། གན་རྐྱལ་མར་འདུག་རྟིང་པ་འཕོང་ལ་བཅར། །ལག་གཉིས་ནུ་སྦྱར་གནམ་ལ་དུས་གཅིག་འཕངས། །ཚུར་བསྐུམ་དེ་འདྲ་ལན་གསུམ་འབེབས་ཆེན་མཐར། །རླུང་བཏང་ཧ་འདར་སྤྲུག་བྱས་ཉམས་ལེན་སྐྱོང༌། །དེ་ཀུན་ཐིག་ལེས་རྩ་ཁྱབ་ཟག་བཅས་དང༌། །ཟག་མེད་བདེ་བས་ལུས་མྱོས་ལུས་ཁམས་རྒྱས། །སེངྒེ་རྩེ་སོགས་འདྲེན་བཀྲམ་ལུས་སྦྱོང་འདི། །སྙན་

p. 539

བརྒྱུད་རྩ་བའི་འཁྲུལ་འཁོར་རྣམ་དྲུག་གོ །གཉིས་པ་བྱེ་བྲག་ཏི་ཤྲིའི་བཞེད་དགོངས་ནི། །ཟབ་མོ་ཆོས་དྲུག་གཞུང་བཞིན་རྟོགས་པར་བྱ། །གསུམ་པ་ཡན་ལག་ལྔ་ལས་དང་པོ་སྟེ། །རུས་སྦལ་གབ་ནི་རྡོར་སྐྱིལ་རླུང་བཟུང་བཀྲམ་དམིགས་ངང༌། །སྐྱིལ་བཤིག་དེ་འཕྲལ་ཁ་སྦུབ་མགོ་གྱེན་གཡས་གཡོན་དབུས་གསུམ། བཏེགས། །ཡན་ལག་བཞི་བརྒྱངས་སླར་བསྐུམ་ལུས་འོག་བཏེག །མགོ་བཀུག་དེ་བཞིན་ལན་གསུམ་ཁྱད་པར་ཡན་ལག་གི་རྩ་གནས་རྣམས་སུ་བྱང་སེམས་ཀྱི་རྒྱུན་ཆུ་ཡུར་བར་སྐྱེལ་བ་བཞིན་སོང་བར་བསམ། འབེབས་ཆེན་མཐར། །རླུང་བཏང་ཧ་སྤྲུག་དེ་ནི་བཀྲམ་གནད་མཆོག །གཉིས་པ་ནེའུ་ལེ་རེས་འཇོག་རྡོར་སྐྱིལ་བཅས། །རླུང་བཟུང་སྐྱིལ་བཤིག་ཡར་ལངས་རླུང་གི་ལྷ་མོ་ལྗང་གུ་རླུང་གཤོག་ཅན་ཨང་རག་ལྗང་གུ་དང་མེ་ཏོག་གི་ཐོད་རྒྱན་ཅན་སྐྲ་སྨུག་འབོལ་ཐོར་ཚུགས་ལྷག་མ་ཐུར་དུ་གྲོལ་བ་གཉིས་ཀྱིས་མཆན་ཁུང་ནས་བཏེགས་ཏེ་ནམ་མཁར་ཁྱེར་བར་བསམ། ལག་པ་གཡོན། །སྐེད་བརྟེན་རྐང་མཐིལ་འོག་ཏུ་རླུང་གི་དཀྱིལ་འཁོར་གཞུ་དབྱིབས་མཆོག་མར་བ་དན་གྱིས་མཚན་པར་བསྒོམས་ལ། རྐང་ལག་གཡས་འཕང་གཡོན་དང་གཡས། །རེས་མོས་འདོར་གསུམ་སླར་ཡང་ལག་གཡས་སྐེད། །རྐང་ལག་གཡོན་གཉིས་འཕང་དང་གཡས་གཉིས་གཡོན། །རེས་མོས་འདོར་ཚུལ་གསུམ་དང་ལག་པ་གཉིས། །སྐེད་བརྟེན་ཕྱི་མཆོང་གསུམ་དང་འབེབས་ཆེན་མཐར། །རླུང་བཏང་ཧ་འདར་སྤྲུག་བྱས་ཉམས་ལེན་སྐྱོང༌། །དེ་ཡིས་རྐང་མགྱོགས་འགྲུབ་ཅིང་ཟླ་བའི་ལམ། །ཞག་གསུམ་གྱིས་བགྲོད་ལུས་ཡང་འཕུར་ནུས་འབྱུང༌། །གསུམ་པ་ཤེས་པ་བུམ་བཟུང་ཙོག་པུར་འདུག །པུས་སྟེང་ལག་གཉིས་གཡས་ཐོག་གཡོན་འོག་བརྩེགས། །མགོ་བཀུག་ལུས་ལྷོད་རྒྱུ་བ་རང་སོར་བཞག །གསང་གནས་སུ་ཐིག་ལེ་ནག་པོ་ལུག་རིལ་ཙམ་ལ་སེམས་བཟུང༌། དེ་ཡིས་ཤེས་པ་རྒོད་དང་ལུས་དུབ་སེལ། །མཐའ་བྲལ་གཉུག་མའི་དེ་ཉིད་ཤུགས་ཀྱིས་འཆར། །བཞི་པ་བྱིང་བ་ཕཊ་བསལ་རྡོར་སྐྱིལ་ངང༌། །མིག་འབྲས་

p. 540

དབྱིངས་གཏད་སེམས་ནམ་མཁར་བསྲེ། ལག་གཉིས་ཁུ་ཚུར་གྱིས། །མཛུབ་མོ་སྦྲེང་ཞིང་དལ་བུས་ཕཊ་རིང་གིས། །འཇབ་པའི་ཚུལ་དང་ཕཊ་དྲག་མཆོང་ཚུལ་བཅས། །སླར་ཡང་ཕྱིར་ནུད་དེ་བཞིན་ལན་གསུམ་བྱ། །དེ་ཡིས་བྱིང་རྨུགས་འཇོམས་དང་ཤེས་རབ་དྭངས། །མཐའ་བྲལ་ནམ་མཁའི་དེ་ཉིད་ངང་གིས་མཐོང༌། །ལྔ་པ་ཧ་འདོན་རྡོར་སྐྱིལ་རླུང་བཟུང་ནས། །སྐྱིལ་བཤིག་ལག་གཉིས་པུས་སྟེང་གྱེན་དུ་དྲངས། །ནུ་སྟེང་སླེབ་འཕྲལ་མཆན་རྡེབ་མདུན་དུ་བརྒྱང་། །མཁྲིག་མཚམས་ཚུར་བཀུག་སོར་མོའི་རྩེ་གཉིས་སྤྲད། །བྲང་ལ་དྲག་ཏུ་ཚུར་བརྡེག་ལུས་སྟོད་གཅུན། །རྒྱབ་ལ་ཕྱོགས་བཞིན་ཧ་ནག་པོ་རེ་རེ་བཞིན་ཁ་ནས་ཐོན་ཏེ་ནམ་མཁར་ཡར་བར་བསམ། ཧ་འདོན་ཐུང་ཐག་བྱ། སླར་ཡང་ལག་པ་མདུན་བརྒྱང་བྲང་བརྡེག་སོགས། སྔོན་བཞིན་ལན་དགུའི་རྗེས་སུ་ཧ་འདར་སྤྲུག །ལུས་ཀུན་འཕུར་སྲུབ་ངལ་གསོ་མཉམ་བཞག་སྐྱོང༌། །དེ་ཡིས་རླུང་ལོག་སྟོད་ནད་རླུང་གེགས་སེལ། །ཁམས་བདེ་ཉམས་གསལ་ཤེས་རིག་རྗེན་པ་མཐོང༌། །བཞི་པ་རྗེས་ཆོག་གསུམ་སྟེ་དང་པོ་ནི། །སྨོན་ལམ་རྡོར་སྐྱིལ་གཡས་ཐལ་གཡོན་དཔུང་ནས། །ཡར་བྱུག་སོར་རྩེ་ནས་མར་མཆན་ཞབས་གཞལ། །ཚིག་རྐང་གཉིས་སྦྲེལ་གཡས་ལའང་དེ་ཉིད་དཔག །ལུས་རྩ་རླུང་བདེ་ཞིང་སེམས་བདེ་བ་ཆེན་པོའི་ངང་དུ་གྲོལ་བར་བསམས་ལ། ༧ ༀ་ཨཱཿཧཱུྃ་སྭཱ་ཧཱ། བཀོད་པ་ལུས་ཀྱི་དཀྱིལ་འཁོར་རྩ་ཐིག་རླུང༌། །ཉེས་པ་ཀུན་བྲལ་སྐུ་ལྔ་མཆོག་ཏུ་སྨིན། །དབང་ཕྱུག་བདུན་གྱི་བདག་ཉིད་རྡོ་རྗེ་འཆང༌། །བདག་དང་འགྲོ་བ་ཀུན་གྱིས་མྱུར་འགྲུབ་ཤོག །གཉིས་པ་བསྔོ་བ་རྡོ་རྗེའི་ཁུ་ཚུར་གཉིས། །རྡོར་སྐྱིལ་བར་ནས་ཡར་དྲངས་དབུ་མ་ཉིད། །མགྲིན་པའི་བར་དུ་དལ་གྱིས་བཤད་བྱས་འཕྲལ། །མདུན་བརྐྱང་ནུ་བར་ཚུར་བརྡེག་ཕར་ལ་བརྐྱང༌། །ཁུ་ཚུར་ཁ་ཕྱེས་དེ་ཚེ་འདི་ཉིད་འདོན། །༧ དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །དགེ་འདིས་

p. 541

འགྲོ་བ་མ་ལུས་རྡོ་རྗེ་འཆང་ཆེན་པོ་གཙང་བདེ་རྟག་བདག་གི་བདག་ཉིད་ཅན་གྱི་གོ་འཕང་ཐོབ་པའི་རྒྱུར་བསྔོ་བར་བསམས་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ངང༌སྐྱོང་། རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང༌། །ནང་གི་ལམ་ནས་རྡོ་རྗེར་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་སྩོལ་ཕྱིར་བསྔོ། །གསུམ་པ་བཀྲ་ཤིས་ཁུ་ཚུར་གཉིས་བསྒྲིགས་ནས། །གྱེན་གཞལ་སྟེང་འཕང་མེ་ཏོག་འཐོར་ཚུལ་བཅས། །༧ དག་པ་ཡེ་ཤེས་རྩ་དང་རླུང་ཐིག་ལེ། །སྐུ་ལྔའི་ཡེ་ཤེས་མངོན་གྱུར་བཀྲ་ཤིས་ཤོག །གནས་ཉི་ཤུ་རྩ་བཞི་དང་ཡུལ་སུམ་ཅུ་སོ་གཉིས་ཀྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་མདུན་གྱི་ནམ་མཁར་བྱོན་ནས་བཀྲ་ཤིས་པའི་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ་བར་བསམ། དེ་སྐད་བརྗོད་བྱས་སྙིང་གར་ཐལ་མོ་སྦྱར། །སྤྲོས་བྲལ་རྟོག་མེད་ཡེ་ཤེས་ངོ་བོ་སྐྱོང༌། །དེ་ཀུན་ཕན་ཡོན་རྩ་རླུང་གེགས་སྐྱོན་བྲལ། །དབང་ཕྱུག་བདུན་འཐོབ་བྱང་ཆུབ་མ་ཐོབ་བར། །དགེ་རྩ་མི་ཉམས་གོང་འཕེལ་རྣམ་ཀུན་ཏུ། །བདེ་ལེགས་དཔལ་གྱི་ཤིས་པས་ཡོངས་ཁེངས་འགྱུར། །དེ་རྣམས་རང་རང་སྐབས་ཐོབ་སྦྱར་བ་ལས། །འགྲིགས་ཆགས་ཁོ་ན་དགོས་མིན་ཉིན་རེ་བཞིན། །ཆགས་མེད་བྱ་བའི་ལག་ལེན་བསྟན་བཞིན་སྤྱོད། །རྣལ་འབྱོར་མ་རྣམས་འདི་ཉིད་རེ་རེ་བཞིན། །གོ་ལྡོག་བྱེད་ཕྱོགས་ཕོ་མོའི་ཆ་ཕྱེ་འཚལ། །དེར་འབད་ཡོན་ཏན་སོ་སོར་བཤད་ཟིན་དང༌། །འདུ་གསུམ་འབར་བ་གསུམ་དང་གྲུབ་པ་བརྒྱད། །ཁ་སྦྱོར་ཡོན་ཏན་བདུན་ལྡན་མྱུར་ཐོབ་འགྱུར། །དེ་ལྟར་ཐབས་ཀྱི་མྱུར་ལམ་རྡོ་རྗེའི་གར། །གསང་ཆེན་རྨད་དུ་བྱུང་བའི་ཟིན་བྲིས་འདི། །སྙན་བརྒྱུད་ཡིན་ཕྱིར་བཀའ་རྒྱ་དམ་པོར་བྱ། །ཚུལ་དེ་སྒྲ་བསྒྱུར་མར་པའི་ཞལ་ནས་ཀྱང༌། །སྙན་བརྒྱུད་མཐིལ་དུ་མི་འཇུག་ཅིང༌། །ཉམས་ཁྲིད་རྫོགས་པར་མ་ཐོབ་པར། །གལ་ཏེ་འདི་ཉིད་བསྟན་གྱུར་ན། །ནག་པོ་ཆེ་དང་ཟ་བྱེད་སོགས། །མཁའ་འགྲོ་རྣམས་ཀྱིས་མགོ་བོ་ཁོས། །ཞེས་གསུངས་གསེར་ཆོས་ལག་ལེན་གསང་ཁྲིད་
རིགས། །སླར་སྨྲས་པ། ངེས་གསང་བསིལ་ལྡན་སེངྒེའི་ཀེའུ་ཚང་ནས། །མཁའ་འགྲོའི་མེས་པོ་མི་ཕམ་གདོང་ལྔའི་འགྲོས། །འཇིགས་མེད་ཆོས་ཀྱི་སེངྒེའི་སྒྲ་དབྱངས་བཅས། །སྐལ་བཟང་བུང་བས་མཐོང་དང་ཐོས་པའི་ཚུལ། །ནོངས་པའི་དྲི་མ་བྲལ་བའི་དབྱངས་འདི་ཉིད། །བླ་མེད་གངས་རིར་བསྙེག་འདོད་སེངྒེའི་ཕྲུག །འབྱུང་དང་འབྱུང་འགྱུར་མ་ལུས་འདི་སྤྱོད་དང༌། །རླབས་ཆེན་རྡོ་རྗེའི་འགྲོས་འདིས་མྱུར་ལམ་བགྲོད། །འདིར་འབད་རྣམ་དཀར་མེ་ཤེལ་མཁའ་ལ་སོན། །ལེགས་བྱས་དཔལ་གྱི་སྣང་བྱེད་མཁའ་མཐར་བརྡལ། །གསང་ཆེན་པདྨོའི་གཉེན་གྱུར་འདབ་བརྒྱ་བཞད། །འགྲོ་ཀུན་དབྱིངས་ཀྱི་མུན་སྟུག་བསལ་བྱེད་ཤོག །ཅེས་པ་འདིའང་རྗེ་བཙུན་ཆོས་ཀྱི་སེངྒེའི་ཞབས་རྡུལ་སྤྱི་བོར་རེག་པའི་གུས་འབངས་བཀའ་བརྒྱུད་བཀྲ་ཤིས་ཀྱིས་འོག་མིན་ས་ལ་སྤྱོད་པའི་ཡང་དབེན་བདེ་ཆེན་སེངྒེའི་ཀེའུ་ཚང་ཐབས་ཤེས་བདེ་སྟོང་འཁྱིལ་བའི་དགའ་ཚལ་ནས་རྗེ་ཡི་བཀའ་གནང་འཕོས་བཞིན་མི་བརྗེད་ཐོ་རུ་བཀོད་པའོ།། །།

ཌཱ་ཀིའི་ཚོགས་གླུ་པདྨའི་བཞད་སྒྲ། བདེ་ཆེན་འབར་བའི་རྡོ་རྗེ།

p. 542

༄༅། །ཌཱ་ཀིའི་ཚོགས་གླུ་པདྨའི་བཞད་སྒྲ་བཞུགས་སོ། །
༄༅། །ཨ་ཧོ་གུ་རུ་སརྦ་ཌཱ་ཀི་ནཱི་ཡེ། མཁའ་གསང་དག་པ་གསང་ཆེན་འོག་མིན་གྱི་གནས་མཆོག །རང་བཞིན་ལྷུན་གྲུབ་ངེས་པ་ལྔ་ཕྲག་དང་ལྡན་པའི། །རྡོ་རྗེ་བཙུན་མོའི་བདེ་ཀློང་ཡངས་པ་ཡི་ཞིང་འདིར། །བཀའ་དྲིན་སུམ་ལྡན་དུས་གསུམ་ཀུན་མཁྱེན་གྱི་བླ་མ། །དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དཔོན་ལ་བྱོན་དང༌། །དགའ་ཆེན་བདེ་ལ་དགྱེས་པ་ཧེ་རུ་ཡི་ཀ་དཔལ། །ལྷན་སྐྱེས་གཞོན་ནུའི་བདེ་གར་གཟིགས་མོ་ལ་ཕེབས་ཤོག །ལྷ་མིའི་

p. 543

བཟའ་བཅའ་སྣ་ཚོགས་མེ་ཏོག་གི་ཟིལ་མངར། །རྐང་དྲུག་ལང་ཚོ་དར་བའི་དགའ་སྟོན་ལ་འགྱེད་དོ། །གནས་གསུམ་མཁའ་ལ་རྒྱུ་བའི་འདབ་ཡངས་ཀྱི་ངང་མོ། །བདེ་བའི་འཇུག་ངོགས་བརྒྱད་ལྡན་དབྱར་མཚོ་ལ་ཕེབས་དང༌། །སྒོང་སྐྱེས་གཞོན་ནུའི་ལུས་ཀྱི་རྩལ་ཆེན་འདི་རྒྱས་ནས། །ཟག་མེད་བདེ་བའི་ཚོགས་འཁོར་སྦྱོར་སྒྲོལ་གྱི་ཚོང་འདུས། །དགའ་ཆེན་དཔའ་བོ་དཔའ་མོ་ཚོགས་པ་ཡི་སྟོན་མོ། །བདེ་བ་ཆེན་པོའི་རོལ་གར་སྣ་ཚོགས་ཀྱི་ཉམས་འགྱུར། །རྣལ་འབྱོར་འདུས་པའི་དམ་ཚིག་གཉེན་པོ་ལ་དགོངས་ཤིག །སྟེང་ནས་གར་བསྒྱུར་བདུད་རྩི་བཅུ་དྲུག་གི་གར་སྟབས། །དམ་ཚིག་མཁའ་འགྲོ་བདེ་བའི་རཀྟ་ཡི་འཕྲོ་འདུ། །དཀར་དམར་ལྷན་སྐྱེས་རྩེ་བའི་བདེ་ཆེན་གྱི་རོ་མཆོག ། ཟག་མེད་དགའ་བཞིའི་རྩེ་གར་ཚོགས་ཁང་འདིར་སྒྱུར་ཤོག །གཟུང་འཛིན་གསང་གསུམ་འགྲོས་ཀྱིས་དབུ་མ་རུ་སྡུད་དེ། །འཁྲུལ་རྟོག་གཡུལ་ཆེན་གཞོམ་པའི་སྙིང་སྟོབས་དང་ལྡན་པའི། །རྣམ་སྣང་བདེ་སྤྱོད་ཌཱ་ཀིའི་ལང་ཚོ་འདི་ངོམ་ཤོག །ས་གསུམ་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ཡི་དབུས་ན། །མི་འཇིགས་གྱད་དང་སེངྒེས་བཏེགས་པ་ཡི་བ་གམ། །དཀར་དམར་བདུད་རྩིའི་དཀྱིལ་འཁོར་འཕོ་མེད་ཀྱི་དབུས་ན། །བཀའ་དྲིན་སུམ་ལྡན་རྡོ་རྗེ་འཆང་ཆེན་དེ་བཞུགས་ཡོད། །བདེ་ཆེན་བདུད་རྩི་མཆོག་གི་ཚོགས་མཆོད་འདི་འབུལ་ཞིང༌། །འདུས་པ་དགྱེས་པའི་ཞབས་བྲོ་བཟང་པོ་འདི་འཁྲབ་བོ། །ཨ་ལ་ལ་ཧོཿ ཞེས་པའང་པདྨའི་སྒྲུབ་སྡེའི་འདུས་པ་རྣམས་ཀྱི་ཐུགས་བཞེད་ལྟར་བདེ་ཆེན་འབར་བའི་རྡོ་རྗེས་ཕུལ་བ་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ་ཤྲཱི་བྷ་ཝནྟུ།།

བདེ་བ་ཆེན་པོའི་ཆོས་བྲོ་པདྨ་འདར་བའི་རྐང་དྲུག་གི་དབྱངས་སྙན། ཀརྨ་འཇིགས་མེད་མི་ཕམ་ཆོས་ཀྱི་སེངྒེ།

p. 544

༄༅། །བདེ་བ་ཆེན་པོའི་ཆོས་བྲོ་པདྨ་འདར་བའི་རྐང་དྲུག་གི་དབྱངས་སྙན་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། རང་བྱུང་ཆོས་ཀྱི་དབྱིངས་ལས། །རང་སེམས་དྲི་མ་མེད་པ། །བླ་མ་རྩ་གསུམ་ཚོགས་ལ། །གདུང་ཤུགས་གུས་པས་མཆོད་དོ། །དད་དང་མོས་པས་དྲངས་པའི། །རྣལ་འབྱོར་རྐང་དྲུག་གཞོན་ནུའི། །རྩ་བའི་བླ་མ་དམ་པ། །དགུང་ལས་བབས་པའི་ཉི་གཞོན། །བྱིན་རླབས་དྲོད་ལ་བརྟེན་པའི། །འདབ་གཤོག་ཕ་རོལ་ཕྱིན་དྲུག །དར་དིར་ཆོས་དབྱངས་སྒྲོགས་ནས། །དད་ཅན་པདྨོའི་ཚལ་ལས། །བདེ་སྟོང་རོ་མཆོག་མྱོང་ཞིང༌། །གར་གྱི་ཉམས་འགྱུར་སྣ་ཚོགས། །ཤུགས་འབྱུང་སྤྱོད་པ་བསྐྱངས་ཏེ། །རྟོག་མེད་ཞབས་བྲོ་ཅིར་ཡང༌། །ཐེག་ཆེན་ས་འདིར་འཁྲབ་བོ། །ཉམས་མྱོང་གསལ་སྟོང་བརྗོད་བྲལ། །མ་དཱ་ན་ཡི་ཞལ་སྐྱེམས། །དྲིན་ཆེན་བླ་མའི་བྱིན་རླབས། །ངོམས་པ་མེད་པར་ལོངས་སྤྱོད། །དགའ་བའི་ཞབས་བྲོ་ད་འཁྲབ། །སྐྱིད་པའི་གླུ་དབྱངས་ཟད་མེད། །མོས་གུས་ཤུགས་ལས་དྲངས་ནས། །བདེ་བའི་སྟངས་སྟབས་བསྒྱུར་ཞིང༌། །བརྡ་ཡི་ཕྱག་རྒྱ་སྒྱུར་ཤོག །དད་དང་མོས་པའི་སྣ་འདྲེན། །བླ་མའི་མཚན་ནས་བོས་ཤོག །བཟོད་མེད་མོས་གུས་སྦར་ནས། །འདུན་པའི་ཞབས་བྲོ་སྒྲིགས་ཤོག །གཡས་ནས་བསྐོར་བའི་ལྷ་ཕྱག །གཡོན་ནས་བསྐོར་བའི་གུས་ཕྱག །གདུང་ཤུགས་གཡས་ཀྱི་ཞབས་བྲོ། །དཔའ་བོ་རྣམས་ཀྱིས་འཁྲོབས་ཤོག །བཟོད་མེད་གཡོན་གྱི་ཞབས་བྲོ། །དཔའ་མོ་རྣམས་ཀྱིས་འཁྲོབས་ཤོག །སྐྱེ་མེད་ཡེ་ཤེས་ངང་ནས། །

p. 545

ཟབ་མོའི་ཆོས་དབྱངས་ལྡིར་ཤོག །བདེ་ཆེན་ཉམས་བརྒྱ་འབར་བའི། །རྡོ་རྗེའི་རྩེ་བྲོ་འཁྲོབས་ཤོག །ཨ་ལ་ལ་ཧོཿབདེའོ། །ཨ་རལླི་ཧོ་བྱིན་ཕོབས། །
༈ དྲིན་ཆེན་རྩ་བའི་བླ་མ་ལ། །མོས་གུས་དོན་གྱི་ཆོས་བྲོ་འབུལ། །བདག་སློབ་མའི་སྒོ་གསུམ་བྱིན་གྱིས་རློབས། །ཐ་མལ་གྱི་ཤེས་པ་གཉུག་མར་རྟོགས། །ངར་འཛིན་བདུད་ཀྱི་གཡུལ་ལས་རྒྱལ། །སྟངས་སྟབས་བཞི་ལྡན་གྱི་ཞབས་བྲོ་འཁྲབ། །གཉིས་འཛིན་འདི་གཉིས་མེད་དབྱིངས་སུ་འདུལ། །ཚུལ་འཇིག་རྟེན་ཞབས་བྲོ་མ་ལགས་ཏེ། །དབྱིངས་ཡེ་ཤེས་ཞི་བའི་ཞབས་བྲོ་འཁྲབ། །ཕ་བཀའ་བརྒྱུད་བླ་མ་བྱིན་རླབས་ཅན། །རྗེ་དོན་བརྒྱུད་ཀྱི་རྟོགས་པ་རྒྱུད་ལ་འཕོས། །ཉམས་བདེ་སྟོང་གི་དབྱངས་སྙན་ཅིར་ཡང་སྒྲོགས། །ཕ་བཀའ་བརྒྱུད་བླ་མའི་སྙན་ལ་འབུལ། །སྐུ་གར་སྟབས་བཅས་ཏེ་བྲོ་ལ་བྱོན། །ཞབས་ཆོས་བྲོ་འཁྲབ་བཞིན་བྲོ་ལ་བྱོན། །ཡུལ་གནས་གསུམ་ལ་བཞུགས་སྐྱབས་གནས་དང༌། །མཆོག་དྲིན་ཆེན་རྩ་བ་གསུམ་གྱི་ལྷ། །ཉམས་གསལ་སྟོང་རིག་སྟོང་བདེ་སྟོང་ལྷ། །དེ་དབྱེར་མེད་ཀྱི་ངང་དུ་དར་ཅིག་འཁྲོབས། །བརྗོད་མེད་ཀྱི་ངང་དུ་བྱིན་གྱིས་འཁྲོབས། །བློ་འདས་ཀྱི་ངང་དུ་ལྷུག་པར་འཁྲོབས། །ཉམས་འཆར་སྒོ་འགག་མེད་གླུ་དབྱངས་འཐེན། །རྟོག་མེད་ཀྱི་ཕྱག་རྒྱ་ཅི་ཡང་བསྒྱུར། །གཏད་མེད་ཀྱི་ཞབས་བྲོ་ཁྲིགས་སེ་ཁྲིག །ད་བྱང་ཆུབ་བགྲོད་པ་ཅི་སྟེ་དཀའ། །ང་བླ་མེད་ཐར་པའི་ལམ་ལ་ཞུགས། །ཕ་རྡོ་རྗེ་འཆང་གི་ཞབས་དྲུང་བསྙེག །དེ་འབྲལ་བ་མེད་པར་བྱིན་གྱིས་རློབས། །དོན་སྐྱེ་མེད་དབྱིངས་ཀྱི་ཚོགས་ཁང་འདིར། །ཟག་མེད་ཀྱི་ཚོགས་མཆོད་ལྷུན་རེ་འཐུག །ཚོར་སྟོང་གི་བདེ་བ་ཉམས་རེ་དགའ། །ད་འདིར་ཚོགས་ཀྱི་རྣལ་འབྱོར་ཕོ་མོ་རྣམས། །དཔལ་འོག་མིན་དབྱིངས་ཀྱི་ཚོགས་ཁང་དུ། །འབྲལ་མེད་དུ་འཚོགས་པའི་སྨོན་
ལམ་ཞུ། །བཀྲ་ཤིས་ཞབས་བྲོ་ལིངས་སེ་ལིང༌། །རྩ་གསུམ་དགེ་མཚན་ཆར་དུ་བསྙིལ། །བྱིན་རླབས་ཀྱི་མེ་ཏོག་ཀྱི་ལི་ལི། །དངོས་གྲུབ་ཀྱི་བདུད་རྩིའི་ཆར་རྒྱུན་འབེབས། །ད་བཀྲ་ཤིས་ཞལ་འཛོམ་ཀྱི་ལི་ལི། །དོན་འཕོ་འགྱུར་མེད་པའི་བདེ་ལེགས་ཞུ། །ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་པའང་སྒྲུབ་གནས་པདྨ་ཡང་རྫོང་གི་སྒྲུབ་སྡེ་རུ་ཕ་བཀའ་བརྒྱུད་ཀྱི་གྲལ་མཐར་སོན་པ་༧ཀརྨ་འཇིགས་མེད་མི་ཕམ་ཆོས་ཀྱི་སེངྒེས་གླུ་དབྱངས་ཀྱི་ཚུལ་དུ་སྨྲས་རིམ་བཞིན་ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཀྱིས་ཡི་གེར་བཏབ་པ་འདིས་ཀྱང་བུ་སློབ་ཀུན་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག །ཤུབྷཾ།།

གསོལ་འདེབས། བདེ་ཆེན་འབར་བའི་རྡོ་རྗེ།

p. 546

ༀ་ཨཱཿཧཱུྃ། རྩ་གསུམ་བརྒྱུད་གསུམ་སྐུ་གསུམ་རིག་འཛིན་དང༌། །དུས་གསུམ་སྐྱབས་ཡུལ་ཀུན་འདུས་སྤྲུལ་པའི་སྐུ། །བདེ་ཆེན་འབར་བའི་རྡོ་རྗེར་གསོལ་བ་འདེབས། །བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་པའང་སྔགས་འཆང་དར་རྒྱས་དང༌། ནོར་མ་ཚེ་བརྟན་ཕ་བུ་སོགས་གཞན་ཡང་དད་ལྡན་འགའ་ཡིས་བསྐུལ་ངོར། རྒྱལ་བ་སྲས་བཅས་ལ་བསྔགས་ན་དེའི་ཡོན་ཏན་བླ་མ་ལས་འབྱུང་ཞིང༌། ཀུན་འདུས་བླ་མར་གསོལ་བ་འདེབས་པའི་ཚུལ་འདི་ཡང༌། མ་ཡོ་གངས་ཀྱི་ར་བའི་ཉེ་བའི་མདུན་སར་༧འབར་བའི་རྡོ་རྗེས་ཡུད་ཙམ་དུ་བྲིས།

རྗེ་བཙུན་དྲན་པའི་གདུང་དབྱངས། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 547

༄༅། །རྗེ་བཙུན་དྲན་པའི་གདུང་དབྱངས་བཞུགས་སོ། །
༄༅། །ཨ་ཧོ། གང་ཤར་བཟོ་མེད་སྐྱོང་བའི་ཚོགས་དྲུག་གི་ཡུལ་ལ། །རྩོལ་མེད་ལྷུན་གྱིས་གྲུབ་པ་འཇའ་ཟེར་གྱི་ཀློང་ནས། །རྗེ་བཙུན་བླ་མའི་ཞལ་རས་འོད་སྐུ་རུ་འཆར་དུས། །བཟོད་མེད་གདུང་བའི་དབྱངས་ཆུང་ལྷང་ལྷང་དུ་ཤོར་ཐལ། །ཀུན་རྫོབ་སྣང་ངོར་ཡེ་ཤེས་སྒྱུ་མ་ཡི་སྐུ་ཡིས། །དཀོར་རྒན་དྲེད་པོ་ཆོས་མེད་བདག་འདྲ་ལ་དགོངས་ནས། །ཡེ་ཤེས་སྤྱན་
གྱིས་གཟིགས་པ་ཨ་ལ་ལ་སྐྱིད་དོ། །དུས་མཐར་སྐྱེས་ཀྱང་གོང་མའི་རྗེས་འཇུག་ཅིག་ཡིན་སྙམ། །དོན་དམ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་ལ་བསམ་ན། །འཛིན་རྟོག་སྤྲོས་པ་བྲལ་བ་བརྗོད་མེད་ཀྱི་ཡེ་ཤེས། །འགག་མེད་ཅིར་ཡང་སྣང་བ་ཆོས་སྐུ་ཡི་རོལ་རྩལ། །གསལ་རིག་རྗེན་པ་འདི་ལ་འཕོ་འགྱུར་ནི་མི་འདུག །ཕ་གཅིག་གདུང་བས་འབོད་དོ་རྗེ་བཙུན་ནི་རས་ཆེན། ཁྱེད་ནི་མཁྱེན་བརྩེ་ནུས་པ་ཀུན་ལྡན་གྱི་བླ་མ། །བདག་སོགས་དུག་ལྔས་མནར་བའི་རྗེས་འཇུག་གི་འབངས་ལ། །རྟོག་མེད་ཐུགས་ཀྱི་ཡེ་ཤེས་ད་ལྟ་རང་སྩོལ་མཛོད། །རྟོག་མེད་བྱ་རྩོལ་བྲལ་བ་སྟོང་ཆེན་གྱི་མཁའ་དབྱིངས། །རྟོག་པའི་སྣང་བ་སྣ་ཚོགས་མོས་གུས་ཀྱི་སྤྲིན་ཆེན། །བརྒྱུད་ལྡན་བླ་མའི་བྱིན་རླབས་འོད་གསལ་གྱི་ཆར་རྒྱུན། །སྲིད་པའི་ཚ་གདུང་ཞི་བའི་དངོས་གྲུབ་ཅིག་ཞུ་འོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མི་བསླུ་བའི་ཆོས་ཅན། །ལས་དང་སྨོན་ལམ་བཟང་པོས་མཚམས་སྦྱོར་ལ་བརྟེན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྩེད་འཇོ་ལ་རོལ་ནས། །ཕྱམ་གཅིག་སངས་རྒྱས་འགྲུབ་པའི་བཀྲ་ཤིས་དེ་ཤོག་ཅིག །ཅེས་པ་འདིའང་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་རྒྱལ་བའི་མྱུ་གུ་ཕྲིན་ལས་དབང་གི་རྡོ་རྗེ་ཁྲིར་ཕེབས་ཀྱི་མཛད་སྒོ་གྲུབ་ནས་རང་ཡུལ་དུ་ཡོང་སྐབས་རྨ་རྒྱལ་སྤོམ་རིའི་རི་བརྒྱུད་སྟོང་མཛོ་རྒན་སྣ་དང་ཉེ་བའི་སྐབས། མདུན་མཁར་འོད་ཀོར་འཇའ་ཟེར་འཕྲོ་བའི་དབུས་སུ་རྗེ་བཙུན་བཞད་པ་རྡོ་རྗེ་སྐུ་མདོག་དཀར་ལ་གཞོན་ཚུལ་ཅན་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་གདན་ལ་བརྟེན་པ། ཞལ་འཛུམ་བག་དང་ཐུགས་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས་པ་མངོན་སུམ་ལྟར་མཇལ་བའི་མོད་ལ་དར་ཅིག་བརྗོད་མེད་ཀྱི་ངང་དུ་འབྱམས་པའི་མཐར་བཟོད་མེད་ཀྱི་གདུང་དབྱངས་ལན་མང་བྱས་འཕྲལ་ཤོག་གུའི་ངོས་སུ་ཅུང་ཟད་བྲིས་ཤིང་། དེ་རྗེས་བལ་ཡུལ་དུ་འགྲོ་ཞོར་ལ་ཕྱི་གངས་ཀྱི་ར་བ་མཐོང་བས་ཡིད་སྐྱོ་དུང་ངེ་བའི་སྐབས་གཉའ་ནང་གྲོད་ཕུག་ཏུ་ཚོགས་འཁོར་བགྱིས་སྐབས་གསོལ་འདེབས་ཤོ་ལོ་ཀ་གཉིས་ཁ་གསབ་བྱས་ནས་སྐྱོ་བྲག་གསལ་བྱེད་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བྲིས་པ་འདིས་ཀྱང་རྗེ་བཙུན་རས་པ་ཆེན་པོའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག །ཤུབྷཾ།།

འབའ་རོམ་སྙན་བརྒྱུད་བསྲེ་འཕོ་ནཱ་རོའི་ཆོས་དྲུག་གི་ཐུན་ཆོས་གྲུབ་པའི་གསེང་ལམ། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 548

༄༅། །འབའ་རོམ་སྙན་བརྒྱུད་བསྲེ་འཕོ་ནཱ་རོའི་ཆོས་དྲུག་གི་ཐུན་ཆོས་གྲུབ་པའི་གསེང་ལམ་ཞེས་བྱ་བ་བཞུགས་སོ། །
རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ཏཻ་ལོ་ནཱ་རོ་མར་མི་དྭགས། །ཆོས་ཀྱི་དབང་ཕྱུག་འབའ་རོམ་པ། །བརྒྱུད་པར་བཅས་ལ་གུས་ཕྱག་འཚལ། །དེའང་རིགས་དྲུག་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དང་གསང་བ་ཡེ་ཤེས་ཀྱི་ཌཱ་ཀིའི་ཞལ་སྔ་ནས་བསྩལ་བའི་དཔལ་འཁོར་ལོ་བདེ་མཆོག་གཙོས་བླ་མེད་རྒྱུད་སྡེ་རྒྱ་མཚོའི་ཐབས་གྲོལ་མན་ངག་གི་གནད་གསལ་བར་བསྟན་པའི་རྩ་གཞུང་བཀའ་ཡང་དག་པའི་ཚད་མ་དང་། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་། ལུས་མེད་མཁའ་འགྲོའི་ཆོས་སྐོར་སོགས་ཉེ་རིང་བརྒྱུད་སྲོལ་ཀུན་འདུས་གྲུབ་པའི་དབང་ཕྱུག་ཏཻ་ལོ་པྲ་ཛྙཱ་བྷ་དྲ་ནས་རིམ་པར། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དེས་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ཉི་མ་ལྟ་བུ་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་། ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ། རྒྱུ་སྐར་ལྟ་བུ་ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ་གསུམ་ལ་སྙན་བརྒྱུད་ཀྱི་བཀའ་སོ་སོར་བབས་པ་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་ཚུལ་ནི་འགྲོ་མགོན་བཀའ་བརྒྱུད་པ་སྤྱི་མཚུངས་ལྟར་ལ། སྐབས་དོན་ཐུན་མོང་མ་ཡིན་པ་ཐབས་ལམ་ཆོས་དྲུག་གི་མན་ངག་བསྲེ་འཕོའི་བརྒྱུད་ཚུལ་ཏེ། དེའང་རྗེ་སྒམ་པོ་པའི་ཞལ་གདམས་གསང་མཛོད་མ་ལས། བཀའ་བཞི་བབས་པའི་རྣལ་འབྱོར་པ། །སྤྲུལ་སྐུར་གྲགས་པའི་ཏཻ་ལོ་པ། །ལུང་བསྟན་ཐོབ་པའི་ནཱ་རོ་པས། །བཅུ་གཉིས་དཀའ་སྤྱད་མཐར་འདི་གནང་། །བློ་གྲོས་{ཤེས་}ཞེས་བྱ་མར་པ་ཡིས། །གསེར་གྱིས་མཉེས་བྱས་མཐར་འདི་གནང་། །ཆོས་རྡོར་ཞེས་བྱ་རྔོག་གིས་ནི། །སྤོང་{ཐག་}དག་ལན་གསུམ་བྱས་པས་གནང་། །བླ་མ་གཞུང་པ་ཇོ་སྲས་ཀྱིས། །བླ་མ་མི་ལ་དེ་ཡིས་བདག །ཆོས་རྗེ་ཟླ་འོད་གཞོན་ནུ་ལ། །ཐུགས་ལ་བཏགས་ནས་གནང་བ་ལགས། །དེ་ལྟའི་ཞལ་གྱི་གདམས་པ་འདི། །ཡུལ་དང་དུས་ཀྱིས་བསྐལ་ནས་ནི། །བརྗེད་ཀྱིས་དོགས་པའི་འཇིགས་པ་ཡིས། །རང་གི་དྲན་པ་གསོ་ཕྱིར་ནི། །ཤིན་ཏུ་གསལ་བར་ཡི་གེར་བཀོད། །ཅེས་འབྱུང་བ་ལྟར་བཀའ་

p. 549

བརྒྱུད་གྲུབ་པའི་སྤྱི་མེས་རྗེ་ལྷོ་བྲག་པ་ཆེན་པོས་ཐབས་ལམ་ཆོས་དྲུག་གི་མན་ངག་ཐམས་ཅད་བསྲེ་འཕོ་གཉིས་སུ་བསྡུས་ཏེ། བླ་མ་གཞུང་པ་རྔོག་སྟོན་ཆོས་སྐུ་རྡོ་རྗེ་ལ་ཆིག་བརྒྱུད་ཀྱི་བཀའ་རྒྱས་བཏབ་སྟེ་གནང་། དེས་གངས་ཅན་གྲུབ་པའི་སེང་གེ་རྗེ་བཙུན་མི་ལ་རས་པ་ལ། དེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དྭགས་སྒོམ་ཟླ་འོད་གཞོན་ནུ་ལ། དེས་རྒྱལ་བ་འབའ་རོམ་པ་ཆེན་པོ་དར་མ་དབང་ཕྱུག་ལ། དེས་འགྲོ་བའི་མགོན་པོ་ཏི་ཤྲི་ཤེས་རབ་སེང་གེའི་བར་སྙན་ནས་སྙན་དུ་བརྒྱུད་པའི་བསྲེ་འཕོ་དར་ཁུག་མ་ཞེས་སུ་གྲགས་པ་ཉིད། རས་དཀར་ཤེས་རབ་བྱང་ཆུབ། སྤྱན་སྔ་ལུས་མེད་རྡོ་རྗེ། བླ་མ་བྱང་ཆུབ་གཞོན་ནུ། རས་པ་བློ་གྲོས་རྡོ་རྗེ། ལྷ་རས་བརྩོན་འགྲུས་དཔལ་བ། གླང་རས་རྒྱལ་མཚན་གྲགས་པའམ་གྲགས་པ་རྒྱལ་མཚན། རྗེ་དེའི་བརྒྱུད་འཛིན་སྲས་ཀྱི་ཐུ་བོ་ཆོས་རྗེ་བསོད་ནམས་བཟང་པོ་དང་རྨ་སེ་བློ་གྲོས་རིན་ཆེན་རྣམ་གཉིས་ནས་ཆོས་རྗེ་སྐྱོ་ཟུར་གྱི་གདན་རབས་གྲུབ་པའི་གསེར་ཕྲེང་ཚར་དུ་དངར་བའི་རིང་བརྒྱུད་བར་མ་ཆད་པའི་ཁར། ཡེ་ཤེས་ཀྱི་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མས་རྗེས་སུ་བཟུང་བའི་ཉེ་བརྒྱུད་དེ་གདམས་བཅུད་ཆུ་བོ་གཅིག་འདྲེས་ཀྱི་བཀའ་བབས་རིག་འཛིན་ཆེན་པོ་༧འཇིགས་མེད་ཆོས་ཀྱི་སེང་གེས་མཛད་པའི་མན་ངག་ཆོས་དྲུག་གི་ཉམས་ལེན་ཇི་ལྟར་བྱ་བའི་ཚུལ་གྲུབ་པའི་སློབ་དཔོན་རྣམས་ཀྱི་དགོངས་རྒྱན་ཡེ་ཤེས་མཁའ་འགྲོའི་གསང་ཚིག་འདི་ཉིད་རྒྱུན་ཁྱེར་ཐུན་ཆོས་སུ་ཉམས་བསྟར་བྱ་བའི་ཚུལ་ལ་གསུམ་སྟེ། སྦྱང་གཞི་དངོས་པོའི་གནས་ལུགས། སྦྱོང་བྱེད་ལམ་གྱི་གདམས་པ། སྦྱངས་འབྲས་སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་བསྟན་པའོ།། ༈ དང་པོ་སྦྱང་གཞི་དངོས་པོའི་གནས་ལུགས་ལ་གཉིས་ལས། དང་པོ་ལུས་ཀྱི་གནས་ལུགས་ནི། རྗེ་ཏི་ཤྲི་རས་པའི་ཞལ་ནས། རྡོ་རྗེ་ལུས་ཀྱི་གནས་ལུགས་ནི། །གནས་པ་རྩ་ལ་གཡོ་བ་རླུང་། །འབུར་དུ་དོད་པ་ཡི་གེ་དང་། །བཀོད་པ་བྱང་ཆུབ་སེམས་དང་ལྔ། །ཞེས་མདོར་བསྟན་པ་ལྟར་རོ། །གཉིས་པ་སེམས་ཀྱི་གནས་ལུགས་ནི། ཡང་ཏི་རས་ཀྱིས། སེམས་ཉིད་དངོས་པོའི་གནས་ལུགས་ནི། །རིག་སྟོང་རྒྱུན་པར་ལུས་ལ་གནས། །ཞེས་གསུངས་པ་ལྟར་རོ། །དེ་དག་ནི་སྤྱིར་ཤེས་པར་བྱ་བ་སྦྱང་གཞི་དྲི་བཅས་རྒྱུ་ཡི་གནས་ལུགས་བདེ་གཤེགས་སྙིང་པོ་གདོད་ནས་ལྷུན་གྱིས་གྲུབ་པའི་ཚུལ་ལོ།། ༈ གཉིས་པ་སྦྱོང་བྱེད་ལམ་གྱི་གདམས་པ་ལ། འགྲོ་མགོན་ཏི་རས་ཀྱིས། སྨིན་གྲོལ་གཉིས་སུ་ཐམས་ཅད་འདུས། །ཞེས་གསུངས་པ་ལྟར་གཉིས་ལས། དང་པོ་སྨིན་བྱེད་ཀྱི་དབང་ནི། ཏི་རས་ཀྱིས། དེ་ལ་སྦྱོང་བྱེད་དབང་བཞི་དགོས། །ཞེས་གསུངས་པ་ལྟར་བླ་མ་མཚན་ཉིད་དང་ལྡན་པ་ལས། ལུགས་འདིར་ཡི་དམ་འཁོར་ལོ་སྡོམ་པའི་དབང་བཞི་རྗེས་འབྲེལ་དང་བཅས་པ་ལེགས་པར་མནོད་དགོས་སོ།།

p. 550

༧ གཉིས་པ་གྲོལ་བྱེད་ཀྱི་ཁྲིད་ལའང་བསྐྱེད་རྫོགས་གཉིས་ལས། དང་པོ་བསྐྱེད་པའི་རིམ་པ་ནི། ཐུན་མོང་སྔོན་དུ་འགྲོ་བ་ནས་བཟུང་ལྷ་ཡི་གསལ་སྣང་དང་ནུས་པ་ཐོན་པའི་བསྐྱེད་བཟླས་བྱ་ཚུལ་མངོན་རྟོགས་རྒྱས་པ་དང་བསྙེན་ཟིན་གྲུབ་གཉིས་ཡིད་འཇོ་ལས་འབྱུང་བ་ལྟར་བྱའོ།། ༧ གཉིས་པ་རྫོགས་པའི་རིམ་པ་ལ་རྫོགས་རིམ་དངོས་དང་། དེའི་ཡན་ལག་བསྟན་པ་གཉིས་ལས། དང་པོ་མཚན་བཅས་ཀྱི་རྫོགས་རིམ་གཙོ་བོར་སྟོན་ཞིང་མཚན་མེད་ཞར་བྱུང་དུ་སྟོན་པ་དབང་བཞིའི་སྒོམ་དོན་སྐུ་བཞིའི་ཉམས་ལེན་དང་སྦྱོར་བ་ཐབས་བཞི་བསྟན་པ་ལའང་གཉིས་ཏེ་སྦྱང་བྱ་དང་སྦྱོང་བྱེད་དོ།། ༧ དང་པོ་སྦྱང་བྱ་ངོས་བཟུང་བ་ནི། བཀའ་དཔེ་ཕྱི་མ་ལས། གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །ཞེས་གསུངས་པ་ལྟར་གང་ཟག་ལས་དང་སྐལ་པར་ལྡན་པ་དག་གིས་སྦྱང་བྱ་གནས་སྐབས་བཞིས་བསྐྱེད་པའི་སྒོ་གསུམ་དང་སྒྲིབ་གཉིས་བག་ཆགས་ཀྱི་དྲི་མ་སྦྱང་དགོས་སོ།། ༈ གཉིས་པ་སྦྱོང་བྱེད་ཀྱི་ཐབས་སོ་སོར་བསྟན་པ་ལ་བཞི་སྟེ། རྗེ་ཏི་ཤྲི་རས་པས། གནད་ཀྱིས་ཉམས་སུ་བླང་བྱ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ལམ་གྱི་གཞུང་ཤིང་གཏུམ་མོ་བདེ་དྲོད་རང་འབར། ལམ་གྱི་བོགས་འདོན་སྒྱུ་ལུས་ཆགས་སྡང་རང་གྲོལ། ལམ་གྱི་ཚོད་འཛིན་རྨི་ལམ་འཁྲུལ་པ་རང་སངས། ལམ་གྱི་སྙིང་པོ་འོད་གསལ་གཏི་མུག་རང་དག་གོ། །༈ དང་པོ་གསུང་གསང་བའི་དབང་གི་ཉམས་ལེན་དངོས་མཚན་བཅས་ཀྱི་རྫོགས་རིམ་གཏུམ་མོ་བསྒོམ་པ་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ལའང་ལུས་གནད་དང་སེམས་གནད་གཉིས་ལས། དང་པོ་ནི། རྗེ་འབའ་རོམ་པས། ལུས་ཀྱི་འཁྲུལ་འཁོར་རྟེན་འབྲེལ་འཛོམས་པའི་གནད། །ཅེས་གསུངས་པ་ལྟར་ལུས་གནད་ཐབས་ལམ་དང་འབྲེལ་བའི་རྣམ་སྣང་གི་ཆོས་བདུན་ལེགས་པར་བཅའ་བའོ། །གཉིས་པ་སེམས་ཀྱི་གནད་ལ་ལྔ་ལས། དང་པོ་ཕྱི་ཡི་སྟོང་ར་ལ་མ་དག་པ་དྲི་བཅས་ཀྱི་ཕུང་ཁམས་གསལ་འདེབས་པ་ནི། གཞི་ཡི་གནས་ལུགས་ཤེས་པའི་ཕྱིར། །རང་ལུས་སྟོང་གསལ་རྩ་འཁོར་བཅས། །ཕྱི་ནང་སྒྲིབ་མེད་དྭངས་ཤིང་གསལ། །གྲོ་སོག་ཉི་འོད་རེག་ལྟར་བསྒོམ། །གཉིས་པ་དེ་དག་པ་ལྷ་ཡི་སྟོང་རར་བསྒྱུར་ཏེ་བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་བསྒོམ་པ་ནི། རྗེ་ཏི་རས་ཀྱིས། སྨིན་བྱེད་བུམ་དབང་ཆོས་རྣམས་ལ། །གྲོལ་བྱེད་བསྐྱེད་པའི་རིམ་པ་བསྒོམ། །ཞེས་གསུངས་པ་ལྟར། ༀ་སྭ་བྷཱ་ཝ་སོགས། གཟུང་འཛིན་ཆོས་རྣམས་སྟོང་ཉིད་ངང་། །སྐད་ཅིག་པདྨ་ཉི་དཀྱིལ་སྟེང་། །རང་ཉིད་དཔལ་ཆེན་འཁོར་ལོ་

p. 551

སྡོམ། །སྣང་ལ་རང་བཞིན་མེད་པར་གསལ། །གསུམ་པ་ནང་གི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་གསལ་འདེབས་པ་ནི། ཏི་རས་ཀྱིས། གནས་པ་རྩ་ལ་བུམ་དབང་དགོས། །རྩ་ཁམས་སྦྱངས་པ་ལྷ་ཡི་སྐུ། །ཞེས་གསུངས་པ་ལྟར། རོ་མ་གཡས་ལ་རྐྱང་མ་གཡོན། །ཀུན་འདར་སྲོག་ཤིང་ཚུལ་དུ་གནས། །རྩ་འཁོར་སྤྱི་མགྲིན་སྙིང་ལྟེ་བཞི། །གདུགས་དང་གདུགས་འདེགས་ལྟ་བུར་བསྒོམ། །བཞི་པ་རླུང་སྦྱོར་བ་བཞི་ལྡན་ནི། ཏི་རས་ཀྱིས། སྦྱོར་བ་རྔུབ་དང་དགང་བ་དང་། །གཞིལ་དང་མདའ་ལྟར་འཕང་བའོ། །ཞེས་གསུངས་པའི་དོན་གནད་ལྔ་དང་སྦྱར་བའི་ཚུལ་ལ། ༡-ཐོག་མར་རླུང་རོ་དགུ་འབུད་ནི། རོ་རྐྱང་སྣ་བུག་གཡས་གཡོན་དང་། །ཆ་མཉམ་དབུས་ནས་འབུད་པ་ཡིས། །དུག་གསུམ་རླུང་སྐྱོན་ལན་གསུམ་གསུམ། །དགུ་ཕྲུག་བསལ་མཐར་རླུང་སོར་འཇུག །༢-རླུང་རང་གནས་སུ་བཟུང་བ་རྔུབ་པའི་གནད་ནི། འབྱུང་ལྔའི་དྭངས་མ་ཡེ་ཤེས་རླུང་། །ཁ་དོག་ལྔ་ལྡན་རྣམ་པ་ཅན། །བཅུ་དྲུག་སོར་མཚམས་དལ་བུས་རྔུབ། །རྩ་གསུམ་འདུས་མདོར་དབུ་མར་ཞུགས། །༣-དབང་དུ་བསྡུ་བ་དགང་བའི་གནད་ནི། ཏི་རས་ཀྱིས། སྟེང་འོག་ཁ་སྦྱོར་རྩོལ་བ་ཡིས། །ཡོན་ཏན་ཚོགས་རྣམས་སྐྱེ་གསུངས་ཕྱིར། །སྟེང་རླུང་ལྟེ་འོག་ཆིལ་གྱིས་མནན། །འོག་རླུང་དྲངས་ཏེ་བུམ་ཅན་བཟུང་། །༤-རྩ་མིག་ཏུ་གདབ་པ་གཞིལ་བའི་གནད་ནི། རྔུབ་ཆུང་གང་དགོས་ཚོད་དང་བསྟུན། །རྩ་འཁོར་རྣམས་སུ་རླུང་དྲངས་ཤིང་། །རྒྱུ་མ་ཕུས་བཏབ་ཇི་བཞིན་དུ། །གཞིལ་བས་རྩ་འདབ་ཁྱབ་པར་བསམ། །༥-ཕྱི་ནང་བསྲེ་བ་འཕང་བའི་གནད་ནི། མི་ནོན་གཏང་དུ་རན་ཙ་ན། །རླུང་ལྷག་ཁོང་དུ་མ་ལུས་པར། །རྒྱ་མཚོ་རི་རབ་སྦྱར་བ་ཡིས། །མདའ་ལྟར་འཕང་བ་མདུན་མཁར་ཡལ། །ཞེས་མོས་ལ་སྦྱང་ངོ་། །དེ་ཡང་ཏི་རས་ཀྱིས། སྲོག་རྩོལ་དབུ་མར་ཚུད་པ་ཡིས། །གཟུང་འཛིན་རྟོག་པ་འགག་པ་དང་། །རྟོག་མེད་ཡེ་ཤེས་སྐྱེ་བ་ཡིན། །གསུངས་ཕྱིར་རླུང་སྦྱོར་འབད་གལ་ཆེ། །ལྔ་པ་བདེ་ཆེན་གྱི་གཞི་འདིང་བ་ཆུ་ཟླའི་གར་སྒྱུར་བ་བྱང་སེམས་ཀྱི་ཐིག་ལེ་སྦྱང་བ་ནི། ཏི་རས་ཀྱིས། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །བདེ་སྟོང་དབྱེར་མེད་བྱང་སེམས་ཡིན། །ཞེས་གསུངས་པ་ལྟར། དབུ་མའི་སྣེ་བསྲིངས་སྨིན་མཚམས་སུ། །

p. 552

ཐིག་ལེ་མཚན་ཉིད་བཞི་ལྡན་གསལ། །རླུང་སྦྱོར་སྤྱི་མགྲིན་སྙིང་ལྟེ་གསང་། །འབྱུང་ལྡོག་བྱས་ཤིང་སྨིན་མཚམས་བསྡུ། །ཞེས་བསྒོམ་ལ་ཁྲིད་གཞུང་ལྟར་གསལ་ཆ་ཐོན་ངེས་བྱའོ།། ༈ གཉིས་པ་ལམ་གྱི་གཞུང་ཤིང་གཏུམ་མོ་དངོས་བསྟན་པ་ལ་བཞི་ལས། ༧ དང་པོ་མ་ཟིན་པ་ཟིན་པར་བྱེད་པ་གཞི་ཡི་གཏུམ་མོ་གསལ་བཏབ་ཅིང་ལམ་རླུང་གིས་བསྐུལ་བ་ནི། བདེ་མཆོག་སྡོམ་འབྱུང་ལས། རྒོད་མ་ཁ་ཡི་མེ་འདྲ་བ། །ཕག་མོའི་ཐིག་ལེར་བརྗོད་པ་སྟེ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་འབར། །ཞེས་གསུངས་པ་ལྟར། ལྟེ་འོག་རྩ་གསུམ་འདུས་མདོ་རུ། །ཀུན་རྫོབ་མེ་ཡི་ཆོས་འབྱུང་སྟེང་། །ཡེ་ཤེས་གཏུམ་མོ་སྲན་མ་ཙམ། །མཚན་ཉིད་བཞི་ལྡན་གསལ་བར་བསྒོམ། །དེ་ཡང་ཏི་རས་ཀྱིས། སེམས་ཀྱི་བཞོན་པ་རླུང་བཟུང་ནས། །གཏུམ་མོ་བཞི་ལྡན་བསྒོམས་པས་ན། །མི་རྟོག་ཡེ་ཤེས་སྐྱེ་བ་ཡིན། །ཞེས་གསུངས་སོ། །༧ གཉིས་པ་ཟིན་པ་བརྟན་བྱེད་ཀྱི་ཐབས་སྣ་ཚོགས་བསྒོམ་པ་ལ་གཉིས་ལས། དང་པོ་སྔ་མའི་ཤེད་སྐྱེད་པ་ནི། གོང་ལྟར་ལུས་རླུང་སེམས་གསུམ་གྱི་གནད་ཀྱིས་ཡེ་ཤེས་ཀྱི་གཏུམ་མོ་ལས་ནཱ་ད་གཅན་གཟན་གྱི་སྨ་ར་ཙམ་སོར་གང་སུམ་འཁྱོགས་ཀྱི་རྣམ་པ་ཅན་དུ་བསྒོམས་ནས། གཏུམ་མོ་ཨ་ཤད་རྣམ་པ་ཅན། །སོར་གང་ནས་རིམ་སོར་བརྒྱད་བར། །མེ་ཤེད་ཆེར་བསྐྱེད་རྩ་འཁོར་བཞི། །བ་སྤུའི་བར་ཁྱབ་དྲོས་པར་བསམ། །ཞེས་དམིགས་པ་དང་མཐུན་པའི་རྟགས་འབྱོངས་ངེས་སུ་འབད་དོ། །གཉིས་པ་ཐིག་ལེས་གསོས་འདེབས་པ་ནི། ཏི་རས་ཀྱིས། ཡུལ་གནད་ལྟེ་འོག་གསང་གནས་སུ། །ཤེས་གནད་ཡ་ཏོག་མ་ཏོག་གི། །ཡབ་ཡུམ་གཉིས་ཀྱི་བདུད་རྩིའི་གནད། །ཅེས་དང་། ཡང་། སློབ་དཔོན་ཆེན་པོ་བི་རཱུ་པས། །འཁོར་ལོ་དྲུག་ཏུ་བཞེད་པ་ཡིན། །ཞེས་གསུངས་པ་ལྟར། འཁོར་ལོ་དྲུག་དང་འཁོར་ཕྲན་གསལ། །གཞི་ཡི་གཏུམ་མོ་འབར་བ་ཡིས། །སྤྱི་བོའི་ཧཾ་ལས་བདུད་རྩི་བབ། །དཀར་དམར་འདྲེས་པས་བདེ་བ་རྒྱས། །ཐུན་འཇོག་ཙ་ན་དཀར་དམར་རང་གནས་སུ་བསྡུས་ལ་བཞག །རིག་སྟོང་རྗེན་པའི་ངོ་བོ་ཡེངས་མེད་དུ་སྐྱོང་བ་གནད་ཆེའོ། །༧ གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གསུམ་ལས། དང་པོ་བདེ་སྟོང་གི་གཞི་འདིང་བ་ནི། ཏི་རས་ཀྱི་མན་ངག་ལས། ལྟེ་འོག་མེ་ཡི་ཆོས་འབྱུང་དབུས། །རྡོ་རྗེ་ཕག་མོ་ཚོན་གང་གསལ། །ཧཾ་ཡིག་ཞུ་བ་ལྷ་མོར་ཐིམ། །བདེ་སྟོང་ལྷང་ལྷང་སྐྱེས་པར་

p. 553

བསྒོམ། །གཉིས་པ་དེ་ཉིད་ངོས་བཟུང་བ་ནི། མཁའ་འགྲོ་སྙན་བརྒྱུད་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་ལྔ་བསྲེགས་བྱས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །ཧཾ་ལས་བདུད་རྩིའི་ཟླ་རྒྱུན་བབས། །རྟེན་དང་བརྟེན་པ་ཉམས་ལྡན་པ། །གཅིག་ཏུ་གྱུར་པ་བདེ་བ་ཆེ། །ཞེས་གསུངས་པའི་དོན་ཁྲིད་གཞུང་ལྟར་ཉམས་སུ་ལེན་པར་བྱའོ། །གསུམ་པ་དགའ་བཞིའི་འགྲོས་སྦྱང་བ་ནི། ཏི་རས་ཀྱིས། རྩ་ཕྲན་རླུང་སེམས་འདུས་པ་ཡིས། །ལུས་ལ་བདེ་དྲོད་སྐྱེས་པ་ན། །རྣམ་པ་སྣ་ཚོགས་སྐད་ཅིག་ལ། །རག་པ་འགགས་པ་རྟོག་མེད་དེ། །བདེ་བ་སྐྱེས་པ་དགའ་བ་ཡིན། །ཞེས་དང་། རླུང་ནང་དུ་འདུས་པས་གཏུམ་མོ་འབར། །ཡེ་ཤེས་ལས་ནི་ཆེས་བསྙེན་པས། །ཕྲ་བ་འགགས་པ་རྣམ་པར་སྨིན། །བདེ་ཆེན་སྐྱེས་པ་མཆོག་དགའ་ཡིན། །ཞེས་དང་། ཤིན་ཏུ་ཕྲ་བ་འགགས་པ་ཡིས། །མཚན་ཉིད་མེད་པའི་སྐད་ཅིག་མ། །བདེ་སྟོང་དབྱེར་མེད་སྐྱེས་པ་དེ། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། །ཞེས་དང་། རླུང་ནི་ཕྱིར་ལ་དབྱུང་བ་དང་། །བདེ་སྟོང་ཉམས་དང་བྲལ་བ་ལ། །ཡེ་ཤེས་རྗེས་བསྡུ་བྱེད་པ་དེ། །རྟོག་པ་ཤར་བས་དགའ་བྲལ་ཡིན། །ཞེས་གསུངས་པ་ལྟར་དབུ་མའི་སྟོང་ཆར་སེམས་གཏད་ཅིང་ངོ་བོར་གློད་ལ་མེ་རང་གནས་སུ་བསྡུའོ།། ༈ དོན་བཞི་པ་གནད་ཀྱི་ཁ་སྦྱོར་ལུས་སྦྱོང་བསྟན་པ་ནི། སྐབས་སུ་གནད་ཀྱི་འཁྲུལ་འཁོར་ཆོས་བདུན་དང་ལྡན་པས་རླུང་ཁ་སྦྱོར་དུ་འཛིན་ལ། སྒྲ་བསྒྱུར་མར་པས། འཁྲུལ་འཁོར་གནད་ཀྱི་ཁ་སྦྱོར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཅེས་དང་། རྗེ་ཏི་རས་ཀྱིས། རྩ་ཁ་འབྱེད་ཅིང་རྩ་མདུད་གྲོལ། །རྩ་རྣམས་མཉེན་ལྕུག་ལྡན་པ་ནི། །ལུས་སྦྱོང་བྱས་པའི་ཕན་ཡོན་ཡིན། །ཞེས་གསུངས་པའི་ཕྱིར་སྙིང་རུས་བསྐྱེད་ལ་ལུས་སྦྱོང་འཁྲུལ་འཁོར་གྱི་ཕྱག་བཞེས་ཟུར་གསལ་ལྟར་འབད་པས་སྲོག་རྩོལ་དབུ་མར་ཚུད་ཅིང་བདེ་སྟོང་དབྱེར་མེད་ཀྱི་ཉམས་སྐྱེ་བར་འགྱུར་རོ།། ༈ གསུམ་པ་རྗེས་ཀྱི་རིམ་པ་ལ་གེགས་སེལ་སོ་སོར་བསྟན་པ་དང་། ཡོན་ཏན་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་བསྐྱེད་རྫོགས་ཟུང་གི་གེགས་ཆེ་ཤོས་བྱིང་རྒོད་གཉིས་ཡིན་པས་དེ་སེལ་ཐབས་ནི། བྱིང་ན་ལུས་གནད་དམ་དུ་བཅའ། །ངག་གནད་ཕཊ་སྒྲ་སྒྲོག་པ་དང་། །ཡིད་གནད་ཤེས་པ་

p. 554

དབྱིངས་སུ་གཏད། །རྒོད་ན་ལུས་གནད་ཤིགས་ཀྱིས་བཤིག །ངག་གནད་རླུང་ནི་རང་སོར་བཞག །ཡིད་གནད་རིག་པ་རྣལ་དུ་ཕབ། །ཅེས་པའི་དོན་ལ་སྦྱོར་ཞིང་། ཞར་བྱུང་རྗེ་ཏི་རས་ཀྱི་མན་ངག་དུག་ལྔ་ལམ་ཁྱེར་བྱ་བའི་ཚུལ་ལ་རྣམ་ཀུན་མྱོང་རྟོགས་དཔྱིས་ཕྱིན་བྱ་བ་གལ་ཆེ། ༧ གཉིས་པ་ལུས་ལྷར་བསྒོམ་པ་དང་རྩ་རླུང་གི་ཡོན་ཏན་ནི། ཏི་རས་ཀྱིས། རང་སེམས་ལྷ་སྐུར་བརྟན་ཙ་ན། །སྣང་བ་ལྷ་རུ་འཆར་བ་ཡིན། །ཞེས་དང་། ཆོས་རྗེ་བསོད་ནམས་བཟང་པོས། གཏུམ་མོ་སེམས་ཀྱི་ངོ་བོ་དེ། །རྣམ་ཤེས་རླུང་གི་རྟ་ལ་བསྐྱོན། །འཁྲུལ་འཁོར་སྒྱོགས་ཀྱི་ལྕག་གིས་བྲབ། །རྩ་དབུ་མའི་ཐང་ལ་ཁ་ཡན་ཀློད། །ཨེ་མ་ངོ་མཚར་མི་ཆེའམ། །ཞེས་གསུངས་པས་བརྒྱུད་ལྡན་གྱི་བླ་མ་དང་གདམས་ངག་ལ་ཡིད་ཆེས་ཀྱི་ལམ་ནས་ཉམས་ལེན་ལ་བརྩོན་འགྲུས་དང་སྙིང་རུས་བསྐྱེད་ནུས་ན་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་རྒྱུད་ལ་སྐྱེ་བའི་ཚུལ་ཁྲིད་གཞུང་དང་ཟུར་རྒྱན་ལས་བསྟན་པ་བཞིན་ཤེས་པར་བྱའོ།། ༈ རྩ་བའི་གཉིས་པ་སྐུ་བུམ་དབང་གི་ཉམས་ལེན་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་བཞི་ལས། ༧ དང་པོ་སྒྱུ་ལུས་མ་ཟིན་པ་ཟིན་པར་བྱེད་པ་བདེན་མེད་ཀྱི་དོན་བཀྲལ་བ་ནི། ཁམས་གསུམ་སྣོད་བཅུད་འདིར་སྣང་ཆོས། །བརྟགས་ན་རང་བཞིན་མ་གྲུབ་པ། །བདེན་མེད་རྨི་ལམ་སྒྱུ་མའི་དཔེ། །སྣང་སྟོང་འཛིན་བྲལ་ཉམས་སུ་བླང་། །ཞེས་ངེས་ཤེས་བསྐྱེད་པར་བྱའོ། །༧ གཉིས་པ་ཟིན་པ་བརྟན་པར་བྱེད་པ་དཔེ་དོན་ལ་གཞིག་པ་ལ་གཉིས་ལས། དང་པོ་རང་རྒྱུད་ཀྱི་ཉོན་མོངས་པ་སྒྱུ་མར་སྦྱང་བ་ནི། མ་དག་དུག་ལྔའི་རྟོག་ཚོགས་རྣམས། །མེ་ལོང་ངོགས་ཀྱི་གཟུགས་བརྙན་ལྟར། །དགའ་སྡུག་ཞེན་འཛིན་མི་བྱེད་པར། །ཚོགས་དྲུག་ཡུལ་སྣང་རྩད་བརྡར་གཅོད། །གཉིས་པ་དེ་དག་པའི་སྒྱུ་མར་སྦྱང་བ་ནི། དག་པ་ལྷ་ཡི་གསལ་སྣང་ཡང་། །འཛིན་མེད་ཆུ་ཟླ་འཇའ་ཚོན་ལྟར། །ངོ་བོ་གསལ་སྟོང་ཟུང་འཇུག་ལ། །ངེས་ཤེས་ཟབ་མོ་རྙེད་པར་བྱ། །ཞེས་བསྒོམ་མོ། །༧ གསུམ་པ་བརྟན་པ་བོགས་དབྱུང་བ་ལ་གསུམ་ལས། དང་པོ་དངོས་བསྟན་བདེ་སྡུག་རྒྱུད་ལ་སྦྱར་བ་ནི། སྐྱོ་བྲག་ཆོས་རྗེའི་ཞལ་ནས། དཀར་དམར་ཡུལ་གྱི་སྣང་བ་རྣམས། །དབང་ཤེས་སེམས་ཀྱི་རྒྱལ་པོ་དེ། །སྣ་ཚོགས་སྣང་བའི་རྟ་ལ་ཞོན། །གཏད་མེད་ཀྱི་ཐང་ལ་ཁ་ཡན་ཀློད། །ཅེས་གསུངས་པ་ལྟར་བདེ་སྡུག་གི་རྟོག་ཚོགས་ཅི་བྱུང་ཡང་སྒྱུ་མའི་ཏིང་

p. 555

ངེ་འཛིན་ལས་མི་འདའ་བར་བོགས་ཐོན་པར་བྱའོ། །གཉིས་པ་མན་ངག་དག་སྣང་གི་དགོངས་པའམ་སྒྱུ་ལུས་རྨི་ལམ་མ་ནི། གཟུང་བའི་ཡུལ་དྲུག་སྣང་བཞིན་སྟོང་། །འཛིན་པའི་སེམས་ཉིད་མཁའ་ལྟར་དག །གཉིས་མེད་གསལ་སྟོང་སྤྲོས་མཐའ་བྲལ། །བློ་འདས་ཡེ་ཤེས་བརྗོད་དུ་མེད། །ཅེས་བསྒོམ་མོ། །གསུམ་པ་སྦས་དོན་སྤྲོས་བཅས་སྤྲོས་མེད་ནི། རས་ཆུང་པས། གཏུམ་མོ་དང་སྒྱུ་ལུས་བསྲེས་ལ་ཉིན་མོ་བསྒོམ་ཞེས་གསུངས་པ་ལྟར། སྤྲོས་བཅས་དམ་ཡེ་ཕྱག་རྒྱ་ཡིས། །བདེ་སྟོང་ལྷན་སྐྱེས་རྣམ་པར་སྦྱོར། །སྤྲོས་མེད་དབེན་བསྙེགས་མཉམ་རྗེས་ཀུན། །མ་ཡེངས་མི་བསྒོམ་རྣལ་འབྱོར་སྐྱོང་། །༧ བཞི་པ་དེ་ལྟར་སྦྱངས་པའི་ཡོན་ཏན་ནི། གནས་སྐབས་རེ་དོགས་ཐམས་ཅད་ཞི། །མཉམ་ཉིད་ཡེ་ཤེས་བརྟན་པ་དང་། །མཐར་ཐུག་རང་རིག་ཡེ་ཤེས་ངོར། །སྒྱུ་ལུས་ལྷ་སྐུར་ལྡང་བའོ།། ༈ གསུམ་པ་ལམ་གྱི་ཚོད་འཛིན་རྨི་ལམ་འཁྲུལ་པ་རང་སངས་ལ་བཞི་སྟེ། དང་པོ་མ་ཟིན་པ་ཟིན་པར་བྱེད་པ་ཉིན་སྣང་རྨི་ལམ་གྱི་འདུན་པས་ཉིང་འཁྲུལ་ངོས་བཟུང་བ་ལ་གཉིས་ལས། དང་པོ་ཉིན་སྣང་འདུན་པས་བསྒྱུར་བ་སྒྱུ་མའི་དེ་ཉིད་དུ་ཤེས་པ་ནི། རྗེ་ཏི་རས་ཀྱིས། གནད་བཞི་སྔོན་དུ་འགྲོ་བ་ཡིས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །ༀ་ཡིག་སེར་པོ་བསྒོམ་པ་ཡིས། །དངོས་འཛིན་བག་ཆགས་དྭངས་པ་དང་། །རྨི་ལམ་སྒྱུ་ལུས་ཟིན་པར་འགྱུར། །ཞེས་གསུངས་པའི་དོན་གནད་བཞི་ཡིས་ཉམས་སུ་ལེན་ཚུལ་ཁྲིད་གཞུང་ལྟར་བྱའོ། །གཉིས་པ་ཉིང་འཁྲུལ་བཙན་ཐབས་ཀྱིས་ངོས་བཟུང་བ་ལ་གཉིས་ལས། དང་པོ་མགྲིན་པའི་ཡི་གེར་སེམས་བཟུང་བ་ནི། དཀོན་མཆོག་ཀུན་འདུས་བླ་མ་ལ། །འདོད་དོན་གསོལ་བཏབ་དབང་བཞི་བླངས། །མགྲིན་པར་རྩ་འདབ་བཞི་ལྡན་དབུས། །ༀ་ཡིག་སེར་པོ་གསལ་བར་བསྒོམ། །གཉིས་པ་སྨིན་མཚམས་ཀྱི་ཐིག་ལེ་ལ་སེམས་བཟུང་བ་ནི། ཉིན་སྣང་དྲན་འདུན་ཡང་ཡང་བསྐྱེད། །གསོལ་འདེབས་ཕྲིན་བཅོལ་བཤགས་སྡོམ་བྱ། །ཉལ་ཁར་བུམ་ཅན་གང་ཐུབ་བཟུང་། །སྨིན་མཚམས་ཐིག་ལེ་དཀར་པོ་བསྒོམ། །ཡང་། རྗེ་ཏི་རས་ཀྱིས། བག་ཆགས་རྨི་ལམ་རྨིས་དུས་སུ། །བཟུང་སྦྱང་སྤེལ་བསྒྱུར་ཡ་ང་སྤོངས། །ཞེས་གསུངས་པ་ལྟར། ༧ གཉིས་པ་ཟིན་པ་བརྟན་པར་བྱེད་པ་གཅིག་ལས་དུ་མར་སྤེལ་བསྒྱུར་ལ་བསླབ་པ་ལ་གསུམ་ལས།

p. 556

དང་པོ་གཅིག་ལས་དུ་མར་སྤེལ་བ་ནི། ཉིན་སྣང་གང་ཤར་རྨི་ལམ་བཞིན། །གཅིག་ལས་དུ་མར་སྤེལ་ལ་བསྡུ། །ཐམས་ཅད་བདེན་མེད་ངེས་ཤེས་ཀྱིས། །མགྲིན་པའི་ༀ་ལ་སེམས་བཟུང་ངོ་། །གཉིས་པ་གང་སྣང་གཞན་དུ་བསྒྱུར་བ་ལ་གཉིས་ལས། དང་པོ་མ་དག་པ་ནི། བཟུང་སྤེལ་གཉིས་ལ་ཅུང་གོམས་ན། །རྣམ་པ་སྣ་ཚོགས་བསྒྱུར་བའི་རྩལ། །ཉིན་སྣང་སྦྱང་ཞིང་དམིགས་གནད་གསལ། །མཚན་མོའི་རྨི་ལམ་དེ་བཞིན་ནོ། །གཉིས་པ་དག་པ་ནི། ཕྱི་སྣོད་དག་པའི་ཞིང་དུ་བསྒྱུར། །ནང་བཅུད་སྒྱུ་མའི་ལྷ་སྐུར་སྦྱང་། །མགྲིན་པར་ལྷན་སྐྱེས་ཡབ་ཡུམ་གསལ། །ཉིང་འཁྲུལ་ཉིན་སྣང་བཞིན་དུ་འོ། །གསུམ་པ་བདེན་མེད་དུ་ཤེས་པས་ཐོག་རྫིས་བྱེད་པ་ནི། མེ་ཆུ་གཡང་ས་གཅན་གཟན་སོགས། །བདེན་མེད་ཡིན་པས་ཐོག་རྫིས་བྱ། །མགྲིན་པར་སྣ་ཚོགས་རྡོ་རྗེ་གསལ། །རང་བྱུང་ཡེ་ཤེས་གཞོམ་དུ་མེད། །ཅེས་བསྒོམ་མོ། །༧ གསུམ་པ་བརྟན་པ་བོགས་དབྱུང་བ་སྒྱུ་མའི་དེ་ཉིད་དང་ཞིང་གཞན་བལྟ་བ་ལ་གཉིས་ལས། དང་པོ་ལུས་ནས་འཕོ་ཞིང་ཞིང་གཞན་དུ་བལྟ་བ་ནི། རང་ལུས་དམ་ཚིག་སེམས་དཔའ་ལས། །རང་རིག་ཡེ་ཤེས་སེམས་དཔའ་ཐོན། །འོག་མིན་ཞིང་དུ་འགྲོ་བར་བྱ། །བཅོམ་ལྡན་བདེ་མཆོག་ཞལ་མཇལ་ཞིང་། །ཕྱག་འཚལ་གདམས་པ་ནོད་ནས་ཀྱང་། །སླར་ཡང་དམ་ཚིག་སེམས་དཔར་བསྡུ། །དེ་བཞིན་གང་འདོད་ཞིང་རྣམས་སུ། །སངས་རྒྱས་མཇལ་ཞིང་གདམས་ངག་ཞུ། །ཞེས་སྦྱང་ངོ་། །གཉིས་པ་དཔེ་ཡི་དོན་ལ་གཞིག་པ་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། སྐྱོ་བྲག་ཆོས་རྗེས། རྨི་ལམ་བག་ཆགས་འཁྲུལ་པ་རྣམས། །འཁྲུལ་སྣང་ལས་ཀྱི་རྒྱལ་པོ་དེ། །གཏི་མུག་གཉིད་ཀྱི་རྟ་ལ་བསྐྱོན། །འོད་གསལ་ཐང་ལ་ཁ་ཡན་ཀློད། །ཅེས་གསུངས་པ་ལྟར་རྨི་ལམ་སྒྱུ་ལུས་སུ་བཞེངས་ནས་ལྷའི་དཀྱིལ་འཁོར་བསྐྱེད་པ་དང་། སྒྱུ་ལུས་འོད་གསལ་ངང་དུ་བསྲེ་ཞིང་བསྡུ་ལྡང་བྱེད་པ་རྣམས་ལ་འབད་ཅིང་བརྩོན་པར་བྱའོ།། ༧ བཞི་པ་གནས་མཐར་གྱི་ཡོན་ཏན་བསྟན་པ་ནི། དེ་ལྟར་བསྒོམས་པའི་ཡོན་ཏན་གྱིས། །གཏི་མུག་སྣང་ཤས་ཐམས་ཅད་དག །ཆོས་ཉིད་དགོངས་པ་མངོན་དུ་གྱུར། །ཐམས་ཅད་ཤར་གྲོལ་དུས་

p. 557

མཉམ་འགྱུར། །ཞེས་མདོར་བསྡུས་པའོ།། ༈ བཞི་པ་ཐུགས་ཤེར་དབང་དང་ཚིག་དབང་ཟུང་འབྲེལ་གྱི་ཉམས་ལེན་ལམ་གྱི་སྙིང་པོ་འོད་གསལ་མ་རིག་མུན་སེལ་ལ་བཞི་སྟེ། དང་པོ་འོད་གསལ་མ་ཟིན་པ་ཟིན་པར་བྱེད་པ་དྲན་ཤེས་དང་གནད་བཞིའི་སྦྱོར་ཐབས་བསྟན་པ་ལ་གཉིས་ལས། དང་པོ་འོད་གསལ་གྱི་གཞི་འདིང་བ་ཉིན་མོ་དྲན་ཤེས་བསྟེན་པ་ནི། གདོད་ནས་ལྷུན་གྲུབ་འོད་གསལ་བ། །སྐྱེ་འགག་གནས་བྲལ་རང་རིག་འདི། །མ་བཅོས་གཉུག་མའི་ངང་དུ་ཀློད། །གསལ་སྟོང་རྗེན་པའི་དྲན་རྒྱུན་བསྟེན། །༧ གཉིས་པ་མཚན་མོ་མན་ངག་གིས་བཙན་ཐབས་སུ་ངོས་བཟུང་བ་ལ་གཉིས་ལས། དང་པོ་གཉིད་འཐུག་གི་འོད་གསལ་ནི། ཏི་ཤྲི་ཤེས་རབ་སེང་གེས། གནད་བཞི་སྔོན་དུ་སོང་བ་ཡིས། །སྙིང་ག་ཆོས་ཀྱི་འཁོར་ལོ་རུ། །ཧཱུྃ་ཡིག་སྔོན་པོ་བསྒོམ་པ་ཡིས། །སྣང་བ་གསུམ་པོ་ཐིམ་པའི་མཐར། །གཏི་མུག་མུན་པ་དྭངས་པ་དང་། །གཉིད་ཀྱི་འོད་གསལ་ཟིན་པ་ཡིན། །ཞེས་གསུངས་པའི་དོན་ཁྲིད་གཞུང་ལྟར་འོད་གསལ་འཆར་བའི་ཐབས་ལ་འབད་པར་བྱའོ། །༧ གཉིས་པ་སྲབ་མོའི་འོད་གསལ་ལའང་གཉིས་ལས། དང་པོ་མཚན་མེད་ནི། རང་ཉིད་ལྷར་གསལ་ཐུགས་འོད་ཀྱིས། །སྣོད་བཅུད་དཀྱིལ་འཁོར་གཙོ་བོར་འདུས། །དེ་ཡང་ཡས་མར་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་ནཱ་ད་སྟོང་པར་ཡལ། །ཞེས་ཉིན་སྣང་བསྡུ་ལྡང་གི་ཉམས་ལེན་ལ་རང་བྱན་ཚུད་པར་སྦྱང་ངོ་། །གཉིས་པ་མཚན་བཅས་ནི། ལམ་གྱི་འོད་གསལ་སྦྱངས་སྟོབས་ཀྱིས། །སྣང་མཆེད་ཐོབ་གསུམ་ངོས་ཟིན་ཅིང་། །གཞི་ཡི་འོད་གསལ་འཆར་བའི་དུས། །མ་སྤང་བུ་འཇུག་ལྟ་བུར་བྱ། །ཞེས་དུས་རྒྱུན་དྲན་ཤེས་ཀྱིས་སྣང་མཆེད་ཐོབ་གསུམ་ངོས་ཟིན་པ་གལ་ཆེ། ༧ གཉིས་པ་ཟིན་པ་བརྟན་བྱེད་ལ་གསུམ་ལས། དང་པོ་ཕྱག་རྒྱ་བཞིའི་སྦྱོར་བ་ནི། གོང་དུ་བསྟན་པའི་གཏུམ་མོ་སོགས། །བདེ་སྟོང་གཉིས་མེད་རྩལ་སྦྱོང་ཞིང་། །ཡེ་ཤེས་རྗེས་བསྡུའི་ཏིང་འཛིན་སྤེལ། །ཡེངས་མེད་དྲན་རྫི་བསྟེན་པར་བྱེད། །གཉིས་པ་བདེ་བར་བློ་བཞག་པ་ནི། སྤྱི་བོར་ཧཾ་དང་གསང་བར་ཨེ། །ཕག་མོ་རྒྱན་མེད་གར་སྟབས་ཅན། །ཡེ་ཤེས་མེ་ཡིས་བྱང་སེམས་གཡོས། །དྲན་རིག་མ་བཅོས་ཧཱུྃ་ལ་གཏད། །ཅེས་བསྒོམས་ལ་བདེ་གསལ་མི་རྟོག་པའི་ངང་དུ་གཉིད་པར་

p. 558

བྱའོ། །གསུམ་པ་བྱིང་རྨུགས་བསལ་བ་ནི། ཉིན་མཚན་གཉིས་ཀའི་ཉམས་ལེན་སྐབས། །སེམས་ལ་བྱིང་རྒོད་བྱུང་བ་ན། །མན་ངག་ཐིག་ལེ་དཀར་ནག་བསྒོམ། །སྐབས་སུ་ཧཱུྃ་ཡིག་བསྡུ་ལྡང་བྱ། །༧ གསུམ་པ་བརྟན་པ་བོགས་དབྱུང་བ་མཉམ་རྗེས་གཅིག་སྦྲེལ་དུ་ཉམས་སུ་ལེན་པ་ནི། ཆོས་རྗེ་རིན་པོ་ཆེས། འོད་གསལ་བསྡུས་པའི་ཆོས་རྣམས་ཀུན། །ལྷུན་གྱིས་གྲུབ་པའི་རྒྱལ་པོ་དེ། །སྐུ་དང་ཞིང་ཁམས་རྟ་ལ་བསྐྱོན། །མཐའ་དབུས་མེད་པར་ཁ་ཡན་ཀློད། །ཅེས་གསུངས་པ་ལྟར་དྲན་ཤེས་ཀྱི་རྒྱུན་བསྟེན་ནས་འོད་གསལ་མཐའ་དབུས་བྲལ་ཞིང་བརྗོད་དུ་མེད་པའི་ཆོས་ཉིད་ཉིན་མཚན་གྱི་ཐ་སྙད་བྲལ་བར་བསྐྱང་ངོ་། །༧ བཞི་པ་དེ་དག་གི་ཡོན་ཏན་བསྟན་པ་ནི། གནས་སྐབས་ཆོས་ལ་རང་བྱན་ཚུད། །མཐར་ཐུག་འདིར་སྣང་ནུབ་པའི་ཚེ། །གཞི་ཡི་འོད་གསལ་འཆར་བའི་དུས། །ཆོས་ཀྱི་སྐུ་རུ་གྲོལ་བར་གསུངས། །དེ་ཡན་གྱིས་ཟབ་ལམ་ནཱ་རོའི་ཆོས་དྲུག་ལས་ཐབས་བཞིའམ་རྩ་བ་བཞི་ཉམས་སུ་ལེན་ཚུལ་བསྟན་ཟིན་ཏོ།། ༈ རྩ་བའི་གཉིས་པ་ཡན་ལག་བསྟན་པ་ལ་གཉིས་ཏེ། དང་པོ་ལམ་གྱི་སྐྱེལ་མ་འཕོ་བ་མ་བསྒོམ་སངས་རྒྱས་ལ་བཞི་ལས། དང་པོ་དབང་རབ་ཀྱིས་ཐ་སྙད་བྲལ་བ་ཆོས་སྐུའི་འཕོ་བ་ནི། འོད་གསལ་གོམས་ཤིང་སྦྱངས་སྟོབས་ཀྱིས། །འཕོ་བྱ་འཕོ་བྱེད་འཕོ་ཡུལ་བྲལ། །ཆོས་ཉིད་བྱ་རྩོལ་བྲལ་བའི་ཀློང་། །སྐྱེ་མེད་ཆོས་སྐུར་མངོན་འཚང་རྒྱ། །༧ གཉིས་པ་དབང་འབྲིང་གིས་ལྷ་རུ་ལྡང་བ་ལོངས་སྐུའི་འཕོ་བ་ནི། བསྐྱེད་རིམ་གསལ་ཞིང་བརྟན་པ་ཡིས། །ལོངས་སྐུར་འཕོ་བའི་འདུན་པ་བཏང་། །སྣང་གསུམ་ལུགས་ལྡོག་ལྷ་སྐུར་ལྡང་། །ལོངས་སྤྱོད་རྫོགས་སྐུས་དོན་གཉིས་སྤྱོད། །༧ གསུམ་པ་དབང་པོ་དམན་པས་ཐབས་ཀྱིས་སྤར་བ་སྤྲུལ་སྐུའི་འཕོ་བ་ལ་གཉིས་ཏེ། སྦྱངས་པ་སྔོན་དུ་འགྲོ་བ་དང་། འདའ་ཀ་ལས་ལ་སྦྱར་བའོ། །དང་པོ་ལ་གསལ་སྣང་རྒྱས་འབྲིང་བསྡུས་གསུམ་ལས། དང་པོ་རྒྱས་པ་ནི་ཏི་རས་ཀྱིས། འགྲོ་བའི་དོན་དུ་སེམས་བསྐྱེད་ནས། །བརྒྱུད་ལྡན་བླ་མ་དམ་པ་ལ། །གསོལ་བ་བཏབ་ཅིང་བྱིན་རླབས་ཞུ། །རང་ལུས་ཡི་དམ་ལྷ་རུ་བསྒོམ། །ཞེས་སོགས་དང་། གཉིས་པ་སྤྱན་སྔ་ལུས་མེད་རྡོ་རྗེས་བཞེད་པའི་འབྲིང་པོ་ནི་ཁྲིད་གཞུང་ལྟར་བློ་གསལ་བརྩོན་ལྡན་རྣམས་ཀྱིས་ཉམས་ལེན་རྡོ་རུས་འཕྲོད་པར་བྱའོ། །གསུམ་པ་བསྡུས་པ་ལྟར་ཉམས་སུ་ལེན་ཚུལ་ནི། རྗེ་བསོད་ནམས་བཟང་པོས། འཕོ་བ་ལམ་གྱི་དེད་དཔོན་ཏེ། །

p. 559

ཀུན་གཞི་སེམས་ཀྱི་རྒྱལ་པོ་དེ། །སྣང་སྟོང་དབུ་མའི་རྟ་ལ་བསྐྱོན། །བླ་མའི་སྐུ་ལ་ཁ་ཡན་ཀློད། །ཨེ་མ་ཡ་མཚན་མི་ཆེའམ། །ཞེས་གསུངས་པ་ལྟར་ཕྱི་ནང་གི་སྟོང་ར་བསྐྱེད་པ་ལ། རང་ཉིད་རྡོ་རྗེ་རྣལ་འབྱོར་མའི། །ལུས་ནང་དབུ་མ་མདའ་སྨྱུག་ཙམ། །མར་སྣེ་ལྟེར་ཟུམ་ཡར་གྱི་སྣེ། །ཚངས་བུག་ཧད་གསལ་ཡི་དམ་བསྒོམ། །དེ་ནས་བླ་མ་ཧེ་རུ་ཀའི་ཐུགས་ཀར་སྤར་ཚུལ་ནི། སྙིང་གར་པདྨ་འདབ་བཞིའི་སྟེང་། །རླུང་སེམས་ངོ་བོ་ཧཱུྃ་སྔོན་ནི། །བླ་མའི་ཐུགས་ཀར་རླུང་སྦྱོར་བཅས། །ཧིག་དང་ཀ་ཡིས་སྤར་དབབ་བྱ། །དེ་ལྟར་རྟགས་མ་ཐོན་བར་སྦྱང་ངོ་། །གལ་ཏེ་རླུང་དང་སྦྲགས་མི་ནུས་པའི་ཚེ་སྤར་དབབ་གོང་ལྟར་བྱས་པས་ཀྱང་རུང་བར་གསུངས་སོ། །དེ་ནས་ཐུན་འཇོག་པའི་ཚེ། ཏི་རས་ཀྱིས། སྤྱི་བོའི་ཡི་དམ་འོད་དུ་ཞུ། །རང་ལ་ཐིམ་པར་གྱུར་པ་དང་། །ཚངས་བུག་ཧཾ་གིས་དགག་པར་བྱ། །ཞེས་གསུངས་པ་ལྟར་འཕོ་ཡུལ་འོད་ཞུ་བྱས་ནས་ཚངས་བུག་ཟླ་ཕྱེད་ཧཾ་གིས་མཚན་པས་བཀག་པར་བསམ། གཉིས་པ་འདའ་ཀ་ལས་ལ་སྦྱོར་ཚུལ་ལ་གཉིས་ཏེ། རང་ཉིད་ལས་ལ་སྦྱོར་བ་དང་། གཞན་ལ་འདེབས་པའོ། །དང་པོ་ལའང་སེམས་སྦྱངས་ཏེ་འཕོ་བ་དང་། ལུས་བཅོས་ཏེ་རྟེན་ལ་འཕོ་བ་གཉིས་ལས། དང་པོ་ནི། ཏི་རས་ཀྱིས། ནམ་ཞིག་འཆི་བར་ངེས་པའི་ཚེ། །སྤྱི་བོར་ཡི་དམ་ལྷ་བསྒོམ་ཞིང་། །སྔར་བཞིན་དུ་ནི་འཕོ་བར་བྱ། །ཡི་དམ་ལྷ་ཡི་ཐུགས་དང་བསྲེ། །ཞེས་གསུངས་པའི་དོན་ཁྲིད་གཞུང་ལྟར་གོ་མྱོང་ཐོན་ངེས་བྱའོ། །གཉིས་པ་ལ་བྱིན་རླབས་ཀྱི་རྟེན་ལ་འཕོ་བ་དང་། རིགས་བཟང་གི་རྟེན་ལ་འཕོ་ཚུལ་གཉིས་སུ་གསུངས་པ་ནི་ཁྲིད་གཞུང་ལས་ཤེས་པར་བྱ་ལ། གཉིས་པ་གཞན་ལ་འདེབས་ཚུལ་ནི་འཕོ་བའི་གདམས་པ་ཡེ་ཤེས་སྐར་མདའ་ལྟར་བྱའོ།། ༈ བཞི་པ་དེ་དག་གི་ཡོན་ཏན་ནི། ཞལ་ལུང་ལས། ཆོ་ག་འདི་ཡིས་སེམས་ཅན་གང་། །མཚམས་མེད་བྱེད་དང་རྨོངས་པ་ཡིས། །ཉིན་རེ་བྲམ་ཟེ་གསོད་པ་ཡང་། །འདི་ཡིས་མི་འགྲུབ་གང་ཡང་མེད། །ཅེས་དང་། རྗེ་ཏི་རས་ཀྱིས། དེ་ཚེ་འཕོས་པར་གྱུར་པ་ན། །རང་སེམས་ཡི་དམ་ལྷར་གྱུར་པས། །དཔའ་བོ་དཔའ་མོས་བསུས་ནས་ཀྱང་། །མཁའ་སྤྱོད་དངོས་གྲུབ་ཐོབ་པར་གསུངས། །ཞེས་སོགས་མཐའ་ཡས་སོ།། ༈ གཉིས་པ་ལམ་གྱི་བསུ་མ་བར་དོ་ཆོས་ཉིད་རང་གྲོལ་བསྟན་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། སྐབས་དོན་དངོས་བསྟན་པའོ། །དང་པོ་ནི། སྤྱིར་སྔ་ཕྱི་བར་མ་དོ་ཞེས་པ་དེ་ལ་རྗེ་བཙུན་མི་ལ་རས་པ་སོགས་ཀྱིས་དོན་དམ་ཆོས་ཉིད་ཀྱི་བར་དོ་སོགས་རྣམ་པ་དྲུག་ཏུ་བཞེད་ཚུལ་མང་ཡང་། འདིར་འགྲོ་མགོན་ཏི་རས་

p. 560

ཀྱིས། སྐྱེ་ཤི་རྨི་ལམ་བར་དོ་དང་། །སྲིད་པ་ཡི་ནི་བར་དོ་གསུམ། །ཞེས་གསུངས་པའི་སྔ་མ་གཉིས་བསྐྱེད་རྫོགས་སྒྱུ་ལུས་རྨི་ལམ་འོད་གསལ་སོགས་ཀྱིས་སྦྱངས་པ་དེའོ། །༧ གཉིས་པ་སྐབས་དོན་དངོས་བསྟན་པ་ལ་བཞི་ལས། དང་པོ་འཆི་ཁའི་བར་དོར་སྣང་མཆེད་ཐོབ་གསུམ་ངོས་བཟུང་བ་ནི། ཚེ་འདིའི་སྣང་བ་ནུབ་པ་ན། །འབྱུང་བཞི་རིམ་གྱིས་སྡུད་ནས་ཀྱང་། །དུག་གསུམ་རྟོག་པ་འགག་པའི་ཚེ། །སྣང་མཆེད་ཐོབ་གསུམ་ངོས་བཟུང་བྱ། །༧ གཉིས་པ་ཆོས་ཉིད་བར་དོར་འོད་གསལ་མ་བུ་རང་ཞལ་ལྟ་བ་ནི། སྣང་མཆེད་ཐོབ་གསུམ་ཐིམ་པའི་མཐར། །གཞི་ཡི་འོད་གསལ་འཆར་བའི་སྐབས། །སྔོན་སྦྱངས་ལམ་གྱི་འོད་གསལ་གྱིས། །ཆོས་ཉིད་མ་བུ་འཕྲད་པར་བྱ། །༧ གསུམ་པ་སྲིད་པ་བར་དོར་སྣང་བ་ལམ་དུ་ཁྱེར་ཞིང་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ནི། ཆོས་རྗེ་བསོད་ནམས་བཟང་པོས། བར་དོ་ལམ་གྱི་ས་མཚམས་ན། །རྩ་རླུང་ཐིག་ལེའི་རྒྱལ་པོ་རྣམས། །རང་སྣང་སེམས་ཀྱི་རྟ་ལ་བསྐྱོན། །བདེ་ཆེན་གྱི་ཐང་ལ་ཁ་ཡན་ཀློད། །ཅེས་གསུངས་པ་ལྟར་དང་། དེ་ཡང་ཆོས་ཉིད་བར་དོའི་སྐབས་སུ་གྲོལ་བར་མ་ནུས་ན་སྲིད་པ་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པར་བྱ་སྟེ། སྣང་གསུམ་ལུགས་ལྡོག་འཆར་བའི་དུས། །སྔོན་གོམས་ཡི་དམ་གསལ་སྣང་བསྐྱེད། །དོན་གཉིས་བྱེད་ཅིང་བྱིན་རླབས་བསྡུ། །སྣང་གྲགས་རྟོག་ཚོགས་ལྷ་རུ་གསལ། །ཞེས་ཡང་ནས་ཡང་དུ་གོམས་པར་བྱས་པས། རྗེ་ཏི་རས་ཀྱིས། བར་དོ་ལོངས་སྐུའི་ཐང་ལ་བསླེབས། །དུས་གསུམ་སངས་རྒྱས་ཀྱི་གནས་སུ་ཕྱིན། །ཞེས་པའི་ལུང་དོན་འགྲུབ་ངེས་ཡིན་པའི་ཕྱིར། ད་ལྟ་ནས་བསྐྱེད་རིམ་བསྡུ་ལྡང་དང་རྨི་ལམ་སྤྲུལ་བསྒྱུར་འདིར་སྣང་བར་དོའི་འདུ་ཤེས་སོགས་ལ་རྩལ་འབྱོངས་པ་གལ་ཆེའོ། །༧ བཞི་པ་སྲིད་སྐྱེའི་བར་དོར་འགྲོ་དྲུག་གི་མངལ་སྒོ་དགག་པ་ལ་གཉིས་ལས། དང་པོ་སྒོ་བཀག་པ་ནི། བར་དོ་གོང་མ་རྣམས་ངོས་མ་ཟིན་ནས་སྲིད་པ་བར་དོར་འཁྱམ་དགོས་བྱུང་ཞིང་། སྔོན་བསགས་ངན་པའི་བག་ཆགས་ཀྱིས་རིགས་དྲུག་གང་རུང་གི་མངལ་དུ་འཇུག་འདོད་པ་འབྱུང་བས་སྐབས་དེར། རྗེ་ཏི་རས་ཀྱིས། མངལ་སྒོ་བཀག་ཐབས་ཀྱི་སྐྱེལ་མ་དང་། །དབང་ཞུ་བླ་མའི་སྐྱེལ་མ་བྱ། །ཞེས་གསུངས་པ་ལྟར། བདག་ནི་འཁོར་བ་ཐོག་མེད་ནས། །ད་བར་སྐྱི་ཤི་ཁ་བརྒྱུད་ནས། །སྡུག་བསྔལ་གྲངས་མེད་མྱོང་བས་སྐྱོ། །

p. 561

མངལ་དུ་མི་འཇུག་དམ་བཅའ་བྱ། །ཞེས་མངལ་སྒོ་སྣ་ཚོགས་རྡོ་རྗེས་བཀག་པར་བསྒོམས་ལ། བླ་མ་དཀོན་མཆོག་རྗེས་སུ་དྲན། །གདུང་ཤུགས་གསོལ་འདེབས་དབང་བཞི་ལེན། །མངལ་སྒོ་ཁེགས་པའི་འདུན་སྨོན་དང་། །གང་འདོད་ཞིང་དེར་འགྲོ་བར་མོས། །ཞེས་རེ་ལྟོས་དཀོན་མཆོག་གསུམ་ལ་བྱེད་ཅིང་བྱ་རྒོད་རྙི་ལས་ཐར་བ་བཞིན་དག་པའི་ཞིང་དུ་འགྲོ་བར་བྱའོ། །གཉིས་པ་བརྟགས་ཤིང་འཇུག་པ་ནི། བསམ་བཞིན་སྲིད་པ་ཉེ་བར་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་ཅིང་སྤྲུལ་པའི་སྐུ་འབྱོན་པའམ། ཡང་ན། ལས་ཀྱིས་མངལ་སྒོ་མ་ཁེགས་ཚེ། །རིགས་བཟང་ཕ་མར་བརྟག་ཅིང་འཇུག །མར་གྱུར་མཐའ་ཀླས་འགྲོ་བ་ཀུན། །སངས་རྒྱས་སར་འགོད་སེམས་བསྐྱེད་བྱ། །ཞེས་དམ་ཆོས་དར་བའི་ཡུལ་དུ་སྐྱེས་ནས་བཤེས་གཉེན་ཁྱད་པར་ཅན་དང་འཕྲད་པའི་སྨོན་འདུན་ཡང་ཡང་བྱས་ལ། ཕ་མའི་འདུ་འཕྲོད་མཐོང་བའི་ཚེ་འདི་ལྟར་བསྒོམ་པར་བྱ་སྟེ། མིག་སེར་ཆགས་སྡང་རྟོག་པ་སྤངས། །ཡབ་ཡུམ་ཡི་དམ་ལྷ་རུ་བསྒོམ། །གསང་དབང་ཞུ་ཞིང་རང་གང་མོས། །ལྷ་ཡི་ས་བོན་གསལ་ལ་ཞུགས། །ཞེས་རྣམ་ཤེས་བྱང་སེམས་ཀྱི་ངོ་བོ་ཁམས་དཀར་ཆ་དང་འགྲོགས་ནས་ཡུམ་གྱི་བྷ་ག་ཐར་པ་ཆེན་པོའི་གཞལ་མེད་ཁང་དུ་གསལ་བའི་དབུས་སུ་པདྨ་ཉི་ཟླའི་སྟེང་དུ་སོན་པ་དང་། གང་དུ་མོས་པའི་ལྷ་དེ་ཉིད་དངོས་ཡིན་པར་བསམས་ལ་མཉམ་པར་བཞག་པས་སྐྱེ་བ་སྤྲུལ་པའི་སྐུ་འགྲུབ་པར་གསུངས་སོ།། ༈ སྤྱི་དོན་གསུམ་པ་སྦྱངས་འབྲས་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་མངོན་དུ་བྱེད་པའི་ཚུལ་བསྟན་པ་ནི། ཏི་ཤྲི་ཤེས་རབ་སེང་གེས། རྒྱུ་རང་ལ་ཡོད་པའི་གནས་ལུགས་དེ། །ལམ་ཚོགས་པའི་རྟེན་འབྲེལ་འགྲིག་ཙ་ན། །འབྲས་བུ་རྫོགས་པའི་སངས་རྒྱས་ཡིན། །ཞེས་གསུངས་པ་ལྟར། དེ་ལྟར་ཟབ་ལམ་མཐར་ཕྱིན་པའི། །འབྲས་བུ་རྟགས་བཅུ་ཡོན་ཏན་བརྒྱད། །གྲུབ་པ་བརྒྱད་དང་ཕྲིན་ལས་བཞི། །ཐུན་མོང་དངོས་གྲུབ་ཐོབ་པ་དང་། །ཡན་ལག་བདུན་དང་དབང་ཕྱུག་བརྒྱད། །སྐུ་བཞི་ཡེ་ཤེས་ལྔ་ལ་སོགས། །མཆོག་གི་དངོས་གྲུབ་མཐར་ཕྱིན་ཅིང་། །གཞན་དོན་འབད་མེད་འབྱུང་བར་གསུངས། །ཞེས་ཚིག་ཚོགས་མདོར་བསྡུས་ནས་བཀོད་པའོ། །འདིར་ཡིག་ཆེན་རྣམས་དམིགས་ཐུན་ཡིན་པས་སྤྲོ་ན་འདོན་སྒོམ་སྦྲགས་མ་བྱས་ཀྱང་ཆོག་ལ། གཞན་ས་བཅད་དང་ལུང་སྦྱོར་རྣམས་ཁ་གསལ་ཆེད་ཁོལ་ཕྱུང་དུ་བཀོད་པ་ཙམ་ལས་ཞིབ་ཆ་ཁྲིད་གཞུང་ལྟར་མཇལ་རྟོག་ཉམས་བསྟར་མཛད་གལ་ཆེ་བས་
ཀུན་གྱིས་ཐུགས་ལ་འཇོག་པར་ཞུའོ། །ཞེས་པའི་རྒྱུན་ཁྱེར་གྱི་ཐུན་ཆོས་འདུས་གསལ་འདིའང་བྱང་འབའ་རོམ་གདན་ས་མཐིལ་སོགས་ཐབས་གྲོལ་ཟབ་མོ་དོན་དུ་གཉེར་བའི་སྒྲུབ་བླ་སློབ་མི་ཉུང་བ་ཞིག་གིས་སྔ་ནས་བརྒྱུད་བསྐུལ་དང་། སླར་ཡང་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེས་རྟེན་བཅས་བསྐྱར་བསྐུལ་མཛད་ངོར། མཉམ་མེད་འབའ་རོམ་བཀའ་བརྒྱུད་ཀྱི་གྲལ་མཐར་གནས་ཤིང་སྤོང་བའི་བརྟུལ་ཞུགས་ལ་ཡི་དམ་དུ་བྱེད་པ་སྐྱོ་བྲག་གསལ་སྤྲུལ་དགུ་པའི་མཚན་འཛིན་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བགྲང་བྱ་དོན་ལྔར་སོན་པའི་ཤིང་འབྲུག་མཆུ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་དཔལ་རི་བསམ་གཏན་ཆོས་གླིང་གི་རང་སྤྱིལ་དུ་གྲུབ་པར་བགྱིས་པ་འདིས་ཀྱང་འབྲེལ་ཚད་ཟུང་འཇུག་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །དགེའོ།། །།

ཐབས་གྲོལ་ཟུང་འཇུག་གི་སྨོན་ལམ། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན།

p. 562

༄༅། །ཐབས་གྲོལ་ཟུང་འཇུག་གི་སྨོན་ལམ་བཞུགས་སོ། །
༄༅། །ན་མོ་གུ་རུ། རབ་འབྱམས་ཕྱོགས་བཅུའི་སྐྱོབ་པ་སྲས་དང་བཅས། །རྩ་གསུམ་སྲུང་མའི་ཐུགས་བསྐྱེད་བྱིན་མཐུ་ཡིས། །བདག་གིས་འགྲོ་ལ་ཕན་ཕྱིར་སྨོན་པའི་དོན། །གེགས་མེད་འགྲུབ་པའི་མཐུན་འགྱུར་མཛད་དུ་གསོལ། །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །དོན་བརྒྱུད་གྲུབ་པའི་གསེར་ཕྲེང་རིམ་བྱོན་གྱིས། །རྨད་བྱུང་དོན་གཉིས་གྲུབ་པའི་དགོངས་སྤྱོད་གང་། །བདག་སོགས་གདུལ་བྱའི་རྒྱུད་ལ་འབྱོར་གྱུར་ཅིག །དལ་འབྱོར་རྟེན་ལ་དད་བརྩོན་ཤེས་རབ་ལྡན། །བརྒྱུད་ལྡན་བཤེས་གཉེན་དམ་པའི་ཐུགས་རྗེས་ཟིན། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་ཡིས། །བསླབ་གསུམ་ཉམས་ལེན་ཚུལ་བཞིན་འཁྱོངས་པར་ཤོག །སྨིན་ལམ་ཡིད་བཞིན་ནོར་བུས་རྒྱུད་སྨིན་ཞིང་། །སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་ཤེས་པ་ཡིས། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་སུ། །ཤར་ནས་མི་ཟད་རྒྱན་འཁོར་

p. 563

ཡོངས་འགྲུབ་ཤོག །རྡོ་རྗེའི་ལུས་ལ་ཟབ་མོའི་གནད་བཅིངས་པས། །རྩ་རླུང་ཐིག་ལེའི་བྱེད་པ་ལས་སུ་རུང་། །ཕྲ་ཐིག་གསང་བའི་ལམ་མཆོག་རྣལ་དུ་འབྱོར། །བདེ་དྲོད་གཏུམ་མོའི་ཉམས་རྟོགས་རྫོགས་པར་ཤོག །སྣ་ཚོགས་སྣོད་བཅུད་སྣང་ཡང་ངོ་བོས་སྟོང་། །སྟོང་བཞིན་སོ་སོར་གསལ་བ་སྒྱུ་མའི་དཔེས། །མཚོན་ནས་ཟུང་འཇུག་དག་པའི་སྒྱུ་ལུས་ཀྱི། །ཕྱག་རྒྱར་བཞེངས་པའི་མངོན་རྟོགས་ཕུལ་ཕྱིན་ཤོག །རྨི་ལམ་ན་ཡང་རླུང་དང་འདུན་སྟོབས་ཀྱིས། །བཟུང་བསྒྱུར་སྦྱང་སྤེལ་གནས་ལ་འདྲིས་པ་ཡིས། །སྟོང་བཞིས་དྲངས་པའི་རླུང་སེམས་ཆེས་ཕྲ་བ། །གཟུགས་སྐུར་ལྡང་བའི་གསལ་སྣང་བརྟན་གྱུར་ཅིག །གཟུང་འཛིན་རྒྱུ་བ་བཀག་བའི་སྲོག་རྩོལ་དང་། །འོད་གསལ་ངང་དུ་གཉིས་སྣང་སྦྱངས་པའི་མཐུས། །བརྗོད་མེད་རང་གསལ་སྐྱེ་འགག་བྲལ་བ་ཡི། །གཉིད་འཐུག་ཆོས་སྐུའི་འོད་གསལ་ཟིན་པར་ཤོག །མ་དག་འཁོར་བའི་སྒོ་བརྒྱད་ཧྲཱིཿཡིས་བཀག །རླུང་སེམས་དབུ་མའི་ནང་བརྒྱུད་ཚངས་བུག་ནས། །ཧིཀ་གིས་རབ་བསྐུལ་དག་པ་མཁའ་སྤྱོད་དུ། །བདེ་བླག་འཕོ་བའི་རྟེན་འབྲེལ་ནུས་ཐོབ་ཤོག །རྨི་ལམ་བག་ཆགས་བར་དོའི་སྲིད་པ་ཟུང་། །འཁྲུལ་གཟུགས་སྒྱུ་མ་ལྟ་བུའི་ངང་དུ་གཅིག །བསྲེ་དང་འཕོ་བའི་མན་ངག་ཟུང་བསྡེབས་ཀྱིས། །བར་དོའི་ལས་སྣང་ལོངས་སྐུར་གྲོལ་བར་ཤོག །ཐབས་ལམ་ཡིད་བཞིན་ནོར་བུའི་རྩལ་འབྱོངས་ནས། །ལུས་ཁམས་རྩ་ཡི་རྒྱ་མདུད་དབྱིངས་སུ་གྲོལ། །རིག་སྟོང་སེམས་ཀྱི་རྟོགས་པ་མངོན་གྱུར་ནས། །བདེ་ཆེན་རླུང་སེམས་དབྱེར་མེད་འགྲུབ་པར་ཤོག །འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམས། །དེ་རྟོགས་སངས་རྒྱས་མ་རྟོགས་སེམས་ཅན་ཞེས། །ཐ་སྙད་ཙམ་དུ་དབྱེ་ཡང་ངོ་བོ་གཅིག །འོད་གསལ་སེམས་ཀྱི་གནས་ལུགས་རྟོགས་པར་ཤོག །དུས་གསུམ་རྟོག་པ་རང་བབ་ངང་དུ་ཞི། །འགྱུ་བ་གཞི་

p. 564

མེད་རང་གྲོལ་གཉུག་མའི་གཤིས། །གནས་དང་འཕྲོ་བའི་རིག་ངོ་སྟོང་གསལ་འདི། །ཟུང་འཇུག་རྣལ་མའི་ཆོས་སྐུར་མཐོང་བར་ཤོག །འཚོལ་བརྟགས་དཔྱད་པའི་ངོ་བོ་བློ་ལས་འདས། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ཡི། །སྣང་སེམས་དབྱེར་མེད་རྟོགས་པའི་རྩལ་རྫོགས་ནས། །མཐོང་མེད་རིག་པའི་རང་ས་ཟིན་པར་ཤོག །ཞི་ལྷག་ཟུང་དུ་འཇུག་པའི་རྣལ་འབྱོར་ལས། །ཡེངས་མེད་ཞེན་འཛིན་ཕྲ་བ་རང་སར་དག །ཡིད་བྱེད་བྲལ་བའི་མྱོང་རྟོགས་ལྷུན་གྱིས་གྲུབ། །དགོངས་བརྒྱུད་བྱིན་རླབས་རྩོལ་མེད་འཕོ་བར་ཤོག །རྩེ་གཅིག་བརྟན་ཐོབ་གཟུང་འཛིན་སྤྲོས་བྲལ་རྟོགས། །སྣང་སེམས་གཅིག་འདྲེས་སྒོམ་མེད་ཀློང་དུ་གྱུར། །གྲོལ་ལམ་ཡིད་བཞིན་ནོར་བུ་མཐར་ཕྱིན་ནས། །སྐྱེ་མེད་རླུང་སེམས་དབྱེར་མེད་མངོན་འགྱུར་ཤོག །སྙན་བརྒྱུད་ནོར་བུའི་མཛོད་ལ་མངའ་བརྙེས་པའི། །མཉམ་མེད་འབའ་རོམ་རྒྱལ་བའི་སྙིང་པོའི་བསྟན། །འཛིན་སྐྱོང་སྤེལ་བའི་བྱེད་པོར་འགྱུར་བ་དང་། །མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བར་ཤོག །ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་བདེན་བྱིན་དང་། །སྟོང་དང་རྟེན་འབྱུང་བསླུ་བ་མེད་པའི་སྟོབས། །བདག་སོགས་མོས་དགེ་ལྷག་བསམ་དཀར་བའི་མཐུས། །སྨོན་པའི་འབྲས་བུ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པའང་སྐྱོ་བྲག་གསལ་བྱེད་ན་རིམ་དགུ་པའི་མིང་འཛིན་ཀརྨ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་སྦྱར་བའི་དགེ་བས་འགྲོ་རྣམས་ཟུང་འཇུག་ཆེན་པོའི་གོ་འཕང་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག །ཤུབྷཾ། །

Pecha page